cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཞེ་གཅིག་པ།

གླེགས་བམ། དི༽

མི་ཕམ་འཇམ་དབྱངས་རྣམ་རྒྱལ། འཇམ་དབྱངས་བློ་གྲོས་རྒྱ་མཚོ། རབ་གསལ་ཀུན་དགའ་དྷརྨ་ཤྲཱི། ལེགས་བཤད། འགྱུར་མེད་རྡོ་རྗེ། བཛྲཱ་ཀྵ་ར། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། འཇིགས་བྲལ་ཡེ་ཤེས་རྡོ་རྗེ། བློ་གྲོས་མཐའ་ཡས། དྷརྨ་ཤྲཱི། པདྨ་བཛྲ། ཀུན་མཁྱེན་ཀློང་ཆེན་རབས་འབྱམས། ཨ་ཛི་ཏ་བི་ཛ། དྷརྨ་ཀིརྟི། རཱ་ག་ཨ་སྱ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ།

འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ་བཞུགས་སོ། །ལས་གང་ཞིག་རྩོམ་པ་ན་ཐོག་མར་འདི་ཚར་གཅིག་བརྗོད་ན་གྲུབ་པ་བདེ་བ་ཡིད་བཞིན་དུ་བྱེད་པར་འགྱུར་བས་ཅི་ནས་ཡིད་ལ་བྱའོ། །ༀ། སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས། །ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག །སྒྲོན་མེའི་རྒྱལ་བོ་རྩལ་བརྟན་དོན་གྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམ་མཛད་པ་རྩལ་རབ་གྲགས་དཔལ་ཏེ། །མཚན་ཙམ་ཐོས་པའི་བཀྲ་ཤིས་དཔལ་འཕེལ་བ། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། །སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་། །ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་། །ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང་། །འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་། །རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང་། །ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་ཅན། །པི་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ། །འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ། །གེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། །འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ལྡང་ཚེ་བརྗོད་ན་དེ་ཉིན་དོན་ཀུན་འགྲུབ། །ཉལ་ཚེ་བརྗོད་ན་རྨི་ལམ་བཟང་པོར་མཐོང་། །གཡུལ་དུ་འཇུག་ཚེ་བརྗོད་ན་ཕྱོགས་ལས་རྒྱལ། །བྱ་བ་རྩོམ་དུས་བརྗོད་ན་འདོད་དོན་འཕེལ། །རྒྱུན་དུ་བརྗོད་ན་ཚེ་དཔལ་གྲགས་འབྱོར་ཤིས། །བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ། །སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཀྱི། །དོན་ཀུན་འགྲུབ་པར་རྒྱལ་བ་མཆོག་གིས་གསུངས། །རབ་ཚེས་མེ་སྤྲེལ་ཟླ་༥ཚེས་༣གཟའ་ཉི་མ་དང་རྒྱུ་སྐར་རྒྱལ་གྱི་དུས་བཟང་པོའི་ཆ་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཡིད་མཚོ་ལས་བྱུང་བ་ནོར་བུའི་དོ་ཤལ་ཆེན་པོ་མངྒ་ལཾ། །དགེ་ལེགས་ཆེར་འཕེལ།། སླར་སྨྲས་པ། བཀྲ་ཤིས་ཚིགས་བཅད་སྤར་བསྐྲུན་བྱས་པའི་མཐུས། །བཀྲ་མི་ཤིས་པའི་རིགས་ཀུན་ཞི་བ་དང་། །བཀྲ་ཤིས་སྣོད་བཅུད་ཀུན་ལ་ཁྱབ་པ་ཡིས། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་རྒྱས་གྱུར་ཅིག །ཅེས་པའང་རྣམ་དཀར་བགྱིས་པ་པོས་སྨྲས་པའོ།།

བཀྲ་ཤིས་བརྒྱད་པའི་མཆོད་ཆོག་བདུད་རྩིའི་གཏེར་བུམ།

ཨ མྲྀ ཏ ནི དྷི ཀུ མྦྷ ཨ ཥྚ མ ངྒ ལཾ སྱ པཱུ ཛ ནཱ མ ཏི སྨ།
བཀྲ་ཤིས་བརྒྱད་པའི་མཆོད་ཆོག་བདུད་རྩིའི་གཏེར་བུམ་ཞེས་བྱ་བ་བཞུགས།ༀ་སྭ་སྟི་བི་ཛ་ཡནྟུ།
ལས་གང་ཞིག་རྩོམ་པའི་ཐོག་མར་དཀོན་མཆོག་གི་རྟེན་གྱི་སྤྱན་སྔར་ཅི་འབྱོར་བའི་མཆོད་པ་བཤམས་ལ། སྐྱབས་སེམས་སྔོན་དུ་འགྲོ་བས། མཆོག་གསུམ་ཚོགས་གཉིས་ཆོས་དབྱིངས་བདེན་སྟོབས་ཀྱིས། །སྣོད་བཅུད་དག་པའི་ཞིང་གི་འབྱོར་པའི་དབུས། །རིན་ཆེན་གཞལ་མེད་བཀོད་མཛེས་གདན་ཁྲི་དང་། །ཕུལ་བྱུང་མཆོད་པའི་སྤྲིན་གྱིས་མཛེས་གྱུར་ཅིག །མཆོད་པའི་སྤྲིན་གཟུང་དང་རྟེན་སྙིང་བཟླ། མཚན་ཙམ་ཐོས་པས་བཀྲ་ཤིས་དཔལ་འཕེལ་བའི། །རྒྱལ་དང་དེ་སྲས་སེམས་དཔའ་སེམས་མའི་ཚོགས། །འཇིག་རྟེན་སྐྱོང་བ་སྡེ་དང་བཅས་པ་རྣམས། །ཐུགས་རྗེ་ཐུགས་དམ་དབང་གིས་འདིར་གཤེགས་ཤིང་། །གཙང་སྦྱར་མཆོད་ཡོན་དག་བྱེད་ཁྲུས་ཀྱི་ཆབ། །རྣམ་བཀྲའི་རྒྱན་ཆས་ཡིད་འོང་གདན་ཁྲིར་བཅས། །གུས་པས་འབུལ་ལོ་ཅི་བདེར་བཞེས་ནས་ཀྱང་། །བརྟན་པར་བཞུགས་ལ་བཀྲ་ཤིས་འཕེལ་བར་མཛོད། །ཞེས་སྤྱན་དྲངས་ནས་མདུན་རྟེན་དང་ཐ་མི་དད་དུ་བཞུགས་པར་མོས་ལ། ༀ། སྣང་སྲིད་རྣམ་དག་ཆོས་དབྱིངས་གཞལ་ཡས་སུ། །རང་བྱུང་ཡེ་ཤེས་འཇམ་དཔལ་གཞོན་ནུའི་སྐུ། །ཡིད་འོང་ཉི་མ་འཆར་ཀའི་ལང་ཚོ་ཅན། །དང་པོའི་ཕྱག་གཉིས་རལ་གྲི་ཨུཏྤ་ལ། །ཐ་མའི་ཕྱག་གཉིས་ནོར་བུ་བུམ་བཟང་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་གིས། །རབ་མཛེས་པདྨ་ཟླ་བའི་གདན་སྟེང་ན། །དཔག་བསམ་ཤིང་ལ་སྐུ་རྒྱབ་བརྟེན་ནས་བཞུགས། །བཀྲ་ཤིས་ལྷ་མོ་བརྒྱད་ལ་སོགས་པ་ཡིས། །རབ་འབྱམས་མཆོད་པའི་སྤྲིན་གྱིས་མཁའ་དབྱིངས་འགེངས། །དྲན་པ་ཙམ་གྱིས་ཕུན་ཚོགས་དཔལ་ཡོན་ཀུན། །ཡིད་བཞིན་ལེགས་པར་སྩོལ་བའི་བདག་ཉིད་ལ། །མ་ལུས་ཕྱོགས་དུས་ཞིང་གི་རྒྱལ་བ་དང་། །རྒྱལ་བ་སྲས་བཅས་ཏིལ་གང་ལྟར་བཞུགས་པས། །མེ་ཏོག་ཆར་འབེབས་ཤིས་པའི་གླུ་དབྱངས་སྒྲོགས། །ཡེ་ཤེས་འོད་ཟེར་འབར་བས་མཁའ་ཁྱབ་གསལ། །ཞེས་གསལ་གདབ། དེ་ནས་ཕྱག་མཆོད་སོགས་འབུལ་བ་ནི། ༀ། སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས། །ཀུན་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་གྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམ་མཛད་པ་རྩལ་རབ་གྲགས་དཔལ་ཏེ། །མཚན་ཙམ་ཐོས་པའི་བཀྲ་ཤིས་དཔལ་འཕེལ་བ། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། །སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་། །ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་། །ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང་། །འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་། །རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང་། །ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་ཅན། །པི་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ། །འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །དྲི་མེད་ཡིད་འོང་ལྷ་རྫས་བཀོད་པའི་ཆར། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཡི་མཆོག །ཞལ་ཟས་རོལ་མོ་རྣམ་ལྔའི་འདོད་ཡོན་རྫས། །བཀྲ་ཤིས་རྟག་རྫས་རྒྱལ་སྲིད་རིན་ཆེན་བདུན། །ཉེ་བའི་རིན་ཆེན་བདུན་དང་གླུ་གར་མ། །མཛེས་སྡུག་བཀོད་པའི་རོལ་མོ་མཐའ་ཡས་པ། །འབུལ་ལོ་བཞེས་ནས་བཀྲ་ཤིས་འཕེལ་བར་མཛོད། །བདག་གཞན་ཐོགས་མེད་དུས་ནས་ད་ལྟའི་བར། །མི་ཤེས་ཉོན་མོངས་སྒྲིབ་པའི་ཚོགས་ཀུན་བཤགས། །བསོད་ནམས་ཀུན་ལ་དགའ་བས་ཡི་རངས་ཤིང་། །ཆོས་འཁོར་བསྐོར་བཞིན་རྟག་པར་བཞུགས་གསོལ་འདེབས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་རྣམས། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བྱེད་ཅིང་། །རྒྱལ་བ་སྲས་བཅས་དགྱེས་པའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་བཟུང་བར་བགྱི། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །ཐུགས་དམ་མ་བསྙེལ་དགོངས་པའི་རྩལ་བསྐྱེད་ལ། །ཇི་ལྟར་གསོལ་བཏབ་འབྲས་བུ་མཆིས་པར་མཛོད། །བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ། །གེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། །འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ཅེས་ལན་གསུམ་སོགས་ཅི་རིགས་དང་། ཨེ་མ་ཧོ། རང་བྱུང་ཐུགས་རྗེའི་བདག་ཉིད་བཅོམ་ལྡན་འདས། །མཁྱེན་བརྩེ་ནུས་པ་མཚུངས་མེད་རྡོ་རྗེའི་སྐུ། །མ་ལུས་འགྲོ་བའི་གཏན་གྱི་མགོན་གྱུར་པ། །སྐྱབས་མཆོག་དམ་པ་བདག་ལ་དགོངས་སུ་གསོལ། །ཁྱོད་ནི་རང་བྱུང་ཡེ་ཤེས་བདེ་བ་ཆེ། །མ་ལུས་འགྲོ་ཀུན་ཁྱོད་ཀྱི་ངང་གྱུར་ཀྱང་། །མི་ཤིས་རྒུད་པས་མནར་བ་བདག་ཅག་ལ། །དེང་ནས་རྟག་པ་དམ་པའི་མཆོག་སྩོལ་ཅིག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་བླ་མེད་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ་མཚན་ལྡན། །དབུགས་འབྱིན་ཆེན་པོ་དགའ་སྟོན་རྒྱ་ཆེ་བ། །དགའ་ཆེན་རོལ་མོ་ཆེན་པོས་དབུགས་དབུང་སྩོལ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག་གྱུར་པ། །མཆོད་སྦྱིན་རྡོ་རྗེས་བདག་ལ་མ ཆོག་སྩོལ་ཅིག །དེ་བཞིན་གཤེགས་པ་ཀུན་གྱི་ཡེ་ཤེས་སྐུའི། །ཡེ་ཤེས་རྡོ་རྗེའི་དབང་བསྐུར་བདག་ལ་སྩོལ། །འདོད་འབྱུང་དེ་བཞིན་ནོར་བུ་ཆེན་པོ་འཆང་། །དཔག་བསམ་ཤིང་ཆེན་རྒྱས་པ་འགྲོ་ཀུན་གསོས། །ཁྱབ་བདག་རིན་ཆེན་ཀུན་མཆོག་དབུལ་བ་སེལ། །བུམ་བཟང་ཆེ་མཆོག་བདག་ལ་དཔལ་གྱུར་ཅིག །དེངས་ནས་བླ་མེད་བྱང་ཆུབ་མ་ཐོབ་པའི། །ཚེ་རབས་ཀུན་ཏུ་ཁྱོད་ཀྱིས་རྗེས་བཟུང་སྟེ། །མི་མཐུན་རྒུད་པ་ཐམས་ཅད་རྒྱུན་ཆད་ནས། །དཔལ་དང་སྐལ་བཟང་བཀྲ་ཤིས་བདེ་ལེགས་མཛོད། །ཅེས་དང་། སྤྲོ་ན། ཉིན་པར་བཀྲ་ཤིས་བགེགས་ཞི་བསམ་དོན་འགྲུབ། །མཚན་མོར་བཀྲ་ཤིས་རྨི་ལམ་བཟང་དགུ་མཐོང་། །དུས་ཀུན་བཀྲ་ཤིས་སྙན་གྲགས་རླུང་རྟ་སྤེལ། །རྣམ་ཀུན་བཀྲ་ཤིས་བདེ་ལེགས་འཕེལ་བར་མཛོད། །ལྷ་ཡི་བཀྲ་ཤིས་ངོ་མཚར་འབྲུག་སྒྲ་སྒྲོགས། །ཀླུ་ཡི་བཀྲ་ཤིས་དཔལ་འབྱོར་མཚོ་ལྟར་བསྐྱིལ། །མི་ཡི་བཀྲ་ཤིས་དཀར་ཆོས་རྣམ་པར་འཕེལ། །ཀུན་ཀྱང་བཀྲ་ཤིས་ཆོས་སྲིད་བརྟན་པར་མཛོད། །བླ་མའི་བཀྲ་ཤིས་བྱིན་རླབས་སྤྲིན་ཕུང་འཁྲིགས། །ཡི་དམ་བཀྲ་ཤིས་གྲུབ་གཉིས་ཆར་དུ་བསྙིལ། །མཁའ་འགྲོའི་བཀྲ་ཤིས་འཕྲིན་ལས་རྩི་སྨན་རྒྱས། །རྩ་གསུམ་བཀྲ་ཤིས་དོན་གཉིས་ལྷུན་གྲུབ་མཛོད། །སངས་རྒྱས་བཀྲ་ཤིས་སྤངས་རྟོགས་བཅུད་ཀྱིས་གཏམ། །དམ་ཆོས་བཀྲ་ཤིས་བདེན་གཉིས་འདོད་པ་འཇོ། །དགེ་འདུན་བཀྲ་ཤིས་ཉེས་པའི་གདུང་ཀུན་སེལ། །མཆོག་གསུམ་བཀྲ་ཤིས་སྲིད་ན་བརྟན་པར་མཛོད། །ཆོས་སྐུའི་བཀྲ་ཤིས་ཟག་མེད་གཏེར་གྱི་འབྱོར། །ལོངས་སྐུའི་བཀྲ་ཤིས་རྟག་བརྟན་ལྷུན་གྱིས་གྲུབ། །སྤྲུལ་སྐུའི་བཀྲ་འདུལ་བཞིའི་ཕྲིན་ལས་རྒྱས། །སྐུ་གསུམ་བཀྲ་ཤིས་འབད་མེད་ལྷུན་གྲུབ་མཛོད། །སོ་ཐར་བཀྲ་ཤིས་ངེས་འབྱུང་ཞིང་ས་གཤིན། །བྱང་སེམས་བཀྲ་ཤིས་གཞན་ཕན་མྱུ་གུ་རྒྱས། །གསང་སྔགས་བཀྲ་ཤིས་རིམ་གཉིས་འབྲས་བུས་ཕྱུག །སྡོམ་གསུམ་བཀྲ་ཤིས་བསླབ་གས་གོང་འཕེལ་མཛོད། །ཐོག་མར་བཀྲ་ཤིས་གཞི་རྒྱུད་བཻ་ཌཱུརྻ། །གསང་སྔགས་བཀྲ་ཤིས་རིམ་གཉིས་འབྲས་བུས་ཕྱུག །སྡོམ་གསུམ་བཀྲ་ཤིས་བསླབ་གས་གོང་འཕེལ་མཛོད། །ཐོག་མར་བཀྲ་ཤིས་གཞི་རྒྱུད་བཻ་ཌཱུརྻ། །བར་དུ་བཀྲ་ཤིས་ལམ་རྒྱུད་བྱི་དོར་མཁས། །ཐ་མར་བཀྲ་ཤིས་འབྲས་རྒྱུད་འདོད་པ་འཇོ། །དུས་གསུམ་བཀྲ་ཤིས་རྟག་བརྟན་ལྷུན་གྲུབ་མཛོད། །བླ་མའི་བཀྲ་ཤིས་སྨིན་གྲོལ་གདམས་ཟབ་འཇོ། །སློབ་མའི་བཀྲ་ཤིས་དད་དམ་རྣམ་པར་དག །བླ་སློབ་བཀྲ་ཤིས་བཤད་སྒྲུབ་ཕྱོགས་སུ་འགྲིགས། །རྒྱལ་བསྟན་བཀྲ་ཤིས་སྲིད་མཐར་འཕེལ་རྒྱས་མཛོད། །སྣོད་ཀྱི་བཀྲ་ཤིས་དགེ་བཅུ་གཡང་དུ་འཁྱིལ། །བཅུད་ཀྱི་བཀྲ་ཤིས་ཚེ་དཔལ་འབྱོར་ཚོགས་རྒྱས། །སྣོད་བཅུད་བཀྲ་ཤིས་རྟེན་འབྱུང་གཅིག་ཏུ་ཚོགས། །ཐར་གྲོལ་བཀྲ་ཤིས་འབྲས་བུས་འབྱོར་པར་མཛོད། །མཆོད་གནས་བཀྲ་ཤིས་བསྡུ་བཞིའི་ཕྲིན་ལས་རྒྱས། །ཡོན་བདག་བཀྲ་ཤིས་སྡེ་བཞིའི་མངའ་ཐང་དར། །མཆོད་ཡོན་བཀྲ་ཤིས་རྣམ་དཀར་འབྲས་བུས་ཕྱུག །ཀུན་ཀྱང་བཀྲ་ཤིས་བདེ་ལེགས་འཕེལ་རྒྱས་མཛོད། །ཅེས་འདོད་པའི་དོན་ལ་གསོལ་བ་གདབ། །སྐབས་འདིར་སྤྲོ་ན། བཀྲ་ཤིས་པའི་གསོ་སྦྱོང་དང་། བྱང་སྡོམ་སྤྱི་ལྟར་ལེན། གང་ལྟར་ཡང་མཐར། ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དང་། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམས། །ཡོན་ཏན་ཆེན་པོ་འཇིག་རྟེན་གཙོ་ལ་འབུལ། །མཆོག་གི་མཆོད་པ་དམ་པ་བཞེས་སུ་གསོལ། །མཆོད་གཟུངས་བཟླ། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་དཔལ་གྱུར་བ། །གྲགས་པའི་བཀྲ་ཤིས་སྙན་གྲགས་ཆེན་པོ་དགེ། །དབུགས་འབྱིན་ཆེན་པོ་རྒྱལ་བ་སྲས་བཅས་ལ། །གུས་པས་བསྟོད་དོ་འདོད་དགུའི་དངོས་གྲུབ་རྩོལ། །རྟག་པར་དགེ་བའི་བཤེས་ཀྱི་རྗེས་བཟུང་ཞིང་། །ཚུལ་གནས་ཐོས་བསམ་བསྒོམ་པའི་ཡོན་ཏན་རྫོགས། །རྨད་བྱུང་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་གྱིས། །བསྟན་འགྲོའི་དོན་ཆེན་འགྲུབ་པར་མཛད་དུ་གསོལ། །བདེ་གཤེགས་སྲས་བཅས་ཀུན་གྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བར། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེད་ལ་དད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། །ནད་གདོན་དབུལ་འཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིག །ཚེ་རབས་ཀུན་ཏུ་ཆོས་ལ་སྤྱོད་གྱུར་ཅིག །རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་རྒྱས་གྱུར་ཅིག །འགྲོ་ཀུན་ཕྱམས་ཤིག་སངས་རྒྱས་ཐོབ་པར་ཤོག །ཅི་ལྟར་རིགས་པའི་འདོད་དོན་གསོལ་ཞིང་། སྤྲོ་ན་མདུན་གྱི་ཚོགས་རྟེན་རྣམས་ཀྱིས་ཤིས་བརྗོད་ཀྱི་མེ་ཏོག་གཏོར་བར་མོས་ལ། འཇམ་མགོན་བླ་མའི་གསུང་བཀྲ་ཤིས་མཆོག་གྲུབ་ཀྱང་བཀླག་ཅིང་མེ་ཏོག་གི་ཆར་བསྙིང་བར་བྱའོ། །རྗེས་ནོངས་པ་བཟོད་གསོལ་སོགས་སྤྱི་ལྟར་བྱའོ། །དེ་ལྟར་བགྱིས་པའི་ཕན་ཡོན་ཡང་། །ལྡང་ཚེ་བརྗོད་ན་དེ་ཉིད་དོན་ཀུན་འགྲུབ། །ཉལ་ཚེ་བརྗོད་ན་རྨི་ལམ་བཟང་པོ་མཐོང་། །གཡུལ་དུ་འཇུག་ཚེ་བརྗོད་ན་ཕྱོགས་ལས་རྒྱལ། །བྱ་བ་རྩོམ་དུས་བརྗོད་ན་འདོད་དོན་འཕེལ། །རྒྱུན་དུ་བརྗོད་ན་ཚེ་དཔལ་གྲགས་འབྱོར་ཤིས། །བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ། །སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཀྱི། །དོན་ཀུན་འགྲུབ་པ་རྒྱལ་བ་མཆོག་གིས་གསུངས། །ཞེས་པའི་ཚུལ་ལ་སྤྲོ་བ་བསྐྱེད་དེ་རྟག་ཏུ་བརྩོན་པར་བྱའོ། །ཞེས་པའང་བྱ་བྲལ་བ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་གསུང་ལས་བཏུས་ཏེ་བརྒྱད་བདེ་གཤེགས་འདུས་པའི་ཚོགས་ཁང་རང་བྱུང་བྲག་གི་ཀེའུ་ཚང་དུ་བྲིས་པ་དགེ། །།

ས་ཆོག་དཔལ་གྱི་གཞི་འཛིན།

༄༅༅། །ས་ཆོག་དཔལ་གྱི་གཞི་འཛིན་བཞུགས། ན་མོ་གུ་རུ་ཀྵི་ཏི་གརྦྷཱ་ཡ། གང་དུ་དཀྱིལ་འཁོར་སོགས་བྱ་བ་ལ་ཐོག་མར་ས་བརྟག་པ་བྱས་ནས་རུང་བར་མཐོང་ན། སྣང་བ་ཕྱོགས་དེར་དབང་བའི་མི་རྣམས་ལ་ཡོན་སོགས་བྱིན་ནས་གནས་དེར་བསླང་དགོས་ཀྱང་རང་གིར་གྱུར་པའི་ས་ཕྱོགས་སུ་དེ་ལྟར་མི་དགོས་མོད་ཀྱི། སྔར་དུལ་བའི་ས་ཕྱོགས་ཡིན་ཡང་མི་སྣང་བ་སའི་བདག་པོ་མི་མ་ཡིན་པ་རྣམས་ལས་བསླང་བའི་ས་ཆོག་སོགས་མཛད་སྲོལ་ཡོད་པ་བཞིན། ཐོག་མར་ལྷ་གང་ཡིན་གྱི་བདག་བསྐྱེད་སྔོན་དུ་བཏང་ནས་དཀྱིལ་འཁོར་གང་དུ་བྱ་བའི་ཕྱོགས་དེར་སོང་ལ། ལྷའི་ང་རྒྱལ་དང་ལྡན་པས་བདག་གིས་ཕྱོགས་འདིར་དཀྱིལ་འཁོར་ཆེན་པོ་བཞེངས་པར་བྱའོ་སྙམ་དུ་བློས་ས་དེ་ཉིད་ཡོངས་སུ་བཟུང་བ་བྱས་ཏེ། ཕྱོགས་དེར་མན་ཌལ་གྱི་དབུས་སུ་དྲི་ཡི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བཀོད་པའི་མདུན་དུ་ཉེར་སྤྱོད་ཀྱི་མཆོད་པ་དང་། དཀར་གཏོར་དང་དམར་གཏོར་བཅས་བཤམས། མདུན་གྱི་མཎྜལ་ལ་བཀོད་པའི་མེ་ཏོག་གི་ཚོམ་བུའི་སྟེང་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་ལ་པྃ་སེར་པོ་ལས་ས་ཡི་ལྷ་མོ་གསེར་གྱི་མདོག་ཅན་ཞི་བའི་ཆ་ལུགས་དང་རྒྱན་གྱིས་མཛེས་པ། ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་ཐུགས་ཀར་བསྣམས་པའི་འཁོར་དུ་དཀར་པོའི་ཕྱོགས་ཀྱི་ས་བདག་ཀླུ་གཉན་ཐམས་ཅད་ཀྱི་ས་བསྐོར་བ་དེའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པ་དང་ཆབས་གཅིག་རང་གི་ལག་གཡས་ས་གནོན་གྱི་ཕྱག་རྒྱ་ས་ལ་གཏད་པས། ས་ཡི་གཏིང་ནས་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་དམ་ཚིག་པ་ལ་ཐིམ་པས་དངོས་སུ་གྱུར། མཆོད་པ་རྣམས་ལ་དམིགས་ཏེ། ༀ་ཨཱཿཧཱུྃ་ལན་གསུམ་བརྗོད་པས། ལྷ་རྫས་ལས་གྲུབ་པའི་མཆོད་པའི་དངོས་པོ་དྭངས་ཤིང་ཐོགས་པ་མེད་པར་བསམ་ལ། ༀ་པྲི་ཐི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧོ། ཞེས་པས་མཆོད་ཡོན་དང་། དེ་བཞིན་དུ། པ་དྱཾ། པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནི་ཝི་ཏེ་ཤཔྟའི་བར་དུ་སྦྱར་ཏེ་མཆོད། དེ་ནས་དཀར་གཏོར་ལ་དམིགས་ཏེ། ༀ་ཨཱཿཧཱུྃ། ཞེས་ལན་གསུམ་བརྗོད་པས། གཏོར་མ་འདོད་པའི་ཡོན་ཏན་ལྔ་ཟད་མི་ཤེས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ས་ཡི་ལྷ་མོ་འཁོར་བཅས་ཀྱི་ལྗགས་ལས་འོད་ཟེར་བྱུང་བས་གཏོར་མའི་བཅུད་གསོལ་བས་དགྱེས་པར་བསམ། ༀ་པྲི་ཐི་དེ་ཝཱི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ་ལ། མཁྱེན་པར་གསོལ་བ་ནི། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པ་ཡི་ནི་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་འབྲི། །ཞེས་ལན་གསུམ་མམ་གཅིག་བརྗོད་ཅིང་། བདག་ཅག་རྣམས་ཀྱིས་ས་ཕྱོགས་འདིར། །ལྷ་ཆྒཻ་མོའི་དཀྱིལ་འཁོར་ཆེན་པོ་འབྲི་བར་འཚལ་ན་སའི་ཕྱོགས་འདི་བདག་ལ་གནང་བ་དང་དངོས་གྲུབ་ཀྱང་སྩལ་དུ་གསོལ། ཞེས་བརྗོད་པས་རིག་པ་འཛིན་པ་ཁྱོད་ཀྱིས་དཀྱིལ་འཁོར་བྲིས་ཤིག་ཅེས་གནང་བ་བྱིན་པར་བསམ། དེ་ནས་སའི་ལྷ་མོ་འཁོར་བཅས་རེ་ཤིག་གཤེགས་གསོལ་མི་བྱ་བར་དཔང་པོའི་ཚུལ་དུ་བཞག་ནས། ས་ཕྱོགས་དེར་གནས་ཤིང་རྒྱུ་བའི་འབྱུང་པོ་གདུག་པ་ཅན་ནག་པོའི་ཕྱོགས་སུ་གྱུར་པ་གང་དག །དཀྱིལ་འཁོར་ལྟ་བ་ལ་མི་དབང་བའི་བགེགས་ཀྱི་ཚོགས་རྣམས་བསྐྲད་པ་ནི། དམར་གཏོར་ༀ་ཨཱཿཧཱུྃ་ལན་གསུམ་གྱིས། གཏོར་མ་བདུད་རྩིའི་རྒྱ་མཚོ་ཟད་པ་མེད་པར་གྱུར་པར་དམིགས་ལ། ༀ་བྷཱུ་མི་པ་ཏི་ས་པ་རི་ཝ་ར་ན་མཿསརྦ་སོགས་ནས་ཁཾ་གྲྀ་ཧྣི་དཾ་བ་ལིཾ་ཏ་སྭཱ་ཧཱ། ལན་གསུམ་གྱིས་བསྔོ་ཞིང་བྱིན་ལ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ངས་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་འབྲི། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་ཚིག་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་པ་གདོན་མི་ཟ། །ཞེས་བརྗོད་དེ་གཏོར་མ་ཕྱིར་དོར་ཞིང་། ཧཱུྃ་བཞི་པའི་སྔགས་ཀྱིས་རོལ་མོའི་སྒྲ་དང་བཅས་ཏེ་ཡུངས་ཀར་འཐོར་བས་ནག་པོའི་ཕྱོགས་ཀྱི་བགེགས་ཐམས་ཅད་བསྐྲད་པར་བསམ། དེ་ནས་ༀ་པྲི་ཐི་དེ་ཝཱི་ས་པ་རི་ཝཱ་ར་བཛྲ་མུཿ ཞེས་བརྗོད་པས། སའི་ལྷ་མོ་འཁོར་དང་བཅས་པ་ལ་ལས་སྒྲུབ་པའི་སྡོང་གྲོགས་བྱེད་པས་དགྱེས་བཞིན་ས་དེ་ཉིད་དུ་ཐིམ་པར་བསམ། སྐབས་འདིར་ས་དབང་དུ་བྱ་བའི་སླད་དུ་ཕུར་གདབ་བྱ་ན། སློབ་དཔོན་གྱི་ལག་གཡོན་པར་ཕུར་པ་ཐོགས་པ། གཡས་པས་རྡོ་རྗེ་ཐོ་བས་ས་ལ་གདབ་པའམ། གདབ་པའི་ཚུལ་བྱས་ལ། ༀ་བཛྲ་མུཏྐ་ར་བཛྲ་ཀཱི་ལ་ཡཱ་ཀོ་ཊཱ་ཡ་ཧཱུྃ་ཕཊ༔ ཞེས་ཕུར་པ་བཏབ་པས་ས་དབང་དུ་བྱས་པར་བསམ། འདི་མ་བྱས་ཀྱང་ཆོག་གོ། །དེ་ནས་ལྟོ་འཕྱེ་ཚུལ་བཞིན་བརྟག་ལ་ས་བརྐོས་ཏེ་ས་པྲ་བརྟག་པར་བྱ་ཞིང་། ས་ཡི་ཟུག་རྔུ་རྣམས་དབྱུང་ནས་སླར་འཐས་པར་བཅག་ལ་དེའི་དབུས་སུ་ཁུང་བུ་བརྐོས་ཏེ་རིན་པོ་ཆེ་སོགས་ཀྱི་གཏེར་སྦ་ཞིང་ཁོད་བསྙམས་ལ། ཅུང་ཟད་ཤར་དང་བྱང་དུ་གཞོལ་བའི་དཀྱིལ་འཁོར་གྱི་གཞི་མེ་ལོང་གི་ངོས་ལྟར་དྭངས་བའི་སྐྱང་ནུར་བྱ། དེ་ནས་སྦྱིན་སྲེག་དང་སྔགས་དང་ཕྱག་རྒྱ་ལྡན་པའི་སྟངས་སྟབས་སྣ་ཚོགས་ཀྱིས་ས་སྦྱངས་ཤིང་མཚོན་ཆ་ལྔས་བསྲུང་བར་བྱས་ལ། ལྷ་རྣམས་ཀྱི་འོད་ས་ལ་བསྟིམས་པས་ས་གཞི་དཀྱིལ་འཁོར་གྱི་རང་བཞིན་དུ་བསམ་པས་ཡོངས་སུ་བཟུང་བ་རྣམས་རྒྱས་པར་གཞན་ལས་ཤེས་པར་བྱ་ཞིང་། དེ་ཙམ་མི་དགོས་པའི་རིགས་ལ་ས་སྦྱང་བ་མདོར་བསྡུས་པ་ནི། རང་གི་ལག་མཐིལ་གཡས་པར་ཡི་གེ་ཧཱུཾ་བསྒོམ་པ་ལས་འོད་འཕྲོས་པས་ས་ཡི་ཟུག་རྔུ་སོགས་ཉེས་སྐྱོན་ཐམས་ཅད་བསལ་བར་བསམ་ལ། ལག་པས་ས་གཞི་དེར་ཆག་ཆག་བྱ་བའམ། དེའི་ཚུལ་བྱས་ལ། ༀ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཞེས་ཉེར་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་པས་སྦྱང་། དེ་ནས་ས་གཞི་དེ་ནམ་མཁའི་རང་བཞིན་དུ་སྟོང་པར་དམིགས་ལ། ༀ་བྷྲཱུ་ཁཾ་ཞེས་ཅི་རིགས་བརྗོད་དོ། །དེའི་ངང་ལས་ས་གཞི་རྡོ་རྗེའི་རང་བཞིན་ཅན་བྱུང་བའི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རྡོ་རྗེའི་ར་བ་དང་གུར་ལ་སོགས་པ་སྲུང་བའི་འཁོར་ལོས་ཡོངས་སུ་གཏམས་ཏེ་བར་ཆད་གང་གིས་ཀྱང་མི་ཚུགས་པའི་རང་བཞིན་དུ་བསམ་ལ། ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །དེ་ནས་ལྷའི་འོད་ཀྱིས་ས་ཕྱོགས་ཐམས་ཅད་དཀྱིལ་འཁོར་གྱི་རང་བཞིན་དུ་མོས་པའང་སྤྲོ་ན་བྱའོ། །དེ་ནས་དཀྱིལ་འཁོར་བཞེངས་པའི་སྟ་གོན་དུ། ཕུར་བུ་སྲད་བུ་ཚོན་ཕྱེ་བུམ་པ་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱས་ལ། སློབ་དཔོན་ལ་དཀྱིལ་འཁོར་བཞེངས་པར་གསོལ་བ་བཏབ་པ་སྤྲོ་ན་བྱ། རང་ཉིད་ལྷའི་ང་རྒྱལ་གྱིས་སྔགས་ཅུང་ཟད་བཟླས་ནས་ལག་པ་བཀྲུས་ལ་བ་ཡི་རྣམ་ལྔ་དང་དྲི་བཟང་སྦྱར་བས་དཀྱིལ་འཁོར་གྱི་གཞིར་ལག་པ་གཡས་པས་གཡོན་སྐོར་གྱི་ཚུལ་དུ་བྱུགས་ལ་ལག་པ་མ་བཏེགས་པར་མེ་ཏོག་དོར་བས་སྐད་ཅིག་གིས་གཞལ་ཡས་ཁང་སྲུང་བའི་འཁོར་ལོ་དང་བཅས་པར་བསྒོམ། དབུས་སུ་དྲིའི་ཐིག་ལེ་གྲུ་བཞིའི་སྟེང་དུ་མེ་ཏོག་གི་ཚོམ་བུ་བཞག་སྟེ་ལྷ་གང་ཡིན་གྱི་རྩ་སྔགས་བརྗོད་པས། སྐད་ཅིག་གིས་དཀྱིལ་འཁོར་གང་ཡིན་གྱི་ལྷ་ཐམས་ཅད་གསལ་བཏབ་ལ་གནས་གསུམ་བྱིན་གྱིས་བརླབས། ཡེ་ཤེས་པ་གཞུག །དབང་བསྐུར་ཞིང་རིགས་བདག་གིས་དབུ་བརྒྱན་པར་བསམ་ནས། སོ་སོའི་རྩ་སྔགས་ལ། ཆུ་གཉིས་ཉེར་སྤྱོད་དང་བཅས་པའི་སྔགས་སྦྱར་ཏེ་མཆོད། བཛྲ་གཎྜེ་སོགས་ཀྱིས་རོལ་མོ་བྱ། ན་བཟའ་དང་གཏོར་མ་འབུལ་ཞིང་གསོལ་བ་གདབ་པའི་ཕྱིར། ལག་པ་གཡས་པས་རྡོ་རྗེ་དང་བཅས་པའི་བདུག་སྤོས་བཟུང་། གཡོན་དྲིལ་བུ་དཀྲོལ་ཞིང་། དཀྱིལ་འཁོར་གང་ཡིན་པ་དེའི་ལྷ་ཡི་གཙོ་བོ་ལ་ཕྱག་འཚལ་བ་དང་། དེའི་དཀྱིལ་འཁོར་འབྲི་བའི་ཁ་བསྒྱུར་ཤེས་པར་བྱས་ལ། གསང་བ་སྤྱི་རྒྱུད་ལས་གསུངས་པའི་ཚིག་འདི་བརྗོད་པར་བྱ་སྟེ། འདི་ཞེས་རིགས་གསུམ་མགོན་པོ་བཅོམ་ལྡན་འདས་སོགས་ཁ་བསྒྱུར། བྱ་བའི་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། །བདག་ནི་བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། སང་ནི་དཀྱིལ་འཁོར་འབྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བ་མཛད་པའི་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་སུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། བདག་མིང་འདི་ཞེས་བགྱི་བ་ཡིས། །སང་ནི་དཀྱིལ་འཁོར་ཆེན་པོའི་མིང་། །རིགས་གསུམ་མམ། རྡོར་དབྱིངས་སམ། སང་ནི་འཇམ་དབྱངས་ཞེས་བྱ་བའི། དཀྱིལ་འཁོར་ཆེན་པོ་ཅི་ནུས་ཀྱིས། ཞེས་སོགས་ཁ་བསྒྱུར་བྱ། འདི་ཞེས་བྱ་བ་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་འབྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ཀྱིས་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་གསོལ་བ་ལན་གསུམ་བཏབ་པས་ལྷའི་གནང་བ་བྱིན་པར་བསམ། དེ་ནས་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །སྐབས་འདིར་ལྷ་བུམ་དང་ལས་བུམ་སྟ་གོན་བྱ་ན། རྣམ་རྒྱལ་བུམ་པར་དཀྱིལ་འཁོར་གྱི་ལྷ་དང་། ལས་བུམ་དུ་ལས་ལྷ་བདུད་རྩི་འཁྱིལ་པ་སོགས་བསྐྱེད་ལ་སོ་སོའི་བཟླས་པ་བྱ་བ་སོགས་སྤྱི་ལྟར་བྱའོ། །དེ་བཞིན་སློབ་མ་སྟ་གོན་གྱི་ཆོ་ག་དག་ཀྱང་བྱ་ན་གཞན་ལས་ཤེས་པར་བྱའོ། །མཐར་མཆོད་ཅིང་བསྟོད་ལ་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྟིམ་པར་བྱ། དེ་ནས་རེ་ཤིག་དཀྱིལ་འཁོར་གྱི་རྫས་རྣམས་དར་སོགས་ཀྱིས་བཀབ་སྟེ་གཞག་ནས། སང་ནང་པར་དཀྱིལ་འཁོར་གྱི་ཐིག་གདབ་པ་དང་། ཚོན་བཀྱེ་བ་མཚན་མ་འགོད་པ། རབ་ཏུ་གནས་ཤིང་སྦྱིན་སྲེག་གི་མཐར་ཐུག་པའི་མཆོད་པ་རྣམས་ཅི་རིགས་བྱ་ཞིང་། དཀྱིལ་འཁོར་དེར་སྒྲུབ་ཅིང་མཆོད་པ་དང་། སློབ་མ་རྣམས་ལ་དབང་བསྐུར་བ་སོགས་ཀྱི་ལས་བྱ་བ་ཡ ིན་ནོ། །ས་ཆོག་བསྡུས་པར་ས་ལྷའི་གཏོར་མ་བཏང་ནས། བགེགས་བསྐྲད། ཧ་ན་ཧ་ན་ཀྲོ་དྷས་ཀུན་རྫོབ་ཏུ་སྦྱང་བ་དང་། སྭ་བྷཱ་བས་དོན་དམ་པར་སྦྱང་བ་ཙམ་གྱིས་ཆོག་པར་མཛད་དོ། །དེ་ཡང་ཕྱི་རྒྱུད་རྣམས་སུ་བ་བྱུང་དང་དྲི་བཟང་གི་ཆག་ཆག་གདབ་པ་དང་། བླ་མེད་ཀྱི་དཀྱིལ་འཁོར་རྣམས་ལ་བདུད་རྩི་ལྔའི་ཆག་ཆག་གདབ་པ་སོགས་ཆོ་གའི་ཁྱད་པར་རྣམས་དང་། ས་ཆོ ག་ཀྱང་རྒྱས་བསྡུས་ཅི་རིགས་མཛད་པའི་ཕྱག་སྲོལ་སྣ་ཚོགས་ཡོད་ཀྱང་། འདི་ནི་བྱ་སྤྱོད་སོགས་དཀྱིལ་འཁོར་སྤྱི་ཡི་ས་ཆོག་སྙིང་པོ་བསྡུས་པ་སྟ་གོན་དང་བཅས་པ་ཡིན་ནོ། །ཚུལ་འདི་རུ་དམ་རྫོགས་ཆེན་དུ། འདུས་མདོའི་ཡན་ལག་བྱ་སྤྱོད་དང་ཡོ་གའི་སྒྲུབ་མཆོད་གསར་འཛུགས་ཀྱི་དཀྱིལ་ཆོ ག་གི་ས་སློང་རང་རྐང་བ་ཡོད་ན་ལེགས་ཞེས། བྱ་སྤྱོད་རིགས་གསུམ་དཀྱིལ་འཁོར་སྒྲུབ་པའི་བྱང་འདྲེན་པ། དགེ་སྦྱོང་འགྱུར་མེད་རྒྱ་མཚོས་ནན་ཏན་བསྐུལ་ངོར་གསར་རྙིང་གི་བླ་མ་གོང་མ་དག་གི་ཕྱག་བཞེས་བཞིན་སྙིང་པོར་དྲིལ་ཏེ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་ཞེས་པས་རུ་དམ་རི་ཁྲོད་དུ་ཕྲལ་མར་བྲིས་པ་དགེ་ལེགས་འཕེལ།།

དཀྱིལ་འཁོར་སྤྱིའི་ཐིག་ཚོན་གྱི་བྱ་བ་རབ་གསལ་ཀུན་དགའ།

དཀྱིལ་འཁོར་སྤྱིའི་ཐིག་ཚོན་གྱི་བྱ་བ་རབ་གསལ་ཀུན་དགའ་བཞུགས་སོ། །ན་མཿཤྲཱི་བཛྲ་ས་ཏྭ་ཡ། བདེ་གཤེགས་དཀྱིལ་འཁོར་ཀུན་གྱི་འབྱུང་གནས་ཆེ། །རྗེ་བཙུན་བླ་མའི་ཞབས་ལ་ཕྱག་འཚལ་ནས། །བློ་དམན་དོན་དུ་དཀྱིལ་འཁོར་ཐིག་ཚོན་གྱི། །ཆོ་གའི་བྱ་བ་རབ་གསལ་ཀུན་དགའ་བཤད། །རེ་ཞིག་ཐིག་ལ་རྣམ་པ་གཉིས། །ཡེ་ཐིག་དང་ནི་ལས་ཐིག་གོ། །ཡེ་ཐིག་སྐུད་རྒྱུ་པདྨ་ཡི། །རྒྱུས་པའམ་རས་བལ་ལའང་རུང་། །རྒྱུ་དེ་དཔའ་བོའི་རིན་གྱིས་ཉོས། །བཅུ་དྲུག་ལོ་ལོན་མཚན་ལྡན་མས། །བཀལ་བའི་སྲད་བུ་ཁ་དོག་ནི། །ལྔའམ་ཡང་ན་ཉིད་ཤུ་ལྔ། །རིང་ཐུང་དཀྱིལ་འཁོར་ཉིས་བལྡབས་ལ། །སྦོམ་ཕྲ་སྒོ་ཡི་ཉི་ཤུ་ཆ། །ཡེ་ཤེས་ལྔ་རུ་བྱིན་བརླབས་ཏེ། །གདབ་ཚུལ་སློབ་དཔོན་ནུབ་ཏུ་འདུག །སློབ་བུ་ཤར་དུ་གནས་པ་ཡིས། །ཚངས་ཐིག་དང་པོ་མཁའ་ལ་གདབ། །དེ་བཞིན་སློབ་དཔོན་ལྷོ་དང་ནི། །སློབ་རྒྱབ་འགྲོས་མ་བྱང་འདུག་གཉིས་པ་གདབ། །སློབ་དཔོན་མེ་ཡི་མཚམས་སུ་འདུག །སློབ་མ་རྒྱབ་འགྲོས། བྱང་ཤར་གནས་པ་ཡིས། །ཤར་གྱི་ལོགས་ཐིག་གདབ་པར་བྱ། །སློབ་དཔོན་རླུང་ནུབ་བྱང་། དང་སློབ་མ་རྒྱབ་འགྲོས་ནི། །སྲིན་པོར་འདུག་པས་ནུབ་ཕྱོགས་གདབ། །སློབ་དཔོན་དེ་ཉིད་སློབ་མ་རྒྱབ་འགྲོས་ནི། །བྱང་ཤར་འདུག་པས་བྱང་ཕྱོགས་གདབ། །སློབ་དཔོན་མེ་དང་སློབ་མ་རྒྱབ་འགྲོས་ནི། །སྲིན་པོར་འདུག་པས་ལྷོ་ཕྱོགས་གདབ། །སློབ་དཔོན་དེ་ཉིད་སློབ་མ་ནི། །རླུང་ནུབ་བྱང་གནས་ཟུར་ཐིག་དང་པོ་གདབ། །སློབ་དཔོན་སྲིན་པོ་སློབ་མ་ནི། །བྱང་ཤར་འདུག་པས་གཉིས་པ་སྟེ། །ཀུན་ལ་གཡས་སྐོར་ཁྱད་པར་དུ། །ཚངས་ལོགས་རྒྱབ་འགྲོས་ཚུལ་གྱིས་གདབ། །གནམ་ཐིག་གདབ་པའི་རིམ་པའོ། །དེ་ནས་ལས་ཐིག་རིམ་པ་བཤད། །རས་བལ་ལས་གྲུབ་སྲད་བུ་ནི། །ཁ་དོག་གསུམ་མམ་དགུ་སྒྲིལ་ཏེ། །རིང་ཐུང་སྦོམ་ཕྲ་འཁོལ་མཁན་རིན། །སྔར་བཞིན་བྱས་པའི་ཐིག་སྐུད་དེ། །སྐུ་གསུང་ཐུགས་སུ་བྱིན་བརླབས་ནས། །ཐིག་བརྒྱད་གོ་རིམ་སྔ་མ་ལྟར། །འདེབས་སམ་ཡང་ན་ལོགས་ཐིག་བཞིའི། །སྔོན་དུ་ཟུར་ཐིག་གཉིས་བཏབ་ཀྱང་། །གནས་སྐབས་བྱ་སླ་འགལ་བའང་མེད། །འདེབས་དུས་སློབ་དཔོན་སློབ་མ་ཡི། །འདུག་ཕྱོགས་ཡེ་ཐིག་བཞིན་དུ་གཅེས། །དེ་ཡང་ཅུང་ཟད་ཕྱེ་སྟེ་བཤད། །ཁྲུ་གང་ཚད་ལས་མི་ཆུང་བའི། །ཇི་ལྟར་རིགས་པའི་གཞིའི་ངོས་སུ། །དང་པོ་ཤར་ནུབ་ཚངས་ཐིག་གདབ། །དེ་ཡི་དབུས་སུ་མཚན་མ་བྱ། །དེ་ནི་དཀྱིལ་འཁོར་དབུས་ཡིན་ནོ། །དབུས་ནས་ཤར་ནུབ་ཚད་མཉམ་པའི། །མཚན་མ་བྱས་པ་བརྐྱངས་པ་ཡིས། །ལྷོ་བྱང་གཉིས་སུ་བྱ་རྗེས་བྱ། །དེ་སྟེང་ཚངས་ཐིག་གཉིས་པ་གདབ། །དེ་བཞིན་ལྷོ་བྱང་ཚངས་ཐིག་ལའང་། །ཤར་ནུབ་ལྟ་བུའི་མཚན་མ་བྱ། །དེ་ཡི་བར་བརྐྱངས་སྲད་བུ་ནི། །ཕྱོགས་བཞིའི་མཚན་མའི་སྟེང་བཟུང་ནས། །ཟུར་བཞིར་བྱ་རྗེས་མཚན་མ་བྱ། །དེ་སྟེང་ཟུར་ཐིག་གཉིས་པོ་གདབ། །ངོས་རེར་ཇི་ལྟར་འཚམས་པ་ཡི། །ལོགས་ཐིག་བཞི་བཏབ་མདའ་ཡབ་ཐིག །མདའ་ཐིག་ནས་ནི་ལྟེ་བའི་བར། །ཟུར་ཐིག་བཞི་པོ་ཆ་གསུམ་བགོ། །སུམ་ཆ་ཕྱི་མའི་སྟེང་བཟུང་ནས། །ལོགས་ཐིག་བཞི་བཏབ་རྩ་བའི་ཐིག །མདའ་ཐིག་དང་ནི་རྩ་ཐིག་བར། །ཕྱེད་བགོས་ཆ་ཆེན་གཉིས་འབྱུང་ངོ་། །ནང་མ་དབུས་དོར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་འབྱུང་། །ཆ་ཆེན་ཕྱི་མ་ཕྱེད་བགོས་ལ། །ཕྱི་མ་དེ་ཡང་ཕྱེད་དུ་བཅད། །དྲྭ་ཕྱེད་ཤར་བུ་མདའ་ཡབ་འབྱུང་། །དེ་རྗེས་ནང་གི་རྩ་ཐིག་ནས། །རྟ་བབ་ཕྱི་ཐིག་བར་དུ་ནི། །ཚངས་པའི་ཐིག་གི་གཡས་གཡོན་དུ། །ཆ་ཆེན་གཉིས་གཉིས་གདབ་པར་བྱ། །ནང་མ་ཕྱེད་གདབ་ཕྱི་མ་ཕྱེད། །ཕྱི་མ་ཆ་བཞིར་བགོ་བར་བྱ། །སྒོ་ཁྱུད་སྒོ་འགྲམ་སྒོ་ལོག་དང་། །མུན་པ་ཀ་བ་ཀ་རྒྱན་འབྱུང་། །རྟ་བབ་བརྒྱད་མ་ལ་སོགས་པ། །ཀ་རྒྱན་མཐའ་རུ་ཆ་ཕྲན་བསྣན། །མདའ་ཡབ་ཕྱི་རོལ་རྟ་བབ་བྱ། །དེ་ལ་སྣམ་ཕྲན་བཅད་ལུགས་གསུམ། །བརྒྱད་མ་བཞི་མ་བཅུ་གཅིག་མ། །ཕྱི་མའི་ཕྱག་ལེན་སྔ་འགྱུར་གྱི། །ཕྱོགས་འདིར་ཉུང་བས་འདིར་མི་བརྗོད། །དང་པོ་སྣམ་བུ་བརྒྱད་མ་ནི། །མདའ་ཕྱིར་ཆ་ཆེན་གསུམ་བཅད་པའི། །ནང་མ་གཉིས་པོ་བཞི་བཞིར་བགོ། །རྟ་བབ་སྣམ་བུ་བརྒྱད་ཡིན་ནོ། །ཕྱི་མ་དབུས་དོར་མཐའ་གཉིས་གདབ། །པདྨ་འཁོར་ལོ་གདུགས་ཀྱི་ས། །དེ་དག་ཕྱི་མཐའི་རིམ་པ་ནི། །རྟ་རྐང་ཀ་རྒྱན་མཐའ་དང་མཉམ། །ཆུ་སྐྱེས་དང་ནི་སྒྲོམ་བུ་གཉིས། །དེ་ལས་ཆ་ཕྲན་གཅིག་གིས་རིང་། །ཟར་ཚག་དེ་ལས་གཉིས་ཀྱིས་ཐུང་། །སྣ་འཕྱང་དེ་ལས་གཅིག་གིས་རིང་། །ཆུན་འཕྱང་དེ་ལས་གཉིས་ཀྱིས་ཐུང་། །ཤར་བུ་དེ་ལས་གཅིག་གིས་རིང་། །དེ་ལས་ཁྱུང་མགོ་གཅིག་འཕྱར་རོ། །པདྨ་འཁོར་ལོ་གདུགས་གསུམ་པོའི། །རྒྱ་ཚད་ཆ་ཕྲན་གཉིས་རེ་སྟེ། །པདྨའི་གཡས་གཡོན་ཆ་ཕྲན་ཕྱེད། །དོར་སར་རི་དྭགས་རེ་རེ་བྲི། །གླང་རྒྱབ་མིག་གསུམ་བསྐོར་ཚུལ་ནི། །སྣམ་རྟ་བབ་ཀྱི་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པ་ནས་བཟུང་སྟེ། །ཆ་ཕྲན་གཉིས་ཀྱི་དབུས་མ་བསྐོར། །མུན་པ་པ་ཏིའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པའི་གཡས་གཡོན་དུ། །ཆ་ཕྲན་གཉིས་རེ་ཕྱིན་པ་ནས། །ཆ་ཕྲན་གཉིས་ཀྱི་གཡས་གཡོན་བསྐོར། །དེ་རྣམས་ཕྱི་རུ་ཆ་རེ་བསྐོར། །འདི་ལ་འཁྱོག་དགུ་བྱ་དགོས་ན། །སྣམ་བུ་དང་པོ་ཕྱེད་དང་བཞི། །གཉིས་པ་གསུམ་པ་དྲུག་དྲུག་གོ། །བཞི་པ་ལ་ནི་བཞི་བཞི་སྟེ། །སྣམ་བུ་ལྔ་པ་ཆ་ཕྲན་གསུམ། །དྲུག་པ་དེ་ནས་ཚངས་རྩེར་སླེབས། །དེ་རྣམས་ཕྱི་རུ་ཕྱེད་རེ་བཅད། །འོག་གཞི་འཁོར་ལོའི་བསྐོར་ཚུལ་ནི། །མདའ་ཐིག་ཟུར་ནས་ཆ་ཆེན་ཕྱེད། །དོར་བའི་ཟླུམ་བསྐོར་ནང་དུ་ཡང་། །ཆ་ཕྲན་བསྐོར་བ་རྩིབས་རྟེན་ཡིན། །རྩ་ཐིག་དང་ནི་སྒོ་ཁྱུད་ཐིག །འཛོམ་པ་ནས་བཟུང་རྩིབས་རྟེན་ལ། །རྩེ་རེག་གཡས་ནས་གཡོན་པ་དང་། །གཡོན་ནས་གཡས་པར་བསྐོར་བར་བྱ། །འདི་ནི་རྡོར་སེམས་སྒྱུ་དྲྭའི་ལུགས། །གཞན་དུ་སྣ་ཚོགས་རྡོ་རྗེར་བཞེད། །དེ་ཡི་གཡས་གཡོན་རྭ་སྐོར་ཚུལ། །རྟ་བབ་ཀྱི་སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པའི་ཕྱིར་རོལ་དུ་ཆ་ཕྲན་གཉིས་རེ་ཕྱིན་ཏེ་འཛོམ་པ་ནས། །བཟུང་སྟེ་ཀ་རྒྱན་རྩེ་ནས་བསྐོར། །དེ་ནས་འཕྲེད་དུ་ཆ་ཕྲན་གཉིས་ཕྱི་རུ་གཅིག །ཕྱིན་ཏེ་སྔ་མའི་ཚད་དེས་བསྐོར། །དབུས་རྭ་རྩ་བའི་རྒྱ་ཚད་དུ། །ཆ་ཆེན་གཅིག་ཡིན་མི་མཐོང་ཡང་། །རིམ་ཕྲ་རྩེ་མོ་ཆ་ཕྲན་གཉིས། །པད་འཁོར་གདུགས་ཀྱི་འོག་ཏུ་བྲི། །སྒྱུ་འཕྲུལ་ཞི་བའི་ཁོར་ཡུག་ནི། །རྩིབས་རྟེན་ཕྱི་རུ་ཆ་ཆེན་གཉིས། །བསྐོར་བའི་ནང་མ་ཕྱེད་གཏུབ་བསྐོར། །ནང་ནས་པད་རྡོར་མེ་རིའི་ས། །ལྟེ་བའི་ལྷ་གནས་སྐོར་ཚུལ་ནི། །རྩ་ཐིག་ནང་དུ་ཆ་ཆེན་རེ། །དོར་བ་གྲུ་ཆད་ཐིག་ཏུ་འགྱུར། །དེ་ཡི་ཕྱི་རོལ་ཆ་ཕྲན་གཅིག །བཏབ་པ་གློ་འབུར་བཞི་ཡི་ཐིག །རྒྱར་ནི་ཆ་ཆེན་རེ་རེའོ། །དཀྱིལ་འཁོར་དབུས་ནས་གྲུ་ཐིག་བར། །ཚད་མཉམ་ཟླུམ་སྐོར་གཉིས་སྐོར་བའི། །གཉིས་ཀའི་ནང་དུ་ཆ་ཕྲན་རེ། །བསྐོར་བས་ནང་ནས་རིམ་པ་བཞིན། །ལྟེ་བ་མུ་ཁྱུད་རྩིབས་བཞི་དང་། །ཕྱི་ཡི་མུ་ཁྱུད་ས་ཡིན་ཏེ། །དེ་རྣམས་ཞི་བ་འབྲིང་པོའི་ཐིག ༈ །སྒྱུ་འཕྲུལ་ཁྲོ་དཀྱིལ་ལྟ་བུ་ཡི། །སྒོ་སྦྲགས་ནང་མའི་གདབ་ཚུལ་བཤད། །སྔར་གྱི་གྲུ་ཆད་ཐིག་དེ་ནི། །དཀྱིལ་འཁོར་ནང་མའི་མདའ་ཐིག་ཡིན། །མདའ་ཐིག་དེ་ནས་ལྟེ་བའི་བར། །ལོགས་ཐིག་བཞི་པོས་ཕྱེད་མར་བཅད། །ཕྱི་མ་ཆ་གསུམ་བགོས་པ་ཡི། །ནང་མའི་ནང་དུ་བཞི་ཆ་གདབ། །གློ་འབུར་ལྷག་མ་ཡུལ་མའི་ཁྱམས། །བར་མ་དབུས་དོར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་འབྱུང་། །ཕྱི་མ་ཕྱེད་གདབ་ཕྱི་ཕྱེད་བགོ། །དྲྭ་ཕྱེད་ཤར་བུ་མདའ་ཡབ་བོ། །སྒོ་ནི་རྩིག་པའི་ནང་ཐིག་ནས། །མདའ་ཡབ་ཕྱི་ཐིག་བར་དུ་ནི། །ཚངས་པའི་ཐིག་གི་གཡས་གཡོན་དུ། །ཆ་ཆེན་རེ་བཏབ་ཕྱི་ཕྱེད་བགོ། །དེ་མཐར་ཆ་ཕྲན་རེ་རེ་བགོ། །ནང་སྒོའི་སྒོ་ཁྱུད་འགྲམ་ལོག་འབྱུང་། །ལོགས་ཐིག་བཞིས་བཅད་ཕྱེད་ནང་མར། །དབུས་ཀྱི་ཟླུམ་བསྐོར་ཞི་བ་ལྟར། །བསྐོར་ཞིང་ཕྱི་རོལ་ཁོར་ཡུག་གི། །པད་ར་དང་ནི་རྡོ་རེའི་བར། །ཆ་ཆེན་གཅིག་བསྣན་དུར་ཁྲོད་ས། །སྒྱུ་འཕྲུལ་ཁྲོ་བོའི་ཐིག་རིམ་སྟེ། །སྒོ་སྦྲགས་གཉིས་མ་གསུམ་མ་སོགས། །ཀུན་ལ་དེ་བཞིན་སྦྱར་ཏེ་དཔྱད། །འོན་ཀྱང་ཚོགས་ཆེན་འདུས་པ་ལྟར། །སྒོ་སྦྲགས་ཤིན་ཏུ་མང་པོ་ལ། །ཕྱི་དཀྱིལ་ཆ་ཆེན་ནང་དཀྱིལ་གྱི། །ཚད་དུ་བྱས་ནས་ནང་མ་རྣམས། །ཤིན་ཏུ་ཕྲ་བས་བྱ་དཀར་འགྱུར། ༈ །དེ་ནས་ཚོགས་ཆེན་འདུས་པ་ཡི། །ཐིག་གི་གདབ་ཚུལ་མདོ་ཙམ་བཤད། །འདི་ལ་སྟེང་ཁང་ཞི་བ་དང་། །འོག་ཁང་ཁྲོ་བོའི་དཀྱིལ་འཁོར་ཏེ། །ཉིས་ཐོག་ཚུལ་དུ་གནས་པ་སྟེ། །སྟེང་ཁང་ཞི་དཀྱིལ་སྔར་བཤད་པའི། །སྒྱུ་འཕྲུལ་ཞི་བ་ཉིད་དང་འདྲ། །འོག་ཁང་ཁྲོ་བོའི་དཀྱིལ་འཁོར་ནི། །ཚངས་ཟུར་སྤྱི་ལྟར་བཏབ་པའི་རྗེས། །ཇི་ལྟར་རིགས་པའི་མདའ་ཐིག་གདབ། །མདའ་ཐིག་དེ་ནས་ལྟེ་བའི་བར། །དུམ་བུ་ཆ་མཉམ་གསུམ་དུ་བགོ། །སུམ་ཆ་ནང་མའི་སྟེང་བཟུང་ནས། །ལོགས་བཞི་བཅད་པ་གྲུ་ཆད་ཐིག །གྲུ་ཆད་ཐིག་ནས་མདའ་ཐིག་བར། །ཆ་མཉམ་ལྔར་བགོས་ནང་མ་བཞིན། །ཕྱེད་ཕྱེད་གཏུབ་པས་དུམ་བུ་དགུ། །དེ་ལྟར་དུམ་བུ་དགུ་པོ་ཡང་། །རང་རང་སོ་སོའི་ཆགས་ཚད་ཀྱིས། །དུམ་བུ་གསུམ་གསུམ་དག་ཏུ་བགོ། །དང་པོ་ཐམས་ཅད་བར་ཁྱམས་ལ། །གཉིས་ཀུན་དབུས་དོར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་འབྱུང་། །གསུམ་ཀུན་ཕྱེད་གདབ་ཕྱི་མ་ཕྱེད། །དྲྭ་ཕྱེད་ཤར་བུ་མདའ་ཡབ་བོ། །ནང་སྒོ་བརྒྱད་པོའི་ཐིག་རིམ་ནི། །ཚངས་ངོས་གཡས་གཡོན་ཁྱམས་ཚད་དེ། །བཏབ་པ་ཚད་བགོ་དེ་ཕྱེད་ཕྱིར། །སླར་ཡང་ཁྱམས་ཀྱི་བཞི་ཆ་བསྣན། །ཕྱི་སྒོ་དགུ་པ་ཚངས་ངོས་སུ། །རང་གི་ཆ་ཆེན་གཉིས་གཉིས་གདབ། །ནང་མ་ཕྱེད་གདབ་ཕྱི་མ་ཕྱེད། །ཕྱི་མ་ཆ་བཞིར་བགོ་བར་བྱ། །སྒོ་ཁྱུད་འགྲམ་ལོག་མུན་པ་དང་། །ཀ་བ་ཀ་རྒྱན་རྣམས་སུ་འགྱུར། །དེ་ནས་མདའ་ཐིག་ཕྱི་རོལ་དུ། །ཕྱི་མའི་སྒོ་ཚད་གསུམ་བཅད་ལ། །རྟ་བབ་སྣམ་བུ་བརྒྱད་མའི་ཚད། །སྒྱུ་འཕྲུལ་བཞིན་ལས་ཁྱད་པར་ནི། །འོག་གཞི་སྣ་ཚོགས་རྡོ་རྗེར་མཛད། །མདའ་རྩེ་ཟླུམ་བསྐོར་ཉི་གདན་ཏེ། །དེ་ཕྱིར་ཆ་ཕྲན་གཉིས་པའི་རིག་འཛིན་གྱི་སྣམ་བུ་དགོས་སོ། །ཁ་དོག་སེར་པོ་ལ་ཐིག་ལེ་གྲངས་མང་བཀོད། མཆན། ཆ་ཆེན་ཕྱེད་དང་གཅིག །ཕྱེད་དང་གཅིག་བསྐོར་པདྨ་དང་། །དུར་ཁྲོད་རྡོ་ར་མེ་རི་འགྱུར། །རྩ་ཐིག་ནང་དུ་ཆ་ཆེན་ཁྱམས། །གྲུ་ཆད་ནང་དུ་ཟླུམ་པོར་བསྐོར། །དེ་ནང་མུ་ཁྱུད་ཆ་ཕྲན་བསྐོར། །དེ་ནས་ལྟེ་བའི་བར་ཕྱེད་བགོ། །ཕྱི་མ་རྩིབས་བརྒྱད་ནང་མ་ནི། །ཆ་གསུམ་བགོས་ནས་རིམ་བཞིན་བསྐོར། །གྲུ་ཆད་ཕྱི་རོལ་གློ་འབུར་ནི། །ཆ་ཕྲན་དཀྱུས་སུ་ཆ་ཆེན་གཅིག །དེ་རྣམས་འདུས་པའི་ཐིག་རིམ་སྟེ། །ལ་ལ་ཞི་དཀྱིལ་དབུས་བཅུག་ཅིང་། །ཕྱི་རོལ་རིག་འཛིན་ཁྱམས་སྤར་ནས། །སྒོ་སྦྲགས་བཅུ་གཅིག་མཛད་པ་དང་། །ཁ་ཅིག་ལྟེ་བ་ཆ་གསུམ་དུ། །བགོས་པའི་ནང་མ་ལིང་ཚེ་དགུ། །དེའི་ཕྱིར་འཁོར་ལོ་རྩིབས་བཞི་དང་། །རྩིབས་བརྒྱད་རྣམས་སུ་འདོད་པའང་ཡོད། །འདི་ནི་རྒྱུད་དང་རྒྱ་འགྲེལ་དང་། །ལེགས་མཐུན་རང་གི་བླ་མའི་ལུང་། ༈ །དོང་སྤྲུགས་བརྒྱ་ལྡན་དཀྱིལ་འཁོར་ནི། །རྟ་བབ་ནས་བཟུང་རྩ་ཐིག་བར། །སྔར་གྱི་སྒྱུ་འཕྲུལ་ཞི་བ་དང་། །འཁོར་ཡུག་ཁྲོ་བོ་ལྟ་བུ་ལས། །དབུས་ཀྱི་ལྷ་གནས་ལྟེ་བ་ནས། །རྩ་ཐིག་ལ་རེག་བསྐོར་བའི་ནང་། །ཆ་ཕྲན་གཅིག་བསྐོར་གདུང་ཟླུམ་ཐིག །གདུང་ཐིག་ནས་ནི་ལྟེ་བའི་བར། །ཆ་མཉམ་དྲུག་བགོས་ཟླུམ་བསྐོར་ལྔ། །དབུས་ཀྱི་ནང་མཐར་ཆ་ཕྲན་བསྐོར། །རིམ་བཞིན་ལྟེ་བ་མུ་ཁྱུད་དང་། །པདྨ་འདབ་བཞི་འདབ་མ་བརྒྱད། །འདབ་མ་བཅུ་དྲུག་སོ་གཉིས་དང་། །འདབ་མ་བཞི་བཅུ་རྣམས་སུ་འགྱུར། །ལ་ལ་སྒོ་རྐྱང་འགྲམ་ལོགས་དང་། །བྲལ་ཞིང་རྟ་བབ་བརྒྱད་པོ་ཡང་། །ཆ་ཕྲན་གཅིག་དང་ཕྱེད་ཕྱེད་དང་། །གཉིས་དང་ཕྱེད་དང་ཕྱེད་གཉིས་དང་། །གཅིག་གཅིག་དེ་བཞིན་འོག་བཞི་ཡང་། །སྣ་ཚོགས་རྡོ་རྗེར་བཞེད་པ་ཡོད། །རྟ་བབ་བརྒྱད་མའི་གདབ་ཚུལ་ལས། །འཕྲོས་ཏེ་སྒྱུ་འཕྲུལ་ཞི་ཁྲོ་དང་། །ཚོགས་ཆེན་འདུས་པ་དོང་སྤྲུགས་ཀྱི། །ཐིག་གི་རིམ་པ་བཤད་ཟིན་ཏོ། ༈ །གཉིས་པ་རྟ་བབ་བཞི་མ་ནི། །འདབ་ཐིག་ཕྱི་རུ་ཆ་ཆེན་གཉིས། །ནང་མ་ཆ་བཞིར་བགོ་བར་བྱ། །རྟ་བབ་སྣམ་བུ་བཞི་ཡིན་ནོ། །ཕྱི་མ་དབུས་དོར་མཐའ་གཉིས་གདབ། །པད་འཁོར་གདུགས་ཀྱི་གནས་སུ་འགྱུར། །རྟ་བབ་ཕྱི་མཐའི་རིམ་པ་ཡང་། །དང་པོ་ཀ་རྒྱན་མཐའ་དང་མཉམ། །དེ་རྗེས་གསུམ་པོ་རེ་རེ་ཐུང་། །མིག་གསུམ་བསྐོར་ཚུལ་རྟ་བབ་ཀྱི། །སྣམ་བུ་གཉིས་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པ་ནས་བཟུང་སྟེ། །ཆ་ཕྲན་གཉིས་གཅིག་ཀྱི་དབུས་མ་བསྐོར། །སྣམ་བུ་དང་པོའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པའི་གཡས་གཡོན་དུ། །ཆ་ཕྲན་གཉིས་རེ་ཕྱིན་པ་ནས། །ཆ་ཕྲན་གཅིག་རེ་གཡས་གཡོན་བསྐོར། །ཡང་ན་གཡས་གཡོན་མིག་གཉིས་པོ། །བརྒྱད་མ་ལྟ་བུ་བསྐོར་བའང་ཡོད། །སྣ་ཚོགས་རྡོ་རྗེའི་ར་བསྐོར་ཚུལ། །ཚངས་ཕྱིར་གསུམ་ཕྱིན་མདའ་ཕྱིར་གཅིག །ཕྱིན་ཏེ་ཀ་རྒྱན་རྩེ་ནས་བསྐོར། །དེ་ནས་ཕྲེད་གཉིས་ཕྱི་རུ་གཅིག །ཕྱིན་ཏེ་སྔ་མའི་ཚད་དེས་བསྐོར། །མདའ་ཐིག་རྩེ་ནས་ཕྱི་རོལ་དུ། །ཆ་ཆེན་ཕྱེད་དང་གཅིག་དང་ཕྱེད། །གཅིག་བསྐོར་པདྨ་དུར་ཁྲོད་དང་། །རྡོ་ར་མེ་རི་རྣམས་སུ་འགྱུར། ༈ །ལྟེ་བའི་ལྷ་གནས་འགྱུར་ཚུལ་ནི། །གུ་རུ་ཞི་དྲག་ཚེ་དཔག་མེད། །རྡོར་སེམས་བཞི་ལ་ཁྱམས་མི་དགོས། །དེ་ཕྱིར་རྩ་ཐིག་ནང་དུ་ནི། །ཟླུམ་བསྐོར་སོ་སོའི་དབྱེ་བ་བཤད། །བླ་མ་ཞི་བར་ལྟེ་བ་ནས། །རྩ་ཐིག་ལ་རེག་ཟླུམ་པོར་བསྐོར། །དེ་ནང་ཆ་ཕྲན་ཕྱིའི་མུ་ཁྱུད། །མུ་ཁྱུད་དེ་ནས་ལྟེ་བའི་བར། །ཆ་མཉམ་བཞི་བསྐོར་ནང་མའི་ནང་། །ཆ་ཕྲན་གཅིག་གི་མུ་ཁྱུད་བསྐོར། །ནང་ནས་རིམ་བཞིན་ལྟེ་བ་དང་། །མུ་ཁྱུད་འདབ་བཞི་རིན་ཆེན་བརྒྱད། །པད་མ་འདབ་བརྒྱད་རྩིབས་བརྒྱད་དང་། །རྩིབས་རྟེན་མུ་ཁྱུད་རྣམས་སུ་འགྱུར། ༈ །བླ་མ་དྲག་པོར་ལྟེ་བ་ནས། །རྩ་ཐོག་ནང་གི་མུ་ཁྱུད་བར། །ཆ་མཉམ་གསུམ་བགོས་བསྐོར་བའི་ནང་། །ཆ་ཕྲན་གཅིག་བགོས་རིམ་པ་བཞིན། །ལྟེ་བ་མུ་ཁྱུད་འདབ་མ་བཞི། །རྩིབས་བཞི་རྩིབས་རྟེན་རྣམས་སུ་འགྱུར། །ལྟེ་བའི་མུ་ཁྱུད་ནང་ཐིག་དང་། །ཤར་གྱི་ཚངས་ཐིག་ཕྲད་པ་ནས། །ལྟེ་བར་ཚད་པའི་སྲད་བུ་ཡིས། །གཡས་དང་གཡོན་དུ་མཚན་མ་བྱ། །དེ་ཉིད་ནུབ་ཀྱི་ཚངས་ཐིག་དང་། །སྦྲེལ་བའི་ལྟེ་བ་ཆོས་འབྱུང་འོང་། ༈ །ཚེ་དཔག་མེད་ནི་རྩ་ཐིག་གི། །ནང་གི་ཆ་ཕྲན་མུ་ཁྱུད་ནས། །ལྟེ་བའི་བར་དུ་ཕྱེད་མཉམ་བསྐོར། །ནང་མའི་ནང་མཐར་ཆ་ཕྲན་གཅིག །བསྐོར་བས་ལྟེ་བ་མུ་ཁྱུད་དང་། །པད་འདབ་བརྒྱད་དང་མུ་ཁྱུད་དོ། ༈ །རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ཡང་། །ལྟེ་བ་འདི་དང་འདྲ་བ་ལས། །རྟ་བབ་སྣམ་བུ་བརྒྱད་མ་ནི། །སྒྱུ་འཕྲུལ་ཞི་བ་ལྟ་བུར་མཛད། ༈ །གཤིན་རྗེ་འཇོམས་བྱེད་གྲུ་ཆད་ནང་། །ཆ་ཕྲན་གཅིག་བསྐོར་རྩིབས་རྟེན་ས། །དེ་ནས་ལྟེ་བའི་བར་ཕྱེད་བགོ། །ནང་མའི་ནང་མཐར་ཆ་ཕྲན་བསྐོར། །ལྟེ་བར་ཆོས་འབྱུང་སྔར་བཞིན་བསྐོར། །རིམ་པར་ཆོས་འབྱུང་ཟླ་གམ་དང་། །ཐོད་ཕྲེང་རྩིབས་བཞི་རྩིབས་རྟེན་ནོ། ༈ །བདེ་འདུས་ཕོ་བྲང་དགུ་ཐིག་ནི། །ལྟེ་བའི་ལྷ་གནས་བསྐོར་ཚུལ་ལ། །རྩ་ཐིག་ནང་དུ་ཆ་ཆེན་རེ། །དོར་བ་གྲུ་ཆད་ཐིག་ཏུ་འགྱུར། །ཚངས་ཐིག་དང་ནི་གྲུ་ཆད་ཐིག །འཛོམ་པའི་གཡས་གཡོན་ཐིག་རྒྱུད་དུ། །ཆ་མཉམ་གསུམ་བགོས་མཚན་མ་བྱ། །མཚན་མ་ནང་མའི་སྟེང་བཟུང་ནས། །ཐིག་བཞི་བསྣོལ་བཏབ་ལིང་ཚེ་དགུ། །ཐིག་བཞིའི་ཕྱི་དང་གྲུ་ཐིག་ཕྱིར། །ཆ་ཕྲན་ཕྱེད་རེ་གདབ་པར་བྱ། །མིག་མང་རིས་བྲིས་རྡོ་རྗེའི་གདུང་། །རྩ་བའི་ཚངས་ཟུར་ཐིག་རྣམས་ནི། །སོ་སོའི་ཚངས་ཐིག་དང་པོ་སྟེ། །ཕྱོགས་བཞིའི་དཀྱིལ་འཁོར་ཟུར་ནས་ཟུར། །གདུང་བཞིའི་བསྣོལ་མཚམས་སྟེང་དྲང་གདབ། །ཕྱོགས་བཞིའི་དཀྱིལ་འཁོར་ཟུར་ཐིག་གྲུབ། །ཟུར་གྱི་ལིང་ཚེ་བཞི་པོ་ཡི། །ཟུར་ནས་ཟུར་དུ་ལོགས་བཞིན་གཏུབ། །མཚམས་དཀྱིལ་ཚངས་ཐིག་གཉིས་པ་འབྱུང་། །དེ་དག་དབུས་ཀྱི་བྱ་རྗེས་སྟེང་། །བསྣོལ་ཏེ་བརྐྱངས་ནས་ཕྱོགས་བཞིར་གདབ། །ཕྱོགས་དཀྱིལ་ཚངས་ཐིག་གཉིས་པ་དང་། །མཚམས་དཀྱིལ་སོ་སོའི་ཟུར་ཐིག་འགྱུར། །དེ་རྣམས་ཞི་ཁྲོ་ཐུན་མོང་ཐིག ༈ །དེ་ནས་ཞི་བའི་ཐིག་རིམ་ནི། །དབུས་དང་ཕྱོགས་བཞིའི་དཀྱིལ་འཁོར་གྱི། །གདུང་ཐིག་བཞི་པོ་རང་རང་གི། །མདའ་ཡབ་ཕྱི་ཐིག་ཉིད་དུ་འགྱུར། །མཚམས་བཞིའི་རང་རང་ཟུར་ཐིག་དང་། །གདུང་ཐིག་ཕྲད་པ་ནས་བཟུང་སྟེ། །ལོགས་ཐིག་བཞི་གདབ་མདའ་ཐིག་འབྱུང་། །དེ་ནས་དཀྱིལ་འཁོར་དགུ་ཀ་ཡི། །མདའ་ཐིག་ནས་ནི་ལྟེ་བའི་བར། །དུམ་བུ་གསུམ་བགོས་སུམ་ཆའི་ཕྱི་གདབ་རྩ་ཐིག་གོ། །དེ་དང་མདའ་ཐིག་བར་ཕྱེད་བགོ། །ཆ་ཆེན་གཉིས་འབྱུང་ནང་མ་དེ། །དབུས་དོར་མཐའ་གཉིས་གདབ་པར་བྱ། །ཕྱི་མ་ཕྱེད་གདབ་ཕྱི་མ་ཕྱེད། །སྒོ་ནི་ཚངས་ཐིག་གཡས་གཡོན་དུ། །ཆ་ཆེན་རེ་གདབ་དེ་ཕྱེད་བགོ། །དེ་མཐར་ཆ་ཕྲན་གཅིག་རེ་གདབ། །རྩ་ཐིག་ནང་ནས་ལྟེ་བའི་བར། །ཚད་མཉམ་ཟླུམ་ཐིག་གཉིས་བསྐོར་བའི། །རེ་རེའི་ནང་དུ་ཆ་ཆུང་བསྐོར། །ལྟེ་བ་མུ་ཁྱུད་རྩིབས་བཞི་དང་། །རྩིབས་རྟེན་མུ་ཁྱུད་རྣམས་སུ་འགྱུར། །ཕྱི་རོལ་སྒོ་རྒྱན་རྟ་བབ་ནི། །སྣམ་བུ་བཞི་མ་སྤྱི་ལྟར་དང་། །ཁོར་ཡུག་སྒྱུ་འཕྲུལ་ཞི་བ་བཞིན། ༈ །བདེ་འདུས་ཁྲོ་བོའི་དཀྱིལ་འཁོར་ནི། །ལིང་ཚེ་དགུ་ཀར་རང་རང་གི། །གདུང་ཐིག་ལ་རེག་ཟླུམ་པོར་བསྐོར། །དེ་ནང་ཆ་ཕྲན་རེ་བསྐོར་བས། །སོ་སོའི་དམ་ཅན་ཁོར་ཡུག་འབྱུང་། །ཁོར་ཡུག་ཕྱེད་དང་རང་རང་གི། །ཟུར་ཐིག་ཕྲད་པའི་སྟེང་བཟུང་ནས། །ངོས་བཞིར་ཐིག་གདབ་མདའ་ཐིག་ཡིན། །དེ་ནང་ཞི་བ་ལྟ་བུ་ལས། །ཁྱད་པར་རྩ་ཐིག་ནང་དུ་ནི། །ཆ་ཆེན་གཅིག་བཅད་གྲུ་ཆད་ཐིག །གྲུ་ཆད་ལ་རེག་ལྟེ་བ་ཡི། །ཟླུམ་བསྐོར་ཞི་བ་ལྟ་བུ་ལ། །ལྟེ་བའི་མུ་ཁྱུད་ནང་ཐིག་དང་། །ནུབ་ཀྱི་ཚངས་ཐིག་ཕྲད་པ་ནས། །དབུས་ཚད་གཡས་གཡོན་མཚན་མ་བྱ། །དེ་གཉིས་ཤར་གྱི་ཚངས་ཐིག་དང་། །སྦྲེལ་བས་ཆོས་འབྱུང་རྩེ་ཤར་བསྟན། །སོ་སོའི་ལྟེ་བའི་ཆོས་འབྱུང་དང་། །མུ་ཁྱུད་རྩིབས་བཞི་རྩིབས་རྟེན་ནོ། །དེ་ལྟར་ནང་དཀྱིལ་དགུ་པོ་ནི། །རྟ་བབ་སྤངས་པའི་སྒོ་རྫོགས་ཡིན། །གྲུ་ཆད་ཕྱི་རོལ་ཁྱམས་དང་སྒོ། །རྒྱན་ལྡན་རྟ་བབ་སྣམ་བུ་ནི། །བརྒྱད་མ་སྒྱུ་འཕྲུལ་ལྟ་བུར་མཛད། །ལ་ལ་རྟ་བབ་སྣམ་བཞིའི་སྟེང་། །བུམ་པ་ཆོས་འཁོར་གདུགས་དང་བཅས། །མཆོད་རྟེན་དབྱིབས་སུ་བཞེད་པའང་ཡོད། །འོན་ཀྱང་སྒོ་ཚད་གཅིག་མ་ལ། །སྣམ་ཕྲན་བཞིར་བཅད་བང་རིམ་བཞི། །རྒྱུད་ཀྱི་དགོངས་པར་འབྱོར་རམ་སྙམ། །ཁོར་ཡུག་གདུགས་ཀྱི་རྩེ་མོ་ནས། །ཆ་ཆེན་ཕྱེད་པ་ལན་གཉིས་དང་། །ཆ་ཆེན་གཅིག་དང་དེ་ཕྱེད་དང་། །ཆ་ཆེན་ཕྱེད་དང་ཆ་ཆེན་གཅིག །བསྐོར་བས་ནང་ནས་རིམ་པ་བཞིན། །བཀའ་སྡོད་ས་དང་པདྨ་དང་། །དུར་ཁྲོད་འཁོར་ལོ་རྩིབས་སྟོང་པ། །རྡོ་ར་མེ་རི་རྣམས་སུ་འགྱུར། ༈ །ཕུར་པ་སྤུ་གྲིའི་ཁྱད་པར་ནི། །གྲུ་ཆད་ཐིག་ནས་ཟླུམ་པོར་བསྐོར། །དེ་ནང་ཕྱི་ནས་རིམ་པ་བཞིན། །ཆ་ཕྲན་གཅིག་དང་ཆ་ཕྲན་ཕྱེད། །ཆ་ཕྲན་ཕྱེད་དྲུག་ཆ་ཕྲན་གཅིག །དེ་ནང་ཆོས་འབྱུང་གཤིན་རྗེ་ལྟར། །བསྐོར་བས་ནང་ནས་རིམ་པ་བཞིན། །ཆོས་འབྱུང་ཟླ་གམ་ཐོད་ཕྲེང་དང་། །རིན་ཆེན་ཆ་བརྒྱད་མུ་ཁྱུད་དང་། །མེ་ཡི་ཕྲེང་བ་རྣམས་སུ་འགྱུར། །གྲུ་ཐིག་ཕྱི་རུ་ཆ་ཕྲན་རེ། །བཏབ་པས་ནང་བརྩིགས་ཐོད་རིམ་གསུམ། །དེ་སྒོ་རྒྱན་མེད་ཟང་ཐལ་ཡིན། །ཁྱམས་དང་ཕྱི་སྒོ་ལ་སོགས་པ། །རྟ་བབ་བཞི་མ་སྤྱི་ལྟར་ལས། །པུ་ཤུའི་ཟུར་ནས་བསྐོར་བ་ཡི། །ཕྱི་རོལ་ཆ་ཆེན་ཕྱེད་དང་གཅིག །ཆ་ཕྲན་གཅིག་དང་ཆ་ཆེན་གཅིག །བསྐོར་བས་སྒྲུབ་ཁོག་དངོས་ལས་པད་ར་དུར་ཁྲོད་དམ་ཅན་རྡོ་ར་མེ་རི་རྣམས་གསུངས་སོ། །ནང་ནས་དམ་ཅན་དང་། །དུར་ཁྲོད་རྡོ་ར་མེ་རིར་འགྱུར། །དེ་ལྟར་རྟ་བབ་བརྒྱད་མ་དང་། །བཞི་མ་གཉིས་ཀྱིས་ཁོག་ཕུབ་ནས། །ཉེ་བར་མཁོ་བའི་ལྷ་གནས་སོགས། །བསྒྱུར་ཚུལ་འགའ་ཞིག་བརྗོད་པ་སྟེ། །རབ་འབྱམས་དཀྱིལ་འཁོར་མཐའ་ཡས་ཕྱིར། །ཐམས་ཅད་བསྙད་པར་མི་ནུས་པས། །འདིས་མཚོན་རང་རང་དཀྱིལ་ཆོག་ལྟར། །ཞིབ་མོའི་བློ་ཡིས་བསྒྱུར་ཏེ་དཔྱད། ༈ །གཉིས་པ་ཚོན་གྱི་ཆོ་ག་བཤད། །ཡོན་བདག་འཁོར་ལོས་སྒྱུར་རྒྱལ་དང་། །རྒྱལ་ཕྲན་འབངས་ཀྱི་གོ་རིམ་བཞིན། །རིན་པོ་ཆེ་དང་འབྲུ་སྨན་དང་། །ས་ལས་བྱས་པའི་ཁ་དོག་ནི། །ལྔའམ་ཉི་ཤུ་རྩ་ལྔ་སྟེ། །གཙང་མའི་སྣོད་བླུགས་རང་རིགས་ཀྱི། །ཡིག་འབྲུ་བྲིས་ལ་རང་ཕྱོགས་དགོད། །རིགས་ལྔའི་ལྷ་བསྒོམ་བྱིན་བརླབས་ཏེ། །སློབ་དཔོན་ཤར་དུ་ཞལ་ཕྱོགས་པས། །དབུས་ཀྱི་འགྱིང་ཕུར་བཏོན་པའི་ཤུལ། །ལག་གཡོན་མཐེབ་སྲིན་གྱིས་བཟུང་བའི། །རྡུལ་ཚོན་འབྱུང་བ་རིམ་བརྩེགས་ཀྱི། །ཁ་དོག་གོ་རིམ་ངེས་པས་དགང་། །དེ་རྗེས་སོར་མོ་འབྲུ་ལྔ་བཀོད། །ཁུ་ཚུར་གཡོན་པས་དབང་ལྡན་ནས། །བརྩམས་ཏེ་གཡས་བསྐོར་བརྩིགས་པའི་སར། །པན་རེག་མཛུབ་གང་ཚད་དུ་བྲི། ། དེ་ལ་མཚན་ལྡན་ཐོད་པས་འགེབས། །ཕྱིས་ནས་རྩིག་པ་འདྲེན་པའི་དུས། །ཚོན་པྲ་བརྟགས་པའི་དོན་བཞག་ལ། །དེ་ནས་ཞལ་དབང་ཐོབ་པ་ཡི། །སློབ་མ་རྣམས་ཀྱིས་རིམ་པ་ལྟར། །མ་མཐོང་རྨོངས་ལ་བསྟན་པའི་ཕྱིར། །ཚོན་རྣམས་རིམ་པ་བཞིན་དུ་དགྱེ། །ཇི་ལྟར་དགྱེ་བའི་རིམ་པ་ནི། ༈ །ཐོག་མར་སྒྱུ་འཕྲུལ་ཞི་བ་ལ། །དབུས་མཐིང་མུ་ཁྱུད་འོད་ཟེར་ཏེ། །རྩིབས་བཞི་མཆན་དང་གྲུ་ཆད་དང་། །གློ་འབུར་བར་ཁྱམས་སྒོ་དང་བཅས། །ཤར་དཀར་བ་སོགས་ཕྱོགས་ཀྱིས་དབྱེ། །འཁོར་ལོའི་ཕྱི་ཡི་མུ་ཁྱུད་ནག །རྩིག་པ་ནང་ནས་རིམ་པ་བཞིན། །མཐིང་དཀར་སེར་དམར་ལྗང་གུའོ། །འདོད་སྣམ་དམར་ལ་ཕ་གུ་སེར། །དྲྭ་བའི་གཞི་ནག་དྲྭ་བ་དཀར། །ཤར་བུའི་གཞི་སྔོ་ཤར་བུ་དཀར། །མདའ་ཡབ་དཀར་པོ་མཆོད་རྟེན་རིས། །མུན་པ་པ་དང་ཏི་གླང་རྒྱབ་གཉིས་ནག །ཀ་བ་ཕྱོགས་མདོག་རྒྱན་མཛེས་ཚོན། །རྟ་བབ་བརྒྱད་རྣམས་གོ་རིམ་བཞིན། །རྟ་རྐང་གཞི་སྔོ་རྡོ་རྗེ་སེར། །ཆུ་སྐྱེས་དམར་ལ་སྒྲོམ་མཛེས་ཚོན། །ཟར་ཚག་དཀར་ལ་གཞི་མ་ནག །སྣ་འཕྱངས་སེར་པོ་ཕ་གུ་འདྲ། །སྒྲིལ་འཕྱང་དཀར་ལ་གཞི་མ་ནག །ཤར་བུ་དཀར་ལ་གཞི་མ་སྔོ། །རྒྱ་ཕུབ་ཁྱུང་མགོ་མཐིང་ཁའོ། །པདྨ་དམར་ལ་འཁོར་ལོ་དང་། །རི་དྭགས་གསེར་མདོག་གདུགས་དཀར་པོ། །འོག་གཞིའི་རྩིག་དང་མུ་ཁྱུད་བཅས། །ཕྱོགས་མདོག་ཕྱི་ཁྱམས་ལྗང་གུ་སྟེ། །པདྨ་སྣ་ཚོགས་རྡོ་ར་མཐིང་། །མེ་རི་སྣ་ཚོགས་ཆོས་འཁོར་རོ། ༈ །དེ་ནས་སྒྱུ་འཕྲུལ་ཁྲོ་བོ་ཡི། །ཚོན་གྱི་ཁྱད་པར་ཅུང་ཟད་བཤད། །ལྟེ་བ་མཐིང་ག་མུ་ཁྱུད་ལྗང་། །རྩིབས་བཞི་སེར་པོ་གོང་རས་དམར། །མུ་ཁྱུད་མཐིང་ག་གྲུ་ཆད་ལྗང་། །ཡུལ་མའི་ཁྱམས་སེར་སྒོ་ཕྱོགས་མདོག །ནང་རྩིབས་ནང་ནས་སྔོ་དམར་དཀར། །དབང་མོའི་ཁྱམས་དམར་སྒོ་ཕྱོགས་མདོག །ཕྱི་རོལ་དུར་ཁྲོད་གཞི་མ་ནག །གཞན་རྣམས་ཞི་བ་ཇི་བཞིན་ནོ། །ཚོགས་ཆེན་འདུས་པའི་ཚོན་ཐོབ་ནི། །ཞི་བའི་ཚོན་ནི་དྲྭ་བ་བཞིན། །ཁྲོ་བོའི་ལྟེ་བའི་ཟླུམ་སྐོར་ནི། །གསུམ་ག་མཐིང་ལ་རྩིབས་བརྒྱད་སེར། །གོང་རས་དམར་ལ་མུ་ཁྱུད་སྔོ། །གྲུ་ལྗང་གློ་འབུར་ཕྱོགས་ཀྱི་མདོག །བར་ཁྱམས་དང་པོ་སེར་པོ་ལ། །གཉིས་པ་དཀར་ལ་གསུམ་པ་དམར། །བཞི་པ་སེར་ལ་ལྔ་པ་དམར། །དྲུག་པ་དཀར་ལ་བདུན་པ་ནག །བརྒྱད་པ་ཕྱོགས་མདོག་དགུ་པ་ལྗང་། །རྩིག་པ་ནང་བརྒྱད་ལྗང་དགུ་ལ། །ཕྱི་རྩིག་དང་ནི་སྒོ་ཀུན་གྱི། །འདོད་སྣམ་ཕ་གུ་ལ་སོགས་པ། །སྒྱུ་འཕྲུལ་ལྟར་ལ་ཉི་གདན་ལྗང་། །སྣ་ཚོགས་རྡོ་རྗེ་ཕྱོགས་ཀྱི་མདོག །དུར་ཁྲོད་གཞི་སོགས་ཀུན་དང་མཐུན། ༈ དོང་སྤྲུགས་དབུས་མཐིང་མུ་ཁྱུད་སེར། །འདབ་བཞི་ཕྱོགས་ཚོན་བརྒྱད་ཕན་ཆད། །ལྷ་མདོག་མཛེས་ཚོན་གང་བདེ་བྱ། །མུ་ཁྱུད་ཕྱི་མ་མཐིང་ག་སྟེ། །ལྷག་རྣམས་ཞི་བ་དང་མཐུན་ནོ། །བླ་མ་ཞི་བའི་ཚོན་ཐོབ་ནི། །ལྟེ་བ་མཐིང་ལ་མུ་ཁྱུད་ལྗང་། །འདབ་བཞི་ཕྱོགས་མདོག་བརྒྱད་སྣ་ཚོགས། །རིན་ཆེན་ཆ་བརྒྱད་རྩིབས་བརྒྱད་དང་། །མུ་ཁྱུད་རྣམས་ནི་མཐིང་གའོ། །རྟ་བབ་སྣམ་བུ་བཞི་མ་ལ། །ནང་ནས་དམར་སྔོ་ལྗང་སེར་རམ། །ཡང་ན་སེར་མཐིང་དམར་ལྗང་བྱ། ༈ །བླ་མ་དྲག་པོའི་ཆོས་འབྱུང་དམར། །མུ་རན་སྔོན་པོ་ཟླ་གམ་དམར། །མུ་ཁྱུད་ཐོད་པའི་ཕྲེང་བ་ལ། །པད་འདབ་ཕྱོགས་ཚོན་འཁོར་ལོ་སྔོ། །གོང་རས་ཕྱོགས་མདོག་མུ་ཁྱུད་མཐིང་། ༈ །ཚེ་དཔག་མེད་ཀྱི་ལྟེ་བ་ནི། །དམར་པོ་རྡོར་སེམས་དཀར་པོ་སྟེ། །གཉིས་ཀའི་འདབ་མ་མཛེས་ཚོན་ནོ། ༈ །གཤིན་རྗེ་འཇོམས་བྱེད་ཆོས་འབྱུང་མཐིང་། །ཟླ་གམ་དམར་པོ་ཐོད་རས་དཀར། །རྩིབས་བཞི་མཐིང་ལ་མཆན་ཕྱོགས་མདོག །མུ་ཁྱུད་སྔོན་པོ་གཞན་རྣམས་འདྲ། །བདེ་འདུས་ཞི་བའི་ཚོན་རིམ་བཤད། །དཀྱིལ་འཁོར་དགུ་པོའི་ལྟེ་བ་ནི། །དབུས་དཀར་ཤར་དང་ཤར་ལྷོ་སྔོ། །ལྷོ་དང་ལྷོ་ནུབ་སེར་པོ་སྟེ། །ནུབ་དང་ནུབ་བྱང་དམར་པོའོ། །བྱང་དང་བྱང་ཤར་ལྗང་གུ་བྱ། །ཀུན་གྱི་མུ་ཁྱུད་འོད་ཟེར་ལ། །རྩིབས་བཞི་སྒོ་རྣམས་ཕྱོགས་མདོག་ལ། །རྩིག་པ་རང་རང་རིགས་དང་སྦྱར། །རྡོ་རྗེའི་གདུང་ནི་མཐིང་གའོ། །ཕྱི་ཁྱམས་ཕྱོགས་མདོག་རྩིག་པ་ནི། །ནང་ནས་དཀར་མཐིང་སེར་དམར་ལྗང་། །འདོད་སྣམ་ལ་སོགས་འདྲ་བ་ལ། །ད་རུ་ཀད་ལྗང་པུ་ཤུ་དཀར། །རྟ་བབ་བཞི་ནི་མཛེས་ཚོན་ལ། །པད་རའི་ནང་དུ་ཕྱོགས་སྐྱོང་གི། །སྣམ་བུ་དཀར་པོ་བྱས་ཀྱང་རུང་། །པད་ར་སྣ་ཚོགས་རྡོ་ར་ནག །མེ་རི་དམར་སེར་འབར་བའོ། ༈ །ཁྲོ་བོའི་ཕོ་བྲང་དགུ་པོ་ཡི། །ཚོན་ནི་ལྟེ་བའི་ཆོས་འབྱུང་རྣམས། །དབུས་མཐིང་ཤར་ནས་གཡས་བསྐོར་དུ། །མཐིང་ག་སྔོན་པོ་སེར་པོ་དཀར། །དམར་མཐིང་ལྗང་གུ་ནག་པོའོ། །ཀུན་ཀྱང་རྩིབས་བཞི་མུ་ཁྱུད་བཅས། །མཐིང་ག་གྲུ་ཆད་ཁྱམས་སྒོ་སོགས། །ཕྱོགས་མདོག་རྩིག་པ་ཐོད་རིམ་གསུམ། །འདོད་སྣམ་ལ་སོགས་འདྲ་བ་ལས། ༈ །དམ་ཅན་ཁོར་ཡུག་ནག་པོ་དང་། །རྡོ་རྗེའི་གདུང་མཐིང་འོག་གཞི་སྔོ། །འབར་བའི་རྒྱན་གྱིས་ཐམས་ཅད་སྤྲས། །དབང་མོའི་ལྷ་ཁྱམས་ཕྱོགས་མདོག་ལ། །རྩིག་པ་འདོད་སྣམ་ལ་སོགས་པ། །སྒྱུ་འཕྲུལ་ལྟ་བུར་བྱས་པ་ལས། །ཁོར་ཡུག་བཀའ་སྡོད་ཁྲག་མཚོ་དང་། །རྩིབས་སྟོང་འཁོར་ལོ་སེར་པོའོ། །ཕུར་པ་སྤུ་གྲིའི་ཚོན་ཡིག་ནི། །གྲུ་གསུམ་མཐིང་ནག་ཟླ་གམ་དམར། །ཐོད་ར་དཀར་ལ་རྒྱ་ཆད་མཐིང་། །མུ་བསྐོར་སེར་པོ་མུན་མཆན་དམར། །ཁྱུད་བསྐོར་མེ་རི་ལྔ་ལྡན་ཏེ། །ཁྱམས་སྨུག་ནང་རྩིག་དཀར་དམར་སྔོ། །སྒོ་ཁྱམས་ཕྱི་རྩིག་ལ་སོགས་པ། །སྤྱི་འགྲེ་ལྟར་ལས་ཁོར་ཡུག་གི། །དམ་ཅན་གནས་ནི་ཁྲག་མཚོའོ། ༈ །དེ་ལྟར་དཀྱིལ་འཁོར་སོ་སོ་ཡི། །ལྷ་གནས་རྣམས་སུ་མཚན་མ་ནི། །གྲུབ་ན་རང་རང་སྐུ་གཟུགས་དང་། །ཡིག་འབྲུ་ཕྱག་མཚན་གང་རུང་འགོད། །གལ་ཏེ་དེ་ཙམ་མ་གྲུབ་ན། །སྐུ་མདོག་དང་མཚུངས་ཚོན་སྤུངས་བྱ། །མདོར་ན་སོ་སོའི་དཀྱིལ་ཆོག་ལྟར། །ཚོན་རྩི་མི་འཐུག་མི་སྲབ་ཅིང་། །མ་འདྲེས་ཆད་དང་ཡོ་བ་སོགས། །སྤངས་ཏེ་སྒྲིན་པོའི་བློ་ཡིས་བྲི། །གང་ཞིག་བློ་གྲོས་དམན་རྣམས་ཀྱིས། །ཐིག་ཚོན་བྱ་བ་གང་ལ་ཡང་། །རྩིང་པོའི་སྤྱོད་པས་སྐྱོན་བྱུང་ན། །དེ་བསལ་ཆོ་ག་བརྩམ་པར་བྱ། །རྒྱལ་བའི་དཀྱིལ་འཁོར་བསམ་མི་ཁྱབ། །ཡིན་ཕྱིར་རྟོག་གེའི་ཡུལ་མིན་པས། །རྒྱུད་འགྲེལ་བླ་མའི་མན་ངག་བཞིན། །རང་བཟོ་སྤངས་ནས་བྲིས་པ་འདི། །གཏེར་ཆེན་ཆོས་རྗེའི་བཀའ་འབངས་སུ། །གཏོགས་པ་དྷརྨ་ཤྲཱིས་སོ། །དགེ་བས་མཐའ་ཡས་འགྲོ་བ་ཀུན། །བདེ་བ་ཆེན་པོའི་སྐུ་ཐོབ་ཤོག །སརྦ་དཱ་མངྒ་ལཾ།། ༈ །།འགྲེལ་པ་བཞུགས་སོ། །ༀ་སྭ་སྟི། ད་ནི་ཐིག་ཚོན་གྱི་ཆོ་ག་དེ་དག་དོན་ཅུང་ཟད་བཀྲོལ་ཏེ་བཤད་པར་བྱའོ། །འདི་ལ་ཐིག་དང་ཚོན་གྱི་བྱ་བ་གཉིས། ཐིག་ལའང་གཉིས་ཏེ། གནམ་ཐིག་དང་། ས་ཐིག་གོ། །དང་པོ་ལའང་བཞི་སྟེ། རྒྱུ། ཚད། བྱིན་གྱིས་རླབས་པ། གདབ་པའི་ཐབས་སོ། །དང་པོ་སྐུད་རྒྱུ་ཞི་བ་ལ་མེ་ཏོག་པདྨའི་རྒྱུས་པ་དང་། ཁྲོ་བོ་ལ་ཞིང་གི་རྒྱུས་ཆེན་ལ་བྱ་བར་གསུངས་ཀྱང་། ཐུན་མོང་དུ་རས་བལ་གཙང་མ་དཔའ་བོའི་རིན་ཞེས་པ་རིན་ལ་མ་རྩོད་པ་ཉོས་ལ་བུ་མོ་མཚན་ལྡན་ལོ་བཅུ་དྲུག་མས་བཀལ་བའི་སྣལ་མ་ཁ་དོག་ལྔའམ་ཉི་ཤུ་རྩ་ལྔ་སྟེ། སྒྱུ་འཕྲུལ་ཞི་བ་རྡོ་རྗེ་ལས་རིམ་ལས། པདྨའི་རྒྱུས་ལ་ཁ་དོག་བསྒྱུར། །བཅུ་དྲུག་ཕྱག་རྒྱས་ལེགས་བཀལ་ཏེ། །སྣལ་མ་གཅིག་ལ་ལྔ་ལྔར་ལྡན། །ཡེ་ཤེས་རང་བཞིན་ཤེས་པར་བྱ། །ཞེས་དང་། ཁྲོ་བོ་ལས་རིམ་ལས། བ་སུ་ཏ་ཡི་རྒྱུས་ཆེན་ལ། །དམ་ཚིག་ཡེ་ཤེས་སྐུ་གསུམ་ལྔ། །ཞེས་བ་སུ་ཏ་དམ་ཚིག་དང་། རྒྱུས་ཆེན་ཡེ་ཤེས་ཀྱི་རྒྱུར་གསུངས་སོ། །ཞི་ཁྲོ་ཐུན་མོང་དུ་རས་བལ་ལ་བྱ་བར་རུང་བ་ནི། ཕུར་པའི་པདྨ་ལས་རིམ་ལས། དེ་རྗེས་དཀྱིལ་འཁོར་ཐིག་གདབ་བརྩམ། །ཤེས་རབ་མཚན་དང་ལྡན་པ་དེས། །སྐྱོན་མེད་རས་བལ་བསྒྱུར་བ་ཡི། །ཁ་དོག་ལྔ་ནི་བཀལ་བྱས་ཏེ། །ཞེས་དང་། ཧཱུཾ་ཀཱ་རའི་ཡང་དག་གི་དཀྱིལ་ཆོག་ལས་ཀྱང་། ཐིག་སྐུད་རས་གསར་པའི་རྒྱུ་ལས་བྱུང་བ་སྔགས་ཀྱིས་བྱིན་གྱིས་བརླབས་ནས་བཀལ་བར་བྱ་སྟེ། ཞེས་སོ། །གཉིས་པ་ཚད་ནི། རིང་ཐུང་དཀྱིལ་འཁོར་གྱི་ཉིས་འགྱུར་ཏེ། དཀྱིལ་འཁོར་ཁྲུ་གང་བ་ལ་གདབ་པའི་ཐིག་སྐུད་ནི་ཁྲུ་དོ་པ་ཡིན་ནོ། །འདིར་ཉིས་འགྱུར་བྱ་རྒྱུའི་དཀྱིལ་འཁོར་གྱི་དོན་ཤྲདྡྷཱས་རྩ་ཐིག་ལ་ངོས་བཟུང་ནས། དེ་ཉིས་འགྱུར་སྣ་ཚོགས་རྡོ་རྗེའི་རྩེ་ཚུན་ཆད་ཀྱི་ཚད་དུ་བྱས་ཏེ་རྟ་བབས་སྒོ་ཚད་གཅིག་མར་འདོད་པ་དང་། ཕྲེང་བ་མཁན་པོའི་དཀྱིལ་འཁོར་མདའ་ཐིག་ལ་བྱས་ནས། དེ་ཉིས་འགྱུར་དུར་ཁྲོད་སྤངས་པའི་འོད་ཕྲེང་ཚུན་གྱི་ཚད་དུ་བྱས་ཏེ་རྟ་བབ་སྒོ་ཚད་གསུམ་མར་འདོད་ལ། འདིར་རྟ་བབ་སྒོ་ཚད་གཉིས་མར་བྱས་པའི་ཚེ་ཕྱི་མ་ལྟར་ཁས་བླངས་པས་དུར་ཁྲོད་ཡོད་པའི་ཕྱོགས་ལ་འགྲིགས་ཤིང་། དུར་ཁྲོད་མེད་པའི་ཕྱོགས་ལ་སྔ་མ་ལྟར་བྱས་ན་དེ་ཉིས་འགྱུར་གྱིས་རྭ་རྩེའམ་འོག་གཞིའི་འཁོར་ལོའི་རྩེ་མ་སྙོགས་ཤིང་། ཕྱི་མ་ལྟར་ན་སྒོ་ཚད་གཉིས་ཀྱིས་མ་ལངས་མོད་ཀྱི། འོན་ཀྱང་ཉིས་འགྱུར་དུ་བྱ་བར་གསུངས་པ་ནི་དཀྱིལ་འཁོར་དང་འཚམས་པར་བྱ་ཞེས་པའི་དོན་ཡིན་པའི་གནད་ཀྱིས། འོད་ཕྲེང་དག་གི་ཕྱི་རོལ་དུ་ཐིག་རོ་མ་ལུས་པར་གདབ་དགོས་པའི་ཕྱིར་ན། སློབ་དཔོན་དང་ཐིག་གཡོག་གིས་ལག་པས་བཟུང་བའི་ཆ་མ་གཏོགས་པ་མཐའི་ཁོར་ཡུག་གི་ཚད་ལ་རིང་བ་མི་རུང་ཞིང་། གཞན་དུ་ཟླུམ་ཐིག་ནི་རྐྱང་ཐིག་ལ་ལྟོས་མི་དགོས་པའི་ཕྱིར། རྟ་བབས་སྒོ་ཚད་གསུམ་མ་དང་། གཉིས་མ་དང་། གཅིག་མ་གསུམ་གང་བྱེད་ཀྱང་རུང་སྟེ། འོག་གཞིའི་རྭ་རྩེ་ཚུན་གྱི་ཚད་དང་མཉམ་ཙམ་གྱིས་ཀྱང་དགོས་པ་འགྲུབ་ཅིང་དེ་ལས་ཐུང་དུ་མི་རུང་ངོ་། །སྦོམ་ཕྲ་ནི་སྒོའི་ཉི་ཤུའི་ཆ་སྟེ་རྩིག་པའི་རེ་ཁཱ་དང་མཉམ་པས་ཆ་ཕྲན་གཅིག་གི་ལྔའོ། །དེ་སྐད་དུའང་གལྤོ་དང་མཉམ་སྦྱོར་གྱི་དཀྱིལ་ཆོག་ལས། རིང་ཐུང་དཀྱིལ་འཁོར་ཉིས་འགྱུར་ལ། །སྦོམ་ཕྲ་སྒོ་ཡི་ཉི་ཤུ་ཆ། །ཞེས་སོ། །གསུམ་པ་ནི། སྐུད་པ་རྣམས་དཔའ་བོ་འབྲུ་ལྔར་མོས་ལ། མདུན་གྱི་ནམ་མཁར་སྤྱན་དྲངས་པའི་རྒྱལ་བ་རྣམས་འབར་བའི་ལྟ་སྟངས་ཀྱིས་བསྐུལ་བས། སྦྱོར་བ་མཛད་པའི་བྱང་སེམས་ཡེ་ཤེས་ལྔའི་རང་བཞིན་འོད་ལྔའི་རྣམ་པར་བྱུང་བ་ཐིག་སྐུད་ལ་ཕོག་པས་ཡེ་ཤེས་ལྔའི་རང་བཞིན་ཅན་དུ་གྱུར་པར་བསམ་ལ། དང་པོ་སྲད་བུ་ལྔ་སོ་སོ་དང་། དེ་ནས་གཅིག་ཏུ་སྒྲིལ་བ་སོགས་སོ་སོའི་དཀྱིལ་ཆོག་ལྟར་བྱ་བ་གཅེས་སོ། །དེ་དག་ཀྱང་མཉམ་སྦྱོར་དཀྱིལ་ཆོག་ལས། རིན་ཆེན་ཐོད་པའི་སྣོད་བཞག་ལ། །རིགས་ཀྱི་ཡི་གེའི་སྔགས་ཀྱིས་བསྐྱེད། །མ་ཏི་ཀྲ་མ་ཧཱུྃ། ༀ་ཨཱཿཧཱུྃ། མིག་གི་ལྟ་བ་བཀུག་བྱས་པའི། །སངས་རྒྱས་རིགས་རྣམས་གཞུག་པར་བྱ། །ཉི་ཟླ་འབར་བའི་ལྕགས་ཀྱུ་ཡིས། །དེ་གཉིས་གཅིག་ཏུ་གནས་པར་བསྒོམ། །མཆོད་འབུལ་བསྟོད་པས་མཉེས་བྱས་ནས། །གཙོ་བོའི་སྔགས་བརྗོད་བསྒྲིལ་བར་བྱ། །ཞེས་དང་། ཞི་བ་རྡོ་རྗེ་ལས་རིམ་ལས། གཙང་མའི་སྣོད་དུ་ལེགས་བཀོད་དེ། །ཉི་ཟླ་འབར་བའི་གདན་དག་ལ། །ཐུགས་ལས་ཡི་གེ་འབྲུ་གྲངས་བཞིན། །ཕྱོགས་བཅུ་དུས་བཞི་མདུན་དྲངས་ཏེ། །མཆོད་སྦྱར་གསོལ་བ་གདབ་པར་བྱ། །སྦྱོར་བའི་ཡེ་ཤེས་གྲངས་མཉམ་དང་། །རྡོ་རྗེ་གསུམ་བྱིན་ངེས་པར་བསྟིམ། །དང་པོ་རང་བཞིན་མཉམ་བྱས་ཏེ། །ཅུང་ཟད་མཆོད་ལ་བརྟག་པར་བྱ། །ཞེས་ཡི་དམ་ཐུན་མོང་གི་བྱིན་རླབས་གསུངས་པ་བཞིན་ནོ། །བཞི་པ་གདབ་ཚུལ་ནི། རྡོ་རྗེ་རྒྱལ་པོ་ལྷར་གསལ་བས་གཟུངས་མའམ། སློབ་མ་ཡུམ་དུ་མོས་པ་ལ་ཛཿཛཿཞེས་བླངས་ཏེ། ཐིག་བྱང་ཆུབ་སེམས་ཀྱི་རང་བཞིན་དཀར་བྲེང་གིས་བྱུང་བར་བསམ་ལ། རང་གི་མཐེ་བོང་དང་གུང་མོ་འོག་ཏུ་ཕྱོགས་པས་ཐིག་སྐུད་བཟུང་ཞིང་གཅུས་ཏེ་ནམ་མཁའ་ལ་གྱེན་དུ་སེ་གོལ་གྱིས་གདབ་སྟེང་ཕྱོགས་སུ་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གྱུར་པར་བསམ། ཡང་འོག་ཏུ་ཕྱོགས་ཏེ་བར་སྣང་ལ་གདབ་པས་འོག་གི་འཇིག་རྟེན་གཞལ་ཡས་ཁང་དུ་གྱུར་པར་བསམ་པ་སྟེ། གལྤོ་ལས། ཡེ་ཤེས་ལྔ་ལྡན་གནམ་ཐིག་གིས། །སྟེང་གི་འཇིག་རྟེན་དཀྱིལ་འཁོར་འགྱུར། །ས་ཐིག་འོག་གི་འཇིག་རྟེན་ཡང་། །དཀྱིལ་འཁོར་ཆེན་པོར་འགྱུར་བའོ། །ཞེས་དང་། བསྐོར་ཕྱོགས་ནི། གདབ་ཚུལ་སློབ་དཔོན་ནུབ་ཏུ་འདུག །ཞེས་སོགས་ཏེ། བདེ་འདུས་ཞི་བའི་ཐིག་ཆོག་སློབ་དཔོན་གྱིས་མཛད་པ་ལས། སློབ་དཔོན་ཆུ་བདག་ཕྱོགས་གནས་ལ། །སློབ་མ་བརྒྱ་བྱིན་ཕྱོགས་གནས་ཏེ། །ཚངས་ཐིག་དང་པོ་གདབ་པར་བྱ། །གཤིན་རྗེ་གནོད་སྦྱིན་ཕྱོགས་གནས་ཏེ། །ཚངས་ཐིག་གཉིས་པ་གདབ་པར་བྱ། །མེ་དང་འབྱུང་པོར་གནས་ནས་ནི། །ཤར་གྱི་ཐིག་ནི་གདབ་པར་བྱ། །རླུང་དང་བདེན་བྲལ་ཕྱོགས་གནས་ཏེ། །ནུབ་ཀྱི་ཕྱོགས་ནི་དེ་བཞིན་གདབ། །སློབ་དཔོན་རླུང་གནས་བྱང་གི་ཐིག །མེ་དང་བདེན་བྲལ་གནས་ནས་ལྷོ། །མཚམས་ཀྱི་ཐིག་གཉིས་དེ་བཞིན་གདབ། །ཅེས་དང་། པདྨ་ལས་རིམ་ལས་ཀྱང་། དེ་ནས་སློབ་དཔོན་ཆུ་བདག་འདུག །ཤི་ཤ་བརྒྱ་བྱིན་ཕྱོགས་སུ་འདུག །གནམ་ཐིག་ཚངས་ཐིག་དང་པོ་གདབ། །ཅེས་པ་ནས། ཟུར་ཐིག་གཉིས་ཀྱང་ཤེས་པར་བྱ། །ཞེས་གསུངས་པའི་བར་རོ། །དེའི་འཕྲོས་ལས། རྡོ་རྗེ་དྲིལ་བུ་ཐོགས་ལ་གདབ། །སྒྲ་རྣམས་ཀྱང་ནི་བཀྲོལ་བར་བྱ། །ཡེ་ཤེས་ཐིག་གདབ་རིམ་པའོ། །ཞེས་གསུངས་པས་རྡོར་དྲིལ་དང་བཅས་པས་ཕྱོགས་མ་འཁྲུལ་བར་གདབ་ཅིང་། འགྲོ་ཚུལ་ཀྱང་། ནག་པོ་པས། བློ་ལྡན་རྒྱབ་ཀྱིས་འགྲོ་བར་བྱ། ཞེས་པ་ལྟར། ཚངས་ཐིག་དང་ལོགས་ཐིག་ལ་གཡས་བསྐོར་རྒྱབ་འགྲོས་ཀྱིས་འགྲོ་ཞིང་། ཟུར་ཐིག་གཉིས་ལ་སྐོར་ཕྱོགས་སུ་འགྲོ་བ་ལས་རྒྱབ་འགྲོས་མི་དགོས་སོ། །གཉིས་པ་ལས་ཐིག་ལའང་། རྒྱུ། ཚད། བྱིན་རླབས། གདབ་ཚུལ་དང་བཞི། དང་པོ་ནི། སྒྱུ་འཕྲུལ་ལས། ཞི་བ་ལ་རས་བལ་ལམ། ཁྲོ་བོ་ལ་ཞིང་ཆེན་གྱི་རྒྱུ་མའམ། གཞན་ལས་རོ་སྐྲ་ལའང་བྱ་བར་བཤད་དོ། །ཧེ་རུ་ཀ་གལྤོ་ལས། ཤི་བའི་སྐྲ་ཡི་སྐུད་པའམ། །བ་སུ་ཏ་ཡིས་ཐིག་སྐུད་བྱ། །ཞེས་དང་། ཞི་བ་ལས་རིམ་ལས། ཁ་དོག་གསུམ་ལྡན་སྣལ་མ་དགུ། །རས་བལ་ལས་བཀལ་སྐུ་གསུང་ཐུགས། །ཞེས་སོགས་སོ། །འོན་ཀྱང་ཞི་ཁྲོ་ཐུན་མོང་དུ་རས་བལ་གཙང་མ་མཚན་ལྡན་མས་བཀལ་བའི་སྐུད་པ་ཁ་དོག་སུམ་སྒྲིལ་ལམ་དགུ་སྒྲིལ་དུ་བྱས་པ། ཚད་ཀྱང་སྔར་དང་འདྲ་བ་སྟེ། པདྨ་ལས་རིམ་ལས། དེ་རྗེས་ལས་ཐིག་བརྩམ་པར་བྱ། །ཉེས་པའི་སྐྱོན་མེད་རས་བལ་དཀར། །མཚན་ལྡན་གཟུངས་མ་གོང་མས་བཀལ། །ཤིན་ཏུ་སྙོམས་ལ་འཇུར་མདུད་མེད། །རིང་ཐུང་དཀྱིལ་འཁོར་ཉིས་འགྱུར་ལ། །སྦོམ་ཕྲ་སྒོ་ཡི་ཉི་ཤུ་ཆ། །ཞེས་སོ། །བྱིན་རླབས་ནི། སྐུད་པ་རྣམས་འབྲུ་གསུམ་དུ་མོས་ལ། །དེ་བཞིན་གཤེགས་པ་རྣམས་ཀྱི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་བ་ཐིག་སྐུད་ལ་ཐིམ་པས་དེ་ཉིད་ཀྱི་སྐུ་གསུང་ཐུགས་གསུམ་མམ་དགུ་ཕྲུག་གི་རང་བཞིན་དུ་གྱུར་པར་བསམ་སྟེ། གལྤོ་ལས། ས་ཐིག་གསུམ་སྒྲིལ་སྐུ་གསུང་ཐུགས། །ཞེས་སོ། །བཞི་པ་གདབ་ཚུལ་ནི། དྲི་བཟང་པོ་བདུད་རྩི་ལྔ་དང་བཅས་པའི་དཀར་ཆལ་གྱིས་སྦགས་པའི་ཐིག་སྐུད་བརྐྱངས་ཏེ་སློབ་དཔོན་སློབ་མ་ལྷ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་དམ་ཚིག་གི་ཐིག་སྐུ་གསུང་ཐུགས་ཀྱི་རང་བཞིན་ཅན་བཏབ་པར་བསམ་ལ་རྡོར་དྲིལ་བཞག་སྟེ་ཐིག་ཆེན་བརྒྱད་པོ་བསྐོར་ཕྱོགས་དང་གོ་རིམ་ཡེ་ཐིག་བཞིན་དུ་བྱས་ནས་གདབ་སྟེ། པདྨ་ལས་རིམ་ལས། རྡོ་རྗེ་དྲིལ་བུ་བོར་ནས་ནི། །གདབ་པའི་རིམ་པ་གོང་ལྟར་བྱ། །ཞེས་སོ། །ཡང་གནས་སྐབས་བྱ་སླ་བའི་ཆེད་དུ་ལོགས་བཞིའི་སྔོན་དུ་ཟུར་ཐིག་གཉིས་བཏབ་ཀྱང་མི་འགལ་ཏེ། རྡོ་རྗེ་གུར་གྱི་ལེའུ་བརྒྱད་པར། དང་པོ་ཚངས་པའི་ཐིག་དང་ནི། །གཉིས་པར་མཚམས་ཀྱི་ཐིག་དང་ནི། །གསུམ་པར་ངོས་ནི་བཞི་པའི་ཐིག །ཐིག་ནི་རབ་ཏུ་གདབ་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་གནམ་སའི་ཐིག་གདབ་པའི་ཚེ། སྐུད་པ་ཆད་པ་དང་། ཤོར་བ་དང་། ཕྱོགས་འཁྲུལ་བའི་སྐྱོན་རྣམས་སྒྲིམ་པོའི་བློས་སྤངས་ནས་གདབ་སྟེ། སྙིང་པོ་ལས། མཁས་ལྡན་ཆེན་པོས་སྒྲིམ་སྟེ་བྱ། །ཞེས་དང་། རྡོ་རྗེ་ལས་རིམ་ལས། ཐིག་སྐུད་ཆད་ན་སློབ་དཔོན་འཆི། །ཕྱོགས་འཁྲུལ་བས་ནི་གཉིས་ཀ་ཉམས། །རྒྱུན་ཆད་ལམ་ལ་གནས་པར་འགྱུར། །དེ་ཕྱིར་མཁས་པས་སྒྲིམ་སྟེ་བྱ། །ཞེས་དང་། བདེ་འདུས་ཀྱི་དཀྱིལ་འཁོར་བྱ་བའི་ལས་རིམ་ལས་ཀྱང་། ཐིག་སྐུད་ཆད་ན་སློབ་དཔོན་ལ་ངན༔ ཟུར་ཐིག་ཉམས་ན་སློབ་མ་འཆི༔ རིང་ཐུང་འཆོར་ན་ན་བར་འགྱུར༔ ཕྱོགས་མཚམས་འཁྲུགས་ན་ཉེས་པར་འགྱུར༔ ཞེས་གསུངས་སོ། །ཡང་ལས་རིམ་ལས། ཀུན་ཏུ་བྱ་བར་བྱས་པ་དང༔ ཏིང་འཛིན་ལྡན་པས་ཡེ་ཤེས་ལས༔ ཡེ་ཤེས་ཐིམ་པ་དེས་མཆོད་དེ༔ དམ་ཚིག་ཕྱག་རྒྱ་མུཿཡིས་གཤེགས༔ དེ་ནས་ཉེས་པ་གང་ཡང་མེད༔ ཞེས་པས་ཐིག་སྐུད་གཉིས་ལ་གཏང་རག་གི་ཚུལ་དུ་ཡེ་ཤེས་ལ་ཡེ་ཤེས་ཐིམ་པར་བསམ་ལ་མཆོད་དེ་དམ་ཚིག་གི་ཕྱག་རྒྱ་བཅས་ལ་བཛྲ་མུཿཞེས་པས་གཤེགས་སུ་གསོལ། དེ་ལྟར་བྱས་པས་ཐིག་སྐུད་ལ་འགོམ་པ་སོགས་ཐལ་ཀྱང་ཉེས་པ་མི་འབྱུང་ངོ་། །དེ་བཞིན་དུ་དཀྱིལ་འཁོར་ལ་བཏབ་པའི་ཐིག་རབ་གནས་དང་ལྡན་པ་དེ་ལའང་འགོམ་པའི་ཉེས་པ་སེལ་བའི་ཕྱིར་ཧྲཱིཿཞེས་སྒྲ་རིང་པོར་བརྗོད་པར་དཀྱིལ་འཁོར་གྱི་ཐིག་ལྷ་བློས་ནམ་མཁའ་ལ་བཏེགས་ནས་ཐིག་ཕྲན་གྱི་ཆ་དབྱེ་བ་དང་། ཚོན་བཀྱེ་བ་སོགས་ཐིག་གི་འོག་ཏུ་འཛུལ་བར་མོས་ནས་བྱ་བར་གསུངས་ཏེ། སྔ་མ་ལས། རབ་གནས་ལྡན་པའི་ཐིག་འགོམ་ན། །བདེ་གཤེགས་སྐུར་པ་བཏབ་དང་མཚུངས། །སངས་རྒྱས་ཆོས་ལས་རིང་འགྱུར་བས། །ཧྲཱིཿསྒྲའི་ཕྱག་རྒྱས་འཛུལ་བར་བྱ། །ཞེས་སོ། །གནམ་སའི་ཐིག་གདབ་པའི་གོ་རིམ་ཀྱང་། སྒྱུ་འཕྲུལ་མཁན་པོ་ཕལ་ཆེར། ཐོག་མར་ལས་ཐིག་བཏབ་ནས། དེ་རྗེས་སྐུ་གསུང་ཐུགས་རེ་རེ་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པར་བསམ་ལ་ཡེ་ཐིག་འདེབས་པའི་ཕྱག་ལེན་མཛད་མོད། འདིར་ཡེ་ཐིག་ཐོག་མར་འཆད་པ་བརྗོད་པ་ཉུང་བས་འཆད་བདེ་བ་དང་། དེར་མ་ཟད་སྒྱུ་འཕྲུལ་ལས་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། བི་མ་ལས་ཐིག་གི་པིཎྜ་ཐ་ལས། རང་བཞིན་དཀྱིལ་འཁོར་གནམ་ཐིག་གདབ། །དེ་ནས་ས་ཐིག་འཆད་པ་བཞིན། །ཉེས་པ་བྲལ་བར་གདབ་པར་བྱ། །ཡང་ན་ཡེ་ཤེས་དམ་ཚིག་པའི། །རྗེས་ལ་རབ་གནས་གདན་ཕྱིར་གདབ། །ཅེས་སྔ་ཕྱི་འདམ་ཁར་གསུངས་པ་དང་། ཚད་ལྡན་གྱི་གཞུང་མང་པོར་ཡེ་ཐིག་སྔོན་ལ་འདེབས་པའི་ཁུངས་ཀྱང་མཐོང་བའི་ཕྱིར་རོ། །དེའང་རྔམ་གློག་ལས། ཐིག་གཡོག་ལས་ཀྱི་སེམས་མ་སྟེ། །མཚན་ལྡན་བྱིན་གྱིས་བརླབས་ནས་ནི། །ཕྱག་རྒྱ་གར་དང་བཅས་པ་ཡིས། །རང་བཞིན་དཀྱིལ་འཁོར་གནམ་ཐིག་གདབ། །དེ་ནས་ས་ཐིག་གདབ་པ་ཡང་། །འདུལ་བའི་དབང་གི་བྱེ་བྲག་ལས། །མཎྜལ་ཚད་ནི་ངེས་པ་མེད། །སོར་བཞི་པ་ལས་བརྩམས་ནས་ནི། །ཇི་སྲིད་དཔག་ཚད་ཐུག་བར་རོ། །ཞེས་དང་། བདེ་འདུས་ཞི་བ་འདུས་པའི་རྩ་རྒྱུད་ལས། དང་པོར་ནམ་མཁར་དགོངས་ཐིག་གདབ། །དེ་ནས་ས་ཐིག་རིམ་པ་བཞིན། །ཞེས་དང་། པདྨ་ལས་རིམ་ལས་ཀྱང་། ཡེ་ཤེས་ཐིག་གདབ་རིམ་པའོ། །དེ་རྗེས་ལས་ཐིག་བརྩམ་པར་བྱ། །ཞེས་སོགས་མང་ངོ་། །འོན་ཀྱང་འདིར་སྤྱིར་བཏང་ཙམ་དུ་བཀོད་པ་སྟེ། བྱེ་བྲག་དཀྱིལ་ཆོག་སོ་སོའི་ལུགས་བཞིན་མ་འདྲེས་པར་ལག་ཏུ་ལེན་པ་གཅེས་སོ། །དེ་ལྟར་ཐིག་གདབ་སྤྱིར་བཤད་པས་ཁོག་ཕུབ་ནས། ད་ནི་ལས་ཐིག་གི་ཆ་དབྱེ་བ་སོགས་འཆད་པར་འདོད་པས། དེ་ཡང་ཅུང་ཟད་ཕྱེ་སྟེ་བཤད། །ཅེས་སྨྲས་སོ། །དེ་ལ་ཐོག་མར་ཐིག་གཞི་སྟེགས་བུའི་ཚད་ནི་ཕྱི་དཀྱིལ་འཁོར་གྱི་ཚད་སྔར་དྲངས་མ་ཐག་པའི་རྔམ་གློག་གི་ལུང་དེ་ལས། སོར་བཞི་ནས་དཔག་ཚད་ཀྱི་བར་མ་ངེས་པར་གསུངས་པ་ནི་ལྷག་པ་གཟུགས་བརྙན་དང་། ཏིང་ངེ་འཛིན་མ་ཕྱེ་བའི་སྐབས་ཏེ། སྙིང་པོ་ལས། ཡང་ན་རྒྱངས་གྲགས་དཔག་ཚད་དམ། །ནམ་མཁའི་དབྱིངས་ནི་བསམ་ཡས་པ། །སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་བསྒོམ། །ཞེས་དང་། ཐར་ལོའི་འགྱུར་ལས། རྒྱངས་གྲགས་ཙམ་ནི་དཔག་ཚད་སྦྱོར། །མཁའ་དབྱིངས་བསམ་མི་ཁྱབ་པ་རུ། །སངས་རྒྱས་དཀྱིལ་འཁོར་བསམ་པར་བྱ། །ཞེས་ལྷག་པ་ཏིང་འཛིན་གྱི་དཀྱིལ་འཁོར་དུ་གསུངས་ཤིང་། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་ཆུང་འབྲིང་ཆེ་གསུམ་ལས། ཆུང་ཚད་གཉིས་ནི། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། །ཡང་ན་ལུས་གང་ཚད་དུ་སྟེ། །ཞེས་སོ། །འབྲིང་ཚད་གཉིས་ནི། ཡང་ན་ལུས་ནི་གསུམ་གྱི་ཚད། །ཡང་ན་ཁྲུ་ནི་བཅུ་དྲུག་གོ། །ཞེས་སོ། །ཆེ་ཚད་གཉིས་ནི། ཉི་ཤུའམ་ཉི་ཤུ་རྩ་ལྔ་བྱ། །ཞེས་གསུངས་པའི་ཕྱིར། འདིར་ཁྲུ་གང་ཚད་ལས་མི་ཆུང་བའི་ཞེས་སྨྲས་པ་ནི། དེ་ཆུང་ཚད་ཡིན་པས་དེ་ལས་ཆུང་དུ་མི་བཏུབ་པའི་ཐ་ཚིག་གོ། །སྟེགས་བུ་དེའི་རྣམ་པ་ནི། དབུས་མཐོ་ཞིང་། མཐའ་ཀུན་ནས་སྙོམས་པ་སྟེ། འོན་ཀྱང་ཤར་མཐོ་ན་ཚེ་ཐུང་། བྱང་མཐོ་ན་ནོར་རྫས་འཛད། ཅེས་གསུངས་པས་ཤར་དང་བྱང་ཅུང་ཟད་དམའ་བར་བྱའོ། །ཇི་ལྟར་རིགས་པའི་སོགས་ནི་ཚངས་ཐིག་ཟུར་ལ་སོགས་པའི་ཐིག་གདབ་ཚུལ་ཐམས་ཅད་ཞིབ་མོར་སྟོན་པ་སྟེ་ཀློག་པས་གྲུབ་པའོ། །གདབ་ཚུལ་རྣམ་པ་གཞན་དུ་ན་འདི་ལྟར་ཤེས་པར་བྱ་སྟེ། ཐོག་མར་ཚངས་ཐིག་དང་པོ་གདབ། །དེ་དབུས་ཚད་བཏབ་དཀྱིལ་འཁོར་དཀྱིལ། །དེ་སྟེང་བཟུང་ནས་ཟླུམ་བསྐོར་གཅིག །དེ་དང་ཚངས་ཐིག་ཕྲད་ས་རུ། །བཟུང་སྟེ་སྔ་མའི་སྲད་བུ་ལས། །ཅུང་ཟད་རིང་ངམ་ཐུང་དུ་བཅུག །དེ་ཡིས་གར་སླེབས་ཟླུམ་བསྐོར་དེའི། །ཕྱི་དང་ནང་དུ་ཕྱོགས་ཟུར་གྱི། །བྱ་རྗེས་དེ་སྟེང་ཚངས་ཐིག་དང་། །ཟུར་ཐིག་གཉིས་པ་གདབ་པར་བྱ། །དབུས་ནས་ཕྱོགས་རེར་ཟུར་ཐིག་སྟེང་། །ཆ་མཉམ་དགུ་ཡི་མཚན་མ་བྱ། །དེ་སྟེང་ལོགས་རེར་ཆ་ཆེན་ནི། །དགུ་དགུ་བཅོ་བརྒྱད་གདབ་པར་བྱ། །དང་པོ་ཕྱེད་གདབ་ཕྱི་མ་གདབ། །གཉིས་པ་ཆ་བཞིར་བགོ་བར་བྱ། །གསུམ་པ་བཞི་པ་མི་གདབ་བཞག །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་བརྒྱད་པ་བཞི་བཞིར་བགོ། །དགུ་པ་དབུས་དོར་མཐའ་གཉིས་གདབ། །ཅེས་རྟ་བབ་བརྒྱད་མ་དང་། བཞི་མའི་ཚེ། ཆ་མཉམ་བརྒྱད་ཀྱི་མཚན་མ་བྱ། །ཞེས་དང་། བརྒྱད་བརྒྱད་བཅུ་དྲུག་གདབ་པར་བྱ། །ཞེས་དང་། བདུན་པ་བཞིར་བགོ་བརྒྱད་དབུས་དོར། །ཞེས་བརྗོད་དོ། །ཡང་སྒོ་སྦྲག་གི་ཚེ། དགུ་དགུ་བཅོ་བརྒྱད་གདབ་པར་བྱ། །དེ་ལ་ཆ་ཆེན་ནང་མ་གསུམ། །ཕྱེད་དུ་གཏུབས་ཏེ་དྲུག་ཏུ་བྱ། །དང་པོ་ཕྱེད་གདབ་ཕྱི་མ་ཕྱེད། །གཉིས་པའི་ནང་དུ་ཆ་ཕྲན་གཅིག །གསུམ་བཞི་མི་གདབ་ལྔ་དབུས་དོར། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །དེ་ནི་ནང་གི་སྒོ་ཡིན་ནོ། །ཆ་ཆེན་བཞི་པ་ཕྱི་ཡི་ཁྱམས། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །ཅེས་སོགས་སྔར་བཞིན་ཏེ། གཞན་དུ་བྲིས་པ་ལས་འདིར་བྱ་སླའོ། །འོན་ཀྱང་གཞུང་དུ་ཐོག་མར་མདའ་ཐིག་ནས་འདེབས་པ་ནི། རྩ་ཐིག་སོགས་ངོས་བཟུང་སྟེ་གོ་བ་ལ་ཕན་པའི་ཆེད་དང་། མཉམ་སྦྱོར་གྱི་དཀྱིལ་ཆོག་ལས་ཀྱང་། ཐིག་ནི་ཕྱི་ནས་བཏབ་པ་ལ། །ཚོན་རྩི་ནང་ནས་བཀྱེ་བར་བྱ། །ཞེས་གསུངས་པའི་དགོངས་པའང་ཡིན་ནོ། །ཡང་ཆ་ཆེན་བཅོ་བརྒྱད་དང་བཅུ་དྲུག་ཏུ་དབྱེ་བ་འདི་ནི། རྡོ་རྗེ་ལས་རིམ་ལས། ཕྱོགས་རེར་དགུ་དགུ་སྟེ་སོ་དྲུག་གི་སྟེང་ཚངས་ཟུར་རྩིས་ཏེ། མཆོག་གི་ཐིག་ཕྲན་བཞི་བཅུ་བཞི། །ལེགས་པར་ཁ་དོག་ཕྱེ་ཡང་རུང་། །ཞེས་དང་། བདེ་འདུས་རྩ་རྒྱུད་ལས། ཐིག་ནི་བཅུ་དྲུག་དག་ཏུ་གདབ༔ ཅེས་དང་། ཤྲདྡྷཱས་ཀྱང་། ངོས་བཞིའི་ཆ་ནི་དབྱེ་བྱས་ཏེ། །རེ་རེའང་ཆ་ཆེན་བཅུ་དྲུག་ཏུ། །སོ་སོར་རྣམ་པར་དབྱེ་བར་བྱ། །ཞེས་གསུངས་པའི་དོན་ཏེ་སྤྱིར་བཤད་པའོ། །བྱེ་བྲག་རྟ་བབས་བརྒྱད་མ་དང་། བཞི་མ་ལས་འཕྲོས་ཏེ་དཀྱིལ་འཁོར་སོ་སོའི་ཐིག་བཤད་པ་ལས། ཐོག་མར་སྒྱུ་འཕྲུལ་ཞི་བའི་ཐིག་གདབ་ཚུལ་འདི་ནི་དཀྱིལ་འཁོར་འབྲིང་པོའི་འདེབས་ཚུལ་ཏེ། བསྡུས་པ་ལ་བར་ཁྱམས་མེད་པའི་གྲུ་ཆད་ལ་སྒོ་གཏོད་པ་དང་། རྒྱས་པར་ཕོ་བྲང་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་རེ་རེ་ལའང་རྩིབས་བཞི་ལྟེ་བ་དང་བཅས་པས་མཚན་པའོ། །འདིའི་རྟ་བབས་བརྒྱད་མའི་འགོད་རིམ་དང་། འགོད་གཞི་འཁོར་ལོ་བྱེད་པ་ཞི་བ་ལ་ཁོར་ཡུག་གསུམ་ལས་མི་བྱེད་པ་སོགས་ཀྱི་དོན་ནི་འབྱམས་ཀླས་པར། ཞི་བ་འབྲིང་པོའི་བློས་བསླང་རྣམ་བཞག་ཏུ་བྲིས་ཡོད་པས་སྤྲོ་ན་དེར་བལྟ་བར་བྱ་སྟེ། ཁྲོ་བོ་ཡང་དེས་ཁོག་ཕུབ་པ་ཡོད་དོ། །ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ལ། ཞི་བ་རྡོ་རྗེ་དབྱིངས་སྟེང་དང་། ཚོགས་ཆེན་འདུས་པ་འོག་ཁང་དུ་བྱས་པའི་ཁྲོ་བོ་ལ་སྒོ་དགུ་བརྩེགས་སུ་བྱེད་པ་ནི་ཧཱུྃ་ཀཱ་རའི་རྒྱ་མདུད་འགྲེལ་པ་ལས། གཞལ་ཡས་ཁང་མཐའ་ཐུག་པ་མེད་པའི་ཁྱམས་དགུ་ལས་མེ་དཔུང་འབར་བ་ནི། ཐེག་པ་དགུའི་རྟོགས་པའི་ཡེ་ཤེས་དགུ་ཡོངས་སུ་རྫོགས་པའི་ཕྱིར་སྒོ་དགུ་བརྩེགས་སུ་མཐོང་སྟེ། ཁྱམས་མཐོ་དམན་གྱི་ཆས་བརྩེགས་པའོ། །ཞེས་དང་། སྤྱིར་སྒོ་དགུར་གྱུར་བ་ནི་ཕྱོགས་དང་པོའི་དབང་གིས་ཤར་ནས་སྨོས་པའོ། །བརྩེགས་པ་ནི་སྒོ་རིམ་པ་དགུ་པར་འོག་གཞིའི་ཆས་ཕྱེ་བའོ། །དེ་དག་ལ་ཐིག་ཉི་ཤུ་རྩ་བདུན་ནོ། །ཞེས་གསུངས་པའི་རྗེས་སུ་འབྲངས་ནས་བྲིས་པ་སྟེ་རང་གི་རྗེ་བླ་མའི་དགོངས་པའོ། །དེའང་འདིའི་དབུས་ཀྱི་ཟླུམ་སྐོར་གསུམ་ནི། ཆེ་མཆོག་དང་དབང་མཆོག་བཛྲ་ཧེ་རུ་ཀ་གསུམ་གྱི་སའོ། །དེ་ནས་རིམ་པར་རྩིབས་བརྒྱད་ལ་རྒྱུད་ལུང་གི་ཁྲོ་བོ་བརྒྱད། གློ་འབུར་དང་། གྲུ་ཆད་ལ་ག་རཱི་མ་བརྒྱད། བར་ཁྱམས་དང་པོར་སིཾ་ཧ་མ་བརྒྱད་དང་། དེའི་སྒོར་ནང་གི་སྒོ་མ་བཞི། གཉིས་པར་སྤོར་མ་བརྒྱད་དང་། བར་གྱི་སྒོ་མ། གསུམ་པར་དབང་མོ་ཉེར་བརྒྱད། བཞི་པར་མཁའ་འགྲོ་སོ་གཉིས། ལྔ་པར་མ་བདུན་སྲིང་བཞི། དྲུག་པར་གིང་བཅོ་བརྒྱད། བདུན་པར་ཁྲོ་བོ་དྲུག་ཅུ། བརྒྱད་པར་ཕོ་ཉ་སུམ་བརྒྱ་དྲུག་ཅུ། དགུ་པར་མ་མོ་དྲུག་ཅུ། ཕྱོགས་བཞིའི་རྟ་བབ་ལ་རིག་འཛིན་རྣམས་བཞུགས་པར་བཤད་དོ། །ལ་ལ་ནི་ཞི་དཀྱིལ་དབུས་སུ་བཅུག་པའི་སྒོ་སྦྲགས་བཅུ་གཅིག་ཏུ་མཛད་པ་སོགས་ལ་ཁུངས་གསལ་པོ་མ་མཐོང་། ཁྲོ་དཀྱིལ་གྱི་གཙོ་བོ་འགོད་ས་མི་རྙེད་པའི་སྐྱོན་གནས་སོ། །ཡང་སློབ་དཔོན་ཤཱནྟ་རཀྵི་ཏས་མཛད་པའི་ཀུན་འདུས་ཀྱི་བེར་ཀ་ཡིག་ཆུང་ལས། གཞལ་ཡས་སྒོ་དགུ་བརྩེགས་གྲུ་ཆད་གཉིས་སྒོ་སྣམ་ཁྱམས་ལྔ་ལ་ཡོད་པ་བརྒྱད། གཅིག་མུ་ཁྱུད་ལ་ཡོད་ན་མུ་ཁྱུད་ཟླུམ་པོ་ལ་སྒོ་གདོང་དུ་འཚལ་ལ་བསམ། ཞེས་རགས་པ་བཀོད་པ་དང་། རྩ་རྒྱུད་དུ། འཁོར་ལོ་དྲུག་བརྩེགས་རྡོ་རྗེ་མུ་ཁྱུད་བདུན་དུ་འདོད་པའང་ཡོད་གསུངས་ཏེ། དེ་དག་སྔོན་གྱི་མཁས་པ་རྣམས་ཀྱིས་མ་བཀྲལ་བས་གྱ་ཚོམས་སུ་བྱ་བར་རིགས་པ་མ་ཡིན་ནོ། །འདིར་ཐིག་གི་ཆ་གསུམ་ནང་མ་འཁོར་ལོ་དང་། ཕྱི་མ་གཉིས་ཀ་བསྡོམས་ཏེ་ཆ་ལྔར་བགོས་པའི་ནང་མ་བཞིས་སྒོ་བརྒྱད་དང་། ཕྱི་མས་ཕྱི་སྒོར་འགྱུར་བའི་ཕྱག་ལེན་འདི་ནི་དཀྱིལ་འཁོར་ཆེ་ཆུང་གང་ལྟར་ཀྱང་སྦྱར་ཆོག་པས་བྱ་སླ་བའི་ཆེད་དེ། གཞན་དུ་གནས་ཁང་ཡངས་པ་དང་། སྦྱིན་བདག་འབྱོར་བ་ཅན་གྱིས་དཀྱིལ་འཁོར་ཆེན་པོ་བཞེངས་པའི་ཆ་གསུམ་ནང་མ་དང་། ཕོ་བྲང་བར་མས་སྒོ་བརྒྱད། ཕྱི་མ་ཆ་གསུམ་གྱི་ནང་མ་ཁྱམས་དང་། ཕྱི་མ་གཉིས་ལ་སྒོ་བཏོན་ཏེ། ཕྱི་རོལ་དུ་དེའི་སྒོ་ཚད་དང་མཉམ་པའི་རྟ་བབ་སོགས་བྱས་ནས་རྭ་རྩེ་ནས་ཕྱི་རོལ་གྱི་ཁོར་ཡུག་བསྐོར་ཆོག་པ་སོགས་ལག་ལེན་དུ་བྱ་སླ་ཞིང་མཛེས་པ་ཞིག་འབྱུང་ངོ་། །འོན་ཀྱང་དཀྱིལ་འཁོར་ཆུང་ངུའི་ཚེ་ཆ་གསུམ་བར་མ་ལ་སྒོ་བརྒྱད་བརྩེགས་བྱ་དཀའ་བའི་གནས་སུ་གྱུར་པས་འདིར་མ་བྲིས་སོ། །དོང་སྤྲུགས་ཀྱི་པདྨ་བརྒྱའི་འགོད་ལུགས་ནི། བརྒྱད་ལྡན་ལས་རིམ་ལས། མུ་ཁྱུད་དྲུག་སྐོར་རིམ་པ་ལྔ། །བཞི་བརྒྱད་བཅུ་དྲུག་སུམ་ཅུ་གཉིས། །ཐ་མ་བཞི་བཅུར་འགྱུར་བ་ཡིན། །ཞེས་པ་ལྟར་རོ། །འདིར་སྒོ་རྐྱང་འགྲམ་ལོག་དང་བྲལ་བ་དང་། རྟ་བབ་ཆ་མི་མཉམ་པར་མཛད་པ་སོགས་ནི་བརྟག་པའི་གནས་ཏེ། རྒྱུ་མཚན་བློས་བསླང་རྣམ་བཞག་ཏུ་བཤད་གྲུབ་བོ། །ད་ནི་རྟ་བབ་བཞི་མ་ལས་འཕྲོས་པའི་དཀྱིལ་འཁོར་སོ་སོའི་གདབ་ཚུལ་ནི། གཏེར་མ་ཕལ་ཆེ་བར་ལྷ་སྣམ་མི་དགོས་པའི་ཁྱམས་སྤངས་ཏེ་ཞི་བ་བསྡུས་པ་དང་འདྲ་བར་བྱས་མོད། འོན་ཀྱང་འཇོམས་བྱེད་ཀྱི་དཀྱིལ་ཆོག་ཏུ་ཁྱམས་བཤད་པས་གཞན་མ་རྣམས་ལའང་ཡོད་མེད་འདམ་ཁར་བྱས་ན་རུང་ངམ་སྙམ་མོ། །བདེར་འདུས་ཞི་བ་ལས། འདིར་རྟ་བབ་བཞི་མར་བཤད་པ་ནི། སློབ་དཔོན་གྱི་ཐིག་ཆོག་ལས། ཆ་གཅིག་ཆ་བཞིར་རྟ་བབ་སྟེ། །ཞེས་དང་། བདུན་པའི་ཆ་ཕྲན་བཞི་རུ་གདབ། །ཅེས་གསུངས་པའི་ཕྱིར་རོ། །འོན་ཀྱང་ཞི་བ་འདུས་པ་རྩ་བའི་རྒྱུད་ལས། དེ་ནས་ས་ཐིག་རིམ་པ་བཞིན། །དགུ་དགུའི་བདག་ཉིད་བཅོ་བརྒྱད་དུ། །ཆ་ཡི་རྣམ་པ་ལ་སོགས་བགོ། །ཞེས་དང་། ཞི་བ་ཞེ་གཉིས་ཀྱི་སྒྲུབ་ཐབས་ལས་ཀྱང་། རྣམ་ཐར་བཞི་ཡི་སྒོ་ཁྱུད་ལ། །རྣམ་ཐར་བརྒྱད་ཀྱི་རྟ་བབ་ལྡན། །ཞེས་བརྒྱད་མར་གསུངས་པའང་ཡོད་པས་མཐའ་གཅིག་ཏུ་མ་ངེས་སོ། །ཕྱི་རོལ་གྱི་ཁོར་ཡུག་ཀྱང་། ཐིག་ཆོག་ལས། དང་པོ་འཇིག་རྟེན་ཕྱོགས་སྐྱོང་ལ༔ གཉིས་པ་རྡོ་རྗེའི་ར་བ་སྟེ༔ གསུམ་པ་མེ་རི་རབ་ཏུ་བྲི༔ ཞེས་དང་། དཀྱིལ་འཁོར་བྱ་བའི་རིམ་པ་ལས། ཕྱོགས་སྐྱོང་སྣམ་བུ་དཀར་པོའི་སྣ་ཚོགས་པདྨ་ཞེས་འབྱུང་བས། འདིར་སྒྱུ་འཕྲུལ་ཞི་བ་ལྟར་པདྨ་བྱས་མོད། འདམ་གར་གསུངས་པའི་ཕྱིར། པད་རའི་ཚབ་ཏུ་ཕྱོགས་སྐྱོང་སྣམ་བུ་བྱ་བའམ། རྣམ་པ་གཅིག་ཏུ་ན་པདྨའི་ལྟེ་བའི་ཁ་ཁྱེར་ལ་ཕྱོགས་སྐྱོང་བཀོད་ཀྱང་མི་འགལ་ལམ་སྙམ་མོ། །འདི་ནང་གི་ཕོ་བྲང་དགུ་ལ་རྟ་བབ་བྱེད་པ་ནི་མི་རིགས་ཏེ། ཐིག་ཆོག་ལས། དབུས་ཀྱི་ཕོ་བྲང་དགུ་པོ་ལ། །སྒོ་རྒྱན་རྟ་བབ་མེད་པའོ། །ཞེས་གསུངས་པའི་ཕྱིར་རོ། །ཁྲོ་བོའི་སྐབས་འདིར་ནང་སྒོ་རྣམས་ལ་རྟ་བབ་མི་བྱེད་པ་དང་། བྱེད་པའི་ལུགས་གཉིས་ལས། དང་པོ་ནི་རྩ་རྒྱུད་ཀྱི་ལེའུ་བརྒྱད་པར། དེ་ལས་དཀྱིལ་འཁོར་ཆེན་པོ་དགུ། །ཀུན་ཀྱང་འཁོར་ལོ་རྩིབས་བཞི་པ། །གྲུ་ཆད་བར་ཁྱམས་སྒོ་བཞིར་ལྡན། །དེ་དག་ཕྱི་ཁྱམས་སྒོ་རྣམས་དང་། །སྒོ་རྒྱན་ལྕགས་རི་ལྡན་པ་ནི། །ཚོན་སྣ་ལྔ་ཡིས་ལེགས་པར་བྲིས། །ཞེས་ནང་སྒོ་ལ་སྒོ་རྒྱན་ལས་མ་གསུངས་པའི་ཕྱིར། གཉིས་པ་ནི། བསྐྱེད་རྫོགས་འབྲིང་པོའི་མངོན་རྟོགས་ལས། ཀུན་ཀྱང་སྒོ་བཞི་པ། ཕྲིན་ལས་རྣམ་པ་བཞིའི་བརྡར་རྟ་བབ་བཞི་པ། ཞེས་གསུངས་སོ། །དེས་ན་འདིར་བླ་མའི་ཕྱག་ལེན་དུ་རྟ་བབ་མེད་པའི་ཕྱོགས་མཛད་དོ། །རྟ་བབ་ཀྱི་སྣམ་བུ་ནི་བརྒྱད་མ་དང་། བཞི་པ་མཆོད་རྟེན་གྱི་དབྱིབས། བཞི་མ་སྤྱི་འགྲེ་ལྟར་གསུམ་ལས། དང་པོ་ནི། སྒྲུབ་ཐབས་རིན་ཆེན་ཕྲེང་བ་ཞེས་བྱ་བ་སྒོམ་ཁོག་ཆེན་མོར་གྲགས་པ་ལས། རྣམ་པར་ཐར་པ་བརྒྱད་དང་ལྡན་པས་རྟ་བབ་བརྒྱད་དང་ལྡན་པའོ། །ཞེས་གསུངས་པ་ལྟར་དེང་སང་ཕྱག་ལེན་འདི་མཛད་དོ། །གཉིས་པ་ནི། ཞི་བའི་ཐིག་ཆོག་ཏུ། རྟ་བབས་མཛེས་པའི་མཆོད་རྟེན་འདྲ། །ཞེས་པ་ལ་འཁྲིས་པ་འདྲ་སྟེ། པུ་ཤུ་བང་རིམ་བརྩེགས་ལ་མཆོད་རྟེན་འདྲ་བར་གསུངས་པ་ལྟར་འདྲ་བ་ཡིན་པས་དགོས་པའི་ངེས་པ་མེད་དོ། །ཡང་རྣམ་པ་གཅིག་ཏུ་ན། གསང་རྫོགས་ལས་རྟ་བབ་མཆོད་རྟེན་གཟུགས་སུ་བཤད་པའི་ལྷན་པ་ཤོར་བ་སྙམ་མོ། །གསུམ་པ་ནི་རྩ་རྒྱུད་ལས། བ་སུ་ཏའམ་རྒྱུས་པ་ཡིས། །ཐིག་ནི་བཅུ་དྲུག་གདབ་པར་བྱ། །ཞེས་ཆ་ཆེན་བཅུ་དྲུག་ཏུ་གསུངས་པས་སྣམ་ཕྲན་བཞིར་འགྱུར་བའི་ཕྱིར་འདིར་ཡང་ཞི་བ་ལྟར་བཞི་མ་དང་བརྒྱད་མ་འདམ་ཁ་གསུངས་པ་འདྲའོ། །ཕུར་པ་སྤུ་གྲིའི་གྲུ་ཆད་ལ་ཐོད་བརྩིགས་བྱེད་པ་ནི་བློས་བསླངས་ཀྱི་དུས་སུ་གཞལ་ཡས་ཁང་ཕྱི་མ་ལས་མཐོ་བར་བཞེད་པས་མུ་ཁྱུད་ཀྱི་ཐོད་ཕྲེང་ལྟ་བུ་མ་ཡིན་ཞིང་། འདིའི་སྒོ་ལ་སྒོ་ཁྱུད་སོགས་མེད་པས་བྲི་བའི་དུས་སུ་སྒོའི་ཐད་དུ་རྩིག་པ་གཅོད་མི་དགོས་ཏེ། སྒོ་གོང་གི་རྩིག་པ་ཡོད་པའི་ཕྱིར་རོ། །བཀའ་བརྒྱད་གསང་རྫོགས་ལའང་ཕོ་བྲང་ནང་མའི་ཐིག་འདི་དང་འདྲ་བ་ལས། དེའི་སྟེང་གདུང་བཞི་བསྣོལ་བའི་ལིང་ཚེ་དགུར་འཁོར་ལོ་རྩིབས་བཞིའི་ལྟེ་བར་ཟླ་གམ་ལོགས་སྒོ་ཅན་རེ་མཛད་དོ། །ཟླ་གམ་འདི་ལ་ལྟེ་བར་ཟླུམ་པོ་ཉིད་གཤགས་ཆོག་པས་ཐིག་མི་དགོས་ཀྱང་། གཞན་དུ་དབང་གི་ཐབ་ཁུང་ལྟ་བུ་ཟླ་གམ་དགོས་པའི་རིགས་ལ། དེའི་ཐིག་ནི། ཚངས་ཟུར་སྤྱི་ལྟར་བཏབ་པའི་རྗེས། །དབུས་ནས་ཤར་དུ་བསྐོར་ཐིག་གི། །བཞི་ཆ་འཕགས་པར་སྲད་བུ་བཟུང་། །ཤར་གྱི་གཡས་གཡོན་ཟུར་ཐིག་བར། །བསྐོར་བའི་མདུན་ལོགས་བཅད་པས་འབྱུང་། །པད་འདབ་བརྒྱད་ནི་ཚངས་ཟུར་རྣམས། །ཐམས་ཅད་ཕྱེད་མར་བཅད་པས་གྲུབ། །རྩིབས་བཞིར་ཚངས་རྩེ་བཞི་པོ་སྦྲེལ། །རྩིབས་བརྒྱད་དེ་སྟེང་ཟུར་རྩེའང་སྦྲེལ། །རྩིབས་བཅུ་ཚངས་ནས་ཚངས་གཅིག་པར། །དུམ་བུ་ཕྱེད་གསུམ་གཞལ་བ་ཡི། །ཕྱེད་གཉིས་དོར་བའི་ཆ་གཅིག་པོས། །ལྷོ་དང་བྱང་གི་ཚངས་ཐིག་ནས། །ཤར་ནུབ་གཉིས་ཀྱི་ཚངས་ཐིག་བར། །གཉིས་རེ་གཞལ་བས་སྒང་པོ་བརྒྱད། །ཕྱེད་བཅད་མཚན་མ་བརྒྱད་བཏབ་བོ། །དེ་སྟེང་ཤར་ནུབ་ཚངས་ཐིག་བཅད། །མཚན་མ་བཅུ་པོ་གསལ་བར་བཏབ། །མཚན་མ་གཉིས་གཉིས་བར་བཞག་ནས། །སྲད་བུ་བརྐྱངས་ཏེ་རིམ་པར་གདབ། །དེ་ཡིས་འཁོར་ལོ་རྩིབས་བཅུ་འབྱུང་། །ཞེས་པ་རྣམས་ཀྱང་ཞར་ལ་འཕྲོས་པ་སྟེ། ཐིག་གི་ཆོ་ག་ཅུང་ཟད་དཀྲོལ་བའོ། །གཉིས་པ་ཚོན་གྱི་བྱ་བ་ལའང་བཞི་སྟེ། རྒྱུ། ཚད། བྱིན་རླབས། བཀྱེ་བའི་ཐབས་སོ། །དང་པོ་ལའང་འབྱོར་པ་རབ་འབྲིང་ཐ་གསུམ་ལས། འབྱོར་པ་རབ་འབྲིང་བའི་ཡོན་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དབང་དུ་བྱས་ན། སྔོན་པོ་ཨིནྡྲ་ནཱི་ལ། དཀར་པོ་དངུལ་ལམ་ཤེལ། སེར་པོ་པུ་ཤ་རཱ་གའམ་གསེར། དམར་པོ་པདྨ་རཱ་གའམ་བྱེ་རུ། ལྗང་གུ་མརྒད་དམ་གཡུ་ལས་བྱ་སྟེ། ཧེ་རུ་ཀ་གལྤོ་ལས། འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྫས། །པུ་ཤ་རཱ་ག་གསེར་དང་ནི། །པདྨ་རཱ་ག་མརྒད་དང་། །ཨིནྡྲ་ནཱི་ལ་ཚོན་དུ་སྦྱར། །ཞེས་དང་། རྡོ་རྗེ་ལས་རིམ་ལས། ཨིནྡྲ་ནཱི་ལ་ཟླ་འོད་དང་། །པུ་ཤ་རཱ་ག་བྱེ་རུ་ཟངས། །མརྒད་ཏ་ལས་བྱ་སྟེ་དགྱེ། །ཞེས་སོ། །འབྱོར་པ་འབྲིང་རྒྱལ་ཕྲན་རྣམས་ཀྱིས་འབྲུ་ལྔ་དང་སྨན་ལྔ་གང་རུང་རང་མདོག་གམ། ཚོན་རྩིས་ཁ་དོག་བསྒྱུར་བ་ལས་བྱ་སྟེ། གལྤོ་ལས། མི་ཡི་དབང་པོས་སོ་ནམ་འབྲས། །བྲ་རོ་རམ་བུ་དེས་དམར་དང་། །ལྗང་གུ་སྲན་མ་ལ་སོགས་པ། །ཞེས་དང་། རྡོ་རྗེ་མེ་ལོང་ལས། འབྲས་དང་སཱ་ལུ་ལ་སོགས་པ། །ཁ་དོག་བསྒྱུར་བ་དེ་བཞིན་ནོ། །སྨན་དང་། ཞེས་སོ། །འབྱོར་པ་ཆུང་བ་འབངས་ཕལ་པས་ནི། བཀྲ་ཤིས་པའི་ས་ཕྱོགས་ནས་བྱུང་བའི་ས་ཚོན་རང་མདོག་གམ་ཁ་དོག་བསྒྱུར་བ་ལ་བྱ་སྟེ། སྔ་མའི་འཕྲོས་ལས། འབྱོར་པ་ཆུང་བ་ཡིས། །འབྱུང་ཁུང་ལྔ་ཡིས་བྲི་བར་བྱ། །ཞེས་དང་། གལྤོ་ལས། རྡོ་ཐལ་བ་བླ་སྡོང་རོས་དང་། །རྒྱ་སྐྱེགས་དམར་པོ་བྱ་བ་དང་། །རམ་ལས་བྱས་དང་འབྲུ་བསྲེགས་པ། །ཐལ་བའི་རྡུལ་ཚོན་དག་ཏུ་བཤད། །ཅེས་པ་སྟེ། དེ་དག་ནི་ཕྱིའི་ཚོན་ནོ། །ནང་དུ་དྲག་པོའི་ཚོན་ནི། གལྤོ་ལས། དུར་ཁྲོད་ཐལ་ཆེན་སྡོང་རོས་དང་། །དེ་ཡི་སོ་ཕག་དུར་ས་དང་། །སོལ་བས་བྲི་བ་ཁྲོ་བོའོ། །ཞེས་གསུངས་ཀྱང་། ཁྲོ་དཀྱིལ་བཞེངས་པའི་ཚོན་ལྔ་ལ་ཐལ་ཆེན་ཅུང་ཟད་རེ་བསྲེ་བ་ཕྱག་ལེན་ནོ། །གསང་བའི་ཚོན་ནི། ཞི་ཁྲོ་ཐུན་མོང་ལ་འབྲས་བུ་ཆེན་པོ་ལྔ། བསྒྲལ་བའི་རཀྟའམ། ཡུམ་མཚན་ལྡན་གྱི་པདྨ་རཀྟས་བྲི་བར་བཤད་དེ། གལྤོ་ལས། རི་མོ་གཅིག་པ་ཞེས་བྱ་བ། །དེ་དག་ཐམས་ཅད་རི་མོ་གཅིག །ཆགས་པའི་རཀྟ་བྱང་ཆུབ་སེམས། །དཀྱིལ་འཁོར་ཀུན་གྱི་ཚོན་རྩིར་བཤད། །ཅེས་སོ། །ད་ནི་ཐུན་མོང་དུ་ཉེ་བར་མཁོ་བ་རྡུལ་ཚོན་བསྒྱུར་བའི་ལག་ལེན་ཅུང་ཟད་བྲི་བར་བྱ་སྟེ། ཀུན་གྱི་གཞི་མ་དཀར་པོ་ནི། །རཱ་ག་རབ་ལ་ཅོང་ཞི་ཐ། །གཏུན་བརྡུང་ཆུ་བསིལ་གྱིས་བཏུལ་ཏེ། །དར་གྱི་ཚགས་མས་འཚག་པ་གཅེས། །དམར་རྩི་ཞོས་བྱུག་ཉི་འོད་ལ། །བསྲེགས་ནས་མ་སྐམ་ཙམ་གྱི་དུས། །ས་བསྲེས་རང་མདོག་མ་ཐོན་བར། །ལེགས་པར་མཉེད་པས་དམར་ལེགས་འབྱུང་། །དེ་བརླན་མ་བྲལ་རྡོ་ཞོ་ནི། །བཏུལ་པོ་དང་སྦྱར་ལེགས་འཕུར་ན། །མཐིང་གི་མདངས་འོད་ཟིལ་གྱིས་གནོན། །རམ་བཏུལ་དེ་དང་ས་སྦྱར་ནས། །མཉེ་ན་ལྕགས་ཁ་འབྱུང་བར་འགྱུར། །བ་མོས་མ་རེག་སྟོན་དུས་ཀྱི། །སྤང་རྒྱན་སྐེད་གཏུབ་བྱས་པ་ཡིས། །རྩེ་མོའི་ཆ་རྣམས་ཞིབ་མོར་བརྡུང་། །དེ་དང་ས་བསྲེས་སླར་བརྡུངས་ནས། །ཉི་མའི་འོད་དུ་མཉེ་ཞིང་བསྲེག །ལན་གཉིས་ལན་གསུམ་སྒྱུར་བ་ན། །ཁ་དོག་སྔོན་པོ་ཕྱི་བཞིན་ལེགས། །དེ་ལ་རྡོ་ཞོ་བཏུལ་པོ་ནི། །ཞིབ་བཏགས་ཅུང་ཟད་བཏབ་བྱས་ནས། །བརྡུང་ཞིང་མཉེ་ནས་ཉི་འོད་ལ། །བསྲེགས་པས་ཁ་དོག་ལྗང་གུ་འབྱུང་། །གྲོ་ལྗང་གཞོན་ནུ་ཧ་ལོའི་འདབ། །སྲན་མ་གཞོན་ནུ་སོགས་བརྡུངས་ནས། །ས་བསྲེགས་མཉེ་ཞིང་ཉི་མར་སྐམ། །འདིས་ཀྱང་ཁ་དོག་ལྗང་ལེགས་འོང་། །ཡུང་བ་ཞིབ་བཏགས་ཞོར་སྦྱར་ནས། །ས་དཀར་བསྲེས་ལ་གྲིབ་སྐམ་བྱ། །བཙོ་མ་གསེར་གྱི་ཁ་དོག་འཛིན། །ཡང་ན་ཞོ་དང་མ་སྦྱར་ཀྱང་། །སྔར་བཞིན་བྱས་པས་སེར་པོ་འོང་། །དེ་ཉིད་རྡོ་ཞོའམ་བུལ་ཏོག་དང་། །སྦྱར་བས་ངུར་སྨྲིག་བཟང་པོར་འབྱུང་། །སྤང་མའི་ཕྱེ་དང་སྣུམ་སྦྱར་ནས། །མེར་བསྲེགས་མིག་སྨན་མདོག་དང་མཚུངས། །ཞེས་མདོ་ཙམ་སྨྲས་པ་སྟེ། ཞིབ་པར་མཁས་པའི་ལག་ལེན་ལ་ལྟ་བ་གཅེས་སོ། །གཉིས་པ་ཚད་ནི། གཞིའི་ཚོན་གྱི་ཚད་འཕང་ལ་རེ་ཁཱའི་ཕྱེད་ཕྱེད་དེ་རེ་ཁཱའི་འཕང་དུ་ནི་ཆ་ཕྲན་གྱི་ལྔ་ཆའོ། །ཞེས་གསུངས་ཀྱང་། སྲབ་འཐུག་སྙོམས་ཤིང་། ཁྲིའུ་རིས་མེད་པར་བཀྱེ་བའོ། །གསུམ་པ་བྱིན་རླབས་ནི། ཚོན་རྣམས་སྣོད་གཙང་མར་བླུགས་པ་ལ་རིགས་ལྔའི་ས་བོན་བྲིས་པ་ཕྱོགས་མ་འཁྲུལ་བར་བཀོད་ལ། རིགས་ལྔ་ཡབ་ཡུམ་ལྔའམ། རྒྱལ་བ་རིགས་ཆུང་དང་བཅས་པ་ལྔ་ཚན་ལྔར་གསལ་བ་རྗེས་ཆགས་ཀྱིས་ཞུ་བ་ལས་དོན་ཡེ་ཤེས་ལྔ་མཚོན་པའི་རྟགས་རཏྣ་ལྔར་གྱུར་པར་བསམ་པ་སྟེ། ལས་རིམ་ལས། སྣོད་བླུགས་རིམ་འདྲེས་དག་བྱས་ལ། །ཧཱུྃ་སོགས་ཡིག་འབྲུ་གཅིག་ཀྱང་ལྔར། །ཁ་དོག་རྗེས་སུ་མཐུན་བྱས་ལ། །ཡོངས་གྱུར་ཉི་ཤུ་རྩ་ལྔའི་ལྷ། །ཐབས་དང་ཤེས་རབ་ལྡན་པར་བསྒོམ། །ཞེས་སོགས་དང་། པདྨ་ལས་རིམ་ལས། དེ་ལ་རིགས་ཀྱི་ཡི་གེ་བཀོད། །ཅེས་དང་། ལྷ་རྣམས་འོད་ཞུ་ཚོན་ལ་ཐིམ། །རཏྣ་ལྔ་རུ་གྱུར་པར་བསམ། །ཞེས་དང་། གལྤོར། ཡི་གེ་འབྲུ་ལྔས་བྱིན་བརླབས་པ། །ཕྱག་མཚན་རིགས་ལྔ་ཡབ་ཡུམ་གྱུར། །ཞེས་སོགས་གསུངས་པ་ལྟར་རོ། །བཞི་པ་དགྱེ་ཚུལ་ནི། ཐོག་མར་སློབ་དཔོན་ཤར་དུ་ཞལ་ཕྱོགས་པས་ཚོན་ལ་བཀོད་པའི་ཡིག་འབྲུ་རྣམས་མཐེབ་སྲིན་གྱིས་བླངས་ཏེ། ཁུང་བུ་དགང་བ་ནི། རྣམ་སྣང་མངོན་བྱང་ལས། ཚོན་ནི་ནང་ནས་དགྱེ་བར་བྱ། །ཕྱི་རོལ་ནས་ནི་ཚོན་མི་དགྱེ། །ཞེས་སོ། །དེ་ལ་ལག་པ་ལ་དཔའ་བོ་འབྲུ་ལྔ་བཀོད་དེ། ཚོན་པྲ་བརྟགས་པའི་དོན་དུ་གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་ནས་བརྩམས་ལ་མཛུབ་གང་བའི་པཉྩ་རེ་ཁཱ་འདྲེན་ཏེ། ཀློང་གསལ་གྱི་རྒྱུད་ལས། ཚོན་རེ་སྒོ་ཡི་ཉི་ཤུ་ཆ། །དཔངས་ནི་མདའ་ཙམ་བྲི་བར་བྱ། །ཞེས་དང་། པདྨ་ལས་རིམ་ལས། བྱང་ཤར་མཚམས་ཀྱི་རེ་ཁཱ་ལ། །ས་བོན་པྲ་ནི་བརྟགས་པར་བྱ། །ནག་པོ་དཀར་པོ་སེར་པོ་དམར། །ལྗང་གུ་རྣམ་ལྔ་མཉ མ་པར་སྦྱར། །མཛུབ་གང་དུ་ནི་བྲི་བར་བྱ། །ཞེས་སོ། །དེ་རྗེས་སློབ་མ་རྣམས་ཀྱིས་ཀྱང་། སོར་མོར་འབྲུ་ལྔ་བཀོད་དེ་ཅི་བདེར་བྲིའོ། །དེ་ཡང་རྡུལ་ཚོན་ཁ་དོག་ལྔ་སོ་སོར་ཕྱེ་བའི་དགོས་པ་ནི། སྒྱུ་འཕྲུལ་རྒྱས་པ་ལས། སེམས་ཅན་མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །རང་གི་རྣམ་རྟོག་བསྒྲིབས་བྱས་ནས། །ཡེ་ཤེས་ལྔ་ཡི་དོན་མ་མཐོང་། །དེ་ལྟར་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་དང་དམར་དང་སེར་བ་དང་། །ལྗང་གུ་ལ་སོགས་ནག་པོ་བསྟན། །ཞེས་སོ། །དེ་ལྟར་སྤྱིར་བསྟན་ནས། བྱེ་བྲག་ཏུ། ཇི་ལྟར་དགྱེ་བའི་རིམ་པ་ནི། །ཞེས་སོགས་ནི། ཚོན་དགྱེ་བའི་ཁྱད་པར་གྱི་ཆོ་ག་རྣམས་ཞིབ་མོར་སྟོན་པ་སྟེ་གཞུང་བཀླགས་པས་འགྲུབ་པའི་ཕྱིར་མ་བཀྲོལ་ལོ། །ཚོན་དགྱེ་བ་གྲུབ་ནས་མཚན་མ་དགོད་པ་ནི། དེ་ལྟར་དཀྱིལ་འཁོར་སོ་སོ་ཡི། །ཞེས་སོགས་ཏེ། རྔམ་གློག་ལས། གཙོ་བོ་གཟུགས་སུ་རྫོགས་པར་བྲི། །འཁོར་རྣམས་ཕྱག་རྒྱ་དག་ཏུ་བྱ། །ཕལ་པ་དག་ལ་ཡིག་འབྲུས་སོ། །ཞེས་དང་། ལས་རིམ་ལས། དཀྱིལ་འཁོར་རྣམ་པ་གསུམ་དག་ཏུ། །གཞུང་ཉིད་ཀྱིས་ནི་གསལ་བར་གསུངས། །ཡན་ལག་གཟུགས་སུ་སྙིང་པོ་འདི། །ཉི་ཟླ་པདྨའི་རིམ་བཞུགས་པ། །དཀྱིལ་འཁོར་སྐུ་ཡི་མཚན་ཉིད་ཡིན། །ཕྱག་རྒྱ་གསལ་བཀོད་ཐུགས་དཀྱིལ་འཁོར། །སྐུའམ་ཡང་ན་ཧཱུྃ་མུྃ་བྲི། །མཆོག་དང་འབྲིང་པོས་ཕྱེ་བ་ནི། །དཀྱིལ་འཁོར་གསུམ་དུ་ཕྱེ་བར་བྱ། །ཞེས་སོ། །མདོར་ན་སོ་སོའི་སོགས་ཏེ། ཚོན་རྩི་སྲབ་ན་དབུལ་པོར་འགྱུར། འཐུག་ན་མཛེ་འབྱུང་། ཚོན་ཐལ་ཤོར་ན་ནད་འབྱུང་བ་སོགས་གསུངས་ཤིང་། ཁྱད་པར་དུ་ཚོན་པྲ་བརྟག་པའི་ཚེ། སློབ་དཔོན་ཀུ་ཀུ་རཱ་ཛས། རེ་ཁཱ་དམའ་བས་མི་འགྲུབ་ཅིང་། །ཡོན་པོས་གདུང་བ་སྐྱེད་པར་བྱེད། །ཆད་པས་སློབ་དཔོན་སློབ་མ་ལ། །འཆིའམ་ན་བར་འགྱུར་པ་ཡིན། །ལྷག་ཆད་ལས་ནི་ནད་འབྱུང་ཞིང་། །ཕྱོགས་འཁྲུལ་རྨོངས་པའི་ལས་སུ་འགྱུར། །ཞེས་གསུངས་པས་བག་ཡོད་པས་བྲིའོ། །གང་ཞིག་བློ་གྲོས་སོགས་ཏེ། ཐིག་ཚོན་གྱི་བྱ་བ་རྣམས་ཇི་བཞིན་མ་གྲུབ་པས་སྐྱོན་དུ་གྱུར་ན། དྲག་པོའི་སྦྱིན་སྲེག་དང་སྔགས་བཟླ་བ་སོགས་སོ་སོའི་སྙིང་པོའི་ཆོ་ག་དང་། གཙོ་བོར་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྐྱོན་ཐམས་ཅད་སེལ་བ་ཡིན་པས་འབད་དེ་ཉམས་སུ་བླང་ངོ་། །དེ་དག་ཀྱང་ཞིབ་པར་དཀྱིལ་ཆོག་སོ་སོ་དང་། བླ་མའི་ཕྱག་ལེན་མཐོང་བ་གོམས་པ་ལ་རག་ལས་པས་བླ་མའི་མན་ངག་ཐོབ་པ་ལ་བརྩོན་པར་བྱ་ཡི། འདིར་བརྗོད་པ་ནི་མདོ་ཙམ་མོ། །དེ་ལྟར་གཏེར་ཆེན་བླ་མ་ཆོས་ཀྱི་རྗེའི། །ཞབས་རྡུལ་སྤྱི་བོའི་པདྨོར་རྟག་བཞུགས་ཤིང་། །སྙིང་དབུས་དོ་རར་མཚན་དཔེའི་གར་རྩེན་པའི། །སྐལ་བཟང་སྔགས་བཙུན་དྷརྨ་ཤྲཱིས་སྦྱར། །འདིས་ཀྱང་ཚེ་འདི་ཉིད་ལ་རྡོ་རྗེ་འཆང་གི་གོ་འཕང་མཐོན་པོར་ཕྱིིན་པའི་རྒྱུར་གྱུར་ཅིག། །།
སྙིང་གྲོགས་ལགས། གང་ཞིག་མཆོད་རྟེན་སྲོག་ཤིང་ལ། །གཟབ་དགོས་གསུངས་ཀྱང་དཀའ་བར་གདའ། །ཡིག་ཆ་རྣམས་ལས་རིང་ཐུང་ནི། །མཆོད་རྟེན་ཚད་ལ་གཞལ་ཞེས་དང་། །ས་འཛིན་ཉི་ཟླའི་བར་དུ་དང་། །རྨང་དགེའི་སྟེང་ནས་རྩེ་བར་དང་། །བུམ་གདན་ཉི་ཟླའི་བར་དུ་དང་། །བུམ་དབུས་དཀྱིལ་འཁོར་ཡན་ཆད་སོགས། །མཐའ་གཅིག་ངེས་ཏིག་མ་རྙེད་ལ། །མཆོད་རྟེན་ཆུང་འབྲིང་ཡིན་པའི་སྐབས། །ཆོས་འཁོར་ཉི་ཟླའི་ནང་བར་དུ། །སྲོག་ཤིང་ཤོང་ཐབས་དཀའ་བའི་ཕྱིར། །ཞལ་རྒྱུན་དུ་ནི་སྲོག་ཤིང་རྩེ། །བྲེའམ་ཆོས་འཁོར་གསུམ་བར་སླེབ། །ཁང་བརྩེགས་ཡིན་ན་ཁང་ཆུང་ནང་། །རྩེ་མོ་ཡོང་བར་དགོས་ཞེས་ཐོས། །རང་བཟོའི་གནས་ཚད་ལག་ལེན་ལ། །མཆོད་རྟེན་སྨིན་ལུགས་ལྟ་བུའི་སྐབས། །རྨང་དགེའི་སྟེང་ནས་སྲོག་ཤིང་ནི། །རིང་ཐུང་ཆ་ཕྲན་སོ་གཉིས་བྱ། །ཆོས་འཁོར་གཉིས་ཙམ་བར་དུ་ཡོང་། །དབྱིབས་ནི་གྲུ་བཞི་སྦོམ་ཕྲ་ནི། །རྩ་བའི་ངོས་ལ་ཆ་ཕྲན་གཉིས། །རྩེ་མོ་ཆ་ཕྲན་གཅིག་ཙམ་བྱ། །མཆོད་རྟེན་ཆེ་ན་རྩ་བར་གཅིག །རྩེ་ལ་ཕྱེད་ཙམ་གང་འཚམ་བྱ། །མས་རིམ་ཆ་ཕྲན་དང་པོ་ནི། །འཕང་ལོ་རང་དོད་བྱས་ན་བདེ། །གཉིས་དང་གསུམ་ལ་རྡོ་རྗེ་བརྐོ། །བཞི་པར་སུ་པྲ་ཏིཥྛ་བྲི། །བརྒྱད་པར་ཧཱ་དང་བཅུ་གཉིས་སྭཱ། །བཅུ་བདུན་པ་ལ་ཨཱ་ཡུ་ཥེ། །བཅོ་བརྒྱད་ཧཱུྃ་ལ་ཉེར་བཞིར་ཨཱཿ ཉེར་བརྒྱད་པ་ལ་ༀ་ཡིག་དང་། །ཉེར་དགུར་སརྦ་བིདྱཱ་བྲི། །སུམ་ཅུར་ཧཱུཾ་ཏྲཱཾ་ཧྲཱིཿཨཿབསྐོར། །སོ་གཅིག་སོ་གཉིས་མཆོད་རྟེན་བརྐོ། །དེ་ཡི་སེང་ཁྲིར་ༀ་ཡིག་བྲི། །ཐིག་ཚད་གཞན་ལ་དབྲི་སྣོན་མཛོད། །འདིར་ནི་ཧཱ་ཡིག་ཅུང་དམའ་ཡང་། །སྐུ་ཚད་གཞལ་ན་གསང་བར་འཕྲོད། །སྨིན་ལོ་གནས་ཡིག་ཕྱོགས་བཞི་གར། །ཚིག་ཟུར་ཡོད་ཀྱང་མཁྱེན་ཀོང་མེད། །འཇིགས་གླིང་ངོས་བཞིར་ཨཱ་ཡུ་རེ། །གསུངས་ན་བིདྱཱ་སུ་པྲ་ཡང་། །ངོས་བཞིར་བྲི་ན་མི་འགལ་ཏེ། །ཤར་ངོས་འཇའ་མེད་འབྲུ་རྐྱང་དང་། །ངོས་གསུམ་འཇའ་གུར་ཉ་མགོའི་ནང་། །སུམ་འབིད་བྲི་ན་ཡངས་དོགས་སྙོམས། །ཞེས་པ་སུ་བྷཱ་ཥི་ཏས་ཕུལ། ༈ སྨིན་གླིང་མཆོད་རྟེན་ཐིག་ཚད་རབ་གསལ་མེ་ལོང་ཞེས་བྱ་བར། མཆོད་རྟེན་ཐིག་ཚད་མདོར་བསྡུས་ལ། བྱང་ཆུབ་ཆེན་པོའི་མཆོད་རྟེན་ནི། །ཡར་མར་ཆ་ཆེན་བཅུ་བདུན་ལ། །ཆ་ཕྲན་གཅིག་བསྣན་ཕན་ཚུན་སྲིད། །ཆ་ཆེན་བཅུ་ཡིན་རེ་རེའི་ཞེང་། །ཆ་ཕྲན་བཞི་བཞིར་བགོ་བར་བྱ། །ས་འཛིན་དཔང་ལ་ཆ་ཕྲན་བཞི། །སྲིད་དུ་ཚངས་ནས་གཡས་གཡོན་དུ། །ཆ་ཕྲན་བཅོ་བརྒྱད་དམ་ཕྱེད་བཅུ་དགུ། །ཐེམ་སྐས་རིམ་གསུམ་དཔང་ཆ་རེ། །སྲིད་དུ་བཅུ་བདུན་བཅུ་དྲུག་ལྔ། །ཁྲི་དཔང་དྲུག་ལ་སྲིད་བཅུ་བཞི། །པད་ཆུང་གཉིས་ལ་དཔང་ཆ་རེ། །སྲིད་དུ་བཅོ་ལྔ་བཅུ་དྲུག་རེ། །པད་ཆེན་དཔང་གསུམ་སྲིད་བཅུ་བདུན། །རྨང་རྟེན་དཔང་གཅིག་སྲིད་བཅུ་དྲུག །ཚད་མེད་བཞི་ལ་དཔང་གཉིས་རེ། །སྲིད་དུ་བཅུ་གཉིས་བཅུ་གསུམ་དང་། །བཅུ་གཉིས་བཅུ་གཅིག་མས་རིམ་བཞིན། །ཚད་མེད་བཞི་པོ་མཛེས་བྱའི་ཕྱིར། །ཁ་པད་བྱས་ན་ཆ་ཕྲན་གཅིག །སུམ་ཆར་བསྒོས་པ་འབུར་སྟབས་བྱ། །འཕྱར་ཚད་ཀྱང་དེ་ཙམ་བྱས་པས་འགྲུབ། །མགུར་ཆུ་དཔང་གཅིག་སྲིད་བཅུ་པད། །བུམ་དཔང་བཅུ་བཞི་རྩ་རྩེའི་སྲིད། །དགུ་ཡིན་བཅུ་གཅིག་ནས་ནི་ཕྱིར། །ཆ་གསུམ་གྱེན་ལ་ཐིག་རྩེ་སྦྲེལ། །བྲེ་གདན་དཔང་གཅིག་སྲིད་དུ་བཞི། །བྲེ་མགུལ་དཔང་གཉིས་སྲིད་ཕྱེད་གསུམ། །གཟུངས་ས་གཉིས་པོ་དཔང་ཕྱེད་རེ། །སྲིད་དུ་གསུམ་དང་ཕྱེད་བཞི་རེ། །བྲེ་དངོས་དཔང་གཉིས་སྲིད་བཞིའོ། །གདུགས་འདེགས་པདྨ་དཔང་གཅིག་ལ། །སྲིད་དུ་རྩ་གསུམ་རྩེ་བཞི་པད། །ཆོས་འཁོར་བཅུ་གསུམ་དཔང་བཅུ་གསུམ། །སྲིད་དུ་རྩེ་གཅིག་རྩ་བ་བཞི། །ཆ་རེའི་སུམ་གཉིས་ཕོ་འཁོར་དང་། །སུམ་གཅིག་མོ་འཁོར་རྟགས་ཀྱང་མཚུངས། །ཐུགས་རྗེ་མདོ་གཟུངས་པདྨའི་དབྱིབས། །རྩ་དཔང་ཆ་གཅིག་རྩེ་ཕྱེད་གཉིས། །གཞུ་བསྣོལ་དཔང་གཅིག་སྲིད་ཕྱེད་གསུམ། །གདུགས་དཔང་ཆ་གཅིག་སྲིད་དུ་གསུམ། །དེ་མཐར་ཟར་ཚགས་དཔང་གསུམ་ལ། །མཐའ་རྒྱ་ཆ་བཞི་གཡེལ་ཁ་བྱ། །ཟླ་བ་ཆ་གཅིག་ཉི་མ་གཉིས། །དེ་སྟེང་ཏོག་ལ་ཆ་ཕྲན་གཅིག །ཅུང་ཟད་མཛེས་པར་བྱ་དགོས་སོ།།

སྲོག་ཤིང་བྱ་ཚུལ་ལེགས་བཤད།

རྟེན་ལ་ནང་གཟུངས་འབུལ་ཚུལ་འཐོར་བུ་ནི། སྲོག་ཤིང་རིང་ཐུང་མཆོད་རྟེན་གྱི་གདོང་ཆེན་ནས་ཆོས་འཁོར་བར་སླེབ་པ། ལུགས་གཅིག་ལ་བུམ་གདན་ནས་བྲེ་ཡན་ཆད་ཟླུམ་པོའང་ཆོག་ཉི་ཟླའི་བར་བཏང་བ་དང་། ལྷ་ལ་སྐྱིལ་ཀྲུང་ནས་གཙུག་ཏོར་བར་དང་། ལུགས་གཅིག་ལ་ལྟེ་འོག་ནས་སྤྱི་བོའི་བར་གསུངས། དེ་ལ་མཆོད་རྟེན་དང་རྡོ་རྗེ་མ་བརྐོས་ཀྱང་ཆད་སྐྱོན་མེད། བརྐོ་ན་རྣམ་རྒྱལ་མཆོད་རྟེན་བང་རིམ་ཟླུམ་པོ་གསུམ་ཅན་ལ་སེང་ཁྲི་ཡོད་ལུགས་མེད་ལུགས་གཉིས་གང་བྱེད་ཆོག །རྡོ་རྗེའི་རྭ་ངོས་ལ་འཕྲོད་པར་བྱ་ཞིང་རྭ་འོག་ཏུ་འཕང་ལོའང་རང་དོད་འོང་བར་བྱས་ན་བདེ། མི་བརྐོ་ན་རྩ་བའི་སྟ་བཞི་ཅུང་ཟད་རེ་བཞོག །རྩེ་མོའི་ངོས་བཞི་ནས་ཅུང་ཟད་རེ་རྩེར་གཞོལ་བར་བཞོག་ནས། དེ་ལ་ཤར་དུ་ཧཱུྃ། ལྷོ་རུ་ཏྲཱྃ། ནུབ་ཏུ་ཧྲཱིཿ བྱང་དུ་ཨཱཿ སྟེང་དུ་ༀ། བྲི་ས་བྱ། མཆོད་རྟེན་ཡོད་ན། མཆོད་རྟེན་འོག་ཏུ། ཤར་ༀ྅ཧཱུཾ། ལྷོར་ཏྲཱྃ། ནུབ་ཧྲཱིཿ བྱང་ཨཱཿ གཟུངས་ཁུང་རྣམས་སུ་དྲི་བཟང་དང་སྨན་འདམ་བྱུག་ནས། སྤྱི་བོའི་ཁུང་བུར་མཆོད་རྟེན་ལ་རྣམ་རྒྱལ་མའི་གཟུངས་དང་། འོད་ཟེར་དྲི་མེད་གཟུངས་མདོ་ཚང་མ། མ་ཤོང་ན་ཉེ་སྤར་རྩེ་མོ་ཞེས་པ་ཚར་གྲངས་གར་འབྱོར་ཆོག །མཆན། སྙིང་ཙམ་ཕུལ། ལྟེ་བའི་ཁུང་བུ་བཞི་ལ་སྲོག་ཤིང་སྔགས་དང་སྒྲིབ་སེལ་གཟུངས་གཉིས་ཚར་༩༩ རེ་འཇུག་དགོས་པས་ཕྱོགས་གསུམ་ལ་༢༥རེ་ཕྱོགས་གཅིག་ལ་༢༤ཕུལ། རྩ་བའི་ཁུང་བུར་འོད་དྲིའི་སྙིང་པོ་དང་རྟེན་སྙིང་མང་ཉུང་ཅི་འབྱོར་ཕུལ། སྲོག་ཤིང་ཙནྡན་དམར་པོ་ཡིན་ན་ཚོན་བྱུག་མི་དགོས་དྲི་བཟང་བྱུག །གཞན་ལ་ཚོན་དམར་པོ་སོགས་སྐབས་དང་མཐུན་པར་ཏེ། དབང་པོ་ལག་པའམ་འོ་མ་སོགས་གཙང་མས་དམ་ཁ་བྱེད་པ་ལས། ཀོ་སྤྱིན་གཏན་ནས་བསྲེ་མི་ཆོག །དང་པོ་གནས་རི་གང་དུ་གཅོད་སྐབས་ནས་ཤར་རྟགས་མ་ནོར་བར་བཞག་པ་དེ་རྟེན་གྱི་མདུན་ལ་འཕྲོད་དགོས་ཏེ། མདུན་ངོས་ཀྱི་གནས་ལྔར་འཇའ་གུར་རེའི་ཁུངས་སུ། གསེར་གྱིས་ༀ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་ལཉྫནར་འབུར་མ་བརྐོ་ཡང་ལེགས། བྲི། རྣམ་རྒྱལ་མཆོད་རྟེན་ཡོད་ན་བུམ་སྒོར་ༀ་བྷྲཱུྃ་སྭཱ་ཧཱ། ༀ་ཨ་མྲྀཏ་ཨ་ཡུརྡ་དེ་སྭཱ་ཧཱ་བྲི། མི་ཤོང་ན་རྣམ་རྒྱལ་མཆོད་རྟེན་གྱི་རྩ་བར་བྲི། མཆོད་རྟེན་མེད་ན་རྩེ་ཀླད་དུ་ཉལ་སྟབས་སུ་བྲི་སྟེང་། ༀ་གྱི་མདུན་ཕྱོགས་ལའོ། །དབུ་དང་བྲེའི་ཐད་ཙམ་དུ་ༀ་སརྦ་བིདྱཱ་སྭཱ་ཧཱ། དང་། སྙིང་དང་བུམ་དབུས་ཙམ་དུ། ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དང་། རྩ་བར་ༀསུཔྲཏིཥྛ་བཛྲཡེསྭཱཧཱ། བྲི་སྟེ་སུམ་འབུད་བྱེད་ཀྱང་ལེགས་ཏེ། དེ་གསུམ་ཀའང་སྐུ་ཁང་ལྟ་བུའི་འཇའ་གུར་ཉ་མགོ་ཅན་གྱི་ནང་དུ་བྲི། སྲོག་ཤིང་ཆེན་པོ་ལ་རྒྱས་པར་བྲིས་མོས་ན། རྣམ་རྒྱལ་མཆོད་རྟེན་གྱི་ཉི་མ་ལ་ཨ། ཟླ་བ་ལ་འཿཨཿཤཿསཿམཿཧཿ གདུགས་ལ་མམཀོལིངསམནྟཿབྲི། རྩ་བ་རྡོ་རྗེ་ཕྱེད་པའི་པད་འདབ་བཞི་ལ་བྷྲཱུྃ་རེ་རྭ་བཞི་ལའང་བྷྲཱུྃ་རེ་མཚམས་བཞིའི་ཁོངས་སུ་འཇའ་སྐོར་ཉ་མགོ་ཅན་དུ་གཞི་མཐིང་ག་ལ། ༀབཛྲཨཱཡུཥེསྭཱཧཱ། རེ་བྲིའོ། །མགྲིན་པ་དང་བྲེ་མགུལ་གྱི་ཐད་ཙམ་དུ་དབྱངས་གསལ་ངོས་རེ་ལ་ཚར་རེ་བྲི། སྙིང་ཁར་ཨཱ་ཡུ་ཥེའི་འོག་ནས་ངོས་སོ་སོར་གཟུངས་ཆེན་སྡེ་ལྔ་སྤར་མ་ལྟར་རྒྱས་པ་བྲི། མ་ཤོང་ན་གཟུངས་ཐུང་བྲི་སྟེ། ཤར་དུ་གཙུག་ཏོར་རྣམ་རྒྱལ་ནི། ༀབྷྲཱུྃསྭཱཧཱ། ༀཨམྲྀཏཨཡུརྡདེསྭཱཧཱ། ༀཨཱཿཧཱུྃཏྲཱྃཧྲཱིཿ ཨྃཨཱརཀྵརཀྵམྃསརྦསཏྭཾཤྩསྭཱཧཱ། ཞེས་ཚར་དུ་ཤོང་གི་མཇུག་ཏུ། ཡེ་དྷར་ཚར་ཅི་ཤོང་དང་ཡེདྷར་གྱི་བོད་སྐད་ནི་ཆོས་རྣམས་ཐམས་ཅད་རྒྱུ་ལས༴ སོགས་ཀྱང་བྲི། དེ་མཐར་རབས་བདུན་གསོ་སྦྱོང་རྒྱས་པ་ནི། ཟིན་བྲིས་གཞན་ཕན་ཟླ་སྣང་ན་བཞུགས་པ་ལྟར་བྲི་བོད་སྐད་ཙམ་ནི་སོར་མདོ་ནའང་སྣང་། བསྡུ་ན་རྣམ་གཟིགས་གསོ་སྦྱོང་ནི་ཀྵཱནྟིཿཔརམིཏཏཔསྟིཀྵནྟིནིརྦཱཎཱཾཔརམཔདནྟིབུདྡྷཿ ནཧིཔྲབྲཛིཏཿ པརོཔརོཏཱཔཱིཤྲམཎོབྷབཏིབྷརཱནཱིཧེཋམཱནཿ ཞེས་པ་བོད་སྐད་དུ། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། རབ་ཏུ་བྱུང་བ་བཞན་ལ་གནོད་པ་དང་། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་དང་། ཉིན་མོ་བདེ་ལེགས༴ ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །བསོད་ནམས་རི་བོ༴ བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་གྲགས་ནམ་མཁའ་ལྟ་བུར་ཁྱབ་གྱུར་པའི། །གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་༴ ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་སྟེ། །ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བསྟན་པའི་དཔལ་གྱུར་བླ་མེད་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ལྟ་བུའི་བཀྲ་ཤིས་གང་འོས་རེ་བྲི། ༈ ལྷོར་གཙུག་དྲི། ༀནམསྟྲཻཡདྷྭིཀཱནཱཾ། སརྦཏཐཱགཏཧྲྀདཡ་གརྦྷེཛྭལཛྭལ། དྷརྨདྷཱཏུགརྒྷེ། སཾབྷརམམཨཱཡུཿ སཾཤོདྷཡ་འདི་གཟུངས་སྤར་རྣམས་ན་མེད་ཀྱང་། གཟུངས་མདོ་དངོས་ན་བཞུགས་པས་ཆད་པ་འདྲ། སཾ་ཤོདྷཡམམསརྦཔཱཔཾསརྦཏཐཱགཏསམནྟོཥྞཱིཥབིམལེབིཤུདྡྷེཧཱུྃཧཱུྃཧཱུྃཧཱུྃ། ཨྃབྃསྃཛཿསྭཱཧཱ། ཞེས་ཚར་དུ་ཤོང་དང་། རྟེན་སྙིང་། གསོ་སྦྱོང་། བཀྲ་ཤིས་བཅས་སྔར་ལྟར་བྲི། ༈ །ནུབ་ཏུ་གསང་བ་རིང་བསྲེལ། ༀསརྦཏཐཱགཏོཥྞིཥདྷཱཏུམུདྲཱཎི། སརྦཏཐཱགཏདྷརྨདྷཏུབིབྷུཥིཏེཨདྷིཥྛིཏེཧུརུཧུརུཧཱུྃཧཱུྃསྭཱཧཱ། ཅི་ཤོང་མཐར་སྔར་ལྟར་སྦྱར། ༈ བྱང་དུ་བྱང་ཆུབ་རྒྱན་འབུམ། ༀསརྦཏཐཱགཏབྱབལོཀིཏེསྭཱཧཱ། ཛཡཛཡསྭཱཧཱ། ༀཧུརུཧུརུཛཡམུཁེསྭཱཧཱ། ཅི་ཤོང་དང་རྟེན་སྙིང་གསོ་སྦྱོང་རྒྱ་སྐད་བོད་སྐད་གང་མོས། བཀྲ་ཤིས་བཅས་ལྷག་ཆད་བྲིས་སུབ་མེད་པར་བྲིའོ། །མཆོད་རྟེན་སྲོག་ཤིང་ལ་གཟབ། ཅེས་པ་ཡིན་པས་སྲོག་ཤིང་ལས་སྐབས་ཐམས་ཅད་དུ་གསོ་སྦྱོང་བླང་ནས་གཙང་སྦྲ་ལ་གནས་ཏེ་ཁ་ཤུབས་དང་ལག་ལྕིབས་གོན། སྦྱོང་ཁྲུས་དང་གཟུངས་སྒྲུབ་ཚར་ནས་གཟུངས་འབུལ་ཚེ་སྨྲ་བ་བཅད་ལ། ༀ་མནྟྲ་དྷཱ་ཏུ གརྦྷ་ཡ་སྭཱ་ཧཱ། དང་། རྟེན་སྙིང་། རིག་པ་ཕུག་རོན། ནམསམནྟབུདྡྷཱནཱཾ། མཙིཏྱབྷུཏརཱུཔིཎཾ། ༀཏརེསྭཱཧཱ། སྡིག་པ་ཅི་ཡང་༴ བཟོད་པ་དཀའ་ཐུབ༴ བཀྲ་ཤིས་བཅས་འདོན་བཞིན་དུ་ཕུལ་བར་རྣམས་གུར་གུམ་སྤོས་ཕྱེས་གཏམས། གཟུངས་འགར་རིག་པ་ཕུག་རོན་ནི། ནམཿསམནྟབུདྡྷཱནཱཾ། ཨཙིནྟྱཏབྷུཏརཱུཔིནི། ༀཏཱརེསྭཱཧཱ། དགོས། ཚར་ནས་ཀྱང་སྦྱང་ཁྲུས་རབ་གནས་ཕྲལ་དུ་བྱ། ཡང་ཁུང་བུ་མི་འཇུ་བའི་སྲོག་ཤིང་ཕྲ་མོ་ལ་ཕྱི་ནས་གཟུངས་དྲིལ་ཕྱོགས་ཕྱོགས་སུ་བཅིངས་ཀྱང་ཆོག །གཟུངས་ཕུལ་ལུགས་འདི་མཆོད་རྟེན་ཆ་བརྒྱད་ཁང་བརྩེགས་སོགས་གྱི་རིགས་ཐམས་ཅད་སྤྱི་འགྲེས་ཡིན། ལྷ་ལ་སྲོག་ཤིང་གཙོ་བར་མ་བཤད་པས་གཟུངས་མདོའི་གླེགས་བམ་དང་གཟུངས་༩༩རེ་དགོས་པ་རྣམས་ཅི་བདེ་བྱས་ཀྱང་ཆད་སྐྱོན་མེད་དེ་ལྷ་རང་རང་གི་སྲོག་སྔགས་སོགས་དམིགས་བསལ་གཙོ་བོ་བྱེད་དགོས། ཆོས་སྐྱོང་གི་རིགས་ལ་དྲག་པོའི་ཤིང་གི་སྲོག་ཤིང་སོགས་སྐབས་ཐོབ་དཔྱད། གཟུངས་དང་སྲོག་ཤིང་གི་ན་བཟའ་རྣམས་ཀྱང་ཞི་རྒྱས་དབང་དྲག་གང་ཡིན་གྱི་རང་མདོག་ཆོག་སྟེ། ཡོངས་གྲགས་སེར་པོ་ཡིན་རྩ་བའི་རྡོ་རྗེ་རྭ་བར་རྣམས་སུ་རིན་ཆེན་ཕྱེ་མ་ཐུམ་པོ་བཅེར་ལ། འཕང་ལོ་ལ་དེའི་གཟུངས་༩༩དཀྲི། སྲོག་ཤིང་གི་ཧཱུཾ་ཐད་དུ་གཟུངས་ཆེན་སྡེ་ལྔ་ཅི་མང་བཅིངས། སྭཱ་ཐད་དུའང་བཅིང་། ཤིན་ཏུ་མང་པོ་འབྱོར་ན་བུམ་པའི་སྟོད་སྨད་བར་གསུམ་ཁེངས་པར་གཏམ། ལྷའི་ཧཱུཾ་ཐད་དུ་སྡེ་ལྔ་ཉུང་ཙམ་དང་ལྷ་རང་རང་གི་བསྙེན་སྔགས་ཁོ་ནས་ཁེངས་པར་བྱ། ༈ རྟེན་ཆུང་ངུ་སོགས་ཀྱི་སྲོག་ཤིང་ལ་གནས་ཡིག་འབྲུ་ལྔ་དང་། སརྦ་བིདྱཱ༴ ཨ་ཡུ་ཥེ༴ སུ་པྲ་ཏིཥྛ༴ ཡེ་དྷར་ཙམ་བྲིས་ཀྱང་འཐུས། ཡང་། གནས་ཡིག་ཙམ་མམ། སྲོག་སྔགས་ཙམ་དང་། ཤིན་ཏུ་ཆུང་ངུ་ལ་ༀ་྅ཨཱཿ྅ཧཱུྃ་྅བྲིས་ཀྱང་ཆོག་གསུངས། ༈ ནང་གཞུག་གཞན་རྣམས་མཐོ་དམན་གོ་རིམ་ནི་ཡིག་ཆ་རྣམས་ནས་ཀྱང་གོ་རིམ་མི་འདྲ་བ་ཅུང་ཟད་རེ་སྣང་ཡང་སྤྱི་རྒྱུག་ཙམ་ནི། སཱཙྪ་རྣམས་བུམ་པའི་ནང་གཞུགས། མ་ཤོང་ན་རྨང་དགེ་ཡན་ཆད་བཞུགས་ཀྱང་རུང་། བུམ་གཏེར་རྣམས་དང་ས་འཛིན་སྐོར་ལ་གཞུག །གནོད་སྦྱིན་འཁོར་ལོ་དང་ཆོས་སྐྱོང་སྐོར་བསྔོ་སྨོན་དང་བཀྲ་ཤིས་སྐོར། གོ་ཆ་སོགས་སེང་ཁྲིའི་སྟོད་གདོང་ཆེན་ཐད་དང་། ལྷའི་པད་གདན་ལའོ། །ཚད་མེད་དང་སྐྱིལ་ཀྲུང་ནང་དུ་༼ཙ༽ཤེར་༼ཚ༽ཕྱིན་༼ཛ༽མདོ་སྡེ་སྐོར། བུམ་གདན་དང་གསང་བ་སྐོར་༼བ༽ལ་༼མ༽བྱ་རྒྱུད། དེ་སྟེང་སྤྱོད་རྒྱུད། བུམ་སྨད་དང་ལྟེ་བར་༼པ༽རྣལ་འབྱོར་རྒྱུད། སོར་འབྲང་འཁོར་ལོ་གྲོང་ཁྱེར་སྒྲོལ་འཁོར། བུམ་དབུས་དང་མཐར་༼ཕ༽སྐོར་ལ་རང་རང་གི་སྒྲུབ་སྔགས་དང་། ༼ཇ༽མ་༼ཉ༽ཧཱ་༼ཏ༽ཡོ་༼ཐ༽གའི་༼ད༽སྐོར་༼ན༽ དགོངས་འདུས་མཐོང་གྲོལ། དགེ་འདུན་འདུ་འཁོར། བུམ་སྟོད་དང་སྐུ་སྟོད་ལ། ཨ་ནུ་ཡོ་ག་དང་ཨ་ཏི་ཡོ་ག་༼ཅ༽བླ་སྒྲུབ་ཞི་དྲག །ཞི་ཁྲོའི་༼ཆ༽བཏགས་གྲོལ། རྟེན་འདུས་རིལ་བུ། བྲེ་མགུལ་དང་མགྲིན་པར། ༼ཚ༽དབྱངས་གསལ་དང་། སངས་རྒྱས་བྱང་སེམས་ཀྱི་མཚན། མྱང་གྲོལ་རིལ་བུ། བྲེ་དང་དབུ་ལ་རིམ་པར་༼ཀ༽བླ་མ་༼ཁ༽བརྒྱུད་༼ག༽པའི་༼ང༽མཚན་སྔགས། སྙིང་ཐིག་གི་བཏགས་གྲོལ་༼ཆ༽རྒྱུད་དྲུག་འདི་རྣམས་ཚེ་གཤིས་དང་ཨ་འཛམ་སྒར་སྤར་གླེགས་བམ་སོར་བཞི་པ་བཞུགས། སངས་རྒྱས་སྲས་གཅིག །འདས་རྗེས་གསུམ། སྲོག་ཤིང་གི་རྩེར་རྣམ་རྒྱལ་བུམ་ནང་དང་ལྷའི་གཙུག་ཏོར་དུ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་དར་གྱི་བསྟུམ་སྟེ་རིན་པོ་ཆེའི་ག་འུར་སྩལ་བ་བཞུགས་སུ་གསོལ། ཚུལ་འདི་ནི་རྙིང་ལུགས་ཡིན། གསར་ལུགས་ལ་ནང་རྒྱུད་སྡེ་གསུམ་མལ་དུ། ཕ་མ་གཉིས་མེད་རྒྱུད་གསུམ་ཡར་སྤར། ༈ གཞན་ཡང་སྟོད་སྨད་ཐམས་ཅད་དུ་གཞུག་ཆོག་པ་ནི། ཡིག་བརྒྱ། ས་ཏྭ། ཡེ་དྷར། དབྱངས་གསལ། རིག་པ་ཕུག་རོན། ཡང་བྱང་ཆུབ་ཤིང་སོགས་སངས་རྒྱས་དང་འབྲེལ་བའི་རྟེན་རྣམས་དབུ་ལ་གཞུག །བླ་མ་མཆོག་གི་དབུ་ཞྭ་སོགས་སྐུ་སྟོད་ལས་བྱུང་བ་རྣམས་སྟོད་དུ་གཞུག །ཤམ་ཐབས་སོགས་སྐུ་རྨད་ལས་བྱུང་བ་རྣམས་སྨད་དུ་གཞུག །ཆོས་འཁོར་དང་རྒྱལ་མཚན་ནང་དུ་གདུགས་དཀར་འཁོར་ལོ་དང་རྒྱལ་མཚན་རྩེ་མོ། ཏོག་ཏུ་ཏོག་གཟུངས། དབུའི་གཙུག་ཏོར་དུ་གདུགས་དཀར་འཁོར་ལོ་གཞུག ༈ །བུམ་ནང་དུ་དྲི་མེད་རྣམ་གཉིས་ཀྱིས་དཀྱིལ་འཁོར་བཞེངས་སྐབས་སོགས་རྟེན་གྱི་སྲོག་ཤིང་རིང་ཐུང་མཐའ་གཅིག་ཏུ་མ་ངེས་པས། སྲོག་ཤིང་གི་གཟུངས་སྐོར་ཙམ་མ་གཏོགས། གཟུངས་དང་བྱིན་རྟེན་གཞན་མང་ཆེན་རྣམས་གོང་ལྟར་རྟེན་གྱི་ཕྱི་ཁོག་ལ་གཞལ་ཏེ་གཞུག་དགོས། སྐྱེ་མཆེད་བྱིན་རླབས་སོ་སོར་སྦྱར། དཀྱིལ་འཁོར་མེད་སྐབས་རུ་ཤིང་ངམ་ཚུགས་ཤིང་ལ་སྲོག་ཤིང་བཅིང་བ་ཡིན། ༈ གཟུངས་འཕྲེད་གཞུག་དགོས་སྐབས་བྱུང་ན། དབུ་གཡས་ཕྱོགས་དང་རྒྱབ་ཕྱོགས་གང་བདེར་བསྟན། གླེགས་བམ་རིགས་ཀྱང་དབུ་རྒྱབ་ཕྱོགས་སུ་བསྟན་ལ་དབུ་ལྡེབ་ཡར་བསྟན་གསུངས། སྤྱིར་རྟེན་བཞེངས་འཕྲོ་ལུས་པ་ལ་བར་ཆད་མི་འཇུག་པའི་ཕྱིར་གུ་གུལ་བདུག་བཟོ་བོའི་ལག་ཆ་བཞག །གོས་དམར་སེར་གྱིས་བཀབ། སྟེང་ནས་བྱིན་ལྡན་གྱིས་མནན་གསུངས། སྲོག་ཤིང་སོགས་སྔ་ཚགས་དགོས་པས་རྣམས་ཉེར་མཁོ་དགོས་པ་ཀུན་ཚང་ལྟར་ཐུགས་འཇགས། ཀོང་སྤྲུལ་རིན་པོ་ཆེས། མཆོད་རྟེན་ཆེ་ཆུང་གང་ཡིན་ནའང་དྲི་མེད་རྣམ་གཉིས་ཀྱི་ཆོ་གས་བསྒྲུབས་པ་ཞིག་བྱུང་ན་ས་རྡོ་ལས་བཅོས་ཀྱང་འབྲེལ་ཚད་དོན་ལྡན་བྱས་པ་དོན་ཡོད་དུ་འགྱུར། དེ་ལྟར་མ་ཡིན་གསེར་དངུལ་ལས་བཅོས་པའང་རྟེན་ཕལ་པ་ཙམ་ལས་མི་འགྱུར། ཞེས་གསུངས་སོ། ༈ །འཇམ་དཔལ་བདེ་བའི་ཉི་མའི་སྐུ་གདུང་ལྟ་བུ་ལ། རྩ་གསུམ་གཟུངས་འཇུག་སྤྱི་ལྟར་ལས། སྒོས་ཆོས་སུ། བུམ་དབུས་སུ་ལྷག་པའི་ལྷ་འཇམ་པའི་དབྱངས་ཀྱི་གསེར་སྐུའམ་འདག་སྐུ་གཟུངས་གཞུག་བྱིན་ལྡན། དེའི་ཐུགས་ཀར་ཕྱི་ནང་གང་བདེར་ཤེལ་རྡོ་ཧཱུཾ་གིས་མཚན་པ། ༀ་ཨཱཿཧཱུཾ། མཚན་སྔགས་མཐར། མཚུངས་མེད་ཆོས་རྗེ་འཇམ་དཔལ་བདེ་བའི་ཉི་མ་དཔལ་བཟང་པོ་ཞེས་བགྱི་བའི་ཐུགས་ཀྱི་དགོངས་པ་ཟབ་མོ་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག །འབྲེལ་ཐོགས་བདག་ཅག་རྣམས་ཀྱང་ཚེ་རབས་ཀུན་ཏུ་རྗེས་སུ་གཟུང་བར་གྱུར་ཅིག །རྗེས་འཇུག་བསྟན་པའི་མངའ་ཐང་ཡུན་རིང་དུ་རྒྱས་པར་གྱུར་ཅིག །ཅེས་པ་ལྟ་བུའི་འདོད་གསོལ་གྱིས་དྲིལ་སྤྲོ་ན་གཏེར་མཛོད་༼ནི༽པར་སྐུ་གདུང་མཆོད་ཚུལ་ནང་ནི། སྲིད་ཞུ་འབུལ་བ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སོགས་ཚང་བ་ཕྲེང་གཅིག་ཏུ་བྲི་ནུས་ན་ཤིན་ཏུ་ལེགས། དེ་དང་མཉམ་དུ་གདུང་གི་སཱཙྪ། བླ་མའི་ཐུགས་དམ་གྱི་རྟེན་གང་རྙེད། འཇམ་དཔལ་གྱི་ཆོས་གླེགས་བམ་རིགས་དང་ཨ་ར་པ་ཙ་སོགས་བསྙེན་པ་ཤིན་ཏུ་མང་པོ་གཞུག །སྒྲུབ་ཚེ་དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་མཆོད་རྟེན་ནང་དུ་རྒྱུན་བཞག་མ་ཤོང་ནའང་། ཕྱི་རོལ་དཀྱིལ་འཁོར་བཤམས་ནས་བསྒྲུབ་ལ་སྲོག་ཤིང་ཕུལ། རྗེས་དཀྱིལ་འཁོར་མི་མངོན་པར་བསྡུ་བར་གསུངས་སོ། །རབས་གནས་སྐབས་སུ་ཐུགས་དམ་གང་ཡིན་གྱི་སྒྲུབ་པ་དེས་ཁོག་ཕུབ་ན་ལེགས་སྙམ་མོ། ༈ །ཡང་སྔར་མ་གྲགས་ཀྱང་རང་བཟོ་བྱས་ན། ཕྱི་རོལ་ས་རྡོ་ལས་བྱང་ཆུབ་མཆོད་རྟེན་ཆུང་འབྲིང་བཞེངས་སྐབས་བུམ་ནང་དུ་དཀྱིལ་འཁོར་སྒྲུབ་སྟབས་མི་བདེ་བས་ན། སྔ་མོ་ནས་ཤིང་གི་སྒམ་བང་སྒྲོམ་གསུམ་བརྩེགས་བཟོས་ནས། འོག་གཉིས་གཞིར་དཀྱིལ་འཁོར་བྲིས་ཏེ། ལྷ་ཁང་ལྟ་བུར་བཀོད་ནས་མཆོད་རྫས་རྒྱན་བཅས་ཚང་བར་བཤམས། དེའང་རྣམ་ལྔ་སོགས་ནི་འོག་གཞི་ལ་གྲོ་སྐྱོ་སྨན་འདམ་གྱིས་སྦྱར། འཕན་གདུགས་རྣམས་ནི་བླ་རེ་ལ་དཔྱངས་ཏེ་མི་འགྱེལ་བའི་ཐབས་བརླིང་བར་བྱས་ནས་སྟེང་མའི་བླ་རེ་དང་སྤང་ལེབ་ལ་སྲོག་ཤིང་ཤོང་ངེས་པའི་གནམ་མཐོངས་བཞག་སྟེ། དཀྱིལ་འཁོར་གཉིས་ཚུལ་བཞིན་བསྒྲུབས་ནས་འཇོག །ནམ་ཕྱི་རོལ་གྱི་མཆོད་རྟེན་བུམ་པའི་ཕྱེད་བར་བརྩིགས་ཟིན་པ་དང་། བུམ་གདན་ཡན་ཆད་ཚུགས་ཤིང་མེད་པར་བྱས་ཏེ། དཀྱིལ་འཁོར་གཉིས་པོ་དལ་བུས་སྤྱན་དྲངས་ནས་བཞག་ལ་མཆོད་རྫས་འགྱེལ་བ་དང་ཕོས་པ་བྱུང་ན་ལེགས་པར་བཅོས། སེར་སྦྲེང་པ་རྣམས་ནས་སེམས་ཅན་ཤེས་བཅུ་སོགས་འདོན་གྱིན་སྲོག་ཤིག་འཛུགས་ཏེ་སྒོམ་གསུམ་པ་བརྩེགས་པའི་ནང་དུ་སཱཙྪ་བཞག་པས་སྲོག་ཤིང་སྐྱོར་ཏེ་མི་འཁྱོར་བ་བྱ་ཞིང་། སཱཙྪས་བུམ་པ་བཀང་སྟེ་རྩིག་འཕྲོ་ཉི་ཟླའི་བར་མཐར་ཕྱིན་པར་བྱ། རབ་གནས་བསྡུས་པས་བདག་ལ། ཞལ་བ་ལན་གྲངས་ཚོན་རྩི་བཅས་འཇོག་མཚམས་གྲུབ་པའི་ཚེ། སླར་སྲོག་ཤིང་འཛུགས་ཆོག་གཤར་རྒྱུག་མ་ཞིག་བཏང་བའི་སྒྲུབ་མཆོད་ཚར་བ་དང་། ཕྱི་རོལ་མཆོད་བཤམས་རྒྱས་པ་བྱ་བ་ནས་རྗེས་ཆོག་མཐར་ཕྱིན་པར་བྱ། ཕྱི་ཉིན་རབ་གནས་རྒྱས་པ་བྱ་བ་ན་འཇུག་པ་བདེ་སྟེ། དཔེར་ན་གནོད་སྦྱིན་འཁོར་ལོ་དང་བུམ་གཏེར་སྔར་ནས་སྒྲུབ་པ་བཞིན་དུ་ཉེས་འགལ་མེད་སྙམ་ལགས། སྔར་ཡིག་ཆའི་སྟེང་ནས་ཞུས་ཤིང་མཁྱེན་བཞིན་པ་གཞིར་བཞག་ནས་རེ་ཞིག་བརྗེད་ཐོ་དེ་ཙམ་ལེགས་བཤད་ནས་གནས་བརྟན་ལ་ཞུ་ལགས།

མཆོད་རྟེན་ཐིག་ཚད་མདོར་བསྡུ།

ༀབིདྱཱདྷརདྷརྨརཱཛདིཔཨཱཧཱུཾ། རིག་འཛིན་ཆོས་རྒྱལ་གླིང་པ། ཨཱཡུསྤཤྱོབིཛཡ། རྒྱལ་སྲས་ཚེ་དབང་རྣམ་རྒྱལ། ནིམིཏྟྭཱནྶུཎྱེདྷྭཛ། མཚན་ལྡན་བསོད་ནམས་རྒྱལ་མཚན། སམནྟབྷདྲབིཛཡ། ཐུགས་སྲས་ཀུན་བཟང་རྣམ་རྒྱལ། མནྡྲདྷཱརཎསཱུཏྲམནྡྲསཱགརཿ གསང་སྔགས་མདོ་སྔགས་རྒྱ་མཚོ། ཨཱཡུསྤཤྱམཎི། མཉམ་མེད་ཚེ་དབང་ནོར་བུ། ཀརྨཀིརྟཱིནནྟཱ། ཀརྨ་གྲགས་པ་མཐའ་ཡས། མཎིསམུདྲཿ མཚུངས་མེད་མ་ཎི་མུ་དྲ། ཀིཏྟིདྷྭཛཿ འགྲོ་མགོན་གྲགས་པ་རྒྱལ་མཚན། མཎིདྷཪྨདྷཱཏུ། འདྲེན་མཆོག་ནོར་བུ་ཆོས་དབྱིངས། ཨབྷཡདྷཪྨུཏྟམསམུདྲཿ འཇིགས་མེད་ཆོས་མཆོག་རྒྱ་མཚོ། སམནྟབྷདྲསམྤཏྟིཿསམུདྲཿ ཀུན་བཟང་དཔལ་འབྱོར་རྒྱ་མཚོ། པདྨཨབྷཡདྷཪྨཔཤྱ། པདྨ་འཇིགས་མེད་ཆོས་དབང་། བྷཥིཏབིདྷཱིཁྱཱཏདྷྭཛ། བཤད་སྒྲུབ་བསྟན་པའི་རྒྱལ་མཚན། མཉྫུགོཥམཏིམཱཾབཛྲ། འཇམ་དབྱངས་བློ་གསལ་རྡོ་རྗེ། ཀློང་གསལ་དག་སྣང་ལས་བྱུང་བའི་བརྡ་ཡིག་བུམ་གཟུངས། ཌཱཌུ྅། འདི་གསེར་ལྟ་བུས་བྲིས་ནས་བཅུག ། ༈ ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང ། །ཉིན་མཚན་རྟག་ཏུ་བདེ་ལེགས་པར། །དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོག། །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང ། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་བསལ་བ་དང ། །སྙན་གྲགས་ནམ་མཁའ་ལྟ་བུར་ཁྱབ་གྱུར་པའི། །གསུམ་མོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག ། །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང ། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས ། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་སྟེ། །ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག ༈ །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །ༀ་ཡེ་དྷརྨྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨ། ཨཾ་ཨཿ ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ༈ གཏེར་མཛོད། ༼ནི༽པར་བླ་མའི་སྐུ་གདུང་མཆོད་ཆོག་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་ཅིང་དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་དཔལ་ལྡན་བླ་མ་བརྒྱུད་པ་དང་བཅས་པ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ཅག་རྣམས་ཀྱིས་དཀོན་མཆོག་ལ་མཆོད་པ་ཕུལ་བ་དང་། དགེ་འདུན་ལ་བསྙེན་བཀུར་བགྱིས་པ་དང་། འབྱུང་པོ་ལ་གཏོར་མ་གཏོང་བ་དང་། བསྲུང་སྡོམ་དང་། བཟླས་བརྗོད་དང་། ཐོས་བསམ་དང་། སྒོམ་སྒྲུབ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཅི་བསགས་པའི་དགེ་བའི་རྩ་བ་འདི་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་རིགས་ཀུན་ཁྱབ་བདག་འདྲེན་མཆོག་མཚུངས་མེད། དཔལ་ལྡན་བླ་མ་དམ་པ་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །ཕུལ་བས་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་ཐུགས་དགོངས་ཁྱད་པར་ཅན་རྣམས་གོང་ནས་གོང་དུ་རྫོགས་པར་གྱུར་ཅིག །ས་དང་ལམ་གྱི་རིམ་པའི་སྤང་བྱ་དང་གེགས་དང་སྒྲིབ་པར་གྱུར་པ་ཅི་མཆིས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་ནས་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་དོན་གང་ལ་གང་འདུལ་གྱི་སྤྲུལ་པའི་སྐུའི་མཛད་པ་རྒྱུན་མི་འཆད་པར་གྱུར་ཅིག །དེར་ཡང་སྐུ་ཚེའི་འདུ་བྱེད་བསྐལ་པ་རྒྱ་མཚོར་གཡོ་མེད་དུ་བསྟན་ཅིང་ངོ་མཚར་བའི་རྣམ་པར་ཐར་པ་མཐའ་ཡས་པས་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་མཛད་པར་གྱུར་ཅིག །བདག་ཅག་རྣམས་ལའང་བླ་མ་བརྟེན་པའི་སྒོ་ནས་བསགས་པའི་ཉེས་པ་སྐུ་ལ་བརྔོས་པ། རིམ་ལ་བསྙགས་པ། གསུང་ངག་བཅག་པ། ཉེས་པ་གཏམ་དུ་བརྗོད་པ། ཐུགས་རྗེ་ཚོད་བཟུང་བ། ཐུགས་སུན་ཕྱུང་བ་ལ་སོགས་པ་ཉེས་པའི་ཚོགས་ཅི་མཆིས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་ཡང་དག་པའི་དགེ་བའི་བཤེས་གཉེན་དང་མཇལ་བར་གྱུར་ཅིག །མཇལ་ནས་ཀྱང་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པ་སྐད་ཅིག་ཀྱང་བྱེད་པར་མ་གྱུར་ཅིག ། སྐྱེ་བ་ཚེ་རབས་ཐམས་ཅད་དུ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་འཛིན་པར་གྱུར་ཅིག །གཟུང་དུ་གཏུབ་པར་གྱུར་ཅིག །གདམས་ངག་དང་རྗེས་སུ་བསྟན་པས་སྐྱོང་བར་གྱུར་ཅིག །བསྐྱོང་དུ་གཏུད་བར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་དགེ་བའི་བཤེས་གཉེན་མི་བརྗེད་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཅིག །དགེ་བའི་བཤེས་གཉེན་གྱི་རྣམ་པར་ཐར་པ་ལ་ལོངས་སྤྱོད་པར་གྱུར་ཅིག །མཐར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག། །།

རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་དགེ་ལེགས་འདོད་འཇོ།

རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་དགེ་ལེགས་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་དགེ་ལེགས་འདོད་འཇོ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཀུན་ཁྱབ་འགྱུར་མེད་བདེ་ཆེན་རྡོ་རྗེ་སེམས། །སྲིད་ཞིའི་འཁོར་ལོར་ཞི་དང་ཁྲོ་གར་གྱིས། །རྣམ་རོལ་བསམ་མི་ཁྱབ་པས་བསོད་ནམས་དང་། །ཡེ་ཤེས་མཆོག་སྩོལ་དཔལ་ལྡན་བླ་མར་འདུད། །གདོད་མའི་ཡེ་ཤེས་དངོས་ཀུན་ཁྱབ་གནས་པ། །སད་བྱེད་བདེ་གཤེགས་སྣང་བརྙན་ཡེ་ཤེས་ཀྱི། །ཕྱག་རྒྱས་བྱིན་རློབས་རབ་གནས་ཆོ་གའི་ཁྲིགས། །དགེ་ལེགས་འདོད་པ་འཇོ་བའི་ཆར་དུ་འབེབས། །འདི་ལ་གཉིས་ཏེ། ཤེས་པར་བྱ་བའི་གཞི་བཤད་པ་དང་། བཤད་པའི་ཆོ་ག་ལག་ཏུ་བླང་བའི་རིམ་པའོ། །དང་པོ་ལ་བདུན་ཏེ། རབ་གནས་ཀྱི་རང་བཞིན། གནས་བྱའི་རྟེན། གནས་པའི་དགོས་པ། གནས་བྱེད་ཀྱི་སློབ་དཔོན། གང་དུ་བྱ་བའི་གནས། གང་ཚེ་བྱ་བའི་དུས། གང་བྱ་བའི་ཆོ་གའོ། །དང་པོ་རང་བཞིན་ནི། སློབ་དཔོན་ཆེན་པོས་བདེ་འདུས་རབ་གནས་སུ། བྱ་དགོས་མི་དགོས་གཉིས་སུ་བསྟན། །ཅེས་པ་ལྟར། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་མཆོག་ཏུ་མི་འགྱུར་བའི་ཆོས་ཉིད་ནམ་མཁའ་ལྟར་ཀུན་ཁྱབ་ཏུ་བཞུགས་པའི་གནས་ལུགས་རྟོགས་པ་ཤེས་རབ་ཅན་གྱི་དབང་དུ་བྱས་ན། སྔ་མ་ལས། ཆོས་ཉིད་སྟོང་པའི་དོན་རྟོགས་ན། །གང་ཞིག་གང་གིས་གང་དུ་བརླག །གདོད་ནས་མ་སྐྱེས་སྐྱེ་མེད་ལ། །ཅི་འདྲ་ཅི་འདྲ་རབ་ཏུ་གནས། །ཆོས་རྣམས་འོད་གསལ་སྐྱེ་མེད་དུ། །རྟོགས་པར་ལྡན་པས་མཆོད་གནས་རྣམས། །རབ་ཏུ་གནས་པ་མི་དགོས་སོ། །ཞེས་དང་། ཡང་སྐུ་གཟུགས་ཀྱི་རྟེན་སོགས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེའི་རྣམ་རོལ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སྤྲུལ་པའོ་སྙམ་པའི་དད་པ་ཅན་གྱི་དབང་དུ་བྱས་ན་ཡང་སྔ་མ་ལས། ཡང་ན་སྟོང་ཉིད་མ་རྟོགས་ཀྱང་། །སྐུ་གཟུགས་གླེགས་བམ་མཆོད་རྟེན་སོགས། །སངས་རྒྱས་རྣམ་སྤྲུལ་བྱིན་རླབས་ལས། །བྱུང་སྟེ་མིན་ན་མི་འབྱུང་བར། །རྟོགས་ཏེ་ཤིན་ཏུ་དད་ལྡན་ན། །རབ་ཏུ་གནས་པ་མི་དགོས་སོ། །ཞེས་པས། དེ་ལྟ་བུའི་དོན་གཉིས་པོ་ཁོང་དུ་མ་ཆུད་པའི་གདུལ་བྱ་ཐུན་མོང་པ་རྣམས་ཚོགས་གཉིས་ཀྱི་གནས་ལ་འགོད་པའི་ཆེད་དུ་རབ་གནས་ཀྱི་ཆོ་ག་དགོས་པར་བསྟན་པ་ནི། འཇིག་རྟེན་ཐ་སྙད་ལ་གནས་ཏེ། །ཀུན་རྫོབ་དོན་དུ་བསྟན་པ་ཡིན། །ཞེས་དྲང་ངེས་ཀྱི་དབྱེ་བས་གསུངས་པ་བཞིན་རབ་གནས་ཀྱི་རྟོག་པ་ལས་ཀྱང་། སངས་རྒྱས་ཀུན་ན་རབ་ཏུ་བཞུགས། རབ་ཏུ་གནས་པ་གང་ཡང་མེད། །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པ་རབ་ཏུ་བཏགས། །ཞེས་གསུངས་པ་བཞིན་ནོ། །ངོ་བོ་ནི་རྟེན་གང་ལ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རྣམས་བསྡུས་ནས་དགེ་ཞིང་བཀྲ་ཤིས་པའི་དོན་ཅན་དུ་བྱེད་པ་ཡིན་ཏེ། ཁྲོ་གཉེར་ཅན་གྱི་རྟོག་པ་ལས། རྒྱལ་བའི་སྐུ་གཟུགས་བཞེངས་ནས་ནི། །གུས་པས་རྒྱལ་བ་ལྟར་མཆོད་བྱ། །ཐུབ་པས་དེ་ལྟར་གཟིགས་ནས་ནི། །ཡིད་ཅན་རྣམས་ལ་སྐྱོབ་པར་མཛད། །ཅེས་དང་། གལྤོར། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །ཡེ་ཤེས་གཞུགས་པའི་བྱིན་རླབས་ཅན། །འཁོར་བ་འབྱུང་བ་ལྔ་ཡི་གནས། །སྐུ་དང་གསུང་དང་ཐུགས་ཉིད་ཡིན། །ཞེས་གསུངས་པ་བཞིན་ནོ། །སྒྲ་དོན་ནི། སུ་པྲ་ཏིཥྛ་བི་དྷི་ཞེས་པའི་སྒྲ་ལས་བཟང་པོར་བསྒྲུབ་པ་དང་། ཡུན་རིང་དུ་གནས་པར་བྱེད་པའི་ཆོ་ག་སྟེ། རྟེན་ཡེ་ཤེས་སེམས་དཔའི་ངོ་བོ་ཉིད་དུ་བསྒྲུབ་པས་བཟང་པོ་དང་། འཁོར་བ་ཇི་སྲིད་དུ་གནས་པར་བྱེད་པས་ཡུན་རིང་བའོ། །དེ་གཉིས་ཀྱང་ཡེ་ཤེས་པ་དགུག་གཞུག་དང་བརྟན་བཞུགས་དང་འབྲེལ་བའི་ཕྱིར་རབ་གནས་ཀྱི་ཆོ་ག་ཞེས་བྱ་སྟེ། ཡང་། སུ་རབ། པྲ་ཏི་སོ་སོ། ཥྛ་གནས་པ་སྟེ་རྟེན་སོ་སོའི་བདག་ཉིད་དུ་གནས་པ་ལ་ཡང་བགྲང་དུ་རུང་ངོ་། །རྡོ་རྗེ་བཀོད་པ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ། །མཐའ་ཡས་གྲོལ་བའི་རྒྱུ་ཡི་ཕྱིར། །རྒྱལ་བ་དགུག་དང་གཞུག་པར་བྱ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་གང་ལ་གནས་བྱའི་རྟེན་ནི། རྟོག་པ་ལས། བརྡུངས་པ་དང་། བྲིས་པ་དང་། འབུར་དུ་བྱས་པ་ལ་སོགས་ཀྱིས་མཚོན་ནས། གཟུགས་སྐུའིི་རྟེན་དེ་བཞིན་གཤེགས་པའི་ཞི་ཁྲོའི་སྣང་བརྙན་དང་། གསུང་གི་རྟེན་རྫོགས་པའི་སངས་རྒྱས་དང་འཕགས་པ་རྣམས་ཀྱི་གསུང་རབ་གླེགས་བམ། ཐུགས་རྟེན་ནི་ཆོས་སྐུའི་རྟེན་སྤྱི་མིང་བྱེ་བྲག་ཏུ་བཏགས་པ་མཆོད་རྟེན་བརྒྱད་ལ་སོགས་པ་རྣམས་དང་། གཞན་ཡང་གཙུག་ལག་ཁང་དང་། རྒྱན་དང་ཕྱག་མཚན་ལ་སོགས་པ་ཇི་སྙེད་པ་རྣམས་སོ། །དེ་དག་ཀྱང་དབྱིབས་བླང་རྒྱན་ལ་སོགས་པ་སོ་སོའི་མཚན་ཉིད་དང་ལྡན་པར་ཚད་ལ་ཕེབས་པར་བྱ་དགོས་པ་ནི། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་ཉམས་དང་ལྡན། །ཚད་ཀྱི་ཚད་ལ་ཕེབ་ཅིང་བཟང་། །དེ་འདྲ་རབ་ཏུ་གནས་པར་བྱ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་གནས་པའི་དགོས་པ་ནི། སྐྱོན་ཡོན་གྱི་ཆ་ལས་གཉིས་ཏེ། དང་པོ་ནི། རྟེན་དེ་ཡང་རབ་གནས་མ་བྱས་པ་དང་། ཆོ་ག་དམན་པས་བྱས་ནའང་མི་ཤིས་པ་དང་བསོད་ནམས་ཀྱི་ཞིང་དུ་མི་འགྱུར་ཏེ། གང་དུ་སྐུ་གཟུགས་རབ་རྫོགས་པ། །བྱིན་མ་བརླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་པ་འབྱུང་། །དེ་སྲིད་མཆོད་པར་དེ་མི་འོས། །ཞེས་དང་། ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །ཞེས་སོ། །གཉིས་པ་ནི། སྔར་བཤད་པའི་སྐྱོན་རྣམས་མི་འབྱུང་བ་དང་། རྟེན་དེ་ཉིད་མཆོད་པ་ལས་བསོད་ནམས་འཕེལ་ཞིང་རྒྱུད་བྱིན་གྱིས་རློབ་པ་སོགས་དོན་ཆེན་པོར་འགྱུར་བ་ཡིན་ཏེ། དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཆོ་ག་བདག་ཉིད་ནུས་པ་ཡིས། །བརྟགས་པ་ལས་བྱུང་ཚུལ་ལེགས་པས། །དེ་བྱས་བསོད་ནམས་ཆེ་བ་ནི། །མཐོང་དང་མི་མཐོང་རྣམས་སུ་སྐྱེ། །སྐུ་གཟུགས་སྔགས་ཀྱི་མཚན་ཉ ིད་ཀྱིས། །དེ་ལ་བྱིན་རླབས་འཇུག་པར་འགྱུར། །ཞེས་དང་། པདྨ་དབང་ཆེན་གྱི་རྒྱུད་ལས། སྐུ་གསུང་ཐུགས་རྟེན་ཁྱད་པར་ཕྱིར། །རབ་གནས་བཟང་པོའི་ཆོ་ག་བྱ། །ཞེས་གསུངས་པ་བཞིན་ནོ། །བཞི་པ་གནས་བྱེད་ཀྱི་སློབ་དཔོན་ནི། ཐེག་པ་གསུམ་གྱི་བསླབ་པས་རྒྱུད་སྦྱངས་ཤིང་། ཁྱད་པར་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་དབང་གིས་སྨིན་ཅིང་དམ་ཚིག་དག་པ་ཕྱི་ནང་གི་དེ་ཉིད་བཅུ་སོགས་སློབ་དཔོན་གྱི་ལས་རབ་འབྱམས་ལ་དབང་འབྱོར་བ། རབ་གནས་ཀྱི་ཆོ་ག་ལ་མཐོང་བརྒྱུད་ཕྱིན་ཆད་ཀྱིས་མཁས་པས་དོན་མཐུན་དུ་ལག་ཏུ་ལོངས་པ་སྟེ། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པའོ། །ཞེས་པས། དེ་ཉིད་བཅུ་ནི། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་གདན་དང་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་ལ་སྦྱར། །སླར་བསྡུ་བ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་དུ་བཅུ་ཡིན་ནོ། །ཞེས་དང་། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་དབྱེ་བའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །ཞེས་སོགས་ཀྱིས་མཚོན་པའང་། དགེ་སློང་དགེ་ཚུལ་ཁྱིམ་ན་གནས་པ་རྣམས་རིམ་བཞིན་རབ་འབྲིང་ཐ་མར་བྱས་པས་སོ། །ལྔ་པ་གང་དུ་བྱ་བའི་གནས་ནི། ཕྱོགས་དང་ཁ་དོག་ལ་སོགས་པའི་སྒོ་ནས་ཞི་རྒྱས་ཀྱི་གནས་སུ་བསྔགས་པ་དང་། ཁྱད་པར་བཀྲ་ཤིས་ཤིང་ཉམས་དགའ་བའི་གནས་ཏེ། ཡང་ཐོག་མཆོད་རྟེན་ལ་སོགས་དང་། །ཁྱིམ་དང་ལྷ་ཡི་གནས་རྣམས་སུ། །སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དག་དང་ལྡན་པར་བྱ། །ཞེས་དང་། གལྤོར། བཀྲ་ཤིས་དག་པ་ཆེན་པོའི་གནས། །ཡིད་འོང་ཉམས་ནི་རྣམ་པར་དགའ། །ཞེས་སོགས་ཀྱིས་མཚོན་ཏེ་དཀྱིལ་འཁོར་གྱི་ཆོ་ག་རྣམས་ལས་བཤད་པ་བཞིན་ནོ། །དྲུག་པ་གང་གི་ཚེ་བྱ་བའི་དུས་ནི། ཟླ་བ་དྲུག་དང་གཟའ་བཞི་དང་། །རྒྱུ་སྐར་བཅུ་བཞི་གང་ཡིན་དང་། །ཚེས་གྲངས་བདུན་གྱི་བདག་ཉིད་ལ། །རྒྱལ་བས་རབ་གནས་ལ་སོགས་བསྔགས། །ཞེས་པ་ལྟར་དགུན་ཟླ་ཐ་ཆུང་ནས་དབྱར་ཟླ་འབྲིང་པོའི་བར་ཉི་མ་བྱང་བགྲོད་ཀྱི་དཀར་ཕྱོགས་གཟའ་སྐར་འཕྲོད་སྦྱོར་བཟང་ཞིང་བཀྲ་ཤིས་པ་ལ་བྱ་སྟེ། སྒྱུ་འཕྲུལ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པས། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པ་བླང་བར་བྱ། །ཞེས་པས་རིག་བྱེད་ཀྱི་གཞུང་གཞན་ལས་ཀྱང་ཤེས་པར་བྱ་བ་ཉིད་དེ། རྔམ་གློག་ལས། རིག་བྱེད་དག་གི་ཡན་ལག་ལས། །དུས་རྣམས་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚེས་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱང་། །བརྟགས་ན་བཀྲ་ཤིས་མཚན་མ་འབྱུང་། །ཞེས་དང་། གཞན་ཡང་། དཀྱིལ་འཁོར་དང་ནི་རབ་གནས་པ། །ཡར་གྱི་ངོ་ལ་བརྟག་པར་བྱ། །ཞེས་པའང་གཙོ་ཆེ་བའི་དབང་དུ་དགོངས་ཀྱི། །གཞན་དུ་ན། གཟའ་དང་སྐར་མ་འཛོམ་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཅེས་གསུངས་པས་མཚོན་ནོ། །བདུན་པ་གང་ཞིག་བྱ་བའི་ཆོ་ག་ནི། རྟེན་འབྲེལ་རབ་གནས་སུ་གྲགས་པ་དང་། བསླབ་བཏུས་ལས། སངས་རྒྱས་སྲས་བཅས་དད་པས་སྤྱན་དྲངས་ནས་རྟེན་ལ་བཞུགས་སུ་གསོལ་ཏེ། ཕྱག་མཆོད་དང་ཤིས་བརྗོད་བྱེད་པ་མདོ་ལུགས་སུ་གྲགས་པ་དང་། གསང་སྔགས་ཀྱི་རྒྱུད་སྡེ་ཐ་དད་ནས་གསུངས་པ་རྣམས་དང་། ཁྱད་པར་རྣལ་འབྱོར་ཆེན་པོའི་རྒྱུད་མདོ་སྒྱུ་དང་སྒྲུབ་སྡེ་རྣམས་སུ་གསུངས་པའི་དོན་པཎ་གྲུབ་ཤིང་རྟ་ཆེན་པོར་གྲུབ་པ་རྣམས་ཀྱིས་ཇི་ལྟར་བཀྲལ་བ་བཞིན་སྙིང་པོར་དྲིལ་བའི་ཆོ་ག་རྣམ་པར་དག་པ་ཉིད་ཀྱིས་བྱ་དགོས་ཏེ། སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དག་དང་ལྡན་པར་བྱ། །ཆོ་ག་དམན་པས་མི་བྱ་སྟེ། །ཞེས་དང་། དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཞེས་སོགས་གསུངས་པ་བཞིན། རྔམ་གློག་ལས། དཀྱིལ་འཁོར་ལ་སོགས་གང་བྱས་ཀྱང་། །རབ་གནས་ཡེ་ཤེས་མི་ལྡན་ན། །ཚོགས་དང་བྲི་བའི་ནུས་པ་མེད། །ཅེས་དང་། གསང་བའི་སྙིང་པོ་ལས། ས་ལ་སོགས་ལ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པར་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་སོགས་གསུངས་པ་ཉིད་ཀྱང་སྤྱིར་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་ཇི་ལྟར་བྱ་བའི་ཆོ་ག་བཤད་པ་ལ། བསྙེན་པ་དང་། རབ་གནས་ཀྱི་ཆོ་ག་དངོས་སོ། །དང་པོ་བསྙེན་པ་ལ་མཚན་མ་དང་དུས་དང་གྲངས་ཚུན་ཆད་རབ་འབྲིང་ཐ་མར་བྱས་ཏེ། ཅི་རིགས་པ་སྔོན་དུ་སོང་བ་གཞིར་བྱས་ནས། ཁྱད་པར་རབ་གནས་ཀྱི་དོན་དུ་གཞན་གྱིས་གསོལ་བ་བཏབ་པའམ། རང་ཉིད་ཀྱིས་སྒྲུབ་པ་གང་ཡིན་ཡང་དེ་ཉིད་ཀྱི་ཆེད་དུ་བསྙེན་པ་གསོ་བ་ལ་འཇུག་པར་བྱ་སྟེ། སློབ་དཔོན་ཆེན་པོས། ལན་གསུམ་གཞན་གྱིས་གསོལ་བཏབ་པས། ཡིད་འོང་གནས་སུ་འདུག་ནས་ནི། །བསྙེན་པ་རྣམ་གཉིས་མཐར་ཕྱིན་པས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་རབ་གནས་དངོས་ཀྱི་ཆོ་ག་ལ། རྒྱས་པ་དང་། འབྲིང་དང་། བསྡུས་པའི་ཚུལ་ལོ། །དང་པོ་ལའང་སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་སྦྱོར་བའི་སྡོམས་ནི། དཀྱིལ་འཁོར་ལས་རིམ་ཡོ་བྱད་བཤམས། །སྒྲུབ་མཆོད་བུམ་བཟླས་སྦྱངས་བཀྲུ་ཕྱི། །རྟེན་བསྐྱེད་སྤྱན་དྲངས་མཆོད་དགུག་གཞུག །རྒྱས་གདབ་དབང་བསྐུར་མཆོད་བསྟོད་སྔགས། །གཏོར་མ་སྙན་གསན་མཆོད་བསྟོད་དང་། །བཟོད་གཤེགས་རྟེན་དགབ་ལྷག་གནས་སྡོམས། །ཞེས་པ་ལས། དང་པོ་དཀྱིལ་འཁོར་གྱི་ལས་རིམ་ནི། དེ་ཡང་རྡུལ་ཚོན་ནམ། རས་བྲིས་སོགས་ཕྱི་དཀྱིལ་གང་རིགས་ལ་བརྟེན་པའི་དབང་དུ་བྱས་པ་ལས། རྡུལ་ཚོན་ལྟར་ན་ས་ཆོག་ལྷག་གནས་དང་བཅས་པ་རྣམས་དང་། རས་བྲིས་ལ་བརྟེན་ན་ཡང་ལྷ་སྟ་གོན་སོགས་སྔོན་འགྲོས་རས་བྲིས་བཀྲམ། བུམ་དགོད་རྒྱན་དགྲམ་པ་རྣམས་སྒྲུབ་དཀྱིལ་སོ་སོའི་རྩིས་འགོས་བསྡུས་པ་བཞིན་ཤེས་པར་བྱ་བ་ཡིན་ཏེ། ས་ཡི་ཆོ་ག་གཞུང་བཞིན་བྱ། །དེ་རྗེས་ལྷ་དང་བུམ་པ་དང་། །སྦྱིན་སྲེག་ས་ཡི་ལྷ་མོ་དང་། །སློབ་མ་དང་ནི་ཡོན་བདག་རྣམས། །གཞུང་བཞིན་སྟ་གོན་རྫོགས་བྱས་ཏེ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ཁྱད་པར་རབ་གནས་ཀྱི་ཡོ་བྱད་ནི། གནས་ཁང་རྒྱན་གྱི་ཁྱད་པར་དུ་མས་མཛེས་པར་བྱས་པའི་གཞི་དེར། རྩ་བའི་དཀྱིལ་འཁོར་གྱི་ལྷོའམ། ཤར་དུ་ཁྲུས་སྟེགས་གྲུ་བཞི་ཁྲུ་དོ་སོགས་ཇི་ལྟར་རིགས་པ་བརྩེགས་པའམ། དེ་དང་མཉམ་པའི་གཞི་བ་བྱུང་ལྔས་བྱུག །རེ་ཁཱ་དཀར་པོ་གྲུ་བཞི་པའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་རིགས་ལྔ་ཡུམ་བཞིའི་མཚན་མ་དང་བཅས་བྲིས་པའི་དབུས་སུ་མཉྫི་ལ་ཁྲུས་གཞོང་མེ་ལོང་དང་བཅས་པ་བཞག །འདབ་མ་བརྒྱད་ལ་ཁྲུས་བུམ་ཁ་རྒྱན་མགུལ་ཆིངས་དང་བཅས་པ་བརྒྱད་ཐུན་མོང་དུ་དྲིའི་ཆུས་སུམ་གཉིས་བཀང་། ཁྱད་པར་ཤར་བུམ་ནས་བརྩམས་ཏེ་རིམ་བཞིན་དྲི་ལྔ། མངར་གསུམ། ཞོ་གསར། ཤིང་འབྲས། འབྲུ་ལྔ། འབྲས་ཡོས། སྨན་ལྔ། རིན་ཆེན་ལྔ་རྣམས་སོ་སོར་བླུག་པའམ། དབྱེ་བ་མེད་པར་རྫས་ཉེར་ལྔ་ཁོ་ནས་ཀྱང་ཆོག །བུམ་པ་བརྒྱད་མེད་ན་ལྔའམ་གཅིག་གིས་ཀྱང་རུང་། འདག་རྫས་ཀྱང་འཁར་བ་ལ་སོགས་པའི་སྣོད་དུ་ཤིང་ཤུན་ལྔ་སོགས་བུམ་པ་དང་གྲངས་མཚུངས་པའམ། ཕྱིའི་བདུད་རྩི་ལ། བ་བྱུང་ལྔ། དྲི་བཟང་། སྐྱུ་རུ་ར་དང་ཡུང་བའི་ཕྱེ་མ་སྟེ་བཞིར་བྱས་པའམ། དེ་དག་ལས་གང་འབྱོར་ཤུ་ཏི་དང་ཉེ་ཤིང་སོགས་སྦྱར་བའི་ཁྲུས་ཆལ་གཅིག་ཏུ་བསྡུས་ཀྱང་རུང་། སྐུ་མཉེའི་ཏིལ་མར་དྲི་ལྡན། དྲིལ་ཕྱིའི་ཤུན་ལྤགས་ལྔའམ། སྲན་དཀར་གྱི་ཕྱེ་མ་རྣམས་སྣོད་གཅིག་ཏུ་བཀོད་པ། སོ་སོར་དུརྦའི་པིར་དང་བཅས་པ། དེ་ཉིད་ཀྱི་མཐའ་མཆོད་པས་བསྐོར་ཞིང་། སྟེང་ནས་གདུགས་ཀྱིས་ཕུབ། ཕྱོགས་གཅིག་ཏུ་རིན་པོ་ཆེའི་གཞོང་པ་མེ་ཏོག་གིས་བཀང་བའི་དབུས་སུ་གཟུངས་བུམ་དྲིའི་ཆུས་བཀང་བའི་ཁར་གསེར་དངུལ་ལྟ་བུའི་མེ་ལོང་ལ་ཙནྡན་དཀར་པོ་གུར་གུམ་གི་ཝཾ་རྣམས་འོ་མ་དང་སྦྱར་ནས་རྟེན་འབྲེལ་སྙིང་པོ་ཚར་བདུན་བྲིས་པ་དང་། དྲི་ཆུའི་དུང་ཞལ། ཁ་ཚར་མ་ཉམས་པའི་ཁྲུས་རས་དྲི་བཟང་གིས་ས་བོན་ལྔ་བྲིས་པ། གོས་ཟུང་། སྦྱོང་ཆས་རྣམས་དང་། གཡས་སུ་མངའ་དབུལ་གྱི་མཎྜལ་རི་གླིང་གི་བཀོད་པའི་དབུས་སུ་ཞོ་དང་མར་བུར་གྱིས་སྦགས་པའི་དཔལ་བཤོས་ཤ་ཆང་མ་འདྲེས་པའི་ཁ་ཟས་བཟང་པོས་བསྐོར་བ་དང་། དེའི་མཐའ་བསྐོར་དུ། གཞན་ཡང་སྤྱི་སྒོས་ཀྱི་མཆོད་པ་དང་། གཏོར་མ་རྣམས་དང་། དབང་པོ་བསལ་བྱེད་ཀྱི་ཐུར་མ། མངའ་དབུལ་གྱི་ཆས། རོལ་མོའི་ཁྱད་པར་སོགས་འོག་ཏུ་དགོས་པའི་ཡོ་བྱད་མཐའ་དག་མ་ཚང་བ་མེད་པར་འདུ་བྱའོ། །གསུམ་པ་དཀྱིལ་འཁོར་སྒྲུབ་མཆོད་ནི། བདག་མདུན་འཇུག་པ་གཅིག་པ་རྣམས་ནི་ཐུན་མོང་དུ་སྒྲུབ། ཐ་དད་པ་རྣམས་ནི་བདག་བསྐྱེད་སྔོན་དུ་བཏང་ནས་མདུན་བསྐྱེད་སྒྲུབ་ཅིང་། བདག་ཉིད་འཇུག་པ་དབང་ཆོག་བཞིན་བྱེད་ན་གཟུངས་བུམ་དང་གཙོ་ལས་ཀྱི་བུམ་སྒྲུབ་སྐབས་འདིར་བྱས་ནས་དབང་ལེན། རིག་པའི་མེ་ཏོག་དོར་བ་ཙམ་ལ་བརྟེན་ནས་བུམ་སྒྲུབ་བཞི་ཀ་དཀྱུས་གཅིག་ཏུ་སྦྲེལ་ལོ། །བཞི་པ་བུམ་པ་སྒྲུབ་པ་ནི། ཐོག་མར་གཟུངས་བུམ་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་རྫོགས་པའི་སྟེང་དུ་ཟླ་བ་ལ་གནས་པའི་རྟེན་འབྲེལ་སྙིང་པོའི་སྔགས་ཕྲེང་འོད་ཟེར་གྱི་ཕུང་པོར་འབར་བས་འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བསྡུས་ནས་འོད་དུ་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་འདྲེས་པར་བསམ་ཤིང་སྔགས་ཚན་རེ་རེ་ཡང་བརྒྱ་རྩ་རེ་བཟླ་བར་བཤད་ཀྱང་སྤྱིར་བརྒྱའམ། དེ་ཡང་དཀའ་ན་ཚར་བདུན་གྱིས་ཉུང་མཐའ་བྱས་པ་རེ་བཟླས་ནས་དུང་ཞལ་གྱི་ཆུས་མེ་ལོང་གི་ཡི་གེ་རྣམས་གཟུངས་བུམ་དུ་སྦྱངས་པ་ལས་གཙོ་ལས་ཁྲུས་བུམ་ཐམས་ཅད་ལ་ཅུང་ཟད་རེ་བྲན་ཏེ། འདི་ནི་རབ་གནས་ཀྱི་བུམ་སྒྲུབ་ཐམས་ཅད་ཀྱི་སྔོན་དུ་འགྲོ་དགོས་པར་གལྤོ་ལས་གསུངས་པ་བཞིན་ནོ། །དེ་ནས་ཁྲུས་བུམ་རྣམས་བསང་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་བཅིངས་པ། དཔག་བསམ་ཤིང་གི་ཁ་རྒྱན་ཅན། ནང་དྲི་མ་སྦྱོང་བའི་མཐུ་དང་ལྡན་པའི་ལྷའི་ཆུ་བོས་ཡོངས་སུ་གང་བར་བསམ་ཞིང་གཟུངས་ཐག་ལ་བརྟེན་ནས། བུམ་པ་དང་པོར། ༀ་གནྡྷེ་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུཾ། དེ་བཞིན་དུ་གཉིས་པར། གནྡྷེའི་གནས་སུ། ཏྲི་མ་དྷུ། གསུམ་པར་ད་དྷི། བཞི་པར་ཕ་ལ། ལྔ་པར་པྲུ་ཧི། དྲུག་པར་ལཱ་ཛཱ། བདུན་པར་ཨོ་ཥ་དྷི། བརྒྱད་པར་མ་ཎི་སོགས་བྱེ་བྲག་པ་བདུན་རེ་དང་། སྤྱི་ཁྱབ་ཏུ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་བརྒྱ་རྩ་ཙམ་དང་། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ན་སརྦ་ཨརྠ་སྭ་དྷ་ནི་སྭཱ་ཧཱ། ཞེས་སྤྱན་མའི་སྔགས་ཉེར་གཅིག་ཙམ་དང་བརྟན་པར་བྱ་བའི་ཆེད་དུ་རྡོར་སེམས་ཀྱི་ཡིག་བརྒྱ་དང་། ལས་ཐོགས་མེད་འགྲུབ་པའི་དོན་དུ་རྟེན་འབྲེལ་སྙིང་པོའང་ཅུང་ཟད་རེ་བཟླ། བུམ་རྫས་བྱེ་བྲག་པ་མེད་ན་སྤྱི་སྔགས་རྣམས་ཀྱིས་ཆོག །ཡུངས་ཐུན་དང་གུ་གུལ་ལ་ལས་སྔགས་དང་ཧཱུཾ་བཞི་པའང་བཟླའོ། །ལྔ་པ་སྦྱང་བ་ལ་གསུམ་གྱི། དང་པོ་བགེགས་སྦྱང་བ་ལ་ཞི་བས་སྦྱོང་བ་ནི། མཐེབ་ཀྱུའི་གཏོར་མ་རྟེན་ལ་བསྐོར་ཚུལ་གྱིས། ༀ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཥེ་བྷྱཿ སརྦ་ཏཏྑཾ་ཨུངྒ་ཏེ་སྥ་ར་ཎ་ཧཱི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་བཟེད་ཞལ་དུ་བཞག །ཕྱེད་མས་སྦྱོང་བ་ནི། ཏིང་ལོ་དང་ཆང་བུ་ནི་རྫས་ཞི་བ། སུམྦྷའི་སྔགས་ནི་དྲག་པོ་སྟེ། རྡོ་རྗེ་གསོར་བ་དང་བཅས་པས་དྲག་ཏུ་བཟླ་ཞིང་། གཏོར་མ་རྟེན་ལ་བསྐོར་ནས་བཟེད་ཞལ་དུ་བཞག །དྲག་པོས་སྦྱོང་བ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུཾ་མཛད་ཁྲོ་བོའི་རྒྱལ་པོ་འཇིགས་སུ་རུང་བའི་སྐུར་གྱུར་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པས་ཁྲོ་བོའི་སྤྲིན་རབ་འབྱམས་དཔག་ཏུ་མེད་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ཞིང་། ཧཱུཾ། ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་རྒྱལ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཞེས་ཁྲོ་བོ་ནམ་མཁའ་གང་བར་བཞུགས་པ་ལ། ༀ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡའི་བར་གྱིས་མཆོད་ནས། ཧཱུཾ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམས་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག༴ ལྷག་པའི་ཡེ་ཤེས་རོལ་པར་སྟོན་མཛད་ཅིང་། །སྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པའི། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ༴ བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ༴ གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འཁྱུག་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམས་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོགས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །ཧཱུཾ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན༴ གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། ས་ཡི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པར་བགྱི་ཡིས། གང་སུ་ཡང་རུང་བའི་འབྱུང་པོ་གདུག་པ་ཅན་གཡོག་དང་འཁོར་དུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེའི་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་ཚལ་པ་བརྒྱར་འགས་པར་གྱུར་ཏ་རེ། སུམྦྷ་སོགས་དྲག་སྔགས་བཟླ་ཞིང་། གུ་གུལ་དང་བདུད་རྩི་ལྔའི་དུད་པས་བདུག །ཡུངས་ཐུན་གྱིས་བྲབ། རོལ་མོའི་སྒྲ་དྲག་པོའི་ཚམ་རྔམ་དང་བཅས་པས་གཏོར་མ་ཕྱི་རོལ་དུ་དོར་རོ། །གཉིས་པ་མི་ཤིས་པ་སྦྱང་བ་ནི། འབྲས་ཆན་ན མ། གྲོ་ཟན་གྱི་ཆངས་བུས་རྟེན་ལ་དྲིལ་ཕྱིས་བྱ་ཞིང་ལས་སྔགས་བཟླ་བས་བསྐོར་ཏེ་གསོག་སྣོད་དུ་བཞག །དེ་བཞིན་དུ་ཞོ་ཟན་གྱིས་ཀྱང་བསྐོར་ནས་གསོག་སྣོད་དུ་བཞག །སླར་ཡང་ལག་གཉིས་ཀྱིས་ཡུངས་ཀར་བཟུང་བ། ཧཱུཾ་བཟླ་བས་གཡོན་དུ་བསྐོར་ཞིང་། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། མེར་བསྲེག་ཅིང་ཆུར་བླུག །དེ་བཞིན་དུ་ཆུ་ལ་ༀ་བཟླ་བས་གཡས་སུ་བསྐོར་ཞིང་མེ་ཆུར་བླུགས། མེ་ཆུ་གཉིས་ཀྱང་གསོག་སྣོད་ཀྱི་ཞོ་ཟན་ལ་གསིགས་ཏེ། གནས་བྱའི་རྟེན་དང་བདག་ཅག་ཡོན་མཆོད་རྣམས་མི་ཤིས་པར་བྱེད་པའི་བྱུར་དང་སྐལ་བ་ངན་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་རོལ་མོ་དང་བཅས་པས་ཕྱིར་དོར་རོ། །གསུམ་པ་སྡིག་པ་སྦྱང་བ་ནི། བདག་དང་སྦྱིན་པའི་བདག་པོས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་ཀཾ་ནག་པོའི་རྣམ་པར་གནས་པ་ལྟེ་བའི་གཏུམ་མོ་ཡེ་ཤེས་ཀྱི་མེས་དེད། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པས་ཐོན་ནས་མདུན་གྱི་ཏིལ་ལ་ཐིམ་པ་དེ་ཉིད་གཡས་སུ་ཡེ་ཤེས་ཀྱི་མེས་བསྲེག །གཡོན་དུ་ཆོས་ཉིད་ཀྱི་རྒྱ་མཚོར་དོར་བར་བསམ་ལ། ༀ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་ལ་སོགས་པས་མེ་ཆུར་དོར་ལ། བདག་དང་སྦྱིན་པའི་བདག་པོས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་མེ་ཡང་ཆུར་བླུག་ནས་ཕྱིར་དོར་རོ། །དྲུག་པ་བཀྲུ་ཞིང་ཕྱི་བ་ནི། ཁྲུས་དཀྱིལ་གྱི་མཆོད་པ་རྣམས་ཡིད་ཀྱིས་བྱིན་རླབས་བྱས་ནས། ཁྲུས་ཆལ། སྐུ་མཉེ། དྲིལ་ཕྱིས། མེ་ལོང་། ཁྲུས་བུམ། ཁྲུས་རས་རྣམས་ཚར་དུ་དངར་བས། དངོས་སུ་བཀྲུ་འོས་ཤིང་བསྐྱོད་བདེ་བ་རྣམས་ཁྲུས་སྟེགས་ཀྱི་ཁར་བཀོད། མི་རུང་བ་རྣམས་མེ་ལོང་དུ་ཤར་བའི་གཟུགས་བརྙན་ཉིད་བཀྲུ་བ་ལས། ཐོག་མར། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་གང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་ཁྲུས་བགྱིའོ། །ཞེས་སྙན་བརྣན་ལ། བྱ་བའི་རིམ་པ་ནི། ༀ་བཛྲ་ཨ་མྲྀ་ཏ་སོགས་ལས་སྔགས་བཟླ་བཞིན་རས་བལ་གྱིས་ཁྲུས་ཆལ་མེ་ལོང་ལ་བྱུགས། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ནི་སྭཱ་ཧཱས་དྲུད་ཅིང་མཉེ། ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཞེས་དུར་པིར་གྱིས་འབྲུ་མར་བྱུག །དེ་བསལ་ཕྱིར་ཀཱ་ཡའི་སྔགས་ཀྱིས་ཤུན་ལྤགས་སོགས་དྲིལ་ཕྱིས་བཏབ་ནས་དྲུད་ལ། བུམ་པ་དང་པོས། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །གནྡྷེ་སྣཱ་ན་སོགས་བུམ་སྒྲུབ་བཞིན་བརྗོད་པས་རོལ་མོ་དང་བཅས་པས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ༀ་ཧཱུཾ་ཏྲཱི་ཧྲཱིཿཨཱཿ ཀཱ་ཡ་བི་ཤྭ་དྷ་ནི་སྭཱ་ཧཱ། ཞེས་ཁྲུས་རས་ཀྱིས་ཕྱིའོ། །དེ་བཞིན་དུ་ཁྲུས། སྐུ་མཉེ། དྲིལ་ཕྱིས། སྐུ་ཕྱི་བ་རྣམས་ཀུན་ལ་ཤེས་པར་བྱས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཏྲི་མ་དྷུ༴ འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ད་དྷི༴ འདི་ནི་ཚུལ་ཁྲིམས༴ ཁྲིམས་འཆལ༴ ཚུལ་ཁྲིམས་དྲི༴ ཁྲུས་ལེགས་མཛད་ལ༴ ཕ་ལ༴ འདི་ནི་བཟོད་པའི༴ ཁོང་ཁྲོའི་དྲི་མ༴ བཟོད་པ་དྲི་ཡིས༴ ཁྲུས་ལེགས་མཛད༴ པྲུ་ཧི། འདི་ནི་བརྩོན་འགྲུས༴ ལེ་ལོའི་དྲི་མ༴ བརྩོན་འགྲུས་དྲི་ཡིས༴ ཁྲུས་ལེགས་མཛད་ལ༴ ལཱ་ཛཱ༴ འདི་ནི་བསམ་གཏན༴ རྣམ་གཡེང་དྲི་མ༴ བསམ་གཏན་དྲི༴ ཁྲུས་ལེགས་མཛད༴ ཨོ་ཥ་དྷི༴ འདི་ནི་ཤེས་རབ་རང་བཞིན༴ ཤེས་འཆལ་དྲི་མ༴ ཤེས་རབ་དྲི་ཡིས༴ ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །མ་ཎི་སོགས་རེ་རེའི་མཐར་རོལ་མོ་དང་བཅས་པས་ཁྲུས་གསོལ། བུམ་རྫས་བྱེ་བྲག་ཏུ་མ་ཕྱེ་ན། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་པ་ཁོ་ན་དང་། ཁྲུས་ཆབ་སྡེ་ཚན་བཞིའི་ཚར་རེ་བུམ་བཟུང་རེ་དང་སྦྱར། ཁྲུས་ཆལ་གཅིག་ཏུ་བསྡུས་ན་ནི་དེ་ཁོ་ནས་ཐམས་ཅད་ལ་བྱའོ། །བུམ་པ་བརྒྱད་པའི་ཚེ་སླར་ཡང་དྲིའི་བུམ་པས་བཀྲུ་ཞིང་། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་བའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང་། །རྒྱ་ཆེའི་ཡོན་ཏན་དྲུག་ལྡན་པའི། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་དང་ལྡན་པས། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དེ་དག་སྐུ་ལ་སོགས་ཀྱིས་སྐུ་ཕྱི། དེ་ནས། སྐུ་མཆོག་རྣམ་དག་ལྟ་བས་མི་ངོམས་ལ། །ངོ་མཚར་སྐྱོན་བྲལ་མཁའ་དབྱིངས་ཉི་གསལ་འདྲ། །ཆོས་ཀྱི་སྐུ་ལ་བགྲེས་པ་མི་མངའ་ཡང་། །སྲི་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །ཆུ་གཙང་སྨན་སྤོས་ལོ་མ་འདག་ཆལ་ཆུས། །འགྲོ་བའི་ལུས་སེམས་སྡུག་བསྔལ་ནད་བསལ་ཏེ། །ཉེས་པའི་སྐྱོན་བྲལ་འགྲོ་བའི་ཡིད་འོང་བ། །དམ་པའི་སྐུ་མཆོག་བདག་གིས་ཐོབ་པར་ཤོག །ༀ་སརྦ་སོགས་རོལ་མོར་བཅས་པས་ཁྲུས་གསོལ། བདེ་གཤེགས་སྐུ་གསུམ་དཔེ་དང་མཚན་མངའ་ཡང་། །འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང་། །འཇིག་རྟེན་སྲི་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོངས་དུག་གསུམ་སྒྲིབ་པ་ཀུན་བྱང་ནས། །སྐུ་གསུམ་ངང་དུ་བདག་ཅག་འགྱུར་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱས་སྐུ་ཕྱི། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱི་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ༀ་བཛྲ་གནྡྷེ་སྭཱ་ཧཱ། ཞེས་དུང་ཞལ་གྱི་དྲིས་བྱུག །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ༀ་བཛྲ་ཝཱ་ས་སེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ན་བཟའ་གསོལ། གསུམ་པོ་ནི་བྱུག་པ་ན་བཟའ་རྒྱན་ཞེས་ཁྲུས་ཀྱི་རྗེས་འགྲོའོ། །སྤྲོ་ན། སྣ་ཚོགས་དབང་པོའི་གཞུ་ལྟར་ཞེས་སོགས་ཀྱིས་ན་བཟའ་དང་། རྒྱལ་བ་མཚན་དཔེའི་རང་བཞིན་ཞེས་སོགས་ཀྱིས་རྒྱན་འབུལ་བ་ཐ་དད་དུ་བྱས་ན་ཡང་ལེགས་སོ། །གཞན་ཡང་སྐབས་འདིར་ཤིས་བརྗོད་མང་དུ་བྱེད་པར་བཤད་མོད། གོང་གི་ཕྱིན་དྲུག་གི་ཚིགས་བཅད་ཉིད་ཤིས་བརྗོད་ཡིན་པས་དེ་ཙམ་གྱིས་ཆོག་ཤེས་པར་བྱའོ། །བདུན་པ་བརྟེན་བསྐྱེད་པ་ནི། རྟེན་དྲི་ལྔས་བྱུགས་ལ། སྤྱི་ཁྱབ་ཏུ་བསྐྱེད་ནས་བསང་སྦྱང་། སྟོང་པའི་ངང་ལས་དཀྱིལ་འཁོར་གང་ལ་བརྟེན་པ་དེ་ཉིད་དམ་བྱེ་བྲག་ཏུ། སྐུ་རྟེན་རྣམས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་སྙེམས་མ་དཀར་མོ་རྡོ་དྲིལ་འཛིན་པ་དང་མཉམ་པར་སྦྱོར་བ་ཞེས་བསྐྱེད། མཆོད་རྟེན་དང་གཙུག་ལག་ཁང་སོགས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སོགས་ཀྱི་སྟེང་དུ། ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། སྤྱན་མ་དཀར་མོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། དེ་བཞིན་དུ། གླེགས་བམ་རྣམས་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་སོགས་ཀྱི་སྟེང་དུ། ཨཱཾ་ལས་པདྨ་ཨཱཾ་གིས་མཚན་པ་ལས་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། གོས་དཀར་མོ་དམར་མོ་པདྨ་དང་པདྨའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཕྱག་མཚན་རྣམས་གླང་པོས་བཏེགས་པའི་རིན་པོ་ཆེའི་ཁྲི་སོགས་ཀྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དབྱིངས་ཕྱུག་མ་སྔོན་མོ་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། རིན་པོ་ཆེའི་རྒྱན་སོགས་རྟ་མཆོག་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་སོགས་ཀྱི་སྟེང་དུ། སྭཱ་ལས་རིན་པོ་ཆེ་སྭཱས་མཚན་པ་ལས་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། མཱ་མ་ཀཱི་སེར་མོ་རིན་པོ་ཆེ་དང་རིན་པོ་ཆེའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། གོ་ཆ་སོགས་ཤང་ཤང་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་སོགས་ཀྱི་སྟེང་དུ། ཧཱ་ལས་རལ་གྲི་ཧཱས་མཚན་པ་ལས་དོན་གྲུབ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པ། དམ་ཚིག་སྒྲོལ་མ་ལྗང་གུ་རལ་གྲི་དང་རལ་གྲིའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཞེས་པ་རྣམས་གང་གི་ཚེ་ཡང་མཐར། ཐམས་ཅད་ཀྱང་ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་འོད་དང་འོད་ཟེར་མཐའ་ཡས་པ་སྤྲོ་བའི་བདག་ཉིད་ཅན་དུ་བཞུགས་པའོ། །གང་ལྟར་ཡང་། དེ་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུཾ་སྔོན་པོ་རྣམས་ཀྱིས་མཚན་པར་བསམ་མོ། །བརྒྱད་པ་སྤྱན་དྲང་བ་སོགས་ནི། བདག་དང་རྟེན་གྱི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་རྒྱ་དང་རྡོ་དྲིལ་སྤོས་དང་བཅས་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་དག་ལ། །ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཞེས་སྤྱན་དྲངས་ནས་ཕྱི་འབྲང་གི་བགེགས་རྣམས་སུམྦྷ་བཟླ་ཞིང་ཡུངས་ཐུན་རོལ་མོ་དང་བཅས་པས་བསྐྲད། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་ཕུལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་རྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡ་སྟྭཾ་གྱིས་གདན་ཕུལ། ༀ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད་དོ། །དགུ་པ་དགུག་གཞུག་བྱ་བ་ནི། སོ་སོའི་ཕྱག་རྒྱ་བཅིངས་ཏེ། ༀ་བཛྲ་ཨངྒུ་ཤ་ཛཿ དམ་ཚིག་པ་ཉེ་བར་བཀུག །ༀ་བཛྲ་པཱ་ཤ་ཧཱུཾ། རྟེན་ལ་གཞུག །ༀ་བཛྲ་སྥོ་ཊ་བཾ། གཉིས་མེད་དུ་བཅིངས། ༀ་བཛྲ་ཨཱ་བེ་ཤ་ཡ་ཧོཿ རོ་གཅིག་ཏུ་དགྱེས་པར་བསམ་མོ། །བཅུ་པ་རྒྱས་གདབ་པ་ནི། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་རྟེན་གྱི་གནས་གསུམ་དུ་བཞག་པའམ། དེར་མོས་ལ། གནས་བྱའི་ལྷ་རྣམས་ཀྱི་དཔྲལ་བར་ༀ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ༀ་གྱིས་མཚན་པས་རྒྱས་བཏབ་པར་བསམ་ལ། ༀ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མགྲིན་པར་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཨཱཿས་མཚན་པས༴ ཨཱཿ དཔལ་ལྡན་སངས་རྒྱས་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་གསུང་། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་དབྱིག་ཏུ་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པས༴ ཧཱུཾ། དཔལ་ལྡན་སངས་རྒྱས་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་ཐུགས། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་རྒྱས་གདབ་བོ། །བཅུ་གཅིག་པ་དབང་བསྐུར་བ་ནི། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་སྲས་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤཔྡའི་བར་གྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་དབྱངས་བརྗོད། ལྷ་མོ་རྣམས་ཀྱི་གདུགས་དང་བ་དན་ལ་སོགས་པ་སྒྲེང་ཞིང་། རོལ་མོའི་སྒྲ་དང་བཅས་པས་མཆོད་རྫས་ཀྱི་ཆར་འབེབས། ཁྲོ་བོ་རྣམས་ཀྱིས་བགེགས་སྐྲོད་པའི་ལས་མཛད་པར་བསམ་སྟེ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་བསྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་བརྗོད་པ་སྔོན་དུ་འགྲོ་བས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རྣམ་སྣང་སོགས་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་བསམ་ཞིང་། ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཔཉྩ་ཀུ་ལ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མི། ཞེས་དབུ་རྒྱན་གྱིས་དབང་བསྐུར། ༀ་ཏྲུཾ་ཞེས་རྡོ་རྗེ་བཀའ་ནན་གྱིས་གོ་བགོ། ༀ་བཛྲ་ཏུ་ཥྱ་ཧོཿ ཞེས་ཐལ་མོས་མཉེས་པར་བྱའོ། །བཅུ་གཉིས་པ་མཆོད་བསྟོད་བཟླས་པ་ནི། མཆོད་རྫས་རྣམས་བསང་སྦྱངས་བྱིན་གྱིས་བརླབས་ནས། ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན། །མེ་ཏོག་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ། །དངོས་དང་ཡིད་ཀྱིས་རྣམ་སྤྲུལ་ཇི་སྙེད་པས། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཆོད་པར་བགྱི། །ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་མེ་ཏོག་གི་གནས་སུ། བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། པུཥྤེའི་གནས་སུ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྡ་རྣམས་བཅུག་ལ་མཆོད། བསྟོད་པ་ནི། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པ། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱེད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང་། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱིས་ཕོངས་གྱུར་པ། །མ་རིག་འཐིབས་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་རྣམས། །ཐུགས་རྗེ་ཐབས་དང་ཤེས་རབ་གྲུར་བཅུག་སྟེ། །ཞི་བ་རིན་ཆེན་གླིང་དུ་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་དེ་ལ་ཀུན་ནས་འདུད། །སེམས་ཅན་ལས་ཀྱི་ཆུ་བོར་ནུབ་གྱུར་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང་། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་པ་རྣམས་ཀྱིས་བསྟོད་རྗེས། གནས་བྱའི་སྔགས་བྱེ་བྲག་པ་རྣམས་དང་། སྤྱིར་ཡི་གེ་བརྒྱ་བ་དང་། རྟེན་འབྲེལ་སྙིང་པོ་ཡང་བརྒྱ་རྩ་སོགས་བཟླའོ། །བཅུ་གསུམ་པ་གཏོར་མ་གཏོང་བ་ནི། ཡི་དམ་ཆོས་སྐྱོང་རྣམས་ཀྱི་གཏོར་མ་དང་། འཇིག་རྟེན་པ་རྣམས་ལ་ཆ་གསུམ་གྱི་ཆོ་གས་བསྔོ་བར་བྱའོ། །བཅུ་བཞི་པ་སྙན་གསན་དབབ་པ་ནི། པུས་མོ་གཡས་ས་ལ་བཙུགས། ལག་གཡས་རྡོ་རྗེ་དང་བཅས་པས་སྤོས་སྣོད་ཐོགས། གཡོན་དྲིལ་བུ་གསིལ་བས། ༀ་བཛྲ་ཛི་ཧཱ། ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་མོས་ལ། རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱོད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་ཅན་རབ་གནས། །མགོན་པོ་བདག་ནི་བགྱི་བར་འཚལ། །བདག་དང་སློབ་མར་བཅས་པ་ལ། །ཐུགས་བརྩེ་བར་ནི་དགོངས་ནས་ཀྱང་། །ཚོགས་པ་ཐམས་ཅད་རབ་གནས་པ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས་གནང་བ་བྱིན་པར་བསམ་ཞིང་། སླར་ཡང་མཆོད་བསྟོད་བྱའོ། །བཅོ་ལྔ་པ་ནོངས་བཤགས་གཤེགས་གསོལ་ནི། ཡི་གེ་བརྒྱ་པ་ལན་གསུམ་གྱིས་བཟོད་པར་གསོལ་ནས། ༀ་ཨཱཿཧཱུཾ་མུཾཿབཛྲེ་ཏིཥྛ། རྟེན་ལ་ཕབ་པའི་ཡེ་ཤེས་པ་རྣམས་མདུན་གྱི་ནམ་མཁར་གཤེགས་པར་བསམ་ཞིང་། སླར་ཡང་མཆོད་བསྟོད་བྱའོ། །བཅུ་དྲུག་པ་རྟེན་དགབ་པ་ནི། སྐུ་གཟུགས་ཀྱི་དཔྲལ་བ་མགྲིན་པ་ཐུགས་ཀ་དབུ་གཙུག་ཕྱག་རྣམས་དྲི་བཟང་གིས་བྱུག །ལས་སྔགས་དང་། རྡོ་རྗེས་རྟེན་ལ་རེག་ནས། བཛྲ་རཀྵ་ཧཾ། ཞེས་བསྲུང་བ་དང་། ༀ་བཛྲ་ཝསྟྲ་ཧཱུཾ། ཞེས་པས་ཁེབས་སེར་པོས་མ་མཐོང་བར་དགབ། དེ་དག་གི་མཐར་བདག་མདུན་གྱི་ཆོ་གའི་རྗེས་ཆོག་རྣམས་བྱས་ནས་བདག་བསྲུངས་ཏེ་ཉལ་བའི་རྣལ་འབྱོར་ལ་འཇུག་པར་བྱའོ། །དེ་དག་ནི་སྟ་གོན་ནམ་ལྷག་གནས་ཀྱི་ཆོ་གའོ། །གཉིས་པ་ཆོ་ག་དངོས་གཞིའི་སྡོམས་ནི། བདག་མདུན་སྒྲུབ་མཆོད་སྦྱང་བཀྲུ་ཕྱི། །གསོལ་བཏབ་རྟེན་བསྐྱེད་སྤྱན་དྲངས་ལ། །དགུག་ཅིང་རྒྱས་གདབ་དབང་བསྐུར་བྱ། །མཆོད་བསྟོད་སྤྱན་སོགས་དབྱེ་རྟེན་བསྒྱུར། །མངའ་དབུལ་རྣམ་བཞི་བརྟན་བཞུགས་སོ། །ཞེས་པ་ལས། དང་པོ་ནི། ཐོ་རེངས་ལྡང་བའི་རྣལ་འབྱོར་གྱིས་ལངས་ནས་མཆོད་གཏོར་གསར་པ་རྒྱ་ཆེར་བཤམ། ཁྲུས་བྱས་རྒྱན་གོས་མཛེས་པར་བསྟར། བདག་མདུན་གྱི་སྒྲུབ་མཆོད་དབང་ལེན་པ་བུམ་པ་སྒྲུབ་པ་རྣམས་སྟ་གོན་བཞིན་བྱ་བའམ། བསྡུ་ན། གཟུངས་བུམ་སྒྲུབ་པ་སྟ་གོན་དུ་སོང་བས་འདིར་མ་བྱས་ཀྱང་ཆོག །གཉིས་པ་སྦྱང་བ་དང་། གསུམ་པ་བཀྲུ་ཞིང་ཕྱི་བ་ནི་སྟ་གོན་བཞིན་ལས་འགྲུབ་ཏུ་རུང་ན་ཁྲུས་ཀྱི་ལས་ཉི་མ་འཆར་ཀ་དང་བསྒྲིག་པར་གསུངས་སོ། །བཞི་པ་གསོལ་བ་གདབ་ཅིང་སེམས་བསྐྱེད་པ་ནི། ཀུན་གྱིས་མེ་ཏོག་ཐོགས་པས་འགྲེང་སྟེ་དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཡོན་ཏན་ཐམས་ཅད་ཀྱི་མངའ་བདག་རྡོ་རྗེའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་དང་། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལྷ་དང་བཅས་པའི་འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བའི་ཕྱིར་རྟེན་འདི་རྣམས་ལ་འབྱོན་པར་མཛད་དུ་གསོལ། ཞེས་མཐུན་པར་བརྗོད་ཅིང་གནས་བྱའི་སྔགས་དང་། ༀ་ན་མོ་བྷ་ག་ཝ་ཏེ་ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་མུ་ནི་མུ་ནི། མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་བཟླ་ཞིང་སྤོས་དང་རོལ་མོར་བཅས་པས་མེ་ཏོག་གི་ཆར་དབབ་བོ། །སེམས་བསྐྱེད་པ་ནི། ཆོས་ཐམས་ཅད་ལ་མི་གནས་པའི་འདུ་ཤེས་བསྐྱེད་ནས་འགྲོ་བ་མཐའ་དག་དང་ཁྱད་པར་གང་གི་དོན་དུ་བྱ་བ་དེ་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམས་ལ། ངོ་མཚར་ཆེན་པོ་གྲངས་མེད་པའི་བརྩོན་འགྲུས་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སེམས་ཅན་ཐམས་ཅད་དབུགས་དབྱུང་ངོ་། །འཁོར་བའི་གཅོང་རོང་ཆེན་པོ་ལས་བསྒྲལ་བར་བགྱིའོ། །ཕས་ཀྱི་རྒོལ་བ་བདུད་དང་ལོག་འདྲེན་ཐམས་ཅད་ཕམ་པར་བགྱིའོ། །མཚམས་སྦྱོར་བའི་ཉོན་མོངས་པའི་རྙོགས་པ་ཐམས་ཅད་བསལ་བར་བགྱིའོ། །ང་རྒྱལ་གྱི་རི་བོ་བསྙིལ་བར་བགྱིའོ། །སྐྱེ་བོའི་ལྗོན་ཤིང་རྩད་ནས་གཅོད་དོ། །འཆི་བདག་གི་ཉི་མ་ཕྱེ་མར་རློག་གོ། །མ་རིག་པའི་མུན་པ་བསལ་བར་བགྱིའོ། །མ་དད་པ་དང་ཕྱི་རོལ་པ་དག་དང་ལྟ་བ་ཕྱིན་ཅི་ལོག་པ་དག་ཡང་དག་པའི་ལྟ་བ་ལ་གཟུད་ཅིང་དད་པར་བགྱིའོ། །ལས་ཀྱི་ཆུ་བོ་བཟློག་པར་བགྱིའོ། །སྲིད་པའི་རྒྱ་མཚོ་སྐེམ་པར་བགྱིའོ། །ཆོས་ཀྱི་སྒྲོན་མེ་སྤར་བར་བགྱིའོ། །བྱང་ཆུབ་ཀྱི་ལམ་བསྟན་པར་བགྱིའོ། །བཟོད་པ་དང་ངེས་པ་ལ་གཟུད་དོ། །བསམ་གཏན་གྱི་བདེ་བ་རྩེར་སྩལ་ཏོ། །འདོད་ཆགས་ཀྱི་མེ་དཔུང་ཞི་བར་བགྱིའོ། །ཞེ་སྡང་གི་མཚོན་རྣོན་པོ་གཞོམ་པར་བགྱིའོ། །བདེ་བ་ལ་གཟུད་དོ། །ཕྲག་དོག་གི་འཚུབ་མ་ཞི་བར་བགྱིའོ། །སེར་སྣའི་མདུད་པ་དགྲོལ་བར་བགྱིའོ། །སྡུག་བསྔལ་ཐམས་ཅད་ཞི་བར་བགྱིའོ། །འཇིགས་པ་མ་མཆིས་པ་དང་བདེ་བ་ཆེན་པོའི་གྲོང་ཁྱེར་དུ་འཇུག་ཅིང་གནས་པར་བགྱིའོ། །དེ་བས་ན་བདག་ལ་ལས་ཀྱི་དངོས་གྲུབ་ཀྱི་མཆོག་སྩོལ་ཞིང་གནང་བར་མཛད་དུ་གསོལ། ཞེས་གསོལ་ཞིང་མེ་ཏོག་འཐོར་རོ། །ལྔ་པ་རྟེན་བསྐྱེད་པ་དང་། དྲུག་པ་ཡེ་ཤེས་པ་སྤྱན་དྲངས་པ་དང་། བདུན་པ་དགུག་ཅིང་རྒྱས་གདབ་པ་རྣམས་ཀྱང་སྟ་གོན་བཞིན་ནོ། །བརྒྱད་པ་དབང་བསྐུར་བ་ནི། རྩ་བའི་དཀྱིལ་འཁོར་གང་ལ་བརྟེན་པ་དེ་ཉིད་ཀྱི་དབང་ཆོག་ལས་འབྱུང་བ་ལྟར་ཤེས་པར་བྱ་ཞིང་། སྤྱི་ཙམ་དུ་བསྟན་པ་ནི། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དབང་ལྷ་སྤྱན་འདྲེན་པ། མཆོད་ཅིང་གསོལ་བ་གདབ་པ། ཤིས་བརྗོད་བྱེད་པ་རྣམས་སྟ་གོན་བཞིན་ལས། ཡུམ་རྣམས་ཀྱིས་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར་ཞེས་པའི་དོད་དུ་བུམ་པ་སོགས་དབང་རྫས་སོ་སོས་དབང་བསྐུར་ཞེས་བསྒྱུར་བ་ཙམ་ལས་སྟ་གོན་བཞིན་སྔོན་དུ་འགྲོ་བས། བུམ་པའི་ཆུས་དབང་བསྐུར་ཞིང་། ཆེ་བའི་ཡོན་ཏན་ཀུན་རྫོགས་ཤིང་། །བྱང་ཆུབ་སེམས་རབ་ཆུས་གང་བ། །རྣམ་པར་དག་པའི་བུམ་པ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཆུ་དབང་ངོ་། །དེ་བཞིན་གཤེགས་པ་ཀུན་གྱི་རྒྱན། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་པོ་ཆེ་ཡི་དབུ་རྒྱན་དང་། །དར་དཔྱངས་དག་གི་དབང་བསྐུར་རོ། །ༀ་བཛྲ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། ཅོད་པན་གྱི་དབང་ངོ་། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དོན་གྱི་བྱང་ཆུབ་སེམས་ཡིན་པས། །གཉིས་མེད་དོན་གྱི་ངོ་བོ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ༀ་བཛྲ་ཨབྷི་ཥིཉྩ་ཧཱུཾ། རྡོ་རྗེའི་དབང་ངོ་། །འདི་ནི་ཤེས་རབ་ཀུན་གྱི་དངོས། །བྱང་ཆུབ་བསྒོམ་ཕྱིར་རང་བཞིན་ཏེ། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ། །ཁྱོད་ལ་དེ་རིང་འདིས་དབང་བསྐུར། །ༀ་བཛྲ་གྷཎྜེ་ཨ་བྷི་ཥིཉྩ་ཧཱུཾ། དྲིལ་བུའི་དབང་ངོ་། །རྡོ་རྗེ་དང་དྲིལ་བུ་སྤྱི་བོར་འཛིན་པས། འདི་ནི་སངས་རྒྱས་དངོས་ཡིན་ཏེ། །རབ་ཏུ་བསྔགས་པ་གསང་བའི་མིང་། །རྡོ་རྗེ་སེམས་དཔའ་ཞེས་བྱ་བས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །བཛྲ་སཏྭ་ནཱ་མ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་རིགས་དང་མཐུན་པའི་མིང་གདགས་པ་སྟེ། དེ་ལྟར་དེ་བཞིན་གཤེགས་པ་རིགས་ལྔའི་རང་བཞིན་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་བསྒྱུར། དབང་རྟགས་སུ་དེ་བཞིན་གཤེགས་པ་ལྔས་དབུ་བརྒྱན་པར་བསམ་མོ། །རྡོ་རྗེ་སློབ་དཔོན་གྱིི་དབང་ནི། གནས་བྱའི་ལྷ་ཐམས་ཅད་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གིས་རིག་མ་ལ་འཁྱུད་པར་བསམ་ཞིང་། ཐབས་མཆོག་ཡེ་ཤེས་རྡོ་རྗེ་དང་། །ཤེས་རབ་ཆོས་ཀྱི་དྲིལ་བུ་བཟུང་། །ཕྱག་རྒྱ་ཆེན་པོར་བྱིན་རླབས་ཏེ། །ཁྱོད་ནི་རྡོ་རྗེ་སློབ་དཔོན་འགྱུར། །ༀ་མ་ཧཱ་བཛྲ་ཧཱུཾ། རྡོ་རྗེ་གསོར། ༀ་བཛྲ་གཎྜེ་ཨཱཿ དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་སྦྱིན། སླར་ཡང་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དབང་གི་བྱ་བ་ལ་དགྱེས་ཤིང་མཆོད་པའི་རྣམ་རོལ་དུ་མ་དང་བཅས་པས་རིན་པོ་ཆེའི་བུམ་པ་དཀར་པོ་བདུད་རྩིས་གང་བ་ཡོ་བར་བཟུང་སྟེ་དབང་བསྐུར་བར་བསམ་ཞིང་། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ༀ་བཛྲི་བྷཱ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་ནས། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡེ་ཤེས་སེམས་དཔའི་ཚུལ་གྱིས་རྟེན་རྣམས་ལ་གཉིས་མེད་དུ་ཐིམ་པར་བསམ་ཞིང་། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་ལན་མང་དུ་བརྗོད་ཅིང་མེ་ཏོག་འཐོར་རོ། །གསང་དབང་ནི། གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་གནས་བྱའི་ལྗགས་ལ་བཞག་པར་མོས་ཏེ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །རྒྱལ་སྲས་ཚོགས་ལ་དབང་བསྐུར་ལྟར། །གཉིས་མེད་བྱང་ཆུབ་སེམས་ཀྱི་དབང་། །བུ་ཁྱོད་ལ་ནི་བདག་གིས་སྦྱིན། །ༀ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ་ཨ་ཧོ་མ་ཧཱ་སུ་ཁཾ། ཤེས་རབ་ཡེ་ཤེས་ནི། དཀྱིལ་འཁོར་པའི་ཐུགས་ཀ་ནས་རིག་མ་གཟུགས་དང་ལང་ཚོས་བརྒྱན་པ་བྱོན་ནས་གནས་བྱའི་ལྷ་དང་སྙོམས་པར་ཞུགས་པར་བསམ་ཞིང་། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །འདི་རྟེན་མཆོག་གི་བདེ་བ་ཐོབ། །ཁྱེད་ལ་རྟག་ཏུ་མཆོད་པར་བགྱི། །ༀ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུཾ། དབང་བཞི་པ་ནི། རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་ཐུགས་རྒྱུད་ལ་བསྟར་བར་བསམ་ཞིང་། འདི་ལྟར་འཁོར་འདས་ཆོས་རྣམས་ཀུན། །ཐོག་མཐའ་དབུས་མེད་གསལ་ཞིང་སྟོང་། །སྨྲ་བསམ་བརྗོད་པ་ཀུན་ལས་འདས། །སངས་རྒྱས་ཀུན་གྱི་དགོངས་པའོ། །དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་དོན་ལ་ཅུང་ཟད་མཉམ་པར་བཞག་གོ། །དེ་དག་ནི་ལྷ་ལ་དབང་བསྐུར་བའོ། །དགུ་པ་མཆོད་བསྟོད་ནི་སྟ་གོན་གྱི་སྐབས་བཞིན་ནོ། །བཅུ་པ་སྦྱན་སོགས་དབྱེ་བ་ནི། དངུལ་སྣོད་དུ་གནས་པའི་མར་སྦྲང་དང་ཀ་རའི་མིག་སྨན་གསེར་གྱི་ཐུར་མས་བླངས་པ་ཐོགས་ལ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱི་ཡེ་ཤེས་སྤྱན། །སེམས་ཅན་དོན་དུ་དབྱེ་བར་བྱ། །ༀ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཞིང་སེམས་ཅན་གྱི་དོན་ལ་གཟིགས་པ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག །ཅེས་དང་། དེ་བཞིན་དུ་རྣ་དྲུད་ཐོགས་ལ། འགྲོ་རྣམས་ཆོས་ཀྱིས་ཕོངས་པ་ལ། །རྒྱལ་བས་ཆོས་ཀྱི་དུང་བུས་ལྟར། །དེ་བཞིན་སེམས་ཅན་དོན་གྱི་ཕྱིར། །རྒྱལ་བའི་སྙན་ནི་དབྱེ་བར་བགྱི། །ༀ་དྲཱི་བྱ་ཀརྞཱ་ཡ་སྭཱ་ཧཱ། ཞེས་སྙན་དབྱེ། རྨངས་འཚེར་ཐོགས་ལ། ཟག་བཅས་ཕུང་པོའི་དྲི་སངས་ཀྱང་། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །རྣམ་པར་དག་པའི་དྲི་བརྙེས་ལྟར། །རྒྱལ་བའི་ཤངས་ནི་དབྱེ་བར་བགྱི། །ༀ་དཱི་བྱ་གྷྲ་ཎཱ་ཡ་སྭཱ་ཧཱ། ཞེས་ཤངས་དབྱེ། ཐུར་མ་ཐོགས་ལ། ཆོས་ཀྱི་རོ་ནི་དགའ་བ་ཡིས། །འགྲོ་བ་ཐམས་ཅད་ཚིམ་མཛད་ལྟར། །རོ་མཆོག་བརྒྱ་ལྡན་ཞལ་ཟས་རྣམས། །འབུལ་ཕྱིར་ཞལ་ནི་དབྱེ་བར་བགྱི། །ༀ་དཱི་བྱ་མུ་ཁཱ་ཡ་སྭཱ་ཧཱ། ཞེས་ཞལ་དབྱེ། ཚེམས་ཤིང་ཐོགས་ལ། རྒྱལ་བའི་ཚེམས་དཀར་བཞི་བཅུ་ལ། །མི་གཙང་རྡུལ་གྱིས་མ་གོས་ཀྱང་། །བཀུར་སྟི་རིན་ཆེན་ལྗོན་ཤིང་འདིས། །རྒྱལ་བའི་ཚེམས་ནི་དབྱེ་བར་བགྱི། །ༀ་དཱི་བྱ་དནྟུ་ཡ་སྭཱ་ཧཱ། ཞེས་ཚེམས་ཀྱི་དྲི་མ་སྦྱངས་བར་བསམ་ཞིང་སྐྱེ་མཆེད་བསལ་བའི་རྗེས་འབྲེལ་དུ་འདོད་ཡོན་ལྔས་མཆོད་པར་ཡང་བཤད་པས་སྤྲོ་ན་བྱའོ། །བཅུ་གཅིག་པ་རྟེན་བསྒྱུར་བ་ནི། འཇུག་པ་བདེ་ན་རྟེན་རྣམས་རྒྱུན་བཞུགས་ཀྱི་ཁྲི་ལ་སྐབས་འདིར་བཀོད་ནས། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་ཐལ་མོས་རེག་ཅིང་སེ་གོལ་གྱི་སྒྲས་མཚོན་པར་གནས་བྱའི་སྔགས་ལན་གསུམ་དུ་བརྗོད་པས། བླ་སྐུ་ལྟ་བུ་ལ་མཚོན་ན། འདི་ལྟར་དཔལ་རྡོ་རྗེ་སེམས་དཔའ་ཡོངས་སུ་གྱུར་པ་ལས། བྲིས་འབུར་གྱི་སྐུ་དང་མཚུངས་པའི་ལྷ་སོ་སོའི་སྣང་བརྙན་གསལ་ལ་མ་འདྲེས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སྤྲུལ་བའི་མཛད་པ་མངོན་སུམ་དུ་སྣང་བའི་མཐུ་བྱིན་དང་ལྡན་པར་གྱུར། དེ་བཞིན་དུ། པུསྟི་རྣམས་འོད་དཔག་མེད་ཡོངས་སུ་གྱུར་པ་ལས་ལུང་དང་རྟོགས་པའི་དམ་ཆོས་དཀོན་མཆོག་དབྱངས་གསལ་གྱི་ཡི་གེའི་རྣམ་པ་གླེགས་བམ་གྱི་གཟུགས་སུ་གྱུར། མཆོད་རྟེན་རྣམས་རྣམ་སྣང་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་སྣང་བའི་མཆོད་རྟེན་སྣང་བརྙན་ཇི་ལྟ་བར་གྱུར། དེ་བཞིན་དུ་མཆོད་རྟེན་ཞེས་པའི་གནས་སུ། གཙུག་ལག་ཁང་དང་ཁང་བཟང་ལ་སོགས་པ་སོ་སོའི་སྣང་བརྙན་ཇི་ལྟར་བར་གྱུར། ཞེས་བསྒྱུར། ཕྱག་མཚན་རྣམས་མི་བསྐྱོད་པ་ཡོངས་སུ་གྱུར་པ་ལས་ཕྱག་མཚན་སོ་སོའི་མཚན་ཉིད་རྫོགས་པའི་གཟུགས་སུ་གྱུར་པར་བསམ། སྔར་གནས་བྱ་སོ་སོར་བསྐྱེད་ན་ཞལ་བསྒྱུར་མི་དགོས་སོ། །བཅུ་གཉིས་པ་མངའ་དབུལ་བ་ལ་བཞི་ལས། དང་པོ་མཆོད་བསྟོད་ཀྱིས་མངའ་དབུལ་བ་ནི། མཆོད་རྫས་རྣམས་བྱིན་གྱིས་རློབ་པ་སྔོན་དུ་འགྲོ་བས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། སིལ་སྙན་ཞེས་སྦྱར་བ་དང་། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནི་ཝི་དྱེ། ཤཔྡ་རྣམས་བཅུག་པས་མཆོད། དེ་ནས་རིན་ཆེན་བདུན་ནི། ཞིང་འདིར་འཁོར་ལོ་རིན་པོ་ཆེས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །ༀ་ཙཀྲ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུཾ། དེ་བཞིན་དུ། ནོར་བུ། བཙུན་མོ། བློན་པོ། གླང་པོ། རྟ་མཆོག །དམག་དཔོན་རྣམས་དང་། མ་ཎི། སྟཱི། པུ་རུ་ཥ། ཧ་སྟི། ཨ་ཤྭ། ཁངྒ། ཞེས་རིམ་པ་ཇི་ལྟ་བར་བསྒྱུར་བས་སོ། །འདོད་ཡོན་ལྔ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ༀ་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུཾ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཡིད་འོང་ལྡན། །མོས་བློས༴ བཞེས་ཤིང་༴ ཤཔྡ་ཀཱ་མ༴ ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་དྲི། །མོས་བློས༴ བཞེས་ཤིང་༴ གནྡྷེ་ཀཱ་མ༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས༴ བཞེས་ཤིང་༴ རཱ་ས་ཀཱ་མ༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་པ། །མོས་བློས༴ བཞེས་ཤིང་༴ སྤཪྴེ་ཀཱ་མ་སོགས་གོང་བཞིན། རིག་མ་བཅུ་དྲུག་ནི། ཀུན་ཏུ་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན། །རྡོ་རྗེ་པི་ཝང་གླིང་བུ་རྔ་ཐབས་བཟུང་། །ཡིད་འཕྲོག་འཇོ་སྒེག་ལྡན་པའི་ལང་ཚོ་མ། །ནམ་མཁའ་རབ་འབྱམས་གང་བས་འཁོར་ལོར་མཆོད། །ༀ་ཨཱཿབཛྲ་ཝི་ཎི་ཧཱུཾ། དེ་བཞིན་དུ། ཝཾ་སེ་ཏྲཱཾ། མྲྀ་ཏཾ་གེ་ཧྲཱིཿ མུ་ར་ཛེ་ཨཱ། དེ་ནས་རྐང་པ་མཐའ་མ་གཉིས་གོང་བཞིན་ལས། མཆོག་ཏུ་དགའ་བ་ཉམས་བཞིའི༴ རྡོ་རྗེ་སྒེག་བཞད་གླུ་དང་གར་མཁན་མ། །ལཱ་སྱ་ཧཱུཾ། ཧཱ་སྱ་ཏྲཱཾ། གཱི་ཏི་ཧྲཱིཿ ནིརྟི་ཨཱཿ ཁྱད་པར་དགའ་བ༴ མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་མ། །པུཥྤེ་ཧཱུཾ། དྷཱུ་པེ་ཏྲཱཾ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་ཨཱཿ ལྷན་སྐྱེས་དགའ་བ༴ གཟུགས་རེག་རོ་དང་ཆོས་དབྱིངས་རྡོ་རྗེ་མ། །རཱུ་པ་ཧཱུཾ། རཱ་ས་ཏྲཱཾ། སྤཪྴེ་ཧྲཱིཿ དྷརྨ་དྷཱ་ཏུ་ཨཱཿ གཞན་ཡང་རྒྱུད་སྡེ་གོང་མའི་ལྷ་རྣམས་ལ་བདུད་རྩི་དང་རཀྟ་གཏོར་མ་ལ་སོགས་པས་ཀྱང་ཇི་ལྟར་རིགས་པས་མཆོད་ནས། བསྟོད་པ་ནི། གནས་བྱའི་ལྷ་སོ་སོའི་སྒོས་བསྟོད་རྣམས་ཤེས་ན་བྱ་ཞིང་། མི་ནུས་ན་ཆོ་ག་རང་གཞུང་གི་བསྟོད་པའི་རིགས་ལྔ་སྤྱི་བསྟོད་སོགས་སྔར་བརྗོད་པ་ལྟར་རམ། ཡང་ན། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །བླ་མ་དཔལ་ལྡན་རྡོ་རྗེ་སེམས། །བདེ་ཆེན་ཡེ་ཤེས་ལྔ་ཡི་བདག །དཀྱིལ་འཁོར་ཀུན་གྱི་བྱེད་པོ་མཆོག །དེ་ལ་བདག་ནི་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཞེས་སོགས་དཀོན་མཆོག་གསུམ་གྱི་སྤྱི་བསྟོད་དང་། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་པ་དང་། འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །ཞེས་སོགས་ཀྱིས་ཀྱང་བསྟོད་དོ། །གཉིས་པ་ཉེར་མཁོའི་ཡོ་བྱད་ཀྱི་མངའ་དབུལ་བ་ལ་སྤྱི་དང་། བྱེ་བྲག་གཉིས་ལས། དང་པོ་ནི། རྫས་རྣམས་དངོས་སམ་རི་མོར་བྲིས་པ་དང་། འབུར་དུ་བྱས་པ་སོགས་ཇི་ལྟར་རིགས་པ་འབུལ་བ་ལས། མཎྜལ་གྱི་བཀོད་པ་ཕུལ་ལ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ༀ་བཛྲ་རེ་ཁེ་ཨཱཿཧཱུཾ། རིན་ཆེན་སྣ་བདུན་ཕུལ་ལ། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །གདུགས་སོགས་ཕུལ་ཏེ། ཐེག་མཆོག་བླ་བྲེ་གདུགས་དང་བ་དན་སྒྲེང་། །བདུད་བཅོམ་རྒྱལ་མཚན་ལྷབ་ལྷུབ་དར་འཕན་དང་། །གར་དང་རོལ་མོ་མཆོད་པའི་སྒྲ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པར་བརྒྱན་པར་བགྱི། །བཀྲ་ཤིས་རྫས་བརྒྱད་ཕུལ་ལ། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །བིལྦ་དང་སྟར་ཀ་བུམ་པ་རྣམས་ཕུལ་ལ། འཇིག་རྟེན་ཁྱིམ་བདག་རྣམས་ནི་དཔལ་བརྟེན་ནས། །བིལྦ་སྟར་ཀ་བུམ་པ་བཟང་དང་བཅས། །མདུན་དུ་བདར་ནས་བཀྲ་ཤིས་བྱེད་པ་ལྟར། །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། །འདོད་ཡོན་ལྔ་ཕུལ་ལ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ༀ་པཉྩ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་སྤྱིར་ཕུལ་ནས། གཉིས་པ་བྱེ་བྲག་ཏུ་འབུལ་བ་ལ། སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ལས། ཐོག་མར་ཆགས་བྲལ་གྱི་སྐུ་རྣམས་ལ་འདྲེག་སྤྱད་ཕུལ་ལ། རྒྱལ་བའི་དབུ་སྐྲ་མཐོན་མཐིང་སྐྱོན་བྲལ་ཡང་། །གཞན་དོན་སྒྲུབ་ཅིང་ཁྱིམ་པའི་རྟགས་སྤང་ཕྱིར། །དད་པས་གསེར་གྱི་འདྲེག་སྤྱད་ཕུལ་བ་ཡིས། །འགྲོ་ཀུན་སྡུག་བསྔལ་ཀུན་ལས་གྲོལ་བར་ཤོག །ༀ་སརྦ་ཤྭ་དྷ་ན་ཁ་ཙྪེ་ད་ཧཱུཾ། ཆོས་གོས་རྣམ་གསུམ་ཕུལ་ལ། དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ༀ་དཱི་བྱ་ཝས་པྲ་ཎ་ཡེ་སྭཱ་ཧཱ། ཆུ་ཚགས་དང་ལྷུང་བཟེད་སོགས་ཕུལ་ལ། འགྲོ་བ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །རིག་པའི་གནས་ལྔ་དག་ལ་སློབ་བྱ་ཞེས། །ཇི་ལྟར་ཐུགས་དམ་རྒྱ་ཆེན་བཞེས་པ་ལྟར། །མཁོ་བའི་ཡོ་བྱད་རྣམས་ནི་དབུལ་བར་བགྱི། །ༀ་ཨུ་པ་ཡོ་ཛྱ་ཏེ་ས་རི་སྭཱ་རཱ་ཡ་སྭཱ་ཧཱ། ཞེས་དབུལ། ཆགས་ཅན་གྱི་སྐུ་རྣམས་ལ་དུང་གི་སོ་མང་ཕུལ་ལ། དབུ་སྐྲ་ལྕང་ལོ་མཐོན་མཐིང་གཡས་འཁྱིལ་བ། །རིན་ཆེན་འབར་བས་བརྒྱན་པས་རབ་ཏུ་མཛེས། །ལྷ་མི་ཀུན་གྱི་ལྟ་བས་མི་ངོམས་ཏེ། །བསོད་ནམས་ཐོབ་ཕྱིར་རྒྱལ་བའི་དབུ་སྐྲ་ཤད། ༀ་ཀཱ་མ་མ་ལ་དྷ་ར་ལི་ཧཱུཾ། ཁ་དོག་སྣ་ཚོགས་པའི་ན་བཟའ་ཕུལ་ལ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ༀ་བཛྲ་ཝཱ་ས་སེ་པྲ་ཏཱིཙྪ་སྭཱ་ཧཱ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཕུལ་ལ། བདེ་གཤེགས་སྐུ་མཆོག་མཚན་དང་དཔེ་བྱད་ལྡན། །བྱང་ཆུབ་ཕྱོགས་ཀྱི་རྒྱན་གྱིས་མཛེས་ལགས་ཀྱང་། །རིན་ཆེན་དོ་ཤལ་སེ་མོ་དོ་ལ་སོགས། །རྒྱན་གྱི་ཁྱད་པར་མང་པོ་དབུལ་བར་བགྱི། །ༀ་རཏྣ་ཨ་ལངྐཱ་ར་ཧཱུཾ། དེ་ནས་སོ་མང་དང་། ཁབ་དང་། སྙུང་བུ་དང་། གྲི་གུག་དང་། ཆུ་གྲི་རྣམས་ཕུལ་ཏེ། འབུལ་ཚིག་ནི་གོང་གི་ཆུ་ཚགས་སོགས་ཀྱི་སྐབས་བཞིན་ནོ། །ཁྲོ་བོའི་སྐུ་རྣམས་ལ་དཔལ་གྱི་ཆས་གོས་རྣམས་ཕུལ་ལ། ཧཱུཾ། བདུད་དཔུང་རུ་དྲ་བསྒྲལ་བའི་ཚེ། །དཔལ་གྱི་སྐུ་ལ་བརྒྱན་པ་ལྟར། །ཐོད་སྐམ་རིན་ཆེན་ཅོད་པན་འདི། །ཁྲོ་རྒྱལ་འཁོར་དང་བཅས་ལ་འབུལ། །ཐོག་མཐའ་གོང་བཞིན་ལས། ཐོད་ཕྲེང་སྦྲུལ་ཆུན་ཕྱག་རྒྱ་ལྔ། །ཞིང་དང་ས་སྲུང་སྟག་ལྤགས་གོས། །རྣམ་གསུམ་དུར་ཁྲོད་མཚན་མའི་རྫས། །ཞེས་བསྒྱུར་བས་སོ། །གདན་སོགས་ཕུལ་ལ། ཧཱུཾ། པད་ཉི་དྲེགས་པ་རུ་དྲའི་གདན། །དུག་གསུམ་སྲེག་པ་བསྐལ་བའི་མེ། །དྲག་པོའི་འདོད་ཡོན་བསམ་མི་ཁྱབ། །ཁྲོ་རྒྱལ་འཁོར་དང་བཅས་ལ་དབུལ། །ཞེས་དབུལ། གཉིས་པ་གསུང་རྟེན་ལ་ཁྲི་ཕུལ་ལ། རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སྤྲོས་བྲལ་གསུང་རབ་མཆོག་ལ་ཕུལ་བ་ཡིས། །འགྲོ་རྣམས་རྡོ་རྗེའི་གདན་ལ་འཁོད་པར་ཤོག །ༀ་བཛྲ་ཨཱ་ས་ན་ཨཱཿཧཱུཾ་སྭཱ་ཧཱ། ན་བཟའ་ཕུལ་ལ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཤིང་། །སོགས་གོང་བཞིན། གླེགས་ཤིང་ཕུལ་ལ། ཟུང་འཇུག་དམ་ཆོས་འཛིན་པ་ཀུན་བྲལ་ཡང་། །ཐབས་དང་ཤེས་རབ་རྗེས་སུ་འབྲེལ་གྱུར་པའི། །ཉི་ཟླ་ལྟ་བུའི་རྟེན་འབྲེལ་དགབ་བྱ་བ། །ཕུལ་བས་སྐྱེ་བོས་ཟུང་འཇུག་ཐོབ་པར་ཤོག །ༀ་བཛྲ་པྲ་ཛྙཱོ་པཱ་ཡ་ཨ་དཱ་ཡ་ཨཱཿཧཱུཾ་སྭཱ་ཧཱ། གླེགས་ཐག་ཕུལ་ལ། སྤྲོས་པ་དུ་མ་རབ་ཏུ་རྒྱས་གྱུར་ཀྱང་། །ཡེ་ཤེས་ཆེན་པོར་རོ་གཅིག་གྱུར་པ་ལྟར། །གླེགས་བམ་གཅིག་གྱུར་ཡོ་བྱད་མཆོག་ཕུལ་བས། །འགྲོ་བས་ཡེ་ཤེས་ཆེན་པོར་རྟོགས་པར་ཤོག །ༀ་བཛྲ་པུསྟ་ཀ་བནྡྷ་ཨཱཿཧཱུཾ་སྭཱ་ཧཱ། གསུམ་པ་མཆོད་རྟེན་ལ། སྲོག་ཤིང་ཕུལ་ལ། ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཤེས་པ་བཅུ་དང་ལྡན་པར་གྱུར་ཅིག །བདེ་བར་གཤེགས་པའི་བསྟན་པ་དམ་པའི་ཆོས་མི་ནུབ་ཅིང་ཡུན་རིང་དུ་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལྷག་པའི་བསམ་པ་རྣམ་པར་དག་པ་ཀུན་ཏུ་བཟང་པོའི་སྨོན་ལམ་ལ་འཇུག་པར་གྱུར་ཅིག །འཁོར་ལོ་ཕུལ་ལ། ༀ་པྲ་བརྟ་ནཱ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་ཐོབ་པར་གྱུར་ཅིག །རྣམ་པར་ཐར་པ་བརྒྱད་ཐོབ་པར་གྱུར་ཅིག །ཡེ་ཤེས་ལྔ་དང་ལྡན་པར་གྱུར་ཅིག །ཅོད་པན་ཕུལ་ལ། ༀ་པ་ཊཾ་ཀ་ལམྦཱ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དུས་ཐམས་ཅད་དུ་ཅོད་པན་དང་ལྷབ་ལྷུབ་ལ་སོགས་པ་མཆོད་པ་དང་བསྙེན་བཀུར་གྱི་རྣམ་པ་མང་པོས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ཐམས་ཅད་དང་། དེ་དག་གི་མཆོད་རྟེན་དང་། སྐུ་གཟུགས་དང་། གསུང་རབ་ལ་སོགས་པ་དག་ལ་མཆོད་པ་བྱེད་པར་གྱུར་ཅིག །འཕན་ཕུལ་ལ། ༀ་པ་ཏཾ་ཀ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཆོས་ཀྱི་གྲགས་པ་དང་སྙན་པ་བསམ་གྱིས་མི་ཁྱབ་པར་གྱུར་ཅིག །རྒྱལ་མཚན་ཕུལ་ལ། ༀ་ཀུམྦྷཱི་ར་དྷཱ་ཛ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་འཁོར་བར་མི་གཏོང་མི་འཛིན་པས་བདུད་བཞི་ལས་རྒྱལ་ཞིང་ཆོས་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །གདུགས་ཕུལ་ལ། ༀ་པྲ་མ་ཎ་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་སྐྱབས་དང་ལྡན་ཞིང་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་ཅིག །མེ་ཏོག་གི་ཕྲེང་བ་ཕུལ་ལ། ༀ་རཏྣ་མཱ་ལེ་ཏྲཱཾ། ཞེས་དང་། ན་མ་སྟྲཻ་ཡ་དྷཱ་ཨ་ནུ་ག་ཏ་པྲ་ཏིཥྛ་ཏེ་པུཥྤ་ཀེ་ཏ་ཝ་ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱ་ཧཱ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་དང་ལྡན་ཏེ་སྐུ་བལྟ་བས་ཆོག་མི་ཤེས་པ་ཕུན་སུམ་ཚོགས་པ་ཐོབ་གྱུར་ཅིག །གདན་གྱི་ཁྱད་པར་རྣམས་ཕུལ་ལ། ༀ་སུནྡྷ་རི་ཛ་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་གདན་གྱི་ཁྱད་པར་སྟོབས་བཅུ་དང་ལྡན་པ་གླང་པོ་ཆེའི་གདན་དང་། མི་འཇིགས་པ་བཞི་དང་ལྡན་པ་སེང་གེའི་གདན་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པ་རྟའི་གདན་དང་། དབང་བཅུ་དང་ལྡན་པ་རྨ་བྱའི་གདན་དང་། ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་ཀྱི་ཤུགས་དང་ལྡན་པ་ནམ་མཁའ་ལྡིང་གི་གདན་དང་། འགྲོ་བའི་རེ་འདོད་ཡིད་བཞིན་དུ་སྐོང་བའི་རིན་པོ་ཆེའི་གདན་དང་། ཆགས་པའི་སྐྱོན་ཐམས་ཅད་སྤངས་པ་པདྨའི་གདན་དང་། རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་གདན་ཐོབ་པར་གྱུར་ཅིག །ཅེས་ཕུལ་ལ། གསུམ་པ་སྦྱིན་སྲེག་ནི། རྒྱས་པའི་སྦྱིན་སྲེག་གི་ཆོ་གས་རབ་གནས་བྱས་པའི་ལྷ་རྣམས་ཐབ་ཏུ་སྤྱན་དྲངས་ནས་མཆོད་ཅིང་སླར་རྟེན་གྱི་ཐུགས་ཀར་གཤེགས་ལ། སྦྱིན་སྲེག་གྲུབ་པའི་མེ་ལ་སྣོད་བཟང་པོར་འབྲས་མ་གྲུག་པ་མར་སྦྲང་ཀ་ར་སྦྱར་བའི་འོ་མ་བླུག་པ་གཙོ་སྔགས་ཀྱིས་བསྒྲུབས་པའི་འོ་ཐུག་འབུལ་བའམ་མ་འབྱོར་ན་ཙཱ་རུའམ། ལྷའི་ཟས་སུ་གྲགས་པའི་དཔལ་བཤོས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ཏེ། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་པས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཅེས་འབུལ་བ་ནི་ཐུན་མོང་ཙམ་དང་། ཁྱད་པར་ཚོགས་ཀྱི་འཁོར་ལོས་ཀྱང་དགྱེས་པར་བྱའོ། །བཞི་པ་རབ་གནས་ཀྱི་སྔགས་དང་བཀྲ་ཤིས་ཀྱིས་མངའ་དབུལ་བ་ལས། དང་པོ་ནི། རྟེན་ལ་གཟུངས་ཐག་བཏགས་པའི་སྣེ་ནས་སློབ་དཔོན་ལ་སོགས་པས་བཟུང་སྟེ། གནས་བྱའི་ཐུགས་ཀར་ཟླ་བའི་སྟེང་དུ་སྔགས་ཕྲེང་འཁོར་བ་དེའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་རྟེན་སོ་སོའི་རྣམ་པས་བྱོན་ནས་དེ་དག་ལ་ཞུགས་པར་བསམ་ཞིང་སྐུ་གཟུགས་ལ། ༀ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བྱ་བ་དང་། མཆོད་རྟེན་དང་གཙུག་ལག་ཁང་ལ། ༀ་ཧཱུྃ་ཧྲཱིཿབྷྲཱུྂ་ཁྂ་བཛྲཱི་བྷ་ཝ་དྲྀ་ཌྷ་ཏིཥྛ་བྷུ་ཁཾ། པུསྟི་ལ་སྔགས་གཉིས་ཀ་དང་། ཐམས་ཅད་ཐུན་མོང་དུ། ཡེདྷརྨཱ་ཅི་མང་བཟླའོ། །གཉིས་པ་ནི། སྔར་བསྒྲུབས་པའི་གཟུངས་བུམ་གྱི་ཆུར་རྟེན་འབྲེལ་སྙིང་པོ་བཟླ་བཞིན་དུ་མེ་ཏོག་ལ་བྲན་ནས་འདུས་པ་ཐམས་ཅད་ལ་ཁྱབ་པར་བཀྲམ་སྟེ་སྔགས་ཀྱི་མངའ་འབུལ་གྱི་ཏིང་ངེ་འཛིན་གསལ་བས་མེ་ཏོག་གི་ཆར་དབབ་ཅིང་། ༀ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཞེས་སོགས་དང་། ཕུན་སུམ་ཚོགས་པ་མངའ་བ་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་པའི་མེ་ཏོག་གི་སིལ་མས་ཀུན་ཏུ་ཁྱབ་པར་བྱའོ། །བཅུ་གསུམ་པ་བརྟན་བཞུགས་ནི། རྟེན་རྣམས་སྔར་རྒྱུན་བཞུགས་ཀྱི་སྟན་ལ་མ་བཀོད་ན་སྐབས་འདིར་དྲང་ཞིང་བརྟན་པར་བཞུགས་སུ་གསོལ། ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་པའི་མཐའ་རྟེན་གྱི་ཁྲིའམ། དེ་ལ་མེ་ཏོག་གི་ཕྲེང་བ་བཏགས་པ་བཟུང་ལ་རབ་གནས་ཀྱི་སྔགས་ཅི་རིགས་པ་བཟླས་ནས་སླར་ཡང་ཐལ་མོ་སྦྱར་བས་བཏུད་དེ། ཇི་སྲིད་ས་ཆུ་མེ་དང་ནི། །རླུང་གི་བསྐལ་པ་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཞེས་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ལས་སྔགས་བཟླ་ཞིང་རྡོ་རྗེ་དང་བཅས་པའི་ལག་གིས་སྐུའི་སྟོད་སྨད་བར་གསུམ་དུ་བསྐོར་བས་བྱིན་གྱིས་བརླབས་ནས་ཤིན་ཏུ་བརྟན་པར་བསམ་སྟེ། སླར་ཡང་མེ་ཏོག་ལ་སོགས་པས་མཆོད་ཅིང་བསྟོད་པར་བྱའོ། །དེ་དག་ནི་དངོས་གཞིའི་ཆོ་གའོ། །གསུམ་པ་རྗེས་ཀྱི་སྡོམས་ནི། གཏོར་མ་སྲུང་བསྒོ་མཆོད་བསྟོད་གསོལ། །ནོངས་བཤགས་གཤེགས་གསོལ་ཡོན་བདག་བསྒོ། །ཤིས་བརྗོད་རྟེན་མཆོད་དགའ་སྟོན་ཡོན། །བསྔོ་ཤིས་རྗེས་བསྡུ་སྦྱིན་སྲེག་གོ། །ཞེས་པའི་དང་པོ་གཏོར་མ་གཏོང་བ་ནི། འདས་གཏོར་སོགས་ཆོས་སྐྱོང་རྣམས་ཀྱི་ནང་གཏོར་དང་། ཕྱོགས་སྐྱོང་དང་འབྱུང་པོ་སྤྱི་ལ་ཆ་གསུམ་གྱི་ཆོ་གས་ཕྱི་རོལ་དུ་གཏོང་ངོ་། །གཉིས་པ་སྲུང་མ་བསྒོ་བ་ནི། གནས་གཞི་དེའི་སྔར་གྱི་སྲུང་མའམ། སྒོས་སུ་གཏོང་བར་འོས་པ་དེའི་གཏོར་མ་ཟུར་དུ་བཤམས་པ་ཕུལ་ནས། རྡོ་རྗེ་སྲུང་བའི་རྒྱ་བཅིངས་ཏེ། བཛྲ་རཀྵ་ཧཾ། ཞེས་གོ་བསྐོན། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །གལ་ཏེ་དམ་ལས་འདས་གྱུར་ན། །འཇིག་འགྱུར་འདི་ལ་ཐེ་ཚོམ་མེད། །ༀ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་དམ་ལ་བཞག །ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། དེང་འདིར་རབ་ཏུ་གནས་པར་བྱས་པའི་རྟེན་འདི་དག་ཕྱི་མའི་མུ་མཐར་ཐུག་གི་བར་སྲུང་ཞིང་སྐྱོང་བ་དང་མཆོད་པ་རྒྱུན་མི་ཆད་པར་འབྱུང་བར་མཛོད་ཅིག །བདག་དང་ཡོན་གྱི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱང་འགལ་རྐྱེན་མི་མཐུན་པའི་ཕྱོགས་ལས་བསྲུང་བ་དང་། མཐུན་རྐྱེན་ཆོས་དང་མཐུན་པའི་བསམ་པ་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་དང་། གང་འདིར་རབ་ཏུ་གནས་བྱས་པའི། །སྐུ་གསུང་ཐུགས་ཀྱི་རྟེན་འདི་དག །ཇི་སྲིད་གནས་པ་དེ་སྲིད་དུ། །བསྲུང་ཞིང་ལེགས་པར་སྐྱོང་བར་མཛོད། །ཅེས་སོགས་ཀྱིས་བཀའ་བསྒོ་ཞིང་གཉེར་གཏད་པར་བྱའོ། །གསུམ་པ་མཆོད་བསྟོད་གསོལ་བ་ནི། རྩ་བའིི་དཀྱིལ་འཁོར་ལ་གཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས། ས་དང་ཆུ་དང་མེ་རླུང་ལས། །ལྷ་རྣམས་ཀུན་གྱི་སྐུ་གཟུགས་ལ། །བསྐལ་པ་བརྒྱ་རུ་བསྲུང་བ་དང་། །དགྱེས་ཤིང་ཡིད་བཟང་གྱུར་པ་ཡིས། །སློབ་དཔོན་ཡོན་གྱི་བདག་པོར་བཅས། །ཀུན་ནས་ཞི་དང་རྒྱས་པ་དང་། །རྟག་ཏུ་བཀྲ་ཤིས་མཛད་དུ་གསོལ། །ཞེས་གསོལ་བ་གདབ་བོ། །བཞི་པ་ནོངས་བཤགས་གཤེགས་གསོལ་ནི། ཉེས་པ་བཤགས་ནས་མདུན་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་བསྡུས་ནས་བདག་བསྐྱེད་ཐུན་མཚམས་སུ་ལྡང་བའི་བར་རྩ་བའི་ཆོ་ག་བཞིན་ནོ། །ལྔ་པ་ཡོན་བདག་བསྒོ་བ་ནི། སློབ་དཔོན་གྱི་མདུན་དུ་བཀྲ་ཤིས་པའི་རྫས་རྣམས་སྣོད་བཟང་པོར་བཤམས། ཡོན་བདག་གི་སྟན་བཟང་པོ་མེ་ཏོག་གི་ཚོམ་བུ་ཅན་གྱི་མདུན་དུ་མཆོད་པ་ཚར་གཅིག་བཀོད། ཡོན་བདག་གིས་སློབ་དཔོན་ལ་ཕྱག་བྱས་ནས་མདུན་དུ་འཁོད་པ་ལ། ཁྱོད་ཀྱིས་ང་ལ་གསོལ་བཏབ་པའི། །སྐུ་གཟུགས་ལ་སོགས་ཁྱད་པར་དུ། །ཇི་ལྟར་གསུངས་བཞིན་རབ་གནས་པ། །དེ་དག་དོན་ནི་ངེས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱི། །ཅི་འབྱོར་པ་ཡིས་མཆོད་པར་གྱིས། །ཞེས་དང་། ཁྱོད་ཀྱིས་ང་ལ་གསོལ་བ་བཏབ་པ་བཞིན་དུ་རབ་ཏུ་གནས་པ་ལེགས་པར་གྲུབ་པར་བྱས་ཀྱིས། ཁྱོད་ཀྱིས་རྟེན་འདི་ལ་ཞག་བདུན་གྱི་བར་དུ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག །དེ་ནས་ཀྱང་ཅི་འབྱོར་པའི་མཆོད་པ་རྒྱུན་མི་ཆད་པར་གྱིས་ཤིག །ཅེས་བསྒོས་ལ། བཤམས་པའི་མཆོད་པ་རྣམས་ཡོན་བདག་གི་ལག་བསྟར་ཏེ་རྟེན་གྱི་སྤྱན་སྔར་འབུལ་ལོ། །དྲུག་པ་བཀྲ་ཤིས་པར་བྱ་བ་ནི། སླར་ཡང་ཡོན་བདག་སྟན་ལ་བཀོད་ནས་མེ་ཏོག་གཏད། བཀྲ་ཤིས་ལ་བར་དུ་གཅོད་པའི་བགེགས་བསྐྲད། ཡོན་བདག་རྫས་དང་བཅས་པ་ལས་བུམ་གྱི་ཆུས་བསང་། སྟོང་པའི་ངང་ལས་ལྷར་བསྐྱེད་པ་དང་། རྫས་རྣམས་མཾ་ལས་བྱུང་བའི་གྲུབ་པའི་བཀྲ་ཤིས་ཀྱི་རྫས་བརྒྱད་སོགས་རང་རང་གི་བྱེད་ལས་ཕུན་སུམ་ཚོགས་པའི་དངོས་པོ་ཐམས་ཅད་སྒྲུབ་པའི་མཐུ་དང་ལྡན་པར་བསམ་ནས་རིམ་གྱིས་ཐོགས། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །གི་ཝང་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །དཱུརྦཱས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག །བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡིས། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག །ཅེས་རྫས་བརྒྱད་དང་། སྐབས་འགའ་ཞིག་ཏུ་རྒྱས་པ་ལ་མོས་ན། རིན་ཆེན་སྣ་བདུན་རིམ་གྱིས་བསྟར་ལ། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཅིང་མུ་ཁྱུད་རབ་མཉམ་བཟང་། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུརྻ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན༴ གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །ལྤགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན༴ གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན༴ ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན༴ ཐོ་རེངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཞིང་སླར་ཡང་ལྡོག་བྱེད་ཅིང་། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན༴ འགྲོ་དང་ལྡོག་དང་ཀུན་ནས་འོང་གྱུར་པའི། །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ལ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་རྟེན་ལ་འབུལ་ཚུལ་བྱས་ནས་དེར་འཁོད་ཐམས་ཅད་ལ་རེག་ཅིང་མཐར་ཡོན་བདག་ལ་གཏད། གཞན་ཡང་བཀྲ་ཤིས་ཀྱི་ཚིགས་བཅད་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །བདུན་པ་རྟེན་མཆོད་པ་ནི། རབ་གནས་བྱས་པའི་རྟེན་ལ་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད་ཅིང་བསྟོད་ནས། སྨོན་ལམ་གདབ་པ་ནི། ༀ། སངས་རྒྱས་ཆོས་དང་དགེ་འདུན་དང་། །གསང་སྔགས་རིག་སྔགས་གཟུངས་སྔགས་དང་། །སྙིང་པོ་ཕྱག་རྒྱ་རིག་པའི་ལྷ། །རྟེན་ཅིང་འབྲེལ་འབྱུང་བདེན་པའི་མཐུས། །སྐུ་གསུང་ཐུགས་ཀྱི་རྟེན་འདི་དག །ཡེ་ཤེས་ཕྱག་རྒྱས་བྱིན་བརླབས་པས། །འདི་བཟུང་འཁོར་བ་མ་སྟོངས་པར། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི། །བསོད་ནམས་བསགས་པའི་ཞིང་གྱུར་ཏེ། །ཞལ་དྲོ་བྱིན་ཆེ་འགྲོ་བ་རྣམས། །སྐྱོབ་པའི་མཐུ་བྱིན་ལྡན་པ་དང་། །བདག་ཅག་འདི་དང་གཞན་དག་ཏུ། །འདོད་པའི་དོན་རྣམས་ཀུན་འགྲུབ་ཅིང་། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཅེས་སྐབས་དང་འབྲེལ་བའི་སྨོན་ལམ་གདབ་ཅིང་རྟེན་ལ་བསྐོར་བ་དང་ཕྱག་ཀྱང་བྱའོ། །བརྒྱད་པ་དགའ་སྟོན་བྱ་བ་ནི། ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ལ་རོལ་པ་དང་། ཙཱ་རུའི་བཟའ་བ་ཡང་། བདེ་གཤེགས་ལྷག་མ་འདི་དག་ནི། །གསོལ་ཞིག་སྡིག་པ་བྱང་བར་འགྱུར། །ཞེས་ཐམས་ཅད་ལ་ཁྱབ་པར་བྲིམ་པས་མཚོན། མཆོད་སྦྱིན་གྱི་ཡུལ་ཐམས་ཅད་ལ་བཟའ་བཏུང་གི་རྙེད་པ་ཕུན་སུམ་ཚོགས་པས་ཚིམ་པར་བྱའོ། །དགུ་པ་ཡོན་འབུལ་བ་ནི། སློབ་དཔོན་བཟོ་བོ་གྲོགས་བྱེད་རྣམས་ལ་ཡོན་གྱི་དངོས་པོ་ཅི་འབྱོར་བས་མཉེས་ཤིང་མགུ་བར་བྱའོ། །བཅུ་པ་བསྔོ་བ་ནི། ལས་བྱས་པ་དོན་ཡོད་པར་བྱ་བའི་ཕྱིར་བྱང་ཆེན་གྱི་རྒྱུར་བསྔོ་བས་རྒྱས་གདབ་བོ། །བཅུ་གཅིག་པ་སླར་ཡང་ཤིས་པར་བྱ་བ་ནི། སྐབས་སུ་བབས་པའི་ཤིས་བརྗོད་ཅི་རིགས་པ་བརྗོད་པས་མཐའ་རྒྱས་པར་བྱའོ། །བཅུ་གཉིས་པ་ལས་ཀྱི་རྗེས་བསྡུ་བ་ནི། རྩ་བའི་དཀྱིལ་འཁོར་གྱི་རྡུལ་ཚོན་བསྡུ་བ་སོགས་མཐའ་རྒྱས་རྣམས་ཆོ་ག་སོ་སོའི་གཞུང་ལྟར་བྱ་ཞིང་། དཀྱིལ་འཁོར་མཆོད་པའི་ཡོ་བྱད་སོགས་སློབ་དཔོན་དབང་བར་གསུངས་པས་མཚོན་ཇི་ལྟར་འོས་པའི་མཆོད་སྦྱིན་དུ་སྤེལ་ལོ། །བཅུ་གསུམ་པ་སྦྱིན་སྲེག་ནི། ཞི་རྒྱས་གཉིས་ཀའི་སྦྱིན་སྲེག་བྱ་ཞིང་མ་འབྱོར་ན་ཞི་བའི་སྦྱིན་སྲེག་ཙམ་ངེས་པར་བྱ། དེ་ཡང་མ་འབྱོར་ན་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླས་པས་ཁ་བསྐང་བར་བྱའོ། །དེ་དག་ནི་རྗེས་ཀྱི་ཆོ་གའོ། །བཤད་མ་ཐག་པ་ནི་ཆོ་ག་རྒྱས་པའི་ལུགས་ཏེ། ཕྱི་དཀྱིལ་རྡུལ་ཚོན་ལ་བརྟེན་པའི་དབང་དུ་བྱས་ནས་ཆོ་ག་སྟ་གོན་དཀྱིལ་འཁོར་བྲི་བ་རྣམས་སྔོན་དུ་འགྲོ་བ་གཞིར་བྱས་ནས། དཀྱིལ་འཁོར་དངོས་གཞིའི་སྒྲུབ་མཆོད་དང་རབ་གནས་ཀྱི་སྟ་གོན་ཉིན་གཅིག་ཏུ་བྱ་ཞིང་། ཉིན་ཕྱི་མ་ལ་རབ་གནས་ཀྱི་ཆོ་ག་དཀྱུས་སུ་བཀོད་པ་བཞིན་བྱས་པའི་ཉིན་གཉིས་པ་དང་། ཡང་རབ་གནས་ཀྱི་སྟ་གོན་སྔར་བཞིན་བྱས་ནས། གཉིས་པ་ལ་དངོས་གཞིའི་བརྟན་བཞུགས་ཡན་ཆད་དང་། གསུམ་པ་ལ་བདག་མདུན་སྒྲུབ་མཆོད་ཙམ་བྱས་ནས། རབ་གནས་ཟིན་པའི་རྟེན་རྣམས་དངོས་སུ་གསལ་བས་སོ་སོའི་སྙིང་པོ་དང་ཡིག་བརྒྱ་མང་དུ་བཟླས་པས་གཟི་བྱིན་བསྐྱེད་ནས་མཆོད་བསྟོད་རྒྱས་པར་བྱ། དེ་རྗེས་གཏོར་མ་གཏོང་བ་སོགས་རབ་གནས་ཀྱི་རྗེས་ཆོག་རྣམས་བྱ་ཞིང་། དེ་ལྟར་ན་དངོས་གཞི་ལ་རྒྱས་པ་དང་། རྗེས་ལ་ཞི་བའི་སྦྱིན་སྲེག་ཀྱང་བྱའོ། །ཆོ་ག་རྒྱས་པར་བྱ་བ་དེའི་ཚེ་དཀྱིལ་འཁོར་གྱི་ལྷའི་གཤེགས་གསོལ་ཡང་ཡོན་བདག་བསྒོ་བའིི་རྗེས་སུ་བྱས་ན་ལེགས་སོ། །སྤྱི་དོན་གཉིས་པ་འབྲིང་པོར་བྱ་བའི་སྡོམས་ནི། ཉིན་གཉིས་དང་པོར་ཡོ་བྱད་བསགས། །བདག་བུམ་རྟེན་གྱི་ལྷག་གནས་དང་། །ཕྱི་ཉིན་ཐོ་རེངས་བདག་བུམ་བཟླས། །སྦྱང་བ་ནས་བཟུང་རྗེས་བསྡུའི་བར། །རྒྱས་པའི་གཞུང་བཞིན་ཤེས་པར་བྱ། །འབྲིང་པོའོ། །འདི་ལ་འང་ཕྱི་དཀྱིལ་གང་འོས་ལ་བརྟེན་ན་ལེགས་སོ། །སྤྱི་དོན་གསུམ་པ་བསྡུས་པའི་ཚུལ་ལ་ཅུང་ཟད་བསྡུས་པ་དང་། ཤས་ཆེར་བསྡུས་པ་གཉིས་ལས། དང་པོ་ནི། ཉིན་ཆོག་དང་པོར་ཡོ་བྱད་བཤམ། །བདག་བསྐྱེད་བུམ་བཟླས་ལྷག་གནས་དོར། །དངོས་གཞིའི་སྦྱང་བ་ནས་བཟུང་སྟེ། །རྗེས་བསྡུའི་བར་དུ་བྱ་བ་ཡིན། །གཉིས་པ་ནི། བུམ་པ་གཉིས་བཀོད་ཡོ་བྱད་བཤམ། །བདག་བུམ་རྟེན་སྦྱང་བཀྲུ་ཕྱི་བསྐྱེད། །སྤྱན་དྲངས་དགུག་རྒྱས་དབང་མཆོད་བསྟོད། །སྤྱན་དབྱེ་རྟེན་བསྒྱུར་ཉེར་མཁོ་དབུལ། །རབ་གནས་སྔགས་བཟླ་བཀྲ་ཤིས་བརྗོད། །བརྟན་བཞུགས་སྲུང་བསྒོ་མཆོད་བསྟོད་གཤེགས། །ཡོན་བདག་ཤིས་བྱས་སྨོན་ལམ་གདབ། །རྗེས་བསྡུ་དགའ་སྟོན་བྱ་བ་ཡིན། །བསྡུས་པའི་ཚུལ་ལོ། །ཤིན་ཏུ་བསྡུ་ན། བདག་བསྐྱེད་སྒོམ་བཟླས་ཅི་རིགས་སྔོན་དུ་འགྲོ་བས། རྟེན་གྱི་བགེགས་བསྐྲད། དམ་ཚིག་པར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས། དགུག་གཞུག །རྒྱས་གདབ། དབང་བསྐུར། སྤྱན་དབྱེ། མཆོད་བསྟོད། བརྟན་བཞུགས། ཤིས་བརྗོད་རྣམས་བྱས་པས་ཀྱང་དགོས་པ་འགྲུབ་བོ། །སྤྱིར་རྟེན་དམ་ཚིག་པར་བསྐྱེད་པ་དང་། ཡེ་ཤེས་པ་དགུག་བསྟིམ། དབང་བསྐུར་བ། བརྟན་བཞུགས་དང་བཞི་པོ་ནི་རབ་གནས་དངོས་ཡིན་ལ། གོང་འོག་གི་ཆོ་ག་གཞན་རྣམས་ནི་ཡན་ལག་གོ། །དེས་ན་དཀྱུས་སུ་བཤད་པའི་ཆོ་ག་ཉིད་ལ་འདྲིས་ཤིང་ཁོང་དུ་ཆུད་པར་བྱས་ནས་སྤྲོ་བསྡུའི་ཁྱད་པར་གང་དགོས་སྡོམས་ཀྱིས་བསྟན་པའི་དོན་བཞིན་རྩ་བ་ཟིན་ན་རྒྱས་བསྡུས་གང་འདོད་བྱས་ཆོག་པའི་ཕྱིར། མཐའ་གཅིག་ཏུ་ངེས་པ་མེད་མོད། འོན་ཀྱང་ལྷོངས་སུ་མ་གྱུར་པའི་བློ་ཚོད་ཀྱིས་དབྱེ་བསྡུའི་མཚམས་མ་ཟིན་ན་འཆོལ་བར་འགྱུར་བས། མ་མཐའ་ཡང་གནས་སྐབས་ཀྱི་རྡོ་རྗེ་སློབ་དཔོན་ཆུང་ངུའི་གོ་འཕང་ཙམ་ཐོབ་ཅིང་ཆོ་ག་ལག་ལེན་འབྲེལ་སྡེབས་ཚུལ་ངེས་པ་ཅན་དུ་བྱ་དགོས་ཏེ་རབ་གནས་ནི་རྡོ་རྗེ་ཐེག་པའི་ལས་ཀྱི་ཆོ་ག་གཙོ་ཆེ་བ་ཞིག་ཡིན་པའི་ཕྱིར་རོ། །ཆོ་ག་འདི་དང་འབྲེལ་བའི་ཆོ་གའི་ཡན་ལག་སྣ་ཚོགས་པའང་ཡུལ་དུས་གནས་སྐབས་ཀྱིས་དགོས་པ་རྣམས་ནི་སྔར་བཤད་པ་རྣམས་ལས་ཤེས་པར་བྱའོ། །རྒྱལ་བ་རྣམས་ཀྱི་གསང་གསུམ་ཡེ་ཤེས་ཀྱི། །རྣམ་རོལ་འགྲོ་བློའི་མེ་ལོང་རྙོགས་བྲལ་བར། །མོས་དང་བསམ་པའི་ཁྱད་པར་ཇི་བཞིན་དུ། །འཆར་བ་ཐུན་མོང་འགྲོ་ལ་སད་བྱེད་རྟེན། །རྣམ་དག་རྒྱུད་གཞུང་གྲུབ་པའི་མན་ངག་བཞིན། །འཁྲུལ་མེད་ཆོ་གའི་སྒོ་འཕར་ལ་བརྟེན་ནས། །སྲིད་ཞིའི་དགེ་ལེགས་མ་ཚང་མེད་པའི་གཏེར། །འདོད་དགུའི་དཔལ་གྱི་མཆོག་སྦྱིན་བྱེད་པ་བྱུང་། །གང་ཡང་མང་པོའི་ཚིག་གིས་མ་རྙོགས་ཤིང་། །བརྗོད་དོན་འབྲས་བུའི་དཔལ་གྱིས་ཡོངས་ལྕི་བ། །ལེགས་བཤད་དགེ་ལེགས་འདོད་པ་ཀུན་འཇོ་བའི། །དཔག་བསམ་ཡོངས་འདུའི་བྱེད་པོར་འདི་གྱུར་ཅིག །རབ་ཏུ་གནས་པར་བྱེད་པའི་ཆོ་ག་དགེ་ལེགས་འདོད་འཇོ་ཞེས་བྱ་བ་རྡོ་རྗེ་ཐེག་པ་བཀའ་གཏེར་གྱི་རྒྱུད་གཞུང་ལས་བསྟན་པ་རྣམས་ཀྱི་དོན་སྙིང་པོར་བཟུང་། གསང་བ་སྤྱི་ལ་འཇུག་པའིི་ཆོ་གའི་ཡན་ལག་བརྗོད་བདེ་བ་དག་གིས་མི་འགལ་བར་བརྒྱན་ཏེ་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་བརྗོད་པའི་ཡི་གེ་པ་ནི་རིག་བྱེད་འཛིན་པའི་སྡོམ་བརྩོན་ཨོ་རྒྱན་དཔལ་འབྱོར་གྱིས་གུས་པར་བགྱིས་པའོ།། །།

རྟེན་ལ་རབ་གནས་སྒྲུབ་པའི་ཆོ་གའི་སྙིང་པོ་དགེ་ལེགས་དཔལ་འཕེལ།

རྟེན་ལ་རབ་གནས་སྒྲུབ་པའི་ཆོ་གའི་སྙིང་པོ་དགེ་ལེགས་དཔལ་འཕེལ་བཞུགས། ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། འདིར་རྒྱལ་བའི་གསང་བ་གསུམ་གྱི་སྒྱུ་འཕྲུལ་མཚོན་བྱེད་རྟེན་དམ་ཚིག་པ་ལ་ཡེ་ཤེས་པ་གཞུག་ཅིང་བརྟན་པའི་ཆོ་ག་ནི་རྒྱུད་སྡེ་རྣམས་ལས་གསུངས་པའི་དོན་བཞིན་གྲུབ་པའི་སློབ་དཔོན་རྣམས་ཀྱིས ལེགས་པར་བཀྲལ་བའི་དགོངས་དོན་ལྟར་རབ་གནས་བྱེད་པ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ། མཚན་ཉིད་དང་ལྡན་པའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས། རབ་ཏུ་གནས་པ་ལ་བསྔགས་པའི་དུས་བཟང་པོ་དང་ལྡན་པ་ལ། ཚུལ་མཐུན་གྱི་གནས་སུ་དགེ་བར་བཤམས་ཞིང་། སྟོན་འཁོར་ཕུན་སུམ་ཚོགས་པ་རྣམས་ཀྱིས་དཀྱིལ་འཁོར་བཀོད་ཅིང་མཆོད་པའི་ཡོ་བྱད་གྱ་ནོམས་པ་དང་། རབ་ཏུ་གནས་བྱེད་ཀྱི་རྫས་བུམ་པ། འདག་ཆས། མེ་ཏོག་སོགས་ཇི་ལྟ་འོས་པའི་ཡོ་བྱད་འདུ་བྱས་ཏེ། དཀྱིལ་འཁོར་གང་ལ་མོས་པའི་ལྷ་ཡི་ལས་གཞུང་ཚུལ་བཞིན་བསྲངས་ཏེ་བདག་མདུན་གྱི་བཟླས་པ་སོང་ནས། སྐབས་འདིར། རྒྱས་པར་གཟུངས་བུམ་དང་། འདི་ཟུར་དུ་ཤེས། རྣམ་བུམ། ལས་བུམ་གསུམ་དང་། ཁྲུས་བུམ་བརྒྱད་འདིའང་ཟུར་དུ་ཤེས་མཆན། དེ་བཅུ་གཅིག་སོ་སོར་སྒྲུབ་པའམ། ཁྲུས་བུམ་ལྔའམ་གཅིག་ལ་ཁྲུས་སྤྱི་ཁྱབ་དུ་སྒྲུབ་པ་བྱས་ཀྱང་རུང་ལ། མདོར་བསྡུས་ན། གཙོ་བུམ་ལས་བུམ་གཉིས་ཀྱིས་འཐུས་པས་བུམ་པ་དེ་གཉིས་བསང་སྦྱང་བྱས་ལ། དང་པོར། རྣམ་རྒྱལ་བུམ་པའི་གཟུངས་ཐག་སེར་པོ་འཇུས་ནས། རིན་ཆེན་བུམ་པ་མཚན་ཉིད་རབ་ལྡན་པ། །བདུད་རྩིའི་ཆུ་ཡིས་གང་བའི་དབུས་ཉིད་དུ། །རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །མ་འདྲེས་ཡོངས་རྫོགས་ཆུ་ཟླའི་ཚུལ་དུ་གསལ། །རང་ཐུགས་སྔགས་འོད་གཟུངས་ཐག་ལ་འཁྲིལ་ཏེ། །བུམ་ལྷའི་རྒྱུད་བསྐུལ་འོད་ཟེར་འཕྲོ་འདུ་ཡིས། །དོན་གཉིས་བསྒྲུབ་ཅིང་སྐུ་ཡི་ཆ་ཀུན་ནས། །བྱང་སེམས་བདུད་རྩིའི་རྒྱུན་བབ་བུམ་པ་གང་། །ཞེས་དམིགས་ལ། ལྷ་གང་ཡིན་གྱི་རྩ་སྔགས་ལ་ཤམ་བུ་དབྱངས་གསལ་རྟེན་སྙིང་སུ་པྲ་ཏིཥྛ་རྣམས་སྦྲེལ་བ་ཅི་ནུས་བཟླ། དེ་བཞིན་དུ། ལས་ཀྱི་བུམ་པར་པད་ཉིར་ཧཱུྃ་ཡིག་ལས། །ཁྲོ་བོ་བདུད་རྩི་འཁྱིལ་བ་གསལ་བ་ཡི། །སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ། །ཡོངས་སུ་བབ་པས་བུམ་པ་གང་བར་གྱུར། །ༀ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་དང་། ཨ་བྷི་ཥེ་ཀ་སོགས་ཅི་ནུས་བཟླ། མཐར་མཆོད་ཅིང་བསྟོད་ལ་ཡིག་བརྒྱས་ནོངས་པ་བཤགས། ༀ་ཨཱཿཧཱུྃ་གིས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས་ལྷ་རྣམས་འོད་དུ་ཞུ་བ་བུམ་པའི་ཆུ་དང་དབྱེར་མེད་གྱུར་པར་བསམས་ལ། རིག་པའི་མེ་ཏོག་དོར་བ་ཙམ་གྱིས་བདག་ཉིད་འཇུག་པར་བྱའོ། །ཁྲུས་བུམ་བརྒྱད་སྒྲུབ་ན་འདིར་བྱ། དེ་ལྟར་སྔོན་འགྲོ་ལྷ་བསྒོམ་སྔགས་བཟླས་བུམ་པ་སྒྲུབ་པ་གསུམ་སོང་ནས། གཉིས་པ་རབ་གནས་དངོས་ཀྱི་ཆོ་ག་ལ་རྣམ་གྲངས་བཅུ་གཅིག་ལས། དང་པོ་བགེགས་སྦྱང་བ་ལ། བགེགས་ག ཏོར་བཤོས་བུ་གསུམ་རེ་རེ་ནས་རྟེན་ལ་བསྐོར་ཞིང་། ༀ་སརྦ་སིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་བརྗོད་པ་ཞི་བས་སྦྱང་བ། ཏིང་ལོ་དང་ཆང་བུས་བསྐོར་ཞིང་ཧཱུྃ་བཞིའི་སྔགས་བརྗོད་པ། ཞི་དྲག་ཕྱེད་མས་སྦྱང་བ་བྱས་ལ། དྲག་པོས་སྦྱང་བ་ནི། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུྃ་མཛད་ཁྲོ་བོའི་རྒྱལ་པོའི་སྐུར་གྱུར་པའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་ཁྲོ་བོའི་སྤྲིན་རབ་འབྱམས་དཔག་ཏུ་མེད་པ་སྤྱན་དྲངས། ༀ་བཛྲ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་སོགས་ཀྱིས་བསྟོད་ལ། བདེན་སྟོབས་བརྗོད་ལ། རིག་པ་འཛིན་པ་བདག་གིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་རབ་ཏུ་གནས་པར་བགྱིད་པ་ལ་བར་དུ་གཅོད་པའི་འབྱུང་པོ་གདུག་པ་ཅན་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། སུམ་བྷ་ནི་བརྗོད་ཅིང་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། རོལ་མོའི་ཚམ་རྔམས་བཅས་པས་བགེགས་རྣམས་བསྐྲད་པར་བྱའོ། །སྐབས་འདིར་རྟེན་གྱི་མི་ཤིས་པ་སྦྱངས་པ། ཆང་བུ། ཞོ་ཟན་ཡུངས་ཀར་གསུམ་གྱིས་བསྐོར་ཞིང་མེ་ཆུས་སྦྱངས་པ་དང་། བདག་དང་སྦྱིན་བདག་གི་སྡིག་པ་སྦྱང་བའི་ཕྱིར། ཏིལ་མེ་ཆུར་དོར་བ་རྣམས་རྒྱས་སྤྲོས་སུ་འདུག་ཀྱང་། བསྡུ་ན་རྩ་བའི་ས་བཅད་གཉིས་པ་བུམ་ཁྲུས་ལ་ཡང་། རྒྱས་པར་སྤྲོ་ན་སྐུ་གཟུགས་བཀྲུ་བའི་འདག་ཆལ་གྱི་རྫས་ནི། ནྱ་གྲོ་དྷ། ཨུ་དུམྦར། པླཀྴ། བི་ས་ཝ་ཤ །གནྡྷ་མུཎྜ་སྟེ་འོ་མ་ཅན་གྱི་ཤིང་གི་ཤུན་པ་ལྔ་ལ་བཤད་ཀྱང་བོད་དུ་འབྱོར་དཀའ་བས་དེའི་ཚབ་ཏུ་བ་ལུ་འོམ་བུ་ལྕང་དཀར། ཤུག་པའམ་ཙན་དན་དཀར་པོའི་ཤུན་པ་ལྔ་ཡི་འདག་ཆལ་གྱིས་བྱུགས་ནས་བཀྲུ་བ་དང་། ཡང་བ་བྱུང་ལྔ་དང་དྲི་བཟང་སྦྱར་བ་དང་། ཡང་སྐྱུ་རུ་ར་དང་ཡུང་བའི་ཕྱེ་མ་སོགས་སྦྱར་བའི་འདག་ཆལ་གྱིས་བྱུགས་ཤིང་མཉེན་ནས་བཀྲུ་བར་གསུངས་ཀྱང་། དེ་ཙམ་མ་འབྱོར་ན་སློབ་དཔོན་ཀུན་སྙིང་གིས། སུག་པ་དང་ནི་སྲན་ཕྱེ་དང་། ཀུ་ཤ་བ་ཡི་རྣམ་པ་ལྔ། དེ་ལྟར་སོ་ཕག་ལ་སོགས་པས། ཁྲུས་ནི་བྱ་བར་གསུངས་པ་སྟེ། ཞེས་པ་དང་། དཱུརྦའི་པིར་ཙམ་མ་འཛོམ་ཐབས་མེད་དོ། །སོ་སོར་མ་བྱས་ན་འདག་ཆལ་གྱི་རྫས་རྣམས་བསྡོམ་པ་དུརྦའི་ཤིང་གི་རྩེ་མོ་བརྡུང་གསེད་ཙམ་བྱས་པའི། མཆན། དུརྦའི་པིར་གྱིས་བྱུག་ཚུལ་བྱས་ལ་རྟེན་རྣམས་ཀྱི་གཟུགས་བརྙན་མེ་ལོ ང་ལ་ཤར་བར་དང་པོ་གཙོ་བུམ་ཐོགས་ལ་ཁྲུས་ཁང་བསྐྱེད་ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱས་རྗེས། ༀ་བཛྲ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བརྗོད། དེ་ནས་དྲིལ་ཕྱིས་ཀྱི་རྫས་ཤུན་ལྤགས་ལྔའམ་སྲན་དཀར་གྱི་ཕྱེ་མས་དྲིལ་ཞིང་ཕྱི་བར་བྱས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། ཞེས་བརྗོད་དེ་དངོས་སུ་བཀྲུ་མི་རུང་བ་ལ་དྲིལ་ཕྱིས་ཀྱི་ཚུལ་ཙམ་བྱ་ཞིང་དྲི་མ་ཐམས་ཅད་དག་པར་བསམ། བསྐུ་མཉེའི་རྫས། ཙནྡ་དཀར་དམར། གུར་གུམ། ཨ་ག་རུ། ག་བུར་སོགས་དྲི་བཟང་པོ་དང་ལྡན་པའི་ཏིལ་མར་གྱིས་བྱུགས་པའམ་བྱུག་ཚུལ་བྱས་ལ། ༀ་བཛྲ་གནྡྷེ་སྭཱ་ཧཱ། ཞེས་བརྗོད་པར་བྱའོ། དེ་ནས་ཁྲུས་བུམ་བརྒྱད་སྔར་བསྒྲུབ་ཡོད་ན། འདི་ནི་ཁྲུས་མཆོག །ཇི་ལྟར་བལྟམས་པ། འདི་ནི་སྦྱིིན་པའི་སོགས་ཕྱིན་དྲུག་གི་ཚིག་བཅད་བཅས་ཚིག་བཅད་བརྒྱད་པོ་རེ་རེའི་མཐར། སོ་སོའི་སྔགས་དང་བཅས་པས་བཀྲུ་ཞིང་། དེ་རེ་རེའི་མཐར་ཡང་། དྲིལ་ཕྱིས་ཀྱི་ཚུལ་དང་། སྐུ་ཕྱི། བསྐུ་མཉེ་གསུམ་རེ་སྔགས་ཙམ་གྱིས་བྱ་བ་བླ་མ་གོང་མའི་ཕྱག་བཞེས་ལ་མཛད་མཐར་དེ་ནས་དེ་ལ་སོགས་ཀྱིས་ན་བཟའ་ཕུལ་ཏེ། ༀ་བཛྲ་ཝསྟཱ་ཡ་སྭཱཧཱ། ཞེས་བརྗོད། དེ་དག་གི་བར་སྐབས་རྣམས་སུ་ན་ཆུང་རྣམས་ཀྱིས་རོལ་མོ་བྱ་བ་དང་སྤོས་ཀྱིས་བདུག་ཅིང་ཤིས་བརྗོད་ཅི་རིགས་སུ་བྱའོ། །ཞེས་གསུངས། ༈ དེ་ལྟར་མ་ལྕོགས་ན་བུམ་རྫས་ཉེར་ལྔ་ལྡན་པའི་བུམ་པ་གཅིག་སྔར་བསྒྲུབ་ཟིན་ནས་སྐབས་འདིར། ཁྲུས་ཀྱི་ཁང་པ་སོགས་ཀྱི་ལྷ་སྐྱེད་ལ། ཇི་ལྟར་བལྟམས་པ་སོགས་ཁྲུས་སྔགས་བཅས་པས་རྟེན་གྱི་གཟུགས་བརྙན་མེ་ལོང་དུ་ཤར་བ་ལ་ཁྲུས་གསོལ་བའི་ཆུ་དེ་སླར་ཡང་བུམ་པར་བླུགས་ལ། དུརྦཱའི་པིར་གྱིས་རྟེན་རྣམས་ལ་འདག་ཆལ་གྱི་རྫས་བྱུག་ཚུལ་བྱས་ནས་འདི་ནི་ཁྲུས་མཆོག་དང་། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དང་གོང་གི་བཛྲ་ཨ་བ་ར་ཎ་སོགས་ཀྱི་སྔགས་བརྗོད་དེ། ཁྲུས་ཆུ་འཐོར་ཞིང་གཟུགས་བརྙན་བཀྲུ། གཞན་ཡང་སྤྲོ་ན་རྣམ་འཇོམས་སྨེ་བརྩེགས་འབྱུང་ལྔའི་ཁྲུས་སྔགས་སོགས་བཟླས་པས། མི་གཙང་བ་དང་བགེགས་དང་མི་ཤེས་པ་ཐམས་ཅད་ཡོངས་སུ་དག་པར་བསམ་མོ། །དེ་ནས་དྲིལ་ཕྱིས་ཀྱི་རྫས་བྱུག་ཚུལ་བྱས་ཏེ། སརྦ་ཏ་ཐཱ་སོགས་གོང་གི་སྔགས་བརྗོད་ཅིང་དྲིལ་ཕྱི་བྱ། དེ་དག་སྐུ་ལ་སོགས་ཀྱིས་སྐུ་ཕྱི་ཞིང་དྲིལ་ཕྱིས་ཀྱི་སྔགས་དེ་བརྗོད། དྲི་བཟང་དང་བཅས་པའི་ཏིལ་མར་གྱིས་བྱུག་ཚུལ་བྱས་ལ། སྟོང་གསུམ་ཀུན་ཏུ་དྲི་ངད་སོགས་ཚིགས་བཅད་དང་བཛྲ་གནྡྷེའི་སྔགས་བཅས་པས་བསྐུ་མཉེ་བྱ། དེ་ནས་དེ་ལ་སོགས་ཀྱིས་ན་བཟའ་འབུལ་བས་འཐུས་སོ། །ཤིན་ཏུ་བསྡུ་ན་འདག་ཆལ་གྱི་རྫས་སོགས་མེད་ཀྱང་། རྟེན་གྱི་གཟུགས་བརྙན་ལ། ཇི་ལྟར་བལྟམས་སོགས་ཚིགས་བཅད་ཁྲུས་སྔགས་བཅས་ཁྲུས་བྱ་ཞིང་། སྐུ་ཕྱི། བསྐུ་མཉེ། ན་བཟའ་འབུལ་བ་རྣམས་སྔགས་ཙམ་གྱིས་བྱས་པས་ཆོག་གོ། །དེ་ནས་རྟེན་དངོས་སུ་བཀྲུ་བ་སོགས་བྱས་པ་རྣམས་སྔགས་འདིས་དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ་བར་བྱ་སྟེ། ༀ་བཛྲཱ་བྷཱ་བ་སེ་སྭཱ་ཧཱ། དེ་ལྟར་མིན་ཡང་སྔགས་དེས་བཞུགས་སུ་གསོལ་ལ། ༀ་ཧཱུྃ་ཨཱོཾ་ཛིཾ་ཁཾ། ཞེས་པས་ཅོད་པན་བཅིངས་པའམ་འཆིང་ཚུལ་བྱ་ཞིང་གདན་ལ་དྲང་པོར་བཞུགས་སུ་གསོལ་བར་བྱའོ། །རྩ་བའི་ས་བཅད་གསུམ་པ་རྟེན་བསྐྱེད་པ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ། སྐུ་རྟེན་རྣམས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། སྤྱན་མ་དཀར་མོ་འཁོར་ལོ་དང་། དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། གླེགས་བམ་རྣམས་རྨ་བྱས་བཏེགས་པའི་ཁྲི་པད་ཉི་ཟླ་བར་ཨཱཾ་ལས་པདྨ་དམར་པོ་ཨཱཾ་གིས་མཚན་པ་ལས་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། གོས་དཀར་མོ་པདྨ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཕྱག་མཚན་རྣམས་གླང་པོ་ཆེས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་དབྱིངས་ཕྱུག་མ་སྔོན་མོ་རྡོ་རྗེ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། རིན་པོ་ཆེའི་རྒྱན་སོགས་རྟ་མཆོག་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བར། སྭཱ་ལས་རིན་ཆེན་སེར་པོ་སྭཱས་མཚན་པ་ལས། རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་བསྣམས་པ། ཡུམ་མཱ་མ་ཀཱི་སེར་མོ་རིན་པོ་ཆེ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། གོ་ཆ་དང་རྫས་སོགས་ཤང་ཤང་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉིད་ཟླ་བར། ཧཱ་ལས་རལ་གྲི་ལྗང་གུ་ཧས་མཚན་པ་ལས་དོན་གྲུབ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པ། ཡུམ་དམ་ཚིག་སྒྲོལ་མ་ལྗང་མོ་རལ་གྲི་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། སྟེ་དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན་རིགས་ལྔར་ཕྱེས་ལ་སོ་སོར་བསྐྱེད་པ་དེ་གང་རུང་རེའམ། ལྔ་ཀ་དགོས་ནའང་དེ་ལྟར་བྱ། གཞན་ཡང་མཆོད་རྟེན་དང་གཙུག་ལག་ཁང་སོགས་རྣམ་སྣང་དུ་བསྐྱེད་པར་ཡང་གསུངས། དེ་ལྟར་རིགས་དབྱེ་འམ། ཡང་ན། རྟེན་གང་ཡང་རུང་སྟེ་དེ་ཉིད་སྒྲུབ་དཀྱིལ་གང་ལ་བརྟེན་པའི་མདུན་བསྐྱེད་ལྟར་བསྐྱེད་ཀྱང་རུང་སྟེ། ལྷ་ཐམས་ཅད་ཡེ་ཤེས་ཀྱི་དབྱིངས་སུ་ཐ་དད་མེད་པའི་ཕྱིར་རོ། །རིགས་ལྔ་པོ་གང་བསྐྱེད་ཀྱང་། ལྷ་དེ་དག་ཞི་འཛུམ་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ། དར་དང་རིན་པོ་ཆེའི་རྒྱན་ཀུན་གྱིས་བརྒྱན་ཞིང་འོད་ཟེར་མུ་མེད་པར་འཕྲོ་བའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་བྱ། བཞི་པ་ཡེ་ཤེས་པ་སྤྱན་དྲངས་པ་ནི། བདག་དང་རྟེན་གྱི་ལྷའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་རྣམ་པར། ༀ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ། རྡོར་དྲིལ་སྤོས་བཅས། མ་ལུས་སེམས་ཅན་ཀུན་གྱི་མགོན་སོགས་ཀྱིས་ཚིགས་སུ་བཅད་པ་དང་། ཇི་ལྟར་སངས་རྒྱས་རྣམས་ནི་དགའ་ལྡན་ནས། །སྤྲུལ་པ་དམ་པ་ཏོག་དཀར་ལྷ་ཡི་བུས། །མི་ཕམ་མགོན་ལ་རྒྱལ་ཚབ་དབང་བསྐུར་ནས། །གཟིགས་པ་རྣམ་ལྔས་འཛམ་གླིང་ཀུན་གཟིགས་ཤིང་། །གླང་ཆེན་ཐལ་དཀར་སྟབས་གཤེགས་ལྷུན་ཞུགས་ལྟར། །རྡོ་རྗེ་རིན་ཆེན་པདྨའི་རིགས་མཆོག་དང་། །ལས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་རིགས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས། །དུས་འདིར་བདག་གིས་དད་པས་སྤྱན་འདྲེན་ན། །རྟེན་མཆོག་འདི་ལ་བྱོན་པར་མཛད་དུ་གསོལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །འདི་རུ་མགོན་པོ་རྟག་བཞུགས་ནས། །རྗེས་སུ་བརྩེ་བར་མཛད་དུ་གསོལ། །པདྨ་ཀ་མ་ལཱ་ཡ་སྟྭཾ། གདན་འབུལ་ལ། དྲི་མེད་ཡིད་འོང་ལྷ་རྫས་ལས་བྱུང་བའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད་པར་བགྱི། །ༀ་བཛྲ་ཨརྒྷཾ་པདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝི་ཏེ་ཤཔྡ་པྲ་ཏིཙྪ་སྭཱ་ཧཱ་ས་མཆོད་ནས། ལྔ་པ་ཡེ་ཤེས་པ་དགུག་གཞུག་བསྟིམ་པར་བྱ་བ་ནི། སོ་སོའི་ཕྱག་རྒྱ་བཅས། ༀ་བཛྲ་ཨངྐུ་ཤ་ཛཿ ཞེས་ཉེ་བར་དགུག །ༀ་བཛྲ་པཱ་ཤ་ཧཱུྃ། ཞེས་པས་རྟེན་ལ་གཞུག །ༀ་བཛྲ་སྥོ་ཊ་བཾ། ཞེས་པས་དབྱེར་མེད་བཅིང་། ༀ་བཛྲ་ཨཱ་བེ་ཤ་ཡ་ཧོ། ཞེས་རོ་གཅིག་དུ་དགྱེས་པ་བསྐྱེད་པར་བསམ་མོ། །དྲུག་པ་རྒྱས་གདབ་པ་ནི། རབ་ཏུ་གནས་བྱའི་ལྷ་རྣམས་ཀྱི་གནས་གསུམ་དུ་འཁོར་ལོ་པདྨ་རྡོ་རྗེ་ལ་གནས་པའི་ཡི་གེ་འབྲུ་གསུམ་གྱིས་མཚན་པར་གསལ་ལ། རྡོ་རྗེ་རྩེ་ལྔ་རྩེ་གསུམ་རྩེ་གཅིག་པའི་ཕྱག་རྒྱ་གནས་སོ་སོར་གཏད་དེ། ༀ་དཔལ་ལྡན་སངས་རྒྱས་སྐུ་གསུང་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །གསུང་ཐུགས་དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་གསུང་གི་ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཝཱ་ཀ་ཙིཏྟ་ཡ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་དང་དེ་བཞིན་གསུང་དང་ཐུགས་ལ་ཁ་བསྒྱུར་ཤེས་པར་བྱ། བདུན་པ་དེ་ལ་དབང་བསྐུར་བ་ནི། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དབང་གི་ལྷ་དེ་བཞིན་གཤེགས་པ། རིགས་ལྔ་ཡབ་ཡུམ་དང་སྲས་སུ་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ། ༀ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་སོགས་ཚིགས་བཅད་ཀྱིས་བསྟོད་ནས། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལའང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་དབྱངས་བརྗོད། ལྷ་མོ་རྣམས་ཀྱི་གདུགས་དང་བ་དན་ལ་སོགས་པ་བསྒྲེངས་ཤིང་རོལ་མོའི་སྒྲ་དང་བཅས་པས་མཆོད་རྫས་ཀྱི་ཆར་འབེབས། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པའི་ལས་མཛད་པར་བསམ་ལ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་བསྐྱེད་མཛད་བདེ་བ་ཆེན་པོ་སྟེ། དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་དང་། ཇི་ལྟར་བལྟམས་སོགས་ནས། དེ་བཞིན་བདག་གིས་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རྣམ་སྣང་སོགས་རིགས་ཀྱི་བདག་པོར་གྱུར་པའི་རིགས་ལྔས་དབུ་རྒྱན་པར་བསམ། ༀ་ཧཱུྃ་ཏྲཾ་ཧྲཱི་ཨཱཿཔཉྩ་ཀུ་ལ་མུ་ཀུ་ཊ་ཨ་བྷི་ཥཱིཉྩ་མཾ། ཞེས་དབུ་རྒྱན་གྱིས་དབང་བསྐུར། ༀ་ཊུཾ་ཞེས་གོ་བགོ་ༀ་བཛྲ་ཏུཥྱ་ཧོ། ཞེས་ཐལ་མོས་མཉེས་པར་བྱའོ། །སྤྲོ་ན། དངོས་སུ་འབྱོར་དང་ཡིད་ཀྱིས་སོགས་ཚིགས་བཅད་སྔགས་བཅས་ཀྱིས་མཆོད་པ་དང་ཆོས་སྐུ་ནམ་མཁའ་སོགས་ཀྱིས་བསྟོད་པ་བྱ། བརྒྱད་པ་སྤྱན་དབྱེ་བ་ནི། གསེར་ཐུར་གྱིས་དབྱེ་བའི་ཚུལ་དང་བཅས། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ལ་ཡེ་ཤེས་སྤྱན། །སེམས་ཅན་དོན་དུ་དབྱེ་བར་བྱ། །ༀ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ༀ་དྷྱཱ་ན་ས་མཱ་དྷི་པྲཱི་ཎ་ནེ་སྭཱ་ཧཱ། སྤྱན་འབྱེད་སྔགས་རྗེས་རབ་གནས་རྒྱུད་ན་སྔགས་འདི་འདུག་དཔྱད། ཐུགས་ཏིང་ངེ་འཛིན་ལ་བཞུགས་བསྔགས་སམ་སྙམ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཞིང་སེམས་ཅན་གྱི་དོན་ལ་གཟིགས་པ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག །ཞེས་བརྗོད་རྒྱས་པར་སྤྲོ་ན་རྣ་བྲུད་ཀྱིས་སྙན་དབྱེ་བ། རྨང་ཚེར་གྱིས་ཤངས་དབྱེ་བ། ཐུར་མ་ཐོགས་ཏེ་ཞལ་དབྱེ་བ། ཚེམས་ཤིང་གིས་ཚེམས་དབྱེ་བའི་ཚིགས་བཅད་སོ་སོའི་སྔགས་བཅས་བརྗོད་ཅིང་སྐྱེ་མཆེད་གསལ་བའི་རྟེན་འབྲེལ་འདོད་ཡོན་ལྔའི་མཆོད་པའང་བྱ་བར་གསུངས། མདོར་ན་སྐུ་གཟུགས་དེ་ཉིད་རྣམ་ཀུན་མཆོག་ལྡན་གྱི་སྐུ་འགྲོ་བའི་དོན་ལ་གཟིགས་པ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་མོས་པར་བྱའོ། །དགུ་པ་རྟེན་བསྒྱུར་བ་ནི། སློབ་དཔོན་གྱིས་རྡོ་རྗེ་བཅས་པའི་ཐལ་མོས་རྟེན་གྱི་གཟུགས་བརྙན་མེ་ལོང་ངོས་སུ་ཤར་བ་ལ་རེག་ཅིང་སེ་གོལ་གྱིས་སྒྲས་མཚོན་པས། ༀ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པ ས། བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་ལས་རྟེན་སོ་སོའི་སྣང་བརྙན་གསལ་ལ་མ་འདྲེས་ཡོངས་སུ་རྫོགས་པའི་མཐུ་བྱིན་དང་ལྡན་པར་གྱུར་པར་བསམ། བཅུ་པ་མངའ་དབུལ་ལ་བཞི་ལས། དང་པོ་སྤྱིར་མཆོད་བསྟོད་ཀྱིས་མངའ་དབུལ་བ་ནི། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་ཉེར་སྤྱོད་ཀྱི་མཆོད། རབ་འབྱམས་རྒྱ་མཚོ་མའམ། ཆུ་དང་ཐང་ལས་སྐྱེས་སོགས་རབ་གནས་རྒྱུད་ཀྱི་མཆོད་པའི་ཚིགས་བཅད་དང་། དེ་ནས་རྒྱལ་སྲིད་བདུན། འདོད་ཡོན་ལྔ། རིག་མ་བཅུ་དྲུག་རྣམས་རྒྱས་བསྡུས་ཀྱི་ཚིགས་བཅད་ཅི་རིགས་པས་མཆོད ། གཞན་ཡང་རྒྱུད་སྡེ་གོང་མ་འབྲེལ་བའི་ཆོ་ག་ཡིན་ན་སྨན་རག་གཏོར་གསུམ་སོགས་ནང་དང་གསང་མཆོད་དང་ཚོགས་མཆོད་ཀྱང་ཕུལ་བར་བྱའོ། །བསྟོད་པ་ནི་རྒྱས་བསྡུས་ཅི་རིགས་དང་། མཉམ་མེད་མས་བསྟོད་པར་བྱའོ། །གཉིས་པ་བྱེ་བྲག་ཉེར་མཁོའི་མངའ་དབུལ་ལ། མཎྜལ། སོ་བདུན་མ། དྲིའི་བྱུག་པ། སྟོང་གསུམ་ཀུན་ཏུ་ན་བཟའ་སྣ་ཚོགས་དབང་པོའི། རྒྱན་འབུལ་བ་རྒྱལ་བ་མཚན་དཔེའི་བཞི་རྒྱས་བསྡུས་ཅི་རིགས་བྱས་པས་ཆོག་ལ། སྐབས་འདིར་རྒྱན་ནམ་ཡོ་བྱད་ཀྱི་བྱེ་བྲག་རྒྱས་སྤྲོས་སུ། གདུགས་དང་རྒྱལ་མཚན་བ་དན་བླ་བྲེ་དང་། །དར་འཕན་རོལ་མོ་མཆོད་པའི་སྒྲ་དབྱངས་བཅས། །བཀྲ་ཤིས་རྫས་རྟགས་བརྒྱད་སོགས་སྣ་ཚོགས་རྫས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །འབྲེག་སྤྱད་ཆོས་གོས་ཆུ་ཚག་ལྷུང་བཟེད་སོགས། །ཆགས་བྲལ་རྣམས་ཀྱི་ཉེར་མཁོ་ཇི་སྙེད་དང་། །སོ་མང་ཁབ་སྙུང་གྲི་གུ་ཆུ་གྲི་སོགས། །ཆགས་བཅས་ཚུལ་འཆང་རྣམས་ཀྱི་ཡོ་བྱད་དང་། །དུར་ཁྲོད་རྒྱན་དང་གདན་ཁྲི་མེ་དཔུང་སོགས། །ཁྲོ་བོ་མཉེས་བྱེད་དྲག་པོའི་འདོད་ཡོན་ཚོགས། །ཁྲི་དང་ན་བཟའ་གླེགས་ཤིང་གླེགས་ཐག་སོགས། གསུང་རྟེན་གླེགས་བམ་རྣམས་ཀྱི་ཡོ་བྱད་དང་། །སྲོག་ཤིང་འཁོར་ལོ་ཅོད་པན་འཕན་དང་གདུགས། །རྒྱལ་མཚན་མེ་ཏོག་ཕྲེང་བ་གདན་ཁྲི་སོགས། །མཆོད་རྟེན་རྣམས་ལ་འོས་པའི་ཡོ་བྱད་བཅས། །རྣམ་མང་མཆོད་པའི་སྤྲིན་ཕུང་དབུལ་བར་བགྱི། །ཞེས་པ་འདི་ཙམ་གྱིས་ཕུལ་བར་མོས་པ་བྱ། སྤྲོ་ན་སོ་སོའི་ཚིགས་བཅད་རབ་གནས་ཀྱི་ཆོ་ག་རྒྱས་པ་རྣམས་ལས་འབྱུང་བ་ལྟར་བྱ། འདི་དག་སྐུ་གསུང་ཐུགས་རྟེན་ཡོངས་རྫོགས་ཀྱི་གཙུག་ལག་ཁང་ལྟ་བུའི་རབ་གནས་ཀྱི་སྐབས་སུ་དེ་ལྟར་མཛད་ཅིང་མ་བྱས་ཀྱང་ཆད་སྐྱོན་མེད། གོང་གི་མཆོད་པ་ཐམས་ཅད་བསྡུ་ན། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ༀ་ཨཱ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ། ཞེས་བརྗོད་པས་ཆོག་གོ། །གསུམ་པ་ཙཱ་རུའི་ཞལ་ཟས་ཀྱི་མངའ་དབུལ་བ་ནི། རྒྱས་པར་སྦྱིན་སྲེག་དང་འོ་ཐུག་འབུལ་བ་ནི། རབ་ཏུ་གནས་བྱའི་རྟེན་དང་ཉེ་བར་འཚམ་པར། རྒྱས་པར་ཐབ་ཁུང་དུ་རྒྱས་པའི་སྦྱིན་སྲེག་རྒྱས་བསྡུས་ཅི་རིགས་བྱས་ལ་དེའི་ཚེ་དེར་བསྐྱེད་པའི་ལྷ་རྣམས་ལ་རབ་ཏུ་གནས་པར་བྱས་པའི་ལྷ་རྣམས་སྤྱན་དྲངས་ནས་སྦྱིན་སྲེག་གི་མཆོད་པ་འབུལ། གྲུབ་ནས་གཤེགས་གསོལ་དུས་རྟེན་རྣམས་ལ་སླར་བཅུག །ལྷར་སྦྱིན་སྲེག་གྲུབ་པའི་ཐབ་ཀྱི་མེ་དེ་ཉིད་ལས། ལྕགས་ཐབ་ལྟ་བུའི་སྟེང་དུ་འབྲས་དང་འོ་མ་དང་སྦྲང་རྩི་ཀ་ར་བཅས་པ། སློབ་དཔོན་གྱིས་བླུགས་གཟར་གྱིས་དཀྲུགས་ཤིང་བསྐོལ་ལ། དཔོན་སློབ་ཀུན་གྱིས་ལྷ་ཡི་རྩ་སྔགས་བཟླ་བཞིན་འོ་ཐུག་ལེགས་པར་བསྐོལ་བའི་ཕུད་ཙ་རུའི་བཟའ་བར་ལྷ་ལ་ཕུལ་བའི་ལྷག་མ་མཆོད་ཡོན་ཀུན་ལ་འོག་གི་ཡོན་བདག་བསྒོ་བའི་སྐབས་སུ་ཞལ་བསྲོའི་ཚུལ་དུ་བསྟབ་པར་བྱ་བ་ཡིན་ནོ། །དེ་ལྟར་སྦྱིན་སྲེག་དང་འོ་ཐུག་བསྐོལ་བ་མ་གྲུབ་ན། ལྷ་བཤོས་གཙང་མ་ཟས་སྣ་བཟང་དགུས་བསྐོར་བ་བཤམས་པ་དབུལ་བས་ཆོག །དེ་གཉིས་གང་ལྟར་ཡང་ཆབ་བྲན་ལ་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པས། རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷ་རྫས་ཀྱི་ཞལ་ཟས་འདོད་ཡོན་གྱི་ངོ་བོ་ཟད་མི་ཤེས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཅེས་པས་དབུལ། སྔར་ཚོགས་མཆོད་ཕུལ་ཟིན་ན་སྐབས་འདིར་ཚོགས་ལ་རོལ། རྡོ་རྗེའི་གླུ་གར་ཀྱང་སྤྲོ་ན་བྱའོ། །བཞི་པ་སྔགས་ཀྱིས་མངའ་དབུལ་བ་ནི། རྟེན་རྣམས་ལ་གཟུངས་ཐག་བཏགས་པའི་སྣེ་ནས་སློབ་དཔོན་གྱིས་བཟུང་སྟེ། རབ་ཏུ་གནས་བྱའི་རྟེན་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་འཕྲེང་འཁོར་བའི་འོད་ཀྱིས་ཕྱོག་བཅུའི་རྒྱལ་བ་སྲས་དང་བཅས་པ་རྟེན་སོ་སོའི་རྣམ་པར་བྱོན་ནས་དེ་ལ་བཞུགས་པར་གྱུར། ཞེས་བརྗོད་ཅིང་བསམ་ལ། བདག་བསྐྱེད་ཀྱི་སྙིང་པོའི་མཐར། ༀ་སུ་པྲ་སྐུ་གཟུགས་དང་། ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་སྦྱར་བ་དང་། ༀ་ཧཱུྃ་ཧྲཱིཿམཆོད་རྟེན་དང་གཙུག་ལག་ཁང་ལ། བྷཱུ་ཁཾ་བཛྲི་ཧ་བ་དྲི་ཌྷ་ཏིཥྛ་བྷྲཱུ་ཁཾ་སྭཱ་ཧཱ། ཞེས་པ་དང་། པུསྟི་ལ་སྔགས་གཉིས་ཀ་དང་། རྟེན་འབྲེལ་སྙིང་པོ་རྣམས་ཅི་ནུས་བཟླ་ཞིང་། ཐམས་ཅད་ལ་ཐུན་མོང་དུ། སྔར་སྒྲུབ་པའི་གཟུང་བུམ་གྱི་ཆུ་རྟེན་སྙིང་བཟླ་བཞིན་མེ་ཏོག་ལ་བྲན་པས་རྟེན་དང་། འདུས་པ་ཐམས་ཅད་ལ་ཁྱབ་པར་འཐོར་ཞིང་།ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་པ་བརྗོད་པར་བྱའོ། །བཅུ་གཅིག་པ་གསོལ་བ་གདབ་པ་ནི། ཡིག་བརྒྱ་ལན་གསུམ་སྔོན་དུ་འགྲོ་བས། མེ་ཏོག་དམ་པ་སོགས་ཀྱིས་མཆོད། དེ་དག་བསྔགས་པ་སོགས་ཀྱིས་བསྟོད་ལ། རྟེན་ལ་མེ་ཏོག་གི་ཕྲེང་བ་བཏགས་པ་ནས་བཟུང་བའམ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བས་བཏུད་དེ། ཇི་སྲིད་ས་ཆུ་མེ་དང་ནི། །རླུང་གི་བསྐལ་པས་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཞེས་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་སོགས་ཀྱིས་གསོལ་བ་བཏབ་ལ། ལས་སྔགས་བཟླ་ཞིང་རྡོ་རྗེ་བཅས་ལག་གཡས་ཀྱིས། སྐུ་སོགས་ཀྱིས་སྟོད་སྨད་བར་གསུམ་དུ་བསྐོར་ལ། རྟེན་སྙིང་བཟླས་པའི་མེ་ཏོག་འཐོར་བས་བྱིན་རླབས་ཤིན་ཏུ་བརྟན་པར་བྱ་ཞིང་། རྗེས་སུ་མཆོད་བསྟོད་ཀྱང་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་དྲུག་ལས། དང་པོ་གཏོར་མ་གཏོང་བ་ནི། ནང་དུ་རྡོ་རྗེའི་ཆོས་སྲུང་རྣམས་དང་ཕྱི་རོལ་ཏུ་ཕྱོགས་སྐྱོང་འབྱུང་གཏོར་ཅི་རིགས་པ་གཏོང་། གཉིས་པ་སྲུང་མ་བསྒོ་བ་ནི། གནས་དང་རྟེན་དེ་སྲུང་མ་གང་ལ་གཏོད་པར་འདོད་པ་དེའི་གཏོར་མ་ཟུར་དུ་བཤམས་ནས་ཕུལ་ལ། རྡོ་རྗེ་བཀའ་ནན་གྱི་རྒྱ་བཅིངས་ཏེ། ༀ་བཛྲ་རཀྵ་ཧཾ། ཞེས་དང་། རྡོ་རྗེ་རྩེ་ལྔ་པའི་རྒྱ་སྲུང་མེ་དེའི་སྤྱི་བོར་བཞག་པའི་མོས་པས། ༀ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་དམ་ལ་བཞག །རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། གནས་དང་རྟེན་འདི་རྣམས་སྲུང་ཞིང་སྐྱོང་བ་དང་། མཆོད་པ་བསམ་གྱིས་མི་ཁྱབ་པ་རྒྱུན་མི་འཆད་པར་འབྱུང་ཞིང་འགྲོ་བའི་དོན་ཆེན་པོ་འབྱུང་བའི་ཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ་ལོ། །གསུམ་པ་དཀྱིལ་འཁོར་རྗེས་ཀྱི་བྱ་བ་ནི། གཞུང་ལྟར་བྱའོ། །བཞི་པ་ཡོན་བདག་བསྒོ་བ་ནི། བཀྲ་ཤིས་པའི་རྫས་དང་མཆོད་པའི་ཡོ་བྱད་རྣམས་འདུ་བྱས་ཏེ། ཉེ་ལོགས་སུ་ཡོན་བདག་སྟན་བཟང་པོ་ལ་འཁོད་པར། བདེ་གཤེགས་ལྷག་མ་འདི་དག་ནི། །གསོལ་ཟོ་ཞིག་ཀྱང་། ཅིག་སྡིག་པ་བྱང་བར་འགྱུར། །ཞེས་བརྗོད་ཅིང་དཔོན་སློབ་ཐམས་ཅད་ལ་ཙཱ་རུའི་འོ་ཐུག་གམ་ཟས་སྣའི། བཟའ་བ་འགྲིམ། སྤྲོ་ན་སློབ་དཔོན་གྱིས་ལུང་གི་རྒྱབ་སྐྱོར་བཅས་སྐབས་བབ་ཀྱི་བཤད་པས་མཚམས་སྦྱར་བའམ་གང་ལྟར་ཡང་། ཁྱོད་ཀྱིས་ང་ལ་གང་གསོལ་བའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་ཇི་བཞིན་དུ། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱི། །ཅི་བདེ་བར་ནི་མཆོད་པར་བྱོས། །ཁྱོད་ཀྱིས་ང་ལ་གང་གསོལ་བ་བཏབ་པའི་རབ་ཏུ་གནས་པ་དེ་ལེགས་པར་ཚང་བར་བྱས་ཀྱི་ཁྱོད་ཀྱིས་རྟེན་འདི་རྣམས་ལ་ཞག་བདུན་དུ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག །དེ་ནས་ཡང་ཅི་འབྱོར་བའི་མཆོད་པ་རྒྱུན་མི་འཆད་པར་གྱིས་ཤིག །ཅེས་གདམས་པ་དང་། དེས་ཀྱང་དེ་ལྟར་བགྱིད་པའི་འདུན་པས་སྐབས་དེར་རྟེན་གྱི་དྲུང་དུ་མཆོད་པའི་བྱེ་བྲག་རྣམས་ལག་གིས་བསྟར་ཏེ་བཀོད་པས་མཛེས་པར་བཤམས་ལ། དཔོན་སློབ་རྣམས་མགྲིན་གཅིག་པར་མཆོད་པ་རྣམ་བསང་སྦྱང་བྱིན་རླབས་སྔོན་དུ་འགྲོ་བས། རབ་འབྱམས་རྒྱ་མཚོ་སོགས་ཚིགས་བཅད་སྔགས་དང་ཕྱག་རྒྱར་བཅས་པས་ཇི་ལྟར་རིགས་པར་འབུལ་བར་བྱའོ། །ལྔ་པ་ཤིས་པར་བྱ་བ་ནི། སྦྱང་བ་གསུམ་སྔར་བཞིན་ལ། བདེན་བརྗོད་སྐབས། དེང་འདིར་རབ་ཏུ་གནས་པར་བྱས་པའི་རྟེན་རྣམས་དང་། སྦྱིན་པའི་བདག་པོ་འཁོར་དང་བཅས་པའི་བཀྲ་ཤིས་དང་མཐུན་རྐྱེན་བསོད་ནམས་ཀྱི་ལེགས་ཚོགས་སྤེལ་བ་ལ་བར་དུ་གཅོད་ཅིང་གླགས་ལྟ་བའི་འབྱུང་པོ་སོགས་སྦྱར་བ་སྔོན་དུ་འགྲོ་བས། རྫས་དང་སྦྱིན་བདག་རྣམས། ཨ་མྲི་ཏས་བསངས། སྭབྷཱ་བས་སྦྱངས། སྟོང་པའི་ངང་ལས་སྦྱིན་པའི་བདག་པོ་སྐད་ཅིག་གིས་གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་ཛམ་བྷ་ལའི་སྐུར་གྱུར་པའི་མདུན་དུ་མྃ་ལས་བྱུང་བའི་བཀྲ་ཤིས་པའི་རྫས་བརྒྱད་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། ༀ་ཨཱཿམངྒ་ལཾ་དྲ་བྱ་ཧཱུྃ། ཞེས་པས་བྱིན་གྱིས་བརླབ། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ། སོགས་ཀྱི་རྫས་བརྒྱད་ཀྱི་བཀྲ་ཤིས་བརྗོད་ཅིང་རེ་རེ་བཞིན་ཡོན་བདག་ལ་གཏད། དེས་ཀྱང་བླང་ནས་རྟེན་ལ་འབུལ་བའི་ཚུལ་བྱའོ། །སླར་ཡང་མདུན་གྱི་ནམ་མཁར་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས། ཤིས་པ་བརྗོད་པའི་གླུ་དབྱངས་དི་རི་རི་སྒྲོགས་ཤིང་མེ་ཏོག་མནྡར་བའི་ཆར་ཆེན་པོ་ཕབ་པས་དགེ་ལེགས་ཀྱི་སྣང་བས་ས་གསུམ་ཀུན་ཏུ་ཁྱབ་པར་བྱས་པའི་མོས་པ་མཛོད། ཕུན་སུམ་ཚོགས་པ་མངའ་བ་སོགས་ཤིས་བརྗོད་དང་། མཚན་མོར་ཡང་རོལ་མོ་དང་གར་སོགས་ཀྱིས་དགའ་སྟོན་རྒྱ་ཆེར་བྱ་ཞིང་ཡོན་ཕུལ། དྲུག་པ་དགེ་བ་བསྔོ་བ་ནི། དེ་ལྟར་བསྒྲུབས་པས་མཚོན་པའི་དགེ་རྩ་རྣམས་བླ་མེད་བྱང་ཆུབ་དུ་བསྔོ་ཞིང་སྨོན་ལམ་གདབ་པར་བྱའོ། །གལ་ཏེ་སྔོན་དུ་སྟ་གོན་དང་བཅས་འདི་ལས་རྒྱས་པར་འདོད་ན། རྟེན་བསྐྱེད་སྤྱན་དྲངས་རྒྱས་གདབ་དབང་བསྐུར་མཆོད་བསྟོད་བར་གོང་བཞིན་བཏང་ནས་སྔགས་ཀྱིས་མངའ་དབུལ་ཙམ་བྱས་ཏེ། འཇིག་རྟེན་འདས་མ་འདས་ཀྱི་གཏོར་མ་སྐབས་འདིར་བཏང་ལ། ལྷ་ལ་སྙན་གསན་དབབ་པ་ནི་པུས་མོ་གཡས་ས་ལ་བཙུགས་ཤིང་རྡོ་རྗེ་དང་བཅས་པའི་ལག་གཡས་ཀྱིས་སྤོས་སྣོད་དམ་སྤོས་ཐོགས་ལ། ༀ་བཛྲ་ཛྲི་ཧ། ཞེས་བརྗོད་པས་ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེར་མོས་ལ། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། དགའ་ལྡན་དུ་ནི་གནས་པ་ལས། ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་འདིར་བཞུགས་ཤིག །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །སྦྱིན་བདག་ལ་སོགས་དོན་ཆེད་དུ། །བདག་གི་འབྱོར་པ་ཉིད་ཀྱིས་ནི། །ཅི་འབྱོར་བ་ཡི་མཆོད་པ་རྣམས། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བས་དགོངས་སུ་གསོལ། །ཀུན་གྱིས་འདི་ལ་བྱིན་རློབ་ཅིང་། །འདི་ཉིད་དུ་ནི་བཞུགས་པར་རིགས། །ཞེས་ལན་གསུམ་གསོལ་བ་བཏབ་པས་གནང་བ་བྱིན་པར་བསམ་ཞིང་སླར་ཡང་མཆོད་བསྟོད་རྒྱས་བསྡུས་གང་རིགས་བཏང་ནས། ནོངས་བཤགས་བྱས་ལ། ༀ་ཨཱཿཧཱུྃ་མུ་བཛྲ་ཏིཥྛ་ཞེས་བརྗོད་པས། རྟེན་ལ་ཕབ་པའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་གཤེགས་པ་ལ་མཆོད་བསྟོད་བྱས་ཏེ། རྟེན་དངོས་སམ་གཟུགས་བརྙན་གྱི་གནས་གསུམ་དྲི་བཟང་གིས་བྱུག །ལས་སྔགས་ཟླ་ཞིང་རྡོ་རྗེས་རྟེན་ལ་རེག་ནས། བཛྲ་རཀྵ་ཧཾ། ཞེས་པའི་བསྲུང་བ་དང་། ༀ་ཝསྟྲ་ཧཱུྃ་ཞེས་ཁེབ་སེར་པོས་མི་མཐོང་བར་བཀབ་ནས་བཞག་ལ། ཆོ་གའི་ལས་རྗེས་རྣམས་བྱའོ། །སང་ཐོ་རངས་དངོས་གཞིའི་ཉིན་བདག་མདུན་གྱི་ཆོ་ག་བཟླས་པ་བར་བཏང་ནས། བུམ་པ་སྒྲུབ་པ་རྣམས་སྟ་གོན་བཞིན་བྱ་བའམ། སྟ་གོན་སྐབས་སུ་གྲུབ་པ་དེས་ཆོག་པར་བྱ། སྦྱང་བཀྲུ་སོགས་སྟ་གོན་སྐབས་ལྟར་བྱ། ཡེ་ཤེས་པ་རྣམས་རྟེན་ལ་འབྱོན་པའི་སྙན་གསན་དབབ། སེམས་བསྐྱེད་དེ་རབ་གནས་བྱ་བའི་འདུན་པ་བརྗོད་པ་སྔོན་དུ་བཏང་བ་རབ་ཆོག་རྒྱས་པ་བཞིན་ནོ། །དེ་ནས་རྟེན་བསྐྱེད་པ་སོགས་གོང་ལྟར་ལས་ཁྱད་མེད། དབང་བསྐུར་རྒྱས་པ་ལྷ་དེའི་དབང་ཆོག་ལྟར་རམ། དབང་བཞི་མདོར་བསྡུས་བྱས་ཀྱང་རུང་། དེ་ནས་སྤྱན་དབྱེ་སོགས་འཇུག་གི་བར་གོང་བཞིན་ལས་གཞན་དུ་མེད་དོ། །གལ་ཏེ་གོང་བཤད་དེ་ལས་བསྡུ་འདོད་ན། བདག་བསྐྱེད་གང་རུང་སྔོན་དུ་འགྲོ་བས་ལས་བུམ་བསྒྲུབས། སྦྱང་བ་ནས་བརྩམ་རྟེན་བསྒྱུར་བའི་བར་སྔོན་བཞིན་ལ། མཆོད་བསྟོད་དང་སྔགས་ཀྱིས་མངའ་དབུལ། གསོལ་གདབ་བཅས་ཀྱིས་མཐར། བདག་བསྐྱེད་ཀྱི་རྗེས་ཆོག་རྣམས་བྱའོ། །ཤིན་ཏུ་བསྡུས་པར། བདག་ཉིད་སྐད་ཅིག་གིས་ཧཱུྃ་མཛད་དུ་གསལ་ཞིང་བགེགས་བསྐྲད་ལ། ལྷ་ཁྲུས་གསོལ་བའི་ཆུས་ཁྲུས་མདོར་བསྡུས་བྱ། དེ་ནས་རྟེན་བསྐྱེད་ནས་སྤྱན་འདྲེན་རྒྱས་གདབ་དབང་བསྐུར་མདོར་བསྡུས་བྱས་ལ། སྤྱན་དབྱེ་ཞལ་བསྒྱུར་མཆོད་བསྟོད་གསོལ་གདབ་བཅས་ཀྱི་མཐར་བཀྲ་ཤིས་བརྗོད་པས་འགྲུབ་བོ། །དེ་ལྟར་དམ་ཚིག་རྟེན་གསུམ་གང་། །ཡེ་ཤེས་རོལ་པར་བྱིན་རློབ་པའི། །རབ་ཏུ་གནས་པའི་ཆོ་ག་ནི། །ཚད་གྱུར་ལུང་བཞིན་བརྗོད་པ་བཞིན། །ཞེས་རབ་གནས་ཀྱི་རྒྱུད་དང་། །རྒྱ་བོད་གྲུབ་པའི་སློབ་དཔོན་རྣམས་དང་། ཁྱད་པར་དགེ་ལེགས་འདོད་འཇོ་དང་དགེ་ལེགས་ཆར་འབེབ་ཀྱི་དགོངས་པ་གཞིར་བཟུང་ནས་དོན་སྙིང་པོར་དྲིལ་ཏེ་རབ་ཚེས་སྣ་ཚོགས་དབྱིག་ཅེས་པའི་བགྲང་བྱའི་ས་ག་ཟླ་བའི་དམར་ཕྱོགས་རྒྱལ་བ་གསུམ་བར། རྒྱ་སྟོད་བྲག་དཀར་གྱི་དབེན་གནས་སུ་མི་ཕམ་རྣམ་པར་རྒྱལ་བས་བཀོད་པ་འདིས་བསྟན་འགྲོ་ལ་ཕན་པ་བྱེད་པར་གྱུར་ཅིག །མངྒ་ལམ།།

རྟེན་གསར་བཞེངས་ཀྱི་ཨ་རྒའི་ཆོ་ག

༈ རྟེན་གསར་བཞེངས་ཀྱི་ཨ་རྒའི་ཆོ་ག །གཞི་དེར་ས་ཆོག་བྱ། མཎྜལ་ལ་ཚོམ་བུ་བཀོད། མཆོད་པ་བཤམས་སངས་རྒྱས་དང་བྱང་སེམས་ཐམས་ཅད་དེར་སྤྱན་དྲངས། རྟེན་གསུམ་གང་འདོད་པ་རྒྱ་ཆེར་འབྱུང་བའི་གསོལ་བ་བཏབ། པུ་སྟིའི་གཞི་ཤོག་སྐྱ་རས་གཞིའམ། ཟངས་སོགས་རྒྱུ་རྣམས་ཀྱི་མདུན་དུ་མཆོད་པ་བཤམས། རང་ལྷའི་ང་རྒྱལ་གྱིས། གཞི་དེ་དག་གི་སྟེང་དུ་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་མཆོད་པ་ཕུལ་རྟེན་འདི་ལྟ་བུ་བྱིན་གྱིས་རློབ་པར་གསོལ་བ་བཏབ། མཆོད་པ་དང་གཏོར་མ་བཏང་། སྐུ་ཐམས་ཅད་བྱིན་གྱིས་བརླབ་པར་བསམ། ལྷའི་སྔགས་ཅུང་ཟད་བཟླས། བཟོ་བོ་བདུད་རྩི་འཁྱིལ་བའི་སྐུར་བསྒོམ། སྐུ་གསུང་ཐུགས་སུ་བྱིན་རླབས་བྱས་ལ་གཞག་པ་མདོར་བསྡུས་པའོ། །རྒྱས་པར་ཚོན་སོགས་བྱིན་རླབས་སོ་སོར་བྱའོ།།

རྟེན་རྙིང་གི་ཨརྒ་སྤོ་ཆོག་ནི་རྟེན་རྙིང་དེའི་མདུན་དུ་མཆོད་པ།

༈ རྟེན་རྙིང་གི་ཨརྒ་སྤོ་ཆོག་ནི་རྟེན་རྙིང་དེའི་མདུན་དུ་མཆོད་པ་བཤམས། བདག་གི་རྣལ་འབྱོར་རྫོགས་པར་བསྒོམས་ལ། དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོས་མཆོད་ལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདེ་བར་གཤེགས་པའི་རྟེན་རྙིང་པ་སྤོ་བའམ། གསོ་བར་འཚལ་ཏེ། དེ་གང་སང་ནངས་པར་བགྱི་བར་འཚལ་ན་དེ་བཞིན་རྗེས་སུ་གནང་བར་མཛད་དུ་གསོལ་ཞེས་ཞུ་བ་ཕུལ། ཆོས་སྐྱོང་ལ་གཏོར་མ་བཏང་སྟེ་དེ་བཞིན་གསོལ་བ་བཏབ། སང་ནངས་པར་རྟེན་གྱི་དྲུང་དུ་མཆོད་པ་བཤམས། བདག་བསྐྱེད་བཟླས་པ་མཆོད་པ་བཅས་གྲུབ་ནས། ད་ནི་རབ་གནས་སྤོ་བར་འཚལ་ན་དེ་བཞིན་དུ་གནང་བར་མཛད་དུ་གསོལ་ཞེས་བྱས་ལ། མེ་ལོང་དག་པར་རྟེན་གྱི་གཟུགས་བརྙན་འཆར་དུ་བཅུག་སྟེ། རྟེན་རྣམས་མེ་ལོང་གི་ནང་དུ་བྱོན་ནས་བཞུགས་པར་མོས། དེ་ལས་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་བཅུག་ནས་ཇི་སྲིད་དུ་མེ་ལོང་ནང་དེར་བཞུགས་པར་གསོལ་བ་བཏབ། ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུ་ཡིན་པས་ཅིར་ཡང་མོས་པ་བཞིན་འཆར་བར་ངེས་ཤེས་བསྐྱེད། གཟུགས་བརྙན་གྱི་ལྷ་རྣམས་མཆོད་བསྟོད་བསྡུས་ཙམ་བྱས་ལ། སྟེང་འོག་མི་ནོར་བའི་མཚན་མ་བྱས་ཏེ། དར་སེར་པོ་སོགས་ཀྱིས་གཡོགས་ནས། རྒྱབ་ངོས་སུ་རྒྱས་བཏབ་རྟེན་གསར་པ་གྲུབ་ནས་རབ་གནས་བྱེད་པའི་དུས་ལ་མ་སླེབ་བར་དུ་ཁ་མི་དབྱེ་ཞིང་གནས་བདེ་བར་བཞག་ལ་མདུན་དུ་མཆོད་པ་བྱ། རྟེན་རྙིང་གི་རྡུལ་རྣམས་གསར་བའི་ནང་དུ་ཇི་འགྲོ་དང་། ལྷག་མ་རྣམས་ཆུ་ལ་སྤྱན་དྲངས་བའམ། ཐ་མལ་བས་ལོངས་མ་སྤྱད་པ་དང་། འགོམ་ཡུག་ཏུ་མ་སོང་བར་མཆོད་རྟེན་སོགས་ཀྱི་རྒྱུར་བྱས་ཏེ་རབ་གནས་བྱ། དེ་ལྟར་མ་གྲུབ་ན་རི་མཐོ་ས་གཙང་འགོམ་ཡུག་མེད་པར་ལྷག་མ་མ་ལུས་པར་སྤྱན་དྲངས་པར་བྱའོ། །རྟེན་གསར་པའི་རབ་གནས་ཀྱི་སྟ་གོན་ཚར་ནས་དངོས་གཞིའི་ནུབ་མོ་མེ་ལོང་རྟེན་གསར་པའི་ནང་དུ་སྤྱན་དྲངས། ཡེ་ཤེས་པ་གཞུག་པའི་མགོར་མེ་ལོང་ཞལ་ཁེབ་ཕྱེ་སྟེ། སྔར་གྱི་ལྷ་གང་ཡིན་རྣམས་ཡན་ལག་བཞི་རྫོགས་ཚུལ་གྱིས་བཞུགས་པ་དེ་ཉིད། རྟེན་གསར་པ་ལ་གཞུག །སླར་ཡང་ནམ་མཁའ་ཁམས་ཀྱི་མཐར་ཐུག་པ་ནས་ཡེ་ཤེས་པ་གཞན་ཡང་དྲངས་ཏེ་བསྟིམས་ནས། མཆོད་པ་སོགས་རབ་གནས་ཀྱི་གཞུང་ལྟར་བྱའོ། །ཞེས་རྗེ་བཙུན་གྲགས་པའི་གསུང་ལ་གཞི་བྱས། ཚིག་གསལ་བར་དྷཱིས་བཀོད་པ་དགེའོ།།

རབ་གནས་དགེ་ལེགས་འདོད་འཇོའི་ཡོན་བདག་བསྒོ་བའི་གཏོང་ཐུན་ཉེར་མཁོ།

རབ་གནས་དགེ་ལེགས་འདོད་འཇོའི་ཡོན་བདག་བསྒོ་བའི་གཏོང་ཐུན་ཉེར་མཁོ་བཞུགས་སོ། །ན་མོ་བུདྡྷཱ་ཡ། རབ་ཏུ་གནས་པའི་མཐའ་རྒྱས་ཀྱི་ཆོ་ག་ལས་ཡོན་བདག་བསྒོ་བའི་མཚམས་སྦྱོར་གྱི་བཤད་པ་ཅུང་ཟད་ཙམ་སྤྲོ་ན། ཐོག་མར་དཀོན་མཆོག་གསུམ་གྱི་ཤིས་བརྗོད་ཀྱི་ཚིགས་བཅད་སོགས་འབྲེལ་ཆགས་ཀྱི་བཤད་པ་ཅི་རིགས་སྔོན་དུ་གཏོང་བའམ། མེད་ཀྱང་རུང་བ་ལས། དེ་ཡང་འདི་ལྟར་སྤྱིན་པའི་བདག་པོས་ལྷག་པའི་བསམ་པ་དང་སྦྱོར་བ་རྣམ་པར་དག་པས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཕུན་སུམ་ཚོགས་པར་བསྒྲུབས་ནས་རབ་ཏུ་གནས་པར་གསོལ་བ་འདི་ནི་དགེ་ལེགས་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རྒྱལ་པོའི་མདོ་ལས། ལྷ་དང་བཅས་པའི་འཇིག་རྟེན་ན། །དཀོན་མཆོག་གསུམ་པོ་མ་གཏོགས་པའི། །ཡོན་གྱི་གནས་འགའ་ཡོད་མིན་པས། །དངོས་པོ་ཀུན་གྱིས་དེ་ལ་མཆོད། །ཅེས་གསུངས་པ་ལྟར་ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གིས་བསྟེན་པར་བྱ་བའི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཡིན་ལ། དེ་ཡང་ཟབ་མོའི་གནས་ལ་བློ་མཆོག་ཏུ་གྱུར་པ་རྣམས་ལ་ནི་དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་རང་རིག་པའི་ངོ་བོར་ཡེ་ནས་ལྷུན་གྲུབ་ཏུ་གནས་པར་རྟོགས་པ་སྟེ། སྒྱུ་འཕྲུལ་མེ་ལོང་ལས། རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། སྡོང་པོ་རྒྱན་པ་ལས། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཞིང་། །མི་གནས་ལེན་པ་མེད་པ་སྟེ། །དེ་དག་བདེ་བར་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་དང་། མགོན་པོ་བྱམས་པས་ཀྱང་། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཞེས་གསུངས་ཤིང་། དེ་ལྟ་བུའི་དོན་ཁོང་དུ་མ་ཆུད་པའི་གདུལ་བྱ་ཐུན་མོང་པ་རྣམས་ཀྱི་ངོར་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་འཇུག་པ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བྱིན་གྱིས་བརླབས་པ་རྣམས་ཚོགས་གཉིས་མངོན་པར་འདུ་བྱ་བའི་རྟེན་དུ་འདུན་བཞག་གི་དཀོན་མཆོག་གསུམ་ཞེས་གྲགས་པ་ལ་ཐར་འདོད་རྣམས་ཀྱིས་བརྟེན་པར་བྱ་དགོས་པ་ཁོ་ན་ཡིན་ལ། ཚུལ་དེ་ལ་དགོངས་ནས་དཀོན་མཆོག་གསུམ་གྱི་རྟེན་བརྟེན་པར་བཅས་པ་སྒྲུབ་ཚུལ་དང་། སྒྲུབ་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་མདོ་རྒྱུད་དུ་མར་གསུངས་པ་ཡིན་ཏེ། ལུང་རྣམ་འབྱེད་ལས་ཀྱང་། ཀུན་དགའ་ར་བ་གཙུག་ལག་ཁང་། །མལ་སྟན་འཚོ་བ་ནར་མ་དང་། །ཞེས་སོགས་རྫས་ལས་བྱུང་བའི་བསོད་ནམས་ཀྱི་གཙོ་བོ་ཡང་དགེ་འདུན་གྱི་སྡེ་དང་། དེར་གཙུག་ལག་ཁང་དང་། སྐུ་གཟུགས་དང་། གླེགས་བམ་དང་། མཆོད་རྟེན་བཞེངས་པ་རྣམས་ཡིན་པར་གསུངས་ཤིང་། མདོ་སྡེ་གཞན་ལས་ཀྱང་། ཉན་ཐོས་ཀྱི་དགེ་འདུན་བྱེ་བ་ཕྲག་དུ་མ་ལ་ལོ་གྲངས་དཔག་ཏུ་མེད་པ་ཡོ་བྱད་ཀྱིས་བསྙེན་བཀུར་བྱས་པ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་བ་རིང་བསྲེལ་གྱི་སྙིང་པོ་ཅན་ཞིག་འཇིམ་པ་ལས་བསྒྲུབ་པ་བསོད་ནམས་ལྷག་པར་གསུངས་པ་དང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས་ཀྱང་། ཐུབ་པའི་མཆོད་རྟེན་བྱེད་དམ་བྱེད་བཅུག་པ། །མྱ་ངན་འཇོམས་ཤིང་ལུས་ཀུན་གྲིམས་པ་དང་། །རིན་ཆེན་མཛོད་མང་འཇིག་རྟེན་གཙོར་འགྱུར་ཞིང་། །མི་དེ་དགྲ་ཡི་ཕྱོགས་ལས་རྒྱལ་བར་འགྱུར། །བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་ཡོད་པ། །དེ་འདྲའི་གྲངས་དེ་སྙེད་ཀྱི་རྒྱལ་སྲིད་དང་། །ལྷ་ཡུལ་ས་སྟེང་མི་ཡིས་ངེས་པར་ཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་འཛིན་དང་། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་ཐོབ་ནས། །ཐ་མར་སྐྱེ་དང་རྒ་བ་ལ་སོགས་པའི། །སྡུག་བསྔལ་དང་བྲལ་སངས་རྒྱས་གོ་འཕང་ཐོབ། །ཅེས་དང་། དམ་ཆོས་པད་དཀར་ལས། ལ་ལས་དེ་ཉིད་རིན་ཆེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་འཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ན། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་པ་དང་། སྒྱུ་འཕྲུལ་ལས། ས་ལ་སོགས་ལ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པར་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་སོགས་ཕན་ཡོན་རྒྱ་ཆེར་གསུངས་པ་ལྟར་བསྒྲུབས་པའི་རྟེན་དེ་ཡང་། ཞལ་བསྲོ་བ་དང་། མངའ་དབུལ་བ་དང་། བྱིན་གྱིས་བརླབ་པ་ཞེས་བྱ་བའི་བརྡས་དགེ་ཞིང་བཀྲ་ཤིས་པར་སྒྲུབ་པའི་ཆོ་ག་འདི་ལ། པྲ་ཏིཥྛ་བི་དྷི། ཞེས་པས་པྲ་ནི་དོན་ལྷག་པོར་སྟོན་པའི་ཚིག་ཕྲད། ཏིཥྛ་ནི་བརྟན་པའམ་ཡུན་རིང་དུ་གནས་པ། བི་དྷི་ནི་ཆོ་ག་སྟེ་རབ་གནས་ཀྱི་ཆོ་ག་འདི་ཉིད་ཀྱི་དབང་དུ་བྱས་ན། ཤེས་བྱེད་ཀྱི་གཞི་བཤད་པ་དང་། བཤད་པའི་ཆོ་ག་ཇི་ལྟར་སྒྲུབ་པའི་ཚུལ་གཉིས་སུ་གནས་པ་ལས། དང་པོ་ལ་བདུན་ཏེ། རབ་གནས་ཀྱི་རང་བཞིན། གནས་བྱའི་རྟེན། གནས་པའི་དགོས་པ། གནས་བྱེད་ཀྱི་སློབ་དཔོན། གང་དུ་བྱ་བའི་གནས། གང་གི་ཚེ་བྱ་བའི་དུས། གང་བྱ་བའི་ཆོ་གའོ། །དང་པོ་རང་བཞིན་ནི། སློབ་དཔོན་ཆེན་པོས་བདེ་འདུས་རབ་གནས་སུ། བྱ་དགོས་མི་དགོས་གཉིས་སུ་བསྟན། །ཅེས་པ་ལྟར། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་མཆོག་ཏུ་མི་འགྱུར་བའི་ཆོས་ཉིད་ནམ་མཁའ་ལྟར་ཀུན་ཁྱབ་ཏུ་བཞུགས་པའི་གནས་ལུགས་རྟོགས་པ་ཤེས་རབ་ཅན་གྱི་དབང་དུ་བྱས་ནས། སྔ་མ་ལས། ཆོས་ཉིད་སྟོང་པའི་དོན་རྟོགས་ན། །གང་ཞིག་གང་གིས་གང་དུ་བརླབ། །གདོད་ནས་མ་སྐྱེས་སྐྱེ་མེད་ལ། །ཅི་འདྲ་ཅི་འདྲར་རབ་ཏུ་གནས། །ཆོས་རྣམས་འོད་གསལ་སྐྱེ་མེད་དུ། །རྟོགས་པར་ལྡན་པས་མཆོད་གནས་རྣམས། །རབ་ཏུ་གནས་པ་མི་དགོས་སོ། །ཞེས་དང་། ཡང་སྐུ་གཟུགས་ཀྱི་རྟེན་སོགས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེའི་རྣམ་རོལ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སྤྲུལ་པའོ་སྙམ་པའི་དད་པ་ཅན་གྱི་དབང་དུ་བྱས་ནས་སྔ་མ་ལས། ཡང་ན་སྟོང་ཉིད་མ་རྟོགས་ཀྱང་། །སྐུ་གཟུགས་གླེགས་བམ་མཆོད་རྟེན་སོགས། །སངས་རྒྱས་རྣམ་སྤྲུལ་བྱིན་བརླབས་ལས། །བྱུང་སྟེ་མིན་ན་མི་འབྱུང་བར། །རྟོགས་ཏེ་ཤིན་ཏུ་དད་ལྡན་ན། །རབ་ཏུ་གནས་པ་མི་དགོས་སོ། །ཞེས་པས་དེ་ལྟ་བུའི་དོན་གཉིས་པོ་ཁོང་དུ་མ་ཆུད་པའི་གདུལ་བྱ་ཐུན་མོང་བ་རྣམས་ཚོགས་གཉིས་ཀྱི་གནས་ལ་འགོད་པའི་ཆེད་དུ་རབ་གནས་ཀྱི་ཆོ་ག་དགོས་པར་བསྟན་པ་ནི། འཇིག་རྟེན་ཐ་སྙད་ལ་གནས་ཏེ། །ཀུན་རྫོབ་དོན་དུ་བསྟན་པ་ཡིན། །ཞེས་དྲང་ངེས་ཀྱི་དབྱེ་བས་གསུངས་པ་བཞིན་རབ་གནས་ཀྱི་རྟོག་པ་ལས་ཀྱང་། སངས་རྒྱས་ཀུན་ན་རབ་ཏུ་བཞུགས། །རབ་ཏུ་གནས་པ་གང་ཡང་མེད། །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པ་རབ་ཏུ་བཏགས། །ཞེས་གསུངས་པ་བཞིན་ནོ། །ངོ་བོ་ནི། རྟེན་གང་ལ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རྣམས་བསྡུས་ནས་དགེ་ཞིང་བཀྲ་ཤིས་པའི་དོན་ཅན་དུ་བྱེད་པ་ཡིན་ཏེ། ཁྲོ་གཉེར་ཅན་གྱི་རྟོག་པ་ལས། རྒྱལ་བའི་སྐུ་གཟུགས་བཞེངས་ནས་ནི། །གུས་པས་རྒྱལ་བ་ལྟར་མཆོད་བྱ། །ཐུབ་པས་དེ་ལྟར་གཟིགས་ནས་ནི། །ཡིད་ཅན་རྣམས་ལ་སྐྱོབ་པར་མཛད། །ཅེས་དང་། ཇོ་བོའི་མན་ངག་ལས་ཀྱང་། རྟེན་མཐོང་ན་ཡང་འདི་དག་ནི། །བྱིན་གྱིས་བརླབས་ལས་བྱུང་བའི་ཕྱིར། །དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །སྙམ་དུ་དད་ཅིང་གུས་པར་བྱ། །ཞེས་གསུངས་སོ། །གལྤོར། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །ཡེ་ཤེས་གཞུག་པའི་བྱིན་རླབས་ཅན། །འཁོར་བ་འབྱུང་བ་ལྔ་ཡི་གནས། །སྐུ་དང་གསུང་དང་ཐུགས་ཉིད་ཡིན། །ཞེས་གསུངས་པ་བཞིན་ནོ། །སྒྲ་དོན་ནི། སུ་པྲ་ཏིཥྛ་བི་དྷི་ཞེས་པའི་སྒྲ་ལས་བཟང་པོར་བསྒྲུབ་པ་དང་། ཡུན་རིང་དུ་གནས་པར་བྱེད་པའི་ཆོ་ག་སྟེ། རྟེན་ཡེ་ཤེས་སེམས་དཔའི་ངོ་བོ་ཉིད་དུ་བསྒྲུབས་པས་བཟང་པོ་དང་། འཁོར་བ་ཇི་སྲིད་དུ་གནས་པར་བྱེད་པས་ཡུན་རིང་བའོ། །དེ་གཉིས་ཀྱང་ཡེ་ཤེས་པ་དགུག་གཞུག་དང་བརྟན་བཞུགས་དང་འབྲེལ་བའི་ཕྱིར་རབ་གནས་ཀྱི་ཆོ་ག་ཞེས་བྱ་སྟེ། ཡང་། སུ་རབ། པྲ་ཏི་སོ་སོ། ཥྛ་གནས་པ་སྟེ། རྟེན་སོ་སོའི་བདག་ཉིད་དུ་གནས་པ་ལ་ཡང་བགྲང་རུང་ངོ་། །རྡོ་རྗེ་བཀོད་པ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ། །མཐའ་ཡས་གྲོལ་བའི་རྒྱུ་ཡི་ཕྱིར། །རྒྱལ་བ་དགུག་དང་གཞུག་པར་བྱ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་གང་ལ་གནས་བྱའི་རྟེན་ནི། །རྟོག་པ་ལས། བརྡུངས་པ་དང་། བྲིས་པ་དང་། འབུར་དུ་བྱས་པ་ལ་སོགས་ཀྱིས་མཚོན་པ། །གཟུགས་སྐུའི་དེ་བཞིན་གཤེགས་པ་ཞི་ཁྲོའི་སྣང་བརྙན་དང་། གསུང་གི་རྟེན་རྫོགས་པའི་སངས་རྒྱས་དང་འཕགས་པ་རྣམས་ཀྱི་གསུང་རབ་གླེགས་བམ། ཐུགས་རྟེན་ནི་ཆོས་སྐུའི་རྟེན་སྤྱི་མིང་བྱེ་བྲག་ཏུ་བཏགས་པ་མཆོད་རྟེན་བརྒྱད་ལ་སོགས་པ་རྣམས་དང་། གཞན་ཡང་གཙུག་ལག་ཁང་དང་། རྒྱན་དང་ཕྱག་མཚན་ལ་སོགས་པ་ཇི་སྙེད་པ་རྣམས་སོ། །དེ་དག་ཀྱང་དབྱིབས་དང་རྒྱན་ལ་སོགས་པ་སོ་སོའི་མཚན་ཉིད་དང་ལྡན་པར་ཚད་ལ་ཕེབས་པར་བྱ་དགོས་པ་ནི། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་ཉམས་དང་ལྡན། །ཚད་ཀྱི་ཚད་ལ་ཕབ་ཅིང་བཟང་། །དེ་འདྲ་རབ་ཏུ་གནས་པར་བྱ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་གནས་པའི་དགོས་པ་ནི། སྐྱོན་ཡོན་གྱི་ཆ་ལས་གཉིས་ཏེ། དང་པོ་ནི། རྟེན་དེ་ཡང་རབ་གནས་མ་བྱས་པ་དང་། ཆོ་ག་དམན་པས་བྱས་ནའང་མི་ཤིས་པ་དང་བསོད་ནམས་ཀྱི་ཞིང་དུ་མི་འགྱུར་ཏེ། གང་དུ་སྐུ་གཟུགས་རབ་རྫོགས་པ། །བྱིན་མ་བརླབ་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་པ་འབྱུང་། །དེ་སྲིད་མཆོད་པར་དེ་མི་འོས། །ཞེས་དང་། ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །ཞེས་སོ། །གཉིས་པ་ནི། སྔར་བཤད་པའི་སྐྱོན་རྣམས་མི་འབྱུང་བ་དང་། རྟེན་དེ་ཉིད་མཆོད་པ་ལས་བསོད་ནམས་འཕེལ་ཞིང་རྒྱུད་བྱིན་གྱིས་བརླབ་པ་སོགས་དོན་ཆེན་པོར་འགྱུར་བ་ཡིན་ཏེ། དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཆོ་ག་བདག་ཉིད་ནུས་པ་ཡིས། །བརྟག་པ་ལས་བྱུང་ཚུལ་ལེགས་པས། །དེ་བྱས་བསོད་ནམས་ཆེ་བ་ནི། །མཐོང་དང་མ་མཐོང་རྣམས་སུ་སྐྱེ། །སྐུ་གཟུགས་སྔགས་ཀྱི་མཚན་ཉིད་ཀྱིས། །དེ་ལ་བྱིན་རླབས་འཇུག་པར་འགྱུར། །ཞེས་དང་། པདྨ་དབང་ཆེན་གྱི་རྒྱུད་ལས། སྐུ་གསུང་ཐུགས་རྟེན་ཁྱད་པར་ཕྱིར། །རབ་གནས་བཟང་པོའི་ཆོ་ག་བྱ། །ཞེས་གསུངས་པ་བཞིན་ནོ། །བཞི་པ་གནས་བྱེད་ཀྱི་སློབ་དཔོན་ནི། ཐེག་པ་གསུམ་གྱི་བསླབ་པས་རྒྱུད་སྦྱངས་ཤིང་། ཁྱད་པར་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་དབང་གིས་སྨིན་ཅིང་དམ་ཚིག་དག་པ་ཕྱི་ནང་གི་དེ་ཉིད་བཅུ་སོགས་སློབ་དཔོན་གྱི་ལས་རབ་འབྱམས་ལ་དབང་འབྱོར་བ། རབ་གནས་ཀྱི་ཆོ་ག་ལ་མཐོང་བརྒྱུད་ཕྱིན་ཆད་ཀྱིས་མཁས་པས་དོན་མཐུན་དུ་ལག་ཏུ་ལོངས་པ་སྟེ། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པའོ། །ཞེས་པས། དེ་ཉིད་བཅུ་ནི། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་གདན་དང་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་ལ་སྦྱར། །སླར་བསྡུ་བ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་དང་། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་དབྱེ་བའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་བསྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །ཞེས་སོགས་ཀྱིས་མཚོན་པའང་། དགེ་སློང་། དགེ་ཚུལ། ཁྱིམ་ན་གནས་པ་རྣམས་རིམ་བཞིན་རབ་འབྲིང་ཐ་མར་བྱས་པས་སོ། །ལྔ་པ་གང་དུ་བྱ་བའི་གནས་ནི། ཕྱོགས་དང་ཁ་དོག་ལ་སོགས་པའི་སྒོ་ནས་ཞི་རྒྱས་ཀྱི་གནས་སུ་བསྔགས་པ་དང་། ཁྱད་པར་བཀྲ་ཤིས་ཤིང་ཉམས་དགའ་བའི་གནས་ཏེ། ཡང་ཐོག་མཆོད་རྟེན་ལ་སོགས་དང་། །ཁྱིམ་དང་ལྷ་ཡི་གནས་རྣམས་སུ། །སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དག་དང་ལྡན་པར་བྱ། །ཞེས་དང་། གལྤོར། བཀྲ་ཤིས་དག་པ་ཆེན་པོའི་གནས། །ཡིད་འོང་ཉམས་ནི་རྣམ་པར་དགའ། །ཞེས་སོགས་ཀྱིས་མཚོན་ཏེ་དཀྱིལ་འཁོར་གྱི་ཆོ་ག་རྣམས་ལས་བཤད་པ་བཞིན་ནོ། །དྲུག་པ་གང་གི་ཚེ་བྱ་བའི་དུས་ནི། ཟླ་བ་དྲུག་དང་གཟའ་བཞི་དང་། །རྒྱུ་སྐར་བཅུ་བཞི་གང་ཡིན་དང་། །ཚེས་གྲངས་བདུན་གྱི་བདག་ཉིད་ལ། །རྒྱལ་བས་རབ་གནས་ལ་སོགས་བསྔགས། །ཞེས་པ་ལྟར་དགུན་ཟླ་ཐ་ཆུང་ནས་དབྱར་ཟླ་འབྲིང་པོའི་བར་ཉི་མ་བྱང་བགྲོད་ཀྱི་དཀར་ཕྱོགས་གཟའ་སྐར་འཕྲོད་སྦྱོར་བཟང་ཞིང་བཀྲ་ཤིས་པ་ལ་བྱ་སྟེ། སྒྱུ་འཕྲུལ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པས། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པ་བླང་བར་བྱ། །ཞེས་པས་རིག་བྱེད་ཀྱི་གཞུང་གཞན་ལས་ཀྱང་ཤེས་པར་བྱ་བ་ཉིད་དེ། རྔམ་གློག་ལས། རིག་བྱེད་དག་གི་ཡན་ལག་ལས། །དུས་རྣམས་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚེས་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱང་། །བརྟགས་ན་བཀྲ་ཤིས་མཚན་མ་འབྱུང་། །ཞེས་དང་། གཞན་ཡང་། དཀྱིལ་འཁོར་དང་ནི་རབ་གནས་པ། །ཡར་གྱི་ངོ་ལ་བརྟག་པར་བྱ། །ཞེས་པའང་གཙོ་ཆེ་བའི་དབང་དུ་དགོངས་ཀྱི། གཞན་དུ་ན། གཟའ་དང་སྐར་མ་འཛོམ་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཅེས་གསུངས་པས་མཚོན། བདུན་པ་གང་ཞིག་བྱ་བའི་ཆོ་ག་ནི། རྟེན་འབྲེལ་རབ་གནས་སུ་གྲགས་པ་དང་། བསླབ་བཏུས་ལས། སངས་རྒྱས་སྲས་བཅས་དད་པས་སྤྱན་དྲངས་ནས་རྟེན་ལ་བཞུགས་སུ་གསོལ་ཏེ་ཕྱག་མཆོད་དང་ཤིས་བརྗོད་བྱེད་པ་མདོ་ལུགས་སུ་གྲགས་པ་དང་། གསང་སྔགས་ཀྱི་རྒྱུད་སྡེ་ཐ་དད་ནས་གསུངས་པ་རྣམས་དང་། ཁྱད་པར་རྣལ་འབྱོར་ཆེན་པོའི་རྒྱུད་མདོ་སྒྱུ་དང་སྒྲུབ་སྡེ་རྣམས་སུ་གསུངས་པའི་དོན་པཎ་གྲུབ་ཤིང་རྟ་ཆེན་པོར་གྲུབ་པ་རྣམས་ཀྱིས་ཇི་ལྟར་བཀྲལ་བ་བཞིན་སྙིང་པོར་དྲིལ་བའི་ཆོ་ག་རྣམ་པར་དག་པ་ཉིད་ཀྱིས་བྱ་དགོས་ཏེ། སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དག་དང་ལྡན་པར་བྱ། །ཆོ་ག་དམན་པས་མི་བྱ་སྟེ། །ཞེས་དང་། དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཞེས་སོགས་གསུངས་པ་བཞིན། རྔམ་གློག་ལས། དཀྱིལ་འཁོར་ལ་སོགས་གང་བྱས་ཀྱང་། །རབ་གནས་ཡེ་ཤེས་མི་ལྡན་ན། །ཚོགས་དང་བྲི་བའི་ནུས་པ་མེད། །ཅེས་དང་། གསང་བའི་སྙིང་པོ་ལས། ས་ལ་སོགས་ལ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་གསུངས་པ་ཉིད་ཀྱང་སྤྱིར་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་ཇི་ལྟར་བྱ་བའི་ཆོ་ག་ལ་བསྙེན་པ་དང་། རབ་གནས་ཀྱི་ཆོ་ག་གཉིས་ཀྱི། དང་པོ་བསྙེན་པ་ནི། གཞིའི་བསྙེན་པ་དང་། ཉེ་བའི་བསྙེན་པ་གཉིས་ཏེ། སློབ་དཔོན་ཆེན་པོས། ལན་གསུམ་གཞན་གྱིས་གསོལ་བཏབ་པས། །ཡིད་འོང་གནས་སུ་འདུག་ནས་ནི། །བསྙེན་པ་རྣམ་གཉིས་མཐར་ཕྱིན་པས། །ཞེས་གསུངས་པ་ལྟར་རུང་མཐུན་ཙམ་སོང་བའི་དབང་དུ་བྱས་ནས། གཉིས་པ་རབ་གནས་ཀྱི་ཆོ་ག་དངོས་ལ་རྒྱས་འབྲིང་བསྡུས་པའི་རྣམ་བཞག་འགའ་ཞིག་ཡོད་པ་ལས་འདིར་བསྡུས་པ་ཉིན་གཅིག་ལ་ཇི་ལྟར་བྱ་བའི་ཚུལ་གཞིར་བྱས་པ་ལ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་དུ་གནས་པ་ཡིན་ལ། དང་པོ་སྦྱོར་བ་ལ་ཡང་ཡོ་བྱད་ཀྱི་བཤོམས་དང་། བདག་གི་རྣལ་འབྱོར་དང་། ལྷ་བུམ་དང་། ཁྲུས་བུམ་བསྒྲུབ་པ་རྣམས་སྔོན་དུ་འགྲོ་བས། རབ་ཏུ་གནས་པའི་ཆོ་ག་དངོས་ལ། ཐོག་མར་བགེགས་སྦྱོང་བ་ལ། གཏོར་མ་བྱིན་ཏེ་ཞི་བས་སྦྱང་བ་དང་། རྫས་ཞི་བ་དང་སྔགས་དྲག་པོ་སྟེ་ཕྱེད་མས་སྦྱང་བ་དང་། རྡོ་རྗེའི་ཁྲོ་བོའི་སྙེམས་པས་སྤྲུལ་པའི་ཕོ་ཉ་དང་བཅས་པས་བསྡིགས་ཤིང་ཚར་གཅོད་པ་དྲག་པོའི་སྒོ་ནས་སྦྱང་བ་རྣམས་ཀྱིས་བགེགས་བསལ་ནས། ཟན་ཆངས་སོགས་རྫས་བཞི་སྔགས་དང་བཅས་པས་མི་ཤེས་པ་སྦྱང་བ་དང་། ཏིལ་དང་མེ་ཆུའི་སྦྱོར་བས་སྡིག་པ་སྦྱང་བ་རྣམས་དང་། དེ་རྗེས་ཁྲུས་ཀྱི་ཆོ་ག་ལ་དམན་མཆོག་གཉིས་སུ་ཡོད་པ་ལས་སྔ་མ་ནི། སློབ་དཔོན་ཆེན་པོས། ཐ་མལ་པ་ཡིས་བྱས་པ་ཡི། །དྲི་མ་ངན་པ་བསལ་བའི་ཕྱིར། །ཞེས་གསུངས་པ་ལྟར་སྦྱང་གཞི་དེ་ལ་སྦྱང་བྱ་བཟོ་བོ་ལ་སོགས་པའི་མི་གཙང་བའི་དྲི་མ། སྦྱོང་བྱེད་བུམ་ཆུ་ལ་སོགས་པ། སྦྱོང་བ་པོ་སློབ་དཔོན་རྗེས་འབྲང་དང་བཅས་པས། སྦྱངས་འབྲས་རྟེན་ཡེ་ཤེས་སེམས་དཔའི་ངོ་བོར་བསྒྲུབ་རུང་དུ་བྱེད་པ་ཡིན་ཏེ། སློབ་མའི་ཚོགས་དང་བཅས་པ་ཡིས། །སྔགས་ཀྱི་གཙང་སྦྲས་བཀྲུ་བར་བྱ། །ཞེས་པ་ལྟར་ཁྲུས་ཆལ་བཀུ་མཉེ་དྲིལ་ཕྱིས་ཁྲུས་གསོལ་དབྱི་བ་རྣམས་ཀྱིས་དག་པར་བྱས་ནས། དྲི་དང་གོས་རྒྱན་སྲི་ཞུའི་ཚུལ་དུ་བསྒྲུབས་པ་རྣམས་ནི་ཉེས་ཚོགས་བསལ་བའི་རིམ་པའོ། །དངོས་གཞི་ཡོན་ཏན་མངོན་པར་སྒྲུབ་པའི་ཚུལ་ལ། འདུས་པ་ཆེན་པོའི་མདོར་གསུངས་པ་བཞིན་སློབ་དཔོན་ཤཱིནྟཾ་གརྦྷས་སཱཙྪ་སྒྲུབ་པའི་ཆོ་གར་བཤད་པ་ལྟར་གསོལ་བ་གདབ་ཅིང་སེམས་བསྐྱེད་པ་སྔོན་དུ་བཏང་ནས། རྟེན་དམ་ཚིག་པར་བསྐྱེད་པ་ནི། ས་མ་ཡ་ཞེས་པ་ལ་འཇུག་ཅིང་། ས་མ་ཏིའི་སྒྲ་འགྲོ་བ་དང་འདུ་བ་ལ་སྦྱོར་དུ་ཡོད་པས་ཡེ་ཤེས་སེམས་དཔའ་གང་དུ་འདུ་བའི་དམ་ཚིག་ཕྱག་རྒྱ་ཡིན་པའི་ཕྱིར་རོ། །ཇི་ལྟ་བསྐྱེད་ན། རིམ་གསུམ་ལས། དེ་ནས་ལྷ་རུ་བསྐྱེད་པ་ཡང་། བདེ་གཤེགས་འདུས་པའི་ལྷར་བསྐྱེད་དེ། །ཞེས་གཞུང་གང་ལ་བརྟེན་པ་དེར་བསྐྱེད་པ་དང་། སུ་པྲ་ཏི་ཞེས་སོ་སོའི་སྒྲས་གནས་བྱའི་རྟེན་སོ་སོའི་རྣམ་པ་ཅན་དུ་བསྒོམ་པར་གསུངས་མོད། བློ་དམན་གྱིས་རྟེན་མང་པོའི་ཁྱད་པར་བྱེ་བྲག་ཕྱེད་པ་གསལ་ཐེབས་པར་དཀའ་བའི་ཕྱིར་རིགས་སོ་སོའི་བསྡུ་ཚུལ་ནི། གལྤོ་ལས། གཟུགས་སྐུའི་རྟེན་གྱི་སྐུ་གསུང་ཐུགས། །ལུགས་མ་རི་མོ་ལ་སོགས་པ། །སྤྱིར་ན་རྣམ་པར་སྣང་མཛད་གཞི། །ཡང་ན་རིགས་བདག་གང་ཡིན་ལྷ། །པུསྟི་གླེགས་བམ་ལ་སོགས་གསུང་། །མཐའ་ཡས་མཆོག་ཏུ་བསྒོམ་པར་བྱ། །ཡང་ན་ཡི་དམ་རིགས་གང་ཡིན། །རྡོ་རྗེ་དྲིལ་བུ་ལ་སོགས་ཀུན། །མི་བསྐྱོད་རྡོ་རྗེ་འཛིན་པའམ། །སྐུ་གསུང་ཐུགས་དང་རིགས་ལྔར་འདུས། །ཞེས་གསུངས་པ་ལྟར། སྤྱིར་རིགས་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་བསྒོམས་པས་གྲུབ་ཀྱང་རིགས་ཀྱི་སྡེ་ཚན་རྣམས་འབྱེད་པའི་ཕྱིར་དེ་བཞིན་གཤེགས་པ་རིགས་ལྔ་སྒྱུ་འཕྲུལ་དྲྭ་བའི་ལུགས་བཞིན་ཆོ་ག་གསུམ་བསྐྱེད་ཀྱི་སྒོ་ནས་རྟེན་དམ་ཚིག་པར་བསྒོམས་ནས། དེ་ལ་ཡེ་ཤེས་སེམས་དཔའ་སྤྱན་འདྲེན་པ་ནི། ལྷ་ཡི་དཀྱིལ་འཁོར་རབ་བསྐྱེད་ནས། །ཡེ་ཤེས་དཀྱིལ་འཁོར་དགུག་པར་བྱ། །ཞེས་གསུངས་པ་ལྟར། རྟེན་དེ་ཉིད་ཡེ་ཤེས་སེམས་དཔའི་བདག་ཉིད་ཅན་དུ་བྱས་པས་མཆོག་ཏུ་བསྒྲུབ་པའི་ཕྱིར། དམ་ཚིག་པའི་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་པ་ལ་མཆོད་པ་སོགས་བྱས་ནས། དེ་ཉིད་ཕྱག་རྒྱ་བཞིས་དམ་ཚིག་པ་ལ་དགུག་གཞུག་བཅིང་བ་དང་དགྱེས་པ་བསྐྱེད་པས་དམ་ཡེ་ཆུ་དང་འོ་མ་བཞིན་དབྱེར་མེད་པར་བྱས་ནས། སླར་ཡང་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་རྟེན་གྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ངོ་བོར་རྒྱས་བཏབ་པ་ལས་འདའ་བར་མི་བྱེད་པས་རབ་ཏུ་གནས་པའི་དོན་གྱི་སྙིང་པོ་གྲུབ་པར་བྱས་པ་ཡིན་ཏེ། མཉམ་སྦྱོར་ལས། རྒྱ་འདི་བཅིངས་པ་ཙམ་གྱིས་ནི། །སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ། །ཤིན་ཏུ་བྱིན་གྱིས་བརླབས་ནས་ནི། །སངས་རྒྱས་ཐམས་ཅད་འདུ་བར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་རྟེན་དེ་ལ་དབང་བསྐུར་བ་ནི་མཆོག་གི་ཁྲུས་སུ་འགྱུར་བ་ཡིན་ཏེ། ཨ་བྷི་ཥིཉྩ་ཞེས་པ་མངོན་པར་གཏོར་བའམ། ཆུས་བརླན་པར་བྱས་པ་དང་དངོས་སུ་དྲི་མ་དག་པར་བྱེད་པ་ཙམ་ལ་འཇུག་ཅིང་། བརྒྱུད་ནས་གོ་འཕང་གི་ཆོས་ཐོབ་པར་བྱེད་ཅིང་དབང་བསྒྱུར་བའི་ནུས་པ་ཁྱད་པར་ཅན་བསྐྱེད་པའི་ཕྱིར་ན་དབང་སྟེ། ཇི་ལྟར་བསྐུར་ན། གལྤོ་ལས། རིག་པའི་དབང་ལྔ་བསྐུར་བར་བྱ། །ཞེས་སོགས་དབང་བཞི་རྫོགས་པར་བསྐུར་བར་གསུངས་པ་བཞིན་བསྒྲུབས་པ་དང་། རིམ་གསུམ་ལས། རང་གི་སྙིང་གའི་ས་བོན་ལས། །འོད་འཕྲོས་འོག་མིན་ལྷ་ཚོགས་བསྐུལ། །དེ་རྣམས་བྱོན་ནས་ཐུགས་ཀ་ནས། །ལྷ་མོ་དཔག་མེད་འཐོན་ནས་ནི། །མཆོད་པ་རོལ་མོ་བུམ་པར་བཅས། །བཀྲ་ཤིས་སྒྲ་དང་བཅས་པ་ཡིས། །དབང་ནི་བསྐུར་བར་བསམ་པ་བྱ། །ཞེས་དང་། དེ་ལྟར་རྟེན་ལ་དབང་བསྐུར་བར་བྱེད་པས་སྦྱང་གཞི་གདུལ་བྱའི་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ། སྦྱང་བྱ་འཁོར་བའི་གཉིས་སྣང་ས་བོན་དང་བཅས་པ། སྦྱོང་བྱེད་བུམ་པ་ལ་སོགས་དབང་གི་རྒྱ་རྟགས་ལ་བརྟེན་ནས་རིགས་ལྔ་ཡེ་ཤེས་ལྔའི་བྱང་སེམས་ཀྱི་ཆུ་རྒྱུན་གྱི་བདག་པོ་ནམ་མཁར་སྤྱན་དྲངས་པའི་གདན་གསུམ་ཚང་བའི་དབང་གི་ལྷ་རྣམས། སྦྱངས་འབྲས་གཟུང་ཡུལ་གྱི་རྟེན་དང་། འཛིན་བྱེད་བདག་གི་ཆོས་ཉིད་དང་དབྱེར་མེད་པ་རྒྱུ་རྐྱེན་འབྲས་བུའི་ཚུལ་དུ་འབྲེལ་བར་གནས་པས་མཆོག་གི་གནས་ལ་སྦྱོར་བ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། ཇི་ལྟར་གླིང་བཞིའི་དབང་ཕྱུག་གིས། །འཁོར་ལོས་སྒྱུར་བར་དབང་བསྐུར་བ། །དེ་བཞིན་སྔགས་པས་ངོ་མཚར་དང་། །བཀྲ་ཤིས་ཀྱིས་ནི་དབང་བསྐུར་རོ། །ཞེས་གསུངས་པའི་ཚུལ་གྱིས་སོ། །དེ་ལྟར་དབང་བསྐུར་བས་གོ་འཕང་གི་ཆོས་ལ་དབང་ཐོབ་པར་གྱུར་པ་དེ་ལ་མངའ་གསོལ་བའི་ཕྱིར་མཆོད་པ་དང་བསྟོད་པས་དགྱེས་པ་བསྐྱེད་པ་ནི་དབང་གི་རྗེས་འབྲེལ་ལོ། །དེ་ནས་སྤྱན་སོགས་དབྱེ་བ་ནི། །རྒྱུད་ལས། དེར་ནི་གསེར་གྱི་རང་བཞིན་གྱི། །ཐུར་མས་སྤྱན་ནི་དབྱེ་བར་བྱ། །ཞེས་གསུངས་པ་ལྟར་སྤྱན་སོགས་དབྱེ་བས་སེམས་ཅན་རྣམས་ཀྱི་མ་རིག་པའི་ལིང་ཐོག་སོགས་སྒྲིབ་བྱེད་རྣམས་བསལ་ནས་སངས་རྒྱས་རྣམས་ཀྱི་ཡེ་ཤེས་གཟིགས་པ་སོགས་སྒྲིབ་མེད་དུ་འཇུག་པའི་ཕྱིར་རྟེན་ཡེ་ཤེས་ཀྱི་ལྷ་དང་སྐལ་པ་མཉམ་པར་སྤྱོད་པའི་རྟེན་འབྲེལ་ཡང་སྐྱེ་མཆེད་དེ་དག་ལ་ལྟོས་ཏེ་ཡུལ་ཅན་ཡེ་ཤེས་ཀྱི་གཟིགས་པ་ཡུལ་འདོད་ཡོན་ལ་སྤྱོད་ཡུལ་མཚུངས་པར་བྱ་བའི་ཕྱིར་དབང་པོའི་སྒོ་རྣམས་བསལ་བར་བྱས་པའོ། །དེ་ནས་རྟེན་བསྒྱུར་ནི། རིམ་གསུམ་དུ། སོ་སོའི་སྔགས་དང་ཕྱག་རྒྱ་ཡིས། །དཀྱིལ་འཁོར་ལྷ་དེ་དེར་བསྒྱུར་སམ། །སྔགས་དང་ཕྱག་རྒྱ་སེ་གོལ་གྱིས། །སྐུ་གྱུར་གདུལ་བྱའི་ངོ་གང་ལ། །གང་གིས་འདུལ་བ་དེར་བསམ་ཞིང་། །ཞེས་གསུངས་པ་ལྟར་སྔར་རྟེན་བསྐྱེད་ཀྱི་སྐབས་རིགས་ལྔ་གང་དུ་བསྒོམས་པ་དེ་སྐབས་འདིར་ཇི་ལྟར་གནས་བྱའི་སྐུ་གཟུགས་དང་གླེགས་བམ་དང་མཆོད་རྟེན་ལ་སོགས་པ་སོ་སོའི་རྣམ་པ་གང་ཡིན་པ་དེར་བསྒྱུར་བའང་དེ་དང་དེའི་ཕྲིན་ལས་གདུལ་བྱའི་ཡུལ་ལ་ཇི་ལྟར་འཇུག་པ་བཞིན་དུ་བྱེད་པ་རྣམས་ཀྱིས་ཡོན་ཏན་མངོན་པར་བསྒྲུབ་པའི་ཆོ་གའོ། །དེ་ལྟར་རྟེན་བསྒྲུབ་པ་བཞིན་དུ་བསྒྱུར་བ་དེ་ལ་མངའ་དབུལ་བ་ནི། འཇིག་རྟེན་ན་རྒྱལ་བུ་རྒྱལ་སར་དབང་བསྐུར་བ་དེ་ལ་འཁོར་འབངས་རྣམས་ཀྱིས་ཕུན་སུམ་ཚོགས་པའི་ཡོ་བྱད་ཀྱིས་མངའ་གསོལ་བ་བཞིན་དུ་འདིར་ཡང་། སྤྱིར་ཆུ་གཉིས་ཉེར་སྤྱོད་རོལ་མོ། རིན་ཆེན་བདུན། འདོད་ཡོན་ལྔ་སོགས་ཀྱིས་མཆོད་ཅིང་བསྟོད་པས་མངའ་དབུལ་བ་དང་། ཁྱད་པར་སྐུ་གསུང་ཐུགས་ཀྱི་རྟེན་སོ་སོ་དང་འབྲེལ་བ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཀྱིས་མངའ་དབུལ་བ་དང་། སྦྱིན་སྲེག་གམ་ཙཱ་རུའི་བཟའ་བ་ཞེས་པ་ལྷའི་ཟས་སུ་གྲགས་པས་མངའ་དབུལ་བ་དང་། རབ་གནས་ཀྱི་སྔགས་དང་བཀྲ་ཤིས་ཀྱིས་མངའ་དབུལ་བ་རྣམས་ལ་མངའ་དབུལ་རྣམ་པ་བཞིར་གྲགས་པས་མངའ་གསོལ་བ་སྟེ། དེ་དག་ནི་ཕུན་ཚོགས་སྤེལ་བའི་ཆོ་གའོ། །དེ་ལྟར་རྟེན་དེ་གདུལ་བྱའི་དཔལ་མགོན་དུ་བརྟན་པར་བཞུགས་སུ་གསོལ་བ་ནི། གལྤོར། འཇིག་རྟེན་མ་སྟོངས་བར་དུ་ནི། །སེམས་ཅན་ལུས་ངག་སྒྲིབ་སྦྱོང་ཕྱིར། །དོན་མཛད་ཆོས་ཀྱི་འཁོར་ལོ་བསྐོར། །བཞུགས་པར་གསོལ་བ་གདབ་པར་བྱ། །ཞེས་པ་ལྟར་འཁོར་བ་ཇི་སྲིད་བར་རྟེན་དེ་ལ་གནས་པར་བཞུག་སུ་གསོལ་བ་ཉིད་ཀྱིས་རབ་གནས་ཞེས་པའི་བརྡ་དང་འབྲེལ་ཞིང་བརྟན་པར་བྱིན་གྱིས་བརླབ་པ་ནི། རང་གི་དམ་ཚིག་བཞིན་དུ་རྟེན་དེ་ལ་གནས་པ་དང་། མི་གནས་པའི་དབང་མེད་པར་སྔགས་དང་ཕྱག་རྒྱས་འཆིང་བར་བྱེད་པ་སྟེ། ཕྱག་རྡོར་དབང་བསྐུར་ལས། འཇམ་དཔལ་གསང་སྔགས་ཀྱི་ཆོས་ཉིད་སྟོན་ཏེ། དེས་ཚིག་གི་རྣམ་པ་བསྟན་པ་ན་བྱ་བ་ནུས་པར་འགྱུར་རོ། །འཇམ་དཔལ་རྟེན་པའི་ཆོས་ཉིད་བྱ་བ་ནུས་པར་གྱུར་པ་ལ་ལྟོས། དཔེར་ན་གཙུབ་སྟན་བརྟེན་ནས་སུ། །གཙུབ་ཤིང་གཙུབས་པར་བྱས་པ་ཡིས། །མི་ཡི་རྩོལ་བ་བྱས་རྒྱུ་ལས། །སྟོབས་དང་ལྡན་པའི་མེ་འབྱུང་ངོ་། །དེ་བཞིན་སྔགས་དང་ཕྱག་རྒྱ་ལྷ། །གསུམ་ནི་འདུས་པར་གྱུར་པ་ལས། །ཆེན་པོ་དག་ནི་འབྱུང་འགྱུར་ཏེ། །བྱུང་ནས་ཡིད་ལ་གང་འདོད་པའི། །དགོས་པ་ཐམས་ཅད་བྱེད་པར་འགྱུར། །ཞེས་དང་། རྣམ་སྣང་སྒྱུ་དྲྭ་ལས། གང་ཞིག་བཅིངས་པ་ཙམ་གྱིས་སུ། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །འདི་ན་ལུས་ནི་བྱིན་རླབས་ཏེ། །རང་གི་གཟུགས་སུ་རྣམ་བསྒོམས་ན། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་གསུངས་པ་བཞིན་ནོ། །དེ་དག་ནི་ཕུན་ཚོགས་སྤེལ་བར་བྱེད་པ་སྟེ་དངོས་གཞིའི་ཆོ་གའོ། །གསུམ་པ་རྗེས་ཀྱི་ཆོ་ག་ནི་རིམ་གསུམ་ལས། དེ་ནས་མཆོད་པ་མཎྜལ་དང་། །གཏོར་མ་རྒྱ་ཆེར་ཕུལ་བྱས་ལ། །ཆོས་ཀྱི་སྲུང་མ་སྤྱན་དྲངས་ཏེ། །མཆོད་ཅིང་གཏོར་མ་ཕུལ་ནས་ནི། །སྐུ་ལ་སོགས་པ་རབ་གནས་དེའི། །སྲུང་མར་བཀའ་བསྒོ་གཏད་པར་བྱ། །དེ་ནས་བཀྲ་ཤིས་གླུ་གར་དང་། །རོལ་མོའི་སྒྲ་དང་བཅས་པ་ཡིས། །བསྐོར་ཞིང་བརྟན་པར་བཞུགས་སུ་གསོལ། །ཞེས་སོགས་གསུངས་པ་ལྟར། ཡི་དམ་དང་ཆོས་སྐྱོང་སོགས་འཇིག་རྟེན་ལས་འདས་པ་རྣམས་དང་། ཕྱོགས་སྐྱོང་དང་འབྱུང་པོ་སོགས་འཇིག་རྟེན་པ་རྣམས་ལ་གཏོར་མ་སོ་སོའི་ཆོ་ག་བཞིན་ཏུ་ཕུལ། རྟེན་ཡེ་ཤེས་པའི་ངོ་བོར་བསྒྲུབས་པ་དེ་ཉིད་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་ཕྱག་གི་གནས། མཆོད་པའི་ཡུལ། བསོད་ནམས་ཀྱི་ཞིང་དུ་གྱུར་པའི་ཕྱིར། སྲུང་ཞིང་མཆོད་པ་པོ་མི་སྣང་བ་ལྷ་ལ་གཏོད་པ་དང་། སྣང་བ་མི་ལ་གཏོད་པ་གཉིས་ལས། དང་པོ་ནི། རྒྱལ་བའི་བསྟན་པའི་བཀའ་སྲུང་མཐུ་སྟོབས་ཀྱི་དབང་ཕྱུག་ཆོས་སྐྱོང་བའི་སྲུང་མ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་མཆོད་གཏོར་ཕུལ། མཐུན་སྐྱེད་དམ་ཚིག་བསྒྲགས་ནས་རྟེན་འདི་ཉིད་ཕྱི་མའི་མུ་མཐར་ཐུག་གི་བར་དུ་བསྲུང་ཞིང་སྐྱོང་བར་མཛོད་ཅེས་གཉེར་དུ་གཏད་ཅིང་། དེ་ནས་གོང་གི་གནས་བྱེད་རྩ་བའི་ལྷ་ཚོགས་རྣམས་ལ་མཆོད་ཅིང་བསྟོད་ནས་རྟེན་སྲུང་ཞིང་སྐྱོང་བར་གསོལ་བ་འདེབས་པ་དང་ནོངས་པ་འཆག་པ་སོགས་སོང་གྲུབ། ད་རེས་འདིར་སྣང་བ་མི་ལ་གཏོད་པ་ཡོན་བདག་བསྒོ་བ་ཞེས་བྱ་བ་དེའི་སྐབས་སུ་བབས་པ་ཡིན་ཏེ། རིམ་གསུམ་དུ། ཡོན་བདག་མདུན་དུ་བཀུག་ནས་ནི། །རབ་གནས་ལྷ་ལ་མཆོད་པ་ཡི། །རྗེས་སུ་གནང་བ་སྦྱིན་པར་བྱ། །ཞེས་གསུངས་པ་དང་། དེ་ཡང་ཇི་ལྟར་ཞེ་ན། ཁྱེད་ཀྱིས་ང་ལ་གསོལ་བཏབ་པའི། །སོགས་ནས། ཅི་འབྱོར་པའི་མཆོད་པ་རྒྱུན་མི་ཆད་པར་གྱིས་ཤིག །ཅེས་བསྒོས་པ་བཞིན་དུ་ཁྱེད་ཀྱིས་ཀྱང་དང་དུ་བླངས་པའི་ཚུལ་དུ་འདི་ལྟར་བཤམས་པའི་མཆོད་པ་འདིས་མཚོན་ཏེ་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་ཕྱི་ནང་གསང་བའི་མཆོད་པའི་སྤྲིན་རབ་འབྱམས་སུ་སྤེལ་བ་འདུས་པའི་ཚོགས་དང་ལྷན་ཅིག་པས་ཞལ་བསྲོའི་ཚུལ་དུ་འབུལ་བར་མཛོད། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །སོགས་ཀྱིས་ཕུལ་ལ། དེ་ལྟར་ཞལ་བསྲོའི་མཆོད་པ་ཕུལ་ནས་བཀྲ་ཤིས་པའི་སྟན་ལ་འཁོད་པའི་མོས་པ་མཛོད། །བཀྲ་ཤིས་ལ་བར་དུ་གཅོད་པའི་བགེགས་བསྐྲད་པ་ནི། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་སོགས་ཀྱི་མཐར། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རབ་ཏུ་གནས་པ་ལེགས་པར་བྱས་པའི་རྟེན་དང་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་བཀྲ་ཤིས་པར་བྱེད་པ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག་སོགས་དྲགས་སྔགས་སྤོས་རོལ་ཚམ་རྔམས་ཀྱིས་བསྐྲད་ནས། ཡོན་བདག་ལས་སྔགས་དང་བུམ་ཆུས་བསང་ནས། སྟོང་པའི་ངང་ལས་སྦྱིན་པའི་བདག་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འམ་སྐབས་སུ་བབས་པའི་ལྷར་བསྐྱེད་ནས། བཀྲ་ཤིས་ཀྱི་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་མཱཾ་ལས་བྱུང་བའི་གྲུབ་པའི་བཀྲ་ཤིས་ཀྱི་རྫས་བརྒྱད་སོགས་རང་རང་གི་བྱེད་ལས་ཕུན་སུམ་ཚོགས་པའི་དངོས་པོ་ཐམས་ཅད་སྒྲུབ་པའི་མཐུ་དང་ལྡན་པར་བསམས་ནས་མེ་ལོང་ཐོགས་ཏེ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བ་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ་དེང་འདིར་ཡང་རབ་ཏུ་གནས་པ་ལེགས་པར་བྱས་པའི་རྟེན་འདི་དང་བདག་དང་སྦྱིན་པའི་བདག་པོས་ཐོག་དྲངས་སེམས་ཅན་ཐམས་ཅད་མེ་ལོང་གི་རྫས་ལ་བརྟེན་ནས་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ། སོགས་བརྗོད། དེ་བཞིན་དུ། གླང་པོ་ཆེ་ས་སྲུང་གིས་སྨན་གི་ཝཾ། ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ། བྲམ་ཟེ་ཀུཎྜ་ལཱིས་རྩྭ་དཱུརྦ། ཤིང་གི་ལྷ་མོས་ཤིང་ཐོག་བིལྦ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་གཡས་སུ་འཁྱིལ་བ། ས་ཡི་ལྷ་མོ་བརྟན་མས་ལི་ཁྲི། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ་བ་སོགས་ཀྱི་གཏོང་ཐུན་གྱི་མཐར་མཐུན་འགྱུར་དང་། ཚིགས་བཅད་སོ་སོའི་མཐར་རོལ་མོ་དང་བཅས་པས་མེ་ཏོག་འཐོར་ཞིང་རྫས་རྣམས་རྟེན་ལ་འབུལ་ཚུལ་བྱས་ནས་དེར་འཁོད་ཐམས་ཅད་ལ་རེག་ཅིང་ཡོན་བདག་ལ་བཏད། དེ་བཞིན་དུ་རིན་ཆེན་བདུན་ཡང་གཏོད་པར་སྤྲོ་ན། གང་ཡང་བསོད་ནམས་ཆེན་པོའི་དཔལ་དང་ལྡན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་དུ་བྱུང་བ་ན་དེ་ཉིད་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གོ་འཕང་ལ་དབང་བསྐུར་བའི་ཡོ་བྱད་ཐུན་མོང་མ་ཡིན་པ་ནི་རིན་པོ་ཆེ་སྣ་བདུན་ཡིན་ལ། དེ་ཡང་འཁོར་ལོ་ལ་སོགས་པ་བདུན་རེ་རེ་ལ་ཡང་རང་བཞིན་གྱིས་གྲུབ་པའི་ཡོན་ཏན་བདུན་དང་། རྫུ་འཕྲུལ་གྱི་ཡོན་ཏན་བདུན་དང་། བྱང་ཆུབ་ཀྱི་ཡན་ལག་གི་ཡོན་ཏན་བདུན་དང་། ཆོས་ཀྱི་ཡོན་ཏན་བདུན་རྣམས་དང་ལྡན་ཏེ། དེ་ལྟར་ཕུན་སུམ་ཚོགས་པའི་དགེ་ལེགས་ཆེན་པོའི་དཔལ་གྱིས་དེང་འདིར་ཡང་རབ་ཏུ་གནས་པ་ལེགས་པར་བྱས་པའི་རྟེན་འདི་དང་བདག་དང་སྦྱིན་པའི་བདག་པོས་ཐོག་དྲངས་སེམས་ཅན་ཐམས་ཅད་རིན་པོ་ཆེ་སྣ་བདུན་གྱི་རྫས་ལ་བརྟེན་ནས་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཅེས་པའི་མཐར། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །ཞེས་སོགས་ཚིགས་སུ་བཅད་པ་རོལ་མོའི་སྐྲ་དང་བཅས་པས་ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་པར་བྱའོ། །ཞེས་པའང་བཛྲཱཀྵ་རས་སོ།། །།

རབ་གནས་ཡོན་བསྒོའི་གཏོང་ཐུན་སྙིང་པོར་དྲིལ་བ།

རབ་གནས་ཡོན་བསྒོའི་གཏོང་ཐུན་སྙིང་པོར་དྲིལ་བ་བཞུགས་སོ། །ༀ་སྭ་སྟི། རབ་གནས་ཡོན་བསྒོའི་གཏོང་ཐུན་ཉུང་ངུར་བརྗོད། དེ་ཡང་སྦྱིན་པའི་བདག་པོ་ཁྱེད་ཀྱིས་ལྷག་པའི་བསམ་པ་དང་སྦྱོར་བ་རྣམ་པར་དག་པས་བདེ་བར་གཤེགས་པའི་སྐུའམ། གསུང་ངམ། ཐུགས་ཀྱི་རྟེན་ཕུན་སུམ་ཚོགས་པ་བསྒྲུབས་ཤིང་རབ་ཏུ་གནས་པར་གསོལ་བ་འདི་ནི་དགེ་ལེགས་ཀྱི་གཞིར་གྱུར་པ་ཡིན་ཏེ། སྤྱིར་ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གི་ཕན་པ་དང་བདེ་བ་ནི་རྒྱལ་བའི་བསྟན་པ་ཁོ་ན་ལ་རག་ལས་ཤིང་། དེ་ཡང་དཀོན་མཆོག་གསུམ་གྱི་རྟེན་ལ་རག་ལས་པ་དང་། ཁྱད་པར་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བྱིན་གྱིས་བརླབས་ནས་གདུལ་བྱ་ཐུན་མོང་པ་རྣམས་ལ་ཡང་དབང་པོའི་མངོན་སུམ་དུ་སྣང་བས་བསོད་ནམས་ཀྱི་ཞིང་བརྟེན་སླ་བའི་ཕྱིར་དེ་དག་སྒྲུབ་ཚུལ་དང་། བསྒྲུབས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་མདོ་རྒྱུད་དུ་མ་ནས་གསུངས་པ་ཡིན་ཏེ། དམ་པའི་ཆོས་པདྨ་དཀར་པོ་ལས། ལ་ལས་དེ་ཉིད་རིན་ཆེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་འཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ན། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། གསལ་རྒྱལ་གྱིས་ཞུས་པ་ལས། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་ཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་ཐོབ། །ཅེས་སོགས་དང་། སྒྱུ་འཕྲུལ་ལས། ས་ལ་སོགས་ལ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་སོགས་ཕན་ཡོན་རྒྱ་ཆེར་གསུངས་པ་ལ་ཡིད་ཆེས་ཀྱིས་བསྒྲུབ་པའི་རྟེན་དེ་ཡང་ཞལ་བསྲོ་བ་དང་། མངའ་དབུལ་བ་དང་། བྱིན་གྱིས་བརླབ་པ་ཞེས་བྱ་བ་དགེ་ཞིང་བཀྲ་ཤིས་པར་བྱེད་པ་ལ། པྲ་ཏིཥྛ་བི་དྷི་ཞེས་རབ་གནས་ཀྱི་ཆོ་གར་ཡོངས་སུ་གྲགས་པ་སྟེ། ཧེ་རུ་ཀ་གལྤོར། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །ཡེ་ཤེས་གཞུག་པའི་བྱིན་རླབས་ཅན། །འཁོར་བ་བྱུང་བ་ལྔ་ཡི་གཟུགས། །སྐུ་དང་གསུང་དང་ཐུགས་ཉིད་ཡིན། །ཞེས་དང་། རྡོ་རྗེ་བཀོད་པ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ། །མཐའ་ཡས་གྲོལ་བའི་རྒྱུ་ཡི་ཕྱིར། །རྒྱལ་བ་དགུག་དང་གཞུག་པར་བྱ། །ཞེས་སོགས་གསུངས་པ་ལྟར་བསྒྲུབ་པ་ལ། ཤེས་བྱེད་ཀྱི་གཞི་བཤད་པ་དང་། བཤད་པའི་ཆོ་ག་ཇི་ལྟར་བསྒྲུབ་པའི་ཚུལ་གཉིས་སུ་གནས་པ་ལས། དང་པོ་ལ། རབ་གནས་ཀྱི་རང་བཞིན། གནས་བྱའི་རྟེན། གནས་པའི་དགོས་པ། གནས་བྱེད་ཀྱི་སློབ་དཔོན། གང་དུ་བྱ་བའི་གནས། གང་གི་ཚེ་བྱ་བའི་དུས། གང་བྱ་བའི་ཆོ་ག་དང་བདུན་གྱི་སྒོ་ནས་བླང་དོར་གྱི་དམིགས་ཕྱེ་སྟེ་ཕུན་སུམ་ཚོགས་པར་བྱ་དགོས་པ་རྣམས་ཚང་བའི་དབང་དུ་བྱས་ནས། གཉིས་པ་ཇི་ལྟར་བྱ་བའི་ཆོ་ག་ལ་ཡང་རྒྱས་འབྲིང་བསྡུས་པའི་རྣམ་བཞག་འགའ་ཡོད་པ་ལས་ཅུང་ཟད་བསྡུས་པ་ཉིན་ཆོག་གི་དབང་དུ་བྱས་པ་ལ། སྦྱོར་བ་ཡོ་བྱད་ཀྱི་བཤམ་དང་། བདག་བསྐྱེད་བུམ་བཟླས་དང་བཅས་པ་སོགས་སྔོན་དུ་བཏང་ནས། རབ་གནས་དངོས་ཀྱི་ཆོ་ག་ལ། བར་དུ་གཅོད་པའི་བགེགས་བསྐྲད་ལ། མི་ཤེས་པ་དང་སྡིག་པ་སྦྱོང་བས་བཀྲུ་ཞིང་ཕྱི་བ་རྣམས་ཀྱིས་ཉེས་པའི་སྐྱོན་བསལ་ནས། དངོས་གཞི་གསོལ་བ་གདབ་ཅིང་སེམས་བསྐྱེད་ནས་གནས་བྱའི་རྟེན་རིགས་དང་མཐུན་པའི་དམ་ཚིག་པར་བསྐྱེད་ལ། ཡེ་ཤེས་པ་སྤྱན་དྲངས་ཏེ་དགུག་གཞུག་བཅིང་བ་དང་། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་གནས་བྱའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དབྱེར་མེད་དུ་རྒྱས་གདབ་པ་དང་། གདན་གསུམ་ཚང་བའི་ལྷ་རྣམས་སྤྱན་དྲངས་ཏེ་དབང་བསྐུར་བས་གོ་འཕང་གི་ཆོས་ལ་དབང་བསྒྱུར་བའི་ནུས་པ་ཅན་དུ་བསྒྲུབས་ནས་མཆོད་པ་དང་། སྤྱན་སོགས་དབང་པོའི་སྐྱོན་བསལ་བས་ཡེ་ཤེས་ཀྱི་གཟིགས་པ་གདུལ་བྱའི་ཡུལ་ལ་འཇུག་པའི་རྟེན་འབྲེལ་བསྒྲིགས་ཏེ། རིགས་དང་མཐུན་པའི་རྟེན་བསྐྱེད་པ་དེ་ཉིད་གནས་བྱ་ཇི་ལྟར་ཡོད་པ་སོ་སོའི་སྐུར་བསྒྱུར་བ་རྣམས་ཀྱིས་ཡོན་ཏན་མངོན་པར་བསྒྲུབ་པ་སྟེ། དེ་ལྟར་རྟེན་ཡེ་ཤེས་པའི་ངོ་བོར་གྱུར་པ་དེ་ལ་སྤྱིར་མཆོད་བསྟོད་དང་། བྱེ་བྲག་ཉེ་བར་མཁོ་བའི་ཡོ་བྱད་དང་། ཙཱ་རུའི་ཞལ་ཟས་དང་། རབ་གནས་ཀྱི་སྔགས་དང་བཀྲ་ཤིས་ཀྱིིས་མངའ་དབུལ་བ་སྟེ། མངའ་དབུལ་བ་རྣམ་པ་བཞིར་གྲགས་པས་མངའ་གསོལ་བ་དང་། དེ་ཉིད་གདུལ་བྱའི་དཔལ་མགོན་དུ་འཁོར་བ་ཇི་སྲིད་བརྟན་པར་བཞུགས་སུ་གསོལ་བ་དང་། བརྟན་པར་བྱིན་གྱིས་བརླབས་པ་རྣམས་ཀྱིས་ཕུན་སུམ་ཚོགས་པའི་དཔལ་སྤེལ་བ་སྟེ་དངོས་གཞིའི་ཆོ་གའོ། །རྗེས་ཀྱི་ཆོ་ག་ལ་འཇིག་རྟེན་པའི་གཏོར་མ་བསྔོ་བ། སྲུང་མ་བསྒོ་བ་ལ་སོགས་པ་རྣམས་ལེགས་པར་སོང་ནས། འདིར་ཡོན་བདག་བསྒོ་བ་ཞེས་བྱ་བ་དེའི་སྐབས་སུ་བབས་པ་ཡིན། དེ་ཡང་ཇི་ལྟར་ཞེ་ན། ཁྱོད་ཀྱིས་ང་ལ་གསོལ་བཏབ་པའི། །ཞེས་སོགས་ནས། ཅི་འབྱོར་པའི་མཆོད་པ་རྒྱུན་མི་ཆད་པར་གྱིས་ཤིག །ཅེས་བསྒོས་པ་བཞིན་དུ་ཁྱེད་ཀྱིས་ཀྱང་དང་དུ་བླང་བའི་ཚུལ་དུ་འདི་ལྟར་བཤམས་པའི་མཆོད་པ་འདིས་མཚོན་དུས་གསུམ་དགེ་ཚོགས་དང་བཅས་པའི་ཕྱི་ནང་གསང་བའི་མཆོད་སྤྲིན་རབ་འབྱམས་སུ་སྤེལ་བ་འདུས་ཚོགས་དང་ལྷན་ཅིག་པས་ཞལ་བསྲོའི་ཚུལ་དུ་འབུལ་བར་མཛོད། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །སོགས་ཀྱིས་ཕུལ་ལ། དེ་ལྟར་ཞལ་བསྲོའི་མཆོད་པ་ཕུལ་ནས་བཀྲ་ཤིས་པའི་སྟན་ལ་འཁོད་པའི་མོས་པ་མཛོད། བཀྲ་ཤིས་ཀྱི་བགེགས་བསལ་ཕྱིར། ན་མོ། རྗེ་བཙུན་རྩ་བ་དང་སོགས་ཀྱི་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། འདིར་མ་གནས་པར་གཞན་དུ་དེངས་ཤིག་སོགས་དྲག་སྔགས་སྤོས་རོལ་བྱ། ཡོན་བདག་བསང་སྦྱང་། སྟོང་པའི་ངང་ལས་སྦྱིན་པའི་བདག་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་ནས། རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་མཱཾ་ལས་སོགས་ཀྱིས་བྱིན་གྱིས་བརླབས་ནས། མེ་ལོང་ཐོགས་ཏེ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བ་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ་དེང་འདིར་ཡང་རབ་ཏུ་གནས་པ་ལེགས་པར་བྱས་པའི་རྟེན་འདི་དང་བདག་དང་སྦྱིན་པའི་བདག་པོས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མེ་ལོང་གི་རྫས་ལ་བརྟེན་ནས་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །སོགས་བརྗོད། དེ་བཞིན་དུ་གླང་པོ་ཆེ་ས་སྲུང་གིས་སྨན་གི་ཝཾ། ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ། །བྲམ་ཟེ་ཀུཎྜ་ལཱིས་དཱུརྦ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ། ས་ཡི་ལྷ་མོ་བརྟན་མས་ལི་ཁྲི། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ་བ་སོགས་དང་ཚིགས་བཅད་སོ་སོའི་མཐར་འཇམ་རོལ་མེ་ཏོག་གི་ཆར་དབབ་པ་སོགས་བྱས་ནས། རྟེན་མཆོད་པ་སོགས་སྨོན་ལམ་གདབ་ཅིང་ཡོན་བདག་གིས་རྟེན་ལ་བསྐོར་བ་དང་ཕྱག་བྱ་བ་སོགས་དགེ་ལེགས་ཀྱིས་ཁྱབ་པར་བྱ་བ་ཡིན་ནོ། །ཚུལ་འདི་ཉིན་ཆོག་དཀྱུས་མ་སོགས། །ཇི་ལྟར་བྱ་བའི་ཆོ་ག་ལ། །རྒྱས་བསྡུས་སྐབས་སུ་གང་བབ་པ། །དེ་དང་མཐུན་པར་བྱ་བ་གཅེས། ཞེས་པའང་རབ་གནས་ཆོ་གའི་ལྷན་ཐབས་སུ་འགྱུར་མེད་རྡོ་རྗེས་སོ།། །།

རྫས་བརྒྱད་དང་སྣ་བདུན་འབུལ་བའི་ཟུར།

སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བས། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་ཡང་རབ་ཏུ་གནས་པར་བྱས་པའི་རྟེན་རྣམས་དང་བདག་དང་སྦྱིན་པའི་བདག་པོས་གཙོ་བྱས་སེམས་ཅན་ཐམས་ཅད་མེ་ལོང་གི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །དེ་བཞིན་དུ། གླང་པོ་ཆེ་ས་སྲུང་གིས་སྨན་གི་ཝང་ཕུལ་བས༴ གི་ཝང་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕུལ་བས༴ ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །བྲམ་ཟེ་ཀུཎྜ་ལཱིས་རྩ་དཱུརྦ་ཕུལ་བས༴ དཱུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག །ཤིང་གི་ལྷ་མོ་འོད་འཆང་མས་ཤིང་ཏོག་བིལྦ་ཕུལ་བས༴ བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་བས༴ དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག །སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་བས༴ ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ་བས༴ ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག །ཅེས་རྫས་བརྒྱད་དང་། སྐབས་འགའ་ཞིག་ཏུ་རྒྱས་པ་ལ་མོས་ན། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཅིང་མུ་ཁྱུད་རབ་མཉམ་བཟང་། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུརྻ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་པ། །བློན་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཞིང་སླར་ཡང་ལྡོག་བྱེད་ཅིང་། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །འགྲོ་དང་ལྡོག་དང་ཀུན་ནས་འོང་གྱུར་པའི། །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ལ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་དམ་པའི་བཀྲ་ཤིས་ཤོག། །།

