Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཞེ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱུད་ལུང་མན་ངག་གི་བཤགས་པའི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང་།
   
   
   
   
   
   
   
   
   
   
   


 
previousརྒྱུད་ལུང་མན་ངག་གི་བཤགས་པའི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང་།next

རྒྱུད་ལུང་མན་ངག་གི་བཤགས་པའི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང་།

རྒྱུད་ལུང་མན་ངག་གི་བཤགས་པའི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །རྒྱུད་ལུང་མན་ངག་གི་བཤགས་པའི་ཚིག་གི་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང་ཞེས་བྱ་བ། བླ་མ་དང་གཉིས་སུ་མེད་པ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རིག་སྟོང་གཉུག་མ་སེམས་ཀྱི་རྡོ་རྗེ་ནི། །འཁོར་འདས་ཀུན་ཁྱབ་རྟག་པར་བཞུགས་ཉིད་ལ། །ངེས་དོན་འཇམ་དཔལ་དཔའ་བོའི་བདག་ཉིད་དུ། །མཐོང་བའི་ཡིད་ཆེས་ཕྱག་གིས་རྣམ་པར་འདུད། །དངོས་མཚན་སྤྲོས་པའི་རྣམ་པ་ཀུན་བྲལ་ཡང་། །འོད་གསལ་དབྱིངས་ལས་སྣ་ཚོགས་སྒྱུ་མའི་གར། །ཕྱོགས་དང་དུས་ཀྱི་མུ་མཐར་སྤྲོ་མཛད་པ། །ཁྱོད་མིན་རིགས་རྣམས་ཀུན་གྱི་བྱེད་པོ་སུ། །ཁྱོད་ནི་རྟག་ཏུ་མཉམ་པའི་ཆོས་ཉིད་ལ། །ཀུན་རྟོག་ལས་རླུང་འཕོ་བའི་ངང་ཚུལ་དང་། །གྲུབ་མཐའི་ཞེ་འདོད་དྲྭ་བས་ཡང་དང་ཡང་། །བསྒྲིབས་པར་གྱུར་གང་དེ་ནི་བཤགས་བགྱིའོ། །འདིར་དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས་བཅོམ་ལྡན་འདས་ལོངས་སྤྱོད་ཀྱི་བདག་པོ་ཆེན་པོ་རྣམས་ཀྱིས་རྒྱུད་ལུང་མན་ངག་གི་བཤགས་པ་གསུངས་པ་འདི་འཆད་པར་བྱེད་པ་ལ། སྤྱིར་ཞིང་དང་དུས་གཞན་དུ་འབྱུང་བར་དཀའ་བ་རྡོ་རྗེའི་ཐེག་པ་རྒྱ་མཚོ་ལྟ་བུའི་ལམ་གྱི་གནད་ནི་སྨིན་བྱེད་ཀྱི་དབང་བཞི་དང་རྗེས་སུ་འབྲེལ་བའི་ལམ་རྣམ་པ་བཞི་བསྒོམ་པར་འདུ་སྟེ། དེ་ཡང་སྣང་བ་ཡུལ་གྱི་བློ་ཅན་རྣམས་ཀྱི་ངོར་བྱས་ནས་སྣང་སྲིད་དཀྱིལ་འཁོར་གསུམ་དུ་ལྟ་བས་ཤེས་ཤིང་སྒོམ་པས་ཉམས་སུ་ལེན་པ་བསྐྱེད་པ་མ་ཧཱ་ཡོ་ག་ནི་བུམ་དབང་དང་འབྲེལ་བའི་ལམ་སྣང་སྟོང་ཟུང་འཇུག་ཉིད་གཙོ་བོར་སྟོན་ལ། ཇི་ལྟར་ཕྱི་རོལ་གྱི་ཆོས་ཐམས་ཅད་ནང་གི་རྩ་རླུང་ཐིག་ལེའི་འཕོ་བའི་དབང་གིས་ཡིན་པར་ཤེས་པའི་བློ་ཅན་རྣམས་ལ་སྣོད་བཅུད་ཐམས་ཅད་བདེ་སྟོང་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་སུ་སྡོམ་པར་བྱེད་པ་རྫོགས་པ་ཨ་ནུ་ཡོ་ག་ནི་གསང་ཤེར་གཉིས་དང་རྗེས་སུ་འབྲེལ་བའི་ལམ་ཁྱེར་གཙོ་བོར་སྟོན་པ་སྟེ། དེ་ཡང་གསང་དབང་གི་ལམ་གསལ་སྟོང་ཟུང་འཇུག་ནི་ཨ་ནུའི་སྔོན་འགྲོ་རང་ལུས་ཐབས་ལྡན་དང་། ཤེར་དབང་གི་ལམ་བདེ་སྟོང་ཟུང་འཇུག་ནི་ཨ་ནུའི་ལམ་གྱི་དངོས་གཞིའོ། །ནང་རྩ་རླུང་གི་བྱེད་པ་སོགས་ལ་མ་ལྟོས་པར་གཉུག་མའི་ཡེ་ཤེས་རྗེན་པར་མཐོང་ནུས་པའི་རིག་པ་རང་སྣང་གི་བློ་ཅན་རྣམས་ཀྱི་ངོར། འཁོར་འདས་ཐམས་ཅད་གཞིར་གནས་གཉུག་མའི་ཡེ་ཤེས་གཅིག་པུར་ལ་ཟློ་བ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་དབང་བཞི་པའི་ཡེ་ཤེས་རིག་སྟོང་ཟུང་འཇུག་ཉིད་རྩལ་དུ་འདོན་པ་ཡིན་པས་མ་ཧཱ་དང་ཨ་ནུ་གཉིས་ཀྱང་རྫོགས་པ་ཆེན་པོར་གཞོལ་ཞིང་འབབ་པས་ཐེག་པ་ཐམས་ཅད་ཀྱི་སྐྱེལ་སོ་ནི་རྫོགས་པ་ཆེན་པོ་ཁོ་ནར་ངེས་སོ། །དེས་ན་སྔགས་བླ་མེད་ཐམས་ཅད་དོན་དུ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྟེན་ནས་གཞི་འབྲས་དབྱེར་མེད་ཟུང་འཇུག་གི་ཡེ་ཤེས་ཉིད་ལམ་དུ་བྱེད་པར་འདྲ་ཡང་། སྣོད་བཅུད་དཀྱིལ་འཁོར་གསུམ་དུ་བསྟན་པ་རྡོ་རྗེ་ཐེག་པ་སྤྱི་གནད་སྟོན་པ་རྒྱུད་མ་ཧཱ་ཡོ་ག་དང་། ཕྱི་བསྐྱེད་རིམ་སོགས་ཚེགས་ཆེན་པོ་ལ་མི་ལྟོས་པར། ནང་གི་རྩ་རླུང་ཐིག་ལེའི་བྱེད་པ་ཁྱད་པར་ཅན་ལ་བརྟེན་ནས་འབྲས་བུ་བདེ་བླག་ཏུ་བྱེད་པས་ན་རྒྱུད་དོན་གསལ་བར་ཕྱེ་བ་ལྟ་བུའི་ལུང་ཨ་ནུ་ཡོ་ག་དང་། རྩ་རླུང་གི་བྱེད་པ་སོགས་ལའང་མི་ལྟོས་པར་རིག་སྟོང་གི་ཡེ་ཤེས་རྗེན་པར་འཆར་བའི་ཟབ་མོའི་གནད་མཐར་ཐུག་པ་སྟོན་པ་མན་ངག་རྫོགས་པ་ཆེན་པོ་སྟེ། གསུམ་ཀ་སངས་རྒྱས་ཀྱི་བཀའ་ཡིན་པར་འདྲ་ཡང་། རྒྱུད་ལས་རྒྱུད་དོན་ལུང་གི་ཚུལ་གྱིས་གསལ་པོར་ཕྱེ་བ་དང་། ལུང་དོན་མན་ངག་གི་གནད་དུ་བརྡེག་པ་ལྟ་བུ་ཡིན་པས་ན་རྒྱུད་ལུང་མན་ངག་གསུམ་ཞེས་རྣམ་པར་བཞག་སྟེ། གཞི་དངོས་པོ་གཤིས་ཀྱི་གནས་ཚུལ་གཏན་ལ་འབེབས་པའི་ལམ་གྱི་གནད་ཇེ་བས་ཇེ་ཟབ་ཏུ་སོང་བས་ན། བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་ལ་ངེས་པ་ཇི་ཙམ་རྙེད་པ་དེ་ཙམ་དུ་ལམ་གོང་མ་གོང་མ་ལ་ཡིད་ཆེས་པར་འགྱུར་རོ། །དེས་ན་རྡོ་རྗེ་ཐེག་པ་རྒྱ་མཚོ་ལྟ་བུའི་སྤྱི་ཆིངས་ནང་རྒྱུད་སྡེ་གསུམ་གྱི་དགོངས་པ་དང་བསྟུན་པའི་བཤགས་ཚུལ་ལ་གསུམ་སྟེ། རྒྱུད་མ་ཧཱ་ལྟར་བཤགས་པ། ལུང་ཨ་ནུ་ལྟར་བཤགས་པ། མན་ངག་རྫོགས་ཆེན་ལྟར་བཤགས་པ་གསུམ་མོ། །དང་པོ་ལ། གཞི་ལམ་འབྲས་བུ་གསུམ་ལས། དང་པོ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྣང་སྟོང་ཟུང་དུ་འཇུག་པ་ལྷག་པའི་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོ་དེ་ལ་ནི་འདས་སོགས་དུས་གསུམ་གྱི་མཚན་མའི་སྤྲོས་པ་ཐམས་ཅད་མེད་པ་ཡིན་ལ། དེ་ལྟ་བུར་ཕྱོགས་དུས་ཀྱི་དངོས་པོ་མཚན་མའི་ཆོས་གང་གི་ཡང་རང་བཞིན་དུ་མི་གནས་པའི་ཡུལ་དེ་ལ། ཡུན་ཅན་དམིགས་གཏད་ཀྱི་འཛིན་རྟོག་གང་ཡང་མེད་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས། ཡུལ་མེད་རང་གསལ་རྗེན་པར་མཐོང་ནས། དབྱིངས་སྟོང་པ་ཉིད་དང་རིག་པ་ཡེ་ཤེས་གཉིས་ཡེ་ནས་གཉིས་སུ་མེད་པ་མཉམ་ཉིད་ཆོས་སྐུ་ཆེན་པོ་ཉིད་དུ་གནས་པ་ལས། མ་རྟོགས་གཉིས་ཆོས་ཀྱི་སྣང་བ་གཟུགས་སོགས་ཕྱིའི་སྐྱེ་མཆེད་ཡུལ་དང་། མིག་སོགས་ནང་གི་དབང་པོ་གཉིས་གཉིས་སུ་མེད་པར་རྟོགས་པས་བཤགས་སོ་ཞེས། གང་གིས་བཤགས་ན་ཆོས་ཉིད་སྤྲོས་མེད་རྟོགས་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས། གང་དུ་བཤགས་ན་དབྱིངས་དང་ཡེ་ཤེས་ཡེ་ནས་གཉིས་སུ་མེད་པའི་ངང་དུ། གང་བཤགས་ན་དབང་ཡུལ་གཟུང་འཛིན་གཉིས་སྣང་གི་རྟོག་པ་དང་། དེའི་དབང་གིས་བྱུང་བའི་ཉམས་ཆག་དང་ལས་ཉོན་ཐམས་ཅད། ཚུལ་ཇི་ལྟར་བཤགས་ན་མ་སྤངས་རང་དག་གི་ཚུལ་དུ་རྟོགས་པ་ཙམ་གྱིས་རང་གྲོལ་དུ་བཤགས་པའོ། །གཉིས་པ་ལམ་ནི། འདི་ལྟར་ཕྱི་སྣོད་ཀྱི་འབྱུང་བ་ཆེན་པོ་ལྔ་ནི་རང་བཞིན་གྱིས་ཡུམ་ཆེན་མོ་ལྔའི་བདག་ཉིད་དུ་བཞུགས་པ་ཅན་གྱི་བྷ་ག་གང་ཞིག་དབྱིངས་དེར་ནི་རྒྱལ་བ་རབ་འབྱམས་ཀྱི་ཚོགས་རྟག་ཏུ་ཟག་མེད་ཀྱི་བདེ་བས་དགྱེས་པར་གྱུར་པའི་ཕོ་བྲང་དུ། ནང་བཅུད་ཀྱི་སེམས་ཅན་གྱི་ཕུང་པོ་ལྔ་ནི་ཡབ་རྒྱལ་བ་རིགས་ལྔར་གནས་པ་ཉིད་ཀྱི་ཐབས་རྡོ་རྗེ་བདེ་བའི་བདག་ཉིད་ཡེ་ནས་གཉིས་སུ་མེད་པར་རོལ་པ་བདེ་ཆེན་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གནས་པ་སྟེ། དེ་ལྟར་ན་ཐབས་དང་ཤེས་རབ་ཡེ་ནས་འདུ་འབྲལ་མེད་པར་གྱུར་པ་ལ། ཕྱི་དང་ནང་གི་དངོས་པོ་ལྟར་སྣང་བའི་སྣོད་དང་བཅུད་ཀྱི་