Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཞེ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐོང་གི་བཤད་པ་མདོར་བསྡུས་སུ་བྱས་པ།
   
   
   
   
   
   
   
   
   
   


 
previousསྐོང་གི་བཤད་པ་མདོར་བསྡུས་སུ་བྱས་པ།next

སྐོང་གི་བཤད་པ་མདོར་བསྡུས་སུ་བྱས་པ།

སྐོང་གི་བཤད་པ་མདོར་བསྡུས་སུ་བྱས་པ་བཞུགས་སོ། །ༀ་སྭ་སྟི། ཧེ་རུ་ཀ་དཔལ་དཀྱིལ་འཁོར་ཀུན་གྱི་གཙོ། །ཐ་དད་མ་དམིགས་རྗེ་བཙུན་གཏེར་བདག་གླིང་། །གང་གི་ཞབས་པད་སྤྱི་བོར་རྟག་མཆོད་ནས། །སྐོང་ཆེན་བཞི་ཡི་བཤད་པ་མདོ་ཙམ་བྲི། །དེ་ལ་སྤྱིར་ཐུགས་དམ་སྐོང་བར་བྱེད་པའི་ཆོ་ག་ལ། ཉམས་ཆག་གི་སྐོང་ཆེན་ལྔ་སྟེ། མཆོད་པ་ཕུད་ཀྱི་སྐོང་། དམ་རྫས་མདངས་ཀྱི་སྐོང་། སྲོག་ཆགས་རྒྱུའི་སྐོང་། གླིང་བཞི་མདོས་ཀྱི་སྐོང་། འགྱོད་ཚངས་བཤགས་པའི་སྐོང་བ་རྣམས་སུ་གྲགས་པ་ལས། འདིར་ན་རག་དོང་སྤྲུགས་མཚམས་མེད་ལྔ་སྦྱོང་གི་དཀྱིལ་འཁོར་གྱི་ཆོ་ག་ལ། ཤིང་རྟ་ཆེན་པོ་སློབ་དཔོན་སོ་སོའི་དགོངས་པ། ཞི་ཁྲོ་རྒྱུད་ལུང་གི་རང་གཞུང་སྡེབས་པ་ལ། དོང་སྤྲུགས་ཀྱི་ཁ་སྐོང་བ་ཞི་ཁྲོ་རབ་འབྱམས་སུ་གྲགས་པ་དང་། ཡི་གེ་བརྒྱ་པ་ཕྲིན་ལས་ཀྱི་རྒྱུད་ཀྱི་དགོངས་པ་བརྒྱ་ལྡན་ལས་རིམ་གྱི་མན་ངག་གིས་བཀྲལ་བ་རིགས་བརྒྱའི་དཀྱིལ་འཁོར་རིགས་བདག་གཅིག་གིས་བསྡུས་པ་ཞི་ཁྲོ་རིགས་བསྡུས་སུ་གྲགས་པ་དང་། གླང་པོ་ཆེ་རབ་འབོགས་ཀྱི་རྒྱུད་ལས་བཀོལ་བ་ཀལྤ་དུམ་བུའི་རྒྱུད་དྲི་མེད་བཤགས་རྒྱུད་ལ་བརྟེན་པ་རིགས་སོ་སོར་ཕྱེ་བའི་དཀྱིལ་འཁོར་ཞི་ཁྲོ་ཁྲོམ་སྤྲུགས་སུ་གྲགས་པ་དང་། བཤགས་རྒྱུད་ཀྱི་ལེའུ་གསུམ་པ་ཕྱག་གི་བཀོལ་བྱང་ལྟར་ཞི་ཁྲོ་གནས་བསྒྱུར་གྱི་གླེང་གཞི་ཇི་སྐད་སྨོས་པའི་རིམ་པ་བཞིན་གྱི་དཀྱིལ་འཁོར་ལ་བརྟེན་པ་ཞི་ཁྲོ་གནས་བསྒྱུར་དུ་གྲགས་པ་སྟེ། དེ་ལྟར་བཞེད་ཚུལ་བཞི་ལས། འདིར་སློབ་དཔོན་སངས་རྒྱས་གསང་བའི་དགོངས་པ་དང་ཁྱད་པར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་མན་ངག་སོགས་རྒྱ་བོད་ཀྱི་གཞུང་རྙིང་མ་རྣམས་ཀྱི་དགོངས་པ་རྒྱུད་ལུང་མན་ངག་གི་གནད་ཐམས་ཅད་གཅིག་ཏུ་བསྡུས་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པས་མཛད་པ་ན་རག་དོང་སྤྲུགས་འཁོར་བ་ཀུན་གྲོལ་ཞེས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་བརྟེན་ནས། རྟོག་ཚོགས་ལྷའི་རང་བཞིན་གདོད་མ་ནས་རྣམ་པར་དག་པའི་སྒྲུབ་གཞི་ཉིད་དམ་ཚིག་གི་དཀྱིལ་འཁོར་དུ་གསལ་གདབ་པ་ལ་མཁའ་ཁྱབ་འབྲས་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དབྱེར་མེད་དུ་བྱེད་པའི་ཐབས་ལ་བརྟེན་ནས་ནང་ཕུང་པོ་རྟེན་གྱི་བཤགས་པ་དང་། ཕྱག་གི་བཀོལ་བྱང་ལ་བརྟེན་ནས་འགྱོད་ཚིག་གི་བཤགས་པ་དང་། སྐོང་ཆེན་བཞི་གནས་དག་གནས་གྱུར་དང་བཅས་པས་ཕྱི་ཡོ་བྱད་ཚོགས་ཀྱི་བཤགས་པ་དང་། བདག་འཇུག་དང་འབྲེལ་བར་མཁའ་འགྲོ་མ་གཏོར་མའི་དབང་དང་རིག་པའི་རྩལ་དབང་ལ་བརྟེན་ནས་གསང་བ་བྱང་ཆུབ་སེམས་ཀྱི་བཤགས་པ་སྟེ། དེ་ལྟར་བཤགས་པའི་ཐབས་རྨད་དུ་བྱུང་བ་རྣམ་པ་བཞི་ལས། འདིར་སྐོང་ཆེན་བཞི་དག་གྱུར་དང་བཅས་པས་ཕྱི་ཡོ་བྱད་ཚོགས་བསོག་གི་བཤགས་པ་ལ། མཆོད་པའི་ཡོ་བྱད་བཤམས་ཚུལ་དང་། འབུལ་ཚུལ་གཉིས་ལས། དང་པོ་ལ། སྨན་གཏོར་རཀྟ་སྒྲོན་མེའི་མཆོད་པ་བཞིའི་བཤམས་ཚུལ། དེ་དག་གི་གོ་དོན། དེ་ཉིད་རང་བྱུང་རང་ཤར་གྱི་ཚུལ་དུ་འབུལ་ཚུལ་དང་གསུམ་ལས། དང་པོ་ནི། གང་དུ་སྟེགས་བུ་གྲུ་བཞི་པ་བཅས་པའི་གཡས་གཡོན་མདུན་གསུམ་གྱི་ངོས་བང་རིམ་ཅན་བྱས་པའི་སྟེང་ཞི་ཁྲོའི་དཀྱིལ་འཁོར་ཆུ་ཚོན་གྱིས་བྲིས་པ་བཤམས་པའི་སྟེགས་བུའི་རྒྱབ་སྟེགས་མཐོ་བ་ལ་བདག་བསྐྱེད་ཞི་ཁྲོའི་གཏོར་མ་ཟླུམ་པོ་སྦོ་ལྡིར་ཅན་ལ་ལྷ་གྲངས་དང་ལྡན་པའི་མཐེབ་ཀྱུས་བསྐོར་བའི་གཡས་གཡོན་དུ་སྨན་དང་རཀྟ་བཅས་བཤམས། དཀྱིལ་འཁོར་