Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཅོད་ཀྱི་མེ་མཆོད་གསལ་བྱེད་མེའི་པ་ཏྲ།
   
   
   
   


 
previousགཅོད་ཀྱི་མེ་མཆོད་གསལ་བྱེད་མེའི་པ་ཏྲ།next

གཅོད་ཀྱི་མེ་མཆོད་གསལ་བྱེད་མེའི་པ་ཏྲ།

གཅོད་ཀྱིས་མེ་མཆོད་གསལ་བྱེད་མེའི་པ་ཏྲ་བཞུགས་སོ། །བླ་མ་དང་ཡུམ་ཆེན་མོ་ལ་ཕྱག་འཚལ་ལོ། །གཅོད་ཀྱིས་མེ་མཆོད་སྐབས་སུ་མཁོ་བའི་ཟིན་བྲིས་ལ་གཉིས་ཏེ། རྩ་བའི་དཀྱིལ་འཁོར་དང་། ལས་ཀྱི་དཀྱིལ་འཁོར་རོ། །དང་པོ་ནི། ཚོམ་བུ་བཀོད་ཕྱི་ནང་གསང་སུམ་གྱིས་མཆོད་པ་བཤམས། མཁའ་འགྲོ་སྡེ་ལྔའི་མངོན་རྟོག་གཞུང་སྲོང་ཞིང་། བསྐང་བ་ཚོགས་མཆོད་དང་བཅས་པ་ཚང་བར་བྱེད། གཉིས་པ་ལས་ཀྱི་དཀྱིལ་འཁོར་ལ་གསུམ་སྟེ། སྦྱོར་བ་དང་། དངོས་གཞི། རྗེས་གསུམ་མོ། །དང་པོ་སྦྱོར་བ་ལ། བཅས་ཀྱི་རིམ་པ་ནི། མཎྜལ་གྲུ་བཞི་མདའ་གང་པ་བྱས་ལ། དཀྱིལ་འཁོར་དེའི་འོག་ཏུ། ཐོད་པའི་ནང་དུ་དགྲ་གདོན་གང་ཡིན་གྱི་ལིངྒ་དང་། ལྕགས་བཅུག་ལ་འགུགས་འདྲེན་མང་དུ་བྱས་ལ་སྤའོ། །མདོར་པ་ཀུན་དགའ་དཔལ་གྱི་བཞེད་པ་ལྟར། ལས་བཞིའི་དཀྱིལ་འཁོར་བྲི་ཐབས་ནི། དང་པོ་ཞི་པའི་སྦྱིན་སྲེག་བྱེད་ན། ཞི་བའི་ཐབས་ཁུང་ཁ་དོག་དཀར་ལ་དབྱིབ་ཟླུམ་པོ། རྒྱར་ཁྲུ་གང་ཟབས་སུ་ཁྲུ་ཕྱེད་པ་ལ་ཁ་ཁྱེར་ལ་སོར་བཞི་བསྐྱེད་པའི་སྟེང་དུ། མུ་རན་སོར་བཞི་པ་ལ། མཚམས་བཞིར་རྡོ་རྗེའི་ཕྲེང་བ་ཕྱོགས་བཞིར་ཟླ་ཕྱེད་རྡོ་རྗེའི་མཚན་པ། དེའི་དབུས་སུ་པདྨ་འདབ་བཞི་ཕྱོགས་མཚོན་བྲིའོ། །རྒྱས་པ་ལ་གྲུ་བཞི་སེར་པོ། རྒྱར་ཁྲུ་དོ། ཟབ་ཏུ་ཁྲུ་གང་པ་ཁ་ཁྱེར་དང་མུ་རན་སོར་བརྒྱད་པ་ལས། ནོར་བུ་རིན་པོ་ཆེའི་ཕྲེང་བས་མཚན་པ། དེའི་དབུས་སུ་པདྨ་འདབ་བཞི་ཕྱོགས་མཚོན་བྲིའོ། །དབང་ལ་ཟླ་གམ་དམར་པོ། རྒྱར་ཁྲུ་གང་ཟབས་སུ་ཁྲུ་ཕྱེད་པ། མུ་རན་དང་ཁ་ཁྱེར་ལ་སོར་བཞི་བཞིའོ། །མུ་རན་ལ་ལྕགས་ཀྱུ་ལྟ་བུའམ་པདྨའི་ཕྲེང་བ། དེའི་དབུས་སུ་པདྨ་འདབ་བཞི་ཕྱོགས་མཚོན་ནོ། །དྲག་པོ་ལ་གྲུ་གསུམ་ནག་པོ། རྒྱར་སོར་མོ་ཉི་ཤུ། ཟབས་སུ་སོར་བཅུ་པ། ཁ་ཁྱེར་དང་མུ་རན་སོར་གསུམ་གསུམ་པ་ལ། རྡོ་རྗེ་གདེང་བའི་ཕྲེང་བས་བརྒྱན་པ། དེའི་དབུས་སུ་པདྨ་འདབ་བཞི་ཕྱོགས་མཚོན་བྲིའོ། །ཡང་ན་ནི་ཞི་བ་ལ་མུ་ཁྱུད་དཀར་པོ་ཟླུམ་པོའི་ནང་དུ། པདྨ་འདབ་བཞི་ཕྱོགས་མཚོན་བྲི། རྒྱས་པ་ལ་གྲུ་བཞི་སེར་པོའི་ནང་དུ་པདྨ་འདབ་བཞི་དབང་ལ་མུ་ཁྱུད་དམར་པོའི་ནང་དུ་པདྨ་འདབ་བཞི། དྲག་པོ་ལ་མུ་ཁྱུད་གྲུ་གསུམ་དམར་པོའི་ནང་དུ་པདྨ་འདབ་བཞི་ཕྱོགས་མཚོན་བྲིའོ། །དེ་རྣམས་ཀུན་གྱི་རྒྱབ་ཏུ་རྡོ་རྗེ་དཀར་པོའི་ཕྲེང་བ་དང་མེ་རི་དམར་པོས་བསྐོར་བར་བྱའོ། །དེ་རྣམས་གང་ལྟར་ཡིན་ཀྱང་མེ་ཐབས་བརྩིག་ལུགས་ནི། ལས་བཞི་རང་རང་གི་ཤིང་གིས་ཞི་བ་ལ་ཤིང་དྲུག་གིས་ཟླུམ་པོ་དྲུག་བསྐོར་ལ་མཐོ་དམན་སུམ་རིམ་དུ་བརྩིག །རྒྱས་པ་ལ་ཤིང་བཞི་བསྐོར་དུ་བརྩིགས་ལ་མཐོ་དམན་གོང་དང་འདྲ། དབང་ལ་ཤིང་ལྔས་ཟླ་གམ་དུ་བརྩིག་ལ་མཐོ་དམན་གོང་དང་འདྲ། དྲག་པོ་ལ་ཤིང་གསུམ་གྱི་གྲུ་གསུམ་དུ་བརྩིག་ལ་མཐོ་དམན་གོང་ལྟར་ཡང་ན་ནི། ཨོ་རྒྱན་པདྨས་དམ་པ་རྒྱ་གར་ལ་གསུང་པའི་གཅོད་ཀྱི་ལས་བཞི་ལྷུན་གྲུབ་ཏུ་བྱེད་ན། དཀྱིལ་འཁོར་བྲི་ཐབས་ནི། དབུས་སུ་པདྨ་འདབ་བཞི་ཕྱོགས་མཚོན་ནོ། །དེ་རྒྱབ་ཏུ་ཆོས་འབྱུང་གྲུ་གསུམ་ཁ་དོག་སྔོན་པོའམ་ནག་པོ་བྱ། དེ་རྒྱབ་ཟླ་གམ་དམར་པོ། དེ་རྒྱབ་མུ་ཁྱུད་ཟླུམ་པོ་དཀར་པོ་བྱ། དེ་རྒྱབ་གྲུ་བཞི་སེར་པོ་བྱ། དེ་རྒྱབ་སྒོ་འདོག་བྱས་ན་བསོད་ནམས་ཆེ་གསུང་། དེ་ལྟར་མ་འཕྲོད་ཀྱང་། རྡོ་ར་མེ་རིས་བསྐོར་རོ། །དེའི་ལྟེ་བར་ཧྲཱི་མ་པདྨ་འདབ་བཞི་ལ་ཧ་རི་ནི་ས་བཞི་བྲི། ཆོས་འབྱུང་གིས་རྒྱབ་ཟླ་གམ་གསུམ་གྱི་སྟེང་དུ་རཾ་དྲུག་བྲིའོ། །དེའི་མེ་ཐབས་བརྩིགས་ལུགས་ནི། ལས་བཞིའི་ཤིང་ཆོས་འབྱུང་བསྣོལ་མར་བརྩིག །དེའི་མཐར་ཤིང་རྩི་སྣ་ཚོགས་ཀྱིས་བསྐོར། དེའི་མཐར་མཆོད་པ་རྣམས་ལྔས་བསྐོར་རོ། །དེའི་སྟེང་དུ་དར་དམར་པོའི་མདའ་དར་བཙུག་གོ། །དེ་ནས་མཆོད་པའི་ཡོ་བྱད་ནི། མཆོད་པ་རྣམ་ལྔ། དེ་ནས་སྨན། གཏོར་མ་དང་བཅས་པ་གཡས་སུ་བཤམས། བསྲེག་རྫས་ནི་སྨན་སྣ། འབྲུ་སྣ། རིན་པོ་ཆེ་སྣ་ཚོགས། ཕྱེ་མར། སྔོ་རྔད་དང་། མེ་ཏོག་གིས་རིགས། གཞན་ཡང་དབྱི་སྤྱང་། དར་རས། འཕྲུག་ཐེར་མ་ཁྲབ་ལ་སོགས། ལས་བཞི་སོ་སོར་འདོད་ན། རང་གི་རྫས་ལ་བུང་བསྐྱེད་ལ་གཡོན་དུ་བཤམས། རྡོར་དྲིལ། ཌ་རུ། དགོངས་བླུག་གཟར། འབྲང་འབྲང་། ཞོ་ཆང་མར་ཁུའི་ཚོགས་རྣམས་མདུན་དུ་བཤམས། སྨྱོན་པའམ་ནད་པ་འདྲེ་གདོན་ཅན་གྱི་དོན་དུ་སྦྱིན་སྲེག་བླུག་ན། ལིིངྒ་དང་གཏོར་ཆུང་བརྒྱ་རྩ་བརྒྱད་བྱས་ལ་བཞག །བསྡུ་ན་ཉི་ཤུ་རྩ་གཅིག་བྱའོ། །དེ་ནི་སྦྱོར་བ་བཅས་ཀྱི་རིན་པའོ། །དངོས་གཞི་ལ་ལྔ་སྟེ། དང་པོ་ལས་བཞིའི་བསྙེན་པ་བྱེད་པ། གཉིས་པ་མཚམས་བཅད་པ། གསུམ་པ་མཆོད་པ་བྱིན་རླབས་དང་། བཞི་པ་འཇིག་རྟེན་པའི་མེ་ལྷ་བསྐྱེད་པ། ལྔ་པ་ཡེ་ཤེས་ཀྱི་མེ་ལྷ་བསྐྱེད་པའོ། །དང་པོ་ནི་བསྐང་བ་ཚོགས་དང་བཅས་པ་ཚར་བའི་རྗེས་སུ། རང་ཉིད་ཡི་དམ་དུ་བསྒོམ་ཞིང་། མདུན་གྱིས་ནམ་མཁར་ཡང་ལས་གཞིའི་ལྷ་ཚོགས་རྣམས་བསྒོམ་ལ། ལས་བཞིའི་དམིགས་པ་འཕྲོ་འདུ་བྱེད་ཅིང་དེའི་སྔགས་ནི། ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་བཾ་ཧ་རི་ནི་ས་ཤནྟིཾ་པུཥྚིཾ་པ་ཤཾ་མ་ར་ཡ་རྦད། ཅེས་པས་ལས་བཞིའི་བསྙེན་པའོ། །གཉིས་པ་འཚམས་བཅད་པ་ནི། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །གནས་འདིར་མ་འདུག་གཞན་དུ་དེང་། །གལ་ཏེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་མཁའ་འགྲོ་ཁྲོས་པས་པའི། །རྡོ་རྗེ་འབར་བའི་མཚོན་ཆ་ཡི། །ལུས་ངག་ཡིད་གསུམ་བརྡུལ་དུ་བཟློག །ༀ་བཛྲ་ཌཱཀྐི་ནི་ཧཱུྃ་ཕཊ། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །གནས་འདིར༴ གལ་ཏེ༴ སངས་རྒྱས༴ འཁོར་ལོ༴ ལུས་ངག༴ ༀ་བུདྡྷ་ཌཱཀྐི༴ ཧཱུྃ། ཉོན་ཅིག༴ གནས་འདིར༴ གལ་ཏེ༴ རིན་ཆེན༴ རིན་ཆེན༴ ལུས་ངག་ཡིད༴ ༀ་རཏྣ་ཌཱཀྐི་ནི་ཧཱུྃ་ཕཊ། ཧཱུྃ། ཉོན་ཅིག༴ གནས་འདིར༴ གལ་ཏེ༴ པདྨ་མཁའ་འགྲོ༴ མེ་དཔུང་འབར༴ ལུས་ངག་ཡིད༴ ༀ་པདྨ༴ ཧཱུྃ། ཉོན་ཅིག༴ གནས་འདིར༴ གལ་ཏེ༴ ལས་ཀྱི༴ རལ་གྲི༴ ལུས་ངག་ཡིད༴ ༀ་ཀརྨ་ཌཱཀྐི་ནི་ཧཱུྃ་ཕཊ། ཧཱུྃ། སྲིད་པའི་རྩེ་མོ་མན་ཆད་དང་། །ན་རག་དམྱལ་ཁམས་ཡན་ཆད་དུ། །ལོག་པར་ལྟ་བའི་དགྲ་དང་བགེགས། །འདི་རུ་མ་འདུག་གཞན་དུ་དེང་། །ༀ་སུམྦྷ་ནི་སོགས། ཅེས་བརྗོད་ནས་བགེགས་མེད་པར་བྱས། ཧཱུྃ། སྟེང་ཡང་རྡོ་རྗེའི་བླ་རེ་ལ། །འོག་ཀྱང་རྡོ་རྗེའི་ས་གཞིའི་སྟེ། །སྟེང་འོག་ཕྱོགས་མཚམས་རྡོ་རྗེ་འབར་བས་བསྟམ། །རྡོ་རྗེའི་མཚམས་ལ་མ་འདའ་ཞིག །ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཧཱུྃ། སྟེང་ཡང་འཁོར་ལོའི་བླ༴ འོག་ཀྱང་༴ སྟེང་འོག༴ འཁོར་ལོའི༴ ༀ་ཙཀྲ་རཀྵ༴ ཧཱུྃ། སྟེང་ཡང་དབྱུག་པའི༴ འོག་ཀྱང་༴ སྟེང་འོག༴ དབྱུག་པའི༴ ༀ་ཏནྟྲ༴ ཧཱུྃ། སྟེང་ཡང་དགྲ་སྟྭའི༴ འོག་ཀྱང་སྟེང་འོག༴ དགྲ་སྟྭའི༴ ༀ་པ་ར་ཤུ༴ ཧཱུྃ། སྟེང་ཡང་རལ་གྲིའི༴ འོག་ཀྱང་༴ སྟེང་འོག༴ རལ་གྲིའི༴ ༀ་ཁ་ཁཱ༴ ཧཱུྃ། ཕྱི་རོལ་ཀུན་ཏུ་འོད་འཕྲོས་པས། །བདུད་དཔུང་ངེས་པར་སྲེག་མཛད་པ། །ས་དང་ནམ་མཁའ་གང་བ་ཡི། །འབར་བ་མེ་ཡི་ཕུང་པོར་གྱུར། །ༀ་བཛྲ་ཛ་ལ་རཾ། བཛྲ་ཛྭ་ལ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ༀ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། དེ་ནས་གནས་དང་ཡོ་བྱད་བྱིན་གྱིས་རླབས་པ་ནི། ༀ་སྭ་བྷ་ཝ༴ སྟོང་པར་གྱུར། སྟོང་པའི་ངང་ལས་ༀ་ལས་ལྷ་རྫས་ལས་གྲུབ་པའི་གཞལ་ཡས་ཁང་གིས་ཕྱི་ནང་ཀུན་ཏུ་ཨ་ལས་ཡེ་ཤེས་ཀྱི་ཀ་པ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ༀ་ཨཱཿཧཱུྃ་གསུམ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས། རོལ་མོའི་སྒྲ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་སྤྲིན་བསམ་གྱི་མི་ཁྱབ་པར། མ་ཧཱ་གུ་རུ་ཌཱཀྐི་ནི་ཨརྒྷཾ་པྲ་ཏི་ཛ་ཡེ་སྭཱ་ཧཱ། པ་ཏྱཾ། ༀ་བཛྲ་དྷུ་པེ་ཨཱ་ཧཱུྃ། པུཥྤེ༴ ཨ་ལོ༴ གྷནྡྷེ༴ ནཻ་བི་དྱེ༴ ཤཔྡ་ཨཱ་ཧཱུྃ་སྭཱ་ཧཱ། ༀ་བཛྲ་གྷནྡྷེ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཊ། པྲ་ཙ་ལི་ཏི། པྲ་ཛྙཱ་པ་ར་མི་ཏ། ན་ཏ་སཾ་བྷ་ཝེ་ཏ། བཛྲ་དྷརྨ་ཧྲཱི་དྷ་ཡ་ནི། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། ཧེ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། བཞི་མེ་ལྷ་བསྐྱེད་པ་ལ་གཉིས་ཏེ། མེ་ཐབ་སྐྱེད་པ་དང་། མེ་ལྷ་བསྐྱེད་པའོ། །དང་པོ་ནི། ༀ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་སྭ་བྷ་ཝ༴ སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་དུ། ཧཱུྃ་དཀར་པོ་ཡོངས་སུ་གྱུར་པ་ལས་ཞི་བའི་ཐབ་ཁུང་ཟླུམ་པོ་དཀར་པོ་རྒྱར་ཁྲུ་གང་ཟབས་སུ་ཁྲུ་ཕྱེད་པ་ལས། ཁ་ཁྱེར་སོར་བཞི་བསྐྱེད་པའི་སྟེང་དུ་མུ་རན་སོར་བཞི་པ་ལ། ཕྱོགས་བཞིར་རྡོ་རྗེའི་ཕྲེང་བ་དང་། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། རྒྱས་པ་ལ་གྲུ་བཞི་སེར་པོ། རྒྱར་ཁྲུ་དོ་ཟབས་སུ་ཁྲུ་གང་པ། ཁ་ཁྱེར་དང་མུ་རན་སོར་བརྒྱད་པ་ལ། རིན་པོ་ཆེའི་ཕྲེང་བས་བརྒྱན་པ། དབང་ལ་ཟླ་གམ་དམར་པོ། རྒྱར་ཁྲུ་གང་པ། ཟབས་སུ་ཁྲུ་ཕྱེད་པ། སོར་བཞིའི་ཁ་ཁྱེར་དང་མུ་རན་ལ། ལྕགས་ཀྱུའམ་པདྨའི་ཕྲེང་བས་བརྒྱན་པ། དྲག་པོ་ལ་གྲུ་གསུམ་ནག་པོ་རྒྱར་སོར་མོ་ཉི་ཤུ། ཟབས་སུ་སོར་བཅུ་པ། ཁ་ཁྱེར་མུ་རན་སོར་གསུམ་པ.ལས་རྡོ་རྗེ་གདེང་པོའི་ཕྲེང་བས་བརྒྱན་པ། རང་རང་གི་ད་ཤིང་གིས་བརྩིག་པས་ཡོངས་སུ་གང་བ། དྭངས་ཞིང་ཐོག་མ་མེད་པར་གྱུར། དེ་ལྟ་བུའི་ཐབས་ཁུང་གི་ནང་དུ། སྟོང་པའི་ངང་ལས་པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་དུ། རཾ་ལས་བསྒྲང་ཕྲེང་རཾ་གྱིས་མཚན་པ་ལས། མེ་ལྷ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་པ་གཉིས་ཀྱི་མཆོད་སྦྱིན་དང་བསྒྲང་ཕྲེང་འཛིན་པ། གཡོན་པ་གཉིས་ཀྱིས་དབྱུག་གུ་རྩེ་གསུམ་པ་དང་། བདུད་རྩིའི་གང་བའི་རིལ་བ་བསྣམས་པ། རལ་པ་ཐོར་ཚུགས་ཅན། ཨག་ཙམ་འཕྱང་བ། ཚངས་པའི་སྐུད་པ་ཅན། ར་སྐྱེས་ཁམས་པའི་གདན་ལ་བཞུགས་པ། དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ། ལས་བཞི་སྒྲུབ་པའི་དཀྱིལ་འཁོར་བདུད་རྩིའི་ཆུ་རྒྱུན་འཕྲོ་བ། དེ་དག་ཐམས་ཅད་ཀྱིས་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེའི་འོད་ཀྱིས་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་བར་བསམ་ཞིང་། རྡོ་རྗེ་དྲིལ་བུ་འཛིན་ལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུག་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་བཞུགས་སུ་གསོལ། །ༀ་ཨེ་ཧྱ་ཧི་བྷ་ག་ཝན་ཨག་ནེ་ཡེ་ཨ་ཀཪྵ་ཡ་ས་མ་ཡ་སྟཾ། ཡེ་ཤེས་སེམས་དཔའ་དང་དམ་ཚིག་པ་གཉིས་མེད་དུ་བསྟིམ། དེ་ནས་ཕྱིའི་མཆོད་པ་རྣམ་ལྔ་འབུལ་བ་ནི། མེ་ལྷ་དྲང་སྲོང་འཁོར་བཅས་ལ། །ལྷ་རྫས་ཕྱི་མཆོད་འབུལ་བ་ནི། །མེ་ཏོག་བདུག་སྤོས་མར་མེ་དྲི། །བཤོས་གཙང་སིལ་སྙན་རོལ་མོ་རྣམས། །སྤྱན་ཤང་ཐུགས་ཀ་སྐུ་ལུས་དང་། །ཞལ་དང་སྙན་དུ་ཐིམ་གྱུར་ཅིག །ཨགྣེ་ཡི་ཨརྒྷཾ་སོགས་བརྗོད། ནང་མཆོད་རྣམ་ལྔ་འབུལ་བ་ནི། ཚིལ་ཆེན་བདུག་སྤོས་ཞུན་ཆེན་མར་མེ་དང་། །རང་བྱུང་དྲི་ཆེན་ཞལ་ཟས་དང་། །རྐང་གླིང་ཐོད་པའི་རྔ་སྒྲ་རྣམས། །མེ་ལྷ་དྲང་སྲོང་འཁོར་བཅས་ལ། །མཆོད་པ་འབུལ་ལོ་བཞེས་སུ་གསོལ། །དབང་དང་དངོས་གྲུབ་བདག་ལ་སྩོལ། །ཨགྣེ་ཡེ་བདུད་རྩི་ལྔ་ལ་ཁ་རཾ་ཁ་ཧི། །དེ་ནས་མར་འབུལ། དེ་ནས་སྲེག་རྫས་ཆ་གཅིག་བཟུང་ལ། ཡེ་ཤེས་མེ་ཡི་དཀྱིལ་འཁོར་དུ། །མེ་ལྷ་དྲང་སྲོང་འཁོར་བཅས་ལ། །འདོད་ཡོན་བསྲེག་རྫས་མེ་མཆོད་འབུལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །ༀ་ཨགྣེ་ཡེ་ཛྭ་ལ་རཾ་ཁྷཱི། ཤནྟིཾ་པུཥྚིཾ་པ་ཤང་ཀུ་རུ་ཪྣྲི་ཏྲི་ཤ་ཏྲུཾ་མ་ར་ཡ་ཧཱུྃ་ཕཊ༔ ཅེས་སོགས་ཉེར་གཅིག་གམ་བདུན་འབུལ། དེ་ནས་ཡང་མར་འབུལ། ཕྱི་ནང་རྣམ་ལྔ་སྔགས་ཀྱིས་འབུལ། དེ་ནས་བསྟོད་པ་ནི། འཇིག་རྟེན་དབང་ཕྱུག་མཆོག་གི་སྲས། །ལོ་ཀའི་རྒྱལ་པོར་དབང་བསྐུར་བས། །ཤེས་རབ་མཆོག་གི་ཉོན་མོངས་ཐམས་ཅད་སྲེག །འཇིག་རྟེན་མེ་ལྷ་ཉིད་ལ་རྣམ་པར་འདུད། །དེ་ནས་འཇིག་རྟེན་གྱི་མེ་ལྷ་དེས་སོང་། ལྔ་པ་ཡེ་ཤེས་ཀྱི་མེ་ལྷ་བསྐྱེད་པ་དེ་ལ་ལྔ་སྟེ། དང་པོ་ཤར་གྱིས་ཞི་བའི་སྦྱིན་སྲེག །གཉིས་པ་ལྷོར་རྒྱས་པའི་སྦྱིན་སྲེག །གསུམ་པ་ནུབ་ཏུ་དབང་གིས་སྦྱིན་སྲེག །བཞི་པ་བྱང་དྲག་པོའི་སྦྱིན་སྲེག །ལྔ་པ་དབུས་ལྷུན་གྲུབ་ཀྱི་སྦྱིན་སྲེག་གོ། །དང་པོ་ནི་མེ་ལྷའི་ལྟོ་བར་ཡེ་ཤེས་པའི་མེ་ལྷ་བསྐྱེད་པ་ནི། ༀ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི༴ ༀ་སྭ་བྷ་ཝ༴ སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འོག་རྡོ་རྗེའི་ས་གཞི། ཐ་མ་རྡོ་རྗེའི་ར་བ་དང་། དྲ་བ་སྟེང་རྡོ་རྗེའི་གུར་དང་བླ་རེ་དེ་དག་གིས་ཕྱི་རོལ་དུ་མདའི་དྲྭ་བ་དང་མིག་མང་རིས་སུ་བྲིས་པའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་འབར་བས་བསྐོར་བའི་བསྲུང་འཁོར་ཡངས་ཤིང་རྒྱ་ཆེ་བ། ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། དེའི་ནང་དུ་ཨེ་ལས་ཆོས་ཀྱི་འབྱུང་གནས། གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ། གདེང་ཀ་ཆེན་པོ་གྱེན་དུ་ཕྱོགས་པ། རྩ་བ་ཕྲ་བ་ཐུར་དུ་ཟུག་པའི་ནང་དུ། ཡཾ་ལས་རླུང་། རཾ་ལས་མེ། བཾ་ལས་ཆུ། ལཾ་ལས་སའི་དཀྱིལ་འཁོར། དེའི་སྟེང་དུ་སུཾ་ལས་རི་རབ་ཀྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ཁ་ཁྱེར་བཞི་དང་བཅས་པའི་ནང་ནས་རིམ་པ་བཞིན་དུ། ནག་པོ། ལྗང་ཁུ། དམར་པོ། སེར་པོ། དཀར་པོའི་བརྩིག་པ་རིམ་པ་བཞི་དང་ལྡན་པ། རྩིག་པའི་སྟེང་དུ་རིན་པོ་ཆེ་ཕ་གུ་སེར་པོ་ལ། དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་པའི་སྟེང་དུ། རིན་པོ་ཆེའི་རྣམ་པར་སྤེལ་བའི་མདའ་ཡབ་དང་། པུ་ཤུ་མཆོད་རྟེན་གྱི་རྣམ་པས་མཛེས་པར་བྱས་པ། རྩིག་པའི་ཕྱི་རོལ་དུ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོག་ནས་བཅོམ་ལྡན་འདས་མ་ལ་མཆོད་པ། ནང་ཀ་བ་བརྒྱད་ཀྱིས་བརྟེག་པ། རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་བྲིས་ཤིང་མཛེས་པར་ཕུབ་པའི་དབུས་ཕྱུར་བུ་ཟླུམ་པོར་གྱུར་པའི་སྟེང་དུ། རྡོ་རྗེ་ཕྱེད་པ་ནོར་བུ་རིན་པོ་ཆེའི་མཚན་པ། སྒོ་བཞི་བཞིའི་ཐད་སོར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབ་བང་རིམ་བཞི་བཞི་དང་ལྡན་པའི་སྟེང་དུ། པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གདུག་དང་། རི་དྭགས་དང་། གོས་དང་། ཕན་དང་། མེ་ཏོག་གིས་ཕྲེང་བ་དང་། དྲིལ་བུ་གཡེར་ཁ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་རྒྱན་དུ་མས་བརྒྱན་པ། ངང་ཞིང་སྒྲིབ་པ་མེད་པའི་ཕྱི་རོལ་དུ། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་གི་དབུས་སྔོ། ཤར་དཀར་ལྷོ་སེར། ནུབ་དམར། བྱང་ལྗང་དབུས་པདྨ་འདབ་མ་བཞི་པའི་ལྟེ་བ་དང་། འདབ་མ་རྣམས་སུ་ཨ་ལས་ཟླ་བ་རཾ་ལས་ཉི་མ། རོའི་གདན་སྟེང་དབུས་སུ་ཨཱ་ཡིག་སྔོན་པོ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་ཁུ་དེ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་རང་ཉིད་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ། གྲི་གུག་རང་རང་གི་མདོག་ཅན་ཨ་ཡིག་གིས་མཚན་པ་