Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་མོ་གཅོད་ཀྱི་བསྐྱེད་བཟླས་དང་ཕུང་པོ་མཆོད་སྦྱིན་ཚོགས་མཆོད་བཅས་བདུད་རྩིའི་ཆར་རྒྱུན།
   
   
   
   
   


 
previousཟབ་མོ་གཅོད་ཀྱི་བསྐྱེད་བཟླས་དང་ཕུང་པོ་མཆོད་སྦྱིན་ཚོགས་མཆོད་བཅས་བདུད་རྩིའི་ཆར་རྒྱུན།next

ཟབ་མོ་གཅོད་ཀྱི་བསྐྱེད་བཟླས་དང་ཕུང་པོ་མཆོད་སྦྱིན་ཚོགས་མཆོད་བཅས་བདུད་རྩིའི་ཆར་རྒྱུན།

ཟབ་མོ་གཅོད་ཀྱི་བསྐྱེད་བཟླས་དང་ཕུང་པོ་མཆོད་སྦྱིན་ཚོགས་མཆོད་བཅས་བདུད་རྩིའི་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཧཱུྃ། ཆོས་སྐུ་ཡུམ་ཆེན་མཁའ་ཁྱབ་ཡོངས་པའི་ཀློང་། །ལོངས་སྐུ་སྒྲོལ་མའི་ཡངས་ཁྱབ་སྤྲིན་ཕུང་འཁྲིགས། །སྤྲུལ་སྐུ་ལབ་སྒྲོན་ཀུན་ཁྱབ་ཐུགས་རྗེའི་ཆར། །འགྲོ་ཀུན་རྒྱུད་སྨིན་དྲིན་མོ་ཆེ་ལ་འདུད། །མ་ཅིག་ཐུགས་རྗེའི་མཁའ་ཀློང་ལས་བྱུང་བའི། །གཅོད་ཡུལ་གྱི་ཉམས་ལེན་མན་ངག་དཔག་ཏུ་མེད་པ་ཞིག་འདུག་ཀྱང་། །འདིར་དོན་གསུམ་དུ་བསྡུའོ། །དེ་ཡང་ཕྱི་འཇིག་རྟེན་འཁོར་བའི་ཆག་ཞེན་གྱི་འཁྲི་བ་བཙན་ཐབས་སུ་གཅོད་ཅིང་། ཞེན་མེད་རི་ཁྲོད་འགྲིམ་པ་དང་གཅིག །ནང་སྒྱུ་ལུས་ཀྱི་ཕུང་པོ་གཅེས་འཛིན་གྱི་འཆིང་བ་བཙན་ཐབས་སུ་གཅོད་ཅིང་། ཆགས་མེད་མཆོད་སྦྱིན་དུ་བཏང་བ་དང་གཉིས། གསང་བ་གཉིས་འཛིན་གྱི་ལྷ་འདྲེའི་འཇིག་སྐྲག་བཙན་ཐབས་སུ་གཅོད་ཅིང་། གཉིས་མེད་སྒྱུ་མའི་ལམ་དུ་ཁྱེར་བ་དང་གསུམ་མོ། །དང་པོ་མན་ངག་ལས་ཤེས་ཤིང་། གཉིས་པ་ཕུང་པོ་མཆོད་སྦྱིན་འདི་ལྟར་རོ། །ཐོག་མར་བློ་ལྡོག་རྣམ་བཞིས་རྒྱུད་སྦྱངས། དེ་ནས་མགྲོན་བསྡུ་བའི་ཀློང་གསལ་སྙིང་པོའི་གསུང་ལས། ཕཊཿ རང་ཉིད་རྗེ་བཙུན་མ་དམར་མོ་གཡས་པས་མི་ལྤགས་ཀྱི་གཡང་གཞི་བསྣམས་ཞིང་། གཡོན་པས་མི་རྐང་གི་གླིང་བུ་འབུད་པ། ཕཊཿ ཧོ་གཙོ་བོའི་གདོན་ཆེན་བཅོ་བརྒྱད། བྱིས་པའི་གདོན་ཆེན་བཅོ་ལྔ། ཕོ་གདོན་འབྱུང་པོ། མོ་གདོན་སྲིན་མོ། ཀླུ་གདོན་ས་བདག །གཟའ་གདོན་རྒྱུ་སྐར། མཐོ་སྲིད་པའི་རྩེ་མོ་མན་ཆད། དམའ་ན་རག་དམྱལ་ཁམས་ཡན་ཆད་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཚུར་འདུས་ཤིག །ཕཊཿ དེ་ལྟར་འདུས་པའི་ལྷ་འདྲེ་ཐམས་ཅད་བདག་ལ་ཉོན་ཅིག །ཁྱེད་རྣམས་ལས་དང་ཉོན་མོངས་པའི་དབང་དུ་གྱུར་པ་ཡིན་པས། བདག་གིས་ཁྱེད་རྣམས་ལ་ཟབ་མོ་ཆོས་ཀྱི་འབྲེལ་བ་བྱེད། དམ་པ་ཆོས་ཀྱི་འཁོར་ལོ་བསྐོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། རྣམ་མཁྱེན་སངས་རྒྱས་ཀྱི་ས་ལ་འགོད་པ་ཡིན་པས། ཡིད་གུས་པ་དང་ལྡན་པས་ཉོན་ལ་བདག་གིས་ཕྲིན་ལས་སྒྲུབ་ཤིག །ཅེས་སོ། །ཕཊ་ཕཊཿ ཕཊཿ རིགས་དྲུག་སེམས་ཅན་སྣང་སྲིད་ལྷ་འདྲེ་ཀུན། །ཐོག་མ་མེད་ནས་དྲིན་ཆེན་ཕ་མ་སྟེ། །དེ་ལྟར་མ་ཤེས་ལྷ་དང་འདྲེ་རུ་འཛིན། །གནོད་བྱ་གནོད་བྱེད་གཉིས་འཛིན་རྒྱུན་ཆད་མེད། །ད་ནི་མ་དང་བུ་ཡིས་འདུ་ཤེས་ཀྱིས། །བདག་གི་ཟག་བཅས་ཕུང་པོ་དྲིན་དུ་འབུལ། །ཟག་མེད་དགེ་བ་བྱང་ཆུབ་རྒྱུ་རུ་བསྔོ། །རྣམ་མཁྱེན་སངས་རྒྱས་ས་རུ་འགོད་པར་བྱ། །ཕཊ་ཕཊཿ མ་རིག་གཉིས་འཛིན་འཁྲུལ་པའི་ལྷ་འདྲེ་རྣམས། །གཉིས་མེད་ཡེ་ཤེས་བྱང་ཆུབ་མ་ཐོབ་བར། །སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཨ་མ་ལབ་ཀྱི་སྒྲོན་མས་ཐུགས་རྗེས་ཟུངས། །འགྲོ་བའི་མགོན་པོ་རྣམས་ལ་གསོལ་བ་འདེབས། །བདག་གཞན་ལུས་དང་ལོངས་སྤྱོད་མཆོད་པ་འབུལ། །དགེ་ལ་ཡི་རང་མི་དགེ་སྡིག་པ་བཤགས། །མྱ་ངན་མི་འདའ་ཆོས་འཁོར་བསྐོར་དུ་གསོལ། །འགྲོ་དྲུག་སེམས་ཅན་སངས་རྒྱས་ཐོབ་པར་ཤོག །ཕཊ྄་ཕཊ྄ཿ མདུན་གྱི་ནམ་མཁའ་འཇའ་འོད་འཁྲིགས་པའི་དབུས། །སེང་ཁྲི་པད་ཟླ་ཉི་མའི་གདན་སྟེངས་སུ། །རྒྱལ་བའི་ཡུམ་མཆོག་ལབ་ཀྱི་སྒྲོན་མའི་སྐུ། །དཀར་གསལ་སྤྱན་གསུམ་ནམ་མཁའི་མཐོང་ལ་གཟིགས། །གཡས་པས་ཌ་རུ་གཡོན་པས་དྲིལ་བུ་འཁྲོལ། །ཞབས་གཉིས་གར་སྟབས་རོལ་པའི་ཚུལ་གྱིས་བཞུགས། །མ་ཅིག་སྤྱི་བོར་པད་ཉི་ཟླ་བའི་སྟེང་། །ཆོས་སྐུ་ཡུམ་ཆེན་གསེར་མདོག་ཕྱག་བཞི་མ། །གཡས་གཉིས་གསེར་རྡོར་རྩེ་ལྔ་རལ་གྲི་དང་། །གཡོན་གཉིས་མཉམ་བཞག་ཤེར་ཕྱིན་གླེགས་བམ་བསྣམས། །ཞབས་གཉིས་སྐྱིལ་ཀྲུང་དར་དང་རིན་ཆེན་རྒྱན། །གཙོ་མོའི་གཡས་སུ་སྟོན་པ་ཤཱཀྱ་ཐུབ། །གཡོན་དུ་འཇམ་དཔལ་སྨྲ་བའི་སེངྒེ་དང་། །མཐའ་བསྐོར་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་གཙོས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཚོགས། །རིན་ཆེན་དཔའ་བོ་མཁའ་འགྲོ་འབུམ་གྱིས་བསྐོར། །གནས་གསུམ་ༀ་དཀར་ཨཱཿདམར་ཧཱུྃ་མཐིང་འོད། །རང་བཞིན་གནས་ནས་སྤྱན་དྲངས་གཉིས་མེད་གྱུར། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཁམས་ཀུན་གྱི། །འདོན་ཡོན་ལྔ་ཡི་མཆོད་སྤྲིན་རྒྱ་མཚོ་འབུལ། །ཐུགས་རྗེའི་བརྩེ་བ་ཆེན་པོའི་བཞེས་སུ་གསོལ། །ཕཊཿ ཕཊཿ བདག་ལུས་སྟོང་གསུམ་མཎྜལ་ལྷུན་གྱིས་གྲུབ། །རྣམ་ཤེས་ཚོགས་བརྒྱད་གསལ་བའི་ཚོམ་བུར་བཀོད། །སེམས་ཉིད་རང་གསལ་མཛེས་པའི་ཉི་ཟླས་བརྒྱན། །ཕྱི་ནང་གསང་བའི་མཎྜལ་རྒྱ་ཆེན་འདི། །མ་ཅིག་རིན་ཆེན་གྲུབ་ཐོབ་རྒྱ་མཚོ་ལ། །གུས་པས་འབུལ་ལོ་ཐུགས་རྗེས་བཞེས་སུ་གསོལ། །ཕཊཿ མ་ཅིག་ཡུམ་ཆེན་དཀྱིལ་འཁོར་ལྷ་ཚོགས་ཀྱི། །ཐུགས་ཀར་ཐུགས་སྲོག་ས་བོན་སྔགས་ཀྱིས་བསྐོར། །བཟླས་པས་འཁོར་བའི་འོད་ཀྱིས་རྒྱལ་བ་མཆོད། །བྱིན་རླབས་ཚུར་བསྡུས་ལྷ་ཚོགས་སྔགས་ཕྲེང་ལས། །ཟག་མེད་ཡེ་ཤེས་བདུད་རྩིའི་ཆར་བབ་ནས། །ལྷ་འདྲེའི་གཙོ་བྱས་ཁམས་གསུམ་འགྲོ་ལ་ཕོག །ལས་ཉོན་སྡིག་སྒྲིབ་སྡུག་བསྔལ་ཀུན་སྦྱང་བསམ། ༀ་ཨཱཿཧཱུྃ་བཾ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཧ་རི་ཎི་ས་སིདྡྷི་ཧཱུྃ། ག་ཏེ་ཡང་བཟླའོ། །ཕཊཿ ཕཊཿ ན་མོ། སྟོང་ཉིད་མཐའ་དང་བྲལ་བ་ནམ་མཁའི་ངང་། སྐྱེ་མེད་ཆོས་སྐུ་ལབ་ཀྱི་སྒྲོན་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་པ་དང་། །བདག་མེད་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། །མ་འགགས་རོལ་པ་མཁྱེན་བརྩེའི་ཡེ་ཤེས་ཤར། །འགགས་མེད་ལོངས་སྐུ་ལབ་ཀྱི་སྒྲོན་མ་ལ། །གསོལ་བ༴ བདག་མེད༴ གང་འདུལ་ཐབས་ཀྱིས་འགྲོ་ཀུན་སྲིད་མཚོ་སྒྲོལ། །ཐུགས་རྗེ་སྤྲུལ་སྐུ་ལབ་ཀྱི་སྒྲོན་མ་ལ། །གསོལ་བ༴ བདག་མེད༴ མ་ཅིག་ཐུགས་རྗེ་ལས་བྱུང་བྱིན་རླབས་ཅན། །གཅོད་ཡུལ་འཛིན་པའི་སྐྱེས་མཆོག་ཐབས་ཅད་ལ། །གསོལ་བ༴ བདག་མེད༴ བྱིན་རླབས་གཉིས་སྩོལ་དངོས་གྲུབ་ཆར་རྒྱུན་འབེབས། །ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ༴ བདག་མེད༴ ང་མེད་ངར་འཛིན་ཨ་འཐས་འཁྲུལ་པ་འདི། །གཏད་མེད་རྒྱ་ཡན་ངང་དུ་བཤིག་ཏུ་གསོལ། །བདག་མེད་གཅེས་འཛིན་སྒྱུ་ལུས་ཕུང་པོ་འདི། །ཞེན་མེད་སྒྱུ་མའི་ངང་དུ་སྦྱང་དུ་གསོལ། །ལྷ་འདྲེ་གཉིས་འཛིན་འཁྲུལ་བའི་རྣམ་རྟོག་འདི། །གཉིས་མེད་སྟོང་ཉིད་ངང་དུ་སྦྱང་དུ་གསོལ། །རང་སེམས་མ་བཅོས་ཐིག་ལེ་ཉག་ཅིག་འདི། །མ་ཅིག་ཐུགས་རྗེས་མཁའ་ཀློང་ཡངས་པར་འཕོ། །ཕཊ་ཕཊཿ སླར་ཡང་སྐྱེ་མེད་ཆོས་དབྱིངས་ངང་ཉིད་ལས། །རང་སེམས་རྡོ་རྗེ་རྣལ་འབྱོར་མ་རུ་ཤར། །རང་གི་ཐོད་པ་བྷནྡྷ་སྟོང་གསུམ་ཁྱོན། །ཤ་ཁྲག་རུས་པ་ཟག་མེད་བདུད་རྩི་ལྔ། །འདོད་ཡོན་ལྔ་ལྡན་འོད་ཟེར་ཕྱོགས་བཅུར་འཕྲོ། །ཀུན་བཟང་མཆོད་སྤྲིན་ནམ་མཁའི་མཐའ་ཀླས་བཀང་། །སྐྱབས་གནས་དམ་པ་བླ་མ་དཀོན་མཆོག་གསུམ། །ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་ལ། །མཆོད་པ་འབུལ་ལོ་ཚོགས་གཉིས་རྫོགས་གྱུར་ཅིག །ཕཊ་ཕཊཿ བདག་ལུས་ལྤགས་པ་གསེར་གྱི་ས་གཞིའི་སྟེང་། །ཟག་བཅས་ཕུང་པོ་འདོད་པའི་ཡོན་ཏན་ལྔ། །རྒྱལ་སྲིད་སྣ་བདུན་འདོད་ཡོན་ཕུན་སུམ་ཚོགས། །མ་ཚང་མེད་པའི་འདོད་རྫས་མཁོ་དགུ་ལྡན། །མི་མཇེད་བདག་པོ་གཙང་རིས་མགོན་པོ་སོགས། །ཨརྒ་དཀར་པོའི་མངའ་བདག་རྣམས་ལ་འབུལ། །དགའ་མགུ་ཡི་རང་བྱང་ཆུབ་སེམས་ལྡན་ཞིང་། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཕཊ་ཕཊཿ བདག་ལུས་ཟག་བཅས་གཟུགས་ཀྱི་ཕུང་པོ་འདི། །དཀར་གསུམ་མངར་གསུམ་འོ་མའི་རྒྱ་མཚོ་དང་། །རྟ་དང་བ་གླང་དཀོར་ནོར་ལྗོན་པའི་ཤིང་། །སོ་སོ་རང་རང་འདོད་རྫས་མཁོ་དགུར་ལྡན། །གཉེན་ཁྲོད་འདི་དང་འཇིག་རྟེན་ཁམས་ཀུན་གྱི། །ལྷ་དང་ས་བདག་ཟོ་དོར་རྣམས་ལ་འབུལ། །དགའ་མགུ་ཡི་རངས་བྱང་ཆུབ་སེམས་ལྡན་ཞིང་། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཕཊ་ཕཊཿ བདག་ལུས་ཕུང་པོ་ཡོན་ཏན་ཀུན་དང་ལྡན། །གང་ལ་གང་དགོས་ཅི་ལ་ཅི་འདོད་པའི། །འབད་མེད་སོ་སོའི་འདོད་རྫས་ཕུན་སུམ་ཚོགས། །རིགས་དྲུག་འཁོར་བའི་སེམས་ཅན་རྣམས་ལ་འབུལ། །བཀྲེས་པའི་ཟས་དང་ན་བའི་སྨན་མཆོག་དང་། །འཇིགས་པའི་སྐྱབས་དང་བརྟེན་པའི་གནས་གྱུར་ཏེ། །སྡུག་བསྔལ་ཞི་ཞིང་ཚོགས་གཉིས་རབ་རྫོགས་ནས། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཕཊ་ཕཊཿ བདག་ལུས་གཡང་གཞི་སྟོང་གསུམ་ཚད་དུ་གྲུབ། །ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་དང་། །སླ་བ་རུས་པའི་གྲམ་ཁྲོད་ཆེན་པོར་གྱུར། །སྲིད་པའི་རྩེ་མན་ན་རག་དམྱལ་ཁམས་ཡན། །དུག་གསུམ་ལས་བྱུང་སྣང་སྲིད་ལྷ་འདྲེའི་ཚོགས། །ཕོ་གདོན་རྒྱལ་པོ་མོ་གདོན་སྲིན་མོ་དང་། །ཀླུ་གདོན་ས་བདག་ནད་དང་ཡམ་གྱི་བདག །སྟོང་ཕྲག་བརྒྱད་བཅུའི་བགེགས་ཀྱི་ཚོགས་རྣམས་ཀུན། །གཏི་མུག་ཤ་ཡི་རི་ལ་ཚིམ་པར་ཟོ། །འདོད་ཆགས་ཁྲག་གི་མཚོ་ལ་ངོམ་པར་འཐུང་། །ཞེ་སྡང་སླ་བ་རུས་པ་རྔམ་པར་རོལ། །དགའ་མགུ་ཡི་རང་བྱང་ཆུབ་སེམས་ལྡན་ཞིང་། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཕཊ་ཕཊཿ སྔོན་ཆད་མ་སླེབ་ད་ལྟ་གློ་བུར་གྱིས། །ལྷག་པའི་འབྱུང་པོ་ཁས་ཞན་དབང་ཆུང་བ། །ཞ་ལོང་འོན་ལྐུག་ཚོགས་རྣམས་ཚིམ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་རྫུ་འཕྲུལ་རྐང་པ་ལྡན། །ཆོས་ཀྱི་སྒྲ་ཐོས་ཚངས་པའི་དབྱངས་ལྡན་ཞིང་། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །དེ་ནས་བདེ་སྡུག་གཏོང་ལེན་གྱི་དམིགས་པ་ནན་ཏན་དང་ཆོས་སྦྱིན་བྱའོ། །ཚོགས་མཆོད་ནི། ༈ ཟབ་མོ་གཅོད་ཀྱི་ཚོགས་མཆོད་བསྡུས་པ་གྲུབ་གཉིས་ཀྱི་ས་བོན་བཞུགས། རླུང་མེ་ཐོད་སྒྱེད་ལ་གནས་ཀ་པཱ་ལར། །ཚོགས་ཀྱི་ཡོ་བྱད་དམ་རྫས་ཀུན་ཚང་ཞིང་། །རང་རིག་མཁའ་འགྲོ་རང་ལུས་ཚོགས་དང་འདྲེ། །ཕཊ་ཕཊཿ ཕཊ་ཕཊཿ ཤ་རུས་ཁྲག་གིས་ཕྱུར་བུར་གཏམ་པ་ལ། རྃ་ཡྃ་ཁྃ་སྤྲོས་མ་དག་དངོས་འཛིན་སྦྱང་། །རྫས་ཞུ་རླངས་པ་ཟླ་དཀྱིལ་རྡོ་རྗེ་ཕྱེད། །རྭ་ལ་རིགས་ལྔའི་སྙིང་པོ་བཅུ་གསལ་བའི། །འོད་ཟེར་གྱིས་བསྐུལ་འཁོར་འདས་བདུད་རྩི་བཀུག །ཡས་རིམ་གྱིས་ཞུ་ཐོད་པའི་བདུད་རྩིར་འདྲེས། །ༀ་ཨཱཿཧཱུྃ། གནས་རང་བཞིན་རྣམ་དག་ཕོ་བྲང་ནས། །ཁྱེད་སྐྱབས་གནས་མཆོག་དང་སྙིང་རྗེའི་མགྲོན། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཚོགས་ཀྱི་མཆོད་པ་འདི་བཞེས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བྱིན་རླབས་ཐུགས་རྗེ་རྒྱུན་མ་ཆད། །ཕྱི་ནང་གཉིས་ཀྱི་བར་ཆད་སོལ། །མ་ཧཱ་སུ་ཁ་ས་མ་ཡ་ཧོ། གྷ་ན་ཙཀྲ་པཱུཙྪ་ཁ་ཁ་ཁཱ་ཧི། འཁོར་འདས་གཉིས་བསྡུས་མགྲོན་རྣམས་ལ། །ཞལ་ཟས་ཚོགས་གཏོར་འདི་བསྔོས་པས། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །ཕེཾ། ཧཱུྃ་ཧྲཱིཿ རྡོ་རྗེ་ཁྲོས་མའི་བཀའ་ཉན་ལས་བྱེད་ཚོགས། །བཀའ་ཡི་ཕ་འབབ་ལྷག་གཏོར་འདི་བཞེས་ལ། །ཞི་རྒྱས་དབང་དྲག་འགུགས་འདྲེན་མནན་གཟིར་སོགས། །ཇི་ལྟར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པའང་བཀའ་མའི་དོན་བསྡུས་ནས་སྙིང་སྡུག་གི་བུ་རཏྣས་བསྐུལ་ངོར་བི་ཛའི་མིང་གིས་བྲིས་པ་མཆོག་ཐུན་བདེ་གླག་ཏུ་འགྲུབ་པའི་རྒྱུ་གྱུར་ཅིག །དེ་ནས་ས་བཅད་གསུམ་པ་ལྷ་འདྲེ་གཉིས་འཛིན་གྱི་འཁྲི་བ་བཙན་ཐབས་སུ་གཅོད་པའི་ཕྱིར་གཉིས་མེད་སྒྱུ་མ་ལམ་དུ་ཁྱེར་བ་ནི། ཕཊ་ཕཊཿ རང་སེམས་འགྱུ་བ་དངོས་མེད་ཆོ་འཕྲུལ་ལས། །དེ་ལས་མ་གཏོགས་ལྷ་འདྲེ་ལོགས་སུ་མེད། །ང་དང་ཁྱེད་མེད་གནོད་བྱ་གནོད་བྱེད་མེད། །ལྷ་འདྲེ་གཉིས་མེད་འཇིགས་དང་འཇིགས་ཡུལ་མེད། །བཟང་ངན་གཉིས་མེད་བདེ་དང་སྡུག་བསྔལ་མེད། །འཁོར་འདས་གཉིས་མེད་རེ་དང་དོག་པ་མེད། །ཐམས་ཅད་རོ་སྙོམས་ཡུམ་ཆེན་ཆོས་སྐུའི་ཀློང་། །ཕཊ་ཕཊཿ ན་མོ། བདག་ལུས་ཟག་བཅས་ཕུང་པོའི་མཆོད་སྦྱིན་འདིས། །བླ་མ་དམ་པའི་ཐུགས་དགོངས་རྫོགས་གྱུར་ཅིག །རྒྱལ་བ་ཞི་ཁྲོ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་རྒྱ་མཚོ་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་སེམས་ཅན་འདོད་པ་ཚིམ་གྱུར་ཅིག །དུས་གསུམ་ལས་ཀྱི་ལན་ཆགས་བྱང་གྱུར་ཅིག །ཕ་མ་རིགས་དྲུག་སྣང་སྲིད་ལྷ་འདྲེ་རྣམས། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཕཊ་ཕཊཿ ཅེས་གཅོད་ཀྱི་མན་ངག་བསྡུས་དོན་གསུམ་པ་འདི་ནི། ཉམས་ལེན་རྒྱུན་ཁྱེར་བདེ་བའི་ཕྱིར་དུ་ཚིག་ཉུང་དོན་གསལ་ལ་གོ་བདེ་བ་ཉུང་ངུར་འདི་ནི་བྱ་བྲལ་བ་འཁྲུལ་ཞིག་རང་གྲོལ་གྱིས་སྐུ་བླ་རི་ཁྲོད་དུ་བགྱིས་པའོ། །འདིའི་སྒོ་ནས་གཤིན་པོ་ལ་ཕན་གདག་པ་གཤེད་འདུལ་དཀར་ནག་སོགས་སྤྲོ་ནའང་བྱའོ། །ཞེས་པའང་དེ་ལྟར་འཁྲུལ་ཞིག་ཆེན་པོའི་གསུང་ལས་ཚིག་གཅིག་བཅོས་སླད་མེད་པ་སོར་བཞག་ཁ་བསྐང་འོས་པ་ཀཿཐོག་རྙིང་མའི་དོན་གཅོད་འཁྲུལ་མེད་བསྡུས་ཏེ་སྒྱུ་མའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་ལྕགས་སྤྲེལ་ཧོར་ཟླ་གཉིས་པའི་ཚེས་བཅུ་ཉིན་རང་དང་གཞན་ལ་ཉེར་མཁོའི་ཆེད་དུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།


previousཟབ་མོ་གཅོད་ཀྱི་བསྐྱེད་བཟླས་དང་ཕུང་པོ་མཆོད་སྦྱིན་ཚོགས་མཆོད་བཅས་བདུད་རྩིའི་ཆར་རྒྱུན།next