གྱི་མདུན་དབུས་སུ་མཁའ་འགྲོའི་གཏོར་མ་བླ་གཏོར་ལྟ་བུ་ལ་ཕྱོགས་བཞིར་པད་འདབ་གྱེན་ལངས་ཀྱི་མཚམས་མཐེབ་ཀྱུས་གཅེར་བའི་སྟེང་དུ་རིལ་བུས་མཚན་པ་ཅན། བསྡུ་ན་དེའི་གཡས་སུ་ཞི་བའི་གཏོར་མ་དཀར་པོ་སྦོ་ལྡིར་ཅན་གྱི་རྩ་བར་མཐེབ་ཀྱུ་ཞེ་གཉིས་ཀྱིས་བསྐོར་བ་དང་། གཡོན་དུ་ཁྲོ་གཏོར་དཔལ་གཏོར་ཅན་གྱི་རྩ་བར་མཐེབ་ཀྱུ་ང་བརྒྱད་ཀྱིས་བསྐོར་བ་བཤམས་པའི་གཡས་གཡོན་དུ་སྨན་རཀ་བཅས་བཤམས་པས་འཐུས། རྒྱས་པར་བྱེད་ན་ཞི་ཁྲོའི་གཏོར་མ་ལྷ་གྲངས་དང་མཉམ་པ་བཤམས་ཚུལ་སྟེགས་བུའི་ངོས་ཀྱི་བང་རིམ་དང་པོའི་གཡས་ཀྱི་ཆར་ཞི་གཏོར་གཡོན་གྱི་ཆ་ལ་ཁྲོ་གཏོར་བཤམས་པའོ། །ད་ལྟ་ཕྱག་བཞེས་སུ་བང་རིམ་དང་པོར་ཞི་གཏོར། གཉིས་པར་ཁྲོ་གཏོར། གསུམ་པར་བདུད་རྩི་ལྷ་གྲངས་དང་མཉམ་པ། བཞི་པར་རཀྟ་ཡང་དེ་མཚུངས། ལྔ་པ་སོགས་ཡོད་ན་མར་མེ་ལྷ་གྲངས་དང་མཉམ་པ། མེད་ན་མདུན་གྱི་མཐིལ་དུ་བཤམས་པའོ། །གང་ལྟར་ཡང་མཆོད་པ་རྣམས་གཙང་སྦྲ་དང་ལྡན་པས་བཀོད་ལེགས་པར་བཤམས་པ་ཡིན་ནོ། །གཉིས་པ་ལ་བཞི་ལས། དང་པོ་བདུད་རྩིའི་གོ་དོན་ནི། དེ་ཡང་དོན་ཡིན་ལུགས་ཀྱི་དབང་དུ་བྱས་པའི་བདུད་རྩི་ནི། འཁོར་འདས་ཐམས་ཅད་ཡེ་ནས་བདུད་རྩིའི་ངོ་བོར་གནས་པ་སྟེ། བདུད་རྩི་བམ་བརྒྱད་ལས། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །ཞེས་དང་། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །རང་བྱུང་གདོད་ནས་རྣམ་པར་དག །ཅེས་གསུངས་པའོ། །དམ་རྫས་བདུད་རྩི་ཞེས་གྲགས་པ་ནི། རྩ་རྒྱུད་གསང་བ་སྙིང་པོ་ལས། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་གསུངས་པས་བདུད་རྩི་ལྔ་ཡིན་ལ། དེའི་སྐྱོབ་དང་འཕྲད་དུ་གྱུར་པའི་རྫས་རྣམས་ལ་ནི་སྨན་བདུད་རྩི་ཞེས་གྲགས་ཏེ། དེ་ལྟར་རྩ་བ་དང་སྐྱོབ་རྣམས་ཚང་བར་སྦྱར་བ་ནི། རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ་ཞེས། བདུད་རྩི་ལྔའི་རྩ་བ་བརྒྱད་ལའང་། སྔོན་བྱུང་གི་རྩ་བ་བརྒྱད། ཕྱིའི་རྩ་བ་བརྒྱད། ནང་གི་རྩ་བ་བརྒྱད། གསང་བའི་རྩ་བ་བརྒྱད། །ཟུག་པ་རྩ་བའི་རྩ་བ་བརྒྱད། འདྲིལ་བ་སྡོང་པོའི་རྩ་བ་བརྒྱད། གྱེས་པ་ཡན་ལག་གི་རྩ་བ་བརྒྱད། སྨིན་པ་འབྲས་བུའི་རྩ་བ་བརྒྱད་དེ། དེ་ལྟར་བདུད་རྩིའི་རྩ་བ་བརྒྱད་བརྒྱད་དྲུག་ཅུ་རེ་བཞི་ཡོད་པར་གྲགས། ཡན་ལག་སྟོང་ནིི། བདུད་རྩི་ལྔ་པོ་རེ་རེ་ལ་ནང་ཚན་བརྒྱ་བརྒྱ་ཡོད་པ་རྣམས་བསྡོམས་པས་ལྔ་བརྒྱ་དང་། དེ་རེ་རེའི་སྐྱོབ་ལྔ་བརྒྱ་རྣམས་བསྡོམས་པས་སྟོང་དུ་ཚང་བ་ཚུལ་བཞིན་དུ་སྦྱར་ནས་བསྒྲུབས་པ་འདི་ལ་བདུད་རྩི་ཨ་མྲྀ་ཏ་ཞེས། བོད་སྐད་དུ་འཆི་མེད་ཀྱི་རྫས། ར་ས་ཡ་ན་ཞེས་བཅུད་ལེན་དུའང་གྲགས་པ་སྟེ། བདུད་རྩི་ཨ་མྲྀ་ཏ་འདི་ཉིད་འདེབས་པའི་གཞི་མ་ནི། ཛ་གད་དཔའ་བོ་ཞེས་ཆང་རྣམ་པ་ལྔ་ཡིན་ཏེ། ནས་ཆང་། གྲོ་ཆང་། འབྲས་ཆང་། རྒུན་ཆང་། སྦྲང་ཆང་སྟེ་མེ་ཏོག་གི་ཆང་དང་ལྔ་ཡིན་ལ། དེ་ལྟ་བུའི་ཆང་རྣམ་པ་ལྔ་ཚང་བའི་གཞི་མ་ལ་གོང་གི་བདུད་རྩི་ཨ་མྲྀ་ཏ་བཏབ་པའི་བདུད་རྩི་སྨན་མཆོད་ཀྱི་ཡོན་ཏན་ནི། དགོངས་འདུས་ལས། བདུད་རྩིའི་སྣོད་ནི་ཀ་པཱ་ལར། །བཅུད་ནི་བྱང་ཆུབ་སེམས་ཀྱི་རྒྱུན། །རྐྱེན་ནི་འབྲུ་གསུམ་ནུས་པས་བྱས། །དོན་ནི་སྐྱེ་འཆི་མེད་པ་ལ། །ལས་ནི་རྟོག་པའི་དྲྭ་བ་འཇོམས། །དེ་ཕྱིར་བདུད་རྩི་ཨ་མྲྀ་ཏ། །ལྷ་ལ་ཕོག་ན་དགྱེས་པ་སྐོང་། །སྲིང་ལ་ཕོག་ན་དམ་ལ་འདུ། །དགྲ་ལ་ཕོག་ན་ཐལ་བར་རློག །བགེགས་ལ་ཕོག་ན་མྱོས་སུ་འཇུག །རྫས་ལ་ཕོག་ན་ནུས་པ་བསྐྱེད། །གང་ལ་ཕོག་ཀྱང་སྟོབས་དང་ལྡན། །ཞེས་གསུངས་སོ། །དེང་སང་གི་ཆོ་ག་མཁན་པོ་བ་ཕལ་མོ་ཆེས་ནི། སྣོད་རྣམ་པ་གཉིས་སུ་ཆང་ཕུད་ཕལ་པ་རེ་དང་ཤའམ་ཁྲག་ཐིག་པ་རེ་བླུག་པ་ལ་བྱིན་རླབས་ཀྱི་ཚིག་གཤར་རེ་ཙམ་ངག་འདོན་བྱས་པ་དེས་བདུད་རྩི་དང་རཀྟའི་གོ་ཆོད་པ་ཡིན་རྒྱུ་རློམ་མོད་ཀྱང་། དེས་ནི་ལྷ་ཚོགས་ཐུགས་དམ་བསྐང་བ་དང་སྲུང་མ་དམ་ལ་འདུ་ནུས་པ་དཀའ་ཞིང་། དེ་མ་ནུས་ཚེ་དགོས་དོན་གྱི་དངོས་གྲུབ་དང་ཕྲིན་ལས་སོགས་ཀྱང་ག་ལ་འབྱུང་སྟེ། ཆོ་གའི་གཟུགས་བརྙན་ཙམ་དུ་ཟད་མོད། ལྷ་དང་དམ་ཅན་འདུ་བར་བྱེད་པ་ལ་སྒྲུབ་པ་པོ་དམ་ཚིག་གཙང་ཞིང་ལྟ་དགོངས་དང་ལྡན་པ། སྔགས་ཚིག་དང་ཆོ་ག་དག་ཅིང་ཏིང་འཛིན་གསལ་བ། རྫས་དང་ཡོ་བྱད་འཛོམ་ཞིང་གཙང་སྦྲ་ཐོན་པ་སོགས་དགོས་པར་གསུངས་པའི་ཕྱིར་རོ། །གཉིས་པ་གཏོར་མའི་གོ་དོན་ནི། གཏོར་གཞོང་རིན་པོ་ཆེའི་གཞལ་ཡས་ཁང་ས་གཞི་དང་མཉམ་པའི་ནང་དུ་གཏོར་མ་ཉིད་རྫས་རང་ག་མའི་རྟོག་པ་སྦྱོང་ནས་འདོད་ཡོན་བདུད་རྩིའི་ཕུང་པོར་རྟོགས་པར་བྱ་བ་སྟེ། དེ་ཡང་ཡབ་ཡུམ་ཐབས་ཤེས་སྣང་སྟོང་ཟུང་དུ་འཇུག་ཅིང་གཉིས་མེད་བདེ་བ་ཆེན་པོའི་ཀློང་དུ་ཐུགས་དམ་ཡོངས་སུ་སྐོང་བར་བྱེད་པའི་དམ་རྫས་ཀྱི་གཙོ་བོ་ཡིན་པས་སྤྱིར་བཏང་དབུས་སུ་བཤམས་དགོས་པ་ཡང་དེ་ལྟར་ཡིན་ཅིང་གོང་དུ་སྨོས་པ་ལྟར་རོ། །གསུམ་པ་རཀྟའི་གོ་དོན་ནི། སྤྱིར་རཀྟ་ལ་རྣམ་པ་ལྔ་སྟེ། སྲིད་པ་གཞིའི་རཀྟ་ནི་འབྱུང་བ་ཆུ། སྣང་བ་བརྡའི་རཀྟ་ནི་ཁ་དོག་དམར་པོར་གྱུར་ཚད། འགྱུར་མེད་དོན་གྱི་རཀྟ་ནི་སོར་རྟོག་ཡེ་ཤེས་ཀྱི་བདག་ཉིད་སྣང་བ་མཐའ་ཡས། འཁོར་བ་རྒྱུའི་རཀྟ་ནི་མའི་མངལ་ཁྲག །འབྲས་བུ་ཆེན་པོའི་རཀྟ་ནི་གདུག་པ་རཱུ་ཏྲ་བསྒྲལ་བའི་སྙིང་ཁྲག་སྟེ་རྣམ་པ་ལྔར་བཤད། དེ་ལ་དབྱེ་ན་རཀྟ་རྩ་བ་བརྒྱད་དང་ཡན་ལག་སུམ་ཅུ་སོ་ལྔར་འདུས་ཤིང་། སྐབས་དོན་སྙིང་པོ་མདོར་བསྡུས་ཏེ་བཤད་ན། མ་ཧཱ་རཀྟ། མཱུ་ལ་རཀྟ། གུ་ཧྱ་རཀྟ་དང་གསུམ་ནི་བླ་མེད་ཀྱི་ཆོ་ག་གཞུང་ཕལ་ཆེ་བ་ལས་འབྱུང་བ་སྟེ། དེ་ལ་མ་ཧཱ་རཀྟ་ནི་གདུག་པ་ཅན་བསྒྲལ་བའི་ཁྲག་ཆེན་པོ་ལ་འཇུག་ཀྱང་། ད་ལྟ་ནི་དམིགས་རྟེན་ཙམ་དུ་སྲོག་ཆགས་གཡག་དང་ར་སོགས་ཀྱི་ཁྲག་གཙང་མས་རུང་མཐུན་དུ་མཛད། མཱུ་ལ་རཀྟ་ནི་སྣོད་བཅུད་ཆགས་པའི་རྒྱུའི་རྩ་བ་ལ་འཇུག་ཀྱང་རུང་མཐུན་ཆུ་གཙང་མ་ལ་སིནྡྷུ་ར་སོགས་རཀྟ་རྩ་བ་བརྒྱད་དང་ཡན་ལག་གི་རྫས་རྣམས་ཚང་བའམ་ཅི་འབྱོར་བ་བཏབ་པས་མཚོན་པར་བྱེད། གུ་ཧྱ་རཀྟ་ནི་མཚན་ལྡན་མ་གྲོང་པའི་ཆོས་ཀྱིས་མ་གོས་པའི་པདྨ་རཀྟ་ལ་བཤད་དོ། །ཡང་རྣམ་པ་གཅིག་ཏུ་ན་མཱུ་ལ་རཀྟ་ནི་སྤང་བྱ་དང་གཉེན་པོའི་ཕྱོགས་ནས་བརྗོད་ན་རྟེན་འབྲེལ་བཅུ་གཉིས་ནི་འཁོར་བར་འཁྱམས་པའི་རྒྱུ་ཡིན་ལ། དེ་ཉིད་ཀྱི་རྩ་བ་མ་རིག་པ་སྟེ་དེ་རིག་པའི་ཡེ་ཤེས་ཀྱིས་བཅོམ་པས་འཁོར་བ་བསྒྲལ་བའི་རཀྟ་སྟེ། རྒྱུད་ལས། རྒྱུ་དྲུག་འཁོར་བ་བསྒྲལ་བའི་རཀྟས་མཆོད། །ཅེས་གསུངས། གཉེན་པོའི་ཕྱོགས་ནས་བརྗོད་ན་རྒྱུ་དུག་གསུམ་དང་འབྲས་བུ་ཁམས་གསུམ་དུ་སྣང་བ་འདི་ཐམས་ཅད་ཡེ་ནས་ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ་རྣམ་པར་དག་པ་ནི་རང་བྱུང་བདེ་བ་ཆེན་པོའི་རཀྟ་སྟེ། ཇི་སྐད་དུ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །མཁའ་དབྱིངས་རྣམ་དག་ཡུམ་གྱི་རང་བཞིན་དུ། །ཁམས་གསུམ་དུག་གསུམ་བསྒྲལ་བའི་རཀྟ་མཆོག །ཅེས་དང་། ལེགས་ལྡན་གྱི་རྒྱུད་ལས་ཀྱང་། མ་ཧཱ་རཀྟ་དགྲ་བགེགས་བསྒྲལ་བའི་ཁྲག །མཱུ་ལ་རཀྟ་རང་བྱུང་པདྨའི་ཁྲག །ཆུ་དང་མ་འདྲེས་དྭངས་མའི་ཁྲག་གིས་མཆོད། །ཅེས་གསུངས་སོ། །བཞི་པ་སྒྲོན་མའི་གོ་དོན་ནི། ལུས་ཅན་ཐམས་ཅད་ལ་རང་བྱུང་ཡེ་ཤེས་ཀྱི་སྒྲོན་མ་རང་ཆས་སུ་བཞུགས་པ་ཉིད་འཁོར་བའི་དྲྭ་བས་བསྒྲིབས་པའི་མུན་པ་གཞོམས་པའི་ཆེད་དུ་ལྷ་གྲངས་དང་མཉམ་པའི་མར་མེའི་མཆོད་པ་སྟེ། དེ་ཡང་སྨན་བླའི་མདོ་ཆོག་ལས། མར་མེ་རེ་རེ་བྱ། མར་མེ་རེ་རེའི་ཚད་ཀྱང་ཤིང་རྟའི་འཕང་ལོ་ཙམ་དུ་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། དབྱིངས་རྣམ་པར་དག་པའི་རང་བྱུང་རང་ཤར་གྱི་མཆོད་པ་དེ་རྣམས་ཡེ་ནས་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་གནས་པ་དེ་ཉིད་ཚིག་གིས་གསལ་བཏབ་སྟེ་དམིགས་མེད་བདེ་བ་ཆེན་པོའི་དབྱིངས་སུ་ཐུགས་དམ་ཡོངས་སུ་སྐོང་བར་བྱེད་པ་ཡིན་ནོ། །དེ་ཡང་ལྟ་བ་ལ་བཟླ་བའི་ཚུལ་དུ་རྟོགས་ཚིག་གིས་ཐུགས་དམ་ཡོངས་སུ་སྐོང་བར་བྱེད་པ་དང་། སྒོམ་པ་ཏིང་ངེ་འཛིན་གྱིས་རང་བཞིན་གནས་ལུགས་ལས་མི་གཡོ་བའི་ཚུལ་དུ་ཐུགས་དམ་ཡོངས་སུ་སྐོང་བར་བྱེད་པ་དང་། ལྷ་རྟོག་དབྱེར་མེད་ཀྱིས་གནས་དག་གནས་གྱུར་དུ་ཐུགས་དམ་ཡོངས་སུ་སྐོང་བར་བྱེད་པ་དང་གསུམ། དང་པོ་ནི། བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །ཞེས་པ་སྟེ། དེ་ལ་བསྐང་ངོ་ཞེས་པས་ཐུགས་དམ་ཡོངས་སུ་སྐོང་ཚིག །སྐོང་བྱེད་ནི་བསྐལ་པ་སྟེ། རྟོགས་ཚིག་མང་པོའི་དོན་ཡིན་པས་དོན་དམ་གསལ་འདེབས་ཀྱི་རྟོགས་པའི་ཚིག་མང་པོ་དག་གིས་སྐོང་བའི་དོན་ཏེ། རོང་ཟོམ་ཆོས་ཀྱི་བཟང་པོས། དོན་དམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཞེས་གསུངས་སོ། །དངོས་པོ་སྟོང་ཉིད་ཀློང་དུ་བསྐང་། །ཞེས་པ་སྟེ། དངོས་པོར་སྣང་བའི་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ལས་མ་གཡོས་པ་སྟེ། དབུ་མ་རིན་ཆེན་ཕྲེང་བ་ལས། བུ་རམ་རང་བཞིན་མངར་བ་དང་། །མེ་ཡི་རང་བཞིན་ཚ་བ་དང་། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་གནས། །ཞེས་པས། གནས་ལུགས་ཟབ་མོ་སྟོང་པ་ཉིད་ཀྱི་དང་། སྣང་བ་ཡེ་ཤེས་ཀློང་དུ་བསྐང་། །ཞེས་པ། སྟོང་ཉིད་དེའི་རྩལ་སྣང་དག་མ་དག་གི་སྣང་བ་ཐམས་ཅད་ཡེ་ཤེས་ཆེན་པོ་གཅིག་གི་ཀློང་དུ་སྐོང་བ་དང་། གསལ་བ་ཤེས་རབ་ཀློང་དུ་བསྐང་། །ཞེས་པ་གོང་དུ་སྨོས་པའི་ཐབས་ཤེས་ཟུང་འཇུག་བདེ་ཆེན་སྟོང་ཉིད་ཀྱི་ངོ་བོ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱི་དང་། སྡུག་བསྔལ་ཆོས་ཉིད་ཀློང་དུ་བསྐང་། །ཞེས་པ་གནས་ལུགས་མ་རྟོགས་པར་སྡུག་བསྔལ་གྱིས་བཅིངས་པའི་འགྲོ་བ་འདི་རྣམས་ཡེ་ནས་ཆོས་ཉིད་མཉམ་པ་ཆེན་པོའི་ཀློང་དུ་དག་པའི་དང་། དེ་བཞིན་དུ་སྐྱེ་བ་མེད་པའི་སོགས་ཀྱི་དོན་ནི། འདི་ལྟར་སྐྱེས་པ་ལྟར་སྣང་ཡང་དོན་ལ་སྐྱེ་བ་མེད་པའི་དབྱིངས་སུ་དང་། འགགས་པ་ལྟར་སྣང་ཡང་དོན་ལ་འགགས་པ་མེད་པའི་ཡེ་ཤེས་ཀྱི་མཁའ་ཀློང་དུ་དང་། སྣང་སྟོང་གི་རང་བཞིན་སྐྱེ་འགག་གི་རྣམ་པ་ཅན་དེ་ཡང་དོན་ལ་སྐྱེ་འགགས་གཉིས་སུ་མེད་པའི་ཆོས་ཉིད་ཀྱི་ཀློང་དུ་ལྟ་བ་ལ་བཟླ་བའི་ཚུལ་དུ་དང་། ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་དག །ཅེས་སོགས། དེ་ཡང་ཉིན་མཚན་གྱི་དྲུག་ཆའི་ནང་དུ་གཉེན་པོས་མ་སླེབ་པས་ན་ཐུན་ཚོད་ལས་འདས་པ་ཞེས་བྱ་བ་དང་། ཞག་གཅིག་གིས་བར་མ་ཆོད་པ་འགལ་བ་དང་། ཟླ་བས་བར་མ་ཆོད་པ་ཚུན་ཆད་ཉམས་པ་དང་། ལོ་གཅིག་ཚུན་ཆད་འདས་པ་དང་། ལོ་གསུམ་ཚུན་ཆད་རལ་པ་ཞེས་དུས་ལ་ལྟོས་ནས་རིམ་གྱིས་ལྕི་བ་སྟེ། དེ་ཚུན་ཆད་སྙིང་ནས་བརྩོན་པ་ཆེན་པོས་བཤགས་ན་འདག་ལ། ལོ་གསུམ་འདས་པ་ཕན་ཆད་ནི་གསོར་མི་རུང་བ་དམ་ཚིག་བཀོད་པའི་རྒྱུད་ལས་བཤད་དོ། །དེ་ལ་ཉམས་པ་ལ་སྤྱི་མདོ་ལས། ཉམས་པར་གྱུར་པ་གང་ཞེ་ན། །ཀུན་ཏུ་ཉམས་པ་ཆེན་པོ་དང་། །རྩ་བ་ཉམས་དང་ཡན་ལག་ཉམས། །དེ་བཞིན་ཟླས་ཉམས་ཞར་ཉམས་ལྔ། །ཞེས་པས། ཀུན་ཏུ་ཉམས་པ་ཆེན་པོ་ནི། ཡུལ་ཆེས་གཉན་པ་ལ་ཀུན་དཀྲིས་དྲག་པོས་སྤྱད་པའང་ལན་གྲངས་མང་དུ་བྱུང་བ་དང་དུས་འདས་རལ་པ་ལ་སོགས་པ་ཡིན་ལ། རྩ་བ་ཉམས་པ་དང་ཡན་ལག་ཉམས་པ་གཉིས་ནི་དེ་དག་དང་། ཟླས་ཉམས་ནི། ཉམས་པ་དང་འགྲོགས་པའི་ཉེས་པ་དང་། ཞར་ཉམས་ནི། གཞན་གྱི་ངོ་དགར་ཐལ་བའི་ཉེས་པའོ། །ཆགས་པ་ནི། དམ་ཚིག་གསལ་བཀྲ་ལས། རང་གི་སྒོ་གསུམ་ཡི་དམ་གྱི། །སྐུ་གསུང་ཐུགས་སུ་མངོན་སྦྱར་ལ། །རྟག་ཏུ་བཟླས་པ་བྱེད་པ་ནི། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །རབ་ཀྱིས་ཆུ་བོའི་རྒྱུན་གཞུང་བཞིན། །ཉིན་གསུམ་མཚན་གསུམ་གཉིས་གཅིག་ཏུ། །མ་ཡེངས་ཙམ་དུ་ངང་གིས་བཟླ། །འབྲིང་གིས་ཟླ་གཅིག་དུས་དྲུག་དང་། །དུས་བཞིའི་བར་དུ་མི་བཅད་ཅིང་། །ཐ་མར་བརྩོན་པའི་རྣལ་འབྱོར་པས། །ཟླ་རེའམ་ར་བའི་དུས་དག་ཏུ། །བརྩོན་པས་འབད་དེ་མི་བྱེད་ན། །བྱང་ཆུབ་ས་བོན་བརླག་པ་ཡིན། །ཚོགས་དང་གཏོར་མའང་དེ་བཞིན་དུ། །ཐ་ན་ལོ་ཟླར་མི་འདའོ། །ཞེས་པའོ། །རྟོག་སྒྲིབ་ནི། དོན་དམ་བློ་རྟོག་གི་ཡུལ་དུ་བྱས་པའི་སྒྲིབ་པ་སྟེ། རྒྱུད་ལས། དོན་དམ་མི་དམིགས་སྤྲོས་ལས་འདས་པས་ན། །ཞེས་སོ། །དེ་ལྟར་བློའི་དྲི་མ་རྣམས་དག་ནས་རང་གནས་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྒྱུར་བའི་དབང་དང་མཆོག་ཐུན་གྱི་དངོས་གྲུབ་རྣམ་པ་གཉིས་ད་ལྟ་ཉིད་དུ་སྩལ་དུ་གསོལ་ཞེས་པའོ། །གཉིས་པ་ལ་བཞི་ལས། དང་པོ་བདུད་རྩིས་བསྐང་བ་ནི། ཧཱུྃ། བསྐང་ངོ་བདུད་རྩིས་སོགས། ཀུན་གཞི་མཁའ་ཀློང་ཡངས་པའི་བྷཉྫའི་སྣོད་དུ་རང་བྱུང་བྱང་ཆུབ་ཀྱི་སེམས་སྤྲོས་བྲལ་སྟོང་པ་ཉིད་ཀྱི་བདུད་རྩིས་ཡོངས་སུ་བཀང་ནས་སངས་རྒྱས་ཆོས་ཀྱི་སྐུའི་ཐུགས་དམ་གནས་སུ་སྐོང་བ་དང་། གདངས་གསལ་འབར་བའི་བྷཉྫ་རུ། །ཞེས་སོགས། སེམས་ཉིད་དམིགས་མེད་ཀྱི་རྩལ་གདངས་འགགས་པ་མེད་པའི་བྷཉྫའི་སྣོད་དུ་སེམས་ཅན་གྱི་དོན་ལ་གཟིགས་པ་སྒྲིབ་པ་མེད་པའི་ཡེ་ཤེས་ལྔའི་རང་བྱུང་གི་བདུད་རྩིས་ཡོངས་སུ་བཀང་ནས་ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་གནས་སུ་སྐོང་བ་དང་། མཆོག་གི་འོད་གསལ་སོགས་ཏེ། དེ་ལས་མ་གཡོས་བཞིན་དུ་མཆོག་གི་སྤྲུལ་པའི་སྐུ་འཕོ་མེད་འོད་གསལ་གྱི་སྐུར་བཞེངས་པ་ཕྲིན་ལས་ཐུགས་རྗེའི་བྷཉྫ་རུ་སེམས་ཅན་རྣམས་ཀྱིས་ཆོས་སྐུ་ཐིག་ལེ་བྱང་ཆུབ་ཀྱི་སེམས་དེའི་སྒྲིབ་པ་བསལ་བས་སེམས་ཉིད་བདེ་ཆེན་ཡེ་ཤེས་སུ་འབར་བའི་བདུད་རྩིས་བཀང་བ་ནི་རྒྱལ་བ་སྤྲུལ་སྐུའི་ཐུགས་དམ་གནས་སུ་སྐོང་བ་དང་། ཡེ་ཤེས་རྩ་ལྔའི་ཞེས་སོགས། སེམས་ཉིད་ཀྱི་ཀློང་ན་འབྲས་བུའི་ཆོས་ཡེ་ཤེས་ཉི་ཤུ་རྩ་ལྔར་སྣང་བའི་བྷཉྫ་རུ་སེམས་ཉིད་ཀྱི་ངོ་བོ་ཨ་ཡིག་དཀར་པོ་གནས་པ་དེ་ལམ་པས་ཉམས་སུ་བླངས་པས་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་སུ་སྣང་བ་ཞི་བ་དང་། དཔའ་བོ་འབྲུ་ལྔའི་སོགས་ཏེ། ཧཱུཾ་ཨཱོཾ་སྭཱ་ཨཱཾ་ཧཱ་སྟེ། དཔའ་བོ་འབྲུ་ལྔ་འོད་དུ་འབར་བའི་བྷཉྫ་རུ་ཤེས་རབ་ཡུམ་ལྔའི་བདུད་རྩིས་ཡོངས་སུ་བཀང་ནས་ཟུང་འཇུག་ཡེ་ཤེས་ཀྱི་བདུད་རྩི་དེ་ཉིད་གདུལ་བྱ་གདུག་པ་ཅན་འདུལ་བའི་ཐབས་ཀྱི་ཕྱག་རྒྱ་ཁྲག་འཐུང་ང་བརྒྱད་ཀྱི་རྣམ་པར་ཤར་བ་ཁྲོ་བོའི་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་གནས་སུ་སྐོང་བའོ། །བདུད་རྩི་སྨན་གྱི་དམ་ཚིག་སོགས། །འདི་ལྟར་འཁོར་འདས་ཐམས་ཅད་ཡེ་ནས་བདུད་རྩིའི་རང་བཞིན་དུ་གནས་པའི་བདུད་རྩི་སྨན་གྱི་དམ་ཚིག་འདིས་མཆོད་འོས་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་ན་བཞུགས་པ་རྣམས་ཀྱི་ཐུགས་དམ་སྐོང་བའོ། །གཉིས་པ་གཏོར་མ་ནི། ཧཱུྃ། བྷཉྫ་འབར་བའི་སོགས་ཏེ། རང་ལུས་ཡེ་ནས་འདོད་ཡོན་ལྔའི་རང་བཞིན་གྱི་གཏོར་མ་གདོད་ནས་གྲུབ་པ་ཚིག་གིས་གསལ་བཏབ་ནས་འབུལ་བར་བྱེད་པ་སྟེ། ཐོད་པ་བྷཉྫ་འབར་བའི་གཏོར་སྣོད་དུ་ཤངས་ཀྱི་རླུང་སྒྲོམ་སྣའི་དབང་པོ་ཉིད་དཔལ་བཤོས་གཏོར་མའི་ཚུལ་དུ་བྱས་ནས་སྣ་སྒོའི་ལས་རླུང་ཡེ་ཤེས་སུ་དག་པའི་འདོད་ཡོན་དྲུག་གི་ལྷ་མོ་འདོད་པའི་ཡོན་ཏན་སྤྲོ་བའི་བདག་ཉིད་ཅན་གྱི་གཏོར་མ་དེ་ལ་བདེ་ཆེན་འཁོར་ལོའི་རྩ་འདབ་ཡེ་ཤེས་སུ་འབར་བའི་སེམས་དཔའ་བཅུ་དྲུག་དང་། སེམས་མ་བཅུ་དྲུག་གི་མཐེབ་ཀྱུས་ཡོངས་སུ་བསྐོར་བ་ལ། སྒྲོན་མ་མིག་གི་ཛ་གད་སྩལ། །ཞེས་པ་ཤ་ལྔ་ནི་སྒྲོན་མ་སྟེ། དབང་པོ་ལྔ་བཀྲག་མདངས་གཟི་བརྗིད་འབར་བར་བྱེད་ལ། དེའི་ནང་ནས་དབང་པོའི་དྭངས་མ་མིག་ཡིན་པས་མིག་གི་བདུད་རྩི་དང་། དབང་པོ་ལྔ་ཡི་རཀྟ་ནི། ཆགས་འཛིན་གྱི་སྒོ་དབང་ཤེས་ནང་དུ་སྡུད་པའི་ཐབས་དབང་པོ་ལྔའི་བྱེད་བཅིངས་ཀྱིས་ཆགས་རྟོག་དབྱིངས་སུ་བསྒྲལ་བའི་རཀྟས་བརྒྱན་