Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མ་ཅིག་གི་བཀའ་སྲུང་ཟངས་རིའི་བཙན་རྒོད་སྤུན་གཉིས་ཀྱི་གཏོར་ཆོག


 
previousམ་ཅིག་གི་བཀའ་སྲུང་ཟངས་རིའི་བཙན་རྒོད་སྤུན་གཉིས་ཀྱི་གཏོར་ཆོགno next

མ་ཅིག་གི་བཀའ་སྲུང་ཟངས་རིའི་བཙན་རྒོད་སྤུན་གཉིས་ཀྱི་གཏོར་ཆོག

༅། །མ་ཅིག་གི་བཀའ་སྲུང་ཟངས་རིའི་བཙན་རྒོད་སྤུན་གཉིས་ཀྱི་གཏོར་ཆོག་བཞུགས། ཡུམ་ཆེན་ཌཱཀྐིའི་ཚོགས་ལ་ཕྱག་འཚལ་ལོ། །མ་ཅིག་གི་བཀའ་སྲུང་ཟངས་རིའི་བཙན་རྒོད་སྒྲུབས་ཐབས་ལས་བྱང་སྦྱོར་དངོས་རྗེས་གསུམ་ནི། རྣལ་འབྱོར་པ་གཉན་ས་རི་ཁྲོད་འགྲིམས་པའི་དུས་བློ་བུར་དགྲ་བྱུང་ཞིང་ཏིང་ངེ་འཛིན་གཏོར་བས་ལྟས་ངན་ཆོ་འཕྲུལ་བློ་བུར་བཏང་བར་འདོད་ན་རིན་པོ་ཆེ་ཟངས་ག་མཚལ་དང་ར་ཁྲག་གི་ལིངྒ་དང་སྒྲུབ་གཏོར་བཅའ་བར་བྱས་ལ། མདུན་བསྐྱེད་བྱ་བ་ནི། རང་ཉིད་རྗེ་བཙུན་མ་བསྒོམ་པའི་སྤྱི་བོར་མ་ཅིག་མ་བསྐྱེད་ཅིང་ཐུགས་ཀའི་ཛཿདམར་པོ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས་མདུན་དུ་ཟངས་རིའི་བཙན་རྒོད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཟངས་ཀྱི་མདུང་དར་བསྣམས་པ། ཆིབས་སུ་ཟངས་རྟ་དམར་པོ་ལ་བཅིབས་པ། སྐུ་ལ་ཟངས་ཁྲབས་གསོལ་བ། དབུ་ལ་ཟངས་རྨོག་བྱ་རུ་བཙུགས་པ། བཙན་ཆས་འཁོར་གསུམ་གསོལ་བ། མི་དམར་སྔོན་ནས་འགྲོ་བ། ཁྱི་དམར་རོལ་དུ་ཁྲིད་པ། བྱ་དམར་ཀླད་ནས་ལྡིང་བ། དེ་འདྲའི་འཁོར་ཚོགས་སྤྲུལ་པ་དཔག་ཏུ་མེད་པས་ཕྲིན་ལས་སྒྲུབ་པར་བསྒོམ། ༀ་ཙ་ཏྲི་ཧུར་ཐུམ་ཕཊ། འབོད་སྔགས་སོ། །ༀ་ཙ་ཏྲི་ཧུར་ཐུམ་མ་ར་ཡ་རྦད་ཕཊཿ རྦད་སྔགས་སོ། །ༀ་ཙ་ཏྲི་ཧུར་ཐུམ་ཛ་ཏྲི་ནན། ༀ་ཙ་ཏྲི་ཧུར་ཐུམ་ཏྲིལ་རྦད་སོད་སྭཱ་ཧཱཿ འགུགས་པ་གོང་དུ་སོང་བས་འདིར། ནྲི་ཏྲི་བཛྲ་ཨངྐུ་ཤ་ཛ་ཛཿཧཱུྃ་བཾ་ཧོཿ བརྗོད་ལ་ཌཱ་འུར་བཅས། བདེན་པ་བདར་གུ་གུལ་བདུག་ལ་གཏོར་མ་ཉ་བོ་རྣམས་བཀའ་སྲུང་ལ་མཆོད་ཅིང་། ར་ཙ་ཧུར་ཐུམ་ཨེ་དམ་བྷ་ལིངྟ་ཁ་ཁི་ཁཱ་ཧི། ཧཱུྃ། ཟངས་རི་མཁར་དམར་གྱི་དགོན་པ་ན། །སྲོག་ཟན་ཤན་པ་མཆེད་གཉིས་ནི། །བཙན་རྒོད་འབར་བ་མདུང་ཐུང་ཅན། །ཆིབས་སུ་བཙན་རྟ་དམར་པོ་བཅིབས། །སྐུ་ལ་བསེ་ཁྲབ་དམར་པོ་གསོལ། །དབུ.