རབ་ཏུ་གནས་པར་བྱེད་པའི་ཆོ་གའི་ལག་ལེན་གསལ་བར་བྱེད་པ།

རབ་ཏུ་གནས་པར་བྱེད་པའི་ཆོ་གའི་ལག་ལེན་གསལ་བར་བྱེད་པ་ལེགས་པར་བཤད་པའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། ཞི་ཁྲོ་རིགས་བརྒྱའི་དཀྱིལ་འཁོར་འཁོར་ལོ་ཀུན། །སྤྲོ་དང་བསྡུ་བའི་བྱེད་པོར་ཆུ་ཟླ་བཞིན། །དངོས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའ་དང་། །དབྱེར་མེད་རོ་མཉམ་དྲིན་ཅན་བླ་མར་འདུད། །གང་གི་གསུང་ངག་ལེགས་བཤད་བདུད་རྩིའི་དཔྱིད། །དངོས་གྲུབ་རིན་ཆེན་འབྱུང་གནས་རོལ་པའི་མཚོར། །ཡོངས་བསྐྱིལ་རང་དང་སྐལ་མཉམ་ཐོས་པ་ཡིས། །དུབ་པ་དེ་དག་ངལ་གསོའི་སྐྱེས་སུ་སྦྱིན། །དེ་ཡང་འདི་ལྟར་ངེས་པ་བྱ་བ་ཡིན་ཏེ་སྔོན་དུ་ཤེས་དབྱེ་བཤད་པ། བཤད་འབྲས་ཀྱི་ཆོ་ག་ལག་ཏུ་བླང་བ། ཞར་བྱུང་ཡན་ལག་གཞན་སྤྲོས་པའི་ཚུལ་ལོ། །དང་པོ་ལ། རབ་གནས་ཀྱི་རང་བཞིན། གང་ལ་གནས་བྱའི་རྟེན། དེ་ལ་རབ་གནས་མ་བྱས་པའི་ཉེས་པ། བྱས་པའི་ཕན་ཡོན། བྱེད་པ་པོའི་སློབ་དཔོན། གང་དུ་བྱ་བའི་གནས། གང་གི་ཚེ་བྱ་བའི་དུས་དང་བདུན། དང་པོ་ནི། གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་རྣམས་ཐམས་ཅད་གཟོད་མ་ཉིད་ནས་འོད་གསལ་བའི་ངོ་བོར་སོན་པས་གཞན་གྱིས་འདུས་མ་བྱས་པའི་ཡེ་ཤེས་སེམས་དཔའ་ཏིལ་ལ་མར་བཞིན་ཁྱབ་པར་གནས་པ་ནི་ལྷུན་གྱིས་གྲུབ་པའི་རབ་གནས་ཏེ། དགྱེས་རྡོར་རྒྱུད་དུ། འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །ཐམས་ཅད་ལུས་ལ་རྟག་ཏུ་གནས། །དངོས་དང་དངོས་མེད་བདག་ཉིད་གཙོ། །གཉིས་དང་གཉིས་སུ་མེད་པའི་ཚུལ། །བརྟན་དང་གཡོ་བར་ཁྱབ་ནས་གནས། །ཞེས་གསུངས་པས་སོ། །དེ་ལྟར་གནས་པའི་ཡེ་ཤེས་དེ་མངོན་དུ་མ་གྱུར་པ་རྣམས་ལ་ཀུན་རྫོབ་ཀྱི་བདེན་པར་བརྟེན་ནས་དམ་ཚིག་པ་བསྐྱེད་ཅིང་དེ་ལ་ཡེ་ཤེས་སེམས་དཔའ་དགུག་གཞུག་བཅིང་མཉེས་དབང་བསྐུར་བའི་སྦྱོར་བ་སོགས་ཀྱིས་ལྷའི་ངོ་བོར་སྒྲུབ་པ་འདི་ནི། འགྲོ་བ་རྣམས་བསོད་ནམས་ཀྱི་དངོས་པོ་ཉེ་བར་བསྒྲུབས་ཏེ་ངེས་པའི་དོན་ཟབ་མོ་ལ་དཀྲི་བའི་དོན་ཅན་དུ་ཤེས་པར་བྱ་སྟེ། དེ་ལྟར་ཡང་རབ་གནས་རྒྱུད་དུ། སངས་རྒྱས་ཀུན་ན་རབ་ཏུ་བཞུགས། །རབ་ཏུ་གནས་པ་གང་ཡང་མེད། །ཅེས་དང་། འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པ་རབ་ཏུ་བཏགས། །ཞེས་དྲང་བ་དང་། ངེས་པའི་དོན་གྱིས་གསུངས་པའི་ཚུལ་ལོ། །གཉིས་པ་ནི། རྒྱུད་ལས། བརྡུངས་པ་དང་། བྲིས་པ་དང་། འབུར་དུ་བྱས་པ་ལ་སོགས་པ་ཞེས་གསུངས་པའི་སྐུ་གཟུགས་ཀྱིས་མཚོན་ནས། གླེགས་བམ་དང་། མཆོད་རྟེན་དང་། གཙུག་ལག་ཁང་དང་། ཕྱག་མཚན་དང་། རྒྱན་ཆ་དང་། མཚོ་རྫིང་དང་། ཚལ་ལ་སོགས་པ་རྣམས་སོ། །ཇི་སྐད་དུ། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་རོ་དང་ལྡན། །ཚད་ཀྱིས་ཚད་ལ་ཕབ་ཅིང་བཟང་། །དེ་འདྲ་རབ་ཏུ་གནས་པར་བྱ། །ཞེས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ཀྱི་སྣང་བརྙན་སོ་སོའི་མངོན་པར་རྟོགས་པའི་མཚན་ཉིད་དང་ལྡན་པ། རོ་ཞེས་པ་ཉམས་ཏེ་ཞི་བ་ལ་སོགས་པའི་ཉམས་དང་འགྱུར་བག་ཆགས་པ་མདོ་དང་རྒྱུད་སྡེའི་ཆག་ཚད་ལ་ཕེབས་པས་བཟང་ཞིང་མཛེས་པ་ཀུན་གྱི་ཡི་གར་འོང་བ་དེས་མཚོན་ནས་མཆོད་རྟེན་སོགས་རབ་ཏུ་གནས་བྱར་གྱུར་པ་ཐམས་ཅད་སོ་སོའི་བཤད་ཚོད་ལས་འབྱུང་བའི་ཚད་དང་མཚན་ཉིད་ཐམས་ཅད་ཚང་ཞིང་ཕུན་སུམ་ཚོགས་པར་བྱའོ། །སྐུ་གཟུགས་སོགས་ཀྱི་ནང་དུ་བཞུགས་པའི་རིང་བསྲེལ་བཞི་ནི། གཟུངས་སྔགས་རྣམས་ཆོས་སྐུའི་རིང་བསྲེལ། གདུང་རུས་སོགས་སྐུ་གདུང་གི་རིང་བསྲེལ། དབུ་ལོ་སེན་མོ་སོགས་སྐུ་བལ་གྱི་རིང་བསྲེལ། ཤ་རཱི་རཾ་སོགས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ལོ། །དེ་དག་བཞུགས་ཚུལ་ནི། གཙུག་ཏོར་དང་དབུའི་ནང་དུ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་སོགས་བྱིན་རྟེན་དང་བླ་བརྒྱུད་ཀྱི་མཚན་སྔགས་དང་སྐུ་གཟུགས་ཨུཥྞི་ཥའི་གཙུག་ཏོར་རྣམ་རྒྱལ་དང་དྲི་མེད་སོགས། གཟུངས་རྣམས་གཞུག་བྱ་རྒྱུད་ཡིན་ཀྱང་འདིར་འཇུག་པ་དམིགས་བསལ་ལོ། །མགུལ་དུ་རྟེན་འབྲེལ་སྙིང་པོ་དང་དབྱངས་གསལ་སོགས་བྱིན་རླབས་ཀྱི་ཚོགས། སྐུའི་སྟོད་ཟོམ་ལ་རྣལ་འབྱོར་ཆེན་པོ་སྡེ་གསུམ་གྱི་གཟུངས་རྣམས་དང་། དེ་དག་གི་སྐུ་གཟུངས་བཞི་རྣམས། ཐུགས་ཀར་རིག་པ་ཕུག་རོན་ཁྱད་པར་ལྷ་གང་ཡིན་གྱི་རྩ་སྔགས། འཁོར་ལོ་སོགས། དེའི་འོག་ཏུ་ཡོ་ག་དང་། སྐེད་པར་སྤྱོད་རྒྱུད། ལྟེ་བར་བྱ་རྒྱུད་ཀྱི་གཟུངས་རྣམས་དང་དེ་དག་གི་སྐུ་རྟེན་དང་། སྨད་དུ་སངས་རྒྱས་རབས་བདུན་གྱི་གསོ་སྦྱོང་སོགས་མདོ་སྡེའི་གཟུངས་རྣམས་གཞུག་ཅིང་གཞན་ཡང་གནས་ཡིག་དང་སྐྱེ་མཆེད་བྱིན་རླབས་རྣམས་སོ་སོའི་གཞུང་བཞིན་དགོད། མ་ཁེངས་ན་སྐུའི་སྟོད་སྨད་ཐམས་ཅད་དུ་སྔར་གྱི་རིམ་པ་བཞིན་མ་ནོར་བར་མདོ་རྒྱུད་ཀྱི་གླེགས་བམ་སོགས་གཞུག །པད་གདན་ལ་ཆོས་སྐྱོང་ནོར་ལྷའི་སྔགས་དང་སྲོག་འཁོར་བླ་རྡོ་ཁྱད་པར་ཚུལ་བཞིན་བསྒྲུབས་པའི་གནོད་སྦྱིན་འཁོར་ལོ་རིན་ཆེན་འབྲུ་སྨན་དར་ཟབ་དྲི་བཟང་སོགས་ཡོ་བྱད་ཇི་སྙེད་པ་དང་བཅས་གཞུག །རིག་གཟུངས་འཁྲུགས་པ་སོགས་ཀྱི་ཉེས་པ་ཞི་ཕྱིར། པ་ཕུག་རོན་དང་རྟེན་འབྲེལ་སྙིང་པོ་ནི་སྟོད་སྨད་ཐམས་ཅད་དུ་གཞུག་ཅིང་འབུལ་བའི་ཚེ་ངག་ཏུའང་བཟླའོ། །མཆོད་རྟེན་གྱི་ཚེ་གཙུག་ཏོར་དང་དབུའི་རྣམས་འཁོར་ལོ་དང་བྲེ་ཡན། སྐུ་ངོ་བོའི་རྣམས་བུམ་པ་ནས་བང་རིམ་འོག་མ་ཡན་དང་། པདྨའི་རྣམས་གདན་ཁྲིར་གཞུག་ཅིང་། བྲིས་སྐུ་རྣམས་ལ་ཇི་ལྟར་རིགས་པ་རྒྱབ་ཏུ་བྲིའོ། །སྲོག་ཤིང་མེད་པ་དང་གོ་རིམ་འཁྲུགས་པ་སོགས་ལ་རྣམ་སྨིན་མི་བཟད་པ་བསྐྱེད་པར་གསུངས་པས་དཔྱོད་པ་དང་ལྡན་པ་རྣམས་ཀྱིས་སྒྲིམ་པོའི་བློས་རྟོགས་པར་བྱའོ། །གསུམ་པ་ནི། རབ་གནས་མ་བྱས་པའི་ལྷ་ནི་རོ་དང་འདྲ་བས་མཆོད་པར་མི་འོས། མཆོད་ཀྱང་བསོད་ནམས་ཀྱི་འབྲས་བུ་མི་འབྱིན་ཞིང་གང་དུ་བཞག་པའི་ཕྱོགས་དེར་ཡང་བཀྲ་མི་ཤིས་པ་སྐྱེད་པར་གསུངས་ཤིང་སྔོན་གྱི་གཏམ་རྒྱུད་ལས་ཀྱང་འབྱུང་བ་སྟེ། རྒྱུད་དུ། གང་དུ་སྐུ་གཟུགས་རབ་རྫོགས་པ། །བྱིན་མ་བརླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་པ་འབྱུང་། །དེ་སྲིད་མཆོད་པར་དེ་མི་འོས། །ཞེས་སོགས་དང་། ཆོ་ག་ཡང་རྒྱུད་དང་རྟོག་པ་ལས་གསུངས་པ་མ་གཏོགས་དམན་པའི་ཆོ་གས་ཀྱང་ཉེས་པ་བསྐྱེད་དེ། ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །ཞེས་གསུངས་པས་སོ། །བཞི་པ་ནི། སྤྱིར་སྨོས་པའི་སྐྱོན་བཟློག་པ་དེ་ཡང་ཕན་ཡོན་ཡིན་ཅིང་། ཁྱད་པར་ཆོ་ག་མཚན་ཉིད་དང་ལྡན་པས་རབ་གནས་བྱས་པ་དང་། བྱས་པའི་རྟེན་དེ་ལ་མཆོད་ཅིང་བཀུར་སྟི་བགྱིས་པའི་བསོད་ནམས་རྒྱལ་བ་སྲས་དང་བཅས་པས་རྟག་ཏུ་བསྲུང་ཞིང་བྱིན་གྱིས་རློབས། ཚེ་འདིར་ཕུན་སུམ་ཚོགས་པའི་དཔལ་ཐམས་ཅད་ཐོབ་ཅིང་ཕྱི་མ་བླ་ན་མེད་པའི་བྱང་ཆུབ་ཀྱི་བདེ་བ་མཆོག་ལ་རེག་པར་གདོན་མི་ཟ་སྟེ། དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཆོ་ག་བདག་ཉིད་ནུས་པ་ཡིས། །བརྟགས་པ་ལས་བྱུང་ཚུལ་ལེགས་པས། །དེ་བྱས་བསོད་ནམས་ཆེ་བ་ནི། །མཐོང་དང་མ་མཐོང་རྣམས་སུ་སྐྱེ། །སྐུ་གཟུགས་སྔགས་ཀྱི་མཚན་ཉིད་ཀྱིས། །དེ་ལ་བྱིན་རླབས་བྱེད་པར་འགྱུར། །ཞེས་གསུངས་སོ། །ལྔ་པ་ནི། ཐེག་པ་གསུམ་གྱི་བསླབ་པ་མཐའ་དག་དང་ཁྱད་པར་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཆེན་པོར་ཡོངས་སུ་སྨིན་ཅིང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་ཚིག་ལ་གནས་པས། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ཡེ་ཤེས་མཆོག་གི་ངེས་པས་རྒྱུད་བལྟམས་ཤིང་དེ་ཉིད་བཅུ་སོགས་སློབ་དཔོན་གྱི་ལས་རབ་འབྱམས་ལ་དབང་འབྱོར་པ་མཐོང་བརྒྱུད་ཀྱི་སྒོ་ནས་རབ་གནས་ཀྱི་ཆོ་ག་ལ་མཁས་ཤིང་བྱུང་ཆུབ་པ་སྟེ། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པའོ། །ཞེས་གསུངས་ཤིང་། ཕྱིའི་དེ་ཉིད་བཅུ་ནི། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་གདན་དང་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་ལ་སྦྱར། །སླར་བསྡུ་བ་དང་རྣམ་པ་བཅུ། །ནང་གི་བཅུ་ནི། སྲུང་བ་དབང་བསྐུར་གཏོར་བཟླས་དགར། །ཕྱིར་བཟློག་དཀྱིལ་འཁོར་སྒྲུབ་སྡིགས་གཤེགས། །ཞེས་པས། སྲུང་བ་ནི་བཀའི་འཁོར་ལོས་སོ། །དབང་ནི་གཉིས་པ་དང་གསུམ་པའོ། །གཏོར་མ་ནི་ཤ་ལྔ་སོགས་ནང་གིའོ། །དགར་བ་ནི་དྲག་ལས་ཀྱིས་ཆོས་དབྱིངས་སུ་བསྒྲལ་བའོ། །ཕྱིར་བཟློག་ནི་ཟློག་པ་དང་བྲིས་པའི་ཟློག་པ་སྟེ་སོ་སོར་རྩིའོ། །སྒྲུབ་པ་ནི་ཡེ་ཤེས་སེམས་དཔའ་མངལ་འབྱིན་སོགས་ཐུན་མོང་མ་ཡིན་པའོ། །སྡིགས་པ་ནི་མ་གྲུབ་ན་སྤོགས་པའི་ཆོ་གས་གནད་ལ་དབབ་པའོ། །གཤེགས་པ་ནི། སྙིང་གའི་ཟླ་བ་རྡོ་རྗེ་ལ་བསྡུ་བ་ལྟ་བུ་མཚོན་པ་སྟེ་མི་འདྲ་བའི་བཤད་པ་གཞན་འབྱུང་བ་དེ་དག་ཏུ་ཤེས་པར་བྱའོ། །ཆོས་དེ་དག་དང་ལྡན་པའི་སློབ་དཔོན་ཡང་དགེ་སློང་རབ། དགེ་ཚུལ་འབྲིང་། ཁྱིམ་པ་ཐ་མ་སྟེ། དུས་འཁོར་ལས། དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། །དགེ་ཚུལ་ཞེས་བྱ་དེ་ཉིད་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་གསུངས། ས་ཐོབ་མ་གཏོགས་པའི་ཁྱིམ་པའི་རྟགས་ཅན་ཡོད་བཞིན་དུ་རབ་གནས་ཀྱི་སློབ་དཔོན་དང་། རྒྱལ་པོའི་བླ་མ་བྱས་ན་བསྟན་པ་ལ་མི་རུང་བར་གསུངས་སོ། །དྲུག་པ་ནི། སྤྱིར་སའི་ཕྱོགས་རྣམས་མདངས་སྣུམ་ཞིང་ཁོད་སྙོམས་པ་ལྗོན་ཤིང་དང་མཚོ་རྫིང་མེ་ཏོག་གི་ཚལ་སོགས་ཀྱིས་རྣམ་པར་བརྒྱན་པས་བཀྲ་ཤིས་ཤིང་། ཞི་རྒྱས་ཀྱི་ལས་ལ་མངོན་པར་བསྔགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་བྱ་ཞིང་། ཁྱད་པར་རྟེན་ཆེན་པོ་སྤྱན་དྲང་དུ་མི་རུང་བ་ཡིན་ན་དེའི་དབང་ལྡན་གྱི་ཕྱོགས་སམ་གང་བདེ་བའི་སར་བྱ་སྟེ། རྒྱུད་དུ། ཡང་ཐོག་མཆོད་རྟེན་ལ་སོགས་དང་། །ཁྱིམ་དང་ལྷ་ཡི་གནས་རྣམས་སུ། །སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དབང་དང་ལྡན་པར་བྱ། །ཞེས་དང་། ཁྲག་འཐུང་གལྤོར། བཀྲ་ཤིས་དག་པ་ཆེན་པོའི་གནས། །ཡིད་འོང་ཉམས་ནི་རྣམ་པར་དགའ། །ཞེས་གསུངས་པ་ལྟར་རོ། །བདུན་པ་ནི། ངེས་པའི་དུས་ཟླ་བ་དྲུག །གཟའ་བཞི། རྒྱུ་སྐར་བཅུ་བཞི། ཚེས་གྲངས་བདུན་ཞེས་པ་ལ། ཟླ་བ་ནི། མགོ་༡མཆུ་༢དབོ་༣ས་ག་༤ཆུ་༥སྟོད་ནག་༦པའི་ཟླ་བ་རྣམས་སོ། །གཟའ་ཕུར་བུ་༡ལྷག་པ་༢པ་ཝ་༣སངས་ཟླ་༤བ་རྣམས་སོ། །རྒྱུ་སྐར་རྒྱལ་༡མེ་༢བཞི་ལྷ་མཚམས་༣དབོ་༤སྣར་༥མ་བྱི་བཞིན་༦མགོ་༧་ལག༨ །སྣྲོན་༩སྣུབས་༡༠ཆུ་སྟོད་༡༡ཆུ་སྨད་༡༢ཁྲུམས་སྟོད་༡༣ཁྲུམས་སྨད་༡༤རྣམས་སོ། །ཚེས་གྲངས་གཉིས་གསུམ་ལྔ་བདུན་བརྒྱད་བཅུ་གསུམ་བཅོ་ལྔ་རྣམས་སོ། །དེ་ལྟར་ཡང་། དཀྱིལ་འཁོར་དང་ནི་རབ་གནས་པ། །ཡར་གྱི་ངོ་ལ་བརྟག་པར་བྱ། །ཞེས་གསུངས་པས་སོ། །འོན་ཏེ་ཉི་ཤུ་དགུ་དང་སྟོང་སྤངས་པའི་མར་ངོ་ལ་ཡང་གཟའ་སྐར་འཕྲོད་སྦྱོར་དགེ་ན་བྱར་རུང་སྟེ། གཟའ་དང་སྐར་མ་འཛོམ་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཅེས་པས། དུས་ངེས་པ་དེ་དག་ལ་འཆི་སྦྱོར་སྲེག་ཚེས་བིཥྚི་རྣམས་སྤངས་པའི་གཟའ་སྐར་འཕྲོད་སྦྱོར་ཡུད་ཙམ་བཟང་པོ་དག་ལེགས་པར་བརྟགས་ནས་བྱའོ། །གཞུང་འགར། དུས་ཐམས་ཅད་དུ་རབ་གནས་བྱ་རུང་བར་གསུངས་པ་ནི་སློབ་དཔོན་མི་མཐུན་ཕྱོགས་ཟིལ་གྱིས་གནོན་ནུས་པའི་ཏིང་ངེ་འཛིན་དང་ལྡན་པ་ལ་དགོངས་པ་ཡིན་ནོ། །གཉིས་པ་བཤད་འབྲས་ལག་ཏུ་བླང་བ་ལ་བསྙེན་པ་དང་། ཆོ་ག་གཉིས་ལས། དང་པོ་ནི། གཙུག་ལག་ཁང་སོགས་རབ་ཏུ་གནས་པ་ཁོ་ནའི་ཆེད་དམ་རང་དང་གཞན་གྱི་དོན་བླ་ན་མེད་པའི་དངོས་གྲུབ་དོན་དུ་གཉེར་བའི་སློབ་མས་གསོལ་བ་བཏབ་པའམ། དོན་དེ་དག་རང་གི་ཡིད་ལ་བརྣག་པས་ཀྱང་རུང་སྟེ། ཡིད་དང་མཐུན་པའི་གནས་སུ་ཟབ་མོའི་རྣལ་འབྱོར་ལས་མི་གཡོ་བས་དཀྱིལ་འཁོར་གྱི་འཁོར་ལོའི་བསྙེན་པ་སོ་སོའི་སྒྲུབ་ཐབས་བཞིན་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་མཐར་ཕྱིན་པའོ། །ཉེ་བའི་བསྙེན་པ་ནི། རབ་གནས་གང་བྱ་བ་དེའི་སྔོན་དུ་བསྙེན་པ་ཁ་གསོ་བ་སྟེ། རིམ་གསུམ་རྩ་བར། ལན་གསུམ་གཞན་གྱིས་གསོལ་བཏབ་པས། །ཡིད་འོང་གནས་སུ་འདུག་ནས་ནི། །བསྙེན་པ་རྣམ་གཉིས་མཐར་ཕྱིན་པས། །ཞེས་གསུངས་པས་སོ། །གཉིས་པ་ཆོ་ག་དངོས་ནི་རྒྱས་པའི་རིམ་པ་དང་སྦྱར་བ་ལས། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་སྡོམས་ནི། ས་ཆོག་སྟ་གོན་བྲི་ཞིང་བཤམ། །སྒྲུབ་མཆོད་བུམ་བཟླས་སྦྱང་བཀྲུ་ཕྱི། །བསྐྱེད་དྲངས་བགེགས་བསྐྲད་མཆོད་དགུག་གཞུག །རྒྱས་བཏབ་དབང་བསྐུར་མཆོད་བསྟོད་སྔགས། །གཏོར་མ་སྙན་གསན་མཆོད་ཅིང་བསྟོད། །བཟོད་གཤེགས་རྟེན་དགབ་བདག་ཉིད་བསྲུང། །ཞེས་འབྱུང་བ་ལས། དང་པོ་ས་ཆོག་ནི། བརྟག་སློང་སྦྱང་བཟུང་བསྲུང་བ་རྒྱས་པའི་ཚེ་གར་རྩ་འཆམས་ཀྱང་ཆོ་ག་གང་ཡིན་དང་བསྟུན་ནས་བྱེད། རྣམས་སོ། །གཉིས་པ་སྟ་གོན་ནི། ས་ལྷ་དཀྱིལ་འཁོར་པ་བུམ་པའི་ལྷག་གནས་གསུམ་མམ་སློབ་མ་ཡོད་ན་དེ་ཉིད་དང་། གཞུང་གང་བརྟེན་གྱི་སྟ་གོན་འདིར་སྦྲེལ་ཀྱང་། རིམ་པ་གསུམ་པར། དཀྱིལ་འཁོར་བྲིས་སྒྲུབ་སྟ་གོན་བྱ། །ཞེས་པ་དང་། བླ་མའི་ཕྱག་ལེན་མཐུན་པར་འབྱུང་བ་བཞིན་ནོ། །གསུམ་པ་དཀྱིལ་འཁོར་བྲི་ཞིང་རྫས་བཤམ་པ་ནི། སྒྲུབ་པའི་དཀྱིལ་འཁོར་འདུ་བྱ་རྒྱས་པའི་ཚེ་ཕྱི་ནང་གི་མཚམས་གཅོད་མ་ཊཾ་བསྒྲལ་བ་སོགས་ཀྱང་བྱེད། བ་དང་བུམ་པ་འགོད་པ་སོགས་གཞུང་བཞིན་ལས་ཁྱད་པར་གྱི་ཡོ་བྱད་ནི། རིམ་གསུམ་དུ། རྫས་རྣམས་ཐམས་ཅད་ཚོགས་བྱས་ནས། །ལྷོ་ཡི་ཕྱོགས་སུ་སྟེགས་བུ་བརྩིག །བ་ཡི་རྣམ་ལྔས་བྱུགས་ནས་ཀྱང་། །བུམ་པ་ལ་སོགས་བཀྲམ་པར་བྱ། །ཞེས་པས། བ་བྱུང་དང་ཙནྡན་ལ་སོགས་པའི་ཆུས་བྱུགས་ཤིང་བླ་རེ་དང་བ་དན་རྒྱལ་མཚན་རྣམས་ཀྱིས་མཛེས་པར་བརྒྱན་པའི་བཞི་དེར། གནས་བྱའི་རྟེན་རྣམས་གོས་གསར་པ་དམར་སེར་གྱིས་གཡོགས་པ་བཀོད་དེ། གོས་དམར་ཅན་དག་མཐོང་གྱུར་ན། །ཀླ་ཀློ་ལ་སོགས་འབྲོས་པར་འགྱུར། །ཞེས་འབྱུང་བས་སོ། །རྟེན་གྱི་མདུན་ངོས་དང་དཀྱིལ་འཁོར་སྒྲུབ་པའི་གྱི་ཤར་རམ་ལྷོའི་ཕྱོགས་སུ་ཁྲུས་སྟེགས་དང་། བུམ་སྟན་དང་ཐུན་མོང་དུ། ངོས་རེར་ཁྲུ་བཞི་དཔངས་སུ་ཁྲུ་གང་གྲུ་བཞིར་བརྩིགས་པའམ་ཚད་དེ་དང་མཉམ་པ་ཐིག་གིས་བཅད་པའི་གཞིར་བདུད་རྩི་ལྔ་དང་བ་བྱུང་གིས་བྱུག་ཅིང་རེ་ཁཱ་དཀར་པོ། གྲུ་བཞི་པ་གཅིག་གིས་བསྐོར་བའི་སྣ་གྲུ་ཆད་སེར་པོ། ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ཕྱོགས་མཚམས་སུ་རིགས་ལྔ་གཞན་དུ་བཀྲ་ཤིས་རྫས་བརྒྱད་བྲི་བར་བཞེད་ཀྱང་གལ་པོར་གསུངས་པ་བཞིན་འདིའོ། །ཡུམ་བཞིའི་མཚན་མ་བྲི། ལྷ་མི་བསྐྱེད་ན་མཚན་མ་མི་དགོས། དེའི་དབུས་སུ་པདྨ་འདབ་མ་བྲིས་པའི་ཤིང་སྟན་སོགས་ཀྱི་ཁར་ཁྲུས་གཞོང་བཞག །འདབ་མ་བརྒྱད་ལ་ཆས་སུ་བཅུག་པའི་ཁྲུས་བུམ་དྲིའི་ཤིང་ཚ་སྤང་སྤོས་བཱ་ལ་ཀ་ཙནྡན་རྣམས་ཞོ་གཉིས་རེ་ཐུམ་བྱས་པ་ཆུ་བྲེ་བརྒྱད་ལ་བཅུག་ནས་བཞི་གསུམ་མ་འབྲིད་བར་བསྐོལ་བའི་ལྷག་མ་ཡིན་ནོ། །ཆུས་སུམ་གཉིས་བཀང་བ་བརྒྱད་ཀྱི་མདུན་ནས་གཡས་བསྐོར། དང་པོར་ག་བུར་གུར་གུམ་ཙན་དན་དཀར་དམར་གླ་རྩིའམ་ཛཱ་ཏི་སྟེ་དྲི་སྣ་ཚོགས། གཉིས་པར་ཀ་ར་སྦྲང་རྩི་བུ་རམ་སྟེ་མངར། གསུམ་པར་ཞོ། བཞི་པར་སྟར་ཀ་སོགས་འབྲས་བུ། ལྔ་པར་ནས་འབྲས་གྲོ་སྲན་མ་ཏིལ་སོགས་འབྲུ། དྲུག་པར་འབྲས་ཡོས། བདུན་པར་བྲྀ་ཧ་སྟི། སླེ་ཏྲེས། ཀཎྜ་ཀཱ་རི། གོ་སླའོ། །ཤ་ཏ་པ་རཱ་ཛི་ཤུ་དག་དཀར་པོ། ཏོ་དཎྜ་ཏཱོ་ལ་ཨུཏྤལ་སྔོན་པོ། ཧ་ས་དེ་ཝ་ཅོག་མགོ་སྨན་ནི་དབང་། སོགས་སྨན། བརྒྱད་པར་གསེར་དངུལ་མུ་ཏིག་བྱུ་རུ་མུ་མེན་སོགས་རིན་པོ་ཆེ་སྣ་ཚོགས་བླུག །དེ་རྣམས་ཀྱི་མདུན་དུ་རིམ་པ་བཞིན་དང་པོར་ནྱ་གྲོ་དྷ་ཨུ་དུམྦ་ར་བླཀྵ་པིསྤ་ལྱ་གནྡྷེ་མ་ནུ་སྟེ་ཤིང་མཁར་སྣོད་དུ། ཤུན་ལྔ། བོད་དུ་རྙེད་དཀའ་བས་རུང་མཐུན་བལ་བུ་འོམ་བུ་ཁམ་བུ་ལྕང་སྐྱ་ཤུག་པ་ཐང་ཤིང་སོགས་འོ་མ་ཅན་ཆ་འདྲ་བས་བྱེད། གཉིས་པར་ཟངས་སྣོད་དུ། བདུད་རྩི་ལྔ་སྟེ་འདིར་འོ་མ་ཞོ་མར་སྦྲང་རྩི་ཀ་ར་རྣམས་སོ། །གསུམ་པར་བ་བྱུང་ལྔ་ནི། བྱ་རྒྱུད་ལེགས་གྲུབ་ཏུ། དམར་སེར་བ་ཡི་འོ་མ་དང་། །བ་ཡི་ཞོ་དང་བ་ཡི་མར། །བ་གཅིན་བ་ཡི་ལྕི་བ་དང་། ཞེས་སོ། །བ་དམར་སེར་ཟས་གཙང་མས་གསོས་པའི་འོ་མ་ཞོ་མར་ལྕི་བ་ཆུ་དང་ལྔའོ། །བཞི་པར་དྲི་ཟངས་སྣོད། བཟང་ལྔ་སོགས། ལྔ་མཁར་སྣོད། པར་ཤིང་ཤུན་གོང་བཞིན། ལྔ། དྲུག་པར་སྐྱུ་རུའི་ཕྱེ་མཁར་སྣོད། མ། བདུན་པར་ཡུང་བའི་ཕྱེ་མཁར་སྣོད། མ། བརྒྱད་པར་དྲི་ཟངས་སྣོད། བཟང་རྣམས་ཟངས་དང་མཁར་བ་སོགས་ཀྱི་སྣོད་སོ་སོར་བླུག་པའོ། །མ་འབྱོར་ན་སུག་པ་ཉེ་ཤིང་མ་ཤ་སྲན་དཀར། རྣམས་ཀྱི་ཕྱེ་མ་སྣོད་གཅིག་ཏུ་བཀོད་པ་བཞག །དེ་བཞིན་དུ་རིན་པོ་ཆེའི་སྣོད། བཀུ་ཉེའི་འབྲུ་ཏིལ་ལམ་ཡུངས་ཀར་གྱི། མར་དྲི་ཞིམ་པོས་བགོས་པ་དང་། དེ་དག་བྱུག་པའི་དཱུར་སྔོན་གྱི་པིར་དང་བཅས་པ། དེ་རྣམས་ཀྱི་སྟེང་ནས་གདུགས་དཀར་པོས་དབུབ་ཅིང་མཐའ་མཆོད་པས་བསྐོར། གཞན་ཡང་མེ་ལོང་དང་ཁ་ཚར་མ་ཉམས་པའི་ཁྲུས་རས་དཀར་པོ་དྲི་བཟང་གིས་རིགས་ལྔའི་ས་བོན་བྲིས་པ་དང་། གོས་ཟུང་། སྦྱོང་ཆས་ཀྱི་གཏོར་མ་ཏིང་ལོ་གུ་གུལ་ཡུངས་ཆུ་ཁམ་ཕོར་དུར་ལྕི་ཟན་ཆངས་སེང་རས་རྣམས་དང་ཏིལ་ལ་སོགས་པ་ཡང་ཇི་ལྟར་བདེ་བར་བཀོད། ངོས་གཅིག་ཏུ་མངའ་དབུལ་གྱི་མཎྜལ་ཐིག་ཆེན་བརྒྱད་བཏབ་པའི་དབུས་ནས་ཕྱོགས་རེར་ཆ་མཉམ་ལྔ་ལྔ་བྱས་པའི་ཟུར་ན་ཟླུམ་སྐོར་ཉིས་རིམ་དང་ལྟེ་བའི་ཆ་གཉིས་ཟླུམ་པོར་བསྐོར་བ་ལ། དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་ཕྱིའི་ཆ་བཞི་རི་རབ་ཀྱི་བང་རིིམ་སྟེ་ཤར་དཀར་ལྷོ་སྔོ་ནུབ་དམར་བྱང་སེར་བའི་ཟུར་གྱི་གྲྭ་མིག་རྣམས་ནག་པོ། ཁྱམས་གཞི་སྔོན་པོ་ཆུ་རིས་ཅན་གྱི་ཤར་དུ་ལུས་འཕགས་གླིང་ཟླ་གམ་དཀར་པོ། ལྷོར་འཛམ་གླིང་སོག་ཁ་སྔོན་པོ། ནུབ་ཏུ་བ་གླང་སྤྱོད་ཟླུམ་པོ་དམར་པོ། བྱང་དུ་སྒྲ་མི་སྙན་གྲུ་བཞི་སེར་པོ ། རེ་རེ་ཡང་རང་འདྲའི་གླིང་ཕྲན་གཉིས་གཉིས་ཀྱིས་བརྟེན་པའི་ཤར་ནུབ་ཀྱི་གླིང་དང་རི་རབ་ཀྱི་བར་ཟླ་བ་དང་ཉི་མ། གླིང་ཆེ་ཆུང་གི་མཚམས་བརྒྱད་དུ་ཤར་སྟོད་ནས་རིམ་བཞིན་དཔལ་བེའུ་དང་འཁོར་ལོ། ཤར། པདྨ་དང་རྒྱལ་མཚན། ལྷོར། གདུགས་དང་ནུབ་ཏུ། བུམ་པ། དུང་དང་གསེར་བྱང་དུ་ཉ་རྣམས་སོ། །ཕྱིའི་ཟླུམ་སྐོར་ནི་ལྕགས་རི་སྟེ་ནག་པོར་བྱའོ། །དབུས་དང་ཕྱོགས་བཞིར་མེ་ཏོག་གི་ཚོམ་བུ་བཀོད་ཅིང་མཐའ་མཆོད་པས་བསྐོར། དེ་དང་ཉེ་བར་རིན་པོ་ཆེའི་སྣོད་མེ་ཏོག་དཀར་པོས་བཀང་བའི་དབུས་སུ་གཟུངས་ཆུའི་བུམ་པའི་ཁར་མེ་ལོང་ལ་ཙནྡན་དཀར་པོ། གུར་གུམ། གི་ཝང་གསུམ་གྱིས་རྟེན་འབྲེལ་སྙིང་པོ་ཚར་བདུན་བྲིས་པ་དང་། ཡིག་མགོ་ཕྱིར་བསྟན་འཁོར་སྟབས་སུ། བཟའ་བཅའ་ཇི་སྙེད་པས་བསྐོར་བའི་ཙཱ་རུའི་རྒྱན་གྱིས་བརྒྱན། ཞལ་ཟས། གཞན་ཡང་ཕྱི་ནང་གི་མཆོད་ཚོགས་བཟང་ཞིང་རྒྱ་ཆེ་བ་དང་། སྤྱི་དང་བྱེ་བྲག་གི་མངའ་དབུལ་གྱི་ཡོ་བྱད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ། རོལ་མོའི་ཁྱད་པར་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམས་ནས། མཛེས་པའི་གོས་རྒྱན་དང་ལྡན་པས་འདུག་པར་བྱའོ། །བཞི་པ་དཀྱིལ་འཁོར་སྒྲུབ་མཆོད་ནི། བདག་མདུན་དབང་ལེན་པ་རྣམས་སོ་སོའི་ངེས་པ་བཞིན་ནོ། །ལྔ་པ་བུམ་སྒྲུབ་ནི། ལྷ་བུམ་གོང་དུ་བསྒྲུབས་ཟིན་ནས། འདིར་ཁྲུས་བུམ་རྣམས་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སོགས་ནས་ནུས་ལྡན་དུ་གྱུར་གྱི་བར་རོ། །བཟླས་པའི་ཚེ་སློབ་དཔོན་གྱི་གཟུངས་ཐག་ལ་འཇུ་ཞིང་། གལྤོར། མེ་ལོང་ངོས་ལ་ཙནྡན་ཆུས། །རྟེན་འབྲེལ་ཡི་གེ་བྲིས་ནས་ནི། །བརྒྱ་བརྒྱ་བཟླས་ཏེ་བུམ་པར་བླུག །ཅེས་པའི་དོན་ནི་གཟུངས་བུམ་གྱི་མེ་ལོང་ཁར་རྡོ་རྗེ་བཞག་པའི་སྲད་བུ་ནས་གཟུངས་བུམ་གྱི་སྟེང་དུ་ཟླ་བ་ལ་གནས་པའི་སོགས་ནས། ༀ་ཛཱི་ན་ཛིཀ་སོགས་རིགས་ལྔའི་སྙིང་པོ་རྣམས་ཕྱོགས་དང་མཚུངས་པར་བཟླ་བར་བཤད། རོ་གཅིག་ཏུ་འདྲེས་པར་བསམ་ཞིང་རྟེན་འབྲེལ་སྙིང་པོ་བཟླ་བའི་བར་རོ། །གཞན་ཡང་ཡུངས་ཀར་དང་གུ་གུལ་སོགས་ལས་སྔགས་དང་ཧཱུཾ་བཞི་པས་བསྔགས་པ་ནི་ཕྱག་ལེན་ནོ། །དྲུག་པ་སྦྱང་བ་ནི། བགེགས་མི་ཤིས་པ་སྡིག་པ་སྦྱང་བ་གསུམ་གྱི་དང་པོ་ལ། ཞི་བ་ཕྱེད་མ་དྲག་པོས་སྦྱོང་བ་གསུམ་ལས། དང་པོ་ནི། འདི་ནས་ཞྭ་རྣམས་བཞེས་ཏེ་འཁོད། རྫས་དང་སྔགས་གཉིས་རྟེན་ལ་གཡས་བསྐོར་གསུམ། ཀ་འཇམ་པོ་སྟེ་ཞི་བའོ། །གཉིས་པ་ནི། ཏིང་ལོ་དང་རྟེན་ལ་གཡོན་བསྐོར། ཆངས་བུ་རྫས་ཞི་བ། སུམ་རྡོ་རྗེ་གསོར་དྲིལ་བུ་གསིལ། བྷའི་སྔགས་ནི་དྲག་པོ་སྟེ་ཕྱེད་མའོ། །གསུམ་པ་ནི། རང་ཉིད་ཧཱུཾ་མཛད་དུ་བསྐྱེད་ནས་ཁྲོ་བོ་སྤྱན་འདྲེན་མཆོད་བསྟོད་བཀའ་བསྒོ་སྤོས་རོལ་ཐུན་བྲབ་པ་སོགས་རྫས་སྔགས་ཏིང་ངེ་འཛིན་ཐམས་ཅད་དྲག་པོའོ། །ཚུལ་འདི་ལ་ལག་ལེན་གྱི་རྒྱུན་ལས་གཞུང་གི་ཁུངས་མེད་ཅེས་སྔ་རབས་པ་ཁ་ཅིག་གསུངས་མོད། དེ་ལྟར་ན། གསང་བ་ཐམས་ཅད་གཅོད་པའི་རྒྱུད་དུ། བགེགས་རྣམས་ཚིམ་བྱས་རྔན་ཞིང་གཟིར། །ཤིན་ཏུ་གཟིར་ཞིང་བསྡིགས་ཏེ་བསྐྲད། །ཅེས་པ་དང་། དཱ་རི་ཀ་པས་ཀྱང་། དེ་དང་མཚུངས་པར་བཤད་པའི་ཕྱིར་རོ། །གཉིས་པ་མི་ཤིས་པ་སྦྱང་བ་ནི། ནིར་མཉྩ་ཞེས་པ་བྱུར་བསལ་བ་སྟེ། རིམ་པ་གསུམ་པར། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ཡུངས་ཀར་ལ་བསྔགས་ཏེ། སྐུ་ལ་བསྐོར་ཞིང་མེར་བསྲེག །ཆུས་ཀྱང་དེ་བཞིན་ནོ། །ཞེས་སོགས་དང་། དཱ་རི་ཀ་པས། ལན་མང་དུ་ནི་བྱུར་བསལ་བ། །རབ་གནས་ལ་ནི་ཡོངས་སུ་བསྔགས། །ཞེས་པའི་རིམ་པ་ནི་སརྦ་པཱ་པཾ་སོགས་ཀྱིས་ཡུངས་ཆུ་གཡོན་གཡས་སུ་སོ་སོར་གཉིས་བསྐོར་ཞིང་མེར་དོར། ཁམ་ཕོར་སོགས་ཧཱུཾ་དང་ལས་སྔགས་ཀྱིས་སྔར་བཞིན་བསྐོར་ནས་བཟེད་ཞལ་དུ་དོར་བ་ལས་མེར་མི་འདོར་དོ། །གསུམ་པ་སྡིག་པ་སྦྱང་བ་ནི། རྡོ་རྗེ་མཁའ་འགྲོར། པཾ་གྱུར་སྡིག་པ་མི་བཟད་པ། །སྣ་ཡི་སྒོ་ནས་ཕྱུངས་ནས་ནི། །དེ་ནས་མཁའ་འགྲོའི་གཟུགས་བསྒོམས་ལ། །ཀུན་ཏུ་ཟོས་པར་བསྒོམ་པར་བྱ། །ཞེས་དང་། ཁ་ཅིག་གཡས་གཡོན་དུ་མེ་ཆུ་འགོད་པར་བཤད་ཁུངས་མེད་གསུངས་ཀྱང་། དཱ་རི་ཀ་པས། གཡས་གཡོན་དུ་ནི་ཡོངས་བསྐོར་ནས། །མེ་དང་ཆུ་ལ་བླུགས་པར་བྱ། །ཞེས་པ་དང་། མཁའ་འགྲོ་སྙིང་ཐིག་ཏུའང་བཤད་པ་མཐུན་པར་འབྱུང་ངོ་། །དེས་ན་བདག་དང་སྦྱིན་པའི་བདག་པོ་སོགས་ནས་ཁྲོ་བོ་བསྡུ་ཞིང་མེ་ཐལ་བ་དེ། ཆུར་དོར་བའི་བར་རོ། །བདུན་པ་བཀྲུ་ཞིང་ཕྱི་བ་ནི། རྒྱུད་ལས། སློབ་མའི་ཚོགས་དང་བཅས་པ་ཡིས། །སྔགས་ཀྱི་གཙང་སྦྲས་བཀྲུ་བར་བྱ། །ཞེས་གསུངས་པས། སྦྱང་གཞི་བཟོ་བོ་ལ་སོགས་པའི་མི་གཙང་བས་སྦགས་པའི་དྲི་མ་སྦྱོང་བྱེད་ཡེ་ཤེས་ཀྱི་བདུད་རྩིར་བསྒྲུབས་པའི་ཁྲུས་ཆུ། སྦྱོང་བ་པོ་རྡོ་རྗེ་སློབ་དཔོན་རྗེས་སུ་སྦྱོང་བ་དང་བཅས་པ། སྦྱངས་འབྲས་རྟེན་ཡེ་ཤེས་སེམས་དཔའི་ངོ་བོར་བསྒྲུབ་རུང་དུ་འགྱུར་པའོ། །ཇི་ལྟར་སྦྱོང་བའི་ཚུལ་ནི། རྒྱུད་དུ། ལུགས་མ་རྣམས་ནི་དངོས་སུ་བཀྲུ། །རི་མོ་རྣམས་ནི་མེ་ལོང་ལའོ། །ཞེས་པས་རྟེན་སྤྱན་དྲང་དུ་རུང་བ་རྣམས་ཁྲུས་སྟེགས་ཁར་སྤྱན་འདྲེན། མི་རུང་བ་རྣམས་དེའི་གཟུགས་བརྙན་ཤར་བའི་མེ་ལོང་ཁྲུས་གཞོང་གི་ཁར་བཟུང་ལ། ཁྲུས་དཀྱིལ་གྱི་རྩར་སློབ་དཔོན་རྒྱལ་ཐེབས་ལག་གཡས་སུ་ཁྲུས་བུམ་དང་པོ་ཐོགས་པའི་ཕྲག་གཡས་པར་ཁྲུས་རས་དཔྱངས། དེའི་གཡོན་དུ་ཏིལ་མར་དང་མེ་ལོང་འཛིན་པ་དང་། གཡས་སུ་དག་བྱེད་དང་ཁྲུས་བུམ་གཉིས་པ་བཟུང་བའི་ཕྲག་གཡས་པར་གོས་ཟུང་བཀལ་བ་རྣམས་འཁོད་པས། གང་འདིར་བཅོམ་ལྡན་འདས་སོགས་སྙན་མནན་པའི་རྗེས་སུ་དཱུརྦའི་པིར་གྱིས་ཏིལ་མར་དྲི་ལྡན་མེ་ལོང་ལ་ཁྱབ་པར་བྱུགས་ནས་ༀ་སརྦ་སོགས་བརྗོད་པས་དྲུད་ཅིང་མཉེ་ཞིང་པིར་དེས་ཤིང་ཤུན་ལྔའི་ཕྱེ་མ་བྱུགས་ནས་སརྦ་སོགས་བརྗོད་པས་དྲུད་ཅིང་མཉེད་ལ་ཁྲུས་བུམ་དང་པོར། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཞེས་པ་སྔགས་བཅས་ཀྱིས་སྣུམ་བག་སོགས་དག་པར་བཀྲུས། དེ་དག་སྐུ་ལ་སོགས་ཀྱིས་སྐུ་དབྱིའོ། །དེས་མཚོན་ནས་ཁྲུས་བུམ་བརྒྱད་པའི་བར་འགྲེ་ཞིང་། དེ་ནས་བྱུགས་མཉེའི་རྫས་རྣམས་བཞག་ལ། ཁྲུས་བུམ་དང་པོ་ཁོ་ནས་བཀྲུ་ཞིང་སྐུ་དབྱི་བ། དྲི་བྱུག་ཅིང་གོས་ཟུང་དབུལ་བའི་བར་རོ། །དེ་དག་གི་ཚེ་བདུག་སྤོས་འཐུལ་བ་དང་མེ་ཏོག་གི་ཆར་དབབ་ཅིང་རོལ་མོ་འཁྲོལ་བ་སོགས་རྣམ་པ་དུ་མ་དང་ལྡན་པར་བྱའོ། །ཁྲུས་རིམ་འདི་ལ་དམན་མཆོག་གི་གཉིས་སུ་དབྱེ་བའི་རྒྱུ་མཚན་གཞན་དུ་བྱུང་བས་དཔྱད་ཁོང་གཅིག་ཏུ་མ་སྨོས་ཀྱང་དོན་ལ་གནས་ཏེ། ངེས་པ་སྐྱེད་པའི་ཁུངས་དུ་མ་ཡོད་པས་སོ། །དེས་ན་བརྗོད་མ་ཐག་པ་ན་དམན་ཁྲུས་ཏེ། མཆོག་ཁྲུས་ནི་ས་དཔྱད་བཅུ་པར་འཆད་འགྱུར་ལས་ཤེས་སོ། །བརྒྱད་པ་བརྟེན་བསྐྱེད་པ་ནི། ལྷག་གནས་ཀྱི་ངོ་བོ་ཡིན་ཅིང་། དེ་ཡང་དམ་ཚིག་སེམས་དཔའི་སྦྱོར་བ་སྟེ་ས་མ་ཡ་ཞེས་པ་དམ་ཚིག་ལ་འཇུག་པས་ས་མ་ཏིའི་ངེས་ཚིག་གིས་བཤད་ན་འགྲོ་བ་དང་འདུ་བ་ལ་ཡང་སྦྱར་དུ་ཡོད་པས། ལྷ་ཡེ་ཤེས་པ་རྣམས་གང་དུ་འགྲོ་ཞིང་འདུ་བའི་གཞི་ཡིན་པས་སོ། །དེའི་ཚུལ་ནི། བསང་སྦྱང་། སྟོང་པའི་ངང་ལས་ལྷར་བསྐྱེད་པ་དཀྱུས་བཞིན་ནོ། །དགུ་པ་ཡེ་ཤེས་པ་སྤྱན་དྲང་བ་ནི། བདག་དང་རྟེན་གྱི་སྙིང་གའི་སོགས་ནས་རོ་གཅིག་ཏུ་དགྱེས་པར་བསམ་པའི་བར་རོ། །བཅུ་པ་རྒྱས་གདབ་ཅིང་དབང་བསྐུར་བ་ནི། ལྷ་སོ་སོའི་ཕྱག་རྒྱ་བཞིས་རྒྱས་གདབ་ཅིང་མི་ནུས་ན་དཀྱུས་སུ་བཀོད་པ་བཞིན་བྱ། དབང་ནི། སྦྱང་གཞི་ལྷའི་རྒྱུད་ཉེས་པས་རྙོགས་པ་ཅན་དུ་བྱས་པའི་དྲི་མ། སྦྱོང་བྱེད་ལྷ་རྣམས་ཆགས་པ་ཆེན་པོས་ཞུ་བའི་བྱང་སེམས་ཡེ་ཤེས་ཀྱི་ཆུ་རྒྱུན། སྦྱོང་བ་པོ་ནམ་མཁར་སྤྱན་དྲངས་པའི་གདན་གསུམ་ཚང་བའི་ལྷ་རྣམས། སྦྱངས་འབྲས་དམིགས་མེད་ཀྱི་རྒྱུད་དག་པས་ཡེ་ཤེས་ལྷའི་ངོ་བོ་ཁྱད་པར་ཅན་དུ་སྒྲུབ་པ་དབང་བསྐུར་བའི་བྱེད་པ་ཅན་ཏེ། ངེས་ཚིག་དྲི་མ་བཀྲུ་བ་དང་ནུས་པ་འཇོག་པའི་འབྲེལ་བས་སོ། །རིམ་པ་གསུམ་པར། དབང་བསྐུར་བུམ་པ་ཐོགས་བྱས་ནས། །གདུགས་དང་བ་དན་བསྐྱེད་སོགས་བྱ། །བཀྲ་ཤིས་འདོན་ཅིང་རོལ་མོར་བཅས། །རབ་གནས་ལྷ་ལ་དབང་བསྐུར་རོ། །ཞེས་འབྱུང་བས་ན་དབང་ལྷ་སྤྱན་འདྲེན་པ་ནས་མཉེས་པར་བྱ་བའི་བར་རོ། །བཅུ་གཅིག་པ་མཆོད་བསྟོད་སྔགས་བཟླས་གཏོར་མ་བཏང་བ་ནི། རིམ་པ་གསུམ་པར་ལྷག་གནས་ཀྱི་དབང་གི་རྗེས་ཁོ་ནར། དེ་ནས་རབ་གནས་ལྷ་ལ་ནི། །མཆོད་དང་བསྟོད་ནས་དཀྱིལ་འཁོར་ལྷའི། །བཟླས་པ་བརྒྱ་དང་རྩ་བརྒྱད་དང་། །རྟེན་འབྲེལ་སྔགས་ཀྱང་དེ་བཞིན་བཟླ། །ཞེས་གསུངས་པའི་རིམ་པ་བཞིན་དུ་ཡི་དམ་ཆོས་སྐྱོང་གི་གཏོར་མ་རྣམས་སོང་ནས་ཕྱི་རོལ་ཏུ་ཕྱོགས་སྐྱོང་སོགས་འཇིག་རྟེན་པའི་གཏོར་མ་རྣམས་ཕུལ་ལ་དཀྱིལ་འཁོར་ཁང་པའི་སྒོར་ལས་བུམ་གྱི་ཆུས་བསང་ཞིང་སྤོས་ཀྱིས་བདུག་ནས་ནང་དུ་འཇུག་གོ། །འབུལ་ཏེ། རྒྱུད་དུ། མེ་ཏོག་ལ་སོགས་སྔོན་འགྲོ་བས། །ཕྱོགས་སྐྱོང་རྣམས་ཀྱང་མཆོད་པར་བྱ། །ཞེས་པའི་ཚུལ་གྱིས་སོ། །བཅུ་གཉིས་པ་སྙན་གསན་དབབ་པ་ནི། རབ་གནས་ཀྱི་ཆོ་གའི་ལས་ལ་གནང་བ་ཞུ་བ་དང་། རྟེན་དེ་ལ་ཉེ་བར་གནས་པའི་གསོལ་བ་གདབ་པ་སྟེ། ཞུ་བའི་ཡུལ་ནི། སྔར་དམ་ཚིག་པ་ལ་དབབ་པ་དེ་ལའོ། །ཇི་ལྟར་ན་ༀ་ཞྭ་ཕུད་པུས་བཙུག་རྡོར་དྲིལ་སྤོས་དང་བཅས་པས། བཛྲ་ཛི་ཧ་སོགས་ནས་གནང་བ་སྦྱིན་སྟེ་མཆོད་པའི་བར་བྱའོ། །བཅུ་གསུམ་པ་ནོངས་པ་འཆགས་ཤིང་གཤེགས་སུ་གསོལ་བ་ནི། ཡི་གེ་བརྒྱ་པ་གསུམ་གྱི་རྗེས་སུ། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཀྱིས་བཟོད་པར་གསོལ། །ༀ་ཨཱཿཧཱུཾ་མུཿཞེས་རྟེན་གྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་གཤེགས་སུ་གསོལ་ཏེ་མཆོད་ཅིང་བསྟོད་པ་རྣམས་སོ། །འདིར་ཡེ་ཤེས་པ་གཤེགས་པ་དང་དམ་ཚིག་པ་གནས་སུ་འཇུག་པ་སོགས་མི་འདྲ་བའི་ཁྱད་པར་ཅི་རིགས་སྣང་མོད། འོན་ཀྱང་དཀྱིལ་ཆོག་གི་ལྷ་ལྷག་གནས་དང་དགོས་པ་མཚུངས་པས། བརྗོད་མ་ཐག་པ་བཞིན་བཟུང་ངོ་། །བཅུ་བཞི་པ་རྟེན་བསྲུང་ཞིང་དགབ་པ་ནི། རྟེན་དམ་ཚིག་པར་གསལ་བའི་གནས་ལྔར་དྲིས་བྱུག་ཅིང་མཆོད། རྡོ་རྗེ་དང་བཅས་པའི་ལག་གིས་རེག་སྟེ་གོ་བགོས་པའི་རྗེས་སུ། རྒྱུད་ལས། ན་བཟའ་སེར་པོས་གཡོགས་པར་བྱ། །ཞེས་པའི་དོན། དཔེར་ན་རྒྱལ་རིགས་རྒྱལ་སར་མངའ་དབང་མ་བསྐུར་བ་དང་འདྲ་བས། རབ་གནས་མ་ཟིན་པའི་ལྷ་ནི་མཆོད་པའི་འོས་སུ་མི་འགྱུར་བའི་ཕྱིར་ཏེ། ༀ་བཛྲ་ཝཥྚ་སོགས་སོ། །བཅོ་ལྔ་པ་བདག་ལ་བསྲུང་བ་ནི། གནས་གསུམ་དུ་ཡི་གེ་གསུམ་འགོད་སོགས་དཀྱུས་བཞིན། དེ་ནི་སྒྲུབ་པའི་དཀྱིལ་འཁོར་གྱི་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་གཤེགས་གསོལ་མ་གཏོགས་བཀྲ་ཤིས་ཀྱི་བར་སོ་སོའི་ངེས་པ་བཞིན་ནོ། །དེ་ལྟར་བཤད་པ་ནི་སྔོན་དུ་ལྷག་པར་གནས་པའི་ཆོ་གའོ། །གཉིས་པ་ཆོ་ག་དངོས་གཞིའི་སྡོམས་ནི། བདག་མདུན་སྒྲུབ་མཆོད་སྦྱང་བཀྲུ་ཕྱི། །གསོལ་གདབ་རྟེན་བསྐྱེད་སྤྱན་དྲངས་ལ། །དགུག་ཅིང་རྒྱས་གདབ་དབང་བསྐུར་བྱ། །མཆོད་བསྟོད་སྤྱན་སོགས་དབྱེ་རྟེན་བསྒྱུར། །མངའ་དབུལ་རྣམ་བཞི་བརྟན་བཞུགས་སོ། །ཞེས་འབྱུང་བས་ན། ནངས་པར་སྔ་བར་ལངས་ཏེ་སྔར་འདུ་བྱས་པའི་ཡོ་བྱད་རྣམས་ཚང་ཞིང་བཀོད་ལེགས་པར་བཤམས་ལ་ཁྲུས་བྱས་རྒྱན་དང་ལྡན་པས། བདག་གི་རྣལ་འབྱོར་རྫོགས་པར་བསྒོམ་ཞིང་མདུན་གྱི་དཀྱིལ་འཁོར་གསལ་བཏབ་ལ་དེ་དང་འབྲེལ་བའི་མཆོད་གཏོར་སོགས་རིམ་པ་གསུམ་པར་གཏོར་མ་བཏང་ལ་ཉི་མ་འཆར་ཀར་ན་ཞེས་འབྱུང་བས་ཕྱི་རོལ་གཏོར་མ་ནམ་ལངས་ལ་འགྲུབ་པར་བྱའོ། །སྔོན་དུ་འགྲོ་བས་སྦྱངས་ཁྲུས་ལ་འཇུག་པའམ། སྐབས་ཡོད་ན་དབང་ནོད་པ་དང་། ཁྲུས་བུམ་གྱི་བསྐྱེད་བཟླས་སོགས་ཀྱང་བྱ་ཞིང་། དེ་ནས་གཉིས་པ་དང་གསུམ་པ་སྦྱང་ཁྲུས་ཏེ་གོས་ཟུང་དབུལ་བའི་བར་སྔར་བཞིན་ནོ། །གཞུང་གཞན་ལས་འདིར་རིང་བསྲེལ་འཇུག་པར་བཤད་ཀྱང་ཆོ་གའི་དཀྱུས་སུ་མི་བདེ་བས་སྔོན་དུ་བརྗོད་པའི་སྐབས་དེ་ཉིད་དུ་བྱ་བ་ལེགས་སོ། །བཞི་པ་གསོལ་གདབ་སེམས་བསྐྱེད་ནི། སྣམ་སྦྱར་སོགས་གྱོན་ནས་ལངས་ཏེ་མེ་ཏོག་དང་རྡོར་དྲིལ་བཟུང་། གང་འདིར་མ་དང་། ངོ་མཚར་ཙོག་པུར་འདུག །ཆེན་པོ་སོགས་ཏེ་གུས་ཤིང་འདུད་པའི་སྟོབས་ཀྱིས་སྤོས་རོལ་མེ་ཏོག་གིས་འཐོར་བ་རྣམས་སོ། །ལྔ་པ་རྟེན་བསྐྱེད་པ་དང་། དྲུག་པ་ཡེ་ཤེས་པ་སྤྱན་དྲངས་པ། ཕྱི་འབྲང་གི་བགེགས་བསལ་བའི་བར་སྔར་བཞིན་ལས། ཁྱད་པར་དེའི་ཚེ་བྱོན་པའི་ཡེ་ཤེས་པ་རྣམས་སྟ་གོན་གྱི་དུས་སྟེགས་བུ་དང་གཉིས་མེད་དུ་གྱུར་པ་ལ་བྱོན་ལེགས་བཞུགས་གསོལ། མཆོད་ཅིང་དགུག་གཞུག་བཅིང་མཉེས་རོ་གཅིག་ཏུ་གྱུར་པའི་བར་ཏེ། བརྟག་གཉིས་ལས། ནམ་མཁར་བཞུགས་པའི་སངས་རྒྱས་ཀུན། །སྐུ་གཟུགས་སྙིང་གར་རབ་ཏུ་གཞུག །ཅེས་པའི་དོན་ཡིན། བདུན་པ་རྒྱས་གདབ་སྔར་བཞིན། བརྒྱད་པ་དབང་བསྐུར་བ་ནི། རྒྱུད་ལས། ཕྱག་རྒྱ་སྔགས་ཀྱིས་རབ་བསྐུལ་ལ། །ཇི་ལྟར་འོས་པས་མངོན་དབང་བསྐུར། །ཞེས་གསུངས་པས། སློབ་མ་ལ་ཇི་ལྟར་བྱ་བ་བཞིན་བསྐུར་ཏེ། ཕྱག་རྡོར་དབང་བསྐུར་ལས། ཇི་ལྟར་གླིང་བཞིའི་དབང་ཕྱུག་གིས། །འཁོར་ལོ་བསྒྱུར་བ་དབང་བསྐུར་བ། །དེ་བཞིན་བསྔགས་པའི་ངོ་མཚར་དང་། །བཀྲ་ཤིས་ཀུན་གྱིས་དབང་བསྐུར་རོ། །ཞེས་ཏེ། དེ་ཡང་ཆུ་དབང་ནི་དངོས་སམ་མེ་ལོང་གི་གཟུགས་བརྙན་དང་། དེ་བཞིན་དུ་དབུ་རྒྱན་སོགས་ཀྱང་བཅིངས་པའམ་ལྷག་པར་མོས་པར་དག་གིས་བྱ་བ་ལས། ཆོ་ག་ནི་རང་གཞུང་སོ་སོར་འབྱུང་བ་ལྟར་རམ། སྙིང་གའི་ས་བོན་གྱིས་དབང་ལྷ་སྤྱན་དྲངས་མཆོད་བསྟོད་གསོལ་བ་གདབ་པ་སྔོན་དུ་འགྲོ་བས་ཆུ་དབང་སོགས་ལྔ་དང་། བུམ་དབང་བཞི་རིགས་བདག་གིས་དབུ་བརྒྱན་པའི་བར་དཀྱུས་བཞིན་ནོ། །དེ་ལྟར་བུའི་ཚུལ་གྱི་དབང་བསྐུར་བས། སྔ་མ་ལྔས་ཕུང་ཁམས་ཡེ་ཤེས་ལྔ་དང་། ཕྱི་མ་བཞིས་སྒོ་གསུམ་ཡེ་ཤེས་སེམས་དཔའི་ངོ་བོར་བྱས་པས་སློབ་དཔོན་སྦྱིན་པོར་བྱས་པའི་རྒྱུད་དག་ནས་སྦྱངས་འབྲས་མྱུར་དུ་ཐོབ་པའི་དོན་ཅན་དེ་སྔར་བཤད་པའི་རྒྱུ་མཚན་ཀྱང་འབྲེལ་ལོ། །དགུ་པ་མཆོད་བསྟོད་བྱ་བ་ནི། དབང་བསྐུར་བའི་རྗེས་སུ་སློབ་མ་མཆོད་པ་གཞུང་དུ་མར་བཤད་པ་བཞིན་དབང་གིས་རྗེས་འབྲང་སྟེ། ཕྱོགས་བཅུ་རབ་འབྱམས་མས་མཆོད་ཅིང་། འགྲོ་བ་རྒྱུད་ལྔ་སོགས་ཀྱིས་བསྟོད་པར་བྱའོ། །བཅུ་པ་སྤྱན་སོགས་དབྱེ་བ་ནི། རྒྱུད་ལས། དེར་ནི་གསེར་གྱི་རང་བཞིན་གྱི། །ཐུར་མས་སྤྱན་ནི་དབྱེ་བར་བྱ། །ཞེས་སྐྱེ་མཆེད་ཀྱི་ཐོག་མ་སྨོས་པས་སྙན་སོགས་དབྱེ་བར་མཚོན་པ་སྟེ། རིམ་པ་གསུམ་པ་སོགས་ཚད་ལྡན་གྱི་གཞུང་དུ་མར་བཤད་ཅིང་། རྟེན་ཡེ་ཤེས་ཀྱི་ལྷ་དང་སྐལ་བ་མཉམ་པར་བྱེད་པ་ཡང་སྐྱེ་མཆེད་དེ་དག་ལས་ཏེ། ཡེ་ཤེས་ཀྱི་སྤྱོད་ཡུལ་ལོངས་སྤྱོད་ཐམས་ཅད་མཚུངས་པར་སྤྱོད་དགོས་པས་སོ། །གང་གིས་དབྱེ་ན་སྐུ་གཟུགས་སོགས་ཆེ་ཆུང་དང་ཡོན་བདག་གི་བསམ་པ་དང་བསྟུན་ནས་དྲུག་མཐོ་གང་གི་དྲུག་ཆའོ། །ནམ་ལས་མི་ཆུང་བའི་གསེར་གྱི་ཐུར་མ་དང་། སྙན་བྲུད་རྨངས་ཚེར་ཞལ་ཐུར། ཚེམས་ཤིང་རྣམས་ཀྱིས་སོ། །ཇི་ལྟར་ན། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །ཞེས་སོགས་ཀྱིས་རིམ་པ་བཞིན་དབྱེའོ། །གླེགས་བམ་མཆོད་རྟེན་སོགས་ལ་ཇི་ལྟར་ཞེ་ན། འདིར་རྟེན་བསྒྱུར་མ་ཟིན་པས་བདེ་མོད། གཞན་དུ་པུསྟི་ལ་སོགས་པའི་ལྷ་ནི་མེ་ལོང་ལ་དེའི་གཟུགས་བརྙན་སྒོམ་པའོ། །ཞེས་བཤད་པས་ཀྱང་ཤེས་སོ། །རིམ་པ་གསུམ་པར། གལ་ཏེ་གླེགས་བམ་ཡིན་ན་ཡང་། །སྔོན་བཞིན་ཡིག་འབྲུར་བསྒྱུར་བ་དང་། །དེ་ཡང་སྤྱན་དབྱེ་མཆོད་སོགས་བྱ། །ཞེས་གསུངས་པ་དང་། སྔོན་དུ་རྟེན་བསྒྱུར་འབྱུང་བ་ལྟར་ན་དབྱེ་ཡུལ་ཡེ་ཤེས་ཀྱི་སྐུ་ཅན་ཡིན་པས་སྐྱེ་མཆེད་ཀྱི་རྣམ་པར་མི་དགོས་པ་འདྲ་སྟེ། དཔེར་ན་མཆོད་རྟེན་དང་གླེགས་བམ་སོགས་མཆོད་པའི་ཚེ་ཡང་ཞལ་ཕྱག་གི་རྣམ་པ་ཅན་དུ་ཡོད་དགོས་པར་འགྱུར་བ་དང་མཚུངས་པ་ཉིད་དོ། །འོན་ཀྱང་པྲཛྙཱ་པས། མཆོད་རྟེན་གླེགས་བམ་ལ་སོགས་ལ། །དབང་པོ་སྐྱེ་མཆེད་མེད་པའི་ཕྱིར། །སྤྱན་དབྱེ་ལ་སོགས་བྱ་མི་དགོས། །ཞེས་རྣམ་དབྱེ་ཕྱེ་ནས་སོ་སོར་བཤད་མོད་ཀྱང་སྔ་མ་ཉིད་བཙན་པར་ཟུངས་ཤིག །བཅུ་གཅིག་པ་རྟེན་བསྒྱུར་བ་ནི། རིམ་པ་གསུམ་པར། སོ་སོའི་སྔགས་དང་ཕྱག་རྒྱ་ཡིས། །དཀྱིལ་འཁོར་ལྷ་དང་དེར་བསྒྱུར་བསམ། །ཞེས་གསུངས་པས་སློབ་དཔོན་གྱི་རྡོ་རྗེ་དང་བཅས་པའི་ལག་གིས་རྟེན་གྱི་གནས་གསུམ་དུ་རེག་ཅིང་། རང་སྔགས་ལན་གསུམ་བརྗོད་པས་དེར་བསྒྱུར་བ་སྟེ་སྟོན་པའི་སྐུ་སྔར་རྣམ་སྣང་དུ་བསྐྱེད་པ་ལྟ་བུ་ལ་མཚོན་ན། མུ་ནེ་སོགས་གསུམ་གྱི་མཐར། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཡོངས་སུ་གྱུར་བ་ལས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བ་ཕྱག་གཉིས་ས་གནོན་དང་མཉམ་བཞག་མཛད་པ་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནས་མཐུ་བྱིན་དང་ལྡན་པར་གྱུར་གྱི་བར་རོ། །གཞུང་ལ་ལར་བརྟན་བཞུགས་ཀྱི་གསོལ་བཏབ་ཚར་བའི་རྗེས་སུ་རྟེན་བསྒྱུར་ནི་ངེས་པའི་བཤད་ཁུངས་མ་མཐོང་ཞིང་། འཐད་པར་ཡང་མི་སེམས་སོ། །བཅུ་གཉིས་པ་མངའ་དབུལ་བ་ནི། དཔེར་ན་རྒྱལ་རིགས་རྒྱལ་སར་བཀོད་པ་ན་ཞང་བློན་དང་རྒྱལ་ཕྲན་རྣམས་ཀྱིས་སྐྱེས་ཀྱི་རྣམ་པ་ཆེ་ཐང་ཕུལ་བས་མངའ་གསོལ་བའམ་མངའ་བསྐུར་བར་འགྱུར་བ་བཞིན་འདི་ཡང་དེ་ལྟར་ཏེ། རྟེན་དེ་ལྷ་ཡེ་ཤེས་པའི་ངོ་བོར་གསར་དུ་སྒྲུབ་པ་ལ་དགྱེས་པ་སྒྲོན་པའི་དགའ་སྟོན་གྱི་སྐྱེས་སུ་མངའ་གསོལ་བའི་དོན་གྱིས་སོ། །དེ་ལྟར་ཡང་། རྟ་མཆོག་རོལ་པའི་རྒྱུད་དུ། བཀྲ་ཤིས་མངའ་གསོལ་དབང་བསྐུར་ནས། །སྐུ་གཟུགས་མཆོད་པའི་རྟེན་བྱའོ། །ཞེས་གསུངས་པས་སོ། །དགོངས་འདུས་རབ་གནས་བཀྲ་ཤིས་བརྩེགས་པ་དང་བོད། སྔ་རབས་པའི་ཕྱག་བཞེས་བཞིན། མཆོད་བསྟོད་རྒྱས་པས་མངའ་དབུལ་བ། ཉེར་མཁོའི་ཡོ་བྱད་ཀྱིས་མངའ་དབུལ་བ། སྦྱིན་སྲེག་གམ་ཙཱ་རུའི་བཟའ་བས་མངའ་དབུལ་བ། རབ་གནས་ཀྱི་སྔགས་དང་བཀྲ་ཤིས་ཀྱིས་མངའ་དབུལ་བའོ། །དང་པོ་ནི། རབ་གནས་བྱས་པའི་ལྷ་དེའི་མཆོད་བསྟོད་རང་གཞུང་བཞིན་ནོ། །ཆུ་གཉིས་ཉེར་སྤྱོད། རིན་ཆེན་བདུན། འདོད་ཡོན་ལྔ། རིག་མ་བཅུ་དྲུག །ནང་གི་དམ་ཚིག་རྣམས་ཀྱིས་མཆོད་ཅིང་། འགྲོ་བ་རྒྱུད་ལྔ་སོགས་ཀྱིས་བསྟོད་པར་བྱའོ། །གཉིས་པ་ནི། སྐུ་གསུང་ཐུགས་རྟེན་སྤྱི་དང་བྱེ་བྲག་གི་ཉེར་མཁོའི་ཡོ་བྱད་རྣམས་དངོས་སམ། བྲིས་པ་རྟེན་སོ་སོར་འབུལ་བའི་ཚུལ་གྱིས་མངའ་དབུལ་གྱི་མཎྜལ་མཐར་རིམ་པ་བཞིན་འགོད། གསུམ་པ་ནི། རབ་གནས་རྒྱས་པར་མཆོད་གར་ཀྱང་བྱེད། བྱས་པའི་ལྷ་རྣམས་ལ་མེ་ཏོག་གིས་མཚོན་པར་ཐབ་ཏུ་སྤྱན་དྲངས་རྒྱས་པའི་སྲེག་བླུགས་ཆོ་ག་བཞིན་དུ་ཕུལ་བའི་མཐར་ཡོན་བདག་ཀྱང་དབུལ་དུ་གཞུག་ཅིང་། དེའི་རྗེས་སུ་འོ་མ་དང་། འབྲས་མ་གྲུག་པ། མར་སྦྲང་རྩི་ཀ་ར་རྣམས་རང་གི་འདོད་ལྷའི་ས་བོན་ལས་བྱུང་བར་བསམ་ལ་ནག་པོ་མ་ཡིན་པའི་སྣོད་གཙང་མ་དྲིས་བྱུགས་ཤིང་མེ་ཏོག་གི་ཕྲེང་བ་བཅིངས་པའི་ནང་དུ་དགང་བླུགས་ཀྱི་གཟར་བུས་བླུགས་ལ་མཉྫི་སོགས་ཀྱི་སྟེང་དུ་བཀོད་ནས་སྦྱིན་སྲེག་གི་ཐབ་ཏུ་བཞག །རང་ལྷའི་རྣལ་འབྱོར་གྱིས་རྫས་ལྔ་པོ་བདུད་རྩིའི་རང་བཞིན་དུ་བལྟས་ལ། ༀ་དཱི་བྱ་ཨནྟི་ས་མ་དྷི་དྷྱ་ན་ཤྲཱི་ཎ་ཡེ་སྭཱ་ཧཱ། ཞེས་བཟླ་ཞིང་བསྐོར་ནས་རྟེན་དང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ། ཞལ་ཟས་འདིར་བགྲང་ཚུལ་ནི། གསོ་རིག་མཁས་པ་དག །རང་གི་ངོ་བོའི་སྒོ་ནས་རྩ་བའི་རོ་མངར། སྐྱུར། ལན་ཚྭ། ཚ་བ། ཁ་བ། སྐ་བ་དྲུག་ལ་རེ་རེ་བཞིན། མངར་བའི་མངར་བ་སོགས་དྲུག་ཏུ་དབྱེ་ཞིང་། དེ་བཞིན་དུ་སྐྱུར་བ་སོགས་ལ་ཡང་མཚོན་ནས་སོ་དྲུག །དེ་དག་སོ་སོའི་རང་བཞིན་ལྕེའི་ཡུལ་དུ་གསལ་བར་མྱོང་བས་སོ་དྲུག །ལྟོ་བའི་གནས་སུ་ནུས་པ་སྨིན་པ་སོ་དྲུག་སྟེ་བརྒྱ་དང་བརྒྱད་ཡིན་ཀྱང་བརྗོད་བདེའི་ཕྱིར་བརྒྱ་ཞེས་སྨོས་པའོ། །རོ་བརྒྱ་སོགས་ཀྱིས་འབུལ། དེ་ལྟར་མ་གྲུབ་ན་དཀྱུས་བཞིན་དང་། ཚོགས་ཀྱི་འཁོར་ལོས་ཀྱང་དགྱེས་པ་སྒྲོན་ནོ། །བཞི་པ་ནི། རྟེན་གྱི་ཐུགས་ཀར་གཟུངས་ཐག་གཏད་པ་ནས། ཡེ་དྷརྨཱ་ཅི་མང་བཟླས་པའི་བར་དང་། སྔར་འདུ་བྱས་པའི་མེ་ལོང་གཟུངས་བུམ་ཁའི་མེ་ཏོག་གི་ཁར་བཞག །དེའི་རྟེན་འབྲེལ་སྙིང་པོ་རེ་རེ་བཞིན་ཚར་བདུན་བདུན་བཟླས་པ་ལག་གཡས་པ། བུམ་ཆུས་སྦྱངས་ནས་ལག་གཡོན་པས། མེ་ཏོག་ལ་སྦྲན་པའི་ཆར་དབབ་ཅིང་། བཀྲ་ཤིས་གང་ཞིག་དང་། ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་ཀྱི་ཚིག་རྒྱ་ཆེར་བརྗོད་ཅིང་སྙན་པའི་རོལ་མོའི་ཚོགས་ཀྱང་འཁྲོལ་བར་བྱའོ། །བཅུ་གསུམ་པ་བརྟན་བཞུགས་ནི། རྒྱུད་ལས། ཁྲི་ཡི་སྟེང་དུ་བཞུགས་པར་བྱ། །སྐུ་གཟུགས་ཀྱི་ནི་སུམ་འགྱུར་ཆ། །ཚད་ཙམ་དུ་ནི་རབ་ཏུ་བསྒྲགས། །ༀ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། མེ་ཏོག་ལ་སོགས་སྔོན་འགྲོ་བས། །ཞེས་དང་། བཞུགས་ཚུལ་ཀྱང་། མདུན་ཕྱོགས་སུ་ནི་མ་བུབ་ཅིང་། །ཡོ་བ་མེད་ཅིང་དྲང་བ་ཡིས། །དེ་ལྟར་སྐུ་གཟུགས་མཛེས་པར་དགོད། །ཞེས་གསུངས་པས་ན་སྐུའི་སུམ་ཆའི་ཚད་ཙམ་གྱི་ཁྲི་ལ་སྤྱན་དྲངས་ཏེ། སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་དྲང་ཞིང་བརྟན་པར་བཞུགས་སུ་གསོལ། ཉེར་སྤྱོད་ལྔས་མཆོད་ཅིང་རྟེན་གྱི་ཁྲིའམ་མེ་ཏོག་གི་ཕྲེང་བ་བཏགས་པ་ན་ཡོན་མཆོད་ཐམས་ཅད་ཀྱིས་བཟུང་ལ་རབ་གནས་ཀྱི་སྔགས་རྣམས་སྐབས་དང་མཚུངས་པར་བཟླས་ལ། སླར་ཡང་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བས་བཏུད་དེ། ཇི་སྲིད་ས་ཆུ་མེ་དང་ནི། །ཞེས་སོགས་ནས། དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཞེས་པའི་བར་ལན་གསུམ་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །དེ་ཉིད་བརྟན་པར་བྱིན་གྱིས་བརླབས་ནས་སླར་ཡང་མཆོད་ཅིང་བསྟོད་ནས་ཤིས་པར་བྱའོ། །དེ་ལྟར་ཡེ་ཤེས་པ་གཞུག་ནས་བརྟན་བཞུགས་འཁོར་བཅས་ཀྱི་བར་འདི་དག་ནི་རབ་གནས་ཀྱི་ཆོ་ག་དངོས་ཏེ། ཇོ་བོའི་གཞུང་ལས། དམ་ཚིག་སེམས་དཔའ་སྦྱངས་བསྐྱེད་ལ། །ཡེ་ཤེས་སེམས་དཔའ་ཡུན་རིང་དུ། །གནས་པའི་ཕྱིར་ན་རབ་ཏུ་གནས། །ཞེས་པ་ལྟར་རོ། །གསུམ་པ་ཆོ་གའི་མཇུག་གི་སྡོམས་ནི། གཏོར་མ་བསྲུང་བསྒོ་མཆོད་བསྟོད་གསོལ། །ནོངས་བཤགས་གཤེགས་གསོལ་ཡོན་བདག་བསྒོ། །ཤིས་བརྗོད་རྟེན་མཆོད་དགའ་སྟོན་ཡོན། །བསྔོ་ཤིས་རྗེས་བསྡུ་སྦྱིན་སྲེག་གོ། །ཞེས་འབྱུང་བའི་དང་པོ་གཏོར་མ་བཏང་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་རྣམས་སོ་སོའི་གཞུང་བཞིན་བཏང་ངོ་། །གཉིས་པ་སྲུང་མ་བསྒོ་བ་ནི། སློབ་དཔོན་མི་བསྐྱོད་རྡོ་རྗེས། དེ་ནས་སྲུང་མ་བསྒོ་བ་ནི། །རང་ཉིད་ལྷག་པའི་ལྷར་སྦྱོར་བས། །ནག་པོ་ཆེན་པོ་དགུག་པ་དང་། །གཞུག་དང་བཅིང་དང་དབང་དུ་བྱ། །དེ་ལ་མཆོད་དང་གཏོར་མ་སྦྱིན། །དེ་ལ་བཀའ་ལུང་བསྒོ་བྱ་བ། །ཞེས་སོགས་གསུངས་པའི་ཚུལ་གྱིས་གཙུག་ལག་ཁང་སོགས་རབ་གནས་བྱས་པའི་རྟེན་དེའི་སྲུང་མར་འོས་པ་རྣམས་ལ་སླར་ཡང་མཆོད་གཏོར་འབུལ་བ་དང་བསྟོད་པ་སོགས་སོ་སོའི་ཆོ་གའི་གཞུང་བཞིན་དུ་ཕྲིན་བཅོལ་གཉེར་གཏད་གྱིས། བྱས། དམ་མནན་དང་བཀའ་བསྒོའི་བསྲུང་ཞིང་ལེགས་པར་སྐྱོང་བར་མཛོད། །ཅེས་པའི་རྗེས་སུ་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་དེང་འདིར་རབ་ཏུ་གནས་པར་བྱས་པའི་རྟེན་འདི་དག་ཕྱི་མའི་མུ་མཐར་ཐུག་གི་བར་དུ་བསྲུང་ཞིང་སྐྱོང་བ་དང་མཆོད་པར་གྱིས་ཤིག །བདག་དང་ཡོན་གྱི་བདག་པོ་འཁོར་དང་བཅས་པ་རྣམས་ལ་ཡང་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་བསྲུང་བ་དང་། མཐུན་རྐྱེན་ཆོས་དང་མཐུན་པའི་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་བསྒོས་ལ་སྲུང་མའི་གཏོར་སྐྱོང་དང་། བརྟན་བཞུགས་སོགས་རྗེས་ཀྱི་ཆོ་ག་རྣམས་བྱའོ། །གསུམ་པ་མཆོད་ཅིང་བསྟོད་ནས་གསོལ་བ་གདབ་པ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ལ་གཏང་རག་གི་དོན་དུ་གསར་དུ་བཤམས་པའམ་ཁ་གསོས་པའི་མཆོད་པ་བྱིན་གྱིས་བརླབས་ནས། རྣམས་ཕུལ་ཏེ་བསྟོད། ས་དང་ཆུ་དང་མེ་རླུང་ལས། །སོགས་ཀྱིས་འདོད་དོན་གསོལ་བ་གདབ། བཞི་པ་བཟོད་པར་གསོལ་ནས་གཤེགས་སུ་གསོལ་བ་ནི། དཀྱིལ་འཁོར་ལན་གསུམ་བསྐོར་གཡས་སྐོར། ནས་ཤར་སྒོར་མངོན་དུ་ཕྱོགས་པས་འདུག་སྟེ། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། མ་རྙེད་ཡོངས་སུ་མ་ཚང་དང་། །ཞེས་སོགས་ཀྱིས་བཟོད་པར་གསོལ། ༀ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་དཀྱིལ་འཁོར་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ཉིད་ལ་བསྡུ་ཞིང་། གོ་ཆ་བཅིངས་པ་སོགས་རང་གཞུང་བཞིན་ནོ། །ལྔ་པ་ཡོན་བདག་བསྒོ་བ་ནི། སྟན་བཟང་པོ་ལ་འབྲུའི་གཡུང་དྲུང་བྲིས་པ། ཡོན་བདག་འཁོད་པའི་མདུན་དུ་དེའི་གཡས་ནས་འགོ་བཟུང་བའི་ཉེར་སྤྱོད་ལྔ་ཚར་གཅིག་བཤམས་ལ། སློབ་དཔོན་གྱི་རབ་རྒྱུད་ཚིག །མདོ་སྔགས་ཀྱི་ལུང་རིག་དང་སྦྱར་བའི་བཤད་པ་རྒྱས་པའམ་མི་ནུས་ན། ཁྱེད་ཀྱིས་ང་ལ་ནས། མཆོད་པར་གྱིས། ཞེས་ཁྱེད་ཀྱིས་ང་ལ་གསོལ་བ་བཏབ་པ་བཞིན་དུ་རབ་ཏུ་གནས་པ་ལེགས་པར་གྲུབ་པར་བྱས་ཀྱིས་ཁྱེད་ཀྱིས་རྟེན་འདི་ལ་ཞག་བདུན་གྱི་བར་དུ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག །དེ་ནས་ཀྱང་ཅི་འབྱོར་པའི་མཆོད་པ་རྒྱུན་མི་ཆད་པར་གྱིས་ཤིག་ཅེས་བསྒོས་ལ། སྔར་བཤམས་པའི་མཆོད་པ་རྣམས་ཡོན་བདག་ལ་འབུལ་དུ་བཞུག་པའམ་མི་ཤེས་ན་དེས་ཕུལ་བར་མོས་ལ་རབ་འབྱམས་རྒྱ་མཚོ་སོགས་ཀྱིས་ཡོན་བདག་གི་ལག་ཏུ་རིམ་པ་བཞིན་ཐོགས། ཚིག་དང་བསྟུན་ནས་ལས་ཀྱི་རྡོ་རྗེས་རྟེན་གྱི་དྲུང་དུ་འབུལ། ཚོགས་པ་ཐམས་ཅད་ཀྱིས་འབུལ་ཞིང་བསྐོར་བ་གསུམ་དང་ཕྱག་གསུམ། བྱེད་དུ་གཞུག་གོ། །དྲུག་པ་དེ་ཉིད་བཀྲ་ཤིས་པར་བྱ་བ་ནི། སླར་ཡང་ཡོན་བདག་སྟན་ལ་འཁོད་པ་བསང་གཏོར་བྱས། དེ་ཡི་ལས་ཐམས་ཅད་པའི་སྔགས་དང་བུམ་ཆུས། སྟོང་པའི་ངང་ལས། དམ་གྱི་ལྷར་བསྐྱེད་པའི་ལག་ཏུ་མེ་ཏོག་གཏད་ལ་ཕྱག་བྱེད་དུ་གཞུག་གོ། །དེ་ནས་བཀྲ་ཤིས་ལ་བར་དུ་གཅོད་པའི་བགེགས་སྦྱང་བའི། བདེན་པའི་སྟོབས་བརྗོད་དེ། དེང་འདིར་རབ་ཏུ་གནས་པར་བྱས་པའི་རྟེན་དང་སྦྱིན་པའི་བདག་པོ་འཁོར་བཅས་བཀྲ་ཤིས་པར་བྱེད་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཚོགས་ཐམས་ཅད་འདིར་མ་གནས་པར་སོགས་དང་སྤོས་རོལ་དྲག་སྔགས་ཡུངས་ཐུན་དང་བཅས་པས་ཚམ་རྔམས་བྱ། བཀྲ་ཤིས་ཀྱི་རྫས་རྣམས་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་ཁར་བཞག་པ་སློབ་དཔོན་གྱི་མདུན་དུ་བཀོད། དེ་ཉིད་བསང་སྦྱང་། སྟོང་པའི་ངང་ལས་མཱཾ་ལས་བྱུང་བའི་གྲུབ་པའི་བཀྲ་ཤིས་ཀྱི་རྫས་བརྒྱད་རང་རང་གི་ཕུན་སུམ་ཚོགས་པའི་དངོས་པོ་ཐམས་ཅད་སྒྲུབ་པའི་མཐུ་དང་ལྡན་པར་བསམ་ལ་རིམ་པ་བཞིན་ཐོགས་ཏེ། སྔོན་ཡང་དག་པར་རྫོགས་པའིི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་ཡང་རབ་ཏུ་གནས་པར་བྱས་པའི་རྟེན་དང་བདག་དང་སྦྱིན་པའི་བདག་པོས་གཙོ་བྱས་སེམས་ཅན་ཐམས་ཅད་མེ་ལོང་གི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་སོགས་བརྗོད། དེ་བཞིན་དུ་གླང་པོ་ཆེ་ས་སྲུངས་ཀྱིས་སྨན་གི་ཝང་ཕུལ་བས། གི་ཝང་དུག་གསུམ་འཇོམས་པ་སོགས། ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕུལ་བས། ཞོ་ནི་ཀུན་གྱི་སྙིང་པོར་སོགས། བྲམ་ཟེ་ཀུཎྜ་ལིས་རྩ་དཱུརྦ་ཕུལ་བས། དཱུརྦས་ཚེ་ནི་སོགས། ཤིང་གི་ལྷ་མོས་ཤིང་ཏོག་བིལྦ་ཕུལ་བས། བིལྦ་རྒྱུ་རྐྱེན་སོགས། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་བས། དུང་ནི་ཆོས་ཀྱི་སྒྲ་སོགས། སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་བས། ལི་ཁྲི་དམར་པོ་སོགས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ་བས། ཡུངས་ཀར་རྡོ་རྗེའི་རིགས་སོགས། རེ་རེ་བཞིན་ཚིགས་བཅད་རྫོགས་པ་དང་ལས་ཀྱི་རྡོ་རྗེས་རྟེན་དང་དེར་འཁོད་པ་ཐམས་ཅད་ལ་འབུལ་ཚུལ་བྱས་རྗེས་ཡོན་བདག་ལ་གཏད་དོ། །ལ་ལ་དག་རྩྭ་ཚོང་པ་བཀྲ་ཤིས་ལྡན། དཱུརྦ་བིལྦ་ལྷ་ཚངས་པ། ལི་ཁྲི་བྲམ་ཟེ་དཀར་རྒྱལ། རྣམས་གཞན་བརྗོད་པ་ནི་ངེས་པའི་ཁུངས་མ་མཐོང་ཞིང་འཐད་པར་མི་སེམས། འདིར་ནི་མདོ་དབང་དང་བུ་སྟོན་གྱི་གསུང་མཐུན་པར་འབྱུང་བ་བཞིན་བྱས་སོ། །གཞན་ཡང་བཀྲ་ཤིས་རྒྱ་ཆེར་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་པས་མེ་ཏོག་གི་ཆར་དབབ་བོ། །བདུན་པ་རྟེན་མཆོད་པ་ནི། རྟེན་ཉེར་སྤྱོད་ལྔས་མཆོད་ཅིང་བསྟོད་ནས་སྨོན་ལམ་རྒྱས་པར། ༀ། སངས་རྒྱས་ཆོས་དང་སོགས། གདབ་ཅིང་བསྐོར་བ་རྣམས་སོ། །བརྒྱད་པ་དགའ་སྟོན་བྱ་བ་ནི། སྡོམ་པ་འབྱུང་བར། རབ་གནས་ཡང་དག་རྫོགས་དུས་སུ། །བསྟོད་དང་བཀྲ་ཤིས་བརྗོད་བྱ་ཞིང་། །བྲོ་དང་གར་སོགས་སིལ་སྙན་སྒྲ། །ཇི་ལྟར་རྙེད་པས་རབ་ཏུ་མཆོད། །ཅེས་པས་སློབ་དཔོན་དང་བཟོ་བོ་གྲོགས་བྱེད་དང་བཅས་པ་མཐའ་དག་ལ་བཟའ་བཏུང་དང་གོས་རྒྱན་གླུ་གར་ལ་སོགས་པའི་བསྙེན་བཀུར་རྒྱས་པར་བྱ་ཞིང་། ལས་ཀྱི་རྡོ་རྗེས་སྔར་ཕུལ་བའི་ཙཱ་རུའི་ལྷག་མ་རྣམས། བདེ་གཤེགས་ལྷག་མས་ཁྱབ་པར་བྲིམ། དགུ་པ་ཡོན་འབུལ་བ་ནི། རྒྱུད་དུ། གླང་པོ་རྟ་དང་ཤིང་རྟ་ནོར། །ཡོན་གྱི་དམ་པ་དབུལ་བར་བྱ། །དེ་བས་དེ་ལ་ནན་ཏན་གྱིས། །ལོངས་སྤྱོད་གཡོ་བ་དབུལ་བར་བྱ། །གལ་ཏེ་ལྷ་ཉིད་དགྱེས་འདོད་ན། །བླ་མ་གུས་པས་དགྱེས་བྱ་ཞིང་། །ཞེས་སོགས་དང་། རྒྱུད་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནས་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པས་སློབ་དཔོན་དང་། དེའི་རྗེས་སུ་འབྲང་བ་རྣམས་དང་། བཟོ་བོ་གྲོགས་བྱེད་སོགས་ཅི་འབྱོར་བའི་ཡོན་གྱིས་མཉེས་པར་བྱའོ། །བཅུ་པ་བསྔོ་བ་ནི། ལས་བྱས་དོན་ཡོད་པར་བྱ་བའི་ཕྱིར་བསྔོ་བས་རྒྱས་གདབ་པར་བྱའོ། །བཅུ་གཅིག་པ་སླར་ཡང་ཤིས་པར་བྱ་བ་ནི། བཀྲ་ཤིས་ཡོན་བདག་ཡུལ་གཉན་ན་དཔོན་སློབ་ཐམས་ཅད་བཞེངས། འབྲིང་ལ་གྲྭ་རྣམས་བཞེངས། དཀྱུས་མ་ལ་ཐམས་ཅད་མི་བཞེངས། ཀྱི་ཚིག་མང་པོ་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་པས་མེ་ཏོག་གི་ཆར་དབབ་བོ། །བཅུ་གཉིས་པ་ལས་ཀྱི་རྗེས་བསྡུ་བ་ནི། རང་ལྷའི་ང་རྒྱལ་གྱིས་ཨ་ཀཱ་རོ་བརྗོད་པ་དང་དྲིལ་བུ་གསིལ་ལ། རྡུལ་ཚོན་བསྡུས་ཕུར་བུ་ཕྱུང་བ་སོགས་ནས་བཀྲ་ཤིས་ཀྱི་བར་ཆོ་ག་སོ་སོའི་གཞུང་བཞིན་ནོ། །དེ་ནས་དཀྱིལ་འཁོར་གྱི་ཡོ་བྱད་ནི། རྒྱུད་ལས། དེ་ལྟར་ཐམས་ཅད་བྱས་ཟིན་ནས། །གང་རུང་མཆོད་སྦྱིན་དཀྱིལ་འཁོར་ལ། །ཕུལ་ལམ་དབུལ་བ་བྱེད་པ་རྣམས། །སློབ་དཔོན་ལ་ནི་དབུལ་བྱ་ཡི། །ཞེས་གསོགས་གསུངས་པ་ལྟར་བྱས་པའི་དང་དེས་ཀྱང་ཇི་ལྟར་འོས་པའི་མཆོད་སྦྱིན་དུ་སྤེལ་བར་གསུངས། རྗེས་སུ། བ་ཡི་ལྕི་བས་བྱུག་བྱ་ཞིང་། །རྡུལ་ཚོན་ཆུ་བོར་དོར་བར་བྱ། །ཞེས་གསུངས་པས་རྡུལ་ཚོན་རྣམས་བཀུར་སྟི་ཆེན་པོས་ཆུ་བོར་དོར་ཞིང་། གཞི་དེ་ཡང་བའི་ལག་ལེན་ཁྲུས་ཀྱི་བ་བྱུང་ལགས། ལྕི་བས་བྱུག་བར་བྱ། བཅུ་གསུམ་པ་སྦྱིན་སྲེག་བྱ་བ་ནི། དབང་ཆེན་རྒྱུད་དུ། ལྷ་ཚིམས་བར་གཅོད་བགེགས་ལ་སོགས། །ཞི་ཕྱིར་སྦྱིན་སྲེག་ཆོ་ག་བྱ། །གང་འདོད་དངོས་གྲུབ་སྦྱིན་བྱེད་ཅིང་། །རྟོག་སྒྲིབ་ལ་སོགས་སྲེག་པར་བྱེད། །ཅེས་པས་ཆོ་གའི་ཆད་ལྷག་གི་ཉེས་པ་རྣམས་ཁ་གསོ་བའི་ཕྱིར་ཞི་བའི་སྦྱིན་སྲེག་ཆོ་ག་བཞིན་དུ་བྱ་ཞིང་། མ་གྲུབ་ན་ཡི་གེ་བརྒྱ་པ་མང་དུ་བརྗོད་པས་ཁ་སྐོང་། དེ་ལྟར་ཆོ་ག་རྒྱས་པའི་རིམ་པ་དང་སྦྱར་བའི་ལག་ལེན་བསྟན་ནས། ད་ནི་ཆོ་ག་འབྲིང་པོ་དང་། ཅུང་ཟད་བསྡུས་པ། ཤས་ཆེར་བསྡུས་པ་རྣམས་ཀྱི་ཚེ་གཞུང་དུ་བསྟན་པའི་ས་དཔྱད་སོ་སོའི་སྟེང་དུ་བརྗོད་མ་ཐག་པའི་ལག་ལེན་རིམ་པ་བཞིན་སྦྱར་བའི་ཤེས་པ་ཡོད་དོ། །དགོས་པའི་དབང་གིས་ཤིན་ཏུ་བསྡུས་པར་བྱེད་ན་བདག་གི་རྣལ་འབྱོར་དང་ལྡན་པས། གནས་བྱ་སྟོང་པའི་ངང་ལས་རང་རང་གི་དམ་ཚིག་པར་བསྐྱེད། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཀྱིས་དེའི་ཡེ་ཤེས་པ་སྤྱན་དྲངས་ནས་གཞུག་ཅིང་རྒྱས་གདབ། སླར་ཡང་དབང་ལྷ་སྤྱན་དྲངས་ནས་དབང་བསྐུར། མཆོད་ཅིང་བསྟོད་ནས་སྤྱན་དབྱེ། ལྷ་དེའི་སྔགས་དང་། ༀ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བཟླས་ཏེ་མེ་ཏོག་གི་ཆར་དབབ་ཅིང་བརྟན་བཞུགས་དང་བཀྲ་ཤིས་བྱའོ། །དེ་ལྟར་སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པའི་ལག་ལེན་བཤད་ཟིན་ཏོ། ༈ །གསུམ་པ་ཆོ་གའི་ཡན་ལག་གཞན་བཤད་པ་ལ། རིག་པ་སོགས་ཀྱི་རབ་གནས་དང་། །ཨརྒའི་ཆོ་གའོ། །དང་པོ་ནི། སྲུང་འཁོར་རབ་གནས་བྱེད་ན། དེའི་བགེགས་སྦྱང་། སྟོང་པའི་ངང་ལས་འཁོར་ལོ་པདྨ་རྡོ་ར་མེ་སོགས་གང་ཡིན་དེར་བསྐྱེད། ཡིག་འབྲུ་རྣམས་ལྷ་གང་གི་སྔགས་ཡིན་པ་དེའི་འོད་དཔག་མེད་དུ་བསྒོམ། མིང་སྤེལ་རྣམས་བསྲུང་བྱ་གང་ཡིན་དེར་བལྟས་ལ་དགུག་ཅིང་བསྟིིམ། ཕྱག་རྒྱ་བཞིས་རྒྱས་གདབ། དབང་བསྐུར་ནས་མཆོད་བསྟོད་བྱས་ལ་རང་སྔགས་བརྒྱ་རྩ་བཟླས། དེ་ཞུ་བའི་སྲུང་འཁོར་ནད་གདོན་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པའི། དུ་བསམ་ལ་བརྟན་བཞུགས་དང་བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར། ཞར་ལ་སྲུང་མདུད་ཅེས་པ་དར་རམ་སྲད་བུ་གཡོན་གྱི་སོར་མོ་ལ་ལན་གཉིས་སུ་དཀྲིས་པའི་བར་དུ་སྣེ་གཅིག་བཅུག་ནས་འཐེན་པས་མདུད་པ་རྡོ་རྗེ་རྩེ་གསུམ་པ་ལྟ་བུ་འབྱུང་། དེ་ལྷར་བསྐྱེད་ལ་རང་སྔགས་ཀྱིས་གདབ་ཅིང་བསྲུང་བྱར་ཞུ་བའི་མདུད་པར་བསམས་ནས། གདགས། ཁུངས་ནི་སློབ་མ་ལྷག་གནས་ཀྱི་སྐབས་དང་གཞན་ཡང་མང་ངོ་། ༈ །རྡོར་དྲིལ་རབ་གནས་ནི། རིགས་ལྔ་པོ་གང་གི་རྡོར་དྲིལ་ཡིན་ཀྱང་རྡོ་རྗེ་ནི་རྣམ་སྣང་སོགས་ལྔ་དང་། དྲིལ་བུ་རྣམས་སྤྱན་མ་སོགས་ལྔ་སྟེ་རང་རིགས་ཀྱི་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་དགུག་བསྟིམ་རྒྱས་གདབ། དབང་བསྐུར་ནས་མཆོད་བསྟོད་བྱས་ལ་རང་སྔགས་བཟླ། དེ་ཞུ་བའི་རྡོར་དྲིལ་དུ་བསམ་ལ་བརྟན་བཞུགས་དང་བཀྲ་ཤིས་བརྗོད། ༈ བགྲང་ཕྲེང་རབ་གནས་ནི། བོ་དྷི་ཙི་རུ་རཀྴ་རུས་པ་ལ་སོགས་རང་རིགས་དང་མཐུན་པར་བསང་སྦྱང་། སྟོང་པའི་ངང་ལས་མདུད་འཛིན་སོ་སོའི་འཁོར་ལོས་སྒྱུར་བ་དང་གཞན་རྣམས་རང་རང་གི་སྙིང་པོ་ལས་ལྷ་དེར་བསྐྱེད། ཡེ་ཤེས་པ་དགུག་བསྟིམ་རྒྱས་གདབ། དབང་བསྐུར་ནས་མཆོད་བསྟོད་བྱས་ལ་རང་སྔགས་དང་། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་དྷརྨཱ་སུ་སྨྲྀ་ཏེ་སུ་པྲ་ཏིཥྛ་ས་མ་ཡེ་ཧཱུྃ། ཞེས་བཟླ་ཞིང་བརྟན་བཞུགས་དང་བཀྲ་ཤིས་བརྗོད། ༈ རིགས་ལྔའི་ཅོད་པན་སོགས་རིན་པོ་ཆེའི་རྒྱན་རབ་གནས་ནི། བསང་སྦྱང་། སྟོང་པའི་ངང་ལས་རིན་འབྱུང་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་དགུག་བསྟིམ་རྒྱས་གདབ་དབང་བསྐུར་ནས་མཆོད་བསྟོད་བྱས་ལ་རང་སྔགས་བཟླ། དེ་ཞུ་བའི་རྒྱན་ཆར་བསམ་ལ་བརྟན་བཞུགས་དང་བཀྲ་ཤིས་བརྗོད། ༈ རྫིང་དང་ཁྲོན་པ་སོགས་ཀྱི་རབ་གནས་ནི། དེའི་འགྲམ་དུ་རྣམ་སྣང་གི་དཀྱིལ་འཁོར་བྱས་ལ་གཏོར་མ་བཏང་། ཆུ་བསང་སྦྱང་། སྟོང་པའི་ངང་ལས་རྣམ་སྣང་དུ་བསྐྱེད། དེ་ཞུ་བའི་ཆུ་ལྷ་དཀར་པོ་སྟོད་ལྷའི་རྣམ་པ་སྦྲུལ་མགོའི་གདེངས་ཀ་ཅན་ཨུཏྤལ་དང་། སྦྲུལ་ཞགས་འཛིན་པ་རོ་སྨད་སྦྲུལ་དུ་འཁྱིལ་བ་དམ་ཚིག་པར་བལྟས་ལ། རྣམ་སྣང་ཡེ་ཤེས་པར་བཅུག་ནས་ས་མ་ཡ་སྟྭཾ། ཞེས་རྒྱས་གདབ། དབང་བསྐུར་མཆོད་བསྟོད་ཞུ་བ་ལས་ཡན་ལག་བརྒྱད་དྲི་བཟང་བ། རོ་ཞིམ་པ། ཡང་བ། དྭངས་པ། འཇམ་པ། བསིལ་བ། མགྲིན་པ་དང་། ལྟོ་བ་ལ་མི་གནོད་པའོ། །ལྡན་གྱི་ཆུ་གསེར་གྱི་ས་གཞིའི་བར་ཁྱབ་ཅིང་ཀླུ་རྣམས་ཀྱི་རྟེན་གནས་སུ་གྱུར་པར་བསམ་ལ། དེར་མཆོད་སྡོང་གི་ཤིང་བཙུགས་པས་སམ། མ་འབྱོར་ན་དབུས་སུ་ཆུ་ལྷ་ཕྱོགས་མཚམས་སུ་ཀླུ་ཆེན་པོ་བརྒྱད་ཀྱིས་བསྐོར་བར་བསམ་ལ། ཡེ་ཤེས་པ་དགུག་གཞུག་སོགས་སྔར་བཞིན་བྱས་ནས་འོ་མ་ལ་སོགས་པའི་གཏོར་མ་ཕུལ་ཏེ་ཡུན་དུ་བཞུགས་པར་གསོལ་གདབ་བོ། ༈ །སྐྱེད་མོས་ཚལ་སོགས་རབ་གནས་བྱེད་ན། ཕྱོགས་གཏོར་བྱིན་ལ། ཤིང་རྣམས་བསང་སྦྱང་། གཙོ་བོ་བཞིན་རྣམ་སྣང་དུ་བསྐྱེད། ཡེ་ཤེས་པ་དགུག་བསྟིམ་རྒྱས་གདབ། དབང་བསྐུར་མཆོད་བསྟོད་བྱས་ནས། དེ་ཞུ་བའི་ཤིང་གི་ཚོགས་སུ་བསམ་ལ་མེ་ཏོག་འཐོར། འབྲས་བུ་ལ་སོགས་པས་ཕན་འདོགས་པའི་ཕྱིར་བརྟན་བཞུགས་དང་བཀྲ་ཤིས་བརྗོད། ༈ གཞན་ཡང་གྲུ་སོགས་ལས་རིགས་ཀྱི་ཁྲོ་བོ་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་དགུག་སོགས་བྱས་ནས་ཞུ་བའི་གྲུར་བསམ་ལ་བཀྲ་ཤིས་བརྗོད། ༈ གོ་ཁྲབ་སོགས་ཧཱུྃ་མཛད་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་དགུག་སོགས་བྱས་ནས་ཞུ་བའི་རྡོ་རྗེའི་གོ་ཁྲབ་ཏུ་བསམ་ལ་བཀྲ་ཤིས་བརྗོད། ༈ ནོར་བུའི་རིགས་རྣམས་རྣམ་སྲས་སོགས་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་དགུག་སོགས་བྱས་ནས་ཞུ་བའི་ནོར་བུར་བསམ་ལ་བཀྲ་ཤིས་བརྗོད། ༈ རྒྱལ་མཚན་ནི་རྣམ་སྣང་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་དགུག་སོགས་བྱས་ནས་ཞུ་བའི་རྒྱལ་མཚན་དུ་བསམ་ལ་བཀྲ་ཤིས་བརྗོད། ༈ གདུགས་སོགས་མཆོད་པའི་ཡོ་བྱད་མང་པོ་ཞིག་རང་རང་གི་གཟུགས་ཀྱིས་དགོས་པ་སྒྲུབ་ནུས་སུ་ཡུན་རིང་པོར་བྱིན་གྱིས་བརླབས་པའི་བསམ་པས་རབ་གནས་ཀྱི་སྔགས་མང་དུ་བཟླས་ནས་བཀྲ་ཤིས་བརྗོད་པ་ཡིན། དེ་ཐམས་ཅད་ལ་རང་ཉིད་ལྷའི་རྣལ་འབྱོར་དང་ལྡན་པར་ནི་ངེས་པར་དགོས་སོ། །གཉིས་པ་བུ་སྟོན་གྱིས་མཆོད་ཡོན་གྱི་ཆོ་ག་ཞེས་བཤད་པ་ལྟར་ན་ཨརྒ་ཡིན་ནམ་རྟག་ཏུ་བསྐྱེད་པར་བཤད། ཨརྒའི་ཞེས་པ་རིན་ཐང་ལ་འཇུག་པས་རྒྱུ་ངན་པ་བཟང་པོར་བྱེད་པ་ལ་བཤད་སྣང་། ཆོ་ག་ལ། རྟེན་གསར་པ་བཞེངས་པ་དང་། རྙིང་པ་གསོ་བའི་རིམ་པ་གཉིས་ལས། དང་པོ་ནི། དུས་ཚེས་དགེ་བ་ལ་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་སྐུ་གཟུགས་ཀྱི་རྒྱུ་དང་གཞན་དུ་རྟེན་གྱི་རྒྱུ་བྱེད་པར་འགྱུར་བའི་ལྷའི་གཟུགས་དང་བཟོ་བོ་རིགས་བདུག །བཟོ་བོ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་མི་བསྐྱོད་པར་བསྐྱེད། དེ་བཞིན་དུ་ཤོག་བུ་དྷཱིཿཡིག་སོགས་འོག་ཏུ་བཀོད་པ་ཁོ་ནས་ཀྱང་ངོ་། །དང་ཡིག་མཁན་ཧྲཱིཿལས་འོད་དཔག་མེད་དུ་བསྐྱེད། མཆོད་རྟེན་གྱི་རྒྱུ་དང་བཟོ་བོ་ༀ་ལས་རྣམ་སྣང་དུ་བསྐྱེད། དེ་ཐམས་ཅད་ལ་སྙིང་གའི་ས་བོན་གྱིས་ཡེ་ཤེས་པ་དགུག་བསྟིམ་རྒྱས་གདབ། དབང་བསྐུར་ནས་མཆོད་བསྟོད་བྱས་ལ་རིགས་གསུམ་གྱི་སྙིང་པོ་རྟེན་དང་མཚུངས་པར་བཟླས་ནས། རང་གི་ལྕེ་བྱིན་གྱིས་ༀ་བཛྲ་ཛི་ཧ་སོགས། བརླབས་ནས། འདི་ཞེས་བྱ་བའི་བཅོམ་ལྡན་འདས། །ཞེས་སོགས་དཀྱུས་བཞིན་ལས། ཐུགས་རྗེའི་བདག་ཉིད་ཅན་རབ་གནས། །ཞེས་པར་སྐུ་རྟེན་ཐུགས་རྟེན་སོགས་ཅི་རིགས་པར་བསྒྱུར་བས་སྙན་གསན་ཕབ་པས་གནང་བ་བྱིན་པར་བསམ་ལ། སླར་མཆོད་ནས་ཡིག་བརྒྱས་བརྟན་པར་བྱས། བཛྲ་མུཿ རྒྱུ་དང་བཟོ་བོའི་ཡེ་ཤེས་པ་གཤེགས། རང་བཞིན་གྱི་གནས་སུ། དམ་ཚིག་པ་ཞུ་བ་ལས་དེ་ཉིད་དུ་གྱུར། དེ་ནས་བཟོ་བོའི་ལག་གཉིས་སུ་ཨཱ་ལས། ཟླ་བ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་རེ་རེ། དེ་ཞུ་བ་ལས་རྡོ་རྗེའི་ལག་པ། སོར་མོ་རྣམས་ཀྱང་རྡོ་རྗེ་རྩེ་གཅིག་པ་རེ་རེར་གྱུར། སླར་ཡང་དེའི་སྤྱི་བོར་འཁོར་ལོ་ༀ། མགྲིན་པར་པདྨ་ཨཱཿསྙིང་གར་རྡོ་རྗེ་ཧཱུཾ་གིས་མཚན་པར་བལྟས་ལ་གནས་གསུམ་དུ་རྡོ་རྗེ་རེག་ཅིང་། ༀ་ཨཱཿཧཱུཾ་ཞེས་བརྗོད། ཤོག་བུ་རྣམས་དྷཱིཿཡིག་ཏུ་གྱུར་པ་ལས་བྱུང་བའི་འོད་ཟེར་གྱིས་གསུང་རྡོ་རྗེ་ཡི་གེའི་རྣམ་པར་སྤྱན་དྲངས་ནས་ཤོག་བུ་ལ་ཐིམ་པར་བསམ། པིར་དང་སྨྱུ་གུ་ཚོན་རྩི་སྣག་ཚ་སོགས་ལ། ༀ་བཛྲ་སཏྭ་ཧཱུཾ། ཞེས་འཁོར་ལོས་སྒྱུར་བའི་སྔགས་དང་ལས་ཐམས་ཅད་པ་ཉི་ཤུ་རྩ་གཅིག་བཟླས་ལ། པིར་སོགས་ཤེས་རབ་ཡེ་ཤེས་ཀྱི་བདག་ཉིད། ཚོན་དང་སྣག་ཚ་སོགས་རྡོ་རྗེའི་རྡུལ་ཕྲ་རབ་ཡོངས་སུ་གྱུར་པའི་ཡེ་ཤེས་ཀྱི་བདུད་རྩིར་བསམ་ལ། ༀ་དྷཱིཿཤྲུ་ཏི་སྨྲྀ་ཏི་བི་ཛ་ཡ་སརྦ་ཨཛྙཱ་ན་ཕཊ་ལ་ཨ་ས་ཧཱ་རི་ཎི་ཧྲཱིཿསྭཱ་ཧཱ། ཞེས་པས་བསྔགས་པའི་ལག་ཆ་དེ་རྣམས་ལ་གཏད་ནས་ཡིག་བརྒྱས་བརྟན་པར་བྱའོ། །གཉིས་པ་ནི། གང་དུ་སྐུ་གཟུགས་དང་མཆོད་རྟེན་སོགས་རྙིང་ཞིང་ཞིག་རལ་དུ་གྱུར་པ་གསོ་བ་དང་། ཡུལ་འཇིག་པ་དང་འཁྲུག་པ་མུ་གེ་སོགས་མི་དགེ་བར་འབྱུང་བར་བཤད་དེ། ཡུལ་བཟང་པོར་འོ་བརྒྱལ་བའི་ས་ལ། སྤོ་བ་དང་རྒྱུ་དམན་པ་ལས་བཟང་པོར་བསྒྲུབ་པ་སོགས་ལ་ཨརྒའི་ཆོ་ག་བྱ་ཡིས། རྟེན་དེ་རང་ལ་མི་མཁོ་བར་ཤེས་པ་དང་རྒྱུ་དང་ནང་བཞུགས་ལ་རྔམས་པ་སོགས་ཀྱིས་བྱས་ན་ཉེ་བའི་མཚམས་མེད་དུ་འགྱུར་བ་ཡིན་ནོ། །ལག་ལེན་ནི་རྟེན་གྱི་མདུན་དུ་མཆོད་གཏོར་རྒྱས་པར་བཤམ། བདག་གི་རྣལ་འབྱོར་དང་ལྡན་པས་རྟེན་ལ་མཆོད་པས་མཆོད། སྤྱི་སྒོས་ཀྱི་སྲུང་མ་དང་གཞི་བདག་ལ་གཏོར་མ་ཕུལ་ནས་བཀའ་བསྒོ། བདག་གིས་སེམས་ཅན་གྱི་དོན་དུ་བདེ་བར་གཤེགས་པའི་རྟེན་ཞིག་པ་གསོ་བའམ། སྤོ་བའམ། དམན་པ་ལས་བཟང་པོར་བགྱིད་པ་སོགས་ཀྱི་དོན་དུ་ནངས་པར་རབ་གནས་སྤོ་བར་བྱའོ་སྙམ་དུ་བསམ་ལ། འདི་ཞེས་བྱ་བའི་བཅོམ་ལྡན་འདས། །སོགས་དཀྱུས་བཞིན་ལས། བགྱི་བར་འཚལ། ཞེས་པ་སྤོ་བར་འཚལ་དུ་བསྒྱུར་བ་གསུམ་གྱིས་སྙན་གསན་ཕབ། ནངས་པར་རྟེན་གྱི་དྲུང་དུ་མཆོད་གཏོར་གསར་པ་རྒྱ་ཆེན་པོ་བཤམ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་རྟེན་རྙིང་པར་མཆོད་ཅིང་བསྟོད། སྔར་བཞིན་སྙན་གསན་ཕབ་ནས། དེའི་མདུན་དུ་མེ་ལོང་གཡའ་དག་པ་བཞག་ལ་རྟེན་གྱི་གཟུགས་བརྙན་འཆར་དུ་བཅུག །དེ་ནས་བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་པས་རྟེན་གྱི་ལྷ་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་མེ་ལོང་གི་གཟུགས་ལ་ཐིམ་པར་བསམ་ལ། ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྂ་ཧོཿ ཞེས་དགུག་གཞུག་བཅིང་མཉེས་ཀྱིས་རྟེན་གྱི་ལྷ་མེ་ལོང་གི་གཟུགས་བརྙན་དང་གཉིས་མེད་དུ་གྱུར་པ་ཡིག་བརྒྱས་བརྟན་པར་བྱས་ལ་མཆོད་བསྟོད་དང་བཀྲ་ཤིས་གསོལ་ཏེ། དར་སེར་པོས་དྲིལ་ལ་རྒྱབ་ཕྱོགས་སུ་མདུད་ཅིང་རྒྱས་གདབ། དབུ་ཞབས་མི་ལོག་པའི་མཚན་མ་བྱས་ནས་མཆོད་གྲལ་དུ་བཞུགས་སུ་གསོལ་ཏེ་བཀུར་སྟི་བྱའོ། །རྟེན་གསར་པ་གྲུབ་ནས་རབ་གནས་དངོས་གཞིའི་རྟེན་བསྐྱེད་ཀྱི་རྗེས་སུ་སྔར་གྱི་མེ་ལོང་དེའི་མདུན་དུ་ཁ་ཕྱེ་ལ་རྟེན་རྙིང་པའི་དམ་ཡེ་གསར་བའི་དམ་ཚིག་པ་ལ་སྒོ་བ་བཞིའི་སྔགས་རྒྱས་དགུགས་གཞུག་བཅིང་མཉེས་བྱས། སླར་ཡེ་ཤེས་པ་སྤྱན་འདྲེན་ཆོ་གའི་དཀྱུས་བཞིན་ནོ། །སྔར་གྱི་རྟེན་རྙིང་པ་རྡོའི་རིགས་ཡིན་ན་ཆུ་བོར་སྤྱན་འདྲེན། མི་ནུས་ན་རི་མཐོན་པོར་ཁུང་བུ་བརྐོས་ལ་གཞུག །ཤིང་ཡིན་ན་མར་གྱིས་བརླན་པའི་རས་ཀྱིས་དཀྲིས་ལ་སྦྱིན་སྲེག་གི་མེར་བསྲེག །ཟངས་དང་མཁར་བ་སོགས་ནི་རྟེན་གསར་པའི་རྒྱུར་བཞུ་བ་ཡིན་ན་གསར་བའི་རྒྱུར་བསྲེ། ཐག་རིང་བ་སོགས་ཀྱིས་མི་ནུས་ན་ཆུར་འདྲེན་པའམ་དེ་ཉིད་དུ་མཆོད་རྟེན་བརྩིགས་ལ་རབ་གནས་བྱ། རྟེན་འདྲེ་ཅན་གྱི་རྒྱུ་ནི་གསར་པར་མི་བསྲེ་བར་དྲག་པོའི་སྲེག་བླུགས་ཀྱིས་སྦྱང་བར་བྱའོ། །སློབ་དཔོན་ཨ་བྷཱ་ཡས་ནི། རྟེན་རྙིང་པའི་ཡེ་ཤེས་པ་མཆོད་བསྟོད་དང་ཆོས་སྐྱོང་དང་གཞི་བདག་ལ་གཏོར་མ་བཏང་ནས་རང་བཞིན་གྱི་གནས་སུ་གཤེགས་པར་བཞེད་དོ། །དེ་ལྟར་རྒྱུད་དང་འབྲེལ་བྱེད་ཀྱི་གཞུང་ལུགས་རྣམས་ལས་ཇི་ལྟར་བཤད་པ་བཞིན་དུ་རྟེན་གསར་དུ་བཞེངས་པ། རྙིང་པ་གསོ་བ། དེ་ལ་རབ་ཏུ་གནས་པ་རྣམས་ལེགས་པར་བྱས་ན་གནས་སྐབས་དང་མཐར་ཐུག་གི་དོན་ཕུན་སུམ་ཚོགས་པའི་དཔལ་ཐམས་ཅད་དཀའ་བ་མེད་པར་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟའོ། །སྨྲས་པ། གདོད་ནས་མུན་བྲལ་བདེ་ཆེན་ཡེ་ཤེས་རོས། །བརྟན་གཡོའི་དངོས་ཀུན་ཁྱབ་པར་རབ་གནས་ཀྱང་། །འགྲོ་བའི་བསམ་པ་ཇི་བཞིན་སྣང་བརྙན་རྟེན། །རབ་ཏུ་གནས་པའི་ཆོ་ག་འགྲེལ་བྱེད་གཞུང་། །མཁས་མང་གསུང་ངག་ལེགས་བཤད་གངྒཱའི་ཀླུང་། རྣམ་དཔྱོད་འཛིན་མའི་ལྟོར་བསྐྱིལ་རོལ་པའི་མཚོ། །འཁྲུལ་མེད་ཟབ་དོན་རིན་ཆེན་འབྱུང་བའི་གནས། །འདི་ཀོ་བཀའ་དྲིན་རྗེས་དྲན་མཆོད་པའི་ཡོན། །འཁྲུལ་མེད་ལག་ལེན་གནད་ཀྱི་ནོར་བུའི་དཔྱིད། །དོན་གཉེར་མཆིས་ན་རེ་བ་འབྲས་ལྡན་འགྱུར། །ཕྱོགས་ལྷུང་ལོག་པར་རྟོག་པ་འདིས་ཅི་བྱ། །དེ་བས་རིགས་མཐུན་གཞུང་ལུགས་བརྟེན་པ་ཟབ། །དེང་དུས་གཟུ་བོར་དཔྱོད་མིན་ཆེན་པོ་འགའ། །རྣམ་དག་གཞུང་གི་ལག་ལེན་གསལ་བྱས་ན། །གསར་མའི་རིང་ལུགས་གཟུང་ཞེས་དམོད་ཆར་འབེབས། །དེ་ཕྱིར་འདི་བརྗོད་འབྲས་བུ་གང་དུ་འཚལ། །འོན་ཏེ་རྒྱལ་གསུང་རྒྱུད་དང་དེ་འབྲེལ་གཞུང་། །ཚད་མར་གྱུར་པ་དེ་དག་དཔང་རབ་གནས་རྩ་བའི་རྒྱུད་གལྤོའི་རབ་གནས་ཀྱི་རྟོགས་པ་ཟླ་གསང་འདུས་པའི་རྒྱུད་རིམ་པ་གསུམ་པ་རྩ་འགྲེལ་སོགས། པོར་བྱས། །གཟུ་བོའི་བློ་ལྡན་ཡོད་ན་བརྟགས་པས་ཤེས། །རྟོག་པ་མེད་ན་མུ་ཅོར་ཅི་ཕྱིར་སྨྲ། །གང་ཞིག་ཤེས་བྱའི་ཀུན་གསལ་ཁྱོན་དག་ཀྱང་། །ལྷག་བསམ་ཆུ་སྒྲོགས་ཅི་དགར་ཆགས་པ་ལས། །ངག་ཚིག་ཆུ་ཆར་ཕབ་འདིས་ཉལ་འགྲོའི་དཔལ། །སྤེལ་མོད་ནོངས་གྱུར་ཅི་མཆིས་བཟོད་མཛད་རིགས། །དེ་ལྟར་ཚིག་དོན་ལེགས་བཤད་ཡར་ངོའི་མཐུས། །མཁས་མང་དགོངས་པའི་ཆ་རྫོགས་ཐུབ་བསྟན་གྱི། །ཟླ་རྒྱས་དཀར་པོའི་འོད་སྣང་མཐའ་ཡས་པས། །ཟུང་འཇུག་ཕན་བདེའི་ཀུ་མུད་བཞད་བྱེད་ཤོག །སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པའི་ཆོ་ག་རྒྱུད་དང་མན་ངག་གི་དོན་རབ་ཏུ་གསལ་བར་བྱེད་པའི་འགྲེལ་བྱེད་ལེགས་པར་བཤད་པའི་རོལ་མཚོ་ཞེས་བྱ་འདི་ནི། བདག་ཉིད་ལ་མཆོག་ཏུ་གུས་པའི་སྲི་ཞུ་ལྷུར་བྱེད་པ་མཆོད་དཔོན་ངག་དབང་ཚུལ་ཁྲིམས་ཀྱིས་རིང་མོ་ནས་འབད་པས་བསྐུལ་བ་ལས། ཀུན་མཁྱེན་རྒྱལ་བའི་དབང་པོ་ངག་དབང་བློ་བཟང་རྒྱ་མཚོ་དང་། རྡོ་རྗེ་འཆང་ཕྲིན་ལས་ལྷུན་གྲུབ་ཀྱི་བཀའ་དྲིན་ལས་རྡོ་རྗེ་ཐེག་པའི་ཆོས་ཚུལ་རབ་འབྱམས་ལ་མངའ་འབྱོར་བའི་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སྲིན་པོའི་ལོ་དབོ་ཉ་བའི་ཡར་ངོའི་ཚེས་བཅུ་ལ་གངས་ཅན་གྱི་སའི་ཐིག་ལེ་རི་བོ་གྲུ་འཛིན་གྱི་ཕོ་བྲང་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་དཔལ་ལོ། །འདིས་ཀྱང་རྒྱལ་བའི་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།

ཚིག་བདུན་གསོལ་འདེབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས།

༈ ཚིག་བདུན་གསོལ་འདེབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་བཞུགས་སོ། །ཨཿ རང་ལ་ལུས་ཐ་མལ་གནས་པའི་མདུན་མཁའ་རུ། །ཨོ་རྒྱན་དྲི་མེད་དྷ་ན་ཀོ་ཤའི་མཚོ། །གཏིང་ཟབ་ཡན་ལག་བརྒྱད་ལྡན་ཆུས་གང་བའི། །དབུས་སུ་རིན་ཆེན་པད་སྡོང་འདབ་རྒྱས་སྟེང་། །སྐྱབས་གནས་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་། །མཚན་དཔེའི་དཔལ་འབར་ལྷ་ལྕམ་ཡུམ་དང་འཁྲིལ། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །འོད་ལྔའི་ཀློང་ནས་བདེ་ཆེན་གཟི་བྱིན་འབར། །འཁོར་དུ་རྩ་གསུམ་རྒྱ་མཚོ་སྤྲིན་ལྟར་གཏིབས། །བྱིན་རླབས་ཐུགས་རྗེའི་ཆར་འབེབས་བདག་ལ་གཟིགས། །རྒྱལ་ཀུན་ངོ་བོ་འཆི་མེད་ཡེ་ཤེས་སྐུར། །གདུང་ཤུགས་དྲག་པོས་དད་ཕྱག་རྟག་ཏུ་འཚལ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བའི་ཚོགས། །ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ནས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་བཤགས། །སྲས་བཅས་རྒྱལ་བ་ཀུན་གྱི་ཡོན་ཏན་གྱི། །ཁྱབ་བདག་གཅིག་པུ་མགོན་པོའི་རྣམ་ཐར་ལ། །སྙིང་ནས་ཡི་རངས་དད་པས་གསོལ་འདེབས་ཤིང་། །ཟབ་རྒྱས་ཆོས་ཀྱི་ཆར་ཆེན་འབེབས་པར་བསྐུལ། །རང་གཞན་དགེ་བའི་དངོས་པོ་ཀུན་བསྡོམས་ནས། །འགྲོ་ཁམས་རྒྱ་མཚོ་ཇི་སྲིད་གནས་ཀྱི་བར། །མགོན་པོ་ཁྱོད་ཀྱི་རྣམ་ཐར་རྗེས་བསྙེགས་ཏེ། །མཁའ་ཁྱབ་འགྲོ་བ་འདྲེན་པའི་དོན་དུ་བསྔོ། །སྐྱབས་གནས་ཀུན་འདུས་མཁྱེན་བརྩེའི་གཏེར་ཆེན་པོ། །དུས་ངན་སྙིགས་མའི་སྐྱབས་གཅིག་རིན་པོ་ཆེ། །ལྔ་བདོའི་རྒུད་པས་མནར་བཞིན་གདུང་ཤུགས་ཀྱིས། །གསོལ་འདེབས་བུ་ལ་བརྩེ་བས་མྱུར་དུ་གཟིགས། །དགོངས་པའི་ཀློང་ནས་ཐུགས་རྗེའི་རྩལ་ཕྱུང་ལ། །མོས་ལྡན་བདག་གི་སྙིང་ལ་བྱིན་གྱིས་རློབས། །རྟགས་དང་མཚན་མ་མྱུར་དུ་བསྟན་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་བྱས་ལ་ཚིག་བདུན་གསོལ་འདེབས་ཅི་ནུས་འདོན། མོས་གུས་ཀྱིས་གསོལ་བ་བཏབ་པས་བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་དང་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་སྣ་ལྔ་པ་བ་ཐག་ལྟར་བརྐྱང་བ་རང་གི་སྙིང་གར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ། བཛྲ་གུ་རུ་ཅི་རིགས་བཟླ། ཐུན་མཐར། བླ་མའི་གནས་གསུམ་ཡི་གེ་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས་སུ། །རང་གི་གནས་སུམ་ཐིམ་པས་སྒོ་གསུམ་གྱི། །སྒྲིབ་བྱང་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གྱུར། །མཐར་ནི་བླ་མ་འཁོར་བཅས་འོད་དུ་ཞུ། །དཀར་དམར་ཐིག་ལེ་ཧཱུྃ་གིས་མཚན་པ་རུ། །རང་གི་སྙིང་གར་ཐིམ་པས་བླ་མའི་ཐུགས། །རང་སེམས་དབྱེར་མེད་ལྷན་སྐྱེས་ཆོས་སྐུར་གནས། །ཨ་ཨཱཿ ཞེས་བརྗོད་ལ་ཡེ་ནས་བཅོས་བསྒྱུར་སྤང་བླང་ལས་འདས་པ་རང་གི་སེམས་ཉིད་གདོད་མའི་ཆོས་སྐུ་ཆེན་པོའི་རང་ཞལ་བལྟ། སླར་ཡང་སྒྱུ་མ་ལྟ་བུའི་སྣང་བ་ཐམས་ཅད་བླ་མའི་རང་བཞིན་དུ་བལྟས་ལ་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །ཞེས་པའང་ཐམས་ཅད་འདུལ་ཅེས་པའི་གྲོ་བཞིན་ཟླ་བའི་ཡར་ཚེས་བརྒྱད་ལ་ཚེ་རབས་ཐམས་ཅད་དུ་གུ་རུ་པདྨའི་བྲན་དུ་སྨོན་ལམ་འདེབས་པ་མི་ཕམ་རྣམ་པར་རྒྱལ་བའི་ཡིད་ཀྱི་བློ་མཚོ་ལས་དབྱུངས་པ་དགེའོ། །མངྒ་ལཾ། །

རྡོ་རྗེ་ཚིག་བདུན་དང་འབྲེལ་བའི་ཚོགས་མཆོད་དཔལ་གྱི་བུམ་བཟང་།

༈ རྡོ་རྗེ་ཚིག་བདུན་དང་འབྲེལ་བའི་ཚོགས་མཆོད་དཔལ་གྱི་བུམ་བཟང་བཞུགས་སོ། །ཤ་ཆང་སོགས་ཅི་འབྱོར་པའི་དམ་རྫས་བཤམས་ལ། ཧཱུྃ། ཨཱཿལས་ཆོས་ཀྱི་དབྱིངས་མཉམ་ཀ་པཱ་ལར། །ༀ་ལས་སྣང་སྲིད་འདོད་ཡོན་ཚོགས་སུ་བཤམས། །ཧཱུྃ་གིས་བདེ་ཆེན་ཡེ་ཤེས་རོལ་པར་གྱུར། །ཧྲཱིཿཡིས་རྩ་གསུམ་ལྷ་ཚོགས་དགྱེས་པ་བསྐང་། །ༀ་ཨཱཿཧཱུྃ་ཧྲཱིཿས་བྱིན་གྱིས་བརླབས། ཚོགས་ཞིང་སྤྱན་འདྲེན་ཞིང་མཆོད་པ་འཕུལ་བ་ནི། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །སོགས་ནས། ཁྱེད་ཀྱིས་རྗེས་སུ་བདག་སྒྲུབ་ཀྱི། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་ན། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །ཚོགས་མཆོད་ཡེ་ཤེས་བདུད་རྩིར་བསྒྱུར། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཧཱུྃ༔ བླ་མ་རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པ་ཡི༔ རྩ་གསུམ་ཀུན་འདུས་རྒྱལ་བའི་དཀྱིལ་འཁོར་ལ༔ མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས༔ སྣང་སྲིད་འདོད་ཡོན་དགྱེས་དགུ་མ་ཚང་མེད༔ ཀུན་བཟང་བདེ་ཆེན་ཚོགས་ཀྱི་འཁོར་ལོར་འབུལ༔ ཐུགས་བརྩེས་དགྱེས་བཞེས་ཐུགས་དམ་སྐོང་གྱུར་ཅིག༔ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་རིག་འཛིན་མཁའ་འགྲོའི་ཚོགས༔ མོས་ལྡན་བུ་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ དམ་ཚིག་ཉམས་ཆག་ཐམས་ཅད་སྦྱང་དུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སྒྲོལ༔ བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་ཅིང༔ ཚེ་བསོད་ཉམས་རྟོགས་ཡར་ངོའི་ཟླ་བཞིན་འཕེལ༔ བསམ་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ༔ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པའང་གསེར་འཕྱང་ལོའི་དབོ་ཟླའི་ཚེས་བཅུ་ལ་འཇམ་དཔལ་དགྱེས་པའི་ཡིད་ཀྱི་མཚོ་ལས་བྱུང་བའི་ནོར་བུ་བསམ་འཕེལ་ཡང་དག་པ་མངྒ་ལཾ།། དགེའོ།། །། ༈ འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ་བཞུགས་སོ། །ལས་གང་ཞིག་རྩོམ་པ་ན་ཐོག་མར་འདི་ཚར་གཅིག་བརྗོད་ན་གྲུབ་པ་བདེ་བ་ཡིད་བཞིན་དུ་བྱེད་པར་འགྱུར་བས་ཅི་ནས་ཡིད་ལ་བྱའོ། །ༀ། སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས། །ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག །སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་གྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམས་མཛད་པ་རྩལ་རབ་གྲགས་དཔལ་ཏེ། །མཚན་ཙམ་ཐོས་པས་བཀྲ་ཤིས་དཔལ་འཕེལ་བ། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། །སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་། །ཨཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་། །ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང་། །འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་། །རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང་། །ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་ཅན། །པི་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ། །འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ། །གེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། །འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ལྡང་ཚེ་བརྗོད་ན་དེ་ཉིན་དོན་ཀུན་འགྲུབ། །ཉལ་ཚེ་བརྗོད་ན་རྨི་ལམ་བཟང་པོར་མཐོང་། །གཡུལ་དུ་འཇུག་ཚེ་བརྗོད་ན་ཕྱོགས་ལས་རྒྱལ། །བྱ་བ་བརྩམས་དུས་བརྗོད་ན་འདོད་དོན་འཕེལ། །རྒྱུན་དུ་བརྗོད་ན་ཚེ་དཔལ་གྲགས་འབྱོར་ཤིས། །བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ། །སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཀྱི། །དོན་ཀུན་འགྲུབ་པ་རྒྱལ་བ་མཆོག་གིས་གསུངས། །རབ་ཚེས་མེ་སྤྲེལ་ཟླ་བ་ཚེས་༣ ཉི་མ་དང་སྒྱུ་སྐར་རྒྱལ་གྱི་དུས་བཟང་པོའི་ཆ་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཡིད་མཚོ་ལས་བྱུང་བའི་ནོར་བུའི་དོ་ཤལ་ཆེན་པོའོ། །སླར་སྨྲས་པ། བཀྲ་ཤིས་ཚིགས་བཅད་སྤར་བསྐྲུན་བྱས་པའི་མཐུས། བཀྲ་མི་ཤིས་པའི་རིགས་ཀུན་ཞི་བ་དང་། བཀྲ་ཤིས་སྣོད་བཅུད་ཀུན་ལ་ཁྱབ་པ་ཡིས། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་རྒྱས་གྱུར་ཅིག །ཅེས་པའང་རྣམ་དཀར་བགྱིས་པ་པོས་སྨྲས་པའོ། །སརྦ་མངྒ་ལཾ། དགེ་ལེགས་འཕེལ།། །།

ཚོགས་གསོག་གི་རིམ་པ་དང་རྗེས་སུ་འབྲེལ་བའི་སྡོམ་པ་གསུམ་གྱི་གསོ་སྦྱོང་ཐར་པའི་ཐེམ་སྐས།

ཚོགས་གསོག་གི་རིམ་པ་དང་རྗེས་སུ་འབྲེལ་བའི་སྡོམ་པ་གསུམ་གྱི་གསོ་སྦྱོང་ཐར་པའི་ཐེམ་སྐས་ལས་རྒྱུན་གྱི་ཉམས་ལེན་བསྡུས་པ་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། དུས་ཆེན་བཞིའམ་རྒྱུན་དུའང་སྤྲོས་པས་ལྕོགས་ན། རྗེས་དྲན་དྲུག་དང་ཕྱག་རྒྱ་ལྔའི་མདོ་རྣམས་ཚང་བའི་རྒྱས་པ་ཉིད་ངོ་མཚར་ཤིན་ཏུ་ཆེ་བས་དེ་ལྟར་བྱ་དགོས་ཤིང་། རྒྱུན་གྱི་ཉམས་ལེན་ལྟ་བུར་སྤྲོས་པ་བསྡུ་བར་འདོད་ན། རྟེན་དང་མཆོད་པའི་ཡོ་བྱད་ཇི་ལྟར་འབྱོར་པ་དང་། མཎྜལ་འདུ་བྱས་ཏེ། ཐོག་མར། ན་མོ་གུ་རུ། དོན་དམ་དབྱིངས་ལ་འགྲོ་འོང་གནས་པ་བྲལ། །རྣམ་པའི་ཚུལ་ལས་ཕྱོགས་དུས་ཀུན་ཏུ་ཁྱབ། །ཆོས་རྣམས་ཀུན་གྱི་གདོད་མའི་གནས་ལུགས་མཆོག །སངས་རྒྱས་བླ་མ་ཆོས་སྐུར་སྐྱབས་སུ་མཆི། །ནམ་མཁའི་མཐས་གཏུགས་སེམས་ཅན་སྒྱུ་མ་འདྲ། །འཁྲུལ་པའི་སྣང་བ་ཙམ་འདི་རང་སངས་ནས། །ཡེ་ཤེས་རོ་མཉམ་གཅིག་ལ་འགོད་པའི་ཕྱིར། །བླ་མ་སངས་རྒྱས་རྗེས་དྲན་བསྒོམ་པར་བྱ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདི་ཉིད་དོ། །ཞེས་དལ་བུས་བརྗོད་ལ་དོན་བསམ་སྟེ། དེ་ཡང་། རྒྱལ་མཆོག་འདྲེན་པ་ཤཱཀྱ་ཐུབ་པ་དེ། །བདུད་བཞི་བཅོམ་ཞིང་སྐལ་པ་དྲུག་དང་ལྡན། །གནས་ལུགས་ཇི་བཞིན་གཟིགས་པ་མ་ནོར་བ། །ཉོན་མོངས་བག་ཆགས་བཅས་པ་མ་ལུས་བཅོམ། །ཉེས་སྐྱོན་ཀུན་སངས་ཤེས་བྱ་ཐམས་ཅད་ལ། །མཁྱེན་སོགས་རབ་རྒྱས་དུས་གསུམ་མ་ལུས་མཁྱེན། །རྫུ་འཕྲུལ་བགྲོད་པ་ནམ་མཁའི་མཐས་གཏུགས་ཁྱབ། །རྒྱུ་མཆོག་བསྒྲུབས་པས་འབྲས་བུ་བླ་མེད་བརྙེས། །ལས་ཉོན་སྡུག་བསྔལ་འཁོར་བ་མཐའ་དག་རིག །སྐྱེ་འགྲོ་སེམས་ཅན་མ་ལུས་ཐབས་ཀྱིས་འདུལ། །ཁྱོད་ལས་ལྷག་དང་ཁྱོད་མཚུངས་གང་ནའང་མེད། །ཀུན་ལ་ཐར་ལམ་སྟན་པའི་ཕྲིན་ལས་ཅན། །ཅེས་པ་ཚིག་རེ་རེའི་དོན་བསམ། དེ་ལྟར་སངས་རྒྱས་ཀུན་གྱི་ཆོས་ཀྱི་སྐུ། །རྟག་ཅིང་མི་འགྱུར་ཡོན་ཏན་ཀུན་དང་ལྡན། །གདོད་ནས་ཉེས་པ་ཀུན་ལས་གྲོལ་གྲོལ་བ། །འཁོར་འདས་ཀུན་ལ་རྟག་ཏུ་ཁྱབ་པར་བཞུགས། །སྤྲོས་པའི་མཐའ་རྣམས་ཀུན་གྱིས་རྟག་ཏུ་དབེན། །བདག་ལ་རྒྱལ་བའི་ཆོས་སྐུ་འདི་ཉིད་བཞུགས། །མེ་ཏོག་གར་ཡོད་མེ་ཏོག་དྲི་ཡོད་ལྟར། །གཟུགས་སྐུ་གཉིས་ཀྱང་བདག་དང་འབྲལ་བ་མེད། །ཅེས་བརྗོད་ཅིང་དོན་བསམ། འདི་ལྟར་ནས་བཟུང་དེ་ཉིད་ལན་མང་དུ་བསམ་མོ། །རང་གི་མདུན་ནམ་སྤྱི་བོའམ། སྙིང་གར་མཚན་དཔེ་ཐམས་ཅད་ཡོངས་སུ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་བཞུགས་པར་གྱུར། འདི་ཉིད་རྩ་བའི་བླ་མ་དམ་པ་ཡིན། །དཔལ་ལྡན་བླ་མ་སངས་རྒྱས་བཅོམ་ལྡན་འདས། །ཆོས་སྐུ་ཉག་གཅིག་ནམ་མཁའི་མཐའ་དང་མཉམ། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས། །ཆོས་ཀུན་རང་བཞིན་གདོད་མའི་ཡེ་ཤེས་འདི། །དཔལ་ལྡན་བླ་མའི་ཐུགས་མཆོག་ཆོས་ཀྱི་སྐུ། །སངས་རྒྱས་ཀུན་དང་རོ་མཉམ་གཉིས་སུ་མེད། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །རྣམ་རྟོག་འབད་རྩོལ་སྤྲོས་པ་མི་མངའ་ཡང་། །གང་འདུལ་སྐུ་ཡི་སྣང་བ་མཐའ་ཡས་སྟོན། །གཟུགས་སྐུ་བཤེས་གཉེན་དམ་པའི་རྣམ་པར་ཤར། །རྡོ་རྗེ་འཛིན་དབང་ཁྱོད་ལ་གསོལ་བ་འདེབས། །རྒྱལ་བ་རིགས་ལྔ་གདོད་ནས་ལྷུན་གྲུབ་དེ། །གཞན་སྣང་ཕུང་ལྔའི་ཚུལ་གྱིས་འགྲོ་དོན་མཛད། །ཕུང་པོའི་རྣམ་པས་འདུལ་བ་འགྲོ་ཀུན་སྒྲོལ། །ཕུང་པོ་གཞོན་མཆོག་ཁྱོད་ལ་གསོལ་བ་འདེབས། །ཆོས་ཉིད་གདོད་མའི་དེ་བཞིན་གཤེགས་པ་གང་། །སེམས་དཔའ་ཡབ་ཡུམ་དཔའ་བོ་མཁའ་འགྲོ་མ། །འབྱུང་བཞི་དབང་པོ་སོགས་ཀྱི་འདུལ་བ་ལ། །དེ་དེའི་རྣམ་པར་སྟོན་ལ་གསོལ་བ་འདེབས། །ཀུན་གྱི་རང་བཞིན་ཡེ་ཤེས་སྤྲོས་བྲལ་ལས། །ཆོས་སྐུ་མཁའ་ཁྱབ་ཅེས་བྱ་གཞན་ཡོད་མིན། །དེ་ཉིད་དྲིན་ཅན་ཆོས་རྗེ་ཁྱོད་ཀྱི་ཐུགས། །རྡོ་རྗེ་འཛིན་དབང་ཁྱོད་ལ་གསོལ༴ དོན་དམ་སྲིད་གསུམ་གདོད་ནས་རང་ཤར་ཏེ། །གདུལ་བྱའི་སྣང་ངོར་སྲིད་གསུམ་ཀུན་ཏུ་སྣང་། །དོན་མེད་མ་ཡིན་རྟག་ཏུ་ཕན་བདེར་མཛད། །ཕྲིན་ལས་ལྷུན་གྲུབ་ཁྱོད་ལ་གསོལ་བ་འདེབས། །བརྟན་གཡོ་ཀུན་གྱི་རང་བཞིན་བླ་མ་ཁྱེད། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀུན་དངོས་ལགས། །འགྲོ་བ་ཀུན་གྱི་སྙིང་པོར་བཞུགས་པ་དེ། །བདག་གིས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །ཞེས་བླ་མ་སངས་རྒྱས་རྗེས་དྲན་འདོན་བསྒོམ་བྱ། དེ་ནས་སྔར་བྱས་ཀྱི་ཉེས་ལྟུང་སྦྱོང་བའི་སླད་དུ་བྱང་ཆུབ་ལྟུང་བཤགས་ཚང་བ་དང་། སྤྱི་བཤགས་ནི། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མ་མཆིས་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་བགྱིས་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་འགལ་བ་བགྱིས་པ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་བགྱིས་པ་དང་། དཀོན་མཆོག་གསུམ་ལ་གནོད་པ་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང་། ཕ་དང་མ་ལ་མ་གུས་པ་བགྱིས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་བགྱིས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་བགྱིས་པ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པ་ཉེས་པ་དང་ལྟུང་བའི་ཚོགས་ཅི་མཆིས་པ་དེ་དག་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །དེ་ལྟར་མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། མ་མཐོལ་མ་བཤགས་ན་དེ་ལྟར་མ་འགྱུར་བ་ལགས་སོ། །སོ་ཐར་གྱི་སྡོམ་པ་གསོ་བ་ནི། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པ་སྤྱོད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་ན། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་ན། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་ངེས་གྲོལ་ལོ། །ཞེས་ཞི་གནས་གསོ་སྦྱོང་མཐར། སྤྲོ་ན་དོན་ཞགས་ཀྱི་གཟུངས་མདོ་ལས་འབྱུང་བའི་ཚུལ་ཁྲིམས་རྣམ་པར་དག་པའི་གཟུངས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ༀ་ཨ་མོ་གྷ་ཤཱི་ལ་སམ་བྷ་ར་སམ་བྷ་ར་བྷ་ར་བྷ་ར་མ་ཧཱ་ཤུདྡྷ་ས་ཏྭ་པདྨ་བི་བྷཱུ་ཥི་ཏ་བྷུ་ཛ་དྷ་ར་དྷ་ར་ས་མནྟཱ་ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭ་ཧཱ། ལན་བདུན་དང་། ༀ་ཧྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཧ་ཧྲིཿཧ་ཧཱུྃ་ཕཊ་སྭ་ཧཱ། ཉེར་གཅིག་བཟླ། གང་ཞིག་ཉི་མ་རེ་རེ་བཞིན་གཟུངས་འདི་འདྲ་ན་ཚུལ་ཁྲིམས་ཀྱི་ཉེས་ལྟུང་ཐམས་ཅད་དག་ཅིང་ཕྱིན་ཆད་བྱང་ཆུབ་ཀྱི་བར་དུ་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་རོ། །དེ་ནས་སྨོན་ལམ་གདབ་པ་ནི། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །ཉོན་མོངས་པས་ཚུལ་ཁྲིམས་འཆལ་བ་ལས་བྱུང་བའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་སྐལ་པ་དང་ལྡན་པར་གྱུར་ཅིག །ཉོན་མོངས་པས་མི་རྫི་བར་རྣམ་པར་གྲོལ་བའི་བདེ་བ་ལ་གནས་པར་གྱུར་ཅིག །ཁྲིམས་ཀྱིས་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ཅེས་བརྗོད་དོ། །དེ་ནས་བྱང་སེམས་སྨོན་འཇུག་གི་སྡོམ་པ་བཟུང་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ལན་གསུམ་གྱི་རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ། ཇི་སྙེད་སུ་དག་སོགས་ནས། བྱང་ཆུབ་ཕྱིར་བསྔོའོའི་བར་དང་། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་བརྗོད་དེ་ཐབས་ཁྱད་པར་ཅན་གྱི་ཚོགས་བསགས། དེ་ནས་བྱང་ཆུབ་སེམས་རིན་པོ་ཆེར་བློ་སྦྱང་བའི་སླད་དུ། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་ཡང་། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕོངས་པ་མེད་པ་གཏང་བར་བྱ། །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་རྒྱུ་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ནི་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་པའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་གྱིས་སྨོན་འཇུག་གི་སེམས་བསྐྱེད་བླང་། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། ། དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་འགྱུར། །ད་ནི་བདག་གི་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཀུན་ནས་དགེ་བ་བཟང་པོ་སྤྱོད་པའི་ཕྱིར། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱོད་པར་བགྱི། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །ཞེས་དང་། ༀ་ན་མ་སྟྲཻ་ཡ་དྷི་ཀ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་བསྟི་དྷརྨ་ཏཱ་བ་ལཱི་ནཱཾ། ༀ་ཨ་ས་མ། ས་མནྟ་ཏོ་ཨ་ནནྟ། བཱ་སྟི་ཤ་ས་ནི་ཧ་ར་ཧ་ར་སྨ་ར་སྨ་ར་ཎ་པི་ག་ཏཱ་རཱ་ག །བུདྡྷ་དྷརྨ་ཏེ་ས་ར་ས་ར་ས་མ་ས་ཡ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ལཀྵ་ཎི་ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱ་ཧཱ། ལན་ཅི་ནུས་བཟླ། དེ་ནས་རྡོ་རྗེ་ཐེག་པ་ལ་ཐུན་མོང་མ་ཡིན་པ་འོད་གསལ་རྡོ་རྗེ་སྙིང་པོའི་ལུགས་ཀྱི་བསགས་སྦྱོང་སྔོན་དུ་འགྲོ་བའི་སྡོམ་པ་དང་དམ་ཚིག་བཟུང་བ་ནི། ཧོ། ཆོས་དབྱིངས་རྣམ་དག་ལྷུན་གྲུབ་ཆེན་པོ་ནས། །དཔག་ཡས་ཐུགས་རྗེའི་རྣམ་འཕྲུལ་འགྱེད་པའི་ལྷ། །ཀུན་བཟང་རིགས་ལྔ་སྐྱབས་གནས་ཐམས་ཅད་ཀུན། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །གདོད་ནས་བྱང་ཆུབ་རྡོ་རྗེ་སྙིང་པོའི་གདུང་། །དཀོན་མཆོག་གསུམ་དང་ཡི་དམ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་སྲུང་མ་དམ་ཅན་གཏེར་བདག་རྣམས། །གནས་འདིར་བྱོན་ལ་བདག་སོགས་བྱིན་གྱིས་རློབས། །ༀ་བཛྲ་ས་མཱ་ཡ་ཛཿ ས་མ་ཡ་སྟྭཾ། རོལ་མོ་དབྱངས་སྙན་ཡིད་འོང་བདུད་རྩིའི་ཆུས། །ཡོན་ཏན་རྒྱ་མཚོའི་ཚོགས་ལ་འཁྲུས་གསོལ་ཞིང་། །ན་བཟའ་རིན་ཆེན་རྒྱན་མཆོག་འདི་ཕུལ་བ། །འགྲོ་ཀུན་སྐྱོན་བྲལ་ཡོན་ཏན་རྫོགས་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ༀ་ཧཱུྃ་ཏྲྃ་ཧྲཱིཿཨཱཿ ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། སྣང་སྲིད་རྣམ་དག་སངས་རྒྱས་ཞིང་ཁམས་འདིར། །ཀུན་བཟང་མཆོད་པའི་སྤྲིན་ཕུང་འདི་ཕུལ་བས། །ནམ་མཁའི་མཐའ་ཀླས་གྱུར་པའི་འགྲོ་བ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག །བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བི་དྱེ་ཤབྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མངོན་པར་བྱང་ཆུབ་ཆོས་སྐུ་དག་པ་ལས། །མཛད་པ་རྣམ་འཕྲུལ་སྒྱུ་མའི་སྐུར་བཞེངས་པ། །བླ་མ་མཆོག་གསུམ་ཡི་དམ་མཁའ་འགྲོ་དང་། །དམ་ཅན་རྒྱ་མཚོའི་ཚོགས་ལ་གུས་ཕྱག་འཚལ། །རྡོ་རྗེའི་གདུང་འཚོབ་རྣལ་འབྱོར་ཚོགས་རྣམས་ཀྱི། །འགལ་འཁྲུལ་ཉམས་ཆག་དུས་འདིར་བསྐང་གྱུར་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་བ་དང་། །བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ༀ་ཙཀྲ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཧཱུྃ་སྭཱ་ཧཱ། འདིར་མཎྜལ་ཚོམ་བུ་སོ་བདུན་མ་རྒྱས་པར་བཀོད་ཅིང་འབུལ། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །འདོད་དགུའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང་། །སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་བྲེ་ཅན། །ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང་། །སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི། །རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས། །ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་སྐུ་གསུམ་མཎྜལ་ཡང་འབུལ། དེ་ནས་ཡན་ལག་བརྒྱད་པ་སྔོན་དུ་འགྲོ་བའི་སྡོམ་བཟུང་དངོས་ནི། ༀ་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་ནས། །འཁོར་འདས་ཀུན་གྱི་ཐོག་མའི་མགོན་པོ་མཆོག །ཀུན་བཟང་རིགས་ལྔ་ཞི་ཁྲོ་བླ་མར་བཅས། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །ཡོན་ཏན་འབར་བའི་དབྱིངས་སུ་ལྷུན་རྫོགས་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱི་རྣམ་སྤྲུལ་པའི། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཐོག་མེད་དུས་ནས་ད་ལྟའི་བར་ཉིད་དུ། །སྲིད་འགྲོ་ཉམ་ངར་ཡུན་རིང་འཁོར་བ་ན། །ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་པ། །འགལ་འཁྲུལ་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས། །རྫོགས་སངས་རྒྱས་མགོན་བྱང་ཆུབ་སེམས་དཔའ་དང་། །འཕགས་གཉིས་སོ་སོ་སྐྱེ་བོ་མ་ལུས་པའི། །དུས་གསུམ་དགེ་བ་བགྱིད་དང་བགྱིད་སྩལ་དང་། །བགྱིས་པ་གྱུར་པ་ཀུན་ལ་ཡི་རང་ངོ་། །གློ་བུར་ཉོན་མོངས་དང་ལྡན་སེམས་ཅན་རྣམས། །ཁམས་དེའི་རང་བཞིན་དག་པར་མཐོང་བྱའི་ཕྱིར། །ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །ཆོས་ཀྱི་འཁོར་ལོ་རྨད་བྱུང་བསྐོར་དུ་གསོལ། །སངས་རྒྱས་འཇིག་རྟེན་ཉི་མ་གང་དུ་བྱོན། །འགྲོ་བའི་གཉེན་གྱུར་སྲས་དང་བཅས་པ་ཀུན། །སྡིག་པའི་མུན་ནག་འཐིབས་པོ་བསལ་སླད་དུ། །འཁོར་བ་ཇི་སྲིད་སྒྲོན་མེ་མཛད་པར་གསོལ། །ཡོན་ཏན་དགེ་འོས་རྒྱལ་བའི་བྱང་ཆུབ་མཆོག །སྐྱེ་དགུ་ཀུན་གྱིས་ཐོབ་པར་བྱ་བའི་ཕྱིར། །བསོད་ནམས་ཕུང་པོ་ཡོངས་སུ་བསྔོ་བགྱིས་པས། །འགྲོ་ཀུན་ཐར་པའི་གྲོང་དུ་ཕྱིན་པར་ཤོག །ཧོ། རྫོགས་སངས་རིན་ཆེན་དག་པའི་སེམས་ཉིད་དང་། །རྟོགས་པའི་དྲི་མ་རབ་བྲལ་དམ་པའི་ཆོས། །བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་མཆི་ཞིང་། །སྲེད་དང་བྲལ་བ་རྣམས་ལ་གུས་ཕྱག་འཚལ། །དེང་ནས་བདག་ནི་འགྲོ་ཀུན་ཉེར་འཚོའི་ཕྱིར། །མགོན་རྣམས་འབངས་སུ་བདག་ཉིད་འབུལ་ལགས་ཀྱིས། །བརྩེ་བའི་ཐུགས་རྗེས་བཞེས་པར་མཛད་དུ་གསོལ། །བྱམས་པའི་ཞལ་བཟང་དུས་འདིར་གཟིགས་ནས་ཀྱང་། །འགལ་འཁྲུལ་ཉམས་ཆག་ཐམས་ཅད་བསྐང་དུ་གསལ། །ༀ་རྣལ་འབྱོར་དབང་ཕྱུག་ཡེ་ཤེས་མཐར་ཕྱིན་ནས། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་བསྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་པུ་པ། །ལྷའི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་གསང་སྔགས་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་བསྒྲུབ་པ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པས། །སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་ཏུ་འཚལ། །འདི་ལ་ཀུན་མཁྱེན་ཁྱོད་དུ་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །ཁྱོད་ཀྱིས་བདག་གི་ལྷག་པའི་བསམ་པ་མཁྱེན། །འཕགས་པའི་སྤྱན་སྔར་བདག་གིས་དམ་བཅས་པ། །ཉམས་པར་མི་བགྱིད་མགོན་ཁྱོད་བསླུ་མ་ལགས། །དེ་ནས་བདག་ནི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་སྒྲུབ་པ་གཅིག་པུའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་བརྩམ། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་བྱ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་འདུས་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབས་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱོད་ནི་ཡོངས་མི་བཏང་། །ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང་། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང་། །སྡོམ་པ་མཐའ་ཡས་རྒྱ་མཚོ་བཟུང་བ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་གཟུང་བར་བགྱི། །གདོད་ནས་མ་སྐྱེས་མཁའ་ལྟར་རྣམ་དག་ཅིང་། །མི་འགྱུར་ལྷུན་གྲུབ་རང་བྱུང་འོད་གསལ་བ། །ཇི་བཞིན་མ་བཅོས་ཆོས་ཉིད་དོན་བསྒོམས་ཏེ། །ཆོས་སྐུ་ཡངས་པ་ཆེན་པོའི་མཁའ་དབྱིངས་ལས། །ཀུན་བཟང་དོན་གྱི་དམ་ཚིག་གཟུང་བར་བགྱི། །བདེ་བར་གཤེགས་པ་རིགས་ཀྱི་དམ་ཚིག་ཏུ། །སྡོམ་དང་ཆོས་སྡུད་སེམས་ཅན་བྱེད་བྱེད་ཅིང་། །བྱང་ཆུབ་སྙིང་པོ་རང་ལ་མཚོན་པའི་ཕྱིར། །ཆོས་ཀྱི་འཁོར་ལོའི་རྫས་ཀྱང་གཟུང་བར་བགྱི། །མི་འགྱུར་རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རང་བཞིན་བསྐྱེད་རྫོགས་དོན་ལས་མི་འདའ་ཞིང་། །རྡོ་རྗེ་སློབ་དཔོན་མཆོག་ཏུ་བཀུར་བ་དང་། །ཐབས་དང་ཤེས་རབ་རང་ལ་མཚོན་པའི་ཕྱིར། །རྡོ་རྗེ་དྲིལ་བུའི་རྫས་ཀྱང་གཟུང་བར་བགྱི། །བསམ་འཕེལ་རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞིའི་འགྲོ་དོན་སྐྱོང་བ་དང་། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་བྱེད་ཅིང་། །ལྷུན་གྲུབ་ཡོན་ཏན་རང་ལ་མཚོན་པའི་ཕྱིར། །ནོར་བུ་རིན་ཆེན་རྫས་ཀྱང་བཟུང་བར་བགྱི། །མ་ཆགས་པདྨ་རིགས་ཀྱི་དམ་ཚིག་ཏུ། །ཕྱི་ནང་གསང་བའི་ཆོས་རྣམས་ཡོངས་བཟུང་ཞིང་། །འགྲོ་ལ་ཚད་མེད་སྙིང་རྗེ་ཆགས་པ་དང་། །སྐྱོན་བྲལ་ཆོས་ཉིད་རང་ལ་མཚོན་པའི་ཕྱིར། །ཡིད་འོང་པདྨ་མཆོག་ཀྱང་གཟུང་བར་བགྱི། །སྣ་ཚོགས་ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །ཐེག་གསུམ་སྡོམ་པ་མཐའ་ཡས་བཟུང་བ་དང་། །དེ་ཉིད་ལྷུན་གྲུབ་རང་ལ་མཚོན་པའི་ཕྱིར། །རྒྱ་གྲམ་རལ་གྲི་མཆོག་ཀྱང་གཟུང་བར་བགྱི། །གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་ཏུ། །ཟུང་འཇུག་ལམ་དུ་ཐམས་ཅད་བླང་བ་དང་། །སྤང་བླང་མེད་པའི་རོལ་པ་མཚོན་པའི་ཕྱིར། །ཁ་ཊྭཾ་ཐོད་པ་ཅང་ཏེའུ་གཟུང་བར་བགྱི། །མདོར་ན་གང་གིས་འཁོར་བ་རྣམས་སྦྱངས་པ། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་དག་བྱེད་ཅིང་། །དབང་པོ་ཡུལ་དང་ཉོན་མོངས་རྣམས་སྦྱངས་པ། །སྐུ་ལྔ་ཡེ་ཤེས་ལྔ་དང་གསུང་ལྔ་དང་། །ཡོན་ཏན་ཕྲིན་ལས་རིགས་ལྔ་བསྒྲུབ་པའི་རྫས། །ནང་གི་དགོངས་སྤྱོད་རྒྱ་མཚོ་མཐའ་ཡས་དང་། །ཕྱི་རོལ་དམ་རྫས་འདོད་ཡོན་ཐབས་ཆེན་ལྔ། །ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་དང་། །རྩ་བ་ཡན་ལག་དམ་ཚིག་རྣམ་ལྔ་རྣམས། །རྡོ་རྗེ་མཆོག་བསྒྲུབ་སྐུ་གསུང་ཐུགས་གསུམ་དང་། །ཤེས་དང་མི་སྤང་དང་དུ་བླང་བ་དང་། །སྒྲུབ་དང་སྤྱད་པར་བྱ་བ་ལྔ་ལྔ་སྟེ། །ཉི་ཤུ་རྩ་ལྔ་རྩ་བ་ཡན་ལག་བཅས། །གསང་སྔགས་རྡོ་རྗེ་སྙིང་པོའི་སྡོམ་པ་ཀུན། །དེང་ནས་བརྩམས་ཏེ་བདག་གིས་གཟུང་བར་བགྱི། །གང་ལ་བརྟེན་ནས་སྲིད་པ་རྣམ་སྦྱང་ཞིང་། །ཞི་བར་ཐར་པ་དམ་པའི་ལྷ་ཆོས་ཀུན། །འགྲོ་བའི་དོན་དུ་བདག་གིས་ཡོངས་སུ་གཟུང་། །སྲིད་ཞིར་མི་གནས་བྱང་ཆུབ་མཆོག་ཞུགས་ཏེ། །དཀྱིལ་འཁོར་དབང་ཕྱུག་རྡོ་རྗེ་སློབ་དཔོན་དང་། །དཔའ་བོ་རྣལ་འབྱོར་མ་ཀུན་མཆོད་པ་དང་། །ཚོགས་གཉིས་བརྩོན་པ་མཐའ་ཡས་རྒྱ་མཚོ་བསྒྲུབ། །འགྲོ་ལ་སྙིང་བརྩེས་ཕན་པ་མཆོག་ཏུ་བྱ། །གནོད་པར་མི་བྱ་བརྙས་པར་ཡོངས་མི་བྱ། །གཅིག་པུར་ཞི་བར་དོན་དུ་མི་གཉེར་ཞིང་། །གཞན་དོན་ཡང་དག་སྒྲུབ་ལ་བརྩོན་པ་ཡིས། །རང་གཞན་ཐར་པའི་སྒོ་ནི་དབྱེ་བར་བགྱིད། །འདིར་རྡོར་སེམས་ཡིག་བརྒྱ་ལན་གསུམ་བརྗོད། དེ་ནས་ཐུན་མོང་མ་ཡིན་པའི་སྨོན་ལམ་གདབ་པ་ནི། ཧོཿ མཐའ་ཡས་ཐེག་པ་ཆེན་པོའི་ལམ་ཆེན་དུ། །མ་ལུས་འགྲོ་ཀུན་བདག་གིས་ཡོངས་དྲངས་ཏེ། །ཐམས་ཅད་བྱང་ཆུབ་མཆོག་ལ་རབ་བཀོད་ནས། །ཀུན་བཟང་ཆོས་རྗེ་བླ་མེད་ས་ཐོབ་ཤོག །ཐར་ལམ་བྱང་ཆུབ་སྙིང་པོར་བདག་ཞུགས་ནས། །ཇི་སྲིད་བླ་མེད་གོ་འཕང་མཆིས་ཀྱི་བར། །ཚེ་རབས་གང་དང་གང་སྐྱེས་དེ་དང་དེར། །བློ་ལྡན་རིག་བཟང་ང་རྒྱལ་མེད་པ་དང་། །སྙིང་བརྩེ་མཆོག་གྱུར་བླ་མ་ལ་གུས་ཤིང་། །འགྲོ་བའི་དོན་རྣམས་བསྒྲུབ་ལ་མཁས་པ་དང་། །དཔལ་མགོན་བླ་མ་རབ་ཏུ་མཉེས་བྱེད་ཤོག །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བཅོམ་ལྡན་རྡོ་རྗེ་ཀུན་ཏུ་བཟང་པོ་དང་། །ཡི་དམ་དཀྱིལ་འཁོར་སྲུང་མ་དམ་ཚིག་ཅན། །བཀའ་གསང་རྨད་བྱུང་བླ་ན་མེད་པ་དང་། །རྡོ་རྗེ་མཆེད་ལྕམ་རྣམས་དང་མི་འབྲལ་ཞིང་། །གཡར་དམ་གཅིག་པ་གཏན་དུ་མི་འབྲལ་ཤོག །སྒྲུབ་མཆོག་བདག་ལ་བར་ཆད་མི་འབྱུང་ཞིང་། །ཉི་མཚན་བརྩོན་པས་ཐར་ལམ་མཐར་ཕྱིན་ནས། །བསྐྱེད་རྫོགས་གྲུབ་པའི་རིག་འཛིན་གྲལ་འཁོད་དེ། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་ཤོག །བཅོམ་ལྡན་ཀུན་བཟང་ཡི་དམ་དཀྱིལ་འཁོར་ལྷ། །ས་ལེར་མཐོང་བར་བྱིན་གྱིས་རླབས་པ་དང་། །བལྟ་བར་འདོད་དང་འབྲི་བར་འདོད་ན་ཡང་། །སྒྲིབ་མེད་མགོན་པོ་མངོན་སུམ་མཐོང་བར་ཤོག །གང་ཚེ་བསྐྱེད་རྫོགས་བསྙེན་བསྒྲུབ་སྤྱོད་པ་ན། །དགོངས་སྤྱོད་ཏིང་འཛིན་རྒྱ་མཚོ་མཐར་ཕྱིན་ཏེ། །རྡོ་རྗེ་མཆོག་གསུམ་གྲུབ་པའི་ཕྲིན་ལས་བཞི། །བརྩམས་པ་ཙམ་གྱིས་མངོན་དུ་འགྲུབ་པར་ཤོག །ཕྱོགས་བཅུའི་ནམ་མཁའ་མཐའ་མཉམ་ཞིང་རྣམས་ཀྱི། །སེམས་ཅན་མ་ལུས་བྱང་ཆུབ་ཐོབ་བྱའི་ཕྱིར། །ཀུན་བཟང་སྤྱོད་པ་ཅི་འདྲར་བདག་གྱུར་ཏེ། །རྒྱལ་སྲས་བྱང་ཆུབ་སྤྱོད་པ་མཐའ་ཡས་ཤོག །སེམས་ཅན་ཀུན་གྱི་སྡུག་བསྔལ་བདག་ལ་སྨིན། །བདག་དགེ་སེམས་ཅན་རྣམས་ལ་ཡོངས་སྨིན་ཏེ། །འགྲོ་ཀུན་བདེ་གཤེགས་བྱང་ཆུབ་མཆོག་ཐོབ་ནས། །གཞན་དོན་སྤྱོད་པ་རྒྱ་མཚོ་མཐའ་ཡས་ཤོག །བདག་གིས་བརྩོན་པས་མཁའ་མཉམ་སེམས་ཅན་རྣམས། །སྲིད་ལས་རྣམ་གྲོལ་འཁོར་བ་སྟོང་པ་ན། །བདག་ཀྱང་བྱང་ཆུབ་དམ་པ་གཉིས་ཐོབ་ནས། །ཆོས་སྐུ་ཀུན་ཏུ་བཟང་དང་དབྱེར་མེད་ཤོག །ཚེ་རབས་ཀུན་ཏུ་འགྲོ་བའི་གཉེན་གྱུར་ནས། །སྐྱབས་དང་སྐྱོབ་པ་བླ་ན་མེད་པ་ཡིས། །འགྲོ་བའི་དོན་དུ་འདོད་དགུའི་ཆར་འབེབས་པ། །ནོར་བུ་རིན་ཆེན་མཆོག་དང་མཚུངས་པར་ཤོག །དབང་བཅུ་མངོན་ཤེས་རྫུ་འཕྲུལ་སྟོབས་རྣམས་དང་། །གཟུངས་དང་རྣམ་ཐར་ཡོན་ཏན་མཆོག་གྲུབ་ནས། །གཞན་གྱིས་མ་ཐུལ་འགྲོ་རྣམས་འདུལ་བྱེད་ཅིང་། །ཐམས་ཅད་བྱང་ཆུབ་མཆོག་ལ་འགོད་པར་ཤོག །ནམ་མཁའི་མཐའ་མཉམ་གྱུར་པའི་འགྲོ་བ་ལ། །དམ་ཆོས་རིན་ཆེན་བདུད་རྩིའི་ཆར་ཕབས་ནས། །ཆོས་དང་ཟང་ཟིང་མི་འཇིགས་སྦྱིན་པ་ཡིས། །སྐྱེ་དགུ་ཐམས་ཅད་བདེ་བ་འགོད་པར་ཤོག །གསང་སྔགས་རྒྱལ་པོ་བླ་མེད་མཆོག་གྲུབ་ནས། །མཐའ་ཡས་ཞིང་དུ་རྣམ་འཕྲུལ་རྒྱ་མཚོ་དང་། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་བས། །གསང་སྔགས་སྤྱོད་པ་རྒྱ་མཚོ་མཐའ་ཡས་ཤོག །གནས་དང་ཉེ་བའི་གནས་རྣམས་བགྲོད་པ་དང་། །ཞིང་དང་ཉེ་བའི་ཞིང་རྣམས་ལྟ་བ་དང་། །དུར་ཁྲོད་བརྒྱད་དང་ཚནྡྷོ་ལ་སོགས་པར། །མཁའ་འགྲོ་རྣམས་དང་སྐལ་བ་མཉམ་པར་ཤོག །མངོན་ཤེས་མང་པོས་གདུལ་བྱའི་རྒྱུད་མཁྱེན་ཅིང་། །ཏིང་འཛིན་མང་པོས་ཡེ་ཤེས་ལུས་གྲུབ་སྟེ། །རིག་འཛིན་མང་པོས་གསང་སྔགས་དངོས་གྲུབ་བརྙེས། །ས་མཆོག་མང་པོས་དཀྱིལ་འཁོར་འགྲུབ་པར་ཤོག །འགྲོ་བློའི་རིམ་པ་ཇི་བཞིན་དབང་པོའི་ཆོས། །སྣ་ཚོགས་ཐེག་པའི་ཆོས་ཀྱི་ཆར་བསིལ་བས། །གནས་སྐབས་སོ་སོའི་རེ་བ་ཡོངས་བསྐངས་ཏེ། །མཐར་ཐུག་ཐེག་པའི་རྒྱལ་པོར་འཇུག་པར་ཤོག །མཁའ་ཁྱབ་ཡོན་ཏན་ཡིདབཞིན་སྤྲིན་ཚོགས་ལས། །དངོས་གྲུབ་རྣམ་པ་མང་པོའི་ཆར་བབ་ཅིང་། །གང་ལ་ཅི་འདུལ་དེ་ལ་དེར་སྣང་བས། །མཁའ་ཁྱབ་སེམས་ཅན་སྨིན་པའི་མཐུ་ལྡན་ཤོག །ནམ་ཞིག་འཆི་བའི་དུས་བྱེད་གྱུར་པའི་ཚེ། །དཔའ་བོ་རྣལ་འབྱོར་མ་ཚོགས་དཔག་མེད་ཀྱིས། །མཆོད་པའི་སྤྲིན་ཕུང་ཐོགས་པས་མདུན་བསུས་ནས། །འོག་མིན་མཁའ་སྤྱོད་གནས་སུ་ཕྱིན་པར་ཤོག །སྐད་ཅིག་དེ་ལ་ཆོས་སྐུ་མཐར་ཕྱིན་ནས། །གདོད་ནས་རྣམ་པར་དག་པའི་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་གྱི་བདག་པོ་རུ། །རྡོ་རྗེ་བདེ་བ་ཆེན་པོའི་ས་ཐོབ་ཤོག །གཞོན་ནུ་བུམ་པ་སྐུ་ཡི་ཞིང་ཁམས་སུ། །རིན་ཆེན་སྦུབས་ལ་བརྟན་པ་མཐར་ཕྱིན་ནས། །གཟུགས་སྐུའི་རོལ་པས་གདུལ་བྱའི་འཇིག་རྟེན་དུ། །སྤྲུལ་པ་རྣམ་པ་མང་པོ་འགྱེད་པར་ཤོག །ཡེ་ཤེས་ཆོས་ཀྱི་སྐུ་དང་དབྱེར་མེད་ཅིང་། །ཐོག་མ་དང་ནི་ཐ་མ་མེད་པའི་བདག །རང་བཞིན་རྫོགས་པ་ཆེན་པོའི་མཁའ་དབྱིངས་སུ། །མ་འབད་བཞིན་དུ་ངང་གིས་ཕྱིན་པར་ཤོག །རིན་ཆེན་འོད་གསལ་དག་པའི་དཀྱིལ་འཁོར་དུ། །རང་རིག་རྡོ་རྗེ་སེམས་དཔའི་དོན་མཐོང་ནས། །རྩལ་ཆེན་རྫོགས་པའི་ཕྲིན་ལས་རླབས་ཆེན་གྱིས། །འགྲོ་ཀུན་ཕྱམ་གཅིག་རྫོགས་པའི་སངས་རྒྱས་ཤོག །གསེར་གྱི་ཉི་མ་རྣམས་ནི་ཀློང་དུ་ཐིམ། །འབར་བའི་འོད་ཟེར་ཉེ་བ་ཞི་བ་ན། །རྒྱལ་བའི་དབང་པོ་དྲི་མེད་མཆོག་གི་ཡུམ། །རྣམ་དག་ཡངས་པ་ཆེན་པོའི་དོན་མཐོང་ཤོག །དབང་བཞིས་སྨིན་པའི་རིག་པ་བྱང་ཆུབ་སེམས། །འོད་གསལ་སྣང་བ་བཞི་པོ་མངོན་གྱུར་ནས། །གདོས་བཅས་ཕུང་པོ་འོད་ཀྱི་སྐུར་གྲོལ་ཏེ། །འཕོ་བ་ཆེན་པོས་གཞན་དོན་འགྲུབ་པར་ཤོག །འཆིང་བྱེད་ལུས་ཀྱི་རྒྱ་ལས་མ་གྲོལ་བར། །གང་ཞིག་འཆི་འཕོ་ནང་གི་སྡུག་བསྔལ་མེད། །བར་དོའི་འོད་གསལ་དམ་པ་མངོན་གྱུར་ནས། །ལྷུན་གྲུབ་ས་ལ་གཏན་སྲིད་ཟིན་པར་ཤོག །གལ་ཏེ་སྲིད་པ་བར་དོ་མཐོང་གྱུར་ན། །སྐད་ཅིག་དེ་ལ་རང་སྣང་འཇིགས་བྲལ་ཏེ། །མངོན་དགའ་ལ་སོགས་དག་པའི་ཞིང་བགྲོད་ནས། །མངོན་པར་བྱང་ཆུབ་མཛད་པ་མཐའ་ཡས་ཤོག །ས་མཆོག་འོད་གསལ་རྡོ་རྗེ་རྩེ་མོ་རུ། །བདག་ཅག་རྡོ་རྗེ་རྣལ་འབྱོར་ཞུགས་སོ་འཚལ། །བར་ཆད་མེད་ལམ་བརྟན་པ་མཐར་ཕྱིན་ནས། །ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ཐོབ་ཤོག །ཆོས་དབྱིངས་རྣམ་དག་རྣམ་སྣང་བཅོམ་ལྡན་འདས། །དབང་ཕྱུག་ཆེན་པོ་ལྷ་ཡི་ལྷ་གྱུར་པ། །སྟུག་པོའི་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱན། །བདེ་གཤེགས་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །མེ་ལོང་རྣམ་དག་མི་སྤྱོད་བཅོམ་ལྡན་འདས། །གྲགས་པ་མཐར་ཕྱིན་ལྷ་ཡི་ལྷར་གྱུར་པ། །མངོན་དགའི་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱན། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ཀུན་རྟོག་རྣམ་དག་དཔག་མེད་བཅོམ་ལྡན་འདས། །བདེ་ཆེན་དབང་ཕྱུག་ལྷ་ཡི་ལྷར་གྱུར་པ། །བདེ་ལྡན་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱན། །པདྨ་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །མཉམ་ཉིད་རྣམ་དག་རིན་ཆེན་བཅོམ་ལྡན་འདས། །ཡོན་ཏན་མཐར་ཕྱིན་ལྷ་ཡི་ལྷར་གྱུར་པ། །དཔལ་ལྡན་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱན། །རིན་ཆེན་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །བྱ་གྲུབ་རྣམ་དག་དོན་ཡོད་བཅོམ་ལྡན་འདས། །ཕྲིན་ལས་མཐར་ཕྱིན་ལྷ་ཡི་ལྷར་གྱུར་པ། །ལས་རབ་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱན། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །རང་རིག་རྣམ་དག་ཀུན་བཟང་བཅོམ་ལྡན་འདས། །འཁོར་འདས་ཀུན་གྱི་ལྷ་ཡི་ལྷར་གྱུར་པ། །གདོད་མའི་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱན། །ཐམས་ཅད་ལྷུན་གྲུབ་དངོས་གྲུབ་ཐོབ་པར་ཤོག །བསྔོ་བ་ནི། དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །དགེ་བ་འདི་ཡིས་ཉེ་བར་མཚོན་ནས་ནི། །སེམས་ཅན་རྣམས་ཀྱིས་དུས་གསུམ་བསགས་པ་ཡི། །ཟག་བཅས་ཟག་མེད་ཟུག་འཇུག་དགེ་བ་རྣམས། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །འགྲོ་ཀུན་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡིས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཐོབ་པར་ཤོག །ཅེས་དང་། ཤིས་བརྗོད་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པའམ། དཀྱུས་སུ་བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན། ཅེས་སོགས་བརྗོད་པས་ལེགས་པར་འགྲུབ་པའོ། །ཞེས་པའང་དབུ་མཛད་བླ་མ་ཀརྨ་རཏྣས་གཞན་ཕན་ཆེད་དུ་སྤར་ཆུང་ཟུར་དུ་བསྒྲུབས་པའི་ཐུགས་སྩོལ་མཛད་པའི་ཚེ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་རྒྱས་པའི་གཤམ་ལས་བྱུང་བའི་རྩ་ཐོ་ལྟར་ཁོལ་ཕྱུང་དུ་བསྡེབས་པ་དགེ་ལེགས་འཕེལ། །མངྒ་ལཾ།། །།

རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབས།

རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ན་མཿཤྲི་གུ་ར་བེ། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཅན། །བརྟན་གཡོ་ཀུན་ལ་ཁྱབ་པའི་ཧེ་རུ་ཀ །དཔལ་ལྡན་རྡོ་རྗེ་སེམས་དཔས་དགེ་ལེགས་མཛོད། །དེ་ལ་འདིར་སུ་པྲ་ཏིཥྛའི་སྒྲ་ལས་དྲངས་ན་དེ་བཞིན་གཤེགས་པ་རྣམས་ཀྱི་ཚད་མ་མེད་ཕྲིན་ལས་ཀྱིས་སྤྲུལ་པའི་གཟུགས་བརྙན་སྐུ་གསུང་ཐུགས་ཀྱི་རྟེན་དམ་ཚིག་པའི་རྣམ་ཆར་ཤར་བ་ལ། ཡེ་ཤེས་པ་ལེགས་པར་རབ་ཏུ་གནས་པའི་ཆོ་ག་ནི་རྡོ་རྗེ་འཆང་ཆེན་པོས་རྒྱུད་སྡེ་རྒྱ་མཚོ་ནས་ལན་ཅིག་མ་ཡིན་པར་བསྔགས་པའི་ཚུལ། དཔལ་གསང་བ་སྙིང་པོའི། རྒྱུད་ལས། ས་ལ་སོགས་ལས་ཕྱག་རྒྱ་བྱས། །རྣམ་གྲོལ་རིག་པ་འཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པར། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་པ་ལ་སོགས་པས་མཚོན་ཏེ་རྒྱ་ཆེར་གསུངས་པའི་དགོངས་དོན་དང་འབྲེལ་བར་གྲུབ་པའི་སློབ་དཔོན་རྣམས་ཀྱིས་ལེགས་པར་བཀྲལ་བའི་ཚུལ་ལས་མདོར་བསྡུས་པ་ཙམ་ཇི་ལྟར་བྱ་བ་ལའང་གསུམ་སྟེ། སྦྱོར་བ། དངོས་གཞི་རྗེས་སོ། །དང་པོ་ནི། མཚན་ཉིད་དང་ལྡན་པའི་རྟེན་གྱི་མདུན་སོགས་སྐབས་ཕྱེད་པ། གང་ལ་བརྟེན་པའི་དཀྱིལ་འཁོར་གྱི་ཡོ་བྱད་དང་། བུམ་པ་གཉིས། བྱེ་བྲག་ཏུ་རབ་གནས་ལ་དགོས་པའི་མངའ་འབུལ་གྱི་མཎྜལ། ཙཱ་རུའི་གཟའ་བ། མཆོད་པའི་བྱེ་བྲག་སོགས་འོག་ཏུ་ཉེ་བར་མཁོ་བ་རྣམས་མ་ཚང་བ་མེད་པར་འདུ་བྱ་ཞིང་། བཀོད་པས་མཛེས་པར་བཤམས་ནས། དཀྱིལ་འཁོར་གང་ལ་བརྟེན་པའི་ལས་གཟུང་སྲངས་རྗེས་བཟླས་པའི་མཐར། རྣམ་བུམ་དུ་ལྷ་ཚོགས་རྣམས་ལྷག་པར་གསལ་བས་གཟུངས་ཐག་ལ་འཇུས་ཏེ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་སོང་བས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། འོད་ཟེར་སྤྲོ་བསྡུས་དོན་གཉིས་མཛད། སྐུའི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་བསམས་ལ། རྩ་སྔགས་ཀྱི་ཤམ་བུར་དབྱངས་གསལ་རྟེན་སྙིང་སུ་པྲ་ཏིཥྛ་རྣམས་སྦྲེལ་བ་ཅི་ནུས་བཟླ། དེ་བཞིན་དུ། ལས་ཐམས་ཅད་ཀྱི་བུམ་པར་པད་ཉིའི་གདན་ལ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐད་ཅིག་གིས་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་བབས་པས་བུམ་པ་གང་བར་བསམ་ལ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་དང་ཁྲུས་སྔགས་ཨ་བྷི་ཥེ་ཀའང་བཟླ། མཐར་མཆོད་ཅིང་བསྟོད་ལ། ཡི་གེ་བརྒྱ་པས་ནོངས་པ་བཤགས། ༀ་ཨཱཿཧཱུྃ་གིས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས་བུམ་པའི་ལྷ་འོད་དུ་ཞུ་བ་བུམ་ཆུ་དང་དབྱེར་མེད་རོ་གཅིག་ཏུ་གྱུར་པར་བསམ། རིག་པའི་མེ་ཏོག་དོར་བ་ཙམ་གྱིས་བདག་ཉིད་འཇུག་པའང་བྱའོ། །གཉིས་པ་རབ་གནས་དངོས་ཀྱི་ཆོ་ག་ལ་རྣམ་གྲངས་བཅུ་གཅིག་ལས། ཐོག་བགེགས་སྦྱང་བ་ནི། གཏོར་མ་གསུམ་རེ་རེ་ནས་རྟེན་ལ་བསྐོར་ཞིང་། ༀ་སརྦ་བིགྷནྣ་ན་མ་སྶརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆང་བུས་བསྐོར་ཞིང་། སུམྦྷ་ནི་གསུམ་གྱི་ཕྱེད་མ། བཛྲ་མ་ཧཱ་ཤྲི་ཧེ་རུ་ཀོ྅་ཧཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུྃ་མཛད་ཁྲོ་བོའི་རྒྱལ་པོ་འཇིགས་སུ་རུང་བའི་སྐུར་གྱུར་པའི་དཔྲལ་བར་ༀ་མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁྲོ་བོའི་སྤྲིན་རབ་འབྱམས་དཔག་ཏུ་མེད་པ་བཛྲ་ས་མཱ་ཛ༔ས་སྤྱན་དྲངས། ༀ་བཛྲ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས། རིག་སྔགས། གཟུངས་སྔགས། སྙིང་པོ། ཕྱག་རྒྱ། ཏིང་ངེ་འཛིན་གྱི་བདེན༴ ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན༴ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་སའི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་སེམས་རྣམ་པ་གཉིས་བསྐྱེད་དེ། གནས་སྐབས་སུ་འཇིག་རྟེན་གྱི་ཁམས་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་པ་དང་། མཐར་ཐུག་སེམས་ཅན་ཐམས་ཅད་མི་གནས་པའི་མྱང་ངན་ལས་འདས་པའི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་རབ་ཏུ་གནས་པར་བགྱི་བ་ལ་བར་དུ་གཅོད་ཅིང་། གླགས་ལྟ་བའི་གང་སུ་ཡང་རུང་བའི་འབྱུང་པོ་གདུག་པ་ཅན་གཡོག་དང་འཁོར་དུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏེ་རེ། ༀ་སུམ་བྷ་ནི༴ སོགས་བརྗོད་ཅིང་། ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག །རོལ་མོའི་ཚམ་རྔམས་དང་བཅས་པས་ཕྱི་རོལ་དུ་བསྐྲད་བཞིན་དྲག་པོའི་སྦྱང་བའོ། །གཉིས་པ་ཁྲུས་ཀྱི་བྱ་བ་ནི། ཐོག་མར་དཀྱིལ་ཁོར་སོགས་དང་རྟེན་རིང་བསྲེལ་ཅན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་གསོལ་ཞིང་། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྲས་དང་སློབ་མར་བཅས་པ་རྣམས་ལ་བདག་ཅག་གིས་ཡོ་བྱད་དང་ལྡན་པའི་སྒོ་ནས་སྐུ་ཁྲུས་དམ་པ་གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བར་ལྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ག་ཏེ་ས་མ་ལ་ཤྲི་ཡེ་ཧཱུྃ། ཞེས་དང་། ཁྲུས་རས་ཀྱིས་ཕྱི་ཞིང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ༀ་ཧཱུྃ་ཏྲྃ་ཧྲཱི༔ཨཱཿཀཱ་ཡ་བི་ཤོ་དྷ་ནེ་ཡེ་སྭཱ་ཧཱ། ཁྲུས་ཆུ་དེ་ཉིད་སླར་ཡང་བུམ་པར་བླུགས་ལ། རྟེན་གསར་པ་རྣམས་ཀྱི་དངོས་སམ་གཟུགས་བརྙན་ལ་ཁྲུས་གསོལ་ཞིང་། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་བརླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ༀ་སརྦ་ཏ་ཐ་ག་ཏ་སོགས། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ༴ སོགས་དང་། དེ་བཞིན་དུ། སྦྱིན་པའི་གནས་སུ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་དང་སེར་སྣའི་གནས་སུ། ཁྲིམས་འཆལ། ཁང་ཁྲོ། ལེ་ལོ། རྣམ་གཡེང་། ཤེས་འཆལ། དང་རྣམས་སྦྱར་ལ་སོ་སོའི་མཐར་སྔགས་དང་བཅས་པས་ཁྲུས་གསོལ། དེ་དག་སྐུ་ལ་སོགས་ཀྱིས་སྐུ་ཕྱི་བ་རྣམས་བྱ། མཐར་དྲི་ལྔས་ཐུགས་ཀར་བྱུགས་ལ། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་གྱུར་པའི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུགས་པར་བགྱི། །ༀ་བཛྲ་གྷནྡྷེ་སྭཱ་ཧཱ། ན་བཟའ་འབུལ་ལ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ༀ་བཛྲ་ཝསྟྲ་ཡེ་པྲ་ཏིཙྪཱ་སྭཱ་ཧཱ། སྤོས་མར་གྱིས་བདུག་ཅིང་སྤྲོ་ན་རྗེས་འབྲེལ་དུ་ཤིས་བརྗོད་ཇི་ལྟར་རིགས་པའང་བྱའོ། །གསུམ་པ་རྟེན་བསྐྱེད་པ་ནི། སྒྲུབ་དཀྱིལ་གང་ལ་བརྟེན་པའི་མདུན་བསྐྱེད་ལྟར་རམ། བྱེ་བྲག་ཏུ་བསྐྱེད་ན། ཨ་མྲྀ་ཏ ས་བསང་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་སྐུ་རྟེན་དང་མཆོད་རྟེན་གཙུག་ལག་ཁང་ལ་སོགས་པ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ༀ་ལས་འཁོར་ལོ་དཀར་པོ་གྱིས་མཚན་པ་ལས་རྣམ་སྣང་དཀར་པོ་གཡས་འཁོར་ལོ་དང་གཡོན་དྲིལ་བུ་འཛིན་པ། སྤྱན་མ་དཀར་མོ་གཡས་འཁོར་ལོ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། དེ་བཞིན་དུ། གླེགས་བམ་རྣམས་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཨྃ་ལས་པདྨ་ཨྃ་གིས་མཚན་པ་ལས་སྣང་བ་མཐའ་ཡས་དམར་པོ་གཡས་པདྨ་དང་གཡོན་དྲིལ་བུ་འཛིན་པ། གོས་དཀར་མོ་དམར་མོ་གཡས་པདྨ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཕྱག་མཚན་རྣམས་གླང་པོས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ་སྔོན་པོ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པ། དབྱིངས་ཕྱུག་མ་སྔོན་མོ་གཡས་རྡོ་རྗེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་། གཞན་ཡང་རིན་པོ་ཆེའི་བྱེ་བྲག་དང་བང་མཛོད་སོགས་རིན་འབྱུང་། གོ་ཆ་རོལ་མོ་སྲུང་བའི་རིགས་སོགས་དོན་གྲུབ་ཏུ་བསྐྱེད་པར་བཤད་དོ། །གང་ལྟར་ཡང་མཐར། ཐམས་ཅད་ཀྱང་ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་འོད་ཟེར་མཐའ་ཡས་པར་སྤྲོ་བའི་བདག་ཉིད་ཅན་དུ་བཞུགས་པའོ། །དེ་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར། བསམ་མོ། །བདག་དང་རྟེན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་ཐམས་ཅད་བཛྲ་ས་མ་ཛཿ བཞི་པ་སྤྱན་དྲང་བ་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཇི་ལྟར་སངས་རྒྱས་རྣམས་ནི་དགའ་ལྡན་ནས། །སྤྲུལ་པ་དམ་པ་ཏོག་དཀར་ལྷ་ཡི་བུས། །མི་ཕམ་མགོན་ལ་རྒྱལ་ཚབ་དབང་བསྐུར་ནས། །གཟིགས་པ་རྣམ་ལྔས་འཛམ་གླིང་ཀུན་གཟིགས་ཤིང་། །གླང་ཆེན་ཐལ་ཀར་སྟབས་གཤེགས་ལྷུམས་ཞུགས་ལྟར། །རྡོ་རྗེ་རིན་ཆེན་པདྨའི་རིགས་མཆོག་དང་། །ལས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་རིགས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས། །དུས་འདིར་བདག་གིས་དད་པས་སྤྱན་འདྲེན་ན། །རྟེན་མཆོག་འདིར་ལ་འབྱོན་པར་མཛད་དུ་གསོལ། །ཞེས་པས་སྤྱན་དྲང་། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་འབུལ། ༀ་བཛྲ་པུཥྤེ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་འི་བར་གྱིས་མཆོད། ལྔ་པ་དགུག་གཞུག་བྱ་བ་ནི། ༀ་བཛྲ་ཨྃ་ཀུ་ཤ་ཛཿ ༀ་བཛྲ་པ་ཤ་ཧཱུྃ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་ཨཱ་བེ་ཤ་ཡ་ཧོ༔ ཞེས་པས་དགུག་བཅིང་མཉེས་དགྱེས་པ་བསྐྱེད། དྲུག་པ་རྒྱས་གདབ་ནི། ༀ་དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅་ཧཾཿ ཨཱཿ དཔལ་ལྡན་སངས་རྒྱས་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་གསུང་། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་དབྱིག་ཏུ་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀྐ་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅་ཧཾཿ ཧཱུྃ༔ དཔལ་ལྡན་སངས་རྒྱས་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་ཐུགས། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭཱ་བྷཱ་ཨདྨ་ཀོ྅་ཧཾ། ཞེས་རྒྱས་གདབ་བོ། །བདུན་པ་དང་བསྐུར་བ་ནི། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་སྲས་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ ས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ། ༀ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏིཙྪ་སྭཱ་ཧཱ། ཞེས་པས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལའང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛོད། །ཡུམ་རྣམས་ཀྱིས་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་དབྱངས་བརྗོད། ལྷ་མོ་རྣམས་ཀྱིས་གདུགས་དང་བ་དན་ལ་སོགས་པ་བསྒྲེངས་ཤིང་། རོལ་མོའི་སྒྲ་དང་བཅས་པས་མཆོད་རྫས་ཀྱི་ཆར་འབེབས་ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པའི་ལས་མཛད་པར་བསམ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་བྱེད་ཀུན་གྱི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་དང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། སོགས་ནས། དེ་བཞིན་བདག་གིས་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རྣམ་སྣང་སོགས་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་བསམ། ༀ་ཧཱུྃ་ཏྲཱྃ་ཧྲིཿཨཱཿ པཉྩ་ཀུ་ལ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཱམ། ཞེས་དབུ་བརྒྱན་གྱིས་དབང་བསྐུར། ༀ་ཏྲུྃ་ཞེས་གོ་དགོས། ༀ་བཛྲ་ཏུཥྱ་ཧོ༔ ཞེས་རྡོ་རྗེ་ཐལ་མོ་མཉེས་པར་བྱའོ། །སྤྲོ་ན། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་སོགས་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཆོས་སྐུ་ནམ་མཁའ་སོགས་ཀྱིས་བསྟོད། བརྒྱད་པ་སྤྱན་དབྱེ་བ་ནི། གསེར་ཐུར་གྱིས་དབྱེ་བའི་ཚུལ་དང་བཅས། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱི་ཡེ་ཤེས་སྤྱན། །སེམས་ཅན་དོན་དུ་དབྱེ་བར་བྱ། །ༀ་ཙཀྱུ་ཙཀྱུ་ས་མནྟ་ཙཀྱུ་བི་ཤོ་དྷ་ནི་སྭཱ་ཧཱ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཅིང་སེམས་ཅན་གྱི་དོན་ལ་གཟིགས་པ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག །དགུ་པ་རྟེན་བསྒྱུར་བ་ནི། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་ཐལ་མོས་རྟེན་གྱི་གཟུགས་བརྙན་མེ་ལོང་གི་དངོས་སུ་ཤར་བ་ལ་རེག་ཅིང་སེ་གོལ་གྱི་སྒྲས་མཚོན་པས། ༀ་ཨཱཿཧཱུྃ་སྭཱ་ཧཱ། ལན་གསུམ་བརྗོད་པས། བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་ལས་སྐུ་གསུང་ཐུགས་སོ་སོའི་སྣང་བསྙན་གསལ་ལ་མ་འདྲེས་པ་ཡོངས་སུ་རྫོགས་པའི་མཐུ་བྱིན་དང་ལྡན་པར་བསམ། བཅུ་པ་མངའ་འབུལ་བ་ལ་བཞི་ལས། དང་པོ་མཆོད་བསྟོད་ཀྱིས་སྤྱིར་མངའ་དབུལ་བ་ནི། མཆོད་པ་བསང་སྦྱངས་བྱིན་རླབས་སྔོན་དུ་འགྲོ་བས། ཉེར་སྤྱོད། རིན་ཆེན་བདུན། འདོད་ཡོན་ལྔ། ལྷ་མོ་བཅུ་དྲུག་རྣམས་སྤྱི་ལྟར་འབུལ། དེ་ཙམ་མི་ནུས་ན། ཕྱོགས་བཅུ་རབ་འབྱམས་ནམ་མཁའི་ཁམས་གང་བའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །ཀུན་བཟང་རྣམ་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། ཤབྡའི་བར་སྦྱར་བས་ཉེར་སྤྱོད། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ༀ་སབྟ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་རིན་ཆེན་བདུན། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིང་བླ་མེད་སྒྲུབ་མཆོག་སྩལ་དུ་གསོལ། །ༀ་པཉྩ་ཀ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། གིས་འདོད་ཡོན་ལྔ་རྣམས་ཀྱིས་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། མཉམ་ཉིད་མི་གཡོ་སོགས་སངས་རྒྱས་སྤྱིའི་བསྟོད་པའམ། བསྡུ་ན། ཆོས་སྐུ་ནམ་མཁའ༴ སོགས་དང་། བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བསྟོད། གཉིས་པ་བྱེ་བྲག་ཏུ་ཉེ་བར་མཁོ་ན་བས་མངའ་དབུལ་བ་ནི། མཎྜལ་གྱི་བཀོད་པ་དབུལ་ཞིང་། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་ཨཱཿཧཱུྃ། དྲིའི་བྱུག་པ་ཕུལ་ལ། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ༀ་བཛྲ་གནྡེ་སྭཱ་ཧཱ། ན་བཟའ་ཕུལ་ལ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱངས་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ༀ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། རྒྱན་སྣ་ཚོགས་ཕུལ་ལ། རྒྱ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་མཆོག་ཐོབ་པར་ཤོག །ༀ་བཛྲ་བི་ཤྭ་རཏྣ་ཨཱ་ལཾ་ཀ་ར་ཡེ་སྭཱ་ཧཱ། གསུམ་པ་ཙ་རུའི་ཞལ་ཟས་ཀྱིས་མངའ་དབུལ་བ་ནི། ལྷ་བཤོས་གཙང་མ་ཏིང་ཆབ་ཀྱིས་བྲན་ལ། ན་མསྶརྦ་ཏ་ཐཱ་ག་ཏ༴ སོགས་ནམ་མཁའ་མཛོད་སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷ་རྫས་ཀྱི་ཞལ་ཟས་འདོད་ཡོན་གྱི་དངོས་པོ་ཟད་མི་ཤེས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་བར་བསམས་ལ། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཅེས་པས་འབུལ། བཞི་པ་སྔགས་ཀྱིས་མངའ་དབུལ་བ་ནི། རྟེན་རྣམས་ལ་གཟུངས་ཐག་སེར་པོ་བཏགས་པའི་སྣེ་མོ་ནས་སློབ་དཔོན་གྱིས་བཟུང་ཞིང་། གནས་བྱའི་རྟེན་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྟེན་ས་སོ་སོའི་རྣམ་པར་བྱོན་ནས་དེ་ལ་བཞུགས་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། བདག་བསྐྱེད་ཀྱི་སྙིང་པོའི་མཐར། སུ་པྲ་ཏིཥྛ་དང་ༀ་ཧཱུྃ་ཧྲཱིཿབྷྲཱུྃ་ཁཾ་བཛྲཱི་བྷ་ཝ་དྲི་དྷ་ཏིཥྛ་བྷྲཱུྃ་ཁཾ་སྭཱ་ཧཱ། དང་། རྟེན་འབྲེལ་སྙིང་པོ་རྣམས་ཅི་ནུས་བཟླ། རྗེས་འབྲེལ་དུ། ཡེ་དྷརྨ་སོགས་དང་། ཕུན་སུམ་ཚོགས་པ་མངའ་བ༴ སོགས་པའི་ཤིས་པ་རྒྱ་ཆེར་བརྗོད་པས་མངའ་གསོལ་ཞིང་མེ་ཏོག་གི་ཆར་ཕབ། བཅུ་གཅིག་པ་གསོལ་བ་གདབ་པ་ནི། ཡི་གེ་བརྒྱ་པ་ལན་གསུམ་སྔོན་དུ་འགྲོ་བས། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། སོགས་ཤྭ་ལོ་ཀ་གཉིས་ཀྱིས་མཆོད། དེ་དག་བསྔགས་པ༴ སོགས་ཀྱིས་བསྟོད། རྟེན་ལ་མེ་ཏོག་གི་ཕྲེང་བ་བཏགས་པ་ནས་བཟུང་། ཐལ་མོ་སྦྱར་བས་བཏུད་དེ། ཇི་སྲིད་ས་ཆུ་མེ་དང་ནི། །རླུང་གི་བསྐལ་པས་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཞེས་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུའང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ལན་གསུམ་གྱིས་གསོལ་བ་གདབ། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་བ། སླར་ཡང་མཆོད་བསྟོད་ཀྱང་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་དྲུག་ལས། དང་པོ་གཏོར་མ་བཏང་བ་ནི། ནང་དུ་རྡོ་རྗེའི་ཆོས་སྲུང་རྣམས་དང་། ཕྱི་རོལ་ཏུ་ཕྱོགས་སྐྱོང་འབྱུང་པོ་རྣམས་ལ་གཏོར་མ་ཆོ་ག་ཇི་ལྟར་རིགས་པས་འབུལ་ལོ། །གཉིས་པ་སྲུང་མ་བསྒོ་བ་ནི། གནས་དང་རྟེན་གང་ལ་གཉེར་གཏད་པར་འདོད་པ་དེ་ཉིད་ཀྱི་གཏོར་མ་ཟུར་དུ་བཤམས་ནས་ཕུལ། རྡོ་རྗེ་བཀའ་ནན་གྱི་རྒྱ་བཅིངས་ཏེ། ༀ་བཛྲ་རཀྵ་ཧཾ་ཞེས་དང་། རྡོ་རྗེ་རྩེ་ལྔ་པའི་རྒྱ་སྤྱི་བོར་རེག་པའི་མོས་པས། ༀ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་པས་དམ་ལ་གཞག །རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། གནས་དང་རྟེན་འདི་རྣམས་སྲུང་ཞིང་སྐྱོང་བ་དང་། མཆོད་པ་བསམ་གྱིས་མི་ཁྱབ་པ་རྒྱུན་མི་འཆད་པར་འབྱུང་བའི་ཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། གསུམ་པ་དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་ནི་ལས་གཞུང་ལྟར་བྱའོ། །བཞི་པ་ཡོན་བདག་བསྒོ་བ་ནི། བཀྲ་ཤིས་པའི་རྫས་དང་མཆོད་པའི་ཡོ་བྱད་འདུ་བྱས་ནས་ཡོན་བདག་ཉེ་ལོགས་སུ་སྟོན་བཟང་པོ་ལ་འཁོད་པར། བདེར་གཤེགས་ལྷག་མ་འདི་དག་ནི། །གསོལ་ཞིག་སྡིག་པ་བྱང་བར་འགྱུར། །ཞེས་བརྗོད་ཅིང་དཔོན་སློབ་ཐམས་ཅད་ལ་ཙ་རུའི་བཟའ་བ་འགྲིམ། སློབ་དཔོན་གྱིས་སྤྲོ་ན་སྤྱི་དང་བྱེ་བྲག་གི་ལུང་གིས་རྒྱབ་སྐྱོར་ཏེ་སྐབས་སུ་བབས་པའི་བཤད་པས་མཚམས་སྦྱར་བའམ། གང་ལྟར་ཡང་། ཁྱོད་ཀྱིས་ང་ལ་གང་གསོལ་བའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་ཇི་བཞིན་དུ། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱི། །ཅི་བདེར་བར་ནི་མཆོད་པར་བྱོས། །ཁྱོད་ཀྱིས་ང་ལ་གང་གསོལ་བ་བཏབ་པའི་རབ་ཏུ་གནས་པ་དེ་ལེགས་པར་ཚང་བར་བྱས་ཀྱི། ཁྱོད་ཀྱིས་རྟེན་འདི་རྣམས་ལ་ཞག་བདུན་དུ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག །དེ་ནས་ཀྱང་ཅི་འབྱོར་པའི་མཆོད་པ་རྒྱུན་མི་ཆད་པར་གྱིས་ཤིག །ཅེས་གདམས་པ་དང་། དེས་ཀྱང་མཆོད་པའི་བྱེ་བྲག་རྣམས་ལ་གང་གིས་བསྟར་ཏེ་རྟེན་གྱི་དྲུང་དུ་བཀོད་པས་མཛེས་པར་བཤམས་ལ། དཔོན་སློབ་རྣམས་མགྲིན་གཅིག་པར་བསང་སྦྱང་བྱིན་རླབས་སྔོན་དུ་འགྲོ་བས། རབ་འབྱམས་རྒྱ་མཚོ་སོགས་ཚིགས་བཅད་སྔགས་དང་བཅས་པ་ཇི་ལྟར་རིགས་པས་འབུལ། ལྔ་པ་ཤིས་པར་བྱ་བ་ནི། བགེགས་བསལ་བའི་སླད་དུ་སྦྱང་བ་གསུམ་སྔར་བཞིན་ལ། བདེན་བརྗོད་སྐབས། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་ཞེས་པའི་མཚམས། དེང་འདིར་རབ་གནས་པར་བྱས་པའི་རྟེན་རྣམས་དང་། སྦྱིན་པའི་བདག་པོ་འཁོར་དང་བཅས་པ་ལ་བཀྲ་ཤིས་པ་དང་། མཐུན་རྐྱེན་བསོད་ནམས་ཀྱི་ལེགས་ཚོགས་སྤེལ་བ་ལ་བར་དུ་གཅོད་ཅིང་གླགས་ལྟ་བའི་སོགས་སྔོན་དུ་འགྲོ་བས། རྫས་དང་སྦྱིན་བདག་རྣམས། ཨ་མྲྀ་ཏས་བསང་། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྦྱིན་པའི་བདག་པོ་སྐད་ཅིག་གིས་གནོད་སྦྱིན་བྱེ་བའི་སྡེ་དཔོན་ཆེན་པོ་ཛམ་བྷ་ལའི་སྐུར་གྱུར་པའི་མདུན་དུ་མཾ་ལས་བྱུང་བའི་བཀྲ་ཤིས་པའི་རྫས་བརྒྱད་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། ༀ་ཨཱཿམངྒ་ལཾ་དྲ་བྱ་ཧཱུྃ། ཞེས་པས་བྱིན་རླབས་ལ། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ། །ཞེས་སོགས་ཀྱིས་རྫས་རྣམས་རེ་རེ་བཞིན་དུ་ཡོན་བདག་ལ་གཏད་ཅིང་། དེས་ཀྱང་རྟེན་ལ་འབུལ་བའི་ཚུལ་བྱ། སླར་ཡང་མདུན་གྱི་ནམ་མཁར་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས་ཤིས་པ་བརྗོད་པའི་གླུ་དབྱངས་དི་རི་རི་སྒྲོགས་ཤིང་མེ་ཏོག་མནྡྷཱ་རའི་ཆར་ཆེན་པོ་ཕབ་པས་དགེ་ལེགས་ཀྱི་སྣང་བས་ས་གསུམ་ཀུན་ཏུ་ཁྱབ་པར་བྱས་པའི་མོས་པ་མཛོད། ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱིས་ཤིས་བརྗོད་དང་དགའ་སྟོན་རྒྱ་ཆེར་བྱ། དྲུག་པ་དགེ་བ་བསྔོ་བ་ནི། དེ་ལྟར་བསྒྲུབས་པའི་དགེ་ལེགས་བྱས་ཀྱིས་མཚོན་ཏེ་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཆེད་དུ་བཟང་པོ་བཞི་ལྡན་གྱི་ཡོངས་སུ་བསྔོ་བས་རྒྱས་གདབས་པ་དང་། སྨོན་ལམ་གྱི་མཐུན་འགྱུར་ཀྱང་ཇི་ལྟར་རིགས་པ་རྒྱས་པར་བྱའོ། །གལ་ཏེ་དེ་ལས་བསྡུས་པར་འདོད་ན། བདག་བསྐྱེད་སྔོན་དུ་འགྲོ་བས་ལས་བུམ་སྒྲུབ། སྦྱང་བ་ནས་བརྩམས་ཏེ་རྟེན་བསྒྱུར་བའི་བར་སྔར་བཞིན་ལ། མཆོད་བསྟོད་དང་སྔགས་ཀྱིས་མངའ་དབུལ། གསོལ་གདབ་བཅས་ཀྱི་མཐར་བདག་བསྐྱེད་ཀྱི་རྗེས་ཆོག་རྣམས་བྱའོ། །ཤིན་ཏུ་བསྡུས་པ་ནི། བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུྃ་མཛད་དུ་གསལ་ཞིང་བདེན་སྟོབས་བརྗོད་པས་བགེགས་སྦྱང་། གྲུབ་ན་རྟེན་རྙིང་པ་ལ་ལྷ་ཁྲུས་གསོལ་བའི་ཆུས་ཁྲུས་ཀྱི་བྱ་བ་མདོར་བསྡུས་བྱ། རྟེན་བསྐྱེད་ནས་དབང་བསྐུར་ཡན་སྔར་ལྟར་ལ། དེ་ནས་སྤྱན་དབྱེ། ཞལ་བསྒྱུར། མཆོད་བསྟོད། གསོལ་གདབ་བཅས་ཀྱི་མཐར་བཀྲ་ཤིས་པའི་མེ་ཏོག་ཆར་དུ་བསྙིལ་བས་གྲུབ་པ་ཡིན་ནོ། །དམ་ཚིག་གི་གཟུགས་བརྙན་སྤྲུལ་པའི་དཀྱིལ་འཁོར་དུ། ཡེ་ཤེས་ལྷག་པར་གནས་པའི་ཆོ་ག་ནི། སྙིང་པོར་དྲིལ་ཏེ་ལེགས་པར་སྦྱར་བའི་དགོས། །འགྲོ་ཀུན་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་པའང་མཁས་ཤིང་གྲུབ་པ་བརྙེས་པའི་རྡོ་རྗེའི་སློབ་དཔོན་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་གཞུང་རྒྱ་ཆེན་པོ་ལས། གནས་སྐབས་འགའ་ཞིག་ཏུ་མདོར་བསྡུས་པའི་ཚུལ་གྱིས་ཆོ་གའི་ཡན་ལག་མ་ཉམས་པར་སྒྲུབ་པར་འདོད་པ་རྣམས་ལ་སྨོན་པའི་བསམ་པ་ཉེ་བར་བསྐྱེད་ནས། ཤཱཀྱའི་དགེ་སློང་རིག་པ་འཛིན་པ་མཉྫུ་གྷོ་ཥས་ལེགས་པར་སྦྱར་བའི་དགེ་བས་འཇིག་རྟེན་གསུམ་ན་དགེ་ལེགས་ཀྱིས་སྣང་བས་དུས་རྟག་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལ་ཡཱ་ཎཾ་བྷ་བ་ཏུ།། །།

རྒྱུད་ལས་གསུངས་པའི་སངས་རྒྱས་སྤྱིའི་བསྟོད་པ།

༈ མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་འགྲན་དུ་ཡོད་མ་ཡིན། །དངོས་གྲུབ་རྣམ་གཉིས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་ཡོངས་རྫོགས་པའི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོད་མི་འགྱུར། །ཨེ་མ་ཧོ། ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང་། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་དཔལ་ཡང་དག་ཧེ་རུ་ཀ་གལ་པོའི་རྒྱུད་སོགས་ལས་གསུངས་པའི་སངས་རྒྱས་སྤྱིའི་བསྟོད་པའོ།། །།

དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞལ་སྔ་ནས་བརྒྱུད་པའི་སྒྲོལ་མ་གཡུལ་བཟློག

དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞལ་སྔ་ནས་བརྒྱུད་པའི་སྒྲོལ་མ་གཡུལ་བཟློག་བལྟས་ཆོག་ཏུ་བཀོད་པ་བདེན་འབྲས་མྱུར་སྟོན་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨཱརྱ་ཏཱ་ར་ཡེ། དཔའ་ཞིང་གློག་ལྟར་མྱུར་བའི་ཐུགས་རྗེའི་སྤྱན། །མཁའ་ཁྱབ་སྡུག་བསྔལ་ཡིད་ཅན་ལ་གཟིགས་པས། །སྐད་ཅིག་རེ་རེར་རྣམ་གྲོལ་བདེ་བ་ཆེར། །དབུགས་འབྱིན་སྩོལ་མཛད་རྗེ་བཙུན་འཕགས་མར་འདུད། །གང་དེའི་རྣལ་འབྱོར་ལ་བརྟེན་ནས། །ཕྱི་ནང་བར་ཆད་བཟློག་པའི་ཐབས། །ཁུངས་ལྡན་བྱིན་རླབས་གཟི་བརྗིད་ཅན། །འཁྲུལ་མེད་གོང་མའི་ལུང་བཞིན་འགོད། །རྒྱལ་བ་གཉིས་པ་འཕགས་མཆོག་ཀླུ་སྒྲུབ་ཞབས་ནས་རིམ་པར་བརྒྱུད་ཅིང་འཕགས་བོད་ཀྱི་ལྗོངས་ན་ཡོངས་སུ་གྲགས་པའི་མདོས་ཟློག་འདི་ལ་དོན་བཞི། གང་ལས་བརྒྱུད་པའི་ཚུལ། ཕན་ཡོད་དང་འབྲེལ་བའི་ལོ་རྒྱུས། སྒྲུབ་པ་པོའི་གང་ཟག་ཆོག་དངོས་ལག་ཏུ་ལེན་པའི་ཚུལ་ལོ། །དང་པོ་ནི། རྒྱལ་བས་ལུང་བསྟན་ཅིང་སྒྲོལ་མའི་རྒྱུད་ལ་བརྟེན་ནས་གྲུབ་པ་ཐོབ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་དེ་སྐལ་ལྡན་རྣམས་ལ་གནང་། དེ་ནས་བརྒྱུད་པའི་ཟམ་མ་ཆད་པར་བྱོན་ཏེ་ཇོ་བོ་རྗེ་ཨ་ཏི་ཤས་བོད་དུ་བསྣམས། ཇོ་བོས་སྐུ་གཤེགས་ཁར་ན་བཟའི་གསེབ་ནས་བཏོན་ཏེ་དགེ་བཤེས་སྟོན་པ་ལ་གནང་། དེས་གསང་ཕུ་བ་རྔོག་ལེགས་པའི་ཤེས་རབ། དེས་སྣེ་ཟུར་བ་ལ་གནང་ཞིང་རིམ་པར་བརྒྱུད་ནས་རྒྱ་སྟོན་ལ་བཀའ་བབས་ཏེ་ཡིག་ཆ་རྒྱས་པའང་མཛད། ཕྱིས་རྒྱལ་ཚབ་གྲགས་པ་མཆོག་དབྱངས་དང་ཞུ་ཆེན་སོགས་ཀྱིས་ཡིག་ཆ་ལག་ལེན་རྒྱས་བསྡུས་ཅི་རིགས་པར་མཛད་ཅིང་ལུང་དང་ལག་ལེན་གྱི་བརྒྱུད་པའང་མ་ཉམས་པར་བཞུགས་པའོ། །གཉིས་པ་ནི། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། །ཡེ་ཤེས་ལྷ་དང་འཇིག་རྟེན་པ། །དེ་དག་ནུས་པ་འདི་ཡིས་ཞི། །ཀླུ་རྒྱལ་གཙུག་གི་ནོར་བུ་བཞིན། །དགོས་འདོད་ཐམས་ཅད་འདི་ཡིས་འགྲུབ། །རྟེན་གསུམ་འོག་ཏུ་མནན་པ་དང་། །སྡེ་བརྒྱད་དག་ལ་གཏད་པ་དང་། །ཟོར་ཐུན་ཕུར་པ་བསྒྲིལ་བ་དང་། །ཡུལ་དུ་ལྟས་ངན་སྐྱེས་པ་སོགས། །དེ་དག་ཀུན་གྱི་ནུས་པ་ནི། །ཅུང་ཟད་ཙམ་ཡང་འབྱིན་མི་ནུས། །རང་ཉིད་བསྒྲུབས་ན་མཆོག་ཏུ་བསྔགས། །ཞེས་གདམས་པ་དང་། ཇོ་བོའི་ཞལ་ནས། ཐག་རིང་པོར་འགྲོ་ན་ཆོ་ག་འདི་བྱས་པས་རྐྱེན་ངན་གང་ཡང་མི་འབྱུང་ངོ་། །ཡང་ཡུལ་ཕྱོགས་སུ་འཁྲུགས་པ་ཡོད་པ་དང་། ནད་རིམས་གཡོས་པ་དང་། མི་དགེ་བའི་ལྟས་བྱུང་བ་ལ་ཆོ་ག་འདིས་ཟློག་གོ། །རང་ལ་མི་འདོད་པ་ཅི་བྱུང་ཡང་ཐེ་ཚོམ་མི་བྱེད་པར་ཆོ་ག་འདི་བགྱིས་པས་རང་ཅི་འདོད་པའི་དོན་མི་འགྲུབ་མི་སྲིད། འདོད་པའི་དོན་སྒྲུབ་པ་དང་ཟློག་པའི་ཆོ་ག་འདི་ལས་བྱིན་རླབས་ཆེ་བ་མཐུ་ཆེ་བ་མེད་པས། འདི་ལ་ཤིན་ཏུ་བརྩོན་པར་གྱིས་ཤིག །བོད་དུ་ཐོན་པའི་ཡིག་ཆ་འདི་ལས་ཟབ་པ་མེད་པར་འདུག་གསུངས་སོ། །དེས་ན་མཐུ་དང་བྱད་ཁ་ཐན་ལྟས་རྨི་ལམ་ངན་པ། ལྷ་འདྲེ་དྲག་པོ་དང་འགྲས་པ། གདོན་ཆེན་གྱི་གནོད་པ་ཟུག་པ། དལ་ཡམས་རིམས་ནད། གོད་ཁ་ཕྱུགས་ནད། ལོ་ཟླ་ཞག་དུས་གཟའ་སྐར་ངན་པའི་གནོད་པ་སོགས་གང་ལའང་ཟློག་པ་འདི་ཟབ་ཅིང་སྟོབས་ཆེ། གཞན་ཡང་དྲག་སྔགས་བགྲང་བ་དང་། མནའ་ཟོས་པ་དང་། ཐག་རིང་འགྲོ་བའི་ཉེས་པ་སོགས་ཀྱང་སྒྲིབ་ཅིང་མདོར་ན་ཡེ་ཤེས་པ་དང་འཇིག་རྟེན་པ་ཐམས་ཅད་ཟློག་ཅིང་དགེ་ལེགས་ཐམས་ཅད་སྤེལ་བ་ལ་ཁྱད་པར་དུ་འཕགས་པའོ། །དེ་ལྟ་བུའི་བྱིན་རླབས་ཕན་ཡོན་ཆེན་པོ་དང་ལྡན་པའི་ཆོ་ག་འདི་ཉིད་བྱས་པས་ཡིད་ཆེས་པའི་རྟགས་རྒྱ་གར་དང་བལ་པོ་དང་བོད་རྣམས་ལས་བྱུང་བའི་ལོ་རྒྱུས་རྒྱ་ཆེར་འདུག་པ་ནི་ཡིག་རྙིང་རྣམས་ལས་ཤེས་པར་བྱའོ། །གསུམ་པ་ནི། སྒྲོལ་མའི་དབང་དང་རྗེས་གནང་གང་རུང་ཐོབ་པ། ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་ལུང་ཐོབ་ཅིང་ཁྱད་པར་དུ་ཚུལ་འདིའི་ལུང་ཐོབ་པའི་རབ་དགེ་སློང་། འབྲིང་དགེ་ཚུལ། ཐན་དགེ་བསྙེན་ཡང་རུང་སྟེ། ཁྱིམ་པ་མ་ཡིན་པ་ཉི་ཤུ་རྩ་གཅིག་གམ། བདུན་ནམ། ལྔའམ། གཅིག་གམ་གསུམ་ལ་སོགས་པ་ཡུལ་དུས་དང་འཚམས་པས་བསྒྲུབ་བོ། །བཞི་པ་ཆོ་ག་དངོས་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི། དུས་བཟང་པོའམ་དགོས་པ་ལ་བབ་པའི་ཚེ། གནས་ཁང་བྱི་དོར་བྱས་པའི་གུང་དུ་སྟེགས་བུ་མཐོ་ཞིང་ཁེབས་ལྡན་གྱི་དབུས་སུ་རྡུལ་ཚོན་ནམ་རས་བྲིས་ཀྱི་པདྨ་འདབ་མ་ཉི་ཤུ་བ་ལྟེ་བ་དང་བཅས་པ་བཀོད། མ་འབྱོར་ན་མཎྜལ་ལ་འབྲུའི་ཚོམ་བུ་དབུས་སུ་གཅིག །མཐའ་བསྐོར་ཕྱོགས་བཞིར་ལྔ་རེ་སྟེ་ཉེར་གཅིག་ཚང་བར་བཀོད་པའི་སྟེང་དུ་སྒྲོལ་མ་ཉེར་གཅིག་གམ། སྒྲོལ་ལྗང་གི་སྐུ་བྲིས་འབུར་གང་རུང་རབ་གནས་ཅན་བཀོད། དེའི་མདུན་དུ་ཕྱི་མཆོད་ཕྲེང་ཚར། ཁྲུས་བུམ། སྐུ་ཕྱིས་ན་བཟའ་རྣམས་དང་། སྣོད་གཙང་མར་གཏོར་ཟླུམ་ཐེབ་ཀྱུ་མང་པོས་བསྐོར་རྒྱན་སྤྲོས་ཅན་བཅས་གཙང་སྦྲ་དང་ལྡན་པར་བཤམ། དེ་དག་ལས་དམའ་བའི་སྟེགས་བུར་བགེགས་གཏོར་ཅོག་རྡོག་རིལ་བུ་སྤུངས་པ་དང་། ལན་ཆགས་གཏོར་མ། ངར་ཆུང་ཆང་བུ་ཏིང་ལོ་ཐེབ་ཀྱུ་བཅས་པ་དང་། གཞི་བདག་ལ་དཀར་གཏོར་འབྲུ་བླུགས་པ་བཅས་བཤམ་མོ། །དེ་ནས་མདོས་ཟློག་ནི། སྟེགས་བུ་གྲུབ་བཞི་བའི་སྟེང་དུ་ཟན་ནམ་འཇིམ་པའི་རི་རབ་བང་རིམ་བཞི་པ་བྱ། རི་རབ་ཀྱི་སྟེང་དུ་མཁར་ཐབས་གྲུ་བཞི་རྒྱའི་གཏོག་དང་བཅས་པ་མཛེས་ཚོན་བྱས་ལ་བཞག །མཁར་གྱི་སྒོ་མདུན་གྱི་བང་རིམ་གོང་མ་ལ་ཟན་གྱི་ངར་མི་མཐོ་གང་རྟ་ལ་ཞོན་པ་གཅིག་བཞག །དེ་ལ་གསེར་གཡུ་དང་དར་གོས་ཀྱིས་བརྒྱན། ཟན་ལ་གསེར་སྐྱེམས་བརྡར་བའི་མིའུ་ཐུང་གིས་གཟུགས་སུམ་ཅུ་ལག་བཟོའམ། སྤར་བཏབ་པ་གང་བ་དེར་བྱས་ལ་བང་རིམ་དང་པོ་མཁར་གྱི་མཐའ་བསྐོར་དུ་བཞག །ངར་མི་ཆེ་བ་རྟ་ཅན་གྱི་གཡས་གཡོན་རྒྱབ་གསུམ་དུ་ནམ་མཁའ་གསུམ་བཙུག །མདུན་དུ་རྒྱང་བུ་གསུམ་བཙུག །བང་རིམ་གཉིས་བར་ཞལ་ཟས་བརྒྱད་དང་བྱ་རིགས་སྣ་ཚོགས་ཀྱིས་བསྐོར་བ། བང་རིམ་གསུམ་བར་གླང་ཆེན་རྟ་མཛོ་བ་གླང་ར་ལུག་སོགས་དུད་འགྲོའི་རིགས་ཀྱི་གཟུགས་བརྙན་དང་། ཤྭ་གནའ་སྒོ་སོགས་རི་དྭགས་ཀྱི་རིགས་ཐམས་ཅད་ཀྱི་གཟུགས་བརྙན་དང་། ཉ་ལྕོང་སྦལ་སྦྲུལ་སོགས་ཆུ་གནས་སྣ་ཚོགས་ཀྱི་གཟུགས་བརྙན་བཀོད། བང་རིམ་བཞི་པའི་ཕྱོགས་བཞི་དང་ཟུར་བཞིར་མར་མེ་རེ་རེ་སྟེ་བརྒྱད། འབྲུ་སྣ་ཚོགས་དང་ཟས་སྣ་ནོར་གཡུའི་རིགས་གང་འཛོམ། སྨན་སྣ་འབྲུ་སྣ་ངར་མི་ཆང་བུ་གོས་དུམ་སྤུ་གླུད་གཟུགས་ལྷག་མའི་རིགས་དང་། ཐན་ལྟས་སོགས་བྱུང་བ་ཡིན་ན་གང་བྱུང་བའི་གཟུགས་བརྙན་དང་ཡས་སྟག་སོགས་ཀྱི་རིགས་ཅི་འཛོམ་པས་བསྐོར། མཐར་ལྕགས་རིས་བསྐོར་བའི་གཡས་ཀྱི་ཁར་ཕོ་ཏོང་དྲུག །གཡོན་དུ་མོ་ཏོང་དྲུག །མདུན་དུ་མདའ་བཀྲ་གསུམ། ཕྱོགས་བཞིར་ནམ་མཁའ་བཞི། མཚམས་བཞིར་རྒྱང་བུ་བཞི་རྣམས་བཙུག །དེའི་ཕྱི་ནས་སྣལ་མས་བཅིངས་ཏེ་མདུན་དུ་མདུད་པ་ཁ་ཚུར་རང་ལ་བསྟན་ཏེ་བཞག་གོ། །བཅའ་ལུགས་འདི་བཞིན་ཡིག་རྙིང་ནས་བཤད་པ་དང་དམ་པ་ཁ་ཅིག་གི་ཕྱག་བཞེས་སུ་སྣང་བས་ཁུངས་བཙུན་པ་ཡིན་ལ། སྤྱིར་གཏོ་མདོས་ཀྱི་རིགས་ལ་མཁས་བླུན་དང་འབྱོར་པའི་ཁྱད་པར་གྱིས་རྒྱས་བསྡུས་འདྲ་མིན་རང་བཟོའི་བྱ་བ་མཐའ་གཅིག་ཏུ་མ་ངེས་པས་འདི་ལའང་བྱེད་ལུགས་སྣ་ཚོགས་སུ་སྣང་ངོ་། །གཉིས་པ་ལ་ལྔ། བདག་བསྐྱེད། མདུན་བསྐྱེད། མཆོད་བསྟོད་གཏོར་འབུལ། གླུད་བརྫང་། བདེན་སྟོབས་ཀྱིས་བཟློག་པའོ། །དང་པོ་ལ། སྐྱབས་སེམས་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་བསྒོམ་བཟླས་ལ་འཇུག་པར་བགྱིའོ། །ལན་གསུམ། སངས་རྒྱས་ཆོས་ཚོགས་ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་སོགས་ཀྱིས་ཚད་མེད་བཞི་བསྒོམ། སྟོང་པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཏཱྃ་ལྗང་གུ། དེའི་འོད་ཀྱིས་ལུས་གང་། རྣམ་སྨིན་རྡོས་བཅས་དང་སྡིག་སྒྲིབ་ལྷན་ཅིག་ཏུ་སྦྱངས། རང་ཉིད་སྒྲོལ་མའི་སྐུར་གྱུར་བ་ནི། སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་སྔོན་པོའི་རྩ་བ་ཐུགས་ཀར་སྙན་གྱི་ཐད་ཀར་ཁ་བྱེ་བ། ཞབས་གཡས་བརྐྱང་གཡོན་བསྐུམ་པའི་སྐྱིལ་ཀྲུང་ཕྱེད་པའི་རོལ་བས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པད་ཟླའི་གདན་ལ་བཞུགས་པར་གྱུར། ཐུགས་ཀར་ཟླ་བ་ལ་གནས་པའི་ཏཱྃ་དེ་ལས་འོད་ཟེར་འཕྲོས། རྗེ་བཙུན་འཕགས་མ་སྒྲོལ་མ་ཡེ་ཤེས་སེམས་དཔའི་ལྷ་ཚོགས་བཛྲ་ས་མ་ཛཿཕྱག་དང་མཆོད་པ་ཡིད་ཀྱིས་བྱ་ཞིང་ངག་ནས་མི་བརྗོད། ཛཿཧཱུྃ་བཾ་ཧོ། གཉིས་སུ་མེད་པར་ཐིམ། སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གྱུར། ལྷ་ཡི་སྐུའི་གསལ་སྣང་ལ་སེམས་བཟུང་། བཟླས་པ་ནི། ཐུགས་ཀར་ཟླ་བའི་སྟེང་ཏཱྃ་ཡིག་ལྗང་གུའི་མཐའ་བསྐོར་དུ་ཡི་གེ་བཅུ་པས་བསྐོར་བ་བསྒོམས་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་དང་། གཟུངས་སྔགས་ཀྱིས་བསྐོར་བ་གསལ་བཏབས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ༀ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་དུ་དུཥྚ། པྲ་དུཥྚ། མ་མ་ཀྲྀ་ཏེ། ཛམྦྷཱ་བྷ་ཡ། སྟཾ་བྷ་ཡ། མོ་ཧ་ཡ། བྷན་དྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་དུཥྚཾ་སྟམ་བྷ་ནི་ཏ་རེ་སྭཱ་ཧཱ། ཞེས་པའང་ཅི་འགྲུབ་ཏུ་བཟླས། མཐར། ཡེ་ཤེས་པ་མདུན་དུ་ཞུགས་པར་གྱུར། ཨརྒྷཾ་ནས། ཤབྟའི་བར་གྱིས་མཆོད། རྗེ་བཙུན་མ་འཕགས་མ་སྒྲོལ་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་འདོད་དོན་གསོལ་བ་གདབ། དགེ་བ་བསྔོ། ༀ་མུཿ ཞེས་གཤེགས་སུ་གསོལ། རང་དམ་ཚིག་པའི་ང་རྒྱལ་གྱིས་གནས་པར་བྱའོ། །གཉིས་པ་མདུན་བསྐྱེད་ནི། ༀ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལྗང་གུ་ལས་ཨུཏྤལ་ཏཱྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་གུ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པར་མཛད་པ། གཡོན་པས་རབ་ཏུ་རྒྱས་པའི་ཨུཏྤལ་འཛིན་ཅིང་མཛེས་པའི་དར་གྱི་ན་བཟའ་བཀླུབས་པ། རྒྱལ་བ་དོན་ཡོད་གྲུབ་པའི་དབུ་རྒྱན་ཅན། པད་ཟླའི་གདན་ལ་རོལ་པའི་སྟབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དབུས་སུ་བཞུགས་པ། མཐའ་བསྐོར་གྱི་པད་འདབ་ཉི་ཤུ་ལ་མདུན་ནས་གཡས་བསྐོར་གྱིས་རིམ་པ་བཞིན་མྱུར་ཞིང་དཔའ་བ་བགེགས་དང་འཚེ་བ་རྣམ་པར་འཇོམས་པའི་སྒྲོལ་མ་སྐུ་མདོག་དམར་མོ་དབང་དུ་སྡུད་པའི་བུམ་པ་དམར་པོ་བསྣམས་པ། སྟོན་ཀའི་ཟླ་བ་ལྟར་དཀར་བ་ནད་དང་གདོན་བགེགས་འཇོམས་པའི་སྒྲོལ་མ་ཞི་བའི་བུམ་པ་དཀར་པོ་བསྣམས་པ། ཚེ་དང་ལོངས་སྤྱོད་འཕེལ་བར་མཛད་པའི་སྒྲོལ་མ་གསེར་མདོག་ཅན་རྒྱས་པའི་བུམ་པ་སེར་པོ་བསྣམས་པ། ཚེའི་མཆོག་སྩོལ་བར་མཛད་པའི་སྒྲོལ་མ་རྣམ་པར་རྒྱལ་མ་གསེར་མདོག་ཅན་ཚེའི་བུམ་པ་སེར་པོ་བསྣམས་པ། ཧཱུྃ་སྒྲ་སྒྲོགས་མ་ཤེས་རབ་ཀྱི་ཕྱག་རྒྱས་དབང་དུ་སྡུད་པར་བྱ་ཞིང་འགུགས་པར་མཛད་པའི་སྒྲོལ་མ་སྐུ་མདོག་དམར་སེར་ཡིད་འཕྲོག་པའི་བུམ་པ་དམར་པོ་བསྣམས་པ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་འབྱུང་པོ་འདུལ་བར་མཛད་པའི་སྒྲོལ་མ་སྐུ་མདོག་དམར་ནག་འབྱུང་པོ་རོ་ལངས་མྱོས་པོར་བྱེད་པའི་བུམ་པ་སྔོན་པོ་བསྣམས་པ། གཞན་འཇོམས་ཤིང་གཞན་གྱི་རིག་སྔགས་ཟློག་པར་མཛད་པའི་སྒྲོལ་མ་སྐུ་མདོག་ནག་མོ་རིག་སྔགས་ཟློག་པའི་བུམ་པ་ནག་པོ་བསྣམས་པ། བདུད་དགྲ་འཇོམས་པའི་སྒྲོལ་མ་སྐུ་མདོག་དམར་ནག་བདུད་དང་དགྲ་འཇོམས་པའི་བུམ་པ་དམར་པོ་བསྣམས་པ། དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱ་ཅན་འཇིགས་པ་ཐམས་ཅད་བསྲུང་བར་མཛད་མ་འཇིགས་པ་ཐམས་ཅད་འཇོམས་པའི་བུམ་པ་དཀར་པོ་བསྣམས་པ། བདུད་དང་བར་དུ་གཅོད་པ་འདུལ་བར་མཛད་པའི་སྒྲོལ་མ་སྐུ་མདོག་དམར་མོ་བདུད་འཇོམས་པའི་བུམ་པ་དམར་པོ་བསྣམས་པ། དབུལ་བའི་སྡུག་བསྔལ་སེལ་ཞིང་དངོས་གྲུབ་སྩོལ་བར་མཛད་པའི་སྒྲོལ་མ་སྐུ་མདོག་གསེར་བཙོ་མ་ལྟར་དམར་སེར་དབུལ་བ་སེལ་བའི་བུམ་པ་སེར་པོ་བསྣམས་པ། བཀྲ་ཤིས་ཐམས་ཅད་སྦྱིན་པར་མཛད་མ་སྐུ་མདོག་གསེར་གྱི་མདོག་ཅན་བཀྲ་ཤིས་པའི་བུམ་པ་དཀར་པོ་བསྣམས་པ། བགེགས་དང་བར་ཆད་འཇོམས་པར་མཛད་མ་མེ་ལྟར་འབར་བའི་སྐུ་མདོག་དམར་མོ་བར་ཆད་སྲུང་བའི་བུམ་པ་དམར་པོ་བསྣམས་པ། བགེགས་རྣམ་པར་འཇོམས་པའི་ཁྲོ་གཉེར་ཅན་གྱི་སྒྲོལ་མ་སྐུ་མདོག་ནག་པོ་ཁྲོ་གཉེར་ཅུང་ཟད་ཡོད་པ་བགེགས་ལ་བསྣུན་པའི་བུམ་པ་མཐིང་ག་བསྣམས་པ། སྡིག་པ་དང་སྒྲིབ་པ་སྦྱོང་བར་མཛད་པའི་སྒྲོལ་མ་ཞི་བ་ཆེན་མོ་སྐུ་མདོག་དཀར་མོ་སྡིག་སྒྲིབ་སྦྱོང་བར་མཛད་པའི་བུམ་པ་དཀར་པོ་བསྣམས་པ། ཕ་རོལ་གྱི་རྩོད་པ་ལས་རྒྱལ་ཞིང་བློ་གྲོས་འཕེལ་བར་མཛད་པའི་སྒྲོལ་མ་སྐུ་མདོག་དམར་མོ་ཤེས་རབ་འཕེལ་བར་མཛད་པའི་བུམ་པ་དམར་སེར་བསྣམས་པ། བདུད་དང་བར་ཆད་ཞི་ཞིང་འཇིག་རྟེན་གསུམ་གཡོ་བའི་སྒྲོལ་མ་སྐུ་མདོག་དམར་སེར་རིག་སྔགས་གནོན་པའི་བུམ་པ་སེར་པོ་བསྣམས། ཀླུའི་དུག་ཐམས་ཅད་རབ་ཏུ་ཞི་ཞིང་སེལ་བར་མཛད་པའི་སྒྲོལ་མ་སྐུ་མདོག་དཀར་མོ་དུག་ནད་སེལ་བའི་བུམ་པ་དཀར་པོ་བསྣམས་པ། རྨི་ལམ་ངན་པ་དང་སྡུག་བསྔལ་སེལ་བར་མཛད་པའི་སྒྲོལ་མ་སྐུ་མདོག་དཀར་མོ་སྡུག་བསྔལ་སེལ་བའི་བུམ་པ་དཀར་པོ་བསྣམས་པ། རིམས་ནད་ཐམས་ཅད་སེལ་བར་མཛད་པའི་སྒྲོལ་མ་སྐུ་མདོག་དཀར་མོ་རིམས་ནད་སེལ་བའི་བུམ་པ་དམར་པོ་བསྣམས་པ། ཕྲིན་ལས་ཡོངས་རྫོགས་ཀྱི་སྒྲོལ་མ་སྐུ་མདོག་དཀར་མོ་འོད་ཟེར་སྣ་ཚོགས་འཕྲོ་བ་དངོས་གྲུབ་སྣ་ཚོགས་འབྱུང་བའི་བུམ་པ་ལྗང་གུ་བསྣམས་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་ཕྲིན་ལས་སོ་སོ་སྒྲུབ་པའི་བུམ་པ་དང་། ཕྱག་གཡོན་ཨུཏྤལ་བསྣམས་ཤིང་པད་ཟླའི་གདན་ལ་བརྐྱང་བསྐུམ་སྟབས་ཀྱིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། མཐའ་བསྐོར་དུ་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། དེ་དག་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་པོ་ཏ་ལ་ནས་རྗེ་བཙུན་འཕགས་མ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དཔག་ཏུ་མེད་པས་བསྐོར་བ་ༀ་བཛྲ་ས་མཱ་ཛ། ཞེས་བསྡུ་བའི་ཕྱག་རྒྱ་དང་། མཐར་ཐལ་མོ་སྦྱར་ལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །པོ་ཏ་ལ་ཡི་གནས་མཆོག་ནས། །ཏཱྃ་ཡིག་ལྗང་གུ་ལས་འཁྲུངས་ཤིང་། །འོད་དཔག་མེད་པས་དབུ་ལ་བརྒྱན། །དུས་གསུམ་སངས་རྒྱས་ཕྲིན་ལས་མ། །འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ། །ཞེས་བརྗོད། མདུན་དུ་བཞུགས་པ་ལ། བཙོ་མ་གསེར་གྱི་མདོག་འདྲ་ཤིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲངས་པར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་དག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པས་འདིར་ནི་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཞེས་པས་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་པར་མོས། ཁྲུས་གསོལ་ཕྱག་ལེན་ལྟར་བྱས་ལ། ཁྱེད་ཀྱི་རང་བཞིན་ཡོངས་དག་པས། །སྲིད་པའི་འཆིང་བ་མི་མངའ་ཡང་། །བདག་ཅག་སྒྲིབ་པ་སྦྱང་སླད་དུ། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །ཞེས་དང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་སྭཱ་ཧཱ། ཞེས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་མཛེས་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །ༀ་བཛྲ་ཝ་སྟྲ་ཨ་ལཾ་ཀ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། གིས་གོས་རྒྱན་འབུལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ༀ་བཛྲ་ཨཱ་ས་ན་པདྨ་ཀ་མ་ལཱ་ཡ་སྟྭཾ། ༀ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ་པྲ་ཏཱིཙྪ་སྭཱ་ཧཱ། ཉེར་སྤྱོད་ལྔས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞེས་སོགས་ཀྱིས་བསྟོད། ལག་གཉིས་མཉམ་པའི་ཐལ་མོ་ལས་གུང་མོ་གཉིས་རྩེ་སྦྱར་བའི་ཚིགས་གསུམ་པར་མཛུབ་མོའི་རྩེ་མོ་བཀུག་ལ་བཞག་མཐེ་བོང་གཉིས་གཤིབ་སྟེ་མཉམ་དུ་བསྒྲེང་། སྲིན་མཛུབ་ནང་དུ་བཅུག །མཐེའུ་ཆུང་སྦྱར་ནས་བརྐྱངས་པ་ཨུཏྤལ་ཁ་བྱེ་བའི་ཕྱག་རྒྱ་བཅིངས་ཏེ། ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་དང་དམ་ཚིག་པ་གཉིས་མེད་དུ་འདྲེས་པར་གྱུར། བཟླས་པ་བྱ་བ་ནི། མདུན་བསྐྱེད་རྗེ་བཙུན་མ་གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་ལྗང་གུའི་མཐའ་མར་ཡི་གེ་བཅུ་པའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་བརྒྱད་དང་བཅུ་དྲུག་སོགས་མི་མཐུན་པའི་ཕྱོགས་ཞི་ནས་ཚེ་དང་བསོད་ནམས་དཔལ་འབྱོར་འདོད་དགུ་མཐའ་དག་འཕེལ་ཞིང་རྒྱས་པར་གྱུར། ཅེས་དམིགས་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། རྩ་སྔགས་ཇི་ལྟར་འོས་པ་ལོངས་སྐབས་དང་བསྟུན་ཏེ་བཟླའོ། །གསུམ་པ་མཆོད་བསྟོད་གཏོར་འབུལ་སོགས་ལན་གསུམ་བྱ་དགོས་པའི་ཐོག་མར་མཆོད་པ་བྱིན་རླབས་ནི། ༈ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱིས་བརླབས་པའི་སྟོབས་དང་བདག་གི་བསོད་ནམས་དང་སྨོན་ལམ་གྱི་སྟོབས་དང་། རིག་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྣམས་ལ་མཆོག་ཏུ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའི་ཀུན་ཏུ་བཟང་པོའི་སྤྱོད་པ་ལས་མངོན་པར་མཐོ་བའི་མཆོད་པའི་སྤྲིན་ཆེན་པོ་རབ་ཏུ་འཕྲོ་བར་གྱུར་ཅིག །ཅེས་དང་། ན་མཿསརྦ་བུདྡྷ་བོ་དྷཱི་ས་ཏྭ་ནཱཾ་སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ཞེས་སྔགས་ལན་བརྒྱད་བརྗོད་ལ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་ནི། །རྒྱལ་བའི་ཡུམ་ལ་མཆོད་པར་བགྱི། །ༀ་ཨཱརྱ་ཏཱ་རེ་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཚིགས་བཅད་དང་སྔགས་ཀྱི་ཐོག་མཐའ་འདྲ་བ་ལ། མཆོད་ཡོན་གྱི་གནས་སུ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ཞེས་དང་། ཨརྒཾ་གྱི་གནས་སུ། པུཥྤེ་སོགས། ཞེས་བཅུག་པ་དང་། ཡིད་འོང་ཁང་བརྩེགས་ཁྲུས་ཀྱི་རྫིང་། །སྐྱེད་མོས་ཚལ་དང་རིན་ཆེན་བདུན། །ཁྲི་སྟན་འཕན་གདུགས་རྒྱལ་མཚན་སོགས། །ནམ་མཁའི་ཁམས་ཀུན་བཀང་སྟེ་འབུལ། །ༀ་སརྦ་བི་ཤིཥྛ་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲེ་ཨཱཿཧཱུྃ། ཞེས་པས་མཆོད། བཅོམ་ལྡན་འདས་མ་གཙོ་འཁོར་གྱི་ཕྱག་གཡས་སྐྱབས་སྦྱིན་མཛད་པའི་འོག་ཏུ་བསྲུང་བྱ་འཁོར་བཅས་ཚུད་བར་བསམས་ལ། ༀ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཏཱ་རེ་མྱུར་མ་དཔའ་མོ། ཏུཏྟཱ་ར་ཡིས་འཇིགས་པ་ཀུན་སེལ། ཏུ་རེས་དོན་ཀུན་གྲུབ་པའི་སྒྲོལ་མ། སྭཱ་ཧཱའི་ཡི་གེར་བཅས་ལ་རབ་འདུད། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། ཞེས་པ་ནས། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །གི་བར་བརྗོད། ཡང་། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་རྫས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །རྒྱལ་བའི་ཡུམ་ལ་མཆོད་པར་བགྱི། །ༀ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱ་ཤབྟ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་མཆོད། སྔར་བཞིན་ཕྱག་འཚལ་ཉེར་གཅིག་ཚར་གཅིག་བརྗོད། དེ་ལྟ་བུའི་མཆོད་བསྟོད་ལན་བདུན་རྫོགས་ནས། ལྷ་མོ་ལ་གུས་ཡང་དག་ལྡན་པས། སོགས་ཕན་ཡོན་ཚར་གཅིག་བརྗོད། ༈ དེ་ནས་གཏོར་མ་ཆ་གསུམ་གྱི་དང་པོ་སྒྲོལ་མ་གཙོ་འཁོར་ལ་འབུལ་བ་ནི། ཆབ་བྲན་ལ། གཏོར་མའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཏཱྃ་ལྗང་གུ་དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་དོན་བྱས་ནས་ཚུར་འདུས། སྣོད་ལ་ཐིམ་པས་ཡངས་ཤིང་རྒྱ་ཆེ་བ་དང་། བཅུད་ལ་ཐིམ་པས་ལྷ་རྫས་ཀྱི་གཏོར་མ་བདུད་རྩིར་གྱུར་པར་བསམ། ༀ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་མ་འཁོར་བཅས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུ་ཅན་གྱིས་གཏོར་མ་གསོལ་བས་མཉེས་པར་གྱུར། ༀ་ཏཱ་རེ་ཏུཏྟ་རེ་སྭཱ་ཧཱ། ཨ་ཀ་རོ་སོགས་བཏགས་པ་ལན་བདུན་ནམ་ཉེར་གཅིག་གིས་ཕུལ་ལ། མཆོད་སྦྱིན་གྱི་གཏོར་མ་འདོད་ཡོན་མ་ཚང་བ་མེད་པ་དགོས་འདོད་འབྱུང་བའི་གཏོར་མ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་འཛད་པ་མེད་པ་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཐུགས་རྗེའི་བདག་ཉིད་ཅན་ཉི་ཤུ་རྩ་གཅིག་ལ་སོགས་པ་ཡི་དམ་རྒྱུད་སྡེ་བཞི་དང་ཐེག་པ་རིམ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། བསྟན་པ་དང་འཁོར་རྣམ་བཞི་སྐྱོང་བར་ཞལ་གྱིས་བཞེས་པའི་ཕྱི་ནང་གི་དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་མ་ལུས་པ་རྣམས་དང་། ནོར་ལྷ་གཏེར་བདག་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །བཞེས་ནས་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། བདག་ཅག་འཁོར་དང་བཅས་པའི་དོན་ཐམས་ཅད་ཆོས་དང་མཐུན་པའི་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མཛད་དུ་གསོལ། ན་མོ། བདག་གིས་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་འདིར་མ་ལུས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བརྗོད་རོལ་མོ་དང་བཅས་པས་གཏོར་མ་དང་པོ་རྟེན་གྱི་དྲུང་དུ་ཕུལ་ལ། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། སོགས་ནས། ཀུན་ནས་དང་བས་ཕྱག་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ན་མེ་ཎ་བཛྲ་བྷནྡྷ་ནཾ་ཀ་རོ་མི་ཞེས་ཕྱག་འཚལ་ཞིང་། མེ་ཏོག་བདུག་སྤོས་མར་མེ་དྲི། ཞེས་པ་ནས། འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། གྱི་བར་དང་། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ནཻ་ཝི་དྱའི་བར་ཉེར་སྤྱོད་ལྔ་དང་། ༀ་སརྦ་བི་ཤི་ཥྛ་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲེ་ཨཱཿཧཱུྃ། གིས་འཕན་གདུགས་རྒྱལ་མཚན་རིན་ཆེན་སྣ་བདུན་ལ་སོགས་པས་མཆོད་པའི་རྗེས་སུ། ཐོག་མ་མེད་ནས་ད་ལྟའི་བར། ཞེས་པ་ནས། འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་པའི་བར་དང་། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །སོགས་ཀྱང་བརྗོད་དོ། །སྐབས་འདིར་རང་ལུགས་ཀྱི་ཆོས་སྐྱོང་གཏོར་འབུལ་བྱེད་པར་འདོད་ནའང་རྒྱས་བསྡུས་གང་འགྲུབ་བྱ་བར་གསུངས་པས་སྤྲོ་ན་བྱ། མ་བྱས་ཀྱང་གཞུང་གི་དངོས་དོན་མིན་པས་དོ་གལ་མེད་དོ། །གང་ལྟར་གསོལ་བ་གདབ་པ་ནི། ཐལ་མོ་སྤྱི་བོར་སྦྱར་ཏེ་ཡིད་བརྟན་པའི་སྒོ་ནས་ཚིགས་འདི་དག་བརྗོད་དོ། །ན་མོ། འཕགས་པ་དཀོན་མཆོག་གསུམ་གྱི་མཐུ་དང་། གསང་སྔགས་གཟུགས་སྔགས་རིག་སྔགས་ཀྱི་མཐུ་དང་། ཡི་དམ་ཞི་བ་ཁྲོ་བོ་རྣམས་ཀྱི་མཐུ་དང་། ཁྱད་པར་དུ་འཕགས་མ་སྒྲོལ་མ་ཐུགས་རྗེའི་བདག་ཉིད་ཅན་ཉི་ཤུ་རྩ་གཅིག་གི་མཐུ་དང་། བསྟན་པ་རིན་པོ་ཆེ་བསྲུང་ཞིང་སྐྱོང་བར་ཞལ་གྱིས་བཞེས་པའི་དམ་ཅན་ཆོས་སྐྱོང་སྲུང་མ་རྣམས་ཀྱི་མཐུ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་མཐུ་དང་། བདག་གིས་གཏན་པ་མེད་པའི་མཆོད་སྦྱིན་རྒྱ་ཆེན་པོ་བགྱིས་པའི་མཐུ་སྟོབས་ནུས་པ་ལ་བརྟེན་ནས། ལྷ་དང་ཀླུ་དང་། གྲུལ་བུམ་དང་དྲི་ཟ་དང་ཤ་ཟས་དང་། སྲུལ་པོ་དང་སྨྱོ་བྱེད་དང་བརྗེད་བྱེད་དང་། དེ་དག་རྒན་པོ་དང་རྒན་མོ་དང་། དེ་དག་གི་བུ་ཕོ་དང་བུ་མོ་དང་། འཁོར་ཕོ་དང་འཁོར་མོ་དང་། མངགས་པ་དང་། གཞན་ཡང་མ་མོ་མཁའ་འགྲོ་དང་། ལོག་འདྲེན་ཐམས་ཅད་དང་། གཤིན་རྗེ་དང་རྒྱལ་པོ་དང་། འགོང་པོ་དང་། ནམ་མཁའ་ལྡིང་དང་། གཉན་དང་ས་བདག་དང་། ཀླུ་སྲིན་རྣམས་དང་། གནོད་སྦྱིན་དང་། འབྱུང་པོ་ཐམས་ཅད་དང་བཙན་བདུད་རྣམས་དང་། ཡི་དྭགས་རྣམས་དང་། དྲང་སྲོང་དང་རིག་སྔགས་འཆང་བ་ཐམས་ཅད་དང་། གཟའ་དང་། རྒྱུ་སྐར་དང་། ལོ་དང་། ཟླ་བ་དང་། ཞག་དང་། ཟ་མ་ལ་སོགས་པ་ཐམས་ཅད་དང་། གདོན་བགེགས་ཆེན་པོའི་རིགས་ཐམས་ཅད་ཀྱི་སྦྱོར་བ་ངན་པས་གནོད་པའི་ལས་བྱེད་པའི་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག །མེད་པར་གྱུར་ཅིག །མི་འབྱུང་བར་གྱུར་ཅིག །ཕྱིན་ཆད་མི་བྱེད་པར་དམ་ཆོས་ཤིག །དེའི་ཕྱིར་སོ་སོའི་འདོད་ཡོན་རྣམས་ཀྱང་སྟེར་རོ། །བདེན་པའི་ཆོས་ཀྱང་འཆད་དོ། །བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་ལ། མི་ནད་དང་ཕྱུགས་ནད་དང་། རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། བཀྲ་མི་ཤིས་པ་དང་། བྱད་ཀ་དང་། ཕུར་ཀ་དང་གཏད་ཁྲོམ་དང་། ལོ་ཀག་དང་། ཟླ་ཀག་དང་། ཞག་ཀག་དང་། དུས་ཀྱི་ཀག་དང་། ལོ་ཉེས་དང་། ཐན་ཆེན་དང་། བཙའ་དང་། སད་དང་། སེར་བ་དང་། ཇག་རྐུན་དང་། ནད་སྲི་དང་། འཆི་སྲི་དང་། ཆེ་སྲི་དང་། ཆུང་སྲི་དང་། དར་སྲི་དང་། རྒན་སྲི་དང་། དུར་སྲི་དང་གོད་ཁ་དང་གོད་སྲི་དང་། བྱུར་དང་མི་ཁ་དང་། རྦོད་གཏོང་དང་། བསམ་སྦྱོར་ངན་པ་དང་། བགེགས་དང་ལོག་འདྲེན་ཐམས་ཅད་དང་། དུས་མ་ཡིན་པར་འཆི་བ་དང་། ནོར་དང་ལོངས་སྤྱོད་མི་འཕེལ་བར་བྱེད་པ་དང་། བཀྲ་མི་ཤིས་པར་བྱེད་པ་ཐམས་ཅད་དང་། བདག་ཅག་འཁོར་དང་བཅས་པའི་ལུས་ངག་ཡིད་གསུམ་ལ་གནོད་པར་བྱེད་པའི་ནད་རིགས་གདོན་བགེགས་བར་ཆད་དང་རྐྱེན་ངན། དགྲ་འདྲེ་བྱུར་གསུམ་གྱི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །མེད་པར་གྱུར་ཅིག །ཕྱིར་ཟློག་པར་གྱུར་ཅིག །ཕྱིན་ཆད་མི་འབྱུང་བར་གྱུར་ཅིག །ཐལ་མོ་བརྡབ་ལ་རོལ་མོ་དྲག་ཏུ་བྱ་བའི་མཐར། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་ཀྱི་སྟོབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་། ཆོས་ཉིད་རྒྱུ་འབྲས་བསླུ་བ་མེད་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་བརྗོད། དེས་མཆོད་བསྟོད་དང་གཏོར་མ་ཆ་དང་པོ་གྲུབ། ༈ གཉིས་པ་ལ་སླར་ཡང་མཆོད་པ་ཁ་གསོ། བྱིན་རླབས་ནས་བརྩམ། ཚར་དང་པོ་ལ་རྒྱས་པ་དང་། ཕྱི་མ་རྣམས་ལ་མཆོད་ཚིག་བསྡུས་པའི་མཆོད་པ། ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་སྤེལ་བ་ལན་བདུན་གྱི་མཐར་ཕན་ཡོན་བཅས་གྲུབ་ནས། གཏོར་མ་གཉིས་པའང་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ནས། ༀ་ཨཱ་ཀཱ་རོ་སོགས་ལན་བདུན་བརྗོད་པའི་རྗེས་སུ། རང་རང་གི་ཡིད་དང་མཐུན་པའི་གཏོར་མ་འདོད་ཡོན་ཕུན་སུམ་ཚོགས་པ་ཐམས་ཅད་ནམ་མཁའ་མཛོད་བཞིན་དུ་འཛད་པ་མེད་པ་འདི་ཉིད་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། ནད་བདག་ཡམས་བདག་གདོན་བགེགས་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་དང་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་སྦྱིན་ནོ། །སོ་སོའི་བསམ་པ་དང་མཐུན་པའི་ལོངས་སྤྱོད་ཟད་མི་ཤེས་པ་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཐམས་ཅད་སྡུག་བསྔལ་ལས་ཐར་ནས་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེའི་མྱུར་དུ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །སོགས་ནས། ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཞེས་པའི་བར་གོང་བཞིན་བརྗོད་ལ་གཏོར་མ་མདོས་ནང་ཕུལ་བ་རོལ་མོ་བྱ། དེ་ནས་ཐལ་མོ་མགྲིན་པའི་ཐད་དུ་སྦྱར་ལ། ༈ ན་མོ། འཕགས་པ་དཀོན་མཆོག་གསུམ་གྱི་མཐུ་དང་། སོགས་ནས་ཐལ་མོ་བརྡབ་ནས་རོལ་མོ་བྱ་བ་དང་། དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་པའི་བར་གོང་བཞིན་བརྗོད་དོ། །དེས་མཆོད་བསྟོད་གཏོར་མ་ཆ་གཉིས་པ་གྲུབ། ༈ གསུམ་པ་ལ་ཡང་མཆོད་པ་ཁ་གསོ། བྱིན་རླབས་ནས་མཆོད་བསྟོད་རྒྱས་བསྡུས་འདོན་ལུགས་སྔ་མ་བཞིན་ཚར་བདུན་ཕན་ཡོན་དང་བཅས་པ་སོང་ནས། གཏོར་མ་གསུམ་པ་འབྲུ་གསུམ་གྱིས་བྱིན་བརླབ། ༀ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བསྔོས་ནས། མཆོད་སྦྱིན་གྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་སོ་སོའི་ཡིད་དང་མཐུན་པའི་ལོངས་སྤྱོད་ཟག་པ་མེད་པ་འདི་ཉིད་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་དུག་གསུམ་དང་དུག་ལྔའི་དབང་གིས་བརྐུས་ཤིང་འཕྲོག་པས་ནོར་དབུལ་བའི་ལན་ཆགས། བརྡུང་ཞིང་བརྩོགས་པས་ནད་དང་འཚེ་བའི་ལན་ཆགས། བསད་ཅིང་གཏུབ་པ་སྲོག་བཅད་པས་ཚེ་ཐུང་བའི་ལན་ཆགས། མཐོ་བའི་མཁར་ཕབ་པ་དམའ་བའི་ཡུལ་བཅོམ་པ། མི་རྟ་གྲིར་བསད་པ། སྔོན་གྱི་ལན་ཆགས་པ་ལ་སོགས་པའི་ལན་ཆགས་དང་ཤ་འཁོན་གྱི་བདག་པོ་བདག་མོ་ཐམས་ཅད་ལ་སྦྱིན་ནོ། །གནོད་བྱེད་གདོན་བགེགས་ལན་ཆགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཚིམས་པར་གྱུར་ཅིག །ངོམས་པར་གྱུར་ཅིག །ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་ལན་ཆགས་ཐམས་ཅད་བྱང་བར་གྱུར་ཅིག །བུ་ལོན་སོད་པར་གྱུར་ཅིག །ཤ་མཁོན་དང་ཕོག་ཐུགས་སུ་གྱུར་པ་ཐམས་ཅད་ཞི་བར་གྱུར་ཅིག །བསམ་ངན་དང་གནོད་སེམས་གདུག་རྩུབ་ཐམས་ཅད་དང་བྲལ་ནས། ཕན་པ་དང་ཞི་བ་དང་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །མཐར་ཐུག་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །སོགས་ནས། ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །སོགས་གོང་ལྟར་དུ་བརྗོད་པས། རོལ་མོ་དང་བཅས་པས་གཏོར་མ་མདོས་ནང་དུ་ཕུལ་ལོ། །དེ་ནས་ཐལ་མོ་སྙིང་གར་སྦྱར་ལ་ཡིད་བརྟན་པའི་ངང་ནས། ན་མོ། འཕགས་པ་དཀོན་མཆོག་གསུམ་གྱི་མཐུ་དང་། སོགས་ནས་ཐལ་མོ་བརྡེབ་པ་རོལ་མོ་བཅས། དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །བར་ཚང་བར་བརྗོད་པས་ཆ་གསུམ་པ་གྲུབ། ༈ གཏོར་མ་བཞི་པ་བཞི་བདག་དཀར་གཏོར་མདོས་ཀྱི་ལམ་སེལ་གྱི་ཚུལ་དུ་བསྔོ་བ་ཡིན་པས། སྤྲོ་ན་གསེར་སྐྱེམས་དཀར་གཏོར་སྤྱི་འགྲོ་རྒྱས་པ་སྐབས་འདིར་སྦྱར་ཆོག །བསྡུ་ན་འབྲུ་གསུམ་གྱིས་བྱིན་བརླབ། ཨ་ཀཱ་རོ་ལན་གསུམ་གྱིས་བསྔོ། སྡིག་པ་ཅི་ཡང་མི་བྱ་ཞིང་། །སོགས་ཆོས་སྦྱིན་བྱེད་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་གནས་བདག་གཞི་བདག་ཡུལ་བདག་གྲོང་བདག་གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང་། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་ཞིང་། བདག་ཅག་དཔོན་སློབ་སྦྱིན་བདག་འཁོར་བཅས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པའི་སྡོང་གྲོགས་མཛོད་ཅིག །ཅེས་པ་ཙམ་བརྗོད་ལ་མདོས་ཕུལ་ཕྱོགས་སུ་བསྐྱལ་བས་འཐུས་སོ། ༈ །བཞི་པ་མདོས་ཀླུད་སྣང་སྲིད་ལ་བརྫང་ཞིང་བསྔོ་བ་ལ། ཐོག་མར་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་རླབས་པ་ནི། མདོས་ཆུ་གཙང་གིས་བྲན་ལ། བདག་ཉིད་བཅོམ་ལྡན་ཤཱཀྱ་ཐུབ། །ཕྱག་རྒྱའི་ཡི་གེ་ཨ་དཀར་ལས། །འོད་འཕྲོས་གཏོར་རྫས་དངོས་འཛིན་གྱི། །དྲི་མ་སྦྱོངས་ནས་སྟོང་བར་གྱུར། །ཐལ་མོ་ཁོང་སྟོང་སྦྱར་ལ། ༀ་སྭ་བྷཱ་ཝ་སོགས། ལན་གསུམ་རེ་རེ་བཞིན་ཕྱག་རྒྱ་བཀྲོལ་ནས་སེ་གོལ་གཏོགས་པ་གཞན་རྣམས་ལའང་འགྲེ། ཆོས་དབྱིངས་རྣམ་དག་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་ཀྱི། །འབག་རྩོག་ཉམས་གྲིབ་ཉེས་སྐྱོན་དང་། །མཚན་འཛིན་དྲི་མ་དག་གྱུར་ཅིག །བདག་ཉིད་བཅོམ་ལྡན་རྣམ་སྣང་མཛད། །ཕྱག་རྒྱའི་ཡི་གེ་ཁྃ་སྔོན་ལས། །འོད་འཕྲོས་གཏོར་རྫས་ཟག་མེད་མཛོད། ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར། ཐལ་མོ་སྦུབས་སྟོང་དུ་སྦྱར་བའི་ཚིགས་པར་པ་རྣམས་བཅག་པ་རིན་ཆེན་སྒྲོམ་བུའི་ཕྱག་རྒྱ་སྨིན་མཚམས་སུ་བསྐོར་ཞིང་། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་རྫས་ཡེ་ཤེས་ཀྱི། །བསྐལ་པའི་བར་དུ་ཟད་མི་ཤེས། །རྒྱ་ཆེ་ནམ་མཁའ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་བདུད་རྩི་འཁྱིལ། །ཕྱག་རྒྱའི་ཡི་གེ་ཧྲཱིཿདམར་ལས། །འོད་འཕྲོས་གཏོར་རྫས་ཡེ་ཤེས་ཀྱི། །བདུད་རྩི་ཆེན་པོའི་རང་བཞིན་གྱུར། །མཐེ་བོང་བསྣོལ། སོར་མོ་གཞན་རྣམས་གཤོག་པ་ལྟར་གདེངས་པ་བཞི་ཁའི་ཐད་དུ་བཞག་ལ། ༀ་བཛྲ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། བདུད་རྩི་ཐབས་སྦྱོར་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །བདུད་རྩི་ཡེ་ཤེས་ལྔ་ཡི་དངོས། །འཆི་གསོས་དུག་ལྔའི་སྨན་གྱུར་ཅིག །བདག་ཉིད་བཅོམ་ལྡན་རིན་ཆེན་འབྱུང་། །ཕྱག་རྒྱའི་ཡི་གེ་ཏྲྃ་སེར་ལས། །འོད་འཕྲོས་གཏོར་རྫས་འདོད་ཡོན་ལྔ། །སོ་སོའི་མོས་པ་ཇི་བཞིན་གྱུར། །ལག་པ་གཉིས་མཛུབ་མོ་སྒྲེངས་བའི་ཁུ་ཚུར་གཡོན་སྙིང་གར་བཞག །གཡས་བརྐྱངས་ཏེ་རྫས་ལ་གཏོད་པའི་ཚུལ་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། རྒྱ་ཆེན་ཤུགས་ལྡན་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །དབང་པོའི་སྤྱོད་ཡུལ་ཚིམས་བྱེད་པའི། །འདོད་ཡོན་སྣ་ཚོགས་ཆར་འབེབས་ཤོག །བདག་ཉིད་བཅོམ་ལྡན་དོན་ཡོད་གྲུབ། །ཕྱག་རྒྱའི་ཡི་གེ་ཧ་ལྗང་ལས། །འདོད་འཕྲོས་མཆོག་དམན་སྐལ་པ་བཞིན། །འཐབ་རྩོད་མེད་པར་ཐོབ་པར་གྱུར། །ལག་གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅང་། གཡོན་པས་མཆོག་སྦྱིན་གྱི་ཕྱག་རྒྱས་སྣོད་འདེགས་པའི་ཚུལ་བྱས་ལ། ༀ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་སམྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ། འདི་གོ་ལྡོག་པའང་སྣང་། མཆན། ཡེ་ཤེས་སྐར་མདའི་ཕྱག་རྒྱ་སྔགས། ཏིང་འཛིན་ལྡན་པས་མགྲོན་རྣམས་ཀུན། །ཕམ་རྒྱལ་འཁྲུགས་རྩོད་མེད་པར་ཐོབ། །དགྱེས་ཤིང་རེ་བ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་རྡོ་རྗེ་འཛིན། །ཕྱག་རྒྱའི་ཡི་གེ་ཛ་དམར་ལས། །འོད་འཕྲོས་མགྲོན་རྣམས་དབང་དུ་སྡུས། །ཕྲིན་ལས་གང་འདོད་སྒྲུབ་པར་གྱུར། །ལག་གཉིས་སོར་མོ་བསྣོལ་བའི་ཁུ་ཚུར་ངོས་མཐེ་བོང་གཉིས་གཤིབས་ཏེ་བརྐྱང་བ་སྤྱི་བོར་བསྐོར་ཏེ། ན་མཿས་མནྟ་བུདྡྷཿནཱཾ་གྲ་ཧེ་ཤྭ་རི་པྲ་བྷྱ་ཛྱ་ཏེ་ན་མ་ཧཱ་ས་མ་ཡེ་སྭཱ་ཧཱ། དབང་སྒྱུར་འཁོར་ལོའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རིགས་ཀུན། །བདག་གི་དབང་འདུས་གང་བཅོལ་ལས། །སྒྲུབ་པའི་སྡོང་གྲོགས་མཛད་གྱུར་ཅིག །མཐར། ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ལན་ཆགས་མགྲོན་རྣམས་བརྔན་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་ཀྱིས་ཀྱང་བྱིན་གྱིས་བརླབ། བྱེ་བྲག་དམིགས་པའི་ཁྱད་པར་དབྱེ་ཞིང་བསྔོ་བ་ནི། ཨ་མྲྀ་ཏས་བསང་། སྭཱ་བྷ་ཝས་སྦྱང་། མདུན་དུ་རིན་པོ་ཆེ་ལས་གྲུབ་པའི་རི་རབ་བང་རིམ་བཞི་པའི་དབུས་སུ་ཁང་བཟང་ལྕགས་རིས་བསྐོར་བའི་མཐའ་བསྐོར་དང་རི་རབ་བང་རིམ་གྱི་སྟེང་རྣམས་སུ་མགྲོན་རྣམས་སོ་སོར་མཉེས་པའི་མཐུན་རྫས་འདོད་པའི་ཡོན་ཏན་ལྔ་ཡི་ལོངས་སྤྱོད་འཛད་པ་མེད་པ་ས་དང་ནམ་མཁའ་བར་སྣང་ཁྱབ་པར་གྱུར་བར་བསམས་ལ། སམྦྷ་རའི་སྔགས་ལན་བདུན་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །གསང་སྔགས་འདི་ཡི་མཐུ་དང་དེ་བཞིན་གཤེགས་པ་ཁྱེད་རྣམས་ཀྱི་མཚན་ནས་བརྗོད་ཅིང་། ཕྱག་འཚལ་བའི་བྱིན་རླབས་ལ་བརྟེན་ནས་བདག་གིས་གཏན་པ་མེད་པའི་མདོས་གཏོར་རྒྱ་ཆེན་པོ་བགྱིས་པ་འདིའི་མཐུས་མགྲོན་རིགས་ཐམས་ཅད་ཚིམས་ཤིང་མགུ་ནས་བདག་གཞན་གྱི་བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པ་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །དེ་ནས་སྐབས་འདིར་ཡི་དམ་དྲག་པོ་བསྐྱེད་པར་བཤད་པས། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་པདྨ་དབང་ཆེན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་སེང་ལྡེང་གི་དབྱུག་ཏོ་ནམ་མཁའ་ལ་ཕྱར་ཞིང་། གཡོན་ཐུགས་ཀར་བསྡིག་མཛུབ་མཛད་པ། དམར་ལ་ཟླུམ་པའི་སྤྱན་གསུམ་གདོང་མིག་ཏུ་བགྲད་ཅིང་། ཞལ་ནས་མཆེ་བ་བཞི་རྣམ་པར་གཙིགས་པ། སྨིན་མ་དང་སྨ་ར་དམར་སེར་དུས་མཐའི་མེ་ལྟར་འབར་བ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། སྤྱི་གཙུག་ན་རྟ་མགོ་ལྗང་གུ་རྟ་སྐད་འབྱིན་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམ་གཡོན་བརྐྱངས་པས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་ནས་གནོད་བྱེད་གདུག་པ་ཅན་དང་། སྡིག་སྒྲིབ་ཐམས་ཅད་སྲེག་པར་བྱེད་པ་ཆེ་བཙན་འགྲན་ཟླ་དང་བྲལ་བའི་སྐུར་གྱུར། མདུན་བསྐྱེད་སྒྲོལ་མ་འཁོར་བཅས་ཀྱང་གཟུ་དང་དཔང་ལ་བཞུགས་ནས། བདག་གིས་ཇི་ལྟར་བསྔོས་ཤིང་ཟློག་སྒྱུར་བརྗོད་པའི་ཕྲིན་ལས་མཛད་པས་མགྲོན་ཐམས་ཅད་ཀྱིས་བཀའ་ཉན་ཅིང་ཕྲིན་ལས་མྱུར་དུ་སྒྲུབ་བར་གྱུར། ཅེས་པའི་ང་རྒྱལ་མ་བྲལ་བར་རོལ་མོ་དབྱངས་དང་བཅས་ཏེ་འདི་སྐད་དོ། །ཧཱུཾ། གསོན་ཅིག་དགོངས་ཤིག་ཐམས་ཅད་ཉོན། །རྩ་བརྒྱུད་བླ་མ་ཐམས་ཅད་ཀྱིས། །དོ་ནུབ་བཟློག་སྒྱུར་མཛད་དུ་གསོལ། །ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱིས། །དོ་ནུབ་བཟློག་སྒྱུར་མཛད་དུ་གསོལ། །རྗེ་བཙུན་འཕགས་མ་སྒྲོལ་མ་ཀུན། །དོ་ནུབ་བཟློག་སྒྱུར་མཛད་དུ་གསོལ། །ངན་པར་གྱུར་པ་ཐམས་ཅད་ཀུན། །མྱུར་དུ་བཟློག་ཅིང་མེད་པར་མཛོད། །དམ་ཅན་ཆོས་སྐྱོང་སྲུང་མ་རྣམས། །འདིར་ནི་བཅོལ་པའི་ཕྲིན་ལས་མཛོད། །མདོས་གཏོར་མཆོད་སྦྱིན་གླུད་དང་བཅས། །འདི་རྣམས་ཁྱེར་ལ་གནོད་མ་བྱེད། །སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་སོགས། །སྔགས་འཆང་བདག་གི་ངག་ལ་ཉོན། །གཞན་གྱིས་རྦད་ལ་མ་ཉན་ཅིག །གདོན་བགེགས་ཆེན་པོ་ཁྱོད་རྣམས་ཀྱི། །བསམ་སྦྱོར་ངན་པ་ཞི་བར་གྱིས། །ཁྱོད་ལ་དགོས་པའི་གཏོར་མ་དང་། །སྲོག་ཆགས་ནོར་གླུད་མང་པོ་དང་། །ལ་རྫས་ལུང་རྫས་འདོད་གུར་བཅས། །ཡིད་འོང་ཁང་པ་སྤེའུ་ཞོལ་དང་། །ཡིད་འོང་རྟ་ཕོ་ཆེ་མགྱོགས་ལ། །འབྲུ་ཡི་ངར་མི་ཆེན་པོ་བསྐྱོན། །ལུས་ལ་གསེར་གཡུའི་རྒྱན་ཆ་བཏགས། །རྒྱན་ཆ་ཡིད་འོང་སི་ལི་ལི། །དར་གྱི་གོས་གྱོན་ལྷུབས་སེ་ལྷུབ། །སྨྲ་བ་མཁས་ཤིང་བཞིན་མདངས་རྒྱས། །འོག་ན་རྟ་ཞོན་ཞུངས་སེ་ཞུང་། །མགོ་ལ་ཐོད་བཅིངས་པུ་རུ་རུ། །རྩེད་འཇོ་སྣ་ཚོགས་བསྒྱུར་ལ་མཁས། །གཡུ་ཡི་ལྷྭམ་ཆུང་ཟུ་ལུ་ལུ། །གསེར་གྱི་སྐེད་ཆིངས་ཁྲུ་ལུ་ལུ། །ནམ་རྒྱང་ལྡེམ་པས་སྐུ་ལ་བརྒྱན། །ཕོ་ཏོང་མོ་ཏང་མི་སྐད་སྨྲ། །མངའ་རིས་འདོད་རྒུ་ཚང་བ་རྣམས། །ཡོན་བདག་གླུད་དུ་ཁྱོད་ལ་འབུལ། །ཡིད་འོང་ནོར་ནི་མང་པོ་དེར། །ཞལ་ཟས་ཞིམ་དགུ་མངར་བཅུ་དང་། །འཁོར་གཡོག་ངར་མི་སུམ་ཅུ་དང་། །སྨན་སྤོས་སྒྲོན་མེ་གསལ་བ་རྣམས། །ཁྱེད་ལ་མཆོད་པ་འབུལ་ལགས་ཀྱིས། །དྭང་བའི་སེམས་ཀྱིས་བཞེས་ནས་སུ། །སྔགས་པས་ཕུར་བུ་བསྒྲིལ་བ་དང་། །ཡུངས་ཀར་ཐུན་དུ་བྲབ་པ་དང་། །ཟོར་ཁ་སྣ་ཚོགས་འཕེན་པ་དང་། །མནན་གཏད་སྦྱོར་བ་བྱེད་པ་རྣམས། །དེ་དག་ནུས་པ་ཕྱིར་ལ་བཟློག །བོན་པོས་རྔ་ཆེན་བརྡུང་བ་དང་། །སྔོན་དམར་འུར་རྡོ་འཕེན་པ་དང་། །རྩོད་བསྡིག་བྱེད་པ་ཕྱིར་ལ་ཟློག །དྲག་སྔགས་ཕྲ་མེན་བྱེད་པ་དང་། །སྡེ་བརྒྱད་དྲག་པོས་བསྐུལ་བ་རྣམས། །དེ་དག་ནུས་པ་ཕྱིར་ལ་བཟློག །ཆོས་སྐྱོང་ལྷ་འདྲེ་ཐམས་ཅད་ཀྱང་། །ལ་ལ་དཀོར་གྱི་ཤུལ་དུ་འབྲངས། །ལ་ལ་མནའ་ཟན་གཤེད་དུ་འོང་། །ལ་ལ་སྔགས་པ་དྲག་པོས་རྦད། །ལ་ལས་སྟོན་པའི་རྒྱུ་འབྲས་སྟོན། །ལ་ལས་རིམས་ནད་དལ་ཡམས་གཏོང་། །ཆར་པ་མི་འབེབས་ལོ་ཉེས་གཏོང་། །འགའ་ཞིག་སད་དང་སེར་བ་གཏོང་། །ལན་ཆགས་བུ་ལོན་འདེབས་པ་དང་། །ཉེ་འབྲེལ་གྲོགས་ཀྱི་ཤུལ་འབྲང་དང་། །མཛེ་ནད་གཏོང་བའི་ཀླུ་རྣམས་དང་། །གནོད་བྱེད་ལན་ཆགས་ལྷ་འདྲེ་རྣམས། །ཤ་ཁྲག་སྲོག་དབུགས་ཟ་བ་དང་། འབྲས་བུ་ལོ་ཐོག་ཟ་བ་དང་། །ངར་སྣབས་མི་གཙང་ཟ་བ་དང་། །འབྱུང་བའི་ལྷ་དང་ས་བདག་དང་། །ལོ་དང་སྤར་ཁ་སྨེ་བར་བཅས། །ཀུན་ཀྱང་གླུད་ཀྱིས་མཉེས་གྱུར་ཅིག །གནོད་འགལ་ངན་པ་ཞི་བར་མཛོད། །བུ་ལོན་ལན་ཆགས་དག་པར་བཅོལ། །བདག་ཅག་ལོངས་སྤྱོད་འཕེལ་བར་མཛོད། །རྦོད་གཏོང་བྱད་ཁ་ཟློག་ཏུ་གསོལ། །བསམ་པའི་དོན་རྣམས་འགྲུབ་པར་མཛོད། །སྙིང་རྗེའི་སྟོབས་ཀྱིས་དམ་ཆོས་བཤད། །ཁྱོད་ཀྱང་མ་རིག་འཁོར་བར་འཁྱམས། །ད་ནི་བྱང་སེམས་ལྡན་པར་གྱིས། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་སྐྱེལ་བར། །སྡིག་སྤངས་ཐར་པའི་ལམ་ལ་སྙོམས། །རང་སེམས་ཆོས་སྐུའི་རང་ཞལ་ལ། །འཛིན་མེད་ཡེངས་མེད་རྒྱུན་དུ་ལྟོས། །སྟོང་ཉིད་སྙིང་རྗེའི་ངང་ཉིད་ལ། །ནད་དང་དལ་ཡམས་ཞི་བར་མཛོད། །ལོ་ལེགས་ཆར་ཆུ་དུས་སུ་ཕོབ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སྔ་དགྲ་སྡང་དང་ད་དགྲ་རྩུབ། །ཕྱི་དགྲ་ཤོམ་པ་ཐམས་ཅད་ཟློག །གློ་བུར་བརྒྱད་ཅུ་རྩ་གཅིག་ཟློག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག །བཞི་བརྒྱ་རྩ་བཞིའི་ནད་རྣམས་ཟློག །སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཟློག །ཡ་བདུད་གཡོས་དང་དམ་སྲི་ལོངས། །མ་བདུད་མ་ཚན་རྒྱབ་འདྲེ་དང་། །མ་བུའི་བྱུར་འདྲེ་བཟློག་ཏུ་གསོལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཐམས་ཅད་མ་ལུས་ཟློག་ཏུ་གསོལ། །ལོ་ཟླ་ཞག་དུས་ངན་པ་ཟློག །ཕུང་འདྲེ་ཐམས་ཅད་ཟློག་ཏུ་གསོལ། །ལྟོག་འདྲེ་ཐམས་ཅད་ཟློག་ཏུ་གསོལ། །སྲི་ལ་རྐུ་བ་ཟློག་ཏུ་གསོལ། །བྱིས་པའི་གདོན་རྣམས་ཟློག་ཏུ་གསོལ། །ཕྱུགས་ཀྱི་གདོན་རྣམས་ཟློག་ཏུ་གསོལ། །མི་ཁ་ཁ་སྨྲས་མ་གཏོང་ཞིག །གཞན་གྱི་གཡུལ་ངོ་ཞི་བ་དང་། །བདག་གི་དམག་ཐབས་ལེགས་པར་མཛོད། །དགྲ་ཇག་ཆོམ་རྐུན་ཞི་བར་མཛོད། །མྱོས་ཤིང་འཐབ་པ་བསམ་པ་དང་། །ཉིན་གཅིག་གཉིས་གསུམ་བདུན་པ་ཡི། །རིམས་ནད་ཐམས་ཅད་ཞི་བར་མཛོད། །ཉམ་ང་འཚེ་བ་ཟློག་ཏུ་གསོལ། །ངན་དང་རྩུབ་པའི་རིགས་རྣམས་ཀུན། །ད་ལྟ་ཉིད་དུ་ཟློག་ཏུ་གསོལ། །ཡུལ་ཕྱོགས་དགེ་བར་མཛད་དུ་གསོལ། །དམ་ཆོས་རྒྱས་པར་མཛད་དུ་གསོལ། །འཐབ་རྩོད་ཞི་བར༴ ལོ་བརྒྱ་འཚོ་བར༴ སྟོན་བརྒྱ་མཐོང་བར་མཛད་དུ་གསོལ། །བཀྲ་ཤིས་རི་བོ་བརྟན་པ་དང་། །བསོད་ནམས་ནམ་མཁའ་ཉི་འོད་དང་། །མི་ཕྱེད་མི་ཤིགས་དངོས་གྲུབ་སྩོལ། །ཞེས་བརྗོད་པས་ལམ་དུ་བསྐྱལ་བཅོལ་ལ། རང་གིས་ནང་ནས་འོག་ཏུ་བཤད་པའི་བདེན་སྟོབས་བརྗོད། ཟློག་པ་འདི་ཚར་གྲངས་གསུམ་སོགས་བསྐྱར་འདོད་ནའང་བྱ་ཆོག །ཡང་ན་རིམས་གཅོད་པ་སོགས་གལ་ཆེ་དུས་ཕྱི་རོལ་དུ་གཏོ་སྐྱེེལ་བྱེད་ན་འཕེན་ཕྱོགས་སུ་དར་ནག་དང་རོལ་མོ་བཅས་ཏེ་ཁྱེར། དེའང་ནད་ཡམས་དལ་ཕྱོགས་ལམ་མདོ་སོགས། །བྱད་ཁ་དང་དགྲ་བགེགས་ལ་དེ་ཕྱོགས། ཐན་ཆེན་ཆར་འབེབས་ལ་ཆུ་མགོའམ་མཚོ་འགྲམ་དུ་སྐྱེལ་བ་སོགས་རིགས་པས་དཔྱད། མདོས་གཏོར་གནམ་དུ་བཏེགས་ལ་རང་ཉིད་ཡི་དམ་གྱི་ང་རྒྱལ་བརྟན་པ་དང་། སྒྲོལ་མ་སོགས་ཀྱི་གཟུགས་དཔང་དང་རྒྱབ་བརྟེན་གསལ་བའི་ངང་ནས་བདེན་སྟོབས་བརྗོད་ཅིང་མདོས་བཟློག་བྱ་བ་ནི། ན་མོ། འཕགས་པ་དཀོན་མ ཆོག་གསུམ་གྱི་མཐུ་དང་སོགས་ནས། ཕྱིན་ཆད་མི་འབྱུང་བར་གྱུར་ཅིག །བར་གོང་ལྟར་བརྗོད་པའི་མཐར། སྔགས་པས་ཕུར་བུ་བསྒྲིལ་བ་དང་། ཡུངས་ཀར་ཐུན་དུ་བྲབ་པ་དང་། ཟོར་ཁ་གནན་གཏད་བྱེད་པ་དང་། དེ་དག་གི་ནུས་མཐུ་ཐམས་ཅད་ཕྱིར་བཟློག་ཏུ་གསོལ། བོན་པོས་རྔ་ཆེན་བརྡུང་བ་དང་། སྔོ་དམར་འུར་རྡོ་འཕེན་པ་དང་། ཛོ་རྡེག་བྱེད་པ་དང་། དྲག་སྔགས་ཕྲ་མེན་བྱེད་པ་དང་། སྡེ་བརྒྱད་དྲེགས་པ་བསྐུལ་བ་དང་། དེ་དག་གི་ནུས་མཐུ་ཐམས་ཅད་ཕྱིར་བཟློག་ཏུ་གསོལ། །ཆོས་སྐྱོང་དང་ལྷ་འདྲེ་རྣམས་དཀོར་གྱི་ཤུལ་དུ་ཕྲེང་བ་དང་། མནའ་ཟན་གཤེད་དུ་འོང་བ། སྔགས་པ་དྲག་པོས་རྦད་པ། བདེན་པའི་རྒྱུ་འབྲས་སྟོན་པ། རིམས་ནད་ཡམས་ནད་གཏོང་བ། ཆར་མེད་ཐན་ཆེན་གཏོང་བ། ལོ་ཉེས་བཙའ་དང་སད་སེར་གཏོང་བ། ལན་ཆགས་བུ་ལོན་སྙགས་པ། ཉེ་འབྲེལ་དང་གྲོགས་ཀྱི་ཤུལ་དུ་འབྲང་བ། ཀླུ་ནད་དང་མཛེ་ནད་དང་ཤུ་བ་གཏོང་བ། དེ་དག་གི་ནུས་མཐུ་ཐམས་ཅད་ཕྱིར་བཟློག་ཏུ་གསོལ། །ཤ་ཁྲག་སྲོག་དབུགས་འཕྲོག་པ། ཁེ་ཚོལ་གླག་ལྟ་བ། ཡིད་བརྒལ་བ། ལོ་ཟླ་ཞག་དུས་ཀྱི་ཀག་རྩུབ་པ། སྤར་ཁ་དང་སྨེ་བ་རྩུབ་པ། ལུས་ཁ་རྗེ་དབང་ཐང་ཞན་པ། བླ་གནས་དང་ཀླུང་རྟ་རྒུད་པ་ཐམས་ཅད་ཕྱིར་ཟློག་ཏུ་གསོལ། ནད་རིམས་མེ་ལྟར་མཆེད་པ། ལྟས་ངན་མུན་ལྟར་འཐིབ་པ། རྨིས་ལྟས་མཚན་མ་ངན་པ་ཐམས་ཅད་ཕྱིར་བཟློག་ཏུ་གསོལ། །ནད་རིམས་བཞི་བརྒྱ་རྩ་བཞི་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག་ཏུ་གསོལ། །གློ་བུར་བརྒྱད་ཅུ་རྩ་གཅིག་གི་གནོད་པ་ཐམས་ཅད་ཕྱིར༴ བྱིས་པའི་གདོན་ཆེན་བཅོ་ལྔ། ཡ་བདུད་རྒྱལ་པོའི་གནོད་པ། མ་བདུད་མོ་འདྲེ་མོའི་གནོད་པ། དམ་ལོག་དམ་སྲིའི་གནོད་པ་དང་། ཕ་ཚན་གྱི་རྒྱབ་འདྲེ། མ་བུའི་བྱུར་འདྲེ། དགུ་མིག་དང་། དུར་མིག་དང་། བཞི་གཤེད་དྲུག་འགྲམ་བདུན་ཟུར་ཕྱོགས་ངན་བདུད་གཅོད་སྡང་དགྲ་གནོད་བྱེད་ཐམས་ཅད་ཕྱིར་ཟློག་ཏུ་གསོལ། ལོ་ཟླ་ཞག་དང་ཟ་མའི་ཀག་ངན་ཕུང་འདྲེ་ཕུང་སྲི། དབུལ་སྲི་མི་ལ་བསེ་རག་ལྟོག་འདྲེ་འགོང་པོ་ཕྱུགས་ཀྱི་གོད་ཁ་ཐམས་ཅད་ཕྱིར་ཟློག༴ དཔལ་ལ་འཇབ་པ་སྲིད་ལ་རྐུ་བ་དམག་སྣ་རྐུན་སྣ་ཟུག་པ་ཐམས་ཅད༴ དྲན་པ་མི་གསལ་བར་རྨུག་ཅིང་འཐིབ་པ་མི་ཁ་དང་སྨྲས་གཏོང་བ། ཉིན་མོའི་ལྟས་ངན་པ། མཚན་མོའི་རྨི་ལམ་ངན་པ་ཐམས་ཅད༴ ཚེ་འདིའི་རྐྱེན་དང་བྱུར། དམ་པའི་ཆོས་སྒྲུབ་པའི་བགེགས། ཕྱི་མའི་ས་ལམ་ལ་གནོད་པའི་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད༴ མདོར་ན་བཀྲ་མི་ཤིས་པའི་རིགས་སུ་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་བདག་ལ་སྡང་དགྲ་གནོད་བྱེད་བསམ་ངན་སྦྱོར་རྩུབ། དོ་བདོ་ཕོད་འཛུག་བསམ་ངན་ལོག་པར་ལྟ་བར་བྱེད་པའི་སྟེང་དུ་ད་ལྟ་ཉིད་དུ་ཕྱིར་བསྒྱུར་རོ། །ཕྱིར་ཟློག་གོ། །བདག་ཅག་འཁོར་དང་བཅས་པ་ལ་ལེགས་པའི་ཡོན་ཏན་མཐའ་དག་འབད་མེད་ལྷུན་གྲུབ་ཏུ་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། །ཅེས་བརྗོད་མདོས་བཟློག་འཕེན། ཐུ་བ་བརྡབ་སུམྦྷ་ནི་སོགས་དྲག་སྔགས་གང་ཤེས་བརྗོད། མཐར་ཟློག་བྱ་ཟློག་བྱེད་དང་བྲལ་བའི་ངང་ལ་དམིགས་མེད་ཡུན་རིང་བཞག་རོལ་མོ་བྱ། དེ་ནས་དཀོན་མཆོག་གསུམ་གྱི་བདེན་པ་དང་སོགས་ནས། དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་པར་བརྗོད། ཡེ་ཤེས་ཀྱི་ཁྲོ་བོའི་སྤྲུལ་པ་བྱ་ཁྱུང་མཐིང་ནག་རབ་ཏུ་འབར་བས་ཞལ་ཕར་གཟིགས་ཏེ་འབྱུང་པོའི་ཕྱིར་སྙོགས་ནམ་ཡང་མི་ཐར་བའི་རྗེས་བཅད་པར་གྱུར། ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཞེས་གཏོ་ཡས་ཀྱི་རྗེས་ཕྱི་བཅད། ༀ་བཛྲ་རཀྵ་རཀྵ་ཧཱུཾ་ཕཊ། རྡོ་རྗེའི་ས་གཞི་རྭ་བ་དྲ་བ་གུར་བླ་བྲེ་དང་བཅས་པ་སྲ་ཞིང་བརྟན་པའི་ཕྱི་རོལ་དུ་མཚོན་ཆ་སྣ་ཚོགས་པའི་གུར་ཁང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་ཞིང་ཁྲོ་བོ་དྲག་སྔགས་སྒྲོག་པ་རྡུལ་ལྟར་འཚུབས་པས་བསྐལ་པའི་རླུང་ཡང་རྒྱུ་བར་མི་ནུས་པར་གྱུར། ཅེས་བསྒོམས་ལ་ནང་དུ་ལོག །སྲུང་བའི་འཁོར་ལོའི་ནང་དུ་མདུན་བསྐྱེད་སྒྲོལ་མ་འཁོར་བཅས་བཞུགས་པའི་སྐྱབས་སྦྱིན་ཕྱག་རྒྱའི་འོག་ཏུ་བདག་ཅག་བསྲུང་བྱ་འཁོར་བཅས་ཚུད་པས་གེགས་དང་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་གྱུར་པར་མོས་སོ། ༈ །གསུམ་པ་རྗེས་ཀྱི་བྱ་བ་ནི། མཆོད་པ་གསར་དུ་བརྗེ་བའམ་ཁ་གསོས་ལ། བྱིན་རླབས་ནས་བཟུང་ཚིགས་བཅད་དང་སྔགས་ཀྱིས་འབུལ་པ་གོང་སྨོས་ལྟར་རྒྱས་པར་བྱ། ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་ཚར་གཅིག་གམ་གསུམ་དང་། ཕན་ཡོན་བཅས་བརྗོད། རྗེ་བཙུན་འཕགས་མ་སྒྲོལ་མ་སོགས་ཡན་ལག་བདུན་པ་ཚང་བར་བྱས་ལ། འདོད་དོན་གསོལ་བ་གདབ་པ་ནི། ༀ། འགྲུབ་པར་གྱུར་ཅིག་རྗེ་བཙུན་ཐུགས་རྗེ་ཅན། །འཕགས་མ་ཁྱོད་ལ་བསྙེན་སྒྲུབ་མཆོད་པ་དང་། །བསྟོད་ཅིང་གསོལ་བ་བཏབ་པའི་མཐུ་བྱིན་གྱིས། །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་པར། །འཕགས་མ་ཁྱོད་དང་རྟག་ཏུ་མི་འབྲལ་ཞིང་། ནད་མེད་ཚེ་དབང་ལོངས་སྤྱོད་འཕེལ་བ་དང་། །བྱང་ཆུབ་སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །བཟོད་གསོལ་ནི། ཡིག་བརྒྱ་ལན་གསུམ་དང་། མ་འབྱོར་པ་དང་སོགས། དེ་ཀུན་མགོན་པོས་བཟོད་པར་མཛོད། བདག་ཅག་སོ་སོའི་སྐྱེ་བོའི་བསམ་པ་ཉོན་མོངས་པ་ཅན་དུ་གྱུར་པའི་དབང་གིས་ཏིང་ངེ་འཛིན་མི་གསལ་ཞིང་བྱིང་རྒོད་ཀྱི་དབང་དུ་གྱུར་པ་དང་། ཡོ་བྱད་ལ་དབང་མ་ཐོབ་པས་མཆོད་པའི་དངོས་པོ་ཆུང་ཞིང་ངན་པ། གཙང་སྦྲས་མ་ཕྱེད་པ། ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ། ནོངས་པའི་ཚོགས་ཅི་མཆིས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ལ་བཟོད་པར་གསོལ་ན་བདག་ཅག་ལ་འཕྲལ་དང་ཡུན་དུ་སྒྲིབ་པ་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། སྨོན་ལམ་ནི། བསོད་ནམས་འདི་ཡིས་འགྲོ་བ་ཀུན། ། རྗེ་བཙུན་སྒྲོལ་མ་འདྲ་བར་ཤོག །བདག་ཀྱང་ཏིང་འཛིན་འདི་བསྒྲུབས་པས། །འགྲོ་བའི་དོན་དུ་སངས་རྒྱས་ཤོག །མདུན་བསྐྱེད་རྟེན་མེད་ན། ༀ་ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། འདིར་རྟེན་དང་ཁྱད་པར་སྐུ་གཟུགས་ཡོད་པའི་དབང་དུ་བྱས་ནས། སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་རྟེན་འདི་དག་ལ་བརྟན་པར་བཞུགས་ནས། སྦྱིན་པའི་བདག་པོས་ཐོག་དྲངས་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ༀ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱས་ལ་འབྲུ་འཐོར། རང་གི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། ཅེས་པས་སྒོ་གསུམ་བསྲུང་ངོ་། །ཤིས་བརྗོད་ནི། སྟོན་མཆོག་དམ་པ་ལྷ་མིའི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ༴ ཞི་བ་ཆགས་བྲལ་ལྷ་མིའི་མཆོད་འོས་པ། །ཆ ོས་ལ་ཕྱག་འཚལ་དེང་འདིར༴ སེམས་ཅན་གང་དག༴ དེ་དག་ཐམས་ཅད༴ ཚོགས་ཀྱི་དམ་པ་ལྷ་མིའི་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེར༴ སེམས་ཅན་གང་དག༴ དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་མོར་ཆོས་ལ་སྤྱོད་པར་ཤོག །བདག་དང་སྦྱིན་བདག་འཁོར་དང་བཅས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་རྒྱལ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཅེས་བཀྲ་ཤིས་བརྗོད་ཅིང་མེ་ཏོག་གི་ཆར་དང་རོལ་མོའི་སྒྲ་བསྒྲག་གོ། །འདི་ནི་ཉིན་ཆོག་བྱ་བའི་ཚུལ་ཡིན་ལ། ཞག་གསུམ་མམ་བདུན་སོགས་བསྒྲུབས་ཀྱང་རུང་བས་ཞག་གྲངས་བྱེད་ན་ཉིན་ཕྱི་མ་རྣམས་ལ་མཆོད་པ་གསར་དུ་བརྗེ། འབུལ་གཏོར་བཞི་པོ་ཉིན་རེ་བཞིན་བཤམས་ནས་འབུལ། མདོས་ཟློག་ཁ་གསོ་བ་ཙམ་གྱིས་ཆོག །བདག་བསྐྱེད་ནས་བཟུང་ས་བཅད་བཞི་པ་གླུད་ལྷ་འདྲེ་ལ་བསྔོ་བ་མ་རྫོགས་པར་བཏང་ལ་རྗེས་ཆོག་མཆོད་བསྟོད་མན་ཆད་བྱ། འབུལ་ཉིན་མདོས་ཀླུད་བསྔོ་བའི་སྐབས་མར་མེ་རྣམས་སྤར། བདེན་སྟོབས་ཀྱི་ཟློག་པ་ལ་སོགས་གོང་སྨོས་ལྟར་བྱས་པས་འགྲུབ་བོ། །སྤྱིར་རྗེ་བཙུན་སྒྲོལ་མའི་མཚན་དྲན་པ་ཙམ་གྱིས་འཇིགས་པ་ཐམས་ཅད་ལས་སྐྱོབ་པ་དང་། བར་ཆད་ཐམས་ཅད་ཟློག་ཅིང་ཁྱད་པར་ཐེག་པ་ཆེན་པོ་པ་རྣམས་ཀྱི་ལྷག་པའི་ལྷ་དང་མགོན་སྐྱོབ་གཅིག་པུ་པ་ཡིན་པ་དང་། བོད་ཁ་བ་ཅན་གྱི་ལྷ་སྐལ་སྙིགས་མའི་དུས་སུ་བྱིན་རླབས་ལྷག་པར་མྱུར་བ་ཡིན་པས་བོན་ལུགས་དང་འབྲེལ་བའི་གཏོ་ཕྲན་གཞན་ལས་ཀྱང་འདི་ཉིད་ལ་འབད་རྩོལ་ནུས་ན་འདི་ཕྱི་གཉིས་ཀའི་དོན་ཆེན་པོ་བདེ་བླག་ཏུ་འགྲུབ་པར་འགྱུར་བ་ཡིན་ནོ། །སྙིགས་དུས་སྐྱེ་བོ་བསོད་ནམས་དམན། །དེ་ལས་བློ་གྲོས་རྒྱ་ཆུང་བས། །ནོར་བུ་བོར་ནས་མཆིང་བུ་ཚོལ། །ཕུག་ནོར་ལས་ཀྱང་ཉིན་ལྟོ་འདོམ། །འདི་འདྲས་དོན་དུ་འགྱུར་དཀའ་ཡང་། །རྒྱུན་སྲོལ་མང་དུ་ཐོས་པས་ན། །མི་ནུབ་བཙས་སུ་འདི་བྱས་དགེས། །འགྲེལ་ཚད་འཕགས་མས་རྗེས་འཛིན་ཤོག །འདི་ཉིད་དགོས་པ་ཕན་ཡོན་བྱིན་རླབས་ཆེ་བར་མཐོང་ཡང་ཕྱོགས་འདིར་དང་སྲོལ་ཆུང་བས། རང་གཞན་ཕན་འདོད་ཀྱི་ལྷག་པའི་བསམ་པས་ཀུན་ནས་བསླངས་ཏེ། རྒྱ་སྟོན་ཡི་གེ་རྩ་བ་དང་རྒྱལ་ཚབ་གྲགས་མཆོག་གི་ཡིག་ཆ་ལ་གཞི་བྱས། ཡིག་ཆ་གཞན་ལས་ཀྱང་ལེགས་པའི་ཆ་བླངས་ཏེ། ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བྲིས་པ་དགེ་ལེགས་འཕེལ། ༈ །ཐུགས་རྗེ་རབ་མྱུར་འཕགས་མ་ལ། །བརྟེན་ནས་མི་མཐུན་གཡུལ་གྱི་ཚོགས། །ཟློག་བྱེད་ཆོ་ག་ཟབ་མོ་འདི། །གཞན་ཕན་རྒྱ་མཚོ་འབྱུང་བའི་བློས། །དཔལ་སྤུངས་གདན་སར་ཆོས་སྦྱིན་འཕྲུལ། །རྗེ་དཔོན་བློ་གྲོས་སེང་གེ་ཡིས། །བསྒྲུབས་པའི་དགེ་ཚོགས་དཔལ་ལྡན་གྱི། །བླ་མ་མཆོག་རྣམས་ཐུགས་དགོངས་རྫོགས། །བསྟན་པ་དར་ཞིང་བསྟན་འཛིན་གྱི། །ཞབས་པད་ཡུན་བརྟན་འགྲོ་བ་ཀུན། །ཕན་བདེས་རྟག་ཏུ་འཚོ་བ་སོགས། །དགེ་ལེགས་རྫོགས་ལྡན་རྒྱུར་གྱུར་ཅིག །ཅེས་པའང་དམ་པ་མཆོག་གིས་བཀྲ་ཤིས་པའི་ལྷ་རེག་བཅས་བསྐུལ་ངོར་ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོས་སྨྲས་པ་དགེ་ལེགས་འཕེལ།། །།