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས་འཕགས་པ་མཆོད་ཚུར་འདུས་ཡོངས་སུ་གྱུར་པ་ལས། དབུས་སུ་རང་ཉིད་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ། ཤར་དུ་སངས་རྒྱས་མཁའ་འགྲོ་དཀར་མོ། ལྷོར་རིན་ཆེན་མཁའ་འགྲོ། ནུབ་ཏུ་པདྨ་མཁའ་འགྲོ། བྱང་དུ་ལས་ཀྱི་མཁའ་འགྲོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཅུང་ཟད་བསྒྲད་པ། ཞལ་ཅུང་ཟད་གདང་ཞིང་མཆེ་བ་གཙིག་པ། དབུ་སྐྲ་ནག་པོ་སིལ་མར་གྱུར་པས་སྐུ་རྒྱབ་ནོན་པ། གཡས་པས་གྲི་ཁུག་ནམ་མཁར་ཕྱར་བ། གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ། གྲུ་མོ་ན་ཁ་ཊྭཱཾ་ཁ་ཡོད་པ། ཚངས་པའི་སྐུད་པ་དང་། དུང་ཆེན་གྱིས་ཕྲེང་བ་མཆོད་ཕྱིར་ཐོག་པ། མི་མགོ་སྐམ་པོ་ལྔ་ལྔས་དབུ་བརྒྱན་པ། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། འཁོར་ལོ་རྣ་ཆ་གདུའུ་མགུལ་རྒྱན་སྐུ་རེག་སྟེ་རུས་པའི་རྒྱན་ལྔས་བརྒྱན་པ། ཞབས་གཡས་བསྐུམ་པའི་ཏིང་པ་བ་ག་ལ་གཏད་ཅིང་། གཡོན་བརྐྱང་པ་གར་ཐབས་ཀྱི་རོའི་གདན་ལ་བཞུགས་པ། དང་ཞིང་གསལ་བ་ལ་ཉི་མ་འབུམ་གྱིས་གཟི་བརྗིད་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་བཞུགས་པ། དེ་དག་ཐམས་ཅད་ཀྱིས་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། མ་ཧཱ་གུ་རུ་ཌཱཀྐི་ནི་ས་པ་རི་ཝ་ར་བཛྲ་ས་མ་ཡ་ཛ་ཛ། པདྨ་ཀ་མ་ལ་ཡེ་སྟཾ། ལྷ། ཨརྒྷཾ་ལ་སོགས་བརྗོད། མ་ཧཱ་གུ་རུ་ཨཱ་གུ་ཤ་ཛ། བཛྲ་པ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། ༀ་བཛྲ་ཨ་བེ་ཤ་ཡ་ཨཱཿ ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གིས་ལྷ། རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ཁྲོ་བོ་བཅུ། ལྷ་མོ་དྲུག །པན་ཙ་ཀུ་ལ་ས་པ་རི་ཝ་ར། བཛྲ་ས་མན་ཛ་ཛ། པདྨ་ཀ་མ་ལ་ཡེ་སྟྭཾ། ༀ་ན་མ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝ་ཨརྒྷཾ་སྭཱ་ཧཱ། དེས་བདག་ལ་དབང་བསྐུར་དུ་གསོལ། ཇི་ལྟར་བལྟམ་པ་ཙམ་གྱིས་ནི། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། ལྷའི་ཆུ་ནི་དག་པ་ཡི། དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ༀ་ན་མ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཅེས་གསུང་ཞིང་དབང་བསྐུར་བས། དྲི་མ་དག །དབང་ཐམས་ཅད་ཐོབ་ནས་ལུས་ཐམས་ཅད་གང་། ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་མོ་ལ་མི་བསྐྱོད་པ། གཞན་རྣམས་ལ་རིགས་བཞིས་དབུས་རྒྱན། ཡང་ན་མི་སྤྱོད་པས་དབུ་རྒྱན། ཨརྒྷཾ༴ དེ་ནས་ཡེ་ཤེས་པ་སྤྱན་དྲངས་པ་ནི། གནས་མཁའ་དབྱིངས་རྣམ་དག་གིས་ཕོ་བྲང་ནས། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །ཁྱེད་སངས་རྒྱས་བྱང་སེམས་ཚོགས་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །བཞུགས་ནས་དབང་བསྐུར་བྱིན་གྱིས་རློབས། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཡུམ་ཆེན་ཕར་ཕྱིན་མན་ཆད་དང་། །རྩ་བའི་བླ་མ་ཡན་ཆད་ཀྱིས། །མ་རྒྱུད་དཔའ་མོའི་ལྷ་ཚོགས་རྣམས། །ཁྱེད་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །གནས་འདིར་སྤྱན༴ བཞུགས་ནས༴ གནས་བྱ་རྒོད་ཕུང་པོའི་རི་བོ་ནས། །བཅོམ་ལྡན་ཤཱཀྱ་ཐུབ་པ་དང་། །རྩ་བའི་བླ་མ༴ ཕ་བརྒྱུད་དཔའ་བོའི་ལྷ་ཚོགས་ལ། །དཔའ་མོ་མཁའ་འགྲོའི༴ གནས་འདིར༴ བཞུགས་ནས༴ གནས་བཀྲ་ཤིས་གླང་ལུང་གི་དགོན་པ་ནས། །རྒྱལ་བ་དོན་འགྲུབ་མན་ཆད་དང་། །རྩ་བ་བརྒྱུད་པའི༴ སྲས་རྒྱུད་ཉམས་མྱོང་གིས༴ སྡེ་སྣོད་རྒྱུད་སྡེའི་བླ་མ་རྣམས༴ གནས་འདིར༴ བཞུགས༴ གནས་གར་བཞུགས་དག་པའི་ཞིང་ཁམས་ནས། ཕ་དྲིན་ཆེན་རྩ་བའི་བླ་མ་རྡོ་རྗེ་འཆང་། ཁྱེད་བཀའ་བརྒྱུད་བླ་མའི་ཚོགས་ཀྱིས༴ གནས་འདིར༴ བཞུགས་ནས༴ གནས་གཉན་ས་རི་ཁྲོད་དགོན་པ་ནས། །གྲོག་སྙེམ་ཐག་ཆོད་པ་སྤྲུལ་པའི་སྐུ། །སྐལ་ལྡན་ཕོ་མོའི་ཚོགས་ཀྱིས་བསྐོར། །གནས༴ བཞུགས༴ གནས་ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །ཡི་དམ་ལྷ་ཚོགས༴ རྒྱུད་སྡེ་བཞིའི་ཚོགས་ཀྱིས༴ གནས༴ བཞུགས༴ བསིལ་བ་ཚལ་གྱི་དུར་ཁྲོད་ནས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ། །དམ་ཅན་རྒྱ་མཚོའི་ཚོགས་ཀྱི༴ གནས་འདིར༴ བཞུགས༴ མ་ཧཱ་གུ་རུ་ཌཱཀྐི་ནི་ས་པ་རི་ཝ་ར༴ བཛྲ་ས་མ་ཡ་ཛ་ཛ། ཅེས་བརྗོད་ཅིང་རྡོ་རྗེ་བསྡུས་པའི་ཕྱག་རྒྱ་བྱས་ལ་ཐམས་ཅད་མདུན་དུ་བྱོན་པར་བསམ། པདྨ་ཀ་མ་ལ་ཡེ་སྟྭཾ། མ་ཧཱ་གུ་རུ༴ ཅེས་སོགས་སྔོན་དུ་འགྲོ་བ་མ་སོགས་པས་མཆོད་ནས། ཛཿཧཱུྃ་བཾ་ཧོཿ དེ་ནས་མཆོད་པ་འབུལ་བ་ནི། དང་པོ་སྤྱི་མཆོད་པ་རྣམ་ལྔ། ཨརྒྷཾ་སོགས་སྔགས་ཀྱིས་འབུལ། དེ་ནས་ནང་མཆོད་འབུལ་བ་ནི། ན་མ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཅེས་པས་འབུལ། དེ་ནས་གསང་མཆོད་འབུལ་བ་ནི། ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཅེས་པས་འབུལ། དེ་ནས་དེ་ཁོ་ན་ཉིད་ཀྱིས་མཆོད་པ་ནི། འཁོར་གསུམ་མི་དམིག་པས་འབུལ་ལོ། །དེ་ནས་ཐོག་མ་མར་ལ་ཐ་མ་མར། །ཅེས་པས་མར་ཆོས་ཉིད་ཀྱིས་ངོ་བོར་དམིགས་ལ་འབུལ་བ་ནི། ༀ་ཨག་ནེ་ཡེ་སྭཱ་ཧཱ། ཅེས་པ་བརྗོད་ལ་མར་འབུལ། དེ་ནས་སྲེག་རྫས་བཟུང་ལ། འབུལ་ཚིག་ནི། ཡེ་ཤེས་མེ་ཡི་དཀྱིལ་འཁོར་དུ། །བླ་མ་ཡིད་དམ་མཁའ་འགྲོ་ལ། །འདོད་ཡོན་བསྲེག་རྫས་མེ་མཆོད་འབུལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །ནད་དང་སྡུག་བསྔལ་ཞི་གྱུར་ཅིག །ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་བཾ་ཧ་རི་ནི་ས་ཛྭ་ལ་རཾ། ཨགྣེ་ཡེ་པུ་ཙ་ཧཱུྃ། ནད་གདོན་སྡིག་སྒྲིབ་འཇིག་བརྒྱད་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཅེས་བརྗོད་དོ། །དེའི་དམིགས་པ་ནི། ཡེ་ཤེས་ཀྱི་བདུད་རྩི་དཀར་པོ་བསམ་ལ། ལྷ་ཚོགས་རྣམས་སྐུ་མདོག་དཀར་པོར་གྱུར་པ་ལ་ཕུལ་བས། མཉེས་ཤིང་དགྱེས་པའི་ཡོན་ཏན་གྱིས། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཀར་པོ་མ་ར་འཕྲོས་པས། བདག་དང་ཡོན་བདག་གིས་འཇིགས་པ་བརྒྱད་ཞི་བར་བསམ་ཞིང་། དགང་བླུག་གཟར་མ་འཛོམ་ན། རང་གིས་ལག་པའི་སོར་མོ་ལྔ་འདོད་ཡོན་གྱིས་ལྷ་མོ་ལྔར་བསམ་ལ་བརྒྱ་རྩ་བརྒྱད་འབུལ་ལོ། །དེས་མར་འབུལ་དེ་ནས་ཡམ་ཤིང་། ༀ་བོ་དྷི་པྲིཀྵ་ཡེ་སྭཱ་ཧཱ། ཅེས་ཡམ་ཤིང་འབུལ་ལོ། །དེ་ནས་གཏང་རག་གིས་མཆོད་པ་ནི། ཕྱི་ནང་གསང་གསུམ་གྱིས་མཆོད་པ་གོང་ལྟར་འབུལ། དེ་ནས་བསྟོད་པ་བྱ་བ་ནི། མ་ཆོས་དབྱིངས་རྣམ་དག་སྐྱེ་མེད་ཡུམ། ཅེས་པ་ནས། མ་དྲིན་མོ་ཆེ་ལ་ཕྱག་འཚལ་བསྟོད། ཅེས་པ་བསྟོད། ཀ་ཡ་བཛྲ་ༀ། ཝཀྐ་བཛྲ་ཨཱཿ ཙིཏྟ་བཛྲ་སིདྡྷི་ཧཱུྃ། ཅེས་པས་དངོས་གྲུབ་བླང་། དེ་ནས། མ་འབྱོར་པ་དང་ཉམས་པ་དང་། ཅེས་པས་བཟོད་པ་གསོལ། དེ་ནས་ཡི་གེ་བརྒྱ་པ ས་ལྷག་ཆད་ཀྱི་ཁ་བསྐང་། དེ་ནས་སྨོན་ལམ་ནི། ན་མོ་བདག་གཞན་ཀུན་གྱི་དུས་གསུམ་དུ། །དགེ་རྩ་འདུས་བྱས་འདུས་མ་བྱས། །དེ་བཞིན་ཟག་བཅས་ཟག་པ་མེད། །དེ་དག་ལ་ནི་ཡི་རང་ངོ་། །ཡི་རང་བྱང་ཆུབ་ཆེན་པོར་བསྔོ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བར་ཆད་མེད་པར་འཇུག་པར་ཤོག །བར་ཆད་མེད་པར་འཇུག་ནས་ཀྱང་། །ཇི་སྲིད་འཁོར་བ་མ་སྟོང་པར། །སྟོང་ཉིད་དམ་པ་ཐོབ་པར་ཤོག །དེ་ནས་བཀྲ་ཤིས་ནི། བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ལམ་བསྒྲོད་བྱང་ཆུབ་མཆོག་ཐོབ་པས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྐྱེ་བ་མེད་ལ་གཟུགས་སྐུ་འཆར། །འགྲོ་རྣམས་བདེ་ལ་བཀོད་མཛད་པའི། །ཡུམ་ཆེན་ཕ་རོལ་ཕྱིན་མའི་བཀྲ་ཤིག་ཤོག །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི། །མཆོད་པའི་ཚོགས་ཀྱི་རབ་མཆོད་ཅིང་། །ཉིན་མཚན་ཀུན་ཏུ་བསྲུང་བྱེད་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད། གཉིས་པ་ལྷོར་རྒྱས་པའི་སྦྱིན་སྲེག་ནི། དང་པོ་མཚམས་བཅད། གཉིས་པ་མཆོད་པ་བྱིན་རླབས། གསུམ་པ་རྒྱས་པའི་མེ་ཐབ་བསྐྱེད་པ། བཞི་པ་འཇིག་རྟེན་པའི་མེ་ལྷ་གསལ་གདབ་ཅིང་། ལྔ་པ་ཡེ་ཤེས་ཀྱི་མེ་ལྷ་བསྐྱེད་པ། སྤྱན་དྲངས་པ་སོགས་པ་རྣམས་གོང་ལྟར་དུ་རྒྱས་པར་བྱེད་དོ། །ཡང་ན་སྐད་ཅིག་དྲན་རྫོགས་བསྐྱེད་ཅིང་བསྡུས་ཀྱང་རུང་ངོ་། །དེ་ནས་མཆོད་པ་འབུལ་བ་ནི། ཕྱི་ནང་གསང་གསུམ་གྱིས་མཆོད་པ་གང་བཞིན་འབུལ། དེ་ནས་མར་གོང་བཞིན་དུ་འབུལ། དེ་ནས་སྲེག་རྫས་འབུལ་བ་ནི། ཡེ་ཤེས་མེ་ཡི་དཀྱིལ་འཁོར་དུ། །བླ་མ་ཡི་དམ་མཁའ་འགྲོ་ལ། །འདོད་ཡོན་བསྲེག་རྫས་མེ་མཆོད་འབུལ། །ཕྲིན་ལས་རྣམས་བཞི་བསྒྲུབ་ཏུ་གསོལ། །ཚེ་དང་བསོད་ནམས་རྒྱས་གྱུར་ཅིག །ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཚེ་དང་བསོད་ནམས་ལ་སོགས་འབྱོར་པ་དྲུག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། དེའི་དམིགས་པ་ནི། ཡེ་ཤེས་ཀྱི་བདུད་རྩི་སེར་པོ་བྱིན་གྱིས་རླབས་ལ། ལྷ་ཚོགས་རྣམས་སྐུ་མདོག་སེར་པོར་གྱུར་པ་ལས་ཕུལ་བས། མཉེས་ཤིང་དགྱེས་པའི་འོད་ཟེར་གྱིས། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཕར་འཕྲོས་པས། བདག་དང་ཡོན་བདག་གིས་ཚེ་དང་བསོད་ནམས་ལ་སོགས་འབྱོར་པ་དྲུག་རྒྱས་པར་བསམ་ཞིང་། གོང་ལྟར་འབུལ་ལོ། །དེ་ནས་ཡང་མར་དང་ཡམ་ཤིང་ཡང་གོང་ལྟར་འབུལ་ལོ། །གཏང་རག་གི་མཆོད་པ་གང་ལྟར་བྱེད། དེ་ནས་དངོས་གྲུབ་ལེན་པ། བཟོད་པ་གསོལ་བ། ལྷག་ཆད་ཁ་བསྐང་སྨོན་ལམ་བཀྲ་ཤིས་དང་བཅས་པ་གོང་ལྟར་བྱའོ། །དེ་ནས་གསུམ་པ་ནུབ་ཏུ་དབང་གིས་སྦྱིན་བསྲེག་ནི། མཚམས་བཅད་པ། མཆོད་པ་བྱིན་གྱིས་བརླབ་པ། དབང་གིས་མེ་ཐབས་བསྐྱེད་པ། འཇིག་རྟེན་གྱིས་མེ་ལྷ་དང་། ཡེ་ཤེས་ཀྱི་ལྷ་བསྐྱེད་པ། སྤྱན་འདྲེན་པ། ཕྱི་ནང་གསང་གསུམ་གྱིས་མཆོད་པ་མར་དང་བཅས་པ་འབུལ་བ་ནི་གོང་ལྟར་རོ། །དེ་ནས་སྦྱིན་སྲེག་རྫས་འབུལ་བ་ནི། ཡེ་ཤེས་མེ་ཡི་དཀྱིལ་འཁོར་དུ། །བླ་མ་ཡི་དམ༴ འདོད་ཡོན༴ ཕྲིན་ལས༴ མི་ནོར་ཟས་གསུམ་བསྡུས་གྱུར་ཅིག །ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི། ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་ཐམས་ཅད་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། དེའི་དམིགས་པ་ནི། ཡེ་ཤེས་ཀྱི་བདུད་རྩི་དམར་པོར་བསམ་ལ་འབུལ་བས། མཉེས་ཞིང་དགྱེས་པའི་འོད་ཟེར་གྱིས། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས་པས་ཁམས་གསུམ་སྲིད་པ་གསུམ་གྱི་ལྷ་འདྲེ་མི་གསུམ་ཐམས་ཅད་དབང་དུ་བསྡུས་པར་བསམ་ལ་གང་ལྟར་རོ། །དེ་ནས་མར་དང་ཡམ་ཤིང་། གཏོང་རག་གིས་མཆོད་པ། བསྟོད་པ། དངོས་གྲུབ་ལེན་པ། བཟོད་གསོལ། ལྷག་ཆད་ཁ་བསྐང་། སྨོན་ལམ་བཀྲ་ཤིས་དང་བཅས་པ.གོང་ལྟར་བྱའོ། །དེ་ནས་བཞི་པ་བྱང་དུ་དྲག་པོའི་སྦྱིན་སྲེག་ནི། མཚམས་བཅད་པ། མཆོད་པ་བྱིན་གྱིས་རླབས་པ། དྲག་པོའི་མེ་ཐབ་བསྐྱེད་པ། འཇིག་རྟེན་གྱི་མེ་ལྷ་དང་། ཡེ་ཤེས་ཀྱི་མི་ལྷ་བསྐྱེད་པ། སྤྱན་དྲངས་བ། ཕྱི་ནང་གསང་གསུམ་གྱིས་མཆོད་པ་མར་དང་བཅས་པ་འབུལ་བ་ནི་གང་ལྟར་རོ། །དེ་ནས་སྲེག་རྫས་འབུལ་བ་ནི། ཡེ་ཤེས་མེ་ཡི༴ བླ་མ་ཡི་དམ༴ འདོད་ཡོན༴ ཕྲིན་ལས༴ དགྲ་བགེགས་ཐམས་ཅད་ཕུང་ཞིང་སྒྲོལ་གྱུར་ཅིག །ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་དགྲ་བགེགས་གནོད་བྱེད་ཐམས་ཅད་ཪྣྲི་ཏྲི་ཤ་ཏྲུཾ་མ་ར་ཡ་ཧཱུྃ་ཕཊ། དེའི་དམིགས་པ་ནི། ཡེ་ཤེས་ཀྱི་བདུད་རྩི་མཐིང་ནག་དུ་བསམ་ལ། ལྷ་ཚོགས་རྣམས་སྐུ་མདོག་མཐིང་ནག་ཏུ་གྱུར་པར་བསམ་ལ་ཕུལ་བས། མཉེས་ཤིང་དགྱེས་པའི་ཡོན་ཏན་གྱིས། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་མཐིང་ནག་འཕྲོས་པས། བདག་དང་ཡོན་བདག་གིས་དགྲ་འདྲེ་གདོན་གསུམ་ཐམས་ཅད་བརླག་པར་བསམ་ལ་གོང་ལྟར་རོ། །ཁྱད་པར་དུ་ནད་པ་ཡོད་ན་གོང་གི་གཏོར་ཆུང་དང་ལིངྒ་ལ་འགུགས་བཞུགས་མང་དུ་བྱས་ལ། ལིངྒ་གདོན་བགེགས་དངོས་སུ་བསམ་ལ། ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་བར་བསམ་ཞིང་། གཏོར་ཆུང་ཡང་ཡེ་ཤེས་ཀྱི་མེ་དཔུང་དུ་བསམ་ལ། གདོན་བགེགས་རྣམ་བསྲེག་པར་བསམ་ལ་སྔགས་ཚར་རེ་དང་ལིངྒ་རེ་སྤྲད་ལ་འབུལ་ལོ། །དེ་ནས་མར་དང་ཡམ་ཤིང་། གཏོར་རག་གིས་མཆོད་པ། བསྟོད་པ་དངོས་གྲུབ་ལེན་པ། བཟོད་གསོལ། ལྷག་ཆད་ཁ་བསྐང་། སྨོན་ལམ་བཀྲ་ཤིས་དང་བཅས་པ་གོང་ལྟར་རོ། །ལྔ་པ་ལྷུན་གྲུབ་ཀྱི་སྦྱིན་སྲེག་ནི། མཚམས་བཅད། མཆོད་པ་བྱིན་བརླབ། མེ་ཐབ་ནི་ལས་བཞི་ལྷུན་གྲུབ་ཀྱིས་མེ་ཐབ་ལྟར་བསྐྱེད་ལ། འཇིག་རྟེན་གྱི་མེ་ལྷ་ནི་སྨུག་པོར་བསྐྱེད་ལ། ཡེ་ཤེས་ཀྱི་མེ་ལྷ་རང་གིས་མདོག་ལྟར་བསྐྱེད་ལ། དེ་ནས་སྤྱན་འདྲེན་པ་དང་། ཕྱི་ནང་གསང་གསུམ་གྱིས་མཆོད་པ་མར་དང་བཅས་པ་འབུལ་བ་ནི་གོང་ལྟར་རོ། །དེ་ནས་སྲེག་བརྫས་འབུལ་བ་ནི། ཡེ་ཤེས་མེ་ཡི་དཀྱིལ་འཁོར་དུ། །བླ་མ་ཡི༴ འདོད་ཡོན༴ ཕྲིན་ལས༴ ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཤནྟིཾ་པུཥྚིཾ་པ་ཤང་ཪྣྲི་ཏྲི་ཤ་ཏྲུཾ་མ་ར་ཡ་ཕཊ། རྦད། དེའི་དམིགས་པ་ནི། ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་སྣ་ལྔར་བསམ་ལ། ལྷ་ཚོགས་རྣམས་ལ་ཕུལ་བས། མཉེས་ཤིང་དགྱེས་པའི་ཡོན་ཏན་གྱིས། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པས། བདག་དང་ཡོན་ཏན་བདག་གིས་ལས་བཞིའི་དོན་སྒྲུབ་པར་བསམ། ལ་གང་སྐབས་ཙམ་གྱིས་འབུལ། དེ་ནས་མར་དང་ཡམ་ཤིང་། གཏོང་རག་གིས་མཆོད་པ། བསྟོད་པ། དངོས་གྲུབ་ལེན་པ། བཟོད་གསོལ། ལྷག་ཆད་ཁ་བསྐང་། སྨོན་ལམ་བཀྲ་ཤིས་དང་བཅས་པ་གོང་ལྟར་བྱའོ། །མེ་ཞག་བྱ་ན། ཞུགས་རྫས་ཐོག་ནས། བྱང་། ནུབ། ལྷོ། ཤར། དབུས། སྡིག་བསྐུལ་གྱིས་མེ་ཞགས་བརྒྱབ་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་མེ་ལྷ་གཤེགས། དམ་ཚིག་མེ་ལྷ་བདག་ལ་བསྡུ། འཇིག་རྟེན་གྱི་མེ་ལྷ་རང་གིས་གནས་སུ་གཤེགས། དེ་ནས་བྲོ་བརྡུང་བ་ནི། མེ་གཞི་བསྐོར་ཏེ་འཆམ་ཐབ་བྱའོ། །བྲོ་འདི་གང་དང་གང་གིས་བྲོ། །བྲོ་འདི་ཕ་བརྒྱུད་དཔའ་བོའི་བྲོ། །ཕ་བརྒྱུད་དཔའ་བོའི་བྲོ་བརྡུང་པས། །ཕྱི་སྟོང་ཉིད་ངང་དུ་ཟངས་སེ་ཟང་། །བར་མཉམ་ཉིད་ངང་དུ་ཕྲི་ལི་ལི། །ནང་ཡེ་ཤེས་ངང་དུ་ཡ་ལ་ལ། །གདོན་འདྲེ་བགེགས་ཀྱི་མགོ་དེར་ཆེམས་སེ་ཆེམ། །བྲོ་འདི་གང་དང་གང་གི་བྲོ། །བྲོ་འདི་མ་བརྒྱུད་དཔའ་མོའི་བྲོ། །མ་རྒྱུད་དཔའ་མོའི་བྲོ་བརྡུང་པས། །ཕྱི་སྟོང་ཉིད༴ བར་མཉམ་ཉིད༴ ནང་ཡེ་ཤེས༴ གདོན་འདྲེ༴ བྲོ་འདི༴ བྲོ་འདི་སངས་རྒྱས་མཁའ་འགྲོའི་བྲོ། །སངས་རྒྱས་མཁའ༴ ཕྱི་སྟོང་ཉིད༴ བར་མཉམ༴ ནང་ཡེ་ཤེས༴ གདོན་འདྲེ༴ བྲོ་འདི་གང་༴ བྲོ་འདི་མཁའ་འགྲོ་སྡེ་ལྔའི་བྲོ། །མཁའ་འགྲོ་སྡེ་ལྔའི་བྲོ་བརྡུང་པས། །ཕྱི་སྟོང་ཉིད༴ བར་མཉམ་ཉིད༴ ནང་ཡེ་ཤེས་ངང་དུ་ཡ་ལ་ལ། །གདོན་འདྲེ་བགེགས་ཀྱིས་མགོ་དེར་ཆེམས་སེ་ཆེམ། །དེ་ཡན་ཆད་དངོས་གཞི་དེ་སོང་ནས། སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ནི། ལྷག་མ་ལ་སོགས་སྤྱི་དཀྱུས་ལྟར་བྱའོ། །སྦྱིན་སྲེག་འདི་ནི་སློབ་དཔོན་པདྨས་དམ་པ་རྒྱ་གར་ལ་གནང་བའི་གཅོད་ཀྱིས་མེ་མཆོད་དང་། ཟབ་དོན་ཐུགས་ཐིག་གི་མེ་མཆོད་དང་། འདོར་པ་ཀུན་དགའ་དཔལ་བས་མཛད་པའི་མེ་མཆོད་དང་ལ་བརྟེན་ནས། གཅོད་ཀྱིས་མེ་མཆོད་གསལ་བྱེད་མེའི་པ་ཏྲ་ཞེས་བྱ་བ་འདི། འཇང་ཆུ་སྔོན་མོའི་གཡས་ཟུར། རི་མོ་ནམ་མཆེད་བརྒྱད་ཀྱི་ཞོལ། རི་ཚར་ཆོས་གླིང་གིས་རི་ཁྲོད་ནས། ཀཿཐོག་པའི་འབངས་ཀྱི་ཐ་མལ་གྱུར་པའི་ཀུ་སུ་ལུ་པུཎྱེ་ལ་ཀྵས་སྦྱར་བ་རེ་ཞིག་རྫོགས་སོ།། །།དགེའོ། །


previousགཅོད་ཀྱི་མེ་མཆོད་གསལ་བྱེད་མེའི་པ་ཏྲ།next