ལ་བསྭེ་རྨོག་དམར་པོ་མནབ། །རྨོག་ཕོར་བྱ་རྒོད་དང་རུ་བཙུག །གླད་ན་བྱ་དམར་ལིངས་སེ་ལིང་། །སྔོན་ན་མི་དམར་བྲེངས་སེ་བྲེང་། །ཕྱི་ནས་ཁྱི་དམར་ཁེངས་སེ་ཁེང་། །བཙན་ཆས་འཁོར་གསུམ་ཁྲ་ལ་ལ། །མདུང་དར་དམར་པོ་ལྷབས་སེ་ལྷབ། །བཙན་རྟ་དམར་པོ་ཟིངས་སེ་ཟིང་། །བཙན་ཁྱི་དམར་པོ་ཁེངས་སེ་ཁེང་། །བཙན་ཞགས་དམར་པོ་རྒྱངས་སེ་རྒྱང་། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །སྔོན་ཚེ་ཡུམ་གྱི་བཀའ་ལུང་བཞིན། །སྡང་བྱེད་དགྲ་ལ་རྟག་ཕྱུང་ཅིག །གནོད་བྱེད་བགེགས་ལ་ལས་མཛོད་ཅིག །རི་ཁྲོད་འགྲིམས་པའི་མཐུན་རྐྱེན་གྱིས། །སྟོང་ཉིད་བསྒོམ་པའི་ཡོན་བདག་མཛོད། །མོས་གུས་ཅན་གྱི་བུ་སློབ་སྐྱོངས། །གནོད་ཅིང་འཚེ་བའི་དགྲ་བགེགས་ཐུལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ༀ་ཙ་ཏྲི་ཧུར་ཐུམ་ཨེ་དམ་བྷ་ལིངྟ་ཁ་ཧི་ཁཱ་ཧི། ཌཱ་འུར་སུམ་བཅད་ཀྱིས་བཞག །སྔོན་ཚེ་མ་ཅིག་ལབ་སྒྲོན་སྤྱན་སྔ་རུ། །ཚུལ་བཞིན་སོགས། གང་ཞིག་ཡིད་ལ་སོགས། ཆད་ཐོ་བྱ། འདི་ཡན་གཏོར་འབུལ་ནང་ནུབ་བྱས་ན་ལུས་དང་གྲིབ་མ་བཞིན་དུ་འོང་བའོ། ༈ །འདི་མན་ཆད་ལྷག་མའི་གཏོར་མ་དགྲ་ཕྱོགས་སུ་གྲུ་གསུམ་ནང་དུ་ཐུན་གྱི་བྲབ་ཅིང་ལིངྒ་མེ་ལ་སྲེགས། ཕ་རོལ་པོའི་སྔགས་པ་དང་འགྲས་ན་བྲི་ཐབས་བསད་སྔགས་འདིའོ། །ཚེས་ཞབས་སུ་མནན་ན་གཉན། རྒྱུག་སྔགས་ནི། ཧཱུྃ། ཟངས་རི་མཁར་དམར་གྱི་དགོན་པ་ནས། །བཙན་རྒོད་འབར་བ་མདུང་ཐུང་ཅན། །དགྲ་ལ་དམག་སྣ་དྲོངས་དུ་གསོལ། །དགྲ་མཁར་ཐོག་གིས་བསྒྱེལ་དུ་གསོལ། །དགྲ་ཡུལ་སེར་བས་ད་ཕུད་ཅིག །དགྲ་བོའི་ཁང་ཁྱིམ་ཐན་གྱི་ཁེངས་པར་གྱིས། །དགྲ་བོའི་ཕ་ཚན་ད་ཕྱེས་ཤིག །བུ་ཚ་མ་ཚན་ད་ཕྱེས་ཤིག །དགྲ་ལ་གཟེར་ནད་ད་ཐོངས་ཅིག །དགྲ་ལ་ཞ་གྲུམ་ད་ཐོང་ཅིག །སྙིང་གི་སྒོ་ང་ད་ཆོག་ཅིག །སེམས་ཀྱི་མར་མེ་ད་སོད་ཅིག །རྒྱུག་སྒོ་དགྲ་ལ་ད་ཕྱེས་ཤིག །ལོ་རོ་དགྲ་ལ་ད་ཕོབས་ཅིག །མ་ཅིག་ལབ་སྒྲོན་བཀའ་ལུང་བཞིན། །དམ་ཚིག་ཚུལ་བཞིན་གཉེར་འདི་གཏད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ༀ་ཙ་ཏྲི་ཧུར་ཐུམ་ཏྲིལ་རྦད་སོད་ཕཊཿ མ་ཅིག་བཀའ་སྲུང་ཟངས་རི་བཙན་རྒོད་ཀྱིས་ལས་བྱང་འབོད་རྦད་བསད་གསུམ་སྔགས་དང་བཅས་པ་རྫོགས་སོ།། །།མངྒ་ལཾ། ཀུན་དགའ་འབུམ་གྱི་གཅོད་པོད་ནང་ནས་མ་ཇི་བཞིན་བཤུས།


previousམ་ཅིག་གི་བཀའ་སྲུང་ཟངས་རིའི་བཙན་རྒོད་སྤུན་གཉིས་ཀྱི་གཏོར་ཆོགno next