གཏོར་མ་ཆ་གསུམ།

གཏོར་མ་ཆ་གསུམ་གྱི་ཆོ་ག་བཞུགས་སོ། །བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཆེན་པོའི་ཆོ་གའི་སྐབས་སུ་ཆ་གསུམ་གཏོར་མ་རྒྱས་འབྲིང་བསྡུས་པའི་ཚུལ་ཇི་སྙེད་ཅིག་གསུངས་པ་ལས་འདི་ལྟར་ཤེས་པར་བྱ་སྟེ། རིན་པོ་ཆེ་ལ་སོགས་པའི་སྣོད་གསུམ་གྱི་དང་པོ་གཉིས་སུ་ཕྱོགས་སྐྱོང་དང་འབྱུང་པོ་སྤྱིའི་གཏོར་ཟླུམ་ཐེབ་ཀྱུ་ཅན་འབྲས་ཆན་ལ་ཕུག་སོགས་དཀར་ཞིང་གཙང་བའི་བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་པ་དང་། གསུམ་པར་བགེགས་ཀྱི་གཏོར་མ་ཏིང་ལོ་ཆང་བུ་ཅན་ཤ་ཆང་སོགས་ཀྱིས་སྤགས་པ་རྣམས་གྲལ་རིམ་གྱིས་བཤམས་ལ། བསང་ཆུས་སྦྲན་ཏེ། རྡོ་རྗེ་གནོད་སྦྱིན་གྱི་རྒྱས། ༀ་བཛྲ་ཡཀྵ་ཧཱུཾ་གིས་བསང་། རྡོ་རྗེ་མེའི་རྒྱས། ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ཅེས་དང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྂ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ༀ་ཨཱཿཧཱུཾ་ཧོཿ ལན་གསུམ་གྱིས་ཐུན་མོང་དུ་བྱིན་གྱིས་བརླབ་བོ། །དེ་ནས་གཏོར་མ་དང་པོ་ཕྱོགས་སྐྱོང་བཅུ་ལ་འབུལ་ཏེ། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་སྐྱོང་འཁོར་བཅས་སྤྱན་དྲངས་པར་བསམ་ལ། རྡོ་རྗེ་དྲིལ་བུ་འཛིན་པས། ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དབང་དང་ལྡན། །ཐུགས་རྗེ་ཐབས་མཁས་ཐུགས་དམ་དཀྱིལ་པོ་ཆེ། །ལྷ་དང་དྲང་སྲོང་ཡི་དྭགས་སྲིན་པོ་ཀླུ། །རིག་འཛིན་རྒྱལ་བ་དང་ནི་གནོད་སྦྱིན་བདག །དེ་དག་སོ་སོའི་དབང་པོའི་སྐུར་སྟོན་པ། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ༀ་ད་ཤ་དི་ཀློ་ཀ་པཱ་ལས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ་ལ། ༀ་ཨིནྡྲ་ཡ། ཨགྣ་ཡེ། ཡ་མ་ཡེ། ནེ་ཏྲི་དྱེ། ཝ་རུ་ཎཱ་ཡ། ཝཱ་ཡ་ཝཱེ། ཀུ་བེ་རཱ་ཡ། ཨཱི་ཤཱ་ནཱ་ཡ། ཨུདྡྷཾ་པྲཧྨ་ཎ་ཡ། སཱུརྻ་གྲ་ཧ་ཨདྷི་པ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ། ཨ་དྷོ་པྲི་ཐི་ཝེ་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿ ས་པ་རི་ཝཱ་ར་ཨརྒྷཾ༴སོགས། སྭཱ་ཧཱའི་བར་གྱིས་མཆོད། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨིནྡྲ་སོགས་སྔར་གྱི་སྔགས་མཐར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ་ལ། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་དྲི་ཟའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི༴ ཤར་ལྷོ་མེ་ལྷའི༴ མཆོད་ཅིང་༴ གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོ༴ ལྷོ་ཕྱོགས་གཤིན་རྗེའི༴ མཆོད་ཅིང་༴ བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ༴ ལྷོ་ནུབ་སྲིན་པོའི༴ མཆོད་ཅིང་བསྟོད༴ ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཚིག་སྲུང་རྒྱལ་པོ༴ ནུབ་ཕྱོགས་ཆུ་ལྷའི༴ མཆོད་ཅིང་༴ རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ༴ ནུབ་བྱང་རླུང་ལྷའི༴ མཆོད་ཅིང་༴ གནོད་སྦྱིན་ལག་ན་དབྱུག་ཐོ་ཐོགས། །ནོར་སྲུང་རྒྱལ་པོ༴ བྱང་ཕྱོགས་གནོད་སྦྱིན༴ མཆོད་ཅིང་༴ དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ༴ བྱང་ཤར་དབང་ལྡན༴ མཆོད་ཅིང་༴ སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་ཚོགས་བཅས་ལ། །མཆོད་ཅིང་༴ འོག་གི་ཀླུ་སྟེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་དང་། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང་། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་གང་དག་ས་སྟེང་ཀླུ། །རི་ཡི་ལྷ་དང་གཙང་མའི་ཚོགས་བཅས་ལ། །ས་ས་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང་། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང་། །ནང་མི་དམག་དང་དཔུང་བཅས་ལྷན་ཅིག་ཏུ། །མེ་ཏོག་དྲི་དང་བྱུག་པ་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་རྣམས་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་ཕྲིན་ལས་བཅོལ། ཨཱོཾ་ད་ཤ་དི་ཀ་སོགས་ཀྱི་མཐར། གཙྪ་བཏགས་པས་གཤེགས་སུ་གསོལ། གཏོར་མ་གཉིས་པ་འབྱུང་པོ་སྤྱི་ལ་འབུལ་ཏེ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ལ། །བདག་གི་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱོད་ལ་གསོལ་འདེབས་ཀྱིས། །གསན་ནས་ཕན་གདགས་སླད་དུ་འདིར་གཤེགས་ཤིག །ༀ་སརྦ་ལོ་ཀ་པཱ་ལ་ཨེ་ཧྱེ་ཧིས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ། ༀ་དེ་བ། ནཱ་ག །ཡཀྵ། རཀྴ། གནྡྷརྦ། ཨ་སུ་ར། ག་རུ་ཌ། ཀིནྣོ་ར། མ་ཧོ་ར་ག །མ་ནུ་ཥྱ། ཨ་མ་ནུ་ཥྱ། ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། རྡོ་ཐལ་གྱེན་དུ་ཕྱེ་སྟེ། ༀ་དེ་བ་སོགས་སྔར་གྱི་སྔགས་མཐར། ན་མཿསརྦ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ་ལ། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང་། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང་། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་བསིལ་མ་ཅན་ན་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་། །ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང་། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང་། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང་། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་རྣམས་དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་དྲི་དང་བྱུག་པ་མེ་ཏོག་དང་། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་ཕྲིན་ལས་བཅོལ། ཡེ་དྷརྨཱ་དང་། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཆོས་ཀྱི་སྦྱིན་པ་བྱ། ༀ་སརྦ་ལོ་ཀ་པཱ་ལ་གཙྪ། ཞེས་གཤེགས་སུ་གསོལ། གསུམ་པ་བགེགས་ལ་བསྔོ་སྟེ། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་རྡོ་རྗེ་ཁྲོ་བོའི་སྐུར་གྱུར་པར་བསམ་ལ་ཧཱུཾ་མཛད་ཀྱི་རྒྱས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག །ༀ་ཊཱཀྐི་ཧཱུཾ་ཛཿ ཞེས་པས་སྤྱན་དྲངས། ༀ་གུཾ་ཀ་རི་གུཾ་ཀ་རི་སྭཱ་ཧཱ། ༀ་པི་ཙི་པི་ཙི་སྭཱ་ཧཱ། ༀ་གུཾ་གུཾ་སྭཱ་ཧཱ། སརྦ་བིགྷྣཱཾ་གྲྀཧྞེ་དཾ་ཨརྒྷཾ་སོགས་ཀྱིས་མཆོད། རྡོར་ཐལ་སེ་གོལ་དང་བཅས་པས། ༀ་གུཾ་ཀ་རི་སོགས་གོང་གི་སྔགས་མཐར། སརྦ་བིགྷྣཱནྣ་མཿ སོགས་གསུམ་གྱིས་གཏོར་མ་བྱིན་ལ། གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་སོགས་གནས་དང་། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་ཡིས། །མཆོད་པ་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས། །རྒྱན་གྱིས་བརྒྱན་པར་བྱས་ཤིང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་བར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིག་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ༀ། ཆེན་པོའམ་ཆུང་ངུ་གང་དག་གིས། །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་ཉེ་བར་ཕྱུངས་ནས་སུ། །གདོན་དེ་རང་གི་གནས་སུ་དེངས། །དེ་ལྟར་བདག་གིས་ཅི་ནུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡིས། །དམ་ཚིག་ལ་ནི་གནས་ནས་སུ། །བདག་གི་བསམ་པ་བསྐང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིར་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་དེ་རབ་ཏུ་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་སོང་། །ཞེས་དང་། ཆོས་ཀྱི་སྦྱིན་པ་གོང་བཞིན་བྱས་ལ། སརྦ་བིགྷྣཱཾ་གཙྪས་གཤེགས་ཤིང་། གང་དག་གདུག་ཅིང་རྩུབ་པའི་སེམས་འཆང་བ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་གདོན་བགེགས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགགས་པར་འགྱུར་ཏ་རེ། ༀ་སུཾ་བྷ་ནི་སོགས་ཧཱུཾ་བཞི་པའི་སྔགས་དང་རོལ་མོའི་སྒྲ་དྲག་པོས་བསྐྲད་པར་བྱ་ཞིང་གཏོར་མ་རྣམས་གཙང་སར་རིམ་པར་བཞིན་དོར་རོ། །སླར་ཡང་། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །ཅེས་སྨོན་ལམ་གདབ་པར་བྱའོ། །གཏོར་མ་ཆ་གསུམ་གྱི་ཆོ་ག་འདི་ནི་སྔ་འགྱུར་བཀའ་མའི་ཡིག་ཆ་དུ་མ་དང་། སྒྲུབ་ཆེན་བདེ་གཤེགས་འདུས་པའི་གཏོར་ཆོག་སོགས་ལས་བཏུས་ཤིང་། ཕྱི་འགྱུར་བའི་ལུགས་དང་ཡང་མི་འགལ་བར་མཚུངས་པར་བྱས་ཏེ་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སྦྱར་བའོ། །དགེའོ།། །།

རྒྱ་བཞིའི་ཆོ་ག་འདོད་དོན་ལྷུན་གྲུབ།

བརྒྱ་བཞིའི་ཆོ་ག་འདོད་དོན་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཕན་བདེའི་མཆོག་སྩོལ་དཀོན་མཆོག་རིན་ཆེན་གསུམ། །མི་ཕྱེད་དད་པའི་གཙུག་གིས་གུས་མཆོད་ནས། །འགྲོ་ཀུན་བདུད་བཞི་ལ་སོགས་འཇིགས་པ་ལས། །བསྐྱབ་ཕྱིར་བརྒྱ་བཞིའི་ཆོ་ག་མདོར་བསྡུས་བཀོད། །དེ་ལ་སྦྱོར་བ་ཡོ་བྱད་འབྱོར་ཚད་བཤམ་པ། དངོས་གཞིའི་ཆོ་གའི་རིམ་པ་དང་། རྗེས་ལོ་རྒྱུས་ཀྱི་སྒོ་ནས་ཕན་ཡོན་བསྟན་པའོ། །དང་པོ་ནི། གང་དུ་བྱ་བའི་ས་ཕྱོགས་རྣམས་གཙང་ཞིང་དག་པར་བྱས། མཎྜལ་གྱི་གཞི་ལ་དྲི་ཞིམ་གྱིས་ཆག་ཆག་གདབ། དེར་ཐིག་ཆེན་བརྒྱད་སྤྱི་ལྟར་གདབ་པའི་ལྟེ་བ་ནས་ཟླུམ་སྐོར་ལྔས་བསྐོར་བའི་དབུས་མཐིང་ག །ཟླུམ་སྐོར་དང་པོ་པད་འདབ་བརྒྱད་མཛེས་ཚོན། གཉིས་པ་དཀར་པོ། གསུམ་པ་དམར་པོ། བཞི་པ་སྔོན་པོ། དེ་ཕྱིར་སྟོན་པའི་ཕྱག་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན་བྲིས། ཕྱག་གི་མཁྲིག་མའི་ཐད་དུ་རིན་པོ་ཆེའམ། མཉྫིའི་ཁྲིའུ་ལ་སྟོན་པའི་སྐུ་བྱིན་རླབས་ཅན་ཕྱག་སོར་ལ་ཕྱོགས་པར་བཞུགས་སོ། །ལྟེ་བར་ཟངས་གཞོང་སོགས་སུ་འབྲུ་སྣའི་ངར་ཟན་ལ་ཡོན་བདག་གི་གླུད་ཁྲུ་གང་བ་སྐྱེ་མཆོད་དོད་ཅིང་གོས་རྒྱན་གྱིས་མཚན་པ། ཕོ་ལ་སྟག་པ་དང་། མོ་ལ་གླང་མའི་ཤིང་བྱང་ལོ་གྲངས་ཀྱི་ཁྲམ་བཏབ་པ། རྒྱབ་ཏུ་འདོད་གསོལ་བྲིས་པ་ཕྲག་གཡས་ལ་བཙུག་པ། ནམ་རྒྱང་། མདའ་འཕང་སོགས་ཀྱིས་བརྒྱན་པའོ། །འབྲུ་སྣ། རིན་པོ་ཆེ། གོས་དར་སོགས་དཀོར་ཆ་དུ་མས་བསྐོར་ནས། མཐེ་བོང་མ་གཏོགས་ཕྱག་སོར་བཞིའི་རྩེ་ལ་འཇིམ་པ་སོགས་ལ་འབུར་དུ་བྱས་པའམ། ཤིང་བྱང་ལ་བྲིས་པ་སོགས་གང་ཡང་རུང་བའི་བདུད་བཞིའི་གཟུགས་བཀོད། ཕུང་པོའི་བདུད་སེར་པོ་མཛུབ་མོ། འཆི་བདག་གི་བདུན་ནག་པོ་གུང་མོ། ཉོན་མོངས་པའི་བདུད་དམར་པོ་སྲིན་ལག །ལྷའི་བུའི་བདུད་དཀར་པོ་མཐེའུ་ཆུང་ལ་བཀོད། མཎྜལ་གྱི་པད་འདབ་ལ་ཕུང་པོའི་བདུད་སེལ་ཕྱིར་སྐུ་གདུང་སཱཙྪ་བརྒྱ། མུ་ཁྱུད་གཉིས་པ་ལ་ལྷའི་བུའི་བདུད་སེལ་ཕྱིར་ལྷ་བཤོས་བརྒྱ། མུ་ཁྱུད་གསུམ་པ་ལ་ཉོན་མོངས་པའི་བདུད་སེལ་ཕྱིར་མར་མེ་བརྒྱ། མུ་ཁྱུད་བཞི་པ་ལ་འཆི་བདག་གི་བདུད་སེལ་ཕྱིར་ངར་གླུད་བརྒྱ། དེ་རྣམས་བསྐོར་ཐབས་སུ་མཛེས་པར་བཀོད། གཞུང་ལས། མཆོག་སྦྱིན་ཕྱག་རྒྱ་གཡས་པ་རུ། །བརྒྱ་བཞིའི་ཡས་དང་རྫས་བསགས་ཏེ། །ཕྱག་སོར་རྩེ་ལ་མགྲོན་བཀུག་ནས། །བདུད་བཞི་བསལ་ཏེ་མདངས་དང་ལྡན། །ཞེས་གསུངས་པ་ལྟར་རིམ་པ་བཞིན་བཀོད། གཞན་ཡང་དེ་དག་གི་མཐར། སྤྱི་དང་བྱེ་བྲག་གི་གཏོར་མཆོད་དང་གསེར་སྐྱེམས་ལ་སོགས་པ་ཡང་བཤམ། རང་གི་མདུན་ནམ་ཕྱོགས་གང་བདེར་དཀོན་མཆོག་སྤྱི་གཏོར་དང་། ཆུ་གཉིས་ཉེར་སྤྱོད་ལྔ་སོགས་དང་། འཐོར་རྒྱུའི་མེ་ཏོག་དང་རོལ་མོའི་ཆ་བྱད་སོགས་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས་བཤམ་མོ། །དེ་ལྟར་བཤམས་པ་ནི་རབ་འབྱོར་པ་ཅན་གྱི་བཤམས་ཚུལ་ཡིན་ལ། གཞན་ལ་རྫས་རྣམས་ལྔ་བཅུའམ། ཉེར་ལྔ་སོགས་བཤམས་ལ་མེ་ལོང་གཅིག་གམ། གསུམ་ལ་གཟུགས་བརྙན་ཤར་བའི་གྲངས་གིས་ཁ་བསྐང་བ་འབྲིང་གི་བརྒྱ་བཞི་སྟེ་གཟུགས་བརྙན་གྱི་བརྒྱ་བཞི་དང་། ཐ་མ་རྫས་རེ་རེ་ཙམ་ལ་བརྟེན་ནས་བརྒྱ་བསྔོ་བ་ཡིན་ནོ། །ཞེས་ཟེར་རོ། །གཉིས་པ་ཆོ་གའི་རིམ་པ་ལ། དཔུང་བསྐྱེད་པའི་རྒྱབ་ཆོས་དང་། ཆོ་ག་དངོས་གཞི་གཉིས་ལས། དང་པོ་དགེ་འདུན་ལ་ཆོས་སྟོན་དྲངས་ནས། སྤྱིར་དཀོན་མཆོག་ལ་མཆོད་པ་དང་། ཤེར་སྙིང་བཏོན། བྱེ་བྲག་སྐབས་དོན་དང་སྦྱར་སྟེ། ཚེ་བསྲིང་བ་ལ་ཚེ་མདོ། མི་གཙང་བ་སེལ་བ་ལ་རྣམ་འཇོམས། ཕུར་ཁ་བཟློག་པ་ལ་གཙུག་ཏོར་གདུགས་དཀར་ནག །རིམས་ཁ་བཟློག་པ་ལ་མ་མོའི་བསྟོད་གཟུངས་དང་། གཙུག་ཏོར་ནག་མོ། ས་བདག་གི་གནོད་པ་ཞི་བ་ལ་ཀླུའི་སྤང་སྐོར། གཤིན་དོན་ལ་སྤང་སྐོང་ཕྱག་བརྒྱ་པ། དབང་ཐང་གསོ་བ་ལ་ཛམྦྷ་ལ་དང་ནོར་རྒྱུན་གྱི་གཟུངས་འདོན། གཟའ་སྐར་ངན་པ་བཟློག་པ་ལ་སྡོང་རྒྱན་དང་སྣང་བརྒྱད་འདོན། གཞན་ཡང་ཆོས་སྐྱོང་ལ་བསྐང་གསོལ་དང་། སྡེ་བརྒྱད་འབྱུང་པོ་སོགས་ལ་གསེར་སྐྱེམས་གཏོར་མ་སོགས་དཔུང་བསྐྱེད་པའི་ཆོ་ག་ཅི་འགྲུབ་བྱ། གཉིས་པ་ཆོ་ག་དངོས་གཞིའི་རིམ་པ་ལ་བཅུ་གསུམ་ལས། དང་པོ་བདག་བསྐྱེད་ནི། སྐྱབས་འགྲོ་སེམས་བསྐྱེད་དང་ཚད་མེད་པ་བཞི་བསྒོམ་པ་སོགས་སྔོན་དུ་འགྲོ་བས། ༀ་སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་སེར་པོ་དེའི་འོད་ཀྱིས་ལུས་ཐམས་ཅད་གང་བ་ལས་རང་ཉིད་ཐུབ་པའི་དབང་པོའི་སྐུར་གྱུར་པ་ནི། སྐུ་མདོག་གསེར་བཙོ་མ་ལྟ་བུར་ཞལ་གཅིག་ཕྱག་གཉིས་པ། གཡས་པ་ས་གནོན་དང་། གཡོན་པ་མཉམ་བཞག་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན་ནོ། །མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཤིང་། ཆོས་གོས་རྣམ་གསུམ་གསོལ་བ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་བདག་ཉིད་དུ་བཞུགས་པར་གྱུར། དེའི་དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་དཔའི་ཚོགས་བཛྲ་ས་མ་ཡ་ཛ་ཛཿས་སྤྱན་དྲངས། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །ཞེས་ཕྱག་དང་། ཨརྒྷཾ་ནས། ཤཔྡའི་བར་གྱིས་མཆོད་ནས། ཛཿཧཱུྃ་བྂ་ཧོཿ གཉིས་སུ་མེད་པར་གྱུར། སྙིང་གའི་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམས་ལ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་བཟླས་པ་ཅི་ནུས་བཟླས་ལ། གཉིས་པ་སྐུ་གདུང་རབ་གནས་ནི། རང་གི་ཐུགས་ཀའི་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་གཤེགས་པར་གྱུར། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། སོགས་ཀྱིས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད་ཅིང་བསྟོད། ནམ་མཁའི་ལྷ་ཚོགས་རྣམས་འོད་ཟེར་གྱི་ཕུང་པོར་གྱུར་ནས་སྐུ་གདུང་ལ་ཐིམ་པར་གྱུར། མེ་ཏོག་དོར་ཞིང་རྟེན་འབྲེལ་སྙིང་པོ་བཟླས་ནས་སཱཙྪ་ལ་གཏོར། སངས་རྒྱས་རྗེས་སུ་དྲན་པའི་མདོ་ཡང་འདོན་ལ་ཤིས་བརྗོད་བྱ། གསུམ་པ་ཚོགས་བསགས་པ་ནི། རབ་གནས་བྱ་བའི་ཚོགས་རྟེན་ཉིད་དུ་མོས་སོ། །མཆོད་བསྟོད་ཡན་ལག་བདུན་པ་བྱ་ཞིང་། བསྡུ་ན་བཟང་སྤྱོད་ལས་བྱུང་བའི་ཡན་ལག་བདུན་པ་ཙམ་བྱའོ། །སྤྱིར་བདག་བསྐྱེད་ནི་ཡི་དམ་གང་ལ་བྱས་ཀྱང་རུང་། འདིར་བསྟན་ཆོ་ག་ནི་ཡིག་རྙིང་ཁུངས་ལྡན་དཔྱད་བཟོད་པ་དག་ལས། བདག་བསྐྱེད་ནས་ཚོགས་བསགས་པ་ནི། གོང་གི་བསྒྲིགས་རིམ་འབྱུང་བ་དེ་ལྟར་རོ། །བཞི་པ་རྫས་རྣམས་བྱིན་གྱིས་བརླབ་པ་ནི། རྂ་ཡྂ་ཁྂ་གིས་མ་དག་པའི་དངོས་པོ་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་བསམ་ལ། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། བྱེ་བྲག་ཏུ་སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབ་པ་ནི། ཆོས་ཉིད་རྣམ་པར་དག་པའི་ཐལ་མོ་ཁོང་སྟོང་དུ་སྙིང་གར་སྦྱར་ཏེ། ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཿསྭབྷཱ་ཝ་ཤུདྡྷོ྅ཧཾཿ ལན་གསུམ་མམ་བདུན་བརྗོད། རྫས་རྣམས་རང་བཞིན་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། ནམ་མཁའ་མཛོད་ནི། ཐལ་མོ་ཁོང་སྟོང་དུ་སེན་མོ་རྩེ་སྤྲད་པས་ཚིག་རྣམས་བཅག་པ་སྨིན་མཚམས་སུ་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འདོད་པའི་ཡོན་ཏན་ལྔ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་མོ། །དུད་རྩི་ཐབབས་སྦྱོར་ནི། ཐལ་མོ་སྦྱར་བ་ཕྱིར་བསྐྱེད། མཐེ་བོང་གཉིས་བསྣོལ་ཏེ་ཁའི་ཐད་ཀར་བཞག །ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཡོ་བྱད་ཐམས་ཅད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་མོ། །རྒྱ་ཆེན་ཤུགས་ལྡན་ནི། གཡས་རྡོ་རྗེ་ཁུ་ཚུར་བཅིང་པའི་མཛུབ་མོ་སྒྲེང་། གཡོན་པ་ས་གནོན་བྱས་ལ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨཱ་བ་ལོ་ཀི་ཏེ་ༀ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཡོ་བྱད་ཐམས་ཅད་སོ་སོའི་བསམ་པ་དང་མཐུན་པར་བསམ་མོ། །ཡེ་ཤེས་སྐར་མདའ་ནི། གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅའ་ལ། གཡོན་མཆོག་སྦྱིན་གྱིས་སྣོད་འདེགས་པའི་ཚུལ་དང་། ༀ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ། ཡོ་བྱད་ཐམས་ཅད་མགྲོན་རྣམས་འཐབ་རྩོད་མེད་པར་ལོངས་སྤྱོད་པར་བསམ་མོ། །དབང་བསྒྱུར་འཁོར་ལོ་ནི། ལག་གཉིས་ཀྱི་སོར་མོ་ནང་དུ་བསྣོལ་ནས་མཁྲིག་མར་སྦྱར། མཐེ་བོང་གཉིས་གཤིབས་ཏེ་བརྐྱངས་པ་སྤྱི་བོར་བསྐོར་ལ། ན་མཿས་མནྟ་བུ་དྡྷཱ་ནཾ་གྲ་ཧེ་ཤྭ་རི་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། མགྲོན་རྣམས་ཐམས་ཅད་བདག་ཉིད་ཀྱི་དབང་དུ་གྱུར་པར་བསམ་ལ། དེ་ལྟར་སྔགས་ལན་གསུམ་མམ་བདུན་བརྗོད་པའི་ཕྱག་རྒྱ་བཀྲོལ་བ་ན་སེ་གོལ་བྱའོ། །ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད། ལྔ་པ་མགྲོན་རྣམས་སྤྱན་དྲང་བ་ནི། རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ། །ཀྱཻ། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག །དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག །བདེན་པའི་མཆོག་ནི་དཀོན་མཆོག་གསུམ་གྱི་བཀའ། །དཀོན་མཆོག་བཀའ་ལ་མི་ཉན་གང་ཡང་མེད། །སྲིད་པའི་རྩེ་ནས་དམྱལ་ཁམས་ཡན་ཆད་ཀྱི། །མགྲོན་གྱི་རིགས་སུ་གྱུར་པ་ཐམས་ཅད་ཀུན། །ཚུར་བྱོན་བདེ་གཤེགས་རྒྱལ་བའི་བཀའ་ལ་ཉོན། །ཀྱཻ། སྲིད་གསུམ་འདི་ན་སུ་ཡང་རུང་། །གནོད་པར་བྱེད་པའི་བགེགས་རིགས་རྣམས། །ཚུར་བྱོན་རྒྱལ་བའི་བཀའ་ལ་ཉོན། །འབུལ་བ་བདག་གིས་མ་ནོར་ལ། །བཞེས་པ་ཁྱོད་ཀྱིས་མ་འཁྲུལ་ཅིག །འཆི་བདག་བདུད་དང་ཕུང་པོའི་བདུད། །ཉོན་མོངས་བདུད་དང་ལྷའི་བུའི་བདུད། །བདུད་བཞི་བདུད་ཀྱི་དམག་དཔུང་ཚོགས། །སྐྱེ་མཆེད་མུ་བཞི་གནས་དག་ནས། །དེང་གི་གནས་འདིར་སྤྱན་འདྲེན་གྱིས། །དཀོན་མཆོག་བདེན་པའི་བྱིན་རླབས་ཀྱིས། །ད་ལྟ་ཉིད་དུ་གཤེགས་སུ་གསོལ། །སྔོན་ཚེ་ལྷ་དབང་བརྒྱ་བྱིན་ནི། །འཆི་བདག་བདུད་ཀྱིས་ཟིན་པ་ལ། །བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ཀྱིས། །བརྒྱ་བཞིའི་སྦྱིན་པ་བཏང་བ་ཡིས། །ལྷ་དབང་བརྒྱ་བྱིན་བསྙུན་ལས་ཐར། །ད་ལྟ་རྒྱུ་སྦྱོར་ཡོན་བདག་ལ། །བདུད་བཞིའི་ཁྲམ་ཁ་བབ་པ་དང་། །ལྷ་འདྲེའི་དལ་ཁ་ཟུག་པ་དང་། །མོ་ངན་རྨི་ལྟས་ངན་པ་དང་། །འབྱུང་བཞིའི་བདུད་ནི་གཡོས་པ་དང་། །ངན་པ་ཐམས་ཅད་བཟློག་པའི་ཕྱིར། །བརྒྱ་བཞིའི་ཡས་དང་རྫས་བསགས་ཏེ། །འབྱུང་བའི་བདུད་བཞི་སྤྱན་འདྲེན་ནོ། །སྐད་ཅིག་ཙམ་གྱིས་འདིར་གཤེགས་ལ། །བཅོམ་ལྡན་ཐུབ་པ་ཆེན་པོ་ཡི། །ཕྱག་སོར་བཞི་ཡི་རྩེ་ལ་བཞུགས། །ༀ་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲངས་ལ། ཛཿཧཱུྃ་བྂ་ཧོཿ རང་རང་གི་གཟུགས་དང་གཉིས་སུ་མེད་པར་བཞུགས་པར་གྱུར། དྲུག་པ་རྫས་རྣམས་སྤྱིར་བསྔོ་བ་ནི། ཀྱེ། སྔོན་ཚེ་རྒྱལ་བ་ཤཀ་ཐུབ་ཀྱིས། །ལྷ་དབང་བསྙུན་གྱིས་ཟིན་པ་ལ། །མཆོག་སྦྱིན་ཕྱག་རྒྱ་གཡས་པ་རུ། །བརྒྱ་བཞིའི་ཡས་དང་རྫས་བསགས་ཏེ། །ཕྱག་སོར་རྩེ་ལ་མགྲོན་བཀུག་ནས། །བདུད་བཞི་བསལ་ཏེ་མདངས་དང་ལྡན། །སྔོན་གྱི་བདེན་པས་བྱིན་རླབས་དང་། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གིས། །བསམ་སྦྱོར་དང་བས་བཤམ་པ་ཡི། །མཆོད་སྦྱིན་གླུད་གཏོར་འདི་བཞེས་ལ། །ཁྲམ་ལ་བབ་ན་ཁྲམ་ཁ་སྒྱུར། །ཤྭ་ལ་བབ་ན་ཤྭ་རྡེལ་གཏོར། །རྩིས་ལ་བབ་ན་རྩིས་རྡེལ་ཕྱུང་། །རྒྱན་ལ་བབ་ན་རྒྱན་ཁ་སྤོས། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །བདུད་ཀྱི་ཞགས་པ་སླར་སྡུས་ཤིག །ཀྱེ། ལྷའི་བུའི་བདུད་ནི་དཀར་པོ་ཁྱོད། །ཤེས་བྱའི་སྒྲིབ་པ་དག་ལས་བྱུང་། །ཉོན་མོངས་བདུད་ནི་དམར་པོ་ཁྱོད། །དུག་ལྔ་ཉོན་མོངས་སྒྲིབ་ལས་བྱུང་། །འཆི་བདག་བདུད་ནི་ནག་པོ་ཁྱོད། །བག་ཆགས་ལས་ཀྱི་སྒྲིབ་ལས་བྱུང་། །ཕུང་པོའི་བདུད་ནི་སེར་པོ་ཁྱོད། །རྣམ་སྨིན་ལས་ཀྱི་སྒྲིབ་ལས་བྱུང་། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གི། །སྒྲིབ་པ་རྣམ་བཞི་སྦྱང་བའི་ཕྱིར། །མཆོད་དང་སྦྱིན་པའི་ལས་བྱ་ཡིས། །མཆོད་པའི་ཞིང་ནི་དཀོན་མཆོག་གསུམ། །སྦྱིན་པའི་མགྲོན་ནི་བགེགས་ཀྱི་ཚོགས། །མཆོད་རྫས་མར་མེ་ཞལ་ཟས་དང་། །ལན་ཆགས་གླུད་དང་གཏོར་མ་ཡིས། །བསོད་ནམས་ཡེ་ཤེས་ཚོགས་བསགས་པས། །ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ། །བག་ཆགས་སྒྲིབ་དང་རྣམ་སྨིན་སྒྲིབ། །སྒྲིབ་པ་རྣམ་བཞི་སྦྱང་བའི་ཕྱིར། །མཆོད་སྦྱིན་གཏོར་མ་རྒྱ་ཆེན་འདིས། །ལྷ་བདུད་ཤེས་བྱའི་སྒྲིབ་ལས་ཐར། །སྣང་བྱེད་གསལ་བའི་མར་མེ་འདིས། །ཉོན་མོངས་དུག་ལྔའི་སྒྲིབ་ལས་ཐར། །ལན་ཆགས་སྲོག་གླུད་འདི་བསྔོས་པས། །འཆི་བདག་བག་ཆགས་སྒྲིབ་ལས་ཐར། །བསོད་ནམས་ཚོགས་སུ་འདི་བསྔོ་པས། །ཕུང་བདུད་རྣམ་སྨིན་སྒྲིབ་ལས་ཐར། །བདུད་བཞི་སེལ་བའི་གཏོ་དཔྱད་འདིས། །སྔོན་ཚེ་རྒྱལ་བའི་བྱིན་རླབས་ཀྱིས། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གི། །བར་ཆད་རྐྱེན་རྣམས་བཟློག་པའི་ཕྱིར། །གླུད་སྒོ་འགགས་དང་ཡས་སྒོ་འཁྱིལ། །གྲིབ་དང་མི་གཙང་དྲི་མའི་ཚོགས། །ཚོགས་གཉིས་བསགས་པས་དག་པར་བྱེད། །བདུད་ཀྱི་གཙོ་བོ་བདུད་ཆེན་བཞི། །ཆོ་ག་སྣང་གསལ་བརྒྱ་བཞི་སྟེ། །མཆོད་སྦྱིན་རྒྱ་ཆེན་རིམ་འགྲོ་འདིས། །བདུད་ཆེན་བཞི་པོ་རབ་ཏུ་སེལ། །ནད་ཀྱི་གཙོ་བོ་འདུ་བ་བཞི། །འབྱུང་བ་རྣམ་བཞི་འདུས་པ་ཡིས། །གཟུགས་ཀྱི་ཕུང་པོ་འཇིག་པར་བྱེད། །དེ་ནི་ཚངས་པ་སྨན་གྱིས་སེལ། །བགེགས་ཀྱི་གཙོ་བོ་བདུད་ཆེན་བཞི། །བར་ཆད་རྐྱེན་དང་གློ་བུར་བྱེད། །དེ་དག་མཆོད་སྦྱིན་བརྒྱ་བཞི་ཡི། །ཆོ་གས་གནོད་བྱེད་སེལ་བར་བྱེད། །འགྲོ་བ་རབ་འབྲིང་ཐ་མའི་བློས། །དངོས་དང་གཟུགས་བརྙན་ཏིང་འཛིན་གྱིས། །བརྒྱ་བཞི་བྱིན་གྱིས་བརླབས་ནས་ནི། །བདུད་ཆེན་བཞི་ལ་འབུལ་ལགས་ན། །དགྱེས་པའི་ཚུལ་གྱིས་བཞེས་མཛོད་ལ། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །ཕྱིན་ཆད་གནོད་པ་མ་བྱེད་པར། །སྲིད་ཞིའི་མགྲོན་དང་ལྡན་གྱུར་ཅིག །ཅེས་བསྔོ་ཞིང་གླུད་གཏོར་རྣམས་ཁ་འབར་མའི་སྔགས་ཀྱིས་ཡིད་ཆེས་པར་བསྔོ་ཞིང་། སྔགས་བརྒྱ་རྩ་རྫོགས་ནས་ཕྲིན་ལས་གསོལ་བར་བྱའོ། །སྐབས་འདིར་གསེར་སྐྱེམས་དང་གཏོང་མ་བསྔོ་བ་ཡིག་རྙིང་གི་དཀྱུས་ན་མི་གསལ་ཡང་། བར་སྐབས་ཀྱི་ལག་ལེན་དུ་འདུག་པས་སྤྲོ་ན་ཟུར་དུ་བལྟའོ། །བདུན་པ་བྱེ་བྲག་ཏུ་བསྔོ་བ་ནི། ཀྱེ། མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ཀྱང་ཡར་གསོན་ཅིག །ཆེ་བ་རྣམས་ཀྱིས་མ་བཀྱོན་ཅིག །ཆུང་བ་རྣམས་ཀྱང་མ་འཁོང་ཞིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །བདུད་ཀྱི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་སྣང་གསལ་བརྒྱ། །གཏོར་མ་བརྒྱ་དང་ངར་གླུད་བརྒྱ། །བདུད་ཆེན་བཞི་ཡི་ཕྱག་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་གླུད་དུ་འབུལ། །བདུད་ཀྱི་དམག་དཔུང་བཟློག་ཏུ་གསོལ། །ༀ་ཨ་པ་ར་ཙཀྲ་ཧྲཱིཿཏི་ཤེ་པྲི་བ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཞེས་པས་སོ་སོར་གསེར་སྐྱེམས་མཆོད། ཡོན་བདག་གམ་གཞན་གྱིས་ཀྱང་རུང་སྟེ། ནས་ནག་གིས་བྲབ་པ་སོགས་བྱའོ། །ཀྱེ། མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ཀྱང་ཡར་གསོན་ཅིག །ཆེ་བ་རྣམས་ཀྱི་མ་བཀྱོན་ཅིག །ཆུང་བ་རྣམས་ཀྱང་མ་འཁོང་ཅིག །དེ་རིང་རྒྱུ་སྦྱོར་ཡོན་བདག་ལ། །དེ་བཞིན་དུ་མཐོ་བ་རྣམས་ནི་ཞེས་ཚིག་རྐང་ལྔ་པོ་འདི་འོག་མ་ཀུན་གྱི་ཐོག་མར་སྦྱར་རོ། །གཤིན་རྗེའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱ་ཙྪ་བརྒྱ་དང་སྣང་གསལ་བརྒྱ། །གཏོར་མ་བརྒྱ་དང་ངར་གླུད་བརྒྱ། །གཤིན་རྗེ་རྣམས་ཀྱི་ཕྱག་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་གླུད་དུ་འབུལ། །གཤིན་རྗེའི་དམག་ཚོགས་བཟློག་ཏུ་གསོལ། །ༀ་ཨ་པ་ར་ཙཀྲ་ཧྲཱིཿཏི་ཡ་མ་རཱ་ཛ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཀྱེ། མཐོ་བ་རྣམས་ནི་སོགས་གོང་ལྟར་འགྲེས། གནོད་སྦྱིན་དམག་དཔུང་བྱུང་བའི་ཚེ། །ཡོན་བདག༴ སཱཙྪ༴ གཏོར་མ༴ གནོད་སྦྱིན་རྣམས་ཀྱི༴ སྐུ་གསུང་༴ གནོད་སྦྱིན༴ ༀ་ཨ་པ་ར་ཙཀྲ་ཧྲཱིཿཏི་ཡཀྴ་གྲཱི་ཝ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཀྱེ། མཐོ་བ་རྣམས་ནི་སོགས། ཚངས་པའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག༴ སཱཙྪ༴ གཏོར་མ༴ ཚངས་པ༴ སྐུ་གསུང་༴ ཚངས་པའི༴ ༀ་ཨ་པ་ར་ཙཀྲ་ཧྲཱིཿཏི་བྲ་ཧྨ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཀྱེ། མཐོ་བ་རྣམས་སོགས། སྲིན་པོའི༴ ཡོན་བདག༴ སཱཙྪ༴ གཏོར་མ༴ སྲིན་པོ༴ སྐུ་གསུང་༴ སྲིན་པོའི༴ ༀ་ཨ་པ་ར་ཙཀྲ་ཧྲཱིཿཏི་རཀྴ་སརྦ༴ ཀྱེ། མཐོ་བ་རྣམས་སོགས། རྒྱལ་པོའི༴ ཡོན་བདག༴ སཱཙྪ༴ གཏོར་མ༴ རྒྱལ་པོའི་དམག་ཚོགས༴ སྐུ་གསུང་༴ རྒྱལ་པོའི༴ ༀ་ཨ་པ་ར་ཙཀྲ་ཧྲཱིཿཏི་རཱ་ཛ་སརྦ༴ ཀྱེ། མཐོ་བ་རྣམས་སོགས། ཐེའུ་རང་༴ ཡོན་བདག༴ སཱཙྪ༴ གཏོར་མ༴ ཐེའུ་རང་༴ སྐུ་གསུང་༴ ཐེའུ་རང་༴ ༀ་ཨ་པ་ར་ཙཀྲ་ཧྲཱིཿཏི་ཀར་ཤ་ལི་སརྦ་ཨ༴ ཀྱེ། མཐོ་བ་རྣམས་འགྲེས། གཟའ་སྐར༴ ཡོན་བདག༴ སཱཙྪ༴ གཏོར་མ༴ གཟའ་སྐར༴ སྐུ་གསུང་༴ གཟའ་སྐར༴ ༀ་ཨ་པ་ར་ཙཀྲ་ཧྲཱིཿཏི་རཱ་ཧུ་ལ་སརྦ་ཨ༴ ཀྱེ། མཐོ་བ་རྣམས་འགྲེས། ས་བདག་ཀླུ་གཉན༴ ཡོན་བདག༴ སཱཙྪ༴ གཏོར་མ༴ ས་བདག་ཀླུ་གཉན༴ སྐུ་གསུང་༴ ས་བདག་ཀླུ་གཉན་དམག་དཔུང༴ ༀ་ཨ་པ་ར་ཙཀྲ་ཧྲཱིཿཏི་ནཱ་ག་རཱ་ཛ་སརྦ་ཨ༴ ཀྱེ། མཐོ་བ་རྣམས་འགྲེས། མ་མོའི༴ ཡོན་བདག༴ །སཱཙྪ༴ གཏོར་མ༴ མ་མོ་རྣམས༴ སྐུ་གསུང་༴ ༀ་ཨ་པ་ར་ཙཀྲ་ཧྲཱིཿཏི་མ་མ་རཀྨོ་སརྦ་ཨ༴ ཀྱེ། མཐོ་བ་རྣམས་འགྲེས། མི་ཡི༴ ཡོན་བདག༴ སཱཙྪ༴ གཏོར་མ༴ མི་ཡི་དམག་དཔུང་༴ སྐུ་གསུང་༴ མི་ཡི༴ ༀ་ཨ་པ་ར་ཙཀྲ་ཧྲཱིཿཏི་ན་ར་སརྦ་ཨ༴ ཀྱེ། མཐོ་བ་རྣམས་འགྲེས། མེ་ལྷའི་འཇིགས་པ༴ ཡོན་བདག༴ སཱཙྪ༴ གཏོར་མ༴ མེ་ལྷ་རྣམས༴ སྐུ་གསུང་༴ མེ་ལྷའི་དམག༴ ༀ་ཨ་པ་ར་ཙཀྲ་ཧྲཱིཿཏི་རྂ་སརྦ་ཨ༴ ཀྱེ། མཐོ་བ་རྣམས་འགྲེས། ཆུ་ལྷའི་འཇིགས༴ ཡོན་བདག༴ སཱཙྪ༴ གཏོར་མ༴ ཆུ་ལྷ་རྣམས༴ སྐུ་གསུང་༴ ཆུ་ལྷའི་དམག༴ ༀ་ཨ་པ་ར་ཙཀྲ་ཧྲཱིཿཏི་ཁྂ་སརྦ་ཨ༴ ཀྱེ། མཐོ་བ་རྣམས་འགྲེས། ས་ལྷའི་འཇིགས༴ ཡོན་བདག༴ སཱཙྪ༴ གཏོར་མ༴ ས་ལྷ་རྣམས༴ སྐུ་གསུང་༴ ས ལྷའི་དམག༴ ༀ་ཨ་པ་ར་ཙཀྲ་ཧྲཱིཿཏི་ལྂ་སརྦ་ཨ༴ ཀྱེ། མཐོ་བ་རྣམས་འགྲེས། རླུང་ལྷའི་འཇིགས༴ ཡོན་བདག༴ སཱཙྪ༴ གཏོར་མ༴ རླུང་ལྷ་རྣམས་ཀྱི༴ སྐུ་གསུང་ཐུགས་ཀྱི༴ རླུང་ལྷའི་དམག་ཚོགས་བཟློག་ཏུ་གསོལ། །ༀ་ཨ་པ་ར་ཙཀྲ་ཧྲཱིཿཏི་ཡྂ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་གསེར་སྐྱེམས་འཐོར་ལ་ནས་ནག་གིས་བྲབ་ནས་རོལ་མོ་དང་བཅས་པ་བྱའོ། །བརྒྱད་པ་གླུད་བསྔོ་བ་ནི། ཕྱག་མཐིལ་གྱི་གླུད་ཆེན་གཙོ་བོར་དམིགས་ཏེ། རྂ་ཡྂ་ཁྂ། སྟོང་པའི་ངང་ལས་ཡོན་བདག་གི་འདྲ་གླུད་མཛེས་ཤིང་བརྗིད་པ་ཡིད་དུ་འོང་བ། སྨྲ་མཁས་ཤིང་ཤེས་རིག་བཀྲ་བ། འཇམ་པའི་གོས་དང་མཛེས་པའི་རྒྱན་གྱིས་སྤྲས་པ། མཁོ་རྒུའི་དཀོར་ནོར་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར། རྒྱས་པར་སྔགས་དྲུག་ཕྱག་དྲུག་གམ། བསྡུ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ལ། ཧཱུྃ། སྲིད་གསུམ་འདི་ན་གང་ཡང་རུང་། །བགེགས་ཀྱི་རིགས་སུ་གྱུར་པ་གང་། །ཚུར་གཤེགས་རྒྱལ་བའི་བཀའ་ལ་ཉོན། །རིན་ཆེན་འབྲུ་མཆོག་ངར་གྱི་མི། །ནམ་མཁའི་སེམས་ལ་ཞོ་ཤའི་སྙིང་། །དུང་གི་རུས་ལ་བསྭེ་ཡི་ཤ །མཚལ་གྱི་ཁྲག་ལ་མེ་ཡི་དྲོད། །རླུང་གི་དབུགས་ལ་ཆུ་ཡི་ཁམས། །ཟེར་མོའི་སྐྲ་ལ་མུ་ཏིག་ཀླད། །ལོང་ཐང་མིག་ལ་མགྲོན་བུའི་སོ། །ལེ་བརྒན་ལྕེ་ལ་དབང་པོའི་ལག །ཟངས་ལྕགས་རྐང་ལ་དར་ཟབ་གོས། །རིན་ཆེན་རྒྱན་ཆ་དཀོར་ཆའི་ནོར། །ཕུང་ཁམས་སྐྱེ་མཆེད་དག་དང་ལྡན། །གཟུགས་མཛེས་གོམ་སྟོབས་ལམས་སེ་ལམ། །སྨྲ་མཁས་ངག་སྙན་ཀྱུ་རུ་རུ། །སེམས་ནི་རྟོག་དཔྱོད་ཧྲིགས་སེ་ཧྲིག །བཅས་བཅས་དེ་ནི་བརྡར་བརྡར་ནས། །སྐྱེས་པ་དམག་ལ་ཆས་པ་འདྲ། །བརྒྱན་བརྒྱན་དེ་ནི་སྤུངས་སྤུངས་ནས། །ན་ཆུང་བག་མར་ཆས་པ་འདྲ། །བཙལ་བཙལ་དེ་ནི་བསགས་བསགས་ནས། །རྒྱལ་པོའི་བང་མཛོད་དབྱེ་བ་འདྲ། །དེ་འདྲའི་གླུད་བཟང་ངོ་མཚར་ཅན། །མི་བས་གླུད་དགའ་བཞེས་སུ་གསོལ། །ལན་ཆགས་བསྐང་ཞིང་བུ་ལོན་བྱང་། །གནོད་པའི་བསམ་སྦྱོར་ངན་པ་སྒྱུར། །དུས་མིན་འཆི་བའི་རྐྱེན་རྣམས་སྒྱུར། །ཆག་ཆེ་ཉམ་ང་ཞི་བ་དང་། །ཚེ་དབང་ལོངས་སྤྱོད་རྒྱས་པར་མཛོད། །ཅེས་དང་། སྔོན་གྱི་སྐྱེས་རབས་བརྗོད་དེ་འབུལ་བ་ནི། ཀྱེ། སྔོན་ཚེ་རྒྱལ་བ་ཤཱཀ་ཐུབ་ཀྱིས། །མཆོག་སྦྱིན་ཕྱག་རྒྱ་གཡས་པ་རུ། །ཕྱག་སོར་རྩེ་ལ་བདུད་བཞི་བོས། །མགྲོན་དུ་བཀུག་ནས་མཆོད་སྦྱིན་བསྔོས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ནི། །དད་ཅན་ཕྱག་གི་མཐིལ་དུ་བཞག །གཅེས་པར་མཛད་ནས་དབང་བསྐུར་བས། །སྒྲིབ་པ་བཞི་ལས་གྱུར་པ་ཡི། །བདུད་བཞི་བསལ་ཏེ་མདངས་དང་ལྡན། །སྔོན་ཚེ་བདེན་པའི་བྱིན་རླབས་ལྟར། །ད་ལྟ་བདག་དང་ཡོན་བདག་གི། །གཟུགས་གླུད་ཕྱག་གི་མཐིལ་དུ་བཞག །མཐའ་མར་བརྒྱ་བཞིའི་རྫས་ཀྱིས་བསྐོར། །བདུད་བཞི་ཕྱག་སོར་རྩེ་ལ་བཞག །བྱིན་གྱིས་བརླབས་ཤིང་བསྔོས་ཏེ་འབུལ། །བདེན་པ་ཆེན་པོའི་བཀའ་ལ་ཉོན། །སྐྱེ་མཆེད་མུ་བཞིའི་གནས་སུ་དེངས་། །ཞེས་བརྗོད་དོ། །དགུ་པ་སྨོན་ལམ་བཏབ་པ་ནི། ན་མོ། བརྒྱ་བཞིའི་མཆོད་སྦྱིན་རྒྱ་ཆེན་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་བསྔོ་བར་བགྱིའོ། །སྐུ་གདུང་སཱཙྪ་བཏབ་པའི་བྱིན་རླབས་ཀྱིས་སེམས་ཅན་ཐམས་ཅད་དགེ་བ་བཅུ་ལ་སྤྱོད་པར་གྱུར་ཅིག །མི་དགེ་བ་བཅུ་སྤངས་བར་གྱུར་ཅིག །མར་མེ་བརྒྱ་ཕུལ་བའི་བསོད་ནམས་ཀྱིས་སེམས་ཅན་ཐམས་ཅད་མ་རིག་པའི་མུན་པ་བསལ་ནས། ཡེ་ཤེས་ལྔའི་དོན་རྟོགས་པར་གྱུར་ཅིག །གཏོར་མ་བརྒྱ་ཕུལ་བའི་བསོད་ནམས་ཀྱིས་སེམས་ཅན་ཐམས་ཅད་མུ་གེའི་བསྐལ་པ་ལས་ཐར་བར་གྱུར་ཅིག །ངར་གླུད་བརྒྱ་ཕུལ་བའི་བསོད་ནམས་ཀྱིས་སེམས་ཅན་ཐམས་ཅད་བགེགས་ཀྱིས་གནོད་པའི་ལན་ཆགས་དང་བུ་ལོན་ཐམས་ཅད་བྱང་བར་གྱུར་ཅིག །མདོ་སྡེ་ཟབ་མོ་བཏོན་པའི་བྱིན་རླབས་ཀྱིས་སེམས་ཅན་ཐམས་ཅད་རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་ཅིག །བརྒྱ་བཞི་ཕུལ་བའི་དགེ་བའི་རྩ་བ་འདིས་བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་འཁོར་དང་བཅས་པའི་ལན་ཆགས་བུ་ལོན་ཐམས་ཅད་འཁོར་བར་གྱུར་ཅིག །ཚོགས་གཉིས་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ། །བཅུ་པ་ཟློག་པ་བྱ་བ་ནི། ཀྱེ། མཆོད་སྦྱིན་བརྒྱ་བཞིའི་བདེན་སྟོབས་ཀྱི། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཡས་ཀྱི་བདུད་གཡོས་བརྒྱ་བཞིས་ཟློག །མས་ཀྱི་སྲི་ལངས་བརྒྱ་བཞིས་ཟློག །ཕ་བུའི་རྒན་སྲི༴ མ་བུའི་བྱུར་སྲི༴ བྱིས་པའི་ཆུང་སྲི༴ ཆོས་ཟོར་བོར་ཟོར༴ གཏད་ཁྲམ་བྱད་སྟེམས༴ ལོ་ཀག་ཟླ་ཀག༴ ཞག་ཀག་ཟ་ཀག་ངན་པ་ཟློག༴ གཟའ་སྐར་ངན་པ་ཐམས་ཅད་ཟློག །རྦད་འདྲེ་རྦོད་གཏོང༴ མི་ཡི་ཤི་ཁ༴ ནོར་ཕྱུགས་གོད་ཁ༴ དགྲ་ཁ་རྐུན་ཁ༴ སྐྱེ་བོའི་ཡ་ག་ངན་པ༴ སྡེ་བརྒྱད་འབྱུང་པོས་གནོད་པ་ཟློག །གནམ་གྱི་འཇུ་ཐག་ཆད་པ༴ ས་ཡི་རྟེན་ཕུར་ཕྱུང་པ༴ རྨི་ལམ་མཚན་མ་ངན་པ༴ རྒྱ་ཡི་གཙུག་ལག་ངན་པ༴ བོད་ཀྱི་མོ་རྩིས་ངན་པ༴ ངན་དགུ་རྩུབ་བཅུ་ཐམས་ཅད་ཟློག །ཆགས་ཆེ་ཉམ་ང་ཐམས་ཅད་བརྒྱ་བཞིས་ཟློག །ཅེས་བརྗོད་ཅིང་ཐལ་རྡེབ་བྱའོ། །དེ་ནས་བདུད་བཞིའི་གཟུགས་བརྙན་དང་གླུད་སོགས་ཡས་རྫས་རྣམས་གནས་ཁང་གི་སྒོ་དང་ཉེ་བར་དཔགས་ལ། ཧཱུྃ། ཉོན་ཅིག་མ་ལུས་བགེགས་ཀྱི་ཚོགས། །ལྷ་ཀླུ་གནོད་སྦྱིན་ལ་སོགས་པ། །འབྱུང་པོ་མཁའ་འགྲོ་ཐམས་ཅད་ལ། །གླུད་དང་གཏོར་མ་འདི་འབུལ་ལོ། །དེ་རིང་ཡོན་བདག་འཁོར་བཅས་ལ། །གནོད་པར་བྱེད་པ་གང་ཡང་རུང་། །མཆོད་སྦྱིན་གཏོར་མ་འདི་ལོངས་ལ། །བཟུང་བ་ལས་ནི་ཐར་བར་མཛོད། །བཅིངས་པ་ལས་ནི་གྲོལ་བར་མཛོད། །རིན་དང་གླུད་དུ་གཏོར་མ་ལོངས། །བདག་གིས་དེ་རིང་ཁྱོད་མཆོད་དོ། །སོང་ཞིག་བགེགས་ཆེན་འགྲོ་བར་གྱིས། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །ཁྱོད་ཀྱི་སྟོབས་དང་རྩལ་མཐོང་ན། །ཁྱོད་ཀྱིས་བགེགས་ཆེན་མི་ནུས་མིན། །ཁྱོད་ནི་ལྷ་ཡི་སྤྲུལ་པ་སྟེ། །སྔོན་ཆད་མཆོད་སྦྱིན་མ་ཐོབ་བར། །དེ་རིང་བདག་གིས་ཁྱོད་མཆོད་ཀྱིས། །མེ་ཏོག་ཕྲེང་བ་སྤོས་དང་དྲི། །མར་མེ་ཞལ་ཟས་འདི་རྣམས་ཀྱིས། །བགེགས་ཀྱི་རྒྱལ་པོ་འགྲོ་བར་གྱིས། །སྔོན་གྱི་ལན་ཆགས་ཡོད་ན་ཡང་། །མཆོད་སྦྱིན་འདི་ཡིས་བྲལ་བར་མཛོད། །དཀོན་མཆོག་གསུམ་གྱི་བཀའ་དང་ནི། །དམ་ཚིག་ཉམས་པའི་ཉེས་པ་ཡིས། །གནོད་པར་གྱུར་པ་མ་ལེགས་ཀྱང་། །བགེགས་ཆེན་ཁྱོད་ནི་ད་སོངས་ཤིག །རྡོ་རྗེ་ཆེན་པོ་མཆོག་འཛིན་པའི་། །བཀའ་ལས་གང་དུ་འདའ་བ་ནི། །རྡོ་རྗེ་འཛིན་པས་མྱུར་དུ་སྤངས། །སྤངས་པས་སེམས་ཅན་ཆེན་པོ་སྟེ། །ཇི་སྲིད་འཁོར་བའི་སྤྱོད་ཡུལ་དུ། །ངན་སོང་གསུམ་པོར་ལྟུང་ནས་ཀྱང་། །ཤིན་ཏུ་མི་བཟད་ཆོ་ངེས་འདེབས། །བདག་ཉིད་ཆེན་པོ་སངས་རྒྱས་བཀའ། །ཚིག་ལས་འདས་ན་རྡུལ་དུ་བརླག །དེ་བས་བགེགས་ཆེན་ཁྱོད་སོངས་ལ། །དམ་ཚིག་ལས་ནི་མ་འདའ་ཞིག །ཅེས་བརྗོད་དོ། །བཅུ་གཉིས་པ་གཤེགས་སུ་གསོལ་བ་ནི། །དེ་ནས་ཡས་རྣམས་ནད་པ་དང་ཡོན་བདག་ལ་ལན་གསུམ་བསྐོར་ལ། དེས་ནད་གདོན་དང་ཆགས་ཆེ་ཉམ་ང་ཐམས་ཅད་བླངས་ཤིང་རང་གནས་སུ་སོང་བར་བསམ། སྤོས་དང་གསེར་སྐྱེམས་ཀྱིས་སྣ་དྲངས་ཏེ། ཕྱོགས་ངན་སོགས་གང་དུ་བཏང་བའི་སར་ཁྱེར་བར་བྱའོ། །ཧཱུྃ། བགེགས་ཀྱི་རྒྱལ་པོ་བདུད་ཆེན་བཞི། །བདེན་པ་ཆེན་པོའི་བཀའ་ལ་ཉོན། །ལྷ་བདུད་བྱ་བའི་དཀར་པོ་ཁྱོད། །ཅི་ཡང་མེད་པའི་གནས་སུ་དེངས། །འཆི་བདག་བདུད་ནི་ནག་པོ་ཁྱོད། །ནམ་མཁའ་མཐའ་ཡས་གནས་སུ་དེངས། །ཉོན་མོངས་བདུད་ནི་དམར་པོ་ཁྱོད། །རྣམ་ཤེས་མཐའ་ཡས་གནས་སུ་དེངས། །ཕུང་པོའི་བདུད་ནི་སེར་པོ་ཁྱོད། །ཡོད་མིན་མེད་མིན་གནས་སུ་དེངས། །སྒྲིབ་པ་རྣམ་བཞི་ལས་བྱུང་བའི། །བདུད་ཀྱི་རྒྱལ་པོ་འཁོར་དང་བཅས། །འཁོར་འདིར་གནོད་པ་མ་བྱེད་ཅིག །སྐྱེ་མཆེད་རིགས་བཞིའི་གནས་སུ་དེངས་། །ས་མ་ཡ་པྲ་བེ་ཤ་ཡ་ཛ་ཛཿ ཞེས་པས་ཡས་རྣམས་དོར། ཤེས་རབ་སྙིང་པོ་འདོན་ཅིང་གཟུངས་སྔགས་བརྗོད། སྲུང་བའི་ཆེད་དུ་རབ་ཏུ་གནས་ཤིང་འཁོར་གསུམ་མི་དམིགས་པའི་རྒྱས་གདབ། ནང་དུ་ལོག་ནས་མདོ་འདོན་པ་དེའི་སྙིང་པོ་གྲོ་གའམ་ཤོག་བུར་བྲིས་པའི་གཟུངས་གཞུགས་སུ་བཅུག་པའི་སཱཙྪ་བཅུ་གནས་ཁང་གི་ཕྱོགས་མཚམས་བཅུ་ལ་སོ་སོར་སྲུང་བའི་དོན་དུ་གཞུག་གོ། །རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་ཞིང་བརྟན་བཞུགས་དང་ཤིས་བརྗོད་བྱའོ། །བཅུ་གསུམ་པ་སླར་ཡང་མཐའ་རྒྱས་པར་བྱ་བའི་ཕྱིར། དཀོན་མཆོག་གསུམ་ལ་མཆོད་པ་བཟང་དུ་བཤམས་ཤིང་ཕུལ་ལ། ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། །བདག་ཅག་ཡོན་མཆོད་འཁོར་དང་བཅས། །ལྷ་བུའི་བདུད་ཀྱི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །ཉོན་མོངས་བདུད་ཀྱི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །ཕུང་པོའི་བདུད་ཀྱི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །འཆི་བདག་བདུད་ཀྱི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །ཞེས་བརྗོད་ཅིང་ལས་ཀྱི་རྗེས་བསྡུ་བ་དང་། བཀྲ་ཤིས་ཀྱི་ཚིགས་བཅད་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ་པ་སོགས་ཀྱིས་བདེ་ལེགས་སུ་ཁྱབ་པར་བྱའོ། །གསུམ་པ་ལོ་རྒྱུས་གྱི་སྒོ་ནས་ཕན་ཡོན་བསྟན་པ་ནི། སྔོན་ལྷའི་དབང་པོ་བརྒྱ་བྱིན་བསྙུན་གྱིས་ཟིན་པ་ལ། སྟོན་པ་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས་བདུད་བཞིས་ཟིན་པར་མཁྱེན་ནས་རྒྱ་བཞིའི་ཆོ་ག་འདི་མཛད་པས། བརྒྱ་བྱིན་བསྙུན་ལས་ཐར་ནས་བདེ་བ་ལ་བཀོད། དེ་ལྟར་ཕན་ཡོན་ཆེན་པོ་དང་ལྡན་པའི་ཆོ་ག་རྫས་ལས་བརྒྱ་བཞིར་མཚན་དུ་གྲགས་པ་དེ་ཉིད་འཕགས་པ་ཀླུ་སྒྲུབ་ཀྱི་ཕྱག་ཏུ་བབས་པས། རྡོ་རྗེ་གདན་གྱི་ཀ་གདན་སྤྲེའུ་འདྲ་བ་ལ་གཏེར་དུ་སྦས་པ་པཎྜི་ཏ་ལྔ་བརྒྱས་བཏོན་ནས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་བསྩལ། དེས་བོད་དུ་བསྣམས་ནས་གཞན་ཕན་གྱི་ཕྲིན་ལས་རྒྱ་ཆེར་མཛད་པའོ། །ཆོ་ག་དེལའང་མདོ་ལུགས་དང་སྔགས་ལུགས་ཞེས་ཐ་དད་དུ་ཡོད་པ་ལས། འདི་ཉིད་མདོ་ལྟར་གྲགས་པའི་ལུགས་སོ། །གཞན་སྔགས་ལུགས་གཤིན་རྗེ་ནག་པོའི་རྒྱུད་ལས་བཏུས་པ། རྡོ་རྗེ་གདན་ནས་བཏོན། ཨོ་རྒྱན་ཆེན་པོ་སོགས་བརྒྱུད་པར་གྲགས་པའི་ཡི་གེ་ཟུར་པའི་བླ་མ་གོང་མ་རྣམས་ཀྱིས་ཕྱག་ལེན་དུ་མཛད་པ་ཞིག་སྣང་བ་ནི། ཡི་གེ་རྙིང་པ་ན་གསལ་བར་འདུག་པ་ལས་ཤེས་སོ། །དེ་ལྟ་བུའི་ཆོ་ག་འདིས་བན་བོན་གྱི་ཕུར་ཁ་ཟུག་པ་དང་། གཏད་ཆུད་པ་དང་། དགྲ་རྐུན་མང་བ་དང་། སྐྱེ་བོའི་ཡ་ག་ངན་པ་དང་། མིའི་ཤི་ཁ་བྱེ་བ་དང་། ཕྱུགས་ནད་གོད་ཁ་བྱུང་བ་དང་། ཡུལ་དུ་ནད་ཡམས་དར་བ་དང་། ཁྱད་པར་རྒྱལ་འགོང་དང་ཡི་དྭགས་ཞུགས་པ་དང་། གཟའ་སྐར་ངན་པ་ལ་ཤི་བ་དང་། ལུས་སྲོག་དབང་ཐང་གུད་པ་དང་། རླུང་རྟ་ལ་དགྲ་དར་བ་དང་། གེག་ཆགས་ཆེ་བ་དང་། སྲིའུ་དང་ནད་པ་ཅིས་ཀྱང་མ་སོས་པ་སོགས་མདོར་ན་མི་མཐུན་པའི་འགལ་རྐྱེན་སེལ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ནོ། །དེང་སང་བརྒྱ་བཞིའི་ཆོ་ག་ཤིན་ཏུ་དར་བ་ལྟར་སྣང་ཡང་། འགའ་ཞིག་འཆི་བསླུ་དང་མ་མོའི་གླུད་ཆོག་སོགས་ཀྱང་སྦྱར་བའི་ངག་འདོན་མང་བ་ཙམ་སྙིང་པོར་བྱ་བ་དང་། ལ་ལས་ཚིགས་བཅད་སོར་སྡེབས་ཉུང་དུ་ཙམ་ལ་བསྡུས་པ་སོགས། ཡིག་རྙིང་ལྷད་མེད་རང་སོར་གནས་པ་ཤིན་ཏུ་དཀོན་པས་ཁུངས་ཐུབ་ཀྱི་ཡིད་བརྟན་དཀའ་བར་གྱུར་ནའང་། ཡིག་སྙིང་གི་སྒྲོམ་གཞུང་སྡེབས་པ་ན། བར་སྐབས་སོ་སོར་འབྲི་བསྣན་གྱི་དྲི་མ་ངོས་ཟིན་པ་ལྟར་སྣང་བ་རྣམས་དག་པར་བྱས་ཏེ། བཀླགས་ཆོག་ཏུ་བཀོད་པ་ཡང་། དེང་དུས་འདི་ཙམ་ལ་ཁུངས་ལྡན་དུ་རློམ་པ་ཡིན་ནོ། །དེ་ལྟར་བརྒྱ་བཞིའི་ཆོ་ག་འདོད་དོན་ལྷུན་གྲུབ་ཅེས་བྱ་བ་འདི་ཡང་། ཆོ་ག་འདིའི་ལག་ལེན་དུ་བྱེད་པ་རྣམས་ལ་ཕན་པའི་བསམ་པ་དང་། དགེ་སྦྱོང་འཚོ་བྱེད་གཞན་ཕན་མཆོག་སྦྱིན་གྱིས་བསྐུལ་བས་ཀྱང་རྐྱེན་བྱས་ཏེ་སྙོམས་ལས་པ་འགྱུར་མེད་རྡོ་རྗེས་སྦྱར་བའོ། །སརྦ་མངྒ་ལཾ།། ༈ །།ལྷ་བདུད་དང་གཏོར་མ་ཤར། ཉོན་བདུད་དང་མར་མེ་ནུབ། འཆི་བདུད་དང་གླུད་ལན་ཆགས་ལྷོ། ཕུང་བདུད་དང་སཱཙྪ་བྱང་དུ་འཕེན་ནོ།། །།

དཀར་གསུར་གཙང་མ།

དཀར་གསུར་གཙང་མ་ལ་ཆབ་བྲན། ༀ་ཨཱ་ཧཱུྃ་གིས་འདོད་ཡོན་མི་ཟད་པ་ནམ་མཁའ་མཛོད་ཀྱི་འཁོར་ལོ་བརླབས་ལ། ཧོཿ དཀར་གསུང་ངོ་བོ་བདེ་ཆེན་ཡེ་ཤེས་ལ། །རྣམ་པ་མི་ཟད་འདོད་དགུར་འཆར་བ་ཡི། །གཙང་མ་ལྷ་རྫས་ཆར་གྱི་ཞིང་ཀུན་ཁྱབ། །མི་ཟད་ནམ་མཁའ་མཛོད་དུ་གྱུར་པ་འདིས། །དཀོན་མཆོག་སྲིད་ཞུའི་མགྲོན་རྣམས་ཐུགས་དམ་བསྐང་། །མགོན་པོ་ཡོན་ཏན་མགྲོན་རྣམས་དགྱེས་པ་བསྐྱེད། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་བདེ་དང་ལྡན། །བགེགས་རིགས་ལན་ཆགས་མགྲོན་རྣམས་ཚིམ་གྱུར་ཅིག །གནས་དང་ཡུལ་གཞི་གཏེར་གྱི་བདག་པོ་བརྔན། །འགོ་བའི་ལྷ་མགོན་མ་ལུས་མཉེས་བྱེད་ཅིང་། །མཆོད་ཅིང་བསྟོད་པའི་མགྲོན་དུ་འོས་པ་ཀུན། །ཡིད་ཀྱི་རེ་བ་ཡོངས་སུ་སྐོང་བར་ཤོག །སྲིད་པའི་སྤྱི་ལྷ་ཡུལ་འདིའི་ཡུལ་ལྷ་དང་། །ཁྱིམ་འདིའི་ཁྱིམ་ལྷ་སྐྱེས་བུའི་འཕྲག་ལྷ་སོགས། །ཕྱོགས་དུས་འདི་དང་འབྲེལ་བའི་ལྷ་འདྲེ་རྣམས། །ཡིད་མཐུན་འདོད་ཡོན་མཁོ་དགུས་ཚིམ་གྱུར་ཅིག །ལན་ཆགས་བདག་པོ་གནོད་བྱེད་འདྲེ་གདོན་རིགས། །ཚེ་རྐུ་སྲོག་འཕྲོག་དཔལ་ལ་གནོད་པ་དང་། །དྲི་ཟ་སྲིད་པ་བར་མའི་སེམས་ཅན་རིགས། །མ་ལུས་འཁོར་བཅས་བདེ་བས་ཚིམ་གྱུར་ཅིག །བདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །ཚེ་རབས་ཐོག་མེད་ལན་ཆགས་མ་ལུས་བྱང་། །ཕྲལ་གྱིས་རྐྱེན་བགེགས་གྱུར་པ་ཀུན་ཞི་ནས། །བདེ་སྐྱིད་ཕུན་སུམ་ཚོགས་པ་ཐོབ་པར་ཤོག །མི་དང་མི་མིན་འབྱུང་པོའི་ཚོགས་རྣམས་ཀུན། །ཕན་ཚུན་བྱམས་ལྡན་བདེ་ཆེན་དཔལ་ལ་སྤྱོད། །ཆོས་ལ་གཞོལ་ཞིང རེ་བ་ཡོངས་སུ་རྫོགས། །ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག །དེ་ལྟར་དམིགས་ལ་ༀ་ཨཱཿཧཱུྃ་ཇི་མང་བཟླའོ། །མེ་སྤྲེལ་ཟླ་བ་གཅིག་པའི་ཚེས་ཉེར་ལྔ་ལ་མི་ཕམ་པས་ཕྲལ་བྲིས་མངྒ་ལཾ།།

དམར་གསུར།

༈ དམར་གསུར་ལ་ཆབ་བྲན། འབྲུ་གསུམ་ཀྱིས་འདོད་དགུ་མི་ཟད་ནམ་མཁའི་མཛོད་དུ་བརླབས་ལ། ༀ་ཨཱཿཧཱུྃ། དམར་གསུར་འདོད་ཡོན་རྒྱ་མཚོ་འདིས། །ཁམས་གསུམ་སྲིད་པར་གནས་པ་ཡི། །ལྷ་འདྲེ་འབྱུང་པོ་གདོན་བགེགས་རིགས། །གདུག་ཅིང་སྲོག་ལ་རྔམ་པ་དང་། །ཤ་ཁྲག་ཟས་ལ་དགའ་བ་རྣམས། །རང་རང་ཡིད་མཐུན་འདོད་དགུའི་གཏེར། །ཟག་མེད་བདེ་བའི་ཚིམ་གྱུར་ནས། །གནོད་འཚེ་གདུག་རྩུབ་ཞི་གྱུར་ཅིག །ཁྱད་པར་བདག་དང་སྦྱིན་བདག་གི། །ཚེ་རྐུ་བླ་འཁྱེར་སྲོག་ལ་འཇབ། །ཟས་ནོར་དཔལ་ལ་འགོང་བྱེད་པའི། །ལན་ཆགས་རྐྱེན་བགེགས་བྱེད་རྣམས་ལ། །འདོད་ཡོན་མི་ཟད་གཏེར་དུ་བསྔོ། །དགའ་མགུ་ཡི་རང་ཚིམ་གྱུར་ནས། །ཞི་ཞིང་བྱམས་པའི་སེམས་ལྡན་ཤོག །ཡུལ་འདིའི་སྣོད་དང་བཅུད་རྣམས་ལ། །རྟེན་ཅིང་འབྲེལ་བའི་ལྷ་འདྲེ་ནི། །མི་ལ་འཚེ་ཞིང་ཕྱུགས་ལ་གནོད། །ཟ་འདྲེ་གོད་འདྲེ་འགོང་པོའི་རིགས། ། རྦད་འདྲེ་ཤི་འདྲེ་ཕོ་མོ་དང་། །གློ་བུར་ལྷག་པའི་གདོན་བགེགས་ཚོགས། །གང་དག་ཇི་སྙེད་མཆིས་པ་ལ། །མི་ཟད་བདེ་བའི་གཏེར་དུ་བསྔོ། །འདི་ལྟར་གསུར་མཆོད་ཁྱད་པར་ཅན། །ངོ་བོ་བདེ་ཆེན་ཡེ་ཤེས་ལ། །རྣམ་པ་འདོད་དགུ་མི་ཟད་གཏེར། །གང་ལ་བསྔོས་པ་ཚིམ་གྱུར་ཅིག །འཁྲུལ་བའི་སེམས་ཀྱི་དབང་སོང་བས། །རྟག་ཏུ་གདུང་ཞིང་མནར་བ་ཡི། །ཡིད་ཅན་ཇི་སྙེད་མཆིས་རྣམས་ཀྱི། །ཡིད་ལ་བདེ་ཆེན་གཏེར་ལྡན་ཤོག །བྱང་ཆུབ་སེམས་ཀྱི་སྲོག་རྙེད་ཅིང་། །ཤེས་རབ་ཆེན་པོའི་མིག་ཐོབ་ནས། །རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ། །འགྲོ་ཀུན་བདེ་བླག་འཇུག་པར་ཤོག །བདག་དང་སྤྱིན་པའི་བདག་པོ་ཡི། །ཚེ་རབས་ཐོག་མ་མེད་པ་ནས། །བུ་ལོན་ལན་ཆགས་སོད་གྱུར་ཅིག །སྐྱེ་བ་ཀུན་དུ་བགེགས་མེད་ཤོག །ཕྲལ་གྱི་རྐྱེན་བགེགས་བྱེད་རྣམས་ཀྱང་། །ཤ་མཁོན་སྡིག་སྒྲིབ་དག་གྱུར་ནས། །དེང་ནས་བྱང་ཆུབ་སྙིང་པོའི་བར། །གནོད་ཚེའི་སྦྱོར་བ་རྒྱུན་ཆད་ཤོག །གནོད་བྱེད་འབྱུང་པོའི་རིགས་རྣམས་ཀྱིས། །བཟུང་བ་ཐོང་ལ་བཅིང་པ་ཁྲོལ། །བསྡམ་པ་ཀློད་ལ་མནན་པ་ཁྱོགས། །གདོན་རྣམས་གདུག་རྩུབ་གནོད་འཚེ་ཞི། །བྱམས་པའི་སེམས་དང་ལྡན་གྱུར་ཏེ། །ཕན་ཚུན་བདེ་ལ་གནས་པར་ཤོག །རྐང་གཉིས་ཁྱེད་ཅག་འདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །སྐྱེ་དགུ་ཀུན་ཀྱང་བདེ་ལེགས་ཤིང་། །འཆི་སོགས་འཇིག་ཀུན་བྲལ་གྱུར་ཅིག །ཚེ་རིང་ནད་མེད་དཔལ་གྱིས་བརྒྱན། །རྟག་ཏུ་བདེ་ཞིང་དོན་ཀུན་བསྒྲུབ། །ཆོས་དང་ལྡན་ཞིང་བྱམས་ལ་གནས། །ཐམས་ཅད་སངས་རྒྱས་ཐོབ་པར་ཤོག །དེ་ལྟར་དམིགས་ལ། ༀ་ཨཱཿཧཱུྃ། ཇི་མང་བཟླའོ། །རབ་ཚེས་མེ་སྤྲེལ་ཟླ་བ་གཅིག་པའི་ཚེས་ཉེར་ལྔ་ལ་མི་ཕམ་པས་འཕྲལ་བྲིས་མངྒ་ལཾ།།

གདོན་བགེགས་འབྱུང་པོའི་གསུར་བསྔོ་རྐྱེན་ངན་ཀུན་གྲོལ།

༈ གདོན་བགེགས་འབྱུང་པོའི་གསུར་བསྔོ་རྐྱེན་ངན་ཀུན་གྲོལ་བཞུགས་སོ། །ཕྱེ་མར་ཤ་ཁྲག་སོགས་ཟས་དམ་རྫས་མྱོང་གྲོལ་ཡོད་ན་ཅུང་ཟད་བསྲེས་ན་བཟང་། མཆན། སྣ་གང་འཛོམ་མེར་བསྲེག་ཆབ་བྲན་ལ། རང་སྤྱན་རས་གཟིགས་སུ་བསྒོམ་ནས་དམིགས་ཡུལ་རྣམས་ལ་སྙིང་རྗེ་དྲག་ཏུ་བསྐྱེད་དེ། ༀ་ཨཱཿཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏ་སོགས། སཾ་བྷ་ར་བདུན་དང་མཚན་བཞི་བརྗོད་པས། དམིགས་ཡུལ་རྣམས་ཀྱི་ཅི་འདོད་པའི་ལོངས་སྤྱོད་འཛད་མེད་བདེ་བ་ཆེན་པོར་བྱིན་གྱིས་བརླབས་ལ། ཧོ༔ གསུར་མཆོད་འདོད་ཡོན་དྲུག་ལྡན་པ། །རང་རང་ཡིད་ལ་གང་འདོད་སྤྲིན། །གནམ་ས་བར་སྣང་ཀུན་ཁྱབ་ཅིང་། །འཛད་མེད་བདེ་བའི་གཏེར་ཆེན་འདི། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་དང་། །ཁྱད་པར་ཕྱོགས་འདིར་རྒྱུ་བ་ཡི། །བགེགས་རིགས་ལན་ཆགས་ཤ་མཁོན་ཅན། །ཟ་འདྲེ་ཤི་གཤེད་གྲེ་ཕོ་མོ། །ནད་བདག་རིམས་བདག་གོད་ཁའི་བདག །ཡུལ་འདྲེ་རྦད་འདྲེ་ཉེ་དུའི་འདྲེ། །ཆགས་དང་འཇུངས་པའི་འདུ་ཤེས་ཀྱིས། །མི་དང་ནོར་ཕྱིར་འབྲང་བའམ། །ཕྲག་དོག་སྡང་བའི་བསམ་པ་ཡིས། །གནོད་པ་རྩོམ་པའི་རིགས་ཀུན་དང་། །དྲི་ཟ་སྲིད་པ་བར་མའི་འགྲོ། །ལྟོགས་འགོང་བསེ་རགས་ཡི་དྭགས་རིགས། །སྲིད་པར་ལས་ཀྱི་དབང་སོང་བས། །སྣ་ཚོགས་གཟུག་ཅན་ཀུན་ཏུ་རྒྱུ། །སྣ་ཚོགས་ཟས་ཅན་ཡོངས་ཚོལ་ཅན། །བསམ་སྦྱོར་སྣ་ཚོགས་མི་འདྲ་བ། །གནོད་པ་སྣ་ཚོགས་ཀུན་ཏུ་སྤྱོད། །དབང་ཆེན་དབང་ཆུང་སྣ་ཚོགས་པའི། །གདོན་བགེགས་འབྱུང་པོ་ཐམས་ཅད་ལ། །ཕམ་རྒྱལ་ཕྱོགས་ལྷུང་མེད་པ་ཡིན། །འདོད་དགུ་མི་ཟད་གཏེར་དུ་བསྔོ། །ཡིད་ལ་ཅི་འདོད་ཐོབ་གྱུར་ནས། །གནོད་འཚེ་གདུག་རྩུབ་ཀུན་ཞི་ཞིང་། །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །སྲོག་ལ་རློམ་ཞིང་བླ་ལ་འཇབ། །ནོར་ལ་རྔམ་ཞིང་ཟས་ལ་རྐུ། །དཔལ་ལ་གནོད་པའི་འབྱུང་པོ་རྣམས། །མཆོད་སྦྱིན་འདི་ཡིས་ཚིམ་གྱུར་ཅིག །ཚེ་རབས་ལན་ཆགས་བྱང་གྱུར་ཅིག །ཤ་འཁོན་སྡིག་སྒྲིབ་དག་གྱུར་ཅིག །སྡུག་བསྔལ་ཉོན་མོངས་ཞི་གྱུར་ཅིག །བདག་གི་མཆོད་སྦྱིན་འདི་བསྔོས་པས། །འབྱུང་པོའི་ཚོགས་ཀུན་ཚིམ་གྱུར་ནས། །བདག་དང་སེམས་ཅན་ཐམས་ཅད་ཀུན། །དུས་མིན་འཆི་དང་ནད་ལ་སོགས། །འགལ་རྐྱེན་ཀུན་དང་བྲལ་གྱུར་ཅིག །རེ་ཞིང་ཆགས་རྣམས་གཏན་དུ་ཚིམ། །ལུས་གདོན་གནས་གདོན་ལ་སོགས་གྲོལ། །འདོད་དོན་བར་ཆད་མ་ལུས་ཞི། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །མཉམ་ཉིད་བྱང་ཆུབ་སེམས་ཀྱི་མཐུས། །གནོད་བྱ་གནོད་བྱེད་ཐམས་ཅད་ཀུན། །ཆོས་དབྱིངས་བདེ་བ་ཆེན་པའི་ངང་། །དབྱེར་མེད་སངས་རྒྱས་ཐོབ་པར་ཤོག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ན ི་སྤྱོད་པར་ཤོག །ཟག་མེད་འདོད་ཡོན་དྲུག་ལྡན་ལ། །ཞེན་མེད་ཚུལ་དུ་ལོངས་སྤྱོད་ནས། །བདག་མེད་མཉམ་པའི་དོན་རྟོགས་ཏེ། །སྐྱེ་མེད་ཆོས་སྐུ་འཐོབ་པར་ཤོག །བདག་གི་བསོད་ནམས་སྟོབས་དག་དང་། །རྣམ་སྣང་མངོན་བྱང་ལས་སོ། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་ཀྱིས་སུ། །སེམས་ཅན་རྣམས་ལ་ཕན་འདོགས་པས། །དོན་རྣམས་གང་དག་བསམ་པ་ཀུན། །འཇིག་རྟེན་ཁམས་ནི་མ་ལུས་འདིར། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཁམས་གསུམ་དག་པའི་ཞིང་། །གུ་རུ་རིན་པོ་ཆེའི་གསུངས། སྲིད་གསུམ་ཐུགས་རྗེའི་མགྲོན། མ་ལུས་ཁྱབ་པའི་ཟས། ཆོས་ཉིད་རྟོགས་པའི་མཐུས། མི་ཟད་གཏེར་དུ་བསྔོ། ཞེས་བྱས་ལ་དམིགས་འདུན་དེ་དང་མ་བྲལ་བའི་ངང་ནས། ༀ་ཨཱཿཧཱུྃ་ཅི་རིགས་དང་། མ་ཎི་བརྒྱ་ཙམ་བགྲངས་ནས། སྦྱིན་མདོ་ལས་གསུངས་པའི་ཚིགས་བཅད་དོ། །པ་རྒྱ་ཆེན་གྱུར་པ་འདི་ཡིས་མཐུས། །འགྲོ་བའི་ནང་ནས་རང་བྱུང་སངས་རྒྱས་ཤོག །སྔོན་ཚེ་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་དགུ་འདི་དག་སྦྱིན་པས་སྒྲོལ་གྱུར་ཅིག །སོགས་སྨོན་ལམ་དང་། འབྱུང་པོ་གང་དག་འདིར་ནི་སོགས་དང་། བགེགས་རིགས་སྟོང་ཕྲག་བརྒྱ་ཅུ་ཞི་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པར་བྱའོ། །འདི་ནི་སྦྱིན་པའི་ཕར་ཕྱིན་རྫོགས་པ་དང་བར་ཆད་ཞི་བའི་ཐབས་ཁྱད་པར་ཅན་ཡིན་པས་སུས་ཀྱང་ཉམས་སུ་བླང་བར་བྱ་ལ། ལྷག་པར་དུས་ངན་གྱིི་སེམས་ཅན་རྣམས་བརྣབ་སེམས་དང་བསྐམ་ཆགས་འཕེལ་བའི་སྐབས་སུ་ཟ་འདྲེ་འགོང་པོ་མང་ཞིང་མི་ཕྱུགས་ལ་འཚེ་བ་དང་། ལོངས་སྤྱོད་ལ་གནོད་པ་མང་བའི་དུས་དང་། ཟས་ནོར་གྱི་ཕྱིར་ཡུལ་སྣ་ཚོགས་སུ་རྒྱུ་བའི་སྐབས་དང་། ནད་རིམས་ཕྱུགས་གོད་མང་ཞིང་རྨི་ལམ་ངན་པའི་སྐབས་དང་། གཅན་སྤྱང་བྱི་བ་སོགས་ཀྱིས་གནོད་པ་དང་། འདྲེས་གནོད་དང་འདྲེ་དོགས་ཆེ་བའི་སྐབས་སོགས་སུ་བྱས་ན་བར་ཆད་དང་གནོད་པ་ཞི། རྒྱུན་དང་སྐབས་སུ་སྙིང་རྗེས་ཀུན་ནས་བསླང་ཏེ་བྱས་ན་འཆི་བ་བསླུ། ནད་གདོན་བྲལ། སྲིས་རྨི། མཐུན་རྐྱེན་འཕེལ། ཚོགས་རྫོགས་པ་སོགས་རང་གཞན་ལ་འཕྲལ་དང་ཡུན་གྱི་ཕན་པའི་དགོས་པ་དུས་མ་ཡོད་པ་ནི་སྨྲོས་མ་དགོས་པས་ནན་ཏན་བྱའོ། །ཅེས་པའང་རྒྱ་སྟོད་དབང་ཕུག་ཏུ་རྨི་ལམ་རྐྱེན་ལས་ཕྱི་ནང་ཟླ་བ་བཅུ་པའི་ཚེས་བཅོ་བརྒྱད་ལ་མི་ཕམ་པས་ཕན་སེམས་ཀྱིས་བྲིས་པ་དགེ་བར་གྱུར་ཅིག །མངྒ་ལཾ། །གླུད་བྱེད་ན། གླུད་གཏོར་འདོད་ཡོན་དྲུག་ལྡན་འདི་ཞེས་ཁ་བསྒྱུར་ལ་བསྔོ་བར་བྱའོ། །ཤུབྷཾ།།

བསངས་ཀྱི་ཆོ་ག་བདེ་ལེགས་ཀུན་འབྱུང་རྒྱགས་བརྔན་དང་བཅས་པ།

བསངས་ཀྱི་ཆོ་ག་བདེ་ལེགས་ཀུན་འབྱུང་རྒྱགས་བརྔན་དང་བཅས་པ་བཞུགས་སོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །རྒྱགས་བརྔན་འདི་ལ་དོན་ལྔ་སྟེ། མཛད་པ་པོ་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད། གནས་གང་དུ་མཛད་ན་བྲག་དམར་དཔལ་གྱི་བསམ་ཡས་སུ་མཛད། དགོས་ཆེད་གང་ལ་མཛད་ན། སྔོན་བྱུང་རྒྱལ་པོའི་ཐུགས་དམ་དགོངས་པ་བཞེངས་པ་དང་། ཕྱི་རབས་རྣལ་འབྱོར་པ་རྣམས་ཀྱི་འདོད་དོན་སྒྲུབ་པའི་དོན་དུ་མཛད། ཕན་ཡོན་ཇི་ལྟར་འབྱུང་ན། ལམ་འཕྲང་བགྲོད་པ་ལ་སོགས་གང་འདོད་ཐམས་ཅད་འགྲུབ། གང་དངོས་དོན་དུ་བསྟན་པ་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་སོགས་ནི། རི་རྩེ་འམ་ཁང་ཐོག་གམ་ཆུ་འགྲམ་ལ་སོགས་ཕྱོགས་གཙང་སར། དར་མདུང་ལ་སོགས་པའི་རྟེན་བཙུགས་པའི་མདུན་དུ། རས་དཀར་རམ། ཕྱིང་དཀར་རམ། སྣམ་དཀར་དྲི་མ་མེད་པའི་གདན་གྱི་སྟེང་དུ་འབྲུའི་གཡུང་དྲུང་རིས་བྲི། ཚོམ་བུ་མང་དུ་བཀོད་པའི་མཐར། ཡོན་ཆབ་བདུག་སྤོས་སོགས་མཆོད་པ་རྣམ་པ་མང་པོ་དང་། དཀོན་མཆོག་སྤྱིའི་དཔལ་གཏོར། ཆོས་སྐྱོང་སྤྱིའི་དམར་གཏོར་གྲུ་གསུམ། རིགས་དྲུག་སྤྱིའི་དཀར་གཏོར་ཟླུམ་པོ། གཞི་བདག་སྤྱིའི་དཀར་གཏོར། འབྱུང་པོ་སྤྱིའི་བགེགས་གཏོར་གྱི་དམར་གཏོར་དང་ལྔ། སྐུ་གླུད་སྡེར་ཆ་གང་དང་དྲུག་བཤམ། དེའི་མཐར་གཟུགས་འགྲོས་རྟ་དྲེལ། མཛོ་གཡག །འབྲོང་། ཤ་བ། ར་ལུག །སྟག་གཟིག །དོམ། དྲེད། བྱ་ནག །ཕག་ནག །ཁྱི་ནག །སྦྲུལ། རུས་སྦལ། མཆོག་ཆེན་མི། ལྕོང་མོ། ཉ་དང་དུང་། གསེར་བྲེ། དངུལ་བྲེ། དོང་ཙེ། གླུད་ཆ་རྣམས་མཐའ་བསྐོར། སྡེར་ཆ་གཙང་མར་དཀར་གསུམ་དང་མངར་གསུམ་ཟས་སྣ་འཛོམ་གང་ཆེ། ཆང་རིན་པོ་ཆེ་སྣ་ལྔའི་ཕྱེ་མ་དང་བཅས་པ་བཤམ། དེའི་མདུན་དབུས་མར་བསངས་བཤོས་གཙང་མར་ཟས་སྣས་བསྐོར་བ་བཤམ། དེའི་གཡས་སུ་ཆང་ཕུད་གྲལ་ཐབས་དང་། གཡོན་དུ་དྲི་བཟང་དང་། རིན་པོ་ཆེའི་ཕྱེ་མ་བཏབ་པའི་ཆུ་སྣའི་སྣོད་བཤམ། ཀུན་གྱི་གཡས་རོལ་དུ་ཤིང་སྣའི་མེ་དང་། ཕྱེ་མར་གྱིས་བཀང་བའི་སྣོད་བཤམ། ཕྱོགས་མཚམས་སུ་དར་པོ་ཆེ་དང་མདུང་དང་མདའ་དར་སྣ་གཟུག །རྔ་དུང་ཆ་ལང་ལ་སོགས་པའི་རོལ་མོས་བསྐོར་བའི་ནང་དུ། བསངས་བཤོས་ལ་ཉེ་བར་བསངས་གཡོག་སྦྲེང་བ་བཅས་ཏེ་འདུག་ལ། དང་པོ་སྐྱབས་སུ་འགྲོ་བ་ནི། རང་གི་མདུན་གྱི་ནམ་མཁར་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྲིན་ཕུང་གཏིབས་པ་ལྟ་བུར་གསལ་བར་གྱུར། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་མཆི། །ཞེས་པ་ལན་གསུམ། སེམས་བསྐྱེད་པ་ནི། ཐུན་མོང་དང་མཆོག་གཉིས་ལས། དང་པོ་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །སེམས་ཅན་ཀུན་ལ་ཕན་དོན་དུ། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །དབུགས་མ་ཕྱུངས་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་བྱའོ། །གཉིས་པ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ་། གསང་སྔགས་བླ་ན་མེད་པའི་སྡོམ་པ་བཟུང་བ་ནི། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང་། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང་། །སྡོམ་པ་བརྒྱ་མཚོ་མཐའ་ཡས་གཟུང་བ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་མ་ལུས་གཟུང་བར་བགྱི། །ལན་གསུམ། དེ་ནས་མཆོད་པ་བྱིིན་གྱིས་བརླབ་པ་ནི། ཀུ་ཤས་བསང་ཆུ་འཐོར་ཞིང་། ༀ་ཨཱཿབིགྷྣཱཾ་ཏ་ཀྲྀ་ཏ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། མཆོད་རྫས་ཀྱི་ཉེས་སྐྱོན་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ༀ་བཛྲ་པཱ་དྱཾ་ཨཱཿཧཱུྃ། ༀ་བཛྲ་པུཥྤེ༴ ༀ་བཛྲ་དྷཱུ་པེ༴ ༀ་བཛྲ་ཨཱ་ལོ༴ ༀ་བཛྲ་གནྡྷེ༴ ༀ་བཛྲ་ནི་ཝིདྱ༴ ༀ་བཛྲ་ཤཔྡ་ཨཱཿཧཱུྃ། དེ་ནས་སྨན་རཀ་གཏོར་གསུམ་བྱིན་གྱིས་བརླབ་པ་ནི། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ བྷནྡྷ་གཞལ་ཡས་ཁང་ནང་དུ། །བཅུད་ནི་རིགས་ལྔ་ཡབ་ཡུམ་སྟེ། །སྦྱོར་མཚམས་བྱང་སེམས་བདུད་རྩིར་ཞུ། །འཆིང་གྲོལ་མེད་པའི་རང་བཞིན་གྱུར། །ༀ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱཿ ཉོན་མོངས་ཆགས་པ་རྣམ་དག་པ། །རཀྟ་བདེ་བའི་ངོ་བོར་གྱུར། །ༀ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱཿ གཏོར་མ་འདོད་ཡོན་ལྔ་ལྡན་གྱི། །ཕུན་ཚོགས་ནམ་མཁའ་གང་བར་འགྱུར། །དེ་ནས་བདག་བསྐྱེད་གསལ་གདབ་པ་ནི། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པྂ་ལས་པདྨ་དང་ཨཱཿལས་ཟླ་བ་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་རིག་པ་ཡི་གེ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་སྐད་ཅིག་གིས་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཨཙཱརྻ་གཞོན་ནུའི་ཚུལ་ཅན་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ། ཞབས་རྒྱལ་པོ་རོལ་བའི་འདུག་སྟངས་ཀྱིས་བཞུགས་པ། སྔགས་པའི་ཆས་རྫོགས་མཐིང་ནག་དར་གྱི་ཕོད་ཁ། རབ་བྱུང་ཆས་རྫོགས་ལེ་བརྒན་དར་གྱི་ཆོས་གོས་གསེར་གྱི་ཧ་རིས་ཅན། འཁོར་ལོས་སྒྱུར་རྒྱལ་ཆས་རྫོགས་ཟ་འོག་བེར་སྨུག་གསོལ་བ། རིག་པའི་དབང་ལྔ་རྫོགས་ཤིང་ཡེ་ཤེས་ལྔ་དང་ལྡན་པའི་བརྡར་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན་པ། གསང་བའི་དབང་རྫོགས་པའི་བརྡར་ཕྱག་གཡོན་མཚན་ལྡན་ཐོད་པ་བདུད་རྩིས་གང་བ་ལྟེ་བར་བསྣམས་པ། ཡུམ་སྦས་པའི་ཚུལ་དུ་དུག་གསུམ་རྩད་གཅོད་ཀྱི་ཁ་ཊྭཾ་ག །གསུམ་པའི་དབང་རྫོགས་པའི་བརྡ་མཚོན་པའི་མེ་ལོང་དྲིལ་བུ་དར་དཔྱངས་གཡེར་ཁས་བརྒྱན་པ་གྲུ་མོ་གཡོན་ན་འཆང་བ། སྐུ་ལྔའི་དབང་རྫོགས་རིགས་ལྔའི་རྟགས་ཀྱིས་སྤྲས་པའི་འདབ་ལྡན་པདྨའི་སྙན་ཞུ་དབུ་ལ་གསོལ་བ། སྐུ་དང་ཡེ་ཤེས་མཚོན་པའི་མེ་ལོང་ཉི་ཟླ་དར་སྣ་ལྔ་དང་ཐེག་མཆོག་ཨ་ཏིའི་ལྟ་བ་མཚོན་པའི་རྒོད་ལྡེམ་གྱིས་སྤྲས་པ། འཇའ་ཚོན་འོད་ལྔའི་གུར་ཁང་དང་རིག་འཛིན་དཔའ་བོ་མཁའ་འགྲོ་སྤྲིན་གྱི་ཕུང་པོ་ལྟ་བུའི་དབུས་ན་མཚན་དཔེ་ཡོངས་རྫོགས་སྣང་སྟོང་སྒྱུ་མའི་ཚུལ་གྱིས་བཞུགས་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ནས་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ལ་འཁོར་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ དེ་ནས་སྤྱན་དྲང་བ་ནི། ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ བཛྲ་ས་མ་ཡ་ཏིཥྛ་ལྷན། ཨ་ཏི་པཱུ་ཧོཿ པྲ་ཏཱི་ཛ་ཧོཿ ཞེས་པས་བཞུགས་སུ་གསོལ། མཆོད་བསྟོད་ནི། རྒྱས་པར་ལས་གཞུང་ལྟར་དང་། བསྡུ་ན། ༀ་བཛྲ་གུ་རུ་པདྨ་ས་པ་རི་ཝཱ་ར་བཛྲ་པུཥྤེ་ཨཱཿཧཱུྃ། དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱཱ་ཤཔྡ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཞེས་ལན་བདུན་ནམ་གསུམ་གྱིས་ཕུལ་ལ། བསྟོད་པ་ནི། སྙན་པའི་དབྱངས་དང་བཅས་པས་འདི་སྐད་དོ། །ཧཱུྃ། བསྟན་པ་འདི་ལ་ངོ་མཚར་རྨད་དུ་བྱུང་། །འཇིག་རྟེན་མགོན་གྱུར་པདྨ་རྒྱལ་པོ་ནི། །རིགས་ནི་ཟ་ཧོར་རྒྱལ་པོའི་རིགས་སུ་འཁྲུངས། །ཨོ་རྒྱན་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད། །བསིལ་བ་ཚལ་དུ་དངོས་གྲུབ་མ་ལུས་བརྙེས། ཁ་བ་ཅན་དུ་བསྟན་པ་རྒྱས་པར་མཛད། །ལྷོ་ནུབ་རྔ་ཡབ་གླིང་ཕྲན་ཡུལ་དུ་བྱོན། །ཞེ་སྡང་གདོང་དམར་སྲིན་པོའི་ཁ་གནོན་མཛད། །མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ། །སྐུ་གསུང་ཆེ་མཆོག་བཛྲ་ཧེ་རུ་ཀ །དུས་གསུམ་མཉམ་ཉིད་བླ་མ་དུས་འདིར་དྲན། །བདག་དང་དབྱེར་མེད་བླ་མ་ཧེ་རུ་ཀ །རྒྱལ་བའི་དཀྱིལ་འཁོར་དག་པ་ཆེན་པོ་འདིར། །མི་འགྱུར་ལྷུན་གྲུབ་པདྨ་རྒྱལ་པོ་དང་། །བླ་མ་ཡི་དམ་མཁའ་འགྲོས་བྱིན་གྱིས་རློབས། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། དེ་ནས་མདུན་བསྐྱེད་གསལ་གདབ་པ་ནི། སྭབྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདུན་དུ་པྂ་ལས་པདྨ། ཨ་ལས་ཟླ་བའི་གདན་ཡངས་ཤིང་རྒྱ་ཆེ་བ། སྟོང་གསུམ་འཇིག་རྟེན་གྱི་ཁམས་དང་མཉམ་པའི་སྟེང་དུ་ཧྲཱིཿལས་སྤྱན་རས་གཟིགས་ཨཱ་རོ་ལྀཀ྄་རྒྱན་ཆ་ལུགས་ཁ་སཪྤ་ཎི་ལྟ་བུ། སྐུ་ཆེ་བ་རྣམ་སྣང་གངས་ཆེན་མཚོ་དང་མཉམ་པ། ཞིང་ཁམས་ཐམས་ཅད་སྐུས་ཁྱབ་ཅིང་སྐུ་ལ་ཞིང་ཁམས་ཐམས་ཅད་སྣང་བ། བ་སྤུའི་བུ་ག་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་གྱུར། དེའི་གཙུག་ཏོར་ནས་མགྲིན་པ་ཡན་ཆད་ལ་དཀོན་མཆོག་སྲི་ཞུའི་མགྲོན། ཐུགས་ཀ་ནས་ལྟེ་བའི་བར་ལ་མགོན་པོ་ཡོན་ཏན་གྱི་མགྲོན། སྐུ་སྨད་ཀྱི་ཆ་ལ་རིགས་དྲུག་སྙིང་རྗེའི་མགྲོན། པད་གདན་གྱི་ཆ་ལ་ཚེ་རབས་ལན་ཆགས་ཀྱི་མགྲོན་རྣམས་གསལ་བར་གྱུར། ཡེ་ཤེས་པ་རྣམས་སྤྱན་དྲངས་ནས་གཉིས་མེད་དུ་བཞུགས་པར་བསམས་ལ་འདི་སྐད་དོ། །ཧཱུྃ། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་ཉན་ཐོས་རང་རྒྱལ་དང་། །འཇིག་རྟེན་ལས་འདས་ཆོས་སྐྱོང་མགོན། །སེམས་ཅན་རྣམས་ཀྱི་སྐྱོབ་པ་དང་། །བདག་གི་བསམ་པ་རྫོགས་སླད་དུ། །གནས་འདིར་མཆོད་ཕྱིར་གཤེགས་སུ་གསོལ། །ཚངས་པ་དང་ནི་བརྒྱ་བྱིན་དང་། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ཕྱི་ནང་ལྷ་སྲིན་སྡེ་བརྒྱད་རྣམས། །མཆོད་སྦྱིན་དོན་དུ་སྤྱན་འདྲེན་ན། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །སྲིད་པའི་རྩེ་མོ་མན་ཆད་ནས། །མནར་མེད་དམྱལ་བ་ཡན་ཆོད་དུ། །ཁམས་གསུམ་རིགས་དྲུག་སེམས་ཅན་རྣམས། །བྱམས་ཐུགས་བརྩེ་བས་མགྲོན་ལ་གཤེགས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས། །ཚེ་རབས་གྲངས་འདས་ལན་ཆགས་བགེགས། །མཆོད་མགྲོན་དོན་དུ་སྤྱན་འདྲེན་ན། །བདེ་བར་གཤེགས་པའི་བཀའ་ལ་ཉོན། །ཞི་བའི་ཡིད་ཀྱིས་འཁོད་པར་གྱིས། །ཛཿཧཱུྃ་བྂ་ཧོཿ ཞེས་སྤྱན་དྲངས་ལ། ཛྙཱ་ན་ལོ་ཀ་ས་པ་རི་ཝ་ར་པདྨ་སཱུརྻ་ཙནྡྲ་ཀ་མ་ལཱ་ཡ་སྟྭཾ། ཞེས་བཞུགས་སུ་གསོལ་ལ། དེ་ནས། མདུན་བསྐྱེད་འཕགས་པའི་ཚོགས་ལས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས་པ་མཆོད་པའི་ལྷ་མོ་དཔག་མེད་སྤྲོས་པས། ནམ་མཁའ་གང་བའི་མཆོད་པའི་སྤྲིན་གྱིས་འཕགས་པའི་ཚོགས་རྣམས་མཉེས་ཤིང་དམ་ཅན་རྣམས་ཐུགས་དམ་བསྐང་བ་དང་། རིགས་དྲུག་རྣམས་འདོད་པས་ཚིམས་ནས་ཤ་འཁོན་བྱང་སྟེ་མགྲོན་རྣམས་དགྱེས་པའི་འདོད་དགུའི་འབྱོར་པས་དང་བར་སྣང་ཐམས་ཅད་གང་བར་གྱུར་པར་དམིགས་ལ། མཆོད་པའི་ཚིག་ནི། མཆོད་ཡོན་མེ་ཏོག་བདུག་པ་དང་། །སྣང་གསལ་དྲི་མཆོག་ཞལ་ཟས་དང་། །རོལ་མོ་ལ་སོགས་མཆོད་པའི་སྤྲིན། །ཇི་སྙེད་ནམ་མཁའི་ཁམས་གང་འབུལ། །ༀ་ཛྙཱ་ན་ལོ་ཀ་ས་པ་རི་ཝ་ར་ཨརྒྷཾ༴ པཱ་དྱཾ༴ པུཥྤེ༴ དྷཱུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནཻ་ཝི་དྱཱ༴ ཤཔྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དེ་ནས་གཏོར་མ་འབུལ་བ་ནི། མགྲོན་རིགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མ་དྲངས་ཤིང་གསོལ་བར་གྱུར། ༀ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ཛྙཱ་ན་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ་ལ། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་འདི་ཉིད་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། དཀོན་མཆོག་སྲི་ཞུའི་མགྲོན་དུ་གྱུར་པ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། མགོན་པོ་ཡོན་ཏན་གྱི་མགྲོན་དུ་གྱུར་པ་དཔལ་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ། དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་གཙུག་ལག་ཁང་གི་སྲུང་མ་དང་། བསྟན་པ་ལ་དད་པའི་དམ་ཅན་མཐུ་སྟོབས་ཅན་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །མཉེས་ཤིང་ཚིམས་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པའི་ཕྲིན་ལས་རྒྱ་ཆེན་པོ་མཛད་དུ་གསོལ། རིགས་དྲུག་སྙིང་རྗེའི་མགྲོན་དུ་གྱུར་པ་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་རྣམས་ལ་སྦྱིན་ནོ། །རང་རང་གི་སྤྱོད་ཡུལ་དུ་མོས་པ་དང་མཐུན་པའི་ཆོས་དང་ཟང་ཟིང་གི་འབྱོར་པ་དཔག་ཏུ་མེད་པས་ཚིམས་ཏེ་སོ་སོའི་སྡུག་བསྔལ་ལས་གྲོལ་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །ལན་ཆགས་ཀྱི་མགྲོན་དུ་གྱུར་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་ལན་ཆགས་དང་བུ་ལོན་ཤ་འཁོན་གཉེར་བའི་འབྱུང་པོ་རྣམས་ལ་སྦྱིན་ནོ། །འདོད་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པས་ཚིམས་ནས། གནོད་པ་དང་གདུག་པའི་བསམ་པ་ཐམས་ཅད་ཞི་ཞིང་ཕན་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཅེས་མགྲོན་རྣམ་བཞི་ལ་བསྔོས་ནས། བྱེ་བྲག་ཏུ་གཞི་བདག་གཏོར་མ་ནི། ༀ་ཨ་ཀཱ་རོ་སོགས་ལན་གསུམ་གྱི་མཐར། སྟོང་གསུམ་སྤྱི་ཕུད་འཛམ་གླིང་དང་། ཁྱད་པར་བོད་ཡུལ་ཁ་བ་ཅན་ན་གནས་པའི་གཏེར་བདག་ཆེན་པོ་རྣམས་དང་། ཡུལ་ལྷ་གཞི་བདག་གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །འགལ་རྐྱེན་སེལ་ཞིང་མཐུམ་རྐྱེན་སྒྲུབ་པ་དང་། གནས་མགྲོན་གྱི་དམ་ཚིག་སྲུངས་ལ་འགོ་ཞིང་སྡོང་གྲོགས་གཉན་པོ་མཛད་དུ་གསོལ། །ཞེས་ཕུལ་ལ། མགྲོན་རིགས་རྣམས་དགྱེས་པས་རང་གིས་ཇི་ལྟར་བཅོལ་བའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ། དེ་ནས་བསངས་དངོས་ལ་འཇུག་པ་ནི། དྲི་ཞིམ་པོའི་བ་ལུ་མཁན་དཀར་སྤོས་ཀྱི་བསངས་ཀྱི་མེ་ལ་དཀར་གསུམ་མངར་གསུམ་ཟས་སྣ་འབྲུ་སྣ་སྨན་སྣ་རིན་པོ་ཆེ་དར་སྣ་སྤོས་སོགས་བསྲེག །ཇ་ཆང་ཞོ་འོ་མ་སོགས་བཏུང་བ་སྣ་ཚོགས་ཀྱིས་མཆོད་ནས། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། སྭ་བྷཱ་ཝས་སྦྱང་། བསང་རྫས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་དྲི་བཟང་གི་མཆོད་པ། རྩི་ཤིང་སྣ་ཚོགས་ཀྱི་དུད་པ། ཞལ་ཟས་ཕྱེ་མར་གྱི་འོ་སྐོལ་གསུར་གྱི་དུད་སྤྲིན་ཆེན་པོ། དུ་བ་ཡེ་ཤེས་ཀྱི་བདུད་རྩིས་ས་དང་བར་སྣང་ཐམས་ཅད་གང་བ། གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ། བཟའ་བས་མི་ཟད་པ། བཏུང་བས་མི་ཟད་པ། རྒོལ་བས་མི་སྡིགས་པ། རི་རྒྱལ་ལས་དཔངས་མཐོ་བ། རྒྱ་མཚོ་ལས་གཏིང་ཟབ་པ། ཞིང་རྡུལ་ལས་གྲངས་མང་བ། ཉི་ཟླ་ལས་འོད་གསལ་བ། རྒྱ་ཆེ་ནམ་མཁའི་མཐའ་དང་མཉམ་པ། ནད་པ་གསོ་བའི་སྨན། འཆི་བ་བསླུ་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨ་ཀཱ་རོ་སོགས་དང་། དུ་བ་བྱིན་བརླབ་ནི། དུ་བའི་ལྷ་མོ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་པ། གཡས་བདུད་རྩིའི་བུམ་པ་འཛིན་ཞིང་གཡོན་སྨན་གྱིས་གང་བའི་གཞོང་བ་འཛིན་པ། ཞལ་འཛུམ་བག་གི་མདངས་དང་ལྡན་པ། གཡས་བདུད་རྩིའི་བུམ་པ་ནས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་ཐུ་ལུ་ལུ་བྱུང་བས་འགོ་བའི་ལྷ་ལ་སོགས་པ་ལ་ཁྲུས་བྱས། རོ་བག་ལ་སོགས་གྲིབ་དང་མི་གཙང་བ་ཐམས་ཅད་ཆུས་བཀྲུས་ནས་དག་པར་བྱས། གཡོན་སྨན་གྱིས་གང་བའི་གཞོང་པ་ནས་སྨན་དཔག་ཏུ་མེད་པ་ཐུ་ལུ་ལུ་བྱུང་བས་ཀླུ་གཉན་ས་བདག་རྨུགས་པ་ཐམས་ཅད་སངས་ནས་སངས་རྒྱས་ཀྱི་བཀའ་རྗེས་སུ་དྲན་ཏེ་བདག་ཅག་ཅི་འདོད་པའི་སྡོང་གྲོགས་བྱེད་པར་གྱུར། རོལ་མོའི་སྒྲ་དང་བཅས་པས་དབྱངས་སྙན་པོས་མགྲིན་གཅིག་ཏུ་འདི་སྐད་དོ། །ཨེ་མ་ཧོ་དེ་དགོངས་སུ་གསོལ། །གླིང་བཞིའི་མཆོག་གྱུར་ལྷོ་ཡི་འཛམ་བུའི་གླིང་། །འཛམ་གླིང་བྱང་ཤར་རི་རྒྱལ་རྟ་རྣ་འཛིན། །དེ་ལ་འཆི་མེད་བདུད་རྩིའི་ཤིང་གསུམ་སྐྱེས། །རྩ་བ་མཁན་པ་གསེར་གྱི་མེ་ཏོག་ཅན། །སྐེད་པར་ཤིང་སྐྱེས་གཡུ་ཤུག་རལ་པ་འཛིན། །རྩེ་མོ་བ་ལུ་དུང་གི་མེ་ཏོག་ཅན། །ཡོན་ཏན་ལྡན་པའི་ཤིང་མཆོག་དེ་ལ་ནི། །འཆི་བ་མེད་པའི་དངོས་གྲུབ་བདུད་རྩིའི་གནས། །ནམ་ཟླ་དུས་བཞིར་སྔོ་ཞིང་དྲི་ངད་ལྡན། །འདི་ལྟར་ཤིང་མཆོག་ཡོན་ཏན་ཁྱད་པར་ཅན། །དུས་གསུམ་རྒྱལ་བ་རྣམས་ཀྱི་བྱིན་རླབས་ཀྱིས། །སེམས་ཅན་འཁྲུལ་པའི་རྣམ་རྟོག་བསལ་སླད་དུ། །ལྷ་འདྲེ་མི་གསུམ་སྲིད་འབྱུང་རྟེན་འབྲེལ་གྱིས། །ལས་དང་བསོད་ནམས་སྨོན་ལམ་རྒྱུ་མཐུན་པ། །འཆི་བ་མེད་པའི་ཡོན་ཏན་བདུད་རྩིའི་ཤིང་། །དྲི་ཞིམ་སྤོས་དང་དུང་སྤྲིིན་ནམ་མཁར་འཁྲིགས། །ལྷ་འདྲེ་མི་གསུམ་རྨུགས་ཤིང་འཐིབས་པ་སེལ། །འོད་གསལ་མེ་ལྕེ་འོད་ཟེར་ཕྲེང་བ་འཕྲོ། །མ་རིག་རྨོངས་པའི་མུན་ནག་ཐམས་ཅད་སེལ། །མེ་སྟག་ཚྭ་ཞིང་སྲེག་པའི་ངར་ལྡན་པས། །མནོལ་ཆགས་མི་གཙང་ལྗན་ལྗིན་སྲེག་པར་བྱེད། །དེ་ལྟར་ཡོན་ཏན་ཁྱད་འཕགས་ཤིང་གསུམ་འདི། །ཆོས་དབྱིངས་རྣམ་པར་དག་པའི་བྱིན་རླབས་དང་། །སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་ཚིག་དང་། །དྲང་སྲོང་རིག་འཛིན་རྣམས་ཀྱི་གྲུབ་པའི་མཐུས། །ལྷ་འདྲེ་མི་གསུམ་སྲིད་པའི་དཔེ་ལུགས་ཀྱིས། །བསམ་སྦྱོར་དག་པས་གཅིག་ཏུ་བཀའ་བགྲོས་ནས། །ལྷ་འདྲེ་མི་གསུམ་འཁྲུགས་ན་བསང་བའི་ཐབས། །རྨེ་མནོལ་གཙང་བཙོག་བྱུང་ན་བསང་བའི་ཐབས། །དངོས་གྲུབ་བར་ཆད་འདྲེས་ན་བསང་བའི་ཐབས། །བདེན་རྫུན་ལེགས་ཉེས་འདྲེས་པ༴ བཟང་ངན་འབྲིང་གསུམ་འདྲེས་པ༴ ཆོ་ག་ནོར་འཁྲུལ་བྱུང་ན༴ ལྷ་འདྲེ་མི་གསུམ་བྱད་གྲིབ་བསང་༴ རྨི་ལྟས་མཚན་མ་ངན་པ༴ ལ་ཉེ་མོ་རྩིས་ངན་པ༴ དབང་པོ་སྒོ་ལྔ་འགག་པ༴ མགོན་ལྷ་གཡང་ལྷ་མནོལ་ན༴ འཁོན་འཛིན་ཕྲག་དོག་བྱུང་ན༴ ཆོ་འཕྲུལ་རྣམ་རྟོག་བྱུང་ན༴ ཡུལ་མཁར་བརྩིགས་ཉེས་བྱུང་ན༴ སྲུང་མ་ཐུགས་དམ་གཡེལ་ན༴ ས་བདག་ཀླུ་གཉན་འཁྲུགས་ན༴ ལོ་ཟླ་ཞག་དུས་ངན་ན༴ ཉི་ཟླ་གཟའ་སྐར་ངན་ན༴ བསངས་ཁྲུས་ཆོ་ག་ཟབ་མོ་གྲུབ་པའི་མཐུས། །ལེགས་པར་སྤྱད་པས་མི་ཤེས་མི་མཐོང་མེད། །དྲང་སྲོང་བདེན་པའི་ཚིག་གིས་མི་འགྲུབ་མེད། །རྟེན་འབྲེལ་ཆོ་གས་མི་ཚངས་གང་ཡང་མེད། །རྒྱུ་རྐྱེན་ཚོགས་པས་ཐམས་ཅད་འགྲུབ་པར་འགྱུར། །ལག་ལེན་བྱས་པས་ཐམས་ཅད་དག་པར་གསུངས། །ཨེ་མ་ཧོ་དེ་དགོངས་སུ་གསོལ། །དེ་རིང་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །མི་གཙང་ཉམས་གྲིབ་མཁོན་འཛིན་ཕྲག་དོག་དང་། །དལ་ཡམས་བར་ཆོད་ཞི་ཞིང་བསང་བའི་ཕྱིར། །མཁྱེན་ཅིང་གཟིགས་པའི་ལྷ་རྣམས་དགོངས་སུ་གསོལ། །དེ་རིང་གནམ་ལ་གཟའ་དང་སྐར་མ་བཟང་། །ས་གཞི་དཔྱད་ལེགས་ཡོན་ཏན་འདོད་དགུ་ཚང་། །བར་དུ་དུས་ཚོད་ཚེས་གྲངས་བཀྲ་ཤིས་སོ། །བསངས་དང་ཞི་བའི་ཆོ་ག་བྱེད་པ་ལ། །ཉི་མ་དགེ་ཞིང་རྒྱུ་སྐར་བཟང་པོ་ཡི། །སངས་རྒྱས་བྱམས་ཆེ་དགྲ་བཅོམ་ཟག་པ་ཟད། །སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་པ་མེད་དེ་བདེན་པའི་མཆོག །དགེ་འདུན་མི་ཕྱེད་འདུན་པ་བདེན་པའི་མཆོག །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། །བསངས་ཀྱི་ཆོ་ག་ལེགས་པར་གྲུབ་པར་ཤོག །ཨེ་མ་ཧོ་དེ་དགོངས་སུ་གསོལ། །བསངས་རྫས་མཆོད་དོ་ཀུན་བཟང་མཆོད་པའི་སྤྲིན། །ཙན་དན་དཀར་པོ་ཨ་ཤུག་ཕ་ཡིས་བསངས། །ཙན་དན་དམར་པོ་ཨ་ཤུག་མ་ཡིས་བསངས། །སྨན་གྱི་རྒྱལ་པོ་ཨ་ཀ་རུ་ཡིས༴ དྲི་ཡི་རྒྱལ་པོ་དུ་རུ་ཀ་ཡིས༴ བ་ལུ་དཀར་པོ་ལྷ་ཡི་སྤོས་ཀྱིས༴ ཤུག་པ་ལོ་བཟང་གཡུ་འོད་འབར་བས༴ མཁན་པ་དཀར་པོ་རྩི་བཟང་དྲི་ཡིས༴ ཕུར་མོང་དཀར་པོ་གླང་ཆེན་ངད་ཀྱིས༴ བླ་མེད་སྐྱབས་མཆོག་བླ་མ་བཀའ་བརྒྱུད༴ རྐང་གཉིས་གཙོ་གྱུར་རྫོགས་པའི་སངས་རྒྱས༴ བག་ཆགས་སྦྱོང་མཛད་དམ་ཆོས་དཀོན་མཆོག༴ བསོད་ནམས་ཞིང་གྱུར་འཕགས་པའི་དགེ་འདུན༴ རྒྱལ་བའི་དཀྱིལ་འཁོར་ཡི་དམ་ལྷ་ཚོགས༴ ཞིང་རྣམས་སྐྱོང་མཛད་དཔའ་བོ་མཁའ་འགྲོ༴ བསྟན་པ་སྐྱོང་མཛད་ཆོས་སྐྱོང་སྲུང་མ༴ ཕྱི་རྒྱུད་རྡོ་རྗེ་རིགས་ཀྱི་སྲུང་མ༴ བཀའ་སྲུང་རྒྱུད་སྲུང་གཏེར་གྱི་སྲུང་མ༴ སློབ་དཔོན་ཕ་མེས་བརྒྱུད་ཀྱི་སྲུང་མ༴ དབེན་གནས་ཆོས་འཁོར་ཡོངས་ཀྱི་སྲུང་མ༴ བསྙེན་སྒྲུབ་སྐལ་ལྡན་ཡོངས་ཀྱི་སྲུང་མ༴ མཐུ་དཔུང་སྡོང་གྲོགས་བྱེད་པའི་སྲུང་མ༴ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ཉིན་གྱི་བྱ་ར་བྱེད་པའི་ལྷ་བསངས་སོ། །མཚན་གྱི་མེལ་ཚེ་བྱེད་པའི་ལྷ་བསངས་སོ། །ཁ་འཛིན་ཤགས་འདེབས་བྱེད་པའི་ལྷ་བསངས་སོ། །ཆུ་ལ་ཟམ་པ་བྲག་ལ་ཐེམ་སྐས་དང་། །མུན་པར་སྒྲོན་མེ་བྱེད་པའི་ལྷ༴ དགྲ་ལ་སོ་བྱེད་གཉེན་ལ་བྱ་གཏོང་དང་། །དུག་ལ་སྨན་གཏོང་ནད་ལ་རྩི་གསོལ་དང་། །བདུད་ཀྱི་དཔུང་བཅོམ་འདྲེ་ཡི་གཉའ་གནོན་པ། །དམག་དཔུང་གཡུལ་ངོ་ཟློག་པའི་ལྷ་བསངས་སོ། །མདུན་ནས་བསུ་ཞིང་རྒྱབ་ནས་སྐྱེལ་བ་དང་། །བར་ན་དོན་གྲུབ་ཡུལ་དུ་བུ་ནོར་སྐྱོང་། །བྱེས་སུ་མི་རྟའི་རྫི་བོ་བྱེད་པ་དང་། །ཕན་ཚུན་ཡུལ་འཁོར་སྐྱོང་བའི་ལྷ༴ རྒྱབ་བརྟེན་མཐུ་དཔུང་ལུས་སྲུང་བྱེད་པ་དང་། །གཏན་གྱི་ཕོ་ལྷ་ཡུལ་གྱི་དགྲ་ལྷ་དང་། །ཕ་མེས་མཚུན་ལྷ་མ་ཕྱིའི་སྨན་ལྷ་དང་། །ཟས་ནོར་གཡང་ལྷ་རྣོ་མཚོན་ངར་ལྷ་དང་། །ཡུལ་རིགས་ས་བདག་ཁམས་རིགས་ཀླུ་གཉན་དང་། །འབྱུང་བ་ནམ་ཟླ་དུས་བཞིའི་ས་བདག་དང་། །སྤར་ཁ་སྨེ་བ་ལོ་དང་ཟླ་བའི་ལྷ། །གཟའ་སྐར་ཞག་གྲངས་དུས་ཚོད་ཚེས་གྲངས་ལྷ། །ཕྱི་ནང་ལྷ་སྲིན་སྡེ་བརྒྱད་མཐུ་ཆེན་བསངས། །ཁམས་གསུམ་མངའ་དག་སྲིད་གསུམ་དབང་སྒྱུར་བ། །སྟོང་གསུམ་དྲེགས་པ་མཐུ་ཆེན་མ་ལུས་དང་། །རི་རབ་གླིང་བཞི་གསེར་གྱི་རི་བདུན་དང་། །རོལ་པའི་མཚོ་བདུན་ལྕགས་རི་མུ་ཁྱུད་དང་། །རྒྱ་མཚོ་ཆུ་ཀླུང་ནམ་མཁའ་ཉི་ཟླའི་ཁྱིམ། །དུར་ཁྲོད་ནགས་ཚལ་རི་བོའི་ཁྲོད་གནས་པའི། །ལྷ་དང་ཀླུ་དང་མིའམ་ཅི་ལ་སོགས། །དྲི་ཟ་གྲུལ་བུམ་མཁའ་ལྡིང་ལྟོ་འཕྱེ་དང་། །གནོད་སྦྱིན་འབྱུང་པོ་འཕྲོག་མའི་ཚོགས་བཅས་བསངས། །རི་རྒྱལ་ཁོང་སེང་རྒྱ་མཚོའི་གླིང་བར་དང་། །རིན་ཆེན་རི་བོ་ནོར་བུའི་གླིང་གནས་པའི། །ལྷ་ཀླུ་དྲང་སྲོང་མངོན་ཤེས་སྨོན་ལམ་དབང་། །སྣ་ཚོགས་གཟུགས་སྤྲུལ་རྫུ་འཕྲུལ་ཅན་རྣམས་བསངས། །ས་འོག་གཏེར་དང་གྲུབ་པའི་བཅུད་དང་ནི། །རྩི་སྨན་ལྗོན་ཤིང་ལོ་ཏོག་བསྲུང་བའི་ལྷ། །གཏེར་བདག་གནོད་སྦྱིན་མ་མོ་མིའམ་ཅི། །དྲི་ཟ་སྲིན་པོའི་ཚོགས་བཅས་ཐམས་ཅད་བསངས། །དུ་བས་སྟེང་ཕྱོགས་ས་བླའི་སྲིད་པ་བསངས། །མེ་ལྕེས་ས་སྟེང་བར་སྣང་ལྷ་འདྲེ༴ མེ་སྟག་ས་འོག་ཀླུ་གཉན་སྲིད་པ༴ དྲི་ངད་ཕྱོགས་བཅུའི་ཕྱི་སྣོད་འཇིག་རྟེན་བསངས། །ནང་བཅུད་སྐྱེ་འགྲོ་སེམས་ཅན་ཐམས་ཅད༴ དུས་གསུམ་ཕ་མ་འགྲོ་བ་རིགས་དྲུག༴ ཚེ་རབས་སྔ་ཕྱིའི་ལན་ཆགས་གདོན་བགེགས་བསངས། །ཁྱད་པར་བོད་ཡུལ་ཁ་བ་ཅན་གནས་པའི། །བོད་ཀྱི་མགུར་ལྷ་ཆེན་པོ་བཅུ་གསུམ་དང་། །མཐའ་ཡི་དགེ་བསྙེན་ཆེན་པོ་ཉི་ཤུ་གཅིག །བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་དང་། །ཡུལ་གྱི་གཞི་བདག་མཁར་གྱི་རྩེ་ལྷ་དང་། །སྒོ་ལྷ་སྟག་གཡག་ཁྱིམ་ལྷ་གེལ་ཐུང་དང་། །ཐབ་ལྷ་ཡུ་མོ་ཞིང་ལྷ་ཚངས་པ་དང་། །ལམ་ལྷ་དོན་གྲུབ་རྟ་ལྷ་དམག་དཔོན་དང་། །ཕྱུགས་ལྷ་རྨ་གཡང་ནོར་ལྷའི་རྒྱལ་པོ་དང་། །ཚོང་ལྷ་དོན་འགྲུབ་དགྲ་ལྷའི་རྒྱལ་པོ་དང་། །མཆོད་པར་འོས་པའི་མགྲོན་རིགས་ཚོགས་རྣམས་ལ། །ཕྱེ་མར་སྤོས་དང་དྲི་བསུང་ངད་དང་ལྡན། །ཞལ་ཟས་འདོད་རྒུ་སྣ་ཚོགས་ཕུད་ཀྱིས་མཆོད། །ཚེ་སྲིངས་དཔལ་སྐྱེད་རིགས་བརྒྱུད་བཟང་པོ་སྤེལ། །ཁ་རྗེ་དབང་ཐང་སྙན་གྲགས་ཆེན་པོ་སྐྱེད། །བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ཀྱི། །རྣམ་རྟོག་གཟུང་འཛིན་ལ་ཉེ་ངན་པ་རྣམས། །མི་མཐོ་མགོན་སྐྱབས་ལྷ་ལ་མཐོལ་ཏེ་བསངས། །ཉ་མཐོ་གནས་པའི་ཆུ་ལ་མཐོལ་ཏེ༴ ཤ་མཐོ་གནས་པའི་རི་ལ༴ ལྷ་འདྲེ་མི་གསུམ་ཉི་ཟླ་གཟའ་སྐར་དང་། །ས་འོག་ཀླུ་དང་ས་སྟེང་བཙན་རྣམས་དང་། །ས་བླ་སྟེང་གི་གཟའ་སྐར་མཐོལ་ཏེ༴ མཁྱེན་གཟིགས་ཡེ་ཤེས་ལྷ་ལ་མཐོལ་ཏེ༴ དེ་ལྟར་མཐོལ་ཞིང་བསང་བའི་མཐུ་སྟོབས་ཀྱིས། །ཉོན་མོངས་བག་ཆགས་ཉེས་སྐྱོན་དག་བྱས་ནས། །མི་གཙང་ཉམས་གྲིབ་བྱུར་ཡུག་ངན་པ་ཀུན། །བསངས་ཁྲུས་ཆོ་གའི་བདེན་པས་ཐུར་དུ་བསལ། །ལུས་ངག་ཡིད་གསུམ་མནོལ་བའི་ཉེས་སྐྱོན་ནི། །རྨུག་པ་རི་མགོ་རྨུགས་པས་གཏུམས་འདྲ་དང་། །མནོལ་ཆགས་ཤིང་འགོ་དབྱི་མོང་ནོན་འདྲ་དང་། །ཉམས་གྲིབ་ཉི་ཟླ་གཟའ་ཡིས་བཟུང་འདྲ་རྣམས། །བསངས་ཁྲུས་རྟེན་འབྲེལ་ཆོ་གས་ཐུར་དུ་བསལ། །དམེ་མནོལ་སྡིག་སྒྲིབ་ཐབ་གཞོབ་འཁོན་གསུམ་གྱིས། །འཁོན་འཛིན་ཕྲག་དོག་ཉེས་པའི་སྐྱོན་ལ་སོགས། །མགོན་སྐྱབས་ལྷ་སྲུང་ཐུགས་དང་འགལ་བ་རྣམས། །བསངས་ཁྲུས་ཆོ་ག་ཟབ་མོ་གྲུབ་པའི་མཐུས། །མནོལ་ཆགས་རྨོངས་པའི་ཉམས་གྲིབ་དག་པ་དང་། །རྐྱེན་ངན་བར་གཅོད་ནད་གདོན་ཞི་བ་དང་། །ཕས་རྒོལ་རྦོད་གཏོང་གནོད་པ་ཟློག་པར་མཛོད། །འདོད་དགུའི་བསམ་པ་ཡིད་བཞིན་སྒྲུབ་པ་དང་། །ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ་བ་དང་། །ས་སྐྱོང་ཡུལ་ཁམས་བདེ་ལེགས་བཀྲ་ཤིས་ཏེ། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ཅིག །བསངས་ཀྱི་ཆོ་ག་དགེ་ལེགས་ཀུན་འབྱུང་ཞེས་བྱ་བ་རྫོགས་སོ། །དེ་ནས་རྒྱགས་བརྔན་གྱི་ཆོ་ག་དངོས་ལ་འཇུག་པ་ནི། མགྲོན་རིགས་རྣམས་རེ་རེ་བཞིན་བརྔན་པའི་མཚམས་སུ་བསངས་ཕུད་དྲངས་པའི་རས་མ་དང་ཟས་སྣ་ཚོགས་མཆོད་འབྲུ་དང་བཅས་པ་བླུགས་ལ་བཤམས་ཏེ། ཕུད་འཐོར་བ་དང་ཆུ་སྣ་དང་ཆང་ཕུད་སྦྲེང་ཞིང་། ཤིང་སྣའི་བསངས་དེ་ཁར་ཕྱེ་མར་འབྲུ་སྣ་མེ་ཏོག་སྣ་ཚོགས་དང་། རིན་པོ་ཆེའི་ཕྱེ་མ་མེ་ལ་བསྲེག་ཅིང་རོལ་མོའི་སྒྲ་དང་བཅས་པས་འདི་སྐད་དོ། །ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །ཞི་རྒྱས་དབང་དང་མངོན་སྤྱོད་ལྷ། །ཕྱི་ནང་སྲུང་མའི་ཚོགས་རྣམས་དང་། །གསང་སྔགས་རིག་སྔགས་ལྷ་རྣམས་དང་། །འདས་དང་མ་བྱོན་ད་ལྟར་གྱི། །ཕྱི་ནང་སྲུང་མ་དམ་ཚིག་ཅན། །མ་མོ་མཁའ་འགྲོ་ཤུགས་འགྲོ་དང་། །འཇིག་རྟེན་གནས་ཀྱི་མཆོག་གྱུར་པའི། །སྒྲུབ་གནས་བྱིན་ཆེན་ཐམས་ཅད་དང་། །གཞན་ཡང་ས་འོག་ས་སྟེང་གི། །གནས་བདག་ཆེན་པོ་ཐམས་ཅད་དང་། །འཁོར་དུ་གཏོགས་པའི་སྡེ་བརྒྱད་ཀྱིས། །སྟོང་གསུམ་ཁྱབ་པའི་མཐུ་རྩལ་ཅན། །ཆེ་དགུ་གཉན་དགུ་ཐམས་ཅད་དང་། །གཙུག་ལག་ཁང་དང་དབེན་གནས་ཀྱི། །སྲུང་མ་གཉན་པོ་ཐམས་ཅད་དང་། །གཞན་ཡང་ལྷ་ཀླུ་གནོད་སྦྱིན་དང་། །དྲི་ཟ་གྲུལ་བུམ་མཁའ་འགྲོ་སོགས། །བརྔན་པར་འོས་པའི་མགྲོན་རྣམས་དང་། །ས་བདག་ཀླུ་གཉན་ཐམས་ཅད་ཀུན། །སངས་རྒྱས་བསྟན་པ་བསྲུང་བ་དང་། །སྒྲུབ་པའི་སྡོང་གྲོགས་བྱ་བ་དང་། །དགོན་གནས་བར་ཆད་བསལ་བ་དང་། །དགྲ་དང་བགེགས་རྣམས་གཞོམ་པ་དང་། །ནད་གདོན་གནོད་པ་ལ་སོགས་དང་། །ཆགས་ཆེ་ཉམ་ང་བཟློག་པ་དང་། །འདོད་པ་ཐམས་ཅད་བསྒྲུབ་པའི་ཕྱིར། །མགྲོན་རྣམས་སྤྱན་འདྲེན་གནས་འདིར་བྱོན། །འདིར་གཤེགས་བཤམས་པའི་མཆོད་པ་བཞེས། །བསྟན་པ་དར་ཞིང་རྒྱས་པར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །ཡིད་ལ་རེ་བ་སྐོང་བ་དང་། །ཀུན་ཀྱང་བཤད་པའི་ཆོས་ལ་ཉོན། །བྱིན་རླབས་དངོས་གྲུབ་དཀྱིལ་འཁོར་ནས། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་མཆོག །སྒྲུབ་བརྒྱུད་བླ་མའི་ཚོགས་རྣམས་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཆོས་སྐུ་ཀུན་བཟང་ལ་སོགས་པའི། །ཆོས་སྐུའི་བླ་མ་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །མཚན་དཔེར་འབར་བའི་ཞིང་ཁམས་ནས། །ཞི་ཁྲོ་རབ་འབྱམས་ལ་སོགས་པའི། །ལོངས་སྐུའི་བླ་མ་ཐམས་ཅད་ལ། །ཕྱག་འཚལ༴ སྣ་ཚོགས་གདུལ་བྱའི་ཞིང་ཁམས་ནས། །རིག་འཛིན་པདྨ་ཐོད་ཕྲེང་སོགས། །སྤྲུལ་སྐུའི་བླ་མ་ཐམས་ཅད་ལ། །ཕྱག་འཚལ༴ འོག་མིན་ཆོས་ཀྱི་ཕོ་བྲང་ནས། །དྲུག་པ་རྡོ་རྗེ་འཆང་ཆེན་དང་། །རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །ཕྱག་འཚལ༴ ཁྱད་པར་འགྲོ་བའི་གཉེན་གཅིག་པུ། །ཨོ་རྒྱན་པདྨའི་རྒྱལ་པོ་ལ། །ཕྱག་འཚལ༴ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །སྤྲུལ་སྐུའི་ལྷ་ཚོགས་ཐམས་ཅད་ལ། །ཕྱག་འཚལ༴ བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ། །ཕྱག་འཚལ༴ ཡུམ་ལྔ་རིན་ཆེན་ཕྲེང་བ་ལ། །ཕྱག་འཚལ༴ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །ཕྱག་འཚལ༴ དུས་གསུམ་སངས་རྒྱས་ཐམས་ཅད་ལ། །ཕྱག་འཚལ༴ ཞི་ཁྲོ་དཔལ་ཆེན་འཁོར་བཅས་ལ། །ཕྱག་འཚལ༴ རིགས་གསུམ་མགོན་པོ་འཁོར་བཅས་ལ། །ཕྱག་འཚལ༴ གདུང་བ་སེལ་བ་ལ་སོགས་པའི། །འཕགས་པར་རང་རྒྱལ་ཐམས་ཅད་ལ། །ཕྱག་འཚལ༴ འོད་སྲུང་ཆེན་པོ་ལ་སོགས་པ། །ཉན་ཐོས་ཆེན་པོ་ཐམས་ཅད་ལ། །ཕྱག་འཚལ༴ བྷ་ར་དྷྭ་ཛ་ལ་སོགས་པའི། །གནས་བརྟན་ཆེན་པོ་བཅུ་དྲུག་ལ། །ཕྱག་འཚལ༴ ནམ་མཁའི་སྙིང་པོ་ལ་སོགས་པའི། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །ཕྱག་འཚལ༴ ཚོགས་གཉིས་རྒྱ་མཚོ་རྫོགས་པར་མཛོད། །ཨིནྡྲ་བོ་དྷི་ལ་སོགས་པའི། །གྲུབ་ཆེན་བརྒྱད་པོ་ཐམས་ཅད་ལ། །ཕྱག་འཚལ༴ ས་ར་ཧ་པ་ལ་སོགས་པའི། །གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ། །ཕྱག་འཚལ༴ ཀླུ་སྒྲུབ་སྙིང་པོ་ལ་སོགས་པའི། །རྒྱན་དྲུག་མཆོག་བརྒྱད་ཐམས་ཅད་ལ། །ཕྱག་འཚལ༴ དོན་ཡོད་ཞགས་པ་ལ་སོགས་པའི། །ཀྲི་ཡ་བྱ་རྒྱུད་ལྷ་རྣམས་དང་། །པདྨ་བརྩེགས་པ་ལ་སོགས་པའི། །ཨུ་པ་སྤྱོད་རྒྱུད་ལྷ་རྣམས་ལ། །ཕྱག་འཚལ༴ ངན་སོང་སྦྱོང་བ་ལ་སོགས་པའི། །ཡོ་ག་རྣལ་འབྱོར་ལྷ་རྣམས་དང་། །གསང་འདུས་རྡོ་རྗེ་གདན་བཞི་དང་། །མཱ་ཡཱ་འཇིགས་བྱེད་སྒྱུ་འཕྲུལ་དྲྭ། །རྡོ་རྗེ་ཕུར་པ་ལ་སོགས་པའི། །མ་ཧཱ་ཨ་ནུ་བླ་མེད་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །ཕྱག་འཚལ༴ མི་ནུབ་བྱང་ཆུབ་སེམས་ཀྱི་ལུང་། །ཀུན་བཟང་རྡོ་རྗེ་སེམས་དཔའི་ཚོགས། །སྙིང་པོ་དོན་གྱི་ལྷ་རྣམས་ལ། །ཕྱག་འཚལ༴ འཇམ་དཔལ་སྐུ་དང་པདྨ་གསུང་། །ཕུར་པ་ཕྲིན་ལས་ལ་སོགས་པའི། །སྒྲུབ་པ་བཀའ་བརྒྱད་ལྷ་རྣམས་ལ། །ཕྱག་འཚལ༴ ནུབ་ཕྱོགས་ཨོ་རྒྱན་ལ་སོགས་པའི། །དུར་ཁྲོད་ཆེན་པོ་ཐམས་ཅད་ཀྱི། །མ་སྲིང་མཁའ་འགྲོ་རྒྱ་མཚོ་ལ། །ཕྱག་འཚལ༴ གནས་དང་ཉེ་བའི་གནས་དང་ཕུལ། །ཉི་ཤུ་རྩ་བཞིའི་མཁའ་འགྲོ་དང་། །སྲུང་མ་ཞིང་སྐྱོང་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །འདོད་རྒུའི་རེ་བ་སྐང་དུ་གསོལ། །ཧཱུྃ། མཆོད་ཡོན་མེ་ཏོག་བདུག་སྤོས་དྲི། །ཞལ་ཟས་རོལ་མོ་གཏོར་མ་དང་། །སྐུ་གླུད་བསངས་ཕུད་སྣ་ཚོགས་ཀྱིས། །འཇིག་རྟེན་འདས་དང་མ་འདས་པའི། །སྲུང་མ་གཉན་པོ་ཐམས་ཅད་དང་། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས། །ཆེ་དགུ་གཉན་དགུ་ཐམས་ཅད་བརྔན། །ན་བཟའ་ལྷབ་ལྷུབ་སྣ་ཚོགས་དང་། །རིན་ཆེན་ལྔ་ཡི་ཕྲེང་བ་ཡིས། །ལྷ་ཡི་དབང་པོ་ཚངས་པ་དང་། །བརྒྱ་བྱིན་གསེར་གྱི་ཕྱེ་མས་བརྔན། །རྒྱལ་ཆེན་སྡེ་བཞི་སྟག་གིས་བརྔན། །ཤེལ་སྒོང་ནག་པོ་སྤྱི་དཀར་དང་། །ཤ་ཁྲག་དམར་གྱི་གཏོར་མ་ཡིས། །མ་ཧཱ་ཀཱ་ལ་ལྕམ་དྲལ་དང་། །ལེགས་ལྡན་ནག་པོ་འཁོར་བཅས་བརྔན། །རྒྱན་ཆའི་མཆོད་པ་སྣ་ཚོགས་དང་། །བདུད་རྩི་ཤ་ཁྲག་གསེར་སྐྱེམས་ཀྱིས། །དཔལ་ལྡན་ལྷ་མོ་འཁོར་བཅས༴ ཕྱི་ནང་གསང་བའི་མཆོད་གཏོར་དང་། །བྱ་ནག་ཁྱི་སྤྱང་དོམ་དྲེད་དང་། །བསངས་ཕུད་སྤྱན་གཟིགས་སྣ་ཚོགས་ཀྱིས། །སྔགས་བདག་ཤན་པ་གཟའ་མཆོག་དང་། །དམར་ནག་དམ་ཅན་ལ་སོགས་པ། །དམ་ཅན་རྒྱ་མཚོ་འཁོར་བཅས༴ ལྷ་རྣམས་འདོད་ཡོན་སྣ་ལྔས་བརྔན། །མ་མོ་མེ་ཏོག་ཕྲེང་བས༴ ཀླུ་རྣམས་དཀར་གསུམ་གཏོར་མས༴ གཉན་རྣམས་མངར་གསུམ་དར་ཟབ༴ ས་བདག་གསེར་དངུལ་རིན་ཆེན༴ ལྷ་མོ་བརྟན་མ་བུམ་པས༴ དྲི་ཟ་དྲི་དང་གསུར་གྱིས༴ གཤིན་རྗེ་ཤ་ཆང་གཏོར་མས༴ ལྟོ་འཕྱེ་གྲུལ་བུམ་མིིའམ་ཅི། །མཁའ་ལྡིང་མཆོད་དང་གཏོར་མས༴ གནོད་སྦྱིན་རླུང་ལྷ་དྲང་སྲོང་རྣམས། །གསེར་གཡུ་རྦ་དང་སྨྱུག་མས༴ དགེ་བསྙེན་ཤ་དང་ཆང་གིས༴ ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་རྣམས། །ཡིད་དང་མཐུན་པའི་གཏོར་མས༴ བཙན་རྣམས་ཇ་དང་དར་དཀར༴ ཀླུ་བདུད་སྦྲུལ་དང་སྦལ་བས༴ ལན་ཆགས་མགྲོན་རྣམས་གཏོར་མས༴ དམ་སྲི་གནོད་བྱེད་འབྱུང་པོ་རྣམས། །སྐུ་གླུད་དར་ཟབ་གཏོར་མས༴ རྒྱ་མཚོ་ནང་གི་ཀླུ་ཆེན་བརྒྱད། །ཆུ་རྟ་རྒྱན་དང་བཅས་པས༴ བར་སྣང་གནས་པའི་གཟའ་ཆེན་བརྒྱད། །ནས་ནག་ར་ནག་སྙིང་གིས༴ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །བློན་པོ་སུམ་ཅུ་རྩ་བདུན་རྣམས། །རིན་ཆེན་གསེར་དངུལ་ཕྱེ་མས༴ འཕྲོག་མ་མ་བུ་ལྔ་བརྒྱའི་ཚོགས། །ཆངས་བུ་དག་གི་གཏོར་མས༴ རིགས་ཀྱི་སྲུང་མ་ཐམས་ཅད་ལ། །སོ་སོར་དགྱེས་པའི་གཏོར་མས༴ སྒོ་བཞིའི་སྲུང་མ་འཁོར་བཅས་རྣམས། །རིན་ཆེན་དར་ཟབ་དོང་ཙེས༴ ལྷ་སྲུང་གཉན་པོ་ཁྱེད་རྣམས་ཀྱིས། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །འཁོར་སྲུངས་རྐྱེན་ཟློག་བར་ཆོད་སོལ། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་ཐུགས་སུ་ཆུད་པའི་གནས། །རྡོ་རྗེ་གདན་གྱི་ས་བདག་བརྔན། །རྒྱ་གར་ལྷོ་ནུབ་རི་ཆེན་པོ། །མ་མོ་མཁའ་འགྲོ་འདུ་བའི་གནས། །རི་བོ་ཏ་ལའི་ས་བདག༴ རྡོ་རྗེ་གདན་གྱི་བྱང་ཕྱོགས་ནས། །བྱ་རྒོད་ཕུང་པོའི་རི་དང་ནི། །སྤོས་ངད་ལྡན་པའི་རི་བོ་ཡི། །ས་བདག་གཉན་པོ་ཐམས་ཅད་བརྔན། །ཙཱ་རི་ཙཱ་གོང་ལ་སོགས་པའི། །རྒྱ་གར་ཤར་ཕྱོགས་ཡུལ་རྣམས་ཀྱི། །ས་བདག་གཉན་པོ་ཐམས་ཅད༴ བསིལ་བ་ཚལ་གྱི་དུར་ཁྲོད་དང་། །རྔམ་པ་སྒྲ་སྒྲོགས་ཚང་ཚིང་འཁྲིགས། །ཧ་ཧ་རྒོད་པ་ལ་སོགས་པའི། །དུར་ཁྲོད་བརྒྱད་ཀྱི་ས་བདག༴ རྒྱལ་པོའི་ཁབ་དང་ཡངས་པ་ཅན། །མཉན་ཡོད་གནས་བཅས་ལ་སོགས་པའི། །གྲོང་ཁྱེར་ཡུལ་འཁོར་ཐམས་ཅད་ཀྱི། །ས་བདག་གཉན་པོ་ཐམས་ཅད༴ གཞན་ཡང་ཁ་ཆེ་ཨོ་རྒྱན་ཡུལ། །ལི་ཡུལ་བལ་ཡུལ་ལ་སོགས་པའི། །ས་བདག་གཉན་པོ༴ འཇིག་རྟེན་གསུམ་ན་མནྡྷ་ར། །འབིགས་བྱེད་ལ་སོགས་འཛམ་གླིང་འདིར། །ས་བདག༴ མ་དྲོས་ལ་སོགས་མཚོ་རྣམས་དང་། །གངྒཱ་སིནྡྷཱུ་ལ་སོགས་པའི། །ཆུ་ཆེན་རྣམས་ཀྱི་ས་བདག༴ ཏི་སེ་གངས་རི་ལ་སོགས་པའི། །མགུལ་ལྷ་གཉན་པོ་ཐམས་ཅད༴ མ་ཕམ་ཀླུ་གཉན་ལ་སོགས་པའི། །ས་བདག་གཉན༴ རི་བོ་གནྡྷོ་ལ་སོགས་པའི། །ལི་ཡི་ས་བདག་ཐམས་ཅད༴ ལྕང་ར་སྨུག་པོ་ལ་སོགས་པའི། །སོགས་ཡུལ་གཞི་བདག་གཉན་རྣམས༴ གཞན་ཡང་གྲུ་གུ་ཞང་ཞུང་དང་། །གར་ལོག་ལ་སོགས་མཐའ་འཁོབ་ཡུལ། །གཞི་བདག་གཉན་པོ་ཐམས་ཅད༴ རྒྱ་གར་རྒྱ་ནག་ཧོར་དང་འཇང་། །བལ་ཡུལ་བོད་ཡུལ་ལ་སོགས་པའི། །གཞི་བདག་གཉན་པོ༴ ཁྱད་པར་མངའ་རིས་དབུས་གཙང་དང་། །མདོ་ཁམས་གཞི་བདག་གཉན་པོ་བརྔན། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འཁོར་སྲུང་རྐྱེན་ཟློག་བར་ཆད་སོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཧཱུྃ། ཡུལ་ནི་རྡོ་རྗེའི་བྲག་དམར་གྱི། །སྲིང་གཅིག་གངས་དཀར་ཤ་མེད་མ། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཡུལ་ནི་རྨ་ཆེན་སྤོམ་ར་ཡི། །སྲིང་གཅིག་ཁ་རག་ཁྱུང་བཙུན་མ། །ཆིབས་སུ་གྱི་ལིང་ཁ་དཀར་ཆིབས། །བཤོས་བུ་སྙིང་༴ ཡུལ་ནི་དབུ་རུའི་ཉིན་ཚལ་གྱི། །སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ། །ཆིབས་སུ་ཆུ་རྟ་སྔོན་པོ་ཆིབས། །བཤོས་བུ༴ ཡུལ་ནི་མནྡྷ་དེ་བ་ཡི། །སྲིང་གཅིག་རྡོ་རྗེ་ཀུན་གྲགས་མ། །ཆིབས་སུ་ཆུ་གླང་སྔོན་པོ་ཆིབས། །བཤོས་བུ༴ ཡུལ་ནི་ལྷོ་ཡུལ་དེ་ཉིད་ཀྱི། །སྲིང་གཅིག་སྐྱི་མཐིང་གཡའ་མ་སྐྱོང་། །ཆིབས་སུ་གསེར་ཤ་ཡུ་མོ་ཆིབས། །བཤོས་བུ༴ ཡུལ་ནི་དཔེ་མེད་ལྟེ་བ་ཡི། །སྲིང་གཅིག་ཁུག་ཆོས་གཡའ་མ་བསིལ། །ཆིབས་སུ་རུས་སྦལ་མགོ་དགུ་ཆིབས། །བཤོས་བུ་སྙིང་༴ ཡུལ་ནི་བལ་ཡུལ་གསེར་ཕུག་ན། །ཨེ་ཀ་ཛཱ་ཊི་རལ་གཅིག་མ། །ཆིབས་སུ་གཡུ་འབྲུག་སྔོན་པོ་ཆིབས། །བཤོས་བུ༴ ཡུལ་ནི་ན་ལེནྡྷ་ར་ན། །བཙན་ལ་རོལ་པའི་སྨན་གཅིག་མ། །ཆིབས་སུ་དྲེའུ་རྟ་རྐང་གསུམ༴ བཤོས་བུ༴ ཡུལ་ནི་ཀོང་ཡུལ་ཀོང་ཕུག་ན། །སྲིང་གཅིག་གངས་ཀྱི་གཡུ་བུན་མ། །ཆིབས་སུ་སྟག་མོ་རི་ཁྲ༴ བཤོས་བུ༴ ཡུལ་ནི་མང་ཡུལ་མང་རྟིང་ན། །ཆེ་ཞེ་གཙུག་གི་འོད་འཆང་མ། །ཆིབས་སུ་འབྲོང་བུ་དར་མ༴ བཤོས་བུ༴ ཡུལ་ནི་དབུ་རུ་སྙིང་པོ་ཡི། །བྱང་གི་མ་ཏིང་ཏིང་མོ་བཙུན། །ཆིབས་སུ་འབྲོང་འགྱིང་གྭ་པ་ཆིབས། །བཤོས་བུ༴ ཡུལ་ནི་སྦུགས་ཡུལ་རྒན་ཚལ་གྱི། །དྷ་ལྷ་བཙན་མོ་གདུག་པ་འདུལ། །ཆིབས་སུ་དོམ་ནག་སྙིང་དཀར་ཆིབས། །བཤོས་བུ༴ བརྟན་མ་ཆེན་མོ་ཁྱེད་རྣམས་ཀྱིས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཧཱུྃ། བོད་ཡུལ་ཀུན་གྱི་གཞི་བདག་ནི། །ཆེ་དགུ་གཉན་དགུ་ཐམས་ཅད་བརྔན། །རྡོ་རྗེ་ལེགས་པ་ལ་སོགས་པའི། །གཙང་གི་གཡས་རུ་ཉིན་སྲིབས་ཀྱི། །གཞི་བདག་གཉན་པོ་ཐམས་ཅད༴ ཁ་རག་ཁྱུང་བཙུན་ལ་སོགས་པའི། །གཙང་གི་གཡོན་རུ་ཉིན་སྲིབས་ཀྱི། །གཞི་བདག་གཉན་པོ༴ ཐང་ལྷ་བར་ལྷ་ལ་སོགས་པའི། །དབུ་རུ་ཉིན་སྲིབས་གཞི་བདག༴ ཤམ་པོ་གངས་བཟང་ལ་སོགས་པའི། །གཡོན་རུ་ཉིན་སྲིབས་གཞི་བདག༴ ཡར་འབྲོག་གཡུ་མཚོ་ཕྱུག་མོ༴ བྱང་གི་གནམ་མཚོ་ཕྱུག་མོ༴ སྟོད་ཀྱི་ལྷ་རྒོད་མདུང་རྩེ༴ འོད་དེ་གུང་རྒྱལ་ལ་སོགས་པའི། །ཉང་པོ་འོལ་ཁའི་གཞི་བདག༴ སྒམ་པོ་དཔལ་རི་ལ་སོགས་པའི། །དྭགས་པོའི་གཞི་བདག་གཉན་པོ༴ ཀོང་བཙུན་དེ་མོ་ལ་སོགས་པའི། །ཀོང་པོའི་ཡུལ་གྱི་གཞི་བདག༴ རྡོ་རྗེ་གྲགས་སྐྱེས་ལ་སོགས་པའི། །མོན་ཡུལ་རྡོ་དང་ཀློ་རྣམས་ཀྱི། །གཞི་བདག་གཉན་པོ༴ སྐུ་ལྷ་མཁའ་རི་ལ་སོགས་པའི། །ལྷོ་བྲག་ཡུལ་གྱི་གཞི་བདག༴ ནག་སོགས་ཆུ་རྒྱུད་དགེ་བསྙེན་དང་། །ཨ་ལ་རྔོད་ཀྱི་གཞི་བདག༴ རྡུ་ཡི་ཉིན་སྲིབས་གཞི་བདག༴ ལྷོ་ཡི་རོང་ལྷ་རྒྱལ་མཚན་དང་། །རོང་བཙན་ཁ་བ་དཀར་པོ་དང་། །དབང་ཆེན་ལྷ་མོ་མཆེད་བརྒྱད་དང་། །དམག་དཔོན་དགྲ་འདུལ་དབང་ཕྱུག་དང་། །སྨུག་རི་མོ་ནམ་ལ་སོགས་པའི། །ཚ་བ་སྒང་གི་གཞི་བདག༴ ཀིཾ་གྱི་ཐོད་རྒོལ་སྨག་ཞུ་དང་། །གཟེ་ཡི་སྨག་གཡོར་གྭ་པ་དང་། །ལྕེ་ཡི་བྲག་ལ་མདའ་ཟུག་དང་། །ཟླ་སྙིང་དཀར་ནག་སུམ་མདོ་དང་། །རྩི་ཡི་བང་རྒོད་མཐོན་པོ་དང་། །རྒྱ་མ་རྡོ་ཏི་གངས་དཀར་མཆེད་བརྒྱད་དང་། །ཟླ་ཡི་གཞི་བདག་ཐམས་ཅད༴ ཀླུ་ནི་མི་མགོན་དཀར་པོ་སོགས། །སྨར་ཁམས་ཡུལ་གྱི་གཞི་བདག༴ ལྷ་ཡི་དགེ་བསྙེན་དཀར་པོ་སྟེ། །འགྱོགས་བྱེད་སྡོང་ར་ལ་སོགས་པའི། །འབྲི་ཆུ་ཉིན་སྲིབས་གཞི་བདག༴ ལྡན་གྱི་ཝང་སྙེ་སྨྲེ་གྱུ་དང་། །གེར་མཚོ་རི་དམར་དབང་ཞུ་དང་། །མཚམས་ལྷའི་གཞི་བདག་གཉན་རྣམས༴ འཛབ་དང་ཤབ་ཟེ་ལ་སོགས་པའི། །སྤོ་འབོར་སྒང་གི་གཞི་བདག༴ ཤར་གྱི་རྨ་ཆེན་སྤོམ་ར་ནི། །རྨ་རིགས་སུམ་བརྒྱ་དྲུག་ཅུ་མཆེད། །སྲིང་ལྕམ་བཞི་བཅུ་ཞེ་ལྔར་བཅས། །རྨ་ལུང་ཉིན་སྲིབས་གཞི་བདག༴ བེའུ་ཡི་ནི་དུག་མཚོ་དང་། །སྟོང་ར་ཡི་ནི་ནག་མཚོ་དང་། །དེ་འུམ་ཆད་མཚོ་དཀར་མོ་དང་། །ཁྲི་ཤོག་རྒྱལ་མོའི་མཚོ་དང་ནི། །བཙོང་ཁ་ཡི་ནི་མཚོ་སྔོན་དང་། །མཚོ་སྨན་རྒྱལ་མོ་མཆེད་ལྔ་དང་། །སྐྱེ་རི་གཉན་པོ་ལ་སོགས་པའི། །བཙོང་ཁ་ཉིན་སྲིབས་གཞི་བདག༴ ཨེ་ཆེ་རི་དང་ཧ་ལ་ཤན། །དགའ་དང་བྱང་ངོས་གཞི་བདག༴ རྨ་ལུང་དན་ཏིག་རི་བོའི་ལྷ། །གཞོང་དཀར་ཏིག་ཀ་ལ་སོགས་པའི། །མདོ་ཁམས་སྒང་གི་གཞི་བདག༴ གཞོང་ཤོད་ལ་བོ་ཆེ་ལ་སོགས། །དབྱར་མོ་ཐང་གི་གཞི་བདག༴ རྩི་ཡི་འདུས་རི་མཐོན་པོ༴ སྤོ་རི་བྲག་དམར་སྒང་རྒྱུད༴ སྤོ་རིའི་ཤེལ་ལུང་ཕྱུག་མོ༴ གྲོལ་གྱི་གཡའ་ལུང་རལ་གསུམ༴ རྨང་གྲོལ་རལ་གསུམ་གཞི་བདག༴ དགུ་རིམ་བཞི་གསུམ་གཞི་བདག༴ སྙེ་གོང་སྙེན་དམར་གཞི་བདག༴ སྙན་གོང་ཉིན་སྲིབས་གཞི་བདག༴ བྲག་དམར་བྱ་རྒོད་ལ་སོགས་པའི། །སྟ་ཆུའི་གཞི་བདག་ཀླུ་གཉན༴ ལྷ་སྲིན་སྡིག་པ་མ་བྱེ་བའི། །འོ་དེ་རལ་གསུམ་གཞི་བདག༴ ཤིན་ཏུ་ཁྲོ་གཏུམ་ཆེ་བ་ཡི། །རྒྱལ་མོ་རོང་གི་གཞི་བདག༴ འཇང་རི་སྨུག་པོ་ལ་སོགས་པའི། །འཇང་ཡུལ་གཞི་བདག་ཐམས་ཅད༴ ཤར་ཕྱོགས་རྒྱ་ནག་འོ་དེ་ཤན། །རི་བོ་རྩེ་ལྔ་སོགས་པའི། །རྒྱ་ནག་ཡུལ་གྱི་གཞི་བདག༴ ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ཆེ་དགུ་གཉན་དགུ་ཐམས་ཅད་བརྔན། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རེ་བ་ཐམས་ཅད་སྐོང་བ་དང་། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཧཱུྃ། གཞན་ཡང་སྟོང་གསུམ་འཛམ་གླིང་ཡུལ། །ས་འོག་ས་སྟེང་ས་བླ་ཡི། །གཞི་བདག་གཉན་པོ་ཐམས་ཅད་བརྔན། །ས་ལ་གནས་པའི་ས་བདག༴ ཆུ་ལ་གནས་པའི་ཆུ་བདག༴ བྲག་ལ་གནས་པའི་བྲག་བཙན༴ ཡུལ་ལ་གནས་པའི་གཞི་བདག༴ འཕྲང་ལ་གནས་པའི་གཞི་བདག༴ ལ་ལ་གནས་པའི་གཞི༴ གྲུ་ཟམ་གནས་པའི་གཞི༴ གཞི་བྱེས་འགོ་བའི་གཞི་བདག༴ གཞི་བདག་ཆེན་པོ་ཁྱེད་རྣམས་ཀྱང་། །མཐུ་སྟོབས་རྫུ་འཕྲུལ་སོ་སོར་ཆེ། །དཔལ་དང་འབྱོར་པ་སོ་སོར༴ མངའ་རིས་མངའ་ཐང་༴ མཛད་པའི་ཕྲིན་ལས༴ མཆོད་པའི་འོས་སུ་སོ་སོར་ཆེ། །དེ་བས་གཞི་བདག་གཉན་རྣམས་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །འདོད་པའི་དོན་ལ་གསོལ་འདེབས་ཀྱིས། །སྔོན་གྱི་ཐུགས་དམ་བརྩེར་དགོངས་ཏེ། །དགྱེས་པའི་མཆོད་ཡོན་བཞེས་ནས་ཀྱང་། །བདག་གི་རེ་བ་བསྐང་དུ་གསོལ། །བརྔན་འོས་ཁྱེད་རྣམས་བརྔན་པ་ཡིས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཧཱུྃ། གཞན་ཡང་བརྔན་པར་འོས་པའི་མགྲོན། །མིང་དང་མཚན་ནས་མ་ཐོན་པའི། །བླ་མ་ཡི་དམ་མཁའ་འགྲོ་དང་། །སྲུང་མ་ཞིང་སྐྱོང་ཐམས་ཅད་བརྔན། །ལྷ་དང་དྲང་སྲོང་ཐམས་ཅད༴ ཡུལ་ལྷ་ནོར་ལྷ་ནང་ལྷ་དང་། །ལམ་ལྷ་གཉན་པོ་ཐམས་ཅད༴ གཞན་ཡང་དུས་གསུམ་ཕ་མ་དང་། །ཁམས་གསུམ་རིགས་དྲུག་ཐམས་ཅད༴ ཡི་དྭགས་རྣམས་དང་བགེགས་རྣམས་དང་། །ལན་ཆགས་སྙིང་རྗེའི་མགྲོན་རྣམས་བརྔན། །གློ་བུར་ལྷག་པའི་མགྲོན་རྣམས་དང་། །ལྷག་མའི་མགྲོན་རིགས་ཐམས་ཅད་བརྔན། །ཕམ་རྒྱལ་མེད་པར་ཐོབ་ནས་ཀྱང་། །ཡིད་ལ་རེ་བ་རྫོགས་པར་མཛོད། །ཧཱུྃ། དེ་ལྟར་མགྲོན་རིགས་ཐམས་ཅད་ཀྱི། །མངའ་རིས་སྤྱན་ལམ་སོ་སོ་རུ། །མཆོད་སྦྱིན་གཏོར་མ་འདིས་བརྔན་པས། །ལོངས་སྤྱོད་ནམ་མཁའི་མཛོད་གྱུར་ཏེ། །གང་ལ་ཅི་འདོད་ཐོབ་པར་ཤོག །རྒྱགས་བརྔན་ཆེན་མོ་འདི་མཛད་པས། །མགྲོན་རིགས་བརྔན་པའི་བྱིན་རླབས་ཀྱིས། །བདག་གི་དོན་རྣམས་འགྲུབ་པར་ཤོག །སྔོན་ཚེ་སློབ་དཔོན་པདྨ་ཡིས། །རྒྱགས་བརྔན་ཆེན་མོ་འདི་མཛད་པས། །གཙུག་ལག་གྲུབ་ཅིང་མཐའ་དམག་ཐུལ། །རྗེ་ཡི་དགོངས་པ་འགྲུབ་པ་དང་། །བོད་ཁམས་བདེ་སྐྱིད་བྱུང་བ་ལྟར། །བདག་གིས་མགྲོན་རྣམས་བརྔན་པ་ཡིས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འཁོར་རྣམས་སྲུང་ལ་རྐྱེན་རྣམས་ཟློག །ཚེ་སྲིངས་དཔལ་སྐྱེད་འབྱོར་པ་སྤེལ། །སྙན་པ་སྒྲུབས་ལ་གྲགས་པ་སྒྲོགས། །རྟག་ཏུ་འགོ་ཞིང་སྡོང་གྲོགས་མཛོད། །མགྲོན་རྣམས་བདེ་ཞིང་འཇིགས་པ་མེད། །ལམ་འཕྲང་བདེ་བར་བགྲོད་པ་དང་། །རྙེད་པ་ཆེན་པོ་སྒྲུབ་པ་དང་། །གཞི་བྱེས་ཀུན་ཏུ་བདེ་ལེགས་མཛོད། །ཅེས་མགྲོན་རིགས་རྣམས་བརྔན་ལ། གསུམ་པ་རྗེས་ཀྱི་ཆོ་གའི་བཟོད་གསོལ་ནི། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་པ། །དེ་ཀུན་བཟོད་པར་མཛད་དུ་གསོལ། །ༀ་བཛྲ་སཏྭ་སོགས་ཡི་གེ་བརྒྱ་པ་དང་། ཨཱ་ལི་ཀཱ་ལིས་ལྷག་ཆད་ཁ་བསྐང་། དེ་ནས་མགྲོན་རིགས་རྣམས་གཤེགས་སུ་གསོལ་བ་ནི། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿཞེས་པས་ཡེ་ཤེས་པ་རྣམས་རང་སར་གཤེགས་ཤིང་། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡངས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷུ་ཏ་གཙྪཿ ཞེས་པས་འབྱུང་པོ་རྣམས་རང་གནས་སུ་བཏང་ལ་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ། གཟུགས་འགྲོས་རྣམས་གཤེགས། བསངས་རས་དང་ཤ་ཆང་ལ་སོགས་པའི་དགའ་སྟོན་ལ་རོལ། རྡོ་རྗེའི་གླུ་དང་ཤིན་ཏུ་སྐྱིད་པའི་བྲོ་བརྡུང་། རྗེས་སུ་ཚིགས་སུ་བཅད་པའི་རྗེས་ལ་མེ་ཏོག་གི་ཆར་དབབ་ཅིང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་སོགས་བརྗོད་ཅིང་དགའ་སྟོན་གྱི་ཉམས་བསྐྱང་། འདི་ལྟར་རབ་དཀར་དགེ་ཚོགས་རྣམ་དག་མཐུས། །རྡོ་རྗེ་སྙིང་པོའི་བསྟན་པ་དར་བ་དང་། །དེ་སྐྱོང་བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག །སྐྱེ་དགུ་སེམས་ཅན་བདེ་སྐྱིད་ཀུན་ལྡན་ཞིང་། །ལོ་ཕྱུགས་རབ་རྒྱས་ཚེ་དཔལ་ཡེ་ཤེས་རྒྱས། །འགལ་རྐྱེན་ཀུན་ཞི་བསམ་དོན་ལྷུན་གྱིས་གྲུབ། །མཐར་ཐུག་ཆོས་ལ་སྤྱོད་པའི་བཀྲ་ཤིས་ཤོག །དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཤིང་། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་འཁྱིལ་ལི་ལི། །ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག །དེ་ལྟར་སློབ་དཔོན་སངས་རྒྱས་གཉིས་པ་པདྨཱ་ཀ་རས་བསམ་ཡས་ས་འདུལ་གྱི་དོན་དུ་མཛད་པའི་རྒྱགས་བརྔན་ཆེན་མོ་ཕན་ཡོན་བསམ་ལས་འདས་པ་འདི་ཉིད་ཟུར་མཁར་རྡོའི་མཆོད་རྟེན་དུ་སྦ་བར་མཛད་པ། རྒྱལ་སྲས་ལེགས་པས་སྤྱན་དྲངས་པ་ཉིད་བར་སྐབས་སུ་དཔེ་མ་དག་པ་རྒྱུན་འབྱམས་པ་ལས། ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་བཟང་པོས་ཞུས་དག་པར་མཛད་ཅིང་། དེ་མཐུན་ལྷ་བསངས་ཀྱི་ཆོ་ག་བདེ་ལེགས་ཀུན་འབྱུང་ཞེས་པ་མཛད་དེ་དཔེ་སོ་སོར་སྣང་བ་དང་། སྐྱབས་སེམས། མཆོད་པ་བྱིན་རླབས། བདག་བསྐྱེད་མཆོད་བསྟོད་སོགས་ལས་གཞུང་གཞན་ལ་ཞལ་འཕངས་ཀྱིས་ལྟོས་དགོས་པར་འདུག་པས། ཀུན་མཁྱེན་རང་གི་ཡིག་ཆ་ལས་བསྡུས་ཤིང་རང་བཟོའི་དྲི་མས་དབེན་པ་ཆོ་གའི་གོ་རིམ་ནག་པོ་འགྲོ་ཤེས་ཆུ་འབབ་མའི་ཚུལ་ཕྱོགས་གཅིག་ཏུ་བསྒྲིགས་པ་འདི་ནི་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཚུལ་ཁྲིམས་རྡོ་རྗེ་རིགས་བདག་ཏུ་ཐོབ་པའི་བན་ཆུང་ཕྲིན་ལས་ལྷུན་གྲུབ་ཀྱིས་སྟོན་གསུམ་རྩི་བཅུད་དང་འབྲས་བུ་སྨིིན་པའི་དུས་སུ་སྒྲུབ་རྒྱུད་ཀྱི་གདན་ས་དར་རྒྱས་ཆོས་གླིང་དུ་བཀོད་པའི་ཡི་གེ་པ་ནི་ཀརྨ་མཆོག་འགྱུར་གྱིས་བགྱིས་པའི་དགེ་བས་སྐྱེ་རྒུ་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག། །།

སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་མནོལ་བསང་ལྷ་ཆབ་སྔོན་མོ།

སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་མནོལ་བསང་ལྷ་ཆབ་སྔོན་མོ་བཞུགས་སོ། །པདྨ་སཾ་བྷ་ཝ་ལ་ན་མོ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསམ་ཡས་མཆིམས་ཕུའི་བྲག་ཕུག་ཏུ་སྒྲུབ་པ་མཛད་པའི་ཚེ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཁམས་ཡུན་རིང་མ་བདེ་ཞིང་། ཡུལ་དུ་བཙའ་སད་སེར་གསུམ་ནད་ཡམས་མུ་གེ་ལ་སོགས་མི་བདེ་བའི་མཚན་མ་མང་དུ་བྱུང་བས། བློན་པོ་རྣམས་ཀྱིས་གྲོས་བྱས་ནས་སྨན་པ་མོ་མ་རྩིས་པ་གང་ལ་གང་དགོས་པས་ཕྱག་རྩ་བརྟགས་པས། སྨན་པའི་ཞལ་ནས་ནད་འདུ་བ་བཞིའི་རྩ་ནི་མི་འདུག །བྱིང་འཐིབ་ཀྱི་རྩ་ཞིག་འདུག་པས་མི་གཙང་བའི་སྙུན་ནད་ཅིག་ཡིན་པ་འདྲ་ཟེར། དེར་མོ་མས་མོ་བཏབ། རྩིས་པས་རྩིས་བྱས་པ་ཐམས་ཅད་ཞལ་འཆམས་པར་མི་གཙང་བའི་མནོལ་གྲིབ་ཀྱིས་རྒྱལ་པོ་དང་ཡུལ་ལྷ་ཐམས་ཅད་འཁྲུགས་འདུག་ཟེར་བ་ལས། དེ་སྨན་པ་མོ་རྩིས་སོགས་ཀྱིས་རྒྱུ་རྐྱེན་གང་ལྟ་བུས་མནོལ་བ་མ་ཤེས། རྒྱལ་པོའི་བཙུན་མོ་མོང་བཟའ་ཁྲི་ལྕམ་བྱ་བ་ལ་རྩོག་མནོལ་གྱི་བུ་གཅིག་བྱུང་བ་བཙུན་མོས་གསང་ནས་ཁོལ་མོ་གཅིག་ལ་གཏད་དེ་ཁྱོད་ཀྱིས་སུས་ཀྱང་མི་མཐོང་བར་སྦས་པ་གལ་ཆེ་ཟེར་བ་བཞིན་ཁོལ་མོས་ས་ཕག་ཞིག་ཏུ་སྦས་པ་ས་བདག་གི་ལྟོ་བར་འཕྲད་པས་ས་བདག་ཡུལ་ལྷ་ཐམས་ཅད་ལ་མི་གཙང་བའི་གྲིབ་ཕོག་ནས་འཁྲུགས་པས་རྒྱལ་པོ་དང་ཡུལ་ཁམས་ཐམས་ཅད་དུ་མི་བདེ་བར་བྱུང་། དེར་ཁོལ་མོ་ཡང་མི་གཙང་བའི་གྲིབ་ཕོག་ནས་ན་སྟེ་མགོ་དང་ཡན་ལག་ཐམས་ཅད་ཞ་གྲུམ་དུ་སོང་། སྨན་པ་བོས་ནས་བསྟན་པས་འདུ་བ་རྣམ་བཞིའི་ནད་མི་འདུག །མི་གཙང་བའི་མནོལ་གྲིབ་ཕོག་འདུག་པས་གང་གིས་མནོལ་མི་ཤེས་པས་ཁྱོད་ཀྱི་ནད་འདི་ལ་ཕན་པའི་ཐབས་གཞན་མེད་ཟེར་བ་ན། དེར་ཁོལ་མོས་ཁྲི་ལྕམ་གྱི་བུ་སྦས་ཚུལ་རྣམས་ཞིབ་ཏུ་བཤད་པས་གཅིག་སྨྲས་གཉིས་སྨྲས་རྒྱལ་པོའི་སྙན་དུ་གསན། རྒྱལ་པོས་ཁྲི་ལྕམ་བོས་ནས་དྲིས་པས། ཁྲི་ལྕམ་གྱིས་ཁོལ་མོ་ལ་སྲོག་ཉེན་ཡོང་དགོངས་ནས་དྲང་པོར་མ་ཞུས་པས། རྒྱལ་པོ་ཐུགས་དགོངས་འཁྲུག་ནས་ཁྲི་ལྕམ་ལ་ཆད་པ་གཅོད་དགོངས་པ་ལ། ཁྲི་ལྕམ་ཨོ་རྒྱན་རིན་པོ་ཆེའི་དྲུང་དུ་སྐྱབས་འཚོལ་དུ་སོང་། དེར་ཨོ་རྒྱན་རིན་པོ་ཆེས་རྒྱལ་པོ་ལ་ཕྱག་མདུད་ཡི་གེ་དང་བཅས་པ་བསྐུར་ནས། ད་བཙུན་མོ་ཁྲི་ལྕམ་འདི་ལ་ཆད་པ་གཅོད་པར་དགོངས་པ་འདྲ་ཡང་། ང་སྣང་སྲིད་བདེན་མེད་དུ་རྟོགས་པའི་རྣལ་འབྱོར་པ་ཡིན། སྣ་ཚོགས་ཀྱི་སྣང་བ་རྟེན་འབྲེལ་དུ་བསྒྱུར་ཤེས་པ་ཡིན་པས། མི་གཙང་བའི་མནོལ་གྲིབ་འདི་བས་ཉོན་མོངས་དུག་ལྔའི་གྲིབ་ཀྱང་སེལ་བར་བྱེད་ནུས། བྱ་སླ་བ་ཚིག་ཉུང་ལ་དོན་ཆེ་བའི་སེལ་ཐབས་ཡོད། རྫས་དང་ཡོ་བྱད་འདི་ལྟར་དགོས་པས་ཐམས་ཅད་ཚོགས་པར་གྱིས་ལ། རྒྱལ་པོ་ཐུགས་ཁྲེལ་མི་གནང་བར་སང་རྒྱལ་བློན་འཁོར་བཅས་བསམ་ཡས་ཧས་པོ་རིའི་རྩེ་མོར་བྱོན་ཅིག །ཅེས་གསུངས་འདུག་པས། རྒྱལ་པོ་ཤིན་ཏུ་དགའ་སྟེ་རྫས་དང་ཡོ་བྱད་རྣམས་བསགས་ནས། སང་ཧས་པོ་རིའི་རྩེ་མོར་བྱོན་པ་ལ། དེར་སློབ་དཔོན་ཆེན་པོ་བཞུགས་ཏེ་རྒྱལ་པོའི་ཕྱག་ནས་བྱུང་བའི་རྫས་རྣམས་ཐབ་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བསྲེགས་ཏེ་ཆོ་ག་ནི་འདི་ལྟར་གསུངས་སོ། །ཀྱཻ། སེམས་ཅན་ཀུན་ཀྱང་མ་རིག་འཐིབས་པས་མནོལ། །ཉོན་མོངས་དུག་ལྔས་ཡེ་ཤེས་ལྷ་ལྔ་མནོལ། །སྒོ་གསུམ་མི་དགེས་ལུས་ངག་ཡིད་གསུམ་མནོལ། །འདུལ་ཁྲིིམས་ཉམས་པས་ལུས་ཀྱི་མཁའ་འགྲོ་མནོལ། །དམ་ཚིག་ཉམས་པས་རྡོ་རྗེ་སློབ་དཔོན་མནོལ། །ཚོགས་གཏོར་ཆུང་བས་མ་དང་མཁའ་འགྲོ་མནོལ། །ཕུད་ཉམས་ལྷག་མས་ཆོས་སྐྱོང་སྲུང་མ་མནོལ། །སེར་སྣ་བསགས་པས་བཀའ་སྲུང་དམ་ཅན་མནོལ། །ཏིང་འཛིན་འཁྲུགས་པས་སྲིད་པའི་མ་མོ་མནོལ། །བརྩེ་གདུང་འཁྲུགས་པས་མཆེད་དང་ལྕམ་དྲལ་མནོལ། །ཞེ་སྡང་འཁྲུགས་པས་ཞི་བའི་ལྷ་རྣམས་མནོལ། །ང་རྒྱལ་འཁྲུགས་པས་རྒྱས་པའི་ལྷ་རྣམས་མནོལ། །འདོད་ཆགས་འཁྲུགས་པས་དབང་གི་ལྷ་རྣམས་མནོལ། །ཕྲག་དོག་འཁྲུགས་པས་དྲག་པོའི་ལྷ་རྣམས་མནོལ། །གཏི་མུག་འཁྲུགས་པས་གསལ་བྱེད་ལྷ་རྣམས་མནོལ། །དཀར་དམར་ཐབ་གཞོབ་ཡུལ་ལྷ་གཉན་པོ་མནོལ། །འཐབ་མཁོན་འཁྲུགས་པས་བྱེས་ལྷ་གཉན་པོ་མནོལ། །མི་གཙང་ཐབ་ཀྱིས་ཁྱིམ་ལྷ་གཉན་པོ་མནོལ། །མི་གཙང་དྲི་མས་མགོན་སྐྱབས་ལྷ་རྣམས་མནོལ། །ཁྱད་པར་མི་གཙང་བུད་མེད་བང་སྨེ་ཡིས། །སྟེང་འོག་བར་གསུམ་ལྷ་ཀླུ་གཉན་རྣམས་མནོལ། །ཕུག་ལྷ་སྒོ་ནོར་ཁྱིམ་ལྷ་ཁྱིམ་བདག་མནོལ། །ལུས་ངག་ཡིད་དང་དགྲ་ལྷ་ཕྲག་ལྷ་མནོལ། །ཀྱཻ། ལུས་མནོལ་ལུས་ཀྱི་མདངས་ཉམས་ལུས་སྟོབས་ཤོར། །མགོ་མཇིང་རོ་སྟོད་ན་ཞིང་མིག་མི་གསལ། །ངག་མནོལ་སྐད་འགག་ལྐུག་ཅིང་སྨྲ་མི་བདེ། །མཆིལ་སྣབས་མང་ཞིང་སྣ་མཚུལ་ལྕེ་འོག་སྐྲང་། །ཡིད་མནོལ་ཡིད་མི་བདེ་ཞིང་ཚིག་པ་ཟ། །བརྗེད་ངེས་གཉིད་འཐིབས་བྱིང་ཞིང་མཚན་མོ་གཡེར། །མགོ་མནོལ་མགོ་འཁོར་མིག་འགྲིབ་རྣ་བ་འོན། །ཡན་ལག་མནོལ་བས་ཞ་གྲུམ་སྦྲིད་ཅིང་ན། །ཕོ་མཚན་མནོལ་བས་མི་འགྲེང་རྩ་དཀར་མང་། །མོ་མཚན་མནོལ་བས་སྲིད་ཀྱི་སྐྱེ་འཕྲོ་ཆད། །རྒྱབ་བརྟེན་མནོལ་བས་གཞི་ཡི་ལས་མི་འགྲུབ། །དགྲ་ལྷ་མནོལ་བས་དགྲ་སྲི་ཐད་ཀར་ལྡང་། །བྱེས་ལྷ་མནོལ་བས་མགོ་འཐོམ་གྲོགས་དང་འབྲལ། །མགྲོན་ལྷ་མནོལ་བས་མགྲོན་རྣམས་དོན་མི་འགྲུབ། །གཞིས་ལྷ་མནོལ་བས་གཞི་ལ་སྡོད་མི་ཚུགས། །ཡུལ་ལྷ་མནོལ་བས་ནང་འཁྲུགས་མུ་གེ་འབྱུང་། །ཁང་ལྷ་མནོལ་བས་འཚག་ཅིང་ཙག་སྒྲ་འབྱིན། །སྦྲ་ལྷ་མནོལ་ན་ཧྲུལ་ཞིང་ལྡོག་འགྱུར་མང་། །ནོར་ལྷ་མནོལ་བས་སྟོང་ཞིང་འཕེལ་མི་འགྱུར། །ཕྱུགས་ལྷ་མནོལ་བས་སྤུ་བྱི་ལྟས་ངན་འབྱུང་། །ཞིང་ལྷ་མནོལ་ན་ཞིང་ས་ཁོལ་བུར་སྟོང་། །ཐབ་ལྷ་མནོལ་ན་བཅུད་མེད་སྟོང་ཞིང་འགོང་། །གྲོགས་ལྷ་མནོལ་ན་ཟ་ཁར་འགོང་པོ་འཇུག །གོ་མཚོན་མནོལ་ན་གོ་རལ་རྣོ་མཚོན་རྟུལ། །རྟ་ཕོ་མནོལ་ན་རྒལ་རྔོག་མགོ་ལག་ཉམས། །སྒོ་ཁྱི་མནོལ་ན་སྐད་འགག་མཚན་རྫི་ཞན། །ཁ་རྗེ་མནོལ་ན་མ་རབས་ལད་མོ་ཤོམས། །དབང་ཐང་མནོལ་ན་བརྗེད་ངེས་དབང་པོ་ཞུམ། །རླུང་རྟའི་ལྷ་མནོལ་སེམས་སྟོར་དོན་མི་འགྲུབ། །སྲོག་གི་ལྷ་མནོལ་གཉིད་འཐིབས་དྲན་པ་ཉམས། །ལུས་ཀྱི་ལྷ་མནོལ་ཤ་འགུལ་ཤ་རོ་ལྡང་། །ཕྲག་ལྷ་མནོལ་ན་བཀྲག་མདངས་གཟི་མདངས་ཉམས། །རྒྱབ་བརྟེན་ལྷ་སྲུང་མནོལ་ན་སེམས་མི་བདེ། །ལུས་ཀྱི་ཤ་མནོལ་ཤ་འཆོར་ཉམས་སྟོབས་ཆུང་། །རུས་མནོལ་རུས་ཀུན་ཟུག་ཅིང་སྲིན་འབུ་ལྡང་། །ཁྲག་མནོལ་ཐིག་ལེ་པདྨ་རྣག་ཁྲག་འཛག །ལྤགས་མནོལ་ཆུ་བུར་བརྡོལ་ཞིང་ཟ་ཕྲུག་བྱེད། །ཆུ་རྒྱུས་རྩ་མནོལ་ཞ་གྲུམ་སྦྲིད་ཅིང་སྐྲང་། །སྤུ་མནོལ་སྤུ་རྣམས་བྱི་ཞིང་གློག་སྐྱི་འཐུལ། །གཞན་ཡང་རྨེ་མནོལ་རྩོག་མནོལ་རྨུགས་ཀྱིས་མནོལ། །ཡུག་སའི་མནོལ་དང་རབས་ཆད་ཕོ་མོའི་མནོལ། །ནལ་བུ་མོ་མཚན་ཟླ་མཚན་འཛག་པའི་མནོལ། །ཟས་མནོལ་གོས་མནོལ་ཐབ་གཞོབ་མཁོན་གྱི་མནོལ། །ཤི་བའི་དུར་སྲི་གསོན་པོའི་ནང་དམེའི་མནོལ། །སྡིག་ཅན་བཤན་པ་མནའ་ཟན་གྲི་བོའི་མནོལ། །ཕུད་ཉམས་མི་གཙང་ཡས་དང་གླུད་ཀྱིས་མནོལ། །དེ་ལ་སོགས་པའི་མནོལ་གྲིབ་ཐམས་ཅད་ཀུན། །འབྱུང་བའི་དྭངས་མ་ལྔ་ལས་གྲུབ་པ་ཡི། །ས་ལ་བརྟེན་ཅིང་ཆུ་ཡིས་རབ་ཏུ་བརླན། །མེ་ཡིས་དྲོད་བསྐྱེད་རླུང་གིས་རབ་བསྐྱོད་པས། །རྩ་བ་ཀླུ་ཡི་གནས་ནས་སྐྱེས་པའི་ཤིང་། །རྩེ་མོ་ལྷ་ཡི་གནས་སུ་སྨིན་པའི་ཤིང་། །ལོ་འདབ་མི་ཡི་གནས་སུ་ཁྱབ་པའི་ཤིང་། །དྲི་ཡིས་ཕྱོགས་རྣམས་མ་ལུས་ཁྱབ་པའི་ཤིང་། །ཁ་དོག་དྲི་རོ་ནུས་བཅུད་ལྡན་པའི་ཤིང་། །ཤིང་མཆོག་ཙནྡན་དཀར་དམར་ཨ་ག་རུ། །གསེར་ཤིང་མཁན་པ་གཡུ་ཤིང་ཤུག་པ་དང་། །དུང་ཤིང་བ་ལུ་སྟག་པ་སྤེན་དཀར་དང་། །འོམ་བུ་རྦ་སྨྱུག་ཉ་སྦྲིད་གསེར་མགོ་དང་། །ཕོ་ཤིང་མོ་ཤིང་བུ་ཤིང་ཤིང་སྣའི་ཚོགས། །འབྲས་བུ་གསུམ་དང་བཟང་དྲུག་སྨན་སྣའི་ཚོགས། །དྲི་ལྡན་རོ་ནུས་ཁ་དང་སྐ་བའི་རིགས། །ནས་འབྲས་གྲོ་དང་སོ་བ་ཡུངས་མ་དང་། །འབྲུ་སྣ་དཀར་ནག་འབྲུ་ཡི་རིགས་བྱེད་དང་། །དར་ཟབ་རིན་ཆེན་རྩི་བཅུད་ཕྱེ་མར་དང་། །གསེར་སྐྱེམས་ཆང་དང་ཤིང་ཏོག་ཁུ་བའི་བཅུད། །དཀར་གསུམ་ཕུད་དང་མངར་གསུམ་དྭངས་མ་དང་། །ཤ་ཁྲག་ལ་སོགས་དབང་པོ་རྣམ་ལྔའི་གསུར། །བྱིན་གྱིས་བརླབས་པའི་དམ་རྫས་དཀར་དམར་དང་། །གུ་གུལ་དཀར་ནག་དྲི་སྤོས་སྣ་ཚོགས་སོགས། །ཕྱི་ནང་གསང་གསུམ་མནོལ་གྲིབ་བསལ་བའི་རྫས། །མེས་བསྲེག་ཆུས་བཀྲུས་རླུང་གིས་རབ་གཏོར་བའི། །ནམ་མཁའ་བཞིན་དུ་སྟོང་པར་གྱུར་པའི་ངང་། །རཾ་ལས་སྐྱེས་པའི་མེ་ལ་བསྲེགས་པ་ཡི། །དྲི་མཆོག་དྲི་གསུར་རྣམ་པ་སྣ་ཚོགས་ཀྱིས། །ཡེ་ཤེས་དྲི་མེད་ངང་དུ་སངས་གྱུར་ཅིག །ཀྱཻ། མ་རིག་དབང་གིས་མནོལ་ན་རང་བྱུང་ཡེ་ཤེས་བསང་། །དུག་ལྔའི་དབང་གིས་མནོལ་ན་རིགས་ལྔའི་སངས་རྒྱས་བསང་། །སྒོ་གསུམ་མི་དགེས་མནོལ་ན་སྐུ་གསུམ་ལྷ་རྣམས་བསང་། །འདུལ་ཁྲིམས་ཞིག་པས་མནོལ་ན་ལུས་ཀྱི་མཁའ་འགྲོ་བསང་། །ཕུད་ཉམས་ལྷག་མས་མནོལ་ན་ཆོས་སྲུང་མ༴ ཚོགས་གཏོར་ཆུང་བས་མནོལ་ན་མ་དང་མཁའ་འགྲོ༴ དམ་ཚིག་ཉམས་པས་མནོལ་ན་རྡོ་རྗེ་སློབ་དཔོན༴ བརྩེ་གདུང་འཁྲུགས་པས་མནོལ་ན་མཆེད་དང་ལྕམ་དྲལ༴ དམ་རྫས་ནང་འགྲས་མནོལ་ན་གཙང་རིས་མགོན་པོ༴ སེར་སྣ་བསགས་པས་མནོལ་ན་ནོར་ལྷ་གཡང་ལྷ༴ མཁོན་གྲིབ་མི་གཙང་མནོལ་ན་བཀའ་སྲུང་དམ་ཅན༴ ཏིང་འཛིན་འཁྲུགས་པས་མནོལ་ན་སྲིད་པའི་མ་མོ༴ བརྩེ་གདུང་ཆུང་བས་མནོལ་ན་སྙིང་རྗེའི་མགྲོན་རྣམས༴ ཞེ་སྡང་འཁྲུགས་པས་མནོལ་ན་ཞི་བའི་ལྷ་རྣམས༴ ང་རྒྱལ་འཁྲུགས་པས་མནོལ་ན་རྒྱས་པའི་ལྷ་རྣམས༴ འདོད་ཆགས་འཁྲུགས་པས་མནོལ་ན་དབང་གི་ལྷ་རྣམས༴ ཕྲག་དོག་འཁྲུགས་པས་མནོལ་ན་དྲག་པོའི་ལྷ་རྣམས༴ གཏི་མུག་འཁྲུགས་པས་མནོལ་ན་གསལ་བྱེད་ལྷ་རྣམས༴ གནོད་གྲིབ་འཁྲུགས་པས་མནོལ་ན་ཡུལ་ལྷ་གཉན་པོ༴ འཐབ་འཁོན་འཁྲུགས་པས་མནོལ་ན་ཁྱིམ་ལྷ་གཉན་པོ༴ ཉམས་ཆག་གྲིབ་མས་མནོལ་ན་ལྷག་པའི་ལྷ་རྣམས༴ མི་གཙང་དྲི་ཡིས་མནོལ་ན་མགོན་སྐྱབས་ལྷ་རྣམས༴ རབས་ཆད་དུར་སྲིས་མནོལ་ན་སྲིད་ཀྱི་ལྷ་རྣམས༴ མནའ་ཟན་གྲི་བོས་མནོལ་ན་ཕོ་ལྷ་དགྲ་ལྷ༴ སྡིག་ཅན་བཤན་པས་མནོལ་ན་ལྷག་པའི་ལྷ་རྣམས༴ དམེ་ཡུགས་མི་གཙང་མནོལ་ན་སངས་བྱེད་རྣམས༴ གཤིན་པོའི་རོ་གྲིབ་མནོལ་ན་ཕྲག་ལྷ་གཉན་པོ༴ གསོན་པོའི་ནང་དམེས་མནོལ་ན་འགོ་བའི་ལྷ་ལྔ༴ ཐབ་ཀྱིས་མནོལ་ན་ཁང་ལྷ་སྦྲ་ལྷ༴ གཞོབ་ཀྱི་མནོལ་ན་ཕ་ལྷ་མ་ལྷ༴ ཡུགས་སས་མནོལ་ན་མ་ལྷ་བུ་རྫི༴ ལུས་སྤྱི་མནོལ་ན་ལྷན་སྐྱེས་ལྷ་རྣམས༴ ངག་མནོལ་གསུང་སྙན་གྲགས་སྟོང་ལྷ་རྣམས༴ ཡིད་མནོལ་དྲན་བྱེད་གསལ་སྟོང་ལྷ་རྣམས༴ ཡན་ལག་མནོལ་ན་བྱེས་ལྷ་མགྲོན་ལྷ༴ ཀྱཻ། རྨུག་པ་དྭངས་པར་བྱེད་པའི་ལྷ་རྣམས༴ འཐིབ་པ་སངས་པར་བྱེད་པའི་ལྷ་རྣམས༴ གཙང་རྩོག་དབྱེ་བར་བྱེད་པའི་ལྷ་རྣམས༴ མནོལ་བ་སངས་པར་བྱེད་པའི་ལྷ་རྣམས༴ ཁྱད་པར་མི་གཙང་བུད་མེད་བང་རྨེ་ཡིས། །སྟེང་འོག་བར་གསུམ་ལྷ་ཀླུ་གཉན་ལ་སོགས། །ཕུག་ལྷ་སྒོ་ནོར་ཁྱིམ་ལྷ་ཁྱིམ་བདག་དང་། །ལུས་ངག་ཡིད་དང་དགྲ་ལྷ་ཕྲག་ལྷ་དང་། །ནོར་ལྷ་གཡང་ལྷ་གོས་ནོར་ལོངས་སྤྱོད་ལ། །མནོལ་གྲིབ་མི་གཙང་དྲི་མས་གོས་པ་རྣམས། །རྩི་ཤིང་སྨན་མཆོག་དྲི་གསུར་སྣ་ཚོགས་དང་། །ཕྱི་ནང་གསང་གསུམ་འདོད་ཡོན་དཔག་མེད་ཀྱིས། །མི་གཙང་མནོལ་གྲིབ་དྲི་མ་སངས་རྒྱུར་ཅིག །དེ་ནས་བྱེ་བྲག་ཏུ་བསང་བ་འདི་སྐད་དོ། །ཀྱཻ། ཤིང་རྩི་དྲི་བཟང་སྨན་གྱི་དུད་པ་འདིས། །བླ་མ་ཡི་དམ་མནོལ་བ་སངས་གྱུར་ཅིག །ཡེ་ཤེས་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །སྨན་སྣ་ཙནྡན་དྲི་ཡིས་སངས་གྱུར་ཅིག །འཇིག་རྟེན་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །སྤོས་དཀར་ཤིང་སྣའི་དྲི་ཡིས༴ མ་སྲིང་མཁའ་འགྲོ་རྩོག་གིས་མནོལ་གྱུར་ན། །བྷ་ལ་དྷཱ་ར་དྲི་ཡིས༴ ཆོས་སྐྱོང་སྲུང་མ་རྩོག་གིས་མནོལ་གྱུར་ན། །ཤ་ཁྲག་སྣ་ཚོགས་དྲི་ཡིས༴ གཙང་རིས་མགོན་པོ་རྩོག་གིས་མནོལ་གྱུར་ན། །དཀར་གསུམ་མངར་གསུམ་དྲི་ཡིས༴ ལྷ་སྲིན་སྡེ་བརྒྱད་རྩོག་གིས་མནོལ་གྱུར་ན། །ཤིང་རྩི་སྨན་མཆོག་དྲི་ཡིས༴ བཀའ་སྲུང་དམ་ཅན་རྩོག་གིས་མནོལ་གྱུར་ན། །ཕྱེ་མར་འོ་སྐོལ་དྲི་ཡིས༴ ལྷ་རྣམས་མི་གཙང་རྩོག་གིས་མནོལ་གྱུར་ན། །སྤོས་དཀར་གཡུ་ཤུག་དྲི་ཡིས༴ ཀླུ་རྣམས་མི་གཙང་རྩོག་གིས་མནོལ་གྱུར་ན། །ཀླུ་སྨན་སྣ་ཚོགས་དྲི་ཡིས༴ གཉན་རྣམས་མི་གཙང་རྩོག་གིས་མནོལ་གྱུར་ན། །དར་ཚོན་སྟག་གཟིག་དྲི་ཡིས༴ ས་བདག་མི་གཙང་རྩོག་གིས་མནོལ་གྱུར་ན། །ཉ་སྦྲིད་གསེར་མགོ་དྲི་ཡིས༴ གནས་བདག་མི་གཙང་རྩོག་གིས་མནོལ་གྱུར་ན། །སྟག་པ་སུར་དཀར་དྲི་ཡིས༴ གཞི་བདག་མི་གཙང་རྩོག་གིས་མནོལ་གྱུར་ན། །མཁན་པ་གསེར་མགོ་དྲི་ཡིས༴ ཡུལ་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །རྦ་སྨྱུག་དཀར་གསུམ་དྲི་ཡིས༴ ནོར་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །ཕྱེ་མར་ཟས་ཕུད་དྲི་ཡིས༴ གཡང་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །རིན་ཆེན་སྣ་ཚོགས་དྲི་ཡིས༴ ཁང་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །དར་ཟབ་སྣ་ཚོགས་དྲི་ཡིས༴ ཐབ་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །ཤ་ཕུད་ཆང་ཕུད་དྲི་ཡིས༴ ཞིང་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །འབྲུ་ཟན་སྣ་ཚོགས་དྲི་ཡིས༴ ཕོ་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །དར་ཚོན་སྣ་ཚོགས་དྲི་ཡིས༴ དགྲ་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །ཕྱེ་མར་དཔའ་སྐྱེམས་དྲི་ཡིས༴ བྱེས་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །འབྲས་དཀར་རྩི་བཅུད་དྲི་ཡིས༴ མགྲོན་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །ཤ་ཆང་གསེར་སྐྱེམས་དྲི་ཡིས༴ སྐྱེས་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །ལྷ་ཤིང་སུར་དཀར་དྲི་ཡིས༴ ལུས་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །གུ་གུལ་དཀར་ནག་དྲི་ཡིས༴ སྲུང་སྐྱོབ་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །ཤིང་འབྲས་མེ་ཏོག་དྲི་ཡིས༴ རིག་བྱེད་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །གཡུ་ཤུག་པ་ལུའི་དྲི་ཡིས༴ རྒྱབ་བརྟེན་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །སྤོས་སྣ་ཤིང་སྣའི་དྲི་ཡིས༴ ལུས་ཀྱི་གོ་མཚོན་རྩོག་གིས་མནོལ་གྱུར་ན། །ལྷ་ཆབ་སྨན་སྣའི་དྲི་ཡིས༴ ཟས་ནོར་ལོངས་སྤྱོད་རྩོག་གིས་མནོལ་གྱུར་ན། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ཤེལ་སྒོང་བཞིན་དུ་ཕྱི་ནང་གསལ་གྱུར་ཅིག །དེ་ནས་བསང་དུད་རྣམས་སྐུ་གསུང་ཐུགས་རྟེན་ལ་བདུག་ཅིང་འདི་སྐད་དོ། །ཀྱཻ། བླ་ཡི་དམ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་རྒྱས་ཅིག །དཔའ་བོ་མཁའ་འགྲོ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ཆོས་སྐྱོང་སྲུང་མ་མནོལ་བ་ཡོད་ན་ཡང་། ཤིང་མཆོག་དྲི་བཟང་སྨན་གྱིས༴ ཕོ་ཉ་ལས་མཁན་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ གཙང་རིས་ལྷ་རྣམས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ལྷ་སྲིན་སྡེ་བརྒྱད་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ འཇིག་རྟེན་སྐྱོང་བ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ སྟེང་གི་ལྷ་རྣམས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ བར་གྱི་གཉན་རྣམས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ འོག་གི་ཀླུ་རྣམས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ གཞི་བདག་གནས་བདག་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ མཆེད་དང་ལྕམ་དྲལ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ འཇིག་རྟེན་ལྷ་སྲུང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ས་གཞིའི་གནས་ས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ རྒྱུད་ཀྱི་ལྷ་སྲུང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ འགོ་བའི་ལྷ་ལྔ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ མ་ལྷ་བུ་རྫི་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ རྟ་ལྷ་འཕན་པོ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ནོར་ལྷ་ཕྱུག་པོ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ལུག་ལྷ་མེན་པོ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ར་ལྷ་ཚེར་མོ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ཞིང་ལྷ་ཚངས་པ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ཕུག་ལྷ་གེ་ཐུང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ སྒོ་ལྷ་སྟག་གཡག་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ཐབ་ལྷ་ཡོལ་མོ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ཕོ་ལྷ་དགྲ་ལྷ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ནོར་ལྷ་གཡང་ལྷ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ཕྱུགས་ལྷ་མཛོད་ལྷ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ཟས་ལྷ་གྲོགས་ལྷ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ བྱེས་ལྷ་མགྲོན་ལྷ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ཕྱི་ནང་གི་རྟེན་རྫས་སོགས་ལ་བདུག་ཅིང་འདི་སྐད་དོ། །ཀྱཻ། རྣལ་འབྱོར་དཔོན་སློབ་མི་ནོར་འཁོར་བཅས་ཀྱི། །ལྷ་དང་སྲུང་མ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ལྷ་ཁང་དྲི་མེད་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ལྷ་གོས་བེར་ཁྲབ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ལྷ་རྒྱན་ལྷབ་ལྷུབ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ལྷ་མཚོན་རྣོ་ངར་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ལྷ་ཟས་རོ་བརྒྱ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ལྷ་བཏུང་གསེར་སྐྱེམས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ལྷ་རྟ་བཙན་པོ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ལྷ་གཡག་ཞོལ་མོ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ལྷ་ལུག་དོན་པོ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ལྷ་ར་ཁྲ་བོ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ སྲུང་མའི་དམ་རྫས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ སྲུང་མའི་སྤྱན་གཟིགས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ མཆོད་རྫས་སྒྲུབ་རྫས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ རྟེན་རྫས་སྣ་ཚོགས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ལྷ་སྲུང་ཐུགས་དང་འགལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །དེ་ནས་མི་ནོར་སོགས་ལ་བདུག་ཅིང་འདི་སྐད་དོ། །ཀྱཻ། བདག་ཅག་དཔོན་སློབ་མི་ནོར་འཁོར་བཅས་ཀྱི། །སྲིད་ཀྱི་དབང་ཐང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །མཁས་པའི་བཙུན་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ གཙོ་བོའི་བློ་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ གཞོན་ནུའི་དཔའ་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ སྐྱེན་པོའི་མཐེབ་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ མང་པོའི་ཚོགས་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ རྟ་ཕོའི་མགྱོགས་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ཕྱུགས་ཀྱི་འཕེལ་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ཟས་ཀྱི་བཅུད་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ བཙན་པོའི་སྟོབས་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ཕྱུག་པོའི་ནོར་གཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ འཕན་པོའི་དར་ཡང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ བཙན་ཕྱུག་འཕན་གསུམ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ གཞན་ཡང་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །གྱོན་པའི་བེར་གོས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ བཏགས་པའི་རྣོ་མཚོན་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ བཏུང་བའི་ཟས་སྐོམ་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ གཞི་མལ་གནས་ས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ འདུག་པའི་མལ་སྟན་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ མི་ནོར་རིགས་བརྒྱུད་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ བྲན་དང་སྒོ་ཁྱི་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ཟས་ནོར་ལོངས་སྤྱོད་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ སྟོབས་དང་མངའ་ཐང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ བཀྲག་དང་གཟི་མདངས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ཚེ་དང་བསོད་ནམས་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ཁ་རྗེ་དབང་ཐང་མནོལ་བ་ཡོད་ན་ཡང་། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །དམིགས་བསལ་གྱི་ནད་པ་འདྲ་ཡོད་ན་འདི་ལྟར་བྱ། ཀྱཻ། ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཉོན་མོངས་དུག་ལྔའི་གདུང་བ་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །འདོད་ཆགས་ལས་གྱུར་རླུང་ནད་སངས་གྱུར་ཅིག ། ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཞེ་སྡང་ལས་བྱུང་མཁྲིས་ནད༴ ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །གཏི་མུག་ལས་བྱུང་བད་ཀན༴ ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །འདུ་བ་རྣམ་བཞིའི་ནད་རྣམས༴ ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །སྙིང་རླུང་རྒྱལ་པོའི་ནད་རྣམས༴ ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །གློ་གཟེར་ཀླུ་བཙན་ནད་རྣམས༴ ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མཆིན་རྒྱུ་ས་བདག་ནད་རྣམས༴ ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མཚེར་གློ་གྲི་བོའི་ནད་རྣམས་སངས༴ ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མཁལ་གྲུམ་ཀླུ་བསེན་ནད་རྣམས༴ ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཕོ་གཅོང་ཡིད་འགོང་ནད་རྣམས༴ ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མགོ་དང་ཡན་ལག་ནད་རྣམས༴ ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཤ་དང་ལྤགས་པའི་ནད་རྣམས་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཁྲག་དང་ཆུ་སེར་ནད་རྣམས་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །རུས་དང་སྲིན་བུའི་ནད་རྣམས་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །རྩ་དང་ཆུ་རྒྱུས་ནད་རྣམས་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མདངས་དང་དབང་པོ་ཉམས་པ་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དབུགས་དང་རྣམ་ཤེས་ཉམས་པ་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དཔལ་དང་མཐུ་སྟོབས་ཉམས༴ ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཚེ་དང་བསོད་ནམས་ཉམས་པ༴ ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཁ་རྗེ་དབང་ཐང་ཉམས་པ་སངས་གྱུར་ཅིག །དེ་ལྟར་གྱི་དམིགས་བསལ་མེད་ན་གོང་གི་འཕྲོ་ནས་འདི་བཞིན་བྱ། གཞན་ཡང་བདག་ཅག་དཔོན་སློབ་འཁོར་བཅས་ལ། །དམེ་མནོལ་རྩོག་གིས་མནོལ་དང་གྲིབ་ཀྱིས་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ཐབ་དང་གཞོབ་ཀྱིས་མནོལ་དང་ཡུགས་སས་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས༴ བྱི་བྱས་རབས་ཆད་ཟླ་མཚན་ནལ་བུས་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས༴ མཛེ་ཅན་གཅོང་པོ་དམ་ཉམས་གྲིབ་ཀྱིས་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས༴ དྲི་ཅན་དྲི་ངན་ཅན་དང་རྨུག་དྲིས་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ཤི་བའི་དུར་སྲི་གསོན་པོའི་ནང་དམེས་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས༴ སྡིག་ཅན་བཤན་པ་མནའ་ཟན་གྲི་བོས་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ཕུད་ཉམས་མི་གཙང་ཡས་དང་གླུད་ཀྱིས་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས༴ གཞན་ཡང་མི་གཙང་མནོལ་གྲིབ་མ་ལུས་ཀུན། །ཤིང་མཆོག་དྲི་བཟང་སྨན་གྱིས༴ ནམ་མཁའ་སྤྲིན་དྭངས་བཞིན་དུ་སངས་གྱུར་ཅིག །ཉི་ཟླའི་འོད་མདངས་བཞིན་དུ་རྒྱས་གྱུར་ཅིག །ཟླ་བ་ཡར་ངོ་བཞིན་དུ་འཕེལ་གྱུར་ཅིག །མེ་ཏོག་འདབ་སྟོང་བཞིན་དུ་རྒྱས་གྱུར་ཅིག །སྟོན་ཀའི་འབྲུ་དྲུག་བཞིན་དུ་སྨིན་གྱུར་ཅིག །ཆབ་སྲིད་ལྷུན་པོ་བཞིན་དུ་བརྟན་གྱུར་ཅིག །དགོས་འདོད་ནོར་བུ་བཞིན་དུ་འབྱུང་གྱུར་ཅིག །ཆོས་བརྒྱུད་ཉི་ཟླ་བཞིན་དུ་གསལ་གྱུར་ཅིག །འཁོར་འབངས་སྐར་ཚོགས་བཞིན་དུ་འཁོར་གྱུར་ཅིག །ནོར་ཕྱུགས་རྩི་ཤིང་བཞིན་དུ་རྒྱས་གྱུར་ཅིག །སྙན་གྲགས་འབྲུག་སྒྲ་བཞིན་དུ་ཁྱབ་གྱུར་ཅིག །ཚེ་རིང་ནད་མེད་བདེ་དང་ལྡན་གྱུར་ཅིག །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་གྱུར་ཅིག །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ཅེས་གསུངས་ནས། རྒྱལ་བློན་འཁོར་དང་བཅས་པ་རྣམས་ཐེ་ཚོམ་མ་བྱེད། འདི་ལྟ་བུ་ཉམས་ལེན་བྱས་ན་དོན་དང་ལྡན་པ་ཡིན་ནོ་གསུངས་སོ། །དེ་ནས་རྒྱལ་བློན་འཁོར་བཅས་དགའ་ཞིང་མགུ་ནས་ཡི་རང་སྟེ། གསེར་གྱི་མཎྜལ་ཕུལ་ཏེ་ཕྱག་དང་བསྐོར་བ་བྱས་ནས་འདི་སྐད་དོ། །ཀྱཻ། སློབ་དཔོན་ཆེན་པོ་ལགས། རྒྱུན་དུ་ཉམས་ལེན་ཇི་ལྟར་བྱ། དོན་ཇི་ལྟར་ལགས། ཞུས་པས། སློབ་དཔོན་ཆེན་པོའི་ཞལ་ནས། ཀྱཻ། རྒྱལ་པོ་ཆེན་པོ་ལགས། སྤྱིར་དལ་འབྱོར་གྱི་མི་ལུས་ཐོབ་པ་དོན་ལྡན་དུ་བྱེད་དགོས། དེའི་ཐབས་སུ་བྱང་ཆུབ་ཀྱི་རྒྱུ་སྒྲུབ་པ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་དང་སྲུང་མ་ལ་གསོལ་བ་བཏབ་པས། བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་བར་ཆད་སེལ་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་མཐུན་རྐྱེན་བསྒྲུབ་པ་ཡིན་པས་དེའི་ཆེད་དུ་ལྷ་དང་སྲུང་མ་བསྟེན་དགོས་པ་ཡིན། བསང་བྱ་བ་ནི་ཉོན་མོངས་སྡུག་ལྔའི་སྒྲིབ་མནོལ་སྦྱོར་ཞིང་། ལྷ་དང་སྲུང་མ་མི་འབྲལ་བར་འཁོར་བའི་ཐབས་ཡིན་པས། རྒྱུན་དུ་བསང་བྱ་བ་དོན་དང་ལྡན་པ་ཡིན། ལྷག་པར་མནོལ་གྲིབ་མི་གཙང་བ་མྱུར་དུ་སེལ་བའི་ཐབས་སུ་སྔ་དྲོ་ལྷ་བསང་བྱ། ཕྱི་དྲོ་མནོལ་བསང་དང་མནོལ་ཁྲུས་བྱས་ན་གྲིབ་དང་མི་གཙང་བ་ཐམས་ཅད་སྦྱངས། ལྷ་དང་སྲུང་མ་འཁོར། ཟས་ནོར་ལོངས་སྤྱོད་ལ་བྱིན་ཆགས། ལུས་ཀྱི་འདུ་བ་ཆ་སྙོམས། བཀྲག་དང་གཟི་མདངས་བསྐྱེད། ཁམས་དང་དབང་པོ་གསལ། ཀུན་གྱིས་ཡིད་དུ་འོང་། སྣང་སྲིད་ལྷ་འདྲེས་བཀའ་ལ་ཉན། འགལ་རྐྱེན་བར་ཆད་ཀྱི་དྲི་མས་མི་གོས་པ་སོགས་ཡོན་ཏན་མང་པོ་དང་ལྡན་པ་ཡིན་གསུངས་སོ། །དེར་རྒྱལ་པོའི་ཞལ་ནས། ལེགས་སོ་སློབ་དཔོན་ཆེན་པོ་ལགས། མནོལ་ཁྲུས་བྱ་བ་ཇི་ལྟར་ཡིན་ལགས་ཞུས་པས། སློབ་དཔོན་ཆེན་པོའི་ཞལ་ནས། མནོལ་ཁྲུས་བྱ་བ་ནི་སྤྱིར་མདོ་སྔགས་སོ་སོའི་ལུགས་དང་འདྲ། རྫས་སྦྱོར་སོགས་དབྱེ་བ་མང་དུ་ཡོད་ཀྱང་འདིའི་སྐབས་སུ་གོང་གི་སྨན་རྫས་དང་དྲི་སྣ་ཚོགས་ཆུ་གཙང་དང་སྦྱར་ནས་རིན་པོ་ཆེའི་བུམ་པའི་ནང་དུ་བླུགས་ལ་ཡུལ་ཕྱོགས་སུ་ཆབ་གཏོར་བྲན་ན་ཡུལ་ཁྲུས་དང་། ཡང་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་ཁྲུས་གསོལ་བྱ་བ་ནི་རྟེན་ཁྲུས་དང་། མི་ནད་ཕྱུགས་ནད་སོགས་ལ་རྡོ་རྗེ་རྣམ་འཇོམས་ཁྲོ་བོ་རྨེ་བརྩེགས་བདུད་རྩི་འཁྱིལ་བ་སོགས་ཀྱི་ང་རྒྱལ་དང་ལྡན་པས་གྲིབ་ཁྲུས་དང་ནོར་རྫས་སོགས་ལ་གྲིབ་ཕོག་ན་ཁྲུས་ཆབ་བྲན་པས་ཆོག་པ་ཡིན་གསུངས་སོ། །དེར་རྒྱལ་པོ་ཆེན་པོ་དགྱེས་ཤིང་གུས་པས་ཐལ་མོ་སྦྱར་ཏེ་ཕྱག་དང་བསྐོར་བ་མང་དུ་བྱས་ནས་སླར་ཕོ་བྲང་དུ་གཤེགས་སོ། །དེ་ནས་ཡུན་རིང་མ་ལོན་པར་རྒྱལ་པོའི་བསྙུང་ནད་དྭངས་ཏེ། ཡུལ་ཁམས་བོད་དུ་བཀྲ་ཤིས་པའི་དགེ་ལྟས་མང་པོ་བྱུང་ངོ་། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་མནོལ་བསང་ལྷ་ཆབ་སྔོན་མོ་ཞེས་བྱ་བ་རྫོགས་སོ།། །།མནོལ་བསང་འདི་དང་བསང་བརྔན་བདེ་ལེགས་ཀུན་འབྱུང་བཅས་གཏེར་ལ་མ་སྦས་པར་པེ་ཧར་དཀོར་མཛོད་གླིང་གི་ཕྱི་ཁྱམས་ལྡེབས་རིས་སུ་བཏབ་པར་མཛད་པས་བསམ་ཡས་ལོགས་བྲིས་མར་གྲགས། དེ་ལས་དཔེ་རྒྱུན་འཕེལ་ཏེ་དབུས་གཙང་ཕྱོགས་སུ་རྒྱ་ཆེར་འཕེལ་ཞིང་། ལྷག་པར་སློབ་དཔོན་བཻ་རོ་ཙ་ནས་དཔེ་བསྣམས་ཏེ་རྒྱལ་མོ་ཚ་བ་རོང་དུ་ཕེབས་པའི་ལམ་ཞོར་མདོ་སྨད་དུ་ལྡི་རི་ཆོས་ཀྱི་གྲགས་པ་ལ་གནང་བ་ནས་རིམ་པར་བརྒྱུད་དེ་མདོ་ཁམས་སྨད་ཕྱོགས་སུ་ད་ལྟའི་བར་དར་རྒྱས་ཤིན་ཏུ་ཆེའོ། །སརྦ་མངྒ་ལཾ། འདི་ལ་གྲོང་སྔགས་མཁས་བླུན་མང་པོའི་ཁ་ཏོན་ལག་བྲིས་ཀྱི་དཔེ་རྒྱུན་ཚིག་རིས་ཅུང་ཟད་འདྲ་མིན་མང་དུ་སྣང་བ་ལས་དཔེ་དག་པ་འགའ་ཞིག་ལ་གཞི་བཅོལ་ཏེ་ཞུས་དག་དཔྱད་བཟོད་པའི་ཁུལ་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཙང་བཤུས་སུ་སྤེལ་བ་དགེ། །།