རྣམ་པ་འདི་དག་ཀྱང་དོན་ལ་གཉིས་སུ་མེད་པར་གནས་པ་ལ་དེ་ལྟར་རྟོགས་པའི་སྒོ་ནས་བཤགས་སོ་ཞེས། ཐབས་ཤེས་གཉིས་མེད་དུ་རྟོགས་པའི་ལམ་གྱིས་ཉམས་ཆག་མ་སྤངས་རང་དག་ཏུ་བཤགས་པའོ། །གསུམ་པ་འབྲས་བུ་ནི། དེ་ལྟར་བདེན་གཉིས་དབྱེར་མེད་དུ་གནས་པ་དེ་ཉིད་གཏན་ལ་ཕབ་ནས། དབྱིངས་སྟོང་ཆ་གཙོ་བོར་གཏན་ལ་འབེབས་པའི་རྣལ་འབྱོར་དེ་བཞིན་ཉིད་ཀྱི་ཏིང་འཛིན་དང་། སྣང་ཆ་སྐུ་དང་ཡེ་ཤེས་གཙོ་བོར་ལམ་དུ་བྱེད་པ་ཀུན་སྣང་དང་རྒྱུའི་ཏིང་འཛིན་གཉིས་ཏེ། དེ་ཡང་གཞན་དོན་ཕྲིན་ལས་ཀྱི་རྒྱུ་སྙིང་རྗེ་ཆེན་པོ་དང་། དེ་ལས་གང་འདོད་སྒྱུ་འཕྲུལ་དྲྭ་བའི་བཀོད་པ་སྟོན་པའི་རྒྱུ་རྒྱུའི་ཏིང་ངེ་འཛིན་ཏེ། དེ་ལྟར་ཏིང་འཛིན་རྣམ་པ་གསུམ་གྱིས་ཐོག་མེད་ནས་གོམས་པའི་དངོས་ཞེན་དང་འགྲོགས་པ་རང་རྒྱུད་ཀྱི་བློ་ཡི་གདར་ཤ་བཅད་དེ་ཇི་ལྟར་འཁྱགས་རོམ་ཆུ་བོ་ལ་ཞུ་བ་བཞིན་དུ་སྣོད་བཅུད་དཀྱིལ་འཁོར་གསུམ་དུ་རྟོགས་གོམས་མཐར་དབྱུང་ནས། ཕུང་པོ་ལྔ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། རྣམ་ཤེས་དང་ཡུལ་དང་དབང་པོ་རྣམས་སེམས་དཔའ་སེམས་མ་སོགས་ཏེ། མདོར་ན་སྣང་སྲིད་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ལྟ་བས་རྟོགས་ཤིང་ཡིན་ལ་ཡིན་པའི་ཚུལ་དུ་ཏིང་འཛིན་གྱིས་གསལ་བ་རབ་ཀྱི་མཐར་ཐུག་པར་བསྒོམས་ནས་རྣམ་པར་སྨིན་པ་ལ་སོགས་པའི་རིག་འཛིན་གྱི་གོ་འཕང་རིམ་གྱིས་བགྲོད་དེ། འདི་ལྟར་སྣང་བའི་འགྲོ་དྲུག་སེམས་ཅན་ཐམས་ཅད་རང་བཞིན་གྱིས་རྒྱལ་བའི་དཀྱིལ་འཁོར་དུ། གཉིས་སུ་མེད་པར་ཡེ་ནས་ལྷུན་གྱིས་གྲུབ་པར་གནས་པ་ཉིད་རྩོལ་བའི་དབང་གིས་ངན་པ་བཟང་པོར་བསྒྱུར་བ་ལྟ་བུ་མིན་པར་ཡེ་ནས་གཉིས་སུ་མེད་པ་ཉིད་མངོན་དུ་གྱུར་པར་མཛོད་ཅིག་ཅེས་གཞི་འབྲས་དབྱེར་མེད་དུ་བསྟན་པའོ། །གཉིས་པ་ལུང་ལྟར་བཤགས་པ་ལའང་གཞི་ལམ་འབྲས་གསུམ་ལས། དང་པོ་ཕྲ་བའི་ལུས་ངག་ཡིད་གསུམ་དུ་གྲགས་པ། གཙོ་མོ་གསུམ་དང་འཁོར་ལོ་ལྔ་ལ་སོགས་པའི་རྩ་དང་སྲོག་སྟེ་རྩ་བ་དང་ཡན་ལག་གི་རླུང་དང་། ཙིཏྟ་ནི་སྙིང་པོ་སྟེ་རྩ་དང་རླུང་ལ་བརྟེན་ནས་སེམས་ཀྱི་རྟེན་དུ་གྱུར་པའི་ཐིག་ལེ་དང་། དེ་གསུམ་གྱི་བྱེད་པ་ལ་བརྟེན་ནས་རགས་པའི་ལུས་ངག་ཡིད་གསུམ་པོ་འདི་དག་ནི། གུ་ཧྱ་གསང་ཆེན་ཏེ། གསང་བའི་གསང་བ་ཆེན་པོ་ཞེས་འཇིག་རྟེན་ཕལ་པ་རྣམས་ལྟ་ཅི་ཉན་རང་ལ་སོགས་པས་ཕྱོགས་ཙམ་མི་ཤེས་པའི་སྐུ་དང་གསུང་དང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཉིད་ཀྱི་མཛོད་དུ་ཡེ་ནས་གནས་པ་སྟེ། འདི་ལྟར་ལུས་རྩ་ཁམས་སྐུ་ཡི་རྡོ་རྗེ་ཡིན་ཏེ། འདི་དག་རང་བཞིན་གྱིས་སྣང་སྟོང་གཉུག་མའི་དེ་ཉིད་དུ་གནས་པའི་ཕྱིར། དེ་བཞིན་དུ་ངག་རླུང་ཁམས་གྲགས་སྟོང་གསུང་གི་རྡོ་རྗེ། ཡིད་ཐིག་ལེ་གསལ་སྟོང་ཐུགས་ཀྱི་རྡོ་རྗེར་གནས་ཀྱང་དེ་ལྟར་མི་ཤེས་པའི་སེམས་ཅན་རྣམས་ཀྱི་ངོར་རང་བཞིན་གྱིས་གབ་ཅིང་སྦས་པ་ལྟར་གྱུར་པས་ན་གསང་བའི་གསང་བ་ཞེས་སོ། །དེ་ལྟར་ན་ཕྲ་རགས་ཀྱི་སྒོ་གསུམ་པོ་གཉུག་མའི་གསང་བ་གསུམ་དང་དབྱེར་མེད་པར་བཞུགས་པས་ན། དེ་དག་གི་སྣང་ཆ་བདེ་བ་ཀུན་ཏུ་བཟང་པོ་དང་། སྟོང་ཆ་དབྱིངས་ཀུན་ཏུ་བཟང་མོ་ཉིད་གཉིས་སུ་མེད་པ་སྲས་བདེ་ཆེན་བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྡོ་རྗེའམ་རང་བྱུང་གི་ཡེ་ཤེས་གཅིག་ཉིད་ལ་ལྡོག་ཆའི་དབྱེ་བས་ཡེ་ཤེས་ལྔ་དང་མཐའ་གྲོལ་ཡེ་ཤེས་ལ་སོགས་པ་བཞིས་ཕྱེ་བས་མི་ཤིགས་པ་རྡོ་རྗེ་ཡེ་ཤེས་ཀྱི་ཀློང་དགུ་ཡི་རོལ་པ་དཔལ་ཆེན་ཧེ་རུ་ཀ་དགུར་ཤར་བ་དང་། མ་དག་པའི་སྐབས་ན་བསམ་གཏན་བཞི་གཟུགས་མེད་བཞི་འདོད་པ་སྟེ་ཁམས་གསུམ་གྱི་ས་དགུ་པོ་གཉིས་གཉིས་སུ་མེད་པར་བཤགས་ཞེས། འཁོར་འདས་དབྱེར་མེད་དུ་ལྟ་བས་བཤགས་སོ། །གཉིས་པ་ལམ་ནི། སུས་ཀྱང་བཅོས་བསྒྱུར་མེད་པར་རང་བཞིན་གྱིས་ཇི་ལྟར་སྣང་བ་ཐམས་ཅད་ལྷ་ཡི་དཀྱིལ་འཁོར་དུ་གནས་པར་ཤེས་ཤིང་། ལྷའི་སྙིང་པོ་ཙམ་ཞིག་བརྗོད་པས་སད་པར་བྱས་ཏེ་ལྷའི་སྐུ་མཆོག་ཡོངས་སུ་རྫོགས་པར་གསལ་ཞིང་མཉམ་ལ་མ་འདྲེས་པའི་ཚུལ་དུ་བྱས་ཏེ། དེ་ཡང་བདེ་སྟོང་དབྱེར་མེད་པ་མཉམ་ཉིད་ངོ་བོ་ཉིད་ཀྱི་སྐུ། དེ་ཉིད་དུ་རྟོགས་གོམས་རྩལ་རྫོགས་པར་བྱས་པས་འཁོར་འདས་དབྱེར་མེད་དུ་རྟོགས་པས་ན་ཡེ་ནས་ཉམས་ཆག་གི་སྒྲིབ་པས་གོལ་པར་མི་འགྱུར་བའི་སྔགས་ཀྱི་ཐབས་ཟབ་མོ་ལ་མཁས་པས་སྲིད་ཞི་གཉིས་སུ་མེད་པར་ཉམས་གྲིབ་ཐམས་ཅད་མ་སྤངས་རང་དག་གི་ཚུལ་དུ་བཤགས་ཞེས་སོ། །གསུམ་པ་འབྲས་བུ་ཕྱི་དང་ནང་གི་སྣོད་དང་བཅུད་དུ་སྣང་བ་རྣམས་གཉིས་སུ་མེད་པ་ཆོས་ཀྱི་སྐུ་ཡི་ཀློང་དུ། སེམས་ཅན་དུ་འཛིན་པའི་ཡུལ་གང་ཟག་གི་བདག་གམ་ང་དང། དེ་ལས་གཞན་པའི་ཆོས་སྣ་ཚོགས་ཀྱི་བདག་གི་ངོ་བོ་ཉིད་མ་གྲུབ་པས་དེ་གཉིས་རང་བཞིན་མཉམ་པ་ཉིད་