Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་པ་རྒྱ་གར་དང་མ་ཅིག་ལབ་སྒྲོན་ཡུམ་ཆེན་མོ་རྣམས་ཀྱི་གཏོར་དབང་གི་ཁ་འཕང་རྣམས།
   
   
   
   
   
   
   
   


 
previousདམ་པ་རྒྱ་གར་དང་མ་ཅིག་ལབ་སྒྲོན་ཡུམ་ཆེན་མོ་རྣམས་ཀྱི་གཏོར་དབང་གི་ཁ་འཕང་རྣམས།next

དམ་པ་རྒྱ་གར་དང་མ་ཅིག་ལབ་སྒྲོན་ཡུམ་ཆེན་མོ་རྣམས་ཀྱི་གཏོར་དབང་གི་ཁ་འཕང་རྣམས།

དམ་པ་རྒྱ་གར་དང་མ་ཅིག་ལབ་སྒྲོན་ཡུམ་ཆེན་མོ་རྣམས་ཀྱི་གཏོར་དབང་གི་ཁ་འཕང་རྣམས་བཞུགས་སོ། །དམ་པའི་གཏོར་དབང་བྱེད་པ་ནི། གཏོར་མ་ཆུས་བྲན་ལ། གཏོར་མ་མི་དམིགས་པའི་ངང་ལས། པད་ཟླའི་སྟེང་དུ་དམ་པ་རྒྱ་གར་སྐུ་མདོག་དམར་སྨུག་སེང་ལྡེང་གི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ་གཡས་པས་ཌཱ་མ་རུ། གཡོན་ན་མི་རྐང་གླིང་བུ་འབུད་པ། སྤྱན་ཧྲིག་གེར་མཛད་པ། དེའི་སྤྱི་བོར་བརྒྱུད་པའི་བླ་མ། གཡས་ན་དཔའ་བོ། གཡོན་ན་དཔའ་མོ། མདུན་ན་དམ་ཅན། རྒྱབ་ན་ཆོས་སྐྱོང་། སྐབས་ན་ཌཱཀྐི་རྣམས་ཀྱིས་བསྐོར་བ་བསྒོམ། དེ་ནས་གསོལ་འདེབས་ཀྱི་ལན་མོ་མཛོད། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །དགོས་བཀའ་དྲིན་ཅན་གྱི་བྱིན་གྱིས་རློབས། །གནས་ཡ་ཀི་ཡ་ཀི་ཡ་ཀི་ནས། །ཕྱི་བསྐོར་གཅིག་བསྐོར་གཉིས་བསྐོར་དང་གསུམ། །ཕྱི་བསྐོར་བ་ལྕགས་རི་མུ་ཁྱུད་བསྐོར། །བར་བསྐོར་བ་ལྷོ་རྒྱལ་འཛམ་བུའི་གླིང་། །ནང་བསྐོར་བ་དེང་རི་བླ་འཁོར་ནས། །རི་མཁན་པ་ཁྲོད་ཀྱི་དགོན་པ་རུ། །མཁའ་འགྲོ་པདྨའི་གདན་སྟེང་ནས། །དེ་ན་སུ་བཞུགས་སུ་མ་བཞུགས། །དེ་ན་དམ་པ་རྒྱ་གར་བཞུགས། །ཁོང་བཞུགས་པ་ཆོས་ཉིད་ངང་དེར་བཞུགས། །མཛད་པ་སེམས་ཅན་འགྲོ་དོན་མཛད། །སྐུ་འཁྲུངས་པ་རྒྱ་གར་ཡུལ་དུ་བཞུགས། །གསུང་བསྒྲགས་པ་བོད་ཡུལ་དབུས་སུ་བསྒྲགས། །ཆགས་ཕེབ་པ་དེང་རི་དགོན་དུ་ཕེབས། །འགྲོ་བའི་མགོན་པ་རྡོ་རྗེ་འཆང་། །སྨྲ་བའི་སེངྒེ་མཚུངས་པ་མེད། །དཔལ་ཆེན་བྷིརྱ་དྲོད་ཚད་མཁན། །ཨརྱ་དེ་བ་སྒྲ་ཚད་མཁན། །དམ་པ་མུ་སྟེགས་རྒྱུད་སྡེ་མཁན། །རྗེ་མི་ཕམ་མགོན་པོ་བཅོམ་ལྡན་འདས། །ཁོང་འཛམ་བུ་གླིང་གིས་རྒྱན་གཅིག་པོ། །རྗེ་དེར་བཞུགས་དམ་པ་ལ་གསོལ་བ་འདེབས། །དེར་བཞུགས་དམ་པས་བྱིན་གྱིས་རློབས། །ཁོང་སྟེང་དེར་བཀའ་བརྒྱུད་ཐིབས་སེ་ཐིབ། །བར་དེར་ལྷ་ཚོགས་ཁྲིགས་སེ་ཁྲིག །གཡས་དེར་དཔའ་བོ་ངར་དང་བཅས། །གཡོན་དེར་དཔའ་མོ་ངར་དང་ལྡན། །མདུན་དེར་དམ་ཅན་དཔུངས་སེ་དཔུང་། །སྐབས་དེར་ཌཱཀྐི་ཤིགས་སེ་ཤིག །འོག་དེར་གདོན་ཚོགས་མྱ་ལ་ལ། །རྗེ་དེར་བཞུགས་དམ་པ་ལ་གསོལ་བ་འདེབས། །རྗེ་དེར་བཞུགས་དམ་པས༴ བྱིན་རླབས་ཀྱི་ཆུ་བོ་རྒྱུན་མི་ཆད། །རྗེ་དྲུང་ན་བཞུགས་ན་གུས་ཕྱག་འཚལ། །རྒྱབ་ན་བཞུགས་ན་མོས་ཕྱག་འཚལ། །མོས་གུས་ཀྱི་ཕྱག་ལ་ཉེ་རིང་མེད། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ། །སྐུའི་བྱིན་རླབས་ལུས་ལ་ཞུགས། །ལུས་ལ་བདེ་དྲོད་འབར་དུ་གསོལ། །ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །སྤྲུལ་སྐུ་ཐོབ་པར་མཛད་དུ་གསོལ། །གསུང་གིས་བྱིན་རླབས་ངག་ལ་ཞུགས། །ངག་ལ་ནུས་འབར་དུ་གསོལ། །ངག་གིས་སྒྲིབ་པ་དག་ནས་ཀྱང་། །ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས། །སེམས་ལ་རྟོག་པ་འཆར་དུ་གསོལ། །ཡིད་ཀྱི་སྒྲིབ་པ་དག་ནས་ཀྱང་། །ཆོས་སྐུ་ཐོབ་པར་མཛད་དུ་གསོལ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དུག་གསུམ་ངང་གིས་ཞིག་ཏུ་གསོལ། །རྐྱེན་ཕོ་གདོན་མོ་གདོན་ཀླུ་གདོན་གསུམ། །གདོན་གསུམ་རྣམ་རྟོག་ཡལ་དུ་གསོལ། །ནད་རླུང་མཁྲིས་འདུས་པ་བད་ཀན་བཞི། །བཞི་བརྒྱ་རྩ་བཞིའི་ནད་རྣམས་བསལ་དུ་གསོལ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །སྐུ་གསུམ་མངོན་དུ་འབྱུང་དུ་གསོལ། །གཞན་དོན་དཔག་མེད་འབྱུང་དུ་གསོལ། །རྗེ་དེར་བཞུགས༴ རྗེ་དེར་བཞུགས་དམ་པས༴ ཕ་ནག་པོ་ཆེན་པོ་གཟི་མདངས་ཅན། །སྐུ་སྟོད་སེངྒེ་འགྱིང་བ་འདྲ། །དེ་བདུད་བཞི་ཟིལ་གྱིས་ནོན་པའི་བརྡ། །སྐེད་པ་རྡོ་རྗེ་འཁྲིལ་བ་འདྲ། །དེ་འཁྲུལ་བཞི་རྩད་ནས་བཅད་པའི་བརྡ། །ཞབས་གཉིས་རྦ་བྲན་གཤིབ་པ་འདྲ། །དེ་བྱང་ཆུབ་ལམ་ལ་ཞུགས་པའི་བརྡ། །སྐུ་མདོག་ནག་པོ་སྨུག་པ་ནི། །དེ་ཆོས་ཉིད་ངང་ལ་བཞུགས་པའི་བརྡ། །དབུ་སྐྲ་ཁམས་ནག་གྱེན་དུ་འཁྱིལ། །དེ་མཐོ་རིས་ཐར་ལམ་ཕྱེད་པའི་བརྡ། །སྤྱན་རྩ་དམར་ལ་འཁྲུག་པ་ནི། །དེ་སྟོང་གསུམ་ཀུན་ལ་གཟིགས་པའི་བརྡ། །ཤངས་རྒྱུད་རིང་ལ་ཤང་རྩེ་རྣོ་བ་དེ། །དེ་ཐེག་ཆེན་གྱིས་རྒྱུད་དོན་རྟོགས་པའི་བརྡ། །ཚེམས་མདོག་དཀར་ལ་ཚེམ་རྩེ་རྣོ། །དེ་སྐྱེ་ཤི་རྩད་ནས་གཅོད་པའི་བརྡ། །ཕྱག་སོར་རིང་ལ་ཕྱག་སེན་རྣོ། །དེ་སེར་སྣ་མདུད་པ་གྲོལ་བའི་བརྡ། །ཞབས་སོར་སེང་ཕྲུག་བཀྲམ་པ་འདྲ། །སྐལ་ལྡན་ཐུགས་རྗེས་འཛིན་པའི་བརྡ། །རྗེ་དེར་བཞུགས་དམ་པ་ལ༴ རྗེ་དེར་བཞུགས་དམ་པས༴ རྗེ་རེ་རེས་ཉིན་མཚན་འཁོར་བར་གཟིམ། །ཉིན་མཚན་འཁོར་བར་གཟིམ་ཙམ་ན། །ཆོས་གཉུག་མ་རྒྱུན་ཆད་མེད་པའི་བརྡ། །རྗེ་རེ་རེས་རྟེན་འབྲེལ་སྣ་ཚོགས་མཛད། །རྟེན་འབྲེལ་སྣ་ཚོགས་མཛད་ཙམ་ན། །བཀའ་འཁོར་གྱི་བར་ཆད་བསལ་བའི་བརྡ། །རྗེ་རེ་རེས་སྨྱོན་པའི་བརྟུལ་ཞུགས་མཛད། །སྨྱོན་པའི་བརྟུལ་ཞུགས་མཛད་ཙམ་ན། །རྐྱེན་ཕོ་གདོན་མོ་གདོན་འདུལ་བའི་བརྡ། །རྗེ་རེ་རེས་རྒྱ་གྲམ་སྲང་དུ་གཟིམ། །རྒྱ་གྲམ་སྲང་དུ་གཟིམ་ཙམ་ན། །དེ་ཐེག་དམན་གྱི་ཟིལ་གྱིས་གནོན་པའི་བརྡ། །རྗེ་རེ་རེས་རས་གོས་རྐྱང་ཅིག་མནབ། །རས་གོས་རྐྱང་ཅིག་མནབ་ཙམ་ན། །བདེ་དྲོད་ལུས་ལ་སྦར་བའི་བརྡ། །རྗེ་དེར་བཞུགས་དམ་པ་ལ༴ རྗེ་དེར་བཞུགས་དམ་པས༴ བདག་ལུས་ངག་ཡིད་གསུམ་མཆོད་པར་བུལ། །ལུས་ལ་བདེ་དྲོད་འབར་དུ་གསོལ། །ངག་ལ་ནུས་པ་འབར་དུ་གསོལ། །སེམས་ལ་རྟོགས་པ་འཆར་དུ་གསོལ། །རྗེ་དྲུང་ན་བཞུགས་ན་དྲུང་ཕྱག་འཚལ། །རྒྱང་ལ་བཞུགས་ན་མོས་ཕྱག་འཚལ། །མོས་གུས་ཀྱི་ཕྱག་ལ་ཉེ་རིང་མེད། །མཁའ་སྤྱོད་གནས་སུ་ལམ་སྣ་དྲོངས། །ཨུ་རྒྱན་གནས་སུ་ལམ་སྣ་དྲོངས། །རྐྱེན་ཕྱི་ཡི་བར་ཆད་ཕྱི་ནས་སེལ། །ནང་གིས་བར་ཆད་ནང་ལ་སེལ། །རྐྱེན་ངན་པ་བྱང་ཆུབ་གྲོགས་སུ་བསྒྱུར། །འགལ་རྐྱེན་མཐུན་རྐྱེན་དམ་པ་བསྒྱུར་དུ་གསོལ། །ཕཊ། ཕ་དམ་པའི་རྟགས་བསྟོད་ཇོ་མོས་མཛད་པ་རྫོགས་སོ།། །།དེ་ནས་མ་ཅིག་ལབ་སྒྲོན་གྱིས་དབང་ཁྲིད་བྱེད་པ་ལ། དང་པོ་གཏོར་མ་སྤྱི་བོར་བཞག་ཅིང་ཆུ་བླུག་ལ། ད་ཁྱེད་རང་རྣམས་ཀྱི་འདི་ལྟར་བསྒོམ་ལ། གཏོར་མ་མི་དམིགས་པ་ལས། པདྨ་ཟླ་བ་ཉི་མའི་གདན་ལ། རྩ་བའི་བླ་མ་དང་གཉིས་སུ་མེད་པའི་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ་གངས་རི་ལ་ཉི་མ་ཤར་བ་ལྟར་དཀར་ལ། ཞལ་ཅིག་ཕྱག་གཉིས། གཡས་གསེར་གྱི་ཌཱ་མ་རུ། གཡོན་དངུལ་དཀར་གྱི་དྲིལ་བུ་འཛིན་པ། སྐུ་ལ་རས་ཕྲུག་དཀར་པོའི་ན་བཟའ་མནབ་པ་དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་པ། མཚན་དང་དཔེ་བྱད་འོད་ཟེར་དང་ལྡན་པར་བསྒོམ། དེའི་ཕྱི་རོལ་ན་ཤར་ན་རྡོ་རྗེ་མཁའ་འགྲོ་ལ། རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར་བ། ལྷོར་རིན་ཆེན་མཁའ་འགྲོ་ལ། རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར་བ། ནུབ་ཏུ་པདྨ་མཁའ་འགྲོ་ལ། པདྨ་མཁའ་འགྲོ་འབུམ་གྱིས་བསྐོར་བ། བྱང་དུ་ལས་ཀྱི་མཁའ་འགྲོ་ལ། ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར་བ། དེའི་ཕྱི་རོལ་དུ་ཤ་ཟའི་མཁའ་འགྲོ་དང་འཇིག་རྟེན་མཁའ་འགྲོ་སྤྲིན་དཔུང་གཏིབ་པ་ལྟར་བསྒོམ་པའི་མོས་པ་མཛོད། གསོལ་འདེབས་ཀྱི་ལད་མོ་མཛོད། མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས། །མ་ཅིག་ཇ་མོ་རྣལ་འབྱོར་མ། །ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ། །བྱིན་གྱིས་རླབས་པར་མཛད་དུ་གསོལ། །སྐུ་ལུས་ཆུང་ལ་གཟི་མདངས་ཅན། །སྐུ་མདོག་དཀར་ལ་འོད་ཟེར་ཅན། །སྐྱེ་བ་དམན་ལ་དགོངས་པ་མཐོ། །ཀུན་དང་མཐུན་པའི་སྤྱོད་པ་ཅན། །བྱིན་གྱིས་བརླབ་པར༴ དུས་གསུམ་སངས་རྒྱས་གདུང་འཛིན་མ། །བདག་དང་མོས་པའི་བུ་སློབ་རྣམས། །བྱིན་གྱིས༴ སེར་སྣ་མེད་པའི་དོན་རྟོགས་ཤིང་། །ཕ་རོལ་ཕྱིན་པའི་བློ་མཐོ་མ། །བདག་དང་མོས་པའི་བུ་སློབ་རྣམས། །བྱིན་གྱིས༴ མ་རང་བྱུང་ཡེ་ཤེས་དོན་རྟོགས་ཤིང་། །ཉམས་པ་མེད་པའི་ཁྲིམས་སྲུང་མ། །བདག་དང་༴ བྱིན་གྱིས༴ མ་ཆགས་ཞེན་མེད་པའི་དོན་རྟོགས་ཤིང་། །སྐྱེ་མེད་བཟོད་པ་བསྒོམ་མཛད་མ། །བདག་དང་༴ བྱིན་གྱིས༴ མ་གནས་བརྩལ་མེད་པའི་དོན་རྟོགས་ཤིང་། །འབད་མེད་བརྩོན་འགྲུས་བརྩམ་མཛད་མ། །བདག་དང་༴ བྱིན་གྱིས༴ མ་ཡེངས་བ་མེད་པའི་དོན་རྟོགས་ཤིང་། །ཡེངས་མེད་བསམ་གཏན་སྒོམ་མཛད་མ། །བདག་དང་༴ བྱིན་གྱིས༴ མ་ཀུན་གྱི་རང་བཞིན་དོན་རྟོགས་ཤིང་། །བདག་མེད་ཤེས་པའི་རྣལ་འབྱོར་མ། །བདག་དང་༴ བྱིན་གྱིས༴ མ་ཕྱོགས་མེད་ལྟ་བ་ཞན་པ་གྲོལ། །མཉམ་ཉིད་རྟོགས་པས་དམིགས་པ་གྲོལ། །མ་རྟོག་མེད་རྟོགས་པས་ཉམས་ང་གྲོལ། །བདག་དང་༴ བྱིན་གྱིས་རླབས༴ མ་སྟོང་ཉིད་ངང་ལ་གཟིགས་ཙམ་ན། །ཉོན་མོངས་སྤང་ནས་ཡེ་སངས་རྒྱས། །སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར། །བདག་དང་༴ བྱིན་གྱིས༴ མ་མཉམ་ཉིད་ངང་དུ་བཞུགས་ཙམ་ན། །རྗེ་བོ་རྟོག་པའི་ཉམས་དང་ལྡན། །ཡེ་ཤེས་མཁའ་འགྲོ་འབུམ་གྱིས་བསྐོར། །ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབ་ན་བུན་ཐིབས་སེ་ཐིབ། །མ་དགོངས་པ་ཤར་དུ་སྤྱོད་ཙམ་ན། །དོན་འགྱུར་བ་མེད་པའི་ཉམས་དང་ལྡན། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །མཁའ་འགྲོ་དཀར་མོའི་ཚོགས་དང་བཅས། །གསུང་དབྱངས་མགུར་མ་འུ་རུ་རུ། །གར་དང་རོལ་མོ་ཁྲིགས་སེ་ཁྲིག །བྱིན་རླབས་ན་བུན༴ གདམ་ངག་སྦྲང་ཆར་སི་ལི་ལི། །འགྲོ་དོན་ཕྱོགས་མེད་ཡ་ལ་ལ། །བདག་དང་༴ བྱིན་གྱིས༴ མ་དགོངས་པ་ལྷོ་རུ་སྤྱོད་ཙམ་ན། །ཡོན་ཏན་རྫོགས་པའི་ཉམས་དང་ལྡན། །རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །མཁའ་འགྲོ་སེར་མོའི་ཚོགས་དང་བཅས། །གསུང་དབྱངས༴ གར་དང་རོལ་མོ་བྱིན་རླབས་ན༴ གདམ་ངག་སྦྲང་ཆར༴ འགྲོ་དོན་ཕྱོགས༴ བདག་དང་༴ བྱིན་གྱིས༴ མ་དགོངས་པ་ནུབ་ཏུ་སྤྱོད་ཙམ་ན། །དོན་ཆགས་པ་མེད་པའི་ཉམས་དང་ལྡན། །པདྨ་མཁའ༴ མཁའ་འགྲོ་དམར་མོའི༴ གསུང་དབྱངས༴ གར་དང་རོལ་མོ༴ བྱིན་རླབས་ན་བུན༴ གདམ་ངག་སྦྲང་ཆར༴ འགྲོ་དོན་ཕྱོགས་མེད་ཡ་ལ༴ བདག་དང་༴ བྱིན་གྱིས་རླབས༴ མ་དགོངས་པ་བྱང་དུ་སྤྱོད་ཙམ་ན། །དོན་འགྱུར་བ་མེད་པའི༴ ལས་ཀྱི་མཁའ་འགྲོ་འབུམ༴ མཁའ་འགྲོ་ལྗང་ཀུའི་ཚོགས༴ གསུང་དབྱངས༴ གར་དང་༴ བྱིན་རླབས༴ གདམ་ངག༴ འགྲོ་དོན༴ བདག་དང་༴ བྱིན་གྱིས༴ མ་དགོངས་པ་དབུས་སུ་བྱོན་ཙ་ན། །དོན་མཐའ་དབུས་མེད་པའི་ཉམས་དང་ལྡན། །སངས་རྒྱས་མཁའ་འགྲོ་འབུམ་དང་༴ སྐུ་མདོག་མཐིང་ཁའི༴ གསུང་༴ གར་དང་༴ བྱིན་གྱིས༴ གདམ་ངག༴ འགྲོ་དོན༴ བདག་དང་༴ བྱིན་གྱིས༴ མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས། །མ་ཅིག་ཇོ་མོ་རྣལ་འབྱོར་ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ། །སྐལ་མེད་ཐར་པའི་ལམ་འདྲེན་མ། །ཛཿཧཱུྃ་བཾ་ཧོཿས་གནས་འདིར་བྱོན། །མཐོ་སྤྱི་གཙུག་རྒྱན་དེར་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མ་ཆོས་དབྱིངས་ནམ་མཁའ་ཡངས་པའི་ཕོ་བྲང་ནས། །ཐུགས་རྗེ་སྤྲིན་ཐུང་ཐིབས་སེ་ཐིབ། །ཤེས་རབ་ཀྱི་འོད་ཏ་ལེ་བ། །ཉམས་མྱོང་ན་བུན་ཐིབས་སེ་ཐིབ། །བྱིན་རླབ་ཆར་རྒྱུན་སི་ལི་ལི། །བྱིན་གྱིས་རློབས་ཤིག་མ་ཅིག་མ། །བར་ཆད་སོལ་ཅིག་མ་ཅིག་མ། །དབང་མཆོག་བསྐུར་ཅིག་མ་ཅིག་མ། །དངོས་གྲུབ་སྩོལ་ཅིག་མ་ཅིག་མ། །ལམ་སྣ་དྲོངས་ཤིག་མ་ཅིག་མ། །ཀྱཻ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་ཀྱི་སྒྲོན་མ་དེ་ལ་ཕྱག་འཚལ་བསྟོད། །འོག་མིན་གནས་སུ་ལམ་སྣ་དྲོངས། །ཨོ་རྒྱན་གནས་སུ་ལམ་སྣ་དྲོངས། །མཁའ་སྤྱོད་གནས་སུ༴ སྟོང་ཉིད་དབྱིངས་སུ༴ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཤར་ནས་གོམ་གསུམ་བྱོན་པའི་ཚེ། །སྐུ་ལུས་ཆུང་ལ་སྐུ་མདོག་དཀར། །རྡོ་རྗེ་མཁའ་འགྲོ༴ ཛཿཧཱུྃ་བཾ་ཧོས་གནས་འདིར་བྱོན། འགྲེས་སོ། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། འདྲེས་སོ། །ལབ་ཀྱི་སྒྲོན་མ་ཁྱེད་ལ་ཕྱག་འཚལ་བསྟོད། །འོག་མིན་གནས་སུ་ལམ་སྣ་དྲོངས། །ཨུ་རྒྱན་གནས་སུ༴ ལྷོའི༴ ནུབ་ནས༴ བྱང་༴ དབུས་སུ༴ སོགས་འགྲེས་སོ། །དེ་ནས་མ་ཅིག་འོད་དུ་ཞུ་ནས་གཏོར་ཆུ་བླུག །བཀྲ་ཤིས་བརྗོད། ཡུམ་ཆེན་ཕ་རོལ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཡུམ་ཆེན་གྱི་གཏོར་དབང་བླ་མའི་ཕྱག་ལེན་ལྟར། ཉམས་སུ་ལེན་བདེ་བྲི་བར་བྱ། འདི་ལ་སྦྱོར་བ་དངོས་གཞི་རྗེས་གསུམ་མོ། །ཐོག་མར་སྦྱོར་བའི་ཆོ་ག་ནི། སྔོན་དུ་གཏོར་མ་ཟླ་གམ་བང་རིམ་གསུམ་པ་བྱས་ལ། ཅོག་ཟླུམ་ཉི་ཟླ་རིལ་བུ་ནོར་བུས་བརྒྱན་པའི་དབུས་སུ་བཤམས། ཕྱོགས་བཞི་བཤོས་བྲན་བཞི་བཞག་ལ། ཤ་ཐུད་ཀྱིས་ལེགས་པར་བརྒྱན་ཅིང་བཤམས། གཞན་ཡང་རྣམ་ལྔ་དང་ཆ་བཞིར་གཏོར་མ་དང་། མཆོད་པ་གྲངས་མང་པོས་མཐའ་བསྐོར། མཆོད་པ་བཤམས་ཚར་ནས། དེ་ནས་གསང་འདུས་གཏོར་བསྔོ་མཆོད་པ་ཡན་ཆད་ཚང་བར་བྱའོ། །དེ་ནས་ཡན་ལག་བརྒྱད་པ་དང་ཐུན་མོང་གི་སྐྱབས་འགྲོ་སེམས་བསྐྱེད་རྒྱས་པར་བྱའོ། །དེ་ནས་གཏོར་མ་སློབ་མའི་སྤྱི་བོར་བཞག་ལ་དམིགས་པ་འདི་ལྟར་མཛོད། འོ། ཁྱེད་རང་རྣམས་ཀྱི་མགོ་ཐོག་གི་གཏོར་གཞོང་དེ་ཉིད་མི་དམིགས་པ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གི་དབུས་སུ་ཉི་ཟླའི་གདན་ལ་མ་ཅིག་ལབ་སྒྲོན་སྐུ་མདོག་གངས་རིལ་ཉི་མ་ཤར་བ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་ཌཱ་མ་རུ། གཡོན་དངུལ་དཀར་གྱི་དྲིལ་བུ། ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཡུམ་ཆེན་མོ་གསེར་གྱི་མདོག་འདྲ་བ། ཞལ་གཅིག་ཕྱག་བཞི་མ། གཡས་དང་པོ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ། འོག་མས་ཤེས་རབ་ཀྱི་རལ་གྲི། གཡོན་དང་པོ་མཉམ་བཞག །འོག་མས་ཤེས་རབ་ཀྱི་པོ་ཏི་བསྣམ་པ། ཞབས་རྡོ་རྗེའི་དཀྱིལ་ཀྲུང་དུ་བཞུགས་པ། མ་ཅིག་གིས་གཡས་ཕྱོགས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ། གཡས་ས་ནོན་གཡོན་མཉམ་བཞག་མཛད་པ། ཞབས་རྡོ་རྗེའི་དཀྱིལ་ཀྲུང་དུ་བཞུགས་པ། གཡོན་དུ་འཇམ་དཔལ་སྨྲ་བའི་སེངྒེ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་ཤེས་རབ་ཀྱི་རལ་གྲི། གཡོན་དུ་མེ་ཏོག་པདྨ་དཀར་པོའི་ཁར་པོ་ཏི་བསྣམས་པ། ཞབས་རྡོ་རྗེའི་དཀྱིལ་ཀྲུང་དུ་བཞུགས་པ། ཡུམ་སྲས་དེ་བཞི་ལ་མདུན་ནས་གཡས་བསྐོར་དུ་པད་ཟླའི་གདན་ལ། རྗེ་ཨརྱ་དྷེ་ཝ། ཕ་དམ་པ་རྒྱ་གར། སྐྱོ་སྟོན་བསོད་ནམས་བླ་མ། མ་ཅིག་ལབ་ཀྱི་སྒྲོན་མ། ཁུ་སྒོམ་ཆོས་ཀྱི་སེངྒེ། ཕ་ཅིག་དམ་པ་ཟང་ཐལ། རྗེ་བཙུན་རྒྱ་ནག་གཅེར་བུ། སངས་རྒྱས་རབ་སྟོན། སངས་རྒྱས་དགེ་སློང་སངས་རྒྱས་རས་པ། སངས་རྒྱས་གཉེན་སྟོན། རས་པ་ཆོས་ཀྱི་སེངྒེ། གཡུ་གཞེར་སྟོན་པ། སློབ་དཔོན་ཤེས་རབ་བླ་མ། རྗེ་བཙུན་དཔལ་འབར་བ། རྟོག་ལྡན་ནམ་མཁའ་རྡོ་རྗེ། སྐྱེས་མཆོག་ཚུལ་ཁྲིམས་རྒྱལ་མཚན། མཚུངས་མེད་ཆོས་ཀྱི་རྡོ་རྗེ། དྲིན་ཆེན་རྩ་བའི་བླ་མ། ཛྙཱ་ན་ཀེ་ཏུ་ལ་སོགས་གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་རྣམས་ཀྱི་བསྐོར་བ། གཞན་ཡང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་བསྒོམ་ལ། ལྷ་ཚོགས་རྣམས་ཀྱི་སྐུ་ལ་འོད་ཟེར་དཀར་དམར་མཐིང་གསུམ་དང་། གཞན་ཡང་སྐུའི་ཆ་ནས་ཁྲོ་ཆུང་ཕྱག་མཚན་རྡོ་རྗེའི་ཚོགས་དཔག་ཏུ་མེད་པ་བྱུང་ནས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པར་བསམ་ལ་མོས་པ་བརྩེ་གཅིག་ཏུ་གྱིས། གསོལ་བ་འདེབས་པའི་ལད་མོ་གྱིས། ཡུམ་ཆེན་ཤེས་རབ་ཕར་ཕྱིན་ལ་སོགས་པའི། །སྐྱེ་མེད་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །རྒྱལ་བ་ཤཱཀྱའི་རྒྱལ་པོ་ལ་སོགས་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ༴ འཇམ་དཔལ་སྨྲ་བའི་སེངྒེ་ལ༴ རྒྱལ་སྲས་འཕགས་པ་རྣམས་ལ༴ རྗེ་བཙུན་ཨརྱ་དེ་བ་ལ༴ འཛམ་གླིང་སྐྱེས་མཆོག་རྣམས་ལ་གསོལ༴ པ་གཅིག་དམ་པ་རྒྱ་གར་ལ༴ རྒྱ་གར་གྲུབ་ཆེན་རྣམས་ལ༴ སྐྱོ་སྟོན་བསོད་ནམས་བླ་མ༴ བོད་ཡུལ་སྐྱེས་མཆོག་རྣམས་ལ༴ མ་ཅིག་ལབ་ཀྱི་སྒྲོན་མ་ལ༴ ཡེ་ཤེས་མཁའ་འགྲོ་རྣམས་ལ༴ ཁུ་བསྒོམ་ཆོས་ཀྱི་སེངྒེ་ལ་སོགས་པའི། །སྐྱེ་མེད་དོན་སྟོན་རྣམས་ལ༴ ཕ་གཅིག་དོལ་པ་ཟང་ཐལ་ལ༴ སྐྱེས་ཆེན་དོན་འགྲུབ་རྣམས་ལ༴ རྗེ་བཙུན་རྒྱ་ནག་གཅེར་བུ་ལ༴ རྣལ་འབྱོར་འཁྲུལ་ཞིག་རྣམས་ལ༴ མཁས་པ་སངས་རྒྱས་རབ་སྟོན་ལ༴ མཁས་གྲུབ་ཆེན་པོ་རྣམས་ལ༴ སངས་རྒྱས་དགེ་སློང་ལ༴ ཚུལ་ཁྲིམས་མཐར་ཕྱིན་རྣམས༴ སངས་རྒྱས་སུམ་པ་རས་ཆེན་ལ༴ བརྟུལ་ཞུགས་གྲུབ་པ་རྣམས་ལ༴ སངས་རྒྱས་གཉེན་སྟོན་ལ༴ ཆོས་ཀྱི་སྤྱན་ལྡན་རྣམས་ལ༴ རས་པ་ཆོས་ཀྱི་སེངྒེ་ལ༴ རྣལ་འབྱོར་དབང་ཕྱུག་རྣམས་ལ༴ རྗེ་བཙུན་བཛྲ་སེངྷ་ལ༴ དམ་ཆོས་སྨྲ་བ་རྣམས་ལ༴ སློབ་དཔོན་པྲ་ཛྙཱ་གུ་རུ་ལ༴ རྟོག་ལྡན་དམ་པ་རྣམས་ལ༴ ཆོས་རྗེ་བཛྲ་ཤྲི་ལ་སོགས་པའི། །འགྲོ་བའི་མགོན་པོ་རྣམས་ལ། །རྟོགས་ལྡན་ནམ་མཁའ་རྡོ་རྗེ་ལ༴ དོན་གཉིས་གྲུབ་པ་རྣམས་ལ༴ སྐྱེས་མཆོག་ཚུལ་ཁྲིམས་རྒྱལ་མཚན་ལ༴ བསྐྱེད་རྫོགས་བསྟན་ཐོབ་རྣམས་ལ༴ མཚུངས་མེད་ཆོས་ཀྱི་རྡོ་རྗེ་ལ༴ སྡོམ་གསུམ་མཐར་ཕྱིན་རྣམས་ལ༴ རིན་ཆེན་ཛྙཱ་ན་ཀེ་ཏུ་ལ༴ མཁས་བཙུན་དམ་པ་རྣམས་ལ༴ དྲིན་ཆེན་རྩ་བའི་བླ་མ་ལ༴ གྲུབ་ཐོབ་བརྒྱུད་པ་རྣམས་ལ༴ ཐར་པའི་ལམ་སྟོན་རྣམས་ལ༴ ཕན་བདེའི་འབྱུང་གནས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ བདག་སོགས་མཁའ་ཁྱབ་འགྲོ་བ་རྣམས། །སེམས་ཅན་མ་རིག་འཁྲུལ་པ་སང་བར་བྱིན་གྱིས་རློབས། །གཟུང་འཛིན་མདུད་པ་གྲོལ་བར་བྱིན་གྱིས་རློབས།། །།ཅེས་ཚང་བར་བྱའོ། །དེ་ནས་མ་ཅིག་འོད་དུ་ཞུ་ནས་གཏོར་ཆུ་བླུད། བཀྲ་ཤིས་བརྗོད།


previousདམ་པ་རྒྱ་གར་དང་མ་ཅིག་ལབ་སྒྲོན་ཡུམ་ཆེན་མོ་རྣམས་ཀྱི་གཏོར་དབང་གི་ཁ་འཕང་རྣམས།next