མནོལ་བསང་ལྷ་ཆབ་སྔོན་མོའི་ཁོག་དབུབ་སྤྱི་ཆིངས་མདོར་བསྡུས།

མནོལ་བསང་ལྷ་ཆབ་སྔོན་མོའི་ཁོག་དབུབ་སྤྱི་ཆིངས་མདོར་བསྡུས་བཞུགས། ན་མོ་གུ་རུ་པདྨཱ་ཀ་ར་ཡེ། མནོལ་བསང་ལྷ་ཆབ་སྔོན་མོ་འདི་ཉིད་ལག་ཏུ་ལེན་པ་ལ། སྦྱོར་བ་གཙང་མའི་སྟེགས་བུ་རས་དཀར་གྱི་ཁེབས་དང་ལྡན་པའི་ཁར། སྣོད་གཙང་མར་འབྲུ་སྣའི་ཕྱེ་དང་བསང་རྫས་བརྒྱ་རྩ་སོགས་འོག་གི་ཚིག་རིས་དང་མཐུན་པའི་སྨན་སྣ། དར་ཟབ་གོས་སྣ། དཀར་གསུམ་མངར་གསུམ་བཅས་མར་ཁུས་སྤགས་པས་བཀང་བ་བཤམ། མཐའ་བསྐོར་དུ་འོ་ཕུད། ཆང་ཕུད། ཇ་ཕུད། ཤིང་ཏོག་བཟང་པོའི་ཁུ་བའི་རིགས། ཆུ་གཙང་དྲི་བཟང་ལྔ་ཚན་ལྔ་སྦྱར་བ་བཅས་ཀྱིས་བཀང་བའི་ཞལ་བུ་གྲལ་སྟབས་སུ་འགོད། ཕྱི་ནང་གི་ཕྱོགས་གང་བདེར་ཤིང་སྣའི་མེ་དང་། རོལ་མོའི་རིགས་བྱེད་སོགས་འདིར་མཁོ་བའི་ཡོ་བྱད་རྣམས་འདུ་བྱས་ནས། ཆོ་ག་དངོས་ལ། འདི་ཉིད་ལྷ་བསང་རྒྱག་བརྔན་སོགས་བསང་གཞུང་གཞན་གྱི་ཁོངས་སུ་བསྒྲུབ་ན་སྔོན་རྗེས་ཀྱི་ཆོས་རྣམས་ཟུར་དུ་མི་དགོས་པས་མནོལ་བསང་དངོས་ལ་འཇུག་པས་ཆོག་ཅིང་། འདི་ཁོ་ན་སྒེར་དུ་གཏོང་སྐབས་སུ། ཐོག་མར་སྦྱོར་བའི་ཆོས་མདོར་བསྡུས་ནི། ན་མོ། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །བླ་མ་རྩ་གསུམ་ལྷ་ལ་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །ཟབ་མོའི་རྣལ་འབྱོར་བསྒོམ་པར་སེམས་བསྐྱེད་དོ། །ཞེས་སྐྱབས་སེམས་ལན་གསུམ། ཀ་དག་ཆོས་སྐུའི་དབྱིངས་ལས་འགགས་མེད་རྩལ། །པདྨ་ཐོད་ཕྲེང་དཀར་དམར་གཞོན་ཚུལ་མཛེས། །མཚན་དཔེའི་གཟི་འབར་རྡོ་རྗེ་ཐོད་པ་བསྣམས། །མཛེས་བརྗིད་རྒྱན་དང་ཆ་བྱད་ཡོངས་སུ་རྫོགས། །དམ་ཡེ་དབྱེར་མེད་རྒྱལ་ཀུན་འདུས་པའི་གཟུགས། །འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོར་གྱུར། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་བརྒྱ་རྩ་སོགས་བཟླས་མཐར། བསང་རྫས་རྣམས་ལ་བསང་ཆུ་འཐོར་ཞིང་། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྂ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ཨཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་དྲི་བཟང་གི་མཆོད་པ། རྩི་ཤིང་སྣ་ཚོགས་ཀྱི་དུད་པ། ཞལ་ཟས་ཕྱེ་མར་གྱི་འོ་སྐོལ། གསུར་གྱི་དུད་སྤྲིན་ཆེན་པོ། དུ་བ་ཡེ་ཤེས་ཀྱི་བདུད་རྩིས་ས་དང་བར་སྣང་ཐམས་ཅད་གང་བ། གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ། བཟའ་བས་མི་ཟད་པ། བཏུང་བས་མི་ཟད་པ། རྒོལ་བས་མི་སྡིགས་པ། རི་རྒྱལ་ལས་དཔངས་མཐོ་བ། རྒྱ་མཚོ་ལས་གཏིང་ཟབ་པ། ཞིང་རྡུལ་ལས་གྲངས་མང་བ། ཉི་ཟླ་ལས་འོད་གསལ་བ། རྒྱ་ཆེ་ནམ་མཁའི་མཐའ་དང་མཉམ་པ། ནད་པ་གསོ་བའི་སྨན། འཆི་བ་བསླུ་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་བདུན་གྱིས་བྱིན་བརླབ་ལ། བཛྲ་སྥ་ར་ཎ་ཁཾ་གིས་སྤེལ། ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད། དེ་ནས་མནོལ་བསང་ལྷ་ཆབ་སྔོན་མོའི་གཞུང་ལ་འཇུག །སྐབས་སུ་བསང་ཁ་གསོ་ཞིང་སྐྱེམས་རིགས་རྣམས་ཐབ་ཏུ་འཐོར། མཐར་ཆགས་སུ་བཏང་མཐར། རྗེས་རིམ་ནི། འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏམ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པར་གསུངས་ཤིང་རྫུན་མེད་པ། །བདེན་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེང་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །ཅེས་སོགས་སྨོན་ལམ་གདབ་ཅིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་རང་གཞན་གྲོང་སྔགས་པ་རྣམས་འཇུག་བདེའི་ངག་ཁྲིགས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བསྡེབས་པ་དགེ།། །།

སྒེག་རྡོར་ལུགས་ཀྱི་བླ་བསླུ་བཅུ་གསུམ་མའི་ཆོག་བསྒྲིགས་བཀླགས་པས་ཀུན་ཤེས་གོ་གསལ་དུ་བཀོད་པ་སྲོག་གི་བཙན་རྫོང་།

སྒེག་རྡོར་ལུགས་ཀྱི་བླ་བསླུ་བཅུ་གསུམ་མའི་ཆོག་བསྒྲིགས་བཀླགས་པས་ཀུན་ཤེས་གོ་གསལ་དུ་བཀོད་པ་སྲོག་གི་བཙན་རྫོང་ཞེས་བྱ་བ་བཞུགས་སོ། །དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱིན་རླབས་གཟི་བརྗིད་ཉི་མ་འབུམ་འོད་འཕྲོ། །དངོས་གྲུབ་ནོར་བུའི་ཆར་རྒྱུན་གང་འདོད་བསྙིལ། །གློག་ལྟར་མྱུར་བའི་ཕྲིན་ལས་ཡིད་བཞིན་སྒྲུབ། །རྩ་གསུམ་ལྷ་ལ་འདུད་དོ་དགྱེས་བརྩེས་སྐྱོངས། །ལུས་རྟེན་ཆགས་དང་གནས་པའི་གཞི། །བླ་ཚེ་ཉམས་པ་གསོ་བའི་ཐབས། །གྲུབ་པའི་ཞལ་ལུང་གཟི་བྱིན་ཅན། །འཁྲུལ་མེད་ལག་ཏུ་བླང་བདེར་དགོད། །གྲུབ་པའི་སློབ་དཔོན་ཆེན་པོ་སྒེག་པ་རྡོ་རྗེས་བཀྲལ་བའི་བླ་བསླུ་བཅུ་གསུམ་མར་གྲགས་པ་འདི་ལ་དོན་གསུམ་སྟེ། དང་པོ་བླ་བརྟག་པ། གཉིས་པ་བཅོས་པའི་ཐབས། གསུམ་པ་རྟགས་ལ་དཔྱད་པའོ། །དང་པོ་དགྲ་ཡུལ་དུ་བླ་འཁྱམས་པ་བླ་དུར་དུ་ཞུགས་པ་བླ་གཤིན་པོས་ཁྱེར་བ་སོགས་ཀྱི་ལྟས་སུ་རང་ངམ་གཞན་སྒྲེན་མོའམ་གཅེར་བུ་བུད་པ་རྨིས་ན་ངེས་པར་བླ་ཁྱེར་བ་ཡིན་ཅིང་། གཞན་ཡང་འབྱུང་བ་དགྲ་ཐོག་ཏུ་སོང་བ་སོགས་སྐེག་ལ་བབས་པ། དངོས་སུ་སེམས་རྣལ་དུ་མི་ཕེབ་པའི་ཡེད་ཡེད་པ་དང་མཚན་མོ་རྟག་ཏུ་གཉིད་སྐྲག་སད་བྱེད་པ་སོགས་བླ་འཁྱམས་པའི་རྟགས་ཡིན་པས་ཕྱི་བཤོལ་ལེ་ལོའི་དབང་དུ་མ་སོང་བར་འཕྲལ་དུ་བླ་ཚེ་བསླུ་བའི་ཐབས་ལ་འབད་དགོས་སོ། །གཉིས་པ་བཅོས་ཐབས་ལ་གསུམ། སྦྱོར་བ་བཅས་གཤོམ་བྱ་བ། དངོས་གཞི་ཆོ་གའི་རིམ་པ། རྗེས་མཇུག་ཆོག་གི་ལས་རིམ་མོ། །དང་པོ་བཤོམ་ནི། ཕུག་ལོགས་སུ་ཡི་དམ་གང་ལ་བྱེད་པའི་གཏོར་མཆོད་རང་གཞུང་ལྟར་བཤམ། ཚེ་སྒྲུབ་དང་སྦྲེལ་ན་དཀྱིལ་འཁོར་ཚེ་རྫས་སོགས་རྒྱས་པར་བཀོད་པའི་མདུན་ནམ་ལོགས་གང་བདེར་སྟེགས་བུའམ་སླེའུའི་ཁར་རྡུལ་ཚོན་གྱིས་མི་གཟུགས་སྐྱེ་མཆེད་དོད་ཅིང་གཅེར་བུ་རྐང་ལག་བརྐྱངས་ཏེ་གན་རྐྱལ་དུ་གནས་པའི་ཚུལ། དེ་མཐར་མུ་ཁྱུད་གཉིས་ཟླུམ་པོར་བསྐོར་བའི་བར་ཕྱོགས་མཚམས་བརྒྱད་དུ་ཕྱེ་བའི་ཤར་ཤིང་། ལྷོ་མེ། ནུབ་ལྕགས། བྱང་ཆུ། མཚམས་བཞི་སའི་གནས་ཏེ་སྤར་ཁའི་གནས་ཡུལ་ཡིན་པས་གཙུག་ལག་དང་མཐུན་པར་ཤིང་སོགས་ལ་རིམ་བཞིན་ལྗང་དམར་དཀར་མཐིང་སེར་པོའི་མདོག་ཏུ་བྱ། དེའི་མཐར་རེ་ཁཱ་གྲུ་བཞིར་བཅད་པ་ཕྱོགས་མཚམས་བརྒྱད་དུ་ཕྱེ་བའི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་བཞི་ཀུན་ཁྱབ་ཀྱི་དབང་དུ་བྱས་པའི་མཛེས་ཚོན་གང་བདེར་བྱ། རྒྱུན་དུ་རྡུལ་ཚོན་མི་ལྕོག་ན་རས་སམ་ཤོག་བུ་ལ་ཆུ་ཚོན་གྱིས་གོང་གསལ་དཔེའུ་རིས་ལྟར་བྲིས་པའི་མིང་གཟུགས་ཀྱི་སྙིང་གར་བསྒྲུབ་བྱ་ཕོ་མོ་གང་ཡིན་གྱི་འདྲ་གླུད་མཐོ་གང་སོར་བཞི་ལས་མི་ཆུང་བ་ངར་ཕྱེ་རིིན་ཆེན་སྨན་སྣ་བསྲེས་པས་བཟོས་པ་སྐྱེ་མཆེད་དོད་ཅིང་ཚོན་རྩིས་ཁ་བསྒྱུར་བར་གྱོན་འཕྲོའི་གོས་བགོ་བ་དང་བཅས་དར་སོགས་གླུད་གོས་བཟང་པོས་གཡོགས་པའི་མདུན་དུ་གླུད་རྫས། ཟེར་མོའི་སྒྲོ། མུ་ཏིག །ཀུ་བ། ལུང་ཐང་། དར་ལེ་བརྒན། མགྲོན་བུ། དུང་། མཚལ། བསེ། རྡོ་རྒྱུས། སྙིང་ཞོ་ཤ །མཁལ་མ་ཞོ་ཤ །དབང་ལག །ཆུ་སྲིན་སྡེར་མོ། ལྕགས། ཟངས། ཟས་སྨན་གོས་དར་སྣམ་བུ་འབྲུ་དང་བཅས་པ་སོ་སོར་སྣེ་འདུས་ཚང་བ་དང་། གཡས་སུ་ལྷོ་རྫས་བཙོད། རྒྱ་སྐག །ཞུ་མཁན་སོགས། གཡོན་དུ་བྱང་རྫས་ལན་ཚྭ། བུལ་ཏོག་སོགས་ཡུལ་དེ་དང་དེ་ནས་ཐོན་པའི་རིགས། མདུན་རྒྱབ་ཏུ་ལ་རྫས་ཚྭ་ལ། ལ་བཙས་རྡོ། ཀླུད་རྫས་བྱེ་མ་སྒོག་གཙོང་ཟམ་ཤིང་སོགས་དང་བཅས་པ་རིན་པོ་ཆེའི་སྣོད་དུ་བཀོད་པའི་ལག་གཡས་སུ་གསེར། གཡོན་དུ་གཡུ། རྒྱབ་ཏུ་ནམ་མཁའ་ཁོང་པ་ཁམས་མཐུན་འཇའ་རིས་ཅན། རྒྱང་བུ། མདའ། འཕང་། ཕོ་ཡིན་ན་ཕྲག་པ་གཡས་སུ་སྟག་པ་དང་། མོ་ཡིན་ན་གཡོན་དུ་གླང་མའི་བྱང་བུ་ལོ་གྲངས་ཀྱི་ཁྲམ་རིས་བྲིས་པ་བཅས་གཟུགས། གླུད་སྤྱི་འགྲོར་ལུས་ངག་ཡིད་གསུམ་མཚོན་པའི་མར་མེ་གསུམ་མདུན་དུ་བཞག་པའི་སྲོལ་ཡང་སྣང་། ཆེད་དུ་དམིགས་ནས་བསད་པ་མ་ཡིན་པའི་ལུག་གི་བསད་ཤ་གསར་པ་དྲི་ནག་མེད་པ་གཙང་མ། ཕོའི་བླ་བསླུ་ན་ལུག་གི་རྐང་པ་གཡས་ཀྱི་ཤ་དང་། མོའི་བླ་བསླུ་ན་ལུག་གི་རྐང་པ་གཡོན་གྱི་ཤ་དགོས་པ་ཁྱད་པར་བ། ཕོ་མོ་གང་ཡིན་ཀྱང་ཤ་དེའི་ཁུད་དུ་བླ་གཡུ་དང་ལོ་གྲངས་ཅི་ལོན་གྱི་གྲངས་དང་བསྟུན་པའི་ནས་དཀར་རྡོག་བཅས་དར་དཀར་དྲི་མེད་ཀྱིས་བསྟུམས་ནས་བཅུག་པའི་ཤ་དེའི་ཕྱི་བལ་དང་རས་དཀར་དྲི་མེད་ཀྱིས་དྲིལ་བ་ཡོན་བདག་གི་ཐེའུས་མནན་ལ་ཕོ་ཡིན་ན་ངར་གླུད་ཀྱི་གཡས་དང་མོ་ཡིན་ན་ངར་གླུད་ཀྱི་གཡོན་དུ་འཇོག །ཤིན་ཏུ་དོ་གལ་ཅན་ལ་རྒྱ་ཤོག་ལ་བྱིན་རྟེན་བསྲེས་པའི་མཚལ་གྱིས་ཚེ་བསྙེན་ལྟ་བུའི་ཡི་དམ་གྱི་སྙིང་པོ་དང་བླ་འགུགས་སྔགས་བྱང་གཤམ་དུ་འགུགས་པའི་འདོད་གསོལ་བྲིས་པའི་ཤོག་བྱང་གིས་བླ་རྟེན་དཀྲིས་པའི་རྒྱབ་ཏུ་བལ་སོགས་ཀྱིས་བསྟུམ་པ་དང་། བླ་ལུག་ལའང་ནང་གཞུག་དེ་ལྟར་བྱེད་པ་ཞལ་ཤེས་སུ་སྣང་། དེའི་མཐར་མི་གཟུགས་ཀྱི་ལུས་ཀྱི་ལྷུ་བཅུ་གཉིས་ཏེ། རྐང་པ་གཉིས། བརླ་གཉིས། ལག་པ་གཉིས། གྲུ་མོ་གཉིས། དཔུང་མགོ་གཉིས། སྟོད་སྨད་གཉིས་ཏེ་བཅུ་གཉིས་དང་། མགོ་དང་བཅུ་གསུམ་ཀྱི་ཁར་སའམ་ཟན་ལ་བཅོས་པའི་ནས་ཕུལ་རེ་དང་། ཡོན་བདག་གི་འདྲ་གླུད་ངར་ཟན་ལ་བཟོས་པ་མཛུབ་གང་བ་རེའི་རྒྱབ་ཏུ་ནམ་མཁའ་འཇའ་མ། རྒྱང་བུ། མདའ། འཕང་། ཕོ་མོ་དང་སྦྱར་བའི་སྟག་པ་གླང་མ་གང་བདེའི་བྱང་བུ་སོ་སོའི་གདོང་ཅན་རྣམས་གཟུག །མདུན་དུ་མཐེབ་ཀྱུ་རེ། བཤོས་བུ་རེ། ཆངས་བུ་རེ། རྗེ་ངར་གྱི་ཤ་དུ མ་རེ། ཞལ་བུར་ཆང་ཕུད་བླུག་པ་རེ་རེ་སྟེ་ཚན་བཅུ་གསུམ་ཚང་ངེས་པ་བཞག །མི་གཟུགས་རྐང་ལག་སོགས་ཀྱི་བར་དང་མུ་ཁྱུད་ཀྱི་ནང་བཅས་པར་ཕོ་མོ་གང་ཡིན་གྱི་བླ་རྟགས་སོ་སོའི་མཚན་མ་དང་ལྡན་པའི། རྟ། རྐྱང་། གླ་བ། ཤ་བ། རྣ་བ། གཡག །བ་གླང་། ར་ལུག་རྣམས་ཀྱི་གཟུགས་ཟན་ལས་སྐྱེ་མཆེད་དོད་ཅིང་རང་མདོག་གིས་བསྒྱུར་བ་ཁ་ནང་དུ་བསྟན་ལ་བཞག །དེའི་མཐར་མུ་ཁྱུད་སྤར་ཁའི་གནས་ཡུལ་བརྒྱད་ལ་འཇིམ་སྟེགས་སུ་སྤར་ཁའི་རང་མདོག་གི་ཁོང་པ་བསྒྱུར་ཅིང་མཐའ་འཇའ་རིས་ཅན་གྱི་ནམ་མཁའ། རྒྱང་བུ་འཕན་བཟང་གིས་སྤྲས་པ། མདའ། འཕང་། ཕོ་གདོང་། མོ་གདོང་། མདུན་དུ་ཡོན་བདག་གི་འདྲ་གླུད། རྒྱན་ལྡན་གྱི་བཤོས་བུ། ཆངས་བུ། མཐེབ་ཀྱུ་དང་བཅས་པ་ཚར་བརྒྱད་བཀོད་པའི་ཐོག །སྤར་ཁ་སོ་སོའི་གདོན་གྱི་སྡེ་བརྒྱད་སྡོང་ཟླ་དང་བཅས་པའི་གཟུགས་བརྙན་ཙཀླི་དང་ཤིང་བྱང་གང་བདེར་བཀོད་པར་བྱ་སྟེ། ལྷོར་བཙན་མི་དམར་རྟ་དམར་གོ་ཁྲབ་ཅན་དང་གྲི་བོ་མི་དམར་ནག་ཁྲོ་ཉམས་རལ་པ་གཟེངས་པ། ལྷོ་ནུབ་ཏུ་ས་བདག་སེར་པོ་རྒྱལ་པོའི་ཆས་ལ་ཐོད་ཅན་དང་ཕུ་བདག་མི་དཀར་འདུང་མ་གྱོན་པ། ནུབ་ཏུ་བདུད་མི་ནག་རྟ་ནག་བེར་ནག་གྱོན་པ་དང་སྐྱེས་བུ་དཀར་པོ་གོས་དཀར་ཅན། ནུབ་བྱང་དུ་རྒྱལ་འགོང་སེར་སྐྱ་བཙུན་གཟུགས་ཞྭ་སེར་ཅན་དང་ཐེའུ་རང་བྱིས་པ་དཀར་སྐྱ་གཙུག་ཕུད་ཅན། བྱང་དུ་ཀླུ་སྔོན་པོ་སྦྲུལ་མཇུག་དང་སྦྲུལ་གདེངས་ཅན་དང་མ་མོ་བུད་མེད་ནག་མོ་དར་ནག་གི་གོ་ཟུ་ཅན་དྲེལ་ནག་ཞོན་པ། བྱང་ཤར་དུ་རྦད་འདྲེ་དང་དཀོར་འདྲེ་གཉིས་ཀ་མི་གཟུགས་གོས་ནག་དང་གོས་སེར་གྱོན་ནས་ལག་པ་གདེངས་པ། ཤར་དུ་རྒྱལ་པོ་བསྭེ་ཐེབས་དང་གཟན་ཤམ་ཅན་དཀར་པོ་གླང་ལ་ཞོན་པ་དང་ཀླུ་སྨན་གོང་མཚུངས། ཤར་ལྷོར་རྒྱལ་འགོང་གོང་མཚུངས་དང་སྨྱོ་འདྲེ་ནག་པོ་གཅེར་བུ་རལ་པ་གཟེངས་པ། ཐམས་ཅད་ཀྱང་གཟུགས་སྐྱེ་མཆེད་དོད་ཅིང་ལག་གཉིས་གདེངས་ཏེ་གླུད་ལ་རྔམས་པའི་ཚུལ་ཅན་བཅས་བཀོད། དེ་མཐར་ཕྱོགས་མཚམས་བརྒྱད་དང་སྟེང་འོག་མཚོན་བྱེད་ཤར་ནུབ་བཅས་པར་འཇིམ་སྟེགས་ཐོག་ནམ་རྒྱང་མདའ་འཕང་ཤིང་བྱང་ལ་སྲིད་པ་སྤྱི་རིས་བྲིས་པ་རྣམས་ཚར་བཅུ་བཀོད་པའི་ཐོག །ཕྱོགས་ཀྱི་གདོན་ཆེན་བཅུའི་གཟུགས་དགོས་པས་ལྡིང་ཁྲི་ལྟ་བུ་ཡོད་ན་སྟེང་འོག་སོགས་ཅི་ལྟ་བར་ཀོད་པ་དེ་ཡང་དེ་བཞིན་མ་ཐུབ་ན་ཕྱོགས་མཚམས་བརྒྱད་སོ་སོ་དང་། སྟེང་ནུབ། འོག་ཤར་དུ་བཀོད་དེ། དེའང་ཙཀླི་ཤིང་བྱང་གང་བདེའམ། འཇིམ་གཟུགས་བྱེད་པ་གང་རིགས་ཀྱིས་གདོན་ཆེན་གྱི་གཟུགས་ཁྲོ་ཚུལ་རྔམས་པ་དར་ཆེན་གྱི་བེར་དང་ཐོད། གཡས་དར་མདུང་ཕྱར་ཞིར་གཡོན་ཞགས་པ་འཛིན་པ། རྟ་མཆོག་སྒ་སྲབ་ཀྱིས་སྤྲས་པར་འགྱིང་ཚུལ་གྱིས་ཞོན་པའི་སྟེང་དུ་བྱ་ལྡིང་ཞིང་རོལ་དུ་ཁྱི་ཁྲིད་པ་རེ་འགོད། བེར་ཐོད་དར་མདུང་ཞགས་པ་རྟ་བྱ་ཁྱི་བཅས་སོ་སོའི་རང་མདོག་དང་མཚུངས་པར་དགོས་པ་སྟེ། སྟེང་ལྷའི་གདོན་སྔོན་པོ། ཤར་དུ་རྒྱལ་པོ་དང་དྲི་ཟའི་གདོན་དཀར་པོ། ལྷོར་གཤིན་རྗེ་དང་གྲུལ་བུམ་གདོན་སེར་པོ། ནུབ་ཏུ་ཀླུའི་གདོན་དམར་པོ། བྱང་དུ་གནོད་སྦྱིན་གདོན་ལྗང་གུ། མཚམས་ཀྱི་ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་སྲིན་པོ། ནུབ་བྱང་དུ་རླུང་ལྷ། བྱང་ཤར་དུ་དབང་ལྡན་རྣམས་ཁྲ་བོ། འོག་གི་ས་བདག་ནག་པོའི་གདོན་དུད་ཁ་བྱའོ། །འདི་རྣམས་ཙཀླི་བྱེད་ན་སྤར་ཁའི་གདོན་གཉིས་རེ་གཅིག་ཏུ་བསྡུས་པའི་ཙཀླི་བརྒྱད། ཕྱོགས་བཅུའི་གདོན་བཅུ་སོ་སོ་བཅས་བཅོ་བརྒྱད་དགོས་སོ། །གདོན་གཟུགས་ཐམས་ཅད་མགྲོན་ཐབས་ཡིན་པས་མདུན་ཕྱོགས་ལ་ཁ་བསྟན། དེའི་མཐའ་མདོས་དཀྲིས་ཀྱིས་དཀྲི། དེའི་གཡས་གཡོན་གང་བདེར་ཡོན་བདག་དངོས་ཡོད་ན་དེས་ཁྱབ་ཅིང་། མེད་ན་རས་དྲི་མེད་ཀྱི་ཁར་བླ་རྟེན་གྱི་གོས་བཟང་པོ་དྲི་མ་ཅན་འཇོག་པར་བཤད། དེའང་ལག་ལེན་དུ་སྐྱེས་པ་གཡས་དང་བུད་མེད་གཡོན་ཕྱོགས་སུ་འཇོག་པ་དང་། བླ་དཔོན་ལྟ་བུ་ཆེ་གཉན་གྱི་རིགས་ལ་ཁྲི་རྒྱབ་ཡོལ་ཚུལ་བཞིན་བྱས་པའི་ཁར་ན་བཟའ་དབུ་ཞྭ་ཕྱག་ཕྲེང་སོགས་བཞག་པར་སྣང་། དེའི་མདུན་དུ་ཁུག་རྟགས་བརྟགས་པའི་ཀ་ཊོ་ར་ལྟ་བུའི་སྣོད་བཟང་པོ་ཆག་རྡོལ་སོགས་ཀྱི་སྐྱོན་མེད་པའི་ནང་དུ་རྒྱུན་འབབས་ཀྱི་ཆུ་སྣ་མང་པོས་བཀང་བའི་སྟེང་ཁམས་མཐུན་གྱི་རྩི་དང་ལྡན་པའི་ཤིང་ཕོར་དང་། མར་རམ་ཟན་བཟང་པོ་ལ་བྱིན་རྟེན་དང་དྲི་བཟང་བསྲེས་པའི་བླ་ལུག་ཕོ་མོའི་རྟགས་མཚན་གོ་མ་ལྡོག་པར་སྐྱེ་མཆེད་དོད་ཅིང་ཚོན་རྩིས་སྤྲས་པའང་ལག་ལེན་ལྟར་བཀོད། གཞན་ཡང་སྡེ་བརྒྱད་སྤྱིའི་གཏོར་མ་དང་རྔོན་ཆ་གསེར་སྐྱེམས་སོགས་ལེགས་པར་བཤམ་མོ། །གསེར་སྐྱེམས་ནི་ཚར་རེ་བཞིན་མཆོད་དགོས་པས་འཛོམ་ན་ཕུད་ཕོར་བཅུ་གསུམ། མ་འཛོམ་ན་གཅིག་གི་ནང་དུ་འབྲུ་སྣ་དང་རིན་ཆེན་ཕྱེ་མ་བཏབ་ཅིང་ཆང་ཕུད་བླུགས་པ་མདོས་མདུན་བཀོད། ཡས་རྣམས་མ་གཙང་ན་རང་གི་བླ་ཚབ་ཏུ་ཁྱེར་དོགས་ཡོད་པར་བཤད་པས་གཟབ་པར་བྱ་བ་དང་། ཐག་ནོར་ན་སྡེ་བརྒྱད་འཁྲུགས་པར་འགྱུར་པས་སྤར་ཁ་སོགས་ཀྱི་ནམ་མཁའི་ཁོང་པ་སོ་སོའི་རང་མདོག་དང་འཕྲོད་གྲོགས་ཀྱི་ཁ་དོག་ཅན་མ་ནོར་བ་དང་མཐར་འཇའ་རིས་འབྱུང་འཕྲོད་ལྟར་དཀྲི། གླུད་ནམ་གྱི་ཁོང་པ་ཡོན་བདག་གི་སྲོག་ཁམས་ཀྱི་ཁ་དོག་ལ་འཕྲོད། ནང་ནས་དགྲ་དེད་དང་ཕྱི་ནས་གྲོགས་དེད་འོང་བའི་རིམ་པ་ལྔ། དེ་རྒྱབ་འཇའ་རིས་གོང་མཚུངས་བྱེད་པའི་ཕྱག་ལེན་སྣང་། འགྲུབ་ན་བླ་བསླུ་འཁོར་ལོ་གསུང་རྒྱུན་མ་བྲིས་ལ་བླ་རྟེན་དང་མཉམ་དུ་བཞག་གོ། །ཡང་བཅས་གཤོམ་འབྲིང་པོ་བྱེད་ན་གོང་སྨོས་མདོས་ཡས་རྣམས་ཚང་བར་བཀོད། གདོན་རྣམས་དམིགས་པས་གསལ་བཏབ་པ་ཙམ་ལས་གཟུགས་བྲིས་འབུར་མི་དགོས། བསྡུས་པ་མདོས་ཡས་རྣམས་ཀྱང་ཚར་བཅུ་གསུམ་པ་ལ་བསྡུ། སྤར་ཁ་དང་ཕྱོགས་བཅུའི་གདོན་ལ་ཟུར་དུ་མི་བཤམ་པར་བཤད་མོད། བསྒྲུབ་བྱ་དོ་གལ་དང་འབྱོར་པ་ལ་བསྟུན་པར་འོས་སོ། །གཉིས་པ་ཆོ་གའི་རིམ་པ་ལ་གཞུང་བསྲང་ཞིང་བྱིན་གྱིས་བརླབ་པ་དང་། བླ་བསླུ་དངོས་ལ་འཇུག་པ་གཉིས་ལས། དང་པོ་ནི། དབང་ཆེན་ལྟ་བུ་རང་ཉིད་ཡི་དམ་ཞི་ཁྲོ་གང་བྱེད་ཀྱི་ཕྲིན་ལས་གཞུང་བསྲང་། འཛབ་བསྙེན་ཆོས་སྲུང་སྐོང་གསོ་ཚོགས་དང་བཅས་པ་རྒྱས་པར་སོང་བའི་མཚམས་སུ་མདོས་བྱིན་བརླབ་ལ་འཇུག་པར་བཤད་པ་ལྟར་རམ། ད་ལྟ་ཕལ་མོ་ཆེས་ཚེ་སྒྲུབ་བླ་བསླུ་སྦྲེལ་མ་བྱེད་པ་གྲགས་ཆེ་ཞིང་། དེའི་ལག་ལེན་ཀྱང་ཚེའི་ཕྲིན་ལས་ལན་གསུམ་བཏང་བའི་བསྙེན་བཟླས་ཀྱི་མཚམས་སུ་མདོས་ལ་འཇུག་ཅིང་བླ་བསླུའི་བཟླས་པ་དང་འགུག་གཞུག་གྲུབ་ནས་ཚེ་འགུགས་བྱེད། ཆོས་སྲུང་དང་ཚོགས་སྐོར་དགོང་མོར་བཏང་བའི་ཕྱག་སྲོལ་འདུག་པ་ཉིད་བྱིན་རླབས་དགེ་འཕྲོད་ཆེ་བ་ཉམས་མྱོང་རྒྱུན་ལྡན་དུ་སྣང་ཡང་། མི་ལྕོགས་ན་སྔ་དྲོ་ཚེའི་ཕྲིན་ལས་རྒྱས་པར་བཏང་ཞིང་བསྙེན་པ་ཅི་འགྲུབ་ཚེ་འགུག་སྐོང་གསོ་ཚོགས་མཆོད་ལྷག་མའི་བར་འགྲུབ་པར་བྱ། ཕྱི་དྲོ་མདོས་བཏང་ཞིང་སྔགས་བཟླ་བའི་ཚར་གྲངས་གང་འགྲོ་བྱ་བ་ཉིད་འདོན་བྱ་ཟོར་ཡང་ཞིང་བཟླས་པའི་གྲངས་འགྲོ་བ་ལ་ལེགས་པར་སྣང་། དེའང་སྨད་ཕྱོགས་སུ་བླ་བསླུ་བརྒྱ་རྩ་དང་སྟོང་རྩ་ལ་སོགས་པའི་ཐ་སྙད་བྱེད་ཅིང་གཞུང་ཚར་གྲངས་གྱེར་བ་གཙོར་བཏོན་པར་སྣང་ཡང་ནུས་པ་འབྱིན་བྱེད་དམིགས་བཟླས་ཁོ་ན་ཡིན་པས་དེ་ཉིད་གཙོར་བྱ་བ་གལ་ཆེའོ། །ཁ་ཅིག་གིས་རྒྱབ་དཔུང་དུ་སྡེ་བརྒྱད་ཆ་སྙོམས་བཏང་བའི་སྲོལ་འདུག་པ་ལྟར་བཏང་ན་སྐབས་འདིར་འབྲེལ་བས། གསེར་སྐྱེམས་བཤམ། བྱིན་རླབས་སྤྱི་མཐུན་བྱས་ལ་ཚར་གཅིག་གམ་གསུམ་ཙམ་འབུལ་ཏེ་སྡོང་གྲོགས་བྱེད་པའི་ཕྲིན་ལས་བཅོལ། གང་ལྟར་མདོས་བྱིན་གྱིས་བརླབ་པ་ནི། ཡས་རྣམས་ལ་ཆབ་བྲན་ཏེ། བདག་ཉིད་བཅོམ་ལྡན་ཤཱཀྱ་ཐུབ། །ཕྱག་རྒྱའི་ཡི་གེ་ཨ་དཀར་ལས། །འོད་འཕྲོས་གཏོར་རྫས་དངོས་འཛིན་གྱི། །དྲི་མ་སྦྱངས་ནས་སྟོང་པར་གྱུར། ཐལ་མོ་ཁོང་སྟོང་སྦྱར་ལ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ལན་གསུམ་རེ་རེ་བཞིན་ཕྱག་རྒྱ་བཀྲོལ་ནས་སེ་གོལ་གཏོགས་པ་ཕྱི་མ་རྣམས་ལའང་འགྲེ། ཆོས་ཉིད་རྣམ་དག་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་ཀྱི། །འབག་བཙོག་ཉམས་གྲིབ་ཉེས་སྐྱོན་དང་། །མཚན་འཛིན་དྲི་མ་དག་གྱུར་ཅིག །རིན་ཆེན་སྣོད་དུ་ཁཾ་ཡིག་ལས། །རྟེན་འབྲེལ་རྫས་ལས་གྲུབ་པའི་མི། །རྐྱེན་ངན་ཟློག་པའི་དཔའ་ངར་ཅན། །ཁོག་སྟོད་གསེར་ལ་ཁོག་སྨད་གཡུ། །སྐེད་པ་མཆོང་ལ་རྐང་ལག་ཀུན། །གསེར་དངུལ་ཟངས་དང་ལྕགས་ལས་གྲུབ། །ཞོ་ཤའི་སྙིང་ལ་མུ་ཏིག་ཀླད། །ལུང་ཏང་མིག་ལ་ཟེར་སྒྲོའི་སྐྲ། །བྱི་རུའི་ལྗགས་ལ་མགྲོན་བུའི་སོ། །ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས། །མདའ་བཀྲ་སྐྱེས་པ་སྟག་ཆས་རྫོགས། །འཕང་བཀྲ་མོ་བཙུན་གསེར་གཡུས་བརྒྱན། །གཅིག་ལས་བརྒྱ་སྟོང་བྱེ་བ་འཕྲོ། །ཤིང་རིས་འཇའ་ཚོན་འོད་དུ་འབར། །ནམ་མཁའ་བདུད་རྩི་སྐྱེམས་ཕུད་དང་། །གཏོར་མ་ཆང་བུ་ཏིང་ལོ་དང་། །ཤ་དུམ་འབྲུ་སྣ་ཡས་སྟགས་རྣམས། །སོ་སོར་ཅི་འདོད་ལོངས་སྤྱོད་རྫས། །སྦྱིན་བདག་ཚེ་གླུད་སྲོག་གི་སྐྱིན། །བུ་ལོན་ལན་ཆགས་འཇལ་བའི་རྫས། །ཟག་མེད་ནམ་མཁའི་མཛོད་དུ་གྱུར། །བདག་ཉིད་བཅོམ་ལྡན་རྣམ་སྣང་མཛད། །ཕྱག་རྒྱའི་ཡི་གེ་ཁཾ་སྔོན་ལས། །འོད་འཕྲོས་གཏོར་རྫས་ཟད་མེད་མཛོད། །ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར། །ཐལ་མོ་སྦུབ་སྟོང་དུ་སྦྱར་བའི་ཚིགས་བར་པ་རྣམས་བཅག་པ་རིན་ཆེན་སྒྲོམ་བུའི་ཕྱག་རྒྱ་སྨིན་མཚམས་སུ་བསྐོར་ཞིང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས། །ཏིང་འཛིན་ལྡན་པས་གཏོར་རྫས་རྣམས། །བསྐལ་པའི་བར་དུ་ཟད་མི་ཤེས། །རྒྱ་ཆེ་ནམ་མཁའ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་བདུད་རྩི་འཁྱིལ། །ཕྱག་རྒྱའི་ཡི་གེ་ཧྲཱིཿདམར་ལས། །འོད་འཕྲོས་གཏོར་རྫས་ཡེ་ཤེས་ཀྱི། །བདུད་རྩི་ཆེན་པོའི་རང་བཞིན་གྱུར། །མཐེ་བོང་བསྣོལ། སོར་མོ་གཞན་རྣམས་གཤོག་པ་ལྟར་གདེངས་པ་ཁའི་ཐད་དུ་བཞག་ལ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུཾ་ཕཊ། བདུད་རྩི་ཐབས་སྦྱོར་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །བདུད་རྩི་ཡེ་ཤེས་ལྔ་ཡི་དངོས། །འཆི་གསོས་དུག་ལྔའི་སྨན་གྱུར་ཅིག །བདག་ཉིད་བཅོམ་ལྡན་རིན་ཆེན་འབྱུང་། །ཕྱག་རྒྱའི་ཡི་གེ་ཏྲཱྂ་སེར་ལས། །འོད་འཕྲོས་གཏོར་རྫས་འདོད་ཡོན་ལྔ། །སོ་སོའི་མོས་པ་ཇི་བཞིན་གྱུར། །ལག་པ་གཉིས་མཛུབ་མོ་བསྒྲེང་བའི་ཁུ་ཚུར་གཡོན་སྙིང་གར་བཞག་གཡས་བརྐྱངས་ཏེ་རྫས་ལ་གཏོད་པའི་ཚུལ་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། རྒྱ་ཆེན་ཤུགས་ལྡན་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །དབང་པོའི་སྤྱོད་ཡུལ་ཚིམ་བྱེད་པའི། །འདོད་ཡོན་སྣ་ཚོགས་ཆར་འབེབས་ཤོག །བདག་ཉིད་བཅོམ་ལྡན་དོན་ཡོད་གྲུབ། །ཕྱག་རྒྱའི་ཡི་གེ་ཧཱ་ལྗང་ལས། །འོད་འཕྲོས་མཆོག་དམན་སྐལ་བ་བཞིན། །འཐབ་རྩོད་མེད་པར་ཐོབ་པར་གྱུར། །ལག་གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅངས། གཡོན་པ་མཆོག་སྦྱིན་གྱིས་ཕྱག་རྒྱས་སྣོད་འདེགས་པའི་ཚུལ་བྱས་ལ། ༀ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མ་ས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། ཡེ་ཤེས་སྐར་མདའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རྣམས་ཀུན། །ཕམ་རྒྱལ་འཁྲུགས་རྩོད་མེད་པར་ཐོབ། །དགྱེས་ཤིང་རེ་བ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་རྡོ་རྗེ་འཛིན། །ཕྱག་རྒྱའི་ཡི་གེ་ཛཿདམར་ལས། །འོད་འཕྲོས་མགྲོན་རྣམས་དབང་དུ་འདུས། །ཕྲིན་ལས་གང་འདོད་སྒྲུབ་པར་གྱུར། །ལག་གཉིས་སོར་མོ་ནང་དུ་བསྣོལ་བའི་ཁུ་ཚུར་ངོས་མཐེ་བོང་གཉིས་གཤིབས་ཏེ་བརྐྱངས་པ་སྤྱི་བོ་བསྐོར་ཏེ། ན་མཿས་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རིགས་ཀུན། །བདག་གི་དབང་འདུས་གང་བཅོལ་ལས། །སྒྲུབ་པའི་སྡོང་གྲོགས་མཛད་གྱུར་ཅིག །ཅེས་སྔགས་དྲུག་ཕྱག་དྲུག་གིས་སྦྱང་སྤེལ་བསྒྱུར་ཐོབ་ཚིམ་དབང་དུ་བྱེད་པའི་ནུས་ལྡན་དུ་བྱ། གཉིས་པ་བླ་བསླུ་དངོས་ལ། དང་པོ་སྤྱན་འདྲེན་པ། དེ་ནས་འབྱུང་བ་དང་སྦྱར་ཏེ་སྤྱིར་བསྔོ་བ། སྤར་ཁའི་ཐོག་གི་གདོན་བྱེ་བྲག་བར་བསྔོ་བ། ཕྱོགས་བཅུའི་གདོན་ལ་བསྔོ་བ། ཁྱད་པར་བླ་གཤེད་བདུད་ཀྱི་བདུད་རེ་ཏི་མགོ་ཡག་དང་བྱང་ཤར་སྲོག་བདག་རྒྱལ་པོ་པེ་ཧར་ལ་བསྔོ་བ། བླ་འགུགས་ཀྱི་སྔགས་བཟླ་བ་དང་དྲུག་ལས། དང་པོ་སྤྱན་འདྲེན་པ་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་མགྲོན་རིགས་རྣམས་སྐད་ཅིག་གིས་སྤྱན་དྲངས་པར་བསམ་ལ། སྤོས་གསུར་གྱི་དུད་པ་འཐུལ་བཞིན་དུ་དབྱངས་སྙན་རོལ་སྒྲ་དང་བཅས་པས་འདི་སྐད་དོ། །ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །བཀའ་དང་དམ་ལ་གནས་པ་ཡི། །ཆོས་སྐྱོང་སྲུང་མ་འཁོར་བཅས་དང་། །གཙང་མགོན་བདུན་ཅུ་རྩ་ལྔ་རྣམས། །གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །འབྱུང་བ་ལྔ་ཡི་ལྷ་ཚོགས་ལས། །གླུད་ལ་སྤྱན་འདྲེན༴ སྤར་ཁ་བརྒྱད་ཀྱི་ལྷ་ཚོགས་རྣམས། །གླུད་ལ་སྤྱན༴ སྨེ་བ་དགུ་ཡི་ལྷ་ཚོགས་རྣམས་ལ། །གླུད་ལ༴ གཙུག་ལག་སྤྱི་ཡི་ལྷ་ཚོགས་རྣམས། གླུད་ལ༴ སྡེ་བརྒྱད་དྲེགས་པའི་ཚོགས་བཅས་རྣམས། །གླུད་ལ༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྣམས། །གླུད་ལ༴ ང་རྒྱལ་གདུག་པའི་སེམས་ཀྱི་མ་བྱོན་པར། །བྱམས་དང་ཞི་བའི་སེམས་ཀྱིས་གཤེགས། །སརྦ་གུ་རུ་སརྦ་དེ་བ་སརྦ་ཌཱ་ཀི་སརྦ་པྲེ་ཏ་ས་མ་ཡ་ཛཿཛཿ ཞེས་སྤྱན་དྲངས་པས་མགྲོན་རྣམས་ཆར་སྤྲིན་གཏིབས་པ་ལྟར་ལྷགས་ཏེ། དཀོན་མཆོག་རྩ་གསུམ་མདུན་གྱི་ནམ་མཁར། དཔལ་མགོན་རྣམས་བར་སྣང་ལ་བཞུགས་ནས་དགྱེས་པའི་ཐུགས་ཀྱི་དགོངས། འབྱུང་ལྔ་སྤར་སྨེ་ལ་སོགས་པ་བགེགས་རིགས་ལན་ཆགས་མགྲོན་རྣམས་ས་གཞི་ལ་ཁྲོམ་ཚོགས་པ་བཞིན་འཁོད་ནས་བྱམས་པ་དང་གུས་པའི་ཚུལ་གྱིས་གནས་པར་བསམ། གཉིས་པ་འབྱུང་བ་དང་སྦྱར་ཏེ་སྤྱིར་བསྔོ་བ་ནི། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ནམ་མཁའ་སྟོང་གི་འཇིག་རྟེན་ན། །འདུས་པ་ཆེན་པོ་སེམས་ཀྱི་གླུད། །འབྱུང་བ་ཆེན་པོ་མཁའ་ལ་གཏོང་། །མཁའ་ལ་གནས་པའི་ལྷ་སྲིན་རྣམས། །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །སྔོན་གྱི་ལན་ཆགས་འབྲེལ་བ་ཡིས། །བླ་ལ་བརྐུས་སམ་གཞོམ་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེག །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །བྲག་རི་སྟོང་གི་འཇིག་རྟེན་ན། །འདུས་པ་ཆེན་པོ་རུས་པའི་གླུད། །འབྱུང་བ་ཆེན་པོ་བྲག་ལ་གཏོང་། །བྲག་ལ་གནས་པའི་ལྷ་སྲིན་རྣམས། །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །སྔོན་གྱི་ལན་ཆགས་འབྲེལ་བ་ཡིས། །བླ་ལ་བརྐུས་སམ་གཞོམ་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་བ་ཐོང་ལ༴ བསྡམས་པ་ཀློད་ལ༴ ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ས་ཕྱོགས་སྟོང་གི་འཇིག་རྟེན་ན། །འདུས་པ་ཆེན་པོ་ཤ་ཡི་གླུད། །འབྱུང་བ་ཆེན་པོ་ས་ལ་གཏོང་། །ས་ལ་གནས་པའི་ལྷ་སྲིན་རྣམས། །དེང་གི་རྒྱུ་སྦྱོར༴ སྔོན་གྱི༴ བླ་ལ་བརྐུས་སམ༴ བླ་གླུད༴ བཟུང་བ་ཐོང་༴ བསྡམས་པ༴ ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུཾ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །རྒྱ་མཚོ་སྟོང་གི་འཇིག་རྟེན་ན། །འདུས་པ་ཆེན་པོ་ཁྲག་གི་གླུད། །འབྱུང་བ་ཆེན་པོ་ཆུ་ལ་གཏོང་། །ཆུ་ལ་གནས་པའི་ལྷ་སྲིན་རྣམས། །དེང་གི་རྒྱུ་སྦྱོར་ཡོན༴ སྔོན་གྱི༴ བླ་ལ༴ བླ་གླུད༴ བཟུང་བ༴ བསྡམས་པ༴ ཞི་བ༴ ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྲེག་བྱེད་སྟོང་གི་འཇིག་རྟེན་ན། །འདུས་པ་ཆེན་པོ་དྲོད་ཀྱི་གླུད། །འབྱུང་བ་ཆེན་པོ་མེ་ལ་གཏོང་། །མེ་ལ་གནས་པའི་ལྷ་སྲིན་རྣམས། །དེང་གི༴ སྔོན་གྱི༴ བླ་ལ༴ བླ་གླུད༴ བཟུང་བ༴ བསྡམས་པ༴ ཞི་བ༴ ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །རླུང་ཕྱོགས་སྟོང་གི་འཇིག་རྟེན་ན། །འདུས་པ་ཆེན་པོ་དབུགས་ཀྱི་གླུད། །འབྱུང་བ་ཆེན་པོ་རླུང་ལ་གཏོང་། །རླུང་ལ་གནས་པའི་ལྷ་སྲིན་རྣམས། །དེང་གི༴ སྔོན་གྱི༴ བླ་ལ༴ བླ་གླུད༴ བཟུང་བ༴ བསྡམས་པ༴ ཞི་བ་ཆེན་པོའི་ངང་ལ་བཞུགས། །བཀྲག་མདངས་དབང་བའི་ལྷ་སྲིན་རྣམས། །བླ་གླུད་གཉན་པོ་འདི་བཞེས་ལ། །བུ་ལོན་ལན་ཆགས་བྲལ་བར་མཛོད། །གསུམ་པ་སྤར་ཁའི་གདོན་བྱེ་བྲག་པར་བསྔོ་བ་ནི། ཧཱུྃ། ལྷོ་ཕྱོགས་སྤར་ཁ་ལི་ཐོག་ན། །བཙན་དང་དྲི་བོ་བསྡོངས་པ་ཡིས། །ཐབ་དང་གཞོབ་ལ་བསྙད་བཏགས་ནས། །དེ་གཅིག་སྤང་པོ་ཁ་སེར་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་གཞོམ་སྲིད་ན། །ནམ་མཁའ་ཁམས་ཀྱི་མདངས་དང་ལྡན། །རྒྱང་བུ་དེ་ནི་འཕན་བཟང་དང་། །ཕོ་གདོང་མོ་གདོང་འགྲོ་ཤེས་དང་། །ངར་མིའི་ལུས་ལ་རྒྱན་ཆ་ཅན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེག །ཞི་བ་ཆེན་པོའི་ངང་ལ་བཞུགས། །ལྷོ་ནུབ་སྤར་ཁ་ཁོན་ཐོག་ན། །ས་བདག་ཕུ་བདག་བསྡོངས་པ་ཡིས། །མི་གཙང་འཁོན་ལ་བསྙད་བཏགས་ནས། །དེ་གཅིག་རོག་པ་ཁ་ནག་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་གཞོམ་སྲིད་ན། །ནམ་མཁའ་ཁམས་ཀྱི༴ རྒྱང་བུ༴ ཕོ་གདོང་༴ ངར་མིའི༴ བླ་གླུད༴ བཟུང་བ༴ བསྡམས་པ༴ ཞི་བ༴ ནུབ་ཕྱོགས་སྤར་ཁ་དྭ་ཐོག་ན། །བདུད་དང་སྐྱེས་བུ་བསྡོངས་པ་ཡིས། །དམེ་ཕོའི་བདུད་ལ་བསྙད་བཏགས་ནས། །ཁ་རིང་འཁྱགས་པ་ཆལ་ཆོལ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ༴ ནམ་མཁའ༴ རྒྱང་བུ༴ ཕོ་གདོང་༴ ངར་མིའི༴ བླ་གླུད༴ བཟུང་བ༴ བསྡམས་པ༴ ཞི་བ་ཆེན་པོའི་ངང་ལ་བཞུགས། །ནུབ་བྱང་སྤར་ཁ་ཁེན་ཐོག་ན། །རྒྱལ་འགོང་ཐེའུ་རང་བསྡོངས་པ་ཡིས། །བུ་སྲིང་ནལ་གྱིས་ཉེན་ལངས་ནས། །དེ་གཅིག་གནམ་སྔོ་ས་སྔོ་ལ། །རྒྱུ་སྦྱོར༴ བླ་ལ༴ ནམ་མཁའ༴ རྒྱང་བུ༴ ཕོ་གདོང་༴ ངར་མིའི༴ བླ་གླུད༴ བཟུང་བ༴ བསྡམས་པ༴ ཞི་བ༴ བྱང་ཕྱོགས་སྤར་ཁ་ཁམ་ཐོག་ན། །ཀླུ་དང་མ་མོ་བསྡོངས་པ་ཡིས། །ནལ་དང་ཡུག་ལ་བསྙད་བཏགས་ནས། །དེ་གཅིག་ལུ་མ་ཁ་རྒྱས་ལ། །རྒྱུ་སྦྱོར༴ བླ་ལ༴ ནམ་མཁའ༴ རྒྱང་བུ༴ ཕོ་གདོང་༴ ངར་མིའི༴ བླ་གླུད༴ བཟུང་བ༴ བསྡམས་པ༴ ཞི་བ་ཆེན་པོའི་ངང་ལ་བཞུགས། །བྱང་ཤར་སྤར་ཁ་གིན་ཐོག་ན། །རྦད་འདྲེ་དཀོར་འདྲེ་བསྡོངས་པ་ཡིས། །བན་བོན་ནོར་ལ་བསྙད་བཏགས་ནས། །དེ་གཅིག་ས་འཁྱགས་རྡོ་འཁྱགས་ལ། །རྒྱུ་སྦྱོར༴ བླ་ལ༴ ནམ་མཁའ༴ རྒྱང་བུ༴ ཕོ་གདོང་༴ ངར་མིའི༴ བླ་གླུད༴ བཟུང་བ༴ བསྡམས་པ༴ ཞི་བ༴ ཤར་ཕྱོགས་སྤར་ཁ་ཟིན་ཐོག་ན། །ཀླུ་དང་རྒྱལ་པོ་བསྡོངས་པ་ཡིས། །རབས་ཆད་ནོར་ལ་བསྙད་བཏགས་ནས། །ཁ་རིང་རྩི་ཐོག་རྒྱས་དུས་སུ། །རྒྱུ་སྦྱོར༴ བླ་ལ༴ ནམ་མཁའ༴ རྒྱང་བུ༴ ཕོ་གདོང་༴ ངར་མིའི༴ བླ་གླུད༴ བཟུང་བ༴ བསྡམས་པ༴ ཞི་བ༴ ཤར་ལྷོ་སྤར་ཁ་ཟོན་ཐོག་ན། །རྒྱལ་འགོང་སྨྱོ་འདྲེ་བསྡོངས་པ་ཡིས། །རིམས་དང་ཡམས་ལ་བསྙད་བཏགས་ནས། །ཁ་རིང་ཉི་མ་ལྡོག་མཚམས་ལ། །རྒྱུ་སྦྱོར༴ བླ་ལ༴ ནམ་མཁའ༴ རྒྱང་བུ༴ ཕོ་གདོང་༴ ངར་མིའི༴ བླ་གླུད༴ བཟུང་བ༴ བསྡམས་པ༴ ཞི་བ་ཆེན་པོའི་ངང་ལ་བཞུགས། །བཞི་པ་ཕྱོགས་བཅུའི་གདོན་ལ་བསྔོ་བ་ནི། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྟེང་ཕྱོགས་སྟོང་གི་འཇིག་རྟེན་ན། །ལྷ་ཡི་གདོན་ནི་ཆེན་པོ་བ། །མི་ཡང་སྔོན་པོ་ཆས་ཏེ་བྱུང་། །རྟ་ཡང་སྔོན་པོ་ཞོན་ཏེ་བྱུང་། །བེར་ཡང་སྔོན་པོ་གྱོན་ཏེ་བྱུང་། །ཐོད་ཀྱང་སྔོན་པོ་བཅིངས་ཏེ་བྱུང་། །དར་མདུང་སྔོན་པོ་ཕྱར་ཏེ་བྱུང་། །ཞགས་པ་སྔོན་པོ་ཐོགས་ཏེ་བྱུང་། །བྱ་ཡང་སྔོན་པོ་ལྡིང་ཞིང་བྱུང་། །ཁྱི་ཡང་སྔོན་པོ་ཁྲིད་དེ་བྱུང་། །སྟེང་ན་གནས་པའི་ལྷ་སྲིན་ཡིན། །སྟེང་གི་ཕྱོགས་ལ་དབང་བསྒྱུར་བས། །ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་གཞོམ་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེག །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཤར་ཕྱོགས་སྟོང་གི་འཇིག་རྟེན་ན། །རྒྱལ་པོ་དང་ནི་དྲི་ཟའི་གདོན། །མི་ཡང་དཀར་པོ་ཆས་ཏེ༴ རྟ་ཡང་དཀར་པོ་ཞོན་ཏེ༴ བེར་ཡང་དཀར་པོ་གྱོན་ཏེ༴ ཐོད་ཀྱང་དཀར་པོ་བཅིངས་ཏེ༴ དར་མདུང་དཀར་པོ་ཕྱར་ཏེ༴ ཞགས་པ་དཀར་པོ་ཐོགས་ཏེ༴ བྱ་ཡང་དཀར་པོ་ལྡིང་ཞིང་༴ ཁྱི་ཡང་དཀར་པོ་ཁྲིད་དེ༴ ཤར་ན་གནས་པའི་ལྷ་སྲིན་ཡིན། །ཤར་གྱི་ཕྱོགས་ལ་དབང་བསྒྱུར་བས། །ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར༴ བླ་ལ༴ བླ་གླུད༴ བཟུང་བ༴ བསྡམས་པ༴ ཞི་བ༴ ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན། །གྲུལ་བུམ་དང་ནི་གཤིན་རྗེའི་གདོན། །མི་ཡང་སེར་པོ་ཆས་ཏེ༴ རྟ་ཡང་སེར་པོ་ཞོན་ཏེ༴ བེར་ཡང་སེར་པོ་གྱོན་ཏེ༴ ཐོད་ཀྱང་སེར་པོ་བཅིངས་ཏེ། །དར་མདུང་སེར་པོ་ཕྱར་ཏེ༴ ཞགས་པ་སེར་པོ་ཐོགས་ཏེ༴ བྱ་ཡང་སེར་པོ་ལྡིང་ཞིང་༴ ཁྱི་ཡང་སེར་པོ་ཁྲིད་དེ༴ ལྷོ་ན་གནས་པའི་ལྷ་སྲིན་ཡིན། །ལྷོ་ཡི་ཕྱོགས་ལ་དབང་བསྒྱུར་བས། །ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར༴ བླ་ལ༴ བླ་གླུད༴ བཟུང་བ༴ བསྡམས་པ༴ ཞི་བ༴ ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ནུབ་ཕྱོགས་སྟོང་གི་འཇིག་རྟེན་ན། །ཀླུ་ཡི་གདོན་ནི་ཆེན་པོ་བ། །མི་ཡང་དམར་པོ་ཆས་ཏེ༴ རྟ་ཡང་དམར་པོ་ཞོན་ཏེ༴ བེར་ཡང་དམར་པོ་གྱོན་ཏེ༴ ཐོད་ཀྱང་དམར་པོ་བཅིངས་ཏེ༴ དར་མདུང་དམར་པོ་ཕྱར་ཏེ༴ ཞགས་པ་དམར་པོ་ཐོགས་ཏེ༴ བྱ་ཡང་དམར་པོ་ལྡིང་ཞིང་༴ ཁྱི་ཡང་དམར་པོ་ཁྲིད་དེ༴ ནུབ་ན་གནས་པའི་ལྷ་སྲིན་ཡིན། །ནུབ་ཀྱི་ཕྱོགས་ལ་དབང་བསྒྱུར་བས། །ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར༴ བླ་ལ༴ བླ་གླུད༴ བཟུང་བ༴ བསྡམས་པ༴ ཞི་བ༴ ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །བྱང་ཕྱོགས་སྟོང་གི་འཇིག་རྟེན་ན། །གནོད་སྦྱིན་གྱི་ནི་གདོན་ཆེན་པོ། །མི་ཡང་ལྗང་གུ་ཆས་ཏེ༴ རྟ་ཡང་ལྗང་གུ་ཞོན་ཏེ༴ བེར་ཡང་ལྗང་གུ་གྱོན་ཏེ༴ ཐོད་ཀྱང་ལྗང་གུ་བཅིངས་ཏེ། །དར་མདུང་ལྗང་གུ་ཕྱར་ཏེ༴ ཞགས་པ་ལྗང་གུ་ཐོགས་ཏེ༴ བྱ་ཡང་ལྗང་གུ་ལྡིང་ཞིང་༴ ཁྱི་ཡང་ལྗང་གུ་ཁྲིད་དེ༴ བྱང་ན་གནས་པའི་ལྷ་སྲིན་ཡིན། །བྱང་གི་ཕྱོགས་ལ་དབང་བསྒྱུར་བས། །ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་གཞོམ་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེག །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །མཚམས་བཞི་སྟོང་གི་འཇིག་རྟེན་ན། །མེ་ལྷ་སྲིན་པོ་རླུང་ལྷ་དང་། །བྱང་ཤར་དབང་ལྡན་འབྱུང་པོའི་གདོན། །མི་ཡང་ཁྲ་བོ་ཆས་ཏེ༴ རྟ་ཡང་ཁྲ་བོ་ཞོན་ཏེ༴ བེར་ཡང་ཁྲ་བོ་གྱོན་ཏེ༴ ཐོད་ཀྱང་ཁྲ་བོ་བཅིངས་ཏེ༴ དར་མདུང་ཁྲ་བོ་ཕྱར་ཏེ༴ ཞགས་པ་ཁྲ་བོ་ཐོགས་ཏེ༴ བྱ་ཡང་ཁྲ་བོ་ལྡིང་ཞིང་༴ ཁྱི་ཡང་ཁྲ་བོ་ཁྲིད་དེ༴ མཚམས་ན་གནས་པའི་ལྷ་སྲིན་ཡིན། །མཚམས་ཀྱི་ཕྱོགས་ལ་དབང་བསྒྱུར་བས། །ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར༴ བླ་ལ༴ བླ་གླུད༴ བཟུང་བ༴ བསྡམས་པ༴ ཞི་བ༴ ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །འོག་ཕྱོགས་སྟོང་གི་འཇིག་རྟེན་ན། །ས་བདག་ཆེན་པོ་ནག་པོའི་གདོན། །མི་ཡང་དུད་ཁ་ཆས་ཏེ༴ རྟ་ཡང་དུད་ཁ་་ཞོན༴ བེར་ཡང་དུད་ཁ་གྱོན་ཏེ༴ ཐོད་ཀྱང་དུད་ཁ་བཅིངས་ཏེ། །དར་མདུང་དུད་ཁ་ཕྱར་ཏེ༴ ཞགས་པ་དུད་ཁ་ཐོགས་ཏེ༴ བྱ་ཡང་དུད་ཁ་ལྡིང་ཞིང་༴ ཁྱི་ཡང་དུད་ཁ་ཁྲིད་དེ༴ འོག་ན་གནས་པའི་ལྷ་སྲིན་ཡིན། །འོག་གི་ཕྱོགས་ལ་དབང་བསྒྱུར་བས། །ཁར་སང་ཁ༴ རྒྱུ་སྦྱོར༴ བླ་ལ༴ བླ་གླུད༴ བཟུང་བ༴ བསྡམས་པ༴ ཞི་བ་ཆེན་པོའི་ངང་ལ་བཞུགས། །ལྔ་པ་བླ་གཤེད་ཀྱི་བདུད་རྒྱལ་གཉིས་ལ་སྒོས་སུ་བསྔོ་བ་ནི། ཀྱེ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །བདུད་མཁར་ནག་པོའི་ནང་ཤེད་ན། །བདུད་རྗེ་རེ་ཏི་མགོ་ཡག་བཞུགས། །སྤྲུལ་པ་ཕོ་བདུད་བཅུ་གསུམ་འགྱེད། །སྐྱེས་པ་ཀུན་གྱི་སྲོག་གཅོད་བྱེད། །ཟ་མ་མོ་ཡི་སྲིད་ལ་རྐུ། །བྱིས་པ་ཆུང་གི་ཚེ་ལ་རྐུ། །བདུད་པོ་བླ་རྐུན་བཅུ་གསུམ་གྱིས། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི། །བླ་དང་སྲོག་ལ་བརྐུས་གཞོམ་སྲིད། །བླ་གླུད༴ བཟུང་བ༴ བསྡམས་པ༴ ཞི་བ༴ ཀྱེ། ཉི་མ་བྱང་ཤར་མཚམས་ཤེད་ན། །སྲོག་བདག་རྒྱལ་པོ་པེ་ཧར་ཁྱོད། །གཙུག་ལག་ཁང་གི་སྲུང་མ་ཡིན། །སྤྲུལ་པ་ཛམ་གླིང་ཀུན་ལ་འགྱེད། །ས་བདག་འགོང་པོ་ཕོ་ཉར་གཏོང་། །ཐེའུ་རང་སྟོང་སྡེའི་རྒྱབ་བརྟེན་བྱེད། །སེམས་ཅན་ཀུན་གྱི་སྲོག་དབུགས་ལེན། །དམ་སྲི་སྤུན་དགུའི་ཁ་འཛིན་བྱེད། །བླ་རྐུན་པེ་ཧར་འཁོར་བཅས་ཀྱིས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདིའི། །བླ་དང་སྲོག་ལ་བརྐུས་གཞོམ་སྲིད། །བླ་གླུད༴ བཟུང་བ༴ བསྡམས་པ༴ ཞི་བ༴ ཁྱད་པར་བླ་གཤེད་སྡེ་གཉིས་ལ། །རིན་ཆེན་གསེར་སྐྱེམས་དམ་པ་དང་། །རིན་ཆེན་ནམ་མཁའ་སྣ་ཚོགས་དང་། །རིན་ཆེན་རྒྱང་བུ་འཕན་བཟང་སྤྲས། །ངར་མི་ཕོ་མོ་ཆུང་གསུམ་ཕྱུག །རང་རང་མཛེས་པའི་རྒྱན་གྱིས་བརྒྱན། །ཕོ་གདོང་དང་ནི་མོ་གདོང་དང་། །བཤོས་སུ་དང་ནི་མཐེབ་ཀྱུ་དང་། །ཤ་སྣ་དེ་ནི་བཅུ་གསུམ་དང་། །བླ་ཡི་གླུད་ནི་བཅུ་གསུམ་རྣམས། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི། །གླུད་དང་ཚབ་ཏུ་འབུལ་ལགས་ན། །ལྷུ་མོ་དེ་ནི་བཅུ་གཉིས་དང་། །མགོ་བོ་དེ་ནི་བཅུ་གསུམ་གྱི། །ཚབ་ཏུ་དེ་ནི་འབུལ་ལགས་ཀྱི། །ལུས་ངག་ཡིད་གསུམ་གླུད་དུ་འབུལ། །བླ་གླུད་གསེར་སྐྱེམས་འདི་བཞེས་ཤིག །ཡས་སྟགས་བཟང་པོ་འདི་བཞེས་ཤིག །རྔོན་ཆ་དར་ཟབ་གསེར་དང་དངུལ། །ལྷོ་བྱང་ལ་ཀླུང་རྫས་དུ་མ། །གཏོར་མ་གསེར་སྐྱེམས་བཅས་པ་བཞེས། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་གཞོམ་སྲིད་ན། །གཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེག །གནོད་པ་སྡུས་ལ་བླ་ཚེ་གཏོད། །ཞི་བ་ཆེན་པོའི་ངང་ལ་བཞུགས། །མཉམ་པ་ཆེན་པོའི་ངང་ལ་བཞུགས། །ཕན་པ་བྱང་སེམས་བསྐྱེད་དུ་གསོལ། །ཅེས་བསྔོས་པས་སོ་སོ་ནས་ཡས་སྟགས་རྣམས་བདག་གིར་བྱས། མགུ་ཞིང་ཚིམས་ཏེ་ཇི་ལྟར་བསྒོས་པའི་དོན་བདེ་བླག་ཏུ་སྒྲུབ་པར་མོས། དྲུག་པ་བླ་འགུགས་ཀྱི་སྔགས་ཟླ་བ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་དཔག་ཏུ་མེད་པ་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། སླར་ཡང་འོད་ཟེར་སྣ་ཚོགས་སྟེང་འོག་ཀུན་བ་ཐག་གཟེངས་པ་ལྟར་འཕྲོས་པས་ས་འོག་ས་སྟེང་ས་བླའི་ཁམས་ཐམས་ཅད་ཁྱབ། བླ་ཚེ་ལ་བར་དུ་གཅོད་པའི་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ས་བདག་ཀླུ་གཉན། བར་གདོན་བཙན་དང་རྒྱལ་པོ་ལ་སོགས་མདོར་ན་བགེགས་གདོན་གྱི་རིགས་སུ་གྱུར་པས་བརྐུས་པ་དང་། འཕྲོག་པ་དང་། གཞམས་པ་དང་། ཡར་བ་དང་། འཁྱམས་པ་དང་། གཏོར་བ་སོགས་བཀུག །ཡོན་གྱི་བདག་པོར་བསྟིམས་པས། ཉམས་པ་གསོས། ཆད་པ་མཐུད། ཡོ་བ་བསྲངས། སྔར་བས་ཀྱང་གཟི་བྱིན་དང་ལྡན་པས། བླ་ཚེ་སྲོག་གསུམ། མི་ནོར་ཟས་གསུམ་ལ་སོགས་པ་རྒྱས་ཤིང་བརྟན་པར་གྱུར་པར་མོས་ལ་སྤྲོས་བསྡུའི་དམིགས་པ་ཡང་ཡང་བྱ་ཞིང་སྔགས་ཟུར་གསལ་དཀྱུས་སུ་བཀོད་པ་ནི། ཨ་ཧ་རི་ནི་ས་ཛྷབ་ཛྷ བ་རྫུབ་རྫུབ་བྷ་དྲ་སློང་སློང་ནྲྀཿཁུག་ཛཿཛཿ བརྒྱ་སྟོང་ཁྲི་འབུམ་སོགས་རྟགས་དང་སྦྱར་ཏེ་བཟླའོ། །སྐབས་འདིར་གཏེར་ཆེན་གསུང་ལ་ཁམས་པ་ཀུན་དགའ་བསྟན་འཛིན་གྱིས་ཟིན་བྲིས་མཛད་པ་ལས་ཡི་དམ་གྱི་སྔགས་ཤམ་དུ་སྔགས་འདི་བཏགས་ནས་བཟླ་དགོས་པར་གསུངས་ཤིང་ཕལ་ཆེར་གྱིས་ཕྱག་ལེན་ཏུ་མཛད་པར་སྣང་ངོ་། །དེ་ལྟར་ཐུན་དྲུག་གམ་བཞིར་བཅད་པའི་ཆོ་ག་བཟླས་པ་བཅས་བྱེད། དངོས་ཉམས་རྨི་ལམ་གྱི་ལྟས་དང་བསྟུན་ནས་སྐབས་སུ་བླ་མ་འཁྱམས་པའི་གནས་རྣམས་ནས་མི་མིང་ལོ་ཁམས་འདི་ཞེས་བྱ་བའི་བླ་ཚེ་འཁྱམས་པ་སོགས་ཁུག་ཅིག་པའི་ཚིག་སྐད་གསང་མཐོན་པོས་འབོད་ཅིང་བསྟིམས་པའི་མོས་པ་བརྟན་པོ་བྱེད་པར་བཤད་པ་ལྟར། ནང་ནུབ་གུང་གཉིས་སོགས་སུ་ཁང་སྟེང་བསྐོར་ཏེ་ཕྱོགས་ཀུན་ཏུ་ཐོས་ངེས་པའི་སྐད་ཀྱིས་འོག་གི་འགུགས་ཚིག་ལྟར་འབོད་པ་དང་། ཡང་ཆེ་གཉན་གྱི་རིགས་ལ་ཐོག་སྟེང་ནས་མདའ་དར་གཡབ་ཅིང་སྐད་དམའ་བར་འབོད་པའི་ལག་ལེན་སྣང་བའང་བྱས་ན་ལེགས་མོད། དཀྱུས་སུ་ཐུན་འཇུག་སོ་སོར་བདེན་བརྡར་དགུག་གཞུག་མཛད་པའི་ཕྱག་ལེན་ལྟར་ན། བཟླས་པ་གྲུབ་པ་དང་། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ་བདེན་པ་དང་། ཡི་དམ་རྒྱལ་བ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། རྒྱལ་པོའི་ཕོ་བྲང་། དགེ་འདུན་གྱི་ཀུན་དགའ་ར་བ་དང་། ཆོས་གྲྭ་ཆེན་པོ། གྲོང་ཁྱེར་ཆེན་པོའི་སྲང་མདོ། ཁྲོམ་ཆེན་པོའི་འདུས། ལྷ་སྲིན་གདུག་རྩུབ་ཅན་གནས་པའི་ས་ནས་ཚེ་དང་ལྡན་པ་མིང་རུས་ལོ་ཁམས་སོ་སོར་སྨོས་པའི་བླ་ཚེ་ཉམས་པ་དང་། ཡར་བ་དང་། སྟོར་བ་དང་། བྲོས་པ་དང་། འཁྱམས་པ་དང་། གདོན་ཆེན་གྱིས་འཕྲོག་པ། གདོན་ཕྲན་གྱིས་བརྐུས་པ། བྱད་མ་ལྷ་སྲུང་གིས་བཀུག་པ་ཐམས་ཅད་རང་གནས་སུ་ཁུག་ཅིག །ཅེས་རོལ་མོ་འགུགས་སྔགས་དང་བཅས་པ་ལན་གསུམ་བྱ། སྐབས་མཚམས་སུ་ཡོན་བདག་དངོས་སམ་བླ་རྟེན་གང་རུང་གི་མདུན་ཏུ་ཁ་གཏད་དེ་བླ་ལུག་ཆུ་དང་བཅས་པ་བཞག །དམོད་བོར་བས་ཁ་ཡོན་བདག་གི་བླ་རྟེན་ཕྱོགས་སུ་གཏད་དེ་བསྡད་ན་ཁུག་རྟགས་ཡིན་པས་མཇུག་གི་བྱ་བ་འཐུས་ཤིང་། ཕྱིར་ལོག་ཏུ་བསྡད་ན་ཆོ་ག་སྔགས་བཟླས་སོགས་ལ་འབད་ཅིང་བསྐྱར་ལ་བརྟག་གོ། །དེ་ལྟར་ཐུན་གསུམ་སོགས་ཚར་གྲངས་དུ་བྱེད་ལ་རེ་རེ་བཞིན་གླུད་མདོས་འབྲུ་སྣ་ཟན་དུམ་སོགས་ཀྱིས་ཁ་གསོ། གསེར་སྐྱེམས་སྔ་མ་ཕྱི་རོལ་དུ་མཆོད་ལ་གསར་དུ་བཤམ། སྔགས་དྲུག་ཕྱག་དྲུག་སྔགས་རྐྱང་པ་ཙམ་བརྗོད་ལ་ཕྱག་རྒྱ་དང་དམིགས་པས་བྱིན་བརླབ། སྤྱན་འདྲེན་ནས་འགུགས་པ་ཡན་ཆད་ལ་གྲངས་བཟུང་། དགོང་མོར་ཆོས་སྲུང་གཏོར་སྐྱོང་ཆད་བརྟན་ནས་ཤིས་བརྗོད་པར་ལྷ་གཞུང་གི་རྗེས་ཆོག་ཚང་བར་བྱའོ། །དེ་ནས་ཉིན་གཅིག་ཡིན་ན་ཚར་རྗེས་མ། ཞག་གྲངས་བྱེད་ན་རྫོགས་པའི་སྐབས་སུ་འགུགས་གཞུག་ཡན་གྲུབ་ནས། གསུམ་པ་མཇུག་གི་ཆོ་ག་སྣང་སྲིད་ལྷ་འདྲེ་སྤྱིར་བསྔོས་ཏེ་གཤེགས་སུ་གསོལ་ལ། ལས་གཞུང་གི་མཇུག་བསྡུ་བ་དང་བཅས་པ་ནི། ཐོག་མར་ཡི་དམ་གྱི་བསྐུལ་ཡོད་ན་བཏང་། ཆོས་སྐྱོང་གཏོར་འབུལ་བྱས་ལ་གླུད་ཀྱི་མར་མེ་སྦར་ཏེ། ཀྱེ། སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །བཀྲག་དང་མདངས་ལ་དབང་བ་རྣམས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡིས། །དཀའ་བ་བཙལ་ཞིང་དཀོན་པ་བསྡུས། །ལེགས་དགུ་བསགས་ཤིང་ཞིམ་དགུ་སྤུངས། །བདག་གིས་བསམ་པ་རྣམ་དག་ཅིང་། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །སྣང་སྲིད་ལྷ་འདྲེ་དགྱེས་བྱེད་པའི། །འདོད་ཡོན་དྲུག་ལྡན་མཆོད་གཏོར་དང་། །དབུལ་བའི་གླུད་ཆེན་འདི་བཞེས་ལ། །བདེ་བར་གཤེགས་པའི་གསུང་ལ་ཉོན། །ཆོས་ཉིད་བདེན་པའི་དོན་ལ་སོམས། །དབང་གི་རྒྱལ་པོའི་བཀའ་མ་བཅག །རིག་འཛིན་རྒྱལ་པོའི་ངག་ལ་ཉོན། །རང་གི་ལུས་ལ་དཔེ་ལོངས་ལ། །ཕ་རོལ་གཞན་ལ་གནོད་མ་བྱེད། །འཁོར་བའི་རྒྱུ་འབྲས་དྲན་པར་གྱིས། །ལུང་པ་ཡི་ནི་སུམ་མདོ་ན། །ལམ་འཕྲང་དེ་ནི་བཞི་མདོ་ན། །ལྷ་སྲིན་བསྐྱོད་པའི་གནས་ཤིག་མཆིས། །མདོས་གླུད་དམ་པ་འདི་ལོངས་ལ། །འཁོར་འདིར་གནོད་འཚེ་མ་མཛད་པར། །སྐྱོད་ཅིག་གཤེགས་ཤིག་ད་གཤེགས་ཤིག །རང་རང་སོ་སོའི་གནས་སུ་གཤེགས། །ཞེས་བརྗོད་ལ་བླ་རྟེན་བླ་རྐང་སོགས་ལས་གཞུང་གི་གཏོར་མའི་མདུན་དུ་བསྡུ། ཡས་རྣམས་ཕྱོགས་སྐྱེལ་བྱེད་ན་མ་ནོར་བར་སྣོད་བཅུར་བསྡུ། དེ་མིན་བསྒྲུབ་བྱའི་འདྲེ་ལྔ་བདུད་གཅོད་ལྟ་བུའི་ཕྱོགས་གཅིག་ཏུ་བསྐྱལ་ན་ཕྱི་ནས་རིམ་བཞིན་སྣོད་ཆེན་གཅིག་ཏུ་བསྡུས་ལ། ཐོག་མར་དཀར་གཏོར་གསེར་སྐྱེམས་ཁྱེར། དེ་རྗེས་ཡས་རྣམས་ཕྱིར་སྤགས། དེ་རྒྱབ་ས་སྟེགས་ཡིན་ན་བསྡུས་ལ་བཞག །དེ་རྒྱབ་ཆད་ཐོའི་གཏོར་ཟོར་བཤམ། མདོས་སྟན་གཞན་ཡིན་ན་སྤྲུགས་པ་དང་བསྟུན། གསེར་སྐྱེམས་བཏང་། དེའང་སྤྱི་འགྲོ་གང་རུང་གིས་ཆོག་ལ། འདོན་བྱ་ངེས་པ་མེད་པའི་རིགས་ལ་ཕྱོགས་འདིའི་ཕྱག་སྲོལ་ཆགས་མེད་རིན་པོ་ཆེས་མཛད་པ་ལྟར་ན། རྃ་ཡྃ་ཁྃ། གསེར་སྐྱེམས་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་སྤྲིན་ཕུང་འཕྲོ་བར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ གསུམ། ཧཱུྃ། ང་ནི་ཁྲོ་རྒྱལ་བདུད་རྩི་འཁྱིལ། །ཐམས་ཅད་ང་ཡི་བཀའ་ལ་ཉོན། །སྔོན་མོ་འབྲུ་ཡི་སྙིང་ཁུ་སྟེ། །རིན་ཆེན་དམ་པ་གསེར་བདར་ནས། །བླ་མ་དཀོན་མཆོག་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་འབུལ། །དེ་རིང་གཟུ་དང་དཔང་པོ་མཛོད། །མ་ཧཱ་ཀཱ་ལ་ལྕམ་དྲལ་དང་། །དཔལ་མགོན་བདུན་ཅུ་འཁོར་དང་བཅས། །མ་ཐོགས་ཚུར་མཆིས་སྐྱེམས་ལ་བྱོན། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །བར་ཆད་རྐྱེན་རྣམས་བཟློག་ཏུ་གསོལ། །གཟའ་བརྒྱད་གདོང་མོ་རྒྱུ་སྐར་ཚོགས། །དབྱུག་གུ་དྲུག་ཅུ་མཁའ་འགྲོ་བདུན། །ས་བདག་རྗེ་བློན་བཅུ་བདུན་སོགས། །དུས་ཚོད་ཚེས་གྲངས་བདག་པོ་རྣམས། །མ་ཐོགས་ཚུར་མཆིས་སྐྱེམས་ལ་བྱོན། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །ཀོ་ལོང་ཕྲག་དོག་མ་མཛད་ཅིག །སྡེ་བརྒྱད་ཡུལ་ལྷ་གཞི་ཡི་བདག །ཡུལ་དང་ས་སྐོར་ཁང་ཁྱིམ་འདིར། །གཉུག་མར་གནས་པ་མ་ལུས་ཀུན། །མ་ཐོགས་ཚུར་མཆིས་སྐྱེམས་ལ་བྱོན། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །རུ་ང་ཕྲག་དོག་མ་བྱེད་ཅིག །མཐོ་མཐོ་རྣམས་ཀྱི་ཞབས་ཡར་སྐུམ། །དམའ་དམའ་རྣམས་ཀྱི་དབུ་ཆུམ་ཞིག །ཐད་དུ་འདུག་པ་སྐུ་བཟུར་ཅིག །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །མདོས་དང་ཟོར་གྱི་ལམ་ཕྱེས་ཤོག །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་མདོས་བཏང་ཕྱོགས་སུ་དཀར་གཏོར་བཅས་ཕུལ། ལས་གཞུང་གི་ཆད་ཐོ་བཏང་ལ་མདོས་བཏེགས། ཕྱོགས་བསྐྱལ་སྐབས་ཕྱོགས་མཚམས་སྟེང་འོག་བཅུ་དང་། ཕྱོགས་གཅིག་ལ་བསྒྲུབ་བྱའི་ལོ་ལྷ་མིན་པ་འོས་པའི་ཕྱོགས་སུ་བསྐྱལ་གཞུག །བྷྱོ། གཞན་ཡང་བཟློག་ཅིང་བསྒྱུར་བ་ནི། །ཞེས་སོགས་སམ། བྷྱོ། མདོས་ཟོར་ཤ་ཁྲག་གཏོར་མ་འདིས། །ཞེས་པ་ལྟ་བུའི་ཟློག་བྱང་སྤྱི་རྒྱུག་གང་ཤེས་བརྗོད་ལ་ཆད་ཐོའི་གཏོར་མ་མདོས་རྗེས་ཟོར་དུ་འཕེན། སྤྲོ་ན་ལོཀྟྲི་དང་སེང་གདོང་མ་ལྟ་བུའི་ཟློག་པ་ཐལ་རྡེབ་བཅས་པའང་བྱ། རྗེས་སུ་བརྟན་མ་བསྐྱང་ཞིང་བྲོ་བརྡུང་། བསྒྲུབ་བྱ་ལ་སྲུང་འཁོར་བརྟན་པོ་བསྒོམ། ཚེ་འགུགས་རྒྱས་པར་བཏང་། དངོས་གྲུབ་ལེན་པ་སོགས་ལས་གཞུང་གི་མཇུག་ཆོག་དཀྱུས་ལྟར་བྱེད་ཅིང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་དང་བསྟུན་མེ་ཏོག་སིལ་མ་ཕྱོགས་ཀུན་ཏུ་འཐོར། ཚེ་སྒྲུབ་དང་སྦྲེལ་སྐབས་རྒྱས་པར་སྤྲོ་ན་བསྒྲུབ་བྱ་གོས་རྒྱན་བཟང་པོ་དང་སྟན་དཀར་གཡུང་དྲུང་གི་རི་མོ་ཅན་ལ་བཞག་སྟེ་ཚེ་དབང་རྒྱས་པར་བསྐུར། ཚེ་རྫས་བྱིན། འཁོར་ལོ་ཡོད་ན་དང་བླ་གཡུ་མགུལ་དུ་གདགས། ཞལ་བསྲོའི་ཚུལ་དུ་ཚོགས་འཁོར་གྱི་དགའ་སྟོན་ལ་ལོངས་སྤྱད་དུ་གཞུག །བླ་རྐང་དང་བླ་ནས་རྣམས་ཀྱང་ལྟས་བརྟགས་པ་ཟིན་ནས་བསྒྲུབ་བྱ་རང་ཉིད་ཀྱིས་བཟའ། བླ་རྟགས་བླ་ལུག་རྣམས་བྱི་བ་སོགས་ཀྱི་གནོད་པ་མི་འབྱུང་བའི་སར་སྤའོ། །བླ་གླུང་རྒྱས་པ་ཨཐྎ། རྩ་བའི་གསུམ་པ་རྟགས་ལ་དཔྱད་པ་ལའང་། དང་པོ་བླ་རྐང་ལ་བརྟག་པ། གཉིས་པ་ནས་ལ་བརྟག་པ། གསུམ་པ་རྨི་ལམ་ལ་བརྟག་པ་སྟེ་གསུམ་ལས། དང་པོ་ནི། བླ་རྐང་གི་རྒྱ་བཤིག་ལ་ལེགས་པར་བལྟ། དེ་ཡང་ཕྱི་རུས་པ་ལ་བརྟག་པ། ནང་ཆུ་སེར་ལ་བརྟག་པ། གསང་བ་དྲི་ལ་བརྟག་པ་སྟེ་གསུམ་ལས། དང་པོ་ནི། རུས་པ་སྣུམ་ལ་འདྲིལ་བ། འཇམ་ལ་ལྕི་བ་རྣམས་བཟང་། གཙང་ལ་སོབ་པ། རྩུབ་ལ་དམར་བ། ཡང་ལ་ཆུང་བ་རྣམས་ངན་པ་ཡིན། ཁྱད་པར་རྐང་ལག་གོག་བཀས་སེར་ཀ་སྤུ་རིས་བྱུང་ན་ངན་ཞིང་། མ་བྱུང་ན་མཆོག་ཏུ་བཟང་ངོ་། །གཉིས་པ་ནང་ཆུ་སེར་ལ་བརྟག་པ་ནི། ཆུ་སེར་གྱི་སྦུ་གུ་སྟོད་དུ་འདུག་ན་བཟང་། སྨད་དུ་བྱུང་ན་ངན། བར་དུ་བྱུང་ན་འབྲིང་། དེ་ལའང་ཞིབ་པར་མདོག་ལ་བརྟག་སྟེ། ཆུ་སེར་དམར་ན་བཟང་། སེར་ན་འབྲིང་། ནག་ན་ངན་པའོ། །གསུམ་པ་གསང་བ་དྲི་ལ་བརྟག་པ་ནི། སྣུམ་དྲི། ཚིལ་དྲི། སྨན་དྲི་སྟེ་དྲི་བཟང་བྱུང་ན་བཟང་བ་ཡིན། ནད་དྲི། ཤི་དྲི། རུལ་དྲི་སྟེ་དྲི་ངན་བྱུང་ན་ངན་པ་ཡིན་པས་ལེགས་པར་དཔྱད། གཉིས་པ་ནས་རྡོག་ལ་བརྟག་པ་ནི། བླ་རྐང་གི་ཁྲོད་དུ་བཅུག་པའི་ནས་སྔར་བས་མང་དུ་ཡོད་ན་བཟང་། ཉུང་ན་ངན། རང་སར་བསྡད་ན་འབྲིང་ཡིན་པས་སྐྱོན་མེད། མདོག་ཀྱང་རང་མདོག །དཀར་སེར་སོགས་ལེགས་ཤིང་། ནག་ནོག་ངན་པར་བཤད། གསུམ་པ་རྨི་ལམ་བརྟག་པ་ནི། རང་ངམ་ཡོན་གྱི་བདག་པོའི་རྨི་ལམ་དུ་གཡུ་བཏགས་པ་དང་། གོས་གསར་གྱོན་པ་དང་། རྡོ་རྗེ་དང་། དུང་དང་། གཡུང་དྲུང་གི་རི་མོ་ལ་སོགས་རྨིས་ན་མཆོག་ཏུ་བཟང་ངོ་། །དེ་ལྟར་ཐམས་ཅད་བཟང་རྟགས་སུ་བྱུང་ན་མཆོག་ཏུ་ལེགས། ཕྱེད་ཙམ་བཟང་ལ་ཕྱེད་ཙམ་ངན་ན་འབྲིང་སྟེ་མ་བསྐྱར་རུང་ཆོག །ངན་པ་མང་ན་སླར་ལན་གསུམ་དུ་བསྐྱར་བར་བྱའོ། །རྟགས་ལེགས་ན་བླ་གཡུ་ལུས་ལ་འབྲལ་མེད་གདགས་ཤིང་། བླ་རྐང་གི་ཤ་ཕྱི་འཁྱར་མེད་པ་བསྒྲུབ་བྱས་བཟའ་བ་དང་བསྟུན་ཕྱེ་མར་གྱིས་ཞལ་བསྲོ་བར་བྱའོ། །ཞེས་སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེས་མཛད་པའི་བླ་བསླུ་བཅུ་གསུམ་གྱི་ཡིག་རྙིང་གཞིར་བཞག་གི་སྟེང་ཕྱག་བཞེས་ཟབ་མོས་ཟུར་བརྒྱན་ཏེ་འགྲིགས་ཆགས་གོ་བདེར་བཀོད་པས་འགྲོ་ལ་ཕན་པར་གྱུར་ཅིག །ཆོས་ལྡན་འཚོ་བ་ལྷུན་ཆགས་རི་དབང་བཞིན། །བླ་ཚེ་སྲོག་གི་རྡོ་རྗེའི་ཀ་བ་ཉིད། །མི་འགྱུར་བརྟན་པའི་བཙས་སུ་འདི་གྱུར་ཏེ། །འབྲེལ་ཚད་འཆི་བདག་འཇིགས་ལས་གྲོལ་གྱུར་ཅིག །ཅེས་མཆོག་དམན་ཀུན་ལ་ལན་ཚྭའི་ཟས་བཞིན་བྲིམ་ཡང་གཞུང་མཐུན་ལག་ལེན་བྱེད་པ་དཀོན་པར་མཐོང་བས། རྩ་གཞུང་ཉིད་ལུང་རྒྱུན་བར་མ་ཆད་པར་སྣང་བས་སོར་བཞག་ཐོག་གཞན་ལ་ཕན་པའི་བསམ་པས་གསལ་བྱེད་ཀྱིས་བརྒྱན་ཏེ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཀོད་པ་དགེ་ལེགས་འཕེལ།། །།

དེའི་འགྲེས་བྱང་།

༈ འགྲེས་བྱང་གསལ་བ་ནི། འབྱུང་ལྔའི་སྐབས་སུ། དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །སྔོན་གྱི་ལན་ཆགས་འབྲེལ་བ་ཡིས། །བླ་ལ་བརྐུས་སམ་གཞོམ་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེག །ཞི་བ་ཆེན་པོའི་ངང་ལ་བཞུགས། །སྤར་ཁའི་སྐབས་སུ། རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་གཞོམ་སྲིད་ན། །ནམ་མཁའ་ཁམས་ཀྱི་མདངས་དང་ལྡན། །རྒྱང་བུ་དེ་ནི་འཕན་བཟང་དང་། །ཕོ་གདོང་མོ་གདོང་འགྲོ་ཤེས་དང་། །ངར་མིའི་ལུས་ལ་རྒྱན་ཆ་ཅན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེག །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཕྱོགས་བཅུའི་གདོན་གྱི་སྐབས་སུ། ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་གཞོམ་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེག །ཞི་བ་ཆེན་པོའི་ངང་ལ་བཞུགས།། །།

ཟློག་བྱང་།

༈ བྷྱོ། མདོས་ཟོར་ཤ་ཁྲག་གཏོར་མ་འདིས། །ད་ལྟ་རྣལ་འབྱོར་བདག་བཅག་ལ། །སྡེ་བརྒྱད་ཆད་པ་བྱུང་བ་ཟློག །བྱད་ཟོར་ཕུར་ཁ་ཐམས་ཅད་ཟློག །ལྷ་འདྲེའི་ཟ་ཁ་ཟུག་པ༴ རྒྱལ་པོ་ལོ་ཡི་བདུན་ཟུར༴ བློན་པོ་ཟླ་བའི་དབང་བཙན༴ དམག་མི་ཞག་གི་དཔུང་གྲངས༴ མཚོན་ཆ་བདུད་ཀྱི་རྣོ་ངར༴ སྤར་ཁའི་སྐྱ་མདའ་ཟུག་པ༴ སྨེ་བ་དུར་དུ་ཚུད་པ༴ ས་བདག་ཀོ་ལོང་གདུག་རྩུབ༴ འབྱུང་བའི་དགྲ་གཤེད་འཐབ་པ༴ གཟའ་སྐར་དུས་ཚོད་ངན་པ༴ ལོ་ཟླ་ཞག་དུས་བབ་པ༴ ཁྲོམ་དང་བྱད་དུ་བཅུག་པ༴ ཧོམ་དང་པར་བུ་བསྐོར་བ༴ དགྲ་ཆེན་བདུད་དུ་ལོང་བ༴ ལྟས་ངན་གློ་བུར་ཡེ་འདྲོགས༴ དུས་མིན་འཆི་བ་རྣམ་བརྒྱད༴ མི་ཁ་བྲ་མཆུ་ཐམས་ཅད༴ ཆག་ཆེ་ཉམ་ང་ཐམས་ཅད༴ སྔོན་སྒུགས་ཕྱི་ནས་དེད་པ༴ དགྲ་སྣ་ཕུང་སྣ་གྱོད་སྣ༴ ནད་སྣ་ཡམས་སྣ་རིགས་སྣ༴ དགྲ་སྲི་རྨི་ངན་ཐམས་ཅད༴ ཆེ་སྲི་ཆུང་སྲི་རྒས་སྲི༴ གཞོན་སྲི་དར་སྲི་གོད་སྲི༴ དགྲ་སྲི་མཚོན་སྲི་ནད་སྲི༴ མདོར་ན་སྲིད་པའི་ཆག་སྒོ་དང་། །བདག་ལ་གནོད་པའི་དགྲ་བགེགས་རྣམས། །སྡང་བྱེད་དགྲ་ཡི་སྟེང་དུ་ཟློག །གནོད་བྱེད་བགེགས་ཀྱི་སྟེང་དུ༴ བར་ཆད་བདུད་ཀྱི་སྟེང་དུ༴ ཟ་འདྲེ་ཕུང་འདྲེའི་སྟེང་དུ་ཟློག །དམ་ཉམས་བྱད་མའི་སྟེང་དུ་བཟོར།། །།

བླ་བསླུ་འཆི་བདག་གི་གཡུལ་ལས་རྒྱལ་བ་སློབ་དཔོན་ཆེན་པོས་གནང་བ།

བླ་བསླུ་འཆི་བདག་གི་གཡུལ་ལས་རྒྱལ་བ་སློབ་དཔོན་ཆེན་པོས་གནང་བ་བཞུགས་སོ། །ༀ་སྭ་སྟི། བླ་བསླུའི་གླུད་འདི་སྔོན་གྱི་དུས་ན་སློབ་དཔོན་པདྨས་བོད་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ནས་རྒྱལ་ཁམས་བདེ་ལ་བཀོད་པའི་དུས་སུ་གདུག་པ་ཅན་གྱི་ལྷ་སྲིན་གཅིག་ལུས་པ་དེས་འགྲོ་བ་ཡོངས་ཀྱི་ཚེ་སྲོག་ལ་རྒོལ་བ་གཅིག་བྱུང་སྟེ། རྒྱལ་བུ་མུ་ཁྱུད་འཛིན་ཞེས་བྱ་བ་ནད་ཀྱིས་ཐེབས་ནས་ཅི་བྱས་ཀྱང་མ་ཕན་ཏེ། དེའི་དུས་ལྷ་འདྲེ་དེས་བླ་ཁྱེར་འདུག་པ་ལ། རྒྱལ་བློན་ཐམས་ཅད་བཀའ་བགྲོས་མཛད་ནས་སློབ་དཔོན་པདྨ་ལ་ཞུས་པས། སློབ་དཔོན་གྱི་ཞལ་ནས་ཁོ་ལྷ་སྲིན་ཐམས་ཅད་ཀྱི་ནང་ནས་གདུག་པ་ཆེ་བ་ལུས་འདུག་པ། ད་དེ་ལ་བླ་བསླུ་བྱེད་དགོས་པས་ཁོ་རང་བསོད་ནམས་ཀྱི་ཤན་འབྱེད་དགོས་པ་འདུག །ཤྭ་ཕྱི་ལ་ལྷ་ལ་ཤྭ་དཀར་པོ་འབུལ། འདྲེ་ལ་ཤྭ་ནག་པོ་གཏོད། ལྷ་ཤྭ་ཆེ་ན་བསླུ་བར་རིགས། འདྲེ་ཤྭ་ཆེ་ན་བསླུ་བར་མི་རིགས་གསུངས་པས། རྒྱལ་བས་ཤྭ་བརྒྱབ་པས་ལྷ་ཤྭ་ཆེ་བར་བྱུང་བས་ད་བླ་བསླུ་བ་ཡིན་གསུངས་ནས། བླ་བསླུ་འདི་མཛད་དོ། །དེ་ལ་བླ་གང་ཡིན་གྱི་གཟུགས་དང་། བླ་རྐང་གཡས་པ། བླ་ཤིང་། བླ་མཚོ། བླ་རྡོ། རིན་ཆེན་སྣ་ལྔ། དར་ཚོན་སྣ་ལྔ། དུང་ཤྭ་དཀར་པོ། དུང་རྡོག །མཆོང་། བྱེ་རུ། བླ་གཡུ་གྲུ་དཀར། མཁན་པ་སྟེ་ལི་སྡེར་རམ། བལ་སྡེར་གང་རིགས་ཀྱི་ནང་དུ་བླ་རྫས་དེ་རྣམས་བཅུག་ལ་ཕོར་པས་ཁ་བཅད་ལ་ནས་བྲེ་གང་གི་སྟེང་དུ་བཞག །ལྷ་གླུད་དཀར་པོ་ལ་ལྷ་ཤྭ་དཀར་པོ་ཕུལ་ལ་བཞག །འདྲེ་གླུད་ནག་པོ་ལ་འདྲེ་ཤྭ་ནག་པོ་མདུན་དུ་གཏད་ལ་བཞག་གོ། །མདའ་རྒོད་སྒྲོ་མ་གཅིག་ལ་དར་དཀར་པོ་ཁ་གང་བཏགས་པ་དང་། ནད་པ་ལ་དྲིལ་བའི་གླུད་གཅིག་གི་མཐར་ཞྭ་གོས་ལྷྭམ་གསུམ་བཞག །ཚེ་ཐར་ཕྲོག་ཚང་བ་ཞིག་ཀྱང་བཞག་ནས་སྨྲེང་གིས་བསྔོ་བ་ནི་འདི་སྐད་དོ། །ཧཱུྃ་ན་མོ། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག །དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག །བདེན་པའི་མཆོག་ནི་དཀོན་མཆོག་གསུམ་གྱི་བཀའ། །དཀོན་མཆོག་བཀའ་ལ་མི་ཉན་གང་ཡང་མེད། །རི་རབ་ཟོམ་ལ་མི་གནས་གང་ཡང་མེད། །རྒྱ་མཚོའི་ཆུ་ལ་མི་འཐུང་གང་ཡང་མེད། །འབྱུང་བ་ལྔ་ལ་མི་བརྟེན་གང་ཡང་མེད། །ཉི་ཟླའི་འོད་ཀྱིས་མི་ཁྱབ་གང་ཡང་མེད། །མཐོ་བ་སྲིད་པའི་རྩེ་མོ་མན་ཆད་ནས། །དམའ་བ་ན་རག་དམྱལ་ཁམས་ཡན་ཆད་དུ། །འཕགས་པའི་སྤྱན་གྱིས་གཟིགས་པའི་ས། །སྣང་ཞིང་སྲིད་པའི་ལྷ་འདྲེ་ཀུན། །སྔགས་འཆང་བདག་གི་ངག་ལ་ཉོན། །དང་པོ་བླ་བསླུ་གང་དུ་སྲིད། །སློབ་དཔོན་པདྨའི་ཐུགས་རྗེ་ཡིས། །མུ་ཁྱུད་འཛིན་པ་བདུད་ལས་བསླུས། །བར་དུ་བླ་བསླུ་གང་དུ་དར། །ཡི་དམ་ལྷ་ཡི་ཐུགས་རྗེ་ཡིས། །སྲོག་ཆགས་ཐམས་ཅད་ཚེ་བསྲིང་མཛད། །ཐ་མ་བླ་བསླུ་གང་དུ་བྱེད། །སྔགས་འཆང་བདག་གི་ཏིང་འཛིན་གྱིས། །ཡོན་བདག་འདི་ཡི་བླ་འདི་བསླུ། །བླ་འདི་བསླུས་ནས་གླུད་འདི་འབུལ། །དུས་དང་བསྐལ་པ་དེ་ཙམ་ལ། །སྐྱོབ་པར་བྱེད་པའི་ལྷ་གཅིག་སྲིད། །གནོད་པར་བྱེད་པའི་འདྲེ་གཅིག་སྲིད། །ལྷ་འདྲེ་གཉིས་ཀྱི་ཤན་འབྱེད་ལ། །ལྷ་ལ་ལྷ་ཤྭ་དཀར་པོ་འབུལ། །ལྷ་ཤྭ་དཀར་པོ་ལྷ་ཡིས་བཏབ། །ལྷ་ཤྭ་དེ་ནི་ཆེ་བར་བྱུང་། །འདྲེ་ལ་འདྲེ་ཤྭ་ནག་པོ་གཏད། །འདྲེ་ཤྭ་དེ་ནི་ཆུང་བར་བྱུང་། །ཤྭ་དེ་ཆེ་བ་ལྷ་ཡིས་ཐོབ། །ཆུང་བ་དེ་ནི་འདྲེ་ཡིས་ཐོབ། །ལྷ་ཡང་རྒྱལ་ལ་འདྲེ་ཡང་ཕམ། །འདིར་བདེན་བདར་འགུགས་གཞུག་བྱའོ། །ཀྱེ། བླ་ཡི་ལུ་གུ་དཀར་པོ་ལ། །ཡ་མཚན་ཅན་གྱི་དར་སྣས་བརྒྱན། །བླ་ཡི་རྟེན་དུ་ཁྱོད་བསྩལ་ལོ། །བླ་རྐང་གཡས་པ་བླ་ཡི་རྟེན། །བླ་རྐང་འདི་ལ་བླ་ཁུག་ཅིག །དུང་ཤྭ་དཀར་པོ་བླ་ཡི་ཤྭ །དུང་ཤྭ་འདི་ལ་བླ་ཁུག་ཅིག །བླ་གཡུ་གྲུ་དཀར་བླ་ཡི་བཀྲག །བླ་གཡུ་འདི་ལ་བླ་ཁུག་ཅིག །འཆང་ལང་སྨུག་པོ་བླ་ཡི་རྟེན། །འཆང་ལང་འདི་ལ་བླ་ཁུག་ཅིག །བྱེ་རུ་དམར་པོ་བླ་ཡི་ཁྲག །བྱེ་རུ་འདི་ལ་བླ་ཁུག་ཅིག །བླ་རྡོ་དཀར་པོ་བླ་ཡི་རྡོ། །བླ་རྡོ་འདི་ལ་བླ་ཁུག་ཅིག །བླ་ཤིང་ཤུག་པ་བླ་ཡི་ཤིང་། །བླ་ཤིང་འདི་ལ་བླ་ཁུག་ཅིག །མཁན་བུ་རྩྭ་བཟང་བླ་ཡི་ཟས། །མཁན་བུ་འདི་ལ་བླ་ཁུག་ཅིག །བླ་མཚོ་སྔོན་མོ་བླ་ཡི་མཚོ། །བླ་མཚོ་འདི་ལ་བླ་ཁུག་ཅིག །ནས་དཀར་བྲེ་གང་ལྷ་ལ་འབུལ། །ནས་དཀར་འདི་ལ་བླ་ཁུག་ཅིག །དར་ཚོན་སྣ་ལྔ་བླ་ཡི་བཀྲག །དར་ཚོན་འདི་ལ་བླ་ཁུག་ཅིག །ཚོན་སྐུད་སྣ་ལྔ་བླ་ཡི་ལྡིང་། །བླ་ལྡིང་འདི་ལ་བླ་ཁུག་ཅིག །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ལྷོད་ལ་མནན་པ་ཐེག །བླ་འདི་ཐོངས་ལ་གླུད་འདི་ལོངས། །བསླུ་ཡང་གཅིག་ལ་བསླུ་ཡང་གཉིས། །གསུམ་གྱི་བར་དུ་བསླུ་བར་བྱ། ༈ །བླ་མ་ཡོ་ཅིག །བླ་མ་འགྱེལ་ཅིག །བླ་མ་ནུབ་ཅིག །བླ་མ་བཀའ་ཞིག །བླ་མ་ཆག་ཅིག །བླ་མ་འཁྱམས་ཤིག །དད་ཡམ་མེ། འབའ་ཚག་གེ། འདིར་ཁུག་ཅིག །བླ་ཡི་ལུ་གུ་ལ་གསོལ་ལོ། །ལན་གསུམ། ཀྱེ། ཁྱོད་འགོ་བའི་ལྷ་ལ་ཞལ་ཡར་ལྟོས། །སྲུང་མའི་ལྷ་ལ་ཞལ་ཡར་ལྟོས། །སྐྱོབ་པའི་ལྷ་ལ་ཞལ་ཡར་ལྟོས། །ལེའུའི་ལྷ་ལ་ཞལ་ཡར་ལྟོས། ༈ །ཀྱེ། དང་པོ་སུ་དང་སུ་ཡི་བླ། །འཕགས་པ་འཇལ་དཔལ་ཐུགས་རྗེ་ཡིས། །རྒྱལ་བུ་མུ་ཁྱུད་འཛིན་པ་དང་། །ལག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས། །དགེ་སློང་ཀུན་དགའ་བོ་ཡི་བླ། །སྣང་སྲིད་སྡེ་བརྒྱད་ལག་ནས་བསླུས། །ད་ལྟ་སུ་དང་སུ་ཡི་བླ། །ད་ལྟར་རྡོ་རྗེ་འཛིན་པ་ངས། །སྣང་སྲིད་སྡེ་བརྒྱད་ལག་པ་ནས། །སྦྱིན་བདག་འདི་ཡི་བླ་ཡང་བསླུ། །ཡ་བདུད་རྒྱལ་པོ་ལ་སོགས་ཏེ། །བདུད་ཀྱི་སྡེ་ཚོགས་བསམ་མི་ཁྱབ། །ཁྱོད་རྣམས་ལག་ན་བླ་ཡོད་སྲིད། །ཁྱོད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེག །ལན་ཆགས་བུ་ལོན་བྱང་བར་གྱིས། །ལྷ་རབས་ཤམ་པོ་ལ་སོགས་ཏེ། །ལྷ་ཡི་སྡེ་ཚོགས་བསམ་མི་ཁྱབ། །ཁྱོད་རྣམས་ལག་ན་བླ་ཡོད་སྲིད། །ཁྱོད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེག །ལན་ཆགས་བུ་ལོན་བྱང་བར་གྱིས། །གང་བ་བཟང་པོ་ལ་སོགས་པའི། །གནོད་སྦྱིན་སྡེ་ཚོགས་བསམ་མི་ཁྱབ། །ཁྱོད་རྣམས་ལག་ན་བླ་ཡོད་སྲིད། །ཁྱོད་རྣམས་ལག་ན༴ གཤིན་གྱི་བླ་གླུད༴ གསོན་གྱི་བླ་གླུད༴ བླ་བཟུང་ཐོངས་ལ༴ བསྡམས་པ་ཀློད་ལ༴ ལན་ཆགས་བུ་ལོན༴ གཙུག་ན་རིན་ཆེན་ལ་སོགས་ཏེ། །ཀླུ་ཡི་སྡེ་ཚོགས༴ ཁྱོད་རྣམས༴ ཁྱོད་རྣམས༴ གཤིན་གྱི༴ གསོན་གྱི༴ བླ་བཟུང་༴ བསྡམས་པ༴ ལན་ཆགས༴ རེ་སྡེ་མགོ་ཡག་ལ་སོགས་ཏེ། །བདུད་ཀྱི་སྡེ་ཚོགས༴ ཁྱོད་རྣམས༴ ཁྱོད་རྣམས༴ གཤིན་གྱི༴ གསོན་གྱི༴ བླ་བཟུང་༴ བསྡམས་པ༴ ལན་ཆགས༴ པེ་ཧར་རྒྱལ་པོ་ལ་སོགས་ཏེ། །རྒྱལ་པོའི་སྡེ་ཚོགས༴ ཁྱོད་རྣམས༴ ཁྱོད་རྣམས༴ གཤིན་གྱི༴ གསོན་གྱི༴ བླ་བཟུང་༴ བསྡམས་པ༴ ལན་ཆགས༴ རྨུ་རྗེ་བཙན་པོ་ལ་སོགས་ཏེ། །རྨུ་ཡི་སྡེ་ཚོགས༴ ཁྱོད་རྣམས༴ ཁྱོད་རྣམས༴ གཤིན་གྱི༴ གསོན་གྱི༴ བླ་བཟུང་༴ བསྡམས་པ༴ ལན་ཆགས༴ སྐྱེས་བུ་ལུང་བཙན་ལ་སོགས་ཏེ། །བཙན་གྱི་སྡེ་ཚོགས་བསམ་མི་ཁྱབ། །ཁྱོད་རྣམས་ལག་ན་བླ་ཡོད་སྲིད། །ཁྱོད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེག །ལན་ཆགས་བུ་ལོན་བྱང་བར་གྱིས། །གཉན་ཆེན་ཐང་ལྷ་ལ་སོགས་ཏེ། །གཉན་གྱི་སྡེ་ཚོགས༴ ཁྱོད་རྣམས༴ ཁྱོད་རྣམས༴ གཤིན་གྱི༴ གསོན་གྱི༴ བླ་བཟུང་༴ བསྡམས་པ༴ ལན་ཆགས༴ གཡའ་སྨན་གངས་སྨན་ལ་སོགས་ཏེ། །སྨན་གྱི༴ ཁྱོད་རྣམས༴ ཁྱོད་རྣམས༴ གཤིན་གྱི༴ གསོན་གྱི༴ བླ་བཟུང་༴ བསྡམས་པ༴ ལན་ཆགས༴ རྡོ་རྗེ་ལེགས་པ་ལ་སོགས་ཏེ། །ཐེའུ་རང་༴ ཁྱོད་རྣམས༴ ཁྱོད་རྣམས༴ གཤིན་གྱི༴ གསོན་གྱི༴ བླ་བཟུང་༴ བསྡམས་པ༴ ལན་ཆགས༴ བདུད་དང་བཙན་དང་རྒྱལ་པོ་དང་། །ཡི་དྭགས་སྨྱོ་བྱེད་གྲུལ་བུམ་སོགས། །ཁྱོད་རྣམས་ལག་ན་བླ་ཡོད་སྲིད། །ཁྱོད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེག །ལན་ཆགས་བུ་ལོན་བྱང་བར་གྱིས། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །གཙང་རིགས་དཔལ་མགོན་བདུན་ཅུ་སོགས། །ཁྱོད་རྣམས་ལག་ན་བླ་ཡོད་སྲིད། །ཁྱོད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེག །ལན་ཆགས་བུ་ལོན་བྱང་བར་གྱིས། །ཡུལ་འདིའི་གཞི་བདག་འཁོར་དང་བཅས། །ཁྱོད་རྣམས་ལག་ན་བླ་ཡོད་སྲིད། །ཁྱོད་རྣམས༴ གཤིན་གྱི༴ གསོན་གྱི༴ བླ་བཟུང་༴ བསྡམས་པ༴ ལན་ཆགས་བུ་ལོན་བྱང་བར་གྱིས། །གཞན་ཡང་གསོན་བདུད་གཤིན་ལྕག་བྱེད་པ་རྣམས། །ཁྱོད་རྣམས་ལག་ན་བླ་ཡོད་སྲིད། །ཁྱོད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེག །བདེ་བར་གྱིས་ལ་ལས་སུ་ཆུག །ལན་ཆགས་བུ་ལོན་བྱང་བར་གྱིས། །ཞེས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མངའ་བདག་རྒྱལ་པོའི་དོན་གྱི་ཕྱིར་ཕྱག་ལེན་དུ་མཛད་ནས་བཀའ་ནས་བཀར་བརྒྱུད་པའི་བླ་བསླུ་འཆི་བདག་གཡུལ་ལས་རྣམ་པར་རྒྱལ་བའི་མན་ངག་བྱིན་རླབས་ཅན་རྫོགས་སོ། །སརྦ་མངྒ་ལཾ་བྷ་བ་ཏུ།། །།

དེའི་ཟིན་བྲིས།

༈ ༀ་སྭ་སྟི། བླ་བསླུ་འཆི་བདག་གི་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་སྔ་འགྱུར་བཀའ་མའི་གཞུང་ལས་བྱུང་བར་གྲགས་པའི་ལུགས་ཀྱི་ཕྱག་ལེན་ལྟར་བཏང་བའི་སྐབས། ཡི་དམ་གང་བྱེད་ཀྱི་ཡར་གཞི་སྤྱི་ལྟར་བཤམས་པའི་མདུན། སྟེགས་བུའི་དབུས་སུ་ནས་དཀར་མོ་འབོ་གང་གི་རྒྱབ་ཏུ་མདའ་དར་སྣ་སྔ་བཙུགས། དེའི་མདུན་དུ་ལི་སྡིར་ཞིག་གི་ནང་བླ་ལུག་སྐྱེ་མཆེད་དོད་པ་མར་ལ་བཅོས་པའི་མཐའ་བསྐོར་དུ། བླ་ཤིང་ཤུག་པ་འཇག་མ་གཅིག །བླ་རྡོ་རྡིའུ་དཀར་པོ། དུང་ཤྭ། བླ་གཡུ། འཆང་སྨུག་པོ། བྱེ་རུ། རྩྭ་མཁན་དཀར་ཆུན་པོ། བླ་ནས་སྦྱིན་བདག་གི་རྟགས་འབྱར། ཚོན་སྐུད་སྣ་ལྔ་རྡོར་མདུད་བྱས་པ་ལ་ཚེ་གཟུངས་ཀྱི་སྔགས་ཀྱིས་བཏབ་པ། རིན་ཆེན་སྣ་ལྔ་བཅས་ཀྱིས་བསྐོར་བ་ལ་སྟེང་ནས་སྦྱིན་བདག་གི་ཕོར་པས་བཀབ། དེའི་གཡས་སུ་སྦྱིན་བདག་སྐྱེས་པ་ཡིན་ན་ཕོ་ལུག་རྐང་པ་གཡས་པ་དང་། བུད་མེད་ལ་མོ་ལུག་གི་རྐང་པ་གཡོན་པ་རས་དཀར་གྱིས་དྲིལ་ནས་ཚོན་སྐུད་སྣ་ལྔས་བཅིངས་པ། གཡོན་དུ་སྣོད་གས་ཆགས་མེད་པའི་ནང་བླ་མཚོ་མཚོན་བྱེད་ཆང་གིས་གཏམས་པ་མར་གྱི་ཟེ་དྲོག་གིས་བརྒྱན་པ། མདུན་དུ་དབུས་སུ་སྦྱིན་བདག་གི་འདྲ་གླུད་ལ་ཞྭ་གོས་ལྷྭམ་གསུམ་དྲི་མ་ཅན་དཔལ་འབྱོར་གྱིས་བརྒྱན་ཅིང་། གླུད་རྫས་གཞན་ཡང་སྤྱི་ལྟར་བཤམ། དེའི་གཡས་སུ་ལྷ་གཟུགས་དཀར་པོ་འཕྱར་ཞིང་ངོ་སོ་མཐོ་བའི་རྣམ་པ་ཅན་གྱི་མདུན་ཤྭ་དཀར་པོ་ཤྭ་མིག་དྲུག་པ་གྱེན་བསྟན་དང་། གཡོན་དུ་འདྲེ་གཟུགས་ནག་པོ་བསྙལ་སྟབས་ཀྱིས་བཟུང་བ་གདོང་སྨད་པའི་རྣམ་པ་ཅན་གྱི་མདུན་དུ་ཤྭ་ནག་པོ་མིག་གཅིག་པ་བཞག །ལྷ་གཟུགས་ལ་འབྲུ་དཀར་དང་། འདྲེ་གཟུགས་ལ་འབྲུ་ནག་གིས་གཏམས། ཚེ་ཐར་ཚེ་ལུག་གཞོན་པ་ཞིག་ཉིན་དང་པོ་བདག་བསྐྱེད་ཚར་བའི་སྐབས་ཚེ་ཐར་བྱས་ནས་རང་གནས་སུ་ཅི་བདེར་བཏང་། བཅས་བཤམ་གྲུབ་ནས། ཕུར་ཆུང་ལྟ་བུའི་བདག་བསྐྱེད་གང་རུང་ཞིག་སྔོན་དུ་འགྲོ་བས། གཏོར་བསྔོ་སྐོང་གསོ་དང་སྦྲེལ་ནས་བྱེད་ན་རྡོར་གླུའི་བར་དཀྱུས་ལྟར་བྱ། དེ་ནས་སྔགས་དྲུག་གིས་གླུད་ཡས་མས་བྱིན་གྱིས་བརླབ། བཅོམ་རོལ་ལྷ་བསང་བཞིན་བྱས་ལ། ཐོག་མར། ཧཱུྃ་ན་མོ། སངས་རྒྱས་རྐང་གཉིས་སོགས་ཤློ་ཀ་གཅིག་ལ་ཧཱུྃ་མཛད་སྒྲ་འབྱིན་མའི་དབྱངས་རོལ། དཀོན་མཆོག་བཀའ་ལ་མན་ཆད་འདུར་མ། ལྷ་ཡང་རྒྱལ་ལ་འདྲེ་ཡང་ཕམ། །ཞེས་པར་ཚིག་རོལ་བྱས་ལ་བཞག །རྡོར་དྲིལ་དང་བཅས་ཧཱུྃ་མཛད་ཀྱི་རྒྱས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི་བཀའ་བདེན་པ་དང་། འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕྲིན་ལས་ཕུར་པ། མ་མོ་རྦོད་གཏོང་། དམོད་པ་དྲག་སྔགས། འཇིག་རྟེན་མཆོད་བསྟོད། འདུས་པ་མདོ། སྒྱུ་འཕྲུལ་རྒྱན། འཆི་མེད་ཚེ། ལྷུན་གྲུབ་རིག་འཛིན། སྙིང་པོ་ཕྱག་རྒྱ། གསང་སྔགས། རིགས་སྔགས། གཟུངས་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ བཀའ་སྡོད་ཆོས་སྐྱོང་མ་མོ་མཁའ་འགྲོ། དམ་ཅན་རྒྱ་མཚོ། རིག་འཛིན་རྣལ་འབྱོར། ཆོས་ཉིད་རྣམ་པར་དག་པའི་བཀའ་བདེན་པ་དང་། བདེན་པ་ཡང་དག་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། དེང་འདིར་སྦྱིན་པའི་བདག་པོའི་སྐུའི་བླ་ཚེ་སྲོག་གསུམ་སྡེ་བརྒྱད་མ་རུངས་པ་རྣམས་ཀྱིས་བརྐུས་པ། ཁྱེར་བ། ཡར་བ། ཉམས་ཆག་ཏུ་གྱུར་པ་དང་། བན་བོན་མཐུ་བོ་ཆེ་རྣམས་ཀྱིས་སྔགས་དང་། རྫས་དང་། བསམ་གཏན་གྱི་སྦྱོར་བས་བླ་སྲོག་འཕྲོག་པ་ཐམས་ཅད་སྐད་ཅིག །ཐང་ཅིག །ཡུད་ཙམ་གྱིས་དམིགས་པའི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཀཱི་ལ་ཡ་དང་། བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་ཨཱ་བེ་ཤ་ཡ་ཧོཿ ཞེས་སྒོ་མ་བཞིའི་རྒྱས། བླ་སྲོག་ཚེ་གསུམ་བླ་གཟུགས་དང་འོད་དང་ཐིག་ལེ་དང་ནྲྀའི་རྣམ་པ་གཟི་བརྗིད་འབར་བས་བླ་རྟེན་ལ་ཐིམ་པར་གྱུར་པའི་དམིགས་པ་དང་། ཚེ་དཔག་མེད་ཀྱི་གཟུངས་རིང་བཟླས་པས་གསོལ་བཏབ་བཅས་ལན་གསུམ་གྱི་བར་དུ་བྱ། དེ་ནས། ཀྱེ། བླ་ཡི་ལུ་གུ་ནས། བླ་མཚོ་འདི་ལ་བླ་ཁུག་ཅིག །ཅེས་པའི་བར་གླུ་རྒྱལ་གྱི་གདངས། ནས་དཀར་ནས་ཤུར་མ། བསླུ་ཡང་གཅིག་ལ་བསླུ་ཡང་གཉིས། །ལ་ཚིག་རོལ། འབའ་ཚག་གེ། འདིར་ཁུག་ཅིག །སྐབས་ཚིག་རོལ་དང་བཅས་ཆེམ་བརྡུང་གསུམ་གྱི་མཐར་སུམ་བརྡེག་ལན་ཅན། དེ་ནས། ཀྱེ། ཁྱེད་འགོ་བའི་ལྷ་ལ་སོགས་ལ་གླུ་རྒྱལ་གྱི་གདངས། ཀྱེ། དང་པོ་སུ་དང་སུ་ཡི་ནས་ཀངྐ་དྷ་རའི་དབྱངས་རོལ། ལན་ཆགས་བུ་ལོན་བྱང་བར་གྱིས། །ཞེས་པར་ཚིག་རོལ་དང་། རོལ་མོ་བསྒྱུར་ཏེ་དཔང་གཟུག་གི་དབྱངས་རོལ་དང་བཅས། གཞན་ཡང་གསོན་བདུད་སོགས་ནས། བུ་ལོན་བྱང་བར་གྱིས། །བར་དུ་བཏང་རྗེས། རོལ་མོའི་མུ་ནས་ཆེམས་བརྡུང་གི་ཁོངས་སུ་ལྷ་གླུད་དཀར་པོ་དང་སྲུང་མའི་གཏོར་འབུལ་ཡོད་ན་བཅས་ཁང་སྟེང་དུ་བསྐྱལ་ནས་ཕྱོགས་བཞིར་ལྷ་རྒྱལ་ལན་གསུམ་འབོད། མདའ་དར་གཡབ། འདྲེ་གླུད་ནག་པོ་སྦྱིན་བདག་གི་གླུད་བཅས་སྒོ་ཕྱིར་བསྐྱལ་ནས་འདྲེ་ལྔ་བདུད་གཅོད་ཀྱི་ཕྱོགས་སུ་བཏང་། འདྲེ་ཕམ་ཞེས་དང་གི་ཤན་འུར་རྡོ་ཀི་སྒྲ་སོགས་བྱ། དེ་ནས་སུམ་བརྡེག་ལན་ཅན་བྱས་ལ་སྐོང་གསོའི་འཕྲོས་རྣམས་རྫོགས་པར་བྱའོ། །ཡང་ཕྱག་ལེན་འགའ་རེར། ཡོན་བདག་གི་བླ་རྟེན་གང་རུང་གི་མདུན་དུ་ཁ་གཏད་དེ་བླ་ལུག་ཆུ་དང་བཅས་བཞག །དངོས་གཞིའི་མཇུག་ཏུ། ༀ་ཧ་རི་ནི་ས་རྫབ་རྫབ་རྫུབ་རྫུབ་བྷ་ཏྲ་སློང་སློང་ནྲྀ་ཁུག་ཛ་ཛཿ ཞེས་པའི་སྔགས་བཟླ་བ་དང་། དམོད་བོར་ཏེ་བླ་ལུག་བསྐོར་བ་ལན་གཅིག་མ་ཡིན་པར་ཁ་བླ་རྟེན་ལ་ཕྱོགས་ཏེ་སྡོད་ན་བླ་ཁུག་པའི་རྟགས་སུ་བཤད། རྗེས་སུ། ཀྱེ། སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །སོགས་བླ་བསླུ་བཅུ་གསུམ་མའི་མཇུག་ནས་འབྱུང་བས་གཤེགས་གསོལ་བྱེད་པར་གསུངས། ཚར་གྲངས་བྱེད་ན་སྔགས་དྲུག་ཕྱག་དྲུག་ནས་བཟུང་སྟེ་བསྐྱར་ཞིང་། ཚར་གྲངས་རེ་རེ་བཞིན་བླ་གླུད་ལ་ཆངས་བུ། ཤ་དུམ། འབྲུ་སྣ་སོགས་སབ། དེ་ལྟར་དངོས་ཉམས་སུ་བླ་ཁུག་པའི་རྟགས་དང་། བླ་ལུག་རྟེན་ལ་གདོང་ཕྱོགས་པ་སོགས་མ་བྱུང་གི་བར་བྱའོ། །བླ་བསླུ་འདི་ཚེ་སྒྲུབ་ཀྱི་ཆ་ལག་ཡིན་པས་བླ་མ་ཞི་ཁྲོའི་ཚེ་སྒྲུབ་ལྟ་བུ་ཚེ་སྒྲུབ་གང་རུང་གི་བདག་བསྐྱེད་དང་འབྲེལ་བར་བྱས་ཀྱང་ཤིན་ཏུ་ལེགས་སོ། །མངྒ་ལཾ་བྷ་བ་ཏུ།། །།

གསར་རྙིང་སྤྱིར་འགྲོ་བའི་དབང་བཤད་བྱེ་བྲག་སོ་སོ་ལ་འཁྱོག་མཚམས་ཀྱི་དཔེར་བརྗོད་དང་བཅས་པ།

གསར་རྙིང་སྤྱིར་འགྲོ་བའི་དབང་བཤད་བྱེ་བྲག་སོ་སོ་ལ་འཁྱོག་མཚམས་ཀྱི་དཔེར་བརྗོད་དང་བཅས་པ་བཞུགས་སོ། །ༀ་སྭ་སྟི་སིདྡྷི་རསྟུ། རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་དང་། །ཐ་དད་མ་དམིགས་རྗེ་བཙུན་གཏེར་བདག་གླིང་། །གང་གི་ཞབས་པད་སྤྱི་བོར་རྟག་མཆོད་ནས། །འཆད་འདོད་གསར་བུའི་དགའ་སྟོན་དེ་རིང་སྤེལ། །འདིར་དབང་བཤད་སྤྱི་འགྲོའི་ཁོག །བྱེ་བྲག་ཉེར་མཁོ་ཁ་བསྒྱུར་ཚུལ་གྱི་དཔེར་བརྗོད་དང་བཅས་པ་ཅུང་ཟད་ཅིག་གླེང་བར་བྱ་སྟེ། དེ་ཡང་སློབ་མ་ཁྲུས་དང་ཕྱག་སོགས་སྔོན་དུ་འགྲོ་བས། གྲལ་ལ་འཁོད་དེ། གླེང་བ་སྐབས་སུ་བབ་པ་དང་གསལ་དག་སྙན་པའི་ངག་གིས་འདི་སྐད་ཅེས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་རྗེས་གནང་ངམ། རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ནས་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང་། སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རབ་ཏུ་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་ནི་བདུད་རྩི་འཐུང་བ་བཞིན། །ཞེས་དང་། གཞན་ཡང་། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་བརླབ། །ཅེས་གསུངས་པ་ལྟར། དགེ་བའི་བཤེས་གཉེན་ལ་གུས་པ་དང་ལྡན་པས་སྒོ་གསུམ་ལེགས་པར་བསྡམ་ཏེ་གཞན་དུ་མ་ཡེངས་པའི་སྒོ་ནས་གསན་པར་ཞུ་འཚལ། དེ་ཡང་འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས། སེམས་ཅན་རྣམས་ཀྱི་བསམ་པ་དང་། དབང་པོ་དང་། སྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་བསྡུ་ན། ཐེག་པ་གསུམ་དུ་འདུས་ཏེ། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་གསུངས་པས། ཉན་ཐོས་དང་། རང་རྒྱལ། ཐེག་པ་ཆེན་པོ་སྟེ། ཐེག་པ་གསུམ་དུ་རྣམ་གྲོལ་གྱི་ཐེག་པ་ཐམས་ཅད་འདུས་པས་ཐེག་པ་བཞི་པ་མེད་མོད་ཀྱང་། གསུམ་པོའི་ནང་སེམས་ཀྱི་དབྱེ་བ་ལ་བརྟེན་པའི་ཐེག་པའི་རྣམ་གྲངས་ནི་མང་དུ་འབྱུང་བས་མི་འགལ་ཏེ། ལང་ཀར་གཤེགས་པ་ལས། ཐེག་པ་རྣམ་པ་མང་བཤད་པ། །སེམས་ཅན་རྣམས་ནི་དྲང་བའི་ཕྱིར། །ཐེག་པ་ཐ་དད་ངས་བཤད་དེ། །ཐེག་པ་གཅིག་ཏུ་ངས་བསྟན་ཏོ། །ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པ་དག་ལ་ཐུག་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་སྤྱིར་མངོན་མཐོའི་ཐེག་པ་གཉིས། ངེས་པར་ལེགས་པའི་ཐེག་པ་གསུམ་དང་ལྔར་མདོ་སྡེ་ལས་གསུངས་ཏེ། ཇི་སྐད་དུ། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང་། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་མཐའ་དག་པ་བཤད་དོ། །ཞེས་དང་། ཡང་། མངོན་མཐོའི་ཐེག་པ་གཉིས་གཅིག་ཏུ་བསྡུས། ངེས་ལེགས་ཀྱི་དེ་བཞིན་གཤེགས་པའི་ཐེག་པ་ལ་བྱང་སེམས་དང་སྔགས་གཉིས་སུ་ཕྱེས་ནས་ལྔར་བཤད་པའང་ཡོད་དེ། གསང་སྙིང་ལས། ཐེག་པ་བཞི་ཡིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས། དེ་ལ་མངོན་མཐོའི་ཐེག་པ་ནི། ལས་འབྲས་ལ་ཡིད་ཆེས་པའི་སྒོ་ནས་དགེ་མི་དགེ་བླང་དོར་མ་ནོར་བར་སྤྱད་པས་མི་དང་འདོད་ལྷའི་གོ་འཕང་ཐོབ་ནུས་པ་དེའི་ཕྱིར། གཙོ་བོའི་སྒྲས་སྨོས་ཏེ། ལྷའི་ཐེག་པ་ཞེས་གསུངས་པ་དང་། དེའི་སྟེང་དུ་འཇིག་རྟེན་པའི་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི། འདོད་ཉོན་གྱིས་གཙང་བས་ཚངས་པའི་ཐེག་པ་སྟེ། དེ་གཉིས་འཇིག་རྟེན་པའི་ཐེག་པ་ཡིན་པས་འཁོར་བ་ལས་ཁྱད་པར་དུ་འདྲེན་མི་ནུས་པའི་ཕྱིར། སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་བཟླ། །ཞེས་པ་ལས་གཞན་དུ་གྱུར་པས་ན། ཐེག་པ་དངོས་མ་ཡིན་མོད་ཀྱི། དེ་ལྟ་ནའང་ཡང་དག་པའི་ལྟ་བ་དང་ལྡན་པས་དགེ་བཅུའི་ལས་ལམ་ལ་སྤྱོད་པ་ནི། རྣམ་གྲོལ་གྱི་ཐེག་པ་ཐམས་ཅད་ཀྱི་གཞིའམ་སྔོན་དུ་འགྲོ་བ་ཡིན་པས། ལམ་སྟེགས་སུ་གྱུར་ཏེ། དགྱེས་རྡོར་ལས། དགེ་བ་བཅུ་ལས་བརྩམས་ནས་ནི། །དེ་ཡི་ཆོས་ནི་རབ་ཏུ་དབྱེ། །ཞེས་དང་། སློབ་དཔོན་སངས་རྒྱས་གསང་བས་ལམ་རིམ་དུ། གཞི་ཡི་ཐེག་པ་དང་པོར་ཞོག །ཅེས་གསུངས་ཤིང་། རིན་ཆེན་ཕྲེང་བ་ལས་ཀྱང་། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེག་ན་ཐར་པ་གམ་ན་འདུག །ཅེས་པ་ལྟར་མངོན་མཐའི་ཐེམ་སྐས་ལ་འཛེག་ནས་བགྲོད་བྱའི་གནས་ངེས་ལེགས་སམ་རྣམ་པར་གྲོལ་བའི་ཐེག་པ་དེལའང་། སྔ་འགྱུར་རང་སྐད་ཀྱི་དབང་དུ་བྱས་ན། སྤྱི་མདོ་དགོངས་པ་འདུས་པ་ལས། ལངྐའི་བདག་པོ་གཞན་ཡང་གང་། །དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུམ་དུ་སྣང་བ་ལས། རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བས་ཐེག་པ་དགུར་འགྱུར་ཏེ་ཀུན་འབྱུང་འདྲེན་པའི་ཐེག་པ་ནི། ཉན་ཐོས། རང་རྒྱལ། བྱང་སེམས་ཏེ་མཚན་ཉིད་སྡེ་གསུམ་དང་། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ནི་ཀྲི་ཡ། ཨུ་པ་ཡ། ཡོ་ག་སྟེ་ཕྱི་རྒྱུད་སྡེ་གསུམ་དང་། དབང་བསྒྱུར་ཐབས་ཀྱི་ཐེག་པ་ནི། བསྐྱེད་པ་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་ཨ་ཏི་ཡོ་ག་སྟེ་ནང་རྒྱུད་སྡེ་གསུམ་རྣམས་སུ་དབྱེར་ཡོད་ཅིང་། གསུམ་མམ་དགུར་ཕྱེ་བ་དེ་ཡང་བསྡུ་ན། ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་སྔགས་ཀྱི་ཐེག་པའོ། །ཞེས་པས་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་འདུ་ཞིང་། དེ་གཉིས་ཁྱད་པར་ནི། སྔགས་དང་སྦྱོར་བའི་བྱ་བ་གཙོ་བོར་སྟོན་པ་དང་མི་སྟོན་པའི་ཁྱད་པར་ཏེ། རབ་དབྱེ་ལས་ཀྱང་། མདོ་དང་སྔགས་ཀྱི་ཁྱད་པར་ནི། །ཆོ་གའི་བྱ་བ་ཡོད་མེད་ཡིན། །ཞེས་པའང་དོན་འདི་ལ་དགོངས་པར་སྣང་ངོ་། །འོ་ན་ཕ་རོལ་དུ་ཕྱིན་པའི་ཚུལ་ལས་སྔགས་ཀྱི་ཚུལ་གང་གིས་ཁྱད་པར་དུ་འཕགས་སྙམ་ན། དོན་གསུམ་གྱི་མདོ་ལས། སྔགས་མཆོག་ཏུ་གྱུར་པ་སྟེ། གསུམ་གང་ཞེ་ན། མྱུར་བ་དང་། བདེ་བ་དང་། ཐབས་ལ་མཁས་པའི་ཁྱད་པར་རོ། །དེ་ལ་མྱུར་བ་ནི། ཕར་ཕྱིིན་ཐེག་པས་རང་ལམ་གྱི་བྱང་ཆུབ་ཐོབ་པ་ལ་བསྐལ་པ་གྲངས་མེད་ཐོགས་མོད། སྔགས་ལས་ནི། ཀྲི་ཡས་མི་ཚེ་བདུན་ནམ་བསྐལ་པ་བརྒྱད། ཨུ་པ་ཡས་མི་ཚེ་ལྔའམ་བསྐལ་པ་གཅིག་གམ་གསུམ། ཡོ་གས་ཚེ་ལོ་བརྒྱ་པའི་མིའི་སྐྱེ་བ་གསུམ་མམ་བཅུ་དྲུག །བླ་མེད་ཀྱིས་སྐྱེ་བ་འདིའམ་བར་དོར་བྱང་ཆུབ་ཐོབ་པར་གསུངས་ཤིང་། དེ་ལྟར་མྱུར་བའི་རྒྱུ་ཡང་། སྔགས་སུ་ནི། ཆོ་གའི་ཁྱད་པར་གྱིས་ལྷ་རྣམས་དངོས་སུ་མཆོད་པ་ལེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་བླ་མའི་སྐུ་ལ་ཞུགས་ནས་སྒྲུབ་པ་པོའི་མཆོད་པ་ལེན་པ་སོགས་པས་ཡོངས་སུ་སྤྱད་པ་ལས་བྱུང་བའི་བསོད་ནམས་ཡོད་པ་དང་། སྔགས་དང་ཕྱག་རྒྱའི་མཐུས། ཆུ་ཐིག་རེ་ཡང་གངྒཱའི་རྡུལ་སྙེད་དུ་འཕེལ་བས། དེ་སྙེད་ཀྱི་བསོད་ནམས་འབྱུང་བ་དང་། མ་དག་པའི་སྣང་བ་འགོག་པའི་ཞིང་སྦྱོང་བའི་ཏིང་ངེ་འཛིན་ལས་དང་པོ་པའི་དུས་ནས་ཀྱང་མངོན་དུ་བྱེད་ནུས་པས། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་ཁྱད་པར་རེ་རེས་ཀྱང་སེམས་ཅན་མཐའ་ཡས་པ་སྨིན་པའི་རྒྱུ་ཁྱད་པར་ཅན་བྱེད་ནུས་པ་དེ་དག་སྔགས་ཀྱི་ཐེག་པ་ལ་ཞུགས་ཙམ་ཉིད་ནས་ཡོད་པའི་རྒྱུས་མྱུར་བ་ཡིན་ནོ། །གཉིས་པ་བདེ་བ་ནི། ལུས་སེམས་ལ་ཚོར་བ་རྩུབ་པོ་མེད་པ་སྟེ། དེའི་རྒྱུ་ཡང་འདི་ལས་སྐལ་པ་དྲུག་གི་ལུས་ཀྱང་ཚེགས་མེད་པ་གྲུབ་པ་དང་། རྫུ་འཕྲུལ་དང་ཏིང་ངེ་འཛིན་མང་པོ་ཐོབ་པ་དང་། སྔགས་ཀྱི་མཐུས་དེ་བཞིན་གཤེགས་པ་རྣམས་མངོན་དུ་བཞུགས་ཤིང་འགྲོ་བའི་བསམ་པ་ཐམས་ཅད་སྒྲུབ་ནུས་པའི་རྒྱུས་བདེ་བ་ཡིན་ནོ། །གསུམ་པ་ཐབས་ལ་མཁས་པ་ནི། རིག་པ་འཛིན་པ་རྣམས་དང་ཚུལ་ཁྲིམས་མཉམ་པས་ལྷ་དགྱེས་པ་དང་། སྤྱོད་ཡུལ་ཁྱད་པར་ཅན་དང་འབྲེལ་བའི་ཏིང་ངེ་འཛིན་དང་། ཤེས་རབ་རྨད་དུ་བྱུང་བས་སྣོད་བཅུད་དག་མཉམ་ཆེན་པོར་གཏན་ལ་ཕེབས་པ་དང་། སྤྱོད་ཡུལ་ཐམས་ཅད་དུ་ལྷ་དང་སྔགས་ཀྱི་ཐབས་ལ་འཇུག་ནུས་པས་ན་ཐབས་ལ་མཁས་པ་ཡིན་ནོ། །དེར་མ་ཟད་ཕ་རོལ་ཏུ་ཕྱིན་པའི་རང་ལམ་གྱིས་གྲངས་མེད་གསུམ་གྱི་ཚོགས་བསགས་པས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རྒྱལ་ཚབས་ཆེན་པོའི་གོ་འཕང་ལས་ལྷག་པ་ཐོབ་མི་ནུས་ཀྱང་། སྐབས་དེར་སྔགས་ཀྱི་ཐེག་པ་ལ་ཞུགས་ནས་རྫོགས་པའི་སངས་རྒྱས་ཐོབ་དགོས་པས་ན་སྔགས་ཀྱི་ཐེག་པ་ནི་བགྲོད་པ་གཅིག་པའི་ལམ་དུ་འགྱུར་བའི་ཕྱིར། མཐར་ཐུག་གི་ཐེག་པ་གཅིག་ཉིད་དུ་ངེས་པས་ཀྱང་འཕགས་ཏེ། སྤྱི་མདོ་དགོངས་འདུས་ལས། ཐེག་པ་དཔག་མེད་བསྟན་པ་ཡང་། །ཇི་ལྟར་མོས་པ་ཐ་དད་པས། །ཁྲིད་པར་བྱ་བའི་ཐབས་སུ་ཟད། །རྡོ་རྗེ་ཐེག་པ་ཉིད་ལས་མེད། །ཅེས་དང་། སྒྱུ་འཕྲུལ་རྩ་རྒྱུད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་དང་། སྒྱུ་འཕྲུལ་བརྒྱད་ཅུ་པ་ལས་ཀྱང་། །མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་གསུངས་པ་ཡིན་ནོ། །འོ་ན་གསང་སྔགས་རྡོ་རྗེ་ཐེག་པ་སྡེ་སྣོད་གསུམ་གང་དུ་འདུ་ཞེ་ན། དགོངས་པ་མི་མཐུན་པ་ཡང་མང་སྟེ། གང་དག་མངོན་པའི་སྡེ་སྣོད་ལས་ཕྱི་ནང་གཉིས་ལས་སྔགས་ནི་ནང་གི་མངོན་པའོ། །ཞེས་བཞེད་པ་དང་། ཟབ་མོའི་དོན་མདོར་བསྡུས་ཏེ་སྟོན་པས་ན་མདོ་སྡེའོ་ཞེས་བཞེད་པའང་ཡོད་མོད། རང་ལུགས་ནི་རིག་པ་འཛིན་པའི་སྡེ་སྣོད་ཅེས། སྡེ་སྣོད་གསུམ་ལས་ལེགས་པར་རྐང་ཐུབ་པ་གཅིག་ཏུ་བྱས་ཏེ། སྡེ་སྣོད་བཞི་པར་བཞག་ན་ལེགས་པར་མངོན་ནོ། །དེ་ལྟར་ཡང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་དང་། དཔུང་བཟང་གིས་ཞུས་པ་ལས་ཀྱང་། བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། །ཞེས་དང་། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་རྣམ་འཇོམས་ཀྱི་གཟུངས་འགྲེལ་ལས། སངས་རྒྱས་མཆོག་གིས་ཆོས་གསུངས་པ། །འདུལ་བ་མདོ་སྡེ་མངོན་པ་དང་། །རིག་པ་འཛིན་པའི་སྡེ་བཞིར་གནས། །ཞེས་གསུངས་པའི་ཕྱིར། རྡོ་རྗེ་ཐེག་པའི་སྡེ་སྣོད་དང་། རིག་པ་འཛིན་པའི་སྡེ་སྣོད་དང་། སྔགས་ཀྱི་སྡེ་སྣོད་དང་། སྡེ་སྣོད་བཞི་པ་དང་། ཆོས་འདི་པ་རྣམས་ཀྱི་རྒྱུད་ཅེས་པ་རྣམས་མིང་གི་རྣམ་གྲངས་སོ། །དེ་ལ་སྔགས་ཀྱི་མཚན་གཞི་ནི། སྦྱང་གཞི་དབྱིངས་རང་བཞིན་གྱིས་རྣམ་པ་དག་པ་དང་། དེ་ལ་བརྟེན་པའི་ཆོས་སྦྱང་བྱ་སྦྱོང་བྱེད་དང་བཅས་པ་ཐམས་ཅད་ཡིན་ཞིང་། དེ་ཡང་སྦྱང་གཞི་ལ་བརྟེན་པའི་སྦྱང་བྱ་གློ་བུར་གྱི་དྲི་མ་རྣམས། དབང་གིས་རྒྱུད་སྨིན་པར་བྱས་ནས། དེ་དང་རྗེས་སུ་འབྲེལ་བའི་སྒོ་ནས་ལམ་བསྒོམ་པ་དང་། དེས་བྲལ་ཐོབ་ཀྱི་ཡོན་ཏན་གྱི་ཆར་གཏོགས་པ་རྣམས་སྦྱོང་བྱེད་ཡིན་ནོ། །དེ་ལྟར་སྦྱངས་པས་དབྱིངས་ལ་སྒྲིབ་བྱེད་ཀྱི་དྲི་མ་ཕྲ་རགས་ཐམས་ཅད་དག་ནས། གཞིའི་ཡོན་ཏན་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་ནི་འབྲས་བུ་སྟེ། དེ་སྐད་དུའང་གསང་བ་གྲུབ་པ་ལས། དབྱིངས་ལ་བྲལ་བ་དག་ཐོབ་འབྲས། །གསང་སྔགས་རྣམ་པ་བཞིར་བཤད་དེ། །ཞེས་སོ། །སྔགས་ཀྱི་མཚན་ཉིད་ནི། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དང་། རྗོད་བྱེད་ཐུགས་རྡོ་རྗེའི་གསང་བ་འཁོར་དང་བཅས་པ་སྟེ། རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་པ། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །ཞེས་སོ། །སྔགས་ཀྱི་ངེས་ཚིག་ནི། མནྟྲ་ཞེས་པའི་སྒྲ་ལས་དྲངས་ན། ཡིད་ཤེས་བདེ་མྱུར་དུ་སྐྱོབ་པས་ན་སྔགས་ཏེ། གསང་འདུས་ཀྱི་རྒྱུད་ཕྱི་མ་ལས། མ་ན་ཡིད་ཅེས་བྱ་བ་སྟེ། །ཏྲ་ནི་སྐྱོབ་པར་བྱ་བའི་དོན། །ཞེས་སོ། །གསང་སྔགས་ཀྱི་དབྱེ་བ་ནི། གསར་རྙིང་ཐུན་མོང་གི་བཞེད་པའི་དབང་དུ་བྱས་ན་བཞིར་བཟུང་སྟེ། རྡོ་རྗེ་སྙིང་པོ་བཀོད་པའི་རྒྱུད་ལས། བདེ་བར་གཤེགས་པས་དགོངས་པའི་རྒྱུད། །རྣམ་པ་བཞི་རུ་ཡང་དག་བཤད། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ཞེས་གསུངས། དེ་ཡང་བཞིར་འབྱེད་པའི་རྒྱུ་མཚན་ནི་ལྔ་ལས། དང་པོ་མི་རིགས་བཞིའི་སྤྱོད་པ་ལ་དགོངས་ནས། དེ་འདུལ་བའི་ཕྱིར་བཞིར་གསུངས་ཏེ། དུར་ཁྲོད་རྒྱན་གྱི་རྒྱུད་ལས། བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང་། །རྨངས་རིགས་གདོལ་པ་འདུལ་དོན་དུ། །རྒྱུད་ནི་རྣམ་པ་བཞིར་གསུངས་ཏེ། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ཞེས་གསུངས། གཉིས་པ་གང་ཟག་གི་བློ་རིགས་བཞི་ལ་དགོངས་ནས་ཀྱང་བཞིར་གསུངས་ཏེ། བསམ་གཏན་ཕྱི་མ་ལས། སེམས་ཅན་དམན་ལ་བྱ་བའི་རྒྱུད། །དེ་ལྷག་རྣམས་ལ་སྤྱོད་པའི་རྒྱུད། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །དེ་ལྷག་རྣམས་ལ་བླ་མེད་རྒྱུད། །ཅེས་གསུངས། གསུམ་པ་རྫོགས་ལྡན་ལ་སོགས་པའི་དུས་བཞི་ལ་དགོངས་ནས་ཀྱང་བཞིར་གསུངས་ཏེ། དཔལ་ཕྲེང་དམ་པའི་རྒྱུད་ལས། གསང་སྔགས་བྱུང་ཚུལ་རྣམ་བཞི་སྟེ། །བསྐལ་པ་རྫོགས་ལྡན་གསུམ་ལྡན་གཉིས། །རྩོད་དུས་རྒྱུད་ཀྱང་དེ་བཞིན་དུ། །གདུལ་བྱའི་ངོ་ལ་སྣང་བ་ཡིན། །ཞེས་གསུངས། བཞི་པ་སྦྱང་གཞི་འདོད་ཆགས་ཀྱི་འཇུག་ཚུལ་བཞི་ལ་དགོངས་ནས་ཀྱང་བཞིར་གསུངས་ཏེ། བརྟག་གཉིས་ལས། བལྟས་དང་དགོད་དང་ལག་བཅང་དང་། །འཁྱུད་དང་གཉིས་སྤྲོད་ལ་སོགས་པའི། །རྒྱུད་ཀྱང་རྣམ་པ་བཞིར་གསུངས་སོ། །ཞེས་གསུངས། ལྔ་པ་ལྷ་བཞིའི་རྗེས་སུ་འཇུག་པའི་ཕྱིན་ཅི་ལོག་བཞི་དྲངས་པ་ལ་དགོངས་ནས་ཀྱང་བཞིར་གསུངས་ཏེ། གཏི་མུག་ཅན་ཚངས་པ་གཙང་སྦྲ་ཆོས་སུ་སྨྲ་བ་རྗེས་སུ་འཛིན་པའི་ཕྱིར་བྱ་བའི་རྒྱུད། ཞེ་སྡང་ཅན་ཁྱབ་འཇུག་འཚེ་བ་ཆོས་སུ་སྨྲ་བ་རྗེས་སུ་འཛིན་པའི་ཕྱིར་སྤྱོད་རྒྱུད། ང་རྒྱལ་ཅན་བརྒྱ་བྱིན་འབྱོར་པ་ཆོས་སུ་སྨྲ་བ་རྗེས་སུ་འཛིན་པའི་ཕྱིར་རྣལ་འབྱོར་རྒྱུད། འདོད་ཆགས་ཅན་དབང་ཕྱུག་འདོད་ཆགས་ཆོས་སུ་སྨྲ་བ་རྗེས་སུ་འཛིན་པའི་ཕྱིར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་གསུངས་པ་ཡིན་ལ། དེ་རྣམས་བརྗོད་བྱ་རྗོད་བྱེད་སོགས་རེ་རེ་ནས་གཏན་ལ་ཕབ་ན་མཐའ་ཡས་པར་འགྱུར་པའི་ཕྱིར་རེ་ཞིག་དེ་ཙམ་བྱས་ནས། འདིར་སྐབས་སུ་བབ་པ་ནི། ཞེས་འགྲེས་སྦྱར་ནས། བྱ་རྒྱུད་ཀྱི་དབང་རྗེས་གནང་ལྟ་བུ་ཡིན་ན་འདི་སྐད་ཅེས། ཀྲི་ཡ་ཞེས་པའི་སྒྲ་ལས་དྲངས་ན་བྱ་བའི་རྒྱུད་དེ། བསམ་གཏན་ཕྱི་མའི་འགྲེལ་པ་ལས། རྒྱུད་འདི་ནི་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པས་བྱ་བའི་རྒྱུད་དོ། །ཞེས་གསུངས་ཤིང་། ངོ་བོ་ནི། དོན་དམ་པ་མཐའ་བཞི་དང་བྲལ་བའི་རྟོགས་པས། ཀུན་རྫོབ་ཏུ་དངོས་གྲུབ་གཞན་ལ་རེ་ཞིང་རྩོལ་བའི་ཐབས་སུ་གྱུར་པ་སྟེ། སློབ་དཔོན་སངས་རྒྱས་གསང་བས་སྒྱུ་འཕྲུལ་ལམ་རིམ་དུ། གཉིས་མེད་མཉམ་པ་མ་ཤེས་པས། །དོན་དམ་དག་པ་ཆོས་ཉིད་ཙམ། །ཡེ་ཤེས་བཞི་ཡོན་ཀུན་རྫོབ་ལྷ། །རེས་བསྒོམ་བྱ་བ་ལས་ཀྱིས། །ཞེས་གསུངས། དེ་ཇི་ལྟར་ཉམས་སུ་ལེན་ཚུལ་ནི། ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དང་། །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་པས་ཆུ་དང་ཅོད་པན་གྱི་དབང་ཙམ་བསྐུར་བས་རྒྱུད་སྣོད་རུང་དུ་བསྒྲུབས་ནས། དཀའ་ཐུབ་དང་གཙང་སྦྲའི་སྤྱོད་པ་ལ་གནས་པས། མདུན་བསྐྱེད་ཀྱི་ལྷ་སྤྱན་དྲངས་པ་ལ་མཆོད་ཅིང་། དམ་ཚིག་གི་ཕྱག་རྒྱས་བཏབ། བཟླས་པས་ཐུགས་བརྒྱུད་བསྐུལ་བའི་བསྙེན་པ་རྣམས་ལྷ་དང་མི་དང་རྗེ་ཁོལ་གྱི་ཚུལ་དུ་བལྟས་ནས་དངོས་གྲུབ་ལེན་པ་སྟེ། རིག་པ་ཐམས་ཅད་ཀྱི་དངོས་གྲུབ་ལེན་པའི་རྒྱུད་ལས། རྗེ་དཔོན་རྒྱལ་པོའི་སྐུར་བལྟས་ལ། །རང་ཉིད་བྲན་གྱི་འདུ་ཤེས་ཀྱིས། །སྔགས་སྒྲུབ་དངོས་གྲུབ་སྙིང་པོ་ནི། །བླ་ན་མེད་པའི་མཆོག་ཏུ་བླང་། །ཞེས་གསུངས། འདིའི་རང་ལམ་གྱིས་དབང་པོ་རྣོ་བ་ནི་མི་ཚེ་བདུན་ནམ། ཇི་ལྟར་འགྱང་ནའང་བསྐལ་པ་ཆེན་པོ་བརྒྱད་ནས་བྱང་ཆུབ་ཐོབ་པར་བཞེད་པ་ཡིན་ནོ། །དེ་ཡང་བྱ་བའི་རྒྱུད་ལ་དབྱེ་ན་རིགས་དྲུག །དེ་ལ་གཙོ་བོའི་རིགས་གསུམ་ནི། དེ་བཞིན་གཤེགས་པའི་རིགས་དང་། །པདྨའི་རིགས། རྡོ་རྗེའི་རིགས་སོ། །ཕལ་པའི་རིགས་གསུམ་ནི། ནོར་ཅན་གྱི་རིགས། ལྔས་ཙན་ནམ་རྒྱས་པའི་རིགས། འཇིག་རྟེན་པའི་རིགས་རྣམས་ཏེ་དྲུག་ལས། དེ་བཞིན་རིགས་ཀྱི་སྐབས་ཡིན་ལ། འདིར་དེ་བཞིན་གཤེགས་པའི་རིགས་ལ་བརྒྱད་དེ། རིགས་ཀྱི་གཙོ་བོ་དང་། རིགས་ཀྱི་བདག་པོའི་རིགས་ཀྱི་འཁོར་ལོས་སྒྱུར་བ་དང་། རིགས་ཀྱི་ཡུམ་དང་། རིགས་ཀྱི་གཙུག་ཏོར་དང་། རིགས་ཀྱི་ཁྲོ་བོ་ཁྲོ་མོ་དང་། རིགས་ཀྱི་ཕོ་ཉ་མོ་དང་། རིགས་ཀྱི་སེམས་དཔའ་དང་། རིགས་ཀྱི་འཇིག་རྟེན་དང་བརྒྱད་ལས། འདིར་རིགས་ཀྱི་གཙོ་བོའི་རྒྱུད་ཐུབ་པ་དམ་ཚིག་གསུམ་བཀོད་དང་། རིགས་ཀྱི་བདག་པོའི་རྒྱུད་འཇམ་དཔལ་དབྱངས་འདི་ཞེས་བྱ་བའི་རིག་གཏད་དམ། རྗེས་གནང་ངམ། དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བསྒྲུབ་པར་བྱེད་པ་སྐབས་སུ་བབ་པ་ཡིན། དེ་ཡང་རྡོ་རྗེ་སློབ་དཔོན་གྱི་བགྱི་འོས་རྣམས་ཆད་ལྷག་མེད་པ་སྔོན་དུ་སོང་གྲུབ་པས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། བླ་མ་དང་ལྷག་པའི་ལྷ་དབྱེར་མ་མཆིས་པའི་དྲུང་དུ་རིག་གཏད་དམ། རྗེས་གནང་ངམ། དཀྱིལ་འཁོར་དུ་འཇུག་པའམ། དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་པའི་སྒྱུར་ཚུལ་རྣམས་འོག་མ་རྣམས་ལ་འགྲེ་ཤེས་པར་བྱའོ། ༈ །ཡང་བྱ་རྒྱུད་པད་རིགས་ལ་མཚོན་ན། འདིར་པདྨའི་རིགས་ལ་ལྔ་སྟེ། རིགས་ཀྱི་གཙོ་བོ་དང་། རིགས་ཀྱི་བདག་པོ་དང་། རིགས་ཀྱི་ཡུམ་དང་། རིགས་ཀྱི་ཁྲོ་བོ་དང་ཁྲོ་མོ་དང་། རིགས་ཀྱི་བཀའ་ཉན་ཕོ་མོ་དང་ལྔ་ལས། འདིར་རིགས་ཀྱི་གཙོ་བོའི་རྒྱུད་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའམ། རིགས་ཀྱི་བདག་པོའི་རྒྱུད་འཕགས་པ་སྤྱན་རས་གཟིགས་འདི་ཞེས་བྱ་བའི་རྒྱུད་རིག་གཏད་དམ། རྗེས་གནང་། སོགས་སྔར་བཞིན་ནོ། ༈ །ཡང་རྡོ་རྗེའི་རིགས་ལ་མཚོན་ན། འདིར་རྡོ་རྗེའི་རིགས་ལ་ལྔ་སྟེ། རིགས་ཀྱི་གཙོ་བོ་དང་། རིགས་ཀྱི་བདག་པོ་དང་། རིགས་ཀྱི་ཡུམ་དང་། རིགས་ཀྱི་ཁྲོ་བོ་དང་ཁྲོ་མོ་དང་། རིགས་ཀྱི་བཀའ་ཉན་ཕོ་ཉ་ཕྱག་བརྙན་དང་ལྔ་ལས། འདིར་རིགས་ཀྱི་གཙོ་བོའི་རྒྱུད་མི་འཁྲུགས་པའམ། རིགས་ཀྱི་བདག་པོའི་རྒྱུད་ཕྱག་ན་རྡོ་རྗེའམ། རྡོ་རྗེ་རྣམ་པར་འཇོམས་པ་འདི་ཞེས་བྱ་བའི་རིག་གཏད་དམ། སོགས་སྔར་ལྟར་རོ། །དེ་ཙམ་གྱིས་མཚོན་པར་བྱས་ནས་བྱ་རྒྱུད་ཀྱི་རིགས་ལྷག་མ་རྣམས་ལའང་སྦྱོར་ཤེས་པར་བྱའོ། ༈ །ཡང་གཉིས་ཀའི་རྒྱུད་དམ་སྤྱོད་རྒྱུད་ཀྱི་དབང་རྗེས་གནང་ལྟ་བུ་ཡིན་ན། འདིར་སྐབས་སུ་བབ་པ་ནི། ཞེས་པའི་མཇུག་ཏུ། ཨུ་པ་ཡ་ཞེས་པའི་སྒྲ་ལས་དྲངས་ན་གཉིས་ཀའམ་སྤྱོད་པའི་རྒྱུད་དེ། རང་ཤར་ལས། ལྟ་བ་ཡོ་གར་ལྟ་བ་ལ། །སྤྱོད་པ་ཀྲི་ཡར་སྤྱོད་པའོ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། །ཞེས་དང་། རྣམ་སྣང་མངོན་བྱང་གི་དོན་བསྡུས་ལས། རྒྱུད་འདི་ནི་ལུས་ངག་གི་བྱ་བ་དང་། ཏིང་ངེ་འཛིན་གཉིས་ཀ་སྤྱོད་པས་སྤྱོད་པའི་རྒྱུད་དོ། །ཞེས་གསུངས་ཤིང་། ངོ་བོ་ནི། ལྟ་སྒོམ་ཡོ་ག་དང་སྤྱོད་པ་བྱ་བ་དང་ཆ་འདྲར་སྤྱོད་པས་དངོས་གྲུབ་སྒྲུབ་པའི་ཐབས་སུ་གྱུར་པ་སྟེ། ལྟ་ཕྲེང་ལས། གཉིས་ཀ་ལ་བརྟེན་པ་ལས་གྲུབ་པའོ། །ཞེས་གསུངས། དེ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ནི། ཡེ་ཤེས་ཐིག་ལེ་ལས། རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་དུ་རབ་ཏུ་གསལ། །ཞེས་ཆུ་ཅོད་པན་གྱི་སྟེང་དུ། ཕྱག་མཚན་རྡོར་དྲིལ་དང་། མིང་དབང་རྣམས་བསྐུར་བས་སྣོད་རུང་དུ་བྱས་ནས་སྤྱོད་པ་ཕལ་ཆེར་བྱ་བ་དང་འདྲ་བ་ལས། ལྟ་སྒོམ་ཡོ་ག་དང་མཐུན་པས་ཉམས་ལེན་གྱི་ཚེ་ཡང་། བདག་དམ་ཚིག་པ་དང་ལྷ་ཡེ་ཤེས་པ་སྤུན་ནམ་གྲོགས་པོའི་ཚུལ་དུ་བཟང་ངན་མེད་པར་བལྟས་ཏེ། མཆོད་བསྟོད་བཟླས་པ་ལ་སོགས་པའི་སྒོ་ནས་དངོས་གྲུབ་ལེན་པ་ཡིན་ནོ། །དེ་ལྟར་ཡང་ལྟ་རིམ་ལས། གཉིས་ཀའི་རྒྱུད་ཀྱི་འདོད་པ་ནི། །ལྟ་སྤྱོད་གོང་འོག་རྗེས་སུ་མཐུན། །ཞེས་གསུངས་ཤིང་། དེ་ཡང་སྒོམ་པ་ཡོ་ག་དང་རྗེས་སུ་མཐུན་རྒྱུ་ནི། ཡོ་ག་དམ་ཡེ་གཉིས་ཕན་ཚུན་གྲོགས་པོ་ལྟ་སྤྱོད་རྒྱུད་དང་ཐུན་མོང་བ་དང་། ཐུན་མིན་དམ་ཡེ་གཉིས་མེད་དུ་བྱེད་པ་གཉིས་ལས། འདིར་དང་པོ་སྟེ། རང་ཤར་ལས། ལྷ་དང་རྣལ་འབྱོར་བདག་ཉིད་ཀྱང་། །སྤུན་དང་གྲོགས་པོའི་ཚུལ་དུ་འདོད། །ཅེས་ཡོ་གའི་འདོད་གཞུང་འཆད་པའི་ཚེ་གསུངས་པ་ལྟར་རོ། །དེ་ལྟར་འབད་པས་དབང་པོ་ཡང་རབ་མི་ཚེ་ལྔའམ། འགྱང་ནའང་བསྐལ་པ་གཅིག་གམ་གསུམ་གྱིས་རང་འབྲས་ཐོབ་པར་བཞེད་པ་ཡིན། དེ་ཡང་སྤྱོད་པའི་རྒྱུད་ལ་དབྱེ་ན། སྐུ་གསུང་ཐུགས་ཀྱི་རིགས་གསུམ་ལས། འདིར་སྐུའི་རིགས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ། འཕགས་པ་མི་གཡོ་བ་འདི་ཞེས་བྱ་བའི་རྗེས་གནང་ངམ། ཞེས་སོགས་དང་། ཐུགས་ཀྱི་རིགས་ཕྱག་ན་རྡོ་རྗེ་འདི་ཞེས་བྱ་བའི། སོགས་འགྲེའོ། ༈ །ཡང་རྣལ་འབྱོར་གྱི་རྒྱུད་ཀྱི་དབང་ལྟ་བུ་ཡིན་ན། འདིར་སྐབས་སུ་བབ་པ་ནི། ཞེས་པའི་རྗེས་སུ། ཡོ་ག་ཞེས་པའི་སྒྲ་ལས་དྲངས་ན། ནང་གི་རྣལ་འབྱོར་གཙོ་བོར་བྱེད་པའི་སྒོ་ནས་སྟོན་པས་ན་རྣལ་འབྱོར་རྒྱུད་ཅེས་བྱ་སྟེ། དེ་ཁོ་ན་ཉིད་སྣང་བའི་དོན་བསྡུས་ལས། རྒྱུད་འདི་ནི་ཏིང་ངེ་འཛིན་གཙོ་བོར་སྟོན་པས་རྣལ་འབྱོར་གྱི་རྒྱུད་དོ། །ཞེས་གསུངས་ཤིང་། ངོ་བོ་ནི། དོན་དམ་མཚན་མ་མེད་པའི་ཆོས་ཉིད་ཀྱིི་བྱིན་རླབས་ཀུན་རྫོབ་ལྷར་བཏགས་ཏེ། རྟོག་པ་བཟང་ངན་བླང་དོར་གྱི་རྩོལ་བས་འབྲས་བུ་བསྒྲུབ་པ་སྟེ། སངས་རྒྱས་གསང་བའི་ལམ་རིམ་ལས། ལྷུན་གྲུབ་མཉམ་པ་མ་མཐོང་བས། །ཆོས་ཀུན་རྣམ་དག་ཡེ་ཤེས་ཀྱིས། །བྱིན་རླབས་རྡོ་རྗེ་དབྱིངས་སྤྲུལ་པ། །བླང་དོར་ཕྱེད་པ་རྣལ་འབྱོར་རོ། །ཞེས་གསུངས། དེ་ཇི་ལྟར་ཉམས་སུ་ལེན་ཚུལ་ནི། །ཡེ་ཤེས་ཐིག་ལེ་ལས། ཕྱིར་མི་ལྡོག་པ་བུམ་པའི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་པའི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །ཞེས་ཆུ་ཅོད་པན། རྡོར་དྲིལ། མིང་དབང་། བརྟུལ་ཞུགས། རྡོ་རྗེ་སློབ་དཔོན་གྱི་དབང་། རྗེས་གནང་སོགས་མཐའ་བརྟེན་དང་བཅས་པ་བསྐུར་བས་སྣོད་རུང་དུ་བྱས་ནས། བདག་བསྐྱེད་དཀྱིལ་འཁོར་གྱི་འཁོར་ལོ་ཕྱག་རྒྱ་བཞིའི་རྒྱས་བཏབ་ནས་བསྒོམ་ཞིང་། ཐུན་མཐར་ཕྱག་རྒྱ་བཀྲོལ་ནས་གཤེགས་སུ་གསོལ། དེ་ཡང་མངོན་བྱང་ལྔ་དང་ཆོ་འཕྲུལ་བཞིའི་སྒོ་ནས་ལྷའི་རྣལ་འབྱོར་ཕྱག་རྒྱ་བཞི་ལྡན་དུ་བསྒོམ་ཞིང་། ཡོ་ག་ཁྱད་པར་བ་ལ་སྤྱོད་རྒྱུད་དང་ཐུན་མོང་མ་ཡིན་པའི་དམ་ཡེ་གཉིས་མེད་དུ་བྱས་ནས་དངོས་གྲུབ་ལེན་པ་སྟེ། རྡོ་རྗེ་འབྱུང་བ་ལས། གཉིས་སུ་མེད་པའི་ཆོས་ཉིད་ངང་། །བླ་མེད་དངོས་གྲུབ་དམ་པ་བླང་། །ཞེས་གསུངས། དེ་ལྟར་འབད་པས་ཚེ་ལོ་བརྒྱ་པའི་མིའི་སྐྱེ་བ་གསུམ་མམ། ཐ་ནའང་བཅུ་དྲུག་གི་ཡུན་ཚད་ཙམ་ལ་དབང་པོ་རྣོ་ཤོས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་ཅིང་། དེའི་ཡུན་ཚད་ཉིས་འགྱུར་གྱིས་ས་བཅུ་པ་ལ་སྦྱོར་བ་ཡིན་གསུངས། དེ་ཡང་ཡོ་གའི་རྒྱུད་ལ་དབྱེ་ན། རྩ་རྒྱུད་དེ་ཉིད་འདུས་པ། བཤད་རྒྱུད་རྩེ་མོ་དང་དཔལ་མཆོག །ཆ་མཐུན་གྱི་རྒྱུད་ངན་སོང་སྦྱོང་བ་སོགས་དང་། ཐབས་ཤེས་ཀྱི་སྒོ་ནས་ཕྱེ་ན། ཕ་རྒྱུད་དེ་ཉིད་འདུས་པ་དང་རྩེ་མོ་སོགས། མ་རྒྱུད་དཔལ་མཆོག་དང་པོ་དང་རྡོ་རྗེ་སྙིང་རྒྱན་སོགས་ཡོད་པ་ལས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་སོགས། ཞེས་སམ། ཆ་མཐུན་གྱི་རྒྱུད་ངན་སོང་ཐམས་ཅད་ཡོངས་སུ་སྤྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ། ཞེས་སམ། ངན་སོང་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་བརྟག་པ་ཕྱོགས་གཅིག་པ་ལས་བྱུང་བ་གཙུག་དགུའི་དཀྱིལ་འཁོར་དུ། ཞེས་སོགས་འགྲེའོ། ༈ །ཡང་རྣལ་འབྱོར་བླ་མེད་ཀྱི་སྐབས་ཡིན་ན། འདིར་སྐབས་སུ་བབ་པ་ནི། ཞེས་པའི་རྗེས་སུ། མ་ཧཱ་ཡོ་ག་ཞེས་པའི་སྒྲ་ལས་དྲངས་ན་རྣལ་འབྱོར་ཆེན་པོ་སྟེ། གཉིས་མེད་ཀྱི་དོན་ལ་བློ་འབྱོར་པས། ཡོ་ག་ཕྱི་མ་ལས་ཆེས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །ངོ་བོ་ནི། བསྐྱེད་རྫོགས་ཟུང་འཇུག་གི་སྒོ་ནས་འཁོར་འདས་མཉམ་ཉིད་ཀྱི་དོན་ལ་རྟོགས་གོམས་ཀྱི་སྦྱོར་བས་གྲོལ་བ་ཐོབ་པའི་རང་བཞིན་ནོ། །འདི་ནི་ཐེག་པ་འོག་མ་རྣམས་ཀུན་རྫོབ་རྫས་ཡོད་དང་བཏགས་ཡོད་དུ་བཟུང་ནས་བཟང་ངན་བླང་དོར་དུ་བལྟ་བ་ལས་འཕགས་ཏེ། འདིར་ཆོས་རྣམས་ལ་མི་གཉིས་ཀྱི་བསམ་སྤྱོད་དང་ལྡན་པས། འབྲས་བུའི་ངོ་བོར་སྣང་སྟོང་ཟུང་འཇུག་གི་ཆོས་སྐུར་རྟོགས་པར་བྱས་ནས། དེ་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པའི་ཕྱིར་ཏེ། སློབ་དཔོན་སངས་རྒྱས་གསང་བས། ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས། དེ་ཇི་ལྟར་ཉམས་སུ་ལེན་པའི་ཁྱད་པར་ཡང་། ཡེ་ཤེས་ཐིག་ལེ་ལས། རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དང་། སྒྱུ་འཕྲུལ་རྩ་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་བུམ་དབང་གི་སྟེང་དུ། ཐུན་མོང་མ་ཡིན་པ་མཆོག་དབང་གོང་མ་གསུམ་བསྣན་ནས་བཞི་བསྐུར་བས་སྣོད་རུང་དུ་བྱས་ནས། ལམ་བསྐྱེད་རིམ་མ་དག་པའི་སྣང་བ་དབྱིངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་ཞིང་། དབང་དང་བསྐྱེད་རིམ་གཉིས་ཀ་ལ་ཡང་འབྲས་བུའི་བཞུགས་ཚུལ་དང་། རྣམ་པ་མཐུན་པའི་ལམ་དུ་བྱེད་ཚུལ་དང་། མར་འཁོར་བ་དང་རྣམ་པ་མཐུན་པའི་དྲི་མ་སྦྱོང་ཚུལ་ཏེ། སྦྱོང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་རྣམས་ཞིབ་མོར་སྦྱོར། ཐུན་མཚམས་སུ་ཡང་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་བསྒོམ། རྫོགས་རིམ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་ཐབས་ཀྱིས། སེམས་དང་། ཡིད་དང་། རླུང་རྣམས་དབུ་མར་ཐིིམ་པས་མངོན་དུ་གྱུར་པའི་བདེ་སྟོང་ཟུང་འཇུག་འགྲུབ། སྤྱོད་པ་རྣམ་པ་གསུམ་གྱི་ཉེ་རྒྱུས་འབྲས་བུ་ལ་སྦྱོར་བར་བཞེད། དེ་ཡང་བསམ་པའི་སྟོབས་ཆེ་བ་གཅིག་གིས་འབད་པས་བསྒོམ་ན། ཚེ་ལོ་བརྒྱ་བའི་ཚེ་གང་གཅིག་གི་ཡུན་ལ་ལོ་གཞན་ལ་མ་ལྟོས་པར་འཚང་རྒྱ་ནུས་པར་གསུངས། དེ་ལྟ་བུའི་རྣལ་འབྱོར་བླ་ན་མེད་པ་ལ་དབྱེ་ན། གངས་ཅན་ལྗོངས་འདིར་གསང་སྔགས་གསར་རྙིང་ལུགས་སྲོལ་གཉིས་བྱུང་། དེ་གཉིས་ཀྱི་ཁྱད་པར་ནི། ལོ་ཙཱ་བ་རིན་ཆེན་བཟང་པོ་མ་བྱོན་གོང་དུ་འགྱུར་བའི་མདོ་རྒྱུད་རྣམས་སྔ་འགྱུར་དང་། དེ་ཕྱིན་འགྱུར་བ་རྣམས་གསར་མ་ཡིན་ཞེས་བཞེད་དེ། གཙོ་ཆེའི་དབང་དུ་བྱས་ནས་གསུངས་པ་ཡིན། ཞེས་འགྲེས་བསླངས་ནས། གསར་མའི་སྐབས་ཡིན་ན། དེ་ལྟར་གསར་རྙིང་གཉིས་ལས། འདི་གསར་མ། དེའང་རྡོ་རྗེ་གུར་ལས། སྐྱེས་པ་རྣམས་ནི་གདུལ་བྱའི་ཕྱིར། །རྣལ་འབྱོར་ཕ་ཡི་རྒྱུད་བསྟན་ཅིང་། །བཙུན་མོ་རྣམས་ནི་དགའ་བྱའི་ཕྱིར། །ཕྱི་ནས་རྣལ་འབྱོར་མ་རྒྱུད་གསུངས། །ཞེས་དང་། འཇམ་དཔལ་སྒྱུ་དྲྭ་ལས། གཉིས་མེད་གཉིས་སུ་མེད་པར་སྟོན། །ཞེས་པས་གསུམ་སྟེ། ཐབས་ཕ་ཡི་རྒྱུད། ཤེས་རབ་མའི་རྒྱུད། གཉིས་སུ་མེད་པའི་སྙིང་པོ་དོན་གྱི་རྒྱུད་དང་གསུམ། དེ་རྣམས་ཀྱི་ཁྱད་པར་ནི། དཀྱིལ་འཁོར་གང་དུ་ལྷ་ཕོའི་རྣམ་པ་མང་ཞིང་དར་རས་རིན་པོ་ཆེའི་རྒྱན་ཅན་སོགས་ཡབ་ཀྱི་ལྷ་སྔགས་ཆོ་ག་ཉིད་རྩལ་འདོན་དུ་བྱུང་ན་ཕ་རྒྱུད། གང་དུ་ལྷ་མོའི་རྣམ་པ་མང་ཞིང་གཅེར་བུར་རུས་པའི་རྒྱན་ཅན་སོགས་དང་ཡུམ་གྱི་ལྷ་སྔགས་ཆོ་ག་སོགས་རྩལ་འདོན་དུ་བྱུང་ན་མ་རྒྱུད། ཡང་ཐབས་ཀྱི་དེ་ཁོ་ན་ཉིད་རྒྱ་ཆེ་བར་སྟོན་པ་ཕ་རྒྱུད། ཤེས་རབ་ཀྱི་དེ་ཁོ་ན་ཉིད་ཟབ་པར་སྟོན་པ་མ་རྒྱུད། དེ་དག་ཆ་མཉམ་པར་སྟོན་ན་གཉིས་མེད་དོ། །ཞེས་གསུངས་ཀྱང་གཙོ་བོར་ནི་བླ་མེད་ཀྱི་ཐུན་མོང་མ་ཡིན་པ་མཆོག་དབང་གོང་མ་གསུམ་གྱི་ཉམས་ལེན་གང་རྩལ་དུ་བཏོན་ནས་ཉམས་སུ་ལེན་པས་བཞག་པ་ཉིད་ལེགས་པར་སྣང་སྟེ། དེས་ན་གང་དུ་གསང་དབང་གི་ལམ་སྟེང་སྒོ་རླུང་གི་རྣལ་འབྱོར་གཙོ་བོར་སྟོན་པ་ཕ་རྒྱུད། གང་དུ་ཤེས་རབ་ཡེ་ཤེས་ཀྱི་ལམ་འོག་སྒོ་ལས་རྒྱའི་རྣལ་འབྱོར་གཙོ་བོར་སྟོན་པ་མ་རྒྱུད། གང་དུ་དབང་བཞི་པའི་ལམ་ཕྱག་རྫོགས་ཀྱི་རྣལ་འབྱོར་གཙོ་བོར་སྟོན་པ་གཉིས་མེད་ཀྱི་རྒྱུད་དོ། །དེ་གསུམ་གྱི་མཚན་གཞི་ཡང་། ཕ་རྒྱུད་གསང་འདུས་དང་དམར་ནག་འཇིགས་གསུམ་སོགས། མ་རྒྱུད་མཉམ་སྦྱོར། བདེ་མཆོག །མ་ཧཱ་མཱ་ཡ་སོགས། གཉིས་མེད་ཀྱི་རྒྱུད་དུས་ཀྱི་འཁོར་ལོ་ལ་སོགས་པའོ། །བདག་ཉིད་ཆེན་པོ་ས་སྐྱ་པ་ནི་ཀྱེ་རྡོར་གྱི་རྒྱུད་ཀྱང་གཉིས་མེད་ཀྱི་རྒྱུད་དུ་འཛིན་ཅིང་། བཅོམ་ལྡན་རལ་གྲིས་ནི། གུར་ནས་མ་རྒྱུད་བཅུ་བཞིའི་ནང་དུ་དྲངས་པ་དང་། རྣལ་འབྱོར་མ་རྒྱུད་ཀྱེ་རྡོ་རྗེ། །ཞེས་སོགས་ཀྱིས་གནོད་པས་མ་རྒྱུད་དུ་འཐད་ཅེས་གསུངས་པའང་སྣང་། ཕ་རྒྱུད་འདུས་པ་ལྟ་བུ་ལ་དཔེར་མཚོན་ན། དེ་ལས་འདིར་སྒྲོན་མ་གསལ་བར། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གང་གསུངས་པ། །དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། །དེ་བས་འདི་ནི་རྒྱུད་ཀུན་རྩེ། །ཞེས་མདོ་སྡེ་དང་རྒྱུད་ཐམས་ཅད་ཀྱི་སྣོད་དང་རྩ་བར་གསུངས་པ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ། ཞེས་པ་ལྟ་བུའི་སོ་སོའི་ཆེ་བ་རེ་བརྗོད་ནས། འདི་དང་འདི་ཞེས་བྱ་བའི་དཀྱིལ་འཁོར་དུ་ཞེས། ཕ་རྒྱུད། མ་རྒྱུད། གཉིས་མེད་ཀྱི་རྒྱུད་ཐམས་ཅད་ལ་རིགས་འགྲེ་ཤེས་པར་བྱ་ཞིང་། དེ་དག་ལ་ལྷག་གནས་དང་། འཇུག་པ་སོགས་སྐབས་ཐོབ་ཕྱེད་པར་བྱ། ཡང་དབང་བཞིའི་དོན་ཚང་ཡང་དབང་གི་ཆོ་ག་དངོས་མ་ཡིན་ཅིང་། ཆོ་གའི་རིམ་པ་ཤིན་ཏུ་ཟོར་ཡང་བ་རྣམས་བྱིན་རླབས་ཞེས་གྲགས་པ་ལྟར། བྱིན་རླབས་དང་། སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སོགས་སྐབས་བབ་ཀྱིས་བསྒྱུར་བའི་འཕྲུལ་ཞེས་པར་བྱའོ། ༈ །ཡང་གསང་སྔགས་རྙིང་མའི་སྐབས་ཡིན་ན། གཙོ་ཆེའི་དབང་དུ་བྱས་ནས་གསུངས་པ་ཡིན། ཞེས་པའི་རྗེས་སུ། དེ་ལྟར་གསར་རྙིང་གཉིས་ལས། འདིར་གསར་མ་ལས་ཁྱད་པར་དུ་གྱུར་པ་གསང་སྔགས་རྙིང་མ་ཡིན། དེ་ཡང་གང་གིས་ཁྱད་པར་དུ་གྱུར་ཅེ་ན། ལོ་ཙཱ་བ་ཆེན་པོ་རོང་ཟོམ་ཆོས་ཀྱི་བཟང་པོའི་ཞལ་སྔ་ནས། གསང་སྔགས་རྙིང་མ་བ་རྣམས་ལ་གསར་མ་ལས་ཁྱད་པར་དུ་འཕགས་པའི་ཆེ་བ་དྲུག་ཡོད། ཅེས་གསུངས་པ་ལྟར། དང་པོ་སྤྱན་འདྲེན་ཡོན་བདག་གི་ཆེ་བ་ནི། སྔ་འགྱུར་གྱི་ཡོན་བདག་འཕགས་པ་རིགས་གསུམ་མགོན་པོ་རྣམ་པ་རྒྱལ་པོའི་ཚུལ་བཟུང་བ་མངའ་བདག་མེས་དབོན་རྣམ་གསུམ་ཡིན་པས་ཕྱི་འགྱུར་བ་རྣམས་ཀྱི་ཡོན་བདག་དང་མི་འདྲ། གཉིས་པ་གང་དུ་བསྒྱུར་ཞིང་གཏན་ལ་ཕབ་པའི་གནས་ནི། སྔོན་སྤྲུལ་པའི་གཙུག་ལག་ཁང་བསམ་ཡས་སོགས་ཆོས་འཁོར་སྟོད་སྨད་དུ་ཡིན་པས། ད་ལྟའི་དགོན་ཕག་ཕུག་ཏུ་བསྒྱུར་བ་དང་མི་འདྲ། གསུམ་པ་སྒྱུར་བྱེད་ལོ་ཙཱའི་ཁྱད་པར་ནི། སྔོན་གྱི་ལོ་ཙཱ་བ་སྒྲ་བསྒྱུར་བཻ་རོ་ཙ་ན་དང་སྐ་ཅོག་ཞང་གསུམ། རྨ་གཉགས་སོགས་སྤྲུལ་པའི་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་བའི་ཆོས་ཡིན། ད་ལྟའི་ལོ་ཙཱ་བ་དབྱར་མང་ཡུལ་དུ་བསྡད། དགུན་རྒྱ་བལ་དུ་ཡུག་རེ་ཕྱིན་ནས་བསྒྱུར་བ་དང་མི་འདྲ། བཞི་པ་པཎྜི་ཏའི་ཁྱད་པར་ནི། སྔོན་གྱི་པཎྜི་ཏ་མཁན་པོ་ཞི་བ་འཚོ་དང་། སངས་རྒྱས་གསང་བ་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། པཎ་ཆེན་བི་མ་ལ་མི་ཏྲ་སོགས་སངས་རྒྱས་དང་། ས་ཆེན་པོ་ལ་བཞུགས་པའི་བྱང་འཕགས་རྣམས་ཀྱི་ཆོས་ཡིན། ད་ལྟའི་གསེར་འཚོལ་དུ་འཁྱམས་པའི་པཎྜི་ཏ་དང་མི་འདྲ། ལྔ་པ་ཞུ་རྟེན་མེ་ཏོག་གི་ཁྱད་པར་ནི། སྔོན་གསེར་ཤ་བའི་བླུད་བུ་བཀང་བ་དང་། བྲེ་ལ་གཞལ་ནས་ཕུལ་ཏེ་ཞུས་པའི་ཆོས་ཡིན། ད་ལྟ་མཆན་ནས་གསེར་ཞོ་རེ་རེ་གཉིས་གཉིས་བཏོན་ནས་ཞུས་པ་དང་མི་འདྲ། དྲུག་པ་ཆོས་ཀྱི་ཁྱད་པར་ནི། སྔོན་འཕགས་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་གྲྭ་མ་ཉམས་པའི་དུས་སུ་བསྒྱུར་བ་མ་ཟད། འཕགས་ཡུལ་ན་མེད་པའི་རྒྱུད་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་། གྲུབ་པ་དང་། རིག་པ་འཛིན་པ་དང་། མཁའ་འགྲོ་མ་རྣམས་ཀྱིས་བཟུང་སྟེ་དག་པའི་ཞིང་ན་བཞུགས་པ་དང་། ཛམ་བུའི་གླིང་གི་ཆ་ཤས་སིངྒ་ལ་དང་། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་སོགས་ནས་སློབ་དཔོན་ཆེན་པོ་པདྨ་དང་བི་མ་ལ་སོགས་ཀྱིས་རྫུ་འཕྲུལ་གྱི་བཀོད་པས་བླངས་ནས་བསྒྱུར་བས་རྒྱ་གར་དུ་པཎ་གྲུབ་ཡོངས་ལ་མ་གྲགས་པ་མང་པོ་ཞིག་ཀྱང་བོད་ཀྱི་བསོད་ནམས་ཀྱི་སྐལ་བར་བྱོན། འགྱུར་ཀྱང་སྔོན་གྱི་ལོ་ཙཱ་རྣམས་སྤྲུལ་པའི་སྐུ་ཡིན་པས་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་ཕེབ་པས་གོ་སླ་དབྱིངས་མཇལ་བ་ལ་རླབས་ཆེ། ཕྱིས་ལོ་ཙཱ་བ་རྣམས་ཀྱིས་དོན་བསྒྱུར་མ་ནུས་པ་རྒྱ་དཔེའི་གོ་རིམ་ལྟར་སྒྲ་འགྱུར་བྱས་པས་ཚིག་སྒྲིམས་པ་ལ་གོ་དཀའ། དབྱིངས་མཇལ་བ་ལ་རླབས་ཆུང་བ་ལྟར་སྣང་བས་མི་འདྲ་བ་ཡིན་ནོ། །ཁྱད་པར་དེ་ལྡན་གྱི་གསང་སྔགས་རྙིང་མ་དེ་ལའང་། རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་སྟེ་བརྒྱུད་པའི་བཀའ་སྲོལ་གསུམ་དུ་གནས་ཤིང་། དེ་ཐམས་ཅད་ཀྱི་བརྗོད་བྱ་རྗོད་བྱེད་སྤྱིའི་ལུས་ཀྱིས་ཕྱེ་ན། རྒྱུད་སྡེ་དང་། སྒྲུབ་སྡེ་གཉིས་སུ་འདུས་པ་ལས། དེའི་དང་པོ་རྒྱུད་སྡེ་ལའང་གསུམ་སྟེ་རྒྱུད་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་ཨ་ཏི་ཡོ་གའོ། །དེ་གསུམ་གྱི་ཁྱད་པར་ལ། ལྷ་རྗེ་ཟུར་ཆུང་བའི་ཞལ་ནས། རིག་པའི་ཆོ་འཕྲུལ་དུ་སྣང་བ་མ་ཧཱ། རང་རིག་རྩལ་དུ་སྣང་བ་ཨ་ནུ། རིག་པ་རང་སྣང་ཨ་ཏིའོ། །ཞེས་གསུངས་པའི་དགོངས་པ་ནི། ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་ཀྱི་ཆོ་འཕྲུལ་དུ་རྟོགས་པས། ཐབས་བསྐྱེད་པའི་རིམ་པ་དང་སྤྱོད་པ་ལ་གཙོ་བོར་བརྟེན་པ་རྒྱུད་མ་ཧཱ་ཡོ་ག །ཆོས་ཐམས་ཅད་སེམས་ཉིད་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་རྩལ་དུ་རྟོགས་པས། ཤེས་རབ་རྫོགས་པའི་རིམ་པ་དང་ཏིང་ངེ་འཛིན་ལ་གཙོ་བོར་བརྟེན་པ་ལུང་ཨ་ནུ་ཡོ་ག །ཆོས་ཐམས་ཅད་ཡེ་ནས་སྐྱེ་འགག་མེད་པའི་རང་བྱུང་གི་ཡེ་ཤེས་རང་སྣང་བ་རྟོགས་པས། ཡེ་ཐོག་ཏུ་གྲོལ་བར་བྱེད་པའི་ཐབས་སྤང་བླང་རེ་དོགས་དང་བྲལ་བ་སྟེ། ལྟ་བ་ལ་གཙོ་བོར་བསྟེན་པའི་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའོ། །སྒྱུ་འཕྲུལ་ཞི་ཁྲོ་ལ་མཚོན་ན། དེ་ལས་འདིར་རྒྱུད་མ་ཧཱ་ཡོ་ག །དེ་ལའང་བསྐྱེད་རིམ་ཐབས་ཀྱི་ཆ་དང་། རྫོགས་རིམ་རླུང་གཙོ་བོར་བྱེད་པའི་གསལ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་མ་ཧཱ་སྟེ་ཕ་རྒྱུད་གསང་བ་འདུས་པ་ལ་སོགས་པ་དང་། བསྐྱེད་རིམ་གྱི་སྤྲོས་པ་ཤས་ཆུང་ཞིང་ཤེས་རབ་རྫོགས་པའི་རིམ་པ་ཁམས་བྱང་ཆུབ་ཀྱི་སེམས་ཐིག་ལེ་གཙོ་བོར་བྱེད་པས་བདེ་སྟོང་རྣམ་པར་མི་རྟོག་པའི་ཚུལ་དུ་ཉམས་སུ་ལེན་པ་མ་ཧཱའི་ཨ་ནུ་སྟེ་མ་རྒྱུད་སངས་རྒྱས་མཉམ་སྦྱོར་དང་དཔལ་ཡང་དག་ལ་སོགས་པ་དང་། བསྐྱེད་རྫོགས་ཟུང་དུ་འཇུག་ཅིང་། དེའང་རྫོགས་རིམ་རྩ་ཐིག་རླུང་གསུམ་ལས་སྐྱེས་པའི་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཁྱད་པར་འོད་གསལ་ཡེ་ཤེས་ཆེན་པོ་ལ་གཙོ་བོར་བྱེད་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་ཨ་ཏི་སྟེ་གཉིས་མེད་ཀྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་ལས། འདིར་སྔ་འགྱུར་བཀའ་མའི་བཀའ་སྲོལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་བའམ་ཁྲོ་བོའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབ་པ་ཡིན། དེ་ལའང་ཐོག་མར་ངེས་ཤེས་འདྲེན་པ་བླ་མ་བརྒྱུད་པའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་གསུངས་པ་ལྟར་གསུམ་ལས། དང་པོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་སྟོན་པ་རིགས་དྲུག་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་འོག་མིན་ཆེན་པོའི་གནས་སུ། འཆད་པའི་སྐྱེས་བུ་དེ་བཞིན་གཤེགས་པ་ལྔ་ཡང་རྣམ་པར་སྣང་བར་མཛད་ནས། རྡོ་རྗེ་གསང་བ་ལ་སོགས་པ་རིག་པ་ཁྱད་པར་ཅན་གྱི་འཁོར་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་ཉིད་དགོངས་བརྡའི་གསུང་གིས། དུས་རྟག་པ་རྒྱུན་གྱི་འཁོར་ལོར་སྟོན་པ་ནི་རྒྱལ་བ་དགོངས་བརྒྱུད་དོ། །རྒྱལ་སྲས་སེམས་དཔའི་འཁོར་གྱི་ནང་ནས་རིགས་གསུམ་མགོན་པོས་ལྷ་ཀླུ་གནོད་སྦྱིན་གྱི་གནས་སུ་བཤད་ནས་དར་བ་དང་། ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན། ལངྐའི་ཡུལ་ཏེ་སིང་ག་ལའི་གླིང་གི་རི་བོ་མ་ལ་ཡའམ་དེང་སང་སུ་མ་ན་ཀུ་ཊའི་རི་ཞེས་གྲགས་པའི་རྩེ་མོར་གསང་བདག་གིས། དམ་པའི་རིགས་ཅན་དྲྭ་མ་ལྔ་ལ་བཤད་པ་རྣམས་ནི་རིག་འཛིན་བརྡ་བརྒྱུད་དོ། །དེ་ནས་གང་ཟག་སྙན་བརྒྱུད་ནི། གསང་བདག་གིས་རིགས་ཅན་ལྔ་ལ་ཆོས་འཁོར་བསྐོར་བའི་བྱིན་རླབས་ཀྱིས་ཟ་ཧོར་གྱི་རྒྱལ་པོ་ཛཿལ་རྨི་ལྟས་ངོ་མཚར་བ་བདུན་རྨིས་ཤིང་དེའི་རྗེས་ཐོག་ཏུ་ཇི་སྐད་དུ། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །རྒྱལ་པོ་ཛཿཞེས་བྱ་བ་ལ། །བསོད་ནམས་ཆེན་པོའི་མཐུས་སྣང་བའི། །གསང་བའི་བདག་པོས་སྣང་བར་འགྱུར། །ཞེས་ལུང་བསྟན་པ་ལྟར་རྒྱལ་པོ་ཉིད་ཀྱི་ཕོ་བྲང་གི་ཁང་ཐོག་ཏུ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་གླེགས་བམ་ཆར་དུ་བབས་ཤིང་། རྒྱལ་པོ་ཛཿནས་ཀུ་ཀུ་རཱ་ཛཿ ཨིནྡྲ་བྷཱུ་ཏི། སིཾ་ཧ་རཱ་ཛཿ ཨུ་པ་རཱ་ཛཿ སྲས་མོ་གོ་མ་དེ་བཱི་རྣམས་ལས་བརྒྱུད་དེ། ཐམས་ཅད་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་རང་རང་གི་ཚོམ་བུ་དང་བཅས་པ་རྡོ་རྗེ་འཆང་ཆེན་པོའི་ས་ལ་མངོན་དུ་གཤེགས་པ་ཤ་སྟག་གོ། །སྲས་མོས་སྒེག་པ་རྡོ་རྗེ་དང་སློབ་དཔོན་སངས་རྒྱས་གསང་བ། དེ་གཉིས་ཀས་པཎ་ཆེན་བི་མ་ལ་མི་ཏྲ། དེས་བོད་དུ་ལོ་ཙཱ་བ་རྨ་གཉགས་གཉིས། རྨ་རིན་ཆེན་མཆོག་ནས་མཁས་པ་གཙུག་གྱེར་རྣམ་གཉིས་ལས་ཞང་དང་། གཉགས་ལོ་ཡེ་ཤེས་གཞོན་ནུས་སོག་པོ་དཔལ་ཡེ་ལ་བརྒྱུད་དེ། ཞང་དང་སོག་པོས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་བསྐུར། དེ་ནས་གནུབས་ཡོན་ཏན་རྒྱ་མཚོ་ཡབ་སྲས་དང་། ཆོས་ལུང་གི་ཉང་ཁུ་དབོན་ནས་ལྷ་རྗེ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། དེའི་སློབ་མ་རྩེ་མོ་བཞི་ལས་ལྟ་སྒོམ་གྱི་རྩེ་མོར་ཟུང་ཆུང་ཤེས་རབས་གྲགས། དེའི་སློབ་མ་ཀ་བཞི་དང་གླན་ཤཱཀ་བྱང་ལས་གསང་བདག་ཆེན་པོ་སྒྲོ་ཕུག་པ་ཤཱཀྱ་སེང་གེ་ནས་རིམ་པར་བརྒྱུད་དེ། ཁོ་བོ་ཅག་གི་བླ་མ་དམ་པ་བཀའ་དྲིན་མཉམ་མེད་འདི་ཞེས་བྱ་བས་བདག་རྒྱུད་དབང་གི་ཆུ་བོས་སྨིན་པར་མཛད་པ་ཡིན། བརྒྱུད་པ་དེ་ལས་བྱུང་བའི་ཆོས་དེ་ལའང་ལམ་གྱི་གཞི་སྨིན་བྱེད་དབང་གི་རིམ་པ་དང་། དེའི་ཉམས་ལེན་གྲོལ་བྱེད་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་སུ་ཡོད་པས་འདིར་དབང་བསྐུར་བའི་རིམ་པ་དེ་སྐབས་སུ་བབ་པ་ཡིན། དེ་ནས་སྟ་གོན་གྱི་ཚེ། དེ་ལའང་ཇི་སྐད་དུ། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་དབང་བསྐུར་བ་ཡང་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་པས། །དཀྱིལ་འཁོར་ལ་ཡང་དབྱེ་ན། རྒྱས་པ་ལས། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་བདུན་དུ་གསུངས་ཀྱང་གང་དུ་དབང་བསྐུར་བའི་དཀྱིལ་འཁོར་ནི་གང་ཟག་གི་རྒྱུད་ཚོད་དང་སྦྱར་ནས། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་གྱི་གཟུགས་བརྙན་ནམ་སྤྲུལ་པའི་དཀྱིལ་འཁོར་དང་། རིག་པ་ཉམས་ཀྱི་དཀྱིལ་འཁོར་གསུམ་བཤད་པ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། ཏིང་ངེ་འཛིན་ལ་བརྟན་པ་རྗེས་མཐུན་ཙམ་ཐོབ་པ་ལ་སོགས་པའི་སློབ་དཔོན་གྱིས་ནི། གདུལ་བྱའི་དབྱེ་བས་སྐལ་དམན་འཇུག་པ་རྡུལ་ཚོན། འབྲིང་རས་བྲིས། རབ་ཚོམ་བུ། ཡང་རབ་བླ་མའི་ལུས་དཀྱིལ་ལ་བརྟེན་པའི་ཚུལ་བཞི་ལས། འདིར་ད་ལྟར་གྱི་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་སུ་རྡུལ་ཚོན་དང་རས་བྲིས་གང་རུང་ལ་བརྟེན་ནས་དབང་བསྐུར་བར་མཛད་པའི་ཚུལ་གཉིས་ལས། རྡུལ་ཚོན་ལྟར་ན། ནུབ་གཉིས་པ་སྟ་གོན། ཞེས་སམ། རས་བྲིས་ཡིན་ན། ནུབ་དང་པོ་སྟ་གོན་གྱི་ཆོ་ག་སྟེ། དེ་ཡང་ལྷ་བུམ་སྟ་གོན་གྲུབ་ནས། ད་སློབ་མ་སྟ་གོན་གྱི་བྱ་བ་བསྒྲུབ་པ་སྐབས་སུ་བབ་པ་ཡིན་པས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་ལྷག་གནས་ཀྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྗོད། དབང་དངོས་གཞིའི་ཚེ། འདིར་དབང་བསྐུར་བའི་རིམ་པ་སྐབས་སུ་བབ་པ་ཡིན། ཞེས་པའི་རྗེས་སུ། དེ་ལ་དབང་གི་ངོ་བོ་ནི། རྒྱུ་གཉིས་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པའི་ལས་ཀྱིས། རྒྱུད་ཀྱི་དྲི་མ་བྱང་བའམ་ཉམས་སྨད་པར་བྱས་ཤིང་ཐར་བའི་མྱུ་གུ་མྱུར་དུ་སྐྱེས་པའམ། སྐྱེ་ངེས་ཀྱི་ས་བོན་ཁྱད་པར་ཅན་གསོས་ཐེབས་པས་ལམ་བསྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་མཐུ་ཅན་དུ་སྨིན་པར་བྱས་པ་སྟེ། ས་བོན་གསོས་ཐེབས་པའི་ཆ་དེ་སྔགས་ཀྱི་སྡོམ་པའང་ཡིན་ལ། དམ་ཚིག་ཀྱང་ཡིན་ནོ། །ངེས་ཚིག་ནི་ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན། མངོན་པར་གཏོར་བས་ན་དབང་སྟེ། སྦྱང་བྱ་སྒོ་གསུམ་གྱི་དྲི་མ་གཏོར་ཞིང་འཁྲུད་པར་བྱེད་པའི་ཕྱིར། ཡང་མངོན་པར་བླུགས་པས་ན་དབང་སྟེ། ལམ་བསྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ཕྱིར། དེ་ལྟར་ཡང་བརྟག་གཉིས་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས། དབྱེ་ན་དད་པ་ཅན་རྗེས་སུ་འཛིན་པ་ལ་ཕན་པའི་དབང་བཅུ། བརྩོན་འགྲུས་ཅན་རྗེས་སུ་འཛིན་པ་ལ་ནུས་པའི་དབང་ལྔ། བརྟུལ་ཞུགས་ཅན་རྗེས་སུ་འཛིན་པ་ལ་ཟབ་མོའི་དབང་གསུམ་གསུངས་ཏེ། རྩ་རྒྱུད་ཐར་ལོའི་འགྱུར་ལས། དད་དང་བརྩོན་འགྲུས་བརྟུལ་ཞུགས་ལ། །ཕན་དང་ནུས་པའི་དབང་བསྐུར་བྱ། །ཤེས་རབ་དབང་བསྐུར་རིམ་པ་བཅས། བརྩེ་བས་ཆུད་མི་ཟ་བར་སྦྱིན། །ཞེས་གསུངས། དེ་ཡང་དབང་བསྐུར་བ་ནི་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་ལ། དེ་ལའང་རྡོ་རྗེ་རྩེ་མོ་ལས། སེམས་ཅན་ཤིན་ཏུ་གདུལ་དཀའ་གང་། །སྡོམ་པར་འཛིན་པ་མི་མཛད་ཅིང་། །དད་དང་ལྡན་པ་མེད་པ་ཡང་། །འཇུག་པ་ཉིད་ནི་དགག་མི་བྱེད། །ཞེས་པས་རེ་ཞིག་དབང་གི་སྣོད་དུ་མ་གྱུར་པའི་གང་ཟག་ཡིན་ནའང་། དཀྱིལ་འཁོར་དུ་བཅུག་པ་ཙམ་ལ་འགལ་བ་མེད་པར་གསུངས་མོད། དཀྱིལ་འཁོར་དུ་མ་བཅུག་པ་ལ་དབང་བསྐུར་བ་ནི་ནམ་དུའང་མི་རུང་ཞིང་། ཇི་སྐད་དུ། དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་མ་སྨྲ་ཞིག་ཅེས་གསུངས་པའི་ཕྱིར། དེས་ན། ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་གཞུག་པར་བྱ། །ཞེས་གསུངས་པ་ལྟར་སྟ་གོན་དུ་གནས་པ་ཡན་ཆད་སོང་ནས་དངོས་གཞི་ལ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱིས་བགྱི་འོས་དཀྱིལ་འཁོར་བཞེངས་པ། སྒྲུབ་ཅིང་མཆོད་པ། བདག་ཉིད་དཀྱིལ་འཁོར་དུ་རིག་པས་འཇུག་པ་རྣམས་ཆད་ལྷག་མེད་པར་སྔོན་དུ་གྲུབ། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་དབང་ནོད་པའི་བྱ་བ་གཉིས་ལས། འདིར་འཇུག་པའི་ཡན་ལག་ཁྲུས་དང་བགེགས་བསལ་བ་སྔོན་དུ་སོང་ནས་ད་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་བར་མཛོད། ཅེས་བརྗོད། དེས་མཚོན་ནས་མདོ་དབང་ལྟ་བུ་ལ། ལྟ་བ་ལ་གཙོ་བོར་བརྟེན་པ་རྫོགས་པ་ཆེན་པོ་ཨ་ཏི་གའོ། །ཞེས་པའི་བར་སྔར་ལྟར་ལས། དེ་ལས་འདིར་ལུང་ཨ་ནུ་ཡོ་ག །དེ་ལའང་ལུང་གི་མ་ཧཱའི་རྒྱུ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་ལྟ་བུ། ལུང་གི་ལུང་རྩ་བའི་རྒྱུད་ཀུན་འདུས་རིག་པ་ལྟ་བུ། ལུང་གི་ཨ་ཏི་སེམས་ལུང་ཆེན་པོའི་མདོ་ལྟ་བུ་སྟེ། ཨ་ནུའི་ནང་གསེས་ཀྱི་བསྐྱེད་རྫོགས་གསུམ་དང་། དེ་ཐམས་ཅད་ཀྱི་སྤྱི་དེམས་དགོངས་པ་འདུས་པའི་མདོ་རྣམས་ལས། འདིར་རྩ་བཤད་ཀྱི་རྒྱུད་དེ་ཐམས་ཅད་དང་། ཆ་མཐུན་གྱི་རྒྱུད་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏནྟྲ་དང་། དབང་བསྐུར་རྒྱལ་པོ་སོགས་རྒྱུད་དང་། བདེ་བ་གསལ་མཛད་ཀྱི་མན་ངག་གིས་ཇི་ལྟར་བཀྲལ་བའི་དགོངས་དོན་གཅིག་ཏུ་དྲིལ་བ་འདུས་པ་ཆེན་པོ་མདོའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབ་པ་ཡིན། དེ་ཡང་དབང་དོན་བསྡུས་པ་ལས། སེམས་ཅན་རྣམས་ཀྱི་དོན་ཆེད་དུ། །དབང་གི་དོན་རྣམས་བསྡུ་བར་བྱ། །ཆུ་བོ་ཆེན་པོ་བཞི་རྣམས་ལ། །སྔོན་བྱུང་དང་ནི་རྗེས་སུ་འཇུག །ཅེས་པས་སྔོན་བྱུང་རྒྱལ་བའི་མཛད་སྤྱོད་ཀྱི་སྒོ་ནས་གདུལ་བྱ་སྤྲོ་བ་སྐྱེད་པའི་དབང་དང་། རྗེས་འཇུག་གང་ཟག་གི་ཉམས་ལེན་གྱི་སྒོ་ནས་གདུལ་བྱ་ཆུད་མི་ཟ་བར་བསྐུར་ཐབས་གཉིས་ལས། འདིར་ཕྱི་མ་རྗེས་འཇུག་གི་དབང་ཡིན། དེ་ལའང་། རྗེས་འཇུག་ལམ་པའི་དང་། རྗེས་འཇུག་ལས་དང་པོ་པའི་དབང་གཉིས་ལས། སྔ་མ་ལམ་པའི་དབང་ནི། དབང་དོན་རྣམ་པར་འབྱེད་པ་ལས། རྗེས་འཇུག་ལམ་པའི་དབང་སྐབས་ན། །སྐུ་ནི་རྣལ་འབྱོར་རྣམ་པ་ལྔ། །ཞེས་གསུངས་པ་ལྟར། ཚོགས་སྦྱོར་གཉིས་གཅིག་ཏུ་བསྡུས་པ་མོས་སྤྱོད་ཀྱི་ལམ་པས་དང་། མཐོང་ལམ་དང་། སྒོམ་ལམ་དང་། མཐར་ལམ་སྟེ། ལམ་བཞི་ལ་གནས་པའི་སློབ་མ་ལ། རིམ་པར་ཆུ་བོ་བཞིའི་དབང་བསྐུར་བས། ལམ་འོག་མ་གོང་མ་ལ་སྦྱོར་བར་གསུངས་པའི་ཕྱིར། དང་པོ་གསུམ་ལམ་དབང་དང་། ཕྱི་མ་གཅིག་པོ་འབྲས་དུས་ཀྱི་དབང་དུ་འགྱུར་ཞིང་། དེ་ལས་འདི་ནི་སྨིན་བྱེད་གཙོ་ཆེ་བ་རྗེས་འཇུག་ལས་དང་པོའི་དབང་ཞེས་གྲགས་པ་དེ་ཡིན། དེ་ལའང་སྦྱངས་པས་སྣོད་དུ་གྱུར་པའི་སློབ་མ་ལ་མདོ་ཡོངས་རྫོགས་ཀྱི་ལུགས་སུ་བསྐུར་བ་དང་། རང་བཞིན་གྱི་སྣོད་དུ་གྱུར་པའི་སློབ་མ་ལ་མདོ་ཁྱད་པར་བའི་ལུགས་སུ་བསྐུར་བ་གཉིས་ལས། འདིར་དེ་གཉིས་གཅིག་ཏུ་དྲིལ་ནས་བསྐུར་བའི་ལུགས་ཡིན། དེའང་དབང་གི་ངོ་བོ་ནི། ཞེས་པ་ནས། གཏོར་དང་བླུག་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས། ཞེས་པའི་བར་སྔར་ལྟར་གྱི་རྗེས་སུ། དབྱེ་ན་དབང་དོན་བསྡུས་པ་ལས། རྗེས་འཇུག་ལས་ཀྱི་དང་པོ་ལ། །ཆུ་བོ་བཞི་ཡི་དབང་བསྐུར་བས། །ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོས་བྱ། །བསྐྱེད་པ་མ་ཧཱ་ཡོ་ག་ལ། །ནང་དབང་འབྱུང་བའི་ཆུ་བོས་བྱ། །རྫོགས་པ་ཨ་ནུ་ཡོ་ག་ལ། །སྒྲུབ་དབང་གྲགས་པའི་ཆུ་བོས་བྱ། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གསང་དབང་རྫོགས་པའི་ཆུ་བོས་བྱ། །ཞེས་གསུངས་ཤིང་། དེའང་ལྷ་མིའི་ཐེག་པ་ནས་ཡོ་གའི་བར་བྱ་སྤྱོད་སོ་སོར་བགྲངས་པའི་ཐེག་པ་བདུན་གྱི་དབང་ནོད་པས། ས་དང་པོ་འགྱུར་བ་མ་ངེས་པ་ནས། བདུན་པ་དམིགས་པ་འབྲས་བུ་སྐྱེ་བའི་བར་གྱི་ས་བདུན་ནོན་པས་ཡོ་ག་སྟེ་རྣལ་འབྱོར་དུ་འགྱུར་ལ། ནང་དབང་འབྱུང་བའི་ཆུ་བོ་ནོད་པས་ས་བརྒྱད་པ་གནས་པ་མི་གཡོ་བའི་ས་ནོན་ནས་རྣལ་འབྱོར་ཆེན་པོར་འགྱུར། སྒྲུབ་དབང་གྲགས་པའི་ཆུ་བོ་ནོད་པས་ས་དགུ་པ་བརྡལ་བ་ཆོས་ཉིད་ཀྱི་ས་ནོན་ནས་རྗེས་སུ་རྣལ་འབྱོར་དུ་འགྱུར། གསང་དབང་རྫོགས་པའི་ཆུ་བོ་ནོད་པས་ས་བཅུ་པ་རྫོགས་པ་སྤྱིར་ཆིབ་ཀྱི་ས་ནོན་ནས་ཤིན་ཏུ་རྣལ་འབྱོར་དུ་འགྱུར་བར་གསུངས། ཞེས་འགྲེས་སྦྱར་ནས། དེ་ལའང་ཐོག་མར་སྤྱི་དབང་ཆེན་པོའི་གླེང་གཞི་དང་འབྲེལ་བར་སྔོན་འགྲོ་སྒོ་འབྱེད་ཕྱག་ན་རྡོ་རྗེ་ངན་སོང་གནས་འདྲེན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། ཞེས་དང་། དེ་ལ་ཕྱི་དབང་རྒྱུད་ཀྱི་ཆུ་བོ་ལས། ཐོག་མར་ལྷ་མིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། །ཞེས་སོགས་སྐབས་བབ་གང་ཡིན་བརྗོད་ནས། སྟ་གོན་ཡོད་མེད་དང་འཇུག་པའི་ཁྱད་པར་སོགས་སྔར་གྱི་རིགས་འགྲེས་ཁོག་ཕུབ་ནས་མ་འདྲེས་པར་འདོར་ལེན་བྱའོ། ༈ །ཡང་ཨ་ཏིའི་རྩ་དབང་ལྟ་བུ་ལ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའོ། །ཞེས་པའི་བར་སྔར་ལྟར་ལས། དེ་ལྟར་བསྐྱེད་རྫོགས་རྣམ་པ་གསུམ་ལས་འདིར་མན་ངག་རྫོགས་པ་ཆེན་པོ། དེ་ཡང་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཐེག་པ་ཀུན་གྱི་དོན་ཐམས་ཅད་ཡོངས་སུ་རྫོགས་པས་རྩེ་མོར་གྱུར་ཏེ། ཀུན་བྱེད་རྒྱལ་པོ་ལས། གཅིག་རྫོགས་གཉིས་རྫོགས་སེམས་སུ་རྫོགས། །གཅིག་རྫོགས་སེམས་ཀྱི་བྱས་པ་རྫོགས། །གཉིས་རྫོགས་ཕུན་སུམ་ཚོགས་པ་རྫོགས། །ཀུན་རྫོགས་བྱང་ཆུབ་སེམས་སུ་རྫོགས། །ཞེས་གསུངས། དེས་ན་མ་ཧཱ་དང་ཨ་ནུ་མན་ཆད་ཐམས་ཅད་རྩོལ་སྒྲུབ་བླང་དོར་བྱས་པས་རེ་དོགས་དྲི་མས་རང་བྱུང་གི་ཡེ་ཤེས་ལ་སྒྲིབ་པའི་ཕྱིར། རྫོགས་ཆེན་གྱི་གོལ་སར་བཤད་དེ། ནམ་མཁའ་དང་མཉམ་པའི་རྒྱུད་ལས། མ་ཧཱ་རྡོ་རྗེ་འཆང་འདོད་པས། །ཐབས་དང་ཤེས་རབ་སྒོར་ཞུགས་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་སྒྲུབ་རྣམ་བཞིས་སྒྲུབ་པར་བྱེད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས། །རྩོལ་སྒྲུབ་འདོད་པས་མ་ཧཱ་སྒྲིབ། །རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་ག་གོལ་བར་བཤད། །ཨ་ནུ་དབྱེར་མེད་པ་འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྟ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་པ་ཨ་ནུའི་སྒྲིབ། །རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན། །ཨ་ནུ་ཡོ་ག་གོལ་བར་བཤད། །ཅེས་གསུངས། རྒྱུ་མཚན་དེའི་ཕྱིར་ཨ་ཏི་ཡོ་ག་ནི་བྱ་རྩོལ་དང་བྲལ་བའི་ཡེ་ཤེས་ལ་དབང་བསྒྱུར་བ་སྟེ། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ། རྫོགས་པ་ཆེན་པོའི་ལྟ་སྤྱོད་ནི། །རྒྱུ་འབྲས་བསྒྲུབ་དང་མི་འདྲ་སྟེ། །ལྟ་སྤྱོད་བྱང་ཆུབ་སེམས་འདི་ནི། །ནམ་མཁའ་ལྟ་བུའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རྟོག་དཔྱོད་འདས། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། ནམ་མཁའ་ཆེ་ལས་ཀྱང་། རང་བྱུང་ཡེ་ཤེས་རྩོལ་མེད་ལས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་གསུངས་པ་ཡིན་ནོ། །རྫོགས་པ་ཆེན་པོ་དེ་ལའང་དབྱེ་ན། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་སྡེ། །ཞེས་པས་སེམས་སྡེ། ཀློང་སྡེ། མན་ངག་སྡེ་དང་གསུམ་ལས། འདིར་སེམས་སྡེ་སྔ་འགྱུར་ལྔ། ཕྱིི་འགྱུར་བཅུ་གསུམ་སྟེ་མ་བུ་བཅོ་བརྒྱད་ཀྱི་རྒྱུད་ཀྱི་དགོངས་པ། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་ཐུགས་ཀྱི་ཉིང་ཁུ། སེམས་སྡེ་ཉང་ལུགས་ཨ་དོན་བཅོ་བརྒྱད་ཀྱི་རྩལ་དབང་བསྐུར་བ་སྐབས་སུ་བབ་པ་ཡིན། དེ་ལ་འདིར་ཤིན་ཏུ་རྣལ་འབྱོར་གྱི་ལུགས་ཀྱིས། སྐལ་ལྡན་འབད་མེད་དུ་གྲོལ་བར་བྱེད་པ་ལ། ཞེས་སོགས་དབང་ཆོག་གི་དཀྱུས་བཞིན་ཤེས་པར་བྱའོ། ༈ །ཡང་ན་རཀ་དོང་སྤྲུགས་ལ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའོ། །ཞེས་པའི་བར་སྔར་ལྟར་ལ། དེ་ལས་འདིར་བསྐྱེད་རྫོགས་རྣམ་གསུམ་གྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་བསྐང་ཞིང་རྟོག་སྒྲིབ་སྦྱོང་ལ། སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ལས་དྲངས་ནས་བླ་ན་མེད་པའི་དངོས་གྲུབ་ཀྱི་སྐལ་པ་ཅན་དུ་བྱེད་པའི་ཐབས་མཁས་ཀྱི་སྒོ་རྨད་དུ་བྱུང་བ། རྣལ་འབྱོར་སྤྱི་ཁྲུས་ན་རཀ་དོང་སྤྲུགས་མཚམས་མེད་ལྔ་སྦྱོང་གི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབ་པ་ཡིན། དེ་ལའང་རྒྱུད་དང་མན་ངག་སོ་སོའི་དགོངས་པས། གླང་པོ་ཆེ་རབ་འབོགས་ཀྱི་རྟོག་པ་གཅིག་ཁོལ་དུ་ཕྱུང་བ་ཀལྤ་དུམ་བུའི་རྒྱུད་དྲི་མ་མེད་པ་བཤགས་པའི་རྒྱུད་ཀྱི་ལེའུ་གསུམ་པ་སློབ་དཔོན་ཆེན་པོ་པདྨའི་གདམས་ངག་གིས་བཀྲལ་བ་ཞི་ཁྲོ་ཁྲོམ་དཀྲུགས་སུ་གྲགས་པ་དང་། པདྨས་མཛད་པའི་སྒྲུབ་ཐབས་རྒྱ་ཞང་ཁྲོམ་གྱི་གཏེར་མའི་རྗེས་སུ་འབྲངས་པས་བཤགས་རྒྱུད་ཀྱི་ལེའུའི་གོ་རིམ་ལྟར་ཞི་ཁྲོ་གནས་བསྒྱུར་དང་། ཡི་གེ་བརྒྱ་པ་ཕྲིན་ལས་ཀྱི་རྒྱུད་སོགས་ལ་བརྟེན་པའི་ཞི་ཁྲོ་རིགས་བསྡུས་དང་། ཞི་ཁྲོ་རང་གཞུང་ལ་དོང་སྤྲུག་གིས་ཁ་བསྐངས་བ་ཞི་ཁྲོ་རབ་འབྱམས་སུ་གྲགས་པ་རྣམས་ལས། འདིར་ཞི་ཁྲོ་རིགས་བསྡུས་པདྨ་བརྒྱ་ལྡན་གྱི་དཀྱིལ་འཁོར་རམ། ཞི་ཁྲོ་ཁྲོམ་དཀྲུག་གི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱེད་པ་ཡིན། དེ་ཡང་འགྱོད་ཚངས་ཀྱི་རྒྱལ་པོ་འདི་ཇི་ལྟར་བྱུང་བའི་ཁུངས་ཀྱི་གླེང་གཞི་ནི། སྔོན་འདོད་ཁམས་ཀྱི་གནས་འདི་ན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ་ཞིག་ལ། སློབ་མ་རྒྱལ་པོའི་བུ་ཞིག་ཡོད་པས་དེས་སློབ་སྦྱོང་མཐར་ཕྱིན་པ་ན། ད་ནི་ང་ཡི་གོང་ན་རིག་པར་སྨྲ་བ་སློབ་དཔོན་འདི་ཙམ་དུ་ཟད་པས། འདི་གོང་དུ་མི་བཏང་ངོ་སྙམ་དུ་བསམ་ནས་སློབ་དཔོན་ལ་ཐོ་འཚམས་ཤིང་། སློབ་དཔོན་གྱིས་ཀྱང་ཞེ་སྡང་གིས་དམོད་བོར་བའི་ལས་ཀྱིས་གཉིས་ཀ་ངན་འགྲོར་ལྟུང་ནས་སྡུག་བསྔལ་གྱིས་ཉམ་ཐག་པར་གྱུར་པ་ལས་ཡུལ་དང་འཕྲད་པའི་ཐུགས་རྗེ་སྐྱེས་ནས། དཔལ་རྡོ་རྗེ་སེམས་དཔའ་མངོན་དུ་བྱོན་ནས་འགྱོད་ཚངས་ཀྱི་བཤགས་པ་དང་ཡིག་བརྒྱའི་གསང་སྔགས་བསྟན་པས་སྔོན་གྱི་གནས་དྲན་ཏེ་འགྱོད་པ་དྲག་པོ་སྐྱེས་པ་ལ། གསང་བའི་བདག་པོས་ཕྱི་ནང་གསང་བའི་དབང་བསྐུར་བས་དགེ་བའི་གསོས་ཐེབས་ཏེ། བྱང་ཆུབ་ཀྱི་མྱུ་གུ་སྐྱེས་པའི་རིམ་གྱིས་རིག་འཛིན་གྱི་ས་ལ་གནས་པར་གྱུར་ཏོ། །ཉམས་ཆགས་སྦྱོང་བའི་ཐབས་ཕུལ་དུ་བྱུང་བ་དེ་ཉིད་ཕྱིས་མི་ཡི་ཡུལ་དུ་ཇི་ལྟར་དར་བ་ནི། གསང་བདག་གི་མཐུས་རྒྱལ་པོ་ཛཿལ་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་གླེགས་བམ་ཆར་དུ་བབ་པའི་ནང་ཚན། གླང་པོ་ཆེ་རབ་འབོགས་ཀྱི་ལེའུ་གསུམ་པ་ཁོལ་དུ་ཕྱུང་བ་དུམ་བུའི་རྒྱུད་ལ་སོགས་པ་རྒྱལ་པོ་ཛཿནས་ཚོམ་བུའི་རིག་འཛིན་རྣམས་ལ་བརྒྱུད་དེ། སངས་རྒྱས་གསང་བའི་མན་ངག་བི་མ་ལ། སློབ་དཔོན་ཆེན་པོ་པདྨ་ནས་གཉགས་ལོ་ཡེ་ཤེས་གཞོན་ནུ་ལ་བཀའ་བབས་ཤིང་། དེ་ནས་སོག་པོ་ལྷ་དཔལ། གནུབས་ཆེན་སངས་རྒྱས་ཡེ་ཤེས། སྲུ་ལེགས་སྒྲོན། ཞུ་སྟོན་གཞོན་ནུ་སྙིང་པོ། སྲས་བསོད་ནམས་ཤཱཀྱ། ཟུར་ཆེ་ཆུང་ནས་རིམ་པར་བརྒྱུད་དེ། །དཔལ་ལྡན་བླ་མ་དམ་པ་འདི་ཞེས་བྱ་བ་ལས། ཁོ་བོས་ལེགས་པར་ཐོབ་པ་ནི་གང་ལས་བྱུང་བ་བརྒྱུད་པའི་ལོ་རྒྱུས་ཡིན་ལ། དེ་ལས་བྱུང་བའི་གདམས་པ་དེ་ལ། ཕྱི་ནང་གསང་བའི་བཤགས་པའི་སྒོ་ནས་ཉམས་ཆག་སྐོང་བའི་ཆོ་ག་དང་། དབང་བསྐུར་བའི་རིམ་པ་གཉིས་ལས། འདིར་དབང་བསྐུར་བའི་སྐབས་ཡིན། དེ་ལའང་རྡོ་རྗེ་སློབ་དཔོན་གྱིས་བགྱི་འོས་དང་། ཞེས་སོགས་སྔར་ལྟར་རོ། །ཡང་གཏེར་མ་ལ་མཚོན་ན། ཁྱད་པར་དེ་ལྡན་གྱི་གསང་སྔགས་རྙིང་མ་དེ་ལའང་། རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་སྟེ། ཞེས་པས་བར་སྔར་ལྟར་ལས། དེ་ལྟར་བརྒྱུད་པའི་བཀའ་སྲོལ་གསུམ་དུ་གནས་པ་ལས། འདིར་གཏེར་མ། བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ། ཁྱད་པར་གྱི་བརྒྱུད་པ་གསུམ་དང་། གཙོ་བོར་བརྒྱུད་ཐག་ཉེ་བས་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་། གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱི་དུས་དང་མཚམས་པར་མངོན་པར་སྣང་བས་ཟབ་ལམ་ནུབ་པ་མེད་པའི་ཕྱིར། ཁྱད་པར་དུ་འཕགས་པ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེང་སང་བཀའ་མ་རྣམས་དུས་དབང་གིས་རིམ་པར་ནུབ་ཅིང་འཆལ་བའི་ཚེ། ལས་འཕྲོ་སད་པའི་སྐལ་ལྡན་རྣམས་གཏེར་ཆོས་ཀྱིས་རང་དང་གཞན་གྱི་དོན་རླབས་པོ་ཆེ་དཀའ་བ་མེད་པར་འགྲུབ་པར་འགྱུར་བ་ལ་དགོངས་ནས། རྒྱུད་ལུང་མན་ངག་གི་བཅུད་ཐམས་ཅད་གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས་བོད་ཡུལ་གྱི་རི་བྲག་མཚོ་གསུམ་གཙུག་ལག་ཁང་སོགས་སུ་མི་འཇིག་པའི་ཕྱག་རྒྱས་བཏབ་སྟེ་སྦ་བར་མཛད་པའི་དགོས་པ་ནི། ཇི་སྐད་དུ། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས། །སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང་། །སྙིགས་མའི་འགྲོ་ལ་ལྷག་པར་སྙིང་རྗེ་བས། །མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག །ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ། །མ་འོངས་དུས་སུ་རྟོག་གེ་ཐ་སྙད་ཅན། །སྒོམ་ཆེན་ལ་སོགས་ཕྱོགས་དང་རིས་དྲེགས་ཅན། །རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང་། །སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན། །ཟབ་ལ་ཁ་ཚང་མ་བསྒྲིབས་མཐའ་རྒྱས་ཤིང་། །གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས། །དེ་བས་ལས་སད་སྐལ་ལྡན་སྦྱངས་པ་ཅན། །འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས། །ཚེ་གཅིག་ཐར་ལམ་ཐོབ་པོ་རྗེས་འཇུག་རྣམས། །ཞེས་གསུངས་པ་ལྟར། བོད་དང་བོད་ཆེན་པོའི་ཡུལ་འདིར་རྒྱུ་བའི་སྐྱེ་དགུ་རྣམས་ཀྱི་ཕན་བདེའི་རྩ་ལག་དུས་བབ་ཀྱི་ཟབ་གཏེར་ལ་རག་ལས་པ་ཡིན་ལ། དེ་ཉིད་སྤྱན་འདྲེན་པ་པོ་ཡང་། སྔོན་གྱི་ལོ་པཎ་དང་རྒྱལ་བློན་ས་ཆེན་པོ་ལ་བཞུགས་པའི་འཕགས་ཆེན་རྣམས། གང་འདུལ་གྱི་སྤྲུལ་པའི་སྣང་བརྙན་གཏེར་སྟོན་དུ་བསྟན་ནས་འབྱོན་པ། ཐང་ཡིག་ཏུ། སངས་རྒྱས་བླ་མ་ནས་བདེ་ཆེན་གླིང་པའི་བར་སོ་སོའི་དུས་རྟགས་དང་བཅས་ལུང་བསྟན་པ་ལས། ཉང་གཏེར་བཀའ་བརྒྱད་ལྟ་བུ་ལ་མཚོན་ན། འདིར་ཇི་སྐད་དུ། སྲིན་མོ་སྦར་རྗེས་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་སྟོན་ནས་འབྱུང་། །མངའ་བདག་སྤྲུལ་པ་ཉང་རལ་ཞེས་བྱ་འབྱུང་། །ཞེས་ལུང་བསྟན་པ་ལྟར། འགྲན་ཟླ་དང་བྲལ་བའི་གཏེར་སྟོན་གྱི་རྒྱལ་པོ་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་སྤྱན་འདྲེན་པར་མཛད་པའི་ཆོས་གཏེར་མཐའ་ཡས་པ་ཞིག་བཞུགས་པ་ལས། འདིར་སྒྲུབ་ཆེན་བདེ་གཤེགས་འདུས་པ། དེ་ལ་སྔ་འགྱུར་རྣམས་རྒྱུད་སྡེ་དང་སྒྲུབ་སྡེ་ཞེས་བཀའ་ཡི་བབས་སོ་གཉིས་སུ་འབྱེད་པ་ལས། འདི་ནི་སྒྲུབ་སྡེ་བརྒྱད་གཅིག་ཏུ་དྲིལ་ནས་སྒྲུབ་པ་རྩ་བ་ལྟ་བུར་གྱུར་པ་ཡིན། དེ་ཡང་སྤྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བདག་ཉིད་དུ་གནས་པ་ལས། དེ་སྒྲུབ་པའི་ཐབས་ཀྱི་སྒོ་ཡང་རྣམ་པ་ལྔར་འགྱུར་ཏེ། འཇམ་དཔལ་གྱི་སྐུ་འཁོར་ལོ་བཞི་ལ་བརྟེན་ནས་བདེ་གཤེགས་སྐུའི་སྒྲུབ་པ་དང་། རྟ་སྐད་ཐེངས་གསུམ་ལ་བརྟེན་ནས་པདྨ་གསུང་གི་སྒྲུབ་པ་དང་། ཐུགས་རིག་པ་རང་བྱུང་གི་ཡེ་ཤེས་ཡང་དག་གྲུབ་པ་གཅིག་པུ་ལ་བརྟེན་ནས་ཐུགས་རྡོ་རྗེའི་སྒྲུབ་པ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡོན་ཏན་དུ་རྫོགས་པར་སྟོན་པ་བདུད་རྩི་ཡོན་ཏན་གྱི་སྒྲུབ་པ་དང་། མངོན་སྤྱོད་ཀྱི་ཕྲིན་ལས་ཀྱིས་གདུག་པ་ཚར་གཅོད་པའི་ཐབས་གཙོ་བོར་སྟོན་པ་ཕུར་པ་ཕྲིན་ལས་ཀྱི་སྒྲུབ་པ་སྟེ་ཡེ་ཤེས་ལྷའི་སྒྲུབ་སྡེ་ལྔ་དང་། འདས་མ་འདས་ཀྱི་སྒྲུབ་སྡེ་ཐུན་མོང་བ་མ་མོ་རྦོད་གཏོང་དང་། དམོད་པ་དྲག་སྔགས། འཇིག་རྟེན་མཆོད་བསྟོད་ཀྱི་སྒྲུབ་སྡེ་སྟེ། དེ་གསུམ་ཡང་ཡེ་ཤེས་ལྷའི་སྒྲུབ་པ་རྣམས་ཀྱི་བསྟན་པ་སྲུང་བ་ལ་དགོངས་ནས། ལས་ཀ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཡིན་ཅིང་། དེ་ཐམས་ཅད་གཅིག་ཏུ་དྲིལ་ནས་སྒྲུབ་པའི་ཐབས། འདིར་སྒྲུབ་ཆེན་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱེད་པ་ལས། ཐོག་མར་ངེས་ཤེས་འདྲེན་པ་ལོ་རྒྱུས་ཀྱི་དབང་དུ་བྱས་ན། སྟོན་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཆོས་སྐུ་སྐྱེ་བ་མེད་པ་ལས་མ་གཡོས་བཞིན་དུ་གཟུགས་སྐུའི་རོལ་པ་ཞི་བ་དང་ཁྲོ་བོ་དཔལ་ཧེ་རུ་ཀའི་རྣམ་པར་བཞེངས་ནས། འོག་མིན་གསང་བ་མཆོག་གི་གནས་སུ། འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་དང་ཁྲོ་མོ་སོགས་བསམ་གྱིས་མི་ཁྱབ་པ་ལ། ཆོས་ཉིད་ཀྱི་རང་སྒྲས་སྤྱི་རྒྱུད་ལྔ། སྒོས་རྒྱུད་བཅུ་ལ་སོགས་ཏེ་སྒྲུབ་སྡེའི་རྒྱུད་མཐའ་ཡས་པ་གསུངས། དེ་རྣམས་རིག་འཛིན་གྱི་གཙོ་བོ་གསང་བདག་རྡོ་རྗེ་ཆོས་ཀྱིས་ཐོག་མར་ངག་ཏུ་བསྡུས། དེ་ནས་པུསྟི་གླེགས་བམ་ལ་བཀོད་ཅིང་། དགོངས་འགྲེལ་དུ་ལུང་ལྔ་ཡང་མཛད་དེ། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་སྤྱི་དང་བྱེ་བྲག་གི་རྒྱུད་སོ་སོར་ཕྱེས་ནས་རིན་པོ་ཆེའི་སྒྲོམ་བུར་བཅུགས་ཏེ་བསིལ་བ་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས། ནམ་ཞིག་ན་སློབ་དཔོན་བརྒྱད་ཀྱི་གཟིགས་སྣང་མཐུན་པར་ཆོ་འཕྲུལ་སྣ་ཚོགས་སྣང་བས་གནས་དེར་བྱོན་ནས་སྡེ་བརྒྱད་རྣམས་ལ་བཀའ་བསྒོས་པས། གཏེར་སྲུང་རྣམས་ཀྱིས་བྱེ་བྲག་གི་རྒྱུད་ཀྱི་སྒྲོམ་བུ་བརྒྱད་པོ་བཀའ་བབས་ཀྱི་རིག་འཛིན་བརྒྱད་སོ་སོ་ལ་གཏད། སྤྱི་རྒྱུད་ཀྱི་སྒྲོམ་རིན་པོ་ཆེ་སྣ་བརྒྱད་ལས་བྱས་པ་སླར་གཏེར་དུ་སྦས་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་སྤྱན་དྲངས། དེ་ལ་སློབ་དཔོན་ཆེན་པོ་འདི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་འོད་དཔག་ཏུ་མེད་པའི་ངོ་བོ་ལས་མ་གཡོས་བཞིན་དུ་ཐུགས་རྗེའི་རང་རྩལ་མ་འགག་པའི་ཆོ་འཕྲུལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། དབང་ཆེན་རྟ་མགྲིན་སོགས་གང་ལ་གང་འདུལ་གྱི་རྣམ་པར་རོལ་པ་མཐའ་ཡས་པ་སྟོན་པ་ལས། ཁྱད་པར་འཛམ་བུ་གླིང་དུ་ཐུབ་པའི་དབང་པོའི་རྒྱལ་ཚབས་སུ་དྷ་ན་ཀོ་ཤའི་མཚོ་གླིང་དུ་པད་སྡོང་ལས་སྐུ་བལྟམས་པའི་ཚུལ་བསྟན་ཏེ། རྒྱ་བོད་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུར་གྱུར་ཅིང་། ཁྱད་པར་བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ་རྗེ་འབངས་ཉི་ཤུ་རྩ་ལྔ་ལ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་དབང་བསྐུར་ཏེ། བཀའ་བབས་ཀྱི་གྲུབ་ཆེན་བརྒྱད་ཀྱི་མེ་ཏོག་ཚོམ་བུའི་གཙོ་བོ་སོ་སོས་བཞེས་པ་དང་མཐུན་པར་སྒྲུབ་གནས་བརྒྱད་དུ་བསྒྲུབ་ཏུ་བཏང་ཞིང་། རྗེ་འབངས་དེ་ཐམས་ཅད་ཀྱིས་གྲུབ་པ་བརྙེས། དེའི་ནང་ནས་ཀྱང་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་བདེ་གཤེགས་འདུས་པའི་བཀའ་བབས་པས། རྒྱུད་ལུང་མན་ངག་ཐམས་ཅད་ལོ་ཆེན་བཻ་རོ་ཙ་ན་དང་ལྡན་མ་རྩེ་མང་གིས་ལོ་ཙཱ་བྱས་ཏེ་བསྒྱུར་བཤད་ཀྱིས་གཏན་ལ་ཕབ་ནས་གསུངས། རྒྱལ་པོ་ཉིད་རང་སྐལ་བར་ལྡན་ཀྱང་སྲིད་ཀྱིས་ཡེངས་ནས་ཐུགས་ཉམས་སུ་མ་ལོན་པས། གུ་རུའི་གསུངས་བཞིན་སྐྱེ་སྲིད་ཕྱི་མ་ལ་འཕྲད་པའི་སྨོན་ལམ་བཏབ་སྟེ། བླ་དཔེ་རྣམས་བྲག་དམར་མགྲིན་བཟང་དུ་གཏེར་དུ་སྦས། དེ་ཉིད་མཁའ་འགྲོ་རྣམས་ཀྱིས་ཕྱིས་མཁོ་མཐིང་རྣམ་སྣང་གི་རྒྱབ་ཏུ་གཏེར་སྒོ་སྤོས། སླད་ཀྱིས་བསམ་ཡས་དབུ་རྩེའི་ཁོར་ས་བར་མ་ནས་ཁ་བྱང་གྲུབ་ཐོབ་དངོས་གྲུབ་ཀྱིས་བཏོན་ཏེ་ཕུལ་བ་ལྟར། མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་མཁོ་མཐིང་ནས་བདེ་གཤེགས་འདུས་པའི་སྐོར་རྣམས་སྤྱན་དྲངས་ཏེ། བཀའ་བབ་ཀྱི་བུ་ལྔ་དང་། ཁྱད་པར་སྲས་ཆུང་འགྲོ་བའི་མགོན་པོ་སོགས་སྐལ་ལྡན་གྱི་སློབ་མ་རྣམས་སྨིན་གྲོལ་ལ་འགོད་པར་མཛད། དེ་ལས་བརྒྱུད་པའི་ཁྱད་པར་དུ་མ་ཞིག་པཎ་ཆེན་པདྨ་དབང་རྒྱལ་ལ་བབས་པ་ནས་རིམ་པར་བརྒྱུད་དེ། བླ་མ་དམ་པ་འདི་ཞེས་བྱ་བའི་དྲུང་དུ་ཁོ་བོས་ལེགས་པར་ཐོབ་པ་ཡིན། བརྒྱུད་པ་དེ་ལས་བྱུང་བའི་ཆོས་དེ་ལའང་། ལམ་གྱི་གཞི་སྨིན་བྱེད་དབང་གི་རིམ་པ་དང་། དེ་དང་རྗེས་སུ་འབྲེལ་བའི་གྲོལ་བྱེད་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་སུ་ཡོད་པ་ལས། འདིར་དབང་བསྐུར་བའི་རིམ་པ་དེ་སྒྲུབ་པ་སྐབས་སུ་བབ་པ་ཡིན། དེ་ནས་སྟ་གོན་གྱི་ཚེ། དེ་ལའང་ཇི་སྐད་དུ། ཞེས་སོགས་སྒྱུ་འཕྲུལ་ཞི་ཁྲོ་སོར་བཞག་དང་། དངོས་གཞིའི་སྐབས་ཀྱང་། དབང་གི་ངོ་བོ། ངེས་ཚིག་གི་བཤད་པ་སྒྱུ་འཕྲུལ་ལྟར་བླང་རྗེས། དབྱེ་ན། ཕྱི་དབང་རྫས་ལ་བརྟེན་ནས་བསྐུར་བ་དང་། ནང་དབང་ལུས་ལ་བརྟེན་ཏེ་བསྐུར་བ་དང་། གསང་དབང་ཡུམ་ལ་བརྟེན་ཏེ་བསྐུར་བ་དང་། དེ་ཁོ་ན་ཉིད་སེམས་ལ་བརྟེན་ཏེ་བསྐུར་བ་དང་བཞི་ཡོད་ཅིང་། དེ་ཡང་དབང་བསྐུར་བ་ནི། དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་པས། ཐོག་མར་དཀྱིལ་འཁོར་དུ་འཇུག་དགོས་ཏེ། རྩ་བར། དཀྱིལ་འཁོར་དེར་འཇུག་རྣམ་པ་གཉིས། །སློབ་དཔོན་དང་ནི་སློབ་མའོ། །ཞེས་རྡོ་རྗེ་སློབ་དཔོན་གྱི་བགྱིས་འོས་དཀྱིལ་འཁོར་བཞེངས་སྒྲུབ་བདག་ཉིད་འཇུག་པ་དང་བཅས་པ་སོང་ནས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ཞེས་སོགས་སྔར་ལྟར་རོ། །དེས་མཚོན་ནས། དང་པོ་ཆོས་དབང་། བར་པ་རྡོར་གླིང་། ཐ་མ་པད་གླིང་སྟེ་གསང་རྫོགས་ལུགས་གསུམ་དང་། བྱང་གཏེར་རང་བྱུང་རང་ཤར་སོགས་བཀའ་བརྒྱད་སྤྱི་བཀའ་རྣམས་སོ་སོའི་སྒོས་ཆོས་བསྒྱུར་ཁ་མ་གཏོགས་ཁོག་འདྲ་ཞིང་། སྒོས་བཀའ་ཡང་དག །གཤིན་རྗེའི་གཤེད། རྟ་མགྲིན། ཕུར་པ་སོགས་ལ་སྒྲུབ་སྡེའི་སྤྱི་བབས་ཀྱི་བཤད་པ་འདྲ་བ་ལ། དེའི་ནང་ནས་འདི་དང་འདི་ཞེས་ངོས་བཟུང་ཞིང་། དེ་ཡང་བཀའ་གཏེར་དག་སྣང་གི་སྡེ་གར་གཏོགས་དམིགས་ཕྱེད་པ་དང་། དེར་མ་ཟད་གཏེར་མ་བླ་རྫོགས་ཐུགས་གསུམ་སོགས་གཞན་དང་གཞན་ལ་རིགས་འགྲེས་ཤེས་དགོས་ཏེ། གཏེར་མ་རྒྱ་ཆེས་པས་ཐམས་ཅད་བརྗོད་ཡང་མི་ནུས་ཤིང་། བཤད་པའི་འཁྱོག་མཚམས་ཀྱི་བསྒྱུར་ཁ་ཡང་ཧ་ཅང་མང་ན་མགོ་འཁོར་བའི་གནས་སུ་འགྲོ་ཉན་སྣང་བས་རེ་ཞིག་དེ་ཙམ་མོ། །ཞེས་བློ་དམན་རྣམས་ལ་ཕན་པའི་ཕྱིར་ཚུལ་འདི་ལྟ་བུ་ཞིག་བརྩམ་དགོས་ཞེས་ཐངས་ལ་མཁར་སྤྲུལ་སྐུ་རིན་པོ་ཆེ་ངག་དབང་ཀུན་བཟང་རང་གྲོལ་གྱིས་གསུང་གིས་བསྐུལ་བར་མཛད་པའི་བཀའ་མ་ཆོག་པར་གཉོས་བཙུན་རྨོངས་པ་དྷརྨ་ཤྲཱིས་ཟིན་བྲིས་སུག་ལས་སུ་བསྟར་བའོ།། །།