དུ་མཉམ་པར་གནས་པ་ཉིད་རྟོགས་ཤིང་གོམས་པས། རྣལ་འབྱོར་གྱི་ལམ་ལྔ་པོ་མཐར་ཕྱིན་ནས་མཐོ་རིས་དང་ངན་སོང་གི་འཁོར་བའི་རྒྱུ་ཀུན་འབྱུང་དང་། འབྲས་བུ་སྡུག་བསྔལ་གྱི་ཆོས་རྣམ་པ་གཉིས་པོ་སྟེ་མདོར་ན་ཀུན་ཉོན་འཁོར་བས་བསྡུས་པ་ཐམས་ཅད། གཉིས་མེད་བདེ་བ་ཆེན་པོའི་ཀློང་དུ་མ་སྤངས་རང་སར་དག་སྟེ་འབྲས་བུ་མཐར་ཕྱིན་པར་ཤོག་ཅེས་སོ། །གསུམ་པ་མན་ངག་ལྟར་བཤགས་པ་ལ། བཤགས་པ་དངོས་དང་། དེ་ལྟར་བཤགས་པའི་ཕན་ཡོན་བསྟན་པ་གཉིས། དང་པོ་ལ་གཞི་ལམ་འབྲས་བུ་ལྟར་བཤགས་པ་གསུམ་ལས། དང་པོ་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཇི་ལྟར་སྣང་བ་འདི་དག་ཐམས་ཅད་ནི། སྤྱོད་ཡུལ་ཐམས་ཅད་དུ་མ་དག་པ་མེད་པའི་ཀུན་ཏུ་བཟང་པོ་རྣམ་པར་རྟོག་པའི་འགྱུར་བའི་ཟུག་རྔུ་ཐམས་ཅད་དང་བྲལ་བའི་བདེ་བ་ཆེན་པོའི་གནས་ཉིད་ཡིན་ལ། དེ་ནི་ཡོད་མེད་རྟག་ཆད་ལ་སོགས་པའི་མཐའ་འདི་དང་འདི་ལྟ་བུའོ་ཞེས་ཡིད་ཀྱིས་དམིགས་ནས་མཚན་མའི་སྤྱོད་ཡུལ་ཅན་གྱི་ཚིག་གི་ལམ་ལས་འདས་པའི་རང་བཞིན་དུ་གནས་ན་ཡང་། འདི་ལྟར་རང་བཞིན་གྱིས་བཅོས་བསྒྱུར་མེད་པར་བཞུགས་པའི་གནས་ལུགས་དེ་ལྟ་བུ་མ་རྟོགས་ནས་འཁོར་འདས་སྤང་གཉེན་སོགས་སུ་ལྟ་བའི་དབང་གིས་བྱེད་རྩོལ་སྣ་ཚོགས་ཀྱི་གཡོ་བས་ཆོས་ཉིད་ལ་སྒྲིབ་པར་གྱུར་པའི་བདག་ཉིད་གང་ཡིན་པ་དེ་ཉིད། རྟོག་པས་བཅོས་ཤིང་གཉེན་པོ་གཞན་གྱིས་སྤོང་བ་ལྟ་བུ་མིན་པར། མ་སྤངས་རང་གྲོལ་དུ་རྟོགས་པའི་ཀློང་དུ་བཤགས་ཞེས། གནས་ཚུལ་ལ་སྤང་གཉེན་འདག་གྲོལ་མེད་པའི་ཆོས་ཉིད་མཉམ་པ་ཆེན་པོར་གནས་པས་ན། ཀུན་ཏུ་རྟོག་པའི་བློས་སྤང་བྱ་དང་གཉེན་པོ་སོགས་སུ་ལྟ་བའང་གནས་ལུགས་ཀྱི་དོན་མཐོང་བ་ལ་སྒྲིབ་པ་ཡིན་པར་ཤེས་ནས། གནས་ལུགས་ཐོབ་ཤོར་མེད་པར་མཉམ་པར་བཞག་པ་འདི་བཤགས་པ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ཏེ། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །གཉིས་པ། ཆོས་ཉིད་དེ་ནི་དུས་གསུམ་པོ་ཀུན་ཏུའང་རང་གི་ངང་ཚུལ་ལས་མི་གཡོ་བས་ན། འཕོ་ཞིང་འགྱུར་བ་མེད་ཅིང་དེ་ཇི་ལྟ་བ་བཞིན་དུ་མཚོན་པར་བྱེད་པའི་བརྡའམ་ཐ་ཚིག་བཏགས་པ་མེད་པས་ན། དེའི་རང་བཞིན་ཡེ་ནས་དེ་ལྟར་ཡིན་པ་ལ། ད་བློ་ཡིས་དེ་ལ་རྩོལ་བ་མེད་ཅིང་ལམ་གྱིས་བསྒྲུབ་ཏུ་མེད་པས་ནམ་མཁའི་ངང་ལྟ་བུ་ཉིད་དུ་གནས་པ་སྟེ། རང་བཞིན་གྱིས་འཁོར་འདས་ཡོངས་ལ་ཁྱབ་པས་འཁོར་འདས་ཀུན་གྱིས་འདོད་རྒུར་བསྒྱུར་བ་ཡིན་པ་ནི་འདི་ལྟར། རྣམ་པ་ཐམས་ཅད་དུ་ཇི་བྱས་ཅིར་སྣང་ཡང་དེའི་ངང་ཚུལ་ལས་སུ་ཡང་མི་འདའ་བར་གནས་པ་ཁོ་ན་ཡིན་པས། ད་ཅུང་ཟད་ཀྱང་སྒྲུབ་ཅིང་རྩོལ་བ་མི་དགོས་ཏེ། ཐམས་ཅད་ནམ་མཁའི་ངང་དུ་རོལ་ཞིང་རྒྱུ་བ་བཞིན་ནོ། །དེས་ན་བདག་ཏུ་འཛིན་པ་སོགས་ཕྱིན་ཅི་ལོག་གི་རྟོག་པ་ཐམས་ཅད་ཀྱང་བཅོས་བསྒྱུར་མེད་པར་རང་བཞིན་གྱིས་བྱང་ཆུབ་ཆེན་པོ་ཉིད་ཀྱི་ལམ་ལས་གཞན་མིན་པ་ཉིད་དུ་ཤེས་པས་བཤགས་ཞེས་པ་སྟེ། འདིར་བྱང་ཆུབ་དང་དེའི་ལམ་ཞེས་རྒྱུ་འབྲས་ཐ་དད་དུ་སྟོན་པ་མ་ཡིན་ཀྱང་། ཕྱིན་ཅི་ལོག་དེ་དག་གི་རང་བཞིན་རྟོགས་ན་ཕྱིན་ཅི་ལོག་ཉིད་མ་སྤངས་པར་རང་གྲོལ་བས་ན་བྱང་ཆུབ་ཀྱི་ལམ་ཞེས་གསུངས་ཏེ་ཚུལ་འདི་དང་མཚུངས་པར་ཟབ་མོའི་མདོ་སྡེ་དག་ལས་ཀྱང་། ཉོན་མོངས་པ་རྣམས་ནི་བྱང་ཆུབ་རྡོ་རྗེའི་གཞི་ལགས་སོ། །ཞེས་སོགས་གསུངས་སོ། །དེས་ན་ཚུལ་འདིར་བཤགས་བྱ་ལམ་གྱི་མི་མཐུན་ཕྱོགས་དང་བཤགས་བྱེད་གཉེན་པོ་ཐ་དད་དུ་ལྟ་བ་ནི། སྤང་བྱ་རང་བཞིན་གྱིས་མ་གྲུབ་པ་ལ་དེར་ལྟ་བ་ནམ་མཁས་སྐྲག་པ་བཞིན་དུ་བློ་དམན་པའི་སྣང་ཚུལ་ཡིན་པས་ན་འདིར་མ་སྤངས་ཡེ་དག་ཏུ་རྟོགས་པས། ལམ་དང་ལམ་མིན་རང་བཞིན་མཉམ་པར་ཤེས་པ་ནི་ལམ་བྱ་རྩོལ་མེད་པའི་རྣལ་འབྱོར་ཏེ་ཆེས་ཁྱད་པར་དུ་འཕགས་པའོ། །གསུམ་པ། དེ་ལྟར་སྣང་སྲིད་བདེ་བ་ཆེན་པོར་གནས་པ་ལ་རྩོལ་སྒྲུབ་ཅུང་ཟད་མི་དགོས་ཏེ། གང་རྩོལ་བས་བསྒྲུབ་པ་དང་གྲུབ་མཐའ་དམན་པའི་ཞེ་འདོད་སྣ་ཚོགས་ནི་དོན་ལ་འཆིང་བ་ཡིན་ཏེ་དེ་མ་ཟད་བར་དུ་གྲོལ་བ་མཐར་ཐུག་པ་མི་ཐོབ་ཀྱང་རང་གནས་ཀྱི་ཆོས་སྐུ་རང་སོར་ངོ་འཕྲོད་པའམ་རྟོགས་པར་བྱེད་པའི་མན་ངག་དང་རྟོགས་བྱའི་དོན་ཟུང་དུ་མི་ལྡན་པ་སྟེ་གནད་དུ་མི་འབྱོར་བར། གནས་ལུགས་བསམ་གྱིས་མི་ཁྱབ་པ་བསལ་བཞག་མེད་པའི་དོན་ལ་རང་ཉིད་ཡིད་ཆེས་གདེང་དུ་མ་གྱུར་ན། ཚིག་གིས་མཚོན་པར་བྱས་ནས་རང་བཞིན་གྱིས་སངས་རྒྱས་སོ། །ལམ་བསྒྲུབ་ཏུ་མེད་དོ་ཞེས་པ་ལ་སོགས་པའི་ཚུལ་དུ་སེམས་ཀྱི་སྤྱོད་ཡུལ་ལ་གནས་པའི་གྲུབ་མཐའི་ཞེ་འདོད་སྣ་ཚོགས་ཀྱིས་དཀྲིས་པས་ནི་སེམས་ལས་འདས་པའི་ཡེ་ཤེས་ལ་ཆོས་རྣམས་ཀྱི་ཆོས་ཉིད་མངོན་དུ་གྱུར་པའི་བྱང་ཆུབ་ཆེན་པོ་མི་འཐོབ་སྟེ། དེ་ལྟར་ན་ཚིག་ཙམ་དང་བློས་བྱས་སེམས་ཀྱི་རྙོག་པས་མ་བསླད་པར། རང་སེམས་ཡེ་ནས་བསལ་བཞག་མེད་པའི་སངས་རྒྱས་ཡིན་པར་ཤེས་ནས་རྩོལ་སྒྲུབ་སྤང་གཉེན་དུ་གྲུབ་པར་འཛིན་པའི་ཤེས་སྒྲིབ་ཕྲ་མོ་ལ་ལམ་དུ་མི་རློམ་པར། གཞིར་གནས་གཉུག་མའི་དོན་ལ་རང་བབས་སུ་བཞག་པས། གཟུང་འཛིན་གྱི་སྤྱོད་ཡུལ་ཅན་གྱི་སེམས་ལས་འདས་པའི་རང་བྱུང་ཡེ་ཤེས་ཆེན་པོའི་ཀློང་དུ་ལམ་མཐར་ཕྱིན་ཏེ་ཟད་སར་འཁྱོལ་བར་ཤོག་ཅིག་ཅེས་གསུངས་ཏེ། ཟབ་མོའི་མདོ་སྡེ་ལས་ཀྱང་། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་ཚུལ་དེ་ལྟར་ཉམས་གྲིབ་ཐམས་ཅད་ཡེ་ནས་མ་སྤངས་རང་དག་ཏུ་རྟོགས་པས་བཤགས་ན། བཤགས་པ་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པ་སྟེ། འདིས་ནི་འཁོར་གསུམ་གྱི་རྣམ་པར་རྟོག་པ་ཤེས་བྱའི་སྒྲིབ་པ་ཐམས་ཅད་དང་། ཉོན་མོངས་པ་དང་ལས་ངན་པ་སྟེ། མདོར་ན་སྒྲིབ་པ་གཉིས་དང་དེའི་དབང་གིས་ལས་བསགས་པ་ཐམས་ཅད་མ་སྤངས་རང་སར་དག་ནས་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་འཐོབ་བོ་ཞེས་འཁོར་གྱི་ནང་དུ་མི་འཇིགས་པ་སེང་གེའི་སྒྲ་བསྒྲགས་པའི་ཚུལ་གྱིས། བཅོམ་ལྡན་འདས་ཡོན་ཏན་གྱི་ཆོས་ཀུན་ལ་མངའ་དབང་འབྱོར་བའི་ལོངས་སྤྱོད་ཀྱི་བདག་པོ་ཆེན་པོ་རྣམས་ཀྱིས་མན་ངག་རྫོགས་པའི་རིམ་པའི་རྣལ་འབྱོར་ལྟར་བཤགས་པ་ཡིན་ནོ་ཞེས་སོ། །དེ་ལྟར་རྒྱུད་དང་ལུང་དང་མན་ངག་གི། །ཚུལ་དང་མཐུན་པར་བཤགས་པའི་རིམ་པ་ནི། །རྡོ་རྗེའི་ཚིག་གི་དོན་ཟབ་རྟོགས་དཀའ་ཡང་། །བླ་མའི་དཀའ་ཡིས་ཅུང་ཟད་ཕྱེ་སྟེ་བཤད། །དེ་ཡི་དགེ་བས་མཐའ་ཡས་འགྲོ་བ་ཀུན། །དངོས་དང་དངོས་མེད་སྤྲོས་པའི་དྲྭ་བ་ལས། །རབ་འདས་མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་སྐུ། །སྒྲིབ་བྲལ་རྡོ་རྗེ་སེམས་དཔའི་སྐུ་ཐོབ་ཤོག །ཅེས་པ་འདིའང་བདག་ཅག་གི་འདྲེན་མཆོག་མཚུངས་མེད་ཨ་བྷ་ཡ་དྷརྨེནྡྲའི་ཞལ་སྔ་ནས་བཀྲ་ཤིས་པའི་ལྷ་རེག་དང་དངུལ་དཀར་གྱི་མེ་ལོང་བཅས་ཆེད་དུ་བསྐུལ་བའི་གསུང་གནང་བ་དེ་མ་ཐག་ཏུ་ཚིག་དོན་ལ་བཀའ་འདྲི་ཞུས་པ་བཞིན་བཤད་ལུང་ཞིག་ཀྱང་གནང་བའི་བཀའ་དྲིན་ལ་བརྟེན་ནས་ཨ་ཛི་ཏ་བི་ཛས་རང་བློས་གང་དཔོག་ཅུང་ཟད་རྣམ་པར་བཤད་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །།


previousརྒྱུད་ལུང་མན་ངག་གི་བཤགས་པའི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང་།next