ཏེ་རང་བྱུང་གི་གཏོར་མས་མཆོད་པ་དང་། ཉི་ཟླ་ཁ་སྦྱོར་གཏོར་གཞོང་དུ། །ཞེས་སོགས། སྤྱི་བོའི་ཧཾ་ཡིག་ཟླ་བའི་རང་བཞིན་དང་། ལྟེ་བའི་ཨཾ་ཡིག་ཉི་མའི་རང་བཞིན་དུ་ཡོད་པ་ཉི་ཟླ་ཁ་སྦྱོར་གྱི་ལུས་ཀྱི་དབུས་སུ་སྙིང་རང་བྱུང་དཔལ་གྱི་ལྷ་བཤོས་སུ་གཙུག་ནས་སྙིང་གའི་རྩ་ཆེན་བརྒྱད་པད་འདབ་བརྒྱད་ཀྱི་མཐེབ་ཀྱུའི་ཚུལ་དུ་བསྐོར་ནས་རྩ་དེ་དག་ལ་གནས་པའི་རྣམ་ཤེས་བརྒྱད་ནི་སྙིང་གའི་འཁོར་ལོའི་བྱེད་པ་བཅིངས་ན་ཡེ་ཤེས་ལྔར་རང་འབར་བའི་ཛ་གད་བདུད་རྩི་སྩལ་ནས་དེའི་ཚེ་རྩ་ཆེན་བཞི་ལས་འཁོར་བ་འཆར་བའི་སྒོ་འགག་པས་འཁོར་བ་བསྒྲལ་བའི་རཀྟས་བརྒྱན་པའི་རང་བྱུང་གི་གཏོར་མ་དང་། ཁྱབ་བརྡལ་ལྤགས་པའི་ཞེས་སོགས། ལུས་པོའི་ལྤགས་པའི་སྐྱ་རིས་ཀྱི་ལྟེམས་པའི་གཏོར་སྣོད་དུ་རུས་པའི་ཚོགས་རྣམས་དཔལ་གྱི་གཏོར་མར་གྲུབ་པ་ལ་ཤའི་མཐེབ་ཀྱུ་བཀྲག་མདངས་ཀྱི་བདུད་རྩི་ཁྲག་དང་ཆུ་སེར་གྱི་རཀྟས་བརྒྱན་པའི་གཟུགས་ཕུང་རང་བྱུང་གི་གཏོར་མ་དང་། ཁོག་པ་སྟོང་བའི་ཞེས་སོགས། ལུས་ཁོག་གཏོར་གཞོང་གི་ནང་དུ་མཆིན་པ་ཉིད་དཔལ་བཤོས་སུ་བཙུགས་པ་ལ་གློ་མཚེར་མཁལ་མའི་མཐེབ་ཀྱུས་ཡོངས་སུ་བསྐོར་ནས། གུ་ཧྱ་གསང་བ་སྟེ། གསང་བ་ནང་ཁྲོལ་དུ་གཏོགས་པ་ཐམས་ཅད་ཛ་གད་བདུད་རྩིའི་རང་བཞིན་དུ་ཡེ་ནས་གནས་པའི་བདུད་རྩི་དང་། མཁྲིས་པའི་རཀྟ་སྟེ་ནང་ཕུང་པོའི་ཆོས་ཐམས་ཅད་ཡེ་ནས་རང་བྱུང་གི་གཏོར་ཚོགས་སུ་གནས་པའི་བ་ལིང་འདོད་ཡོན་ལྷ་མོ་རྡོ་རྗེའི་དམ་ཚིག་གིས་མཆོད་པའོ། །གསུམ་པ་རཀྟས་བསྐང་བ་ནི། ཧཱུྃ། བསྐང་ངོ་རཀྟ་སོགས་ཏེ། སྤྱི་བོར་དུང་ཁང་འཁོར་ལོའི་བྷཉྫ་རུ་སྡུག་བསྔལ་གྱིས་མཚོན་པའི་རྣམ་པར་རྟོག་པ་ཐམས་ཅད་མི་རྟོག་པའི་དབྱིངས་སུ་བསྒྲལ་བའི་རཀྟས་བཀང་ནས་དང་། མགྲིན་པ་ལོངས་སྤྱོད་སོགས། བཟའ་བཏུང་སྣ་ཚོགས་ཀྱི་རོ་བཅུད་ཉམས་སུ་མྱོང་བར་བྱེད་པའི་ལོངས་སྤྱོད་འཁོར་ལོའི་བྷཉྫ་དེར་དབང་པོ་གཟུགས་ཅན་ལྔས་སྤྱད་བྱར་མ་གྱུར་པའི་ཡུལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཀྱིས་བསྐྱེད་པའི་ཡིད་ཤེས་འཛིན་མེད་རྒྱ་ཡན་གྱི་རཀྟས་བཀང་ནས་དང་། སྙིང་ག་ཆོས་ཀྱི་འཁོར་ལོའི་བྷཉྫ་དེར་ཆོས་ཉིད་བསམ་བརྗོད་ལས་འདས་པའི་བློ་ངོ་བོ་ཉིད་དུ་དག་པའི་རཀྟས་བཀང་ནས་དང་། ལུས་ཀྱི་སྤྲུལ་གཞི་ལྟེ་བ་སྤྲུལ་པའི་འཁོར་ལོའི་བྷཉྫ་དེར་ཉོན་མོངས་པ་སྲིད་པའི་རྩ་བ་དམར་ཆ་རྡུལ་ཏེ་ཤེས་རབ་སྟོང་ཉིད་ཀྱི་རཀྟས་བཀང་ནས་དང་། གསང་གནས་བདེ་སྐྱོང་འཁོར་ལོའི་བྷཉྫ་དེར་ཐབས་ཤེས་མཉམ་པར་སྦྱོར་བའི་རྗེས་ཆགས་བདེ་བ་ཆེན་པོའི་ཐིག་ལེའི་རཀྟས་ཡོངས་སུ་བཀང་ནས་དང་། དེ་ལྟར་ན་ཡེ་ནས་སེམས་ཅན་ཐམས་ཅད་ལ་རཀྟ་བདེ་བ་ཆེན་པོའི་ངོ་བོར་འབར་བའི་ལྷ་མོ་རྡོ་རྗེའི་དམ་ཚིག་གིས་མཆོད་འོས་རྣམས་མཉེས་པར་བྱེད་པའོ། །བཞི་པ་སྒྲོན་མེས་བསྐང་བ་ནི། ཧཱུྃ། བསྐང་ངོ་སྒྲོན་མེས་སོགས་ཏེ། གཟུགས་ཕུང་ཀུན་ལ་ཁྱབ་པའི་ལྤགས་པའི་ཀོང་བུ་རུ་ཁྲག་དང་ཆུ་སེར་གྱི་བཅུད་ཀྱི་མར་ཁུས་ཡོངས་སུ་གཏམས་ནས་ཤ་རུས་ཀྱི་སྡོང་བུ་ལ་ཡེ་ནས་རང་ལ་ཡེ་ཤེས་རང་གསལ་དུ་གནས་པས་ལུས་ཀྱི་བཀྲག་མདངས་མཆོག་ཏུ་འབར་བའི་ཞུན་མར་རང་བྱུང་གི་སྒྲོན་མ་དང་། ཐོད་པ་དུང་ཆེན་འབར་བའི་ཀོང་བུར་ཀླད་པ་གོ་རོ་ཙ་ནའི་མར་ཁུས་ཡོངས་སུ་གཏམས་ཏེ་ཤེས་བྱའི་གནས་གསལ་བར་བྱེད་པའི་དབང་ཤེས་ཉི་ཤུ་རྩ་ལྔའི་སྡོང་བུ་ལ་དབང་པོ་སྒོ་ལྔའི་རང་བྱུང་གི་སྒྲོན་མ་དང་། ཙིཏྟ་སྙིང་གི་ཀོང་བུ་འབར་བའི་སྣོད་དུ་སྙིང་ཚིལ་དཀར་དམར་གྱི་མར་ཁུས་ཡོངས་སུ་གཏམས་ནས་སྙིང་གི་རྩ་ཆེན་བརྒྱད་པདྨ་འདབ་བརྒྱད་ཀྱི་སྡོང་བུ་ལ་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་འོད་དུ་འབར་བའི་རང་བྱུང་གི་སྒྲོན་མ་དང་། ཨ་བ་དྷུ་ཏི་སྟེ། དབུ་མ་ཡེ་ཤེས་ཀྱི་ཀོང་བུ་རུ་བདེ་སྟོང་གཉིས་མེད་རང་གསལ་འོད་དུ་འབར་བའི་མར་ཁུས་ཡོངས་སུ་གཏམས་ནས། འཁོར་ལོ་བདུན་བརྩེགས་ཏེ། སྤྱི་བོར་བདེ་ཆེན་གྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི༴ སྙིང་ག་ཆོས་ཀྱི༴ ལྟེ་བ་སྤྲུལ་པའི༴ སྤར་བྱ་མེའི༴ སྤར་བྱེད་རླུང་གི༴ གསང་གནས་བདེ་སྐྱོང་གི་འཁོར་ལོ་སྟེ་བདུན་བརྩེགས་པའི་སྡོང་བུ་ལ་ཞུ་བདེ་ལས་བྱུང་བའི་འཁོར་འདས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོར་རང་འབར་བའི་རང་བྱུང་གི་སྒྲོན་མ་དང་། སེམས་ཉིད་མི་ཤིགས་པ་སྟོང་པ་ཉིད་ཀྱི་ཀོང་བུ་རུ་ཆོས་ཐམས་ཅད་སྐྱེ་མེད་ཀྱི་དབྱིངས་སུ་ལ་བཟླ་བའི་མར་ཁུས་ཡོངས་སུ་གཏམས་ནས་མ་རིག་པ་ལ་སོགས་ཏེ་རྟེན་འབྲེལ་བཅུ་གཉིས་འཆར་བྱེད་ཀྱི་སྒོ་རྩ་ཕྲན་བཅུ་གཉིས་ཀྱི་སྡོང་བུ་ལ་རིག་པ་རང་བྱུང་གི་སྒྲོན་མ་རང་འབར་བ་དང་། སྐུ་ལྔ། གསུང་ལྔ། ཐུགས་ལྔ། ཡོན་ཏན་ལྔ། ཕྲིན་ལས་ལྔ་སྟེ། འབྲས་ཆོས་ཉེར་ལྔ་ལུས་ཅན་རྣམས་ལ་རང་ཆས་སུ་གནས་པའི་ཀོང་བུ་རུ་སེམས་ཅན་གྱི་དབང་པོའི་ཆ་ལས་ཕྱེ་ན། དབང་པོ་རབ་ཀྱི་ཐ་མ་དང་། རབ་ཀྱི་འབྲིང་དང་། རབ་ཀྱི་རབ་དང་། རབ་ཀྱི་ཕུལ་དང་། རབ་ཀྱི་མཆོག་དང་། རབ་ཀྱི་རྩེ་མོ་དང་། རབ་ཀྱི་མཐར་ཕྱིན་པ་སྟེ་བདུན་དང་། དེ་བཞིན་དུ་དབང་པོ་འབྲིང་གི་ཐ་མ་སོགས་བདུན་དང་། ཐ་མའི་ཐ་མ་སོགས་བདུན་ཚན་གསུམ་སྟེ་ཉི་ཤུ་རྩ་གཅིག་གི་དབང་པོ་མི་འདྲ་བའི་སེམས་ཉིད་ཨ་དཀར་དྲི་མ་མེད་པ་ཉེར་གཅིག་གི་མར་ཁུས་ཡོངས་སུ་གཏམས་ནས་ཨ་ཡིག་དེ་རྣམས་ཀྱི་ཀློང་ན་འབྲས་ཆོས་ཉེར་ལྔ་འཆར་རུང་མ་འགགས་པར་གནས་པའི་སྡོང་བུ་ལ་ཤེས་རབ་འབྲུ་ལྔ་སྟེ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་འོད་དུ་ཞུ་བ་ཡུམ་ལྔའི་ངོ་བོར་འབར་བའི་སྒྲོན་མ་དང་། མཆོག་སངས་རྒྱས་ཀྱི་ཞིང་ཁམས་འོད་གསལ་རྒྱ་ཚད་དང་བྲལ་བའི་ཀོང་བུ་རུ་དེའི་རང་མདངས་འགགས་མེད་བདེ་སྟོང་གཉིས་མེད་ཀྱི་མར་ཁུས་ཡོངས་སུ་གཏམས་ནས་ཆོས་ཐམས་ཅད་ཟུང་འཇུག་ཡེ་ཤེས་ཀྱི་ཐིག་ལེ་གཅིག་ཏུ་འཁྱིལ་བའི་སྡོང་བུ་ལ་ཡེ་ཤེས་རྣམ་པ་ལྔ་རང་ཤར་དུ་འབར་བའི་སྒྲོན་མ་དང་། འཁོར་འདས་ཐམས་ཅད་ཀྱི་འབྱུང་ཁུང་ཀུན་གཞི་མ་བཅོས་མཁའ་ཀློང་ཡངས་པའི་ཀོང་བུ་རུ་ཆོས་དབྱིངས་འགྱུར་བ་མེད་པའི་མར་ཁུས་ཡོངས་སུ་གཏམས་ནས་བྱང་ཆུབ་ཀྱི་སེམས་དྲི་མ་མེད་པའི་སྡོང་བུ་ལ་ཆོས་ལོངས་སྤྲུལ་གསུམ་མངོན་བྱང་རྡོ་རྗེའི་སྐུ་སྟེ་སྐུ་ལྔ་ལྷུན་གྲུབ་འོད་དུ་འབར་བའི་སྒྲོན་མ་སྟེ། དེ་ལྟར་ལུས་ཅན་རྣམས་ལ་ཡེ་ནས་རང་བྱུང་གི་སྒྲོན་མ་རང་འབར་དུ་གནས་པའི་གནས་ལུགས་ཀྱི་དོན་འདི་ལས་མི་འདའ་བའི་དམ་ཚིག་སྟེ། རྩ་རྒྱུད་གསང་བ་སྙིང་པོ་ལས། དམ་ཚིག་འདི་ནི་རྨད་པོ་ཆེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཅེས་གསུངས་པ་ལྟར་རོ། །དཱི་པ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་འོས་རྣམས་ལ་མར་མེའི་མཆོད་པའི་གཞི་ཚུགས་ཞེས་པའི་དོན་ནོ། །ༀ་ཨེ་ཧོ་སོགས་ཁྲུས་བདུན་གྱི་རིག་སྔགས་ལན་བདུན་བཟླས་པས་འབྱུང་བའི་ཡི་གེ་དེ་རྣམས་ལུས་ཅན་རྣམས་ལ་རང་ཆས་སུ་ཡོད་པ་འོད་དུ་འབར་བས་ཆག་ཉམས་དང་རྟོག་སྒྲིབ་ཐམས་ཅད་དག་པར་བྱེད་པའི་དོན་ནོ། །གསུམ་པ་ལ། ཞི་བ་གནས་དག་དང་། ཁྲོ་བོ་གནས་གྱུར་གྱི་བསྐང་པ་གཉིས་ལས། དང་པོ་ནི། ཧཱུྃ། ཡིད་ཀྱི་རྣམ་ཤེས་གནས་དག་པ། །ཞེས་སོགས། ཡིད་ནི་རྟོག་བཅས་འཁོར་བའི་བྱེད་པ་པོ་དང་། རྟོག་མེད་མྱང་འདས་གཉིས་ཀའི་བྱེད་པ་པོ་ཀུན་བཟང་གི་ངོ་བོར་གནས་སུ་དག་པ་དང་། ཡིད་ཀྱིས་གཏན་ལ་དབབ་བྱའི་ཡུལ་ཆོས་ཀྱི་ཁམས་དེ་ཀུན་ཏུ་བཟང་མོའི་ངོ་བོར་རྣམ་པར་དག་པ་དང་། དེ་བཞིན་དུ་ཕུང་པོ་ལྔ་ནི་རྒྱལ་བ་རིགས་ལྔའི་ངོ་བོར་དང་། འབྱུང་བ་ལྔ་ནི་ཡུམ་ལྔའི་ངོ་བོར་དང་། རྣམ་ཤེས་ཚོགས་བརྒྱད་ནི་སེམས་དཔའ་བརྒྱད། དེའི་ཡུལ་བརྒྱད་ནི་སེམས་མ་བརྒྱད་དང་། ལུས་དབང་། དེའི་རྣམ་ཤེས། དེའི་ཡུལ། དེ་གསུམ་འདུས་པའི་ལུས་ཏེ་རེག་པ་སྟེ་ལུས་ཀྱི་ཆོས་བཞི་ནི་སྒོ་བ་བཞིའི་ངོ་བོར་དང་། རྟག་ཆད་བདག་མཚན་བཞི་ནི་ཁྲོ་མོ་ལྕགས་ཀྱུ་མ་ལ་སོགས་པ་བཞིའི་ངོ་བོར་གནས་སུ་དག་པ་དང་། ང་རྒྱལ། ཕྲག་དོག །འདོད་ཆགས། གཏི་མུག །སེར་སྣ། ཞེ་སྡང་སྟེ་ཉོན་མོངས་དྲུག་ནི་ཐུབ་དྲུག་གི་ངོ་བོར་གནས་སུ་དག་པའོ། །གཉིས་པ་ནི། འདོད་ཆགས། ཞེ་སྡང་། ང་རྒྱལ། གཏི་མུག །ཕྲག་དོག་སྟེ་དུག་ལྔ་ཁྲག་འཐུང་ཡབ་ལྔའི་ངོ་བོར་དང་། ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ཡུལ་ལྔ་ནི་ཁྲག་འཐུང་ཡུམ་ལྔའི་ངོ་བོར་དང་། ལུས་ཞེས་པ་ནི་འབྱུང་བ་ལྔས་འཁོར་བའི་གནས་སྐབས་སུ་འཁོར་བ་འབྱུང་ཁུངས་སམ་དེའི་རྟེན་གཞི་ལུས་ལྟ་བུ་དང་། མྱང་འདས་ཀྱི་གནས་སུ་འབྲས་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་སམ་རྟེན་གཞི་ཡུམ་ལྔ་འདུས་པ་ཀུན་ཏུ་བཟང་མོ་ཆོས་ཀྱི་སྐུ་སྟེ། དཀོན་མཆོག་སྒྲོན་མེའི་མདོ་ལས། ཆོས་ཀྱི་སྐུ་ནི་རྒྱལ་བ་རྣམས་ཀྱི་ལུས། །ཞེས་གསུངས་པའི་ཕྱིར་རོ། །རྣམ་བཞིའི་རྟོག་པ་ནི། སྦྱོར་བའི་དབྱིངས་ནས་ཕྱིན་ཅི་ལོག་གི་རྟོག་པ་དང་། སྒྲོལ་བའི་དབྱིངས་ནས་རེག་བྱའི་རྟོག་པ་དང་། དམ་ཚིག་གི་དབྱིངས་ནས་མྱོང་བྱེད་ཀྱི་རྟོག་པ་དང་། གསང་བའི་དབྱིངས་ནས་སྐྱེ་གནས་ཀྱི་རྟོག་པ་བཞི་འཇོམས་པའི་ཧེ་རུ་ཀ་བཞིའི་ངོ་བོར་དང་། དྲོད་གཤེར། རྫུས་སྐྱེས། སྒོང་སྐྱེས། མངལ་སྐྱེས་ཏེ་སྐྱེ་གནས་བཞིའི་རྟོག་པ་ནི་ཧེ་རུ་ཀ་བཞིའི་ཡུམ་བཞིའི་ངོ་བོར་དང་། ཡུལ་རྣམ་པར་རིག་པའི་མཚན་ཉིད་ཅན་གྱི་ཚོགས་བརྒྱད་ནི་ཁྲོ་མོ་ག་རི་མ་བརྒྱད་དང་། དེའི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་དང་། ཁམས་དང་སྐྱེ་མཆེད་དེ་རྣམ་འགྱུར་ཡུལ་བརྒྱད་ནི་ཁྲོ་མོ་སྟེ་སིདྷ་མ་བརྒྱད་ཀྱི་ངོ་བོར་དང་། རྟག་མཐའ། ཆད་མཐའ། བདག་མཐའ། མཚན་མའི་མཐའ་སྟེ་བཞི་ནི་རྡོ་རྗེ་སྲིང་འགྲོ་མ་ལ་སོགས་པ་ཁྲོ་མོ་སྒོ་མ་བཞིའི་ངོ་བོར་དང་། རྟོག་ཚོགས་སྣ་ཚོགས་སུ་སྣང་བ་ནི། སྲིན་མོ་ཆེན་མོ་མིའི་སྲིན་མོ་ལ་སོགས་ཏེ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི་ངོ་བོར་དང་། དེ་ལྟར་དག་པའི་ཡེ་ཤེས་ཀྱི་ལྷ་ཚོགས་ཐམས་ཅད་ཆོས་སྐུ་འགྱུར་བ་མེད་པ་རྡོ་རྗེ་མི་ཤིགས་པའི་ངང་ལས་མ་གཡོས་ཀྱང་གཟུགས་སྐུ་གང་འདུལ་ཞི་ཁྲོའི་ལྷ་ཚོགས་ཀྱི་རོལ་པར་སྣང་ནས་འགགས་མེད་གསུང་གི་སྣང་བ་གདུལ་བྱའི་བློ་དང་འཚམས་པར་སྣ་ཚོགས་སུ་སྣང་ཡང་སྐུ་ལ་འཕོ་འགྱུར་མི་མངའ་བ་དང་། གསུང་ཐུགས་འཁྲུལ་པ་མེད་པ་དང་། ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོར་སད་པར་བྱས་ཏེ། ཕྲིན་ལས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་སྤྱི་གཙུག་འཁོར་ལོའི་རྒྱན་དུ་ཞུགས་པའི་མཆོད་ཡུལ་ཡེ་ཤེས་ཀྱི་འཁོར་ལོའི་རོལ་པ་ཟད་མི་ཤེས་པར་བཞུགས་པ་རྣམས་ཐུགས་དམ་ཡོངས་སུ་སྐོང་ནས་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་དང་རྟོག་སྒྲིབ་དག་ནས་སྐོང་བའི་འབྲས་བུ་དབང་བཞིའི་ཡེ་ཤེས་དང་མཆོག་ཐུན་གྱི་དངོས་གྲུབ་དམ་པ་ད་ལྟ་ཉིད་དུ་སྩལ་དུ་གསོལ་ཞེས་པའོ། །ཞེས་སྐོང་གི་བཤད་པ་མདོར་བསྡུས་སུ་བྱས་པ་འདི་ནི་རྗེ་བླ་མ་འགྱུར་མེད་རིན་ཆེན་རྣམ་པར་རྒྱལ་བའི་སྡེའི་བཀའ་ལུང་སྤྱི་བོར་ལྷུངས་པ་ལྡོག་པར་མ་ནུས་པས་སྨིན་གླིང་གྲྭ་པའི་ཐ་ཤལ་དུ་གྱུར་པ་དྷརྨ་ཀིརྟིས་གང་ཤེས་ཚོད་དཔོགས་སུ་བྲིས་པ་ལས་གཞུང་དོན་དང་འབྱོར་བ་ཇི་བཞིན་བྱུང་མིན་འགྲོ་བ་ཆོས་སྤྱན་གྱིས་གཟིགས་པས་དཔྱད་དུ་གསོལ་ལོ། །འཕགས་བོད་མཁས་གྲུབ་དུ་མའི་ཐུགས་ཀྱི་བཅུད། །སྒྱུ་འཕྲུལ་དྲྭ་བ་འགྱོད་ཚངས་བཤགས་སྐོང་ལ། །ཟིན་མ་ཊཱིཀ་སུ་བྱས་པའི་དགེ་འབྲས་གང་། །འགྲོ་ཀུན་བྱང་ཆུབ་ཐོབ་པའི་རྒྱུར་བསྔོའོ། །འདིས་ཀྱང་གསང་ཆེན་རྙིང་མའི་བསྟན་པ་རིན་པོ་ཆེ་དར་རྒྱས་སུ་གྱུར་ཅིག །དགེའོ།། །།


previousསྐོང་གི་བཤད་པ་མདོར་བསྡུས་སུ་བྱས་པ།next