Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་སྡེ་ལྔའི་བསྐང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་སྡེ་ལྔའི་བསྐང་བ།next

མཁའ་འགྲོ་སྡེ་ལྔའི་བསྐང་བ།

མཁའ་འགྲོ་སྡེ་ལྔའི་བསྐང་བའི་དབུ་ཕྱོགས་ལགས་སོ། །ན་མོ་གུ་རུ་བཛྲ་ཌཱཀྐི་ནི་ཡེ། བླ་མ་རྡོ་རྗེ་མཁའ་འགྲོའི་ཞབས་ལ་གུས་པར་ཕྱག་འཚལ་ལོ། །རྣལ་འབྱོར་དམ་ཚིག་དང་སྡོམ་པའི་ཆགས་ཉམས་གསོ་བ་དང་། བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང་ཞིང་མཆོག་དང་ཐུན་མོང་གིས་དངོས་གྲུབ་བདེ་ལེགས་སུ་སྒྲུབ་པར་འདོད་པས། དུར་ཁྲོད་ལ་སོགས་པའི་གནས་ཁྱད་པར་ཅན་དུ་དཀོན་མཆོག་གསུམ་གྱིས་རྟེན་བཀྲམ། མཁའ་འགྲོ་སྡེ་ལྔའི་རྡུལ་ཚོན་ནམ། ཚོམ་བུས་དཀྱིལ་འཁོར་བྱ། མཆོད་པའི་ཚོགས་དང་གཏོར་མ་འདོད་ཡོན་ཕུན་སུམ་ཚོགས་པས་བརྒྱན་པ་ལྔ། ནང་མཆོད་དང་རྡོ་རྗེ་དྲིལ་བུ་ལ་སོགས་པ་རོལ་མོའི་བྱེ་བྲག་རྣམས་དང་། གཞན་ཡང་མཆོད་པའི་རྫས་ཅི་འབྱོར་པ་དང་། ཚོགས་གཏོར་ལ་སོགས་བཤམས་ལ་དགེ་འདུན་ལ་སོགས་འཚོགས་ནས་གདན་ལ་འཁོད་དེ། སྔོན་འགྲོའི་གཏོར་མ་ནས་ཚོགས་ཀྱི་གཞུང་བསྲང་སྟེ། དམ་ཚིག་གིས་དྲངས་ནས། ཚོགས་ཀྱིས་འཁོར་ལོས་དཔའ་བོ་དཔའ་མོ་རྣལ་འབྱོར་པ་རྣམས་ཀྱིས་འཚོ་བར་བྱས་ལ། དམིགས་པས་རྒྱས་པ་དཀྱིལ་འཁོར་གདབ་ཅིང་། སྙན་པའི་དབྱངས་དང་བཅས་པས་འདི་སྐད་དོ། །ཧཱུྃ། སྲ་བརྟེན་རྒྱ་ཁྱོན་ཆེས་ཆེ་བས། །རྡོ་རྗེའི་ས་གཞི་རྭ་གུར་དང་། །བླ་རེ་བསྐལ་པའི་མེ་རིའི་བསྐོར། །དབུས་སུ་ཆོས་འབྱུས་རྒྱ་ཆེ་བར། །རླུང་མེ་ཆུ.ས་རི་རབ་སྟེང་། །སྟེང་དུ་གཞལ་མེད་ཁང་ཆེན་པོ། །གྲུ་བཞི་སྒོ་བཞི་རྟ་བབ་བཞི། །རྒྱན་རྣམས་ཀུན་གྱིས་རྣམ་པར་སྤྲས། །འཇིག་རྟེན་ཁམས་ནི་མ་ལུས་པས། །རྒྱས་པར་ཁེངས་པའི་འོད་འཕྲོ་ཞིང་། །དུར་ཁྲོད་ཆེན་པོ་བརྒྱད་དང་བཅས། །དབུས་སྔོ་ཤར་དཀར་ལྷོ་སེར་ཞིང་། །ནུབ་དམར་བྱང་ལྗང་དབུས་སུ་ནི། །སྣ་ཚོགས་པདྨའི་ལྟེ་བ་དང་། །འདབ་མ་རྣམས་སུ་ཉི་མ་ལ། །བདག་མེད་སྟོང་པའི་རོའི་གདན། །ཕྱི་ནང་ཀུན་ཏུ་ལྷ་རྫས་ལས། །གྲུབ་པའི་ཀུན་བཟང་མཆོད་པའི་སྤྲིན། །དགྲ་བགེགས་བསྒྲལ་བའི་གཏོར་ཆེན་ལས། །འདོད་ཡོན་ཕུན་སུམ་ཚོགས་པའི་བརྒྱན། །ལྷ་རྫས་རྣམས་ཀྱི་ཡིད་འཕྲོག་པས། །བླ་ན་མེད་པའི་གནས་མཆོག་འདིར། །ཅེས་པས་གནས་དང་མཆོད་རྫས་གསལ་གདབ་ལ། རོལ་མོའི་སྒྲ་དང་བཅས་པ་སྤྱན་འདྲེན་པར་བྱ་སྟེ། ཧཱུྃ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །རྡོ་རྗེ་འཆང་དབང་རྩ་བའི་བླ་མ་དང་། །གཞན་ཡང་ཆོས་ཀྱི་འབྲེལ་བའི་དཀྱིལ་འཁོར་ནས། །བརྒྱུད་པའི་བླ་མ་གྲུབ་ཐོབ་ཕོ་མོ་རྣམས། །བརྩེ་བའི་ཐུགས་རྗེ་བདག་ལ་ཉེར་དགོངས་སྟེ། །བླ་ན་མེད་པའི་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །ཆོས་སྐུ་སྤྲོས་བྲལ་སྨྲ་བསམ་ལས་འདས་ཞིང་། །ཡེ་ཤེས་སྒྱུ་མའི་གཟུགས་སྐུའི་གཞན་དོན་མཛད། །མཁའ་འགྲོའི་ཚོགས་རྣམས་བརྩེ་བས་གནས་འདིར་གཤེགས། །ཧཱུྃ། མཁའ་དབྱིངས་རྣམ་དག་ཀློང་ཡང་དཀྱིལ་འཁོར་ནས། །སངས་རྒྱས་བསྟན་འཛིན་སྐྱོང་བ་དང་། །བསྟན་ལ་གནོད་བྱེད་བསྒྲལ་བ་དམ་བཅས་པས། །ཕྱི་ནང་ཆོས་སྐྱོང་ཚོགས་རྣམས་གནས་འདིར་གཤེགས། །ཧཱུྃ། སངས་རྒྱས་བསྟན་ལ་དད་པ་བརྟེན་གྱུར་ཅིག །བསྟན་འཛིན་ཐམས་ཅད་ཆོས་བཞིན་སྐྱོང་བ་དང་། །འདོད་དོན་མ་ལུས་བསྒྲུབ་པའི་མཐུ་རྩལ་ཅན། །དྲེགས་པ་ཅན་རྣམས་གནས་འདིར་གཤེགས་སུ་གསོལ། །ༀ་མ་ཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་དྷརྨ་པ་ལ་ས་པ་རི་ཝ་ར་ཨེ་ཧྱ་ཧི། ཅེས་སྤྱན་འདྲེན། པདྨ་ཀ་མ་ལ་ཡེ་སྟཾ། ཅེས་པས། གདན་དང་གཞལ་ཡས་ཕུལ་ལ་ཕྱི་ཡི་མཆོད་པས་ཐུགས་དམ་བསྐང་བ་ནི། ཧཱུྃ། ཕྱི་ཡི་མཆོད་པ་འབུལ་བ་ནི། །ཐོད་པ་མཚན་ལྡན་ཀ་པ་ལ། །རཀྟའི་མཆོད་ཡོན་ཞབས་བསིལ་དང་། །དབང་པོ་ལྔའི་མེ་ཏོག་དང་། །ཤ་ཆེན་ལང་ལིང་བདུག་སྤོས་དང་། །ཞུན་ཆེན་སྦར་བའི་སྣང་གསལ་དང་། །རྡོ་རྗེ་རང་བྱུང་དྲི་ཆབ་དང་། །ཤ་ཁྲག་རུས་པ་ལས་བྱུང་བས། །རོ་བརྒྱ་ལྡན་པའི་ཞལ་ཟས་དང་། །དམ་སྲི་ཕོ་མོ་བསྒྲལ་བ་ཡི། །དུང་ཆེན་གླིང་བུ་ཐོད་ལྔ་དང་། །སྤྱི་བོར་སྤྲད་པའི་ཅང་ཏིལ་དང་། །མཁའ་འགྲོའི་ཚོགས་རྣམས་དབང་བསྡུད་ཕྱིར། །གསང་བའི་རྔེའུ་ཆུང་ལ་སོགས་པའི། །སྣ་ཚོགས་རོལ་མོའི་སྒྲ་དབྱངས་འདི། །བླ་མ་བརྒྱུད་པ་བཅས་ལ་འབུལ། ༈ །སྐུ་གསུང་ཐུགས་མཆོག་མཉེས་གྱུར་ཅིག །རྣལ་འབྱོར་ལམ་མཆོག་བསྒྲུབ་པ་ཡི། །རྩ་བ་དང་ནི་ཡན་ལག་གིས། །དམ་ཚིག་ཆགས་ཉམས་གྱུར་པ་རྣམས། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཚེ་བསྲིང་དཔལ་བསྐྱེད་བསམ་པ་བསྒྲུབ། །མི་མཐུན་རྐྱེན་དང་བར་ཆད་སེལ། །འདོད་པའི་དོན་རྣམས་འགྲུབ་པར་མཛོད། །ཧཱུྃ། དཀྱིལ་འཁོར་ཆེན་པོའི་དབུས་བཞུགས་པའི། །ཞེ་སྡང་རྣམ་ཤེས་རྣམ་དག་ཅིང་། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །རང་བཞིན་འགྱུར་མེད་སྐུ་མདོག་སྔོ། །བདེ་སྟོང་ཟུང་འཇུག་ཕྱག་གཉིས་མ། །རྒྱུ་དྲུག་གཅོད་པའི་གྲི་གུག་དང་། །བདུད་བཞིའི་ཁྲག་བཀང་ཐོད་པ་བསྣམས། །བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་མ། །འཁོར་དང་བཅས་ལ་གུས་པར་འབུལ། །སྐུ་གསུང་ཐུགས་མཆོག་མཉེས༴ གང་བཞིན་འགྲེས། ཧཱུྃ། ཤར་གྱི་ཕྱོགས་ན་བཞུགས་པ་ཡི། །གཏི་མུག་གཟུགས་ཕུང་རྣམ་དག་པ། །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །ནད་གདོན་ཞི་མཛད་སྐུ་མདོག་དཀར། །ཕྱག་གཉིས་གྲི་གུག་ཐོད་པ་འབྲེལ། །བཅོམ་ལྡན་སངས་རྒྱས་མཁའི་འགྲོ་མ། །འཁོར་དང་བཅས་ལ་གུས་པར་འབུལ། །སྐུ་གསུང་ཐུགས་མཆོག་སོགས། ཧཱུྃ། ལྷོ་ཡི་ཕྱོགས་ནས་བཞུགས་པ་ཡི། །ང་རྒྱལ་ཚོར་ཕུང་རྣམ་དག་ཅིང་། །མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །ཚེ་དཔལ་རྒྱས་མཛད་སྐུ་མདོག་སེར། །ཕྱག་གཉིས་གྲི་གུག་ཐོད་པ་འབྲེལ། །བཅོམ་ལྡན་རིན་ཆེན་མཁའ་འགྲོ་མ། །འཁོར་དང་བཅས་ལ་གུས་པས་འབུལ། །སྐུ་གསུང་ཐུགས་མཆོག་མཉེས་གྱུར་ཅིག །རྣལ་འབྱོར་ལམ་མཆོག་བསྒྲུབ་པ་ཡི། །རྩ་བ་དང་ནི་ཡན་ལག་གིས། །དམ་ཚིག་ཆགས་ཉམས་གྱུར་པ་ཀུན། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །རྒྱུ་འབྱོར་ཡོན་གྱི་བདག་པོ་ཡི། །ཚེ་བསྲིང་དཔལ་བསྐྱེད་བསམ་པ་བསྒྲུབ། །མེ་མཐུན་རྐྱེན་དང་བར་ཆད་སེལ། །འདོད་པའི་དོན་རྣམས་འགྲུབ་པར་མཛོད། །ཧཱུྃ། ནུབ་ཀྱི་ཕྱོགས་ནས་བཞུགས་པ་ཡིས། །འདོད་ཆགས་འདུ་ཤེས་རྣམ་དག་ཅིང་། །སོར་རྟོག་ཡེ་ཤེས་རྡོ་རྗེའི་སྐུ། །ལྷ་མི་དབང་བསྡུད་སྐུ་མདོག་དམར། །ཕྱག་གཉིས་གྲི་གུག་ཐོད་པ་འབྲེལ། །བཅོམ་ལྡན་པདྨ་མཁའ་འགྲོ་མ། །འཁོར་དང་བཅས་ལ་གུས་པར་འབུལ། །སྐུ་གསུང་ཐུགས༴ སོགས། ཧཱུྃ། བྱང་གི་ཕྱོགས་ན་བཞུགས་པ་ཡི། །ཕྲག་དོག་འདུ་ཤེས་རྣམ་དག་ཅིང་། །བྱ་གྲུབ་ཡེ་ཤེས་རྡོ་རྗེའི་སྐུ། །དགྲ་བགེགས་སྒྲོལ་མཛད་སྐུ་མདོག་ལྗང་། །ཕྱག་གཉིས་གྲི་གུག་ཐོད་པ་འབྲེལ། །བཅོམ་ལྡན་ལས་ཀྱི་མཁའ་འགྲོ་མ། །འཁོར་དང་བཅས་ལ༴ སྐུ་མདོག་ཐུགས་མཆོག༴ སོགས། ཧཱུྃ། དུས་གསུམ་མཁྱེན་ཅིང་ཁམས་གསུམ་ལ། །གཟིགས་པ་སྤྱན་གསུམ་གཡོན་དུ་བསྒྱུར། །ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ཡིས། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །འཁོར་བ་དང་ནི་མྱང་འདས་ཀྱི། །མཐའ་གཉིས་མི་གནས་བརྐྱང་བསྐུམ་བཞུགས། །ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ཡི། །བསྐང་ངོ་བསྐལ༴ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཚོན། །ཐབས་ཀྱི་རང་བཞིན་ཁ་ཊྭཱཾ་ཁ། །ཤེས་རབ་མཁའ་འགྲོ་སྡེ་ལྔ་ཡི། །བསྐང་ངོ་བསྐལ༴ རུས་པའི་འཁོར་ལོ་རྡོ་རྗེ་སེམས། །རྣ་བའི་རྒྱན་ཆ་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་འབྱུང་། །གདུབ་བུ་རྣམ་པར་སྣང་མཛད་དང་། །སྐུ་རེག་དོན་ཡོད་གྲུབ་པ་སྟེ། །ཐབས་ཤེས་ཕ་རོལ་ཕྱིན་ལྔ་ཡི། །ཤེས་རབ་ཕ་རོལ་ཕྱིན་པའི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པའི༴ དེ་བཞིན་གཤེགས་པ་ལྔ་དག་པས། །ཐོད་སྐམ་ལྔ་ཡི་དཔའ་བོ་ཡི། །དབུ་ལ་རབ་ཏུ་མཛེས་པར་བརྒྱན། །བསྐང་ངོ་བསྐལ་པའི༴ ཨ་ལི་ཀ་ལི་རྣམ་དག་པའི། །ཐོད་རློན་འཕྲེང་བ་ལྔ་བཅུའི་དོ་ཤལ་དང་། །ཐབས་ཤེས་ཟུང་འཇུག་ཚང་སྐུད་དང་། །དུང་ཆེན་ཕྲེང་བ་དཔའ་བོ་ཡི། །རབ་ཏུ་མཛེས་པར་བརྒྱན་པ་ཡི། །བསྐང་ངོ་བསྐལ་པའི༴ སྒྲིབ་པའི་ཚང་ཚིང་ཀུན་བསྲེག་ཅིང་། །ཡེ་ཤེས་འོད་ལྔའི་འོད་ཆེན་པོ། །འུར་འུར་ཚྭ་ཚྭ་མེ་འབར་བའི། །ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ཡི། །བསྐང་ངོ་བསྐལ༴ ཧཱུྃ། གཞན་ཡང་ཐུགས་དམ་བསྐང་བའི་རྫས། །འཇིག་རྟེན་ཁམས་ནི་ཅི་སྙེད་བར། །ཁ་དོག་དབྱིབས་ལེགས་གཟུགས་རྣམས་དང་། །ཟིན་དང་མ་ཟིན་སྒྲ་སྙན་དང་། །ཡིད་ལ་བསམ་པའི་དྲི་མཆོག་དང་། །རོ་བརྒྱ་ལྡན་པའི་ཞལ་ཟས་དང་། །འཇམ་མཉེན་འཁྲིལ་ཆག་རིགས་རྣམས་དང་། །རི་རབ་གླིང་བཞི་གླིང་ཕྲན་དང་། །རི་བདུན་རོལ་པའི་མཚོ་བདུན་དང་། །ཉི་མ་ཟླ་བའི་སྣང་གསལ་དང་། །རྣམ་རྒྱལ་ཁང་བཟང་བལྟ་ན་སྡུག །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས། །མཆོད་པར་འོས་པ་ཅི་སྙེད་པས། །ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ཡི། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །དེ་ནས་ནང་གི་མཆོད་པས་ཐུགས་དམ་བསྐང་བ་ནི། ཧཱུྃ། གཞན་ཡང་ཐུགས་དམ་བསྐང་བའི་རྫས། །འབྲུ་གསུམ་ལས་གྲུབ་ཐོད་སྒྱེད་གསུམ། །སྟེང་དུ་ཡེ་ཤེས་ཀཱ་པ་ལ། །ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ། །མེ་རླུང་སྦྱོར་བའི་བཞུས་བསྐུལ་བས། །དྲི་མ་ཕུད་འཇིག་རྟེན་དང་། །འཇིག་རྟེན་ལས་འདས་བཅུད་རྣམས། །ཡེ་ཤེས་ལྔའི་ཁ་དོག་དྲི། །རེག་བྱ་ནུས་པ་ཕུན་སུམ་ཚོགས། །ནང་གི་མཆོད་པ་རྒྱ་ཆེན་འདི། །བླ་མ་བརྒྱུད་པ་བཅས་ལ་འབུལ། །ཡི་དམ་མཁའ་འགྲོ་སྡེ་ལྔ་དང་། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང་། །ཕྱོགས་བཅུའི་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །སྐུ་གསུང་ཐུགས་མཆོག་མཉེས་གྱུར་ཅིག །རྣལ་འབྱོར་ལམ་མཆོག་སྒྲུབ་པ་ཡི། །རྩ་བ་དང་ནི་ཡན་ལག་གིས། །དམ་ཚིག་ཆག་ཉམས་གྱུར་པ་ཀུན། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཚེ་བསྲིང་དཔལ་བསྐྱེད་བསམ་པ་བསྒྲུབ། །མི་མཐུན་རྐྱེན་དང་བར་ཆད་སེལ། །འདོད་པའི་དོན་རྣམས་འགྲུབ་པར་མཛོད། །ཧཱུྃ། གཞན་ཡང་ཐུགས་དམ་བསྐང་བ་ནི། །རྡོ་རྗེ་འཆང་གིས་སྤྱན་སྔ་རུ། །བསྟན་པ་སྲུང་བར་ཁས་བླངས་པ། །ཡེ་ཤེས་མགོན་པོ་ཅི་སྙེད་པ། །མ་ཅིག་ལྷ་མོའི་ཚོགས་རྣམས་དང་། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བའི་ཚོགས་དང་བཅས། །སྤྲུལ་པ་ཡང་སྤྲུལ་བཅས་ལ་འབུལ། །སྐུ་གསུང་ཐུགས་མཆོག་སོགས། དེ་ནས་སྲུང་མའི་ཐུགས་དམ་བསྐང་བ་ནི། ཧཱུྃ། གཞན་ཡང་ཐུགས་དམ་བསྐང་བ་ནི། །མ་ཅིག་ལབ་སྒྲོན་སྤྱན་སྔ་རུ། །བསྟན་པ་སྲུང་བར་ཞལ་བཞེས་པའི། །མྱུར་མཛད་མགོན་པོ་ཕྱག་དྲུག་པ། །འདོད་ཁམས་དབང་ཕྱུག་རེ་མ་ཏི། །ཀྵེ་ཊ་པ་ལ་གནོད་སྦྱིན་བཞི། །གཙང་རིས་དཔལ་མགོན་བདུན་ཅུ་གཉིས། །ཞི་བྱེད་སྲུང་མ་ཨ་གྷོ་ར། །བཟློག་བྱེད་མ་དང་ནོར་རྒྱུན་མ། །གཅོད་ཀྱི་བཀའ་སྲུང་དུར་ཁྲོད་བདག །མཚན་མོ་སྒྲ་སྒྲོག་སྤྱང་ཞོན་མ། །སྟག་ཞོན་མ་དང་འཕར་ཞོན་མ། །ཤམ་པོའི་གཟའ་བདུད་མགོ་དགུ་དང་། །ཐོག་གི་བུ་ཡུག་གདོང་མོ་བཞི། །གཟའ་བརྒྱད་ཟངས་རི་འཁྱིལ་བ་སོགས། །སྤྲུལ་འཁོར་བཅས་པའི་ཐུགས་དམ་བསྐང་། །སྐུ་གསུང་ཐུགས་སོགས། ཧཱུྃ། གཞན་ཡང་ཐུགས་དམ་བསྐང་བ་ནི། །ཞང་བློན་རྡོ་རྗེ་བདུད་འདུལ་དང་། །ཡུམ་གཉིས་མཆེད་བརྒྱད་གནོད་སྦྱིན་ཁྲི། །འབྲོག་གནས་ལྔ་དང་རྒྱལ་ཆེན་བཞི། །ཐང་ལྷ་འོ་དེ་གུང་རྒྱལ་དང་། །མཁའ་རི་ལྕམ་དྲལ་ཡར་ལྷ་ཤམ། །བརྟན་མ་བཅུ་གཉིས་སྨན་ཕྲན་འབུམ། །ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་སོགས། །ཟབ་མོ་གཅོད་ཀྱི་བསྟན་སྲུང་དང་། །ས་ཕྱོགས་འདི་ཡི་གཞི་བདག་སོགས། ། ཆོས་ལ་དགའ་བ་ཀུན་ལ་འབུལ། །སྐུ་གསུང་ཐུགས་མཆོག་སོགས། དེ་ནས་གཏོར་མའི་ཐུགས་དམ་བསྐང་བ་ནི། ཧཱུྃ། གཞན་ཡང་ཐུགས་དམ་བསྐང་བ་ནི། །སངས་རྒྱས་བསྟན་ལ་གནོད་བྱེད་པ། །དགྲ་བགེགས་ལོག་འདྲེན་བསྒྲལ་བ་ཡིས། །གཏོར་ཆེན་དམར་གྱི་བརྒྱན་པ་དང་། །སྨན་རག་ཆང་དང་ཕུད་ཀྱིས་བྲན། །བསང་སྦྱང་འདོད་ཡོན་ཕུན་སུམ་ཚོགས། །ཁ་དོག་དྲི་རོ་ནུས་ལྡན་ཞིང་། །བླ་ན་མེད་པའི་མཆོད་པ་འདི། །བླ་མ་བརྒྱུད་པར་བཅས་ལ་འབུལ། །མཁའ་འགྲོ་སྡེ་ལྔའི་ཚོགས་ལ་འབུལ། །རྒྱུད་སྡེ་བཞི་ཡི་ལྷ་ལ་འབུལ། །ཕྱོགས་བཅུའི་རྒྱལ་བ་རྣམས་ལ་འབུལ། །ཕྱི་ནང་དགེ་འདུན་རྣམས་ལ༴ འཇིག་རྟེན་འདས་དང་མ་འདས་པ། །བསྲུང་མ་དམ་ཅན་རྣམས་ལ༴ སྐྱོང་མ་བསྟན་མ་ཤུག་འགྲོ་དང་། །དྲེགས་པ་ཅན་གྱིས་ཚོགས་ལ་འབུལ། །སྐུ་གསུང་ཐུགས་མཆོག་སོགས། འགྲུབ་པར་མཛོད། །གནམ་སའི་རྒྱན་ལ་སོགས་པས་མཆོད་ཅིང་ཐུགས་དམ་བསྐང་བ་ནི། ཧཱུྃ། གཞན་ཡང་ཐུགས་དམ་བསྐང་བ་ནི། །སངས་རྒྱས་བསྟན་ལ་གནོད་བྱེད་པའི། །དགྲ་དང་བགེགས་རྣམས་བསྒྲལ་བ་ཡི། །ཀིང་རུས་ཕྲེང་བ་ས་གཞིའི་བརྒྱན། །ཙིཏྟ་ཙ་ལག་ཚོང་བ་དང་། །རྒྱུ་རློན་ལྡ་ལྡི་བར་སྣང་བརྒྱན། །གཡང་གཞི་བླ་རེ་ནམ་མཁའི་རྒྱན། །རྒྱན་ཆ་ཡིད་འོང་སྣ་ཚོགས་དང་། །ཁྲག་ཞག་རྒྱ་མཚོ་འཁྱིལ་པ་དང་། ཤ་རིགས་སྣ་ཚོགས་རི་ལྟར་སྤུངས། །ཀླད་པ་ནང་རོལ་སྣ་ཚོགས་དང་། །དྲོད་དང་དྲི་བསུང་མ་ཡལ་བ། །དཔའ་བོ་མཁའ་འགྲོ་མཉེས་བྱེད་པ། །བླ་ན་མེད་པའི་མཆོད་པ་འདི། །བླ་མ་བརྒྱུད་པ་བཅས་ལ་འབུལ། །མཁའ་འགྲོ་སྡེ་ལྔའི་ཚོགས་ལ་འབུལ། །རྒྱུད་སྡེ་བཞི་ཡི་ལྷ་ལ་འབུལ། །ཕྱོགས་བཅུའི་རྒྱལ་བ་རྣམས་ལ་འབུལ། །ཕྱི་ནང་དགེ་འདུན་རྣམས་ལ༴ འཇིག་རྟེན་འདས་དང་མ་འདས་པ། །སྲུང་མ་དམ་ཅན་རྣམས་ལ་འབུལ། །སྐྱོང་མ་བསྟན་མ་ཤུག་འགྲོ་དང་། །དྲེགས་པ་ཅན་གྱི་ཚོགས་ལ་འབུལ། །སྐུ་གསུང་ཐུགས་མཆོག་སོགས། དེ་ནས་བསྐང་རྫས་སྣ་ཚོགས་ཀྱི་ཐུགས་དམ་བསྐང་བ་ནི། ཧཱུྃ། གཞན་ཡང་ཐུགས་དམ་བསྐང་བའི་རྫས། །མཁའ་ལྡིང་ལ་སོགས་འདབ་ཆགས་དང་། །སེང་གེ་སྟག་གཟིག་ཁྱི་ལ་སོགས། །གཅན་གཟན་ཅི་སྙེད་ཡོད་པ་དང་། །ཅང་ཤེས་རྟ་མཆོག་ལ་སོགས་པ། །མྱུར་འགྱོགས་རླུང་གི་གཤོག་པ་ཅན། །གཡག་ནག་ཞུབ་ཅན་ལུག་ནག་སོགས། །རབ་མཛེས་ཡིད་འོང་དུ་མ་ཡིས། །སྣ་ཚོགས་བརྒྱན་གྱིས་བརྒྱན་པ་དང་། །རིན་ཆེན་སྣ་ལྔའི་ཕྱེ་མ་ཡི། །ཞལ་ཟས་ཚོགས་ཀྱི་མཆོད་པ་དང་། །དྲག་པོའི་བཤོས་བུ་ཟུར་གསུམ་དང་། །སྣ་ཚོགས་དར་གྱི་ལྷབ་ལྷུབ་དང་། །མཁའ་ལྡིང་ནག་པོ་གསེར་མིག་དང་། །ཁྲག་གིས་འོད་ཟེར་འབར་བ་དང་། །ཙ་ར་རོག་པོ་མཁལ་དཀར་དང་། །གསང་བའི་རྒྱལ་མཚན་འཕན་གདུག་དང་། །བྱ་མོ་ནག་མོ་ལ་སོགས་དང་། །རླུང་གི་ཁྱེར་བའི་ཤིང་ལོ་དང་། །གསང་བའི་ཤ་ཁྲག་ལ་སོགས་པའི། །མ་སྲིང་མཁའ་འགྲོ་འདུ་བའི་རྫས། །ཅི་སྙེད་ཡོད་པ་ཐམས་ཅད་དང་། །བླ་མ་བརྒྱུད་པ་བཅས་ལ་འབུལ། །ཐུགས་དམ་དགོངས་པ་བསྐང་གྱུར་ཅིག །རྣལ་འབྱོར་བདག་གིས་ཉམས་ཆགས་ཀུན། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །གཞན་ཡང་ཐུགས་དམ་བསྐང་བ་ནི། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །ཕྱི་དང་ནང་གི་སྲུང་མ་དང་། །བསྟན་ལ་དགའ་བའི་ལྷ་ཀླུ་ཡི། །ཐུགས་དམ་དགོངས་པ་བསྐང་གྱུར་ནས། །རྣལ་འབྱོར་བདག་གི་ཉམས་ཆག་ཀུན། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །སྐུ་གསུང་ཐུགས་མཆོག་མཉེས་གྱུར་ཅིག །རྣལ་འབྱོར་ལམ་མཆོག་བསྒྲུབ་པ་ཡིས། །རྩ་བ་དང་ནི་ཡན་ལག་གིས། །དམ་ཚིག་ཆག་ཉམས་ཐམས་ཅད་ཀུན། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །རྒྱུ་འབྱོར་ཡོན་གྱི་བདག་པོ་ཡིས། །ཚེ་བསྲིང་དཔལ་བསྐྱེད་བསམ་པ་སྒྲུབ། །མི་མཐུན་རྐྱེན་དང་བར་ཆད་སོལ། །འདོད་པའི་དོན་རྣམ་འགྲུབ་པར་མཛོད། །དེ་ནས་གསང་བའི་མཆོད་པས་ཐུགས་དམ་བསྐང་བ་ནི། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །ཤེས་རབ་གཟུགས་སུ་སྣང་བ་ལ། །རབ་མཛེས་ཡིད་འོང་ཐབས་ཀྱི་མཆོད། །ཐབས་ཀྱི་གཟུགས་སུ་སྣང་བ་ལ། །ཤེས་རབ་ཉི་ཟླས་རྒྱལ་བ་མཆོད། །འདུ་ཤེས་སུམ་ལྡན་སྙོམས་འཇུག་ལ། །ལྷན་སྐྱེས་བདེ་སྟོང་ཟུང་འཇུག་ལས། །བླ་མ་དཀོན་མཆོག་ཐུགས་དམ་བསྐང་། །ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་། །རྒྱལ་བ་སྲས་བཅས་ཐུགས་དམ༴ མ་སྲིང་མཁའ་འགྲོའི་ཐུགས༴ གནས་གསུམ་དཔའ་བོའི༴ ཆོས་སྐྱོང་སྲུང་མའི༴ ནག་པོ་འབུམ་སྡེའི་ཐུགས༴ ལས་མཁན་རྣམས་ཀྱི༴ མ་ཅིག་ལྷ་མོའི་ཐུགས༴ མ་མོ་བྱེ་བའི་ཐུགས༴ ལས་ལ་བསྐུལ་བའི་ཐུགས་དམ་བསྐང་། །གཙང་རིགས་མགོན་པོའི་ཐུགས༴ བསྟན་མ་སྐྱོང་མཛད་ཤུགས་འགྲོ་དང་། །དྲེག་པ་ཅན་གྱི༴ སྐུ་གསུང་ཐུགས་མཆོག་སོགས། དེ་ཁོ་ན་ཉིད་ཀྱིས་ཐུགས་དམ་བསྐང་བ་ནི། ཧཱུྃ། གཞན་ཡང་ཐུགས་དམ་བསྐང་བ་ནི། །དེ་ལྟར་ཐུགས་དམ་བསྐང་ཡུལ་དང་། །རྣལ་འབྱོར་བསྐང་བར་བྱེད་པ་དང་། །བསྐང་བ་ཡི་ནི་ཆོ་ག་དང་། །རྟེན་དང་བརྟེན་པ་བཅས་པ་དང་། །སྣང་སྲིད་བརྟེན་གཡོ་ལ་སོགས་པ། །ཀུན་རྫོབ་སྒྱུ་མ་རྨི་ལམ་ལྟར། །དོན་དམ་ཆོས་ཉིད་སྤྲོས་དང་བྲལ། །སྐྱེ་འགགས་གནས་པའི་མཐའ་དང་བྲལ། །ཡོད་མིན་མེད་མིན་ཀུན་དང་བྲལ། །བློ་ཡི་འཛིན་པ་ཀུན་དང་བྲལ། །མཐའ་བྲལ་དབུ་མ་ཆེན་པོ་ལ། །ཡེ་ནས་བཤགས་བྱ་བཤགས་བྱེད་མེད། །རང་བཞིན་འོད་གསལ་ལྷུན་གྲུབ་ལ། །བསྐང་བ་ཅི་བྱས་མ་བསྐང་ཞིང་། །དོན་དམ་ཆོས་ཉིད་སྤྲོས་དང་བྲལ། །ཀུན་རྫོབ་སྒྱུ་མ་ལྟ་བུ་ཡི། །ངང་ནས་བསྐང་བ་བྱེད་པ་སྟེ། །གཟུགས་ཀྱི་མཆོད་པ་ཁྱད་པར་འཕགས། །སྒྲ་ཡི་མཆོད་པ་ཡིད་འོང་ལྡན། །དྲི་ཡི་མཆོད་པ་ཚིམ་པར་མཆོད། །རོ་ཡི་མཆོད་པ་བདེ་མཆོད་ལྡན། །རེག་བྱའི་མཆོད་པ་བླ་ན་མེད། །བདེ་ཆེན་ཟུང་འཇུག་མཆོད་པ་འདི། །བླ་མ་དཀོན་མཆོག་ཐུགས་དམ་བསྐང་། །ཡི་དམ་ལྷ་ཚོགས༴ རྒྱལ་བ་སྲས་བཅས༴ མ་སྲིང་མཁའ་འགྲོའི༴ གནས་གསུམ་དཔའ་བོ༴ ཆོས་སྐྱོང་སྲུང་མའི༴ ནག་པོ་འབུམ་སྡེའི༴ མ་ཅིག་ལྷ་མོའི༴ མ་མོ་བྱེ་བའི་ཐུགས༴ ལས་ལ་བསྐུལ༴ གཙང་རིག་མགོན་པོའི༴ བརྟེན་མ་སྐྱོང་མ་ཤུག་འགྲོ་དང་། །དྲེགས་པ་ཅན་གྱིས༴ སྐུ་གསུང་ཐུགས་མཆོག་མཉེས་གྱུར་ཅིག །རྣལ་འབྱོར་ལམ་མཆོག་སྒྲུབ་པ་ཡི། །རྩ་བ་དང་ནི་ཡན་ལག་གིས། །དམ་ཚིག་ཉམས་ཆགས་གྱུར་པ་རྣམས། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །རྒྱུ་འབྱོར་ཡོན་གྱིས་བདག་པོ་ཡི། །ཚེ་བསྲིང་དཔལ་བསྐྱེད་བསམ་པ་བསྒྲུབ། །མི་མཐུན་རྐྱེན་དང་བར་ཆད་སོལ། །འདོད་པའི་དོན་རྣམས་འགྲུབ་པར་མཛོད། །ཧཱུྃ། བསྐང་བ་མེད་དེ་བདེན་གཉིས་ངང་དུ་བསྐང་། །བཤགས་བྱ་མེད་དེ་བདེན་གཉིས་ངང་དུ་བཤགས། །བཟློག་བྱ་མེད་དེ་བདེན་གཉིས་ངང་དུ་བཟློག །མཁའ་འགྲོའི་ཐུན་དང་ཕུར་ཟོར་བཟློག །ཧེ་རུ་ཀ་ཡི་གཟི་བརྗིད་བཟློག །སྟོབས་པོ་ཆེ་ཡི་ཟིར་གནོན༴ ལྷ་རྣམས་ཀུན་གྱི་རྩུབ་རིགས་བཟློག །ལྷ་མི་རྣམས་ཀྱི་དམག་སྣ༴ གཟའ་ཆེན་རྣམས་ཀྱི་གདུག་ཟེར༴ གཤིན་རྗེ་ཕོ་མོའི་འཁྲུལ་འཁོར༴ བདུད་དམག་རྣམས་ཀྱི་ཁྲམ་ཁ་བཟློག །མ་མོ་རྣམས་ཀྱི་ཁྲག་ནད་བཟློག །ཀླུའི་བྱད་དུ་བཅུག་པ༴ ཐེའུ་རང་སྲི་ལ་རྐུ་བ༴ གནོད་སྦྱིན་རྣམས་ཀྱི་གཟེར་ནད༴ བཙན་གྱི་རྒྱུ་ཞག་འཕེན་པ་བཟློག །རྒྱལ་པོའི་སྨྱོ་འབོག་གཏོང་བ་བཟློག །འབྱུང་པོའི་ཡི་དྭགས་རིམས་ནད་བཟློག །བནྡེའི་སྔགས་ཟོར་འཕེན་པ་བཟློག །སྔགས་པའི་ཕུར་ཟོར་འཕེན་པ་བཟློག །བོན་པོའི་བསྡིག་ཟོར་འཕེན་པ་བཟློག །སྐྱེས་པའི་མདའ་ཟོར་འཕེན་པ་བཟློག །བུད་མེད་དམོད་ཟོར་འཕེན་པ་བཟློག །སླད་ཀྱི་གཤེད་བཞི་མཆིས་པ་བཟློག །མོ་རྩིས་ངན་པ་ཐམས་ཅད་བཟློག །དེ་ལ་སོགས་པའི་གདུག་སེམས་རྣམས། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོཿ ཐམས་ཅད་རྦོད་སྟོང་སྟེང་དུ་བྷྱོཿ ༀ་བཛྲ་དྷ་ཀྐི་ནི། དགྲ་བགེགས་བྱེད་མ་རྦོད་སྟོང་མ་ར་ཡ་བྷྱོ་བྷྱོཿ བཟློག་བཟློག །ཐུམ་རིལ་རྦད་སྭཱ་ཧཱ། བླ་མ་ཡི་དམ་མཁའ་འགྲོ་འཁོར་བཅས་ལ། །ཕྱི་ནང་གསང་བ་དེ་ཁོ་ནས། །མཆོད་ཅིང་ཐུགས་དམ་བསྐང་བ་ནི། །དོན་གཉེར་རྣམས་ཀྱིས་བསྐུལ་བའི་ངོར། །བཟང་གི་ས་མདོར་ཀུན་དགས་སྦྱར། །གནོང་བ་བཟོད་པ་མཛད་དགེ་བས། །མ་གྱུར་འགྲོ་བ་མ་ལུས་པས། །རྡོ་རྗེ་འཆང་དབང་ཐོབ་པར་ཤོག། །།དགེའོ། །


previousམཁའ་འགྲོ་སྡེ་ལྔའི་བསྐང་བ།next