བར་དོའི་ཆོས་བཤད་བརྗོད་བདེར་སྤེལ

བར་དོའི་ཆོས་བཤད་བརྗོད་བདེར་སྤེལ་བ་བཞུགས་སོ། །ༀ་མ་ཧཱ་སུ་ཁ་ཛྙཱ་ན་སིདྡྷི་ཀུ་རུ་ཥཱ་མོ། རྣམ་འགྱུར་འཁོར་བའི་སྡུག་བསྔལ་ཉེས་བརྒྱའི་རི། །འཕོ་མེད་བདེ་ཆེན་རྡོ་རྗེས་རབ་བཅོམས་ནས། །རྣམ་གྲོལ་ལམ་བཟང་སྟོན་མཛད་བླ་མ་ལ། །ཕྱག་བྱས་བར་དོའི་ཆོས་བཤད་མདོ་ཙམ་སྤེལ། །དེ་ལ་འདིར་འཇིག་རྟེན་ཕ་རོལ་ཏུ་སོང་བའི་འགྲོ་བ་རྣམས་ངན་འགྲོའི་སྡུག་བསྔལ་ལས་སྐྱོབ་པའི་ཐབས་མཆོག་གནས་ལུང་གི་ཆོ་ག་དང་འབྲེལ་བར་བར་དོའི་ཆོས་བཤད་བྱེད་པར་སྤྲོ་ན། སྤྱིར་སྡུག་བསྔལ་ཆུའི་གཉེར་མ་དང་འདྲ་བར་གཅིག་རྗེས་གཅིག་ནོན་གྱིས་མནར་བའི་སེམས་ཅན་ཐམས་ཅད་དང་། སྒོས་དམིགས་ཡུལ་ཚེ་ལས་འདས་པས་གཙོས་བར་དོའི་འགྲོ་བ་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་ལ། ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་གནས་ལུགས་དེ་ཁོ་ན་ཉིད་རྟོགས་པའི་རྩལ་སྣང་དམིགས་པ་མེད་པའི་སྙིང་རྗེ་ཚད་མེད་པའི་རང་མདངས་སུ་ལངས་ཏེ་གདམས་ཡུལ་གྱི་གང་ཟག་གི་རྒྱུད་ཚོད་དང་བསྟུན་ནས་དེ་དང་དེར་འཚམས་པའི་གདམས་ངག་གི་ངོ་བོ་ཇི་ལྟར་སྟོན་ཚུལ་དང་། འཇིག་རྟེན་མཐུན་འཇུག་དང་འབྲེལ་བའི་ཞེས་དགོས་མི་དགོས་སོགས་ཚིག་ཟུར་བསྒྱུར་ཚུལ་རྣམས་ཀྱང་མ་འདྲེས་པར་སྐབས་མཚམས་ཕྱེད་པའི་སྒོ་ནས་གསལ་དག་སྙན་པའི་ཚིག་གིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། འོ། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སྐུ་གཤེགས་པ་མཚན་འདི་ཞེས་བྱ་བ་ཉིད་རང་གི་ན་བཟའ་བཞུགས་སྟན། ཞེས་སམ། ཚེ་ལས་འདས་པ་མིང་འདི་ཞེས་བྱ་བ་ཁྱོད་རང་གི་གོས་སྟན་ཞེས་བརྗོད་ནས། དྲི་མ་དང་བཅས་པ་འདི་ལ་བག་ཆགས་ཀྱི་རྟེན་འཆོས། མཚན་བྱང་ངམ་མིང་བྱང་འདི་ལ་རྣམ་ཤེས་ཀྱི་རྟེན་བཅས་ཏེ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་མོས་གུས་དྲག་པོ་དང་བཅས་པས། ཆོ་ག་དང་ངོ་སྤྲོད་མ་ཚར་གྱི་བར་དུ་རིག་པ་སེམས་ཀྱི་རང་སོ་གཟུང་ནས་ལྷན་ནེ་བག་ཕབ་ལ་ཐུགས་སམ་སེམས་གཞན་དུ་ཡེངས་པ་མེད་པར་རྩེ་གཅིག་ཏུ་ལེགས་པར་གསན་འཚལ་ལམ་ཉན་འཚལ། དེ་ཡང་སྔོན་བསོད་ནམས་ཁྱད་པར་ཅན་བསགས་པའི་མཐུ་ལས་ཡུལ་དབུས་དམ་པའི་ཆོས་དར་བའི་ས་ཕྱོགས་སུ་མི་ལུས་རིན་པོ་ཆེ་རྙེད། རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་ཀུན་གྱིས་བཀུར་བའི་གནས་དང་། འཇིག་རྟེན་གྱི་རྒྱན་དུ་འགྲོ་བ་ཞིག་ཡོད་ནའང་། ཞེས་སམ། ཆོས་པ་ཡིན་ན། མི་ལུས་རིན་པོ་རྙེད་བླ་མ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་གཟུང་དམ་པའི་ཆོས་ཀྱི་སྒོར་ཞུགས་བླ་ན་མེད་པའི་གདམས་ངག་ཕྱིན་ཅི་མ་ལོག་པར་མཁྱེན་པས་ཐར་ལམ་སྒྲུབ་པའི་མཐུན་རྐྱེན་དད་བརྩོན་སྙིང་སྟོབས་དང་ལྡན་པ་ཞིག་ཡོད་ནའང་། ཞེས་བརྗེས་ལ། སྤྱིར་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ། འདུས་བྱས་མི་རྟག་པའི་རང་བཞིན་ཅན་དུ་གསུངས་པ་དེ་ཉིད་ད་རེས་ཁྱེད་ཀྱི་ཐོག་ཏུ་བབས་ཏེ་མདང་ཞག་འཇིག་རྟེན་ཕ་རོལ་ཏུ་ཐལ་གདའ། འོན་ཀྱང་འཇིག་རྟེན་ན་མི་སྲིད་པ་ཞིག་བྱུང་བ་མ་ཡིན་གྱི་འདུས་བྱས་ཐམས་ཅད་ཀྱི་མཚན་ཉིད་དེ་ལས་མ་འདས་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་བས། །དེ་བས་མྱུར་དུ་ཞི་བ་བདེ། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་བཞིན། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་ཀྱང་དེ་དང་འདྲ། །ཞེས་སྒྱུ་མ་དང་རྨི་ལམ་ལ་སོགས་པའི་དཔེས་སྤྱིར་འདུས་བྱས་ཀྱི་ཆོས་མི་རྟག་པ་དང་། སྒོས་སྐྱེས་བུའི་ཚེ་མི་རྟག་པར། རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་དང་། མི་རྟག་པའི་ཚོམས་ལས། སྐྱེས་ནས་གང་ཞིག་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །འོན་ཏེ་ཐོས་སམ་ཐེ་ཚོམ་ཟ། །འདི་ལྟར་སྐྱེས་པ་ཐམས་ཅད་ཀྱི། །མདུན་ན་གནས་པ་འཆི་བ་ཡིན། །ཞེས་གསུངས། དེས་ན་གང་ལ་བསམས་ཀྱང་མི་རྟག་པ་སྟེ། ཕྱི་ཡུལ་སྣང་ལ་བལྟས་པས་ནམ་ཟླ་དུས་བཞིའི་འགྱུར་བ་མི་རྟག །ཉིིན་མཚན་ཡུད་ཙམ་འགྱུར་བས་སྐད་ཅིག་མི་རྟག །སྐྱེ་འཆི་རིམ་པར་བསམས་པས་བཤེས་མི་རྟག །ཚོང་ཁང་མགྲོན་པོ་བསམས་པས་འདུ་འབྲལ་མི་རྟག་པ་བཞིན་དུ། ཁྱོད་ཉིད་ཀྱང་སྔོན་གྱི་ལས་ཟད་པ་འཕྲལ་རྐྱེན་གྱིས་བསྐུལ་བས། ད་ལྟ་འཇིག་རྟེན་འདིའི་སྣང་བ་ལས་ནི་འདས། མིའི་ནང་ནས་ནི་ཤི་འཕོས། འཇིག་རྟེན་ཕྱི་མའི་སྲིད་པ་ནི་མ་བླངས་པས། བར་དོའི་སྲིད་པ་ཞེས་བྱ་བའི་སྐབས་དེར་སླེབས་པ་ཡིན། དེའི་ཚེ་ན་གལ་ཆེ་བ་བར་དོའི་གདམས་ངག་སྟེ། ཞེས་མཚམས་སྦྱར། བླ་མ་དགེ་བའི་བཤེས་གཉེན་ལྟ་བུ་ཡིན་ན། །དེ་རྣམས་མ་བརྗོད་པར་ཐོག་མ་ནས་འདི་སྐད་ཅེས། འོ་ལགས། འདི་ལྟར་ལྷག་པའི་བསམ་པ་རྣམ་པར་དག་པས་གདུལ་བྱའི་ཡུལ་ལ་ཉིད་ཀྱི་ཐུགས་རྗེའི་འཇུག་པ་བསྐུལ་བའི་སླད་དུ་ཅུང་ཟད་ཅིག་ཞུ་ཞིང་གསོལ་ན་ལེགས་པར་དགོངས་ཏེ་གསན་པར་ཞུ་འཚལ། དེ་ཡང་། རྒྱལ་ཚབ་མི་ཕམ་མགོན་པོས། འཕགས་པས་ན་དང་འཆི་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་གསུངས་པ་ལྟར། དམ་པ་རྣམས་ལ་ལས་ཀྱིས་འཆི་བ་མ་མཆིས་ནའང་། གདུལ་བྱ་རྟག་འཛིན་ཅན་རྣམས་མི་རྟག་པའི་ཆོས་ཀྱི་འདུལ་བའི་ཕྱིར་འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བཤིག་ནས་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་སྟོན་པའང་ཐབས་ལ་མཁས་པའི་མཛད་པ་ལགས་པས་སྐབས་དེར་གཞན་སྟོབས་ཀྱི་གདམས་ངག་གསལ་འདེབས་ལ་རག་མ་ལས་ཀྱང་། འཇིག་རྟེན་མཐུན་འཇུག་དང་སྦྱར་ནས་བར་དོའི་ཆོས་ལས་བརྩམས་པའི་ཐུགས་དམ་བསྐུལ་བའི་གསལ་འདེབས་མདོ་ཙམ་ཞིག་ཞུ་བའི་དབང་དུ་བྱས་ན། ཞེས་མཚམས་སྦྱར་ལ། དེ་གཉིས་གང་ལྟར་ཡང་། དེ་ལ་བར་དོའི་སྤྱིའི་རྣམ་བཞག་མདོར་བསྟན་པ་དང་། སྐབས་དོན་བྱེ་བྲག་གི་རང་བཞིན་རྒྱས་པར་བསྟན་པ་གཉིས་མཆིས་པ་ལས། དེའི་དང་པོ་སྤྱིའི་རྣམ་བཞག་ལ་ཡང་། བར་དོའི་ངོ་བོ། བར་དོའི་སྒྲ་དོན། བར་དོའི་དབྱེ་བ། དབྱེ་བ་སོ་སོའི་ལམ་ཁྱེར་རྣམས་སུ་གནས་པ་ལས། དང་པོ་བར་དོའི་ངོ་བོ་དེ་གང་ཞེ་ན། གཞི་དབྱིངས་ཀ་དག་ལ་བར་དོ་མེད་དེ། དེ་ཉིད་ཆོས་གཞན་སྔ་ཕྱི་ལ་མ་ལྟོས་ཤིང་གང་གི་བར་ན་ཡང་འཇུག་མི་སྲིད་དེ། འཕོ་འགྱུར་སྣང་སྟོང་གི་མཐའ་ལས་འདས་པའི་ཕྱིར། དེ་ལྟར་ཡང་ཐལ་འགྱུར་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་གཞི་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་པ་ཡང་ཅི། །ཞེས་གསུངས་པས་ན། ནང་དབྱིངས་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཡིན་ཏེ། གཞི་སྣང་སྐུ་དང་ཡེ་ཤེས་སུ་སྣང་བའི་རང་གདངས་གཟུགས་སྐུ་གཉིས་ཀྱི་མཛད་པ་འཆར་བའི་རང་ངོའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་ཡིན་ལ། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་སོ་ཅོག་ནི་མ་དག་པ་འཁྲུལ་པའི་བར་དོ་ཡིན་ཏེ། ནང་དབྱིངས་ཀ་དག་ལས་ཕྱིར་ཤར་ཞིང་། སླར་ཀ་དག་གི་དབྱིངས་སུ་ནུབ་དགོས་པས་གཤིས་ཀ་དག་གི་བར་ན་ཡོད་པའི་སེམས་པ་ས་བོན་དང་བཅས་པ་ནི་བར་དོའི་ངོ་བོ་ཡིན་ལ། གཉིས་པ་སྒྲ་དོན་ཡང་། གོང་འོག་སྔ་ཕྱི་གང་རུང་གི་བར་གྱི་ཆ་ལས་བཏགས་ཏེ། རང་བཞིན་དང་འཆི་ཁའི་བར་དོའི་དབང་དུ་བྱས་ན་སྔ་མས་འཕགས་ཤིང་ཕྱི་མ་མ་གྲུབ་པའི་བར་གྱི་ཆ་དང་། ཆོས་ཉིད་བར་དོ་དང་སྲིད་པ་བར་དོའི་དབང་དུ་བྱས་ན། མཛོད་ལས། འདི་གང་འཆི་དང་སྐྱེ་བ་ཡི། །སྲིད་པའི་བར་དོ་འབྱུང་དེའོ། །བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། །སྲིད་པ་བར་མ། ཞེས་གསུངས་པ་ལྟར་འདི་ནས་འཕོས་ཏེ། ཕྱི་མའི་སྐྱེ་སྲིད་མ་གྲུབ་པའི་བར་དེ་སྲིད་པ་བར་དོ་ཞེས་གྲགས་སོ། །གསུམ་པ་བར་དོའི་དབྱེ་བ་ལ་བཞིར་གསུངས་ཏེ། རང་བཞིན་གྱི་བར་དོ་དང་། འཆི་ཁའི་བར་དོ་དང་། ཆོས་ཉིད་ཀྱི་བར་དོ་དང་། སྲིད་པའི་བར་དོའོ། །དེ་ལྟར་ཡང་། ཐལ་འགྱུར་ལས། བར་དོའི་ཆོས་ཉིད་འདི་ལྟ་བུ། །རབ་ཏུ་གསང་བའི་ཆོས་ཉིད་བཤད། །དབྱེ་བ་རྣམ་པ་ཞི་དག་ལས། །ཞེས་གསུངས་ཤིང་། དེ་བཞིའི་སྣང་ལུགས་དང་ས་མཚམས་ཀྱང་། རང་བཞིན་གནས་པའི་བར་དོའི་སྣང་བ་ནི། ཕུང་པོ་ལྔ། ཁམས་དང་སྐྱེ་མཆེད་ལས་ཉོན་རྣམས་ཀྱིས་བཅིངས་པས། སྐུ་ལྔ། འོད་དང་ཁ་དོག །ཡེ་ཤེས་དང་ཆོས་ཉིད་ཀྱི་སྣང་བ་རྣམས་རང་འགགས་ཏེ། སྣང་ཡུལ་ལ་འཛིན་པའི་སེམས་ཞེན་པས། འཁོར་བའི་འཁྲུལ་སྣང་ལ། རྟག་པ། བདེན་པ། བདེ་བ། མཚན་མར་འཛིན་པའི་ཕྱིན་ཅི་ལོག་བཞིའི་ཀློང་ན་རྟག་ཏུ་ལས་དང་བག་ཆགས་ལ་སྤྱོད་པ་ཡིན་ལ། ས་མཚམས་ནི། མའི་མངལ་ལས་ཐོན་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །འཆི་ཁ་བར་དོའི་སྣང་བ་ནི། ལུས་ཀྱི་འབྱུང་བ་འཁྲུགས་ཤིང་། སེམས་ཀྱི་བྱུང་ཚོར་སྟོར་བས་ལུས་སེམས་ཀྱི་ཐོག་ཏུ་སྡུག་བསྔལ་མྱོང་ཞིང་། ཚེ་འདིའི་སྣང་བ་ལ་ཆགས་པ་དང་། ཕྱི་མ་ངན་སོང་དུ་ལྷུངས་ཀྱི་དོགས་པ་སོགས་བེམ་རིག་འབྲལ་བའི་སྡུག་བསྔལ་ལ་གནས་པ་ཡིན་ཅིང་། ས་མཚམས་ནི། འཆི་བ་ལ་ཕྱོགས་པ་ནས་ནང་དབུགས་ཆད་པ་ཚུན་ཆད་དོ། །ཆོས་ཉིད་བར་དོའི་སྣང་བ་ནི། སྐུ་དང་ཡེ་ཤེས་ཀྱི་ཆོས་ཉིད། རང་བཞིན་བསམ་གཏན་གྱི་ཆོས་ཉིད། རང་སྣང་འོད་གསལ་གྱི་ཆོས་ཉིད་གསུམ་ལ་སྤྱོད་པ་ཡིན་ལ། ས་མཚམས་ནི། ནང་དབུགས་ཆད་ནས་འོད་གསལ་གྱི་སྣང་བ་ཤར་ཏེ། ལྷུན་གྲུབ་ཀྱི་སྣང་བ་མ་ནུབ་ཀྱི་བར་ཚུན་ཆད་དོ། །སྲིད་པ་བར་དོའི་སྣང་བ་ནི། ཡིད་ཀྱི་ལུས་དང་དྲི་ཙམ་གྱི་ཟས་ལ་བརྟེན་ཞིང་གནས་མེད་དུ་འཁྱམས་པ་ཡིན་ལ། ས་མཚམས་ནི། ལྷུན་གྲུབ་ཀྱི་སྣང་བ་ནུབ་ནས་ཕྱི་མའི་སྐྱེ་གནས་སུ་ཚུད་པ་ཚུན་ཆད་དོ། །བཞི་པ་དབྱེ་བ་སོ་སོའི་ལམ་ཁྱེར་ནི། དཔེ་དོན་གཉིས་ཀྱིས་སྟོན་ཏེ། རང་བཞིན་གྱི་བར་དོ་ལ། ཤེས་བྱའི་གྲོས་ཐག་བཅད་པ། དཔེ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག་སྟེ། དོན་བླ་མ་དམ་པ་ལ་བརྟེན་ནས། དེས་བསྟན་པའི་གདམས་ངག་ལ། དང་པོར་ཐོས་པས་བློ་སྦྱང་། བར་དུ་བསམ་པས་ཐག་བཅད། ཐ་མར་སྒོམ་པས་དོན་རྣལ་དུ་ཕབ་སྟེ། སྒྲོ་འདོགས་ཆོད་པར་བྱེད་པའོ། །འཆི་ཁ་མའི་བར་དོ་ལ། འོད་གསལ་གྱི་སྣང་བ་མི་གསལ་བ་གསལ་གདབ་པ་དཔེ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུའི་གདམས་ངག་ནི། སྔར་གོམས་པའི་གདམས་པ་རྣམས་སྐབས་འདིར་གསལ་འདེབས་པ་སྟེ། གོམས་པ་རབ་ཀྱིས་དབྱིངས་རིག་རང་སོ་ལ་འཇོག་པ། འབྲིང་གིས་འཕོ་བ་སྦྱང་བ། ཐ་མ་བླ་མའམ་མཆེད་གྲོགས་ལྟ་བུའི་གཞན་རྐྱེན་ལ་ལྟོས་པས་གསལ་འདེབས་པའོ། །ཆོས་ཉིད་བར་དོ་ལ། རང་སྣང་ལ་ཡིད་ཆེས་པས། དཔེ་སྔར་འདྲིས་ཀྱི་མི་དང་འཕྲད་པའམ་མ་པང་དུ་བུ་འཇུག་པ་ལྟ་བུ་ནི། གདམས་ངག་གི་དོན་རིག་པ་འོད་གསལ་གྱི་ཐིམ་ཚུལ་དང་རང་སྣང་གི་འཆར་ཚུལ། དབང་པོའི་གྲོལ་ཚུལ་དང་བཅས་པ་ཉམས་འོག་ཏུ་ཆུད་པས། ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པ་རང་སྣང་ཡེ་ཤེས་ཀྱི་རོལ་པར་གདེང་ཆུབ་པའོ། །སྲིད་པ་བར་དོ་ལ། ལས་ཀྱི་འཕྲོ་མཐུད་པ། དཔེ་ཡུར་བ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུ་ནི། བདེན་པ་མཐོང་བ་རྣམས་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་དུ་གྲོལ་བར་བྱེད་ལ། སྔར་ཆོས་ལ་གོམས་པ་རྣམས་འཁྲུལ་སྣང་འཇིགས་སྐྲག་ཤར་བ་འཆད་འགྱུར་ལྟར་གདམས་པའི་གནད་ཀྱིས་དག་པའི་སྐྱེ་སྲིད་དུ་མཚམས་སྦྱོར་བར་བྱེད་པའོ། །དེ་དག་ཀྱང་དབང་པོའི་རིམ་པས་གྲོལ་ཚད་མུ་གསུམ་དུ་འགྱུར་བར་གསུངས་སོ། །གཉིས་པ་སྐབས་དོན་བྱེ་བྲག་གི་རང་བཞིན་རྒྱས་པར་བསྟན་པ་ནི། འདིར་བར་དོ་ཕྱི་མ་གསུམ་གཙོ་ཆེ་བའི་དབང་དུ་བྱས་པ་སྟེ། དེ་ལ་ལུས་ཅན་རྣམས་འཆི་འཕོ་བའི་ཚེ། ལུས་ཀྱི་ཆུ་མེ་རླུང་གསུམ་འཁྲུགས་པས་དྲོད་དང་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཚེ་སྲོག་གཅོད་པ་ཡིན་ལ། དེ་ཡང་རྟེན་ཐིམ་པ་ན་བརྟེན་པ་ངེས་པར་ཐིམ་པ་ཡིན་པས། མན་ངག་རྣམས་སུ་ཁམས་ཐིམ་ཚུལ་ཙམ་རེ་གསུངས་པ་མང་ཡང་། ཇི་སྐད་དུ། སྣང་བ་ཐིམ་དང་རྟོག་པ་ཐིམ། །ཕྲ་བ་ཐིམ་དང་རགས་པ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་ཡི། །རང་བཞིན་གྱི་ནི་འོད་གསལ་འཆར། །ཞེས་གསུངས་པ་ལྟར། འདིར་ཕྲ་རགས་ཀྱི་ཐིམ་ལུགས་སོགས་རྒྱས་པའི་ཕྱོགས་ནས་འཆད་པའི་དབང་དུ་བྱས་ན། ཐོག་མར་རགས་པའི་རང་བཞིན་ཉི་ཤུ་ཐིམ་པར་འགྱུར་ཏེ། དེ་ཡང་རྣམ་སྣང་གི་རིགས། གཟུགས་ཕུང་པོ་འོད་གསལ་དུ་འཇུག་པའི་རྟགས་སུ་ཡན་ལག་ཐམས་ཅད་ཕྲ་བ་དང་། ལུས་ཀྱི་ཉམས་ཞན་ཞིང་ནུས་པ་མེད་པར་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པས་སེམས་མི་གསལ་ཞིང་རབ་རིབ་ཏུ་འགྱུར། སའི་ཁམས་ཐིམ་པས་ཐམས་ཅད་བསྐམ་པར་འགྱུར། མིག་གི་དབང་པོ་ཐིམ་པས་མིག་མི་འགྱུར་ཞིང་ཟུམ་པར་འགྱུར། ཡུལ་གྱི་གཟུགས་ཐིམ་པས་ལུས་ཀྱི་མདངས་མེད་པས་ཉམས་སྨད་པར་འགྱུར་ཏེ། དེ་ལྟར་རྣམ་སྣང་གི་རིགས་རྣམས་དོན་དམ་པར་འཇུག་པའོ། །དེ་ནས་རིན་པོ་ཆེའི་རིགས། ཚོར་བའི་ཕུང་པོ་ཐིམ་པས་ཚོར་བ་ཉམས་སུ་མི་མྱོང་། མཉམ་ཉིད་ཡེ་ཤེས་ཐིམ་པས་ཚོར་བ་གསུམ་དྲན་པར་མི་འགྱུར། ཆུའི་ཁམས་ཐིམ་པས་རང་ལུས་ཀྱི་ཁ་ཆུ་དང་རྡུལ་དང་གཅིན་དང་ཁུ་ཁྲག་སོགས་བསྐམ་པར་འགྱུར། རྣ་བའི་དབང་པོ་ཐིམ་པས་ཕྱི་ནང་གི་སྒྲ་མི་ཐོས། ཡུལ་གྱི་སྒྲ་ཐིམ་པས་རང་ལུས་ཀྱི་སྒྲ་མི་ཐོས་སོ། །དེ་ནས་པདྨའི་རིགས། འདུ་ཤེས་ཀྱི་ཕུང་པོ་ཐིམ་པས་རྐང་གཉིས་ལ་སོགས་པའི་སེམས་ཅན་རྣམས་མི་དྲན། སོ་སོར་རྟོག་པའི་ཡེ་ཤེས་ཐིམ་པས་ཕ་མ་བུ་སྲིང་ལ་སོགས་པའི་མིང་མི་དྲན། མེའི་ཁམས་ཐིམ་པས་ཟས་མི་འཇུ། སྣའི་དབང་པོ་ཐིམ་པས་སྟེང་གི་རླུང་དལ་གྱིས་འགྲོ། ཡུལ་གྱི་དྲི་ཐིམ་པས་རང་གི་ལུས་ལ་དྲི་མི་བྲོ་བའོ། །དེ་ནས་ལས་ཀྱི་རིགས། འདུ་བྱེད་ཀྱི་ཕུང་པོ་ཐིམ་པས་ལུས་ཀྱི་བྱ་བ་ཐམས་ཅད་ལ་འཇུག་པར་མི་འགྱུར། བྱ་བ་གྲུབ་པའི་ཡེ་ཤེས་ཐིམ་པས་འཇིག་རྟེན་གྱི་བྱ་བ་དང་དགོས་པ་དྲན་པར་མི་འགྱུར། རླུང་གི་ཁམས་ཐིམ་པས་རླུང་བཅུ་རང་གི་གནས་ནས་འཕོ། ལྕེའི་དབང་པོ་ཐིམ་པས་ལྕེ་སྦོམ་ཞིང་ཐུང་ལ་རྩ་བ་སྔོན་པོར་འགྲོ། ཡུལ་གྱི་རོ་ཐིམ་པས་རོ་དྲུག་ཉམས་སུ་མི་མྱོང་སྟེ། དེ་ལྟར་རགས་པའི་རང་བཞིན་ཉི་ཤུ་ཐིམ་ནས། ཕྲ་བ་ནང་གི་འབྱུང་བའི་ཐིམ་ལུགས་ནི། ཡེ་ཤེས་རོལ་པ་ལས། དང་པོ་ས་ནི་ཆུ་ལ་ཐིིམ། །ཆུ་ཡང་མེ་ལ་ཐིམ་འགྱུར་སྟེ། །མེ་ནི་རླུང་ལ་ཐིམ་གྱུར་ནས། །རླུང་ཡང་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་གཟུང་བ་འདི་ཉིད་ནི། །འོད་གསལ་བར་ཡང་འཇུག་པར་འགྱུར། །ཞེས་གསུངས་ཏེ། དེ་ཡང་ས་ཆུ་ལ་ཐིམ་པ་ཞེས་པ་ནི་ལུས་ཀྱི་སའི་གནས་སུ་ས་མེད་པར་གྱུར་པའམ་གནས་འཕོས་ནས་ཆུའི་ནང་དུ་ས་འཇུག་པའི་དོན་མ་ཡིན་གྱི། དབུ་མའི་ཡེ་ཤེས་ཀྱི་རླུང་སྟོབས་སུ་གྱུར་པས་སའི་ལས་རླུང་བཅོམས་ཏེ། རྟེན་ཐིམ་པ་ན་བརྟེན་པ་ངེས་པར་ཐིམ་པས་སྲ་བར་སྣང་བའི་རྣམ་ཤེས་ཀྱང་རང་གི་བག་ཆགས་དབུ་མ་ལ་བཞག་ནས་འགགས་ཏེ། རྒྱུས་པ་སོགས་སྲ་བ་ཤས་ཆེ་བའི་ཁམས་རྣམས་རྟེན་རླུང་དང་རྣམ་ཤེས་བྲལ་བར་བྱས་ཏེ། སའི་དྭངས་མ་དེ་ཉིད་ཆུའི་དྭངས་མ་ལ་ཐིམ་པར་གྱུར་པས་ལུས་སྒུལ་བསྐྱོད་མི་ནུས་ཤིང་ཟུངས་མི་ཐུབ། ལུས་ས་ལ་བྱིང་བ་སྙམ་བྱེད། ནང་རྟགས་སྨིག་རྒྱུ་ལྟ་བུ་སྔོ་མེར་མེར་བ་དང་སྔོ་ཧྲིབ་ཧྲིབ་པ་དང་ཆར་ཟིམ་དང་ཆུ་གཡོ་བའི་རྣམ་པ་ལྟ་བུ་འབྱུང་། དེ་བཞིན་དུ་དབུ་མའི་ཡེ་ཤེས་ཀྱི་རླུང་སྟོབས་སུ་གྱུར་པས་ཆུའི་ལས་རླུང་བཅོམས་ཏེ་གཤེར་བར་སྣང་བའི་རྣམ་ཤེས་ཀྱང་རང་གི་བག་ཆགས་དབུ་མ་ལ་བཞག་ནས་འགགས་ཏེ། ཁྲག་དང་ཆུ་སེར་སོགས་གཤེར་བ་ཤས་ཆེ་བའི་ཁམས་རྣམས་རྟེན་རླུང་དང་རྣམ་ཤེས་དང་བྲལ་བས་ཆུའི་དྭངས་མ་དེ་ཉིད་མེའི་དྭངས་མར་ཐིམ་པས་ཁ་སྣ་བསྐམས་ཤིང་ལྕེ་རྐན་ཕུགས་སུ་འགྲོ། ནང་རྟགས་སུ་དུ་བ་ལྟ་བུ་འཕྱུར་བ་དང་དུ་ཐང་ཆགས་པ་ལྟ་བུ་འབྱུང་། དབུ་མའི་མེ་རླུང་གིས་མེའི་ལས་རླུང་བཅོམས་ཏེ་ཚ་བར་སྣང་བའི་རྣམ་ཤེས་ཀྱང་རང་གི་བག་ཆགས་དབུ་མ་ལ་བཞག་ནས་འགགས་ཏེ་དྲོད་སོགས་ཚ་བ་ཤས་ཆེ་བའི་ཁམས་རྣམས་རྟེན་རླུང་དང་རྣམ་ཤེས་དང་བྲལ་བས་མེའི་དྭངས་མ་དེ་ཉིད་རླུང་གི་དྭངས་མ་ལ་ཐིམ་པས་ལུས་ཀྱི་དྲོད་མཐའ་ནས་སྡུད་ཅིང་འཕོ་བའི་མེ་དྲོད་ཉམས། ནང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟ་བུ་དམར་ཙག་ཙག་དང་དམར་ཕྲ་ཕྲ་བ་འབྱུང་། རླུང་རྣམ་ཤེས་ལ་ཐིམ་པའི་དོན་ཡང་ལུས་ཀྱི་རླུང་གི་གནས་སུ་རླུང་མེད་པར་གྱུར་པའམ་སྡོད་ས་འཕོས་ནས་རླུང་ཉིད་རྣམ་ཤེས་ཀྱི་ནང་དུ་འཇུག་པའི་དོན་ཡང་མ་ཡིན། རྣམ་ཤེས་ལ་རླུང་དྭངས་མའི་བག་ཆགས་བཞག་ནས་རླུང་འགགས་པའི་དོན་ཡང་མ་ཡིན་གྱི། རླུང་གི་དྭངས་མས་སྲོག་རྩ་རགས་པའི་བར་གྱི་ལུས་ཐམས་ཅད་དོར་ནས། སྲོག་རྩའི་ནང་གི་འོད་ལྔའི་སྦུ་གུ་ཅན་གྱི་རྩ་ལྔ་ལ་ཞུགས་ནས་ཡིད་ཀྱི་སྣང་བ་དང་རོ་གཅིག་ཏུ་གྱུར་པས། དབུགས་ཕྱིར་རིང་དུ་རྒྱུ་ཞིང་ནང་དུ་སྡུད་མི་ཤེས་པས་རགས་པའི་རྒྱུ་བ་ཆད། ནང་རྟགས་སུ་མར་མེ་འབར་བའི་སྣང་བ་དང་སྒྲོན་མེའི་ཕྲེང་བ་སྒྲིགས་པ་ལྟ་བུ་འབྱུང་། རྣམ་ཤེས་ནམ་མཁའ་ལ་ཐིམ་པ་ནི། རྣམ་ཤེས་དངོས་མེད་དུ་གྱུར་པའི་དོན་མ་ཡིན་གྱི་ནམ་མཁའ་ལྟར་དྭངས་ཤིང་ཐོགས་པ་མེད་ལ་མཚོན་པར་དཀའ་བའི་དབུ་མ་ལ་ཐིམ་པ་སྟེ། དེ་ཡང་གསང་འདུས་འཕགས་སྐོར་གྱི་གཞུང་རྣམས་སུ། ནམ་མཁའི་ཁམས་ཐིམ་ཚུལ་གྱི་ཐ་སྙད་གསལ་བར་མ་གསུངས་པ་ནི་ཁམས་ཕྲ་བ་དེ་རླུང་གི་ནང་དུ་སྦས་ཏེ་བཤད་པ་ཡིན་པས་ན། མཁའ་ཁམས་ཐིམ་པ་ལོགས་སུ་མི་ཕྱེད་པར་རྣམ་ཤེས་ཐིམ་རིམ་གྱི་སྐབས་སུ་ནམ་མཁའ་སྤྲིན་མེད་ཀྱི་རྟགས་སྣང་འཆར་གཞིར་བཞག་པ་ལ་དཀར་དམར་ནག་གསུམ་གྱི་སྣང་བ་འཆར་བར་བཞེད་དོ། །རྟོག་པ་ཐིམ་པ་ནི། རླུང་ནམ་མཁའ་ལ་ཐིམ་པ་ཡན་ཆད་དུ། རང་བཞིན་བརྒྱད་ཅུའི་རྣམ་རྟོག་འདུ་བྱེད་ཀྱི་བྱ་བ་བྱེད་ནུས་པ་རྣམས་རླུང་དང་བཅས་པ་ཐིམ་པ་ཡིན་ལ། ལས་མི་བྱེད་པའི་རྟོག་པ་ཕྲ་མོ་རྣམས་ནི་སྣང་གསུམ་ཉིད་ལ་འདྲེས་ཏེ་གནས་པས་སྐབས་དེ་དང་དེར་ཐིམ་པར་འགྱུར་བ་ཡིན་ནོ། །དེས་ན་སྣང་བ་ཐིམ་པ་ཞེས་ནམ་མཁའ་འོད་གསལ་ལ་ཐིམ་པའི་སྐབས་འདིར་སེམས་ཉིད་སྟོང་པའི་ངང་ལས་ཆོས་སྐུའི་འོད་གསལ་རྣམ་པ་བཞི་འཆར་ཏེ། སྤྱིར་སྣང་བ་གསུམ་ལ་དོན་དམ་དེ་ཁོ་ན་ཉིད་ཀྱི་སྣང་བ་དང་། ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་གཉིས་ལས། དོན་དམ་དེ་ཁོ་ན་ཉིད་ཀྱི་སྣང་བ་ནི། རྩ་བ་ཆོས་ཀྱི་དབྱིངས་རང་སེམས་བདེ་ཆེན་རྟག་པ་འགྱུར་མེད་དོན་དམ་རང་རིག་ཆེན་པོ་དེ་ཡིན་ལ། ངོ་བོ་བདེ་ཆེན་དེ་ཉིད་རང་གི་སྣང་ཆའམ་རང་གཟུགས་འཆར་ཚུལ་རྡོ་རྗེ་གསུམ་གྱི་གསང་བ་བསམ་གྱིས་མི་ཁྱབ་པ་སྟེ། སྐུའི་གསང་བ་སྣང་བ། གསུང་གི་གསང་བ་མཆེད་པ། ཐུགས་ཀྱི་གསང་བ་ཐོབ་པ། སྔར་བཤད་པའི་ཀུན་ཁྱབ་བདེ་བ་ཆེན་པོ་དེ་ནི་ཐམས་ཅད་སྟོང་པ་འོད་གསལ་བ་ཡིན་ནོ། །ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་ལ་རང་བཞིན་དང་བཅས་པའམ། རང་བཞིན་དང་བྲལ་བའི་སྣང་བ་གཉིས་ཀྱི། འདིར་རང་བཞིན་དང་བཅས་པའང་། གཞི་དུས་དང་། ལམ་དུས་གཉིས་ལས། འདིར་གཞི་དུས་དེ་ལའང་རྒྱུན་ཆགས་པ་དང་། ཁྱད་པར་གྱི་དུས་སུ་འབྱུང་བ་གཉིས་ལས། ཕྱི་མ་ལའང་ཆེས་རགས་ཤིང་གསལ་བར་འབྱུང་བ་འཆི་བའི་དུས་དང་། འབྲིང་དུ་འབྱུང་བ་གཉིད་དང་འཁྲིག་པའི་དུས་དང་། ཕྲ་ཞིང་མི་གསལ་བར་འབྱུང་བ་ཚོགས་དྲུག་གི་སྣང་བ་རགས་པ་ཤར་བའི་དུས་ཏེ། དེ་ལས་འདིར་འཆི་དུས་ཀྱི་སྔ་རོལ་དུ། ཕྲ་རགས་ཉེར་ལྔ་ཡོངས་རྫོགས་ཐིམ་རྗེས། དང་པོའི་སངས་རྒྱས་ལས། ལུས་ཅན་རྣམས་ནི་འཆི་བ་ན། །ཟླ་བ་བདུད་རྩི་ཐུར་དུ་འགྲོ། །སྟེང་དུ་ཉི་རྡུལ་སྒྲ་གཅན་དེས། །རྣམ་ཤེས་སྲིད་པའི་མཚན་ཉིད་སྦྱོར། །ཞེས་གསུངས་པ་ལྟར་ནམ་མཁའ་འོད་གསལ་ལ་འཇུག་དུས་རོ་རྐྱང་གི་དྭངས་མ་ཐམས་ཅད་དབུ་མའི་ཡས་མར་གྱི་ཨ་ཧཾ་ལ་འདུས། དེ་ཉིད་སྙིང་གའི་ཡེ་ཤེས་འོད་གསལ་གྱི་དྭངས་མ་ཆེན་པོའི་ནང་དུ་ཐིམ་པས་ཕྲ་རགས་ཀྱི་རྟོག་པ་ཐམས་ཅད་འགགས་ནས་འོད་གསལ་རྣམ་པ་བཞིའི་ཡེ་ཤེས་འཆར་ཏེ། དེ་ཡང་དབུ་མའི་ཡས་སྣའི་ཁམས་དཀར་ཆའི་དྭངས་མ་ཐུར་དུ་བབས་ནས་སྙིང་གར་སོན་པ་སེམས་སྣང་བ་དང་པོའི་དུས་སུ་ཤེས་རབ་ཀྱི་ཡེ་ཤེས་ཀྱི་རང་བཞིན་སུམ་ཅུ་རྩ་གསུམ་འགག་སྟེ། འཕགས་པ་ལྷས་མཛད་པའི་སྤྱོད་བསྡུས་ལས། འདོད་ཆགས་དང་བྲལ་བ་༡དང་། འདོད་ཆགས་དང་བྲལ་བ་བར་མ་༢དང་། ཤིན་ཏུ་འདོད་ཆགས་དང་བྲལ་བ་༣དང་། གང་ཡིད་ཀྱི་འགྲོ་བ་དང་འོང་བ་༤དང་། མྱ་ངན་༥དང་། མྱ་ངན་བར་མ་༦དང་། ཤིན་ཏུ་མྱ་ངན་དུ་གྱུར་པ་༧དང་། ཞི་བ་དང་རྣམ་པར་རྟོག་པ་༨དང་། འཇིགས་པ་༩དང་། འཇིགས་པ་བར་མ་༡༠དང་། ཤིན་ཏུ་འཇིགས་པ་༡༡དང་། སྲེད་པ་༡༢དང་། སྲེད་པ་བར་མ་༡༣དང་། ཤིན་ཏུ་སྲེད་པ་༡༤དང་། ཉེ་བར་ལེན་པ་༡༥དང་། མི་དགེ་བ་༡༦དང་། བཀྲེས་པ་༡༧དང་། སྐོམ་པ་༡༨དང་། ཚོར་བ་༡༩དང་། ཚོར་བ་བར་མ་༢༠དང་། ཤིན་ཏུ་ཚོར་བ་༢༡དང་། རིག་པ་པོ་༢༢དང་། རིག་པ་༢༣དང་། འཛིན་པའི་གཞི་༢༤དང་། སོ་སོར་རྟོག་པ་༢༥དང་། ངོ་ཚ་ཤེས་པ་༢༦དང་། སྙིང་རྗེ་༢༧དང་། བརྩེ་བ་༢༨དང་། བརྩེ་བ་བར་མ་༢༩དང་། ཤིན་ཏུ་བརྩེ་བ་༣༠དང་། དོགས་པ་དང་བཅས་པ་༣༡དང་། སྡུད་པ་༣༢ དང་། ཕྲག་དོག་༣༣སྟེ་མཚན་ཉིད་སུམ་ཅུ་རྩ་གསུམ་མོ། །ཞེས་གསུངས། དེའི་ཚེ་ནང་གི་ཁམས་དཀར་པོ་དང་འབྲལ་བའི་དབང་གིས། ཕྱི་རྟགས་སུ་སྣང་བ་ཐམས་ཅད་སྤྲིན་བྲལ་གྱི་ནམ་མཁའ་གཡའ་དག་པ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུ་དཀར་ལམ་པ་འབྱུང་། གཟུང་བའི་རྣམ་པར་རྟོག་པ་རགས་པ་སྟོང་པས་སྟོང་པའི་འོད་གསལ་དང་། ཤེས་པའི་རང་གདངས་གསལ་བར་སྣང་བས་སྣང་བའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་མ་དང་པོ་སྟེ། གཉིས་མེད་རྣམ་རྒྱལ་ལས། སྣང་བ་ཞེས་བྱ་རྣམ་པར་མི་རྟོག་པ། །གསལ་བའི་ཆ་དེ་གཟུང་རྟོག་སྤངས་པ་ལས། །འབྱུང་བ་མི་མངོན་རླུང་དང་བཅས་པ་གང་། །ལྷང་ངེར་གནས་པ་སྐད་ཅིག་དང་པོ་ཡིན། །ཞེས་གསུངས་སོ། །དབུ་མའི་མས་སྣའི་ཁམས་དམར་ཆའི་དྭངས་མ་གྱེན་དུ་སོང་བའི་ཚེ་སྣང་བའི་ཡེ་ཤེས་མཆེད་པ་ལ་ཐིམ་པས་ཐབས་ཀྱི་ཡེ་ཤེས་ཀྱི་རང་བཞིན་བཞི་བཅུ་འགགས་ཏེ། སྤྱོད་བསྡུས་ལས། ཆགས་པ་དང་༡། ཀུན་ཏུ་ཆགས་པ་དང་༢། དགའ་བ་དང་༣། དགའ་བ་བར་མ་དང་༤། ཤིན་ཏུ་དགའ་བ་དང་༥། རངས་པ་པ་དང་༦། རབ་ཏུ་མགུ་བ་དང་༧། ངོ་མཚར་བ་དང་༨། རྒོད་པ་དང་༩། ཚིམ་པ་དང་༡༠། འཁྱུད་པ་དང་༡༡། འོ་བྱེད་པ་དང་༡༢། འཇིབས་པ་དང་༡༣། བརྟན་པ་དང་༡༤། བརྩོན་པ་དང་༡༥། ཁེངས་པ་དང་༡༦། བྱ་བ་དང་༡༧། དབྲོག་པ་དང་༡༨། སྟོབས་དང་༡༩། སྤྲོ་བ་དང་༢༠། དགའ་བ་ལ་སྦྱོར་བ་དང་༢༡། དགའ་བ་ལ་སྦྱོར་བ་བར་མ་དང་༢༢། ཤིན་ཏུ་དགའ་བ་ལ་སྦྱོར་བ་དང་༢༣། སྒེག་པ་དང་༢༤། རྣམ་པར་སྒེག་པ་དང་༢༥། འགྲས་པ་དང་༢༦། དགེ་བ་དང་༢༧། ཚིག་གསལ་བ་དང་༢༨། བདེན་པ་དང་༢༩། མི་བདེན་པ་དང་༣༠། ངེས་པ་དང་༣༡། ཉེ་བར་མི་ལེན་པ་དང་༣༢། སྦྱིན་པ་པོ་དང་༣༣། བསྐུལ་བ་དང་༣༤། དཔའ་བ་དང་༣༥། ངོ་ཚ་མེད་པ་དང་༣༦། སྒྲིན་དང་༣༧། གདུག་པ་དང་༣༨། མི་བསྲུན་པ་དང་༣༩། གྱ་གྱུ་ཆེ་བ་༤༠སྟེ་མཚན་ཉིད་བཞི་བཅུ་ཐམ་པའོ། །ཞེས་གསུངས། དེའི་ཚེ་ནང་གི་ཁམས་དམར་པོ་དང་འབྲེལ་བའི་དབང་གིས་ཕྱི་རྟགས་སུ་སྤྲིན་མེད་ཀྱི་ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུ་དམར་མཐིང་ངེ་བའམ་དམར་ལམ་པ་འབྱུང་། འཛིན་པའི་རྣམ་པར་རྟོགས་པ་རགས་པ་ཆེས་སྟོང་པས་ན་ཤིན་ཏུ་སྟོང་པའི་འོད་གསལ་དང་། སེམས་ཤིན་ཏུ་གསལ་བར་སྣང་བས་སྣང་བ་མཆེད་པའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་མ་གཉིས་པ་སྟེ། རྣམ་རྒྱལ་ལས། མཆེད་པ་སྣང་བ་རབ་ཏུ་མི་རྟོག་སྟེ། །ཆེས་གསལ་བ་ལ་འཛིན་རྟོག་མ་ཞུགས་ཏེ། །ཡེ་ཤེས་ཕྲ་བ་རྡུལ་བྲལ་མི་རྟོག་པ། །ལྷན་ནེར་གནས་པ་སྐད་ཅིག་གཉིས་པ་ཡིན། །ཞེས་གསུངས་སོ། །དྭངས་མ་དཀར་དམར་སྙིང་གར་འཕྲད་པའི་དུས་སུ་མཆེད་པའི་ཡེ་ཤེས་ཐོབ་པ་ལ་ཐིིམ་པས་སྣང་བ་ཐོབ་པའི་ཡེ་ཤེས་ཀྱི་རང་བཞིན་བདུན་འགགས་ཏེ། སྤྱོད་བསྡུས་ལས། ཆགས་པ་བར་མ་དང་༡། བརྗེད་ངས་པ་དང་༢། འཁྲུལ་པ་དང་༣། མི་སྨྲ་བ་དང་༤། སྐྱོ་བ་དང་༥། ལེ་ལོ་དང་༦། ཐེ་ཚོམ་དང་༧བཅས་པ་སྟེ། འདིའི་རང་བཞིན་གྱི་མཚན་ཉིད་ནི་བདུན་པོ་དག་གོ། །ཞེས་གསུངས། དེའི་ཚེ་དཀར་དམར་གྱི་ནུས་པ་ཡང་དབྱིངས་སུ་ཡལ་ཏེ་སྲོག་རླུང་གི་ཆ་ཤས་འགའ་ཞིག་ལུས་པ་དེས་དབང་བྱས་ནས་ཕྱི་རྟགས་སུ་ནམ་མཁའ་ལ་མུན་ནག་གིས་ཁྱབ་པ་ལྟར་ནག་ཐིབ་ཀྱིས་འགྲོ་བའི་ནག་ལམ་པ་འབྱུང་། ཤིན་ཏུ་ཕྲ་བའི་གཟུང་འཛིན་གྱི་རྟོག་པ་ཆེས་ཆེར་སྟོང་པས་ན་སྟོང་པ་ཆེན་པོའི་འོད་གསལ་དང་། སྣང་ཆའི་སྟེང་དུ་ཐ་དད་པའི་མཚན་མ་ཐམས་ཅད་ནུབ་པས་སེམས་འགག་པ་ལ་ཕྱོགས་པ་སྣང་བ་ཐོབ་པའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་མ་གསུམ་པ་སྟེ། རྣམ་རྒྱལ་ལས། ཐོབ་པའི་ཡེ་ཤེས་ཤིན་ཏུ་མི་རྟོག་པ། །གསལ་བ་ཙམ་དུའང་མི་གནས་ཤིན་ཏུ་ཕྲ། །རླུང་སེམས་མི་ཕྱེད་གསལ་བར་འཆར་བ་སྟེ། །ལྷམ་མེར་གནས་པ་སྐད་ཅིག་གསུམ་པ་ཡིན། །ཞེས་གསུངས་སོ། །དེ་ནས་སྙིང་གའི་རྩ་དར་དཀར་གྱི་སྐུད་པ་འདྲ་བའི་ནང་གི་ཁྲག་དབུགས་ཀྱི་དྭངས་མ་ལ་ཐིག་ལེ་ཨ་ཧཾ་རྫོགས་པར་ཐིམ་པ་ན་ཐོབ་པའི་ཡེ་ཤེས་ཀྱང་འཆི་བ་འོད་གསལ་ལ་ཐིམ་པས་སྲིད་པའི་ཆོས་ཐམས་ཅད་བག་ཆགས་ཀྱི་ཚུལ་དུ་ཡོད་པའི་རྒྱུན་དེ་ག་ལ་གནས་པ་ཡིན་ཀྱང་། བག་ཆགས་དེ་རྣམས་ནི་འདིར་མི་མངོན་ལ། ཚེ་འདིས་བསྡུས་པའི་རྣམ་རྟོག་དང་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་འོད་གསལ་དུ་ཐིམ། ཚེ་རབས་གཞན་གྱིས་བསྡུས་པ་རྣམས་ད་ལྟ་མ་ཤར་བས། རེ་ཞིག་གཟུང་འཛིན་གྱི་སྣང་བ་ཐམས་ཅད་དང་སྣང་བ་གསུམ་ཡང་འགགས་པས། ཕྱི་རྟགས་སུ་སྤྲིན་དང་བྲལ་བའི་ནམ་མཁའ་གཡའ་དག་པ་ལྟ་བུ་དྭངས་གསལ་མཐའ་དབུས་མེད་པའི་སྣང་བ་དང་། ནང་རྟགས་སུ་རྣམ་པར་མི་རྟོག་པ་ལྷན་ཅིག་སྐྱེས་པ་ཤིན་ཏུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཁོ་ན་ལ་ཡུད་ཅིག་གནས་པ་ཐམས་ཅད་སྟོང་པ་འོད་གསལ་གྱི་ཉམས་འཆར་བས་སེམས་དྲི་མ་དང་བྲལ་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་མ་བཞི་པ་སྟེ། རྣམ་རྒྱལ་ལས། ཉེ་བར་ཐོབ་པ་དྲི་མ་མེད་པ་སྟེ། །རང་བྱུང་རང་གསལ་བདེ་བ་དམིགས་སུ་མེད། །ཕྲ་རགས་རབ་ཞི་ཏིང་འཛིན་མཆོག་ཏུ་གྱུར། །སྐད་ཅིག་བཞི་པར་མི་འགྱུར་ཁྱབ་བྱེད་ཡིན། །ཞེས་གསུངས་སོ། །དེ་ལྟར་ཉེ་བར་ཐོབ་པ་ཐམས་ཅད་སྟོང་པ་འོད་གསལ་གྱི་ཡེ་ཤེས་དེས་ཕྲ་རགས་ཀྱི་རྟོག་པ་ཐམས་ཅད་དང་། རྡོ་རྗེ་ཕྲེང་བ་ལས། རྣམ་ཤེས་དང་པོ་འཇུག་པ་ནི། །སྣང་བ་མཆེད་པ་མིང་དུ་སྟེ། །དེ་ནི་སྟོང་པ་ཆེར་འཇུག་ལ། །དེ་ཡང་འོད་གསལ་བར་འགྲོའོ། །ཞེས་སྣང་བ་གསུམ་ཀ་འོད་གསལ་དུ་ཐིམ་ནས་འགགས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པའི་ཡེ་ཤེས་ཞེས་བྱ་སྟེ། རྣམ་རྒྱལ་ལས། ཇི་སྲིད་སྤྲིན་ནི་སྣ་ཚོགས་པ། །ཁ་དོག་དབྱིབས་ནི་ཐ་དད་དེ། །མཁའ་དབྱིངས་དག་ལས་འབྱུང་འགྱུར་ཞིང་། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ཀྱང་། །སྣང་བ་གསུམ་གྱི་རྒྱུ་ཅན་དངོས། །མ་ལུས་ཡུལ་ལ་ཞུགས་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །སྣང་བ་གསུམ་པོ་དག་པའི་ལམ། །སྣང་བ་དག་པའི་ཡུལ་གྱུར་པ། །ཐམས་ཅད་འོད་གསལ་ལ་གནས་པའོ། །ཞེས་དང་། འཕགས་པ་ལྷའི་ཞལ་ནས་ཀྱང་། ཇི་ལྟར་སྤྲིན་ནི་སྣ་ཚོགས་པ། །མདོག་དང་དབྱིབས་ནི་ཐ་དད་ཀྱང་། །ནམ་མཁའི་དབྱིངས་ལས་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་གྱུར། །དེ་བཞིན་རང་བཞིན་ཐམས་ཅད་ཀྱང་། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བ་ལ་འཇུག་པར་འགྱུར། །ཞེས་གསུངས་ཤིང་། དེ་ངོས་ཟིན་པ་ལ་སྣང་བ་ནི་གོམས་པའི་འོད་གསལ། མཆེད་པ་ནི་བསམ་གཏན་གྱི་འོད་གསལ། ཐོབ་པ་ནི་རྡུལ་བྲལ་ཟག་པ་མེད་པའི་འོད་གསལ། ཉེ་བར་ཐོབ་པ་ནི་ལྷན་ཅིག་སྐྱེས་པ་ཆོས་སྐུ་རང་བཞིན་གྱི་འོད་གསལ་ཏེ། རྣམ་རྒྱལ་ལས། འོད་གསལ་བ་ནི་བསམ་གཏན་ཟག་པ་མེད། །རྡུལ་མེད་ས་བོན་མེད་པ་མི་གཡོ་བ། །ལྷན་ཅིག་སྐྱེས་པ་ཆོས་སྐུའི་སྙིང་པོ་ནི། །ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །ཅེས་གསུངས། དེ་ཡང་འོད་གསལ་བཞི་རིམ་གྱིས་ཤར་བས་སྣང་མཆེད་ཐོབ་པའི་སྣང་བ་གསུམ་གྱི་སྐབས་སུ་སྒྲིབ་པ་རགས་པ་རྣམས་དབྱིངས་སུ་ཐིམ་ལ། ཉེར་ཐོབ་ཐམས་ཅད་སྟོང་པའི་འོད་གསལ་ཤར་དུས་སྒྲིབ་པ་ཕྲ་བ་རྣམས་ཐིམ་པས་སྒྲིབ་པ་མཐའ་དག་དང་བྲལ་བ་ལྟ་བུའི་སྐབས་ཤིག་དུས་དེར་འབྱུང་བས། གདོད་ནས་བཞུགས་པའི་མི་ཤིགས་པ་ཆེན་པོ་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཀ་དག་ཡེ་ཐོག་ཏུ་གྲོལ་བའི་འཐད་པ་སྟེ། སངས་རྒྱས་མངོན་དུ་བྱེད་དུས་བཞིན་ནོ། །འོན་ཀྱང་སངས་རྒྱས་ཀྱི་སྤངས་པ་ནི་མིི་ལྡོག་ལ། འདི་ངོ་མ་ཤེས་ན་ལྡོག་པ་ནི། སངས་རྒྱས་ཀྱིས་ས་ལམ་དུ་སྤངས་པ་ཡིན་ལ། འདི་སྤངས་པ་མེད་པས་ལྡོག་པར་འགྱུར་ཞིང་། ངོ་ཤེས་ན་མི་ལྡོག་པ་ནི། ངོ་ཤེས་པའི་སྐད་ཅིག་ལ་གྲོལ་ནས་མངོན་པར་ཤེས་པ་ལ་སོགས་པ་ཟག་མེད་ཀྱི་ཡོན་ཏན་བརྙེས་པའི་ཕྱིར་ལྡོག་པའི་གནས་མེད་པ་ཡིན་ནོ། །དེ་ལྟ་བུའི་གཞིའི་འོད་གསལ་ཀ་དག་ཆོས་ཀྱི་སྐུ་དེ། སེམས་ཅན་ཐམས་ཅད་ལ་གདོད་མ་ནས་རང་ཆས་སུ་བཞུགས་པའི་སྟེང་དུ་སྔར་བླ་མ་དམ་པས་གདམས་ངག་གི་གནད་བསྟན་པ་ལ་གོམས་ཤིང་འདྲིས་པར་བྱས་པའི་སྟོབས་ཀྱིས་སྐབས་འདིར་འོད་གསལ་མ་བུ་འདྲེས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་དེ་ཉིད་ཀྱི་ངང་ལ་བཞག་པས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་གསུངས་པའི་ཚུལ་གྱིས་འཆི་བ་འོད་གསལ་ཆོས་ཀྱི་སྐུར་སངས་རྒྱས་པ་ཞེས་བྱ་སྟེ། ཀ་དག་ཆོས་སྐུའི་བར་དོ་ལ་གྲོལ་བ་ཐོབ་པ་ཡིན་ནོ། །ཞེས་སྔར་གདམས་ངག་གི་གནད་མཐོང་བའི་ཆོས་པ་རྣམས་ལ་ངོ་སྤྲོད་འདེབས་ལུགས་སོ། །ཡང་བླ་མ་དགེ་བའི་བཤེས་གཉེན་ལྟ་བུ་ཡིན་ན། ལྡོག་པའི་གནས་མེད་པ་ཡིན་ནོ། །ཞེས་པ་ཡན་འདྲ་བ་ལས། དེ་ནས་འདི་སྐད་ཅེས་སྦྱར་ཏེ། དེས་ན། ཞི་བའི་དབྱིངས་སུ་མཛད་པ་ཐ་མ་བསྟན་པ་ཉིད་ཀྱང་སྔོན་ཞལ་བཞུགས་པའི་དུས་སུ་ཟབ་མོའི་གདམས་ངག་ཐུགས་ཉམས་སུ་བཞེས་པས་ཉིན་པར་སད་དུས་སུ་བདེ་སྟོང་གི་ཉམས་མྱོང་དང་ལྷ་སྐུ་རབ་འབྱམས་ཀྱི་དག་པའི་སྣང་བ་རྒྱུན་མི་ཆད། མཚན་མོ་མནལ་འོད་གསལ་དུ་ཆུབ། དེ་ལས་རྨི་ལམ་སྤྲུལ་བསྒྱུར་གྱི་རྩལ་སྦྱོང་ཟད་པ་མེད་པར་ལྷ་སྐུ་རང་ཤར་བ་ལགས་པས་ད་རེས་འདིར་ཡེ་ཤེས་རོལ་པ་ལ་སོགས་པ་རྒྱུད་མང་པོར། འོད་གསལ་ཟིན་པའི་གང་ཟག་ལ། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །གཞན་དོན་གཟུགས་སྐུའི་སྣང་བ་འཆར། །དཔེར་ན་ཡིད་བཞིན་ནོར་བུ་བཞིན། །ཞེས་གསུངས་པ་ལྟར་འོད་གསལ་མ་བུ་འདྲེས་པའི་ཡེ་ཤེས་འཆི་སེམས་བདེ་སྟོང་གི་འོད་གསལ་དུ་གནས་གྱུར་པས་དོན་གྱི་འོད་གསལ་མངོན་དུ་མཛད་དེ་ལུགས་ལྡོག་གི་སྣང་གསུམ་ཡེ་ཤེས་ཀྱི་རླུང་དང་བཅས་པ་ལས་སྐད་ཅིག་གིས་སློབ་པ་འཕགས་པའི་ལམ་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་བཞེངས་པའི། དེ་ལས་སྤངས་རྟོགས་ཀྱི་ཡོན་ཏན་མཐོང་བས་སྔར་སློབ་པའི་ཟུང་འཇུག་བརྙེས་ཟིན་པ་ཞིག་ལགས་ན་ད་རེས་འདིར་ཡང་དག་པའི་མཐའ་མངོན་དུ་མཛད་དེ། མི་སློབ་པའི་ཟུང་འཇུག་ཡང་དག་པར་རྫོགས་པའི་སགས་རྒྱས་རང་སྣང་གི་སྐུ་གསུམ་མངོན་དུ་བརྙེས་ནས། དེ་ལས་མ་གཡོས་བཞིན་དུ་གཞན་སྣང་གི་གཟུགས་སྐུ་གཉིས་འགགས་མེད་རང་ཤར་ལྷུན་གྲུབ་ཏུ་བསྟན་ནས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དེ་སྲིད་དུ་གང་ལ་གང་འདུལ་གྱིས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་མཛད་པ་དང་། ཡང་སྒོས་འོས་སུ་གྱུར་པའི་གདུལ་བྱ་ཞམ་རིང་དང་ཞལ་སློབ་ཡོན་བདག་དང་བཅས་པ་འདི་དག་ལ་ཐུགས་རྗེའི་འཇུག་པ་དུས་ལས་མི་ཡོལ་བར་ཞིང་འདིར་མཆོག་གི་སྤྲུལ་པའི་སྐུ་གསལ་པོར་བསྟན་ཏེ་གོང་མའི་མཛད་ཕྲིན་རྣམ་པར་དཀར་བའི་འཕྲོ་མཐུད་ནས་གདུལ་བྱའི་མོས་པ་དང་སྐལ་བའི་ཁྱད་པར་འཚམས་པར་འདུལ་བར་གསོལ་བ་འདེབས་ལགས་ན་དེ་ལྟ་བུའི་རེ་བ་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་དགོངས་པ་ལས་ནམ་ཡང་གཡེལ་བ་མེད་པར་རྗེས་སུ་འཛིན་པར་མཛད་དུ་གསོལ། ཞེས་སྦྱར་རོ། །དེ་ལྟར་གདམས་ངག་གི་གནད་མཐོང་བ་སྤྱི་དང་། ཁྱད་པར་བླ་མ་དགེ་བའི་བཤེས་གཉེན་ལྟ་བུར་སྒྱུར་ཁའི་ཚིག་གི་འཁྱོག་འཚམས་གང་ལྟར་ཡང་། དེ་ནས་འདི་སྐད་ཅེས། དེ་ཡང་སྔར་རང་བཞིན་གནས་པའི་བར་དོའི་སྐབས་སུ་བར་དོ་དང་གཅིག་ཏུ་བྱེད་པའི་བསམ་གཏན་གྱིས་འོད་གསལ་དུ་འཇུག་ཅིང་ལྡང་བའི་གདམས་པའི་གནད་ལ་གོམས་འདྲིས་ཐོབ་པའི་དབང་དུ་བྱས་ཏེ། སེམས་ཉིད་སྟོང་པའི་ངང་ལས་ཆོས་སྐུའི་འོད་གསལ་རྣམ་པ་བཞི་ཇི་ལྟར་འཆར་བའི་དོན་ལ་གསལ་འདེབས་ལུགས་རྒྱས་པར་སྨོས་པ་ཡིན་ལ། གཞན་དུ་གདམས་ངག་ཉམས་ལེན་གྱི་འཇུག་སྒོ་མི་འདྲ་བའི་གནད་ཀྱིས། སྔར་སེམས་ཉིད་ཡེ་སྟོང་རྩ་བྲལ་དུ་གཏན་ལ་ཕབ་ནས་ཁྲེགས་གཅོད་ཀྱི་གདམས་པས་ཉམས་སུ་བླངས་པ་དང་། ཡེ་ཤེས་འོད་གསལ་ལྷུན་གྲུབ་གཞི་གནས་སུ་གཏན་ལ་ཕབ་ནས་ཐོད་རྒལ་གྱི་གདམས་པས་ཉམས་སུ་བླངས་པས་ལམ་གྱི་གནད་ལ་གོམས་འདྲིས་རང་བྱན་ཆུབ་པ་རྣམས་ལ་བར་དོའི་འཆར་ཚུལ་ཡང་གསང་བ་བླ་ན་མེད་པ་རྫོགས་པ་ཆེན་པོའི་རྒྱུད་ཟབ་མོ་རྣམས་ལས་ཇི་སྐད་གསུངས་པ་ལྟར་གནང་བས་དེ་དང་རྗེས་སུ་མཐུན་པར་གསལ་འདེབས་པའི་དབང་དུ་བྱས་ན། འཆི་ཀའི་འབྱུང་བ་ཐིམ་རིམ་གྱི་སྐབས་སུའང་། རིག་པ་རང་ཤར་ཆེན་པོ་ལས། ཀྱེ་གྲོགས་པོ་དག །སེམས་ཅན་རྣམས་དབུགས་འཕོ་བའི་ཚེ་ཕྱིའི་འབྱུང་བ་ལྔ་ནང་གི་འབྱུང་བ་ལྔ་ལ་ཐིམ། ནང་གི་འབྱུང་བ་ལྔ་གསང་བའི་འབྱུང་བ་ལྔ་ལ་ཐིམ། གསང་བའི་འབྱུང་བ་ལྔ་ཡོངས་སུ་རྫོགས་པའི་འབྱུང་བ་ལྔ་ལ་ཐིམ་ནས་ལམ་ཆེན་པོར་འཇུག་པའི་ཚེ་འདི་ལྟར་ཤེས་པར་བྱའོ། །ཞེས་ཕྱི་ནང་གསང་བ་ཡོངས་སུ་རྫོགས་པའི་འབྱུང་བ་དང་བཞིའི་ཐིམ་ཚུལ་རྒྱས་པར་གསུངས་ཀྱང་། ཉི་ཟླ་ཁ་སྦྱོར་ལས། ས་ནི་ས་ལ་ཐིམ་པ་དང་། །དེ་བཞིན་ཆུ་དང་མེ་དང་རླུང་། །སོ་སོ་རང་ལ་ཐིམ་པ་ནི། །སྐྱེས་བུའི་ལུས་ལ་འདི་ལྟར་འོངས། །ས་ནི་རང་ལ་རང་ཐིམ་པས། །ལུས་ནི་ལྕི་ཞིང་ཟས་མི་ལེན། །ལྡང་དང་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། །ཁ་སྣའི་ཆུ་ནི་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། །ཁ་སྣ་དག་ནི་རབ་ཏུ་བསྐམ། །ལུས་ཀྱི་མཐའ་ཡི་དྲོད་རྣམས་འཆོར། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་འཕྲ། །མིག་ཀྱང་གྱེན་ལ་ལྡོག་པའོ། །ཞེས་འབྱུང་བ་བཞི་རང་ལ་རང་ཐིམ་པའི་རྟགས་སུ་གསུངས་ནས། རླུང་རྣམ་ཤེས་ལ་ཐིམ་པའི་ཚེ་ནང་གི་ཁྲག་དང་། དྭངས་མ་སྙིང་གར་འདུས་པས་གདངས་སྙིང་གར་ཐིམ་ཏེ་རགས་པའི་རྒྱུ་བ་རྩ་འདབ་ནང་གི་རླུང་ཆད་པས་དར་གཅིག་བརྒྱལ་བར་འགྱུར་ཏེ། དེ་དག་གི་སྐབས་སུ་འཆི་ཁ་བར་དོའི་གདམས་ངག་རང་སྣང་ལ་ཡིད་ཆེས་པར་བྱ་བ་དང་། རང་གསལ་མི་རྟོག་པའི་ངང་ལས་གཞན་དུ་མ་ཡེངས་པར་བསྐྱང་བ་གནད་ཀྱི་གདམས་པའོ། །གཉིས་པ་ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་ནི། ཐལ་འགྱུར་ལས། འདིར་ནི་ཆོས་ཉིད་བར་དོ་བཤད། །འཆི་ཁ་ལས་ནི་ཐལ་བའི་ཚེ། །རྣམ་ཤེས་ནམ་མཁའ་དག་ལ་ཐིམ། །ནམ་མཁའ་འོད་གསལ་ལ་ཐིམ་དུས། །ཕྲ་རགས་སྣང་བ་ཀུན་འགགས་ཏེ། །དབང་པོ་ཀུན་ལྡན་འོད་ཀྱི་ལུས། །ལུས་དང་གྲིབ་མ་བཞིན་དུ་འགྱུར། །དེ་ཚོ་འོད་སྣང་དུམ་བུའི་ཚེ། །མཁས་པས་སྣང་བ་མཆེད་པ་གཟུངས། །གཡོ་བ་རླུང་དག་མཆེད་པ་ཡིས། །ཁ་དོག་ལྔ་ལྔའི་འོད་དང་ཟེར། །མ་ངེས་འཇའ་ཚོན་རིས་སུ་སྣང་། །ཞེས་གསུངས་པ་ལྟར་ནང་དབུགས་ཆད་ནས་རྣམ་ཤེས་ནམ་མཁར་ཐིམ་པས་ལུས་སེམས་ཀྱི་འབྲེལ་ཆད། རིག་པ་སྙིང་ནང་ནས་རྩ་དར་དཀར་གྱི་སྐུད་པ་འདྲ་བ་ལ་ལམ་བྱས་ཏེ། སྒོ་རྒྱང་ཞགས་ཆུའི་སྒྲོན་མ་ལས་འཐོན་དུས་རྡོ་རྗེ་སེམས་དཔའི་སྣ་ཐག་ཞེས་བྱ་བ་འོད་ལྔའི་སྣ་གཉིས་ནམ་མཁའི་དཀྱིལ་དུ་ཟུག་པར་སྣང་དུས་རང་སྣང་དུ་རིག་པས་གྲོལ་ཞིང་། དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ་དུས་མ་འགྱུར་བར་སྣང་བ་འགྱུར་ཏེ། ཕྱི་ས་རྡོ་རི་བྲག་གི་སྣང་བ་ནི་འགགས། ནང་ཆོས་ཉིད་འོད་གསལ་གྱི་སྣང་བ་ནི་ཤར། སྣང་བ་ཐམས་ཅད་ཡེ་ཤེས་ལྔའི་འོད་དུ་འབར་ཏེ། འོད་ལྔའི་རྣམ་པར་ལྡེམ་པ། མེར་བ། འབར་བ། མེར་གྱིས་ནམ་མཁའ་ཁྱབ་པར་འཆར་བས། འདིའི་དུས་སུ་རང་ལུས་འོད་སྣང་བ་ཤེལ་གྱི་ཁང་བུ་ལས་འོད་ལྔའི་སྣང་བ་ཕྱིར་འཆར་བ་དེ་རང་སྣང་དུ་ཤར་དུས། ཤེས་པ་རང་བཞིན་བབས་ཀྱི་བསམ་གཏན་ལ་གནས་པས་སྣང་བ་མཆེད་པ་རང་གདངས་སུ་ངོ་ཤེས་པའི་གནད་ཀྱིས་གྲོལ་བར་འགྱུར་ཏེ། སྐད་ཅིག་དང་པོར་ངོ་ཤེས། གཉིས་པར་ཤེས་ཐོག་ཏུ་གྲོལ། གསུམ་པར་གྲོལ་ཐོག་ནས་ཀ་དག་ཏུ་ཐིམ་པར་འགྱུར་པའོ། །དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པས་སྙིང་གའི་འོད་གསལ་ལ་རིགས་ལྔའི་སྐུ་དང་ཞིང་ཁམས་ཡོད་པའི་གནད་ཀྱིས་སྙིང་ནང་གི་གདངས་ལས་རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་བརྒྱ་སྟོང་འབུམ་ཕྲག་གྲངས་ལས་འདས་པ་སྣང་བར་འགྱུར་ཏེ། ཐལ་འགྱུར་ལས། གཡོ་བ་རླུང་དག་མཆེད་པ་ཡི། །ཁ་དོག་ལྔ་ཡི་འོད་དང་ཟེར། །མ་ངེས་འཇའ་ཚོན་རིས་སུ་སྣང་། །འཇུག་ཅིང་སྨིན་པའི་རླུང་ལས་ཀྱང་། །ཕྱོགས་བཞི་མཚམས་དང་བླ་འོག་གྲུབ། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །རིགས་ལྔའི་སྐུ་ཡང་རྣམ་པར་སྣང་། །མཐིང་ག་དཀར་སེར་དམར་ལྗང་ནི། །སོ་སོའི་ཡུམ་དང་བཅས་པར་སྣང་། །འདི་ལ་མཆོད་དང་འཛིན་ཤེས་ན། །སངས་རྒྱས་རྣམས་ཀྱི་ཡོན་ཏན་རྫོགས། །ཁམས་གསུམ་འཇུག་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་འདི་དུས་རང་གི་ལུས་ཀྱང་འོད་དུ་གསལ་ཞིང་། ཡེ་ཤེས་ཀྱི་རླུང་གཡོས་པ་ལས་སྣང་བ་ཐམས་ཅད་འོད་ལྔའི་འཇའ་ཚོན་རིས་ལས་ཡེ་ཤེས་འཇུག་པའི་རླུང་གིས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་ལྷུན་སྡུག་པའི་ཐིག་ལེ་ཐིག་ཕྲན་ལྔ་འབྲེལ་དུ་ཤར་བའི་སྣང་བའི་ནང་ན་འོད་ཀྱི་སྐུ་རིགས་ལྔ་ཚོམ་བུའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་ཟ་འོག་གི་བར་ཁྱམས་ལྟར་འཆར་བར་འགྱུར་ཏེ། ཉི་ཟླ་ཁ་སྦྱོར་ལས། དེ་ཡང་སྐྱེས་བུའི་འོད་གསལ་དེ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་སྟེ། ཡང་སྣང་བ་དེ་དག་སྐུའི་རྣམ་པར་རང་ཤར་ཏེ། སྐུ་དེ་དག་ཀྱང་མི་ཆེ་བ། མི་ཆུང་བ། ཆ་མཉམ་པ། རྒྱན་དང་ཁ་དོག་དང་བཞུགས་ཚུལ་དང་གདན་ཁྲི་དང་རང་རང་གི་ཕྱག་རྒྱ་དང་བཅས་པ་སྟེ། སྐུ་དེ་དག་ཀྱང་ལྔ་ལྔའི་ཟུང་གིས་ཁྱབ་པ། ལྔ་ཚན་རེ་ལ་འོད་ཀྱི་མུ་ཁྱུད་དང་བཅས་པ། ཡབ་ཀྱི་ཆ་འཛིན་པའི་རིགས་དང་། ཡུམ་གྱི་ཆ་འཛིན་པའི་རིགས་དང་། སེམས་དཔའ་དང་། སེམས་མ་དང་། དཀྱིལ་འཁོར་ཐམས་ཅད་གཅིག་ལ་རྫོགས་པར་གནས་སོ། །ཞེས་གསུངས་སོ། །དེ་ཡང་དུས་གསུམ་གནད་ཀྱི་གདམས་ངག་ལས། འདིའི་དུས་སུ་འཇུག་པ་ཤེས་པའི་གནས་ཀྱི་གདམས་ངག་དྲན་པར་བྱ་སྟེ། དང་པོ་རིག་པ་འོད་ལ་འཇུག་པ་ནི། ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་རང་གི་སྙིང་ག་ནས་འོད་ཤིན་ཏུ་ཕྲ་བ་ཞིག་འཆར་ཏེ། དེ་སྐུ་ཐམས་ཅད་ཀྱི་ཐུགས་ཀར་འབྲེལ་བར་འཆར་རོ། །དེ་ལ་རང་གི་ཤེས་པ་ཟིན་ན་མི་རྟོག་པའི་བསམ་གཏན་ལ་རང་བཞིན་དུ་གནས་སོ། །དེ་ནི་རིག་པ་འོད་ལ་འཇུག་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་རང་གི་སྙིང་ག་ནས་འོད་ཀྱི་ཟེར་ཐག་ཚོམ་བུའི་ལྷ་དེ་དག་ཀུན་གྱི་ཐུགས་ཀར་ཟུག་པ་ཤར་བ་ལ་སེམས་ཟིན་པས་རང་བཞིན་གྱི་བསམ་གཏན་ལ་ཞག་ལྔར་གནས་པར་འབྱུང་སྟེ། དེའི་སྣང་བ་དུས་གཅིག་ལ་ཤར་ཀྱང་ངེས་པའི་ཤེས་རབ་རིམ་གྱིས་རྙེད་པས། བསམ་གཏན་གྱི་ཞག་དང་པོ་ལ་སྟོན་ཀའི་ནམ་མཁའ་སྤྲིན་མེད་ལྟ་བུའི་གཞིར་འོད་མཐིང་ག་ལས་རྣམ་པར་སྣང་མཛད་ཀྱི་ཚོམ་བུའི་དཀྱིལ་འཁོར། དེ་བཞིན་དུ་ཞག་གཉིས་པ་ལ་འོད་དཀར་པོ་ལས་མི་བསྐྱོད་པ། ཞག་གསུམ་པ་ལ་འོད་སེར་པོ་ལས་རིན་ཆེན་འབྱུང་ལྡན། ཞག་བཞི་པ་ལ་འོད་དམར་པོ་ལས་སྣང་བ་མཐའ་ཡས། ཞག་ལྔ་པ་ལ་འོད་ལྗང་ཁུ་ལས་དོན་ཡོད་གྲུབ་པ་རྣམས་རང་རང་གི་ཡུམ་དང་མཉམ་པར་སྦྱོར་ཞིང་། སེམས་དཔའ་སེམས་མ་དང་། སྒོ་བ་ཡབ་ཡུམ་སྟེ་རིགས་ཀྱི་ཚོམ་བུའི་དཀྱིལ་འཁོར་དུ་འཆར་རོ། །དེ་ཡི་དུས་སུ་རང་སྣང་དུ་ངོ་ཤེས་ནས་དེ་ཐོག་ཏུ་མཉམ་པར་བཞག་པས་གང་དུ་རང་ངོ་ཤེས་པའི་རིགས་དེ་ལ་གྲོལ་བ་ཐོབ་ནས་སྤྲུལ་པས་སེམས་ཅན་གྱི་དོན་བྱས་ཏེ་ཀ་དག་གི་དབྱིངས་སུ་ཐིམ་པའོ། །གཉིས་པ་འོད་རིག་པ་ལ་འཇུག་པ་ནི། ཉི་ཟླ་ཁ་སྦྱོར་ལས། དེ་ནས་རང་གི་སྙིང་གར་འོད་ཀྱི་ཟེར་ཐག་ཚོན་སྐུད་བསྒྲིལ་བ་ཙམ་ཞིག་འཆར་རོ། །དེ་ནས་སྐུ་དེ་དག་ཐམས་ཅད་རང་གི་ལུས་ལ་ཐིམ་པ་སྙམ་བྱེད་པའི་སྣང་བ་འཆར་ཏེ། དེ་ནི་འོད་རིག་པ་ལ་འཇུག་པ་ཞེས་བྱའོ། །དེའི་ཚེ་སྐྱེས་བུ་རྣམས་ཀྱིས་རང་སྣང་ལ་ཡིད་ཆེས་པས་མ་པང་དུ་བུ་འཇུག་པ་ལྟ་བུ་ཐབས་མཆོག་ཏུ་དྲན་པར་བྱའོ། །ཞེས་གསུངས་པ་ལྟར་ཚོམ་བུའི་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཀྱི་ཟེར་ཐག་རང་གི་སྙིང་གར་ཟུག་པ་ལས་ཚོམ་བུ་རྣམས་རང་ལ་འདུས་ཤིང་ཐིམ་པ་ནི། ཕྱིའི་སྣང་བ་བུ་དང་འདྲ་བའིི་འོད་རྣམས། རང་གི་རིག་པ་མ་དང་འདྲ་བའི་སྙིང་གར་ཐིམ་པས་པང་དུ་འཇུག་པ་ལྟ་བུའི་གདམས་ངག་སྟེ། དེ་ཉིད་དུ་རང་ངོ་ཤེས་པས་བྱ་རྫོགས་ཀྱི་སྐད་ཅིག་མ་ལྔས་གདོད་མའི་དབྱིངས་སུ་གྲོལ་བ་ལ་དཀའ་ཚེགས་མེད་དེ། ལུས་འོད་དུ་གསལ་ཞིང་མངོན་ཤེས་དང་བསམ་གཏན་རང་ཆས་སུ་ཡོད་པའི་གནད་ཀྱིས་སོ། །དེ་ཡང་སྐད་ཅིག་དང་པོ་ལ་རང་སྣང་དུ་ངོ་ཤེས། གཉིས་པ་ལ་ཤེས་ཐོག་ཏུ་གནས། གསུམ་པ་ལ་གནས་ཐོག་ནས་གྲོལ། བཞི་པ་ལ་གྲོལ་ཐོག་ནས་སེམས་ཅན་གྱི་དོན་དུ་སྤྲུལ་པ་འཆར། ལྔ་པ་ལ་གདོད་མ་ཀ་དག་གི་དབྱིངས་སུ་ཐིམ་ནས་ནང་གསལ་དུ་བཞུགས་པའོ། །དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པའི་སྣང་བ་ནི། ཉི་ཟླ་ཁ་སྦྱོར་ལས། ཡང་རང་གི་སྙིང་ག་ནས་འོད་ཀྱི་ཐག་པ་ཤིན་ཏུ་ཕྲ་བ་ཞིག་འཆར་ཏེ། དེ་ནི་སྟེང་གི་ནམ་མཁའ་ལ་གྱེན་དུ་ཟུག་པར་སྣང་བ་འོང་ངོ་། །དེ་ལ་རང་གི་མིག་གིས་མ་ཡེངས་པར་བལྟས་པས་སྣང་བ་དེ་གཞན་དང་མ་འདྲེས་པར་ཤིན་ཏུ་རྒྱ་ཆེ་བར་འཆར་ཏེ། དེ་ཡང་མཐིང་གའི་སྣམ་བུའི་སྟེང་དུ་ཐིག་ལེ་ཟེར་དང་ལྡན་པ་མེ་ལོང་ཁ་སྦུབ་པ་ཙམ་ཤིན་ཏུ་གསལ་བ་འཚེར་བ། དེ་ལའང་རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པའོ། །ཡང་དེའི་སྟེང་དུ་དཀར་པོའི་སྣམ་བུ། ཞེས་སོགས་གསུངས་པ་ལྟར། རང་གི་སྙིང་ག་ནས་ཡེ་ཤེས་བཞི་ལྡན་གྱི་སྣང་བ་འཆར་ཏེ། མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། དམར་པོའི་འོད་ཟེར་ཕྲ་མོ་རེ་ཤར་བ་རྒྱ་ཆེར་མཆེད་པས་དབང་པོའི་ཡུལ་དུ་སྣང་ཚད་ཁྱབ་པ་ནི་སྣམ་བུའི་ཚུལ་ཏེ་སྟེང་ནས་སྟེང་དུ་འབྱར་ལ་མ་རེག་པའི་རྣམ་པར་བརྩེགས་པ་སོ་སོའི་སྟེང་དུ་རང་རང་དང་ཁ་དོག་མཐུན་པའི་ཐིག་ལེ་ལ་ཐིག་ཕྲན་བཞི་བཞིས་བརྒྱན་པའི་ལྔ་ཚོམས་སུ་འཆར་བ་ནི་ཡེ་ཤེས་སོ་སོའི་རང་གདངས་སོ། །ལྗང་ཁུའི་སྣམ་བུ་མི་སྣང་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ས་བོན་གྱི་ཆ་ལས་རྩལ་མ་རྫོགས་པས་ཀ་དག་ལ་རྫོགས་པ་སྟེ། འདིར་ད་དུང་ཀ་དག་ཏུ་གྲོལ་མ་ཟིན་པ་དང་སྦྱར་ནས་ཡེ་ཤེས་བཞི་སྦྱོར་གྱི་སྣང་བར་བཞག་གོ། །དེ་རྣམས་ཀྱི་སྟེང་དུ་ཡེ་ཤེས་ལྔའི་དབྱིངས་ཀྱི་སྣང་བ་དབུས་མཐིང་ག་ཁ་དོག་ལྔའི་མུ་ཁྱུད་ཀྱིས་སྐོར་བའི་འོད་ཟླུམ་པོ་རྨ་བྱའི་གདུགས་འཁོར་བ་ལྟ་བུ་ལྷུན་གྲུབ་འཆར་བའི་ས་བོན་དུ་སྐབས་འདིར་འབྱུང་ཞིང་འདིའི་དུས་སུ་ཕུང་པོ་བདག་འཛིན་ལས་གྲོལ་བས་ལུས་འོད་གསལ་དུ་གྲོལ་བའི་ཆོས་ཉིད་རང་ངོ་ལ་གནས། འབྱུང་བ་ཕྲ་རགས་ཀྱི་རྟོག་པ་ལ་གྲོལ་བས་སྣང་བ་འོད་གསལ་བདེ་བ་ཆེན་པོར་གྲོལ། ཉོན་མོངས་པ་ཕྲ་རགས་ལས་གྲོལ་བས་རིག་པ་ཉིད་མ་ལ་བུ་ཐིམ་དུ་གྲོལ་བའི་རང་ངོ་ཤེས་པར་བྱ་བ་ནི་གྲོ་བ་དུས་ཀྱི་གནད་ཅེས་བྱ་སྟེ། སྣང་བ་དེ་དག་ཀུན་རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ཞེས་བྱ་བས་སྣང་བ་དེ་རྣམས་ལ་ཤེས་པ་མི་འགྱུར་བར་རང་སྣང་དུ་ཤེས་ཐོག་དེར་ཆེ་རེ་མཉམ་པར་འཇོག་པ་སྟེ། སྨན་པ་མཁས་པས་གསེར་གྱི་ཐུར་མས་སྙིང་ཆུ་འདྲེན་པ་ལྟར་བར་དོའི་གདམས་ངག་གིས་རང་སྣང་གཏན་ལ་ཕེབས་ནས་གྲོལ་བའོ། །དེ་ལྟར་ཡང་། ཉི་ཟླ་ཁ་སྦྱོར་ལས། དེ་ནི་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའ་ཁོང་གསེང་གི་ལམ་ཞེས་བྱའོ། །དེའི་ཚེ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་ཐབས་མཆོག་དྲན་པར་བྱའོ། །ཞེས་གསུངས་སོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ་ཐིམ་པ་ནི། ཡེ་ཤེས་བཞི་ཡི་སྣང་བ་དེ་དག་སྟེང་གི་འོད་ཟླུམ་དེ་ལ་འདུས་ནས་རང་དང་དབྱེར་མེད་པའི་ངང་ལས། སྟེང་གི་ཆར་ཆོས་ཟད་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་དབུས་སུ། ཀུན་བཟང་ཡབ་ཡུམ་མཐིང་གར་འདྲེས་པས་ངོ་བོ་མེད་པ། དེའི་འོག་བར་གྱི་ཆའི་སྟེང་མར་ལོངས་སྐུ་ཁྲོ་བོའི་དཀྱིལ་འཁོར་རྒྱ་ཆེ་ལ་ལྷུན་སྡུག་པ་དང་། འོག་མར་ལོངས་སྐུའི་ཞི་བའི་སྣང་བ་འོད་གསལ་ལ་བཀོད་ལེགས་པ། དེའི་ཕྱོགས་མཚམས་རྣམས་སུ་རང་བཞིན་སྤྲུལ་པའི་ཞིང་སྣང་ཡིད་དུ་འོང་ལ་ལྟ་ན་སྡུག་པ། འོག་གི་ཆར་འགྲོ་དྲུག་འཁྲུལ་པའི་སྣང་བ་འདུལ་བྱེད་སྟོན་པ་དང་བཅས་པ་སྣང་བ་དུས་གཅིག་ལ་འཆར་ཏེ། འདིའི་ཚེ། ཉི་ཟླ་ཁ་སྦྱོར་ལས། དེ་ནས་རང་གི་ཤེས་པ་སྟེང་གི་འོད་ལ་ཐིམ་པས་ཤར་ལུགས་བརྒྱད་ཉམས་སུ་མྱོང་བའོ། །ཞེས་གསུངས་པ་ལྟར། ཤར་ལུགས་དྲུག་དང་སྒོ་གཉིས་ཏེ་བརྒྱད་སྐད་ཅིག་སྔ་ཕྱི་མེད་པར་འཆར་བ་ནི་ཐུགས་རྗེ་ལྟར་ཤར་བས་སེམས་ཅན་ལ་ཐུགས་རྗེ་ངང་གི་འབྱུང་། འོད་ལྟར་ཤར་བས་འོད་ལྔའི་སྣང་བས་འཇིག་རྟེན་ཁྱབ། སྐུ་ལྟར་ཤར་བས་ལྷའི་སྐུ་གྲངས་མེད། ཡེ་ཤེས་ལྟར་ཤར་བས་སངས་རྒྱས་ཀྱི་ཞིང་ཁམས་དག་པར་རང་སྣང་། གཉིས་མེད་ལྟར་ཤར་བས་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས། མཐའ་གྲོལ་ལྟར་ཤར་བས་ཆོས་ཉིད་ཟང་ཐལ་དུ་རྟོག་པའོ། །སྒོ་གཉིས་ནི་མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་རང་ངོ་མ་ཤེས་ན་ལྡོག་པའི་སྒོ་འབྱེད། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་རང་ངོ་ཤེས་ན་ཇི་ལྟ་བ་དང་ཇི་སྙེད་པའི་མཁྱེན་ཆ་ནང་དུ་གསལ་བས་གདོད་མའི་གྲོལ་གཞི་བྱེད་པའོ། །འདིའི་དུས་སུ་མཐར་ཕྱིན་པ་ངོ་ཤེས་པའི་གནད་གསུམ་སྟེ། རང་ངོ་ཤེས་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའི་གདམས་ངག་གིས་རང་སྣང་ལྷུན་གྲུབ་ཏུ་ཐག་བཅད། མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གནད་ཀྱིས་རང་ངོ་ཤེས་ཐོག་གི་ངང་ལ་མི་གཡོ་བར་གནས། ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་གདམས་ངག་གི་རང་གསལ་གྲོལ་ཐོག་ཏུ་ཤེས་པས་རང་སྣང་ལ་སྒྲོ་འདོགས་ཆོད་དེ་ནང་དབྱིངས་ཀ་དག་གི་དབྱིངས་སུ་སྐད་ཅིག་གིས་གྲོལ་བའོ། །དེ་ཡང་ཀ་དག་གི་རིག་པ་ལ་འཆར་བྱེད་བརྒྱད་ཡེ་ནས་རང་ཆས་སུ་ཡོད་པའི་གནད་ཀྱིས་འཆར་ལུགས་བརྒྱད་སྣང་བ་ཡང་ལྷུན་གྲུབ་ཀྱི་འཆར་ཚུལ་མ་འགགས་པའི་ཡོན་ཏན་ཡིན་ཏེ། རིན་པོ་ཆེ་སྤུངས་པ་ལས། ལྷུན་གྲུབ་འཆར་བྱེད་མ་འགགས་པས། །སྣ་ཚོགས་སྣང་བའི་རང་བཞིན་ནི། །ཡོན་ཏན་ཆེན་པོ་རྣམས་སུ་སྣང་། །འཆར་བྱེད་སྒོ་རྣམས་བརྒྱད་ལས་ཀྱང་། །ཡོན་ཏན་བརྒྱད་ཀྱི་ཚུལ་དུ་ཤར། །ཞེས་གསུངས་སོ། །དེ་ལྟར་མཐར་ཕྱིན་པ་ངོ་ཤེས་པའི་གནད་གསུམ་གྱིས་གྲོལ་བའི་ཚེ་སྐྱེས་བུ་དེ་ལ་མངོན་པར་ཤེས་པ་དྲུག་དང་། རྗེས་སུ་དྲན་པ་དྲུག་ཀྱང་འབྱུང་སྟེ། མཚན་བརྗོད་ལས། མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཞེས་གསུངས་པ་ལྟར་དབང་པོའི་མངོན་པར་ཤེས་པས་སངས་རྒྱས་ཀྱི་ཞིང་མཐོང་། ཤེས་རབ་ཀྱི་མངོན་པར་ཤེས་པས་རང་སྣང་དུ་ངོ་ཤེས། ཡེ་ཤེས་ཀྱི་མངོན་པར་ཤེས་པས་ཡེ་གདངས་སུ་ཡིད་ཆེས། ཏིང་ངེ་འཛིན་གྱི་མངོན་པར་ཤེས་པས་སྣང་ཐོག་ཏུ་མི་གཡོ་བར་གནས། ཟག་པ་མེད་པའི་མངོན་པར་ཤེས་པས་ལས་དང་བག་ཆགས་ལས་གྲོལ། ཡེ་ཤེས་སུ་གཟིགས་པའི་མངོན་པར་ཤེས་པས་ཐམས་ཅད་མཁྱེན་པའི་ཡོན་ཏན་ལ་སྤྱོད་ཅིང་། མཁྱེན་པ་ཡོངས་སུ་རྫོགས་པའི་མངོན་པར་ཤེས་པས་སེམས་ཅན་གྱི་དོན་མཛད་ནས་ཡེ་ཤེས་ཀྱི་དབྱིངས་སུ་ཐིམ་པར་འགྱུར་པ་སྟེ། རྒྱས་པར་ཕྱེ་ན་མངོན་པར་ཤེས་པ་ཆིག་བརྒྱ་སུམ་ཅུ་རྩ་བཞི། དེ་བསྡུས་ན་དྲུག་ཚན་དྲུག་སྟེ་སུམ་ཅུ་རྩ་དྲུག །དེ་ཡང་བསྡུས་ན་རྩ་བ་དྲུག་ཁོ་ནར་འདུས་སོ། །ཡང་དེའི་ཚེ་རྗེས་སུ་དྲན་པ་དྲུག་འབྱུང་བ་ནི་ལམ་རྗེས་སུ་དྲན་པས་མཐར་ཕྱིན་མི་སློབ་པའི་ས་མཚམས་སུ་ཤེས། ལྟ་བ་རྗེས་སུ་དྲན་པས་རིག་སྟོང་འོད་གསལ་དུ་རྟོགས། བསམ་གཏན་རྗེས་སུ་དྲན་པས་ངང་གདངས་ཆོས་ཉིད་ལ་གནས། ལྷ་རྗེས་སུ་དྲན་པས་རིགས་ལྔ་ཡེ་ཤེས་དྲུག་ཏུ་གསལ། སྐྱེ་གནས་རྗེས་སུ་དྲན་པས་གདོད་མའི་ཟད་སར་སྙེགས། གདམས་ངག་རྗེས་སུ་དྲན་པས་རང་སྣང་རང་ངོ་ཤེས་པའི་གནད་ཀྱིས་མར་མ་དག་པ་འཁོར་བའི་སྣང་བ་མཐོང་ཡང་འཁྲུལ་སྣང་དུ་མི་འཇུག །ཐད་ཀར་འོད་གསལ་ལོངས་སྐུའི་སྣང་བ་མཐོང་བས་རིག་གདངས་ལྷུན་གྲུབ་ཏུ་རྟོགས། ཡར་ཆོས་ཟད་ཀ་དག་གི་སྣང་བ་མཐོང་བས་གྲོལ་གཞིར་བཙན་ས་ཟིན་ལ། དེའི་ཚེ་ཆོས་ཉིད་ཀྱི་ངང་ལས་སེམས་ཅན་གྱི་དོན་མཛད་པར་འཆར་རོ། །དེ་ལྟར་མངོན་ཤེས་དྲུག་དང་རྗེས་དྲན་དྲུག་གི་སྟེང་དུ་མི་བརྗེད་པའི་གཟུངས་དང་། རྒྱུན་གྱི་ཏིང་ངེ་འཛིན་ཏེ་བཅུ་བཞི་ལ་རང་ངོ་ཤེས་སྟོབས་ཀྱིས་དབང་བསྒྱུར་བར་བསྟན་ཅིང་། དེ་ནས་དབྱིངས་སུ་ཐིམ་དུས། ཕྱིར་སྣང་གི་ལུས་མི་མངོན། ངག་མི་སྣང་། སེམས་གསལ་བྱེད་མ་ཡིན་ཏེ་འགགས་ནས། འཕོ་འགྱུར་མེད་པའི་ངང་ལས་མ་གཡོས་བཞིན་དུ་འགྲོ་བའི་དོན་མཛད་པས་ཀུན་ཏུ་འགྲོ་ཞིང་ཁྱབ་པ་ཞེས་བྱའོ། །དེ་ཡང་དབྱིངས་སུ་ཐིམ་པ་ཞེས་པ་ནི་སྔར་ལྷུན་གྲུབ་ཀྱི་སྣང་བ་ཤར་བ་རྣམས་སླར་རིག་པ་ཉིད་ཀྱི་ངང་དུ་ཐིམ་པ་སྟེ། ཕྱིར་གསལ་ནང་གསལ་དུ་ཐིམ་པ་ཤེལ་འོད་ནང་ཐིམ་ལ་སོང་བ་ལྟ་བུ་ཡིན་ནོ། །དེ་ལྟར་ཡང་། རང་ཤར་ལས། ཀྱེ་གྲོགས་པོ་དག །ལྷུན་གྲུབ་ཀྱི་སྣང་བ་ལ་རང་གི་དེ་ཉིད་སྟོབས་སུ་གྱུར་ནས། བདེན་པ་མཐོང་བའི་ཚེ་ཐིམ་ལུགས་བརྒྱད་ངོ་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར། ཐིིམ་ལུགས་བརྒྱད་ནི། འོད་འོད་ལ་ཐིམ་པས་གསལ་བ་རིས་མེད་འཇའ་ཚོན་ནམ་མཁར་ཡལ་བའམ་ཤེལ་འོད་ནང་དུ་ཐིམ་པ་ལྟ་བུ། སྐུ་སྐུ་ལ་ཐིམ་པས་མཁྱེན་ཆ་ནང་གསལ་དུ་བཞུགས་པའི་བུམ་པའི་སྐུ་ལྟ་བུ། ཡེ་ཤེས་ཡེ་ཤེས་ལ་ཐིམ་པས་རིག་པ་གཞི་ཐོག་ཏུ་གྲོལ་བ་མ་པང་དུ་བུ་འཇུག་པ་ལྟ་བུ། གཉིས་མེད་གཉིས་མེད་ལ་ཐིམ་པས་ཆོས་ཅན་དང་ཆོས་ཉིད་འདྲེས་པ་ཆུ་ལ་ཆུ་ཐིམ་པ་ལྟ་བུ། མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས་ཆོས་ཉིད་རང་ངོ་ལ་གནས་པས་བུམ་ནང་གི་ནམ་མཁའ་ཕྱིའི་ནམ་མཁའ་ལ་ཐིམ་པ་ལྟ་བུ། ཐུགས་རྗེ་ཐུགས་རྗེ་ལ་ཐིིམ་པས་གདུལ་བྱ་དང་འདུལ་བྱེད་དབྱིངས་སུ་ནུབ་པ་ཉི་མ་ནུབ་པའི་ཟེར་ལྟ་བུ། མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པས་འཁོར་འདས་དབྱིངས་སུ་འདུས་པ་སྦྲའི་ཆོན་ཐག་བསྡུས་པ་ལྟ་བུ། དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ལ་ཐིམ་པས་གདོད་མའི་དབྱིངས་ཀ་དག་ལ་གཏན་ས་ཟིན་པ་སེང་གེས་གངས་ཟིན་པ་ལྟ་བུའོ། །སྤྱིར་འཁོར་འདས་ཐམས་ཅད་རང་སྣང་དུ་གསུངས་པའི་གནད་ནི། གཞི་སྣང་གིས་རང་སྣང་ལ་མར་གདུལ་བྱ་འཁོར་བ་ལྟར་སྣང་བ། ཡར་འདུལ་བྱེད་མྱང་འདས་ལྟར་སྣང་། དབྱིངས་གྲོལ་གཞི་འཁོར་འདས་གཉིས་མེད་དུ་སྣང་བ་ལ་ལྟོས་ནས་གསུངས་པ་ཡིན་ལ། བར་དོར་སྤྲུལ་པས་དོན་བྱེད་ཚུལ་ནི། ཐད་ཀར་ལོངས་སྤྱོད་རྫོགས་པ་སྐུའི་ཞལ་གྱི་དཀྱིལ་འཁོར་འོད་མཐའ་ཡས་པར་འཕྲོས་པ་མར་རིགས་དྲུག་གི་ཞིང་དུ་སོང་བས་སོ་སོར་སྟོན་པར་སྣང་ནས་གང་ལ་གང་འདུལ་གྱི་སྒོ་ནས་དོན་མཛད་པའོ། །དེ་ཡང་སྦྱོར་བ་གསུམ་གྱིས་སྤྲུལ་པ་འབྱིན། །ཞེས་གསུངས་པས། ལོངས་སྐུ་ཞལ་གྱི་སྦྱོར་བ། རིགས་དྲུག་ལས་མཐུན་གྱི་ལྷུམས་སུ་སྦྱོར་བ། རང་སྣང་དང་མཐུན་པར་དོན་མཛད་པའི་སྦྱོར་བ་གསུམ་དུ་སྣང་ནས་དབྱིངས་སུ་གྲོལ་བའོ། །དབང་པོའི་གྲོལ་ལུགས་ནི། དབང་པོ་རབ་འབྲིང་ཐ་གསུམ་པོ་རེ་རེ་ལ་བདུན་བདུན་ཏེ་ཉི་ཤུ་རྩ་གཅིག་ཏུ་ཕྱེ་ནའང་བསྡུས་ན་དབྱེ་གཞིའི་རྩ་བ་གསུམ་དུ་འདུས་པས་འདི་ལྟར་གོམས་པ་རབ་རྣམས་ནི། ལུས་བོར་བ་དང་འོད་གསལ་ཤར་བ་དུས་མཉམ་པའི་ཚེ་གྲོལ། འབྲིང་རྣམས་ཟུང་འཇུག་དང་ཡེ་ཤེས་ཀྱི་སྣང་བ་གང་རུང་ལ་གྲོལ། ཐ་མ་རྣམས་ལྷུན་གྲུབ་ཀྱི་སྣང་བ་ལ་གྲོལ། དེ་ཡང་གང་དུ་གྲོལ་བ་ཡན་ཆད་ཀྱི་སྣང་བ་ཤར་ནས་དབྱིངས་སུ་ནུབ་པས་དེ་མན་ཆད་ཀྱི་སྣང་བ་མི་འཆར་བ་ཡིན་ལ། འདི་དག་གང་དུ་གྲོལ་ཡང་དབང་པོའི་བྱེ་བྲག་ཐ་དད་པས་རབ་རྣམས་སྐད་ཅིག་གསུམ་ལ་གྲོལ་ཏེ། དང་པོ་ལ་རང་སྣང་མཐོང་། གཉིས་པ་ལ་བྱེ་བྲག་ཕྱེད། གསུམ་པ་ལ་ཕྱེད་ཐོག་ནས་གྲོལ་བའོ། །འབྲིང་རྣམས་སྐད་ཅིག་བཞི་ལ་གྲོལ་ཏེ། དང་པོ་ལ་རང་སྣང་དུ་ཤར། །གཉིས་པ་ལ་རང་གདངས་སུ་ཤེས། །གསུམ་པ་ལ་ཤེས་ཐོག་ཏུ་གནས། །བཞི་པ་ལ་གནས་ཐོག་ནས་གྲོལ་བའོ། །ཐ་མ་རྣམས་སྐད་ཅིག་ལྔ་ལ་གྲོལ་ཏེ། དང་པོ་ལ་སྣང་བ་ཤར། གཉིས་པ་ལ་དཔྱད་པ་ཞུགས། གསུམ་པ་ལ་རང་སྣང་དུ་ཤེས། བཞི་པ་ལ་ཤེས་ཐོག་ཏུ་གནས། ལྔ་པ་ལ་གནས་ཐོག་གྲོལ་བའོ། །འདི་དག་ཀྱང་བྱ་བ་རྫོགས་པའི་སྐད་ཅིག་མ་ཡིན་ལ། དེ་དག་ལའང་བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་ཡོད་པར་གསུངས་ཤིང་། བསམ་གཏན་གྱི་ཞག་གི་ཚད་ནི་སྔར་ཏིང་ངེ་འཛིན་གཅིག་ལ་མཉམ་པར་བཞག་པས་ཕྱི་མའི་རྣམ་རྟོག་མ་ལངས་པའི་བར་གྱི་གོམས་ཆ་ལ་འཇོག་པ་ཡིན་པས། བསམ་གཏན་གོམས་པ་རྣམས་ལ་འོད་གསལ་གྱི་སྣང་བ་ཡུན་རིང་དུ་འཆར་བས་སྐབས་དེར་ངོ་ཤེས་ཏེ་གྲོལ་ལ། གོམས་འདྲིས་མེད་ན་ཡུད་ཙམ་རེ་ལས་མི་འཆར་བས་ངོ་འཕྲོད་པར་དཀའ་བར་འགྱུར་རོ། །གསུམ་པ་སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བརྐང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ནི། འདི་ལའང་ཆོས་ཉིད་བར་དོར་གྲོལ་མ་ནུས་པས་དབང་པོ་ཐ་མར་སོང་ཡང་གསང་ཆེན་རྫོགས་པ་ཆེན་པོའི་ལམ་འདིར་བརྩོན་པ་དང་སྦྱངས་པ་ཅན་རྣམས་ནི་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ནུབ་པ་དང་ལྷན་ཅིག་ཏུ་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་དུ་བརྫུས་ཏེ་སྐྱེས་ནས་བར་དོ་མེད་པར་འཚང་རྒྱ་བར་འགྱུར་ལ། དེ་ལས་གཞན་དུ་ཆོས་ཉིད་བར་དོ་ལ་རང་སྣང་ངོས་མ་ཟིན་པས་སྲིད་པའི་བར་དོ་རྨི་ལམ་དང་འདྲ་བར་ལམ་བྱུང་དུས་རང་ཤི་འདུག་སྙམ་ངོས་ཟིན་ནས། སྲིད་པ་བར་དོར་ལམ་འཕྱན་པར་ཤེས་ཏེ། བླ་མ་དང་དེའི་གདམས་པ་དྲན་པས། ད་ནི་རང་བཞིན་སྤྲུལ་སྐུའི་ཞིང་དུ་འགྲོ་བར་བྱའོ་སྙམ་དུ་བསམ་པ་ཙམ་གྱིས། སྔར་གྱི་ཆོས་ཉིད་བདེན་པའི་བྱིན་རླབས་དང་། སྲིད་པ་བར་དོ་ལ་རང་གར་འཛིན་པའི་དྲི་མ་མེད་པས་སྲིད་པ་ཕྱི་མར་བརྒྱུད་པའི་བག་ཆགས་ཟད་དེ། རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་དེར་པདྨོ་ལ་བརྫུས་ཏེ་སྐད་ཅིག་གིས་སྐྱེས་ནས་དབུགས་འབྱིན་པར་འགྱུར་ཏེ། རང་ཤར་ལས། བདེན་པ་མཐོང་བའི་སེམས་ཅན་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་དང་། ཉི་ཟླ་ཁ་སྦྱོར་ལས། འདི་མཐོང་དབང་པོ་ཐ་མ་ལ། །བར་མ་དོ་ཉིད་སྣང་འགྱུར་རམ། །འོན་ཏེ་མི་སྣང་བའམ་ཅི། །སྟོན་པས་གསུངས་པ་དེ་སྣང་དེ། །རང་གར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་བྱུང་སྟེ། །བར་དོ་མེད་པར་སངས་རྒྱས་རྙེད། །ཅེས་གསུངས། ཞིང་དེ་དག་གི་རང་བཞིན་ནི། རང་ཤར་ལས། འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་དམ་པ་ཐོབ་པའི་གནས་དེ་ན་གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཞེས་པ་ནས། གཞལ་ཡས་ཁང་དེ་ནི་འདི་ནས་བྱང་ཕྱོགས་ན་དཔག་ཚད་ལྔ་བརྒྱའི་སྟེང་ན་ཡོད་དོ། །དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་གཟུགས་ཁམས་ཀྱི་ལྷ་དང་ལོངས་སྤྱོད་མཉམ་མོ། །བྱང་ཕྱོགས་ཀྱི་སྤྲུལ་པའི་ཞིང་ཁམས་ན་དེ་བཞིན་དུ་ཡོད་དོ། །ཞེས་པའི་བར་གྱི་ལོངས་སྐུ་དང་རྣམ་པ་འདྲ་རུང་དུ་སྣང་བའི་ཞི་བའི་ཞིང་ཁམས་བཞི་ཕྱོགས་བཞིར་སྣང་ལ། དེ་རྣམས་ཀྱི་དབུས་ཀྱི་སྟེང་གི་ཆ་རང་རང་གི་མདུན་ནས་བལྟས་པ་ན་ཁྲོ་བོའི་ཞིང་ཡོད་པ་ནི། དེ་ཉིད་ལས། ཞིང་ཁམས་དེ་དག་གི་མདུན་གྱི་བར་སྣང་ལ་སྤྲུལ་པའི་སྐུ་ཁྲོ་བོའི་ཞིང་ཁམས་ཡོད་དེ། དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ཡོད་དེ། དེ་ཡང་འདི་ལྟ་བུ་ཡོད་དོ། །ཐོད་པའི་ཁང་པ་གྲུ་བཞི་དང་ལྡན་པ་ཡོད་དེ། ཞེས་པ་ནས། གཞལ་ཡས་ཁང་དེའི་ནང་ན་བཅོམ་ལྡན་འདས་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས་བྱ་བ་ཐུགས་ཞི་བ་ལས་མ་གཡོས་ཀྱང་སྐུ་ཁྲོ་བོའི་ཆ་བྱད་དུ་བསྟན་པ་མཁའ་འགྲོ་མ་དང་ཁྲོ་བོའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་ཡོད་དོ། །ཞེས་སོགས་གསུངས་པ་ལྟར་སྤྱིར་ཞིང་བཅུ་དབུས་དུར་ཁྲོད་མེ་རི་འབར་བ་དང་བཅས་པས་ཞིང་བཅུ་གཅིག་ཡོད་ཀྱང་། འདིར་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ལྔ་གཟུང་བར་བྱ་བ་སྟེ། དེ་ཡང་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་རིན་པོ་ཆེ་ཤེལ་ལས་གྲུབ་པ། ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་གསེར་ལས་གྲུབ་པ། ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་པདྨ་རཱ་ག་ལས་གྲུབ་པ། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་མརྒད་ལས་གྲུབ་པ་སྟེ། བཞི་ཀའང་རིན་པོ་ཆེའི་གཞལ་ཡས་ཁང་སྒོ་བཞི་དང་ལྡན་པ། རྟ་བབས་དང་ཐེམ་སྐས་སོགས་ཡིད་དུ་འོང་བའི་རྒྱན་ལྟ་ན་སྡུག་པས་སྤྲས་པ་མཚོ་དང་མཚེའུ་དང་པདྨས་གང་ཞིང་། བཀྲ་ཤིས་པའི་བྱ་སྒྲ་སྐད་སྙན་པར་སྒྲོགས་པ་བསམ་གྱིས་མི་ཁྱབ་པ་གནས་པ། ཟུར་བཞིར་རིན་པོ་ཆེའི་མཆོད་རྟེན་དྲིལ་བུ་གཡེར་ཁའི་དྲྭ་བས་སྦྲེལ་བ། ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རིས་བསྐོར་བ། དེ་རྣམས་ཀྱི་དབུས་ན་ཆོས་འཆད་པའི་ཁྲིའི་བཀོད་པ་ཕུལ་དུ་བྱུང་བ་ལ་སྟོན་པ་དཔལ་རྡོ་རྗེ་སེམས་དཔའ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་སྟེ་བཞི་པོ་རང་རིགས་ཀྱི་བྱང་ཆུབ་སེམས་དཔའ་མང་པོས་བསྐོར་བ་ལ་ཆོས་སྟོན་པ། དེ་བཞིའི་དབུས་ཀྱི་བར་སྣང་ལ་ཁྲོ་བོའི་ཞིང་ཁམས་དུར་ཁྲོད་འབར་བའི་གཞལ་ཡས་ཁང་འཇིགས་སུ་རུང་བར་སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས་བྱ་བ་འཇིགས་བྱེད་ཧེ་རུ་ཀའི་རྣམ་པ་ཅན་གྱིས་འཁོར་བསམ་གྱིས་མི་ཁྱབ་པ་ལ་ཆོས་སྟོན་པར་མཛད་པ་ཡོད་དོ། །དེ་ལྟ་བུའི་ཤར་ཕྱོགས་ལ་སོགས་པ་ཞི་བའི་ཞིང་ཁམས་བཞིར་སྐད་ཅིག་ལ་བརྫུས་ཏེ་སྐྱེས་ནས་ལོ་བརྒྱ་ཉི་ཤུ་རྩ་ལྔ་རེར་གནས་པས། ཤར་ཕྱོགས་ཀྱི་ཞིང་ཁམས་སུ་སྟོན་པ་རྡོ་རྗེ་སེམས་དཔའ་ཞལ་མཐོང་ནས་ཆོས་ཐོས། ལྷོར་རིན་ཆེན་འབྱུང་ལྡན་ལས་དབང་ཐོབ། ནུབ་ཏུ་སྣང་བ་མཐའ་ཡས་ཀྱིས་བྱང་ཆུབ་ཏུ་ལུང་བསྟན། བྱང་ཕྱོགས་སུ་དོན་ཡོད་གྲུབ་པས་དབུགས་ཕྱུང་སྟེ། སྟེང་གི་ནམ་མཁའི་མི་མཇེད་བརྩེགས་པར་ཁྲོ་བོའི་ཞིང་ཁམས་མཐོང་མ་ཐག་རང་སྣང་གདོད་མའི་སར་བླ་ན་མེད་པའི་བྱང་ཆུབ་བརྙེས་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ངང་ངམ་ཤུགས་ཀྱིས་མཛད་པའོ་ཞེས་ཞི་བའི་ཞིང་ཁམས་བཞིར་རིམ་པར་སྐྱེ་བར་བཞེད་པ་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཞལ་ནས། དེ་ལྟར་ན་རང་ཤར་ལས། ཞིང་དེ་དག་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བ་གཅིག་གི་ཐོགས་པ་ཤ་སྟག་ཡིན་པར་བཤད་པས་གནོད་པའི་ཕྱིར་བཤད་འགྲེལ་ཆེན་མོ་ལས་གསུངས་པ་ལྟར་ཞིང་གང་དུ་སྐྱེས་པ་དེར་རྒྱུད་སྨིན་ནས་མདུན་གྱི་ནམ་མཁར་མི་མཇེད་བརྩེགས་པ་ལ་ཁྲོ་བོའི་ཞིང་མཐོང་དུས་དེའི་བྱིན་བརླབས་ཀྱིས་ཤེས་བྱའི་སྒྲིབ་པ་མཐའ་དག་སྦྱངས་ཏེ་ཀ་དག་གི་ས་ལ་མངོན་པར་བྱང་ཆུབ་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་བླ་མ་དགེ་བའི་བཤེས་གཉེན་ལྟ་བུར། དེ་ལྟར་ཞི་བའི་དབྱིངས་སུ་མཛད་པའི་ཐ་མ་བསྟན་པ་ཉིད་ཀྱང་འཇིག་རྟེན་འདིར་ཞལ་མངོན་དུ་གྱུར་པའི་ཚེ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་གདམས་པ་ཟབ་མོ་ཐུགས་ཉམས་སུ་བཞེས་ནས་སྒྲོ་འདོགས་ཆོད་པར་མཛད་པས་རང་བཞིན་གྱི་བར་དོ་ལ་གྲོལ་བ་བརྙེས་པར་འགྱུར་བའི་ཕྱིར། བར་དོ་ཕྱི་མ་གསུམ་གྱི་གདམས་པ་ལ་ལྟོས་མི་དགོས་ནའང་འཇིག་རྟེན་མཐུན་འཇུག་དང་བསྟུན་ནས་གསལ་འདེབས་ཅུང་ཟད་གསོལ་བ་ལགས་པས། དེ་ཡང་གདམས་ངག་ལ་གོམས་ཤུགས་ཆེ་ཆུང་གི་རིམ་པས་རབ་སྐུ་ལུས་བོར་མ་ཐག་འོད་གསལ་ཤར་བ་དང་དུས་མཉམ་དུ་གྲོལ་བ་བརྙེས་ཤིང་། འབྲིང་ཟུང་འཇུག་དང་ཡེ་ཤེས་ཀྱི་སྣང་བ་གང་རུང་དུ་གྲོལ་ལ། ཐ་མ་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ་གྲོལ་བ་བརྙེས་པ་འགྱུར་མོད། མངོན་སུམ་གྱི་སྒོ་གཟིགས་ཀྱང་ཉམས་བཞེས་ཚད་དུ་མ་ཕྱིན་པ་རྣམས་རང་བཞིན་སྤྲུལ་པའི་སྐུའི་ཞིང་དུ་དབུགས་དབྱུང་སྟེ་བར་དོ་མེད་པར་འཚང་རྒྱ་བར་ངེས་པའི་ཕྱིར། གྲོལ་བའི་རིམ་པ་གང་ལྟར་ནའང་ཡང་དག་པར་རྫོགས་པའི་སངས་རྒྱས་རང་སྣང་གི་སྐུ་གསུམ་མངོན་དུ་བརྙེས་ནས། དེ་ལས་མ་གཡོས་བཞིན་དུ། ཞེས་པ་ནས། ནམ་ཡང་གཡེལ་བ་མེད་པར་རྗེས་སུ་འཛིན་པར་མཛད་དུ་གསོལ། ཞེས་སྔར་ལྟར་སྦྱར་བ་ལས་འདི་མན་མི་དགོས་ལ། གདམས་ངག་གི་གནད་མཐོང་བའི་ཆོས་པ་གཞན་ཡིན་ན་དགོས་མི་དགོས་རྣམ་དབྱེ་ཕྱེ་བར་བྱའོ། །གཞན་དུ་རྫོགས་པ་ཆེན་པོའི་སྒོར་མ་ཞུགས་ཀྱང་། སྤྱིར་སྔགས་ཀྱི་ཟབ་ལམ་ལ་ཉམས་ལེན་གྱི་གནད་ཟིན་པ་ཡིན་ན། སྔར་འཆི་སྲིད་འོད་གསལ་གྱི་ངོ་སྤྲོད་རྒྱས་པར་བཤད་པའི་སྐབས་ཀྱི་ཀ་དག་ཆོས་སྐུའི་བར་དོ་ལ་གྲོལ་བ་ཐོབ་པ་ཡིན་ནོ། །ཞེས་པའི་རྗེས་སུ། གལ་ཏེ་དེར་གྲོལ་བར་མ་ནུས་ན། སེམས་ཉིད་སྣང་བའི་ཆ་ལས་ལྷུན་གྲུབ་གཟུགས་ཀྱི་སྐུའི་འོད་གསལ་རྣམ་པ་ལྔ་འཆར་བར་འགྱུར་ཏེ། གཉིས་མེད་རྣམ་རྒྱལ་ལས། ལྔ་པ་སྤྲིན་མེད་ནམ་མཁའ་ལ། །མི་རྟོག་མཐའ་དབུས་མེད་པ་འཆར། །ཞེས་གསུངས་པ་ལྟར་སྣང་བ་ཐམས་ཅད་སྟོན་ཀའི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་གཞི་ལ་སྙིང་གའི་འོད་གསལ་ལ་རིགས་ལྔའི་སྐུ་དང་ཞིང་ཁམས་རང་ཆས་སུ་བཞུགས་པའི་གནད་ཀྱིས་རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་ནམ་མཁའ་གང་བར་འཆར་ཏེ། དེ་ཡང་བསམ་གཏན་གྱི་ཞག་དང་པོ་འོད་མཐིང་ག་ལས་རྣམ་པར་སྣང་མཛད། གཉིས་པར་འོད་དཀར་པོ་ལས་རྡོ་རྗེ་མི་བསྐྱོད་པ། གསུམ་པར་འོད་སེར་པོ་ལས་རིན་ཆེན་འབྱུང་གནས། བཞི་པར་འོད་དམར་པོ་ལས་སྣང་བ་མཐའ་ཡས། ལྔ་པར་འོད་ལྗང་གུ་ལས་དོན་ཡོད་གྲུབ་པ་གཙོ་འཁོར་རྣམས་ཚོམ་བུའི་དཀྱིལ་འཁོར་དུ་སྙིང་ནང་གི་གདངས་ལས་རང་ཤར་དུ་སྣང་བར་འགྱུར་ཏེ། སྔར་ངོ་འཕྲོད་ཅིང་བསམ་གཏན་ལ་གོམས་འདྲིས་བརྟན་པ་རྣམས་དུས་དེར་གྲོལ་བར་འགྱུར་ལ། དེར་ངོ་མ་ཤེས་ན་ཆོས་ཉིད་འོད་གསལ་གྱི་སྣང་ཆ་དེ་ཉིད་ནུབ་པའི་སྐད་ཅིག་ལ་ཕྱི་མའི་བག་ཆགས་སད་བྱེད་ཀྱི་རྐྱེན་ཅི་རིགས་པ་དག་གིས་བསྐུལ་ནས་རླུང་སེམས་ཕྲ་བའི་འབྱུང་བཞི་དང་བཅས་པ་རྣམས་ཀྱིས་རྒྱུ་རྐྱེན་བྱས་པ་ལས་རྨི་ལམ་གྱི་སྣང་བ་ལྟར་སྲིད་པ་བར་དོའི་ཡིད་ལུས་སུ་ལྡང་སྟེ། ཞེས་འོག་ནས་འབྱུང་བ་ལྟར་སྦྲེལ་ལོ། །ཡང་གང་ཟག་ཉམས་ལེན་གྱི་གནད་དང་མི་ལྡན་པ་རྣམས་ལ་སྲིད་པ་བར་དོ་ཁོ་ནའི་ངོ་སྤྲོད་འདེབས་པའི་དབང་དུ་བྱས་ན་སྔར་ལྟར་མགོའི་གླེང་བསླང་བ། འོ། འཇིག་རྟེན་འདི་ནས་ཕ་རོལ་ཏུ། ཞེས་པ་ནས། དེའི་ཚེ་ན་གལ་ཆེ་བ་བར་དོའི་གདམས་ངག་སྟེ། ཞེས་པའི་བར་སྐབས་ཀྱི་བརྗོད་པ་དང་། དེ་ལ་བར་དོའི་སྤྱིའི་རྣམ་བཞག་མདོར་བསྟན་པ་དང་། ཞེས་པ་ནས། གཉིས་པ་སྐབས་དོན་བྱེ་བྲག་གི་རང་བཞིན་རྒྱས་པར་བསྟན་པ་ནི། ཞེས་པའི་བར་བརྗོད་རྗེས། དེ་ལྟར་བར་དོའི་དབྱེ་བ་བཞི་ལས། འདིར་སྲིད་པ་བར་དོ་དངོས་འཆད་པའི་དབང་དུ་བྱས་ན། རིགས་ཀྱི་བུ་ཚེ་ལས་འདས་པ་ཁྱོད་འཆི་འཕོ་བའི་ཚེ་ལུས་ཀྱི་ཆུ་མེ་རླུང་གསུམ་འཁྲུགས་པས་དྲོད་དང་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཚེ་སྲོག་གཅོད་པ་ཡིན་ལ། དེ་ཡང་ཕུང་ཁམས་སྐྱེ་མཆེད་སོགས་ཕྲ་རགས་ཀྱི་ཐིམ་ལུགས་རྒྱས་པར་བཤད་ཀྱང་རྟེན་ཐིམ་པ་ན་བརྟེན་པ་ངེས་པར་ཐིིམ་པས་གཙོ་ཆེ་བའི་དབང་དུ་བྱས་ཏེ་ས་ཆུ་མེ་རླུང་བཞི་ཐིམ་པའི་རྟགས་སྨིག་རྒྱུ། དུ་བ་སྲིན་བུ་མེ་ཁྱེར་མར་མེ་ལྟ་བུ་བཞི་འོད་ཟེར་ལྔ་དང་བཅས་པའི་འཇུག་ཏུ། རྡོ་རྗེ་ཕྲེང་བ་ལས། རྣམ་ཤེས་དང་པོ་འཇུག་པ་ནི། །སྣང་བ་མཆེད་པའི་མིང་དུ་སྟེ། །དེ་ནི་སྟོང་པ་ཆེར་འཇུག་ལས། །དེ་ཡང་འོད་གསལ་བར་འགྲོའོ། །ཞེས་གསུངས་པ་ལྟར་དཀར་དམར་ནག་པོའི་སྣང་བས་མཚོན་པར་སྣང་མཆེད་ཐོབ་གསུམ་གྱི་སྣང་བ་མཐའ་དག་ཀུན་གཞི་ལ་ཐིམ་པའི་དུས་དེར་འཆི་བ་འོད་གསལ་ཆོས་སྐུ་ཇི་ལྟ་བ་ཞིག་རང་རྒྱུད་ལ་ཤར་ནའང་། དེ་ལས། རིགས་ཆེན་རང་ཉིད་རྩ་བ་སྟེ། །ལུགས་ལས་ལྡོག་པའི་མ་རིག་པའོ། །མ་རིག་པ་ལས་སེམས་བྱུང་འབྱུང་། དེ་ལས་སྣང་བ་འབྱུང་བའོ། །ཞེས་གསུངས་པ་ལྟར་སྣང་བ་གསུམ་རྣམ་པར་མ་དག་ཅིང་། སྒྱུ་མ་ལྟ་བུའི་རང་བཞིན་ངོ་མ་ཤེས་པའི་དབང་གིས། སྔོན་གྱི་འཕེན་པས་རྒྱུ་བྱས་རྣམ་རྟོག་གི་བཞོན་པ་རླུང་གིས་རྐྱེན་བྱས་ནས་འོད་གསལ་གྱི་ངང་ལ་སྣང་བ་ཉེར་ཐོབ་རང་བཞིན་བདུན་དང་བཅས་པ་འབྱུང་། དེ་ལས་སྣང་བ་མཆེད་པ། དེ་ལས་སྣང་བ། དེ་ལས་རླུང་མེ་ཆུ་ས་སྟེ་འབྱུང་བ་བཞི་ཕྲ་བ་ལས་བྱུང་བ་རྨི་ལམ་གྱི་སྣང་བ་ལྟར་སྲིད་པ་བར་དོའི་ལུས་སུ་ལྡང་སྟེ། དེ་ཡང་གོང་དུ་ཐིམ་རིམ་གྱི་སྣང་བ་མཆེད་པ་ལ་ཐིམ་པ་དམར་ལམ་ཤར་བའི་དུས་སུ། སེམས་ཀྱིས་སྔར་གྱི་ལས་གང་བྱས་པ་དེའི་ཤུགས་ཀྱིས་རིགས་དྲུག་པོའི་སྣང་བའི་བྱེ་བྲག་ཡུད་ཙམ་འབྱུང་སྟེ། མདོ་རྣམས་ལས་ཕྱི་མའི་སྲེད་པའི་ས་བོན་འཇོག་པར་གསུངས་པ་དེ་ཡིན་པས་འདི་ས་བོན་བཏབ་པ་དང་འདྲ་བའི་ཕྱིར་སྐབས་འདིར་མཚམས་སྦྱོར་གལ་ཆེ་བར་འགྱུར་ཏེ། དེའི་དུས་སུ་ཆོས་པ་རྣམས་ལ་དཔའ་བོ་མཁའ་འགྲོའི་བསུན་མ་དང་། སྡིག་ཅན་རྣམས་ལ་གཤིན་རྗེའི་ཕོ་ཉ་འབྱུང་བར་བཤད་ཅིང་། སྔར་གྱི་སྲིད་པ་འཇོག་ལུགས་ཀྱང་། འདིར་དམྱལ་བར་འགྲོ་བའི་སེམས་ཅན་རྣམས་ནི་སྔར་མི་དགེ་བ་ལ་གོམས་དྲག་པས་འདིར་ཡང་དེ་ཉིད་ཀྱི་སྣང་བ་འབྱུང་སྟེ། རང་གི་སྣང་བའི་སྟོང་གཟུགས་སྡུད་པ་ན། སྣང་བ་ལ་འཆར་ལུགས་གཉིས་འོང་སྟེ། སྡིག་ཤས་ཆེ་བ་མནར་མེད་དུ་འགྲོ་བ་ན། གཤིན་རྗེའི་སྐྱེས་བུ་ལ་སོགས་པ་མཐོང་ཞིང་། རང་གི་ཁྲག་མཁྲིས་ལུས་ལ་རླུང་གིས་གཏོར་བས་མིག་ཁྲག་ལྟ་བུར་འགྱུར། ལུས་ཚ་བས་གདུང་། སྲོག་ལ་ཆགས་བཞིན་དུ་འཆི་བས་གནད་གཅོད་དྲག་པོ་འཆར་ཏེ། དེ་སྣང་བའང་མེར་འབར་བ་དང་། མཚོན་ཆ་ལ་སོགས་པ་དང་། རྣ་བའི་རླུང་སྒྲ་ཡང་ལོག་པར་འགྱུར་བས་དེ་ཉིད་དང་འགྲོགས་ཏེ་ཤི་བས་རྣམ་ཤེས་འཕོས་པའི་སྐད་ཅིག་ལ་སྣང་བ་ཅུང་ཟད་བདེ་བར་འགྱུར་ལ་དེ་ནས་བལྟས་པས་ནགས་དང་མེ་ཆུ་སོགས་མཐོང་སྟེ། དེར་དགའ་བས་ཕྱིན་པ་ན་སྔར་གྱི་གཤིན་རྗེའི་གཤེད་མ་དག་འོངས་ནས་ལོག་པར་བྱེད་པ་སྣང་བར་བཤད་དོ། །དེ་བས་ལས་ཆུང་བ་རྣམས་ནི་འཆི་ཁར་དམྱལ་བ་ལ་དམྱལ་བའི་གནས་མཚོན་ཆའི་ནགས་ཚལ་དང་རི་བོ་སྤང་གཤོངས་ལ་སོགས་པར་སེམས་ཅན་གཅིག་གིས་གཅིག་བསད་ནས་ཤ་ཟ་ཞིང་། ས་ཕྱོགས་ཁྲག་གིས་གཏོར་བ་མཐོང་ནས་སྔར་སྲོག་གཅོད་ལ་གོམས་པའི་དབང་གིས། ཀྱེ་མ་བདག་ཀྱང་འདིར་འགྲོའོ་སྙམ་པ་བྱུང་སྟེ། འདི་ནི་སྣང་བ་སྟོབས་ཆུང་བ་ཡིན། སྔ་མ་ནི་ལས་སྨིན་པ་དེ་སྟོབས་ཆེ་བ་ཡིན་ཏེ། རྒྱས་པར་དྲན་པ་ཉེར་བཞག་ཏུ་གསུངས་སོ། །ཡི་དྭགས་སུ་འགྲོ་བར་སེར་སྣའི་སྲེད་པ་ཤས་ཆེ་བ་དང་། དུད་འགྲོར་སྐྱེ་ན་བྱོལ་སོང་མཐོང་བ་ལ་དགའ་བའི་སྲེད་པ་དང་ཆགས་པའི་སེམས་ཀྱིས་དྲན་མེད་རྨུགས་ཏེ་འཆི་ལ། མིར་སྐྱེ་བ་ལ་ནི་མི་ཉིད་ལ་ཤིན་ཏུ་ཆགས་པ་དང་བཅས་པའི་སྣང་བ་འབྱུང་ཞིང་། འདོད་པའི་ལྷར་སྐྱེས་ན་ཕུན་སུམ་ཚོགས་པའི་གནས་དང་ཡོ་བྱད་ཚོགས་པས་ལྷ་དང་ལྷ་མོ་ཁྲིར་འདུག་པ་མཐོང་བ་ལ་དགའ་བའི་སེམས་སྐྱེ་བ་དང་། ལྷ་མིན་རྣམས་ཀྱང་ལྷ་དང་ཕྱོགས་མཐུན་ཡང་ང་རྒྱལ་དང་བཅས་པར་འགྱུར་ལ། གཟུགས་ཁམས་ཀྱི་ལྷར་འགྲོ་བ་ལ་ནི་འདིར་བསམ་གཏན་གོམས་པའི་མཐུས་དེ་ཉིད་ལ་གནས་པ་ན་བསམ་གཏན་གྱི་ཉེར་བསྡོགས་ལས་གཟུགས་ཀྱི་ཁམས་དེར་སྣང་བ་ཉིད་དོ། །འདི་རྣམས་ལ་བར་དོ་ཡུན་རིང་པོ་མེད་པར་བཤད། གཟུགས་མེད་ཀྱི་ལྷ་རྣམས་ནི་གང་དུ་ཤི་བ་དེར་ནམ་མཁའ་མཐའ་ཡས་སོགས་སྔར་གང་གོམས་པ་དེ་ཉིད་ཀྱི་སྟེང་དུ་འགྲོ་བས་བར་དོ་གཞན་མི་སྣང་ངོ་། །དེ་ལྟར་སྣང་བ་དེ་དག་གི་རྒྱུ་ནི་སེམས་ལ་དགེ་མི་དགེ་དང་མི་གཡོ་བའི་ལས་བསགས་པའི་བག་ཆགས་ཀྱི་ས་བོན་ཡོད་པ་དེ། ལུས་ཀྱི་རྩ་རླུང་འཁྲུགས་པའི་ཐིམ་རིམ་གྱི་རྟགས་བྱུང་བས་དེས་རྐྱེན་བྱས་པས་ལྡང་ཞིང་སྣང་བ་དང་། རླུང་གི་སྟོང་པའི་སྒྲ་རྣམས་ཐ་དད་དུ་སྣང་བ་ཉིད་ཀྱིས་ཤར་བ་སྟེ། དེ་ནས་རེ་ཞིག་འཆི་སེམས་འོད་གསལ་ལ་ཞུགས་ཀྱང་གོམས་འདྲིས་མེད་པས་ལུགས་ལྡོག་གི་སྣང་གསུམ་འབྱུང་བ་དང་བཅས་ལངས་པ་ལས་སྲང་མདའི་མཐོ་དམན་ལྟར་འོད་གསལ་ནུབ་མ་ཐག་བར་དོའི་སྣང་བ་འཆར་བར་འགྱུར་བས། དེའི་དུས་སུ་བར་དོ་ལ་བར་དོར་ངོ་ཤེས་པ་གལ་ཆེ། བར་དོར་ངོ་ཤེས་ནས་ཀྱང་དགེ་བ་ལ་འདུན་པ་བསྒྱུར་བ་གལ་ཆེ། འདུན་པ་དེ་ཡང་གནས་ལུགས་དང་འབྱོར་བ་གལ་ཆེ་བས། གསེར་ཕྲེང་ལས། འཁྲུལ་པ་སྲིད་པའི་ཆ་ཙམ་དུ། །རང་སྣང་རང་བཞིན་མེད་སྣང་དུ། །རང་སྣང་རང་བཞིན་མེད་ཤེས་ནས། །སྤྲུལ་པ་དྲན་པས་རང་རྒྱུད་གྲོལ། །ཞེས་གསུངས་པ་ལྟར། འདིར་སྲིད་པ་བར་དོར་གྲོལ་བའི་ཐབས་ཀྱི་གདམས་པ་བསྟན་པ་ལ། བར་དོའི་མཚན་ཉིད། བར་དོའི་རྟགས། བར་དོའི་སྣང་བ། དེའི་གདམས་ངག་ཇི་ལྟར་བསྒོམས་པའི་ཚུལ། དེ་ལས་གནས་ལུགས་ངོ་འཕྲོད་ནས་གྲོལ་བའི་ཚུལ་ཏེ་ལྔར་ཡོད་པ་ལས། དེའི་དང་པོ་བར་དོའི་མཚན་ཉིད་ནི། ཆོས་མངོན་པ་མཛོད་ལས། སྔོན་དུས་སྲིད་འབྱུང་ཤ་གཟུགས་ཅན། །དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་གསུངས་ཤིང་། འདིར་སྔོན་ཞེས་བྱ་བ། སྔར་བྱུང་ཟིན་ཁོ་ན་ལ་མི་ཟེར་གྱི། སཾ་སྐྲྀ་ཏའི་སྐད་དུ། པཱུརྦ་ཞེས་བྱ་བ་བསྒྱུར་ན། སྔོན་དང་ཤར་དང་མདུན་གསུམ་ལ་འཇུག་པ་ལས། འདིར་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱིས་སྔོན་ཞེས་པར་བསྒྱུར་བར་མཛད་ཀྱང་། དོན་ལ་མདུན་ཏེ། མདོ་ལས། ཐམས་ཅད་མཁྱེན་པས་གཟིགས་པ་ན་གར་སྐྱེ་བ་དེའི་རྣམ་པ་ཅན་དུ་གསུངས་པས་ན། ད་ཕྱིན་ཆད་ནས་ཡོངས་རྒྱུའི་དོན་ཡིན་པས་གནས་སྐབས་གཞན་གྱིིས་བར་མ་ཆོད་པར་འཕྲལ་དུ་འབྱུང་རྒྱུ་ལ་ཟེར་བ་ཡིན། ཇི་ལྟར་འཁོར་ཚུལ་གྱི་ཁྱད་པར་ནི། སྔར་ཆོས་ཉིད་འོད་གསལ་གྱི་སྣང་ཆ་ཤར་ཡང་རང་སྣང་དུ་ངོ་མ་ཤེས་པས་སྲིད་པ་བར་དོར་ཡང་དང་ཡང་དུ་འཁོར་ཏེ། ཤ་ཁྲག་རང་ག་མའི་གཟུགས་མེད་ཀྱང་ལུས་ལ་བདག་འཛིན་གོམས་པའི་བག་ཆགས་ཀྱིས་ཡིད་ཀྱི་ལུས་ཅན་ཆུ་ནང་གཟུགས་བརྙན་ལྟ་བུ་ཡོད་ཡོད་འདྲ་བའི་སྣང་བ་འཆར་བ་ནི་ས་བོན་གྱི་ཆ་ཀུན་གཞི་ལ་ཡོད་པར་ལངས་པས་སྲིད་པའི་མིང་དང་འབྱུང་བའི་མིང་གཉིས་འཛིན་པའི་ལུས་ཏེ། ཉི་ཟླ་ཁ་སྦྱོར་ལས། སྲིད་པའི་བར་དོ་ཞེས་བྱ་བ། །འཁོར་བའི་གནས་ཀྱི་ལམ་འགོ་ནི། །དཔེར་ན་ཟོ་ཆུན་བཞིན་དུ་འཁོར། །ཤ་ཁྲག་རང་གའི་ལུས་བྲལ་ནས། །སྒྱུ་མ་ཡིད་ཀྱི་གཟུགས་ཅན་ནོ། །རྡོས་དང་བྲལ་བའི་མིང་གཉིས་པ། །ཞེས་གསུངས། སྒྲ་དོན་ངེས་ཚིག་གི་ཁྱད་པར་ནི། ཆོས་ཉིད་ཀྱི་སྣང་བ་ནུབ་པ་དང་། ཕྱི་མའི་རིགས་དྲུག་གང་རུང་གི་ལུས་དངོས་མ་བླང་བར་གྱི་སྣང་བ་ཡིན་ཅིང་བདེ་སྡུག་དུ་མ་སྲིད་པས་ན་སྲིད་པ་བར་དོ་ཞེས་བྱ་སྟེ། དེ་ལས། སྔ་མའི་ཤེས་པའི་སྣང་བ་འགགས། །ཕྱི་མ་ཉིད་ནི་མ་བྱུང་བར། །ཞེས་སོ། །ལུས་ཀྱི་རྣམ་པའམ་ཆ་བྱད་ཀྱི་ཁྱད་པར་ནི། གང་དུ་སྐྱེ་བ་ལེན་པར་འགྱུར་བའི་གཟུགས་དང་འདྲ་བ་སྟེ། མིར་སྐྱེ་ན་བར་དོ་ཡང་མིའི་གཟུགས་དང་། དུད་འགྲོར་སྐྱེ་ན་བར་དོ་ཡང་དུད་འགྲོའི་གཟུགས་སུ་འབྱུང་བ་སོགས་ཡིན་ཏེ། གཞན་དུ་སྐྱེ་བ་སྔ་མའི་གཟུགས་ཀྱི་རྣམ་པར་ཡོད་ན། ལྷ་ནས་མིར་འཕོ་བ་ལྟ་བུ་ལ་བར་དོ་ལྷའི་གཟུགས་ཀྱི་རྣམ་པར་ཡོད་པས་མིའི་ཕ་མ་ལ་ཆགས་སྲེད་ཀྱི་འཇུག་པ་མི་འགྱུར་བ་སོགས་ཀྱི་སྐྱོན་ཡོད་པའི་ཕྱིར་གསུངས་ཡང་། རྒྱུད་དེ་ལས། རིགས་ཅན་གང་དུ་མ་ངེས་པས། །གང་ནུབ་གང་སྣང་དེ་སྐབས་ན། །སྐད་ཅིག་གནས་པའི་བར་མ་དོ། །ཕྱིས་ནི་གང་སྐྱེའི་ཆ་བྱད་འཛིན། །ཕྱིས་འབྱུང་ཆ་བྱད་ཡོངས་བཟུང་ནས། །རིགས་དྲུག་སོ་སོའི་སྣང་ཆར་འགྱུར། །ཞེས་དང་། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་གསུང་། ཁྱུང་པོ་རྣལ་འབྱོར་གྱིས་ཡི་གེར་བཏབ་པའི་འཕྱུག་མེད་བར་དོ་གསུམ་གྱི་གདམས་པ་ལས་ཀྱང་བདུན་ཕྲག་དང་པོའི་ཞག་ཕྱེད་དང་བཞི་ཚུན་ཆད་དུ་སྐྱེ་བ་སྔ་མའི་ལུས། ཡུལ་ཁྱིམ་ནོར་རྫས་དང་། གཉེན་བྲེལ་ལ་སོགས་པའི་སྣང་བ་འབྱུང་ཞིང་། ཞེས་པ་ནས། དུས་དེར་བར་དོར་ཤེས་པ་མི་འབྱུང་ངོ་། །དེ་ནས་ཞག་ཕྱེད་དང་བཞི་སོང་མ་ཐག་ནས་ཕྱི་མའི་ལུས་ཀྱི་སྣང་བ་ཡུད་ཙམ་རེ་ཤར་ཞིང་། སྔ་མའི་ལུས་ཀྱི་རྟག་མ་ཐུབ་པ་དང་། ཞེས་སོགས་གསུངས་པ་ལྟར་བདུན་ཕྲག་དང་པོའི་ཕྱེད་དེ་ཞག་ཕྱེད་དང་བཞི་ཡན་ཆད་ལ་སྔ་མའི་བྱད་གཟུགས་ལ་སོགས་པའི་རྣམ་པ་དང་། ཕྱེད་མན་ཆད་ནས་ཕྱི་མ་གར་སྐྱེའི་ལུས་དང་གོས་རྒྱན་ལ་སོགས་པའི་རྣམ་པར་འཆར་བ་ནི་བག་ཆགས་སྔ་མའི་ཕྱི་སྙེགས་དང་ཕྱི་མ་ལྡང་དུ་ཉེ་བའི་འགོ་བརྩམ་པའི་ཁྱད་པར་རོ། །ལུས་ཀྱི་ཁྱད་པར་ནི། འབྱུང་ལུས་རགས་པ་ནི་མེད་མོད། ཤིན་ཏུ་ཕྲ་ཞིང་དྭངས་པའི་འབྱུང་བ་ལ་མིང་བཞིའི་ཕུང་པོ་བརྟེན་པ་ཡིན་པས། གནས་རིགས་མཐུན་པ་དང་ལྷའི་མིག་རྣམ་པར་དག་པས་མ་གཏོགས་གཞན་གྱིས་མི་མཐོང་སྟེ། འཛམ་བུ་གླིང་དུ་སྐྱེ་འགྱུར་གྱི་བར་དོ་གཅིག་གིས་གླིང་དེ་ཉིད་དུ་སྐྱེ་འགྱུར་གྱི་བར་དོ་གཞན་མཐོང་ལ། བ་ལང་སྤྱོད་གླིང་སོགས་གླིང་གཞན་དུ་སྐྱེ་འགྱུར་གྱི་བར་དོ་མི་མཐོང་། དེས་མཚོན་ནས་གནས་དང་རིགས་མཐུན་པའི་བར་དོ་ནང་ཕན་ཚུན་མཐོང་ལ་གནས་རིགས་མི་མཐུན་པའི་བར་དོ་དང་འགྲོ་བ་རིགས་དྲུག་གི་སེམས་ཅན་མངོན་ཤེས་མ་ཐོབ་པ་རྣམས་ཀྱིས་ཀྱང་མི་མཐོང་ཞིང་། ལྷའི་མིག་གི་མངོན་ཤེས་ཀྱང་སྐྱོན་བཅུ་གཅིག་དང་བྲལ་བས་མཐོང་བ་སྟེ། དེ་ལས་གཞན་པའི་མངོན་ཤེས་ཡོད་ཀྱང་མི་མཐོང་ངོ་། །དེས་ན་རྣམ་ཤེས་ཀྱིས་བསྡུས་པའི་ལུས་ལའང་། རགས་པ་ཕྲ་བ་ཤིན་ཏུ་ཕྲ་བ་གསུམ་ལས། རགས་པ་ནི་གསོན་གྱི་དུས་ཀྱི་རྣམ་སྨིན་གྱི་ལུས་ལྟ་བུ། ཕྲ་བ་ནི་གསོན་གྱི་དུས་ཀྱི་རྨི་ལམ་བག་ཆགས་ཀྱི་ལུས་ལྟ་བུ། ཤིན་ཏུ་ཕྲ་བ་ནི་གཟུགས་མེད་པའི་ལྷའི་ལུས་དང་བར་དོའི་ཡིད་ལུས་ལྟ་བུ་སྟེ། རྒྱུ་མཚན་དེས་བར་དོ་ལ་ནི་མིང་གི་ཁྱད་པར་ཡང་བཞི་སྟེ། འབྱུང་བ་ཕྲ་མོའི་བག་ཆགས་ཀྱི་གཟུགས་རགས་པ་མེད་ཀྱང་ཡོད་པར་སྣང་བས་སྲིད་པའི་གཟུགས་ཅན་དང་། ཟས་སུ་དྲི་ཟ་ཞིང་ལས་ཀྱི་ཉེ་བར་འཁོར་བས་དྲི་ཟ་ཉེ་བར་འཁོར་དང་། ལུས་སྔ་ཕྱིའི་བར་ཡིན་པས་སྲིད་པའི་བར་དོར་ཕུང་པོ་ཉེ་བར་ལེན་པའི་མཚམས་སྦྱོར་བ་དང་། གཟུགས་དང་དབང་པོ་རགས་པ་མེད་ཀྱང་ལས་དང་བག་ཆགས་ཀྱི་དབང་པོ་ཚང་བར་མཐོང་བས་དབང་པོ་ཀུན་ཚང་ཐོགས་མེད་ལྡན་དང་བཞིའོ། །ཤུགས་ཀྱི་ཁྱད་པར་ནི། ཆོ་འཕྲུལ་སྣ་ཚོགས་པ་སྟོན་པའི་རྫུ་འཕྲུལ་མེད་ཀྱང་། རྫུ་འཕྲུལ་ཡིད་མགྱོགས་དང་འདྲ་བར་གང་བསམས་པའི་གནས་དེར་སྐད་ཅིག་གིས་ཕྱིན་པར་ནུས་པའོ། །དབང་པོའི་ཁྱད་པར་ནི། ལས་དང་མཐུན་པའི་གཟུགས་སྒྲ་དྲི་རོ་རེག་བྱ་མཐའ་དག་གསལ་བར་མཐོང་ནུས་པས། དབང་པོ་དྲུག་ཀུན་ཚང་བར་ཡོད་པ་ཡིན་ལ། གང་དུ་སྐྱེ་བ་ལེན་པར་འགྱུར་བའི་ལུས་དེ་དབང་པོ་མ་ཚང་བར་འབྱུང་བ་ཞིག་ཡོད་ཀྱང་། བར་དོའི་སེམས་ཅན་ནི་དབང་པོ་དྲུག་རྟག་ཏུ་ཚང་བ་ཡིན་པས། ཤ་གཟུགས་ཙམ་དབྱིབས་འདྲ་བ་ཡིན་གྱི། དབང་པོ་ཚང་མ་ཚང་གི་སྒོ་ནས་མི་འདྲ་ལ། འོན་ཀྱང་ཤའི་སྲིན་བུ་སོགས་སུ་སྐྱེ་བ་ན་དེའི་བར་དོ་ལ་དེ་དང་གཟུགས་དབྱིབས་འདྲ་བའི་ཕྱིར། མིག་ཁྲ་འབུར་བ་དང་། རྣ་བ་ཀྲོང་པོར་མེད་ཀྱང་གཟུགས་རྣམས་མཐོང་བ་དང་སྒྲ་རྣམས་ཐོས་པའི་དབང་པོ་འབྱུང་ལུས་ཡོད་པས། དེ་ཁོ་ན་མིག་དང་རྣ་བའི་དབང་པོ་ཡིན་ནོ། །རེག་པའི་ཁྱད་པར་ནི། ཤིན་ཏུ་དྭངས་པའི་ལུས་ཡིན་པས་རྟེན་གཉིས་མ་གཏོགས་རི་རབ་སོགས་ཐོགས་བཅས་ཀྱི་དངོས་པོ་ཕྲ་རགས་གང་ལ་ཡང་ཐོགས་མེད་དུ་ཐལ་ལེར་འགྲོ་ནུས་པ་སྟེ། རྟེན་གཉིས་ནི། བྱིན་རླབས་ལས་གྲུབ་པ་རྡོ་རྗེའི་གདན་དང་། མའི་མངལ་གཉིས་སོ། །དེ་ལ་སློབ་དཔོན་ཕལ་ཆེར། རྡོ་རྗེ་གདན་ནི་མཆོག་གི་སྤྲུལ་སྐུ་འཚང་རྒྱ་བའི་གནས་འཕགས་ཡུལ་ན་ཡོད་པ་དེ་ལ་ངོས་འཛིན་པར་མཛད་ཀྱང་མ་ཡིན་ཏེ། འདིར་བསྟན་གྱི་རྡོ་རྗེ་གདན་ནི་སངས་རྒྱས་ཐམས་ཅད་གང་དུ་འཚང་རྒྱ་བའི་གནས་ནང་དབྱིངས་མི་འགྱུར་བའི་ཆོས་ཉིད་དག་པ་མྱ་ངན་ལས་འདས་པའི་སྒོ་དང་། མའི་མངལ་ནི་མ་དག་པ་འཁོར་བའི་སྒོ་འགྲོ་དྲུག་གི་སྐྱེ་གནས་གང་རུང་ལ་འདོད་པ་ཡིན་པས་སྒྲ་ཇི་བཞིན་དུ་བཤད་པར་བྱ་བ་མ་ཡིན་ནོ། །འདི་དག་ཀྱང་། ཉི་ཟླ་ཁ་སྦྱོར་ལས། དབང་པོ་ཡན་ལག་ཡོངས་རྫོགས་པས། །དང་པོ་ཀུན་ལ་ཐོགས་མེད་ཅིང་། །རི་བྲག་ལ་སོགས་ཐོགས་མེད་འཇུག །ཅེས་གསུངས། ཟས་ཀྱི་ཁྱད་པར་ནི། དྲི་ཚོར་བ་ཙམ་གྱིས་དབང་པོ་ཚིམ་པ་དང་། ཚེ་རྒྱས་པ་དང་། འཚོ་བར་འགྱུར་བ་ཡིན་ལ། འཆི་འཕོ་བ་ཇི་ལྟར་འགྱུར་བ་ལུང་བསྟན་པའི་མདོ་སོགས་མདོ་རྣམས་སུ་རིགས་དྲུག་གི་ཟས་རགས་པ་ནི་བསྔོས་ཀྱང་མི་ཐོབ་པར་བཤད་ནའང་། སྔགས་ཀྱི་ཆོ་ག་ལས་ཟས་གཏད་གསུངས་པ་ལྟར་སྔགས་རྒྱ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཤིང་བསྔོ་བའི་མཆོད་པ་ཐོབ་པར་འགྱུར་བ་ནི་སྔགས་ཀྱི་ཆོ་གའི་མཐུ་བྱིན་གྱི་ཆེ་བ་རྨད་དུ་བྱུང་བ་ཡིན་ནོ། །རྟེན་མི་འགྱུར་བའི་ཁྱད་པར་ནི། སྤྱིར་བཏང་ལ་ལྷ་ལྟ་བུ་གང་དུ་སྐྱེ་འགྱུར་གྱི་བར་དོའི་སྲིད་པ་གྲུབ་ཟིན་ནས་ལྷ་ཉིད་དུ་སྐྱེ་བ་ལས་གཞན་མི་ལ་སོགས་པར་བསྒྱུར་དུ་མེད་མོད། དམིགས་བསལ་ནི། མངོན་པ་ཀུན་ལས་བཏུས་ལས། ཅི་སྟེ་ན་ལྡོག་གོ། །ཞེས་དང་། ས་སྡེ་ལས་ཀྱང་། ཡང་ན་ནི་སྐལ་བ་མི་མཉམ་པ་གཞན་དུ་འགྱུར་ཏེ། ཞེས་གསུངས་པ་ལྟར། ངན་སོང་གི་བར་དོ་གྲུབ་ཟིན་པའང་དགེ་བའི་སྟོབས་ཀྱིས་མཐོ་རིས་ཀྱི་བར་དོར་བསྒྱུར་ཐུབ་པ་མི་འགལ་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པའི་ནུས་མཐུ་དང་ཐུགས་རྗེའི་བྱིན་རླབས་བསམ་གྱིས་མི་ཁྱབ་ཅིང་། སྔགས་དང་ཆོ་ག་ལ་སོགས་པའི་ནུས་མཐུ་ཡང་དཔག་པར་དཀའ་བའི་ཕྱིར་རོ། །ཚེའི་ཁྱད་པར་ནི། མདོ་ལས། དཔེར་ན་སྐྱེས་བུ་ལུས་སྟོབས་དང་ལྡན་པ་གཡུལ་ངོར་རྟ་ལས་ལྷུང་ན་མྱུར་བར་རྟ་དེ་ལ་འཛིན་པ་ལྟར། སྐྱེ་བའི་འདུན་པ་ཕྱོགས་པས་མྱུར་དུ་སྐྱེ་བ་ལེན་པ་དང་སྲིད་པ་སྦྱོར་བར་བཤད་པས་ན། དུས་མཐའི་སྐད་ཅིག་མ་ནས་ཞག་བདུན་གྱི་བར་དུ་རིང་ཐུང་མ་ངེས་པར་སྣང་ཞིང་། དེ་ལས་ལྷག་པ་མེད་པར་བཤད། ཞག་བདུན་ལོན་ནས་ཀྱང་སྐྱེ་བའི་ཚོགས་ལ་མ་རྙེད་ན། སྔར་གྱི་ཤི་བ་དྲན་པས་བར་དོའི་ལུས་སྔ་མའི་ཚེ་ཟད་ནས་འཆི་ལ། ཡང་སྐྱེ་བ་དྲན་པས་བར་དོའི་ལུས་ཕྱི་མ་གཅིག་འགྲུབ་སྟེ། ཚུལ་དེ་ལྟ་བུས་རིང་མཐའ་བདུན་ཕྲག་བདུན་དང་། འབྲིང་དེའི་བར་གྱི་བདུན་ཚན་མ་ངེས་པར་བཤད་དེ། ཉི་ཟླ་ཁ་སྦྱོར་ལས། གཞན་ལས་ཚེ་ནི་ཞག་བདུན་འགྱུར། །ཞག་ནི་བདུན་ཕྲག་བདུན་གྱི་ནི། །དེ་ཡི་ཚེ་ཡི་ཚད་ཡིན་ནོ། །ཞེས་དང་། ས་སྡེ་ལས། བར་དོའི་སེམས་ཅན་དེའང་སྐྱེ་བའི་རྐྱེན་མ་རྙེད་ཀྱི་བར་དུ་ཇི་ལྟར་ཐོགས་ནའང་ཞག་བདུན་གནས་པར་ཟད་དོ། །རྐྱེན་རྙེད་ན་ནི་ངེས་པ་མེད་དོ། །ཡང་མ་རྙེད་ན་ནི་ལུས་བརྗེས་ནས་ཡང་ཞག་བདུན་དུ་གནས་སོ། །སྐྱེ་བའི་རྐྱེན་མ་རྙེད་ན་ཞག་བདུན་ཕྲག་བདུན་གྱི་བར་དུ་ཡང་གནས་སོ། །དེ་ལས་འདས་ཕན་ཆད་ནི་གདོན་མི་ཟ་བར་སྐྱེ་བའི་རྐྱེན་རྙེད་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །དེས་ན་བར་དོར་ཞག་བདུན་ཕྲག་རེ་ན་འཆི་བའི་ཕྱིར། ལུས་བརྗེ་མཚམས་སུ་བདུན་ཚིགས་ཀྱི་དགེ་བའི་སྟོངས་བྱེད་པ་ཡིན་ནོ། །སྐྱེ་གནས་བཞི་ལས་གང་དུ་གཏོགས་པའི་ཁྱད་པར་ནི། བརྫུས་སྐྱེས་སུ་གཏོགས་ཏེ། ལྷ་དང་ཆོས་མཐུན་པས་འོད་དང་རྫུ་འཕྲུལ་ཡོད་ལ། དམྱལ་བ་དང་ཆོས་མཐུན་པས་ཞག་བདུན་ཚན་རེ་ལ་སྐྱེ་འཆིའི་སྡུག་བསྔལ་དྲག་པོ་སྤྱོད་པའོ། །མངོན་པ་མཛོད་ལས་ཀྱང་། དམྱལ་བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མ་བརྫུས་ཏེ་སྐྱེས། །ཞེས་བཤད་པ་བཞིན་ནོ། །ལས་གསོག་མི་གསོག་གི་ཁྱད་པར་ནི། ལས་རགས་པ་མངོན་འགྱུར་བ་མི་གསོག་ལ། ཕྲ་བ་ལུང་མ་བསྟན་སྔོན་དང་ཕྱི་མའི་ཉེར་ལེན་གྱི་ཆ་ཅན་ཕྲ་བ་གསོག་སྟེ། རྨི་ལམ་གྱི་ལས་བཞིན་ནོ། །དཔེས་ཉེ་བར་མཚོན་པའི་ཁྱད་པར་ནི། རྩྭས་མེ་འཛིན་པ་ལྟར་ལས་དང་བག་ཆགས་ཀྱི་དབང་གིས་མངལ་འཛིན། འདམ་རྫབ་ཀྱིས་ནོར་བུ་ལ་སོག ས་པ་འཛིན་པ་ལྟར་འཁོར་བ་ན་རང་རིག་པའི་ཡེ་ཤེས་འཛིན་པ་དང་། རྙིས་བྱ་འཛིན་པ་ལྟར་སྐྱེ་གནས་ལ་སྲིད་པས་བར་སྲིད་ཀྱི་སེམས་ཅན་འཛིན་པ་ཡིན་ནོ། །གཉིས་པ་བར་དོའི་རྟགས་ལ། འགྲོ་བའི་ལམ་བཞི། ཡ་ང་བའི་གཡང་ས་གསུམ། འཇིགས་པའི་སྒྲ་བཞི། ངེས་པའི་རྟགས་ལྔ། མ་ངེས་པའི་རྟགས་དྲུག་ལ་སོགས་པ་སྟེ། དེ་ལ་དང་པོ་འགྲོ་བའི་ལམ་བཞི་གང་ཞེ་ན། གང་དུ་ཕྱིན་པའི་གནས་ཐམས་ཅད་དུ་འོད་དཀར་པོའི་ལམ་བྱུང་ན་ལྷ་དང་ལྷ་མིན་དུ་སྐྱེ། ནག་པོའི་ལམ་བྱུང་ན་དམྱལ་བར་སྐྱེ། དམར་པོའི་ལམ་བྱུང་ན་ཡི་དྭགས་སུ་སྐྱེ། སེར་པོའི་ལམ་གྱིས་མི་དང་དུད་འགྲོ་ལ་སོགས་པར་འཇུག་པ་ཡིན། དེ་དག་གི་དུས་སུ་བར་དོའི་ལུས་དེ་ཉིད་མགོ་གྱེན་དུ་བལྟས་ཏེ་འགྲོ་ན་ལྷ་དང་མི། འཕྲེད་ལ་བལྟས་ཏེ་འགྲོ་ན་ལྷ་མིན་དང་དུད་འགྲོ། ཐུར་ལ་སྤྱིའུ་ཚུགས་སུ་བལྟས་ཏེ་འགྲོ་ན་ཡི་དྭགས་དང་དམྱལ་བར་སྐྱེ་བར་བཤད། ཡང་ཤེས་པ་གསལ་ལ་དྭངས་ན་ལས་དཀར་ཞིང་བདེ་འགྲོར་སྐྱེ་བ་དང་། ཤེས་པ་རྨུགས་ཤིང་མི་གསལ་ན་མི་དགེ་བའི་ལས་ཀྱིས་ངན་འགྲོར་ལྟུང་བའི་ལྟས་སུ་འགྱུར་བ་ཡིན་ཏེ། ཉི་ཟླ་ཁ་སྦྱོར་ལས། ལྷ་དང་མི་ནི་གྱེན་དུ་བལྟ། །ལྷ་མིན་བྱོལ་སོང་དེ་བཞིན་འཕྲེད། །ཡི་དྭགས་དམྱལ་བ་མཐུར་དུ་བལྟ། །ཞེས་དང་། གང་ཞིག་ལས་ནི་དག་པ་ཡི། །ཤེས་པ་ཉིད་ནི་གསལ་བ་ཡིན། །དེ་བཞིན་མ་དག་རྣམས་མི་གསལ། །དེ་ཀུན་དགེ་སྡིག་ལས་ལས་བྱུང་། །ཞེས་སོ། །གཉིས་པ་ཡ་ང་བའི་གཡང་ས་གསུམ་ནི། ངན་སོང་དུ་ལྷུང་བ་ཞིག་ཡིན་ན། དེའི་བལྟས་དུག་གསུམ་གང་ཤས་ཆེ་བའི་ལས་སྣང་འཇིགས་ཤིང་སྐྱི་གཡའ་བའི་གཡང་ས་ཆེན་པོ་གསུམ་གྱི་འཁྲུལ་སྣང་འཆར་ཏེ། དེ་ཡང་འདོད་ཆགས་ཀྱི་ལས་ཤས་ཆེ་ན་གཡང་ས་ཆེན་པོ་དམར་ཟིང་ངེ་བ་དང་། གཏི་མུག་གི་ལས་ཤས་ཆེ་ན་གཡང་ས་ཆེན་པོ་སྐྱ་ཆད་དེ་བ་དང་། ཞེ་སྡང་གི་ལས་ཤས་ཆེ་ན་གཡང་ས་ཆེན་པོ་ནག་ངམ་མེ་བ་མཐོང་བར་འགྱུར། གསུམ་པ་འཇིགས་པའི་སྒྲ་བཞི་ནི། སྔར་གསོན་གྱི་དུས་སུ་འབྱུང་བ་བཞིའི་རླུང་བྱེད་བཅིངས་ཀྱི་གནད་ཟབ་མོས་མ་འཆིངས་པས་རླུང་དང་རྣམ་རྟོག་ཐ་མལ་པར་བཤོལ་བའི་བག་ཆགས་ཀྱི་མཐུ་ལས། ད་རེས་བར་དོའི་སྐབས་འདིར་འབྱུང་བ་ཕྲ་མོའི་ཁམས་འཁྲུགས་ཤིང་ལོག་པའི་འཁྲུལ་སྣང་འཆར་ཏེ། སའི་ཁམས་ལོག་པས་རི་ཉིལ་བ་དང་བྲག་གཤགས་པ་ལྟ་བུའི་ཐུག་ཆོམ་གྱི་སྒྲ་དང་། ཆུ་ཁམས་ལོག་པས་རྒྱ་མཚོ་འཁྲུག་པའམ་ཆུ་འོད་བརྡོལ་བ་ལྟ་བུའི་ཤྭ་སྒྲ་དང་། མེ་ཁམས་ལོག་པས་ཁང་ཁྱིམ་ནགས་ཚལ་མེས་ཚིག་པ་ལྟ་བུའི་ཚིག་སྒྲའམ་འུར་སྒྲ་དང་། རླུང་གི་ཁམས་ལོག་པས་ས་ཕྱོགས་ཡུལ་ཁམས་ཐམས་ཅད་དྲག་ཏུ་གཡོ་བ་དང་ལྷན་ཅིག་ཏུ་འབྲུག་སྒྲ་ལྟ་བུའི་འུར་ཆོམས་ཀྱིས་འཇིགས་སྐྲག་སྡུག་བསྔལ་མི་བཟོད་པ་སྐྱེ་བའོ། །བཞི་པ་ངེས་པའི་རྟགས་ལྔ་ནི། ད་ལྟ་ཁྱོད་སྔར་ཞེན་གྱི་བག་ཆགས་ལངས་པས་རང་ཤི་བར་ངོ་མ་ཤེས་ཏེ། དེའི་དབང་གིས་སྔར་གྱི་ཉེ་འབྲེལ་ཤུལ་མི་རྣམས་ཀྱིས་མྱ་ངན་དང་ངུ་ཆོམ་བྱེད་པ་ལ་མི་བཟོད་པ་སྐྱེ་ཞིང་། དེ་དག་གི་དྲུང་དུ་ཕྱིན་ཏེ་གཏམ་སྨྲས་ཀྱང་། དེ་རྣམས་ཀྱིས་མི་མཐོང་ཞིང་མ་ཐོས་པས། སྡུག་བསྔལ་དང་ཆགས་སྡང་དྲག་པོ་སྐྱེ་བ་ཡོད་ནའང་། ཁྱོད་སྐྱེ་བ་སྔ་མ་ནི་འདས། སྐྱེ་བ་ཕྱི་མ་ནི་མ་བླངས། ད་ལྟ་བར་དོར་གནས་མེད་དུ་འཁྱམས་ནས་བར་དོའི་འཁྲུལ་སྣང་ལ་སྤྱོད་པར་འདུག །དེ་བདེན་པའི་གཏན་ཚིགས་ནི། ཁྱོད་ལ་སྔར་གསོན་གྱི་དུས་དང་མི་འདྲ་བའི་བར་དོ་ན་ཡོད་ངེས་པའི་རྟགས་རྣམ་པ་ལྔ་འཆར་ཞིང་སྣང་བ་སྟེ། དེ་གང་ཞེ་ན་སྔར་གསོན་གྱི་དུས་ལག་པས་རེག་པ་ལ་ལག་རྗེས། རྐང་པས་ཕྱིན་ཤུལ་ལ་རྐང་རྗེས། ལུས་ལ་གྲིབ་མ་དང་སེ་གོལ་དང་ཐལ་མོ་བརྡབས་པ་ལ་སྒྲ་སོགས་ཡོད་ཀྱང་། ད་ལྟ་རྨི་ལམ་གྱི་ལུས་བཞིན་དུ་ལག་པས་རེག་པ་ལ་ལག་རྗེས་ཀྱང་མེད། རྐང་པས་ཕྱིན་པ་ལ་རྐང་རྗེས་ཀྱང་མེད། ཐལ་མོ་དང་སེ་གོལ་ལ་སྒྲ་མི་འབྱུང་ཞིང་ལུས་ལ་གྲིབ་མ་མེད་པ་འདིས་རང་བར་དོ་ན་ཡོད་པ་ངོ་ཤེས་པར་གྱིས་ཤིག །དེ་བཞིན་དུ་སྔར་གསོན་གྱི་དུས་རྩིག་པ་སོགས་ཐོགས་བཅས་ཀྱི་དངོས་པོ་ཆེ་ཕྲ་གང་ལའང་ཐོགས་པ་ལས། ད་ལྟ་ཆེ་བ་རི་རབ་རྟ་གླང་སོགས་དང་ཆུང་བ་ཁབ་མིག་དང་རྟ་རྔ་སོགས་དངོས་པོ་གང་ལའང་ཐོགས་པ་མེད་པར་ཟང་ཐལ་དུ་འགྲོ་ནུས་པ་འདི་ཡང་བར་དོ་ན་ཡོད་ངེས་པའི་རྟགས་ཡིན། སྔར་གསོན་གྱི་དུས་སུ་གཏམ་སྨྲས་པ་གཞན་གྱི་ཐོས་པ་ལས། ད་ལྟ་ཉེ་འབྲེལ་ཤུལ་མི་ལ་སོགས་པའི་དྲུང་དུ་ཕྱིན་ཏེ་གཏམ་ཇི་ཙམ་ཞིག་སྨྲས་ཀྱང་དེ་རྣམས་ཀྱིས་མི་ཐོས་པ་འདི་ཡང་བར་དོ་ན་ཡོད་ངེས་པའི་རྟགས་ཡིན། སྔར་གསོན་གྱི་དུས་མངོན་ཤེས་མེད་པ་ལས། ད་ལྟ་ཟག་བཅས་ཀྱི་མངོན་ཤེས་རེས་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་དབང་པོའི་ཡུལ་དུ་མཐོང་བ་དང་ཕྲ་བ་གཞན་གྱི་སེམས་ཀྱི་འགྱུ་བའང་གསལ་བར་ཤེས་ལ། ཡང་སྐད་ཅིག་གཉིས་པར་འགགས་པས་ཁྲེའུ་རིས་སུ་འཆར་བ་འདི་ཡང་བར་དོ་ན་ཡོད་ངེས་པའི་རྟགས་ཏེ། ངེས་པའི་རྟགས་བཞི་པོ་དེ་ནི་ཐོགས་བཅས་ཀྱི་ལུས་མེད་པའི་རྟགས་ཡིན། སྔར་གསོན་གྱི་དུས་སུ་ཉི་ཟླ་གཟའ་སྐར་མིག་གིས་མཐོང་བ་ལས། ད་ལྟ་ཉི་ཟླ་མི་མཐོང་ཡང་སྣང་མུན་གྱི་སྣང་བ་འཆར་བ་འདི་ནང་ན་ཁམས་དཀར་དམར་མེད་པའི་རྟགས་ཏེ་བར་དོ་ན་ཡོད་ངེས་པའི་རྟགས་སོ། །དེ་ལྟར་ངེས་པའི་རྟགས་རྣམ་པ་ལྔ་པོ་དེ་རང་ལ་འཆར་གིན་འདུག་གམ་མི་འདུག་ལེགས་པར་ལྟོས་དང་། བལྟས་པས་རྟགས་དེ་རྣམས་འཆར་བར་འདུག་ན་ཁྱེད་ཤི་ནས་ད་ལྟ་བར་དོར་ཡོད་ངེས་པ་ཅན་ཡིན་པས་བར་དོའི་གདམས་པ་དྲན་པར་གྱིས་ཤིག །ལྔ་པ་མ་ངེས་པའི་རྟགས་དྲུག་ནི། ཁང་སྟོང་དང་ས་ཕུག་རི་གླིང་བར་སྣང་སོགས་གནས་ལ་ངེས་པ་མེད་པ་དང་། ལྷ་མི་ཡི་དྭགས་འདྲེ་སྲིན་སོགས་གྲོགས་ལ་ངེས་པ་མེད་པ་དང་། རང་དབང་དུ་དཀའ་བའི་རིགས་དྲུག་གི་ཟས་གོས་སྣ་ཚོགས་སྣང་ནས་ཟས་གོས་ལ་ངེས་པ་མེད་པ་དང་། རྩ་བརྒྱད་དང་ཟམ་རྔུར་ངལ་སྟེགས་སོགས་རྟེན་ལ་ངེས་པ་མེད་པ་དང་། སྤྱོད་ལམ་སྣ་ཚོགས་རྟག་མི་ཐུབ་པར་སྐད་ཅིག་རེ་རེ་ལ་འགྱུར་ཞིང་འགྲོ་བས་སྤྱོད་ལམ་ལ་ངེས་པ་མེད་པ་དང་། སེམས་ལ་བདེ་སྡུག་སྣང་བ་སྣ་ཚོགས་བརྟག་མི་བཟོད་པར་སྐད་ཅིག་ཙམ་རེ་ལ་བྱུང་ནས་ཡང་འགགས་ཤིང་ནུབ་སྟེ་སྣང་བ་གཞན་འབྱུང་ལ། ཕྱི་མ་ཤར་དུས་སྔ་མ་སྔ་མ་རྣམས་བརྗེད་ནས་སྣང་བ་སྔ་ཕྱིའི་རྨི་ལམ་ཁུང་དེར་མི་དྲན་པ་ལྟར་སེམས་ཀྱི་འཆར་ཚུལ་ལ་ངེས་པ་མེད་པ་སྟེ། ཕྲལ་ནས་ཕྲལ་དུ་འགྱུར་ཞིང་འགྲོ་ལ། ད་ལྟ་ཐད་དྲང་གི་སྣང་བ་སྔར་ལས་ཆེས་གསལ་ཞིང་། བྱ་སྤུ་རླུང་གིས་བསྐྱོད་པ་ལྟར་ཤེས་པ་ཕྱད་ཕྱོད་ཡལ་ཡོལ་བན་མ་བུན་དང་། གཞན་ཡང་རི་ཉིལ་བ་དང་། ས་གཡོ་ཞིང་འཁྲུག་པ་དང་། ཕྱོགས་ཐམས་ཅད་མུན་ནག་གིས་འཐིབས་པ་དང་། ཆུ་བོ་རྦ་ཀློང་དྲག་ཏུ་འཁྲུག་ཅིང་ཐོག་སེར་འབབ་པ་དང་། ནགས་ཚལ་མེས་འཚིག་པ་དང་། བར་སྣང་ལ་རྟེན་མེད་དུ་དཔྱངས་པ་དང་། རླུང་དམར་དྲག་པོ་དང་ཁ་ཆར་བུ་ཡུག་འཚུབས་ཤིང་མཚོན་ཆ་སྣ་ཚོགས་ཀྱི་ཆར་བབ་པ་དང་། གཅན་གཟན་དང་གཤེད་མས་བདས་ནས་སྐྱབས་འཚོལ་བ་དང་། གཤིན་རྗེའི་རྒྱལ་པོས་ལས་ཀྱི་མེ་ལོང་སྟོན་ཞིང་ལས་བྱེད་ཀྱི་ཕོ་ཉ་རྣམས་ཀྱིས་ལས་ཀྱི་རྡེའུ་དཀར་ནག་འགྲེམས་པས་དགེ་སྡིག་གི་སྟངས་གཅོད་པ་དང་། གཤིན་རྗེའི་སྐྱེས་བུ་མི་སྡུག་པ་རྣམས་ཀྱིས་རྒྱོབ་སོད་དང་ཧ་དིར་གྱི་སྒྲ་དྲག་པོ་དང་བཅས་ཏེ་མདུན་ནས་བསུ་བ་དང་དབང་མེད་དུ་འཁྲིད་ཅིང་ཕྱི་ནས་འདེད་པ་དང་། སྔོན་གྱི་ཁང་ཁྱིམ་དང་ཉེ་འབྲེལ་སོགས་རྨི་ལམ་གྱི་སྣང་བ་ལྟར་མཐོང་ནས་དེ་དག་གི་རྩར་ཕྱིན་ཏེ་གཏམ་སྨྲས་ཀྱང་མ་ཐོས་པས་ལན་མེད་ཅིང་། མྱ་ངན་གྱི་ངུ་ཆོམ་བྱེད་པ་མཐོང་བས། ཀྱི་ཧུད་ང་ཤི་ནས་འདུག །ད་སུ་ལ་རེ་ཅི་ཙུག་བྱེད་སྙམ་པའི་སྔངས་སྐྲག་དྲག་པོ་འབྱུང་ཞིང་བུ་ཆུང་རྗེན་ལ་བོར་བ་ལྟར་གར་འགྲོའི་གཏད་སོ་མེད་པ་དང་། རང་གི་ཟས་ནོར་རྣམས་ལ་གཞན་གྱིས་སྤྱོད་པར་མཐོང་ནས་ཞེ་སྡང་དྲག་པོ་མེ་ལྟར་འབར་བ་སོགས་མདོར་ན་འཇིགས་སྐྲག་དང་སྡུག་བསྔལ་གྱི་སྣང་བ་ཤས་ཆེ་བའི་འཁྲུལ་སྣང་བསམ་གྱིས་མི་ཁྱབ་པ་ཞིག་འཆར་ཏེ། སྐྱེ་བ་སྔ་མ་ནི་འདས་ཕྱི་མ་མ་བླངས་པས་ད་ལྟ་གནས་མེད་རྟེན་མེད་དུ་བར་དོར་འཁྱམས་ནས་བཟོད་ཐབས་མེད་པའི་སྡུག་བསྔལ་ཆེན་པོས་མནར་ཏེ། ཅི་བྱ་འཚང་བརླག་ཏུ་གྱུར་ཁྱོད་བདེན་མོད་ཀྱི་འོན་ཀྱང་དེ་རྣམས་ཐམས་ཅད་བར་དོའི་འཁྲུལ་སྣང་ཁོ་ནར་ཤར་བ་མ་གཏོགས་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་དེ། རྨི་ལམ་དུ་འཇིགས་སྐྲག་མྱོང་བ་དང་ཁྱད་པར་མེད་པས། མཐོང་སྣང་ཐམས་ཅད་མེད་བཞིན་དུ་སྣང་བའི་འཁྲུལ་སྣང་ཉིད་དུ་ཐག་ཆོད་ལ་འཇིགས་སྐྲག་གི་བློ་སྤོངས། གང་ལའང་ཆགས་ཞེན་མ་བྱེད་པར་གདམས་པ་ཟབ་མོའི་གནད་ནས་གཟུང་སྟེ། སྐབས་འདིར་གྲོལ་བ་ཞིག་བྱེད་དགོས་སྙམ་པའི་དྲན་པ་རྒྱུན་ཆགས་སུ་བརྟེན་པ་གལ་ཆེ། གསུམ་པ་བར་དོའི་སྣང་བ་ནི། ཁྱེད་ད་ལྟ་རང་གི་ཁང་ཁྱིམ་དང་ཡུལ་འཁོར་ལ་སོགས་པ་རྣམས་སུ་སྡོད་པའི་ལས་ཀྱི་འཕེན་པ་ནི་རྫོགས། མཛའ་བཤེས་ཉེ་འབྲེལ་རྣམས་དང་ལྷན་ཅིག་ཏུ་འགྲོགས་པའི་སྐལ་བ་ནི་ཟད། བསགས་པའི་ཟས་ནོར་ཡོ་བྱད་ལ་སྤྱོད་པའི་ལས་དབང་དང་ནི་བྲལ། ཚེ་ཚད་ཀྱི་འཕེན་པ་མཐར་གཏུགས་པ་ན་རང་རང་གི་སྔོན་གྱི་ལས་བཞིན་འཇིག་རྟེན་ཕྱི་མའི་ལམ་དུ་སོ་སོར་འགྲོ་བ་ནི་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པས། ཚེ་ལས་འདས་པ་ཁྱོད་ཀྱང་སྔ་མའི་སྤྱོད་ཡུལ་ཐམས་ཅད་བག་ཆགས་ཀྱི་ཡུལ་ཙམ་དུ་ལུས་ནས། ད་ལྟ་བར་དོའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཞིག་འཆར་བ་འདི་ཐམས་ཅད་རང་སེམས་འཁྲུལ་པའི་སྣང་བ་ལས་འབྱུང་བ་ཡིན་གྱི། ཕྱི་རོལ་ནས་དོན་ལོགས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་དེ། སྤྱོད་འཇུག་ལས། ལྕགས་སྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་འདི་དག་གང་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ལགས་པར་ཐུབ་པས་གསུངས། །ཞེས་གསུངས་པ་ལྟར་ཤེས་པར་གྱིས་ལ། སྣང་བ་འདི་དག་འཁྲུལ་སྣང་ཙམ་ལས་བདེན་པར་གྲུབ་པ་མེད་པས། གཟུགས་མཛེས་པ་དང་། སྒྲ་སྙན་པ་དང་། དྲི་ཞིམ་པ་དང་། རོ་མངར་བ་དང་། རེག་བྱ་འཇམ་པར་སྣང་བ་ཐམས་ཅད་ཀྱང་འཁྲུལ་སྣང་ཡིན་པས་ཆགས་པ་དང་ཞེན་པར་མ་བྱེད་ཅིག །ཡང་གཟུགས་མི་སྡུག་པ་དང་། སྒྲ་མི་སྙན་པ་སོགས་ཀྱང་རང་སེམས་ཀྱི་འཁྲུལ་སྣང་ཡིན་པས་ཡིིད་མི་བདེ་བས་སྡང་བ་དང་སྤོང་འདོད་མ་བྱེད། དེ་བཞིན་དུ་དགྲ་གཉེན་གྱི་སྣང་བའང་འཁྲུལ་སྣང་ཙམ་དུ་ཟད་པས། དགྲར་སྣང་ལ་ཞེ་སྡང་དང་གཉེན་དུ་སྣང་བ་ལ་ཆགས་པར་མ་བྱེད། ཚ་གྲང་དུ་སྣང་བའང་འཁྲུལ་སྣང་ཡིན་པས། ཚ་བས་གདུངས་པ་ལ་མི་འདོད་པ་དང་གྲང་བ་ལ་ཆགས་པ་དང་འདུན་པ་མ་བྱེད། གྲང་བས་ཉེན་ཡང་སྤོང་འདོད་དང་དྲོ་བ་ལ་ཆགས་སུ་མི་རུང་། རང་མོའི་སྣང་བ་ཤར་ན་ཕོ་ལ་ཆགས་པ་དང་མོ་ལ་སྡང་བའི་སེམས་མ་བྱེད། དེ་བཞིན་དུ་རང་ཕོའི་སྣང་བ་ཤར་ན་མོ་ལ་ཆགས་པ་དང་ཕོ་ལ་སྡང་བའི་སེམས་མ་བྱེད། ཕོ་མོར་སྣང་བ་ལ་ཆགས་སྡང་གི་བློ་སྐྱེས་ན་མངལ་སྐྱེས་དང་སྒོང་སྐྱེས་སུ་འཇུག །བར་དོའི་གནས་སྐབས་ཀྱི་ཕོ་མོར་སྣང་བའང་རང་གི་སེམས་སྣང་ཙམ་སྟེ། ཡུལ་གྱི་དོན་ལ་འཁྲུལ་པ་ཡིན་པས་ཆགས་སྡང་བྱེད་པ་འཁྲུལ་ལོ། །གཞན་ཡང་གནས་ལ་སྲེད་པ་སྐྱེས་ན་བརྫུས་སྐྱེས་དང་། དྲོ་རོ་ལ་སྲེད་པ་སྐྱེ་ན་དྲོད་གཤེར་སྐྱེས་སུ་འཇུག་པས་དེ་དག་ལ་ཆགས་སྲེད་སྤོང་། ས་ཕྱོགས་དང་ཡུལ་ཕྱོགས་དགའ་དགའ་ལྟར་སྣང་བ་དང་། དྲིའི་རྣམ་པ་ཞིམ་པ་ཚོར་ཡང་མེད་བཞིན་དུ་སྣང་བའི་འཁྲུལ་པ་ཡིན་པས་དགའ་གདུངས་དང་ཆགས་སྲེད་མ་བྱེད་ཅིག །གཤེད་མ་དང་གཅན་གཟན་མི་སྡུག་པ་སོགས་སྲོག་ཆགས་འཇིགས་སུ་རུང་བ་མཐོང་ཡང་རྨི་ལམ་ལྟར་འཁྲུལ་སྣང་ཐག་ཆོད་ལ་འཇིགས་སྐྲག་མ་བྱེད། མདོར་ན་ཡུལ་ལེགས་ཉེས་སུ་སྣང་བ་གང་ལའང་ཆགས་སྡང་དང་བླང་དོར་རེ་དོགས་ལ་སོགས་པ་གཉིས་འཛིན་གྱི་བློ་སྤོངས་ལ། ལྗོན་པས་ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །བཞིན་གྱི་དཀྱིལ་འཁོར་སྣང་བ་ལྟར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་སྒྱུ་མ་མཁན་གྱིས་སྤྲུལ་པའི་གཟུགས། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པའི་དྲན་འདུན་དྲག་པོ་རྩེ་གཅིག་ཏུ་སྐྱེད་པར་གྱིས་ཤིག །དེ་ཡང་བར་དོའི་རྟེན་ནི་སྒྱུར་སླ་ཞིང་ཤེས་པ་གསལ་བའི་དབང་གིས། སྐབས་འདིར་ཆགས་སྡང་སྡིག་པའི་སྣང་བ་ཤར་ན་སྔར་གྱི་ལས་ངན་གསོས་ཐེབས་ཏེ། འཇིགས་རུང་ངན་སོང་གི་གཡང་དུ་ལྟུང་བར་ཐེ་ཚོམ་མེད། དད་པ་དང་སྙིང་རྗེ་ལ་སོགས་པ་དགེ་བའི་སེམས་བསྐྱེད་ན་སྔར་གྱི་དགེ་བའི་ལས་རྣམས་གསོས་ཐེབས་ནས་རབ་ཐར་པའི་གོ་འཕང་དང་ཐ་ནའང་མཐོ་རིས་ཀྱི་བདེ་བ་ཐོབ་པར་འགྱུར་པ་གདོན་མི་ཟ་སྟེ། བར་དོའི་གནས་སྐབས་འདིར་ནི་སྲང་མདའི་མཐོ་དམའ་ལྟར་འཁྲུལ་ན་འཁྲུལ་ཚབས་ཆེ་བས་ཆགས་སྣང་གི་རྣམ་རྟོག་ཕྲ་མོ་རེས་ཀྱང་ངན་སོང་དུ་སྐྱུར་ནུས། ལམ་བསྒོམས་ན་གྲོལ་ཚབས་ཡང་ཆེ་སྟེ། གསོན་དུས་ལོ་ཟླར་བསྒོམས་པ་ལས་ཀྱང་འདིར་སྐད་ཅིག་ཙམ་རེ་བསྒོམས་པ་བོགས་ཆེ་བས། ད་ནི་སེམས་ཉོན་མོངས་པའི་དབང་དུ་མ་གཏོང་བར། བར་དོའི་སྣང་བ་འདི་ཐམས་ཅད་རང་སྣང་། རང་སྣང་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་ཟབ་མོའི་གདམས་པ་བསྒོམས་པ་ལ་ནན་ཏན་དུ་འབད་པར་བྱས་ན། རབ་ཏུ་དུས་ད་ལྟ་རང་གྲོལ་བར་འགྱུར་ཞིང་། ཐ་ནའང་མཐོ་རིས་ལྷ་དང་མི་གང་རུང་དུ་འགྲོ་བར་ཐེ་ཚོམ་མེད་དོ། །དེས་ན་ཁྱེད་རང་ཤུལ་དུ་ལུས་པའི་གཉེན་ཉེ་བ་ས་ཞིང་བང་ཁང་ནོར་ལོངས་སྤྱོད་སོགས་གང་ལའང་ཆགས་པ་དང་ཞེན་པའི་སེར་སྣའི་བློ་མ་བྱེད། འདི་རྣམས་ལ་ཆགས་ཞེན་བྱས་ཀྱང་བྲལ་ཟིན་པས་ད་འགྲོགས་པའི་སྐལ་བ་མེད། ཆགས་ཞིང་ཞེན་ན་འཁོར་བར་སྒྱུར་བ་ཡིན་པས་བློ་ཐག་ཆོད་ཅིག་འདི་ལྟར་ཉེ་དུ་ཁང་ཁྱིམ་ལོངས་སྤྱོད་དཔལ་འབྱོར་ཐམས་ཅད་ཆམས་ཀྱིས་བཞག་ནས་འཇིག་རྟེན་ཕ་རོལ་དུ་ཐལ་བ་ལ་ཤུལ་མི་རྣམས་ཀྱིས་གཞུང་བཟང་པོས་བླ་མ་དང་དཀོན་མཆོག་ལ་མཆོད་པ། དབུལ་ཕོངས་ལ་སྦྱིན་གཏོང་སོགས་དགེ་བའི་སྟོངས་དང་ར་མདའ་བྱས་པ་འདིས་ཁྱོད་ལ་ཤིན་ཏུ་ཕན་པར་འགྱུར་ཏེ། བུ་མོ་རིན་པོ་ཆེས་ཞུས་པའི་མདོ་ལས། འཆི་བའི་དུས་ལ་བབས་པ་ན། །བུ་དག་སྐྱབས་སུ་མི་འགྲོ་ཞིང་། །ཕ་མ་མ་ཡིན་གཉེན་འདུན་མིན། །དེ་ཚེ་བསོད་ནམས་སྐྱབས་གཅིག་པུ། །ཞེས་གསུངས་པ་ལྟར་ཡིན་པས་སྡུག་བསྔལ་མི་འཚལ་ལོ། །བཞི་པ་བར་དོའི་གདམས་ངག་ཇི་ལྟར་བསྒོམ་པའི་ཚུལ་ནི། དང་པོ་གསོན་གྱི་དུས་ཉིད་དུ་ཉིན་མོའི་སྣང་བ་ཐམས་ཅད་བར་དོ་དངོས་ཡིན་སྙམ་པ་དང་། མཚན་དུས་རྨི་ལམ་དུའང་བར་དོ་ན་འདུག་སྙམ་དུ་དྲན་འདུན་ཡང་ཡང་བཟུང་ཞིང་བར་དོའི་གདམས་ངག་རྣམས་བསྒོམས་པས་གནས་སྐབས་འདིར་མ་འཁྲུལ་པ་ཞིག་བྱེད་དགོས། ཁྱར་པར་དབང་བོའི་རིམ་པ་དང་མཐུན་པར་བར་དོའི་གདམས་ངག་བསྒོམ་ཚུལ་ཡང་། དབང་པོ་ཡང་རབ་རྣམས་ལམ་ཟབ་མོ་བླ་མའི་མོས་གུས་ལ་བརྟེན་ནས་བར་དོ་སྦྱོང་བར་བྱེད་པ་སྟེ། སྐལ་ལྡན་ཁ་ཅིག་གཏན་ཚིགས་ལ་སོགས་པའི་ཐབས་ཀྱིས་བློ་སྣ་མོས་གུས་སུ་འདྲེན་མི་དགོས་པར་ཐོག་མ་ཉིད་ནས་རྟོག་པའི་འཆར་སྒོ་ཐམས་ཅད་བཅོས་མིན་གྱི་མོས་གུས་སུ་སྐྱེ་བས། བསམ་རྒྱུ་བླ་མ། སྨྲ་བརྗོད་གསོལ་འདེབས། སྣང་བ་བླ་མ་དང་མི་འབྲལ་བར་རེ་ལྟོས་འཆའ་ནུས་པ་ཞིག་འོང་ན་དབང་པོ་ཡང་རབ་ཏུ་སོང་པས་བླ་མའི་རྣལ་འབྱོར་ཁོ་ནས་བར་དོ་འབྱོངས་པ་ཡིན་ཏེ། དེའི་གདམས་པ་ནི། རྡོ་རྗེ་མེ་ལོང་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་དང་། གདན་བཞི་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཞེས་སོགས་གསུངས་པ་ལྟར་རྩ་བའི་བླ་མ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་འདུས་ཡིན་ལ། དེ་ཡིན་པ་བཞིན་དུ་ཆོས་དང་དགེ་འདུན་ཀུན་འདུས་ཀྱང་ཡིན་པས་སྐྱབས་གནས་ཐམས་ཅད་འདུས་པའི་བདག་ཉིད་ཅན་ཀུན་གོ་གཅིག་གིས་ཆོད་པའི་གཅིག་ཆོག་རྒྱལ་པོ་ཡིན་པར་བློ་ཐག་བཅད་ལ་ཅི་བྱེད་ཁྱེད་ཤེས་སུ་གཏད་དེ་རེ་ལྟོས་ལིང་སྐྱུར་གྱི་མོས་གུས་དྲག་པོས་གསོལ་བ་ཕུར་ཚུགས་སུ་ཐོབ་ཅིག །དེར་མ་ཟད་བར་དོའི་འཁྲུལ་སྣང་འདི་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་དུ་ཟད་པས་རང་གི་བློས་གང་དུའང་སྒྱུར་དུ་བཏུབ་པའི་ཕྱིར་དག་པའི་སྣང་བར་བསྒྱུར་བར་བྱའོ་སྙམ་པས། གཟུགས་སུ་སྣང་ཚད་ཐམས་ཅད་བླ་མའི་སྐུའི་དཀྱིལ་འཁོར་བལྟ་བས་མི་ངོམས་པ། སྣང་བ་གཟུགས་སུ་གྲུབ་ལ་འཛིན་པ་གཟུགས་སུ་མ་གྲུབ་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་སྟོང་ཞེན་བྲལ་དུ་ལྷག་གེ་བ། སྒྲ་གྲགས་ཚད་བླ་མའི་གསུང་སྲིད་ཞིའི་རྒུད་པ་སེལ་བའི་དམ་པ་ཆོས་ཀྱི་སྒྲ་དབྱངས་གྲགས་སྟོང་གཞོམ་མེད་དུ་ཝཾ་ངེ་བ། དྲན་རིག་ཐམས་ཅད་བླ་མའི་ཐུགས་སྟོང་གསལ་རང་བྱུང་གི་ཡེ་ཤེས་དྲན་བསམ་བློ་འདས་ཆོས་སྐུ་ཀ་དག་གི་དགོངས་པའི་ངང་ལ་རྗེན་ནེ་ཁྲོལ་ལེ་སྒྱུར་ལ་ཞོག་ཅིག །དེས་མ་དག་པ་ལས་སྣང་གི་སྒོ་གསུམ་པོ་རང་གི་གཉུག་མའི་ལུས་ངག་ཡིད་གསུམ་གྱི་དབྱིངས་སུ་རང་གྲོལ་བས་བླ་མའི་རྡོ་རྗེ་གསུམ་དང་དབྱེར་མེད་དུ་འཚང་རྒྱ་བ་ཡིན་ནོ། །ཡང་དབང་པོ་རབ་སྐྱེད་རྫོགས་ཟབ་མོའི་ལམ་གྱིས་བར་དོ་སྦྱོང་བར་བྱེད་པ་ནི། བླ་མ་ལ་སངས་རྒྱས་དངོས་སུ་མི་མཐོང་ན་བླ་མའི་མོས་གུས་ཁོ་ནས་བར་དོ་མི་འབྱོངས་པས། ཟབ་མོའི་རྫོགས་རིམ་གྱི་སྒོ་ནས་སྦྱོངས་ཏེ། རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མ་ལྟ་བུའི་བར་དོའི་ལུས་འདི་རིལ་པོར་འཛིན་པའམ་རྗེས་སུ་གཞིག་པའི་བསམ་གཏན་གཉིས་གང་རུང་གིས་འོད་གསལ་བཅུག་སྟེ་དོན་དམ་པའི་བདེན་པ་མངོན་དུ་བྱས་ལ་ཟུང་འཇུག་གི་ལྷ་སྐུར་ལྡང་བར་བྱའོ། །སྙམ་པའི་འཕེན་པ་སྔོན་དུ་བཏང་ནས། རང་ལུས་ལྷ་སྐུར་སྣང་བ་སྒྱུ་མ་ལྟ་བུ་ལ་མ་ཡེངས་པར་ཆེ་རེ་གཏད་པས་རིམ་གྱིས་དབྱིངས་སུ་ཡལ་བའི་སྤྲོས་བྲལ་གྱི་ངང་ལ་མཉམ་པར་འཇོག་པ་ནི་རིལ་པོར་འཛིན་པ་དང་། རང་དང་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་ངང་ནས་ཕྱི་སྣང་བ་ལ་ཆེར་གྱིས་བལྟས་པས་སྣོད་བཅུད་ཀྱི་སྣང་བ་དེ་ཐམས་ཅད་དབྱིངས་སུ་ནུབ། དེ་ནས་རང་ལུས་ལ་ཆེ་རེ་བལྟས་པས་དེ་ཡང་དབྱིངས་སུ་ཐིམ་ནས་བསམ་མེད་སྤྲོས་བྲལ་གྱི་ངང་ལ་མ་བཅོས་པར་འཇོག་པ་ནི་རྗེས་སུ་གཞིག་པའི་བསམ་གཏན་ཏེ། དེ་ལྟར་བསམ་གཏན་གཉིས་ཀྱི་བར་དོའི་ལུས་དང་སྣང་བ་ཐམས་ཅད་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་སུ་བཅུག་ནས་ཡང་ཡང་གོམས་པར་བྱས་པས་སྣང་གསུམ་རྣམ་པར་དག་པའི་འོད་གསལ་གྱི་མེས་བར་དོའི་སྒྱུ་ལུས་སྦྱངས་ནས། སྔོན་གྱི་འཕེན་པས་རྒྱུ་བྱས། རྗེས་སུ་དྲན་པས་གསོས་བཏབ། ཏིང་ངེ་འཛིན་གྱིས་མཚམས་སྦྱར་ནས་ལུགས་ལྡོག་གི་སྣང་གསུམ་ཡེ་ཤེས་ཀྱི་རླུང་དང་བཅས་པ་ལས་ཟུང་འཇུག་གི་སྐུར་ཆུ་ལས་ཉ་ལྡང་བའི་ཚུལ་དུ་བཞེངས་པར་འགྱུར་ཏེ་འོད་གསལ་གྱིས་སྦྱང་བའོ། །འོད་གསལ་མངོན་དུ་བྱེད་མི་ནུས་ན་བར་དོའི་སྣང་བ་ཐམས་ཅད་རང་སྣང་། རང་སྣང་ཐམས་ཅད་བདེན་མེད་སྒྱུ་མ་རྨི་ལམ་ལྟ་བུ་ཡིན་པས་སྐབས་འདིར་དག་པའི་སྣང་བར་བསྒྱུར་བར་བྱའོ་སྙམ་དུ་བསམས་ལ། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་དག་པའི་ཞིང་དང་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་སྐུ། རང་ཉིད་ཀྱི་ལུས་ཀྱང་ལྷའི་སྐུ་མཚན་དང་དཔེ་བྱད་ཐམས་ཅད་རྫོགས་པ། སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པ། ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་ཕྲིན་ལས་དབྱེར་མེད་བདེ་བ་ཆེན་པོའི་སྐུར་རང་ཤར་དུ་ལྷག་གིས་འཆར་ཞིང་། སྒྲར་གྲགས་ཚད་གྲགས་སྟོང་གཞོམ་མེད་ཆོས་ཉིད་ཀྱི་སྔགས་སྒྲར་ལྷང་ངེ་བ། དྲན་རྟོག་ཐམས་ཅད་ཀ་དག་ཆོས་སྐུའི་རང་གདངས་མ་འགགས་པའི་རྣམ་རོལ་དུ་ཤེས་པར་གྱིས་ལ། དེའི་ངང་ལ་རང་བབས་སུ་མཉམ་པར་ཞོག་ཅིག །དེས་མ་དག་པའི་སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་ཀློང་དུ་གྲོལ་བར་འགྱུར་རོ། །ཡང་འོད་གསལ་དང་ལྷ་སྐུ་ལ་གོམས་འདྲིས་ཞན་པས་བར་དོ་མ་འབྱོངས་ན་དབང་པོ་འབྲིང་པོར་གྱུར་པ་ཡིན་པས། འཆུགས་མེད་བར་དོའི་འཕོ་བས་སྦྱོང་བ་གལ་ཆེ་སྟེ། ང་ཤི་ནས་འདུག་སྙམ་པའི་དུས་དེར་བར་དོ་ལ་འཇིགས་སྐྲག་གི་བློ་མི་བྱ་སྟེ། ཀྱེ་མ་ཆགས་སྡང་གིས་སྐྱེ་བ་ལེན་པ་ནི་ཤིན་ཏུ་སྡུག་བསྔལ་བས། ད་ནི་བདེ་ཆེན་གྱི་ཞིང་དུ་འགྲོ་བར་བྱའོ་སྙམ་དུ་བསམས་ལ། བར་དོའི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པས། རང་གི་མདུན་དུ་ཨེ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་རྩ་བ་ཕྲ་བ་ཐུར་དང་གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ་བདེ་བའི་རང་བཞིན་བདེ་བར་འཆར་བ། དེའི་དབུས་སུ་རང་སེམས་ཐིག་ལེ་དཀར་པོ་གསལ་ཞིང་འཚེར་བ། དེ་ལས་འོད་ཟེར་ཁ་དོག་སྣ་ལྔ་ལན་གསུམ་དུ་ཟེར་རེ་རེ་སྤྲོས་པས་དུས་གསུམ་གྱི་སྐྱེ་གནས་ཀྱི་བག་ཆགས་ཐམས་ཅད་སྦྱངས་ཏེ། སྐྱེ་བ་ལེན་པའི་སྒྲིབ་པ་ཐམས་ཅད་དག་པར་བསམས། ཐིག་ལེ་དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་སྐུ་འཇའ་ཚོན་ལྟ་བུར་ལྷག་གིས་བསྒོམས་ནས། སྣང་གྲགས་འགྱུ་གསུམ་གྱི་རང་ངོ་ལ་ཆེ་རེ་བལྟས་པས་ལྷ་སྔགས་འོད་གསལ་གྱི་འཁོར་ལོ་དག་པའི་ངང་ལ་མཉམ་པར་བཞག །ཡང་ན་མདུན་གྱི་ནམ་མཁར་བདེ་བ་ཅན་གྱི་ཞིང་ཁམས་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་སངས་རྒྱས་སྣང་བ་མཐའ་ཡས་མཚན་དཔེའི་གཟི་བྱིན་ཉི་མ་འབུམ་གྱི་འོད་ཟེར་ལྟར་སྣང་བ་མངོན་སུམ་དུ་བཞུགས་པར་མོས་ལ། རང་སེམས་ཨཱཿཡིག་དཀར་པོའི་རྣམ་པར་རང་གི་ཡིད་ལུས་ཀྱི་སྤྱི་གཙུག་ནས་སྐར་མདའ་འཕངས་པ་ལྟར་རྒྱངས་ཀྱིས་ཐོན་པ་འོད་དཔག་མེད་ཀྱི་ཐུགས་ཀར་སིབ་ཀྱིས་ཐིམ་པར་མོས་ལ་མཉམ་པར་ཞོག །བར་དོའི་འཕོ་བ་དེ་ཉིད་ཀྱང་སྨོན་ལམ་གྱི་མདེའུ་ཁ་བསྒྱུར་ན་ཤིན་ཏུ་བཙན་པར་འགྱུར་བས་རིགས་ཀྱི་བུ་ཁྱོད་འདི་ལྟར་བསམ་པར་བྱ་སྟེ། འཆི་མེད་རྔ་སྒྲའི་གཟུངས་ལས། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་འཇིག་རྟེན་ཁམས། །དེ་ན་རྫོགས་པའི་སངས་རྒྱས་བཞུགས། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །སུ་ཞིག་དེ་ཡི་མཚན་འཛིན་པ། །དེ་ནི་ཞིང་དེར་སྐྱེ་བ་འཛིན། །འཆི་བའི་དུས་ཚེ་སྟོན་པ་དེ། །དགེ་སློང་དགེ་འདུན་བཅས་ཏེ་མཐོང་། །ཞེས་གསུངས་པ་ལྟར་མ་དག་པའི་ཞིང་རྩོད་པ་དང་བཅས་པ་སྙིགས་མ་ལྔ་བདོ་བའི་འཇིག་རྟེན་གྱི་ཁམས་མྱ་ངན་གྱི་དྲི་ང་བ་ཅན་འདིར་སྐྱེས་ན་ཟད་མཐའ་མེད་པ་སྡུག་བསྔལ་གྱི་འཁོར་ལོ་ལས་མ་འདས་པས། ད་ནི་འདི་ནས་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འགའ་ཞིག་འདས་པ་ན། སྨོན་ལམ་རྣམ་པར་དག་པ་ལས་གྲུབ་པའི་ཞིང་ཁམས་བདེ་བ་ཅན་ཞེས་བྱ་བ། ས་གཞི་ཐམས་ཅད་ལག་མཐིལ་ལྟར་མཉམ་པ་ཡེ་ཤེས་རིན་པོ་ཆེ་འབའ་ཞིག་གི་རང་བཞིན་ལས་གྲུབ་པ། དེར་སྲིད་པ་འཛིན་པའི་སེམས་ཅན་ཐམས་ཅད་ཀྱང་མེ་ཏོག་པདྨའི་སྙིང་པོ་ཁོ་ན་ལས་བརྫུས་ཏེ་སྐྱེ་བ་བྱང་ཆུབ་སེམས་དཔའི་དགེ་སློང་གི་དགེ་འདུན་མཐའ་ཡས་པའི་འཁོར་གྱི་ཁྱམས་ཆེན་པོའི་དབུས་སུ་གདན་ཁྲིའི་བཀོད་པ་ཕུན་སུམ་ཚོགས་པ་ལ་སྟོན་པ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ཞེས་བྱ་བ་བལྟ་བས་ངོམས་པ་མེད་པ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུའི་རྣམ་པར་ད་ལྟར་མངོན་སུམ་དུ་བཞུགས་ནས་ཐེག་པ་ཆེན་པོའི་ཆོས་སྟོན་པར་མཛད་པས། བཅོམ་ལྡན་འདས་དེ་དང་བའི་ཤུགས་དྲག་པོས་ཡིད་ལ་དྲན་པར་གྱིས་ལ་དེ་བཞིན་གཤེགས་པ་དེའི་བྱིན་རླབས་ཀྱི་མཐུ་དང་རང་གི་དགེ་བའི་སྟོབས་ཉིད་རྫུ་འཕྲུལ་གྱི་རྐྱེན་གྱིས་ཞིང་ཁམས་དེར་སྐད་ཅིག་གི་སོང་སྟེ། མེ་ཏོག་པདྨའི་ཟེའུ་འབྲུའི་ཁང་པ་ལས་བརྫུས་ཏེ་སྐྱེས་ནས་སྐད་ཅིག་དང་པོ་ལ་སྟོན་པ་འོད་དཔག་མེད་ཀྱི་ཞལ་མཐོང་ཞིང་ཆོས་ཀྱི་བདུད་རྩི་ནོད་པས་བྱང་ཆུབ་ཆེན་པོ་ལས་ཕྱིར་མི་ལྡོག་པའི་ལུང་བསྟན་པ་ཐོབ། སྐད་ཅིག་གཉིས་པ་ལ་སྤྱན་དང་མངོན་ཤེས་སོགས་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་བརྙེས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱའི་ཞིང་མཐའ་ཡས་མུ་མེད་པ་རྣམས་སུ་དུས་གཅིག་ལ་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཆུ་ཟླའི་སྣང་བ་ལྟར་བསྟན་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་ནུས་པར་གྱུར་ཅིག་སྙམ་པས། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པའང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གི་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡི། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །ཅེས་སྨོན་ལམ་རྣམ་པར་དག་པ་བཏབ་པས་ཆོས་ཐམས་ཅད་སྨོན་ལམ་གྱིས་མཐའ་སྒྱུར་བས་མི་བསླུ་བའི་ཕྱིར་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་གདོན་མི་ཟ་བ་ཡིན་ནོ། །གཞན་ཡང་ཁམས་གསུམ་འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་འབའ་ཞིག་ལས་མ་འདས་པས་འཁོར་བའི་བདེ་འབྱོར་ལ་ཅིས་ཀྱང་དགོས་པ་མེད་སྙམ་པ་དང་། འཁོར་བ་ནི་ལས་ལས་བྱུང་། ལས་ནི་ཉོན་མོངས་པ་ལས་བྱུང་། ཉོན་མོངས་པ་མ་ཟད་ན་འཁོར་བ་མི་འཛད། ཉོན་མོངས་པ་སྤངས་ན་འཁོར་བ་ལས་རང་གྲོལ་དུ་འགྲོ་བ་ཆོས་ཉིད་ཡིན། སྔར་ཉོན་མོངས་པས་འཁོར་བར་ཁྱམས། ད་ཡང་འདིའི་དབང་དུ་སོང་ན་སྡུག་བསྔལ་ལ་ཟད་པ་མེད་སྙམ་དུ་སྐྱོ་ཤས་དང་ངེས་འབྱུང་དྲག་པོ་བསྒོམས། ལས་སྡིག་པ་ལས་སྡུག་བསྔལ་དང་། དགེ་བ་ལས་བདེ་བ་འབྱུང་བའི་ལས་འབྲས་སྨིན་ཚུལ་ལ་ཡིད་ཆེས་དུང་དུང་བ་བསྐྱེད། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་རེ་ས་ལྟོས་ས་བླ་མ་དང་དཀོན་མཆོག་གསུམ་མ་གཏོགས་མེད་སྙམ་དུ་བློ་ལིངས་ཀྱིས་ཁོལ། གཞན་ཡང་མངལ་སྒོ་དགག་པའི་གདམས་པ་ཉམས་སུ་བླངས་དགོས་ཏེ། འགྲོ་བ་རིགས་དྲུག་གི་ཕོ་མོ་ཐམས་ཅད་ལ་ཐ་མལ་གྱི་སྣང་བ་མི་བྱེད་པར་ཡི་དམ་ཡབ་ཡུམ་དུ་བསྒོམ་པ་བསྐྱེད་རིམ་གྱིས་མངལ་སྒོ་དགག་པ་ཡིན། ཕོ་མོ་དང་ཆགས་སྤྱོད་ཀྱི་སྣང་བ་གང་མཐོང་ཡང་གང་ཤར་དེ་ཉིད་སྒྱུ་མ་ལྟ་བུར་ཤེས་ནས་དབྱིངས་སྤྲོས་བྲལ་གྱི་ངང་ལ་མཉམ་པར་འཇོག་པ་ནི་རྫོགས་རིམ་གྱི་སྒོ་ནས་མངལ་སྒོ་དགག་པ་ཡིན། མངལ་དུ་སྐྱེ་བ་ལེན་པ་དང་འདོད་ཆགས་ཀྱི་ཉེས་དམིགས་ཤེས། ཚངས་སྤྱོད་ཀྱི་ཕན་ཡོན་མཐོང་ནས་སེམས་འདོད་སྲེད་ཀྱི་དབང་དུ་མི་གཏོང་བ་ནི་ཚངས་སྤྱོད་ཀྱི་སྒོ་ནས་མངལ་སྒོ་དགག་པ་ཞེས་བྱ་བ་ཡིན་ནོ། །དེར་མ་ཟད་གནས་སྐབས་འདི་དག་ཏུ་མངལ་གནས་ངན་པ་སྤངས་ལ་བཟང་པོ་འདམས་ནས་འཇུག་པའང་གསུངས་ཏེ། དེ་ཡང་དམྱལ་བ་ལ་མུན་ནག་ཆར་འཐིབས། ཡི་དྭགས་ལ་འདམ་རྫབ་ཕྱི་ས། དུད་འགྲོ་ལ་གྲོག་པོ་དང་ལྗོན་ཤིང་། མི་ལ་ཁང་བཟང་དང་སྐྱེ་བོ་མང་པོའི་ཁྲོད། ལྷ་མིན་ལ་འོད་ཀྱི་འཁོར་ལོ། ལྷ་ལ་མེ་ཏོག་གི་ཚལ་དང་གཞལ་མེད་ཁང་ལ་སོགས་པ་སྣང་བ་སྟེ། དེ་རྣམས་ཀྱི་ནང་ནས་དམ་པའི་ཆོས་བསྒྲུབ་ཏུ་ཡོད་པའི་རྟེན་ཁྱད་པར་ཅན་ནི་མིའི་ལུས་ཡིན་པས་མིར་འདམ་ལ། དེར་ཕྱིན་དུས་ཕོ་མོ་འཁྲིག་པའམ། ལྷན་ཅིག་ཏུ་དགའ་བ་ཙམ་དང་ཕ་མ་གང་རུང་སྣང་བ་ལ་སོགས་པ་མ་ངེས་པར་གནས་པས། མའི་མངལ་པདྨ་ཉི་ཟླའི་དབུས་སུ་ཧཱུྃ་ཡིག་བསམ་ལ། རང་གི་རྣམ་ཤེས་འཇུག་དུས་འདུན་པ་དྲག་པོས། དལ་འབྱོར་གྱི་ལུས་རྣམ་པར་དག་པ་གཅིག་ཏུ་སྐྱེ་བ་བླངས་ནས། བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པའི་བྱ་བ་རླབས་པོ་ཆེ་འགྲུབ་ནུས་པ་དང་རྟེན་དེ་ལ་བླ་ན་མེད་པའི་བྱང་ཆུབ་ཐར་པའི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག་སྙམ་དུ་སྨོན་ལམ་རྣམ་པར་དག་པ་བཏབ་ནས། རང་སེམས་རྡོ་རྗེ་སེམས་དཔའ་ལྟ་བུ་ལྷའི་རྣམ་པར་ཧཱུྃ་དང་གཉིས་མེད་དུ་བསྲེས་ནས་ཞུགས་པས། ཕ་མ་དད་པ་ཅན་གྱི་བུར་སྐྱེས་ཏེ་ཆུང་ངུ་ནས་དམ་པའི་ཆོས་དང་འཕྲད་དེ་དད་ཤེས་དང་བརྩོན་འགྲུས་དང་སྦྱངས་པའི་འཕྲོ་ཅན་དུ་སྐྱེས་ནས་རྟེན་དེའམ་ཕྱི་མ་ལ་གྲོལ་བ་ཐོབ་པར་གསུངས་སོ། །ལྔ་པ་གནས་ལུགས་ངོ་འཕྲོད་ནས་གྲོལ་བའི་ཚུལ་ནི། ད་ལྟ་ཁྱོད་རང་ལ་དགྲ་གཉེན་དང་བདེ་སྡུག་ལ་སོགས་པའི་བར་དོའི་སྣང་བ་རིས་མ་ངེས་པ་སྣ་ཚོགས་པ་ཞིག་སྣང་ནའང་། དེ་ཐམས་ཅད་རང་སེམས་ཀྱི་བག་ཆགས་འཁྲུལ་པའི་སྣང་ངོར་ཤར་བ་མ་གཏོགས། ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་མེད། དེ་བཞིན་དུ་སེམས་ལ་དགའ་སྡུག་མཐོ་དམན་གྱི་འཆར་སྒོ་སྣ་ཚོགས་པ་སྣང་བ་དེའང་རིག་པ་ཕྱིར་བལྟས་སུ་ཤར་ཙ་ན་དངོས་གནས་ལ་བདེན་པར་གྲུབ་གྲུབ་འདྲ་བ་ཞིག་བྱུང་ཡང་། རྨི་ལམ་གྱི་དགྲས་དེད་པ་དང་། སྒྱུ་མའི་ཆུས་ཁྱེར་བ་ལྟར་འཁྲུལ་པ་ལ་ག་ཐུལ་པ་བསྣན་པ་ཡིན་པས། དེ་ལྟར་སྣང་བའི་དུས་ཉིད་ནས་ཡོད་མ་མྱོང་བའི་ཕྱིར་གང་ཤར་དེ་ཀའི་རང་ངོ་ལ་ཆེ་རེ་མ་ཡེངས་བར་བལྟས་པས། ཆུ་ནང་གི་ཟླ་གཟུགས་ལྟར་སྣང་ཙམ་ནས་རང་བཞིན་མེད་པར་ཤེས་ཙ་ན། ཆགས་སྡང་ལ་སོགས་པའི་སེམས་དེ་ཡང་ངོས་བཟུང་མེད་པ་འཇའ་ཚོན་གྱི་རྗེས་བདས་པའམ་མདང་གི་རྨི་ལམ་ལྟར་འདུག །དེ་ལ་བརྟེན་པའི་དགའ་མི་དགའི་བདེ་སྡུག་གི་སྣང་བ་ཐམས་ཅད་ཀྱང་སྣང་བའི་དུས་ཉིད་ནས་རང་བཞིན་མ་གྲུབ་པ་སྦྲུལ་མདུད་ནམ་མཁའ་ལ་གྲོལ་བའམ་ཆུ་ལ་རི་མོ་བྲིས་པ་ལྟར་ཤེས་པས་ཆགས་སྡང་གི་བློ་རང་སར་གྲོལ་ནས་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་རང་གྲོལ་གཉུག་མའི་ཡེ་ཤེས་མངོན་དུ་འགྱུར་ཏེ། གསང་བ་སྒྲ་རྒྱུད་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་བཀྲོལ་བ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །ཅེས་པ་ནས། རང་གིས་གྲོལ་བས་གཉེན་པོ་མེད། །གཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། །ཞེས་པའི་བར་གསུངས་པ་ཡིན་ནོ། །མདོར་ན་ཁྱེད་ངན་སོང་དང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་ཆེད་དུ་ཉེ་འབྲེལ་ཤུལ་མི་རྣམས་ཀྱིས་བསོད་ནམས་ཀྱི་ཞིང་མཆོག་བླ་མ་དང་དཀོན་མཆོག་མཆོད་པ། དགེ་འདུན་འདུས་པའི་ཚོགས་ལ་བསྙེན་བཀུར་དང་གྲལ་འགྱེད། སྐྱེ་བོ་རྣམས་དང་ཁྱད་པར་ངན་ལོང་སོགས་དབུལ་འཕོངས་རྣམས་ལ་སྦྱིན་གཏོང་། འབྱུང་པོ་ལ་གཏོར་མ། སྐུ་གསུང་ཐུགས་རྟེན་བཞེངས་པ། མདོ་སྡེ་ཟབ་མོའི་ཀློག་འདོན། རྒྱུད་སྡེ་དུ་མའི་དཀྱིལ་འཁོར་སྒྲུབ་མཆོད་སོགས་དགེ་བའི་སྟོངས་རྒྱ་ཆེན་པོ་བསྒྲུབས་པ་འདི་རྣམས་ཀྱིས་ཁྱེད་ལ་ཕན་ཐོགས་ཆེན་པོར་འགྱུར་བས་སྡུག་བསྔལ་མི་འཚལ་ཞིང་། ཁྱད་པར་ཤུལ་ན་གནས་པ་རྣམས་ཀྱིས་དཀོན་མཆོག་ལ་གསོལ་བ་འདེབས་པའི་ར་མདར་ངེད་རྣམས་སྦྲན་པ་ཡིན་པས་དད་པ་དང་གུས་པར་གྱིས་ལ་བར་དོའི་འཇིགས་སྐྲག་འཁྲུལ་སྣང་གི་རྗེས་སུ་མ་འབྲེང་། འཁོར་བ་ལས་ཐར་འདོད་ཀྱི་བློ་བསྐྱེད། བླ་མ་དང་དཀོན་མཆོག་གསུམ་ལ་དད་པ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ། སྔར་བྱས་ཀྱི་སྡིག་པའི་ལས་བསགས་པ་ལ་འགྱོད་སྡོམ། རང་གཞན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་འདོད་ཀྱི་འདུན་པ་དྲག་པོ་གྱིས། བདག་ཅག་རྣམས་ཀྱིས་ཀྱང་འདི་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང་། ངན་སོང་སྦྱོང་བའི་ཐབས་ཀྱི་ཆོ་གའི་བྱ་བ་རྒྱུད་སྡེ་ལས་ཇི་སྐད་འབྱུང་བ་ལྟར་བསྒྲུབས་ནས། ཁྱེད་བགེགས་དང་སྡིག་པ་སྦྱོང་བ་ལ་སོགས་པས་རྒྱུད་སྦྱངས་ཏེ་དཀྱིལ་འཁོར་དུ་འཇུག་རུང་གི་སྐལ་པ་ཅན་དུ་བྱས་པ་ལྟར། དཀྱིལ་འཁོར་དུ་མངོན་པར་ཞུགས་ནས་དབང་ལེན་པ་སོགས་ཆོ་ག་བྱས་པའི་དོན་རྣམས་མ་ནོར་བར་སྒྲུབ་པ་དང་། ལམ་སྦྱང་བསྟན་ལ་སོགས་པའི་སྐབས་སུའང་། འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ཡོ་ལང་། སྡུག་བསྔལ་གྱི་བསུ་སྐྱེལ། མེའི་འོབས་སམ་སྲིན་པོའི་གླིང་ལྟ་བུར་ཤེས་པས་མ་ཆགས་མ་ཞེན་པར་གྱིས་ལ། ད་ནི་བདེ་ཆེན་ཐར་བའི་ཞིང་དུ་འགྲོ་བར་བྱའོ་སྙམ་དུ་དགའ་ཞིང་སྤྲོ་བའི་སྒོ་ནས། དག་པའི་ཞིང་གང་དུ་འགྲོ་བའི་ལམ་བསྟན་པ་དེར་དཔག་ཆེན་གྱི་མདའ་འཕངས་པ་ལྟར་ཐལ་གྱིས་འགྲོ་བའི་འདུན་པ་དྲག་པོ་གྱིས། ད་རེས་ཀྱང་འདི་ན་བཅོམ་ལྡན་འདས་འདི་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་བཞུགས་པ་ཡིན་ལ། བདག་ཅག་རྣམས་ཀྱིས་ཀྱང་ཚིག་གི་རམ་འདེགས་པ་ཡིན་པས། ཁྱེད་རང་ཉེ་དུ་རྣམས་དང་ལྷན་ཅིག་ཏུ་ཧར་གྱིས་ལོངས་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་འཚལ་བ་དང་། ངག་གིས་གསོལ་བ་འདེབས་པ། ཡིད་ཀྱི་མོས་གུས་དྲག་པོས་སྐྱབས་སུ་རེ་ལྟོས་འཆའ་བ་རྣམས་ཞེ་ཐག་པ་ནས་གྱིས་ཤིག །ཅེས་མཚམས་སྦྱར་ཏེ་ཕྱག་སོགས་ཆོ་ག་ཇི་ལྟ་བའི་སྐབས་ཀྱི་རིམ་པ་ལ་འཇུག་པར་བྱའོ། །ཞེས་ཡུལ་དུས་དང་འཚམས་པར་བར་དོའི་ཆོས་བཤད་སྐབས་སུ་གང་བབས་ཁ་བསྒྱུར་ཆོག་པའི་འཁྱོག་མཚམས་ཀྱི་དཔེར་བརྗོད་དང་བཅས་བརྗོད་བདེར་སྤེལ་བ་འདི་ཡང་རྗེ་བླ་མ་དམ་པའི་སྐུའི་སྲས་གནས་ལྔ་རིག་པའི་དབང་ཕྱུག་ཡང་དག་པའི་ལམ་གྱི་བཤེས་གཉེན་དམ་པ་འགྱུར་མེད་ཡིད་བཞིན་ལེགས་གྲུབ་དཔལ་བཟང་པོའི་ཞབས་ཀྱིས་སུ་ཝརྞའི་གནང་སྐྱེས་དང་བཅས་ཏེ་བཀའ་ལུང་ཕེབས་པ་ལྟར་གཉོས་ཀྱི་དགེ་སློང་རྒན་པོ་དྷརྨཱ་ཤྲཱིས་ཆེད་དུ་བརྗོད་པ་ཕྱོགས་དུས་ཀུན་ཏུ་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིག། །།

གངས་རིའི་ཁྲོད་ཀྱི་ཀློག་པ་ཉན་བཤད་པ་རྣམས་ཀྱི་སྙན་དུ་བསྲིངས་པ་ཐོས་བསམ་འཆི་མེད་བདུད་རྩི།

