Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕ་དམ་པ་རྒྱ་གར་གྱི་བསྐང་བ་རྔམ་པའི་ང་རོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕ་དམ་པ་རྒྱ་གར་གྱི་བསྐང་བ་རྔམ་པའི་ང་རོ།next

ཕ་དམ་པ་རྒྱ་གར་གྱི་བསྐང་བ་རྔམ་པའི་ང་རོ།

ཕ་དམ་པ་རྒྱ་གར་གྱི་བསྐང་བ་རྔམ་པའི་ང་རོ་བཞུགས་སོ། །ཕ་དམ་པའི་བསྐང་བ་ནི། ཌཱ་མ་རུ་དང་། རྐང་དུང་དང་། རོལ་མོ། ཐོད་ཆང་མར་ཁུ་ལ་སོགས་ཐོགས་ནས། དགའ་བའི་དབྱངས་དང་བཅས་པས་འདི་སྐད་བརྗོད་དོ། །ཧཱུྃ། ལྷོ་ཕྱོགས་ཆེན་པོ་བྷེ་ཏིའི་ཡུལ། །ཚ་རི་སིང་ང་ཞེས་བྱའི་གླིང་། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཡུལ། །གླིང་མཆོག་དེ་ན་སྐུ་འཁྲུངས་ཏེ། །ཡབ་ནི་བྲམ་ཟེ་བརྩོན་འགྲུས་གོ་ཆ་ཅན། །ཡུམ་ནི་བྲམ་ཟེ་ས་རལ་ཏ། །སྲས་མཆོག་གསུམ་གྱི་བར་མ་ནི། །ཁྱད་པར་དྲུག་ལྡན་རིན་པོ་ཆེ། །ཡབ་ཡུམ་འཁོར་དང་བཅས་པ་རྣམས། །ཐུགས་དམ་བསྐང་ཕྱིར་སྤྱན་འདྲེན་ནས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཡབ་ཡུམ་དེ་གཉིས་སྲས་བུ་ནི། །འབྲིང་བ་དམ་པ་རྒྱ་གར་སྐུ། །བསླབ་བྱ་ཚུལ་ཁྲིམས་ཆེ་བ་ནི། །དགུང་ལོ་བཅུ་གསུམ་ལོན་པའི་དུས། །ཀརྨ་ལ་ཤིའི་གཙུག་ལག་ཏུ། །རབ་བྱུང་དགེ་ཚུལ་སྡོམ་པ་མཛད། །དམ་པ་རྒྱ་གར་ཐུགས་དམ་བསྐང་། །ཁྱེད་ཀྱི་རྩ་བའི་བླ་མ་བཀའ་དྲིན་ཅན། །གསེར་གླིང་པ་ཡི་ཐུགས༴ རྣལ་འབྱོར་ལྔ་བཅུ་རྩ་བརྒྱད་དང་། །དབང་ཐོབ་སྡོམ་བླང་བླ་མ་རྣམས། །བསྐང་ངོ་མཆོད་དོ་ཐུགས༴ དེའི་སློབ་མ་དམ་པ་རིན་པོ་ཆེ། །གསང་སྔགས་དམ་ཚིག་སྲུང་བ་པོ། །བྱིན་རླབ་ནུས་མཐུ་དཔག་མེད་ལྡན། །དམ་པ་རྒྱ་གར་ཐུགས་དམ་བསྐང་། །སྡེ་སྣོད་རྒྱུད་སྡེ་མ་ལུས་མཁྱེན། །རིགས་པའི་གནས་ལྔ་མཁྱེན་པ་པོ། །པཎྜི་ཏ་ནི་ཆེན་པོ་སྟེ། །དམ་པ་རྒྱ་གར་ཐུགས༴ འབྲས་བུ་དངོས་གྲུབ་ཆེ་བ་ནི། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། །དམ་པ་རྒྱ་གར་ཐུགས༴ དེ་ནས་བོད་ཡུལ་དབུས་སུ་བྱོན། །ཁྱེད་ཀྱི་རྩ་བའི་བླ་མ་ནི། །འཕགས་པ་ཨརྱ་དེ་བ་མཚན། །རྫུས་སྐྱེས་པདྨའི་ནང་ནས་འཁྲུང་། །སྒྲ་ཚད་མཛེས་པའི་སྐྱིལ་ཀྲུང་བཞུགས། །སྐུ་ལ་དར་ཟབ་སྣ་ཚོགས་གསོལ། །དབུ་ལ་སྒོམ་ཞུ་མཛེས་པར་མནབ། །པདྨ་དམར་པོ་སྐྱེས་པའི་ཐུགས༴ གཅོད་བརྒྱུད་བླ་མའི་ཐུགས༴ ཨརྱ་དེ་བའི༴ དམ་པ་རྒྱ་གར༴ དེ་ནས་དེང་རིའི་གནས་སུ་བྱོན། །རི་མཁན་པ་ཁྲོད་ཀྱི་ཡང་དགོན་ནས། །ཌཱཀྐི་པདྨའི་གདན་སྟེང་ནས། །མི་ཕམ་མགོན་པོ་འཛམ་གླིང་རྒྱན། །རྗེ་འགྲོ་བའི་མགོན་པོ་བཅོམ་ལྡན་འདས། །དུས་གསུམ་སངས་རྒྱས་སྲས་གཅིག་པོ། །མཁའ་འགྲོ་སྡེ་ལྔའི་བུ་གཅིག་པོ། །དམ་པ་ཡོངས་ཀྱི་སྐྱབས་གཅིག་པོ། །དམ་པ་རྒྱ་གར༴ སྐུ་མདོག་སྨུག་ནག་བརྗིད་པའི་སྐུ། །དབུ་སྐྲ་ནག་པོ་གྱེན་དུ་འཁྱིལ། །སྤྱན་མིག་དམར་ལ་ཟླུམ་པའི་ཚུལ། །མཆེ་བ་དཀར་པོ་ཟིངས་སེ་ཟེང་། །ཞལ་ནས་ཕཊ་སྒྲ་ལྷངས་སེ་ལྷང་། །རིག་པ་ཧུར་ལ་ཨག་ཚོམ་དམར། །ཕྱག་གཡས་གསེར་གྱི་ཌཱ་མ་རུ། །དཔའ་བོའི་ཚོགས་རྣམས་དབང་དུ་བསྡུས། །མི་ཕམ་མགོན་པོའི་མགོན་པོ་ཐུགས། །ཕྱག་གཡོན་མི་རྐང་གླིང་བུ་འབུད། །བར་སྣང་ཁམས་སུ་འུ་རུ་རུ། །དཔའ་མོའི་ཚོགས་རྣམས་དབང་དུ་བསྡུས། །དམ་པ་རྒྱ་གར༴ རྟེན་འབྲེལ་ག་ལ་བུ་ཁྲ་ལ་གཟར། །རྟེན་འབྲེལ་བདག་པོའི་ཐུགས༴ སྐུ་སྟོད་དར་དཀར་ལྷབ་ལྷུབ་གཡོ། །རྒྱ་གར་གྲུབ་ཆེན་འབུམ་གྱིས་བསྐོར། །སྟེང་ན་བཀའ་བརྒྱུད་ཐིབས་སེ་ཐིབ། །གཡས་ན་དཔའ་བོ་གར་དང་ལྡན། །གཡོན་ནས་དཔའ་མོ་ཁྲབས་སེ་ཁྲབ། །མདུན་ནས་དམ་ཅན་དཔུངས་སེ་དཔུང་། །རྒྱབ་ན་ཌཱཀྐི་ཤིགས་སེ་ཤིག །འོག་ནས་གདོན་ཚོགས་མྱ་ལ་ལ། །རྗེ་དམ་པ་སངས་རྒྱས་རིན་པོ་ཆེ། །བྱིན་རླབས་ཆུ་བོ་རྒྱུན་མི་ཆད། །ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ། །རྗེ་གཞན་ལས་སྤྲུལ་པ་མཛད་པའི་དུས། །འབིར་བ་པ་ཡི་ཆ་བྱེད་འགྱིང་བག་ཅན། །རྒྱལ་པོའི་འདུག་སྟོང་སྟག་གི་གདན། །ཕྱག་གཡས་ཐོད་པ་འཆང་གིས་བཀང་། །ཕྱག་གཡོན་སྡིག་འཛུབ་ཉི་མ་གཏོད། །སྤྱན་རྩ་དམར་ལ་བར་སྣང་གཟིགས། །རུས་རྒྱན་བསྒོམ་ཐག་སྐུ་ལ་བརྒྱན། །བྷིར་བ་པ་ཡི་ཐུགས་དམ་བསྐང་། །སྤྲུལ་ཡང་སྤྲུལ་ཐུགས༴ དམ་པ་སངས་རྒྱས་རིན་པོ་ཆེ། །གླང་ཆེན་རོ་ལ་རིག་འཇུག་མཛད། །དམ་པ་ནག་ཆུང་སོབ་ལ་ཞུག །སྤྲུལ་པ་མཛད་པའི་ཐུགས༴ དམ་པ་སངས་རྒྱས་རིན་པོ་ཆེ། །རྗེ་གཞན་ཡང་སྤྲུལ་པ་མཛད་པའི་ཚེ། །སྐུ་མདོག་སྨུག་ནག་འཇིག་པ་ལ། །ཕྱག་གཡས་གསེར་གྱི་ཌཱ་མ་རུ། །གཡོན་པས་ཐོད་པ་ཆང་གིས་བསྐང་། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུག །དམ་པ་རྒྱ་གར༴ ཧཱུྃ། ཕ་ནག་པོ་ཆེན་པོ་གཟི་མདངས་ཅན། །སྐུ་མདོག་ནག་ལ་སྨུག་པ་དེར། །ཆོས་སྐུ་འགྱུར་བ་མེད་པའི་རྟགས། །དམ་པ་རྒྱ་གར༴ སྐུ་སྟོད་སེང་ཆེན་འགྱིང་བ་འདྲ། །བདུད་བཞི་ཟིལ་གྱི་གནོན་པའི་རྟགས། །དམ་པ་རྒྱ༴ སྐེད་པ་རྡོ་རྗེ་འཁྲིལ་བ་འདྲ། །དེ་འཁྲུལ་གཞི་རྩད་ནས་གཅོད་པའི་རྟག །དམ་པ༴ སྐུ་སྨད་རྨ་བྱ་འཇོལ་བ་འདྲ། །དུག་ལྔ་ཟིལ་གྱིས་ནོན་པའི་རྟགས། །དམ་པ་རྒྱ་གར་ཐུགས་དམ༴ ཞབ་གཉིས་སྦ་བྲན་གཤིབ་པ་འདྲ། །དེ་བྱང་ཆུབ་ལམ་ལ་བསྒྲོད་པའི་རྟགས། །དམ་པ་རྒྱ་གར་ཐུགས་དམ༴ དབུ་སྐྲ་ནག་སྨུག་གྱེན་དུ་འཁྱིལ་བ་དེ། །དེ་མཐོ་རིས་ཐར་ལམ་བསྟན་པའི༴ དམ་པ་རྒྱ༴ སྤྱན་རྩ་དམར་ལ་ཟླུམ་པ་དེ། །སྟོང་གསུམ་ཟིལ་གྱི་ནོན་པའི་རྟག །དམ་པ་རྒྱ༴ ཚེམས་མདོག་དཀར་ལ་ཚེམས་རྩེ་རྣོ། །སྐྱེ་འཆི་རྩད་ནས་གཅོད་པའི་རྟགས། །དམ་པ༴ ཕྱག་བར་ཡང་ལ་ཕྱག་སེན་རྣོ། །སྐལ་ལྡན་ཐུགས་རྗེས་འདྲེན་པའི་རྟགས། །དམ་པ་རྒྱ་གར༴ ཕྱག་སོར་སིང་ཕྲུག་འདྲིམས་པ་འདྲ། །སེར་སྣའི་མདུད་པ་གྲོལ་བའི་རྟགས། །དམ་པ་རྒྱ་གར༴ རྗེ་རེས་འགའ་ཉིན་མཚན་མེད་པར་གཟིམས་ཙ་ན། །ཆོས་གཉུག་མ་རྒྱུན་ཆད་མེད་པའི་རྟགས། །དམ་པ་རྒྱ་གར༴ རྗེ་རེས་འགའ་བརྟུལ་ཞུགས་སྤྱོད་པ་མཛད། །སྨྱོན་པའི་བརྟུལ་ཞུགས་མཛད་པའི་ཚེ། །བཀའ་འཁོར་བར་ཆད་སེལ་བའི་བརྡའ། །དམ་པ་རྒྱ༴ རྗེ་རེ་གྷ་གྲོང་ཁྱེར་གྱིས་གྲོང་ནས་གཟིམས། །གཙང་ཙོག་ངོ་ཚ་སྤང་བའི་བརྡའ། །དམ་པ་རྒྱ་གར༴ འགྲོ་བའི་མགོན་པོའི་ཐུགས༴ ཀུན་ཤེས་ཀུན་རིག་དམ་པ་པོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྲས་མཆོག་སྐུ་སྤྲུལ་རྗེ། །མི་ཕམ་མགོན་པོའི་ཐུགས༴ གསུང་ཨ་ལི་ཀ་ལིའི་སྒྲ་དོན་རྟོགས། །བཀའ་མདོ་རྒྱུད་དགོངས་པ་ཐུགས་སུ་ཆུད། །ཁོང་བརྟུལ་ཞུགས་སྤྱོད་པས་འགྲོ་དོན་མཛད། །དམ་པ་རྒྱ་གར༴ གསུང་ཚངས་པའི་སྒྲ་དབྱངས་དམ་ཆོས་གསུང་། །དམ་པ་རིན་པོ་ཆེའི་ཐུགས་དམ༴ བྱང་ཆུབ་སེམས་ཀྱི་ལམ་སྣ་དྲང་དུ་གསོལ། །དམ་པ་རྒྱ༴ དགོས་འདོད་ཀུན་འབྱུང་ནོར་བུའི་རེ་བ་བསྐང་། །དམ་པ་རྒྱ༴ ཕྲིན་ལས་རྟེན་འབྲེལ་ཆེ་བའི་བར་ཆད་སེལ། །ཕ་སྐུ་ལྔ་ཡོན་ཏན་ཆེ་བའི་ཐུགས༴ ཕ་དམ་པ་རྒྱ༴ ཕ་སྐྱེ་འཆི་མེད་པའི༴ ཕ་འདུ་འབྲལ་མེད་པའི༴ ཕ་ལྷུན་གྱིས་གྲུབ་པའི༴ ཕ་དགོས་འདོད་འབྱུང་བའི༴ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི། །མེ་ཏོག་ཕྲེང་བ་དར་གྱི་ཆུན་པོ་དང་། །རོལ་མོ་སྒྲ་སྙན་སྣ་ཚོགས་དང་། །འདོད་པའི་ཡོན་ཏན་སྣ་ཚོགས་དང་། །བླ་བྲེ་འཕན་གདུག་རྒྱལ་མཚན་དང་། །རྔ་དང་བྷ་ལིང་གཏོར་མ་དང་། །སྐྱེས་བུ་མཚན་བཟང་ཐོད་པ་དང་། །བུ་མོ་མཚན་བཟང་གཉིས་དག་གི། །བཅུ་དྲུག་ལོ་ལོན་ཐོད་པ་གཉིས། །སྤྱི་བོ་སྟག་སྤྲོད་རྔ་སྒྲ་འདིས། །དམ་པ་རྒྱ་གར༴ བུད་མེད་མཁའ་འགྲོའི་མཚན་ཚང་བ། །སྨིན་མཚམས་གྲས་པའི་ཀ་པ་ལར། །རིན་ཆེན་སྨན་ཆང་བདུད་རྩིའི་བཀང་། །དམ་པ་རྒྱ༴ གྲི་རྐང་གླིང་བུ་གླང་སྣ་ཅན། །འུར་འུར་སྙན་པའི་གླིང་བུ་འདི། །དམ་པ་རྒྱ་གར༴ རིན་ཆེན་གསེར་གྱི་ཌཱ་མ་རུ། །དར་སྣ་ལྔ་ཡི་བརྒྱན་པ་འདི། །དམ་པ་རྒྱ་གར༴ ཅང་ཏེའུ་ཐོད་པའི་རྔ་སྒྲ་འདི། །དམ་པ་རྒྱ་གར༴ སྨན་སྣ་དྲི་བཟང་སྤོས་དུད་འདི། །དམ་པ་རྒྱ་གར༴ སྙན་པའི་དབྱངས་ཀྱིས༴ དམ་པ་སངས་རྒྱས༴ བྷ་ལིང་འཕན་དར་བཙུག་པ་འདི། །དམ་པ་སངས་རྒྱས་ཐོད་ཞལ་བྷནྡྷ་འདི་དག་དང་། །གསེར་ཞལ་གཡུ་ཞལ་དངུལ་ཞལ་འདི། །དམ་པ་སངས་རྒྱས༴ ཚོགས་ཀྱི་གར་ཐབས་མཆོད་པ་འདི། །དམ་པ༴ རུས་བརྒྱན་དངུལ་གྱི་དྲིལ་བུ་འདི། །དམ་པ་སངས་རྒྱས༴ བདག་གི་ཤ་ཁྲག་ཕུང་པོ་འདི། །རིག་པ་མཁའ་ལ་སྤར་ནས་ཀྱང་། །ཤ་ཁྲག་བདུད་རྩིར་དམིགས་པ་འདི། །ལྤགས་པ་གསེར་གྱི་ས་གཞི་ལ། །ནང་རོལ་ཡང་དག་ཚོམ་བུར་བཀོད། །རིན་ཆེན་གསེར་གྱི་མཎྜལ་འདི། །རྗེ་དམ་པ་སངས་རྒྱས༴ གཅོད་བརྒྱུད་བླ་མ་རྣམས་ཀྱི་ཐུགས༴ ཕ་བརྒྱུད་དཔའ་བོའི་ཚོགས་ཀྱི༴ རྒྱ་གར་གྲུབ་ཆེན་རྣམས་ཀྱི༴ རྐྱེན་དང་བར་ཆད་མེད་པར་མཛོད། །བདག་ཅག་མཁའ་སྤྱོད་གནས་སུ་ལམ་སྣ་དྲངས། །གལ་ཏེ་འཆི་བའི་དུས་བྱུང་ན། །མི་ཕམ་མགོན་པོས་ལམ་སྣ་དྲོངས། །ཁྱེད་ཀྱི་སྐུ་ཡི་འོད་ཟེར་གྱི། །བདུད་རྩིའི་ཆུ་རྒྱུན་མཐིང་ཀ་ལི། །བདག་གི་ལུས་ལ་སྨིན་པར་མཛོད། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །གནས་ཁང་རིན་ཆེན་འབར་བ་འདི། །མཁའ་སྤྱོད་གནས་སུ་བྱིན་གྱིས་བརློབས། །ཁྱེད་ཀྱི་སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། །ལུས་ལ་བདེ་དྲོད་འབར་དུ་གསོལ། །གསུང་གི་བྱིན་རླབ་ངག་ལ་ཞུགས། །ངག་ལ་ནུས་པ་འབར་དུ་གསོལ། །ཐུགས་ཀྱི་བྱིན་རླབ་སེམས་ལ་ཞུགས། །སེམས་ཆོས་སྐུ་ཐོབ་པར་མཛད་དུ་གསོལ། །རྐྱེན་དང་བར་ཆད་ཐམས་ཅད་བཟློག །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །རྐྱེན་ངན་གྲོགས་སུ་འཆར་བར་བྱིན་གྱིས་རློབས།། །།


previousཕ་དམ་པ་རྒྱ་གར་གྱི་བསྐང་བ་རྔམ་པའི་ང་རོ།next