Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་མོ་གཅོད་ཀྱི་བརྒྱུད་བསྐང་ཉམས་ཆག་སྦྱང་།
   
   
   
   
   
   
   
   
   
   
   
   
   


 
previousཟབ་མོ་གཅོད་ཀྱི་བརྒྱུད་བསྐང་ཉམས་ཆག་སྦྱང་།next

ཟབ་མོ་གཅོད་ཀྱི་བརྒྱུད་བསྐང་ཉམས་ཆག་སྦྱང་།

ཟབ་མོ་གཅོད་ཀྱི་བརྒྱུད་བསྐང་ཉམས་ཆག་སྦྱང་བ་བཞུགས་སོ། །ཧཱུྃ། སྐྱེ་མེད་རྣམ་དག་མཐའ་དབུས་བྲལ་བ་ལ། །འགགས་མེད་ཐོག་བཅས་ཐོག་མེད་སྙེམ་བྱེད་བདུད། །གང་ཤར་ཡུལ་མེད་རང་རིག་དབྱིངས་སུ་གཅོད། །གྲུབ་ཐོབ་གཅོད་བརྒྱུད་བླ་མའི་ཐུགས་དམ་བསྐང་། །རང་རིག་ངོ་བོ་སྨྲ་བསམ་ཡུལ་ལས་འདས། །ཡུམ་ཆེན་ཕ་རོལ་ཕྱིན་མའི་ཐུགས་དམ༴ དོན་གཉིས་ཕུན་ཚོགས་མཛད་པ་མཐར་ཕྱིན་པ། །བཅོམ་ལྡན་ཤཱཀྱའི་རྒྱལ་པོའི་ཐུགས༴ མ་རིགས་མུན་པ་བློ་གྲོས་སྣང་བ་རྒྱས། །འཕགས་པ་འཇམ་དབྱངས་ལྷ་ཚོགས༴ འགྲོ་རྣམས་འཇིག་པ་བརྒྱད་ལ་སྐྱོབ་མཛད་མ། །རྗེ་བཙུན་འཕགས་མ་སྒྲོལ་མའི་ཐུགས་དམ་བསྐང་། །མ་བརྒྱུད་དཔའ་མོ་ཀུན་གྱིས་ཡང་རྗེ་མོ། །མཁའ་འགྲོ་སུ་ཀ་སི་ཏིའི༴ སྒྲ་ཚད་དོན་གཉིས་འཛམ་གླིང་རྒྱན་དུ་ཤར། །རྗེ་བཙུན་ཨརྱ་དེ་བའི་ཐུགས༴ རྒྱ་བོད་ཀུན་ལ་གདུལ་བྱ་སྨིན་གྲོལ་མཛད། །གྲུབ་ཐོབ་ཀརྨ་ཤཱི་ལའི༴ ཐེག་ཆེན་རྒྱུད་འཛིན་མན་ངག་བཅུད་དང་ལྡན། །སྐྱོ་སྟོན་བསོད་ནམས་བླ་མའི༴ བཀའི་དོན་རྟོགས་འགྲོ་བའི་དཔལ་དུ་ཤར། །མ་ཅིག་ལབ་ཀྱི་སྒྲོན་མའི་ཐུགས༴ སྒོ་གསུམ་གུས་པས་མ་ཅིག་མཉེས་པ་སྒྲུབ། །ཁུ་བསྒོམ་ཆོས་ཀྱི་སེངྒེའི་ཐུགས༴ བཀའ་བཞིན་དོན་གྱི་གཅོད་ཀྱི་རྒྱུད་འཛིན་མ། །སྐྱེས་སྟོན་དོལ་པ་ཟང་ཐལ༴ སྐྱེ་མེད་དོན་རྟོགས་ཆོས་བརྒྱད་རང་སར་གྲོལ། །རྗེ་བཙུན་རྒྱ་ནག་གཅེར་བུའི༴ ཆོས་རྣམས་ཐུགས་བཅུད་བསྒྲུབ་མཛད་མཐར་ཕྱིན་པ། །མཁས་གྲུབ་སངས་རྒྱས་རབ་སྟོན༴ སྡོམ་གསུམ་བསླབ་གསུམ་དོན་ལྡན་མཁྱེན་པ་རྒྱས། །རྟོགས་ལྡན་ཟལ་མོ་དགེ་སློང་༴ སྙེམས་རྟོག་ཆོད་ནས་ལུས་ཀྱི་གདོན་རྣམས་ཐུལ། །བླ་མ་ཞེན་མེད་རས་པའི༴ དགོངས་པའི་རྟེན་ཐོབ་ཆོས་ཀྱི་སྤྱན་དང་ལྡན། །གུ་རུ་སངས་རྒྱས་རབ་སྟོན༴ སྐྱེ་མེད་དོན་ལ་འགགས་མེད་བློ་འབྱོར་པ། །རས་པ་དྷརྨ་སེངྷའི༴ གར་བཞུགས་ཆོས་འཁོར་ཀུན་ཏུ་བསྐོར་མཛད་པ། །སྟོབ་པ་བཛྲ་སེངྷའི༴ གཉེན་ས་རྒྱ་ཆེ་ཆོས་ཉིད་དོན་དང་ལྡན། །སློབ་དཔོན་པྲ་ཛྙཱ་གུ་རུའི་ཐུགས༴ འགྲོ་བའི་མགོན་གྱུར་ཐིག་ཆེན་ཆོས་སྒྲ་སྒྲོག །ཆོས་རྗེ་བཛྲ་ཤྲཱི༴ གཉིས་འཛིན་རང་གྲོལ་སྣང་སྲིད་ཆོས་སྐུར་ཤར། །རྟོག་ལྡན་ནམ་མཁའ་རྡོ་རྗེའི་ཐུགས༴ ཐོས་བསམ་རྒྱ་ཆེ་བསྐྱེད་རྫོགས་ཟུང་དུ་འཇུག །མཁས་ཆེན་ཤི་ལ་ཀེ་ཏུའི༴ དབུ་རྫོགས་ཕྱག་གསུམ་དོན་གྱི་བཀའ་བབ་པ། །མཚུངས་མེད་ཆོས་ཀྱི་རྡོ་རྗེའི༴ ཕྱི་ནང་གསང་བའི་ཆོས་རྣམས་ཁོང་དུ་ཆུད། །མཁས་བཙུན་ཛྙཱ་ན་ཀེ་ཏུའི༴ དམ་ཆོས་བདུད་ཀྱི་གཅོད་ཡུལ་བཀའ་བབ་པ། །དཔལ་ལྡན་ཨ་ནན་ལཀྵིའི༴ ཐིག་ལེ་དོན་ལྡན་ཚོགས་གཉིས་ཟུང་དུ་འཇུག །མཁས་རྟོག་པུཎྱེ་ལཀྵིའི༴ རླུང་སེམས་དབང་ཐོབ་འགྲོ་དོན་དམ་ལ་བཏགས། །བཤེས་གཉེན་བཛྲ་རསྨིའི༴ ནམ་མཁའ་རྡོ་རྗེ་ག་ག་མ་ཏི་དང་། །ཀ་ལ་བཛྲ་རྣམས་ཀྱི༴ དབང་དྲག་རྒྱ་མཚོ་ཆོས་སྐྱོང་རྒྱ་མཚོ་དང་། །ཀློང་གསལ་སྙིང་པོ་རྣམས་ཀྱི༴ ཆོས་ཉིད་རྒྱ་མཚོ་བཀྲ་ཤིས་ཕུན་ཚོགས་དང་། །ནམ་མཁའ་རྒྱ་མཚོ་རྣམས་ཀྱི༴ དྲི་མེད་ཞིང་སྐྱོང་སྐྱབས་མགོན་པཎྜི་ཏ། །ངེས་དོན་དབང་པོ་རྣམས་ཀྱི༴ འགྱུར་མེད་བསྟན་འཛིན་ཆོས་ཀྱི་བློ་གྲོས་དང་། །ཀུན་བཟང་འགྱུར་མེད་རྣམས་ཀྱི༴ །ཆོས་ཀྱི་རྒྱ་མཚོ་རྡོ་རྗེ་ལེགས་བཤད་སོགས། །གཅོད་ཆོས་ཐོབ་ཚད་བླ་མའི་ཐུགས་དམ་བསྐང་། །བཀའ་རྒྱུད་བླ་མའི་ལུང་རིག་བཅུད་འདུས་པས། །དྲིན་ཆེན་རྩ་བའི་བླ་མའི་ཐུགས་དམ་བསྐང་། །གཉིས་འཛིན་བདུད་རྣམས་རང་སར་གཅོད་མཛད་པ། །མཆེད་གྲོགས་ཆོས་མཛད་ཡོངས་ཀྱི་ཐུགས་དམ་བསྐང་། །གསང་སྔགས་ཕྱི་ནང་གཉིས་ཀྱི་བསྡུས་པ་ཡི། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང་། །ཧཱུྃ། དབུས་ཕྱོགས་ལྷུན་གྱིས་གྲུབ་པའི་དུར་ཁྲོད་ནས། །ཆོས་འབྱུང་པད་ཉི་རོའི་གདན་སྟེངས་སུ། །སངས་རྒྱས་མཁའ་འགྲོ་ཉིད་དང་དབྱེར་མེད་པ། །སྐུ་ལྔ་ཡོངས་རྫོགས་རྡོ་རྗེ་རྣལ་འབྱོར་མ། །སྐུ་མདོག་དམར་ནག་ཞལ་ཅིག་ཕྱག་གཉིས་པ། །གཡས་པས་གྲི་གུག་གཡོན་པས་ཐོད་ཁྲག་བསྣམས། །དབུ་སྐྲ་ཐོར་ཚུག་ལྷག་མ་མཐུར་དུ་གྲོལ། །སྤྱི་གཙུག་ཕག་ཞལ་མཐིང་ནག་ངུར་སྒྲ་སྒྲོག །དར་འཕེན་རུས་རྒྱན་མེ་ལོང་དྲིལ་བུ་དང་། །རིན་ཆེན་རྒྱན་སྤྲས་ཁ་ཊྭཱྃ་མཚན་དུ་བཙུག །ཞབས་གཉིས་བརྐྱང་བསྐུམ་རོའི་གདན་ལ་འགྱིང་། །ལས་བཞི་ལྷུན་གྲུབ་རིགས་བཞི་མཁའ་འགྲོས་བསྐོར། །རྒྱལ་བ་ཀུན་གྱི་གསང་བ་ཡུམ་མཆོག་མ། །རྡོ་རྗེ་རྣལ་འབྱོར་མའི་ཐུགས་དམ་བསྐང་། །ཡུམ་ཆེན་རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་། །སངས་རྒྱས་མཁའ་འགྲོ་མ་ཡི་ཐུགས་དམ་བསྐང་། །ཧཱུྃ། ཤར་ཕྱོགས་གཏུམ་དྲག་འབར་བའི་དུར་ཁྲོད་ནས། །ཞི་བའི་ལས་མཛད་རྡོ་རྗེ་རྣལ་འབྱོར་མ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །སྐུ་མདོག་དཀར་མོ་རྡོ་རྗེ་ཐོད་ཁྲག་བསྣམས། །རྡོ་རྗེ་མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་། །ལྷོ་ཕྱོགས་གཏུམ་དྲག་འབར་བའི་དུར་ཁྲོད་ནས། །རྒྱས་པའི་ལས་མཛད་རིན་ཆེན་མཁའ་འགྲོ་མ། །རིན་ཆེན་རིགས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །སྐུ་མདོག་སེར་མོ་རིན་ཆེན་ཐོད་ཁྲག་བསྣམས། །རིན་ཆེན་མཁའ་འགྲོ༴ ཧཱུྃ། ནུབ་ཕྱོགས་པདྨ་འཁྱིལ་བའི་དུར་ཁྲོད་ནས། །དབང་གི་ལས་མཛད་པདྨ་མཁའ་འགྲོ་མ། །པདྨ་རིགས་ཀྱི་མཁའ་འགྲོ་འབུམ་གྱི་བསྐོར། །སྐུ་མདོག་དམར་མོ་པདྨ་ཐོད་ཁྲག་བསྣམས། །པདྨ་མཁའ་འགྲོ་འཁོར་བཅས༴ ཧཱུྃ། བྱང་ཕྱོགས་ཀི་ལ་ཡ་ཡིའི་དུར་ཁྲོད་ནས། །དྲག་པོའི་ལས་མཛད་ཀརྨ་མཁའ་འགྲོ་མ། །ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །སྐུ་མདོག་ལྗང་མོ་རྒྱ་གྲམ་ཐོད་ཁྲག་བསྣམས། །ལས་ཀྱི་མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་། །ཀུན་ཀྱང་དབུ་སྐྲ་ཐོར་ཚུག་ལྷག་མ་གྲོལ། །དར་འཕེན་རུས་རྒྱན་མེ་ལོང་དྲིལ་བུ་དང་། །རིན་ཆེན་རྒྱན་སྤྲས་ཁ་ཊྭཱྃ་མཆན་དུ་བཅུག །ཞབས་གཉིས་བརྐྱང་སྐུམ་རོའི་གདན་ལ་འགྱིང་། །རིགས་ལྔ་མཁའ་འགྲོ་འཁོར་བཅས༴ ཤུགས་འགྲོ་ལྔའི་ཚོགས་ཀྱི༴ མཁའ་འགྲོ་སེང་གདོང་མའི༴ གཞན་ཡང་འཇིག་རྟེན་འདས་དང་མ་འདས་པ། །མཁའ་འགྲོ་ཤུགས་འགྲོ་རྒྱ་མཚོ་ཡི། །མ་སྲིང་རྒྱ་མཚོའི་ཚོགས་ཀྱི༴ མཁའ་འགྲོ་སུམ་ཅུ་རྩ་གཉིས༴ འབར་མ་ཆེན་མོ་བརྒྱད་ཀྱི༴ མ་བདུན་སྲིང་མོ་བཞིའི༴ དབང་ཕྱུག་ཉི་ཤུ་བརྒྱད་ཀྱི༴ འབུམ་ཕྲག་ཡངས་པའི་མཁའ་འགྲོའི༴ མ་ཡུམ་བསྟན་མ་བཅུ་གཉིས༴ སྤྲུལ་པ་ཡང་སྤྲུལ་རྣམས་ཀྱི༴ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །ཕྱི་མཆོད་འདོན་ཡོན་ལྔ་དང་ཉེར་སྤྱོད་ལྔ། །ནང་མཆོད་སྨན་དང་རཀྟ་བ་ལིངྟ། །འདོད་ཡོན་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་། །བདག་གིས་ཉམས་ཆག་སྡིག་སྒྲིབ་ཅི་མཆིས་བཤགས། །ཚེ་དང་བསོད་ནམས་བསྒྲུབ་པ་མཐར་ཕྱིན་སོགས། །བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་དངོས་གྲུབ་སྩོལ། །ནད་གདོན་དགྲ་བགེགས་དུས་མིན་འཆི་བ་སོགས། །བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་བཟློག་ཏུ་གསོལ། །གྲུབ་ཐོབ་གཅོད་ཀྱི་རྒྱུད་པའི་བསྐང་བ་ཉམས་ཆག་དག་བྱེད་ཚོགས་གཉིས་ཆུ་རྒྱུན་ཞེས་བྱ་བ་འདི། བྱ་བྲལ་བ་ཀུན་དགའ་འབུམ་གྱི་ཕག་མཚོ་རི་ཁྲོད་སྦྱར་བའོ།། །།


previousཟབ་མོ་གཅོད་ཀྱི་བརྒྱུད་བསྐང་ཉམས་ཆག་སྦྱང་།next