གངས་རིའི་ཁྲོད་ཀྱི་ཀློག་པ་ཉན་བཤད་པ་རྣམས་ཀྱི་སྙན་དུ་བསྲིངས་པ་ཐོས་བསམ་འཆི་མེད་བདུད་རྩི་ཞེས་བྱ་བ་བཞུག་སོ། །སྟོབས་བཅུའི་དབང་ཕྱུག་ཤཱཀྱ་སེང་གེ་ལ་ཕྱག་འཚལ་ལོ། །གང་གིས་བྱང་ཆུབ་སྤྱོད་པའི་དུས་ནས་སྤང་བླང་ཁྲིམས་ཀྱིས་རྒྱུད་བསྡམས་ཏེ། མཁྱེན་གསུམ་ལ་བརྟེན་སྦྱོར་བཞིའི་ལམ་གྱིས་ཆོས་སྐུའི་གོ་འཕང་མངོན་གྱུར་ནས། །གཞན་ཕྱིར་བདེན་གཉིས་ཟུང་འཇུག་ལས་བརྩམས་སྐྱོབ་པ་ཉིད་གཟིགས་ལམ་གསུངས་པས། །བྲལ་སྨིན་སྐུ་དང་ཡེ་ཤེས་མཆོག་སྦྱིན་ཤཱཀྱའི་གཙོ་བོས་དགེ་ལེགས་མཛོད། །སྡེ་སྣོད་རྒྱུད་སྡེ་ཡན་ལག་དང་བཅས་པའི། །ལུང་གི་དམ་ཆོས་ཉན་དང་འཆད་འདོད་རྣམས། །བཤེས་གཉེན་དམ་པ་སྤྱི་བོའི་ཐོད་བཞིན་བསྟེན། །རྒྱལ་བའི་བཀའ་དང་ཚད་ལྡན་མཁས་པའི་གཞུང་། །རྣམ་དཔྱོད་བརྩོན་པས་ཐོས་དང་བསམ་པར་བྱ། །ལོག་པའི་སྲོལ་ལ་ཉིན་མཚན་ཁོར་ཡུག་ཏུ། །ནན་གྱིས་བསླབ་ཀྱང་ངལ་བ་དོན་མེད་པས། །དེ་ཕྱིར་མཁས་པའི་བཤད་སྲོལ་འདི་ཡིན་ཅེས། །ཕྱོགས་ཀྱི་བཤེས་གཉེན་རྣམས་ལ་འདི་བསྲིངས་སོ། །གངས་ཅན་འགྲོ་མང་གཙུག་གི་ཁྲིར་འཁོད་པ། །སྤྱན་རས་གཟིགས་དབང་ས་སྐྱོང་སྤྲུལ་པའི་སྐུ། །སྔོན་གྱི་ཆོས་རྒྱལ་ལྷ་གཅིག་བཙན་པོ་དེ། །སྲོང་བཙན་སྒམ་པོ། གངས་རིའི་ཁྲོད་ཀྱི་སྟོན་པ་དང་པོ་ཡིན། །གངས་ཅན་སྨྲ་བའི་སྲོལ་འབྱེད་སམྦྷོ་ཊ། །དགྲ་བགེགས་ལོག་འདྲེན་ཚར་གཅོད་བཛྲ་ཤྲཱི། །མདོ་སྔགས་བསྟན་པའི་གཞིར་གྱུར་པ་གོར་ཞབས། །མཚུངས་བྲལ་བོད་ཀྱི་སྒྲ་བསྒྱུར་སྐ་ཅོག་ཞང་། །སྔ་འགྱུར་ལོ་པཎ་སྐྱེས་མཆོག་གི་སྐོར་ཕལ་མོ་ཆེར་ཟུར་དུ་གསལ། རྒྱལ་བས་ལུང་བསྟན་སྤྲུལ་པའི་ལོ་ཆེན་གཉིས། །རིན་ཆེན་བཟང་པོ་དང་། རྔོག་བློ་ལྡན་ཤེས་རབ། གནས་ལྔ་རིག་པའི་མཐར་སོན་ས་སྐྱ་པ། །ཡོངས་རྫོགས་བསྟན་པའི་མངའ་བདག་རིན་ཆེན་གྲུབ། །བྱང་ཕྱོགས་བཤད་རྒྱུན་འདེགས་པའི་ཀ་ཆེན་བཅུ། །དྲང་སྲོང་ཆེན་པོ་ཐམས་ཅད་གཟིགས་པ་ཡིས། །འགྲོ་ཀུན་བྱང་ཆེན་དཀྲི་བའི་ཐེམས་སྐས་སུ། །འཁོར་ལོ་རྣམ་གསུམ་འདུལ་མདོ་མངོན་རྒྱུད་སྡེ་བཞི་བྱ་སྤྱོད་རྣལ་འབྱོར་བླ་མེད་ལ་སོགས། །མདོ་སྔགས་ཆོས་ཀྱི་དྲིལ་ཆེན་འཛམ་གླིང་བསྒྲགས། །ལེགས་གསུངས་འདུལ་བའི་ཕོ་བྲང་ནང་ཞུགས་ནས། །ཉིས་བརྒྱ་ལྔ་བཅུ་ཕམ་པ་བཞི། ལྷག་མ་བཅུ་གསུམ། སྦང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་དགུ་བཅུ། སོར་བཤགས་སྡེ་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་རྣམས་སོ། །སྤང་བའི་ཚུལ་ཁྲིམས་དང་། །བཅུ་ལུང་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་སྤགས་བཞི། །སྨན་དང་གོས་དང་སྲ་བརྐྱང་དང་། །ཀ་ཤམྦྷི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང་། །སྤོ་དང་གསོ་སྦྱོང་བཞག་པ་དང་། །གནས་མལ་དང་ནི་རྩོད་པ་དང་། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །མཆན། བདུན་བླང་བྱ་འཇུག་པའི་ཚུལ་ཁྲིམས་ཏེ། །འཁོར་ལོ་དང་པོའི་ལམ་གྱི་རིམ་པའོ། །འཕགས་པའི་ཡུལ་དུ་བསྡུ་བ་གཉིས་པའི་རྗེས། །མདོ་ལུང་དགོངས་འགྲེལ་གྱེས་པ་བཅོ་བརྒྱད་བྱུང་། །སྡེ་པ་ཐ་དད་རིམ་པར་བསྡུས་པ་ལས། ཤར་ནུབ་རི་དང་གངས་རིར་གནས། །འཇིག་རྟེན་འདས་པར་སྨྲ་བ་དང་། །རྟག་པར་སྨྲ་བའི་སྡེ་སྣོད་ནི། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །བཞི་པ་དང་ནི་འོད་སྲུངས་སྡེ། །ས་སྟོན་སྡེ་དང་ཆོས་སྲུང་སྟེ། །མང་ཐོས་གོས་དམར་སློབ་པ་དང་། །རྣམ་པར་ཕྱེ་སྟེ་སྨྲ་བ་ནི། །ཐམས་ཅད་ཡོད་པར་སྨྲ་བའི་སྡེ། །རྒྱལ་བྱེད་ཚལ་གནས་འཇིགས་མེད་རི། །གཙུག་ལག་ཁང་ཆེན་གནས་བརྟན་པའོ། །ས་སྒྲོགས་རིགས་དང་སྲུང་བ་པ། །གནས་མ་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་གྱུར། །ཞེས་པ་སྟེ། དེ་ལས་ས་སྟོན་སྡེ་པའམ་དཔེ་སྟོན་སྡེ་པ་དང་། འཇིག་རྟེན་འདས་པར་སྨྲ་བ་གཉིས་ནི་མདོ་སྡེ་པ་དང་། ལྷག་མ་བཅུ་དྲུག་པོ་བྱེད་སྨྲ་བའི་གྲུབ་མཐའ་འཛིན་པ་ཁོ་ནའོ། །ཡོད་སྨྲའི་དགོངས་འགྲེལ་ཡོན་ཤཱཀ་རྣམ་གཉིས་དང་། །བཤེས་གཉེན་དྲུག་སོགས་འཕགས་ཡུལ་མཁས་རྣམས་སོ། །གངས་རིའི་ཁྲོད་འདིར་བཤད་སྲོལ་རྣམ་གསུམ་སྨད་འདུལ། སྟོན་འདུལ། ཁ་ཆེ་ལུགས། བྱུང་། །ཀུན་གྱི་བཀའ་བབས་བུ་སྟོན་རིན་དྲི་མེད་བཤེས་གཉེན་ཁྱད་པར་བཤེས་གཉེན། དགེ་ལེགས་བཤེས་གཉེན། དགེ་བའི་བཤེས་གཉེན། ཚུལ་ཁྲིམས་བཤེས་གཉེན། ཆོས་ཀྱི་བཤེས་གཉེན་རྣམས་སོ། །ཆེན་གྲུབ། །འདི་ལ། སྒྲ་ཚད་པ། ལུང་མང་པོ། གོང་གསུམ་པ། ཁྱུང་ལྷས་པ་སོགས་བུ་ཆེན་བྱུང་། ཁ་བ་ཅན་འདིར་འཕགས་མཆོག་གཉིས་པར་གྱུར། །ཐར་འདོད་རྣམས་ཀྱང་སྲོལ་དེའི་རྗེས་སུ་ཞུགས། །མཁྱེན་གསུམ་ཐོས་བསམ་མངོན་རྟོགས་རྒྱན་ལས། ཤེས་རབ་ཕ་རོལ་ཕྱིན་པ་ནི། དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་༡ཉིད་ལམ་ཤེས་༢ཉིད། །དེ་ནས་ཐམས་ཅད་ཤེས་༣པ་ཉིད། །རྣམ་ཀུན་༡མངོན་རྫོགས་རྟོགས་པ་དང་། །རྩེ་མོར་༢ཕྱིན་དང་མཐར་༣གྱིས་པ། །སྐད་ཅིག་༤གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་༡དང་དེ་རྣམས་བརྒྱད། །ཅེས་སྐབས་བརྒྱད་མངོན་རྟོགས་དོན་གཉིས་ཀྱིས་འཆད་དོ། །སྐྱ་བ་འཛིན་མཁས་ཤིང་། །ཉམས་ལེན་སྦྱོར་བཞིའི་གཟིངས་ལ་བརྟེན་ནས་ནི། །ཆོས་སྐུ་ལྷུན་པོའི་མཛེས་པ་བལྟ་བ་ཡི། །འཁོར་ལོ་བར་པའི་སྦས་དོན་ལམ་རིམ་དེ། །དགའ་ལྡན་གནས་སུ་མི་ཕམ་ཆོས་རྗེས་བཀྲལ། །འཕགས་པའི་ཡུལ་དུ་བཀའ་བབས་རྣམ་པ་དྲུག །བདེ་བའི་འབྱུང་གནས་དགའ་ལྡན་ལྷ་ཡུལ། ལོངས་སྤྱོད་ཀྱི་འབྱུང་གནས་འོག་ཀླུ་ཡུལ། རིག་པའི་འབྱུང་གནས་ཤར་ཕྱོགས་བྷངྒ་ལ། ཡོན་ཏན་གྱི་འབྱུང་གནས་ལྷོ་ཕྱོགས་བཻ་ཏཱའི་ཡུལ། བྱིན་རླབས་ཀྱི་འབྱུང་གནས་ནུབ་ཕྱོགས་ཨོ་རྒྱན་ཡུལ། ངོ་མཚར་གྱི་འབྱུང་གནས་བྱང་ཕྱོགས་བི་ཤྭ་ཀ་ཙནྡན་གྱི་གླིང་ནས་བརྒྱུད་པ་སྟེ་དྲུག་གོ། །རྒྱན་གྱི་དགོངས་འགྲེལ་ཐོགས་མེད་སྐུ་མཆེད་སོགས། བཤད་སྲོལ་རྣམ་མང་ཡང་། །གང་དེ་འགྲེལ་ལ་འཕགས་འཕགས་པ་གྲོལ་སྡེ་དང་། སློབ་དཔོན་སེང་གེ་བཟང་པོ། སེང་ཁྱད་པར་འཕགས། །དེ་དག་བཞེད་གཞུང་རྔོག་ལོའི་ཐུགས་མཚོར་བབས། །ཤེར་ཕྱིན་རྒྱས་མཛད་འབྲེ་ཨར་རྣམ་གཉིས་ཀྱི། །རྔོག་ལོའི་སློབ་མ་འབྲེ་ཤེས་རབ་འབར་དང་། དེའི་སློབ་མ་ཨར་བྱང་ཆུབ་ཡེ་ཤེས། འཆད་རྩོམ་ཉི་ཟླའི་འོད་ཟེར་འབུམ་ཕྲག་གིས། །གངས་ཅན་མུན་པའི་ནགས་ཁྲོད་གསལ་བར་མཛད། །པས་ན་དེའི་རྗེས་སུ་ཞུགས། རྟག་ཆད་མཐར་ལྟའི་གཡངས་སུ་མ་ལྷུང་ཞིང་། །བདེན་གཉིས་ཟུང་འཇུག་ལྟ་བའི་ཐེམ་སྐས་ལ་འཛེགས་ནས། །ངེས་དོན་ཆོས་སྐུའི་ཁང་བཟང་བགྲོད་པ་ཡི། །འཁོར་ལོ་བར་པའི་དངོས་བསྟན་ལམ་རིམ་དེ། །རྒྱ་གར་ཡུལ་དུ་འཕགས་མཆོག་ཀླུ་ཡིས་བཀྲལ། །ལེགས་ལྡན་འབྱེད་དང་སངས་རྒྱས་བསྐྱངས་གཉིས་ཀྱིས། །ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་འགྲེལ་ཚུལ་ལས། །འཕགས་པའི་ཡུལ་དུ་ཐལ་རང་སྲོལ་གཉིས་གྱེས། །གངས་རིའི་ཁྲོད་འདིར་ཐམས་ཅད་མཁྱེན་པ་རྔོག་ལོའི་སློབ་མ་དཔལ་ལྡན་ཕྱྭ་པ་ཆོས་ཀྱི་སེང་གེ་འདི་ལ་སློབ་མ་སེང་ཆེན་བརྒྱད། ཇོ་སྲས་གསུམ། ཤེས་རབ་ཅན་གསུམ། གྲུབ་ཐོབ་གསུམ་སོགས་བྱུང་། རང་རྒྱུད་པ་རྣམས་དེའི་རྗེས་སུ་ཞུགས། ཡིས། །རང་རྒྱུད་མཁས་པའི་སྲོལ་ཆེན་དར་བར་མཛད། །བསྙེངས་བྲལ་ཟླ་བའི་ལེགས་བཤད་མ་ཉམས་པ། །གང་བབས་བཤད་སྲོལ་ཕུལ་ཕྱིན་པ་ཚབ་ལུགས། །ལོ་ཙཱ་བ་ཉི་མ་གྲགས་པ་ལ་སློབ་མ། ཚིག་ལ་མཁས་པ་གང་པ་ཤེའུ། དོན་ལ་མཁས་པ་གཙང་པ་འབྲེ་སྐུར། གཉིས་ཀ་ལ་མཁས་པ་རྨ་བྱ་ཞང་བརྩོན། གཉིས་ཀ་ལ་མི་མཁས་པ་ཞང་ཐག་སག་པ་སྟེ་པ་ཚབ་བུ་བཞིར་གྲགས་པ་བྱུང་། ཐལ་འགྱུར་བའི་སྲོལ་འཛིན་པ་རྣམས་དེའི་རྗེས་སུ་ཞུགས། ཀླུ་སྒྲུབ་དགོངས་པ་ས་གསུམ་འཕགས་པ་ཡི། །རིག་པས་བཀྲལ་བའི་ལེགས་བཤད་བདུད་རྩིའི་རྒྱུན། །གྲུབ་པའི་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་དང་། །འཇམ་དབྱངས་རྣམ་འཕྲུལ་ས་ཆེན་ཐུགས་མཚོར་བབས། །གཟུང་བའི་ཆོས་ཀུན་ནམ་ཡང་ཡོད་མིན་ཅིང་། །འཛིན་བྱེད་ཤེས་པའང་འཁྲུལ་པར་གདོན་མི་ཟ། །གཉིས་མེད་ཡེ་ཤེས་སྦྱང་གཞིར་བཞག་པ་སྟེ། །འཁོར་ལོ་ཐ་མའི་ལམ་གྱི་རིམ་པའོ། །མི་ཕམ་མགོན་དང་ཀླུ་སྒྲུབ་སྙིང་པོ་ཡིས། །བྱམས་པའི་ཆོས་བཞི་མདོ་སྡེ་རྒྱན། རྒྱུད་བླ་མ། ཆོས་ཉིད་རྣམ་འབྱེད། དབུས་མཐའ་རྣམ་འབྱེད་བསྟོད་ཚོགས་གཞུང་གིས་བཀྲལ། །ཐོགས་མེད་མཆེད་ཀྱི་གསུང་རབ་ཉི་འོད་ཀྱིས། །འཁོར་ལོ་ཐ་མའི་ངེས་དོན་ཆེར་ཆེར་གསལ། །གངས་རིའི་ཁྲོད་འདིར་མི་ཕམ་རྒྱལ་བ་དང་། །ཐོགས་མེད་མཆེད་ཀྱི་གཞུང་བཟང་ངོ་མཚར་ཅན། །དབུ་སེམས་སོ་སོར་འགྲེལ་བྱེད་རྣམ་མང་ཡང་། །གང་དེ་དབུ་མའི་གཞུང་དུ་གདོན་མི་ཟ། །ཆོས་མངོན་པ་འོག་མ་རྒྱ་མཚོ་ལྟ་བུའི་བཀའ་བབས་འབན་དཀོན་མཆོག་རྡོ་རྗེ་རོག་ཆོས་ཀྱི་བརྩོན་འགྲུས་ཐོ་གར་གནམ་ལྡེམས་ཀུན་དགའ་རྡོ་རྗེ། བྱམས་ཆོས་གཞུང་གི་ངེས་དོན་འགྲེལ་པ་ལ། །བཤད་དང་སྒྲུབ་པའི་བཀའ་བབས་རྣམ་པ་གཉིས། །དེ་དག་རིམ་བཞིན་རྔོག་བློ་ལྡན་ཤེས་རབ་དང་བཙན་ཁ་བོ་ཆེ་གཉིས་ལ་བབས། །ཐོས་བསམ་སྒོམ་པས་སོ་སོར་ཁྱད་པར་འཕགས། །ཆོས་ཀུན་རིག་པའི་ལམ་ནས་ལེགས་དྲངས་ཏེ། །གནས་སྐབས་གསུང་རབ་ཀུན་ལ་བལྟ་བའི་མིག །མཐར་ཐུག་ཀུན་མཁྱེན་སྒྲུབ་པའི་ལམ་གྱི་སྲོལ། །སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་དེའི་སློབ་མ་རྒོལ་བ་དབང་ཕྱུག་སྡེའི་སློབ་མ་ཆོས་ཀྱི་གྲགས་པའི་རིང་ལུགས་བླ་ན་མེད། །འཕགས་པའི་ཡུལ་དུ་སྡེ་བདུན་རྣམ་འགྲེལ། རྣམ་ངེས། རིགས་ཐིག་སྟེ་གཙོ་བོ་གསུམ་དང་། གཏན་ཚིགས་ཐིགས་པ། འབྲེལ་པ་བརྟག་པ། རྒྱུད་གཞན་གྲུབ་པ། རྩོད་པའི་རིག་པ་སྟེ་ཡན་ལག་གི་བསྟན་བཅོས་བཞིའོ། །དགོངས་འགྲེལ་ལ། །ལྷ་ཤཱཀ྄་བྲམ་ཟེ་རྒྱན་དང་ཆོས་མཆོག་སོགས། །ཆོས་གྲགས་སློབ་མ་ཀུན་མཁྱེན་ལྷ་དབང་བློ། དེའི་སློབ་མ་ཤཱཀྱ་བློ་གྲོས། གཞན་ཡང་བྲམ་ཟེ་བདེ་བྱེད་དགའ་བ། རྒྱན་མཁན་པོ་ཤེར་འབྱུང་སྦས་པ། སློབ་དཔོན་ཆོས་མཆོག་གམ་པཎ་ཆེན་རྒྱལ་རྔ་བདུན་པ་སོགས་སོ། །ལ་ལ་དོན་ཉུང་ཚིག་གི་ཕྲེང་བ་དང་། །འགའ་ཞིག་དཔྱོད་ལྡན་མཁས་པས་བྱས་པའང་ཡོད། །ངོ་བོ་ཉིད་མེད་རྔོག་ལོ་རྣལ་འབྱོར་སྤྱོད་པ་ས་པཎ་དང་། །འཇིག་རྟེན་གྲགས་སྡེའི་ཕྱིས་བྱོན་དབུ་མར་འགྲེལ་པ་ཡི། །གངས་རིའི་ཁྲོད་འདིར་བཤད་སྲོལ་རྣམ་པ་གསུམ། །ཀུན་ལས་ཁྱད་འཕགས་ས་སྐྱ་པ་ཡི་ལུགས། །ས་སྐྱ་པཎ་ཆེན་ལ་སློབ་མ་ཤར་ནུབ་གུང་གསུམ། ལྷོ་དམར་གཉིས། གྲུབ་ཚོགས་གཉིས་སོགས་བྱུང་། ཚད་མའི་སྲོལ་དེའི་རྗེས་སུ་ཞུགས། སྡེ་སྣོད་མང་ཐོས་གྲགས་ལྡན་མཁས་རྣམས་ཀྱང་། །ལེགས་སྦྱར་མི་ཤེས་འཕགས་ཡུལ་མཁས་པའི་གཞུང་། །རང་བཞིན་རྐྱེན་དང་རྣམ་དབྱེའི་འཇུག་ཚུལ་སོགས། །གང་འཆད་དེ་ལ་སུ་ཞིག་ཡིད་རྟོན་བྱེད། །རྒྱལ་བའི་བཀའ་དང་དགོངས་འགྲེལ་བསྟན་བཅོས་ལ། །རྣམ་དཔྱོད་བརྩོན་པས་ཐོས་པའི་ཕ་མཐར་སོན། །ཐ་སྙད་གཙུག་ལག་སྨྲ་མཁས་བློ་ལྡན་དེ། །གཟུར་གནས་མཁས་མང་ཚོགས་པའི་མདུན་སར་མཛེས། །སྒྲ་སྙན་བཟོ་གསོ་སྒྲ་ཚད་ནང་རིག་པ་རྣམས་ལ་རིག་གནས་ཆེ་བ་ལྔ་དང་། སྐར་རྩིས་སྙན་ངག་སྡེབ་སྦྱོར་མངོན་བརྗོད་ཟློས་གར་རྣམས་ལ་ཆུང་བ་ལྔ་ཞེས་གྲགས་སོ། །སྡེབ་སྦྱོར་ཟློས་གར་མངོན་བརྗོད་སོགས། །ཐ་སྙད་གཙུག་ལག་ཉན་དང་འཆད་འདོད་ན། །སྐད་གཉིས་སྨྲ་བའི་གཙུག་རྒྱན་ཤངས་སྟོན་རྡོ་རྗེ་རྒྱལ་མཚན་དང་། །དཔང་ལོ་ཙཱ་བློ་གྲོས་བརྟན་པ་གསུམ་པའི་བཤད་སྲོལ་རྨད་དུ་བྱུང་། །རྒྱུ་གཞི་རྒྱུད་ལམ་ཐབས་རྒྱུད་འབྲས་བུ་མི་འཕྲོག་རྒྱུད་གསུམ་གཏན་དབབས་ནས། །སྦྱོར་༡ དང་དཀྱིལ་འཁོར་༢དང་ལས་༣ རྒྱལ་མཆོག་རྣམ་གཉིས་རྫོགས་རིམ་འཕགས་ལུགས་ལ་རིམ་པ་ལྔ་སྟེ། ཀླུ་སྒྲུབ་ཞབས་ཀྱིས། རྡོར་བཟླས། སེམས་ལ་དམིགས་པ། སྒྱུ་ལུས། འོད་གསལ། ཟུང་འཇུག་ལྔ་དང་། ཟླ་གྲགས་ཀྱིས། བསྐྱེད་༼རྟེན༽རིམ། དབེན་༼གཞི༽གསུམ། སྒྱུ་༼དངོས༽ལུས། འོད་གསལ། ཟུང་འཇུག་ལྔ་ལ་བཞེད། ཡེ་ཤེས་ཞབས་ལུགས་ལ་ཐིག་ལེ་བཞི་སྟེ། དགའ་བའི་ཡེ་ཤེས་ཀྱི་དབང་དུ་བྱས་ནས་སྙིང་གའི་ཐིག་ལེ། མཆོག་དགའི་ཡེ་ཤེས་ཀྱི་དབང་དུ་བྱས་ནས་ནོར་བུར། གསང་བའི་ཐིག་ལེ། དགའ་བྲལ་གྱི་ཡེ་ཤེས་ཀྱི་དབང་དུ་བྱས་ནས་གནས་བཞིར་སྤྲུལ་པའི་ཐིག་ལེ། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱི་དབང་དུ་བྱས་ནས་སྙིང་གར་མི་ཤིགས་པའི་ཐིག་ལེ་བསྒོམ་ཚུལ་སོགས་བསྐྱེད་རྫོགས་ལམ་བསྒོམ་པ། །དཔལ་ལྡན་འདུས་པའི་ལམ་གྱི་རིམ་པའོ། །འདུས་པའི་རྒྱུད་ལ་ཀླུ་སྒྲུབ་ཡབ་སྲས་དང་། །ཡེ་ཤེས་ཞབས་ཀྱིས་རིམ་པར་བཀྲལ་བ་ལ། །འཕགས་པའི་ཡུལ་དུ་འདུས་པ་འཕགས་ལུགས་དང་། །ཡེ་ཤེས་ཞབས་ལུགས་རྒྱ་བོད་མཁས་རྣམས་བཞེད། །བོད་འདིར་འཕགས་ལུགས་ལ་ལོ་ཆེན་འགོས་དང་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་རོང་པ་འགར་དགེ་ཆག་ཆོས་རྗེ་དཔལ་དཔྱལ་ཆོས་བཟང་དང་། །ཡེ་ཤེས་ཞབས་ལུགས་ལ་ལོ་ཆེན་རིན་བཟང་གཉོས་རྡོ་རྗེ་བླ་མ་དང་རྭ་རྡོ་རྗེ་གྲགས་ལུགས་སོགས། །གངས་ཅན་འདིར་ཡང་འདུས་པའི་སྲོལ་རྣམས་བྱུང་། །འགོས་ལོའི་ཙཱ་བ་ཁུག་བ་ལྷས་བཙས་ལུགས་བཟང་བརྒྱུད་འཛིན་གྱི་སློབ་མ་རྒྱུད་ཀྱི་ཀ་བ་ཚུགས་པ་བཞི། མན་ངག་གི་གདུང་མ་ཐེག་པ་བརྒྱད། ལས་ཚོགས་དང་ཕྲིན་ལས་ལ་མཁས་པ་དྲལ་ཕྱམ་གཤིབས་པ་ལྟར་དཔག་ཏུ་མེད་པ་ཡོད་དོ། །འོད་སྟོང་ཅན། །ཕྱི་ནང་རང་ལུས་དཀྱིལ་འཁོར་ལྷ་ཡི་ཚོགས། །རྩ་ཡིག་བདུད་རྩི་དཔའ་བོ་རྣལ་འབྱོར་མ། །རིམ་པ་ལྔ་དང་བདེ་མཆོག་ལཱུ་ཧི་པའི་རྫོགས་རིམ་ལ། རྡོ་རྗེ་སེམས་དཔའ་བསྡུ་བ། ཡི་གེ་བསྡུ་བ། ཐིག་ལེ་བསྡུ་བ་སྟེ་བསྡུ་བ་གསུམ་སོགས་དང་། དྲིལ་བུ་པར། བདག་བྱིན་གྱིས་བརླབས་པའི། སྣ་ཚོགས་རྡོ་རྗེའི། ནོར་བུ་འགེངས་པའི། ཛ་ལནྡྷ་རའི། བསམ་གྱིས་མི་ཁྱབ་པའི་རིམ་པ་སྟེ་ལྔའོ། །རིམ་བཞིའི་རྣལ་འབྱོར་ནི་ནག་པོ་པའི་ལུགས་ཏེ། ཤེས་བྱ་རྒྱུད་ཀྱི་རིམ་པ། ཉམས་ལེན་སྔགས་ཀྱི་རིམ་པ། ཡེ་ཤེས་སྐྱེ་བའི་རིམ་པ། འབྲས་བུ་གསང་བའི་རིམ་པའོ། །སོགས། འཁོར་ལོ་སྡོམ་པའི་ལམ་གྱི་རིམ་པའོ། །རྣལ་འབྱོར་གསང་མཐའ་འཁོར་ལོ་བདེ་མཆོག་རྒྱུད། །ལཱུ་ཧི་པ་དང་གྲུབ་ཆེན་དྲིལ་བུ་པ། །ནག་པོའི་ཞབས་ཀྱིས་རིམ་པར་བཀྲལ་བ་ལས། །འཕགས་པའི་ཡུལ་དུ་ལཱུ་དྲིལ་ནག་གསུམ་ལུགས། །གྲུབ་ཆེན་མལ་དང་མར་པ་དོ་པ་ཆོས་ཀྱི་དབང་པོ་པུ་ཧྲང་པ་ལོ་ཆུང་གྲགས་མཆོག་ཤེས་རབ། རོང་པ་འགར་དགེ་གཡག་སྡེ་ལོ་ཙཱ་བ་བསོད་ནམས་བཟང་པོ་རྣམ་གཉིས་སྦལ་སྣ་སྦལ་སྤང་སྣ་བའི་ལུགས་ལ་སོགས། །བདེ་མཆོག་སྲོལ་རྣམས་བོད་ཡུལ་ལྗོངས་སུ་བབས། རྗེ་བཙུན་མལ་གྱོ་ལོ་ཙཱ་བ་བློ་གྲོས་གྲགས་པ་གྱིས་གཞུང་བསྒྱུར་གཏན་ལ་ཕབས། །རྒྱུར་རྒྱུ་རིགས་སྤང་བྱ་རྐྱེན་ལ་ལྟོས་པ་གནས་སྤྱོད་དང་སྐྱབས་སེམས་གསོ་སྦྱོང་གཏན་ཁྲིམས་ལྟ་བ་གྲུབ་མཐའ་བཞིའི་རྒྱུད་སྡེ་བཞིར། །རིམ་ཞུགས་སྨིན་བྱེད་ལྟ་བ་བསྐྱེད་རྫོགས་སྤྱོད་དང་ཉེ་རྒྱུ་མཆོག་ཐུན་བཟླས་དང་གཏོང་མ་སྦྱིན་སྲེག་རབ་གནས་ལས་ཚོགས་རབ་འབྱམས་མངོན་རྟོགས་དང་། །གྲོགས་དམ་ཚིག་དང་སྡོམ་པ་བཅས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་རྣམ་གཉིས་ལ་སྦྱོར་བ། །དགྱེས་པ་རྡོ་རྗེའི་ལམ་གྱི་རིམ་པའོ། །དགྱེས་རྡོར་རྒྱུད་ལ་མཚོ་སྐྱེས་ནག་པོ་པ། །མི་ཐུབ་ཟླ་བ་རིན་ཆེན་འབྱུང་གནས་དང་། །ནཱ་རོ་པ་དང་མཻ་ཏྲིའི་ལུགས་རྣམས་ཏེ། །འཕགས་པའི་ཡུལ་དུ་དགྱེས་རྡོར་སྲོལ་ཆེན་དྲུག་དང་། ཁ་ཆེ་སྙན་གྲགས་བཟང་པོའི་ལུགས་ཏེ་ལུགས་སྲོལ་ཡོངས་སུ་རྫོགས་པ་བདུན་དུའང་བཞེད་ལ། སྤྱིར་འགྲེལ་བྱེད་ནི་རྡོ་རྗེ་སྙིང་པོ་སོགས་བཅུ་གཉིས་བྱུང་བར་གྲགས་སོ། །འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་འགོས་ཀྱི་གྱོ་ཟླ་བའི་འོད་ཟེར་མར་པ་ཆོས་ཀྱི་བློ་གྲོས་དཔྱལ་ཀུན་དགའ་རྡོ་རྗེ་རམས་ལྡིང་མ་བ་སངས་རྒྱས་འབྱུང་གནས། ལུགས་སོགས། གངས་རིའི་ཁྲོད་འདིར་བཤད་སྲོལ་རྣམ་མང་ཡང་། །སྔ་མ་གསུམ་ག་ཡ་དྷཱ་ར་དང་། ཕྱི་མ་ནཱ་རོ་པའི་བརྒྱུད་འཛིན་ནོ། །འབྲོག་མིའི་ལུགས་བཟང་དཔལ་ལྡན་ས་སྐྱ་པས། །བཤད་དང་སྒྲུབ་པའི་རྒྱལ་མཚན་རྩེ་ལ་བཀོད། །ཕྱི་འཇིག་རྟེན་ཁམས་༡དང་ནང་ལུས་༢རྣམ་དག་དང་། །གཞན་བྱིས་པ་འཇུག་པའི་དབང་བདུན། གོང་མ་བཞི་བཅས་བཅུ་གཅིག་དབང་༣བསྐུར་བསྐྱེད་རིམ་གྱིས་ཐུན་མོང་དངོས་གྲུབ་དང་། རྫོགས་རིམ་གྱིས་ལམ་མཆོག་༥དངོས་གྲུབ་ཚེ་འདིར་སྒྲུབ་བྱེད་པ། །དཔལ་ལྡན་དུས་འཁོར་ལམ་གྱི་རིམ་པའོ། །གོང་གི་དོན་ཚན་ལྔ་པོ་དུས་འཁོར་བསྡུས་རྒྱུད་ལེའུ་ལྔས་རིམ་པར་སྟོན། ཐབས་ཤེས་གཉིས་མེད་དུས་ཀྱི་འཁོར་ལོའི་རྒྱུད། །ཟླ་བཟང་ལ་སོགས་སྤྲུལ་པའི་ཆོས་རྒྱལ་བདུན་ནི། རྩ་རྒྱུད་ལས། ཟླ་བཟང་ལྷ་དབང་གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷའི་དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷ་དབང་ལྡན། །ཞེས་སོ། །འཇམ་དཔལ་གྲགས་སོགས་རིགས་ལྡན་དཔེ་གཅིག་ལ། ཟླ་བཟང་ལ་སོགས་སྤྲུལ་པའི་ཆོས་རྒྱལ་དྲུག །པདྨ་དཀར་སོགས་རིགས་ལྡན་ཉེར་ལྔ་དང་། །ཞེས་པའང་སྣང་། ཉེར་ལྔ་ནི། སྔ་མར། གྲགས་པ་རིགས་ལྡན་རིགས་ཀྱང་སྟེ། །དེ་ནས་རིགས་ལྡན་པདྨ་དཀར། །བཟང་པོ་རིགས་ལྡན་གསུམ་པ་སྟེ། །དེ་བཞིན་བཞི་པ་རྣམ་རྒྱལ་ལོ། །བཤེས་གཉེན་བཟང་པོ་རིན་ཆེན་ཕྱག །བདུན་པ་ཁྱབ་འཇུག་སྦས་པའོ། །ཉི་མ་གྲགས་དང་ཤིན་ཏུ་བཟང་། །རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་དང་། །རིགས་ལྡན་ཉི་མ་བཅུ་གཉིས་པ། །སྣ་ཚོགས་གཟུགས་དང་ཟླ་བའི་འོད། །མཐའ་ཡས་དང་ནི་ས་སྐྱོང་དང་། །དཔལ་སྐྱོང་སེང་གེ་རྣམ་པར་གནོན། །སྟོབས་པོ་ཆེ་དང་མ་འགགས་པ། །མི་ཡི་སེང་གེ་དབང་ཕྱུག་ཆེ། །མཐའ་ཡས་རྣམ་རྒྱལ་རིགས་ལྡན་དང་། །གྲགས་པ་རིགས་ལྡན་དེ་ནས་སླར། །དེ་སྲས་འཁོར་ལོ་ཆེན་པོ་ཅན། །རིགས་ལྡན་དྲག་པོ་འབྱུང་འགྱུར་ཏེ། །སྨྲ་མཁས་རྟ་མཆོག་ཏིང་འཛིན་གྱིས། །ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། །ཞེས་སོ། །དང་། །དུས་ཞབས་པ་དང་ཙི་ལུ་པཎ་ཆེན་གྱིས། །སྔ་མ་རྣམས་ཀྱིས་ཤམྦྷ་ལ་དང་ཕྱི་མ་གཉིས་ཀྱིས་འཕགས་པའི་ཡུལ་དུ་སྤེལ། །གྱི་གྱོ་ལོ་ཙཱ་བ་ཟླ་བའི་འོད་ཟེར། རྩྭ་དང་མི་བསོད་སྙོམས་པ་སངས་རྒྱས་གྲགས་དང་རྭ་ཆོས་རབ་འབྲོ་ཤེས་རབ་གྲགས་རྣམ་པ་གཉིས། །ཆག་ཆོས་རྗེ་དཔལ་དཔྱལ་ཀུན་དགའ་རྡོ་རྗེ་རོང་པ་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། ཇོ་ནང་པ་ཞལ་ལུ་བུ་སྟོན་རིན་པོ་ཆེ་ལུགས་སོགས་ཀྱིས། །ལུགས་སྲོལ་མཐའ་ཡས་པ་སྟེ། བསྡུས་རྒྱུད་རྩ་འགྲེལ་ཁོ་ན་ལའང་འགྱུར་འགོ་ཉེར་ལྔ་ཙམ་བྱུང་བས་མཚོན་ནོ། །གངས་ཅན་བསྟན་པའི་པད་ཚལ་གསལ་བར་མཛད། །རྭ་འབྲོའི་བཤད་སྲོལ་ཉི་ཟླའི་འོད་རིས་ཅན། །སྤྱིར་བོད་ཡུལ་འདིར། གསང་འདུས་མར་འགོས་གཉོས་གསུམ། འཇིགས་བྱེད་རྭ་སྐྱོ་ཞང་གསུམ། བདེ་མཆོག་མལ་མར་ལོ་གསུམ། ཀྱེ་རྡོར་འབྲོག་འགོས་མར་གསུམ། དུས་འཁོར་རྭ་འབྲོ་རྩ་གསུམ་ལས་གཙོ་བོར་བྱུང་ཞེས་གཟུར་གནས་ཀྱི་མཁས་པ་ཀུན་ལ་གཏམ་དུ་གྲགས་སོ། །སློབ་མའི་དབང་ལྔ་སྔོན་དུ་འགྲོ་བས་སློབ་དཔོན་དབང་༦བསྐུར་ཕྱིར་མི་ལྡོག་པའི་དམ་ཚིག་གསུམ་བཟུང་བ། གསང་དཀྱིལ་དུ་གསང་བའི་འཇུག་པས་ཞུགས་ཤིང་མཐོང་བ། ལྷ་དང་དཀྱིལ་འཁོར་གྱི་དེ་ཉིད། སློབ་དཔོན་གྱི་ལས་རིམ་རྣམས་ཤེས་པར་བྱ་བ། ཐུན་མོང་མ་ཡིན་པའི་ཆོས་འཆད་རྗེས་གནང་། ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་དེ་དྲུག་རང་རྒྱུད་སྨིན་བྱས་ནས། །བདག་མདུན་གཉིས་ཀ་དག་པའི་སྐུ་རུ་བསྐྱེད། །ཡེ་ཤེས་སྤྱན་དྲངས་དེ་ཉིད་ང་རྒྱལ་བཟུང་། །རྣལ་འབྱོར་རྒྱུད་ཀྱི་ལམ་གྱི་རིམ་པའོ། །རྣལ་འབྱོར་རྒྱུད་ཀྱི་དགོངས་པ་འགྲེལ་པ་ལ། །རྒྱ་གར་དུ་དོན་ལ་མཁས་པ་སངས་རྒྱས་གསང་བ་ཚིག་ལ་མཁས་པ་ཤཱཀྱ་བཤེས་གཉེན་དང་། །ཚིག་དོན་གཉིས་ཀ་ལ་མཁས་པ་ཡོངས་རྫོགས་པཎ་ཆེན་ཀུན་དགའ་སྙིང་པོ་སྟེ། །བཤེས་གཉེན་རྣམ་གསུམ་བསྟན་པའི་རྒྱན་དུ་ཤར། །བོད་ཡུལ་འདིར་དང་པོའི་སྲོལ་འབྱེད་ལོ་ཆེན་བརྒྱུད་པར་བཅས། རིན་ཆེན་བཟང་པོ་རྒྱ་གར་དུ་ལན་གསུམ་བྱོན། སྐུ་ཚེའི་སྟོད་དུ་ལག་ལེན་ཀུན་སྙིང་དང་། བཤད་པ་ཤཱཀྱ་བཤེས་གཉེན་གྱི་ལུགས་ལྟར་མཛད་པ་ལ། ཕྱིས་ཡོ་ག་སྨད་ལུགས་དང་། སྐུ་ཚེའི་མཇུག་ཏུ་བཤད་པ་དང་ལག་ལེན་གཉིས་ཀ་ཀུན་སྙིང་གི་ལུགས་ཁོ་ན་མཛད་པ་ལས་ཡོ་ག་སྟོད་ལུགས་སུ་གྲགས་པ་བྱུང་། སློབ་མ་མང་ཡང་ཐུགས་སྲས་ཀྱི་མཆོག་བཞི་སྟེ། ལོ་ཆུང་ལེགས་པའི་ཤེས་རབ། མང་ནང་གི་གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གྲྭ་པ་གཞོན་ནུ་ཤེས་རབ། སྐྱི་ནོར་ཛྙཱ་ན་རྣམས་སོ། །བར་དུ་དར་མཛད་རྩྭ་སྐྱ་བ་སྣུར་ཉི་མ་འོད་ཟེར་འཛིམ་པ་བློ་ཆེན་གསུམ་སོགས་ཇོ་བོ་དང་རིན་བཟང་གི་བརྒྱུད་འཛིན་རྣམ་པ་དང་། ། ཐ་མར་སྤེལ་མཛད་ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ། །གང་འདི་སྙིགས་དུས་རྒྱལ་བ་གཉིས་པའོ། །ཆུ་ཅོད་པན། མཐའ་རྟེན་དང་བཅས་པའི་དབང་སོགས་ཀྱིས་རང་རྒྱུད་སྨིན་བྱས་ནས། །མདུན་བསྐྱེད་ཐུགས་ཀར་ཡིག་འབྲུའི་ས་བོན་བཀོད། །རྗེ་དཔོན་ལྟ་བུར་དངོས་གྲུབ་ལེན་བྱེད་པ། །བྱ་བའི་རྒྱུད་ཀྱི་ལམ་གྱི་རིམ་པའོ། །བྱ་རྒྱུད་ཀྱི་དབང་རྣམས་ཀྱི་སྟེང་རྡོ་རྗེ་དྲིལ་བུའི་དབང་གིས་སྨིན་བྱས་ནས། །བདག་མདུན་གཉིས་ཀའི་ཐུགས་ཀར་ཡིག་འབྲུ་བཀོད། །གྲོགས་པོ་ལྟ་བུར་དངོས་གྲུབ་ལེན་བྱེད་པ། །སྤྱོད་པའི་རྒྱུད་ཀྱི་ལམ་གྱི་རིམ་པའོ། །དེ་ལྟ་བུའི་བྱ་སྤྱོད་ཤིང་རྟའི་སྲོལ་འབྱེད་པ། བྱ་རྒྱུད་ལ་སློབ་དཔོན་བྱང་ཆུབ་མཆོག་དང་། སྤྱོད་རྒྱུད་ལ་སློབ་དཔོན་སངས་རྒྱས་གསང་བའི་བཤད་སྲོལ་ཕུན་སུམ་ཚོགས། །གངས་ཅན་འདིར་ཡང་བྱ་སྤྱོད་རྒྱུད་སྡེ་ལ། །ངོ་མཚར་བཤད་པའི་བརྒྱུད་འཛིན་བླ་མ་པ་རི་ལོ་ཙཱ་བ་རིན་ཆེན་གྲགས་སོགས་བགྲང་ཡས་བྱོན། །ཡང་རྒྱ་གར་དུ་ཕྱིས་ཇོ་བོ་ཛྙཱ་ན་ཤྲཱི་དང་། པུཎྱ་ཤྲཱི་གཉིས་ལུང་མང་བར་གྲགས་ལ། བོད་འདིར་སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་སོགས་དང་། ཕྱིས་སུ་ཤབས་བག་སྟོན་གཞོན་ནུ་ཚུལ་ཁྲིམས་ཀྱི་ཐུགས་བསྐྱེད་དང་བརྩོན་འགྲུས་ཀྱི་མཐུ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་སྡེ་སྣོད་རྒྱུད་སྡེ་དང་བཅས་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཡོངས་སུ་རྫོགས་པ་ཕལ་མོ་ཆེའི་ལུང་ཚང་བར་བཞུགས་སོ། །འཕགས་པའི་ཡུལ་དང་གངས་རིའི་ཁྲོད་འདིར་ཡང་། །མདོ་སྔགས་གཉིས་ཀྱི་འགྲོས་ཆེན་མ་འཁྲུལ་པ། །སྔོན་རབ་མཁས་པས་བཀྲལ་བའི་བཤད་སྲོལ་ཏེ། །དུས་གསུམ་རྒྱལ་བ་ཀུན་གྱི་བཞེད་གཞུང་ཡིན། །འོན་ཀྱང་བྱང་ཕྱོགས་གངས་རིའི་ཁྲོད་འདི་རུ། །ལོག་པའི་གཞུང་ལུགས་རྣམ་དག་རྒྱུད་སྡེ་རུ། །མངོན་ཞེན་དམ་པོས་འབད་ནས་ཉན་པ་དང་། །གཞན་ལ་འཆད་པའི་མཁས་རློམ་མང་ཞིག་བྱུང་། །འགའ་ཞིག་གྲགས་འདོད་ཆང་གིས་རབ་མྱོས་ནས། །རྒྱལ་བའི་བཀའ་སྔ་འགྱུར་གྱི་རྒྱུད་ལུང་མན་ངག་དང་ཚད་ལྡན་གཞུང་རྣམས་དང་། །དེ་དག་སྒྱུར་བྱེད་ལོ་པཎ་པད་འབྱུང་བི་མ་བཻ་རོ་སོགས་མཁས་རྣམས་ལ། །བརྩད་ཅིང་རྒོལ་བའི་ལོག་རྟོག་མང་ཞིག་མཐོང་། །ཁ་ཅིག་འདི་ན་རང་བཟོའི་སྦྱོར་བ་ཡིས། །སྔོན་རབས་མཁས་པས་བཀྲལ་བའི་བཤད་སྲོལ་རྣམས། །མི་མངོན་ནམ་མཁའི་དབྱིངས་སུ་རབ་བཅིངས་ནས། །རང་འདོད་གྲུབ་མཐའི་རྒྱུ་སྐར་བགྲང་ཡས་འཆར། །གསང་ཆེན་རྒྱུད་དང་དབུ་སེམས་ཤིང་རྟའི་སྲོལ། །ཀླུ་སྒྲུབ་དགོངས་པ་ཐལ་རང་སྲོལ་གཉིས་ཀྱིས། །ལེགས་པར་བཀྲལ་བའི་བཤད་སྲོལ་ཟླ་མེད་པ། །དེ་དག་ཕལ་ཆེར་འཁྱོག་པོའི་ལམ་དུ་བཀྲལ། །ཚད་ལྡན་གཞུང་བཞིན་འཆད་པའི་མཁས་རྣམས་ཀྱིས། །སྔོན་རབས་མཁས་པའི་བཤད་སྲོལ་གཞུང་བསྲངས་ནས། །འཆད་རྩོད་རྩོམ་པས་ཐུབ་བསྟན་བཟུང་བ་ན། །ཀུན་མཁྱེན་རྒྱལ་བའི་བསྟན་པ་གཉིས་ཤིག་བྱུང་། །ཉན་བཤད་ཐུབ་བསྟན་འཛིན་པར་རློམས་རྣམས་ཀྱང་། །གཞན་གཞུང་འཇིག་དང་རང་གཞུང་བསྒྲུབ་པའི་ཕྱིར། །ཁུངས་མེད་ཚིག་ཕྲེང་ལྦུ་བའི་ཟོལ་གྱིས་ནི། །རང་ཕྱོགས་འཕྱར་བའི་རྩོད་པས་ཐུབ་བསྟན་དཀྲུགས། །ལ་ལ་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི། །ཚད་ལྡན་གཞུང་གི་ཉན་བཤད་ཀུན་དོར་ནས། །རང་རང་འདོད་པས་སྦྱར་བའི་གཞུང་ལུགས་ལ། །ཉན་བཤད་བགྱིད་པས་ཚེ་ལོ་འདའ་བ་མཚར། །ཚེ་འདིའི་ཆེ་ཐབས་རྙེད་བཀུར་ལྷུར་བླངས་ནས། །ཁ་རོལ་བརྙས་དང་ཕྲག་དོག་འགྲན་སེམས་ཀྱིས། །རང་ཉིད་བསྒོམ་དང་གཞན་ལ་འདོམས་ཀྱང་རུང་། །སྒོ་གསུམ་བྱ་བ་ཕལ་ཆེར་དོན་མེད་ཡིན། །དེ་ཕྱིར་བློ་གསལ་ཀློག་པ་ལྷུར་ལེན་རྣམས། །རང་གཞན་གྲུབ་མཐའི་རྣམ་དབྱེ་ལེགས་རྟོགས་ནས། །སྔར་བཤད་མཁས་པས་བཀྲལ་བའི་བཤད་སྲོལ་ལ། །རྣམ་དཔྱོད་བརྩོན་པས་ཐོས་པའི་ཕ་མཐར་སྐྱོལ། །རིག་པའི་གནས་ལ་ཐོས་བསམ་མཐར་ཕྱིན་ནས། །ཐོས་པའི་དོན་རྣམས་དོན་ཡོད་བྱ་བའི་ཕྱིར། །ཏིང་འཛིན་བསྒོམ་པའི་བྱ་བ་ལྷུར་བླངས་ནས། །དབེན་པའི་གནས་སུ་རང་རྒྱུད་སྨིན་པར་མཛོད། །རང་རྒྱུད་སྨིན་ནས་འཁོར་མང་དབུས་སུ་ནི། །དྲི་མེད་གཞུང་ལ་རིག་གྲོལ་སྤོབས་པ་ཡིས། །རྩོད་རྩོམ་མཁས་པའི་བྱ་བ་རྣམ་གསུམ་གྱིས། །གཅིག་ཏུ་བསྟན་པ་འབའ་ཞིག་ལྷག་པར་དགོངས། །འཆད་པ་རྣ་བའི་བདུད་རྩི་ལྷ་ཡི་དབྱངས། །འཇིགས་མེད་སྤོབས་པ་མི་ཟད་ཆུ་བོའི་རྒྱུན། །རྩོམ་ཕྲེང་ཐུབ་བསྟན་མཛེས་པའི་ཁང་བཟང་རྒྱན། །དེ་དག་གསུམ་གྱིས་གཞན་ལ་འདོམས་པར་མཛོད། །དགོས་༡བསྡུས་༢ཚིག་༣དོན་མཚམས་༤སྦྱོར་བརྒལ་ལན་༥བཅས། །བསྒྲུབ་དང་སུན་འབྱིན་ཚེར་མ་དབྱུང་ལ་མཁས། །སྒྲ་གནས་བརྒྱད་ནི་ཇི་སྐད་དུ། སྒྲ་སྐད་མིང་དང་མཚན་མ་དང་། །བརྡ་དང་ཐ་སྙད་ཚིག་དོན་བརྒྱད། །ཅེས་པས། སྒྲ་ནི། ཟིན་པའི་སྒྲ་སེམས་ཅན་དུ་སྟོན་པའོ། །སྐད་ནི། ལེགས་སྦྱར་སོགས་བཞིའོ། །མིང་ནི། མངོན་པའི་ལུགས་ཀྱིས་ཡི་གེ་འདུས་པ་དང་། བརྡ་སྤྲོད་པས་བྱིངས་ལ་རྐྱེན་སྦྱར་ཞིང་རྣམ་དབྱེ་མ་སྦྱར་བའོ། །མཚན་མ་ནི། མིང་དེས་མཚོན་པར་བྱེད་པའོ། །བརྡ་ནི། ཐ་སྙད་སྔར་མེད་པ་ལ་གློ་བུར་དུ་འདོད་པས་སྦྱར་བ་སྟེ། ཡལ་ག་དང་ལོ་མ་ལྡན་པའི་མིང་ལ་ཤིང་ཞེས་བཏགས་པས། མིང་མིང་ཅན་དུ་འབྲེལ་བར་གོ་བ་ལྟ་བུའོ། །ཐ་སྙད་ནི། དེ་ཉིད་ལ་འཇུག་ལྡོག་བྱེད་པའི་ཕྱིར་བརྗོད་པ་སྟེ། གདུང་འདེགས་ནུས་པའི་ཤིང་ལ་ཀ་བ་ཞེས་བཏགས་པ་ལྟ་བུའོ། །ཚིག་ནི། མངོན་པའི་ལུགས་ཀྱི་མིང་འདུས་པ་དང་། བརྡ་སྤྲོད་པ་བྱིངས་དང་མིང་ལ་ཏིང་སུཔ྄་ཀྱི་རྐྱེན་སྦྱར་བ་ལ་འདོད་དོ། །དོན་ནི། ཆོས་གང་ཞིག་རང་རང་གི་གནས་ལུགས་ཇི་ལྟར་གནས་པ་སྟེ། མེའི་ངོ་བོ་ཚ་བ་ལྟ་བུའོ། །ཀྱི་ཚིག་སྦྱོར་ཀུན་ཚང་བའི། །འཆད་རྩོད་རྩོམ་པའང་དེ་ལྟར་ཚིམས་པར་མཛོད། །ནེ་ཙོའི་འདོན་པས་མཁས་པར་རློམ་པ་དང་། །ཚུལ་འཆོས་སྤྱོད་པས་བཙུན་པར་འཆོས་པ་དང་། །སྟོང་པའི་འུད་ཀྱིས་བཟང་པོར་བརྫུ་བ་ཡི། །ཀློག་པ་བ་དེ་འཇིག་རྟེན་སྒྱུ་མ་མཁན། །འགྲོ་ཀུན་སྲིད་པའི་མཚོ་ལས་བསྒྲལ་བའི་ཕྱིར། །གཅིག་ཏུ་བསྟན་པ་འབའ་ཞིག་ཉེར་དགོངས་ནས། །རྣམ་དག་གཞུང་ལུགས་ཉན་དང་འཆད་པ་ཡི། །ཀློག་པ་བ་དེ་ལྷ་མིའི་མཆོད་གནས་ཡིན། །མདོར་ན་སྔོན་རབས་མཁས་པའི་བཤད་སྲོལ་ལ། །ཉན་བཤད་མཛོད་དང་ཕྱོགས་ཀྱི་བཤེས་གཉེན་རྣམས། །ལུས་ཀྱིས་ཐལ་སྦྱར་ངག་གིས་བསྟོད་པ་དང་། །ཡིད་ཀྱི་རྗེས་སུ་ཡི་རངས་ལན་བརྒྱར་བསྒོམ། །ལ་ལར་མདོ་དང་འགའ་ཞིག་སྔགས་གཞུང་ཙམ། །གཞན་དག་སྒྲ་ཚད་ཙམ་ཞེས་ཕྱོགས་རེའི་མིག །ཕྱོགས་ལས་རྣམ་པར་རྒྱལ་བ་རཏྣའི་ཞབས། །རིག་གནས་ཀུན་ལ་སྤོབས་པ་དགེ་བ་ཅན། །ས་གསུམ་འགྲན་ཟླ་བྲལ་བ་ཆོས་ཀྱི་རྗེ། །ཁྱོད་གསུང་ལན་བརྒྱར་མྱོང་བའི་བསོད་སྙོམས་པས། །ཀུན་ནས་མདངས་སྡུག་ནགས་ཀྱི་སྨན་ལྗོངས་ན། །བླ་མ་དམ་པའི་ཡོན་ཏན་རྗེས་སུ་དྲན། །འགའ་ཞིག་ལོག་པའི་གཞུང་ལུགས་དག་པར་འཆད། །ཁ་ཅིག་རྣམ་དག་གཞུང་ལུགས་ལོག་པར་བལྟ། །དེ་ཕྱིར་དེ་དག་ཀུན་ལ་སྙན་བསྐུལ་དུ། །ཅུང་ཟད་ཞུས་མོད་ཐུགས་ཀྱིས་བཟོད་པར་གསོལ། །འདི་བསྲིངས་དགེ་བས་བདག་ཀྱང་ཕྱི་མའི་དུས། །དམ་པས་རྗེས་བཟུང་རྣམ་དང་གཞུང་ལུགས་ལ། །ཉན་དང་བཤད་དང་ཀློག་པ་ལྷུར་བླངས་ནས། །ཐོས་དང་བསམ་པས་བཤད་རྒྱུན་འཛིན་པར་ཤོག །གང་འདི་རྒྱ་བོད་མཁས་པའི་བཤད་སྲོལ་རྣམས། །མང་དུ་ཐོས་པ་ནགས་ཀྱི་ཀློག་པ་པྲཛྙཱ་རསྨི་བས། །རཏྣ་ཀཱུ་ཊའི་ས་འཛིན་ཕོ་བྲང་ནས། །འཕྱིང་བར་སྟག་རྩེ། ཉན་བཤད་འཛིན་པའི་བཤེས་གཉེན་ཀུན་ལ་སྤྲིངས། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། ༈ །གངས་རིའི་ཁྲོད་ཀྱི་སྤོང་བ་བསམ་གཏན་པ་རྣམས་ཀྱི་སྙན་དུ་བསྲིངས་པ་བསྒོམ་པ་འཆི་མེད་བདུད་རྩི་ཞེས་བྱ་བ། སྐུ་བཞིའི་དབང་ཕྱུག་དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །སྐྱེས་བུ་གསུམ་གྱི་ལམ་གྱིས་རྒྱུད་སྦྱངས་ཀ་དག་ལྷུན་གྲུབ་དབྱེར་མེད་ངང་། བདེ་སྟོང་ཟུང་འཇུག་དབང་བཞིའི་ལམ་བསྒོམ་ཕྱག་རྒྱ་ཆེན་པོར་མཉམ་བཞག་པས། གཟུང་འཛིན་འཁྲུལ་པ་རང་སར་ཞི་བ་མཆོག་ཏུ་མི་འགྱུར་ཡེ་ཤེས་ཀྱིས། །རྡོ་རྗེ་གསུམ་གྱི་གོ་འཕང་སྦྱིན་མཁས་ཁྱབ་བདག་བླ་མས་དགེ་ལེགས་མཛོད། །རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་ཕུལ། །རྟོགས་པའི་དམ་ཆོས་ཉམས་སུ་ལེན་འདོད་ན། །སུམ་ལྡན་བླ་མ་སངས་རྒྱས་དངོས་སུ་བསྒོམ། །གྲུབ་ཐོབ་གོང་མའི་སྙན་བརྒྱུད་གདམས་པ་ལ། །དྲན་འདུན་དྲག་པོས་རྩེ་གཅིག་ཉམས་སུ་ལོངས། །ལོག་པའི་གདམས་པ་ཉིན་མཚན་ཁོར་ཡུག་ཏུ། །ཉམས་སུ་བླངས་ཀྱང་ངལ་བ་དོན་མེད་པས། །དེ་ཕྱིར་གྲུབ་ཆེན་གདམས་པ་འདི་ཡིན་ཞེས། །ཕྱོགས་ཀྱི་སྒོམ་ཆེན་རྣམས་ལ་འདི་བསྲིངས་སོ། །རྒྱལ་བས་ལུང་བསྟན་གངས་ཅན་འགྲོ་བའི་མགོན། །གཅིག་ཏུ་བསྟན་པ་འབའ་ཞིག་ཉེར་དགོངས་པའི། །སྔོན་གྱི་ཆོས་རྒྱལ་ཡེ་ཤེས་འོད་ཀྱང་ངོ་། །ལྷ་གཅིག་བཙན་པོ་དེ། །གངས་རིའི་ཁྲོད་འདིར་སྟོན་པ་གཉིས་པ་ཡིན། །ཞུ་ཆེན་ལོ་ཙཱ་པ་གོར་བཻ་རོ་དང་། །རྒྱལ་བའི་གདུང་འཚོབ་འབྲོམ་སྟོན་ཨུ་པ་སཱི། །མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་པ། །སྐད་གཉིས་སྨྲ་བ་བླ་ཆེན་འབྲོག་མི་དང་། །རྣལ་འབྱོར་དབང་ཕྱུག་རྗེ་བཙུན་མར་པའི་ཞབས། །གྲུབ་པའི་སར་བཞུགས་དམ་པ་རྒྱ་གར་དང་། །གྱི་གྱོ་ལོ་ཙཱ་མཁས་གྲུབ་ཨོ་རྒྱན་པ། །བྱང་ཕྱོགས་སྒྲུབ་བརྒྱུད་འདེགས་པའི་ཀ་ཆེན་བརྒྱད། །དཔལ་ལྡན་རྡོ་རྗེ་འཆང་ནས་ལེགས་འོངས་པའི། །གངས་རིའི་ཁྲོད་འདིར་སྒྲུབ་བརྒྱུད་སྲོལ་ཆེན་བརྒྱད། །དེ་དག་གྲུབ་ཐོབ་གོང་མའི་གཤེགས་ཤུལ་ཡིན། །ཐར་འདོད་རྣམས་ཀྱང་ལམ་དེའི་རྗེས་སུ་ཞུགས། །སེམས་སྡེ་ཚོགས་དྲུག་ཡུལ་དུ་སྣང་བ་གང་ཤར་ཡང་། །གདོད་ནས་གྲུབ་པའི་གཉུག་མའི་ཡེ་ཤེས་ཏེ། །རང་ཞལ་བལྟ་ཞིང་ཀློང་སྡེ་བསྒོམ་མེད་མ་ཡེངས་པར། །མན་ངག་སྡེ་སྣང་བཞིའི་ཆོས་ཉིད་མངོན་སུམ། ཉམས་སྣང་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་ས། དོན་ལ་མཉམ་པར་འཇོག་པ་ཉིད། །རྫོགས་ཆེན་ཞེས་པའི་དོན་ནི། མ་ཧཱ་སནྡྷིའི་སྒྲ་ལས་དྲངས་ན་ཡང་དག་པའི་བསམ་གཏན་ཆེན་པོ་ཞེས་པར་འགྱུར་ཏེ། ཐེག་བརྒྱད་བློ་ཡི་གྲུབ་མཐའ་ལས་འདས་པའི་གནས་ལུགས་གཅིག་པུའི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ཤར་བའི་ཡེ་ཤེས་བླ་ན་མེད་པའི་དོན་ནོ། །དབྱེ་ན། ཆོས་ཐམས་ཅད་སེམས་ཉིད་གཅིག་པུའི་རོལ་པར་རྒྱུ་རྐྱེན་རྩོལ་སྒྲུབ་ལས་འདས་པར་རྟོགས་པས་སྤང་བྱའི་མཐའ་ལས་གྲོལ་བ་ཕྱི་སེམས་སྡེ། དེ་ལའང་ནང་གསེས་སུ་འབྲས་བུ་སེམས་ཀྱི་བྱུང་སར་འདོད་པ་སོགས་བདུན་ནོ། །ཆོས་ཅན་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་འོང་མེད་པའི་ཕྱིར་སྐུ་གསུམ་རང་ཆས་ཀྱི་དབྱིངས་ལས་མི་འགྱུར་བར་རྟོགས་པས་གཉེན་པོའི་མཐའ་ལས་གྲོལ་བ་ནང་བྱ་བྲལ་ཀློང་གི་སྡེ། དེ་ལའང་དཀར་ནག་ཁྲ་གསུམ་རབ་འབྱམས་ཀྱི་ཀློང་སྡེ་བཞིའོ། །གཞི་ལམ་འབྲས་གསུམ་གྱི་ཆོས་ཐམས་ཅད་ཀ་དག་དང་ལྷུན་གྲུབ་དབྱེར་མེད་པའི་དོན་རང་གི་མཚན་ཉིད་ཡིན་ལུགས་ལྟར་རྟོགས་པས་སྤང་གཉེན་གཉིས་ཀའི་མཐའ་ལས་གྲོལ་བ་གསང་བ་ཟབ་པ་མན་ངག་གི་སྡེ། དེ་ལའང་། ཁ་གཏམ། ཁ་འཐོར། རྒྱུད་རང་གཞུང་དུ་བསྟན་པ་དང་གསུམ་མོ། །དེ་སྐད་དུའང་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ། །ཞེས་སོ། །ཆོས་ཀྱི་ཉམས་ལེན་གཙོ་བོ་ཡིན། །རྟེན་གཞིའི་གཙོ་བོ་རྒྱུད་མ་ཧཱ་ལུང་ཨ་ནུ་མན་ངག་ཨ་ཏི་ཡོ་ག་གསུམ། ཤྲཱི་སེང་ཧ་དཔལ་གྱི་སེང་གེའི་ཁྱད་པར་གདམས་པ་མཆོག །དང་པོར་བཀའ་བབས་སྔགས་འཆང་བཻ་རོ་ཡིས། །ཐུགས་ཉམས་བཞེས་ནས་གངས་རིའི་ཁྲོད་འདིར་སྤེལ། །བ་ཡིན་ཏེ། དེ་ཡང་སེམས་ཕྱོགས་རྣམས་མངའ་བདག་ཁྲི་སྲོང་ལྡེའུ་བཙན། རྒྱལ་མོ་གཡུ་སྒྲ་སྙིང་པོ། གསང་སྟོན་ཡེ་ཤེས་བླ་མ། སྤང་སངས་རྒྱས་མགོན་པོ། ལི་ཟ་ཤེས་རབ་སྒྲོན་མ་ལ་གསུངས་པ་སྟེ་རིམ་པ་ལྔར་གྲགས་ཤིང་། བཻ་རོ་དང་གཡུ་སྒྲ་གཉིས་ཀ་ལས། གཉགས་ཛྙཱ་ན་ཀུ་མཱ་རས་གསན་པ་སོགས་ལས་དང་། ཀློང་སྡེ་ནི། བཻ་རོས་སྤང་མི་ཕམ་མགོན་པོ་ལ་གསུངས་ནས་དར་བ་སོགས་མཐའ་ཡས། མན་ངག་གི་སྡེ་སྙིང་ཐིག་གི་སྐོར་ནི། ཤྲཱི་སེང་ཧ་ནས། མཁས་པ་ཡེ་ཤེས་མདོ། པཎ་ཆེན་བི་མ་ལ་མི་ཏྲ། དེས་མངའ་བདག་དང་ཉང་བན་སོགས་ལ་གསུངས་པ་དང་། སློབ་དཔོན་ཆེན་པོ་པདྨས་ཤྲཱི་སེང་ཧ་ལ་གསན་ནས། མཁའ་འགྲོ་མཚོ་རྒྱལ་ལ་གདམས་པ་སོགས་ཕྱིས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་བཀའ་དྲིན་ལས་རྒྱ་ཆེར་དར་རོ། །རྒྱུས་ཉང་རྨ་དང་འཁོན་ཟུར་གནུབས་མྱོས་དང་། སྲིད་རོང་དཔྱལ་དང་སྐྱོ་སྟོན་གཡུང་ལ་སོགས། །སྔ་འགྱུར་རྙིང་མའི་བཀའ་བརྒྱུད་བགྲང་ཡས་བྱོན། །དཔལ་ལྡན་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱིས། མྱང་ཡེ་འབྱུང་། ལྕེ་ཤཱཀ་མཆོག །རོག་ཤཱཀ་འབྱུང་སོགས་བླ་མ་མང་དུ་བསྟེན། མདོ་སྒྱུ་སེམས་གསུམ་ལ་མཁས་པའི་ཕུལ་དུ་བྱིན། རྩ་རྒྱུད་དང་བཤད་རྒྱུད་འགྲེལ་པ་དང་སྒྲུབ་ཐབས་ལུང་མན་ངག་སོ་སོར་ཕྱེ་སྟེ་བཤད་པ་ལ། སློབ་མ་རྩེ་མོ་བཞི། རྩེ་ལྐོག་བརྒྱད། སྒོམ་ཆེན་བརྒྱ་རྩ་བརྒྱད་སོགས་བྱུང་བའི་གཙོ་བོ་ནི་ཟུར་ཆུང་ཤེས་རབ་གྲགས་པ་དང་། དེའི་རིགས་ཀྱི་སྲས་སྒྲོ་ཕུག་པ་ཤཱཀྱ་སེང་གེ་སྟེ་ཟུར་མེས་དབོན་གསུམ་དུ་གྲགས། འདི་རྣམས་ཀྱི་རིང་ལ་གསང་སྔགས་སྔ་འགྱུར་གྱི་ཕྲིན་ལས་ནམ་མཁའ་དང་མཉམ་པར་སོང་བས་བོད་ཁམས་ཨ་ཌཱི་ཡཱ་ནའི་ཡུལ་དང་མཚུངས་པར་གླེངས་སོ། །པ་རྫོགས་ཆེན་བསྟན་པའི་རྒྱན། །དལ་འབྱོར་རྙེད་དཀའ་མི་རྟག་འཆི་བ་དང་། །ལས་འབྲས་བསླུ་མེད་འཁོར་བའི་ཉེས་དམིགས་དང་། །བྱང་ཆུབ་སེམས་གཉིས་ནན་གྱིས་སྒོམ་བྱེད་པ། །བཀའ་གདམས་ཞེས་རྒྱལ་བའི་བཀའ་ཐམས་ཅད་གང་ཟག་གཅིག་འཚང་བའི་གདམས་ངག་ཏུ་ཤར་བའི་ཆོས་ཀྱི་ཉམས་ལེན་གཙོ་བོ་ནི་ཡིན། །གཞུང་གདམས་མན་ངག་གསུམ་དུ་གྲགས་པའི། གཞུང་གདམས་གཉིས་ལ་ལྟ་སྤྱོད་གཙོ་བོར་སྟོན་པའི་གཞུང་སོ་སོར་ཡོད་ལ། གཉིས་ཀ་ཟུང་འབྲེལ་དུ་སྟོན་པ་ནི་བྱང་ཆུབ་ལམ་གྱི་སྒྲོན་མ་དང་། མན་ངག་ནི་ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་གླེགས་བམ་རིན་པོ་ཆེའོ། །དེ་ལས་ལམ་སྒྲོན་གྱི་བརྗོད་བྱ་ནི། གཞུང་ལས། ཆུང་ངུ་འབྲིང་དང་མཆོག་གྱུར་པའི། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །ཞེས་པ་ལྟར་སྐྱེས་བུ་གསུམ་གྱི་ལམ་རིམ་སྟེ། དེ་ཡང་སྐྱེས་བུའི་སྐད་དོད་པུ་རུ་ཥ་ཞེས་པ་ནུས་ལྡན་ལ་འཇུག་པས། ཚེ་ཕྱི་མ་ཕན་ཆད་ཀྱི་དོན་སྒྲུབ་ནུས་པ་ཞིག་ལ་སྐབས་འདིར་བསྟན་གྱི་སྐྱེས་བུ་ཞེས་བྱ། དེ་ལའང་ཚེ་འདིའི་ཞེན་པ་ལོག་ནས་ཕྱི་མ་རང་ཉིད་ཁོ་ན་འཁོར་བ་དེའི་ཆེད་དུ་ལས་འབྲས་ཀྱི་བླང་དོར་སྒྲུབ་ནུས་པ་ནི་སྐྱེས་བུ་ཆུང་ངུ་སྟེ། འདི་ཡི་ལམ་གྱི་དངོས་གཞིར་མི་རྟག་པ། ངན་སོང་གི་ཉེས་དམིགས། སྐྱབས་འགྲོ། ལས་འབྲས་བཅས་དམིགས་སྐོར་བཞིའོ། །འཁོར་བ་མཐའ་དག་ལས་ཞེན་པ་ལོག་ནས་དེ་ལས་ཐར་བའི་ཆེད་དུ་ལམ་བསླབ་པ་གསུམ་ལ་ཚུལ་བཞིན་དུ་བསྒྲུབ་ནུས་པ་ནི་སྐྱེས་བུ་འབྲིང་སྟེ། འདི་ལ་ཐེག་པའི་སྒོ་ནས་ཉན་རང་གཉིས། བསྒོམ་བྱའི་སྒོ་ནས་བདེན་བཞི་དང་རྟེན་འབྲེལ་གཉིས། གང་ཟག་གི་བདག་མེད་རགས་ཕྲ་གཉིས་སོགས་སོ། །སྲིད་ཞིའི་མཐར་གཉིས་ཀར་སྐྱོན་དུ་མཐོང་ནས་འགྲོ་ཀུན་སངས་རྒྱས་ཀྱི་ས་ལ་འགོད་པའི་ཁུར་འཁྱེར་ནུས་པ་ནི་སྐྱེས་བུ་ཆེན་པོ་སྟེ། འདི་ལའང་ལྟ་བའི་སྒོ་ནས་དབུ་སེམས་དང་། ཐེག་པའི་སྒོ་ནས་མདོ་སྔགས་གཉིས་སུ་དབྱེ་ལ། ལམ་གྱི་ཁྱད་པར་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་རྒྱལ་སྲས་ཀྱི་སྤྱོད་པ་སྤྱི་དང་བྱེ་བྲག་ལ་བསླབ་ཚུལ་འབྲས་བུ་དང་བཅས་པའོ། །བཤེས་གཉེན་བསྟེན་ཚུལ་དང་། དལ་འབྱོར་གྱི་ཆོས་སྐོར་ནི་གསུམ་ཀའི་ལམ་གྱི་གཞི་རྟེན་དུ་བཞེད་དོ། །གསང་ཆོས་གླེགས་བམ་རིན་པོ་ཆེའི་བརྗོད་བྱ་ནི། གཞུང་ལས། སྐྱབས་གནས་བླ་མ་དྲན་པར་མཛོད། །ལུས་ནི་ལྷ་ཡི་རང་བཞིན་ཏེ། ངག་ནི་བཟླས་བརྗོད་རྒྱུན་པར་མཛོད། །འགྲོ་བ་མ་ལུས་ཕ་མར་སོགས། །སེམས་ཀྱི་གནས་ལུགས་སྟོང་པར་དཔྱོད། །ལྔ་པོ་འདི་ཡི་སྐྱ་བར་ནས། །དགེ་རྩ་ཐམས་ཅད་དག་པར་མཛོད། །ཅེས་རྗེས་དྲན་ལྔའོ། །རྟེན་གཞིའི་གཙོ་བོ་མངོན་རྟོགས་རྒྱན་སོགས་རྒྱ་ཆེན་སྤྱོད་པའི་གཞུང་། །ལྷ་གཅིག་ཇོ་བོའི་ཁྱད་པར་གདམས་པ་མཆོག །དང་པོར་བཀའ་བབས་རྒྱལ་སྲས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས། །ཐུགས་ཉམས་བཞེས་ནས་གངས་རིའི་ཁྲོད་འདིར་སྤེལ། བ་ཡིན་ཏེ། དེ་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་དུས་སུ་བསྟན་པའི་དབུ་བརྙེས། སྟོན་པ་རིན་པོ་ཆེའི་སྲོལ་འབྱེད། སྐུ་མཆེད་གསུམ་གྱི་རིང་ལ་དར་ཞིང་རྒྱས། གླང་ཤར་བྱ་ཡུལ་བ་སོགས་ཀྱི་དུས་ཤིན་ཏུ་དར་བ་ལས། པུ་ཏོ་བ་ནས་བརྒྱུད་པ་ལ་གཞུང་པ། སྤྱན་སྔ་བ་ནས་བརྒྱུད་པ་ལ་གདམས་ངག་པ། ཕུ་ཆུང་བ་ནས་བརྒྱུད་པ་ལ་མན་ངག་པ། གུང་ཐང་ནག་ཚོ་ལོ་ཙཱ་བས་ཚུལ་ཁྲིམས་རྒྱལ་བའི་སློབ་མ་རོང་པ་ཕྱག་སོར་བ་ནས་བརྒྱུད་པ་ལ་ནག་ཚོའི་བཀའ་བརྒྱུད་དུ་གྲགས་པའི་ཚུལ་ལ། བཀའ་གདམས་གཞུང་དྲུག་སྐྱེས་༡ ཚོམས་དད་པའི། བསླབ་༣སྤྱོད་སྤྱོད་པའི། ས་༥རྒྱན་༦ཏིང་ངེ་འཛིན་གྱི་གཞུང་། ཉན་བཤད་གཞུང་པ་དང་། ཉམས་ལེན་བདེན་བཞིའི་སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་ཁྲིད་བསྡུས་གདམས་ངག་པ། །གུང་ཐང་ནག་ཚོའི་བཀའ་བརྒྱུད་གདམས་པ་འོག །བཤད་སྒྲུབ་ཆུ་བོ་གཉིས་ལྡན་གཞུང་པ་མཆོག །སྡོང་པོ་ལྟ་བུ་ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ་སྟེ་ཆོས་དྲུག་ཡལ་ག་ཕྱག་རྒྱ་ཆེན་པོ་གའུ་མ། །ལོ་མ་སྣང་བ་ལ་བརྟེན་ནས་བླ་མ། ཡི་དམ། སྒྱུ་མ་ལམ་དུ་ཁྱེར་བ་སྟེ་འཕྱུགས་མེད། ལམ་ཁྱེར་རྣམ་གསུམ་མེ་ཏོག་མཁའ་སྤྱོད་དཀར་དམར་གཉིས། །འབྲས་བུ་ལུས་སེམས་འཆི་མེད་སྒོམ་རིམ་དེ། །གསེར་ཆོས་ལྔའམ། ཁྲིད་ཆེན་ལྔར་གྲགས་པའི་ནི་གུའི་ཆོས་སྐོར་རྣམ་པ་ནི། བཀའ་བརྒྱུད་ཤངས་པའི་ཉམས་ལེན་གཙོ་བོ་ཡིན་ལ། གཞན་ཡང་སུ་ཁའི་ཆོས་སྐོར་རྡོ་རྗེ་གདན་པའི་ཆོས་སྐོར། མཻ་ཏྲི་པའི་ཆོས་སྐོར། རཱ་ཧུ་ལའི་ཆོས་སྐོར། དེར་མ་འདུས་པའི་མན་ངག་འཐོར་བུ་དང་བཅས་ཤངས་ཆོས་ཀྱི་སྐོར་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་དོ། །དེ་ཡང་བདེ་བས་ཐབས་བྱས་པའི་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་དུ་གྱུར་པ་ནི་བསྒྲུབ་བྱའི་སྙིང་པོ་སྟེ། རྩ་བ་རྡོ་རྗེའི་ཚིག་རྐང་ལས། ལམ་གྱི་མཆོག་གྱུར་འདི་ཉིད་ཉམས་ལེན་རྣམས། །གཞན་གྱི་དུས་མིན་འདིའམ་བར་མ་དོར། །བདེ་སྟོང་དབྱེར་མེད་སྐུ་གསུམ་རང་ཤར་ནས། །རྣམ་པར་དག་པའི་མཁའ་སྤྱོད་ཉིད་དུ་འགྲོ། །ཞེས་སོ། །རྟེན་གཞིའི་གཙོ་བོ་འཁོར་ལོ་སྡོམ་པའི་རྒྱུད། །དང་གཞན་ཡང་། དགྱེས་རྡོར། གསང་འདུས། མ་ཧཱ་མ་ཡ། རྡོ་རྗེ་འཇིགས་བྱེད་རྣམས་ཀྱང་ངོ་། །ནཱ་རོ་པའི་ལྕམ་ཡེ་ཤེས་མཁའ་འགྲོ་ནི་གུ་མའི་ཁྱད་པར་གདམས་པ་མཆོག །དང་པོར་བཀའ་བབས་སྐུ་གསང་བ་འདུས་པ། གསུང་མ་ཧཱ་མཱ་ཡ། ཐུགས་དགྱེས་མཛད་རྡོ་རྗེ། ཡོན་ཏན་འཁོར་ལོ་སྡོམ་པ། ཕྲིན་ལས་རྡོ་རྗེ་འཇིགས་མཛད་དེ་ཡེ་ཤེས་དཀྱིལ་འཁོར་ལྔའི་ངོ་བོ་དང་གཉིས་སུ་མེད་པར་བཞུགས་པའི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་བརྩོན་འགྲུས་མགོན་ཡིས། །ཐུགས་ཉམས་བཞེས་ནས་གངས་རིའི་ཁྲོད་འདིར་སྤེལ། །རྡོ་རྗེ་འཆང་། ནི་གུ་མ། ཁྱུང་པོ། རྨོག་ཅོག་པ། སྐྱེང་སྒང་ལ། སངས་རྒྱས་གཉན་སྟོན། སངས་རྒྱས་སྟོན་པ་སྟེ། བརྒྱུད་རིམ་བདུན་དུ་ཆིག་བརྒྱུད་བཀའ་རྒྱས་བཏབ། །སངས་རྒྱས་སྟོན་པས་སྐལ་ལྡན་ཡོངས་ལ་སྤེལ། །དབུས་ཤངས་འཇག་པ་ཚུལ་ཁྲིམས་མགོན་དང་ཉང་བསམ་སྡིང་པ་མཁས་བཙུན་གཞོན་ནུ་གྲུབ་སོགས་བཀའ་བརྒྱུད་རྣམ་མང་གྱེས། །ཉམས་ལེན་རྒྱུན་གྱི་འཛུག་ལེགས་ཁྱད་པར་འཕགས། གསུང་ངག་རིན་པོ་ཆེ་ལ་ཚད་མ་བཞི་དང་སྙན་བརྒྱུད་བཞིའི་སྒོ་ནས་སློབ་མ་དཀྲི་བའི་ཚུལ་རྣམ་པ་བཞི་ལས། གཞུང་ཤིང་རྒྱས་པ་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་དབང་དུ་བྱས་ན། རྗེ་ས་སྐྱ་པ་ཆེན་པོས། སྣང་བ་གསུམ་གྱིས་ལམ་གྱི་གཞི་བཅས་ཏེ། ཉམས་བླངས་མ་ལུས་རྒྱུད་གསུམ་དག་གིས་ཤེས། ཞེས་གསུངས་པ་ལྟར། ལམ་གྱི་གཞི་བཅའ་ཕར་ཕྱིན་དང་ཐུན་མོང་བ་སྣང་བ་གསུམ་གྱིས་རྒྱུད་སྤྱངས་པ་སྔོན་དུ་འགྲོ་བས། སྔགས་ལམ་ཐུན་མོང་མ་ཡིན་པའི་ཐོག་མར་རྒྱུ་དུས་ཀྱི་དབང་བསྐུར་ནས། གཞི་དམ་ཚིག་ལ་གནས་པར་བྱ་བ་དང་། ལམ་དངོས་ལ་རྒྱུད་གསུམ་ལས། ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་གསལ་སྟོང་ཟུང་འཇུག་ཏུ་ངོ་སྤྲད་ཅིང་བསྒོམ་པ་དང་། ལུས་ཐབས་རྒྱུད་ལ་དབང་བཞི་དང་རྗེས་སུ་འབྲེལ་བའི་ལམ་བཞི་ལས། བུམ་དབང་གི་ལམ་ཕྱི་ནང་བསྐྱེད་རིམ་དང་། ལམ་དུས་ཀྱི་དབང་བསྐུར་ནས་དེའི་དོན་ཟབ་མོ་ཉིན་ཞག་རེ་ལ་ཐུན་བཞིར་བསྒོམ་པ་དང་། གསང་དབང་གི་ལམ་རླུང་དང་གཏུམ་མོ། །ཤེར་དབང་གི་ལམ་ཕོ་ཉའི་ལམ། དབང་བཞི་པའི་ལམ་རྡོ་རྗེའི་རྦ་རླབས་ཏེ་རྫོགས་རིམ་གྱི་ལམ་གསུམ་བསྒོམས་པས་དཔེ་དང་དོན་གྱི་ཡེ་ཤེས་འདྲེན་པར་བྱེད་པ་དང་། འབྲས་བུ་སྐུ་ལྔ་མངོན་དུ་འགྱུར་བའི་ཚུལ་སོགས་མདོར་ན་ལམ་གྱི་དུས་ནས་འབྲས་བུ་ཐོབ་རུང་དུ་གནས་པས་གཞི་ལམ་འབྲས་གསུམ་དབྱེར་མེད་པའི་དོན་སྟོན་པ། ལམ་འབྲས་ཆོས་ཀྱི་ཉམས་ལེན་གཙོ་བོ་ཡིན། །རྟེན་གཞིའི་གཙོ་བོ་དགྱེས་པ་རྡོ་རྗེའི་རྩ་བཤད་ཀྱི་རྒྱུད་གསུམ་ལ་བརྟེན་ནས་ས་དྲུག་གི་བདག་ཉིད་གྲུབ་ཆེན་བིར་ཝ་པས་ཤར་ཕྱོགས་ནག་པོ་པའི་དོན་དུ་ལམ་འབྲས་རྡོ་རྗེའི་ཚིག་རྐང་མཛད། འདི་ལ་འབྲོག་མི། གྱི་གྱོ། འབྲོམ་གསུམ་གྱིས་རྒྱ་དཔེ་དང་བསྟུན་ནས་བསྒྱུར། ཆ་གན་དང་ཇོ་ནང་ཀུན་སྤངས་པས་རྒྱ་དཔེ་ལ་མ་གཏུགས་པར་གོ་རིམ་དཀྲུགས་པའི་འགྱུར་བཅོས་མཛད་པ་དང་། གཟུངས་ཀྱི་དཔལ་བའི་ཡིག་ཆར་པཎྜི་ཏ་རཱ་ཧུ་ལའི་འགྱུར་ཡང་ཡོད་པར་གསུངས་པས། དེ་ལྟར་ན་འགྱུར་མགོ་དྲུག་གོ། །སྤྲིན་འཛིན་ག་ཡ་དྷཱ་རའི་ཁྱད་པར་གདམས་པ་མཆོག །དང་པོ་བཀའ་བབས་བླ་ཆེན་འབྲོག་མི་ཡིས། །ཐུགས་ཉམས་བཞེས་ནས་གངས་རིའི་ཁྲོད་འདིར་སྤེལ། །གྱི་གྱོ་འབྲོམ་དང་ཞང་སྟོན་ཞྭ་མ་ལུགས། །ཀོ་བྲག་མར་ལམ་ཆ་གན་ཇོ་ནང་ལུགས། །དབང་རྒྱལ་ས་ལུགས་ལྕེ་སྒོམ་མཐའ་རྩ་ལུགས། །སྟེ་གཙོ་ཆེ་བའི་ལུགས་སྲོལ་བཅུ་གཉིས་དང་། དེ་ལས་འཕྲོས་པའི་རྣམ་གྲངས་མི་གཅིག་པ་བཅོ་བརྒྱད་དུ་གྲགས་ཏེ། དེ་ཡང་འབྲོག་མི་དང་གྱི་༡གྱོ་ལས་བརྒྱུད་པ་གཉིས་ཀྱི། སྔ་མ་ལ་འབྲོག་མིའི་སྲས་ཨིནྡྲ་དང་རྡོ་རྗེ་ལས་བརྒྱུད་པའི་ལམ་༢འབྲས། ཐུགས་ཀྱི་སྲས་འབྲོམ་སྟོན་དེ་པ་༣ལས་བརྒྱུད་པའི་ལམ་འབྲས། སེ་མཁར་ཆུང་བ་ནས་འཕེལ་བ་ལ་རབ་འབྲིང་ཐ་གསུམ་ལས། འབྲིང་དུ་ཐོབ་པ་ཞྭ་མ་ནས་འཕེལ་བ་ལ། ཕོ་རྒྱུད་མོ་རྒྱུད་བསྲེས་རྒྱུད་དང་གསུམ། ཕོ་རྒྱུད་ལའང་། རྗེ་ཁམ་བུ་བ་ནས་འཕེལ་བའི་སློབ་བརྒྱུད་༤དང་། སྲས་ཞྭ་མ་ཙནྡྲི་ནས་འཕེལ་བའི་སྲས་༥བརྒྱུད་དེ་གཉིས། མོ་རྒྱུད་ལ་ཡང་། ཞྭ་མའི་སློབ་མ་ཉང་༦བསྒོམ། སྟོན་གཡུང་༧པ། དཔོན་མེ་ཤེས་༨རབ། ཚུལ་ཁྲིམས་ལས་འཕེལ་བའི་ལུགས་ཏེ་གསུམ། བསྲེས་རྒྱུད་ལས། ཞྭ་མ་ཕོ་མོ་བསྲེས་པ་དུམ་བུ་ཀོ་བྲག་༩པའི་ལུགས། ཞྭ་མ་ཕོ་མོ་གཉིས་ས་ལུགས་དང་གསུམ་བསྲེས་པས་ཆ་གན་༡༠གྱི་ལུགས། འབྲོག་མི་ལུགས་དང་གྱི་གྱོ་ལུགས་བསྲེས་པ་ཇོ་ནང་ཀུན་སྤངས་༡༡པའི་ལུགས། ལམ་འབྲས་སྦྱོར་དྲུག་རྫོགས་ཆེན་གསུམ་བསྲེས་པ་ལ་སྟོད་དབང་རྒྱལ་གྱི་ལུགས། རབ་ཏུ་ཐོབ་པ་ཞང་གི་བརྒྱུད་པར། ས་ལུགས་ལ་སྔ་བུ་ཕག་གྲུ་༡༣ལུགས། ལྕེ་སྒོམ་ལུགས་༡༤གཉིས། ཕྱི་བུ་ལ་ཉེ་བརྒྱུད་༡༥དང་། རིང་རྒྱུད་༡༦གཉིས། འབྲོག་མིའི་ཇོ་སྲས་གཉིས་དང་ཞང་སྟོན་མཆེད་གཉིས་སྡེ་བཞིའི་གསུང་གཅེས་པ་བསྡུས་པ་མང་ལམ་ཞིག་པོའི་༡༧ལུགས། སེ་སྟོན་ལས་ཐ་མར་ཐོབ་པ་བྱང་ཆུབ་ཡེ་ཤེས་ཀྱིས་ཞིང་ཕུག་༡༨པར་གདམས་པའི་ལུགས་ཏེ་བཅོ་བརྒྱད་པོ་ཐམས་ཅད་འབྲོག་མི་དང་། གྱི་ཇོའི་བརྒྱུད་འཛིན་ཁོ་ན་ལས་བྱུང་བ་ཡིན་ལ། དེ་རྣམས་ཀྱི་ནང་ནས་ཕྱིས་སུ་ས་ལུགས་དང་། ཞྭ་ལུགས་གཉིས་དར་རྒྱས་ཆེ་བ་ལས་ཀྱང་ཆོས་ལུགས་རྒྱ་མཚོའི་མཐར་སོན་ས་སྐྱ་པ། །གང་དེ་སྒྲུབ་བརྒྱུད་བསྟན་པའི་གཙུག་གི་རྒྱན། །ཕྱག་རྒྱ་ཆེན་པོ་ཞེས་པའི་ངོ་བོ་ནི། འཁོར་འདས་ཐམས་ཅད་ལ་ཁྱབ་པ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཁྱད་པར་བདུན་ལྡན་ནོ། །ངེས་ཚིག་ནི། མ་ཧཱ་མུ་དྲའི་སྒྲ་ལས་དྲངས་ན། འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་འདི་ལས་མི་འདའ་བས་ཕྱག་རྒྱ་དང་། དེ་ལས་གོང་དུ་ཆོས་གཞན་མེད་པས་ན་ཆེན་པོ་ཞེས་བྱ་སྟེ་གཞི་མཐུན་པའི་བསྡུ་བའོ། །དབྱེ་ན། གཞི་ལམ་འབྲས་གསུམ་ལས། དང་པོ་ནི། གནས་ལུགས་ཀྱི་དོན་དེ་ཉིད་རྟོགས་པ་རྟོགས་ལས་གྲོལ་འཁྲུལ་གཉིས་སུ་བྱུང་བས་ན། འཁོར་འདས་ཀྱི་ཆོས་ཀུན་དེ་ལས་མི་འདའ་བས་ཕྱག་རྒྱ། དེ་ཉིད་ལས་གཞན་པའི་ཆོས་ཀྱི་སྐུ་ཞེས་བཙལ་དུ་མེད་པས་ཆེན་པོ། གཉིས་པ་ནི། བླ་མའི་མན་ངག་གིས་ངོ་སྤྲད་ནས་ཉམས་སུ་བླངས་པའི་ཚེ་ནའང་། ཤེས་དང་ཤེས་བྱ་ཐམས་ཅད་དེའི་གདངས་ལས་མི་འདའ་བས་ཕྱག་རྒྱ། དེ་ལས་གཞན་པའི་སངས་རྒྱས་ཀྱི་ཡེ་ཤེས་བཙལ་དུ་མེད་པས་ཆེན་པོ། གསུམ་པ་ནི། ལམ་གྱིས་གློ་བུར་བའི་དྲི་མ་སྦྱངས་པས་གཞིའི་བཞུགས་ཚུལ་མངོན་དུ་གྱུར་པའི་སྐབས། སྐུ་དང་ཡེ་ཤེས་ཀྱི་རྣམ་རོལ་ཐམས་ཅད་དེ་ལས་མི་འདའ་བས་ཕྱག་རྒྱ། མཐར་ཐུག་པའི་གོ་འཕང་ཡིན་པས་ཆེན་པོའོ། །མདོར་ན་སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས་པ་ཡིད་ལ་མི་བྱེད་པ་ཕྱག་རྒྱ་ཆེན་པོའི་འབྲས་བུ་ལ་སྦྱོར་བའི་མདོ་སྔགས་ཀྱི་གསེང་ལམ་ཁྱད་པར་ཅན་ཏེ། རྗེ་བཙུན་སྒམ་པོ་པས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །དེ་ཕྱིར་སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས། །ཞེས་དང་། སེམས་དང་རྣམ་རྟོག་ཆོས་སྐུ་གསུམ། །དང་པོ་ལྷན་ཅིག་སྐྱེས་པ་སྟེ། །གདམས་པས་གཅིག་ཏུ་སྦྱོར་བའི་ཕྱིར། །ལྷན་ཅིག་སྐྱེས་སྦྱོར་མི་ཟེར་བས། །ཞེས་སོ། །དེ་ལྟ་བུའི་དོན་ཉམས་སུ་བླངས་པའི་དུས་སུ་དྭངས་མའི་ཤེས་པ་སྟེ་ཐ་མལ་རྩིག་པ་མ་བཅོས་པ་ཉིད། ཏེ་ལོ་ལས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་ཚིག་ལས་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏེ་ལོ་ང་ཡིས་ཅི་ཡང་བསྟེན་དུ་མེད། །རང་གིས་རང་ལ་མཚོན་ཏེ་ཤེས་པར་བྱོས། །ཞེས་གསུངས་པ་ལྟར་གཞི་ལྟ་བའི་གནས་ལུགས། རང་ངོ་ཤེས་ནས་མི་༡མནོ་མི་བསམ་༢མི་དཔྱད་༣ཅིང་། །མི་༤བསྒོམ་མི་སེམས་༥རང་བབས་༦བཞག །ཅེས་པའི་ཚུལ་གྱིས་མ་ཡེངས་དྲན་འདུན་དང་། །བཅས་ལམ་བསྒོམས་པས་ཉམས་སུ་བླང་བ་ནི་ལམ་གྱི་དངོས་གཞི་དང་། དེའི་ཡན་ལག་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་ཐབས་ལམ་ཟབ་མོ་བསྒོམས་པས་ལྟ་སྤྱོད་ཟུང་དུ་སྦྲེལ་བ་སྟེ། དེ་ཡང་རྒྱུད་དང་འབྲེལ་བའི་ཐབས་ལམ་ལ་བཀའ་ཡང་དག་པའི་ཚད་མར། གཏུམ་མོ་ལས་ཀྱི་ཕྱག་རྒྱ་དང་། །སྒྱུ་མ་རྨི་ལམ་འོད་གསལ་དང་། །བར་དོ་འཕོ་བ་གྲོང་འཇུག་གོ། །ཞེས་གཏུམ་མོ་ལམ་གྱི་རྩ་བ། ལས་རྒྱ་ལམ་གྱི་བོགས་འདོན། སྒྱུ་ལུས་ལམ་གྱི་སྲོག་ཤིང་། རྨི་ལམ་ལམ་གྱི་དྲོད་ཚད། འོད་གསལ་ལམ་གྱི་སྙིང་པོ། བར་དོ་ལམ་གྱི་བློ་ཆོད། འཕོ་བ་ལམ་གྱི་སུན་མ། གྲོང་འཇུག་ལམ་གྱི་ཆད་མཐུད་དེ་ཆོས་བརྒྱད་དང་། བྱིན་རླབས་དང་འབྲེལ་པ་སྙན་བརྒྱུད་ལ། ལས་རྒྱ་དང་། གྲོང་འཇུག་མ་གཏོགས་ཆོས་དྲུག་དང་། གཞན་ཡང་འཕོ་བ་བར་དོའི་ཁོངས་སུ་བསྡུས་པའི་ཆོས་ལྔ་དང་། འཁོར་ལོ་བཞི་སོགས་ཀྱི་དབང་དུ་བྱས་པའི་གཏུམ་མོ། །སྒྱུ་ལུས། འོད་གསལ། རྨི་ལམ་སྟེ་བཞི་དང་། རྩ་བ་དང་ཡན་ལག་གི་ཆོས་གཉིས་སུ་བསྡུ་བ་སོགས་བཀའ་བརྒྱུད་དྭགས་པོའི་ཉམས་ལེན་གཙོ་བོ་ཡིན། །རྟེན་གཞིའི་གཙོ་བོ་བྱིན་རླབས་ཅན་མ་རྒྱུད་བདེ་མཆོག་སྟེ། །བཀའ་བབས་ཆུ་བོ་བཞི་འདུས་གྲུབ་ཆེན་ཏཻ་ལོ་ཤེས་རབ་བཟང་པོའི་སློབ་མ། བྱང་སྒོ་སྲུང་བའི་པཎྜི་ཏ་ནཱ་རོ་ཏཱ་པའི་སྟེ་མི་མཆོག་ཞབས་སམ། རྩོད་མེད་ཞབས་ཞེས་གྲགས་པ་ཁྱད་པར་གདམས་པ་མཆོག །དང་པོར་བཀའ་བབས་དགྱེས་མཛད་རྡོ་རྗེ་མི་ཡི་དངོས་སྣང་རྗེ་བཙུན་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཡིས། །ཐུགས་ཉམས་བཞེས་ནས་གངས་རིའི་ཁྲོད་འདིར་སྤེལ་བ་ལས། སློབ་མའི་གཙོ་བོ་མཚུར་རྔོག་མེས་གསུམ་གྱི་བཤད་པ་དང་། མི་ལས་སྒྲུབ་པའི་སྲོལ་བཟུང་། དེའི་སློབ་མ་ཉི་ཟླ་ལྟ་བུ་དྭགས་པོ་རིན་པོ་ཆེ་དང་། རས་ཆུང་པ་གཉིས། སྔ་མའི་སློབ་མ་ཕག་གྲུའི་ཐུགས་སྲས་རྒྱལ་ཚ་རིན་པོ་ཆེ་དང་། ཀུན་ལྡན་རས་ཆུང་མཆེད་གཉིས་ལས་འཕེལ་བའི་ཁྲོ་ཕུ་པ་དང་གླིང་རས་སློབ་མ་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་ལས་དཔལ་ལྡན་འབྲུག་པ་དང་། དྭགས་པོའི་སློབ་མ་སྒོམ་ཚུལ་གྱི་ཐུགས་སྲས་ཞང་འགྲོ་བའི་མགོན་པོ་ལས་ཚལ་པ་བཀའ་བརྒྱུད་དྭགས་པོའི་སློབ་མ་སྤྱན་རས་གཟིགས་ཀྱི་སྤྲུལ་སྐུ་ཀརྨ་པ། དུས་གསུམ་མཁྱེན་པ་ལས་ཀྃ་ཚང་བཀའ་བརྒྱུད། ཕག་གྲུའི་སློབ་མ་འབྲི་གུང་པ་རིན་ཆེན་དཔལ་ལས་འབྲི་གུང་བཀའ་བརྒྱུད། སྟག་ལུང་ཐང་པ་བཀྲ་ཤིས་དཔལ་ལས་སྟག་ལུང་བཀའ་བརྒྱུད་དེ་འབྲི་སྟག་རྣམ་གཉིས་སྐལ་ལྡན་ཟ་ར་བ་ཡེ་ཤེས་སེང་གེའི་སློབ་མ་རྒྱལ་བ་གཡའ་བཟང་བ་ལས་གཡའ་བཟང་བཀའ་བརྒྱུད། བཀའ་བརྒྱུད་དེ་རྣམས་ཕལ་ཆེར་གྱི་འབྱུང་གནས། འགྲོ་མགོན་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་གདན་ས་པ་སྤྱན་སྔ་རིན་པོ་ཆེ་ལས་ཕག་གྲུ་བཀའ་བརྒྱུད་དེ། མདོར་ན་ཕྱག་རྒྱ་ཆེན་པོ་ལ་བཤད་པ་དང་། ཉམས་ལེན་གྱི་སྲོལ་གཉིས་ལས། དང་པོ་ནི། ཇོ་བོ། མར་པ། དངུལ་ཆུ་བཻ་རོ། ཀོང་ནི་རུ་བ། རྒྱ་གར་ཕྱག་ན། བལ་པོ་ཨ་སུ། རས་ཆུང་བ། མངའ་རིས་ནག་པོ་སྟེ་བརྒྱད་ཙམ་བྱུང་བ་ལས། སྔོན་དར་རྒྱས་ཆེ་ནའང་། དེང་སང་ཆེར་མི་སྣང་ལ། ཕྱི་མ་ཉམས་ལེན་སྒྲུབ་བརྒྱུད་ཀྱི་སྲོལ་རྨད་དུ་བྱུང་བ་ནི་ས་གསུམ་མཉམ་མེད་དྭགས་པོའི་བཀའ་བརྒྱུད་དེ། དེའི་བཤད་སྒྲུབ་ཉམས་ལེན་གྱིས། །གངས་ཅན་རི་སུ་ལ་ཕལ་ཆེར་མཛེས་པར་བྱས་པ་ལས་ཀྱང་། དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ནི། རྗེ་རྒོད་ཚང་པ་ལས་སྟོད་འབྲུག་གནམ་གྱི་སྐར་མ་ལྟ་བུ་དང་། རྒྱལ་བ་ལོ་རས་པ་ལས་སྨད་འབྲུག་སའི་དྲེགས་པ་ལྟ་བུ་བྱུང་བས་མཚོན། མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཅེས་ཀུན་ལ་རླུང་ལྟར་དུ་གྲགས་པས་བརྒྱུད་འཛིན་ཆུ་བོའི་གཏེར་ལྟ་བུ་སྟེ། དེ་རྣམས་ཀྱི་ཉམས་བཞེས་ནི། ལྟ་བ་གཙོ་བོར་སྟོན་པ་གདམས་ངག་ཕྱག་རྒྱ་ཆེན་པོ། སྒོམ་པ་གཙོ་བོར་བཏོན་པ་གདམས་ངག་ནཱ་རོ་ཆོས་དྲུག །སྤྱོད་པ་གཙོ་བོར་བཏོན་པ་གདམས་ངག་འབྱུང་བ་རོ་སྙོམས། འབྲས་བུ་གཙོ་བོར་སྟོན་པ་གདམས་ངག་རྟེན་འབྲེལ། ཀུན་ལ་གཅེས་པའི་གདམས་ངག་ལམ་ཟབ་བླ་སྒྲུབ་ལྔ་ནི་གཞུང་ཆོས་ལྟ་བུ་དང་། གཞན་གདམས་ངག་བསམ་གྱིས་མི་ཁྱབ་པ་ནི་ཟུར་འདེབས་ལྟ་བུར་མཛད་དོ། །སྤྱིར་བཀའ་བརྒྱུད་ཅེས་པའི་སྒྲ་དོན་ནི། རྗེ་དྭགས་པོ་རིན་པོ་ཆེ་བསོད་ནམས་རིན་ཆེན་གྱིས་དང་པོར་བཀའ་གདམས་པའི་ཆོས་ཀྱི་བདུད་རྩི་གསོལ་ནས། ཕྱིས་ཕྱག་རྒྱ་ཆེན་པོའི་བརྒྱུད་པ་རིན་པོ་ཆེ་ལ་ཞུགས་ནས་རྟོགས་པ་བརྙེས་པས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་གཞུང་བཟུང་བའི་ཕྱིར་དེ་སྐད་ཅེས་བརྗོད་དོ། །གཟུང་བའི་ཆོས་ཀུན་རང་རང་ངོ་བོས་སྟོང་། །འཛིན་པའི་སེམས་ཀྱང་སྤྲོས་བྲལ་སྟོང་པ་ཉིད། །སྤྲོས་མེད་ངང་ནས་གསལ་སྟོང་མི་གཡོ་བ། །ཞི་བྱེད་ཆོས་ཀྱི་ཉམས་ལེན་གཙོ་བོ་ཡིན་ཏེ། དེ་ཡང་སྤྱིར་ལམ་འདི་ལ་དབང་པོའི་རིམ་པས་འཁྲིད་ཚུལ་བསམ་གྱིས་མི་ཁྱབ་ཀྱང་རེ་ཞིག་གདན་རྫོགས་བདུན་གྱི་མན་ངག་ལྟར་ན། ཟབ་མོ་བརྡ་ཡི་དབང་བཞིས་སྨིན་པར་བྱ་བ་སྔོན་དུ་སོང་ནས། དབང་པོ་རབ་གཟུང་འཛིན་ལས་འདས་པའི་གཉུག་མའི་སེམས་མ་བཅོས་པའི་གནས་ལུགས་མངོན་སུམ་དུ་མཐོང་བས་ཅིག་ཅར་དུ་འཚང་རྒྱ་བར་བྱེད་པ་དཀར་༡ཁྲིད་རིག་པ་གཅེར་མཐོང་གི་གནད། འབྲིང་སྒོ་གསུམ་ཆ་མཉམ་གྱི་ཐིག་ལེ་སྦྱང་བ་བླ་མ་སྐུ་བཞིའི་ལམ་རྫོགས་པས་ཐོད་རྒལ་དུ་སྐུ་བཞིར་གྲུབ་པ་སྨར་༢ཁྲིད་མོས་གུས་ཆིག་ཆོད་ཀྱི་གནད། ཐ་མ་རིམ་འཇུག་གི་ལམ་ལྔ་ཐོབ་པས་ནག་ཁྲིད་གདམས་ངག་ཕྲ་ཆོད་པའི་གནད་དང་གསུམ་ལས། ཕྱི་མ་ལའང་། ཕྱི་མཚན་ཉིད་ཀྱི་གདམས་པ་སྐབས་བརྒྱད་རྩ་བ་གཅིག་ཏུ་བསྡུས་ནས་ལམ་ལྔ་གདན་གཅིག་ཏུ་ཉམས་སུ་བླངས་པ་ལ་བརྟེན་ནས་ཚོགས་ལམ་བློ་སྦྱོང་གིས་ལམ་༣བགྲོད། ཕ་རྒྱུད་གཡོ་བའི་རླུང་སྤར་འཛིན་གྱི་ལམ་རིམ་ལྔ་གདན་གཅིག་ཏུ་རྫོགས་པ་ལ་བརྟེན་ནས་སྦྱོར་ལམ་དཀའ་ཐུབ་ཀྱི་སྲང་དུ་བཅུག །མ་རྒྱུད་བདེ་བ་ཉམས་ཀྱི་གདམས་ངག་ཕྱག་རྒྱ་བཞི་གདན་༥རྫོགས་སུ་བསྒོམ་པ་ལ་བརྟེན་ནས་མཐོང་ལམ་གྱིས་རྗེས་བཅད། སྙིང་པོ་དོན་གྱི་གདམས་པ་རྣལ་འབྱོར་བཞི་འམ་༦ཏིང་ངེ་འཛིན་བཞི་གདན་རྫོགས་སུ་བསྒོམ་པ་ལ་བརྟེན་ནས་སྒོམ་ལམ་རོ་སྙོམས་ཀྱི་བོགས་དབྱུང་། རིག་པ་རང་གྲོལ་གྱི་གདམས་པ་སྦྱོར་བ་ཡན་༧ལག་དྲུག་གདན་རྫོགས་སུ་བསྒོམ་པ་ལ་བརྟེན་ནས་མཐར་ཕྱིན་བྱ་བྲལ་གྱི་ལམ་ཐོབ་པར་བྱ་བའོ། །ཞི་བྱེད་ཅེས་པའི་སྒྲ་དོན་ནི། བོད་དུ་བྱོན་པའི་འཁྲིད་ཚུལ་ཕལ་མོ་ཆེས་སློབ་མ་མི་དགེ་བ་ལས་བཟློག་ཏུ་བཅུག་ནས་གཟོད་དའི་སེམས་རྒྱུད་ཀྱི་ཉོན་མོངས་སྦྱོང་བར་བྱེད་པ་གཙོ་ཆེ་ལ། འདིར་ནི་སྔོན་ལས་ཀྱི་དབང་གིས་ལུས་དམན་པ་དང་། ནད་བུ་ཅན་དུ་གྱུར་པ་སོགས་སྡུག་བསྔལ་རྣམས་འཕྲལ་འཕྲལ་དུ་ཞི་བར་བྱས་ནས་རྣལ་འབྱོར་ལ་སྦྱོར་བཟོད་པར་བྱེད་པས་ན་དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་བྱ་སྟེ། ཡུམ་ལས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། །ཞེས་དང་། འཇམ་དཔལ་སྒྱུ་དྲྭ་ལས། སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་ཞི། །སྲིད་གསུམ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་རྣམ་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཞེས་སོགས་གསུངས་པ་ལ་བརྟེན་ནས་བཏགས་པར་མཛད་ཅིང་། ངོ་བོ་ཕ་རོལ་ཏུ་ཕྱིན་པ་སྔགས་དང་རྗེས་སུ་མཐུན་པ་ཞེས་མདོ་རྒྱུད་ཐམས་ཅད་ཀྱི་ཟབ་གནད་གཅིག་ཏུ་དྲིལ་བའི་གདམས་པ་ཁྱད་པར་ཅན་ནོ། །རྟེན་གཞིའི་གཙོ་བོ་སྤྱི་མདོ་ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་སོགས་དང་། སྒོས་མདོ་ཆུ་ཀླུང་རོལ་པའི་མདོ། །རྒྱ་གར་བཻ་ཏཱའི་ཡུལ་གྱི་ཙ་ར་སེང་ངར་འཁྲུངས་པའི་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལའམ་འགྲོ་བའི་མགོན་པོ་དམ་པ་སངས་རྒྱས་ཞེས་བྱ་བ་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་ལས་གདམས་པ་ཟབ་མོ་མཐའ་དག་གསན་ནས་རྩེ་གཅིག་ཏུ་བསྒྲུབ་པ་ལ་གཞོལ་བས། ཐུགས་དམ་བདེར་གཤེགས་བཅུ་གཉིས་དང་། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་སོགས་ཀྱི་ཞལ་གཟིགས། ཐུན་མོང་གི་དངོས་གྲུབ་གྲུབ་པ་ཆེན་པོ་བརྒྱད་དང་། མཆོག་གི་དངོས་གྲུབ་མཐོང་ལམ་ཆེན་པོའི་ཡེ་ཤེས་བརྙེས་པ་དེ་ཉིད་ཀྱི་ཁྱད་པར་གདམས་པ་མཆོག །བོད་ཡུལ་འདིར་བརྡ་དང་གསུང་གིས་གཞན་ལ་གདུལ་བྱ་སོ་སོའི་དབང་པོ་དང་འཚམས་པར་སྔ་ཕྱི་བར་གསུམ་དུ་བསྟན་པ་ལས། །གངས་རིའི་ཁྲོད་འདིར་བརྒྱུད་པ་རིམ་པ་གསུམ། །བརྒྱུད་པ་དང་པོ་དམ་པས་ཁ་ཆེ་ཛྙཱ་ན་གུ་ཧྱ་ལ་ཞི་བྱེད་སྒྲོན་མའི་སྐོར་གསུམ་སོགས་གན ང་ཞིང་། དེ་དང་དམ་པ་གཉིས་ཀས་རྗེ་བཙུན་ཨོང་པོ་ལོ་ཙཱ་བ་ལ་གནང་བ་དང་། ཛྙཱ་ན་གུ་ཧྱས་པུ་ཧྲང་ལོ་ཆུང་ལ་བཤད་པ་སོགས་དང་། བརྒྱུད་པ་བར་པ་རྨ་ཆོས་ཀྱི་ཤེས་རབ་ལ་ཕྱག་ཆེན་སྐོར་སོ་ཆུང་དགེ་འདུན་འབར་ལ་རིག་པ་ཅེར་མཐོང་གི་མན་ངག །ཀམ་ཚུལ་ཁྲིམས་རྒྱལ་མཚན་ལ་རྟོག་པ་ལམ་ཁྱེར་གདམས་ངག་གནང་བ་སོགས་རྨ་སོ་ཀ་གསུམ་ཕྲན་དང་བཅས་པ་དང་། བརྒྱུད་པ་ཐ་མ་དམ་པ་ཕྱར་ཆེན་ལ་ཤེར་ཕྱིན་བསྒོམ་ཡོད་བསྒོམ་མེད་གཉིས་སུ་ངོ་སྤྲད་ནས་ཆོ་ལུ་དང་། མདོ་སྦྱོར་དང་། དོན་སྡེབ་གསུམ་གྱིས་སྤྲོས་པ་བཅད། དམ་པ་ཕྱར་ཆུང་ལ་སྔགས་དང་ཕར་ཕྱིན་གཉིས་མེད་ཀྱི་གདམས་པས་ངོ་སྤྲད་དེ། བསྙེན་སྒྲུབ་བཞིའི་སྲང་དུ་བཅུག །བཛྲ་ཀྲོ་དྷ་བྱིན་རླབས་ཀྱི་ལམ་པ་ཡིན་གསུངས་ནས་རྟག་ཏུ་གསོལ་བ་འདེབས་སུ་བཅུག །བྱང་ཆུབ་སེམས་དཔའ་ཀུན་དགའ་ནི་གང་ཟག་རིམ་གྱིས་པ་ཡིན་གསུངས་ནས། བློ་སྦྱོང་གནང་ནས་དཀའ་ཐུབ་ཀྱི་སྲང་རྐྱང་ཁུག་ལམ་ལྔས་བསྡུས་པ་ལ་བཅུག་པ་སྟེ། སྒོ་བའི་རྣལ་འབྱོར་པ་བཞི་ཡིས་མཚོན་བུ་ཆེན་བདུན་གྱི་ལུགས་དང་། མ་ཇོ་ཉི་ཤུ་རྩ་བཞི་སོགས་གྲུབ་པའི་སྐྱེས་བུ་བགྲང་ལས་འདས་པ་བྱོན་པས་སོ་སོའི་ལུགས། སྲོལ་ཕྲ་མོ་བསམ་གྱིས་མི་ཁྱབ་ཀྱང་། སྐྱེ་བ་ལྔར་དམ་པས་རྗེས་སུ་བཟུང་ཞིང་། ང་དང་དགོངས་པ་མཉམ་པ་ཀུན་དགའ་ཡིན་ཅེས་བསྔགས་པ་ཆིག་བརྒྱུད་ཀྱི་མངའ་བདག་དམ་པ་ཀུན་དགའ་ཞེས་ཐུགས་སྲས་མཆོག་ཏུ་གྱུར་པས་གང་གིས་བ་ཚབ་བསྒོམ་པ་དང་། དེས་རྒྱལ་བ་ཏེ་ནེ། དེས་རོག་ཤེས་རབ་སེང་གེ་སྐུ་མཆེད་ལ་གནང་བ་སོགས་ཤིན་ཏུ་དར་རྒྱས་ཆེ་བར་བྱུང་བ་ནི་ལུགས་སྲོལ་ཁྱད་པར་དུ་འཕགས་པ་ཞིག་ཡིན་ལ། སྤྱིར་བརྒྱུད་པ་བར་པ་བཀའ་ཐ་མ་དང་། བརྒྱུད་པ་ཐ་མ་སྔགས་དང་གཙོ་བོར་མཐུན་ནོ། །སོར་སྡུད་བསམ་གཏན་སྟོང་གཟུགས་འཆར་བ་དང་། །སྲོག་རྩོལ་འཛིན་པས་སྲོག་གནས་འགོག་པར་བྱེད། །རྗེས་དྲན་ཏིང་འཛིན་བདེ་ཆེན་བསྐྱེད་པ་དེ། །སྦྱོར་དྲུག་ཆོས་ཀྱི་ཉམས་ལེན་གཙོ་བོ་ཡིན་ཏེ། དེ་ཡང་དུས་འཁོར་རྩ་རྒྱུད་ལས། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་པ་ལྟར། བསྒྲུབ་བྱ་ནི་དེ་བཞིན་གཤེགས་པའི་གསང་བ་གསུམ་དང་། སྒྲུབ་བྱེད་སྦྱོར་བ་ཡན་ལག་དྲུག་ཡིན་ལ། ཇི་ལྟར་བསྒྲུབ་ཚུལ་ནི། སོར་བསམ་གཉིས་ཀྱིས་དབུ་མ་སྦྱངས་ཤིང་རྡོ་རྗེའི་སྐུ་རྣམ་པ་ཐམས་ཅད་པ་སྒྲུབ། སྲོག་རྩོལ་གྱིས་དེར་རོ་རྐྱང་གི་རླུང་འཛུད་ཅིང་། འཛིན་པས་དེ་བརྟན་པར་བྱས་པས་རྡོ་རྗེའི་གསུང་རྣམ་པ་ཐམས་ཅད་པ་སྒྲུབ། རྗེས་དྲན་གྱིས་ཕྱག་རྒྱ་ལ་བརྟེན་ནས་བྱང་སེམས་བཞུ་བ་དེ་ཟག་བྲལ་གྱི་ངང་དུ་བཟུང་བའི་འགྱུར་མེད་ཀྱི་བདེ་བ་དང་། ཏིང་འཛིན་གྱིས་དེ་ཉིད་ཁ་སྦྱོར་ཏེ་གཟུགས་ཀྱི་སྐུ་དང་དབྱེར་མེད་དུ་བྱས་པས་བདེ་སྟོང་ཟུང་འཇུག་རྡོ་རྗེའི་ཐུགས་རྣམ་པ་ཐམས་ཅད་བསྒྲུབ་པའོ། །གཞན་ཡང་སོར་བསམ་གཉིས་སྐུ་རྡོ་རྗེའི་རྣལ་འབྱོར་བསྙེན་པའི་ཡན་ལག །སྲོག་འཛིན་གཉིས་གསུང་རྡོ་རྗེའི་རྣལ་འབྱོར་ཉེར་སྒྲུབ་ཀྱི་ཡན་ལག །རྗེས་དྲན་ཐུགས་རྡོ་རྗེའི་རྣལ་འབྱོར་སྒྲུབ་པའི་ཡན་ལག །ཏིང་ངེ་འཛིན་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་སྒྲུབ་ཆེན་གྱི་ཡན་ལག་གམ། སོར་བསམ་གཉིས་གཟུགས་སྒྲུབ་ཀྱི་ཡན་ལག །སྲོག་འཛིན་གཉིས་སྲོག་སྒྲུབ་ཀྱི་ཡན་ལག །རྗེས་དྲན་བདེ་བ་སྒྲུབ་པའི་ཡན་ལག །ཏིང་ངེ་འཛིན་བདེ་བ་སྒྲུབ་པའི་ཡན་ལག་ཅེས་ཀྱང་བྱའོ། །དེ་ཡང་དུས་ཞབས་སྙན་བརྒྱུད་ལས། ཀུན་ལ་དྲུག་དྲུག་ཅེས་བྱ་སྟེ། ཞེས་གསུངས་པ་ལྟར། ཡན་ལག་དྲུག་པོ་རེ་རེ་ལའང་། ངོ་༡བོ་ངེས་༢ཚིག་དབྱེ་བ་༣དང་། །རིགས་༤བདག་བསྐྱེད་༥ཐབས་འབྲས་༦བུའོ། །ཞེས་དོན་ཚན་དྲུག་དྲུག་གི་སྒོ་ནས་གཏན་ལ་འབེབས་ཚུལ་སོགས་རྒྱས་པར་བསྙེན་སྒྲུབ་ཡན་ལག་བཞི་ཡི་རྣམ་གཞག་ཏུ་བཤད་པ་ལྟར་དང་བླ་མ་གོང་མ་རྣམས་ཀྱིས། སྔོན་འགྲོ་ལྟོས་མེད་དྲུག་ལྡན། དངོས་གཞི་རྣལ་འབྱོར་དྲུག་ལྡན། རྗེས་སྲུང་སྡོམ་དྲུག་ལྡན་ཞེས་པའི་ཆིངས་ཀྱང་མཛད་དོ། །རྟེན་གཞིའི་གཙོ་བོ་དཔལ་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དང་། དེ་ལས་འཇམ་དཔལ་གྱི་སྤྲུལ་པ་རིགས་ལྡན་གྲགས་པ་མཉེ་བར་བསྡུས་པའི་རྒྱུད། ལེའུ་ལྔ་པའི་བདག་ཉིད་འགྲེལ་ཆེན་དང་བཅས་པ་སྟེ། ཐོག་མར་སྤྲུལ་པའི་རིགས་ལྡན་རྣམས་ཀྱི་ཤམྦྷ་ལར་དར་རྒྱས་སུ་མཛད། དེ་ནས་འཕགས་ཡུལ་དུ་ཙི་ལུ་པཎྜི་ཏས་སྤེལ་ཞིང་། དེའི་སློབ་མ་པིཎྜོ་ཨཱ་ཙརྻ་སྟེ་སློབ་དཔོན་བསོད་སྙོམས་པར་གྲགས་པ་དང་། དེའི་སློབ་མ་དུས་ཞབས་པཎ་ཆེན་ཏེ། དུས་འཁོར་ཞབས་པ་ཆེན་པོའམ། ཙི་ལུ་པ་ཆུང་བར་ཡང་གྲགས་པ་དེས། སྤྲུལ་པའི་རིགས་ལྡན་ལས་ཀྱང་དངོས་སུ་དབང་བཤད་མན་ངག་མཐའ་དག་གསན་ནས་ཁྱད་པར་གྱི་གདམས་པ་མཆོག །འདི་རྩལ་དུ་བཏོན་ནས་འཆད་པར་མཛད་པ་ལས། སློབ་མའི་མཆོག་ཨ་ཝ་དྡྷུ་ཏི་པ། ངག་གི་དབང་ཕྱུག །ཤྲཱི་བྷ་དྲ་བོ་དྷི། ན་ལེནྡྲ་པ་སྟེ་འདི་གསུམ་ཀ་ལ་དུས་ཞབས་པ་ཆུང་བར་སོ་སོར་གྲགས་པ་སོགས་མཁས་ཤིང་དངོས་གྲུབ་བརྙེས་པ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན། བོད་ཡུལ་འདིར་དང་པོར་བཀའ་བབས་གྱི་ཇོ་ལོ་ཙཱ་ཟླ་བའི་འོད་ཟེར་ཡིས། དུས་ཞབས་པ་ཆུང་བ་ཤྲཱི་བྷ་དྲ་བོ་དྷི་སྤྱན་དྲངས་ནས་རྒྱུད་འགྲེལ་རྫོགས་པར་བསྒྱུར་ཅིང་། རང་གིས་ཐུགས་ཉམས་བཞེས་ནས་གངས་རིའི་ཁྲོད་འདིར་སྤེལ་བ་ལས་སློབ་མ་ཁྲོམ་ལོ་ཙཱ་བ་པདྨ་འོད་ཟེར་སོགས་བུ་ཆེན་བཞིར་གྲགས་པ་བྱུང་། ཁྲོམ་ལོས་བླ་མའི་གསུང་ཟིན་བྲིས་སུ་མཛད་པ་ལས་བརྒྱུད་པའི་གྱི་གྱོ་ལུགས་དང་། ནཱ་ལནྡྲེ་པའི་སློབ་མ་མཉྫུ་ཀཱིརྟི། དེའི་སློབ་མ་བལ་པོ་ས་མནྟ་ཤྲཱི། དེ་ལས་རྭ་ལོ་ཙཱ་བ་ཆོས་རབ་ཀྱིས་གསན་པའི་རྭ་ལུགས་དང་། དེ་བཞིན་དུ། ནཱ་ལེནྡྲ་པ། ཁ་ཆེ་ཟླ་གཞོན་འབྲོ་ཤེས་རབ་གྲགས། སྒོམ་པ་དཀོན་མཆོག་སྲུང་སོགས་ལས་བརྒྱུད་པའི་འབྲོ་ལུགས། ནཱ་ལེནྡྲ་པའི་སློབ་མ་རྩ་མི་བསོད་སྙོམས་པ་སངས་རྒྱས་གྲགས་ནས་བརྒྱུད་པའི་རྩ་མི་ལུགས། དེའི་སློབ་མ་སེ་ལོ་ཙཱ་བ་གཞོན་ནུ་ཚུལ་ཁྲིམས་དང་། དེ་ལས་གཉོས་དར་མ་འོད་ཀྱིས་གསན་པ་སོགས་གཉོས་ལུགས། ནཱ་ལནྡྲེ་པ། ཨ་བྷྲ་ཡཱ་ཀཱ་ར། ནིངྐ་ལཾ་ཀ །བལ་པོའི་པཎྜི་ཏ་རེ་བེནྡྲ། ཆག་ལོ་ཆོས་རྗེ་དཔལ་སོགས་ལས་བརྒྱུད་ཆག་ལོ་ལུགས། ཨ་བྷཱ་ཡ། བིཀྵྱ་ཏཱ་དཔེ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། དཔྱལ་ཆོས་ཀྱི་བཟང་པོ་སོགས་ལས་བརྒྱུད་པའི་པཎ་ཆེན་ལུགས་སམ་དཔྱལ་ལོ་ལུགས། རྭ་ཆོས་རབ་ནས། ཡེ་ཤེས་སེང་གེ། འབུམ་སེང་རོང་། པ་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ་སོགས་ལས་བརྒྱུད་པའི་རོང་ལུགས། ཙཱ་མི་ནས་ཁམས་པ་རྒྭ་ལོ་གཞོན་ནུ་དཔལ་ལ་བརྒྱུད་པ་དང་། དེ་ཉིད་ཀྱི་ཞང་ཚལ་པ་གནང་བའི་ཚལ་ལུགས། གྲུབ་ཆེན་ཤཱ་བ་རི་དབང་ཕྱུག་གིས་པཎ་ཆེན་བི་བྷཱུ་ཏི་ཙནྡྲ་ལ་དངོས་སུ་བསྩལ་ཞིང་། དེས་ཀོ་བྲག་པ་བསོད་ནམས་རྒྱལ་མཚན་ལ་གནང་བ་ཀོ་བྲག་ལུགས། མཉྫུ་ཀཱིརྟི་དང་། ཨ་བྷཱ་ཡས་གཉན་ལོ་དང་། རྒྭ་ལོ་གཉིས་ལ་གསུངས་ཤིང་། དེ་གཉིས་ཀ་ལས་བླ་མ་འགོས་ཀྱིས་གསན་པ་སོགས་འགོས་ལུགས། ཆག་ཆོས་རྗེ་དཔལ། གོ་ལུང་པ་མདོ་སྡེ་དཔལ། མཁས་གྲུབ་ཨོ་རྒྱན་པ། སྙེ་མདོ་ཀུན་དགའ་དོན་གྲུབ། རྗེ་རང་བྱུང་པ་སོགས་ལས་བརྒྱུད་པ་ཀར་ལུགས། གྲུབ་ཐོབ་སེ་མོ་ཆེ་བ་ནས། ཕོ་དོང་པ་རིན་ཆེན་རྩེ་མོ། སྟག་སྡེ་བ་སེང་གེ་རྒྱལ་མཚན། དེ་དང་གོ་ལུང་པའི་སློབ་མ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་དང་། དཔང་བློ་གྲོས་བརྟན་པ་སོགས་ལས་བརྒྱུད་པ་དང་། ཁམས་པ་རྒྭ་ལོ་ནས་ས་ཆེན་ལ་གནང་བའི་ས་ལུགས་རྣམས་དང་། ཁྱད་པར་དུས་ཀྱི་འཁོར་ལོ་གངས་ཅན་ཁྲོད་འདིར་ཤིན་ཏུ་དར་བར་མཛད་པ་ནི་ཇོ་ཞལ་གཉིས་ཏེ། དེ་ཡང་སྒོམ་པ་དཀོན་མཆོག་སྲུང་ནས། སྒྲོ་སྟོན་གནམ་ལ་བརྩེགས། གྲུབ་ཐོབ་ཡུ་མོ་བ། སྲས་དྷརྨེ་ཤྭ་ར། ནམ་མཁའ་འོད། གྲུབ་ཐོབ་སེ་མོ་ཆེ་བ། འཇམ་གསར་པ། ཀུན་མཁྱེན་ཆོས་འདོ། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་ཡེ། ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་དོལ་བུ་པ་ཤེས་རབ་རྒྱལ་མཚན་སོགས་ལས་བརྒྱུད་པ་ཇོ་ནང་ལུགས་དང་། ཆོས་འོད་ནས། འཕགས་འོད། བུ་སྟོན་རིན་ཆེན་གྲུབ་ལ་བརྒྱུད་པ་སོགས་བུ་ལུགས་ཏེ། ལུགས་འདི་གཉིས་ཀས་དང་པོར་རྭ་པའི་བརྒྱུད་པ་ལས་གསན་ཅིང་། ཕྱིས་འབྲོ་ལུགས་ལ་ཡང་དག་པར་ཞུགས་པས་གཙོ་བོར་རྭ་འབྲོའི་བརྒྱུད་པ་འཛིན་མོད། གཞན་དུ་སྦྱོར་དྲུག་མི་འདྲ་བ་ཕལ་ཆེར་གྱི་བཀའ་བབས་པ་དང་། དེར་མ་ཟད་ལུགས་སྲོལ་ཕྲན་ཚེགས་ནི་ལྐོག་ཕྲེང་བའི་ལུགས་དང་། ཀུན་སྤངས་པའི་སློབ་མ་ལ་སྟོད་དབང་རྒྱལ་ལུགས། སོགས་མང་དུ་བྱོན་པ་སྟེ། མདོར་ན་རྒྱ་གར་འཕགས་པའི་ཡུལ་དུ་དུས་ཞབས་པ་ཆེ་ཆུང་། ཤ་བ་རི། དཔེ་མེད་མཚོ། ཉི་མ་དཔལ་ཡེ་ཤེས། ནཱ་རོ་པ། ཁ་ཆེ་པཎ་ཆེན་གྱི་ལུགས་སོགས་དང་། བོད་འདིར་དར་བ་ལ། གྱོ་ཇོ། འབྲོ། རྭ། དིང་རི་ཆོས་གྲགས་ཏེ་སྔོན་བྱོན་བཞི། མན་ལུང་གུ་རུ། ཐར་ལོ། ཨོ་རྒྱན་པ། བི་བྷཱུ་ཏི་ཙནྡྲ་སྟེ་བར་བྱོན་བཞི། ཤ་བ་རི་ཐོག་མཐར་བར་གསུམ། ཕྱིས་བྱོན་རྒྱ་གར་ཤར་ཕྱོགས་པཏྣཱ་ག་རིའི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་ལས་བྱུང་བས་མཚོན་དེ་སོགས་ཟབ་ལམ་རྨད་དུ་བྱུང་བའི་འདི་གངས་ཅན་གྱི་འཛིན་མར་ཁྱབ་པར་ཤར་བ་ལས་ཀྱང་། རྡོ་རྗེའི་རྣལ་འབྱོར་ཟབ་མོའི་ཉམས་ལེན་ཆུ་ཕོའི་རྒྱུན་ལྟར་བར་མ་ཆད་པ་དང་ལྡན་པ་ནི་ཀུན་མཁྱེན་ཇོ་ནང་པ་ཡིན་ཏེ། ཀུན་སྤངས་རིན་པོ་ཆེར་བྱང་སེམས་ཡེ་སོགས་ཀུན་སྤངས་བུ་བཞིར་གྲགས་པ་དང་། ཀུན་མཁྱེན་དོལ་བུ་པར་ཀུན་མཁྱེན་ཆོས་གྲགས། ཕྱོགས་ལས་རྣམ་རྒྱལ། ཉ་དབོན་ཀུན་དགའ་དཔལ། མ་ཏི་རྣམ་གཉིས་སོགས་བསྟན་འཛིན་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་ནས། སློབ་བརྒྱུད་མཁས་ཤིང་སྦྱོར་བ་ཡན་ལག་གི་རྣལ་འབྱོར་ལྷུར་ལེན་པ་མང་པོས་སྟོད་མངའ་རིས་ནས་བཟུང་དབུས་གཙང་ཁམས་གསུམ་གྱི་རི་སུལ་ཕལ་ཆེར་གང་བས་ངེས་དོན་གྱི་བསྟན་པ་ཉིན་མོ་ལྟར་མཛད་དོ། །ལུས་རྩ་དག་པར་བྱེད་པ་སྐུ་ཡི་རྡོ་རྗེ་བསྙེན་པའི་ཡན་ལག་ལུས་གནད་བྱེད་པའི་བཅིངས་པའི་རྣལ་འབྱོར་རྒྱུ་སོར་སྡུད་དེའི་བྱེད་ལས། འབྲས་བུ་བསམ་གཏན་སྡེ་གསུམ་གྱི་སྒོ་ནས་གཏན་ལ་དབབ་པ་དང་། ངག་རླུང་དག་པར་བྱེད་པ་གསུང་གི་རྡོ་རྗེ་སྒྲུབ་པའི་ཡན་ལག་རྡོར་བཟླས་ཞེས་འཇུག་ལྡང་གནས་གསུམ་འབྲུ་གསུམ་གྱི་སྔགས་སུ་སྦྱར་བའི་རྣལ་འབྱོར་སྔོན་དུ་འགྲོ་བས་རྒྱུ་སྲོག་རྩོལ་དང་། དེའི་འབྲས་བུ་འཛིན་པ་དེ་གཉིས་ཀྱི་བྱེད་ལས། བྱེད་ལས་ཀྱིས་བསྒྲུབ་པའི་འབྲས་བུ་དང་བཞིའི་སྒོ་ནས་གཏན་ལ་དབབ་པ་དང་། ཡིད་ཐིག་ལེ་དག་པར་བྱེད་པ་ཐུགས་ཀྱི་རྡོ་རྗེ་སྒྲུབ་པ་ཆེན་པོའི་ཡན་ལག་ལ། འཇིག་རྟེན་པའི་ལས་རྫོགས་པར་བསྟན་པ་རྗེས་དྲན་དབང་པོ་རབ་གཏུམ་མོ། །འབྲིང་རང་ལུས། ཐ་མ་གཞན་ལུས་ལ་བརྟེན་པ་གསུམ། འཇིག་རྟེན་ལས་འདས་པའི་ལམ་རྫོགས་པར་བསྟན་པའི་ཏིང་ངེ་འཛིན་དམིགས་བཅས་དང་དམིགས་མེད་ཀྱི་བདེ་བ་ཆེན་པོ་གཉིས་སུ་མེད་པ་རང་རིག་པའི་བདེ་བ་ལ་སེམས་རྩེ་གཅིག་ཏུ་གནས་པས་དྭངས་མ་ཐིག་ལེ་ཕྱི་རོལ་དུ་འཕོ་རྒྱུ་ཐམས་ཅད་རྡོ་རྗེ་ནོར་བུ་ནས་ཕྱིར་འཛག་པ་མེད་པར་འཆིང་། །བ་རྣམས་ནི། གྲུབ་པའི་སློབ་དཔོན་ཨ་ཌཱི་ཡཱ་ན་པ་ལས་བྱུང་བའི་རྡོ་རྗེ་གསུམ་གྱིས་བསྙེན་སྒྲུབ་ཅེས་གྲགས་པའི་ཟབ་ཆོས་ཀྱི་ཆོས་ཀྱི་ཉམས་སུ་ལེན་བྱའི་གཙོ་བོ་ཡིན་པའི་ཚུལ། དཔལ་གསང་བ་འདུས་པ་ལས། ཁྱོད་ཀྱི་ལུས་སེམས་ལྟ་བུ་དང་། སེམས་ལུས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་བསྐྱེད་ཅིག །ཅེས་གཞི་དུས་སུ་རྡོ་རྗེ་གསུམ་མི་ཕྱེད་པའི་འབྲེལ་བཀོད་ནས། ལམ་དུས་སུ་རྡོ་རྗེ་གསུམ་དབྱེར་མེད་པའི་རྣལ་འབྱོར་བསྒོམས་པས། འབྲས་དུས་སུ་གསང་བ་གསུམ་གྱི་བདག་ཉིད་མངོན་དུ་བྱེད་པའི་གདམས་ངག་ཁྱད་པར་ཏེ། རྡོ་རྗེའི་ཚིག་རྐང་ལས། རྩ་སྦྱངས་པས་ནི་ལུས་ཀྱི་དྲི་མ་དག །རླུང་སྦྱངས་པས་ནི་ངག་གི་དྲི་མ་དག །འཛག་མེད་ཐོབ་པས་ཡིད་ཀྱི་བག་ཆགས་བཅོམ། །འཁོར་ལོའི་མདུད་པ་དགའ་བཞིའི་འགྲོས་ཀྱིས་བཤིག །མ་རིག་གཉིད་ནི་བརྒྱལ་བ་ལོག་པས་དྭངས། །ཆགས་བྲལ་ཉམས་པ་ཞེ་སྡང་ཟད་པའི་སེམས། །ཆགས་པ་དག་པས་བདེ་བ་ཆེན་པོར་གྲོལ། །ཅེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་ལམ་འདིའི་རྟེན་གཞིའི་གཙོ་བོ་ནི་མ་རྒྱུད་བདེ་མཆོག་འཁོར་ལོ་དང་། གཉིས་སུ་མེད་པ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་གཉིས་ལ་བརྟེན་ནས། སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་སྟོང་པ་ཉིད་རྣམ་ཀུན་མཆོག་ལྡན་ཡེ་ཤེས་སྒྱུ་མའི་གཟུགས་སུ་ཤར་བའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་ལེགས་པར་བཀྲལ་བའི་ཁྱད་པར་ཅན་གྱི་གདམས་པ་མཆོག་ཏུ་གྱུར་པ། གང་ཞིག་དང་པོར་བཀའ་བབས་མཁས་གྲུབ་ཨོ་རྒྱན་དང་། །ཐུགས་ཉམས་བཞེས་ནས་གངས་རིའི་ཁྲོད་འདིར་སྤེལ་བ་ཡིན་ཏེ། དེ་ཡང་གྲུབ་ཆེན་རིན་ཆེན་དཔལ་ཞེས་རྒྱལ་བ་རྒོད་ཚང་པའི་སློབ་མ་བརྟུལ་ཞུགས་རང་དང་མཉམ་པར་བསྔགས་པ་དེ་ཉིད་མཐོང་ལམ་གྱི་བདེན་པ་མངོན་སུམ་དུ་གཟིགས་པ་སྤྱོད་པས་མཐར་ཕྱིན་པར་བྱ་བའི་ཕྱིར་ཛ་ལནྡྷར་སོགས་གནས་ཆེན་མང་པོར་བྱོན། ལྷག་པར་ཨ་ཌཱི་ཡཱ་ན་ཞེས་གྲགས་པ་རྡོ་རྗེ་ཐེག་པའི་གན་མཛོད་ཆེན་པོར་བཞུགས་པ། སྤྲུལ་པའི་ཞིང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་དགའ་བའི་ཚལ་ཆེན་པོ་དེར་དཔལ་ཡེ་ཤེས་པའི་ཞབས་འབྲིང་དང་བཅས་བྱོན་པས། ཡུལ་དེའི་དབུས་དྷཱུ་མ་ཐ་ལར་རིགས་བཞིའི་མཁའ་འགྲོས་བྱིན་གྱིས་བརླབས། ཁྱད་པར་ཀ་བོ་ཀའི་གནས་སུ་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་ཞལ་ནས་གདམས་ངག་འདི་སྩལ་ཏེ་སྐལ་ལྡན་རྣམས་ལ་རྡོ་རྗེ་སེམས་དཔའི་གསེར་ལམ་སྟོན་པའི་ས་མཁན་ཆེན་པོར་གྱུར། གཞན་དག་ལས་ལམ་བསྡུས་པ་སོགས་རྩ་བ་དང་ཡན་ལག་གི་གདམས་པ་རྫོགས་པར་གསན་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས། བོད་དུ་བྱོན་ནས་ཤར་གངས་སུ་ཡི་དམ་རྡོ་རྗེ་བཙུན་མོས་སྣོད་ལྡན་གྱི་སློབ་མར་ལུང་བསྟན་ཐོབ་པ། གཡའ་བཟང་པའི་སློབ་མ་སྣུབས་འདུལ་བ་འཛིན་པའི་དབོན་མཁར་ཆུ་རིན་པོ་ཆེ། ཞེས་གྲགས་པ་དེས་གསོལ་བ་བཏབ་ནས་མཁའ་འགྲོ་མའི་བཀའ་རྒྱ་གྲོལ་ཏེ། གཞུང་ཐོག་མར་ཡི་གེར་བཀོད། དེ་ནས་བཟུང་སྐལ་ལྡན་ཡོངས་ལ་རྒྱ་ཆེར་སྤེལ་བ་ལས། ཁྲིད་གཉེར་བ་རྟོགས་ལྡན་ཟླ་བ་སེང་གེ་དང་དཔལ་ལྡན་སྦུ་ཏྲ་བ། མཁས་བཙུན་བསོད་ནམས་འོད་ཟེར། རྣམ་དཔྱོད་མཚུངས་མེད་རྗེ་བཙུན་ཟུར་ཕུག་པ། ས་རིན་ཆེན་དཔལ། གཞན་ཡང་རྒྱལ་བ་རང་བྱུང་བ། སྙེ་མདོ་ཐམས་ཅད་མཁྱེན་པ་སྐུ་མཆེད། ཆག་ལོ་དབོན་པོ་སོགས་མཁས་གྲུབ་མང་དུ་བྱོན་ཅིང་། ཕྱིས་སུ་ངེས་པར་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་དང་། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་ཚད་མའི་སྐྱེས་བུ་མང་པོས་ཀྱང་འཆད་ཉན་བསྒོམ་སྒྲུབ་ཀྱིས་གཏན་ལ་ཕབ་པར་མཛད་པའི་ལམ་དྲི་མ་མེད་པ་ཡིན་ལ། སློབ་ཚོགས་རྣམས་ཀྱི་ནང་ནས་བརྒྱུད་འཛིན་ལུང་བསྟན་ཐོབ་ཕྱིར་དང་པོ་མཁར་ཆུ་རིན་པོ་ཆེ་ལས་བརྒྱུད་པ་ཉིད་མཆོག་ཏུ་གྱུར་པའོ། །དེ་ལྟར་སྒྲུབ་བརྒྱུད་ཀྱི་ལམ་སྲོལ་རྣམས་བཀའ་བབས་བརྒྱད་དུ་བསྡུས་པ་དེ་ཡང་གཙོ་ཆེ་བ་དང་། ལམ་སྲོལ་ཡོངས་སུ་རྫོགས་པའི་དབང་དུ་བྱས་པ་ཡིན་གྱི། གཞན་ལམ་སྲོལ་ཕྲན་ཚེགས་ནི་མཐའ་མ་བྱུང་། ལམ་འབྲས། ནི་གུ། བསྙེན་སྒྲུབ་རྣམས་ལ་རྡོ་རྗེའི་ཚིག་རྐང་རྩོད་མེད་སྣང་། ནཱ་རོའི་རྡོ་རྗེའི་ཚིག་རྐང་ནི་མར་པ་དོ་པས་མཛད་པར་མཁས་གྲུབ་ཆེན་པོ་རྣམས་བཞེད་པས་དཔྱད་བྱའི་གནས་སོ། །གཏེར་བྱོན་དུ་གྲགས་ཀྱང་རྒྱུད་སྡེ་དང་མ་འབྲེལ་བ་དང་ཡི་དམ་ལུང་བསྟན་དུ། ཁས་ལེན་ཡང་རྫུན་གྱི་ཕྲེང་བ་བསྡེབས་ནས་སྨྲ་བའི་བཅོས་མའི་སྙན་བརྒྱུད་དུ་གྲགས་པ་རྣམས་ཀྱིས་མཚོན། མདོར་ན་མཁས་གྲུབ་གོང་མའི་སྲོལ་དང་མི་མཐུན་པ། དེ་དག་རྡོ་རྗེ་འཆང་གི་བཀའ་བརྒྱུད་མིན། །གླེང་གཞིི་རིམ་པར་ཕྱེ་བ་སྟེ་དང་པོའོ། །གྲོལ་བར་འདོད་རྣམས་སྔོན་འགྲོས་ལུས་སྦྱངས་ནས། །དངོས་གཞིའི་ལྟ་སྒོམ་དེ་ཡི་བོགས་འདོན་དུ། །སྤྱོད་པས་ཉམས་བླང་མཐར་ཐུག་གྲུབ་པའི་དོན། །འབྲས་བུ་ཐོབ་ཕྱིར་ལམ་ལ་འབད་པར་བྱ། །ཆོས་ཀུན་ཡེ་ནས་མེད་པའི་སྟོང་སྐད་ཀྱིས། །སྦྱིན་སོགས་སྤྱོད་པ་ཕལ་ཆེར་ཁྱད་བསད་ནས། །ལྟ་སྤྱོད་ཟུང་དུ་མ་འབྲེལ་ཆོས་ལུགས་ཤིག །སྔོན་དུས་བྱུང་མོད་དུས་འདིར་སུན་དབྱུང་ཟིན། །སྤྱོད་པ་མཆོག་ཏུ་འཛིན་པའི་བརྟུལ་ཞུགས་ཀྱིས། །སྟོང་ཉིད་ཟབ་མོའི་ལམ་ལ་བསྐུར་པ་འདེབས། །འབྲས་བུས་སྐུ་གཉིས་ཟུང་འཇུག་ཐོབ་འདོད་ན། །རྒྱུ་དུས་ལྟ་སྤྱོད་ཟུང་འབྲེལ་ཉམས་སུ་ལོང་། །དངོས་གཞིའི་དུས་སུ་སྟོང་ཉིད་ཆོས་རྣམས་ལ། །སྟོང་པར་འཛིན་པའི་རྟག་འཛིན་རྟོག་པ་དང་། གསལ་ཆ་དོར་བའི་འཛིན་མེད་ལྟ་བ་གཉིས། །མཆོག་འཛིན་མང་ཡང་མཐར་ལྟའི་གཡང་དུ་ལྷུང་། །ལུང་རིག་མྱོང་བའི་ཡིད་ཆེས་བྲལ་བ་ཡི། །སྤྲོས་བྲལ་ལྟ་བའི་གྱ་ཚོམས་སྨྲ་བ་དག །རྒྱུ་འབྲས་ཆོས་ཀུན་སྟོང་པར་བལྟ་བ་ཡི། །སྤྲོས་བྲལ་ལྟ་བ་ཚུ་རོལ་མཛེས་པའང་སྨྲ། །གང་ཤར་སེམས་སུ་སེམས་ཉིད་དང་སེམས་སྣང་གི་ཁྱད་པར་མ་བྱེད་དོ། །བལྟ་བས་གྲོལ་འདོད་ན། །སྣོད་དང་བཅུད་ཀྱི་འཇིག་རྟེན་མ་ལུས་པ། །རྟག་བདག་གཅིག་པུ་བདག་གི་རང་བཞིན་དུ། །འདོད་པའི་མུ་སྟེགས་གསང་བ་ཅིས་མི་གྲོལ། །སྒྱུ་མར་བལྟ་བ་མུ་སྟེགས་བྱེད་ལའང་ཡོད། །མཐོང་བའི་ལམ་གྱུར་རྣམ་འགྱུར་སྒྱུ་མའི་དངོས། །གཙོ་བོའི་ངང་དུ་རྣམ་འགྱུར་ཀུན་ཐིམ་པས། །དེ་ལ་གྲངས་ཅན་ལུགས་ཀྱི་ཐར་པ་ཟེར། །སྤྲོས་བྲལ་སྟོང་པ་ཅང་ཆད་དུ་འདོད་པ་འདི་པ་ནང་པ་ཁོ་ནའི་ཁྱད་ཆོས་མིན། །ཆོས་ཀུན་གདོད་ནས་རང་བཞིན་རྣམ་དག་དང་། །བླང་བྱ་དོར་བྱའི་སྤྲོས་པ་ཀུན་བྲལ་བ། །ལྟ་བའི་ཡུལ་དུ་ཚངས་པ་པ་ཡང་འདོད། །མཐའ་བྲལ་ལྟ་བའང་ཕྱི་ནང་གཉིས་ཀ་འདོད། །རིག་བྱེད་མཐའ་བྲལ་བསྒྲུབ་པའི་མཐུན་དཔེར་ནི། །རྨི་ལམ་དྲི་ཟའི་གྲོང་ཁྱེར་འཛིན་པ་སོགས། །དེ་འདྲའི་རྣམ་བཞག་མུ་སྟེགས་རིག་བྱེད་པའང་བྱེད་པའང་སྨྲ། །སྟོང་པ་ཉིད་དང་སྤྲོས་ཀུན་བྲལ་བ་དང་། །གཉིས་མེད་བདེ་བ་ཟབ་ལམ་མཆོག་ཡིན་ཞེས། །ཐོས་ཆུང་གང་དག་མཆོག་ཏུ་འཛིན་ནའང་། །དབང་ཕྱུག་པས་ཀྱང་དེ་ཀུན་གསལ་བར་འདོད། །རང་བཞིན་མ་གྲུབ་འཛིན་མེད་མི་རྟོག་ཅིང་། །ཅིར་ཡང་མ་གྲུབ་དྭངས་ལ་འགག་མེད་པའི། །ལྟ་བའི་ཉམས་ལེན་ཞང་ཞུང་བོན་ལའང་ཡོད། །ལམ་གནད་འཁྲུལ་པས་གྲོལ་བ་ག་ལ་འབྱུང་། །བདག་མེད་ལྟ་བ་ཐལ་རང་ལུགས་སོ་ཞེས། །འཆད་བྱེད་དེ་དག་ཐོས་པའི་རྣ་བ་བྲལ། །དེ་ཉིད་ཐེག་ཆེན་ཁོ་ནའི་ཁྱད་ཆོས་མིན། །དངོས་སྨྲའི་གཞུང་ལས་རང་རྒྱུད་བདེན་མེད་བཤད། །གང་ཤར་རང་སེམས་མདོ་སེམས་ཐུན་མོང་པ། །གཟུང་འཛིན་འགོག་པ་རྣམ་རྫུན་དབུ་མའི་ལུགས། །གཉིས་མེད་ཡེ་ཤེས་བདེན་གྲུབ་འགོག་པ་ཡི། །ལྟ་བའི་རྣམ་བཞག་དབུ་མ་ཆེན་པོར་འདོད། །འདུས་བྱས་མི་རྟག་ཕུང་སོགས་བདག་མེད་དུ། །ལྟ་བའི་རིམ་པས་འཇིག་ཚོགས་སྤོང་མི་ནུས། །འཛིན་སྟངས་འགལ་ཕྱིར་མ་རིག་འཇོམས་ནུས་པས། །དེ་དག་ནང་ནས་སྟོང་ཉིད་ལྟ་བ་མཆོག །མན་ངག་ལུགས་ལའང་བདག་དང་རྣམ་རིགས་སོགས། །ཕྱི་ནང་འཚོལ་བའི་ལག་ལེན་མང་མོད་ཀྱི། །ད་ལྟ་བོད་ན་གྲགས་པའི་སེམས་འཚོལ་གཅིག །བསམ་གཏན་དཀྲོག་པའི་རྣམ་གཡེང་ཆོས་སུ་མཐོང་། །གང་ཤར་སེམས་དང་སེམས་ཉིད་རང་ལུས་ཀྱི། །ཕྱི་ནང་ཀུན་ལ་རྣམ་པར་བཙལ་བ་ན། །བཙལ་བས་མ་རྙེད་ཡུལ་ཅན་ཤེས་རབ་སོགས། །གནས་སྐབས་ཤིག་ཏུ་ལྟ་བར་འདོད་ནའང་། །བློས་བྱས་གཟུང་འཛིན་སྤྲོས་པ་ཀུན་བྲལ་བའི། །གཉུག་མའི་ཡེ་ཤེས་རང་ངོ་འཕྲོད་པ་ཡི། །ཤེས་པ་གསལ་དྭངས་རྟོག་མེད་ཡེ་ཤེས་དེ། །བསྒྲུབ་རྒྱུད་ཀུན་གྱི་བསྟན་པའི་གཙོ་བོ་ཡིན། །རྗེས་ཐོབ་དུས་ཀྱི་ཐ་སྙད་དེ་ལྟ་ནའང་། མཉམ་བཞག་དུས་སུ་མཐའ་བྲལ་ནམ་མཁའི་དབྱིངས། །བལྟ་བྱ་ལྟ་བྱེད་སྒྲ་རྟོག་འཇུག་ཚུལ་ཡིན། །ངེས་པའི་དོན་དུ་ཆུ་དང་ཆུ་རླབས་བཞིན། །ལྟ་བའི་རིམ་པར་ཕྱེ་བ་སྟེ་གཉིས་པའོ། །རྒྱུད་ནས་བཤད་པའི་དག་བྱ་དག་བྱེད་དང་། །ཞུ་བ་གླུས་བསྐུལ་མངོན་བྱང་ལྔ་ལ་སོགས། །གཙོ་བོ་རོ་བའི་རང་བཟོའི་ཆོ་ག་ཡིས། །བསྐྱེད་རིམ་བསྒོམ་པ་མུ་སྟེགས་བྱེད་དང་མཚུངས། །རྫོགས་རིམ་མ་ཟིན་བསྐྱེད་རིམ་བཟླས་བརྗོད་ཀྱིས། །རང་ལུས་ཞི་ཁྲོའི་ལྷ་སྐུར་འཆར་བ་དང་། །ངག་གི་ནུས་པས་དགྲ་བགེགས་འཇོམས་ནུས་ནའང་། །འབྱུང་པོར་སྐྱེ་བའི་གླེང་གཞི་མང་ཞིག་མཐོང་། །བསྐྱེད་རིམ་དོར་བའི་རྫོགས་རིམ་བསྒོམ་བྱེད་པ། །རྣལ་འབྱོར་ནང་ལ་གཞོལ་བར་འདོད་ན་ཡང་། །བུམ་དབང་བསྐུར་བའི་དགོས་པའི་གཙོ་བོ་ཅི། །ཐ་མལ་སྣང་ཞེན་གང་ཞིག་བསྒོམ་པས་སེལ། །ཀུན་རྫོབ་སྣང་བ་ཐམས་ཅད་སོར་གནས་བཞིན། །གང་ཤར་སྣང་བ་ལྷ་སྐུར་ཇི་ལྟར་འཆར། །མ་དག་སྣང་བ་དམ་པ་རིགས་བརྒྱ་རུ། །ལེགས་པར་རྟོགས་པའི་རྣལ་འབྱོར་ངོ་མཚར་ཆེ། །དེས་ན་གཟུང་འཛིན་འཁྲུལ་པ་རབ་སྦྱངས་ནས། །གཉིས་མེད་ཤེས་ལ་སོ་སོའི་ཆོ་ག་ཡིས། །ཕྱི་དཀྱིལ་བསྒོམ་པས་གང་ཤར་ལྷ་སྐུ་དང་། །ལུས་དཀྱིལ་བསྒོམ་པས་རྫོགས་རིམ་ཡེ་ཤེས་འདྲེན། །དེ་ཡང་བསྐྱེད་རིམ་གཞན་སྟོང་སྨྲ་བའི་ལུགས། །རྫོགས་རིམ་རང་སྟོང་ལུགས་བཞིན་ཤེས་ནས་ནི། །ཟུང་འབྲེལ་བསྒོམ་པའི་ཐེག་ཆེན་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་ཡོངས་ཀྱི་གཙུག་རྒྱན་ཡིན། །ཐོས་སྒྲོགས་པ་དང་མུ་སྟེགས་བྱེད་ལ་ཡང་། །རླུང་སྦྱོར་ཡོད་ཕྱིར་ཟབ་མོའི་ཐབས་ལམ་བསྒོམ། །རླུང་སྦྱོར་བསྒོམ་པའི་སྒོ་གསུམ་བྱ་བ་དང་། །དུས་སོགས་འཆུགས་ན་བར་ཆད་དབང་དུ་འགྱུར། །དྷཱུ་ཏིའི་ནང་དུ་རླུང་སྣའང་མ་ཆུད་པའི། །བུམ་ཆེན་རླུང་སྦྱོར་བསྒོམ་པ་ངོ་མཚར་གནས། །དྭངས་མ་འཛག་མེད་ཞུ་བདེ་མ་བརྒྱན་ན། །དྲོད་སོགས་སྐྱེས་ཀྱང་གཏུམ་མོའི་དགོས་པ་དོར། །ལུས་གནད་སྟོབས་ཀྱིས་རྩ་ཡིག་ཐད་དུ་གྱུར། །རླུང་གི་སྦྱོར་བས་སྟེང་འོག་བར་གསུམ་འཆིང་། །འབྱུང་བཟློག་རིམ་པས་དགའ་བཞིའི་ཡེ་ཤེས་སྐྱེ། །འཇའ་ལུས་མངོན་གྱུར་གཏུམ་མོའི་དགོངས་པའོ། །རླུང་རོ་དབྱུང་དང་རླུང་སྦྱོར་གསུམ་ལ་མཁས། །དྭངས་མ་ལས་རླུང་རང་ལུས་དབང་དུ་འདུས། །ལྟ་བའི་རྩིས་ཟིན་ཐབས་ཤེས་ཟུང་འབྲེལ་བའི། །སྒོམ་ཆེན་དེ་ལ་ཀུན་ནས་རྗེས་ཡི་རངས། །འཕོ་བའི་དུས་དང་གསལ་འདེབས་ནོར་བའང་མཐོང་། །ཕྱི་དབུགས་མ་ཆད་དུས་མིན་ལྷ་གསོད་ཅིང་། །ཚོགས་དྲུག་འགགས་ནས་ཤེས་པ་ཡུལ་མི་འཛིན། །འོད་གསལ་ཐིམ་ཚེ་སྦྱངས་སྟོབས་འཕོ་བ་གཅེས། །རྣམ་རིག་མཁའ་དང་སྟོང་པར་བལྟ་བ་དང་། །དྲན་ཚོར་འདུ་ཤེས་གསལ་ཆ་དོར་བ་ཡི། །ཞི་གནས་ཙམ་ལའང་ཟབ་ལམ་མཆོག་ཡིན་ཞེས། །སྒོམ་ཆེན་འགའ་ཞིག་ནན་གྱིས་འཇུག་པར་མཐོང་། །གསལ་སྟོང་རིག་པ་ངར་དང་མི་ལྡན་པའི། །ཞི་བར་གནས་མུན་ཚོམ་མེ་ཙམ་དུད་འགྲོའི་ཁྲོད་ནའང་མང་། །ཟབ་ལམ་བྲལ་བའི་ཆོས་ཀུན་རྣམ་རིག་དང་། མཁའ་སོགས་བསྒོམ་པ་གཟུགས་མེད་ལྷ་ལའང་ཡོད། །ཡིད་བྱེད་བྲལ་ཙམ་ཟབ་ལམ་མཆོག་ཏུ་འདོད། །གཞན་དང་མ་འབྲལ་དེ་ཉིད་བསྒོམ་པའི་འབྲས། །བསྐལ་ཆེན་བརྒྱད་ཁྲིར་ཚེ་ཡི་དངོས་གྲུབ་འབྱུང་། །དེ་ཕྱིར་ལྟ་སྒོམ་གནད་ལ་མཁས་པར་མཛོད། །དམ་པས་བཀྲལ་བའི་ལམ་སྲོལ་རྨད་དུ་བྱུང་། །དཔྱད་དང་འཇོག་པའི་བསྒོམ་ཚུལ་རྣམ་པ་གཉིས། །རྟོག་དང་མི་རྟོག་སྦྱོར་བའི་དུས་ཡིན་གྱི། །དངོས་གཞིའི་དུས་སུ་ཡིད་བྱེད་བྲལ་བར་མཐུན། །སྦྱོར་བའི་དུས་སུ་མཚན་མ་འབྱུང་བའི་གཞི། །དེ་ཉིད་དཔྱད་པའི་རྟེན་དུ་ངེས་བྱས་ནས། །མཐའ་བཞི་རྣམ་གྲོལ་དངོས་གཞིའི་དུས་སུ་ནི། །གསལ་སྟོང་འཛིན་མེད་སྔོན་རབས་མཁས་པའི་ལུགས། །དངོས་གཞིའི་བོད་ཕྱི་མ་དག །དུས་སུ་ཡིད་བྱེད་མི་ལྡན་ན། །དཔྱོད་པ་སྔོན་བཏང་གཉིད་ལོག་སྐབས་དང་མཚུངས། །དེས་ན་དུས་དེར་སྟོང་པ་ཉིད་དོ་ཞེས། །རྟོག་ཅིང་དཔྱོད་པ་ཕྱིས་བྱུང་མཁས་པའི་ལུགས། །རྟོག་དང་དཔྱོད་ཀྱི་བློས་བྱས་ཀུན་དོར་ནས། །གཉུག་མའི་ཡེ་ཤེས་རང་མདངས་རྗེན་པ་དེ། །བཟོ་མེད་མ་ཡེངས་སླར་ཡང་འཕྲོ་བའི་ཚེ། །རང་ཞལ་བལྟ་བ་འཇོག་བསྒོམ་ལུགས་ཡིན་ནོ། །དཔྱད་དང་འཇོག་པའི་བསྒོམ་ཚུལ་ཅི་ཡང་རུང་། །རང་གི་མཚན་ཉིད་རང་བཞིན་འོད་གསལ་བ། །གསལ་དྭངས་ཤར་ལ་བསྒོམ་མེད་མ་ཡེངས་པ། །སྒྲུབ་རྒྱུད་ཀུན་གྱི་བསྒོམ་པའི་གཙོ་བོ་ཡིན། །མཉམ་བཞག་དུས་ཀྱི་ཉམས་ལེན་དེ་ལྟ་ནའང་། །རྗེས་ཐོབ་དུས་སུ་གང་ཤར་སྣང་བ་ཀུན། །རྨི་ལམ་སྒྱུ་མའི་དྲན་འདུན་དྲག་པོ་ཡིས། །ལེགས་པར་བསྒོམ་ན་སྣང་སྟོང་དབྱེར་མེད་འཆར། །བདེ་ཆེན་འཁོར་ལོར་པད་དཀར་ཉི་ཟླའི་སྟེང་། །རྩ་བའི་བླ་མ་གསུམ་ལྡན་རྡོ་རྗེ་འཆང་། །སངས་རྒྱས་དངོས་སུ་ཞེན་མེད་མོས་གུས་ཀྱིས། །མ་ཡེངས་གསོལ་འདེབས་ལམ་སྲོལ་ཀུན་ཏུ་གཅེས། །སེམས་ཉིད་ངོ་སྤྲོད་ཐ་སྙད་རྣམ་མང་ཡང་། །གཉུག་མའི་ཡེ་ཤེས་རང་ཞལ་བལྟས་པ་ན། །ཤེས་པ་གསལ་དྭངས་ཟུང་འཇུག་ཡེ་ཤེས་ཏེ། །རྣམ་དག་ཆོས་སྐུར་ཀུན་གྱིས་ངོ་སྤྲོད་མཛོད། །བསམ་གཏན་གསུམ་དང་བཞི་པའི་ཏིང་འཛིན་དང་། །གཟུགས་མེད་བཞི་ལ་སྲིད་པའི་སེམས་རྩེ་གཅིག །བདེ་གསལ་སྟོང་པའི་མི་རྟོག་གོལ་ས་ཡིན། །ལམ་དང་གོལ་སའི་རྣམ་དབྱེ་མཁྱེན་པར་མཛོད། །སངས་རྒྱས་སྐུ་དང་ཤ་ཟའི་གཟུགས་ལ་སོགས། །ཚོགས་དྲུག་ཡུལ་དུ་སྣང་བ་གང་ཤར་ཡང་། །གང་ཤར་སེམས་དང་སེམས་ཉིད་སྟོང་པ་རུ། །ལེགས་པར་རྟོགས་ན་བར་ཆད་དངོས་གྲུབ་འགྱུར། །བདེ་གསལ་མི་རྟོག་ཡུལ་སྣང་གསལ་མཐོང་དང་། །མཁའ་ལ་འཕུར་དང་ཆུ་སྟེང་བསྒྲོད་ལ་སོགས། །མཆོག་འཛིན་མང་ཡང་རྟོགས་པས་མ་ཟིན་ན། །ཉམས་སྣང་སྣ་ཚོགས་དབང་པོའི་གཞུ་དང་མཚུངས། །སྔགས་རྫས་གཉིད་དང་བསྒོམ་པའི་སྟོབས་སོགས་ཀྱིས། །རླུང་སེམས་འཆོལ་བའི་ཉམས་སྣང་སྣ་ཚོགས་ལ། །མགུ་བ་བསྐྱེད་པའི་སྒོམ་ཆེན་མང་མོད་ཀྱི། །ཕལ་ཆེར་གཡེང་བའི་གཡང་ལ་ལྷུང་ཉེན་ཆེ། །མདོར་ན་གང་ཞིག་ཉམས་སུ་བླངས་པ་ལས། །དད་སོགས་དགེ་བ་ངང་གིས་འཕེལ་འགྱུར་ཞིང་། །ཆགས་སོགས་མི་དགེ་ངང་གིས་འགྲིབ་གྱུར་ན། །ཆོས་དེ་རྒྱལ་བའི་ལམ་བཟང་རྨད་དུ་བྱུང་། །བསྒོམ་པའི་རིམ་པར་ཕྱེ་བ་སྟེ་གསུམ་པའོ། །སྡོམ་པ་གསུམ་གྱི་བླང་དོར་བསླབ་བྱ་རྣམས། །འདུལ་བ་མདོ་སྡེ་རྒྱུད་སྡེའི་ལུགས་བཞིན་གྱིས། །སོ་ཐར་བྱང་སེམས་སྔགས་ཀྱི་བསླབ་བྱ་རྣམས། །སྤོང་དང་འཁྲུགས་དང་རང་བཟོར་བྱེད་པར་མཐོང་། །ཆོས་ཀུན་ཆོས་ཉིད་ཤེས་པའི་འུད་གོག་གིས། །ལུས་ཀྱི་བྱེད་བཅིང་བསམ་གཏན་ཀུན་སྤངས་ནས། །ཕལ་པའི་སྤྱོད་པ་བག་ཡང་སྣ་ཚོགས་པ། །འདི་ནི་འཇིག་རྟེན་བསླུ་བའི་ཀུན་རྫོབ་ཡིན། །ཆོས་དབྱིངས་རྟོགས་ན་བླང་དོར་མི་དགོས་ཤིང་། །སྡིག་པ་བྱས་ནའང་སྐྱོན་མེད་འཚང་རྒྱ་ཞེས། །ཐོ་ཅོར་སྤྱོད་དང་ཤ་ཟའི་དབང་བསྐུར་སོགས། །ལོག་པའི་ལམ་ལ་སྐལ་མེད་འཇུག་པ་མཐོང་། །དཔའ་བོ་དཔའ་མོའི་ཚོགས་ཀྱི་སྟོན་མོ་སོགས། །ཚོགས་འཁོར་བཞིར་བཤད་ཚོགས་ཀྱི་འཁོར་ལོ་དེ། །ཡུལ་ཆེན་ཉེར་བཞིའི་རྣལ་འབྱོར་ཕོ་མོ་རྣམས། །ཚོགས་ལ་སྤྱོད་ཅིང་བདེ་ཆེན་བསྐྱེད་པ་ཡིན། །རྣལ་འབྱོར་མིང་ཅན་ཕོ་མོ་སྣ་ཚོགས་པ། །འདོད་ཡོན་ཟས་ལ་མངོན་ཞེན་དྲག་པོ་ཡིས། །ཚོགས་འཁོར་དེ་ནི་མི་ཟད་འཁོར་བའི་རྒྱུ། །ཐུར་སེལ་སྟེང་ཆིངས་དཀྱིལ་འཁོར་འཁོར་ལོ་ལས། །ཟག་མེད་དགའ་བཞིའི་དོན་གྱི་ཡེ་ཤེས་འདྲེན། །དབབ་འཛིན་ཁམས་ཀྱི་འགྲོས་བཞི་མི་ཤེས་པར། །ཕོ་ཉའི་ལམ་ལ་ཉེ་རྒྱུར་འདོད་པ་མཚར། །བྱང་ཆུབ་སེམས་ཀྱིས་རང་རྒྱུད་མ་བརླན་པར། །རྙེད་བཀུར་བསྒྲུབ་ཕྱིར་དྲག་པོའི་ལས་རྣམས་ཀྱིས། །འདྲེ་སོགས་འདུལ་བའི་ཐོ་ཅོའི་སྤྱོད་པ་དེས། །གནས་སྐབས་གྲུབ་ཀྱང་མཐར་ཐུག་ཡ་ངའི་གནས། །རྒྱ་ཆེན་འདུལ་བའི་གནང་བཀག་ཁྱད་བསད་ནས། །མཆོག་ཏུ་དྲེགས་པ་གཅེར་བུའི་བརྟུལ་ཞུགས་ཀྱིས། །གྲོང་དང་རི་ཁྲོད་ཚོང་དུས་ཀུན་ཏུ་རྒྱུ། །འདི་ནི་མཁའ་གོས་ཕྱི་རོལ་པ་རྣམ་པ་ཅན་གྱི་རྣམ་ཐར་ཡིན། །སྟོང་པའི་དོན་ལ་ཡིད་ཆེས་མ་རྙེད་པར། །རྒྱུས་མེད་སྨྲ་བའི་བླུན་པོའི་གྱ་ཚོམ་གྱིས། །དཀར་ནག་ལས་ཀྱི་རྒྱུ་འབྲས་ཁྱད་བསད་པ། །འདི་ནི་ཚུ་རོལ་མཛེས་པའི་ལུང་ངན་ཡིན། །སྣང་སྲིད་ཐམས་ཅད་སྒྱུ་མར་ཤེས་པ་ཡིས། །ཅི་བྱ་ལམ་འགྱུར་ཀུན་སྤྱོད་མ་རྟོགས་པར། །ངོ་ཚ་བོར་བའི་སྤྱོད་ལམ་སྣ་ཚོགས་པ། །འདི་ནི་མུ་སྟེགས་སྤྱོད་པའི་ཉམས་ལེན་ཡིན། །གྷོ་ཊ་འབལ་དང་མེ་ལྔ་བསྟེན་པ་དང་། །གདུང་བ་བརྩམས་དང་འཚོ་བ་གཅོད་པ་སོགས། །བྱ་དཀའི་སྤྱོད་པ་མུ་སྟེགས་བྱེད་ལའང་ཡོད། །གང་བྱེད་སྤྱོད་པ་ལམ་དུ་འགྲོ་བར་མཛོད། །ཅི་ཡང་མེད་དང་འདོད་ཆགས་བྲལ་བ་དང་། །སྐྱེ་བ་དྲན་དང་མཁའ་ལ་འཕུར་བ་སོགས། །སྤྱོད་པ་མངོན་གྱུར་གཞན་སྡེའི་སྟོན་པའང་ཡོད། །སྟོབས་སོགས་མ་འདྲེས་ཡོན་ཏན་སྤྱོད་པ་ཚོལ། །ཀུན་བཟང་སྤྱོད་པས་དང་པོར་དྲོད་ཐོབ་ནས། །རང་གི་ཉམས་མྱོང་རྟོགས་པའི་བོགས་འདོན་དུ། །གསང་སྤྱོད་ཚོགས་དང་དེ་དག་ཀུན་གྱི་མཐར། །ཕྱོགས་ལས་རྣམ་རྒྱལ་གྲུབ་ཐོབ་གོང་མས་མཛད། །ལུས་སྲོག་གཅེས་འཛིན་སྙིང་རྗེས་མ་ཟིན་པར། །རི་སུལ་ཐང་ཆེན་རྒྱ་མཚོའི་འགྲམས་དང་ནི། །དུར་ཁྲོད་ལ་སོགས་ཉམ་ངའི་གནས་རྣམས་སུ། །གསང་བའི་སྤྱོད་པ་དགོས་མེད་གེགས་སུ་འགྱུར། །ཅི་བྱས་ལམ་ལོངས་གང་ཤར་བསྒོམ་པ་དང་། །བཟང་ངན་རོ་སྙོམས་མངོན་དུ་མ་གྱུར་བར། །ལུས་ངག་ཡིད་ཀྱི་བྱ་བ་སྣ་ཚོགས་པའི། །ཚོགས་ཀྱི་སྤྱོད་པས་རང་གཞན་ལས་སྦྱོར་སོགས། །གཉིས་མེད་ཤེས་དང་བརྩེ་ཆེན་སྦྱོར་བ་ཡིས། །ཅི་བྱས་དོན་འགྱུར་མཛད་པ་མ་གཏོགས་པར། །བླང་དོར་བསྲེས་པའི་རྩིང་པོའི་བྱ་བ་ཡིས། །མཐར་ཐུག་སྤྱོད་པ་དགོས་མེད་འཁོར་བའི་རྒྱུ། །ཀུན་བཟང་མཐར་ཕྱིན་སྙིང་རྗེ་ཆེན་པོ་ཡིས། །རྫུ་འཕྲུལ་མངོན་ཤེས་བདེ་སོགས་འབྱུང་བའི་ཐབས། །དུར་ཁྲོད་སོགས་སུ་གསང་བའི་སྤྱོད་པ་བྱ། །གསང་སྤྱོད་ལ་སོགས་གྲུབ་ཆེན་རྣམས་ཀྱིས་མཛད། །གསང་སྤྱོད་མཐར་ཕྱིན་ཉམས་མྱོང་སྐྱེས་པའི་ཚེ། །རྟོགས་པའི་ཟླ་བ་རྐྱེན་གྱིས་འགྲིབ་མི་འགྲིབ། །མང་པོའི་དབུས་སུ་ཚོགས་ཀྱི་སྤྱོད་པ་བྱ། །ཨོ་རྒྱན་ལ་སོགས་གྲུབ་ཐོབ་རྣམས་ཀྱིས་མཛད། །ཅི་མཛད་ཐམས་ཅད་གཞན་དོན་འགྱུར་བ་ན། །ཡུལ་རྣམས་དབང་འདུས་ས་རྣམས་བགྲོད་པའི་ཕྱིར། །ཡུལ་ཆེན་ཉེར་བཞིར་ཕྱོགས་ལས་རྣམ་རྒྱལ་བྱ། །ནཱ་རོ་པ་སོགས་གྲུབ་ཆེན་རྣམས་ཀྱིས་མཛད། །སྤྱོད་པ་གསུམ་གྱི་གནས་སྐབས་ཐམས་ཅད་དུ། །རྒྱུད་སྡེའི་ཟབ་ལམ་བླ་མའི་མོས་གུས་དང་། །ཞེན་པ་ཀུན་བྲལ་སྙིང་རྗེ་ཆེན་པོ་གསུམ། །འབྲལ་མེད་བསྟེན་པ་སྤྱོད་པའི་དམ་ཚིག་ཡིན། །སྤྱོད་པའི་རིམ་པར་ཕྱེ་བ་སྟེ་བཞི་པའོ། །རྫོགས་ཆེན་སྟོན་པ་ཀུན་ཏུ་བཟང་པོ་དེ། །རྡོ་རྗེ་འཆང་དང་གཉིས་མེད་ཆོས་སྐུར་འདོད། །ལུང་རིག་བྲལ་བའི་སྔ་འགྱུར་གྱི་ཆོས་འཛིན་པ་འགའ་ཞིག་ཕྱོགས་འཛིན་རྟོག་པ་ཡིས། །སངས་རྒྱས་སྐུ་ལ་བཟང་ངན་དབྱེ་བ་མཚར། །སྔར་བྱས་མི་དགེའི་རྣམ་སྨིན་འབྱུང་བ་ཡི། །ཟས་གཙང་སྲས་སོགས་སངས་རྒྱས་ཡོད་ཅེས་ཟེར། །དྲང་དོན་མདོ་ལ་ངེས་དོན་ལུང་དུ་འཁྲུལ། །སྒྲིབ་ཀུན་སྤངས་དང་ལས་ངན་འབྱུང་བ་འགལ། །ཡོན་ཏན་ཀུན་ལྡན་རྫོགས་པའི་སངས་རྒྱས་ལ། །རང་རྒྱུད་བསྡུས་པའི་ཡེ་ཤེས་མེད་ཅེས་སྨྲ། །ཤེས་བྱ་ཀུན་མཁྱེན་ཡེ་ཤེས་རྣམ་ལྔ་དང་། །སྟོབས་སོགས་ཡོན་ཏན་རང་རྒྱུད་ལྡན་པ་ཅི། །གཞན་སྣང་སྐུ་ཡི་སྣང་བ་མི་སྟོན་པའི། །ཡང་དག་རྫོགསཔའི་སངས་རྒྱས་ཡོད་ཅེས་གྲགས། །ཚོགས་གཉིས་རྫོགས་ནས་མངོན་པར་སངས་རྒྱས་ཏེ། །གཞན་དོན་སྐུ་གཉིས་སྨོན་ལམ་བསོད་ནམས་མཐུས། །མཚན་དཔེ་རབ་གསལ་ཡོན་ཏན་ལྡན་བཞིན་དུ། །སྒྲིབ་གཉིས་ཀུན་ལྡན་སངས་རྒྱས་ཡོད་ཅེས་བཞེད། །དགོངས་གཞི་དགོས་སོགས་རྣམ་དབྱེ་མ་ཕྱེད་ཅིང་། །མ་རིག་མུན་འཇོམས་སྟོབས་སོགས་དགོས་པ་ཅི། །གཟུང་འཛིན་འཁྲུལ་པའི་སྣང་བ་དང་བཅས་པའི། །ཇི་སྙེད་མཁྱེན་པའི་ཡེ་ཤེས་ཡོད་ཅེས་གསུངས། །ཚོགས་བརྒྱད་གནས་གྱུར་ཞིང་ཀུན་ལེགས་སྦྱངས་ནས། །མ་དག་སྣང་བ་གང་གི་མཐུ་ལས་འཆར། །རང་བཞིན་འོད་གསལ་གཉུག་མའི་ཡེ་ཤེས་ཏེ། །འོག་མིན་མཐར་ཐུག་ཆོས་དབྱིངས་ཕོ་བྲང་དུ། །ཆོས་ཀྱི་སྐུ་རུ་ཡེ་ནས་སངས་རྒྱས་ཀྱང་། །བློ་བུར་དྲི་བྲལ་ལོངས་སྐུའི་ཆེད་དུ་འབད། །སྤང་བྱའི་ཁྱད་པར་འཕོ་བའི་བག་ཆགས་ཏེ། །བདེ་ཆེན་ཡེ་ཤེས་གཉེན་པོས་བཅོམས་པ་ལས། །ཡན་ལག་བདུན་ལྡན་ལོངས་སྐུའི་སངས་རྒྱས་འབྱུང་། །སྲོལ་ཆེན་བརྒྱད་ཀྱི་འབྲས་བུའི་མཐར་ཐུག་ཡིན། །ཡན་ལག་བདུན་ལྡན་ལོངས་སྐུ་བརྙེས་པ་ན། །རང་སྣང་མ་ལུས་ཡེ་ཤེས་སྣང་བར་འཆར། །གཞན་སྣང་གཟུགས་སྐུའི་རྣམ་རོལ་བགྲང་ཡས་ཀྱིས། །ཡིད་བཞིན་ནོར་ལྟར་གཞན་དོན་ལྷུན་གྲུབ་མཛད། །འབྲས་བུའི་རིམ་པར་ཕྱེ་བ་སྟེ་ལྔ་པའོ། །ཆོས་ཕུང་བརྒྱད་ཁྲིའི་ཡང་སྙིང་སྲོལ་ཆེན་བརྒྱད། །གནས་སྐབས་གདུལ་བྱའི་རིམ་པས་འཁྲིད་ཚུལ་དང་། །ཉམས་ལེན་གཙོ་བོ་ལ་སོགས་སོ་སོ་ནའང་། །མཐར་ཐུག་ལྟ་སྒོམ་རྣམ་བཞག་གཅིག་ཏུ་ངེས། །འཕགས་པའི་ཡུལ་དང་གངས་རིའི་ཁྲོད་འདིར་ཡང་། །དཔྱད་དང་འཇོག་པའི་འགྲོས་ཆེན་མ་འཁྲུལ་བ། །སྔོན་རབ་གྲུབ་ཆེན་གཤེགས་པའི་ལམ་སྲོལ་ཏེ། །དུས་གསུམ་རྒྱལ་བ་ཀུན་གྱི་བསྒྲོད་གཅིག་ལམ། །འོན་ཀྱང་བྱང་ཕྱོགས་གངས་རིའི་ཁྲོད་འདི་རུ། །ཐབས་ཆ་ཁྱད་གསོད་ལྟ་བ་མཆོག་འཛིན་དང་། །གཤེ་བསྐུར་འདེབས་དང་སྤྱོད་པ་མཆོག་འཛིན་གྱིས། །ཕྱོགས་རེར་ལྷུང་བའི་འཁྱོགས་པོའི་སྲོལ་གཉིས་བྱུང་། །མཐར་འཛིན་ལྟ་བའི་ཆུ་འཛིན་ཞགས་པ་ཡིས། །ངེས་དོན་ཉི་མ་ལྷ་ཡི་ལམ་དུ་བཅིངས། །བསྒྲུབ་རྒྱུད་བསྟན་པ་ཕལ་ཆེར་མུན་པའི་གླིང་། །ཐར་འདོད་སྐྱེ་བོའི་བློ་གྲོས་འཇུག་པ་འཚོལ། །བྱང་ཕྱོགས་འདི་ན་ཐོས་བྲལ་སྒོམ་ཆེན་འགའ། །ཆེན་པོ་རྣམས་ལ་ཚད་མར་གྲགས་པ་ཡི། །རྒྱལ་དང་དེ་སྲས་ཀུན་མཁྱེན་མཁས་རྣམས་ཀྱིས། །ཐུགས་ཉམས་བཞེས་པའི་ཉམས་ལེན་ཀུན་དོར་ནས། །རྟེན་འབྲེལ་ཚོགས་པའི་མཐོང་སྣང་སྙིང་ཐིག་འོད་གསལ་རྡོ་རྗེ་སྙིང་པོའི་ངོ་སྤྲོད་ཉི་ཤུ་རྩ་གཅིག་མ་ཡིན་པའི་སྲོ་མ་ར་ཙ་སོགས་སྣང་བ་དགུ་འགྱུར་གྱི་རྫས་སྦྱོར་སོགས་དང་། ཕྱི་རོལ་པའི་སྤྱོད་ཚུལ་དང་བསྲེལ་བའི་ངོ་སྤྲོད་བྱེད་པ་འདི་སྙིང་ཐིག་ཟབ་གནད་མཐའ་དག་ལྡོངས་པར་བྱེད་པའོ། །སྣ་ཚོགས་དང་། དབང་པོ་བསླད་པའི་འོད་ཟེར་ཕྲེང་བ་ལ། །སངས་རྒྱས་སྐུ་རུ་ངོ་སྤྲོད་བསྒོམ་པ་མཐོང་། །ཆོག་ཤེས་སྐྱེ་བོ་ཉམས་ལེན་ཨེ་མ་མཚར། །རྣམ་དག་རིག་པས་འཐད་པ་མ་རྙེད་ཅིང་། །རྒྱ་ཆེན་སྤྱོད་པའི་ཉམས་ལེན་ཀུན་དོར་ནས། །རྟེན་འབྲེལ་རྫས་ལ་བྱང་ཆུབ་རེ་བ་ཡི། །ཉམས་ལེན་དེ་ལ་སུ་ཞིག་ཡིད་རྟོན་བྱེད། །ཞང་ཞུང་བོན་དང་མུ་སྟེགས་བྱེད་ལ་ཡང་། །སངས་རྒྱས་བསྟན་དང་འདྲ་མཚུངས་བཅོས་པ་ཡི། །རྣམ་བཞག་དེ་འདྲ་ཤིན་ཏུ་མང་བའི་ཕྱིར། །ཆོས་ལུགས་འགའ་ཞིག་དོགས་པའི་གནས་སུ་མཐོང་། །འགའ་ཞིག་འདི་ན་འཕགས་མཆོག་རྣམ་གཉིས་ཀྱི། །རིག་པས་བཀྲལ་བའི་ཤིང་རྟའི་སྲོལ་གཉིས་དང་། །དཔལ་ལྡན་ཟླ་བའི་རིང་ལུགས་ལས་གཞན་པའི། །ལྟ་སྒོམ་ཐམས་ཅད་ནོར་བའི་ཆོས་ཡིན་ལོ། །རྡོ་རྗེ་འཆང་དབང་རྗེ་བཙུན་རྣལ་འབྱོར་མས། །སྐལ་ལྡན་འགྲོ་ལ་ཚུལ་བཞིན་འདོམས་པ་ཡི། །སྙན་རྒྱུད་ཕལ་ཆེར་སྤོང་བའི་ཆོས་ཚུལ་ལ། །ཐར་འདོད་སྐྱེ་བོ་རྣམས་ཀྱི་བག་ཡོད་མཛོད། །དབང་བསྐུར་བྱིན་རླབས་ཡེ་ཤེས་ཕེབས་པ་དང་། །རྫོགས་རིམ་བསྒོམས་དང་ཟབ་མོའི་མོས་གུས་ཀྱིས། །རང་གི་ཉམས་མྱོང་ཡིད་ཆེས་ལྟ་བ་དེ། །ཚེ་འདིར་སངས་རྒྱས་བསྒྲུབ་པའི་ཉེ་ལམ་ཡིན། །ད་དུང་ཟབ་མོའི་ལམ་གྱི་ལྟ་བ་དེ། །སོར་རྟོག་ཤེས་པའི་དཔྱད་པ་དང་བྲལ་བས། །ལོག་པའི་ལམ་དུ་མངོན་ཞེན་མི་འདོར་བར། །རང་ཉིད་ཁས་ལེན་གཞན་ལ་འདོམས་པ་དག །བཤད་དང་བསྒྲུབ་པའི་ཆོས་ཚུལ་ཀུན་མཐོང་ཞིང་། །བསམ་སྦྱོར་དམན་བས་གཞན་རྒྱུད་མི་བསྲེག་པར། །ཡིད་ཆེས་ལུང་དང་རྣམ་དག་རིག་པ་ཡིས། །རྩོད་པར་འདོད་ན་རྩོད་པའི་སྐབས་བྱེ་ཞིག །དེ་ཕྱིར་ཐར་འདོད་སྤོང་བ་ལྷུར་ལེན་རྣམས། །ཁྱིམ་གྱི་འདུ་འཛི་དམྱལ་བའི་མེ་འོབས་དང་། །དགྲ་གཉེན་བར་མ་ཚོང་འདུས་སྐྱེ་བོའི་ཚོགས། །སྲིད་པའི་ཕུན་ཚོགས་ནམ་མཁའི་འཇའ་དང་མཚུངས། །དེ་ལྟར་ཤེས་ནས་ཚེ་འདིའི་ཞེན་པ་སྤོངས། །དལ་འབྱོར་རྙེད་དཀའ་ངེས་པར་འཆི་བ་དང་། །ལས་འབྲས་བསླུ་མེད་འཁོར་བའི་ཉེས་དམིགས་རྣམས། །མཐོང་ཞིང་རིག་ནས་དབེན་པའི་གནས་སུ་སོང་། །གངས་རིའི་མགུལ་དང་མཐོན་པོའི་ནགས་ཁྲོད་སོགས། །ཐར་འདོད་སྐྱེ་བོའི་བསྟི་གནས་ཉམས་དགའ་བར། །འདོད་ཆུང་ཆོག་ཤེས་བསོད་སྙོམས་འཚོ་བ་དང་། །ཕྱག་དར་ཁྲོད་ཀྱི་དམན་པའི་གོས་གྱོན་ལ། །ལེགས་གསུངས་འདུལ་བའི་བསླབ་ལས་མི་འདའ་ཞིང་། །རྒྱལ་སྲས་སྤྱོད་པའི་ལམ་ནས་རིང་ནས་སློབས། །སྔར་བཤད་སྲོལ་གྱི་ལྟ་སྒོམ་སྤྱོད་པ་ཡིས། །ད་ལན་ཚེ་ལ་བཙན་ས་ཟིན་པར་མཛོད། །རང་དོན་ཉམས་ལེན་རྟོགས་པ་ཁོར་ཡུག་དང་། །གཞན་དོན་འབྲེལ་ཚད་དོན་ལྡན་མངོན་གྱུར་ནས། །རང་གི་ཉམས་མྱོང་གཞན་རྒྱུད་གདམས་པ་རྣམས། །སྣོད་ལྡན་འགྲོ་ལ་ཚུལ་བཞིན་འདོམས་པར་མཛོད། །བྱ་བཏང་ཁས་ལེན་ཚེ་འདིའི་ཞེན་པས་བཅིངས། །འཁྲུལ་ཞིག་ཁས་ལེན་གཟུང་འཛིན་དྲྭ་བར་ཆུད། །གྲུབ་ཐོབ་ཁས་ལེན་རྟོགས་པས་རྒྱུད་དབེན་པའི། །སྤོང་བ་པ་དེ་འཇིག་རྟེན་སྒྱུ་མ་མཁན། །རྣམ་དག་འདུལ་བའི་ཁྲིམས་ཀྱིས་ལེགས་བསྡམས་ནས། །རྒྱལ་སྲས་སྤྱོད་པའི་བསམ་སྦྱོར་རྨད་དུ་བྱུང་། །གསང་ཆེན་ལམ་གྱི་རྣལ་འབྱོར་མི་དམན་པའི། །སྤོང་བ་པ་དེ་ལྷ་མིའི་མཆོད་གནས་ཡིན། །མདོར་ན་གྲུབ་ཐོབ་རྣམས་ཀྱི་ལྟ་སྒོམ་ལ། །ཉམས་ལེན་མཛོད་དང་ཕྱོགས་ཀྱི་སྒོམ་ཆེན་ཀུན། །ལུས་ཀྱི་ཐལ་སྦྱར་ངག་གི་བསྟོད་པ་དང་། །ཡིད་ཀྱི་རྗེས་སུ་ཡི་རངས་ལན་བརྒྱར་བསྒོམ། །གཞུང་བརྒྱ་བལྟས་དང་ཁྲིད་བརྒྱ་བསམ་པ་དང་། །སྲོལ་བརྒྱ་རྣམས་ཀྱི་དོན་བརྒྱ་འདི་ཡིན་ནོ། །འདི་ཡིན་འདི་ལས་གཞན་དུ་རྒོལ་ན་ཡང་། །རྒྱལ་དང་རྒྱལ་བའི་སྲས་ཀྱིས་དཔང་མཛོད་ཅིག །བཀའ་དྲིན་མཉམ་མེད་དཔལ་ལྡན་ཆོས་རཏྣ་ལཀྵྨིཀྱི་རྗེ། །ཁྱོད་གཞུང་འཆད་པས་བཀའ་དྲིན་བསབ་མ་ནུས། །འོན་ཀྱང་འདུ་འཛིའི་དབེན་པའི་ནགས་ཁྲོད་ན། །གང་གསུངས་གདམས་པར་སྒོམ་པས་བཀའ་དྲིན་འཇལ། །འགའ་ཞིག་ལོག་པའི་ལམ་ལ་དག་པར་བསྒོམ། །ཁ་ཅིག་ཡང་དག་ལམ་ལ་འཁྲུལ་བར་བལྟ། །དེ་ཕྱིར་དེ་དག་རྣམས་ལ་སྙན་བསྐུལ་དུ། །ཅུང་ཟད་ཞུས་མདོ་ཐུགས་ཀྱིས་དགྱེས་པར་མཛོད། །འདི་བྲིས་དགེ་བས་བདག་ཀྱང་སྐྱེ་བ་འདིར། །གངས་དང་རི་སུལ་ནགས་ཀྱི་ཁྲོད་རྣམས་སུ། །མ་ནོར་ལམ་བསྒོམ་སྤོང་བ་ལྷུར་ལེན་རྣམས། །རྩེ་གཅིག་བསྒོམ་པས་བསྒྲུབ་རྒྱུད་འཛིན་པར་ཤོག །གང་འདི་གྲུབ་ཆེན་རྣམས་ཀྱི་ཁྲིད་གཞུང་རྣམས། །མང་དུ་ཐོས་པ་ནགས་ཀྱི་སྤོང་བ་པྲཛྙཱ་རསྨི་པས། །རཏྣ་ཀཱུ་ཊའི་ས་འཛིན་ཕོ་བྲང་ནས། །བསམ་གཏན་བསྒོམ་པའི་སྒོམ་ཆེན་ཀུན་ལ་བསྲིངས། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། ༈ ཐོས་བསམ་དང་སྒོམ་པ་འཆི་མེད་ཀྱི་བདུད་རྩིས་བཟུང་བའི་གཏམ་གྱི་ཨུཏྤལ་དཔྱོད་ལྡན་ཡོངས་ཀྱི་རྣ་བའི་རྒྱན་དུ་འོས་པ་འདི་ཉིད་ཀྱི་ཐོག་མར་བསྟན་བཅོས་སོ་སོའི་ལུས་རྣམ་པར་བཞག་པ་དང་མཐུན་པའི་མཆོད་བརྗོད་དང་། གླེང་གཞིའི་སྐབས་ཀྱི་མཆན་ཆུང་རགས་པ་སོགས། མང་དུ་ཐོས་པའི་དཔྱིད་གཙུག་ལག་སྨྲ་བའི་ཉི་མའི་བློ་གྲོས་ཀྱི་སྣང་བས་ཅུང་ཟད་གསལ་བར་བྱས་པ་སྟེ། རྒྱས་པར་ལོགས་སུ་འཆད་པར་སྤྲོ་བ་ཉིད་དོ། །ཤུ་བྷཾ།། །།

རྡོ་རྗེ་ཐེག་པའི་དཀྱིལ་ཆོག་གང་ལའང་སྦྱར་ཆོག་པ་ཡན་ལག་བརྒྱད་པའི་འབྲུ་འགྲེལ་ཉུང་ངུར་བསྡུས་པ།

རྡོ་རྗེ་ཐེག་པའི་དཀྱིལ་ཆོག་གང་ལའང་སྦྱར་ཆོག་པ་ཡན་ལག་བརྒྱད་པའི་འབྲུ་འགྲེལ་ཉུང་ངུར་བསྡུས་པ་བཞུགས་སོ། །ན་མོ་གུ་ར་ཝེ། འདིར་སྔ་འགྱུར་རྙིང་མའི་བཀའ་གཏེར་རྣམས་ནས་ཡང་ཡང་འབྱུང་བའི་ཡན་ལག་བརྒྱད་པ་འདི་ལ་ཀུན་མཁྱེན་བླ་མའི་ཞལ་རྒྱུན་མདོར་བསྡུས་པའི་ཚུལ་གྱིས་སྤྱི་དོན་བཀྲ་ཤིས་པའི་རྟགས་ཀྱི་གྲངས་དང་ལྡན་པ་བརྗོད་པ་ལ། ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བ། མ་གུས་པའི་གཉེན་པོ་སྐྱབས་སུ་འགྲོ་བ། སེར་སྣའི་གཉེན་པོ་མཆོད་པ་འབུལ་བ། ཞེ་སྡང་གི་གཉེན་པོ་སྡིག་པ་བཤགས་པ། ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་བ། རང་དོན་ཡིད་བྱེད་ཀྱི་གཉེན་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། གཅེས་འཛིན་གྱི་གཉེན་པོ་ལུས་འབུལ་བ། ཐེ་ཚོམ་གྱི་གཉེན་པོ་དགེ་བ་བྱང་ཆུབ་ཏུ་བསྔོ་བའོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་རང་ལ་ལམ་སྟོན་པར་བྱེད་པའི་རིགས་ཀུན་གྱི་བདག་པོ་དཀྱིལ་འཁོར་ཀུན་གྱི་གཙོ་བོར་མངའ་དབང་རྫོགས་པའི་ཁྱབ་བདག་ཆེན་པོ་རང་ཉིད་ལ་རང་བྱུང་གི་རིག་པ་ངོ་སྤྲོད་པའི་རྩ་བའི་བླ་མ་ཉིད་ཡིན་ལ། སངས་རྒྱས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་གྲངས་དང་མཉམ་པར་བཞུགས་པ་དེ་དང་། དཔལ་ནི་མ་འོངས་པ་ན་འབྱོན་པར་འགྱུར་བའི་ཀུན་གཞི་བདེ་གཤེགས་སྙིང་པོའི་སེམས་ཅན་ཐམས་ཅད་ཡིན་པས་ན། དུས་གསུམ་དུ་གཤེགས་ཤིང་བཞུགས་པ་དང་འབྱོན་པར་འགྱུར་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གཉིས་པ། མཆོག་གསུམ་ནི། གང་ལ་བསྟེན་ན་དོན་ཆེ་བ། །དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། ཕྱི་ལྟར་ན་དཀོན་མཆོག་གསུམ། ནང་ལྟར་ན་རྩ་བ་གསུམ། གསང་བ་ལྟར་ན་སྐུ་གསུམ་ཀུན་འདུས་ཀྱི་བདག་ཉིད་ཅན། བསྟེན་པའི་ཞིང་དུ་གྱུར་པ་ཐམས་ཅད་ལ། གང་ལ་སྐྱབས་སུ་འགྲོ་བའི་ཡུལ། གང་གིས་སྐྱབས་སུ་འགྲོ་བའི་གང་ཟག །ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་རྣམས་གཉིས་སུ་མེད་པའི་ཡིད་ཀྱིས་སྐྱབས་སུ་མཆི། གསུམ་པ། དངོས་སུ་འབྱོར་པའི་མཆོད་པ་ཕྱི་མཆོད་ཉེར་སྤྱོད། ནང་སྨན་རཀ་གཏོར་གསུམ། གསང་བ་བདུད་རྩི་བྱང་སེམས་དང་བཟའ་བཅའ་བཏུང་བའི་ཚོགས་ཀྱི་ལོངས་སྤྱོད། ཡིད་ཀྱིས་སྤྲུལ་པའི་མཆོད་པ་སྟོང་གསུམ་རབ་འབྱམས་ཀྱི་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་སུ་མཆོད་པའི་དངོས་པོ་ཇི་སྙེད་ཡོད་པ་ཐམས་ཅད་རྣམ་པ་བློས་སྤྲུལ་ཏེ། འབུལ་བའི་ཞིང་དག་པ་མཆོག་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ལ། དངོས་པོ་དག་པ་དངོས་ཞེན་སེར་སྣ་དང་བྲལ་བ། བསམ་པ་དག་པ་ཉེས་པའི་སྐྱོན་རྣམས་དང་བྲལ་བ་སྟེ། དག་པའི་མཆོད་པ་རྣམས་སྟོང་ཉིད་ཀྱི་རྩིས་དང་མ་བྲལ་བའི་ངང་ནས་ཕུལ་བ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཞེས་སུ་གསོལ། བཞི་པ། དངོས་གྲུབ་ཀྱི་ཆུ་བོ་ཆེན་པོ་ཉིད་ཐོབ་པ་ལ་བར་དུ་གཅོད་པའི་གེགས་སུ་གྱུར་པ་ཉེས་བྱས་ཏེ་སོ་བྱང་སྔགས་གསུམ་གྱི་ལྡོག་ཕྱོགས་ཀྱི་ཕམ་ལྟུང་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཉེས་ལྟུང་ཆུ་བོ་གངྒཱ་ལ་རགས་བརྩེགས་པ་ལྟ་བུའི་གེགས་སུ་གྱུར་པ་ཐམས་ཅད་མ་ལུས་པ། ཚོགས་རྟེན་དཔང་པོར་བཞུགས་པའི་སྤྱན་སྔར་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པར་བགྱིའོ། །ལྔ་པ། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་རྣམས་ཀྱིས་འཁོར་གསུམ་ཡོངས་སུ་དག་པ་སྟེ། ཐོག་མཐའ་བར་གསུམ་དགེ་བའི་ཆོས་ཀྱི་འཁོར་ལོ་དུས་གསུམ་དུ་མ་ཆགས་ཤིང་སེམས་ཅན་རྣམས་ཀྱི་དོན་དུ་རྟག་པར་ཁྱབ་བརྡལ་ལྷུན་གྲུབ་ཆེན་པོར་སྤྱོད་པ་ལ་རྗེས་སུ་ཡི་རང་ངོ་། །དྲུག་པ། མགོན་པོ་བྱམས་པས། འདི་ལ་བསལ་བྱ་ཅི་ཡང་མེད། །བསྣན་པར་བྱ་བའང་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་གྲོལ་ལོ། །ཞེས་གསུངས་པ་ལྟར། རང་གི་རིག་པ་ཡེ་ནས་རྣམ་པར་དག་པའི་ཆོས་ཅན་དེ་ཉིད་ཡོད་མེད་རྟག་ཆད་ཀྱི་མཐའ་བཞིའི་དྲི་མ་དང་བྲལ་བའི་བླ་ན་མེད་པ་མངོན་པར་རྫོགས་པའི་བྱང་ཆུབ་མཆོག་ཏུ་མཉམ་པར་བཞག་པ་སེམས་བསྐྱེད་དོ། །བདུན་པ། སྤངས་རྟོགས་ལེགས་པར་རྫོགས་པའི་མཆོག་ཏུ་བདེ་བར་གཤེགས་པས་ན་བདེ་གཤེགས་ཏེ་འདས་པའི་སངས་རྒྱས་རྣམས་དང་། དབང་ཕྱུག་ནི་ད་ལྟ་དབང་བསྐུར། རྒྱུད་འཆད། མན་ངག་སྟོན་མཛད་རྡོ་རྗེ་སློབ་དཔོན་བཀའ་དྲིན་གསུམ་ལྡན་ཉིད་དང་། སེམས་ཅན་མ་འོངས་པ་ན་འཚང་རྒྱ་བར་འགྱུར་པ་གཞི་གཅིག་གིས་བསྡུས་པ་ཐམས་ཅད་ལ། དགོས་པ་རྣམ་པ་གསུམ་གྱི་སྒོ་ནས་ལུས་འབུལ་བ་སྟེ། བདེ་གཤེགས་རྣམས་ལ་ལུས་ཕུལ་བས་ཚོགས་གཉིས་རྫོགས། སྒྲིབ་གཉིས་བྱང་ནས་རྒྱལ་བ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བའི་དགོས་པ། འཁོར་ལོའི་དབང་ཕྱུག་བླ་མ་ལ་ལུས་ཕུལ་བས་མཉེས་པ་གསུམ་གྱི་སྒོ་ནས་ཐུགས་རྒྱུད་དགོངས་པའི་བྱིན་རླབས་ཐོབ་པའི་དགོས་པ། མ་འོངས་པ་ན་འཚང་རྒྱ་བར་འགྱུར་བའི་སེམས་ཅན་ཐམས་ཅད་ལ་ལུས་ཕུལ་བས་གནས་སྐབས་སུ་འདོད་པའི་དོན་ཐམས་ཅད་འགྲུབ་ཅིང་མཐར་ཐུག་ཚོམ་བུ་གཅིག་ཏུ་འཚང་རྒྱ་བའི་དགོས་པ་དེ་དག་སྒྲུབ་པའི་ཕྱིར་དུ་ལུས་འབུལ་ལོ། །བརྒྱད་པ། ཚེ་རབས་བགྲངས་པའི་ལས་ཏེ་དུས་གསུམ་དུ་བསགས་ཤིང་བསགས་པ་བསགས་འགྱུར་ཏེ། མདོར་ན་གཅིག་ཏུ་རྣམ་པར་དག་པ་དགེ་བའི་ཕྱོགས་ཀྱི་ལས་རྣམས་ཀུན་གཅིག་ཏུ་བསྡུས་ཏེ་མཐར་ཐུག་རྫོགས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་པའང་མི་ཕམ་རྣམ་རྒྱལ་རྒྱ་མཚོས་སོ།། །།

རྙིང་ལུགས་བཀའ་མའི་བྱིན་འབེབས་ཀྱི་འགྲེལ་པ་ལེགས་བཤད་སྤྲིན་གྱི་རོལ་མོ།

རྙིང་ལུགས་བཀའ་མའི་བྱིན་འབེབས་ཀྱི་འགྲེལ་པ་ལེགས་བཤད་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །སྣང་སྲིད་གདོད་ནས་དག་པའི་དཀྱིལ་འཁོར་དུ། །ཡོངས་གྲུབ་ལྷུན་མཉམ་རྡོ་རྗེ་བཀོད་པའི་རྒྱན། །མི་ཟད་རྟག་པ་རྒྱུན་གྱི་འཁོར་ལོ་རུ། །ཡེ་བཞུགས་འཕོ་འགྱུར་བྲལ་བའི་དབྱིངས་ལ་འདུད། །སྲིད་ཞི་དབྱེར་མེད་མཉམ་པ་ཆེན་པོ་རུ། །དབང་བསྒྱུར་ཏིང་འཛིན་སྔགས་རྒྱའི་བྱེད་པ་ཡིས། །རིག་པ་ཆོས་སྐུའི་ཀློང་ནས་ཡེ་ཤེས་བྱིན། །རྩོལ་མེད་རང་བབ་རྡོ་རྗེ་ཐེག་པའི་ལམ། །རྒྱུད་ཀྱི་དགོངས་པ་གྲུབ་པའི་མན་ངག་གིས། །ཇི་ལྟར་བཀྲལ་བ་བླ་མའི་ཞལ་ལུང་བཞིན། །མདོར་བསྡུས་ངག་གི་ལེགས་པར་བཤད་པ་འདི། །དམ་པ་དགྱེས་པའི་མཆོད་པར་མོས་ཏེ་སྤྲོ། །དེ་ལ་འདིར་སྔ་འགྱུར་བཀའ་མའི་སྒྲུབ་ཕྲིན་གྱི་ཡིག་རྙིང་རྣམས་ལས་བྱུང་བའི་བྱིན་འབེབས་བབ་དྲུག་འདས་བཞིར་གྲགས་པ་འདི་ཉིད་ཀྱི་དགོངས་པ་འཆད་པ་ལ། སྤྱི་དོན་དང་། ཡན་ལག་གི་དོན་གཉིས་ལས། དང་པོ་ལའང་། བྱིན་རླབས་དབང་དང་དངོས་གྲུབ་རྣམས་གང་གིས་འབེབས་པའི་བྱེད་པ་པོ་དང་། གང་ལ་དབབ་པའི་ཡུལ། གང་ཞིག་དབབ་བྱའི་བྱིན། ནམ་ཞིག་དབབ་པའི་དུས། ཕེབས་པའི་རྟགས་མཚན། ཇི་ལྟར་འབེབས་པའི་ཚུལ་དང་དྲུག་ལས། དང་པོ་ནི། བྱེད་པ་པོ་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་དང་རང་བཞིན་དབྱེར་མི་ཕྱེད་པའི་རིགས་ལྔ་ཞི་ཁྲོའི་ལྷ་ཚོགས་བརྒྱུད་གསུམ་གྱི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་སོ། །གཉིས་པ་ནི། བདག་གནས་ཡོ་བྱད་གསུམ་སྟེ། རྒྱུད་ལས། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །འགྲུབ་འགྱུར་མི་ལྡན་དོན་མེད་བརླག །ཅེས་གསུངས་པ་ལྟར་སྟོན་འཁོར་མཚན་ཉིད་ཚང་བའི་སྒྲུབ་པ་པོ། བཀྲ་ཤིས་ཤིང་བྱིན་ཆགས་པའི་གནས་སུ་ཚོགས་ཁང་རིམ་པ་གསུམ་པ་སོགས་ཀྱི་གནས་དང་། དཀྱིལ་འཁོར་སྒྲུབ་རྫས་སོགས་ཀྱི་ཡོ་བྱད་རྣམས་སོ། །གསུམ་པ་ནི། བདག་ཉིད་ཆེན་པོ་རྣམས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བྱིན་རླབས་དང་། ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་དགྱེས་དགུར་འཆར་བའི་ལོངས་སྤྱོད་དང་བཅས་པའི་གཟི་བྱིན་དང་། བཅུད་རྣམས་སོ། །བཞི་པ་ནི། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །མ་ཉམས་འཇུག་ལ་རབ་བརྩོན་ན། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་གསུངས་པ་ལྟར། སྟོང་ཆེན། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་བཅིག་པ་ཕྲ་རགས་གཉིས། ཕྱག་རྒྱ་སྤྲོས་བཅས་ཀྱི་ཆོ་ག་ལྔ་ལ་གསལ་བརྟན་གྱི་ཚད་རྫོགས་པས་ཏིང་འཛིན་ལས་སུ་རུང་བར་གྱུར་པའི་རྣལ་འབྱོར་པས། བཟའ་བཏུང་། གོས་རྒྱན། བྲོ་གར། གླུ་ཚིག །སྦྱོར་སྒྲོལ་གྱི་ཡོ་བྱད་ལྔ་ཚང་ཞིང་རྫོགས་པའི་སྒོ་ནས། ལྷ་སྔགས་འཕྲོ་འདུ། སྔགས་ཀྱི་ཡན་ལག་ལྔ་དང་ལྡན་པས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པར་སྒྲུབ་པ་ལ་འཇུག་ཅིང་ཞུགས་ནས་ཀྱང་། རིམ་གཉིས་ཀྱི་ཉམས་ལེན་ལ་རབ་ཏུ་བརྩོན་ན་དབང་པོའི་ཁྱད་པར་གྱིས་ཟླ་དྲུག་སོགས་ཀྱིས་དངོས་གྲུབ་ཐོབ་པའི་དུས་བསྟན་པ་ལྟར། བྱིན་དབབ་པའི་དུས་ཀྱང་དེ་ཡིན་ཏེ། དབང་ཐོབ་ཅིང་དམ་ཚིག་ལ་སེལ་མ་ཞུགས་པའི་སྒྲུབ་པ་པོ་མཆེད་ལྕམ་རྣམས་ཀྱིས། སྒྲུབ་པའི་དལ་དང་། རྫས་རྣམས་གཞུང་བཞིན་བཤམས་ཏེ་རིམ་གཉིས་ཀྱི་ཏིང་ངེ་འཛིན་གསལ་བརྟན་ཐོབ་པས། སྒྲུབ་པ་ཆེན་པོའི་ཆོ་ག་ཡན་ལག་མ་ཉམས་པ་ལ་ཚུལ་བཞིན་དུ་ཞུགས་པ་ན་རྒྱལ་བ་སྲས་དང་བཅས་པས་སྲས་དང་སྤུན་དུ་དགོངས་ཤིང་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་གྲོགས་དང་རྗེ་དཔོན་དུ་མཐོང་ནས་བྱིན་གྱིས་རློབས་ཤིང་དངོས་གྲུབ་སྟེར་བའི་དུས་ཡིན་ནོ། །དབང་དུས་སུ་བྱིན་དབབ་པ་ཡང་དེས་མཚོན་ཏེ། རྡོ་རྗེ་སློབ་དཔོན་ལྟ་དགོངས་དང་ལྡན་པས་སློབ་མ་སྣོད་དུ་རུང་ཞིང་དམ་ཚིག་གཙང་བ་ལ། དབང་གི་ཆོ་ག་ཡན་ལག་མ་ཉམས་པར་གཞུང་བཞིན་དུ་སྒྲུབ་པའི་ཚེ་ན་བྱིན་གྱིས་རློབ་པའི་དུས་ཡིན་ནོ། །འདི་ནི་གལ་ཆེ་སྟེ་ཚིག་དོན་གྱི་སྐབས་སུ་ཡང་དུས་ལ་བབ་བོ་ཞེས་ལན་དྲུག་ཏུ་གསོལ་བའི་དུས་ནི་འདི་ཁོ་ན་སྟེ། གཞན་དུ་ཡེ་ཤེས་པ་འབེབས་པའི་རྒྱུ་ཚོགས་གང་དང་ཡང་མི་ལྡན་བཞིན་དུ་དུས་ལ་བབ་པོ་ཞེས་ཡང་དང་ཡང་དུ་བསྐུལ་ཀྱང་ལྷ་དང་མཁའ་འགྲོའི་ཐུགས་ཀྱིས་ཁྲེལ་བའི་རྒྱུ་ལས་ཅི་ཡང་མེད་དོ། །ལྔ་པ་ནི། སྐུའི་བྱིན་ཕེབས་རྟགས་སུ་ལུས་འཕར་གཡོ་དང་ཞི་ཁྲོའི་ཉམས་གར་གྱི་འགྱུར་བ་འཆར་ཞིང་འབྱུང་བཞིའི་རྫུ་འཕྲུལ་སྟོན་ནུས་པ་དང་། གསུང་ཕེབས་རྟགས་སུ་སྔགས་པ་སཾ་སྐྲྀ་ཏའི་སྐད་སོགས་བཅོས་མིན་བྱུང་རྒྱལ་དུ་འབྱུང་བ་དང་། ཐུགས་ཕེབས་རྟགས་སུ་བདེ་གསལ་མི་རྟོག་པའི་ཉམས་འབར་བ་དང་། ཏིང་ངེ་འཛིན་དང་མངོན་ཤེས་ཀྱི་ཁྱད་པར་དུ་མ་འཆར་བ། གཞན་ཡང་སྒྲུབ་རྫས་འཕེལ་བ་སྨན་རཀ་ཁོལ་ཞིང་གནས་ཁང་གཟི་བྱིན་དང་ལྡན་པ་སོགས་འབྱུང་ངོ་། །དྲུག་པ་ནི། རྣལ་འབྱོར་ཕོ་མོ་རྣམས་ཞི་ཁྲོའི་གར་ཆས་དང་ལྡན་པས་དཀྱིལ་འཁོར་གྱི་མཐའ་ནས་བསྐོར་ཏེ། གཡབ་དར་ཧསྟ་སོགས་ཀྱིས་གཡོབ་ཅིང་། ཁྱད་པར་གྱི་སྤོས་སོགས་བཏུལ། འབུད་རྡུང་དཀྲོལ་བའི་རོལ་མོའི་བྱེ་བྲག་རྣམས་སྦིར། བཤུགས་པའི་གླུ་དང་གར་གྱི་བརྡས་བསྐུལ་ཏེ། མཉམ་པ་ཆེན་པོའི་དགོངས་སྤྱོད་ལ་གནས་པས་བྱིན་དབབ་པར་བྱའོ། །གཉིས་པ་ཡན་ལག་གི་དོན་ལ། རྡོ་རྗེའི་གླུས་བསྐུལ་ཏེ་སྙན་གསན་དབབ་པ་དང་། བྱིན་དབབ་པ་དངོས་གཉིས་སོ། །དང་པོ་ནི། ཨཱོཾ་ཧཱུཾ། ཞེས་ཞི་ཁྲོའི་གླུའི་འགོ་འདྲེན་པ་སྟེ། ཡིག་འབྲུ་སོ་སོས་སྐུ་ལྔ་ཡེ་ཤེས་ལྔ་སོགས་འབྲས་ཆོས་ཉེར་ལྔར་མཚོན་པས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདག་ཉིད་དཀྱིལ་འཁོར་ཐམས་ཅད་ཀྱི་འཆར་གཞི་ཆེན་པོའི་དགོངས་པ་རང་གསལ་གདབ་པའོ། །ཨ་ལ་ལ་ཧོ་ཞེས་དེ་ལ་ངམ་ཞིང་ངོ་མཚར་བ་སྟེ་ཞི་ཁྲོ་སོ་སོའི་ཆེ་བའི་ཡོན་ཏན་ལ་ངམ་པའམ། དབྱིངས་ཡེ་ཇི་བཞིན་པའི་དཀྱིལ་འཁོར་ལས་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རྩོལ་མེད་རང་བྱུང་བདེ་བ་ཆེན་པོར་ཤར་བ་ལ་ངོ་མཚར་ཞིང་ངེས་པ་སྐྱེ་བའོ། །བྷ་ག་ཝཱན་ནི། བཅོམ་ལྡན་འདས་ཞེས་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་ལ་བོད་པ་སྟེ། བདུད་བཞི་བཅོམ་པ་སྤངས་པའི་ཡོན་ཏན་དང་། དབང་ཕྱུག་སོགས་དང་ལྡན་པ་རྟོགས་པའི་ཡོན་ཏན། སྲིད་ཞིའི་མཐའ་ལས་འདས་པ་ཆེ་བའི་ཡོན་ཏན་དང་ལྡན་པའི་སངས་རྒྱས་སོ། །ས་མ་ཡ་ཧོཿ ཞེས་པ་དམ་ཚིག་ལ་དགྱེས་པར་མཛོད་ཅེས་ཐུགས་དམ་གནད་ནས་བསྐུལ་བ་སྟེ། གདུལ་བྱ་འདུལ་བའི་ཕྲིན་ལས་དུས་ལས་ཡོལ་བར་མི་མཛད་པའི་སྔོན་གྱི་དམ་བཅའ་ལ་ཉེ་བར་དགོངས་ཤིག་ཅེས་མཁྱེན་པར་གསོལ་བའོ། །ས་མ་ཡ་སྟྭཾ། ཞེས་པ་ཁྱོད་ཀྱི་དུས་ལ་བབ་ཅེས་དུས་གསོལ་བའོ། །དེ་ལྟར་བསྐུལ་བའི་སྒྲ་བྱུང་མ་ཐག་ཏུ། ཆོས་ཀྱི་དབྱིངས་རྩོལ་རྟོག་མི་མངའ་བའི་ངང་ལས་ཐུགས་རྗེ་ཆེན་པོའི་དབང་གིས་ཡེ་ཤེས་ཀྱི་འཁོར་ལོ་གང་འདུལ་ཞི་ཁྲོའི་རོལ་གར་ནམ་མཁའ་ཁྱབ་པར་འཆར་ཞིང་སད་པར་འགྱུར་བ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་པའི་པའི་ཆོས་ཉིད་དོ། །གཉིས་པ་ལ་བྱིན་དབབ་པ་དང་། བསྡུ་བ་གཉིས་ལས། དང་པོ་ལ། དུས་གསོལ་བའི་སྒོ་ནས་ཐུགས་རྗེ་བསྐུལ་བ་དང་། ཉེ་བའི་ཚིག་དང་སྦྱར་ཏེ་འདོད་དོན་ཞུ་བ། དོན་བསྡུས་ཏེ་གསོལ་བ་གདབ་པ་དང་གསུམ་ལས། དང་པོ་ལའང་། ཐུགས་རྗེ་སྤྱིར་བསྐུལ་བ་དང་། འདོད་དོན་ཁྱད་པར་ཅན་ལ་བྱེ་བྲག་ཏུ་བསྐུལ་བ་གཉིས་ལས། དང་པོ་ནི། འཕགས་མཆོག་སོགས་རྐང་པ་གཉིས་ཏེ། དེ་ཡང་སྤྱིར་སོ་སོའི་སྐྱེ་བོའི་འཆིང་བ་ལས་གྲོལ་བའི་འདས་ལམ་མངོན་གྱུར་གྱི་འཕགས་པ་ལ་ཉན་རང་ཐེག་ཆེན་འཕགས་པ་གསུམ། ཐེག་ཆེན་འཕགས་པ་ལའང་སློབ་ལམ་སར་གནས་ཀྱི་བྱང་སེམས་འཕགས་པ་དང་། སྤངས་རྟོག་མཐར་ཕྱིན་གྱི་སངས་རྒྱས་འཕགས་པ་གཉིས་ཏེ་བཞི་ལས། འདིར་འཕགས་པ་མཆོག་གི་སྒྲས་སངས་རྒྱས་འཕགས་པ་ཡིན་ཞིང་། དེ་ཡང་སྐུ་ལྔ་ཡེ་ཤེས་དྲུག་གི་རང་བཞིན་ཁ་སྦྱོར་གྱི་ཡན་ལག་བདུན་དང་ལྡན་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ངམ་ཧེ་རུ་ཀ་སྟེ་དཀྱིལ་འཁོར་གྱི་དབང་ཕྱུག་ལ་བྱའོ། །གཙོ་བོ་བསྐུལ་བས་འཁོར་རྣམས་ཞར་ལ་བསྐུལ་བར་འགྱུར་ཏེ་འཁོར་ལོས་སྒྱུར་རྒྱལ་གང་དུ་ཕེབས་པ་དེ། དཔུང་ཚོགས་བཞི་ཤུགས་ཀྱི་ལྷགས་པ་བཞིན་ནོ། །ཐུགས་རྗེ་ལ་དབྱེ་ན། རིམ་གསུམ་ལས། རྟག་རྒྱུན་རང་བཞིན་ཤུགས་གསོལ་དང་། །ཡུལ་དང་འཕྲད་ནས་འབྱུང་བར་སྣང་། །ཞེས་པ་ལྟར། རྟག་པ་རྒྱུན་གྱི་ཐུགས་རྗེ་དུས་ལས་མི་ཡོལ་བ་ཆུ་བོའི་རྒྱུན་ལྟ་བུ། རང་བཞིན་ཤུགས་ཀྱི་ཐུགས་རྗེ་རྩོལ་རྟོག་མེད་པར་ངང་གིས་འབྱུང་བ་ཉི་མའི་འོད་ཟེར་ལྟ་བུ། བསྐུལ་ཞིང་གསོལ་བ་གདབ་པའི་ཐུགས་རྗེ་སྙིང་རྗེ་ཅན་ལ་དབུལ་པོས་ནོར་སློང་བ་ལྟ་བུ། གདུལ་བྱ་ཡུལ་དང་འཕྲད་པའི་ཐུགས་རྗེ་མཛངས་པས། སྤྱོད་ལོག་བྱེད་པ་མཐོང་བའམ་དཔལ་ཆེན་པོས་རུ་ཏྲ་ལ་ཐུགས་རྗེ་སྐྱེས་པ་ལྟ་བུ་སྟེ་བཞི་ལས་འདིར་བཞི་ཀ་སྟེ། གང་བསྐུལ་བར་བྱ་བ་སངས་རྒྱས་རྣམས་ཀྱི་རང་བཞིན་ཤུགས་ཀྱི་ཐུགས་རྗེ་སེམས་ཅན་གྱི་ཁམས་ལ་རྟག་པར་རྒྱུན་གྱིས་འཇུག་པས། གང་གིས་བསྐུལ་བ་པོ་གདུལ་བྱ་དུས་ལ་བབས་པ་རྨ་སྨིན་པ་མཚོན་གྱིས་བརྡོལ་རན་པ་ལྟ་བུའི་གང་ཟག་གིས་སྙིང་ནས་གདུང་ཤུགས་དྲག་པོས་བསྐུལ་ཞིང་གསོལ་བ་བཏབ་པ་ན་ཐུགས་རྗེ་ཆེན་པོ་མི་སྐྱེ་བའི་དབང་མེད་དེ་རྒྱུ་རྐྱེན་ཚོགས་པའི་འབྲས་བུ་བཞིན་ནོ། །དེ་ཡང་གདུལ་བྱ་དུས་ལ་མ་བབས་ན་གདུལ་བྱེད་ཀྱི་ཐུགས་རྗེ་མི་འཇུག་པས་དུས་ལ་བབས་པ་གཙོ་ཆེ་སྟེ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་ལས་ཡོལ་བར་འགྱུར་ཀྱང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །ཅེས་པ་ལྟར་རོ། །དེ་ལ་དུས་ནི་གོང་དུ་སྨོས་པ་ལྟར་སྒྲུབ་པ་པོ་དབང་གིས་སྨིན་པ། དམ་ཚིག་དག་པ། བསྐྱེད་རྫོགས་བརྟན་པ་། སྒྲུབ་རྫས་ཚང་བ། ཡོ་བྱད་འབྱོར་བ། སྒྲུབ་པའི་ཆོ་ག་ཡན་ལག་མ་ཉམས་པས་ལེ་ལོ་གཉིད་ཆང་སོགས་ཀྱི་དབང་དུ་མི་གཏོང་བར་བརྩོན་པས་སྒྲུབ་ལ་འཇུག་པ་རྣམས། ནང་འཛོམ་པས་ན་བྱིན་རླབས་དབང་དང་དངོས་གྲུབ་ཐམས་ཅད་འབྱུང་བའི་དུས་ཡིན་པས། དུས་ལ་བབ་བོ་ཞེས་བརྗོད་པའང་སྐབས་སུ་བབས་པར་འགྱུར་བ་ཉིད་དོ། །དུས་གསོལ་བ་འོག་མ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེའི་འོག་ཏུ་འཕགས་པ་མཆོག་གི་ཐུགས་རྗེ་བསྐུལ་ན་ཅི་བྱ་ཞེ་ན། ཁྱད་པར་བསྟན་པའི་དུས་ལ་བབ། །ཞེས་སྨོས་ཏེ། ཁྱད་པར་ཅན་གྱི་གདུལ་བྱའི་ཡུལ་གསང་བ་ཟབ་མོའི་ལམ་གྱི་ཉེ་ལམ་གྱི་སྣོད་དུ་རུང་བ་རྣམས་ཀྱི་ཁྱད་པར་ཅན་གྱི་འདུལ་བྱེད་ཟབ་མོ་བསྙེན་སྒྲུབ་ཡན་ལག་བཞིའི་གཞུང་བསྲང་བས་ཁྱད་པར་ཅན་གྱི་མཐུ་བྱིན་དབང་དང་དངོས་གྲུབ་ཐམས་ཅད་དུས་ཕྱི་མར་མི་སྡོད་པར་ད་ལྟ་ཉིད་དུ་བསྟན་པའི་དུས་ལ་བབ་བོ་ཞེས་གསོལ་བའོ། །གཉིས་པ་ཁྱད་པར་བསྟན་པ་དེ་ཡང་གང་ཞེ་ན། ནུས་པ་མཐུ་ཡི་ཁྱད་པར། བྱིན་གྱིས་རླབས་ཀྱི་ཁྱད་པར། སྨིན་པ་དབང་གི་ཁྱད་པར། འབྲས་བུ་དངོས་གྲུབ་ཀྱི་ཁྱད་པར་དང་བཞི་སྟེ་གོ་རིམ་བཞིན། དང་པོ་ལམ་གྱི་འགལ་རྐྱེན་བསལ་བ་དང་། གཉིས་པ་ལམ་རྒྱུད་ལ་སྐྱེ་བའི་སྣོད་རུང་དུ་བྱེད་པ་དང་། གསུམ་པ་ལམ་ལ་རང་དབང་དུ་བྱ་བ་དང་། བཞི་པ་ལམ་དེས་གྲུབ་པའི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་བསྟན་པ་སྟེ། དེ་དག་ནི་རྒྱུ་འབྲས་དོན་གྱི་གོ་རིམ་ཡིན་ནོ། །དེ་ལ་དང་པོ། མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་པ་སྟེ། རྒྱལ་བ་ཐུགས་རྗེའི་བདག་ཉིད་ཅན་ཁྱེད་རྣམས་ལ་མངའ་བའི་སྤྱན་དང་མངོན་ཤེས་རྫུ་འཕྲུལ་དང་སྟོབས་ལ་སོགས་པའི་མཐུ་དང་ནུས་པའི་རྩལ་ཆེན་པོ་ཕྱུང་བའི་དུས་ལ་བབ་བོ། །ཞེས་པའོ། །གཉིས་པ་ནི། བྱིན་གྱིས་རློབས་པའི་དུས་ལ་བབ། །ཅེས་པ་སྟེ། གསེར་འགྱུར་གྱི་རྩིས་ལྕགས་ཁམས་གསེར་དུ་བྱེད་པ་ལྟར། རྡོ་རྗེ་གསུམ་གྱི་བྱིན་ཆེན་པོས་བདག་ཅག་གི་སྒོ་གསུམ་རྒྱལ་བའི་གསང་བ་གསུམ་དུ་རློབ་པའི་དུས་ལ་བབ་བོ་ཞེས་པའོ། །གསུམ་པ་ནི། དབང་མཆོག་བསྐུར་བའི་དུས་ལ་བབ། །ཅེས་པ་སྟེ། གཞི་དུས་ཀྱི་རྩ་རླུང་ཐིག་ལེ་གཉུག་མ་ཡེ་ཤེས་ཀྱི་ཁམས་དང་བཅས་པའི་དཀྱིལ་འཁོར་བཞི་པོ་ལམ་བསྐྱེད་རྫོགས་ཡན་ལག་བཞིའི་རིམ་པས་སྦྱངས་ཏེ། འབྲས་བུ་རྡོ་རྗེ་བཞིའི་རྒྱལ་ཐབས་ལ་དབང་བསྐུར་བའི་དུས་ལ་བབ་བོ། །ཞེས་པའོ། །བཞི་པ་ནི། དངོས་གྲུབ་སྩོལ་བའི་དུས་ལ་བབ། །ཅེས་པ་སྟེ། སྨིན་སྒྲོལ་ཟབ་མོའི་ལམ་ལ་བསླབ་པའི་འབྲས་བུ་གྲུབ་པ་བརྒྱད་སོགས་ཐུན་མོང་དང་། རིག་འཛིན་བཞི་དང་ཁ་སྦྱོར་བདུན་སོགས་གནས་སྐབས་དང་མཐར་ཐུག་གི་མཆོག་གི་དངོས་གྲུབ་ཐམས་ཅད་དུས་འདི་ཉིད་དུ་སྩོལ་བའི་དུས་ལ་བབ་བོ་ཞེས་པའོ། །གཉིས་པ་ཉེ་ཚིག་དང་སྦྱར་ཏེ་འདོད་དོན་ཞུ་བ་ལའང་། དུས་གསོལ་བའི་གོ་རིམ་དང་མཚུངས་པར་བཞི་སྟེ། འགལ་རྐྱེན་བསལ་བ། བྱིན་གྱིས་རློབས་པ། དབང་བསྐུར་བ། དངོས་གྲུབ་སྩོལ་བར་ཞུ་བ་དང་བཞི་ལས། དང་པོ་ནི། མཐུ་ཆེན་བདུད་ཐུལ་བཅོམ་ལྡན་འདས། །ཞེས་སྨོས་ཏེ་མཐུ་སྟོབས་ཆེན་པོའི་རྩལ་གྱིས་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་དམ་སྲི་ཕྱི་ནང་གསང་བའི་རུ་ཏྲའི་སྡེ་དཔུང་སྤྱི་དང་། བྱེ་བྲག་དབང་བཞིའི་ལམ་གྱིས་སྦྱང་བྱར་གྱུར་པའི་སྒྲིབ་བཞིའི་ས་བོན་བཅོམ་སྟེ། གསང་བའི་བདུད་བཞི་ཐུལ་བར་མཛོད་ཅིག །བཅོམ་ལྡན་འདས་ཞེས་ཉེ་བའིི་ཚིག་གིས་བོས་ཏེ་ཐུགས་དམ་གནད་ནས་བསྐུལ་བ་ནི། འོག་མ་གསུམ་ལ་ཡང་ཤེས་པར་བྱའོ། །གཉིས་པ་ནི། བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །ཞེས་པ་སྟེ། འབྲས་ཆོས་ཉི་ཤུ་རྩ་ལྔས་བསྡུས་པའི་མི་ཟད་རྒྱན་གྱི་འཁོར་ལོའི་བྱིན་རླབས་ཀྱི་དབྱིག་ཆེན་པོ་དང་ལྡན་པ་ཁྱོད་ཀྱིས་བདག་གནས་ཡོ་བྱད་ཐམས་ཅད་ལ་བྱིན་རླབས་ཀྱི་ཆར་ཆེན་པོ་ཕོབས་ཤིག་བཅོམ་ལྡན་འདས། ཞེས་པའོ། །གསུམ་པ་ནི། དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །ཞེས་པ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་དབང་ཕྱུག་ཆེན་པོའི་བདག་ཉིད་དུ་གྱུར་པ་ཁྱོད་ཀྱིས་གཞི་ལམ་གྱི་འབྲས་བུའི་དབང་བསྐུར་བ་ཆེན་པོས་བདག་ལ་དབང་བསྐུར་ཅིག་བཅོམ་ལྡན་འདས། ཞེས་པའོ། །བཞི་པ་ནི། དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །ཞེས་པ་སྟེ། མཁའ་སྤྱོད་ལ་སོགས་ཐུན་མོང་གི་དངོས་གྲུབ་དང་། མཆོག་གི་དངོས་གྲུབ་ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་དང་། མཐར་ཕྱིན་གྱི་འབྲས་བུ་སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་ལྷུན་རྫོགས་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་པ་སྟེ། དེ་ལྟ་བུའི་དངོས་གྲུབ་ཀྱི་མཆོག་དམ་པ་སྩོལ་བར་མཛོད་ཅིག་བཅོམ་ལྡན་འདས། ཞེས་པའོ། །ལམ་དང་འབྲས་བུས་བསྡུས་པའི་དངོས་གྲུབ་རྨད་དུ་བྱུང་བ་རྣམས་ཀྱང་གློ་བུར་གྱི་དྲི་མ་བྲལ་སྟོབས་ཀྱིས་རང་གནས་ཀྱི་ཡོན་ཏན་མངོན་དུ་གྱུར་པ་ལས་གཞན་བྱུང་དང་། གསར་ཐོབ་མ་ཡིན་ཏེ། རྒྱུད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ན་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །ཞེས་དང་། རྨད་བྱུང་རྒྱལ་པོ་ལས། སངས་རྒྱས་སྐུ་དང་ཡེ་ཤེས་ཞིང་ཁམས་དང་། །ཡེ་ཤེས་ཡོན་ཏན་ཕྲིན་ལས་ཇི་སྙེད་པ། །ཡེ་ཤེས་དེ་ཉིད་དེ་ལྟར་སྣང་བ་ཡིན། །གཞན་ནས་མ་ཡིན་དེ་ལྟར་ལྷུན་གྱིས་གྲུབ། །ཅེས་གསུངས་པ་ལྟར་རོ། །གསུམ་པ་དོན་བསྡུས་ཏེ་གསོལ་བ་གདབ་པ་ནི། བདག་ཅག་ལས་འབྲས་མཆིས་པར་མཛོད། །ཅེས་པ་སྟེ། བདག་ཅག་སྒྲུབ་པ་མཆོག་ལ་ཞུགས་པའི་མཆེད་དང་ལྕམ་དྲལ་རྣམས་ཀྱིས་བསྒྲུབ་པའི་དལ་བཀྲམ། མཆོད་པའི་ཡོ་བྱད་སྦྱར། རིམ་གཉིས་ཀྱི་ཏིང་འཛིན་སྒོམ། བསྙེན་སྒྲུབ་གཉིས་ཀྱི་ལས་གཞུང་བསྲང་སྟེ་ཚུལ་བཞིན་དུ་སྒྲུབ་པའི་ལས་སམ་བྱ་བ་འདི་ལ་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་མཆིས་པ་སྟེ་དོན་ཡོད་པར་མཛོད་ཅིག་ཅེས་པའོ། །གཉིས་པ་བྱིན་བསྡུ་བ་ནི། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྗོད་པ་ནི་སྡུད་པར་བྱེད་པའི་གསང་སྔགས་ཏེ། ནམ་མཁའ་གང་བའི་ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་བདག་གནས་ཡོ་བྱད་དང་བཅས་པ་ལ་རྒྱ་མཚོ་ཆེན་པོ་ལ་ཆར་བབ་པ་བཞིན་དུ་བབས་ཤིང་ཐིམ་པར་གྱུར་པས་གསལ་ཞིང་བརྟན་པ་གཟི་བྱིན་དང་ལྡན་པར་མོས་པར་བྱའོ། །དེ་ལྟར་བཀའ་མའི་བྱིན་འབེབས་ཀྱི་གཞུང་འདི་ཉིད་ཚིག་བརླིང་ཞིང་དོན་རྟོགས་པར་དཀའ་བ་དེ་ལྟར་ནའང་། བཀའ་དྲིན་འཁོར་མཐའ་དང་བྲལ་བའི་འདྲེན་པ་མཆོག་གི་གསུང་གསང་སྤྱི་བོར་ཕེབས་པ་ལྡོག་ཏུ་མ་ནུས་པར་སྙོམས་ལས་པ་རྨོངས་པ་པདྨ་བཛྲ་དུ་འབོད་པས་གཡར་ཁྲལ་དུ་བྲིས་པ་དགེ་བར་གྱུར་ཅིག །དམ་པའི་ཞལ་ལུང་ཇི་བཞིན་མ་རྟོགས་པར། །རང་བཟོས་ནོངས་པའི་དྲི་མ་གང་མཆིས་པ། །ཆོས་ཀྱི་སྤྱན་ལྡན་རྣམས་ལ་སྙིང་ནས་འཆགས། །ཆོས་སྤོང་ལས་ཀྱིས་སྒྲིབ་པར་མ་གྱུར་ཅིག །ལྷག་བསམ་ཆབ་ལས་འཁྲུངས་པའི་ལེགས་བཤད་ཆའི། །དགེ་ཚོགས་པདྨ་དཀར་པོའི་ཕོན་པོ་འདི། །དམ་པའི་ལྷ་གྲལ་དགྱེས་པའི་དོ་ཤལ་དུ། །བླངས་ནས་རྗེས་སུ་འཛིན་པའི་རྒྱུ་གྱུར་ཅིག །ཅེས་ཀྱང་སྨྲས་སོ།། །།

རྒྱུད་ལུང་མན་ངག་གི་བཤགས་པའི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང་།

རྒྱུད་ལུང་མན་ངག་གི་བཤགས་པའི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །རྒྱུད་ལུང་མན་ངག་གི་བཤགས་པའི་ཚིག་གི་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང་ཞེས་བྱ་བ། བླ་མ་དང་གཉིས་སུ་མེད་པ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རིག་སྟོང་གཉུག་མ་སེམས་ཀྱི་རྡོ་རྗེ་ནི། །འཁོར་འདས་ཀུན་ཁྱབ་རྟག་པར་བཞུགས་ཉིད་ལ། །ངེས་དོན་འཇམ་དཔལ་དཔའ་བོའི་བདག་ཉིད་དུ། །མཐོང་བའི་ཡིད་ཆེས་ཕྱག་གིས་རྣམ་པར་འདུད། །དངོས་མཚན་སྤྲོས་པའི་རྣམ་པ་ཀུན་བྲལ་ཡང་། །འོད་གསལ་དབྱིངས་ལས་སྣ་ཚོགས་སྒྱུ་མའི་གར། །ཕྱོགས་དང་དུས་ཀྱི་མུ་མཐར་སྤྲོ་མཛད་པ། །ཁྱོད་མིན་རིགས་རྣམས་ཀུན་གྱི་བྱེད་པོ་སུ། །ཁྱོད་ནི་རྟག་ཏུ་མཉམ་པའི་ཆོས་ཉིད་ལ། །ཀུན་རྟོག་ལས་རླུང་འཕོ་བའི་ངང་ཚུལ་དང་། །གྲུབ་མཐའི་ཞེ་འདོད་དྲྭ་བས་ཡང་དང་ཡང་། །བསྒྲིབས་པར་གྱུར་གང་དེ་ནི་བཤགས་བགྱིའོ། །འདིར་དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས་བཅོམ་ལྡན་འདས་ལོངས་སྤྱོད་ཀྱི་བདག་པོ་ཆེན་པོ་རྣམས་ཀྱིས་རྒྱུད་ལུང་མན་ངག་གི་བཤགས་པ་གསུངས་པ་འདི་འཆད་པར་བྱེད་པ་ལ། སྤྱིར་ཞིང་དང་དུས་གཞན་དུ་འབྱུང་བར་དཀའ་བ་རྡོ་རྗེའི་ཐེག་པ་རྒྱ་མཚོ་ལྟ་བུའི་ལམ་གྱི་གནད་ནི་སྨིན་བྱེད་ཀྱི་དབང་བཞི་དང་རྗེས་སུ་འབྲེལ་བའི་ལམ་རྣམ་པ་བཞི་བསྒོམ་པར་འདུ་སྟེ། དེ་ཡང་སྣང་བ་ཡུལ་གྱི་བློ་ཅན་རྣམས་ཀྱི་ངོར་བྱས་ནས་སྣང་སྲིད་དཀྱིལ་འཁོར་གསུམ་དུ་ལྟ་བས་ཤེས་ཤིང་སྒོམ་པས་ཉམས་སུ་ལེན་པ་བསྐྱེད་པ་མ་ཧཱ་ཡོ་ག་ནི་བུམ་དབང་དང་འབྲེལ་བའི་ལམ་སྣང་སྟོང་ཟུང་འཇུག་ཉིད་གཙོ་བོར་སྟོན་ལ། ཇི་ལྟར་ཕྱི་རོལ་གྱི་ཆོས་ཐམས་ཅད་ནང་གི་རྩ་རླུང་ཐིག་ལེའི་འཕོ་བའི་དབང་གིས་ཡིན་པར་ཤེས་པའི་བློ་ཅན་རྣམས་ལ་སྣོད་བཅུད་ཐམས་ཅད་བདེ་སྟོང་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་སུ་སྡོམ་པར་བྱེད་པ་རྫོགས་པ་ཨ་ནུ་ཡོ་ག་ནི་གསང་ཤེར་གཉིས་དང་རྗེས་སུ་འབྲེལ་བའི་ལམ་ཁྱེར་གཙོ་བོར་སྟོན་པ་སྟེ། དེ་ཡང་གསང་དབང་གི་ལམ་གསལ་སྟོང་ཟུང་འཇུག་ནི་ཨ་ནུའི་སྔོན་འགྲོ་རང་ལུས་ཐབས་ལྡན་དང་། ཤེར་དབང་གི་ལམ་བདེ་སྟོང་ཟུང་འཇུག་ནི་ཨ་ནུའི་ལམ་གྱི་དངོས་གཞིའོ། །ནང་རྩ་རླུང་གི་བྱེད་པ་སོགས་ལ་མ་ལྟོས་པར་གཉུག་མའི་ཡེ་ཤེས་རྗེན་པར་མཐོང་ནུས་པའི་རིག་པ་རང་སྣང་གི་བློ་ཅན་རྣམས་ཀྱི་ངོར། འཁོར་འདས་ཐམས་ཅད་གཞིར་གནས་གཉུག་མའི་ཡེ་ཤེས་གཅིག་པུར་ལ་ཟློ་བ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་དབང་བཞི་པའི་ཡེ་ཤེས་རིག་སྟོང་ཟུང་འཇུག་ཉིད་རྩལ་དུ་འདོན་པ་ཡིན་པས་མ་ཧཱ་དང་ཨ་ནུ་གཉིས་ཀྱང་རྫོགས་པ་ཆེན་པོར་གཞོལ་ཞིང་འབབ་པས་ཐེག་པ་ཐམས་ཅད་ཀྱི་སྐྱེལ་སོ་ནི་རྫོགས་པ་ཆེན་པོ་ཁོ་ནར་ངེས་སོ། །དེས་ན་སྔགས་བླ་མེད་ཐམས་ཅད་དོན་དུ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྟེན་ནས་གཞི་འབྲས་དབྱེར་མེད་ཟུང་འཇུག་གི་ཡེ་ཤེས་ཉིད་ལམ་དུ་བྱེད་པར་འདྲ་ཡང་། སྣོད་བཅུད་དཀྱིལ་འཁོར་གསུམ་དུ་བསྟན་པ་རྡོ་རྗེ་ཐེག་པ་སྤྱི་གནད་སྟོན་པ་རྒྱུད་མ་ཧཱ་ཡོ་ག་དང་། ཕྱི་བསྐྱེད་རིམ་སོགས་ཚེགས་ཆེན་པོ་ལ་མི་ལྟོས་པར། ནང་གི་རྩ་རླུང་ཐིག་ལེའི་བྱེད་པ་ཁྱད་པར་ཅན་ལ་བརྟེན་ནས་འབྲས་བུ་བདེ་བླག་ཏུ་བྱེད་པས་ན་རྒྱུད་དོན་གསལ་བར་ཕྱེ་བ་ལྟ་བུའི་ལུང་ཨ་ནུ་ཡོ་ག་དང་། རྩ་རླུང་གི་བྱེད་པ་སོགས་ལའང་མི་ལྟོས་པར་རིག་སྟོང་གི་ཡེ་ཤེས་རྗེན་པར་འཆར་བའི་ཟབ་མོའི་གནད་མཐར་ཐུག་པ་སྟོན་པ་མན་ངག་རྫོགས་པ་ཆེན་པོ་སྟེ། གསུམ་ཀ་སངས་རྒྱས་ཀྱི་བཀའ་ཡིན་པར་འདྲ་ཡང་། རྒྱུད་ལས་རྒྱུད་དོན་ལུང་གི་ཚུལ་གྱིས་གསལ་པོར་ཕྱེ་བ་དང་། ལུང་དོན་མན་ངག་གི་གནད་དུ་བརྡེག་པ་ལྟ་བུ་ཡིན་པས་ན་རྒྱུད་ལུང་མན་ངག་གསུམ་ཞེས་རྣམ་པར་བཞག་སྟེ། གཞི་དངོས་པོ་གཤིས་ཀྱི་གནས་ཚུལ་གཏན་ལ་འབེབས་པའི་ལམ་གྱི་གནད་ཇེ་བས་ཇེ་ཟབ་ཏུ་སོང་བས་ན། བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་ལ་ངེས་པ་ཇི་ཙམ་རྙེད་པ་དེ་ཙམ་དུ་ལམ་གོང་མ་གོང་མ་ལ་ཡིད་ཆེས་པར་འགྱུར་རོ། །དེས་ན་རྡོ་རྗེ་ཐེག་པ་རྒྱ་མཚོ་ལྟ་བུའི་སྤྱི་ཆིངས་ནང་རྒྱུད་སྡེ་གསུམ་གྱི་དགོངས་པ་དང་བསྟུན་པའི་བཤགས་ཚུལ་ལ་གསུམ་སྟེ། རྒྱུད་མ་ཧཱ་ལྟར་བཤགས་པ། ལུང་ཨ་ནུ་ལྟར་བཤགས་པ། མན་ངག་རྫོགས་ཆེན་ལྟར་བཤགས་པ་གསུམ་མོ། །དང་པོ་ལ། གཞི་ལམ་འབྲས་བུ་གསུམ་ལས། དང་པོ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྣང་སྟོང་ཟུང་དུ་འཇུག་པ་ལྷག་པའི་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོ་དེ་ལ་ནི་འདས་སོགས་དུས་གསུམ་གྱི་མཚན་མའི་སྤྲོས་པ་ཐམས་ཅད་མེད་པ་ཡིན་ལ། དེ་ལྟ་བུར་ཕྱོགས་དུས་ཀྱི་དངོས་པོ་མཚན་མའི་ཆོས་གང་གི་ཡང་རང་བཞིན་དུ་མི་གནས་པའི་ཡུལ་དེ་ལ། ཡུན་ཅན་དམིགས་གཏད་ཀྱི་འཛིན་རྟོག་གང་ཡང་མེད་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས། ཡུལ་མེད་རང་གསལ་རྗེན་པར་མཐོང་ནས། དབྱིངས་སྟོང་པ་ཉིད་དང་རིག་པ་ཡེ་ཤེས་གཉིས་ཡེ་ནས་གཉིས་སུ་མེད་པ་མཉམ་ཉིད་ཆོས་སྐུ་ཆེན་པོ་ཉིད་དུ་གནས་པ་ལས། མ་རྟོགས་གཉིས་ཆོས་ཀྱི་སྣང་བ་གཟུགས་སོགས་ཕྱིའི་སྐྱེ་མཆེད་ཡུལ་དང་། མིག་སོགས་ནང་གི་དབང་པོ་གཉིས་གཉིས་སུ་མེད་པར་རྟོགས་པས་བཤགས་སོ་ཞེས། གང་གིས་བཤགས་ན་ཆོས་ཉིད་སྤྲོས་མེད་རྟོགས་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས། གང་དུ་བཤགས་ན་དབྱིངས་དང་ཡེ་ཤེས་ཡེ་ནས་གཉིས་སུ་མེད་པའི་ངང་དུ། གང་བཤགས་ན་དབང་ཡུལ་གཟུང་འཛིན་གཉིས་སྣང་གི་རྟོག་པ་དང་། དེའི་དབང་གིས་བྱུང་བའི་ཉམས་ཆག་དང་ལས་ཉོན་ཐམས་ཅད། ཚུལ་ཇི་ལྟར་བཤགས་ན་མ་སྤངས་རང་དག་གི་ཚུལ་དུ་རྟོགས་པ་ཙམ་གྱིས་རང་གྲོལ་དུ་བཤགས་པའོ། །གཉིས་པ་ལམ་ནི། འདི་ལྟར་ཕྱི་སྣོད་ཀྱི་འབྱུང་བ་ཆེན་པོ་ལྔ་ནི་རང་བཞིན་གྱིས་ཡུམ་ཆེན་མོ་ལྔའི་བདག་ཉིད་དུ་བཞུགས་པ་ཅན་གྱི་བྷ་ག་གང་ཞིག་དབྱིངས་དེར་ནི་རྒྱལ་བ་རབ་འབྱམས་ཀྱི་ཚོགས་རྟག་ཏུ་ཟག་མེད་ཀྱི་བདེ་བས་དགྱེས་པར་གྱུར་པའི་ཕོ་བྲང་དུ། ནང་བཅུད་ཀྱི་སེམས་ཅན་གྱི་ཕུང་པོ་ལྔ་ནི་ཡབ་རྒྱལ་བ་རིགས་ལྔར་གནས་པ་ཉིད་ཀྱི་ཐབས་རྡོ་རྗེ་བདེ་བའི་བདག་ཉིད་ཡེ་ནས་གཉིས་སུ་མེད་པར་རོལ་པ་བདེ་ཆེན་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གནས་པ་སྟེ། དེ་ལྟར་ན་ཐབས་དང་ཤེས་རབ་ཡེ་ནས་འདུ་འབྲལ་མེད་པར་གྱུར་པ་ལ། ཕྱི་དང་ནང་གི་དངོས་པོ་ལྟར་སྣང་བའི་སྣོད་དང་བཅུད་ཀྱི་རྣམ་པ་འདི་དག་ཀྱང་དོན་ལ་གཉིས་སུ་མེད་པར་གནས་པ་ལ་དེ་ལྟར་རྟོགས་པའི་སྒོ་ནས་བཤགས་སོ་ཞེས། ཐབས་ཤེས་གཉིས་མེད་དུ་རྟོགས་པའི་ལམ་གྱིས་ཉམས་ཆག་མ་སྤངས་རང་དག་ཏུ་བཤགས་པའོ། །གསུམ་པ་འབྲས་བུ་ནི། དེ་ལྟར་བདེན་གཉིས་དབྱེར་མེད་དུ་གནས་པ་དེ་ཉིད་གཏན་ལ་ཕབ་ནས། དབྱིངས་སྟོང་ཆ་གཙོ་བོར་གཏན་ལ་འབེབས་པའི་རྣལ་འབྱོར་དེ་བཞིན་ཉིད་ཀྱི་ཏིང་འཛིན་དང་། སྣང་ཆ་སྐུ་དང་ཡེ་ཤེས་གཙོ་བོར་ལམ་དུ་བྱེད་པ་ཀུན་སྣང་དང་རྒྱུའི་ཏིང་འཛིན་གཉིས་ཏེ། དེ་ཡང་གཞན་དོན་ཕྲིན་ལས་ཀྱི་རྒྱུ་སྙིང་རྗེ་ཆེན་པོ་དང་། དེ་ལས་གང་འདོད་སྒྱུ་འཕྲུལ་དྲྭ་བའི་བཀོད་པ་སྟོན་པའི་རྒྱུ་རྒྱུའི་ཏིང་ངེ་འཛིན་ཏེ། དེ་ལྟར་ཏིང་འཛིན་རྣམ་པ་གསུམ་གྱིས་ཐོག་མེད་ནས་གོམས་པའི་དངོས་ཞེན་དང་འགྲོགས་པ་རང་རྒྱུད་ཀྱི་བློ་ཡི་གདར་ཤ་བཅད་དེ་ཇི་ལྟར་འཁྱགས་རོམ་ཆུ་བོ་ལ་ཞུ་བ་བཞིན་དུ་སྣོད་བཅུད་དཀྱིལ་འཁོར་གསུམ་དུ་རྟོགས་གོམས་མཐར་དབྱུང་ནས། ཕུང་པོ་ལྔ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། རྣམ་ཤེས་དང་ཡུལ་དང་དབང་པོ་རྣམས་སེམས་དཔའ་སེམས་མ་སོགས་ཏེ། མདོར་ན་སྣང་སྲིད་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ལྟ་བས་རྟོགས་ཤིང་ཡིན་ལ་ཡིན་པའི་ཚུལ་དུ་ཏིང་འཛིན་གྱིས་གསལ་བ་རབ་ཀྱི་མཐར་ཐུག་པར་བསྒོམས་ནས་རྣམ་པར་སྨིན་པ་ལ་སོགས་པའི་རིག་འཛིན་གྱི་གོ་འཕང་རིམ་གྱིས་བགྲོད་དེ། འདི་ལྟར་སྣང་བའི་འགྲོ་དྲུག་སེམས་ཅན་ཐམས་ཅད་རང་བཞིན་གྱིས་རྒྱལ་བའི་དཀྱིལ་འཁོར་དུ། གཉིས་སུ་མེད་པར་ཡེ་ནས་ལྷུན་གྱིས་གྲུབ་པར་གནས་པ་ཉིད་རྩོལ་བའི་དབང་གིས་ངན་པ་བཟང་པོར་བསྒྱུར་བ་ལྟ་བུ་མིན་པར་ཡེ་ནས་གཉིས་སུ་མེད་པ་ཉིད་མངོན་དུ་གྱུར་པར་མཛོད་ཅིག་ཅེས་གཞི་འབྲས་དབྱེར་མེད་དུ་བསྟན་པའོ། །གཉིས་པ་ལུང་ལྟར་བཤགས་པ་ལའང་གཞི་ལམ་འབྲས་གསུམ་ལས། དང་པོ་ཕྲ་བའི་ལུས་ངག་ཡིད་གསུམ་དུ་གྲགས་པ། གཙོ་མོ་གསུམ་དང་འཁོར་ལོ་ལྔ་ལ་སོགས་པའི་རྩ་དང་སྲོག་སྟེ་རྩ་བ་དང་ཡན་ལག་གི་རླུང་དང་། ཙིཏྟ་ནི་སྙིང་པོ་སྟེ་རྩ་དང་རླུང་ལ་བརྟེན་ནས་སེམས་ཀྱི་རྟེན་དུ་གྱུར་པའི་ཐིག་ལེ་དང་། དེ་གསུམ་གྱི་བྱེད་པ་ལ་བརྟེན་ནས་རགས་པའི་ལུས་ངག་ཡིད་གསུམ་པོ་འདི་དག་ནི། གུ་ཧྱ་གསང་ཆེན་ཏེ། གསང་བའི་གསང་བ་ཆེན་པོ་ཞེས་འཇིག་རྟེན་ཕལ་པ་རྣམས་ལྟ་ཅི་ཉན་རང་ལ་སོགས་པས་ཕྱོགས་ཙམ་མི་ཤེས་པའི་སྐུ་དང་གསུང་དང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཉིད་ཀྱི་མཛོད་དུ་ཡེ་ནས་གནས་པ་སྟེ། འདི་ལྟར་ལུས་རྩ་ཁམས་སྐུ་ཡི་རྡོ་རྗེ་ཡིན་ཏེ། འདི་དག་རང་བཞིན་གྱིས་སྣང་སྟོང་གཉུག་མའི་དེ་ཉིད་དུ་གནས་པའི་ཕྱིར། དེ་བཞིན་དུ་ངག་རླུང་ཁམས་གྲགས་སྟོང་གསུང་གི་རྡོ་རྗེ། ཡིད་ཐིག་ལེ་གསལ་སྟོང་ཐུགས་ཀྱི་རྡོ་རྗེར་གནས་ཀྱང་དེ་ལྟར་མི་ཤེས་པའི་སེམས་ཅན་རྣམས་ཀྱི་ངོར་རང་བཞིན་གྱིས་གབ་ཅིང་སྦས་པ་ལྟར་གྱུར་པས་ན་གསང་བའི་གསང་བ་ཞེས་སོ། །དེ་ལྟར་ན་ཕྲ་རགས་ཀྱི་སྒོ་གསུམ་པོ་གཉུག་མའི་གསང་བ་གསུམ་དང་དབྱེར་མེད་པར་བཞུགས་པས་ན། དེ་དག་གི་སྣང་ཆ་བདེ་བ་ཀུན་ཏུ་བཟང་པོ་དང་། སྟོང་ཆ་དབྱིངས་ཀུན་ཏུ་བཟང་མོ་ཉིད་གཉིས་སུ་མེད་པ་སྲས་བདེ་ཆེན་བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྡོ་རྗེའམ་རང་བྱུང་གི་ཡེ་ཤེས་གཅིག་ཉིད་ལ་ལྡོག་ཆའི་དབྱེ་བས་ཡེ་ཤེས་ལྔ་དང་མཐའ་གྲོལ་ཡེ་ཤེས་ལ་སོགས་པ་བཞིས་ཕྱེ་བས་མི་ཤིགས་པ་རྡོ་རྗེ་ཡེ་ཤེས་ཀྱི་ཀློང་དགུ་ཡི་རོལ་པ་དཔལ་ཆེན་ཧེ་རུ་ཀ་དགུར་ཤར་བ་དང་། མ་དག་པའི་སྐབས་ན་བསམ་གཏན་བཞི་གཟུགས་མེད་བཞི་འདོད་པ་སྟེ་ཁམས་གསུམ་གྱི་ས་དགུ་པོ་གཉིས་གཉིས་སུ་མེད་པར་བཤགས་ཞེས། འཁོར་འདས་དབྱེར་མེད་དུ་ལྟ་བས་བཤགས་སོ། །གཉིས་པ་ལམ་ནི། སུས་ཀྱང་བཅོས་བསྒྱུར་མེད་པར་རང་བཞིན་གྱིས་ཇི་ལྟར་སྣང་བ་ཐམས་ཅད་ལྷ་ཡི་དཀྱིལ་འཁོར་དུ་གནས་པར་ཤེས་ཤིང་། ལྷའི་སྙིང་པོ་ཙམ་ཞིག་བརྗོད་པས་སད་པར་བྱས་ཏེ་ལྷའི་སྐུ་མཆོག་ཡོངས་སུ་རྫོགས་པར་གསལ་ཞིང་མཉམ་ལ་མ་འདྲེས་པའི་ཚུལ་དུ་བྱས་ཏེ། དེ་ཡང་བདེ་སྟོང་དབྱེར་མེད་པ་མཉམ་ཉིད་ངོ་བོ་ཉིད་ཀྱི་སྐུ། དེ་ཉིད་དུ་རྟོགས་གོམས་རྩལ་རྫོགས་པར་བྱས་པས་འཁོར་འདས་དབྱེར་མེད་དུ་རྟོགས་པས་ན་ཡེ་ནས་ཉམས་ཆག་གི་སྒྲིབ་པས་གོལ་པར་མི་འགྱུར་བའི་སྔགས་ཀྱི་ཐབས་ཟབ་མོ་ལ་མཁས་པས་སྲིད་ཞི་གཉིས་སུ་མེད་པར་ཉམས་གྲིབ་ཐམས་ཅད་མ་སྤངས་རང་དག་གི་ཚུལ་དུ་བཤགས་ཞེས་སོ། །གསུམ་པ་འབྲས་བུ་ཕྱི་དང་ནང་གི་སྣོད་དང་བཅུད་དུ་སྣང་བ་རྣམས་གཉིས་སུ་མེད་པ་ཆོས་ཀྱི་སྐུ་ཡི་ཀློང་དུ། སེམས་ཅན་དུ་འཛིན་པའི་ཡུལ་གང་ཟག་གི་བདག་གམ་ང་དང། དེ་ལས་གཞན་པའི་ཆོས་སྣ་ཚོགས་ཀྱི་བདག་གི་ངོ་བོ་ཉིད་མ་གྲུབ་པས་དེ་གཉིས་རང་བཞིན་མཉམ་པ་ཉིད་དུ་མཉམ་པར་གནས་པ་ཉིད་རྟོགས་ཤིང་གོམས་པས། རྣལ་འབྱོར་གྱི་ལམ་ལྔ་པོ་མཐར་ཕྱིན་ནས་མཐོ་རིས་དང་ངན་སོང་གི་འཁོར་བའི་རྒྱུ་ཀུན་འབྱུང་དང་། འབྲས་བུ་སྡུག་བསྔལ་གྱི་ཆོས་རྣམ་པ་གཉིས་པོ་སྟེ་མདོར་ན་ཀུན་ཉོན་འཁོར་བས་བསྡུས་པ་ཐམས་ཅད། གཉིས་མེད་བདེ་བ་ཆེན་པོའི་ཀློང་དུ་མ་སྤངས་རང་སར་དག་སྟེ་འབྲས་བུ་མཐར་ཕྱིན་པར་ཤོག་ཅེས་སོ། །གསུམ་པ་མན་ངག་ལྟར་བཤགས་པ་ལ། བཤགས་པ་དངོས་དང་། དེ་ལྟར་བཤགས་པའི་ཕན་ཡོན་བསྟན་པ་གཉིས། དང་པོ་ལ་གཞི་ལམ་འབྲས་བུ་ལྟར་བཤགས་པ་གསུམ་ལས། དང་པོ་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཇི་ལྟར་སྣང་བ་འདི་དག་ཐམས་ཅད་ནི། སྤྱོད་ཡུལ་ཐམས་ཅད་དུ་མ་དག་པ་མེད་པའི་ཀུན་ཏུ་བཟང་པོ་རྣམ་པར་རྟོག་པའི་འགྱུར་བའི་ཟུག་རྔུ་ཐམས་ཅད་དང་བྲལ་བའི་བདེ་བ་ཆེན་པོའི་གནས་ཉིད་ཡིན་ལ། དེ་ནི་ཡོད་མེད་རྟག་ཆད་ལ་སོགས་པའི་མཐའ་འདི་དང་འདི་ལྟ་བུའོ་ཞེས་ཡིད་ཀྱིས་དམིགས་ནས་མཚན་མའི་སྤྱོད་ཡུལ་ཅན་གྱི་ཚིག་གི་ལམ་ལས་འདས་པའི་རང་བཞིན་དུ་གནས་ན་ཡང་། འདི་ལྟར་རང་བཞིན་གྱིས་བཅོས་བསྒྱུར་མེད་པར་བཞུགས་པའི་གནས་ལུགས་དེ་ལྟ་བུ་མ་རྟོགས་ནས་འཁོར་འདས་སྤང་གཉེན་སོགས་སུ་ལྟ་བའི་དབང་གིས་བྱེད་རྩོལ་སྣ་ཚོགས་ཀྱི་གཡོ་བས་ཆོས་ཉིད་ལ་སྒྲིབ་པར་གྱུར་པའི་བདག་ཉིད་གང་ཡིན་པ་དེ་ཉིད། རྟོག་པས་བཅོས་ཤིང་གཉེན་པོ་གཞན་གྱིས་སྤོང་བ་ལྟ་བུ་མིན་པར། མ་སྤངས་རང་གྲོལ་དུ་རྟོགས་པའི་ཀློང་དུ་བཤགས་ཞེས། གནས་ཚུལ་ལ་སྤང་གཉེན་འདག་གྲོལ་མེད་པའི་ཆོས་ཉིད་མཉམ་པ་ཆེན་པོར་གནས་པས་ན། ཀུན་ཏུ་རྟོག་པའི་བློས་སྤང་བྱ་དང་གཉེན་པོ་སོགས་སུ་ལྟ་བའང་གནས་ལུགས་ཀྱི་དོན་མཐོང་བ་ལ་སྒྲིབ་པ་ཡིན་པར་ཤེས་ནས། གནས་ལུགས་ཐོབ་ཤོར་མེད་པར་མཉམ་པར་བཞག་པ་འདི་བཤགས་པ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ཏེ། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །གཉིས་པ། ཆོས་ཉིད་དེ་ནི་དུས་གསུམ་པོ་ཀུན་ཏུའང་རང་གི་ངང་ཚུལ་ལས་མི་གཡོ་བས་ན། འཕོ་ཞིང་འགྱུར་བ་མེད་ཅིང་དེ་ཇི་ལྟ་བ་བཞིན་དུ་མཚོན་པར་བྱེད་པའི་བརྡའམ་ཐ་ཚིག་བཏགས་པ་མེད་པས་ན། དེའི་རང་བཞིན་ཡེ་ནས་དེ་ལྟར་ཡིན་པ་ལ། ད་བློ་ཡིས་དེ་ལ་རྩོལ་བ་མེད་ཅིང་ལམ་གྱིས་བསྒྲུབ་ཏུ་མེད་པས་ནམ་མཁའི་ངང་ལྟ་བུ་ཉིད་དུ་གནས་པ་སྟེ། རང་བཞིན་གྱིས་འཁོར་འདས་ཡོངས་ལ་ཁྱབ་པས་འཁོར་འདས་ཀུན་གྱིས་འདོད་རྒུར་བསྒྱུར་བ་ཡིན་པ་ནི་འདི་ལྟར། རྣམ་པ་ཐམས་ཅད་དུ་ཇི་བྱས་ཅིར་སྣང་ཡང་དེའི་ངང་ཚུལ་ལས་སུ་ཡང་མི་འདའ་བར་གནས་པ་ཁོ་ན་ཡིན་པས། ད་ཅུང་ཟད་ཀྱང་སྒྲུབ་ཅིང་རྩོལ་བ་མི་དགོས་ཏེ། ཐམས་ཅད་ནམ་མཁའི་ངང་དུ་རོལ་ཞིང་རྒྱུ་བ་བཞིན་ནོ། །དེས་ན་བདག་ཏུ་འཛིན་པ་སོགས་ཕྱིན་ཅི་ལོག་གི་རྟོག་པ་ཐམས་ཅད་ཀྱང་བཅོས་བསྒྱུར་མེད་པར་རང་བཞིན་གྱིས་བྱང་ཆུབ་ཆེན་པོ་ཉིད་ཀྱི་ལམ་ལས་གཞན་མིན་པ་ཉིད་དུ་ཤེས་པས་བཤགས་ཞེས་པ་སྟེ། འདིར་བྱང་ཆུབ་དང་དེའི་ལམ་ཞེས་རྒྱུ་འབྲས་ཐ་དད་དུ་སྟོན་པ་མ་ཡིན་ཀྱང་། ཕྱིན་ཅི་ལོག་དེ་དག་གི་རང་བཞིན་རྟོགས་ན་ཕྱིན་ཅི་ལོག་ཉིད་མ་སྤངས་པར་རང་གྲོལ་བས་ན་བྱང་ཆུབ་ཀྱི་ལམ་ཞེས་གསུངས་ཏེ་ཚུལ་འདི་དང་མཚུངས་པར་ཟབ་མོའི་མདོ་སྡེ་དག་ལས་ཀྱང་། ཉོན་མོངས་པ་རྣམས་ནི་བྱང་ཆུབ་རྡོ་རྗེའི་གཞི་ལགས་སོ། །ཞེས་སོགས་གསུངས་སོ། །དེས་ན་ཚུལ་འདིར་བཤགས་བྱ་ལམ་གྱི་མི་མཐུན་ཕྱོགས་དང་བཤགས་བྱེད་གཉེན་པོ་ཐ་དད་དུ་ལྟ་བ་ནི། སྤང་བྱ་རང་བཞིན་གྱིས་མ་གྲུབ་པ་ལ་དེར་ལྟ་བ་ནམ་མཁས་སྐྲག་པ་བཞིན་དུ་བློ་དམན་པའི་སྣང་ཚུལ་ཡིན་པས་ན་འདིར་མ་སྤངས་ཡེ་དག་ཏུ་རྟོགས་པས། ལམ་དང་ལམ་མིན་རང་བཞིན་མཉམ་པར་ཤེས་པ་ནི་ལམ་བྱ་རྩོལ་མེད་པའི་རྣལ་འབྱོར་ཏེ་ཆེས་ཁྱད་པར་དུ་འཕགས་པའོ། །གསུམ་པ། དེ་ལྟར་སྣང་སྲིད་བདེ་བ་ཆེན་པོར་གནས་པ་ལ་རྩོལ་སྒྲུབ་ཅུང་ཟད་མི་དགོས་ཏེ། གང་རྩོལ་བས་བསྒྲུབ་པ་དང་གྲུབ་མཐའ་དམན་པའི་ཞེ་འདོད་སྣ་ཚོགས་ནི་དོན་ལ་འཆིང་བ་ཡིན་ཏེ་དེ་མ་ཟད་བར་དུ་གྲོལ་བ་མཐར་ཐུག་པ་མི་ཐོབ་ཀྱང་རང་གནས་ཀྱི་ཆོས་སྐུ་རང་སོར་ངོ་འཕྲོད་པའམ་རྟོགས་པར་བྱེད་པའི་མན་ངག་དང་རྟོགས་བྱའི་དོན་ཟུང་དུ་མི་ལྡན་པ་སྟེ་གནད་དུ་མི་འབྱོར་བར། གནས་ལུགས་བསམ་གྱིས་མི་ཁྱབ་པ་བསལ་བཞག་མེད་པའི་དོན་ལ་རང་ཉིད་ཡིད་ཆེས་གདེང་དུ་མ་གྱུར་ན། ཚིག་གིས་མཚོན་པར་བྱས་ནས་རང་བཞིན་གྱིས་སངས་རྒྱས་སོ། །ལམ་བསྒྲུབ་ཏུ་མེད་དོ་ཞེས་པ་ལ་སོགས་པའི་ཚུལ་དུ་སེམས་ཀྱི་སྤྱོད་ཡུལ་ལ་གནས་པའི་གྲུབ་མཐའི་ཞེ་འདོད་སྣ་ཚོགས་ཀྱིས་དཀྲིས་པས་ནི་སེམས་ལས་འདས་པའི་ཡེ་ཤེས་ལ་ཆོས་རྣམས་ཀྱི་ཆོས་ཉིད་མངོན་དུ་གྱུར་པའི་བྱང་ཆུབ་ཆེན་པོ་མི་འཐོབ་སྟེ། དེ་ལྟར་ན་ཚིག་ཙམ་དང་བློས་བྱས་སེམས་ཀྱི་རྙོག་པས་མ་བསླད་པར། རང་སེམས་ཡེ་ནས་བསལ་བཞག་མེད་པའི་སངས་རྒྱས་ཡིན་པར་ཤེས་ནས་རྩོལ་སྒྲུབ་སྤང་གཉེན་དུ་གྲུབ་པར་འཛིན་པའི་ཤེས་སྒྲིབ་ཕྲ་མོ་ལ་ལམ་དུ་མི་རློམ་པར། གཞིར་གནས་གཉུག་མའི་དོན་ལ་རང་བབས་སུ་བཞག་པས། གཟུང་འཛིན་གྱི་སྤྱོད་ཡུལ་ཅན་གྱི་སེམས་ལས་འདས་པའི་རང་བྱུང་ཡེ་ཤེས་ཆེན་པོའི་ཀློང་དུ་ལམ་མཐར་ཕྱིན་ཏེ་ཟད་སར་འཁྱོལ་བར་ཤོག་ཅིག་ཅེས་གསུངས་ཏེ། ཟབ་མོའི་མདོ་སྡེ་ལས་ཀྱང་། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་ཚུལ་དེ་ལྟར་ཉམས་གྲིབ་ཐམས་ཅད་ཡེ་ནས་མ་སྤངས་རང་དག་ཏུ་རྟོགས་པས་བཤགས་ན། བཤགས་པ་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པ་སྟེ། འདིས་ནི་འཁོར་གསུམ་གྱི་རྣམ་པར་རྟོག་པ་ཤེས་བྱའི་སྒྲིབ་པ་ཐམས་ཅད་དང་། ཉོན་མོངས་པ་དང་ལས་ངན་པ་སྟེ། མདོར་ན་སྒྲིབ་པ་གཉིས་དང་དེའི་དབང་གིས་ལས་བསགས་པ་ཐམས་ཅད་མ་སྤངས་རང་སར་དག་ནས་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་འཐོབ་བོ་ཞེས་འཁོར་གྱི་ནང་དུ་མི་འཇིགས་པ་སེང་གེའི་སྒྲ་བསྒྲགས་པའི་ཚུལ་གྱིས། བཅོམ་ལྡན་འདས་ཡོན་ཏན་གྱི་ཆོས་ཀུན་ལ་མངའ་དབང་འབྱོར་བའི་ལོངས་སྤྱོད་ཀྱི་བདག་པོ་ཆེན་པོ་རྣམས་ཀྱིས་མན་ངག་རྫོགས་པའི་རིམ་པའི་རྣལ་འབྱོར་ལྟར་བཤགས་པ་ཡིན་ནོ་ཞེས་སོ། །དེ་ལྟར་རྒྱུད་དང་ལུང་དང་མན་ངག་གི། །ཚུལ་དང་མཐུན་པར་བཤགས་པའི་རིམ་པ་ནི། །རྡོ་རྗེའི་ཚིག་གི་དོན་ཟབ་རྟོགས་དཀའ་ཡང་། །བླ་མའི་དཀའ་ཡིས་ཅུང་ཟད་ཕྱེ་སྟེ་བཤད། །དེ་ཡི་དགེ་བས་མཐའ་ཡས་འགྲོ་བ་ཀུན། །དངོས་དང་དངོས་མེད་སྤྲོས་པའི་དྲྭ་བ་ལས། །རབ་འདས་མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་སྐུ། །སྒྲིབ་བྲལ་རྡོ་རྗེ་སེམས་དཔའི་སྐུ་ཐོབ་ཤོག །ཅེས་པ་འདིའང་བདག་ཅག་གི་འདྲེན་མཆོག་མཚུངས་མེད་ཨ་བྷ་ཡ་དྷརྨེནྡྲའི་ཞལ་སྔ་ནས་བཀྲ་ཤིས་པའི་ལྷ་རེག་དང་དངུལ་དཀར་གྱི་མེ་ལོང་བཅས་ཆེད་དུ་བསྐུལ་བའི་གསུང་གནང་བ་དེ་མ་ཐག་ཏུ་ཚིག་དོན་ལ་བཀའ་འདྲི་ཞུས་པ་བཞིན་བཤད་ལུང་ཞིག་ཀྱང་གནང་བའི་བཀའ་དྲིན་ལ་བརྟེན་ནས་ཨ་ཛི་ཏ་བི་ཛས་རང་བློས་གང་དཔོག་ཅུང་ཟད་རྣམ་པར་བཤད་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །།

སྐོང་གི་བཤད་པ་མདོར་བསྡུས་སུ་བྱས་པ།

སྐོང་གི་བཤད་པ་མདོར་བསྡུས་སུ་བྱས་པ་བཞུགས་སོ། །ༀ་སྭ་སྟི། ཧེ་རུ་ཀ་དཔལ་དཀྱིལ་འཁོར་ཀུན་གྱི་གཙོ། །ཐ་དད་མ་དམིགས་རྗེ་བཙུན་གཏེར་བདག་གླིང་། །གང་གི་ཞབས་པད་སྤྱི་བོར་རྟག་མཆོད་ནས། །སྐོང་ཆེན་བཞི་ཡི་བཤད་པ་མདོ་ཙམ་བྲི། །དེ་ལ་སྤྱིར་ཐུགས་དམ་སྐོང་བར་བྱེད་པའི་ཆོ་ག་ལ། ཉམས་ཆག་གི་སྐོང་ཆེན་ལྔ་སྟེ། མཆོད་པ་ཕུད་ཀྱི་སྐོང་། དམ་རྫས་མདངས་ཀྱི་སྐོང་། སྲོག་ཆགས་རྒྱུའི་སྐོང་། གླིང་བཞི་མདོས་ཀྱི་སྐོང་། འགྱོད་ཚངས་བཤགས་པའི་སྐོང་བ་རྣམས་སུ་གྲགས་པ་ལས། འདིར་ན་རག་དོང་སྤྲུགས་མཚམས་མེད་ལྔ་སྦྱོང་གི་དཀྱིལ་འཁོར་གྱི་ཆོ་ག་ལ། ཤིང་རྟ་ཆེན་པོ་སློབ་དཔོན་སོ་སོའི་དགོངས་པ། ཞི་ཁྲོ་རྒྱུད་ལུང་གི་རང་གཞུང་སྡེབས་པ་ལ། དོང་སྤྲུགས་ཀྱི་ཁ་སྐོང་བ་ཞི་ཁྲོ་རབ་འབྱམས་སུ་གྲགས་པ་དང་། ཡི་གེ་བརྒྱ་པ་ཕྲིན་ལས་ཀྱི་རྒྱུད་ཀྱི་དགོངས་པ་བརྒྱ་ལྡན་ལས་རིམ་གྱི་མན་ངག་གིས་བཀྲལ་བ་རིགས་བརྒྱའི་དཀྱིལ་འཁོར་རིགས་བདག་གཅིག་གིས་བསྡུས་པ་ཞི་ཁྲོ་རིགས་བསྡུས་སུ་གྲགས་པ་དང་། གླང་པོ་ཆེ་རབ་འབོགས་ཀྱི་རྒྱུད་ལས་བཀོལ་བ་ཀལྤ་དུམ་བུའི་རྒྱུད་དྲི་མེད་བཤགས་རྒྱུད་ལ་བརྟེན་པ་རིགས་སོ་སོར་ཕྱེ་བའི་དཀྱིལ་འཁོར་ཞི་ཁྲོ་ཁྲོམ་སྤྲུགས་སུ་གྲགས་པ་དང་། བཤགས་རྒྱུད་ཀྱི་ལེའུ་གསུམ་པ་ཕྱག་གི་བཀོལ་བྱང་ལྟར་ཞི་ཁྲོ་གནས་བསྒྱུར་གྱི་གླེང་གཞི་ཇི་སྐད་སྨོས་པའི་རིམ་པ་བཞིན་གྱི་དཀྱིལ་འཁོར་ལ་བརྟེན་པ་ཞི་ཁྲོ་གནས་བསྒྱུར་དུ་གྲགས་པ་སྟེ། དེ་ལྟར་བཞེད་ཚུལ་བཞི་ལས། འདིར་སློབ་དཔོན་སངས་རྒྱས་གསང་བའི་དགོངས་པ་དང་ཁྱད་པར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་མན་ངག་སོགས་རྒྱ་བོད་ཀྱི་གཞུང་རྙིང་མ་རྣམས་ཀྱི་དགོངས་པ་རྒྱུད་ལུང་མན་ངག་གི་གནད་ཐམས་ཅད་གཅིག་ཏུ་བསྡུས་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པས་མཛད་པ་ན་རག་དོང་སྤྲུགས་འཁོར་བ་ཀུན་གྲོལ་ཞེས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་བརྟེན་ནས། རྟོག་ཚོགས་ལྷའི་རང་བཞིན་གདོད་མ་ནས་རྣམ་པར་དག་པའི་སྒྲུབ་གཞི་ཉིད་དམ་ཚིག་གི་དཀྱིལ་འཁོར་དུ་གསལ་གདབ་པ་ལ་མཁའ་ཁྱབ་འབྲས་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དབྱེར་མེད་དུ་བྱེད་པའི་ཐབས་ལ་བརྟེན་ནས་ནང་ཕུང་པོ་རྟེན་གྱི་བཤགས་པ་དང་། ཕྱག་གི་བཀོལ་བྱང་ལ་བརྟེན་ནས་འགྱོད་ཚིག་གི་བཤགས་པ་དང་། སྐོང་ཆེན་བཞི་གནས་དག་གནས་གྱུར་དང་བཅས་པས་ཕྱི་ཡོ་བྱད་ཚོགས་ཀྱི་བཤགས་པ་དང་། བདག་འཇུག་དང་འབྲེལ་བར་མཁའ་འགྲོ་མ་གཏོར་མའི་དབང་དང་རིག་པའི་རྩལ་དབང་ལ་བརྟེན་ནས་གསང་བ་བྱང་ཆུབ་སེམས་ཀྱི་བཤགས་པ་སྟེ། དེ་ལྟར་བཤགས་པའི་ཐབས་རྨད་དུ་བྱུང་བ་རྣམ་པ་བཞི་ལས། འདིར་སྐོང་ཆེན་བཞི་དག་གྱུར་དང་བཅས་པས་ཕྱི་ཡོ་བྱད་ཚོགས་བསོག་གི་བཤགས་པ་ལ། མཆོད་པའི་ཡོ་བྱད་བཤམས་ཚུལ་དང་། འབུལ་ཚུལ་གཉིས་ལས། དང་པོ་ལ། སྨན་གཏོར་རཀྟ་སྒྲོན་མེའི་མཆོད་པ་བཞིའི་བཤམས་ཚུལ། དེ་དག་གི་གོ་དོན། དེ་ཉིད་རང་བྱུང་རང་ཤར་གྱི་ཚུལ་དུ་འབུལ་ཚུལ་དང་གསུམ་ལས། དང་པོ་ནི། གང་དུ་སྟེགས་བུ་གྲུ་བཞི་པ་བཅས་པའི་གཡས་གཡོན་མདུན་གསུམ་གྱི་ངོས་བང་རིམ་ཅན་བྱས་པའི་སྟེང་ཞི་ཁྲོའི་དཀྱིལ་འཁོར་ཆུ་ཚོན་གྱིས་བྲིས་པ་བཤམས་པའི་སྟེགས་བུའི་རྒྱབ་སྟེགས་མཐོ་བ་ལ་བདག་བསྐྱེད་ཞི་ཁྲོའི་གཏོར་མ་ཟླུམ་པོ་སྦོ་ལྡིར་ཅན་ལ་ལྷ་གྲངས་དང་ལྡན་པའི་མཐེབ་ཀྱུས་བསྐོར་བའི་གཡས་གཡོན་དུ་སྨན་དང་རཀྟ་བཅས་བཤམས། དཀྱིལ་འཁོར་གྱི་མདུན་དབུས་སུ་མཁའ་འགྲོའི་གཏོར་མ་བླ་གཏོར་ལྟ་བུ་ལ་ཕྱོགས་བཞིར་པད་འདབ་གྱེན་ལངས་ཀྱི་མཚམས་མཐེབ་ཀྱུས་གཅེར་བའི་སྟེང་དུ་རིལ་བུས་མཚན་པ་ཅན། བསྡུ་ན་དེའི་གཡས་སུ་ཞི་བའི་གཏོར་མ་དཀར་པོ་སྦོ་ལྡིར་ཅན་གྱི་རྩ་བར་མཐེབ་ཀྱུ་ཞེ་གཉིས་ཀྱིས་བསྐོར་བ་དང་། གཡོན་དུ་ཁྲོ་གཏོར་དཔལ་གཏོར་ཅན་གྱི་རྩ་བར་མཐེབ་ཀྱུ་ང་བརྒྱད་ཀྱིས་བསྐོར་བ་བཤམས་པའི་གཡས་གཡོན་དུ་སྨན་རཀ་བཅས་བཤམས་པས་འཐུས། རྒྱས་པར་བྱེད་ན་ཞི་ཁྲོའི་གཏོར་མ་ལྷ་གྲངས་དང་མཉམ་པ་བཤམས་ཚུལ་སྟེགས་བུའི་ངོས་ཀྱི་བང་རིམ་དང་པོའི་གཡས་ཀྱི་ཆར་ཞི་གཏོར་གཡོན་གྱི་ཆ་ལ་ཁྲོ་གཏོར་བཤམས་པའོ། །ད་ལྟ་ཕྱག་བཞེས་སུ་བང་རིམ་དང་པོར་ཞི་གཏོར། གཉིས་པར་ཁྲོ་གཏོར། གསུམ་པར་བདུད་རྩི་ལྷ་གྲངས་དང་མཉམ་པ། བཞི་པར་རཀྟ་ཡང་དེ་མཚུངས། ལྔ་པ་སོགས་ཡོད་ན་མར་མེ་ལྷ་གྲངས་དང་མཉམ་པ། མེད་ན་མདུན་གྱི་མཐིལ་དུ་བཤམས་པའོ། །གང་ལྟར་ཡང་མཆོད་པ་རྣམས་གཙང་སྦྲ་དང་ལྡན་པས་བཀོད་ལེགས་པར་བཤམས་པ་ཡིན་ནོ། །གཉིས་པ་ལ་བཞི་ལས། དང་པོ་བདུད་རྩིའི་གོ་དོན་ནི། དེ་ཡང་དོན་ཡིན་ལུགས་ཀྱི་དབང་དུ་བྱས་པའི་བདུད་རྩི་ནི། འཁོར་འདས་ཐམས་ཅད་ཡེ་ནས་བདུད་རྩིའི་ངོ་བོར་གནས་པ་སྟེ། བདུད་རྩི་བམ་བརྒྱད་ལས། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །ཞེས་དང་། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །རང་བྱུང་གདོད་ནས་རྣམ་པར་དག །ཅེས་གསུངས་པའོ། །དམ་རྫས་བདུད་རྩི་ཞེས་གྲགས་པ་ནི། རྩ་རྒྱུད་གསང་བ་སྙིང་པོ་ལས། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་གསུངས་པས་བདུད་རྩི་ལྔ་ཡིན་ལ། དེའི་སྐྱོབ་དང་འཕྲད་དུ་གྱུར་པའི་རྫས་རྣམས་ལ་ནི་སྨན་བདུད་རྩི་ཞེས་གྲགས་ཏེ། དེ་ལྟར་རྩ་བ་དང་སྐྱོབ་རྣམས་ཚང་བར་སྦྱར་བ་ནི། རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ་ཞེས། བདུད་རྩི་ལྔའི་རྩ་བ་བརྒྱད་ལའང་། སྔོན་བྱུང་གི་རྩ་བ་བརྒྱད། ཕྱིའི་རྩ་བ་བརྒྱད། ནང་གི་རྩ་བ་བརྒྱད། གསང་བའི་རྩ་བ་བརྒྱད། །ཟུག་པ་རྩ་བའི་རྩ་བ་བརྒྱད། འདྲིལ་བ་སྡོང་པོའི་རྩ་བ་བརྒྱད། གྱེས་པ་ཡན་ལག་གི་རྩ་བ་བརྒྱད། སྨིན་པ་འབྲས་བུའི་རྩ་བ་བརྒྱད་དེ། དེ་ལྟར་བདུད་རྩིའི་རྩ་བ་བརྒྱད་བརྒྱད་དྲུག་ཅུ་རེ་བཞི་ཡོད་པར་གྲགས། ཡན་ལག་སྟོང་ནིི། བདུད་རྩི་ལྔ་པོ་རེ་རེ་ལ་ནང་ཚན་བརྒྱ་བརྒྱ་ཡོད་པ་རྣམས་བསྡོམས་པས་ལྔ་བརྒྱ་དང་། དེ་རེ་རེའི་སྐྱོབ་ལྔ་བརྒྱ་རྣམས་བསྡོམས་པས་སྟོང་དུ་ཚང་བ་ཚུལ་བཞིན་དུ་སྦྱར་ནས་བསྒྲུབས་པ་འདི་ལ་བདུད་རྩི་ཨ་མྲྀ་ཏ་ཞེས། བོད་སྐད་དུ་འཆི་མེད་ཀྱི་རྫས། ར་ས་ཡ་ན་ཞེས་བཅུད་ལེན་དུའང་གྲགས་པ་སྟེ། བདུད་རྩི་ཨ་མྲྀ་ཏ་འདི་ཉིད་འདེབས་པའི་གཞི་མ་ནི། ཛ་གད་དཔའ་བོ་ཞེས་ཆང་རྣམ་པ་ལྔ་ཡིན་ཏེ། ནས་ཆང་། གྲོ་ཆང་། འབྲས་ཆང་། རྒུན་ཆང་། སྦྲང་ཆང་སྟེ་མེ་ཏོག་གི་ཆང་དང་ལྔ་ཡིན་ལ། དེ་ལྟ་བུའི་ཆང་རྣམ་པ་ལྔ་ཚང་བའི་གཞི་མ་ལ་གོང་གི་བདུད་རྩི་ཨ་མྲྀ་ཏ་བཏབ་པའི་བདུད་རྩི་སྨན་མཆོད་ཀྱི་ཡོན་ཏན་ནི། དགོངས་འདུས་ལས། བདུད་རྩིའི་སྣོད་ནི་ཀ་པཱ་ལར། །བཅུད་ནི་བྱང་ཆུབ་སེམས་ཀྱི་རྒྱུན། །རྐྱེན་ནི་འབྲུ་གསུམ་ནུས་པས་བྱས། །དོན་ནི་སྐྱེ་འཆི་མེད་པ་ལ། །ལས་ནི་རྟོག་པའི་དྲྭ་བ་འཇོམས། །དེ་ཕྱིར་བདུད་རྩི་ཨ་མྲྀ་ཏ། །ལྷ་ལ་ཕོག་ན་དགྱེས་པ་སྐོང་། །སྲིང་ལ་ཕོག་ན་དམ་ལ་འདུ། །དགྲ་ལ་ཕོག་ན་ཐལ་བར་རློག །བགེགས་ལ་ཕོག་ན་མྱོས་སུ་འཇུག །རྫས་ལ་ཕོག་ན་ནུས་པ་བསྐྱེད། །གང་ལ་ཕོག་ཀྱང་སྟོབས་དང་ལྡན། །ཞེས་གསུངས་སོ། །དེང་སང་གི་ཆོ་ག་མཁན་པོ་བ་ཕལ་མོ་ཆེས་ནི། སྣོད་རྣམ་པ་གཉིས་སུ་ཆང་ཕུད་ཕལ་པ་རེ་དང་ཤའམ་ཁྲག་ཐིག་པ་རེ་བླུག་པ་ལ་བྱིན་རླབས་ཀྱི་ཚིག་གཤར་རེ་ཙམ་ངག་འདོན་བྱས་པ་དེས་བདུད་རྩི་དང་རཀྟའི་གོ་ཆོད་པ་ཡིན་རྒྱུ་རློམ་མོད་ཀྱང་། དེས་ནི་ལྷ་ཚོགས་ཐུགས་དམ་བསྐང་བ་དང་སྲུང་མ་དམ་ལ་འདུ་ནུས་པ་དཀའ་ཞིང་། དེ་མ་ནུས་ཚེ་དགོས་དོན་གྱི་དངོས་གྲུབ་དང་ཕྲིན་ལས་སོགས་ཀྱང་ག་ལ་འབྱུང་སྟེ། ཆོ་གའི་གཟུགས་བརྙན་ཙམ་དུ་ཟད་མོད། ལྷ་དང་དམ་ཅན་འདུ་བར་བྱེད་པ་ལ་སྒྲུབ་པ་པོ་དམ་ཚིག་གཙང་ཞིང་ལྟ་དགོངས་དང་ལྡན་པ། སྔགས་ཚིག་དང་ཆོ་ག་དག་ཅིང་ཏིང་འཛིན་གསལ་བ། རྫས་དང་ཡོ་བྱད་འཛོམ་ཞིང་གཙང་སྦྲ་ཐོན་པ་སོགས་དགོས་པར་གསུངས་པའི་ཕྱིར་རོ། །གཉིས་པ་གཏོར་མའི་གོ་དོན་ནི། གཏོར་གཞོང་རིན་པོ་ཆེའི་གཞལ་ཡས་ཁང་ས་གཞི་དང་མཉམ་པའི་ནང་དུ་གཏོར་མ་ཉིད་རྫས་རང་ག་མའི་རྟོག་པ་སྦྱོང་ནས་འདོད་ཡོན་བདུད་རྩིའི་ཕུང་པོར་རྟོགས་པར་བྱ་བ་སྟེ། དེ་ཡང་ཡབ་ཡུམ་ཐབས་ཤེས་སྣང་སྟོང་ཟུང་དུ་འཇུག་ཅིང་གཉིས་མེད་བདེ་བ་ཆེན་པོའི་ཀློང་དུ་ཐུགས་དམ་ཡོངས་སུ་སྐོང་བར་བྱེད་པའི་དམ་རྫས་ཀྱི་གཙོ་བོ་ཡིན་པས་སྤྱིར་བཏང་དབུས་སུ་བཤམས་དགོས་པ་ཡང་དེ་ལྟར་ཡིན་ཅིང་གོང་དུ་སྨོས་པ་ལྟར་རོ། །གསུམ་པ་རཀྟའི་གོ་དོན་ནི། སྤྱིར་རཀྟ་ལ་རྣམ་པ་ལྔ་སྟེ། སྲིད་པ་གཞིའི་རཀྟ་ནི་འབྱུང་བ་ཆུ། སྣང་བ་བརྡའི་རཀྟ་ནི་ཁ་དོག་དམར་པོར་གྱུར་ཚད། འགྱུར་མེད་དོན་གྱི་རཀྟ་ནི་སོར་རྟོག་ཡེ་ཤེས་ཀྱི་བདག་ཉིད་སྣང་བ་མཐའ་ཡས། འཁོར་བ་རྒྱུའི་རཀྟ་ནི་མའི་མངལ་ཁྲག །འབྲས་བུ་ཆེན་པོའི་རཀྟ་ནི་གདུག་པ་རཱུ་ཏྲ་བསྒྲལ་བའི་སྙིང་ཁྲག་སྟེ་རྣམ་པ་ལྔར་བཤད། དེ་ལ་དབྱེ་ན་རཀྟ་རྩ་བ་བརྒྱད་དང་ཡན་ལག་སུམ་ཅུ་སོ་ལྔར་འདུས་ཤིང་། སྐབས་དོན་སྙིང་པོ་མདོར་བསྡུས་ཏེ་བཤད་ན། མ་ཧཱ་རཀྟ། མཱུ་ལ་རཀྟ། གུ་ཧྱ་རཀྟ་དང་གསུམ་ནི་བླ་མེད་ཀྱི་ཆོ་ག་གཞུང་ཕལ་ཆེ་བ་ལས་འབྱུང་བ་སྟེ། དེ་ལ་མ་ཧཱ་རཀྟ་ནི་གདུག་པ་ཅན་བསྒྲལ་བའི་ཁྲག་ཆེན་པོ་ལ་འཇུག་ཀྱང་། ད་ལྟ་ནི་དམིགས་རྟེན་ཙམ་དུ་སྲོག་ཆགས་གཡག་དང་ར་སོགས་ཀྱི་ཁྲག་གཙང་མས་རུང་མཐུན་དུ་མཛད། མཱུ་ལ་རཀྟ་ནི་སྣོད་བཅུད་ཆགས་པའི་རྒྱུའི་རྩ་བ་ལ་འཇུག་ཀྱང་རུང་མཐུན་ཆུ་གཙང་མ་ལ་སིནྡྷུ་ར་སོགས་རཀྟ་རྩ་བ་བརྒྱད་དང་ཡན་ལག་གི་རྫས་རྣམས་ཚང་བའམ་ཅི་འབྱོར་བ་བཏབ་པས་མཚོན་པར་བྱེད། གུ་ཧྱ་རཀྟ་ནི་མཚན་ལྡན་མ་གྲོང་པའི་ཆོས་ཀྱིས་མ་གོས་པའི་པདྨ་རཀྟ་ལ་བཤད་དོ། །ཡང་རྣམ་པ་གཅིག་ཏུ་ན་མཱུ་ལ་རཀྟ་ནི་སྤང་བྱ་དང་གཉེན་པོའི་ཕྱོགས་ནས་བརྗོད་ན་རྟེན་འབྲེལ་བཅུ་གཉིས་ནི་འཁོར་བར་འཁྱམས་པའི་རྒྱུ་ཡིན་ལ། དེ་ཉིད་ཀྱི་རྩ་བ་མ་རིག་པ་སྟེ་དེ་རིག་པའི་ཡེ་ཤེས་ཀྱིས་བཅོམ་པས་འཁོར་བ་བསྒྲལ་བའི་རཀྟ་སྟེ། རྒྱུད་ལས། རྒྱུ་དྲུག་འཁོར་བ་བསྒྲལ་བའི་རཀྟས་མཆོད། །ཅེས་གསུངས། གཉེན་པོའི་ཕྱོགས་ནས་བརྗོད་ན་རྒྱུ་དུག་གསུམ་དང་འབྲས་བུ་ཁམས་གསུམ་དུ་སྣང་བ་འདི་ཐམས་ཅད་ཡེ་ནས་ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ་རྣམ་པར་དག་པ་ནི་རང་བྱུང་བདེ་བ་ཆེན་པོའི་རཀྟ་སྟེ། ཇི་སྐད་དུ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །མཁའ་དབྱིངས་རྣམ་དག་ཡུམ་གྱི་རང་བཞིན་དུ། །ཁམས་གསུམ་དུག་གསུམ་བསྒྲལ་བའི་རཀྟ་མཆོག །ཅེས་དང་། ལེགས་ལྡན་གྱི་རྒྱུད་ལས་ཀྱང་། མ་ཧཱ་རཀྟ་དགྲ་བགེགས་བསྒྲལ་བའི་ཁྲག །མཱུ་ལ་རཀྟ་རང་བྱུང་པདྨའི་ཁྲག །ཆུ་དང་མ་འདྲེས་དྭངས་མའི་ཁྲག་གིས་མཆོད། །ཅེས་གསུངས་སོ། །བཞི་པ་སྒྲོན་མའི་གོ་དོན་ནི། ལུས་ཅན་ཐམས་ཅད་ལ་རང་བྱུང་ཡེ་ཤེས་ཀྱི་སྒྲོན་མ་རང་ཆས་སུ་བཞུགས་པ་ཉིད་འཁོར་བའི་དྲྭ་བས་བསྒྲིབས་པའི་མུན་པ་གཞོམས་པའི་ཆེད་དུ་ལྷ་གྲངས་དང་མཉམ་པའི་མར་མེའི་མཆོད་པ་སྟེ། དེ་ཡང་སྨན་བླའི་མདོ་ཆོག་ལས། མར་མེ་རེ་རེ་བྱ། མར་མེ་རེ་རེའི་ཚད་ཀྱང་ཤིང་རྟའི་འཕང་ལོ་ཙམ་དུ་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། དབྱིངས་རྣམ་པར་དག་པའི་རང་བྱུང་རང་ཤར་གྱི་མཆོད་པ་དེ་རྣམས་ཡེ་ནས་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་གནས་པ་དེ་ཉིད་ཚིག་གིས་གསལ་བཏབ་སྟེ་དམིགས་མེད་བདེ་བ་ཆེན་པོའི་དབྱིངས་སུ་ཐུགས་དམ་ཡོངས་སུ་སྐོང་བར་བྱེད་པ་ཡིན་ནོ། །དེ་ཡང་ལྟ་བ་ལ་བཟླ་བའི་ཚུལ་དུ་རྟོགས་ཚིག་གིས་ཐུགས་དམ་ཡོངས་སུ་སྐོང་བར་བྱེད་པ་དང་། སྒོམ་པ་ཏིང་ངེ་འཛིན་གྱིས་རང་བཞིན་གནས་ལུགས་ལས་མི་གཡོ་བའི་ཚུལ་དུ་ཐུགས་དམ་ཡོངས་སུ་སྐོང་བར་བྱེད་པ་དང་། ལྷ་རྟོག་དབྱེར་མེད་ཀྱིས་གནས་དག་གནས་གྱུར་དུ་ཐུགས་དམ་ཡོངས་སུ་སྐོང་བར་བྱེད་པ་དང་གསུམ། དང་པོ་ནི། བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །ཞེས་པ་སྟེ། དེ་ལ་བསྐང་ངོ་ཞེས་པས་ཐུགས་དམ་ཡོངས་སུ་སྐོང་ཚིག །སྐོང་བྱེད་ནི་བསྐལ་པ་སྟེ། རྟོགས་ཚིག་མང་པོའི་དོན་ཡིན་པས་དོན་དམ་གསལ་འདེབས་ཀྱི་རྟོགས་པའི་ཚིག་མང་པོ་དག་གིས་སྐོང་བའི་དོན་ཏེ། རོང་ཟོམ་ཆོས་ཀྱི་བཟང་པོས། དོན་དམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཞེས་གསུངས་སོ། །དངོས་པོ་སྟོང་ཉིད་ཀློང་དུ་བསྐང་། །ཞེས་པ་སྟེ། དངོས་པོར་སྣང་བའི་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ལས་མ་གཡོས་པ་སྟེ། དབུ་མ་རིན་ཆེན་ཕྲེང་བ་ལས། བུ་རམ་རང་བཞིན་མངར་བ་དང་། །མེ་ཡི་རང་བཞིན་ཚ་བ་དང་། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་གནས། །ཞེས་པས། གནས་ལུགས་ཟབ་མོ་སྟོང་པ་ཉིད་ཀྱི་དང་། སྣང་བ་ཡེ་ཤེས་ཀློང་དུ་བསྐང་། །ཞེས་པ། སྟོང་ཉིད་དེའི་རྩལ་སྣང་དག་མ་དག་གི་སྣང་བ་ཐམས་ཅད་ཡེ་ཤེས་ཆེན་པོ་གཅིག་གི་ཀློང་དུ་སྐོང་བ་དང་། གསལ་བ་ཤེས་རབ་ཀློང་དུ་བསྐང་། །ཞེས་པ་གོང་དུ་སྨོས་པའི་ཐབས་ཤེས་ཟུང་འཇུག་བདེ་ཆེན་སྟོང་ཉིད་ཀྱི་ངོ་བོ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱི་དང་། སྡུག་བསྔལ་ཆོས་ཉིད་ཀློང་དུ་བསྐང་། །ཞེས་པ་གནས་ལུགས་མ་རྟོགས་པར་སྡུག་བསྔལ་གྱིས་བཅིངས་པའི་འགྲོ་བ་འདི་རྣམས་ཡེ་ནས་ཆོས་ཉིད་མཉམ་པ་ཆེན་པོའི་ཀློང་དུ་དག་པའི་དང་། དེ་བཞིན་དུ་སྐྱེ་བ་མེད་པའི་སོགས་ཀྱི་དོན་ནི། འདི་ལྟར་སྐྱེས་པ་ལྟར་སྣང་ཡང་དོན་ལ་སྐྱེ་བ་མེད་པའི་དབྱིངས་སུ་དང་། འགགས་པ་ལྟར་སྣང་ཡང་དོན་ལ་འགགས་པ་མེད་པའི་ཡེ་ཤེས་ཀྱི་མཁའ་ཀློང་དུ་དང་། སྣང་སྟོང་གི་རང་བཞིན་སྐྱེ་འགག་གི་རྣམ་པ་ཅན་དེ་ཡང་དོན་ལ་སྐྱེ་འགགས་གཉིས་སུ་མེད་པའི་ཆོས་ཉིད་ཀྱི་ཀློང་དུ་ལྟ་བ་ལ་བཟླ་བའི་ཚུལ་དུ་དང་། ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་དག །ཅེས་སོགས། དེ་ཡང་ཉིན་མཚན་གྱི་དྲུག་ཆའི་ནང་དུ་གཉེན་པོས་མ་སླེབ་པས་ན་ཐུན་ཚོད་ལས་འདས་པ་ཞེས་བྱ་བ་དང་། ཞག་གཅིག་གིས་བར་མ་ཆོད་པ་འགལ་བ་དང་། ཟླ་བས་བར་མ་ཆོད་པ་ཚུན་ཆད་ཉམས་པ་དང་། ལོ་གཅིག་ཚུན་ཆད་འདས་པ་དང་། ལོ་གསུམ་ཚུན་ཆད་རལ་པ་ཞེས་དུས་ལ་ལྟོས་ནས་རིམ་གྱིས་ལྕི་བ་སྟེ། དེ་ཚུན་ཆད་སྙིང་ནས་བརྩོན་པ་ཆེན་པོས་བཤགས་ན་འདག་ལ། ལོ་གསུམ་འདས་པ་ཕན་ཆད་ནི་གསོར་མི་རུང་བ་དམ་ཚིག་བཀོད་པའི་རྒྱུད་ལས་བཤད་དོ། །དེ་ལ་ཉམས་པ་ལ་སྤྱི་མདོ་ལས། ཉམས་པར་གྱུར་པ་གང་ཞེ་ན། །ཀུན་ཏུ་ཉམས་པ་ཆེན་པོ་དང་། །རྩ་བ་ཉམས་དང་ཡན་ལག་ཉམས། །དེ་བཞིན་ཟླས་ཉམས་ཞར་ཉམས་ལྔ། །ཞེས་པས། ཀུན་ཏུ་ཉམས་པ་ཆེན་པོ་ནི། ཡུལ་ཆེས་གཉན་པ་ལ་ཀུན་དཀྲིས་དྲག་པོས་སྤྱད་པའང་ལན་གྲངས་མང་དུ་བྱུང་བ་དང་དུས་འདས་རལ་པ་ལ་སོགས་པ་ཡིན་ལ། རྩ་བ་ཉམས་པ་དང་ཡན་ལག་ཉམས་པ་གཉིས་ནི་དེ་དག་དང་། ཟླས་ཉམས་ནི། ཉམས་པ་དང་འགྲོགས་པའི་ཉེས་པ་དང་། ཞར་ཉམས་ནི། གཞན་གྱི་ངོ་དགར་ཐལ་བའི་ཉེས་པའོ། །ཆགས་པ་ནི། དམ་ཚིག་གསལ་བཀྲ་ལས། རང་གི་སྒོ་གསུམ་ཡི་དམ་གྱི། །སྐུ་གསུང་ཐུགས་སུ་མངོན་སྦྱར་ལ། །རྟག་ཏུ་བཟླས་པ་བྱེད་པ་ནི། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །རབ་ཀྱིས་ཆུ་བོའི་རྒྱུན་གཞུང་བཞིན། །ཉིན་གསུམ་མཚན་གསུམ་གཉིས་གཅིག་ཏུ། །མ་ཡེངས་ཙམ་དུ་ངང་གིས་བཟླ། །འབྲིང་གིས་ཟླ་གཅིག་དུས་དྲུག་དང་། །དུས་བཞིའི་བར་དུ་མི་བཅད་ཅིང་། །ཐ་མར་བརྩོན་པའི་རྣལ་འབྱོར་པས། །ཟླ་རེའམ་ར་བའི་དུས་དག་ཏུ། །བརྩོན་པས་འབད་དེ་མི་བྱེད་ན། །བྱང་ཆུབ་ས་བོན་བརླག་པ་ཡིན། །ཚོགས་དང་གཏོར་མའང་དེ་བཞིན་དུ། །ཐ་ན་ལོ་ཟླར་མི་འདའོ། །ཞེས་པའོ། །རྟོག་སྒྲིབ་ནི། དོན་དམ་བློ་རྟོག་གི་ཡུལ་དུ་བྱས་པའི་སྒྲིབ་པ་སྟེ། རྒྱུད་ལས། དོན་དམ་མི་དམིགས་སྤྲོས་ལས་འདས་པས་ན། །ཞེས་སོ། །དེ་ལྟར་བློའི་དྲི་མ་རྣམས་དག་ནས་རང་གནས་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྒྱུར་བའི་དབང་དང་མཆོག་ཐུན་གྱི་དངོས་གྲུབ་རྣམ་པ་གཉིས་ད་ལྟ་ཉིད་དུ་སྩལ་དུ་གསོལ་ཞེས་པའོ། །གཉིས་པ་ལ་བཞི་ལས། དང་པོ་བདུད་རྩིས་བསྐང་བ་ནི། ཧཱུྃ། བསྐང་ངོ་བདུད་རྩིས་སོགས། ཀུན་གཞི་མཁའ་ཀློང་ཡངས་པའི་བྷཉྫའི་སྣོད་དུ་རང་བྱུང་བྱང་ཆུབ་ཀྱི་སེམས་སྤྲོས་བྲལ་སྟོང་པ་ཉིད་ཀྱི་བདུད་རྩིས་ཡོངས་སུ་བཀང་ནས་སངས་རྒྱས་ཆོས་ཀྱི་སྐུའི་ཐུགས་དམ་གནས་སུ་སྐོང་བ་དང་། གདངས་གསལ་འབར་བའི་བྷཉྫ་རུ། །ཞེས་སོགས། སེམས་ཉིད་དམིགས་མེད་ཀྱི་རྩལ་གདངས་འགགས་པ་མེད་པའི་བྷཉྫའི་སྣོད་དུ་སེམས་ཅན་གྱི་དོན་ལ་གཟིགས་པ་སྒྲིབ་པ་མེད་པའི་ཡེ་ཤེས་ལྔའི་རང་བྱུང་གི་བདུད་རྩིས་ཡོངས་སུ་བཀང་ནས་ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་གནས་སུ་སྐོང་བ་དང་། མཆོག་གི་འོད་གསལ་སོགས་ཏེ། དེ་ལས་མ་གཡོས་བཞིན་དུ་མཆོག་གི་སྤྲུལ་པའི་སྐུ་འཕོ་མེད་འོད་གསལ་གྱི་སྐུར་བཞེངས་པ་ཕྲིན་ལས་ཐུགས་རྗེའི་བྷཉྫ་རུ་སེམས་ཅན་རྣམས་ཀྱིས་ཆོས་སྐུ་ཐིག་ལེ་བྱང་ཆུབ་ཀྱི་སེམས་དེའི་སྒྲིབ་པ་བསལ་བས་སེམས་ཉིད་བདེ་ཆེན་ཡེ་ཤེས་སུ་འབར་བའི་བདུད་རྩིས་བཀང་བ་ནི་རྒྱལ་བ་སྤྲུལ་སྐུའི་ཐུགས་དམ་གནས་སུ་སྐོང་བ་དང་། ཡེ་ཤེས་རྩ་ལྔའི་ཞེས་སོགས། སེམས་ཉིད་ཀྱི་ཀློང་ན་འབྲས་བུའི་ཆོས་ཡེ་ཤེས་ཉི་ཤུ་རྩ་ལྔར་སྣང་བའི་བྷཉྫ་རུ་སེམས་ཉིད་ཀྱི་ངོ་བོ་ཨ་ཡིག་དཀར་པོ་གནས་པ་དེ་ལམ་པས་ཉམས་སུ་བླངས་པས་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་སུ་སྣང་བ་ཞི་བ་དང་། དཔའ་བོ་འབྲུ་ལྔའི་སོགས་ཏེ། ཧཱུཾ་ཨཱོཾ་སྭཱ་ཨཱཾ་ཧཱ་སྟེ། དཔའ་བོ་འབྲུ་ལྔ་འོད་དུ་འབར་བའི་བྷཉྫ་རུ་ཤེས་རབ་ཡུམ་ལྔའི་བདུད་རྩིས་ཡོངས་སུ་བཀང་ནས་ཟུང་འཇུག་ཡེ་ཤེས་ཀྱི་བདུད་རྩི་དེ་ཉིད་གདུལ་བྱ་གདུག་པ་ཅན་འདུལ་བའི་ཐབས་ཀྱི་ཕྱག་རྒྱ་ཁྲག་འཐུང་ང་བརྒྱད་ཀྱི་རྣམ་པར་ཤར་བ་ཁྲོ་བོའི་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་གནས་སུ་སྐོང་བའོ། །བདུད་རྩི་སྨན་གྱི་དམ་ཚིག་སོགས། །འདི་ལྟར་འཁོར་འདས་ཐམས་ཅད་ཡེ་ནས་བདུད་རྩིའི་རང་བཞིན་དུ་གནས་པའི་བདུད་རྩི་སྨན་གྱི་དམ་ཚིག་འདིས་མཆོད་འོས་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་ན་བཞུགས་པ་རྣམས་ཀྱི་ཐུགས་དམ་སྐོང་བའོ། །གཉིས་པ་གཏོར་མ་ནི། ཧཱུྃ། བྷཉྫ་འབར་བའི་སོགས་ཏེ། རང་ལུས་ཡེ་ནས་འདོད་ཡོན་ལྔའི་རང་བཞིན་གྱི་གཏོར་མ་གདོད་ནས་གྲུབ་པ་ཚིག་གིས་གསལ་བཏབ་ནས་འབུལ་བར་བྱེད་པ་སྟེ། ཐོད་པ་བྷཉྫ་འབར་བའི་གཏོར་སྣོད་དུ་ཤངས་ཀྱི་རླུང་སྒྲོམ་སྣའི་དབང་པོ་ཉིད་དཔལ་བཤོས་གཏོར་མའི་ཚུལ་དུ་བྱས་ནས་སྣ་སྒོའི་ལས་རླུང་ཡེ་ཤེས་སུ་དག་པའི་འདོད་ཡོན་དྲུག་གི་ལྷ་མོ་འདོད་པའི་ཡོན་ཏན་སྤྲོ་བའི་བདག་ཉིད་ཅན་གྱི་གཏོར་མ་དེ་ལ་བདེ་ཆེན་འཁོར་ལོའི་རྩ་འདབ་ཡེ་ཤེས་སུ་འབར་བའི་སེམས་དཔའ་བཅུ་དྲུག་དང་། སེམས་མ་བཅུ་དྲུག་གི་མཐེབ་ཀྱུས་ཡོངས་སུ་བསྐོར་བ་ལ། སྒྲོན་མ་མིག་གི་ཛ་གད་སྩལ། །ཞེས་པ་ཤ་ལྔ་ནི་སྒྲོན་མ་སྟེ། དབང་པོ་ལྔ་བཀྲག་མདངས་གཟི་བརྗིད་འབར་བར་བྱེད་ལ། དེའི་ནང་ནས་དབང་པོའི་དྭངས་མ་མིག་ཡིན་པས་མིག་གི་བདུད་རྩི་དང་། དབང་པོ་ལྔ་ཡི་རཀྟ་ནི། ཆགས་འཛིན་གྱི་སྒོ་དབང་ཤེས་ནང་དུ་སྡུད་པའི་ཐབས་དབང་པོ་ལྔའི་བྱེད་བཅིངས་ཀྱིས་ཆགས་རྟོག་དབྱིངས་སུ་བསྒྲལ་བའི་རཀྟས་བརྒྱན་ཏེ་རང་བྱུང་གི་གཏོར་མས་མཆོད་པ་དང་། ཉི་ཟླ་ཁ་སྦྱོར་གཏོར་གཞོང་དུ། །ཞེས་སོགས། སྤྱི་བོའི་ཧཾ་ཡིག་ཟླ་བའི་རང་བཞིན་དང་། ལྟེ་བའི་ཨཾ་ཡིག་ཉི་མའི་རང་བཞིན་དུ་ཡོད་པ་ཉི་ཟླ་ཁ་སྦྱོར་གྱི་ལུས་ཀྱི་དབུས་སུ་སྙིང་རང་བྱུང་དཔལ་གྱི་ལྷ་བཤོས་སུ་གཙུག་ནས་སྙིང་གའི་རྩ་ཆེན་བརྒྱད་པད་འདབ་བརྒྱད་ཀྱི་མཐེབ་ཀྱུའི་ཚུལ་དུ་བསྐོར་ནས་རྩ་དེ་དག་ལ་གནས་པའི་རྣམ་ཤེས་བརྒྱད་ནི་སྙིང་གའི་འཁོར་ལོའི་བྱེད་པ་བཅིངས་ན་ཡེ་ཤེས་ལྔར་རང་འབར་བའི་ཛ་གད་བདུད་རྩི་སྩལ་ནས་དེའི་ཚེ་རྩ་ཆེན་བཞི་ལས་འཁོར་བ་འཆར་བའི་སྒོ་འགག་པས་འཁོར་བ་བསྒྲལ་བའི་རཀྟས་བརྒྱན་པའི་རང་བྱུང་གི་གཏོར་མ་དང་། ཁྱབ་བརྡལ་ལྤགས་པའི་ཞེས་སོགས། ལུས་པོའི་ལྤགས་པའི་སྐྱ་རིས་ཀྱི་ལྟེམས་པའི་གཏོར་སྣོད་དུ་རུས་པའི་ཚོགས་རྣམས་དཔལ་གྱི་གཏོར་མར་གྲུབ་པ་ལ་ཤའི་མཐེབ་ཀྱུ་བཀྲག་མདངས་ཀྱི་བདུད་རྩི་ཁྲག་དང་ཆུ་སེར་གྱི་རཀྟས་བརྒྱན་པའི་གཟུགས་ཕུང་རང་བྱུང་གི་གཏོར་མ་དང་། ཁོག་པ་སྟོང་བའི་ཞེས་སོགས། ལུས་ཁོག་གཏོར་གཞོང་གི་ནང་དུ་མཆིན་པ་ཉིད་དཔལ་བཤོས་སུ་བཙུགས་པ་ལ་གློ་མཚེར་མཁལ་མའི་མཐེབ་ཀྱུས་ཡོངས་སུ་བསྐོར་ནས། གུ་ཧྱ་གསང་བ་སྟེ། གསང་བ་ནང་ཁྲོལ་དུ་གཏོགས་པ་ཐམས་ཅད་ཛ་གད་བདུད་རྩིའི་རང་བཞིན་དུ་ཡེ་ནས་གནས་པའི་བདུད་རྩི་དང་། མཁྲིས་པའི་རཀྟ་སྟེ་ནང་ཕུང་པོའི་ཆོས་ཐམས་ཅད་ཡེ་ནས་རང་བྱུང་གི་གཏོར་ཚོགས་སུ་གནས་པའི་བ་ལིང་འདོད་ཡོན་ལྷ་མོ་རྡོ་རྗེའི་དམ་ཚིག་གིས་མཆོད་པའོ། །གསུམ་པ་རཀྟས་བསྐང་བ་ནི། ཧཱུྃ། བསྐང་ངོ་རཀྟ་སོགས་ཏེ། སྤྱི་བོར་དུང་ཁང་འཁོར་ལོའི་བྷཉྫ་རུ་སྡུག་བསྔལ་གྱིས་མཚོན་པའི་རྣམ་པར་རྟོག་པ་ཐམས་ཅད་མི་རྟོག་པའི་དབྱིངས་སུ་བསྒྲལ་བའི་རཀྟས་བཀང་ནས་དང་། མགྲིན་པ་ལོངས་སྤྱོད་སོགས། བཟའ་བཏུང་སྣ་ཚོགས་ཀྱི་རོ་བཅུད་ཉམས་སུ་མྱོང་བར་བྱེད་པའི་ལོངས་སྤྱོད་འཁོར་ལོའི་བྷཉྫ་དེར་དབང་པོ་གཟུགས་ཅན་ལྔས་སྤྱད་བྱར་མ་གྱུར་པའི་ཡུལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཀྱིས་བསྐྱེད་པའི་ཡིད་ཤེས་འཛིན་མེད་རྒྱ་ཡན་གྱི་རཀྟས་བཀང་ནས་དང་། སྙིང་ག་ཆོས་ཀྱི་འཁོར་ལོའི་བྷཉྫ་དེར་ཆོས་ཉིད་བསམ་བརྗོད་ལས་འདས་པའི་བློ་ངོ་བོ་ཉིད་དུ་དག་པའི་རཀྟས་བཀང་ནས་དང་། ལུས་ཀྱི་སྤྲུལ་གཞི་ལྟེ་བ་སྤྲུལ་པའི་འཁོར་ལོའི་བྷཉྫ་དེར་ཉོན་མོངས་པ་སྲིད་པའི་རྩ་བ་དམར་ཆ་རྡུལ་ཏེ་ཤེས་རབ་སྟོང་ཉིད་ཀྱི་རཀྟས་བཀང་ནས་དང་། གསང་གནས་བདེ་སྐྱོང་འཁོར་ལོའི་བྷཉྫ་དེར་ཐབས་ཤེས་མཉམ་པར་སྦྱོར་བའི་རྗེས་ཆགས་བདེ་བ་ཆེན་པོའི་ཐིག་ལེའི་རཀྟས་ཡོངས་སུ་བཀང་ནས་དང་། དེ་ལྟར་ན་ཡེ་ནས་སེམས་ཅན་ཐམས་ཅད་ལ་རཀྟ་བདེ་བ་ཆེན་པོའི་ངོ་བོར་འབར་བའི་ལྷ་མོ་རྡོ་རྗེའི་དམ་ཚིག་གིས་མཆོད་འོས་རྣམས་མཉེས་པར་བྱེད་པའོ། །བཞི་པ་སྒྲོན་མེས་བསྐང་བ་ནི། ཧཱུྃ། བསྐང་ངོ་སྒྲོན་མེས་སོགས་ཏེ། གཟུགས་ཕུང་ཀུན་ལ་ཁྱབ་པའི་ལྤགས་པའི་ཀོང་བུ་རུ་ཁྲག་དང་ཆུ་སེར་གྱི་བཅུད་ཀྱི་མར་ཁུས་ཡོངས་སུ་གཏམས་ནས་ཤ་རུས་ཀྱི་སྡོང་བུ་ལ་ཡེ་ནས་རང་ལ་ཡེ་ཤེས་རང་གསལ་དུ་གནས་པས་ལུས་ཀྱི་བཀྲག་མདངས་མཆོག་ཏུ་འབར་བའི་ཞུན་མར་རང་བྱུང་གི་སྒྲོན་མ་དང་། ཐོད་པ་དུང་ཆེན་འབར་བའི་ཀོང་བུར་ཀླད་པ་གོ་རོ་ཙ་ནའི་མར་ཁུས་ཡོངས་སུ་གཏམས་ཏེ་ཤེས་བྱའི་གནས་གསལ་བར་བྱེད་པའི་དབང་ཤེས་ཉི་ཤུ་རྩ་ལྔའི་སྡོང་བུ་ལ་དབང་པོ་སྒོ་ལྔའི་རང་བྱུང་གི་སྒྲོན་མ་དང་། ཙིཏྟ་སྙིང་གི་ཀོང་བུ་འབར་བའི་སྣོད་དུ་སྙིང་ཚིལ་དཀར་དམར་གྱི་མར་ཁུས་ཡོངས་སུ་གཏམས་ནས་སྙིང་གི་རྩ་ཆེན་བརྒྱད་པདྨ་འདབ་བརྒྱད་ཀྱི་སྡོང་བུ་ལ་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་འོད་དུ་འབར་བའི་རང་བྱུང་གི་སྒྲོན་མ་དང་། ཨ་བ་དྷུ་ཏི་སྟེ། དབུ་མ་ཡེ་ཤེས་ཀྱི་ཀོང་བུ་རུ་བདེ་སྟོང་གཉིས་མེད་རང་གསལ་འོད་དུ་འབར་བའི་མར་ཁུས་ཡོངས་སུ་གཏམས་ནས། འཁོར་ལོ་བདུན་བརྩེགས་ཏེ། སྤྱི་བོར་བདེ་ཆེན་གྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི༴ སྙིང་ག་ཆོས་ཀྱི༴ ལྟེ་བ་སྤྲུལ་པའི༴ སྤར་བྱ་མེའི༴ སྤར་བྱེད་རླུང་གི༴ གསང་གནས་བདེ་སྐྱོང་གི་འཁོར་ལོ་སྟེ་བདུན་བརྩེགས་པའི་སྡོང་བུ་ལ་ཞུ་བདེ་ལས་བྱུང་བའི་འཁོར་འདས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོར་རང་འབར་བའི་རང་བྱུང་གི་སྒྲོན་མ་དང་། སེམས་ཉིད་མི་ཤིགས་པ་སྟོང་པ་ཉིད་ཀྱི་ཀོང་བུ་རུ་ཆོས་ཐམས་ཅད་སྐྱེ་མེད་ཀྱི་དབྱིངས་སུ་ལ་བཟླ་བའི་མར་ཁུས་ཡོངས་སུ་གཏམས་ནས་མ་རིག་པ་ལ་སོགས་ཏེ་རྟེན་འབྲེལ་བཅུ་གཉིས་འཆར་བྱེད་ཀྱི་སྒོ་རྩ་ཕྲན་བཅུ་གཉིས་ཀྱི་སྡོང་བུ་ལ་རིག་པ་རང་བྱུང་གི་སྒྲོན་མ་རང་འབར་བ་དང་། སྐུ་ལྔ། གསུང་ལྔ། ཐུགས་ལྔ། ཡོན་ཏན་ལྔ། ཕྲིན་ལས་ལྔ་སྟེ། འབྲས་ཆོས་ཉེར་ལྔ་ལུས་ཅན་རྣམས་ལ་རང་ཆས་སུ་གནས་པའི་ཀོང་བུ་རུ་སེམས་ཅན་གྱི་དབང་པོའི་ཆ་ལས་ཕྱེ་ན། དབང་པོ་རབ་ཀྱི་ཐ་མ་དང་། རབ་ཀྱི་འབྲིང་དང་། རབ་ཀྱི་རབ་དང་། རབ་ཀྱི་ཕུལ་དང་། རབ་ཀྱི་མཆོག་དང་། རབ་ཀྱི་རྩེ་མོ་དང་། རབ་ཀྱི་མཐར་ཕྱིན་པ་སྟེ་བདུན་དང་། དེ་བཞིན་དུ་དབང་པོ་འབྲིང་གི་ཐ་མ་སོགས་བདུན་དང་། ཐ་མའི་ཐ་མ་སོགས་བདུན་ཚན་གསུམ་སྟེ་ཉི་ཤུ་རྩ་གཅིག་གི་དབང་པོ་མི་འདྲ་བའི་སེམས་ཉིད་ཨ་དཀར་དྲི་མ་མེད་པ་ཉེར་གཅིག་གི་མར་ཁུས་ཡོངས་སུ་གཏམས་ནས་ཨ་ཡིག་དེ་རྣམས་ཀྱི་ཀློང་ན་འབྲས་ཆོས་ཉེར་ལྔ་འཆར་རུང་མ་འགགས་པར་གནས་པའི་སྡོང་བུ་ལ་ཤེས་རབ་འབྲུ་ལྔ་སྟེ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་འོད་དུ་ཞུ་བ་ཡུམ་ལྔའི་ངོ་བོར་འབར་བའི་སྒྲོན་མ་དང་། མཆོག་སངས་རྒྱས་ཀྱི་ཞིང་ཁམས་འོད་གསལ་རྒྱ་ཚད་དང་བྲལ་བའི་ཀོང་བུ་རུ་དེའི་རང་མདངས་འགགས་མེད་བདེ་སྟོང་གཉིས་མེད་ཀྱི་མར་ཁུས་ཡོངས་སུ་གཏམས་ནས་ཆོས་ཐམས་ཅད་ཟུང་འཇུག་ཡེ་ཤེས་ཀྱི་ཐིག་ལེ་གཅིག་ཏུ་འཁྱིལ་བའི་སྡོང་བུ་ལ་ཡེ་ཤེས་རྣམ་པ་ལྔ་རང་ཤར་དུ་འབར་བའི་སྒྲོན་མ་དང་། འཁོར་འདས་ཐམས་ཅད་ཀྱི་འབྱུང་ཁུང་ཀུན་གཞི་མ་བཅོས་མཁའ་ཀློང་ཡངས་པའི་ཀོང་བུ་རུ་ཆོས་དབྱིངས་འགྱུར་བ་མེད་པའི་མར་ཁུས་ཡོངས་སུ་གཏམས་ནས་བྱང་ཆུབ་ཀྱི་སེམས་དྲི་མ་མེད་པའི་སྡོང་བུ་ལ་ཆོས་ལོངས་སྤྲུལ་གསུམ་མངོན་བྱང་རྡོ་རྗེའི་སྐུ་སྟེ་སྐུ་ལྔ་ལྷུན་གྲུབ་འོད་དུ་འབར་བའི་སྒྲོན་མ་སྟེ། དེ་ལྟར་ལུས་ཅན་རྣམས་ལ་ཡེ་ནས་རང་བྱུང་གི་སྒྲོན་མ་རང་འབར་དུ་གནས་པའི་གནས་ལུགས་ཀྱི་དོན་འདི་ལས་མི་འདའ་བའི་དམ་ཚིག་སྟེ། རྩ་རྒྱུད་གསང་བ་སྙིང་པོ་ལས། དམ་ཚིག་འདི་ནི་རྨད་པོ་ཆེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཅེས་གསུངས་པ་ལྟར་རོ། །དཱི་པ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་འོས་རྣམས་ལ་མར་མེའི་མཆོད་པའི་གཞི་ཚུགས་ཞེས་པའི་དོན་ནོ། །ༀ་ཨེ་ཧོ་སོགས་ཁྲུས་བདུན་གྱི་རིག་སྔགས་ལན་བདུན་བཟླས་པས་འབྱུང་བའི་ཡི་གེ་དེ་རྣམས་ལུས་ཅན་རྣམས་ལ་རང་ཆས་སུ་ཡོད་པ་འོད་དུ་འབར་བས་ཆག་ཉམས་དང་རྟོག་སྒྲིབ་ཐམས་ཅད་དག་པར་བྱེད་པའི་དོན་ནོ། །གསུམ་པ་ལ། ཞི་བ་གནས་དག་དང་། ཁྲོ་བོ་གནས་གྱུར་གྱི་བསྐང་པ་གཉིས་ལས། དང་པོ་ནི། ཧཱུྃ། ཡིད་ཀྱི་རྣམ་ཤེས་གནས་དག་པ། །ཞེས་སོགས། ཡིད་ནི་རྟོག་བཅས་འཁོར་བའི་བྱེད་པ་པོ་དང་། རྟོག་མེད་མྱང་འདས་གཉིས་ཀའི་བྱེད་པ་པོ་ཀུན་བཟང་གི་ངོ་བོར་གནས་སུ་དག་པ་དང་། ཡིད་ཀྱིས་གཏན་ལ་དབབ་བྱའི་ཡུལ་ཆོས་ཀྱི་ཁམས་དེ་ཀུན་ཏུ་བཟང་མོའི་ངོ་བོར་རྣམ་པར་དག་པ་དང་། དེ་བཞིན་དུ་ཕུང་པོ་ལྔ་ནི་རྒྱལ་བ་རིགས་ལྔའི་ངོ་བོར་དང་། འབྱུང་བ་ལྔ་ནི་ཡུམ་ལྔའི་ངོ་བོར་དང་། རྣམ་ཤེས་ཚོགས་བརྒྱད་ནི་སེམས་དཔའ་བརྒྱད། དེའི་ཡུལ་བརྒྱད་ནི་སེམས་མ་བརྒྱད་དང་། ལུས་དབང་། དེའི་རྣམ་ཤེས། དེའི་ཡུལ། དེ་གསུམ་འདུས་པའི་ལུས་ཏེ་རེག་པ་སྟེ་ལུས་ཀྱི་ཆོས་བཞི་ནི་སྒོ་བ་བཞིའི་ངོ་བོར་དང་། རྟག་ཆད་བདག་མཚན་བཞི་ནི་ཁྲོ་མོ་ལྕགས་ཀྱུ་མ་ལ་སོགས་པ་བཞིའི་ངོ་བོར་གནས་སུ་དག་པ་དང་། ང་རྒྱལ། ཕྲག་དོག །འདོད་ཆགས། གཏི་མུག །སེར་སྣ། ཞེ་སྡང་སྟེ་ཉོན་མོངས་དྲུག་ནི་ཐུབ་དྲུག་གི་ངོ་བོར་གནས་སུ་དག་པའོ། །གཉིས་པ་ནི། འདོད་ཆགས། ཞེ་སྡང་། ང་རྒྱལ། གཏི་མུག །ཕྲག་དོག་སྟེ་དུག་ལྔ་ཁྲག་འཐུང་ཡབ་ལྔའི་ངོ་བོར་དང་། ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ཡུལ་ལྔ་ནི་ཁྲག་འཐུང་ཡུམ་ལྔའི་ངོ་བོར་དང་། ལུས་ཞེས་པ་ནི་འབྱུང་བ་ལྔས་འཁོར་བའི་གནས་སྐབས་སུ་འཁོར་བ་འབྱུང་ཁུངས་སམ་དེའི་རྟེན་གཞི་ལུས་ལྟ་བུ་དང་། མྱང་འདས་ཀྱི་གནས་སུ་འབྲས་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་སམ་རྟེན་གཞི་ཡུམ་ལྔ་འདུས་པ་ཀུན་ཏུ་བཟང་མོ་ཆོས་ཀྱི་སྐུ་སྟེ། དཀོན་མཆོག་སྒྲོན་མེའི་མདོ་ལས། ཆོས་ཀྱི་སྐུ་ནི་རྒྱལ་བ་རྣམས་ཀྱི་ལུས། །ཞེས་གསུངས་པའི་ཕྱིར་རོ། །རྣམ་བཞིའི་རྟོག་པ་ནི། སྦྱོར་བའི་དབྱིངས་ནས་ཕྱིན་ཅི་ལོག་གི་རྟོག་པ་དང་། སྒྲོལ་བའི་དབྱིངས་ནས་རེག་བྱའི་རྟོག་པ་དང་། དམ་ཚིག་གི་དབྱིངས་ནས་མྱོང་བྱེད་ཀྱི་རྟོག་པ་དང་། གསང་བའི་དབྱིངས་ནས་སྐྱེ་གནས་ཀྱི་རྟོག་པ་བཞི་འཇོམས་པའི་ཧེ་རུ་ཀ་བཞིའི་ངོ་བོར་དང་། དྲོད་གཤེར། རྫུས་སྐྱེས། སྒོང་སྐྱེས། མངལ་སྐྱེས་ཏེ་སྐྱེ་གནས་བཞིའི་རྟོག་པ་ནི་ཧེ་རུ་ཀ་བཞིའི་ཡུམ་བཞིའི་ངོ་བོར་དང་། ཡུལ་རྣམ་པར་རིག་པའི་མཚན་ཉིད་ཅན་གྱི་ཚོགས་བརྒྱད་ནི་ཁྲོ་མོ་ག་རི་མ་བརྒྱད་དང་། དེའི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་དང་། ཁམས་དང་སྐྱེ་མཆེད་དེ་རྣམ་འགྱུར་ཡུལ་བརྒྱད་ནི་ཁྲོ་མོ་སྟེ་སིདྷ་མ་བརྒྱད་ཀྱི་ངོ་བོར་དང་། རྟག་མཐའ། ཆད་མཐའ། བདག་མཐའ། མཚན་མའི་མཐའ་སྟེ་བཞི་ནི་རྡོ་རྗེ་སྲིང་འགྲོ་མ་ལ་སོགས་པ་ཁྲོ་མོ་སྒོ་མ་བཞིའི་ངོ་བོར་དང་། རྟོག་ཚོགས་སྣ་ཚོགས་སུ་སྣང་བ་ནི། སྲིན་མོ་ཆེན་མོ་མིའི་སྲིན་མོ་ལ་སོགས་ཏེ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི་ངོ་བོར་དང་། དེ་ལྟར་དག་པའི་ཡེ་ཤེས་ཀྱི་ལྷ་ཚོགས་ཐམས་ཅད་ཆོས་སྐུ་འགྱུར་བ་མེད་པ་རྡོ་རྗེ་མི་ཤིགས་པའི་ངང་ལས་མ་གཡོས་ཀྱང་གཟུགས་སྐུ་གང་འདུལ་ཞི་ཁྲོའི་ལྷ་ཚོགས་ཀྱི་རོལ་པར་སྣང་ནས་འགགས་མེད་གསུང་གི་སྣང་བ་གདུལ་བྱའི་བློ་དང་འཚམས་པར་སྣ་ཚོགས་སུ་སྣང་ཡང་སྐུ་ལ་འཕོ་འགྱུར་མི་མངའ་བ་དང་། གསུང་ཐུགས་འཁྲུལ་པ་མེད་པ་དང་། ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོར་སད་པར་བྱས་ཏེ། ཕྲིན་ལས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་སྤྱི་གཙུག་འཁོར་ལོའི་རྒྱན་དུ་ཞུགས་པའི་མཆོད་ཡུལ་ཡེ་ཤེས་ཀྱི་འཁོར་ལོའི་རོལ་པ་ཟད་མི་ཤེས་པར་བཞུགས་པ་རྣམས་ཐུགས་དམ་ཡོངས་སུ་སྐོང་ནས་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་དང་རྟོག་སྒྲིབ་དག་ནས་སྐོང་བའི་འབྲས་བུ་དབང་བཞིའི་ཡེ་ཤེས་དང་མཆོག་ཐུན་གྱི་དངོས་གྲུབ་དམ་པ་ད་ལྟ་ཉིད་དུ་སྩལ་དུ་གསོལ་ཞེས་པའོ། །ཞེས་སྐོང་གི་བཤད་པ་མདོར་བསྡུས་སུ་བྱས་པ་འདི་ནི་རྗེ་བླ་མ་འགྱུར་མེད་རིན་ཆེན་རྣམ་པར་རྒྱལ་བའི་སྡེའི་བཀའ་ལུང་སྤྱི་བོར་ལྷུངས་པ་ལྡོག་པར་མ་ནུས་པས་སྨིན་གླིང་གྲྭ་པའི་ཐ་ཤལ་དུ་གྱུར་པ་དྷརྨ་ཀིརྟིས་གང་ཤེས་ཚོད་དཔོགས་སུ་བྲིས་པ་ལས་གཞུང་དོན་དང་འབྱོར་བ་ཇི་བཞིན་བྱུང་མིན་འགྲོ་བ་ཆོས་སྤྱན་གྱིས་གཟིགས་པས་དཔྱད་དུ་གསོལ་ལོ། །འཕགས་བོད་མཁས་གྲུབ་དུ་མའི་ཐུགས་ཀྱི་བཅུད། །སྒྱུ་འཕྲུལ་དྲྭ་བ་འགྱོད་ཚངས་བཤགས་སྐོང་ལ། །ཟིན་མ་ཊཱིཀ་སུ་བྱས་པའི་དགེ་འབྲས་གང་། །འགྲོ་ཀུན་བྱང་ཆུབ་ཐོབ་པའི་རྒྱུར་བསྔོའོ། །འདིས་ཀྱང་གསང་ཆེན་རྙིང་མའི་བསྟན་པ་རིན་པོ་ཆེ་དར་རྒྱས་སུ་གྱུར་ཅིག །དགེའོ།། །།

འཕགས་པ་བཟང་པོར་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ།

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་བཞུགས་སོ། །
རྒྱ་གར་སྐད་དུ། ཨརྱ་བྷ་དྲ་ཙཱརྱ་པྲ་ནི་དྷ་ན་རཱ་ཛཱ།
བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན ། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། ། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི ། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གི་བྱང་ཆུབ་ཕྱིར་བསྔོའོ། །འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །ཕྱོགས་བཅུའི་ག་ལའི་ཞིང་རྣམས་ཇི་སྙེད་པ། །དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག །ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིང་རེ་བའང་འགྲུབ་པར་ཤོག །བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་། །འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་གྱུར། །ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡང་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ལྷ་ཡི་སྐད་དང་གླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག །དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང་། །ཇི་ལྟར་པདྨོ་ཆུ་མི་ཆགས་པ་བཞིན། །ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱོད ། །ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང་། །འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་འགྱུར། །བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །དེ་དག་དང་ནི་རྟག་ཏུ་འགྲོགས་པར་ཤོག །ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་། །སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །དེ་དག་དང་ཡང་རྟག་ཏུ་འཕྲད་པར་ཤོག །དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང་། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་བལྟ། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི། །སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བརྙེས། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང་། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། ། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང་། །སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། །བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག །གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་དག །འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡི། །དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། །བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག །མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང་། །སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། །གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག །སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་གང་། །དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། །རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག །གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་བསྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་དག་གི་ཞིང་རྣམས་བཀོད་ལ་འཇུག །གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། །མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང་། །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་དག་དང་། །ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་། །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཀུན་ནས་དགེ་བའི་བསོད་ནམས་སྟོབས་དག་དང་། །ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། །བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད། །ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་གྲོལ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང་། །ཡེ་ཤེས་རྒྱ་མཚོ་རབ་ཏུ་རྟོགས་པར་བྱེད། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སྨོན་ལམ་རྒྱ་མཚོ་རབ་ཏུ་རྫོགས་པར་བྱེད། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང་། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །དེ་ཀུན་མ་ལུས་བདག་གིས་རྫོགས་པར་བགྱི། །རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་པ། །བསྔོ་བ་བཟང་པོ་མཁས་བཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག །ཀུན་ནས་དགེ་བ་བཟང་པོ་སྤྱོད་པའི་ཕྱིར། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཡོན་ཏན་རྣམས་ཀྱང་ཚད་བཟུང་མེད་པར་ཤོག །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང་། །དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི། །ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་འབུལ། །ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང་། །ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་ཅིག་ཙམ་ཡང་དད་པ་བསྐྱེད་པ་ན། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས། །དེས་ནི་ངན་སོང་ཐམས་ཅད་སྤང་བར་འགྱུར། །དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན། །སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང་། །དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང་། །ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཡེ་ཤེས་ངང་ནི་གཟུགས་དང་མཚན་རྣམས་དང་། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་འཚང་རྒྱ་འཁོར་ལོ་རབ་ཏུ་བསྐོར། །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་སྟོན་ཏམ་ཀློག་ན་ཡང་། །དེ་ཡི་རྣམ་པར་སྨིན་པའང་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར ། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །དེ་ལྟར་མ་ལུས་བདག་གིས་ཡོངས་སུ་བཀང་། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་དག་གི་དེར་ཐོབ་ཤོག །དེར་ནི་བདག་གི་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །བཟང་པོ་སྤྱོད་པའི་སྨོན་ལམ་བཏོན་པ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་བར་ཤོག །གང་ཡང་བཟང་པོ་སྤྱོད་པ་འདི་བསྔོས་པས། །བསོད་ནམས་མཐའ་ཡས་དམ་པ་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོངས་པར་ཤོག །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ལོ་ཆེན་བཻ་རོ་ཙ་ནས་ཞུས་ཆེན་མཛད་པའོ། །དགེའོ། །དགེའོ། །དགེའོ། །

བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པ།

བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པ་ཞེས་བྱ་བ་བཞུགས་སོ། །བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དོན་གཉིས་ལྷུན་གྲུབ་སྟོན་པ་རྫོགས་སངས་རྒྱས། །བདེན་གཉིས་ངོ་བོ་བསྟན་པ་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་འཕགས་པའི་དགེ་འདུན་ལ། །ཚོགས་གཉིས་དཔལ་གྱི་གུས་པས་ཕྱག་འཚལ་ལོ། །རབ་འབྱམས་ཞིང་གི་ལྷ་མིའི་ལོངས་སྤྱོད་དང་། །རབ་དྭངས་ཡིད་ཀྱིས་རྣམ་སྤྲུལ་མཆོད་སྤྲིན་འདི། །རབ་མཆོག་རྒྱལ་བ་སྲས་དང་བཅས་ལ་འབུལ། །རབ་ཏུ་བརྩེ་བའི་ཐུགས་ཀྱིས་བཞེས་སུ་གསོལ། །བདག་གིས་ཐོག་མེད་དུས་རིང་འཁོར་བ་ན། །བདག་ཏུ་འཛིན་པའི་འཆིང་བས་དམ་བཅིངས་པས། །བདག་མེད་ཆོས་ལ་མཚན་མར་བཟུང་བའི་སྡིག །བདག་ཉིད་གནོང་ཞིང་འགྱོད་པས་སོ་སོར་བཤགས། །སྲས་བཅས་རྒྱལ་བའི་ཚོགས་གཉིས་ཟབ་མོ་དང་། །སློབ་དང་མི་སློབ་ཉན་ཐོས་རང་རྒྱལ་དང་། །སོ་སྐྱེས་དུས་གསུམ་བསགས་པའི་དགེ་བ་ལ། །དགའ་ཞིང་སྤྲོ་བའི་སེམས་ཀྱིས་ཡི་རང་ངོ་། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་རྒྱལ་བ་ཡིས། །འགྲོ་བའི་ཁམས་དང་དབང་པོ་ཇི་བཞིན་དུ། །ཟབ་དང་རྒྱ་ཆེ་ཐེག་མཆོག་དམ་པའི་ཆོས། །རྒྱུན་དུ་བསྐོར་བར་ཡང་ཡང་གསོལ་བ་འདེབས། །གང་དང་མཉམ་མེད་འདྲེན་པ་ཆོས་ཀྱི་རྗེ། །མཛད་པ་མཐར་ཕྱིན་མྱ་ངན་འདའ་བཞེད་རྣམས། །འཁོར་བ་ཇི་སྲིད་བར་དུ་གཞན་དོན་ལ། །མྱ་ངན་མི་འདའ་ཡུན་དུ་བཞུགས་པར་གསོལ། །འདིར་འབད་དགེ་བ་མཚོན་ནས་དུས་གསུམ་གྱི། །དགེ་ཚོགས་མཐའ་དག་གཅིག་ཏུ་བསྡོམས་པའི་མཐུས། །མཁའ་ཁྱབ་འགྲོ་བའི་ཚོགས་དང་ལྷན་ཅིག་ཏུ། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་ལུས་ལྡན་བཤེས་གཉེན་མཆོག་བསྟེན་ནས། །ཐོས་བསམ་སྒོམ་ལ་རྟག་པར་བརྩོན་པ་ཡིས། །རྒྱལ་བའི་བསྟན་ལ་བྱ་བ་བྱེད་པར་ཤོག །དལ་འབྱོར་རྙེད་ཀྱང་རྩྭ་ཁའི་ཟིལ་ཐིག་ལྟར། །རིང་དུ་མི་གནས་འགྱུར་བའི་ཚུལ་རིག་ནས། །ཚེ་འདི་བསྒྲུབ་པའི་བསམ་སྦྱོར་རྒྱང་བསྲིངས་ཏེ། །མི་རྟག་འཆི་བ་རྗེས་སུ་དྲན་པར་ཤོག །ཚེ་འཕོས་ནས་ཀྱང་ཐོག་མེད་འཁོར་བ་ནས། །བསག་པའི་ལས་ཀྱི་སྡུག་བསྔལ་མྱོང་འགྱུར་ཞིང་། །ལས་འབྲས་བསླུ་བ་མེད་པར་ཡིད་ཆེས་ནས། །དགེ་སྡིག་ལས་ལ་འཇུག་ལྡོག་བྱེད་པར་ཤོག །གང་དུ་སྐྱེས་ཀྱང་བདེ་བའི་སྐབས་མེད་ཅིང་། །གང་ལ་བསམས་ཀྱང་འཇིག་པའི་ངང་ཚུལ་ཅན། །གང་ཞིག་བསྒྲུབས་ཀྱང་སྙིང་པོ་མེད་པའི་ཆོས། །གང་ཡིན་ཤེས་ནས་ཡིད་ནི་འབྱུང་བར་ཤོག །བྱང་ཆུབ་བསྒྲུབ་ལ་བར་དུ་གཅོད་པའི་རྐྱེན། །མི་མཐུན་བདུད་ཀྱི་དབང་དུ་མི་འགྲོ་ཞིང་། །གནས་དང་ཡོ་བྱད་གྲོགས་སོགས་མཐུན་པའི་རྐྱེན། །བསམ་པ་བཞིན་དུ་ལྷུན་གྱིས་གྲུབ་པར་ཤོག །རང་གཞན་འཁོར་བའི་སྡུག་བསྔལ་གྱིས་སྐྲག་ནས། །བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ་པོ་ལ། །དད་དང་གུས་པའི་བསམ་པ་རྩེ་གཅིག་གིས། །སྐྱབས་སུ་འགྲོ་བའི་སྡོམ་པ་ནོད་པར་ཤོག །ཐོག་མེད་དུས་ནས་དྲིན་ཆེན་ཕ་མ་རྣམས། །རིགས་དྲུག་གནས་སུ་སྡུག་བསྔལ་མྱོང་རྣམས་ལ། །བཟོད་བརླག་མེད་པའི་སྙིང་རྗེ་དང་བཅས་པའི། །རླབས་ཆེན་བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག །གཞན་གྱི་དོན་དུ་སངས་རྒྱས་བསྒྲུབས་པའི་བློས། །འགྲོ་ལ་ཕན་ཕྱིར་ལྷག་བསམ་གོ་གྱོན་ཏེ། །ཕར་ཕྱིན་དྲུག་ལ་ཚུལ་བཞིན་བསླབས་པ་ཡིས། །རྒྱལ་བའི་སྲས་ཀྱི་སྤྱོད་ལ་འཇུག་པར་ཤོག །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་དང་། །བསམ་པ་བཟང་པོ་ཚད་མེད་བཞིན་ལྡན་ཞིང་། །སྦྱིན་དང་སྙན་སྨྲ་དོན་སྤྱོད་དོན་མཐུན་པའི། །སྦྱོར་བ་བསྡུ་དངོས་བཞི་ལ་བརྩོན་པར་ཤོག །གང་ལ་ཅི་འདོད་ཟང་ཟིང་སྦྱི ན་པ་དང་། །ཆོས་དོན་གཉེར་ལ་ལེགས་པར་བཤད་པ་དང་། །སྣ་ཚོགས་འཇིགས་པའི་གནས་ལས་སྐྱོབ་པ་ཡི། །སྦྱིན་པ་རྣམ་གསུམ་རྟག་ཏུ་གཏོང་བར་ཤོག །མི་དགེའི་ལས་ལམ་མཐའ་དག་སྤོང་བ་དང་། །རྒྱ་ཆེན་དགེ་བའི་ལས་ལ་འཇུག་པ་དང་། །དེ་དག་གཞན་ལ་ཕན་ཕྱིར་བསྒྲུབ་པ་ཡི། །ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བར་ཤོག །གནོད་བྱེད་རྣམས་ལ་སྙིང་རྗེ་བསྐྱེད་པ་དང་། །ཆོས་ཕྱི་དཀའ་སྤྱད་དང་དུ་ལེན་པ་དང་། །ཆོས་ཉིད་ཟབ་མོའི་དོན་ལ་མི་སྐྲག་པའི། །རླབས་ཆེན་བཟོད་པ་སྒོམ་པའི་མཐུ་ལྡན་ཤོག །རྒྱ་ཆེན་དགེ་ལ་སྤྲོ་བའི་གོ་ཆ་དང་། །དེ་བཞིན་སྦྱོར་བ་བསམ་པས་འཇུག་པ་དང་། །མ་ཞུམ་མི་འཁྲུགས་ཆོག་ཤེས་མེད་པ་ཡིས། །ཉིན་མཚན་དགེ་བའི་བརྩོན་འགྲུས་རྩོམ་པར་ཤོག །མཐོང་ཆོས་ཚེ་འདིར་བདེ་བར་གནས་པ་དང་། །ཡོན་ཏན་ཁྱད་འཕགས་རིམ་གྱིས་བགྲོད་པ་དང་། །མངོན་ཤེས་ལ་བརྟན་གཞན་དོན་བསྒྲུབ་པ་ཡིས། །བསམ་གཏན་དོན་ལ་མཉམ་པར་འཇོག་པར་ཤོག །ཀུན་རྫོབ་སྒྱུ་མ་ལྟ་བུར་ཤེས་པ་དང་། །དོན་དམ་སྤྲོས་བྲལ་མཁའ་ལྟར་རྟོག་པ་དང་། །ཁྱད་པར་གཞན་དོན་བསླབ་ཚུལ་མཁས་པ་ཡིས། །ཐོས་བསམ་སྒོམ་པའི་ཤེས་རབ་ལྡན་པར་ཤོག །བསམ་པ་བྱང་ཆུབ་སེམས་ཀྱིས་ཀུན་བསླངས་ནས། །སྦྱོར་བ་ཕ་རོལ་ཕྱིན་པ་དྲུག་ལྡན་པས། །དུས་དང་གནས་སྐབས་ཀུན་ཏུ་བརྩོན་པ་ཡིས། །ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་པར་ཤོག །དེ་ཡང་དྲན་པ་ཉེར་བཞག་ཤེས་རབ་དང་། །ཡང་དག་སྤོང་བཞིའི་བརྩོན་འགྲུས་རྩོམ་པ་དང་། །རྫུ་འཕྲུལ་རྐང་པའི་ཏིང་འཛིན་ལ་གནས་པས། །དང་པོ་ཚོགས་ཀྱི་ལམ་ལ་འཇུག་པར་ཤོག །དྲོད་དང་རྩེ་མོ་བཟོད་པ་ཆོས་མཆོག་ཏུ། །དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་དང་། །དབང་པོ་ལྔ་དང་སྟོབས་ལྔའི་རང་བཞིན་ཅན། །ཐེག་ཆེན་སྦྱོར་བའི་ལམ་ལ་གནས་པར་ཤོག །དྲན་དང་ཆོས་རབ་རྣམ་འབྱེད་བརྩོན་འགྲུས་དང་། །དགའ་དང་ཤིན་ཏུ་སྦྱངས་དང་ཏིང་ངེ་འཛིན། །བཏང་སྙོམས་བྱང་ཆུབ་ཡན་ལག་བདུན་བསྒོམས་ནས། །མཐོང་ལམ་ལ་གནས་རབ་དགའི་ས་ཐོབ་ཤོག །ལྟ་དང་རྟོགས་དང་ངག་དང་ལས་མཐའ་དང་། །འཚོ་དང་རྩོལ་དང་དྲན་དང་ཏིང་ངེ་འཛིན། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་བསྒོམས་ནས། །སྒོམ་པའི་ལམ་དུ་ས་བཅུ་བགྲོད་པར་ཤོག །དེ་ཡང་དྲི་མེད་འོད་བྱེད་འོད་འཕྲོ་དང་། །སྦྱང་དཀའ་མངོན་གྱུར་རིང་སོང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན་ཐོབ་ནས། །མཐར་ཕྱིན་ཀུན་ཏུ་འོད་ལ་གནས་པར་ཤོག །དེ་ལྟ་ལམ་ལྔ་ས་བཅུ་ཡོངས་རྫོགས་ནས། །སྐུ་གསུམ་ཡེ་ཤེས་ལྔ་དང་ཡོན་ཏན་ཚོགས། །ཕྲིན་ལས་མཐའ་དག་འབད་མེད་ལྷུན་གྲུབ་སྟེ། །རབ་འབྱམས་ཞིང་གི་འགྲོ་བ་འདྲེན་པར་ཤོག །དུས་གསུམ་རྒྱལ་བའི་ཞིང་གི་བཀོད་པ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སོགས། །ཕན་བདེ་བསྟན་པའི་སྒྱུ་འཕྲུལ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །རང་བཞིན་རྣམ་དག་དོན་དམ་ཆོས་ཀྱི་དབྱིངས། །སྒྲིབ་གཉིས་དྲི་མའི་ཚོགས་ལ་རྣམ་གྲོལ་བ། །དག་པ་གཉིས་ལྡན་མངོན་དུ་འགྱུར་བ་དང་། །རང་དོན་མཐར་ཕྱིན་ཆོས་སྐུ་འཐོབ་པར་ཤོག །འོག་མིན་ཆེན་པོར་མཚན་དཔེར་འབར་བའི་སྐུས། །དག་པའི་གདུལ་བྱ་ས་བཅུའི་སེམས་དཔའ་ལ། །རྒྱུན་མི་འཆད་པར་ཐེག་མཆོག་ཟབ་མོའི་ཆོས། །སྟོན་མཛད་ལོངས་སྤྱོད་རྫོགས་སྐུ་མངོན་གྱུར་ཤོག །གང་གིས་སྲིད་པ་ཇི་སྲིད་གནས་ཀྱི་བར། །གང་ལ་གང་འོས་འགྲོ་ལ་ཐེག་པའི་ཚུལ། །གང་འོས་སྟོན་པ་སྣ་ཚོགས་སྤྲུལ་པའི་སྐུ། །གང་དེ་ཐོབ་ནས་གཞན་དོན་ལྷུན་གྲུབ་ཤོག །ཆོས་ཀྱི་དབྱིངས་དང་མེ་ལོང་ལྟ་བུ་དང་། །མཉམ་པ་ཉིད་དང་སོ་སོར་ཀུན་ཏུ་རྟོག །འབད་རྩོལ་མེད་པར་བྱ་བ་ཀུན་འགྲུབ་པའི། །ཡེ་ཤེས་ལྔ་ལ་དབང་འབྱོར་ཐོབ་པར་ཤོག །གནས་དང་གནས་མིན་རྣམ་སྨིན་དབང་པོ་དང་། །ཁམས་དང་མོས་པ་སྣ་ཚོགས་ཀུན་འགྲོའི་ལམ། །བསམ་གཏན་སྔོན་གནས་རྗེས་དྲན་ལྷ་ཡི་མིག །ཟག་ཟད་མཁྱེན་པའི་སྟོབས་བཅུ་དང་ལྡན་ཤོག །རང་དོན་ཆོས་སྐུ་རྫོགས་པར་བྱང་ཆུབ་ནས། །ཟག་པ་བག་ཆགས་བཅས་པ་ཀུན་སྤངས་ཏེ། །གཞན་གྱི་དོན་དུ་ལམ་དང་གེགས་སྟོན་ལ། །མི་འཇིགས་ཡོན་ཏན་བཞི་དང་ལྡན་པར་ཤོག །འཁྲུལ་དང་ཅ་ཅོ་མི་མངའ་སྤྱོད་པ་དང་། །འདུན་སོགས་ཉམས་པ་མེད་པ་རྟོགས་པ་དང་། །ཡེ་ཤེས་ཕྲིན་ལས་འགྲན་ཟླ་མེད་པ་ཡིས། །མ་འདྲེས་སངས་རྒྱས་ཆོས་རྣམས་ཐོབ་པར་ཤོག །བལྟ་བས་མི་ངོམས་མཚུངས་པ་མེད་པའི་སྐུ། །སུམ་ཅུ་རྩ་གཉིས་མཚན་གྱིས་རབ་རྒྱན་ཅིང་། །དཔེ་བྱད་བཟང་པོ་བརྒྱད་ཅུས་རབ་མཛེས་པས། །སྣ་ཚོགས་གདུལ་བྱའི་རེ་འདོད་བསྐོར་བར་ཤོག །ཚུལ་ཁྲིམས་ཕུང་པོ་དེ་བཞིན་ཏིང་ངེ་འཛིན། །ཤེས་རབ་དང་ནི་རྣམ་པར་གྲོལ་བ་དང་། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡི། །ཟག་མེད་ཕུང་པོ་ལྔ་ནི་ཡོངས་རྫོགས་ཤོག །སྤྱན་དང་མངོན་ཤེས་སོ་སོ་རིག་པ་དང་། །གཟུངས་དང་ཟད་པར་ཟིལ་གནོན་ཐུགས་རྗེ་ཅན། །ཉོན་མོངས་མེད་དང་སྨོན་མཁྱེན་དབང་བཅུ་སོགས། །ཡོན་ཏན་མཐའ་དག་མངོན་དུ་འགྱུར་བར་ཤོག །དེ་ལྟར་རྒྱལ་བའི་སྐུ་གསུམ་ཡེ་ཤེས་ལྔ། །ཡོན་ཏན་ཕྲིན་ལས་སོགས་ལ་དབང་འབྱོར་ནས། །རབ་འབྱམས་ཞིང་དུ་དཔག་ཡས་མཛད་པ་ཡིས། །མཐའ་ཡས་འགྲོ་ལ་ཕན་བདེ་བསྒྲུབ་པར་ཤོག །མཁྱེན་རབ་འཇམ་དཔལ་དབྱངས་ལྟར་ཚད་མེད་ཅིང་། །ཐུགས་རྗེ་སྤྱན་རས་གཟིགས་དང་མཚུངས་པ་དང་། །མཐུ་སྟོབས་གསང་བའི་བདག་པོ་ཇི་བཞིན་དུ། །གྲངས་མེད་བསྐལ་པར་འགྲོ་དོན་བྱེད་པར་ཤོག །གང་གིས་བདག་ནི་མཐོང་དང་ཐོས་པ་དང་། །རྗེས་སུ་དྲན་ནམ་རེག་གམ་གཏམ་དུ་བརྗོད། །བདག་ལས་ལེགས་བཤད་ཐོས་པ་དེ་དག་ཀྱང་། །རིང་པོར་མི་ཐོགས་རྒྱལ་བའི་དབང་པོར་ཤོག །བདག་ནི་གྲང་བས་ཉེན་ལ་མེ་ཆེན་དང་། །ཚ་བས་གདུང་ལ་བསིལ་བའི་འབབ་ཆུ་དང་། །བརྒལ་འདོད་རྣམས་ཀྱི་གྲུ་དང་ཟམ་པ་དང་། །མུན་པ་ཚུད་ལ་སྣང་བ་དམ་པར་ཤོག །ཕོངས་པ་རྣམས་ལ་འདོད་དགུའི་འབྱུང་གནས་དང་། །ནད་ཀྱིས་ཟིན་ལ་ཕན་བྱེད་སྨན་གྱི་མཆོག །འཆི་བས་ཉེན་ལ་འཚོ་བའི་བདུད་རྩི་དང་། །ལམ་གྱིས་དུབ་པའི་བསྟི་གནས་བཟང་པོར་ཤོག །བདག་ནི་གནས་མེད་རྣམས་ཀྱི་ཁང་བཟང་དང་། །བཀྲེས་པས་གདུང་ལ་རོ་ལྡན་བཟའ་བ་དང་། །སྐོམ་པ་རྣམས་ལ་བཏུང་བའི་མཆོག་དང་ནི། །གང་ལ་གང་འོས་འདོད་དགུ་འབྱུང་བར་ཤོག །མདོར་ན་བདག་གི་སྒོ་གསུམ་སྤྱོད་པ་ཀུན། །བུམ་པ་བཟང་དང་ཡིད་བཞིན་ནོར་བུ་དང་། །འདོད་འཇོའི་བ་དང་དཔག་བསམ་ཤིང་ལྟ་བུར། །འགྲོ་བའི་དོན་དུ་འབད་མེད་ལྷུན་གྲུབ་ཤོག །སྐྱབས་གསུམ་བཀའ་སྡོད་བདེན་པའི་བྱིན་རླབས་དང་། །ཆོས་དབྱིངས་རྣམ་དག་བསམ་མི་ཁྱབ་པའི་མཐུས། །བདག་གི་ལྷག་བསམ་དག་པས་གཞན་དོན་དུ། །སྨོན་པ་འདི་དག་ཡིད་བཞིན་འགྲུབ་གྱུར་ཅིག །སྟོན་པ་མཉམ་མེད་རྫོགས་པའི་སངས་རྒྱས་དང་། །སྐྱོབ་པ་མཚུངས་མེད་བསྟན་པ་དམ་པའི་ཆོས། །འདྲེན་པ་ཚད་མེད་འཕགས་པའི་དགེ་འདུན་ཏེ། །དཀོན་མཆོག་བླ་མེད་གསུམ་གྱིས་བཀྲ་ཤིས་ཤོག །དེ་ལྟར་རབ་དང་གཞན་ལ་ཕན་པའི་བློས། །བྱང་ཆུབ་སྤྱོད་པའི་སྨོན་ལམ་རླབས་པོ་ཆེ། །ཕན་བདེའི་ལྗོན་པ་འདི་བརྗོད་དགེ་བ་ཡིས། །འགྲོ་རྣམས་དོན་གཉིས་མངོན་སངས་རྒྱས་གྱུར་ཅིག །བློ་གྲོས་ཀུན་གསལ་མཛེས་པའི་ལང་ཚོ་མཆོག །དག་སྣང་ལྷུར་ལེན་དག་པའི་གསུངས་ཟེར་གྱིས། །བདག་བློ་འདབ་སྟོང་རྒྱས་པར་རབ་བསྐུལ་བས། །ཚུལ་བཞིན་ལེགས་བཤད་སྦྲང་རྩི་འདི་འབུལ་ལོ། །བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པ་ཞེས་བྱ་བ་འདི་རྗེ་བཙུན་དམ་པ་རཏྣའི་ཞབས་རྡུལ་སྤྱི་བོར་གུས་པས་ལེན་པ་བཀའི་འབངས་ཤེས་རབ་འོད་ཟེར་གྱིས་སྙིང་པོའི་བསྒྲུབ་པ་ལྷུར་ལེན་པའི་སྒར་གྱི་ཁྲོད་བླ་བྲང་དུ་སྦྱར་བའོ།། །།

ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གསུང་ཐོར་བུ།

ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གསུང་ཐོར་བུ་ལས། བར་དོའི་སྨོན་ལམ་ངོ་སྤྲོད་བཞུགས་སོ། །ༀ་ཨཱཿཧཱུྃ། ཕྱོགས་དུས་རྒྱལ་བ་མ་ལུས་དགོངས་སུ་གསོལ། །བདག་གིས་ཐོག་མེད་དུས་ནས་ད་ལྟའི་བར། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་དེས། །བདག་གཞན་མ་ལུས་བྱང་ཆུབ་ཐོབ་པར་ཤོག །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། །ལམ་ཟབ་རྫོགས་ཆེན་སྙིང་པོའི་དོན་རྟོགས་ནས། །ཆོས་ཉིད་མངོན་སུམ་གོང་འཕེལ་ཚད་ཕེབས་ནས། །ཟག་བཅས་ཕུང་པོ་འོད་སྐུར་གྲོལ་བར་ཤོག །གནད་གཅོད་དྲག་པོའི་སྡུག་བསྔལ་མི་འབྱུང་ཞིང་། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས། །མིག་གི་དབང་པོར་མངོན་སུམ་བྱོན་ནས་ནི། །དབང་བསྐུར་ལུང་སྟོན་མཁའ་སྤྱོད་འཁྲིད་པར་ཤོག །འདུས་བྱས་མི་རྟག་འཆི་བ་བྱུང་ཙ་ན། །འགྱུ་བའི་དབུགས་ཆད་བེམས་རིག་བྲལ་བའི་ཚེ། །ཞེན་ཆགས་འཁྲུལ་པའི་སྣང་བ་མི་འཆར་བར། །གནས་ལུགས་ཆོས་སྐུའི་ངང་ལ་གནས་པར་ཤོག །སྒྱུ་ལུས་གདོས་བཅས་འཇོག་པའི་དུས་བབས་ན། །སྣང་ཕུང་ཕྲ་རགས་རྟོག་པ་འགག་པའི་ཚེ། །འཁྲུལ་མེད་ཁྱབ་གདལ་གདོད་མའི་དབྱིངས་ཆེན་ལ། །བེམས་རིག་བྲལ་མ་ཐག་ཏུ་གྲོལ་བར་ཤོག །མ་དག་འབྱུང་བ་སོ་སོར་དེངས་པའི་ཚེ། །དག་པའི་འོད་ལྔ་མ་འདྲེས་འོད་གསལ་ངང་། །རྟོག་མེད་འོད་ལྔའི་རྡོ་རྗེ་ལུ་གུ་རྒྱུད། །དབྱེར་མེད་གཅིག་འདྲེས་ཆོས་ཉིད་མཐར་ཕྱིན་ཤོག །ཧཱུྃ་ཆེན་ཁྲོས་པ་སྲིན་པོའི་གཟུགས་ལ་སོགས། །ཧཱུྃ་སྒྲས་སྟོང་གསུམ་མ་ལུས་གང་ཙ་ན། །རིག་སྟོང་ཧཱུྃ་སྒྲའི་གནད་དུ་ངོ་ཤེས་ནས། །གྲགས་སྟོང་བྲག་ཅ་ལྟ་བུར་རྟོགས་པར་ཤོག །གཤིན་རྗེའི་གཤེད་མའི་ཚོགས་ཀྱིས་བསྐོར་ཙ་ན། །རྒྱོབ་སོད་འབྲོས་འདེད་འཁྲུལ་པ་དབྱིངས་དག་ནས། །བྲེད་སྔངས་འཁྲུལ་པའི་སྣང་བ་མི་འཆར་བར། །ཡི་དམ་ཞི་ཁྲོའི་སྐུ་རུ་མཐོང་བར་ཤོག །དུང་ཁང་འབར་བའི་བདེ་ཆེན་གཞལ་ཡས་ནས། །ཁྲོ་བོའི་ཚོགས་རྣམས་གནས་ནས་གྱེས་པའི་ཚེ། །འཇིགས་གཟུགས་སྲིན་པོའི་སྐུ་རུ་མི་འཆར་བར། །མན་ངག་སྙིང་ཏིག་དགོངས་པའི་དོན་རྟོགས་ཤོག །ཙིཏྟ་རིན་ཆེན་གུར་ཁང་གཞལ་ཡས་ནས། །ཞི་བའི་ཚོགས་རྣམས་དབྱིངས་སུ་ཡལ་བའི་ཚེ། །སྣང་བ་རུ་ལོག་འོད་སྐུར་ཤར་བའི་དུས། །རིག་པ་འོད་ཀྱི་ཀློང་དུ་ཐིམ་པར་ཤོག །མགྲིན་མགུལ་རྩ་ཡི་འཁོར་ལོ་བྲལ་བའི་ཚེ། །འཇིགས་པའི་གད་རྒྱངས་འབྲུག་སྟོང་ལྡིར་ཙ་ན། ཨཱཿཧཱུྃ་ཞི་ཁྲོའི་གདངས་སུ་ངོ་ཤེས་ནས། །རིག་སྟོང་སྐྱེ་མེད་སྒྲ་རུ་གྲོལ་བར་ཤོག །གསང་གནས་བདེ་སྐྱོང་འཁོར་ལོའི་གཞལ་ཡས་ནས། །ཐབས་ཤེས་དཀར་དམར་སྙིང་གར་ཕྲད་ཙ་ན། །བདེ་སྟོང་ཟག་པ་མེད་པའི་གནས་ལུགས་དེས། །རླུང་རིག་དབུ་མའི་ནང་དུ་ཚུད་པར་ཤོག །ཆོས་ཉིད་བར་དོའི་ངང་ལ་གནས་པའི་ཚེ། །ཤེས་རིག་ལུང་མ་བསྟན་དུ་མ་སོང་བར། །རང་གྲོལ་ཀ་དག་ཆེན་པོའི་དོན་རྟོགས་ཏེ། །གཞན་སྟོང་ཆོས་ཟད་ངང་ལ་གནས་པར་ཤོག །ཆོས་ཉིད་མངོན་སུམ་བདེན་པ་མཐོང་བའི་ཚེ། །གཉེན་པོ་དྲན་འཛིན་སྒོམ་པའི་བློ་བྲལ་ནས། །ཀ་དག་ཟད་སར་འཁྱོལ་བའི་དོན་རྟོགས་ཏེ། །རྟོག་མེད་སྤྲོས་བྲལ་ངང་ལ་གནས་པར་ཤོག །འཇའ་ཚོན་སྣ་ལྔ་འདྲེས་པའི་གཞལ་ཡས་ནས། །ཡེ་ཤེས་ལྔ་ཡི་གུར་ཁང་སྒོ་ཕྱེ་སྟེ། །སྐུ་དང་ཐིག་ལེས་ཞིང་ཁམས་གང་བའི་ཚེ། །སྐུ་ལྔ་ཡེ་ཤེས་ལྔ་དང་མཇལ་བར་ཤོག །ཐིག་ལེ་སྟོང་སྒྲོན་འོད་གསལ་གཞལ་ཡས་སུ། །སྐུ་ལྔ་ཡེ་ཤེས་ལྔ་དང་མཇལ་ཙ་ན། །སྙེམས་བྱེད་གཉིས་སྣང་ཐེ་ཚོམ་མེད་པ་རུ། །ཀུན་བཟང་གདོད་མའི་ངང་དུ་ཐིམ་པར་ཤོག །སེམས་ཉིད་སྒྲོན་མ་བཞི་དང་དངོས་མཇལ་ནས། །ཐིག་ལེ་སྟོང་སྒྲོན་འོད་གསལ་གཞལ་ཡས་སུ། །ལྷུན་གྲུབ་སྦུབས་ལ་བརྟན་པ་མཐར་ཕྱིན་ནས། །དབྱིངས་རིག་ནམ་མཁའི་ངང་དུ་འཕོ་བར་ཤོག །ཆོས་སྐུ་སྟོང་གསལ་སྒྲོན་མེ་འབར་བར་ཤོག །སྟོང་ཉིད་རིག་པའི་ཆོས་སྐུ་ཐོབ་པར་ཤོག །འགག་མེད་གཉིས་སྣང་ལོངས་སྐུ་ཐོབ་པར་ཤོག །རང་རིག་མཐར་ཕྱིན་སྤྲུལ་སྐུ་ཐོབ་པར་ཤོག །སྐུ་གསུམ་ཐོབ་ནས་གཞན་དོན་བྱེད་པར་ཤོག །ཅེས་འཆི་ཁ་བར་དོ་དང་ཆོས་ཉིད་བར་དོའི་སྨོན་ལམ་ཐོས་པས་གྲོལ་བ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པ་རྫོགས་སོ།། །།

བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོ།

བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོ་ཞེས་བྱ་བ་བཞུགས།བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བདག་ཉིད་བླ་མ་རིན་པོ་ཆེ། །མགོན་མེད་བདག་ལ་ཐུགས་རྗེས་གཟིགས། །མ་རིག་འཐིབས་པོས་ནོན་པ་བདག །འཁོར་ཚེ་ཐོག་མ་མེད་པ་ནས། །ལས་ཉོན་སྡིག་པས་ཟིལ་གྱིས་ནོན། །བླ་མ་བརྙས་ཤིང་སྤུན་ལ་ཁྲོས། །དམ་ཚིག་སྡོམ་པའི་གནས་ཀུན་ཡང་། །ཉེས་སྤྱོད་ཆེན་པོའི་གཡང་སར་ལྟུང་། །མ་འཚལ་བཞིན་དུ་ནོངས་པ་ཀུན། །དེ་རིང་གནོང་འགྱོད་དྲག་པོས་བཤགས། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །དེ་ལྟའི་སྡིག་ལྟུང་མ་བྱང་བར། །འཇིག་རྟེན་ཕ་རོལ་སོང་གྱུར་ན། །དམྱལ་མེ་བཟོད་དཀའ་ངེས་པར་བསྲེག །དེ་ཚེ་བདག་ཉིད་འདོར་ཕོད་དམ། ཐོག་མཐའ་མེད་པའི་འཁྲུལ་གཞི་ནི། །ལུང་མ་བསྟན་གྱི་ཆོས་ཉིད་ནས། །ཀུན་འབྱུང་མ་རིག་གདོན་ཆེན་དང་། །འགྲོགས་པའི་རང་བཞིན་སྐྱེ་གནས་ཀྱི། །བར་དོར་ཆོས་ལྡན་དལ་འབྱོར་ལུས། །ཐོབ་ནས་བླ་མ་མཉེས་བྱེད་ཅིང་། །ཐོས་བསམ་སྒོམ་པའི་ཤེས་རབ་ལ། །བརྟེན་ནས་ངེས་འབྱུང་བྱང་ཆུབ་སེམས། །ཕྱིན་དྲུག་ལམ་མཆོག་བསྙེན་པར་ཤོག །དུས་ཀྱིས་ཉེན་ཏེ་འགྲོ་བ་ལ། །འཆི་ཀའི་བར་དོ་ཞེས་བྱ་སྟེ། །དེ་ཚེ་འཆི་རྐྱེན་ངན་པ་དང་། །གནད་གཅོད་དྲག་པོ་མི་འབྱུང་ཞིང་། །དབྱིངས་དང་རིག་པ་བསེ་བ་ཡིས། །འོད་གསལ་སྦུབས་འཇུག་མངོན་གྱུར་ནས། །གདོད་མའི་གཞི་ལ་གྲོལ་བར་ཤོག །གལ་ཏེ་གོམས་པའི་སྟོབས་ཆུང་ན། །སྒོ་བརྒྱད་བཀག་ནས་ཚང་བུག་དབྱེ། །རྣམ་ཤེས་རླུང་ཞོན་གདམས་པ་ཡིས། །གྲོང་འཕོ་གྲོང་འཇུག་ལ་བརྟེན་ནས། །མཁའ་སྤྱོད་རིག་འཛིན་གནས་ཐོབ་ཤོག །དེ་ལྟར་བྱང་ཆུབ་སེམས་དཔའ་ཡི། །འཕོ་ལུགས་མངོན་དུ་མ་གྱུར་ན། །ས་ལ་ས་ཐིམ་ལྡང་མི་ནུས། །ཆུ་ལ་ཆུ་ཐིམ་ཁ་སྣར་ཆུ། །མེ་ལ་མེ་ཐིམ་ཁ་སྣ་སྐམ། །རླུང་ཐིམ་དབུགས་ངར་ཡན་ལག་ཕྲ། །སྨིག་སྦྲེན་གྱེན་ལྡོག་དུ་བ་དང་། །སྨིག་རྒྱུ་མེ་ཁྱེར་མར་མེ་འབར། །རླུང་ལྔ་བྲོས་པའི་བྱེད་ལས་ཀྱིས། །ཁྱབ་བྱ་འབྱུང་བའི་ཁམས་ལྔ་དང་། །ཁྱབ་བྱེད་ཡེ་ཤེས་ཐིག་ལེའི་དཔྱིད། །རྒྱབ་གྱེས་ཡུལ་ལྔ་ཡིད་ཤེས་ལ། །ཐིམ་པར་ཕྱོགས་ཚེ་འདི་སྣང་ལ། །ཞེན་ཆགས་གདུང་བ་མི་སྐྱེ་ཞིང་། །བླ་མའི་གདམས་ངག་དྲན་པར་ཤོག །རིགས་པ་རྩ་ཐིག་རླུང་གསུམ་གྱི། །ཚོགས་པ་གྱེས་པའི་རྟེན་འབྲེལ་ལས། །ཕྲ་བ་སྣང་མཆེད་ཐོབ་གསུམ་གྱི། །ཐིམ་ཚུལ་དཀར་ཆ་ཐུར་བབས་ཏེ། །སྙིང་སྟོབས་ལས་བྱུང་འདོད་ཆགས་ཀྱི། །རྟོག་པ་འགག་དང་ལྷན་ཅིག་པར། །རྣམ་ཤེས་སྣང་བ་ལ་ཐིམ་པས། །སྟོན་གནམ་ཟླ་འོད་ཀྱིས་སློང་ལྟའི། །སྙིང་སྟོབས་བདེ་བ། རྡུལ་སྡུག་བསྔལ། མུན་པ་གཏི་མུག་ཏུ་བཤད་པས་བཅོས་བསླད་མ་བྱེད་ཅིག །དཀར་ལམ་རང་ངོ་ཤེས་པར་ཤོག །དེ་བཞིན་དམར་ཆ་གྱེན་དུ་ལྡོག །རྡུལ་ལས་བྱུང་བའི་ཞེ་སྡང་འགག །སྣང་བ་མཆེད་པ་ལ་ཐིམ་པས། །སྐར་ཁུང་ཉི་ཞུར་ཀྱིས་སློང་ལྟའི། །དམར་ལམ་རང་ངོ་ཤེས་པར་ཤོག །ཁུ་རྡུལ་སྙིང་གར་ཕྲད་པ་ལས། །མུན་ཅན་ལས་བྱུང་གཏི་མུག་འགག །མཆེད་པ་ཉེར་ཐོབ་ལ་ཐིམ་པས། །སྟོན་གནམ་སྨག་གིས་སློང་བ་ལྟའི། །ནག་ལམ་ཤར་ནས་བརྒྱལ་བ་ལ། །ཕྱོགས་ཚེ་དྲན་པའི་སྒྲོན་མེ་ཡིས། །ཉེར་ཐོབ་འོད་གསལ་ལ་འདྲེས་ནས། །གདོད་མའི་དབྱིངས་སུ་སངས་རྒྱས་ཤོག །གལ་ཏེ་དྲན་པའི་སྟོབས་ཞན་པས། །བརྒྱལ་ཏེ་སེམས་མེད་སྐབས་གྱུར་ན། །ཀུན་གཞི་ཆོས་དབྱིངས་ལ་སད་ནས། །དངས་གསལ་རྟོག་པ་མེད་པ་ཡི། །འཆི་བ་འོད་གསལ་མངོན་གྱུར་ཤོག །དེ་ལྟར་ཆོས་སྐུའི་བསྲེ་བ་ཡིས། །གདོད་མའི་ནང་དབྱིངས་མ་ཟིན་ན། །ཤིན་ཏུ་ཕྲ་བའི་རླུང་སེམས་ཆེ། །ལུགས་ལྡོག་ཉེ་བར་ཐོབ་པ་ལས། །མཆེད་པའི་སྣང་བ་ཆོས་ཉིད་ཀྱི། །བར་དེ་གཞི་དབྱིངས་ཀ་དག་ཀློང་། །ཁྲེགས་ཆོད་ལྟ་བས་མངོན་གྱུར་ཞིང་། །གཞི་སྣང་ཡིན་ལུགས་འོད་གསལ་ནི། །སྣང་བ་ཐམས་ཅད་འོད་ལྔ་རུ། །ཟ་འོག་བཀྲམ་པ་ལྟར་ཤར་ཚེ། །ཐོད་རྒལ་གོམས་པའི་ཉེ་རྒྱུ་ལས། །རང་སྣང་རང་བཞིན་མེད་པར་ཤེས། །ཆོས་ཉིད་ཅིག་ཆར་ཟད་པར་ཤོག །གལ་ཏེ་འོད་གསལ་ཟུང་འཇུག་ལ། །ཐིམ་ནས་རིགས་བརྒྱའི་སྣང་བ་ཤར། །སྒྲ་ཡིས་འཇིགས་ཤིང་ཟེར་གྱིས་སྔང་། །སྐུ་ཡི་སྣང་བས་སྐྲག་གྱུར་ན། །སེང་གེའི་གསོབ་ལྟར་མཚང་རིག་ནས། །བག་མི་ཚ་བའི་གདེང་ཐོབ་ཤོག །བསམ་གཏན་གྱིས་ནི་ཞག་ལྔ་ལ། །རྒྱལ་བ་རིགས་ལྔའི་ཞལ་མཐོང་ཚེ། །སྐུ་དང་རང་འོད་འབྲེལ་པ་ཡིས། །རིག་པ་འོད་གསལ་ལ་འཇུག་དང་། །སྐུ་ཡང་རང་ལ་ཐིམ་པ་ཡིས། །འོད་གསལ་རིག་པ་ལ་འཇུག་ཚེ། །མ་པང་བུ་འཇུག་ལྟར་གྲོལ་ཤོག །དེ་བཞིན་ཟུང་འཇུག་ཡེ་ཤེས་ལ། །ཐིམ་པས་འོད་སྣང་ཐིག་ལེ་ཅན། །ཡེ་ཤེས་བཞི་སྦྱོར་སྣང་བ་ནི། །རྡོ་རྗེ་སེམས་དཔའི་ཁོང་སེང་ལམ། །སྣང་ཚེ་རིག་པ་རང་ས་ཟིན། །ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པས། །སྐུ་དང་ཡེ་ཤེས་ཐུགས་རྗེ་འོད། །མཐའ་གྲོལ་གཉིས་མེད་དག་མ་དག །ལྷུན་གྲུབ་ཡེ་ཤེས་ཆེན་པོའི་སྒོ། །བརྒྱད་དུ་ཤར་ཡང་འཁོར་འདས་ཀྱི། །འཇུག་ལྡོག་རིག་པའི་རང་རྩལ་དུ། །ཤར་བ་གཞི་ལས་མ་གཡོས་པའི། །གཞི་སྣང་ཆེན་པོར་ཡིད་ཆེས་ཤོག །དེ་ཡང་བསྐྱེད་རིམ་ལ་གོམས་ན། །རླུང་སེམས་ཙམ་གྱི་ལུས་དེ་ཉིད། །མཚན་དཔེ་རྫོགས་པའི་ཡི་དམ་གྱི། །ལྷ་སྐུར་མངོན་བྱང་ལྔས་ཆུབ་པ། །བར་དོར་ལོངས་སྐུའི་བསྲེ་བ་ཡིས། །སྒྱུ་མའི་སྐུ་རུ་ལང་བར་ཤོག །གང་ཞིག་མོས་པས་སྤྱོད་རྣམས་ཀྱང་། །རྗེས་དྲན་ལྔ་དང་མངོན་ཤེས་དྲུག །མི་བརྗེད་གཟུངས་ཀྱིས་དབུགས་འབྱིན་ནས། །བླ་མ་དྲན་ནས་རྗེས་འཛིན་ཤོག །ཡི་དམ་དྲན་ནས་ཞལ་མཐོང་ཞིང་། །ལྟ་བ་དང་ནི་བསམ་གཏན་དང་། །སྐྱེ་གནས་མན་ངག་དྲན་པར་ཤོག །དེ་བཞིན་སྔོན་གནས་ཤེས་པ་དང་། །འཆི་འཕོ་དང་ནི་སྐྱེ་བ་ཤེས། །ཕ་རོལ་གྱི་ནི་སེམས་ཤེས་དང་། །སྣང་བ་ལྐོག་གྱུར་ཤེས་པ་དང་། །རིགས་དྲུག་གནས་རིགས་མཐོང་ཞིང་ཤེས། །དབང་པོ་རྣམ་དག་མངོན་ཤེས་དང་། །སྔོན་ཆད་ཐོས་སོ་ཅོག་གིས་མཚོན། །ཆོས་ཀྱི་རྣམ་གྲངས་ཚད་མེད་པ། །རྒྱུད་ལ་འཆར་བའི་མི་བརྗེད་གཟུངས། །ཐོབ་ཚེ་ངེས་པར་གྲོལ་བའི་གནད། །སྟོང་ཉིད་སྤྲོས་བྲལ་ཀ་དག་གི། །རིག་པ་ཅེར་མཐོང་རང་ཐོག་ཏུ། །ངོ་ཤེས་ཐག་ཆོད་གདེང་ཐོབ་ཤོག །མདོར་ན་ཆོས་ཉིད་བར་མ་དོའི། །རྣམ་པར་དཔྱད་ན་མཐའ་མེད་ཀྱང་། །དཔྱོད་མཁན་ཉིད་ལ་ཚུར་བརྟགས་ན། །གང་དུའང་གྲུབ་པ་མེད་པ་ལ། །མེད་དོ་སྙོམ་པའང་རང་གྲོལ་བ། །འདི་ནི་གདོད་མའི་གྲོལ་ས་སྟེ། །གཞོན་ནུ་བུམ་པའི་སྐུ་ཐོབ་ནས། །ལྷུན་གྲུབ་རྩལ་ལས་སྤྲུལ་པ་ལས། །འགྲོ་དོན་འཁོར་བ་དོང་སྤྲུགས་ཤོག །གལ་ཏེ་སྲིད་པ་བར་དོ་ལ། །ཁ་འཁྱལ་མིང་བཞི་ལུས་པ་ཅན། །དབང་པོ་ཀུན་ཚང་ཡིད་ཀྱི་ལུས། །ཤི་བར་ངོ་ཤེས་དྲན་པ་གསལ། །རྣམ་གྲོལ་ས་དང་སྐྱེ་གནས་ལ། །ཐོགས་པའི་བྱ་སྒྲོ་རླུང་ཁྱེར་ལྟར། །ལས་རླུང་རྗེས་འགྲོ་ཉམ་ཐག་ཅིང་། །བྲེད་སྔངས་ཀྱིས་གདུངས་བདུན་ཚན་རེའི། །མཚམས་སུ་འཆི་བའི་སྡུག་བསྔལ་གྱི། །ཚོར་བ་ཉམས་མྱོང་སྐྱེ་གནས་འཚོལ། །དེ་ཚེ་རང་བཞིན་སྤྲུལ་པའི་ཞིང་། །མངོན་པར་དགའ་དང་དཔལ་ལྡན་དང་། །པདྨ་བརྩེགས་དང་ལས་རབ་གྲུབ། །དབུས་ཕྱོགས་མེ་རི་འབར་བ་སྟེ། །རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔའི། །དག་ཞིང་ཡིད་ལ་གོམས་བྱས་ནས། །གདོན་མི་ཟ་བར་བགྲོད་པར་ཤོག །གལ་ཏེ་རིག་པའི་རྩལ་དབང་གིས། །མ་སྨིན་བདེན་པ་མ་མཐོང་ན། །སོ་སོའི་གནས་རིགས་མངོན་གྱུར་རམ། །དམྱལ་བ་སྡོང་དུམ་ཡི་དྭགས་དུ། །མགོ་བོ་ཐུར་ལྟ་བྱོལ་སོང་ཁྲག །ལྷ་མིན་ཁ་ཆར་མགོ་ཡང་འདྲད། །ལྷ་མི་དཀར་ཞིང་གྱེན་དུ་འགྲེང་། །འདོད་ལྷ་ཡུལ་ལ་དགའ་གདུང་དང་། །གཟུགས་ཁམས་འོད་ལ་གཟུགས་མེད་ནི། །ཅི་ཡང་མེད་པའི་སྟོང་ཕྱད་ལ། །དགའ་གདུང་འཆར་ཞིང་ཁྱད་པར་ང་། །ཕ་མའི་འདུ་འཕྲོད་མཐོང་བའི་ཚེ། །ཆགས་སྡང་བདེན་མེད་སྦྱོང་བའམ། །གསུམ་པའི་དབང་དོན་ཉམས་མྱོང་ཞིང་། །སྐྱེ་གནས་བཞི་ཡི་སྤྱད་གཞི་དང་། །སྦྱོང་བྱེད་གོམས་པའི་བསྐྱེད་རིམ་གྱིས། །སྔགས་ལ་སྤྱོད་པའི་རྟེན་ཅན་དང་། །སྐྱེ་བ་སྤྲུལ་སྐུའི་བསྲེ་བ་ཡིས། །ཉིང་མཚམས་སྦྱོར་བའི་མཐུ་ཐོབ་ཤོག །སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད། །བསྲུང་བྱ་དམ་ཚིག་ཐོབ་བྱ་འབྲས། །རྣམ་པ་བཞི་རུ་བསྲེ་བ་དང་། །སྒོ་གསུམ་ལྷ་སྔགས་ཆོས་ཉིད་དུ། །འཕོ་བའི་གནད་ལ་མ་གོམས་ན། །འབྱུང་བཞི་རླུང་གི་བྱེད་ལས་ཀྱིས། །ཤིན་ཏུ་འཇིགས་པའི་སྒྲ་བཞི་དང་། །དུག་གསུམ་ལས་སྐྱེས་གཅོང་རོང་གསུམ། །བག་ཆགས་ལས་སྐྱེས་གཤེད་མའི་གཟུགས། །མེ་ཆུ་གཅན་གཟན་འཇིགས་པའི་ཚོགས། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། །དགེ་བའི་རམ་ཟླས་དབུགས་འབྱིན་ཤོག །དལ་འབྱོར་ཚང་བའི་ལུས་རྟེན་གྱི། །མངལ་སྒོ་བཟང་པོ་འདམ་པ་དང་། །སྨོན་ལམ་དག་པས་མཚམས་སྦྱར་ནས། །མཐོ་རིས་ཡོན་ཏན་བདུན་ལྡན་གྱི། །རྟེན་ལ་བླ་མ་མཉེས་བྱས་ནས། །ཚུལ་བཞིན་སྤྱོད་པའི་རང་དབང་དང་། །ཅི་གསུང་བཀའ་བཞིན་བསྒྲུབ་པ་ཡིས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་ཤོག །ཅེས་པའང་རིག་འཛིན་འཇིགས་མེད་གླིང་པས་སོ། །

གསང་བ་སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན།

གསང་བ་སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་བཞུགས་སོ། །

དུས་གསུམ་རྒྱལ་བ་སྲས་བཅས་མ་ལུས་དང་། །འགྲོ་བའི་སྐྱབས་གྱུར་པདྨ་སཾ་བྷ་ཝ། །སྲིད་ཞིའི་རྒུད་པ་ཀུན་སེལ་རཏྣའི་ཞབས། །མི་འབྲལ་སྙིང་ནས་གུས་པས་ཕྱག་བགྱིའོ། །ཚེ་འདིའི་ལོངས་སྤྱོད་རྨི་ལམ་དགའ་སྟོན་བཞིན། །ལང་ཚོའི་དཔལ་ཡང་འཇའ་ཚོན་ལྟ་བུ་སྟེ། །ཚེ་སྲོག་མི་རྟག་གློག་གི་ཟློས་གར་བཞིན། །འཇིག་རྟེན་ཕུན་ཚོགས་ཀུན་ལ་དབང་བསྒྱུར་ཀྱང་། །སྟོན་དུས་མཛེས་པའི་སྤྲིན་དཀར་ཕུང་པོ་བཞིན། །སྐད་ཅིག་མི་རྟག་འཇིག་པའི་ཆོས་ཅན་དུ། །མཐོང་ནས་སྲིད་པར་ཡིད་ནི་འབྱུང་བར་ཤོག །བདེ་ལེགས་དངོས་གྲུབ་ཀུན་གྱི་འབྱུང་གནས་ནི། མཚན་ཉིད་ཀུན་ལྡན་ཐེག་མཆོག་བཤེས་གཉེན་ཏེ། །དྲན་པ་ཡིས་ཀྱང་སྲིད་ཞིའི་འཇིགས་འཕྲོག་ཅིང་། །མི་ཕྱེད་དད་པས་ཚུལ་བཞིན་བསྟེན་པར་ཤོག །དེ་ལྟར་དགེ་བའི་བཤེས་ལས་རྙེད་པའི་དོན། །གཏན་གྱི་སྐྱབས་གྱུར་བླ་མ་དཀོན་མཆོག་གསུམ། །ཡིད་ལ་འབྲལ་མེད་གདུང་བས་གསོལ་འདེབས་ཤིང་། །འགྲོ་ཀུན་ཕ་མར་ཤེས་པའི་སྙིང་རྗེ་ཡིས། །ཀུན་གྱི་སྡུག་བསྔལ་རང་གི་ལེན་པ་དང་། །བདག་གི་བདེ་དགེ་མ་ལུས་གཞན་ལ་བཏང་། །བླ་མེད་བདེ་ལ་བདག་གིས་འགོད་བྱ་ཞེས། །སེམས་ནི་བྱང་ཆུབ་དམ་པ་བསྐྱེད་བྱས་པས། །ཕྱིན་དྲུག་སྤྱོད་པས་ཉིན་མཚན་འདའ་བར་ཤོག །མངོན་མཐོ་སྒྲུབ་བྱེད་རྒྱལ་བའི་གསུང་རབ་ཀུན། །དོན་རྣམས་སྐྱེས་བུ་ཆུང་ངུའི་ལམ་དང་ནི། །ཐར་པ་བསྒྲུབ་པའི་ཐབས་ལ་བརྩོན་པ་ཡིས། །ཆོས་ཀྱི་རྣམ་གྲངས་ཀུན་གྱི་བརྗོད་བྱའི་དོན། །སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་སྟེ། །ངེས་པར་འབྱུང་བས་སྲིད་ལས་གྲོལ་བར་ཤོག །རྣམ་མཁྱེན་གོ་འཕང་མྱུར་དུ་བསྒྲུབ་པའི་ཐབས། །རྒྱུ་དང་འབྲས་བུའི་ཐེག་ཆེན་རྣམ་གཉིས་ལས། །ཇི་བཞིན་གསུངས་པའི་གསང་བ་མ་ལུས་པ། །སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་སྟེ། །བདག་གིས་མ་ལུས་ཉེ་བར་བླངས་པ་ལས། །ཆོས་རྣམས་ཐམས་ཅད་རྨི་ལམ་སྣང་བ་བཞིན། །སྣང་ཙམ་དེ་ལས་ཡུལ་གྱི་སྟེང་ཉིད་དུ། །གྲུབ་པའི་ངོ་བོ་རྡུལ་ཙམ་མ་མཆིས་ཀྱང་། །ལས་འབྲས་བསླུ་བ་མེད་པར་ངེས་རྙེད་ནས། །བདེན་གཉིས་ཟབ་མོའི་གནད་ལ་གོམས་པར་ཤོག །ཉིས་བརྒྱ་ལྔ་བཅུ་སྤོང་བའི་ཚུལ་ཁྲིམས་དང་། །བཅུ་བདུན་བླང་བྱ་འཇུག་པའི་ཚུལ་ཁྲིམས་ཏེ། །ཀུན་གྱི་རྩ་བ་འགྲམ་གཞི་བརྟན་པོ་ནི། །ལྷག་པའི་ཚུལ་ཁྲིམས་འདུལ་སྡེ་ལ་གནས་ཤིང་། །བྱིང་རྒོད་དྲི་ཡི་བཞོན་པས་མི་གཡོ་བའི། །མངོན་རྟོགས་རིན་ཆེན་རྣམ་བཞིའི་རང་བཞིན་ཅན། །ཏིང་འཛིན་འཆི་མེད་རི་བོར་གནས་པའི་གཞི། །ཟབ་ཡངས་མདོ་སྡེའི་གནས་ལ་འཇོག་པ་དང་། །ཆོས་མངོན་གསལ་བའི་རྣམ་དབྱེ་མིག་སྟོང་ལྡན། །གནས་ལུགས་རྟོགས་པའི་ཡེ་ཤེས་ལག་ཉལ་གྱིས། །མཐར་ལྟའི་རྨིག་པ་འདུལ་བྱེད་ལྷ་ཡི་དབང་། །ཆོས་མངོན་བལྟ་ན་སྡུག་པའི་གྲོང་ཁྱེར་དུ། །སྡེ་སྣོད་གསུམ་གྱི་རྗོད་བྱེད་ཚིགས་རྣམས་དང་། །བརྗོད་བྱ་བསླབ་པ་རྣམ་གསུམ་མངོན་གྱུར་ཤོག །དེ་ལྟར་རྒྱུ་ཡི་ཐེག་པས་རྒྱུད་སྦྱངས་ནས། །འབྲས་བུ་སྨིན་གྲོལ་རྡོ་རྗེ་ཐེག་པའི་ལམ། །ཉམས་ལེན་དྲོད་རྟགས་སྣང་བཞི་མངོན་གྱུར་ནས། །དམ་ཚིག་དབང་དབང་ཤེས་རབ་རྒྱུད་འཆད་ཅིང་། །མན་ངག་ལུང་སྦྱིན་ཉམས་ཆག་སྐོང་མཛད་པའི། །མཐོང་ཐོས་དྲན་རེག་སློབ་དཔོན་རྣམ་བཞི་ལས། །རྒྱུད་སྡེ་བཞི་དང་རྫོགས་པ་ཆེན་པོའི་ལམ། །ལེགས་པར་བཤད་པའི་སྨིན་གྲོལ་ལམ་གྱི་གནད། །ཆུ་དབང་སོགས་ཀྱིས་རང་རྒྱུད་སྨིན་བྱས་ནས། །མདུན་བསྐྱེད་ཐུགས་ཀར་ཡིག་འབྲུའི་ས་བོན་བཀོད། །ཕྱི་ཡི་སྤྱོད་ལམ་དྲང་སྲོང་རྗེས་མཐུན་ཞིང་། །ནང་གི་ཉི་མ་རྣལ་འབྱོར་སྙིང་ལ་ཤར། །ལྷ་མོ་རྣམས་དང་ཕན་ཚུན་བལྟས་པ་ལས། །བྱུང་བའི་བདེ་བ་ལམ་བྱེད་ཀྲྀ་ཡའི་རྒྱུད། །རྗེ་དཔོན་ལྟ་བུར་དངོས་གྲུབ་ལེན་པ་དང་། །རྡོ་རྗེ་དྲིལ་བུའི་དབང་གིས་སྨིན་བྱས་ནས། །བདག་མདུན་གཉིས་ཀའི་ཐུགས་ཀར་ཡིག་འབྲུ་བཀོད། །ཕྱི་རོལ་བྱ་བའི་ཐབས་དང་ནང་ག་ནི། །ཟབ་མོའི་རྣལ་འབྱོར་ཆ་ལ་མཉམ་པར་སྤྱོད། །འཛུམ་ཞིང་དགོད་པའི་བདེ་བས་རྣམ་རོལ་པ། །ཡན་ལག་བཞི་ལ་གཞོལ་བ་ཨུ་པའི་རྒྱུད། །གྲོགས་པོ་ལྟ་བུར་དངོས་གྲུབ་ལེན་པར་བྱེད། །བྱ་སྤྱོད་གནས་ལ་ཚུལ་བཞིན་སྤྱོད་པར་ཤོག །སློབ་དཔོན་དབང་བསྐུར་རང་རྒྱུད་སྨིན་བྱས་ནས། །བདག་མདུན་གཉིས་ཀ་དག་པའི་ལྷ་རུ་བསྐྱེད། །ཡེ་ཤེས་སྤྱན་དྲངས་དེ་སྲིད་ང་རྒྱལ་བཟུང་། །ཕྱག་རྒྱ་བཞི་ཡི་རྒྱ་ལས་མི་འདའ་ཞིང་། །ཏིང་འཛིན་གསུམ་གྱི་ལང་ཚོའི་སྙིང་ལ་འགྲོགས། །ལག་པའི་པདྨོ་འབྲེལ་བའི་བདེ་བས་མཚིས། །ནང་གི་རྣལ་འབྱོར་གཙོ་བོར་གྱུར་པ་ཡི། །ཡི་གེའི་ལམ་གྱི་གཞི་ལ་རྣམ་གྲོལ་ཤོག །རྒྱུ་དབང་བསྐུར་ནས་རགས་པའི་ཕུང་སོགས་རྣམས། །ཕྱི་ནང་སྣོད་བཅུད་གཞལ་ཡས་ལྷ་རྣམས་སུ། །དག་པའི་སྐུ་དང་མཆོག་དབང་གསུམ་བསྐུར་ནས། །བསྐྱེད་རིམ་ཚོགས་ཞིང་བསྲུང་འཁོར་སྔོན་འགྲོ་བས། །རིམ་པ་ལྔ་དང་རྗེས་མཐུན་ལམ་གྱི་འགྲོས། །ཁམས་དྲུག་ལྡན་པའི་མི་རྣམས་ཕུང་ཁམས་སོགས། །རིམ་གྱིས་ཐིམ་ནས་འཆི་བའི་རིམ་པའམ། །ཇི་ལྟར་མཚན་མོ་གཉིད་དུ་སོང་བའི་ཚེ། །ཡུལ་ལྔའི་ཤེས་པ་རིམ་གྱིས་ཡིད་དུ་ཐིམ། །དེ་ཡང་ཀུན་གཞིར་ཐིམ་པས་མི་རྟོག་པ། །རྩེ་གཅིག་སྣང་ཡུལ་མེད་པའི་ངང་དེ་ཉིད། །ཆོས་དབྱིངས་ཐིམ་པས་རང་བཞིན་སྤྲོས་དང་བྲལ། །ཐུན་བར་ལྷག་མོས་འོད་གསལ་དུ་འཇུག་པའི། །བར་འདིར་ཆོས་སྐུའི་རྣལ་འབྱོར་ལ་གནས་ཤིང་། །གཉིད་དམ་འཆི་བས་འོད་གསལ་ལུགས་ལྡོག་ཏུ། །སླར་ཡང་མཆེད་པའི་ཀུན་གཞིའི་རྣམ་ཤེས་ལས། །ཡིད་གཉིད་གཅིག་པུ་ལངས་པས་རྨི་ལམ་སེམས། །དབང་པོ་ཀུན་ཚངས་ཡིད་ཀྱི་ལུས་གྲུབ་པ། །དེ་མཚུངས་སྐད་ཅིག་མངོན་བྱང་ལྔ་ལས་ནི། །དང་པོའི་མགོན་པོ་ལེགས་པར་བསྐྱེད་པའི་ཚུལ། །བར་དོ་སྒྱུ་ལུས་ལོངས་སྐུར་ལྡང་བར་ཤོག །སླར་ཡང་སད་པའི་གནས་སྐབས་ཉིན་སྣང་དུ། །གདན་གསུམ་ལྷ་ཡི་སྐུ་རུ་ངེས་བྱས་ནས། །བར་དོའི་ལུས་དེ་མ་ཡི་མངལ་དུ་ནི། །ཞུགས་ཚུལ་དང་པོའི་མགོན་པོ་མི་བསྐྱོད་པའི། །སྐུ་ལས་ཞུགས་པས་རྡོ་རྗེའི་སེམས་བསྐྱེད་ཅིང་། །དེ་ལ་ལུས་དཀྱིལ་བཀོད་ཅིང་སྒོ་གསུམ་དག །བྱིན་གྱིས་བརླབ་ཅིང་སེམས་དཔའ་གསུམ་བརྩེགས་སུ། །བྱས་ནས་རིགས་མའི་འདོད་ཡོན་རྣལ་རོལ་བས། །ཉིན་སྣང་སྐྱེ་ཤིའི་བར་དོའི་གོམས་འདྲིས་ཀྱིས། །སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལམ་བྱེད་ཤོག །དེ་ལྟར་རིམ་པ་དང་པོ་མཐར་ཕྱིན་ནས། །གསང་བའི་སྣ་རྩེར་ཨ་བ་དྷུ་ཏའི་ནང་། །དྭངས་མའི་ཐིག་ལེ་རང་སེམས་དབྱེར་མེད་དུ། །བཟུང་བས་མཉམ་བཞག་དགའ་བཞིའི་ཏིང་འཛིན་དང་། །རྗེས་ཐོབ་རིགས་བརྒྱ་རིགས་ལྔ་རིགས་གསུམ་སོགས། །བདེ་སྟོང་དབྱེར་མེད་ལྷ་ཡི་རྣམ་རོལ་བསྒོམ། །སླར་ཡང་དབེན་པ་གསུམ་གྱི་རིམ་པ་དང་། །ཀུན་རྫོབ་སྒྱུ་མ་དོན་དམ་འོད་གསལ་ཉིད། །བདེན་གཉིས་དབྱེར་མེད་ཟུང་འཇུག་ཉམས་ལེན་རྣམས། །གསང་བ་སྙིང་པོ་དཔལ་ལྡན་འདུས་པ་དང་། །བསྐྱེད་པ་མ་ཧཱ་ཡོ་ག་ཇི་བཞིན་དུ། །བསྐྱེད་རྫོགས་ཟབ་མོའི་དོན་རྣམས་མངོན་གྱུར་ཤོག །མཚན་ཉིད་ཀུན་ལྡན་བླ་མ་ཡབ་ཡུམ་ལས། །ལམ་དབང་ཟབ་མོའི་ལེགས་པར་སྨིན་བྱས་ནས། །རྣམ་དག་དབང་ལྔའི་ཆུ་བོས་སྒྲིབ་གཉིས་ཀྱི། །དྲི་མ་ཀུན་བཀྲུས་སྐུ་བཞིའི་ས་བོན་བཞག །དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུངས་བ་ལས། །ཟབ་མོའི་ལམ་བཟང་སྐྱེ་བའི་སྣོད་གྱུར་པས། །མ་དག་སྐྱེ་ཤི་བར་དོའི་སྣང་ཞེན་རྣམས། །ཡིད་ངོར་སྦྱངས་ནས་སྐུ་གསུམ་ལམ་ཁྱེར་བ། །སྦྱང་བཞི་སྦྱང་བྱེད་ཚང་བའི་བསྐྱེད་རིམ་གྱིས། །རིམ་པ་དང་པོའི་ལམ་ལ་མངོན་གྱུར་ཤོག །ཕྱི་ནང་རང་ལུས་དཀྱིལ་འཁོར་ལྷ་ཡི་ཚོགས། །རྩ་ཡིག་བདུད་རྩི་དཔའ་བོ་རྣལ་འབྱོར་མ། །ཐིམ་ལུགས་བཞི་བསྒོམ་ཡེ་ཤེས་བསྐྱེད་བྱེད་ཅིང་། །རྫོགས་རིམ་རྟོགས་པ་འདྲེན་པའི་རྒྱུད་སྨིན་བྱས། །ཉི་ཟླའི་ལམ་ནས་དཀྱིལ་འཁོར་བཅུ་ཡི་རླུང་། །སྒྲ་གཅན་ལམ་དུ་འགོག་པའི་ཐབས་མཁས་ཀྱིས། །མུན་པའི་ལམ་ནས་འབར་བའི་ཙཎྜ་ལིས། །ཧཾ་ཡིག་རི་བོང་འཛིན་པ་ཞུ་བ་ལས། །ལྷན་སྐྱེས་བདེ་བས་མཉམ་བཞག་དྲངས་པ་ཡིས། །འཁོར་འདས་ཆོས་རྣམས་ཀུན་གྱི་གནས་ལུགས་དང་། །དབྱེར་མེད་གྱུར་པ་དཔེ་ཡི་ཡེ་ཤེས་ཉིད། །སྒྱུ་འཕྲུལ་དྲྭ་བའི་སྐུ་རུ་ལངས་པ་ལས། །མ་དག་སྐྱེ་ཤའི་འཕྲང་ལས་གྲོལ་བ་ཡི། །རྫོགས་རིམ་ཨ་ནུའི་ལམ་དུ་འཇུག་པར་ཤོག །དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཨ་ཏི་ཡེ་དག་རོ་མཉམ་ཆེན་པོ་ཉིད། །ཡོད་མིན་མེད་མིན་སྟོང་མིན་མི་སྟོང་མིན། །རང་བཞིན་གཤིས་ལ་གཞལ་ན་ཐམས་ཅད་མིན། །མེད་པ་མ་ཡིན་གཉིས་མེད་ཟུང་འཇུག་སྟེ། །རྟག་མིན་ཆད་མིན་སྨྲ་བསམ་བརྗོད་ལས་འདས། །ངང་གནས་ཡེ་ནས་རྫོགས་པ་ཆེན་པོ་ནི། །ཀུན་མིན་ཕྱོགས་ཙམ་གཞལ་ན་ཐམས་ཅད་མིན། །བློ་ཡིས་བཀོད་ན་དྲན་བསམ་བརྗོད་ལས་འདས། །རྣལ་མའི་དོན་ལ་ཀུན་མིང་བརྟགས་པ་ཙམ། །ཇི་ལྟར་སྣང་བ་དེ་ཡང་ཝ་ལེ་བ། །ཚིག་གིས་མ་བསྐྱེད་ལྷ་སྔགས་ལྷུན་གྱིས་གྲུབ། །གང་ལྟར་བསམ་བརྗོད་འདས་པའི་རང་བཞིན་ཏེ། །ཨ་ཏིའི་དགོངས་དོན་ཚུལ་བཞིན་རྟོགས་པར་ཤོག །ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་དོན། །རང་བཞིན་བབ་ཡིན་སྟོང་པས་ཕན་ཅི་ཡོད། །སོ་མ་ངང་བཞག་མ་བཅོས་རང་ག་མ། །ཐ་མལ་ཤེས་པ་རང་གྲོལ་རྒྱལ་བའི་ལམ། །རང་གིས་རང་གྲོལ་གཉེན་པོས་བཅོས་མི་དགོས། །ཡེ་གྲོལ་བསྐྱར་བཞི་མེད་དེ་གདོད་མའི་ངང་། །ཅེར་གྲོལ་ངོ་བོ་མེད་དེ་བདེན་པས་སྟོང་། །རང་གྲོལ་གཉེན་པོ་མེད་དེ་རང་བཞག་ཉིད། །འགྱུ་གྲོལ་རང་སར་དག་སྟེ་སྐད་ཅིག་མ། །ཤར་གྲོལ་དུས་མཉམ་ཡིན་ཏེ་སྔ་ཕྱི་མེད། །མ་བཅོས་རང་བཞག་རང་བབས་ཀ་དག་ཀློང་། །ངོ་བོ་རང་བཞིན་ཐུགས་རྗེའི་དོན་རྟོག་ཤོག །ཤེས་རབ་རང་བྱུང་སྒྲོན་མའི་དབྱིངས་རུམ་ནས། །རྒྱང་ཞགས་སྒྲོན་མས་རིག་གདངས་སྒོ་ཕྱེ་ནས། །དག་དབྱིངས་སྒྲོན་མས་སྣ་ཚོགས་རྒྱན་བཀྲམ་སྟེ། །ཐིག་ལེ་སྟོང་སྒྲོན་ཞི་ཁྲོའི་དཀྱིལ་འཁོར་རྫོགས། །དང་པོ་རྒྱུ་ཡིས་མ་བསྐྱེད་དབྱིངས་ལྔ་ཤར། །བར་དུ་རྐྱེན་གྱིས་མ་བསྐྱེད་ཚོམ་བུར་གྲུབ། །ཐ་མ་ལྟ་བའི་གནས་དག་དབྱིངས་རིག་འདྲེས། །ཡིད་དཔྱོད་དང་བྲལ་མངོན་སུམ་མཐར་ཕྱིན་ཤོག །ཁྲེག་ཆོད་ལྟ་བས་སྲིད་ཁུང་གདར་ཤ་བཅད། །ཐོད་རྒལ་བསྒོམས་པས་སྐུ་གསུམ་རྩལ་རྫོགས་ཏེ། །གདོད་ནས་རྣམ་དག་དང་པོའི་སངས་རྒྱས་ཉིད། །དབྱེར་མེད་ཐིག་ལེའི་གཟུགས་སུ་རང་སྣང་བ། །དེ་ལས་སྤྲོས་ཚེ་སྐུ་གསུམ་སྣོད་བཅུད་དང་། །བསྡུས་ཚེ་སྟོང་ཉིད་སྙིང་རྗེ་ཆོས་ཀྱི་སྐུ། །ཐིག་ལེ་ཉག་གཅིག་ཡིད་ལ་གཡོ་མེད་ཤོག །སླར་ཡང་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །གཉིས་སྣང་འཁྲུལ་བའི་བག་ཆགས་ཀུན་བཅོམ་ནས། །རིམ་པ་བཞི་པའི་དོན་གྱི་འོད་གསལ་དང་། །དབྱེར་མེད་ལྷན་ཅིག་སྐྱེས་པ་བདེ་བའི་དངོས། །བདེན་གཉིས་ཟུང་དུ་འཇུག་པའི་ཧེ་རུ་ཀ །མཁའ་དབྱིངས་ཤར་བའི་དབང་པོའི་གཞུ་བཞིན་དུ། །གསལ་མདངས་འོད་ཟེར་ལྔ་ཡི་དྲྭ་བ་ཅན། །སྟོབས་བཅུ་མི་འཇིག་བཞི་དང་སོ་སོ་རིག །མ་འདྲེས་བཅོ་བརྒྱད་རྫོགས་པའི་སངས་རྒྱས་དང་། །བླ་མེད་ཡོན་ཏན་རང་བཞིན་གཞལ་མེད་ལས། །རྣམ་ཀུན་མཆོག་ལྡན་ངོ་བོ་ཆོས་ཀྱི་སྐུ། །རྣམ་པ་ལོངས་སྤྱོད་རྫོགས་སྐུ་གྲངས་མེད་ཀྱིས། །སྤྲུལ་པའི་སྤྲིན་འཕྲོ་སྐུ་གསུམ་དབྱེར་མེད་ཆོག །མཁའ་ཁྱབ་གཟུགས་བཟུང་བགྲང་ཡས་སེམས་ཅན་ལ། །ཇི་སྙེད་ཁམས་དང་བསམ་པའི་དབྱེ་བ་བཞིན། །རང་རང་སྐད་དུ་རྒྱུ་དང་འབྲས་བུ་ཡི། །ཐེག་པ་གཉིས་ལས་བརྩམས་པའི་ཆོས་ཀྱི་ཚུལ། །ལེགས་པར་སྟོན་ལ་སྐྱོ་ངལ་མེད་པར་ཤོག །འདི་དང་བར་དོར་མཆོག་གི་གོ་འཕང་ནི། །ངེས་པར་གྲུབ་པའི་ལམ་བཟང་མ་རྙེད་ན། །ཟབ་ལམ་འཕོ་བའི་རྣལ་འབྱོར་ལ་གོམས་པས། །རྣམ་ཤེས་མཁའ་སྤྱོད་གནས་སུ་འཕོ་བྱས་ཏེ། །བསྐྱེད་རྫོགས་ལམ་གྱི་རིམ་པའི་འཕྲོ་མཐུད་ཤོག །དེ་ལྟར་རྒྱུ་ལམ་འབྲས་བུ་ཁྱད་པར་ལས། །སྐུ་དང་ཞིང་ཁམས་འཁོར་དང་མཛད་པ་ནི། །ཡོངས་སུ་དག་པའི་ཡེ་ཤེས་ལམ་ཉིད་དུ། །བྱེད་དང་མི་བྱེད་སྔགས་དང་ཕ་རོལ་ཕྱིན། །སོ་སོར་འབྱེད་པའི་བློ་གྲོས་དང་ལྡན་ཤོག །བདག་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། །རྗེ་བཙུན་བླ་མ་མཆོག་དང་མི་འབྲལ་ཞིང་། །དེས་གསུངས་གསུང་གི་བདུད་རྩི་མྱོང་བ་དང་། །དེ་དོན་སྒྲུབ་ལ་ཞུམ་པ་མེད་པ་ཡིས། །ཚེ་རབས་ཀུན་ཏུ་ཡོངས་འཛིན་དམ་པ་དང་། །ནམ་ཡང་འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག །ཅེས་པའི་གསང་བ་སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་ཞེས་བྱ་བ་འདི་ཡང་། དག་པའི་སྣང་བ་ལྷུར་ལེན་པ་རཏྣའི་མཚན་དང་། སྐྱེས་སྟོབས་ཀྱི་བློ་གྲོས་དང་ལྡན་པའི་ཆོས་རྗེ་རྣམ་སྣང་། ལས་དང་སྨོན་ལམ་གྱིས་འབྲེལ་བ་སྲས་མོ་ཡུམ་སྲས་སོགས་ཀྱིས་གསུང་གིས་བསྐུལ་ངོར། པྲ་ཛྙཱ་རསྨིས་ཐུབ་བསྟན་རྡོ་རྗེ་བྲག་ཏུ་སྦྱར་བའོ། །དགེའོ།། །།

༈ སྨོན་ལམ་རྡོ་རྗེའི་རྒྱ་མདུད་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་བ་དང་། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམ་སྟེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས། །གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། །སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །བདེ་ཆེན་འདུ་འབྲལ་མེད་པ་མངོན་གྱུར་ཤོག །ཉམས་ཆག་རྟོག་སྒྲིབ་མ་སྤངས་གནས་སུ་དག །ཕྱི་ནང་གསང་བ་དབྱེར་མེད་རྟོགས་པས་བསྐངས། །གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ། །ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག །ཐིག་ལེ་ཆེན་པོ་སྐུ་དང་ཞིང་ཁམས་རྫོགས། །དམ་ཚིག་ཆེན་པོ་སྤང་བླང་མཚན་མ་དག །ཁྱབ་བརྡལ་ཆེན་པོ་རེ་དོགས་མདུད་པ་གྲོལ། །རྫོགས་པ་ཆེན་པོ་ཆོས་སྐུ་མངོན་གྱུར་ཤོག །བརྒྱུད་པ་གསུམ་གྱི་བྱིན་རླབས་སྙིང་ལ་ཞུགས། །སྒྱུ་འཕྲུལ་དྲྭ་བའི་ལམ་གསང་སེམས་ལ་རྫོགས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །མུ་མཐའ་མེད་པའི་འགྲོ་བ་སྒྲོལ་བར་ཤོག །ཞི་ཁྲོ་སྤྲུལ་པའི་འཁོར་ལོས་ལུང་སྟོན་ཞིང་། །མཁའ་འགྲོ་རྣམས་ཀྱིས་བུ་བཞིན་སྐྱོང་བ་དང་། །ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱི་བཞེད་པའི་དོན་ཀུན་འགྲུབ། །མ་ལུས་སྐྱེ་རྒུའི་འགལ་རྐྱེན་ཀུན་ཞི་ཞིང་། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་པའང་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སོ།། །།

རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ།

མཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་བཞུགས་སོ། །ༀ་ཨ་མི་དྷེ་ཝ་ཧྲཱི༔ འདི་ཉིད་ཆགས་མེད་ཐུགས་དམ་མཛོད། །ལག་པ་ན་ཡང་འབད་ནས་བྲིས། །མང་པོ་འགའ་ལ་ཨེ་ཕན་བསམས། །དཔེ་གཅོད་འདོད་མི་གདའ་ན་གཡོར། །འདི་ལས་ཕན་ཡོན་ཆེ་བ་མེད། །འདི་བས་ཟབ་པའི་གདམས་ངག་མེད། །ང་ཡི་ཆོས་ཀྱི་རྩ་བ་ཡིན། །རང་གར་མ་སྐྱུར་ཉམས་ལེན་འབུངས། །འདི་ནི་མདོ་ལུགས་ཡིན་པའི་ཕྱིར། །ལུང་མ་ཐོབ་ཀྱང་འདོན་ནི་རུང་། །ཨེ་མ་ཧོ༔ འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན། །གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ་ན། །ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན། །རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན། །བདག་གི་ཆུ་བུར་མིག་གིས་མ་མཐོང་ཡང་། །རང་སེམས་གསལ་བའི་ཡིད་ལ་ལམ་མེར་གསལ། །དེ་ན་བཅོམ་ལྡན་རྒྱལ་བ་འོད་དཔག་མེད། །པདྨ་རཱ་གའི་མདོག་ཅན་གཟི་བརྗིད་འབར། །དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས། །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་སྤྲས། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་ལྷུང་བཟེད་འཛིན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སྐྱིལ་ཀྲུང་གིས། །པདྨ་སྟོང་ལྡན་ཟླ་བའི་གདན་སྟེང་དུ། །བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་མཛད་དེ། །ཐུགས་རྗེའི་སྤྱན་གྱིས་རྒྱང་ནས་བདག་ལ་གཟིགས། །གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ཕྱག་གཡོན་པད་དཀར་འཛིན། །གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། །སྔོན་པོ་རྡོ་རྗེས་མཚན་པའི་པདྨ་གཡོན། །གཡས་གཉིས་སྐྱབས་སྦྱིན་ཕྱག་རྒྱ་བདག་ལ་བསྟན། །གཙོ་བོ་གསུམ་པོ་རི་རྒྱལ་ལྷུན་པོ་བཞིན། །ལྷང་ངེ་ལྷན་ནེ་ལྷམ་མེར་བཞུགས་པའི་འཁོར། །བྱང་ཆུབ་སེམས་དཔའི་དགེ་སློང་བྱེ་བ་འབུམ། །ཀུན་ཀྱང་གསེར་མདོག་མཚན་དང་དཔེ་བྱད་བརྒྱན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སེར་ལྟེམ་མེ། །མོས་གུས་ཕྱག་ལ་ཉེ་རིང་ཁྱད་མེད་ཕྱིར། །བདག་གི་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཆོས་སྐུ་སྣང་བ་མཐའ་ཡས་རིགས་ཀྱི་བདག །ཕྱག་གཡས་འོད་ཟེར་ལས་སྤྲུལ་སྤྱན་རས་གཟིགས། །ཡང་སྤྲུལ་སྤྱན་རས་གཟིགས་དབང་བྱེ་བ་བརྒྱ། །ཕྱག་གཡོན་འོད་ཟེར་ལས་སྤྲུལ་སྒྲོན་མ་སྟེ། །ཡང་སྤྲུལ་སྒྲོལ་མ་བྱེ་བ་ཕྲག་བརྒྱ་འགྱེད། །ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པདྨ་འབྱུང་། །ཡང་སྤྲུལ་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་འགྱེད། །ཆོས་སྐུ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱན་གྱིས་ཉིན་མཚན་དུས་དྲུག་ཏུ། །སེམས་ཅན་ཀུན་ལ་བརྩེ་བས་རྟག་ཏུ་གཟིགས། །སེམས་ཅན་ཀུན་གྱི་ཡིད་ལ་གང་དྲན་པའི། །རྣམ་རྟོག་གང་འགྱུ་རྟག་ཏུ་ཐུགས་ཀྱིས་མཁྱེན། །སེམས་ཅན་ཀུན་གྱིས་ངག་ཏུ་གང་སྨྲས་ཚིག །རྟག་ཏུ་མ་འདྲེས་སོ་སོར་སྙན་ལ་གསན། །ཀུན་མཁྱེན་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཆོས་སྤངས་མཚམས་མེད་བྱས་པ་མ་གཏོགས་པ། །ཁྱེད་ལ་དད་ཅིང་སྨོན་ལམ་བཏབ་ཚད་ཀུན། །བདེ་བ་ཅན་དེར་སྐྱེ་བའི་སྨོན་ལམ་འགྲུབ། །བར་དོར་བྱོན་ནས་ཞིང་དེར་འདྲེན་པར་གསུངས། །འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཁྱེད་ཀྱི་སྐུ་ཚེ་བསྐལ་པ་གྲངས་མེད་དུ། །མྱ་ངན་མི་འདའ་ད་ལྟ་མངོན་སུམ་བཞུགས། །ཁྱེད་ལ་རྩེ་གཅིག་གུས་པས་གསོལ་བཏབ་ན། །ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པའི། །ཚེ་ཟད་པ་ཡང་ལོ་བརྒྱ་ཐུབ་པ་དང་། །དུས་མིན་འཆི་བ་མ་ལུས་བཟློག་པར་གསུངས། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །སྟོང་གསུམ་འཇིག་རྟེན་རབ་འབྱམས་གྲངས་མེད་པ། །རིན་ཆེན་གྱིས་བཀང་སྦྱིན་པ་བྱིན་པ་བས། །འོད་དཔག་མེད་པའི་མཚན་དང་བདེ་བ་ཅན། །ཐོས་ནས་དད་པས་ཐལ་མོ་སྦྱར་བྱས་ན། །དེ་ནི་དེ་བས་བསོད་ནམས་ཆེ་བར་གསུངས། །དེ་ཕྱིར་འོད་དཔག་མེད་ལ་གུས་ཕྱག་འཚལ། །གང་ཞིག་འོད་དཔག་མེད་པའི་མཚན་ཐོས་ནས། །ཁ་ཞེ་མེད་པར་སྙིང་ཁོང་རུས་པའི་གཏིང་། །ལན་གཅིག་ཙམ་ཞིག་དད་པ་སྐྱེས་པ་ན། །དེ་ནི་བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་དཔག་མེད་པའི་མཚན་ཐོས་ནས། །དེ་ནི་བྱང་ཆུབ་སྙིང་པོ་མ་ཐོབ་བར། །བུད་མེད་མི་སྐྱེ་རིགས་ནི་བཟང་པོར་སྐྱེ། །ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་རྣམ་དག་འགྱུར། །བདེ་གཤེགས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བདག་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །དངོས་སུ་འབྱོར་བའི་མཆོད་པ་ཅི་མཆིས་པ། །ཡིད་སྤྲུལ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །གདོད་ནས་གྲུབ་པ་སྟོང་གསུམ་འཇིག་རྟེན་གྱི། །གླིང་བཞི་རི་རབ་ཉི་ཟླ་བྱེ་བ་བརྒྱ། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཐམས་ཅད་ཀུན། །བློ་ཡིས་བླངས་ཏེ་འོད་དཔག་མེད་ལ་འབུལ། །བདག་ལ་ཕན་ཕྱིར་ཐུགས་རྗེའི་སྟོབས་ཀྱིས་བཞེས། །ཕ་མས་ཐོག་དྲངས་བདག་སོགས་འགྲོ་ཀུན་གྱི། །ཐོག་མ་མེད་པའི་དུས་ནས་ད་ལྟའི་བར། །སྲོག་བཅད་མ་བྱིན་བླངས་དང་མི་ཚངས་སྤྱོད། །ལུས་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་པ། །ངག་གི་མི་དགེ་བཞི་པོ་མཐོལ་ལོ་བཤགས། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ། །ཡིད་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །ཕ་མ་སློབ་དཔོན་དགྲ་བཅོམ་བསད་པ་དང་། །རྒྱལ་བའི་སྐུ་ལ་ངན་སེམས་སྐྱེས་པ་དང་། །མཚམས་མེད་ལྔ་ཡི་ལས་བསགས་མཐོལ་ལོ་བཤགས། །དགེ་སློང་དགེ་ཚུལ་བསད་དང་བཙུན་མ་ཕབ། །སྐུ་གཟུགས་མཆོད་རྟེན་ལྷ་ཁང་བཤིགས་ལ་སོགས། །ཉེ་བའི་མཚམས་མེད་སྡིག་བྱས་མཐོལ་ལོ་བཤགས། །དཀོན་མཆོག་ལྷ་ཁང་གསུང་རབ་རྟེན་གསུམ་སོགས། །དཔང་ཞེས་ཚད་བཙུགས་མནའ་ཟོས་ལ་སོགས་པ། །ཆོས་སྤངས་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་བ་བཏབ། །དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས། །དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་དང་། །དམྱལ་བའི་སྡུག་བསྔལ་ཚེ་ཚད་ལ་སོགས་པ། །ཐོས་ཀྱང་མི་བདེན་བཤད་ཚོད་ཡིན་བསམས་པ། །མཚམས་མེད་ལྔ་བས་ཐུ་བའི་ལས་ངན་པ། །ཐར་མེད་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང་། །སྤང་ལྟུང་སོར་བཤགས་ཉེས་བྱས་སྡེ་ཚན་ལྔ། །སོ་ཐར་ཚུལ་ཁྲིམས་འཆལ་བ་མཐོལ་ལོ་བཤགས། །ནག་པོའི་ཆོས་བཞི་ལྟུང་བ་ལྔ་ལྔ་བརྒྱད། །བྱང་སེམས་བསླབ་པ་ཉམས་པ་མཐོལ་ལོ་བཤགས། །རྩ་ལྟུང་བཅུ་བཞི་ཡན་ལག་སྦོམ་པོ་བརྒྱད། །གསང་སྔགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྡོམ་པ་མ་ཞུས་མི་དགེའི་ལས་བྱས་པ། །མི་ཚངས་སྤྱོད་དང་ཆང་འཐུང་ལ་སོགས་པ། །རང་བཞིན་ཁ་ན་མ་ཐོའི་སྡིག་པ་སྟེ། །སྡིག་པ་སྡིག་ཏུ་མ་ཤེས་མཐོལ་ལོ་བཤགས། །སྐྱབས་སྡོམ་དབང་བསྐུར་ལ་སོགས་ཐོབ་ན་ཡང་། །དེ་ཡི་སྡོམ་པ་དམ་ཚིག་བསྲུང་མ་ཤེས། །བཅས་པའི་ལྟུང་བ་ཕོག་པ་མཐོལ་ལོ་བཤགས། །འགྱོད་པ་མེད་ན་བཤགས་པས་མི་འདག་པས། །སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟར། །ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས། །ཕྱིན་ཆད་སྡོམ་སེམས་མེད་ན་མི་འདག་པས། །ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེའི་ལས། །ད་ནས་མི་བགྱིད་སེམས་ལ་དམ་བཅའ་བཟུང་། །བདེ་གཤེགས་འོད་དཔག་མེད་པ་སྲས་བཅས་ཀྱིས། །བདག་རྒྱུད་ཡོངས་སུ་དག་པར་བྱིན་གྱིས་རློབས། །གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགའི་སེམས་སྤངས་ནས། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །དེ་ཕྱིར་འཕགས་པ་རྣམས་དང་སོ་སྐྱེ་ཡིས། །དགེ་བ་གང་བསྒྲུབས་ཀུན་ལ་ཡི་རང་ངོ་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་དོན་རྒྱ་ཆེན་མཛད་ལ་ཡི་རང་ངོ་། །མི་དགེ་བཅུ་པོ་སྤངས་པ་དགེ་བ་བཅུ། །གཞན་གྱི་སྲོག་བསྐྱབ་སྦྱིན་པ་གཏོང་བ་དང་། །སྡོམ་པ་སྲུང་ཞིང་བདེན་པར་སྨྲ་བ་དང་། །འཁོན་པ་སྡུམ་དང་ཞི་དུལ་དྲང་པོར་སྨྲ། །དོན་དང་ལྡན་པའི་གཏམ་བརྗོད་འདོད་པ་ཆུང་། །བྱམས་དང་སྙིང་རྗེ་སྒོམ་ཞིང་ཆོས་ལ་སྤྱོད། །དགེ་བ་དེ་རྣམས་ཀུན་ལ་ཡི་རང་ངོ་། །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །རྫོགས་སངས་རྒྱས་ནས་རིང་པོར་མ་ལོན་པར། །དེ་དག་རྣམས་ལ་ཆོས་ཀྱི་འཁོར་ལོ་ནི། །རྒྱ་ཆེན་མྱུར་དུ་བསྐོར་བར་བདག་གིས་བསྐུལ། །མངོན་ཤེས་ཐུགས་ཀྱིས་དེ་དོན་མཁྱེན་པར་གསོལ། །སངས་རྒྱས་བྱང་སེམས་བསྟན་འཛིན་དགེ་བའི་བཤེས། །མྱ་ངན་འདའ་བར་བཞེད་ཀུན་དེ་དག་ལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །འདིས་མཚོན་བདག་གི་དུས་གསུམ་དགེ་བ་རྣམས། །འགྲོ་བ་སེམས་ཅན་ཀུན་གྱི་དོན་དུ་བསྔོ། །ཀུན་ཀྱང་བླ་མེད་བྱང་ཆུབ་མྱུར་ཐོབ་ནས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག །དེ་ཡི་དགེ་བ་བདག་ལ་མྱུར་སྨིན་ནས། །ཚེ་འདིར་དུས་མིན་འཆི་བ་བཅོ་བརྒྱད་ཞི། །ནད་མེད་ལང་ཚོ་རྒྱས་པའི་ལུས་སྟོབས་ལྡན། །དཔལ་འབྱོར་འཛད་མེད་དབྱར་གྱི་གངྒཱ་ལྟར། །བདུད་དགྲའི་འཚེ་བ་མེད་ཅིང་དམ་ཆོས་སྤྱོད། །བསམ་པའི་དོན་ཀུན་ཆོས་ལྡན་ཡིད་བཞིན་འགྲུབ། །བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེན་འགྲུབ། །མི་ལུས་དོན་དང་ལྡན་པ་འགྲུབ་པར་ཤོག །བདག་དང་བདག་ལ་འབྲེལ་ཐོགས་ཀུན། །འདི་ནས་ཚེ་འཕོས་གྱུར་མ་ཐག །སྤྲུལ་པའི་སངས་རྒྱས་འོད་དཔག་མེད། །དགེ་སློང་དགེ་འདུན་འཁོར་གྱིས་བསྐོར། །མདུན་དུ་མངོན་སུམ་འབྱོན་པར་ཤོག །དེ་མཐོང་ཡིད་དགའ་སྣང་བ་སྐྱིད། །ཤི་བའི་སྡུག་བསྔལ་མེད་པར་ཤོག །བྱང་ཆུབ་སེམས་དཔའ་མཆེད་བརྒྱད་ནི། །རྫུ་འཕྲུལ་སྟོབས་ཀྱིས་ནམ་མཁར་བྱོན། །བདེ་བ་ཅན་དུ་འགྲོ་བ་ཡི། །ལམ་སྟོན་ལམ་སྣ་འདྲེན་པར་ཤོག །ངན་སོང་སྡུག་བསྔལ་བཟོད་བླག་མེད། །ལྷ་མིའི་བདེ་སྐྱིད་མི་རྟག་འགྱུར། །དེ་ལ་སྐྲག་སེམས་སྐྱེ་བར་ཤོག །ཐོག་མ་མེད་ནས་ད་ལྟའི་བར། །འཁོར་བ་འདི་ན་ཡུན་རེ་རིང་། །དེ་ལ་སྐྱོ་བ་སྐྱེ་བར་ཤོག །མི་ནས་མི་རུ་སྐྱེ་ཆོག་ཀྱང་། །སྐྱེ་རྒ་ན་འཆི་གྲངས་མེད་མྱོང་། །དུས་ངན་སྙིགས་མར་བར་ཆད་མང་། །མི་དང་ལྷ་ཡི་བདེ་སྐྱིད་འདི། །དུག་དང་འདྲེས་པའི་ཟས་བཞིན་དུ། །འདོད་པ་སྤུ་ཙམ་མེད་པར་ཤོག །ཉེ་དུ་ཟས་ནོར་མཐུན་གྲོགས་རྣམས། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །ཆགས་ཞེན་སྤུ་ཙམ་མེད་པར་ཤོག །ས་ཆ་ཡུལ་རིས་ཁང་ཁྱིམ་རྣམས། །རྨི་ལམ་ཡུལ་གྱི་ཁང་ཁྱིམ་ལྟར། །བདེན་པར་མ་གྲུབ་ཤེས་པར་ཤོག །ཐར་མེད་འཁོར་བའི་རྒྱ་མཚོ་ནས། །ཉེས་ཆེན་བཙོན་ནས་ཐར་བ་བཞིན། །བདེ་བ་ཅན་གྱི་ཞིང་ཁམས་སུ། །ཕྱི་ལྟས་མེད་པར་འབྲོས་པར་ཤོག །ཆགས་ཞེན་འཁྲི་བ་ཀུན་བཅད་ནས། །བྱ་རྒོད་རྙི་ནས་ཐར་བ་བཞིན། །ནུབ་ཀྱི་ཕྱོགས་ཀྱི་ནམ་མཁའ་ལ། །འཇིག་རྟེན་ཁམས་ནི་གྲངས་མེད་པ། །སྐད་ཅིག་ཡུད་ལ་བགྲོད་བྱས་ནས། །བདེ་བ་ཅན་དུ་ཕྱིན་པར་ཤོག །དེ་རུ་སངས་རྒྱས་འོད་དཔག་མེད། །མངོན་སུམ་བཞུགས་པའི་ཞལ་མཐོང་ནས། །སྒྲིབ་པ་ཐམས་ཅད་དག་པར་ཤོག །སྐྱེ་གནས་བཞི་ཡི་མཆོག་གྱུར་པ། །མེ་ཏོག་པདྨའི་སྙིང་པོ་ལ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག །སྐད་ཅིག་ཉིད་ལ་ལུས་རྫོགས་ནས། །མཚན་དཔེ་ལྡན་པའི་ལུས་ཐོབ་ཤོག །མི་སྐྱེ་དོགས་པའི་ཐེ་ཚོམ་གྱིས། །ལོ་གྲངས་ལྔ་བརྒྱའི་བར་དག་ཏུ། །ནང་དེར་བདེ་སྐྱིད་ལོངས་སྤྱོད་ལྡན། །སངས་རྒྱས་གསུང་ནི་ཐོས་ན་ཡང་། །མེ་ཏོག་ཁ་ནི་མི་ཕྱེ་བས། །སངས་རྒྱས་ཞལ་མཇལ་ཕྱིི་བའི་སྐྱོན། །དེ་འདྲ་བདག་ལ་མི་འབྱུང་ཤོག །སྐྱེ་མ་ཐག་ཏུ་མེ་ཏོག་ཕྱེ། །འོད་དཔག་མེད་པའི་ཞལ་མཐོང་ཤོག །བསོད་ནམས་སྟོབས་དང་རྫུ་འཕྲུལ་གྱིས། །ལག་པའི་མཐིལ་ནས་མཆོད་པའི་སྤྲིན། །བསམ་མི་ཁྱབ་པར་སྤྲོས་བྱས་ནས། །སངས་རྒྱས་འཁོར་བཅས་མཆོད་པར་ཤོག །དེ་ཚེ་དེ་བཞིན་གཤེགས་པ་དེས། །ཕྱག་གཡས་བརྐྱངས་ནས་མགོ་ལ་བཞག །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །ཟབ་དང་རྒྱ་ཆེའི་ཆོས་ཐོས་ནས། །རང་རྒྱུད་སྨིན་ཅིང་གྲོལ་བར་ཤོག །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །རྒྱལ་སྲས་ཐུ་བོ་རྣམ་གཉིས་ཀྱིས། །བྱིན་གྱིས་བརླབས་ཤིང་རྗེས་བཟུང་ཤོག །ཉིན་རེ་བཞིན་དུ་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་སེམས་དཔག་མེད་པ། །འོད་དཔག་མེད་པ་མཆོད་པ་དང་། །ཞིང་དེར་བལྟ་ཕྱིར་འབྱོན་པའི་ཚེ། །དེ་དག་ཀུན་ལ་བསྙེན་བཀུར་ཞིང་། །ཆོས་ཀྱི་བདུད་རྩི་ཐོབ་པར་ཤོག །རྫུ་འཕྲུལ་ཐོགས་པ་མེད་པ་ཡིས། །མངོན་དགའི་ཞིང་དང་དཔལ་ལྡན་ཞིང་། །ལས་རབ་རྫོགས་དང་སྟུག་པོ་བཀོད། །སྔ་དྲོ་དེ་དག་རྣམས་སུ་འགྲོ། །མི་བསྐྱོད་རིན་འབྱུང་དོན་ཡོད་གྲུབ། །རྣམ་སྣང་ལ་སོགས་སངས་རྒྱས་ལ། །དབང་དང་བྱིན་རླབས་སྡོམ་པ་ཞུ། །མཆོད་པ་དུ་མས་མཆོད་བྱས་ནས། །དགོང་མོ་བདེ་བ་ཅན་ཉིད་དུ། །དཀའ་ཚེགས་མེད་པར་སླེབ་པར་ཤོག །པོ་ཊ་ལ་དང་ལྕང་ལོ་ཅན། །རྔ་ཡབ་གླིང་དང་ཨོ་རྒྱན་ཡུལ། །སྤྲུལ་སྐུའི་ཞིང་ཁམས་བྱེ་བ་བརྒྱར། །སྤྱན་རས་གཟིགས་དང་སྒྲོལ་མ་དང་། །ཕྱག་རྡོར་པད་འབྱུང་བྱེ་བ་བརྒྱ། །མཇལ་ཞིང་མཆོད་པ་རྒྱ་མཚོས་མཆོད། །དབང་དང་གདམས་ངག་ཟབ་མོ་ཞུ། །མྱུར་དུ་རང་གནས་བདེ་ཆེན་ཞིང་། །ཐོགས་པ་མེད་པར་ཕྱིན་པར་ཤོག །ཤུལ་གྱི་ཉེ་དུ་གྲྭ་སློབ་སོགས། །ལྷ་ཡི་མིག་གིས་གསལ་བར་མཐོང་། །སྲུང་སྐྱོབ་བྱིན་གྱིས་རློབ་བྱེད་ཅིང་། །འཆི་དུས་ཞིང་དེར་ཁྲིད་པར་ཤོག །བསྐལ་བཟང་འདི་ཡི་བསྐལ་པའི་ཡུན། །བདེ་བ་ཅན་གྱི་ཞག་གཅིག་སྟེ། །བསྐལ་པ་གྲངས་མེད་འཆི་བ་མེད། །རྟག་ཏུ་ཞིང་དེ་འཛིན་པར་ཤོག །བྱམས་པ་ནས་བཟུང་མོས་པའི་བར། །བསྐལ་བཟང་འདི་ཡི་སངས་རྒྱས་རྣམས། །འཇིག་རྟེན་འདི་ན་ནམ་འབྱོན་ཚེ། །རྫུ་འཕྲུལ་སྟོབས་ཀྱིས་འདིར་འོངས་ནས། །སངས་རྒྱས་མཆོད་ཅིང་དམ་ཆོས་ཉན། །སླར་ཡང་བདེ་ཆེན་ཞིང་ཁམས་སུ། །ཐོགས་པ་མེད་པར་འགྲོ་བར་ཤོག །སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག །བརྒྱད་ཅུ་རྩ་གཅིག་སངས་རྒྱས་ཞིང་ཀུན་གྱི། །ཡོན་ཏན་བཀོད་པ་ཐམས་ཅད་གཅིག་བསྡོམས་པ། །ཞིང་ཁམས་ཀུན་ལས་ཁྱད་འཕགས་བླ་ན་མེད། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །རིན་ཆེན་ས་གཞི་ཁོད་སྙོམས་ལག་མཐིལ་ལྟར། །ཡངས་ཤིང་རྒྱ་ཆེ་གསལ་ཞིང་འོད་ཟེར་འབར། །མནན་ན་ནེམ་ཞིང་བཏེགས་ན་སྤར་བྱེད་པ། །བདེ་འཇམ་ཡངས་པའི་ཞིང་དེར་སྐྱེ་བར་ཤོག །རིན་ཆེན་དུ་མ་ལས་གྲུབ་དཔག་བསམ་ཤིང་། །ལོ་མ་དར་ཟབ་འབྲས་བུ་རིན་ཆེན་བརྒྱན། །དེ་སྟེང་སྤྲུལ་པའི་བྱ་ཚོགས་སྐད་སྙན་སྒྲས། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་སྒྲ་རྣམས་སྒྲོག །ངོ་མཚར་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །སྤོས་ཆུའི་ཆུ་ཀླུང་ཡན་ལག་བརྒྱད་ལྡན་མང་། །དེ་བཞིན་བདུད་རྩིའི་ཁྲུས་ཀྱི་རྫིང་བུ་རྣམས། །རིན་ཆེན་སྣ་བདུན་ཐེམ་སྐས་ཕ་གུས་བསྐོར། །མེ་ཏོག་པདྨ་དྲི་ཞིམ་འབྲས་བུ་ལྡན། །པདྨའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ། །འོད་ཟེར་རྩེ་ལ་སྤྲུལ་པའི་སངས་རྒྱས་བརྒྱན། །ཡ་མཚན་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །མི་ཁོམ་བརྒྱད་དང་ངན་སོང་སྒྲ་མི་གྲགས། །ཉོན་མོངས་དུག་ལྔ་དུག་གསུམ་ནད་དང་གདོན། །དགྲ་དང་དབུལ་ཕོངས་འཐབ་རྩོད་ལ་སོགས་པ། །སྡུག་བསྔལ་ཐམས་ཅད་ཞིང་དེར་ཐོས་མ་མྱོང་། །བདེ་བ་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །བུད་མེད་མེད་ཅིང་མངལ་ནས་སྐྱེ་བ་མེད། །ཀུན་ཀྱང་མེ་ཏོག་པདྨའི་སྦུབས་ནས་འཁྲུངས། །ཐམས་ཅད་སྐུ་ལས་ཁྱད་མེད་གསེར་གྱི་མདོག །དབུ་ལ་གཙུག་ཏོར་ལ་སོགས་མཚན་དཔེས་བརྒྱན། །མངོན་ཤེས་ལྔ་དང་སྤྱན་ལྔ་ཀུན་ལ་མངའ། །ཡོན་ཏན་དཔག་མེད་ཞིང་དེར་སྐྱེ་བར་ཤོག །རང་བྱུང་རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་། །ཅི་འདོད་ལོངས་སྤྱོད་ཡིད་ལ་དྲན་པས་འབྱུང་། །རྩོལ་སྒྲུབ་མི་དགོས་དགོས་འདོད་ལྷུན་གྱིས་གྲུབ། །ང་ཁྱོད་མེད་ཅིང་བདག་ཏུ་འཛིན་པ་མེད། །གང་འདོད་མཆོད་སྤྲིན་ལག་པའི་མཐིལ་ནས་འབྱུང་། །ཐམས་ཅད་བླ་མེད་ཐེག་ཆེན་ཆོས་ལ་སྤྱོད། །བདེ་སྐྱིད་ཀུན་འབྱུང་ཞིང་དེར་སྐྱེ་བར་ཤོག །དྲི་ཞིམ་རླུང་གིས་མེ་ཏོག་ཆར་ཆེན་འབེབས། །ཤིང་དང་ཆུ་ཀླུང་པདྨོ་ཐམས་ཅད་ལས། །ཡིད་དུ་འོང་བའི་གཟུགས་སྒྲ་དྲི་རོ་རེག །ལོངས་སྤྱོད་མཆོད་པའི་སྤྲིན་ཕུང་རྟག་ཏུ་འབྱུང་། །བུད་མེད་མེད་ཀྱང་སྤྲུལ་པའི་ལྷ་མོའི་ཚོགས། །མཆོད་པའི་ལྷ་མོ་དུ་མས་རྟག་ཏུ་མཆོད། །འདུག་པར་འདོད་ཚེ་རིན་ཆེན་གཞལ་ཡས་ཁང་། །ཉལ་བར་འདོད་ཚེ་རིན་ཆེན་ཁྲི་བཟང་སྟེང་། །དར་ཟབ་དུ་མའི་མལ་སྟན་སྔས་དང་བཅས། །བྱ་དང་ལྗོན་ཤིང་ཆུ་ཀླུང་རོལ་མོ་སོགས། །ཐོས་པར་འདོད་ཚེ་སྙན་པའི་ཆོས་སྒྲ་སྒྲོག །མི་འདོད་ཚེ་ན་རྣ་བར་སྒྲ་མི་གྲགས། །བདུད་རྩིའི་རྫིང་བུ་ཆུ་ཀླུང་དེ་རྣམས་ཀྱང་། །དྲོ་གྲང་གང་འདོད་དེ་ལ་དེ་ལྟར་འབྱུང་། །ཡིད་བཞིན་འགྲུབ་པའི་ཞིང་དེར་སྐྱེ་བར་ཤོག །ཞིང་དེར་རྫོགས་པའི་སངས་རྒྱས་འོད་དཔག་མེད། །བསྐལ་པ་གྲངས་མེད་མྱ་ངན་མི་འདའ་བཞུགས། །དེ་སྲིད་དེ་ཡི་ཞབས་འབྲིང་བྱེད་པར་ཤོག །ནམ་ཞིག་འོད་དཔག་མེད་དེ་ཞི་བར་གཤེགས། །བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད། །གཉིས་ཀྱི་བར་དུ་བསྟན་པ་གནས་པའི་ཚེ། །རྒྱལ་ཚབ་སྤྱན་རས་གཟིགས་དང་མི་འབྲལ་ཞིང་། །དེ་ཡི་ཡུན་ལ་དམ་ཆོས་འཛིན་པར་ཤོག །སྲོད་ལ་དམ་ཆོས་ནུབ་པའི་ཐོ་རངས་ལ། །སྤྱན་རས་གཟིགས་དེ་མངོན་པར་སངས་རྒྱས་ནས། །སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་ཡི། །དཔལ་བརྩེགས་རྒྱལ་པོ་ཞེས་བྱར་གྱུར་པའི་ཚེ། །ཞལ་བལྟ་མཆོད་ཅིང་དམ་ཆོས་ཉན་པར་ཤོག །སྐུ་ཚེ་བསྐལ་པ་བྱེ་བ་ཁྲག་ཁྲིག་ནི། །འབུམ་ཕྲག་དགུ་བཅུ་རྩ་དྲུག་བཞུགས་པའི་ཚེ། །རྟག་ཏུ་ཞབས་འབྲིང་བསྙེན་བཀུར་བྱེད་པ་དང་། །མི་བརྗེད་གཟུངས་ཀྱིས་དམ་ཆོས་འཛིན་པར་ཤོག །མྱ་ངན་འདས་ནས་དེ་ཡི་བསྟན་པ་ནི། །བསྐལ་པ་དུང་ཕྱུར་དྲུག་དང་བྱེ་བ་ཕྲག །འབུམ་ཕྲག་གསུམ་གནས་དེ་ཚེ་ཆོས་འཛིན་ཅིང་། །མཐུ་ཆེན་ཐོབ་དང་རྟག་ཏུ་མི་འབྲལ་ཤོག །དེ་ནས་མཐུ་ཆེན་ཐོབ་དེ་སངས་རྒྱས་ནས། །དེ་བཞིན་གཤེགས་པ་རབ་ཏུ་བརྟན་པ་ནི། །ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོར་འགྱུར། །སྐུ་ཚེ་བསྟན་པ་སྤྱན་རས་གཟིགས་དང་མཉམ། །སངས་རྒྱས་དེ་ཡི་རྟག་ཏུ་ཞབས་འབྲིང་བྱེད། །མཆོད་པས་མཆོད་ཅིང་དམ་ཆོས་ཀུན་འཛིན་ཤོག །དེ་ནས་བདག་གི་ཚེ་དེ་བརྗེས་མ་ཐག །ཞིང་ཁམས་དེའམ་དག་པའི་ཞིང་གཞན་དུ། །བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །རྫོགས་སངས་རྒྱས་ནས་ཚེ་དཔག་མེད་པ་ལྟར། །མཚན་ཐོས་ཙམ་གྱིས་འགྲོ་ཀུན་སྨིན་ཅིང་གྲོལ། །སྤྲུལ་པ་གྲངས་མེད་འགྲོ་བ་འདྲེན་པ་སོགས། །འབད་མེད་ལྷུན་གྲུབ་འགྲོ་དོན་དཔག་མེད་ཤོག །དེ་བཞིན་གཤེགས་པའི་ཚེ་དང་བསོད་ནམས་དང་། །ཡོན་ཏན་ཡེ་ཤེས་གཟི་བརྗིད་ཚད་མེད་པ། །ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད། །ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །གང་ཞིག་ཁྱོད་ཀྱི་མཚན་ནི་སུས་འཛིན་པ། །སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་པ། །མེ་ཆུ་དུག་མཚོན་གནོད་སྦྱིན་སྲིན་པོ་སོགས། །འཇིགས་པ་ཀུན་ལས་སྐྱོབ་པར་ཐུབ་པས་གསུངས། །བདག་ནི་ཁྱེད་ཀྱི་མཚན་འཛིན་ཕྱག་འཚལ་བས། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་མཛད་གསོལ། །བཀྲ་ཤིས་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པཉྩནྡྲི་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧཱ། སྨོན་ལམ་འགྲུབ་པའི་གཟུངས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫུ་ཤྲི་ཡེ། ན་མཿསུཤྲི་ཡེ། ན་མ་ཨུཏྟ་མ་ཤྲི་ཡེ་སྭཱ་ཧཱ། ཞེས་བརྗོད་ནས་ཕྱག་གསུམ་འཚལ་ན་འབུམ་ཐེར་དུ་འགྱུར་བར་གསུངས། དེ་ནས་རབ་བརྒྱ་ཕྲག །འབྲིང་ཅི་ནུས། ཐ་མ་ཡང་ཕྱག་བདུན་ཡན་འཚལ། རབ་འདི་མ་ཆག་པ། འབྲིང་ལོ་ཟླ་ཙམ་མ་ཆག་པ། ཐ་མ་ནམ་སྐབས་སུ་ཁ་ནུབ་ཏུ་གྱུ་ནས་བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་དྲན་ཞིང་འོད་དཔག་མེད་ལ་ཐལ་མོ་སྦྱར་ཏེ་དད་པ་རྩེ་གཅིག་གིས་བཏོན་ན། ཚེ་འདིར་ཚེའི་བར་ཆད་སེལ། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་དེ། འོད་མདོ་ཞིང་བཀོད་མདོ་དང་། པདྨ་དཀར་པོ་འཆི་མེད་རྔ་སྒྲ་སོགས་ཀྱི་དགོངས་པ་ཡིན། ཞེས་དགེ་སློང་རཱ་ག་ཨ་སྱས་སྦྱར་བས་འགྲོ་བ་སེམས་ཅན་མང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག། །།

སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང།

སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ཞེས་བྱ་བ། དེ་ཡང་དུས་ཀྱི་ཐ་མར་རྩ་གསུམ་ལྷ་ཡི་ཐུགས་རྒྱུད་བསྐུལ་ནས་བསྟན་པའི་སྙིང་པོ་རིན་པོ་ཆེ་རྒྱས་པར་གྱུར་ཅིག་སྙམ་དུ་ལན་གཅིག་ཙམ་མོས་པ་ཡང་བསོད་ནམས་ཚད་མེད་པ་དང་ལྡན་ཅིང་། རྒྱལ་བའི་སྲས་ཀྱི་སྨོན་ལམ་ཡོངས་སུ་རྫོགས་ནས་སྐྱེ་བ་ཀུན་ཏུ་རྒྱལ་བའི་ཆོས་དང་ཆོས་ཀྱི་སྙིང་པོ་ཟབ་མོའི་ཐེག་པ་དང་འཕྲད་ནས་འཛིན་སྐྱོང་སྤེལ་བས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རེག་པར་འགྱུར་བའི་དགོས་པ་ཡོད་པས། སྐལ་བཟང་རྣམས་ཀྱིས་དུས་དུས་དང་། ཁྱད་པར་ཚོགས་མང་གི་སྐབས་སུ་འདི་ལྟར་སྨོན་ལམ་གདབ་པར་བྱ་སྟེ། ན་མོ། ཕྱོགས་བཅུའི་བདེ་བར་གཤེགས་པ་སྲས་དང་བཅས། །ཁྱད་པར་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །རྒྱལ་སྲས་བརྒྱད་དང་གནས་བརྟན་འཕགས་པའི་ཚོགས། །མཁྱེན་བརྩེའི་བདག་ཉིད་མཆོག་རྣམས་དགོངས་སུ་གསོལ། །ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ། །སྟོན་དང་སེམས་དཔའ་འཕགས་པ་མཆོག་རྣམས་ཀྱིས། །ཡང་ཡང་དཀའ་བས་བཙལ་ཞིང་བརྣག་པའི་དོན། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་དང་། །བཀའ་གཏེར་རིག་འཛིན་བརྒྱུད་པ་ཡི་དམ་ལྷ། །མ་མགོན་གཟའ་རྡོར་རྒྱུད་གསུམ་དྲེགས་པའི་ཚོགས། །སྔ་འགྱུར་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ། །ཐུབ་བསྟན་མདོ་དང་སྔགས་ཀྱི་ཚུལ་མཐའ་དག །གངས་ཅན་ལྗོངས་སུ་བརྩེ་བས་དྲངས་གྱུར་པ། །ཆེས་ཆེར་སྤེལ་བའི་རྡོ་རྗེའི་དམ་དགོངས་ནས། །མཚོ་སྐྱེས་རྒྱལ་བའི༴ ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་རོལ་མོ་ཡིས། །གངས་ཅན་ཕན་བདེའི་ཉི་མ་གསལ་བར་མཛད། །མཚོ་སྐྱེས༴ རྒྱལ་དང་རྒྱལ་སྲས་འཕགས་པ་ཆེན་པོའི་ཚོགས། །བསམ་བཞིན་སྤྲུལ་པའི་ཟློས་གར་ཉེར་བཟུང་ནས། །དྲི་མེད་རྒྱལ་བསྟན་ནོར་བུའི་རྒྱལ་མཚན་སྒྲེང་། །མཚོ་སྐྱེས༴ ཐུན་མོང་ཐུན་མིན་གཞུང་ཀུན་རང་དབང་གིས། །མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་པ་ཡིས། །གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མར་ཕྱེས། །མཚོ་སྐྱེས༴ སྐལ་བཟང་གདུལ་བྱས་མདོ་དང་སྔགས་ཀྱི་ཚུལ། །ཉམས་སུ་ལེན་ལ་གཞན་དྲིང་མི་འཇོག་པར། །བཀའ་དང་དགོངས་པ་འགྲེལ་བའི་གཞུང་ཀུན་རྫོགས། །མཚོ་སྐྱེས༴ བདེན་གསུང་བཀའ་ཡི་རྒྱ་མཚོ་ཆེན་པོ་ལ། །ཟབ་མོའི་ཆོས་གཏེར་ནོར་བུས་མངོན་པར་མཛེས། །མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ། །མཚོ་སྐྱེས༴ རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་དང་། །མཚུངས་མེད་དཔལ་ལྡན་ཀླུ་ཡི་ལྟ་བ་གཉིས། །ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་ཕྱག་རྒྱས་བཏབ། །མཚོ་སྐྱེས༴ ཟབ་མོའི་ནང་རྒྱུད་སྡེ་གསུམ་དགོངས་པའི་བཅུད། །ཐུན་མིན་མན་ངག་གསང་བའི་ལམ་མཆོག་ནས། །འཇའ་ལུས་ཆོས་སྐུར་གཤེགས་པའི་ངོ་མཚར་འབར། །མཚོ་སྐྱེས༴ རབ་འབྱམས་ཞི་ཁྲོའི་ཁྱབ་བདག་སྒྲུབ་སྡེ་བརྒྱད། །བཀའ་བབ་རིག་འཛིན་སོ་སོའི་དགོངས་བཅུད་དང་། །ཀུན་འདུས་པདྨའི་བཀའ་སྲོལ་གཅིག་ཏུ་འཁྱིལ། །མཚོ་སྐྱེས༴ རྒྱུ་དང་འབྲས་བུ་གསང་སྔགས་ཐེག་པ་ཆེ། །ཚང་ལ་མ་ནོར་རིག་འཛིན་བརྒྱུད་པའི་ལུང་། །ཌཱ་ཀིའི་ཞལ་གྱི་དྲོད་རླངས་ཐོ་ལེ་བ། །མཚོ་སྐྱེས༴ རྡོ་རྗེ་འཆང་གི་དགོངས་དོན་བདུད་རྩིའི་བཅུད། །མཁས་གྲུབ་བྱེ་བའི་ཞལ་ནས་སྙན་དུ་བརྒྱུད། །རྟོག་གེ་ངན་པའི་རང་བཟོས་མ་བསླད་པ། །མཚོ་སྐྱེས༴ གསེར་ཞིང་ནོར་བུའི་སྤྲས་པའི་ཡོན་གྱིས་ཀྱང་། །མི་འགུགས་དབྱིངས་ཀྱི་མཁའ་འགྲོའི་ཐུགས་མཛོད་ཆོས། །བརྩེ་བས་རྗེས་འཇུག་སྐལ་པ་ཁོ་ནར་བཀྲམ། །མཚོ་སྐྱེས༴ ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ལ། །རང་བཞིན་ལྷུན་གྱིས་གྲུབ་པའི་གདངས་ཤར་བས། །བླུན་སྒོམ་སེམས་ལས་འདས་པའི་རྫོགས་པ་ཆེ། །མཚོ་སྐྱེས༴ ཡོད་མེད་ཕྱོགས་རེར་ཞེན་པའི་དམིགས་གཏད་ཞིག །མཐར་འཛིན་ལྟ་བའི་འཛིན་སྟངས་དྲུང་ནས་ཕྱུང་། །གཞི་ལམ་འབྲས་བུ་སྣང་སྟོང་ཟུང་དུ་འཇུག །མཚོ་སྐྱེས༴ དུས་གསུམ་རྒྱལ་བའི་དགོངས་པ་མཐར་ཐུག་དོན། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །རིག་སྟོང་མི་ཤིགས་རྡོ་རྗེ་གྲུབ་པའི་མཐའ། །མཚོ་སྐྱེས༴ མང་དུ་ཐོས་པ་ལུང་གི་སྤྲིན་འཁྲིགས་ཤིང་། །ཕ་རོལ་རྒོལ་འཇོམས་རིག་པའི་གློག་ཕྲེང་འབར། །མན་ངག་གནད་ཀྱི་བདུད་རྩི་སྙིང་ལ་སིམ། །མཚོ་སྐྱེས༴ རྨད་བྱུང་ཨ་ཏི་ཡོ་གའི་གསེང་ལམ་ནས། །མ་ལུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །ཁྱབ་བདག་འཇམ་དཔལ་རྡོ་རྗེར་རབ་བསྒྲུབས་པ། །མཚོ་སྐྱེས༴ ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེང་གེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས༴ རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །མཚོ་སྐྱེས༴ བདག་སོགས་དེང་ནས་འགྲོ་བ་ཇི་སྲིད་དུ། །བསྟན་དང་བསྟན་པའི་སྙིང་པོ་ཡོངས་རྫོགས་པ། །མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་བ་ཡིས། །མཚོ་སྐྱེས༴ མདོར་ན་མཁས་བཙུན་གྲུབ་པའི་རྣམ་ཐར་གྱིས། །རྒྱལ་བསྟན་སྤེལ་བའི་ཕྲིན་ལས་མཁའ་ཁྱབ་པའི། །བསྟན་འཛིན་དམ་པས་ས་སྟེང་ཡོངས་གང་ནས། །མཚོ་སྐྱེས༴ དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། །ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་བསྒྲེངས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་འཆི་མེད་མཚོར་འཁྲུངས་རྒྱལ་བའི་བསྟན་པ་སྔ་འགྱུར་རྙིང་མ་ཞེས་གྲགས་པ་འདི་ནི་རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཕྱི་མོ་ཡིན་ཅིང་ཟབ་གནད་ཆེ་བ་དུ་མའི་ཁྱད་ཆོས་དང་། ལྟ་སྒོམ་རྣམ་པར་དག་པ་རྒྱལ་བ་དགྱེས་པའི་ལམ་བཟང་མ་ནོར་བ་ཡིན་པ་འདི་ངོ་ཤེས་ནས་ནོར་བུ་རིན་པོ་ཆེ་བྱི་དོར་བྱས་ཏེ་རྒྱལ་མཚན་གྱི་རྩེ་ལ་མཆོད་པ་བཞིན་དུ་གང་ཟག་སྐལ་བ་དང་ལྡན་པ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་རླབས་པོ་ཆེས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་པའི་ཐུགས་ཁུར་བཞེས་པ་དང་། དེ་ལྟ་བུའི་བཞེད་པ་ཡིད་བཞིན་དུ་འགྲུབ་པའི་རྟེན་འབྲེལ་སྨོན་ཚིག་ཏུ་རྙིང་བསྟན་ལ་ལྷག་བསམ་རྣམ་པར་དཀར་བ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་གནས་དུས་རྟེན་འབྲེལ་དགེ་བར་གུང་ཐུན་ལ་ཤར་མར་བྲིས་པ་དགེ་ལེགས་འཕེལ།། །།

རྫོགས་པ་ཆེན་པོ་གཞི་ལམ་འབྲས་བུ་དབྱེར་མེད་པའི་དོན་ལ་སྨོན་པ་རིག་སྟོང་རྡོ་རྗེའི་རང་གདངས།

༈ རྫོགས་པ་ཆེན་པོ་གཞི་ལམ་འབྲས་བུ་དབྱེར་མེད་པའི་དོན་ལ་སྨོན་པ་རིག་སྟོང་རྡོ་རྗེའི་རང་གདངས་ཞེས་བྱ་བ་བཞུགས་སོ། །ཕྱོགས་བཅུ་དུས་བཞི་བདེ་གཤེགས་སྲས་བཅས་ཀྱི། །ཡེ་ཤེས་སྐུར་གྱུར་གཉིས་མེད་ཚུལ་འཆང་བ། །འཇམ་དཔལ་གཞོན་ནུ་མཉམ་པ་ཉིད་ཀྱི་ངང་། །བྱར་མེད་དོན་ལ་ལྷུན་གྱིས་གྲུབ་གྱུར་ཅིག །གདོད་མའི་མགོན་པོ་དཔལ་ལྡན་བླ་མ་ལ། །མཉམ་ཉིད་ཆོས་སྐུར་ལྟ་བའི་མོས་གུས་ཀྱིས། །དོན་རྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་འཕོས། །རིག་པ་རྩལ་གྱི་དབང་ཆེན་ཐོབ་པར་ཤོག །ཡེ་ནས་གནས་ཕྱིར་རྩོལ་བས་སྒྲུབ་པ་དང་། །དབང་པོའི་ཁྱད་པར་སོགས་ལ་མི་ལྟོས་ཀྱང་། །སླ་བས་ཡིད་མ་ཆེས་པ་སེམས་ཀྱི་གསང་། །བླ་མའི་མན་ངག་སྟོབས་ཀྱིས་མཐོང་གྱུར་ཅིག །སྤྲོས་ཤིང་དཔྱད་པ་ཀུན་རྟོག་བསྣོན་མ་སྟེ། །བཙལ་ཞིང་སྒྲུབ་པ་རང་ཉིད་ངལ་བའི་རྒྱུ། །དམིགས་ཤིང་སྒོམ་པ་ཕྱིར་ཞིང་འཆིང་བའི་གཟེབ། །ཟུག་རྔུའི་སྤྲོས་པ་ནང་ནས་ཆོད་པར་ཤོག །བསམ་བརྗོད་བྲལ་ལ་མཐོང་བ་གང་མེད་ཀྱང་། །མ་མཐོང་ལྷག་མར་གྱུར་པ་གང་ཡང་མེད། །རང་སེམས་ཁོ་ཐག་ཆོད་པ་ཟབ་མོའི་དོན། །མཚོན་པར་དཀའ་བའི་དེ་ཉིད་རྟོགས་པར་ཤོག །སྤྲོས་ཀུན་ཀ་ནས་དག་ཕྱིར་ཡོད་མཐའ་སྤངས། །རིག་གདངས་ལྷུན་གྱིས་གྲུབ་པས་མེད་མཐའ་བྲལ། །གཉིས་སུ་བརྗོད་ཀྱང་རྟོག་པས་འཇུག་ཚུལ་ཙམ། །དབྱེར་མེད་བརྗོད་བྲལ་མཉམ་པའི་དོན་མཐོང་ཤོག །འདི་ན་འཛུབ་མོས་ཟླ་བ་ཇི་བཞིན་དུ། །དང་པོར་ཡིད་དཔྱོད་ཚིག་གིས་མཚོན་བྱས་ཀྱང་། །ཆོས་ཉིད་རང་བབ་ཡིད་དཔྱོད་ཡུལ་ལས་འདས། །རང་གིས་རང་ལ་བླན་ཏེ་མཐོང་བར་ཤོག །འདི་ལ་བསལ་བར་བྱ་བ་མ་མཐོང་ཞིང་། །བཞག་སྟེ་བསྒྲུབ་པར་བྱ་བ་མ་དམིགས་པས། །དགག་སྒྲུབ་རྩོལ་བས་མ་བསླད་ཆོས་ཉིད་ངང་། །ལྷུན་གྱིས་སྒྲུབ་པའི་དོན་ལ་འཇུག་པར་ཤོག །ཤེས་བྱའི་གཞི་དང་བགྲོད་པར་བྱེད་པའི་ལམ། །ཐོབ་བྱ་འབྲས་བུའི་ཆོས་སུ་བཏགས་པ་ཡང་། །རང་བཞིན་གཤིས་ལ་ནམ་མཁའི་གོ་རིམ་འདྲ། །བྱར་མེད་དོན་ལ་ལྷུན་གྱིས་གནས་པར་ཤོག །འཁྲུལ་པས་སྒྲོ་བཏགས་མ་དག་འཁོར་བའི་ཆོས། །དེ་ལས་ལོག་པ་དག་པའི་སྣང་བ་ཡང་། །ལྟོས་ནས་བཏགས་པ་རྣམ་པར་སྤྲོས་པའི་ཆོས། །སྤྲོས་མེད་གཤིས་ལ་མི་གནས་མཐོང་གྱུར་ཅིག །བློ་བྲལ་ཆོས་ཉིད་གཤིས་ཀྱི་བཞུགས་ཚུལ་ལ། །ལྟ་དང་སྒོམ་པའི་བསླད་ཀྱིན་རྟོག་པས་བསྒྲིབས། །ཐ་མལ་གཤིས་སུ་སོན་ལ་ལྟ་སྒོམ་བྲལ། །རྣལ་མའི་དོན་ལ་བབ་ཀྱིས་གནས་གྱུར་ཅིག །གང་ལ་དམིགས་པར་བྱས་པ་ལྟ་བའི་དུག །གང་ཞིག་རྩོལ་བས་ཟིན་པ་སྒོམ་པའི་སྐྱོན། །གང་ལ་བླང་དོར་བྱ་བ་སྤྱོད་པའི་འཕྲང་། །ཟུག་རྔུ་ཀུན་བྲལ་ཆོས་ཉིད་མཐོང་བར་ཤོག །སྤྲོས་པའི་གཟེབ་ཏུ་མ་ཚུད་རིག་པའི་གདངས། །བློ་བྲལ་མངོན་སུམ་མཐོང་ལ་ཡིད་དཔྱོད་ཀྱི། །ཞགས་པས་མཁའ་ལ་མདུད་པ་མི་འདོར་བར། །རང་བཞག་རྣལ་མའི་དོན་ལ་མཁས་གྱུར་ཅིག །དེ་ཚེ་རང་རིག་གཞོན་ནུ་བུམ་པ་སྐུའི། །མཁྱེན་ཆ་རང་འོད་གསལ་བ་འཇམ་པའི་དབྱངས། །ཤེས་རབ་རང་བྱུང་སྒྲོན་མའི་སྣང་བ་ཡིས། །སྒྲིབ་པའི་མུན་པ་འཐིབ་པོ་འཇོམས་གྱུར་ཅིག །མ་བཅོས་འདུས་མ་བྱས་པའི་ཆོས་ཉིད་ལ། །བཅོས་མའི་ལམ་གྱིས་གསར་དུ་སྒྲུབ་མེད་པས། །རྒྱུ་ལས་མ་བྱུང་མཐར་ཐུག་འབྲས་བུའི་དོན། །རང་ལ་ཡེ་ནས་གནས་པ་མཐོང་བར་ཤོག །ཡིད་དཔྱོད་ཚིག་གི་སྤུན་པ་འཁྲུལ་པའི་ལམ། །ཇི་ལྟར་བྱས་ཀྱང་རྟོག་པའི་དྲྭ་བ་སྟེ། །ལུང་ལས་མ་བྱུང་རང་གིས་རིག་བྱ་བའི། །མན་ངག་ཟབ་མོ་སྙིང་ལ་བསྒོམ་པར་ཤོག །གཟུང་འཛིན་སེམས་ནི་ངོ་བོ་ཉིད་ཀྱིས་འཁྲུལ། །གང་ལྟར་དམིགས་པ་དེ་བཞིན་ཉིད་དུ་མིན། །སེམས་ལས་མ་བྱུང་རང་བྱུང་ཡེ་ཤེས་སྐུ། །ངེས་པ་དོན་གྱི་སངས་རྒྱས་འགྲུབ་པར་ཤོག །རིག་སྟོང་རིག་པའི་དབྱིངས་སུ་ཆོས་ཐམས་ཅད། །མཉམ་པ་ཉིད་གྱུར་ཐིག་ལེ་ཉག་གཅིག་ལ། །འཁོར་འདས་རེ་དོག་ཞིག་པའི་ངང་ཚུལ་དུ། །མི་གནས་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག །འདི་ལྟར་ལུས་དང་ཡུལ་དུ་སྣང་བ་ཡང་། །རབ་རིབ་བཞིན་དུ་རྟོག་པའི་དབང་གིས་སྣང་། །མི་རྟོག་ཡེ་ཤེས་ཆེན་པོའི་རང་གདངས་ཀྱིས། །ཆོས་ཟད་གདོད་མའི་དབྱིངས་སུ་སྦྱངས་གྱུར་ཅིག །དེ་ཚེ་མཁའ་དང་མཉམ་པའི་ཡེ་ཤེས་སྐུ། །ཕྱོགས་དུས་མུ་མཐའ་སྲིད་དུ་འགྲོ་ཀུན་གྱི། །ཕན་བདེའི་དོན་ཀུན་འཇོ་བའི་ཡིད་བཞིན་ནོར། །སྒྲིབ་བྲལ་འབྲས་བུའི་མཐར་ཐུག་ཐོབ་པར་ཤོག །ཅེས་པ་འདི་ནི་ཛྙཱ་ན་ཌཱ་ཀི་ནི་ཝཱ་ར་ཧིའི་རྣམ་པར་འཕྲུལ་པར་ཡོངས་སུ་གྲགས་པ་རྗེ་བཙུན་བདེ་སྐྱོང་ཡེ་ཤེས་དབང་མོས་རབ་ཚེས་མེ་ཁྱི་ཟླ་ཚེས་ཀྱི་དུས་དགེ་བར་བཀྲ་ཤིས་པའི་ལྷ་རེག་དང་། ཤེལ་དཀར་ཕྲེང་བ་རིན་པོ་ཆེའི་རྒྱན་ལྡན་བཅས་བཀའ་ཡིས་བསྐུལ་བའི་རྐྱེན་བྱས་ནས་ཚེས་དེ་ཉིད་ལ་མི་ཕམ་འཇམ་དཔལ་དགྱེས་པའམ་འོད་གསལ་རྡོ་རྗེ་ཞེས་བྱ་བའི་རྫོགས་པར་བྲིས་པ་སྟེ། རྫོགས་པ་ཆེན་པོའི་གྲུབ་མཐའི་རང་སྐད་ཐུན་མིན་རང་རྐང་ཚུགས་པར་གང་ཤར་སྨྲས་པའི་དགེ་བས་འགྲོ་ཀུན་གདོད་མའི་མགོན་པོ་འཇམ་དཔལ་གཞོན་ནུའི་གོ་འཕང་ཐོབ་པར་གྱུར་ཅིག།

འཕགས་པ་བཀྲ་ཤིས་བརྩེགས་པ།

འཕགས་པ་བཀྲ་ཤིས་བརྩེགས་པའི་མདོ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྱ་མངྒ་ལ་ཀཱུ་ཊ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་བོ་མཆོག་གི་གནས། བཀྲ་ཤིས་བརྩེགས་པའི་ཕོ་བྲང་། མེ་ཏོག་བརྩེགས་པའི་ཚལ། རྡོ་རྗེ་བརྩེགས་པའི་གུར་ཁང་། རིན་ཆེན་སྤུངས་པའི་ཁྲི། གེ་སར་པདྨའི་གདན་ལ་བཞུགས་ཏེ། བཀྲ་ཤིས་པའི་འཁོར་མང་པོ་དང་ལྡན་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་རྩ་བརྒྱད་ཀྱིས་བསྐོར་བ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་བཀྲ་ཤིས་མཆོག་དང་། བྱང་ཆུབ་སེམས་དཔའ་བཀྲ་ཤིས་སྡུད་དང་། བྱང་ཆུབ་སེམས་དཔའ་བཀྲ་ཤིས་རྒྱན་དང་། བྱང་ཆུབ་སེམས་དཔའ་བཀྲ་ཤིས་ཀུན་ཏུ་གཟིགས་དང་། བྱང་ཆུབ་སེམས་དཔའ་བཀྲ་ཤིས་ཡོངས་སུ་ཁྱབ་པ་དང་། བཀྲ་ཤིས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་། བཀྲ་ཤིས་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། བཀྲ་ཤིས་བྱང་ཆུབ་སེམས་དཔའ་རླུང་གི་སྙིང་པོ་དང་། བཀྲ་ཤིས་བྱང་ཆུབ་སེམས་དཔའ་མེའི་སྙིང་པོ་དང་། བཀྲ་ཤིས་བྱང་ཆུབ་སེམས་དཔའ་ཆུའི་སྙིང་པོ་དང་། བཀྲ་ཤིས་བྱང་ཆུབ་སེམས་དཔའ་རྡོའི་སྙིང་པོ་དང་། བཀྲ་ཤིས་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་སྙིང་པོ་དང་། བཀྲ་ཤིས་བྱང་ཆུབ་སེམས་དཔའ་བཀོད་པ་མཐའ་ཡས་དང་། དེ་བཞིན་དུ་རྣམ་པར་གཟིགས་དང་། བློ་གྲོས་མཆོག་དང་། འོད་དཔག་མེད་དང་། ཚེ་དཔག་མེད་དང་། སངས་རྒྱས་འོད་སྲུངས་དང་། བཀྲ་ཤིས་དམ་པའི་ཏོག་ཅན་དང་། བཀྲ་ཤིས་མཐུ་སྟོབས་དང་ལྡན་པ་ལག་ན་རྡོ་རྗེ་དང་། བཀྲ་ཤིས་མཁྱེན་པ་དང་ལྡན་པ་འཇམ་དཔལ་དང་། བཀྲ་ཤིས་ཐུགས་རྗེ་དང་ལྡན་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཤཱ་རིའི་བུ་དང་རབ་འབྱོར་ལ་སོགས་པའི་བཀྲ་ཤིས་པའི་འཁོར་སྟོང་རྩ་བརྒྱད་དང་། གཞན་ཡང་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་གྲུལ་བུམ་དང་། མི་དང་མི་མ་ཡིན་པའི་ཚོགས་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་དེའི་དུས་ན་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་བསྐོར་བ་མང་དུ་མཛད་དེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཀྲ་ཤིས་དང་ལྡན་པའི་འཁོར་མང་པོ་བཞུགས་པའི་སྐབས་འདིར་ཐོག་མར་བཀྲ་ཤིས་ཤིང་དགེ་བ། བར་དུ་བཀྲ་ཤིས་ཤིང་དགེ་བ། ཐ་མར་བཀྲ་ཤིས་ཤིང་དགེ་བ། བཀྲ་མི་ཤིས་པ་ཐམས་ཅད་ཞི་བར་བྱེད་པ། བཀྲ་ཤིས་པ་ཐམས་ཅད་ཡོངས་སུ་འདུ་བར་བྱེད་པ། ཉེས་སྐྱོན་སེལ་བ་ལེགས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་འདུ་བར་བྱེད་པ། དཔལ་དང་སྐལ་པ་བཟང་པོར་བྱེད་པའི་མདོ་ཞིག་བསྟན་དུ་གསོལ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་གཞན་ཡང་བཀྲ་ཤིས་དང་ལྡན་པའི་འཁོར་རྣམས་ཉོན་ཅིག །ངས་སྔོན་བྲམ་ཟེའི་ལུས་ཀྱིས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་ཚེ་ལོ་སྟོང་ཐུབ་པའི་ཚེ། ཡང་དག་པར་རྫོགས་པའི་སངས་རྒྱས་བཀྲ་ཤིས་ཐམས་ཅད་འབྱུང་བའི་དཔལ་གཟི་བརྗིད་ཅེས་བྱ་བ་ལ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཡོན་ཏན་སྟོང་ལྡན་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ཏེ། བཟུང་ཞིང་བཅངས་ཏེ་བཀླགས་ཤིང་བཤད་དེ། འཇིག་རྟེན་གྱི་ཁམས་འདི་ལ་ལེགས་ཉེས་ཀྱི་དབང་གིས་བཀྲ་མི་ཤིས་པའི་རྟགས་མང་དུ་བྱུང་སྟེ། དུས་ཚོད་ཉེས་པ་དང་། སྐྱེ་བ་ཉེས་པ་དང་། ལོ་ཟླ་མི་ཤིས་པ་ལ་སོགས་པ་དང་། ལས་བྱ་ཉེས་པ་དང་། ཟས་ཟ་ཉེས་པ་དང་། གོས་བཙེམ་ཉེས་པ་དང་། ཁྱིམ་དབུབས་ཉེས་པ་དང་། གྲོགས་བཙལ་ཉེས་པ་དང་། ནོར་བསྲེལ་ཉེས་པ་དང་། རྟ་ཕྱུགས་བསྲེལ་ཉེས་པ་དང་། ན་ཉེས་པ་དང་། ཤི་ཉེས་པ་དང་། ལམ་དུ་འཇུག་ཉེས་པ་དང་། རོ་དྲངས་ཉེས་པ་དང་། གཤིད་བྱ་ཉེས་པ་དང་། དུར་གདབ་ཉེས་པ་ལ་སོགས་ཏེ་བཀྲ་མི་ཤིས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། བཀྲ་ཤིས་པ་ཐམས་ཅད་རབ་ཏུ་འདུ་བར་བྱེད་པ། ཉེས་སྐྱོན་ཐམས་ཅད་རབ་ཏུ་སེལ་བ། ལེགས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་འདུ་བར་བྱེད་པ། དཔལ་དང་སྐལ་པ་བཟང་པོར་གྱུར་པ། ཐོག་མཐའ་བར་དུ་དགེ་བ། བསོད་ནམས་ཐམས་ཅད་ཡོངས་སུ་སྡུད་པ། བཀྲ་ཤིས་ཀྱི་ཚོགས་ཐམས་ཅད་འཆར་ཞིང་ཤེས་པ། སྡིག་སྒྲིབ་ཐམས་ཅད་མེད་པར་འཕགས་པ། བཀྲ་ཤིས་བརྩེགས་པ་ཆེན་པོའི་མདོ་ངས་ཁྱོད་ལ་བསྟན་གྱིས། འདི་ཐོས་སམ་བརྩམས་ཤིང་བརྗོད་པ་ཙམ་གྱིས། བཀྲ་མི་ཤིས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། མོ་ངན་པ་དང་། རྨི་ལྟས་ངན་པ་དང་། པྲ་རྟགས་ངན་པ་དང་། ལྟས་ངན་པ་ཐམས་ཅད་ཟློག་པར་བྱེད་པའི་མདོ་སྡེ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། སྨན་པ་དང་བདེ་བའི་ཕྱིར་ཁྱོད་ལ་ངས་བསྟན་གྱིས། རབ་ཏུ་ཉོན་ལ་ཡིད་ལ་ཆོངས་ཤིག་ཅེས་བཀའ་སྩལ་ཏོ། །དེ་ལ་འཇལ་དཔལ་གྱིས་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་བཀྲ་མི་ཤིས་པ་ཐམས་ཅད་ཟློག་པར་བྱེད་པའི་དོན་དུ། བཀྲ་ཤིས་བརྩེགས་པ་ཞེས་བྱ་བའི་མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་པོ་ཆོས་ཀྱི་ཕུང་པོ་དེ་བདག་ཅག་རྣམས་ལ་བཤད་དུ་གསོལ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གཞན་ཡང་བཀྲ་ཤིས་དང་ལྡན་པའི་འཁོར་དག་སྐྱེ་འགྲོ་མཐའ་དག་ལ་ལས་དང་། བསོད་ནམས་འཕེལ་ཤུགས་ཀྱིས་བཀྲ་ཤིས་པ་དང་བཀྲ་མི་ཤིས་པ་གཉིས་སུ་བྱུང་སྟེ། སེམས་ཅན་གྱི་ནང་ནས་ཀྱང་མིའི་རིགས་སུ་གྱུར་པ་ལ། བཀྲ་མི་ཤིས་པའི་རྟགས་ནི་ཀླག་ཉེས་པ་དང་། བྲི་ཉེས་པ་དང་། བཤད་ཉེས་པ་དང་། སྒོམ་ཉེས་པ་དང་། སྐྱེས་མ་ཐག་ཏུ་འཆི་བ་དང་། དམུས་ལོང་ཅན་དང་། ཤ་བཀྲ་ཅན་དང་། གླང་ཤ་ཤ་རོ་དང་། ཤོ་རེ་དྭ་སྒལ་ཞར་སྒུར་དང་། གཟི་མིག་དྲུག་ལག་གདོང་སྨེ་ཅན། ལྦ་བ་ཤ་ལྷག་ཤ་མཚན་དང་། གཙུག་ངན་པ་དང་ཤ་འཛེར་ཅན། ཡན་ལག་ཆད་ལྷག་བྱུང་བ་རྣམས་བཀྲ་མི་ཤིས་པའི་སྐྱོན་ཡིན་ཏེ། དེ་བཞིན་ཕྱུགས་དང་སྒོ་ཁྱི་དང་ཞིང་ཁང་ནོར་རྫས་ཀུན་ལ་ཡང་། བཀྲ་མི་ཤིས་པའི་སྐྱོན་མང་དུ་བྱུང་སྟེ། དེའི་མཚན་མ་ངན་པ་དང་། རྟགས་སོགས་བཀྲ་མི་ཤིས་པ་ཀུན། ཐམས་ཅད་ཟློག་ཅིང་བསྒྱུར་བ་སྟེ། ཉེས་སྐྱོན་མེད་པར་བྱ་བའི་ཕྱིར་བཀྲ་ཤིས་དོན་གྱི་ལྷ་ལྔ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་མཆོག་གི་ལྷ་ཕྱོགས་སྐྱོང་མགོན་པོ་རྣམས་ལ་ཕྱག་འཚལ་ལོ། །བཀྲ་ཤིས་པར་བྱེད་པའི་སྔགས་བརྗོད་པར་བྱའོ། །སྱཱད་ཡ་ཐེ་ངན་བྷི་ཛྙཱ་ཡེ་བྷི་ཛྙཱ་ཡེ། ཨུག་གེ་ཨུག་གི་སྭསྟི་ཀྲ་པ་ཏི། ཨུ་མུ་ཁྷི་པྲ་སྭ་ར་དྭ། སྭསྟི་སྭསྟི་བྲུཾ་བྲུཾ་བྲུཾ་པྲ་ཧ་ཀྵེ། མུ་ནེ་མུ་ནེ། གུ་ར་ནེ་གུ་ར་ནེ། ཨ་ཁེ་མུ་ཁེ། མུ་ར་ཀེ་མུ་ར་ཀེ། ཨ་མ་ཏི་གུ་ར་ན་ཡ། སྭསྟི་སྭསྟི་སྭསྟི། གུ་ལེ་མུ་ལེ། ཀེ་ཤེ་ཀེ་ཤེ། ཙུ་ར་ན་ཙུ་ར་ན། བྷིར་མ་ལེ་སྭཱ་ཧཱ། ཞེས་ཚིག་འདི་རབ་ཏུ་བརྗོད་དོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །ཕྱག་འཚལ་སྐྱབས་གསོལ་ཤིས་གྱུར་ཅིག །ཕྱི་ནང་གསང་བའི་བཀྲ་ཤིས་རྣམས། །དེང་འདིར་འབྱུང་ཞིང་འབབ་གྱུར་ཅིག །ཕྱི་རུ་བཀྲ་ཤིས་ནམ་མཁའ་དག་པའི་མཁའ། །ནང་དུ་བཀྲ་ཤིས་སེམས་ཉིད་དག་པའི་ཀློང་། །གསང་བའི་བཀྲ་ཤིས་ཆོས་ཉིད་དག་པའི་དབྱིངས། །མཁའ་ཀློང་དབྱིངས་གསུམ་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གནམ་ལ་བཀྲ་ཤིས་ཉི་ཟླ་གཉིས། །གཟའ་སྐར་མང་པོའི་ཚོགས་ཀྱིས་བསྐོར། །ས་ལ་བཀྲ་ཤིས་འབྱུང་བ་ལྔ། །མེ་ཆུ་ས་རླུང་ཚོགས་ཀྱིས་བསྐོར། །བར་ན་བཀྲ་ཤིས་དཀོན་མཆོག་གསུམ། །ཕྱོགས་བཅུའི་སངས་རྒྱས་ཚོགས་ཀྱིས་བསྐོར། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ན་མོ་བུད་དྷཱ་ཡ། ན་མོ་དྷརྨཱ་ཡ། ན་མསྶངྒྷ་ཡ། གནམ་ས་བར་གྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དབུས་ན་བཀྲ་ཤིས་དོན་གྱི་ལྷ། །རྣམ་པར་སྣང་མཛད་བཀྲ་ཤིས་དོན་གྱི་ལྷ། །རྣམ་པར་སྣང་མཛད་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཤར་ན་བཀྲ་ཤིས་དོན་གྱི་ལྷ། །རྡོ་རྗེ་སེམས་དཔའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལྷོ་ན་བཀྲ་ཤིས་དོན་གྱི་ལྷ། །རིན་ཆེན་འབྱུང་གནས་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ནུབ་ན་བཀྲ་ཤིས་དོན་གྱི་ལྷ། །སྣང་བ་མཐའ་ཡས་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བྱང་ན་བཀྲ་ཤིས་དོན་གྱི་ལྷ། །དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ༀ་བུད་དྷཱ་ཡ་དྷཱུ། ༀ་བཛྲ་ཡ་དྷུ། ༀ་རཏྣཱ་ཡ་དྷུ། ༀ་པདྨཱ་ཡ་དྷུ། ༀ་ཀརྨཱ་ཡ་དྷུ། བདག་དང་སྐལ་ལྡན་རིགས་ཀྱི་བུ། །དེང་གི་རྒྱུ་སྦྱོར་ཡོན་གྱི་བདག །སངས་རྒྱས་རྣམས་ཀྱིས་བྱིན་བརླབས་ནས། །བཀྲ་ཤིས་དམ་པའི་མདོ་སྡེ་འདི། །ང་ཡིས་བརྗོད་པའི་བསོད་ནམས་ཀྱིས། །ནམ་མཁའ་ལྟ་བུར་ཀུན་ཁྱབ་ཅིང་། །ཉི་ཟླ་ལྟ་བུར་ཀུན་གསལ་ཏེ། །སྐར་ཚོགས་ལྟ་བུར་གྲངས་མང་ཞིང་། །སྤྲིན་ཚོགས་ལྟ་བུར་ལྷུན་གྲུབ་སྟེ། །འཇའ་ཚོན་ལྟ་བུར་མཛེས་སྡུག་ཅིང་། །རི་རབ་ལྟ་བུར་བརྟན་བརྗིད་ཆེ། །ས་གཞི་ལྟ་བུར་ཀུན་བསྐྱེད་ཅིང་། །རྒྱ་མཚོ་ལྟ་བུར་གཏིང་ཟབ་པའི། །ལྗོན་ཤིང་ལྟ་བུར་འདབ་རྒྱས་ཏེ། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །དགོས་འདོད་བཀྲ་ཤིས་ཆར་ལྟར་འབབ་གྱུར་ཅིག །ༀ་ཨཱཿཧཱུཾ། རཏྣ་བྲུཾ་ནི་ཨ། བཀྲ་ཤིས་པར་གྱུར་ཅིག །དམིགས་པ་མེད་པ་སྦྱིན་པའི་ཕ་རོལ་ཕྱིན། །སྦྱིན་པ་ཆེན་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འཆལ་པ་མེད་པ་ཚུལ་ཁྲིམས་ཕ་རོལ་ཕྱིན། །ཚུལ་ཁྲིམས་ཆེན་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བྱུང་ཚོར་མེད་པ་བཟོད་པའི་ཕ་རོལ་ཕྱིན། །བཟོད་པ་ཆེན་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལེ་ལོ་མེད་པ་བརྩོན་འགྲུས་ཕ་རོལ་ཕྱིན། །བརྩོན་འགྲུས་ཆེན་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འགྱུར་ལྡོག་མེད་པ་བསམ་གཏན་ཕ་རོལ་ཕྱིན། །བསམ་གཏན་ཆེན་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གང་ཡང་མ་འགགས་ཐབས་ཀྱི་ཕ་རོལ་ཕྱིན། །ཐབས་ཆེན་མཆོག་གི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །མ་ཆགས་ཐོགས་མེད་སྟོབས་ཀྱི་ཕ་རོལ་ཕྱིན། །སྟོབས་ཆེན་ཤུགས་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རེ་དོགས་མེད་པ་སྨོན་ལམ་ཕ་རོལ་ཕྱིན། །སྨོན་ལམ་ཆེན་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འཁྲུལ་པ་མེད་པ་ཤེས་རབ་ཕ་རོལ་ཕྱིན། །ཤེས་རབ་ཆེན་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཕ་རོལ་ཕྱིན་བཅུའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བདེ་ལེགས་ཐམས་ཅད་མྱུར་ཐོབ་ཤོག །ༀ་སྭསྟི། ཏདྱ་ཐཱ། ག་ཏེ་ག་ཏེ། པཱ་ར་ག་ཏེ། པཱ་ར་སངྒ་ཏེ་བོ་དྷི་སྭཱ་ཧཱ། མ་ཆགས་ཐོགས་མེད་འཁོར་ལོ་རིན་པོ་ཆེ། །འཁོར་ལོ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐེག་ཆེན་སྟོབས་ལྡན་གླང་པོ་རིན་པོ་ཆེ། །གླང་པོ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅང་ཤེས་ཤུགས་ལྡན་རྟ་མཆོག་རིན་པོ་ཆེ། །རྟ་མཆོག་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེག་འདིར་བདེ་ལེགས་ཤོག །ཀུན་ལ་དབང་སྒྱུར་བློན་པོ་རིན་པོ་ཆེ། །བློན་པོ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོག་རྟོག་དཔུང་འཇོམས་དམག་དཔོན་རིན་པོ་ཆེ། །དམག་དཔོན་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐམས་ཅད་ཀུན་བསྐྱེད་བཙུན་མོ་རིན་པོ་ཆེ། །བཙུན་མོ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་མ་ཐག་ཏུ་བདག་ཅག་བདེ་ལེགས་ཤོག །བསམ་འཕེལ་དོན་གྲུབ་ནོར་བུ་རིན་པོ་ཆེ། །ནོར་བུ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ༀ་བྷེ་ཤི་ཏི། རཏྣ་ན་བྷེ་ཤི་ཏི། ས་མ་མུད་ག་ཏི་སེ་སྭཱ་ཧཱ། ༀ་བརྱ་སུ་ལེ་བྷྲ་མ་ཁྲཾ་ཙེ། སྨྲ་ར་ཙྪེ་ད་ནཱ་ཉྪེ་སྭཱ་ཧཱ། ན་མོ་དབུ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབ། །སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག །གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ། །ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་གསལ། །སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ། །ལྗགས་ལ་བཀྲ་ཤིས་པདྨོ་ལོ་འདབ་རྒྱས། །མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ། །ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག །ཞབས་ལ་བཀྲ་ཤིས་འཕྲིན་ལས་འཁོར་ལོ་ལྔ། །བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག །རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ། །དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཕོབ། །བཀྲ་ཤིས་དེས་ཀྱང་རྟག་ཏུ་བདེ་ལེགས་ཤོག །ༀ་སརྦ་ཨཱ་ཡུརྫྙཱན་རཏ་ན་ཧ་མུ་ཀི། བྲུཾ་བྲུཾ་བྲུཾ། ཧཱུཾ་ཧཱུཾ་ཧཱུཾ། སྭསྟི། སངས་རྒྱས་ཞལ་ནས་གསུངས་པ་ཡི། །བཀྲ་ཤིས་བརྩེགས་པའི་སྨོན་ལམ་མདོ། །ཚེ་འདིར་བདེ་སྐྱིད་ཚེ་རིང་ཞིང་། །བཀྲ་ཤིས་དཔལ་དང་ལོངས་སྤྱོད་ཐོབ། །བསོད་ནམས་ཕུན་སུམ་ཚོགས་ལྡན་འཐོབ། །ཕྱི་མ་བླ་མེད་རྫོགས་སངས་རྒྱས། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། བཀྲ་ཤིས་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པ་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས། དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་དོ། །དེའི་ཚེ་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་བ། བཅོམ་ལྡན་འདས་ཀྱི་མདོ་སྡེ་འདིའི་ཇི་ལྟར་ལས་ཆོ་ག་དང་ལྡན་པར་བགྱི། དེའི་ཆོ་ག་ནི་ཇི་ལྟར་བགྱི་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདིའི་ཆོ་ག་ནི་དཀོན་མཆོག་གི་ཕོ་བྲང་བཞེང་བ་དང་། ལྷ་ཁང་བཞེང་བ་དང་། གཙུག་ལག་ཁང་བཞེང་བ་དང་། མཆོད་རྟེན་བཞེང་བ་དང་། འབུམ་པ་བཞེང་བ་དང་། སྐུ་གདུང་དང་། གསུང་རབ་དང་། གླེགས་བམ་ལ་རབ་གནས་བྱེད་པ་དང་། ཡུལ་མཁར་གང་དུ་རྩིག་པ་དང་། ཁང་ཁྱིམ་གསར་པ་འབུབས་པ་དང་། བུ་ཁྱེའུ་བཙས་པ་དང་། བག་མ་གཏོང་ལེན་བྱེད་པ་དང་། རོ་འདོན་པ་དང་། གཤིད་བྱེད་པ་དང་། དུར་གདབ་པ་དང་། བཀྲ་མི་ཤིས་པ་དང་ལྟས་ངན་པ་དག་ཟློག་པར་བྱེད་པ། སྒྱུར་བར་བྱེད་པ་འདི་ནི་ཁ་ཟས་གཙང་ཞིང་རོ་བྲོ་བར་བྱེད་པའམ། ནས་འབྲས་ཏིལ་ལ་སོགས་པའི་འབྲུ་སྣ་ལྔའམ། ཤིང་ཐོག་གམ། འབྲུ་བཅུད་དམ། སྦྲང་རྩིའམ། འབྲང་རྒྱས་ལྟ་བུ་ལ་བརྗོད་པར་བྱའོ། །དེའི་ཕན་ཡོན་ནི་བཀྲ་མི་ཤིས་པ་ཐམས་ཅད་རབ་ཏུ་ཞི་ནས། ཚེ་འདིར་བཀྲ་ཤིས་ཀུན་ལྡན་ཞིང་། །བླ་མེད་འབྲས་བུ་ཐོབ་ཅེས་བཀའ་སྩལ་ཏོ། །སྐུ་ཡི་བཀྲ་ཤིས་སྐྱེ་མེད་ཆོས་ཀྱི་སྐུ། །གསུང་གི་བཀྲ་ཤིས་དམ་ཆོས་བདུད་རྩིའི་སྒྲ། །ཐུགས་ཀྱི་བཀྲ་ཤིས་མཉམ་ཉིད་འཁྲུལ་པ་མེད། །ཡོན་ཏན་བཀྲ་ཤིས་འགྲོ་དྲུག་གནས་ནས་འདྲེན། །འཕྲིན་ལས་བཀྲ་ཤིས་རྩོལ་མེད་ལྷུན་གྱིས་གྲུབ། །ཉིན་ཡང་བཀྲ་ཤིས་མཚན་ཡང་བཀྲ་ཤིས་ཤོག །ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ད་ལྟར་བྱུང་རྣམས་བདེ་ལེགས་ཤོག །ཀུན་ཀྱང་བདེ་སྐྱིད་མཆོག་ཐོབ་ཤོག །ༀ་སྐཾ་ཀ་ར་སྐཾ་ཀ་ར་ནིར་གད་ཙ་ཏ། ཨཱོཾ་སྭསྟི། འཕགས་པ་བཀྲ་ཤིས་བརྩེགས་པ་ཆེན་པོའི་མདོ་ལས་ཆོ་ག་དང་བཅས་པ་རྫོགས་སོ། །

བཀྲ་ཤིས་ཀྱི་ཆོ་ག་དཔལ་གྱི་བེའུ།

༈ བཀྲ་ཤིས་ཀྱི་ཆོ་ག་དཔལ་གྱི་བེའུ་བཞུགས་སོ། །ༀ། སྣང་སྲིད་རྣམ་དག་ཆོས་དབྱིངས་གཞལ་ཡས་སུ། །རང་བྱུང་ཡེ་ཤེས་འཇམ་དཔལ་གཞོན་ནུའི་སྐུ། །ཡིད་འོང་ཉི་མ་འཆར་ཀའི་ལང་ཚོ་ཅན། །དང་པོའི་ཕྱག་གཉིས་རལ་གྲི་ཨུཏྤ་ལ། །ཟེའུ་འབྲུར་རྡོ་རྗེས་མཚན་པའོ། །ཐ་མའི་ཕྱག་གཉིས་ནོར་བུ་བུམ་བཟང་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །རབ་མཛེས་པདྨ་ཟླ་བའི་གདན་སྟེང་ན། །དཔག་བསམ་ཤིང་ལ་སྐུ་རྒྱབ་བརྟེན་ནས་བཞུགས། །བཀྲ་ཤིས་ལྷ་མོ་བརྒྱད་ལ་སོགས་པ་ཡི། །རབ་འབྱམས་མཆོད་པའི་སྤྲིན་གྱིས་མཁའ་དབྱིངས་འགེངས། །དྲན་པ་ཙམ་གྱིས་ཕུན་ཚོགས་དཔལ་ཡོན་ཀུན། །ཡིད་བཞིན་ལེགས་པར་སྩོལ་བའི་བདག་ཉིད་ལ། །མ་ལུས་ཕྱོགས་དུས་ཞིང་གི་རྒྱལ་བ་དང་། །རྒྱལ་བའི་སྲས་བཅས་ཏིལ་གང་ལྟར་བཞུགས་པའི། །མེ་ཏོག་ཆར་འབེབས་ཤིས་པའི་གླུ་དབྱངས་སྒྲོགས། །ཡེ་ཤེས་འོད་ཟེར་སྣང་བས་མཁའ་ཁྱབ་གསལ། །ཨེ་མ་ཧོ། རང་བྱུང་ཐུགས་རྗེའི་བདག་ཉིད་བཅོམ་ལྡན་འདས། །མཁྱེན་བརྩེ་ནུས་པ་མཚུངས་མེད་རྡོ་རྗེའི་སྐུ། །མ་ལུས་འགྲོ་བའི་གཏན་གྱི་མགོན་གྱུར་པ། །སྐྱབས་མཆོག་དམ་པ་བདག་ལ་དགོངས་སུ་གསོལ། །ཁྱོད་ནི་རང་བྱུང་ཡེ་ཤེས་བདེ་བ་ཆེ། །མ་ལུས་ཆོས་ཀུན་ཁྱོད་ཀྱི་ངང་གྱུར་ཀྱང་། །མི་ཤེས་རྒུད་པས་མནར་བ་བདག་ཅག་ལ། །དེང་ནས་རྟག་པ་དམ་པའི་མཆོག་སྩོལ་ཅིག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་བླ་མེད་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ་མཚན་ལྡན། །དབུགས་འབྱིན་ཆེན་པོ་དགའ་སྟོན་རྒྱ་ཆེ་བ། །དགའ་ཆེན་རོལ་མོ་ཆེན་པོས་དབུགས་དབྱུང་སྩོལ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག་གྱུར་པ། །མཆོག་སྦྱིན་རྡོ་རྗེས་བདག་ལ་མཆོག་སྩོལ་ཞིང་། །དེ་བཞིན་གཤེགས་པ་ཀུན་གྱི་ཡེ་ཤེས་སྐུས། །ཡེ་ཤེས་རྡོ་རྗེའི་དབང་བསྐུར་བདག་ལ་སྩོལ། །འདོད་འབྱུང་ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །དཔག་བསམ་ཤིང་ཆེན་རྒྱས་པ་འགྲོ་ཀུན་གསོས། །ཁྱབ་བདག་རིན་ཆེན་ཀུན་མཆོག་དབུལ་བ་སེལ། །བུམ་བཟང་ཆེ་མཆོག་བདག་ལ་དཔལ་གྱུར་ཅིག །དེང་ནས་བླ་མེད་བྱང་ཆུབ་མ་ཐོབ་པ། །ཚེ་རབས་ཀུན་ཏུ་ཁྱོད་ཀྱིས་རྗེས་བཟུང་སྟེ། །མི་བདེ་རྒུད་པ་ཐམས་ཅད་རྒྱུན་ཆད་ནས། །དཔལ་དང་སྐལ་བཟང་བཀྲ་ཤིས་བདེ་ལེགས་མཛོད། །ཅེས་པའང་རབ་ཚེས་མེ་སྤྲེལ་ཟླ་༧ཚེས་༧ལ་མི་ཕམ་འཇམ་དཔལ་དགྱེས་པས་བྲིས་པ་མངྒ་ལཾ།། ༈ བཀྲ་ཤིས་མཆོག་གྲུབ་ཅེས་བྱ་བ་བཞུགས་སོ། །ༀ། དབུས་ཀྱི་ཕྱོགས་ན་བཀྲ་ཤིས་ལྷ་ཡི་མཆོག་གྱུར་པ། །དཔལ་ལྡན་རྣམ་པར་སྣང་མཛད་ཡེ་ཤེས་གངས་ཆེན་མཚོ། །རྟག་ཏུ་ཏིང་འཛིན་མི་གཡོ་ཕྱག་ན་འཁོར་ལོ་བསྣམས། །དེས་ནི་དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག་གྱུར་ཅིག །ཧཱུྃ། ཤར་གྱི་ཕྱོགས་ན་བཀྲ་ཤིས་ལྷ་ཡི་མཆོག་གྱུར་པ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་རྡོ་རྗེ་བདེ་བའི་མཆོག །བདུད་བཞི་རབ་ཏུ་འཇོམས་མཛད་ཕྱག་ན་རྡོ་རྗེ་བསྣམས། །དེས་ནི་དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག༴ སྭཱ། ལྷོ་ཡི་ཕྱོགས་ན་བཀྲ་ཤིས་ལྷ་ཡི༴ རྒྱལ་བ་རིན་ཆེན་འབྱུང་ལྡན་དགོས་འདོད་ཀུན་གྱི་གནས། །ཡིད་བཞིན་རེ་བ་སྐོང་བས་ཕྱག་ན་རིན་ཆེན་བསྣམས། །དེས་ནི་དེང་འདིར་ཁྱོད་ལ༴ ཨཱཿ ནུབ་ཀྱི་ཕྱོགས་ན་བཀྲ་ཤིས་ལྷ་ཡི་མཆོག་གྱུར་པ། །བདེ་གཤེགས་སྣང་བ་མཐའ་ཡས་བདེ་བ་ཆེན་པོའི་སྐུ། །ཀུན་ནས་མཆོག་ཏུ་ཡིད་འོང་ཕྱག་ན་པདྨ་བསྣམས། །དེས་ནི་དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག༴ ཧཱཿ བྱང་གི་ཕྱོགས་ན་བཀྲ་ཤིས་ལྷ༴ སངས་རྒྱས་དོན་ཡོད་གྲུབ་པ་ཕྲིན་ལས་ལྷུན་གྲུབ་དཔལ། །ཐོགས་མེད་བྱ་བ་གྲུབ་མཛད་ཕྱག་ན་རལ་གྲི་བསྣམས། །དེས་ནི་དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག་གྱུར་ཅིག ༈ །ཕྱག་ན་ཨུཏྤལ་བསྣམས་པ་ཡིད་འོང་དོན་གྲུབ་པ། །གཞོན་ནུའི་སྐུ་སྟེ་ཉེས་པའི་དྲི་མ་ཐམས་ཅད་སྤངས། །འཇིག་རྟེན་ཀུན་ན་དཔལ་གྱུར་ཐམས་ཅད་ཀུན་ཀྱི་དཔལ། །འཇམ་དཔལ་གཞོན་ནུས་ཁྱོད་ལ་བཀྲ་ཤིས་མཛད་གྱུར་ཅིག །ཕྱག་ན་པདྨ་བསྣམས་པ་ས་གསུམ་མགོན་གཅིག་པུ། །འཇིག་དང་སྡུག་བསྔལ་ཀུན་སེལ་ཀུན་ཏུ་བདེ་མཛད་ཅིང་། །སྙིང་རྗེའི་ཐུགས་ལྡན་པདྨ་རྒྱས་པའི་སྤྱན་མངའ་བ། །སྤྱན་རས་གཟིགས་ཀྱིས་ཁྱོད་ལ༴ ཕྱག་ན་རྡོ་རྗེ་བསྣམས་པ་བགེགས་ཀུན་མཐར་བྱེད་ཅིང་། །འབར་བའི་མེ་ལྕེ་ཅན་ཏེ་བདུད་ཀྱི་ཡུལ་ཀུན་སྲེག །འཇིག་རྟེན་གསུམ་ལས་རྣམ་རྒྱལ་སྲིད་པ་ཡོངས་ཀྱི་མགོན། །རྡོ་རྗེ་འཛིན་པས་ཁྱོད་ལ༴ ཕྱག་ན་ཀླུ་ཤིང་བསྣམས་པ་བྱམས་པའི་སྤྲིན་ཆེན་གྱིས། །མཁའ་དབྱིངས་ཀུན་ཁྱབ་དམ་ཆོས་ཆར་ཆེན་རྟག་ཏུ་འབེབས། །དགེ་བའི་ལོ་ཏོག་སྨིན་པས་ས་གསུམ་རབ་དགའ་བ། །བྱམས་པ་མགོན་པོས་ཁྱོད་ལ༴ ཕྱག་ན་རལ་གྲི་བསྣམས་པ་ནམ་མཁའ་ལྟ་བུའི་སྐུ། །ནམ་མཁའི་དབྱིངས་ཀུན་དྲི་ཞིམ་འོད་ཟེར་དྲྭ་བས་ཁྱབ། །སྡིག་ལྟུང་མུན་པ་ཀུན་འཇོམས་ཕན་བདེའི་སྣང་བ་འགྱེད། །ནམ་མཁའི་སྙིང་པོས་ཁྱོད་ལ༴ ཕྱག་ན་ནོར་བུ་བསྣམས་པ་སྲིད་ཞིའི་དཔལ་གྱུར་སྐུ། །ཕུན་ཚོགས་བདེ་བའི་འབྱུང་གནས་ཡོན་ཏན་ཀུན་གྱི་ས། །མ་ལུས་འདོད་པ་ཐམས་ཅད་ཡིད་བཞིན་སྩོལ་མཛད་པ། །ས་ཡི་སྙིང་པོས་ཁྱོད་ལ༴ ཕྱག་ན་ཟླ་བ་བསྣམས་པ་ཉོན་མོངས་གདུང་སེལ་ཞིང་། །སྲིད་པའི་རབ་རིབ་ཀུན་འཇོམས་སྒྲིབ་པའི་དྲི་མ་སེལ། །ཡེ་ཤེས་སྣང་བ་རབ་སྦྱིན་ཆོས་ཀྱི་ཆར་འབེབས་པ། །སྒྲིབ་ཀུན་སེལ་བས་ཁྱོད་ལ༴ ཕྱག་ན་ཉི་མ་བསྣམས་པ་མཁའ་ལྟར་ཁྱབ་པའི་སྐུ། །ཡེ་ཤེས་སྣང་བའི་འོད་ཟེར་ཆོས་དབྱིངས་རྒྱས་པར་འགེངས། །སངས་རྒྱས་ཆོས་དང་འཕགས་པའི་རྒྱལ་མཚན་མཆོག་གྱུར་པ། །ཀུན་ཏུ་བཟང་པོས་ཁྱོད་ལ་བཀྲ་ཤིས་མཛད་གྱུར་ཅིག ༈ །མ་ལུས་ཆོས་ཀུན་ཆོས་ཀྱི་དབྱིངས་ཉིད་དེ། །ཆོས་དབྱིངས་ཇི་སྙེད་རྒྱལ་བའི་ཡེ་ཤེས་སྐུ། །ཀུན་ཀྱང་ཁྱོད་ལ་དགེ་ལེགས་ཆེན་པོ་ཡི། །དབང་བསྐུར་དགོངས་པས་བཀྲ་ཤིས་མཛད་གྱུར་ཅིག །རིགས་ཀྱི་འཁོར་ལོས་སྒྱུར་བ་ཆེན་མོ་ནི། །སྤྱན་ལ་སོགས་པས་རིན་ཆེན་བུམ་པ་ནས། །བདུད་རྩིའི་ཆུ་རྒྱུན་གཙུག་ཏུ་འབེབས་པ་ཡིས། །ཁྱོད་ལ་དེང་འདིར་བཀྲ་ཤིས་མཆོག་གྱུར་ཅིག །རྒྱལ་བའི་སྲས་པོ་ཕྱོགས་རྣམས་རབ་གྲགས་པ། །འཇིགས་མེད་ཞི་བའི་ཐུགས་ལྡན་དེ་དག་གིས། །སྣ་ཚོགས་མེ་ཏོག་སྤྲིན་གྱི་ཆར་འབེབས་པས། །ཁྱོད་ལ་བཀྲ་ཤིས་དམ་པ་མཆོག་གྱུར་ཅིག །རིགས་ཀྱི་སེམས་དཔའ་མཆོག་ཏུ་ཡིད་འོང་བ། །བཀྲ་ཤིས་ལྷ་མོའི་ཚོགས་ཀྱིས་དགའ་བའི་གླུ། །འཇིག་རྟེན་ཀུན་ཏུ་ཁྱབ་པར་བསྒྲགས་པར་ཡིས། །དེང་ཁྱོད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །དུས་མཐའི་མེ་ལྟར་རབ་འབར་ཁྲོ་བོའི་ཚོགས། །འཇིགས་པའི་ང་རོ་དང་བཅས་གར་བྱེད་ཅིང་། །འབར་བའི་ལྟ་བས་བགེགས་རྣམས་མཐར་བྱེད་པས། །དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག་གྱུར་ཅིག །རིགས་ཀྱི་བཀའ་ཉན་འཇིག་རྟེན་སྐྱོང་བའི་ཚོགས། །ཕྱོགས་བཅུ་ཀུན་ནས་སྤྲིན་བཞིན་གཏིབས་བྱས་ཏེ། །བཀྲ་ཤིས་མཆོད་པའི་ཡོ་བྱད་སྣ་ཚོགས་ཀྱིས། །དེང་འདིར་ཁྱོད་ལ་བཀྲ་ཤིས་སྤེལ་གྱུར་ཅིག །ཡིད་ལ་ཇི་ལྟར་བསམ་པའི་དོན་གྲུབ་ཅིང་། །སྲིད་ཞིའི་དཔལ་ཡོན་ཀུན་ནས་ཕུན་སུམ་ཚོགས། །དཔལ་ལྡན་རྒྱལ་བའི་འབྱོར་པ་རྨད་བྱུང་དེས། །ཁྱོད་ལ་རྟག་ཏུ་བཀྲ་ཤིས་མཆོག་གྱུར་ཅིག །འགྲོ་དང་བྱ་བ་བརྩམ་སོགས་ལ། །ཐོག་མར་དྲན་ན་དོན་གྲུབ་ཅིང་། །དུས་སུ་ཡིད་ལ་བྱས་པ་ཡིས། །དཔལ་ནི་ཕུན་སུམ་ཚོགས་པ་ཐོབ། །འཇམ་དཔལ་མཆོག་སྦྱིན་རྡོ་རྗེའི་ཨུཏྤལ་ཡིད་ལ་བྱས་པའི་རྐྱེན་ལས་ཆུ་འབྲུག་ཟླ་བ་༢ཚེས་༥ལ་འཇམ་དཔལ་དགྱེས་པའི་བློ་ཡི་མཚོ་ལས་རྡོལ་བ་མངྒ་ལཾ།།

༈ བཀྲ་ཤིས་དོན་ཀུན་གྲུབ་པའི་དབྱངས་སྙན་ཞེས་བྱ་བ། ༀ་སྭ་སྟི་བི་ཛ་ཡནྟུ། ཆོས་དབྱིངས་ནམ་མཁའི་ཁྱོན་ཀུན་ཡོངས་ཁྱབ་པའི། །རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཡི་ཚོགས། །ཏིལ་གྱི་གོང་བུ་བཞིན་དུ་བཞུགས་པ་ཡི། །རྒྱལ་བའི་དབང་པོ་རྣམས་ཀྱིས་དགོངས་པ་མཛད། །ཡུམ་རྣམས་རིན་ཆེན་བུམ་པས་དབང་བསྐུར་ཞིང་། །སེམས་དཔའི་ཚོགས་ཀྱི་བཀྲ་ཤིས་མེ་ཏོག་འཐོར། །ལྷ་རྣམས་ཀུན་གྱིས་རྡོ་རྗེའི་གླུ་དབྱངས་ལེན། །ཁྲོ་བོའི་ཚོགས་ཀྱིས་བགེགས་རྣམས་ཕ་མཐར་བསྐྲད། །འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་མཆོད་ཅིང་བསྟོད། །ཀུན་ཀྱང་དགེ་བཞིན་བཀྲ་ཤིས་དཔལ་ཡོན་ཀུན། །དེང་འདིར་མངོན་པར་སྩོལ་བ་ཉིད་གྱུར་ལས། །བཀྲ་ཤིས་རབ་མཆོག་བདག་གིས་བརྗོད་པར་བྱ། ༈ །དགའ་རབ་ཤྲཱི་སེང་པདྨ་ཐོད་ཕྲེང་རྩལ། །གྲུབ་མཆོག་བརྒྱད་དང་རྗེ་འབངས་ཉི་ཤུ་ལྔ། །གཏེར་སྟོན་བརྒྱ་རྩ་བཀའ་གཏེར་དག་སྣང་བརྒྱུད། །རིག་འཛིན་བླ་མའི་ཚོགས་ཀྱི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །གདོད་མའི་མགོན་པོ་རིགས་ལྔ་གངས་ཆེན་མཚོ། །སྟོན་པ་བཅུ་གཉིས་སངས་རྒྱས་སྟོང་ལ་སོགས། །མཁའ་ཁྱབ་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །དུས་གསུམ་བདེ་བར་བཤེགས་པའི་བཀྲ་ཤིས་དེས། །དེང་འདིར༴ མཐུན་རྐྱེན༴ ཇི་ལྟར༴ ཕུན་ཚོགས༴ རིགས་བརྒྱ་རིགས་ལྔ་རིགས་གསུམ་རིགས་མཆོག་གཅིག །སྒྲུབ་པ་སྡེ་བརྒྱད་བདུད་འདུལ་ཁྲོ་བོ་བཅུ། །ཞི་དང་ཁྲོ་ཚུལ་སྒྱུ་འཕྲུལ་དྲྭ་བའི་གར། །རབ་འབྱམས་ཡི་དམ་ལྷ་ཡི་བཀྲ་ཤིས་དེས། །དེང་འདིར༴ མཐུན་རྐྱེན༴ ཇི་ལྟར༴ ཕུན་ཚོགས༴ སྡེ་སྣོད་གསུམ་དང་རྒྱུད་སྡེ་ཆེན་པོ་དྲུག །རྒྱུད་ལུང་མན་ངག་བཀའ་གཏེར་དག་སྣང་སོགས། །རྒྱལ་བ་རིག་འཛིན་བརྒྱུད་པའི་ཐུགས་ཀྱི་བཅུད། །ལུང་རྟོགས་དམ་པའི་ཆོས་ཀྱི་བཀྲ་ཤིས་དེས། །དེང་འདིར༴ མཐུན་རྐྱེན༴ ཇི་ལྟར༴ ཕུན་ཚོགས༴ ཉེ་བའི་སྲས་མཆོག་བརྒྱད་དང་སེམས་མ་བརྒྱད། །སྐལ་བཟང་སེམས་དཔའ་སྟོང་ལ་སོགས་པ་ཡི། །ཕྱོགས་བཅུ་དུས་གསུམ་དག་གི་རྒྱལ་བའི་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ཀྱི་བཀྲ་ཤིས་དེས། །དེང་འདིར༴ མཐུན་རྐྱེན༴ ཇི་ལྟར༴ ཕུན་ཚོགས༴ རྡོ་རྗེ་ཕག་མོ་རིགས་ལྔའི་ཌཱ་ཀི་ནཱི། །མཚོ་རྒྱལ་ལ་སོགས་ཐུགས་ཀྱི་དགྱེས་སྡེ་ལྔ། །གནས་ཡུལ་ཞིང་གི་དཔའ་བོ་རྣལ་འབྱོར་མ། །དཔལ་ལྡན་མཁའ་འགྲོའི་ཚོགས་ཀྱི་བཀྲ་ཤིས་དེས། །དེང་འདིར༴ མཐུན་རྐྱེན༴ ཇི་ལྟར༴ ཕུན་ཚོགས༴ སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད་དང་། །ཚངས་དབང་ཁྱབ་འཇུག་བརྒྱ་བྱིན་རྒྱལ་ཆེན་སོགས། །དུས་གསུམ་རྒྱལ་བའི་ཕྲིན་ལས་བཀའ་སྐྱོང་བ། །རྡོ་རྗེའི་ཆོས་སྐྱོང་ཚོགས་ཀྱི་བཀྲ་ཤིས་དེས། །དེང་འདིར༴ མཐུན་རྐྱེན༴ ཇི་ལྟར༴ ཕུན་ཚོགས༴ བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །བསྟན་པའི་སྦྱིན་བདག་རྣམས་དང་འགྲོ་བ་ཀུན། །བདེ་སྐྱིད་གོང་འཕེལ་ཆོས་ལྡན་བསམ་དོན་འགྲུབ། །ས་གསུམ་དཔལ་དང་ལྡན་པའི་བཀྲ་ཤིས་ཤོག །སྣང་སྲིད་རྣམ་དག་བདེ་པ་ཆེན་པོ་ལ། །མི་ཤིས་རྒུད་པ་ཡེ་ནས་མི་མངའ་བའི། །བདེན་པ་དེ་ཡིས་མཁའ་ཁྱབ་འགྲོ་བ་ཀུན། །རང་བྱུང་ཡེ་ཤེས་རྟོགས་པའི་བཀྲ་ཤིས་ཤོག །མཉམ་ཉིད་ངང་ནས་ཕྱོགས་དུས་འགྲོ་ཀུན་ལ། །ཕན་དང་བདེ་བའི་ཕྲིན་ལས་ལྷུན་གྱིས་གྲུབ། །རྟག་ཁྱབ་མཚུངས་མེད་བཀྲ་ཤིས་དཔལ་གྱི་མཆོག །དེང་འདིར་མངོན་དུ་འགྱུར་བའི་བཀྲ་ཤིས་ཤོག །ས་གསུམ་དབང་བྱེད་སྲིད་གསུམ་བྲན་དུ་འཁོལ། །ཕྱོགས་ལས་རྣམ་རྒྱལ་སྣང་སྲིད་ཟིལ་གནོན་པའི། །ཨོ་རྒྱན་རིག་འཛིན་བརྒྱུད་པའི་རིང་ལུགས་གང་། །ཕྱོགས་དུས་ཀུན་ཏུ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་རབ་ཚེས་མེ་སྤྲེལ་འོད་འབར་གདོང་པ་བཟང་པོའི་ཟླ་༡༡ཚེས་གཟའ་སྐར་སོགས་དུས་ཀྱི་ཆ་ཤིན་ཏུ་དགེ་བར་སྒྲུབ་ཁང་འཆི་མེད་མཆོག་གྲུབ་གླིང་དུ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་བློ་མཚོ་ལས་བྱུང་བ་ནོར་བུའི་གཏེར་ཆེན་པོ་བཀྲ་ཤིས་དང་དགེ་ལེགས་མི་ཟད་པ་གོང་ནས་གོང་དུ་འཕེལ་བར་བྱེད་པ་འདི་སྔ་འགྱུར་བ་རྣམས་ཀྱི་དཔལ་དུ་གནས་པ་དེ་ཕྱིར་སྤེལ་བར་བགྱིས་ན་དོན་ཀུན་འགྲུབ་བོ།། །།