cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཞེ་ལྔ་པ།

གླེགས་བམ། བི༽

མི་ཕམ་འཇམ་དབྱངས་རྣམ་རྒྱལ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

ཡོན་ཏན་རིན་ཆེན་སྡུད་པའི་འགྲེལ་པ་རྒྱལ་བའི་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད།

ཡོན་ཏན་རིན་ཆེན་སྡུད་པའི་འགྲེལ་པ་རྒྱལ་བའི་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད་ཅེས་བྱ་བ་བཞུགས་སོ། །

ༀ་སྭ་སྟི། རྒྱལ་བ་ཉི་མའི་གཉེན་དང་རྒྱལ་བའི་སྲས། །མ་ཕམ་འཇམ་པའི་དབྱངས་དང་ཀླུ་སྒྲུབ་སོགས། །རྒྱལ་བའི་བརྒྱུད་འཛིན་ཟབ་མོ་དབུ་མའི་ལམ། །སྟོན་མཛད་བཤེས་གཉེན་ཚོགས་ལ་གུས་ཕྱག་འཚལ། །མཁའ་དང་མཉམ་པ་རྒྱལ་བ་རྒྱལ་སྲས་དང་། །སློབ་མར་བཅས་པ་དུས་གསུམ་འཕགས་ཚོགས་ཀྱི། །འབྱུང་གནས་ཡུམ་མཆོག་གང་ལ་གུས་པའི་བློས། །དེ་ཡི་ཚུལ་ལ་འཇུག་པ་ལེགས་པར་བརྗོད། །དེ་ལ་འདིར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་གསུང་ཆོས་ཀྱི་མཛོད་མི་ཟད་པ་ཐམས་ཅད་ཀྱི་ནང་ན་སྙིང་པོ་ལྟ་བུ་དང་མཐར་ཐུག་པར་གྱུར་པ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་གསུངས་ལ། དེ་ལའང་ཡུམ་སྲས་བཅུ་བདུན་དུ་གྲགས་པ་སོགས་རྣམ་གྲངས་དུ་མར་བཞུགས་པ་ལས་ཡོན་ཏན་རིན་པོ་ཆེ་སྡུད་པ་འདིར་ནི་དེ་ཐམས་ཅད་ཀྱི་དོན་ཡོངས་སུ་རྫོགས་པར་འདུས་ཤིང་། ཚིགས་སུ་བཅད་པའི་སྡེབ་སྦྱོར་གསལ་བ་དང་། སངས་རྒྱས་ཉིད་ཀྱི་ཞལ་ནས་གསུངས་པའི་བཀའ་ཡིན་པ་སོགས་ཡོན་ཏན་གྱི་ཁྱད་པར་དུ་མས་འཕགས་པ་འདི་ལ་འཆད་ཉན་བྱས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་དག་ལ་འཆད་ཉན་བྱས་པར་འགྱུར་བའི་ཕྱིར་བསམ་པ་དག་པས་འདི་ཡི་དགོངས་དོན་ལ་འཇུག་པའི་ཚུལ་དམ་པ་རྣམས་ཀྱི་མན་ངག་ལ་བརྟེན་ཏེ་བརྗོད་པ་ལ་དངོས་བསྟན་སྟོང་ཉིད་ཀྱི་ཚུལ་ལྟར་བཤད་པ་དང་། ཤུགས་བསྟན་ལམ་གྱི་མངོན་རྟོགས་ལྟར་བཤད་པ་གཉིས་ལས། དང་པོ་ལ། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་དང་བཞི། དང་པོ། རྒྱ་གར་སྐད་དུ་ཨཱརྻ་སྟེ་བོད་སྐད་དུ་འཕགས་པ། དེ་བཞིན་དུ་པྲཛྙཱ་ནི་ཤེས་རབ། པཱ་ར་མི་ཏ་ཕ་རོལ་ཏུ་ཕྱིན་པ། སཉྩ་ཡ་སྡུད་པ། གཱ་ཐཱ་ཚིགས་སུ་བཅད་པ་སྟེ་མཚན་གྱི་ཚིག་གི་དོན་རྒྱས་པ་ནི་གཞུང་གི་ཞར་ལས་ཤེས་པར་བྱ་ཞིང་། མདོར་བསྡུ་ན་འཇིག་རྟེན་ལས་འདས་པའི་ཆོས་ཟབ་མོ་ཡིན་པས་འཕགས་པ་ཞེས་དང་། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་རྟོགས་པའི་ཤེས་རབ་ནི་ཤེས་རབ་ཐམས་ཅད་ཀྱི་ནང་ན་མཆོག་དང་ཕུལ་དུ་གྱུར་བ་ཡིན་པས་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ལ། དེ་ལྟ་བུའི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་བརྗོད་བྱར་བྱས་ནས་བསྟན་པའི་ཕྱིར་གཞུང་འདི་ལའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཐོབ་པའོ། །གང་ཞིག་གཞུང་འདི་ལ་བརྟེན་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་དང་འབྲས་བུའི་ཡོན་ཏན་རིན་པོ་ཆེ་ལྟ་བུ་ཐམས་ཅད་སྡུད་ཅིང་འཛིན་པར་བྱེད་པས་ན་སྡུད་པ་ཞེས་བྱའོ། །ཡི་གེ་བཅུ་གཅིག་པ་དབང་པོ་རྡོ་རྗེ་སྡེབ་སྦྱོར་འཕགས་པའི་དབྱངས་ཀྱིས་བཅིངས་པའི་ཚིགས་སུ་བཅད་པའོ། །གཉིས་པ་སྔོན་གྱི་ལོ་ཙཱ་བ་ཆེན་པོ་དག་གིས་དོན་དམ་པ་སྟོན་པའི་ཆོས་ཟབ་མོ་འདི་བོད་སྐད་དུ་བསྒྱུར་བར་མཛད་པའི་སྔ་ལོགས་སུ་ལྷག་པའི་ལྷ་རྗེ་བཙུན་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ་ཞེས་བགེགས་མེད་ཅིང་བསོད་ནམས་འཕེལ་བའི་སླད་དུ་བཀོད་པའོ། །གསུམ་པ་གཞུང་དོན་ལ། མཚམས་སྦྱར་བ་གླེང་གཞིའི་ཚིགས་དང་། གཞུང་དོན་དངོས་གཉིས། དང་པོ་གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོའི་རིར། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱའི་རྒྱལ་པོ་ཤཱཀྱ་སེང་གེ་དེ་ཉིད་ཀྱིས། འཁོར་ཕུན་སུམ་ཚོགས་པ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་འཁོར་འདུས་པ་ཕལ་མོ་ཆེའི་ནང་དུ། དུས་ཕུན་སུམ་ཚོགས་པ་རྒྱལ་ཡུམ་འབུམ་པ་ལ་སོགས་པ་གསུངས་ཚར་བའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་ཡང་སྟོན་པ་བཅོམ་ལྡན་འདས་ཉིད་ཀྱིས་དགེ་སློང་ལ་སོགས་པའི་འཁོར་བཞི་པོ་དེ་དག །ཚེགས་ཆུང་ངུས་དོན་ཆེན་པོ་བདེ་བླག་ཏུ་རྟོགས་ནས་ཐེག་པ་ཆེན་པོའི་ལམ་དང་འབྲས་བུའི་ཡོན་ཏན་གྱིས་ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་ཕྱིར་ཡང་ཆོས་ཕུན་སུམ་ཚོགས་པ་བརྗོད་བྱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་ཅིང་། དེའི་ཚེ་རྗོད་བྱེད་ཚིགས་སུ་བཅད་པ་འདི་ལྟ་བུ་དག་བཀའ་སྩལ་ཏོ་ཞེས་སོ། །གཉིས་པ་ལ་ཆོས་ལ་ཉན་པར་བསྐུལ་བ་དང་། བསྟན་པ་ཆོས་ཀྱི་རང་བཞིན། དེའི་མཇུག་བསྡུ་བ་གསུམ། དང་པོ་ལ། དངོས་དང་། ཞར་བྱུང་དུ་ཆོས་བསྟན་པ་སངས་རྒྱས་ཀྱི་ཕྲིན་ལས་སུ་བསྟན་པ་གཉིས། དང་པོ། དགའ་དང་གུས་དང་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། དམ་པའི་ཆོས་ལ་ཡིད་དྭངས་ཤིང་མངོན་པར་འདོད་པའི་དགའ་བ་དང་ཆོས་སྨྲ་བ་ལ་ཞེ་སར་བཅས་པའི་གུས་པ་དང་། ཐེག་པ་ཆེན་པོ་ཐོས་པའི་ཕན་ཡོན་སོགས་ལ་ཡིད་ཆེས་པའི་དད་པའི་མཆོག་ནི་ཉེ་བར་བཞག་སྟེ། ཆོས་ཚུལ་བཞིན་ཡིད་ལ་བྱེད་པའམ་འཛིན་པའི་གེགས་སུ་གྱུར་པ་འདོད་པའི་འདུན་པ་སོགས་སྒྲིབ་པ་ལྔ་ནི་ཉོན་མོངས་པ་ཞེས་བྱ་སྟེ་དེ་རྣམས་བསལ་ནས། ཆོས་སྒྲུབ་པའམ་ཉམས་སུ་ལེན་པའི་གེགས་སུ་གྱུར་པ་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པའི་དྲི་མ་ལས་འདས་པ། སྙིང་རྗེ་ཆེན་པོས་འགྲོ་བ་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་དོན་སྒྲུབ་པ་ལ་མངོན་པར་ཞུགས་པའི་གང་ཟག་དམ་པ་དེས་ནི་མཉན་པར་བྱ་བ་དེས་པ་ཞེས་འཇམ་པའམ་ཞི་བའི་རང་བཞིན་ཅན་ཏེ་སྟོང་ཉིད་རྟོགས་པ་དང་སྙིང་རྗེའི་སེམས་ཟུང་དུ་འཇུག་པས་རྒྱུད་དེས་པར་གྱུར་པའི་བདག་ཉིད་ཆེན་པོ་རྣམས་ཀྱི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་ལས་འདས་པ་གང་ལ་དཔའ་བོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཉམ་རྗེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་དེ་ནི་མཉན་པར་གྱིས་ཞེས་པའོ། །སྤྱིར་ཉན་རང་གི་འབྲས་བུའང་གང་ཟག་གི་བདག་མེད་པར་རྟོགས་པ་སོགས་སྟོང་པ་ཉིད་ཅི་རིགས་པར་རྟོགས་པ་ལས་བྱུང་བའི་ཕྱིར། སྟོང་ཉིད་རྟོགས་པའི་ཡོན་ཏན་གྱི་ཆེ་བ་སྤྱིར་བརྗོད་པའི་ཚེ་འཕགས་བཞི་བསྐྱེད་པའི་ཡུམ་གཅིག་པུར་གསུངས་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ནི་སངས་རྒྱས་ཉིད་ཀྱི་རྒྱུ་ཐུན་མོང་མིན་པ་ཡིན་པས་ཚུལ་དེས་མཐར་ཐུག་ཐེག་གཅིག་ཏུ་གྲུབ་པ་སོགས་གནད་མང་པོ་ཤེས་པར་བྱ་དགོས་སོ། །གཉིས་པ་ལ་དཔེ་དོན་རྒྱུ་མཚན་གསུམ་རེ་རེ་བཞིན། འཛམ་བུའི་གླིང་འདིར་སོགས་ཚིགས་བཅད་རེ་རེས་བསྟན་ཏེ། བཤད་མ་ཐག་པ་ལྟར་མཉན་བྱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔའ་བོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཐུན་མིན་ཡིན་ན་གནས་བརྟན་རབ་འབྱོར་ལ་སོགས་པས་ཇི་ལྟར་འཆད་ནུས་སྙམ་ན། དཔེ་ཇི་ལྟར་ན་འཛམ་བུའི་གླིང་འདིར་གངྒཱལ་སོགས་པའི་ཆུ་ཀླུང་ཇི་སྙེད་ཅིག་འབབ་པར་བྱེད་ཅིང་མེ་ཏོག་དང་འབྲས་བུར་ལྡན་པའི་སྨན་དང་ནགས་ཚལ་གང་ཡོད་པ་ཐམས་ཅད་སྐྱེད་པར་བྱེད་པ་དེ་ནི། མཚོ་ཆེན་པོ་མ་དྲོས་པ་ལ་གནས་པའི་ཀླུ་ཡི་གཙོ་བོའམ་དབང་པོ་ཉིད་དུ་གྱུར་པ་བྱེ་ཚན་གྱི་འཇིགས་པ་སོགས་མེད་པའི་ཀླུ་ཡི་བདག་པོ་རྟེན་གནས་ཏེ་ཆེན་པོ་དེ་ནི་ཀླུ་ཡི་བདག་པོ་དེ་ཡི་སྔོན་གྱི་སྨོན་ལམ་གྱི་མཐུ་དཔལ་ལས་བྱུང་བ་ཡིན་ནོ། །དཔེ་དེ་བཞིན་དུ་རྒྱལ་བའི་ཉན་ཐོས་རབ་འབྱོར་ལ་སོགས་པ་དག་གིས་ཇི་ཙམ་སྙེད་ཀྱི་ཆོས་མདོར་བསྡུས་ཏེ་སྟོན་པ་དང་། རྒྱས་པར་འཆད་པ་དང་། དེ་དག་ཀྱང་གཏན་ལ་འབེབ་བྱེད་བྱ་བ་བྱེད་པ་སོགས་རིགས་པའི་རྣམ་གྲངས་བཞིའི་ཚུལ་དག་དང་ལྡན་པར་བརྗོད་པ་དང་། ཆོས་བསྟན་པ་དེ་ཡི་འབྲས་བུ་མཐར་ཐུག་མཆོག་ཏུ་འཕགས་པའི་བདེ་བ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་དང་། གཞན་ཡང་ཆོས་བསྟན་པ་དེ་ཡི་འབྲས་བུ་གནས་སྐབས་སུ་རྒྱུན་ཞུགས་ལ་སོགས་པ་འབྲས་བུ་བཞི་ཐོབ་པ་དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ་ལས་བྱུང་བའོ། །དེ་ཅི་ཡི་ཕྱིར་ཞེ་ན་རྒྱལ་བས་བདག་མེད་པའི་ཆོས་ཚུལ་གང་བསྟན་པ་དེ་ལ་མི་མཆོག་སངས་རྒྱས་ཀྱི་སློབ་མར་གྱུར་པ་ཉན་ཐོས་པས་མངོན་དུ་བསླབས་ཤིང་། མངོན་སུམ་དུ་རྟོགས་པར་བྱས་ནས་རང་གིས་བསླབས་པ་དེ་ཇི་ལྟ་བ་བཞིན་དུ་གཞན་ལའང་སྟོན་པར་བྱེད་དེ། དེ་ཐམས་ཅད་སངས་རྒྱས་ཀྱི་མཐུས་བྱེད་ཀྱི་ཉན་ཐོས་རང་གི་སྟོབས་ཀྱི་མཐུས་མ་ཡིན་ནོ། །གཞན་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ལས་སེམས་མེད་པའི་ནམ་མཁའ་ལས་ཀྱང་ཆོས་ཟབ་མོའི་སྒྲ་འབྱུང་བ་ལས་གདུལ་བྱ་རྣམས་རྣམ་པར་གྲོལ་བར་འགྱུར་བ་སོགས་སངས་རྒྱས་ཀྱི་ཕྲིན་ལས་ནི་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ། །གཉིས་པ་བསྟན་པ་ཆོས་ཀྱི་རང་བཞིན་ལ། བསྒྲུབ་བྱའི་ལམ་དང་། ལམ་གྱི་འབྲས་བུ་གཉིས། དང་པོ་ལ་ལམ་གྱི་གཙོ་བོ་ཤེས་རབ་ཕར་ཕྱིན་བཤད་པ་དང་། གྲོགས་གཞན་ལྔ་བཤད་པའོ། །དང་པོ་ལ་བསྡུས་ཏེ་བསྟན་པའི་སྒོ་དང་། འབྲིང་དུ་བསྟན་པའི་སྒོ་དང་། རྒྱས་པར་བསྟན་པའི་སྒོ་དང་གསུམ། དང་པོ་ལ་རྟེན་ཆོས་འབྲས་བུ་རྒྱས་པར་བཤད་པ་དང་། དེ་དག་གི་སྐབས་བསྡུ་བ་གཉིས། དང་པོ་ལ། རྟེན་གང་ཟག །ཉམས་སུ་བླང་བྱ་ཆོས་དེའི་འབྲས་བུ་བསྟན་པ་གསུམ། དང་པོ་ལ་རྟོགས་པའི་ཁྱད་པར། བཤེས་གཉེན་གྱི་ཁྱད་པར། བྱང་སེམས་ཀྱི་སྒྲ་དོན་གསུམ། དང་པོ་ལ་གཞི་དམིགས་པ་མེད་པ། ལམ་སྤྱོད་པ་མེད་པ། འབྲས་བུ་མཐའ་གཉིས་སུ་མི་གནས་པའི་ཚུལ་གསུམ། དང་པོ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ། གང་ལ་ཤེས་རབ་སོགས་ཚིགས་བཅད་གཅིག་གི་དོན་ནི། བྱང་ཆུབ་སེམས་དཔའ་གང་ལ་འདི་སྐད་དུ། བསྟན་པར་བྱ་བའམ་ཉམས་སུ་བླང་བྱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་དེའང་ཡུལ་གང་ལས་ཡིན་དང་གང་ཟག་སུ་ཡི་ཡིན་པ་སོགས་ཡུལ་དུས་ཀྱི་ཆ་ཕྱེ་ཞིང་དཔྱད་ན་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པར་མི་དམིགས་ཤིང་བརྡ་དང་ཐ་སྙད་ཀྱིས་བཞག་པ་ཙམ་དུ་གྲུབ་པ་དང་། དེ་བཞིིན་དུ་བསྟན་པའི་ཡུལ་ལམ་ཉམས་སུ་ལེན་པ་པོ་བྱང་ཆུབ་སེམས་དཔའ་ཡང་ཕུང་པོ་ལྔའི་ཚོགས་པ་ཙམ་དུ་ཟད་ལ། དེ་ལ་གང་ཟག་དང་ཆོས་སུ་གྲུབ་པའི་ངོ་བོ་ཉིད་ཅུང་ཟད་ཀྱང་མི་རྙེད་མི་དམིགས་པར་ཐ་སྙད་སྒྱུ་མ་ཙམ་དུ་གནས་པ་དང་། གང་ཟག་དེས་ལམ་དེ་ཉམས་སུ་བླང་བའི་ངོ་བོ་དོན་དམ་པའི་བྱང་ཆུབ་སེམས་རང་བཞིན་འོད་གསལ་བ་ཞེས་པའང་བརྟག་ཅིང་དཔྱད་ན་མཐའ་ཐམས་ཅད་ལ་མི་གནས་པའི་ཕྱིར་རང་གི་ངོ་བོ་ཉིད་དུ་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མི་དམིགས་སོ། །དེ་ལྟར་ཆོས་གང་ལ་ཡང་མི་གནས་ཤིང་དམིགས་པའི་སྤྱོད་ཡུལ་ཐམས་ཅད་ལས་འདས་པའི་ཟབ་མོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སྟོན་པའི་གཏམ་དེ་སྐད་ཐོས་ནས། དེ་མ་ཡིན་ནོ་སྙམ་དུ་བདེན་པར་འཛིན་པའི་རྨོངས་པ་མེད་ཅིང་། སྟོང་པ་ཉིད་དུ་བསྟན་པ་ལ་མངོན་པར་སྐྲག་པ་མེད་པར། རང་བཞིན་གྱིས་སྟོང་པ་དང་སྣང་བ་དབྱེར་མེད་པར་བདེན་གཉིས་ཟུང་དུ་ཆུད་པ་ཡི་བྱང་ཆུབ་སེམས་དཔའ་དེ་ནི་བདེ་པར་གཤེགས་པས་ཐུགས་སུ་ཆུད་ཅིང་བསྟན་པའི་ཤེས་རབ་ཟབ་མོ་ལ་སྤྱོད་པའི་སྐལ་བ་དང་ལྡན་པ་ཡིན་ནོ། །གཉིས་པ་ལ། ཤེས་བྱའི་ཡུལ་མི་དམིགས་པ་དང་། ཡུལ་ཅན་ཤེས་རབ་མི་དམིགས་པ་གཉིས། དང་པོ་ལ། དོན་དང་དཔེ་གཉིས། དང་པོ་གཟུགས་མེད་སོགས་ཚིགས་བཅད་གཅིག་སྟེ། འདི་ལྟར་དོན་དམ་དཔྱོད་པའི་ཤེས་རབ་ཀྱིས་དཔྱོད་ན་གཟུགས་ཀྱི་ཕུང་པོར་བསྡུས་པ་དབང་པོ་ལྔ་དང་དོན་ལྔར་སྣང་བ་ཇི་སྙེད་པ་འདི་ཐམས་ཅད་ནི་རྡུལ་དུ་མ་འདུས་ཤིང་བསགས་པ་ཡིན་ལ། དུ་མ་འདུས་པ་ལ་རགས་པའམ་རིལ་པོའི་ངོ་བོ་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་ཅིང་། རྡུལ་ཕྲ་རབ་དེ་ལའང་ཕྱོགས་ཆ་ཡོད་མེད་དུ་དཔྱད་པས་རྡུལ་ཉིད་ཀྱང་བདེན་པར་གྲུབ་པ་མེད་པའི་ཕྱིར། གཟུགས་འདི་ནི་སྣང་ཡང་བདེན་པ་མེད་པའི་རང་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་དུ་རང་ངམ་གཞན་གྱི་རྒྱུད་དུ་གཏོགས་པའི་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་གང་ཇི་སྙེད་པ་ཀུན་ཀྱང་དུ་མ་དང་མི་རྟག་པའི་རང་བཞིན་ལ་དཔྱད་ན་ཤིན་ཏུ་ཕྲ་བའི་ཆ་གཅིག་ཀྱང་བདེན་པར་གྲུབ་པ་མེད་ཅིང་། དེ་དང་འདྲ་བར་འདུ་ཤེས་ཀྱི་ཕུང་པོ་དང་སེམས་པ་སྟེ་འདུ་བྱེད་རྣམས་ཀྱང་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་ཅུང་ཟད་ཀྱང་མེད་དོ། །ཚུལ་དེ་ལྟ་བུ་ལ་རྣམ་པར་ཤེས་པའི་གནས་སམ་གཞིར་གྱུར་པ་ནི་རྡུལ་ཙམ་ཡོད་པ་མ་ཡིན་ཏེ། གང་འདི་ལྟར་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་སྣ་ཚོགས་པ་ཉིད་དུ་གནས་པས་དེ་ལ་གཅིག་བདེན་མི་སྲིད་ལ། སྐད་ཅིག་གིས་སྐྱེ་འགག་བྱེད་པའི་དངོས་པོ་རྣམས་ལ་དུས་མཐའི་ཆ་མེད་ནི་སྔ་ཕྱིའི་ཆ་ལ་དཔྱད་པའི་ཚེ་མི་གྲུབ་བོ། །དེ་ལྟར་ཕུང་པོ་ལྔ་པོ་འདི་དག་མ་བརྟག་ཉམས་དགའ་བའི་སྣང་བ་ཙམ་ལས་བརྟག་ཅིང་དཔྱད་ན་ཕྲ་རགས་གང་གི་ངོ་བོར་ཡང་མ་གྲུབ་པས་མེད་བཞིན་སྣང་བ་རྨི་ལམ་སྒྱུ་མ་ཆུ་ཟླ་ལ་སོགས་པའི་ཚུལ་དུ་མཐོང་ཞིང་། དེ་ལྟར་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱང་རང་ངོས་ནས་ཅུང་ཟད་ཀྱང་མ་གྲུབ་པ་རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་གིས་སྣང་བ་ཙམ་བསླུ་བ་མེད་པ་ཇི་ལྟར་སྣང་བ་འདི་ལའང་དེ་ཁོ་ན་ཉིད་ཚོལ་བའི་རིགས་པས་དཔྱད་ན་རྟོག་པའི་དབང་གིས་བདག་དང་ཆོས་སྣ་ཚོགས་སུ་བློས་བཞག་པ་ཙམ་ལས་དེ་དང་དེར་གྲུབ་པ་རྡུལ་ཕྲ་རབ་ཙམ་མི་རྙེད་པར་ངེས་པ་སྐྱེས་པའི་ཚེ་བྱང་ཆུབ་སེམས་དཔའ་དེ་ཤེས་བྱའི་ཆོས་ཀུན་ལའང་དམིགས་གཏད་ཀྱི་ཚུལ་གྱིས་མི་གནས་པ་ཡིན་ནོ། །མཐའ་གང་དུའང་མི་གནས་པར་གྱུར་པའི་ངེས་ཤེས་ཀྱིས་ལྟ་བ་བཟང་པོ་དང་ལྡན་པ་དེ་ནི་ཅི་ལའང་མི་གནས་པར་སྤྱོད་པའམ་གནས་པ་མེད་པར་སྤྱོད་པ་སྟེ། ཅི་ཡང་མ་མཐོང་བ་ནི་ཡང་དག་པའི་མཐོང་བར་གསུངས་པ་དང་། དེ་བཞིན་དུ་མི་གནས་པའི་གནས་པ། མི་སྤྱོད་པའི་སྤྱོད་པ་སོགས་གསུངས་པ་ཀུན་གྱི་ཚུལ་ཤེས་པར་བྱའོ། །དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པ་སྒྱུ་མ་ལྟ་བུའི་ཚུལ་དུ་ཤེས་པ་འདི་ནི་རྗེས་ཐོབ་སྒྱུ་མ་ལྟ་བུའི་ངེས་ཤེས་བྱའོ། །འདི་ནི་རྣམ་གྲངས་པའི་དོན་དམ་སེམས་ཀྱི་སྤྱོད་ཡུལ་འཛིན་སྟངས་ཅན་གྱི་ལྟ་བ་རྣམ་པར་དག་པའོ། །ལས་དང་པོ་པ་འདི་ལ་འདྲིས་གོམས་བྱ་བ་གལ་ཆེའོ། །ཡང་དག་པ་གནས་ལུགས་མཐར་ཐུག་གི་དོན་དུ་ནི་རང་བཞིན་མ་གྲུབ་པ་དང་སྒྱུ་མ་ལྟ་བུ་ཞེས་པ་ལ་སོགས་པ་སྒྲ་དང་རྟོག་པའི་རྗེས་སུ་རྒྱུ་བའི་བློའི་སྤྱོད་ཡུལ་ཐམས་ཅད་ནི་རྟོག་པས་ཕར་བཏགས་ནས་བཞག་པའི་ཆོས་ཡིན་ལ་དེ་ཡང་ཀུན་རྫོབ་པ་དང་བཅོས་མར་གྱུར་པ་ཡིན་གྱི། དོན་དམ་པ་མཐར་ཐུག་པའི་ངོ་བོ་བཅོས་མིན་ཆོས་ཉིད་ཀྱི་གཤིས་རྣལ་མ་ནི་མ་ཡིན་པས་འདི་ལྟར་སྣང་བ་དང་སྟོང་པ་ཀུན་རྫོབ་དང་དོན་དམ་ཞེས་པའི་གཉིས་ཆོས་ཐམས་ཅད་གཉིས་སུ་མེད་པར་གྱུར་པའི་ཆོས་དབྱིངས་རྣམ་གྲངས་མིན་པའི་དོན་དམ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ། སྒྲ་དང་རྟོག་པའི་སྤྱོད་ཡུལ་ཐམས་ཅད་ལས་འདས་པ། མཉམ་པར་བཞག་པའི་སྤྱོད་ཡུལ་དུ་ཆོས་ཐམས་ཅད་གདོད་ནས་སྐྱེ་འགག་དང་བླང་དོར་མེད་པར་མཉམ་པ་ཉིད་ཀྱི་ངོ་བོས་ནམ་མཁའི་དཀྱིལ་ལྟར་སྣང་བ་དེ་ནི་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཡུམ་ཆེན་མོ་ཆོས་དབྱིངས་སྐྱེ་བ་མེད་པའི་གནས་ལུགས། རང་བཞིན་འོད་གསལ་བ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ། ཆོས་ཐམས་ཅད་ཀྱི་སྙིང་པོ་མཐར་ཐུག་པ་ཡིན་པས་ཚུལ་འདི་ལ་ངེས་པའི་ཤེས་པ་ཐེ་ཚོམ་དང་བྲལ་བའི་སྒོ་ནས་འཇུག་པ་ནི་ཅིས་ཀྱང་གལ་ཆེའོ། །དེ་སྐད་དུ་ཡང་སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་དང་། རྩ་བ་ཤེས་རབ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུར་ཆོས་ཉིད་ཟབ་མོ་ལ་མཉམ་པར་བཞག་པའི་རྣལ་འབྱོར་པ་དེས་ཆོས་གང་ཡང་ཡོངས་སུ་གཟུང་བ་མེད་པས་ན། རྣམ་ཤེས་ཀྱི་སྤྱོད་ཡུལ་ཅན་གྱི་དམིགས་གཏད་དང་སྤྲོས་པའི་དྲྭ་བ་ཐམས་ཅད་རབ་ཏུ་ལོག་པས་འཛིན་སྟངས་ཀྱི་རྣམ་པ་གང་ཡང་མེད་པའི་ཤེས་རབ་རང་བཞིན་གྱིས་འོད་གསལ་བའམ་རང་བྱུང་གི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ལ་བརྟེན་ནས་བདེ་གཤེགས་རྣམས་ཀྱི་བྱང་ཆུབ་ཆེན་པོ་ཐོབ་པ་ཡིན་ནོ། །འདིར་ཅུང་ཟད་རྒྱས་པར་བཀྲོལ་བ་བཞིན་འོག་གི་གནས་སྐབས་རྣམས་སུ་གཟུགས་སོགས་དགག་པའི་ཚིག་ལ་སོགས་པ་གང་བྱུང་བའང་དེ་ལྟར་ཤེས་པར་བྱའོ། །གཉིས་པ་དཔེ་ནི། ཇི་ལྟར་ཀུན་ཏུ་རྒྱུ་སོགས་ཚིགས་བཅད་གཅིག་སྟེ། དཔེ་ཇི་ལྟར་ན་མུ་སྟེགས་ཀུན་ཏུ་རྒྱུ་བ་བཟོ་སྦྱངས་ཞེས་པའམ་ཁ་ཅིག་ཏུ་ཕྲེང་ཅན་ཞེས་གྲགས་པ་དེས་ཁོ་རང་གི་གཞུང་ན་བདག་ཡོད་པར་འདོད་པ་སོགས་དམིགས་པ་ཅན་གྱི་ལྟ་བ་དེ་ལ་ནན་ཏན་ཇི་ལྟར་བྱས་ཀྱང་འཆིང་བ་མཐའ་དག་ལས་གྲོལ་བའི་རྒྱུ་མི་བྱེད་པར་རང་ཉིད་ཀྱི་རྣམ་པར་དཔྱོད་པའི་ཤེས་པ་ཡིས་མཐོང་ནས། སྟོན་པ་བཅོམ་ལྡན་འདས་ཀྱི་དྲུང་དུ་འོང་ནས་ཐར་པའི་ལམ་དྲིས་པ་ན། སྟོན་པས་བདག་མེད་པའི་ཆོས་བསྟན་པ་ལ་ལྷག་པར་ཡིད་ཆེས་ནས་ཤེས་རབ་དམིགས་པ་མེད་པའི་ལམ་དེ་ལ་བརྟེན་ནས་སྡུག་བསྔལ་ཉེ་བར་ལེན་པའི་ཕུང་པོ་རྣམ་པར་འཇིག་པའམ་འཁོར་བའི་རྒྱུན་ལྡོག་པའི་མྱ་ངན་ལས་འདས་པ་འབྱུང་བ་ལྟར། བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་ཆོས་རྣམས་དམིགས་སུ་མེད་པར་ཤེས་པ་དེ་ནི་ཞི་བ་ཕྱོགས་པའི་མྱ་ངན་འདས་པ་ལ་མི་རེག་ཅིང་བྱང་སེམས་དེ་ནི་སྲིད་ཞི་མཉམ་པ་ཉིད་ཀྱི་ཤེས་རབ་ཟབ་མོ་ལ་གནས་པར་འགྱུར་རོ། །གཉིས་པ་ལ། སྒྲུབ་ཕྱོགས་ནས་བསྟན་པ་དང་། དགག་ཕྱོགས་ནས་བསྟན་པ། དེའི་དོན་བསྡུ་བ་དང་གསུམ། དང་པོ་ནི། ཡང་འདི་ཤེས་རབ་སོགས་ཚིགས་བཅད་གཅིག་སྟེ། ཡང་འདི་སྙམ་དུ་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཅེས་བྱ་བ་མྱ་ངན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་གཅིག་པུ་པ་འདི་ནི་དོན་དུ་གཉེར་བར་བྱ་བ་ཡིན་མོད་ཀྱི། འོན་ཀྱང་འདིའི་ངོ་བོ་གང་ལྟ་བུ་ཞིག་ཡིན། གང་ཟག་སུ་ཡི་ཡིན། ཡུལ་གང་ལས་ཡིན་ཞེས་བརྟགས་ཤིང་དཔྱད་པ་ན་དེ་ལའང་དེའི་ངོ་བོ་གཅིག་ཏུ་བདེན་པར་གྲུབ་པ་མེད་པར་ཤེས་ཤིང་། དེས་མཚོན་ནས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་འདི་ཐམས་ཅད་རང་གི་ངོ་བོས་སྟོང་པར་རྟོག་ཅིང་དཔྱོད་པར་བྱེད་དོ། །དེ་ལྟར་ཡང་དག་པའི་རིགས་པ་དང་ལྡན་པས་ཉེ་བར་བརྟགས་ནས་སྟོང་པ་ཉིད་ཀྱི་དོན་ལ་མགོ་རྨོངས་པའི་ཞུམ་པ་མེད་ཅིང་ཆོས་ཉིད་ཟབ་མོ་ལ་སྐྲག་པ་མེད་པའི་བྱང་ཆུབ་སེམས་དཔའ་དེ་ནི་རྫོགས་པའི་བྱང་ཆུབ་དང་ཉེ་བ་ཉིད་དུ་གྱུར་པ་ཡིན་ནོ། །གཉིས་པ། གལ་ཏེ་མི་ཤེས་སོགས་རྐང་པ་བཞིའི་དོན་ནི། གལ་ཏེ་ཆོས་ཐམས་ཅད་གདོད་མ་ནས་སྟོང་པའི་དོན་མི་ཤེས་བཞིན་དུ་གཟུགས་ལ་གཟུགས་ཀྱི་ངོ་བོ་ཉིད་ཡོངས་སུ་གྲུབ་པའི་འདུ་ཤེས་ལ་གནས་ཤིང་། དེ་བཞིན་དུ་ཚོར་བ་དང་སེམས་པ་སྟེ་འདུ་བྱེད་དང་རྣམ་ཤེས་ཀྱི་ཕུང་པོར་བདེན་ཞེན་གྱི་འདུ་ཤེས་ཀྱིས་སྤྱོད་པར་བྱེད་ཅིང་། དེས་རིགས་པས་དཔྱད་པ་ལ་བརྟེན་ནས་ཕུང་པོ་འདི་ཀུན་གྱི་རང་བཞིན་ནི་དགག་བྱ་བདེན་གྲུབ་བཀག་པའི་མེད་དགག་སྟོང་པ་དེ་ཙམ་གནས་ལུགས་སོ་ཞེས་རྟོག་པར་བྱེད་ནའང་དེ་འདྲའི་བྱང་ཆུབ་སེམས་དཔའ་དེ་ནི། གནས་ལུགས་སྒྲོ་སྐུར་དང་བྲལ་བ་རྟོག་པའི་སྤྱོད་ཡུལ་ལས་འདས་པའི་དོན་ལ་མི་གནས་པའི་ཕྱིར། དམིགས་པ་ཅན་གྱི་མཚན་མ་ལ་སྤྱོད་པ་ཡིན་གྱི་མཚན་མའི་སྤྲོས་པ་ཀུན་གྱིས་དབེན་པའི་སྐྱེ་མེད་ཆོས་དབྱིངས་ཟབ་མོའི་གནས་ལ་ཡིད་ཆེས་པའི་དད་པ་ཐོབ་པ་མ་ཡིན་ཏེ་དམིགས་གཏད་མཚན་འཛིན་གྱིས་བཅིངས་པ་ཅན་དུ་ཤེས་པར་བྱའོ། །གསུམ་པ། གང་ཞིག་གཟུགས་མིན་སོགས་རྐང་པ་བཞིའི་དོན། དེ་ལྟར་བསྟན་པའི་དོན་རྣལ་མ་ནི། གང་ཞིག་གཟུགས་ལ་གཟུགས་སུ་འཛིན་པ་མིན་པ་དང་། དེ་བཞིན་དུ་ཚོར་བར་འཛིན་པ་མིན་ལ་འདུ་ཤེས་དང་སེམས་པ་ཉིད་དུའང་འཛིན་པ་མིན་ཞིང་། རྣམ་པར་ཤེས་པ་ལ་ཡང་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་ཚུལ་གྱིས་མི་སྤྱོད་ལ། མདོར་ན་ཕུང་སོགས་ཆོས་གང་ལའང་ཡོད་མེད་ལ་སོགས་པ་དམིགས་གཏད་ཀྱི་མཚན་མ་ལ་མི་སྤྱོད་པས་གང་ལའང་གནས་པ་མེད་པར་སྤྱོད་པ་དེ་ནི་གང་དུ་སྤྱོད་ཀྱང་བདག་སྤྱོད་དོ་ཞེས་བྱ་བར་མི་དམིགས་ཏེ་རློམས་པ་ཐམས་ཅད་དང་བྲལ་བའི་མཚན་མེད་ཀྱི་ཤེས་རབ་བརྟན་པར་གྱུར་པའི་ཕྱིར་རོ། །དེ་ལྟ་བུར་སྐྱེ་མེད་རྟོགས་པའི་བློ་དང་ལྡན་པ་དེ་ནི་དཔའ་བར་འགྲོ་བ་ལ་སོགས་པའི་མིང་ཅན་གྱི་ཏིང་ངེ་འཛིན་རབ་ཏུ་ཞི་བ་མཆོག་ལ་རེག་པར་འགྱུར་རོ། །གཉིས་པ་ལམ་སྤྱོད་མེད་ནི། བྱང་ཆུབ་སེམས་གང་སོགས་ཚིགས་བཅད་གཉིས་ཀྱི་དོན་ནི། བྱང་ཆུབ་སེམས་དཔའ་གང་ཞིག་ཇི་སྐད་བཤད་པ་དེ་ལྟར་ལམ་སྒོམ་པའི་སྐབས་འདིར་བདག་གི་རྒྱུད་ཉེ་བར་ཞི་བར་གནས་པ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མཛད་པ་ཡིན་ཏེ། དེ་ལྟ་བུའི་བྱང་སེམས་དེ་ལ། བདག་ནི་སྟོང་པ་ཉིད་ལ་མཉམ་པར་བཞག་ཅེའམ་དེ་ལས་ལངས་སོ་ཞེས་པའི་རློམ་སེམས་འབྱུང་བ་མེད་དེ་དེ་ཅི་ཡི་ཕྱིར་ཞེ་ན་དེས་ཆོས་ཐམས་ཅད་ཀྱི་རང་བཞིན་གཉིས་སུ་མེད་པའི་ཆོས་ཉིད་མཉམ་པ་ཉིད་ཡོངས་སུ་ཤེས་པའི་ཕྱིར་རོ། །ཚུལ་དེ་ལྟར་སྤྱོད་ན་བདེ་གཤེགས་རྣམས་ཀྱི་ཤེས་རབ་ལ་སྤྱོད་པ་ཡིན་ཏེ། བྱང་སེམས་དེས་ནི་ཆོས་གང་ལའང་སྤྱོད་དུ་མེད་པ་ཉིད་སྤྱོད་པའི་དམ་པ་ཡིན་པར་རབ་ཏུ་ཤེས་པའི་ཕྱིར། ལམ་ལ་སོགས་པའི་ཆོས་གང་དང་གང་སྤྱོད་པ་དེ་དང་སྤྱོད་པ་པོ་ཡང་དམིགས་པར་མི་འགྱུར་ཏེ། ཚུལ་འདི་ལྟ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །གསུམ་པ་ལ་དོན་དང་དཔེ་གཉིས། དང་པོ་གང་ཞིག་ཡོད་པ་སོགས་ཚིགས་བཅད་གཅིག་གི་དོན། གང་ཞིག་ཆོས་འདི་དག་ཐམས་ཅད་ནི་རང་གི་ངོ་བོས་ཡོད་པ་མ་ཡིན་ཏེ་ཆོས་སུ་གདགས་པ་ཇི་སྙེད་པ་དེ་ནི་རང་བཞིན་མེད་དོ་ཅེས་བྱ་བ་ཉིད་དུ་བསྟན་པའི་ཚེ། བྱིས་པ་མིང་དང་མཚན་མ་ལ་ཆགས་པ་རྣམས་ཀྱིས་དོན་དེ་བརྟགས་ཤིང་དཔྱད་ནས། ཡང་ན་ཡོད་པ་སྒྲོ་འདོགས་ཀྱི་མཐའ་དང་། ཡང་ན་མེད་པ་སྐུར་འདེབས་ཀྱི་མཐའ་གང་རུང་ཞིག་ཏུ་འཛིན་པར་བྱེད་ཀྱི་མཐའ་དང་བྲལ་བའི་གནས་ལུགས་ཁོང་དུ་ཆུད་པར་མི་ནུས་སོ། །ཡང་དག་པའི་དོན་ལ་ཡོད་པ་དང་མེད་པ་ཞེས་བྱ་བ་འདི་གཉིས་ཆར་ཡང་མགོ་མཉམ་པར་དམིགས་སུ་མེད་པའི་ཆོས་ཡིན་ཏེ། ཡོད་མེད་ཡིན་མིན་སོགས་བྱིས་པའི་སྒྲོ་བཏགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཟུང་འཇུག་རབ་ཏུ་མི་གནས་པའི་དོན་ནི་མཐའ་དང་ཁས་ལེན་གྱི་རྣམ་པ་མ་ལུས་པ་ཞི་བ་སོ་སོ་རང་གིས་རིག་པར་བྱ་བའོ། །བྱང་ཆུབ་སེམས་དཔའ་གང་གིས་ཡོད་མེད་གཉིས་སུ་མི་རྟོག་པའི་ཆོས་ཀྱི་དབྱིངས་ཀྱི་དོན་འདི་ཤེས་ན་མཐའ་ཐམས་ཅད་ལས་ངེས་པར་འབྱུང་བར་འགྱུར་རོ། །གཉིས་པ་གང་འདིར་ཕུང་པོ་སོགས་ཚིགས་བཅད་གཅིག་གི་དོན། གང་ཞིག་ལམ་ལ་སློབ་པའི་སྐབས་འདིར་ཕུང་པོ་ལྔ་ཡིས་མཚོན་པའི་ཆོས་ཐམས་ཅད་དག་དཔེ་ཇི་ལྟར་ན་སྣང་ཡང་མི་བདེན་པ་སྒྱུ་མ་འདྲ་བར་ཤེས་ཤིང་། དེར་ཡང་སྒྱུ་མ་གཞན་དང་ཕུང་པོ་གཞན་དུ་བྱས་ཏེ་དེ་གཉིས་ལ་བདེན་ཆེ་ཆུང་གི་ཁྱད་པར་འཛིན་པར་མི་བྱེད་ལ་ཕུང་པོ་ལྔ་ཉིད་སྒྱུ་མ་དང་རྨི་ལམ་ལ་སོགས་པ་དང་མགོ་མཉམ་པར་ཤེས་ནས། བདག་དང་ཆོས་སུ་འཛིན་པ་སྣ་ཚོགས་པའི་འདུ་ཤེས་དང་བྲལ་ཞིང་སྤྲོས་པ་ཉེ་བར་ཞི་བ་ལ་སྤྱོད་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །གཉིས་པ་བཤེས་གཉེན་གྱི་ཁྱད་པར་ལ། སྒྲུབ་པ་དང་དགག་པ་གཉིས། དང་པོ་དགེ་བའི་བཤེས་དང་སོགས་རྐང་པ་གཉིས་ཀྱི་དོན། འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་ཕྱི་ནང་གི་ཡོངས་འཛིན་དང་ལྡན་པའི་ཕྱིར་ཐེག་པ་མཆོག་གི་ལམ་ལས་ཉམས་པར་མི་འགྱུར་ཏེ། གང་ཞེ་ན་ཕྱིའི་ཡོངས་འཛིན་ཤེས་རབ་ཀྱི་སྒོ་ནས་ཆོས་ཀུན་རང་བཞིན་མེད་པར་སྟོན་པ་དང་། ཐབས་ཀྱི་སྒོ་ནས་དགེ་བའི་རྩ་བ་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་བསྔོ་བའི་ཚུལ་སྟོན་པའི་དགེ་བའི་བཤེས་གཉེན་དང་ལྡན་ཞིང་ནང་གི་ཡོངས་འཛིན་རང་ཉིད་རྣམ་མཁྱེན་ཐོབ་འདོད་ཀྱི་སེམས་དང་ལྡན་ཞིང་འཁོར་གསུམ་དག་པའི་ལྷག་མཐོང་དང་ལྡན་པར་གྱུར་པ་དེ་ལྟ་བུ་ནི་རྒྱལ་བ་རྣམས་ཀྱི་བསྐྱེད་ཡུམ་ཤེས་རབ་ཀྱི་ཕར་ཕྱིན་ཟབ་མོ་ཐོས་ནས་སྐྲག་པར་ཡོངས་ཡེ་མི་འགྱུར་པར་ཡུམ་དོན་ལ་བཟོད་པར་འགྱུར་རོ། །གཉིས་པ། གང་ཞིག་སོགས་རྐང་གཉིས་དོན། བཤད་མ་ཐག་པ་ལས་བཟློག་ནས་ལས་དང་པོ་པ་གང་ཞིག་ཐེག་པ་མཆོག་གི་དོན་ལ་སྨོད་པའི་སྡིག་པའི་གྲོགས་དང་ལྡན་ལ། རང་ཉིད་བློ་གྲོས་མ་སྨིན་པས་གཞན་གྱི་དྲིང་ལ་འཇོག་པ་སྟེ་གཞན་ལ་ལྟོས་པ་ཅན་དེ་ནི། དཔེར་ན་སྣོད་སོ་མ་བཏང་བ་ཆུས་རེག་པའི་མོད་ལ་ཞིག་པ་བཞིན་དུ་ཐེག་པ་མཆོག་གི་ལམ་ལས་ཉམས་པར་འགྱུར་རོ། །གསུམ་པ་བྱང་ཆུབ་སེམས་དཔའི་སྒྲ་དོན་ལ། བྱང་ཆུབ་སེམས་དཔའ་ཞེས་པའི་སྒྲ་དོན་དང་། སེམས་དཔའ་ཆེན་པོའི་སྒྲ་དོན་གཉིས། དང་པོ། ཅི་ཕྱིར་འདི་ནི་སོགས་རྐང་པ་བཞིའི་དོན། ཅི་ཡི་ཕྱིར་གང་ཟག་འདི་ནི་བྱང་ཆུབ་སེམས་དཔའ་ཞེས་གདགས་པར་བྱ་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་རྗེས་སུ་ཞུགས་པའི་ཐོས་པ་ལ་སོགས་པའི་ཤེས་རབ་ཀྱི་སྒོ་ནས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་མངོན་པར་ཞེན་པའམ་ཆགས་པ་མ་ལུས་པ་གཅོད་པར་བྱེད་ཅིང་། ཤེས་བྱའི་ཆོས་ཀུན་ལ་བདེན་ཞེན་གྱིས་ཆགས་པའི་རྣམ་པར་རྟོག་པ་ས་བོན་དང་བཅས་པ་ཡོངས་སུ་སྤངས་ཏེ་ཟད་པར་འདོད་པ་དང་། མཐར་གྱིས་རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཆེན་པོ་ཆགས་པ་མེད་པར་གྱུར་པ་ལ་རེག་པ་དེས་ན་གང་ཟག་འདི་ལ་ནི་བྱང་ཆུབ་སེམས་དཔའི་མིང་ཐོབ་བོ། །གཉིས་པ་ལ། སེམས་ཅན་རྣམས་ཀྱི་མཆོག་ཏུ་གྱུར་པ་དང་། གོ་ཆ་ཆེ་བ་གཉིས། དང་པོ་ཅི་ཕྱིར་འདི་ནི་སོགས་ཚིགས་བཅད་གཅིག་གི་དོན། ཡང་ཅི་ཡི་ཕྱིར་འདི་ནི་སེམས་དཔའ་ཆེ་ཞེས་མིང་དུ་གདགས་པར་བྱ་ཞེ་ན། འདིས་འགྲོ་བ་མ་ལུས་པ་ཡོངས་སུ་བསྐྱབ་པའི་སེམས་བསྐྱེད་དང་ཆོས་ཟབ་མོ་རྟོགས་པའི་ཆེ་བས་འདི་ལྟར་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་གྱི་སྡེ་དང་རིས་སུ་གཏོགས་པའི་ཚོགས་རྣམས་མང་པོའི་སྟེ་ཚད་མེད་དཔག་ཏུ་མེད་པ་དག་གི་མཆོག་དང་ཕུལ་དུ་གྱུར་པ་ཉིད་ཀྱི་ཕྱིར་དང་། སེམས་ཅན་གྱི་ཁམས་རྣམས་ཀྱི་བདག་དང་ཕུང་པོ་སོགས་སུ་ལྟ་བ་མཐའ་ཡས་པ་རྣམས་ནི་ཐོགས་མེད་ནས་གོམས་པས་གཞིག་དཀའ་བ་དང་མུ་མེད་པས་མང་བའི་ཕྱིར་ཆེན་པོ་སྟེ། དེ་ལྟ་བུའི་ལྟ་བ་ཐམས་ཅད་ཀྱང་འདིས་དམིགས་པ་མེད་པའི་ཆོས་ཟབ་མོ་བསྟན་པས་གཅོད་ཅིང་སེལ་བར་བྱེད་པ་སྟེ། དེ་ཡི་ཕྱིར་ན་སེམས་དཔའ་ཆེན་པོ་ཞེས་པར་ནི་རབ་ཏུ་བརྗོད་དོ། །གཉིས་པ་ལ་དངོས་དང་། གོ་ཆའི་ཚུལ་བཤད་པ་གཉིས། དང་པོ། གཏོང་བ་ཆེ་དང་སོགས་ཚིགས་བཅད་གཅིག་གི་དོན། བཤད་མ་ཐག་པ་དེར་མ་ཟད་གཞན་ཡང་གོ་ཆ་ཆེན་པོ་བགོས་པའི་ཕྱིར་ན་ཡང་སེམས་དཔའ་ཆེན་པོ་ཞེས་བྱ་ལ། གོ་ཆ་དེ་གང་ཞེ་ན། བདོག་པ་ཐམས་ཅད་ལ་མི་ཆགས་པར་གཏོང་བ་ཆེ་བ་དང་ལྡན་པ་སྦྱིན་པའི་གོ་ཆ་དང་། འཆལ་ཚུལ་སྤོང་བའི་སེམས་པའམ་བློ་ཆེ་བ་ཚུལ་ཁྲིམས་ཀྱི་གོ་ཆ་དང་། བཟོད་པ་སོགས་གཞན་བཞིའི་གོ་ཆ་དང་ལྡན་པས་འཁྲུགས་པའི་སེམས་སོགས་རང་རང་གི་མི་མཐུན་ཕྱོགས་འཇོམས་པའི་མཐུ་ཆེ་བ་དང་། རྒྱལ་བ་རྣམས་ཀྱི་ཐེག་པ་ཆེན་པོ་མཆོག་ལ་སེམས་བསྐྱེད་པ་ནས་རྣམ་མཁྱེན་བར་གྱི་ལམ་འབྲས་བུ་དང་བཅས་པ་ལ་ཞུགས་པ་དང་ལྡན་པ་སྟེ། མདོར་ན་ལམ་ཕར་ཕྱིན་དྲུག་ཉམས་སུ་ལེན་པའི་སྒོ་ནས་ནམ་མཁའ་ལྟར་མུ་མེད་པའི་ཐེག་པ་ཆེན་པོའི་ལམ་གྱི་ཆོས་མ་ལུས་པ་ལ་སྙིང་སྟོབས་ལྡོག་ཏུ་མེད་པའི་གོ་ཆ་ཆེན་པོ་བགོས་ཤིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལྟ་བའི་ཐིབ་པོ་སེལ་ཞིང་ངན་སོང་སྒྲོལ་བ་སོགས་བདུད་ཀྱི་སྒྱུ་རྩལ་མཐའ་དག་འདུལ་བ་ལ་བརྩོན་པ་དེ་ཡི་ཕྱིར་ན་སེམས་དཔའ་ཆེན་པོ་ཞེས་རབ་ཏུ་བརྗོད་དོ། །གཉིས་པ་ལ་དཔེ་དོན་གཉིས། དང་པོ། དཔེར་ན་སྒྱུ་མ་སོགས་ཚིགས་བཅད་གཅིག་སྟེ། དེ་ལ་བྱང་ཆུབ་སེམས་དཔའི་གོ་ཆ་ཇི་ལྟར་བགོ་བའི་ཚུལ་ནི་མི་འཇིགས་པ་དང་། ཞུམ་པ་མེད་པའི་རང་བཞིན་ཅན་ཡིན་ལ། དེ་གང་གིས་ན་འདི་ལྟར་དཔེར་ན་སྒྱུ་མ་མཁན་གྱིས་ལམ་གྱི་བཞི་མདོར་གཟུགས་སྣ་ཚོགས་སུ་སྤྲུལ་པ་བྱས་ཏེ། སྐྱེ་བོ་ཕལ་ཆེར་ཏེ་ཕལ་མོ་ཆེ་དག་གི་མགོ་མང་པོ་བྱེ་བ་གཅོད་པར་བྱེད་པའི་འཕྲུལ་བ་བསྟན་པའི་ཚེ་ན་གསད་བྱ་དེ་དག་སྒྱུ་མའི་སྤྲུལ་པ་ཙམ་ཡིན་པའི་ཕྱིར་ཇི་ཙམ་དུ་སྡུག་བསྔལ་བ་དང་ཇི་ཙམ་དུ་མང་པོར་གྱུར་པ་དེ་ཙམ་རྫུན་དུ་མཐོང་བ་ཅི་འདྲ་བ་དེ་ལྟར་དུ་བྱང་ཆུབ་སེམས་དཔས་ཀྱང་། སྡུག་བསྔལ་རྒྱ་ཆེ་ཞིང་མུ་མེད་པའི་འགྲོ་བ་འདི་ཀུན་ཀྱང་བདེན་གྲུབ་མེད་པར་སྤྲུལ་པའི་ཚུལ་དེ་འདྲ་བར་རབ་ཏུ་ཤེས་ནས། བྱང་སེམས་དེ་ལ་ཕྱི་མའི་མུ་མཐར་ཐུག་གི་བར་དུ་མུ་མེད་པའི་སེམས་ཅན་གྱི་དོན་ཁུར་དུ་ལེན་པ་ལ་འཇིགས་པ་ཅུང་ཟད་ཀྱང་མེད་དོ། །གཉིས་པ། གཟུགས་དང་འདུ་ཤེས་སོགས་ཚིགས་བཅད་གཅིག་སྟེ། སེམས་ཅན་རྣམས་སྒྱུ་མའི་སྤྲུལ་པ་དང་འདྲ་བའི་རྒྱུ་མཚན་ཡང་། འདི་ལྟར་སེམས་ཅན་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་འདི་ཙམ་ལ་བརྟེན་ནས་བཏགས་མོད་ཀྱི། ཡང་དག་པར་ན་གཟུགས་དང་འདུ་ཤེས་དང་ཚོར་བ་དང་ནི་སེམས་པ་དང་རྣམ་པར་ཤེས་པ་ནི་སུས་ཀྱང་མ་བཅིངས་ལ་གང་གིས་ཀྱང་མ་གྲོལ་ཏེ་དེའི་རྒྱུ་མཚན་ཕུང་པོ་ལྔ་པོ་འདི་དག་དོན་དམ་པར་ཡོད་པ་མིན་པའི་ཕྱིར་རོ། །གང་རང་གི་ངོ་བོ་མེད་པ་ལ་བཅིང་གྲོལ་མེད་དེ་ནམ་མཁའ་བཞིན་ནོ། །དེ་ལྟར་ཤེས་ནས་ཀུན་རྫོབ་ཐ་སྙད་ཙམ་དུ་བྱང་ཆུབ་བསྒྲུབ་པ་ལ་འཇུག་པའི་ཚུལ་ལ་ཞུམ་པའི་སེམས་མེད་པ་འདི་ནི་གང་ཟག་དམ་པ་རྣམས་ཀྱི་གོ་ཆ་མཆོག་ཏུ་གྱུར་པའོ། །གཉིས་པ་ཉམས་སུ་བླང་བྱ་ཆོས་ལ། ཐེག་ཆེན་གྱི་ངོ་བོ་མདོར་བསྟན་པ། དེའི་རང་བཞིན་རྒྱས་པར་བཤད་པ་གཉིས། དང་པོ་ལ་ཐ་སྙད་དུ་སྒྲ་དོན་ངོ་བོ་བྱེད་ལས་ཀྱི་སྒོ་ནས་བཤད་པ་དང་། དོན་དམ་པར་དེ་དག་མི་དམིགས་པར་བསྟན་པ་གཉིས། དང་པོ། ཅི་ཕྱིར་འདི་ནི་སོགས་ཚིགས་བཅད་གཅིག་གི་དོན། ཅི་ཡི་ཕྱིར་འདི་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ཞེས་མིང་འདོགས་པར་བྱ་ཞེ་ན། ཐེག་པ་ཆེན་པོ་དེ་གང་ཟག་གང་གིས་ཞོན་ནས་གདུལ་བྱའི་སེམས་ཅན་ཐམས་ཅད་མྱ་ངན་ལས་ཟློ་བ་སྟེ་འདའ་བར་བྱེད་པས་ན་བཞོན་པའི་དོན་གྱིས་ཐེག་པ་ཞེས་བྱ་སྟེ་ལམ་འདིས་མཐར་ཐུག་གི་འབྲས་བུ་ལ་རང་གཞན་ཐམས་ཅད་འདེགས་པའི་ཕྱིར་རོ། །ཐེག་པ་ཆེན་པོ་འདི་ཡི་ངོ་བོ་ནི་སེམས་ཅན་ཚད་མེད་པ་ལ་གོ་སྐབས་འབྱེད་ཅིང་སྟོང་ཉིད་ཉི་ཤུའི་རང་བཞིན་ཆོས་ཀྱི་དབྱིངས་ནམ་མཁའ་དང་འདྲ་བ་ཟབ་པའི་བདག་ཉིད་དང་། གཞལ་མེད་ཁང་ཆེན་དང་འདྲ་བར་ཏིང་ངེ་འཛིན་དང་གཟུངས་དང་ཕར་ཕྱིན་སོགས་རྒྱ་ཆེ་བའི་བཀོད་པ་ཚད་མེད་པ་དང་ལྡན་ཏེ། ཚུལ་དེ་ལྟ་བུ་ལ་ཞུགས་པའི་བྱེད་ལས་སེམས་ཅན་ཚད་མེད་པ་རྣམས་ཟག་མེད་ཀྱི་བདེ་བས་གནས་སྐབས་སུ་སེམས་དགའ་བ་དང་ལུས་སྐྱིད་པ་དང་། མཐར་ཐུག་གི་འབྲས་བུ་མི་གནས་པའི་མྱང་འདས་ཀྱི་བདེ་བ་མངོན་པར་འཐོར་བར་བྱེད་པས་ན་ཐེག་པའི་མཆོག་གམ་ཐེག་པ་ཆེན་པོ་ཞེས་བྱའོ། །གཉིས་པ་གང་ཞིག་ཞོན་ནས་སོགས་ཚིགས་བཅད་གཅིག་གི་དོན། དོན་དམ་པར་ནི་གང་ཟག་གང་ཞིག་ཐེག་པ་ཆེན་པོ་གང་ལ་ཞོན་ནས་འབྲས་བུའི་ཕྱོགས་སུ་འགྲོ་བ་དམིགས་སུ་མེད་དོ། །འོ་ན་ཐེག་པ་འདི་ལ་བརྟེན་ནས་འབྲས་བུ་མྱ་ངན་ལས་འདས་པར་འགྲོ་བར་འགྱུར་རོ་གསུངས་པ་དེ་ཅི་ལྟ་བུ་ཞེ་ན། དེ་ནི་ཐ་སྙད་ཙམ་དུ་བསྟན་པ་སྟེ། ཡང་དག་པའི་དོན་དུ་མྱ་ངན་ལས་འདས་པར་འགྲོ་བ་ཞེས་མི་དམིགས་པའམ་དམིགས་སུ་མེད་དེ། དཔེར་ན་བུད་ཤིང་ཟད་པས་མེ་ཤི་བ་ན་མེ་དེ་ཡིས་ཕྱོགས་གཞན་དུ་འགྲོ་རྒྱུ་ཅི་ཡང་མེད་པ་དེ་བཞིན་དུ། ཕྱིན་ཅི་ལོག་འཁྲུལ་པའི་རྣམ་རྟོག་ཟད་པའི་རྒྱུ་དེས་གང་ཟག་དེ་ནི་མྱ་ངན་ལས་འདས་ཞེས་རབ་ཏུ་བརྗོད་པ་ཡིན་ན། གཉིས་པ་རྒྱས་བཤད་ལ། གང་ཟག་དང་ལམ་རང་བཞིན་མེད་པར་བསྟན་པ་དང་། དེ་ཡི་དོན་བསྡུ་བ་གཉིས། དང་པོ་ལ་ལམ་སྒྲུབ་པ་པོ་གང་ཟག་མི་དམིགས་པར་བསྟན་པ་དང་། ལམ་ཤེར་ཕྱིན་མི་དམིགས་པར་བསྟན་པ་གཉིས། དང་པོ། བྱང་ཆུབ་སེམས་དཔའ་སོགས་ཚིགས་བཅད་གཅིག་གི་དོན། ལམ་སྒྲུབ་པ་པོ་བྱང་ཆུབ་སེམས་དཔའ་དེ་ནི་སྔོན་གྱི་མཐའ་སྟེ་འདས་པའི་དུས་སམ་འཁོར་བའི་གནས་སྐབས་དང་། ཕྱི་མཐའ་སྟེ་མ་འོངས་པའི་དུས་དང་མི་སློབ་པ་ལྟ་བུ་དང་། ད་ལྟར་བྱུང་བར་གྱུར་པ་ལམ་ལ་སློབ་པའི་དུས་ཏེ་དེ་གང་གི་གནས་སྐབས་སུ་ཡང་མི་དམིགས་ཏེ། གང་ཟག་རང་གི་ངོ་བོས་གདོད་ནས་མ་སྐྱེས་ལ་ཕྱིས་མི་སྐྱེ་བའི་ཕྱིར། དུས་གསུམ་གྱི་མཚན་མས་དག་པ་སྟེ་གང་གིས་ཀྱང་ཁྱད་པར་དུ་བྱར་མེད་པའོ། །གང་དག་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི་ཡང་དག་པར་ན་འདུས་མ་བྱས་ཡིན་པས་དེ་ལ་ལམ་སྒྲུབ་པ་པོ་དང་འབྲས་བུ་ཐོབ་པ་པོ་སོགས་སུ་བཞག་པའི་ཐ་སྙད་ཀྱི་སྤྲོས་པ་མེད་དེ། དེ་ལྟར་ཤེས་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །གཉིས་པ་ལ་འཇུག་བྱ་དང་། ལྡོག་བྱ་གཉིས། དང་པོ། བྱང་ཆུབ་སེམས་དཔའ་མཁས་རིག་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་ཀུན་རྫོབ་ལ་མཁས་ཤིང་དོན་དམ་པའི་དེ་ཉིད་རིག་པ་གང་གི་སྤྱད་པ་སྤྱོད་པའི་དུས་ཀྱི་ཚེ། ཆོས་རྣམས་ཀྱི་རྒྱུ་འབྲས་ངོ་བོ་ཉིད་ལ་དཔྱད་ནས་གདོད་ནས་སྐྱེ་བ་མེད་པའི་དོན་རྣམ་པར་བསམས་ཏེ་འདི་ལྟར་སྤྱོད་པར་བྱེད་ཅིང་གནས་སོ། །དེ་གང་ཞེ་ན་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་དུ་འདུ་ཤེས་པ་མེད་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །གཉིས་པ་གལ་ཏེ་སེམས་ཅན་འདུ་ཤེས་སོགས་ཚིགས་བཅད་གཅིག་སྟེ། གལ་ཏེ་སེམས་ཅན་དུ་བདེན་པར་འདུ་ཤེས་པ་དང་། དེ་བཞིན་དུ་སྡུག་བསྔལ་གྱི་འདུ་ཤེས་བསྐྱེད་པ་དང་། བདག་གིས་འགྲོ་བ་རྣམས་ཀྱི་དོན་བྱ་ཞིང་དེ་དག་གི་སྡུག་བསྔལ་སྤང་བར་བྱའོ་སྙམ་སྟེ། བདག་དང་སེམས་ཅན་དུ་མངོན་པར་ཞེན་པའི་ཚུལ་གྱིས་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་ནི་ཀུན་ཏུ་རྟོག་པ་ལས་མ་བརྒལ་བ་སྟེ། འདི་འདྲ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་ཡོངས་སུ་སྤྱོད་པ་མ་ཡིན་ཏེ་དམིགས་པ་ཅན་གྱི་ས་ལ་གནས་པའོ། །གསུམ་པ་དོན་བསྡུ། བདག་ཅི་འདྲ་བ་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་བདག་ཉིད་རང་བཞིན་གྱིས་མ་གྲུབ་པ་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཀྱང་ཤེས་ལ། སེམས་ཅན་ཐམས་ཅད་རང་བཞིན་མེད་པ་ཅི་འདྲ་བ་དེ་འདྲ་བ་སེམས་བསྐྱེད་སོགས་ཆོས་ཀུན་ཀྱང་ཤེས་ནས། སྐྱེ་བ་མེད་པ་དང་སྐྱེ་བ་གཉིས་ཀར་ཡང་མི་རྟོག་པ་བདེན་གཉིས་དབྱེར་མེད་པའི་གནས་ལུགས་སྤྲོས་པ་མེད་པའི་དོན་ལ་གནས་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་གི་གནས་ལ་སྤྱོད་པ་ཡིན་ནོ། །གསུམ་པ་འབྲས་བུ། འཇིག་རྟེན་དག་ན་ཆོས་སོགས་ཚིགས་བཅད་གཅིག་གི་དོན། གཉིས་སུ་མི་རྟོག་པའི་ཡེ་ཤེས་དེས་ཐོབ་བྱ་ཅི་ལྟ་བུ་ཞེ་ན། འཇིག་རྟེན་དག་ན་ཆོས་ཀྱི་མིང་ཇི་སྙེད་པ་ཡོངས་སུ་བརྗོད་པར་རུང་བ་གཟུགས་ནས་རྣམ་མཁྱེན་གྱི་བར་ཀུན་ལ་དོན་དམ་པར་སྐྱེ་བ་དང་ནི་ཡང་དག་པར་འདས་པའམ་འགགས་པའི་མཐའ་སྤངས་ནས་སྐྱེ་འགགས་མེད་པར་མཉམ་པ་ཉིད་དུ་གནས་པ་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ཞིག་ནམ་ཡང་ཉམས་པ་མེད་པས་འཆི་བ་མེད་པ་དང་དམ་པ་དེ་ལས་གཞན་མེད་པ་སྟེ། ཐམས་ཅད་ཀྱི་དམ་པ་མཐར་ཐུག་པ་བླ་ན་མེད་པའི་བདག་ཉིད་འཐོབ་པར་བྱེད་པ་དེ་ཡི་ཕྱིར་ན་ཆོས་ཐམས་ཅད་དམིགས་སུ་མེད་པར་རྟོགས་པའི་ལམ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ་ལམ་ཐམས་ཅད་ཀྱི་བླ་མ་བླ་ན་མེད་པའོ། །གཉིས་པ་སྐབས་བསྡུ་བ། བྱང་ཆུབ་སེམས་དཔའ་གང་ཞིག་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་གང་ཞིག་རང་གི་ས་ལ་ཡིད་ཆེས་པས་ཐེ་ཚོམ་དང་དོགས་པ་མེད་པར་ཇི་སྐད་བསྟན་པ་དེ་ལྟར་སྤྱོད་པ་དེ་ནི་མཆོག་གི་ཤེས་རབ་དང་ལྡན་པ་ཞེས་བརྗོད་པར་བྱ་བ་སྟེ་དེ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ལ་གནས་པར་ཤེས་པར་བྱའོ། །དེ་ལྟར་གཞི་ལམ་འབྲས་བུའི་ཆོས་རྣམས་ཐམས་ཅད་རང་བཞིན་མེད་པ་མཉམ་པ་ཉིད་དུ་རོ་གཅིག་པར་ཡོངས་སུ་ཤེས་པར་གྱུར་པ་འདི་ལྟ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །གཉིས་པ་འབྲིང་དུ་དབྱེ་བའི་སྒོ་ལ་ཇི་ལྟར་བསླབ་པའི་གནས་བསྟན་པ། དེ་ལྟར་བསླབ་པའི་ཡུལ་ཅན་ཤེར་ཕྱིན་ཉིད་ངོས་བཟུང་བ། དེ་ལ་བརྟེན་པའི་བསོད་ནམས་མངོན་པར་འདུ་བྱ་བ། དེའི་རང་བཞིན་རྒྱུད་ལ་བསྐྱེད་པའི་ཚུལ་དང་བཞི་ལས། དང་པོ་ལ་མི་གནས་པའི་ཚུལ་དང་། དེ་ལ་སློབ་པའི་ཚུལ་བཤད་པ་གཉིས། དང་པོ་ལ་མི་གནས་པའི་གནས་པ་བཤད་པ་དང་། དེའི་ཕན་ཡོན་གཉིས། དང་པོ་ལ་དོན་དང་དཔེ་གཉིས། དང་པོ་ལ་ཁྱད་གཞི་གཟུགས་ལ་སོགས་པ་ལ་མི་གནས་པ་དང་། ཁྱད་ཆོས་མི་རྟག་སོགས་སུ་མི་གནས་པ་གཉིས། དང་པོ། གང་ཞིག་གཟུགས་ལ་མི་གནས་སོགས་ཚིགས་བཅད་གཅིག་སྟེ། གང་ཞིག་གཟུགས་ལ་དམིགས་པའི་ཚུལ་གྱིས་མི་གནས་ལ་དེ་བཞིན་དུ་ཚོར་བ་ལ་ཡང་མི་གནས་ཤིང་། གང་ཞིག་འདུ་ཤེས་ལ་མི་གནས་པ་དང་སེམས་པར་མི་གནས་ལ་རྣམ་ཤེས་གང་ལ་མི་གནས་པ། དེ་ནི་དེ་དག་གི་ཆོས་ཉིད་དམིགས་སུ་མེད་པ་ལ་གནས་པ་སྟེ་འདི་ལྟ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །གཉིས་པ། རྟག་དང་མི་རྟག་སོགས་ཚིགས་བཅད་གཅིག་སྟེ། གཞན་ཡང་གཟུགས་ལ་སོགས་པའི་ཆོས་རྣམས་ལ་རྟག་པ་དང་མི་རྟག་པ་དང་བདེ་བ་དང་སྡུག་བསྔལ་བ་དང་ཡིད་དུ་འཐད་པའི་སྡུག་པ་དང་མི་སྡུག་པ་དང་བདག་ཡོད་པ་དང་བདག་མེད་པ་དང་། དེ་བཞིན་ཉིད་དུ་འཛིན་པ་དང་དེ་བཞིན་དུ་སྟོང་པ་ཉིད་དུ་འཛིན་པ་སོགས་མཐའ་གཉིས་དང་རྣམ་པར་རྟོག་པའི་བཟུང་བ་གང་ལའང་མི་གནས་པ་དང་། རྒྱུན་ཞུགས་སོགས་འབྲས་བུ་གསུམ་ཐོབ་པ་དང་དགྲ་བཅོམ་པའི་ས་ལའང་དེར་འཛིན་གྱི་འདུ་ཤེས་ཀྱིས་མི་གནས་ཤིང་། རང་རྒྱལ་གྱི་ས་དང་དེ་བཞིན་དུ་སངས་རྒྱས་ཀྱི་སར་ཡང་མི་གནས་ཏེ་མདོར་ན་གཞི་ལམ་འབྲས་བུའི་ཆོས་གང་ལའང་མངོན་པར་ཞེན་པས་གནས་པར་མི་བྱེད་པའོ། །གཉིས་པ་དཔེ། ཇི་ལྟར་འདྲེན་པ་སོགས་ཚིགས་བཅད་གཅིག་སྟེ། ཆོས་གང་ལའང་མི་གནས་པའི་དཔེ་ནི་ཇི་ལྟར་འདྲེན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ནི་འདུས་མ་བྱས་ཀྱི་ཁམས་ཏེ་ཞི་བ་མྱ་ངན་ལས་འདས་པའི་དབྱིངས་འབའ་ཞིག་ལ་མི་གནས་ཤིང་། དེ་བཞིན་འདུས་བྱས་ཁམས་གསུམ་འཁོར་བའི་ཕྱོགས་ལ་ཡང་མི་གནས་ཏེ། དེ་ནི་སྲིད་ཞིའི་མཐའ་ཅི་ལའང་གནས་པ་མེད་པར་སྤྱོད་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཤེས་བྱའི་གནས་གང་ལའང་དེར་ཞེན་གྱིས་གནས་པ་མེད་པར་གནས་པ་དེ་ནི། གནས་སུ་གདགས་པ་གང་ཡང་མེད་པ་ལ་གནས་པ་ཡིན་ཏེ་ཚུལ་འདི་ལྟ་བུ་ནི་ཆོས་ཀྱི་རྒྱལ་པོ་རྒྱལ་བས་གནས་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པར་གསུངས་སོ། །གཉིས་པ་ཕན་ཡོན། གང་དག་བདེ་གཤེགས་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་གཞི་ལམ་རྣམ་པའི་ཆོས་ཐམས་ཅད་ལ་མངོན་པར་ཞེན་པས་གནས་ཤིང་དམིགས་པ་ཅན་གྱིས་བྱང་ཆུབ་མི་ཐོབ་ལ། དམིགས་པ་མེད་པ་ལ་བརྟེན་ནས་བྱང་ཆུབ་གསུམ་ཐོབ་པ་ནི། གང་དག་བདེ་བར་གཤེགས་པའི་ཉན་ཐོས་སུ་འགྱུར་བར་བྱའོ་སྙམ་པ་དང་། རང་སངས་རྒྱས་དང་དེ་བཞིན་ཆོས་ཀྱི་རྒྱལ་པོ་སངས་རྒྱས་སུ་འགྱུར་བར་འདོད་པ་སྟེ་མདོར་ན་བྱང་ཆུབ་གསུམ་གང་འདོད་ཀྱང་། མི་གནས་པའམ་དམིགས་པ་མེད་པའི་དོན་ལ་བཟོད་པ་ཡི་ལམ་འདི་ལ་མ་བརྟེན་པར་ནི་འབྲས་བུ་དེ་གང་ཡང་ཐོབ་པར་མི་ནུས་ཏེ། དཔེར་ན་གྲུ་ལ་མ་བརྟེན་པར་རྒྱ་མཚོའི་ཚུ་རོལ་དང་ཕ་རོལ་ཏུ་འགྲོ་བའི་ངོགས་མི་མཐོང་བ་བཞིན་ནོ་ཞེས། གང་ཟག་གི་བདག་དང་ཆོས་ཀྱི་བདག་གི་རང་བཞིན་མ་དམིགས་པར་རྟོགས་པའི་བཟོད་པ་ཅི་ཙམ་སྐྱེས་པ་དེ་ཙམ་གྱི་ཚོད་དང་མཚུངས་པའི་བྱང་ཆུབ་གསུམ་འབྱུང་སྟེ། སྟོང་པ་ཉིད་ཀྱི་བྱེ་བྲག་གང་ཟག་གི་བདག་མེད་པར་རྟོགས་པས་ཉན་ཐོས་ཀྱི་བྱང་ཆུབ་དང་། བདག་མེད་ཕྱེད་གཉིས་རྟོགས་པས་རང་རྒྱལ་གྱི་བྱང་ཆུབ་དང་། བདག་མེད་གཉིས་ཀ་རྫོགས་པའི་མཉམ་པ་ཉིད་མཐར་ཐུག་པ་རྟོགས་པས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་སྟེ། དེ་ལྟར་དེ་དག་ཐམས་ཅད་ཤེར་ཕྱིན་གྱི་མཐུ་ལས་བྱུང་བའོ། །དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་གྱི་ལམ་རྒྱ་ཆེར་འབྱུང་བར་གསུངས་པ་དང་། མདོ་གཞན་ལས་ཀྱང་རྒྱུན་དུ་ཞུགས་པ་རྒྱུན་དུ་ཞུགས་པའི་འབྲས་བུ་བདག་གིས་ཐོབ་པོ་ཞེས་རློམས་ན་དེ་ཉིད་དེ་ཡི་བདག་ཏུ་འཛིན་པར་འགྱུར་བ་སོགས་དང་། ཡང་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་སྟོང་པ་ཉིད་ལ་ཉན་ཐོས་ཐབས་མཁས་པ་དང་བྲལ་ཞིང་བློ་དམན་པས་ཉི་ཚེ་བའི་འདུ་ཤེས་ཀྱིས་རེ་ཞིག་ཇི་བཞིན་མ་རྟོགས་པར་དམན་པའི་མྱང་འདས་མངོན་དུ་བྱས་ཀྱང་མཐར་མཉམ་པ་ཉིད་ཇི་བཞིན་རྟོགས་ནས་སངས་རྒྱ་བས་མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པ་དང་། ཤེར་ཕྱིན་གྱི་མདོར་རང་ཉིད་ལས་གཞི་ཤེས་དང་ལམ་ཤེས་དང་རྣམ་མཁྱེན་གསུམ་གྱི་ཁྱད་པར་བསྟན་པ་དེ་བཞིན་རྒྱལ་ཚབ་ས་བཅུའི་སེམས་དཔའི་བསྟན་བཅོས་ལས་ཀྱང་གསལ་བར་བཤད་པ་བཞིན། སྤྱིར་དམིགས་པ་ཅན་འཁོར་བ་ལས་ཐར་མི་ནུས་ལ། དམིགས་པ་མེད་པའི་ཤེར་ཕྱིན་ཉམས་སུ་ལེན་པ་ལའང་རྟོགས་པ་རྫོགས་མ་རྫོགས་ཀྱི་འབྲས་ཡུམ་ལ་ཉེ་རིང་གི་ཁྱད་ཡོད་པར་ཤེས་པ་གལ་ཆེའོ་ཞེས་པ་འཕྲོས་དོན་དུ་སྨོས་པའོ། །གཉིས་པ་དེ་ལ་སློབ་ཚུལ་ལ། བསླབ་པར་བྱ་བའི་གནས། སློབ་པ་པོ་གང་ཟག །ཇི་ལྟར་བསླབ་ཚུལ་གསུམ་ལས། དང་པོ། ཆོས་འཆད་པ་དང་སོགས་ཚིགས་བཅད་གཅིག་སྟེ། ཀུན་རྫོབ་ཀྱི་དབང་དུ་བྱས་ཏེ་སློབ་དཔོན་གྱིས་ཆོས་འཆད་པ་དང་། སློབ་མས་ཉན་པ་དང་། བཤད་པར་བྱ་བའི་ཆོས་གང་ཡིན་པ་དང་། ཆོས་ཐོས་ཤིང་ནན་ཏན་བྱས་པས་ཉན་ཐོས་ཀྱི་འབྲས་བུ་བཞི་ཐོབ་པ་དང་། དེ་བཞིན་དུ་རྐྱེན་རྒྱལ་ཏེ་རང་རྒྱལ་གྱི་འབྲས་བུ་ཐོབ་པ་དང་། དེ་བཞིན་དུ་འཇིག་རྟེན་མགོན་པོ་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་མཛད་པ་གང་ཞིག །འཇིག་རྟེན་ལས་འདས་པའི་ལམ་གྱི་ཚུལ་ལ་མཁས་པ་བློ་གསལ་བས་ཐོབ་པའི་མཐར་ཐུག་གི་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ཀུན་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་སྣང་བ་རིགས་པས་དཔྱད་བཟོད་དུ་མ་གྲུབ་པའི་སྒྱུ་མ་ལྟ་བུར་དེ་བཞིན་གཤེགས་པས་བསྟན་ཏོ། །ཞེས་མདོ་རྒྱས་པ་ལས། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་ཁོ་བོ་ལས་ཆོས་ཉན་པ་ནི་སྒྱུ་མ་དང་སྤྲུལ་པ་ལྟ་བུར་བཙལ་བར་བྱའོ་ཞེས་པ་ནས་བདག་ནི་མྱ་ངན་ལས་འདས་པ་ལས་ལྷག་པའི་ཆོས་གཞན་ཞིག་ཡོད་ན་དེ་ཡང་སྒྱུ་མ་ལྟ་བུར་བལྟའོ་ཞེས་གསུངས་སོ། །གཉིས་པ་གང་ཟག་བཞི་པོ་སོགས་ཚིགས་བཅད་གཅིག་སྟེ། ཇི་སྐད་བཤད་པའི་དོན་དེ་སུ་ཞིག་གུས་ན། གང་ཟག་བཞི་པོ་འདི་དག་ནི་བཤད་མ་ཐག་པའི་དོན་ཟབ་མོ་དེ་ལ་མི་སྐྲག་སྟེ་བཞི་གང་ཞེ་ན། རྒྱལ་བའི་སྲས་པོ་བདེན་དོན་ཟབ་མོ་ལ་མཁས་པ་སྟེ་བདེན་པ་མཐོང་བའམ་ཤེས་རབ་སྦྱང་བ་དང་། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཆེན་པོ་རྣམས་དང་། འཕགས་པ་དགྲ་བཅོམ་པ་སྟེ་དེ་རྣམས་ནི་བློ་ཡི་དྲི་མ་བསལ་ཞིང་ཟད་པར་བྱས་ནས་ཟབ་མོའི་དོན་ལ་སོམ་ཉི་སྤང་བས་བསམ་པ་ཡོངས་སུ་རྫོགས་པ་དང་དེ་གསུམ་ཡིན་ལ། བཞི་པ་ནི་ལས་དང་པོ་པ་ཡིན་དུ་ཟིན་ཀྱང་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པས་ད་ལྟ་ཤེར་ཕྱིན་ཡང་དག་པ་སྟོན་པར་ནུས་པའི་དགེ་བའི་བཤེས་ཀྱིས་ཡོངས་སུ་ཟིན་པའོ། །གསུམ་པ་ལ། འབྲས་བུ་དམན་པ་ལ་མི་སློབ་པའི་ཚུལ་ལ་སློབ་པ་དང་། ཆོས་ཐམས་ཅད་ལ་མི་སློབ་པའི་ཚུལ་ལ་སློབ་པ་གཉིས། དང་པོ། བྱང་ཆུབ་སེམས་དཔའ་མཁས་རིག་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཐེག་པ་གསུམ་གྱི་ལམ་གྱི་གནས་སྐབས་ལ་མཁས་ཤིང་མཐར་ཐུག་བདེན་པ་དབྱེར་མེད་མཉམ་པ་ཉིད་ཐེག་པ་གཅིག་པུའི་ཚུལ་རིག་པ་གང་ཞིག་ཆོས་ཐམས་ཅད་མཐའ་བྲལ་རོ་མཉམ་དུ་དེ་ལྟར་སྤྱོད་ཅིང་བཏགས་པའི་ཆོས་ཉིད་མི་འགལ་བར་སྟོན་པ་དེ་ནི། རང་ཉིད་ཉན་ཐོས་དགྲ་བཅོམ་པ་ཐོབ་བྱེད་ཀྱི་ས་ལ་མི་སློབ། རྐྱེན་རྟོགས་རང་སངས་རྒྱས་ཀྱི་ས་ལའང་སློབ་པ་མིན་ལ། ཐ་སྙད་དུ་གང་ལ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཁོ་ནའི་ཆེད་དུ་སངས་རྒྱས་རྣམས་གཤེགས་ཤིང་འབྱུང་བའི་ཆོས་ཀྱི་རྗེས་སུ་སློབ་པ་ཡིན་ནོ། །དེ་ལྟ་ནའང་དོན་དམ་པར་གང་ཞིག་སློབ་པ་ཞེས་བྱ་བ་དང་དེའི་ཟློག་ཕྱོགས་མི་སློབ་པ་ཞེས་བྱ་བ་གཉིས་ཀ་ཡང་མ་དམིགས་པས་ཆོས་གང་ལའང་མི་སློབ་པ་དེ་ནི་ཡང་དག་པའི་ལམ་ལ་སློབ་པ་ཡིན་ནོ། །གཉིས་པ། གཟུགས་འཕེལ་ཡོངས་སུ་སོགས་ཚིགས་བཅད་གཅིག་སྟེ། གཟུགས་ལ་སོགས་པ་ཀུན་ཉོན་དང་རྣམ་བྱང་གིས་བསྡུས་པའི་ཆོས་ཐམས་ཅད་འཕེལ་བ་དང་ཡོངས་སུ་ཉམས་པ་སྟེ་འགྲིབ་པ་དང་ཡོངས་སུ་གཟུང་བར་བྱ་བའི་ཕྱིར་སློབ་པ་མིན་ཏེ། ཆོས་འདི་དག་ཐམས་ཅད་གདོད་ནས་དམིགས་སུ་མེད་པས་རང་བཞིན་དག་པ་ཡིན་པས་དོན་དམ་པར་དེ་ལ་འཕེལ་འགྲིབ་དང་སྐྱེ་འགགས་གཟུང་བྱ་སོགས་ནམ་ཡང་མེད་པའི་རང་བཞིན་གཉུག་མའི་དོན་མཐོང་ནས་བྱར་མེད་མཉམ་པ་ཉིད་དུ་གནས་པ་དེས། ཆོས་རྣམས་སྣ་ཚོགས་པ་གང་ཡང་མངོན་ཞེན་གྱིས་ཡོངས་སུ་གཟུང་བའམ་དང་དུ་ལེན་པའི་ཕྱིར་སྦྱོར་བས་མི་སློབ་པའམ་མི་དམིགས་པར་སློབ་ཅིང་། བསམ་པས་ཐམས་ཅད་མཁྱེན་པ་ཉིད་ཀྱང་མི་ཕྱེད་པའི་ཚུལ་གྱིས་ཡོངས་སུ་འཛིན་ལ། ཐབས་ཤེས་ཟབ་མོའི་ལམ་གྱི་ནུས་པས་རང་གིས་འདོད་པ་མཐར་ཐུག་གི་གོ་འཕང་དེར་ངེས་པར་འབྱུང་བ་སྟེ་ཆོས་གསུམ་དང་ལྡན་པ་གང་ཡིན་པ་འདི་ནི་ཐེག་པ་མཆོག་གི་ཡོན་ཏན་ལ་དགའ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སློབ་ཚུལ་ཡིན་ནོ། །གཉིས་པ་དེ་ལྟར་བསླབ་པའི་ཡུལ་ཅན་ཤེས་རབ་ཕར་ཕྱིན་ངོས་བཟུང་བ་ལ། གཅིག་དང་ཐ་དད་བྲལ་བར་བསྟན་པ། མཐའ་ཡས་པར་བསྟན་པ། བསམ་གྱིས་མི་ཁྱབ་པར་བསྟན་པ། གཟོད་ནས་དག་པར་བསྟན་པ་བཞི། དང་པོ་གཟུགས་ནི་ཤེས་རབ་སོགས་ཚིགས་བཅད་གཅིག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ཅི་ལྟ་བུ་ཞེ་ན་གཟུགས་ནི་ཤེས་རབ་ཀྱི་ཕར་ཕྱིན་མ་ཡིན་ཏེ་དེ་གཉིས་གཅིག་མ་ཡིན་པའི་ཕྱིར་རོ། །གཟུགས་ལ་ཤེས་རབ་ཐ་དད་དུ་གནས་པའང་མེད་དེ་གུད་ན་མ་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་ཤེས་དང་འདུ་ཤེས་དང་ཚོར་བ་དང་སེམས་པ་འདུ་བྱེད་འདི་དག་ནི། ཤེས་རབ་མ་ཡིན་ལ་འདི་དག་ལ་ཡང་ཤེས་རབ་ཐ་དད་དུ་མེད་དེ། ཆོས་རྣམས་ཀྱི་ཆོས་ཉིད་གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་སོགས་དང་གཅིག་ཐ་དད་གང་དུའང་བརྗོད་པར་བྱར་མེད་དོ། །དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་དབྱིངས་འདི་ནི་ཆོས་ཅན་གཟུགས་ལ་སོགས་པ་གང་དང་ཡང་གཅིག་མ་ཡིན་ལ་ཐ་དད་ཀྱང་མིན་མོད་ཀྱི་ཆོས་ཐམས་ཅད་དེ་གཅིག་པུའི་ངང་ཚུལ་དུ་འུབ་ཆུབ་པས་དཔེར་ན་ནམ་མཁའི་ཁམས་དང་མཚུངས་ཏེ་ཆོས་ཀྱི་དབྱིངས་འབའ་ཞིག་ཙམ་གྱིས་རབ་ཏུ་ཕྱེ་བ་ལས་ཐ་དད་པའི་གཉིས་ཆོས་རྡུལ་ཙམ་ཡང་མེད་དོ། །དེ་ཡང་ཆོས་ཅན་རྣམས་ལས་ཆོས་ཉིད་དམ་ཆོས་ཀྱི་དབྱིངས་ཐ་དད་དུ་ཡོད་ན་དེའི་ཆོས་ཉིད་མ་ཡིན་དང་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་མ་གྱུར་པའི་ཆོས་ཡོད་པར་འགྱུར་ན་དེ་མི་སྲིད་པའི་ཕྱིར་རོ། །ཆོས་ཅན་གཟུགས་ལ་སོགས་པ་འདི་ཆོས་དབྱིངས་དང་གཅིག་ཡིན་ན་འདི་མཐོང་བ་ཁོ་ནས་བདེན་པ་མཐོང་བ་དང་ཀུན་རྫོབ་དོན་དམ་ཐ་དད་དུ་བཞག་ཏུ་མེད་པ་སོགས་སྐྱོན་ཡོད་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ་ཞེས་པ་ལ། དེར་ཀོའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ལས་བཙལ་བར་མི་བྱ། གཟུགས་ལས་གཞན་དུ་བཙལ་བར་མི་བྱ་སྟེ། ཆོས་དེ་དག་མཚན་ཉིད་གཅིག་པ་སྟེ་མཚན་ཉིད་མེད་པའི་ཕྱིར་རོ། །ཞེས་པ་ལས་ཤེས་པ་གསུངས་པ་བཞིན་ནོ། །གཉིས་པ་དམིགས་པ་རྣམས་ཀྱི་སོགས་ཚིག་བཅད་གཅིག་སྟེ། དམིགས་པའམ་གཟུང་བར་བྱ་བ་གཟུགས་ལ་སོགས་པ་རྣམས་ཀྱི་རང་བཞིན་དེ་ནི་འདི་དང་འདི་ཞེས་རིས་སུ་ཆད་དེ་མི་གནས་པའི་ཕྱིར་ཕ་མཐའ་མེད་ལ། དེར་རྟོག་པའམ་འཛིན་པ་པོ་སེམས་ཅན་གྱི་རང་བཞིན་གང་ཡིན་པ་དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ངོ་བོས་ཕ་མཐའ་མེད་ཅིང་། ཆོས་ཉིད་མཚོན་པའི་དཔེར་གྱུར་པ་ནམ་མཁའི་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད་དོ། །ཡུལ་དེ་དག་ཐམས་ཅད་རྟོགས་པའི་འཇིག་རྟེན་མཁྱེན་པའི་ཤེས་རབ་དེ་ཡང་དེ་ཙམ་དུ་ཕ་མཐའ་མེད་དོ། །དེ་ནི་མདོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བ་དང་ཚད་མེད་པ་དང་མཐའ་ཡས་པ་སྟེ། ཞེས་སོགས་གསུངས་པ་བཞིན་དུ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་གྱུར་པའི་ཕྱིར་ཆོས་ཀྱི་དབྱིངས་ནི་ཐམས་ཅད་ཤོངས་ཤིང་མཐའ་མི་དམིགས་པ་དང་། དེའི་ངང་དུ་ཆུད་པའི་ཆོས་ཅན་རྣམས་ཀྱང་ཡུལ་གྱི་མུ་དང་དུས་ཀྱི་མཐའ་མེད་པས་ན་རོ་མཉམ་པའི་ཆོས་ཉིད་ཡངས་པ་ཆེན་པོའི་རང་བཞིན་དེ་ལྟ་བུར་ཤེས་པར་བྱའོ། །གསུམ་པ། འདུ་ཤེས་ཚུ་རོལ་སོགས་ཚིགས་བཅད་གཅིག་སྟེ། ཅི་ཙམ་དུ་དངོས་དངོས་མེད་ལ་སོགས་པའི་མཚན་མར་འཛིན་པའི་འདུ་ཤེས་ཡོད་པ་དེ་སྲིད་དུ་འཇིག་རྟེན་ལས་མི་འདའ་བས་ཚུ་རོལ་ཡིན་ཞེས་འདྲེན་པ་བདེ་བར་གཤེགས་པས་ཡོངས་སུ་བསྒྲགས་པར་མཛད་དེ་ཇི་ཙམ་དུ་འདུ་ཤེས་སྐྱེ་བ་དེ་ཙམ་དུ་འཁོར་བའོ། །ཞེས་གསུངས་སོ། །དེས་ན་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་གང་དུ་འདུ་ཤེས་པ་དང་གང་ཞིག་དམིགས་པར་གྱུར་པ་དེ་ཐམས་ཅད་རྣམ་པར་བཤིག་ནས་མཚན་འཛིན་གྱི་འདུ་ཤེས་ཐམས་ཅད་སྤོང་བ་ནི་འཇིག་རྟེན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་འགྲོའོ། །ཚུལ་དེས་ན་གང་དག་དམིགས་པའི་འདུ་ཤེས་ཐམས་ཅད་དང་བྲལ་བ་བློ་ལས་འདས་པའི་ཆོས་ཉིད་འདི་ལྟ་བུ་ནི་གང་གིས་རྗེས་སུ་ཐོབ་པ་དེ་དག་ལམ་གྱི་ཕ་རོལ་ཏུ་ཕྱིན་ནས་སྟོན་པའི་ངེས་དོན་གྱི་བཀའ་ཡི་དགོངས་པ་ལ་གནས་པ་ཡིན་ཏེ། ཆོས་ཐམས་ཅད་རང་གི་ངོ་བོས་གདོད་ནས་མ་སྐྱེས་པའི་རང་བཞིན་སྒྲིབ་བྲལ་དུ་གནས་སུ་ཟིན་ཀྱང་ལོག་པའི་འདུ་ཤེས་ཀྱིས་བདག་དང་ཆོས་སྣ་ཚོགས་སུ་ཕར་བཏགས་ནས་ཀུན་ཏུ་རྟོག་པས་བསླད་པར་ཟད་ལ། ཆོས་ཉིད་དང་རྗེས་སུ་མཐུན་པར་རྣམ་རྟོག་མེད་པའི་ཡེ་ཤེས་ཀྱིས་འདུ་ཤེས་ཐམས་ཅད་འགོག་པ་ཡང་དག་པའི་མཐའ་ཆོས་ཀྱི་དབྱིངས་ལ་མཉམ་པར་བཞག་པ་ནི་བསལ་བཞག་མེད་པའི་གཤིས་རྣལ་མ་བབ་ཀྱིས་སྐྱོང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པ་ཡིན་པར་ཤེས་པར་བྱའོ། །བཞི་པ་ལ། སེམས་ཅན་གྱིས་མཚོན་པའི་ཆོས་ཀུན་གཟོད་ནས་དག་པ་དངོས་དང་། དེ་ལྟར་རྟོགས་པའི་ཕན་ཡོན་གཉིས། དང་པོ། གལ་ཏེ་སྟོན་པས་སོགས་ཚིགས་བཅད་གཅིག་སྟེ། གལ་ཏེ་ཚད་མར་གྱུར་པ་སྟོན་པ་བདེ་བར་གཤེགས་པས་ཀྱང་ནི་ཆུ་བོ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་བཞུགས་ཏེ་སེམས་ཅན་ཡོད་དོ་ཞེས་པའི་སྒྲ་མངོན་པར་ཡོངས་སུ་བསྒྲགས་ཀྱང་། རང་གི་ངོ་བོ་གཟོད་མ་ནས་མ་སྐྱེས་ཤིང་དག་པའི་རང་བཞིན་དུ་གནས་པས་སེམས་ཅན་ཡོད་པའམ་སྐྱེ་བར་ག་ལ་འགྱུར་ཏེ། དངོས་པོའི་ཆོས་ཉིད་འགྱུར་བ་མེད་པ་ཡིན་པས་སུས་ཀྱང་སྐྱེ་བ་ལ་སོགས་པར་བྱ་མི་ནུས་ཏེ་དེས་ན་སྟོན་པས་ཡོད་པར་བསྟན་ཀྱང་ཡོད་པར་མི་སྤྱོད་ན་གཞན་གྱིས་ལྟ་ཅི་སྨོས། དེ་ལྟར་གདོད་ནས་མ་སྐྱེས་པའི་དོན་མཐོང་བ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །དེ་ལྟར་ཤེར་ཕྱིན་ཉིད་ངོས་བཟུང་བའི་ཚིགས་བཅད་བཞི་པོ་འདིས་རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་འདས་པའི། ཡེ་ཤེས་གཉིས་སུ་མེད་པའི་ཚུལ་འཆང་བ་ཡང་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་རྣལ་འབྱོར་གཏན་ལ་དབབ་པར་བྱའོ། །གཉིས་པ། གང་ཚེ་ང་ནི་སོགས་ཚིགས་བཅད་གཅིག་སྟེ། གང་གི་ཚེ་ཤཱཀྱའི་རྒྱལ་པོ་ང་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་འདི་དང་རྣམ་པ་ཐམས་ཅད་དུ་རྗེས་སུ་མཐུན་པར་སྨྲ་བར་གྱུར་པ་ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་དམ་པར་ཐོབ་པར་གྱུར་པ་དེ་ཡི་ཚེ། སྔོན་གྱི་སྐྱེ་མཆོག་གིས་ཁྱོད་མ་འོངས་པ་ཡི་དུས་ན་སངས་རྒྱས་སུ་འགྱུར་རོ་ཞེས་ང་ལུང་བསྟན་པར་གྱུར་ཏོ་ཞེས་རྒྱལ་བ་ཤཱཀྱ་ཐུབ་པ་ཉིད་ཀྱིས་དེ་སྐད་དུ་གསུངས་ཏེ། སྔོན་སངས་རྒྱས་མར་མེ་མཛད་ལ་བདག་ཅག་གི་སྟོན་པ་འདི་བྲམ་ཟེ་ཁྱེའུ་གཞོན་ནུ་སྤྲིན་ཞེས་པར་གྱུར་པས་ཨུཏ་པ་ལ་ལྔས་གཏོར་ཏེ་རལ་པ་གསེར་གྱི་མདོག་ཅན་གདན་དུ་བཏིང་བ་ན། སངས་རྒྱས་དེའི་ཞལ་ནས་བྲམ་ཟེ་ཁྱེའུ་ཁྱོད་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པ་ན་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ཡང་དེའི་ཚེ་བྲམ་ཟེ་ཁྱེའུ་དེས་མི་སྐྱེ་བའི་བཟོད་པ་ཐོབ་ནས་མི་དམིགས་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་ཚད་མེད་པ་དང་མ་བྲལ་བས་ན་ལུང་བསྟན་པ་ཐོབ་སྟེ་མི་སྐྱེ་བའི་བཟོད་པ་ཐོབ་པ་ལ་སངས་རྒྱས་རྣམས་ལུང་སྟོན་པ་ཆོས་ཉིད་དོ། །དེའི་སྔོན་དུ་བསྐལ་པ་ཚད་མེད་པར་སངས་རྒྱས་གྲངས་མེད་ལ་བསྙེན་བཀུར་བྱས་ནས་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་ཀྱང་ལུང་བསྟན་པ་མ་ཐོབ་སྟེ་རྣམ་པ་ཐམས་ཅད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བཟོད་པ་དེ་ལྟ་བུ་སྔོན་ཆད་མ་ཐོབ་པའི་ཕྱིར་རོ་ཞེས་གསུངས་སོ། །གསུམ་པ་དེ་ལ་བརྟེན་པའི་བསོད་ནམས་མངོན་པར་འདུ་བྱ་བ་ལ། རང་གིས་འཆང་བ་སོགས་ཀྱི་ཕན་ཡོན་དང་། གཞན་ལ་འཆད་པ་སོགས་ཀྱི་ཕན་ཡོན་གཉིས། དང་པོ་ལ་གནོད་པས་མི་ཚུགས་པ་དང་། བསོད་ནམས་སྡུད་པ་གཉིས། དང་པོ་ཤེས་རབ་ཕ་རོལ་སོགས་ཚིགས་བཅད་གཅིག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་མགོན་པོ་རྫོགས་པའི་སངས་རྒྱས་སྲས་དང་བཅས་པས་མཉམ་རྗེས་ཀྱིས་སྤྱོད་པ་འདི་ནི་རིགས་ཀྱི་བུའམ་བུ་མོ་གང་ཞིག་གིས་གུས་པར་བྱས་ཏེ་གཞུང་བློ་ལ་འཛིན་པ་དང་། དོན་ཡིད་ལ་ཆུད་པར་བྱེད་པ་དེ་ལ་ལུས་ཀྱི་སྡུག་བསྔལ་དུག་དང་མཚོན་དང་མེ་དང་ཆུས་མི་ཚུགས་ལ། གཞན་ཡང་མངོན་པར་ཞེན་པ་དུག་ལྟ་བུ་དང་། ཞེ་སྡང་མཚོན་ལྟ་བུ་དང་། མེ་དང་འདྲ་བའི་འདོད་ཆགས་དང་། ཆུ་དང་འདྲ་བའི་གཏི་མུག་གིས་ཀྱང་མི་ཚུགས་སོ། །ལམ་གྱི་བར་ཆད་བདུད་སྡིག་ཅན་དང་བདུད་ཀྱི་ཕྱོགས་ནག་པོའི་རྩ་ལག་རྣམས་ཀྱིས་གླགས་ཀྱང་རྙེད་པར་མི་འགྱུར་ཏེ་ཆོས་ཉིད་ཀྱི་སྟོབས་དང་སངས་རྒྱས་བྱང་སེམས་དང་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་བསྲུངས་པའི་ཕྱིར་རོ། །གཉིས་པ་ལ་མཆོད་པའི་ཕན་ཡོན་དང་། བསླབ་པའི་ཕན་ཡོན་གཉིས། དང་པོ་ལ་ལས་བདེ་གཤེགས་སོགས་ཚིགས་བཅད་གསུམ་སྟེ། གང་ལ་ལས་བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཡི་རིང་སྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བྱས་པ་དེ་ནི་འབྲེལ་བའི་ཡུལ་ཁྱད་པར་འཕགས་པའི་དབང་གིས་ཕན་ཡོན་ཆེ་ལ། དེར་ཡང་མཆོད་རྟེན་དེའི་རྒྱུའི་ཁྱད་པར་ནི་བཻཌཱུརྻ་དང་མུ་ཏིག་དམར་པོ་དང་མུ་ས་ལ་གརྦྷ་དང་ཨསྨ་གརྦྷ་དང་ཤེལ་དང་གསེར་དང་། དངུལ་ལྟ་བུའི་རིན་ཆེན་བདུན་ལས་བྱས་ཤིང་དེ་ལ་མཆོད་པར་བྱེད་ལ། དེ་ཡང་ཇི་ལྟར་ན་གྲངས་མང་པའི་ཁྱད་པར་ནི་བདེ་བར་གཤེགས་པའི་མཆོད་རྟེན་དེ་ལྟ་བུ་དག་ཆུ་བོ་གངྒཱ་ཡི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པར་བྱས་པ་ཉིད་ཀྱིས། བྱེ་བ་ཕྲག་སྟོང་གི་གྲངས་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་བཀང་སྟེ། ཡོངས་སུ་བརྟག་པ་བཟུང་བའི་དཔེར་བྱ་ན་བྱེད་པོའི་ཁྱད་པར་ཞིང་རྣམས་བྱེ་བ་མང་པོ་མཐའ་ཡས་པ་ན་སེམས་ཅན་གྱི་རིགས་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས་ལས་གཞན་ཅི་ཡང་མི་བྱེད་པར། མཆོད་པའི་དངོས་པོའི་ཁྱད་པར་ལྷའི་མེ་ཏོག་དང་སྤོས་རབ་དང་བྱུག་པས། དུས་ཀྱི་ཁྱད་པར་ཉིན་མཚན་རེ་རེ་ཞིང་དུས་གསུམ་དུ་མ་ཆག་པར་ཚུལ་དེ་ལྟར་བསྐལ་པའམ་བསྐལ་པ་དེ་བས་ཀྱང་ལྷག་པར་མཆོད་ན་དེ་ལ་བསོད་ནམས་ཚད་མེད་པ་ཡོད་མོད་ཀྱི། དེ་ལས་གཞན་གང་ཞིག་གིས་རྒྱུ་གང་ལས་རྣམ་འདྲེན་རྒྱལ་བའི་སྟོབས་བཅུ་སོགས་ཡོན་ཏན་མཉམ་པ་མེད་པ་འབྱུང་བར་འགྱུར་བ་བདེ་བར་གཤེགས་པ་རྣམས་ཀྱི་ཡུམ་གཉིས་སུ་མེད་པའི་ཤེས་རབ་ཐབས་མཁས་དང་བཅས་པ་སྟོན་པའི་གཞུང་འདི་གླེགས་བམ་ལ་བྲིས་ཏེ་ལག་ཏུ་འཆང་ཞིང་མེ་ཏོག་དང་བྱུག་པས་བསྟི་སྟང་ཙམ་དུས་རེ་ཞིག་ཏུ་བྱེད་པར་གྱུར་ན། སྔ་མ་མཆོད་རྟེན་དེ་ལྟ་བུ་བྱས་ནས་མཆོད་པའི་བསོད་ནམས་དེས་ནི་ཕྱི་མ་འདི་ལ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་སོགས་པའི་གྲངས་དང་ཆ་དང་དཔེ་དང་རྒྱུར་ཡང་མི་ཕོད་པའོ། །གཉིས་པ་ཡུམ་ལ་བསླབ་པས་སྲིད་ཞིའི་བདེ་བ་ཀུན་འབྱུང་ཚུལ་དང་། ཡུམ་ལ་བསླབ་པས་སྐུ་གདུང་སོགས་མཆོད་པ་བརྙེས་ཚུལ། ཡུམ་ལ་བསླབ་པས་དགེ་རྩ་གཞན་འདས་པའི་ཕར་ཕྱིན་དུ་འགྱུར་ཚུལ་གསུམ། དང་པོ་དོན་བསྟན་པ་དང་། དེའི་དཔེ་བརྗོད་པ་གཉིས། དང་པོ་ལ། ཞི་བའི་བདེ་བ་འབྱུང་བ་དང་། སྲིད་ཞི་གཉིས་ཀའི་བདེ་བ་འབྱུང་ཚུལ་གཉིས། དང་པོ་ལ་ཞི་བ་ཙམ་གྱི་བདེ་བ་འབྱུང་ཚུལ། ཞི་བ་ཆེན་པོའི་གོ་འཕང་དུས་གསུམ་གྱི་སངས་རྒྱས་འབྱུང་ཚུལ་གཉིས། དང་པོ། རྒྱལ་བའི་ཤེས་རབ་སོགས་རྐང་པ་གཉིས་ཏེ། རྒྱལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་པོའམ་རིག་སྔགས་བླ་ན་མེད་པ་སྟེ། དེ་ལ་རིག་སྔགས་ཞེས་པ་མནྟྲའི་སྒྲ་ལས་རིག་པ་དང་ཤེས་པས་བདེ་བླག་ཏུ་སྐྱོབ་པའི་དོན་ཡིན་ལ་དེ་འདྲའི་རིག་སྔགས་ཀྱི་ཐབས་ཀུན་ལས་ཀྱང་འདི་ནི་ཆེན་པོ་སྟེ། འདིས་སེམས་ཅན་གྱི་ཁམས་མང་པོ་ཚད་མེད་པའི་ཡིད་ཀྱི་མྱ་ངན་དང་ལུས་ཀྱི་སྡུག་བསྔལ་གྱི་ཆོས་སུ་གཏོགས་པ་ཐམས་ཅད་གཏན་དུ་ཞི་བར་བྱེད་པའི་ཕྱིར་རོ། །གཉིས་པ་ལ་འདས་དང་ད་ལྟར་གྱི་རྒྱལ་བའི་ཡུམ་དུ་གྱུར་ཚུལ་དང་། མ་འོངས་པའི་སངས་རྒྱས་ཀྱི་ཡུམ་དུ་འགྱུར་ཚུལ་གཉིས། དང་པོ། གང་དག་འདས་དང་སོགས་རྐང་པ་གཉིས་ཏེ། གང་དག་སྔར་འདས་པ་དང་གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་མགོན་པོ་ད་ལྟར་འཚོ་ཞིང་གཞེས་པ་དེ་དག་མི་མཉམ་པ་དང་མཉམ་པའི་རིག་སྔགས་ཆེན་པོ་འདི་བསླབ་ནས་སེམས་ཅན་ཐམས་ཅད་ཀྱི་ལུས་དང་སེམས་ཀྱི་ཟུག་རྔུ་མ་ལུས་པ་སེལ་བའི་སྨན་པའི་རྒྱལ་པོ་བླ་ན་མེད་པར་གྱུར་པ་ཡིན་ནོ། །གཉིས་པ་གང་དག་ཕན་དང་སོགས་རྐང་པ་གཉིས་ཏེ། གང་དག་སེམས་ཅན་ཐམས་ཅད་ལ་སྦྱོར་བས་ཕན་པ་དང་བསམ་པ་སྙིང་རྗེར་བཅས་པ་ཀུན་ཏུ་བཟང་པོའི་སྤྱད་པ་སྤྱོད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་རིག་སྔགས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་ནས་མཁས་པ་དེ་དག་མ་འོངས་པའི་དུས་སུ་བླ་ན་མེད་པའི་བྱང་ཆུབ་མཆོག་ལ་རེག་སྟེ་འཚང་རྒྱ་བ་ཡིན་ནོ། །གཉིས་པ་འདུས་བྱས་བདེ་དང་སོགས་རྐང་པ་གཉིས་ཏེ། འདུས་བྱས་འཁོར་བའི་བདེ་བ་དང་འདུས་མ་བྱས་རྣམ་གྲོལ་གྱི་བདེ་བ་གང་ཡིན་པ་སྟེ། འཁོར་འདས་ཀྱི་བདེ་བ་དེ་ཀུན་ཆོས་ཀུན་གྱི་གཞིའམ་སྙིང་པོ་ལྟ་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་འབྱུང་བར་རིག་པར་བྱའོ། །གཉིས་པ་དཔེ་ལ། ས་ཡི་དཔེས་ཡོན་ཏན་ཀུན་སྐྱེད་ཚུལ་དང་། འཁོར་སྒྱུར་གྱི་དཔེས་ཡོན་ཏན་ཀུན་འདི་ཡི་རྗེས་སུ་འགྲོ་ཚུལ་གཉིས། དང་པོ། ས་བོན་བཏབ་ནས་སོགས་ཚིགས་བཅད་གཅིག་སྟེ། ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྲུབ་པའི་དཔེ་ཇི་ལྟར་ན། ས་བོན་བཏབ་ནས་ས་ལ་གནས་ཏེ་མྱུ་གུ་སོགས་འབྱུང་བར་འགྱུར་བ་དེ་དག །རང་རང་གི་རྒྱུ་དང་རྐྱེན་གྱི་ཚོགས་པ་རྙེད་ནས་རྣམ་པ་མང་པོའི་གཟུགས་དག་རྣམ་པར་སྐྱེ་བ་དེ་བཞིན་དུ། ལམ་ཕ་རོལ་ཏུ་ཕྱིན་པ་ལྔ་དང་འབྲས་བུ་བྱང་ཆུབ་ཀྱི་ཡོན་ཏན་ཇི་སྙེད་པ་དེ་དག་ཀུན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེ་སྟེ། འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་སྦྱིན་སོགས་ཟིན་ན་ཡང་དག་པའི་ལམ་དུ་འགྱུར་ཞིང་དེ་དང་མཐར་ཐུག་གི་འབྲས་བུ་གཉིས་མེད་ན་མི་འབྱུང་གི་འབྲེལ་པ་ཅན་དུ་གྲུབ་བོ། །གཞན་ཡང་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ལས་རྣམ་པ་ཐམས་ཅད་མཁྱེན་པ་འགྲུབ་ལ། མཁྱེན་པ་དེས་རྒྱུ་དང་འབྲས་བུའི་ཆོས་མཐའ་དག་ཕྱིན་ཅི་མ་ལོག་པར་བསྟན་པ་ལས་དངོས་དང་བརྒྱུད་ནས་དགེ་བའི་རྩ་བ་ཐམས་ཅད་འབྱུང་བར་འགྱུར་རོ། །གཉིས་པ། འཁོར་ལོས་སྒྱུར་རྒྱལ་སོགས་ཚིགས་བཅད་གཅིག་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལམ་གང་ཞིག་ནས་ནི་རྟག་ཏུ་འགྲོ་བ་ཡི་ལམ་དེ་ཉིད་ནས་རྒྱལ་སྲིད་རིན་པོ་ཆེ་བདུན་དང་དཔུང་གི་ཚོགས་བཞི་པོ་ཀུན་ཀྱང་འགྲོ་བ་བཞིན་དུ། གང་ཟག་གི་རྒྱུད་དང་ལམ་གྱི་གནས་སྐབས་གང་ནས་རྒྱལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོད་པའམ་འགྲོ་བ་དེ་ཉིད་ནས་ནི་རྒྱུ་འཁོར་གསུམ་དག་པའི་དགེ་རྩ་ཇི་སྙེད་པ་དང་འབྲས་བུའི་ཆོས་ཏེ་ལམ་དང་འབྲས་བུའི་ཡོན་ཏན་གྱི་ཆོས་ཀུན་འགྲོ་བར་འགྱུར་ཏེ་འདི་རྟོགས་པ་ལས་དཀར་པོའི་ཆོས་ཐམས་ཅད་སྡུད་ཅིང་འཕེལ་ལ་མཐར་ཐུག་པར་འགྱུར་རོ། །གཉིས་པ་ཡུམ་ལ་བསླབ་པས་སྐུ་གདུང་མཆོད་པ་བརྙེས་ཚུལ་ལ། དངོས་དང་། དེའི་རྒྱུ་མཚན་དཔེ་དང་བཅས་ཏེ་བཤད་པ་གཉིས། དང་པོ། རྒྱལ་བས་བརྒྱ་བྱིན་སོགས་ཚིགས་བཅད་གཅིག་སྟེ། རྒྱལ་བས་བརྒྱ་བྱིན་ལ་དྲི་བ་ཡོངས་སུ་དྲིས་ནས་ལན་གསོལ་བ་ནི། གལ་ཏེ་གངྒཱའི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་དུ་གྱུར་པ་ལ། ཞིང་དེ་ཀུན་རྒྱལ་བའི་རིང་སྲེལ་གྱིས་ཁོང་སེང་མེད་པར་རྩེ་མོ་ཕྱུར་བུར་གྱུར་པའི་ཚུལ་གྱིས་གཏམས་པར་གྱུར་ཀྱང་། དེ་དང་ཤེར་ཕྱིན་གླེགས་བམ་ལ་བྲིས་པ་ཆ་གཉིས་སུ་བྱས་ཏེ་དེ་ལས་གང་འདམ་ཞིང་ལེན་ཞེ་ན། བརྒྱ་བྱིན་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་ལ་བྲིས་པ་འདི་ཉིད་ལེན་པར་བྱེད་དོ། །གཉིས་པ། ཅི་སླད་ཅེ་ན་སོགས་ཚིགས་བཅད་གསུམ་སྟེ། དེ་ལྟར་མཆོད་པ་སོགས་བགྱིས་པས་བསོད་ནམས་མི་ཟད་པར་འབྱུང་བའི་རིང་སྲེལ་མང་པོ་དེ་ཙམ་པ་བཞག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལེན་པ་ཅི་ཡི་སླད་དུ་ཅེ་ན་སྐུ་གདུང་ལ་མི་གུས་པ་ནི་བདག་མ་ལགས་ཏེ་བདག་གུས་མོད་ཀྱི་འོན་ཀྱང་ཤེར་ཕྱིན་ལེན་པའི་རྒྱུ་མཚན་ནི། ཤེས་རབ་འདི་ལྟ་བུས་ཡོངས་སུ་བསྒོས་པས་སྐུ་གདུང་དེ་དག་ཀྱང་མཆོད་པར་བགྱིད་པའི་འོས་སུ་གྱུར་པ་ཡིན་ཏེ། དཔེར་ན་རྒྱལ་པོ་ལ་བརྟེན་པའི་མི་རྣམས་ཀྱང་གཞན་གྱིས་རིམ་གྲོ་ཐོབ་པ་ལྟར། སངས་རྒྱས་ཀྱི་རིང་སྲེལ་ཡོན་ཏན་ཆེན་པོ་དང་ལྡན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་དེ་ལྟར་གྱུར་པའོ། །འོ་ན་ཤེར་ཕྱིན་དེའི་མཐུས་སངས་རྒྱས་མྱ་ངན་ལས་འདས་ནས་ད་ལྟ་བྱེད་པ་དང་བྲལ་བའི་ཕྱིར་རིང་སྲེལ་ཇི་ལྟར་མཆོད་པར་འོས་ཞེ་ན་ཇི་ལྟར་ནོར་བུ་རིན་པོ་ཆེ་འདོད་པ་སྟེར་བའི་ཡོན་ཏན་ཀུན་དང་ལྡན་ལ་རིན་ཐང་གཞལ་དུ་མེད་པ་དེ་ནི་གབ་ཙེ་སྟེ་སྦ་བའི་སྒྲོམ་ལ་སོགས་པ་སྣོད་གང་དུ་སྩལ་བའམ་བཞག་པའི་སྣོད་དེ་ནི་འཇིག་རྟེན་ན་ཕྱག་བགྱི་བར་འོས་ལ། ནོར་བུ་དེ་སྣོད་དེ་ནས་བྱུང་བར་གྱུར་ཀྱང་སྔར་བཞག་སྣོད་དུ་བྱས་པའི་གབ་ཙེ་ལ་ནི་འདི་ནི་ནོར་བུ་རིན་པོ་ཆེ་འཇོག་པའི་སྣོད་ཡིན་པས་གཞན་དང་མི་འདྲའོ་སྙམ་དུ་དགའ་བར་བགྱིད་དེ་སྣོད་དེ་ཡི་ཡོན་ཏན་དེ་ལྟ་བུ་དག་ཐོབ་པ་ནི་ནོར་བུ་རིན་པོ་ཆེ་དེ་ཡི་ལགས་ཏེ་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་གི་རིན་པོ་ཆེ་དེའི་ཡོན་ཏན་གྱིས་རྒྱལ་བ་མྱ་ངན་ལས་འདས་ཀྱང་དེའི་སྣོད་ལྟ་བུ་རིང་སྲེལ་གྱིས་ཀྱང་མཆོད་པ་བརྙེས་པ་ཡིན་པའི་རྒྱུ་མཚན་དེ་ལྟས་ཏེ་དེ་ལྟ་བུས་ན། སྐྱེས་བུ་གང་ཞིག་རྒྱལ་བའི་ཡོན་ཏན་ཚད་མེད་པ་ལ་དགའ་ཞིང་འཛིན་པར་འཚལ་བ་དེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བླང་བར་བྱ་སྟེ། འདི་ནི་མཚན་མའི་འཆིང་བ་དང་སྒྲིབ་པ་ཐམས་ཅད་ལས་ཐར་བར་བྱེད་པ་དང་ཐར་པ་ཡི་ངོ་བོ་བླ་ན་མེད་པ་ལགས་སོ། །གསུམ་པ་དགེ་བ་གཞན་འདས་ལམ་དུ་བསྒྱུར་བ་ལ། སྦྱིན་སོགས་ཚུལ་གཅིག་ཏུ་བྱེད་པ་དང་། དེའི་དཔེ་བསྟན་པ་གཉིས། དང་པོ། སྦྱིན་པ་སྦྱིན་པའི་སོགས་ཚིགས་བཅད་གཅིག་སྟེ། སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ནི་ཤེས་རབ་སྟེ་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་བཟུང་དགོས་པ་དང་། ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་ཀྱང་དེ་བཞིན་ནོ། །དེ་ཅིའི་ཕྱིར་ན་སྦྱིན་སོགས་དགེ་བའི་ཆོས་དེ་ཐམས་ཅད་དམིགས་བཅས་ཀྱིས་སྦག་པས་འཁོར་བ་དང་ཞི་བ་ཕྱོགས་གཅིག་པའི་རྒྱུར་ཆུད་མི་གཟན་པའི་ཕྱིར་ཕར་ཕྱིན་ཡོངས་སུ་དག་པའི་གནས་ཉིད་དུ་ཡོངས་སུ་འཛིན་པ་ཡིན་པས། ཤེས་རབ་འདི་ནི་སྦྱིན་སོགས་ཆོས་རྣམས་ཐམས་ཅད་དམིགས་པ་མེད་པའི་བདག་ཉིད་དུ་རོ་མཉམ་པའི་ཚུལ་ཉིད་སྟོན་པར་བྱེད་དོ། །གཉིས་པ། དཔེར་ན་འཛམ་བུའི་སོགས་ཚིགས་བཅད་གཉིས་ཏེ། སྦྱིན་སོགས་དགེ་བ་གཞན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དུ་རོ་གཅིག་པ་དེའི་ཚུལ་དཔེར་བྱ་ན་འཛམ་བུའི་གླིང་ན་ཙན་དན་དང་ཨ་ག་རུ་སོགས་ཤིང་རྣམས་ཐ་དད་པ་བྱེ་བ་སྟོང་ཕྲག་དུ་མ་དེ་དག་ཀྱང་ཁ་དོག་དང་དྲི་ལ་སོགས་པ་རྣམ་པ་སྣ་ཚོགས་ཡལ་སྡོང་མེ་འབྲས་སོགས་ཀྱི་དབྱི་བ་རྣམ་པ་དུ་མ་གཟུགས་མང་བ་ཡོད་ཀྱང་། དེ་དག་གི་གྲིབ་མ་ལ་ནི་ཤིང་གི་གྲིབ་མར་གྱུར་པའི་རྣམ་གྲངས་སུ་བརྗོད་པ་ཙམ་མ་གཏོགས་པར། གྲིབ་མ་ཡིན་པ་ལ་ཤིང་བཞིན་དུ་མདོག་དང་དྲི་སོགས་སྣ་ཚོགས་མེད་ཅིང་། གྲིབ་མ་ཁོ་རང་གི་ངོས་ནས་ཤིང་སོ་སོའི་བྱེ་བྲག་བཞིན་དུ་ཡོད་པ་མ་ཡིན་ནོ། །དཔེ་དེ་བཞིན་དུ་རྒྱལ་བའི་ལམ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ཀྱང་། དེ་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་ན་འདི་ཀུན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཉིད་ཐོབ་པར་འགྱུར་ཏེ། འཇིག་རྟེན་འདས་པའི་ཕར་ཕྱིན་དུ་བགྲང་བ་དེ་ནི་ཤེས་རབ་ཀྱི་དབང་གིས་ཡིན་ལ་ལམ་དེ་དག་ཐམས་ཅད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་ཚུལ་གཅིག་པར་འགྱུར་རོ། །ལམ་གྱི་གནས་སྐབས་སུ་མ་ཟད་དགེ་བ་རྣམས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་ཡོངས་སུ་བསྔོ་བར་བྱས་ན་རྒྱ་མཚོར་ཕྱིན་པའི་ཆུ་བཞིན་དུ་དགེ་བ་དེ་ཐམས་ཅད་ཀྱི་འབྲས་བུ་རྫོགས་པའི་བྱང་ཆུབ་ཅེས་བྱ་བར་ཕར་ཕྱིན་དྲུག་པོ་འདི་ཀུན་རོ་གཅིག་ཏུ་འགྱུར་ཏེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་འབྲས་བུའི་ཡེ་ཤེས་ཆོས་ཀྱི་སྐུར་ལྷུན་གྱིས་གྲུབ་པར་འགྱུར་རོ། །གཉིས་པ་གཞན་ལ་འཆད་པའི་ཕན་ཡོན་ལ། ཇི་ལྟར་འཆད་པ འི་ཚུལ་དང་། དེ་ལྟར་བཤད་པའི་ཕན་ཡོན་གཉིས། དང་པོ་ལ་སྤང་བྱ་ཤེར་ཕྱིན་བཅོས་མ་འཆད་ཚུལ་དང་། བླང་བྱ་ཤེར་ཕྱིན་ཡང་དག་འཆད་ཚུལ་གཉིས། དང་པོ། བྱང་ཆུབ་སེམས་དཔའ་གལ་ཏེ་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་གང་ཞིག་རང་གིས་གལ་ཏེ་ཇི་སྐད་བཤད་པའི་ཡུམ་དོན་ཟབ་མོ་སྤྲོས་པ་དང་བྲལ་བའི་ཚུལ་རབ་ཏུ་མི་ཤེས་བཞིན་དུ། གཟུགས་དང་འདུ་ཤེས་ཚོར་དང་སེམས་པ་རྣམ་པར་ཤེས་པའི་ཕུང་པོ་ལྔ་པོ་འདི་དག་མི་རྟག་པ་དང་དེས་མཚོན་པས་སྡུག་བསྔལ་བ་དང་། གང་ཟག་གི་བདག་མེད་ཙམ་དང་། ཉི་ཚེ་བའི་སྟོང་པ་ཙམ་དུ་ཡོངས་སུ་སྟོན་པ་བྱས་ཏེ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་གོ་ཞེས་སྨྲ་བ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནམ་ཤེར་ཕྱིན་བཅོས་མའམ་ལྟར་སྣང་ལ་སྤྱོད་པ་སྟེ། ཆོས་ཉིད་དང་མི་མཐུན་པར་བསྟན་པ་དེས་ནི་ཐེག་པ་མཆོག་གི་དགོངས་པ་ཆུད་གཟོན་པར་བྱེད་ཀྱི། ཡུམ་དོན་ཇི་ལྟ་བར་རྟོགས་པའི་མཁས་པ་རྣམས་ཀྱིས་ནམ་ཡང་རྒྱལ་བའི་ཡེ་ཤེས་ཟབ་མོས་བཞག་པའི་ཆོས་རྣམས་དོན་དང་ཡི་གེར་ལྡན་པས་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་དེ་དེ་བཞིན་གཤེགས་པའི་བསྟན་པ་ཟབ་མོ་ཉམས་པའམ་འཇིག་པར་མི་བྱེད་དོ། །གཉིས་པ། གང་ལ་གཟུགས་མིན་སོགས། ཆོས་སྟོན་པ་གང་ལ་གཟུགས་སུ་མངོན་པར་ཞེན་པ་མིན་པ་དང་དེ་བཞིན་དུ་ཚོར་བར་མིན་ལ་འདུ་ཤེས་སུ་མི་དམིགས་ཤིང་རྣམ་པར་ཤེས་པ་དམིགས་པ་མ་ཡིན་ཞིང་སེམས་པ་མི་དམིགས་ལ། གཟུགས་སོགས་ཆོས་ཀྱི་ངོ་བོ་དང་དེའི་ཁྱད་པར་མི་རྟག་སོགས་ཀྱིས་མཚོན་པའི་འཁོར་འདས་ཀྱི་ཆོས་ཀུན་ཡེ་ནས་སྐྱེ་མེད་སྟོང་པ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་ལས་འདས་པའི་ཚུལ་དུ་རབ་ཏུ་ཤེས་ཤིང་གཞན་ལ་དེ་ལྟར་སྟོན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །གཉིས་པ་ཤེར་ཕྱིན་ཡང་དག་པ་བཤད་པའི་ཕན་ཡོན་ལ་དངོས་དང་། དེའི་རྒྱུ་མཚན་གཉིས། དང་པོ། ལ་ལས་གངྒཱའི་སོགས་ཚིགས་བཅད་གཅིག་སྟེ། གང་ཟག་ལ་ལས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་རྣམས་ན་སེམས་ཅན་དུ་གཏོགས་པ་ཇི་སྙེད་ཅིག་འཁོད་པ་དེ་ཀུན་ཉན་རང་གི་འབྲས་བུ་མཐར་ཐུག་པ་དགྲ་བཅོམ་པ་ཉིད་ལ་བཀོད་པའམ་བཏུལ་བ་བས། གང་ཟག་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ཏེ་སེམས་ཅན་མཆོག་ཅེས་འདིའི་དོན་རྟོགས་ཤིང་གཞན་ལ་འཆད་ནུས་པའི་བྱང་ཆུབ་སེམས་དཔའ་ལ་གླེགས་བམ་དེ་བྱིན་ན་སྔ་མ་བས་འདི་ནི་བསོད་ནམས་ཆེས་ཁྱད་པར་དུ་འཕགས་སོ། །གཉིས་པ་ལ་རྒྱུ་མཚན་དངོས་དང་། དེ་དཔེས་བསྟན་པ་གཉིས། དང་པོ། ཅི་ཕྱིར་ཞེ་ན་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་བསོད་ནམས་འཕགས་པ་དེ་ཅི་ཡི་ཕྱིར་ཞེ་ན་སྨྲ་བའི་མཆོག་བྱང་ཆུབ་སེམས་དཔའ་དེ་དག་ལམ་འདིར་བསླབ་ནས་ཆོས་རྣམས་མཐའ་དག་སྟོང་པ་ཉིད་དུ་ཐེག་པ་ཆེན་པོ་འདིར་སྟོན་པར་བྱེད་ལ། སྟོང་པ་ཉིད་ཀྱི་ཚུལ་དེ་ཐོས་ནས་བློ་དམན་པ་དག་གིས་ཀྱང་གཟུགས་དབུ་བ་རྡོས་པ་ལྟ་བུ་སོགས་སུ་གོ་ནས་ཉན་ཐོས་ཀྱི་རིགས་ཅན་རྣམས་ཀྱང་མྱུར་དུ་འཁོར་བ་ལས་རྣམ་པར་གྲོལ་བ་ལ་རེག་པ་དང་། དབང་པོ་འབྲིང་གིས་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་མཐོང་ནས་རང་རྒྱལ་བྱང་ཆུབ་ཐོབ་པ་དང་ནི། དབང་པོ་རྣོན་པོས་ཆོས་ཀུན་མཉམ་པ་ཉིད་དུ་རྟོགས་ནས་སངས་རྒྱས་ཀྱི་བྱང་ཆུབ་ལ་རེག་པར་འགྱུར་རོ། །གཉིས་པ་ལ་མྱུ་གུའི་དཔེས་མདོར་བསྟན་པ་དང་། ཉི་མ་དང་ཀླུ་ཡི་དཔེས་རྒྱས་པར་བཤད་པ་གཉིས། དང་པོ་མྱུ་གུ་མེད་པར་སོགས་ཚིགས་བཅད་གཅིག་སྟེ། ཇི་ལྟར་མྱུ་གུ་མེད་པར་ནི་འཇིག་རྟེན་ན་སྡོང་པོ་འབྱུང་བ་ཡོང་ཡེ་མེད་པ་ཡིན་ན། སྡོང་པོ་མེད་པ་དེ་ལ་ཡལ་ག་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་ག་ལ་འབྱུང་སྟེ་མི་འབྱུང་ངོ་། །དེ་བཞིན་དུ་རྒྱལ་བའི་ཡུམ་ནས་བསྟན་པའི་དོན་དམ་པ་དང་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་མྱུ་གུ་ལྟ་བུ་མེད་ན་སྡོང་པོ་ལྟ་བུའི་རྒྱལ་བ་འཇིག་རྟེན་དུ་འབྱུང་བའང་ཡོང་ཡེ་མེད་ལ། དེ་མེད་ན་སངས་རྒྱས་དེས་ཆོས་བསྟན་པའི་འབྲས་བུ་ཡལ་འདབ་སོགས་དང་མཚུངས་པར་བརྒྱ་བྱིན་དང་ཚངས་པ་དང་ཉན་ཐོས་རྣམས་ཀྱང་ག་ལ་འབྱུང་སྟེ་རྒྱུ་མེད་པའི་ཕྱིར་རོ། །གཉིས་པ་ལ། རྗེས་འགྲོའི་དཔེ་ཉི་མས་མཚོན་པ་དང་། ལྡོག་པའི་དཔེ་ཀླུ་བདག་གིས་མཚོན་པ་གཉིས། དང་པོ། ཉི་མའི་དཀྱིལ་འཁོར་སོགས་ཚིགས་བཅད་གཅིག་སྟེ། འདི་ལྟར་ཉི་མའི་དཀྱིལ་འཁོར་ལས་གང་གི་ཚེ་འོད་ཀྱི་དྲྭ་བ་ཕྱོགས་བཅུར་སྣང་བའམ་འགྱེད་པ་དེ་ཡི་ཚེ་སེམས་ཅན་རྣམས་ལས་ཀྱི་མཐའ་སྣ་ཚོགས་བྱེད་པ་ལ་བརྩོན་པ་དེ་བཞིན་དུ། མཁས་པ་དག་གིས་རྒྱལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་ཕྱིར་འཇིག་རྟེན་དུ་སྨོན་འཇུག་གི་སེམས་བསྐྱེད་པ་བྱུང་ན། དེ་ལས་འབྲས་བུ་རྒྱལ་བའི་ཡེ་ཤེས་བླ་ན་མེད་པ་འབྱུང་ལ། ཡེ་ཤེས་དེ་ཉིད་ཀྱིས་ནི་ཤེས་བྱ་ཐམས་ཅད་ཕྱིན་ཅི་མ་ལོག་པར་གཟིགས་པའི་སྒོ་ནས་གདུལ་བྱ་རྣམས་ལ་དམིགས་བྱེད་པའི་ཆོས་ཀྱི་འོད་ཟེར་གཏོང་བས་སེམས་ཅན་རྣམས་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་གྱི་ཆོས་རྣམས་དང་ལྡན་པར་འགྱུར་རོ། །གཉིས་པ། དཔེར་ན་མ་དྲོས་སོགས་ཚིགས་བཅད་གཉིས་ཏེ། དཔེར་བྱ་ན་མ་དྲོས་པའི་མཚོ་ལ་ཀླུ་ཡི་བདག་པོ་ཉིད་མེད་པར་གྱུར་ན་འཛམ་བུའི་གླིང་འདིར་ཀླུ་དེའི་མཐུ་ལས་བྱུང་བའི་ཆུ་ཀླུང་རྣམས་འབབ་པར་ག་ལ་འགྱུར་ཏེ་མི་འབབ་ལ། ཆུ་ཀླུང་མེད་ན་རླན་གཤེར་མེད་པའི་ཕྱིར་མེ་ཏོག་དང་འབྲས་བུ་རྣམས་ཀྱང་འབྱུང་བར་མི་འགྱུར་རོ། །གཞན་ཡང་ཆུ་མ་བུ་འཕྲད་པ་ལས་བྱུང་བའི་རྒྱ་མཚོ་ཆེན་པོ་དག་ལ་ཡང་རིན་ཆེན་སྣ་ཚོགས་ཀྱི་གཟུགས་མི་འདྲ་བ་མང་པོ་ཡང་མེད་པར་འགྱུར་རོ། །དཔེ་དེ་བཞིན་དུ་འཇིག་རྟེན་འདིར་ཡང་ཀླུའི་བདག་པོ་དང་འདྲ་བའི་བྱང་ཆུབ་སེམས་གཉིས་ཟང་དུ་འཇུག་པ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་མེད་ན། བདེ་བར་གཤེགས་པ་རྣམས་ཀྱི་ཡེ་ཤེས་གང་ཞིག་བྱང་ཆུབ་ཀྱི་ས་བོན་རྒྱས་པར་བྱེད་པ་སོགས་ཀྱི་སྒོ་ནས་ཆུ་ཀླུང་གི་རྒྱུན་དང་འདྲ་བ་དེ་འཇིག་རྟེན་འདི་དག་ཀུན་ཏུ་ག་ལ་འབྱུང་སྟེ་འབྱུང་མི་རིགས་སོ། །ཡེ་ཤེས་ཆུ་རྒྱུན་ལྟ་བུ་དེ་མེད་ན་དེས་ཆོས་བསྟན་པ་གདུལ་བྱ་རྣམས་ཀྱིས་ཐོས་སོགས་ཀྱི་སྒོ་ནས་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུར་གྱུར་པའི་དགེ་བའི་ཡོན་ཏན་མེ་ཏོག་ལྟ་བུ་སྒྲུབ་ཅིང་འཕེལ་བའང་མེད་ལ། དེ་མེད་ན་དེའི་འབྲས་བུ་བྱང་ཆུབ་གསུམ་ཡང་མེད་དོ། །རིན་པོ་ཆེས་གང་བའི་རྒྱ་མཚོ་དང་འདྲ་བའི་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་དཔག་ཏུ་མེད་པ་རྣམས་ཀྱང་མེད་པར་འགྱུར་བས་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བདེན་པ་གཉིས་སུ་དབྱེར་མེད་པའི་བྱང་ཆུབ་སེམས་རིན་པོ་ཆེ་ཡོད་ན་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ཀྱང་དེའི་རྗེས་སུ་ཡོད་པ་དང་། དེ་མེད་ན་གཞན་ཀུན་ཀྱང་ལྡོག་པའི་ཕྱིར་འདི་ཉིད་གཅིག་པུ་དཀར་པོའི་ཆོས་ཐམས་ཅད་ཀྱི་རྩ་བར་གྱུར་པའོ། །བཞི་པ་ཤེར་ཕྱིན་དེའི་རང་བཞིན་རྒྱུད་ལ་བསྐྱེད་པར་བྱ་བ་ལ། རྗེས་ཐོབ་ཏུ་བྱ་བ་དང་། མཉམ་བཞག་ཏུ་བསྒོམ་པ་གཉིས། དང་པོ་ལ་བསོད་ནམས་སྤེལ་བའི་རྒྱུ་ཡི་རང་། ཆུད་མི་ཟ་བའི་རྒྱུ་བསྔོ་བ། གོང་ནས་གོང་དུ་འཕེལ་བའི་རྒྱུ་མོས་པ་གསུམ། དང་པོ་ལ་བྱང་སེམས་ཀྱི་ཡི་རང་གི་ཕན་ཡོན་བསྟན་པ་དང་། ཡི་རང་དང་བསྔོ་བའི་གཞི་ཐུང་མོང་དུ་བསྟན་པ་གཉིས། དང་པོ་ལ་དཔེ་དང་དོན་གཉིས། དང་པོ། འཇིག་རྟེན་འདི་ན་སོགས་ཚིགས་བཅད་གཅིག་སྟེ། །འཇིག་རྟེན་གྱི་ཁམས་འདི་ན་སྣང་བར་བྱེད་པའི་འོད་ཅན་རྒྱུ་སྐར་དང་མེ་སྒྲོན་ལ་སོགས་པ་དང་། མེ་ཁྱེར་དང་སྒྲོན་མེ་ཐོགས་པ་ལ་སོགས་པའི་སྲོག་ཆགས་ཇི་སྙེད་པ་ཀུན་གྱིས་ཕྱོགས་རྣམས་སྣང་བར་བྱ་བའི་ཕྱིར་རང་རང་གི་ལུས་དང་རྫས་ཀྱི་འོད་རྣམས་ཕྱོགས་གཅིག་ཏུ་བྱུང་བ་བས། ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་གཅིག་པ་བྱུང་བ་ནི་ཆེས་མཆོག་སྟེ། སྣང་བྱེད་ཚོགས་ཀྱི་འོད་གཞན་རྣམས་ཀུན་གྱིས་དེའི་གསལ་བ་དང་ཁྱབ་པའི་ཚུལ་ལ་འགྲན་པའི་ཆར་མི་ཕོད་དོ། །གཉིས་པ། ཉན་ཐོས་ཚོགས་རྣམས་སོགས་ཚིགས་བཅད་གཅིག་སྟེ། བཤད་མ་ཐག་པའི་དཔེ་དེ་བཞིན་དུ་ཉན་ཐོས་ཀྱི་ཚོགས་རྣམས་ཀྱིས་ཇི་སྙེད་པའི་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པ་དང་རབ་ཏུ་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་གསུམ་གྱི་ཚོགས་བསྐྱེད་པའང་། བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་གི་སེམས་སྐད་ཅིག་གཅིག་བསྐྱེད་པ་ལ། ཉན་ཐོས་ཚོགས་ཀྱི་བསོད་ནམས་ཕུང་པོས་ཆར་ཡང་མི་ཕོད་དེ་ཉན་ཐོས་ཀྱི་དགེ་རྩ་དངོས་པོ་ཇི་ཙམ་ཆེ་ཡང་དམིགས་རྣམ་རྒྱ་ཆུང་ཞིང་རྟོག་པའི་དྲི་མ་མ་དག་ལ་ཐབས་མཁས་པའི་བསྔོ་བས་མ་ཟིན་པས་འབྲས་བུ་རྒྱ་ཆུང་བའི་ཕྱིར་རོ། །གཉིས་པ་ཡི་རང་དང་བསྔོ་བའི་གཞི་ནི། འདས་དུས་སྔོན་གྱི་སོགས་ཚིགས་བཅད་གསུམ་སྟེ། འདས་པའི་དུས་ན་སྔོན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་གང་ཞིག །ཞིང་མང་པོ་མཐའ་ཡས་བྱེ་བ་ཕྲག་སྟོང་དག་ན་གང་བཞུགས་པ་ཞེས་པའི་མཚོན་ཏེ་འདས་པའི་སངས་རྒྱས་མཐའ་ཡས་པ་དང་། གང་ཡང་འཁོར་བའི་མྱ་ངན་ལས་འདས་པ་འཇིག་རྟེན་གྱི་མགོན་པོ་རྣམས་ད་ལྟར་འཚོ་ཞིང་གཞེས་ཏེ་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་རིན་ཆེན་ཆོས་སྟོན་པ་དེ་ཐམས་ཅད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་རང་རྒྱུད་ལ་བསྐྱེད་པ་ནས་བཟུང་སྟེ་རྣམ་པར་འདྲེན་པ་དེ་རྣམས་ཀྱི་དམ་པའི་ཆོས་ནུབ་པའམ་ཟད་པར་གྱུར་པ་ཉིད་ཀྱི་དུས་དེ་ཡི་བར་གྱི་རྒྱལ་བ་དེ་དག་གི་བསམ་པ་ཐུགས་བསྐྱེད་པའི་བསོད་ནམས་གང་ཡིན་པ་དང་། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང་། འབྲས་བུ་སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་གང་ཐོབ་པ་དང་། གང་གཞན་ཡང་སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་དང་ནི་ཉན་ཐོས་དང་རང་རྒྱལ་བཅས་པ་དེ་དག་གི་སློབ་པ་དང་མི་སློབ་པའི་དགེ་བ་དང་ཟག་བཅས་དང་ཟག་པ་མེད་པ་དེ་ཐམས་ཅད་རང་གི་བློས་གཅིག་ཏུ་བསྡུས་ནས་བྱང་ཆུབ་སེམས་དཔའ་དེས་དེ་ཡི་རྗེས་སུ་བསམ་པ་ཐག་པ་ནས་དགའ་བས་ཡི་རང་བར་བྱ་ཞིང་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱས་ཏེ་དེ་ཡང་མུ་མེད་པའི་འགྲོ་བའི་དོན་བསྒྲུབ་པའི་རྒྱུ་རུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་ཕྱིར་ནི་རང་གཞན་གྱི་དགེ་རྩ་དེ་ཐམས་ཅད་གཅིག་ཏུ་བསྡུས་ནས་བསྔོ་བར་བྱ་སྟེ། ཀུན་རྫོབ་ཏུ་བསྔོ་བའི་གནས་ཡང་དག་ལ་དམིགས་པའི་སེམས་པ་འདུན་པ་དང་བཅས་པས་མདའ་འཕང་པ་ལྟར་དགེ་རྩ་དེར་སྒྱུར་བར་བྱེད་པ་ནི་བསྔོ་བའི་ངོ་བོའོ། །གཉིས་པ་བསྔོ་བ་ལ་དངོས་དང་། དེ་ལྟར་བསྔོས་པའི་ཕན་ཡོན་གཉིས། དང་པོ་ལ། དོན་དམ་མི་དམིགས་པའི་ཚུལ་གྱིས་བསྔོ་བ་དང་། ཀུན་རྫོབ་ཏུ་སངས་རྒྱས་ཀྱི་རྗེས་སུ་སློབ་པའི་བསྔོ་བ་གཉིས། དང་པོ་ལ་དགག་སྒྲུབ་སོ་སོར་བཤད་པ་དང་། དེའི་དོན་བསྡུ་དཔེ་དང་བཅས་པར་བསྟན་པ་གཉིས། དང་པོ་ལ་དགག་བྱ་དམིགས་བཅས་ཀྱི་བསྔོ་བ། བསྒྲུབ་བྱ་དམིགས་མེད་ཀྱི་བསྔོ་བ་གཉིས། དང་པོ། ཡོངས་བསྔོ་གལ་ཏེ་སོགས་ཚིགས་བཅད་གཅིག་སྟེ། ཡོངས་སུ་བསྔོ་བ་དེ་ལའང་གལ་ཏེ་སྔོ་བྱེད་ཀྱི་སེམས་སུ་བདེན་པར་ཞེན་པའི་འདུ་ཤེས་འབྱུང་བར་འགྱུར་ཞིང་། གང་དུ་བསྔོ་བའི་གནས་བྱང་ཆུབ་ལ་ཡང་དེར་ཞེན་གྱི་འདུ་ཤེས་དང་། ཡོངས་སུ་བསྔོ་ཡུལ་གྱི་སེམས་ཅན་དུ་འདུ་ཤེས་པ་བྱུང་ན། མངོན་པར་ཞེན་པའི་འདུ་ཤེས་ཀྱིས་བཅིང་བའི་ཕྱིར་ན་དམིགས་པ་ཅན་གྱི་ལྟ་བ་ལ་གནས་ཤིང་སེམས་དེ་ནི་བསྔོ་བའི་འཁོར་གསུམ་ལ་བདེན་ཞེན་གྱིས་ཆགས་པའི་དམིགས་པ་ཡོད་པས་ཕྱིན་ཅི་མ་ལོག་པའི་རང་བཞིན་ཅན་གྱི་ཡོངས་སུ་བསྔོ་བར་ཆུད་པ་མ་ཡིན་ཏེ། བསྔོ་བ་རྣམ་དག་གི་གྲངས་སུ་མི་གཏོགས་སོ། །གཉིས་པ་གལ་ཏེ་འདི་ལྟར་སོགས་ཚིགས་བཅད་གཅིག་སྟེ། གལ་ཏེ་དམིགས་པ་ཅན་གྱི་བསྔོ་ཚུལ་དེ་ལས་བཟློག་ནས་འདི་ལྟར་བསྔོ་བྱའི་དགེ་བ་དང་སྔོ་བྱེད་ཀྱི་སེམས་ཏེ་གང་གིས་གང་བསྔོ་བའི་ཆོས་འདི་ཀུན་རྫོབ་ཏུ་སྐད་ཅིག་མ་ཡིན་པས་འགགས་ཤིང་རང་བཞིན་གྱིས་ཟད་པ་དང་། གང་དུ་ཡོངས་སུ་བསྔོ་བ་ཡི་གནས་བྱང་ཆུབ་དེ་ཡང་སྔ་མ་དང་དུས་མཉམ་དུ་མི་སྐྱེ་བས་ཟད་པའམ་མེད་པ་དང་། དོན་དམ་པར་བསྔོ་བྱ་སྔོ་བྱེད་བསྔོ་བའི་ཆོས་གསུམ་པོ་དེ་སྐད་ཅིག་དང་རྡུལ་ཕྲན་ཙམ་དུ་ཡང་གྲུབ་པ་མེད་པས་རང་གི་ངོ་བོས་མ་སྐྱེས་པའམ་ཡེ་ནས་འགགས་ཤིང་ཟད་པ་སྟེ་ཡོད་མ་མྱོང་བའི་ཕྱིར། དོན་དམ་པར་ཆོས་ཀྱིས་ཆོས་ལ་ནམ་ཡང་མི་བསྔོ་བའམ་བསྔོ་རྒྱུ་མེད་པའི་ཚུལ་ཤེས་པར་གྱུར་ན་བསྔོ་བའི་འཁོར་གསུམ་ལ་མི་ཆགས་པ་དེ་ལྟར་རབ་ཏུ་ཤེས་པས་ཟིན་པ་དེ་ནི་ལེགས་པར་ཡོངས་སུ་བསྔོས་པ་ཞེས་བྱ་བ་ཡིན་ནོ། །གསུམ་པ་དེ་གཉིས་ཀྱི་དོན་བསྡུ། གལ་ཏེ་མཚན་མར་སོགས་ཚིགས་བཅད་གཅིག་སྟེ། མདོར་ན་གང་ཞིག་གང་དུ་བསྔོ་བ་སོགས་ཆོས་གསུམ་ཡུལ་དུ་བྱས་ནས་འདུན་པས་བསྔོ་མོད་ཀྱི་དེ་ནི་ཀུན་རྫོབ་སྒྱུ་མ་ལྟ་བུའི་ཚུལ་དུ་ཤེས་དགོས་ཀྱི། གལ་ཏེ་ཆོས་གསུམ་པོ་དེ་ལ་མཚན་མར་རློམ་ཞིང་བསྔོ་བར་བྱེད་ན་དེ་ནི་ཡང་དག་པར་བསྔོ་བ་མ་ཡིན་ནོ། །ཇི་སྟེ་ཆོས་གསུམ་པོ་དེ་ལ་མཚན་མ་མེད་པའི་རང་བཞིན་དུ་ཤེས་ཤིང་བསྔོས་ན་དེ་ནི་བྱང་ཆུབ་ཏུ་ཡང་དག་པར་བསྔོ་བ་ཡིན་ཏེ། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་པོ་ཟ་བ་ན་ཟས་བཟང་ཡང་དུག་གིས་གནོད་པ་ཡིན་ལ། དཀར་པོའི་ཆོས་ཡིན་ཀྱང་དེ་ལ་བདེན་པར་ཞེན་པའི་འདུ་ཤེས་ཀྱིས་དམིགས་པའང་ཟས་དུག་དང་འདྲེས་པ་དེ་འདྲར་རྒྱལ་བས་གསུངས་སོ། །གཉིས་པ་ཀུན་རྫོབ་ཀྱི་བསྔོ་བ་ནི། དེ་ལྟས་འདི་ལྟར་སོགས་ཚིགས་བཅད་གཅིག་སྟེ། བསྔོ་བ་རྣམ་དག་ཡིན་མིན་དེ་ལྟ་བུས་ན་འདི་ལྟར་སྐྱོན་ཡོན་ཤེས་ནས་ཡོངས་སུ་བསྔོ་བ་ལ་བསླབ་པར་བྱ་སྟེ། ཇི་ལྟར་རྒྱལ་བ་དེ་དག་གིས་རྗེས་སུ་ཡི་རང་དང་བསྔོ་བའི་དགེ་བ་ཕྱིན་ཅི་མ་ལོག་པ་དེ་འདི་ལྟ་བུའོ་ཞེས་ཐུགས་སུ་ཆུད་པའམ་མཁྱེན་པའི་རྣམ་པ་གང་ལྟ་བུ་ཡིན་པ་སྟེ་ཀུན་རྫོབ་ཏུ་བསྔོ་བའི་ངོ་བོའམ་རྣམ་པ་ཇི་ལྟ་བུ་ཡིན་པ་དང་། དེ་ལས་ཐ་སྙད་དུ་འབྲས་བུ་མི་བསླུ་བར་འབྱུང་བ་གང་དང་ཅི་འདྲ་བ་ཡིན་པ་དང་། དེ་དག་དོན་དམ་པར་མི་དམིགས་པའི་མཚན་ཉིད་གང་ལྟ་བུ་ཡིན་པ་སྟེ། མདོར་ན་བདེན་གཉིས་དབྱེར་མེད་པའི་རང་བཞིན་ཐུགས་སུ་ཆུད་ནས་རྒྱལ་བས་ཡི་རང་དང་བསྔོ་བ་ཇི་ལྟར་མཛད་པ་དེ་ལ། དེ་དང་མཐུན་པར་བདག་གིས་ཀྱང་རྗེས་སུ་ཡི་རང་བ་དེ་ལྟ་བུར་བྱ་ཞིང་དེ་ལྟར་ཡོངས་སུ་བསྔོའོ་སྙམ་པ་ནི་རྒྱལ་བ་རྣམས་ཀྱི་ཇི་ལྟར་བསྔོ་བ་བཞིན་བསྔོའོ་སྙམ་པས་རང་ཉིད་ཇི་ལྟར་བསྔོ་བའི་ཚུལ་ལ་མ་མཁས་ཀྱང་མཁས་པ་གཞན་གྱི་རྗེས་སུ་བསྔོ་བས་བསྔོ་བ་ཡང་དག་པའི་རྗེས་སུ་མཐུན་པར་འགྱུར་ཏེ། བཟང་པོ་སྤྱོད་པའི་སྨོན་ལམ་ལས། འཇམ་དཔལ་དཔའ་བོས་སོགས་ཚིགས་སུ་བཅད་པ་གཉིས་གསུངས་པ་བཞིན་ནོ། །གཉིས་པ་དེ་ལྟར་བསྔོས་པའི་ཕན་ཡོན་ལ། དངོས་དང་དེ་དཔེ་ཡི་སྒོ་ནས་རྒྱས་པར་བསྟན་པ་གཉིས། དང་པོ། དེ་ལྟར་བསོད་ནམས་སོགས་ཚིགས་བཅད་གཅིག་སྟེ། ཇི་སྐད་བཤད་པ་དེ་ལྟར་བསོད་ནམས་ཐམས་ཅད་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་བྱེད་ན། རྒྱུ་བསྔོ་བ་དུག་མེད་པ་ཡིན་པ་དང་དེའི་འབྲས་བུ་སངས་རྒྱས་མི་སྤོང་བའམ་ཐོབ་པ་ཡིན་པ་དང་རྒྱལ་བས་གསུངས་པའི་ཆོས་ཐེག་པ་ཆེན་པོ་བཞིན་ཕྱིན་ཅི་མ་ལོག་པར་སྨྲ་བ་ཡིན་ནོ། །དེ་ལྟར་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་བྱེད་པའི་དཔའ་བོ་བྱང་ཆུབ་སེམས་དཔའ་དེས། འཇིག་རྟེན་ན་དམིགས་པ་ཅན་གྱི་བྱང་ཆུབ་སེམས་དཔའ་ཇི་སྙེད་ཡོད་པ་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་དོ། །གཉིས་པ་ལ། འབྲས་བུ་རྣམ་མཁྱེན་ཐོབ་པ་དང་། ལམ་ཕར་ཕྱིན་དག་པ་ཐོབ་ཚུལ་གཉིས། དང་པོ་ལ་དམིགས་བུའི་དཔེས་ཕར་ཕྱིན་གཞན་རྣམ་མཁྱེན་དུ་འཁྲིད་པ། མིག་མ་བྲིས་པས་ཕར་ཕྱིན་གཞན་ཚང་ཡང་རྣམ་མཁྱེན་མི་ཐོབ་པའི་ཚུལ་གཉིས། དང་པོ། དམུས་ལོང་དམིགས་བུ་སོགས་ཚིགས་བཅད་གཅིག་སྟེ། ཇི་ལྟར་མིག་མེད་པའི་དམུས་ལོང་གང་ཞིག་ལམ་དུ་འཁྲིད་མཁན་གྱི་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས་ལྷན་ཅིག་ཚོགས་པར་གྱུར་ཀྱང་། རང་གི་མདུན་ན་གནས་པའི་ལམ་ཡང་མི་མཐོང་ཞིང་མི་ཤེས་ན། ལམ་དེར་ཞུགས་ནས་གྲོང་ཁྱེར་གཞན་དུ་འཇུག་པར་ག་ལ་འགྱུར་ཏེ་དེ་ནི་གནས་མེད་དོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མིག་ལྟ་བུ་འདི་མེད་ན་རང་ངོས་ནས་མིག་མེད་པ་ལྟ་བུའི་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་ཕྱོགས་སུ་འཁྲིད་པའི་དམིགས་བུ་ལྟ་བུ་ཤེས་རབ་ཀྱིས་མ་བཟུང་བར་གྲོགས་དེ་མེད་པས་ནི་འཕགས་ལམ་མི་ཤེས་པའི་ཕྱིར་རྫོགས་པའི་བྱང་ཆུབ་ཀྱི་གྲོང་ཁྱེར་ལ་རེག་པར་ནུས་པ་མ་ཡིན་ནོ། །གཉིས་པ། གང་ཚེ་ཤེས་རབ་སོགས་ཚིགས་བཅད་གཅིག་སྟེ། གང་གི་ཚེ་སྦྱིན་སོགས་དགེ་ཆོས་གཞན་དེ་དག་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱི་ས་ནི་རབ་ཏུ་ཟིན་པར་གྱུར་ན་དེ་ཡི་ཚེ་དེ་དག་མིག་རྙེད་པར་གྱུར་ཅིང་ཕ་རོལ་ཏུ་ཕྱིན་པ་འདི་ཡི་མིང་ཐོབ་ནས་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་འདི་བླག་ཏུ་ཕྱིན་པར་བྱེད་པ་འཐོབ་བོ། །དེ་དག་དཔེར་བྱ་ན་མི་ལ་སོགས་པའི་གཟུགས་ཀྱི་རི་མོའི་ལས་ནི་གཞན་དང་གཞན་ཡོངས་སུ་རྫོགས་པར་བྲིས་ཟིན་ན་ཡང་དེ་ལ་མིག་ཁོ་ན་མེད་པ་སྟེ་མ་ཚངས་ན། ཇི་སྲིད་མིག་མ་བྲིས་པས་རི་མོར་མ་རྫོགས་པའི་ཕྱིར་དེའི་རྔན་པ་མི་ཐོབ་པ་བཞིན་ཏེ། དགེ་བ་གཞན་ཚང་ཡང་ཤེས་རབ་མེད་ན་འབྲས་བུ་མི་ཐོབ་པའི་ཚུལ་ལོ། །དེ་ལྟར་ཆོས་ཀུན་གྱི་དེ་ཁོ་ན་ཉིད་ཤེས་པའི་ཤེས་རབ་ལ་བརྟེན་ནས་ལམ་ཐམས་ཅད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་བསྒྱུར་བའི་འབྲས་བུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཁོ་ནར་སྨིན་པར་ངེས་པའི་བློ་གྲོས་ཀྱིས་ལམ་གཞན་གྱིས་མི་འཕྲོག་པར་འབྲས་བུའི་ཡུམ་ཉིད་ལ་གཞོལ་བའི་རྣམ་པ་ཐམས་ཅད་མཁྱེན་པའི་སེམས་ཀྱིས་བསྔོ་བ་མི་དམིགས་པ་དང་ལྡན་པ་ནི་ཐེག་པ་ཆེན་པོའི་ལམ་གྱི་སྙིང་པོ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ལ་མི་དམིགས་པས་ཤེར་ཕྱིན་གྲལ་དུ་ཚུད་པ་ནམ་མཁའི་དཔེས་བསྟན་པ། དེ་དང་བྲལ་ན་ལམ་ཡོངས་སུ་མི་དག་པའི་ཚུལ་གཉིས། དང་པོ། གང་ཚེ་འདུས་བྱས་སོགས་ཚིགས་བཅད་གཅིག་སྟེ། གང་གི་ཚེ་འདུས་བྱས་དང་འདུས་མ་བྱས་དང་། དཀར་པོ་དང་ནག་པོའི་ཆོས་སུ་གཏོགས་པ་ཐམས་ཅད་ལ། གནས་ལུགས་མཐར་ཐུག་ལ་དཔྱོད་པའི་ཤེས་རབ་ཀྱིས་རྣམ་པར་དཔྱད་ཅིང་མཚན་འཛིན་བཤིག་ནས། དེ་དག་ལ་ཡང་དག་པར་གྲུབ་པའམ་མཚན་མའི་སྤྱོད་ཡུལ་རྡུལ་ཕྲ་རབ་ཙམ་ཡང་མི་དམིགས་ཤིང་གང་དུའང་གནས་པ་མེད་པའི་དོན་མཐོང་བའི་ཚེ་ན། འཇིག་རྟེན་དག་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། དཔེར་ན་ནམ་མཁའ་ནི་རང་གི་ངོ་བོ་མེད་པའི་ཕྱིར་གཞན་གང་ལའང་ཅུང་ཟད་རྟེན་དེ་མི་གནས་པ་དེ་དང་འདྲའོ། །གཉིས་པ། གལ་ཏེ་བདག་ནི་སོགས་ཚིགས་བཅད་གཅིག་སྟེ། གལ་ཏེ་སྙིང་རྗེས་ཟིན་ཀྱང་དམིགས་གཏད་མ་ཞིག་པའི་སྒོ་ནས་བདག་ནི་རྒྱལ་བའི་ཤེས་རབ་ཀྱི་ཕར་ཕྱིན་འདི་ལ་སྤྱད་པར་བྱའོ་ཞེས་འཛིན་སྟང་གི་གནས་ལ་འཕྱན་ཞིང་། སེམས་ཅན་སྡུག་བསྔལ་ལ་རེག་པ་ཁྲག་ཁྲིག་མང་པོ་དགྲོལ་ལོ་ཞེས་མངོན་པར་ཞེན་པའི་སེམས་ཡོད་ན། དེ་ལྟར་བདག་དང་གཞན་གྱི་རྒྱུད་ཀྱིས་བསྡུས་པའི་སེམས་ཅན་དུ་འདུ་ཤེས་པས་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་དམིགས་པ་ཅན་ཞེས་བྱ་སྟེ། འདི་ལྟ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་མ་ཡིན་ནོ། །གསུམ་པ་མོས་པ་ལ། དད་པའི་ཕན་ཡོན། མ་དད་པའི་ཉེས་དམིགས། དེས་ན་ཡུམ་ལ་དད་པས་བརྩོན་པར་གདམས་པ་གསུམ། དང་པོ། བྱང་ཆུབ་སེམས་དཔའ་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་གང་ཞིག་སྔོན་ཆད་ཀྱི་སྐྱེ་བ་རྣམས་སུ་སྤྱད་པ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་དོན་འདི་ལ་ཉན་ཅིང་འཛིན་ལ་སེམས་པ་སོགས་ཀྱི་སྒོ་ནས་སྤྱོད་པ་དེ་དག་འཇིག་རྟེན་འདིར་སྐྱེས་ནས་སྔོན་གྱི་རྒྱུའི་དབང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་མཁས་པ་དང་དེ་ལ་སོམས་ཉི་མེད་པར་གྱུར་ནས་གཞུང་འདི་ཐོས་མ་ཐག་ཏུ་སྐྱེས་བུ་དེས་ནི་བདག་གིས་སྟོན་པ་མཐོང་ངོ་སྙམ་དུ་སྟོན་པའི་འདུ་ཤེས་སྐྱེད་པ་ཡི་རྒྱུ་དེས་ནི་བྱང་ཆུབ་ཞི་བ་ཆེན་པོ་མྱུར་དུ་རྟོགས་པར་འགྱུར་རོ། །གཉིས་པ། སྔོན་སྤྱད་ཚེ་ན་སོགས་ཚིགས་བཅད་གཅིག་སྟེ། གང་ཞིག་སྔོན་སྤྱད་པ་སྤྱོད་པའི་ཚེ་ན་སངས་རྒྱས་ཁྲག་ཁྲིག་དུ་མ་བསྐུར་ཞིང་མཆོད་དེ་བསོད་ནམས་བསགས་པར་གྱུར་ཀྱང་། ཐེག་པ་ཆེན་པོའི་དགོངས་དོན་རྒྱལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་དད་ཅིང་དེ་ཐོབ་པར་སྨོན་ལམ་མ་བཏབ་ན། ད་ལྟ་ཤེར་ཕྱིན་ཟབ་མོ་ཐོས་པར་གྱུར་པའི་མོད་ནས་བློ་ཆུང་དེ་ཡིས་ཆོས་ཀྱི་མཆོག་ཟབ་མོ་འདི་ནི་སྒོ་གསུམ་གྱི་ལོག་སྤྱོད་ཀྱི་སྒོ་ནས་སྤོང་བར་བྱེད་དེ་གུས་པར་མི་བྱེད་དོ། །དེ་སྤང་བས་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཐམས་ཅད་མཁྱེན་པའི་ཆོས་ཐམས་ཅད་ཀྱང་སྤང་བར་གྱུར་ནས། འཕགས་པའི་ཆོས་ཀྱི་སྐྱབས་མེད་པར་གྱུར་པ་དེ་ནི་དམྱལ་བ་མནར་མེད་པར་འགྲོ་ཞིང་འཇིག་རྟེན་ཆགས་འཇིག་གི་བསྐལ་པ་དུ་མར་བརྒྱུད་པར་སྡུག་བསྔལ་མྱོང་བ་སོགས་ཉེས་དམིགས་ཚད་མེད་པར་གསུངས་སོ། །གསུམ་པ། དེ་ལྟ་བས་ན་སོགས་ཚིགས་བཅད་གཅིག་སྟེ། གང་ལ་དད་ན་ཕན་ཡོན་ཆེ་ཞིང་མ་དད་ན་ཉེས་དམིགས་ཆེ་བ་དེ་ལྟ་བས་ན་གལ་ཏེ་སངས་རྒྱས་ཀྱི་ཡེ་ཤེས་མཆོག་ལ་རེག་པར་འདོད་ན་རྒྱལ་བའི་ཡུམ་འདིར་དད་པར་གྱིས་ཤིག་དང་། འདི་ནི་དེའི་མེད་ན་མི་འབྱུང་གི་རྒྱུ་ཐུན་མོང་མིན་པ་ཡིན་ནོ། །ད་ལྟ་རིན་པོ་ཆེའི་གླིང་ལྟ་བུའི་དེ་བཞིན་གཤེགས་པའི་བསྟན་པ་དང་མཇལ་བའི་དུས་འདིར་འབྲས་བུ་ཡོད་པར་བྱ་དགོས་ཀྱི། དཔེར་ན་ཚོང་པ་དག་རིན་ཆེན་གྱི་གླིང་དུ་སོང་ནས་ནི་སྔར་གྱི་ཚོང་ཟོང་ཟད་ལ་གསར་དུ་རིན་པོ་ཆེའི་ཁེ་ཅི་ཡང་མ་ཐོབ་པར་སླར་ལག་སྟོང་དུ་ལོག་པ་ལྟ་བུར་གྱུར་ན་མི་རུང་ངོ་། །དེ་ཡང་ཤེར་ཕྱིན་ཟབ་མོའི་ནོར་བུ་ལག་ཏུ་མཆིས་ཀྱང་དེ་ལ་མ་མོས་པར་དོར་ནས། ཆོས་སྤངས་པའི་རྒྱུས་སྔར་གྱི་བསོད་ནམས་ཟད་པར་འགྱུར་བ་དེ་ལྟར་མི་བྱའོ་ཞེས་སོ། །གཉིས་པ་མཉམ་བཞག་ཏུ་བསྒོམ་ཚུལ་ལ། རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ། དེའི་བྱེད་ལས། སྤྱོད་ཡུལ། རྣམ་པ་བཞི་ལས། དང་པོ་ངོ་བོ་ནི་གཟུགས་ཀྱི་དག་པ་སོགས་ཚིགས་བཅད་གཅིག་སྟེ། ཆོས་ཐམས་ཅད་གདོད་ནས་རྣམ་པར་དག་པ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་། མངོན་པར་རྫོགས་པར་སངས་རྒྱས་པ་དང་། རང་བཞིན་གྱིས་འོད་གསལ་བ་དང་། ཡེ་ནས་མ་སྐྱེས་མ་འགགས་པའི་མཉམ་པ་ཉིད་ཀྱི་ངོ་བོས་ཐམས་ཅད་ཐིག་ལེ་ཉག་གཅིག་ཆོས་དབྱིངས་འོད་གསལ་སྒྲིབ་བྲལ་ཆེན་པོར་རོ་མཉམ་དུ་སྒོམ་པ་ནི་མཉམ་བཞག་ཡེ་ཤེས་ཀྱི་ངོ་བོའོ། །དེའི་ཚུལ་ཇི་ལྟ་བུ་ཞེ་ན། འདི་ལྟར་གཟུགས་ཀྱི་དག་པ་ཞེས་པས་མཚོན་ཏེ་ཤེས་བྱའི་ཡུལ་གཟུགས་ནས་རྣམ་མཁྱེན་གྱི་དབར་གྱི་ཆོས་ཐམས་ཅད་ནི་ཡེ་ནས་གཟུང་བ་དང་འཛིན་པ་ཀུན་ཉོན་དང་རྣམ་བྱང་བདག་དང་གཞན་དངོས་དང་དངོས་མེད་ལ་སོགས་པའི་གཉིས་ཆོས་ཀྱི་རང་བཞིན་གང་དུའང་མ་གྲུབ་པ་ཆོས་དབྱིངས་ཐིག་ལེ་ཉག་གཅིག་གདོད་ནས་སྐྱེ་འགག་དང་བྲལ་བའི་མཉམ་པ་ཉིད་རང་བཞིན་རྣམ་དག་སྒྲིབ་བྲལ་ཆེན་པོར་གནས་སུ་ཟིན་ཀྱང་། དེ་ལྟར་མ་རྟོགས་པའི་འཁྲུལ་པ་གློ་བུར་བ་སྐྱེས་པའི་ཚེ་ན་བདག་དང་ཆོས་སུ་སྒྲོ་འདོགས་པའི་བློ་དྲི་མ་ཅན་གྱི་ངོར་ཡུལ་ཡང་མ་དག་པ་ལྟར་སྣང་ལ་བློས་ཀྱང་དེ་ལྟར་བཟུང་བས་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་དྲི་མ་དང་སྒྲིབ་པ་ཡོད་པ་ལ་མ་དག་པའི་སེམས་ཅན་ཞེས་བྱའོ། །གློ་བུར་གྱི་དྲི་མ་དེ་བསལ་བའི་ཕྱིར་ཐེག་པ་གསུམ་གྱི་ལམ་བསྟན་པ་དེ་ལ་ཞུགས་པས་ཆོས་ཉིད་ཀྱི་གནས་ལུགས་རང་བཞིན་རྣམ་དག་དེ་ཇེ་གསལ་དུ་མཐོང་བའི་ཚུལ་ལས་འདི་ལྟར་ཉན་ཐོས་ཀྱི་འབྲས་བུ་བཞི་དང་རང་རྒྱལ་གྱི་འབྲས་བུ་དང་བྱང་ཆུབ་སེམས་དཔའི་མཐོང་ལམ་དང་སྒོམ་ལམ་ས་དགུའི་རྟོགས་པ་སྐྱེས་ཏེ་སྤང་བྱའི་དྲི་མ་རྣམས་སྤང་བའི་ཆ་ནས་དག་པ་ཆུང་འབྲིང་ཆེན་པོ་ཞེས་སུ་བརྗོད་དེ་དག་ནི་དྲི་མ་ཅི་རིགས་པར་དག་པའི་སེམས་ཅན་ཞེས་བྱའོ། །དེ་ཡང་ཡུལ་གཟུགས་སོགས་ཀྱི་རང་བཞིན་ལ་ཡེ་ནས་མ་དག་པ་མེད་ཀྱང་། ཕྱིན་ཅི་ལོག་ཏུ་བཟུང་བའི་དྲི་མ་གློ་བུར་བ་རྣམས་དག་པའི་རིམ་པ་དང་མཚུངས་པས་མིག་སྐྱོན་དག་པས་ཡུལ་ཇེ་གསལ་དུ་མཐོང་བ་ལྟར་ཡུལ་ཅན་དེས་ཡུལ་གྱི་དག་པ་མཐོང་ལ་དེ་མཐོང་བའི་དབང་གིས་ཡུལ་ཅན་དེའང་དག་པ་ཞེས་བརྗོད་པ་ལས་ཐ་དད་དུ་དག་ཚུལ་གཞན་མེད་དེ་འདི་ལྟར་སྣང་ཚུལ་ལ་ནི་ཡུལ་ཅན་ཇེ་དག་ཏུ་སོང་བ་དང་ཡུལ་ཡང་གསར་དུ་དག་པར་སྣང་བ་ལྟར་ཡོད་ཀྱང་། གནས་ཚུལ་ལ་ནི་ཡུལ་གཟུགས་སོགས་ཀྱི་རང་བཞིན་ཡེ་ནས་དག་པ་མཐོང་བ་དེ་ཉིད་ཡུལ་ཅན་གློ་བུར་གྱི་དྲི་མ་ལས་གྲོལ་བ་འབྲས་བུ་ཡེ་དག་པ་ཉིད་ཡིན་པར་ཤེས་པར་བྱ་སྟེ། དེ་གཉིས་ཡེ་ནས་ཡུལ་ཡུལ་ཅན་གཉིས་སུ་མེད་པར་དག་པ་ཆེན་པོར་གནས་པའི་གནད་ལ་དོན་གཅིག་པས་དག་པ་དེ་གཉིས་ངོ་བོ་ཐ་མི་དད་དུ་ཤེས་པར་བྱའོ། །དེ་བཞིན་དུ་འབྲས་བུ་དག་པ་དང་གཟུགས་སོགས་ཀྱི་དག་པ་དེ་ཉིད་གློ་བུར་བྲལ་དག་གི་མཐར་ཐུག་པ་སྒྲིབ་གཉིས་ཡོངས་སུ་སྤང་པའི་ཤིན་ཏུ་རྣམ་པར་དག་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ཀྱི་དག་པར་འགྱུར་ཏེ་དག་པ་དེ་ཐམས་ཅད་རྩ་བ་རང་བཞིན་རྣམ་དག་གི་དོན་ལ་གནད་གཅིག་པ་བཤད་མ་ཐག་པ་བཞིན་ནོ། །དེ་ལྟར་དག་པ་མཐར་ཐུག་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དག་པ་དང་། གནས་སྐབས་ཀྱི་ལམ་སོ་སོའི་འབྲས་བུ་ཐོབ་པའི་དག་པ་དང་། གཞི་གཟུགས་སོགས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རྣམས་ཀྱི་དག་པ་གསུམ་པོ་འདི་ནི་སྣང་ཚུལ་ལ་ཐ་དད་དུ་བཞག་ཀྱང་། གནས་ཚུལ་ལ་ནམ་མཁའི་ཁམས་ལ་ཐ་དད་མེད་པ་དང་མཚུངས་ཏེ་ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གཅིག་གི་ངོ་བོར་དབྱེར་མེད་ལ་བློས་ཀྱང་ཐ་དད་དུ་གཅད་དུ་མེད་དེ། ཆོས་ཉིད་རྣམ་དག་དེའི་རང་བཞིན་ཇི་ལྟ་བ་བཞིན་དུ་མངོན་སུམ་གཟིགས་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ངོར། ཆོས་ཐམས་ཅད་མངོན་པར་སངས་རྒྱས་པའམ་གདོད་ནས་མྱ་ངན་ལས་འདས་པའི་རང་བཞིན་དུ་གཟིགས་ཀྱི་མ་དག་པ་མེད་ལ། དེ་ལྟར་རྟོགས་པའི་ཡེ་ཤེས་དེའང་གློ་བུར་གྱི་དྲི་མ་བག་ཆགས་དང་བཅས་པའི་སྒྲིབ་པ་མཐའ་དག་གཏན་ནས་སྤངས་པའི་དག་པ་མཐར་ཐུག་པ་ཡིན་པས། དེས་ཇི་ལྟར་གཟིགས་པ་ལྟར་ཆོས་ཐམས་ཅད་ཡུལ་དང་ཡུལ་ཅན་ལ་སོགས་པའི་གཉིས་ཆོས་ཀྱི་རང་བཞིན་དུ་མེད་པར་གཉིས་མེད་མཉམ་པ་ཆེན་པོར་ཡེ་ནས་དག་ཅིང་སངས་རྒྱས་པ་ཉིད་དུ་དབྱེ་བ་མེད་པར་རོ་གཅིག་ཏུ་ཤེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་མཐར་ཐུག་པ་ཡིན་ལ། གཤིས་རྣལ་མ་དེའི་དོན་བབ་ཀྱིས་ཅོག་བཞག་ཏུ་སྐྱོང་བའི་ཚུལ་ཡང་། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་གང་ཡང་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་པ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་བྱེད་ལས་ལ། ཞི་མཐར་མི་གནས་པ་དང་། སྲིད་མཐར་མི་གནས་པའི་བྱེད་ལས་གཉིས། དང་པོ། དཔའ་བོ་གར་སྤྱོད་སོགས་ཚིགས་བཅད་གཅིག་སྟེ། དཔའ་བོ་བྱང་ཆུབ་སེམས་དཔའ་རྣམས་གནས་སྐབས་ཅི་དང་གར་སྤྱོད་ཀྱང་སྲིད་དང་ཞི་བ་གཉིས་སུ་མེད་པ་ཡེ་ནས་རྣམ་དག་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིས། ཁམས་གསུམ་གྱི་ཉོན་མོངས་པ་ཀུན་ལས་ཡང་དག་པར་འདས་ལ་དེ་ལྟ་ནའང་ཉན་ཐོས་ལྟར་སྲིད་པ་ལས་རྣམ་པར་གྲོལ་བའི་མྱང་འདས་ཕྱོགས་གཅིག་པ་ལ་གནས་པའང་མིན་ཏེ། སྲིད་པར་དབང་མེད་དུ་སྐྱེ་བའི་ཉོན་མོངས་པ་བསལ་བར་གྱུར་ཀྱང་ཐབས་ལ་མཁས་པས་སྲིད་པར་སྐྱེ་བ་ཡོངས་སུ་སྟོན་པར་བྱེད་ལ། རྒ་དང་ན་དང་འཆི་བ་མེད་ཀྱང་སྙིང་རྗེའི་དབང་གིས་གཞན་དོན་དུ་འཆི་འཕོ་བ་སོགས་སུ་སྟོན་པར་བྱེད་དེ། རང་གིས་སྲིད་ཞིར་མི་གནས་པའི་ཆོས་དབྱིངས་རྟོགས་པ་ན་སྲིད་ཞིའི་མཐའ་ལ་ཞེན་པ་རྣམས་ལ་ཆོས་ཟབ་མོ་རྟོགས་པའི་རང་འབྲས་ཀྱི་སྙིང་རྗེ་ཆེན་པོ་འབྱུང་བ་དང་ཐབས་མཁས་པ་ཚད་མེད་པ་རྩོལ་མེད་དུ་ཐོབ་པར་འགྱུར་བ་ཆོས་ཉིད་ཡིན་ནོ། །གཉིས་པ། འགྲོ་བ་འདི་དག་སོགས་ཚིགས་བཅད་གཅིག་སྟེ། རང་བཞིན་མེད་པར་རྟོགས་པའི་ཤེས་རབ་དང་མི་ལྡན་པའི་འགྲོ་བ་འདི་དག་ནི་མིང་དང་གཟུགས་ཀྱི་ཕུང་པོ་ལྔའི་འདམ་བརྒལ་དཀའ་བ་ལ་ཆགས་ནས། ཉི་ཟླ་འཕུལ་བྱེད་གོ་ལའི་རླུང་གི་འཁོར་ལོ་ཡང་ནས་ཡང་དུ་འཁོར་བ་ལྟ་བུའི་འཁོར་བའི་འཁོར་ལོར་འཁྱམ་སྟེ། འདི་ལྟར་ལས་དང་ཉོན་མོངས་པ་དང་སྐྱེ་བ་གསུམ་གྱི་ཚུལ་ཅན་རྟེན་འབྲེལ་བཅུ་གཉིས་པོ་ལུ་གུ་རྒྱུད་དུ་བར་མེད་པར་འབྲེལ་ཏེ་མགལ་མེ་ལྟར་འཁོར་བའོ། །འགྲོ་བ་འཁྲུལ་པ་ཅན་འདི་དག་ནི་རང་གི་སེམས་རྨོངས་པའི་རྒྱར་ཚུད་པ་ཇི་ལྟར་ན་རི་དྭགས་རྣམས་འབྲོས་སུ་མེད་པའི་རྒྱར་ཆུད་པ་དང་འདྲ་བར་སྡུག་བསྔལ་ཞིང་ཐར་དཀའ་བར་ཤེས་ནས། དེ་ཉིད་རྟོགས་པའི་ཤེས་རབ་དང་ལྡན་པ་རྣམས་ནི་འཁྲུལ་པའི་རྒྱས་མི་འཆིང་བར་འགྲོ་བའི་ཁམས་འདི་ན་དཔེར་ན་མཁའ་ལ་བྱ་བཞིན་དུ་རྣམ་པར་རྒྱུའོ། །གསུམ་པ། མཉམ་བཞག་ཡེ་ཤེས་དེའི་སྤྱོད་ཡུལ་ལ། མི་སྤྱོད་པའི་སྤྱོད་ཡུལ་བསྟན་པ་དང་། དེ་ལྟར་སྤྱོད་པའི་ཕན་ཡོན་དཔེས་བཤད་པ་གཉིས། དང་པོ། སྤྱོད་པ་ཡོངས་དག་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་སྤྱོད་པ་ཡོངས་སུ་དག་པ་གང་ཞིག་གཟུགས་ལ་གཟུགས་ཀྱི་ངོ་བོ་དང་དེའི་ཁྱད་པར་མི་རྟག་པ་སོགས་སུ་དམིགས་པས་མི་སྤྱོད་ཅིང་། དེ་བཞིན་དུ་རྣམ་ཤེས་དང་འདུ་ཤེས་དང་ཚོར་བ་དང་སེམས་པར་ཡང་མི་སྤྱོད་ན། དེ་ལྟར་གང་དུ་ཡང་མི་སྤྱོད་པར་སྤྱོད་པ་དེ་ནི་དངོས་ཞེན་གྱི་ཆགས་པ་ཕྲ་རགས་ཐམས་ཅད་ཡོངས་སུ་སྤོང་བར་བྱེད་པ་ཡིན་ཞིང་། ཆགས་པ་མཐའ་དག་ལས་རྣམ་པར་གྲོལ་བ་བདེ་གཤེགས་རྣམས་ཀྱི་ཤེས་རབ་ལ་སྤྱོད་པ་ཡིན་ནོ། །གཉིས་པ། དེ་ལྟར་སྤྱོད་པའི་ཚོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་མཁས་ཤིང་གསལ་བ་དེ་ནི་མངོན་པར་རློམ་པའི་ཆགས་པ་ཐམས་ཅད་བཅད་ནས་འགྲོ་ལ་ཞེས་དང་རྒྱ་དཔེ་ལ་ལར་གྲོལ་ལ་ཞེས་ཀྱང་འབྱུང་། མཉམ་པ་ཉིད་ཆགས་པ་མེད་པར་གོང་ནས་གོང་དུ་འགྲོ་སྟེ། དཔེར་ན་ཉི་མ་ནི་སྒྲ་གཅན་ཞེས་པའི་གཟའ་དང་བྲལ་ནས་ལྷང་ངེར་འདུག་པ་དང་། མེ་བཏང་བས་རྩ་དང་ཤིང་དང་ནགས་ཚལ་ཐམས་ཅད་བསྲེག་པ་བཞིན་དུ་ཤེས་རབ་ཆེན་པོ་འོད་དང་མེ་ལྟ་བུས་ཉོན་མོངས་པའི་མུན་པ་དང་བུད་ཤིང་འཇོམས་པར་བྱེད་དོ། །བཞི་པ་མཉམ་བཞག་ཡེ་ཤེས་དེའི་རྣམ་པར་དམིགས་མེད་བསྟན་པ། ཆོས་རྣམས་ཐམས་ཅད་སོགས་ཚིགས་བཅད་གཅིག་སྟེ། འདི་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གིས་བསྡུས་པའི་ཆོས་རྣམས་ཐམས་ཅད་ནི་རང་གི་ངོ་བོས་ཉོན་མོངས་པའི་རང་བཞིན་དག་ཅིང་ཤེས་བྱའི་དམིགས་པ་ཡོངས་སུ་དག་པར་གྱུར་པ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དངོས་པོའི་རང་བཞིན་དེ་ལྟ་བུ་ཉིད་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་གི་དོན་ལ་ལྟ་ཞིང་གནས་ན། ལྟ་མཁན་ཤེར་ཕྱིན་སྒོམ་པར་བྱེད་པ་པོ་ཡང་མི་དམིགས་ལ་བལྟ་བར་བྱ་བའི་ཆོས་ཀུན་ཀྱང་མི་དམིགས་ཏེ་སྤྲོས་པ་ཉེ་བར་ཞི་བའི་དབྱིངས་ལ་གནས་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །གསུམ་པ་རྒྱས་པར་བསྟན་པའི་སྒོ་ལ། སྦྱོར་བ་ལ་བསླབ་པའི་རིམ་པ་དང་། སྦྱོར་བ་དེའི་འབྲས་བུ་ཡང་དག་པར་འགྲུབ་པའི་ཚུལ་དང་། དེ་ལ་སྦྱོར་བ་པོ་གང་ཟག་བསྟན་པ་དང་། དེ་ལྟར་འཇུག་པའི་གང་ཟག་གི་ཆེ་བ་དང་། དེས་བསླབ་བྱ་ཆོས་ཀྱི་ཆེ་བ་དང་ལྔ་ལས་དང་པོ་ལ། བསྒོམ་བྱ་སྦྱོར་བའི་ངོ་བོ། སྦྱོར་བ་བསྒོམ་པ་ལས་བྱུང་བའི་ཡོན་ཏན། བར་དུ་གཅོད་པའི་སྐྱོན། སྦྱོར་བའི་བྱེད་ལས། རྐྱེན་བཤེས་གཉེན་བཤད་པ་དང་ལྔ། དང་པོ། རྒྱལ་བ་ལ་ནི་སོགས་ཚིགས་བཅད་གཅིག་སྟེ། རྒྱལ་བ་མི་ཡི་སེང་གེ་ལ་ནི་ལྷ་ཡི་རྒྱལ་པོ་བརྒྱ་བྱིན་གྱིས་ཞུས་པ། གང་ཞིག་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་ཤིང་དེ་ལས་དགེ་བའི་རྩ་བ་བསྐྱེད་པ་དགེ་བའི་བཤེས་གཉེན་གྱིས་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་ཇི་ལྟར་བརྩོན་པར་བྱ་ཞེས་ཞུས་པའི་ལན་དུ་བཀའ་སྩལ་པ། ཕུང་པོ་དང་ཁམས་ཀྱིས་བསྡུས་པའི་ཆོས་ལ་རྡུལ་ཙམ་དུའང་དམིགས་པ་དང་གནས་པའི་ཚུལ་གྱིས་བརྩོན་པར་མི་བྱེད་ཅིང་། ཕུང་པོ་ལ་སོགས་པར་མི་དམིགས་མི་གནས་མི་བརྩོན་ལ་དེ་ནི་བྱང་ཆུབ་སེམས་དཔའ་དག་གི་ཡང་དག་པའི་བརྩོན་པ་ཡིན་ནོ། །གཉིས་པ་ཡོན་ཏན་ལ། སྦྱོར་བའི་རྒྱུ་གུས་པའི་ཡོན་ཏན། སྦྱོར་བ་ལས་བྱུང་བ་འབྲས་བུའི་ཡོན་ཏན། གནས་སྐབས་སྦྱོར་བའི་ངོ་བོའི་ཡོན་ཏན་གསུམ། དང་པོ། གང་ཞིག་ཆོས་འདི་སོགས་ཚིགས་བཅད་གཅིག་སྟེ། གང་ཟག་གང་ཞིག་ཤེར་ཕྱིན་གྱི་གཞུང་འདི་ནས་ཆོས་འདི་དག་ཐམས་ཅད་ངོ་བོ་མེད་ཀྱང་རྣམ་པ་མི་འགག་པ་སྦྲུལ་པ་དང་སྒྱུ་མ་འདྲ་བར་བཤད་པ་ཐོས་ནས། དེའི་དོན་ལ་སོམས་ཉི་མེད་ཅིང་ཡིད་ཆེས་ནས་དེ་སློབ་པ་ལ་ཕྱིར་ཞིང་ནན་ཏན་གྱིས་སྦྱོར་བར་བྱེད་པ་ཡི་སེམས་ཅན་དེ་ནི་སྔོན་ཡུན་རིང་པོ་ནས་ཐེག་ཆེན་ལ་ཞུགས་པ་ཉིད་དུ་རིག་པར་བྱ་ཞིང་དེས་སྔོན་སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་པོ་ལ་མཆོད་ཅིང་རྗེད་པ་སོགས་ཀྱི་སྒོ་ནས་ལྷག་པར་བྱ་བ་བྱས་པ་ཡིན་པར་ཤེས་པར་བྱ་སྟེ། དེ་འདྲའི་རྒྱུ་སྔོན་སོང་ལ་མ་བརྟེན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་དོན་ཐོས་ནས་མོས་པར་འགྱུར་བ་མི་འབྱུང་ངོ་། །གཉིས་པ་ལ་བར་ཆད་ཀྱིས་མི་ཚུགས་པའི་ཡོན་ཏན། སྐུ་གསུམ་ཐོབ་པའི་ཡོན་ཏན་གཉིས། དང་པོ། དགོན་པའི་ལམ་ནི་སོགས་ཚིགས་བཅད་གཉིས་ཏེ། སྐྱེ་བོས་དབེན་པ་དགོན་པའི་ལམ་ནི་དཔག་ཚད་མང་པོ་ཡོད་པར་ཞུགས་པའི་མིས། ལམ་དེ་བགྲོད་བགྲོད་པ་ལས་ནམ་ཞིག་གྲོང་ཁྱེར་གྱི་གནག་རྫི་རྣམས་གནས་པ་དགོན་པ་དང་གྲོང་གིས་མཚམས་སུ་གྱུར་པ་ཉིད་ཀྱི་ནགས་ཚལ་ཡིད་དུ་འཐད་པ་ཕུན་སུམ་ཚོགས་པ་མཐོང་ནས། ལམ་རིང་པོར་བགྲོད་པ་དེ་དག་འདི་སྙམ་དུ། འདི་དག་ནི་གྲོང་དང་གྲོང་ཁྱེར་དང་ཉེ་བའི་རྟགས་ཡིན་ནོ་སྙམ་སྟེ། སྟག་སོགས་དགོན་པའི་གནས་ན་ཡོད་པའི་འཇིགས་པ་ལས་དབུགས་ཕྱིན་པ་རྙེད་པར་འགྱུར་ཞིང་དེ་ཕན་ཆོད་ཆོམ་རྐུན་གྱི་འཇིགས་པ་ཡིད་ལ་བྱེད་པ་མེད་པར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་དམ་པ་ཐོབ་པར་འདོད་ཅིང་དེའི་ཐབས་ཡོངས་སུ་ཚོལ་བའི་ཚེ། རྒྱལ་བ་རྣམས་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལམ་མཆོག་ཏུ་གྱུར་པ་འདི་མཉན་པ་ཡི་སྐལ་བ་གང་གིས་ཐོབ་པ་དེ་ནི་འཁོར་བའི་སྡུག་བསྔལ་ལས་དབུགས་ཕྱིན་པ་ཐོཔ་པར་གྱུར་ཅིང་སྲིད་ཞིའི་མཐར་ལྷུང་བའི་འཇིགས་པ་མེད་དེ། ཉན་ཐོས་དགྲ་བཅོམ་པའི་ས་ལ་ལྷུང་བ་མ་ཡིན་རྐྱེན་རྟོགས་ཀྱི་ས་ལའང་ལྷུང་བ་མིན་ནོ། །གཉིས་པ་ལ་ཆོས་སྐུ་ཐོབ་པའི་ཡོན་ཏན། ལོངས་སྐུ་ཐོབ་པའི་ཡོན་ཏན། སྤྲུལ་སྐུ་ཐོབ་པའི་ཡོན་ཏན་གསུམ། དང་པོ། མི་ཞིག་རྒྱ་མཚོའི་སོགས་ཚིགས་བཅད་གཉིས་ཏེ། མི་ཞིག་རྒྱ་མཚོའི་ཆུ་ནི་བལྟ་བའི་ཕྱིར་འགྲོ་བ་ན་དེ་ཡིས། གལ་ཏེ་ཤིང་དང་ནགས་ཚལ་དང་རི་བོ་དག་མདུན་གྱི་ཕྱོགས་སུ་མཐོང་ན་ནི་ད་དུང་རྒྱ་མཚོ་དང་རིང་བར་ཤེས་ཏེ། ཅི་སྟེ་རི་ལ་སོགས་པ་རིང་བའི་རྟགས་དེ་དག་མ་མཐོང་བར་ས་ཐམས་ཅད་ཁད་ཀྱིས་མཉམ་ཞིང་གཞོལ་ལ་མཐའི་ཕ་རོལ་མི་མཐོང་བར་གྱུར་ན་ད་ནི་རྒྱ་མཚོ་ཆེན་པོ་ནི་བདག་དང་ཉེ་བར་གྱུར་ཏོ་སྙམ་སྟེ་དེ་ལ་སོམས་ཉི་མེད་དེ་རྒྱ་མཚོ་ཆེན་པོ་ནི་ཕ་མཐའ་མི་མངོན་པ་སྲིད་དུ་ཡངས་ཤིང་མཉམ་པའི་ཕྱིར་དེའི་ཁྱོན་ཀྱི་ཆར་རི་ལ་སོགས་པ་ཡོད་པ་མི་སྲིད་པའི་ཕྱིར་ན་དེ་ལྟར་རྒྱང་ནས་ཀྱང་ཤེས་སོ། །དཔེ་དེ་ཇི་ལྟ་བར་བྱང་ཆུབ་དམ་པར་རབ་ཏུ་ཞུགས་པ་རྣམས་ཀྱིས་རྒྱལ་བ་ཡི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པའི་སྐལ་བ་ཐོབ་པ་དེ་ཡང་མཐའ་ཀུན་དང་བྲལ་བའི་ཆོས་སྐུ་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་དང་ཉེ་བར་རིག་པར་བྱ་སྟེ། འདི་ལས་ཀུན་ཏུ་རྟོག་པའི་མཚན་མ་ནགས་ཚལ་དང་རི་ལ་སོགས་པ་ལྟ་བུ་རྣམས་རིམ་གྱིས་སྤངས་ཏེ་རྟོག་པ་མངོན་དུ་རྒྱུ་བ་རྣམས་ཁད་ཀྱིས་ཞི་ནས་མཐའ་བྲལ་དམིགས་པ་མེད་པའི་ཡེ་ཤེས་ཐོབ་པར་བསླུ་བ་མེད་པའི་ཕྱིར་རོ། །དེས་ན་ཤེར་ཕྱིན་འདི་དང་མ་བྲལ་བའི་གང་ཟག་དེ་རྣམ་པར་འདྲེན་པས་མངོན་སུམ་དུ་ཁྱོད་འཚང་རྒྱའི་ཞེས་ལུང་བསྟན་པར་མ་གྱུར་ཀྱང་། སངས་རྒྱས་ཀྱི་བྱང་ཆུབ་ནི་རིང་པོར་མི་ཐོགས་པར་བདག་གིས་རེག་པའམ་ཐོབ་པར་འགྱུར་ཏེ་རྒྱུ་འབྲས་བསླུ་མེད་ཀྱི་ཚུལ་ལས་སོ། །གཉིས་པ་ལོངས་སྐུ་ཐོབ་ཚུལ། དཔྱིད་དུས་བཟང་ལ་སོགས་ཚིགས་བཅད་གཅིག་སྟེ། དཔྱིད་ཀྱི་དུས་བཟང་པོ་ལ་ཤིང་གི་སྡོང་པོ་གང་ལས་ལོ་མ་རྙིང་པ་བརྗེ་ནས་ས་ལ་ལྷགས་པར་གྱུར་ན། ཤིང་གི་ཡལ་གས་ནི་རིང་པོར་མི་ཐོགས་པར་ལོ་མ་དང་འབྲས་བུ་མེ་ཏོག་རྣམས་གསར་དུ་བསྐྲུན་པར་འགྱུར་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་ཟག་སུ་ཡི་ལག་ཏུ་ཐོབ་པ་དེ་ནི་དུས་རིང་པོར་མི་ཐོགས་པར་འདྲེན་པ་རྣམས་ཀྱི་བྱང་ཆུབ་ཐོབ་སྟེ་ཡང་དག་པའི་གདམས་ངག་ཐོབ་པའི་དུས་དེ་ནས་ཐེག་པ་མཆོག་ལ་སེམས་བསྐྱེད་པའི་འབྲས་བུ་དཔག་བསམ་གྱི་ཤིང་ལྟ་བུའི་གཟུགས་ཀྱི་སྐུ་སྙིང་རྗེའི་ལོ་མ་སྟུག་པོའི་གྲིབ་བསིལ་ཅན་མཚན་དཔེའི་མེ་ཏོག་རྒྱས་ཤིང་གཞན་ཕན་གྱི་འབྲས་བུ་དང་ལྡན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་འགྱུར་རོ། །གསུམ་པ་སྤྲུལ་སྐུ་ཐོབ་ཚུལ། དཔེར་ན་བུད་མེད་སོགས་ཚིགས་བཅད་གཅིག་སྟེ། དཔེར་ན་བུད་མེད་མངལ་ཆགས་པའི་སྦྲུམ་མ་གང་ཞིག་མངལ་གྱི་ཟླ་དུས་རྫོགས་ནས་བཙའ་བའི་ནད་ཀྱི་སྡུག་བསྔལ་མྱོང་བས་ཉེན་པར་གྱུར་པ་ན། ཚུལ་དེ་ནི་དེ་ཡི་བཙའ་བའི་དུས་ལ་བབ་པའི་ཚོད་ཅེས་བྱ་བ་ཡིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་ཞིག་རྒྱལ་བའི་ཤེས་རབ་འདི་ཉན་པ་ཐོབ་ཅིང་དེ་ལ་ཡིད་དང་བའི་དགའ་བ་དང་འདོད་པའི་འདུན་པ་བསྐྱེད་པ་ནི་མྱུར་དུ་བྱང་ཆུབ་ཆེན་པོ་ལ་རེག་པར་འགྱུར་ཏེ། ལམ་འདི་ལས་རིགས་ཀྱི་ས་བོན་གསོས་བཏབ་ནས་ཚོགས་རྫོགས་པར་བྱས་ཏེ་སྦྲུམ་མ་ལས་བུ་བཙས་པ་བཞིན་དུ་སྤྲུལ་པའི་སྐུ་འཇིག་རྟེན་ན་དངོས་སུ་སྣང་བར་འགྱུར་རོ། །གསུམ་པ་ངོ་བོའི་ཡོན་ཏན་ལ་འཕེལ་འགྲིབ་སོགས་སུ་མི་རྟོག་ཀྱང་མྱང་འདས་ཕྱོགས་གཅིག་ལ་མི་རེག་པ་དང་། རྣམ་པར་མི་རྟོག་ཀྱང་འགྲོ་དོན་འབྱུང་བ་གཉིས། དང་པོ། ཤེས་རབ་ཕ་རོལ་སོགས་ཚིགས་བཅད་གཅིག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་གི་དོན་ལ་ཚུལ་བཞིན་སྤྱོད་པའི་ཚེ་ཐེག་པ་མཆོག་གི་རྣལ་འབྱོར་པ་དེས་གཟུགས་ལ་སོགས་པ་ཀུན་བྱང་གི་ཆོས་རྣམས་ཀྱི་འཕེལ་བ་སྟེ་སྐྱེ་བ་དང་རྒྱུན་བསགས་པའི་ཁྱད་པར་དུ་གྱུར་པ་དང་ནི། ཡོངས་སུ་འགྲིབ་པ་སྟེ་འགག་པ་དང་སྔར་ལས་དམའ་བར་གྱུར་པའི་ཚུལ་མི་མཐོང་སྟེ་ཆོས་ཐམས་ཅད་ནི་ཡང་དག་པའི་དོན་དུ་འཕེལ་འགྲིབ་བྲི་གང་དང་བྲལ་ཏེ་མཉམ་པ་ཉིད་དུ་གནས་པའོ། །དེ་བཞིན་དུ་གང་ཞིག་ཆོས་དགེ་བ་དང་ཆོས་མིན་མི་དགེ་བ་དང་། ཆོས་རྣམས་ཀྱི་ཆོས་ཉིད་དམ་ཆོས་ཀྱི་དབྱིངས་ཞེས་སུའང་མངོན་པར་ཞེན་པའི་ཚུལ་གྱིས་མི་མཐོང་བས་དམིགས་པ་ཐམས་ཅད་ཉེ་བར་ཞི་ཞིང་སྤྲོས་པ་མེད་པ་ལ་གནས་ན་ཡང་། ཞི་བའི་དབྱིངས་འབའ་ཞིག་པའི་ཚུལ་གྱིས་ཕྱོགས་གཅིག་པའི་མྱ་ངན་འདས་པ་ལ་མ་རེག་པར་བྱང་ཆུབ་སེམས་དཔའ་དེ་ནི་སྲིད་ཞིའི་མཐར་མི་གནས་པའི་ཤེས་རབ་མཉམ་པ་ཉིད་ལ་གནས་པའོ། །གཉིས་པ་གང་ཞིག་འདིར་སྤྱོད་སོགས་ཚིགས་བཅད་གཅིག་སྟེ། གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ཚུལ་བཞིན་སྤྱོད་པ་དེ་ནི་སངས་རྒྱས་ཀྱི་ཆོས་སྟོབས་སོགས་རྣམས་ཀྱང་དེ་དང་དེར་ཡོངས་སུ་འཛིན་པས་རྣམ་པར་མི་རྟོག་སྟེ། དེ་བཞིན་དུ་ལམ་སྟོབས་ལྔ་དང་རྫུ་འཕྲུལ་གྱི་རྐང་པ་བཞི་སོགས་དང་འབྲས་བུའམ་དེ་ཁོ་ན་ཉིད་བྱང་ཆུབ་ཞི་བ་ལ་ཡང་རྣམ་པར་མི་རྟོག །གཟུགས་སོགས་ཕུང་ཁམས་རྣམས་ལའང་རྣམ་པར་མི་རྟོག་གོ་ཞེས། དོན་ལ་འདིས་རྣམ་པར་རྟོག་པའི་མཚན་མ་བཞི་དང་བྲལ་བའི་ཚུལ་བསྟན་ཏེ། ཇི་ལྟར་ན་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་བསྟན་པ་ལས་གསུངས་པ་ལྟར་གོ་རིམ་བསྡེབ་ན། ཕུང་པོ་སོགས་འཁོར་བའི་ཆོས་རྣམས་ལ་རང་བཞིན་ཡོད་པར་རྟོག་པ་དང་། ལམ་ཕར་ཕྱིན་ལ་གཉེན་པོར་རྟོག་པ་དང་། དེ་ཁོ་ན་ཉིད་ལ་ཆོས་ཉིད་དུ་རྟོག་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ལ་ཐོབ་པར་རྟོག་པ་རྣམས་དང་བྲལ་བར་བསྟན་པ་སྟེ། དེ་ལྟར་རྟོག་པ་ཐམས་ཅད་བྲལ་ཡང་རྟོག་མེད་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་དེའི་མཐུ་དང་སྨོན་ལམ་གྱི་ཤུགས་སམ་བྱིན་གྱི་རླབས་ཀྱིས་བདུད་འདུལ་བ་དང་གཞན་གྱི་དོན་བྱ་བ་ཐམས་ཅད་འབད་མེད་དུ་སྤྱོད་དེ། མི་རྟོག་པའི་ཏིང་ངེ་འཛིན་འདི་ལ་གནས་པ་ནི་ཆོས་ཉིད་ཀྱིས་སངས་རྒྱས་རྣམས་ཀྱིས་ཀྱང་གཉིས་སུ་མེད་པའི་ཚུལ་གྱིས་བྱིན་གྱིས་བརླབས་པའི་མཐུ་ཐོབ་པས་དེའི་ཕྲིན་ལས་ཅུང་ཟད་ཀྱང་ཆུད་མི་ཟའོ། །ཚུལ་འདི་ལྟ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སྤྱོད་པ་ཡིན་ནོ། །གསུམ་པ་སྦྱོར་བའི་བར་ཆོད་དུ་གྱུར་པ་བསྟན་པ་ལ། མདོར་བསྟན་དང་། རྒྱས་བཤད་གཉིས། དང་པོ། སྨྲ་བའི་ཟླ་བ་སོགས་ཚིགས་བཅད་གཅིག་སྟེ། མཚན་དཔེའི་དཀྱིལ་འཁོར་རྒྱས་པའི་ཞལ་གྱི་བཞིན་ལས་གསུང་གི་འོད་ཟེར་འགྱེད་པས་གདུལ་བྱ་རྣམས་ཀྱི་མ་རིག་པའི་མུན་པ་དང་ཉོན་མོངས་པའི་གདུང་བ་སེལ་བས་ན་སྨྲ་བའི་ཟླ་བ་ཞེས་སུ་གྲགས་པ་སངས་རྒྱས་བཅོམ་ལྡན་འདས་དེ་ལ་ནི་གནས་བརྟན་རབ་འབྱོར་གྱིས་ཞུས་པ། ཐེག་པ་ཆེན་པོའི་ཡོན་ཏན་ལ་དགའ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བའི་བར་དུ་གཅོད་པ་གང་ལགས་ཞེས་ཞུས་པ་ལ། སྟོན་པས་བཀའ་སྩལ་པ། བར་དུ་གཅོད་པར་འགྱུར་བ་ནི་མང་སྟེ། དེ་ལས་འདིར་རེ་ཞིག་ཅུང་ཟད་ཙམ་ཞིག་ཡོངས་སུ་བརྗོད་ན། ཞེས་སོ། །གཉིས་པ་ལ། དངོས་དང་། དེའི་རྒྱུ་མཚན། བར་ཆད་ཀྱིས་ཚུགས་མི་ཚུགས་ཀྱི་རྒྱུ་བསྟན་པ་གསུམ། དང་པོ་ལ། རྒྱུ་སྦྱོར་བ་ཉིད་ཉམས་པ། ལམ་ཐེག་ཆེན་ལས་ཉམས་པ་རྐྱེན་འཆད་ཉན་གྱི་ཚོགས་པ་དང་མི་ལྡན་པ། དེས་མཚོན་པའི་སྐྱོན་གཞན་བསྟན་པ་དང་བཞི། དང་པོ་ལ་བློ་གྲོས་ལས་སུ་མི་རུང་བས་ཉམས་པ་དང་། ཡུམ་ལ་ཐེ་ཚོམ་ཟ་བས་ཉམས་པ་གཉིས། དང་པོ། རྒྱལ་བའི་ཤེས་རབ་སོགས་ཚིགས་བཅད་གཅིག་སྟེ། རྒྱལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡི་གེ་འབྲི་བའི་ཚེ་ན་ཞེས་འབྲི་བས་མཚོན་ནས་འཛིན་པ་དང་ཀློག་པ་དང་ཁ་ཏོན་བྱེད་པ་དང་འཆད་པ་དང་ཉན་པ་སོགས་ཀྱི་ཚེ་ན་དུས་གསུམ་གྱི་ཡུལ་གཟུགས་སོགས་ལ་རྟོག་པའི་སྤོབས་པ་ཐ་དད་པ་དང་རྒོད་རྨུག་གཉིད་འགྱོད་ཆགས་སྡང་ཐེ་ཚོམ་སོགས་རྣམ་པ་དུ་མ་འབྱུང་བར་འགྱུར་ཞིང་། སྦྱོར་བ་དེས་བདག་དང་གཞན་འགྲོ་བའི་དོན་མ་བྱས་པར་གློག་འགྱུར་བ་བཞིན་དུ་མྱུར་དུ་ཡང་བརྩོན་པ་འཕྲོ་བཅད་དེ་སྦྱོར་བ་ལས་ཡོངས་སུ་ཉམས་པར་འགྱུར་བ་འདི་ནི་བདུད་ཀྱི་ལས་སུ་ཤེས་པར་བྱའོ། །གཉིས་པ། འདི་བཤད་ཚེ་ན་སོགས་ཚིགས་བཅད་གཅིག་སྟེ། ཆོས་འདི་བཤད་པའི་ཚེ་ན་ཁ་ཅིག་འདི་ལ་སོམ་ཉི་ཟ་བར་འགྱུར་ཏེ། འདྲེན་པས་འདིར་ནི་བདག་གི་མིང་ཡང་ཡོངས་སུ་མ་བརྗོད་ལ། རིགས་དང་གང་དུ་གནས་པའི་ས་ཕྱོགས་དང་རུས་ཀྱང་ཡོངས་སུ་མ་བརྗོད་ཅེས་བསམ་ནས་དེ་ལྟར་བདག་གསལ་བར་ལུང་མ་བསྟན་པས་ན་འདིས་བདག་བྱང་ཆུབ་ངེས་པར་འགྲུབ་པའི་རྒྱུ་མཚན་མ་མཐོང་ངོ་སྙམ་པ་སོགས་ཡུམ་ལས་ཕྱིར་ཕྱོགས་པའི་རྒྱུ་མཚན་བཟུང་ནས་ཐེ་ཚོམ་དེས་ཆོས་ཟབ་མོ་འདི་ནི་ཉན་པར་མི་འགྱུར་ལ་སྤོང་བར་འགྱུར་བ་ནི་བདུད་ཀྱི་ལས་སོ། །གཉིས་པ་ལ་རྣམ་མཁྱེན་གྱི་རྒྱུ་ཐེག་ཆེན་སྤང་བ་དཔེས་བསྟན་པ་དང་། དམན་ལམ་ཚོལ་བ་དཔེས་བསྟན་པ། ཐེག་དམན་ལས་བྱང་ཆུབ་ཆེན་པོ་ཚོལ་བ་དཔེས་བསྟན་པ་གསུམ། དང་པོ། དེ་ལྟར་མི་ཤེས་སོགས་རྐང་པ་གཉིས་ཏེ། ཤེས་རབ་ཀྱི་ཕར་ཕྱིན་ནི་ཆོས་ཀུན་གྱི་གཞི་གཅིག་པུ་ཡིན་པ་དེ་ལྟར་མི་ཤེས་པའི་རྨོངས་པ་དེ་དག་གིས་ཡང་དག་པ་སངས་རྒྱས་ཀྱི་ཆོས་ཀུན་གྱི་རྩ་བ་ལྟ་བུ་ཤེར་ཕྱིན་འདི་བོར་ནས་ནི། རྨོངས་པས་ཡལ་ག་དག་དང་འདབ་མ་ལྟ་བུའི་ཆོས་གཞན་དང་གཞན་ཚོལ་བར་འགྱུར་བ་ཡང་བདུད་ཀྱི་ལས་སོ། །གཉིས་པ། གླང་པོ་རྙེད་ནས་སོགས་རྐང་པ་གཉིས་ཏེ། ཇི་ལྟར་གླང་པོ་དོན་དུ་གཉེར་བས་གླང་པོ་དངོས་རྙེད་ནས་དེ་བཞག་སྟེ་སླར་གླང་པོའི་རྗེས་ནི་ཚོལ་བ་ལྟར་མཆོག་གི་ཆོས་ཟབ་མོ་དངོས་སུ་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་ནས་དེ་ནན་ཏན་གྱིས་དོན་དུ་མི་གཉེར་བར། དེ་ལས་གཞན་པའི་མདོ་ཤེར་ཕྱིན་ལ་བརྒྱུད་ནས་འཇུག་པའི་དོན་ཚོལ་བ་ནི་དཔེས་བསྟན་པ་དེ་བཞིན་དུ་ཤེས་པར་བྱ་སྟེ་འདི་ཡང་བདུད་ཀྱི་ལས་ཡིན་ནོ། །གསུམ་པ། དཔེར་ན་ལ་ལས་སོགས་ཚིགས་བཅད་གཅིག་སྟེ། དཔེར་ན་ལ་ལས་རོ་བརྒྱ་དང་ལྡན་པའི་ཟས་རྙེད་པ་ལ་དེའི་རོ་མི་མྱང་བར་ཟས་མཆོག་རྙེད་ནས་ཀྱང་སླར་ཟས་ངན་པ་ཚོལ་བར་བྱེད་པ་ལྟར། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་གང་གིས་ཕ་རོལ་ཏུ་ཕྱིན་པ་མཆོག་གི་ཆོས་འདི་རྙེད་ནས་དེ་ཡི་དོན་ལ་ཚུལ་བཞིན་མི་སྤྱོད་པར། དགྲ་བཅོམ་པའི་སའམ་གོ་འཕང་གི་ལམ་སྟོན་པའི་གཞུང་དེ་ཡིས་མཐར་ཐུག་གི་བྱང་ཆུབ་ཚོལ་བར་བྱེད་པ་ནི་གོང་གི་དཔེ་དེ་བཞིན་ཏེ་འདི་ཡང་བདུད་ཀྱི་ལས་ཡིན་ནོ། །གསུམ་པ་འཆད་ཉན་གྱི་ཚོགས་པ་དང་མི་ལྡན་པ་ལ། རང་ལ་བརྟེན་པ་དང་། གཞན་ལ་བརྟེན་པ་གཉིས། དང་པོ། བསྟི་སྟང་འདོད་པར་སོགས་ཚིགས་བཅད་གཅིག་སྟེ། རང་ཉིད་སྙན་གྲགས་དང་གཞན་གྱིས་བསྟི་སྟང་བྱ་བ་འདོད་པར་འགྱུར་ཞིང་། ཡང་ཟས་ནོར་སོགས་རྙེད་པ་དག་གི་རོ་མྱང་བ་འདོད་པར་འགྱུར་བ་དང་། ཕྱི་རོལ་ཡུལ་ལ་ལྟ་བར་འདོད་པ་དང་བཅས་པའི་སེམས་ཀྱིས་གྲོང་གི་ཁྱིམ་ལ་འདྲིས་པའི་བྱེད་པ་དང་ལྡན་ཞིང་དེ་དང་དེ་ལྟ་བུ་ལ་སོགས་པ་གཡེངས་པའི་བྱ་བ་སྣ་ཚོགས་ཀྱི་སྒོ་ནས་ཆོས་ཟབ་མོ་འདི་འབྲི་བ་དང་མཉན་པ་དང་སེམས་པ་སོགས་བཏང་བར་གྱུར་ནས་ནི། ཆོས་མིན་པའི་བྱ་བ་གནས་ངན་ལེན་གྱི་གཞི་གང་ཡང་རུང་བ་ལ་སྤྱོད་པར་འགྱུར་བ་གང་ཞིག །ཡང་དག་པའི་ལམ་བོར་ནས་ལམ་མིན་དུ་གོལ་ཏེ་འགྲོ་བ་འདི་ནི་བདུད་ཀྱི་ལས་སོ། །གཉིས་པ། གང་དག་དེ་ཡི་སོགས་ཚིགས་བཅད་གཅིག་སྟེ། ཉན་པ་པོ་གང་དག་འཆད་པ་པོ་རྙེད་བཀུར་ལ་གཡེངས་པ་སོགས་དེ་ཡི་ཚེ་ན་ཡུམ་ལ་འདུན་ཅིང་དད་པར་གྱུར་ནས་ཆོས་ཀྱི་དམ་པ་འདི་ནི་ཉན་དུ་སོང་བ་ལས། ཉན་པ་པོ་དེ་དག་གིས་ནི་ཆོས་སྨྲ་བ་དེ་རྙེད་བཀུར་ལ་དགའ་བ་སོགས་བྱ་བ་ངན་པ་ལ་ཞེན་པའི་ཚུལ་དང་ལྡན་པར་རིག་ནས། ཆོས་སྨྲ་བ་དེ་ལས་ཆོས་ཉན་པ་ལ་དགའ་བ་མེད་ཅིང་ད་ནི་ཆོས་ཞུ་བར་མི་བྱའོ་སྙམ་དུ་ཡིད་མི་བདེ་བར་གྱུར་ནས་ཕྱིར་འགྲོ་བ་འདི་ཡང་ཤེར་ཕྱིན་མཉན་པ་སོགས་ལ་བར་ཆད་དུ་གྱུར་པའི་བདུད་ཀྱི་ལས་སོ། །བཞི་པ་དེ་ཡི་ཚེ་ན་སོགས་ཚིགས་བཅད་གཅིག་སྟེ། གང་དག་ཆོས་ཟབ་མོ་འདི་ཉན་པ་ལ་སོགས་པ་དེ་ཡི་ཚེ་ན་འཆད་ཉན་གྱི་ཚོགས་པ་དང་མི་ལྡན་པ་སོགས་སྦྱོར་བ་ཡང་དག་པ་ལ་བར་དུ་གཅོད་པའི་བདུད་ཀྱི་ལས་འདི་འབྱུང་བར་འགྱུར་ཏེ་གང་ཞེ་ན། ཆོས་ཟབ་མོ་མཉན་པ་སོགས་དེ་ཡི་ཚེ་ན་ཆོས་ལ་ཡིད་སྡང་བ་བདུད་སྡིག་ཏོ་ཅན་གང་དག་ཟུག་རྔུས་ཟུག་པ་བཞིན་དུ་གྱུར་པ་དེ་དག་གིས་ནི་མདོ་འཛིན་པའི་དགེ་སློང་མང་པོའི་རྒྱུད་དཀྲུགས་ནས། བར་དུ་གཅོད་པའི་ཐབས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཚུལ་བཞིན་འཛིན་པ་དང་སེམས་པ་ལ་སོགས་པར་མི་འགྱུར་བའི་བར་དུ་གཅོད་པ་ཡི་ཆོས་རྣམ་པ་མང་པོ་གཞན་འདིར་མ་བཤད་པ་དུ་མ་ཡང་འབྱུང་བར་འགྱུར་ཏེ། མདོར་ན་ཆོས་ཟབ་མོ་འདི་འཛིན་པ་སོགས་ཀྱི་སྐབས་ན་དེ་ལ་གནོད་པའི་ཕྱོགས་སུ་གྱུར་ན་གང་ཅི་ཡང་རུང་སྟེ་དེ་ཐམས་ཅད་བདུད་ཀྱི་ལས་སུ་རིགས་པར་བྱ་སྟེ། བར་དུ་གཅོད་པ་དེ་ཉིད་ལ་བདུད་ཀྱི་ལས་ཞེས་མིང་དུ་བཏགས་པ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། རིགས་ཀྱི་བུ་ཅི་ཙམ་དུ་མི་དགེ་བའི་ཆོས་ལ་འཇུག་པ་དང་། དགེ་བའི་ཆོས་འདོར་བ་དེ་ཐམས་ཅད་ནི་བདུད་ཀྱི་ལས་སོ་ཞེས་གསུངས་སོ། །གཉིས་པ་བདུད་ལས་འབྱུང་བའི་རྒྱུ་མཚན། རིན་ཆེན་རིན་ཐང་སོགས་ཚིགས་བཅད་གཅིག་སྟེ། ཇི་ལྟར་རིན་པོ་ཆེ་རིན་ཐང་གཞལ་དུ་མེད་པར་རྙེད་པར་འགྱུར་བ་གང་དག་ཡིན་པ་དེ་དག་ནི་དུས་ནམ་ཡིན་དུ་མི་རྙེད་པས་དཀོན་ལ། རྙེད་ཅིང་འཆང་བའི་དུས་རྣམས་རྟག་ཏུ་དེ་ལ་ཕ་རོལ་བརྣབ་སེམས་ཅན་དགྲ་ལ་སོགས་པས་འཚེ་བའང་མང་བ་དེ་བཞིན་རྒྱལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་རིན་པོ་ཆེའི་ཆོས་འདི་དག་ཀྱང་ཤིན་ཏུ་འབྱུང་བར་དཀོན་ལ། བསོད་ནམས་ཕུན་སུམ་ཚོགས་པ་རྣམས་ཀྱིས་དེ་སྐལ་བས་ཆུན་པར་དཀའ་བའི་ཕྱིར་རྟག་ཏུ་འཚེ་བའང་མང་བ་ཡིན་ནོ། །གསུམ་པ་ལ། བར་ཆད་དེ་གང་ལ་འབྱུང་བའི་ཡུལ་བསྟན་པ། བར་ཆད་དེ་ལས་སངས་རྒྱས་ཀྱིས་བསྲུང་བའི་ཚུལ་གཉིས། དང་པོ། ཐེག་པར་གསར་དུ་སོགས་རྐང་པ་གསུམ་སྟེ། ཐེག་པ་ལ་གསར་དུ་ཞུགས་པའི་སེམས་ཅན་བློ་ཆུང་བ་གང་ཞིག །ཤིན་ཏུ་དཀོན་ཞིང་ཟབ་པའི་ཆོས་རིན་པོ་ཆེ་བདུད་ཀྱི་ཡུལ་ལས་འདའ་བར་བྱེད་པ་འདི་ལྟ་བུ་ནི་དེ་སྔ་མ་རྙེད་པ་སྟེ་ཉམས་འོག་ཏུ་ཚུད་པར་མ་བྱས་པ་དེ་ལ་བར་ཆད་བྱ་བའི་ཕྱིར་བདུད་ནི་སྤྲོ་བར་འགྱུར་ཏེ་གླགས་རྙེད་པར་མཐོང་ནས་སོ། །གཉིས་པ། དངོས་དང་། དེ་དཔེས་བསྟན་པ་གཉིས། དང་པོ་ཕྱོགས་བཅུའི་སངས་རྒྱས་སོགས་རྐང་པ་གཅིག་སྟེ། འོ་ན་ཡུམ་ལ་ཐོག་མར་སྤྱོད་པ་ཐམས་ཅད་ལས་དང་པོ་པ་ཡིན་ལ་དེ་ལ་བདུད་ཀྱི་བར་ཆད་དེ་ཙམ་འབྱུང་ན་བྱང་ཆུབ་སེམས་དཔས་ཤེར་ཕྱིན་སྒོམ་པ་རྫོགས་པར་དཀའོ་སྙམ་ན། རིན་ཆེན་རྙེད་པའི་གང་ཟག་ཉམས་ཆུང་བ་ཁ་ཅིག་ཡུལ་གྱི་རྒྱལ་པོས་བསྲུང་བ་ལྟར། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་གཟིགས་པ་སྒྲིབ་པ་མེད་པ་ཅན་དེ་ཐམས་ཅད་ཀྱིས་ཆོས་འདི་ལ་ཐོག་མར་སྤྱོད་ཅིང་བདུད་ཀྱི་ཡུལ་ལས་འདས་པའི་དགོངས་ཉམས་མ་རྙེད་པ་དེ་དག་བར་ཆད་ཀྱི་གཡང་ས་ལས་ཡོངས་སུ་འཛིན་པ་ལ་བརྩོན་པའམ་སྦྱོར་བ་མཛད་པ་ཡིན་ནོ། །འོན་ཀྱང་གང་ཟག་དེའི་སྔོན་གྱི་བསོད་ནམས་ཀྱི་རྒྱུ་དང་ད་ལྟའི་དད་པ་སོགས་ཀྱི་རྐྱེན་ལ་ལྟོས་ན་སངས་རྒྱས་ཀྱི་བྱིན་རླབས་འཇུག་པའི་ཡུལ་དུ་མ་གྱུར་པ་དང་གྱུར་པ་ལས་བར་ཆད་ཀྱིས་ཚུགས་མི་ཚུགས་སྣ་ཚོགས་སུ་འབྱུང་བར་ཤེས་པར་བྱའོ། །གཉིས་པ། མ་ཞིག་ན་བར་སོགས་ཚིགས་བཅད་གཅིག་སྟེ། སངས་རྒྱས་ཀྱིས་སྲུང་བར་མཛད་པའི་རྒྱུ་མཚན་ཀྱང་དཔེར་ན་མ་ཞིག་ན་བར་གྱུར་པ་ལ་བུ་ནི་མང་དུ་ཡོད་པ་དེ་ཀུན་ཡིད་མི་བདེ་ཞིང་མ་དེ་ལ་རིམ་གྲོ་བྱེད་པ་དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་རྣམས་ཀྱང་། རང་རང་བསྐྱེད་པའི་ཡུམ་དུ་གྱུར་པ་ཤེས་རབ་དམ་པ་འདི་ལ་ཐུགས་ཀྱིས་དགོངས་པ་ཉིད་དུ་མཛད་པ་ཡིན་ནོ། །བཞི་པ་སྦྱོར་བའི་བྱེད་ལས་བཤད་པ་ལ། རང་སྲས་བསྐྱེད་པའི་བྱ་བ་བྱེད་པ་དང་། རང་སྲས་ཡོན་ཏན་ལ་སྦྱོར་བའི་བྱ་བ་བྱེད་པ་གཉིས། དང་པོ་གང་དག་འདས་དང་སོགས་རྐང་པ་གཉིས་ཏེ། བཤད་མ་ཐག་པ་ལྟར་འདི་ལ་རྒྱལ་བའི་ཡུམ་ཞེས་བརྗོད་ན་ཡུམ་དུ་འགྱུར་ཚུལ་ཇི་ལྟ་བུ་ཡིན་ཞེ་ན་འཇིག་རྟེན་ན་མས་བུ་བསྐྱེད་པ་དང་། བསྐྱེད་ནས་བྱ་བ་ལ་འགོད་པ་གཉིས་ཀྱི་སྒོ་ནས་མ་ཞེས་འཇོག་པ་ལྟར་འདིར་ཡང་གང་དག་འདས་པ་དང་ད་ལྟར་གྱི་ཕྱོགས་བཅུའི་ཞིང་ཐམས་ཅད་ན་བཞུགས་པའི་འཇིག་རྟེན་གྱི་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དང་། མ་འོངས་པའི་དུས་ན་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་འབྱུང་བས་ན་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པ་ཡིན་ནོ། །གཉིས་པ་ལ་གཞི་འཁོར་འདས་ཀྱི་ཚུལ་མཁྱེན་པ་ལ་སྦྱོར་བ་དང་། འབྲས་བུ་རྣམ་མཁྱེན་གྱི་མཛད་པ་ལ་སྦྱོར་བ། ལམ་མཐའ་གཉིས་འགོག་པའི་ཚུལ་ལ་སྦྱོར་བ་གསུམ། དང་པོ་ལ་ཤེར་ཕྱིན་ལ་བརྟེན་ནས་འཇིག་རྟེན་གྱི་བདེན་གཉིས་ལ་མཁས་པ་དང་། དེ་བཞིན་ཉིད་རྟོགས་པས་མཚན་ཐོབ་པ་གཉིས། དང་པོ། འཇིག་རྟེན་སྟོན་པ་སོགས་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཏེ། འཇིག་རྟེན་ནི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་སུ་གྲགས་པ་ཇི་སྙེད་པ་རྣམས་ཏེ་དེ་དག་གི་ཐ་སྙད་ཀྱི་རྒྱུ་འབྲས་ངོ་བོའི་རང་བཞིན་ཇི་ལྟ་བུ་ཡིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རང་གི་སྲས་སངས་རྒྱས་རྣམས་ལ་སྟོན་པ་སྟེ། རྒྱལ་བ་རྣམས་ཀྱི་སྐྱེད་བྱེད་ཀྱི་ཡུམ་ཤེར་ཕྱིན་འདི་ལ་བརྟེན་ནས་སངས་རྒྱས་དེ་དག་གིས་ཆོས་དེ་དག་སྐྱུ་རུ་ར་རློན་པ་ལག་མཐིལ་ཏུ་བཞག་པ་བཞིན་དུ་གཟིགས་པའི་ཕྱིར་རོ། །གཞན་ཡང་གདུལ་བྱའི་དོན་མཛད་པ་ལ་དགོས་པ་ཆེད་དུ་བཀར་ཏེ་སེམས་ཅན་གྱི་ཁམས་ཚད་མེད་པ་ཇི་སྙེད་པ་གཞན་གྱི་སེམས་ཀྱི་སྤྱོད་པ་ནང་དུ་བསྡུས་པ་དང་ཕྱིར་གཡེང་བ་དང་ཆགས་བཅས་དང་ཆགས་བྲལ་ལ་སོགས་པ་མཐའ་མེད་པ་དག་ཀྱང་ཤེར་ཕྱིན་ལ་གོམས་པའི་མཐུས་རང་གི་སྲས་ལ་སྟོན་པར་བྱེད་པ་ནི་ཀུན་རྫོབ་སྟོན་པ་དང་། འཇིག་རྟེན་ཕུང་པོ་ལྔའི་དེ་བཞིན་ཉིད་དང་། དགྲ་བཅོམ་པའི་དེ་བཞིན་ཉིད་དང་རང་རྒྱལ་གྱི་དེ་བཞིན་ཉིད་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའི་དེ་བཞིན་ཉིད་དག་ནི་ཐ་དད་དུ་མ་གྲུབ་པའི་ཕྱིར་གཅིག་པ་ཉིད་དེ། དེ་ཐམས་ཅད་ཀྱང་དངོས་པོ་དང་བྲལ་བའི་ཕྱིར་ན་གཞན་དང་གཞན་དུ་ཡོད་པ་མིན་པས་དེ་བཞིན་ཉིད་ཅེས་བྱ་ལ། དེ་ལྟ་བུའི་ཀུན་བྱང་གི་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པས་མཁྱེན་ཅིང་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་པའོ། །དེ་ལྟར་ཤོ་ལོ་ཀ་ཕྱེད་དང་གཉིས་པོ་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་མདོར་ན་བདེན་པ་གཉིས་ཀྱི་ཆོས་ཚུལ་ཐམས་ཅད་སངས་རྒྱས་ཀྱིས་གཟིགས་པར་གྱུར་ཏོ་ཞེས་སོ། །གཉིས་པ། མཁས་པ་འཇིག་རྟེན་སོགས་ཚིགས་བཅད་གཅིག་སྟེ། ཇི་ལྟར་འཇིག་རྟེན་ན་ཡང་མས་བུ་ལ་མིང་འདོགས་པ་ལྟར་རྒྱལ་བའི་ཡུམ་ལ་བརྟེན་ནས་དེ་བཞིན་གཤེགས་པ་ཞེས་པའི་མཚན་ཐོབ་པ་ནི། དེ་ཁོ་ན་ཉིད་ལ་མཁས་པ་སངས་རྒྱས་རྣམས་འཇིག་རྟེན་གྱི་ཁམས་འདིར་འཚོ་གཞེས་ཤིང་གནས་སམ་མྱ་ངན་ལས་འདས་ཀྱང་རུང་སྟེ། ཆོས་ཉིད་སྐྱོན་མེད་པ་གང་ཞིག་ཆོས་རྣམས་ཀྱི་སྟོང་པ་ཉིད་དུ་བརྗོད་པ་འདི་ནི་ནམ་ཡང་འགྱུར་བ་མེད་པ་དང་སུས་ཀྱང་དཀྲུགས་པར་མི་ནུས་པར་ནམ་མཁའ་བཞིན་དུ་གནས་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་ཉིད་ཡེ་ནས་བབ་ཀྱིས་གནས་པ་འདི་ཡི་ཡིན་ལུགས་མ་ནོར་བར་བློས་རྗེས་སུ་རྟོགས་ཤིང་ནམ་ཞིག་རྟོགས་པ་མཐར་ཕྱིན་པའི་ཚེ་ན། དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་གཤེགས་པའམ་རྟོགས་པ་དེ་ཡི་ཕྱིར་ན་དེ་བཞིན་གཤེགས་པ་ཞེས་སངས་རྒྱས་རྣམས་ལ་མཚན་དུ་གསོལ་བར་གྱུར་ཏོ། །གཉིས་པ་འབྲས་བུ་རྣམ་མཁྱེན་ལ་སྦྱོར་ཚུལ་ལ། ཤེར་ཕྱིན་ལ་བརྟེན་ནས་དོན་གཉིས་འགྲུབ་པ་དང་། ཁྱད་པར་དུ་གཞན་དོན་དུ་ཆོས་སྟོན་པའི་ཚུལ་གཉིས། དང་པོ། ཤེས་རབ་ཕ་རོལ་སོགས་ཚིགས་བཅད་གཅིག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གནས་ན་ཟག་མེད་ཀྱི་དགའ་བ་མཐའ་ཡས་པ་འབྱུང་བའི་ཕྱིར་ལྷའི་དགའ་བའི་ཚལ་ལྟ་བུ་ལ་བརྟེན་ནས་གནས་པ་སྟོབས་བཅུ་དང་ལྡན་པ་རྣམ་འདྲེན་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ནི་འདི་ལྟ་བུ་ཡིན་ཏེ། གང་ཞེ་ན་སེམས་ཅན་ཚད་མེད་པ་སྡུག་བསྔལ་སྣ་ཚོགས་དང་ངན་སོང་གསུམ་ལས་ཡོངས་སུ་འདོན་ཀྱང་། སངས་རྒྱས་དེ་དག་ལ་ནམ་ཡང་སེམས་ཅན་གྱི་འདུ་ཤེས་སུ་འགྱུར་བ་ནི་མེད་དེ་དམིགས་མེད་ཀྱི་ཐུགས་རྗེ་ཆེན་པོས་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་ཆོས་བསྟན་པ་སོགས་མཛད་པའི་ཕྱིར་ནའོ། །གཉིས་པ་ལ། ལམ་མིན་ཚར་གཅོད་པ་དང་། ལམ་ཡང་དག་སྟོན་པའི་ཚུལ་གཉིས། དང་པོ། དཔེར་ན་སེང་གེ་སོགས་ཚིགས་བཅད་གཅིག་སྟེ། དཔེར་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ནི་གངས་ཀྱི་རི་སུལ་ལ་བརྟེན་ནས་གཞན་སུ་ལའང་འཇིགས་པ་མེད་པར་གནས་ཏེ་རི་དྭགས་ཕྲ་མོ་མང་པོ་སྐྲག་པར་བྱེད་ཅིང་ང་རོའི་སྒྲ་སྒྲོགས་པ་ལྟར། མི་ཡི་སེང་གེ་སངས་རྒྱས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་བརྟེན་ནས། བདག་ཏུ་ལྟ་བའི་མུ་སྟེགས་ཅན་མང་པོ་དག་སྐྲག་པར་བྱེད་ཅིང་འཇིག་རྟེན་ན་དམ་པའི་ཆོས་ཀྱི་སྒྲ་ཡང་སྒྲོགས་པར་མཛད་དོ། །གཉིས་པ་དཔེར་ན་ནམ་མཁའ་སོགས་ཚིགས་བཅད་གཅིག་སྟེ། དཔེར་ན་ནམ་མཁར་གནས་པ་ཉི་མའི་འོད་ཟེར་གྱིས་ནི་ས་འདི་ལ་རླན་བག་ཡོད་པ་རྣམས་སྐེམ་པར་བྱེད་ཅིང་གཟུགས་རྣམས་ཀྱང་རབ་ཏུ་སྟོན་པ་ཡིན་པ་དེ་བཞིན་དུ་ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་ཉི་མ་སངས་རྒྱས་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའི་དབྱིངས་ལྟ་བུ་ལ་བརྟེན་པ་རྣམས་ཀྱིས་སྲིད་པར་སྲེད་པའི་ཆུ་ཀླུང་སྐེམས་ཤིང་ཤེས་བྱའི་ཆོས་རྣམས་ཀྱང་ཡང་དག་པར་རབ་ཏུ་སྟོན་པར་མཛད་དོ། །གསུམ་པ་ལ། ལམ་གྱི་ངོ་བོ་དང་། བྱེད་ལས་གཉིས། དང་པོ་ལ་དོན་དང་དཔེ་གཉིས་ཀྱི་དང་པོ། གཟུགས་རྣམས་མི་མཐོང་སོགས་ཚིགས་བཅད་གཅིག་སྟེ། གཟུགས་རྣམས་རང་གི་ངོ་བོ་མེད་པའི་ཕྱིར་དམིགས་སུ་མེད་པའམ་མི་མཐོང་ལ། དེ་བཞིན་དུ་ཚོར་བ་དག་ཀྱང་མི་མཐོང་ཞིང་འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང་། དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པའི་སྤྱོད་ཡུལ་གང་ལ་རྣམ་པར་ཤེས་པ་དང་སེམས་ཞེས་བྱ་བ་དང་ཡིད་ཅེས་བྱ་བའི་གཞི་ཅི་ཡང་མཐོང་བ་མེད་པ་སྟེ། འདི་ལ་འདས་པ་ལ་སེམས་འཇུག་པ་མ་འོངས་པ་ལ་རྣམས་པར་ཤེས་པ་ད་ལྟ་ཡིད་ལ་བྱེད་པའི་ཆ་ནས་དེ་ལྟར་བརྗོད་པའམ་མིང་གི་རྣམ་གྲངས་ཀྱིས་བརྗོད་པ་ཡིན་པར་འབྲེལ་བ་གཞན་ནས་བཤད་ལ། ཡེ་ཤེས་ཞབས་ཀྱིས་ནི་ཡོངས་སུ་གྲགས་པ་ལྟར་སེམས་ནི་ཀུན་གཞིའི་རྣམ་ཤེས་དང་། ཡིད་ནི་ཉོན་མོངས་པ་ཅན་གྱི་ཡིད་དང་རྣམ་ཤེས་ནི་འཇུག་ཤེས་དྲུག་ཏུ་གསུངས་སོ། །དེ་ལྟར་ཕུང་པོ་ལྔས་མཚོན་པས་ཆོས་ཐམས་ཅད་དམིགས་སུ་མེད་པས་ཅི་དང་ཅིའི་ངོ་བོར་ཡང་མ་མཐོང་བ་འདི་ནི་ཆོས་རྣམས་ཀྱི་རང་བཞིན་རྣལ་མ་མཐོང་བ་ཡིན་ནོ་ཞེས་དེ་བཞིན་གཤེགས་པས་བསྟན་ཏེ་མིག་སྐྱོན་མེད་པས་རབ་རིབ་མ་མཐོང་བ་ནི་རབ་རིབ་ཀྱི་རང་བཞིན་མཐོང་བ་ཡིན་པ་བཞིན་ནོ། །གཉིས་པ་ནམ་མཁའ་མཐོང་ཞེས་སོགས་ཚིགས་བཅད་གཅིག་སྟེ། མ་མཐོང་བའི་མཐོང་བ་དེའི་དཔེ་ཇི་ལྟ་བུ་ཞེ་ན། འཇིག་རྟེན་ན་བདག་གིས་ནམ་མཁའ་མཐོང་ངོ་ཞེས་སེམས་ཅན་རྣམས་ཀྱིས་དེ་སྐད་བསམ་ཞིང་ཚིག་ཏུ་རབ་ཏུ་བརྗོད་པ་ནི་ཡོད་མོད་ཀྱི། འོན་ཀྱང་ནམ་མཁའ་ཇི་ལྟར་མཐོང་ནུས་ཏེ་ནམ་མཁའ་ལ་མཐོང་བར་བྱ་བའི་དབྱིབས་དང་ཁ་དོག་གི་གཟུགས་མིག་གི་ཡུལ་དུ་གྱུར་པ་གང་ཡང་མེད་ན་དེ་སྐད་བསམ་ཞིང་བརྗོད་པའི་དོན་འདི་ཅི་ཞིག་ཡིན་ཞེས་རང་གིས་བརྟག་པར་གྱིས་དང་གཟུགས་ཅན་གྱི་ཆོས་གང་ཡང་མ་མཐོང་བ་དེ་ཙམ་ལ་ནམ་མཁའ་མཐོང་བའི་ཐ་སྙད་བྱས་པ་ཡིན་པར་ཁོང་དུ་ཆུད་པར་འགྱུར་རོ། །དཔེ་དེ་ལྟར་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མཐོང་བ་ཞེས་པ་ཡང་ཤེས་རབ་ཀྱི་སྤྱན་གྱིས་ཆོས་གང་ཡང་མ་གྲུབ་པར་ཤེས་ནས་ཅིའི་ངོ་བོར་ཡང་མི་དམིགས་པའམ་མ་མཐོང་བ་ལ་ཆོས་མཐོང་བའོ་ཞེས་དེ་བཞིན་གཤེགས་པས་བསྟན་པར་མཛད་པ་ཡིན་ནོ། །འཇིག་རྟེན་ན་གང་མཐོང་བ་ཞེས་པ་ཐམས་ཅད་ཡུལ་ཅན་གང་གིས་ཡུལ་གང་མཐོང་བ་ལ་ཐ་སྙད་བྱེད་ན་མཐའ་གང་དུའང་མ་དམིགས་ལ་སྤྲོས་པའི་རྣམ་པ་གང་ཡང་མ་མཐོང་བའི་མཐོང་བ་འདི་ནི་ཕྱོགས་ཙམ་དུ་ནམ་མཁའ་མཐོང་བའི་དཔེས་བསྟན་གྱི་ཡང་དག་པར་ན་ཡོད་མེད་ཡིན་མིན་སོགས་མཐའ་ཀུན་ལས་འདས་པའི་ཆོས་ཀྱི་དབྱིངས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་ལ་དཔེ་གཞན་གྱིས་ནི་རྣམ་པ་ཀུན་ཏུ་བསྙད་པར་ནུས་པ་མ་ཡིན་ཏེ་བསམ་གྱིས་མི་ཁྱབ་པས་དཔེ་དང་གཏན་ཚིགས་ལ་སོགས་པས་གཞལ་བ་དང་བགྲང་བ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །གཉིས་པ་ལམ་དེའི་བྱེད་ལས་ལ། ལམ་འབྲས་ཀྱི་ཡོན་ཏན་ཀུན་སྡུད་པ་དང་། ལམ་གོལ་བ་ལས་ཐག་བསྲིང་ཚུལ་གཉིས། དང་པོ་ལ་བློན་པོའི་དཔེས་མཛད་པ་ཀུན་བྱེད་པ་དང་། རྒྱལ་པོའི་དཔེས་ཡོན་ཏན་ཀུན་སྡུད་པ་གཉིས། དང་པོ། གང་གིས་དེ་ལྟར་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་གང་གིས་དམིགས་པའི་རྣམ་པ་ཅིར་ཡང་མ་མཐོང་བ་དེ་ལྟར་ཤེས་རབ་ཀྱི་སྤྱན་གྱིས་མཐོང་བ་དེ་ཡིས་ཆོས་ཐམས་ཅད་ཀུན་མཐོང་བ་ཡིན་ཏེ་དེ་ལས་བྱ་བ་ཆེན་པོ་ཐོབ་པ་ནི་ཇི་ལྟར་ན་རྒྱལ་པོ་ནི་འབད་རྩོལ་མེད་པར་བཏང་སྙོམས་སུ་འདུག་ཅིང་བློན་པོ་མཆོག་གིས་རྒྱལ་པོའི་ལས་སུ་བྱ་བ་ཀུན་བྱེད་པ་ལྟར། སངས་རྒྱས་ཀྱི་མཛད་པ་དང་ཉན་ཐོས་རྣམས་ཀྱི་ཡོན་ཏན་གྱི་ཆོས་རྣམས་ཇི་སྙེད་པ་དེ་དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་རྟོག་པ་མེད་པ་ལ་བརྟེན་ནས་བྱེད་དེ་བདག་མེད་རྟོགས་པའི་ཤེས་རབ་དང་ལྡན་ན་རྣམ་པར་གྲོལ་བའི་ལམ་ཐམས་ཅད་བདེ་བླག་ཏུ་འགྲུབ་ཀྱི་གཞན་དུ་འགྲུབ་པའི་ཐབས་མེད་པས་ནའོ། །གཉིས་པ། རྒྱལ་པོ་གྲོང་དུ་སོགས་ཚིགས་བཅད་གཅིག་སྟེ། ཇི་ལྟར་རྒྱལ་པོ་ཆེན་པོ་ནི་གྲོང་ཁྱེར་དག་ཏུ་མི་འགྲོ་ཞིང་ཡུལ་འཁོར་ཆེན་པོ་གཞན་རྣམས་སུའང་མི་འགྲོ་ལ་རང་གི་ཡུལ་ཕོ་བྲང་དེ་ན་གནས་བཞིན་དུ་འདུག་ནས་དཔྱ་ཁྲལ་ལ་སོགས་པའི་འདུ་བ་ཐམས་ཅད་ཚུར་སྡུད་པ་ལྟར་དུ། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་ཆོས་ཉིད་ཟབ་མོ་རྟོགས་པ་ནི་མི་གཡོ་ཞིང་གནས་གཞན་གང་དུའང་མི་འགྲོ་ལ། གང་གིས་རྟོགས་པའི་རྒྱུད་དེར་ཆོས་ཉིད་ཀྱི་མཐུས་སངས་རྒྱས་པའི་ས་ཡི་ཡོན་ཏན་གང་ཡིན་པ་ཐམས་ཅད་སྡུད་པ་ནི་བྱ་བ་རྨད་དུ་བྱུང་བ་ཡིན་ནོ། །གཉིས་པ་ལ་བསྟན་བཤད་གཉིས། དང་པོ། གང་ལ་བདེ་གཤེགས་སོགས་ཚིགས་བཅད་གཅིག་སྟེ། གང་ཟག་གང་ལ་བདེ་བར་གཤེགས་པ་དང་དེའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་དད་པ་དང་འདོད་པའི་དད་པ་མི་ལྡོག་པའི་བརྟན་པ་ཡོད་ཅིང་། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་སུ་འགྱུར་བའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་བསམ་པས་དོན་དུ་གཉེར་ཞིང་སྦྱོར་བས་ནན་ཏན་བྱེད་པ་དེ་ལ་ཐབས་ཤེས་གཉིས་ཀ་ཚང་བས་ན་དེ་དག་ལམ་གོལ་བ་ཉན་ཐོས་དང་རང་རྒྱལ་གྱི་ས་གཉིས་ལས་ཤིན་ཏུ་འདས་པར་བྱས་ནས་སྲིད་ཞིའི་སྒྲིབ་པས་ཟིལ་གྱིས་མི་ནོན་པ་རྒྱལ་བའི་བྱང་ཆུབ་དམ་པ་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་ཐེག་པ་མཆོག་ལ་དད་པ་ནི་ཐོག་མའི་འཇུག་སྒོ་ཡིན་ལ། ཤེས་རབ་ཀྱིས་དད་པ་བཞིན་དུ་འབྲས་བུ་ཐོབ་པ་ལས་མི་ཉམས་པར་བྱེད་པས་ཐབས་ཤེས་འདི་གཉིས་གཙོ་བོར་བསྟན་ཏེ། ལས་དང་པོ་པ་དད་པ་ཡོད་ཀྱང་ཤེས་རབ་ཀྱི་ཕར་ཕྱིན་དང་མ་ལྡན་ན་ལམ་ལས་ཉམས་པ་སྲིད་ཀྱི། ཤེས་རབ་ཀྱི་ཕར་ཕྱིན་ཟབ་མོའི་དགོངས་པ་ཉམས་འོག་ཏུ་ཚུད་ཕྱིན་ཆད་དད་པ་མི་འཕྲོག་པ་ཐོབ་ནས་ལམ་ལས་ཉམས་པ་མི་སྲིད་དོ། །གཉིས་པ་ཚུལ་དེ་རྒྱས་བཤད་ལ། ཆུར་བྱིང་བ། བུམ་པ་གསར་པ། གྲུ་འཛུགས་པ། རྒས་པའི་དཔེས་བསྟན་པ་བཞི་པོ་རེ་རེ་ལའང་དཔེ་དོན་གཉིས་རེས་བསྟན་ཏེ། དང་པོ། དཔེར་ན་རྒྱ་མཚོར་སོགས་ཚིགས་བཅད་གསུམ་སྟེ། དཔེར་ན་རྒྱ་མཚོར་འཇུག་པའི་མི་དག་གི་གྲུ་ནི་ཆག་སྟེ་ཞིག་པར་གྱུར་ལ། དེར་མི་གང་ཞིག་རོའམ་རྩྭའམ་ཤིང་ནི་མི་འཛིན་པ་རང་གར་ལུས་པ་དེ་དག་ཆུ་ཡི་དབུས་སུ་འཇིག་པ་སྟེ་འཆི་བར་འགྱུར་བས་རྒྱ་མཚོའི་ངོགས་སུ་ཕྱིན་པར་མི་འགྱུར་ལ། གང་ཞིག་ཤིང་ལ་སོགས་པ་འཛིན་པ་དེ་ནི་དེ་ལ་བརྟེན་ནས་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །དཔེ་དེ་ལྟར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་དད་པ་དང་ལྡན་ལ་སྤྲོ་བའི་དང་བ་ཐོབ་པ་གང་ཞིག་ནི། རྫོགས་བྱང་དེའི་ལམ་དུ་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱལ་བའི་ཡུམ་ལ་དད་པས་རྗེས་སུ་མི་འཇུག་པ་ནི་འབྲས་བུ་བདེ་གཤེགས་ཀྱི་བྱང་ཆུབ་ལ་རེག་པ་མིན་ནོ། །འདི་ལྟར་སྐྱེ་བ་དང་རྒ་བ་དང་འཆི་བ་དང་མྱ་ངན་སྣ་ཚོགས་ཀྱི་རྦ་རླབས་འཁྲུགས་པ་ཡི་འཁོར་བའི་རྒྱ་མཚོ་ཆེན་པོ་དེར་ནི་རྟག་ཏུ་འཁོར་བར་གྱུར་པ་གང་དེ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་གིས་ཡོངས་སུ་ཟིན་པར་གྱུར་ན། དངོས་པོའི་རང་བཞིན་ཕྱིན་ཅི་མ་ལོག་པ་ལ་མཁས་ཤིང་དོན་དམ་པ་སྟོན་པར་བྱེད་པར་འགྱུར་རོ། །དེ་ལྟར་དེ་དག་གི་རྫོགས་བྱང་དོན་གཉེར་གྱི་དད་པ་སོགས་ཐབས་ཀྱི་ཡོན་ཏན་དེ་དག་དམིགས་པ་མེད་པའི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པར་གྱུར་ན་མཆོག་ཏུ་རྨད་དུ་བྱུང་བའི་བདེ་བར་གཤེགས་པའི་བྱང་ཆུབ་ལ་མྱུར་དུ་རེག་སྟེ་དཔེར་ན་མི་གང་དག་ཤིང་སོགས་འཛིན་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་བཞིན་ནོ། །གཉིས་པ་དཔེར་ན་ལ་ལས་སོགས་ཚིགས་བཅད་གཉིས་ཏེ། དཔེར་ན་མི་ལ་ལས་རྫ་སོ་མ་བཏང་བར་ཆུ་སྐྱེད་པར་བྱས་ན། བུམ་པ་དེ་སྲ་བའི་ཆ་ཉམས་ཆུང་བའི་ཕྱིར་ན་མྱུར་དུ་འཇིག་པར་རིགས་པར་བྱའོ། །སོ་བཏང་བའི་བུམ་པར་ཆུ་སྐྱེད་པར་བྱས་ན་གང་དུ་འགྲོ་བའི་ལམ་དུ་བུམ་པ་དེ་འཇིག་པར་དོགས་པ་ཡི་འཇིགས་པ་མེད་ཅིང་བདེ་བར་སླར་རང་གི་ཁྱིམ་དུ་ཕྱིན་པར་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་གང་ཞིག་རྫོགས་པའི་བྱང་ཆུབ་ལ་དང་འདོད་ཀྱི་དད་པ་མེད་པའམ་ཆེན་པོར་གྱུར་ཀྱང་། དེ་སྒྲུབ་པར་བྱེད་པའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རྣམ་པར་ཉམས་ན་མྱུར་དུ་མ་རུངས་པ་སྟེ་ལམ་དམན་པ་སོགས་སུ་ལྟུང་ནས་ཐེག་པ་ཆེན་པོའི་ལམ་ལས་ཉམས་པར་འགྱུར་རོ། །དད་པས་ཤེས་རབ་སྟེ་དད་པ་དང་བཅས་པའི་ཤེས་རབ་ཕར་ཕྱིན་ཉིད་ཀྱིས་ནི་གང་ཟག་དེའི་རྒྱུད་ཡོངས་སུ་ཟིན་པར་གྱུར་ན་ཉན་རང་གི་ས་གཉིས་ལས་ཤིན་ཏུ་འདས་ཏེ་བྱང་ཆུབ་མཆོག་ཐོབ་པར་འགྱུར་རོ། །གསུམ་པ། དཔེར་ན་བཅོས་ལེགས་སོགས་ཚིགས་བཅད་གཉིས་ཏེ། དཔེར་ན་རྒྱུ་དང་ཆགས་ཚད་ཟག་ལྷན་སོགས་བཟོ་བཅོས་ལེགས་པར་མ་བྱས་པའི་གྲུ་དེ་ནི་རྒྱ་མཚོའི་ནང་དུ་ནོར་དང་བཅས་ཤིང་ཚོང་པ་རུ་བཅས་ཏེ་འཇིག་པའམ་ཆུད་ཟ་བར་འགྱུར་ལ། གྲུ་དེ་ལེགས་པར་བརྟག་ནས་བཅོས་ལེགས་པོ་བྱས་པ་དང་ལྡན་པར་གྱུར་ན། གྲུ་དེ་ནི་མི་འཇིག་མི་ཉམས་པར་ཚོང་པ་ནོར་དང་བཅས་པར་རྒྱ་མཚོའི་འགྲམས་ཀྱི་ངོགས་སུ་ཕྱིན་པར་འགྱུར་བ་དེ་ལྟར་བྱང་ཆུབ་སེམས་དཔའ་གང་ཞིག་དད་པས་རྒྱུད་ཡོངས་སུ་བསྒོས་ཀྱང་། ཤེས་རབ་ཀྱི་ཕར་ཕྱིན་ལ་བརྟེན་པ་མེད་ན་བྱང་ཆུབ་མཆོག་གི་ཆོས་ལས་ནི་མྱུར་དུ་ཉམས་པར་འགྱུར་ཞིང་། དད་ལྡན་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་དང་ལྡན་ན་ལམ་དམན་པའི་སྐྱོན་གྱིས་མ་སྨས་ལ་ཐེག་པ་མཆོག་གི་ལམ་ལས་མ་ཉམས་པར་རྒྱལ་བའི་བྱང་ཆུབ་ལ་རེག་པར་འགྱུར་རོ། །བཞི་པ། ལོ་བརྒྱ་ཉི་ཤུ་སོགས་ཚིགས་བཅད་གཉིས་ཏེ། དཔེར་ན་ལོ་བརྒྱ་ཉི་ཤུ་ལོན་ཏེ་ཚེ་ཚད་མཐར་ཐུག་པས་རྒས་ཤིང་སྡུག་བསྔལ་བར་གྱུར་པའི་མི་དེ་སྟན་ལས་ལངས་པར་བྱས་ཀྱང་བདག་ཉིད་ཀྱི་ནུས་པས་གནས་གཞན་དུ་འགྲོ་བར་ནུས་པ་མ་ཡིན་ཏེ་དེ་ནི་རྒས་ཤིང་འཁོགས་པའི་ཕྱིར་རོ། །གལ་ཏེ་མི་དེ་ནི་གཡས་གཡོན་གཉིས་ནས་མི་སྟོབས་དང་ལྡན་པ་ཡིས་རྟེན་པར་བྱས་ན་ལམ་དུ་འགྱེལ་བའི་འཇིགས་པ་མེད་ཅིང་གང་འདོད་པའི་གནས་སུ་བདེ་བླག་ཏུ་འགྲོ་བར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་ཞིག་དེ་ཉིད་རྟོགས་པའི་ཤེས་རབ་སྟོབས་ཆུང་བ་དེ་ནི་བྱང་ཆུབ་མཆོག་གི་ལམ་ལ་རབ་ཏུ་ཞུགས་པར་གྱུར་ཀྱང་འབྲས་བུ་མ་ཐོབ་པའི་བར་དུ་རབ་ཏུ་ཉམས་པར་འགྱུར་ལ། གང་ཟག་དེ་ཉིད་ཀྱི་རྒྱུད་དད་པ་སོགས་ཐབས་དང་བདག་མེད་རྟོགས་པའི་ཤེས་རབ་མཆོག་གིས་ཡོངས་སུ་ཟིན་པར་གྱུར་ན། ལམ་ལས་མི་ཉམས་པར་དེ་བཞིན་གཤེགས་ཀྱི་བྱང་ཆུབ་ལ་རེག་པར་འགྱུར་རོ། །ལྔ་པ་རྐྱེན་དགེ་བའི་བཤེས་གཉེན་བསྟེན་པ་ལ། བརྟེན་བྱ་བཤེས་གཉེན་བསྟེན་པ། རྟེན་པ་པོ་སློབ་མ་བཤད་པ་གཉིས། དང་པོ་ལ་མཚན་ཉིད་ལྡན་པའི་དགེ་བའི་བཤེས་གཉེན་ལ་བརྟེན་དགོས་ཚུལ་དང་། བཤེས་གཉེན་དེས་གདམས་ངག་སྟོན་ཚུལ་གཉིས། དང་པོ་ལ་དངོས་དང་། དེ་ལྟར་བརྟེན་དགོས་པའི་རྒྱུ་མཚན་གཉིས། དང་པོ་བྱང་ཆུབ་སེམས་དཔའ་སོགས་ཚིགས་བཅད་གཅིག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་དང་པོའི་ལས་ཀྱི་སར་གནས་པ་སྟེ། ལས་དང་པོ་པ་གང་ཞིག །གཞན་དོན་དང་རྫོགས་བྱང་ལ་ལྷག་པར་དམིགས་པའི་ལྷག་པའི་བསམ་པས་སངས་རྒྱས་ཀྱི་བྱང་ཆུབ་མཆོག་གི་ལམ་དང་འབྲས་བུ་ལ་དོན་དུ་གཉེར་བའི་སྒོ་ནས་ཞུགས་པ་ཡི་སློབ་མ་བཟང་པོ་བླ་མ་ལ་གུས་པ་དང་ལྡན་པ་དེ་དག་གིས། ལྟ་སྤྱོད་བཟང་ཞིང་ཐེག་ཆེན་གྱི་དགོངས་དོན་སྟོན་པར་ནུས་པའི་བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱའོ། །གཉིས་པ་ཅི་ཕྱིར་ཞེ་ན་སོགས་ཚིགས་བཅད་གཅིག་སྟེ། ལས་དང་པོ་པ་ཐེག་ཆེན་ལ་ཞུགས་པ་དག་ལ་དགེ་བའི་བཤེས་གཉེན་དམ་པ་ནན་ཏན་གྱིས་བསྟེན་པར་གདམས་པ་དེ་ཅི་ཡི་ཕྱིར་ཞེ་ན་ཐེག་པ་ཆེན་པོའི་ལམ་དང་འབྲས་བུ་ལ་མཁས་པའི་ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་དེ་ལས་འབྱུང་སྟེ་བཤེས་གཉེན་དེ་དག་གིས་ཐེག་པ་ཆེན་པོའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྗེས་སུ་སྟོན་པའི་ཕྱིར་རོ། །དེས་ན་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པ་ནི་དགེ་བའི་བཤེས་གཉེན་ལ་རྟེན་པར་གྱུར་ཏོ་ཞེས་ཡོན་ཏན་ཀུན་གྱི་མཆོག་མངའ་བ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་དེ་སྐད་གསུངས་ཏེ། འདི་ལྟར་ཐབས་ལ་མཁས་པའི་ལམ་སྒོམ་པ་དང་བསམ་པ་དང་ཐོས་པ་རྣམས་སྔ་མ་སྔ་མ་ཕྱི་མ་ཕྱི་མ་ལ་རག་ལས་ཤིང་། ཐོས་པ་དེ་ཡང་དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཕྱིར་རོ། །གཉིས་པ་གདམས་ངག་སྟོན་ཚུལ་ལ། གདམས་པ་ཇི་ལྟར་སྟོན་པ་དང་། དེ་ལྟར་བསྟན་པའི་བསྔགས་པ་བརྗོད་པ་གཉིས། དང་པོ་སྦྱིན་དང་ཚུལ་ཁྲིམས་སོགས་ཚིགས་བཅད་གཅིག་སྟེ། འདི་ལྟར་ཐེག་པ་ལ་གསར་དུ་ཞུགས་པ་དེ་ལ་གདམས་ངག་འདོམས་པ་ན་ཐབས་དང་ཤེས་རབ་ཡ་མ་བྲལ་བའི་ལམ་རྒྱུད་ཚོད་དང་འཚམས་པར་སྟོན་དགོས་ཏེ། གང་ཁྱོད་ཀྱིས་རྒྱལ་བའི་ལམ་དུ་གྱུར་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་དེ་བཞིན་དུ་བརྩོན་འགྲུས་དང་བསམ་གཏན་ཤེས་རབ་རྣམས་ལ་སྦྱོར་དངོས་མཇུག་གསུམ་ཚང་བའི་སྒོ་ནས་ཞུགས་ལ་དགེ་བའི་རྩ་བ་དེ་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འདོད་པའི་ཡིད་ལ་བྱེད་པས་མཐར་ཐུག་གི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་གྱིས་ཤིག་ཅེས་གདམས་པ་ནི་ཐབས་ཀྱི་ཕྱོགས་ལ་གདམས་པ་ཡིན་ལ། ཐོབ་བྱ་མཐར་ཐུག་ཏུ་འདོད་པའི་བྱང་ཆུབ་ཅེས་བྱ་བ་དེ་ཡང་གཟུགས་ལ་སོགས་པ་ཕུང་པོའི་དངོས་པོར་ཞེན་ནས་དེ་ལ་མཆོག་གམ་ལྷག་པར་མངོན་ཞེན་གྱིས་འཛིན་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ན་བྱང་ཆུབ་ཀྱིས་མཚོན་པའི་ཆོས་ཐམས་ཅད་ཀྱང་རང་བཞིན་མེད་པ་ཡིན་པས་དེ་ཁོང་དུ་ཆུད་པར་བྱ་བ་ལ་འདོམས་པ་ནི་ཤེས་རབ་ཀྱི་ཕྱོགས་ལ་གདམས་པའོ། །ཚུལ་དེ་སྐད་ཅེས་བྱང་ཆུབ་ལ་འདུན་པ་དང་པོའི་ལས་ཅན་དེ་ལ་དེ་ལྟར་བསྟན་པར་བྱའོ། །གཉིས་པ། དེ་ལྟར་སྤྱོད་པ་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་སྤྱོད་པ་སྟེ་གདམས་ངག་ལེགས་པར་སྟོན་པའི་ཐེག་པ་ཆེན་པོའི་བཤེས་གཉེན་གང་ཞིག་ལེགས་པའི་ཡོན་ཏན་རྟོགས་དཀའ་བའི་རྒྱ་མཚོ་ཆེན་པོར་གྱུར་པ། ཡང་དག་པའི་ཆོས་ཀྱི་འོད་ཟེར་དང་ལྡན་པའི་སྨྲ་བའི་ཟླ་བ་རྣམས་ནི། ཕན་བདེའི་རྒྱུ་ཆོས་སྟོན་པས་འགྲོ་བའི་སྡུག་བསྔལ་སེལ་བའི་སྐྱབས་སུ་གྱུར་པ་དང་། མྱང་འདས་ཀྱི་བདེ་བ་ལ་འགོད་པའི་དཔུང་གཉེན་དུ་གྱུར་པ་དང་ནི། སྡུག་བསྔལ་གྱི་རྒྱུ་སེལ་བའི་གནས་སུ་གྱུར་པ་ཡིན་ཏེ། དེ་བཞིན་དུ་འདི་ལྟར་བྱང་ཆུབ་ཏུ་འགྲོ་བའི་རྟེན་དུ་གྱུར་པ་དང་། ཕན་དང་མི་ཕན་ཤེས་པའི་བློ་གྲོས་སུ་གྱུར་པ་དང་། སྲིད་པར་སྲེད་པའི་ཆུ་བོར་བྱིངས་པ་ལ་གླིང་དུ་གྱུར་པ་དང་ཞེས་གླིང་ནི་ཆུའི་དབུས་ཀྱིས་གཞི་གནས་སུ་རུང་བ་ལ་བརྗོད་དེ་དྭི་པ་ཞེས་ཆུ་གཉིས་ཀྱི་བར་ན་གནས་པའི་མིང་ངོ་། །སྐྱེ་མེད་ཀྱི་ཆོས་ཉིད་བསྟན་པས་འཁོར་བའི་འདམ་ནས་ཡོངས་སུ་འདྲེན་པའི་དོན་འདོད་པའམ་དོན་བྱེད་པའི་དེད་དཔོན་ལ་སོགས་པ་ལྟ་བུ་ཡིན་པ་དང་། གང་ཟག་གི་བདག་མེད་སྟོན་པས་གསལ་བྱེད་དུ་གྱུར་པ་དང་། ཆོས་ཀྱི་བདག་མེད་སྟོན་པས་ཆོས་ཀྱི་སྒྲོན་མ་ཆེན་པོར་གྱུར་པ་དང་། སོ་སོ་ཡང་དག་པར་རིག་པའི་སྒོ་ནས་ཆོས་ཀྱི་མཆོག་སྟོང་པ་ཉིད་སྨྲ་བ་ལ་མི་འཁྲུགས་པའམ་མི་འཇིགས་པ་ཡིན་ཏེ། རང་ཉིད་ཟབ་མོའི་ཆོས་ལ་ཡིད་ཆེས་གཏིང་ཚུགས་ནས་དེའི་ལམ་དང་འབྲས་བུ་འཆད་པ་ལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤོབས་པ་ཡོངས་སུ་རྫོགས་པ་ཡིན་ནོ། །ཡང་ན་ཡོངས་སུ་འདྲེན་པ་ནི་དེད་དཔོན་ལ་སོགས་པ་བཞིན་དུ་དེས་སྣ་དྲངས་ནས་ལམ་ལ་འཇུག་པ་དང་། དོན་འདོད་པའི་སྙིང་རྗེས་གཞན་དོན་ལྷུན་གྲུབ་ཏུ་བྱེད་པ་དང་། དེ་ཁོ་ན་ཉིད་ཀྱི་ཆོས་མཆོག་སྨྲ་བ་དང་། དེ་བདུད་དང་མུ་སྟེགས་སོགས་ཕས་ཀྱི་སྒོལ་བས་མི་བརྫི་བའམ་མི་འཁྲུགས་པ་ཡིན་ཞེས་སོ་སོར་བཤད་ཀྱང་རུང་ངོ་། །གཉིས་པ་ཤེས་རབ་ཟབ་མོ་ཉན་པའི་སློབ་མ་བཤད་པ་ལ། ཟབ་མོ་ལ་ཡིད་ཆེས་པ་དང་ལྡན་པའི་སློབ་མ་བསྟན་པ་དང་། དེ་ལྟ་བུའི་ཡིད་ཆེས་པ་དཀའ་བར་བསྟན་པ་གཉིས། དང་པོ་ལ་བློ་ཟབ་པའི་ཚུལ་དང་། ཟབ་པ་དེའི་ཡོན་ཏན་བསྟན་པ་གཉིས། དང་པོ། གྲགས་ཆེན་ལྡན་རྣམས་སོགས་ཚིགས་བཅད་གཅིག་སྟེ། མཆོག་ཏུ་ཟབ་པ་དང་རྒྱ་ཆེ་བའི་ལམ་ཐེག་པ་ཆེན་པོ་ལ་ཞུགས་པ་གང་ཞིག་རྒྱལ་བའི་ཞིང་མཐའ་ཡས་པ་རྣམས་སུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མཚན་གྱི་གྲགས་པ་ཆེན་པོ་དང་ལྡན་པ་རྣམས་ནི་བྱ་དཀའ་བའི་གོ་ཆ་གྱོན་པར་བྱེད་དེ། འདི་ལྟར་ཐ་སྙད་དུ་ནམ་མཁའ་དང་མཉམ་པ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་བདག་གིས་མྱ་ངན་ལས་བཟླ་བར་བྱའོ་ཞེས་སེམས་བསྐྱེད་ཅིང་། དེ་ཡང་ཀུན་ཉོན་དང་རྣམ་བྱང་གི་དམིགས་པ་དང་བྲལ་ཏེ་འདི་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་དངོས་པོར་དམིགས་པའི་གོ་ཆ་བགོ་བ་མིན་ལ། ཐེག་པ་གསུམ་ལ་མངོན་པར་ཞེན་པའི་འདུ་ཤེས་བྲལ་ཞིང་། ཆོས་གང་ཡང་ཡོངས་སུ་དམིགས་པའམ་བཟུང་བ་མེད་པའི་ཤེར་ཕྱིན་ལ་གནས་པ་དེ་ཉིད་ཀྱི་ཕྱིར་ན། ཟབ་མོའི་དོན་ལ་ཡིད་ཆེས་པས་ཆེད་དུ་བྱ་བ་ཆེན་པོ་གསུམ་ལྡན་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་ལས་མི་ལྡོག་ལ་ལམ་ཐེག་པ་ཆེན་པོའི་ཚུལ་ལས་གཞན་དུ་གཡོ་བ་མེད་ཅིང་། རྐྱེན་ངན་པ་བདུད་དང་ཕས་ཀྱི་རྒོལ་བ་གང་གིས་ཀྱང་དེའི་རྒྱུད་ཉོན་མོངས་པར་བྱ་མི་ནུས་པས་མི་འཁྲུགས་པའི་ཆོས་ཅན་ཡིན་ཏེ། མདོ་རྒྱས་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་མྱ་ངན་ལས་བཟླ་བར་གོ་ཆ་འཚལ་ཀྱང་སེམས་ཅན་མ་དམིགས་པ་དེ་དག་ནི་དཀའ་བ་བགྱིད་པ་ལགས་སོ་ཞེས་དང་། རབ་འབྱོར་གོ་ཆ་དེ་ནི་གཟུགས་དང་འབྲེལ་བ་མ་ཡིན་ཏེ་ཞེས་སོགས་གསུངས་པ་བཞིན་ནོ། །གཉིས་པ་དེ་དག་འདི་འདྲའི་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་ནི་ཟབ་མོ་དཔག་པར་དཀའ་བ་འདི་འདྲ་བའི་ཆོས་དང་ལྡན་ཞིང་། དེའི་དབང་གིས་དམིགས་པ་མཐའ་དག་གི་སྤྲོས་པ་མེད་ལ། ཟབ་མོའི་དོན་ལ་ཐེ་ཚོམ་དང་སོམ་ཉི་ཡིད་གཉིས་བྲལ་ཞིང་ཡིད་ཆེས་པའི་དོན་དང་ལྡན་ནོ། །འདི་ལ་སོམས་ཉི་སོགས་ཐེ་ཚོམ་གྱི་རྣམ་གྲངས་ཙམ་སྟེ་མངོན་དུ་རྒྱུ་བ་སོགས་ཐེ་ཚོམ་ཕྲ་རགས་གང་ཡང་མེད་པར་སྟོན་པའམ། ཡང་ན། ད་ལྟ་ལ་ཐེ་ཚོམ། འདས་པ་ལ་སོམས་ཉི། མ་འོངས་པ་ལ་ཡིད་གཉིས་ཀྱི་ཚུལ་གྱིས་ལམ་འབྲས་ལ་ཡིད་རྩེ་གཉིས་སུ་གྱུར་པ་མེད་ཅེས་སོགས་ལྡོག་པའི་ཁྱད་པར་དུ་བལྟ་བར་བྱའོ། །ཐེ་ཚོམ་མེད་པའི་ཡིད་ཆེས་དེའི་སྒོ་ནས་ཟབ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་ནས་དེའི་དོན་ལས་བློ་ཕྱིར་མི་ནུར་བ་དེ་ནི་རང་གི་བློ་གྲོས་ཀྱིས་ཆོས་ཟབ་མོ་ཉམས་འོག་ཏུ་ཚུད་པས་ན་གཞན་གྱི་དྲིང་ལ་མི་འཇོག་པ་སྟེ་གཞན་ལ་ལྟོས་ནས་དེས་གང་དུ་ཁྲིད་ཀྱང་དེར་འཇུག་པ་ལྟ་བུ་ངེས་པ་མེད་པ་མིན་ཞིང་། དེ་ལྟར་གྱུར་པ་དེ་ཡི་ཕྱིར་ཐེག་པ་མཆོག་གི་ལམ་དང་འབྲས་བུ་ལས་ཕྱིར་མི་ལྡོག་པར་རིག་པར་བྱའོ། །གཉིས་པ་ཟབ་མོ་དེ་རྟོགས་དཀའ་བའི་ཚུལ་ལ། སྤྱད་བྱའི་ཆོས་ཟབ་པར་བསྟན་པ་དང་། དེ་ལྟར་ཟབ་པའི་རྒྱུ་མཚན་གཉིས། དང་པོ་འདྲེན་པ་རྣམས་ཀྱི་སོགས་ཚིགས་བཅད་གཅིག་སྟེ། འདྲེན་པ་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཡུམ་ཆེན་མོ་འདི་ནི་མཆོག་ཏུ་ཟབ་པ་སྟེ། གཞི་ཡི་ཆོས་ཐམས་ཅད་སྐྱེ་བ་མེད་ལ་དེ་བཞིན་ཉིད་ཙམ་དུ་དམིགས་སུ་མེད་པས་གཟུང་བ་དང་འཛིན་པའི་སེམས་ཀྱི་སྤྱོད་ཡུལ་ལས་ཡེ་ནས་འདས་པས་ན་མཐོང་བར་དཀའ་བ་ཡིན་པ་དེའི་ཕྱིར་ལམ་གྱི་གནས་སྐབས་ན་སུས་ཀྱང་རྟོགས་པ་མེད་ཅིང་འབྲས་བུའི་དུས་ན་ཐོབ་པར་འགྱུར་བའང་མེད་པ་ཡིན་ཏེ། གང་རྟོགས་པ་དང་ཐོབ་པའི་ངོ་བོར་ཡོད་པ་ཞིག་ན་དེ་ཉིད་ཡང་དག་པའི་རྟོགས་པ་དང་ཐོབ་པར་མི་རུང་སྟེ། མདོ་གཞན་ལས་ཀྱང་བྱང་ཆུབ་ནི་སངས་རྒྱས་ཉིད་ཀྱིས་ཀྱང་མ་བརྙེས་ན་གཞན་པས་ལྟ་ཅི་སྨོས་ཏེ་བྱང་ཆུབ་ཀྱི་ངོ་བོ་ཡེ་ནས་དབེན་པའི་ཕྱིར་རོ། །ཞེས་པའི་ཚུལ་དུ་ཡང་ཡང་གསུངས་པ་བཞིན་ནོ། །དེ་ལྟར་མཐོང་བ་དང་རྟོགས་པ་དང་ཐོབ་པ་མེད་པའི་ཆོས་ཉིད་ཟབ་མོ་འདི་ནི་ཟབ་ཅིང་དཔག་པར་དཀའ་བ་དེ་ཡི་ཕྱིར། སེམས་ཅན་ཐམས་ཅད་ལ་ཕན་པ་མཛད་པའི་བརྩེར་ལྡན་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་བརྙེས་པར་གྱུར་ནས་ནི། བདག་གི་ཐུགས་སུ་ཆུད་པའི་ཆོས་ཟབ་མོ་འདི་ལྟ་བུ་སེམས་ཅན་གྱི་ཚོགས་ན་སུས་ཤེས་པར་ནུས་སྣམ་དུ་ཆོས་སྟོན་པ་ལ་ཐུགས་ཁྲལ་ཆུང་བར་མཛད་དེ། དེ་སྐད་དུ་ཡང་། རྒྱ་ཆེར་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་བདག་གི་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འདུག་པས། །མི་སྨྲ་ནགས་ཀྱི་གནས་སུ་གནས་པར་བྱ། །ཞེས་གསུངས་ཤིང་། རྩ་བ་ཤེས་རབ་ལས་ཀྱང་། དེ་ཕྱིར་ཞན་པའི་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་སེམས་ཅན་རྣམས་ནི་སོགས་ཚིགས་བཅད་གཅིག་སྟེ། ཆོས་ཟབ་མོ་འདི་ཕལ་གྱིས་རྟོགས་དཀའ་བ་དེ་རྒྱུ་མཚན་ཅི་ཡི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་རྣམས་ནི་ཐོག་མ་མེད་པ་ནས་སེམས་དངོས་པོར་ཞེན་པ་ལ་གོམས་པའི་དབང་གིས་སྲེད་པའི་གནས་བདག་ཏུ་འཛིན་པ་སོགས་ཀྱི་ཚུལ་ལ་དགའ་ཞིང་བཟུང་བའི་ཡུལ་རྣམས་འདོད་ལ། དེ་འཛིན་པའི་སེམས་ལ་གནས་ཤིང་དེ་ལྟར་གཟུང་བ་དང་འཛིན་པའི་སྤྲོས་པའི་སྤྱོད་ཡུལ་དུ་ལྟུང་བ་དེ་ཡི་ཕྱིར། གཟུང་འཛིན་མེད་པས་རབ་ཏུ་ཕྱེ་བའི་དེ་ཁོ་ན་ཉིད་ཀྱི་དོན་ལ་མི་མཁས་ཤིང་དེའི་ཚུལ་ལ་བློ་གཞུག་མི་ཤེས་པའི་བླུན་རྨོངས་སུ་གྱུར་པ་དཔེར་ན་མུན་པ་དག་གི་ཁྲོད་ན་གནས་པ་བཞིན་ནོ། །སྟོན་པ་དང་ཐོབ་པར་བྱ་བའི་ཆོས་ཡུམ་གྱི་དོན་ནི་དམིགས་པས་གནས་པར་བྱ་བའི་ཡུལ་མེད་ལ་གང་དང་གང་དུའང་འཛིན་པ་མེད་དེ། དེ་ལྟར་འཇིག་རྟེན་ལས་འདས་པའི་ཆོས་དེ་དག་འཇིག་རྟེན་ཐམས་ཅད་དང་མི་མཐུན་ལ་ཁྱད་པར་འཕགས་པ་དེས་ན་འཇིག་རྟེན་དག་དང་རྩོད་པ་འབྱུང་བ་ཡིན་ཏེ། འཇིག་རྟེན་པས་དངོས་པོ་ཡོད་པར་འཛིན་ཅིང་ཅིག་ཤོས་ཀྱིས་དེ་མེད་པར་སྟོན་པའི་སླད་དུའོ། །དེས་ན་འཇིག་རྟེན་པ་དག་གིས་དངོས་པོ་མེད་པར་སྟོན་པའི་ཆོས་ཀྱི་ཚུལ་མ་མཐོང་ནས་རྩོད་ཀྱི་དེ་བཞིན་གཤེགས་པ་དངོས་པོའི་ངོ་བོ་ཇི་ལྟ་བ་བཞིན་དུ་གཟིགས་པས་ནི་ངོ་བོ་མེད་ཀྱང་འཇིག་རྟེན་པའི་ངོར་སྣང་བ་སྒྱུ་མ་ལྟ་བུའི་ཆོས་དེ་དག་འཇིག་རྟེན་ན་ཇི་ལྟར་སྣང་བ་ལྟར་འཇིག་རྟེན་དང་མཐུན་པར་ཐ་སྙད་མཛད་པའི་ཕྱིར་མདོ་གཞན་ལས། འཇིག་རྟེན་པ་དག་ང་དང་ལྷན་ཅིག་རྩོད་ཀྱི་ང་ནི་འཇིག་རྟེན་དང་ལྷན་ཅིག་ཏུ་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ངས་ཀྱང་ཡོད་པར་འདོད་དོ་ཞེས་སོགས་གསུངས་སོ། །གཉིས་པ་སྦྱོར་བ་དེས་འབྲས་བུ་ཡང་དག་པར་འགྲུབ་པའི་ཚུལ་ལ། ཐོབ་བྱའི་འབྲས་བུ་ངོས་བཟུང་བ་དང་། ལམ་འདི་མེད་ན་དེ་མི་ཐོབ་པའི་ཚུལ་གཉིས། དང་པོ་ལ་དཔེ་དང་དོན་གཉིས་ལས། དང་པོ་ནམ་མཁའི་ཁམས་ནི་སོགས་ཚིགས་བཅད་གཅིག་སྟེ། འདི་ལྟར་ནམ་མཁའི་ཁམས་ནི་ཤར་གྱི་ཕྱོགས་དང་ལྷོ་ཡི་ཕྱོགས་དང་དེ་བཞིན་ནུབ་ཀྱི་ཕྱོགས་དང་བྱང་གི་ཕྱོགས་ཕ་མཐའ་ཡས་པ་སྟེ་ཕྱོགས་བཞི་མུ་མེད་པའི་མཐའ་ཇི་སྙེད་པ་དང་། དེ་བཞིན་དུ་སྟེང་དང་འོག་དང་མཚམས་བཞི་སྟེ་མདོར་ན་ཕྱོགས་བཅུའི་རྒྱ་ཁྱོན་མཐའ་མེད་པ་ཇི་སྙེད་པ་རྣམས་ནའང་ཡོད་དེ་ནམ་མཁས་མ་ཁྱབ་པ་གར་ཡང་མེད་ལ། རང་ལ་དངོས་པོར་གྱུར་པའི་རང་བཞིན་མེད་པས་ན་ཕྱོགས་ཐ་དད་ཀྱི་ནམ་མཁའ་དེ་ཡང་ཐ་དད་དུ་གྱུར་པ་མེད་ཅིང་རང་གི་ངོ་བོ་ལ་དབྱིབས་ལ་སོགས་པ་མི་འདྲ་བའི་བྱེ་བྲག་ཏུ་གྱུར་པ་གང་ཡང་མེད་དོ། །གཉིས་པ། འདས་པའི་དེ་བཞིན་སོགས་ཚིགས་བཅད་གཅིག་སྟེ། ཇི་ལྟར་དཔེ་ནམ་མཁའ་ལ་བྱེ་བྲག་མེད་པ་དེ་བཞིན་དུ་འདས་པའི་དུས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་མ་བྱོན་པའི་དེ་བཞིན་ཉིད་གང་ཡིན་པ་དང་ད་ལྟར་གྱི་དེ་བཞིན་ཉིད་གང་ཡིན་པ་དང་དགྲ་བཅོམ་པ་སོགས་གང་ཟག་གི་དེ་བཞིན་ཉིད་གང་ཡིན་པ་དང་། གཞི་ཤེས་བྱའི་ཆོས་ཀུན་གྱི་དེ་བཞིན་ཉིད་གང་ཡིན་པ་དང་། འབྲས་བུ་རྒྱལ་བའི་དེ་བཞིན་ཉིད་གང་ཡིན་པ་དང་། སྟོང་པ་ཉིད་རྟོགས་པ་སོགས་ལམ་གྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་སྟེ། དེ་ལྟར་དེ་བཞིན་ཉིད་འདི་ཐམས་ཅད་ལ་བྱེ་བྲག་སོ་སོར་གྲུབ་པ་གང་ཡང་མེད་པར་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དུ་རོ་གཅིག་པ་ཡིན་ཏེ། འདི་ལྟར་སྲིད་པ་དང་ཞི་བ་འདས་དང་མ་འོངས་སོགས་གཉིས་ཆོས་ཀྱིས་ཕྱེ་བ་ཐམས་ཅད་ནི་སྣང་ཚུལ་ཐ་སྙད་ཙམ་དུ་ཐ་དད་དུ་སྣང་བ་དང་དེ་ལྟར་བཏགས་པ་ཡིན་མོད་ཀྱི། གནས་ཚུལ་ཡང་དག་པའི་དོན་ཏུ་ཆོས་ཐམས་ཅད་མ་སྐྱེས་མ་འགགས་ལ་ངོ་བོ་ཉིད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མཉམ་པ་ཉིད་དུ་གྱུར་པས་དེ་ལ་དུས་གསུམ་དང་བདག་གཞན་བཟང་ངན་ལ་སོགས་པས་ཁྱད་པར་བྱར་མེད་དེ་ཐམས་ཅད་ཆོས་དབྱིངས་ཐིག་ལེ་ཉག་གཅིག་གི་རང་བཞིན་དུ་གནས་པ་དེ་སྐད་ཅིག་གཅིག་དང་ལྡན་པའི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་ནས་རང་བྱུང་གི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཆོས་ཀྱི་སྐུའི་ངོ་བོར་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་བ་བརྙེས་པ་བྲི་གང་དང་བྲལ་བ་མི་འགྱུར་མི་འཕོ་བའི་བྱང་ཆུབ་ཆེན་པོ་ནི་མཐར་ཐུག་གི་འབྲས་བུའོ། །གཉིས་པ་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ། བདེ་གཤེགས་བྱང་ཆུབ་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟ་བུར་ཐོབ་བྱའི་འབྲས་བུ་མཐར་ཐུག་པ་བདེ་བར་གཤེགས་པའི་བྱང་ཆུབ་ནམ་མཁའི་ཚུལ་ཅན་རྟོགས་བྱ་རྟོགས་བྱེད་ལ་སོགས་པ་ཐ་དད་ཀྱི་ཆོས་དང་བྲལ་བར་གྱུར་པ་གཉིས་སུ་མེད་པའི་རང་བྱུང་ཡེ་ཤེས་ཀྱི་སྐུའམ་ཆོས་ཉིད་ཀྱི་སྐུའི་རང་བཞིན་ཅན་འདི་ནི་བྱང་ཆུབ་སེམས་དཔའ་གང་ཞིག་གིས་ཐོབ་པར་འདོད་པ་དེས། རྫོགས་བྱང་དོན་གཉེར་གྱི་དད་པ་སོགས་ཐབས་དང་ལྡན་པའི་སྒོ་ནས་ཆོས་ཀུན་གྱི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྦྱོར་བའམ་བརྩོན་དགོས་ཀྱི་འདྲེན་པ་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕར་ཕྱིན་འདི་མེད་ན་ཐོབ་བྱ་བྱང་ཆུབ་ཆེན་པོ་དེ་ནམ་ཡང་ཐོབ་པར་འགྱུར་བ་མ་ཡིན་ཏེ་འབྲས་བུ་མཐར་ཐུག་པ་དེའི་རྒྱུ་ནི་ལམ་ཀུན་གྱི་དམ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཅན་འདི་ཉིད་དུ་ངེས་པ་ཡིན་ནོ། །གཉིས་པ་ལ། ལམ་འདི་དང་བྲལ་ན་མཐར་འབྲས་མི་འགྲུབ་པའི་ཚུལ་དང་། དེ་ལྟར་ཤེས་ནས་ལམ་འདིར་འཇུག་པའི་ཚུལ་གཉིས། དང་པོ་ལ་དཔེ་དོན་གཉིས་ལས་དང་པོ། བྱ་ཞིག་ལུས་ཆེ་སོགས་ཚིགས་བཅད་གཅིག་སྟེ། ཡོངས་སུ་བརྟགས་པ་བཟུང་བའི་དཔེར་བྱ་ན་བྱ་ཞིག །ལུས་ཆེ་བའི་ཚད་དཔག་ཚད་བརྒྱ་རྩ་གཅིག་དང་ལྔ་བཅུ་པར་གྱུར་པ་ཡོད་ལ་དེའི་འདབ་གཤོག་ཟད་དེ་མེད་ནས་འཕུར་ནུས་པའི་ཉམས་རྩལ་ཡོད་པ་མིན་པར་གྱུར་ན། བྱ་དེ་ཡིས་སུམ་ཅུ་རྩ་གསུམ་གྱི་ལྷ་ཡི་གནས་ནས་འཛམ་བུའི་གླིང་འདིར་བདག་ཉིད་མཆོངས་པར་གྱུར་ན་གནས་སྐབས་དེར་ནི་བྱ་དེ་ཉམས་ཉེས་པར་གྱུར་ཏེ་ལུས་རྨས་པ་སོགས་སུ་གྱུར་པ་ཡིན་པ་ལས་འོས་མེད་དོ། །གཉིས་པ། རྒྱལ་བ་རྣམས་ཀྱི་སོགས་ཚིགས་བཅད་གཅིག་སྟེ། བཤད་མ་ཐག་པའི་དཔེ་དེ་ཡི་ཚུལ་དང་འདྲ་བའི་དོན་གང་ཞེ་ན། རྒྱལ་བ་རྣམས་ཀྱི་ལམ་དུ་གྱུར་པ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་ཡང་། དུས་བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་ནན་ཏན་གྱིས་བསྒྲུབ་པར་བྱས་ཤིང་། ལམ་དང་འབྲས་བུ་རྒྱ་ཆེན་པོ་ལ་ཡང་ནས་ཡང་དུ་འཇུག་པའི་སྨོན་ལམ་མཐའ་ཡས་པ་རྒྱ་ཆེན་པོ་འཇིག་རྟེན་འདི་ན་རྟག་ཏུ་བརྟེན་པར་གྱུར་ཀྱང་དེ་ཙམ་ཁོ་ནས་བྱང་ཆུབ་ཆེན་པོ་ཐོབ་པའི་རྒྱུ་ཚང་བ་མ་ཡིན་ཏེ། བྱང་ཆུབ་ཆེན་པོའི་རྒྱུ་མ་ནོར་བ་ནི་དགེ་བའི་རྩ་བ་རྣམས་རྣམ་མཁྱེན་དུ་བསྔོ་བ་སོགས་ཐེག་པ་ཆེན་པོའི་ཐབས་མཁས་ཚད་མེད་པ་དང་། ཆོས་ཀུན་མཉམ་པ་ཉིད་དུ་རྟོགས་པའི་ཤེས་རབ་སྟེ་བྱ་མཁའ་ལ་འགྲོ་བའི་སྒྲོ་གཤོག་ཟུང་ལྟ་བུ་ཐབས་ཤེས་འདི་གཉིས་ཡ་མ་བྲལ་བ་ཡིན་ན། གང་ཞིག་ཐབས་དེ་ལྟ་བུ་མེད་པ་དང་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་ནི་ཉན་ཐོས་ཀྱི་འབྲས་བུ་ཉིད་དུ་ལྷུང་སྟེ་དཔེར་ན་བྱ་ལུས་ཆེ་ཡང་སྒྲོ་གཤོག་མེད་པར་དེ་མཆོངས་ན་འོག་ཏུ་ལྷུང་བ་བཞིན་ནོ། །གནས་ལུགས་མཐར་ཐུག་པའི་ཤེར་ཕྱིན་དང་ལྡན་ན་ཡེ་ཤེས་དེའི་ངོ་བོར་ཐབས་ཤེས་འདུ་འབྲལ་མེད་དེ་བདེན་གཉིས་དབྱེར་མེད་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །གཉིས་པ། སངས་རྒྱས་ཐེག་པ་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་མཐར་ཐུག་གི་བྱང་ཆུབ་ཆེན་པོའི་རྒྱུ་བགྲོད་པ་གཅིག་པུའི་ལམ་སངས་རྒྱས་ཀྱི་ཐེག་པ་བླ་ན་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་བྱང་ཆུབ་ཆེན་པོའི་གོ་འཕང་ལ་ངེས་པར་འབྱུང་བ་སྟེ་ཕྱིན་པར་འདོད་པ་གང་ཡིན་པ་དེས་ནི། ཚུལ་ཇི་ལྟ་བུ་དང་ལྡན་པས་འཇུག་པར་བྱ་ཞེ་ན་ཐེག་པ་ཆེན་པོ་ནི་གཞན་དོན་ལ་དམིགས་པའི་སྙིང་རྗེའི་རྩ་བ་ཅན། ཐབས་ཀྱི་ལྷན་ཅིག་བྱེད་པ་ཅན། འབྲས་བུ་སེམས་ཅན་གྱི་དོན་ནམ་མཁའ་ཇི་སྲིད་དུ་མཛད་པ་ཅན་ཡིན་པས་དེ་ལ་འཇུག་པའི་ཚུལ་དང་ཞུགས་པའི་གང་ཟག་གི་ཚུལ་ནི། མཐའ་ཡས་པའི་འགྲོ་བ་ཀུན་ལ་རིས་སུ་མ་ཆད་པར་སེམས་སྙོམས་པར་བྱས་ཏེ་ཕ་དང་མའི་འདུ་ཤེས་དང་སྤུན་དང་སྲིན་མོའི་འདུ་ཤེས་ལ་སོགས་པ་ལ་གནས་པ་དང་། གཏན་དུ་ཕན་པའི་སེམས་དང་འཕྲལ་དུ་བདེ་བར་འདོད་པ་བྱམས་པའི་ཡིད་ཀྱིས་སེམས་ཅན་དེ་དག་གི་དོན་ལ་བརྟུལ་བ་སྟེ་བརྩོན་པར་བྱ་ཞིང་། ཁྲོ་བ་དང་རྣམ་པར་འཚེ་བའི་ཐ་བ་མེད་ཅིང་གཡོ་དང་རྒྱུ་མེད་པར་རྒྱུད་དྲང་ལ་ངག་གིས་ཆོས་བསྟན་པ་དང་མཐུན་པར་བརྗོད་པ་སོགས་ཚིག་འཇམ་པོར་སྨྲ་བར་བྱ་ཞིང་བྱམས་པའི་ལུས་ཀྱི་ལས་སུའང་བྱ་སྟེ། སེམས་ཅན་རྣམས་ལ་ཟོལ་མེད་པར་ཕན་པའི་སེམས་སྐྱེད་པ་ཅན་དེས་དེ་དང་ཚུལ་མི་མཐུན་པ་གཡོ་སྒྱུ་དང་གནོད་སེམས་སོགས་བྱེད་པ་གནས་མ་ཡིན་པའི་ཕྱིར་རོ། །རྩ་བའི་གསུམ་པ་སྦྱོར་བ་པོ་གང་ཟག་བཤད་པ་ལ། ཞུས་པའི་སྒོ་ནས་མདོར་བསྟན་དང་། ལན་གྱིས་རྒྱས་པར་བཤད་པ་གཉིས། དང་པོ། འཇིག་རྟེན་མགོན་ལ་སོགས་ཚིགས་བཅད་གཅིག་སྟེ། འཇིག་རྟེན་གསུམ་གྱི་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་ལ་གནས་བརྟན་རབ་འབྱོར་གྱིས་ཡོངས་སུ་ཞུས་པ། ཡོན་ཏན་རྒྱ་མཚོ་ཚད་མེད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དག་གི་ཉོན་མོངས་པ་མ་མཆིས་པའི་རྟགས་དང་མཚན་མ་ཇི་ལྟ་བུ་ཡིན་པ་དེ་བདག་ལ་བསྟན་དུ་གསོལ། དོན་གཉིས་སྒྲུབ་པའི་མཐུ་ཆེ་བ་བྱང་ཆུབ་སེམས་དཔའ་དག་ཇི་ལྟར་ན་རྟགས་གང་གིས་མཚོན་ནས་བྱང་ཆུབ་ཆེན་པོའི་ལམ་ལས་སླར་ལྡོག་པར་མི་འགྱུར་བ་སྟེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་ཤེས་པར་འགྱུར་བ་དེ་ལྟར་བྱང་སེམས་བདག་ཉིད་ཆེན་པོ་དེ་དག་གི་ཡོན་ཏན་ཚད་མེད་པ་ལས་ཕྱོགས་སམ་ཆ་ཤས་ཙམ་ཞིག་རྒྱལ་བས་བདག་ལ་ལུང་བསྟན་དུ་གསོལ་ཞེས་ཞུས་པའོ། །གཉིས་པ་ལ། རྟགས་ཀྱིས་མཚོན་པའི་ཕྱིར་མི་ལྡོག་པ་ངོས་བཟུང་བ། ཕྱིར་མི་ལྡོག་པ་དེའི་སྤྱོད་པའི་ཁྱད་པར་ཕྱིར་ལྡོག་པ་དང་མི་ལྡོག་པའི་ཁྱད་པར་བསྟན་པ་གསུམ། དང་པོ་ཐ་དད་དང་འདུ་ཤེས་སོགས་ཚིགས་སུ་བཅད་པ་དྲུག་གིས་བསྟན་ཏེ། དེ་ལྟར་རབ་འབྱོར་གྱིས་ཞུས་པ་ལ་ཕྱིར་མི་ལྡོག་པའི་རྟགས་ཅི་རིགས་པ་བདེ་བར་གཤེགས་པས་བཀའ་སྩལ་པ་ནི། བྱང་ཆུབ་སེམས་དཔའ་ཟབ་མོའི་ཆོས་ཉིད་རྟོགས་པ་གང་གིས་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་དབྱེར་མེད་པར་མཐོང་བས་ཀུན་བྱང་གི་ཆོས་ཀུན་ལ་ཐ་དད་ཀྱི་འདུ་ཤེས་བྲལ་ཞིང་། ཆོས་ཟབ་མོ་སྟོན་པ་ལ་གནས་ལུགས་དང་མཐུན་པར་གཞལ་བའི་རིགས་པ་དང་ལྡན་པའི་ཚིག་མཁས་པས་བསྔགས་ཤིང་གཞན་དུ་བསྒྱུར་མི་ནུས་པ་སྨྲ་བ་དང་། རང་ཉིད་ལམ་འདིའི་སྟོན་པ་ལ་ཡིད་ཆེས་མི་ལྡོག་པ་ཐོབ་པས་ཕྱི་རོལ་པའི་དགེ་སྦྱོར་དག་དང་བྲམ་ཟེ་གཞན་ལ་ལམ་སྟོན་པ་པོའི་འདུ་ཤེས་ཀྱིས་རྟེན་པར་མི་བྱེད་ཅིང་དེས་བསྟན་པའི་ལམ་སྣ་ཚོགས་ལ་ཡིད་རྟོན་པ་གཏིང་ནས་མི་བྱེད་པ་དང་། རྒྱུ་འབྲས་བསླུ་བ་མེད་པ་སོགས་ཆོས་ཀྱི་ཚུལ་ལ་མཁས་ཤིང་ཡིད་ཆེས་པས་མི་དགེ་བ་མངོན་གྱུར་སྤངས་པས་དུས་རྣམས་རྟག་ཏུ་ངན་སོང་གསུམ་པོ་དང་དེས་མཚོན་པའི་མི་ཁོམས་པ་ཀུན་སྤང་བའི་ཚུལ་ཐོབ་པ་དང་། མཁས་པ་དེ་དག་རང་ཉིད་དགེ་བ་བཅུའི་ལས་ཀྱི་ལམ་ལ་ངང་གིས་གནས་ཤིང་གཞན་དག་ཀྱང་དེར་འགོད་པ་ལ་མངོན་པར་བརྩོན་པ་དང་། རྙེད་བཀུར་སོགས་ཟང་ཟིང་ལ་བལྟ་བའི་སེམས་མེད་པར་འགྲོ་བ་ལ་ཕ་རོལ་ཏུ་ཕྱིན་པ་སོགས་ཀྱི་ཆོས་ནི་སངས་རྒྱས་དང་བྱང་སེམས་རྣམས་ཀྱིས་ཇི་ལྟར་བསྟན་པ་དང་མཐུན་པར་དེ་ཡི་རྗེས་སུ་སྟོན་པ་དང་། ཆོས་ཟབ་མོའི་དོན་ལ་ཡིད་ཆེས་པས་དམ་པའི་ཆོས་ལ་རྩེ་གཅིག་ཏུ་དགའ་ཞིང་བྱ་བ་གཞན་ཆེད་ཆེར་མི་བྱེད་པར་ཆོས་འབའ་ཞིག་གཙོ་བོར་བྱེད་པ་དང་། གཞན་ལ་ཕན་པའི་སེམས་འབྱོངས་པས་རྟག་ཏུ་ཚིག་འཇམ་པོར་སྨྲ་བ་སོགས་བྱམས་པའི་ལུས་ངག་ཡིད་ཀྱི་ལས་གསུམ་དང་ལྡན་པ་དང་། དགེ་བའི་ཆོས་ལ་བག་ཡོད་པ་གོམས་པས་རྒྱུད་དུ་འགྲོ་བ་དང་ཉེ་བ་ན་འཆག་པ་དང་ཉལ་བ་དང་འདུག་པར་གྱུར་པ་སྟེ་སྤྱོད་ལམ་བཞི་པོ་གང་བྱེད་ཀྱང་བག་མེད་པ་སྤངས་ཏེ་དྲན་པ་དང་ཤེས་བཞིན་རབ་ཏུ་ལྡན་པ་སྟེ་དེ་ཡང་ཇི་ལྟ་བུ་ཞེ་ན་འདི་ལྟར་ལམ་དུ་འགྲོ་བའི་ཚེ་ནའང་མིག་གཉའ་ཤིང་གང་ཙམ་དུ་ལྟ་ཞིང་འགྲོ་ལ་རྟག་ཏུ་བག་མེད་པ་ལས་བྱུང་བའི་ལམ་ནོར་བ་དང་ལུས་སྣད་པ་ལྟ་བུ་སོགས་སེམས་འཁྲུལ་བ་མེད་པ་དང་། མཁས་ཤིང་བག་ཡོད་པའི་སེམས་ཀྱིས་དབང་གིས་སྨད་དུ་མེད་པའི་ཆོས་ལ་གནས་ཤིང་གཞན་སྐྱེ་བོ་མ་དད་པ་སྤང་བའི་ཕྱིར་ཕྱི་དང་ནང་གི་ཀུན་སྤྱོད་མཐའ་དག །གཙང་མར་བྱས་ཤིང་གཙང་མའི་གོས་འཆང་བ་སོགས་གདུལ་བྱའི་ཡིད་དང་འཐད་པའི་སྤྱོད་ལམ་གཙང་བ་དང་། ལུས་ངག་ཡིད་ཀྱི་སྒོ་གསུམ་པོ་ཁ་ན་མ་ཐོ་བས་དབེན་ཞིང་དྲི་མ་མེད་པའི་ཤེལ་ལྟར་དག་པ་དང་། འདུས་བྱས་ཀྱི་རང་མཚངས་མཐོང་བས་དེ་ལ་ལྷག་པར་མི་ཆགས་པར་སྦྱང་བའི་ཡོན་ཏན་ལེན་པ་སོགས་ཀྱི་སྒོ་ནས་རྙེད་པ་འདོད་པ་མ་ཡིན་པ་དང་། སེར་སྣ་སོགས་ཕར་ཕྱིན་གྱི་མི་མཐུན་ཕྱོགས་ཟིལ་གྱིས་མནན་ནས་རང་རྒྱུད་ཡོན་ཏན་མཆོག་གིས་མཛེས་ཤིང་གཞན་གྱི་དོན་ཆེད་ཆེར་བྱེད་པས་སྐྱེས་བུ་རྣམས་ཀྱི་ཁྱུ་མཆོག་ཏུ་ངང་གིས་གྱུར་པ་དང་། དུས་རྟག་ཏུ་ཟབ་མོའི་ཆོས་འདོད་པ་སྟེ་ཆོས་དང་རང་རྒྱུད་འདྲེས་པས་དུས་ཐམས་ཅད་དུ་ཡང་ཆོས་ཉིད་དང་ལྡན་པར་འགྲོ་བ་ཞེས་ཟབ་མོའི་ཆོས་ཉིད་ཉམས་འོག་ཏུ་ཚུད་པས་དེ་དང་བློ་ངང་གིས་མི་ཕྱེད་པར་གྱུར་ནས་ཅི་སྨྲ་ཅི་སྤྱོད་པ་ཐམས་ཅད་དེ་དང་མཐུན་པ་དང་དེ་ལས་མ་འདས་པར་གྱུར་པ་སྟེ། དཔེར་ན་ཆགས་ལྡན་པ་དག་གིས་སྤྱོད་ལམ་ཐམས་ཅད་ཆགས་པ་དང་ལྡན་པར་འགྲོ་བ་བཞིན་ནོ། །ཆོས་ཟབ་མོ་ལ་བཟོད་པའི་ངང་ཅན་དུ་གྱུར་པས་ན་བདུད་སྡིག་ཅན་གྱི་སྤྲུལ་པས་ལམ་གཞན་སྟོན་པ་དང་དམྱལ་བ་སོགས་མངོན་དུ་སྤྲུལ་ནས་འཁོར་བ་ལ་ཡིད་སྐྲག་པར་བྱེད་པ་སོགས་ཐབས་སྣ་ཚོགས་ཀྱིས་ཐེག་པ་ཆེན་པོའི་ལམ་ལས་བཟློག་སྟེ་ལམ་གཟུགས་བརྙན་བསྟན་ཀྱང་དེ་ལ་བདུད་དུ་ཤེས་ནས་བདུད་ཀྱི་ལས་སྣ་ཚོགས་ཀྱིས་མི་ཚུགས་པའི་ཕྱིར་ན། བདུད་ཀྱི་ཡུལ་ལས་འདས་ཤིང་གཞན་གྱི་དྲིང་ལ་མི་འཇོག་པ་སྟེ་གཞན་ལ་རག་མ་ལས་པའི་རང་གི་བློ་སྟོབས་དང་ལྡན་པར་གྱུར་པ་དང་། བསམ་གཏན་བཞི་ལ་སྙོམས་པར་འཇུག་པའམ་བསམ་གཏན་དུ་བྱེད་ཀྱང་བསམ་གཏན་དེར་རོ་མྱོང་བ་སོགས་ཀྱིས་མི་གནས་པ་དང་། དངོས་པོ་སྒྱུ་མ་ལྟར་ཤེས་པའི་ཕྱིར་ན་རང་ཉིད་སྙན་པ་དང་གྲགས་པ་འདོད་པ་མ་ཡིན་པ་དང་། དམ་པའི་ཆོས་ཀྱིས་རང་གི་རྒྱུད་དུལ་བས་ཁྲོ་བས་སེམས་འཁྲུགས་པའམ་ཀུན་ནས་དཀྲིས་པ་མེད་པ་དང་། རང་ཉིད་འདོད་པ་ལ་མ་ཆགས་ཤིང་ཐབས་ལ་མཁས་པས་གཞན་དོན་དུ་ཁྱིམ་པར་གྱུར་ཀྱང་རྟག་ཏུ་དངོས་པོ་ཀུན་ལ་མ་ཆགས་པར་གཏོང་བ་དང་། བདག་མེད་རྟོགས་པ་དང་གཞན་ལ་སྙིང་རྗེའི་སེམས་ཀྱི་དབང་དུ་སོང་བས་རང་གི་དོན་ཆེད་ཆེར་འཛིན་པ་ལས་བྱུང་བའི་ལོག་པའི་འཚོ་བ་དང་ལས་ཀྱི་མཐའ་ཐམས་ཅད་སྤང་བ་སྟེ། དེ་ཡང་ཇི་ལྟར་ན་རང་འཚོ་བའི་ཕྱིར་ནི་སྲོག་གཅོད་པ་དང་ཁ་གསག་ལ་སོགས་པ་རྣམ་སྨིན་ཡངས་ཏེ་ཡང་བ་ཅན་གྱི་སྒོ་ནས་ལོངས་སྤྱོད་ཚོལ་བར་མི་བྱེད་པ་དང་། རང་གི་ཆེད་དུ་གཞན་ལ་གནོད་པ་དྲག་ཤུལ་སྤྱོད་པའི་སྔགས་མངོན་སྤྱོད་ཀྱི་ལས་མི་བྱེད་པ་དང་། ཆགས་པའི་དབང་གིས་བུད་མེད་དབང་དུ་བྱེད་པའམ་རང་དབང་དུ་སྦྱོར་བའི་སྔགས་བྱེད་པ་མིན་པ་དང་། རང་ཉིད་བསྒྲགས་པའི་དོན་དུ་འདོད་པའི་ཁམས་ཀྱི་ལས་ཅན་མངལ་ན་གནས་པའམ་གདོད་སྐྱེ་བར་འགྱུར་བ་ལ་འདི་ནི་ཕོའམ་མོར་འགྱུར་རོ་ཞེས་ངག་གིས་ལུང་སྟོན་པར་མི་བྱེད་པ་དེ་རྣམས་ཀྱིས་མཚོན་ནས་ལོག་པའི་འཚོ་བ་དང་། ལོག་པའི་ལས་ཀྱི་མཐའ་རྣམ་པར་དག་པའི་རྟགས་དང་ལྡན་པ་དང་། སྒོ་གསུམ་གྱི་བྱ་བ་སྟེ་ལས་དང་སྨྲ་བ་དང་སྤྲོས་པ་ལ་དགའ་བའི་གཡེངས་པ་སྣ་ཚོགས་ཀྱིས་རབ་ཏུ་དབེན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་བརྩོན་པ་དང་། རྒྱུད་དེས་པར་གྱུར་པས་ན་གང་དུ་གནས་ཀྱང་དེང་ཕན་ཚུན་འཐབ་པ་དང་རྩོད་པ་སོགས་དང་བྲལ་ཞིང་བྱམས་པའི་སེམས་ཀྱང་རྐྱེན་གྱིས་མི་འཕྲོག་པར་རབ་ཏུ་བརྟན་པ་དང་། ཀུན་མཁྱེན་སངས་རྒྱས་ཉིད་ལ་གཅིག་ཏུ་དགའ་བའི་ཡིད་ཀྱིས་དེ་ལྟ་བ་དང་མཆོད་པ་བྱེད་པ་དང་དེའི་གོ་འཕང་རང་གིས་ཐོབ་པར་འདོད་ཅིང་འདུན་པ་དང་། སངས་རྒྱས་ཀྱི་བསྟན་པ་དམ་པའི་ཆོས་ལ་རྟག་ཏུ་འདུན་ཅིང་དེ་ལ་གཞོལ་བའི་སེམས་ཀྱིས་ཆོས་སྤྱོད་བཅུའི་ཚུལ་གྱིས་འཇུག་པ་དང་ལྡན་པ་དང་། སྨོན་ལམ་མམ་ཡེ་ཤེས་ཀྱི་སྒོ་ནས་སྐྱེ་བ་ལ་དབང་ཐོབ་པས་མཐའ་ཁོབ་ཀླ་ཀློ་སྐྱེ་བོའི་ཡུལ་དང་ཡུལ་གྱི་མཐའ་ཆོས་མི་དར་བ་རྣམ་པར་སྤངས་ནས་ཆོས་ཀྱི་འབྱོར་པའི་ཡུལ་དུ་གནས་པ་ཆོས་ཉིད་ཀྱིས་ཐོབ་པ་དང་། རང་གི་ས་ཡི་ཡོན་ཏན་སོགས་ལ་དོགས་པའམ་ཐེ་ཚོམ་མེད་པར་ངེས་པར་གྱུར་ནས་ལམ་གཞན་གྱིས་མི་འཕྲོག་པར་རྟག་ཏུ་རི་རབ་དང་འདྲ་བར་བརྟན་པ་དང་། དམ་པའི་ཆོས་ཀྱི་ཕྱིར་རང་གི་སྲོག་ཀྱང་འདོར་བ་ལ་དཀའ་བ་མེད་པར་གྱུར་ཅིང་། ཆོས་འཛིན་པ་དང་དོན་ཡིད་ལ་བྱེད་པའི་རྣལ་འབྱོར་ལ་རབ་ཏུ་བརྩོན་པ་སྟེ། འདི་དག་ནི་ཆོས་ཟབ་མོ་ལ་མྱོང་བའི་ངེས་པ་གནད་དུ་ཚུད་པ་སྦྱོར་བའི་ལམ་ལ་གནས་པ་དང་བདེན་པ་མཐོང་བའི་གང་ཟག་དག་གི་ཕྱིར་མི་ལྡོག་པའི་རྟགས་ནི་འདི་དག་ཡིན་པར་ཤེས་པར་བྱ་སྟེ། ལམ་ཐབས་ཤེས་ཀྱི་རྣལ་འབྱོར་དང་ལྡན་ལ་དེ་ལ་ངེས་ཤིང་གོམས་པའི་རང་རྟགས་འདི་ལྟ་བུ་དང་ལྡན་ན་རྟགས་དེས་ཕྱིར་མི་ལྡོག་པར་ངེས་ནུས་ཏེ་དུ་བའི་མེ་བཞིན་ནོ། །གཉིས་པ་ལ་དོན་དམ་པའི་ཡུལ་ཅན་ཟབ་མོའི་སྤྱོད་པ་དང་། ཀུན་རྫོབ་པའི་ཡུལ་ཅན་རྒྱ་ཆེ་བའི་སྤྱོད་པ་དང་། ཟུང་དུ་འཇུག་པ་ཐབས་མཁས་ཀྱི་སྤྱོད་པ་གསུམ་ལས། དང་པོ་ལ་སྤྱད་བྱ་ཟབ་མོའི་དོན་ངོས་བཟུང་བ་དང་། དེ་ལ་ཇི་ལྟར་སྤྱོད་ཚུལ་གཉིས། དང་པོ་ལ་ཟབ་མོ་ཉིད་བཤད་པ་དང་། དེ་ལ་སྤྱད་པས་བསོད་ནམས་མངོན་པར་འདུ་བྱ་བ་གཉིས། དང་པོ། གཟུགས་དང་ཚོར་དང་སོགས་ཚིགས་བཅད་གཅིག་སྟེ། གཟུགས་དང་ཚོར་བ་དང་འདུ་ཤེས་དང་སེམས་པ་དང་རྣམ་ཤེས་རྣམས་ཏེ་ཆོས་རྣམས་ནི་ཟབ་པ་སྟེ། ཇི་ལྟར་ཟབ་ན་རང་བཞིན་དབེན་པའི་ཕྱིར་སྟོང་པ་ཉིད་དང་། གཟུགས་སུ་རུང་བ་ལ་སོགས་པའི་མཚན་མ་མེད་ཅིང་། དེ་ལ་མངོན་པར་ཞེན་པའི་སྨོན་པ་རབ་ཏུ་ཞི་བ་ཡིན་པའི་ཕྱིར་བློས་དམིགས་པར་བྱར་མེད་པས་དཔེར་ན་མདའ་ཡིས་རྒྱ་མཚོའི་གཏིང་ཐུག་ཚོལ་བ་ན་འདི་ལྟ་བུའོ་ཞེས་མི་རྙེད་པ་ལྟར། དེ་ཉིད་དཔྱོད་པའི་ཤེས་རབ་ཀྱིས་ནི་བརྟགས་ཤིང་དཔྱད་ན་ཕུང་པོའི་གཏིང་མི་རྙེད་དོ། །གཉིས་པ་ལ་དངོས་དང་དེ་ལ་ཀླན་ཀ་སྤང་བ་གཉིས། དང་པོ་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ་བྱང་ཆུབ་སེམས་དཔའ་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་གང་ཞིག་རྟོགས་བྱ་ཆོས་ཀྱི་རང་བཞིན་ནམ་གནས་ལུགས་དེ་ལྟར་ངོ་བོས་ཟབ་པར་གྱུར་ཅིང་། ཐེག་པ་མཆོག་དོན་དམ་པའི་ཡུལ་ཅན་གང་དུ་རྣམ་པར་མི་རྟོགས་པས་ཆགས་པ་མེད་པ་གང་ལ་གནས་པར་བྱས་ནས། འདི་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་དུ་གྲུབ་པ་ཡོད་པ་མིན་པའི་ཟབ་མོའི་ཆོས་འདི་རྟོགས་པ་དེའི་བསོད་ནམས་ཡང་དག་པར་གྲུབ་པ་དེ་ལས་མཆོག་ཏུ་གྱུར་པ་གཞན་ཅི་ཞིག་ཡོད་དེ། དེ་ནི་བསོད་ནམས་མཆོག་ཡང་དག་པར་གྲུབ་པ་ཡིན་ནོ། །གཉིས་པ། ཟབ་མོ་དེ་ཡིད་ལ་བྱས་པ་དང་། འཆང་བ་དང་། མཉམ་རྗེས་སུ་བསྒོམས་པའི་ཕན་ཡོན་དང་། དེ་ལྟ་བུའི་བསོད་ནམས་ཀྱང་སྒྱུ་མ་ལྟར་བལྟས་པའི་ཕན་ཡོན་བཞི། དང་པོ། དཔེར་ན་འདོད་ཆགས་སོགས་ཚིགས་བཅད་གཅིག་སྟེ། དེ་ཡང་མདོ་རྒྱས་པ་རྣམས་ལས། ཤེས་རབ་ནི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་གནས་ཟབ་མོ་འདི་གང་ཞིག་སེམས་པ་དང་འཇལ་བ་དང་ངེས་པར་རྟོགས་པ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་ལྟ་ཇི་ལྟར་བསྟན་པ་བཞིན་དུ་གནས་པར་བྱའོ་ཞེས་ཉིན་གཅིག་ཙམ་དུ་ཡང་རྣལ་འབྱོར་དུ་བྱེད་ན། དེས་ཉི་མ་གཅིག་པོ་དེ་ལ་ལས་ཅི་ཙམ་ཞིག་བྱེད་ཅེ་ན། དཔེར་ན་འདོད་ཆགས་ལ་སྤྱོད་པ་ཞེས་སོགས་ནས་དེ་སྙེད་ཀྱི་བསྐལ་པར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་དང་རྫོགས་པའི་བྱང་ཆུབ་ལས་ལྡོག་པར་འགྱུར་བའི་ཉེས་པ་རྣམས་སྤངས་ཏེ་ལས་དེ་སྙེད་བྱེད་དོ་ཞེས་པའི་བར་གྱིས་བསྟན་པ་ལྟར་འདིར་ཡང་། དཔེར་ན་སེམས་འདོད་ཆགས་ཀྱི་ཆོས་ལ་སྤྱོད་པའི་སྐྱེས་བུ་ཞིག་གིས་བུད་མེད་དང་དུས་བཏབ་པར་བྱས་ལ། གལ་ཏེ་དེ་དང་མ་འཕྲད་པར་གྱུར་པ་ན་སྐྱེས་བུ་དེ་ཡི་ནི་ཉིན་གཅིག་པོ་དེ་ལ་སེམས་ཀྱི་རྣམ་རྟོག་སྣ་ཚོགས་པ་བརྒྱུད་མར་འབྱུང་སྟེ་ཆགས་པའི་དབང་གིས་ཡུལ་དེ་ཁོ་ན་ཡང་ཡང་སེམས་པར་བྱེད་པ་ཡིན་ལ། དེ་འདྲའི་སེམས་ཀྱི་རྣམ་རྟོག་སྐད་ཅིག་མ་སྤྱོད་པ་ཇི་སྙེད་པ་དེ་སྙེད་ཀྱི་བསྐལ་པར་བསགས་པའི་དགེ་བ་ཡང་ཆོས་འདི་ལ་ཉིན་གཅིག་ཏུ་རྣལ་འབྱོར་བྱེད་པའི་བྱང་ཆུབ་སེམས་དཔས་ཐོབ་པར་འགྱུར་ཏེ། སེམས་ཀྱི་སྐད་ཅིག་རེ་རེས་ཀྱང་དགེ་བའི་ཚོགས་ཚད་མེད་པ་འདུམ་པར་འགྱུར་རོ། །གཉིས་པ་བྱང་ཆུབ་སེམས་དཔའ་ཚོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་གང་ཞིག་བསྐལ་པ་མང་པོ་བྱེ་བ་སྟོང་དུ། དགྲ་བཅོམ་པ་དང་རང་རྒྱལ་སོགས་ལ་སྦྱིན་པ་བྱེད་པའམ་ཉན་རང་གི་འབྲས་བུའི་དོན་དུ་སྦྱིན་པ་བྱེད་ལ་ཚུལ་ཁྲིམས་དག་པ་སྲུང་བར་བྱེད་ཀྱང་། གཞན་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་དང་ལྡན་པའི་ཆོས། ཉིན་གཅིག་ཙམ་བརྗོད་པའི་ལེགས་པ་ཡི་ཆ་དེ་ལ་སྦྱིན་དང་ཚུལ་ཁྲིམས་དེས་ཆར་ཡང་མི་ཕོད་དོ། །གསུམ་པ། བྱང་ཆུབ་སེམས་དཔའ་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་གང་ཞིག་གིས་མཉམ་བཞག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་བསྒོམས་པར་བྱས་ཏེ། དེ་ལས་ལངས་ནས་རྗེས་ཐོབ་ཏུ་རང་གི་བསྒོམས་པ་དང་རྗེས་སུ་མཐུན་པའི་གོས་པ་མེད་པའི་ཆོས་དེ་མཚན་མའི་རྟོག་པ་སོགས་ཀྱིས་སྐྱོན་མེད་པ་ཡི་ཆོས་བརྗོད་པར་བྱས་པའམ་ཡང་ན་རྙེད་བཀུར་སོགས་དོན་དུ་གཉེར་བའི་རྟོག་པས་མ་གོས་པའི་ཆོས་བརྗོད་ཅིང་ཞེས་ཀྱང་གསུངས་སོ། །ཆོས་བཤད་པ་དེ་ཡང་འགྲོ་བའི་དོན་གྱི་ཕྱིར་བྱང་ཆུབ་མཆོག་གི་རྒྱུར་བསྔོ་ན། དགེ་བ་དེ་དང་མཉམ་པ་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་ན་མེད་དོ། །བཞི་པ་བསོད་ནམས་དེ་ཡང་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སེམས་པ་དང་འཆད་པ་སོགས་ལ་ཐ་སྙད་དུ་བསོད་ནམས་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་ཡོད་ཀྱང་དོན་དམ་པར་བསོད་ནམས་ཀྱང་རང་བཞིན་མེད་དེ། འདི་ལྟར་འཆད་པ་སོགས་ལས་བྱུང་བའི་བསོད་ནམས་དེ་ཡང་རང་གི་མཚན་ཉིད་དུ་མ་གྲུབ་པའི་ཕྱིར་གསོག་དང་དེ་བཞིན་དུ་སྡུག་བསྔལ་བ་ལ་སོགས་པའི་རྣམ་པས་སྟོང་པས་སྟོང་པ་ཉིད་དང་། མཚན་མ་མེད་པས་གསོབ་དང་། རང་གི་ངོ་བོས་མ་གྲུབ་པར་རྟེན་ཅིང་འབྲེལ་བར་འབྱུང་བས་ན་ཡ་མ་བརླ་དང་། དམིགས་པས་གཟུང་བར་བྱ་བ་དང་བྲལ་བས་སྙིང་པོ་མེད་པར་རབ་ཏུ་ཤེས་ནས་དེ་ལྟར་བདེ་གཤེགས་རྣམས་ཀྱི་ཤེས་རབ་ཕར་ཕྱིན་ལ་སྤྱད་པ་སྤྱོད་ན། དེ་ལྟའི་སྤྱད་པ་སྤྱོད་པའི་ཚེ་བསོད་ནམས་དཔག་ཏུ་མེད་པ་ཡོངས་སུ་འཛིན་ནོ། །འདིར་རང་མཚན་མེད་པས་གསོག་དང་། སྟོང་པ་ཉིད་ལ་སོགས་པ་གསུམ་ནི་སྟོང་པ་ཉིད་དོ། །སྟོང་ཉིད་སྟོང་ཉིད་ནས་གསུམ་གྱི་ཕྱིར་གསོག་གོ། །འདུས་བྱས་སྟོང་ཉིད་ནས་ལྔ་ནི་གསོབ་བོ། །རང་བཞིན་སྟོང་ཉིད་ལ་སོགས་པས་ན་སྙིང་པོ་མེད་པའོ་ཞེས་སུའང་བཤད་དོ། །དོན་དུ་དངོས་པོ་རང་བཞིན་མེད་པའི་ཚུལ་ལ་ལྡོག་ཆ་ནས་དུ་མ་བསགས་ཤིང་སོབ་སོབ་པོ་ལྟར་བརྟན་ཆ་མེད་པས་གསོག་དང་། སེང་གེ་ལ་སོགས་པ་ལྟར་བཅོས་པའི་གཟུགས་བརྙན་ལྟ་བུར་གསོ་བ་དང་། རང་སྐྱ་མི་ཕེར་བར་གཞན་ལ་ལྟོས་པ་གྱ་གྱུ་ཡིད་གཏད་མི་ཕེར་བས་ན་ཡ་མ་བརླ་ཞེས་སོགས་རྫུན་པའི་ཚིག་གི་རྣམ་གྲངས་ཀྱིས་བསྟན་པའོ། །གཉིས་པ་ཀླན་ཀ་སྤང་བ་ལ། དོན་དམ་པར་བསོད་ནམས་ཀྱི་འབྲས་བུ་འཕེལ་བ་དང་སྤང་ཐོབ་མེད་པས་སངས་རྒྱ་བ་མི་འཐད་པའི་ཀླན་ཀ་དང་། ཀུན་རྫོབ་ཏུ་ཡང་སངས་རྒྱས་ཐོབ་པ་མི་འཐད་པའི་ཀླན་ཀ་སྤང་བ་གཉིས། དང་པོ་ལ་དོན་དམ་པར་ཟད་འཕེལ་མེད་པ་དང་། མེད་ཀྱང་ཀུན་རྫོབ་ཏུ་སངས་རྒྱས་འཐད་པའི་ཚུལ་གཉིས། དང་པོ། སངས་རྒྱས་ཀྱིས་བཤད་སོགས་ཚིགས་བཅད་གཅིག་སྟེ། གང་ཞིག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མདོར་བསྟན་ཏེ་བཤད་པ་དང་། དེའི་དོན་རབ་ཏུ་རྒྱས་པར་སྦྱོར་ཞིང་བསྟན་པ་དང་། སྒྲུབ་བྱེད་འཐད་པའི་རིགས་པ་དང་བཅས་ཏེ་རབ་ཏུ་བསྟན་པའི་ཆོས་གང་ཇི་སྙེད་གསུངས་པ་འདི་ཐམས་ཅད་ཀྱང་། ཡང་དག་པར་ན་རྗོད་བྱེད་དང་བརྗོད་བྱ་ཐམས་ཅད་མི་དམིགས་ཏེ་བརྗོད་དུ་མེད་པ་ཡིན་ནའང་། ཐ་སྙད་དུ་བརྗོད་པ་ཡི་མིང་ཙམ་དུ་ཟད་པར་ཤེས་ནས། བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་ཆོས་ཀྱི་སྒོ་ཚད་མེད་པ་བསྟན་ཏེ་དགག་པའམ་སྒྲུབ་པའི་ཚུལ་དུ་བརྗོད་པར་བྱས་ཀྱང་རྗོད་བྱེད་ཀྱི་ཚིག་ལ་ཟད་པ་མེད་མོད་ཀྱི། དེས་ཆོས་ཀྱི་དབྱིངས་རང་གི་ངོ་བོ་ལ་ནི་སྐྱོན་ཟད་པ་མེད་ཅིང་ཡོན་ཏན་འཕེལ་བ་ཅུང་ཟད་ཀྱང་མེད་དེ་མཉམ་པ་ཉིད་བརྗོད་དུ་མེད་ལ་བྲི་གང་བྲལ་བར་རྟག་ཏུ་གནས་པའོ། །དེས་ན་ཡང་དག་པའི་དོན་དུ་ཆོས་ཐམས་ཅད་ཟད་འཕེལ་མེད་པར་མཉམ་པ་ཉིད་དུ་ཡེ་ནས་མྱ་ངན་ལས་འདས་པ་ཡིན་གྱི་སླར་ཡང་བྱང་ཆུབ་པར་བྱ་བ་ཅུང་ཟད་ཀྱང་མེད་དོ། །གཉིས་པ། རྒྱལ་བ་རྣམས་ཀྱི་སོགས་ཚིགས་བཅད་གཅིག་སྟེ། རྒྱལ་བ་རྣམས་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པ་ཉིད་ཅེས་བྱ་བ་གང་ཡིན་པའི་ཆོས་དེ་རྣམས་ཀྱང་རང་གི་ངོ་བོ་མ་གྲུབ་པར་མིང་གིས་བརྗོད་པ་ཙམ་དུ་ནི་ཡོངས་སུ་བསྒྲགས་མོད་ཀྱི། འོན་ཀྱང་ཀུན་རྫོབ་ཙམ་དུ་དགེ་བའི་རྩ་བ་ཐམས་ཅད་བླ་མེད་རྫོགས་བྱང་དུ་ཡོངས་སུ་བསྔོ་བ་དང་། ལམ་དང་འབྲས་བུ་ལ་རང་བཞིན་མེད་པར་ཤེས་ནས་དེ་དང་དེར་རློམ་པའི་སེམས་མེད་པའི་ཐབས་ཤེས་ཟུང་དུ་འབྲེལ་བའི་བྱང་ཆུབ་སེམས་དཔའ་ནི་རྟེན་འབྲེལ་བསླུ་མེད་ཀྱི་ཚུལ་ལས་ཡང་དག་པའི་ལམ་ལས་ཉམས་པ་མེད་ཅིང་སངས་རྒྱས་ཀྱི་བྱང་ཆུབ་མཆོག་ལ་རེག་པར་འགྱུར་བ་ཐ་སྙད་དུ་ཡོད་དེ། ཆོས་ཀུན་གདོད་ནས་མྱ་ངན་ལས་འདས་པའི་རང་བཞིན་རྣམ་དག་གི་གནས་ཚུལ་དེ་དེ་བཞིན་མངོན་དུ་རྟོགས་པ་ལས། གློ་བུར་བྲལ་དག་གིས་ཁྱད་པར་དུ་བྱས་པའི་བྱང་ཆུབ་ཐོབ་པ་ནི་སྣང་ཚུལ་གྱི་ངོས་ན་བསླུ་མེད་དུ་ཡོད་པའི་ཕྱིར་རོ། །གཉིས་པ་ཀུན་རྫོབ་ཏུ་ཀླན་ཀ་སྤང་བ་ལ། སྤང་བྱ་སྤོང་བ་འཐད་པ་དང་། ཡོན་ཏན་ཐོབ་པ་འཐད་ཚུལ་གཉིས། དང་པོ་ལ། དཔེ་དོན་གཉིས་ཀྱི། དང་པོ། འབྲུ་མར་སྙིང་པོ་སོགས་ཚིགས་བཅད་གཅིག་སྟེ། འདི་ལྟར་ཀུན་རྫོབ་ཐ་སྙད་ཀྱི་དབང་དུ་བྱས་ན་ཡང་བྱང་ཆུབ་ཐོབ་པར་བྱེད་པའི་སེམས་ནི་སྐད་ཅིག་མ་ཡིན་ལ་དེ་བསག་ཏུ་མེད་པའི་ཕྱིར་སེམས་དེས་སྒྲིབ་པ་དང་བྲལ་བའི་བྱང་ཆུབ་ཇི་ལྟར་ཐོབ་སྟེ་སེམས་སྔ་མ་ཁོ་ནས་ཀྱང་སྒྲིབ་པ་མི་སྤོང་ལ། སྔ་མ་ལ་མ་བརྟེན་པའི་ཕྱི་མ་ཁོ་ནས་ཀྱང་མི་སྤོང་ཞིང་དེ་གཉིས་ལྷན་ཅིག་ཏུ་བསགས་པ་མེད་པའི་ཕྱིར་རོ་ཞེ་ན། ཐོག་མར་འཇིག་རྟེན་ན་གྲགས་པའི་དཔེར་བྱ་ན། ཇི་ལྟར་འབྲུ་ལ་སོགས་པའི་མར་གྱི་སྙིང་པོ་སྟེ་ཞུན་མར་གང་ཡིན་པ་དེ་ཉིད་དང་མར་མེའི་མེ་ལྕེ་འབར་བ་གཉིས་ཕྲད་པ་ན། མེ་ལྕེ་སྐད་ཅིག་དང་པོ་དེ་ཁོ་ན་ཡིས་སྙིང་པོ་དེ་ཡོངས་སུ་རྫོགས་པར་ཚིག་པ་མིན་ལ་སྐད་ཅིག་དང་པོ་དེ་མེད་པར་ཡང་དེ་མི་ཚིག་པ་དང་། མར་ཁུ་དང་མེ་ལྕེ་ཕྲད་པ་ཐ་མ་ཁོ་ནས་ཀྱང་མར་གྱི་སྙིང་པོ་དེ་ཚིག་པ་མིན་ལ་མེ་ལྕེ་ཐ་མ་མེད་པར་ཡང་སྙིང་པོ་དེ་ཚིག་པ་མིན་མོད་ཀྱི། མེ་ལྕེ་སྐད་ཅིག་དང་པོ་ནས་ཐ་མའི་བར་གྱི་སྐད་ཅིག་གི་རྒྱུན་རྫོགས་པ་ན་འབྲུ་མར་གྱི་སྙིང་པོ་ཐམས་ཅད་མེས་ཚིག་པར་བྱས་ནས་ཡོངས་སུ་ཟད་པ་ནི་ཡོད་པ་དེ་ལྟར་དཔེར་བྱས་ནས་ཤེས་པར་བྱའོ། །གཉིས་པ་དང་པོའི་སེམས་ཀྱང་སོགས་ཚིགས་བཅད་གཅིག་སྟེ། བཤད་མ་ཐག་པའི་དཔེ་དེ་ལྟར། སེམས་བསྐྱེད་མ་ཐག་པ་དང་པོའི་སེམས་དེ་ཁོ་ན་ཙམ་ཉིད་ཀྱིས་སྤང་བྱ་མཐའ་དག་དང་བྲལ་བའི་བྱང་ཆུབ་མཆོག་ལ་རེག་པ་མ་ཡིན་ལ། དེ་མེད་པར་ཡང་བྱང་ཆུབ་དེ་ལ་རེག་པར་ནུས་པ་མ་ཡིན་ཞིང་། བྱང་ཆུབ་ཐོབ་ཁ་མ་རྒྱུན་གྱི་ཐ་མའི་སེམས་གང་ཡིན་པ་དེ་གཅིག་པུ་ཉིད་ཀྱིས་ཀྱང་བྱང་ཆུབ་ཆེན་པོ་དྲི་མ་མཐའ་དག་ཞི་བ་ཐོབ་པ་མིན་ལ། དེ་མེད་པར་ཡང་བྱང་ཆུབ་དེ་ཐོབ་པར་ནུས་པ་མ་ཡིན་མོད་ཀྱི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཁྱད་པར་ཅན་དུ་གྱུར་པའི་སེམས་ཀྱི་རྒྱུན་གྱིས་མཐར་སྤང་བྱ་མཐའ་དག་སྤངས་པའི་བྱང་ཆུབ་ཆེན་པོ་ཐོབ་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་དེ་བསྙོན་དུ་མེད་པ་ཡིན་ནོ། །གཉིས་པ་ཡོན་ཏན་ཐོབ་ཚུལ་ལ། ཡོན་ཏན་ཐོབ་པ་འཐད་པ་དང་། ཡོན་ཏན་རྫོགས་པ་འཐད་པ་གཉིས། དང་པོ་ལ། མི་འཐད་པ་མེད་ཚུལ་འདང་། རྟེན་བྲེལ་གྱི་སྒོ་ནས་ངེས་པར་འཐད་པ་བཤད་པ་གཉིས། དང་པོ། ས་བོན་ལས་ནི་སོགས་ཚིགས་བཅད་གཅིག་སྟེ། གང་བྱང་ཆུབ་ཐོབ་བྱེད་ཀྱི་སེམས་དང་པོ་འབྲས་བུ་ཐོབ་པའི་བར་དུ་སྡོད་ན་རྟག་པར་འགྱུར་ལ། མི་སྡོད་པར་འགག་ན་སྐད་ཅིག་མའི་སེམས་དེ་སྙེད་པ་རེ་རེ་ནས་བྱང་ཆུབ་འབྱུང་བ་མེད་པས་བསྐལ་པ་དུ་མར་བསྒྲུབས་པའི་བྱང་ཆུབ་ཀྱི་ཡོན་ཏན་འབྱུང་བ་འདི་ཐ་སྙད་དུ་མི་འཐད་དོ་ཞེས་རྒོལ་བ་ལ་ལན་བསྟན་པ་ནི། འདུས་བྱས་ཐམས་ཅད་སྐད་ཅིག་མ་ཡིན་ཀྱང་རྒྱུ་ཡི་སྐད་ཅིག་མ་རྣམས་སྔོན་དུ་སོང་བ་ན་དེའི་འབྲས་བུ་བཤོལ་དུ་མེད་པ་ནི་རྟེན་འབྲེལ་གྱི་ཆོས་ཉིད་དེ། འདི་ལྟར་འཇིག་རྟེན་ན་ས་བོན་ལས་ནི་མྱུ་གུ་དང་དེ་ལས་སྡོང་བུ་མེ་ཏོག་དང་འབྲས་བུ་རྣམས་རིམ་པར་འབྱུང་བ་ཡོད་ལ་འབྲས་བུའི་དུས་སུ་རང་རང་གི་རྒྱུ་འགག་མོད་ཀྱི། ས་བོན་དེ་ཡང་འགགས་ལ་དེའི་འབྲས་བུ་ཤིང་ཡང་མེད་པ་དེར་གྱུར་པ་མིན་ཏེ་ས་བོན་འགགས་སུ་ཟིན་ཀྱང་འབྲས་བུ་མྱུ་གུ་ལ་སོགས་པ་རིམ་པར་སྣང་བ་ཡོད་པ་ལྟར། ལམ་གྱི་འབྲས་བུ་ལ་དཔྱད་པའི་སྐབས་འདིར་ཡང་དཔེ་དེ་བཞིན་དུ་སེམས་ཐོག་མར་བསྐྱེད་པའམ་དང་པོའི་སེམས་ཀྱང་བྱང་ཆུབ་ཀྱི་རྒྱུ་ཡིན་ཏེ། སེམས་དེ་ཡང་འགགས་ལ་དེའི་བརྒྱུད་པའི་འབྲས་བུ་བྱང་ཆུབ་མེད་པ་དེ་ལྟ་བུ་མ་ཡིན་ཏེ་རྒྱུ་འབྲས་བསླུ་མེད་ཀྱི་ཚུལ་དུ་ལམ་གྱི་གནས་སྐབས་ཀྱི་སེམས་སྔ་ཕྱིའི་རྒྱུ་ལས་འབྲས་བུ་བྱང་ཆུབ་ཐོབ་པ་མི་བསླུ་བར་ཡོད་དོ། །གཉིས་པ། ས་བོན་རྙེད་ནས་སོགས་ཚིགས་བཅད་གཅིག་སྟེ། འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་ནི། གང་ཞིག་རང་འབྲས་སྐྱེད་རུང་བའི་ཚོགས་པ་དང་ལྡན་པར་གྱུར་པའི་ས་བོན་ཉིད་རྙེད་པ་སྟེ་ཡོད་པར་གྱུར་ནས་དེའི་འབྲས་བུ་འབྲུ་སྣ་ཚོགས་དང་འབྲས་སཱ་ལུ་ལ་སོགས་པ་འབྱུང་བར་འགྱུར་ལ། ས་བོན་དེ་ཡི་འབྲས་བུ་ནི་ས་བོན་དེ་ལ་གདོད་ནས་ཡོད་པ་མིན་ཞིང་འབྱུང་རུང་གི་ཚུལ་དུ་མེད་པ་ཡང་མིན་ཏེ་གང་སྔ་ནས་ཡོད་པ་ལ་རྒྱུ་མི་དགོས་ཤིང་འབྱུང་རུང་གི་ཚུལ་དུ་མེད་ནའང་རྒྱུ་ཞེས་པའི་དོན་མེད་པར་འགྱུར་རོ། །དེ་ལྟ་ན་དེ་ཡི་རང་བཞིན་ལ་དཔྱད་ན་ཡོད་པ་དང་མེད་པ་སོགས་ཀྱི་དངོས་པོའི་རང་བཞིན་དང་བྲལ་བ་ཡིན་ན་ཡང་སྒྱུ་མ་ལ་སོགས་པའི་ཚུལ་དུ་སྣང་བ་བསླུ་མེད་ཀྱི་རྣམ་པར་འབྱུང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཀྱི་ཚུལ་ལོ། །དེ་ཡི་ཚུལ་དུ་རྒྱལ་བ་རྣམས་ཀྱི་བྱང་ཆུབ་འདི་ཡང་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་འབྱུང་བར་འགྱུར་བ་ཡིན་ཏེ། དེ་ལ་དཔྱད་ན་བདེན་པར་གྲུབ་པའི་དངོས་པོའི་རང་བཞིན་དང་བྲལ་བ་ཡིན་པས་སྒྱུ་མ་ལྟ་བུར་འབྱུང་བར་འགྱུར་བ་ཉིད་དུ་རིག་པར་བྱའོ། །གཉིས་པ་ཡོན་ཏན་རྫོགས་པ་འཐད་པ། ཆུ་ཡི་ཐིགས་པས་སོགས་ཚིགས་བཅད་གཅིག་སྟེ། གང་དངོས་པོ་རྣམས་སྐད་ཅིག་མ་ཡིན་ལ་དེ་བསག་ཏུ་མེད་པས་ན་བསྐལ་པ་གྲངས་མེད་པར་གོམས་ཀྱང་ལྷན་ཅིག་ཏུ་ཚོགས་ནས་འཕེལ་བ་མི་སྲིད་པས་ཡོན་ཏན་མཐའ་དག་ཚང་བ་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཇི་ལྟར་ཐོབ་ཅེ་ན། དངོས་པོ་ཐམས་ཅད་སྐད་ཅིག་མ་ཡིན་དུ་ཟིན་ཀྱང་སེམས་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་ཡོན་ཏན་ཁྱད་པར་ཅན་དུ་གྱུར་པས་མཐར་ཡོན་ཏན་ཡོངས་སུ་རྫོགས་པ་ཡོད་དེ། འདི་ལྟར་ཆུ་ཡི་ཐིག་པ་གཅིག་ནས་དུ་མར་བསགས་པས་བུམ་པ་བཀང་བ་ན། ཐིགས་པ་དང་པོ་ནས་ཐ་མའི་བར་གྱིས་རིམ་གྱིས་ཉུང་ངུ་ཉུང་ངུ་བསགས་པས་མཐར་བུམ་པ་དེ་ཡོངས་སུ་འགེངས་པ་ལྟར། འདི་ལྟར་ས་བཅུ་དང་ལམ་ལྔར་རིམ་བཞིན་སེམས་བསྐྱེད་པའི་གྲངས་ཚང་བ་ལ་ལྟོས་ན་སངས་རྒྱས་ཐོབ་པ་ཡང་དཔེ་དེ་བཞིན་དུ་མོས་སྤྱོད་ཀྱི་སྐབས་ན་དང་པོའི་སེམས་བསྐྱེད་པ་ཉིད་ཀྱང་བྱང་ཆུབ་མཆོག་གི་རྒྱུ་ཡིན་པ་སྟེ། དེ་གཅིག་པུས་ཡོན་ཏན་ཡོངས་སུ་རྫོགས་པ་མ་ཡིན་ཀྱང་། རིམ་གྱིས་གོང་ནས་གོང་དུ་དཀར་པོའི་ཡོན་ཏན་རྫོགས་པའི་སྒོ་ནས་སངས་རྒྱས་ཐོབ་པར་འགྱུར་ཏེ་ཆུ་ཡི་ཐིགས་པ་གཅིག་གིས་བུམ་པ་ཡོངས་སུ་མི་གང་ཡང་དུ་མས་གང་བ་བཞིན་ནོ། །གཅིག་གིས་མི་གང་བར་དུ་མས་གང་བའི་སྒོ་ནས་སེམས་སྐྱེད་པའི་སྐད་ཅིག་དུ་མ་ཚང་བས་སངས་རྒྱས་ཐོབ་པའི་དཔེར་སོང་ལ། ཆུའི་དངོས་པོའང་སྐད་ཅིག་མ་ཡིན་མོད་ཀྱི་ཐིགས་པ་རྣམས་ཀྱི་རྒྱུན་གྱིས་ཕན་ཚུན་ཚོགས་པས་བུམ་པ་གང་བ་ལྟར་སེམས་སྐད་ཅིག་མའི་རྒྱུན་གྱིས་ཕྱི་མ་ཕྱི་མ་སྔ་མ་ལས་ཁྱད་པར་དུ་གྱུར་པའང་དེའི་ཚུལ་དུ་ཤེས་པར་བྱའོ། །གཉིས་པ་ཟབ་མོ་དེ་ལ་ཇི་ལྟར་སྤྱོད་ཚུལ་ལ། དངོས་དང་། དེ་ཡི་ཡོན་ཏན་བཤད་པ་གཉིས། དང་པོ་སྟོང་པ་མཚན་མེད་སོགས་ཚིགས་བཅད་གཅིག་སྟེ། འདི་ལྟར་ཆོས་ཐམས་ཅད་རང་གི་ངོ་བོ་སྟོང་པ་ཉིད་ཡིན་པས་དེ་ལ་དམིགས་པར་ལྟ་བ་ཐམས་ཅད་རབ་ཏུ་ཞི་བའི་དོན་དང་། དེ་ལྟར་དམིགས་པར་བྱ་བའི་གཞིའམ་རྒྱུ་ཡི་མཚན་མ་མེད་པ་ཡིན་པས་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་རབ་ཏུ་སྤང་བའི་དོན་དང་། དེ་ཡི་ཕྱིར་ན་དེ་ལ་ཞེན་པའམ་འབྲས་བུ་ལ་སྨོན་པ་མེད་པ་ཡིན་པས་ཁམས་གསུམ་ཐམས་ཅད་ཀྱི་སྨོན་ལམ་དང་བྲལ་བའི་དོན་ཏེ་དེ་ལྟར་རྣམ་ཐར་སྒོ་གསུམ་རྟོགས་པའི་ཆོས་ཟབ་མོ་སྲིད་ཞི་མཉམ་པ་ཉིད་ཀྱི་དོན་ལ་སྤྱོད་ཅིང་། དེའི་མཐུས་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ལ་མི་རེག་ཅིང་སྲིད་པར་དངོས་ཞེན་གྱི་མཚན་མར་མི་སྤྱོད་པ་ནི་དཔེར་ན་མཉན་པ་མཁས་པ་རྒྱ་མཚོའི་ཕར་འགྲམ་དང་ཚུར་འགྲམ་དུ་འགྲོ་བར་བྱེད་པ་ན་ཡང་། ཕར་ཚུར་གྱི་མཐའ་གཉིས་ལ་མི་གནས་ཤིང་རྒྱ་མཚོར་ཡང་གནས་པ་མེད་པ་བཞིན་ནོ། །དེ་ཡང་ཤེར་ཕྱིན་གྱི་སྐབས་འདིར་རྣམ་ཐར་གསུམ་དང་སྐྱེ་བ་མེད་པ་དང་དེ་བཞིན་ཉིད་དང་དེ་ཁོ་ན་ཉིད་ལ་སོགས་པའི་རྣམ་གྲངས་ཇི་སྙེད་པས་བསྟན་པའང་དོན་གཅིག་ཏུ་མཐུན་ཏེ། གང་སྟོང་པ་ཉིད་ཡིན་པ་དེ་ནི་མཚན་མ་མེད་ཅིང་སྨོན་པར་བྱར་མེད་པ་སོགས་ཀྱང་ཡིན་པས་རྣམ་གྲངས་སྣ་ཚོགས་པ་དེ་དག་ལྡོག་པ་ཐ་དད་ཀྱང་སྦྲང་རྩི་རོ་གཅིག་པ་བཞིན་དུ་རྟོགས་བྱ་ཆོས་ཀྱི་དབྱིངས་ཀྱི་དོན་དུ་གཅིག་པར་ཤེས་པར་བྱའོ། །གཉིས་པ། དེ་ལྟར་སྤྱོད་པ་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་སྲིད་ཞི་མཉམ་པ་ཉིད་ཀྱི་དོན་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འདི་སྙམ་དུ་བདག་རྒྱལ་བ་སྟོབས་བཅུ་དང་ལྡན་པས་ལུང་བསྟན་པར་འགྱུར་རོ་སྙམ་པ་དང་། ཐོབ་བྱ་བྱང་ཆུབ་ལ་རེག་པར་འགྱུར་རོ་སྙམ་པའི་རློམ་སེམས་མེད་དེ། གནས་ལུགས་བབ་ཀྱི་དོན་འདི་ལ་བསལ་བྱ་དང་བཞག་བྱ་ཐོབ་བྱ་དང་སྤང་བྱ་ཅི་ཡང་མེད་དོ་ཞེས་ཁོང་དུ་ཆུད་པས་བྱང་ཆུབ་ནམ་མཁའི་མཚན་ཉིད་ལ་བློས་མི་བཟོད་པའི་སྐྲག་པ་མེད་པར་གདིང་དུ་གྱུར་པ་དེ་ལྟར་སྤྱོད་པ་ནི་བདེ་བར་གཤེགས་པའི་ཤེས་རབ་ཟབ་མོ་ལ་སྤྱོད་པ་ཡིན་ནོ། །གཉིས་པ་ཀུན་རྫོབ་ཀྱི་ཡུལ་ཅན་རྒྱ་ཆེ་བ་ཞིང་སྦྱང་བའི་སྤྱོད་པ་ནི། འཇིག་རྟེན་དགོན་པའི་སོགས་ཚིགས་བཅད་གཅིག་སྟེ། གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་འདི་ན་མ་དག་པའི་རྣམ་པར་སྣང་བ། ཆུ་དང་གྲོང་དང་འབྱོར་པས་དབེན་པ་དགོན་པའི་ལམ་ཉམས་ང་བ་གནས་རྩུབ་པ་གཅན་གཟན་གདུག་པ་སོགས་ཀྱིས་གང་བ་ལྟ་བུ་སྣོད་ཀྱི་སྐྱོན་དང་། བཅུད་ཀྱི་སེམས་ཅན་རྣམས་ཆོས་དང་ཟང་ཟིང་གི་འབྱོར་བས་དབུལ་བའི་མུ་གེ་དང་། ལུས་དང་སེམས་ཀྱི་སྡུག་བསྔལ་གྱི་ནད་དང་ནང་གི་ཉོན་མོངས་པ་སྣ་ཚོགས་ཀྱིས་ནད་དང་བཅས་པར་མཐོང་ནས། དེ་ཐམས་ཅད་ལ་སྒྱུ་མར་ཤེས་པའི་བློས་སྐྲག་པ་མེད་ཅིང་། དེ་ནས་འདི་ལྟར་ཞིང་སྦྱོང་བའི་གོ་ཆ་ཆེན་པོ་གྱོན་པར་བྱས་ཏེ་འཇུག་པ་ནི། ཀྱེ་མ་སེམས་ཅན་འདི་དག་ནི་བསོད་ནམས་ཆུང་བ་སྟེ། འདི་ལྟར་ཉོན་མོངས་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པས་ན་བདག་གིས་འདི་ཐམས་ཅད་ཀྱི་དོན་དུ་ཞིང་རྣམ་པར་སྦྱངས་ཏེ་བདག་ནམ་ཞིག་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཉེས་པ་འདི་ལྟ་བུ་ཡོང་ཡེ་མེད་པར་འབྱོར་པ་ཕུན་སུམ་ཚོགས་པ་བསྒྲུབ་པར་བྱའོ་ཞེས་དེའི་དོན་དུ་ཕ་རོལ་ཏུ་ཕྱིན་པའི་ཚོགས་ལ་བསྐལ་པ་ཕྱི་མའི་མུ་མཐར་ཐུག་གི་བར་དུ་རྟག་ཏུ་བརྩོན་པར་བྱེད་ཅིང་། དེ་ཡང་རང་བཞིན་མེད་པར་རབ་ཏུ་ཤེས་པའི་སྒོ་ནས་ཚུལ་དེ་ལ་ཡོངས་སུ་སྐྱོ་བའི་ཡིད་ནི་རྡུལ་ཙམ་སྐྱེད་པར་མི་བྱེད་དོ། །གསུམ་པ་ཟུང་འཇུག་ཐབས་མཁས་ཀྱི་སྤྱོད་པ་བསྟན་པ་ལ། མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ། དང་པོ་བྱང་ཆུབ་སེམས་དཔའ་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པ་ཀུན་ཏུ་སྤྱོད་པར་བྱེད་ཅིང་དེ་ལ་གནས་སོ། །དེ་ཇི་ལྟར་ཞེ་ན་ཡུལ་ཅན་ཤེས་རབ་ཀྱི་སྟོབས་ཀྱིས། ཕུང་པོ་ལ་སོགས་པའི་ཆོས་འདི་དག་ཐམས་ཅད་གདོད་ནས་སྟོང་ཞིང་སྐྱེ་བ་མེད་པར་ཤེས་ནས་ཆོས་ཉིད་ཀྱི་དོན་ལ་གཉིས་སུ་མེད་པའི་ཚུལ་གྱིས་མཉམ་པར་འཇོག་ཀྱང་། ཇི་ལྟར་མཉམ་པར་མ་བཞག་པའི་སྐབས་བཞིན་དུ་སེམས་ཅན་གྱི་ཁམས་སྣ་ཚོགས་ཚད་མེད་པ་ལ་སྙིང་རྗེ་ཆེན་པོ་འཇུག་པར་འགྱུར་གྱི། མཉམ་པར་བཞག་པས་ཞི་བའི་དབྱིངས་ཁོ་ནར་གནས་ནས་སེམས་ཅན་གྱི་དོན་འདོར་བ་ནི་མ་ཡིན་ཏེ་ཤེས་རབ་དང་སྙིང་རྗེ་ཟུང་དུ་འཇུག་པའི་རྣལ་འབྱོར་ཟབ་མོ་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར་རོ། །སེམས་ཅན་གྱི་དོན་སྣ་ཚོགས་ལ་འཇུག་པའི་བར་སྐབས་དེར་ཡང་སངས་རྒྱས་ཀྱི་ཆོས་མི་གནས་པའི་གནས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མི་ཉམས་ཏེ། ཤེས་རབ་དང་སྙིང་རྗེ་གཉིས་སུ་མེད་པའི་ཐབས་མཁས་པའི་ཡེ་ཤེས་ཐོབ་པའི་ཕྱིར་རོ། །འདིར་མཉམ་པར་མ་བཞག་ཅེས་པ་ཆོས་ཉིད་ཟབ་མོའི་དོན་ལ་མཉམ་པར་མ་བཞག་པའི་སེམས་ཅན་འཁྲུལ་པའི་ཁམས་ལ་སྙིང་རྗེ་འཇུག་ཅེས་དང་། བྱང་ཆུབ་སེམས་དཔའ་རང་ཉིད་མཉམ་པར་མ་བཞག་པའི་སྐབས་སུ་སེམས་ཅན་གྱི་ཁམས་ལ་སྙིང་རྗེ་འཇུག་ཅེས་དང་། ཤེས་རབ་དང་སྙིང་རྗེ་ཟུང་དུ་འཇུག་པའི་བར་རམ་དབུས་ན་གནས་པ་ལྟ་བུའི་སྐབས་དེ་དག་ཏུ་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་ལས་ཡོངས་སུ་མི་ཉམས་ཏེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པའི་ཕྱིར་ཞི་བ་འབའ་ཞིག་པ་མངོན་དུ་མི་བྱེད་པའི་ཚུལ་དུ་ཡང་འགྲེལ་བར་མཛད་དོ། །གང་ལྟར་ཡང་ཤེས་རབ་དང་སྙིང་རྗེ་ཟུང་དུ་འཇུག་པའི་ཐབས་མཁས་ཀྱི་ངོ་བོ་བསྟན་པ་ཡིན་ནོ། །གཉིས་པ་ལ་དཔེ་བརྒྱད་ཀྱི་ཚུལ་གྱིས་བསྟན་ཏེ། སྒྱུ་མའི་དཔེས་སེམས་ཅན་མི་འདོར་བ། སྣོད་ཀྱི་དཔེས་སྨོན་ལམ་གྱི་ཤུགས་རྫོགས་པ། བྱ་འཕུར་བའི་དཔེས་རྟེན་མེད་ཀྱང་མི་ལྟུང་བ། མདའ་འཕང་པའི་དཔེས་མ་རྫོགས་པར་སྡོད་པ། རྫུ་འཕྲུལ་གྱི་དཔེས་སྡོད་ཀྱང་གཞན་དོན་དུ་མི་སྐྱོ་བ། གདུགས་འཛིན་པའི་དཔེས་མཐར་མི་ལྟུང་བ། དེད་དཔོན་གྱི་དཔེས་རང་གཞན་གྱི་ཕན་བདེ་བསྒྲུབ་པ། ཚོང་པའི་དཔེས་ལམ་ལ་མཁས་པ་དང་བརྒྱད་ལས། དང་པོ། དཔེར་ན་སྐྱེས་བུ་སོགས་ཚིགས་བཅད་གསུམ་སྟེ། ཤེས་རབ་དང་སྙིང་རྗེ་ཟུང་དུ་འཇུག་པའི་ཐབས་མཁས་པ་ཅི་ལྟ་བུ་ཞེ་ན་དཔེས་རིམ་པར་བཤད་པ་ལས། དང་པོ། དཔེར་ན་སྐྱེས་བུ་དགྲ་འདུལ་བའི་ཐབས་ལ་མཁས་པ་ཡི་ཡོན་ཏན་ཀུན་དང་ལྡན་ཞིང་ཞེས་མདོར་བསྟན་ནས་ཡོན་ཏན་ཅི་དང་ལྡན་ཞེ་ན་དེའི་ཚུལ་རྒྱས་པར་བཤད་པ་ནི། རང་ཉིད་ལུས་སེམས་སྟོབས་དང་ལྡན་པར་གྱུར་ལ་གཞན་གྱིས་མི་ཐུབ་པའི་བྱ་བ་ལ་བརྩོན་པར་བྱས་པ་སྟེ་དེ་ཡང་གང་ཞེ་ན་འདི་ལྟར་ལུས་མཆོངས་པ་སོགས་སྒྱུ་རྩལ་གྱི་བྱ་བའམ་ཆོ་ག་ཤེས་པར་གྱུར་པས། མདའ་འཕེན་པ་སོགས་འཕོང་དང་གཞན་ཡང་བཟོ་ཡི་གནས་མང་པོའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིང་། དེར་མ་ཟད་སྒྱུ་མ་སྣ་ཚོགས་སྟོན་པའི་ཚུལ་སྒྲུབ་ཤེས་པ་ལམ་དུ་འགྲོ་བའི་དོན་རབ་ཏུ་འདོད་པ་ཞིག་ཞེས་སམ་འགྲེལ་པར་འགྲོ་བ་གཞན་གྱི་དོན་ལ་བརྩོན་པའི་སྙིང་རྗེ་ཅན་ཞེས་གསུངས་སོ། །དེ་ལྟ་བུའི་སྐྱེས་བུ་དེས་རང་གི་ཕ་དང་མ་དང་ཆུང་མར་བཅས་པ་ཡོངས་སུ་བསྡུས་ནས་དགྲ་བྱེད་པ་མང་བ་ཅན་གྱི་དགོན་པའི་ལམ་དུ་ཕྱིན་པ་དང་། དགྲ་ཡི་ཚོགས་དེར་འོང་བ་ན་སྐྱེས་བུ་དེ་ཡིས་རང་ཉིད་ཞུམ་པ་མེད་པས་དཔའ་ཞིང་ཕ་རོལ་ལ་རྒོལ་ནུས་པའི་རྟུལ་ཕོད་པ་ཅན་གྱི་སྐྱེས་བུ་མང་པོ་མངོན་པར་སྤྲུལ་ཏེ་དགྲ་སོགས་ཀྱིས་གནོད་པ་གང་ཡང་མི་འབྱུང་བར་བྱས་ནས་ཕར་གང་འདོད་པའི་གནས་སུ་བདེ་བར་སོང་ཞིང་ཕྱིར་ཡང་རང་གི་ཁྱིམ་དུ་བདེ་བར་འོང་བ་ལྟར་བྱང་ཆུབ་སེམས་དཔས་ལམ་སྒྲུབ་པའི་གནས་སྐབས་འདིར་ཡང་དཔེ་དེ་བཞིན་དུ་འགྲོ་བའི་དོན་ལ་སྤྱོད་པ་དེ་ཡི་ཚེ་ན་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡང་སེམས་ཅན་གྱི་ཁམས་རྣམས་ཀུན་ཏུ་སྙིང་རྗེ་ཆེར་བསྐྱེད་ཅིང་། ཐེག་པ་ཆེན་པོའི་ལམ་གྱི་བར་ཆད་དུ་གྱུར་པ་ལྷའི་བུའི་བདུད་ལ་སོགས་པ་བདུད་བཞི་དག་དང་ཉན་རང་གི་ས་གཉིས་ལས་ཀྱང་རབ་ཏུ་འདས་ནས་རྣམ་ཐར་གསུམ་ལྡན་གྱི་ཏིང་ངེ་འཛིན་མཆོག་ལ་གནས་ཤིང་ཡང་དག་པའི་མཐའ་ཞི་བའི་དབྱིངས་འབའ་ཞིག་པ་མངོན་དུ་བྱེད་པའི་ཚུལ་གྱིས་བྱང་ཆུབ་ལ་རེག་པར་མི་བྱེད་དོ་ཞེས། སྤྱི་ཙམ་དུ་ཡང་དག་པའི་མཐའ་ནི་སྤྲོས་པ་ཀུན་གྱིས་དབེན་པ་ཁོ་ན་ཡིན་ན་དེ་ལ་རོ་གཅིག་པའི་ཚུལ་གྱིས་འདྲེས་པར་གྱུར་པའི་མཉམ་བཞག་མི་རྟོག་ཡེ་ཤེས་ཡོངས་སུ་སྨིན་པ་དག་ས་པའི་སེམས་དཔའ་ཆེན་པོ་ལྟ་བུ་རྣམས་ཞི་བའི་དབྱིངས་དེ་ཁོ་ནར་བར་མ་དོར་མྱ་ངན་ལས་འདའ་བར་འགྱུར་བ་སྲིད་དམ་སྙམ་པ་ལ་དེ་མི་སྲིད་དེ་ཐབས་ལ་མཁས་པས་ཡོངས་སུ་ཟིན་པས་སངས་རྒྱས་ཀྱི་ཆོས་རྫོགས་པར་འགྱུར་གྱི་བར་དུ་ཡང་དག་མཐའ་མངོན་དུ་མི་བྱེད་པ་དང་། མདོ་གཞན་ན་སངས་རྒྱས་ཀྱིས་བསྐུལ་མ་མཛད་པ་སོགས་ཀྱིས་ཞི་བ་ལས་སློང་བའི་ཚུལ་སོགས་ཞི་མཐའ་འགོག་པའི་ཚུལ་གསུངས་པ་ནི་ཡང་དག་པའི་མཐའ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ལ་ཞི་བའི་མཐར་ལྟུང་བའི་གཞི་ཞིག་ཡོད་པས་མ་ཡིན་ཏེ། ཡོད་ན་དེ་སྲིད་ཞིར་ངོ་བོ་ཉིད་ཀྱིས་མི་གནས་པའི་གཞི་ཤེར་ཕྱིན་མ་ཡིན་པར་འགྱུར་ལ། དེས་ན་དེ་རྟོགས་པ་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་སུའང་མི་རུང་བ་སོགས་ཐེག་པ་ཆེན་པོའི་གནད་ཉམས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐེག་པ་གསུམ་གྱི་ལམ་ཐུན་མོང་བར་འགྱུར་གྱི། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་དུ་མི་རུང་བར་འགྱུར་རོ། །འོ་ན་ཅི་ཞེ་ན་ཆོས་ཀྱི་དབྱིངས་ཡང་དག་པའི་མཐའ་ནི་རང་གི་ངོ་བོས་བདེན་པ་གཉིས་སུ་དབྱེར་མེད་པའི་མཉམ་པ་ཉིད་གནས་ལུགས་མཐར་ཐུག་པའི་དོན་ཡིན་པས་སྲིད་ཞིར་མི་གནས་ལ། དེ་ཇི་ལྟ་བ་བཞིན་དུ་མངོན་དུ་གྱུར་པ་ན་སངས་རྒྱས་པ་ཉིད་ཡིན་པས་དེ་སློབ་ལམ་དུ་མངོན་དུ་བྱེད་པ་མི་སྲིད་དེ་མངོན་དུ་བྱེད་པའི་རྒྱུ་མ་ཚང་བའི་ཕྱིར་རོ། །འོ་ན་དེར་དོགས་པ་མི་དགོས་པས་དེ་བར་མ་དོར་མངོན་དུ་མི་བྱེད་པའི་ཐབས་མཁས་སོགས་ཅི་ལ་གསུང་སྙམ་ན་སློབ་ལམ་གྱི་སྐབས་སུ་ཐབས་ཤེས་ཀྱི་ཆ་ཤས་ཆེ་ཆུང་དུ་ཡོད་པ་ལས་ཡང་དག་པའི་མཐའ་དམིགས་པ་མེད་པའི་ལྡོག་ཆ་ནས་བཟུང་སྟེ་བརྒྱ་ལ་དེ་ཁོ་ནར་ཞེན་ན་ཞི་བ་ཕྱོགས་གཅིག་པར་འགྱུར་རོ་ཞེས་མཐའ་ཡི་འཛིན་པ་བསལ་བའི་ཐབས་མཁས་བསྟན་པའི་ཆ་ནས་ཡང་དག་པ་ཆོས་ཀྱི་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་མཐར་ཐུག་པ་དེ་དག་ས་པས་ཀྱང་སླར་ཡང་འཇུག་པར་བྱ་བའི་ཆོས་ཟབ་མོ་ཡིན་པར་ཤེས་པའི་ཆེད་དུས་བརྒྱད་པ་ལ་རང་གི་ནང་གི་ཐབས་མཁས་པའི་སྟོབས་དང་། དེ་ལ་གནས་པ་ལ་ཕྱིའི་རྐྱེན་སངས་རྒྱས་རྣམས་ཀྱིས་ཀྱང་རིགས་ཀྱི་བུ་ཁྱོད་ཀྱིས་ངའི་ཆོས་སྟོབས་ལ་སོགས་པ་མ་ཐོབ་པས་བརྩོན་པར་གྱིས་ཤིག་སེམས་ཅན་གྱི་ཁམས་ཚད་མེད་པ་ལ་སྙིང་རྗེར་གྱིས་ཤིག་ཅེས་བསྐུལ་བའང་ཆོས་ཉིད་ཡིན་ལ། ས་བརྒྱད་པ་པ་དེས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལ་གནས་པ་རྩོལ་བ་མེད་པའི་རྣལ་འབྱོར་ཐོབ་ཀྱང་ཤེས་རབ་ཀྱི་ཕྱོགས་ཞི་བའི་དབྱིངས་ལ་གནས་པའི་ཏིང་འཛིན་ཤས་ཆེ་བས་ད་དུང་ཆོས་ཀྱི་དབྱིངས་རྣམ་ཀུན་མཆོག་ལྡན་ཡོངས་སུ་དག་པའི་བདག་ཉིད་ཐབས་ཤེས་ཆ་མི་མཉམ་པ་མེད་པར་ཟུང་གཅིག་ཏུ་ཚུད་པའི་མཐར་ཐུག་པ་ལ་མཉམ་པར་འཇོག་པའི་སྤྱོད་ཡུལ་སངས་རྒྱས་རྣམས་དང་མཚུངས་པ་མ་ཐོབ་པས། སླར་ཡང་ལམ་གོང་ནས་གོང་དུ་འཇུག་དགོས་པའི་དོན་ཡིན་གྱི། བརྒྱ་ལ་རེས་འགའ་ཞིག་ན་ཡང་བར་མ་དོར་མྱ་ངན་ལས་འདའ་མཁན་གྱི་དག་ས་པ་ཞིག་སྲིད་པའི་དོན་ནི་རྣམ་པ་ཀུན་ཏུ་མིན་ཏེ། ས་དང་པོ་ནས་ཀྱང་བདེན་གཉིས་དབྱེར་མེད་པའི་ཆོས་ཉིད་མངོན་དུ་མཐོང་བས་སངས་རྒྱས་ཀྱི་རིགས་སུ་ངེས་ཀྱང་། མ་དག་ས་བདུན་དུ་དག་ས་དང་འདྲ་བར་མི་རྟོག་པའི་ཡེ་ཤེས་མ་ཐོབ་པས་ཐབས་ཀྱི་ཕྱོགས་ལ་གནས་པ་ཤས་ཆེ་བ་བཞིན་ནོ། །དེ་ལ་མདོ་རྣམས་ནས་བརྒྱ་ལ་སངས་རྒྱས་རྣམས་ཀྱིས་མ་བསྐུལ་དུ་ཟིན་ན་དེ་གདོན་མི་ཟ་བར་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་གསུང་བ་མ་ཡིན་ནམ་ཞེ་ན་དེ་ཡིན་མོད་དེ། དེ་ནི་ས་བརྒྱད་པའི་ཏིང་ངེ་འཛིན་ཤིན་ཏུ་ཞི་བའི་ཕུལ་དུ་བྱུང་བ་ཡིན་པར་ཤེས་པའི་དོན་དུ་བརྟག་པ་མཐར་བཟུང་གི་དཔེར་གསུངས་པ་སྟེ། སངས་རྒྱས་རྣམས་ཀྱིས་དེ་ལ་མི་བསྐུལ་བ་ནི་རྣམ་པ་ཀུན་ཏུ་མི་སྲིད་དེ། དེའི་ནང་གི་ཐབས་མཁས་པའི་ཡེ་ཤེས་ཀྱི་དབང་གིས། ཕྱིའི་རྐྱེན་བསྐུལ་མ་དེ་ལྟར་མཛད་ནས་ཡང་དག་པའི་སྒོ་བསྒྲུབ་པའང་ཆོས་ཉིད་དེ། དེར་མ་ཟད་ཐེག་པ་ཆེན་པོའི་རིགས་སུ་སྐྱེས་ཤིང་ཕྱིར་མི་ལྡོག་པས་དང་པོ་ཐོབ་པ་ནས་ཀྱང་ཡིན་ན་འདི་ལ་ལྟ་ཅི་སྨོས་པའི་ཕྱིར་རོ། །དེས་ན་མཐར་ཐུག་གི་འབྲས་བུ་མི་གནས་པའི་མྱང་འདས་ཆེན་པོ་སངས་རྒྱས་ཉིད་མ་ཐོབ་པར་བར་མ་དོར་མྱ་ངན་ལས་འདས་ན་དེ་ནི་ཞི་བ་ཕྱོགས་གཅིག་པའི་མྱང་འདས་ལས་འོས་མེད་ལ། དེར་མི་འདའ་བའི་ཐབས་མཁས་ཀྱང་བདེན་པ་གཉིས་དབྱེར་མེད་པའི་ཡུལ་ཅན་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པའི་ཤེར་ཕྱིན་ཉིད་ཡིན་གྱི་གཞན་མིན་ཀྱང་། ཐབས་མཁས་དེ་འདྲ་བ་ལ་འཇུག་ཚུལ་ཐུན་མོང་མིན་པ་དག་ས་པའི་ཉམས་ལེན་གྱི་སྐབས་ཤིག་བསྟན་པ་ཡིན་པར་གོ་བ་ནི་ཤིན་ཏུ་གནད་ཆེན་པོ་ཡིན་ནོ། །དོགས་པའི་གནས་གལ་ཆེ་བ་ཅུང་ཟད་ཕྱེ་སྟེ་བཤད་པའོ། །གཉིས་པ། མཁའ་ལ་རླུང་བརྟེན་སོགས་ཚིགས་བཅད་གཉིས་ཏེ། འཇིག་རྟེན་ཆགས་ཤིང་གནས་པ་ན་ཐོག་མར་ནམ་མཁའ་ལ་རླུང་གི་དཀྱིལ་འཁོར་བརྟེན་ཏེ་ཆགས་ལ་རླུང་དེ་ལ་ཆུ་ཡི་ཕུང་པོ་བརྟེན་པ་དང་ཆུ་དེ་ལ་ས་ཆེན་པོ་འདི་བརྟེན་ཅིང་ས་དེ་ལ་ས་ལ་གནས་པའི་འགྲོ་བ་གླིང་བཞི་ལ་སོགས་པ་བརྟེན་པ་ཡིན་ཏེ། སེམས་ཅན་རྣམས་ཐུན་མོང་གི་ལས་བསགས་པ་ལ་སྤྱོད་པའི་རྒྱུའམ་གཞི་ནི་དེ་འདྲ་བ་ཡིན་པ་སྟེ། དེ་ལྟར་འབྱུང་བ་རྣམས་གཅིག་ལ་གཅིག་བརྟེན་པར་གྱུར་ཀྱང་མཐར་ནམ་མཁའ་ནི་གཞན་གང་ལ་བརྟེན་ནས་གནས་པ་ཡིན་པའི་དོན་འདི་ལ་བསམ་པར་གྱིས་དང་དེ་ནི་གང་ལའང་མི་རྟེན་པའི་ཚུལ་ཤེས་པར་འགྱུར་རོ། །ཚུལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་ལ་གནས་པ་དེ་ཡང་། འགྲོ་བ་རྣམས་ལ་སེམས་ཅན་གྱི་ཐ་སྙད་དང་དོན་དམ་པའི་རང་བཞིན་ཤེས་པའི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་དེ་དག་གི་དོན་དུ་སྨོན་ལམ་ཚད་མེད་པ་བཏབ་པའི་རྟེན་ཅན་གྱིས་ཏེ་སྨོན་ལམ་ལ་བརྟེན་ནས་བྱུང་བའི་སེམས་ཅན་གྱི་ཁམས་ཀུན་ཏུ་ཕན་བདེའི་བྱ་བ་རྣམ་པ་སྣ་ཚོགས་དུ་མ་སྟོན་པར་བྱེད་ཅིང་། འབྲས་བུ་ཕྱོགས་གཅིག་པའི་མྱ་ངན་འདས་པ་ལ་མི་རེག་ལ་ལམ་སྟོང་པ་འབའ་ཞིག་པར་གནས་པའང་མེད་དོ། །གསུམ་པ་གང་གི་ཚེ་ན་སོགས་ཚིགས་བཅད་གཉིས་ཏེ། ཐེག་པ་ཆེན་པོའི་ལམ་ལ་སློབ་པ་གང་གི་ཚེ་ན་འདི་ལྟར་བྱང་ཆུབ་སེམས་དཔའ་རང་ཉིད་དམ་པའི་དོན་ལ་མཁས་ཤིང་། གཞན་གྱི་རྨོངས་པའི་མུན་པ་བསལ་ནས་གསལ་བར་བྱེད་པ་ཉིད་དུ་གྱུར་པ་གང་ཞིག །སྟོང་པ་ཉིད་ཀྱི་ཡུལ་ཅན་སྤྲོས་པ་ཞི་བའི་ཏིང་ངེ་འཛིན་དམ་པ་འདི་ལ་སྤྱོད་པ་དེ་ནི་ལམ་ལ་སློབ་པའི་བར་སྐབས་དེར་ནི་དམིགས་པར་བྱ་བའི་མཚན་མ་ཅུང་ཟད་ཀྱང་རབ་ཏུ་སྒོམ་པར་མི་བྱེད་དེ་མཚན་མ་མེད་པར་གྱུར་པའི་དོན་ལ་གནས་ཤིང་འཁོར་བའི་རྣམ་པར་རྟོག་པ་ཞི་ལ་མྱང་འདས་ཀྱི་རྣམ་པར་རྟོག་པ་རབ་ཏུ་ཞི་བ་ལ་སྤྱོད་པ་ཡིན་མོད་བར་སྣང་དུ་འཕུར་བའི་བྱ་ལ་བརྟེན་པར་བྱ་བའི་གནས་གཞན་ཡོད་པ་མ་ཡིན་ཏེ་ནམ་མཁའ་དེ་ན་དེ་གང་ལའང་གནས་པ་མ་ཡིན་ཀྱང་ས་ལ་ལྟུང་བར་མི་འགྱུར་བ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམ་ཐར་གསུམ་གྱི་སྒོར་སྤྱོད་པ་དེ་ནི་ཐབས་ཀྱིས་མྱ་ངན་ལས་འདས་པའི་མཐའ་ལ་མི་རེག་ལ་ཤེས་རབ་ཀྱིས་སྲིད་པའི་མཚན་མར་སྤྱོད་པ་མ་ཡིན་པས་ཆོས་གང་ལའང་མི་གནས་ལ་མཐའ་གང་དུའང་མི་ལྟུང་ངོ་། །བཞི་པ། དཔེར་ན་འཕོང་བསླབ་སོགས་ཚིགས་བཅད་གཉིས་ཏེ། དཔེར་ན་འཕོང་བསླབ་པ་ལེགས་པར་ལོབ་པའི་སྐྱེས་བུས་གནམ་དུ་ཤིང་ལེབ་དང་བཅས་པའི་མདའ་འཕངས་ཏེ། ཡང་དེའི་རྗེས་སུ་འཕྲང་བའི་མདའ་གཞན་དག་གིས་མདའ་སྔ་མ་སྔ་མའི་ཕྱི་བཞིན་བརྒྱུད་མར་ཡོང་བཏགས་པ་སྟེ་གཅིག་གཅིག་གིས་འབྲེལ་ཆགས་སུ་བཟུང་བར་གྱུར་པས་སྔ་མའི་མདའ་དེ་ས་ལ་ལྟུང་བའི་སྐབས་མི་རྙེད་པར་གྱེན་དུ་འཕུལ་བར་བྱེད་ལ་མི་དེ་དག་གིས་རྩོལ་བ་དེ་བཞག་པར་འདོད་ནས་མ་འཕང་ན་མདའ་དེ་དག་ས་ལ་ལྟུང་བར་འགྱུར་རོ། །དཔེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་དེ་ནི་ལམ་གྱི་གནས་སྐབས་སུ་དམིགས་པ་མེད་པའི་ཤེས་རབ་དང་སྙིང་རྗེ་དང་ཡོངས་བསྔོ་སོགས་ཐབས་དང་། དད་པ་སོགས་ཀྱི་སྟོབས་དང་ལུས་གང་འདོད་དུ་སྟོན་པ་སོགས་རྫུ་འཕྲུལ་གྱིས་ནི་རྣམ་པར་སྤྱོད་པ་དེ་དག་རྫོགས་སྨིན་སྦྱང་པ་མཐར་ཕྱིན་པའི་དགེ་བའི་རྩ་བ་རྣམས་ཇི་སྲིད་མ་རྫོགས་པ་དེ་སྲིད་དུ་སྟོང་ཉིད་དམ་པ་ཟག་པ་མེད་པའི་དབྱིངས་དེ་ནི་བར་མ་དོར་མངོན་དུ་ཐོབ་པར་མི་བྱེད་དེ་སྨོན་ལམ་འགྲུབ་པའི་བྱ་བ་ཡོངས་སུ་མ་རྫོགས་བར་དུ་ཚོགས་སོག་པར་བྱེད་པའི་དོན་ཏོ། །ལྔ་པ། དཔེར་ན་དགེ་སློང་སོགས་ཚིགས་བཅད་གཉིས་ཏེ། དཔེར་ན་དགེ་སློང་རྫུ་འཕྲུལ་གྱི་སྟོབས་མཆོག་དང་ལྡན་པ་ཞིག་ནམ་མཁར་གནས་ཏེ་དུས་ཅིག་ཆར་ཆོ་འཕྲུལ་སྣ་ཚོགས་རྣམ་པར་འཕྲུལ་པ་འགྲོ་བ་དང་འཆག་པ་དང་ནི་ཉལ་བ་དང་འདུག་པ་སྣ་ཚོགས་སུ་སྟོན་ཀྱང་དེ་ལ་ནི་བྱ་བ་སྣ་ཚོགས་པ་དེས་སེམས་སྐྱོ་བ་མེད་ཅིང་དེ་ཡི་ལུས་ལ་དུབ་པ་མེད་དོ། །དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཁས་པ་གང་ཞིག་ནམ་མཁའ་ལྟ་བུའི་སྟོང་ཉིད་ཀྱི་དོན་ལ་གནས་ཤིང་ཐབས་ལ་མཁས་པའི་ཡེ་ཤེས་དང་རྫུ་འཕྲུལ་གྱི་ཕ་རོལ་ཏུ་སོན་པ་ལ་ཆོས་གང་ལའང་དམིགས་པའི་ཚུལ་གྱིས་གནས་པ་མེད་ཀྱང་། འགྲོ་བ་དག་ལ་རང་རང་དང་འཚམས་པའི་ཕན་བདེའི་བྱ་བ་སྣ་ཚོགས་རྣམ་པ་མཐའ་ཡས་པ་སྟོན་པར་བྱེད་ཅིང་དེ་ལ་བསྐལ་པ་བྱེ་བ་ཚད་མེད་པའི་བར་དུ་ཡང་ཡིད་སྐྱོ་བ་མེད་ཅིང་ལུས་དུབ་པ་གང་ཡང་མེད་དོ། །དྲུག་པ་དཔེར་ན་མི་འགའ་སོགས་ཚིགས་བཅད་གཉིས་ཏེ། དཔེར་ན་མི་འགའ་ཞིག་གཡང་ས་ཆེན་པོའི་ཁར་འདུག་པར་བྱེད་ཅིང་ལག་པ་གཉིས་ཀས་གདུགས་གཉིས་འཛིན་ཅིང་ནམ་མཁའ་ལ་མཆོངས་པར་བྱེད་ཅིང་གཡང་ས་ཆེན་པོར་ལུས་བོར་ན་གདུགས་ཐོགས་པ་དེ་རླུང་གིས་བཏེགས་པའི་མཐུས་དེ་མ་ཐག་ཏུ་གཡང་ས་དེའི་མཐིལ་དུ་ལྟུང་བར་མི་འགྱུར་ཏེ་དེའི་བར་ཐག་ཇི་སྲིད་པ་དེར་ནི་དལ་གྱིས་འགྲོ་བར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ཁོ་ན་ཉིད་ལ་མཁས་པ་དང་ཡིད་སྙིང་རྗེར་གནས་པ་གང་གིས་ཐབས་དང་ཤེས་རབ་གཉིས་ཀྱི་གདུགས་ནི་ཡོངས་སུ་བཟུང་སྟེ་གནས་ན། འདི་ལྟར་ཤེས་རབ་ཀྱི་གདུགས་བཟུང་བས་ཆོས་རྣམས་སྟོང་པ་དང་མཚན་མ་མེད་པ་དང་སྨོན་པ་མེད་པར་རྟོགས་ཤིང་། ཐབས་ཀྱི་གདུགས་བཟུང་བས་ཞི་བ་ཕྱོགས་གཅིག་པའི་མྱ་ངན་འདས་ལ་རེག་པ་མེད་ལ་ཇི་སྙེད་པའི་ཆོས་ཀུན་ཀྱང་མཐོང་བར་འགྱུར་རོ། །བདུན་པ་དཔེར་ན་རིན་ཆེན་སོགས་ཚིགས་བཅད་གཉིས་ཏེ། དཔེར་བྱ་ན་མི་ཡ་རབས་ཀྱི་རིགས་ཅན་གཉེན་ལ་སོགས་པ་བདེ་བར་བྱ་བའི་ཕྱིར་རིན་ཆེན་འདོད་པ་ཞིག་རིན་ཆེན་གྱི་གླིང་དུ་སོང་སྟེ། རིན་ཆེན་མང་པོ་རྙེད་ནས་ཕྱིར་ཡང་རང་གི་ཁྱིམ་དུ་འོང་བར་གྱུར་པ་ན་དེར་ནི་དེད་དཔོན་རང་ཉིད་འབའ་ཞིག་རྙེད་པ་དེས་བདེ་བར་འཚོ་བར་བྱེད་ཅིང་གཞན་གཉེན་བཤེས་ཀྱི་ཚོགས་ལ་ཅུང་ཟད་ཀྱང་མི་སྟེར་བར་ཡིད་མི་བདེ་བར་འཇོག་པར་བྱེད་པ་མིན་པ་ལྟར་དུ་ཤེས་པར་བྱ་སྟེ། གང་ཞེ་ན་དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རིན་པོ་ཆེའི་གླིང་དུ་སོང་སྟེ་བསམ་གཏན་ཀྱི་དགའ་བ་དང་དབང་པོ་ལྔ་དང་སྟོབས་ལྔ་ལ་སོགས་པ་ཡོན་ཏན་གྱི་ཆོས་ཚད་མེད་པ་ཐོབ་པ་ན། མྱ་ངན་འདས་ལ་རེག་པ་པོ་རང་ཉིད་འབའ་ཞིག་ཚུལ་དེས་མངོན་པར་དགའ་བར་བྱེད་ཅིང་། སེམས་ཅན་གཞན་རྣམས་ལ་ཡོན་ཏན་དེས་ཕན་མི་གདགས་པར་སྡུག་བསྔལ་ཡིད་དུ་འཇོག་པར་འགྱུར་བ་མ་ཡིན་ཏེ་སེམས་ཅན་གྱི་དོན་དུ་ཆོས་དེ་དག་བསྒྲུབ་པའི་ཕྱིར་རོ། །བརྒྱད་པ་དཔེར་ན་དོན་གཉེར་སོགས་ཚིགས་བཅད་གཉིས་ཏེ། དཔེར་ན་རིན་པོ་ཆེ་དོན་དུ་གཉེར་བའི་ཚོང་པ་དག་ནི་ལམ་གྱི་རྒྱུས་ཤེས་པར་བྱ་བའི་ཕྱིར། རང་གི་ཁྱིམ་ནས་རིན་པོ་ཆེའི་གླིང་གི་བར་གྱི་གྲོང་ཁྱེར་ཆེན་པོ་རྣམས་དང་། གྲོང་རྡལ་ཏེ་གྲོང་འབྲིང་པོ་དང་གྲོང་ཆུང་ངུ་བ་གང་ཡིན་པར་འགྲོ་ཡང་རང་ཉིད་དེར་འདུག་པ་དོན་མེད་པར་རིག་ནས་བར་གྱི་གྲོང་ཁྱེར་ལ་སོགས་པ་དེར་ཡང་མི་གནས་ལ། རིན་པོ་ཆེའི་གླིང་དུ་འདུག་ནའང་རང་ཁྱིམ་ལ་མི་ཕན་པར་ཤེས་ནས་རིན་ཆེན་གླིང་དུའང་མི་གནས་ལ། ལམ་དུ་འགྲོ་བཞིན་པ་ལམ་གྱི་རྒྱུས་ཤེས་ཤིང་རིག་པ་དེ་དག་ཁོ་རང་གི་ཁྱིམ་དུའང་མི་གནས་པར་ལམ་བགྲོད་པ་ལ་མཁས་ཤིང་རྩོལ་བས་ལམ་དུ་འགྲོ་བར་འགྱུར་རོ། །དེ་བཞིན་དུ་སེམས་ཅན་ལ་ཕན་བདེ་དོན་གཉེར་གྱི་བྱང་ཆུབ་སེམས་དཔའ་ཐབས་ཤེས་ཀྱི་ལམ་ལ་སློབ་བཞིན་པ་ན་ཚུལ་དེ་ལ་བློ་གསལ་བར་གྱུར་ཏེ། འདི་ལྟར་བར་གྱི་གྲོང་ལ་སོགས་པ་ལྟ་བུའི་ཉན་ཐོས་དང་། རང་རྒྱལ་རྣམས་ཀྱི་ལམ་གྱི་ཤེས་པ་སྟེ་ཤེས་རབ་དང་འབྲས་བུ་རྣམ་གྲོལ་གྱི་ཚུལ་ཀུན་ལ་མཁས་པར་བྱས་ནས། དམན་པའི་ལམ་དང་འབྲས་བུ་དེ་ལ་རང་ཉིད་མི་གནས་ཤིང་རིན་པོ་ཆེའི་གླིང་ལྟ་བུའི་སངས་རྒྱས་ཀྱི་ཡེ་ཤེས་ལའང་མངོན་པར་ཞེན་པའི་ཚུལ་གྱིས་མི་གནས་ལ། རང་གི་ཁྱིམ་ལྟ་བུ་མྱ་ངན་ལས་འདས་པ་འདུས་མ་བྱས་པའི་དབྱིངས་ལའང་རོ་མྱོང་གི་ཚུལ་གྱིས་མི་གནས་ཀྱང་། གནས་སྐབས་ལམ་ལ་བགྲོད་པ་ལྟ་བུ་ཉན་རང་བྱང་སེམས་ཀྱི་ལམ་གསུམ་གྱི་ཚུལ་ཤེས་པར་བྱས་ནས་ནི་དེའི་རིགས་ཅན་གྱི་སེམས་ཅན་ཚད་མེད་པའི་དོན་བྱེད་པ་ཉིད་ཡིན་པར་ཤེས་པར་བྱའོ། །གསུམ་པ་དོན་བསྡུ་ལ། དོན་དང་། དཔེ་གཉིས། དང་པོ། གང་ཚེ་འགྲོ་ལ་སོགས་ཚིགས་བཅད་གཅིག་སྟེ། གང་གི་ཚེ་འགྲོ་བ་ཀུན་ལ་བྱམས་པ་ཆེན་པོས་བཟུང་བའི་སྒོ་ནས་རྗེས་སུ་འབྲེལ་བར་བྱས་ནས། ཏིང་ངེ་འཛིན་དམ་པ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་རང་བཞིན་ཅན་ལ་སྤྱོད་པ་ཡི་བྱང་ཆུབ་སེམས་དཔའ་དེ་ནི་འདུས་མ་བྱས་པ་འབའ་ཞིག་པའི་དབྱིངས་མྱ་ངན་ལས་འདས་པ་ཁོ་ན་ཐོབ་པར་འགྱུར་རོ་ཞེའམ། འདུས་བྱས་འཁོར་བ་པ་ཡིན་པར་གདགས་ནུས་པ་དེ་ནི་གནས་མེད་དོ། །གཉིས་པ་དཔེར་ན་སྤྲུལ་པའི་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་འཁོར་འདས་གང་རུང་དུ་གདགས་པར་མི་ནུས་ཀྱང་བྱང་སེམས་དེ་རྣམ་པ་ཀུན་ཏུ་སུས་ཀྱང་མི་ཤེས་མི་མཐོང་བར་མི་འགྱུར་ཏེ། དཔེར་ན་སྤྲུལ་པའི་མི་ཡི་ལུས་ནི་སུ་ལའང་མི་སྣང་བ་མ་ཡིན་ཞིང་། དེ་ནི་མིང་གིས་ཀྱང་ནི་གདགས་པར་ནུས་ལ་འཇིག་རྟེན་ན་དེའི་ཚུལ་བརྗོད་པ་དག་ཀྱང་ཡོད་པ་ལྟར་དུ་ཤེས་པར་བྱ་ལ། མིང་གིས་བཏགས་ཀྱང་སྤྲུལ་པ་དེ་མིའམ་མི་མ་ཡིན་པའི་གང་ཟག་གཞན་ཡིན་པར་མ་གྱུར་པ་དེ་བཞིན་བྱང་ཆུབ་སེམས་དཔའ་རྣམ་ཐར་གསུམ་གྱི་སྒོར་སྤྱོད་པ་དེ་ནི་སྲིད་ཞིར་མི་གནས་ཀྱང་འཇིག་རྟེན་ན་སྣང་ཞིང་མིང་གིས་ཀྱང་ནི་གདགས་པར་ནུས་པ་ཡིན་ནོ། །གསུམ་པ་ཕྱིར་ལྡོག་པ་དང་མི་ལྡོག་པའི་ཁྱད་པར་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། གལ་ཏེ་སྤྱོད་པ་སོགས་ཚིགས་བཅད་གཅིག་སྟེ། གལ་ཏེ་གང་ཟག་གང་གིས་བྱང་ཆུབ་སེམས་དཔའ་གང་ལ་རྒྱལ་བའི་སྲས་ཀྱི་གནས་པར་བྱ་བའི་སྤྱོད་པ་ཇི་ལྟ་བུ་ཡིན་པ་དང་ནི་གང་ཟག་དེ་ཟབ་མོའི་ཚུལ་ལ་ཇི་ལྟར་མོས་པ་དང་ཇི་ལྟར་སེམས་པར་བྱེད་པའི་དད་པ་དང་ཤེས་རབ་ལ་སོགས་པའི་དབང་པོ་ཇི་ལྟ་བུ་ཡིིིན་པའི་ཚུལ་ཡོངས་སུ་དྲིས་པ་ལ། བྱང་ཆུབ་སེམས་དཔའ་དེས་རྟོགས་བྱ་སྟོང་པ་ཉིད་དང་མཚན་མ་མེད་པའི་ཆོས་ཟབ་མོ་ཡོངས་སུ་མི་སྟོན་ལ། གང་ཟག་དེ་དབང་པོ་སྨིན་པར་གྱུར་པའི་བདག་ཉིད་དུ་ཡིད་ཆེས་པར་ནུས་པའི་ཕྱིར་མི་ལྡོག་པའི་ས་ཡི་ཆོས་རྟགས་དང་རྣམ་པ་ལ་སོགས་པ་མི་འཆད་པ་སྟེ་འཆད་མི་ནུས་པ་དེ་ནི་ཕྱིར་མི་ལྡོག་པར་ལུང་མ་བསྟན་པ་ཡིན་པར་རིག་པར་བྱ་སྟེ། དཔེར་ན་འདི་སྐད་དུ། བྱང་ཆུབ་སེམས་དཔའ་འཚང་རྒྱ་བར་འདོད་པས་ཇི་ལྟར་སྟོང་པ་ཉིད་ལ་འདྲིས་པར་བྱ་ཞིང་མངོན་དུ་མི་བྱེད་པ་ཡིན་ཞེས་དྲིས་པས་མཚོན་ཏེ་ཕྱིར་མི་ལྡོག་པའི་སྤྱོད་པ་དང་དབང་པོ་དང་རྟགས་ཇི་ལྟ་བུ་ཡིན་ཞེས་དྲིས་པ་ལ་རང་གིས་ཉམས་འོག་ཏུ་མ་ཚུད་པ་དག་གིས་དེ་འཆད་མི་ནུས་པའི་ཕྱིར་རོ། །དེ་ལྟར་ཡང་མདོ་ལས་བྱང་ཆུབ་ལ་སྤྱོད་པ་མང་སྟེ་ལན་ལྡོན་པ་ནི་ཉུང་ངོ་། །ཞེས་གསུངས་ཏེ། གང་ཕྱིར་མི་ལྡོག་པའི་ལམ་གྱི་ཆོས་རང་གིས་མངོན་དུ་བྱས་པ་དེས་ནི་ཇི་ལྟར་དྲིས་པ་ལ་ཤིན་ཏུ་ངེས་པའི་ཚུལ་གྱིས་ལན་ལྡོན་པ་ན་འདི་ནི་ཆོས་ཟབ་མོ་འདི་ལྟ་བུ་ཉམས་འོག་ཏུ་ཚུད་པ་ལས་ཕྱིར་མི་ལྡོག་པའོ་སྙམ་དུ་ཡིད་ཆེས་པར་ནུས་ཀྱི་གཞན་དུ་ཕྱིར་མི་ལྡོག་པ་ཡིན་པར་ངེས་མི་ནུས་སོ། །གཉིས་པ་ལ་ཕྱིར་མི་ལྡོག་པའི་རྟགས་དང་། བདུད་ཀྱིས་བསླུས་པའི་ཁྱད་པར་གཉིས་སོ། །དང་པོ། དགྲ་བཅོམ་ས་དང་སོགས་ཚིག་བཅད་གསུམ་སྟེ། ཐབས་ཤེས་ཟུང་འབྲེལ་ཐེག་པ་ཆེན་པོའི་ལམ་ལ་ངེས་པར་གྱུར་པས། ཉན་ཐོས་དགྲ་བཅོམ་པའི་ས་དང་རྐྱེན་གྱི་སངས་རྒྱས་ཞེས་རང་རྒྱལ་གྱི་ཡེ་ཤེས་ཏེ་དེ་ལྟར་ཞི་མཐའ་དང་། སྲིད་པ་ཁམས་གསུམ་པོ་དག་ལ་དངོས་སུ་ལྟ་ཅི་རྨི་ལམ་ན་ཡང་མི་འདོད་ཅིང་། སངས་རྒྱས་རྣམས་འཁོར་རྒྱ་མཚོས་བསྐོར་བ་མཐོང་ཞིང་དེས་འགྲོ་ལ་ཆོས་ཀྱང་སྟོན་པར་བྱེད་པ་རྨི་ལམ་སོགས་སུ་མཐོང་བ་དེ་ནི་བླ་ན་མེད་པའི་བྱང་ཆུབ་ལས་དམན་པའི་ལམ་དུ་མི་ལྡོག་པར་ལུང་བསྟན་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སྙིང་རྗེའི་ཡིད་དང་ལྡན་པ་དེས་རྨི་ལམ་ན་ནི་སེམས་ཅན་ངན་སོང་གསུམ་གྱི་གནས་མཐོང་ནས་སྐད་ཅིག་དེ་ལ་ངན་སོང་རྣམས་རྒྱུན་གཅོད་པའི་སྨོན་ལམ་འདེབས་པར་བྱེད་ཅིང་དེས་སྡུག་བསྔལ་རྣམས་ཞི་བར་མཐོང་བ་དང་། ཡང་གཉིད་དུ་གྱུར་པའམ་སད་པ་ན་གྲོང་མེར་འབར་བ་མཐོང་ནས་བྱང་སེམས་དེས་བདག་ཕྱིར་མི་ལྡོག་པར་ལུང་བསྟན་པ་ཡིན་ན་བདེན་པ་དང་བདེན་པའི་ཚིག་འདིས་མེ་འདི་ཞི་བར་གྱུར་ཅིག་ཅེས་པ་ལྟ་བུ་བདེན་པའི་བྱིན་གྱིས་བརླབས་ཀྱིས་མེ་ཡི་ཕུང་པོ་དེ་ཞི་བའི་མཐུ་གྲུབ་པ་དེ་ནི་ཕྱིར་མི་ལྡོག་པར་ལུང་བསྟན་པ་ཡིན་པར་རིག་པར་བྱའོ། །མི་ཡི་འཇིག་རྟེན་ན་འབྱུང་པོའི་གདོན་སྣ་ཚོགས་དང་ནད་མང་བ་དག་ལ། ཕན་པར་འདོད་པ་དང་སྡུག་བསྔལ་ལས་བསྐྱབ་པར་འདོད་པའི་སྙིང་བརྩེར་ལྡན་པའི་བདེན་པའི་ཚིག་བརྗོད་པ་སོགས་ཀྱི་སྒོ་ནས་བདེན་པའི་བྱིན་གྱིས་དེ་དག་ཞི་བར་གྱུར་ལ། འོན་ཀྱང་བདག་གིས་དེ་ལྟར་ནུས་པའི་ཕྱིར་བདག་ནི་མཐུ་དང་ལྡན་པའོ་སྙམ་དུ་ནུས་པ་དེས་རློམ་སེམས་སུ་གྱུར་པ་མེད་ཅིང་རང་ཉིད་ཁྱད་པར་དུ་འཕགས་སོ་སྙམ་པའི་ང་རྒྱལ་སྐྱེ་བ་མེད་པ་དེ་ནི་ཕྱིར་མི་ལྡོག་པར་ལུང་བསྟན་པ་ཐོབ་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ལམ་ལ་ངེས་པ་བསྟན་པ་ནང་གི་དྲོད་དང་། དེ་ལས་ཕྱིིའི་རྐྱེན་སངས་རྒྱས་རྨི་ལམ་སོགས་སུ་མཐོང་བ་དང་། ནང་གི་ཡོན་ཏན་གྱི་མཐུ་མངོན་གྱུར་དུ་སྟོན་ནུས་པ་གང་ཞིག་རློམ་པ་མེད་པ་དེ་ནི་རྟགས་སུ་གསུངས་སོ། །གཉིས་པ་ལ། བདུད་ལས་དང་། དེ་སྤང་བའི་ཐབས་ལ་བརྩོན་པར་བསྟན་པ་གཉིས། དང་པོ་ལ་ཡོན་ཏན་གྱིས་རློམ་པའི་བདུད། མིང་གི་གཞི་ལས་འོང་བའི་བདུད། དབེན་པས་རློམ་པའི་བདུད་དང་གསུམ། དང་པོ་ཅི་སྟེ་དེ་ནི་སོགས་ཚིགས་བཅད་གཅིག་སྟེ། ཅི་སྟེ་གང་ཟག་དེ་ནི་བདག་གམ་གཞན་བདུད་ལ་སོགས་པའི་མཐུས་གདོན་ཞི་བ་ལ་སོགས་པའི་བདེན་པའི་བྱིན་རླབས་སྣ་ཚོགས་དག་གྲུབ་པའམ་འབྱོར་བར་གྱུར་པའི་རྒྱུ་མཚན་གྱིས་བདག་ནི་ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་ཕྱིར་ལུང་བསྟན་པ་ཉིད་དུ་གྱུར་པའོ་སྙམ་དུ་རློམ་སེམས་འབྱུང་བའམ། གལ་ཏེ་བྱང་ཆུབ་སེམས་དཔའ་གཞན་གྱིས་བདག་ལུང་བསྟན་ཅིང་གྲགས་པ་བརྗོད་པར་འགྱུར་དུ་འོང་ངོ་སྙམ་དུ་རློམ་པ་སྐྱེས་ན། བདག་སྙན་པ་དང་གྲགས་པའི་ཡོན་ཏན་གྱིས་རློམ་སེམས་ལ་གནས་པ་དེ་ནི་རློམ་པ་དེ་དང་ལྡན་པའི་ཕྱིར་བློ་ཆུང་ཞིང་མ་སྨིན་ལ་བདུད་ཀྱིས་བསླུ་རུང་བའི་འོས་སུ་ཤེས་པར་བྱ་སྟེ། དེ་ལ་བྱིན་རླབས་ཀྱི་གཞི་ལས་འོང་བའི་བདུད་འཇུག་པ་ཡིན་ནོ། །གཉིས་པ་མིང་གི་གཞི་ལས་སོགས་ཚིགས་བཅད་གཉིས་ཏེ། མིང་གི་གཞི་ལས་ཀྱང་རློམ་པའི་བདུད་འབྱུང་སྟེ་གང་ཞེ་ན་འདི་ལྟར་བདུད་སྡིག་ཅན་ནི་སངས་རྒྱས་ལ་སོགས་པ་ཆ་བྱད་གང་ཡང་རུང་བས་གང་ཟག་དེའི་གན་དུ་ཉེ་བར་འོང་པར་གྱུར་ནས། འདི་སྐད་སྨྲས་ཏེ་འདི་ལྟ་བུ་ནི་ཁྱོད་དང་ཁྱོད་ཀྱི་ཕ་མ་དང་། ཁྱོད་ཀྱི་མི་རབས་བདུན་གྱི་མེས་པོ་ཚུན་ཆད་ཀྱི་རྒྱུད་ཀྱི་བར་གྱི་མིང་ཡིན་ནོ་ཞེས་དེ་དག་གི་མིང་ཐམས་ཅད་སྨྲ་ཞིང་རང་གི་ཡིད་ལ་སྔོན་ནས་བསམ་པ་སོགས་དང་ཚུལ་མཐུན་པར་གང་ཚེ་ཁྱོད་ནི་སངས་རྒྱས་སུ་འགྱུར་བའི་མིང་ནི་འདི་ཞེས་བྱ་བ་ཡིན་ནོ། །ད་ལྟ་གང་ཟག་དེ་བསོད་སྙོམས་པ་དང་སྟན་གཅིག་པ་སོགས་སྦྱངས་པའི་ཡོན་ཏན་ལ་གནས་པ་དང་། ཚུལ་ཁྲིམས་དག་པའི་སྡོམ་པ་དང་ལྡན་པ་དང་། བསམ་པ་དང་སྒོམ་པ་ལ་སོགས་པའི་རྣལ་འབྱོར་དང་ལྡན་པ་ཅི་འདྲ་བ་འབྱུང་བར་འགྱུར་བ་དེ་དེ་བཞིན་དུ་གསལ་པོར་བརྗོད་ལ། ཁྱོད་ཅི་སྔོན་གྱི་དུས་སུ་ཡང་སྦྱང་ཡོན་ལ་སོགས་པའི་ཡོན་ཏན་གྱི་ཚུལ་ཡང་ད་ལྟའི་འདི་དང་འདྲ་བར་གྱུར་པའོ་ཞེས་བརྗོད་པར་བྱེད་དོ། །དེ་སྐད་སྨྲས་པའི་བདུད་ཀྱི་ཚིག་དེ་གང་གིས་ཐོས་ནས། རང་གི་ཡོན་ཏན་སོགས་བརྗོད་པའི་མིང་ཙམ་གྱི་གཞིའམ་རྒྱུ་དེ་ལ་བརྟེན་ནས་དེས་རློམ་སེམས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་ནི། བདུད་ཀྱིས་རློམ་སེམས་ཡོངས་སུ་བསླང་ཞིང་བློ་ཆུང་བ་ཡིན་པར་རིག་པར་བྱའོ། །གསུམ་པ་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ། རབ་ཏུ་དབེན་པའི་སོགས་ཚིགས་བཅད་གཅིག་སྟེ། རང་ཉིད་གཞན་དང་མི་ཕྲད་པར་རབ་ཏུ་དབེན་པའི་གྲོང་དང་གྲོང་ཁྱེར་ཆེན་པོ་དང་རི་ཡི་སུལ་དང་གྲོང་ལས་ཐག་རིང་བ་དགོན་པ་དང་མི་མེད་པའི་དབེན་པ་དང་ནགས་ཀྱི་ཁྲོད་ལྟ་བུ་གང་ཡང་རུང་བ་རབ་ཏུ་བསྟེན་པར་བྱེད་ཅིང་གནས་མོད་ཀྱི། དེ་འདི་སྙམ་དུ་དབེན་པར་གནས་པ་ནི་དེ་བཞིན་གཤེགས་པས་མཆོག་ཏུ་བསྔགས་ཤིང་བདག་ནི་དབེན་པར་གནས་པའོ་སྙམ་དུ་དབེན་པའི་གཞི་དེས་རློམ་སེམས་སུ་གྱུར་ནས། བདག་ལ་བསྟོད་ཅིང་གཞན་དབེན་པར་མི་གནས་པ་ལ་སྨོད་པའི་བྱང་ཆུབ་སེམས་དཔའ་དེ་ནི། བདུད་ཀྱིས་རྒྱུད་ཡོངས་སུ་བསླད་པའམ་བསྐྱོད་པར་བྱས་ཤིང་། དེ་དག་བློ་རྒྱ་ཆུང་བ་ཉིད་དུ་རིག་པར་བྱའོ། །གཉིས་པ་ལ་ནང་གི་དབེན་པ་བསྟན་པ། དབེན་པ་དེ་མ་ཤེས་པའི་སྐྱོན་བཤད་པ་གཉིས། དང་པོ། རྟག་ཏུ་གྲོང་དང་སོགས་ཚིགས་བཅད་གཅིག་སྟེ། དུས་རྟག་ཏུ་ལུས་འཕགས་ལ་སོགས་པ་ལྟ་བུའི་གྲོང་དང་ཙམ་པ་ཀ་ལ་སོགས་པའི་ཡུལ་འཁོར་དང་། པ་ཏྲ་ལི་པུ་ཏྲ་ལ་སོགས་པ་ལྟ་བུའི་གྲོང་རྡལ་ན་གནས་པར་བྱེད་ཅིང་། དེར་སེམས་ཅན་རྣམས་སྨིན་པ་བྱེད་པ་དང་བྱང་ཆུབ་ཀྱི་ལམ་ལ་བརྩོན་པ་མ་གཏོགས་པར། བྱང་སེམས་དེ་ནི་དགྲ་བཅོམ་དང་རང་རྒྱལ་གྱི་འབྲས་བུ་ལ་འདོད་པ་གཞར་ཡང་སྟེ་ནམ་ཡང་མི་སྐྱེ་བ་འདི་ནི་བདེ་བར་གཤེགས་པའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབེན་པ་ཡང་དག་པར་གསུངས་པ་ཡིན་ཏེ་ལུས་དབེན་པ་ཙམ་གྱིས་སེམས་དྲི་མས་དབེན་པར་མི་འགྱུར་ལ། ནང་གི་སེམས་རང་དོན་ཡིད་བྱེད་དང་དམན་ལམ་ཡིད་བྱེད་ཀྱིས་དབེན་པ་ན་གང་དུ་གནས་ཀྱང་དབེན་པའི་མཆོག་ལ་གནས་པ་ཡིན་པའི་ཕྱིར་རོ། །དེ་དག་དཔེར་ན་སྔོན་འཕགས་པ་འཇམ་དཔལ་གྱིས་རྒྱལ་བྱེད་ཀྱི་ཚལ་དུ་དབྱར་གནས་པར་དམ་བཅས་ནས་དེར་དགེ་འདུན་གྱི་ཚོགས་སུ་མ་བཞུགས་པར་གསལ་རྒྱལ་གྱི་བཙུན་མོའི་འཁོར་དུ་སེམས་ཅན་རྣམས་སྨིན་པར་བྱས་པའི་ལོ་རྒྱུས་འཕགས་པ་དཀོན་མཆོག་གི་ཟ་མ་ཏོག་ལས་འབྱུང་བ་ལྟ་བུའོ། །གཉིས་པ་ལ་ནང་གི་དབེན་པ་དང་བྲལ་བའི་སྐྱོན་དང་། ནང་གི་དབེན་པ་ཅན་ལ་བརྙས་པའི་སྐྱོན་བསྟན་པ་གཉིས། དང་པོ། གང་ཞིག་དཔག་ཚད་སོགས་ཚིགས་བཅད་གཅིག་སྟེ། གང་ཞིག་དཔག་ཚད་ལྔ་བརྒྱ་ཙམ་ཚུན་ཆད་ན་སྐྱེ་བོའི་རྒྱུ་འགྲུལ་གྱིས་དབེན་པར་ཡོད་པའི་རི་ཡི་སུལ་མི་མེད་ལ་གདུག་པའི་སྦྲུལ་གྱིས་གང་ཞིང་སྡོད་མི་ཚུགས་པའི་གནས་ག་ལ་བར་ལོ་མང་པོ་བྱེ་བར་གནས་པར་བྱེད་ཀྱང་། ནང་གི་དབེན་པ་ཡང་དག་པ་འདི་མི་ཤེས་པའི་བྱང་ཆུབ་སེམས་དཔའ་དེ་ནི། རང་ཉིད་ལྷག་པའི་ང་རྒྱལ་རྙེད་ནས་དམན་པའི་ཡིད་བྱེད་དང་འདྲེ་བར་གནས་པ་ཡིན་ཏེ། དེའི་རྒྱུ་མཚན་དབེན་པ་ནི་མ་འདྲེས་པའི་དོན་ཡིན་ལ། ཅི་དང་འདྲེ་མི་རུང་ཞེ་ན་བྱང་ཆུབ་སེམས་དཔའི་རྒྱུད་ནི་བདག་ལ་ལྷག་པར་ཆགས་པ་དང་དམན་ལམ་ཡིད་བྱེད་དང་འདྲེ་མི་རུང་བ་ཡིན་ན་དེ་འདྲའི་དབེན་པ་མི་ཤེས་པར་ལུས་དབེན་པ་ཙམ་གྱིས་ང་རྒྱལ་དུ་བྱེད་ཅིང་སེམས་ཅན་གྱི་དོན་བྱ་བ་ལས་གཡེལ་བ་དེ་ནི་སེམས་མི་མཐུན་ཕྱོགས་ཉོན་མོངས་པ་དང་འདྲེ་བར་གྱུར་པས་ན་དབེན་པ་ལ་གནས་པ་མིན་ནོ་ཞེས་པའི་དོན་ཏོ། །གཉིས་པ་ལ་དངོས་དང་། དེས་ན་གཞན་གྱི་ཚོད་དཔོག་དཀའ་བར་བསྟན་པ་གཉིས། དང་པོ། བྱང་ཆུབ་སེམས་དཔའ་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་གང་ཞིག་འགྲོ་བའི་དོན་ལ་བརྩོན་པ་དང་ལྡན་ཞིང་། བསམ་གཏན་བཞི་དང་སྟོབས་ལྔ་དང་དབང་པོ་ལྔ་དང་རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་ཐོབ་ནས་གྲོང་དང་གྲོང་ཁྱེར་རྣམས་སུ་རྒྱུ་ཞིང་སེམས་ཅན་རྣམས་སྨིན་པའི་དོན་དུ་མཛད་པའི་ཚུལ་སྣ་ཚོགས་སྟོན་པ་དེ་ལ། དེའི་དགོངས་སྤྱོད་ཟབ་མོ་མི་ཤེས་པ་དག་གིས་འདི་ནི་དགོན་པ་དང་དབེན་པ་ལ་སྤྱོད་པ་མིན་ནོ་སྙམ་དུ་བརྙས་པར་བྱེད་པ་པོ་དེ་ནི་བདུད་ཀྱི་སྤྱོད་ཡུལ་ཏེ་བདུད་ཀྱིས་གླགས་རྙེད་པའི་ཡུལ་ལ་གནས་པར་གྱུར་པ་ཡིན་ནོ་ཞེས་རྒྱལ་བས་གསུངས་ཏེ། དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་དག་དང་སྤྱོད་པའི་བློ་གྲོས་ཀྱི་ལོ་རྒྱུས་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་སོགས་ལས་གསུངས་པ་བཞིན་ནོ། །གཉིས་པ་གང་ཞིག་གྲོང་ངམ་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་གང་ཞིག་ལུས་གྲོང་ངམ་འོན་ཏེ་དགོན་པར་གནས་ཀྱང་རུང་སྟེ། ནང་གི་ཡིད་ཉན་རང་གི་ཐེག་པ་གཉིས་ཀྱི་སེམས་དང་བྲལ་ནས་བྱང་ཆུབ་མཆོག་གི་ལམ་ལ་ངེས་པར་གྱུར་ན། ཚུལ་འདི་ནི་འགྲོ་བའི་དོན་ལ་ཞུགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབེན་པ་ཡང་དག་པ་སྟེ། དེ་ལྟར་མ་ཤེས་ནས་དེ་འདྲའི་དབེན་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་འདི་ལ་བྱང་ཆུབ་སེམས་དཔའ་གཞན་གྱིས་དྲོད་སྙོམ་པའམ་དྲོད་ཚད་བཟུང་ནས་འདི་ནི་དབེན་པར་མི་གནས་པའོ་སྙམ་པ་སོགས་ཚད་འཛིན་པ་དེ་ནི་བདག་ཉིད་ཐོབ་པ་དང་མ་ཐོབ་པའི་ཡོན་ཏན་ལས་ཉམས་པར་འགྱུར་རོ། །དེས་ནང་དང་ང་འདྲ་བ་མ་གཏོགས་པར་གང་ཟག་གིས་གང་ཟག་གི་ཚོད་གཟུང་བར་མི་བྱ་ཞེས་དང་། བྱང་ཆུབ་སེམས་དཔས་ནི་རང་གི་རྒྱུད་ལ་རྟོགས་ཀྱི་གཞན་གྱི་འཁྲུལ་པ་བཙལ་བར་མི་བྱ་ཞེས་མདོ་རྣམས་སུ་གསུངས་སོ། །གཉིས་པ་བདུད་ཀྱི་ལས་སྤོང་བའི་ཐབས་བསྟན་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། དེ་ལྟ་བས་ན་སོགས་ཚིགས་བཅད་གཅིག་སྟེ། ལམ་ཚོལ་བ་ལ་བདུད་ཀྱི་ལས་མང་དུ་འབྱུང་བ་དེ་ལྟ་བས་ན་དེ་བཟློག་པའི་ཕྱིར་ཕྱི་དང་ནང་གི་ཡོངས་སུ་འཛིན་པ་བརྟེན་པར་བྱའོ། །དེ་ཅི་ལྟ་བུ་ཞེ་ན་གང་གིས་བརྟེན་པ་པོ་ནི་བྱང་ཆུབ་དམ་པ་ཚོལ་བ་ཡི་བསམ་པ་དྲག་པོ་དང་ལྡན་ལ་དེ་བསྒྲུབ་པའི་ཐབས་ལ་མཁས་པ་དང་ལྡན་པས་སོ། །ཇི་ལྟ་བརྟེན་ན་རང་གི་རྒྱུད་ཀྱི་ང་རྒྱལ་ངེས་པར་བཅོམ་སྟེ་དགེ་བའི་བཤེས་གཉེན་གཞན་ལ་གུས་པ་ཆེན་པོས་ཇི་ལྟར་ནད་པའི་ཚོགས་ཀྱིས་རང་གི་ནད་གསོ་བའི་ཕྱིར་གཞན་སྨན་པ་བཟང་པོ་ལ་བསྟེན་པ་ལྟར་ཆོས་ཉན་པའི་སྐབས་སུའང་། རང་ལ་ནད་པ་ཆོས་སྨྲ་བ་ལ་སྨན་པ་ཆོས་ལ་སྨན་ནན་ཏན་ཉམས་སུ་ལེན་པ་ལ་ནད་གསོ་བའི་འདུ་ཤེས་བཞི་དང་ལྡན་པས་གཡེལ་བ་མེད་པར་བསྟེན་པར་བྱའོ། །གང་བསྟེན་ན་དགེ་བའི་བཤེས་གཉེན་ཏེ་དགེ་བ་ནི་སྐབས་འདིར་ཐེག་པ་ཆེན་པོའི་ཆོས་ཡིན་ལ། དེ་ལེགས་པར་སྟོན་པ་ནི་དགེ་བའི་བཤེས་གཉེན་ཡིན་ཏེ། ལམ་ཡང་དག་པར་སྟོན་པ་དང་ལམ་གྱི་བར་ཆད་བདུད་ཀྱི་ལས་ངོས་ཟིན་པར་བྱེད་ཅིང་དེ་ལས་འདའ་བའི་ཐབས་སྟོན་པའི་སྒོ་ནས་ལམ་ལས་མི་ཉམས་པ་འདིས་ཡོངས་སུ་འཛིན་ནུས་པའི་ཕྱིར་རོ། །དེས་ན་དེ་ལྟ་བུ་ཡོངས་སུ་བསྟེན་པར་བྱའོ། །གཉིས་པ་ལ་ཕྱི་ནང་གི་ཡོངས་འཛིན་གཉིས་བཤད་པ་དང་། ནང་གི་ཡོངས་འཛིན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། སངས་རྒྱས་བྱང་ཆུབ་སོགས་ཚིགས་བཅད་གཅིག་སྟེ། བསྟེན་པར་བྱ་བའི་བཤེས་གཉེན་དེ་གང་ཞེ་ན་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་མཆོག་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དག་དང་། ལམ་ཕ་རོལ་ཏུ་ཕྱིན་པ་དང་བཅས་ཏེ་དགེ་བའི་བཤེས་སུ་བསྟེན་པར་བྱའོ། །དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ནི་ཐེག་པ་ཆེན་པོ་འདི་གཞན་ལ་རྗེས་སུ་སྟོན་པར་བྱེད་པ་ཡིན་པས་ཕྱིའི་ཡོངས་འཛིན་ཞེས་བྱ་ལ། དེ་དག་གིས་བསྟན་པ་ལམ་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཉམས་སུ་ལེན་པའམ་བསྒྲུབ་པར་བྱ་བའི་སའམ་གནས་ཡིན་པས་ནང་གི་ཡོངས་འཛིན་ཞེས་བྱའོ། །དེ་ལྟར་ཕྱི་ནང་གི་ཡོངས་འཛིན་དེས་ཐེག་པ་མཆོག་གི་ལམ་ལས་ལམ་གཞན་དུ་མི་ལྟུང་བར་འཛིན་པས་ན་ཡོངས་འཛིན་གཉིས་པོ་དེ་བསྟེན་པའི་རྒྱུ་རྣམ་པ་དེ་གཉིས་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་མྱུར་དུ་རྟོགས་པར་འགྱུར་ཏེ་མ་ཚང་བ་མེད་པའི་རྒྱུ་ཕུན་སུམ་ཚོགས་པར་གྱུར་པའི་ཕྱིར་རོ། །གཉིས་པ་ནང་གི་ཡོངས་འཛིན་བྱེ་བྲག་ཏུ་བཤད་པ་ལ། ཤེར་ཕྱིན་བཤེས་གཉེན་ཡིན་ཚུལ་དང་། བཤེས་གཉེན་དེ་ཇི་ལྟར་བསྟེན་ཚུལ་གཉིས། དང་པོ། རྒྱལ་བ་འདས་དང་སོགས་ཚིགས་བཅད་གཅིག་སྟེ། གང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་བཤེས་གཉེན་ཡིན་པར་ཡོངས་སུ་གྲགས་མོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དགེ་བའི་བཤེས་གཉེན་དུ་གྱུར་པའི་ཚུལ་ཇི་ལྟར་ཡིན་སྙམ་ན། རྒྱལ་བ་རྫོགས་པའི་སངས་རྒྱས་གང་ཞིག་སྔར་འདས་པའི་དུས་སུ་བྱོན་ཟིན་པ་དང་། ད་ལྟ་མ་བྱོན་པ་མ་འོངས་པའི་སངས་རྒྱས་དང་། ད་ལྟ་སངས་རྒྱས་ནས་ཕྱོགས་བཅུར་གང་བཞུགས་པ་སྟེ་དུས་གསུམ་གྱི་རྒྱལ་བ་དེ་དག་ཀུན་གྱི་ལམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡིན་གྱི་འདི་ལས་གཞན་ནི་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་འཚང་རྒྱ་བའི་ལམ་གཞན་ནི་རྣམ་པ་ཀུན་ཏུ་མི་སྲིད་དེ་སྲིད་ཞི་མཉམ་ཉིད་དུ་རྟོགས་པའི་ཤེས་རབ་མེད་པའི་ལམ་གཞན་གྱིས་འཚང་རྒྱ་མི་ནུས་པར་ངེས་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་མཆོག་གི་ཚུལ་ལ་ཞུགས་པ་རྣམས་ཀྱི་གསལ་བྱེད་དུ་གྱུར་པ་དང་སྒྲོན་མར་གྱུར་པ་དང་སྣང་བར་གྱུར་པ་དང་སྟོན་པ་མཆོག་ཏུ་གྱུར་པ་ཡིན་ནོ་ཞེས་སུ་རྒྱལ་བ་རྣམས་ཀྱིས་བཤད་དེ། རིམ་པ་ལྟར་གང་ཟག་གི་བདག་མེད་པ་སྟོན་པ་དང་། ཆོས་ཀྱི་བདག་མེད་པ་སྟོན་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་སྟོན་པ་དང་། མཐར་ཐུག་གི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་བྱང་ཆུབ་ཀྱི་ལམ་སྟོན་པའི་ཕྱིར་ནའོ། །གཉིས་པ་ལ་བསྟེན་བྱ་ཤེར་ཕྱིན་གྱི་ངོ་བོ། དེ་བསྟེན་དགོས་པར་གདམས་པ་གཉིས། དང་པོ་ལ་དངོས་དང་། དེ་ལྟ་ན་ཀུན་བྱང་དུ་འགྱུར་བ་མི་འཐད་པའི་རྩོད་སྤང་གཉིས། དང་པོ་ཇི་ལྟར་ཤེས་རབ་སོགས་ཚིགས་བཅད་གཅིག་སྟེ། འཕགས་པ་བརྒྱད་སྟོང་པར་ཤེར་ཕྱིན་གྱི་མཚན་ཉིད་ཞུས་པའི་ལན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ་ཞེས་ཐ་སྙད་ཀྱི་མཚན་ཉིད་མ་བསྟན་པར་དོན་དམ་པའི་མཚན་ཉིད་བསྟན་ཏེ་གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད་ལ་སོགས་པ་ཐ་སྙད་ཀྱི་གནས་ཚུལ་ནི་དོན་དམ་དུ་མ་གྲུབ་པར་བློས་བཏགས་པ་ཙམ་སྟེ་དཔྱད་མི་བཟོད་པའོ། །ཆོས་ཀུན་གྱི་གནས་ཚུལ་རྣལ་མ་ནི་སྟོང་པ་ཉིད་དེ། ཡིན་ལུགས་སྐྱོན་མེད་པ་ཡིན་པས་ན་དེ་ལྟར་གསུངས་སོ་འདིར་ཡང་དེ་བཞིན་དུ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་སྟོང་པ་ཉིད་ཡིན་ལ། དེ་ཁོ་ནའི་མཚན་ཉིད་སྟོང་པ་ཉིད་ཡིན་པར་མ་ཟད་ཀྱི་གཟུགས་ལ་སོགས་པ་ཆོས་འདི་ཐམས་ཅད་ཀྱི་མཚན་ཉིད་ཀྱང་ཤེར་ཕྱིན་དེ་དང་འདྲ་བར་སྟོང་པ་ཉིད་དུ་ཤེས་ཤིང་། ཆོས་སུ་གདགས་པ་ཇི་སྙེད་པ་རྣམས་ཐམས་ཅད་ངོ་བོ་སྟོང་ཞིང་དམིགས་པའི་མཚན་མ་མེད་པར་རབ་ཏུ་ཤེས་ན། དེ་ལྟར་སྤྱོད་པ་དེ་ནི་བདེ་བར་གཤེགས་པའི་ཤེས་རབ་ཀྱི་ཕར་ཕྱིན་ལ་སྤྱོད་པ་ཡིན་ནོ། །གཉིས་པ་ལ་དོན་དངོས་དང་། དེ་ཡི་དཔེ། དེ་ལྟར་བསྟན་པའི་མཇུག་བསྡུ་བ་གསུམ། དང་པོ། སེམས་ཅན་ཡོངས་སུ་སོགས་ཚིགས་བཅད་གཅིག་སྟེ། མདོ་ལས་གལ་ཏེ་ཆོས་ཐམས་ཅད་དབེན་པ་དང་སྟོང་པ་ལགས་ན་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་ཅི་ལྟར་འགྱུར་ཞེས་དྲིས་པའི་ལན་གྱི་དོན་དང་མཐུན་པར་ཀུན་བྱང་འཐད་པར་བསྟན་པ་ནི། སེམས་ཅན་རྣམས་ནི་ཚུལ་བཞིན་མ་ཡིན་པའི་ཡོངས་སུ་རྟོག་པ་ཅན་དུ་གྱུར་པའི་དབང་གིས་རྟོག་པ་དེ་འཕེལ་བར་བྱེད་པ་འདོད་པའི་ཡོན་ཏན་གྱི་ཟས་ལ་འདོད་པ་སྐྱེ་བར་བྱེད་ཅིང་། འདོད་པ་དེའི་དབང་གིས་འཁོར་བར་ཆགས་པའི་ཡིད་དང་ལྡན་པ་རྣམས་ནི་ཕག་མི་གཙང་བའི་འདམ་ལ་རྒྱུ་བ་ལྟར་རྟག་ཏུ་སྲིད་པར་འཁོར་བར་གྱུར་པ་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་ཕྱོགས་སྣང་ཚུལ་ལ་ཡོད་པར་འགྱུར་རོ། །སྣང་ཚུལ་ལ་འཁྲུལ་པའི་དབང་གིས་ཡོད་ཀྱང་གནས་ཚུལ་ལ་དེ་ལྟར་ཡོད་མ་མྱོང་སྟེ། ཀུན་ཏུ་རྟོག་པ་དེས་བཟུང་བ་ལྟར་གྱི་བདག་དང་བདག་གི་བའི་ཆོས་གཉིས་ནི་ཡང་དག་པར་གྲུབ་པ་མིན་ཞིང་སྟོང་པ་ཡིན་པ་སྟེ་གདོད་ནས་མ་སྐྱེས་པའི་ཕྱིར་རོ། །ཡུལ་མེད་ཀྱང་མི་མཁས་པའི་བྱིས་པ་བདག་ཉིད་ཀྱིིས་ནི་མེད་པ་ལ་ཡོད་པར་བཟུང་བ། དཔེར་ན་ནམ་མཁའ་ལ་མདུད་པ་བོར་བར་སེམས་པ་ལྟར་གྱུར་པ་ཡིན་པས་ཆོས་ཀུན་གྱི་མཚན་ཉིད་སྟོང་པ་ལ་ཀུན་ཉོན་མེད་ཀྱང་མཚན་ཉིད་ལྟར་མི་འཛིན་པའི་འཁྲུལ་པ་ཅན་ལ་ཀུན་ཉོན་ཡོད་པའི་ཡིན་ནོ། །གཉིས་པ། དཔེར་ན་དོགས་པའི་སོགས་ཚིགས་བཅད་གཅིག་སྟེ། དངོས་པོའི་དོན་ལ་མེད་ན་དེར་འཛིན་པའི་རྟོག་པ་ཇི་ལྟར་འབྱུང་སྙམ་ན་དཔེར་ན་རང་ཉིད་དོགས་པའི་འདུ་ཤེས་ཀྱིས་ནི་དུག་བསླང་བ་སྟེ་དུག་ཁོང་དུ་སོང་ངོ་སྙམ་དུ་དུག་གི་རྟོག་པ་མངོན་གྱུར་དུ་སྐྱེས་པ་ན། དངོས་པོའི་དོན་ལ་དུག་དེ་དེའི་ཁོང་དུ་སོང་བ་མེད་ཀྱང་རྟོག་པ་དེའི་དབང་གིས་དུག་གིས་ན་བ་ལྟར་སེམས་པ་དང་སྐྲག་ནས་བརྒྱལ་བར་ཡང་འགྱུར་ཏེ། མི་སྡར་མ་དག་ལ་འབྱུང་པོའི་ཚུལ་གྱིས་བསྡིག་པ་དང་དགྲས་ཁྱོད་གསོད་དོ་ཞེས་སོགས་སྨྲས་པ་ཙམ་གྱིས་འདར་བར་བྱེད་པ་བཞིན་ནོ། །དུག་ཁོང་དུ་མ་སོང་ཡང་རང་གི་རྣམ་པར་རྟོག་པས་དེར་བཟུང་བ་ལས་བརྒྱལ་བ་ལ་སོགས་པ་འབྱུང་བ་དེ་བཞིན་དུ་མི་མཁས་པའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མེད་བཞིན་དུ་བདག་ཡོད་པར་འཛིན་པ་དང་རང་གི་རྒྱུད་དུ་གཏོགས་པའི་ཆོས་ལ་བདག་གིར་ཁས་ལེན་པ་གོམས་པ་ལས། བདག་ཅེས་བྱ་བའི་ཡུལ་དེར་འདུ་ཤེས་པ་ཡང་དག་པ་མིན་པའི་རྟོག་པ་འབྱུང་ཞིང་དེའི་དབང་གིས་སྲིད་པར་སྐྱེ་ཞིང་འཆི་བ་བརྒྱུད་མར་མྱོང་བའི་འཁྲུལ་སྣང་འབྱུང་ངོ་། །གསུམ་པ། ཇི་ལྟར་འཛིན་པ་སོགས་ཚིགས་བཅད་གཅིག་སྟེ། ཇི་ལྟར་གནས་ཚུལ་ལ་མེད་ཀྱང་བདག་དང་བདག་གི་བ་ཡོད་པར་འཛིན་པ་དེ་ལྟར་རང་གི་རྟོག་པའི་དབང་གིས་ཀུན་ནས་ཉོན་མོངས་པ་ཉིད་དུ་གྱུར་པར་བསྟན་ལ། དངོས་པོའི་གནས་ཚུལ་ལྟར་བདག་དང་བདག་གིར་མི་དམིགས་ན་རྣམ་པར་བྱང་བར་གསུངས་ཏེ། དེ་ལྟར་ཀུན་རྫོབ་ཏུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འགྱུར་བ་ཡིན་ན་ཡང་། ཡང་དག་པའི་གནས་ལུགས་འདི་ལ་ནི་གང་ཟག་གང་ཡང་ཉོན་མོངས་པར་གྱུར་པ་དང་ཀུན་ཉོན་དེ་རྣམ་པར་དག་པ་ཉིད་དུ་འགྱུར་བ་ཡང་མེད་པར་བྱང་ཆུབ་སེམས་དཔས་གདོད་ནས་མཉམ་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་རྟོགས་པར་གྱུར་པ་ཡིན་ནོ། །གཉིས་པ་ཤེར་ཕྱིན་དེ་བསྟེན་དགོས་པར་གདམས་པ་ལ། དགོས་པའི་སྒོ་ནས་ཆོས་དེ་ལ་བརྩོན་པར་གདམས་པ་དང་། དཔེའི་སྒོ་ནས་ཇི་ལྟར་བརྩོན་པར་བྱ་བ་དང་། དེ་ལྟར་བརྩོན་པར་བྱས་པའི་ཕན་ཡོན་བསྟན་པ་གསུམ་ལས། དང་པོ་ལ་བསོད་ནམས་ཆེན་པོ་བྱ་བ་ཅུང་ཟད་ཀྱིས་འགྲུབ་པ། འགྲོ་བ་ཀུན་གྱི་སྦྱིན་གནས་སུ་འགྱུར་བ། གདུལ་བྱ་ལ་ལམ་སྟོན་པ་པོར་འགྱུར་བ་གསུམ། དང་པོ། འཛམ་བུའི་གླིང་ན་སོགས་ཚིགས་བཅད་གཉིས་ཏེ། བརྟགས་པ་མཐར་བཟུང་གི་དཔེར་བྱ་ན། འཛམ་བུའི་གླིང་ན་ཡོད་པའི་སེམས་ཅན་ཇི་སྙེད་མ་ལུས་པ་དེ་དག་གིས་མི་ཡི་ལུས་ཐོབ་སྟེ། དེ་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ལོ་སྟོང་ཕྲག་བྱེ་བ་མང་པོར་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་སྦྱིན་པ་རྒྱ་ཆེན་པོ་བྱིན་པར་བྱས་ལ་དགེ་བའི་རྩ་བ་དེ་ཀུན་ཀྱང་འགྲོ་བའི་དོན་དུ་བྱང་ཆུབ་མཆོག་གི་རྒྱུར་ཡོངས་སུ་བསྔོ་བ་བྱས་ན་དེ་ལ་ཕན་ཡོན་ཚད་མེད་པ་ཡང་ཡོད་མོད་ཀྱི། གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་མངོན་པར་བརྩོན་པ་ན་དུས་རིང་པོ་ཕར་ཞོག །ཐ་ན་ཉི་མ་གཅིག་ཙམ་ཞིག་ལ་ཤེར་ཕྱིན་དེའི་རྗེས་སུ་མཐུན་པ་སྟེ་རང་གིས་བསམ་ཞིང་གཞན་ལ་སྟོན་པ་སོགས་བྱེད་ན་དེའི་བསོད་ནམས་དེ་ལ་ནི་གོང་དུ་བཤད་པ་སྦྱིན་པའི་ཕུང་པོ་དེས་ནི་བསོད་ནམས་ཀྱི་ཆར་ཡང་འགྲན་པར་མི་ཕོད་པ་ཡིན་པ་དེ་ཡི་ཕྱིར་ན་གཡེལ་བ་མེད་པར་དུས་རྟག་ཏུ་ཤེས་རབ་ཀྱི་ཕར་ཕྱིན་འདི་ལ་འཇུག་པར་བྱ་དགོས་སོ། །གཉིས་པ། ཤེས་རབ་ཕ་རོལ་སོགས་ཚིགས་བཅད་གཅིག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པའི་རྣལ་འབྱོར་པ་དེ་དག་འགྲོ་བའི་ཁམས་ཀུན་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་གྱི་འདུ་ཤེས་སུ་འགྱུར་བ་ནི་མེད་ལ། དེ་ལྟར་དམིགས་པ་མེད་པའི་སྙིང་རྗེ་དང་ལྡན་པ་དེ་ཡི་ཚེ་ན་མཁས་པ་དེ་དག་འགྲོ་བ་ཀུན་གྱི་སྦྱིན་གནས་དམ་པར་འགྱུར་ཞིང་དུས་རྟག་ཏུ་ཡུལ་འཁོར་རྣམས་སུ་བསོད་སྙོམས་སོགས་མཛད་པ་དོན་ཡོད་པར་ཡོངས་སུ་སྤྱོད་པ་ཡིན་ཏེ་དེ་ལ་ཕུལ་བ་དོན་རྒྱ་ཆེན་པོ་ཡོད་པའི་ཕྱིར་རོ། །གསུམ་པ་བྱང་ཆུབ་སེམས་གང་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་གང་ཞིག་འཁོར་བའི་གནས་འདིར་སྔོན་ཆད་ཡུན་རིང་པོར་ཕ་མ་བུ་ཚ་སོགས་སུ་འབྲེལ་བ་ཡི། ལྷ་དང་མི་དང་ངན་སོང་གསུམ་གྱི་སྟེ་རྒྱུད་ལྔའི་སེམས་ཅན་རྣམས་འཆིང་བ་དང་སྡུག་བསྔལ་ལས་དགྲོལ་བའི་ཕྱིར་དུ། ལམ་ཡངས་པ་སྟེ་གང་ལས་བྱང་ཆུབ་གསུམ་འབྱུང་ཞིང་སེམས་ཅན་ཚད་མེད་པ་ལ་གོ་སྐབས་འབྱེད་པ་དེ་ལ་བརྟེན་ནས་འཁོར་བའི་ཕ་རོལ་གྱི་འགྲམ་མྱ་ངན་ལས་འདས་པ་ཉིད་སེམས་ཅན་གྱི་ཁམས་ལ་སྟོན་པར་འདོད་པས་ཉིན་དང་མཚན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་སྟེ། དེ་ལ་བརྩོན་ན་སངས་རྒྱས་ཀྱི་ཆོས་ཚད་མེད་པ་སྨྲ་བའི་སྟོན་པ་པོར་འགྱུར་རོ། །གཉིས་པ་ཇི་ལྟར་བརྩོན་པ། མི་ཞིག་སྔོན་ཆད་སོགས་ཚིགས་བཅད་གཉིས་ཏེ། དཔེར་ན་མི་ཞིག་གིས་སྔོན་ཆད་མ་རྙེད་པ་སྟེ་རྙེད་མ་མྱོང་བའི་རིན་ཆེན་མཆོག་གཅིག་དུས་གཞན་ཞིག་ན་རྙེད་པར་གྱུར་ཏེ་ཡིད་རབ་ཏུ་དགའ་བ་ལས། རྙེད་མ་ཐག་ཏུ་བག་མེད་པར་གྱུར་ཏེ་རིན་ཆེན་དེ་སྟོར་བར་གྱུར་ན་ནི། རྙེད་དཀའ་བ་དེ་སྟོར་བར་གྱུར་པས་ན་རིན་ཆེན་དེ་ལྟ་བུ་ཡིད་ལ་མངོན་པར་འདོད་བཞིན་དུ་རྟག་ཏུ་སྡུག་བསྔལ་བར་འགྱུར་རོ། །དཔེ་དེ་ལྟར་བྱང་ཆུབ་མཆོག་གི་ལམ་ལ་ཞུགས་པས་ནི་རྙེད་དཀའ་བ་རིན་ཆེན་གྱི་དམ་པ་ལྟ་བུ་ཡི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རྣལ་འབྱོར་དུ་བྱ་བ་དོར་བར་མི་བྱ་སྟེ། དཔེར་ན་སྟོར་བ་ལས་ཕྱིས་སུ་རིན་ཆེན་དེ་སླར་ཡང་རྙེད་ནས་དགའ་བས་བླངས་ཏེ་རབ་ཏུ་བརྩོན་པས་གོས་ལ་སོགས་པའི་ཁུད་དུ་དཀྲིས་ཤིང་ཆུད་མི་ཟ་བར་སྦས་ནས་སྟོར་བ་དང་གཞན་གྱིས་ཕྲོག་པར་དོགས་པས་མྱུར་དུ་བདག་གི་ཁྱིམ་དུ་འགྲོ་བར་བྱེད་པ་ནི་རིན་ཆེན་དང་བྲལ་བའི་མྱ་ངན་དང་དབུལ་བའི་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་བ་བཞིན་ནོ། །གསུམ་པ་དེ་ལྟར་བརྩོན་པའི་ཕན་ཡོན་ལ། བསྒྲུབ་པ་གཞན་ཟིལ་གྱིས་གནོན་པ། ལྷ་མིའི་རེ་གནས་སུ་གྱུར་པ། བདུད་ཕམ་པར་བྱེད་པ། ཕར་ཕྱིན་ཀུན་སྡུད་པ། དེའི་དགེ་བ་ལ་གཞན་གྱིས་ཡི་རང་བའི་ཕན་ཡོན་དང་ལྔ། དང་པོ། ཉི་མ་སྤྲིན་དང་སོགས་ཚིགས་བཅད་གཉིས་ཏེ། དཔེར་ན་ཉི་མ་སྤྲིན་དང་བྲལ་བའི་འོད་ཟེར་གྱིས་དྲྭ་བ་ཅན་མུན་ནག་ཐིབས་པོ་དང་གཞན་ཡང་མུན་པ་ཐམས་ཅད་འཇོམས་པ་དེ་འཆར་བ་ན། རང་གི་ལུས་ཀྱི་ཕྱོགས་གཅིག་ཙམ་ན་འོད་ཕྲ་མོ་ཡོད་པ་སྲིན་བུ་མེ་ཁྱེར་དང་། རང་གི་ལུས་ཀྱི་འོད་དང་སྒྲོན་མེ་སོགས་ཐོགས་པའི་མཐུས་ཉེ་སྐོར་ཙམ་སྣང་བར་བྱེད་པ་སྲོག་ཆགས་འབྱུང་པོ་ཐམས་ཅད་དང་། ཅུང་ཟད་སྣང་བ་སྐར་མའི་ཚོགས་དང་། ཕལ་ཆེར་སྣང་བ་ཟླ་བའི་འོད་དེ་དེ་ལྟར་འོད་བཞི་པོ་ཀུན་ཟིལ་གྱིས་གནོན་པ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་སྒྲིབ་པའི་སྤྲིན་དང་བྲལ་བའི་ཉི་མ་ལྟ་བུ་དེ་ནི། སྟོང་པ་ཉིད་དང་ནི་མཚན་མ་མེད་པར་སྤྱོད་པ་ལ་མཁས་པས་ཆོས་ཀྱི་འོད་ཟེར་མཆོག་གི་དྲྭ་བ་རབ་ཏུ་འགྱེད་པས་བདག་དང་ཆོས་སུ་ལྟ་བའི་མུན་ནག་ཐིབས་པོ་མ་ལུས་པ་བཅོམ་ནས་མེ་ཁྱེར་ལྟ་བུའི་འགྲོ་བ་ཀུན་དང་། སྲོག་ཆགས་གཞན་ལྟ་བུའི་དགྲ་བཅོམ་པ་དང་། སྐར་མ་ལྟ་བུའི་རང་རྒྱལ་དང་། ཟླ་བ་ལྟ་བུའི་བྱང་ཆུབ་སེམས་དཔའ་གཞན་ཤེས་རབ་ཕར་ཕྱིན་འདི་ཡི་ཐབས་མཁས་དང་བྲལ་བ་མང་པོ་ཟིལ་གྱིས་གནོན་ཏེ། ཤེས་རབ་ཀྱི་སྒོ་ནས་འདི་དང་མི་ལྡན་པའི་བསྒྲུབ་པ་གཞན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའོ། །གཉིས་པ། དཔེར་ན་རྒྱལ་པོའི་སོགས་ཚིགས་བཅད་གཉིས་ཏེ། དཔེར་ན་རྒྱལ་པོའི་བུ་ཞིག་འབངས་བསྐྱབ་པའི་ཕྱིར་ནོར་གཏོང་བ་དང་། ལུགས་ཀྱི་བསྟན་བཅོས་ལ་མཁས་པས་ཡུལ་འཁོར་ཡོངས་སུ་སྐྱོང་བའི་དོན་འདོད་པ་སྟེ་དོན་ཤེས་ཤིང་དོན་དང་ལྡན་པའི་ངང་ཚུལ་ཅན་ཡིན་གྱི་དོན་མེད་པ་མིན་པ་དེ་ནི་རྒྱལ་བའི་སྲས་ཀུན་གྱི་གཙོ་བོར་གྱུར་ཏེ། འབངས་ཐམས་ཅད་ཀྱིས་དེ་ལ་རྗེད་པར་བྱེད་ཅིང་རྩིས་ཆེ་བར་གྱུར་ནས་དོན་གྱི་ཕྱིར་རེ་བས་དེ་ཡི་དྲུང་དུ་མངོན་པར་འགྲོ་བར་བྱ་བའི་འོས་སུ་འགྱུར་རོ། །རྒྱལ་བུ་འདི་ནི་ད་ལྟར་རྒྱལ་པོར་མ་གྱུར་པའི་དུས་ན་ཡང་སེམས་ཅན་མང་པོ་དགའ་བར་བྱེད་ན། རྒྱལ་སར་དབང་བསྐུར་ནས་ཅོད་པཎ་བཅིང་བ་སོགས་རྒྱལ་ས་ལ་དབང་བའི་ཐབས་ཐོབ་པར་གྱུར་ཏེ་རྒྱལ་སྲིད་ལ་གནས་པའི་རྒྱལ་པོར་གྱུར་ནས་འབངས་རྣམས་ཀྱི་དོན་བྱེད་ཅིང་དེ་དག་དགའ་བར་བྱེད་པ་སྨོས་ཅི་དགོས་སོ། །དཔེ་དེ་ལྟར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་མཁས་པ་དོན་དང་ལྡན་པ་བྱང་ཆུབ་སེམས་དཔའ་ཡང་། སེམས་ཅན་རྣམས་ལ་ཆོས་ཀྱི་བདུད་རྩི་སྦྱིན་པར་བྱེད་ཅིང་ལྷ་དང་མི་རྣམས་དགའ་བར་བྱེད་པས་ལྷ་སོགས་དེ་ཡི་དྲུང་དུ་འོང་ཞིང་རེ་གནས་སུ་བྱས་ནས་བཀུར་བར་བྱེད་ལ། བྱང་ཆུབ་སེམས་དཔའ་འདི་ནི་ལམ་ལ་སློབ་པའི་གནས་སྐབས་ད་ལྟ་ན་ཡང་སེམས་ཅན་མང་པོ་ལ་ཕན་པར་བརྩོན་པ་ཡིན་ན། ཆོས་ཀྱི་རྒྱལ་པོར་གྱུར་ཏེ་སངས་རྒྱས་ཀྱི་ཡེ་ཤེས་ལ་གནས་པར་གྱུར་ནས་སེམས་ཅན་ལ་ཕན་པར་མཛད་པ་སྨོས་ཅི་དགོས་པའི་ཕྱིར་རོ། །གསུམ་པ་ལ་བདུད་རྣམས་སྐྲག་པར་བྱེད་པ་དང་། བདུད་ཀྱིས་དེ་ལ་མི་ཚུགས་པའི་ཚུལ་གཉིས། དང་པོ། དེ་ཡི་ཚེ་ན་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕར་ཕྱིན་ལ་གནད་དང་ལྡན་པ་དེ་ལྟར་སྤྱོད་པ་དེ་ཡི་ཚེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདུད་སྡིག་ཅན་རྣམས་ནི་འདི་སྙམ་དུ། བྱང་ཆུབ་སེམས་དཔའ་འདི་ནི་ངེས་པར་བདག་གི་ཡུལ་ལས་འཕགས་ཏེ་སངས་རྒྱས་ནས་བདག་གི་ཡུལ་སྟོང་པར་འགྱུར་རོ་སྙམ་དུ་རྒྱུ་དེས་སེམས་ཟུག་རྔུ་དང་ལྡན་པར་འགྱུར་ལ། བདག་གིས་མཐུས་ཀྱང་འདི་ཟིལ་གྱིས་གནོན་པར་དཀའ་འོ་སྙམ་དུ་མྱ་ངན་གྱིས་ཉམ་ཐག་པར་གྱུར་པ་དང་། དེའི་དབང་གིས་ལུས་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱིས་ཟིལ་གྱིས་མནན་ནས་རང་གི་མཐུས་སྙེམས་པ་མེད་པར་ཉམས་ཆུང་བར་འགྱུར་ལ། དེ་ལྟར་གྱུར་པས་བདུད་དེ་དག་གིས་མ་བཟོད་ནས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འདི་ཡི་ཡིད་ཐམས་ཅད་མཁྱེན་པའི་ལམ་ལས་ཕྱིར་ནུར་ཞིང་ལྡོག་པར་འགྱུར་ཞེས་སེམས་པ་དང་། ཐ་ན་ཐམས་ཅད་མཁྱེན་པའི་སེམས་གཅིག་ཙམ་ཡང་དཀྲུགས་པའི་གླགས་རྙེད་དམ་སྙམ་དུ། བྱང་སེམས་དེ་ལ་འཇིགས་པ་ཆེན་པོ་བསྟན་པའི་ཕྱིར་ཕྱོགས་རྣམས་མེ་ཡིས་སྲེག་པར་བྱེད་ཅིང་སྐར་མདའ་འཁྲུགས་པ་གཏོང་བ་ལྟ་བུ་སོགས་བདུད་ཀྱི་ཆོ་འཕྲུལ་སྣ་ཚོགས་སྟོན་པར་བྱེད་དོ། །གཉིས་པ་ལ་གླགས་མི་རྙེད་པའི་ཚུལ་དང་། ཞར་ལ་ལྡོག་ཕྱོགས་གླགས་རྙེད་པའི་རྒྱུ་བསྟན་པ་གཉིས། དང་པོ། གང་ཚེ་མཁས་པ་སོགས་ཚིགས་བཅད་གཅིག་སྟེ། བདུད་ཀྱི་ཆོ་འཕྲུལ་སྟོན་པ་དེ་ལྟར་གྱུར་པ་གང་གི་ཚེ་ན་མཁས་པ་བྱང་ཆུབ་སེམས་དཔའ་དེ་དག་ཐེག་པ་ཆེན་པོའི་ལམ་དེ་ལ་མི་ཕྱེད་པའི་བསམ་པ་རབ་ཏུ་དྲག་པོ་དང་ལྡན་ཞིང་། སྦྱོར་བའི་སྒོ་ནས་ཉིན་མཚན་རྟག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་གི་དོན་ལ་ལྟ་བར་བྱེད་དོ། །དེ་ལྟར་བྱས་པ་དེ་ཡི་ཚེ་བྱང་སེམས་དེའི་ལུས་དང་སེམས་དག་ནི་མཁའ་ལ་འགྲོ་བའི་བྱ་ལྟར་དུ་སྲིད་ཞིའི་གཡངས་སའི་འཇིགས་པ་མེད་པར་རྒྱུ་སྟེ་མི་གནས་པའི་ཤེར་ཕྱིན་ལ་གནས་པའི་མཐུ་ལས་སོ། །དེས་ན་དེ་ལ་ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་པར་ག་ལ་འགྱུར་ཏེ་ནམ་མཁར་འགྲོ་བའི་བྱ་ལ་ཁྱི་སོགས་ཀྱིས་མི་ཚུགས་པ་བཞིན་ནོ། །གཉིས་པ་ལ་གླགས་རྙེད་པའི་རྒྱུ་གཙོ་བོ་རྩོད་པ་ཡིན་པར་བསྟན་པ། ཉེས་པ་དེ་ལས་སྡང་བའི་ཐབས་བསྟན་པ་གཉིས། དང་པོ་ལ་རྩོད་པ་སྤྱི་དང་། བྱེ་བྲག་ཏུ་ལུང་བསྟན་མ་ཐོབ་པས་ཐོབ་པའི་བྱང་སེམས་ལ་རྩོད་པའི་ཉེས་དམིགས་གཉིས། དང་པོ། གང་ཚེ་བྱང་ཆུབ་སོགས་ཚིགས་བཅད་གཉིས་ཏེ། གོང་དུ་བཤད་པ་ལྟར་ཐབས་མཁས་པ་དང་ཤེས་རབ་ཀྱི་གོ་ཆ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་བདུད་ཀྱི་གླགས་མི་རྙེད་ཀྱང་ཚུལ་དེ་དང་མི་ལྡན་པའི་བློ་ཆུང་བ་ལ་གླགས་རྙེད་པ་ཡིན་ལ། དེ་ཡང་བརྒྱད་སྟོང་པ་ལས། བདུད་ཀྱི་གླགས་རྙེད་པའི་ཉེས་པ་བདུན་དང་། ཉི་ཁྲི་ལས་བཅུ་གཉིས་གསུངས་པའི་ཐ་མ་དེ་འདིར་བསྟན་པ་ནི། དུས་གང་གི་ཚེ་བྱང་ཆུབ་སེམས་དཔའ་གང་ཕན་ཚུན་དུ་ལུས་ཀྱིས་འཐབ་པ་དང་ངག་གིས་རྩོད་པར་གྱུར་ཅིང་། ཕན་ཚུན་དུ་གཅིག་ལ་གཅིག་མི་མཐུན་པ་ཁྲོས་པའི་སེམས་དང་ལྡན་པར་གྱུར་པ་དེ་ཡི་ཚེ་ན་བདུད་སྡིག་ཅན་དེ་ནི་དགའ་ཞིང་རྩོད་པ་ཅི་ཙམ་འཕེལ་བ་དེ་ཙམ་དུ་མཆོག་ཏུ་ཉམས་བདེ་བར་འགྱུར་ཏེ། དེའི་རྒྱུ་མཚན་བྱང་ཆུབ་སེམས་དཔའ་དེ་གཉིས་ཀ་ཐབས་དང་ཤེས་རབ་ཀྱི་ལམ་དང་འགལ་བ་རྩོད་པ་དེའི་ཉེས་པས་རྒྱལ་བའི་ཡེ་ཤེས་ལས་ནི་ཐག་རིང་དུ་འགྱུར་ཞིང་བདག་གིས་གླགས་རྙེད་དོ་སྙམ་པའི་ཕྱིར་རོ། །དེ་ལྟར་དེ་གཉིས་ཀ་སངས་རྒྱས་ཀྱི་ཡེ་ཤེས་ལས་རིང་དུ་འགྱུར་ཞིང་རྒྱུད་མ་རང་པ་སྲིན་པོ་དང་ཡི་དྭགས་ལ་སོགས་པ་ཤ་ཟ་རྣམས་དང་འདྲ་བར་འགྱུར་ལ། ཁྲོ་བ་དང་ཁྲོ་བ་ལ་སླར་ལན་བྱེད་པ་གཉིས་ཀ་ཡང་གཞན་དོན་དུ་སྙིང་རྗེས་རྫོགས་བྱང་ཐོབ་འདོད་དང་དེའི་ལམ་ཕར་ཕྱིན་ཉམས་སུ་ལེན་པར་རང་གི་དམ་བཅས་པ་དེ་རྩོད་པས་ཉམས་པར་བྱེད་པར་འགྱུར་ཏེ། ཁྲོ་བས་རྩོད་པ་ནི་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དང་བདག་མེད་པར་མཐོང་བའི་ཤེས་རབ་སོགས་དང་རྣམ་པ་ཀུན་ཏུ་འགལ་བའི་ཕྱིར། ཡིད་སྡང་ཞིང་དེའི་གཉེན་པོ་བཟོད་པ་དང་བྲལ་བ་ལ་བྱང་ཆུབ་ཐོབ་པ་ག་ལ་ཡོད་དེ་ས་བོན་བསྲེགས་པའི་མྱུ་གུ་བཞིན་ནོ། །དེ་ལྟར་རྩོད་པར་གྱུར་པ་དེ་ཡི་ཚེ་བདུད་རྣམས་རང་གི་ཕྱོགས་སུ་གཏོགས་པ་རྣམས་དང་བཅས་ཏེ་དགའ་བར་འགྱུར་ཏེ་དེ་དག་གི་བསམ་པ་བཞིན་དུ་གྲུབ་པའི་ཕྱིར་རོ། །དེས་ན་བྱང་ཆུབ་སེམས་དཔའ་ལ་འདོད་ཆགས་ཀྱི་ཉེས་པ་བསྐལ་པའི་བར་དུ་བྱུང་བ་ལས་ཁྲོ་བ་སྐད་ཅིག་ཙམ་སྐྱེས་པ་དེ་ནི་སྙིང་རྗེ་དང་རྣམ་པ་ཀུན་ཏུ་འགལ་བའི་ཕྱིར་ཉེས་པ་ཆེ་ཚུལ་མདོ་རྣམས་ལས་རྒྱ་ཆེར་འབྱུང་ལ་ཁྱད་པར་དུ་ཡུལ་བྱང་ཆུབ་སེམས་དཔའ་ལ་ཁྲོ་བ་ནི་ཉེས་པ་ཆེ་སྟེ། བྱམས་པ་སེང་གེ་སྒྲ་ཆེན་པོ་ཞེས་བྱ་བ་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་ལས། ཞེ་སྡང་གི་རྩོད་པ་དང་བཅས་པའི་གནས་ལས་དཔག་ཚད་བརྒྱར་འབྱོལ་བར་བྱ་སྟེ། ཞེ་སྡང་གི་སེམས་བསྐྱེད་པར་མི་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་སྤྱོས་ཤིང་བརྡེག་ལ་མཚོན་གྱིས་བཏབ་པ་བས་བྱང་ཆུབ་སེམས་དཔའ་གཞན་ལ་ཐ་བ་དང་ཞེ་སྡང་གི་སེམས་བསྐྱེད་པ་དེ་ཆེས་ཉེས་པ་ལྕི་ཞིང་དེས་བྱང་ཆུབ་སེམས་དཔའ་སྨས་པ་དང་ཉམས་པར་འགྱུར་ཏེ། དཔེར་ན་ལྕགས་ནི་ལྕགས་ལས་གཞན་བོང་བ་སོགས་ཀྱིས་མི་ཆོད་པ་ལྟར། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡང་བྱང་ཆུབ་སེམས་དཔའ་ཅིག་ཤོས་ལ་ཞེ་སྡང་བས་ཟད་པར་བྱེད་ཀྱི་གཞན་གྱིས་ཟད་མི་ནུས་པས་ན། གཅིག་གིས་གཅིག་ལ་ཞེ་ས་དང་གུས་པ་དང་བཅས་པར་བྱ་སྟེ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཡང་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ལུང་བསྟན་མ་ཐོབ་སོགས་ཚིགས་བཅད་གཅིག་སྟེ། ཁྱད་པར་དུ་ཕྱིར་མི་ལྡོག་པའི་ལུང་བསྟན་མ་ཐོབ་པའི་བྱང་ཆུབ་སེམས་དཔའ་གང་ཞིག་གིས། ལུང་བསྟན་པའི་རྟགས་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་སེམས་ཁྲོས་ནས་ལུས་དང་ངག་གི་རྩོད་པ་རྩོམ་པར་བྱེད་ཅིང་། ཇི་སྲིད་དུ་འགྱོད་པའི་ཚུལ་གྱིས་སེམས་དེ་བཏང་ནས་བཤགས་པ་མི་བྱེད་པར་རྩོད་པ་མ་བཏང་ན། རྒྱུད་མ་རུང་པ་དགེ་བའི་ས་བོན་མི་འཕེལ་བའི་ཐ་བ་ལྟ་བུ་སྐྱོན་དང་ལྡན་པའི་སེམས་ཀྱི་སྐད་ཅིག་ཅི་ཙམ་ཞིག་སྐྱེས་པ་ཇི་སྙེད་པ་དེ་སྙེད་ཀྱི་བསྐལ་པར་གཞི་ནས་གསར་དུ་ལམ་ལ་འཇུག་པའི་གོ་ཆ་བགོ་དགོས་སོ་ཞེས། རྩོད་པའི་སེམས་སྐྱོན་ཅན་སྐྱེས་པ་དེ་སྙེད་ཀྱི་བསྐལ་པར་དམྱལ་བར་སྐྱེ་ཞིང་ཁྲོ་བས་དེ་སྙེད་ཀྱི་བསྐལ་པར་བསགས་པའི་དགེ་རྩ་ཟད་པར་བྱས་ཤིང་སྡིག་པ་དེ་ཙམ་འཕེལ་བའི་ཕྱིར་བསྐལ་པ་དེ་སྙེད་ཀྱི་གྲངས་ཙམ་དུ་གཞི་ནས་ཏེ་གསར་དུ་སྦྱིན་སོགས་ལམ་ཐམས་ཅད་ལ་གོ་ཆ་བགོས་ནས་མ་བསླབ་བར་དུ་ལམ་སོར་མི་ཆུད་པས་དེ་ཙམ་དུ་བླ་ན་མེད་པའི་བྱང་ཆུབ་དང་ཐག་བསྲིང་བར་བྱེད་དོ་ཞེས་སོ། །གཉིས་པ་ཉེས་པ་དེ་ལས་སྡང་བའི་ཐབས་བསྟན་པ་ལ། ཀུན་རྫོབ་ཏུ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་དང་། དོན་དམ་པར་མི་དམིགས་པར་ལྟ་བས་བཤགས་པ་གཉིས། དང་པོ། སངས་རྒྱས་བཟོད་པའི་སོགས་ཚིགས་བཅད་གཅིག་སྟེ། སངས་རྒྱས་རྣམས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་བྱང་ཆུབ་ལ་རེག་པ་ཡིན་ན། དེ་ལས་བཟློག་པ་བདག་གི་ཁྲོ་བའི་སེམས་འདི་ནི་བཟང་བ་མིན་ཏེ་བསྐལ་པ་མང་པོའི་དགེ་རྩ་སྲེག་པར་བྱེད་པའི་ངང་ཚུལ་ཅན་བྱང་ཆུབ་ཀྱི་ལམ་དང་ཆེས་འགལ་བའོ་སྙམ་དུ་ཉེས་པ་ལ་ཉེས་པར་ཤེས་པའི་དྲན་པ་སྐྱེད་པར་བྱེད་ཅིང་སྡིག་པ་བྱས་པ་དེ་ལ་མཆོག་ཏུ་འགྱོད་པ་ནི་སུན་འབྱིན་པའི་སྟོབས་སོ། །སྡིག་པའི་དངོས་པོ་དེ་སོ་སོར་འཆགས་པར་བྱེད་པའི་ཕྱིར་རྟེན་གྱི་སྟོབས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡིད་ཀྱིས་མངོན་སུམ་བྱས་ཏེ་དེ་ལ་བསྟེན་པར་བྱེད་ཅིང་། གཉེན་པོའི་སྟོབས་མདོ་སྡེ་ཟབ་མོ་ཀློག་པ་དང་། གཟུངས་བཟླ་བ་དང་ཟབ་མོའི་དོན་ལ་མཉམ་པར་བཞག་པ་སོགས་ཆོས་སྤྱོད་ཀྱི་རིམ་པ་གང་ཡང་རུང་བ་ལ་འཇུག་པ་དང་། སོར་ཆུད་པའི་སྟོབས་ཕྱིས་ཀྱང་ཉེས་པ་དེ་ལྟ་བུ་མི་བྱེད་པར་སྡོམ་པར་བྱེད་ལ། འདི་ལྟ་བུ་མ་རུང་བ་ནི་བདག་བྱང་ཆུབ་སེམས་དཔས་བྱ་བའི་འོས་མ་ཡིན་ནོ་སྙམ་དུ་ཡིད་ལོག་པའི་ཚུལ་གྱིས་རྩོད་པ་སོགས་ཀྱི་ངང་ཚུལ་ལ་དགའ་བར་མི་བྱེད་པ་དེ་ནི་སངས་རྒྱས་ཀྱི་ཆོས་འདིར་སློབ་པ་ཡིན་གྱི་བདུད་ཀྱི་ཆོས་ལ་སློབ་པ་མིན་ནོ། །གཉིས་པ་ལ་དངོས་དང་། དེ་ལྟར་ཤེས་པའི་ཕན་ཡོན་གཉིས། དང་པོ། གང་ཞིག་སློབ་ཚེ་སོགས་ཚིགས་བཅད་གཅིག་སྟེ། གང་ཞིག་ལམ་ལ་སློབ་པའི་ཚེ་བསླབ་པ་ཞེས་བྱ་བའི་བྱ་བ་གང་ཡང་མངོན་པར་ཞེན་པའི་ཚུལ་གྱིས་ཁས་མི་ལེན་ལ། སློབ་པ་པོ་བདག་དང་། དེས་བསླབ་པར་བྱ་བའི་ཆོས་ཕར་ཕྱིན་རྣམས་ཀྱང་མི་དམིགས་ཤིང་། གཉེན་པོ་བསླབ་པ་དང་དེའི་མི་མཐུན་ཕྱོགས་བསླབ་པ་མ་ཡིན་པ་འདི་གཉིས་སུ་ཡང་མི་རྟོག་པར་ཆོས་ཐམས་ཅད་དམིགས་སུ་མེད་པའི་རང་བཞིན་དུ་ཤེས་པ་དེ་ལྟར་གང་གིས་སློབ་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པའི་རྒྱུ་འདིར་ཕྱིན་ཅི་མ་ལོག་པར་སློབ་པ་ཡིན་ནོ། །གཉིས་པ། བྱང་ཆུབ་སེམས་དཔའ་སོགས་ཚིགས་བཅད་གཉིས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟའི་མི་སློབ་པའི་བསླབ་པ་འདི་ཤེས་པ་དེ་ནི་གཞར་ཡང་སྟེ། ནམ་དུ་ཡང་ཤེས་རབ་དང་ཏིང་ངེ་འཛིན་གྱི་བསླབ་པ་ལས་ཉམས་པ་དང་ཚུལ་ཁྲིམས་འཆལ་བར་མི་འགྱུར་ཏེ་ཉེས་པའི་རྒྱུ་དམིགས་པ་ཅན་གྱི་ལྟ་བ་སྤང་བའི་ཕྱིར་དུག་གི་ས་བོན་མེད་པ་ལ་དེའི་ལོ་འབྲས་མི་སྐྱེ་བ་བཞིན་ནོ། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་ནི་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་བརྙེས་པའམ་གྲུབ་པར་བྱ་བའི་ཕྱིར་ལམ་ཤེས་རབ་ཟབ་མོ་འདི་ལྟ་བུ་ལ་སློབ་པ་ཡིན་ནོ། །ཡང་སངས་རྒྱས་མཉེས་པའམ་དགྱེས་པར་བྱེད་པའི་ཆོས་ལ་གནས་པའི་དོན་དུའང་འགྲེལ་པར་སྣང་ངོ་། །བྱང་སེམས་དེ་ནི་སེམས་དང་ཚུལ་ཁྲིམས་ཀྱི་བསླབ་པ་ལྷག་པར་འཕེལ་ཞིང་ཤེས་རབ་ཀྱི་བསླབ་པ་ལ་མཁས་ཏེ་དེའི་རྒྱུ་མཚན་ནི་དམིགས་པ་མེད་པའི་ལམ་ལ་གནས་པའི་ཕྱིར་ཏེ་དམིགས་པ་དང་བཅས་ན་བདག་ཏུ་ལྟ་བ་ལ་སོགས་པ་དེས་རྨོངས་པའི་ཕྱིར་ལྷག་པའི་བསླབ་པར་ཡང་མི་འགྱུར་རོ་སྙམ་དུ་དགོངས་པའོ། །དེ་ལྟར་བདེན་པ་གཉིས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཆོས་སྣང་བའི་འོད་བྱེད་པ་རྣམས་ཀྱི་ཤེས་རབ་ལ་དེ་ལྟར་བསླབ་པར་བྱའོ། །དེ་ལྟར་སློབ་པ་ན་ཐམས་ཅད་མཁྱེན་པའི་ལམ་དང་འགལ་བ་ཉོན་མོངས་པའི་རྣམ་པར་རྟོག་པ་ཅན། དགེ་བ་མ་ཡིན་པའི་སེམས་གཅིག་ཙམ་ཡང་སྐྱེད་པར་མི་བྱེད་དོ། །རང་གི་རྒྱུད་ཤེས་རབ་ཟབ་མོའི་སྣང་བས་ཁྱབ་པའི་ཕྱིར་ངན་རྟོག་གི་མུན་པ་གནས་པའི་གོ་སྐབས་མེད་དེ། ཉི་མ་མཁའ་ལ་འགྲོ་བའི་ཟེར་གྱིས་ཟིལ་གྱིས་གནོན་པར་གྱུར་པའི་མདུན་གྱི་བར་སྣང་ལ་ནི་མུན་པ་གཏན་མི་གནས་པ་བཞིན་ནོ། །བཞི་པ་ལ་ཕར་ཕྱིན་ཀུན་ལ་བསླབ་པར་འགྱུར་བ་དང་། ཐེག་པ་ཀུན་ལ་བསླབ་པར་འགྱུར་ཚུལ་གཉིས། དང་པོ་ལ་རྩ་བར་གྱུར་པའི་དཔེ་དང་། སྙིང་པོར་གྱུར་པའི་དཔེ་གཉིས། དང་པོ། ཤེས་རབ་ཕ་རོལ་སོགས་ཚིགས་བཅད་གཅིག་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱས་པ་རྣམས་ཀྱི་ནི། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རང་གི་བསླབ་པའི་གནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ནི་འདུས་པར་འགྱུར་ཏེ་འདིའི་ཁོངས་སུ་མ་གཏོགས་པ་ཅུང་ཟད་ཀྱང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདེན་པ་གཉིས་ཀྱི་ཚུལ་ལ་ཡང་དག་པར་མཁས་པ་ཡིན་ལ། ཤེས་རབ་དེའི་སྒོ་ནས་ཕར་ཕྱིན་གྱི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པ་ཚར་གཅོད་ཅིང་ཐབས་ལ་མཁས་པའི་སྒོ་ནས་འབྲས་བུ་བྱང་ཆུབ་ཆེན་པོ་མི་སྤོང་བ་དང་། དེར་ཡང་འཁོར་གསུམ་དུ་མི་རྟོག་པས་ལམ་ཐམས་ཅད་རྣམ་ཀུན་མཆོག་ལྡན་གྱི་ཕར་ཕྱིན་གཅིག་གི་ངོ་བོར་གྱུར་པ་དང་། དེ་ཐམས་ཅད་འབྲས་བུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་རོ་གཅིག་པར་བྱེད་པའི་ཕྱིར་རོ། །དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོད་ན་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་བསླབ་པ་མ་ཚང་བ་མེད་པ་ཡོད་པར་འགྱུར་ཏེ་རྩ་བ་འདི་ལ་བརྟེན་ནས་དེ་ཐམས་ཅད་འབྱུང་བ་ནི། དཔེར་ན་རྟག་སྨྲ་བཞི་ལ་སོགས་པ་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བཅོ་བརྒྱད་དང་འདུ་ཤེས་ཡོད་མེད་དུ་སྨྲ་བ་དང་ཆད་སྨྲ་སོགས་ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་བཞི་བཅུ་རྩ་བཞི་སྟེ། ལྟ་བ་དྲུག་ཅུ་རྩ་གཉིས་སུ་ཚངས་པ་དྲྭ་བའི་མདོ་ལས་གསུངས་པ། དེ་ཐམས་ཅད་ཀྱང་ཁྱད་གཞི་བདག་ཡོད་པར་བཟུང་ནས་དེའི་ཁྱད་པར་གྱི་ཆོས་སྣ་ཚོགས་སུ་དཔྱོད་པ་ཡིན་པས་ན། བདག་ཏུ་འཛིན་པའམ་འཇིག་ཚོགས་ཀྱི་ལྟ་བར་ནི་ལྟ་བ་དྲུག་ཅུ་རྩ་གཉིས་པོ་དེ་དག་འདུས་པ་ཡིན་ཏེ་གཞི་དེ་ལ་བརྟེན་ནས་བྱུང་ཞིང་དེའི་ཁྱད་པར་འབྱེད་པ་ཙམ་དུ་གྱུར་ལ་དེ་མེད་ན་གཞན་ཐམས་ཅད་ཀྱང་མེད་པའི་ཕྱིར་རོ། །དེ་ལྟར་ཤེས་ནས་དཔེ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་འདི་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་འདུས་པར་གསུངས་སོ། །གཉིས་པ། དཔེར་ན་སྲོག་གི་སོགས་ཚིགས་བཅད་གཅིག་སྟེ། དཔེར་ན་མིག་ལ་སོགས་པ་དབང་པོ་དུ་མ་ཡོད་དུ་ཟིན་ཀྱང་འཇིག་རྟེན་འདིར་གནས་པའི་སྲོག་གི་དབང་པོ་འགགས་པར་གྱུར་ན་ཚེ་འདིར་གཏོགས་པའི་དབང་པོ་གཞན་གང་དག་ཇི་སྙེད་ཡོད་པ་ཐམས་ཅད་འགགས་པར་འགྱུར་བ་དེ་ལྟར་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་གང་ཞིག་མཁས་པ་མཆོག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ཕ་རོལ་ཏུ་ཕྱིན་པ་གཞན་ཐམས་ཅད་ཤེར་ཕྱིན་འདིར་ནི་འདུས་པར་གསུངས་ཏེ་འདི་མེད་ན་དེ་ཐམས་ཅད་ཀྱང་མི་འབྱུང་ལ་འདི་ཡོད་པ་ལས་དེ་ཀུན་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་དུ་འགྱུར་བ་དང་དེ་ལས་སངས་རྒྱས་ཐོབ་ཀྱི་བདག་མེད་རྟོགས་པ་དང་མ་འབྲེལ་བའི་སྦྱིན་སོགས་ཇི་ཙམ་སྤྱད་ཀྱང་འཁོར་བ་ལས་ཀྱང་ཐར་མི་ནུས་ན་བྱང་ཆུབ་ཆེན་པོའི་ལམ་ཕར་ཕྱིན་དུ་འགྱུར་བ་ལྟ་ག་ལ་སྟེ་གནས་མེད་དོ། །གཉིས་པ་ཐེག་པ་ཀུན་ལ་བསླབ་པར་འགྱུར་བ་ནི། བྱང་ཆུབ་སེམས་མཁས་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཁས་པ་ནི་ཐེག་པ་གསུམ་ལ་མཁས་པར་འགྱུར་ཏེ་ཁལ་གཅིག་ལ་བྲེ་གང་འདུས་པའི་དཔེ་ལྟར་ཐབས་དང་ཤེས་རབ་ཀྱི་རྣམ་པ་ཡོངས་སུ་རྫོགས་པའི་ལམ་མཆོག་ཏུ་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཤེས་ན། ཐབས་དང་ཤེས་རབ་ཉི་ཙེ་བ་ཉན་རང་གི་ལམ་ནི་དེའི་ཞར་ལ་ཤེས་པ་ཡིན་ནོ། །དེའི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་གྱི་ལམ་རྒྱ་ཆེར་བསྟན་ཏོ་ཞེས་དང་། ཉན་ཐོས་ཀྱི་ས་ལ་བསླབ་པར་འདོད་པས་ཀྱང་འདི་ལ་བསླབ་པར་གསུངས་ཏེ། རྒྱལ་པོ་ཆེན་པོའི་མཛོད་ན་ནོར་སྣ་ཚོགས་ཡོད་པའི་ཕྱིར་དམན་པ་དག་ལ་མཁོ་བའི་རྫས་དག་ཀྱང་དེ་ན་བླང་དུ་ཡོད་པ་བཞིན་དུ་རང་དོན་ཉི་ཙེ་བའི་ལམ་ལ་ཞུགས་པ་རྣམས་ཀྱི་ལམ་འབྲས་བུ་དང་བཅས་པ་ཡང་འདི་ཡི་ཞར་ལ་གཏིང་ཕྱིན་པས་ཤེས་རྒྱུ་ཡོད་པའོ། །དེ་ལྟར་ཡིན་མོད་ཀྱི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཉན་ཐོས་ཀྱི་བསླབ་པར་བྱ་བའི་ཡོན་ཏན་གང་དག་དང་། དེ་བཞིན་དུ་རང་རྒྱལ་རྣམས་ཀྱི་བསླབ་པའི་ཡོན་ཏན་ཀུན་ལའང་མ་རྨོངས་པ་སློབ་པར་བྱེད་ཅིང་དེ་དེའི་རིགས་ཅན་རྣམས་ཚུལ་དེའི་སྒོ་ནས་རྗེས་སུ་འཛིན་པར་བྱེད་ཀྱི། བྱང་སེམས་དེ་དག་རང་ཉིད་དམན་ལམ་དེ་ལ་མི་གནས་ཤིང་དེ་ལ་འདོད་པ་ཡང་མི་སྐྱོད་མོད་དེ། ཚུལ་འདི་ནི་བདག་གིས་བསླབ་པར་བྱ་བ་ཡིན་ཏེ། གང་གི་ཕྱིར་ན་གང་ཟག་གི་བདག་མེད་པར་རྟོགས་པ་སོགས་ནི་འདིར་ཡང་དེ་བཞིན་དུ་འདོད་ལ། ཐབས་ཤེས་ཉི་ཙེ་བས་ལམ་དམན་པར་གྱུར་པའི་ཆ་ནི་རང་གིས་ཤེས་ནས་འདའ་བར་བྱ་བ་དང་། གཞན་དེའི་རིགས་ཅན་རྗེས་སུ་བཟུང་བའི་ཕྱིར་སྟོན་པར་འོས་པ་ཡིན་ནོ་སྙམ་དུ་དེའི་ཕྱིར་ཐེག་པ་ཐམས་ཅད་ལ་སློབ་པ་ཡིན་ནོ། །ལྔ་པ་ལ་དངོས་དང་དེའི་རྒྱུ་མཚན་གཉིས། དང་པོ་མི་ལྡོག་བྱང་ཆུབ་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ནི་ཡོན་ཏན་ཚད་མེད་པ་ཡིན་ཏེ་བརྩོན་པ་པོའི་བསོད་ནམས་མངོན་པར་འདུ་བྱ་བ་ལྟ་ཞོག་གི། །བརྩོན་པ་དེ་ལ་གཞན་རྗེས་སུ་ཡི་རང་བ་ལ་ཡང་བསོད་ནམས་ཆེན་པོ་ཐོབ་སྟེ། གང་ཞེ་ན། ཕྱིར་མི་ལྡོག་པར་བྱང་ཆུབ་མཆོག་ལ་བསམ་པ་དྲག་པོ་དང་སྦྱོར་བ་ཤེས་རབ་ཀྱི་ཕར་ཕྱིན་ཉམས་སུ་ལེན་པའི་སྒོ་ནས་རབ་ཏུ་ཞུགས་པ་ཡི་གང་ཟག་བྱང་ཆུབ་སེམས་དཔའ་དེའི་དེ་ལྟར་སེམས་བསྐྱེད་པ་ལ་གཞན་ཞིག་གིས་བསམ་པ་ཐག་པས་དེའི་རྗེས་སུ་ཡི་རང་བ་བྱས་ན། སྟོང་གསུམ་གྱི་སྟོང་ཆེན་པོ་འདི་ན་ཡོད་པའི་རི་རབ་རྣམས་སྲང་ལ་གཞལ་བས་ཚད་གཟུང་དུ་རུང་གི་རྗེས་སུ་ཡི་རང་བའི་དགེ་བ་དེ་ནི་དེ་ལྟ་བུར་ཚད་གཟུང་དུ་ཡོད་པ་མིན་ནོ། །གཉིས་པ། དགེ་བ་དོན་གཉེར་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་ཕན་ཡོན་ཆེ་བ་ཅིའི་ཕྱིར་ཞེ་ན། དངོས་སུ་བྱང་ཆུབ་སེམས་དཔའ་དེ་གཅིག་པུའི་དགེ་བ་ལ་ཡི་རང་བ་དེས་འཇིག་རྟེན་ན་རང་གི་དགེ་བ་དོན་དུ་གཉེར་བ་རྣམས་དང་གཞན་ལ་ཕན་པར་འདོད་པའི་སེམས་ཅན་ཇི་སྙེད་ཡོད་པ་དེ་ཀུན་གྱི་བསོད་ནམས་ཕུང་པོ་ལ་ཡང་བརྒྱུད་ནས་རྗེས་སུ་ཡི་རང་བར་གྱུར་པ་ཡིན་ཏེ། དེ་ཅི་ཡི་ཕྱིར་ན་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གྱུར་པ་ཡིན་པས་ན་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་དག་ལམ་དེས་རྣམ་འདྲེན་རྒྱལ་བའི་ཡོན་ཏན་ཐོབ་པར་གྱུར་ནས་སྡུག་བསྔལ་རྣམ་པ་མང་པོ་གཏན་དུ་ཟད་པར་བྱ་བའི་ཕྱིར་འཇིག་རྟེན་ཐམས་ཅད་དུ་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་ཅིང་དེས་དགེ་བ་དོན་དུ་གཉེར་བ་དང་གཞན་ཕན་འདོད་པ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པས་ན། དཔེར་ན་སྨན་གྱི་ལྗོན་ཤིང་ཆེན་པོ་གཅེས་པར་བསྐྱང་ན་དངོས་སུ་ལྗོན་པ་བསྐྱེད་པ་ཡིན་ཀྱང་བརྒྱུད་ནས་འགྲོ་བ་མང་པོ་བསྐྱང་བའི་དོན་དུ་གྱུར་པ་དང་ཚུལ་འདྲ་བ་ཡིན་ནོ། །རྣམ་གྲངས་བཞི་པ་གང་ཟག་གི་ཆེ་བ་ལ། མི་རྟོག་པའི་སྤྱོད་པ་ཐོབ་པ། མི་རྟོག་ཀྱང་བྱ་བ་བྱེད་པ་མི་འགལ་བའི་དཔེ། དེ་ལྟར་རྟོགས་པ་ཐོབ་པའི་ཡོན་ཏན་དང་གསུམ། དང་པོ་ལ་དོན་དང་དཔེ་གཉིས། དང་པོ། བྱང་ཆུབ་སེམས་དཔའ་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་གང་ཞིག་རྣམ་པར་མི་རྟོག་པ་ལ་གནས་ནས་ཀུན་བྱང་གིས་བསྡུས་པའི་ཆོས་རྣམས་ཀུན་ཀྱང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྤྲོས་པ་མེད་པའམ་སྨོན་པ་མེད་པར་ཡོངས་སུ་ཤེས་པ་དེ་ནི། ཀུན་ཉོན་དང་རྣམ་བྱང་། གཟུང་བ་དང་འཛིན་པ། ཉེ་བ་དང་རིང་བ་ལ་སོགས་པའི་ཚུལ་དུ་རྟོག་པའི་ཤེས་རབ་མཐའ་གཉིས་སུ་འཛིན་པ་ཉིད་ཀྱིས་བྱང་ཆུབ་ཚོལ་བར་མི་བྱེད་དེ། གཉིས་སུ་འཛིན་པའི་རྟོག་པ་དང་བྲལ་བའི་རྣལ་འབྱོར་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་བརྩོན་པ་ཡིན་ནོ། །གཉིས་པ། ནམ་མཁའི་ཁམས་དེ་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་བྱང་ཆུབ་ལ་ཉེ་རིང་དུ་འཛིན་པ་སོགས་རྟོག་པ་ཐམས་ཅད་བྲལ་བ་དེའི་ཚུལ་ནི་དཔེར་ན་ནམ་མཁའི་ཁམས་དེ་ཡི་རང་གི་ངོ་བོ་དང་ནི་ནམ་མཁའ་དེར་འགལ་བ་ནམ་མཁའ་དང་ལྷན་ཅིག་གནས་སུ་མི་རུང་བ་གཉིས་ཀ་ཡོད་པ་མ་ཡིན་ཏེ། ནམ་མཁའ་ལ་རང་གི་ངོ་བོ་ཡེ་ནས་མེད་པས་ཆོས་གང་གིས་ཀྱང་ནི་དེ་མ་ཐོབ་པའི་ཕྱིར་རོ། །གང་གི་བདག་ཉིད་ཐོབ་པ་མེད་པ་དེ་ནི་ཆོས་གང་དང་ཡང་མི་ཉེ་ལ་གང་དང་ཡང་འགལ་ཏེ་རིང་བ་མེད་དོ། །དཔེ་དེ་བཞིན་དུ་ཆོས་ཐམས་ཅད་བྱང་ཆུབ་ཀྱི་རང་བཞིན་ལ་བྱང་ཆུབ་ནི་ནམ་མཁའི་ཚུལ་དུ་དོན་དམ་པར་སུས་ཀྱང་གསར་དུ་ཐོབ་པར་མི་འགྱུར་ལ། སུ་དང་ཡང་རིང་བ་མེད་པར་ཡེ་ནས་མཉམ་པ་ཉིད་དུ་གནས་པའི་ཤེས་རབ་ཟབ་མོ་ལ་སྤྱོད་པར་མཁས་པའི་བྱང་ཆུབ་སེམས་དཔའ་ཡང་། ནམ་མཁའ་ལྟ་བུ་ཡིན་ཏེ་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བ་ལ་སྤྱོད་པའི་ཆེ་བ་དང་ལྡན་ནོ། །གཉིས་པ་ལ་སྒྱུ་མའི་སྐྱེས་བུའི་དཔེས་ཡུལ་སེམས་ཅན་དུ་མི་རྟོག་པ། སྤྲུལ་པའི་དཔེས་བྱེད་པ་པོར་མི་རྟོག་པ། ཤིང་མཁན་གྱི་བཟོའི་དཔེས་འབྲས་བུ་ལ་མི་རྟོག་པ་གསུམ། དང་པོ་སྐྱེ་བོའི་དབུས་ན་སོགས་ཚིགས་བཅད་གཉིས་ཏེ། དེ་ལྟར་མི་རྟོག་པའི་སྤྱོད་ཡུལ་ཐོབ་པ་དེས་སེམས་ཅན་གྱི་དོན་མཛད་པ་སོགས་ཅི་ལྟ་བུ་ཡིན་ཞེ་ན་དཔེའི་སྒོ་ནས་བཤད་པ། དཔེར་ན་ལྟད་མོར་འདུས་པའི་སྐྱེ་བོ་མང་པོའི་དབུས་ན་སྒྱུ་མའི་སྐྱེས་བུ་སྟེ་སྒྱུ་མའི་སྔགས་སོགས་ཀྱི་མཐུས་སྣང་བའི་སྐྱེས་བུ་དེ་འདི་སྙམ་དུ། བདག་གི་ལྷ་ལ་སོགས་པའི་གཟུགས་སུ་སྣང་བ་འདིས་སྐྱེ་བོ་མང་པོའི་ཚོགས་འདི་མགུ་བར་བྱའོ་སྙམ་དུ་མི་སེམས་མོད་ཀྱི། ལྟད་མོ་བ་རྣམས་མིག་མགུ་བའི་བྱ་བ་དེ་ཡང་བྱེད་དེ་འདི་ལྟར་གཡོ་འགུལ་ལ་སོགས་པའི་རྫུ་འཕྲུལ་སྣ་ཚོགས་པ་རབ་ཏུ་སྟོན་པར་བྱེད་པ་སྐྱེ་བོའི་ཚོགས་དེས་མཐོང་ན་ཡང་། སྒྱུ་མའི་སྐྱེས་བུ་དེ་ལ་ལུས་སུ་གྲུབ་པ་མེད་ལ་སེམས་ཀྱང་མེད་དེ། དེ་ལྟར་གདགས་གཞིས་སྟོང་པ་ལ་མིང་ཡང་གྲུབ་པ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་པ་མེད་པའི་དོན་ལ་སྤྱོད་པ་བྱང་ཆུབ་སེམས་དཔའ་རྟོག་པ་མེད་པ་དག་ནི། ནམ་ཡང་འདི་སྙམ་དུ་བདག་གིས་བྱང་ཆུབ་ཆེན་པོ་རྟོགས་པར་བྱས་ནས་འགྲོ་བ་རྣམས་ཡོངས་སུ་དགྲོལ་ལོ་ཞེས་མི་སེམས་མོད་ཀྱི། འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་སྣ་ཚོགས་པར་སྟོན་པ་དང་ནི་གདུལ་བྱ་འདུལ་བའི་བྱ་བ་མང་པོ་དང་ལྡན་པ་དག །དཔེར་ན་མེད་བཞིན་སྣང་བ་སྒྱུ་མ་ལྟ་བུར་སྟོན་ཀྱང་དེ་དང་དེར་རྣམ་པར་མི་རྟོག་པའི་ཚུལ་གྱིས་སྤྱོད་པ་ཡིན་ནོ། །གཉིས་པ། དཔེར་ན་སངས་རྒྱས་སོགས་ཚིགས་བཅད་གཅིག་སྟེ། དཔེར་ན་དེ་བཞིན་གཤེགས་པ་ཞི་བའི་བློ་གྲོས་ཀྱི་མཛད་པ་བཞིན་དུ་སངས་རྒྱས་རྣམས་ཀྱིས་སངས་རྒྱས་སུ་སྤྲུལ་པ་མཛད་པ་དེ་དག་གིས་ཆོས་སྟོན་པ་སོགས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་མོད་ཀྱི། སྤྲུལ་པ་དེས་རང་གི་སངས་རྒྱས་ཀྱི་མཛད་པ་བྱེད་པ་དེ་ལ་བདག་ནི་སངས་རྒྱས་ཀྱི་མཛད་པ་བྱེད་པའོ་སྙམ་དྲེགས་པ་ཅུང་ཟད་ཀྱང་སྐྱེ་བར་མི་འགྱུར་ཏེ་སྤྲུལ་པའི་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་ཐམས་ཅད་རང་བཞིན་དབེན་ལ་སྣང་བ་སྒྱུ་མ་ལྟར་རྟོགས་པའི་ཤེས་རབ་ལ་སྤྱོད་པ་གོམས་ཤིང་གདིང་དུ་གྱུར་པའི་མཁས་པ་མི་རྟོགས་པའི་སྤྱོད་ཡུལ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡང་སྤྲུལ་པ་དང་སྒྱུ་མ་བཞིན་དུ་ཆོས་སྟོན་པ་ལ་སོགས་པའི་བྱ་བ་ཐམས་ཅད་སྟོན་ཀྱང་ཀུན་ཏུ་རྟོག་པ་མི་འབྱུང་ངོ་། །གསུམ་པ་ཤིང་མཁན་བཟོ་བོ་སོགས་ཚིགས་བཅད་གཅིག་སྟེ། ཤིང་མཁན་བཟོ་བོ་ཡི་བྱ་བ་ལ་མཁས་པས་སྐྱེས་པའམ་བུད་མེད་དང་འདྲ་བའི་བཟོ་བྱས་པ་ན་བཟོ་བྱས་པའི་སྐྱེས་པ་དང་བུད་མེད་དེ་ཡང་འགྲོ་བ་ལ་སོགས་པའི་བྱ་བ་ཐམས་ཅད་བྱེད་ལ་བདག་གིས་འདི་བྱས་སོ་ཞེས་བྱས་པའི་འབྲས་བུ་ལ་མི་རྟོག་སྟེ་དེ་ལ་སེམས་མེད་པའི་ཕྱིར་རོ། །དཔེ་དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཤེས་རབ་ལ་སྤྱོད་པར་མཁས་པའི་བྱང་ཆུབ་སེམས་དཔའ་དེ་ཡང་ཅི་ལའང་མི་རྟོག་ཀྱང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་བཞིན་རྫོགས་སྨིན་སྦྱང་བའི་བྱ་བ་ཐམས་ཅད་བྱེད་དེ། འདི་ལྟར་ཆོས་ཐམས་ཅད་ཡེ་ནས་རང་གི་ངོ་བོས་དབེན་བཞིན་སྣང་བ་སྒྱུ་མ་ལྟ་བུ་ཡིན་ལ། དེ་ལྟར་གོམས་པའི་བློ་གསལ་བ་རབ་ཀྱི་མཐར་ཐུག་པ་ན་ཆོས་ཐམས་ཅད་དེའི་ངང་ཚུལ་ཅན་དུ་སྣང་བ་ཁོ་ནར་འགྱུར་བའི་ཕྱིར་སྒྱུ་མའི་སྐྱེས་བུ་ལྟར་རྣམ་པར་མི་རྟོག་པ་འབྱུང་ལ། མི་རྟོག་ཡེ་ཤེས་དེའི་མཐུས་ལྷུན་གྱིས་གྲུབ་པའི་མཛད་པ་སྣ་ཚོགས་སྟོན་པ་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་རིག་པར་བྱ་སྟེ། མི་རྟོག་ཡེ་ཤེས་དེ་ཡང་སློབ་ལམ་གྱི་གནས་སྐབས་སུ་རྗེས་མཐུན་པ་དང་སངས་རྒྱས་ཀྱི་ས་ན་ཡོངས་སུ་རྫོགས་པའི་བར་དུ་ཤེས་པར་བྱའོ། །གསུམ་པ་ལ་ལྷ་རྣམས་ཀྱིས་འདུད་པ་དང་། བདུད་ཕམ་པར་བྱེད་པའི་ཡོན་ཏན་གཉིས། དང་པོ། དེ་ལྟར་སྤྱོད་མཁས་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་མི་རྟོག་པའི་སྤྱད་པ་སྤྱོད་པར་མཁས་པ་རྣམས་ལ་ཚངས་དང་དབང་པོ་སོགས་འཇིག་རྟེན་པའི་ལྷ་ཡི་ཚོགས་མང་པོ་དག་གི་ཐལ་མོ་སྦྱར་བ་དང་བཅས་ཏེ་ལུས་ཀྱིས་བཏུད་ནས་གུས་པ་ཆེན་པོས་ཕྱག་ཀྱང་འཚལ་བར་བྱེད་ཅིང་། ལྷ་ཡི་ཡང་ལྷར་གྱུར་པ་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཇི་སྙེད་བཞུགས་པ་དེ་དག་གིའང་། བྱང་ཆུབ་སེམས་དཔའ་མི་རྟོག་པའི་སྤྱོད་ཡུལ་ཐོབ་པ་དེའི་ཡོན་ཏན་བསྔགས་པའི་ཕུང་པོ་བརྒྱུད་མའི་ཕྲེང་བ་ཡོངས་སུ་བརྗོད་པར་མཛད་དེ། དཔེར་ན་ད་ལྟར་འཇམ་དཔལ་དང་ཀུན་ཏུ་བཟང་པོའི་བསྔགས་པ་སངས་རྒྱས་རྣམས་ཀྱིས་བརྗོད་པར་མཛད་པ་བཞིན་ནོ། །གཉིས་པ་ལ་དངོས་དང་། དེའི་རྒྱུ་མཚན་གཉིས། དང་པོ། གང་གཱའི་ཀླུང་མཉམ་སོགས་ཚིགས་བཅད་གཅིག་སྟེ། གང་གཱའི་ཀླུང་ཆེན་པོའི་རྡུལ་གྱི་གྲངས་དང་མ ཉམ་པའི་ཞིང་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་ཐམས་ཅད་ཀུན་ཡོངས་སུ་བརྟག་པ་བཟུང་སྟེ་དཔེར་ན། གལ་ཏེ་བདུད་དུ་གྱུར་ལ། བདུད་དེ་རེ་རེའི་བ་སྤུ་ཉག་མ་རེ་རེ་ལས་ཀྱང་བདུད་དེ་སྙེད་སྤྲུལ་བར་བྱས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ལ་གླགས་བཅོལ་བར་བྱས་ཀྱང་། དེ་དག་ཀུན་གྱིས་མཁས་པ་དེ་ལ་བ་སྤུའི་ཁུང་བུ་བསྐྱོད་པ་ཙམ་གྱི་བར་ཆད་ཀྱང་བྱ་མི་ནུས་སོ། །གཉིས་པ་རྒྱུ་རྣམ་བཞི་ཡིས་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་བར་ཆད་བྱ་མི་ནུས་པ་ཅི་ཡི་ཕྱིར་ཞེ་ན། རྒྱུ་རྣམ་པ་བཞི་ཡིས་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་ཤིང་ཆོས་ཉིད་རྟོགས་པའི་སྟོབས་དང་ལྡན་པ་དེ་ནི་ལྷའི་བུའི་བདུད་ལ་སོགས་པ་བདུད་བཞིས་ཐུབ་པར་དཀའ་ཞིང་ལམ་ལས་བསྐྱོད་པར་མི་ནུས་པ་སྟེ། རྒྱུ་བཞི་པོ་གང་ཞེ་ན། སྟོང་པ་ཉིད་ཀྱི་དོན་ལ་བློ་གནས་པའི་ཤེས་རབ་དང་། སེམས་ཅན་ཡོངས་སུ་མི་གཏོང་བའི་སྙིང་རྗེ་དང་། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པར་བྱའོ་ཞེས་པ་ལྟ་བུ་སྔོན་རང་གིས་ཡི་དམ་དུ་བཅས་ནས་ཁས་བླངས་པའི་ཚིག་གྱི་སྐད་སྨྲས་པ་དེ་བཞིན་དུ་ཕྱིར་མི་ལྡོག་པར་སྒྲུབ་པར་བྱེད་པའི་དམ་བཅའ་བརྟན་པ་དང་། ཚོགས་གཉིས་ཡོངས་སུ་བསགས་པས་སངས་རྒྱས་རྣམས་མཉེས་ཤིང་ཆོས་ཉིད་ཀྱིས་དེ་དག་གི་རྒྱུད་ལ་བདེ་བར་གཤེགས་པ་རྣམས་ཀྱི་བྱིན་གྱི་རླབས་ཞུགས་པ་ཅན་ཏེ་དེ་ལྟར་རྒྱུ་བཞིའི་སྒོ་ནས་འདིས་བདུད་ཐམས་ཅད་ཕམ་པར་བྱེད་ནུས་སོ། །རྩ་བའི་ས་བཅད་ལྔ་པ་སྤྱད་བྱ་ཆོས་ཀྱི་ཆེ་བ་ལ། འབྲས་བུ་བགྲོད་གཅིག་ལམ་དུ་ཚུད་པ་དང་། ལམ་གནས་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་དང་། ཤེས་བྱ་བསླབ་པ་ཐམས་ཅད་ཀྱི་མཆོག་ཡིན་པའི་ཆེ་བ་བསྟན་པ་གསུམ། དང་པོ། དེ་བཞིན་གཤེགས་ཡུམ་སོགས་ཚིགས་བཅད་གཅིག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཆད་པར་བྱེད་པའི་ཚེ་ན་བྱང་ཆུབ་སེམས་དཔའ་གང་ཞིག་ཚུལ་འདི་ལ་སྙིང་ནས་མོས་པ་བྱེད་ཅིང་། བསམ་པ་ཐག་པས་འདི་ཉིད་ཉམས་སུ་ལེན་པའམ་བསྒྲུབ་པ་ལ་མངོན་པར་བརྩོན་པར་བྱེད་ན། སྒོ་གསུམ་ཞི་ཞིང་དུལ་བའི་དེས་པ་སྟེ་བྱང་ཆུབ་སེམས་དཔའ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚུལ་ལ་ཞུགས་པ་ཉིད་དུ་རིག་པར་བྱ་སྟེ། འདི་ནི་འབྲས་བུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བགྲོད་པའི་ལམ་གཅིག་པུ་སྟེ་གཉིས་སུ་མེད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། བྱང་སེམས་ཀྱི་གནས་པ་ཤེར་ཕྱིན་ངོས་བཟུང་བ། དེ་ཉིད་གནས་པ་གཞན་ཀུན་གྱི་མཆོག་ཏུ་བསྟན་པ་གཉིས། དང་པོ། ཆོས་དབྱིངས་དེ་བཞིན་སོགས་ཚིགས་བཅད་གཉིས་ཏེ། བྱང་ཆུབ་སེམས་དཔའི་གནས་པ་གང་ཞེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའོ། །དེ་ཅི་ལྟ་བུ་ཞེ་ན། འདི་ལྟར་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་ཅུང་ཟད་ཀྱང་དམིགས་སུ་མེད་པས་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཙམ་དུ་གྱུར་པའོ། །དེ་ལྟར་ཤེས་ནས་ཆོས་ཀྱི་དབྱིངས་ལ་བློ་གནས་པ་ཞེས་པའི་ཐ་སྙད་དེ་ཡང་ཅི་ལའང་མི་གནས་པའི་དོན་ཏེ། དམིགས་པ་ཐམས་ཅད་བྲལ་བའི་དེ་ཁོ་ན་ཉིད་ལ་ཆོས་ཀྱི་དབྱིངས་ཞེས་གདགས་པ་ལས་དེ་ལ་དམིགས་པར་བྱ་བའི་གཞི་མེད་པས་ན་ཆོས་དབྱིངས་དངོས་པོའི་དེ་ཁོ་ན་ཉིད་དམ་དེ་བཞིན་ཉིད་ལ་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་འགྱུར་ཞིང་དེ་ནི་ཅི་ལའང་མི་གནས་པས་ན་མི་གནས་པའི་གནས་པ་ཞེས་ཐ་སྙད་བྱས་པའོ། །དེ་ལྟར་དམིགས་པའི་སྤྱོད་ཡུལ་ཐམས་ཅད་ཀྱིས་དབེན་པ་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་དེ་ནི་དཔེར་ན་བར་སྣང་གི་སྤྲིན་ཅི་ལའང་མི་རྟེན་པ་བཞིན་དུ་ཆོས་གང་ལ་ཡང་གནས་པ་མེད་པར་གནས་པའོ། །ཅི་ལའང་མི་གནས་ཀྱང་མི་གནས་པའི་གནས་པ་ཟབ་མོ་དེའི་མཐུས་རྫོགས་སྨིན་སྦྱངས་པ་རྒྱ་མཚོའི་རྣམ་ཐར་ལ་མངའ་དབང་འབྱོར་པ་ནི། ཇི་ལྟར་རིག་སྔགས་འཆང་བ་གང་ཞིག་རང་ཉིད་གནས་པར་བྱ་བའི་ཆེད་དུ་བྱས་པའི་ཁྱིམ་ལ་སོགས་པ་མེད་པར་ནམ་མཁའ་ལ་རྒྱུ་བ་དེ་དག །གནས་འདོད་པ་ན་རིག་སྔགས་ཀྱི་མཐུས་སྐད་ཅིག་ཉིད་ལ་ནམ་མཁའི་ཁམས་དེར་དུས་སུ་བབ་ནས་ས་ལས་སྐྱེ་བ་ལ་སོགས་པ་མིན་ན་ཡང་མེ་ཏོག་ཡིད་དུ་འོང་བ་དང་འབྲས་བུའི་ཤིང་ལ་སོགས་པ་དང་ལྡན་ཞིང་བཀོད་པས་མཛེས་པའི་སྐྱེད་མོས་ཚལ་ལ་སོགས་པ་ཇི་ལྟར་འདོད་པར་བྱིན་གྱིས་རློབ་ཅིང་སྣང་བར་བྱེད་དོ། །དེ་ལྟར་མི་གནས་པར་གནས་པའི་ཤེར་ཕྱིན་ཟབ་མོ་བླ་ན་མེད་པའི་རིག་སྔགས་སུ་གྱུར་པའི་བྱིན་གྱི་རླབས་ཀྱིས་རྫོགས་སྨིན་སྦྱང་བའི་ཚུལ་ཇི་ལྟར་འདོད་པ་ལ་སྤྱོད་པ་ཅན་གྱི་བྱང་ཆུབ་སེམས་དཔའ་མཁས་ཤིང་གཞན་གྱི་རྒྱུད་གསལ་བ་དེ་ནི་རྫོགས་སྨིན་སྦྱང་བ་བསམ་གྱིས་མི་ཁྱབ་པ་ལ་འཇུག་ཀྱང་། རང་དོན་དུ་རྟོགས་པར་བྱེད་པ་ལམ་གྱི་ཆོས་དང་ཐོབ་པར་བྱ་བ་སངས་རྒྱས་ཀྱི་ཆོས་རྣམས་སུ་དམིགས་པར་མི་འགྱུར་ལ། གཞན་དོན་དུ་འཆད་པར་བྱེད་པ་དང་། ཆོས་འདོད་མཁན་ཏེ་ཆོས་བཤད་པའི་ཡུལ་ཉིད་དུ་ལྟ་བར་བྱེད་པ་མི་དམིགས་ཏེ་ཐམས་ཅད་དམིགས་སུ་མེད་པའི་རང་བཞིན་རྟོགས་པའི་ཕྱིར་རོ། །ཚུལ་འདི་ལྟ་བུ་ནི་ཐ་སྙད་ཙམ་དུ་གཞན་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་བར་འདོད་ཅིང་། རང་ཉིད་ཐེག་པ་ཆེན་པོའི་ལམ་དང་འབྲས་བུའི་ཡོན་ཏན་ལ་དགའ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་པ་ཡིན་ནོ། །གཉིས་པ། དགྲ་བཅོམ་རྣམ་ཐར་སོགས་ཚིགས་བཅད་གསུམ་སྟེ། སྒྲིབ་པ་གཉིས་ཀྱི་དགྲ་བཅོམ་པའི་རྣམ་པར་ཐར་པའི་ཏིང་ངེ་འཛིན་ཕུལ་དུ་བྱུང་བ་ལ་གནས་པ་དེ་བཞིན་གཤེགས་པ་ཉིད་ཀྱི་གནས་པ་མ་གཏོགས་པར། བྱང་ཆུབ་སེམས་དཔའི་གནས་པ་འདི་ནི་གཞན་ཉན་ཐོས་དང་རང་རྒྱལ་བཅས་པ་ཡི་གནས་པ་ཉོན་མོངས་པ་མཐའ་དག་ཞི་བའི་ཏིང་ངེ་འཛིན་རབ་ཏུ་ཞི་བ་ཟག་མེད་ཀྱི་བདེ་བ་དང་ལྡན་པ་ཇི་སྙེད་ཅིག་ཡོད་པ་ཀུན་གྱི་མཆོག་ཏུ་གྱུར་པ་ཡིན་པ་དང་། གཞན་དེ་དག་འདིའི་གོང་ན་མེད་པ་ཡིན་པས་བླ་ན་མེད་པའི་གནས་པ་འདི་ཡིན་ནོ། །དེ་ལྟར་སྤྲོས་པ་མ་ལུས་པ་ཞི་བའི་ཏིང་ངེ་འཛིན་གྱི་གནས་པ་ལ་གནས་ཀྱང་ཞི་བ་ཕྱོགས་གཅིག་པར་མི་འགྱུར་ཏེ། དཔེར་ན་འདབ་ཆགས་རྣམས་རྟེན་མེད་པའི་ནམ་མཁའ་ལ་གནས་ཀྱང་ས་ལ་ལྟུང་བར་འགྱུར་བ་མ་ཡིན་ལ། ཉ་ནི་ཆུ་ལ་གནས་ཀྱང་རྣ་བ་དང་སྣ་སོགས་འཚུབས་ཏེ་འཆི་བ་མེད་པ་དེ་ལྟར་བྱང་ཆུབ་སེམས་དཔའ་མི་གནས་པར་གནས་པའི་བསམ་གཏན་གྱི་སྟོབས་དག་གིས་འཁོར་བའི་ཕ་རོལ་ཞི་བ་མྱ་ངན་ལས་འདས་པའི་དབྱིངས་ལ་སོན་པ་སྟེ་རྟོགས་པར་གྱུར་པ་ལ་ཡང་སྟོང་པ་ལ་གནས་ཀྱང་རྟེན་མེད་པས་ན་གཞན་སྲིད་ཞིའི་མཐར་མི་ལྷུང་བ་བྱ་དང་འདྲ་ཞིང་། སྟོང་པ་ཉིད་ལའང་མ་ཞེན་པའི་ཕྱིར་ཉ་རང་ཉིད་ཀྱི་གནས་ཆུས་མི་འཚུབས་པ་བཞིན་དུ་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདའ་བར་མི་འགྱུར་རོ། །དེས་ན་སེམས་ཅན་གྱི་ཁམས་ཀུན་གྱི་ཡོན་ཏན་ཇི་ཡོད་པ་ཐམས་ཅད་ཀྱི་མཆོག་ཏུ་འགྲོ་བ་ཉིད་དུ་འདོད་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་མཆོག་ཏུ་ངོ་མཚར་རྨད་དུ་བྱུང་བ་ཆོས་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་གྱུར་པ་ལ་རེག་པར་འདོད་པ་དང་། སེམས་ཅན་རྣམས་ལ་ཆོས་ཀྱི་སྦྱིན་པ་རབ་དང་མཆོག་དང་དམ་པར་གྱུར་པ་སྦྱིན་པར་འདོད་པ་གང་ཡིན་པ་དེས། སེམས་ཅན་རྣམས་ལ་ཕན་པ་མཛད་པ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་གནས་པ་མཆོག་འདི་ལ་བསྟེན་པར་གྱིས་ཤིག་ཅེས་སོ། །འདི་ལ་སེམས་ཅན་ཀུན་གྱི་ཡོན་ཏན་གྱི་མཆོག་ཏུ་གྱུར་པ་འཇིག་རྟེན་ཐམས་ཅད་ལས་འདས་པའི་ཆོས་སྐུའི་གནས་སུ་འགྲོ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་རྨད་དུ་བྱུང་བ་དང་ལྡན་པ་ལོངས་སྐུ་དང་། ཆོས་ཀྱི་སྦྱིན་པ་འཇིག་རྟེན་ལ་སྦྱིན་པ་སྤྲུལ་པའི་སྐུ་ཞེས་སྦྱར་བ་དང་། ཆོས་ཀྱི་སྦྱིན་པ་རབ་སྟེ་བསོད་ནམས་ཆ་མཐུན་གྱི་ལམ་དང་། མཆོག་ཐར་པ་ཆ་མཐུན་གྱི་ལམ་དང་། དམ་པ་ཐེག་པ་མཆོག་གི་ཆོས་སོགས་ལ་སྦྱར་བར་མཛད་པའང་སྣང་མོད། སོ་སོར་མ་སྦྱར་བར་ཡོན་ཏན་གྱི་ཆེ་བའི་རྣམ་གྲངས་སུ་བྱས་ཀྱང་རུང་ངོ་། །གསུམ་པ་བསླབ་པ་ཐམས་ཅད་ཀྱི་མཆོག་ཏུ་བསྟན་པ་ལ། ངོ་བོའི་སྒོ་ནས་མཆོག་ཏུ་བསྟན་པ་དང་། འབྲས་བུ་མི་ཟད་པར་འབྱིན་པའི་སྒོ་ནས་མཆོག་ཏུ་བསྟན་པ་གཉིས། དང་པོ། བསླབ་པ་འདི་ནི་སོགས་ཚིགས་བཅད་གཅིག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་འདི་ནི་འདྲེན་པ་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་སྒོ་མོ་སྣ་ཚོགས་པའི་སྒོ་ནས་བསླབ་པ་ཚད་མེད་པ་ཡོངས་སུ་བརྗོད་པའི་བསླབ་པ་གང་ཇི་སྙེད་ཅིག་གསུངས་པ་དེ་དག་ཀུན་གྱི་མཆོག་ཏུ་གྱུར་པ་དང་། འདི་ལས་ལྷག་པར་གྱུར་པའི་བསླབ་པ་གང་ཅུང་ཟད་ཀྱང་མེད་པའི་ཕྱིར་གོང་ན་མེད་པ་ཡིན་ཏེ། མཁས་པ་གང་ཞིག་བསླབ་པ་ཀུན་གྱི་ཕ་རོལ་ཏེ་མཐར་ཕྱིན་པར་འགྲོ་བར་འདོད་པས་སངས་རྒྱས་ཀྱི་བསླབ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་སློབ་པར་བྱའོ། །གཉིས་པ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ། དང་པོ། འདི་ནི་ཆོས་གཏེར་སོགས་ཚིགས་བཅད་གཅིག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་བཤད་བྱའི་ཆོས་མི་ཟད་པ་ཐམས་ཅད་ཀུན་གྱི་འབྱུང་གནས་ཡིན་པས་ཆོས་ཀྱི་གཏེར་ཆེན་པོ་མཆོག་ཏུ་གྱུར་པ་ཡིན་པ་དང་འབྲས་བུ་སྟོབས་སོགས་ཀྱི་ཡོན་ཏན་རིན་པོ་ཆེ་འབྱུང་ཞིང་ལམ་ཕར་ཕྱིན་དང་གཟུངས་དང་བྱང་ཕྱོགས་སོགས་ཀྱི་ཡོན་ཏན་གྱི་ནོར་སྣ་ཚོགས་པ་ཀུན་ཀྱང་འབྱུང་བས་རྒྱ་ཆེ་བའི་ཆོས་ཀྱི་མཛོད་ཀྱི་དམ་པ་རྨད་དུ་བྱུང་བ་ཡིན་ལ་སངས་རྒྱས་ཐམས་ཅད་འབྱུང་བའི་རིགས་སུ་གྱུར་པ་ཡིན་ཏེ་འདི་ལས་འཁྲུངས་པའི་ཕྱིར་རོ། །འགྲོ་བའི་ལུས་དང་སེམས་བདེ་བ་དང་སྐྱིད་པ་ཐམས་ཅད་གནས་པའི་མཛོད་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་རྟོགས་པ་ལས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀུན་འབྱུང་ཞིང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བའི་བར་གྱི་ལེགས་ལ་མ་ཇི་སྙེད་པ་འབྱུང་བ་ཡིན་ཏེ་གཞི་ཤེར་ཕྱིན་ལ་དམིགས་པའི་སྒོ་ནས་དང་། ལམ་ཤེར་ཕྱིན་ཉམས་སུ་བླང་བའི་སྒོ་ནས་དང་འབྲས་བུ་ཤེར་ཕྱིན་ཐོབ་པ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལེགས་པ་ཇི་སྙེད་པ་འབྱུང་བ་ཡིན་པར་རིག་པར་བྱ་སྟེ་དེ་མེད་ན་དེ་ཀུན་ལྡོག་ལ་ཡོད་ན་ཡོད་པའི་རྗེས་འགྲོའི་ཚུལ་གྱིས་སོ། །འདས་པ་དང་མ་བྱོན་པ་དང་ད་ལྟར་བཞུགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་མགོན་པོ་སངས་རྒྱས་རྣམས་ཇི་སྙེད་པ་དེ་དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉམས་སུ་བླང་བ་ལས་འཁྲུངས་ཀྱང་། འདིའི་ངོ་བོར་གྱུར་པ་ཆོས་ཀྱི་དབྱིངས་ནི་ནམ་ཡང་ཟད་མི་ཤེས་ཏེ་བྲི་གང་དང་བྲལ་བར་གནས་སོ། །དེ་ཡང་གཞི་ཤེར་ཕྱིན་མེད་ན་དེ་ཚུལ་བཞིན་རྟོགས་ནས་ཉམས་སུ་ལེན་པ་མེད་ལ། ལམ་མེད་ན་འབྲས་བུ་ཡང་མེད་མོད་ཀྱི་གཞི་ཆོས་ཀྱི་དབྱིངས་གཉིས་སུ་མེད་པའི་དོན་རིགས་སམ་ཆོས་ཉིད་དུ་གནས་པ་དེ་དེ་བཞིན་དུ་རྟོགས་ཤིང་སྟོན་པའི་ཤེས་རབ་ཀྱང་རྒྱུ་ཡིན་པའི་ཚུལ་ཤེས་པར་བྱའོ། །གཉིས་པ་ཕྱི་ཡི་རྟེན་འབྲེལ་གྱི་སྒོ་ནས་བཤད་པ་དང་། ནང་གི་རྟེན་འབྲེལ་གྱི་སྒོ་ནས་བཤད་པ་གཉིས། དང་པོ་ལ་དཔེ་ཕྱི་ཡི་རྟེན་འབྲེལ་དང་། དོན་ཤེར་ཕྱིན་བཤད་པ་གཉིས། དང་པོ། ཤིང་དང་འབྲས་བུ་སོགས་ཚིགས་བཅད་གཅིག་སྟེ། འདི་ལྟར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ལས་འགྱུར་བ་མེད་ཀྱང་ཆོས་ཅན་རྟེན་འབྲེལ་གྱི་རོལ་པ་མི་འགག་པ་ནི་ཕྱི་ཡི་ཆོས་རྣམས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་སྟེ། ཤིང་དང་འབྲས་བུ་དང་མེ་ཏོག་དང་ནགས་ཚལ་ཇི་སྙེད་པ་དེ་དག་ཐམས་ཅད་ས་ལས་ཡང་དག་པར་འབྱུང་ཞིང་ས་ཡི་སྟེང་དུ་འཐོན་པ་ཡིན་ལ། འོན་ཀྱང་ཤིང་ལ་སོགས་པ་དེ་སྙེད་ཡང་ནས་ཡང་དུ་སྐྱེད་པར་བྱས་ཀྱང་ས་ལ་ནི་སྔར་བས་ཡོངས་སུ་རྒྱུན་འགགས་ཏེ་ཟད་པ་མེད་ཅིང་འཕེལ་བ་མེད་ལ་འབྲས་བུ་རྣམས་འབྱིན་པས་དང་པོའི་གནས་སྐབས་ལས་འགྱུར་ཏེ་ཡོངས་སུ་མི་ཉམས་ལ་བདག་གིས་འབྲས་བུ་འདི་དག་སྐྱེད་དོ་སྙམ་དུ་རྣམ་པར་མི་རྟོག་ཅིང་འབྲས་བུ་རྣམས་ཡང་ནས་ཡང་དུ་བསྐྱེད་ཀྱང་སྐྱོ་བ་མེད་དེ་སེམས་ཅན་རྣམས་ཀྱི་ལས་ཀྱི་རྒྱུ་ལས་དེ་ལྟར་ས་ཆེན་པོ་ལས་ཇི་སྲིད་འཇིག་རྟེན་གནས་ཀྱི་བར་དུ་རྩ་ཤིང་ལ་སོགས་པ་སྐྱེ་བ་ན་བྱེད་པོ་གཞན་གྱིས་དབེན་པ་རྟེན་ཅིང་འབྲེལ་བའི་ཚུལ་ཏེ་དེས་མཚོན་ནས་ཕྱིའི་ཆོས་ཐམས་ཅད་ཀྱང་རང་རང་གི་རྒྱུ་ལས་སྐྱེ་ཞིང་རྣམ་པར་རྟོག་པ་མེད་པར་འདུ་བྱེད་པ་ཤེས་པར་བྱའོ། །གཉིས་པ་སངས་རྒྱས་སྲས་དང་སོགས་ཚིགས་བཅད་གཅིག་སྟེ། སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་དང་ཉན་ཐོས་རྣམས་དང་རང་རྒྱལ་དང་ལྷ་རྣམས་དང་། དེ་ལས་གཞན་པའི་འགྲོ་བ་མི་ལ་སོགས་པ་ཀུན་གྱི་བདེ་བ་དང་སྐྱིད་པའི་ཆོས་རྣམས་ཇི་སྙེད་པ་དེ་ཀུན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལས་བྱུང་སྟེ་ཤེར་ཕྱིན་ལས་སངས་རྒྱས་འབྱུང་ལ་དེས་ཆོས་བསྟན་པ་ལས་མངོན་མཐོ་ངེས་ལེགས་ཀྱི་ཡོན་ཏན་ཀུན་འབྱུང་གི་གཞན་གྱིས་བསྟན་པ་མེད་པར་དགེ་སྡིག་གི་རྒྱུ་འབྲས་ཁོང་དུ་ཆུད་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བའང་མི་འབྱུང་བར་ངེས་ཏེ་རང་སྟོབས་ཁོ་ནས་ཤེས་མི་ནུས་པའི་ཕྱིར་རོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་མེད་ན་འཇིག་རྟེན་པའི་བདེ་བ་ཀུན་ཀྱང་སྒྲུབ་པར་མི་འགྱུར་བས་མི་འབྱུང་ལ། ཡང་དག་པ་འཇིག་རྟེན་ལས་འདས་པའི་ལམ་དང་འབྲས་བུ་ནི་ལྟ་ཅི་སྨོས་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་བླ་ན་མེད་པའི་དོན་ཏེ། དེ་ནི་བདེན་པ་གཉིས་ཀྱི་རང་བཞིན་ལ་ཕྱིན་ཅི་མ་ལོག་པར་ཇི་ལྟ་བ་བཞིན་དུ་འཇུག་པའི་བློའོ། །དེས་ན་བདེན་པ་གཉིས་ཀྱི་ཚུལ་ལ་ཕྱིན་ཅི་མ་ལོག་པའི་བློ་ཐམས་ཅད་ཀྱང་དེའི་ཁོངས་སུ་འདུས་ཤིང་དེའི་ཆ་ཤས་སུ་གཏོགས་པའི་ཕྱིར་མངོན་མཐོ་དང་ངེས་ལེགས་སྒྲུབ་པའི་ཤེས་རབ་ཐམས་ཅད་ཀྱང་དངོས་སམ་བརྒྱུད་ནས་དེ་ལ་བརྟེན་པའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འཁོར་འདས་ཀྱི་བདེ་བ་ཐམས་ཅད་འབྱུང་ཡང་ཤེས་རབ་དེ་ལ་ནི་ནམ་ཡང་ཟད་པ་དང་འཕེལ་བ་མེད་དེ་དེ་བཞིན་དུ་གནས་སོ། །གཉིས་པ་ལ་དཔེ་ལུགས་འབྱུང་འཁོར་བའི་རྟེན་འབྲེལ་དང་། དོན་ལུགས་ལྡོག་རྣམ་བྱང་གི་རྟེན་འབྲེལ་གྱི་ཚུལ་གྱིས་བསྟན་པ་གཉིས། དང་པོ། སེམས་ཅན་ཐ་མ་སོགས་ཚིགས་བཅད་གཅིག་སྟེ། འཇིག་རྟེན་འདི་ན་ལུས་དང་ལོངས་སྤྱོད་ལ་ལྟོས་ནས་སེམས་ཅན་ཐ་མ་ངན་སོང་གསུམ་དང་འབྲིང་མི་དང་མཆོག་ཏུ་གྱུར་པ་ལྷ་སྟེ་སེམས་ཅན་གྱི་རིས་ཇི་སྙེད་ཡོད་པ་དེ་ཀུན་རྩ་བ་མ་རིག་པ་ལས་བྱུང་བར་བདེ་བར་གཤེགས་པས་གསུངས་སྟེ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། ཞེས་པ་བཞིན་དུ་ང་དང་བདག་ཏུ་འཛིན་པའི་རྣམ་པར་རྟོག་པ་གང་ཞིག་ཡང་དག་པའི་དོན་མ་མཐོང་ཞིང་ཕྱིན་ཅི་ལོག་ཏུ་འཛིན་པའི་སེམས་བྱུང་དེ་ལམ་རིག་པ་ཞེས་བརྗོད་ལ། མ་རིག་པ་དེ་ལས་འདུ་བྱེད་ལ་སོགས་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་འབྱུང་བས་ན། ཟག་བཅས་ཀྱི་ལས་དང་སྲིད་པ་སོགས་ཉོན་མོངས་པའི་རྐྱེན་རྣམས་ཚོགས་ནས་སྡུག་བསྔལ་གྱི་འཁྲུལ་འཁོར་ཏེ་དུ་མར་འགྱུར་ཞིང་ཡང་ནས་ཡང་དུ་འཁོར་བའི་རང་བཞིན་ཅན་འདི་རབ་ཏུ་འབྱུང་ལ། སེམས་ཅན་གྱི་ཁམས་ཀྱི་མ་རིག་པའི་འཁྲུལ་འཁོར་དེ་ནི་འབྲས་བུ་བྱུང་བས་ཟད་པ་མེད་ལ་འཕེལ་བའང་མེད་དེ་དེ་བཞིན་དུ་གནས་སོ། །དེས་ན་རང་བཞིན་མ་གྲུབ་བཞིན་དུ་སྣང་བ་ཡིན་པས་སྒྱུ་མའི་སྣང་བ་ལྟ་བུའི་སྲིད་པ་ལ་འཕེལ་འགྲིབ་མི་མངོན་པ་ནི་ཆོས་ཀྱི་དབྱིངས་ཀྱིས་ཀླས་པའི་འཇིག་རྟེན་གྱི་ཁམས་སྤྱི་ཡི་དབང་དུ་བྱས་ཏེ་ཐ་སྙད་ཀྱི་ངོས་ནས་གསུངས་པའོ། །གཉིས་པ་ཡེ་ཤེས་ཚུལ་སྒོ་སོགས་ཚིགས་བཅད་གཅིག་སྟེ། མི་སློབ་པ་སངས་རྒྱས་ཀྱི་ཡེ་ཤེས་དང་དེའི་ཚུལ་དང་མཐུན་པ་བསྒོམ་པའི་ལམ་དང་དེའི་སྒོ་ཉིད་དུ་གྱུར་པ་མཐོང་ལམ་དང་། དེ་སྐྱེ་བའི་ཐབས་སྦྱོར་ལམ་དང་དེའི་རྩ་བ་ཚོགས་ཀྱི་ལམ་ཇི་སྙེད་པ་དེ་ཀུན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལས་བྱུང་སྟེ་བདག་མེད་རྟོགས་པ་ལས་དེ་ཀུན་འབྱུང་བས་སོ། །ཤེས་རབ་རྣམ་པ་གསུམ་དགེ་བའི་བཤེས་གཉེན་དེས་ཚོགས་བསགས་པ་ལ་སོགས་པའི་རྐྱེན་རྣམས་ཚོགས་ནས་རང་ལམ་གྱི་སྤང་བྱ་སྤོང་བ་དང་རྟོགས་པའི་ཡོན་ཏན་སྐྱེད་པ་འཇིག་རྟེན་ལས་འདས་པར་བྱེད་པའི་ལས་ཀྱི་འཁྲུལ་འཁོར་རམ་ཡེ་ཤེས་ཀྱི་འཁྲུལ་འཁོར་རབ་ཏུ་འབྱུང་ལ་དེའི་རྩ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནམ་ཡང་རྒྱུན་ཆད་པའི་ཟད་པ་མེད་ལ། སྔ་མའི་གནས་སྐབས་ལས་ལྷག་པར་འཕེལ་བའང་མེད་དེ་དེ་བཞིན་དུ་གནས་སོ། །དེ་ལྟར་ཡང་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས་རྒྱུ་ལ་བརྟེན་ཏེ་བྱུང་བ་ཡི། །ཆོས་རྣམས་ཐམས་ཅད་རབ་ཤེས་ན། །དེ་ཡི་མཛོད་ནི་མི་ཟད་དེ། །ཆོས་ཀྱི་མཛོད་ནི་བསམ་མི་ཁྱབ། །ཆོས་བཞི་འདི་དག་མི་ཟད་པར། །འཇིག་རྟེན་མགོན་པོས་རབ་གསུངས་ཏེ། །སེམས་ཅན་ནམ་མཁའ་བྱང་ཆུབ་སེམས། །དེ་བཞིན་སངས་རྒྱས་ཆོས་རྣམས་སོ། །ཅི་སྟེ་དེ་དག་རྫས་ཡིན་ན། །དེ་དག་ཡོངས་སུ་ཟད་འགྱུར་གྱི། །དེ་དག་མེད་པས་མི་ཟད་ཅེས། །དེ་བས་དེ་ནི་མི་ཟད་གསུངས། །ཞེས་གསུངས་སོ། །གསུམ་པ་དོན་བསྡུ། བྱང་ཆུབ་སེམས་དཔའ་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་གྱི་སྣང་བ་ཡིན་པར་ཤེས་པ་ནི་སངས་རྒྱས་ཀྱི་ཆོས་ཀྱི་གཅེས་པ་ཟབ་མོ་ཁོང་དུ་ཆུད་པ་སྟེ་དེ་ལྟར་རྟོགས་པ་དེས་ཆོས་ཀྱི་སྣང་བ་ཐོབ་པ་དང་སངས་རྒྱས་ཆོས་ཀྱི་སྐུ་མཐོང་བ་ཡིན་པར་གསུངས་པས་བདེན་པ་གཉིས་སུ་ཕྱེ་བའི་ཀུན་རྫོབ་ཀྱི་བདེན་པ་ནི་རྟེན་འབྲེལ་བསླུ་མེད་ཀྱི་ཚུལ་དུ་ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་སེམས་དཔའ་གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་འདི་ལ་རིགས་པས་ལེགས་པར་དཔྱད་ན་རྟེན་ནས་འབྱུང་བ་དཔྱད་མི་བཟོད་པ་ཙམ་ལས། དོན་དམ་པར་རང་གི་ངོ་བོས་སྐྱེ་བ་མེད་པ་དང་ཟད་པ་སྟེ་འགགས་པ་མེད་པར་ཡེ་ནས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་མཉམ་པ་ཡི་བདེན་གཉིས་དབྱེར་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་ལྟ་བུ་ཤེས་པར་བྱས་ཏེ་གོམས་ན། དེའི་བྱེད་ལས་ཉི་མ་སྤྲིན་མེད་ཅིང་འོད་ཟེར་འཕྲོ་བས་མུན་པ་མ་ལུས་པ་བསལ་བ་ལྟར། གློ་བུར་བའི་སྒྲིབ་པ་མ་རིག་པའི་ཐིབ་པོ་མ་ལུས་པ་བཅོམ་ནས་ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པ་རང་བྱུང་གི་ཡེ་ཤེས་ཉིད་ཐོབ་སྟེ་སངས་རྒྱས་པར་འགྱུར་རོ། །ཞེས་སོ། །གཉིས་པ་ཕར་ཕྱིན་གཞན་ལྔ་བཤད་པ་ལ། བསམ་གཏན་བརྩོན་འགྲུས་བཟོད་པ་ཚུལ་ཁྲིམས་སྦྱིན་པ་ལྔ་ལས། དང་པོ་བསམ་གཏན་གྱི་ཕར་ཕྱིན་བཤད་པ་ལ། འབྲས་བུ་དམ་པའི་རྟེན་དུ་གྱུར་པའི་བསམ་གཏན་ལ་བསླབ་པ། བསླབ་ཀྱང་རང་དོན་དུ་ཆགས་པ་མེད་པ། ཆགས་པ་མེད་པའི་སྒོ་ནས་གཞན་དོན་དུ་འཇུག་པ། བསམ་པའི་དབྱེ་བས་མཆོག་དམན་དུ་གྱུར་པའི་ཚུལ་གྱིས་མཇུག་བསྡུ་བ་བཞི། དང་པོ་ལ་བསམ་གཏན་བཞི་ལ་བསླབ་པ་དང་། གཟུགས་མེད་ཀྱི་སྙོམས་འཇུག་བཞི་ལ་བསླབ་པའོ། །དང་པོ། མཐུ་ཆེན་ལྡན་པ་སོགས་ཚིགས་བཅད་གཅིག་སྟེ། ཡོན་ཏན་བསྒྲུབ་པའི་མཐུ་ཆེན་པོ་དང་ལྡན་པ་བྱང་ཆུབ་སེམས་དཔའ་དེ་བསམ་གཏན་བཞིས་ཀྱང་གནས་ཤིང་འདྲིས་པར་ཡང་བྱེད་ལ། དེའི་ཚེ་དེ་ལ་མཚན་འཛིན་གྱིས་རྟེན་པར་བྱེད་པ་མ་ཡིན་ཞིང་རོ་མྱོང་ནས་གནས་པར་བྱེད་པའང་མེད་མོད། འོན་ཀྱང་བསམ་གཏན་གྱི་དངོས་གཞི་སོ་སོའི་ཡན་ལག་རྟོག་དཔྱོད་ལ་སོགས་པ་དང་བཅས་པ་བཞི་པོ་འདི་བྱང་ཆུབ་དམ་པ་མཆོག་གི་སྤང་རྟོག་ཐོབ་པ་ཡི་རྟེན་དུ་འགྱུར་ཏེ་མཐོང་བའི་ལམ་ལ་སོགས་པ་ནི་བསམ་གཏན་གྱི་སེམས་ལ་བརྟེན་པའི་ཕྱིར་རོ། །གཉིས་པ་ཤེས་རབ་མཆོག་ཐོབ་སོགས་ཚིགས་བཅད་གཅིག་སྟེ། ཤེས་རབ་མཆོག་ཐོབ་པའི་བྱང་ཆུབ་སེམས་དཔའ་བསམ་གཏན་དག་ལ་གནས་པ་ནི་གཟུགས་མེད་པའི་ཏིང་ངེ་འཛིན་དམ་པ་བཞི་ཡང་ཉམས་སུ་མྱོང་ཡང་དེ་ལ་ཞེན་པར་མི་བྱེད་ཀྱི། གཟུགས་མེད་ཀྱི་བསམ་གཏན་འདི་དག་སྡིག་སྡུག་མེད་པ་དང་མངོན་ཤེས་སོགས་ཀྱི་མཐུན་རྐྱེན་དུ་གྱུར་པ་ཡིན་པས་བྱང་ཆུབ་དམ་པ་མཆོག་ཐོབ་པ་ལ་ཕན་པའི་རྐྱེན་དུ་གྱུར་པའི་ཕྱིར་སློབ་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་དེ་ཉན་ཐོས་ལྟར་རང་གི་རྒྱུད་ཀྱི་ཟག་པ་ཟད་ནས་ཞི་བ་ཕྱོགས་གཅིག་པའི་འབྲས་བུ་མངོན་དུ་བྱེད་པའི་ཕྱིར་ནི་དེ་ལ་སློབ་པ་མིན་ནོ། །གཉིས་པ་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ། འདི་ནི་ཡོན་ཏན་སོགས་ཚིགས་བཅད་གཅིག་སྟེ། ཚུལ་འདི་ནི་ཡོན་ཏན་མཐའ་དག་སོག་པར་བྱེད་པའི་བྱང་སེམས་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བ་སྟེ། གང་ཞེ་ན་བསམ་གཏན་གྱི་ཏིང་ངེ་འཛིན་ལ་གནས་ནས་ཤེས་རབ་ཀྱིས་དེ་ལ་མཚན་མ་མེད་པར་རྟོགས་སོ། །བསམ་གཏན་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་གལ་ཏེ་ལས་ནི་ཞིག་པར་གྱུར་ཏེ་ཚེ་བརྗེས་ན། སེམས་ཅན་སྨིན་པ་སོགས་ཀྱི་དོན་དུ་རང་གི་བསམ་པ་ཇི་ལྟ་བ་བཞིན་དུ་འདོད་པའི་ཁམས་སུ་ཡོངས་སུ་སྐྱེ་བ་ལེན་པའོ། །གཉིས་པ་ལ་དཔེ་དོན་གཉིས། དང་པོ། དཔེར་ན་འཛམ་གླིང་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་རྒྱུ་སྙོམས་འཇུག་གི་བསམ་གཏན་ཐོབ་བཞིན་དུ་འབྲས་བུ་བསམ་གཏན་གྱི་ལྷར་མི་སྐྱེ་བར་མར་འདོད་པའི་ཁམས་སུ་སྐྱེ་བ་དེ་ཅི་ཞིག་གིས་ཡིན་ཞེ་ན་བསམ་གཏན་ལ་མ་ཆགས་ཤིང་རང་གི་ཡོན་ཏན་གྱི་ཆོས་རྫོགས་པའི་དོན་དུ་ཡིན་ཏེ། དཔེར་ན་འཛམ་བུའི་གླིང་གི་མི་ཞིག་སྔོན་ཆད་ལྷ་ཡི་ཡུལ་གྱི་ཆར་གནས་པ་ལྷ་ཡི་གྲོང་ཁྱེར་ལྟ་ན་སྡུག་པ་ལ་སོགས་པ་མཆོག་ཏུ་གྱུར་པ་དེར་མ་ཕྱིན་ལ། ཕྱིས་ཞིག་ན་དེར་སོང་སྟེ་དེ་ན་ལྷ་རྣམས་ཀྱིས་ཡོངས་སུ་བཟུང་བའི་ཁང་བཟང་དང་སྐྱེད་མོས་ཚལ་ལ་སོགས་པའི་ཡུལ་ཡིད་དུ་འོང་བ་དེ་རྣམས་མཐོང་ནས་དེ་ལ་མ་ཆགས་པར་ཕྱིར་འཛམ་གླིང་འདིར་འོང་བར་གྱུར་ན་མི་དེ་ལྷ་ཡི་ཡུལ་གྱི་བཀོད་པ་མཐོང་ཡང་མ་ཆགས་པས་དེར་མི་སྡོད་པ་དེ་འཛམ་གླིང་འདིའི་ཡུལ་ལ་སོགས་པ་ལ་ཆགས་པར་མི་བྱེད་པ་ལྟར་དུ་ཡིན་ནོ། །གཉིས་པ། དེ་བཞིན་བྱང་ཆུབ་སོགས་ཚིགས་བཅད་གཅིག་སྟེ། དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡོན་ཏན་མཆོག་ཤེས་རབ་སྙིང་རྗེ་ལ་སོགས་པ་འཆང་བ། ཏིང་ངེ་འཛིན་གྱི་རྣལ་འབྱོར་ལ་བརྩོན་ཏེ་བསམ་གཏན་བཞི་སོགས་ཀྱི་ཏིང་ངེ་འཛིན་ལ་གནས་ནས་དེ་ལ་ཞེན་པར་མི་བྱེད་པར་ཕྱིར་ཡང་འདོད་པའི་ཁམས་སུ་གནས་ཏེ་སྔར་གྱི་བསམ་གཏན་དང་འདོད་ཁམས་ཀྱི་ཆོས་ལའང་ཆགས་པ་མེད་དོ། །འདོད་པར་སྐྱེས་ཀྱང་འདོད་པའི་འདོད་ཆགས་སོགས་ཀྱིས་མི་གོས་ཏེ། དཔེར་ན་ཆུ་ཡིས་པདྨ་ལ་མི་གོས་པ་བཞིན་དུ་བྱིས་པའི་ཆོས་ལ་མི་གནས་པའི་ཕྱིར་རོ། །གསུམ་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། བདག་ཉིད་ཆེན་པོ་སོགས་ཚིགས་བཅད་གཅིག་སྟེ། བྱང་སེམས་དེ་བསམ་གཟུགས་ཐོབ་ཀྱང་དེར་སྐྱེ་བར་མི་བྱེད་པར་སླར་འདོད་ཁམས་སུ་སྐྱེ་བའི་དགོས་པ་ནི། བདག་ཉིད་ཆེན་པོ་དེས་ཆོས་བསྟན་པ་སོགས་ཀྱི་སྒོ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་སྦྱོང་བ་དང་ཕ་རོལ་ཏུ་ཕྱིན་པ་རྣམས་རྫོགས་པའི་དོན་བྱེད་པ་ཁོ་ནར་ཟད་དེ་རྒྱུ་གཞན་གྱིས་ནི་མ་ཡིན་ནོ། །འོ་ན་དེ་གསུམ་གཟུགས་མེད་པའི་ཁམས་སོགས་སུ་འདི་བསྒྲུབ་པས་ཆོག་མོད་སྙམ་ན། གཟུགས་མེད་ན་ཆོས་བསྟན་པ་དང་སྦྱིན་པའི་ཡུལ་སོགས་མེད་པས་དེར་བྱང་ཆུབ་ཀྱི་ཡོན་ཏན་བསྐྱེད་པའི་རྒྱུ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་རླབས་པོ་ཆེ་འགྲུབ་པ་ལས་ཉམས་པར་འགྱུར་ཏུ་འོང་ངོ་ཞེས་གཟུགས་མེད་ཀྱི་ཁམས་སུ་བྱང་སེམས་དེས་སྐྱེ་བ་དོན་དུ་གཉེར་བར་མི་བྱེད་དོ། །གཉིས་པ་ལ་དཔེ་དང་དོན་གཉིས། དང་པོ། དཔེར་ན་མི་ཞིག་སོགས་ཚིགས་བཅད་གཅིག་སྟེ་དཔེར་ན་མི་ཞིག་གིས་རིན་ཆེན་གྱི་གཏེར་རྣམས་རྙེད་པར་གྱུར་ནས་ཀྱང་། དེ་ནས་གཏེར་དེ་ལ་རང་ཉིད་ཆགས་པའམ་འདོད་པའི་བློ་ནི་བསྐྱེད་པར་མ་བྱས་ཏེ་མ་བླངས་པར་སོང་ལ། མི་དེས་ཀྱང་དུས་གཞན་ཞིག་ན་གཞན་གྱི་དོན་དུ་གཏེར་ཆེན་པོ་དེ་དག་ཡོངས་སུ་བླངས་ཤིང་། བླངས་ནས་རང་གི་ཁྱིམ་དུ་སོང་སྟེ་དེ་ལ་ཆགས་པར་མི་བྱེད་པར་གཉེན་བཤེས་རྣམས་ལ་སྟེར་བ་ལྟར་དུ་དཔེ་བཀོད་ནས་ཤེས་པར་བྱའོ། །གཉིས་པ། དེ་བཞིན་བྱང་ཆུབ་སོགས་ཚིགས་བཅད་གཅིག་སྟེ། དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཁས་པ་སེམས་ཅན་རྣམས་ལ་འཕྲལ་དུ་དགའ་བ་དང་ནམ་ཕུག་གི་བདེ་བ་སྦྱིན་པར་བྱེད་པ་དེ་དག་བསམ་གཏན་གྱི་ཏིང་ངེ་འཛིན་མི་མཐུན་ཕྱོགས་ཀྱི་སྐྱོན་ཞི་བ་བཞི་པོ་ཐོབ་ནས། བསམ་གཏན་གྱི་བདེ་བ་དང་ལྡན་པ་ལ་མ་ཆགས་པར་འབྲས་བུ་སྐྱེ་བའི་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་པ་བཏང་སྟེ། འགྲོ་བ་ལ་སྙིང་བརྩེར་ལྡན་པ་རྣམས་ནི་ཕྱིར་ཡང་འདོད་པའི་ཁམས་སུ་འཇུག་སྟེ་འདོད་པའི་ཁམས་འདིར་སྡུག་བསྔལ་བ་མང་བས་ཞིང་སྦྱང་བའི་དམིགས་རྣམ་གསོས་འདེབས་པ་དང་། ཕར་ཕྱིན་སྒྲུབ་པའི་ཡུལ་ཡོད་པས་ཚོགས་མྱུར་དུ་རྫོགས་པ་དང་། ཆོས་བསྟན་པས་སེམས་ཅན་རྣམས་སྐྱོ་ཞིང་སྨིན་པར་ནུས་པས་བྱང་ཆུབ་སེམས་དཔའ་མྱུར་དུ་འཚང་རྒྱ་བར་འདོད་པས་འདོད་པའི་ཁམས་འདིར་སྐྱེས་ན་ཚོགས་མྱུར་དུ་རྫོགས་པའི་ཕྱིར་རོ། །བཞི་པ་ལ་སྤང་བྱ་དམན་པ་དང་། བླང་བྱ་མཆོག་གི་ཚུལ་གཉིས། དང་པོ། གལ་སྟེ་བྱང་ཆུབ་སོགས་ཚིགས་བཅད་གཅིག་སྟེ། གལ་ཏེ་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པའི་ཏིང་འཛིན་དང་བསམ་གཏན་བཞི་ལ་ག ནས་ཀྱང་། ཉན་ཐོས་དགྲ་བཅོམ་པ་དང་རང་རྒྱལ་གྱི་ཐེག་པར་འདོད་པའི་བློ་བསྐྱེད་ན། ཐེག་ཆེན་གྱི་ལམ་ལ་ལྟོས་ན་དེ་ལྟ་བུ་ནི་མཉམ་པར་མ་བཞག་པ་དང་། རྒོད་ཅིང་སེམས་གཡེངས་པར་གྱུར་པ་ཡིན་ཏེ། རྒྱུ་མཚན་ཅིའི་ཕྱིར་ན་དམན་ལམ་ཡིད་བྱེད་དེས་སེམས་ཕྲོགས་པར་གྱུར་ནས་ཐེག་པ་ཆེན་པོའི་དོན་ལས་གཡེངས་པས་ན་དོན་ཆེན་པོ་འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་ལས་ཡོངས་སུ་ཉམས་པ་མཉན་པ་གྲུ་ཞིག་པ་རིན་པོ་ཆེའི་གླིང་དུ་མི་ཕྱིན་པ་བཞིན་ནོ། །གཉིས་པ། གཞན་ཡང་གཟུགས་དང་སོགས་ཚིགས་བཅད་གཅིག་སྟེ། ཚུལ་དེ་ལས་གཞན་དུ་གྱུར་པ་ཡང་འདི་ལྟ་སྟེ། གཟུགས་དང་སྒྲ་དང་དེ་བཞིན་དུ་དྲི་དང་རོ་དང་རེག་བྱ་དང་བཅས་པ་སྟེ་འདོད་པའི་ཡོན་ཏན་ལྔ་ལ་དགའ་ཞིང་ཆགས་པས་དེ་སྒྲུབ་པ་ལ་མངོན་པར་བརྩོན་པར་གྱུར་ཀྱང་། དགྲ་བཅོམ་དང་རང་རྒྱལ་གྱི་ཐེག་པ་འདོད་པ་དང་བྲལ་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའམ་བྱང་ཆུབ་སེམས་དཔའི་ལམ་ལ་དགའ་ན་དཔའ་བོ་དེ་ནི་རྟག་ཏུ་མཉམ་པར་བཞག་པ་ཡིན་པར་ཤེས་པར་བྱ་སྟེ་འདོད་པའི་ཡོན་ཏན་ལྔས་གཡེངས་པར་འགྱུར་ཀྱང་ཐམས་ཅད་མཁྱེན་པའི་བར་ཆད་ཀྱི་སེམས་མ་བསྐྱེད་པས་དོན་ཆེན་པོ་ལ་སེམས་རྩེ་གཅིག་པར་གྱུར་པས་མཉམ་བཞག་ཡིན་ཞེས་སོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་བསམ་གཏན་ཐམས་ཅད་ནི་འབྲས་བུ་རྫོགས་བྱང་ཐོབ་པའི་ཡན་ལག་ཏུ་གྱུར་པ་དང་། གཞན་དོན་སྙིང་རྗེས་ཟིན་པའི་ཐབས་སུ་གྱུར་པ་དང་། རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པས་མ་ཆགས་པའི་ཚུལ་གྱིས་འཇུག་པའི་ཁྱད་པར་འདི་གསུམ་གྱིས་ཐེག་པ་ཆེན་པོའི་བསམ་གཏན་བཤད་པའི་ཚུལ་འདི་ཕར་ཕྱིན་འོག་མ་ཀུན་ལའང་དེ་ལྟར་ཡིན་ནོ། །གཉིས་པ་བརྩོན་འགྲུས་ལ། གཞན་དོན་དུ་བརྩོན་པར་གདམས་པ། མི་ཞུམ་པར་བརྩོན་པ། འཁོར་གསུམ་དག་པའི་ཚུལ་གྱིས་བརྩོན་པ་གསུམ། དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ། སེམས་ཅན་གང་ཟག་སོགས་ཚིགས་བཅད་གཅིག་སྟེ། སེམས་ཅན་དུ་གྱུར་པ་གང་ཟག་ཞེས་པའི་མིང་ཅན་ཇི་སྙེད་པ་གཞན་རྣམས་ཀྱི་ཕྱིར་དུ་ཕན་བདེ་སྒྲུབ་པའི་གོ་ཆ་བགོས་པའི་སེམས་དཔའ་ཞིང་དེ་ཡང་རང་འདོད་ཀྱི་དྲི་མས་རྣམ་པར་དག་པ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གུས་པས་མངོན་པར་བརྩོན་ཞིང་རྟག་ཏུ་སྦྱོར་བའི་སྒོ་ནས་རྣམ་པར་སྤྱོད་པ་ཡིན་ཏེ། དཔེར་ན་བྲན་མོ་ཆུ་ཆུན་ཏེ་ཆུ་ལེན་མོ་རྣམས་ནི་རང་དབང་མེད་པར་རྗེ་བོའི་དབང་དུ་གྱུར་པ་དེ་བཞིན་དུ། དཔའ་བོ་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཀུན་གྱི་གཞན་དབང་གིས་འགྲོ་བའམ་གཞན་དབང་དུ་གྱུར་པ་ཡིན་ནོ། །གཉིས་པ་ལ་གནོད་པ་བྱས་ཀྱང་དེའི་དོན་དུ་བརྩོན་པ་མི་འདོར་བ་དང་། རྟག་ཏུ་གཞན་དོན་ལ་བརྩོན་པའི་ཚུལ་གཉིས། དང་པོ་ལ་དཔེ་དང་དོན་གཉིས་ལས། དང་པོ། སྤྱོ་བ་བྱས་སམ་སོགས་ཚིགས་བཅད་གཅིག་སྟེ། འདི་ལྟར་ངག་གིས་ངན་དུ་སྨྲ་བའི་སྒོ་ནས་སྤྱོ་བ་བྱས་སམ་འོན་ཏེ་རྟག་ཏུ་ལུས་ཀྱིས་བརྡེག་པར་བྱེད་ཀྱང་རུང་སྟེ། བྲན་མོ་དེས་རྗེ་བོ་ལ་ནི་བགོ་བ་ཕྱིར་ཟློག་པའི་ཚིག་མི་སྨྲ་ཡི་ཇི་ལྟར་ཁྲོ་བ་བསྟན་ཀྱང་དེ་ལ་སེམས་སླར་མི་ཁྲོ་བར་མ་ཟད། ཉེས་ན་འདི་ཡིས་བདག་ནི་བསད་པར་འགྱུར་དུའང་འོང་སྟེ་བདག་ནི་འདི་ལ་དབང་བའི་ཕྱིར་རོ་སྙམ་དུ་བསམ་ནས། ཤིན་ཏུ་སྐྲག་པའི་ཡིད་ཀྱིས་འཇིགས་པ་དང་བཅས་ཏེ་བཀའ་ཉན་ལ་དེ་ཉིད་རྗེ་བོ་དེའི་ཟིལ་གྱིས་གནོན་པར་གྱུར་པ་ཡིན་ནོ། །གཉིས་པ། དེ་བཞིན་བྱང་ཆུབ་སོགས་ཚིགས་བཅད་གཅིག་སྟེ། བཤད་མ་ཐག་པའི་དཔེ་དེ་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་ཆེད་དུ་བྱང་ཆུབ་མཆོག་གི་ལམ་ལ་ཞུགས་པ་བྱང་སེམས་རྣམས་ནི་འགྲོ་བ་ཀུན་ལ་བྲན་དུ་གྱུར་པ་བཞིན་དུ་གནས་པར་བྱ་ཏེ། དེའི་རྒྱུ་མཚན་ནི་འགྲོ་བ་འདི་རྣམས་སྙིང་རྗེས་ཡོངས་སུ་བཟུང་བ་ལས་བདག་བྱང་ཆུབ་ཐོབ་ཅིང་ཡོན་ཏན་རྣམས་རྫོགས་པར་འགྱུར་བས་དེས་དེ་ལ་ངོར་ལྟ་ཞིང་བསམ་པ་དང་མཐུན་པར་འཇུག་པ་བྲན་མོ་བཞིན་དུ་བྱེད་པ་ཡིན་ཏེ། དེ་ལྟར་མ་བྱས་པར་སེམས་ཅན་ལ་ཁྲོས་ན་རྩ་དང་ཤིང་ལས་མེ་བྱུང་བས་ནི་རྩ་ཤིང་དེ་ཉིད་སྲེག་པར་བྱེད་པ་ལྟར་རང་གི་ཁྲོ་བའི་མེས་རང་བརླག་ནས་བསད་པ་ལྟར་བྱང་ཆུབ་ལམ་གྱི་སྲོག་འགགས་པར་འགྱུར་བའི་ཕྱིར་ནའོ། །གཉིས་པ། བདག་གི་བདེ་བ་སོགས་ཚིགས་བཅད་གཅིག་སྟེ། འདི་ལྟར་བདག་གཅེས་འཛིན་བྱས་པས་འཁོར་བའི་སྡུག་བསྔལ་ཐམས་ཅད་འདྲེན་ལ། གཞན་གཅེས་པར་བཟུང་བས་སངས་རྒྱས་ཀྱི་ཡོན་ཏན་ཀུན་ཐོབ་པའི་ཕྱིར་དེ་ལྟར་ཤེས་ནས། བདག་གི་བདེ་བ་འདོད་པའི་སེམས་བཏང་ནས་ལན་དང་རྣམ་སྨིན་ལ་རེ་བ་མེད་པའི་སེམས་ཀྱིས་སེམས་ཅན་གཞན་གྱི་དགོས་པ་སྒྲུབ་པ་ལ་ཉིན་དང་མཚན་དུ་མངོན་པར་བརྩོན་པར་བྱ་སྟེ་བུ་གཅིག་པ་ལ་མ་ནི་རྣམ་པ་ཀུན་ཏུ་སྐྱོ་བ་མེད་པའི་ཡིད་ཀྱིས་རིམ་གྲོ་བྱེད་པ་ལྟར་བསམ་པ་ཐག་པ་ནས་སེམས་ཅན་གྱི་དོན་ལ་རྣམ་པར་སྐྱོ་བ་མེད་པར་གནས་པར་གྱིས་ཤིག །གཉིས་པ་མ་ཞུམ་པ་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ། བྱང་ཆུབ་སེམས་དཔའ་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་གང་ཞིག་སྙིང་རྗེ་ཆེན་པོའི་དབང་གིས་ཡུན་རིང་པོ་ཚད་མེད་པར་འཁོར་བ་འདིར་གནས་ཤིང་མི་གཏོང་བར་འདོད་ཅིང་། དེར་གནས་ནས་སེམས་ཅན་གྱི་དོན་བྱེད་པ་དང་ཞིང་སྦྱོང་བ་ལ་བརྩོན་པའི་རྣལ་འབྱོར་པ་གང་ཞིག །དེ་ལྟ་བུའི་ཚུལ་ལ་སྐྱོ་བའི་བློ་ནི་རྡུལ་ཙམ་སྐྱེ་བར་མི་འགྱུར་ན་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ཏེ་འགྲོ་བའི་དོན་སྒྲུབ་པ་ལ་གཡེལ་བ་མེད་པར་འགྱུར་བ་ཡིན་ནོ། །གཉིས་པ་ལ་སྤང་བྱ་དང་གཉེན་པོ་གཉིས། དང་པོ། བྱང་ཆུབ་སེམས་དཔའ་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་ཐབས་ལ་མི་མཁས་པ་གང་ཞིག་བསྐལ་པ་བྱེ་བ་སོགས་སུ་ཚད་བགྲངས་ཤིང་འདི་ཙམ་ཞིག་གི་བར་དུ་བརྩོན་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་བོ་ཞེས་བསམ་ནས། གལ་ཏེ་དེ་འདྲ་བའི་ཡུན་ལ་རིང་བར་འདུ་ཤེས་པ་དང་། མགོ་དང་ཡན་ལག་གཏོང་བ་སོགས་དཀའ་བའི་སྤྱོད་པ་ལ་སྡུག་བསྔལ་བའི་འདུ་ཤེས་ཀྱི་སྒོ་ནས་བྱང་ཆུབ་སྒྲུབ་པར་བྱེད་ན། ཡང་དག་པའི་ཆོས་བླ་མེད་བྱང་ཆུབ་སྒྲུབ་པར་བྱེད་པ་དེ་ཡི་ཚེ་ན་འདུ་ཤེས་དེ་ཉིད་ཀྱི་དབང་གིས་ཡུན་རིང་པོར་སྡུག་བསྔལ་བར་འགྱུར་ཞིང་། ཚུལ་དེས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་ཤིང་ལེ་ལོ་ཅན་དུ་འགྱུར་ཏེ། འདི་ལྟར་བརྩོན་འགྲུས་ཀྱི་ངོ་བོ་ནི་དགེ་བ་ལ་སྤྲོ་བ་ཡིན་ཞིང་སྤྲོ་བ་དེ་དང་ལྡན་ན་ལས་དེ་ལ་མི་ཞུམ་པར་འཇུག་ནུས་ཀྱི་རིང་བའི་འདུ་ཤེས་སོགས་ཀྱིས་སྤྲོ་བ་ཉམས་ནས་སྒྱིད་ལུག་པར་འགྱུར་བའི་ཕྱིར་ཏེ་འཇིག་རྟེན་ན་ཡང་དོན་གང་གི་ཕྱིར་སྤྲོ་བ་དྲག་པོ་ཡོད་པའི་ཚེ་ན་དཔག་ཚད་བརྒྱའི་ལམ་ལའང་དགའ་བཞིན་དུ་འགྲོ་ལ། སྤྲོ་བ་མེད་པར་གྱུར་བའི་ཚེ་རྒྱང་གྲགས་གཅིག་ཏུ་འགྲོ་བ་ལ་ཡང་འཚེར་བར་ལྟ་བ་བཞིན་ནོ། །དེས་ན་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ཆེན་པོ་ཟུང་དུ་ཞུགས་པའི་ཐབས་མཁས་དེའི་སྒོ་ནས་སེམས་ཅན་གྱི་ཁམས་ཚད་མེད་པའི་མཐར་ཐུག་པའི་མུ་དང་མཉམ་པར་རྫོགས་སྨིན་སྦྱང་བ་ཚད་དང་མཐའ་མེད་པར་བྱའོ་སྙམ་པའི་མུ་དང་མཐར་གཏུག་པ་མེད་པའི་བློ་སྐྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་གོ་ཆའི་བརྩོན་འགྲུས་ཡིན་པས་གོ་ཆ་དེ་ལྟ་བུའི་སྒོ་ནས་ཞུགས་པས་ལམ་ཇི་ལྟར་གོམས་པ་བཞིན་བརྩོན་འགྲུས་དེ་ལྟར་འཕེལ་ཏེ་མཐའ་ཡི་ཚད་གཟུང་དུ་མེད་པར་གྱུར་པ་ནི་འཇམ་དཔལ་ལ་སོགས་པའི་རྣམ་པར་ཐར་པ་བཞིན་དུ་ཤེས་པར་བྱས་ནས་དེ་ལྟར་འཇུག་པར་བྱའོ། །གཉིས་པ་ལ། དུས་ཀྱི་དབང་དུ་བྱས་པ་དང་། དངོས་པོའི་དབང་དུ་བྱས་པ་གཉིས། དང་པོ། བྱང་ཆུབ་མཆོག་ཏུ་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་དུས་ལ་རིང་བ་དང་དངོས་པོ་ལ་བྱ་དཀའ་བའི་འདུ་ཤེས་དེ་སྤང་བའི་བརྩོན་འགྲུས་རྩོམ་པའི་ཚུལ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་པོ་གང་ཡིན་པ་དེ་ནས་བཟུང་སྟེ། མཐར་བྱང་ཆུབ་བླ་ན་མེད་པ་ཐོབ་པར་འགྱུར་གྱི་བར་དེ་དག་དཔེར་ན་ཉིན་མཚན་གཅིག་གི་ཚད་ཙམ་དུ་ནི་འདའ་བར་སླ་བ་ཡིན་པའི་ཚུལ་དུ་ཡིད་ལ་སེམས་པར་བྱེད་ཅིང་སྤྲོ་བར་གྱུར་ན། མཁས་པ་ཤེས་རབ་ཀྱི་འོད་གསལ་བས་བརྩོན་འགྲུས་བརྩམ་པའི་ཚུལ་དེ་ལྟ་བུ་ཡིན་པར་རིག་པར་བྱ་སྟེ། བསྐལ་པ་སྔོན་གྱི་མཐའ་ཐུག་པ་མེད་པར་འཁོར་བ་འདིར་སྡུག་བསྔལ་མི་བཟོད་པ་བརྒྱུད་མར་མྱོང་ཡང་དེས་ཕན་པ་ཅི་ཡང་མ་འགྲུབ་པ་ལའང་སྐྱོ་བ་མེད་ན་བདག་ད་ལྟ་དོན་ཆེན་པོ་འབྲས་བུ་མཐར་ཐུག་པ་བསྒྲུབ་པའི་ལམ་འདི་བསྒྲུབ་ན་འགྲུབ་ཏུ་རུང་བ་ཡིན་ཞིང་ཇེ་བས་ཇེ་བཟང་དུ་འཕེལ་བས་ན་འདི་ལ་སྐྱོ་བ་ཅི་སྟེ་སྐྱེད་སྙམ་དུ་སྤྲོ་བར་བྱས་ན་དེའི་དབང་གིས་རིང་བ་དང་དཀའ་བའི་འདུ་ཤེས་ཟིལ་གྱིས་མནན་པས་དུས་རིང་བ་ལའང་ཐུང་བའི་འདུ་ཤེས་ཀྱི་ཚུལ་གྱིས་སྡུག་བསྔལ་མེད་པར་བདེ་བའི་སྒོ་ནས་བརྩོན་པ་འཕེལ་བར་འགྱུར་ཏེ། རིན་པོ་ཆེའི་ཁེ་མཐོང་ནས་ལམ་རིང་བ་དང་དཀའ་བ་ལ་དཀའ་བར་མི་སེམས་པར་བདེ་བའི་འདུ་ཤེས་བྱེད་པ་ལ་སོགས་པ་བཞིན་དུ་འགྱུར་རོ། །དེས་ན་བྱ་རྒྱུའི་དངོས་པོ་ལ་མི་ལྟོས་པར་སེམས་ཀྱི་དབང་གིས་བྱ་དཀའ་བ་དང་མི་དཀའ་བར་གྱུར་པ་ཡིན་པར་ཤེས་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུས་གཏོང་བ་དང་གཞན་དོན་དུ་མནར་མེད་དུ་འཇུག་པ་ལའང་དགའ་ཞིང་བདེ་བའི་འདུ་ཤེས་སུ་བྱེད་པ་བཞིན་ནོ། །གཉིས་པ་གལ་ཏེ་འགའ་ཞིག་སོགས་ཚིགས་བཅད་གཉིས་ཏེ། གལ་ཏེ་འགའ་ཞིག་འདི་སྐད་དུ་རིའི་རྒྱལ་པོ་རི་རབ་ཀྱི་རི་འདི་བཤིག་པར་གྱིས་དང་འདི་བཤིག་པའི་རྗེས་ལ་ཁྱོད་བྱང་ཆུབ་མཆོག་ཐོབ་པར་འགྱུར་རོ་ཞེས་སྨྲ་བ་ན་དེ་ལས་ཅི་སྟེ་དེས་རི་རབ་ནི་འདི་ལྟར་ཆེ་ཞིང་བརྟན་པ་འདི་བཤིག་དཀའོ་སྙམ་དུ་སྐྱོ་བའི་བློ་སྐྱེད་ཅིང་འདི་ལོའམ་བསྐལ་པ་ཇི་ཙམ་གྱིས་བཤིག་པར་ནུས་སྙམ་དུ་ཚད་ཀྱང་སེམས་པར་བྱེད་ན། དེ་འདྲའི་སེམས་ཞུམ་པ་དང་བཅས་པ་དེ་ནི་ཚེ་བྱང་ཆུབ་སེམས་དཔའ་དེ་ནི་ལེ་ལོར་གྱུར་པ་ཡིན་ཏེ་སྤྲོ་བ་ཉམས་པའི་ཕྱིར་རོ། །ཇི་སྟེ་བྱང་སེམས་དེ་ནི་འདི་སྙམ་དུ་བླ་ན་མེད་པའི་བྱང་ཆུབ་དེ་བརྩོན་འགྲུས་འདི་ཙམ་གྱིས་ཚོད་ཀྱིས་ཐོབ་ན་ལྟ་འདི་མཐར་གྱིས་ཤིག་པར་ནུས་པ་ཡིན་པའི་ཕྱིར་འདི་ནི་ཅི་ཞིག་དཀའ་སྟེ་མི་དཀའོ་ཞེས་སུ་བསམ་ནས། ཡུན་གྱི་ཚད་མི་གཞལ་བར་དུས་སྐད་ཅིག་ཙམ་ལ་རི་རབ་དེ་ཐལ་བར་བརླག་ནུས་པ་ལྟ་བུའི་སྤྲོ་བ་དྲག་པོའི་སེམས་བསྐྱེད་པར་བྱེད་ན་དེའི་ཚེ་བྱང་ཆུབ་སེམས་དཔའ་དོན་དང་དོན་མ་ཡིན་པའི་གནས་ལ་མཁས་པ་དེ་ནི་བརྩོན་འགྲུས་བརྩམ་པ་ཉིད་དུ་གྱུར་པ་སྟེ། ཚུལ་དེ་ལྟ་བུར་རྣམ་མཁྱེན་ལ་སྤྲོ་བའི་སྒོ་ནས་བྱ་དཀའ་བ་ལ་མི་ཞུམ་པའི་བརྩོན་འགྲུས་དང་ལྡན་པ་དེ་ནི་རིང་པོར་མི་ཐོགས་པར་འདྲེན་པའི་བྱང་ཆུབ་མཆོག་ཐོབ་པར་འགྱུར་ཏེ། དེ་ཐོབ་བྱེད་ཀྱི་རྒྱུ་བརྩོན་འགྲུས་དེ་ལྟ་བུ་ཡོད་པའི་ཕྱིར་རོ། །གསུམ་པ་ལ། ལྡོག་བྱ་དང་། འཇུག་བྱ་གཉིས། དང་པོ། འགྲོ་བ་ཡོངས་སུ་སོགས་ཚིགས་བཅད་གཅིག་སྟེ། འདི་ལྟར་བརྩོན་འགྲུས་རྩོམ་པ་ན་ཡང་དམིགས་པ་ཅན་ནི་དེའི་དབང་གིས་ཡོངས་སུ་མི་དག་པའི་ལེ་ལོར་གྱུར་པ་སྟེ། གང་ཞེ་ན་བདག་གིས་འགྲོ་བ་རྣམས་ཡོངས་སུ་སྨིན་པར་བྱས་ནས་གཞན་གྱི་དོན་བྱའོ་ཞེས་མཚན་མར་འཛིན་པའི་འདུ་ཤེས་ཀྱི་ངང་ནས། གལ་ཏེ་ལུས་དང་ངག་དང་ཡིད་ཀྱིས་བརྩོན་པར་བྱེད་ན། བདག་ཏུ་འདུ་ཤེས་པ་ལ་གནས་པས་དམིགས་མེད་ཀྱི་བརྩོན་འགྲུས་ལ་ལྟོས་ན་ལེ་ལོར་གྱུར་པ་སྟེ། དེའི་རྒྱུ་མཚན་དམིགས་པ་ཅན་གྱི་ལྟ་བ་དེས་བརྩོན་པ་ཡང་དག་པར་མི་འགྱུར་ལ་དེའི་ལྡོག་ཕྱོགས་སུ་ལྷུང་བས་ཐམས་ཅད་མཁྱེན་པ་ཉིད་ལས་རིང་བར་འགྱུར་ཏེ་དཔེར་ན་གནམ་དང་ས་རྒྱང་ཐག་རིང་བ་བཞིན་དུ་འགྱུར་རོ། །གཉིས་པ། གང་ཚེ་ལུས་དང་སོགས་ཚིགས་བཅད་གཅིག་སྟེ། བརྩོན་འགྲུས་རྩོམ་པ་གང་གི་ཚེ་ན་རྩོམ་པ་པོ་རང་གི་ལུས་དང་སེམས་དང་གཞན་སེམས་ཅན་གྱི་འདུ་ཤེས་མེད་ལ། བརྩོན་པའི་འཁོར་གསུམ་གྱི་འདུ་ཤེས་རྣམ་པར་ལོག་ནས་མཐའ་འམ་བདག་གཞན་གཉིས་སུ་མེད་པའི་ཆོས་ཀྱི་ཚུལ་ལ་སྤྱོད་པ་འདི་ནི་བྱང་ཆུབ་ཆེན་པོ་དྲི་མ་ཞི་བ་ནམ་ཡང་མི་ཉམས་པ་མཆོག་གི་གོ་འཕང་འདོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ནོ་ཞེས་ཕན་པ་མཛད་པ་རྒྱལ་བ་རྣམས་ཀྱིས་གསུངས་སོ། །གསུམ་པ་བཟོད་པ་ལ། ཆོས་ལ་ངེས་སེམས་ཀྱི་བཟོད་པ། གནོད་པས་མི་མཇེད་པའི་བཟོད་པ། སྡུག་བསྔལ་དང་ལེན་གྱི་བཟོད་པ་གསུམ། དང་པོ་ལ། དངོས་དང་། དེའི་ཕན་ཡོན་གཉིས། དང་པོ། གལ་ཏེ་གཞན་ལས་སོགས་ཚིགས་བཅད་གཅིག་སྟེ། གལ་ཏེ་གཞན་ལས་བདག་ལ་སྨོད་པ་ལ་སོགས་པ་ངན་དུ་བརྗོད་པའི་ཚིག་རྩུབ་མོ་ཐོས་པར་གྱུར་པ་ན། འདི་ལྟར་བཟོད་པའི་ཡུལ་རྙེད་པ་ཉིད་ཀྱིས་བཟོད་པ་འབྱུང་བས་ན་འདི་ནི་བདག་གི་བདེ་བའི་རྒྱུ་ཡིན་ནོ་ཞེས་སུ་སྙམ་ནས་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དེ་ནི་དགའ་བར་འགྱུར་རོ། །དེ་ལ་ཡང་དོན་དམ་པར་ན་ཚིག་རྩུབ་མོ་འདི་སུ་ཞིག་གིས་སྨྲ་བ་པོ་དང་དེ་སུས་ཐོས་པ་དང་། ཞེ་སྡང་བ་སོགས་རྒྱུ་གང་གིས་བརྗོད་བྱ་ངན་དུ་སྨྲ་བ་གང་ཞིག་གཞན་ཡིད་བཅད་པ་སོགས་དགོས་པ་གང་གི་ཕྱིར་སྨྲའོ་སྙམ་དུ་བརྟག་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་སྣང་བ་ངོ་བོ་མ་གྲུབ་པའི་སྒྱུ་མ་ལྟར་རྟོགས་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཆོག་དང་ལྡན་པ་ནི་མཛངས་པ་ཡིན་ཏེ། རྐྱེན་ལས་བྱུང་བའི་ཆོས་ཙམ་ལ་ཁྲོ་བར་བྱར་མེད་པའི་དོན་ཁོང་དུ་ཆུད་པའི་ཕྱིར་རོ། །དེ་ལྟར་མ་ཤེས་པའི་བླུན་པོ་དག་ནི་ལན་དུ་ཁྲོ་ཞིང་བདག་གཞན་ཉམས་པར་བྱེད་དོ། །གཉིས་པ། བྱང་ཆུབ་སེམས་དཔའ་སོགས་ཚིགས་བཅད་གཉིས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་བཟོད་པའི་ལེགས་བྱས་ཀྱི་ཆོས་དང་ལྡན་ན། གང་ཞིག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་ཆེན་སྣ་ཚོགས་ཀྱིས་བཀང་སྟེ་འཇིག་རྟེན་མཁྱེན་པ་སངས་རྒྱས་རྣམས་དང་། དགྲ་བཅོམ་པ་རྣམས་དང་རང་རྒྱལ་རྣམས་ལ་ཕུལ་བར་བྱས་པའི་སྦྱིན་པའི་ཕུང་པོ་ལ་ནི་བཟོད་པའི་ངང་ཚུལ་དང་ལྡན་པ་དེ་ལ་བསོད་ནམས་ཀྱི་ཆར་ཡང་འགྲན་པར་མི་ཕོད་དོ། །བཟོད་པ་ལ་གནས་པའི་རྣམ་སྨིན་གྱི་འབྲས་བུ་ནི་ལུས་ནི་གསེར་ལྟར་ཡོངས་སུ་དག་པར་འགྱུར་ཏེ་སུམ་ཅུ་རྩ་གཉིས་ཀྱི་གྲངས་དང་ལྡན་པའི་མཚན་བཟང་པོ་དང་ལྡན་ཞིང་མཐུ་སྟོབས་ཕ་མཐའ་ཡས་པར་འགྱུར་ལ་ཆོས་ལ་ངེས་སེམས་ཀྱི་བཟོད་པའི་སྐྱེས་བུ་བྱེད་པའི་འབྲས་བུ་སེམས་ཅན་རྣམས་ལ་ཆོས་རབ་ཏུ་གྱུར་པ་སྟོང་པ་ཉིད་སྒྲོགས་པར་བྱེད་པར་ཉིད་དུ་འགྱུར་ཞིང་བདག་པོའི་འབྲས་བུ་ནི་འཇིག་རྟེན་འདིར་ནི་བཟོད་པ་དང་ལྡན་པ་དེ་ལ་འགྲོ་བ་རྣམས་དགའ་བར་འགྱུར་ཞིང་རྟེན་པར་བྱེད་ལ་བྲལ་བའི་འབྲས་བུ་ནི་རྨོངས་པ་དང་བྲལ་བའི་མཁས་པར་འགྱུར་རོ། །གཉིས་པ་གནོད་པ་ལ་ཅི་མི་སྙམ་པའི་བཟོད་པ་ལ། ཇི་ལྟར་བཟོད་པར་བྱ་བ་དང་། །དེ་ལྟར་བཟོད་པའི་འབྲས་བུ་གཉིས། །དང་པོ། གལ་ཏེ་སེམས་ཅན་སོགས་ཚིགས་བཅད་གཅིག་སྟེ། གལ་ཏེ་སེམས་ཅན་ལ་ལས་ཙན་དན་གྱི་ཕུར་མ་སྟེ་ཐུམ་པོ་བླངས་ནས་རབ་ཏུ་གུས་པའི་ཡིད་ཀྱིས་བྱང་ཆུབ་སེམས་དཔའ་ཡི་ལུས་ལ་ནི་ཉུག་ཅིང་བྱུག་པར་བྱེད་ལ། གཞན་ཞིག་གིས་གནོད་པའི་སེམས་ཀྱིས་མེ་མདག་དེའི་མགོ་ལ་འཐོར་བར་བྱེད་པ་དེ་གཉིས་ཀ་ལ། བྱང་ཆུབ་སེམས་དཔའ་དེ་ཡིས་ཆགས་པ་དང་སྡང་བ་མེད་པར་མཉམ་ཞིང་སྙོམས་པའི་ཡིད་ནི་བསྐྱེད་པར་བྱའོ། །གཉིས་པ། བྱང་ཆུབ་སེམས་དཔའ་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་སེམས་དཔའ་དོན་གྱི་ཚུལ་ལ་མཁས་པས་དེ་ལྟར་བཟོད་པར་བྱས་ནས། བཟོད་པ་དང་ལྡན་པའི་སེམས་བསྐྱེད་པ་དེ་ནི། བྱང་ཆུབ་མཆོག་ཏུ་ཡོངས་སུ་བསྔོས་པར་བྱས་ན། དཔའ་བོ་བྱང་ཆུབ་སེམས་དཔའ་དེ་ནི་འཇིག་རྟེན་ཀུན་ལ་ཕན་པའི་ཕྱིར་བཟོད་པས་ན་ཉན་ཐོས་དགྲ་བཅོམ་པ་དང་རང་རྒྱལ་དང་གཞན་སེམས་ཅན་གྱི་ཁམས་མང་པོ་ཇི་སྙེད་པ་ཟིལ་གྱིས་གནོན་པར་འགྱུར་ཏེ། མདོ་གཞན་ལས་ཤཱ་རིའི་བུ་ཉན་ཐོས་ཀྱི་བཟོད་པ་ནི་རང་གི་ཉོན་མོངས་ཙམ་སྤོང་བས་ཉི་ཙེ་བ་ཡིན་ལ། བྱང་ཆུབ་སེམས་དཔའི་བཟོད་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཡིན་པས་དཔག་ཏུ་མེད་དེ་ཞེས་པ་ནས་འཛམ་བུ་ཆུ་བོའི་གསེར་དང་ར་གན་དང་། རི་རབ་དང་ཡུངས་འབྲུ་དང་རྒྱ་མཚོ་དང་སྒྲ་རྩེའི་ཆུ་ཐིགས་ཀྱི་ཁྱད་པར་གྱི་དཔེས་བསྟན་པར་མཛད་དོ། །གསུམ་པ་སྡུག་བསྔལ་དང་ལེན་གྱི་བཟོད་པ་བསྟན་པ། བཟོད་བྱེད་འདི་སྙམ་སོགས་ཚིགས་བཅད་གཉིས་ཏེ། བཟོད་པར་བྱེད་པ་པོ་དེ་འདི་སྙམ་དུ་ཡང་སེམས་ནི་བསྐྱེད་པར་བྱ་སྟེ། སེམས་ཅན་དམྱལ་བ་དང་དུད་འགྲོ་དང་གཤིན་རྗེའི་འཇིག་རྟེན་ཏེ་ཡི་དྭགས་ཀྱི་ཁམས་ན་ཚ་གྲང་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་བཟོད་དཀའ་བ་མང་པོ་ཡོད་ལ་འདོད་པའི་ཡོན་ཏན་ལ་ཆགས་པའི་རྒྱུ་ཡིས་རང་དབང་མེད་པར་གནོད་པ་དེ་དག་མྱོང་ཞིང་དེས་རང་གཞན་གྱི་དོན་གང་ཡང་མ་བྱས་པར་དོན་མེད་པར་སྡུག་བསྔལ་མྱོང་བ་ཡིན་ན། རང་གཞན་གྱི་དོན་སྒྲུབ་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་ཆེད་དུ་ཅི་ཡི་ཕྱིར་ན་ད་ལྟ་བདག་གིས་བཟོད་པར་མི་བྱ་སྙམ་དུ། ལྕག་གིས་གཞུར་བ་དང་དབྱིག་པས་བསྣུན་པ་དང་མཚོན་གྱིས་བཏབ་པ་དང་སྲོག་འགག་པར་བྱས་ཏེ་བསད་པ་དང་ལྕགས་སྒྲོག་ལ་སོགས་པས་བཅིང་བ་དང་། རྡོ་དང་ཐོ་བ་ལ་སོགས་པས་བརྡེག་པ་དང་མགོ་གཅོད་པ་དང་རྣ་བ་དང་རྐང་ལག་དང་སྣ་གཅོད་པ་དང་། དེ་ལ་སོགས་པའི་འཇིག་རྟེན་ན་གང་ཡོད་པའི་སྡུག་བསྔལ་ཇི་སྙེད་པ་བདག་གིས་དང་དུ་བླངས་ནས་བཟོད་པར་བྱའོ་སྙམ་པ་ཡི་བྱང་ཆུབ་སེམས་དཔའ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་འགྱུར་རོ། །བཞི་པ་ཚུལ་ཁྲིམས་ལ་མཆོག་གི་ཚུལ་ཁྲིམས་དང་ལྡན་པའི་ཕན་ཡོན་དང་། ཚུལ་ཁྲིམས་དེའི་མཆོག་དམན་གྱི་དབྱེ་བ་བཤད་པ་གཉིས། དང་པོ་ཚུལ་ཁྲིམས་ཀྱིས་ནི་སོགས་ཚིགས་བཅད་གཅིག་སྟེ། ཚུལ་ཁྲིམས་ཀྱིས་ནི་ཞི་བ་མྱ་ངན་ལས་འདས་པ་འདོད་པ་རྣམས་ཁྱད་པར་དུ་འཕགས་པར་འགྱུར་ཏེ་ཚུལ་ཁྲིམས་དེ་ཐར་པར་འགྲོ་བའི་རྐང་པ་ལྟ་བུ་ཡིན་པའི་ཕྱིར་རོ། །ངོ་བོའི་ཁྱད་པར་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་སྟོབས་བཅུའི་སྤྱོད་ཡུལ་གནས་ཤིང་ཞེས། སྟོབས་བཅུ་པ་ནི་སངས་རྒྱས་ཡིན་ལ་དེའི་རྗེས་སུ་སློབ་པའི་ཚུལ་ཁྲིམས་ཡིན་ཏེ་དམན་ལམ་ཡིད་བྱེད་སོགས་དང་མ་འབྲེལ་ཞིང་ཐེག་པ་ཆེན་པོའི་ལམ་གྱི་སྤང་བྱ་མཐའ་དག་གི་དྲི་མས་མ་གོས་པས་ཚུལ་ཁྲིམས་ཉམས་པ་མེད་པ་སྟེ་དེས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་བསྟན་ཏོ། །སྡོམ་པའི་བྱ་བ་སྟེ་ཚུལ་ཁྲིམས་ནི་དགེ་བའི་ཆོས་ཇི་སྙེད་པ་ཀུན་གྱི་རྗེས་སུ་འཇུག་པ་ཡིན་ཏེ་མི་མཐུན་ཕྱོགས་ལས་སྲུང་ཞིང་གཉེན་པོ་ལ་འཇུག་པ་དེ་ཉིད་ཚུལ་ཁྲིམས་ཀྱི་ངོ་བོར་གྱུར་པས་ན་འདི་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཞེས་བྱའོ། །སེམས་ཅན་ཀུན་ལ་ཕན་ཕྱིར་ཚུལ་ཁྲིམས་དེ་ལྟ་བུར་སྲུང་ལ་དེ་ཡང་བྱང་ཆུབ་ཆེན་པོར་བསྔོ་བ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །དེས་ཚུལ་ཁྲིམས་ཀྱི་ངོ་བོར་མདོར་བསྟན་ནས། གཉིས་པ་དེའི་མཆོག་དམན་གྱི་དབྱེ་བ་བཤད་པ་ལ། ཡོངས་བསྔོའི་སྒོ་ནས་དང་། ཀུན་སློང་གི་སྒོ་ནས་དང་། རློམ་པ་ཡོད་མེད་ཀྱི་སྒོ་ནས་དབྱེ་བ་གསུམ། དང་པོ། གལ་ཏེ་དགྲ་བཅོམ་སོགས་ཚིགས་བཅད་གཅིག་སྟེ། གལ་ཏེ་ཉན་ཐོས་དགྲ་བཅོམ་པ་དང་རང་རྒྱལ་གྱི་བྱང་ཆུབ་ལ་རེག་པར་འདོད་པའི་སེམས་ཀྱིས་ཚུལ་ཁྲིམས་སྲུང་བར་བྱེད་ན་ཐེག་པ་ཆེན་པོ་འདི་ལ་ལྟོས་ནས་ནི་གང་ཟག་དེ་ཚུལ་ཁྲིམས་འཆལ་ཞིང་བསམ་པ་མི་མཁས་ཤིང་དེ་བཞིན་དུ་སྦྱོར་བ་སྤྱོད་པ་ཡང་ཉམས་པ་ཡིན་ཏེ་དོན་ཆེན་པོ་ལས་ལྟུང་བའི་ཕྱིར་ན་བསམ་སྦྱོར་ཉམས་པའོ། །ཅི་སྟེ་ཚུལ་ཁྲིམས་དེ་གང་གི་ཆེད་དུ་སྲུང་བ་བླ་ན་མེད་པའི་བྱང་ཆུབ་སྒྲིབ་གཉིས་ཞི་བ་མཆོག་ཏུ་ཡོངས་སུ་བསྔོ་ན། གང་ཟག་དེ་འདོད་པའི་ཡོན་ཏན་ལྔ་ལ་བརྩོན་པའི་ཚུལ་གྱིས་གནས་ན་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཞེས་བྱ་སྟེ་ལམ་དང་འབྲས་བུ་མཆོག་གི་ཕྱིར་ཞུགས་པ་ལས་མ་ཉམས་པའི་ཕྱིར་རོ། །གཉིས་པ་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ། ཆོས་གང་ངེས་པའི་སོགས་ཚིགས་བཅད་གཅིག་སྟེ། བསླབ་བྱའི་ཆོས་གང་ཞིག་ཀུན་སློང་གི་སྒོ་ནས་ངེས་པ་སྟེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོབ་བྱ་བྱང་ཆུབ་མཆོག་གི་ཡོན་ཏན་འབྱུང་བར་འགྱུར་བ་འདི་ནི་ཡོན་ཏན་གྱི་ཆོས་དང་ལྡན་པ་བྱང་སེམས་རྣམས་ཀྱི་ཚུལ་ཁྲིམས་ཀྱི་དོན་དུ་གསུངས་ལ། ཀུན་སློང་དམན་པས་ཟིན་པའི་ཆོས་གང་ཞིག་ཕན་བྱེད་བྱང་སེམས་རྣམས་ཀྱི་ཐོབ་བྱའི་འབྲས་བུ་བྱང་ཆུབ་ཆེན་པོ་ལས་ཡོངས་སུ་ཉམས་པ་འདི་ནི་ཐེག་པ་ཆེན་པོའི་ཚུལ་ཁྲིམས་འཆལ་བ་ཡིན་ནོ་ཞེས་རྣམ་པར་འདྲེན་པས་གསུངས་སོ། །གཉིས་པ་རྒྱས་བཤད་ལ། འཇུག་བྱ་མཆོག་དང་། ལྡོག་བྱ་དམན་པ་གཉིས། དང་པོ། གལ་ཏེ་བྱང་ཆུབ་སོགས་ཚིགས་བཅད་གཅིག་སྟེ། གལ་ཏེ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་གང་ཞིག་འདོད་པའི་ཡོན་ཏན་ལྔ་ལ་ཞེན་པའི་ཚུལ་གྱིས་སྤྱོད་པར་གྱུར་ཀྱང་། སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ་སྙིང་ནས་སྐྱབས་སུ་སོང་སྟེ། བདག་གིས་སངས་རྒྱས་ཀྱི་གོ་འཕང་འགྲུབ་པར་བྱའོ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་དང་མ་བྲལ་ན། དོན་ལ་མཁས་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་རིགས་པར་བྱའོ། །གཉིས་པ། གལ་ཏེ་བསྐལ་པ་སོགས་ཚིགས་བཅད་གཅིག་སྟེ། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ་ལ་སྤྱད་ཀྱང་། ཉན་ཐོས་དགྲ་བཅོམ་དང་རང་རྒྱལ་ཉིད་ཀྱི་ས་ལ་འདོད་པ་སྐྱེད་ན། དེ་ཚེ་ཐེག་པ་ཆེན་པོའི་ཚུལ་ཁྲིམས་ལ་སྐྱོན་བྱུང་ཞིང་ཚུལ་ཁྲིམས་ཡང་དག་པ་ཉམས་པ་ཡིན་ཏེ། ཐེག་པ་ཆེན་པོ་པས་ཉན་རང་གི་ས་ལ་སེམས་བསྐྱེད་པ་དེ་ནི། བྱང་སེམས་དེ་ལ་དགེ་སློང་གི་ཕས་ཕམ་པ་བཞི་བྱུང་བ་བས་ཀྱང་ཉེས་པ་ཤིན་ཏུ་ལྕི་སྟེ་ཕས་ཕམ་པ་བྱུང་ཡང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་མ་བཏང་ན་དེ་ཙམ་གྱིས་བྱང་ཆུབ་ཆེན་པོའི་ལམ་ལས་སྐལ་བ་མེད་པར་མི་འགྱུར་ལ། དམན་པར་སེམས་བསྐྱེད་པ་དེས་ནི་དེ་མ་བཏང་གི་བར་དུ་ཐེག་པ་ཆེན་པོའི་ལམ་དང་འབྲས་བུ་ལ་འགྲོ་བའི་སྐལ་བ་མེད་པར་བྱེད་པའི་ཕྱིར་རོ། །གསུམ་པ་ལ་བླང་བྱ་དང་སྤང་བྱ་གཉིས། དང་པོ། ཚུལ་ཁྲིམས་སྲུང་ཞིང་སོགས་ཚིགས་བཅད་གཅིག་སྟེ། ཚུལ་ཁྲིམས་སྲུང་ཞིང་དེ་ཉིད་བྱང་ཆུབ་མཆོག་ཏུ་ཡོངས་སུ་བསྔོ་ལ། ཚུལ་ཁྲིམས་དེ་ལ་མཚན་མར་བཟུང་བ་ཡིས་རློམ་སེམས་སུ་གྱུར་པ་མེད་ཅིང་ཚུལ་ཁྲིམས་ལ་སོགས་པ་དེ་ཡི་སྒོ་ནས་བདག་ལ་བསྟོད་པར་མི་བྱེད་ལ། ང་ཡི་འདུ་ཤེས་དང་སེམས་ཅན་གྱི་འདུ་ཤེས་ཡོངས་སུ་སྤངས་ན། བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའོ་ཞེས་བརྗོད་པ་ཡིན་ནོ། །གཉིས་པ་ལ་སྤང་བྱ་དངོས་དང་། དེའི་གཉེན་པོ་བསྟན་པ་གཉིས། དང་པོ། གལ་ཏེ་བྱང་ཆུབ་སོགས་ཚིགས་བཅད་གཅིག་སྟེ། གལ་ཏེ་བྱང་ཆུབ་སེམས་དཔའ་རྒྱལ་བའི་ལམ་ཐེག་ཆེན་ལ་སྤྱོད་པ་དེ་དག་འདི་སྙམ་དུ་སེམས་ཅན་འདི་དག་ནི་ཁྲིམས་དང་ལྡན་ལ་འདི་དག་ནི་ཚུལ་ཁྲིམས་འཆལ་བའོ་ཞེས་སྣ་ཚོགས་པའི་འདུ་ཤེས་ཞུགས་ནས་མངོན་པར་ཞེན་པ་དང་ལྡན་པ་ནི་འདུ་ཤེས་དེ་ཉིད་ཁོ་ནས་ཤིན་ཏུ་ཚུལ་ཁྲིམས་འཆལ་བ་ཞེས་བརྗོད་དོ། །མངོན་པར་ཞེན་པ་དང་ལྡན་ལ་དེའི་སྒོ་ནས་གཞན་ལ་བརྙས་པ་སོགས་བྱེད་པའི་དྲི་མ་དེས་ཐེག་པ་ཆེན་པོའི་ཚུལ་ཁྲིམས་ཉམས་ཤིང་གང་ཟག་དེ་ལ་ཡོངས་སུ་དག་པའི་ཚུལ་ཁྲིམས་མེད་དེ། དེ་དག་དམིགས་པའི་འདུ་ཤེས་དེས་ཉམས་པར་བྱས་པའི་ཕྱིར་རོ། །གཉིས་པ། གང་ལ་བདག་གི་སོགས་ཚིགས་བཅད་གཅིག་སྟེ། གང་ཟག་གང་ལ་བདག་གི་འདུ་ཤེས་དང་སེམས་ཅན་གྱི་འདུ་ཤེས་མེད་པའི་གང་ཟག་གི་བདག་མེད་རྟོགས་པ་ཁོ་ན་ལ། དེ་ལྟར་བདག་ཏུ་མངོན་པར་ཞེན་པའི་འདུ་ཤེས་དང་དེའི་དབང་གིས་བྱུང་བ་འདོད་ཆགས་དང་བྲལ་བ་ལ་ནི་སྡོམ་པ་མིན་པ་སྟེ་ཚུལ་ཁྲིམས་འཆལ་བ་ནི་ག་ལ་ཡོད་དེ། མི་དགེ་བ་གང་ཇི་སྙེད་པ་ནི་བདག་ཏུ་ཆགས་པའི་འདུ་ཤེས་ཀྱི་རྩ་བ་ཅན་ཡིན་ན་དེ་མེད་པ་ལ་སྡིག་པའི་དངོས་པོ་འབྱུང་བ་ནི་གནས་མེད་དེ་རྒྱུ་མེད་པའི་ཕྱིར་རོ། །གང་ཟག་གང་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ འི་སྒོ་ནས་སྡོམ་པ་དང་སྡོམ་པ་མ་ཡིན་པ་ཚུལ་འཆལ་གཉིས་སུ་འཛིན་པའི་རློམ་སེམས་མེད་པ་འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པར་རྣམ་པར་འདྲེན་པས་གསུངས་ཏེ་ཚུལ་འདི་དང་ལྡན་ན་ཉེས་སྤྱོད་མཐའ་དག་གིས་དབེན་པ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ལྡན་ལ་དེ་ཡང་དམིགས་པ་མེད་པས་ཡོངས་སུ་དག་པ་ཉིད་དུ་གྱུར་པ་ཡིན་པའི་ཕྱིར་རོ། །ལྔ་པ་སྦྱིན་པ་ལ། སྦྱིན་པ་བཏང་བ་དང་མ་བཏང་བའི་སྐྱོན་ཡོན་ཤེས་ནས་སྦྱིན་པ་ལ་དགའ་བར་བྱ་བ་དང་། ཚུལ་ཇི་ལྟར་སྦྱིན་པ་བཏང་བར་བྱ་བ་གཉིས། དང་པོ་ལ། བྱང་ཆུབ་སེམས་དཔས་སྦྱིན་པ་གཏོང་བའི་ཚུལ། ཕལ་པས་དེ་ལྟར་མ་བཏང་བའི་སྐྱོན། དེ་ལྟར་ཤེས་ནས་སྦྱིན་པ་ལ་མོས་པར་བྱ་བའི་ཚུལ་གསུམ། དང་པོ། སེམས་ཅན་དག་པ་སོགས་ཚིགས་བཅད་གཉིས་ཏེ། སེམས་ཅན་རྒྱུད་དག་པ་གང་ཞིག་བཤད་མ་ཐག་པ་དེ་ལྟར་འདུ་ཤེས་དང་འདོད་ཆགས་པ་བྲལ་བའི་དབང་གིས་ཚུལ་ཁྲིམས་དག་པ་དང་ལྡན་པ་དེ་ནི་ཡིད་དུ་སྡུག་པ་དང་མི་སྡུག་པ་ཀུན་ལ་དེ་དང་དེར་མཚན་མར་ལྟ་བ་མེད་པ་ཡིན་ལ། མགོ་དང་རྐང་ལག་ཀྱང་གཞན་ལ་གཏོང་ཞིང་དེ་ཡི་ཚེ་ན་མི་ནུས་པ་ཞུམ་པའི་སེམས་ཀྱང་མེད་དེ། ཚུལ་དེ་ལྟར་རང་ལ་ཅི་བདོགས་པ་ཐམས་ཅད་བཏང་ཞིང་དུས་རྟག་ཏུ་བདོགས་པ་ཐམས་ཅད་ལ་ཞེན་པའང་མེད་དེ། འདི་ལྟར་ཆོས་རྣམས་ནི་རང་བཞིན་མེད་པ་དང་བདག་མེད་པ་རྐྱེན་ལས་བྱུང་བ་ཙམ་གྱི་ཡ་མ་བརླར་ཤེས་ནས་བདག་གི་ཤ་ཡང་གཏོང་ཞིང་དེ་ལ་ཞུམ་པའི་སེམས་སྐྱེ་བ་མེད་ན། དེ་ཚེ་ཕྱི་རོལ་གྱི་དངོས་པོ་གཏོང་བ་ནི་སྨོས་ཅི་དགོས་ཏེ། གལ་ཏེ་དེ་ཡིས་སེར་སྣ་བྱེད་པ་དེ་ནི་རྣམ་པ་ཀུན་ཏུ་གནས་མེད་པ་ཡིན་ཏེ་ཆགས་པ་མེད་པའི་ཕྱིར་རོ། །གཉིས་པ། བདག་ཏུ་འདུ་ཤེས་སོགས་ཚིགས་བཅད་གཅིག་སྟེ། དངོས་པོའི་དོན་ལ་མེད་བཞིན་དུ་བདག་ཏུ་འདུ་ཤེས་པ་དང་མིག་སོགས་དངོས་པོ་རྣམས་ལ་བདག་གིར་འཛིན་པས་ཆགས་པ་ཅན་གྱི་བླུན་པོ་རྣམས་ལ་དེ་ལྟར་གཏོང་བའི་བློ་ལྟ་ཞིག་ག་ལ་ཡོད་དེ་མེད་ལ། སེར་སྣ་ཅན་ནི་ཡི་དྭགས་ཀྱི་གནས་སུ་སྐྱེ་བར་འགྱུར་ཞིང་ཅི་སྟེ་བརྒྱ་ལམ་ཞིག་ན་མིར་སྐྱེ་ན་ཡང་དེ་ཡི་ཚེ་དབུལ་པོར་འགྱུར་རོ། །གསུམ་པ་དེ་ཚེ་བྱང་ཆུབ་སོགས་ཚིགས་བཅད་གཅིག་སྟེ། འདི་ལྟར་སྲིད་པར་སྐྱེ་བ་དེ་ཡི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ནི་སེར་སྣའི་དབང་གིས་དབུལ་པོར་གྱུར་པ་ཤེས་ནས། རང་ཉིད་ཀྱིས་སེར་སྣའི་སེམས་ཚར་བཅད་དེ་བསམ་པ་གཏོང་བ་ལ་མོས་པར་འགྱུར་ཞིང་སྦྱོར་བས་བདོག་པ་ཐམས་ཅད་རྟག་ཏུ་ལྷུག་པར་དེ་དགག་པ་མེད་པར་གཏོང་བ་ཡིན་ཏེ། གླིང་བཞི་པོ་བཀོད་པས་ལེགས་པར་བརྒྱན་པ་འདི་ཡང་མ་བྱིན་པར་བཞག་ན་འདུས་བྱས་མི་རྟག་པའི་རང་བཞིན་དུ་གྱུར་ཅིང་ཡིད་བརྟན་པར་བྱ་བའི་སྙིང་པོ་མེད་པ་དཔེར་ན་མཆིལ་མའི་ཐལ་བ་སྟེ། མཆིལ་མ་ཕྱིར་དོར་བའི་ཟེག་མ་དང་འདྲ་བར་ཤེས་ནས་སྙིང་པོ་མེད་པ་ལས་སྙིང་པོ་ལེན་པའི་ཕྱིར་དུ་གླིང་དེ་དག་གཞན་ལ་ཕར་བྱིན་ནས་བྱང་ཆུབ་སེམས་དཔའ་དགའ་བར་འགྱུར་གྱི་གླིང་དེ་དག་ཚུར་ཐོབ་ན་ནི་དེ་ལྟ་བུར་དགའ་བ་མིན་ཏེ་རྒྱུ་མཚན་བཤད་མ་ཐག་པ་དེ་ཉིད་ཀྱི་ཕྱིར་ནའོ། །གཉིས་པ་ཇི་ལྟར་གཏོང་ཚུལ་ལ། དངོས་དང་། དེའི་ཕན་ཡོན་གཉིས། དང་པོ་ལ། སྙིང་རྗེས་གཞན་དོན་དུ་གཏོང་བ། ཐབས་མཁས་པས་ཡོངས་སུ་བསྔོ་བ་དང་ལྡན་པ། རྣམ་སྨིན་དང་དངོས་པོ་ལ་མ་ཆགས་པར་གཏོང་བ་གསུམ། དང་པོ། བྱང་ཆུབ་སེམས་དཔའ་སོགས་རྐང་པ་གསུམ་སྟེ། བྱང་ཆུབ་སེམས་དཔའ་མཁས་པ་བློ་གསལ་བ་དེས་ནི་སྦྱིན་པ་ཐ་ན་ཟས་ཁམ་གཅིག་ཙམ་སྦྱིན་པ་ན་ཡང་སྙིང་རྗེའི་བསམ་པ་སྔོན་དུ་འགྲོ་བའི་སྒོ་ནས་འདི་ལྟར་སྲིད་པ་གསུམ་གྱི་རིས་སུ་གཏོགས་པའི་སེམས་ཅན་ཇི་སྙེད་པ་དེ་དག་ཀུན་ལ་ཁ་ན་མ་ཐོ་བ་མེད་པའི་འབྱོར་བ་དང་ཐེག་པ་གསུམ་ལ་ཞུགས་པ་ཐམས་ཅད་ཀྱི་འབྲས་བུ་གྲུབ་པ་དང་། ཀུན་ཀྱང་བླ་ན་མེད་པ་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱེད་པ་དེ་ལྟ་བུར་སྦྱིན་པ་འདི་བྱིན་པར་གྱུར་ཅིག་སྙམ་དུ་བསམ་ནས་སྦྱིན་པ་བྱིན་པར་བྱེད་པ་ཡིན་ལ། ཞེས་སོ། །གཉིས་པ། དེ་ཡང་འགྲོ་བའི་སོགས་རྐང་པ་གཅིག་སྟེ། སྦྱིན་པ་བྱིན་པའི་བསོད་ནམས་དེ་ཡང་འགྲོ་བའི་ཁམས་ཐམས་ཅད་ཀྱི་དོན་གྱི་ཕྱིར་དུ་བདག་དང་སེམས་ཅན་ཐམས་ཅད་བྱང་ཆུབ་མཆོག་ཏུ་མངོན་པར་སངས་རྒྱས་པའི་ཕྱིར་ཡོངས་སུ་བསྔོ་བ་ཡིན་ནོ། །གསུམ་པ། སྦྱིན་པ་བྱིན་ནས་སོགས་རྐང་པ་གཉིས་ཏེ། དེ་ལྟར་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ནས་སྦྱིན་རྒྱུའི་རྫས་དང་དེའི་ལན་གྱི་དངོས་པོ་ལ་རེ་ཞིང་ཆགས་པའམ་མཚན་མར་ཞེན་པའི་ཚུལ་གྱིས་བློ་གནས་པར་བྱེད་པ་མེད་ལ། དེར་མ་ཟད་བྱང་སེམས་དེ་ནི་ནམ་དུའང་སྦྱིན་པ་དེའི་རྣམ་པར་སྨིན་པ་ལ་བདག་གིར་འགྱུར་རོ་སྙམ་དུ་རེ་བ་མེད་དེ་དངོས་པོ་རྣམ་པར་སྨིན་པ་དང་བཅས་པ་ལ་མ་ཆགས་པར་སེམས་ཅན་རྣམས་ཀྱི་དོན་དུ་གཏོང་བའི་ཕྱིར་རོ། །གཉིས་པ་ཕན་ཡོན་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ། དེ་ལྟར་གཏོང་ལ་སོགས་རྐང་པ་གཉིས་ཏེ། བཤད་མ་ཐག་པ་དེ་ལྟར་གཏོང་བའི་བྱང་སེམས་དེ་ནི་ཐབས་མཁས་པའི་ཡིད་བྱེད་དང་ལྡན་པའི་སྒོ་ནས་གཏོང་བ་ལ་མཁས་པ་དང་བདོག་པ་དང་དེའི་རྣམ་པར་སྨིན་པ་དང་བཅས་པ་ཐམས་ཅད་ལ་མ་ཆགས་པར་གཏོང་བར་བྱེད་པ་སྟེ། དེ་ལྟ་བུའི་སྒོ་ནས་དངོས་པོ་ཆུང་དུ་ཞིག་བཏང་བ་ལ་ཡང་སྦྱིན་པ་མང་པོ་དཔག་ཏུ་མེད་པ་བྱིན་པར་འགྱུར་ཞིང་དེའི་རྣམ་པར་སྨིན་པའང་དེ་སྙེད་དུ་ཚད་མེད་པར་འགྱུར་རོ། །གཉིས་པ་བྱེ་བྲག་ལ་སྙིང་རྗེ་སོགས་ཐབས་མཁས་པ་དང་ལྡན་པའི་སྦྱིན་པའི་ཕན་ཡོན་དང་། མ་ཆགས་པར་བཏང་བའི་ཕན་ཡོན་གཉིས། དང་པོ། སྲིད་པ་གསུམ་ན་སོགས་ཚིགས་བཅད་གསུམ་སྟེ། སྲིད་པ་གསུམ་ན་ཡོད་པའི་སེམས་ཅན་གཅིག་ཀྱང་མ་ལུས་པ་ཇི་སྙེད་པ་ཡོངས་སུ་བརྟག་པ་མཐའ་བཟུང་གི་དཔེར་བྱས་ཏེ་སེམས་ཅན་དེ་དག་ཐམས་ཅད་ཀྱིས་འཇིག་རྟེན་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་དང་ཉན་ཐོས་དགྲ་བཅོམ་པ་དང་རང་རྒྱལ་རྣམས་ལ་བསྐལ་པ་མཐའ་ཡས་པའི་བར་དུ་སྦྱིན་པ་རྒྱ་ཆེན་པོ་བྱིན་ཏེ་དེའི་འབྲས་བུ་ཉན་ཐོས་ཀྱི་བྱང་ཆུབ་ལེགས་པར་ཚོལ་བ་ཡིན་ན། བྱང་ཆུབ་སེམས་དཔའ་ཐེག་ཆེན་ལ་མཁས་པ་ཐབས་མཁས་པ་དང་ལྡན་པ་གང་ཞིག་གིས། སེམས་ཀྱི་བྱ་བ་རྫོགས་པའི་སྐད་ཅིག་མ་གཅིག་ལ་བཤད་མ་ཐག་པ་དེ་དག་གི་བསོད་ནམས་བྱ་བའི་དངོས་པོ་དེ་ལ་ཡི་རང་བར་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་རབ་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོ་ན། དེ་ལྟར་ཡོངས་སུ་བསྔོས་པའི་སེམས་གཅིག་ཙམ་བསྐྱེད་པས་འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟིལ་གྱིས་གནོན་ཏེ། དཔེར་ན་ནོར་བུ་མཆིང་བུའི་ཚོགས་མང་དུ་སྤུངས་པའི་ཕུང་པོ་རྒྱ་ཆེན་པོར་གྱུར་པ་ཡང་རིན་ཆེན་བཻཌཱུར་ཡ་ནོར་བུ་དབང་གི་རྒྱལ་པོ་གཅིག་གིས་དེ་ཀུན་ཟིལ་གྱིས་གནོན་ནུས་པ་དེ་བཞིན་འགྲོ་བ་གཞན་ཀུན་གྱི་སྦྱིན་པའི་ཕུང་པོ་ཤིན་ཏུ་རྒྱ་ཆེན་པོ་ཀུན་ཀྱང་། བསམ་པ་རྨད་དུ་བྱུང་བ་རྗེས་སུ་ཡི་རང་བ་གཅིག་གི་སྒོ་ནས་བྱང་ཆུབ་སེམས་དཔས་ཟིལ་གྱིས་གནོན་པར་བྱེད་དོ། །གཉིས་པ། གལ་ཏེ་བྱང་ཆུབ་སོགས་ཚིགས་བཅད་གཅིག་སྟེ། གལ་ཏེ་བྱང་ཆུབ་སེམས་དཔས་འགྲོ་བ་རྣམས་ལ་སྦྱིན་པ་བྱིན་ནས། སྦྱིན་པའི་བསོད་ནམས་དེ་ལ་བདག་གིར་མི་བྱེད་ཅིང་སྦྱིན་པར་བྱ་བའི་དངོས་པོ་དེ་ལའང་ཕངས་པ་མེད་པར་དེ་ལྟར་ཤིན་ཏུ་མ་ཆགས་པའི་ཚུལ་གྱིས་གཏོང་ན། སྦྱིན་པ་དེ་ལྟ་བུ་གཏོང་བ་ལ་དགེ་བའི་རྩ་བ་གང་ཞིག་ཚོགས་རྫོགས་ཤིང་སྒྲིབ་པ་སྤོང་བའི་མཐུ་ཆེན་པོ་དང་ལྡན་པ་གོང་ནས་གོང་དུ་འཕེལ་བར་འགྱུར་ཏེ། སྦྱིན་པའི་མི་མཐུན་ཕྱོགས་ནི་ཆགས་པའི་དབང་གིས་སེར་སྣ་བྱེད་པ་ཡིན་ལ་འདིར་ནི་ཆགས་པ་དེ་གཏན་དུ་སྐབས་མི་ཐོབ་པར་བྱས་ཏེ་བཏང་བས་ན་དཔེར་ན་སྤྲིན་མེད་པའི་འོད་ཟེར་གསལ་བ་དང་ལྡན་པ་ཟླ་བའི་དཀྱིལ་འཁོར་ཡར་གྱི་ངོ་ཇི་ལྟ་བ་བཞིན་ནོ། །གཉིས་པ་ལམ་གྱི་འབྲས་བུ་བཤད་པ་ལ། ལམ་བྱེ་བྲག་པའི་འབྲས་བུ་དང་། ལམ་ཡོངས་སུ་རྫོགས་པའི་འབྲས་བུ་གཉིས། དང་པོ། བྱང་ཆུབ་སེམས་དཔའི་སྦྱིན་པས་སོགས་རྐང་པ་བཅུ་དྲུག་གམ་ཚིགས་སུ་བཅད་པ་བཞིས་བསྟན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའི་ལམ་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་མ་འདུས་པ་མེད་ཅིང་དེའི་ཕྱིར་ན་ཐེག་པ་ཆེན་པོ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་རྒྱས་པའང་དེ་ཉིད་དུ་དོན་གྱིས་འདུས་པར་གསུངས་ཤིང་དེ་ལྟ་བུའི་ཕར་ཕྱིན་དྲུག་གི་ཉམས་ལེན་རྣམས་གོང་དུ་ལེགས་པར་བསྟན་ཟིན་ནས། ད་ནི་དེ་དག་གི་འབྲས་བུ་བཤད་པ། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་ཀྱི་འགྲོ་བ་དག་ཏུ་སྐྱེ་བ་རྒྱུན་གཅོད་པ་དང་ལོངས་སྤྱོད་ཀྱིས་དབུལ་བ་དང་ནི་དེ་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཀྱང་གཅོད་དེ། རང་གིས་དམིགས་པ་མེད་པའི་སྦྱིན་པ་བཏང་བས་སེར་སྣ་དང་མ་རིག་པ་སོགས་ཉོན་མོངས་ཐམས་ཅད་སྤོང་བ་དང་། གཞན་ལ་ཆོས་ཀྱི་སྦྱིན་པ་བྱིན་པས་ཀྱང་དེ་དག་གི་ཉོན་མོངས་པ་ཐམས་ཅད་གཅོད་པར་བྱེད་དོ། །བྱང་ཆུབ་སེམས་དཔས་སྤྱད་པ་སྤྱོད་པའི་ཚེ་ནའང་ཚེ་རབས་ཐམས་ཅད་དུ་ཇི་ལྟར་འདོད་པའི་ལོངས་སྤྱོད་མང་བས་མཐའ་ཡས་པ་དང་། མི་ཟད་ཅིང་འཕེལ་བའི་རྒྱས་པ་ཐོབ་པར་འགྱུར་ལ། ཟང་ཟིང་དང་ཆོས་ཀྱི་སྦྱིན་པས་བསྡུས་ནས་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལ་གནས་པར་གྱུར་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །ཚུལ་ཁྲིམས་ཀྱིས་དུད་འགྲོའི་འགྲོ་བ་རིགས་དང་གཟུགས་ལ་སོགས་པ་ཐ་དད་པ་སྣ་ཚོགས་སུ་གྱུར་པ་དུ་མའི་ངོ་བོ་དང་། དེར་མ་ཟད་མི་ཁོམས་པའི་གནས་བརྒྱད་ཆར་ཡང་སྤོང་བར་བྱེད་ཅིང་ཁྲིམས་དེ་ཡིས་དལ་བ་ཡི་རྟེན་བཟང་པོ་རྟག་ཏུ་རྙེད་པར་བྱེད་དོ། །བཟོད་པས་ནི་གཟུགས་བཟང་བའི་དམ་པ་རྒྱ་ཆེན་པོ་མཚན་དཔེས་ལེགས་པར་བརྒྱན་པ་སངས་རྒྱས་ཀྱི་སྐུ་ཡི་བར་དུ་ཐོབ་པར་འགྱུར་ཏེ། གསེར་གྱི་མདོག་ལྟ་བུར་སྡུག་ཅིང་འགྲོ་བས་ལྟ་བར་བྱ་བའི་འོས་སུ་འགྱུར་རོ། །བརྩོན་འགྲུས་ཀྱིས་ནི་དཀར་པོའི་ཆོས་རྣམས་ཀྱི་ཡོན་ཏན་འགྲིབ་པར་མི་འགྱུར་བར་གོང་ནས་གོང་དུ་འཕེལ་བའི་མཐུས། ཡེ་ཤེས་མཐའ་ཡས་པ་རྒྱལ་བའི་ཡོན་ཏན་གྱི་བང་མཛོད་རྙེད་པར་འགྱུར་རོ། །བསམ་གཏན་གྱིས་ནི་འདོད་པའི་ཁམས་ཀྱི་འདོད་པའི་ཡོན་ཏན་ཉེས་དམིགས་ཆེ་ཞིང་བདེ་བ་ཆུང་བས་སྨད་པ་དག་གི་འོས་སུ་གྱུར་པ་འདོར་བར་བྱེད་ཅིང་། སྔོན་གནས་དང་ཟག་ཟད་དང་སེམས་ཤེས་ཏེ་རིག་པ་གསུམ་དང་། ལྷའི་རྣ་བ་དང་མིག་དང་རྫུ་འཕྲུལ་ཏེ་མངོན་པར་ཤེས་པ་གསུམ་སྟེ་སྔ་མ་དང་བསྡོམ་པས་དྲུག་པོ་དེ་དང་སེང་གེ་རྣམ་པར་བསྒྱིངས་པ་ལ་སོགས་པའི་ཏིང་ངེ་འཛིན་མངོན་པར་སྒྲུབ་པར་བྱེད་དོ། །ཤེས་རབ་ཀྱིས་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ཡོངས་སུ་ཤེས་ནས་དངོས་པོར་འཛིན་པ་སྤངས་ཏེ་ཁམས་གསུམ་མ་ལུས་པ་ལས་ཡང་དག་པར་འདའ་བར་འགྱུར་ལ། སྐུ་གཉིས་དང་ལྡན་པ་མི་ཡི་ཁྱུ་མཆོག་ཆོས་ཀྱི་རྒྱལ་པོ་སངས་རྒྱས་སུ་གྱུར་ཏེ་འཇིག་རྟེན་གྱི་ཁམས་ཀུན་ཏུ་མངའ་དབང་བསྒྱུར་བའི་ཕྲིན་ལས་ཀྱི་འཁོར་ལོ་རིན་པོ་ཆེ་རྒྱུན་མི་འཆད་པར་བསྐོར་བར་བྱས་ནས་སྡུག་བསྔལ་མཐའ་དག་གཏན་དུ་ཟད་པར་བྱ་བའི་ཕྱིར་འགྲོ་བ་རྣམས་ལ་དམ་པའི་ཆོས་ཀྱི་སྣང་བ་མཆོག་ཀྱང་སྟོན་པར་འགྱུར་རོ། །གཉིས་པ། ཆོས་འདི་ཡོངས་རྫོགས་བྱས་ནས་སོགས་ཚིགས་བཅད་གཅིག་སྟེ། ཐེག་པ་ཆེན་པོའི་རིགས་ལ་གནས་པ་གང་གིས་བྱང་ཆུབ་ཏུ་སེམས་ཐོག་མར་བསྐྱེད་པ་ནས་བཟུང་སྟེ་ཇི་སྐད་བཤད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཐེག་པ་ཆེན་པོའི་ལམ་གྱི་ཆོས་འདི་མ་ལུས་པ་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པར་ཐབས་མཁས་པའི་ཚུལ་གྱིས་ཉམས་སུ་ལེན་པ་སྟེ། དེ་ལ་ཐབས་མཁས་པ་གང་ཞེ་ན་ཕར་ཕྱིན་དེ་དེ་ཐམས་ཅད་ཀྱང་ཡ་མ་བྲལ་བར་དོན་གཅིག་ཏུ་དྲིལ་བ་སྟེ་འདི་ལྟར་ཕན་ཚུན་གཅིག་གི་གྲོགས་སུ་གཅིག་དང་གཅིག་ལའང་ཐམས་ཅད་ཚངས་པར་ཉམས་སུ་ལེན་པ་དང་། ཀུན་ཀྱང་རྣམ་ཀུན་མཆོག་ལྡན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོར་གྱུར་པའི་ཚུལ་གྱིས་ཉམས་སུ་ལེན་པ་ཡིན་ནོ། །དེ་ལྟར་ཉམས་སུ་བླང་བས་ཕ་རོལ་ཏུ་ཕྱིན་པ་མཐའ་དག་གི་ཉམས་ལེན་རབ་ཀྱི་མཐར་ཐུག་པར་ཡོངས་སུ་རྫོགས་པར་བྱས་ནས་བྱང་ཆུབ་སེམས་དཔའ་དེས་སྐད་ཅིག་གཅིག་དང་ལྡན་པའི་ཡེ་ཤེས་ཀྱིས་ཟག་པ་མེད་པའི་ཆོས་ཐམས་ཅད་མ་ཚངས་པ་མེད་པའི་རྣམ་ཀུན་མཆོག་ལྡན་གྱི་ཆོས་དབྱིངས་མངོན་དུ་མཛད་ནུས་པས་བཅུའི་རྒྱུན་གྱི་ཐ་མའི་ཡེ་ཤེས་ཆེན་པོ་ཐོབ་པར་གྱུར་ནས་དེ་ལ་བརྟེན་ཏེ་སློབ་པ་དེ་མི་སློབ་པ་བྱང་ཆུབ་ཆེན་པོའི་སར་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ནས་གནས་གྱུར་མཐར་ཐུག་པ་བརྙེས་པའི་སྟོབས་ཀྱིས་འདི་ལྟར་ནམ་མཁའི་མཐར་ཐུག་པར་ཕྱོགས་དང་རིས་སུ་མ་ཆད་པར་ཡོངས་སུ་དག་པའི་ཞིང་ཁམས་རང་སྣང་འོག་མིན་གྱི་གནས་དང་། བཅུད་ཀྱི་སེམས་ཅན་རྣམ་པར་དག་པ་ས་བཅུའི་སེམས་དཔའ་ཆེན་པོ་རྣམས་འཁོར་དུ་ཡོངས་སུ་འཛིན་པ་དང་། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་དུ་གྱུར་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་ནམ་མཁའི་མཐའ་ཀླས་པ་སྲིད་དུ་སྟོན་པ་སྐུ་གསུམ་གྱི་རང་བཞིན་སངས་རྒྱས་ཀྱི་རྒྱུད་དེ་ཕྱོགས་ཀྱི་མུ་དང་དུས་ཀྱི་མཐའ་མེད་པའི་ངང་ཚུལ་ཅན་ཡོངས་སུ་འཛིན་པ་དང་། ལུང་དང་རྟོགས་པའི་ཆོས་ཀྱི་ཚུལ་མུ་མཐའ་མེད་པའི་རྒྱུད་ཀྱང་ཡོངས་སུ་འཛིན་པ་དང་། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་དེ་ལ་སྤྱོད་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་འཕགས་པའི་དགེ་འདུན་གྱི་རྒྱུད་མུ་དང་མཐའ་མེད་པ་དང་། ཕྲིན་ལས་ཆེན་པོས་སྲིད་པ་དང་ཞི་བར་གཏོགས་པའི་ཕན་པ་དང་བདེ་བའི་ཆོས་ཀུན་ཀྱང་ཡོངས་སུ་འཛིན་པ་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པའི་ཡེ་ཤེས་ཀྱི་སྐུ་སྤང་བ་དང་རྟོགས་པའི་མཐར་ཕྱིན་པ་རྟག་བརྟན་འཕོ་འགྱུར་མེད་པ་ནམ་མཁའ་ལྟ་བུ་ཡིད་བཞིན་ནོར་བུ་བཞིན་དུ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཆེན་པོས་འཁོར་བའི་མུ་དང་མཐའ་ཇི་སྲིད་དུ་ཕན་བདེ་མཛད་པ་འབྲས་བུའི་མཐར་ཐུག་ཐོབ་པ་ཡིན་ནོ། །གསུམ་པ་དེ་ལྟར་བསྟན་པའི་དགོས་པས་མཇུག་བསྡུ་བ་ནི། འགྲོ་བའི་ནད་གསོ་སོགས་ཚིགས་བཅད་གཅིག་སྟེ། འགྲོ་བའི་ལུས་དང་སེམས་ཀྱི་ནད་མ་ལུས་པ་རྩད་ནས་ཞི་བའི་ཚུལ་གྱིས་གསོ་བར་མཛད་པ་སྨན་པའི་མཆོག་ཏུ་གྱུར་པ་ནི་སངས་རྒྱས་ཡིན་ཏེ། ནད་དུ་གྱུར་པ་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ནི་དངོས་པོར་འཛིན་པ་ཡིན་ལ་དེ་ལས་བྱུང་བའི་ཉོན་མོངས་པ་ཐམས་ཅད་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་བྱུང་བའི་སྲིད་ཞིའི་རྒུད་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་བདུད་རྩིས་གསོ་བར་མཛད་པའི་ཕྱིར་ནའོ། །དེ་ལྟ་བུ་སྨན་པའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་སེང་གེ་ཉིད་ཀྱི་ཞལ་ནས། བརྗོད་བྱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་གང་ཞིག་དེའི་ཁྱད་པར་ཅི་ལྟ་བུ་ཞེ་ན་བྱང་ཆུབ་མཆོག་གི་ལམ་ཐེག་པ་ཆེན་པོའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་མཐའ་དག་དང་ལྡན་པ་འདི་གསུངས་ཏེ། མདོ་འདིའི་མིང་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་དང་འབྲས་བུའི་ཡོན་ཏན་གྱི་རིན་པོ་ཆེ་མ་ལུས་པ་འདིར་ཆུད་ཅིང་སྡུད་པས་ན་ཡོན་ཏན་རིན་ཆེན་སྡུད་པ་བྱང་ཆུབ་མཆོག་གི་ལམ་ཞེས་བྱའོ། །དེ་ལྟར་གསུངས་པའི་དགོས་པ་ནི་ལམ་འདི་ལྟ་བུ་མཐའ་ཡས་པའི་སེམས་ཅན་ཀུན་གྱིས་ཐོབ་པར་བྱ་བའི་ཕྱིར་བཤད་དེ་སྔོན་བསྐལ་པ་གྲངས་མེད་པ་ནས་སེམས་ཅན་རྣམས་ཡོངས་སུ་བསྐྱབ་པའི་དོན་དུ་བདག་ཉིད་མངོན་པར་སངས་རྒྱས་པར་བྱའོ་ཞེས་པའི་དམ་བཅའ་ཡོངས་སུ་རྫོགས་པའི་ལག་རྗེས་ལ། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་རང་གི་ཐུགས་སུ་ཆུད་པའི་ཆོས་ཟབ་མོའི་མཐར་ཐུག་པ་འདི་གདུལ་བྱ་ལ་བསྟན་པས་དེ་དུས་ཀྱི་ཉེ་བའི་གདུལ་བྱར་གྱུར་པ་དག་གིས་ཞལ་ནས་དངོས་སུ་ཐོས་ཤིང་། རིང་བའི་གདུལ་བྱ་རྣམས་ཀྱིས་ཀྱང་བརྒྱུད་ནས་ཐོས་ལ། དེ་ལྟར་ཐོས་པས་དམིགས་ཕྱེད་ཅིང་བསམ་པས་དོན་གོ་ལ་བསྒོམ་པས་ཉམས་སུ་ལོན་ཏེ་རིམ་གྱིས་སངས་རྒྱས་པར་འགྱུར་ཞིང་དེའི་ཚུལ་གྱིས་ཕྱོགས་མུ་མེད་པ་དང་དུས་མཐའ་ཡས་པར་ཡང་ཡེ་ཤེས་ཀྱི་སྐུ་མཉམ་པ་ཉིད་དུ་གྱུར་པའི་སངས་རྒྱས་རྣམས་ཀྱིས་ཚིག་འདི་དང་དོན་འདིའི་སྒོ་ནས་སེམས་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལ་འཇོག་པར་མཛད་པ་ཡིན་ནོ། །བཞི་པ་མཇུག་གི་དོན་ལ་གཞུང་ལྷག་མ་མ་ལུས་པར་སྟོན་པའི་ཚིག་གིས་སྐབས་བསྡུ་བ་དང་། ཁུངས་བཙུན་པར་སྟོན་པའི་ཆེད་དུ་ལོ་ཙཱ་བའི་འགྱུར་བྱང་སྨོས་པ་གཉིས། དང་པོ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་རྫོགས་སོ། །ཞེས་པའོ། །གཉིས་པ་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིཾ་ཧ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཞེས་སོ། །དེ་དག་གིས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པའི་དངོས་བསྟན་གྱི་དོན་བཤད་པ་སོང་ལ། རྩ་བའི་ས་བཅད་གཉིས་པ་ལམ་མངོན་པར་རྟོགས་པའི་རིམ་པ་དང་སྦྱར་བ་ནི་ཟུར་དུ་ཡོད་པ་ལས་ཤེས་པར་བྱའོ། །འདིར་སྨྲས་པ། ལེགས་གསུང་བཀའ་ཡི་རྒྱ་མཚོ་ཆེན་པོ་ཡི། །སྙིང་པོར་གྱུར་པ་ཤེས་རབ་ཕར་ཕྱིན་གྱི། །རིན་ཆེན་རིན་ཐང་བྲལ་བའི་ཡང་སྙིང་ནི། །ཡོན་ཏན་རིན་ཆེན་སྡུད་པའི་ནོར་བུ་ཡིན། །མཚན་མཆོག་ཟླ་བ་རྒྱས་པའི་གཟུགས་ཀྱི་སྐུའི། །ཟབ་ཞི་ཐུགས་ཀྱི་དབྱིངས་ན་གནས་པ་གང་། །དཔལ་གྱི་མགུལ་ནས་ལེགས་པར་དྲངས་པ་ཡི། །ཆོས་ཚུལ་འདི་འདྲ་འཇིག་རྟེན་ཀུན་ཏུ་དཀོན། །མཐའ་དག་ཆོས་ཀྱི་གཞུང་ལུགས་ཉམས་པ་ལས། །ཤེས་རབ་ཕ་རོལ་ཕྱིན་པའི་ཚིག་ཟུར་ཙམ། །ཉམས་པ་ཕངས་ཞེས་བདེན་པར་སྨྲ་མཆོག་གིས། །ཞི་བའི་ཞལ་ཆེམ་བཞག་པ་ཉེ་བར་དྲན། །ས་བཅུའི་སེམས་དཔའ་གངྒཱའི་རྡུལ་སྙེད་ཀྱིས། །གང་གི་ཡེ་ཤེས་ཆ་ཙམ་མི་མཚོན་པ། །བདེ་བར་གཤེགས་པས་དངོས་སུ་གསུངས་པའི་གཞུང་། །འཆད་ཉན་རྩོམ་ལ་སྤྲོ་བ་ཆེས་ཆེར་འཕེལ། །ལྟོས་ཤིག་རིགས་ཀྱི་བུ་དག་ཆོས་འདི་ནི། །ཟབ་མོའི་མཐར་ཐུག་རྒྱ་ཆེའི་ཆོས་མཛོད་དེ། །ཚོགས་གཉིས་ཡོངས་རྫོགས་རྒྱལ་བའི་ཡེ་ཤེས་ཀྱི། །རྒྱུ་མཐུན་དམ་པ་འདི་ཡིན་དགའ་བར་གྱིས། །ཉམས་ལེན་མངོན་པར་རྟོགས་པའི་རིམ་པ་ཡང་། །དོན་གྱིས་ཆེས་ཆེར་གསལ་ཞིང་དངོས་བསྟན་གྱི། །དགོངས་པ་འགྲེལ་བའི་ལུགས་བཟང་དྲི་མ་མེད། །ལུང་དང་མན་ངག་རིགས་པའི་ཚུལ་གྱིས་བརྩམས། །འདི་ཡི་དགེ་བས་སྐྱེ་བ་ཐམས་ཅད་དུ། །ཟབ་མོ་སྟོང་དང་རྟེན་འབྱུང་ཟུང་འཇུག་དོན། །ལེགས་རྟོགས་རྒྱལ་བ་དགྱེས་པའི་ལམ་བཟང་ལས། །ནམ་ཡང་གཞན་དུ་ལྡོག་པར་མ་གྱུར་ཅིག །འདི་ནས་སངས་རྒྱས་ཐོབ་པའི་བར་དུ་བདག །སྐྱེ་དང་སྐྱེ་བར་ཤེས་རབ་གོང་འཕེལ་ཞིང་། །རང་དོན་ཡིད་བྱེད་སྤང་བའི་སྙིང་རྗེ་དང་། །ཐབས་མཁས་མཆོག་གིས་འགྲོ་དོན་སྤྱོད་པར་ཤོག །རྒྱལ་བ་མཆོག་ལ་བཀའ་དྲིན་གཟོ་སེམས་ཀྱིས། །རྒྱལ་བའི་ཆོས་མཛོད་མ་ལུས་ཀུན་འཛིན་ཞིང་། །རྒྱལ་སྲས་ཀུན་ཏུ་བཟང་དང་འཇམ་དབྱངས་བཞིན། །རྒྱལ་བའི་ཕྲིན་ལས་སྲིད་མཐར་སྤེལ་གྱུར་ཅིག །གཞུང་འདི་མཐོང་ཐོས་སེམས་སོགས་བྱེད་པ་དང་། །བདག་ལ་བཟང་ངན་ལས་ཀྱིས་འབྲེལ་ཐོགས་ཀུན། །མྱུར་དུ་ལྟ་བའི་ཐིབ་པོ་རབ་བསལ་ནས། །ཕྱིར་མི་ལྡོག་པའི་ས་ལ་གནས་གྱུར་ཅིག །ཆོས་འདི་ཆོས་ཉིད་བཞིན་དུ་ལེགས་བཤད་པ། །བདེན་པ་དེ་ཡིས་སྲས་བཅས་རྒྱལ་ཀུན་གྱིས། །འདི་འཛིན་རྣམས་ཀྱི་བློ་གྲོས་སྤོབས་པའི་དཔལ། །བསྐྱེད་ནས་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །བསྟན་ལ་གནོད་པ་དམ་སྲི་ཀླ་ཀློ་སོགས། །མི་དང་མི་མིན་ནག་པོའི་རྩར་ལག་རྣམས། །གཞུང་འདིའི་གླེགས་བམ་བཞུགས་པའི་ཕྱོགས་སུ་ཡང་། །གནོད་པའི་བསམ་སྦྱོར་གཏན་ནས་ཞི་གྱུར་ཅིག །ཆོས་ལྟར་བཅོས་པའི་མུན་སྤྲུལ་ཇི་སྙེད་པ། །འདི་ཡི་བྱིན་གྱིས་རྨིང་མེད་བཅོམ་གྱུར་ནས། །ཡང་དག་ཆོས་ཀྱི་སྣང་བ་འབར་བའི་མཐུས། །འགྲོ་བའི་ཕན་བདེ་གོང་ནས་གོང་འཕེལ་ཤོག །དུས་ཀྱི་སྙིགས་མ་བདོ་བའི་སྨག་འདི་ལའང་། །ལྷག་བསམ་ཟླ་བའི་ཆ་ཤས་གོང་འཕེལ་ཞིང་། །གཞན་ཕན་བསིལ་ཟེར་བྱེ་བའི་འོད་འཕྲོ་བ། །དུ་མ་མཛེས་པ་ངོམས་བཞིན་འཆར་གྱུར་ཅིག །བསྟན་འཛིན་མཆོག་རྣམས་ཡུན་རིང་འཚོ་གཞེས་ཤིང་། །བསྟན་པའི་སྦྱིན་བདག་རྣམས་ཀྱང་འབྱོར་པ་འཕེལ། །བསྟན་པའི་སྙིང་པོར་འགྲོ་ཀུན་དད་གྱུར་ནས། །བསྟན་པ་རིན་ཆེན་མཆོག་ཏུ་རྒྱས་པར་ཤོག །མཁའ་མཐས་ཁྱབ་པའི་ཡིད་ཅན་རྒྱ་མཚོ་རྣམས། །ཤེས་རབ་ཕ་རོལ་ཕྱིན་པའི་ལམ་བཟང་ལ། །བདག་ཉིད་གཅིག་པུས་ལེགས་པར་བཀོད་གྱུར་ནས། །ཀུན་ཀྱང་རྫོགས་པའི་སངས་རྒྱས་ཉིད་གྱུར་ཅིག །གཞུང་འདི་གང་དུ་དར་བའི་ས་ཕྱོགས་སུ། །ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །བསམ་དོན་ཆོས་བཞིན་འགྲུབ་ཅིང་བཀྲ་ཤིས་པའི། །དགའ་སྟོན་གོང་ནས་གོང་དུ་འཕེལ་གྱུར་ཅིག །དེ་ལྟར་རྒྱལ་བའི་ཡུམ་གྱི་དགོངས་དོན་ལ་མ་ནོར་བར་འཇུག་པའི་འགྲེལ་བཤད་འདི་ནི་རང་ཉིད་ཆུང་ངུའི་དུས་ནས་ཆོས་འདི་ལ་ལྷག་པར་མོས་པའི་དབང་གིས། རང་རྒྱུད་ལ་ཆོས་ཟབ་མོའི་བག་ཆགས་བཟང་པོ་འཇོག་པ་སོགས་ཀྱི་དོན་དུ་བརྩམ་པར་འདོད་པའི་བློ་ཡོད་པའི་ཉེར་ལེན་གྱི་རྒྱུ་ལ། ལྷན་ཅིག་བྱེད་པའི་རྐྱེན་དུ་གྱུར་པ་སྔ་འགྱུར་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རིག་འཛིན་སྣ་ཚོགས་རང་གྲོལ་གྱིས་དོན་གཉེར་ཆེན་པོས་གསུང་གིས་བསྐུལ་མ་ཡང་ནས་ཡང་དུ་མཛད་པ་དང་། སྔ་འགྱུར་གྱི་རིང་ལུགས་པ་ཆེན་པོ་བླ་མ་དམ་པ་ལུང་རྟོགས་ནས་ཀྱང་ནན་ཏན་དུ་བསྐུལ་ཞིང་། མང་དུ་ཐོས་པ་མདོ་སྔགས་ཀྱི་མིང་ཅན་སོགས་ཆོས་སྨྲ་བ་དུ་མས་བསྐུལ་བ་ལ་བརྟེན་ནས་ཆོས་ཚུལ་འདི་ལ་ཡིད་ཆེས་བརྟན་པར་གྱུར་པ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེས་རྒྱ་བོད་ཀྱི་འགྲེལ་པ་རྣམས་ཀྱི་ལེགས་པར་བཤད་པ་ལ་བརྟེན་ནས་རང་ལོ་ཞེ་བདུན་པ་དགའ་བ་ཆུ་འབྲུག་གི་ལོར་རྒྱལ་དབང་པདྨས་བྱིན་གྱིས་བརླབས་པའི་གནས་དཀར་མོ་སྟག་ཚང་དུ་གྲགས་པའི་དཔལ་གྱི་ཀེའུ་ཚང་གོང་མ་བཀྲ་ཤིས་དཔལ་འབར་པདྨ་བདེ་ལྡན་གླིང་ཞེས་བྱ་བར་ཧོར་ཟླ་དྲུག་པའི་ཚེས་བཅུ་བཞི་ལ་དབུ་བཙུགས་ནས་ཉི་མ་བརྒྱུད་མར། དལ་ཁོམས་དང་བསྟུན་པར་ཅི་རིགས་རེ་བྲིས་ཤིང་ཟླ་བ་དེའི་ཚེས་ཉེར་བརྒྱད་པ་རྒྱུ་སྐར་རྒྱལ་དང་ལྡན་པའི་དུས་བཟང་པོ་སོགས་རྟེན་འབྲེལ་ཕུན་སུམ་ཚོགས་པ་ལ་ཡོངས་སུ་རྫོགས་པར་གྲུབ་པར་བགྱིས་པ་འདིས་ཕྱོགས་དང་དུས་ཐམས་ཅད་དུ་ཁྱབ་ཅིང་བསྟན་པ་དང་སེམས་ཅན་རིས་སུ་མ་ཆད་པ་ལ་ཕན་པ་རྨད་དུ་བྱུང་བ་རྒྱུན་མི་འཆད་པར་བྱེད་པར་ཤོག་ཅིག །སརྦ་མངྒ་ལཾ།། །།

སྡུད་འགྲེལ་ཡུམ་ལ་འཇུག་པའི་ལེགས་བཤད་ལས་མདོ་དང་བསྟན་བཅོས་སྦྱར་ཚུལ།

སྡུད་འགྲེལ་ཡུམ་ལ་འཇུག་པའི་ལེགས་བཤད་ལས་མདོ་དང་བསྟན་བཅོས་སྦྱར་ཚུལ་མ་ཕམ་ཞལ་ལུང་བཞུགས་སོ། །མཉམ་པ་ཉིད་གྱུར་ཡེ་ཤེས་སྐུ། །འཇམ་དཔལ་དེ་ལ་ཕྱག་འཚལ་ནས། །ཤེས་རབ་ཕ་རོལ་ཕྱིན་པའི་བཀའ། །བསྟན་བཅོས་དང་སྦྱར་མདོ་ཙམ་བཤད། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མཁའ་ལྟར་ཡངས་ཤིང་རྒྱ་ཆེ་བ་དག་གི་གནད་མ་ལུས་པ་འདུས་ཤིང་སྡུད་པའི་གཞུང་ཡོན་ཏན་རིན་པོ་ཆེ་སྡུད་པའི་འདི་ཤུགས་བསྟན་མངོན་པར་རྟོགས་པའི་རིམ་པ་དང་སྦྱར་ཚུལ་འཕགས་ཡུལ་གྱི་པཎ་གྲུབ་རྣམས་ཀྱི་གཞུང་མཐའ་དག་གི་བཅུད་དྲིལ་ཏེ་ཉུང་ངུའི་ངག་གིས་བརྗོད་ན། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་གི་དངོས་བསྟན་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་དེ་བཞིན་ཉིད་དུ་གཏན་ལ་ཕབ་པ་ཡིན་པས། དེ་དག་གི་ཚུལ་བསྡུས་འབྲིང་རྒྱས་པའི་དབྱེ་སྒོ་གསུམ་ལས་བརྩམས་ཏེ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་དབུ་མའི་གཏན་ཚིགས་ཀྱི་སྒོ་ནས་སྤྲོས་བྲལ་དུ་ཤེས་པར་བྱས་ནས་མཐོང་བ་མེད་པའི་དོན་མཐོང་བ་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པའི་སྒོ་ནས། ཐབས་ཤེས་ཟུང་དུ་འབྲེལ་བ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ལམ་ལས་ཡོངས་སུ་དག་པ་འབྲས་ཡུམ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ཞིག་དབྱིངས་དང་གཉིས་སུ་མེད་པའི་མཉམ་ཉིད་ཆོས་སྐུ་ཐོབ་ཚུལ་གྱིས་འཆད་པར་བྱ་བ་ནི་གོང་དུ་སོང་ལ། ད་ནི་གཉིས་པ་ལམ་མངོན་རྟོགས་དང་སྦྱར་བའི་འཆད་ཚུལ་ལ། སྤྱིར་དངོས་པོ་བརྒྱད་དང་། དེའི་ནང་གི་དབྱེ་བའི་དོན་བདུན་བཅུར་རྣམ་པར་བཞག་པའི་ཚུལ་དང་མཐུན་པར་བཤད་པས། ཐེག་པ་ཆེན་པོའི་ཟབ་ཅིང་རྒྱ་ཆེ་བའི་ལམ་གྱི་རིམ་པ་མ་ལུས་པ་ཚང་ཞིང་ཟློས་པ་མེད་པར་འཆད་ཐུབ་པས་ན། རྒྱལ་ཚབ་ས་བཅུའི་སེམས་དཔའ་ཆེན་པོའི་དགོངས་པ་བཞིན་བཀའ་དང་བསྟན་བཅོས་སྦྱར་ནས་འཆད་པ་ནི་འཆད་ཚུལ་བླ་ན་མེད་པ་ཡིན་པས། དེ་ལྟར་བཤད་ན། ཐོག་མར་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལས་སེམས་བསྐྱེད་ལ། མདོ་རྒྱས་པ་རྣམས་སུ་མདོར་བསྟན་དང་རྒྱས་བཤད་ཀྱི་རིམ་པས་ས་མཚམས་ཉེར་གཉིས་སུ་ཡོད་པ་ལས། འདིར་དགའ་དང་གུས་དང་སོགས་ཀྱིས་བསྟན་ཏེ་དགའ་བ་དང་བ། གུས་པ་འདོད་པ། དད་པ་ཡིད་ཆེས་གསུམ་གྱིས་དོན་དུ་གཉེར་བྱ་བྱང་ཆུབ་ལ་དམིགས་པ་དང་། འགྲོ་བ་མཐའ་ཡས་པའི་དོན་ཁུར་དུ་ཁྱེར་བའི་སྒོ་ནས་ཞུགས་པ་སྙིང་རྗེའི་ཆེད་དུ་བྱ་བ་གཞན་དོན་ལ་དམིགས་པ་སྟེ་ཟུར་གཉིས་ཚང་བའི་ཀུན་རྫོབ་སེམས་བསྐྱེད་བསྟན་ཏེ། སེམས་བསྐྱེད་དེ་སྐྱེ་བའི་གེགས་སྒྲིབ་པ་དང་ཉོན་མོངས་བསལ་ནས་ཞེས་པའི་ཚོགས་ལམ་ཆུང་ངུ་ནས་སངས་རྒྱས་ཀྱི་སའི་བར་དུ་དེའི་གེགས་དང་བྲལ་ཞིང་གྲོགས་འདུན་པ་སོགས་དང་མཚུངས་པར་ལྡན་པའི་སྒོ་ནས་ས་ལྟ་བུའི་སེམས་བསྐྱེད་ལ་སོགས་པར་འཇོག་པ་ཡིན་པས་གཞན་ཀུན་ཀྱང་དོན་གྱིས་འདིར་འདུ་བ་ཡིན་ནོ། །དོན་དུ་གཉེར་བྱ་གཞན་དོན་དང་ཆེད་དུ་བྱ་བ་སངས་རྒྱས་གཉིས་པོ་དེ་གང་གིས་འགྲུབ་པར་བྱེད་པ་ནི། ཤེར་ཕྱིན་ལ་རག་ལས་པས། དཔའ་བོ་བྱང་ཆུབ་སེམས་དཔའ་རྣམས་ལམ་ལྔར་ས་མཚམས་ཉེར་གཉིས་སུ་གང་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་མཉན་པར་གྱིས་ཞེས་པས་བསྟན་ལ། ཞར་བྱུང་འབྲས་ཡུམ་ཤེར་ཕྱིན་མཐུ་དང་བཅས་པར། འཛམ་བུའི་གླིང་འདིར་སོགས་ཀྱིས་བསྟན་ཏོ། །གཉིས་པ་གདམས་ངག་ལ་རྒྱས་པར་རྣམ་གྲངས་བཅུ་ལས། འདིར་གཙོ་བོར་སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་བསྟན་ཏེ། གང་ལ་ཤེས་རབ་ཕ་རོལ་སོགས་ཚིགས་བཅད་གཅིག་གོ། །དེ་ཡང་འཁོར་གསུམ་མི་དམིགས་པར་སྟོན་པའི་གདམས་ངག་ཐོས་ནས་དོན་དམ་རང་བཞིན་མེད་པ་ལ་མི་རྨོངས་པ་དང་། ཐ་སྙད་སྣང་བ་སྒྱུ་མ་ལྟ་བུ་མི་འགོགས་པས་སྟོང་པ་ཉིད་ལ་སྐྲག་པ་མེད་པར། བདེན་གཉིས་ཟུང་དུ་ཆུད་པའི་སྒོ་ནས་ལམ་སྒྲུབ་པར་གདམས་པ་ཡིན་ནོ། །དེས་གདམས་ངག་གི་དམིགས་ཡུལ་བདེན་པ་བཞི། རྟེན་དཀོན་མཆོག་གསུམ། གྲོགས་བརྩོན་འགྲུས་གསུམ། འབྲས་བུ་སྤྱན་ལྔ་མངོན་ཤེས་དྲུག །གཞི་མཐོང་སྒོམ་གྱི་ལམ་ལ་འདོམས་པའི་གདམས་ངག་རྣམས་ཀྱང་དོན་གྱིས་འཕང་སྟེ། དཔེར་ན་བྱང་ཆུབ་སེམས་དཔའ་མི་དམིགས་ཞེས་པས་དགེ་འདུན་དཀོན་མཆོག །བྱང་ཆུབ་སེམས་མི་དམིགས་པས་སངས་རྒྱས། ཤེར་ཕྱིན་མི་དམིགས་པས་ཆོས་བསྟན་པ་ལ་སོགས་པར་ཤེས་པར་བྱའོ། །གསུམ་པ་ངེས་འབྱེད་ཡན་ལག་བཅུ་གཉིས་པོ་འདིར་བཞིར་བསྡུས་ནས་ངོ་བོའི་སྒོ་ནས་བསྟན་པ་ལ། དང་པོ་དྲོད་ཀྱི་ཡེ་ཤེས་གཟུགས་མེད་ཚོར་བ་མེད་སོགས་ཚིགས་བཅད་གཅིག་སྟེ། གནས་པ་མེད་པར་སྤྱོད་པའི་ཆ་ནས་བཏགས་ཙམ་ལས་གཟུགས་སོགས་རང་གི་ངོ་བོ་སྟོང་པ་ནི་དམིགས་པ། རྣམ་པ་ནི་ཡོངས་སུ་བཟུང་བའམ་བརྗོད་དུ་མེད་པའི་རྣམ་པ་ཅན་ནོ། །རྩེ་མོ་ནི་ཇི་ལྟར་ཀུན་ཏུ་རྒྱུ་བ་སོགས་ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱང་མཚན་མར་དམིགས་པས་ཉེར་ཞི་མ་ཐོབ་ནས་བསྟན་པ་འདི་ལ་ཞུགས་པ་དཔེར་བྱས་ནས། གཟུགས་སོགས་མི་དམིགས་པའམ་མཚན་མར་མི་མཐོང་བ་ནི་དམིགས་པ། དེ་ལ་ཤེས་རབ་ཀྱིས་ཡོངས་སུ་རྟོགས་པ་ན་ཆོས་ཀྱི་རང་བཞིན་རྣམ་པ་ཐམས་ཅད་དུ་མི་དམིགས་པ་ནི་རྣམ་པའོ། །བཟོད་པ་ཡང་འདི་ཤེས་རབ་སོགས། ཆོས་ཐམས་ཅད་སྟོང་པར་རྟོགས་ནས་གཟུང་བྱའི་མཚན་མ་མེད་པར་མཐོང་བ་དམིགས་པ། མཚན་མ་ལ་བློ་མི་རྟེན་པའི་ཚུལ་གྱིས་མོས་པ་མིན་པ་དང་འདུ་ཤེས་པ་མེད་པའི་རྣམ་པ་ནི། ཉེ་བར་བརྟགས་ནས་ཞུམ་པ་མེད་སོགས་ཀྱིས་བསྟན་ཏེ་ཟབ་མོའི་དོན་ལ་མ་ཞུམ་མི་སྐྲག་པར་དང་པོར་བཟོད་པ་ཐོབ་པའི་སྐབས་འདི་བྱང་ཆུབ་ལ་ཉེ་བའི་དང་པོ་ལྟ་བུའོ། །ཆོས་མཆོག་ནི་གལ་ཏེ་མི་ཤེས་བཞིན་དུ་སོགས་ཚིགས་བཅད་གཉིས་ཀྱིས་ལྡོག་པ་དང་སྒྲུབ་པའི་སྒོ་ནས་བསྟན་ཏེ། བསྒོམ་བྱ་གཟུགས་སོགས་མེད་པ་དང་། ཏིང་འཛིན་ལ་གནས་པ་དང་། བདག་སྤྱོད་ཅེས་སྒོམ་པ་པོ་མི་དམིགས་པ་སྟེ་གསུམ་པོ་ཕན་ཚུན་སྟོང་ཉིད་ཀྱི་ངོ་བོར་གཅིག་པ་དམིགས་པ་སྟེ། འདིར་ཆོས་མཆོག་གི་སྐབས་སུ་སོན་པས་ཤེས་རབ་བརྟན་པ་ཡིན་ཞིང་། སྐྱེ་མེད་ཀྱི་བློ་དང་ལྡན་པའི་ཏིང་འཛིན་རྣམ་པ། དེས་དེ་མ་ཐག་ཏུ་ཞི་བ་མཐོང་ལམ་ལ་རེག་ཅེས་སོ། །སྐབས་འདིར་སྦྱོར་ལམ་བཞིའི་ནང་གི་ཆེན་པོ་བཞི་པོའི་དམིགས་རྣམ་བསྟན་པ་ཡིན་ནོ། །དེ་ལ་སྦྱོར་ལམ་གྱི་དམིགས་རྣམས་འདི་དག་ལ་ལ་ངོ་བོའི་ཆ་ནས་དང་། ཁ་ཅིག་ཏུ་བྱེད་ལས། ཁ་ཅིག་ཏུ་འབྲས་བུ། ཁ་ཅིག་ཏུ་རྟེན་ཏིང་འཛིན་ལྟ་བུའི་སྒོ་ནས་བསྟན་ཀྱང་། དོན་དུ་དྲོད་ལ་སོགས་པའི་གནས་སྐབས་ཀུན་ཏུ་ཤེར་ཕྱིན་སྒོམ་པ་ནི། སྤྲོས་པ་མཐའ་དག་དང་བྲལ་བའི་དེ་བཞིན་ཉིད་ལ་དམིགས་ནས། འཛིན་སྟངས་ཀྱི་རྣམ་པའང་མཐའ་དང་སྤྲོས་པའི་རང་བཞིན་གང་ཡང་མེད་པ་ཡིན་པས་ན། དགག་བྱ་སྤྲོས་པ་གང་དང་གང་བཅད་པའི་ཆ་ནས་བརྗོད་ཀྱང་དེ་དང་དེ་ལྟར་ཡིན་པའི་གནད་མ་གོ་བར། རེས་འགའ་བའི་འཛིན་སྟངས་ཅན་དུ་སེམས་པས་ཤེར་ཕྱིན་གྱི་དགོངས་དོན་ཟབ་མོ་ཕྱོགས་ཙམ་ཡང་ཤེས་པར་དཀའ་བས་འདི་གལ་ཆེའོ། །དེས་ན་འགྲེལ་པ་སོ་སོའི་སྦྱར་ཚུལ་མི་འདྲ་བ་ཕལ་ལ་དོན་གྱིས་འགལ་བ་མེད་ཀྱང་། ས་མཚམས་ལ་སྦྱར་བ་དེ་མི་བདེ་ཆེ་བ་ནི་གཞུང་དེ་དག་མཐོང་བས་གསལ་ལོ། །དེ་འདྲའི་ཐེག་ཆེན་སྦྱོར་ལམ་དེ་དག་གིས་ཐེག་པ་གསུམ་ཆར་གྱིས་རྟོགས་རིགས་འཐོབ་པའི་རྒྱུ་བྱེད་པ་སོགས་ཀྱི་ཡོན་ཏན་བརྗོད་པས་མཇུག་བསྡུ་བ་ནི། བྱང་ཆུབ་སེམས་གང་དེ་ལྟར་སོགས་ཚིགས་བཅད་གཅིག་སྟེ། སྔོན་གྱི་དེ་བཞིན་གཤེགས་པས་སངས་རྒྱས་སུ་ལུང་བསྟན་པ་ཡིན་ཏེ། རློམ་པ་མེད་པའི་ཕྱིར་རོ། །འདིར་ལུང་སྟོན་པ་དང་རློམ་པ་ཟད་པ་ཆོས་མཆོག་འབྲིང་གི་དམིགས་རྣམ་ལྟ་བུ་ཡོད་ཀྱང་སྤྱིར་ཆོས་མཆོག་པ་ལ་སྦྱར་བ་ཤེས་པར་བྱའོ། །ཐེག་པ་ཆེན་པོའི་རྟོགས་རིགས་འདི་ཁོ་ནས་བྱེད་པའི་འཐད་པ་ནི། དེ་ལྟར་སྤྱོད་ན་ཞེས་སོགས་གཅིག་སྟེ་སྤྱོད་མེད་ཀྱི་སྤྱོད་པ་ཡིན་པའི་ཕྱིར་རོ། །སྤང་བྱ་རྟོག་པ་ལ་གཟུང་འཛིན་གཉིས། གཟུང་བ་ལ་སྤང་བྱ་ཀུན་ཉོན་ཕྱོགས་དང་། བླང་བྱ་རྣམ་བྱང་གཉིས། དེ་གཉིས་ལ་འཛིན་པ་པོའམ་ལོངས་སྤྱོད་པ་པོ་གང་ཟག་རྫས་ཡོད་ཀྱིས་ལོངས་སྤྱོད་སྙམ་པའི་རྟོག་པ་དང་། རྫས་སུ་མེད་ཀྱང་བརྟགས་པའི་སྐྱེས་བུ་ཙམ་ལོངས་སྤྱོད་པ་པོར་འཛིན་པ་སྟེ་གཉིས་སུ་ཡོད་པས་སྤྱིར་བཞི་དང་། ནང་སེལ་ཀུན་ཉོན་ཕྱོགས་ལ། ཀུན་འབྱུང་དང་སྡུག་བསྔལ་ལས་ཕྱེ་བས་མ་རིག་པ་སོགས་དགུ་དང་། རྣམ་བྱང་ཕྱོགས་ལ་ཟག་མེད་ཀྱི་ཕུང་པོ་སོགས་དགུ་དང་། རྫས་འཛིན་ལ། བདག་རང་དབང་ཅན་དུ་འཛིན་པ་སོགས་འཛིན་སྟངས་ཀྱིས་ཡུལ་དུ་བྱེད་ཚུལ་ལས་དགུ་དང་། ཀུན་བྱང་གི་ཆོས་ཀྱི་གདགས་གཞི་ལ་བརྟེན་ནས་བཏགས་ཚུལ་གྱིས་ཕྱེ་བའི་དགུ་སྟེ་རྟོག་པ་སོ་དྲུག་ཏུ་གསུངས་པ་མདོ་རྒྱས་པ་རྣམས་ནས་འབྱུང་སྟེ། འདི་དག་བདེན་གྲུབ་ཏུ་འཛིན་པ་ནི་རྗེས་ཐོབ་ངེས་པའི་ངོར་ཡང་ལྡོག་ལ། བཏགས་པ་ཙམ་དུའང་ཞེན་པའི་མཚན་མར་འཛིན་པ་ནི་མཉམ་བཞག་གི་སྟོབས་ཀྱིས་ལྡོག་པས་ན། སྦྱོར་ལམ་གྱི་རྟོགས་པས་སྤང་བྱ་དེ་དག་མངོན་གྱུར་ཉམས་སྨད་པར་བྱེད་པ་ཡིན་ནོ། །སྐབས་འདིར་ཀུན་བྱང་གི་གཟུང་རྟོག་སྤོང་བ་བསྡུས་ནས། གང་ཞིག་ཡོད་པ་མ་ཡིན་སོགས་ཀྱིས་བསྟན་ཏེ། ཀུན་བྱང་གི་གཟུང་བ་གང་ཞིག་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བདེན་པའམ་རྫས་སུ་ཡོད་པ་མ་ཡིན་ཏེ་དེ་ནི་མེད་ཅེས་བྱ་སྟེ་ལུང་དང་རིགས་པས་གྲུབ་པའི་ཕྱིར། དེ་ལྟར་བྱིས་པ་རྣམས་ཀྱིས་ཆོས་དེ་དག་ལ་བརྟགས་ནས་ཐ་སྙད་བཏགས་ཙམ་དུ་ཡོད་པ་དང་། བདེན་གྲུབ་ཏུ་མེད་པར་འཛིན་པར་བྱེད་དེ། ཡང་དག་པའི་གནས་ལུགས་ཀྱི་དོན་དུ་བཏགས་པས་ཡོད་པ་དང་། བདེན་པར་མེད་པ་འདི་གཉིས་ཀྱང་མེད་པའི་ཆོས་ཡིན་ཏེ། གཉིས་ཀ་རྟོག་པའི་དབང་གིས་བཞག་པ་ཙམ་དུ་མགོ་མཉམ་སྟེ་དེ་གཉིས་ཀ་ཡང་དཔྱད་མི་བཟོད་པའི་ཕྱིར་རོ། །དེས་ན་བྱང་ཆུབ་སེམས་དཔའ་གང་གིས་ཚུལ་འདི་ལྟར་ཀུན་རྫོབ་ཏུ་ཡོད་པ་དང་། དོན་དམ་པར་མེད་པ་ལྟ་བུའི་སྤྲོས་པ་ཕྱོགས་རེ་བའི་དམིགས་པ་མཐའ་དག་དང་བྲལ་བའི་ཆོས་དབྱིངས་བརྗོད་བྲལ་གྱི་གནས་ལུགས་འདི་ཤེས་ན་སྲིད་ཞིའི་མཐའ་གཉིས་ལས་ངེས་པར་འབྱུང་སྟེ་མི་གནས་པའི་མྱང་འདས་ཐོབ་པར་བྱེད་དོ། །ཞེས་སོ། །འཛིན་རྟོག་གི་གཉེན་པོར། གང་འདིར་ཕུང་པོ་ལྔ་དང་སོགས་ཏེ། ཀུན་བྱང་ལ་ལོངས་སྤྱོད་པ་པོ་ནི་ཕུང་པོ་ལྔ་ཙམ་ཡིན་ལ། དེ་ནི་སྒྱུ་མ་དང་ཁྱད་མེད་པས་རྫས་སུ་མེད་པར་བསྟན་པ་དང་། གདགས་གཞིའི་ཆ་ནས་བཏགས་པའི་བཏགས་ཡོད་དུ་འཛིན་པ་སྣ་ཚོགས་པའི་འདུ་ཤེས་བྲལ་ཞིང་ཉེ་བར་ཞི་བ་ལ་སྤྱོད་པ་ཞེས་སོ། །ཡོངས་འཛིན་དགེ་བའི་བཤེས་གཉེན་ནི། དགེ་བའི་བཤེས་དང་སོགས་ཀྱིས་བསྟན། བཞི་པ་སྒྲུབ་པའི་རྟེན་ཆོས་དབྱིངས་རང་བཞིན་གནས་རིགས་ནི། བྱང་ཆུབ་སེམས་དཔའི་སྒྲ་དོན་ལས་བརྩམས་ཏེ། ཅི་ཕྱིར་འདི་ནི་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། མདོ་རྒྱས་པར་དྲོད་ནས་ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་བར་གྱིས་རྟེན་ཆོས་སྒྲུབ་པ་བཅུ་གསུམ་པོའི་རྟེན་དུ་གྱུར་པའི་ཆོས་དབྱིངས་བསྟན་ཀྱང་། འདིར་དྲོད་ནས་ཡེ་ཤེས་རྩོལ་བ་མི་མངའ་བའི་བར་དུ་ཆོས་དབྱིངས་དེ་བཞིན་ཉིད་ལ་དམིགས་པའི་སྒོ་ནས། དངོས་ཞེན་གྱི་ཆགས་པ་རིམ་བཞིན་གཅོད་པར་བྱེད་ཅིང་། མཐར་ཤེས་བྱའི་ཆོས་ཀུན་ལ་ཆགས་པ་དྲུང་ནས་ཟད་པ་སངས་རྒྱས་ཀྱི་སར་འཕེན་པའང་རྟེན་ཆོས་དབྱིངས་ཉིད་རང་བཞིན་གྱིས་གནས་པའི་རིགས་ལས་ཡིན་ཏེ། དེ་བཞིན་ཉིད་གནས་ལུགས་སུ་ཡེ་ནས་ཡོད་པ་ཡིན་པ་དང་། དེ་ལ་དམིགས་ནས་སྒྲིབ་པ་སྤོང་བར་གྲུབ་པའི་ཕྱིར་རོ། །ལྔ་པ་སྒྲུབ་པའི་དམིགས་པ་ནི་སྤྱིར་བླང་དོར་བཏང་སྙོམས་སུ་བྱ་བའི་ཆོས་ཀུན་ལ་དམིགས་དགོས་ལ་ཁྱད་པར་ཐེག་ཆེན་གྱི་ལམ་འབྲས་ལ་དམིགས་དགོས་ཤིང་། དེ་ཡང་མདོ་རྒྱས་པར་རྣམ་གྲངས་བཅུ་གཅིག་གསུངས་པའང་། འདིར་རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཆགས་མེད་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། དམིགས་པ་བཅུ་གཅིག་གི་ཐ་མ་ཐུབ་པའི་ཐུན་མོངས་མིན་པ་རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཆགས་ཐོགས་མེད་པའི་ཡེ་ཤེས་ལ་དམིགས་པར་བསྟན་ཞིང་། དེ་སྒྲུབ་པ་ལ་བླང་དོར་དུ་བྱ་བ་དགེ་སྡིག་ལུང་མ་བསྟན་དང་ཟག་བཅས་ཟག་མེད་སོགས་བྱེ་བྲག་བྱས་ནས། ཐུན་མིན་ཐུབ་པའི་ཡེ་ཤེས་ནི་ཤེས་བྱའི་ཆོས་ཀུན་གྱི་ནང་ན་དམ་པ་བླ་ན་མེད་པར་ཤེས་ནས། དེ་སྒྲུབ་པའི་ཚུལ་ལ་དམིགས་པ་ཡིན་ནོ། །དྲུག་པ་སྒྲུབ་པས་ཆེད་དུ་བྱ་བ་སྟེ། ཐོབ་བྱ་གང་གི་ཕྱིར་ཡིན་པ་ནི། མཐར་ཐུག་གི་སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོའམ་སེམས་ཆེན་པོ་དང་། སྤང་བ་ཆེན་པོ་དང་། རྟོགས་པ་ཆེན་པོ་གསུམ་ཡིན་ལ། དེ་ནི་ཅི་ཕྱིར་འདི་ནི་སེམས་དཔའ་ཆེ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། སེམས་ཅན་གྱི་ཁམས་ཚད་མེད་པའི་སྡེ་དང་རིས་ཆེན་པོའི་མཆོག་ཏུ་གྱུར་པའི་སེམས་ཆེན་པོ་དང་ལྟ་བའི་དྲྭ་བ་ཐམས་ཅད་གཅོད་པའི་ཡེ་ཤེས་རྟོགས་པ་ཆེན་པོ་དང་། དེས་སྤང་བྱ་མཐའ་དག་སྤངས་པ་ཤུགས་ལ་བསྟན་པའོ། །བདུན་པ་བསམ་པ་གོ་ཆའི་སྒྲུབ་པ་ལ་རྒྱས་པར་ཕར་ཕྱིན་རེ་རེ་ཡང་དྲུག་ལྡན་དུ་བསྒྲུབ་པའི་གོ་ཆའི་སྒོ་ནས་ཕྱོགས་དུས་ཀྱིས་ཆས་དཔག་པར་དཀའ་བའི་གོ་ཆར་གྱུར་པ་ཡིན་པས་སོ་དྲུག་གི་ཚུལ་དུ་བཤད་ཀྱང་འདིར་གཏོང་བ་སྦྱིན་པ། བློ་ཚུལ་ཁྲིམས། མཐུས་ཕར་ཕྱིན་གཞན་བཞི་བསྡུས་ཏེ། རེ་རེ་ཡང་དྲུག་ལྡན་དུ་བསྒྲུབ་པའི་གོ་ཆའི་སྒོ་ནས་སྦྱིན་པ་ཕྲ་མོ་གཅིག་བྱིན་ཀྱང་། རང་དོན་དང་དམན་ལམ་ཡིད་བྱེད་དང་མཚན་མར་འཛིན་པ་སོགས་མི་མཐུན་ཕྱོགས་ཀྱི་དྲི་མ་དང་བྲལ་ཞིང་། ཕན་ཡོན་གྱི་ཁྱད་པར་ཕྱོགས་དུས་ཀྱི་མུ་བཞིན་དུ་དཔག་པར་དཀའ་བའི་ངང་ཚུལ་དུ་གྱུར་པས་ན་ཆེ་བའི་སྒྲ་ཡིས་ཁྱད་པར་དུ་བྱས་ཏེ་བསྟན་པའོ། །ཡང་བཤད་ཚུལ་འགའ་ཞིག་ན། གཏོང་བ་ཆེ་བ་སྦྱིན་པ། འཆལ་ཚུལ་སྤོང་བའི་སེམས་པ་བློ་ཆེ་བ་ཚུལ་ཁྲིམས། མཐུ་ཆེ་བ་བཟོད་པ། ཐེག་ཆེན་ལ་ཞུགས་པ་བརྩོན་འགྲུས། གཡེང་བས་མི་ཚུགས་པའི་གོ་ཆ་བགོས་པ་བསམ་གཏན། བདུད་ཀྱི་སྒྱུ་འདུལ་བ་ཤེས་རབ་ཏུའང་བཤད། ཡང་གཏོང་བ་ཆེ་དང་སོགས་ཚིགས་བཅད་འདི་གོ་སྒྲུབ་སོགས་ཕྱི་མ་བཞི་པོ་ཐུན་མོང་དུ་མདོར་བསྟན་ཡིན་པར་ཡང་བཤད་པ་སོགས་སྣ་ཚོགས་སྣང་ངོ་། །བརྒྱད་པ་འཇུག་སྒྲུབ་ནི་གོ་ཆ་དེ་ལྟ་བུ་དང་ལྡན་པའི་སྒོ་ནས་ཐེག་ཆེན་གྱི་ལམ་དང་འབྲས་བུས་བསྡུས་པའི་ཆོས་ཀུན་ལ་འཇུག་པ་ཡིན་ཞིང་། མདོ་རྒྱས་པར་དགུར་གསུངས་ཀྱང་འདིར། དཔེར་ན་སྒྱུ་མ་མཁན་གྱི་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དང་པོ་གོ་ཆ་དང་བསྒྲུབ་པའི་དཔེ་ཐུན་མོང་བར་ཡང་འགྱུར་ལ། སྒྱུ་མའི་དཔེ་བཞིན་དུ་རང་བཞིན་མ་གྲུབ་པར་ཤེས་པའི་སྒོ་ནས་བྱང་ཆུབ་ཆེན་པོའི་ལམ་དང་འབྲས་བུ་ལ་མི་ལྡོག་པར་ཞུགས་ནས་རྫོགས་སྨིན་སྦྱང་བ་མཐར་ཕྱིན་པར་སྒྲུབ་པའོ། །དེ་ཡང་ལམ་གྱི་ངོ་བོ་ཐེག་པ་ཆེན་པོའི་མཐོང་སྒོམ་ལ་འཇུག་པ་དང་། རྟེན་ཞི་གནས་སམ་བསམ་གཟུགས། ལྷག་མཐོང་གི་ཆར་གྱུར་བ་མཉམ་བཞག་དམིགས་མེད་དང་། རྗེས་འཁོར་གསུམ་དག་རྟོགས། ཉམས་ལེན་སྦྱིན་སོགས་ཕར་ཕྱིན་དྲུག །གྲོགས་བྱམས་སོགས་ཚད་མེད་བཞི། མཐུ་མངོན་པར་ཤེས་པ་དྲུག །ཆེད་དུ་བྱ་བ་ཆེན་པོ་གསུམ་དང་། འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། དེ་དག་ལ་མི་ཞུམ་པར་འཇུག་པ་ཡིན་པར་ཤེས་པར་བྱའོ། །དགུ་པ་ཚོགས་སྒྲུབ་ནི་སྤྱིར་བྱང་ཆུབ་སེམས་དཔས་ལམ་ལ་འཇུག་པའི་སྒྲུབ་པ་ཚད་མེད་པའི་སྒོ་ནས་ཚོགས་པ་མཐའ་ཡས་པ་བསགས་པར་བྱས་ཏེ། དེའི་དབང་གིས་མཐའ་གཉིས་ལས་ངེས་པར་འབྱུང་བ་མི་གནས་པའི་མྱང་འདས་སུ་འགྲུབ་པ་ཡིན་ལ། ཚོགས་ཚད་མེད་པ་དེ་དག་ཀྱང་སྤྱི་རིགས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སུ་འདུ་ལ། ནང་གི་དབྱེ་བ་ཤིན་ཏུ་མང་ཡང་མདོ་རྒྱས་པ་རྣམས་སུ་ཚོགས་སྒྲུབ་བཅུ་བདུན་དུ་བསྟན་པ་འདིར་ནི། ཅི་ཕྱིར་འདི་ནི་བྱང་ཆུབ་ཐེག་ཆེན་སོགས་ཚིགས་བཅད་གཅིག་གསུངས་ཏེ། རང་ཟབ་རྒྱས་ཀྱི་ཐེག་ཆེན་ལ་གནས་ནས་གཞན་མྱ་ངན་ལས་ཟློ་བའི་ཚུལ་ལ་འཇུག་པ་ལ་ཚོགས་མཐའ་ཡས་པ་འདུ་བས་དེ་ལྟར་གསུངས་ལ། དེར་ཡང་ཚོགས་སྒྲུབ་བཅུ་བདུན་དེ་དོན་གྱིས་འཕང་སྟེ། དེ་གང་ཞེས་པ་ཐེག་པ་ཆེན་པོའི་ལམ་ཕར་ཕྱིན་དྲུག་ལ། ཞི་གནས་དང་ལྷག་མཐོང་དང་དེ་གཉིས་ཟུང་འབྲེལ་དང་གསུམ་གྱི་སྒོ་ནས་སློབ་པའམ་ཞོན་ནས། བརྩེ་བ་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་མྱ་ངན་ལས་ཟློ་བ་དང་། དེ་ཡང་ཐབས་མཁས་དང་ལྡན་པའི་ཚུལ་གྱིས་འགྲུབ་ལ། ཐེག་པ་དེ་ཡི་རང་བཞིན་ལ་ཟབ་མོ་མཁའ་འདྲ་སྟོང་ཉིད་ཉི་ཤུ་པོ་སྒོམ་པའི་ཡུལ་ཅན་ཡེ་ཤེས་ཀྱི་ཚོགས་དང་། གཞལ་མེད་ཁང་འདྲ་བ་བསོད་ནམས་དང་གཟུགས་ཀྱི་གཏེར་ཚད་མེད་པ་སྟེ། བསོད་ནམས་ནི་སྤྱིར་དགེ་བའི་ལས་ཐམས་ཅད་ཡིན་ཀྱང་། འདིར་ཟག་མེད་ཀྱི་དགེ་བ་དང་། དེ་ལས་ཁྱད་པར་དུ་དཔའ་བར་འགྲོ་བ་དང་། རིན་ཆེན་ཕྱག་རྒྱ་ལ་སོགས་པའི་ཏིང་ངེ་འཛིན་མདོ་ནས་གསུངས་པ་རྣམས་ཏེ། བྱང་ཆུབ་སེམས་དཔའི་ཏིང་འཛིན་འདི་དག་གི་སྟོབས་ལས་བསོད་ནམས་ཚད་དཔག་ཏུ་མེད་པ་སྐད་ཅིག་རེ་རེས་ཀྱང་ཚེགས་མེད་པར་འགྲུབ་པའི་ཕྱིར་རོ། །དགའ་བ་ཟག་མེད་ལམ་ལྔ། གཏན་དུ་སྐྱེད་པ་ས་བཅུ་བདེ་བ་གཟུང་འཛིན་གྱི་རྟོག་པ་རྣམས་ལས་ངེས་པར་འབྱུང་བར་བྱེད་པའི་གཉེན་པོའི་ཚོགས་སྒྲུབ་སྟེ་མཐོང་སྒོམ་གྱི་ལམ་ན་གཟུང་འཛིན་གྱི་རྟོག་པ་བཞི་པོ་ཀུན་བརྟགས་དང་ལྷན་སྐྱེས་སྤོང་བའི་བར་ཆད་མེད་ལམ་བརྒྱད་དུ་བསྟན་པ་ལྟ་བུ་རྣམས་བསྟན་ཏོ། །མདོ་རྒྱས་པ་རྣམས་ལས་སའི་ཚོགས་བྱེ་བྲག་ཏུ་བསྟན་པ་ཡོངས་སྦྱོང་དང་གཉེན་པོའི་ཚོགས་བྱེ་བྲག་ཏུ་བསྟན་པར་མཛད་པ་ནི་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ཙམ་ལས་དོན་གོང་དུ་འདུས་སོ། །བཅུ་པ་ངེས་འབྱུང་སྒྲུབ་པ་ནི། གོང་དུ་བཤད་པའི་སེམས་བསྐྱེད་པ་ལ་སོགས་པ་དགུ་པོ་མཐར་ཕྱིན་པར་བསྒྲུབ་པ་ལ་བརྟེན་ནས། མཐར་ཐུག་གི་འབྱུང་ས་བརྒྱད་དུ་ངེས་པར་འབྱུང་བ་ལ་ངེས་འབྱུང་སྒྲུབ་པ་ཞེས་བྱ་སྟེ་བྱང་ཆུབ་སེམས་དཔའི་སྒྲུབ་པ་ཁྱད་པར་ཅན་གྱིས་ནི། མཐར་འབྲས་མི་གནས་པའི་མྱང་འདས་ལ་སྒྲིབ་པའི་ཕྱོགས་ཀུན་ལས་འདས་ནས་འབྲས་བུ་བྱང་ཆུབ་ཆེན་པོར་ངེས་པར་འབྱུང་བའི་ཕྱིར་རོ། །དེ་ཡང་མཐར་ཐུག་གི་ངེས་པར་འབྱུང་ས་ནི་སངས་རྒྱས་ཀྱི་ས་ཡིན་ལ། དེ་ལ་བར་ཆད་མེད་ལམ་རྡོར་ཏིང་དང་། རྣམ་གྲོལ་ལམ་ལ་ཡོན་ཏན་གྱི་ཆ་ནས་བདུན་དུ་ཕྱེ་བ་སྟེ་བརྒྱད་པོ་དེར་འབྱུང་ངོ་། །དེ་བསྟན་པ་ནི། གང་ཞིག་ཞོན་ནས་སོགས་ཀྱིས་བསྟན་ཏེ། དེ་ལ་ཆེད་དུ་བྱ་བ་ཆེན་པོ་གསུམ་ནི་ཐོབ་བྱ་མཐར་ཐུག་ཡིན་པས་སྤྱིར་བསྟན། དེ་ལས་བྱེ་བྲག་ཏུ་སེམས་ཆེན་པོའི་ཁྱད་པར་གསུམ་སྟེ། ཤེས་རབ་མཐར་ཕྱིན་པས་ཆོས་ཀུན་མཉམ་པ་ཉིད་དུ་གཟིགས་པ་ལས་མི་གཡོ་བ་དང་། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཡོངས་སུ་སྨིན་པས་ཕྱོགས་དུས་ཀུན་ཏུ་སེམས་ཅན་གྱི་དོན་མཐའ་ཡས་པར་མཛད་པ་དང་། དེ་ཡང་གཡོ་རྩོལ་གྱི་འབད་པ་མེད་པར་ལྷུན་གྱིས་གྲུབ་པར་མཛད་པ་དང་གསུམ་མོ། །སྤང་པ་ཆེན་པོའི་ཁྱད་པར་གཉིས་ཏེ། རྟག་ཆད་དམ་སྲིད་ཞིའི་མཐའ་ལས་འདས་པར་ངེས་འབྱུང་དང་། ཐེག་གསུམ་གྱི་སྤངས་རྟོགས་ཀྱི་རིགས་ཐམས་ཅད་ཐོབ་པའི་མཚན་ཉིད་ཅན་གྱི་ངེས་འབྱུང་སྟེ་སྤངས་པ་ཁྱད་པར་ཅན་ནོ། །རྟོགས་པ་ཆེན་པོའི་ཁྱད་པར་གཉིས་ཏེ། སེམས་བསྐྱེད་སོགས་ཆོས་བཅུས་མཚོན་པ་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་མཁྱེན་པའི་ཡེ་ཤེས་དང་། དེ་ལ་བར་མ་ཆད་དུ་སྦྱོར་ནུས་པ་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་བར་ཆད་མེད་ལམ་ནི་ལམ་གྱི་ཡུལ་ཅན་གྱི་ངེས་འབྱུང་ཞེས་བྱའོ། །དེ་རྣམས་མདོ་རྒྱས་པར་ལེའུ་བཅུ་བཞི་པ་རབ་འབྱོར་གྱི་ལེའུ་ལས་བསྟན་ཏོ། །དེ་ལྟར་བརྒྱད་དུ་ཡོད་པའི་ཆེད་དུ་བྱ་བ་ནི། ལམ་གྱི་ཐེག་པ་གང་ཞིག་ལ་ཞོན་ནས་ཆེད་དུ་བྱ་བ་ཆེན་པོ་གསུམ་དང་ལྡན་པ་འབྲས་བུ་མི་གནས་པའི་མྱང་འདས་སུ་འགྲོ་བ་ཡང་དོན་དམ་པར་མི་དམིགས་ཞེས་པས་བསྟན་ལ། རྒྱུ་དེས་དེ་ནི་མྱ་ངན་འདས་ཞེས་པས་སྲིད་ཞིའི་མཐའ་ལས་ངེས་འབྱུང་བསྟན་ཐོབ་པའི་མཚན་ཉིད་ངེས་འབྱུང་ལ། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་སོགས་ཀྱིས་ཐོབ་པ་པོ་མི་དམིགས་པ་གང་དག་དེ་ནི་འདུས་མ་བྱས་ཡིན་ཞེས་པས་ཐོབ་བྱ་དངོས་པོར་མི་དམིགས་པ། ཐོབ་པའི་ངོ་བོ་སྤྲོས་མེད་དེ་སོགས་ཀྱིས་བསྟན་ཏེ་དོན་དམ་པར་ཐོབ་པ་མེད་པའི་ཆ་ནས་བསྟན་པ་དངོས་བསྟན་སྟོང་ཉིད་དང་། ཐ་སྙད་དུ་ཐོབ་པ་ནི་མངོན་རྟོགས་ཀྱི་རིམ་པར་སྦྱར་རོ། །སེམས་ཅན་དོན་གྱི་ངེས་འབྱུང་ནི། བྱང་ཆུབ་སེམས་མཁས་རིག་སོགས་ཚིགས་བཅད་གཅིག །འབད་མེད་ངེས་འབྱུང་ནི་ལྡོག་པའམ་སྤང་བའི་སྒོ་ནས་བསྟན་ཏེ། གལ་ཏེ་སེམས་ཅན་འདུ་ཤེས་སོགས་ཚིགས་བཅད་གཅིག་གིས་སོ། །དེ་ཡང་བདག་གཞན་དུ་རྟོག་པ་སོགས་སྤྲོས་པ་མ་ལུས་པ་ཉེ་བར་ཞི་བས་འབད་རྩོལ་གྱི་གཡོ་བ་མི་སྲིད་པར་བསྟན་ཏོ། །རྣམ་མཁྱེན་ནི། བདག་ཅི་འདྲ་བར་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། བདག་ཉིད་ཆོས་སྐུ་མཉམ་པ་ཉིད་ཐོབ་པ་དེ་བཞིན་ཆོས་ཐམས་ཅད་དང་ཆོས་ཉིད་རོ་མཉམ་པར་གཟིགས་པ་སྟེ། ཆོས་ཀུན་གྱི་གནས་ལུགས་དེ་བཞིན་ཉིད་གཟིགས་པ་ལ་སྒྲིབ་པའི་རབ་རིབ་ཕྲ་མོ་ཡང་མི་མངའ་བའི་ཡེ་ཤེས་དང་ལྡན་པའི་ཕྱིར། གནས་སྣང་རྣམ་པ་ཀུན་ཏུ་མཚུངས་དགོས་ལ་གནས་ཚུལ་མཉམ་པ་ཉིད་དུ་གནས་པའི་ཕྱིར་རོ། །དེས་ན་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་བདག་ཉིད་དུ་གཟིགས་པ་ནི་སངས་རྒྱས་ཀྱི་གཟིགས་པ་ཐུན་མོང་མིན་པ་སྟེ། དེ་དག་མདོ་དང་བསྟན་བཅོས་ནས་ཆེས་གསལ་བར་གསུངས་པའི་གནད་གལ་པོ་ཆེ་ཡིན་ནོ། །ལམ་གྱི་ཡུལ་ཅན་ནི། འཇིག་རྟེན་དག་ན་སོགས་ཚིགས་བཅད་གཅིག་སྟེ། ཆོས་ཐམས་ཅད་དམིགས་ནས་དེ་ཀུན་ལ་སྐྱེ་འགགས་མེད་པར་མཉམ་པ་ཉིད་དུ་གཟིགས་པའི་རྣམ་པ་ཅན་ནོ། །ངོ་བོ་རྣམ་པར་མི་རྟོག་པའི་ཡེ་ཤེས་འཆི་བ་མེད་པ་སྟེ་རྟོགས་པས་མི་འཆི་བའམ་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་ནོ། །སློབ་ལམ་ན་དམ་པ་དེ་ལས་གཞན་མེད་པ་དེ་ཐོབ་ཅེས་སོ། །དེ་ཕྱིར་འདི་ནི་ཞེས་པའི་འབྲས་བུའི་ཤེར་ཕྱིན་ཞེས་བྱའོ་ཞེས་སོ། །མཉམ་ཉིད་ངེས་འབྱུང་ནི། བྱང་ཆུབ་སེམས་དཔའ་གང་ཞིག་སོགས་ཚིགས་བཅད་གཅིག་གིས་བསྟན་ཏོ། ༈ །ད་ནི་སྐབས་གཉིས་པ་ཐེག་པ་གསུམ་གྱི་ལམ་ཤེས་པར་བྱ་བ་ལ་དེ་མཚོན་བྱེད་ཆོས་བཅུ་གཅིག་ཡོད་པའི་ཐོག་མ་ལམ་ཤེས་སྐྱེ་བའི་རྟེན་བསྟན་པ་ལ་མདོ་རྒྱས་པ་རྣམས་སུ་མདོ་ལྔར་མཛད་ཀྱང་འདིར་རྟེན་ཤུགས་ལ་བསྟན་པ་ལས་དངོས་སུ་མེད། གཉིས་པ་ཉན་ཐོས་ཀྱི་ལམ་ཤེས་ནི་འཕགས་པའི་བདེན་པ་བཞི་ལ་རྣམ་པ་མི་དམིགས་པའི་སྒོ་ནས་འཇུག་ལ། དེ་ཡང་དྲོ་བ་སོགས་སྦྱོར་ལམ་བཞིའི་རྣམ་པ་ནས་བསྟན་པར་མཛད་པས། མདོར་ན་དངོས་སུ་གསུངས་པ་ནི་དམིགས་མེད་སྤྲོས་པ་དང་བྲལ་བའི་ཐེག་ཆེན་གྱི་ལམ་ཡིན་ཀྱང་། དེས་ཤུགས་བསྟན་ཉན་ཐོས་ཀྱི་ལམ་དེའང་དེའི་རིགས་ཅན་གཞན་རྗེས་སུ་འཛིན་པའི་ཆེད་དང་། བྱང་སེམས་རང་ཉིད་ཀྱིས་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བའི་ཆེད་དུ་ཤེས་པར་བྱ་བ་ཡིན་ནོ། །དེ་ལ་མདོ་རྒྱས་པ་ལས་གཟུགས་སོགས་ཀྱི་སྟོང་པ་ཐ་དད་དུ་དབྱེར་མེད་པར་བསྟན་པས་ཉན་ཐོས་ཀྱི་དྲོ་བ། གཟུགས་སོགས་མི་དམིགས་པར་བསྟན་པས་རྩེ་མོ། གཟུགས་སོགས་དེ་ལ་རྟག་མི་རྟག་པ་ལ་སོགས་པའི་ཚུལ་གྱིས་གནས་པ་བཀག་པས་བཟོད་པ། ས་བཅུ་ལས་བརྩམས་ཏེ་མི་གནས་པའི་ཚུལ་རྒྱས་པར་བརྗོད་པས་ཆོས་མཆོག་མཚོན་པ་ཡིན་པས། འདིར་དྲོ་བ་ནི། གང་ཞིག་གཟུགས་ལ་སོགས་པས་བསྟན་ཏེ། ཕུང་པོ་ལྔ་སྟོང་པའི་ཕྱིར་དེ་ལ་མི་གནས་པ་དྲོ་བའི་ཡེ་ཤེས་དང་། ཆོས་ཉིད་གནས་པ་ཞེས་པས་མི་དམིགས་པའི་རྣམ་པ་ཅན་རྩེ་མོ་བསྟན་ཏེ། དགག་ཕྱོགས་ནས་མི་དམིགས་པ་ཞེས་དང་། སྒྲུབ་ཕྱོགས་ནས་ཆོས་ཉིད་ལ་གནས་པ་དོན་གཅིག་ཏུ་གྲུབ་པས་སོ། །རྟག་དང་མི་རྟག་སོགས་ཀྱིས་བཟོད་པ་བསྟན་ཏེ། འདིས་མཚོན་ནས་སྒྲོ་འདོགས་སོ་གཉིས་དང་བྲལ་བར་ཤེས་པར་བྱའོ། །འབྲས་བུ་ཐོབ་དང་སོགས་ཀྱིས་ཆོས་མཆོག་བསྟན་ཏེ། རྒྱས་པར་ས་བཅུ་ལས་བརྩམས་ཏེ་བསྟན་ཀྱང་འདིར་འཕགས་པ་བཞིའི་སར་བསྡུས་ནས་བསྟན་པའོ། །གསུམ་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ལ། རང་གིས་རྟེན་འབྲེལ་གྱི་དོན་ཇི་ལྟར་རྟོགས་ཚུལ། གཞན་ལ་ཆོས་ཇི་ལྟར་སྟོན་ཚུལ། དེའི་ལམ་གྱི་ཁྱད་པར། ལམ་དངོས་བཤད་པ་བཞི་ལས། དང་པོ་གཞན་གྱིས་བསྟན་པ་མེད་པར་རང་བྱུང་གི་ཚུལ་གྱིས་རྟེན་འབྲེལ་ཟབ་མོའི་དོན་ཁོང་དུ་ཆུད་པ་ཤུགས་ལ་སྟོན་བྱེད་ཀྱི་མདོ་ནི། ཇི་ལྟར་འདྲེན་པ་སོགས་ཚིགས་བཅད་གཅིག་སྟེ། སངས་རྒྱས་ཀྱི་ཐུགས་དམིགས་པའི་རྣམ་པ་གང་ལའང་མི་གནས་པ་ཡིན་པས་དེའི་ཡེ་ཤེས་ནི་དམིགས་རྐྱེན་ལས་སྐྱེ་བ་མིན་ཏེ། རང་བྱུང་གི་ཡེ་ཤེས་སོ། །དེས་ཤུགས་ཀྱིས་མཚོན་པ་རང་རྒྱལ་གྱི་བདག་མེད་ཕྱེད་གཉིས་རྟོགས་པའི་ཡེ་ཤེས་ཀྱང་གཞན་གྱིས་བསྟན་པའི་རྒྱུ་མེད་ཀྱང་རང་གིས་མངོན་དུ་རྟོགས་པ་བསྟན། འོ་ན་རང་རྒྱལ་དེའི་ཡེ་ཤེས་རྒྱུ་མེད་དུ་འགྱུར་སྙམ་ན་དེའི་དོགས་པ་བསལ་བའམ། སྤྱིར་རང་བྱུང་གི་ཡེ་ཤེས་ཡིན་ན་དེ་ལ་རྒྱུ་མེད་པས་ལམ་གྱིས་སྒྲུབ་ཏུ་མི་རུང་བའམ། ཡང་ན་ལམ་མ་གོམས་ཀྱང་མངོན་དུ་འགྱུར་རོ་སྙམ་ན། དམིགས་པ་མཐའ་དག་ཞི་བའི་ཡེ་ཤེས་དེ་ལྟ་བུ་ནི་ཟབ་མོའི་དོན་ལ་བཟོད་པའི་ལམ་ཤེར་ཕྱིན་འདི་ལ་མ་བརྟེན་པར་མངོན་དུ་མི་འགྱུར་ཏེ། གློ་བུར་བའི་དྲི་མས་བསྒྲིབས་ནས་མི་སྣང་བའི་ཕྱིར་རོ། །ཆོས་ཉིད་དེ་བཞིན་ཉིད་དང་དབྱེར་མེད་པར་གཤེགས་པའི་རང་བྱུང་གི་ཡེ་ཤེས་མཐར་ཐུག་པ་ལྟ་ཅི་སྨོས། ཐེག་པ་དམན་པའི་ལམ་གྱིས་ཐོབ་པའི་དེ་བཞིན་ཉིད་སྒྲིབ་པ་ཅི་རིགས་པས་དག་པའམ། དངོས་པོར་ལྟ་བ་བཅད་པའི་སྟོང་པ་ཉི་ཙེ་བའི་དོན་ལ་བཟོད་པའམ་བློས་ལྕོགས་པའི་ཤེར་ཕྱིན་གྱི་རིགས་སུ་གཏོགས་པའི་མཐུས་ཡིན་པར་བསྟན་པས་ན། རང་རྒྱལ་ལའང་བདག་མེད་ཕྱེད་གཉིས་ལ་སྔོན་གོམས་པའི་རྒྱུས་སྲིད་པ་ཐ་མ་གྱུར་པ་ན་གཞན་གྱིས་བསྟན་པ་མེད་ཀྱང་དེ་ལྟར་རྟོགས་པ་འཐད་པར་དོན་གྱིས་བསྟན་པར་མཛད་དོ། །གཉིས་པ་དེས་སྒྲ་མེད་ལུས་ཀྱིས་ཆོས་སྟོན་ཚུལ་སྟོན་པ་མདོ་འདིར་མེད། གསུམ་པ་དེའི་ལམ་གྱི་ཁྱད་པར་ནི། གཟུང་དོན་གྱི་རྟོག་པ་སྤངས་ལ་འཛིན་པ་མ་སྤངས་པས། ཉན་ཐོས་ལས་འཕགས་ལ་ཐེག་ཆེན་གྱི་རྟོགས་རིགས་ལས་དམན་པའི་དབང་པོ་འབྲིང་དུ་གྱུར་པའི་རྟེན་ནམ་རིགས་ཅན་གྱི་ལམ་མངོན་པར་རྟོགས་པའོ། །དེ་ལས་གཟུང་བ་མ་གྲུབ་པ་དང་འཛིན་པ་གྲུབ་པར་འཛིན་པའི་ལམ་མངོན་རྟོགས་ཤུགས་ལ་འཕེན་བྱེད་ཀྱི་མདོ་ནི། ཆོས་འཆད་པ་དང་སོགས་ཀྱིས་བསྟན་ཏེ། ཇི་ལྟར་རྨི་ལམ་དང་སྒྱུ་མའི་སྣང་བ་ལ། སྣང་ཡུལ་དེ་ངོ་བོས་མ་གྲུབ་ཀྱང་འཛིན་པ་ལ་དེར་སྣང་མི་ཁེགས་པ་ལྟར་གཟུང་བ་མེད་ལ་འཛིན་པ་ཡོད་པར་འདོད་པའི་རྟོགས་རིགས་དེ་མཚོན་པར་བྱས་པའོ། །རྟེན་ནི། གང་ཟག་བཞི་པོ་སོགས་ཀྱིས་ཏེ། དངོས་བསྟན་སྟོང་ཉིད་ལ་མི་སྐྲག་པའི་གང་ཟག་བཞི་བཤད་པས། གཟུང་བ་རང་བཞིན་མེད་པ་དང་གང་ཟག་གི་བདག་མེད་ལ་མི་སྐྲག་པའི་རང་རྒྱལ་ཀྱང་འཕང་བའོ། །བཞི་པ་ལམ་དངོས་ལ་རང་རྒྱལ་གྱི་སྦྱོར་ལམ་བཞི་ཤུགས་ལ་འཕེན་བྱེད་ཀྱི་སྐབས་བཞི་ནི། ཡུམ་རྒྱས་པ་རྣམས་སུ་བཏགས་པའི་ཚུལ་མི་འདོར་ལ་ཆོས་ཉིད་དང་མི་འགལ་བར་སྟོན་པའི་རྣམ་པས་དྲོ་བ་མཚོན་པར་མཛད་པ་སྐབས་འདིར། བྱང་ཆུབ་སེམས་དཔའ་མཁས་རིག་ཅེས་སོགས་ཀྱིས་ཏེ། ཐ་སྙད་བཏགས་པ་ཙམ་གྱི་སྒོ་ནས་ཆོས་སྟོན་པ་ལ་མཁས་ཤིང་དེ་ལྟར་བཏགས་ནས་བསྟན་ཀྱང་དོན་དམ་པར་བརྗོད་དུ་མེད་པའི་ཆོས་ཉིད་རིག་པ་དེས་ཆོས་ཉིད་དང་འགལ་བར་མི་འགྱུར་བར་ཆོས་སྟོན་པ་ལ་སྤྱོད་པ་ཞེས་སོ། །གཟུགས་སོགས་འཕེལ་འགྲིབ་མེད་པར་རྟོགས་པའི་རྣམ་པ་རྩེ་མོ་ནི། གཟུགས་འཕེལ་ཡོངས་སུ་ཉམས་དང་སོགས་རྐང་པ་གཅིག་གིས་བསྟན་ཏོ། །ནང་སྟོང་བ་ཉིད་ལ་སོགས་པ་ཡིན་པའི་ཕྱིར་གཟུགས་སོགས་ལ་དེར་མི་འཛིན་པས་བཟོད་པ་བསྟན་པ་ནི་འདིར། ཆོས་རྣམས་སྣ་ཚོགས་ཡོངས་སུ་གཟུང་ཕྱིར་མི་སློབ་པར། སློབ་ཅིང་ཞེས་པས་བསྟན་ཏེ། ཕྱི་དང་ནང་སོགས་ཆོས་སྣ་ཚོགས་སུ་འཛིན་པ་བཟློག་པའི་དོན་དུ་སྟོང་ཉིད་བཅོ་བརྒྱད་བསྟན་པ་ལྟ་བུ་སྟེ། ཚུལ་དེ་ལྟ་བུའི་སྒོ་ནས་ཆོས་སྣ་ཚོགས་ཡོངས་སུ་གཟུང་བའི་ཕྱིར་མི་སློབ་པའམ། ཡོངས་སུ་མི་གཟུང་བའམ་མི་དམིགས་པར་སློབ་པར་བསྟན་པས་སོ། །ཆོས་མཆོག་ནི་སྐྱེ་མེད་ཀྱི་རྣམ་པ་ཅན་གྱི་ཚིག་གིས་མདོ་རྒྱས་པ་རྣམས་སུ་བསྟན་པར་མཛད་ཀྱང་འདིར་ནི། ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡོངས་འཛིན་ལ། ཞེས་སོགས་ཀྱིས་བསྟན་ཏེ། བསམ་པས་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡོངས་སུ་འཛིན་ལ། སྐྱེ་མེད་དུ་མཐོང་བའི་རྣམ་ཅན་ཆོས་མཆོག་གི་ཡེ་ཤེས་དེའི་ནུས་པས་འདས་ལམ་དུ་ངེས་པར་འབྱུང་བའོ། །ད་ནི་བྱང་ཆུབ་སེམས་དཔའི་ལམ་ལ་མཐོང་སྒོམ་གཉིས་ལས། དང་པོ་ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཞི་པ་བྱང་སེམས་ཀྱི་མཐོང་ལམ་བཟོད་ཤེས་སྐད་ཅིག་མ་བཅུ་དྲུག་གི་ཚུལ་དུ་མདོ་གཞན་ན་བསྟན་ཀྱང་འདིར་བདེན་བཞི་མངོན་སུམ་མཐོང་བའི་ཡེ་ཤེས་བཞིར་བསྟན་ཏེ། དེ་ཡང་རྒྱས་པ་ལྟར་ན་ཆོས་བཟོད་བཞིའི་ཡེ་ཤེས་མཚོན་པའི་མདོ་བཞི་ཙམ་འདིར་བསྟན་པ་ནི། དང་པོ་གཟུགས་སོགས་ཀྱི་དེ་བཞིན་ཉིད་ཡུལ་དང་དེའི་ཡུལ་ཅན་ཤེར་ཕྱིན་ནི་སངས་རྒྱས་ཞེས་བྱ་སྟེ། དེ་གཉིས་ཕན་ཚུན་རྟེན་བརྟེན་པར་དཔྱད་ན་མ་གྲུབ་པའི་ཕྱིར། ཡུལ་ཡུལ་ཅན་གཅིག་ཐ་དད་སོགས་ཀྱིས་རྣམ་གྲངས་ཁས་མི་ལེན་པ་སྟེ་དེ་ལྟར་མཐོང་བའི་ཡེ་ཤེས་དེས་སྡུག་བསྔལ་ཆོས་བཟོད་མཚོན་ནོ། །དེ་དག་འདིར་ནི། གཟུགས་ནི་ཤེས་རབ་མ་ཡིན་སོགས་ཀྱིས་བསྟན་ཏེ། སྡུག་བདེན་གྱི་མཚན་གཞི་གཟུགས་དང་གཞི་ཤེར་ཕྱིན་གཅིག་ཐ་དད་གང་ཡང་མིན་པ་སོགས་ཀྱིས། དེ་བཞིན་ཉིད་དང་ཆོས་ཅན་རྣམས་གཉིས་དང་གཅིག་གི་ཚུལ་དུ་མེད་པས་ཆོས་ཐམས་ཅད་ཡེ་ནས་མཉམ་ཉིད་ནམ་མཁའི་ཚུལ་དུ་རྣམ་གྲངས་ཀྱིས་རིས་སུ་བཅད་དུ་མེད་པར་གནས་པའོ། །དེའི་ཤུགས་ཀྱིས་གཞན་གསུམ་འཕང་ངོ་། །ཀུན་འབྱུང་གི་གཞི་ལས་དང་པོ་མཐའ་མེད་པ་ནི། དམིགས་པ་རྣམས་ཀྱིས་རང་བཞིན་སོགས་ཀྱིས་བསྟན་ཏེ་མཐའ་དམིགས་སུ་མེད་པའོ། །དེ་ཡང་ཀུན་འབྱུང་བ་ཟག་བཅས་ཀྱི་རྒྱུར་གྱུར་པ་གཟུགས་སོགས་གཟུང་བ་དམིགས་པ་རྣམས་དང་། འཛིན་པ་སེམས་ཅན་དང་། ཆོས་ཉིད་ནམ་མཁའ་ལྟ་བུ་དང་། དེའི་ཡུལ་ཅན་འཇིག་རྟེན་མཁྱེན་པའི་ཤེས་རབ་ཕ་མཐའ་མེད་པར་རྟོགས་པའི་ཡེ་ཤེས་སོ། །དེ་ལྟར་རྟོགས་པའི་བྱེད་ལས་ལས་གཟུགས་སོགས་སངས་རྒྱས་སུ་ངེས་པར་འཛིན་པ་བླང་དོར་མེད་པ། བྱམས་སོགས་བསྒོམ་པ་འབྱོངས་པ་རྣམས་འབྱུང་ངོ་། །འགོགས་པ་བཞི་ལས་སྟོང་ཉིད་ཀྱི་རྣམ་པ་ནི་འདུ་ཤེས་ཚུ་རོལ་སོགས་ཀྱིས་བསྟན་ཏེ། དེ་ཡང་སྟོང་པ་ཉིད་ཀྱིས་དངོས་པོ་རྣམས་འགོགས་པ་མ་ཡིན་གྱིས་དངོས་པོ་ལ་མེད་བཞིན་འདུ་ཤེས་སྣ་ཚོགས་ཀྱིས་དམིགས་པར་བྱས་པ་ནི་ཚུ་རོལ་འཁོར་བ་ཡིན་ལ། ཡུལ་རང་བཞིན་མེད་པར་མཐོང་བས་དེར་ཞེན་གྱི་འདུ་ཤེས་རྣམ་པར་བཤིག་ནས་སྤོང་བའམ་འགོག་པ་དེ་ཕ་རོལ་མྱང་འདས་ཀྱི་སར་ཕྱིན་ནས་སྟོན་པའི་བཀའ་ལ་གནས་པ་ཞེས་བྱའོ། །དེ་ལྟར་ཆོས་ཀུན་ཡེ་ནས་སྟོང་པ་འགོག་པ་ཡང་དག་པའི་མཐའ་ལ་དམིགས་པ་ནི་འགོགས་བདེན་མཐོང་བའི་ཡེ་ཤེས་སོ། །དེ་ལས་སངས་རྒྱས་ཐོབ་པ་དང་། གཉེན་པོ་རྣམ་བྱང་ཀུན་དེར་འདུ་བ། འཚེ་བ་ཀུན་ཞི་བ་ཐོབ་པ་གསུམ་དེས་ཐོབ་པ་ཡིན་ནོ། །ལམ་གྱི་གཞི་ལས་མྱང་འདས་ལ་དེར་ཞེན་ཞི་བ་ནི། གལ་ཏེ་སྟོན་པས་སོགས་ཀྱིས་བསྟན་ཏེ། སེམས་ཅན་གདོད་མ་ནས་མ་སྐྱེས་པའི་ཕྱིར་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་གྱི། ཐོབ་པ་པོ་མ་གྲུབ་པ་སོགས་ཀྱིས་ན་དོན་དམ་པར་མྱང་འདས་ཐོབ་པ་མི་དམིགས་པར་རྟོགས་པའི་ཡེ་ཤེས་ནི་ལམ་བདེན་གྱི་ཆོས་ཉིད་མཐོང་བའི་བཟོད་པ་ཡིན་ནོ། །དེའི་སྟོབས་ཀྱིས་སངས་རྒྱས་རྣམས་ཀྱིས་སྲུང་སྐྱོབ་སྦ་བ་དང་། རང་རྣམ་མཁྱེན་གྱི་ལམ་ལ་གནས་ནས་གཞན་དེར་འགོད་པ། སྦྱིན་སོགས་རྫོགས་བྱང་དུ་བསྔོ་བ་ཡིན་ནོ། །དེ་ལྟར་ན་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཐོང་བའི་ཡེ་ཤེས་དེས་བདེན་པ་བཞིའི་ཆོས་ཉིད་ཇི་ལྟ་བ་བཞིན་དུ་གཟིགས་པ་ཡིན་པས་ན། ས་དང་རྣམ་པའི་སྒོ་ནས་བཅུ་དྲུག་ཏུ་ཕྱེ་ཡང་གནད་གཅིག་ལ་ཁ་ཅིག་ཏུ་ཡོན་ཏན་གྱི་ཆ་ནས་བསྟན་པར་ཡང་མཛད་མོད་དོན་འདིར་གསུངས་པ་ཙམ་ལ་འདུས་སོ། །གཉིས་པ་ཐེག་ཆེན་སྒོམ་ལམ་ལ། སྒོམ་ལམ་གྱི་བྱེད་པ་དང་། སྒོམ་ལམ་དངོས་གཉིས། དངོས་ལ་ཟག་བཅས་སྒོམ་ལམ་རྗེས་ཐོབ་ཀྱི་སྐབས་དང་། ཟག་མེད་སྒོམ་ལམ་མཉམ་བཞག་གི་སྐབས་གཉིས། འདི་གཉིས་ལ་ཡེ་ཤེས་ཞབས་ཀྱིས་དག་པ་འཇིག་རྟེན་པའི་ཡེ་ཤེས་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཞེས་རྣམ་བཞག་མཛད་དོ། །དང་པོ་ལ་མོས་བསྔོ་ཡི་རང་གསུམ། མོས་པ་ལ་དངོས་དང་དེ་ཡི་ཕན་ཡོན་བསྟོད་བཀུར་བསྔགས་གསུམ། ཟག་མེད་ལ་སྒྲུབ་པ་སྒོམ་ལམ་མཉམ་བཞག་གི་ངོ་བོ་དང་། རྣམ་དག་སྒོམ་ལམ་རྣམ་གྲོལ་ལམ་གཉིས་སུ་ཡོད་པ་སྤྱིར་བཏང་ནས། ད་ནི་ལྔ་པ་སྒོམ་ལམ་བྱེད་པ་ལ་སྤྱིར་སྒོམ་ལམ་གྱི་བྱེད་པ་ཚད་མེད་ཀྱང་ཡུམ་གཞན་ལས་དྲུག་ཏུ་གསུངས་པ་དེ་དག་གི་ནང་ནས་སྐབས་འདིར། བླ་མེད་བྱང་ཆུབ་ཐོབ་པ་དང་། གནོད་པས་མི་བརྫི་བ་གཉིས་བསྟན་ཏེ་གཞན་བཞི་དོན་གྱིས་བསྟན་ཏོ། །དེ་དག་ནི་གང་ཚེ་ང་ནི་ཞེས་དང་། ཤེས་རབ་ཕ་རོལ་ཕྱིན་པ་གང་ལ་སོགས་ཤོ་ལོ་ཀ་རེ་རེས་བསྟན་ཏོ། །དྲུག་པ་མོས་པ་ལ་མདོར་རྒྱས་པར། རང་དོན་མོས་པ། གཉིས་དོན་མོས་པ། གཞན་དོན་མོས་པ་གསུམ། དེ་རེ་རེ་ལའང་ཆུང་འབྲིང་ཆེ་གསུམ། སླར་ཡང་ཆུང་ངུའི་ཆུང་ངུ་སོགས་གསུམ་དུ་ཕྱེ་བའི་མོས་པ་ཉི་ཤུ་རྩ་བདུན་དུ་འགྱུར་ལ་དེ་དག་གི་ཕན་ཡོན་བཤད་པའི་རིམ་པ་ཉེར་བདུན་དུ་ཡོད་པ་ལས། འདིར་རང་དོན་མོས་པ་ཆེན་པོའི་ཆེན་པོའི་ཕན་ཡོན། ལ་ལས་བདེ་གཤེགས་ཞེས་པ་ནས་ཆར་མི་ཕོད་ཀྱི་བར་དུ་གསུངས་རྒྱས་པར་གླིང་བཞི་དགེ་བཅུ་ལ་བཀོད་པ་སོགས་དགུ་ལས་འདི་ཐ་མའོ། །གཉིས་དོན་མོས་པ། རྒྱལ་བའི་ཤེས་རབ་ནས་ཆོས་ཀུན་འགྲོ་བར་འགྱུར་ཞེས་པའི་བར་གྱིས་བསྟན་ལ། འདིས་རང་གཞན་གྱི་དོན་འགྲུབ་པ་དང་། འདི་འཁོར་འདས་ཀྱི་བདེ་བ་ཀུན་གྱི་འབྱུང་གནས་སུ་ཡིད་ཆེས་པར་བྱ་སྟེ། དེ་ནི་ས་དང་འཁོར་སྒྱུར་གྱི་དཔེས་བསྟན་ཏོ། །གཞན་དོན་མོས་པ་རྒྱལ་བས་བརྒྱ་བྱིན་དྲི་བ་སོགས་ནས་རོ་གཅིག་འགྱུར་བར་དུ་སྟེ། ཤིང་གི་གྲིབ་མའི་དཔེས་ལམ་ཐམས་ཅད་བྱང་ཆུབ་ཆེན་པོར་ཚུལ་གཅིག་བྱེད་པའི་འཐད་པ་དང་བཅས་ཏེ་བསྟན་ཏོ། །བདུན་པ་བསྟོད་བཀུར་བསྔགས་གསུམ་ལ་རྒྱས་པར་ཉེར་བདུན་ཡོད་ཀྱང་འདིར་གཞན་དོན་མོས་པའི་བསྔགས་པ་ཁོ་ན་བསྟན་ཏེ། དེ་ཡང་དང་པོར་གཞན་དོན་དུ་ཤེར་ཕྱིན་སྟོན་པ་ན་ལྟར་སྣང་དང་ཡང་དག་གི་ཁྱད་པར་གསུངས་པ། བྱང་ཆུབ་སེམས་དཔའ་གལ་ཏེ་རབ་ཏུ་སོགས་ཚིགས་བཅད་གཉིས་སོ། །དེའི་བསྔགས་པ་ལ་སྤྱི་བྱེ་བྲག་གཉིས། དང་པོ་ལ་ལས་གངྒའི་ཀླུང་གི་སོགས། གཉིས་པ་དེའི་འཐད་པ་དཔེས་བསྟན་པ་ལ། ཆུང་ངུ་མོས་སྤྱོད་ཀྱི་ས་པའི་མོས་པ་ནི། མྱུ་གུ་མེད་པར་སོགས་ཏེ། མྱུ་གུ་ལྟ་བུ་སེམས་དང་པོ་བསྐྱེད་པ་ལས་ལམ་གྱི་ཡོན་ཏན་ཀུན་འབྱུང་ཚུལ་དང་། འབྲིང་པོ་མ་དག་ས་བདུན་གྱི་མོས་པ་ནི་ཉི་མའི་དཀྱིལ་འཁོར་གང་ཚེ་སོགས་ཀྱིས་ཏེ། འཇིག་རྟེན་འདིར་འཕགས་པའི་ཡེ་ཤེས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བྱུང་ན་ཞེས་སོ། །ཆེན་པོ་དག་པ་ས་གསུམ་གྱི་མོས་པ། དཔེར་ན་མ་དྲོས་མཚོ་ལ་སོགས་ཀྱིས་ཏེ། དག་ས་པའི་ཡེ་ཤེས་བྱང་ཆུབ་སེམས་མེད་ན་བདེ་གཤེགས་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་མཁྱེན་པ་མི་འབྱུང་བའི་ཚུལ་དུ་གསུངས་སོ། །འདིར་སྒོམ་ལམ་མོས་པ་ཡིན་ཀྱང་མོས་སྤྱོད་ཀྱི་མོས་པའི་བསྔགས་པ་ཞར་ལ་བསྟན་པའམ། ཡང་ན་མ་དག་ས་བདུན་དང་། དག་ས་སྔ་མ་གཉིས་དང་། ས་བཅུ་པར་རིམ་བཞིན་སྦྱར་ཤེས་པར་བྱའོ། །བརྒྱད་པ་རྗེས་སུ་ཡི་རངས་མདོ་རྒྱས་པར་བསྔོ་བ་སྔོན་དང་ཡི་རང་རྗེས་སུ་གསུངས་ཀྱང་། འདིར་ཕྱོགས་བསྡོམས་ཏེ་གསུངས་པ། དང་པོ་དཔེ་ནི། འཇིག་རྟེན་འདི་ན་སྣང་བྱེད་སོགས་ཚིགས་བཅད་གཉིས་སོ། །དེ་ལ་ཐབས་ཡི་རང་དང་ཤེས་རབ་མི་དམིགས་པ་ཟུང་དུ་འབྲེལ་བའི་སྒོ་ནས་དགེ་རྩ་ལ་ཡི་རང་བར་བྱ་བའང་བསྔོ་བའི་དམིགས་རྣམས་དང་མཉམ་དུ་སྟོན་ཏོ། །སེང་བཟང་གིས་ཤོ་ལོ་ཀ་འདི་གཉིས་བསྔགས་པའི་ཁོངས་སུ་ཡར་སྦྱར་བར་མཛད་དོ། །དགུ་པ་བསྔོ་བ་ལ་རྒྱས་པར་རྣམ་གྲངས་བཅུ་གཅིག་ཏུ་གསུངས་ཏེ། བསྔོ་བའི་འཁོར་༡༢༣ གསུམ་པོ་དག་པ་དོན་དམ་གྱི་ངོས་ནས་དང་། ཀུན་རྫོབ་ཏུ་བསྔོ་བྱ་སངས་རྒྱས་༤ཀྱི་ཚོགས་རྗེས་སུ་དྲན་པ། གྲོགས་རྣམ་མཁྱེན་ཡིད་བྱེད་ཀྱིས་ཟིན་པའི་ཕར་ཕྱིན་སོགས་དང་ལྡན་པ་༥། དེ་ཡང་ཤེས་རབ་ཀྱིས་འཁོར་གསུམ་གྱི་མཚན་མར་མི་དམིགས་པ་༦། དེའི་ཡོན་ཏན་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་བསྔོ་བ་ཡིན་པ་༧། འབྲས་བུ་ཁམས་གསུམ་ལ་མི་གཏོགས་པ་༨། དབྱེ་བ་ཆུང་༩འབྲིང་༡༠ཆེ་༡༡གསུམ་སྟེ་བཅུ་གཅིག་ཏུ་གསུངས་པ་ཀུན། དོན་དུ་ཀུན་རྫོབ་ཏུ་རང་གཞན་གྱི་དགེ་རྩ་ཀུན་ལ་དམིགས་ནས་བྱང་ཆུབ་ཀྱི་རྒྱུར་བསྔོ་བ་དང་། དོན་དམ་པར་མི་དམིགས་པའི་ཚུལ་གྱིས་བསྔོ་བ་ལ་འདུས་སོ། །མདོ་འདིར་ནི། འདས་དུས་སྔོན་གྱི་སོགས་ནས་ཟིལ་གྱིས་གནོན་པར་དུ་གསུངས་པས། འདས་དུས་ནས་ཟག་མེད་པ་ཞེས་པའི་བར་གྱིས་སངས་རྒྱས་ཀྱི་ཚོགས་རྗེས་སུ་དྲན་པ་བསྟན་ཏེ། བསྔོ་བྱ་ཚོགས་ཀྱི་དམ་པ་སངས་རྒྱས་ཀྱི་ཚོགས་ཀྱིས་མཚོན་ནས་ཟག་བཅས་ཟག་མེད་ཀྱི་དགེ་བ་ཐམས་ཅད་དམིགས་ཡུལ་དུ་བྱས་ནས་ཡི་རངས་དང་བསྔོ་བ་བྱ་བར་གསུངས་སོ། །བསྡུས་ནས་བྱང་ཆུབ་སེམས་དཔའ་སོགས་རྐང་པ་གཉིས་ཀྱིས་ཐབས་བཅས་དང་ཁམས་གསུམ་གཏོགས་པ་མ་ཡིན་པ་བསྟན། ཡོངས་བསྔོ་གལ་ཏེ་ནས་ཆུད་མ་ཡིན་ཞེས་པའི་བར་གྱིས། དེ་ནི་དམིགས་མེད་རྣམ་པ་ཅན་སོགས་འཁོར་གསུམ་མ་གྲུབ་པར་རྟོགས་པ་བསྟན། གལ་ཏེ་འདི་ལྟར་ནས་རྒྱལ་བས་གསུངས་ཞེས་པའི་བར་གྱིས་མཚན་མེད་ཀྱི་བསྔོ་བ་བསྟན། དེ་ལྟས་འདི་ལྟར་སོགས་ནས་རྒྱལ་བས་གསུངས་པ་སྨྲ་ཞེས་པའི་བར་གྱིས། སངས་རྒྱས་ཀྱིས་རྗེས་སུ་གནང་བའི་བསྔོ་བ་བསྟན། གཞན་མདོ་ལས་གསུངས་པའི་བསྔོ་བ་གསུམ་ནི་དམིགས་ཡུལ་གྱིས་ཕྱེ་བ་ཡིན་པས་འདིར་དེ་གསུམ་བསྡུས་ཏེ། དེ་ལྟར་ཡོངས་བསྔོ་སོགས་རྐང་པ་གཉིས་ཀྱིས་ཏེ་གོང་གི་ཁོངས་སུ་དེ་རྣམས་ཡར་ལྡན་དུ་འདུས་པས་སོ། །བཅུ་པ་སྒྲུབ་པ་སྒོམ་ལམ་ལ། རྒྱས་པར་ལྔར་གསུངས་ཏེ། སྒྲུབ་པ་སྒོམ་ལམ་གྱི་ངོ་བོ་མཉམ་བཞག་ཏུ་སྤྲོས་བྲལ་མངོན་སུམ་རྟོགས་པའི་ཡེ་ཤེས་སོ། །དེ་ནི་ལམ་གྱི་ཆོས་རྣམས་ཀྱི་གཙོ་བོའམ་མཆོག་ཉིད་དེ། ཕར་ཕྱིན་གཞན་འདིས་བཟུང་ནས་བླ་མེད་བྱང་ཆུབ་ཏུ་ཕྱིན་པར་བྱེད་པའོ། །དེ་ནི་ཡོན་ཏན་གྱི་ཆ་ནས་སོ། །ཁྱད་པར་ནི་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཀུན་ལ་བདེན་ཞེན་དང་མཚན་ཞེན་གྱིས་མངོན་པར་འདུ་མི་བྱེད་པའི་བདག་ཉིད་དོ། །འབྲས་བུ་གནས་སྐབས་སུ་ཆོས་རྣམས་དམིགས་སུ་མེད་པར་གནས་པའི་དོན་སྒོམ་པ་པོའི་རྒྱུད་ལ་གཏོད་པར་བྱེད་པ་དང་། མཐར་ཐུག་དོན་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་འགྲུབ་པར་བྱེད་པའོ། །མདོ་འདིར་མཆོག་ཉིད་ནི། དམུས་ལོང་དམིགས་བུ་མེད་པ་སོགས་ཤོ་ལོ་ཀ་གཉིས་ཀྱིས་བསྟན། དེའི་ཤུགས་ཀྱིས་དོན་ཆེན་པོ་སངས་རྒྱས་འགྲུབ་པའང་འཕང་ངོ་། །ཀུན་ལ་མངོན་པར་འདུ་མི་བྱེད་པ་ནི། གང་ཚེ་འདུས་བྱས་འདུས་མ་བྱས་དང་སོགས་ཚིགས་བཅད་གཉིས་ཀྱིས་སྒྲུབ་པ་དང་དགག་པའི་སྒོ་ནས་བསྟན་པ་དེའི་ཤུགས་ཀྱིས། ངོ་བོ་སྤྲོས་བྲལ་རྟོགས་པའི་བློ་དང་། ཆོས་རྣམས་དམིགས་སུ་མེད་པར་གཏོད་པར་བྱེད་པ་ཡིན་པར་ཤེས་ནུས་སོ། །བཅུ་གཅིག་པ་རྣམ་དག་སྒོམ་ལམ་ལ་སྐྱེ་བའི་རྒྱུ་མི་སྐྱེ་བའི་རྒྱུ་རྣམ་དག་སྒོམ་ལམ་རང་གི་ངོ་བོ་གསུམ་ལས། དང་པོ། བྱང་ཆུབ་སེམས་དཔའ་གང་ཞིག་སོགས་ཚིགས་བཅད་གཅིག་གིས་བསྟན། གཉིས་པ་སྔོན་སྤྱོད་ཚེ་ན་སོགས་ཀྱིས་བསྟན། གསུམ་པ། གཟུགས་ཀྱི་དག་པ་སོགས་ཚིགས་སུ་བཅད་པས་བསྟན་ཏེ། ཡུལ་ཅན་དག་པའི་རྟོགས་པ་ལས་འབྲས་བུར་བཞག་ལ། ཡུལ་ཅན་དག་པ་དེ་ནི་ཡུལ་གཟུགས་སོགས་ཀྱིས་དག་པ་ཡིན་ཏེ་ཐ་དད་དུ་མེད་དོ། །དེའི་རྒྱུ་མཚན་བློ་ལ་བདེན་ཞེན་དང་གཉིས་སྣང་གི་མཚན་ཞེན་གྱི་སྒྲིབ་པ་དག་ཚུལ་ལས་ཐེག་གསུམ་གྱི་རྟོགས་རིགས་ཀྱི་འབྲས་བུ་རྣམས་འཇོག་ལ། ཡུལ་ཅན་དེ་ལྟར་དག་པའི་ཚེ་མིག་སྐྱོན་དག་པའི་མཐོང་བ་བཞིན་དུ། ཡུལ་གྱི་རང་བཞིན་ཇི་ལྟ་བ་བཞིན་དུ་མཐོང་བའི་ཕྱིར་ཡུལ་ཀྱང་དག་པར་སྣང་ལ། དག་པ་དེ་གཉིས་ཐ་དད་པ་མིན་ཏེ། བློ་དག་པ་ཡུལ་གྱི་རང་བཞིན་མཐོང་བའི་དབང་གིས་ཡིན་ལ། ཡུལ་དག་པ་རང་བཞིན་གྱིས་དེ་ལྟར་གནས་པ་ཡིན་གྱི་བློས་དག་པར་བཅོས་པ་མིན་པའི་ཕྱིར་ན། དོན་དུ་ཆོས་ཐམས་ཅད་ཡེ་ནས་རྣམ་དག་ཆེན་པོ་སྒྲིབ་བྲལ་གྱི་བདག་ཉིད་དུ་གནས་སུ་ཟིན་ཀྱང་དུང་དཀར་པོ་ཡིན་ཀྱང་མིག་སེར་ཅན་ལ་སེར་པོར་སྣང་བ་ལྟར། ཕྱིན་ཅི་ལོག་གིས་བློ་བསླད་ནས་ཕྱིན་ཅི་ལོག་ཏུ་དམིགས་པ་ཉིད་ཡང་དག་པའི་ལམ་གྱིས་སྦྱངས་ནས་རིམ་བཞིན་དངོས་པོའི་གནས་ཚུལ་དག་པ་མཐོང་བ་ཡིན་པའི་གནད་ཀྱིས་སོ། །དེས་ན་མདོ་རྒྱས་པར། རབ་འབྱོར་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །ཞེས་སོགས་སྤྱིར་བསྟན་ནས། བྱེ་བྲག་ཉན་ཐོས་ཀྱི་དག་པའི་དབང་དུ་བྱས་ཏེ། དུག་གསུམ་དག་པ་དང་གཟུགས་སོགས་དག་པ་གཉིས་ཐ་དད་དུ་མེད་པར་བསྟན་པ་དང་། རང་རྒྱལ་ལ་དེ་སྟེང་ཤེས་སྒྲིབ་ཕྱོགས་གཅིག་གིས་དག་པ་སྟོན་བྱེད་དུ། གཟུགས་དག་པ་འབྲས་བུ་དག་པ་འབྲས་བུ་དག་པ་ཤེར་ཕྱིན་དག་པ་སོགས་དང་མ་རིག་པ་དག་པས་འདུ་བྱེད་དག་པའི་བར་དུའོ། །བྱང་སེམས་ཀྱི་དབང་དུ་བྱས་ཏེ་སྦྱིན་པ་དག་པས་ཚུལ་ཁྲིམས་དག་པ་སོགས་ལམ་ཀུན་དག་པར་བསྟན་པས་སོ། །དེ་ལྟར་ན་བྲལ་བྱ་ཉོན་སྒྲིབ་དང་། རང་རྒྱལ་གྱི་དེ་སྟེང་ཤེས་སྒྲིབ་ཕྱོགས་གཅིག །བྱང་སེམས་ཀྱི་ལམ་གྱི་སྒྲིབ་པ་རྣམས་ཉམས་པའམ་བྲལ་བའི་ཆ་ནས་ཉན་རང་བྱང་སེམས་ཀྱི་དག་པ་གསུམ་བཤད་མ་ཐག་པའི་མདོ་དེས་བསྟན་ལ། སངས་རྒྱས་རྣམས་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་པའི་ཤིན་ཏུ་དག་པ་མཐར་ཐུག་པའོ། །དེ་ཡང་སྒོམ་ལམ་དགུ་ཡོད་པའི་ཆུང་ངུའི་ཆུང་ངུའི་རྣམ་དག་ཤེར་ཕྱིན་དག་པས་གཟུགས་རྣམ་པར་དག་པ་སོགས་ནས། ཆེན་པོའི་ཆེན་པོ་མངོན་པར་མ་གྲུབ་པའོ་སོགས་ཀྱི་བར་དུ་གསུངས་པས་བསྟན་ལ། སྤྲོས་པ་མེད་པའི་ཡེ་ཤེས་ནི་འཇལ་བྱེད་ཤེས་པ་དང་གཞལ་བྱ་བདེན་གཉིས་ལྟ་བུ་ཐ་དད་དུ་ཡུལ་ཡུལ་ཅན་དུ་མི་རྟེན་ཏེ། མཉམ་པ་ཉིད་དུ་གྱུར་པའི་སྒོ་ནས་ཁམས་གསུམ་གྱི་གཉེན་པོ་ཉིད་དུ་གྱུར་པ་ཐེག་པ་ཆེན་པོའི་རྟོགས་རིགས་ཁྱད་པར་ཅན་ནོ། །དེ་སྟོན་པའི་མདོ་ནི། དག་པ་ནི་འཚལ་བ་མ་མཆིས་པ་སོགས་ཀྱིས་མཉམ་པ་དང་། དག་པ་ནི་འདོད་གཟུགས་གཟུགས་མེད་ཀྱི་ཁམས་སུ་སྐྱེ་བ་མ་ལགས་སོགས་ཀྱིས་ཁམས་གསུམ་གྱིས་བསྡུས་པའི་སྤང་བྱ་འཇོམས་པའི་གཉེན་པོར་བསྟན་ཏོ། །དེ་ལ་ཀླན་ཀ་སྤང་བའི་ཤེར་ཕྱིན་འདི་སྨན་པར་མི་བགྱིད། ཡོངས་སུ་འཛིན་པར་མི་བགྱིད། ཐོབ་པ་མ་མཆིས་པ་སོགས་ཀྱིས་སྤང་གཉེན་དུ་ལྟ་བ་དང་། འབད་པས་བསྐྱེད་བྱ་དང་། ཐོབ་བྱར་ལྟ་བ་སོགས་ཀྱིས་ཀླན་ཀ་བསལ་བ་ཡིན་ཏེ་དཔེར་ན་སྤང་བྱ་ཆེན་པོ་གཉེན་པོ་ཆུང་ངུའི་འཇོམས་པ་སོགས་མི་འཐད་པ་ལྟ་བ་ལ་དོན་དམ་པར་སྤང་གཉེན་དང་ཆེ་ཆུང་དུ་མ་གྲུབ་ལ། ཀུན་རྫོབ་ཏུ་གོས་ལ་དྲི་མ་ཆགས་པ་བཀྲུ་བའི་ཚུལ་བཞིན་འཐད་པར་རྟོགས་པ་སོགས་མང་པོ་ཞིག་ཀྱང་ཤུགས་ལས་འཕང་བ་ཤེས་པར་བྱའོ། །འདི་རྣམས་མདོ་རྒྱས་པ་ན་བཞུགས་པས་བསྟན་བཅོས་སུ་དེ་ལྟར་གསུངས་པ་ཡིན་མོད། སྡུད་པ་འདིར་མ་གསུངས་ཏེ་དོན་གྱིས་ཤེས་པར་བྱའོ། ༈ །སྐབས་གསུམ་པ་གཞི་ཐམས་ཅད་ཤེས་པ་ལ་དེ་མཚོན་བྱེད་ཆོས་དགུ་ཡོད་ལ། དེ་ཡང་གཞི་ཞེས་པ་སྒྲོ་འདོགས་གཅོད་པའི་གཞིར་གྱུར་པ་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཀུན་ཡིན་ལ། དེ་ཐམས་ཅད་གང་ཟག་གི་བདག་གིས་སྟོང་པ་ཙམ་དུ་ཤེས་པ་ནི་ཉན་ཐོས་པའི་རྟོགས་པའོ། །བདག་གཉིས་ཀྱིས་སྟོང་པས་སྤྲོས་བྲལ་དུ་ཤེས་པ་ནི་ཐེག་ཆེན་གྱི་རྟོགས་པའོ། །དེ་ལས་ཐེག་ཆེན་གྱི་རྟོགས་པའི་རིགས་སུ་གནས་པའི་གཞི་ཤེས་དེ་དངོས་སུ་བསྟན་ནས་དམན་པའི་རྟོགས་པ་ཤུགས་ལ་ཤེས་པར་བྱ་དགོས་པ་སྤྱིར་བཏང་ནས། མཚོན་བྱེད་ཆོས་དགུ་ནི་ཤེས་པས་སྲིད་ལ་མི་གནས་པའི་གཞི་ཤེས། སྙིང་རྗེས་ཞི་ལ་མི་གནས་པའི་གཞི་ཤེས། ཐབས་མ་ཡིན་པས་རིང་བའི་གཞི་ཤེས། ཐབས་ཀྱིས་ཉེ་བའི་གཞི་ཤེས། མི་མཐུན་ཕྱོགས་ཀྱི་གཞི་ཤེས། གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་དྲུག་ནི་ཐེག་པ་ཆེ་ཆུང་གི་ཁྱད་པར་བྱེད་ཆོས་སུ་སྤྱིར་བསྟན་ནས། གཞི་ཤེས་ཀྱི་སྦྱོར་བ། དེ་ཡི་མཉམ་ཉིད་དེ་འཛིན་སྟངས། འབྲས་བུ་མཐོང་ལམ་དང་གསུམ་གྱི་ལམ་དངོས་བཤད་པས་དེ་ལྟར་དགུས་གཞི་ཤེས་གཏན་ལ་འབེབས་སོ། །དེ་ལྟར་དགུ་པོ་དེ་དག་མདོ་རྒྱས་པར་བསྟན་པ། སོ་སོའི་ནང་གི་བྱེ་བྲག་དང་བཅས་པའི་སྦྱར་ཚུལ་བསྟན་བཅོས་དང་ཞིབ་ཏུ་སྦྱར་ནས་ཤེས་པར་བྱ་ལ། སྐབས་འདིར་གཞི་ཤེས་བདུན་དུ་བསྟན་ཏེ་མི་མཐུན་ཕྱོགས་བསྟན་པས་རིང་བ་ཤེས་ཤིང་། གཉེན་པོ་བསྟན་པས་ཉེ་བ་དོན་གྱིས་ཤེས་པར་འགྱུར་བའི་ཕྱིར་རོ། །དེ་ལ་དང་པོར་སྲིད་ཞིར་མི་གནས་པའི་གཞི་ཤེས་ནི། དཔའ་བོ་གར་སྤྱོད་སོགས་ཚིགས་བཅད་གཅིག་སྟེ། ཁམས་གསུམ་ཡང་དག་འདས་ལ་ཡན་ཆད་ཀྱིས་སྲིད་པར་མི་གནས་པ་དང་། དེ་མན་གྱིས་སྙིང་རྗེས་ཞི་བར་མི་གནས་པར་བསྟན་ཏོ། །མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་ནི། འགྲོ་བ་འདི་དག་མིང་དང་སོགས་ཚིགས་བཅད་གཅིག་སྟེ། འགྲོ་བ་རྣམས་དངོས་པོར་ཞེན་པའི་རང་གི་རྣམ་པར་རྟོག་པའི་དྲྭ་བར་ཆུད་པ་ནི་སྤང་བྱ་སྟེ། དེ་ལྟར་ཤེས་ནས་གཟུང་འཛིན་གྱི་སྤྲོས་པས་མ་བཅིངས་པར་ཆོས་ཉིད་ཀྱི་མཁའ་ལ་བྱ་བཞིན་རྒྱུ་བའི་ཤེས་རབ་ནི་གཉེན་པོའོ། །དེ་ལ་ཅི་ཕྱིར་གཉེན་པོ་གཞི་ཤེས་འདི་རྟོགས་པའི་སྒོ་ནས་སྲིད་ཞིར་མི་གནས་པ་ཡིན་སྙམ་ན། དངོས་པོའི་རང་བཞིན་ཅན་གྱི་ཕུང་པོ་ལྔ་ཚུ་རོལ་ཏེ་སོ་སྐྱེས་བགྲོད་མཐོང་གི་ལམ་དུ་གྱུར་པ་འཁོར་བའི་མཐའ་དང་། ཕུང་ལྔ་རྒྱུན་ཆད་པའི་དངོས་མེད་ནི་ཕ་རོལ་མྱང་འདས་ཀྱི་མཐའ་ཡིན་ལ། ཡིན་ལུགས་ཆོས་ཉིད་ནི་མཐའ་དེ་གཉིས་ཀར་ངོ་བོ་ཉིད་ཀྱིས་མི་གནས་ཏེ་ཟུང་འཇུག་མཉམ་པ་ཆེན་པོའོ། །དེ་ནི་དེ་ལྟར་དངོས་དངོས་མེད་དང་། དེ་གཉིས་ཀྱི་བར་ན་ཕུང་གསུམ་པའི་ཆོས་གང་ཡང་མིན་པས་ཏེ། དངོས་དངོས་མེད་ཀྱང་ཆོས་ཅན་ཉི་ཙེ་བ་ཡིན་ལ། དེ་གཉིས་ཀ་ཆོས་ཉིད་ཀྱི་ཀློང་དུ་མཉམ་པའི་ཕྱིར་རོ། །ཆོས་ཉིད་མཉམ་པ་ཆེན་པོ་འཁོར་འདས་གང་གི་མཐར་མ་གནས་པ་དེ་ནི་གཞི་ཤེར་ཕྱིན་དང་བདེ་གཤེགས་སྙིང་པོ་དང་ཆོས་ཀྱི་དབྱིངས་ཞེས་བྱ་བའོ། །དེས་ན་དེ་ལ་དམིགས་པའི་ཡུལ་ཅན་ལ་ལམ་ཤེར་ཕྱིན་ཞེས་བྱ་སྟེ་དེ་ཡང་མཐའ་གཉིས་ལ་མི་གནས་ཤིང་། ཞི་མཐར་མི་གནས་པའི་ཆ་ནས་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་དང་། སྲིད་མཐར་མི་གནས་པའི་ཆ་ནས་ཤེས་རབ་ཕར་ཕྱིན་ཞེས་བྱ་སྟེ། གང་གིས་དེ་ཇི་ལྟ་བ་བཞིན་དུ་རྟོགས་ནས་མཐའ་གཉིས་ལ་གནས་མི་སྲིད་པའོ། །དེའི་ཕྱིར་དེ་ཇི་ལྟ་བ་བཞིན་དུ་མ་རྟོགས་ནས་དངོས་དངོས་མེད་ཀྱི་མཚན་མར་དམིགས་པས་འཇུག་ན་ཡང་དག་པའི་སངས་རྒྱས་ཐོབ་པའི་ཐབས་མེད་པས་རིང་ལ། དངོས་དངོས་མེད་ཀྱི་མཚན་མར་མི་རྟོགས་པར་མཉམ་པ་ཉིད་དུ་རྟོགས་པ་ནི་ཐབས་ཀྱིས་ཉེ་བ་ཞེས་བྱ་སྟེ། དེ་བཞིན་ཉིད་ཆོས་ཀུན་ལ་ཉེ་རིང་མེད་ཀྱང་ཚུལ་བཞིན་རྟོགས་པ་དང་མ་རྟོགས་པའི་དབང་གིས་ཉེ་རིང་ལྟར་གྱུར་པའོ། །དེས་ན་གཞི་ལམ་འབྲས་བུའི་ཆོས་སུ་མཚན་མར་ཞེན་པ་ནི་སྤང་བྱའི་གཞི་ཤེས་ཞེས་བྱ་ལ། བཟློག་པ་ནི་གཉེན་པོའི་གཞི་ཤེས་ཏེ། དེ་ཡང་སྤང་བྱ་སྤོང་བའི་ཆེད་དུ་བློས་བསྐྱེད་པ་ལྟ་བུ་མ་ཡིན་གྱི་ཆོས་རྣམས་ཀྱི་ལམ་མམ་གནས་ལུགས་ནི་རང་བཞིན་གྱིས་འཁོར་འདས་དངོས་དངོས་མེད་ལ་སོགས་པའི་སྤྲོས་པས་དབེན་པ་ཡིན་པའི་ཕྱིར་གནས་ལུགས་དེ་ནི་ཤིན་ཏུ་ཟབ་པ་ཡིན་ནོ། །ཟབ་མོ་མཉམ་པ་ཉིད་དེ་རྟོགས་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་དབྱེ་བསལ་མེད་པར་རང་བཞིན་མཉམ་པ་ཆེན་པོར་གཅིག་པར་ཤེས་པས་ནི། མངོན་ཞེན་གྱི་ཆགས་པ་ཐམས་ཅད་སྤོང་བར་འགྱུར་ལ། དེས་སྲིད་ཞིའི་མཐའ་ངང་གིས་འགོག་པ་ཡིན་ནོ། །དེ་ལྟ་བུའི་ཆོས་ཉིད་དེ་གཟུགས་ལ་སོགས་པ་དངོས་དངོས་མེད་གང་གི་ཡང་རྣམ་པར་ཤེས་པར་བྱ་བ་མིན་པས་ན། ཡུལ་ཅན་མིག་ཤེས་སོགས་ཀྱིས་མཐོང་བ་ལ་སོགས་པ་མེད་པའི་ཕྱིར་རྟོགས་པར་དཀའ་ཞིང་། ཕལ་པའི་བློ་ཡི་བསམ་ཡུལ་ལས་འདས་པས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པའོ། །དེས་ན་དབང་པོ་དམན་པའི་ཉན་རང་རྣམས་འདི་མ་ཤེས་པས་ཞི་མཐར་ལྷུང་ལ། གང་གིས་མཐོང་བའི་བྱང་ཆུབ་སེམས་དཔའ་རྣམས་ལམ་ལས་ཉམས་མི་སྲིད་པའི་གནད་མཐར་ཐུག་འདི་ཡིན་པས་ཤེར་ཕྱིན་གྱི་གནད་གལ་པོ་ཆེ་ཡིན་ལ་ཐོག་མཐའ་བར་ཀུན་ཏུ་ཚུལ་དེ་དང་མཐུན་པར་འཆད་ཤེས་པ་དོན་གྱི་སྙིང་པོ་ཡིན་ནོ། །སྦྱོར་བ་ལ་རྒྱས་པར་བཅུ་ཡོད་དེ། ཁྱད་གཞི་གཟུགས་སོགས་ལ་མངོན་ཞེན་བཀག་པའི་སྦྱོར་བ། དེའི་ཁྱད་ཆོས་རྟག་མི་རྟག་སོགས་སུ་དང་། དེ་ལམ་གྱི་ཡོན་ཏན་གྱི་རྟེན་དུ་རྫོགས་མ་རྫོགས་ལ་དང་། དེ་ལ་བདེན་ཞེན་གྱི་ཆགས་པ་མེད་པ་ཉིད་ལ་སྟེ་དེ་གསུམ་ལ་མངོན་ཞེན་གྱིས་སྤྱོད་པ་བཀག་པའི་སྦྱོར་བ་གསུམ་དང་བཅས་པ་བཞིའི་ཆོས་ཅན་ལ་ཞེན་ཚུལ་གྱི་སྒོ་ནས་དེ་སྤང་བར་གདམས་པའོ། །དེ་ཡང་རྫོགས་མ་རྫོགས་ནི་གཞན་དབང་དང་ཀུན་བཏགས་ཀྱི་གཟུགས་ཏེ་གཉིས་སུ་སྣང་བཞིན་པའི་གཟུགས་ལ་གཟུགས་སུ་ཞེན་པའི་སྒོ་ནས་གཟུགས་ལ་ཅི་ཙམ་དམིགས་ཀྱང་ལམ་གྱི་ཡོན་ཏན་མི་སྐྱེད་དེ་སོ་སྐྱེ་རྣམས་བཞིན་ནོ། །ཆོས་ཉིད་ཀྱི་གཟུགས་ཏེ་རང་བཞིན་མེད་པས་ཁྱད་པར་དུ་བྱས་པའི་གཟུགས་ལ་དམིགས་ན་སྒྱུ་མ་ལྟར་མཐོང་བའི་ཕྱིར་ལམ་གྱི་ཡོན་ཏན་སྐྱེད་དེ་འཕགས་པ་རྣམས་ཀྱི་རྗེས་ཐོབ་བཞིན་ནོ། །ཡང་ཆོས་ཉིད་ཤེར་ཕྱིན་ལས་བརྩམས་ཏེ་སྤྱོད་པ་ལྔ་གསུངས་པ་ནི། ཤེར་ཕྱིན་གྱི་ངོ་བོ་ལ་འགྱུར་བ་མེད་པས་ན་བསྟན་པས་འཕེལ་བ་དང་མ་བསྟན་པས་འབྲི་བ་སོགས་རྣམ་པ་ཀུན་ཏུ་མེད་པར་རྟོགས་པ་དང་། ཤེར་ཕྱིན་ཉིད་བསྟོད་སྨད་ཆགས་སྡང་སོགས་ཞི་བའི་སྐྱེད་པ་པོར་དོན་དམ་པར་མེད་པ་ཉིད་དེ། རང་གི་ངོ་བོ་འདུས་མ་བྱས་ཡིན་པས་དེ་སུས་ཀྱང་མ་བསྐྱེད་ལ་དོན་དམ་པར་དེས་གང་ཡང་སྐྱེད་པར་མི་བྱེད་པས་སོ། །དེ་ནི་བྱ་དཀའ་བ་རྣམ་པ་གསུམ་གྱི་རང་བཞིན་ཅན་ཏེ། རྣམ་མཁྱེན་ཆེད་དུ་བྱ་དཀའ་སྟེ་དོན་དམ་པར་ཐོབ་ཏུ་མེད་པའི་ཕྱིར་དང་། ལམ་ཤེས་སྦྱོར་བས་བྱ་དཀའ་སྟེ་དོན་དམ་པར་བསྐྱེད་དུ་མེད་པ་དང་། གཞི་ཤེས་ལས་སུ་བྱ་དཀའ་སྟེ་དོན་དམ་པར་བསྟན་དུ་མེད་པའི་ཕྱིར་རོ། །དེས་ན་དེ་ལ་ཀུན་རྫོབ་ཏུ་འཇུག་པ་ན་བྱ་དཀའ་བ་ཞེས་བྱ་སྟེ། མདོ་ལས། སེམས་ཅན་རྣམས་ཀྱི་དོན་དུ་གོ་ཆ་འཚལ་བ་དེ་ནི་ནམ་མཁའ་བར་སྣང་ལ་འདེགས་པ་ལགས་སོ། །ཞེས་སོགས་གསུངས་པ་བཞིན་ནོ། །དེས་ན་གཞི་ལམ་རྣམ་པ་དེ་དག་ཤེས་བྱ་དང་བླང་བྱ་དང་ཐོབ་བྱ་ཡིན་ཀྱང་དེར་ཞེན་ན་མི་རུང་བས་བྱ་དཀའ་བའོ། །དེ་ལྟར་མི་འགྱུར་བ་དང་བྱེད་པོ་མེད་པ་དང་བྱ་དཀའ་བ་སྟེ་དེ་གསུམ་ནི་ངོ་བོའི་ཆ་ནས་བསྟན་པའོ། །ཤེར་ཕྱིན་དེའི་བྱེད་ལས་གཉིས་ནི། ཡུམ་ལ་སྤྱོད་པས་རང་རང་གི་སྐལ་བ་བཞིན་འབྲས་བུ་ཐོབ་པས་འབྲས་བུ་ཆུད་མི་ཟ་བར་ཡོད་པ་དང་། དེ་ཡང་ཡུམ་ཉིད་ལས་གཞན་ལ་རག་མ་ལུས་པར་ཡུམ་ཡོད་ན་ལམ་འབྲས་ཀྱི་ཡོན་ཏན་ཀུན་སྡུད་པའོ། །ཀུན་རྫོབ་ཏུ་དེ་ལྟར་ཡིན་ཀྱང་དོན་དམ་པར་མ་ཞེན་པར་བསྟན་པའི་རྣམ་ཅན་གྱི་སྦྱོར་བའོ། །སྣང་ཡང་རང་བཞིན་མེད་པར་ཤེས་བྱེད་ཀྱི་དཔེ་ནི། རྨི་ལམ་སྒྱུ་མ་ལ་སོགས་པའི་སྣང་བ་བདུན་བསྟན་པ་ནི་དཔེའི་སྦྱོར་བ་སྟེ་དེ་ལྟར་བཅུའོ། །དེ་ལྟར་བཅུ་པོ་ཡང་མདོར་བསྡུས་ན་དམིགས་པ་ཐམས་ཅད་དང་བྲལ་བའི་རྣལ་འབྱོར་ལ་འདུ་བས་ན། འདིར་ནི། སྤྱོད་པ་ཡོངས་དག་སོགས་ཚིགས་བཅད་གཅིག་གིས་བསྟན་ལ། དེར་ཡང་དོན་གྱིས་གཞན་ཀུན་འདུ་སྟེ། མི་སྤྱོད་ན་ཞེས་པས་གཟུགས་སོགས་ལ་མི་སྤྱོད་པའི་སྦྱོར་བ་དང་། དེ་ལྟར་སྤྱོད་པ་ཆགས་པ་ཐམས་ཅད་ཡོངས་སྤོང་ཞིང་། ཞེས་ཡུལ་གང་དུའང་མི་དམིགས་པས་གཟུགས་རྟག་མི་རྟག་རྫོགས་མ་རྫོགས་ཆགས་མེད་ལ་སྤྱོད་པའི་ཆགས་པ་ཐམས་ཅད་ཡོངས་སུ་སྤོང་ཞིང་། ཆགས་ལས་རྣམ་གྲོལ་བདེ་གཤེགས་རྣམས་ཀྱི་ཤེས་རབ་སྤྱོད། ཅེས་པས་མི་འགྱུར་བྱེད་པོ་མེད་པ་འབྲས་བུ་ཇི་བཞིན་ཐོབ་པ་གཞན་ལ་རག་མི་ལས་པ་བྱ་དཀའ་བ་དང་ལྡན་པའི་བདེ་གཤེགས་ཀྱི་ཤེས་རབ་ལ་སྤྱོད་ཅེས་སོ། །དཔེ་བདུན་ནི་འདིར་མ་གསུངས་སོ། །གཞི་ཤེས་ཀྱི་འཛིན་སྟངས་མཉམ་པ་ཉིད་བཞི་ནི། མདོ་རྒྱས་པར། གཟུགས་རློམ་སེམས་སུ་མི་བྱེད། གཟུགས་ཀྱིས་རློམ་སེམས་སུ་མི་བྱེད། གཟུགས་བདག་གི་ཞེས་རློམ་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་བྱེད། ཅེས་འགྲེས་རྐང་སྦྱར་ཏེ་གསུངས་པའི་དོན་རིམ་པ་བཞིན། གཟུགས་ཀྱི་ངོ་བོ་དང་། སྔོ་སོགས་ཀྱི་མཚན་མ། དབྱེ་བའམ་ཁྱད་པར། ཡུལ་ཅན་བཞིར་མངོན་ཞེན་གྱི་རློམ་པ་མེད་པར་མཉམ་ཉིད་ཀྱི་འཛིན་སྟངས་ཅན་དུ་བསྟན་པའོ། །ཡང་ན་སྟོང་ཉིད་མཚན་མེད་སྨོན་མེད་འདུས་མ་བྱས་པའི་སྒོ་བཞིར་སྦྱར་ཏེ་བཤད་ཀྱང་རུང་ངོ་། །མཉམ་ཉིད་དེ་ནི་སྐབས་འདིར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། ཡུལ་གཟུགས་ལྟ་བུའི་ངོ་བོ་མཚན་མ་ཁྱད་པར་དུ་སྣང་བ་དང་། དེ་འཛིན་པའི་ཡུལ་ཅན་མེད་པར་ཤེས་བྱ་ཤེས་བྱེད་མཉམ་པ་ཉིད་དུ་སོང་བ་ནི། ཆགས་པ་བཅད་ནས་ཞེས་པས་རློམ་པ་བཞིའི་ཆགས་པ་བཅད་ནས་འགྲོལ། ཆགས་པ་མེད་པའི་མཉམ་ཉིད་དུ་འགྲོ་ཞེས་སྔ་མ་རྣམ་གཅོད་དང་ཕྱི་མ་ཡོངས་གཅོད་ཀྱི་ཚུལ་གྱིས་བསྟན་ལ། སྔ་མའི་དཔེ་ཉི་མ་གཟའ་བྲལ་དང་། ཕྱི་མའི་དཔེ་མེ་བཏང་བ་སྟེ་ཤེས་རབ་ཀྱི་མེས་སྤྲོས་པའི་ཚང་ཚིང་ཚིགས་པས་ནའོ། །དགུ་པ་མཐོང་ལམ་ནི་རྒྱས་པར་ཡེ་ཤེས་བཅུ་དྲུག་པོ་སྟོན་བྱེད། གཟུགས་རྟག་པ་དང་མི་རྟག་པ་མ་ཡིན་པ་སོགས་རྣམ་གྲངས་བཅུ་དྲུག་ཏུ་ཡོད་པ་ལས། འདིར་ནི་ཆོས་རྣམས་ཐམས་ཅད་རང་བཞིན་དག་ཅིང་སོགས་ཚིགས་བཅད་གཅིག་གིས་དོན་མ་ལུས་པ་བསྡུས་ནས་བསྟན་ཏེ་ཆོས་ཐམས་ཅད་གདོད་ནས་རང་བཞིན་གྱིས་དག་ཅིང་འོད་གསལ་བ་ཡིན་ལ་དེའི་ངང་ཚུལ་ལས་ནམ་ཡང་མི་གཡོ་བས་ན་འཁྲུལ་བ་ལྟར་སྣང་བའི་དུས་ཉིད་ནའང་། མ་དག་པ་གཞི་མི་སྲིད་པས་ཡོངས་སུ་དག་པ་ལས་མ་འདས་པའོ། །དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པའི་ཡེ་ཤེས་ཀྱིས་བལྟ་བར་བྱས་ཏེ་མཉམ་པར་བཞག་ན་ལྟ་བར་བྱེད་པ་པོ་དང་བལྟ་བར་བྱ་བའི་ཆོས་ཀུན་མི་དམིགས་པར་མཉམ་པ་ཉིད་དུ་མཐོང་བ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །ཞེས་གསུངས་ཏེ་སྐྱེ་མེད་མཉམ་པ་ཉིད་དུ་མཐོང་བ་ནི་ཆོས་ཀུན་གྱི་གནས་ལུགས་མཐར་ཐུག་མཐོང་བ་ཡིན་པའི་ཕྱིར། དེས་སྡུག་བསྔལ་ལ་སོགས་པའི་ཆོས་ཉིད་ཇི་བཞིན་པར་གཟིགས་པ་ཡིན་གྱི། མི་རྟག་པར་མཐོང་བ་སོགས་ནི་མཐར་ཐུག་གི་བདེན་པ་མཐོང་བ་མིན་ཏེ། དེ་ཁོ་ན་ཉིད་དུ་མི་རྟག་པ་དང་སྡུག་བསྔལ་བ་སོགས་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་སྡུག་བསྔལ་གྱི་ཆོས་ཀུན་རང་བཞིན་དག་ཅིང་། ལས་ཉོན་ཀུན་འབྱུང་གི་རྣམ་པ་ཡོངས་སུ་དག་པ་དང་། དགག་བྱ་གདོད་ནས་མེད་པས་ན་འགོག་པ་ཐོབ་པའི་བྱེད་པོའམ་འགོག་པ་མེད་དེ་བྱེད་པོ་མ་དམིགས་པ་དང་། ལམ་བདེན་གྱི་ཆོས་ཀུན་ཀྱང་མི་དམིགས་ཏེ་ཞེས་ཀྱང་སྦྱར་བར་བྱའོ། །མདོ་རྒྱས་པ་རྣམས་སུ་མཁྱེན་གསུམ་བསྟན་ཟིན་པའི་སྐབས་འདིར་གནས་སྐབས་རྫོགས་པའམ་མཇུག་སྡུད་ཀྱི་མདོ། རབ་འབྱོར་ཡུམ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན་འདས་པར་བྱེད་པ་མ་ཡིན་ཞེས་སོགས་དེ་ལྟར་གསུངས་པ་འདི་གཞི་ཤེས་ཀྱི་མཇུག་སྡུད་སྟོན་པའི་ཚིགས་དང་ཡང་རབ་འབྱོར་ཡུམ་འདི་ནི་ཁམས་གསུམ་ལས་འདའ་བར་བྱེད་པ་མ་ཡིན་ཞེས་སོགས་གསུངས་པ་འདི་ལམ་ཤེས་ཀྱི་དང་། ཡང་རབ་འབྱོར་ཡུམ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་ནས་རང་སངས་རྒྱས་ཀྱི་ཆོས་རྣམས་སྟེར་བར་བྱེད་པ་མ་ཡིན་འདོར་བར་བྱེད་པ་མ་ཡིན་ཞེས་སོགས་གསུངས་པ་རྣམ་མཁྱེན་གྱི་མཇུག་སྡུད་དེ་སྐབས་གསུམ་རྫོགས་པར་སྟོན་པ་ཡོད་པ་ཡིན་ཡང་། མདོ་བསྡུས་པ་འདིར་དེ་མ་གསུངས་སོ། ༈ །དེ་ལྟར་ཡུལ་མཁྱེན་གསུམ་བཤད་ནས་དེ་ཉམས་སུ་ལེན་པ་ལ་སྦྱོར་བ་བཞི་གསུངས་ཏེ། མཁྱེན་གསུམ་དུ་གཏན་ལ་ཕབ་པའི་རྣམ་པ་མཐའ་དག་བསྡུས་ཏེ་སྒོམ་པ་རྣམ་རྫོགས་སྦྱོར་བ་དང་། སྦྱོར་བ་དེ་གོམས་ནས་གྲུབ་པའི་ཚད་དུ་གྱུར་པ་དྲོད་ནས་སྐད་ཅིག་མའི་བར་གྱི་གནས་སྐབས་བསྟན་པ་ནི། སྐབས་སོ་སོའི་གོམས་པ་རྫོགས་པའི་རྩེ་མོ་ཡིན་ལ། དེ་རྣམས་རྟགས་དང་རྣམ་འཕེལ་སོགས་ཀྱིས་མཚོན་ནས་བསྟན་པ་རྩེ་མོའི་སྦྱོར་བ་དང་། སློབ་ལམ་མཐར་ཐུག་པ་སྐད་ཅིག་མའི་སྦྱོར་བ་གྲུབ་པའི་ཆེད་དུ་ལམ་གྱི་རྣམ་པ་གྲངས་དང་གོ་རིམ་ངེས་ཅན་དུ་ཕན་ཚུན་གཅིག་གིས་ཀུན་འདྲེན་པའི་ཚུལ་གྱིས་སྒོམ་པ་མཐར་གྱིས་པ། དེ་ཡོངས་སུ་གྲུབ་པ་མཐར་ཕྱིན་ནས་སྐད་ཅིག་གཅིག་ལ་ཟག་མེད་ཀྱི་ཆོས་ཀུན་ཚང་བར་སྒོམ་པ་སྐད་ཅིག་མའི་སྦྱོར་བ་དང་བཞི་ལས། དང་པོ་རྣམ་ཀུན་མངོན་རྫོགས་སྦྱོར་བ་ལ། དེ་མཚོན་བྱེད་ཆོས་བཅུ་གཅིག་ཏུ་གསུངས་ཏེ། བསྒོམ་བྱ་རྣམ་པ་ནི་མཁྱེན་གསུམ་གྱི་རྣམ་པ་ཀུན་བསྡུས་པས་རྣམ་པ་བརྒྱད་དོན་གསུམ་དུ་བཤད་པ་རྣམས་སོ༡། །སྒོམ་པ་སྦྱོར་བ་ཉི་ཤུ་དང་༢། སྦྱོར་བ་སྒོམ་པའི་གེགས་སུ་གྱུར་པ་སྐྱོན་བདུད་ལས་ཞེ་དྲུག་དང་༣། བསྒོམས་པ་ལས་ཐོབ་པའི་ཡོན་ཏན་བཅུ་བཞི་དང་༤། སྦྱོར་བ་ཉིད་མཚོན་པར་བྱེད་པའི་མཚན་ཉིད་ནི་ཤེས་མཚན་ཁྱད་མཚན་བྱེད་མཚན་ངོ་བོ་ཉིད་མཚན་བཞི་ལས་ཕྱེ་བའི་མཚན་ཉིད་དགུ་བཅུ་གོ་གཅིག་དང་༥། མོས་སྤྱོད་ན་སྦྱོར་བ་བསྒོམས་པའི་དབང་དུ་བྱས་ཏེ་ཐར་པ་ཆ་མཐུན་ཚོགས་ལམ་དང་༦། ངེས་འབྱེད་ཆ་མཐུན་སྦྱོར་ལམ་༧གཉིས་བཤད་པ་དང་། སྦྱོར་བ་སྒོམ་པ་པོ་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་དང་༨། སྦྱོར་བ་ཁྱད་པར་བའི་དབང་དུ་བྱས་ཏེ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་༩། ཞིང་དག་པའི་སྦྱོར་བ་༡༠། ཐབས་མཁས་སྦྱོར་༡༡བ་སྟེ་དེ་ལྟར་བཅུ་གཅིག་གོ། །དེ་ལ་རྣམ་པ་ནི་མདོ་རྒྱས་པར་གཞི་ཤེས་ཀྱི་རྣམ་པ་བདེན་པ་སོ་སོ་ལ་བཞི་རེ་དང་། ལམ་ལ་གང་ཟག་གི་བདག་མེད་པའི་ལྡོག་ཆ་ནས་བསྟན་པ་བཞི་ཉན་རང་དང་ཐུན་མོང་གི་རྟོགས་བྱ་དང་། དེའི་སྟེང་དུ་རང་རྒྱལ་གྱི་གཟུང་བ་རང་བཞིན་མེད་རྟོགས་ལ་མཉམ་རྗེས་གཉིས་སུ་ཕྱེ་བའི་རྗེས་ཐོབ་ཏུ་རྨི་ལམ་དང་སྒྱུ་མ་ལྟར་རྟོགས་པ་སོགས་དཔེ་ལྔས་བསྟན་པ་དང་། མཉམ་བཞག་ཏུ་ཀུན་ནས་ཉོན་མོངས་པ་མེད་པ་སོགས་དྲུག་ནི་རང་རྒྱལ་ལ་ཕྱི་དོན་རང་བཞིན་མེད་པ་ཁོ་ནའི་ཆ་ལས་བཞག་ཅིང་། ཐེག་ཆེན་དུ་ཆོས་རྣམས་རང་བཞིན་མེད་པའི་དོན་གྱིས་སྒྲ་ཇི་བཞིན་པར་གཟུང་དགོས་ལ། དེ་ལྟར་ཉེར་བདུན་ནི་གཞི་ཤེས་ཀྱི་རྣམ་པ་དང་། ལམ་ཤེས་ཀྱི་རྣམ་པ་ལའང་ཀུན་འབྱུང་བདེན་པ་སྤོང་གཉེན་གྱི་སྒོ་ནས་བསྟན་པ་ཆགས་བྲལ་གྱི་རྣམ་པ་སོགས་བརྒྱད་དང་། ལམ་བདེན་དམ་བཅའ་དང་འཐད་པའི་སྒོ་ནས་བསྟན་པ་ཚད་མེད་པའི་རྣམ་པ་སོགས་བདུན། སྡུག་བདེན་མཚན་ཉིད་ཀྱི་སྒོ་ནས་བཤད་པ་མི་རྟག་པའི་རྣམ་པ་སོགས་ལྔ། འགོག་བདེན་སྟོང་ཉིད་ཀྱི་སྒོ་ནས་བཤད་པ་ཕྱི་སྟོང་པ་ཉིད་ཀྱི་རྣམ་པ་སོགས་སྟོང་ཉིད་བཅུ་དྲུག་སྟེ་དེ་ལྟར་ལམ་ཤེས་པ་རྣམ་པ་སོ་དྲུག་གོ། །རྣམ་མཁྱེན་ནི་གཞི་ལམ་རྣམ་པ་མ་ལུས་པའི་ཡུལ་ཅན་ཡིན་པའི་ཕྱིར་སྔ་མ་གཉིས་ཀྱི་རྣམ་པ་ཐམས་ཅད་མཁྱེན་མོད། འདིར་ཡུལ་ཅན་ལམ་བདེན་དང་རྗེས་སུ་མཐུན་པར་སློབ་མ་ཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པར་བྱང་ཕྱོགས་སོ་བདུན། བྱང་སེམས་ལ་ཡོད་པ་དང་རྗེས་མཐུན་རྣམ་ཐར་སྒོ་གསུམ། རྣམ་པར་ཐར་པ་བརྒྱད། མཐར་གྱི་གནས་པའི་སྙོམས་འཇུག་དགུ། བདེན་བཞི་མཐོང་བའི་བཟོད་པ་བཞི། ཕར་ཕྱིན་བཅུ་བཅས་ཁྱོན་སོ་བཞིའོ། །སངས་རྒྱས་ཉིད་ཀྱི་ཐུན་མོང་མིན་པའི་ཆོས་སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། མ་འདྲེས་པ་བཅོ་བརྒྱད་དང་། དེ་བཞིན་ཉིད་ཀྱི་རྣམ་པ། རང་བྱུང་གི་རྣམ་པ། སངས་རྒྱས་ཉིད་ཀྱི་རྣམ་པ་སྟེ་ཁྱོན་བསྡོམས་པས་སོ་དགུ་སྟེ། དོན་ལ་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་ཐམ་པའོ། །དེ་ལྟར་རྣམ་པ་བརྒྱ་དོན་གསུམ་པོ་དེ་དག་ཏུ་གཞི་ལམ་འབྲས་བུའི་ཆོས་རྣམས་གནད་བསྡུས་ཏེ་བསྟན་པས། དེ་དག་ཡིད་ལ་བྱེད་ཚུལ་ཀྱང་རྗེས་ཐོབ་ཏུ་དེ་དང་དེའི་ངོ་བོ་རྒྱུ་དང་བྱེད་ལས་སོགས་མ་འདྲེས་པར་ཤེས་ཤིང་སྒྲུབ་པའི་རྣམ་པ་ཅན་དུ་བསྒོམས་ལ། མཉམ་བཞག་ཏུ་མི་དམིགས་པའི་རྣམ་པ་ཅན་དུ་བསྒོམ་པའོ། །མདོ་བསྡུས་པ་འདིར་ནི་རྣམ་པ་ལོགས་སུ་མ་བསྟན་ཏེ། སྦྱོར་བ་ཉིད་བསྟན་པས་དེས་དམིགས་བྱར་དོན་གྱིས་ཤེས་པར་བྱ་བ་ཡིན་ཏེ། གཞི་ལམ་རྣམ་གསུམ་ཀུན་རྫོབ་ཏུ་ཤེས་ཤིང་དོན་དམ་པར་མི་དམིགས་པར་བསྒོམ་པ་ཙམ་དུ་ཟད་པས་ན་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་དུ་བསྒོམ་པ་ལ་ལྡོག་ཆ་ནས་བསྟན་པའི་རྣམ་པ་ཚད་མེད་པ་སྙེད་ཟད་པར་འདུའོ། །སྦྱོར་བ་ལ་རྒྱས་པར་ཉི་ཤུར་གསུངས་ཏེ། ཡུལ་གང་ལའང་མི་གནས་པའི་སྦྱོར་བ་༡། ཡུལ་ཅན་གྱིས་གང་དུའང་མི་འཛིན་པའམ་མི་སྦྱོར་བའི་སྦྱོར་བ་༢གཉིས་ནི་ཤེར་ཕྱིན་བསྒོམ་པའི་སྦྱོར་བ་དངོས་ཡིན་ལ། ཤེར་ཕྱིན་དེ་ལའང་གཞི་ལམ་རྣམ་པ་གསུམ་གྱི་ལྡོག་པས་ཕྱེས་ན། གཞིའི་དེ་བཞིན་ཉིད་ཟབ་པ་དང་༣། ལམ་གཏིང་དཔག་དཀའ་བ་དང་༤ ། རྣམ་པ་ཚད་མེད་པའི་ཕྱིར་དེ་དང་དེའི་ཡུལ་ཅན་ལ་ཟབ་པའི་སྦྱོར་བ་༥ལ་སོགས་པའི་མིང་གིས་བསྟན་པ་ཡིན་པས་དེ་ལྔ་ནི་སྦྱོར་བའི་རང་བཞིན་ལས་ཕྱེ་བའོ། །དེ་ནས་བཅོ་ལྔ་པོས་མཚམས་ཀྱི་དབྱེ་བ་སྟེ། ཚོགས་ལམ་པའམ་དབང་རྟུལ་གྱི་ཤེར་ཕྱིན་སྒོམ་པའི་སྦྱོར་བ་དེ་ནི་ཚེགས་ཆེན་པོས་འབད་ན་ཡུན་རིང་མོ་ཞིག་ན་རྟོགས་པ་སྐྱེད་པའི་ཕྱིར་ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་༦ཞེས་བྱའོ། །དྲོད་ལུང་བསྟན་ཐོབ་པའི་སྦྱོར་བ་༧། རྩེ་མོ་ཕྱིར་མི་ལྡོག་པའི་སྦྱོར་བ་༨། བཟོད་པ་ཉན་རང་གི་ས་ལས་ངེས་པར་འབྱུང་བའི་སྦྱོར་བ་༩། ཆོས་མཆོག་གི་དེ་མ་ཐག་ཏུ་མཐོང་ལམ་སྐྱེ་བས་བར་ཆད་མེད་པའི་སྦྱོར་བ་༡༠། མཐོང་ལམ་པས་ཤེར་ཕྱིན་སྒོམ་པ་བྱང་ཆུབ་ལ་ཉེ་བའི་སྦྱོར་བ་༡༡། ས་གཉིས་པ་ནས་བདུན་པའི་བར་བྱང་ཆུབ་ཐོབ་པ་མྱུར་བའི་སྦྱོར་བ་༡༢། ས་བརྒྱད་པར་ཤེར་ཕྱིན་བསྒོམ་པའི་སྦྱོར་བ་ལ་ཡོན་ཏན་གྱི་ཆ་ནས་ལྔར་བཤད་དེ། གཞན་དོན་དུ་ཆོས་འཁོར་བསྐོར་བའི་སྦྱོར་བ་༡༣། འཕེལ་འགྲིབ་དང་སྐྱེ་འགག་ཀུན་བྱང་སོགས་མི་མཐོང་བའི་སྦྱོར་བ་༡༤། ཆོས་དང་ཆོས་མིན་བླང་བྱ་དོར་བྱ་སོགས་མི་མཐོང་བའི་སྦྱོར་བ་༡༥། གཟུགས་སོགས་བསམ་གྱིས་མི་ཁྱབ་པ་དང་གཞལ་དུ་མེད་པ་ཙམ་དུའང་ཞེན་པ་མེད་པའི་སྦྱོར་བ་༡༦། གཟུགས་སོགས་ཀྱི་མཚན་མ་དང་ངོ་བོར་མི་རྟོག་པའི་སྦྱོར་བ་སྟེ་༡༧། ས་བརྒྱད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོངས་སུ་སྨིན་པས་མཉམ་རྗེས་ཀུན་ཏུ་མཉམ་པ་ཉིད་ལ་གནས་པའི་ཕྱིར་དེ་ལྟར་བསྟན་ཏོ། །ས་དགུ་པའི་ཤེར་ཕྱིན་སྒོམ་པའི་སྦྱོར་བ་ལ་འབྲས་བུ་རིན་པོ་ཆེ་སྦྱིན་པར་བྱེད་པའི་སྦྱོར་བ་༡༨ཞེས་བྱ་སྟེ། རྒྱུན་ཞུགས་སོགས་འབྲས་བུ་བཞི་དང་རང་རྒྱལ་དགྲ་བཅོམ་དང་རྫོགས་པའི་བྱང་ཆུབ་སྟེ་དེ་དྲུག་ལ་འབྲས་བུ་རིན་ཆེན་རྣམ་དྲུག་ཅེས་བྱའོ། །དེ་གཞན་ལ་ཆོས་བསྟན་པ་སོགས་ཀྱིས་སྦྱིན་པར་བྱེད་པ་ཙམ་དང་པོ་ནས་ཡོད་མོད་ཀྱི། སྐབས་འདིར་སོ་སོ་ཡང་དག་པར་རིག་པ་བཞིས་གདུལ་བྱ་ལ་རང་རང་གི་སྐལ་པ་དང་འཚམས་པར་ཆོས་བསྟན་པས་རང་འབྲས་ཐོབ་པར་མཛད་པའི་ཕྱིར་དེ་སྐད་ཅེས་བྱའོ། །ས་བཅུ་པའི་སྒོམ་པ་དག་པའི་སྦྱོར་བ་༡༩ཞེས་བྱ་སྟེ་གནས་ངན་ལེན་གྱི་སྒྲིབ་པ་ཕྲ་མོ་ས་འོག་མར་དག་མ་ནུས་པ་རྣམས་འདིར་དག་པས་སློབ་ལམ་གྱི་དག་པ་ལ་འདི་ལས་ལྷག་པ་མེད་པས་དག་པ་ཞེས་བྱའོ། །ལོ་དང་ཟླ་བ་སོགས་སུ་བརྩོན་པ་མི་འདོར་བར་ཐུན་ནམ་མཚམས་སུ་བཅད་དེ་སྒོམ་པ་ནི་སྒོམ་མི་སྒོམ་གྱི་མཚམས་བྱེད་པས་ན་མཚམས་དང་བཅས་པའི་སྦྱོར་བ་༢༠ཞེས་བྱ་སྟེ། འདི་ནི་སྦྱོར་བ་རྣམས་གྲུབ་པའི་ཐབས་ཡིན་ནོ། །མདོ་བསྡུས་པ་འདིར་སྦྱོར་བ་དང་པོ་གཉིས། རྒྱལ་བ་ལ་ནི་ལྷ་རྒྱལ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། རྐང་པ་གསུམ་པས་མི་གནས་སྦྱོར། །བཞི་པས་མི་སྦྱོར་སྦྱོར་བསྟན་ཏེ། །གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ་མཐའ་བཞིའི་ཚུལ་གྱིས་དམིགས་པར་བྱ་བ་རྡུལ་ཙམ་མ་གྲུབ་པས་ཡུལ་གང་ལའང་མི་གནས་པ་དང་། མཐའ་བཞིའི་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ལ་རྗེས་སུ་སོན་པའི་ཡུལ་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་དེའང་དམིགས་པ་གང་ཡང་མི་འཛིན་པའམ་མི་སྦྱོར་བ་ཡིན་པས་ན་མི་སྦྱོར་བའི་སྦྱོར་བ་ཞེས་སམ་མི་བརྩོན་པའི་སྦྱོར་བ་ཞེས་བྱ་སྟེ། དོན་ལ་ཡུལ་ཡུལ་ཅན་གཉིས་སུ་མེད་པར་ཤེར་ཕྱིན་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེའི་དོན་གྱིས་བྱ་དཀའ་བ་གསུམ་ཡང་བསྡུས་ཏེ་གསུམ་པོ་གཞི་ལམ་རྣམ་པའི་ཆ་ནས་ཕྱེ་བ་ཙམ་དུ་ཟད་པས་སོ། །ཚོགས་ལམ་དང་དྲོད་དང་རྩེ་མོ་གསུམ་གྱི་སྦྱོར་བ་ནི། གང་ཞིག་ཆོས་འདི་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། ཐོས་བསམ་གྱིས་སོམ་ཉི་མེད་པ་ཚོགས་ལམ། སློབ་པ་སྟེ་སྒོམ་བྱུང་གི་གསལ་སྣང་གཙོ་བོར་གྱུར་པ་དྲོད། ཕྱིར་ཞིང་ཆེར་བརྩོན་པས་དགེ་རྩ་གཡོ་བའི་རྩེ་མོར་གྱུར་པ་ཕྱིར་མི་ལྡོག་པའི་སྦྱོར་བའོ། །ཡང་ན་ཐུན་མོང་དུ་ཚོགས་ལམ་ནས་རྩེ་མོ་མན་ཆད་དུ་སྦྱར་རོ། །བཟོད་པ་ངེས་འབྱུང་གི་སྦྱོར་བ་ནི། དགོན་པའི་ལམ་ནི་སོགས་ཤོ་ལོ་ཀ་གཉིས་ཀྱིས་ཏེ། ཆོས་དབྱིངས་ལ་དང་པོར་དོན་སྤྱི་འཛིན་པའི་ཚུལ་གྱིས་བློས་ལྕོགས་ཤིང་བཟོད་པ་ན། ཟབ་མོའི་དོན་ལ་མི་སྐྲག་པར་རྟོགས་པར་འགྱུར་དུ་འོང་ངོ་སྙམ་དུ་དབུགས་ཕྱིན་ནས་ཉན་རང་གི་ས་ལས་འདའ་བའོ། །ཆོས་མཆོག་བར་ཆད་མེད་པའི་སྦྱོར་བ་ནི། མི་ཞིག་རྒྱ་མཚོའི་སོགས་ཚིགས་བཅད་གཉིས་ཀྱིས་ཏེ། མཐའ་བྲལ་ཆོས་དབྱིངས་ཀྱི་རྒྱ་མཚོ་ཆེན་པོ་དངོས་སུ་མཐོང་བ་ལ་ཉེ་བར་འགྱུར་བའི་རྟགས་སུ་ལྟ་བ་དང་ཐེ་ཚོམ་ལ་སོགས་པ་གཟུང་འཛིན་གྱི་རྟོག་པ་མངོན་གྱུར་པའི་རི་དང་ཤིང་སོགས་མ་མཐོང་བས་ཡིད་ཆེས་ཤིང་ཆོས་མཆོག་གི་སྦྱོར་བ་དེས་ཆོས་ཉིད་མངོན་སུམ་མཐོང་བ་མཐོང་ལམ་བར་མ་ཆད་དུ་འདྲེན་པར་བསྟན་ཏོ། །མཐོང་ལམ་བྱང་ཆུབ་ཉེ་བའི་སྦྱོར་བ་ནི། དཔྱིད་དུས་བཟང་ལ་སོགས་ཚིགས་བཅད་གཅིག་གིས་ཏེ། སྦྱོར་ལམ་པའི་རྟོགས་པ་སྡོང་པོ་ལྟ་བུ་ལ་འདས་ལམ་དང་པོར་སྐྱེ་བ་མཐོང་ལམ་གྱི་ཡེ་ཤེས་ལོ་མ་ལྟ་བུ་ལྷགས་པར་གྱུར་པ་ན། བྱང་ཆུབ་ལམ་གྱི་ཡལ་ག་རྣམས་ལམ་རིང་པོར་མི་ཐོགས་པར་ཡོན་ཏན་གྱི་ལོ་འདབས་དང་འབྲས་བུ་མེ་ཏོག་རྣམས་ཤིན་ཏུ་རྒྱ་ཆེན་པོར་སྐྱེ་ཞིང་འཕེལ་བར་འགྱུར་བར་བསྟན་ཏོ། །ས་གཉིས་པ་ནས་བདུན་པའི་བར་གྱི་སྦྱོར་བ་བྱང་ཆུབ་མྱུར་དུ་ཐོབ་པ་ནི། དཔེར་ན་བུད་མེད་སྦྲུམ་གང་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། དཔེ་སྔ་མ་སྡོང་པོས་འབྲས་བུ་རིམ་གྱིས་འབྱིན་པ་ལས་མྱུར་བར། བཙའ་བའི་དུས་སུ་བབ་པ་ན་ཡུན་མ་འགྱང་བར་བཙའ་ངེས་བལྟར་མ་དག་པའི་ས་བདུན་པོའི་དྲི་མ་མངལ་སྦུབས་དང་འདྲ་བ་བྲལ་ནས། དག་སའི་ཡེ་ཤེས་དངོས་སུ་སྣང་ཞིང་མྱུར་དུ་འཚང་རྒྱ་བར་འགྱུར་བའོ། །དག་སའི་སྦྱོར་བ་རྣམས་ཐུན་མོང་དུ་སྟོན་པ། ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་ཚེ་སོགས་ཚིགས་བཅད་གཅིག་གིས་ཏེ། འཕེལ་འགྲིབ་མེད་པ་དང་། ཆོས་ཆོས་མིན་མི་མཐོང་བ་དང་། གཞལ་མེད་ཀྱི་ཆོས་དབྱིངས་ཙམ་དུ་ཞེན་པས་མི་མཐོང་བ་གསུམ་བསྟན་པས་གཟུགས་སོགས་ཀྱི་མཚན་མ་དང་ངོ་བོར་མི་རྟོག་པ་དོན་གྱིས་བསྟན། མྱ་ངན་འདས་ལ་མི་རེག་དེ་ནི་ཤེས་རབ་གནས་ཞེས་པས། གཞན་དོན་དུ་ཆོས་འཁོར་བསྐོར་ནས་འབྲས་བུ་རིན་ཆེན་སྦྱིན་པར་བྱེད་པ་དང་། མཚན་འཛིན་ཕྲ་མོའང་དག་པའི་ཡེ་ཤེས་ཡིན་པར་ཤུགས་ལ་འཕང་པ་ཡིན་ཞིང་། མཚམས་དང་བཅས་པ་ནི་ལོགས་སུ་མ་བསྟན་ཀྱང་རུང་བས་འདིར་མ་གསུངས་སོ། །སྦྱོར་བའི་ཡོན་ཏན་ནི་རྒྱས་པར་བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པར་བཅུ་བཞིར་གསུངས་ཀྱང་འདིར། གང་ཞིག་འདིར་སྤྱོད་སངས་རྒྱས་སོགས་ཚིགས་བཅད་གཅིག་གིས་ཡོན་ཏན་བསྟན་ཏེ། གང་ལའང་མི་རྟོག་པ་སྦྱོར་བའི་ངོ་བོ་ཡིན་ལ། མི་རྟོག་པ་དེའི་བྱིན་རླབས་ཀྱིས་བདུད་ཀྱི་མཐུ་བཅོམ་པ་སོགས་འགལ་རྐྱེན་དང་བྲལ་བ་དང་། སངས་རྒྱས་ཀྱི་དགོངས་པ། ཡུམ་འཛིན་པ། དགེ་རྩ་ཐུན་མིན་སྐྱེད་པ་སོགས་ཡོན་ཏན་འཕེལ་བ་དང་། གཞན་ལ་ཆོས་སྟོན་པ་སོགས་རང་གཞན་གྱི་དོན་ལྷུན་གྱིས་གྲུབ་པར་འབྱུང་ཞེས་སོ། །སྤང་བྱ་བདུད་ལས་ནི་ཤེར་ཕྱིན་ལ་སྦྱོར་བའི་བར་ཆད་དུ་གང་གྱུར་པ་རྣམས་ཡིན་ལ། དེ་ཡང་ཡུམ་རྒྱས་པར་འགལ་རྐྱེན་རང་ལ་གནས་པ་ཉི་ཤུ། རང་གཞན་གང་རུང་ལ་བརྟེན་པའི་མཐུན་རྐྱེན་མ་ཚང་བ་ཉེར་གསུམ། གཞན་ལ་བརྟེན་པའི་འགལ་རྐྱེན་གསུམ་སྟེ་བཞི་བཅུ་རྩ་དྲུག་ཏུ་གསུངས་པ་ལས་སྐབས་འདིར། སྨྲ་བའི་ཟླ་བ་སངས་རྒྱས་སོགས་ནས་དགོངས་པ་མཛད་ཀྱི་བར་གྱིས་བསྟན་ཏེ། དེ་ལ་བདུད་ལས་དངོས། དེ་འབྱུང་བའི་རྒྱུ་མཚན། དེས་མི་ཚུགས་པའི་རྒྱུ་བསྟན་པ་གསུམ་ལས་དང་པོ། སྤོབས་པ་ཐ་དད་རྣམ་པ་དུ་མ་ཞེས་པས། སྤོབས་པ་སྐྱེས་བུ་རབ་དང་ཐེག་ཆེན་ལས་གཡེང་བའི་རྒྱུ་བརྒྱད་དང་། གཞན་ཡང་རང་གི་རྟོག་པ་ངན་པས་ཤེར་ཕྱིན་འབྲི་བ་དང་འཆད་ཉན་གྱི་ཚོགས་པ་མི་ལྡན་པར་བྱེད་པ་ཐམས་ཅད་བསྟན། འགྲོ་བའི་དོན་མ་བྱས་པར་སོགས་རྐང་པ་གཉིས་ཀྱིས། སྤོབས་པ་མྱུར་བ་དང་འགྲོ་དོན་ལ་མི་དགའ་བ་བསྟན། འདི་བཤད་ཚེ་ན་སོགས་ཤོ་ལོ་ཀ་གཅིག་གིས་ཡུམ་ལས་ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་དང་། དེ་ལྟར་མི་ཤེས་སོགས་རྐང་པ་གཉིས་ཀྱིས་རྒྱུ་ལས་ཉམས་པ་དང་། གླང་པོ་རྙེད་ནས་སོགས་རྐང་པ་གཉིས་ཀྱིས་ལམ་ཐེག་ཆེན་ལས་ཉམས་པ་དང་། ཟས་མཆོག་རྙེད་ནས་སོགས་རྐང་པ་གཉིས་ཀྱིས་ཤེར་ཕྱིན་གྱི་རོ་མྱོང་བ་ལས་ཉམས་པ་དང་། འབྲས་བུ་བླ་ན་མེད་པ་སྐུ་གསུམ་ལས་ཉམས་པ་བསྟན། དེ་དག་གིས་རྒྱུ་འབྲས་འབྲེལ་ཉམས་དང་། ཆེད་དུ་བྱ་བ་གསུམ་ལས་ཉམས་པ་དོན་གྱིས་ཤེས་པས་ན་ཐེག་ཆེན་ལས་ཉམས་བྱེད་ཀྱི་རྒྱུ་བདུན་བསྟན་ཏོ། །བསྟི་སྟངས་འདོད་པར་འགྱུར་ཞིང་སོགས་ཚིགས་བཅད་གཅིག་གིས། རང་ཉིད་བསྟི་སྟངས་འདོད་པ་སོགས་ཀྱིས་ཤེར་ཕྱིན་ལ་སྦྱོར་བའི་བར་ཆད་དུ་འགྱུར་བ་ཀུན་བསྡུ་ཞིང་ཆོས་མིན་བྱ་བ་ཞེས་པས་གནས་ངན་ལེན་གྱི་དབང་དུ་བྱས་པ་གསུམ་ཡང་བསྟན་ཏོ། །གང་དག་དེ་ཡི་ཚེ་ན་སོགས་ཚིགས་བཅད་གཅིག་གིས་གཞན་ལ་བརྟེན་པའི་འགལ་རྐྱེན་ཀུན་བསྡུའོ། །དེ་ཡི་ཚེ་ན་སོགས་ཚིགས་བཅད་གཅིག་གིས་ཆོས་དང་གང་ཟག་གི་བར་དུ་བདུད་ཀྱིས་འབྱེད་པའི་སྦྱོར་བ། ལམ་ལྟར་སྣང་བཅོས་མ་ཉེ་བར་སྒྲུབ་པ་གུས་པའི་ཡུལ་མིན་པ་བདུད་ཀྱི་སྤྲུལ་པ་ལ་དགའ་བ་སྟེ་གཞན་ལ་བརྟེན་པ་གསུམ་སོགས་བར་ཆད་དུ་མ་ཞིག་བསྡུས་ཏེ་བསྟན་པའོ། །གཉིས་པ་བར་ཆད་འབྱུང་བའི་རྒྱུ་མཚན་རིན་ཆེན་རིན་ཐང་མེད་པ་ནས་སྤྲོ་བར་འགྱུར་ཞེས་པའི་བར་གྱིས་བསྟན། གསུམ་པ་མི་ཚུགས་པའི་རྒྱུ་ནི། ཕྱོགས་བཅུའི་སངས་རྒྱས་སོགས་ནས་དགོངས་པ་མཛད་ཅེས་པའི་བར་གྱིས་བསྟན་ཏེ། ཤེར་ཕྱིན་གྱི་དགོངས་དོན་རྙེད་ནས་དེ་དག་ལ་སངས་རྒྱས་ཀྱི་བྱིན་རླབས་འཇུག་པ་ཆོས་ཉིད་ཡིན་པས་བདུད་ཀྱི་གླགས་མི་རྙེད་དོ། །དེས་ན་ཤེར་ཕྱིན་གྱི་དོན་མ་རྙེད་ཚུན་ཆད་དུ་ཤེར་ཕྱིན་མི་རྙེད་པར་བྱ་བའི་ཕྱིར་བདུད་ཀྱི་ལས་འབྱུང་བ་ཡིན་ནོ་ཞེས་སོ། །ཤེས་པར་བྱ་བ་མཚན་ཉིད་ལ་སྤྱིར་ཤེས་མཚན་སོགས་བཞི་དང་། ཤེས་མཚན་ལའང་གཞི་ཤེས་ལམ་ཤེས་རྣམ་མཁྱེན་གྱི་ཤེས་མཚན་གསུམ་དུ་ཡོད་པའི། དང་པོ་གཞི་ཤེས་ཀྱི་ཤེས་མཚན་ནི་རྒྱས་པར་བཅུ་དྲུག་ཏུ་གསུངས་ཏེ། གཞི་ཤེས་ཀྱི་ཡུམ་ལ་བརྟེན་ནས་དེ་བཞིན་གཤེགས་པར་འབྱུང་བར་ཤེས་པ་སོགས་ཏེ། དེ་ཡང་མཁྱེན་པ་གསུམ་པོས་ཀྱང་རང་ཡུལ་དེ་དག་ཐམས་ཅད་སྐྱེ་མེད་མཉམ་པར་ཤེས་པ་ལ་འདྲ་ཞིང་ཁྱད་མེད་ཀྱང་། གཞི་ཤེས་ནི་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་དེ་བཞིན་ཉིད་རྟོགས་པ་དང་། ལམ་ཤེས་ཀྱིས་ལམ་དང་། རྣམ་མཁྱེན་གྱིས་ཤེས་བྱའི་རྣམ་པ་ཐམས་ཅད་སྐྱེ་མེད་དུ་གཟིགས་པའི་ལྡོག་ཆ་ནས་བསྟན་པས། གཞི་ཤེས་ལས་སེམས་ཆགས་བཅས་སོགས་གཞི་ཡི་ཆོས་དང་། ལམ་ཤེས་ལམ་རྣམ་ཐར་སྒོ་གསུམ་སོགས་ལམ་གྱི་ཆོས་དང་། རྣམ་མཁྱེན་ལས་མཁྱེན་པ་དེའི་ཐུན་མོང་མིན་པའི་ཡུལ་གནས་དང་གུས་པར་བྱ་བ་སོགས་འབྲས་བུ་མི་སློབ་པའི་མཁྱེན་ཚུལ་སྟོན་ཅིང་། ཡུལ་དེ་དང་དེ་རྣམས་ཤེས་པའི་སྒོ་ནས་གཞི་ཤེས་པ་ལ་སོགས་པར་མཚོན་ཏེ། སྔོན་པོ་ཤེས་པ་ལ་སྔོ་འཛིན་ཤེས་པ་ཞེས་ཡུལ་སྔོན་པོས་མཚོན་ནས་ཡུལ་ཅན་སྟོན་པ་བཞིན་ནོ། །དེ་བཞིན་དུ་བྱེད་མཚན་ཀྱང་ཤེས་པར་བྱ་སྟེ་ཡུལ་ཅན་དེ་བྱེད་ལས་དེས་མཚོན་ནས་ཤེས་པར་བྱ་བ་གདུང་འདེགས་ཀྱི་དོན་བྱེད་པ་ལས་ཀ་བ་ཉིད་དུ་མཚོན་པ་བཞིན་ནོ། །ཁྱད་མཚན་ཀྱང་རྟག་པ་ལས་ལོག་པས་མི་རྟག་པར་མཚོན་པ་ལྟར། ལམ་གཞན་ལས་ཁྱད་པར་འཕགས་ཆོས་དེ་ཉིད་ཀྱིས་དེ་མཚོན་པ་ཡིན་ལ། ངོ་བོ་ཉིད་མཚན་ནི་གཞན་སྔ་མ་གསུམ་པོ་ལ་ལྟོས་ནས་མཚོན་བྱའང་ཡིན་ལ། རང་གི་དོན་ལྡོག་ལྟ་བུ་ཡིན་པས་མཚན་ཉིད་ཀྱང་ཡིན་ཏེ་ལྟོ་ལྡིར་བ་ལས་བུམ་པར་མཚོན་པ་བཞིན་ནོ། །དེས་ན་ཆོས་གང་ཞིག་ཐ་སྙད་ཤེས་བརྗོད་ཀྱི་ཡུལ་དུ་བུམ་པ་སོགས་སུ་བཞག་པའི་མཚོན་བྱ་དེ་འཇོག་བྱེད་དོན་གྱི་ལྡོག་པ་ནི་མཚན་ཉིད་ཅེས་ཡོངས་སུ་གྲགས་པ་ཡིན་ལ། འཇོག་བྱེད་དེ་ནི་དབྱིབས་དང་ཁ་དོག་རེག་བྱ་སོགས་ངོ་བོའམ། དེའི་ཡོན་ཏན་ནམ་བྱེད་ལས་ལྟ་བུ་ཅི་རིགས་པ་ལས་དེར་བཞག་པའམ་བཏགས་པ་ཡིན་པ་བཞིན་དུ་འདིར་ཡང་དེ་ལྟར་མཚན་ཉིད་བཞིའི་སྒོ་ནས་མཚོན་བྱ་མཁྱེན་གསུམ་ཤེས་པར་བྱེད་པའོ། །དེ་ལ་གཞི་ཤེས་ལྟ་བུའི་ཤེས་པར་བྱ་བ་མང་ཡང་གལ་ཆེ་བ་བསྡུས་ཏེ་བཅུ་དྲུག་ཏུ་བསྟན་པས་གཞན་ཡང་ཤེས་པར་བྱ་དགོས་པས། ཐོག་མར་གཞི་ཤེས་ཀྱི་ཤེས་མཚན་ནི། གང་དག་འདས་དང་སོགས་ཚིགས་བཅད་གཉིས་ཀྱིས་ཏེ། རྐང་པ་དང་པོ་གཉིས་ཀྱིས་དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་བསྟན་༡ཏེ་གང་ལས་ན་ཡུམ་ལས་འབྱུང་བར་ཤེས་པའོ། །འཇིག་རྟེན་ཏེ་ཕུང་པོ་ལྔ་ཐ་སྙད་དུ་མ་ནོར་བར་ཤེས་ཤིང་དོན་དམ་པར་འཇིག་པ་མེད་པའི་རང་བཞིན་དུ་སྟོན་༢། གང་གིས་སྟོན་ན་རྒྱལ་བ་རྣམས་ཀྱི་ཡུམ་འདིས་སྟོན། སེམས་ཅན་གཞན་གྱི་སེམས་ཀྱི་སྤྱོད་པ་ཞེས་པས་སྤྱི་༣དང་བྱེ་བྲག་ཏུ་སེམས་ནང་དུ་བསྡུས་པ་༤། ཕྱིར་གཡེང་བ་གཉིས་དང་༥ ། ཆགས་སྡང་རྨོངས་གསུམ་བཅས་པ་དང་༦། ཆགས་སོགས་དང་བྲལ་བའི་སོགས་སེམས་དང་༧། གཡོ་བཀྲམ་འདུ་བ་བཅུམ་པའི་སེམས་སུ་གྱུར་པ་རྣམས་ཇི་བཞིན་མཁྱེན་པ་ནི་ཐ་སྙད་དུ་མཁྱེན་པ་དང་༨། དེའི་ཤུགས་ཀྱིས་སྤྱོད་མཁན་སེམས་དེ་ཡང་ཡུལ་ཀུན་ལ་ཁྱད་པར་བྱེད་པས་ཆེན་པོར་གྱུར་པ་༩། འཇུག་ཡུལ་ངེས་པ་མེད་པའི་ཚད་མེད་པ་༡༠། དཔེའམ་ངོ་བོས་དབང་པོ་ལ་བསྟན་དུ་མེད་པ་༡༡རྣམས་ཀྱང་གཟུང་ངོ་། །དོན་དམ་པར་འཇིག་རྟེན་དེ་བཞིན་ཉིད་དང་སོགས་ཀྱིས། བསྡུས་གཡེང་གི་སེམས་ཀྱང་དེ་བཞིན་ཉིད་ཀྱི་ངོ་བོས་མི་ཟད་པ་དང་༡༢། སེམས་ཆོས་ཀྱི་དབྱིངས་ཀྱི་ངོ་བོས་ཚད་མེད་པའི་རྒྱ་ཆེན་པོར་གྱུར་པ་དང་༡༣། སེམས་ལ་ངོ་བོ་མེད་པས་སྤྱན་ལྔས་ཀྱང་བལྟར་མེད་པ་དང་༡༤། ཐ་སྙད་དུ་གཡོ་བ་ལ་སོགས་པའི་སེམས་ཀྱང་དེ་བཞིན་ཉིད་ལས་མ་འདས་པའི་ངོ་བོར་ཤེས་པ་༡༥རྣམས་བསྟན་ལ། དེ་ལྟར་ཐ་སྙད་མཁྱེན་ཚུལ་དང་དོན་དམ་མཁྱེན་ཚུལ་དེ་གཞི་ཐམས་ཅད་བདེན་གཉིས་རོ་མཉམ་དུ་མཁྱེན་པའི་གཞི་ཤེས་པའི་ཤེར་ཕྱིན་གྱི་མཁྱེན་པ་ལས་འོང་བ་ཡིན་ནོ། །དེས་ན་ཐ་སྙད་དུ་ཐུབ་པས་དེ་བཞིན་ཉིད་མངོན་སུམ་རྟོགས་ནས་གཞན་ལ་བསྟན་པར་༡༦ཤེས་པའང་དོན་གྱིས་འཕང་ངོ་། །མཚན་ཉིད་འདི་དག་གདུལ་བྱ་ཉེ་བའི་བསམ་ངོ་ལ་དགོངས་པའི་ཕྱིར་གྲངས་ངེས་མེད་པར་གཞུང་ཁ་ཅིག་ཏུ་བཤད་ཀྱང་། གདུལ་བྱ་ཉེ་བའི་བསམ་ངོར་བཅུ་དྲུག་པོ་འདི་ཙམ་དུ་བསྟན་ཀྱང་། འདི་ལས་བསྡུས་ན་སེམས་ཅན་གྱི་ཕུང་ལྔ་དང་ཁྱད་པར་དུ་སེམས་ཀྱི་སྤྱོད་པ་རྣམས་མ་འདྲེས་པར་ཐ་སྙད་དུ་གཟིགས་པ་དང་། དོན་དམ་རང་བཞིན་མེད་པར་གཟིགས་པ་ཙམ་ལའང་འདུ་ཞིང་། རྒྱས་པར་ཕྱེ་ན་ཚད་མེད་པ་སྙེད་དུ་འགྱུར་ཡང་། འདིར་བཅུ་དྲུག་ཏུ་བསྟན་པ་དེ་དག་འཇིག་རྟེན་གྱི་ཕུང་ལྔ་སྤྱི་དང་ཁྱད་པར་སེམས་ཀྱི་སྤྱོད་པ་བྱེ་བྲག་ཆགས་བཅས་ལ་སོགས་པར་ཤེས་པ་འདི་དག་གདུལ་བྱའི་དོན་སྒྲུབ་པ་ལ་ཤེས་པར་བྱ་བ་གལ་ཆེ་བས་འདིས་ཤེས་པར་བྱ་བ་གཞན་ཀུན་དོན་གྱིས་བསྡུས་པས་ན། བཅུ་དྲུག་ཏུ་གསུངས་པ་ལ་རྒྱུ་མཚན་མེད་པ་མ་ཡིན་པའི་གོ་ཚུལ་འདི་ལྟ་བུ་སྐབས་གཞན་རྣམས་སུའང་ཤེས་པར་བྱའོ། །ལམ་ཤེས་ཀྱི་ཤེས་མཚན་རྒྱས་པར་བཅུ་དྲུག་ཏུ་གསུངས་ཏེ། སྟོང་ཉིད་དང་མཚན་མེད་དང་སྨོན་མེད་དང་སྐྱེ་མེད་དང་འགག་མེད་དང་ཀུན་ཉོན་མེད་པ་དང་རྣམ་བྱང་མེད་པ་དང་། བླང་དོར་གྱི་དངོས་པོར་མེད་པ་དང་། མྱ་ངན་འདས་པའི་ངོ་བོ་ཉིད་དང་། གནས་པའི་རྟེན་མེད་པ་དང་། དེ་བཞིན་ཉིད་ནམ་མཁའི་མཚན་ཉིད་དང་། ཆོས་ཉིད་རྣམ་པར་འཁྲུགས་པ་མེད་པ་དང་། འདུ་མི་བྱེད་པ་དང་། རྣམ་པར་མི་རྟོག་པ་དང་། རབ་ཏུ་དབྱེ་བ་མེད་པ་དང་། མཚན་ཉིད་མེད་པ་སྟེ་ལྡོག་ཆ་བཅུ་དྲུག་ནས་བསྟན་པའི་དོན་དེ་བཞིན་ཉིད་དེ་ལམ་ཤེས་ཀྱིས་ཤེས་པ་ཡིན་པར་གསུངས་ལ། སྐབས་འདིར་ནི། མཁས་པ་འཇིག་རྟེན་སོགས་ཚིགས་བཅད་གཅིག་གིས། སངས་རྒྱས་རྣམས་བྱོན་ཡང་རུང་མ་བྱོན་ཡང་རུང་ཆོས་རྣམས་ཀྱི་གཤིས་སམ་ཆོས་ཉིད་འདི་ནི་སུས་ཀྱང་བསྒྱུར་དུ་མི་བཏུབ་པས་འཁྲུགས་པ་མེད་པ་དང་རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་ནམ་མཁའ་ལྟ་བུའི་ངོ་བོ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལྟ་བུའི་ཆོས་ཉིད་བྱར་མེད་དམ་བཅོས་མིན་གྱི་དོན་རིག་པ་ན། དགག་བྱ་རྒྱུ་འབྲས་ངོ་བོར་གྲུབ་པ་དང་། སྐྱེ་བ་ལ་སོགས་པ་བཅུ་གསུམ་པོས་ཁྱད་པར་བྱར་མེད་པའི་དོན་ལ་མཉམ་པར་བཞག་པས་ཆོས་ཀུན་གྱི་དེ་བཞིན་ཉིད་དང་དགོངས་པ་རོ་མཉམ་དུ་གྱུར་པ་ལ་དེ་བཞིན་ཉིད་དུ་གཤེགས་པ་ཞེས་མཚན་གསོལ་བ་ཡིན་ནོ། །ཞེས་སོ། །རྣམ་མཁྱེན་གྱི་ཤེས་མཚན་ཀྱང་རྒྱས་པར་བཅུ་དྲུག་ཏུ་གསུངས་ཏེ། སངས་རྒྱས་དེས་ཉིད་ཀྱི་ཐུན་མོང་མིན་པའི་ཆོས་འབྲས་ཡུམ་རྣམ་པ་ཐམས་ཅད་མཁྱེན་པའི་ཤེར་ཕྱིན་ལ་བརྟེན་ནས་སྲིད་ཞི་མཉམ་པ་ཉིད་དུ་གནས་པ་དང་། ཡུམ་དེ་ལ་གུས་པར་བྱ་བ་དང་། བཀའ་བཞིན་བསྒྲུབ་པས་བླ་མ་ཉིད་དུ་བྱེད་པ་དང་། ཡོན་ཏན་བརྗོད་པ་སོགས་ཀྱིས་མཉེས་པར་སྒྲུབ་པ་དང་། མེ་ཏོག་གཏོར་བ་དང་སྒྲུབ་པ་སོགས་ཀྱི་སྒོ་ནས་མཆོད་པ་དང་། དོན་དམ་པར་དེ་ལྟར་བྱེད་པ་མེད་པར་མཁྱེན་པ་དང་། རྣམ་མཁྱེན་དེས་ཡུལ་བདེན་གཉིས་ཀྱིས་བསྡུས་པ་ཀུན་ལ་ཐོགས་པ་མེད་པར་འཇུག་པར་མཁྱེན་པ་དང་། འཇིག་རྟེན་པས་མ་མཐོང་བའི་ཆོས་ཉིད་ཟབ་མོ་སྟོན་པར་མཛད་པའམ་ཡང་ན་གཟུགས་སོགས་མཐའ་གང་དུ་མ་མཐོང་བ་དེ་ཉིད་དོན་དམ་མཐོང་བ་ཞེས་སྟོན་པར་མཛད་པ་དང་། འཇིག་རྟེན་ཏེ་ཕུང་པོ་ལྔ་ཉིད་སྟོང་པ་ཉིད་ཀྱི་རྣམ་པར་སྟོན་པར་མཛད་པ་དང་། དེ་ཡང་གདུལ་བྱ་འཁོར་དུ་འདུས་པ་ལ་བརྗོད་ཅིང་ཐོས་པར་མཛད་པ་དང་། ཐོས་པའི་དོན་བསམ་པས་ཤེས་ནས་རྒྱུད་སྨིན་པར་མཛད་པ་དང་། བསམ་པས་ངེས་པ་རྙེད་པའི་དོན་བསྒོམས་ནས་མངོན་སུམ་རྟོགས་ཏེ་རྒྱུད་གྲོལ་བར་མཛད་པ་དང་། ཆོས་ཉིད་ཀྱི་ངོ་བོ་འཇིག་རྟེན་པའི་རྟོག་དཔྱོད་ཀྱི་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པར་སྟོན་པར་མཛད་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞི་བ་ཉིད་དུ་སྟོན་པར་མཛད་པའམ་ཡང་ན་ཆོས་ཉིད་དེ་ལ་ཡུལ་ཅན་གྱི་སྤྲོས་པ་ཞི་བ་ཉིད་དུ་སྟོན་པ་དང་། ཟག་པ་དང་བཅས་པའི་འཇིག་རྟེན་གྱི་ཕུང་པོ་ལྔ་འགོག་པའི་ཚུལ་སྟོན་པ་དང་དེ་ལ་ཕ་རོལ་ཚུ་རོལ་དང་བླང་དོར་གྱི་འདུ་ཤེས་འགོག་པ་སྟེ། དོན་གཉིས་ཕུན་ཚོགས་ཀྱི་འབྲས་བུ་བཅུ་དྲུག་པོ་དེ་རྣམ་མཁྱེན་ཉིད་ལས་འབྱུང་སྟེ། རྣམ་མཁྱེན་དང་ལྡན་པས་དེ་ལྟར་མཁྱེན་པར་གྱུར་ལ། དེ་སྐྱེད་པའི་ནུས་པ་རྣམ་མཁྱེན་གྱི་སྦྱོར་བ་ལ་ཡོད་པས་སྦྱོར་བའི་ཤེས་མཚན་དུའང་འགྲོ་ཞིང་། རྣམ་མཁྱེན་གྱི་ཤེས་མཚན་འདི་མི་ལྡན་རྣམ་གཅོད་ཀྱི་ཚུལ་གྱིས་རྣམ་མཁྱེན་གྱི་སྦྱོར་བ་ལ་བསྒྲུབས་པས་དེ་རྣམ་མཁྱེན་སྐྱེད་བྱེད་དུ་མཚོན་ཀྱང་། དེ་ཁོ་ནས་སྐྱེད་དོ་ཞེས་གཞན་ལྡན་རྣམ་གཅོད་དུ་མ་བྱས་པས། ལམ་ཤེས་ལ་ཁྱད་མཚན་བཤད་པས་འབྲས་བུ་རྣམ་མཁྱེན་ལ་ཤུགས་ཀྱིས་རྟོགས་པ་དང་གཞི་ཤེས་ལའང་ཉན་རང་གི་དེ་ལས་འཕགས་པར་དོན་གྱིས་ཤེས་པ་འཕང་ངོ་། །སྐབས་འདིར། ཤེས་རབ་ཕ་རོལ་ཕྱིན་པ་དགའ་ཚལ་སོགས་ནས་ཆོས་ཀྱང་རབ་ཏུ་སྟོན་ཞེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་ཀྱི་གནས་པ་འབྲས་དུས་ཀྱི་ཤེར་ཕྱིན་ཡོན་ཏན་མཐའ་དག་གི་འབྱུང་གནས་དགའ་བའི་ཚལ་ལྟ་བུ་ལ་བརྟེན་ནས་བདེ་བར་གནས་པ་དངོས་སུ་བསྟན་ཞིང་། དེའི་ཤུགས་ལ་གུས་པར་བྱ་བ། བླ་མར་བྱ་བ་མཉེས་པར་བྱ་བ། མཆོད་པར་བྱ་བ། དོན་དམ་པར་དེ་རྣམས་བྱ་བ་མེད་པ་རྣམས་འཕང་། རྐང་པ་ཕྱི་མ་གསུམ་གྱིས་བསྟན་བྱ་དེ་ཁོ་ན་ཉིད་ཞི་བ་བསམ་གྱིས་མི་ཁྱབ་པ་ཉིད་གདུལ་བྱ་རྣམས་ལ་བརྗོད་པ་དང་ཤེས་པ་དང་མངོན་སུམ་དུ་བྱ་བའི་ཚུལ་གྱིས་བསྟན་ནས་འཁོར་བ་ལས་བསྒྲལ་ཀྱང་། སྟོན་པ་པོ་དེ་དག་ནམ་ཡང་སེམས་ཅན་དང་འཁོར་བ་ལ་སོགས་པའི་འདུ་ཤེས་སུ་མི་འགྱུར་ཞེས་འདུ་ཤེས་འགོག་པ་བསྟན། དཔེར་ན་སེང་གེ་སོགས་ཚིགས་བཅད་གཅིག་གིས་ལྟ་བའི་རི་སུལ་ལ་བརྟེན་པའི་མུ་སྟེགས་རི་དྭགས་ཀྱི་ཚོགས་སྐྲག་པར་མཛད་པ་སྟོང་ཉིད་སེང་གེའི་ང་རོ་ནི་མི་ཡི་སེང་གེ་སངས་རྒྱས་ཀྱིས་འཇིག་རྟེན་འདིར་བསྒྲགས་པར་མཛད་དོ་ཞེས་པས་སྟོང་ཉིད་སྟོན་པར་མཛད་པ་བསྟན། དཔེར་ན་ནམ་མཁར་གནས་པ་སོགས་ཚིགས་བཅད་གཅིག་གིས་སྲིད་པའི་ཆུ་ཀླུང་སྐེམས་ཞེས་པས་འཇིག་རྟེན་འགོག་པ་དང་། ཆོས་ཀྱང་རབ་ཏུ་སྟོན་ཞེས་པས་ཀུན་ཏུ་འཇུག་མཁྱེན་གྱི་སྒོ་ནས་ཆོས་སྟོན་པ་བསྟན་ཏེ། དེས་མ་མཐོང་སྟོན་པའང་བསྡུས་སོ། །ཁྱད་མཚན་ལ་རྒྱས་པར་བཅུ་དྲུག་ལས་འདིར་དང་པོ་བཞི་དངོས་སུ་བསྟན་པས་ཕྱི་མ་གསུམ་གསུམ་དོན་གྱིས་འཕང་སྟེ། དང་པོ་སྡུག་བསྔལ་ཆོས་བཟོད་ཀྱི་ཡེ་ཤེས་མཚོན་པ་བསམ་གྱིས་མི་ཁྱབ་པ་ནི། གཟུགས་རྣམས་མི་མཐོང་སོགས་དོན་དང་དཔེའི་ཚིགས་བཅད་གཉིས་ཏེ། སྡུག་བདེན་གྱི་མཚན་གཞི་གཟུགས་སོགས་དོན་དམ་པར་མི་མཐོང་བས་ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པའོ། །དེ་ལྟར་བསམ་གྱིས་མི་ཁྱབ་པའི་ངོ་བོ་དེ་དཔེ་གང་དང་ཡང་མི་མཉམ་པ་དང་། ཚད་མས་གཞལ་བ་ལས་འདས་པ་དང་། གྲངས་ཀྱིས་བགྲང་བ་ལས་ཡང་དག་པར་འདས་པར་དོན་གྱིས་ཤེས་སོ། །ཀུན་འབྱུང་བདེན་པ་མཐོང་བའི་ཡེ་ཤེས་བཞི་ལས། སྐབས་འདིར་འཕགས་པ་ཀུན་སྡུད་དང་། ཤེས་མྱུར་གཉིས་དངོས་སུ་བསྟན་པས་གཞན་གཉིས་ཤུགས་ལས་ཤེས་ཏེ་བཤད་མ་ཐག་པའི་ལམ་དེ་ལྟ་བུ་ནི་ཕྲ་ཞིང་མཛངས་པའི་བློ་ལྡན་མཁས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རིག་པར་བྱ་བ་དང་། ཉན་ཐོས་སོགས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའི་ཐུན་མོང་མིན་པའི་ཡེ་ཤེས་ཡིན་པར་དོན་གྱིས་ཤེས་སོ། །དེ་ལ་འཕགས་པ་ཀུན་གྱི་སྤངས་རྟོགས་སྡུད་པར་སྟོན་པའི་མདོ་ལ་སྡུད་བྱེད་ཀྱི་ངོས་ནས་བསྟན་པ་དང་། ཇི་ལྟར་སྡུད་ཚུལ་བསྟན་པ་གཉིས་ལས་དང་པོ། བློན་པོའི་དཔེས་བསྟན་ཏེ། རྒྱལ་པོ་བཏང་སྙོམས་སོགས་ཚིགས་བཅད་གཅིག་དང་། གཉིས་པ་རྒྱལ་པོའི་དཔེས་བསྟན་པ། རྒྱལ་པོ་གྲོང་དུ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏོ། །ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པའི་ཤེར་ཕྱིན་དང་མ་བྲལ་བས་དོན་ཇི་ལྟ་བ་བཞིན་རྟོགས་པ་ལ་མངོན་ཤེས་མྱུར་བས་བྱང་ཆུབ་མངོན་དུ་བྱེད་པའི་མདོ་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ་གང་ལ་བདེ་གཤེགས་སོགས་ཚིགས་བཅད་གཅིག །གཉིས་པ་ལ་དཔེ་དོན་གྱི་སྒོ་ནས་ཚིགས་བཅད་གསུམ་གསུམ་སྟེ། དཔེར་ན་རྒྱ་མཚོར་འཇུག་པའི་སོགས་སོ། །འགོག་བདེན་མཐོང་བའི་ཡེ་ཤེས་བཞི་ལས། འདིར་ལམ་སྒྲུབ་པ་དང་འབྲས་བུ་འགྲུབ་པ་གཉིས་བསྟན་པས ། ལམ་དེས་དམིགས་ཡུལ་དེ་བཞིན་ཉིད་དང་། དེ་ཡང་བྲི་གང་མེད་པས་ཁྱད་པར་དུ་བྱས་པ་ཡིན་པར་དོན་གྱིས་ཤེས་ཏེ་གོང་དུ་བསམ་གྱིས་མི་ཁྱབ་པར་བསྟན་པ་སོགས་དང་གནད་གཅིག་གོ། །དེ་ལ་དང་པོ་ལ་དཔེ་དོན་གཉིས་ཏེ། དཔེར་ན་ལ་ལས་རྫ་སོ་མ་བཏང་སོགས་ཚིགས་བཅད་གཉིས་སོ། །དེ་ཡང་ཐབས་ཤེས་ཁྱད་པར་ཅན་ཟུང་དུ་འབྲེལ་བའི་ལམ་ནི་མི་གནས་པའི་མྱང་འདས་སྒྲུབ་པར་བྱེད་པ་ཡིན་གྱི་གཞན་ནི་དེ་ལྟ་མ་ཡིན་ནོ་དེས་བསྟན་པར་རིག་པར་བྱའོ། །གཉིས་པ་འབྲས་བུ་བྱང་ཆུབ་ཆེན་པོ་ཡང་དག་པར་འགྲུབ་པ་ནི་དཔེ་དོན་གཉིས་ཀྱིས་བསྟན་ཏེ། དཔེར་ན་བཅོས་ལེགས་སོགས་ཚིགས་བཅད་གཉིས་སོ། །དེ་ཡང་མཐའ་གཉིས་ལ་མི་གནས་པའི་ཤེར་ཕྱིན་དང་མ་བྲལ་བའི་མཐུས་མཐར་ཐུག་གི་འབྲས་བུ་ཐོབ་པའི་བར་དུ་ཆུད་མི་ཟ་བར། འབྲས་བུའི་སར་ངེས་པར་འབྱིན་པར་བྱས་ནས་ཇི་ལྟར་ཐུགས་བསྐྱེད་པ་ལྟར་འགྲུབ་ཅེས་སོ། །ལམ་བདེན་རྟོགས་པའི་ཡེ་ཤེས་བཞི་ཀ་འདིར་ཡང་གསུངས་ཏེ། དེ་ཡང་དཔེའི་སྒོ་ནས་སྤྱིར་བསྟན་པ་ནི། ལོ་བརྒྱ་ཉི་ཤུ་ལོན་སོགས་ཤོ་ལོ་ཀ་གཉིས་ཏེ། ལམ་ལས་མི་ཉམས་པ་ཕྱི་ནང་གི་ཡོངས་འཛིན་ལ་རག་ལས་པའི་དཔེའོ། །དོན་ནི་བྱང་ཆུབ་སེམས་དཔའ་དང་པོའི་སོགས་ནས་དེ་སྐད་བསྟན་པར་བྱ་ཞེས་པའི་བར་གྱིས་བསྟན་ཏེ། བྱང་ཆུབ་སེམས་དཔའ་དང་པོའི་ལས་ཀྱི་སོགས་ཚིགས་བཅད་གཅིག་གི་རྐང་པ་དང་པོ་གསུམ་གྱིས་རྟེན་བསྟན་ཏེ། ལྷག་པའི་བསམ་པས་བླ་མེད་བྱང་ཆུབ་ལ་དམིགས་པ་པོ་རྟེན་གྱི་གང་ཟག་བསྟན། དེ་རྗེས་རྐང་པ་ལྔས་ཕྱི་ནང་གི་ཡོངས་འཛིན་བསྟན། སྦྱིན་དང་ཚུལ་ཁྲིམས་སོགས་ནས་བསྔོ་བར་གྱིས་ཞེས་པའི་བར་གྱིས་ལམ་གྱི་རྣམ་པ་མཐའ་དག་ཚང་བར་བསྟན། དེ་རྗེས་རྐང་པ་གཉིས་ཀྱིས་ལམ་ལ་མཆོག་འཛིན་དང་མངོན་ཞེན་གྱིས་རོ་མྱང་མེད་པ་བསྟན་ཏོ། །མདོ་རྒྱས་བསྡུས་ཀྱི་དཔེ་སྟོན་པའི་སྐབས་འགའ་ཞིག་ཕན་ཚུན་བསྣོལ་ནའང་དོན་མི་འགལ་བར་ཤེས་པར་བྱའོ། །དེ་ཡང་ཁྱད་མཚན་བཅུ་དྲུག་པོ་འདི་དག་ནི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་སོགས་པས་ཁྱད་པར་དུ་བྱས་པ་དེ་བཞིན་ཉིད་ལ་ཡང་དག་པར་དམིགས་པའི་ཡུལ་ཅན་ཡིན་པས་ཐེག་གསུམ་གྱི་སྤངས་རྟོགས་ཀུན་སྡུད་པ་སོགས་དམན་ལམ་ལས་ཆེས་འཕགས་པར་གྲུབ་པ་ཡིན་ནོ། །བྱེད་མཚན་ལ་རྒྱས་པར་བཅུ་གཅིག་སྟེ། གཞི་ཤེས་ཀྱི་བྱེད་པ་གསུམ་ནི། གནས་སྐབས་མངོན་མཐོའི་བདེ་བ་བྱེད་པ་དང་། མཐར་ཐུག་ངེས་ལེགས་ཀྱི་ཕན་པ་བྱེད་པ་དང་། མྱང་འདས་ལ་འགོད་པའི་སྒོ་ནས་སྡུག་བསྔལ་མཐའ་དག་ལས་གཏན་དུ་སྐྱོབ་པ་སྟེ་ཕན་བདེ་སྐྱོབ་གསུམ་བྱེད་པ་ནི། གཞི་ཕུང་སོགས་ལྡན་པའི་སེམས་ཅན་ལ་བྱེད་ལས་དེ་དག་འཇུག་པའི་ལྡོག་ཆ་ནས་སོ། །ལམ་ཤེས་སྦྱོར་བའི་བྱེད་མཚན་བདུན་ནི། སྐྱེ་འགག་མེད་པར་རྟོགས་པའི་ལམ་གྱིས་གནས་ཀྱི་བྱ་བ་བྱེད་དེ་དངོས་པོར་འཛིན་པའི་རྒྱུས་སྡུག་བསྔལ་བའི་སེམས་ཅན་རྣམས་ལ་དབུགས་འབྱིན་པའི་གནས་སུ་གྱུར་པའི་ཕྱིར་རོ། །མཚན་མའི་རྟོག་པས་ཟིན་ཅིང་མནར་བ་རྣམས་ལ་བླང་དོར་མེད་པར་རྟོགས་པའི་ལམ་གྱིས་དཔུང་གཉེན་བྱེད་པ་དང་། རྟག་ཆད་སྲིད་ཞིའི་མཐའ་འགོག་པས་ཆུ་བོའི་དབུས་ཀྱི་གླིང་ལྟ་བུའི་བྱ་བ་བྱེད་པ་དང་། གནས་སྐབས་དང་མཐར་ཐུག་གི་དོན་གཉིས་གྲུབ་པའི་སྐམ་སར་ཡོངས་སུ་འདྲེན་པར་བྱེད་པ་དང་། དམིགས་པ་མེད་པས་གཞན་དོན་རྩོལ་མེད་ལྷུན་གྱིས་གྲུབ་པར་བྱེད་དོ། །ཡང་གཞན་དོན་དུ་ཐེག་གསུམ་གྱིས་ངེས་པར་འབྱུང་ཡང་རང་དོན་དུ་དེའི་འབྲས་བུ་མངོན་སུམ་མི་བྱེད་པ་དང་བདུན་ཡིན་ལ། རྣམ་མཁྱེན་གྱི་བྱེད་མཚན་གཅིག་ནི་རྟེན་གྱི་མཛད་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་ཐོབ་ནས་དེ་ཉིད་ཕྱོགས་དུས་ཀྱི་འགྲོ་བ་མ་ལུས་པའི་གནས་སྐབས་དང་མཐར་ཐུག་གི་དོན་ཀུན་ཡིད་བཞིན་རྗེས་སུ་འཇོ་བའི་རྟེན་དུ་གྱུར་པ་སྟེ། དེ་ཡང་ཆོས་ཐམས་ཅད་རྣམ་མཁྱེན་གྱི་ངང་ཚུལ་ལས་མི་འདའ་བར་མངོན་པར་བྱང་ཆུབ་པའི་བདག་ཉིད་དུ་གཟིགས་པ་ལས་ནམ་ཡང་མི་གཡོ་བཞིན་དུ་འབད་རྩོལ་མེད་པར་དུས་ཀུན་ཏུ་རྟག་པ་དང་། ཕྱོགས་ཐམས་ཅད་དུ་ཁྱབ་པའི་ཕྲིན་ལས་ཀྱི་འཇུག་པས་འགྲོ་བ་རྣམས་གནས་སྐབས་ལམ་གྱི་རྟེན་དང་ལམ་ལ་འགོད་ཅིང་། མཐར་ཐུག་མི་གནས་པའི་མྱང་འདས་བྱང་ཆུབ་ཆེན་པོའི་ཚུལ་ལ་འགོད་པའི་རྟེན་དུ་གྱུར་པའོ། །སྐབས་འདིར་བྱེད་མཚན་སྟོན་པའི་མདོ་ནི་དེ་ལྟར་སྤྱོད་པ་ལེགས་མཚོ་སོགས་ཚིགས་བཅད་གཅིག་སྟེ། འགྲོ་བ་རྣམས་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ལ་འགོད་པའི་སྒོ་ནས་སྐྱོབ་པ་ནི་གཞི་ཤེས་ཀྱི་བྱེད་མཚན་ཏེ། ཕན་བདེ་གཉིས་ལོགས་སུ་མ་བཤད་ཀྱང་དེར་འདུའོ། །དཔུང་གཉེན་ལ་སོགས་པ་རང་ཚིག་རང་རང་གིས་གསལ་ལ། འབྲས་བུ་མངོན་དུ་མི་བྱེད་པ་དོན་འདོད་པ་ཞེས་གཞན་དོན་འདོད་པ་དང་། དེ་ཡང་གསལ་བྱེད་སྒྲོན་མ་ཆོས་མཆོག་སྨྲ་བ་ཞེས་པས་གཞན་ཕན་ལྷུར་བྱེད་པ་བསྟན། མི་འཁྲུགས་ཞེས་པས་སྤྲོས་པའམ་འབད་རྩོལ་གྱིས་མི་གཡོ་བར་བསྟན་ཏོ། །དེ་ལ་སྣང་བྱེད་དམ་གསལ་བྱེད་ནི་གང་ཟག་གི་བདག་མེད་སྟོན་པ། སྒྲོན་མ་ཆོས་བདག་མེད་སྟོན་པ། ཆོས་མཆོག་སྨྲ་བ་ཡང་དག་རིག་པ་བཞི། མི་འཁྲུགས་པ་མི་འཇིགས་པ་བཞིའམ་སྤོབས་པའི་གཏེར་བརྒྱད་དང་ལྡན་པའོ། །ཕན་དང་མི་ཕན་ཤེས་པའི་བློ་གྲོས་ཀྱང་མདོ་འདིར་གསུངས་ཏེ། འདི་རྣམས་སྦྱོར་བ་བསྒོམས་པ་ལས་འབྱུང་བར་བྱེད་པའོ། །ངོ་བོ་ཉིད་མཚན་ལ་རྒྱས་པར་བཅུ་དྲུག་སྟེ། གཞི་ཤེས་ཀྱི་བཞི་ནི། ཆགས་སོགས་ཉོན་མོངས་པས་དབེན་པ་དང་། ཉོན་མོངས་དེའི་རྟགས་སྒོ་གསུམ་གྱི་གནས་ངན་ལེན་གྱིས་དབེན་པ་དང་། ཉོན་མོངས་དེའི་རྒྱུ་ནི་མཚན་མ་སྟེ་གཙང་བ དེ་རྟག་བདག་གི་རྟོག་པས་དབེན་པ་དང་། མི་མཐུན་ཕྱོགས་ཉོན་མོངས་དང་གཉེན་པོ་ཉོན་མོངས་མེད་པ་ལ་དེར་ཞེན་གྱིས་དབེན་པ་སྟེ་དེ་ཡང་སྔ་མ་གསུམ་ཉོན་སྒྲིབ་ཀྱིས་དབེན་པ་དང་། ཕྱི་མ་གཅིག་ཤེས་སྒྲིབ་ཀྱིས་དབེན་པའི་དབང་དུ་བྱས་པའོ། །ལམ་ཤེས་ཀྱི་ལྔ་སྟེ་དོན་དམ་པར་སེམས་ཅན་མ་དམིགས་ཀྱང་ཀུན་རྫོབ་ཏུ་དེ་བསྒྲལ་བའི་གོ་བགོ་བས་བྱ་དཀའ་བ་དང་། ལམ་དམན་པར་མི་ལྟུང་བར་ཐེག་ཆེན་ལམ་དུ་ངེས་པ་དང་། ཆེད་དུ་བྱ་བ་ཆེན་པོ་གསུམ་དོན་དུ་གཉེར་བ་དང་། ཡུལ་སྒོམ་པའི་འཁོར་གསུམ་མི་དམིགས་པ་དང་། ཡུལ་ཅན་གཟུགས་ནས་རྣམ་མཁྱེན་བར་ལ་མངོན་པར་ཞེན་པ་མཐའ་དག་བཀག་པ་དང་ལྔའོ། །རྣམ་མཁྱེན་གྱི་བདུན་ཏེ་མཁྱེན་གསུམ་གྱི་ཡུལ་མཐའ་དག་གི་དེ་བཞིན་ཉིད་ལ་དམིགས་པ་དང་། དངོས་དངོས་མེད་ཀྱི་འཛིན་པ་ཀུན་སྤངས་པས་འཇིག་རྟེན་ཀུན་དང་མི་མཐུན་པ་དང་། ཤེས་བྱའི་ཆོས་ཀུན་ལ་ཡེ་ཤེས་ཀྱི་གཟིགས་པ་ཐོགས་པ་མེད་པ་དང་། གཟུང་བ་དང་འཛིན་པའི་ངོ་བོར་རྟོགས་བྱའི་གཞི་མེད་པ་དང་། དེ་བཞིན་ཉིད་ཀྱི་ངོ་བོས་གོང་ནས་གོང་དུ་འབྲས་བུར་འགྲོ་བ་མེད་པ་དང་། རྒྱུ་མེད་པས་རང་གི་ངོ་བོས་སྐྱེ་བ་མེད་པ་དང་། མཐའ་བཞིར་དམིགས་སུ་མེད་པས་དེ་བཞིན་ཉིད་ཙམ་དུའང་མི་དམིགས་པ་དང་བདུན་ནོ། །མདོ་འདིར་ནི་གཞི་ཤེས་ཀྱི་བཞི་པོ་ལོགས་སུ་མ་བསྟན་ཏེ། ལམ་ཤེས་ཀྱི་མི་དམིགས་པ་དང་མངོན་ཞེན་བཀག་པར། ཕྱི་མ་གཉིས་འདུ་ལ་སྔ་མ་གཉིས་དེའི་ཡོན་ཏན་ཡིན་པར་དོན་གྱིས་འདིར་འདུས་པས་སོ། །ལམ་ཤེས་ཀྱི་ལྔ་ནི། གྲགས་ཆེན་ལྡན་རྣམས་བྱ་དཀའ་སོགས་ཚིགས་བཅད་གཉིས་ཏེ། དེ་ལ་རྐང་པ་དང་པོས་བྱ་དཀའ་བ། གཉིས་པས་མི་དམིགས་པ། གསུམ་པས་མངོན་ཞེན་བཀག་པ། བཞི་པས་མི་ལྡོག་པ་ཞེས་པས་མཐར་འབྲས་ཆེན་པོ་གསུམ་ལྡན་རྣམ་མཁྱེན་ལས་མི་ལྡོག་པ་དང་། གཡོ་བ་མེད་ཅིང་མི་འཁྲུགས་ཆོས་ཅན་ཞེས་པས་གནས་སྐབས་རང་ལམ་ལས་གཡོ་བ་མེད་ཅིང་སྡིག་གྲོགས་སོགས་རྐྱེན་གྱིས་ཀྱང་མི་འཁྲུགས་པའི་ཆོས་ཅན་ཡིན་ཞེས་སོ། །ཚིགས་བཅད་ཕྱི་མས་དེའི་རྒྱུ་མཚན་གསུངས་ཏེ། ཅི་ཕྱིར་མི་གཡོ་ཞེ་ན་དེ་དག་འདི་འདྲའི་སོགས་རྐང་པ་གཉིས་ཀྱིས་བཤད་ཅིང་། ཅི་ཕྱིར་མི་ལྡོག་པ་ཤེས་རབ་ཕ་རོལ་ཕྱིན་པ་ཐོས་ནས་སོགས་རྐང་པ་གཉིས་ཀྱིས་བཤད་པར་མཛད་དོ། །རྣམ་མཁྱེན་གྱི་ངོ་བོ་ཉིད་མཚན་ནི། འདྲེན་པ་རྣམས་ཀྱི་ཆོས་འདི་ཟབ་སྟེ་སོགས་ཚིགས་བཅད་གཅིག་གིས། ཟབ་སྟེ་ཞེས་པས་དེ་བཞིན་ཉིད་དུའང་མི་དམིགས་པར་བསྟན། མཐོང་བར་དཀའ་ཞེས་པས་གཞི་མེད་བསྟན། སུས་ཀྱང་རྟོགས་པ་མེད་ཅེས་པས་ལམ་འགྲོ་མེད། ཐོབ་པ་མེད་ཅེས་པས་འབྲས་བུ་སྐྱེ་མེད་བསྟན། ཚུལ་དེ་ལྟ་བུ་གཞན་གྱིས་རྟོགས་དཀའ་བའི་ཕྱིར་ཆོས་སྟོན་པ་ལ་ཐུགས་ཁྲལ་ཆུང་ངུའི་ཚུལ་མཛད་ཅེས་སོ། །མི་མཐུན་པ་ནི། སེམས་ཅན་རྣམས་ནི་སོགས་ཤོ་ལོ་ཀ་གཅིག །གཞི་ལམ་འབྲས་བུའི་དེ་བཞིན་ཉིད་ལ་དམིགས་པ་ནི། ནམ་མཁའི་ཁམས་ནི་སོགས་དཔེ་དོན་གྱི་ཚིགས་བཅད་གཉིས་ཀྱིས་བསྟན། དེ་ལྟར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གཟིགས་པས་ཆོས་ཅན་ཇི་སྙེད་པ་ཀུན་ལ་གཟིགས་པ་ཐོགས་མེད་དུ་འཇུག་པ་ནི་དོན་གྱིས་ཤེས་ཏེ། བདེན་གཉིས་དབྱེར་མེད་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །མདོ་རྒྱས་པར་འགྲོ་བ་མེད་པར་བསྟན་པའི་སྐབས་འདིར་འཇིག་རྟེན་གྱི་ཁམས་གཡོས་སོ་རབ་ཏུ་གཡོས་སོ་སོགས་རྣམ་པར་འགྱུར་བ་དྲུག་དང་མཚན་མ་ཆེན་པོ་བཅོ་བརྒྱད་བྱུང་སྟེ། རྣམ་པ་དྲུག་ནི། གཡོ་བ། མཐོ་བ། དམའ་བ། སྟེང་དུ་འགྲོ་བ། འོག་ཏུ་འགྲོ་བ། སྒྲ་རྗེས་སུ་སྒྲོགས་པ་དྲུག་ཡིན་ལ། དེ་དག་ལ་རིམ་པ་བཞིན་གཡོ་བ་འགུལ་བ་ལྡེག་པ་ཆེམ་པ་འཁྲུགས་པ་འུར་བ་ཞེས་བྱ་ལ། དེ་རེ་རེ་བཞིན་ཆུང་འབྲིང་ཆེན་པོས་དབྱེ་བས་བཅོ་བརྒྱད་ལ་ལྟས་སམ་མཚན་མ་བཅོ་བརྒྱད་ཅེས་བྱའོ། །རྒྱུད་ལ་བསྐྱེད་བྱ་ཐར་པ་ཆ་མཐུན་ནི། མཚན་མ་མེད་པའི་སྒོ་ནས་ལམ་དང་འབྲས་བུའི་བར་གྱི་ཆོས་ཡང་དག་པར་སྒྲུབ་པ་ལ་མཁས་པ་ཐར་པ་ཆ་མཐུན་ནམ་ཚོགས་ལམ་གྱི་གནས་སྐབས་ཡིན་ལ། དེ་ཡང་སངས་རྒྱས་དང་བྱང་སེམས་ཀྱི་ཟག་མེད་ཀྱི་ཕུང་པོ་ལ་བདེན་པར་མ་ཞེན་པའི་ཚུལ་གྱིས་དམིགས་པའི་དད་པ་སོགས་ཁྱད་པར་ཅན་གྱི་དབང་པོ་ལྔའི་བདག་ཉིད་ཅན་ཡིན་ལ། མདོ་རྒྱས་པར་ནི། དད་པ་སྟོན་པའི་མདོ། སངས་རྒྱས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་མཚན་མ་མེད་པར་ཡིད་ལ་བྱེད་ཀྱང་མཚན་མར་ཡིད་ལ་མི་བྱེད་དེ་འདི་མ་སྣད་མ་སྨས་པར་སངས་རྒྱའོ་ཞེས་སྣད་པ་ཉན་རང་གི་ལམ་དུ་ལྷུང་བ། སྨས་པ་བྱང་སེམས་ཀྱི་ལམ་ལས་ཅུང་ཟད་ཉམས་པའོ། །དེ་བཞིན་དུ་བརྩོན་འགྲུས་ནི་སྦྱིན་སོགས་ལ་མཚན་མར་མི་འཛིན་པས་བསྟན། དྲན་པ་ནི་ཤེར་ཕྱིན་དང་ཐབས་མཁས་མ་བྲལ་བའི་བསམ་པ་ཅན་བྱང་ཆུབ་ལ་ཐེ་ཚོམ་མེད་པ་ཞེས་པས་བསྟན། ཏིང་འཛིན་ནི་གང་གིས་འཚང་རྒྱ་བ་གང་སངས་རྒྱས་པའི་གཟུགས་སམ་སོགས་ཀྱིས་བསྟན། ཤེས་རབ་ནི། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རྟོགས་པར་ཡང་བྱ་བ་དང་ཆོས་དེ་དག་མ་མཆིས་ཤིང་སོགས་ཀྱིས་བསྟན་ཏོ། །མདོ་འདིར་ནི། བདེ་གཤེགས་བྱང་ཆུབ་སོགས་ཤོ་ལོ་ཀ་གསུམ་གྱིས་ཏེ། བྱ་ལ་གཤོག་པ་ཟུང་དུ་མ་ལྡན་ན་འཕུར་བར་བརྩམས་ཀྱང་ཉམས་ཉེས་པར་འགྱུར་ལ་གཤོག་པ་ཟུང་དུ་ལྡན་ན་གང་འདོད་དུ་འཕུར་ནུས་པ་བཞིན། ཐབས་སངས་རྒྱས་ལ་དམིགས་པའི་དད་སོགས་བཞི་དང་ཤེས་རབ་ཕར་ཕྱིན་ཟུང་དུ་ལྡན་ན་བདེ་བར་གཤེགས་པའི་བྱང་ཆུབ་ཐོབ་ལ། ཐབས་ཤེས་དང་བྲལ་ན་མི་ཐོབ་པར་བསྟན་ཏེ། དེའི་ཕྱིར་དད་སོགས་ལྔ་པོ་འདི་ཅི་ཙམ་རྣོ་བ་བཞིན་བླ་མེད་བྱང་ཆུབ་ཀྱི་དོན་རྟོགས་པ་མྱུར་བ་ཡིན་ནོ། །དེ་ནས་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་སྒོམ་རིམ་ངེས་འབྱེད་བཞི་བཤད་པ་ལ། སྐབས་འདིར་དྲོད་སོགས་བཞིའི་དམིགས་ཡུལ་ནི་སེམས་ཅན་ཡིན་པར་བསྟན་ཏེ། སྔར་ནི་མཉམ་བཞག་གི་རྟོགས་པ་གཙོ་བོར་བྱས་པས་དྲོད་སོགས་ཀྱི་དམིགས་པ་སྟོང་པ་ཉིད་ཀྱིས་ཁྱད་པར་དུ་བྱས་ལ། འདིར་རྗེས་ཐོབ་གཙོ་བོར་བྱས་ནས་སྙིང་རྗེའི་ཡུལ་སེམས་ཅན་དམིགས་པར་བཞག་པའི་ཕྱིར་རོ། །དེ་ཡང་མཉམ་བཞག་ཏུ་སྟོང་པ་ཉིད་ལ་གོམས་པའི་ལག་རྗེས་སུ་རྗེས་ཐོབ་ན་སྙིང་རྗེའི་ཤུགས་དང་གཞན་ཕན་གྱི་འཇུག་པ་ཆེར་འཕེལ་བ་ནི་འདི་ལྟར། དྲོད་ཆུང་ངུའི་སྐབས་སུ་སེམས་ཅན་རྣམས་ལ་ཆགས་སྡང་གིས་རིས་སུ་མ་བཅད་པར་མཉམ་པའི་སེམས་དང་། ད་ལྟ་ཕན་པ་བསྒྲུབ་པ་བྱམས་པའི་སེམས་གཉིས་འབྱུང་ངོ་། །དྲོད་འབྲིང་དུ། མ་འོངས་པའི་ཕན་པ་སྒྲུབ་འདོད་ཕན་པའི་སེམས་དང་། རང་རྒྱུད་ཀྱི་ང་རྒྱལ་བཅོམ་པས་གཞན་བདེ་ལ་ཁོང་ཁྲོ་བ་མེད་པའི་སེམས་དང་། གཞན་ལ་ཐོ་མི་བརྩམས་པས་རྣམ་པར་འཚེ་བ་མེད་པའི་སེམས་གསུམ་འབྱུང་ངོ་། །དྲོད་ཆེན་པོའི་རྗེས་ཐོབ་ཏུ་སྐྱེས་པ་དང་བུད་མེད་རང་ལས་རྒན་པ་ལ་ཕ་ད ང་མའི་སེམས་དང་། མཉམ་པ་ལ་སྤུན་ཟླ་དང་སྲིང་མོའི་སེམས་དང་། གཞོན་པ་ལ་བུ་དང་བུ་མོའི་སེམས་དང་། ཕན་འདོགས་པའི་བཤེས་དང་ཡིད་བརྟན་པའི་གྲོགས་ཀྱི་སེམས་དང་། ཕ་རུས་གཅིག་པའི་གཉེན་དང་མའི་རུས་གཅིག་པའི་སྣག་གི་གཉེན་ཚན་གྱི་སེམས་ཏེ་ཟུང་ལྔ་འབྱུང་ངོ་། །རྩེ་མོ་ཆུང་ངུའི་དམིགས་པ་ཡུལ་སེམས་ཅན་ལ་དམིགས་ནས་དེའི་ཆེད་དུ་བདག་ཉིད་སྡིག་པ་ལས་ལྡོག་ཅིང་གཞན་དེ་ལ་འགོད་ལུས་པ་དང་བསྔགས་ངག་པ་དང་མཐུན་ཡིད་པར་བྱེད་པ་དང་། འབྲིང་གི་སྐབས་སུ་རང་སྦྱིན་སོགས་ལ་གནས་ནས་གཞན་དེ་ལ་འགོད་པ་སོགས་དང་། ཆེན་པོ་རང་སྟོང་རྟེན་འབྲེལ་ཟབ་མོའི་དོན་ལ་གནས་ནས་གཞན་འགོད་པ་སོགས་སོ། །བཟོད་ཆུང་རང་བདེན་བཞི་ཤེས་སྤང་མངོན་བྱེད་བརྟེན་པ་ལ་གནས་ནས་གཞན་དེ་ལ་འགོད་བསྔགས་མཐུན་པར་བྱེད་པ་དང་། འབྲིང་པོར་རང་རྒྱུན་ཞུགས་སོགས་ཀྱི་འབྲས་བུ་སྒྲུབ་ཚུལ་ཤེས་ཀྱང་མངོན་དུ་མི་བྱེད་པ་ལ་གནས་ནས་གཞན་དེའི་རིགས་ཅན་དེ་ལ་འགོད་སོགས་དང་། ཆེན་པོ་རང་བྱང་སེམས་ཀྱི་མཐོང་ལམ་བསྐྱེད་པའི་རྒྱུད་དམ་ཚུལ་ལ་གནས་ནས་གཞན་དེ་ལ་འགོད་སོགས་སོ། །ཆོས་མཆོག་ཆུང་ངུ་རང་སེམས་ཅན་སྨིན་པར་འདོད་པ་དང་ཞིང་སྦྱོང་བ་ལ་གནས་ནས་གཞན་དེ་ལ་འགོད་སོགས་དང་། འབྲིང་པོ་རང་བྱང་སེམས་ཀྱི་མངོན་ཤེས་བསྐྱེད་པ་ལ་གནས་ནས་གཞན་དེ་ལ་འགོད་སོགས་དང་། ཆེན་པོ་རང་རྣམ་མཁྱེན་བསྐྱེད་པ་དང་བག་ཆགས་ཀྱི་མཚམས་སྦྱོར་སྤོང་བ་ལ་གནས་ནས་གཞན་ཡང་ཚུལ་དེ་ལ་ལུས་ཀྱིས་འགོད། ངག་གིས་བསྔགས་པར་བྱེད། ཡིད་ཀྱིས་མཐུན་པར་བྱེད་པ་སྟེ། ཤེས་རབ་དང་སྙིང་རྗེ་ཁྱད་པར་གོང་དུ་འཕེལ་བ་ལས་དེ་ལྟར་རླབས་ཆེ་ཆུང་དུ་སྣང་བ་ནི་གཙོ་ཆེ་བའི་སྒོ་ནས་བཞག་པའོ། །དེ་ལྟར་རྒྱས་པར་བསྟན་པ་དག་སྐབས་འདིར། སངས་རྒྱས་ཐེག་པ་འདི་ལ་ངེས་པར་སོགས་ཚིགས་བཅད་གཅིག་གིས་ཏེ། སེམས་སྙོམས་པ་དང་ཕ་མའི་འདུ་ཤེས་སོགས་དངོས་སུ་བསྟན་པས་མ་བཤད་པ་གཞན་དོན་གྱིས་འཕང་ལ། སངས་རྒྱས་ཐེག་པ་འདི་ལ་ངེས་པར་འབྱུང་འདོད་ཅེས་པས། རང་དགེ་བཅུ་དང་ལམ་ལ་གནས་ནས་གཞན་འགོད་པར་དོན་གྱིས་བསྟན་ཏོ། །ད་ནི་སྦྱོར་བ་སྒོམ་པའི་གང་ཟག་གི་དབང་དུ་བྱས་ཏེ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་ཁྱད་པར་བཤད་པ་ལ། རྟགས་ཅན་གྱི་གང་ཟག་ནི་སྦྱོར་ལམ་བཞི་དང་མཐོང་ལམ་སྒོམ་ལམ་གང་རུང་ལ་གནས་པའོ། །དེ་ཡང་སྤྱིར་དབང་རྣོན་ཚོགས་ལམ་ནས་ལམ་མ་གོལ་བར་འགྲོ་བ་ཡོད་པས་དེ་དུས་ནས་ཀྱང་ཕྱིར་མི་ལྡོག་པ་ཡོད་ལ། ཁྱད་པར་ཐེག་པ་ཆེན་པོའི་ལམ་གྱི་རྩེ་མོའམ་བཟོད་པ་ཐོབ་ནས་ཕྱིར་མི་ལྡོག་ངེས་ཀྱང་འདིར་ཕྱིར་མི་ལྡོག་པའི་རྟགས་ལས་ཕྱིར་མི་ལྡོག་པར་ངེས་ནུས་པ་ལས་བཞག་སྟེ། རང་དང་གཞན་གྱིས་རྟགས་ཀྱི་སྒོ་ནས་ངེས་མ་ནུས་ན་དོན་ལ་ཕྱིར་མི་ལྡོག་ཀྱང་ཕྱིར་མི་ལྡོག་པར་འཇོག་བྱེད་མ་རྙེད་པས་དེའི་མིང་མི་ཐོབ་བོ། །དེས་ན་དབང་རྣོན་དྲོད་ནས་དང་། འབྲིང་པོ་མཐོང་ལམ། དབང་པོ་ཇི་ལྟར་རྟུལ་ཡང་ས་བརྒྱད་པ་ནས་རྟགས་ཐོབ་ངེས་པས་ན། དྲོད་ནས་ས་བརྒྱད་པའི་བར་གྱི་རྟགས་དེ་དག་བཤད་དོ། །དེ་ལྟར་ཡང་མདོ་ལས་རྣམ་པ་དང་རྟགས་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་གཟུང་བར་བྱའོ་ཞེས་གསུངས་པས། རྣམ་པ་ནི་མེའི་ཚ་བ་དང་དམའ་འབར་བ་ལྟ་བུ་སྟེ་བྱང་སེམས་དེའི་རྒྱུད་ཀྱི་ཡོན་ཏན་ཁྱད་པར་ཅན་མཐོང་བའོ། །རྟགས་ནི་འབྲས་བུ་སྟེ་དུ་བ་ལས་མེར་ཤེས་པ་ལྟར་དེའི་རྒྱུད་ལ་ཡོན་ཏན་ཁྱད་པར་ཅན་ཡོད་པའི་འབྲས་བུ་བདེན་པའི་ཚིགས་གྲུབ་པ་ལ་སོགས་པ་ལྟ་བུའོ། །མཚན་མ་ནི་རྒྱུ་ལས་རྗེས་སུ་དཔག་སྟེ་མ་འོངས་པ་ན་ཡོན་ཏན་ཁྱད་པར་ཅན་ཐོབ་པའི་མཚན་མར་བཟུང་བ་སྟེ། དཔེར་ན་བུད་ཤིང་དང་མེ་ལྕགས་མེ་རྡོ་སྐྱེས་བུའི་རྩོལ་བ་རྣམས་ཚོགས་པ་ལས་མེ་འབྱུང་ངེས་སོ་སྙམ་དུ་ཤེས་པ་བཞིན་ནོ། །རྒྱུ་ལ་གེགས་བྱེད་པ་སྲིད་པས་ན་རྒྱུ་ཙམ་གྱིས་འབྲས་བུ་མི་དཔོག་སྙམ་ན་སྤྱིར་བདེན་ཡང་། ཕྱི་ནང་གི་ཡོངས་སུ་འཛིན་པ་ཁྱད་པར་ཅན་གྱིས་ཟིན་པའི་བྱང་སེམས་ཀྱིས་སྤྱོད་པ་ཕུལ་དུ་བྱུང་བ་ནི་སྟོབས་དང་ལྡན་པས་གེགས་གང་གིས་ཀྱང་བརྫི་མི་ནུས་པས་རང་འབྲས་ཐོབ་པར་ནུས་ཏེ་དཔུང་མང་གི་མགྲོན་པོ་གང་འདོད་པའི་གནས་སུ་བདེ་བར་ཕྱིན་ངེས་པ་དང་འཁོར་སྒྱུར་དང་སངས་རྒྱས་གཞོན་ནུའི་གནས་སྐབས་བཞིན་ནོ། །དེས་ན་རྒྱུའི་ཚོགས་པ་ཚང་བས་རང་འབྲས་ཕྱི་མ་ཕྱི་མ་བསྐྱེད་པར་ངེས་ཤིང་། དེས་བར་ཆད་ཀྱི་གོ་སྐབས་མི་འཇུག་པར་མཐར་འབྲས་ཀྱི་རྒྱུ་ཚོགས་པ་ཚང་བར་བྱེད་དོ། །དེས་ན་རྒྱུ་མཚན་གྱི་བསྟན་བཅོས་ལས་ལག་པར་འཁོར་ལོའི་རི་མོ་གསལ་བ་ལས་རྒྱལ་པོར་འགྱུར་བར་ལུང་སྟོན་པ་ལྟར། རྒྱུའི་བྱེ་བྲག་ཁྱད་པར་ཅན་ལས་མ་འོངས་འབྱུང་འགྱུར་གྱི་མཚན་མ་གསལ་བ་ལ་མཚན་མ་ཞེས་བཤད་དོ། །དེ་ཡང་ལམ་གྱི་གནས་སྐབས་ཀྱི་རྟགས་གོས་ལ་སོགས་པ་གཙང་བ་ལྟ་བུ་དེ་དག་བྱང་ཆུབ་སེམས་དཔའི་ནང་གི་བསམ་པ་ཁྱད་པར་ཅན་རང་དོན་ཞི་བ་དོན་གཉེར་གྱི་བློ་མངོན་གྱུར་ལོག་པའི་སྙིང་རྗེ་དང་། སྦྱོར་བ་ཐབས་ཤེས་ཁྱད་པར་ཅན་གྱི་རྟོག་པ་བརྟན་པོ་དང་འབྲེལ་བ་ཡིན་པ་ལས་རྟགས་སུ་ངེས་པར་འགྱུར་རོ། །དེ་ཡང་རྟགས་མང་དུ་ཡོད་ཀྱང་མདོར་བསྡུས་ཏེ་ཡུམ་གཞན་དུ་སྦྱོར་ལམ་ཕྱིར་མི་ལྡོག་པའི་རྟགས་ཉི་ཤུ། མཐོང་ལམ་གྱི་རྟགས་བཅུ་དྲུག །སྒོམ་ལམ་པའི་ཟབ་མོ་བརྒྱད་ལྡན་གྱི་ཆོས་ཉིད་རྟོགས་པ་རྣམས་སུ་ཡོད་པ་ལས། གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་པ་ལྡོག་པ་སྐྱབས་གསུམ་ལ་ཐེ་ཚོམ་མངོན་གྱུར་བ་མི་སྐྱེ་བ་སོགས་དྲོད་ལ་གནས་པ་ཕྱིར་མི་ལྡོག་པའི་རྟགས་བཅུ་གཅིག །ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་མི་འབྱུང་བ་སོགས་དྲུག་རྩེ་མོ་པའི་རྟགས་དང་། ལམ་ལས་གཞན་གྱིས་དྲངས་མི་བཏུབ་པ་དང་། ལམ་གཞན་བཅོས་མ་སྟོན་པའི་བདུད་ལ་བདུད་དུ་ཤེས་པ་གཉིས་བཟོད་པ། ཀུན་སྤྱོད་ཐམས་ཅད་དུ་སངས་རྒྱས་དགྱེས་པའི་སྤྱོད་པ་ལ་གནས་པ་ཆོས་མཆོག་པའི་རྟགས་ཏེ་ཉི་ཤུ་གསུངས་པ་ལས་འདིར། ཡོན་ཏན་རྒྱ་མཚོ་ཞེས་པ་ནས་དྲིང་མི་འཇོག་པའི་བར་གྱིས་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་གསུངས་ཏེ། གཟུགས་ལ་སོགས་པར་བདེན་ཞེན་མངོན་གྱུར་པ་ལས་ལྡོག་པས་ཐ་དད་པའི་འདུ་ཤེས་བྲལ་བ་སྟེ། དེ་ཡང་རང་རྒྱུད་ན་ཟབ་མོའི་ཆོས་དེ་ལྟ་བུ་ཡོད་པ་ནི་ཆོས་ཉིད་ཟབ་མོ་དང་མི་འགལ་བར་རིགས་པ་དང་ལྡན་པའི་ཚིག་སྨྲ་བ་ལས་ཤེས་པའོ་༡། སྐྱབས་གསུམ་ལ་ཐེ་ཚོམ་མེད་པར་ཡིད་ཆེས་པས་བསྟན་པ་འདི་ལས་གཞན་པའི་དགེ་སྦྱོང་དང་བྲམ་ཟེ་ལ་ལམ་སྟོན་པའི་སྐྱབས་སུ་མི་བརྟེན་པ་༢། མི་དགེ་མངོན་གྱུར་སྤངས་པས་དུས་ཀུན་ཏུ་ངན་སོང་སྤང་བ་༣། རང་དགེ་བཅུ་ལ་གནས་ཤིང་གཞན་དེར་འགོད་པར་བརྩོན་པ་༤། གཞན་ལ་ཟང་ཟིང་མེད་པར་ཆོས་སྟོན་པ་སོགས་གཞན་དོན་དུ་སྦྱིན་སོགས་ལ་འཇུག་པ་༥། ཟབ་མོའི་དོན་ལ་སོམ་ཉི་མེད་པས་ཆོས་ལ་གཅིག་ཏུ་དགའ་བ་༦། དེས་མ་རིག་པ་དང་ལྟ་བའི་བག་ལ་ཉལ་ཀུན་མགོ་སྨད་པའི་སྒོ་ནས་འཇོམས་པ་ཤུགས་ལ་བསྟན་༧། རྟག་ཏུ་ཚིག་འཇམ་པོར་སྨྲ་བ་སོགས་བྱམས་པའི་ལུས་ངག་ཡིད་ཀྱི་ལས་གསུམ་དང་ལྡན་པ་༨། འགྲོ་འཆག་ཉལ་དང་འདུག་པར་དྲན་པ་དང་ཤེས་བཞིན་རབ་ཏུ་ལྡན་པ་སྟེ་ཇི་ལྟར་ན་གཉའ་ཤིང་གང་ཙམ་ལྟ་བ་སོགས་ཀྱིས་མཚོན་པའོ་༩། །དེས་སྒྲིབ་པ་རྣམ་པ་ལྔ་དང་མི་འགྲོགས་པ་ཤུགས་ལ་བསྟན་ཏོ་༡༠། ཕྱི་ནང་གི་ཀུན་སྤྱོད་གཙང་མར་བྱས་ཤིང་གཙང་མའི་གོས་སོགས་འཆང་བའོ་༡༡། །རྩེ་མོ་པ་ཕྱིར་མི་ལྡོག་པའི་རྟགས་ལུས་ལ་སྲིན་བུ་མི་འབྱུང་བ་དང་སེམས་ལ་གྱ་གྱུ་མེད་པ་ནི། སྒོ་གསུམ་དབེན་ཞིང་དག་ཅེས་པས་ཏེ་སེམས་གྱ་གྱུས་དབེན་ཞིང་ལུས་ངག་རྣམ་པར་དག་པས་སོ། །རྙེད་པ་མི་འདོད་པར་སྦྱངས་ཡོན་ལེན་པ་དང་། ཁྱུ་མཆོག་ཅེས་པས་རང་རྒྱུད་སེར་སྣ་དང་འཆལ་ཚུལ་སོགས་ཀྱི་དྲི་མ་མེད་པ་དང་། གཞན་དོན་དུ་དམྱལ་བའི་སྡུག་བསྔལ་ཀྱང་འཚོལ་བ་སྟེ་དང་དུ་ལེན་པ་གཉིས་ཀྱི་སྒོ་ནས་སྐྱེས་བུ་རྣམས་ཀྱི་ཁྱུ་མཆོག་ཏུ་གྱུར་པ་དང་། རྟག་ཏུ་ཆོས་ཤེར་ཕྱིན་འདོད་ཅིང་དེ་དང་མ་བྲལ་བར་འཇུག་པས་སྤྱོད་ལམ་ཐམས་ཅད་དུ་ཆོས་ཉིད་དང་ལྡན་པར་འགྲོ་བ་དྲུག་གོ། །བཟོད་པའི་རྟགས་གཉིས་ནི། བདུད་ཀྱི་ཡུལ་ལས་འདས་པ་དང་། གཞན་གྱི་དྲིང་ལ་མི་འཇོག་པའི་བློ་གྲོས་ཀྱི་མཐུས་གཞན་གྱིས་བཀྲི་བར་མི་བཏུབ་པ་གཉིས་སོ། །ཆོས་མཆོག་གི་རྟགས་སངས་རྒྱས་དགྱེས་པའི་སྤྱོད་པ་ནི་དངོས་སུ་མ་གསུངས་ཏེ་གོང་གི་ཡོན་ཏན་རྣམས་འཕེལ་བ་ཆོས་མཆོག་ལ་གནས་པ་ནི་སྤྱོད་ལམ་ཐམས་ཅད་སངས་རྒྱས་དགྱེས་པ་སྟེ་མ་དག་པ་རྡུལ་ཙམ་མེད་པར་དོན་གཉིས་སྒྲུབ་པའི་སྤྱོད་པ་རྨད་དུ་བྱུང་བ་ཅན་ཞིག་གོ། །ཞེས་མཆོག་ཏུ་འཕང་བར་ཤེས་པར་བྱ་ལ། ཡང་ན་བདུད་ཀྱི་ཡུལ་ལས་འདས་པས་བཟོད་པའི་རྟགས་གཉིས་ཀ་བསྡུས་ལ། གཞན་དྲིང་མི་འཇོག་པར་ཆོས་ཉིད་ཟབ་མོ་ལ་རང་བྱན་ཚུད་པ་ཆོས་མཆོག་པ་ཕྱིར་མི་ལྡོག་པའི་རྟགས་སུ་བཤད་ཀྱང་དོན་གྱིས་མི་འགལ་ལོ། །མཐོང་ལམ་ལ་ཤེས་བཟོད་ཀྱི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་ནི་མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་སུ་གསུངས་པ་ནི། མཐོང་ལམ་གྱི་ཡེ་ཤེས་རང་ཉིད་མིན་ཏེ་གཞན་ལ་རྟགས་སུ་སྣང་དུ་མི་རུང་བའི་ཕྱིར་རོ། །འོ་ན་གང་ཞེ་ན་རྒྱུ་མཉམ་བཞག་གི་ཡེ་ཤེས་ལས་འབྲས་བུ་རྗེས་ཐོབ་ན་འབྱུང་བའི་རྟགས་ཁྱད་པར་ཅན་རྣམས་སོ། །དེ་ལ་ཡེ་ཤེས་བཅུ་དྲུག་གིས་མིང་གིས་བཏགས་པ་ནི་རྒྱུ་མིང་འབྲས་བུ་ལ་བཏགས་པ་ཡིན་ལ། དེ་ལྟར་བཏགས་པའི་དགོས་པ་ནི་གདུལ་བྱ་འདུལ་བའི་དབང་མ་གཏོགས་པར་བྱང་སེམས་རྣམས་ཀྱི་རྗེས་ཐོབ་ནི་མཉམ་བཞག་དང་རྣམ་པ་ཆ་འདྲ་བར་ཤེས་པའི་སླད་དུའོ། །དེ་ལྟར་ན་མཉམ་བཞག་ཏུ་ཆོས་ཉིད་མངོན་སུམ་མཐོང་བའི་སྟོབས་ལས། རྗེས་ཐོབ་ཏུ་རྟགས་བཅུ་དྲུག་ཏུ་གསུངས་སོ། །དེའང་ཡུམ་གཞན་དང་སྐབས་འདིའི་རྟགས་མི་འདྲ་བ་འགའ་ཡོད་ཀྱང་དོན་བཅུ་དྲུག་ཏུ་འདྲ་བས་ལུགས་དེ་གཉིས་གང་ཡིན་ཡང་ཕྱིར་མི་ལྡོག་པའི་རྟགས་ཡིན་པར་ཁྱད་མེད་པས་ཕན་ཚུན་བསྟུན་མི་དགོས་ཞེས་འགྲེལ་པ་འགའ་ན་གསུངས་པ་དེ་ལྟར་ཡིན་ལ། འོན་ཀྱང་གོ་རིམ་མི་འདྲ་བ་མ་གཏོགས་ཕལ་ཆེར་དོན་ལ་ཁྱད་མེད་པར་མཐོང་ཞིང་། གོ་རིམ་ནི་གང་ལྟར་སྦྱར་ཀྱང་འགལ་བ་མེད་དེ། བཅུ་དྲུག་པོ་མཐོང་ལམ་གྱི་རྗེས་ལས་ཐོབ་པའི་འབྲས་བུར་ཁྱད་མེད་ལ། སོ་སོར་སྦྱར་བ་ནི་ལྡོག་ཆས་ཕྱེ་བའི་ཤེས་བཟོད་ཀྱི་ཡེ་ཤེས་བཅུ་དྲུག་མཚོན་པར་བྱེད་པ་ཙམ་ལས་རྒྱུ་སོ་སོས་འབྲས་བུ་སོ་སོར་བསྐྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་ཡང་བསམ་གཏན་བཞི་ལ་བསམ་གཏན་སོགས་ནས། རྣལ་འབྱོར་རབ་ཏུ་བརྩོན་ཞེས་པའི་བར་གྱིས་གསུངས་ལ། བསམ་གཏན་གཞི་ལ་བསམ་གཏན་བྱས་ཀྱང་དེར་སྐྱེ་བའི་ཡན་ལག་ཏུ་མི་བྱེད་པ། བསམ་གཏན་ལ་སོགས་པའི་ཡན་ལག་ཡོངས་སུ་ཟད་པ་ཞེས་བྱ་སྟེ། དེས་མཚོན་ནས་གཟུགས་མེད་དང་འགོག་པའི་སྙོམས་འཇུག་ཐོབ་ཀྱང་དེར་སྐྱེ་བ་དང་འཇུག་པ་མངོན་དུ་མི་བྱེད་པའང་ཡིན་ནོ་༡། །གྲགས་པ་སོགས་ཚེ་འདིའི་དོན་དང་རང་ཞི་བ་དོན་གཉེར་གྱི་འདོད་པ་མེད་པར་བླ་མེད་ལ་སེམས་བརྟན་པ་དང་༢། སེམས་ཁྲོ་བ་སོགས་ཀྱིས་ཀུན་ནས་དཀྲིས་པ་མེད་པས་སེམས་དགེ་བ་ལ་བཀོལ་དུ་བཏུབ་པས་ཡང་བ་དང་དེས་མཚོན་ནས་ལུས་ཡང་བ་དང་༣། ཁྱིམ་པར་གྱུར་ཀྱང་རྟག་ཏུ་དངོས་པོ་ཀུན་ལ་མ་ཆགས་པས་འདོད་ཡོན་ལ་སྤྱོད་པ་ནའང་དེ་ལ་མ་ཞེན་ཞིང་སེམས་ཅན་འདུལ་བའི་ཐབས་མཁས་པ་དང་ལྡན་པ་དང་༤། འཚོ་བའི་ཕྱིར་ཡང་བ་སྲོག་གཅོད་དང་ཁ་གསགས་ལ་སོགས་པས་འཚོ་བ་མི་སྒྲུབ་པ་འཚོ་བ་རྣམ་པར་དག་པ་དང་༥། སེར་སྣ་དང་ཚུལ་འཆལ་ཁོང་ཁྲོ་སོགས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་བཀག་པའི་རྟགས་སུ་དྲག་ཤུལ་སྤྱོད་པའི་སྔགས་སོགས་གཞན་ལ་གནོད་པ་མི་བྱེད་པ་དང་༦། རྟག་ཏུ་ཚངས་པར་སྤྱོད་པས་བུད་མེད་དང་འཕྲད་པའམ་སྦྱོར་བའི་སྔགས་སོགས་མི་བྱེད་པ་དང་༧། མངོན་པར་ཤེས་པ་ཐོབ་ཀྱང་རང་བསྒྲགས་པའི་ཕྱིར་འདོད་པའི་ལས་ཅན་ཕོ་མོར་འགྱུར་བ་སོགས་ལུང་མི་སྟོན་པ་དང་༨། ཆོས་རྡུལ་ཙམ་མ་དམིགས་པས་རབ་ཏུ་དབེན་པ་ཤེར་ཕྱིན་ལ་བརྩོན་པ་དང་༩། རྟག་ཏུ་འཐབ་རྩོད་དང་བྲལ་ལ་བྱམས་པའི་སེམས་བརྟན་པས་ཐེག་པ་དམན་པ་ལས་ལོག་པ་དང་༡༠། ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཉིད་ཐོབ་པར་འདོད་པ་དང་༡༡། དེ་ཐོབ་པའི་རྒྱུ་བསྟན་པ་ལ་རྟག་ཏུ་གཞོལ་བའི་སེམས་དང་ལྡན་པ་དང་༡༢། དགེ་རྩ་ཁྱད་པར་ཅན་གྱི་སྟོབས་ཐོབ་པས་ཆོས་མི་དར་བ་མཐའ་འཁོབ་ཀླ་ཀློའི་ཡུལ་རྣམ་པར་སྤངས་པ་དང་༡༣། རང་གིས་ཏེ་མཁྱེན་གསུམ་གྱི་གནས་ལ་ཡིད་ཆེས་པའི་ངེས་པ་ཉིད་ཐོབ་ནས་དོགས་མེད་རྟག་ཏུ་རི་རབ་དང་འདྲ་བ་དང་༡༤། ཆོས་ཀྱི་ཕྱིར་སྲོག་འདོར་བ་ལ་མི་ནུས་པ་མེད་པ་དང་༡༥། རྟག་ཏུ་རྣལ་འབྱོར་ཟབ་མོ་ལ་བརྩོན་པས་ཐ་མལ་གཟུགས་སུ་མངོན་ཞེན་གྱི་འདུ་ཤེས་ལྡོག་པ་སྟེ་བཅུ་དྲུག་གོ། །དེ་ཡང་མདོ་གཞན་དུ་ཕུང་ཁམས་རྟེན་འབྲེལ་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བས་གནས་པ་བཀག་པ་དང་། རྐུན་པོའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་མི་གནས་པ་དང་ཞེས་པ། དགེ་བའི་ནོར་འཕྲོག་པའི་རྐུན་པོ་སྟེ་བར་ཆད་ཀྱི་ཕྱོགས་ལ་རྐུན་པོའི་མིང་གིས་བསྟན་པའོ། །དེ་བཞིན་དུ་དམག་གི་སྒྲས་སྦྱིན་པ་སོགས་ཚོགས་ཀྱི་དཔུང་ལ་མང་ཉུང་དུ་ཞེན་པ་དང་། གྲོང་གི་སྒྲས་དབང་པོ། གྲོང་ཁྱེར་གྱིས་དབང་རྟེན། གྲོང་རྡལ་གྱིས་དབང་ཡུལ། རྒྱལ་བློན་གྱི་སྒྲས་བདག་དང་བདག་གི་བ། གཡུལ་འགྱེད་པའི་གཏམ་ཞེས་པས་སྤང་གཉེན་སྤྲད་པ་བསྟན་ལ། འདི་རྣམས་ལ་གཏམ་ཞེས་པས་མིང་ཙམ་ལས་དོན་མ་གྲུབ་པ་ལ་དེར་ཞེན་མི་བྱ་བའི་སླད་དུ་བསྟན་ཏོ་ཞེས་བཤད་ལ། མངོན་ཞེན་མེད་པའི་གནད་ཀྱིས་དངོས་བསྟན་གྲོང་སོགས་དང་མཚོན་དོན་དབང་པོ་སོགས་ཀྱི་མངོན་འདོད་ཞིག་པས་དེ་གཏམ་དུ་ཡང་ཡང་སྨྲ་ཞིང་ལུས་ཀྱིས་དེའི་ཆེད་དུ་འཇུག་པ་ལྷུར། མི་བྱེད་པ་ཡང་དོན་གྱིས་བསྟན་ཏམ་སྙམ་སྟེ། གཏམ་ཞེ་འདོད་ཀྱི་རྗེས་སུ་བྱེད་པས་ནང་གི་རྣམ་པ་མཚོན་པའི་རྟགས་ཡིན་པའི་ཕྱིར་རོ། །སྦྱོར་བ་དང་རྗེས་སྦྱོར་ནི་ཡུལ་དེ་ལ་མངོན་ཞེན་གྱི་སྦྱོར་བ་ལ་གནས་པ་དང་། དེ་ལ་རྒྱུན་དུ་ཞེན་ནས་རྗེས་སུ་སྦྱོར་བས་གནས་པ་ཡིན་ལ་དེ་དག་མེད་པར་བསྟན་པའོ། །དེ་རྣམས་འདིར་མ་གསུངས་ལ་འདིར་ནི་དེའི་དོད་དུ་དྲག་ཤུལ་སྤྱོད་སྔགས་མི་བྱེད་པ་སོགས་གཞན་གསུངས་པ་རྣམས་ནི་དབྱེ་བསྡུའི་ཁྱད་པར་ཇི་ལྟར་བྱས་ཀྱང་དོན་ལ་རྟགས་སུ་འདྲ་བར་ཤེས་པར་བྱའོ། །དེ་ནས་སྒོམ་ལམ་གྱི་ཕྱིར་མི་ལྡོག་པའི་རྟགས་བཤད་པ་ལ། རྟགས་ཅན་སྒོམ་ལམ་དང་དེའི་རྟགས་གཉིས། དང་པོ་ལ་རྒྱས་པར་སྒོམ་ལམ་གྱི་ངོ་བོ། ངེས་ཚིག་གམ་རྒྱུ་མཚན། རབ་དབྱེ་གསུམ་གྱིས་གསུངས་པའི་དང་པོ་སྐབས་འདིར་གཟུགས་དང་ཚོར་དང་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། གཟུགས་སོགས་ཀྱི་རང་བཞིན་ནི་དམིགས་པའི་ཚུལ་གྱིས་གཏིང་ངམ་གནས་མི་རྙེད་པས་ཟབ་པ་སྟེ་སྟོང་པ་ཡིན་ལ། དེའི་ཕྱིར་དེ་ལ་དམིགས་པའི་བློ་སྐྱེད་པའི་མཚན་མ་མེད་ཅིང་། དེས་ན་དེ་ལ་བརྟེན་པའི་ཡུལ་ཅན་སྐྱེ་བ་རབ་ཏུ་ཞི་བ་རྣམ་ཐར་གསུམ་ལྡན་གྱི་རང་བཞིན་དུ་གནས་པ་དེ་ནི་སྒྲོ་སྐུར་དང་བྲལ་བའི་དེ་ཁོ་ཉིད་ཡིན་ལ། དེ་ལ་རྗེས་སུ་སོན་པའི་སྒོམ་ལམ་གྱི་ཡེ་ཤེས་ཀྱང་དེ་ལྟར་ཟབ་པའོ། །དེ་ཡང་འདིར་ཟབ་མོར་འཇོག་པ་ངེས་ཚིག་གི་སྒོ་ནས་བཤད་དེ། ངེས་འབྱེད་ཡན་ལག་གི་སྐབས་ནས་དེ་ཁོ་ན་ཉིད་ལ་སྒྲོ་འདོགས་བཅད་དེ་ཡང་ནས་ཡང་དུ་སེམས་པ་དང་། མཐོང་ལམ་དུ་དེ་ཁོ་ན་ཉིད་མངོན་སུམ་འཇལ་བ་ཡིན་ལ། སྒོམ་ལམ་རྟོགས་ཟིན་ཡང་ཡང་གོམས་པས་སྔར་ལས་ཇེ་བས་ཇེ་ཟབ་ཏུ་སོང་ནས་ཆེས་ངེས་པར་རྟོགས་པ་ཡིན་པས་ན། འདིའི་རྟོགས་པ་ལ་ཟབ་པར་བཞག་སྟེ་མཐོང་ཟིན་གོམས་པའི་ལམ་ཡིན་པས་སོ་ཞེས་སོ། །དེ་དག་མདོ་འདིར་མ་བསྟན་ཏེ་དབྱེ་བ་བསྟན་པའི་དོན་གྱིས་བསྟན་པར་རིག་པར་བྱའོ། །སྒོམ་ལམ་གྱི་དབྱེ་བ་ལ་དངོས་དང་རྩོད་སྤོང་གཉིས་ལས་དང་པོ། སྒོམ་ལམ་དེ་མཐོང་ལམ་ལྟར་སྐད་ཅིག་མ་མ་ཡིན་ཞིང་རྒྱུན་ཆགས་པ་ཡིན་པས་སྤང་བྱ་ཆེ་འབྲིང་ཆུང་གསུམ་ལ་ནང་གསེས་གསུམ་དུ་ཕྱེ་བ་དགུའི་གཉེན་པོ་རིམ་བཞིན་སྐྱེ་བ་ཡིན་པས། མདོ་རྒྱས་པ་ན་སྤང་བྱ་རྣམ་རྟོག་ཆེན་པོའི་ཆེན་པོའི་དབང་དུ་བྱས་ཏེ་ཤེར་ཕྱིན་དང་བྲལ་བར་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྦྱིན་པ་བྱིན་པ་བས་ཞེས་དེ་དང་དེའི་གཉེན་པོ་ཆུང་ངུའི་ཆུང་ངུའི་དབང་དུ་བྱས་ཏེ་ཤེར་ཕྱིན་ཉན་པ་ཕན་ཡོན་ཆེ་བས་བསྟན་ལ། དེ་བཞིན་དུ་འབྲིང་པོ་སོགས་གོང་འཕེལ་དུ་གླག་སྟེ་གསུངས་ནས་མཐར་རྣམ་རྟོག་ཆུང་ངུའི་ཆུང་ངུ་གྲངས་ཡོད་པ་གཞལ་དུ་ཡོད་པ་ཚད་ཡོད་པ་ཞེས་དང་། དེའི་གཉེན་པོ་ཆེན་པོའི་ཆེན་པོ་གྲངས་མེད་གཞལ་མེད་ཚད་མེད་པས་བསྟན་ལ། དེ་ཡང་སྒོམ་ལམ་དགུ་པོ་རེ་རེའི་དབང་དུ་བྱས་ཏེ་འབྲས་བུ་བསོད་ནམས་གྲངས་མེད་གཞལ་མེད་ཚད་མེད་པར་གསུངས་ཏེ། མདོ་ནི། ཇི་ལྟར་བདག་གིས་སྟོན་པས་གསུངས་པའི་དོན་འཚལ་བ་ལྟར་ན་ཆོས་ཀུན་སངས་རྒྱས་པའི་དབང་དུ་བྱས་ནས་བརྗོད་དུ་མེད་པ་སོགས་ཏེ། ཞིབ་པར་མདོ་རྒྱས་པ་རྣམས་སུ་ཤེས་པར་བྱའོ། །འདིར་གསུམ་དུ་བསྡུས་ཏེ་བསྟན་པའི་དང་པོ་སྒོམ་ལམ་ཆུང་ངུ་ནི། བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་ཟབ་སོགས་དོན་དང་དཔེའི་ཤོ་ལོ་ཀ་གཉིས་ཏེ། ཉིན་གཅིག་གི་རྣམ་རྟོག་སྐྱེས་པ་གྲངས་མང་པོ་དེ་སྙེད་ཀྱི་བསྐལ་པའི་ཚོགས་ཤེར་ཕྱིན་ཉིན་གཅིག་ལ་བསྒོམས་པས་འདུམས་ན་ཡུན་རིང་པོར་སྒོམ་པ་ལྟ་ཅི་སྨྲོས་ཞེས་སོ། །སྒོམ་ལམ་འབྲིང་པོ། བྱང་ཆུབ་སེམས་དཔའ་གང་ཞིག་བསྐལ་མང་བྱེ་སྟོང་དུ་སོགས་ཚིགས་བཅད་གཅིག་དང་། ཆེན་པོ་བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་སོགས་ཚིགས་བཅད་གཅིག་གིས་སོ། །རྩོད་སྤང་ལ་གྲངས་ལ་རྩོད་སྤང་དང་། བྱེད་ལས་ལ་རྩོད་སྤང་གཉིས་ལས། དང་པོ་སྒོམ་ལམ་རེ་རེར་ཡང་འབྲས་བུ་བསོད་ནམས་ཚད་མེད་པར་གསུངས་ན་དེའི་རྒྱུ་སྒོམ་ལམ་ཡང་གྲངས་དགུར་མ་ངེས་ཏེ། འབྲས་བུའི་ཡོན་ཏན་སྤང་བྱ་སྤངས་པའི་རྟོགས་པ་ལས་སྐྱེ་བ་ཡིན་ན། སྤང་བྱ་ཡང་ཚད་མེད་དགོས་པས་སྤང་བྱ་དགུར་གྲངས་མ་ངེས་ལ། དེ་མ་ངེས་ན་གཉེན་པོའི་རྟོགས་པ་ཡང་དགུར་མ་ངེས་པ་དང་ཡང་འབྲས་བུ་ཚད་མེད་པ་སྐྱེད་ན་རྒྱུ་ཡང་ཚད་མེད་ཡིན་དགོས་ཀྱི། རྒྱུ་ཐུག་བཅས་སམ་གྲངས་ཀྱི་ཚད་བཟུང་སྟེ་དགུར་འཇོག་པ་མི་འཐད་དོ་ཞེས་རྩོད་པ་ལ་སྒོམ་ལམ་རེ་རེར་ཡང་འབྲས་བུ་གྲངས་མེད་གཞལ་མེད་ལ་སོགས་པར་བསྟན་པ་རྣམས་ནི། དམ་པའི་དོན་དུ་བདེན་པར་གྲུབ་པའི་རྒྱུ་གཅིག་ལས། བདེན་པར་གྲུབ་པའི་འབྲས་བུ་གྲངས་མེད་པར་འབྱུང་ངོ་ཞེས་མང་ཉུང་གི་གྲངས་ཀྱིས་དབྱེ་བར་བཟོད་པའམ་ནུས་པ་མ་ཡིན་ཏེ། དོན་དམ་པར་རྒྱུ་འབྲས་གཉིས་ཆར་མ་གྲུབ་པས་མང་ཉུང་དུ་ཡོད་པ་མ་ཡིན་ནོ། །རྒྱུ་འབྲས་བདེན་པར་གྲུབ་པ་ཞིག་ན་ཚད་ཡོད་ཀྱི་རྒྱུ་ལས་ཚད་མེད་ཀྱི་འབྲས་བུ་འབྱུང་བར་མི་འཐད་པར་རྟོགས་སུ་ཆུག་ནའང་འདིར་དེ་ལྟར་མི་འདོད་དོ། །འོ་ན་ཅི་ཞེ་ན་ཀུན་རྫོབ་ཐ་སྙད་ཙམ་དུ་སྒོམ་ལམ་རེ་རེ་ལའང་འབྲས་བུ་བསོད་ནམས་མཐའ་ཡས་པ་འབྱུང་བ་ནི། ཐུགས་བརྩེ་བའི་རྒྱུ་མཐུན་མདོ་ལས་བསྟན་པ་དེ་དག་དེ་ལྟར་དུ་ཡིན་པར་ངེས་པ་ཐུབ་པ་སངས་རྒྱས་ཀྱི་བཞེད་པ་སྟེ། དོན་ལ་དེ་ལྟར་ཡིན་པར་གཟིགས་ནས་བསྟན་པ་ཡིན་གྱི་དགོངས་པ་ཅན་མིན་ནོ། །དེ་ཡང་རྒྱུ་གཅིག་ལས་འབྲས་བུ་དུ་མ་སྐྱེ་བ་ཙམ་ནི་ས་བོན་གཅིག་ལས་འབྲུ་དུ་མར་ཡང་ནས་ཡང་དུ་འཕེལ་བ་སོགས་ཀྱི་གྲུབ་ལ། ཀུན་རྫོབ་ཏུ་ཕྱོགས་དུས་ཀྱི་མུ་མཐའ་ཡས་པའི་སེམས་ཅན་ལ་དམིགས་ནས་དེའི་དོན་དུ་ཡོན་ཏན་མཐའ་ཡས་པའི་སངས་རྒྱས་ཐོབ་པའི་རྒྱུར་བསྔོ་བ་དང་། དེ་ཡང་མངོན་པར་མ་ཞེན་པའི་ཐབས་མཁས་ཀྱིས་ཡོངས་སུ་ཟིན་པ་དང་། བདེན་གཉིས་རོ་མཉམ་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་གྱུར་པའི་ཚུལ་གྱིས་འཇུག་པའི་སྒོམ་པ་སྐད་ཅིག་མ་གཅིག་གི་བསོད་ནམས་ཀྱང་ཚད་གཟུང་དུ་མེད་པར་རིགས་པས་གྲུབ་པ་ཡིན་ནོ། །དེ་སྟོན་བྱེད་ཀྱི་མདོ་ནི། བསོད་ནམས་དེ་ཡང་སོགས་ཚིགས་བཅད་གཅིག་གིས་སོ། །གཉིས་པ་བྱེད་པ་ལ་རྩོད་སྤང་ལ། དོན་དམ་པར་ཉམས་འཕེལ་མི་རུང་བས་སྒོམ་ལམ་གྱི་སྤང་ཐོབ་མི་སྲིད་པར་རྩོད་པ་དང་། ཀུན་རྫོབ་ཏུའང་སྐད་ཅིག་མར་དཔྱད་ནས་རྣམ་མཁྱེན་ཐོབ་པར་མི་རུང་བར་རྩོད་པ་གཉིས། དང་པོ་དངོས་པོ་རྣམས་སུ་བརྗོད་དུ་མེད་པའི་སྟོང་པ་ཉིད་ཡིན་ན། དེ་ལ་མི་མཐུན་ཕྱོགས་ཉམས་པ་དང་གཉེན་པོ་འཕེལ་བ་མི་རུང་ལ། དེ་ལྟ་ན་སྒོམ་པའི་ལམ་ཞེས་བྱ་བས་སྤང་བྱ་དགུ་ལྟ་བུ་ཅི་ཞིག་ཉམས་ཤིང་འབྲས་བུ་ཡེ་ཤེས་ཆུང་ངུའི་ཆུང་ངུ་སོགས་ཅི་ཞིག་ཐོབ་སྟེ་སྤང་ཐོབ་མི་སྲིད་དོ་སྙམ་ན། ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ནི་སྒྲིབ་པ་ཟད་ཅིང་སླར་མི་སྐྱེ་བ་ཙམ་གྱིས་རབ་ཏུ་ཕྱེ་བ་ལས་དངོས་པོ་མེད་ཀྱང་། འབྲས་བུ་དེ་ཐོབ་ནས་འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་པའི་སྒོ་ནས་ཐར་པ་དོན་གཉེར་གྱི་འདོད་པ་སྐོང་ནུས་པ། ཇི་ལྟར་དེ་བཞིན་དུ་སྒོམ་ལམ་འདི་ཡང་ནི་སྤང་བྱ་སྤངས་བ་དང་རྟོགས་པ་ཐོབ་པའི་སྒོ་ནས་རང་གཞན་གྱི་དོན་སྒྲུབ་པར་བྱེད་དེ། བྱང་ཆུབ་ཀྱང་དེ་བཞིན་ཉིད་སྟོང་པའི་མཚན་ཉིད་ཅན་ལ། སྒོམ་ལམ་དེ་ཡང་སྟོང་པ་དེ་བཞིན་ཉིད་དེའི་མཚན་ཉིད་ཅན་ཡིན་པར་བཞེད་པའི་ཕྱིར། དངོས་སྨྲ་བས་རྩོད་པ་ནི་དོན་མེད་དོ་ཞེས་ལན་འདེབས་པ་སྟེ། འདི་ལ་བླ་ན་མེད་པའི་བྱང་ཆུབ་ཟག་མེད་ཡེ་ཤེས་ཀྱི་ངོ་བོ་དེ། དོན་དམ་པར་འཕེལ་འགྲིབ་མེད་ཀྱང་ཐ་སྙད་དུ་གདུལ་བྱའི་དོན་བྱེད་པ་ཇི་ལྟ་བ་བཞིན་དུ་ཞེས་སྦྱར་བ་སྣང་ཡང་། བླ་མེད་བྱང་ཆུབ་དོན་དམ་པར་འཕེལ་འགྲིབ་མེད་པའི་དཔེ་དངོས་པོར་སྨྲ་བ་ལམ་གྲུབ་པས་མི་བདེ་བ་འདྲ་སྟེ། དེས་ན་ཀླུ་སྒྲུབ་ཀྱིས། ཟད་དང་མི་སྐྱེ་དོན་དུ་ནི། གཅིག་པས་དེ་ཕྱིར་བཟོད་པར་གྱིས། ཞེས་གསུངས་པ་ལྟར། སྟོང་པ་ཉིད་ཡིན་ཕན་ཆད་རྒྱུ་འབྲས་སྤང་ཐོབ་འཇོག་མི་ཤེས་པའི་དངོས་སྨྲ་བ་ལ། ཁོ་རང་གི་མཐར་འབྲས་སོ་སོར་བརྟགས་འགོག་གི་རང་བཞིན་ཅན་གྱི་བྱང་ཆུབ་ལ་དཔེར་བྱས་ནས། སྔར་ཡོད་ཟད་པས་སྟོང་ཡང་རུང་། ངོ་བོ་ཉིད་ཀྱིས་སྟོང་ཡང་རུང་སྟེ་སྟོང་པར་དོན་དུ་གཅིག་པས་ཐེག་ཆེན་གྱི་སྟོང་པ་ལ་མི་སྐྲག་པར་བཟོད་པར་གྱིས་ཞེས་གསུངས་པ་དང་གནད་གཅིག་ཏུ་ཁོ་བོས་མཐོང་ངོ་། །མདོ་འདིར་ཚུལ་དེ་དག་སྟོན་པ་ནི། སངས་རྒྱས་ཀྱིས་བཤད་སོགས་ཚིགས་བཅད་གཉིས་ཏེ། ཆོས་ཐམས་ཅད་ཆོས་དབྱིངས་བརྗོད་དུ་མེད་པའི་རང་བཞིན་ཡོངས་སུ་དག་པར་གནས་པ་དེ་ནི། ཆོས་བརྗོད་ཅིང་བསྟན་པས་འཕེལ་བར་མི་འགྱུར་ལ། མ་བསྟན་པས་འགྲིབ་པར་མི་འགྱུར་ཞིང་། གཞི་ལམ་འབྲས་བུའི་བསྡུས་པའི་ཆོས་ཐམས་ཅད་རྟོག་པའི་དབང་གིས་བཞག་པ་ཙམ་ལས་ཡང་དག་པར་གྲུབ་པ་མེད་པས་ན་མིང་གིས་བརྗོད་པ་ཙམ་དུ་ཟད་པར་ཤེས་པར་བྱའོ། །དེས་ན་ལམ་ཕར་ཕྱིན་རྣམས་ཀྱང་མིང་གིས་བརྗོད་པ་ཙམ་དུ་ཟད་པས་ན་དེ་བསྒོམས་པས་ཆོས་དབྱིངས་འཕེལ་བ་དང་ཉོན་མོངས་ཟད་པ་མེད་ལ། མ་བསྒོམས་པས་ཆོས་དབྱིངས་འགྲིབ་པ་དང་ཉོན་མོངས་འཕེལ་བའང་དོན་དམ་པར་མེད་ཀྱང་། ཐ་སྙད་ཀུན་རྫོབ་ཏུ་ནི་དགེ་བའི་རྩ་བ་རྣམས་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་ཞིང་མཚན་མར་ཞེན་པའི་རློམ་པ་མེད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། རྟེན་འབྲེལ་བསླུ་མེད་ཀྱི་དབང་གིས་ལམ་ལས་ཉམས་པ་མེད་པར་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར་ཏེ། འདི་ལྟར་འཁོར་བར་སྣང་བ་ཉིད་ཀྱང་དོན་ལ་གྲུབ་པའི་དབང་གིས་མ་ཡིན་ཏེ། རང་གི་ཀུན་ཏུ་རྟོག་པའི་དབང་གིས་སྣང་ལ། འཁོར་བ་སྤངས་ནས་ལྡོག་པའམ་རྟོག་པ་ཙམ་དུ་ཟད་དོ། །དེས་ན་དེ་བཞིན་ཉིད་བྲི་གང་བླང་དོར་དང་བྲལ་བའི་མཉམ་པ་ཉིད་ལ་དམིགས་པའི་ཡེ་ཤེས་ཀྱིས་ཀུན་ཏུ་རྟོག་པ་དང་དེའི་དབང་གིས་བྱུང་བའི་སྒྲིབ་པ་གཉིས་པོ་རིམ་བཞིན་སྤངས་པ་དང་། རྟོགས་པའི་ཡེ་ཤེས་རིམ་བཞིན་ཐོབ་པ་ཡོད་པ་ནི། དེ་བཞིན་ཉིད་ཀྱི་ངོས་ནས་མ་ཡིན་ཀྱང་། དེ་བཞིན་ཉིད་ལས་གོལ་བའི་རང་གི་རྟོག་པ་ཟད་ཚུལ་ལས་དེ་ལྟར་སྣང་བ་ཡིན་ནོ། །དེས་ན་ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་དུ་གཟིགས་པ་ན་སྲིད་ཞིའི་མཐར་མི་གནས་པའི་མྱང་འདས་གྲུབ་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ཐ་སྙད་དུ་རྣམ་མཁྱེན་མི་ཐོབ་པར་རྩོད་པ་སྤང་བ་ནི། འདི་ལྟར་སེམས་ནི་སྐད་ཅིག་གིས་སྐྱེ་ཞིང་འགག་པའི་ཆོས་ཅན་ཡིན་ལ། དེའི་སྐད་ཅིག་ཀུན་གཅིག་ཅར་དུ་འབྱུང་མི་ཤེས་པས་རིམ་ཅན་དུ་འབྱུང་དགོས་ལ། དེ་ལྟ་ན་སེམས་དང་པོ་བསྐྱེད་པའི་སྐད་ཅིག་སྔ་མ་དེས་ནི་བྱང་ཆུབ་མི་ཐོབ་ལ། སྔ་མ་སྔ་མ་སྔོན་དུ་མ་སོང་བའི་ཕྱི་མའི་སྐད་ཅིག་རེ་རེས་ཀྱང་ཐོབ་མི་ནུས་ཏེ། སྔ་ཕྱིར་ཕྱེ་བའི་སྐད་ཅིག་རེ་རེ་ལ་ནུས་པ་མ་ཚང་ཞིང་ཕྱི་མའི་དུས་ན་སྔ་མ་འགགས་ནས་མེད་པས་བྱང་ཆུབ་ཐོབ་པ་མི་སྲིད་དོ་སྙམ་ན། མར་མེ་སྐད་ཅིག་གིས་སྐྱེ་འགག་བྱེད་ཀྱང་སྐད་ཅིག་དུ་མ་རྒྱུན་མཐུད་པས་སྣུམ་ཟད་ཅིང་སྡོང་བུ་སྲེག་པར་ནུས་པ་ལྟར། སྔ་ཕྱིའི་སེམས་ལྷན་ཅིག་ཏུ་ཚོགས་པ་མེད་ཀྱང་། སེམས་བསྐྱེད་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་ནུས་པ་འཕེལ་ཏེ་རྟོགས་བྱ་དེ་བཞིན་ཉིད་ལ་གསལ་བ་རབ་ཀྱི་མཐར་ཐུག་པའི་ཡེ་ཤེས་འབྱུང་ཞིང་སྤང་བྱ་འགག་པ་འཐད་པར་བསྟན་ཏོ། །མདོ་འདིར་དེ་སྟོན་པ་ལ་དཔེ་གསུམ་སྟེ། སྤང་བྱ་སྤོང་བར་འཐད་པའི་དཔེ་མར་མེས་བསྟན་པ་ནི། འབྲུ་མར་སྙིང་པོ་སོགས་ཚིགས་བཅད་གཉིས། རྟོགས་བྱ་རྟོགས་པར་འཐད་པ་ས་བོན་ཀྱི་དཔེས་བསྟན་པ་ནི། ས་བོན་ལས་ནི་སོགས་ཚིགས་བཅད་གཉིས། སྤངས་རྟོགས་རྫོགས་པའི་དཔེ། ཆུ་ཡི་ཐིགས་པས་སོགས་ཚིགས་བཅད་གཅིག་གོ། །ད་ནི་རྟགས་ཟབ་པ་བརྒྱད་ནི་ཐ་སྙད་དུ་རྟེན་འབྲེལ་མི་བསླུ་བའི་དབང་གིས་སྐྱེ་བ་དང་། དོན་དམ་པར་མི་སྐྱེ་བ་གཉིས་མི་འགལ་བར་གོ་ཡུལ་ཙམ་མིན་པར་གཞི་གཅིག་གི་སྟེང་ན་ཕན་ཚུན་སྤོངས་མི་དགོས་པར་མཉམ་པར་རྟོགས་པའི་ཟུང་འཇུག་གི་རྟོགས་པ་ཁྱད་པར་ཅན་ནི་སྐྱེ་བ་ལ་ཟབ་པ། དེ་བཞིན་དུ་དངོས་པོ་རྣམས་བྱུང་ཙམ་ནས་རང་གྲུབ་པའི་དུས་སྐད་ཅིག་གཉིས་པར་མི་སྡོད་པར་འགག་པ་དང་། དོན་དམ་པར་རང་བཞིན་མེད་པའི་མི་འགག་པ་གཉིས་འགལ་མེད་རོ་གཅིག་ཏུ་རྟོགས་པ་འགག་པ་ལ་ཟབ་པ་སྟེ་འདི་གཉིས་ནི་གཞི་རྟོགས་ཚུལ་གྱི་དབང་དུ་བྱས་པའོ། །སློབ་ལམ་དུ་ཤེས་རབ་ཀྱི་དེ་བཞིན་ཉིད་གོམས་ཀྱང་སྙིང་རྗེས་དུས་མ་ཡིན་པར་མངོན་དུ་མི་བྱེད་པ་དེ་བཞིན་ཉིད་ལ་ཟབ་པ་སྟེ། འདི་ནི་དེ་བཞིན་ཉིད་ཀྱི་དབྱིངས་སུ་སེམས་སེམས་བྱུང་མཐའ་དག་འགོག་པའི་འགོག་པ་ཡང་དག་པའི་མཐའ་ལ་ཤིན་ཏུ་གོམས་པས་ན་རོ་མཉམ་པར་གྱུར་ནས་ལྡང་དཀའ་བའི་ཚུལ་དུ་མཉམ་པར་འཇོག་ནུས་པ་ས་བརྒྱད་པ་ནས་ཐོབ་ནའང་། ད་རུང་ཤེས་བྱའི་སྒྲིབ་པ་ཕྲ་མོ་དང་བཅས་པའི་ཕྱིར་དེ་བཞིན་ཉིད་ལ་གཟིགས་པ་ཤིན་ཏུ་རྣམ་པར་དག་པ་སངས་རྒྱས་ལྟ་བུ་མ་ཡིན་པས་དེ་བཞིན་ཉིད་ལ་མཉམ་པར་བཞག་བཞིན་དུ་ཤེས་བྱ་མཐའ་དག་གཟིགས་པའི་ཡེ་ཤེས་མ་ཐོབ་པས། དེ་དག་གི་ཇི་ལྟ་བ་གཟིགས་པ་ལའང་ད་རུང་སྐྱེད་འདོད་དུ་ཡོད་པའི་ཕྱིར། དེ་བཞིན་གཤེགས་པས་འགོག་པ་ལས་སྤོང་བའི་ཚུལ་གྱིས་རྫོགས་སྨིན་སྦྱངས་པ་མཐར་ཕྱིན་པའི་སྟོབས་ལས་སྐྱེས་པའི་ཏིང་འཛིན་ཁྱད་པར་ཅན་བསྐྱེད་ནས། ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་མོ་ཡང་སྦྱངས་ཏེ་སངས་རྒྱས་སུ་འགྱུར་བར་མཛད་ཀྱི། རང་གི་མཉམ་བཞག་དེ་ཁོ་ནའི་ངང་དུ་གནས་པ་ཁོ་ནར་མི་མཛད་པའི་ཆ་ནས་དེ་ལྟར་གསུངས་པའོ། །ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བས་སྦྱིན་སོགས་སྒྲུབ་ཏུ་མེད་ཀྱང་ཀུན་རྫོབ་ཏུ་སྦྱིན་སོགས་ཕར་ཕྱིན་སྒྲུབ་པའི་ཚུལ་མ་ནོར་བར་ཤེས་པར་བྱ་བ་དང་། དེ་གཉིས་འགལ་མེད་ཟུང་གཅིག་ཏུ་ཆུད་པའི་རྟོགས་པ་ཤེས་བྱ་ལ་ཟབ་པ། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པས་དོན་དམ་པར་དངོས་དངོས་མེད་སོགས་དམིགས་པས་མཐོང་བར་བྱ་བ་རྡུལ་ཙམ་མེད་པ་དེ་ནི་དེ་ཁོ་ན་ཉིད་མཐོང་ངོ་ཞེས་མ་མཐོང་བ་ཉིད་མཐོང་བའི་དམ་པར་བསྟན་པ་ལ་མཐོང་བ་གང་ཡང་མེད་པ་དང་དེ་ཉིད་མཐོང་བ་འགལ་བ་ལྟ་བུའི་རྟོག་པ་དང་བྲལ་ཏེ། དམིགས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཀྱི་མཐོང་བ་རང་གསལ་བ་ཤེས་པ་ལ་ཟབ་པ། དེ་བཞིན་དུ་དོན་དམ་པར་ཆོས་གང་ལའང་སྤྱོད་པ་མེད་པའི་ཕྱིར་མི་སྤྱོད་པ་སྤྱོད་པའི་དམ་པར་གསུངས་པ་ཐུགས་སུ་ཆུད་པའི་རྟོགས་པ་ཁྱད་པར་ཅན་སྤྱོད་པ་ལ་ཟབ་པ། ལམ་ཐམས་ཅད་སྒྲུབ་པ་མི་འདོར་བས་འབྲས་བུ་མངོན་དུ་བྱེད་ཀྱང་། གནས་ལུགས་ལ་བསྒྲུབ་བྱ་སྒྲུབ་བྱེད་གཉིས་སུ་མེད་པར་ཡེ་ནས་མཉམ་པའི་ཆོས་ཉིད་ལ་གནས་པར་ཐུགས་སུ་ཆུད་པ་གཉིས་མེད་ལ་ཟབ་པ་དང་ལྔ་ནི་སྤྱོད་པ་ཉམས་སུ་ལེན་ཚུལ་ལ་ཟབ་པ་ཡིན་ཏེ། དེ་ལའང་གཞིའི་དབང་དུ་བྱས་ཏེ་དེ་བཞིན་ཉིད་ཐམས་ཅད་ལ་ཁྱད་མེད་པར་ཡོད་ཀྱང་རྫོགས་སྨིན་སྦྱངས་པ་མཐར་ཕྱིན་ནས་སྒྲིབ་གཉིས་མ་བྲལ་བའི་དུས་མིན་དུ་མངོན་དུ་མི་བྱེད་པར་ཤེས་པ་དང་། ལམ་ལ་ཡུལ་ཤེས་བྱ་དང་། ཡུལ་ཅན་ཤེས་པ་དང་། ཉམས་ལེན་སྤྱོད་པ་གསུམ་དང་། འབྲས་བུ་གཉིས་མེད་དེ་སྒྲུབ་བྱེད་བསྒྲུབ་བྱ་གཉིས་སུ་མེད་པར་གཟིགས་པའི་ཆ་ནས་སོ། །ཀུན་རྫོབ་ཏུ་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱེད་ལ། དེའི་འབྲས་བུ་སངས་རྒྱས་ཐོབ་པར་མི་རློམ་པ་ནི་ཐབས་མཁས་པ་ལ་ཟབ་པ་སྟེ། ཡང་དག་པར་ན་ཐོབ་བྱ་ཉིད་མ་དམིགས་པ་དང་རང་བྱུང་གི་རྣམ་པའམ་རང་བྱུང་ཡེ་ཤེས་ཀྱི་སྐུ་འདུས་མ་བྱས་པ་རྒྱུས་སྒྲུབ་པར་མི་ནུས་པར་གཟིགས་པས་སོ། །ཟབ་མོ་བརྒྱད་པོ་དེ་ནི་སྟོང་པ་དང་རྟེན་འབྱུང་འགལ་བར་འཛིན་པའི་བློ་ངོར་ཕན་ཚུན་གཅིག་གིས་གཅིག་བསལ་བའི་ཚུལ་གྱིས་ཟུང་འཇུག་རོ་མཉམ་དུ་རྟོགས་དཀའ་ཞིང་། དེ་ལྟར་མི་འགལ་བར་མཉམ་པའི་ཚུལ་དུ་རྟོགས་པའི་ཟབ་མོ་བརྒྱད་དང་ལྡན་པའི་ཡེ་ཤེས་ས་བརྒྱད་པ་ནས་ཐོབ་ལ། དེ་དང་རྗེས་སུ་མཐུན་པའི་ལུས་ངག་གི་ཐ་སྙད་ནི་གཞན་ངོར་ཕྱིར་མི་ལྡོག་པའི་རྟགས་ཡིན་པར་གཞུང་རྣམས་ལས་གསུངས་ཤིང་། རྟགས་འདི་རྣམས་གཞན་ངོ་ཁོ་ནར་མ་ཟད་རང་ཉིད་ཀྱི་ཡིད་ཆེས་པའང་ཡོད་པར་མངོན་ནོ། །དེ་ལྟ་བུའི་ཟབ་མོ་བརྒྱད་བསྡུས་ནས་སྟོན་པའི་མདོ་ནི། སྟོང་པ་མཚན་མེད་སོགས་ཤོ་ལོ་ཀ་གཅིག་སྟེ། སྐྱེ་བར་ཟབ་པ་ལ་སོགས་པ་བརྒྱད་པོ་དེ་དག་ཀྱང་སྣང་སྟོང་རོ་མཉམ་ཆེན་པོར་རྟོགས་པ་ལ་གནད་གཅིག་པས། ཆོས་ཐམས་ཅད་འདིར་ལྟར་སྣང་བཞིན་དུ་ཡེ་ནས་སྐྱེ་འགག་མེད་པ་རྣམ་ཐར་གསུམ་ལྡན་གྱི་ངང་ཚུལ་དུ་གནས་པའི་ཆོས་ལ་སྤྱོད་པའི་ཚེ་ན། འབྲས་བུ་ཞི་བ་ཕྱོགས་གཅིག་པའི་མྱང་འདས་དངོས་མེད་ལའང་མི་རེག་ཅིང་། ཆོས་གང་ལའང་མཚན་མར་མི་ཞེན་ཏེ་མཐའ་བྲལ་ཉིད་ཀྱི་ཡེ་ཤེས་ཟབ་མོ་ལ་གནས་པ་ཞེས་བྱ་སྟེ་མཉན་པའི་དཔེས་བསྟན་ཏོ། །དེ་ལ་ཡུལ་གྱི་ཆ་ནས་ཕྱེ་ན་ཟབ་མོ་བརྒྱད་དུ་འགྱུར་ཏེ་སྔར་བཤད་པ་བཞིན་ནོ། །འགྲེལ་པ་འགའ་ཞིག་ན་འདི་དང་འོག་གི་ཤོ་ལོ་ཀ་གཉིས་ཀ་སྲིད་ཞི་མཉམ་ཉིད་དུ་སྦྱར་ནས་ཟབ་མོ་བརྒྱད་ལོགས་སུ་མ་བསྟན་པར་བཞེད་པའང་ཡོད་དོ། །ད་ནི་གཙོ་བོར་དགས་པའི་སྦྱོར་བ་ཁྱད་པར་ཅན་འབྲས་བུ་སྐུ་གསུམ་ཐོབ་པ་ལ་གཙོ་ཆེ་བའི་ཆ་ནས་རྒྱུ་ཉིད་དུ་སོ་སོར་བཞག་པ་གསུམ་གྱི་དང་པོ་སྲིད་ཞི་མཉམ་ཉིད་ནི། འཁོར་འདས་ཀྱི་ཆོས་རྣམས་སྣང་ཡང་རང་བཞིན་མེད་པ་རྨི་ལམ་དང་འདྲ་བའི་ཕྱིར་ཆོས་ཐམས་ཅད་སོ་སོ་རང་གིས་རིག་པར་བྱ་བ་སྣང་སྟོང་མཉམ་པ་ཉིད་བརྗོད་དུ་མེད་པའི་དབྱིངས་སུ་ཚུལ་གཅིག་པ་ལས་ཐ་དད་ཅུང་ཟད་ཀྱང་མེད་པས་ན། སྲིད་དང་ཞི་བར་བླང་དོར་ཐ་དད་པ་ཉིད་དུ་རྣམ་པར་མི་རྟོག་པ་ནི་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའོ། །དེ་སྟོན་བྱེད་ཀྱི་མདོ་ནི། དེ་ལྟར་སྤྱོད་པའི་བྱང་ཆུབ་སོགས་ཚིགས་བཅད་གཅིག་སྟེ། གོང་དུ་བཤད་མ་ཐག་པ་དེ་ལྟར་ཟབ་མོ་རྣམ་ཐར་གསུམ་ལྡན་སྲིད་ཞིའི་མཐར་མི་གནས་པའི་མཉམ་པ་ཉིད་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་གི་བདག་སྟོབས་བཅུ་མངའ་བས་ལུང་བསྟན་ཏེ་བྱང་ཆུབ་ཐོབ་སྙམ་པའི་རློམ་པའང་མེད་དེ། འཁོར་བ་ཉིད་རང་བཞིན་གྱིས་མྱང་འདས་སུ་ཤེས་པ་དང་། མཉམ་པ་ཉིད་འདི་ལ་བསལ་བྱ་དང་ཐོབ་བྱ་ཅི་ཡང་མེད་ཅེས་བསལ་བཞག་མེད་པའི་བྱང་ཆུབ་ནམ་མཁའི་མཚན་ཉིད་ལ་སྐྲག་པ་མེད་པར་མཉམ་པ་ཉིད་ཁོང་དུ་ཆུད་ཅེས་སོ། །མདོ་རྒྱས་པ་རྣམས་སུ་ཆོས་རྣམས་རྨི་ལམ་དང་འདྲ་བ་དེ་ལྟར་ན་ལས་དགེ་སྡིག་གིས་ཕན་གནོད་མེད་པ་ལ་སོགས་པའི་ཀླན་ཀ་སྤོང་བའི་ལན་ཀྱང་གསུངས་ཏེ། དོན་དམ་པར་ཆོས་ཉིད་མཉམ་པ་ཉིད་ལ་སྐྱེ་འགག་དང་བྲི་གང་ཀུན་བྱང་མེད་པ་ཡིན་ཡང་དེ་ལྟར་མ་རྟོག་པའི་འཆིང་བ་ཀུན་ལྡན་གྱི་གང་ཟག་ལ་རང་གི་རྟོག་པའི་དབང་གིས་སྐྱེ་འགག་དང་ཀུན་བྱང་འཆིང་གྲོལ་ཡོད་པས། ལས་དགེ་སྡིག་བསགས་པ་དང་དེའི་རང་འབྲས་འབྱིན་པ་ཡོད་དོ། །གཞན་ཡང་ཆོས་རྣམས་རྨི་ལམ་དང་འདྲ་ན་ཉིན་བར་གྱི་ལས་བསགས་པའང་རྨི་ལམ་གྱི་ལས་ལྟར་ལས་ལམ་མ་རྫོགས་པར་འགྱུར་ལ། ཡང་ན་རྨི་ལམ་དུ་སྲོག་བཅད་པ་སོགས་རྨིས་པ་ནའང་ཉིན་བར་ལྟར་ལས་ལམ་རྫོགས་པར་འགྱུར་རོ་ཞེ་ན། དེ་ནི་ཆོས་རང་གི་ངོ་བོ་ལ་གྲུབ་མ་གྲུབ་ཀྱི་བདེན་རྫུན་ཡོད་པས་མ་ཡིན་ལ། རང་གི་རྟོག་པ་མངོན་ཞེན་ཆེ་ཆུང་གི་དབང་ལས་ཏེ། རྨི་ལམ་གྱི་སྣང་བ་ནི་སད་པའི་ཚེ་རྫུན་པར་ཤེས་ནུས་པས་དེར་གཏེར་རྙེད་པར་རྨིས་པ་ལྟ་བུ་ལའང་། གཏེར་དངོས་སུ་རྙེད་པར་འཛིན་མཁན་སུ་ཡང་མེད་པ་བཞིན་ནོ། །གལ་ཏེ་རྨི་ལམ་གྱི་སྣང་བ་ལའང་ཉིན་སྣང་དང་ཁྱད་མེད་པར་མངོན་ཞེན་གྱི་གསོས་འདེབས་མཁན་ཞིག་བརྒྱ་ལ་ཡོད་ན་དེས་ལས་ལམ་གྱི་དངོས་གཞི་རྫོགས་པར་ཡང་ཅིས་མི་འགྱུར་ཏེ། མི་འགྱུར་ན་ཉིན་སྣང་ལའང་མི་འགྱུར་རོ། །ཡང་སད་རྨི་གཉིས་ཀར་ལས་དང་སེམས་པ་དབེན་པར་མདོ་ལས་གསུངས་པའི་ཕྱིར་མངོན་ཞེན་གྱི་ཁྱད་པར་སྒྲུབ་མི་ནུས་སྙམ་ན། དེ་དང་མི་འགལ་ཏེ་ཚུལ་དེ་དག་དོན་དམ་པའི་དབང་དུ་བྱས་པའི་ཕྱིར་རོ། །ཡང་ཤཱ་རིའི་བུས་རབ་འབྱོར་ལ་རྨི་ལམ་དུ་རྣམ་ཐར་གསུམ་བསྒོམས་ན་ཤེར་ཕྱིན་འཕེལ་ལམ་ཞེས་དྲིས་པས། ཉིན་པར་བསྒོམས་པས་འཕེལ་ན་མཚན་མོ་ཅིས་མི་འཕེལ་ཞེས་གསུངས་པས། བློ་ཡུལ་ལ་མ་འཁྲུལ་བར་ཞུགས་ན་ཉིན་མཚན་གྱི་ཁྱད་པར་ཅི་ལ་ཡོད་ཅེས་པའི་དོན་ཏོ། །དེ་ལྟར་ན་རྨི་ལམ་དུ་སྦྱིན་སོགས་ཚོགས་བསགས་ན་དེས་ཚོགས་རྫོགས་པར་འགྱུར་རམ་ཞེས་དྲིས་པ་ན་རབ་འབྱོར་གྱིས་དོན་གྱི་ལན་སྔར་བཏབ་ཟིན་པའི་ཕྱིར་དང་། དགོས་པའི་དབང་གིས་བྱམས་པ་ལ་ཞལ་འཕང་སྟེ། བྱང་ཆུབ་སེམས་དཔའ་བྱམས་པ་འདི་སྐྱེ་བ་གཅིག་གིས་ཐོགས་པ་ཡིན་པས་འདི་ལ་དྲིས་ཤིག་ཅེས་གསུངས་པ་ན་དེ་ལྟར་དྲིས་པ་དང་། བྱམས་པས་ཅི་བྱམས་པ་ཞེས་པའི་མིང་གིས་ལན་ལྡོན་ནམ་ཞེས་སོགས་གསུངས་ནས་དོན་ལ་སྲིད་ཞི་མ་གྲུབ་པས་ཧ་ཅང་ཐལ་བ་མེད་པར་བསྟན་ལ། དྲི་བ་དེའི་ལན་དངོས་སུ་རྫོགས་པར་མ་མཛད་པ་ནི་གདུལ་བྱའི་རྒྱུད་ཀྱི་ལོག་རྟོག་མཐའ་མེད་པ་མ་འོངས་པའི་སངས་རྒྱས་ཀྱིས་བསལ་བར་བསྟན་ཏོ། །དེ་ལ་སྔར་ལན་བཏབ་པ་དོན་གྱིས་འདིའི་ལན་དུ་འགྱུར་ཚུལ་ནི། རྨི་ལམ་དུ་སྦྱིན་པ་བྱིན་པས་ཉིན་པར་གྱི་སྦྱིན་པ་དང་འདྲ་བར་ཚོགས་རྫོགས་དགོས་ན་རྨི་ལམ་གྱི་སྦྱིན་ཡུལ་ལ་སོགས་པ་དེ་དག་སད་པའི་དུས་ལྟར་རྗེས་ཀྱི་མངོན་ཞེན་གྱི་ཡུལ་དུའང་འགྲུབ་དགོས་ན་དེ་མི་འགྲུབ་པས་སོ། །འོ་ན་བྱང་ཆུབ་སེམས་དཔའ་ཉིན་སྣང་ཐམས་ཅད་ཀྱང་རྨི་ལམ་དང་འདྲ་བར་མངོན་ཞེན་མེད་པར་རྟོགས་པས་ལས་གང་ཡང་མིག་སོག་གམ་ཞེ་ན། དེས་ཟག་བཅས་ཀྱི་ལས་གང་ཡང་མི་གསོག་སྟེ་མངོན་ཞེན་མེད་པས་ཟག་བཅས་ལ་འདུན་པ་སོགས་མེད་པའི་ཕྱིར་རོ། །ཟག་མེད་ཀྱི་ལས་ཀྱང་མི་གསོག་པར་ཐལ་ཞེ་ན། བྱང་ཆུབ་སེམས་དཔའ་ལ་མངོན་ཞེན་མེད་ཀྱང་། མངོན་ཞེན་ཅན་གྱི་སེམས་ཅན་གཞན་ལ་ཕན་གདགས་པ་མེད་པར་མི་འགྱུར་བས་རྒྱུ་འབྲས་བསླུ་མེད་ཀྱི་དབང་གིས་བྱང་སེམས་དེའི་ཚོགས་རྫོགས་པ་མེད་པར་མི་འགྱུར་རོ། །གཉིས་པ་ཞིང་དག་སྦྱོར་ནི། སྣོད་བཅུད་ཀྱི་འཇིག་རྟེན་མ་དག་པ་དག་པར་སྒྲུབ་པའི་སྨོན་ལམ་དང་སྨོན་ལམ་བཞིན་དུ་འགྲུབ་པའི་ཚོགས་རྫོགས་པར་མཛད་པ་ནི་ཞིང་དག་སྦྱོར་ཏེ། སྐབས་འདིར་འཇིག་རྟེན་དགོན་པའི་ལམ་དང་སོགས་ཚིགས་བཅད་གཅིག་གིས་བསྟན་ཏོ། །གསུམ་པ་ཐབས་ལ་མཁས་པའི་སྦྱོར་བ་ལ་ངོ་བོ་དང་དབྱེ་བ་གཉིས་ལས། དང་པོ་བྱང་ཆུབ་སེམས་དཔའ་དེས་རྣམ་ཐར་དང་བྱང་ཕྱོགས་སོགས་ཀྱི་ཆོས་རྫོགས་པར་བྱེད་པ་དང་། སེམས་ཅན་ལ་ཕན་པ་དུ་མ་སྒྲུབ་པར་བྱེད་པའི་འཇུག་ཡུལ་དེ་དང་དེ་དག་ལ། དུས་དང་དུས་མིན་ཤེས་པ་དང་སྒྲུབ་ཚུལ་མི་འདྲ་བ་དུ་མའི་སྒོ་ནས་སྦྱོར་བའི་ཐབས་མཁས་ནི་འདིའི་ངོ་བོའོ། །དེ་ལ་དབྱེ་ན་ཚད་མེད་ཀྱང་དོན་གྱི་གཙོ་བོ་རྣམ་པ་བཅུར་ཡོད་དོ། །དེ་ལ་ངོ་བོ་ནི། བྱང་ཆུབ་སེམས་དཔའ་རྒྱལ་བའི་ཤེས་རབ་སོགས་ཚིགས་བཅད་གཅིག་གིས་ཏེ། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་སྒོ་ནས་རང་གི་སངས་རྒྱས་ཀྱི་ཆོས་རྫོགས་པ་དང་། སེམས་ཅན་གཞན་སྨིན་པར་བྱེད་ཚུལ་ཕན་ཚུན་གཅིག་གིས་གཅིག་གོམ་བཀག་པར་གྲོགས་སུ་འགྲོ་བའི་ཐབས་ལ་མཁས་པ་ཁྱད་པར་ཅན་དང་ལྡན་ཞེས་པའོ། །དེ་ལ་དབྱེ་བ་བཅུ་ལས། དང་པོ། དགྲ་བདུད་བཞི་དང་ས་གཉིས་ལས་འདས་པའི་སྦྱོར་བ་ནི། དཔེར་ན་སྐྱེས་བུ་མཁས་པ་སོགས་ཚིགས་བཅད་གསུམ་གྱིས་བསྟན། གཉིས་པ་གདུལ་བྱའི་དོན་དུ་སྔོན་གྱི་སྨོན་ལམ་བཏབ་པ་ཇི་ལྟ་བ་བཞིན་དུ་དེའི་ཤུགས་འབྱིན་པ་ནི། མཁའ་ལ་རླུང་བརྟེན་སོགས་ཚིགས་བཅད་གཉིས་སོ། །གསུམ་པ་བདེན་གཉིས་ཟུང་དུ་ཆུད་པས་མཐའ་གང་ལའང་མི་གནས་པ་ནི། གང་གི་ཚེ་ན་སོགས་ཤོ་ལོ་ཀ་གཉིས་སོ། །བཞི་པ་ཡང་དག་མཐའ་ཤེས་ཀྱང་མངོན་དུ་མི་བྱེད་པས་ཉན་རང་དང་ཐུན་མོང་མིན་པ་ནི། དཔེར་ན་འཕོང་བསླབ་སོགས་ཚིགས་བཅད་གཉིས། ལྔ་པ་སྟོང་པ་ཉིད་ཀྱི་རྣམ་པས་བདག་དང་ཆོས་སུ་མི་དམིགས་པ། དཔེར་ན་དགེ་སློང་རྫུ་འཕྲུལ་སོགས་ཚིགས་བཅད་གཉིས། དྲུག་པ་སྲིད་ཞིར་མཚན་མར་མི་འཛིན་པའི་སྦྱོར་བ་ནི། དཔེར་ན་མི་འགའ་གཡང་ས་སོགས་ཚིགས་བཅད་གཉིས་ཏེ། སྣང་སྟོང་ཟུང་འཇུག་ཐབས་ཤེས་གཉིས་མེད་དུ་རྟོགས་པའི་བློས་སྲིད་ཞིའི་ཆོས་ཐམས་ཅད་སྟོང་པ་མཚན་མེད་སྨོན་མེད་ཀྱི་རྣམ་པར་གཟིགས་པའོ། །དེ་ལྟ་ན་ཅི་ཡང་མ་མཐོང་བ་ཙམ་གྱིས་དངོས་མེད་ཀྱི་མྱང་འདས་མངོན་དུ་བྱས་པར་འགྱུར་རོ་སྙམ་ན་མ་ཡིན་ཏེ། མཚན་མར་མི་འཛིན་བཞིན་དུ་ཆོས་ཀུན་མཐོང་བ་ཡིན་གྱི་དངོས་པོ་མེད་པ་ཙམ་བློས་མངོན་དུ་བྱས་པ་ནི་དངོས་མེད་ཀྱི་མཚན་མར་འཛིན་པ་ཡིན་ནོ་ཞེས་སོ། །བདུན་པ་བསམ་གཏན་སོགས་ལམ་དང་འབྲས་བུའི་ཆོས་ལ་རོ་མྱོང་བ་མེད་པས་མ་ཆགས་པ་ནི། དཔེར་ན་རིན་ཆེན་འདོད་པ་སོགས་ཚིགས་བཅད་གཉིས། བརྒྱད་པ་ཐབས་མཁས་ཀྱི་ཡུལ་དུ་གྱུར་པའི་ཤེས་བྱ་ཀུན་ལ་འཇུག་པས་ཚད་མེད་པ་ཤེས་པའི་སྦྱོར་བ་ནི། དཔེར་ན་དོན་གཉེར་ཚོང་པ་སོགས་ཚིགས་བཅད་གཉིས། དགུ་པ་འབྲས་བུའི་རེ་འདོད་ཟད་པའི་སྨོན་པ་མེད་པའི་སྦྱོར་བ་ནི། གང་ཚེ་འགྲོ་ལ་སོགས་ཤོ་ལོ་ཀ་གཉིས་ཏེ། དངོས་པོ་མེད་ཙམ་གྱིས་རབ་ཏུ་ཕྱེ་བའི་མྱང་འདས་དང་། འདུས་བྱས་འཁོར་བ་གཉིས་ཀར་མི་གནས་ཏེ་སྲིད་ཞིར་སྨོན་པ་ཟད་པས་སོ། །འོ་ན་སྲིད་ཞིས་མ་བསྡུས་པའི་ཕྱིར་སྲིད་པར་སྣང་བར་ཡང་མི་འགྱུར་སྙམ་ན། རང་གི་ངོ་བོས་སྲིད་ཞིར་མི་གནས་ཀྱང་སྲིད་པ་འདིར་མི་སྣང་བར་མི་འགྱུར་ཏེ་སྤྲུལ་པའི་དཔེས་བསྟན་ཏོ། །བཅུ་པ་ཕྱིར་མི་ལྡོག་པ་དེ་ཡི་རྟགས་འཆད་པ་ལ་མཁས་པའི་ཐབས་མཁས་སྦྱོར་བ་ནི། གལ་ཏེ་སྤྱོད་པ་དང་ནི་སོགས་ཚིགས་བཅད་གཅིག་སྟེ། ཐེག་པ་ཆེན་པོའི་ལམ་མམ་སྤྱོད་པ་ཇི་ལྟར་ཡིན་པ་དང་། བྱང་སེམས་དེ་ཟབ་ཅིང་རྒྱ་ཆེ་བའི་གནས་ལ་དབང་པོ་རྣོའམ་རྟུལ་ཤེས་པའི་སླད་དུ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་ཚུལ་ལས་བརྩམས་ཏེ་དྲིས་པ་ན། ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་ཕྱིན་ཅི་མ་ལོག་པར་སྟོན་པར་མི་ནུས་ཤིང་། ཕྱིར་མི་ལྡོག་པ་རྣམས་ཀྱིས་ནི་དེ་དག་གི་ཉམས་འོག་ཏུ་ཆུད་པའི་ཆོས་ཟབ་མོ་ཐུན་མོང་མིན་པ་རྣམས་ནི་མི་ཤེས་ཤིང་མི་འཆད་ན། ཆོས་ཟབ་མོ་མི་ཤེས་པའི་ཕྱིར་དེ་འདྲའི་ཕྱིར་མི་ལྡོག་པ་མི་སྲིད་པས་ན་དེ་དག་ཕྱིར་མི་ལྡོག་པར་ལུང་མ་བསྟན་པར་རིག་པར་བྱའོ་ཞེས་གསུངས་ཏེ། ཆོས་གང་ཞིག་རང་གི་ཉམས་འོག་ཏུ་ཆུད་པ་ནི་གཞན་ལ་སྟོན་ཀྱང་ཤེས་པའི་ཕྱིར་ན། སྟོན་དུ་མི་རུང་བའི་དགོས་པ་མ་མཐོང་བཞིན་དུ་མི་སྟོན་ན་ལུང་མ་བསྟན་པའམ། དེ་ལྟར་མིན་ཡང་ཐེག་པ་མཆོག་གི་ལམ་ལ་གནས་པའི་གང་ཟག་ཁྱད་པར་ཅན་དུ་ཤེས་བྱེད་མེད་དོ། །དེ་ལས་ལྡོག་སྟེ་རྟགས་འཆད་པ་ལ་མཁས་པའི་སྦྱོར་བ་ནི། བསྟན་མ་ཐག་པའི་དོན་ཟབ་མོ་རྣམས་སྟོན་ནུས་ན་གང་ཟག་དེ་ཕྱིར་མི་ལྡོག་པར་མཚོན་པའི་རྟགས་ཀྱང་ཡིན་པའི་ཕྱིར། རྟགས་འཆད་པ་ལ་མཁས་པ་ཞེས་བྱའོ། ༈ །རྩེ་སྦྱོར་ལ། རྟགས་ཀྱིས་མཚོན་པ་དྲོད་ཀྱི་རྩེ་མོ། རྣམ་འཕེལ་གྱིས་མཚོན་པ་རྩེ་མོའི་རྩེ་མོ། རང་དོན་རྟོགས་པ་བརྟན་པ་དང་གཞན་དོན་སྙིང་རྗེ་བརྟན་པས་མཚོན་པ་བཟོད་པའི་རྩེ་མོ། བསོད་ནམས་ཚད་མེད་པའི་སྒོ་ནས་མཚོན་པ་སྐྱེ་མེད་ཀྱི་དོན་ལ་སེམས་ཀུན་ཏུ་གནས་པའི་ཏིང་འཛིན་ཆོས་མཆོག་གི་རྩེ་མོ། སྤང་བྱ་འཇུག་ལྡོག་རྫས་བཏགས་ཀྱི་རྟོག་པ་བཞི་ཀུན་བཏགས་ཀྱི་ཆ་སྤོང་བ་སོགས་ཀྱིས་མཚོན་པ་མཐོང་ལམ་རྩེ་མོ། ལྷན་སྐྱེས་ཀྱི་རྟོག་པ་བཞི་སྤངས་པ་སོགས་ཀྱི་སྒོ་ནས་མཚོན་པ་སྒོམ་ལམ་རྩེ་མོ། སློབ་ལམ་མཐར་ཐུག་པ་ཕན་ཡོན་ཚད་མེད་པ་ཅན་གྱི་བར་ཆད་མེད་པའི་རྩེ་མོ། བར་ཆད་མེད་རྩེ་དེ་ལ་ལོག་སྒྲུབ་བསལ་བ་སྟེ། དེ་ལྟར་བརྒྱད་ནི་རྩེ་མོ་མཚོན་བྱེད་ཆོས་བརྒྱད་དོ། །དེ་ལ་དང་པོ་ནི། རྨི་ལམ་དུའང་ཆོས་ཐམས་ཅད་རྨི་ལམ་ལྟར་ལྟ་བ་སོགས་རྟགས་བཅུ་གཉིས་སུ་མདོ་རྒྱས་པར་གསུངས་པ་ལས། འདིར་དགྲ་བཅོམ་ས་དང་སོགས་ནས། བྱང་ཆུབ་སེམས་དཔའ་ཤེས་རབ་ཕ་རོལ་ཕྱིན་པ་རྟོགས་ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་ཉིན་བར་གྱི་དུས་སུ་སྟོང་ཉིད་ལ་དམིགས་པའི་ཞི་ལྷག་གོམས་པས་རྨི་ལམ་དུ་ཡང་ཆོས་ཀུན་རྨི་ལམ་༡ལྟར་བལྟ་བ་མི་འབྲལ་བ་དང་། རྨི་ལམ་ན་ཡང་ཉན་རང་ལ་དགའ་བའི་སེམས་མི་སྐྱེ་བ་གཉིས་ནི་༢། དགྲ་བཅོམ་ས་དང་སོགས་རྐང་པ་གཉིས་ཀྱིས་བསྟན། རྨི་ལམ་དུ་དེ་བཞིན་གཤེགས་པ་འཁོར་དུ་མས་བསྐོར་ནས་ཆོས་སྟོན་པར་མཐོང་བ་དང་༣། སངས་རྒྱས་ཀྱི་རྫུ་འཕྲུལ་རྣམ་པར་རོལ་པ་མཐོང་བ་གཉིས་སངས་རྒྱས་རྣམས་མཐོང་ཞེས་པས་བསྟན། རྨི་ལམ་དུ་སྡུག་བསྔལ་གྱིས་ནོན་པའི་སེམས་ཅན་ལ་རྨི་ལམ་ལྟ་བུའི་ཆོས་སྟོན་པའི་སེམས་སྐྱེ་བ་འགྲོ་ལ་ཆོས་ཀྱང་སྟོན་ཞེས་པས་བསྟན། སད་རྨིར་དམྱལ་སོགས་མཐོང་བ་སྔོན་དུ་འགྲོ་བས་རང་གི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་སྤང་པར་རྗེས་སུ་དྲན་པ། རྨི་ལམ་ན་ནི་སོགས་རྐང་པ་གཉིས་ཀྱིས་བསྟན། སད་པ་ན་བདག་བྱང་ཆུབ་ཏུ་ལུང་བསྟན་ན་མེས་ཚིག་པ་འདི་ཞི་བར་གྱུར་ཅིག་ཅེས་བརྗོད་པས་སེམས་མེད་ཀྱི་གནོད་པ་མེས་ཚིག་པ་ཞི་སྟེ་བདེན་ཚིག་གི་བྱིན་རླབས་གྲུབ་པ་ནི་བདེན་པའི་བྱིན་གྱི་རླབས་ཀྱིས་ཞེས་རྐང་པ་གཅིག་གིས་བསྟན། དེ་བཞིན་དུ་འབྱུང་པོའི་གནོད་པ་ཞི་བའི་བདེན་ཚིག་གྲུབ་པ་ནི་སེམས་ཡོད་ཀྱི་གནོད་པ་ཞི་བའི་དབང་དུ་བྱས་པ་ཡིན་ལ་དེས་མཚོན་ནས་བདེན་ཚིག་གྲུབ་ཚུལ་གཞན་ཡང་ཤེས་པར་བྱ་བ་ཡིན་པས། དེ་ནི་མི་ཡི་འཇིག་རྟེན་སོགས་ཚིགས་བཅད་གཅིག་གིས་བསྟན། བདུད་ལས་ཤེས་ནས་བདུད་དང་སྡིག་གྲོགས་ཟིལ་གྱིས་མནན་ནས་བཤེས་གཉེན་བསྟེན་པ་ནི། ཅི་སྟེ་དེ་ནི་ནས་བྱང་ཆུབ་མྱུར་དུ་རྟོགས་ཞེས་པའི་བར་གྱིས་བསྟན་ཏེ། བྱིན་རླབས་གྲུབ་པ་སོགས་ཡོན་ཏན་གྱི་འབྱོར་པའི་གཞི་དང་། མིང་གི་གཞི་དང་དབེན་པའི་གཞི་ལས་བྱུང་བའི་བདུད་རྣམས་ངོ་ཤེས་པར་བྱ་བ་ནི། ཚིགས་བཅད་དང་པོ་དང་དེ་རྗེས་ཀྱི་གཉིས་དང་དེ་རྗེས་ཀྱི་ལྔས་རིམ་བཞིན་བསྟན་ཏོ། །དེ་ལྟར་ཤེས་ནས་བདུད་ལས་དེ་ལས་ལྡོག་བྱེད་བཤེས་གཉེན་བསྟན་པ་ནི། དེ་ལྟ་བས་ན་སོགས་ཚིགས་བཅད་གཉིས་ཀྱིས་བསྟན། རྟགས་བཅུ་པ་རེ་བ་རྫོགས་པར་འདོད་པས་མཉམ་རྗེས་ཀྱི་རྣམ་པ་ཀུན་ཏུ་ཤེར་ཕྱིན་ལ་བརྟེན་པ་ནི། རྒྱལ་བ་འདས་དང་སོགས་ཤོ་ལོ་ཀ་གཅིག་གིས་སོ། །བཅུ་གཅིག་པ་གཟུགས་སོགས་ཀྱི་རང་བཞིན་ཤེས་པས་མངོན་ཞེན་མེད་པ་ནི། ཇི་ལྟར་ཤེས་རབ་ཕ་རོལ་སོགས་ཚིགས་བཅད་གཅིག །བཅུ་གཉིས་པ་ཡུམ་ལ་ཚུལ་བཞིན་སྤྱོད་པས་བྱང་ཆུབ་ལ་ཉེ་བར་གྱུར་པ་ནི། སེམས་ཅན་ཡོངས་སུ་རྟོགས་པ་སོགས་ཚིགས་བཅད་གསུམ་གྱིས་བསྟན་ཏེ། བསལ་བཞག་མེད་པར་རྟོགས་ནས་བྱང་ཆུབ་ཆེན་པོ་ལ་ཉེ་བ་ཞེས་སོ། །སྦྱོར་ལམ་རྩེ་མོའི་མངོན་རྟོགས་ལ་གནས་པའི་བྱང་ཆེན་ཤེར་ཕྱིན་ལ་བསླབས་པའི་ཕན་ཡོན་ནི། འཛམ་བུའི་གླིང་གི་སྐྱེ་བོ་ཇི་སྙེད་ཀྱིས་སངས་རྒྱས་མཆོད་པའི་དགེ་བ་ལ་སོགས་པ་རྣམ་པ་མང་པོ་ལ་དཔེར་མཛད་ནས། དེ་ལས་རྣམ་པར་འཕེལ་བ་སོགས་ཕན་ཡོན་གྱི་སྒོ་ནས་བསྟན་ཏེ་མདོ་ལས། གལ་ཏེ་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མི་ལུས་ཐོབ་པར་གྱུར་ཏེ་སངས་རྒྱས་པར་གྱུར་ལ། དེ་ན་ནམ་འཚོའི་བར་དུ་བཞུགས་པ་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རིམ་གྲོར་བྱས། བཀུར་སྟིར་བྱས་པ་སོགས་ཀྱི་བསོད་ནམས་ལས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེར་ཕྱིན་འདི་གཞན་ལ་སྟོན་པ་ནས་ཡིད་ལ་བྱེད་པས་རྣམ་པར་སྤྱོད་ན་དེའི་བསོད་ནམས་མང་དུ་འཕེལ་ལོ། །ཞེས་སོགས་ཀྱིས་བསྟན་པ་ལྟར་རྣམ་འཕེལ་བཅུ་དྲུག་སྟེ་འཛམ་གླིང་ལ་སོགས་པ་སྟོང་གསུམ་གྱི་སེམས་ཅན་ཇི་སྙེད་པའི་གྲངས་དང་མཉམ་པའི་སངས་རྒྱས་མཆོད་ཅིང་དགེ་རྩ་བླ་མེད་བྱང་ཆུབ་ཏུ་བསྔོས་པ་ལས་རྩེ་མོ་པ་རང་ཉིད་ཡུམ་ལ་གནས་ཤིང་གཞན་ལ་སྟོན་པ་བསོད་ནམས་ཆེ་བ་དང་༡། བསོད་ནམས་དེ་ལས་ཁྱད་པར་འཕགས་པ་ཤེར་ཕྱིན་ནན་ཏན་དུ་ཡིད་ལ་བྱེད་པས་༢སྦྱིན་གནས་དམ་པར་གྱུར་པ་དང་། དེ་ལས་བསོད་ནམས་རྣམ་པར་འཕེལ་བ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་༣འགྲོ་བ་ཡོངས་སུ་གྲོལ་བ་དང་། དེ་ལས་ཁྱད་པར་དུ་རྩེ་སྦྱོར་གྱི་སྟོབས་ཀྱིས་བྱང་ཆུབ་བྱ་འབྲས་བུ་དང་ཆུབ་བྱེད་རྒྱུའི་ཆོས་རྣམས་མི་དམིགས་བཞིན་དུ་ཆེར་བརྩོན་པས་འཛིན་པ་དང་༤། འཛམ་གླིང་གི་སེམས་ཅན་དགེ་བཅུ་བསམ་གཟུགས་སྙོམས་འཇུག་ཐོབ་པའི་བསོད་ནམས་ལས་རྩེ་སྦྱོར་འཕགས་པ་དང་༥། རྩེ་མོའི་སྦྱོར་བ་ལ་གནས་པའི་དྲུང་དུ་ལྷ་རྣམས་བསྲུང་བའི་ཕྱིར་འོང་ཞིང་བྱང་ཆུབ་ལ་བསྐུལ་བ་དང་༦། རྩེ་མོ་བས་ཤེར་ཕྱིན་བསྒོམས་པའི་མཐུས་བདུད་ཐམས་ཅད་ཟིལ་གྱིས་གནོན་པ་དང་༧། རྩེ་ཤེར་གྱི་མཐུས་བྱང་སེམས་གཞན་ལ་སྟོན་པ་དང་འདྲ་བར་གུས་པས་གནས་པ་༨དང་བརྒྱད་ལ་ཕྱི་གཙོ་བོར་གྱུར་པ་བརྒྱད་ཅེས་བྱ་སྟེ་དཔེ་གཞན་དང་གང་ཟག་གཞན་ལ་བརྟེན་ནས་གཙོ་ཆེར་མཚོན་པར་བྱས་པའི་ཕྱིར་རོ། །ནང་གཙོ་བོར་གྱུར་པ་བརྒྱད་ནི། རྩེ་ཤེར་དེའི་མཐུས་གཟུགས་མེད་ཉན་རང་སོགས་ཀྱི་ཡིད་བྱེད་དང་བྲལ་ཞིང་ཐབས་ལ་མཁས་པས་བསླབ་པ་ཡོངས་སུ་དག་པ་དང་༩། རྩེ་ཤེར་དེའི་མཐུས་སངས་རྒྱས་ཀྱི་རིགས་ཁྱད་པར་མདོ་རྒྱས་པར་གསེར་འབྱུང་བའི་ས་ཉུང་བའི་དཔེས་བསྟན། མཆན། ཅན་དུ་ངེས་པ་ཐོབ་པ་དང་༡༠། འབྲས་བུ་སངས་རྒྱས་ཐོབ་པའི་རྒྱུ་སེམས་བསྐྱེད་སོགས་ཀྱི་མདོ་རྒྱས་པར་འཁོར་བསྒྱུར་ཉུང་བའི་དཔེས་བསྟན་མཆན། ནུས་པ་ལྷག་པར་འཕེལ་བ་དང་༡༡། རྩེ་ཤེར་དེའི་མཐུས་ཕར་ཕྱིན་གྱི་མི་མཐུན་ཕྱོགས་ཀྱི་སེམས་མི་སྐྱེ་བ་དང་༡༢། གཟུགས་ནས་རྣམ་མཁྱེན་བར་ལ་བདེན་འཛིན་ཀུན་བཏགས་མངོན་གྱུར་པའི་སེམས་མི་སྐྱེ་བ་དང་༡༣། ཤེར་ཕྱིན་གྱི་ནང་དུ་ཕར་ཕྱིན་ཀུན་བསྡུས་ནས་ཉམས་སུ་ལེན་ཚུལ་ཤེས་པ་དང་༡༤། སྒོམ་བྱུང་གི་སྟོབས་ཀྱིས་ཐེག་པ་གསུམ་གྱི་རྟོགས་རིགས་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པ་དང་༡༥། དེའི་མཐུས་རྫོགས་པའི་བྱང་ཆུབ་ལ་ཉེ་བ་དང་༡༦བརྒྱད་དོ། །འདིར་རྟགས་དང་རྣམ་འཕེལ་ལ་སོགས་པ་འདི་དག་དང་པོར་ཐོབ་པའི་ས་མཚམས་འཛིན་པ་ཡིན་གྱི་གོང་མར་མེད་པ་མིན་ལ། ཞིང་དག་སྦྱོར་སོགས་ཆ་འདྲ་སྔ་ནས་ཡོད་ཀྱང་ཡོངས་སུ་དག་པ་ཁྱད་པར་ཅན་དག་ས་ནས་ཐོབ་པས་དེར་བཞག་པ་སོགས་ཀྱི་ཚུལ་འདི་འདྲ་གོང་འོག་ཀུན་ཏུ་སྦྱར་ཏེ་ཤེས་པར་བྱའོ། །དེ་ལ་རྣམ་འཕེལ་དང་པོ་ནི། འཛམ་བུའི་གླིང་ན་སོགས་ཚིགས་བཅད་གཉིས་ཀྱིས་བསྟན། གཉིས་པ་ཤེས་རབ་ཕ་རོལ་ཕྱིན་མཆོག་སོགས་ཚིགས་བཅད་གཅིག །གསུམ་པ། བྱང་ཆུབ་སེམས་དཔའ་སོགས་ཚིགས་བཅད་གཅིག །བཞི་པ། མི་ཞིག་སྔོན་ཆད་སོགས་ཚིགས་བཅད་གཉིས། ལྔ་པ། ཉི་མ་སྤྲིན་དང་བྲལ་བའི་སོགས་ཚིགས་བཅད་གཉིས། དྲུག་པ། དཔེར་ན་རྒྱལ་པོའི་བུ་ཞིག་སོགས་ཚིགས་བཅད་གཉིས། བདུན་པ། དེའི་ཚེ་ན་བདུད་ནི་སོགས་ཚིགས་བཅད་དྲུག་གིས་བསྟན་ཏེ། དང་པོ་གཉིས་ཀྱིས་དངོས་དང་། དེ་རྗེས་གསུམ་གྱིས་ཞར་བྱུང་དུ་གླགས་རྙེད་ཚུལ་དང་། ཐ་མ་གཅིག་གི་དེའི་གཉེན་པོ་བསྟན་པ་ཡིན་ལ། དེ་ཡང་བདུད་ཀྱི་གླགས་རྙེད་པའི་བྱང་སེམས་ལ་བརྒྱད་སྟོང་པ་ལས་བཅུ་དང་། ཉི་ཁྲི་ལས་བཅུ་གཉིས་གསུངས་པའི་ཐ་མ་དེ་འདིར་བསྟན་ཏོ། །བདུན་པ་འདིའི་ཤུགས་ལ་བརྒྱད་པ་བསྟན་ཏེ་བྱང་ཆུབ་སེམས་དཔའ་མི་མཐུན་པར་རྩོད་པའི་ཉེས་པ་བསྟན་ཞིང་དེའི་གཉེན་པོ་བསྟན་པའི་དོན་གྱིས་བྱང་སེམས་གཞན་ལ་གུས་པར་བྱ་བ་བསྟན་པ་ཡིན་ནོ། །རྣམ་འཕེལ་དགུ་པ་ནི། གང་ཞིག་སློབ་ཚེ་སོགས་ཚིགས་བཅད་གཅིག་གིས་སོ། །བྱང་ཆུབ་སེམས་དཔའ་གང་ཞིག་སོགས་ཚིགས་བཅད་གཅིག་གིས་རྣམ་འཕེལ་གསུམ་བསྟན་ཏེ། དེ་ནི་སངས་རྒྱས་ཆོས་བརྙེས་བྱ་ཕྱིར་ཞེས་པས་བཅུ་པ་རིགས་ངེས་པར་ཐོབ་པ་དང་། དེ་ནི་བསླབ་ལྷག་ཞེས་པས་བཅུ་གཅིག་པ་སེམས་བསྐྱེད་སོགས་ཀྱི་ནུས་པ་ལྷག་པ་དང་། བསླབ་ལ་མཁས་ཏེ་དམིགས་པ་མེད་ཅེས་པས་བཅུ་གསུམ་པ་བདེན་འཛིན་མངོན་གྱུར་པའི་སེམས་མི་སྐྱེ་བ་བསྟན། མཁས་པ་འོད་བྱེད་སོགས་ཚིགས་བཅད་གཅིག་གིས་བཅུ་གཉིས་པ་ཕར་ཕྱིན་གྱི་མི་མཐུན་ཕྱོགས་ཀྱིས་སེམས་མི་སྐྱེ་བ་བསྟན་ཏེ། དགེ་བ་མ་ཡིན་པ་སེར་སྣ་སོགས་ཀྱི་སེམས་མི་སྐྱེ་ཞེས་པའོ། །རྣམ་འཕེལ་བཅུ་བཞི་པ་ནི། ཤེས་རབ་ཕ་རོལ་ཕྱིན་ལ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་རྣམ་འཕེལ་བཅོ་ལྔ་པ་ནི། བྱང་ཆུབ་སེམས་མཁས་སོགས་ཚིགས་བཅད་གཅིག་གིས་བསྟན་ལ། བཅུ་དྲུག་པ་དངོས་སུ་མེད་ཀྱང་གོང་མ་རྣམས་ཀྱི་ཤུགས་ལས་དོན་གྱིས་ཤེས་སོ། །རྣམ་འཕེལ་བཅོ་ལྔ་པ་འདི་ཡི་ཤེས་ཞབས་ཀྱིས་བཟོད་པའི་རྩེ་མོ་དོན་གཉིས་བརྟན་པ་ལ་སྦྱར་བར་མཛད་དོ། །བརྟན་པས་མཚོན་པ་བཟོད་པ་ནི། མཁྱེན་གསུམ་གྱི་རྟོགས་པ་རྫོགས་པར་བཟོད་ཅིང་ཁོང་དུ་ཆུད་པ་རང་དོན་རྟོགས་པ་བརྟན་པ་དང་། སེམས་ཅན་མཐའ་དག་གི་དོན་སྒྲུབ་པ་བསམ་སྦྱོར་གྱིས་ཡོངས་སུ་མི་གཏོང་བ་གཞན་དོན་སྙིང་རྗེ་བརྟན་པ་ཡིན་ལ། བརྟན་པ་དེ་གཉིས་ཀྱིས་བཟོད་པ་མཚོན་པ་དང་། གླིང་བཞི་པ་༡སྟོང་གསུམ་༢འཇིག་རྟེན་དང་། སྟོང་གཉིས་པ་བར་མའི་འཇིག་རྟེན་༣དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་༤འཇིག་རྟེན་གྱིས་སོགས་སྲུང་ལ་གཞལ་རུང་གིས། སེམས་དང་པོ་༡བསྐྱེད་པ་དང་། སྤྱོད་པ་ལ་ཞུགས་པ་༢། ཕྱིར་མི་ལྡོག་པ་༣། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་༤བཞིའི་སེམས་བསྐྱེད་པའི་དགེ་རྩ་ལ་ཡི་རང་བ་ཚད་གཞལ་དུ་མེད་པ་དཔེ་དོན་རིམ་བཞིན་སྦྱར་ཏེ་གསུངས་པས་བསོད་ནམས་མང་པོ་ཡོད་པ་ཉིད་ཀྱི་སྒོ་ནས། སེམས་གཉིས་མེད་ལ་ཀུན་ཏུ་གནས་པ་ཆོས་མཆོག་པའི་ཏིང་འཛིན་བསྐྲགས་པར་མཛད་པ་སྟེ། དེ་ཡང་ཡུལ་དེ་བཞིའི་དགེ་རྩ་ལ་ཆོས་མཆོག་པས་ཡི་རང་མཛད་པའི་དགེ་བ་དེ་ལྟར་ཚད་མེད་པ་ནི། སེམས་དེ་བཞིན་ཉིད་ལ་ཀུན་ཏུ་གནས་པའི་ཏིང་འཛིན་ཁྱད་པར་ཅན་ཡོད་པའི་དབང་གིས་གཞན་གྱི་ཡི་རང་ལས་འཕགས་པའི་ཡོན་ཏན་དེས། རང་གི་རྟེན་ཏིང་འཛིན་མཚོན་པར་ཡང་གཞན་ལས་བཤད་ལ། ཡང་ན་ཆོས་མཆོག་པའི་དགེ་རྩ་ལ་ཡི་རང་བ་སྐབས་འདིའི་བཤད་བྱ་ཡིན་པས། དེའི་ཐུགས་བསྐྱེད་ལ་གཞན་གྱིས་ཡི་རང་བ་ཙམ་ལའང་ཕན་ཡོན་དེ་ལྟ་བུ་སྐྱེད་ནུས་པའི་ཡོན་ཏན་དང་ལྡན་པའི་ཏིང་འཛིན་ཁྱད་པར་ཅན་ནོ་ཞེས་ཆོས་མཆོག་གི་རྩེ་མོ་མཚོན་པའོ། །སྐབས་འདིར་ནི་བཟོད་པ་དང་ཆོས་མཆོག་སྟབས་གཅིག་ཏུ་བྱས་ཏེ། མི་ལྡོག་བྱང་ཆུབ་མཆོག་ལ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། མི་ལྡོག་པར་བྱང་ཆུབ་མཆོག་ལ་ཞུགས་པ་བཟོད་པ་དང་ཆོས་མཆོག་ལ་གནས་པའི་སེམས་བསྐྱེད་ལ་ཡི་རང་བྱས་ན་ཕན་ཡོན་ཚད་མེད་འབྱུང་སྟེ། དེའི་དགེ་བ་ནི་བྱང་ཆུབ་ཀྱི་རྒྱུར་ངེས་པ་ཡིན་པས། དེ་ལ་ཡི་རང་བྱས་པས་སེམས་ཅན་ཐམས་ཅད་ཀྱི་དགེ་བ་ལའང་ཡི་རང་བྱས་པར་འགྱུར་ཏེ། དེ་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ལ་ཕན་བདེ་བྱེད་པའི་ཕྱིར། འདིའི་དགེ་རྩ་ནི་གཞན་ཉན་རང་སོགས་དང་མི་མཉམ་སྟེ་ཐམས་ཅད་ཀྱི་དོན་དུ་འགྱུར་བའི་ཕྱིར་རོ་ཞེས་པའོ། །དེ་དག་མི་ལྡོག་པ་ནི་བརྟན་པ་དང་སེམས་ཀུན་ཏུ་གནས་པའི་སྟོབས་ཀྱིས་ཡིན་པར་རིག་པར་བྱའོ། །ད་ནི་མཐོང་ལམ་རྩེ་སྦྱོར་བཤད་པ་ལ། སྤང་བྱ་རྟོག་པ་དང་། གཉེན་པོ་མཐོང་ལམ་གཉིས། དང་པོ་སྤང་བྱའི་རྟོག་པ་རིགས་བསྡུས་ཏེ་གཟུང་བའི་ཡུལ་དང་འཛིན་པ་པོ་གཉིས། དང་པོ་ལ་སྐབས་འདིར་ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་ལ་འཇུག་ཡུལ་དུ་གཟུང་བའི་རྟོགས་པ་དང་། ཉན་རང་གི་ལམ་འབྲས་ལྡོག་བྱའི་ཡུལ་དུ་གཟུང་བ་སྟེ་གཉིས་དང་། སོ་སྐྱེའི་གང་ཟག་ལ་དམིགས་ནས་རྫས་སུ་འཛིན་པ་དང་། འཕགས་པའི་གང་ཟག་ཉན་རང་རྣམས་ལ་དམིགས་ནས་བཏགས་པར་འཛིན་པ་སྟེ་གཉིས་སུ་ཕྱེ་བས་སྤྱིར་བཞི་ཡོད་ལ། དེ་ལ་འཇུག་ལྡོག་གི་ཡུལ་དེ་དག་དོན་དམ་པར་མ་གྲུབ་པའི་ཕྱིར། དེ་དག་ལ་བདེན་གྲུབ་ཏུ་བཟུང་ནས་འཇུག་ལྡོག་ཏུ་སེམས་པའི་རྟོག་པ་ནི་མཉམ་རྗེས་གཉིས་ཀར་སྤང་བྱ་ཡིན་ལ། བདེན་པར་མ་ཞེན་པའི་འཇུག་ལྡོག་ཏུ་འཛིན་པ་ནི་རྗེས་ཐོབ་གཉིས་སུ་སྣང་བ་ཅན་གྱི་ངོས་ན་སྤངས་མི་དགོས་ཀྱང་། དེར་འཛིན་པ་ཙམ་གྱི་མཚན་མའི་རྟོག་པ་དག་ཀྱང་མཉམ་བཞག་གཉིས་མེད་ཀྱི་ཡེ་ཤེས་ལ་མི་སྣང་བས་ན། ཡང་དག་པའི་དོན་དུ་དེ་ལྟར་གཟུང་བའི་ཡུལ་ཙམ་དུའང་མ་གྲུབ་པར་ཤེས་པར་བྱ་བ་གལ་ཆེ་ལ། དེ་བཞིན་དུ་རྫས་བཏགས་ཀྱང་ཤེས་པར་བྱ་སྟེ། སོ་སྐྱེའི་ཆོས་ལ་རྫས་འཛིན་དུ་བསྟན་པས་བཏགས་འཛིན་དུའང་འཛིན་ཚུལ་ཡོད་པ་ཤུགས་ལ་བསྟན་ཅིང་། འཕགས་པའི་ཆོས་ལས་བཏགས་འཛིན་བསྟན་པས་དེ་ལ་ཡང་སོ་སྐྱེ་རྣམས་ཀྱིས་རྫས་སུ་འཛིན་པར་བྱེད་པས་དོན་ལ་རྫས་བཏགས་སུ་འཛིན་པ་དེ་དག་སྤང་ཚུལ་གཟུང་རྟོག་ལ་བཤད་པ་བཞིན་དུ་ཤེས་པར་བྱའོ། །དེ་རེ་རེ་ཡང་ནང་གི་དབྱེ་བས་ཡུལ་ལ་བརྟེན་ནས་འཛིན་སྟངས་ཀྱི་རྣམ་པས་ཕྱེ་བ་དགུ་དགུ་སྟེ་སུམ་ཅུ་རྩ་དྲུག་ཏུ་ཡོད་པ་རྣམས་ནི། དང་པོ་འཇུག་པ་གཟུང་རྟོག་ལ། མདོ་ལས་རབ་འབྱོར་འདི་ཅི་སྙམ་དུ་སེམས་སྒྱུ་མ་ལྟ་བུའི་སེམས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མ་མཐོང་ངམ། ཞེས་པ་ནས་ཤིང་གི་འཁྲུལ་འཁོར་གྱི་དཔེས། བྱ་བའི་འབྲས་བུ་ལ་མི་རྟོག་པའི་བར་གྱིས་གསུངས་པ་ལ་སོགས་པ་རྣམས་ཏེ། གོང་འོག་ཏུ་བསྟན་པའི་མཐོང་སྒོམ་གྱིས་སྤང་བྱའི་རྟོག་པ་འདི་རྣམས་ཀྱིས་མཚོན་ནས། བླང་དོར་དགག་སྒྲུབ་ཀྱི་རྟོག་པ་མཐའ་ཡས་པའི་ཚུལ་གྱིས་མངོན་ཞེན་དང་དམིགས་པ་མཐའ་དག་སྤངས་དགོས་པར་བསྟན་པ་ཤེས་པར་བྱ་ཞིང་། དེ་ལྟར་བསྟན་པའི་ཤུགས་ལ་ཀུན་བྱང་གི་མཚན་ཉིད་དང་། ཐེག་པ་ཆེ་ཆུང་གི་ཁྱད་པར་ལ་སོགས་པ་དག་ཀྱང་ཤེས་པར་འགྱུར་ལ། དེ་ལྟར་ཤེས་ནས་ཀྱང་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་འཇུག་པ་འདི་ཤེར་ཕྱིན་གྱི་བསྟན་དོན་ཡིན་ནོ། །རྟོག་པ་དེ་དག་རྒྱས་པར་བསྟན་བཅོས་དང་མདོ་རྒྱས་པ་རྣམས་སྦྱར་ཏེ་ཤེས་པར་བྱ་དགོས་ལ། འདིར་ནི་འཇུག་ལྡོག་གི་གཟུང་རྟོག་སྤོང་བའི་དོན་དུ། བྱང་ཆུབ་སེམས་དཔའ་གང་ཞིག་སོགས་ཚིགས་བཅད་གཉིས་ཏེ། དེ་བཞིན་ཉིད་ཀྱི་ངོས་ན་འཇུག་ལྡོག་གི་ཡུལ་གང་ཡང་མ་དམིགས་པས་ན། འཇུག་ལྡོག་གམ་ཉེ་རིང་བླང་དོར་གྱི་ཤེས་རབ་གཉིས་འཛིན་ཅན་གྱིས་བྱང་ཆུབ་ཚོལ་བར་མི་བྱེད་པར་ཆོས་ཐམས་ཅད་གཉིས་སུ་མེད་པར་མཉམ་པ་ཆེན་པོའི་ཚུལ་གྱིས་ཤེར་ཕྱིན་ལ་སྤྱད་པར་བྱ་སྟེ། དཔེར་ན་ནམ་མཁའ་ཉིད་ཡོད་པ་མིན་པས་ན། དངོས་པོ་གང་དང་ཡང་ནམ་མཁའ་དེ་འགལ་བ་མེད་པས་གང་དང་ཡང་རིང་བ་མེད་ལ། ཆོས་གང་གིས་ཀྱང་ནམ་མཁའ་དེ་ཐོབ་པ་མེད་པས་ཉེ་བ་མེད་པ་བཞིན་དུ། ཤེར་ཕྱིན་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཡང་འཇུག་ཡུལ་ལ་ཉེ་བ་དང་། ལྡོག་ཡུལ་ལ་རིང་བའི་འདུ་ཤེས་སོགས་མཚན་མའི་དམིགས་པ་ཐམས་ཅད་ཉེ་བར་ཞི་བར་སྤྱོད་ཅེས་སོ། །ལོངས་སྤྱོད་པ་པོའི་སྐྱེས་བུ་རྫས་བཏགས་ཀྱི་མངོན་ཞེན་སྤང་བ་ནི། སྐྱེ་བོའི་དབུས་ན་སོགས་ཚིགས་བཅད་བཞིས་བསྟན་ཏེ། བྱ་བའི་ལས་སམ་ཡུལ་ལ་མི་རྟོག་པ་སྒྱུ་མའི་སྐྱེས་བུའི་དཔེ། བྱེད་པ་པོར་མི་རྟོག་པ་སངས་རྒྱས་ཀྱི་སྤྲུལ་པའི་དཔེ། བྱ་བའི་འབྲས་བུ་ལ་མི་རྟོག་པ་ཤིང་མཁན་གྱིས་གཟུགས་བྱས་པའི་དཔེས་བསྟན་ཏོ། །དེ་ལྟར་གཟུང་འཛིན་གྱི་སྤྲོས་པ་ཞི་བའི་ཡེ་ཤེས་རྣམ་པར་མི་རྟོག་པ་ཡོངས་སུ་སྨིན་པར་གྱུར་པ་ན་ཡུལ་གང་ལའང་ཡུལ་འདི་ལ་བདག་གིས་ལོངས་སྤྱོད་དོ་སྙམ་པའི་རྣམ་པར་རྟོག་པ་མེད་བཞིན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་འཇུག་ལྡོག་བྱེད་པ་ཡིན་ལ། དེ་ལྟར་ནམ་གྱུར་པའི་འཕགས་པ་གཞན་གྱིས་བཏགས་པ་ཙམ་གྱི་བདག་གིས་ཡུལ་ལ་ལོངས་སྤྱོད་པར་འཛིན་ཞིང་འཇུག་ལྡོག་བྱེད་ལ། སོ་སྐྱེ་རྣམས་ཀྱིས་རྫས་སུ་ཡོད་པའི་བདག་དེས་ཡུལ་ལ་ལོངས་སྤྱོད་པར་འཛིན་ཞིང་བདེན་ཞེན་གྱིས་འཇུག་ལྡོག་བྱེད་པ་ཡིན་ནོ། །དེ་ལྟར་རྟོག་པ་སྤངས་ནས་མི་རྟོག་པར་གནས་པ་དེའི་ཕན་ཡོན་ནི། དེ་ལྟར་སྤྱོད་མཁས་སོགས་ཚིགས་བཅད་གསུམ་གྱིས་བསྟན་ཏེ། དམ་པས་བསྔགས་པ་དང་བདུད་ཀྱིས་མི་ཚུགས་པའི་ཡོན་ཏན་གཉིས་གསུངས་པའི་ཕྱི་མ་ལ་དངོས་དང་དེའི་རྒྱུ་མཚན་བཅས་པས་བསྟན་ཏོ། །གཉེན་པོ་མཐོང་ལམ་ལ་རྒྱུ་འབྲས་ངོ་བོ་ཉིད་གསུམ་གྱིས་བསྟན་ཏེ། དང་པོ་རྒྱས་པར་མཐར་ཐུག་གི་བྱང་ཆུབ་གྱི་རྟོགས་པ་ལ་ལམ་སྟོན་པ་དང་སྒོམ་དུ་བཅུག་པ་སོགས་ཀྱི་སྒོ་ནས་འགོད་པ་དང་། དེའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞན་ལ་ཡོངས་སུ་གཏོང་བ་སྟེ་སྟེར་བ་དང་། མཐོང་ལམ་དེ་ཐོབ་པའི་རྒྱུ་ཆོས་ཉིད་ལ་མཉམ་པར་བཞག་པ་སྟེ། མདོར་ན་རྗེས་ཐོབ་ཏུ་གཞན་རྒྱུད་ལ་རྟོགས་པ་དང་ལུང་གི་ཆོས་སྣང་བར་བྱེད་པ་དང་། མཉམ་བཞག་ཏུ་རང་གི་ཤེར་ཕྱིན་སྒོམ་པ་དང་གསུམ་པོ་དེ་མཐོང་ལམ་ཐོབ་པའི་རྒྱུ་ཡིན་ལ། དེ་རེ་རེ་ཡང་བསོད་ནམས་ཚད་མེད་པའི་མཚན་ཉིད་ཅན་ནོ། །དེ་ལྟ་བུའི་རྒྱུ་ནི་སྐབས་འདིར། དེ་བཞིན་གཤེགས་ཡུམ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། ཆོས་བསྟན་པ་དེའི་སྒོ་ནས་ཕ་རོལ་ལ་རྟོགས་པ་བསྐྱེད་པར་ཡང་གྲུབ་ལ། བསམ་པ་ཐག་པས་སྒྲུབ་པར་མངོན་བརྩོན་གྱིས་ངང་གིས་མཉམ་པར་བཞག་པ་བསྟན་ལ། གོང་དུ་རྣམ་པར་མི་རྟོག་པའི་ཕན་ཡོན་བསྟན་པས་འདི་དག་གི་ཕན་ཡོན་ཡང་དོན་གྱིས་མངོན་ནོ། །གཉིས་པ་མཐོང་ལམ་གྱི་འབྲས་བུ་ནི་མཐར་ཐུག་གི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཡིན་ལ། དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ལ་དྲི་མ་ཡེ་ནས་ཟད་པ་དང་། སླར་མི་སྐྱེ་བ་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་གདོད་ནས་དག་པའི་ཆོས་ཉིད་གནས་ལུགས་ཀྱི་དབང་དུ་བྱས་ན། དགག་བྱ་གང་ཡང་དགག་མི་དགོས་པའམ་འགོག་ཏུ་མེད་པའི་རང་བཞིན་དུ་གནས་པས་ན། མཐོང་ལམ་གྱིས་སྤང་བྱ་རྣམ་པར་རྟོག་པའི་རིགས་སྔར་ཡོད་ཅི་ཞིག་ཟད་ཅིང་། སྐྱེ་མེད་ཀྱི་རྣམ་པ་སྔར་མེད་ཅི་ཞིག་འཐོབ་སྟེ་ཐོབ་ཏུ་མེད་དོ། །དེའི་རྒྱུ་མཚན་ཡང་ཆོས་རྣམས་ཡིན་ལུགས་སམ་གཤིས་ལ་དྲི་མ་མེད་པ་ཞིག་ཡིན་ན། ཕྱིན་ཅི་མ་ལོག་པའི་བློས་དེ་མཐོང་དུ་རུང་གི། གལ་ཏེ་དྲི་མ་དང་བཅས་པ་ཞིག་ནི། དེ་དྲི་མ་མེད་པར་མཐོང་དུ་མི་རུང་སྟེ་ཡུལ་གྱི་རང་བཞིན་དེ་ལྟར་ཡིན་པས་སོ། །གལ་ཏེ་ཡུལ་གྱི་རང་བཞིན་དྲི་མ་ཅན་ཡིན་ཡང་། བློས་དྲི་མ་མེད་པར་མཐོང་ན་ནི། དྲི་མ་མེད་པར་མཐོང་བའི་བློ་ཡུལ་གྱི་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ལོག་ཤེས་སུ་འགྱུར་བས་དེས་རང་རྒྱུད་ལྡན་གྱི་གང་ཟག་དེ་དག་པར་ཡང་མི་འགྱུར་ལ། དྲི་མ་ཅན་དུ་མཐོང་བའི་བློ་ནི་ཡང་དག་པའི་ཤེས་པར་འགྱུར་རོ། །དེས་ན་གཞན་དངོས་སྨྲ་བ་རྣམས་ཀྱི། དྲི་མ་སྔར་ཡོད་ཟད་པ་དང་ཕྱིས་མི་སྐྱེ་བ་ལ་ཟད་མི་སྐྱེ་ཞེས་འདོད་ཀྱང་། དྲི་མ་སྔར་བདེན་པར་ཡོད་པ་ཞིག་ན་འགོག་པ་མེད་པའི་རང་བཞིན་དུ་ངེས་པས་དེ་དག་གི་ལུགས་རིགས་པ་དང་འགལ་ལ། གཞན་ཡང་དེ་དག་གི་ཆོས་རྣམས་ཀྱང་དོན་དམ་པར་ཡོད་ལ། ཤེས་བྱ་ཐམས་ཅད་པ་ཡང་སྟོན་པ་སངས་རྒྱས་ནི་སྒྲིབ་པ་ཟད་དོ་ཞེས་ཤེས་སྒྲིབ་སྤངས་པར་འདོད་པ་དེ་ལ་རྗེ་བཙུན་བྱམས་པ་ཁོ་བོས་མཚར་དུ་བརྩིས་པ་སྟེ་ཁས་བླངས་ནང་འགལ་དུ་མཐོང་བཞིས་བསྟན་བཅོས་ལས་གསུངས་ཏེ། ཆོས་ཐམས་ཅད་དོན་དམ་པར་འགྲུབ་པ་ཞིག་ན་དེ་འཁོར་གསུམ་དུ་མ་དམིགས་པའི་ཚུལ་གྱིས་ཤེས་སྒྲིབ་ཅི་ལྟར་འཛད་པར་བྱ་ཞེས་སོ། །དེས་ན་ཐེག་པ་ཆེན་པོ་རང་གི་ལུགས་ལ་ནི། དངོས་པོའི་གཤིས་སམ་རང་བཞིན་འདི་ལ་སྒྲིབ་པ་གཉིས་པོ་སྔར་ཡོད་བསལ་བར་བྱ་བ་ཅི་ཡང་མེད་ལ། སྟོང་པ་སོགས་ཡོན་ཏན་གྱི་ཆ་སྔར་མེད་གསར་དུ་བཞག་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། དངོས་པོའི་རང་བཞིན་བྱར་མེད་ལ་བསལ་བཞག་གི་བཅོས་སུ་མི་བཏུབ་པས་སོ། །དེས་ན་སྒྲོ་སྐུར་དང་བྲལ་བའི་ཆོས་ཉིད་མཉམ་པ་ཆེན་པོ་བསལ་བཞག་མེད་པའི་དོན་ལ། དེ་དང་རྗེས་སུ་མཐུན་པར། དགག་བསྒྲུབ་ཀྱི་བསླད་པ་དང་བྲལ་བའི་བློས་ཡང་དག་པར་བལྟ་བར་བྱས་ཏེ་མཉམ་པར་བཞག་ན། གོམས་པའི་མཐུས་གནས་ལུགས་མཐའ་གང་དུའང་མི་གནས་པ་ཡང་དག་པ་དེ་ཁོ་ན་ཉིད་ཀྱི་དོན་མཐོང་ནས་རང་རྒྱུད་མཚན་མའི་རྟོག་པས་འཆིང་བ་ལས་གྲོལ་བར་འགྱུར་རོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ཟབ་མོའི་གནད་མཐར་ཐུག་པའང་འདོམས་པར་མཛད་དོ། །དེ་ལྟར་ཆོས་ཉིད་བསལ་བཞག་མེད་པའི་དོན་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་རང་རྒྱུད་ཀྱི་རྟོག་པ་ལྡོག་པ་ལ་སྤང་བྱ་སྤངས་པ་དང་། ཆོས་ཉིད་དང་རྗེས་སུ་མཐུན་པའི་བློ་སྐྱེས་པ་ལ་རྟོགས་པ་སྐྱེས་ཞེས་སྣང་ཚུལ་ཙམ་དུ་བརྗོད་པར་ཟད་ཀྱི། གནས་ལུགས་ལ་སྤང་བ་དང་སྐྱེ་བ་གཉིས་ཀ་མ་གྲུབ་བོ། །སྐབས་འདིར་འབྲས་བུ་ནི་གོང་གི། དེས་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཞུགས་རིག་བྱ་ཞེས་པས་བསྟན་ཏོ། །མཐོང་ལམ་རྩེ་མོ་རང་གི་ངོ་བོ་ལ་མཉམ་གཞག་དངོས་དང་དེ་ཉིད་རྗེས་སུ་སྒོམ་ཚུལ་གཉིས་ལས། དང་པོ་མདོ་རྒྱས་པ་རྣམས་སུ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའི་སྦྱིན་པ་བྱིན་ཅིང་ཞེས་སོགས་ཀྱིས། སྔར་གོ་སྒྲུབ་སྐབས་སུ་བཤད་པ་ལྟར་སྦྱིན་སོགས་རེ་རེར་ནི་ཕན་ཚུན་བསྡུས་པ་གང་ཡིན་པ་དེ་ཡི་ནང་གི། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་བྱ་བ་རྫོགས་པའི་སྐད་ཅིག་མ་གཅིག་པའི་བཟོད་པ་ཡིས་བསྡུས་པ་དེ་ནི། རྩེ་སྦྱོར་བསྟན་པའི་སྐབས་འདིར་མཐོང་བའི་ལམ་དུ་བཞེད་དེ། དེ་ལས་ལྡོག་ཆས་དབྱེ་བ་སོ་དྲུག་ཚང་བའི་ཐབས་ཀྱི་རྣམ་པ་དང་ལྡན་པའི་ཤེས་རབ་རྨད་དུ་བྱུང་བ་ཡིན་པས་སམ། ཡང་ན་སྦྱིན་སོགས་ཐབས་ཀྱི་རྣམ་པ་མ་ལུས་པའི་རང་བཞིན་སྟོང་པ་ཉིད་དུ་གཟིགས་པའི་ཡེ་ཤེས་ཞེས་བྱ་སྟེ། སྣང་སྟོང་མཉམ་པ་ཉིད་བརྗོད་དུ་མེད་པའི་དོན་ལ་གཉིས་སྣང་ནུབ་པའི་ཚུལ་གྱིས་མཉམ་པར་བཞག་པ་ཡིན་པའི་ཕྱིར་ནའོ། །གཉིས་པ་ནི། མཐོང་ལམ་བཟོད་པའི་རྗེས་དེ་ནས་མཐོང་སྤང་ལས་གྲོལ་བའི་ཕྱིར། བག་ཚ་བ་མེད་པ་སེང་གེ་རྣམ་པར་བསྒྱིངས་པ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྟེན་འབྲེལ་ལུགས་འབྱུང་ལྡོག་ལ་རྟོགས་པར་བྱེད་དོ། །ཞེས་གསུངས་ཏེ། མཐོང་ལམ་ཐོབ་ནས་སླར་ཡང་ཆོས་ཉིད་ལ་མཉམ་པར་འཇོག་པའི་ཏིང་འཛིན་དེའི་མིང་ལ་དེ་ལྟར་གསུངས་ཤིང་། འཕགས་པའི་ཏིང་འཛིན་གཞན་སྒོམ་ལམ་གྱི་སྦྱོར་བ་ལའང་སེང་གེ་རྣམ་བསྒྱིངས་ཞེས་གྲགས་སོ། །ཡང་གཞུང་འགའ་ཞིག་གི་ལུགས་ལྟར་ན་མཐོང་ལམ་བར་ཆད་མེད་པའི་རྗེས་སུ་བྱུང་བ་རྣམ་གྲོལ་ལམ་དེ་ལ་སེང་གེ་རྣམ་བསྒྱིངས་ཞེས་ངོས་འཛིན་པར་མཛད་ནས། དེའི་རྗེས་ཐོབ་ཏུ་རྟེན་འབྲེལ་ལུགས་འབྱུང་ལྡོག་ལ་རྟོག་པར་བྱེད་ཅེས་གསུངས་སོ། །དེ་ལ་མཐོང་ལམ་གྱི་ངོ་བོ་ལ་བཟོད་པས་བསྡུས་པ་ཞེས་གསུངས་པས་དེའི་རྣམ་གྲོལ་ལམ་ལ་སེང་གེ་རྣམ་བསྒྱིངས་ཐོབ་བོ་སྙམ་དུ་དགོངས་པའོ། །དེ་ལ་བར་ཆད་མེད་ཁོ་ན་མཐོང་ལམ་རྩེ་མོར་བསྟན་པ་ནི། མཐོང་ལམ་གྱི་ངོ་བོ་དངོས་དེ་ཡིན་ལ། རྣམ་གྲོལ་ལམ་དེའི་རྒྱུན་ནམ་འབྲས་བུ་ཡིན་པ་དོན་གྱིས་བསྟན་པར་གྱུར་པའི་ཕྱིར་རོ། །མདོ་འདིར་ནི་མཐོང་ལམ་མཉམ་བཞག་སྟོན་པ། ཆོས་དབྱིངས་དེ་བཞིན་ཉིད་ལ་སོགས་ཚིགས་བཅད་གཅིག་སྟེ། མཐོང་ལམ་པས་དེ་བཞིན་ཉིད་མངོན་སུམ་རྟོགས་པར་བཞག་པའང་། ཆོས་དབྱིངས་དེ་བཞིན་ཉིད་ལའང་དམིགས་པའི་ཚུལ་གྱིས་གནས་པ་མ་ཡིན་ཏེ། དེ་ལྟ་ན་ཡུལ་ཡུལ་ཅན་དུ་སྣང་བར་ཐལ་བའི་ཕྱིར་གཉིས་སྣང་ནུབ་པའི་མཉམ་བཞག་ཏུ་མི་རུང་ངོ་། །དེས་ན་སྣང་སྟོང་ཟུང་དུ་འཇུག་པའི་ཆོས་ཉིད་བསལ་བཞག་མེད་པའི་རང་གཤིས་སུ་སོན་པའི་ཡེ་ཤེས་དེ་ནི་བར་སྣང་གི་སྤྲིན་བཞིན་དམིགས་པའི་རྟེན་གང་ལའང་མི་རྟེན་པར་གནས་སོ། །འོ་ན་དེས་མཐོང་སྤང་སྤོང་བ་དང་། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཇི་ལྟར་སྐྱེད་ཅེ་ན། ཆོས་ཉིད་ཀྱི་དོན་མཐོང་བས། ཆོས་ཉིད་ལ་ཕྱིན་ཅི་ལོག་ཏུ་དམིགས་པའི་རྟོག་པ་རྣམས་སྤོང་བ་ན། རྣམ་པར་མི་རྟོག་ཀྱང་ཡོན་ཏན་གྱི་འབྲས་བུ་རྩོལ་མེད་དུ་བྱེད་པ་ནི། རིག་སྔགས་འཆང་བ་གནས་ཁྱིམ་ལ་སོགས་པ་མེད་པ་དག་ནམ་མཁའ་ལ་རྒྱུ་བ་ན། གནས་འདོད་པའི་ཚེ་ནམ་མཁའ་དེ་ཉིད་དུ་དུས་མིན་པར་ཡང་མེ་ཏོག་ལ་སོགས་པས་བརྒྱན་པའི་སྐྱེད་མོས་ཚལ་ལ་སོགས་པས་མཛེས་པའི་གཞལ་མེད་ཁང་གི་བཀོད་པ་ཀུན་ཏུ་སྟོན་པ་བཞིན་ཏེ། དངོས་པོར་མ་ཞེན་པའི་སྒྱུ་མའི་རྣམ་ཐར་ལས་ཡོན་ཏན་འདོད་དགུར་འཇོ་བ་ཡིན་ནོ་ཞེས་སོ། །གཉིས་པ། དེ་ལྟར་སྤྱོད་པ་སོགས་ཚིགས་བཅད་གཅིག་སྟེ། རྣམ་པར་མི་རྟོག་པའི་ཚུལ་དེ་ལྟ་བུ་ལ་སྤྱོད་པའི་བྱང་སེམས་ཀུན་རྫོབ་ལ་མཁས་ཤིང་དེ་ཁོ་ན་ཉིད་ལ་ཡེ་ཤེས་གསལ་བ་དེ་ནི། མཉམ་བཞག་ཏུ་དེ་ཁོ་ན་ཉིད་ལ་དངོས་སུ་འཇུག་པའི་ཏིང་འཛིན་སེང་གེ་རྣམ་པར་བསྒྱིངས་པ་ལྟ་བུ་འཇིག་རྟེན་པའི་ཡིད་བྱེད་ཀྱིས་མ་བསླད་པས་རྩལ་རྫོགས་པ་ལ་མཉམ་པར་བཞག་པས། རང་དོན་དུ་རྟོགས་པར་བྱེད་པ་ལམ་གྱི་ཆོས་དང་། ཐོབ་པར་བྱ་བ་འབྲས་བུ་སངས་རྒྱས་ཀྱི་ཆོས་རྣམས་སུའང་མི་དམིགས་པར་མཉམ་པ་ཉིད་ལ་གནས་ནས། རྗེས་ཐོབ་ཏུ་གཞན་སྡུག་བསྔལ་ལས་དགྲོལ་བའི་ཆོས་འཆད་པར་བྱེད་པ་ནའང་། འཆད་པར་བྱེད་པ་བདག་དང་ཡུལ་ཆོས་འདོད་མཁན་དུ་ལྟ་བའམ་བདེན་པར་ཞེན་པ་མེད་པའི་སྒོ་ནས་འཇུག་སྟེ། ཆོས་ཉིད་མཉམ་པའི་དོན་ལ་ཀུན་བྱང་མ་གྲུབ་ཀྱང་། རང་གི་རྟོག་པའི་དབང་གིས་ཀུན་བྱང་དུ་འགྱུར་ཚུལ་ནི། བདག་ཏུ་རྟོག་པའི་མ་རིག་པ་ལས་རྟེན་འབྲེལ་ལུགས་འབྱུང་གི་ཚུལ་གྱིས་འཁོར་བ་འགྲུབ་པ་དང་། བདག་མེད་པར་རྟོགས་པས་མ་རིག་པ་ལྡོག་པས་རྟེན་འབྲེལ་ལུགས་ལྡོག་གི་ཚུལ་གྱིས་རྣམ་བྱང་གྲུབ་པར་ཤེས་ནས། དེ་ལྟར་རྟེན་འབྲེལ་གྱི་ཚུལ་ལ་མཁས་པར་བྱས་ཏེ་གཞན་ལ་ཆོས་སྟོན་པ་འདི་ནི་གཞན་དེ་ཁོ་ན་ཉིད་མ་རྟོགས་པ་རྣམས་ཀྱི་འཁོར་བའི་སྡུག་བསྔལ་ཞི་བར་འདོད་པ་དང་རྣམ་བྱང་གི་ཡོན་ཏན་ཐོབ་པར་དགའ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་པ་ཡིན་ཞེས་སོ། །དེ་ནས་སྒོམ་ལམ་རྩེ་སྦྱོར་ལ་རྟེན་སྒོམ་ལམ། སྤང་བྱ་རྟོག་པ། བརྟེན་པ་ཡོན་ཏན་གསུམ་གྱིས་བསྟན་པའི་དང་པོ། སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་འཛིན་ནི་མཐར་གྱིས་གནས་པའི་སྙོམས་འཇུག་དགུ་ལ་ལུགས་འབྱུང་ལྡོག་ཏུ་རིམ་བཞིན་འཇུག་པ་ཡིན་ལ། དངོས་གཞི་ཐོད་རྒལ་གྱི་ཏིང་འཛིན་རྩལ་སྦྱོང་བར་བྱེད་པ་ཡིན་ནོ། །གཉིས་པ་སྤང་བྱ་རྟོག་པ་ནི་འཇུག་ལྡོག་གི་གཟུང་བ་གཉིས་དང་། རྫས་བརྟགས་ཀྱི་འཛིན་པ་གཉིས་ཏེ་བཞི་ལ་ནང་སེལ་དགུ་རེར་ཕྱེ་བའི་སོ་དྲུག་པོ་ལྷན་སྐྱེས་ཀྱི་ཆ་སྤོང་བ་ཡིན་ནོ། །དེ་ཡང་འཇུག་བྱ་ཐེག་ཆེན་གྱི་ལུང་རྟོགས་དང་། ལྡོག་བྱ་ཐེག་དམན་གྱི་ལམ་དང་། རྫས་བཏགས་ནི་གཉིས་ཀར་ཡང་སྐྱེ་འཕགས་གཉིས་ཀའི་ཆོས་ལ་དམིགས་ནས་དེར་ཞེན་བྱེད་ཚུལ་ལས་དགུ་རེར་གསུངས་སོ། །གསུམ་པ་ཡོན་ཏན་ནི། ཡམས་ནད་ལྟ་བུ་ཟུག་རྔུ་བསྐྱེད་པའི་རྟོག་པ་གོང་བཤད་ལྟ་བུ་རྣམས་སྒོམ་ལམ་གྱིས་ཇེ་ཟད་དུ་སོང་ནས། སླར་མི་སྐྱེ་བར་དབུགས་ཕྱིན་པ་ན། རྣམ་པ་ཀུན་ཏུ་འགྲོ་བའི་ཕན་བདེ་སྒྲུབ་པ་དང་། རང་རྒྱུད་ལ་ཐེག་གསུམ་གྱིས་བསྡུས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད། རྒྱ་མཚོ་ལ་ཆུ་བོ་བཞིན་དུ་འབྲས་བུ་མཆོག་གི་མཛེས་པའི་བྱང་སེམས་དག་ས་པའམ་ས་བཅུ་ཡང་དེ་ལ་འདུ་བར་བྱེད་ཅེས་སོ། །དེ་ལ་སྐབས་འདིར། རྟེན་སྒོམ་ལམ་གྱི་ཏིང་ངེ་འཛིན་ནི། དགྲ་བཅོམ་རྣམ་ཐར་སོགས་ཚིགས་བཅད་གཉིས་ཀྱིས་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པའི་དགྲ་བཅོམ་པའི་རྣམ་པར་ཐར་པ་མངའ་བ། དེ་བཞིན་གཤེགས་པ་མ་གཏོགས་པ། སྒོམ་ལམ་པའི་མཐར་གྱིས་གནས་པའི་སྙོམས་འཇུག་དགུ་ལ་རྩལ་སྦྱོང་ཞིང་། དེར་མ་ཞེན་པའི་གནས་པ་འདི་ནི། གཞན་ཉན་རང་གི་ཏིང་འཛིན་གྱི་གནས་པ་སྡུག་བསྔལ་ཞི་བའི་ཏིང་འཛིན། ཉོན་མོངས་པ་རབ་ཏུ་ཞི་བ། ཟག་མེད་ཀྱི་བདེ་བ་དང་ལྡན་པ་ཀུན་གྱི་མཆོག་ཏུ་གྱུར་པ་སྟེ། འདི་ནི་གཟུང་རྟོག་ཞི་ཞིང་འཛིན་རྟོག་རབ་ཏུ་ཞི་བ་གཟུང་འཛིན་མེད་པའི་ཡེ་ཤེས་བླ་མེད་བྱང་ཆུབ་ཀྱི་བདེ་བ་དང་ལྡན་པ་ཡིན་ནོ། །དེའི་དཔེ་ནི་ཉན་རང་རྣམས་གཟུང་འཛིན་མཚན་མ་མེད་པའི་ཚུལ་གྱིས་འགོག་པ་སོགས་ལ་འཇུག་མི་ནུས་པས། ཏིང་འཛིན་དེར་ཞེན་པས་མཚན་མའི་འཆིང་བ་མ་སྤངས་ལ། འདིར་འདབ་ཆགས་དང་ཉའི་དཔེས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཐོབ་ཀྱང་། དེའི་འབྲས་བུ་མངོན་དུ་མི་བྱེད་ཅེས་སོ། །སྤང་བྱ་ནི་མཐོང་ལམ་གྱིས་སྤང་བྱ་དེའི་ལྷན་སྐྱེས་དང་ས་བོན་གྱི་ཆ་ཟད་པར་བྱེད་པ་ཡིན་པས་ངོ་བོའི་ཆ་ནས་ལོགས་སུ་མ་གསུངས་སོ། །ཡོན་ཏན་ནི། སེམས་ཅན་ཀུན་གྱི་ཡོན་ཏན་སོགས་ཚིགས་བཅད་གཅིག་གིས་བསྟན་ཏོ། །དེ་ནས་བར་ཆད་མེད་པའི་རྩེ་མོའི་སྦྱོར་བ་ནི། མདོ་རྒྱས་པར་སྟོང་གསུམ་གྱི་སྐྱེ་བོ་ཇི་སྙེད་པ་ཐམས་ཅད་ཉན་རང་གི་རྟོགས་པ་ཕུན་ཚོགས་ལ་བཀོད་པ་དང་། བྱང་ཆུབ་སེམས་དཔའ་སྐྱོན་མེད་པ་ས་དང་པོ་ལ་བཀོད་པའི་དགེ་བ་དཔེར་མཛད་ནས། དེ་ལས་ཆེས་བསོད་ནམས་མང་པོར་གྱུར་པ་ཉིད་ཀྱི་སྒོ་ནས་སངས་རྒྱས་ཉིད་ཀྱི་ས་དང་ཆོས་གཞན་གྱིས་བར་ཆོད་པ་མེད་པ་སྟེ། རྒྱུན་མཐའི་བར་ཆད་མེད་ལམ་གྱི་ཏིང་ངེ་འཛིན་བརྟེན་ལ། དེ་ནི་རྣམ་པ་ཀུན་མཁྱེན་པ་ཉིད་ཀྱི་བར་ཆད་མེད་ལམ་ཡིན་ནོ། །དེ་ལ་འདི་ཡི་དམིགས་པ་ནི་ཆོས་ཐམས་ཅད་སྤྲོས་པ་ཀུན་གྱི་དངོས་པོར་མེད་པའི་དེ་བཞིན་ཉིད་མཐར་ཐུག་པ་ཡིན་ལ། བདག་པོའི་རྐྱེན་ནི་ས་བཅུ་པ་མན་ཆད་ཀྱི་དེ་བཞིན་ཉིད་ལ་དམིགས་པའི་དྲན་པ་ཡིན་པར་བཞེད་ལ། རྣམ་པ་ནི་སྤྲོས་པ་མཐའ་དག་ཞི་བའི་རང་བཞིན་ཅན་ནོ། །དེ་ཡང་མདོ་ལས། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པ་དང་། བདག་པོ་ནི་དྲན་པ། རྣམ་པ་ནི་ཞི་བ་དང་མཚན་ཉིད་མེད་པའོ། །ཞེས་གསུངས་སོ། །སྐབས་འདིར་བར་ཆད་མེད་པའི་རྩེ་མོ་སྟོན་པའི་མདོའི། བསླབ་པ་འདི་ནི་སོགས་ཚིགས་སུ་བཅད་པ་བདུན་གྱིས་བསྟན་ཏེ། དེ་ལ་ཡོན་ཏན་བསྟན་པ་དང་། ཡོན་ཏན་ཚད་མེད་པ་ཅན་གྱི་བར་ཆད་མེད་རྩེ་དངོས་བཤད་པ་གཉིས་ཀྱི་དང་པོ་ཤོ་ལོ་ཀ་དྲུག་གིས་བསྟན་ལ། དེ་ཡང་དང་པོ་གཉིས་ཀྱིས་མདོར་བསྟན། ལྷག་མ་བཞིས་རྒྱས་པར་བཤད་པའི་དང་པོ། རྒྱུན་མཐའི་བར་ཆད་མེད་པའི་རྩེ་མོའི་བསླབ་པ་འདི་ནི། བསླབ་པ་ཐམས་ཅད་ཀྱི་མཆོག་ཡིན་ཏེ་བསླབ་པ་མཐར་ཐུག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བསླབ་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་འདོད་པས་སངས་རྒྱས་ཀྱི་བར་ཆད་མེད་ལམ་གྱི་ངོ་བོར་གྱུར་པའི་ཤེར་ཕྱིན་གྱི་བསླབ་པ་འདི་ལ་སློབ་པར་བྱ་སྟེ། འདི་ལས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་མ་ཐག་ཏུ་འབྱུང་བས་ན། འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྒོ་མོ་མཐའ་ཡས་པ་འབྱུང་བའི་ཆོས་ཀྱི་གཏེར་མཆོག་ཏུ་གྱུར་པ་ཡིན་ལ། སྟོབས་སོགས་ཀྱི་ཡོན་ཏན་རིན་པོ་ཆེ་ཚད་མེད་པའི་འབྱུང་གནས་སུ་གྱུར་པས་ཆོས་ཀྱི་མཛོད་དམ་པའང་ཡིན་ཞིང་། སངས་རྒྱས་ཀྱི་རིགས་ཡིན་ཏེ་དངོས་རྒྱུ་ནུས་པ་ཐོགས་མེད་ཡིན་པའམ། ཕྱོགས་བཅུར་སངས་རྒྱས་ཀྱི་རིགས་སམ་གདུང་རྒྱུན་མི་གཅོད་པའང་ཡིན་ལ། འགྲོ་བ་མཐའ་ཡས་པའི་གནས་སྐབས་བདེ་བ་དང་མཐར་ཐུག་ཕན་པའམ་སྐྱིད་པའི་མཛོད་མི་ཟད་པའང་ཡིན་ནོ་ཞེས་སོ། །གཉིས་པ་རྒྱས་བཤད་ལ་དེ་བཞིན་ཉིད་མཐར་ཐུག་ལ་སྒྲིབ་པ་ཕྲ་མོས་ཀྱང་མ་བསྒྲིབ་པར་གཉིས་མེད་མཉམ་པ་ཉིད་ལ་ཞུགས་པས་སངས་རྒྱས་ཐོབ་པས་ན། དེ་འདྲའི་དུས་གསུམ་གྱི་སངས་རྒྱས་འབྱུང་བའི་ཡུམ་དུ་གྱུར་པ་དེ་ནམ་ཡང་མི་ཟད་པར་སངས་རྒྱས་དུ་མ་འབྱུང་བའི་དཔེ། ཕྱིའི་རྟེན་འབྲེལ་གྱི་དཔེས་བཤད་པ་ལ་དཔེ་དང་དོན་གྱི་ཚིགས་བཅད་གཉིས་ཏེ། ཤིང་དང་འབྲས་བུ་ལ་སོགས་པའོ། །ནང་གི་རྟེན་འབྲེལ་འབྱུང་ལྡོག་གི་དཔེས་བཤད་པ། སེམས་ཅན་ཐ་མ་འབྲིང་དང་མཆོག་སོགས་ཚིགས་བཅད་གཉིས་སོ། །གཉིས་པ་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་བར་ཆད་མེད་རྩེའི་ངོ་བོ་ནི། བྱང་ཆུབ་སེམས་དཔའ་གང་ཞིག་སོགས་ཚིགས་བཅད་གཅིག་སྟེ། རྒྱུན་མཐའ་པའི་བྱང་ཆུབ་སེམས་དཔའ་གང་གིས་ལམ་སྔ་མ་རྣམས་སུ་ཡང་དག་པའི་དོན་ལ་དྲན་པས་ཡང་ཡང་གོམས་པར་བྱས་པ་ཡོངས་སུ་རྫོགས་པའི་སྐབས་འདིར། རྟེན་ཅིང་འབྲེལ་འབྱུང་གིས་བསྡུས་པའི་ཆོས་ཐམས་ཅད་ལ། གདོད་ནས་སྐྱེ་འགག་མེད་པར་མཉམ་པ་ཉིད་དུ་གནས་པ་ཁོང་དུ་ཆུད་པའི་ཤེས་རབ་མཐར་ཐུག་པ་འདི་ཤེས་པའམ་མངོན་དུ་སྐྱེད་ནས། སྤྲོས་པའི་མཚན་མ་ཤིན་ཏུ་ཕྲ་བའང་ཉེ་བར་ཞི་བའི་ཡེ་ཤེས་དེས། དཔེར་ན་ཉི་མ་སྤྲིན་གྱི་སྒྲིབ་པ་མེད་པས་བྱེད་པ་འོད་ཟེར་འཕྲོ་བས་མུན་པ་བསལ་བ་ལྟར། ཐོག་མེད་ནས་གནས་པའི་མ་རིག་པའི་ཐིབས་བོ་ས་བོན་ཕྲ་བ་དང་བཅས་པ་དྲུང་ནས་བཅོམ་ཏེ། རང་བྱུང་ཡེ་ཤེས་ཀྱི་སྐུ་ཅན་སངས་རྒྱས་ཐོབ་པར་འགྱུར་རོ་ཞེས། ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་མཐར་ཐུག་པའི་བར་ཆད་མེད་ལམ་བསྟན་པའོ། །ད་ནི་བར་ཆད་མེད་པའི་རྩེ་མོ་འདི་ལ་ནི་དངོས་པོར་རབ་ཏུ་སྨྲ་བ་རྣམས་བརྒྱུད་མར་རྒོལ་ཏེ། འདི་ཤིན་ཏུ་ཟབ་པས་རྟོགས་པར་ཆེས་དཀའ་བའི་དོན་གྱིས་སོ། །དེ་ལ་རྒོལ་བའི་ལོག་སྒྲུབ་བསལ་བར་བསྟན་པ་ལ་མདོ་རྒྱས་པར་བཅུ་དྲུག་ཏུ་གསུངས་ཏེ། དེ་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཆོས་ཀུན་དམིགས་ན་དམིགས་བྱ་འདུས་བྱས་སོགས་གྲུབ་པར་འགྱུར་ལ། དེ་དག་གི་རང་བཞིན་དུ་དམིགས་པར་བྱ་བ་རྡུལ་ཙམ་མེད་ན་ཆོས་ཀུན་གཟིགས་པ་མི་སྲིད་པས་དམིགས་པ་མི་འཐད་པར་རྒོལ་བ་དང་༡། ཆོས་ཀུན་ལ་དམིགས་པར་བྱ་བའི་རང་བཞིན་མེད་ན་སྤྲོས་བྲལ་ལམ་དེ་ཁོ་ན་ཉིད་ཀྱི་ངོ་བོ་ངོས་བཟུང་བའང་མི་འཐད་ལ། དེ་ལྟ་ན་དེ་སུས་ཀྱང་ཤེར་པར་བྱར་མི་རུང་བས་དེའི་རྣམ་པའམ་ངོ་བོ་ངོས་བཟུང་བ་མི་འཐད་པར་རྒོལ་བ་དང་༢། འབྲས་བུ་རྣམ་མཁྱེན་ཡང་མི་འཐད་དེ། དེས་དངོས་དངོས་མེད་དུ་མི་དམིགས་པས་ན་ཅི་ཡང་མི་མཁྱེན་པས་རྣམ་མཁྱེན་གྱི་ཡེ་ཤེས་མི་འཐད་པར་རྩོད་པ་དང་༣། ཀུན་རྫོབ་མེད་པའི་ཕྱིར་དོན་དམ་པའང་མེད་པར་ཐལ་ཏེ་དེ་དོན་དམ་ནི་ཀུན་རྫོབ་ལ་མ་ལྟོས་པར་མི་སྲིད་པའི་ཕྱིར་དམ་པའི་དོན་ཞེས་པ་མི་འཐད་སྙམ་པ་དང་། ཀུན་རྫོབ་ཀྱང་མི་འཐད་དེ་དེ་དག་མི་དམིགས་པའི་ཕྱིར་རོ་སྙམ་དུ་ཀུན་རྫོབ་མི་འཐད་པར་རྩོད་པ་སྟེ་བདེན་གཉིས་ལ་རྩོད་པ་དང་༤། སྦྱོར་བ་ཕར་ཕྱིན་དྲུག་གི་ཉམས་ལེན་ཡང་མི་འཐད་དེ་སྦྱིན་སོགས་མེད་པའི་ཕྱིར་རོ་སྙམ་དུ་སྦྱོར་བ་མི་འཐད་པར་རྩོད་པ་དང་༥། སྦྱོར་བའི་རྟེན་དཀོན་མཆོག་མེད་དེ། དེ་ཡང་ཐོབ་པ་པོ་དང་རྟོགས་བྱ་མེད་པའི་སངས་རྒྱས་དཀོན་མཆོག་མེད་པར་རྩོད་པ་དང་༦། འགོག་ལམ་མིང་ཙམ་ཡིན་པས་ཆོས་དཀོན་མཆོག་མི་སྲིད་པར་རྩོད་པ་དང་༧། དགེ་འདུན་གྱི་གདགས་གཞི་གཟུགས་སོགས་མེད་པས་དགེ་འདུན་དཀོན་མཆོག་མེད་པར་རྒོལ་བ་དང་༨། སྤྱོད་པའི་ཁྱད་པར་ཐབས་མཁས་པའང་མེད་དེ་སྦྱིན་སོགས་འཁོར་གསུམ་དག་པའི་ཤེས་རབ་ཀྱིས་ཟིན་པ་མེད་པས་སོ་སྙམ་དུ་ཐབས་མཁས་པ་མི་འཐད་པར་རྒོལ་བ་དང་༩། དངོས་དངོས་མེད་ཀྱི་ངོ་བོར་རྟོག་པ་བཀག་པས་དེ་ལས་གཞན་དུ་རྟོགས་ཚུལ་མེད་སྙམ་དུ་ཐུབ་པས་དེ་བཞིན་ཉིད་མངོན་པར་རྟོགས་པ་མི་འཐད་པར་རྒོལ་བ་དང་༡༠། མི་རྟག་སོགས་སུ་འཛིན་པ་ཕྱིན་ཅི་མ་ལོག་པར་མི་འཐད་པས་གཙང་བདེ་སོགས་སུ་འཛིན་པ་ཕྱིན་ཅི་ལོག་ཡིན་པར་མི་འཐད་པར་རྒོལ་བ་དང་༡༡། ལམ་བསྒོམས་ཀྱང་འབྲས་བུ་མངོན་དུ་མི་བྱེད་པས་ལམ་གྱི་ངོ་བོ་མི་འཐད་པར་རྒོལ་བ་དང་༡༢། སྤང་བྱ་མེད་པས་མི་མཐུན་ཕྱོགས་མི་འཐད་པར་རྩོད་པ་དང་༡༣། བླང་བྱ་མེད་པས་གཉེན་པོ་མི་འཐད་པར་རྩོད་པ་དང་༡༤། མཚན་གཞི་མེད་པས་རང་དང་སྤྱིའི་མཚན་ཉིད་མི་འཐད་པར་རྩོད་པ་དང་༡༥། བསྒོམ་བྱ་རང་སྤྱིའི་མཚན་ཉིད་མེད་ན་མོས་སྤྱོད་དང་འཕགས་སར་དེ་བཞིན་ཉིད་སྤྱི་དང་རང་གི་མཚན་ཉིད་ཀྱིས་སྒོམ་པ་༡༦མི་འཐད་པར་རྒོལ་བ་སྟེ་དེ་ལྟར་ཕྱིན་ཅི་ལོག་ཏུ་རྟོགས་ནས་བརྒལ་ཞིང་རྩོད་པར་བྱེད་དོ། །དེ་ལ་བདེན་གཉིས་འགལ་བར་འཛིན་པའི་གང་ཟག་གིས། དོན་དམ་རང་བཞིན་མེད་པ་ལ་བརྟེན་ནས་ཀུན་རྫོབ་སུན་ཕྱུང་བ་དང་། ཀུན་རྫོབ་ལ་བརྟེན་ནས་དོན་དམ་མི་འཐད་པར་རྩོད་པ་དག་ནི་རང་གི་ཕྱིན་ཅི་ལོག་ཏུ་རྟོག་པ་ཙམ་དུ་ཟད་དེ། དོན་དམ་པར་མེད་པས་ཀུན་རྫོབ་ཏུ་མེད་པར་ཐལ་ཞེ་ན། ཁྱབ་པ་མ་ངེས་ལ། ཀུན་རྫོབ་ཏུ་མེད་པའི་ཕྱིར་ཞེ་ན་རྟགས་མ་གྲུབ་ཅིང་། དོན་དམ་པར་མེད་པར་ཐལ་ཞེ་ན་འདོད་ལན་ཐེབས་པ་དང་། དེ་བཞིན་དུ་ཀུན་རྫོབ་ཏུ་ཡོད་པས་དོན་དམ་པར་ཡོད་པར་ཐལ་ཞེ་ན་ཁྱབ་པ་མ་ངེས་པ་སོགས་བདེན་གཉིས་རྣམ་པར་ཕྱེ་ཞིང་སྟོང་རྟེན་འབྱུང་འགལ་མེད་ཀྱི་ཚུལ་ལས་བརྩམས་ཏེ་ལོག་རྟོག་བསལ་བར་བྱ་ལ། ཡང་དག་པ་མཐར་ཐུག་གི་དོན་དུ་ན་ཀུན་རྫོབ་ལས་ལོགས་ཤིག་ཏུ་དོན་དམ་ཉེ་བར་མི་དམིགས་པས། དམིགས་པ་དང་མི་དམིགས་པ་འགལ་བ་མེད་པར་ཟུང་འཇུག་མཉམ་པ་ཆེན་པོའི་རྗེས་སུ་སོན་པའི་རིགས་པས། རྟོགས་པར་དཀའ་བ་བར་ཆད་མེད་རྩེའི་དམིགས་རྣམ་ལ་ཕ་རོལ་གྱི་ལོག་པར་རྟོག་པ་བསལ་ནས་དམིགས་པ་སོགས་འཐད་པར་བསྒྲུབས་ཤིང་ཡིད་ཆེས་པའི་སྒོ་ནས་ཟབ་མོའི་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པར་བྱའོ། །དེ་ལ་མདོ་འདིར་ནི་སྦྱོར་བ་ཕར་ཕྱིན་ལྔ་ལ་ལོག་པར་སྒྲུབ་པ་བསལ་བ་ཁོ་ན་བསྟན་པས། དེས་ཐབས་མཁས་ལ་ལོག་སྒྲུབ་ཀྱང་དངོས་སུ་བསལ་ལ། གཞན་ཐམས་ཅད་ཀྱང་དོན་གྱིས་སེལ་བས་ན། མཐུ་ཆེན་ལྡན་པ་བསམ་གཏན་བཞིས་ཀྱང་སོགས་ནས་བརྩམས་ཏེ། སྤྲིན་མང་འོད་ལྡན་ཟླ་དཀྱིལ་ཡར་གྱི་ངོ་བཞིན་ནོ། །ཞེས་པའི་བར་གྱིས་བསྟན་ལ། དེ་ཡང་། མཐུ་ཆེན་ལྡན་པ་སོགས་ཀྱིས་བསམ་གཏན། སེམས་ཅན་གང་ཟག་གཞན་ཕྱིར་སོགས་ཀྱིས་བརྩོན་འགྲུས། གལ་ཏེ་གཞན་ལས་སོགས་ཀྱིས་བཟོད་པ། ཚུལ་ཁྲིམས་ཀྱིས་ནི་སོགས་ཀྱིས་ཚུལ་ཁྲིམས། སེམས་ཅན་དག་ལ་སོགས་ཀྱིས་སྦྱིན་པ་བསྟན་ཏོ། །དེ་ལ་རྣམ་པར་མི་རྟོག་པའི་ཤེར་ཕྱིན་ལ་གནས་པས་སྦྱིན་སོགས་ཕར་ཕྱིན་གཞན་གྱི་སྦྱོར་བ་ལ་འཇུག་པ་མི་འཐད་པ་མིན་པར་མ་ཟད་ཤིན་ཏུ་འཐད་དེ། ཐེག་པ་ཆེན་པོའི་བསམ་གཏན་ནི་སྒོ་ཚད་མེད་པ་དང་རོ་མྱང་བ་མེད་པ་དང་སྟོབས་ཕུལ་དུ་བྱུང་བ་ཡིན་ལ། དེ་བཞིན་དུ་བརྩོན་འགྲུས་ཀྱང་ཚད་གཟུང་དུ་མེད་པ་དང་། བཟོད་པ་ཡང་དཔག་པར་དཀའ་བ་དང་། ཚུལ་ཁྲིམས་ཤིན་ཏུ་སྐྱོན་མེད་པ་དང་། སྦྱིན་པ་མུར་ཐུག་པ་མེད་པ་སྟེ། དེ་ལྟར་ཕར་ཕྱིན་རེ་རེའི་ཡོན་ཏན་ཡང་ཕྱོགས་དུས་ཀྱི་མུ་དང་མཉམ་པར་ཚད་དཔག་པར་དཀའ་བ་དང་། སྐྱོན་གྱི་དྲི་མས་ཡོངས་སུ་དག་པ་གཞན་གང་དང་ཡང་མི་མཉམ་པའི་མཚུངས་པ་མེད་པ་ཞིག་ཐོབ་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་མཐུས་བྱེད་པར་རིག་པར་བྱ་སྟེ། འདི་ལྟར་ཆོས་རྣམས་རང་བཞིན་མེད་པར་མ་ཤེས་ནས་གང་ཟག་གི་བདག་ཏུ་འཛིན་པ་ཡོད་ན། དེའི་དབང་གིས་སེར་སྣ་སོགས་ཕར་ཕྱིན་གྱི་མི་མཐུན་ཕྱོགས་ཡོད་པར་འགྱུར་ལ། དེ་ལྟར་ན་ཀུན་འཛིན་གྱི་ཆགས་པ་དང་བྲལ་བའི་ཡོངས་སུ་གཏོང་བ་སོགས་ལ་འཇུག་མི་ནུས་སོ། །གལ་ཏེ་གང་ཟག་གི་བདག་ཏུ་མ་བཟུང་ཡང་། དངོས་དངོས་མེད་དུ་དམིགས་པ་དང་མ་བྲལ་ན་སྲིད་ཞིར་བླང་དོར་དུ་ཞེན་པའི་དབང་གིས་ཞི་མཐར་ཡང་ལྟུང་ལ། དམིགས་པ་དང་བཅས་པའི་ཚོགས་ཀྱང་ཤིན་ཏུ་རྣམ་པར་དག་པར་མི་འགྱུར་ཏེ། དངོས་པོའི་རང་བཞིན་དང་མི་མཐུན་པའི་མ་རིག་པས་བསླད་པ་ཅན་ཡིན་པའི་ཕྱིར་རོ། །དེས་ན་ཕ་རོལ་ཏུ་ཕྱིན་པ་གཞན་ཡོངས་སུ་རྫོགས་པ་དང་དག་པ་ནི་ཤེར་ཕྱིན་མེད་ན་མི་འབྱུང་ལ། མཐའ་གང་དུའང་མི་དམིགས་པའི་ཤེར་ཕྱིན་ཡོད་ན། དེ་རྒྱུད་ལྡན་གྱི་བྱང་ཆུབ་སེམས་དཔའ་དེ་ལ་སེར་སྣ་སོགས་མེད་པས་ན་དེ་དག་ལུས་ལོངས་སྤྱོད་དགེ་བའི་རྩ་བ་ལ་ཀུན་འཛིན་གྱི་ཆགས་པ་ཕྲ་མོའང་མེད་པའི་སྦྱིན་སོགས་ལ་འཇུག་ཅིང་། དེ་ཡང་ལན་དང་རྣམ་སྨིན་ལ་རེ་བ་མེད་པ་དང་། འཁོར་གསུམ་དུ་རྟོག་པའི་དྲི་མ་མེད་པར་འགྱུར་བའི་ཚུལ་གྱིས་སྦྱིན་སོགས་ཀུན་སྒྲུབ་པར་བྱེད་དེ། འདི་ལྟར་དངོས་དངོས་མེད་སྲིད་ཞིའི་མཐའ་གང་དུའང་མི་གནས་པའི་ཤེར་ཕྱིན་གྱི་དོན་མཐོང་བ་དེས་འཁོར་བ་སྤངས་ནས་ཞི་བ་མངོན་དུ་བྱེད་པའི་སེམས་ནམ་ཡང་མི་སྐྱེད་ལ། རང་གིས་ཟུང་འཇུག་སྤྲོས་པ་མེད་པའི་དེ་ཉིད་མཐོང་ཡང་། གཞན་དེ་ལྟར་མ་མཐོང་བའི་སེམས་ཅན་གྱི་ཕན་བདེ་སྒྲུབ་པའི་ཆེད་དུ་སྦྱིན་སོགས་ལ་འཇུག་པ་ཡང་སེམས་ཅན་གྱི་མཐའ་དང་ཚད་མཉམ་པར་འཇུག་པ་ཡིན་པས་ཚད་ཐུག་པ་དང་བཅས་པ་མིན་ནོ། །དེས་ན་བྱང་ཆུབ་སེམས་དཔས་ལམ་གྱི་དུས་སུ་གཞན་དོན་ལ་དམིགས་ནས་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་པར་བྱེད་པ་ལ་སྐྱོ་བ་དང་དེར་ཞེན་མེད་པའི་ཚུལ་གྱིས་ཞུགས་ནས། འབྲས་བུ་མཐར་ཕྱིན་པ་ལྷག་མེད་མྱང་འདས་ཀྱི་དུས་སུ་ཆོས་ཉིད་ངོ་བོ་ཉིད་ཀྱིས་སྲིད་ཞིའི་མཐར་མི་གནས་པའི་ཡེ་ཤེས་ཀྱི་སྐུ་ཐོབ་ནས་ནམ་མཁའ་ཇི་སྲིད་དུ་སེམས་ཅན་གྱི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པའང་། སྣང་སྟོང་མཉམ་ཉིད་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་ཞུགས་པའི་སྟོབས་ཀྱིས་ཡིན་ཏེ། གལ་ཏེ་དམིགས་སུ་མེད་པས་ཆོས་ཉིད་སྟོང་པ་མཐོང་བས་སྦྱིན་སོགས་འགོག་པ་ཞིག་ན། དེས་མཐོང་བའི་སྟོང་ཉིད་དེ་ནི་ཤེར་ཕྱིན་གྱི་དོན་མ་ཡིན་ཏེ། ཐབས་ཀྱི་རྣམ་པ་དང་འགལ་བའི་དངོས་མེད་ཙམ་དུ་ཟད་ལ། དེ་ལྟ་ན་མ་དམིགས་པར་བཏགས་ཀྱང་། དེས་དངོས་པོར་མ་དམིགས་ཀྱང་དངོས་མེད་དུ་དམིགས་པའི་ཕྱིར། དམིགས་པའི་མཐའ་ཀུན་དང་བྲལ་བའི་ཤེར་ཕྱིན་གྱི་དོན་གཏན་ནས་མ་ཡིན་ནོ། །ཤེར་ཕྱིན་ཟབ་མོའི་དོན་ནི་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པའི་དུས་ནས་ཀྱང་། སྲིད་ཞིའི་མཐའ་ལ་མངོན་ཞེན་ཉམས་སྨད་པར་བྱེད་པ་ཞིག་ཡིན་ན། དངོས་སུ་རྟོགས་པའི་དུས་སུ་ལྟ་ཅི་སྨྲོས་པའོ། །དེ་ཡང་སྦྱིན་པ་སྣ་གཅིག་བཏང་བ་ལྟ་བུ་ཡང་ཤེར་ཕྱིན་གྱིས་ཟིན་ན་ཕར་ཕྱིན་དྲུག་ལྡན་དུ་ཚང་སྟེ། སེར་སྣ་སོགས་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཤེར་ཕྱིན་གྱིས་བཅོམ་པས་ན། ཐབས་ཀྱི་ཆ་སྦྱིན་པ་གཅིག་པུ་དེ་ཡང་ཚུལ་ཁྲིམས་ལ་སོགས་པའི་ངོ་བོར་ཡང་འགྱུར་རོ། །དེས་ན་སྤྲོས་བྲལ་རྟོགས་པའི་ཡེ་ཤེས་གཅིག་པུ་ལ་ལྡོག་ཆས་ཕྱིན། གནས་པའི་ཆ་བསམ་གཏན་ཡིན་ལ་དེ་ཡང་གནས་མི་གནས་ཀྱི་མཚན་མ་ཡོངས་སུ་ཟད་པའི་བསམ་གཏན་ཆེན་པོའོ། །དེ་བཞིན་དུ་བརྩོན་མི་བརྩོན་ཞི་བའི་ལྷུན་གྱིས་གྲུབ་པའི་བརྩོན་པ་ཆེན་པོ། བཟོད་མི་བཟོད་ཀྱི་མཚན་མ་ཡོངས་སུ་ཞི་བའི་རྣམ་པ་ཀུན་ཏུ་མི་འཁྲུགས་པའི་བཟོད་པ་ཆེན་པོ། འཆལ་བ་དང་འཆལ་མིན་དུ་དམིགས་པ་ཟད་པའི་འཆལ་བའི་དྲི་མ་ཡོངས་སུ་ཟད་པའི་ཚུལ་ཁྲིམས་ཆེན་པོ། ཆགས་པ་དང་མ་ཆགས་པ་མི་དམིགས་པའི་མཚན་མའི་ཆགས་པ་ཕྲ་མོ་དང་བྲལ་བ་སྦྱིན་པ་ཆེན་པོ་སྟེ། སྣང་ཆ་སྦྱིན་སོགས་དང་སྟོང་ཆ་ཤེས་རབ་ཀྱི་ངོ་བོ་ཟུང་དུ་ཞུགས་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་འགྱུར་བས་ཕར་ཕྱིན་ཀུན་སྡུད་པ་ཡིན་པས་གནད་ལ་མཁས་པར་བྱ་བ་ནི་ཤེར་ཕྱིན་ཉམས་ལེན་གྱི་མདོ་འགགས་ཡིན་པས། མདོ་འདིར་བསམ་གཏན་ལ་སོགས་པ་དེ་དག་གི་རྒྱ་ཆེ་བའི་ཡོན་ཏན་རྣམས་བསྟན་ནས། དེ་རང་བཞིན་མ་དམིགས་པའི་ཤེར་ཕྱིན་གྱིས་ཟིན་པའི་སྟོབས་ལས་འབྱུང་ཚུལ་གསུངས་པ་རྣམས་ཁོང་དུ་ཆུབ་པར་བྱས་ནས། ཐབས་ཤེས་ཟུང་འཇུག་གི་ཤེར་ཕྱིན་ཟབ་མོའི་སྦྱོར་བ་ལ་མཁས་པར་བྱའོ། །སྐབས་འདིར་སློབ་དཔོན་སེང་གེ་བཟང་པོས་ནི། སེམས་ཀུན་ཏུ་གནས་པ་ཆོས་མཆོག་གི་རྗེས་ནས། མ་རིག་ཐིབས་པོ་བཅོམ་ནས་རང་བྱུང་ཐོབ་པར་འགྱུར་ཡན་ཆད་མཐོང་ལམ་རྩེ་མོ་དང་། མཐུ་ཆེན་ལྡན་པ་སོགས་ཚིགས་བཅད་གསུམ་བསྒོམ་ལམ་རྩེ་མོ་དང་། དཔེར་ན་འཛམ་གླིང་མི་ཞིག་སོགས་ཤོ་ལོ་ཀ་གཉིས་བར་ཆད་མེད་རྩེ་དང་། བདག་ཉིད་ཆེན་པོ་སོགས་ཤོ་ལོ་ཀ་ལྔ་བསལ་བྱ་ལོག་སྒྲུབ་སྤང་བ་དང་སྦྱར། སེམས་ཅན་གང་ཟག་གཞན་ཕྱིར་སོགས་ཚིགས་བཅད་གཅིག་མཐར་གྱིས་པ། སྤྱོ་བ་བྱས་སམ་སོགས་ཚིགས་བཅད་གཉིས་དང་རྐང་པ་གཉིས་ཀྱིས་སྐད་ཅིག་མའི་སྦྱོར་བ། བུ་གཅིག་པ་ལ་མ་ནི་རིམ་གྲོ་སོགས་རྐང་པ་གཉིས་ཀྱིས་ཆོས་སྐུ་བསྟན་པ་དང་། དེ་མན་ཆད་ཡུམ་ཡོངས་སུ་ཚོལ་བ་ཆོས་ཚོལ་གྱི་སྐབས་དང་སྦྱར་བར་མཛད། དེ་ལྟར་སྦྱར་ཚུལ་དེ་བརྒྱད་སྟོང་པ་དང་སྦྱར་ན་འགྲིགས་པར་མངོན་ཀྱང་། ཆོས་ཚོལ་གྱི་ལེའུ་ན་ཇི་ལྟར་གསུངས་པའི་དོན་འདིར་ཚང་ཞིང་སྦྱར་དུ་ཡོད་མོད་ཀྱི། དོན་གྱིས་ཐོབ་པ་ཡིན་པའི་ཕྱིར། རྟག་ཏུ་ངུ་དང་ཆོས་འཕགས་ཀྱི་དཔེ་ལས་བརྩམས་ཏེ་བརྩོན་པ་སོགས་ཀྱིས་ཕར་ཕྱིན་སྒྲུབ་ཚུལ་དང་སྦྱར་ཤེས་པར་ཡང་བྱ་ལ་འོན་ཀྱང་སྐབས་བརྒྱད་ཀྱི་སྦྱར་ཚུལ་ནི་ཡེ་ཤེས་ཞབས་ཀྱིས་བཞེད་པ་ལྟར་མདོ་འདི་ཉིད་ཀྱིས་བབ་ཀྱིས་ཤེས་པས་དེ་ལྟར་སྦྱར་ན་བདེ་བར་མངོན་ནོ། །ཡང་ཡེ་ཤེས་ཞབས་ལྟར་ན། བྱང་ཆུབ་སེམས་དཔའ་གང་ཞིག་རྟེན་ཅིང་སོགས་ཚིགས་བཅད་གཅིག་མཐོང་ལམ་གྱི་འབྲས་བུ་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ལ་སྦྱར། མཐོང་ལམ་གྱི་རྒྱུ་དེ་ཡན་ཆད་དང་། མཐུ་ཆེན་ལྡན་པ་སོགས་ཚིགས་བཅད་གཅིག་སྒོམ་ལམ་རྩེ་མོ་དང་སྦྱར། དེ་ཡང་རྟེན་པར་བྱེད་པ་མ་ཡིན་པ་གཟུང་རྟོག་སྤོང་བ་དང་། གནས་པར་བྱེད་པ་མེད་པས་འཛིན་རྟོག་སྤང་བར་བཞེད། ཤེས་རབ་མཆོག་ཐོབ་སོགས་ཚིགས་བཅད་གཅིག་གིས་བར་ཆད་མེད་རྩེ་དང་། འདི་ནི་ཡོན་ཏན་སོགས་པའི་ངོ་མཚར་རྨད་བྱུང་སོགས་ནས་བསལ་བྱ་ལོག་རྟོག་སྤང་བ་དང་། བརྩོན་སོགས་ཕར་ཕྱིན་གཞན་ཡང་དེའི་མི་མཐུན་ཕྱོགས་སྤང་བའི་སྒོ་ནས་བརྗོད་པའོ་ཞེས་བཞེད་དོ། ༈ །ད་ནི་སྐབས་དྲུག་པ་མཐར་གྱིས་པ་ནི། སྐད་ཅིག་གཅིག་ལ་ཆོས་ཀུན་སྣང་ལ་མ་འདྲེས་པའི་རྣམ་པ་སྐྱེ་མེད་དུ་བསྒོམ་པ་གསལ་བ་རབ་ཀྱི་མཐར་ཐུག་པ་སྐད་ཅིག་མའི་སྦྱོར་བ་གྲུབ་པའི་ཆེད་དུ་བསྒོམ་པ་སྟེ། དེ་ཡང་རྣམ་རྫོགས་སྦྱོར་བའི་སྐབས་སུའང་མཁྱེན་གསུམ་གྱི་རྣམ་པ་ཆ་ཚང་བར་བསྒོམས་ཀྱང་། དཀྱུས་ཐོག་གཅིག་ཏུ་ཚང་བའི་གོ་རིམ་ངེས་ཅན་དུ་སྒོམ་པའི་ངེས་པ་མེད་དེ། མི་རྟག་པའི་རྣམ་པ་ལྟ་བུ་སོགས་གང་རུང་རེ་རེ་ནས་རྩལ་དུ་བཏོན་ནས་སྒོམ་པའང་ཡོད་ལ། འདིར་ཐམས་ཅད་དཀྱུས་ཐོག་གཅིག་གི་ཉམས་ལེན་གྱི་ནང་དུ་ཚང་བར་སྒོམ་པ་སྟེ། དེ་ཡང་མཐར་གྱིས་པའི་སྐབས་ན་བསྟན་པའི་ཆོས་བཅུ་གསུམ་པོས་ཟིན་པའི་སྒོ་ནས་དཀྱུས་གཅིག་ལ་གོ་རིམ་ངེས་ཅན་དུ་བསྒོམ་པ་ཡིན་ལ། གོ་རིམ་ངེས་ཅན་ཞེས་པ་ནི་ངེས་པ་མེད་ན་ཚང་མ་ཚང་གི་རྣམ་དབྱེ་འབྱེད་དཀའ་བའི་སླད་དུའོ། །དེ་ཡང་མདོ་ལས། བཅོམ་ལྡན་འདས་ཐམས་ཅད་ངོ་བོ་མ་མཆིས་པའི་ངོ་བོ་ཉིད་ལ་བྱང་ཆེན་མཐར་གྱིས་སྤྱོད་པ་དང་མཐར་གྱིས་སློབ་པ་དང་། མཐར་གྱིས་ནན་ཏན་དུ་བགྱི་ཞེས་སོགས་ཀྱིས་བསྟན་ལ། དེ་ལ་ལམ་གྱི་ངོ་བོ་སྦྱིན་པ་ནས་ཤེས་རབ་ཀྱི་བར་གྱི་ཕར་ཕྱིན་དྲུག་ལ་སྦྱོར་བ་ཕུན་སུམ་ཚོགས་པས་འཇུག་ཅིང་། ལམ་ཁྱད་པར་དུ་བྱེད་པའི་རྟེན་བསམ་པ་ཕུན་སུམ་ཚོགས་པས་སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་དྲུག་དང་མི་འབྲལ་བ་དང་། ལམ་དག་པར་བྱེད་པ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་རོ་གཅིག་པའི་ཚུལ་གྱིས་ནི་ལམ་ལ་མཐར་གྱིས་སམ་རིམ་གྱིས་སློབ་པ་ཡི་བྱ་བ་གོམས་པར་བྱ་བ་བཞེད་དེ། དེ་ཡང་སངས་རྒྱས་སོགས་དོན་དམ་པར་དྲན་པ་མེད་ལ། ཀུན་རྫོབ་ཏུ་དྲན་པའི་ཚུལ་གྱིས་འཇུག་ཅིང་། རྗེས་དྲན་ཕྱི་མ་གསུམ་ནི། གཞི་ཚུལ་ཁྲིམས། མཐུན་རྐྱེན་སྦྱིན་པ་དབང་པོ་ལྷར་སྐྱེས་པའི་འཕགས་པ་རྣམས་དྲན་པ་ཡིན་པར་བཞེད་ལ། ཚུལ་ཁྲིམས་གཏོང་བ་གཉིས་ཕྱིན་དྲུག་གི་སྐབས་ན་དངོས་དང་། རྗེས་དྲན་གྱི་སྐབས་ན་འབྲས་བུའི་ཆ་ནས་ཡིད་ལ་བྱེད་པས་མི་ཟློས་ལ། ལྷ་དབང་པོ་དང་དཀོན་མཆོག་རྟེན་གྱི་ཆ་ནས་མི་ཟློས་ཞེས་མཁས་པ་དག་བཞེད། དེ་ལ་མཁྱེན་གསུམ་གྱིས་རྣམ་པ་བརྒྱ་དོན་གསུམ་གྱིས་དོན་དུ་གཞི་ལམ་འབྲས་བུའི་རྣམ་པ་མ་ལུས་པ་བསྡུས་པ་ཡིན་ཀྱང་དེ་རྣམས་དཀྱུས་ཐོག་གཅིག་ཏུ་བློ་ལ་ཤར་བ་ཙམ་ཞིག་གིས་མཐར་གྱིས་བསྒོམ་ཚུལ་ཐུན་མོང་མིན་པ་མིན་ཏེ་འོན་ཀྱང་རིང་བའི་སྦྱོར་བ་ཙམ་ཡིན་ལ། དེར་མ་ཟད་གཞི་ལམ་རྣམ་པ་གསུམ་སྐྱེ་མེད་དུ་སྒོམ་པས་ཀྱང་དོན་གྱིས་ཆོས་ཀུན་བསྡུས་ཀྱང་དེ་ཙམ་ཞིག་གི་མཐར་གྱིས་པར་མི་འགྲོ་བ་བཞིན་ནོ། །འོ་ན་གང་ཞེ་ན། གཉིས་སུ་འཛིན་པ་ཅན་གྱི་ངོར་ཆོས་གཅིག་བསྒོམ་ན་དེ་ཉིད་ལས་གཞན་ལ་འཇུག་མི་ཤེས་པ་ལྟ་བུ་དེ་བསལ་བའི་ཕྱིར། སྦྱིན་པ་ལྟ་བུ་རེ་རེས་ཀྱང་ཕར་ཕྱིན་གཞན་བསྡུས་པས་ན། ཐབས་ཤེས་དབྱེར་མེད་ཀྱི་ཉམས་ལེན་ཁྱད་པར་ཅན་གང་ལ་ཟག་མེད་ཀྱི་ཆོས་ཀུན་འདུ་ཚུལ། ཕར་ཕྱིན་ཀུན་སྡུད་པ་དང་། བཤད་མ་ཐག་པ་སྦྱོར་བ་ལ་ལོག་སྒྲུབ་བསལ་བའི་སྐབས་བཞིན་ཤེས་པར་བྱས་ནས། རྗེས་ཐོབ་ཏུ་གོ་རིམ་ངེས་པ་ཅན་ནམ་སོ་སོར་དམིགས་ཕྱེད་པའི་ཚུལ་གྱིས་ཉམས་ལེན་སྦྱིན་པ་སྣ་གཅིག་ལའང་ཕར་ཕྱིན་ཀུན་ཚང་བའི་ཚུལ་གྱིས་མངོན་ཞེན་མེད་པར་སྒྲུབ་ཅིང་། མཉམ་བཞག་ཏུ་ཆོས་ཐམས་ཅད་རོ་གཅིག་པའི་དེ་ཁོ་ན་ཉིད་ལ་གོམས་པའི་མཐུས། ཉམས་ལེན་གཅིག་གི་སྟེང་དུའང་མཁྱེན་གསུམ་གྱིས་རྣམ་པ་བརྒྱ་དོན་གསུམ་གྱིས་མཚོན་པའི་ཉམས་ལེན་མཐའ་དག་རིམ་གྱིས་འདྲེན་ཞིང་འཆར་ཐུབ་པའི་གནད་ཁྱད་པར་ཅན་ལ་མྱོང་བ་དང་ངེས་པ་ཇེ་བས་ཇེ་འཕེལ་ལ་སོང་བ་ནི་མཐར་གྱིས་པ་ཞེས་བྱ་སྟེ། ཆོས་གཅིག་གི་སྟེང་དུའང་གཞི་ལམ་འབྲས་བུའི་རྟོགས་བྱ་ཇི་སྙེད་པ་ལ་སྒྲོ་འདོགས་གཅོད་ཤེས་པའི་ཤེས་རབ་ཁྱད་པར་ཅན་གྱིས་ཟིན་པའི་སྒོམ་ཚུལ་ཁྱད་པར་ཅན་ཏེ་དེ་ཡང་བསྒོམ་བྱ་ལམ་གྱི་ངོ་བོ་རེ་རེར་ཡང་ཕར་ཕྱིན་དྲུག་ལྡན་དུ་གྱུར་པས་ལམ་གྱི་རྣམ་པ་མཐའ་དག་དཀྱུས་ཐོག་དེ་ལ་ཚང་བ་དང་། བསྒོམ་པའི་རྟེན་དཀོན་མཆོག་གསུམ་དང་བསོད་ནམས་བྱ་བའི་དངོས་པོ་གསུམ་ལས་གོང་ནས་གོང་དུ་ཁྱད་པར་དུ་འཕེལ་བ་མི་ཉམས་པར་བྱེད་ཅིང་། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ཆོས་རྣམས་ཐ་དད་དུ་མེད་པར་རྟོགས་པས་གཉིས་སུ་འཛིན་པ་སྤོང་བས་ན། ཉམས་ལེན་སྣ་གཅིག་གིས་ཀྱང་གཞི་ལ་སྒྲོ་འདོགས་ཆོད་པ་དང་། ལམ་ཡང་དག་པ་དང་། འབྲས་བུ་དཔེ་བྱད་ཀྱི་བར་བསྡུས་པ་ལ་དམིགས་རྣམ་ཇེ་གསལ་དུ་སོང་ནས་མཐའ་མེད་པར་འཕེལ་བ་སྟེ། དོན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་ཀྱི་མཐུས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལ་ཉམས་ལེན་བྱེད་ནུས་ཚུལ་ཡིན་ལ། དེ་ཡང་བློ་གཅིག་གི་སྟེང་ནས་གསལ་བ་རབ་ཀྱི་མཐར་ཐུག་པར་སྒོམ་ནུས་ན་གྲུབ་པའི་ཚད་དེ་སྐད་ཅིག་མ་ཡིན་ལ། རིམ་གྱིས་འདྲེན་པ་ནི་མཐར་གྱིས་པའི་སྐབས་ཞེས་སོ། །བརྒྱད་སྟོང་པར་སེང་གེའི་སྒྲ་སྒྲོགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ་ཞེས་པའི་ཚིག་གཅིག་པོ་འདིས་མཐར་གྱིས་པ་བསྟན་པར་སེང་གེ་བཟང་པོས་བཞེད། ཤཱན་ཏི་པས་ཆོས་ཐམས་ཅད་ཆགས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སོགས་མདོ་ཚིག་གསུམ་གྱིས་མཐར་གྱིས་པ་བསྟན་ལ། རྒྱ་མཚོ་མུ་མེད་པའི་སོགས་དང་། ནམ་མཁའ་མུ་མེད་པའི་སོགས་དང་། རི་རབ་སྣ་ཚོགས་པའི་སོགས་དང་། གཟུགས་མུ་མེད་པའི་སོགས་ཚིག་བཞིས་སྐད་ཅིག་མའི་སྦྱོར་བ་བཞི་བསྟན་ནས། མཛད་པ་མདོར་བསྡུས་པར་སེང་གེའི་སྒྲ་སྒྲོགས་པའི་ཕྱིར་སོགས་ཚིགས་བཅད་གཅིག་གིས་བསྟན་པར་བཞེད་དོ། །དེ་ལྟར་བཤད་མ་ཐག་པའི་མཐར་གྱིས་པ་སྟོན་པའི་མདོ་ནི་སྐབས་འདིར། བྱང་ཆུབ་སེམས་དཔའི་སྦྱིན་པས་སོགས་ཚིགས་བཅད་བཞིས་བསྟན་ཏེ། ཕར་ཕྱིན་དྲུག་འབྲས་བུ་དང་བཅས་པར་བསྟན་པ་འདི་ཙམ་དུ་ལམ་འབྲས་ཀྱི་ཡོན་ཏན་ཐམས་ཅད་འདུ་བས་ན། ལམ་སྟོན་པ་པོ་སངས་རྒྱས་དང་། ལམ་དངོས་དང་། དེ་ལ་འཇུག་པ་དགེ་འདུན་ཡིན་པ་ཤུགས་ཀྱིས་མཚོན་ལ། རྗེས་དྲན་ཕྱི་མ་གསུམ་དང་དངོས་མེད་ངོ་བོ་ཉིད་ཀྱང་དེར་འདུ་བ་ཡིན་ནོ། །དེས་ན་ཕར་ཕྱིན་གཅིག་གི་ཉམས་ལེན་ལའང་ཕར་ཕྱིན་གཞན་འདྲེན་ཐུབ་པས་མཚོན་ནས་གཞི་ལ་སྒྲོ་འདོགས་ཆོད་པ། ལམ་ཉམས་སུ་ལེན་པ། འབྲས་བུ་ཐོབ་པར་བྱ་བའི་དམིགས་རྣམ་མཐའ་དག་དཀྱུས་གཅིག་གི་ཉམས་ལེན་དེར་རིམ་གྱིས་འདྲེན་ཐུབ་པ་ལ་མཐར་གྱིས་པའི་སྤྱོད་པ་ཞེས་བྱ་བ་ཡི། གྲངས་ཀྱི་ངེས་པ་བཟུང་ནས་འདི་ཙམ་ཞིག་འཆར་ཐུབ་དགོས་པ་ཡིན་ཞེས་བསམ་པར་མི་བྱ་སྟེ། དང་པོ་ཕྱིན་དྲུག་གི་རྣམ་པ་ཙམ་ནས་དེ་གོམས་པ་ལས་རྣམ་པ་བརྒྱ་དོན་གསུམ་དང་། དེ་ནས་རྣམ་པ་ཚད་མེད་པའི་ཆོས་ཀྱི་སྒོམ་ལུས་པའི་དམིགས་རྣམ་མཐའ་ཡས་པ་འཆར་བའི་བར་དུ་འཕེལ་བ་ཡིན་ཏེ། སྐད་ཅིག་མའི་སྐབས་སུ་ཟག་མེད་ཀྱི་ཆོས་ཀུན་མངོན་དུ་བྱེད་པར་གསུངས་པའི་བར་དུའོ། །དེ་ཡང་ཆོས་གཅིག་གི་དེ་བཞིན་ཉིད་ཆོས་ཀུན་གྱི་དེ་བཞིན་ཉིད་ཡིན་ལ། དེ་བཞིན་ཉིད་མཉམ་པ་ཆེན་པོས་ཆོས་ཀུན་བསྡུས་པའི་ཕྱིར། དེ་ལ་དམིགས་པའི་ཡུལ་ཅན་གྱི་དྲི་མ་དག་པའི་རིམ་པ་དང་མཚུངས་པར་ཆོས་གཅིག་མངོན་དུ་བྱས་པས་ཆོས་ཀུན་མངོན་དུ་བྱེད་ནུས་པ་ཡིན་པ་ནི། དངོས་པོའི་ཆོས་ཉིད་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་སྟོབས་ལས་ཡིན་པར་ཤེས་པར་བྱ་བ་གནད་ཤིན་ཏུ་གལ་ཆེའོ། ༈ །ད་ནི་སྐབས་བདུན་པ་སྦྱོར་བ་ཡོངས་སུ་རྫོགས་པའི་རབ་ཀྱི་མཐའ་སྐད་ཅིག་མའི་སྦྱོར་བ་བཤད་པ་ལ། མདོ་ལས། བྱང་ཆེན་དེ་ལྟར་ཡུམ་ལ་སྤྱོད་པ་ནི་སེམས་བསྐྱེད་པ་གཅིག་གིས་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་སོགས་གསུངས་པ་བཞིན་དུ། ཡེ་ཤེས་སྐད་ཅིག་མ་གཅིག་ལ་ཤེས་བྱའི་ཆོས་ཐམས་ཅད་སྣང་ཞིང་མཉམ་པར་རྫོགས་པར་གྱུར་པ་གང་ཡིན་པ་སྟེ། དེ་ལ་ལྡོག་པའི་མཚན་ཉིད་ཀྱི་སྒོ་ནས་རྣམ་པ་བཞིར་བཤད་དེ། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མ་དང་། རྣམ་པར་སྨིན་པའི་སྐད་ཅིག་མ་དང་། མཚན་ཉིད་མེད་པའི་སྐད་ཅིག་མ་དང་། གཉིས་སུ་མེད་པའི་སྐད་ཅིག་མ་ཞེས་བྱ་སྟེ། ངོ་བོ་བྱ་བ་རྫོགས་པའི་ཡེ་ཤེས་སྐད་ཅིག་མ་གཅིག་ལས་ཐ་དད་དུ་མེད་དོ། །དེ་ལ་བཞེད་པ་འགའ་ཞིག་ན་རྣམ་སྨིན་མིན་པ་ནི་དེ་སྔ་རང་རྒྱུད་ལ་སྨིན་ཟིན་མིན་པའི་སངས་རྒྱས་ཀྱི་ཡོན་ཏན་སྟོབས་སོགས་དང་། རྣམ་སྨིན་ཡིན་པ་རང་རྒྱུད་ལ་སྨིན་ཟིན་པའི་སྦྱིན་སོགས་ནས་དཔེ་བྱད་རྗེས་མཐུན་པའི་བར་ལ་བཤད་ནས། དེ་གཉིས་ཀ་ཡུལ་དུ་བྱེད་པར་བཤད་པ་དང་། ཡང་རྣམ་སྨིན་མིན་པས་བདུན་མན་ཆད་དུ་འབད་རྩོལ་གྱིས་སྒོམ་པ་དང་། རྣམ་སྨིན་དག་ས་པའི་ཡེ་ཤེས་ལ་བཤད་པ་དང་གཞན་ཡང་སོ་སྐྱེ་དང་འཕགས་པ་སོགས་ཀྱི་ཁྱད་པར་དུ་བཤད་པ་ཡོད་ནའང་འདིར་དེ་གཉིས་ཀ་ཡུལ་ཅན་བར་ཆད་མེད་པའི་སྐད་ཅིག་མ་རང་གི་ལྡོག་ཆ་ནས་བཤད་དེ། རྣམ་སྨིན་མིན་པ་ནི་སྔར་སློབ་ལམ་དུ་སྦྱིན་སོགས་རེ་རེའི་ནང་དུ་ཟག་མེད་ཀྱི་ཆོས་ཀུན་ངོ་བོས་འདུ་ཚུལ་ཤེས་ནས་དེར་བསྡུས་ཏེ་ཡོངས་སུ་རྫོགས་པར་གོམས་པའི་འབད་རྩོལ་གྱི་འདུ་བྱེད་གོམས་པ་མཐའ་ཐུག་པའི་དབང་གིས། ད་ལྟ་དངོས་པོ་ལ་སོ་སོར་འཛིན་པའི་ཕྱིན་ཅི་ལོག་བྲལ་བའི་ཕྱིར་སྦྱིན་སོགས་རེ་རེས་ཀྱང་། སྦྱིན་པ་ནས་དཔེ་བྱད་བརྒྱད་ཅུའི་བར་གྱི་ཟག་མེད་ཀྱི་ཆོས་ཀུན་བསྡུས་པ་དེའི་ངོ་བོ་མཐོང་བའི་ཕྱིར། ཐུབ་པའི་བར་ཆད་མེད་ལམ་སྐད་ཅིག་གཅིག་པ་ཡི་རྟོགས་པ་འདི་ནི་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མ་ཞེས་སུ་ཤེས་པར་བྱ་སྟེ། སྔར་གྱི་རྣམ་པར་སྨིན་པ་མིན་པ་བར་ཆད་མེད་ལམ་གྱི་སྔ་རོལ་རྣམས་སུ་བྱུང་བའི་མཐར་གྱིས་པ་ལས་བྱུང་བ་ཤེས་པའི་ཆེད་དུ་རྒྱུ་མིང་འབྲས་བུ་ལ་བཏགས་པའམ། ཡང་ན་རྣམ་པར་སྨིན་པ་མིན་པའི་རྒྱུ་ལས་བྱུང་བའི་སྐད་ཅིག་མ་ཞེས་བྱ་སྟེ། ས་བོན་གྱི་འབྲས་བུ་ཞེས་པ་བཞིན་ནོ། །དེ་དཔེར་ན་ཟོ་ཆུན་ཁྱུད་མོ་དེ་རྒྱུའི་དུས་ན་ཐག་པ་སོགས་རེ་རེ་ནས་འདུས་བྱས་ཀྱང་བཟོ་ལེགས་པར་ཚར་རྗེས་སྐྱེས་བུའི་རྡོག་ཐབས་གཅིག་གིས་བསྐྱོད་པ་ན། ཐམས་ཅད་ཅིག་ཅར་འགུལ་ཞིང་ཆུ་ལེན་པ་དང་འཁོར་བ་སོགས་ཅིག་ཅར་བྱེད་པ་བཞིན་དུ། སྔོན་འབད་རྩོལ་གྱིས་གོམས་པ་ཡོངས་སུ་རྫོགས་པའི་མཐུས་ད་ལྟ་འབད་མེད་དུ་ཆོས་གཅིག་མངོན་དུ་བྱས་པས་ཆོས་ཀུན་མངོན་དུ་འགྱུར་བ་ཡིན་ནོ། །ད་ལྟ་སྐད་ཅིག་མ་རང་གི་ངོ་བོ་ནི་རྣམ་པར་སྨིན་པ་ཡིན་ཏེ། དེ་ཡང་དངོས་པོ་གཅིག་གི་རང་བཞིན་དངོས་པོ་ཀུན་གྱི་རང་བཞིན་ཡིན་པས་ཟུང་འཇུག་གི་ཆོས་ཉིད་ཟབ་མོ་ལ་ཐ་དད་མེད་པ་དང་། ཡུལ་ཅན་གྱི་བློས་ཀྱང་དེ་དེ་བཞིན་དུ་བསྒོམ་ཞིང་ས་རྣམས་སུ་འབད་རྩོལ་གྱིས་བསྒྲུབ་ནས་སྐད་ཅིག་ལ་མངོན་དུ་བྱེད་པར་གྱུར་ཅིག་སྙམ་པའི་འཕེན་པ་དང་ཚོགས་ཡོངས་སུ་རྫོགས་པའི་ཤུགས་ཀྱིས། ཇི་ལྟར་གནས་པའི་ཟབ་མོ་དེ་དེ་བཞིན་དུ་མཐོང་ནུས་པའི་མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་བྲལ་བ་རྒྱུན་མཐའི་རྡོར་ཏིང་གི་སྐད་ཅིག་མའི་སྐབས་འདིར་མཐར་གྱིས་པའི་སྐབས་ལྟར་རིམ་ཅན་མིན་ཏེ། ཅིག་ཅར་སྣང་བ་ཡོངས་སུ་རྫོགས་པའོ། །དེའི་ཕྱིར་ན་རྣམ་པར་སྨིན་པ་ནི་གང་ཚེ་རྒྱུན་མཐའི་བར་ཆད་མེད་ཐོབ་པ་ན། རང་བཞིན་ནམ་ངོ་བོས་དྲི་མ་ཡེ་ནས་མེད་པའི་ཟག་མེད་ཀྱི་ཆོས་དཀར་ཐམས་ཅད་ཀྱི་རང་བཞིན་ནམ་དེ་དང་འབྲལ་མི་རུང་བའི་ཚུལ་གྱིས་དེའི་ངོ་བོར་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད། རྩོལ་མེད་དུ་ཐོབ་པའི་ཚུལ་གྱིས་རྣམ་པར་སྨིན་པའམ་ཡོངས་སུ་རྫོགས་པའི་ཆོས་ཉིད་ཀྱི་གནས་སྐབས་ལས་སྐྱེས་པ་བར་ཆད་མེད་ལམ་དེ་ཡི་ཚེ། དེ་ལ་རྣམ་པར་སྨིན་པའི་སྐད་ཅིག་མ་གཅིག་གི་ཡེ་ཤེས་ཞེས་བྱའོ། །མཚན་ཉིད་མེད་པའི་སྐད་ཅིག་མ་ནི། སློབ་ལམ་དུ་སྦྱིན་པ་ལ་སོགས་པའི་ལམ་གྱི་རྣམ་པ་མཐའ་དག་ཚངས་པར་སྤྱོད་པ་ཡི་སྒོ་ནས། འཁོར་འདས་ཀྱི་ཆོས་ཀུན་རྨི་ལམ་དང་འདྲ་བར་སྣང་སྟོང་ཟུང་འཇུག་ཏུ་སྤྱོད་པ་ལ་གནས་ནས། གོམས་པ་མཐར་ཐུག་པ་ན་ཀུན་བྱང་གི་ཆོས་རྣམས་སྐྱེ་འགག་དང་གཅིག་ཐ་དད་ལ་སོགས་པའི་མཚན་ཉིད་མེད་པ་ཉིད་རྒྱུན་མཐའི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་རྟོགས་པ་ལ་དེ་ལྟར་བརྗོད་དོ། །གཉིས་སུ་མེད་པའི་སྐད་ཅིག་མ་ནི་ཡུལ་རྨི་ལམ་གྱི་སྣང་བ་དང་། དེ་མཐོང་བའི་ཡུལ་ཅན་གྱི་ཤེས་པ་ཉིད་བརྟགས་ན་ཡུལ་ཡུལ་ཅན་ཐ་དད་པ་གཉིས་ཀྱི་ཚུལ་དུ་མི་མཐོང་སྟེ། སེམས་ཉིད་དེར་སྣང་བ་ཙམ་ཡིན་པ་ལྟར། འཁོར་འདས་ཀྱི་ཆོས་རྣམས་ཀྱང་གནས་ལུགས་ལ་གཟུང་འཛིན་གཉིས་སུ་མེད་པ་མཉམ་པ་ཉིད་གཅིག་གི་ཚུལ་དུ་གནས་པ་དེ་ཉིད། རྒྱུན་མཐའི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཇི་ལྟར་གནས་པ་བཞིན་མཐོང་བ་ལ་གཉིས་སུ་མེད་པའི་སྐད་ཅིག་མ་ཞེས་དོན་དང་མཐུན་པའི་མིང་གིས་བརྗོད་པའོ། །དེ་ཡང་གཟུང་འཛིན་གཉིས་སྣང་གི་བག་ཆགས་ཀྱིས་བསླད་པའི་རིང་ལ་ཆོས་ཐམས་ཅད་མཉམ་པ་ཆེན་པོའི་དོན་ཇི་ལྟ་བ་བཞིན་དུ་གཟིགས་མི་ནུས་ལ། གཉིས་སུ་སྣང་བའི་ངོར་ཆོས་ཅན་ཐ་དད་པ་དང་དུས་ཐ་དད་པ་དང་། དེའི་ཆོས་ཉིད་ཐ་དད་པའི་གཉིས་ཆོས་སུ་སྣང་བས་ཤེས་བྱ་མཐའ་དག་གི་བདེན་གཉིས་ཅིག་ཅར་གཟིགས་པ་མི་སྲིད་ཀྱང་གཉིས་སྣང་གི་བག་ཆགས་དྲུང་ནས་འབྱིན་པ་རྒྱུན་མཐའི་ཡེ་ཤེས་སྐྱེས་པའི་ཚེ་མཉམ་པ་ཉིད་ཀྱི་དོན་མཐར་ཐུག་པ་གཟིགས་པས་ན། མཉམ་པ་ཉིད་ཀྱིས་བསྡུས་པའི་ཆོས་ཤེས་བྱ་མ་ལུས་པའང་དེ་དང་རོ་མཉམ་དུ་གཟིགས་ཤིང་དེ་ལས་གཡོ་བའང་མི་སྲིད་པར་བདེན་གཉིས་གཅིག་ཅར་དུ་གཟིགས་པ་ཤེས་བྱ་སྟེ། ཆོས་ཉིད་ཀྱི་གཤིས་ལ་སྐྱེ་འགག་མ་གྲུབ་པས་འདི་ལ་སྔ་ཕྱི་བར་གསུམ་གྱི་ཆ་སོགས་མཚན་མས་སྤྲོས་པས་བཞག་ཏུ་མེད་དེ། བསམ་གྱིས་མི་ཁྱབ་པའི་རང་བཞིན་ཡིན་ནའང་། གཉིས་སྣང་གི་བསླད་པ་ཅན་གྱི་གདུལ་བྱ་གང་ཞིག་དུས་གསུམ་སྐྱེ་འགག་ཏུ་སྣང་བ་ཅན་གྱི་ངོར། སྐད་ཅིག་རེ་རེ་བཞིན་དུའང་གདུལ་བྱའི་རྒྱུད་དང་སྐྱེ་འགག་གི་ཆོས་དེ་དག་མཁྱེན་ཅིང་དོན་མཛད་པའི་རང་སྣང་གི་ཆ་ནས་རྣམ་མཁྱེན་སྐད་ཅིག་མ་ལྟར་དུ་སྣང་བ་ལས་གཟུང་མི་ཤེས་པས་རྣམ་མཁྱེན་ནི་མི་རྟག་པའོ་ཞེས་སུའང་བཞག་ལ་དེ་བཞིན་ཉིད་ཀྱི་ཚུལ་ལ་ངེས་པར་མ་སྐྱེས་པའི་བྱིས་པ་དང་མུ་སྟེགས་རྣམས་དང་རྩོད་པ་ན་དེ་ལྟར་འཆད་པར་བྱའོ། །རང་གི་ངོ་བོ་ལ་ཆོས་ཉིད་དང་གཉིས་སུ་དབྱེར་མེད་པའི་རང་བྱུང་ཡེ་ཤེས་ཀྱི་སྐུ་སྐྱེ་འགག་མེད་པའི་དོན་གྱིས་གཞལ་ནས། དུས་གསུམ་ཀུན་ཏུ་ཡང་ཆོས་ཉིད་ཀྱི་སྐུ་འཕོ་འགྱུར་མེད་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་འདུས་མ་བྱས་རྟག་པའོ་ཞེས་སུའང་མདོ་ལས་གསུངས་པ་ལྟར་སྔགས་རྒྱུད་རྣམས་སུའང་དེ་ལྟར་གསུངས་པ་ནི་སོ་སོ་རང་གིས་ཟབ་མོའི་དོན་ཁོང་དུ་ཆུད་པའི་རྗེས་ཀྱི་ངེས་པ་ལ་དེ་ལྟར་གནས་སོ། །དོན་དུ། དངོས་དང་དངོས་མེད་འདུས་བྱས་ཡིན། །མྱ་ངན་འདས་པ་འདུས་མ་བྱས། །ཞེས་གསུངས་པ་ལྟར། བརྟེན་ནས་སྐྱེས་པའི་འདུས་བྱས་དངོས་པོ་རྣམས་དང་། བརྟེན་ནས་བཏགས་པས་འདུས་བྱས་སུ་སོང་བ་དངོས་མེད་གཉིས་ཀའང་འདུས་བྱས་ཏེ། དངོས་མེད་རྣམས་ཀྱང་དགག་བྱ་བཅད་པ་ལས་དེ་གྲུབ་ལ། དེ་ལ་མ་ལྟོས་པར་མི་གྲུབ་པས་གཞན་ལ་ལྟོས་པས་རེས་འགའ་བའམ་འདུས་བྱས་པ་ལྟ་བུ་ཡིན་ལ། དངོས་དངོས་མེད་གང་གི་ཡང་མཐར་མི་གནས་པའི་མྱང་འདས་ཆེན་པོ་ནི་ཆོས་ཉིད་བསལ་བཞག་མེད་པ་དང་རོ་གཅིག་པས་བསམ་བརྗོད་ལས་འདས་པས་ན། རྒྱུད་ལས་སྐྱེ་བའམ་རྒྱུ་ལས་བཏགས་མི་དགོས་ཏེ་ཆོས་ཉིད་ཡེ་ནས་གནས་པ་ཡིན་པས་སོ། །མྱང་འདས་རྒྱུ་ལས་སྐྱེ་བ་ལྟར་སྣང་བ་ནི། རང་གི་གཉིས་སྣང་གི་རྟོག་པ་ལོག་པ་ཙམ་ལས་དེར་བཏགས་པ་སྟེ། དོན་ལ་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་། ཡེ་ནས་འོད་གསལ་བའོ། །ཞེས་ཤེར་ཕྱིན་གྱི་མདོ་འདིར་ཡང་ལན་བརྒྱ་ཕྲག་ཏུ་གསུངས་པ་བཞིན་ནོ། །དེས་ན་རང་བཞིན་གྱིས་མྱ་ངན་ལས་འདས་པ་སྲིད་ཞི་མཉམ་པ་ཉིད་ཀྱི་དོན་ལ་གློ་བུར་གྱི་སྒྲིབ་པ་ལམ་གྱིས་བསལ་སྟོབས་ཀྱིས་དྲི་མ་མཐའ་དག་ལོག་པའི་དེ་བཞིན་ཉིད་ཟུང་འཇུག་ཆེན་པོ་ལ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུར་བརྗོད་པ་ཡིན་ནོ། །དེ་ལྟར་ན་ཟག་མེད་ཀྱི་ཆོས་ཀུན་ངོ་བོ་ཐ་དད་མེད་པར་མཉམ་པའི་ཆོས་ཉིད་ཀྱིས་བསྡུས་པ་ལྟར་དེ་མངོན་དུ་བྱེད་པའི་ལམ་རྣམ་སྨིན་མིན་པའི་གནས་སྐབས་མངོན་དུ་མ་བསྐྱེད་ན་དེའི་འབྲས་བུ་རྣམ་སྨིན་གྱི་སྐད་ཅིག་མ་མི་འབྱུང་ལ། རྣམ་སྨིན་མིན་པ་ཅི་ཙམ་གོམས་ཀྱང་སྐད་ཅིག་ལ་ཤེས་བྱ་མཐའ་དག་མཐོང་བའི་རྣམ་སྨིན་མིན་པའི་ཡེ་ཤེས་སྐྱེད་མི་ནུས་སྙམ་ན། ཆོས་ཐམས་ཅད་མཚན་ཉིད་ཀྱིས་ཐ་དད་དུ་བདེན་པར་གྲུབ་པ་ཞིག་ན་གཅིག་མངོན་དུ་བྱས་པས་ཀུན་མངོན་དུ་བྱེད་པ་མི་གྲུབ་ཀྱང་། ཆོས་ཐམས་ཅད་མཚན་ཉིད་མེད་པའི་དབྱིངས་སུ་ཚུལ་གཅིག་པས་ན་མཚན་ཉིད་མེད་པའི་དེ་བཞིན་ཉིད་ལ་སྒྲིབ་པ་ལམ་གྱིས་བསལ་ནས་དྲི་མ་དང་བྲལ་བ་ན་དེ་བཞིན་ཉིད་མཐོང་ལ། དེ་བཞིན་ཉིད་ལས་གཞན་པའི་སྣང་བ་ཞེས་བྱ་བ་གང་ཡང་མེད་དེ་སྣང་སྟོང་ཟུང་འཇུག་ལ་དེ་བཞིན་ཉིད་ཅེས་བྱ་ཞིང་། དེ་ཡང་མཉམ་པ་ཆེན་པོའི་དབྱིངས་སུ་ཚུལ་གཅིག་པ་སོ་སོ་རང་གིས་རིག་པར་བྱ་བ་ཡིན་གྱི་གཉིས་སུ་སྣང་ཞེན་ཅན་གྱི་ངོར་སྣང་བ་ལྟ་བུ་ནི་མ་ཡིན་ནོ། །དེ་ལྟར་ན་ཆོས་ཉིད་གཉིས་སུ་མེད་པ་མཉམ་པ་ཆེན་པོའི་དོན་ལ། གཉིས་འཛིན་གྱི་བག་ཆགས་དྲུང་ནས་ཕྱུང་བའི་ཡེ་ཤེས་དེ་ནི་ཡུལ་དང་ཡུལ་ཅན་དུ་མེད་པར་གཉིས་མེད་རོ་མཉམ་ཆེན་པོར་གྱུར་པ་ཡིན་པས། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་རྡུལ་དང་སྐད་ཅིག་མའི་ཆ་བསགས་པ་ལས་འདས་པའི་མཁའ་ཁྱབ་ཡེ་ཤེས་ཀྱི་སྐུ་འབྲས་བུའི་ཡུམ་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཚུལ་དེ་ལྟ་བུའི་སྐད་ཅིག་མ་དེ་བརྒྱད་སྟོང་པར། མི་འཁྲུགས་པའི་ཕྱིར་བྱང་ཆུབ་སེམས་དཔར་རིག་པར་བྱའོ་ཞེས་པའི་མདོ་ཚིག་གཅིག་པོ་དེས་བསྟན་པར་འགྲེལ་བ་ལས་བཤད་དེ། དམན་པའི་ཡིད་བྱེད་དང་བདེན་འཛིན་སོགས་ཀྱིས་མི་གཡོ་བའི་དོན་དུ་འགྲེལ་ལོ། །མདོ་འདིར་ནི། ཆོས་འདི་ཡོངས་རྫོགས་བྱས་ནས་བྱང་ཆུབ་སེམས་དཔའ་དེ། ཞེས་པའི་རྐང་པ་གཅིག་གིས་བསྟན་ཏེ། གོང་དུ་ཇི་སྐད་བསྟན་པའི་རྒྱུ་ལམ་གྱི་ཆོས་འདི་མ་ལུས་པ་ཡོངས་སུ་རྫོགས་པར་བྱས་ཏེ་གོམས་པ་རབ་ཀྱི་མཐར་ཐུག་པ་རྒྱུན་མཐའི་བར་ཆད་མེད་ལམ་དུ། བཤད་མ་ཐག་པ་ལྟར་གྱི་རྣམ་པར་སྨིན་པའི་ཡེ་ཤེས་སྐད་ཅིག་མ་ཡུལ་ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པ་བསྐྱེད་ནས་དེའི་རྣམ་གྲོལ་ལམ་ལ་བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་པ་ཉིད་དུ་འགྱུར་རོ། །ཞེས་སོ། ༈ །ད་ནི་སྐབས་བརྒྱད་པ་སྦྱོར་གཞི་བསྒོམས་པའི་འབྲས་བུ་མཐར་ཐུག་ཡོངས་སུ་དག་པ་ཆོས་སྐུའི་རང་བཞིན་བཤད་པ་ལ། སྣང་ཆ་རྟོགས་པ་ཡེ་ཤེས་ཀྱི་རང་བཞིན་སྟོབས་ལ་སོགས་པ་ཟག་པ་མེད་པའི་ཆོས་དང་། སྟོང་པ་དབྱིངས་ཀྱི་ཆ་ཡེ་ནས་འདུ་འབྲལ་མེད་པ་སྣང་སྟོང་ཟུང་འཇུག་གི་ཆོས་ཉིད་གློ་བུར་གྱི་དྲི་མས་དག་པ་མངོན་དུ་གྱུར་པའི་བདག་ཉིད་ནི་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་མཐར་ཐུག་པ་ཡིན་ནོ། །འདི་དབྱིངས་སྟོང་རྐྱང་གི་ཆ་ཙམ་མིན་ཏེ། གཞི་དུས་ནའང་སྟོང་རྐྱང་གི་ཆ་ཙམ་ཆོས་ཉིད་མཐར་ཐུག་པ་མིན་ལ། འབྲས་དུས་ནའང་དེའི་ཆ་ཙམ་སངས་རྒྱས་མིན་ཏེ་མེད་པར་དགག་པ་ཙམ་ལ་མཁྱེན་པ་སོགས་སངས་རྒྱས་ཀྱི་ཡོན་ཏན་རྡུལ་ཙམ་མེད་པར་སྔོན་གྱི་མཁས་པ་རྣམས་ཀྱིས་གསུངས་པ་ལྟར་དོན་ལ་གནས་ཤིང་། སངས་རྒྱས་ཀྱི་རྟོགས་པ་དང་འབྲེལ་བའི་ཕྱིར་དེས་མཁྱེན་པར་ཡང་མི་རུང་སྟེ། ཞི་བ་ལྷས། འོན་ཏེ་སེམས་དང་ལྡན་པའི་ཕྱིར། །ཤེས་ན་མི་ཤེས་འཇིག་པར་ཐལ། །ཞེས་གསུངས་པ་བཞིན་ནོ། །དེས་ན་སངས་རྒྱས་སྐུ་བཞི་པོ་གང་ཡང་རྣམ་པ་ཐམས་ཅད་མི་མཁྱེན་པ་མེད་དེ། གལ་ཏེ་ཡོད་ན་སངས་རྒྱས་ཀྱང་མིན་པར་འགྱུར་རོ། །དེ་ལ་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུའམ་མདོ་གཞན་ལས་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་ཞེས་གསུངས་པ་ཡེ་ཤེས་རྣམ་པ་ཐམས་ཅད་པ་དེ་ཉིད་ཀྱི་མཁྱེན་པ་ཉིད་ཀྱི་ཆ་ལ་ཡེ་ཤེས་ཆོས་སྐུ་ཞེས་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཅིག་གི་རང་བཞིན་གྱི་སྐུ་ལ་སོ་སོར་དབྱེ་ན་བྱང་ཕྱོགས་སོ་བདུན་དང་། ཚད་མེད་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་འཇུག་དགུ་དང་། ཟད་པར་བཅུ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་མཁྱེན་པ་དང་། མངོན་པར་ཤེས་པ་དྲུག་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། རྣམ་པ་ཐམས་ཅད་དག་པ་བཞི་དང་། དབང་བཅུ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། བསྲུང་བ་མེད་པ་གསུམ་དང་། དྲན་པ་ཉེ་བར་བཞག་པ་བཞི་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། བག་ཆགས་ཡང་དག་བཅོམ་པ་དང་། ཐུགས་རྗེ་ཆེན་པོ་དང་། མ་འདྲེས་པ་བཅོ་བརྒྱད་དང་། གཞི་ལམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། དེ་ལྟར་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་ནང་གསེས་བརྒྱ་དང་ཞེ་དྲུག་པོ་དེ་ལ་ཆོས་ཀྱི་སྐུ་ཞེས་བྱའོ། །དེ་ཡང་བྱང་ཕྱོགས་ལ་སོགས་པ་དེ་དག་མིང་མཐུན་ཡང་སེམས་སེམས་བྱུང་གི་སྤྲོས་པ་ཞི་བ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་ལ་ལྡོག་ཆ་ནས་བསྟན་པས་སངས་རྒྱས་ཀྱི་བྱང་ཕྱོགས་སོགས་ནི་སློབ་པ་རྣམས་དང་ཐུན་མོང་མིན་པ་ཉིད་དོ། །སངས་རྒྱས་དེ་ཡང་ཕྱོགས་དུས་ཀྱི་གདུལ་བྱ་ལ་གང་འདུལ་གྱི་སྐུ་དང་གསུང་རྣམ་པ་ཐམས་ཅད་པར་ལྷུན་གྱིས་གྲུབ་པར་འཆར་བ་དང་། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ལ་མཛད་པས་ཁྱབ་པས་ཕྱོགས་ཐམས་ཅད་དུ་ཁྱབ་པ་དང་། དུས་ཕྱི་མའི་མུ་མཐར་ཐུག་གི་བར་དུ་ཟད་པ་མེད་པའི་ཕྱིར་རྟག་པ་ཞེས་ཀྱང་བྱའོ། །ཡེ་ཤེས་ཀྱི་སྐུ་དེ་ཉིད་འོག་མིན་དུ་གདུལ་བྱ་ས་བཅུའི་སེམས་དཔའ་རྣམས་ལ་མཚན་དཔེ་གསལ་རྫོགས་ཀྱི་རྣམ་པས་ཐེག་པ་ཆེན་པོའི་ཆོས་སྣང་བར་མཛད་ཅིང་དུས་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པ་ངེས་པ་ལྔ་ལྡན་གྱི་ལོངས་སྐུ་དང་། ཡེ་ཤེས་རྣམ་པ་ཐམས་ཅད་པའི་སྐུ་དེ་ཉིད་གང་ལ་གང་འདུལ་དུ་ཤར་བའི་སྐུ་གང་གིས་སྲིད་པ་ཇི་སྲིད་བར། འགྲོ་བ་རྣམས་ལ་ཕན་པ་སྣ་ཚོགས་པ་དུས་མཉམ་དུ་རྩོལ་མེད་ལྷུན་གྱིས་གྲུབ་པར་མཛད་པ་དེ་ནི་གདུལ་བྱ་སོ་སོའི་ངོ་སྐལ་ལ་སྣང་བ་སྤྲུལ་པའི་སྐུ་ཞེས་བྱ་བ་སྟེ། དེ་ལྟར་སྐུ་བཞི་པོ་ནི་འབྲས་བུའོ། །ཡང་ན་ཆོས་སྐུ་དང་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་ནི་གཅིག་ཏུ་བྱས་ཏེ། དག་པ་གཉིས་ལྡན་རྣམ་གྲོལ་གྱི་ཆ་ནས་དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ནི་ཆོས་ཉིད་ཀྱི་སྐུ་ཡིན་ལ། དེའི་མཁྱེན་ཆ་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་གི་ལྡོག་ཆ་ནས་ཆོས་སྐུར་བཞག་པ་ལས་དོན་ལ་དག་པ་གཉིས་ལྡན་དབྱིངས་ཡེ་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་ཙམ་ལ་ཁྱད་པར་མེད་པས། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དང་ཕྲིན་ལས་དང་བཞི་ལ་འབྲས་བུ་ཆོས་སྐུ་མཚོན་བྱེད་ཆོས་བཞིར་བཞེད་པའང་ཡོད་ལ། ཕྲིན་ལས་ནི་ཆོས་སྐུའི་ཕྲིན་ལས་ཡིད་པར་རྟོགས་པ་དང་ཕྲིན་ལས་གཉིས་ཀ་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་སངས་རྒྱས་ཀྱི་ཆོས་ཡིན་པས་ཕྲིན་ལས་ལོགས་སུ་མི་རྩི་བར་སྐུ་བཞི་པོ་ཉིད་ཆོས་སྐུ་མཚོན་པའི་ཆོས་བཞིར་འཆད་དེ། དེ་གཉིས་དོན་ལ་འགལ་བ་མེད་པ་ཡིན་ནོ། །དེ་ལ་ཡེ་ཤེས་ཆོས་ཀྱི་སྐུ་བརྙེས་ནས་དེའི་བྱིན་རླབས་ལས་གཟུགས་སྐུ་གཉིས་ཀྱིས་འཁོར་བ་ཇི་སྲིད་དུ་རྒྱུན་མི་ཆད་པའི་ཕྲིན་ལས་མཛད་ན། ཕྲིན་ལས་ཀྱི་རྣམ་པ་ལ་དུ་ཡོད་སྙམ་ན། སྤྱིར་སེམས་ཅན་རྣམས་ལ་ཕན་བདེ་མཐའ་ཡས་པ་རྟག་ཁྱབ་ཏུ་མཛད་པའི་ཕྲིན་ལས་ཚད་མེད་ཀྱང་མདོར་བསྡུ་ན་ཕྲིན་ལས་ཉི་ཤུ་རྩ་བདུན་དུ་གསུངས་ཏེ། ཚོགས་ལམ་དུ་འགྲོ་བ་རྣམས་ཞི་བའི་གོ་འཕང་ཐོབ་པའི་རྟེན་བདེ་འགྲོར་འགོད་པའི་ལས་མཛད་པ་དང་། བསྡུ་བ་རྣམ་པ་བཞི་ལ་འགོད་པ་དང་། ཀུན་བྱང་གི་བླང་དོར་ཤེས་པ་བདེན་བཞི་ལ་འགོད་པ་དང་། བསམ་པ་སེམས་ཅན་རྣམས་ཀྱི་དོན་ལ་དམིགས་ནས་དེ་དག་གི་དོན་ཇི་ལྟ་བ་བཞིན་དུ་བྱེད་པའི་སེམས་བསྐྱེད་པ་ལ་འགོད་པ་དང་། སྦྱོར་བ་ཕར་ཕྱིན་དྲུག་ཉམས་སུ་ལེན་པ་ལ་འགོད་པ་དང་། སངས་རྒྱས་སུ་བགྲོད་པའི་ལམ་དགེ་བཅུ་དང་དུ་ལེན་པ་སྡོམ་པའི་ཚུལ་ཁྲིམས་ལ་འགོད་པ་དང་། སྦྱོར་ལམ་དུ་སྟོང་པ་ཉིད་བསྒོམ་བྱུང་གིས་རྟོགས་པ་ལ་འགོད་པ་དང་། མཐོང་ལམ་དུ་གཉིས་སྣང་གི་སྤྲོས་པ་ཟད་པ་ལ་འགོད་པ་དང་། སྒོམ་ལམ་ས་གཉིས་པ་དང་གསུམ་པར་བརྡ་ཙམ་ཁོང་དུ་ཆུད་པའི་ཡེ་ཤེས་དང་ལྡན་པའི་ཚུལ་ཁྲིམས་དང་བཟོད་པ་ལ་འགོད་པ་དང་། ས་བཞི་པ་ལྔ་པ་དྲུག་པ་གསུམ་དུ་ཆོས་ཀུན་ལ་བདེན་ཞེན་གྱིས་དམིགས་པ་མེད་པ་ལ་འགོད་པ་དང་། ས་བདུན་པར་ཐབས་མཁས་ཀྱིས་ལུས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་འགོད་པ་དང་། ས་བརྒྱད་པར་བསོད་ནམས་རྒྱ་ཆེ་བའི་བྱང་ཆུབ་སེམས་དཔའི་ལམ་གྱིས་མཚོན་པས་ལམ་གསུམ་མངོན་སུམ་དུ་ཤེས་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོངས་སུ་སྨིན་པས་མངོན་པར་ཞེན་པ་མཐའ་དག་བཟློག་པ་དང་། དེའི་དབང་གིས་བྱང་ཆུབ་དམ་པ་རྩོལ་མེད་དུ་ཐོབ་པ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་དབང་བ་དང་བཞི་ལ་འགོད་དོ། །ས་དགུ་པར་སངས་རྒྱས་པར་སྐྱེ་བ་གཅིག་གིས་ཐོབ་པར་ངེས་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པས་ཆོས་བསྟན་པ་སོགས་ཀྱིས་སེམས་ཅན་གྱི་དོན་ཚད་མེད་འགྲུབ་པ་གཉིས་ལ་འགོད་པ་དང་། ས་བཅུ་པར་དབང་ཕུལ་དུ་བྱུང་བ་ཐོབ་པས་སངས་རྒྱས་ཀྱི་ཞིང་ཀུན་ཏུ་བྱོན་ནས་སངས་རྒྱས་བསྙེན་པ་དང་མཆོད་ཅིང་ཆོས་ཉན་པ་སོགས་ཡོན་ཏན་ཚད་མེད་པ་ཐོབ་པ་དང་། བྱང་ཆུབ་ཡན་ལག་གི་རྟོགས་པ་གོང་དུ་འཕེལ་བ་ཚད་མེད་པ་ཐོབ་པ་དང་། ཚོགས་གཉིས་ཀྱི་ལས་རྣམས་ཆུད་མི་ཟ་བར་སངས་རྒྱས་ཉིད་དུ་འགྲུབ་པ་དང་། རྒྱ་ཆེ་བ་བདེན་བཞི་རྫོགས་པར་མངོན་སུམ་མཐོང་བ་དང་། ཕྱིན་ཅི་ལོག་བཞི་ཟད་པར་སྤོང་བ་དང་། ཕྱིན་ཅི་ལོག་དེའི་གཞི་མཚན་འཛིན་མེད་པའི་ཚུལ་དང་། ཆོས་ཀུན་མཉམ་ཉིད་དུ་རྟོགས་པས་དྲི་མ་རྣམ་པར་བྱང་བ་མཆོག་ཏུ་རྫོགས་པ་དང་། ཚོགས་མ་ལུས་པ་ཡོངས་སུ་རྫོགས་པ་དང་། འདུས་བྱས་འཁོར་བ་དང་འདུས་མ་བྱས་མྱང་འདས་ལ་ཐ་དད་པར་ཡོངས་སུ་མི་ཤེས་པའམ་མི་དམིགས་པ་སྲིད་ཞི་མཉམ་པ་ཉིད་སློབ་ལམ་གྱི་ཡེ་ཤེས་མཐར་ཐུག་པ་ལ་འགོད་པ་དང་། མཐར་ཐུག་གི་འབྲས་བུ་ཡོངས་སུ་མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པ་སྟེ་དེ་ལྟར་ཉེར་བདུན་ནོ། །མདོར་བསྡུས་ན་ལམ་གྱི་རྟེན་དང་ལམ་དང་ལམ་མཐར་ཕྱིན་པ་འབྲས་བུ་ལ་འགོད་པའི་སྒོ་ནས་ནམ་མཁའ་དང་སེམས་ཅན་གྱི་མཐའ་ཇི་སྲིད་དུ་ཕྲིན་ལས་རྒྱུན་མི་ཆད་པར་འཇུག་པ་ཡིན་ནོ། །དེ་ལྟ་བུའི་སྐབས་བརྒྱད་པ་སྟོན་པའི་མདོ་ནི་སྐབས་འདིར། ཡོངས་དག་ཞིང་དང་སོགས་རྐང་པ་གསུམ་སྟེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་པའི་རྣམ་གྲོལ་གྱི་ལམ་ལ་རྣམ་པ་ཐམས་ཅད་པའི་ཡེ་ཤེས་ཀྱི་སྐུ་སྤངས་རྟོགས་མཐར་ཕྱིན་པ་འབྲས་བུའི་མཆོག་མི་གནས་པའི་མྱང་འདས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་འགྲུབ་པར་འགྱུར་ཏེ། དེའི་ཚེ་ན་སྐུ་བཞི་ཕྲིན་ལས་དང་བཅས་པ་ལྷུན་གྱིས་གྲུབ་པ་ནི། འདི་ལྟར་གནས་གྱུར་མཐར་ཐུག་ཐོབ་པས་ཞིང་ཁམས་ཡོངས་སུ་དག་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྒྱ་ཁྱོན་ཚད་ལས་འདས་པར། ཡེ་ཤེས་ཀྱི་སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུས་མཛེས་པར་སྤྲས་པ་ལོངས་སྤྱོད་རྫོགས་པ་ཆེན་པོའི་བདག་ཉིད་དུ་བཞུགས་པའི་འཁོར་དུ། སེམས་ཅན་རྒྱུད་ཡོངས་སུ་དག་པ་ས་བཅུའི་སེམས་དཔའ་ཆེན་པོ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་བསྟན་པས་ཡོངས་སུ་སྨིན་པར་མཛད་ནས་རྗེས་སུ་འཛིན་ལ། དེའི་རང་བཞིན་ནི་སངས་རྒྱས་ཀྱི་རྒྱུད་དེ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ངོ་བོ་ཉིད་ཀྱི་སྐུ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་པའི་ཆོས་ཉིད་ཡེ་ཤེས་ཀྱི་སྐུའི་རང་བཞིན་འཛིན་པར་མཛད་པ་ཡིན་ལ། དེའི་ཐུགས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཟག་པ་མེད་པའི་ཆོས་སྡེ་ཚན་ཉེར་གཅིག་གི་རྒྱུད་དམ་རང་བཞིན་ཅན་གྱི་བདག་ཉིད་ཆོས་ཀྱི་སྐུ་ཡོངས་སུ་འཛིན་ལ། དེ་ཉིད་གང་ལ་གང་འདུལ་དུ་སྣང་བ་སྤྲུལ་པའི་སྐུ་སྣ་ཚོགས་པར་བསྟན་ནས། ཕྱོགས་བཅུར་ཐེག་པ་གསུམ་གྱི་རིགས་ཅན་དགེ་འདུན་གྱི་རྒྱུད་ཡོངས་སུ་འཛིན་ཞིང་། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་དེས་ནམ་མཁའ་དང་སེམས་ཅན་གྱི་མཐའ་ཇི་སྲིད་དུ་ཕྲིན་ལས་ཉི་ཤུ་རྩ་བདུན་གྱི་ཚུལ་གྱིས་སྲིད་པ་དང་ཞི་བའི་ཕན་བདེའི་ཆོས་ཚུལ་མ་ལུས་པ་ཀུན་རྣམ་པར་རྟོག་མེད་ཡིད་བཞིན་ནོར་བུའི་ཚུལ་གྱིས་ལྷུན་གྱིས་གྲུབ་པར་ཡོངས་སུ་འཛིན་པ་ཡིན་ནོ། །དེ་ལ་རྒྱུད་ཅེས་བྱ་བ་ནི་མི་ཟད་པ་དང་ཇི་སྙེད་པའི་དོན་ཏེ་དེར་གཏོགས་པ་ཐམས་ཅད་བསྡུ་བ་ཡིན་ལ། རྣམ་པར་དག་པའི་གནས་གྱུར་པ་མཐར་ཐུག་པ་བརྙེས་ནས། སྣོད་བཅུད་དག་པ་གང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། ཕྱོགས་བཅུའི་ནམ་མཁའི་མཐས་གཏུགས་པར་བསྟན་པའི་རྒྱལ་མཚན་བསྒྲེངས་ཤིང་། དམ་པའི་ཆོས་ཀྱི་དུང་འབུད་པ་དང་། འཕགས་པའི་ཆོས་ཀྱི་རྔ་བོ་ཆེ་རྒྱ་ཆེར་བསྒྲགས་པའི་སྒོ་ནས་དཀོན་མཆོག་གསུམ་གྱི་རིགས་སམ་གདུང་རྒྱུན་ནམ་རྒྱུད་མི་འཆད་ཅིང་ཕན་བདེའི་ཆོས་ཀུན་མི་ནུབ་པར་ཡོངས་སུ་འཛིན་པ་ཡིན་ནོ་ཞེས་སོ། །མཇུག་སྡུད་གཏད་པ་ནི། འགྲོ་བའི་ནད་གསོ་སོགས་ཤོ་ལོ་ཀ་གཅིག་སྟེ། འདི་ཡེ་ཤེས་ཞབས་ཀྱིས་ཕྲིན་ལས་ལ་སྦྱར་ཏེ་གསུངས་སོ། །དེ་ལྟར་སྐབས་བརྒྱད་དུ་བསྟན་པ་དེ་དག་དོན་དྲུག་ཏུ་བསྡུས་ན། མཁྱེན་གསུམ་གྱི་ངོ་བོར་གྱུར་པའི་མཚན་ཉིད་གཏན་ལ་དབབ་བྱའམ་བསྒོམ་བྱ་དང་། དེའི་སྦྱོར་བ་རྣམ་རྫོགས་དང་། དེ་རབ་ཏུ་གྱུར་པ་རྩེ་མོ་དང་། དེའི་གོ་རིམ་མཐར་གྱིས་པ་དང་། དེའི་མཐའ་སྐད་ཅིག་མའི་སྦྱོར་བ་དང་། དེ་རྣམ་པར་སྨིན་པ་ཆོས་སྐུའི་གནས་སྐབས་ཏེ་དྲུག་ཏུ་བྱ་ཞིང་། ཡང་ན་ཡུལ་གཏན་ལ་དབབ་བྱ་མཁྱེན་པ་གསུམ་སྦྱོར་བའི་རྒྱུ་དང་། རྣམ་རྫོགས་ལ་སོགས་པ་བཞི་པོ་སྦྱོར་བ་དངོས་དང་། ཆོས་སྐུ་ཕྲིན་ལས་དང་བཅས་པ་འབྲས་བུ་སྟེ་གསུམ་དུ་འདུའོ། །དེ་ལྟ་བུའི་ཆིང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་འཆད་པ་ནི། རྒྱལ་ཚབ་སེམས་དཔའ་ཆེན་པོའི་མན་ངག་དང་སྦྱར་བས་ན་ཟབ་ཅིང་རྒྱ་ཆེ་བའི་དོན་ལ་ཁྱད་པར་ཅན་གྱི་ངེས་པ་རྙེད་པའི་སྒོ་ཡིན་པས་ཅི་ནས་གལ་ཆེ་བས། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ། བམ་པོ་སུམ་བརྒྱ། ཞུས་ལན་བརྒྱ་ཉི་ཤུ། རྣམ་གྲངས་བཅུ་གཅིག །འགྲེས་རྐང་བརྒྱ་རྩ་བརྒྱད། འགྲེས་རྩ་སུམ་བརྒྱ་དྲུག་ཅུ། བཤད་ཐབས་རྣམ་པ་ལྔ། ལེའུ་བདུན་ཅུ་རྩ་གཉིས་སུ་ལྡན་པ་ཅན་ནས་སྡུད་པའི་བར་གྱི་ཡུམ་དྲུག་པོ་ཀུན་ལ་སྦྱར་དུ་ཡོད་ཅིང་། དེ་དག་ཀུན་གྱི་སྙིང་པོ་ཡོན་ཏན་རིན་པོ་ཆེ་སྡུད་པ་འདི་དང་ལེགས་པར་སྦྱར་བས་གཞན་ལའང་དོན་གྱིས་ཤེས་ཤིང་ཟབ་རྒྱས་ཀྱི་གནད་མ་ལུས་པ་ཁོང་དུ་ཆུབ་པར་འགྱུར་བས་ན་ཅི་ནས་ཀྱང་གུས་རྟག་གི་བརྩོན་པས་འཇུག་པར་བྱ་དགོས་ཏེ། དེ་བཞིན་གཤེགས་པས་ཀུན་དགའ་བོ་ལ་བཀའ་སྩལ་པ། ངས་ཁྱོད་ལ་ཇི་སྙེད་བསྟན་པའི་ཆོས་ཀུན་བརྗེད་ཅིང་ཉམས་པར་གྱུར་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིག་ཟུར་ཙམ་ཉམས་པ་མི་རུང་བས། དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་ཞིང་དྲིན་དུ་དྲན་པའི་ཡིད་ཀྱིས་ཤེར་ཕྱིན་འདི་མ་ཉམས་པར་ཟུངས་ཞེས་གདམས་པར་མཛད་པ་ལྟར་དོན་ཆེ་བའི་ཕྱིར་རོ། །འཕགས་པའི་ལུང་གིས་ཟབ་མོའི་དོན་ལ་འཇུག །གནད་ལྡན་ཚིག་གིས་ཡང་དག་རྟོགས་པ་བསྐྱེད། །ཆོས་མཆོག་ལེགས་པར་བཤད་རྣམས་རྙེད་དཀའ་བས། །འདམ་ལས་ནོར་བུ་བཞིན་དུ་མཁས་པས་ཟུངས། །ལྷག་བསམ་དག་པས་རྒྱལ་དང་རྒྱལ་བའི་སྲས། །གང་ནས་གཤེགས་པའི་ལམ་བཟང་མཚོན་ཕྱིར་དུ། །གཅིག་ཏུ་འབད་པའི་དགེ་ཚོགས་ཟླ་འོད་ལྟར། །མཆོག་ཏུ་དག་པ་གང་ཞིག་ཐོབ་པ་དེས། །ཕྱོགས་དུས་མུ་མཐའ་སྲིད་དུ་རྒྱལ་བའི་ཡུམ། །མི་ཉམས་འཛིན་པའི་སྨོན་ལམ་མཐུས་གྲུབ་སྟེ། །ལྷག་པའི་ལྷ་མཆོག་བྱམས་དང་འཇམ་དབྱངས་ཀྱི། །དགོངས་པ་ཇི་བཞིན་བདག་གིས་འགྲུབ་གྱུར་ཅིག །ཅེས་པའང་ཆོས་ཚུལ་འདི་ལ་རིང་ནས་མོས་པའི་མཐུ་བརྟན་པ་འཇམ་དཔལ་དགྱེས་པས་རབ་བྱུང་བཅོ་ལྔ་པ་མི་ཟད་མེ་ཁྱི་ཁྲུམས་ཟླའི་ཉེར་ལྔ་ལ་གྲུབ་པར་བགྱིས་པ་འདིས་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག། །།ༀ་སྭ་སྟི། སྙིང་རྗེ་ཆེན་པོས་སྙིགས་མ་ལྔ་བདོའི་འགྲོ། །རྗེས་བཟུང་པད་དཀར་ལྟར་བསྔགས་རྒྱལ་བ་དེའི། །རིན་ཆེན་ཆོས་མཛོད་ཡོངས་ཀྱི་སྙིང་པོ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་མཆོག་འདི་ལགས། །ནང་གི་རྣལ་འབྱོར་ཟབ་མོའི་སྟོབས་ཁོ་ནས། །ཆོས་ཚུལ་འདི་ལ་ཡིད་ཆེས་མཆོག་ཐོབ་པ། །ཡེ་ཤེས་སྤྱན་དང་ལྡན་པའི་རིག་འཛིན་ནི། །འགྲོ་འདུལ་དཔའ་བོ་རྡོ་རྗེ་ཞེས་བྱ་བ། །སྣ་ཚོགས་རང་སར་གྲོལ་བའི་སྔགས་འཆང་དེས། །རྒྱལ་བ་མི་ཡི་སེང་གེའི་ཕྲིན་ལས་རྒྱུན། །དུས་ཀྱི་མཐར་ཡང་མི་ཉམས་འཕེལ་བའི་ཕྱིར། །ཐུགས་བསྐྱེད་དག་པས་བསྐུལ་ཞིང་སྤར་དུ་བསྒྲུབས། །འདི་ཡི་ལེགས་བྱས་ཟླ་འོད་ཀུནྡ་ལྟར། །མཆོག་ཏུ་དག་པའི་བདག་ཉིད་གང་ཐོབ་པ། །འཁོར་གསུམ་དམིགས་པས་མ་བསླད་ཆོས་དབྱིངས་ངང་། །ཐབས་མཁས་ཟབ་མོས་ཡོངས་སུ་བསྔོ་བྱས་པས། །ཆོས་ཚུལ་འདི་ལ་འབྲེལ་ཐོགས་གཙོ་བྱས་ཏེ། །མ་ལུས་འགྲོ་བ་ཀུན་ཀྱང་ཀུན་བཟང་དང་། །འཇམ་པའི་དབྱངས་བཞིན་བསམ་གྱིས་མི་ཁྱབ་པའི། །རྣམ་ཐར་རྒྱ་མཚོར་མངའ་དབང་འབྱོར་བར་ཤོག །བསྟན་འཛིན་དམ་པ་ཞབས་བརྟན་བཞེད་པ་གྲུབ། །བསྟན་པ་རིན་ཆེན་ཕྱོགས་བརྒྱར་རྒྱས་པ་དང་། །མཁའ་ཁྱབ་འགྲོ་ཀུན་བདེ་ཞིང་ཆོས་དང་ལྡན། །ཀུན་ཀྱང་ཡེ་ཤེས་ཆོས་སྐུའི་གནས་ཐོབ་ཤོག །རྒྱལ་བ་ཉི་མ་དམ་ཆོས་འོད་ཟེར་ཅན། །ཚོགས་མཆོག་པདྨའི་ཚལ་རབ་རྣམ་རྒྱས་པ། །དགེ་ལེགས་ཉིན་མོར་བྱེད་པའི་དཔལ་དེས་ནི། །རྨད་བྱུང་བཀྲ་ཤིས་དཔལ་དུ་འབར་གྱུར་ཅིག །ཅེས་པའང་རིག་འཛིན་སྣ་ཚོགས་རང་གྲོལ་མཆོག་གིས་གཞུང་འདི་སྤར་དུ་བསྒྲུབ་པར་བཞེད་པའི་ཚེ། སྤར་བྱང་སྨོན་ཚིག་ཏུ་གཞུང་རྩོམ་པ་པོ་མི་ཕམ་རྣམ་པར་རྒྱལ་བས་དགའ་བ་ཆུ་འབྲུག་གི་ལོའི་ཁྲུམས་སྟོད་ཟླ་བའི་ཚེས་གཟའ་རྒྱུ་སྐར་དགེ་བའི་དུས་ཀྱི་ཆར་གང་ཤར་སྨྲས་པ་དགེ་ལེགས་སུ་གྱུར་ཅིག །ཅེས་པའང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་སྤར་དུ་བསྒྲུབ་དགེས་འབྲེལ་ཐོག་མ་གྱུར་རྣམ་མཁྱེན་རྫོགས་བྱང་མྱུར་ཐོབ་རྒྱུར་གྱུར་ཅིག །མངྒ་ལཾ། །དགེའོ། །དགེའོ། །དགེའོ།། །།

ཡོན་ཏན་རིན་པོ་ཆེ་སྡུད་པའི་བསྡུས་དོན་དྲི་མེད་ནོར་བུའི་ཕྲེང་བ།

ཡོན་ཏན་རིན་པོ་ཆེ་སྡུད་པའི་བསྡུས་དོན་དྲི་མེད་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་གསུང་ཆོས་ཀྱི་མཛོད་མི་ཟད་པ་ཐམས་ཅད་ཀྱི་ནང་ན་སྙིང་པོ་དང་མཐར་ཐུག་པར་འགྱུར་བ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་དོན་ཡོངས་སུ་རྫོགས་པར་འདུས་ཤིང་ཡོན་ཏན་གྱི་ཁྱད་པར་དུ་མས་འཕགས་པ་ཡོན་ཏན་རིན་པོ་ཆེ་སྡུད་པ་འདི་འཆད་པ་ལ། དངོས་བསྟན་སྟོང་ཉིད་ཀྱི་ཚུལ་ལྟར་བཤད་པ་དང་། ཤུགས་བསྟན་ལམ་གྱི་མངོན་རྟོགས་ལྟར་བཤད་པ་གཉིས་ལས། དང་པོ་ལ། མཚན་གྱིི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་དང་བཞི། དང་པོ། རྒྱ་གར་སྐད་སོགས། གཉིས་པ་ནི། འཕགས་པ་འཇམ་དཔལ་སོགས། གསུམ་པ་གཞུང་དོན་ལ། མཚམས་སྦྱར་བ་གླེང་གཞིའི་ཚིགས་དང་། གཞུང་དོན་གཉིས་ལས། དང་པོ་ནི། དེ་ནས་ཡང་བཅོམ་ལྡན་འདས་སོགས། གཉིས་པ་ལ། ཆོས་ལ་ཉན་པར་བསྐུལ་བ་དང་། བསྟན་པ་ཆོས་ཀྱི་རང་བཞིན། དེའི་མཇུག་བསྡུ་བ་གསུམ། དང་པོ་ལ། དངོས་དང་། ཞར་བྱུང་ཆོས་བསྟན་པ་སངས་རྒྱས་ཀྱི་ཕྲིན་ལས་སུ་བསྟན་པ་གཉིས་ལས། དང་པོ་ནི། དགའ་དང་གུས་སོགས། ཚིགས་བཅད་གཅིག །གཉིས་པ་ལ། དཔེ་དོན་རྒྱུ་མཚན་གསུམ་རེ་རེ་བཞིན། འཛམ་བུའི་གླིང་འདིར་སོགས་ཚིགས་བཅད་རེ་རེས་བསྟན། གཉིས་པ་བསྟན་པ་ཆོས་ཀྱི་རང་བཞིན་ལ་བསྒྲུབ་བྱའི་ལམ་དང་། ལམ་གྱི་འབྲས་བུ་གཉིས། དང་པོ་ལ། ལམ་གྱི་གཙོ་བོ་ཤེས་རབ་ཕར་ཕྱིན་བཤད་པ་དང་། གྲོགས་གཞན་ལྔ་བཤད་པའོ། །དང་པོ་ལ་བསྡུས་ཏེ་བསྟན་པའི་སྒོ་དང་། འབྲིང་དུ་བསྟན་པའི་སྒོ་དང་། རྒྱས་པར་བསྟན་པའི་སྒོ་དང་གསུམ། དང་པོ་ལ་རྟེན་ཆོས་འབྲས་བུ་རྒྱས་པར་བཤད་པ་དང་། དེ་དག་གི་སྐབས་བསྡུ་བ་གཉིས། དང་པོ་ལ། རྟེན་གང་ཟག །ཉམས་སུ་བླང་བྱ་ཆོས། དེའི་འབྲས་བུ་བསྟན་པ་གསུམ། དང་པོ་ལ། རྟོགས་པའི་ཁྱད་པར། བཤེས་གཉེན་གྱི་ཁྱད་པར། བྱང་སེམས་ཀྱི་སྒྲ་དོན་གསུམ། དང་པོ་ལ། གཞི་དམིགས་པ་མེད་པ། ལམ་སྤྱོད་པ་མེད་པ། འབྲས་བུ་མཐའ་གཉིས་སུ་མི་གནས་པའི་ཚུལ་གསུམ། དང་པོ་ལ། བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། གང་ལ་ཤེས་རབ་སོགས་ཚིགས་བཅད་གཅིག །གཉིས་པ་ལ། ཤེས་བྱའི་ཡུལ་མི་དམིགས་པ་དང་། ཡུལ་ཅན་ཤེས་རབ་མི་དམིགས་པ་གཉིས། དང་པོ་ལ། དོན་དང་། དཔེ་གཉིས་ལས། དང་པོ་ནི། གཟུགས་མེད་སོགས་ཚིགས་བཅད་གཅིག །གཉིས་པ་དཔེ་ནི། ཇི་ལྟར་ཀུན་ཏུ་རྒྱུ་སོགས་ཚིགས་བཅད་གཅིག །གཉིས་པ་ལ། སྒྲུབ་ཕྱོགས་ནས་བསྟན་པ་དང་། དགག་ཕྱོགས་ནས་བསྟན་པ། དེའི་དོན་བསྡུ་བ་དང་གསུམ་འདི་རྩ་བའི་ས་བཅད་གསུམ་པ་དང་གཅིག་གམ་དཔྱད། ལས། དང་པོ་ནི། ཡང་འདི་ཤེས་རབ་སོགས་ཚིགས་བཅད་གཅིག །གཉིས་པ་ནི། གལ་ཏེ་མི་ཤེས་སོགས་རྐང་པ་བཞི། གསུམ་པ་ནི། གང་ཞིག་གཟུགས་མེད་སོགས་རྐང་པ་བཞི། གཉིས་པ་ལམ་སྤྱོད་མེད་ནི། བྱང་ཆུབ་སེམས་གང་སོགས་ཚིགས་བཅད་གཉིས། གསུམ་པ་ལ། དོན་དང་དཔེ་གཉིས་ལས། དང་པོ་ནི། གང་ཞིག་ཡོད་པ་སོགས་རྐང་པ་བཞི། གཉིས་པ་ནི། གང་འདིར་ཕུང་པོ་སོགས་རྐང་པ་བཞི། གཉིས་པ་བཤེས་གཉེན་གྱི་ཁྱད་པར་ལ། སྒྲུབ་པ་དང་དགག་པ་གཉིས་ལས། དང་པོ་ནི། དགེ་བའི་བཤེས་དང་སོགས་རྐང་པ་གཉིས། གཉིས་པ་ནི། གང་ཞིག་སོགས་རྐང་པ་གཉིས། གསུམ་པ་བྱང་ཆུབ་སེམས་དཔའི་སྒྲ་དོན་ལ། བྱང་ཆུབ་སེམས་དཔའ་ཞེས་པའི་སྒྲ་དོན་དང་། སེམས་དཔའ་ཆེན་པོའི་སྒྲ་དོན་གཉིས་ལས། དང་པོ་ནི། ཅི་ཕྱིར་འདི་ནི་སོགས་རྐང་པ་བཞི། གཉིས་པ་ལ། སེམས་ཅན་རྣམས་ཀྱི་མཆོག་ཏུ་གྱུར་པ་དང་། གོ་ཆ་ཆེ་བ་གཉིས་ལས། དང་པོ་ནི། ཅི་ཕྱིར་འདི་ནི་སོགས་རྐང་པ་བཞི། གཉིས་པ་ལ། དངོས་དང་། གོ་ཆའི་ཚུལ་བཤད་པ་གཉིས་ལས། དང་པོ་ནི། གཏོང་བ་ཆེ་དང་སོགས་རྐང་པ་བཞི། གཉིས་པ་ལ། དཔེ་དོན་གཉིས་ལས། དང་པོ་ནི། དཔེར་ན་སྒྱུ་མ་སོགས་རྐང་པ་བཞི། གཉིས་པ་ནི། གཟུགས་དང་འདུ་ཤེས་སོགས་རྐང་པ་བཞི། གཉིས་པ་ཉམས་སུ་བླང་བྱ་ཆོས་ལ། ཐེག་ཆེན་གྱི་ངོ་བོ་མདོར་བསྟན་པ། དེའི་རང་བཞིན་རྒྱས་པར་བཤད་པ་གཉིས། དང་པོ་ལ་ཐ་སྙད་དུ་སྒྲ་དོན་ངོ་བོ་བྱེད་ལས་ཀྱི་སྒོ་ནས་བཤད་པ་དང་། དོན་དམ་པར་དེ་དག་མི་དམིགས་པར་བསྟན་པ་གཉིས། དང་པོ་ནི། ཅི་ཕྱིར་འདི་ནི་སོགས་རྐང་པ་བཞི། གཉིས་པ་ནི། གང་ཞིག་ཞོན་ནས་སོགས་རྐང་པ་བཞི། གཉིས་པ་རྒྱས་བཤད་ལ། གང་ཟག་དང་ལམ་རང་བཞིན་མེད་པར་བསྟན་པ་དང་། དེ་ཡི་དོན་བསྡུ་བ་གཉིས། དང་པོ་ལ། ལམ་སྒྲུབ་པ་པོ་གང་ཟག་མི་དམིགས་པར་བསྟན་པ་དང་། ལམ་ཤེར་ཕྱིན་མི་དམིགས་པར་བསྟན་པ་གཉིས། དང་པོ་ནི། བྱང་ཆུབ་སེམས་དཔའ་སོགས་རྐང་པ་བཞི། གཉིས་པ་ལ། འཇུག་བྱ་དང་། ལྡོག་བྱ་གཉིས། དང་པོ་ནི། བྱང་ཆུབ་སེམས་དཔའ་མཁས་རིག་སོགས་རྐང་པ་བཞི། གཉིས་པ་ནི། གལ་ཏེ་སེམས་ཅན་འདུ་ཤེས་སོགས་རྐང་པ་བཞི། གཉིས་པ་དོན་བསྡུ་བ་ནི། བདག་ཅི་འདྲ་བ་སོགས་རྐང་པ་བཞི། གསུམ་པ་འབྲས་བུ་ནི། འཇིག་རྟེན་དག་ན་ཆོས་སོགས་རྐང་པ་བཞི། གཉིས་པ་སྐབས་བསྡུ་བ་ནི། བྱང་ཆུབ་སེམས་དཔའ་གང་ཞིག་སོགས་རྐང་པ་བཞི། ༈ །གཉིས་པ་འབྲིང་དུ་དབྱེ་བའི་སྒོ་ལ། ཇི་ལྟར་བསླབ་པའི་གནས་བསྟན་པ། དེ་ལྟར་བསླབ་པའི་ཡུལ་ཅན་ཤེར་ཕྱིན་ཉིད་ངོས་བཟུང་བ། དེ་ལ་བརྟེན་པའི་བསོད་ནམས་མངོན་པར་འདུ་བྱ་བ། དེའི་རང་བཞིན་རྒྱུད་ལ་བསྐྱེད་པའི་ཚུལ་དང་བཞི་ལས། དང་པོ་ལ་མི་གནས་པའི་ཚུལ་དང་། དེ་ལ་སློབ་པའི་ཚུལ་བཤད་པ་གཉིས། དང་པོ་ལ། མི་གནས་པའི་གནས་པ་བཤད་པ་དང་། དེའི་ཕན་ཡོན་གཉིས། དང་པོ་ལ། དོན་དང་། དཔེ་གཉིས། དང་པོ་ལ། ཁྱད་གཞི་གཟུགས་ལ་སོགས་པ་ལ་མི་གནས་པ་དང་། ཁྱད་ཆོས་མི་རྟག་སོགས་སུ་མི་གནས་པ་གཉིས། དང་པོ་ནི། གང་ཞིག་གཟུགས་ལ་མི་གནས་སོགས། རྐང་པ་བཞི། གཉིས་པ་ནི། རྟག་དང་མི་རྟག་སོགས་རྐང་པ་བཞི། གཉིས་པ་དཔེ་ནི། ཇི་ལྟར་འདྲེན་པ་སོགས་རྐང་པ་བཞི། གཉིས་པ་ཕན་ཡོན་ནི། གང་དག་བདེ་གཤེགས་སོགས་རྐང་པ་བཞི། གཉིས་པ་དེ་ལ་སློབ་ཚུལ་ལ། བསླབ་པར་བྱ་བའི་གནས། སློབ་པ་པོ་གང་ཟག །ཇི་ལྟར་བསླབ་ཚུལ་གསུམ། དང་པོ་ནི། ཆོས་འཆད་པ་སོགས་རྐང་པ་བཞི། གཉིས་པ་ནི། གང་ཟག་བཞི་པོ་སོགས་རྐང་པ་བཞི། གསུམ་པ་ལ། འབྲས་བུ་དམན་པ་ལ་མི་སློབ་པའི་ཚུལ་ལ་སློབ་པ་དང་། ཆོས་ཐམས་ཅད་ལ་མི་སློབ་པའི་ཚུལ་ལ་སློབ་པ་གཉིས། དང་པོ་ནི། བྱང་ཆུབ་སེམས་དཔའ་མཁས་རིག་སོགས་རྐང་པ་བཞི། གཉིས་པ་ནི། གཟུགས་འཕེལ་ཡོངས་སུ་སོགས་རྐང་པ་བཞི། གཉིས་པ་དེ་ལྟར་བསླབ་པའི་ཡུལ་ཅན་ཤེས་རབ་ཕར་ཕྱིན་ངོས་བཟུང་བ་ལ་གཅིག་དང་ཐ་དད་བྲལ་བར་བསྟན་པ། མཐའ་ཡས་པར་བསྟན་པ། བསམ་གྱིས་མི་ཁྱབ་པར་བསྟན་པ། གཟོད་ནས་དག་པར་བསྟན་པ་བཞི། དང་པོ་ནི། གཟུགས་ནི་ཤེས་རབ་སོགས་རྐང་པ་བཞི། གཉིས་པ་ནི། དམིགས་པ་རྣམས་ཀྱི་སོགས་རྐང་པ་བཞི། གསུམ་པ་ནི། འདུ་ཤེས་ཚུར་རོལ་སོགས་རྐང་པ་བཞི། བཞི་པ་ལ། སེམས་ཅན་གྱིས་མཚོན་པའི་ཆོས་ཀུན་གཟོད་ནས་དག་པ་དངོས་དང་། དེ་ལྟར་རྟོགས་པའི་ཕན་ཡོན་གཉིས། དང་པོ་ནི། གལ་ཏེ་སྟོན་པས་སོགས་རྐང་པ་བཞི། གཉིས་པ་ནི། གང་ཚེ་ང་ནི་སོགས་རྐང་པ་བཞི། གསུམ་པ་དེ་ལ་བརྟེན་པའི་བསོད་ནམས་མངོན་པར་འདུ་བྱ་བ་ལ། རང་གིས་འཆང་བ་སོགས་ཀྱི་ཕན་ཡོན་དང་། གཞན་ལ་འཆད་པ་སོགས་ཀྱི་ཕན་ཡོན་གཉིས། དང་པོ་ལ། གནོད་པས་མི་ཚུགས་པ་དང་། བསོད་ནམས་སྡུད་པ་གཉིས་ལས། དང་པོ་ནི། ཤེས་རབ་ཕ་རོལ་སོགས་རྐང་པ་བཞི། གཉིས་པ་ལ་མཆོད་པའི་ཕན་ཡོན་དང་། བསླབ་པའི་ཕན་ཡོན་གཉིས། དང་པོ་ནི། ལ་ལས་བདེ་གཤེགས་སོགས་ཚིགས་བཅད་གསུམ། གཉིས་པ་ལ། ཡུམ་ལ་བསླབ་པས་སྲིད་ཞིའི་བདེ་བ་ཀུན་འབྱུང་ཚུལ་དང་། ཡུམ་ལ་བསླབ་པས་སྐུ་གདུང་སོགས་མཆོད་པ་བརྙེས་ཚུལ། ཡུམ་ལ་བསླབ་པས་དགེ་རྩ་གཞན་འདས་པའི་ཕར་ཕྱིན་དུ་འགྱུར་ཚུལ་གསུམ། དང་པོ་ལ་དོན་བསྟན་པ་དང་། དེའི་དཔེ་བརྗོད་པ་གཉིས། དང་པོ་ལ། ཞི་བའི་བདེ་བ་འབྱུང་བ་དང་། སྲིད་ཞི་གཉིས་ཀའི་བདེ་བ་འབྱུང་ཚུལ་གཉིས། དང་པོ་ལ། ཞི་བ་ཙམ་གྱིས་བདེ་བ་འབྱུང་ཚུལ། ཞི་བ་ཆེན་པོའི་གོ་འཕང་དུས་གསུམ་གྱི་སངས་རྒྱས་འབྱུང་ཚུལ་གཉིས། དང་པོ། རྒྱལ་བའི་ཤེས་རབ་སོགས་རྐང་པ་གཉིས། གཉིས་པ་ལ། འདས་དང་ད་ལྟར་གྱི་རྒྱལ་བའི་ཡུམ་དུ་གྱུར་ཚུལ་དང་། མ་འོངས་པའི་སངས་རྒྱས་ཀྱི་ཡུམ་དུ་འགྱུར་ཚུལ་གཉིས། དང་པོ་ནི། གང་དག་འདས་དང་སོགས་རྐང་པ་གཉིས། གཉིས་པ་ནི། གང་དག་ཕན་དང་སོགས་རྐང་པ་གཉིས། གཉིས་པ་ནི། འདུས་བྱས་བདེ་དང་སོགས་རྐང་པ་གཉིས། གཉིས་པ་དཔེ་ལ་ས་ཡི་དཔེས་ཡོན་ཏན་ཀུན་བསྐྱེད་ཚུལ། འཁོར་བསྒྱུར་གྱི་དཔེས་ཡོན་ཏན་ཀུན་འདི་ཡི་རྗེས་སུ་འགྲོ་ཚུལ་གཉིས། དང་པོ་ནི། ས་བོན་བཏབ་ནས་སོགས་རྐང་པ་བཞི། གཉིས་པ་ནི། འཁོར་ལོས་བསྒྱུར་རྒྱལ་སོགས་རྐང་པ་བཞི། གཉིས་པ། ཡུམ་ལ་བསླབ་པས་སྐུ་གདུང་སོགས་མཆོད་པ་བརྙེས་ཚུལ་ལ། དགོས་དང་། དེའི་རྒྱུ་མཚན་དཔེ་དང་བཅས་ཏེ་བཤད་པ་གཉིས། དང་པོ་ནི། རྒྱལ་བས་བརྒྱ་བྱིན་སོགས་རྐང་པ་བཞི། གཉིས་པ་ནི། ཅི་སླད་ཅེ་ན་སོགས་ཚིགས་བཅད་གསུམ། གསུམ་པ་ཡུམ་ལ་བསླབ་པས་དགེ་རྩ་གཞན་འདས་པའི་ཤེར་ཕྱིན་དུ་འགྱུར་ཚུལ་ལ། སྦྱིན་སོགས་ཚུལ་གཅིག་ཏུ་བྱེད་པ་དང་། དེའི་དཔེ་བསྟན་པ་གཉིས། དང་པོ་ནི། སྦྱིན་པ་སྦྱིན་པའི་སོགས་རྐང་པ་བཞི། གཉིས་པ་ནི། དཔེར་ན་འཛམ་བུའི་སོགས་རྐང་པ་བརྒྱད། གཉིས་པ་གཞན་ལ་འཆད་པ་སོགས་ཀྱི་ཕན་ཡོན་ལ། ཇི་ལྟར་འཆད་པའི་ཚུལ་དང་། དེ་ལྟར་བཤད་པའི་ཕན་ཡོན་གཉིས། དང་པོ་ལ་སྤང་བྱ་ཤེར་ཕྱིན་བཅོས་མ་འཆད་ཚུལ་དང་། བླང་བྱ་ཤེར་ཕྱིན་ཡང་དག་འཆད་ཚུལ་གཉིས། དང་པོ་ནི། བྱང་ཆུབ་སེམས་དཔའ་གལ་ཏེ་སོགས་རྐང་པ་བཞི། གཉིས་པ་ནི། གང་ལ་གཟུགས་མིན་སོགས་རྐང་པ་བཞི། གཉིས་པ་ཤེར་ཕྱིན་ཡང་དག་པ་བཤད་པའི་ཕན་ཡོན་ལ། དངོས་དང་། དེའི་རྒྱུ་མཚན་གཉིས། དང་པོ་ནི། ལ་ལས་གངྒཱའི་སོགས་རྐང་པ་བཞི། གཉིས་པ་ལ་རྒྱུ་མཚན་དངོས་དང་། དེ་དཔེས་བསྟན་པ་གཉིས། དང་པོ་ནི། ཅི་ཕྱིར་ཞེ་ན་སོགས་རྐང་པ་བཞི། གཉིས་པ་ལ་མྱུ་གུའི་དཔེས་མདོར་བསྟན་པ་དང་། ཉི་མ་དང་ཀླུ་ཡི་དཔེས་རྒྱས་པར་བཤད་པ་གཉིས། དང་པོ་ནི། མྱུ་གུ་མེད་པར་སོགས་རྐང་པ་བཞི། གཉིས་པ་ལ། རྗེས་འགྲོའི་དཔེ་ཉི་མས་མཚོན་པ་དང་། ལྡོག་པའི་དཔེས་ཀླུ་བདག་གིས་མཚོན་པ་གཉིས། དང་པོ་ནི། ཉི་མའི་དཀྱིལ་འཁོར་སོགས་རྐང་པ་བཞི། གཉིས་པ་ནི། དཔེར་ན་མ་དྲོས་སོགས་རྐང་པ་བརྒྱད། བཞི་པ་ཤེར་ཕྱིན་དེའི་རང་བཞིན་རྒྱུད་ལ་བསྐྱེད་པར་བྱ་བ་ལ། རྗེས་ཐོབ་ཏུ་བྱ་བ་དང་། མཉམ་བཞག་ཏུ་བསྒོམ་པ་གཉིས། དང་པོ་ལ། བསོད་ནམས་སྤེལ་བའི་རྒྱུ་ཡི་རང་། ཆུད་མི་ཟ་བའི་རྒྱུ་བསྔོ་བ། གོང་ནས་གོང་དུ་འཕེལ་བའི་རྒྱུ་མོས་པ་གསུམ། དང་པོ་ལ། བྱང་སེམས་ཀྱི་ཡི་རང་གི་ཕན་ཡོན་བསྟན་པ་དང་། ཡི་རང་དང་བསྔོ་བའི་གཞི་ཐུན་མོང་དུ་བསྟན་པ་གཉིས། དང་པོ་ལ། དཔེ་དང་དོན་གཉིས། དང་པོ་ནི། འཇིག་རྟེན་འདི་ན་སོགས་རྐང་པ་བཞི། གཉིས་པ་ནི། ཉན་ཐོས་ཚོགས་རྣམས་སོགས་རྐང་པ་བཞི། གཉིས་པ་ཡི་རང་དང་བསྔོ་བའི་གཞི་ནི། འདས་དུས་སྔོན་གྱི་སོགས་ཚིགས་བཅད་གསུམ། གཉིས་པ་བསྔོ་བ་ལ་དངོས་དང་། དེ་ལྟར་བསྔོས་པའི་ཕན་ཡོན་གཉིས། དང་པོ་ལ། དོན་དམ་མི་དམིགས་པའི་ཚུལ་གྱིས་བསྔོ་བ་དང་། ཀུན་རྫོབ་ཏུ་སངས་རྒྱས་ཀྱི་རྗེས་སུ་སློབ་པའི་བསྔོ་བ་གཉིས། དང་པོ་ལ། དགག་སྒྲུབ་སོ་སོར་བཤད་པ་དང་། དེའི་དོན་བསྡུ་དཔེ་དང་བཅས་པར་བསྟན་པ་གཉིས། དང་པོ་ལ་དགག་བྱ་དམིགས་བཅས་ཀྱི་བསྔོ་བ། བསྒྲུབ་བྱ་དམིགས་མེད་ཀྱི་བསྔོ་བ་གཉིས། དང་པོ་ནི། ཡོངས་བསྔོ་གལ་ཏེ་སོགས་རྐང་པ་བཞི། གཉིས་པ་ནི། གལ་ཏེ་འདི་ལྟར་སོགས་རྐང་པ་བཞི། གཉིས་པ་དེ་གཉིས་ཀྱི་དོན་བསྡུ་ནི། གལ་ཏེ་མཚན་མར་སོགས་རྐང་པ་བཞི། གཉིས་པ་ཀུན་རྫོབ་ཀྱི་བསྔོ་བ་ནི། དེ་ལྟས་འདི་ལྟར་སོགས་རྐང་པ་བཞི། གཉིས་པ། དེ་ལྟར་བསྔོས་པའི་ཕན་ཡོན་ལ་དངོས་དང་། དེ་དཔེ་ཡི་སྒོ་ནས་རྒྱས་པར་བསྟན་པ་གཉིས། དང་པོ་ནི། དེ་ལྟར་བསོད་ནམས་སོགས་རྐང་པ་བཞི། གཉིས་པ་ལ་འབྲས་བུ་རྣམ་མཁྱེན་ཐོབ་པ་དང་། ལམ་ཕར་ཕྱིན་དག་པ་ཐོབ་ཚུལ་གཉིས། དང་པོ་ལ། དམིགས་བུའི་དཔེས་ཕར་ཕྱིན་གཞན་རྣམ་མཁྱེན་དུ་འཁྲིད་པ། མིག་མ་བྲིས་པའི་དཔེས་ཕར་ཕྱིན་གཞན་ཚང་ཡང་རྣམ་མཁྱེན་མི་ཐོབ་པའི་ཚུལ་གཉིས། དང་པོ་ནི། དམུས་ལོང་དམིགས་བུ་སོགས་རྐང་པ་བཞི། གཉིས་པ་ནི། གང་ཚེ་ཤེས་རབ་སོགས་རྐང་པ་བཞི། གཉིས་པ་ལ། མི་དམིགས་པས་ཤེར་ཕྱིན་གྲལ་དུ་ཚུད་པ་ནམ་མཁའི་དཔེས་བསྟན་པ། དེ་དང་བྲལ་ན་ལམ་ཡོངས་སུ་མི་དག་པའི་ཚུལ་གཉིས། དང་པོ་ནི། གང་ཚེ་འདུས་བྱས་སོགས་རྐང་པ་བཞི། གཉིས་པ་ནི། གལ་ཏེ་བདག་ནི་སོགས་རྐང་པ་བཞི། གསུམ་པ་མོས་པ་ལ། དད་པའི་ཕན་ཡོན། མ་དད་པའི་ཉེས་དམིགས། དེས་ན་ཡུམ་ལ་དད་པས་བརྩོན་པར་གདམས་པ་གསུམ། དང་པོ་ནི། བྱང་ཆུབ་སེམས་དཔའ་སོགས་རྐང་པ་བཞི། གཉིས་པ་ནི། སྔོན་སྤྱད་ཚེ་ན་སོགས་རྐང་པ་བཞི། གསུམ་པ་ནི། དེ་ལྟ་བས་ན་སོགས་རྐང་པ་བཞི། གཉིས་པ་མཉམ་གཞག་ཏུ་བསྒོམ་ཚུལ་ལ། རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ། དེའི་བྱེད་ལས། སྤྱོད་ཡུལ་རྣམ་པ་བཞི་ལས། དང་པོ་ངོ་བོ་ནི། གཟུགས་ཀྱི་དག་པ་སོགས་རྐང་པ་བཞི། གཉིས་པ། བྱེད་ལས་ལ། ཞི་མཐར་མི་གནས་པ་དང་། སྲིད་མཐར་མི་གནས་པའི་བྱེད་ལས་གཉིས། དང་པོ་ནི། དཔའ་བོ་གར་སྤྱོད་སོགས་རྐང་པ་བཞི། གཉིས་པ་ནི། འགྲོ་བ་འདི་དག་སོགས་རྐང་པ་བཞི། གསུམ་པ་མཉམ་གཞག་ཡེ་ཤེས་དེའི་སྤྱོད་ཡུལ་ལ། མི་སྤྱོད་པའི་སྤྱོད་ཡུལ་བསྟན་པ་དང་། དེ་ལྟར་སྤྱོད་པའི་ཕན་ཡོན་དཔེས་བཤད་པ་གཉིས། དང་པོ་ནི། སྤྱོད་པ་ཡོངས་དག་སོགས་རྐང་པ་བཞི། གཉིས་པ་ནི། དེ་ལྟར་སྤྱོད་པའི་སོགས་རྐང་པ་བཞི། བཞི་པ་མཉམ་བཞག་ཡེ་ཤེས་དེའི་རྣམ་པ་དམིགས་མེད་བསྟན་པ་ནི། ཆོས་རྣམས་ཐམས་ཅད་སོགས་རྐང་པ་བཞི། ༈ གསུམ་པ་རྒྱས་པར་བསྟན་པའི་སྒོ་ལ། སྦྱོར་བ་ལ་བསླབ་པའི་རིམ་པ་དང་། སྦྱོར་བ་དེའི་འབྲས་བུ་ཡང་དག་པར་འགྲུབ་པའི་ཚུལ་དང་། དེ་ལ་སྦྱོར་བ་པོ་གང་ཟག་བསྟན་པ་དང་། དེ་ལྟར་འཇུག་པའི་གང་ཟག་གི་ཆེ་བ་དང་། དེས་བསླབ་བྱ་ཆོས་ཀྱི་ཆེ་བ་དང་ལྔ་ལས། དང་པོ་ལ། བསྒོམ་བྱ་སྦྱོར་བའི་ངོ་བོ། སྦྱོར་བ་བསྒོམ་པ་ལས་བྱུང་བའི་ཡོན་ཏན། བར་དུ་གཅོད་པའི་སྐྱོན། སྦྱོར་བའི་བྱེད་ལས། རྐྱེན་དགེ་བཤེས་བཤད་པ་དང་ལྔ། དང་པོ་ནི། རྒྱལ་བ་ལ་ནི་སོགས་རྐང་པ་བཞི། གཉིས་པ་ཡོན་ཏན་ལ། སྦྱོར་བའི་རྒྱུ་གུས་པའི་ཡོན་ཏན། སྦྱོར་བ་ལས་བྱུང་བའི་འབྲས་བུའི་ཡོན་ཏན། གནས་སྐབས་སྦྱོར་བའི་ངོ་བོའི་ཡོན་ཏན་གསུམ། དང་པོ་ནི། གང་ཞིག་ཆོས་འདི་སོགས་རྐང་པ་བཞི། གཉིས་པ་ལ། བར་ཆད་ཀྱིས་མི་ཚུགས་པའི་ཡོན་ཏན། སྐུ་གསུམ་ཐོབ་པའི་ཡོན་ཏན། དང་པོ་ནི། དགོན་པའི་ལམ་ནི་སོགས་རྐང་པ་བརྒྱད། གཉིས་པ་ལ། ཆོས་སྐུ་ཐོབ་པའི་ཡོན་ཏན། ལོངས་སྐུ་ཐོབ་པའི་ཡོན་ཏན། སྤྲུལ་སྐུ་ཐོབ་པའི་ཡོན་ཏན་གསུམ། དང་པོ་ནི། མི་ཞིག་རྒྱ་མཚོའི་སོགས་རྐང་པ་བརྒྱད། གཉིས་པ་ལོངས་སྐུ་ཐོབ་ཚུལ་ནི། དཔྱིད་དུས་བཟང་ལ་སོགས་རྐང་པ་བཞི། གསུམ་པ། སྤྲུལ་སྐུ་ཐོབ་ཚུལ་ནི། དཔེར་ན་བུད་མེད་སོགས་རྐང་པ་བཞི། གསུམ་པ་ངོ་བོའི་ཡོན་ཏན་ལ། འཕེལ་འགྲིབ་སོགས་སུ་མི་རྟོག་ཀྱང་མྱང་འདས་ཕྱོགས་གཅིག་ལ་མི་རེག་པ་དང་། རྣམ་པར་མི་རྟོག་ཀྱང་འགྲོ་དོན་འབྱུང་བ་གཉིས། དང་པོ་ནི། ཤེས་རབ་ཕ་རོལ་སོགས་རྐང་པ་བཞི། གཉིས་པ་ནི། གང་ཞིག་འདི་སྤྱོད་སོགས་རྐང་པ་བཞི། གསུམ་པ་སྦྱོར་བའི་བར་ཆོད་དུ་བྱུང་པ་བསྟན་པ་ལ། མདོར་བསྟན་པ་དང་། རྒྱས་བཤད་གཉིས། དང་པོ་ནི། སྨྲ་བའི་ཟླ་བ་སོགས་རྐང་པ་བཞི། གཉིས་པ་ལ། དངོས་དང་། དེའི་རྒྱུ་མཚན། བར་ཆད་ཀྱིས་ཚུགས་མི་ཚུགས་ཀྱི་རྒྱུ་བསྟན་པ་དང་གསུམ། དང་པོ་ལ། རྒྱུ་སྦྱོར་བ་ཉིད་ཉམས་པ། ལམ་ཐོག་ཆེན་ལས་ཉམས་པ། རྐྱེན་འཆད་ཉན་གྱི་ཚོགས་པ་དང་མི་ལྡན་པ། དེས་མཚོན་པའི་སྐྱོན་གཞན་བསྟན་པ་དང་བཞི། དང་པོ་ལ། བློ་གྲོས་ལས་སུ་མི་རུང་བས་ཉམས་པ་དང་། ཡུལ་ལ་ཐེ་ཚོམ་ཟ་བས་ཉམས་པ་གཉིས། དང་པོ་ནི། རྒྱལ་བའི་ཤེས་རབ་སོགས་རྐང་པ་བཞི། གཉིས་པ་ནི། འདི་བཤད་ཚེ་ན་སོགས་རྐང་པ་བཞི། གཉིས་པ་ལམ་ཐེག་ཆེན་ལས་ཉམས་པ་ལ། རྣམ་མཁྱེན་གྱི་རྒྱུ་ཐེག་ཆེན་སྤང་བ་དཔེས་བསྟན་པ་དང་། དམན་ལམ་ཚོལ་བ་དཔེས་བསྟན་པ། ཐེག་དམན་ལས་བྱང་ཆུབ་ཆེན་པོ་ཚོལ་བ་དཔེས་བསྟན་པ་གསུམ་ལས། དང་པོ་ནི། དེ་ལྟར་མི་ཤེས་སོགས་རྐང་པ་གཉིས། གཉིས་པ་ནི། གླང་པོ་རྙེད་ནས་སོགས་རྐང་པ་གཉིས། གསུམ་པ་ནི། དཔེར་ན་ལ་ལས་སོགས་རྐང་པ་བཞི། གསུམ་པ་འཆད་ཉན་གྱི་ཚོགས་པ་དང་མི་ལྡན་པ་ལ། རང་ལ་བརྟེན་པ་དང་། གཞན་ལ་བརྟེན་པ་གཉིས། དང་པོ་ནི། བསྟི་སྟང་འདོད་པར་སོགས་རྐང་པ་བཞི། གཉིས་པ་ནི། གང་དག་དེ་ཡི་སོགས་རྐང་པ་བཞི། བཞི་པ་དེས་མཚོན་པའི་སྐྱོན་གཞན་བསྟན་པ་ནི། དེ་ཡི་ཚེ་ན་སོགས་རྐང་པ་བཞི། གཉིས་པ་བདུད་ལས་འབྱུང་བའི་རྒྱུ་མཚན་ནི། རིན་ཆེན་རིན་ཐང་སོགས་རྐང་པ་བཞི། གསུམ་པ་བར་ཆད་ཀྱིས་ཚུགས་མི་ཚུགས་ཀྱི་རྒྱུ་བསྟན་པ་ལ། བར་ཆད་དེ་གང་ལ་འབྱུང་བའི་ཡུལ་བསྟན་པ། བར་ཆད་དེ་ལས་སངས་རྒྱས་ཀྱིས་བསྲུང་བའི་ཚུལ་གཉིས། དང་པོ་ནི། ཐེག་པར་གསར་དུ་སོགས་རྐང་པ་གསུམ། གཉིས་པ་ལ། དངོས་དང་། དེ་དཔེས་བསྟན་པ་གཉིས། དང་པོ་ནི། ཕྱོགས་བཅུའི་སངས་རྒྱས་སོགས་རྐང་པ་གཅིག །གཉིས་པ་ནི། མི་ཞིག་ན་བར་སོགས་རྐང་པ་བཞི། བཞི་པ་སྦྱོར་བའི་བྱེད་ལས་བཤད་པ་ལ། རང་སྲས་བསྐྱེད་པའི་བྱ་བ་བྱེད་པ་དང་། རང་སྲས་ཡོན་ཏན་ལ་སྦྱོར་བའི་བྱ་བ་བྱེད་པ་གཉིས། དང་པོ་ནི། གང་དག་འདས་དང་སོགས་རྐང་པ་གཉིས། གཉིས་པ་ལ། གཞི་འཁོར་འདས་ཀྱི་ཚུལ་མཁྱེན་པ་ལ་སྦྱོར་བ་དང་། འབྲས་བུ་རྣམ་མཁྱེན་གྱི་མཛད་པ་ལ་སྦྱོར་བ། ལམ་མཐའ་གཉིས་འགོག་པའི་ཚུལ་ལ་སྦྱོར་བ་གསུམ། དང་པོ་ལ་ཤེར་ཕྱིན་ལ་བརྟེན་ནས་འཇིག་རྟེན་གྱི་བདེན་གཉིས་ལ་མཁས་པ་དང་། དེ་བཞིན་ཉིད་རྟོགས་པས་མཚན་ཐོབ་པ་གཉིས། དང་པོ་ནི། འཇིག་རྟེན་སྟོན་པ་སོགས་རྐང་པ་དྲུག །གཉིས་པ་ནི། མཁས་པ་འཇིག་རྟེན་སོགས་རྐང་པ་བཞི། གཉིས་པ་འབྲས་བུ་རྣམ་མཁྱེན་ལ་སྦྱོར་ཚུལ་ལ། ཤེར་ཕྱིན་ལ་བརྟེན་ནས་དོན་གཉིས་འགྲུབ་པ་དང་། ཁྱད་པར་དུ་གཞན་དོན་དུ་ཆོས་སྟོན་པའི་ཚུལ་གཉིས། དང་པོ་ནི། ཤེས་རབ་ཕ་རོལ་སོགས་རྐང་པ་བཞི། གཉིས་པ་ལ། ལམ་མིན་ཚར་གཅོད་པ་དང་། ལམ་ཡང་དག་སྟོན་པའི་ཚུལ་གཉིས། དང་པོ་ནི། དཔེར་ན་སེང་གེ་སོགས་རྐང་པ་བཞི། གཉིས་པ་ནི། དཔེར་ན་ནམ་མཁའ་སོགས་རྐང་པ་བཞི། གསུམ་པ་ལམ་མཐའ་གཉིས་འགོག་པའི་ཚུལ་ལ་སྦྱོར་བ་ལ། ལམ་གྱི་ངོ་བོ་དང་། བྱེད་ལས་གཉིས། དང་པོ་ལ། དོན་དང་། དཔེ་གཉིས་ལས། དང་པོ་ནི། གཟུགས་རྣམས་མི་མཐོང་སོགས་རྐང་པ་བཞི། གཉིས་པ་ནི། ནམ་མཁའ་མཐོང་ཞེས་སོགས་རྐང་པ་བཞི། གཉིས་པ་ལམ་དེའི་བྱེད་ལས་ལ། ལམ་འབྲས་ཀྱི་ཡོན་ཏན་ཀུན་སྡུད་པ་དང་། ལམ་གོལ་བ་ལས་ཐག་བསྲིང་ཚུལ་གཉིས། དང་པོ་ལ། བློན་པོའི་དཔེས་མཛད་པ་ཀུན་བྱེད་པ་དང་། རྒྱལ་པོའི་དཔེས་ཡོན་ཏན་ཀུན་སྡུད་པ་གཉིས། དང་པོ་ནི། གང་གིས་དེ་ལྟར་སོགས་རྐང་པ་བཞི། གཉིས་པ་ནི། རྒྱལ་པོ་གྲོང་དུ་སོགས་རྐང་པ་བཞི། གཉིས་པ་ལམ་གོལ་བ་ལས་ཐག་བསྲིང་ཚུལ་ལ། བསྟན་བཤད་གཉིས། དང་པོ། གང་ལ་བདེ་གཤེགས་སོགས་རྐང་པ་བཞི། གཉིས་པ་ཚུལ་དེ་རྒྱས་བཤད་ལ། ཆུར་བྱིང་བ། བུམ་པ་གསར་པ། གྲུ་འཛུགས་པ། རྒས་པའི་དཔེས་བསྟན་པ་བཞི་པོ་རེ་རེ་ལའང་དཔེ་དོན་གཉིས་རེས་བསྟན་ཏེ། དང་པོ་ནི། དཔེར་ན་རྒྱ་མཚོར་སོགས་རྐང་པ་བཅུ་གཉིས། གཉིས་པ་ནི། དཔེར་ན་ལ་ལས་སོགས་རྐང་པ་བརྒྱད། གསུམ་པ་ནི། དཔེར་ན་བཅོས་ལེགས་སོགས་རྐང་པ་བརྒྱད། བཞི་པ་ནི། ལོ་བརྒྱ་ཉི་ཤུ་སོགས་རྐང་པ་བརྒྱད། ལྔ་པ་རྐྱེན་དགེ་བའི་བཤེས་གཉེན་བསྟན་པ་ལ། བསྟེན་བྱ་བཤེས་གཉེན་བསྟེན་པ་དང་། རྟེན་པ་པོ་སློབ་མ་བཤད་པ་གཉིས། དང་པོ་ལ། མཚན་ཉིད་ལྡན་པའི་དགེ་བའི་བཤེས་གཉེན་ལ་བརྟེན་དགོས་ཚུལ་དང་། བཤེས་གཉེན་དེས་གདམས་ངག་སྟོན་ཚུལ་གཉིས། དང་པོ་ལ་དངོས་དང༴ དེ་ལྟར་བརྟེན་དགོས་པའི་རྒྱུ་མཚན་གཉིས། དང་པོ་ནི། བྱང་ཆུབ་སེམས་དཔའ་སོགས་རྐང་པ་བཞི། གཉིས་པ་ནི། ཅི་ཕྱིར་ཞེ་ན་སོགས་རྐང་པ་བཞི། གཉིས་པ་གདམས་ངག་སྟོན་ཚུལ་ལ། གདམས་པ་ཇི་ལྟར་སྟོན་པ་དང་། དེ་ལྟར་བསྟན་པའི་བསྔགས་པ་བརྗོད་པ་གཉིས། དང་པོ་ནི། སྦྱིན་དང་ཚུལ་ཁྲིམས་སོགས་རྐང་པ་བཞི། གཉིས་པ་ནི། དེ་ལྟར་སྤྱོད་པ་སོགས་རྐང་པ་བཞི། གཉིས་པ་ཤེས་རབ་ཟབ་མོ་ཉན་པའི་སློབ་མ་བཤད་པ་ལ། ཟབ་མོ་ལ་ཡིད་ཆེས་པ་དང་ལྡན་པའི་སློབ་མ་བསྟན་པ་དང་། དེ་ལྟ་བུའི་ཡིད་ཆེས་དེ་དཀའ་བར་བསྟན་པ་གཉིས། དང་པོ་ལ་བློ་ཟབ་པའི་ཚུལ་ཟབ་པ་དེའི་ཡོན་ཏན་བསྟན་པ་གཉིས། དང་པོ་ནི། གྲག་ཆེན་ལྡན་རྣམས་སོགས་རྐང་པ་བཞི། གཉིས་པ་ནི། དེ་དག་འདི་འདྲའི་སོགས་རྐང་པ་བཞི། གཉིས་པ་ཟབ་མོ་དེ་རྟོག་པ་དཀའ་བའི་ཚུལ་ལ། སྤྱད་བྱའི་ཆོས་ཟབ་པར་བསྟན་པ་དང་། དེ་ལྟར་ཟབ་བའི་རྒྱུ་མཚན་གཉིས། དང་པོ་ནི། འདྲེན་པ་རྣམས་ཀྱི་སོགས་རྐང་པ་བཞི། གཉིས་པ་ནི། སེམས་ཅན་རྣམས་ནི་སོགས་རྐང་པ་བཞི། གཉིས་པ་སྦྱོར་བ་དེས་འབྲས་བུ་ཡང་དག་པར་འགྲུབ་པའི་ཚུལ་ལ། ཐོབ་བྱའི་འབྲས་བུ་ངོས་བཟུང་བ་དང་། ལམ་འདི་མེད་ན་དེ་མི་ཐོབ་པའི་ཚུལ་གཉིས། དང་པོ་ལ། དཔེ་དང་། དོན་གཉིས་ལས། དང་པོ་ནི། ནམ་མཁའི་ཁམས་ནི་སོགས་རྐང་པ་བཞི། གཉིས་པ་ནི། འདས་པའི་དེ་བཞིན་སོགས་རྐང་པ་བཞི། གཉིས་པ་ལམ་འདི་མེད་ན་དེ་མི་ཐོབ་པའི་ཚུལ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ་ནི། བདེ་གཤེགས་བྱང་ཆུབ་སོགས་རྐང་པ་བཞི། གཉིས་པ་ལ། ལམ་འདི་དང་བྲལ་ན་མཐར་འབྲས་མི་འགྲུབ་པའི་ཚུལ་དང་། དེ་ལྟར་ཤེས་ནས་ལམ་འདིར་འཇུག་པའི་ཚུལ་གཉིས། དང་པོ་ལ། དཔེ་དོན་གཉིས་ལས། དང་པོ་ནི། བྱ་ཞིག་ལུས་ཆེ་སོགས་རྐང་པ་བཞི། གཉིས་པ་ནི། རྒྱལ་བ་རྣམས་ཀྱི་སོགས་རྐང་པ་བཞི། གཉིས་པ་ནི། སངས་རྒྱས་ཐེག་པ་སོགས་རྐང་པ་བཞི། རྩ་བའི་གསུམ་པ་སྦྱོར་བ་པོ་གང་ཟག་བཤད་པ་ལ་ཞུས་པའི་སྒོ་ནས་མདོར་བསྟན་པ་དང་། ལན་གྱིས་རྒྱས་པར་བཤད་པ་གཉིས། དང་པོ་ནི། འཇིག་རྟེན་མགོན་སོགས་རྐང་པ་བཞི། གཉིས་པ་ལ། རྟགས་ཀྱིས་མཚོན་པའི་ཕྱིར་མི་ལྡོག་པ་ངོས་བཟུང་བ། ཕྱིར་མི་ལྡོག་པ་དེའི་སྤྱོད་པའི་ཁྱད་པར། ཕྱིར་ལྡོག་དང་མི་ལྡོག་པའི་ཁྱད་པར་བསྟན་པ་གསུམ། དང་པོ་ནི། ཐ་དད་འདུ་ཤེས་བྲལ་སོགས་ཚིགས་བཅད་དྲུག །གཉིས་པ་ལ། དོན་དམ་པའི་ཡུལ་ཅན་ཟབ་མོའི་སྤྱོད་པ་དང་། ཀུན་རྫོབ་པའི་ཡུལ་ཅན་རྒྱ་ཆེ་བའི་སྤྱོད་པ་དང་། ཟུང་དུ་འཇུག་པ་ཐབས་མཁས་ཀྱི་སྤྱོད་པ་གསུམ་ལས། དང་པོ་ལ་སྤྱད་བྱ་ཟབ་མོའི་དོན་ངོས་བཟུང་བ་དང་། དེ་ལས་ཇི་ལྟར་སྤྱོད་ཚུལ་གཉིས། དང་པོ་ལ། ཟབ་མོ་ཉིད་བཤད་པ་དང་། དེ་ལ་སྤྱད་པས་བསོད་ནམས་མངོན་པར་འདུ་བྱ་བ་གཉིས། དང་པོ་ནི། གཟུགས་དང་ཚོར་དང་སོགས་རྐང་པ་བཞི། གཉིས་པ་དངོས་དང་། དེ་ལ་ཀླན་ཀ་སྤང་བ་གཉིས། དང་པོ་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ་ནི། བྱང་ཆུབ་སེམས་དཔའ་སོགས་རྐང་པ་བཞི། གཉིས་པ་ལ། ཟབ་མོ་དེ་ཡིད་ལ་བྱས་པ་དང་། འཆད་པ་དང་། མཉམ་རྗེས་སུ་བསྒོམ་པའི་ཕན་ཡོན་དང་། དེ་ལྟ་བུའི་བསོད་ནམས་ཀྱང་སྒྱུ་མ་ལྟར་བལྟས་པའི་ཕན་ཡོན་བཞི་ལས། དང་པོ་ནི། དཔེར་ན་འདོད་ཆགས་སོགས་རྐང་པ་བཞི། གཉིས་པ་ནི། བྱང་ཆུབ་སེམས་དཔའ་སོགས་རྐང་པ་བཞི། གསུམ་པ་ནི། བྱང་ཆུབ་སེམས་དཔའ་སོགས་རྐང་པ་བཞི། བཞི་པ་ནི། བསོད་ནམས་དེ་ཡང་སོགས་རྐང་པ་བཞི། གཉིས་པ་ཀླན་ཀ་སྤང་བ་ལ། དོན་དམ་པར་བསོད་ནམས་ཀྱི་འབྲས་བུ་འཕེལ་བ་དང་སྤང་ཐོབ་མེད་པས་སངས་རྒྱ་བ་མི་འཐད་པའི་ཀླན་ཀ་དང་། ཀུན་རྫོབ་ཏུ་ཡང་སངས་རྒྱས་ཐོབ་པ་མི་འཐད་པའི་ཀླན་ཀ་སྤང་བ་གཉིས། དང་པོ་ལ། དོན་དམ་པར་ཟད་འཕེལ་མེད་པ་དང་། མེད་ཀྱང་ཀུན་རྫོབ་ཏུ་སངས་རྒྱ་བ་འཐད་པའི་ཚུལ་གཉིས། དང་པོ་ནི། སངས་རྒྱས་ཀྱིས་བཤད་སོགས་རྐང་པ་བཞི། གཉིས་པ་ནི། རྒྱལ་བ་རྣམས་ཀྱི་སོགས་རྐང་པ་བཞི། གཉིས་པ་ཀུན་རྫོབ་ཏུ་ཀླན་ཀ་སྤང་བ་ལ། སྤང་བྱ་སྤོང་བ་འཐད་པ་དང་། ཡོན་ཏན་ཐོབ་པ་འཐད་ཚུལ་གཉིས། དང་པོ་ལ། དཔེ་དང་དོན་གཉིས། དང་པོ་ནི། འབྲུ་མར་སྙིང་པོ་སོགས་རྐང་པ་བཞི། གཉིས་པ་ནི། དང་པོའི་སེམས་ཀྱང་སོགས་རྐང་པ་བཞི། གཉིས་པ་ཡོན་ཏན་ཐོབ་ཚུལ་ལ། ཡོན་ཏན་ཐོབ་པ་འཐད་པ་དང་། ཡོན་ཏན་རྫོགས་པ་འཐད་པ་གཉིས། དང་པོ་ལ། མི་འཐད་པ་མེད་ཚུལ་དང་། རྟེན་འབྲེལ་གྱི་སྒོ་ནས་ངེས་པར་འཐད་པ་གཉིས། དང་པོ་ནི། ས་བོན་ལས་ནི་སོགས་རྐང་པ་བཞི། གཉིས་པ་ནི། ས་བོན་རྙེད་ནས་སོགས་རྐང་པ་བཞི། གཉིས་པ་ཡོན་ཏན་རྫོགས་པ་འཐད་པ་ནི། ཆུ་ཡི་ཐིགས་པས་སོགས་རྐང་པ་བཞི། གཉིས་པ་ཟབ་མོ་དེ་ལ་ཇི་ལྟར་སྤྱོད་ཚུལ་ལ། དངོས་དང་། དེ་ཡི་ཡོན་ཏན་བཤད་པ་གཉིས། དང་པོ་ནི། སྟོང་པ་མཚན་མེད་སོགས་རྐང་པ་བཞི། གཉིས་པ་ནི། དེ་ལྟར་སྤྱོད་པ་སོགས་རྐང་པ་བཞི། གཉིས་པ་ཀུན་རྫོབ་ཀྱི་ཡུལ་ཅན་རྒྱ་ཆེ་བ་ཞིང་སྦྱོང་བའི་སྤྱོད་པ་ནི། འཇིག་རྟེན་དགོན་པའི་སོགས་རྐང་པ་བཞི། གསུམ་པ་ཟུང་འཇུག་ཐབས་མཁས་ཀྱི་སྤྱོད་པ་བསྟན་པ་ལ་མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ། དང་པོ་ནི། བྱང་ཆུབ་སེམས་དཔའ་སོགས་རྐང་པ་བཞི། གཉིས་པ་ལ། དཔེ་བརྒྱད་ཀྱི་ཚུལ་གྱིས་བསྟན་ཏེ། སྒྱུ་མའི་དཔེས་སེམས་ཅན་མི་འདོར་བ། སྣོད་ཀྱི་དཔེས་སྨོན་ལམ་གྱི་ཤུགས་རྫོགས་པ། བྱ་འཕུར་བའི་དཔེས་རྟེན་མེད་ཀྱང་མི་ལྟུང་བ། མདའ་འཕང་བའི་དཔེས་མ་རྫོགས་པར་སྡོ་དེ་བ། རྫུ་འཕྲུལ་གྱི་དཔེས་སྡོད་ཀྱང་གཞན་དོན་དུ་མི་སྐྱོ་བ། གདུགས་འཛིན་པའི་དཔེས་མཐར་མི་ལྟུང་བ། དེད་དཔོན་གྱི་དཔེས་རང་གཞན་གྱི་ཕན་བདེ་བསྒྲུབ་པ། ཚོང་པའི་དཔེས་ལམ་ལ་མཁས་པ་དང་བརྒྱད་ལས། དང་པོ་ནི། དཔེར་ན་སྐྱེས་བུ་སོགས་རྐང་པ་བཅུ་གཉིས། གཉིས་པ་ནི། མཁའ་ལ་རླུང་བརྟེན་སོགས་རྐང་པ་བརྒྱད། གསུམ་པ་ནི། གང་གི་ཚེ་ན་སོགས་རྐང་པ་བརྒྱད། བཞི་པ་ནི། དཔེར་ན་འཕོང་བསླབ་སོགས་རྐང་པ་བརྒྱད། ལྔ་པ་ནི། དཔེར་ན་དགེ་སློང་སོགས་རྐང་པ་བརྒྱད། དྲུག་པ་ནི། དཔེར་ན་མི་འགའ་སོགས་རྐང་པ་བརྒྱད། བདུན་པ་ནི། དཔེར་ན་རིན་ཆེན་སོགས་རྐང་པ་བརྒྱད། བརྒྱད་པ་ནི། དཔེར་ན་དོན་གཉེར་སོགས་རྐང་པ་བརྒྱད། གསུམ་པ་དོན་བསྡུ་བ། དོན་དང་། དཔེར་གཉིས། དང་པོ་ནི། གང་ཚེ་འགྲོ་ལ་སོགས་རྐང་བ་བཞི། གཉིས་པ་ནི། དཔེར་ན་སྤྲུལ་པའི་སོགས་རྐང་པ་བཞི། གསུམ་པ་ཕྱིར་ལྡོག་པ་དང་མི་ལྡོག་པའི་ཁྱད་པར་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ་ནི། གལ་ཏེ་སྤྱོད་པ་སོགས་རྐང་པ་བཞི། གཉིས་པ་ལ། ཕྱིར་མི་ལྡོག་པའི་རྟགས་དང་བདུད་ཀྱིས་བསླུས་པའི་ཁྱད་པར་གཉིས། དང་པོ་ནི། དགྲ་བཅོམ་པ་དང་སོགས་རྐང་པ་བཅུ་གཉིས། གཉིས་པ་ལས། བདུད་ལས་དང་། དེ་སྤོང་བའི་ཐབས་ལ་བརྩོན་པར་བསྟན་པ་གཉིས། དང་པོ་ལ་ཡོན་ཏན་གྱིས་རློམ་པའི་བདུད། མིང་གི་གཞི་ལས་འོང་བའི་བདུད། དབེན་པས་རློམ་པའི་བདུད་དང་གསུམ། དང་པོ་ནི། ཅི་སྟེ་དེ་ནི་སོགས་རྐང་པ་བཞི། གཉིས་པ་ནི། མིང་གི་གཞི་ལས་སོགས་རྐང་པ་བརྒྱད། གསུམ་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ་ནི། རབ་ཏུ་དབེན་པ་སོགས་རྐང་པ་བཞི། གཉིས་པ་ལ། ནང་གི་དབེན་པ་བསྟན་པ་དང་། དབེན་པ་དེ་མ་ཤེས་པའི་སྐྱོན་བཤད་པ་གཉིས། དང་པོ་ནི། རྟག་ཏུ་གྲོང་དང་སོགས་རྐང་པ་བཞི། གཉིས་པ་ལ། ནང་གི་དབེན་པ་དང་བྲལ་བའི་སྐྱོན་དང་། ནང་གི་དབེན་པ་ཅན་ལ་བརྙས་པའི་སྐྱོན་བསྟན་པ་གཉིས། དང་པོ་ནི། གང་ཞིག་དཔག་ཚད་སོགས་རྐང་པ་བཞི། གཉིས་པ་ལ། དངོས་དང་། དེས་ན་གཞན་གྱི་ཚོད་དཔག་དཀའ་བར་བསྟན་པ་གཉིས། དང་པོ་ནི། བྱང་ཆུབ་སེམས་དཔའ་སོགས་རྐང་པ་བཞི། གཉིས་པ་ནི། གང་ཞིག་གྲོང་ངམ་སོགས་རྐང་པ་བཞི། གཉིས་པ་བདུད་ཀྱི་ལས་སྤོང་བའི་ཐབས་བསྟན་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ་ནི། དེ་ལྟ་བས་ན་སོགས་རྐང་པ་བཞི། གཉིས་པ་ལ་ཕྱི་ནང་གི་ཡོངས་འཛིན་གཉིས་བཤད་པ་དང་། ནང་གི་ཡོངས་འཛིན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། སངས་རྒྱས་བྱང་ཆུབ་སོགས་རྐང་པ་བཞི། གཉིས་པ་ལ། ཤེར་ཕྱིན་བཤེས་གཉེན་ཡིན་ཚུལ་དང་། བཤེས་གཉེན་དེ་ཇི་ལྟར་བསྟེན་ཚུལ་གཉིས། དང་པོ་ནི། རྒྱལ་བ་འདས་དང་སོགས་རྐང་པ་བཞི། གཉིས་པ་ལ། བསྟེན་བྱ་ཤེར་ཕྱིན་གྱི་ངོ་བོ་དང་། དེ་བསྟེན་དགོས་པར་གདམས་པ་གཉིས། དང་པོ་ལ། དངོས་དང་། དེ་ལྟ་ན་ཀུན་བྱང་དུ་གྱུར་པ་མི་འཐད་པའི་རྩོད་སྤང་གཉིས། དང་པོ་ནི། ཇི་ལྟར་ཤེས་རབ་སོགས་རྐང་པ་བཞི། གཉིས་པ་ལ། དོན་དངོས་དང་། དེ་ཡི་དཔེ། དེ་ལྟར་བསྟན་པའི་མཇུག་བསྡུ་བ་གསུམ། དང་པོ་ནི། སེམས་ཅན་ཡོངས་སུ་སོགས་རྐང་པ་བཞི། གཉིས་པ་ནི། དཔེར་ན་དོགས་པའི་སོགས་རྐང་པ་བཞི། གསུམ་པ་ནི། ཇི་ལྟར་འཛིན་པ་སོགས་རྐང་པ་བཞི། གཉིས་པ་ཤེར་ཕྱིན་དེ་བསྟེན་དགོས་པར་གདམས་པ་ལ། དགོས་པའི་སྒོ་ནས་ཆོས་དེ་ལ་བརྩོན་པར་གདམས་པ་དང་། དཔེའི་སྒོ་ནས་ཇི་ལྟར་བརྩོན་པར་བྱ་བ་དང་། དེ་ལྟར་བརྩོན་པར་བྱས་པའི་ཕན་ཡོན་བསྟན་པ་གསུམ་ལས། དང་པོ་ལ་བསོད་ནམས་ཆེན་པོ་བྱ་བ་ཅུང་ཟད་ཀྱིས་འགྲུབ་པ། འགྲོ་བ་ཀུན་གྱི་སྦྱིན་གནས་སུ་གྱུར་པ། གདུལ་བྱ་ལ་ལམ་སྟོན་པོར་གྱུར་པ་གསུམ། དང་པོ་ནི། འཛམ་བུའི་གླིང་ན་སོགས་རྐང་པ་བརྒྱད། གཉིས་པ་ནི། ཤེས་རབ་ཕ་རོལ་སོགས་རྐང་པ་བཞི། གསུམ་པ། བྱང་ཆུབ་སེམས་དཔའ་སོགས་རྐང་པ་བཞི། གཉིས་པ་དཔེའི་སྒོ་ནས་ཇི་ལྟར་བརྩོན་པར་བྱ་བ་ནི། མི་ཞིག་སྔོན་ཆད་སོགས་རྐང་པ་བརྒྱད། གསུམ་པ། དེ་ལྟར་བརྩོན་པའི་ཕན་ཡོན་ལ། བསྒྲུབ་པ་གཞན་ཟིལ་གྱིས་གནོན་པ། ལྷ་མིའི་རེ་གནས་སུ་གྱུར་པ། བདུད་ཕམ་པར་བྱེད་པ། ཕར་ཕྱིན་ཀུན་སྡུད་པ། དེའི་དགེ་བ་ལ་གཞན་གྱིས་ཡི་རང་བའི་ཕན་ཡོན་དང་ལྔ་ལས། དང་པོ་ནི། ཉི་མ་སྤྲིན་དང་སོགས་རྐང་པ་བརྒྱད། གཉིས་པ་ནི། དཔེར་ན་རྒྱལ་པོ་སོགས་རྐང་པ་བརྒྱད། གསུམ་པ་ལ། བདུད་རྣམས་སྐྲགས་པར་བྱེད་པ་དང་། བདུད་ཀྱིས་དེ་ལ་མི་ཚུགས་པའི་ཚུལ་གཉིས། དང་པོ་ནི། དེ་ཡི་ཚེ་ན་སོགས་རྐང་པ་བཞི། གཉིས་པ་ལ། གླགས་མི་རྙེད་པའི་ཚུལ་དང་། ཞར་ལ་ལྡོག་ཕྱོགས་གླགས་རྙེད་པའི་རྒྱུ་བསྟན་པ་གཉིས། དང་པོ་ནི། གང་ཚེ་མཁས་པ་སོགས་རྐང་པ་བཞི། གཉིས་པ་ལ། གླགས་རྙེད་པའི་རྒྱུ་གཙོ་བོ་རྩོད་པ་ཡིན་པར་བསྟན་པ། ཉེས་པ་དེ་ལས་ལྡང་བའི་ཐབས་བསྟན་པ་གཉིས། དང་པོ་ལ། རྩོད་པ་སྤྱི་དང་། བྱེ་བྲག་ཏུ་ལུང་བསྟན་མ་ཐོབ་པས་ཐོབ་པའི་བྱང་སེམས་ལ་རྩོད་པའི་ཉེས་དམིགས་གཉིས། དང་པོ་ནི། གང་ཚེ་བྱང་ཆུབ་སོགས་རྐང་པ་བརྒྱད། གཉིས་པ་ནི། ལུང་བསྟན་མ་ཐོབ་སོགས་རྐང་པ་བཞི། གཉིས་པ་ཉེས་པ་དེ་ལས་ལྡང་བའི་ཐབས་བསྟན་པ་ལ། ཀུན་རྫོབ་ཏུ་སྟོབས་བཞི་ཚངས་པའི་སྒོ་ནས་བཤགས་པ་དང་། དོན་དམ་པར་མི་དམིགས་པར་ལྟ་བས་བཤགས་པ་གཉིས། དང་པོ་ནི། སངས་རྒྱས་བཟོད་པའི་སོགས་རྐང་པ་གཉིས། གཉིས་པ་ལ། དངོས་དང་། དེ་ལྟར་ཤེས་པའི་ཕན་ཡོན་གཉིས། དང་པོ་ནི། གང་ཞིག་སློབ་ཚེ་སོགས་རྐང་པ་བཞི། གཉིས་པ་ནི། བྱང་ཆུབ་སེམས་དཔའ་སོགས་རྐང་པ་བརྒྱད། བཞི་པ་ཕར་ཕྱིན་ཀུན་སྡུད་པ་ལ་ཕར་ཕྱིན་ཀུན་ལ་བསླབ་པར་འགྱུར་བ་དང་། ཐེག་པ་ཀུན་ལ་བསླབ་པར་འགྱུར་ཚུལ་གཉིས། དང་པོ་ལ་རྩ་བར་གྱུར་པའི་དཔེ་དང་། སྙིང་པོར་གྱུར་པའི་དཔེ་གཉིས། དང་པོ་ནི། ཤེས་རབ་ཕ་རོལ་སོགས་རྐང་པ་བཞི། གཉིས་པ་ནི། དཔེར་ན་སྲོག་གི་སོགས་རྐང་པ་བཞི། གཉིས་པ་ཐེག་པ་ཀུན་ལ་བསླབ་པར་འགྱུར་བ་ནི། བྱང་ཆུབ་སེམས་མཁས་སོགས་རྐང་པ་བཞི་ལྔ་པ་དེའི་དགེ་བ་ལ་གཞན་གྱིས་ཡི་རང་བའི་ཕན་ཡོན་ལ། དངོས་དང་། དེའི་རྒྱུ་མཚན་གཉིས། དང་པོ་ནི། མི་ལྡོག་བྱང་ཆུབ་སོགས་རྐང་པ་བཞི། གཉིས་པ་ནི། དགེ་བ་དོན་གཉེར་སོགས་རྐང་པ་བཞི། ༈ རྣམ་གྲངས་བཞི་པ་གང་ཟག་གི་ཆེ་བ་ལ། མི་རྟོག་པའི་སྤྱོད་པ་ཐོབ་པ། མི་རྟོག་ཀྱང་བྱ་བ་བྱེད་པ་མི་འགལ་བའི་དཔེ། དེ་ལྟར་རྟོགས་པ་ཐོབ་པའི་ཡོན་ཏན་དང་གསུམ། དང་པོ་ལ། དོན་དང་དཔེ་གཉིས། དང་པོ་ནི། བྱང་ཆུབ་སེམས་དཔའ་སོགས་རྐང་པ་བཞི། གཉིས་པ་ནི། ནམ་མཁའི་ཁམས་ནི་སོགས་རྐང་པ་བཞི། གཉིས་པ་ལ། སྒྱུ་མའི་སྐྱེས་བུའི་དཔེས་ཡུལ་སེམས་ཅན་དུ་མི་རྟོག་པ། སྤྲུལ་པའི་དཔེས་བྱེད་པ་པོར་མི་རྟོག་པ། ཤིང་མཁན་གྱི་བཟོ་བོའི་དཔེས་འབྲས་བུ་ལ་མི་རྟོག་པ་གསུམ། དང་པོ་ནི། སྐྱེ་བོའི་དབུས་ན་སོགས་རྐང་པ་བརྒྱད། གཉིས་པ་ནི། དཔེར་ན་སངས་རྒྱས་སོགས་རྐང་པ་བཞི། གསུམ་པ་ནི། ཤིང་མཁན་བཟོ་བོ་སོགས་རྐང་པ་བཞི། གསུམ་པ་ལ། ལྷ་རྣམས་ཀྱིས་འདུད་པ་དང་། བདུད་ཕམ་པར་བྱེད་པའི་ཡོན་ཏན་གཉིས། དང་པོ་ནི། དེ་ལྟར་སྤྱོད་མཁས་སོགས་རྐང་པ་བཞི། གཉིས་པ་ལ། དངོས་དང་། དེའི་རྒྱུ་མཚན་གཉིས། དང་པོ་ནི། གངྒཱའི་ཀླུང་མཉམ་སོགས་རྐང་པ་བཞི། གཉིས་པ་ནི། རྒྱུ་རྣམས་བཞི་ཡི་སོགས་རྐང་པ་བཞི། ༈ །རྩ་བའི་ས་བཅད་ལྔ་པ་སྤྱད་བྱ་ཆོས་ཀྱི་ཆེ་བ་ལ། འབྲས་བུ་བགྲོད་གཅིག་ལམ་དུ་ཚུད་པ་དང་། ལམ་གནས་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་དང་། ཤེས་བྱ་བསླབ་པ་ཐམས་ཅད་ཀྱི་མཆོག་ཡིན་པའི་ཆེ་བ་བསྟན་པ་གསུམ། དང་པོ་ནི། དེ་བཞིན་གཤེགས་ཡུམ་སོགས་རྐང་པ་བཞི། གཉིས་པ་ལ། བྱང་སེམས་ཀྱི་གནས་པ་ཤེར་ཕྱིན་ངོས་བཟུང་བ། དེ་ཉིད་གནས་པ་གཞན་ཀུན་གྱི་མཆོག་ཏུ་བསྟན་པ་གཉིས། དང་པོ་ནི། ཆོས་དབྱིངས་དེ་བཞིན་སོགས་རྐང་པ་བརྒྱད། གཉིས་པ་ནི། དགྲ་བཅོམ་རྣམ་ཐར་སོགས་རྐང་པ་བཅུ་གཉིས། གསུམ་པ། བསླབ་པ་ཐམས་ཅད་ཀྱི་མཆོག་ཏུ་བསྟན་པ་ལ། ངོ་བོའི་སྒོ་ནས་མཆོག་ཏུ་བསྟན་པ་དང་། འབྲས་བུ་མི་ཟད་པར་འབྱིན་པའི་སྒོ་ནས་མཆོག་ཏུ་བསྟན་པ་གཉིས། དང་པོ་ནི། བསླབ་པ་འདི་ནི་སོགས་རྐང་པ་བཞི། གཉིས་པ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ། དང་པོ་ནི། འདི་ནི་ཆོས་གཏེར་སོགས་རྐང་པ་བཞི། གཉིས་པ་ལ། ཕྱི་ཡི་རྟེན་འབྲེལ་གྱི་སྒོ་ནས་བཤད་པ་དང་། ནང་གི་རྟེན་འབྲེལ་གྱི་སྒོ་ནས་བཤད་པ་གཉིས། དང་པོ་ལ། དཔེ་ཕྱི་ཡི་རྟེན་འབྲེལ་དང་། དོན་ཤེར་ཕྱིན་བཤད་པ་གཉིས། དང་པོ་ནི། ཤིང་དང་འབྲས་བུ་སོགས་རྐང་པ་བཞི། གཉིས་པ་ནི། སངས་རྒྱས་སྲས་དང་སོགས་རྐང་པ་བཞི། གཉིས་པ་ལ། དཔེ་ལུགས་འབྱུང་འཁོར་བའི་རྟེན་འབྲེལ་དང་། དོན་ལུགས་ལྡོག་རྣམ་བྱང་གི་རྟེན་འབྲེལ་གྱི་ཚུལ་གྱིས་བསྟན་པ་གཉིས། དང་པོ་ནི། སེམས་ཅན་ཐ་མ་སོགས་རྐང་པ་བཞི། གཉིས་པ་ནི། ཡེ་ཤེས་ཚུལ་སྒོ་སོགས་རྐང་པ་བཞི། གསུམ་པ་དོན་བསྡུ་བ་ནི། བྱང་ཆུབ་སེམས་དཔའ་སོགས་རྐང་པ་བཞི། ༈ གཉིས་པ་ཕར་ཕྱིན་གཞན་ལྔ་བཤད་པ་ལ། བསམ་གཏན། བརྩོན་འགྲུས། བཟོད་པ། ཚུལ་ཁྲིམས། སྦྱིན་པ་དང་ལྔ་ལས། དང་པོ། བསམ་གཏན་གྱི་ཕར་ཕྱིན་བཤད་པ་ལ། འབྲས་བུ་དམན་པའི་རྟེན་དུ་གྱུར་པའི་བསམ་གཏན་ལ་བསླབ་པ་དང་། བསླབ་ཀྱང་རང་དོན་དུ་ཆགས་པ་མེད་པ་དང་། ཆགས་པ་མེད་པའི་སྒོ་ནས་གཞན་དོན་དུ་འཇུག་པ་དང་། བསམ་པའི་དབྱེ་བས་མཆོག་དམན་དུ་གྱུར་པའི་ཚུལ་གྱིས་མཇུག་བསྡུ་བ་བཞི། དང་པོ་ལ་བསམ་གཏན་བཞི་ལ་བསླབ་པ་དང་། གཟུགས་མེད་ཀྱི་སྙོམས་འཇུག་བཞི་ལ་བསླབ་པའོ། །དང་པོ་ནི། མཐུ་ཆེན་ལྡན་སོགས་རྐང་པ་བཞི། གཉིས་པ་ནི། ཤེས་རབ་མཆོག་ཐོབ་སོགས་རྐང་པ་བཞི། གཉིས་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ་ནི། འདི་ནི་ཡོན་ཏན་སོགས་རྐང་པ་བཞི། གཉིས་པ་ལ། དཔེ་དོན་གཉིས། དང་པོ་ནི། དཔེར་ན་འཛམ་གླིང་སོགས་རྐང་པ་བཞི། གཉིས་པ་ནི། དེ་བཞིན་བྱང་ཆུབ་སོགས་རྐང་པ་བཞི། གསུམ་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ་ནི། བདག་ཉིད་ཆེན་པོ་སོགས་རྐང་པ་བཞི། གཉིས་པ་ལ། དཔེ་དང་དོན་གཉིས། དང་པོ་ནི། དཔེར་ན་མི་ཞིག་སོགས་རྐང་པ་བཞི། གཉིས་པ་ནི། དེ་བཞིན་བྱང་ཆུབ་སོགས་རྐང་པ་བཞི། བཞི་པ་ལ། སྤང་བྱ་དམན་པ་དང་། བླང་བྱ་མཆོག་གི་ཚུལ་གཉིས། དང་པོ་ནི། གལ་ཏེ་བྱང་ཆུབ་སོགས་རྐང་པ་བཞི། གཉིས་པ་ནི། གཞན་ཡང་གཟུགས་དང་སོགས་རྐང་པ་བཞི། གཉིས་པ་བརྩོན་འགྲུས་ལ། གཞན་དོན་དུ་བརྩོན་པར་གདམས་པ། མི་ཞུམ་པར་བརྩོན་པ། འཁོར་གསུམ་དག་པའི་ཚུལ་གྱིས་བརྩོན་པ་གསུམ། དང་པོ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ་ནི། སེམས་ཅན་གང་ཟག་སོགས་རྐང་པ་བཞི། གཉིས་པ་ལ། གནོད་པ་བྱས་ཀྱང་དེའི་དོན་དུ་བརྩོན་པ་མི་འདོར་བ་དང་། རྟག་ཏུ་གཞན་དོན་ལ་བརྩོན་པའི་ཚུལ་གཉིས། དང་པོ་ལ། དཔེ་དང་། དོན་གཉིས། དང་པོ་ནི། སྤྱོ་བ་བྱས་སམ་སོགས་རྐང་པ་བཞི། གཉིས་པ་ནི། དེ་བཞིན་བྱང་ཆུབ་སོགས་རྐང་པ་བཞི། གཉིས་པ་ནི། བདག་གི་དགེ་བ་སོགས་རྐང་པ་བཞི། གཉིས་པ་མ་ཞུམ་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ་ནི། བྱང་ཆུབ་སེམས་དཔའ་སོགས་རྐང་པ་བཞི། གཉིས་པ་ལ། སྤང་བྱ་དང་གཉེན་པོ་གཉིས། དང་པོ་ནི། བྱང་ཆུབ་སེམས་དཔའ་སོགས་རྐང་པ་བཞི། གཉིས་པ་ལ། དུས་ཀྱི་དབང་དུ་བྱས་པ་དང་། དངོས་པོའི་དབང་དུ་བྱས་པ་གཉིས། དང་པོ་ནི། བྱང་ཆུབ་མཆོག་ཏུ་སོགས་རྐང་པ་བཞི། གཉིས་པ་ནི། གལ་ཏེ་འགའ་ཞིག་སོགས་རྐང་པ་བརྒྱད། གསུམ་པ་ལ། ལྡོག་བྱ་དང་། མཇུག་བྱ་གཉིས། དང་པོ་ནི། འགྲོ་བ་ཡོངས་སུ་སོགས་རྐང་པ་བཞི། གཉིས་པ་ནི། གང་ཚེ་ལུས་དང་སོགས་རྐང་པ་བཞི། གསུམ་པ་བཟོད་པ་ལ། ཆོས་ལ་ངེས་སེམས་ཀྱི་བཟོད་པ། གནོད་པས་མི་མཇེད་པའི་བཟོད་པ། སྡུག་བསྔལ་དང་ལེན་གྱི་བཟོད་པ་གསུམ། དང་པོ་ལ། དངོས་དང་། དེའི་ཕན་ཡོན་གཉིས། དང་པོ་ནི། གལ་ཏེ་གཞན་ལས་སོགས་རྐང་པ་བཞི། གཉིས་པ་ནི། བྱང་ཆུབ་སེམས་དཔའ་སོགས་རྐང་པ་བརྒྱད། གཉིས་པ། གནོད་པ་ལ་ཅི་མི་སྙམ་པའི་བཟོད་པ་ལ། ཇི་ལྟར་བཟོད་པར་བྱ་བ་དང་། དེ་ལྟར་བཟོད་པའི་འབྲས་བུ་གཉིས། དང་པོ་ནི། གལ་ཏེ། སེམས་ཅན་སོགས་རྐང་པ་བཞི། གཉིས་པ་ནི། བྱང་ཆུབ་སེམས་དཔའ་སོགས་རྐང་པ་བཞི། གསུམ་པ་སྡུག་བསྔལ་དང་ལེན་གྱི་བཟོད་པ་བསྟན་པ་ནི། བཟོད་བྱེད་འདི་སྙམ་སོགས་རྐང་པ་བརྒྱད། བཞི་པ་ཚུལ་ཁྲིམས་ལ། མཆོག་གི་ཚུལ་ཁྲིམས་དང་ལྡན་པའི་ཕན་ཡོན་དང་། ཚུལ་ཁྲིམས་དེའི་མཆོག་དམན་གྱི་དབྱེ་བ་བཤད་པ་གཉིས། དང་པོ་ནི། ཚུལ་ཁྲིམས་ཀྱིས་ནི་སོགས་རྐང་པ་བཞི། གཉིས་པ་ལ། ཡོངས་བསྔོའི་སྒོ་ནས་དང་། ཀུན་སློང་གི་སྒོ་ནས་དང་། རློམ་པ་ཡོད་མེད་ཀྱི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ནི། གལ་ཏེ་རང་རྒྱལ་དགྲ་བཅོམ་སོགས་རྐང་པ་བཞི། གཉིས་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ་ནི། ཆོས་གང་ངེས་པའི་སོགས་རྐང་པ་བཞི། གཉིས་པ་ལ། འཇུག་བྱ་མཆོག་དང་། ལྡོག་བྱ་དམན་པ་གཉིས། དང་པོ་ནི། གལ་ཏེ་བྱང་ཆུབ་སོགས་རྐང་པ་བཞི། གཉིས་པ་ནི། གལ་ཏེ་བསྐལ་པ་སོགས་རྐང་པ་བཞི། གསུམ་པ་ལ། བླང་བྱ་དང་སྤང་བྱ་གཉིས། དང་པོ་ནི། ཚུལ་ཁྲིམས་བསྲུང་ཞིང་སོགས་རྐང་པ་བཞི། གཉིས་པ་ལ། སྤང་བྱ་དངོས་དང་། དེའི་གཉེན་པོ་བསྟན་པ་གཉིས། དང་པོ་ནི། གལ་ཏེ་བྱང་ཆུབ་སོགས་རྐང་པ་བཞི། གཉིས་པ་ནི། གང་ལ་བདག་གི་སོགས་རྐང་པ་བཞི། ལྔ་པ་སྦྱིན་པ་ལ། སྦྱིན་པ་བཏང་བ་དང་མ་བཏང་བའི་སྐྱོན་ཡོན་ཤེས་ནས་སྦྱིན་པ་ལ་དགའ་བར་བྱ་བ་དང་། ཚུལ་ཇི་ལྟར་སྦྱིན་པ་བཏང་བར་བྱ་བ་གཉིས། དང་པོ་ལ། བྱང་ཆུབ་སེམས་དཔས་སྦྱིན་པ་གཏོང་བའི་ཚུལ། ཕལ་པས་དེ་ལྟར་མ་བཏང་བའི་སྐྱོན། དེ་ལྟར་ཤེས་ནས་སྦྱིན་པ་ལ་མོས་པར་བྱ་བའི་ཚུལ་གསུམ། དང་པོ་ནི། སེམས་ཅན་དག་པ་སོགས་རྐང་པ་བརྒྱད། གཉིས་པ་ནི། བདག་ཏུ་འདུ་ཤེས་སོགས་རྐང་པ་བཞི། གསུམ་པ་ནི། དེ་ཚེ་བྱང་ཆུབ་སོགས་རྐང་པ་བཞི། གཉིས་པ་ཇི་ལྟར་གཏོང་ཚུལ་ལ། དངོས་དང་། དེའི་ཕན་ཡོན་གཉིས། དང་པོ་ལ་སྙིང་རྗེས་གཞན་དོན་དུ་གཏོང་བ། ཐབས་མཁས་པས་ཡོངས་སུ་བསྔོ་བ་དང་ལྡན་པ། རྣམ་སྨིན་དང་དངོས་པོ་ལ་མ་ཆགས་པར་གཏོང་བ་གསུམ། དང་པོ་ནི། བྱང་ཆུབ་སེམས་དཔའ་སོགས་རྐང་པ་གསུམ། གཉིས་པ་ནི། དེ་ཡང་འགྲོ་བའི་སོགས་རྐང་པ་ཅིག །གསུམ་པ་ནི། སྦྱིན་པ་བྱིན་ནས་སོགས་རྐང་པ་གཉིས། གཉིས་པ་ཕན་ཡོན་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ་ནི། དེ་ལྟ་གཏོང་ལ་སོགས་རྐང་པ་གཉིས། གཉིས་པ་ལ། སྙིང་རྗེ་སོགས་ཐབས་མཁས་པ་དང་ལྡན་པའི་སྦྱིན་པའི་ཕན་ཡོན་དང་། མ་ཆགས་པར་བཏང་བའི་ཕན་ཡོན་གཉིས། དང་པོ་ནི། སྲིད་པ་གསུམ་ན་སོགས་རྐང་པ་བཅུ་གཉིས། གཉིས་པ་ནི། གལ་ཏེ་བྱང་ཆུབ་སོགས་རྐང་པ་བཞི། ༈ གཉིས་པ་ལམ་གྱི་འབྲས་བུ་བཤད་པ་ལ། ལམ་བྱེ་བྲག་པའི་འབྲས་བུ་དང་། ལམ་ཡོངས་སུ་རྫོགས་པའི་འབྲས་བུ་གཉིས། དང་པོ་ནི། བྱང་ཆུབ་སེམས་དཔའི་སྦྱིན་པས་སོགས་རྐང་པ་བཅུ་དྲུག །གཉིས་པ་ནི། ཆོས་འདི་ཡོངས་རྫོགས་བྱས་ནས་སོགས་རྐང་པ་བཞི། གསུམ་པ་དེ་ལྟར་བསྟན་པའི་དགོས་པས་མཇུག་བསྡུ་བ་ནི། འགྲོ་བའི་ནད་གསོ་སོགས་རྐང་པ་བཞི། ༈ བཞི་པ་མཇུག་གི་དོན་ལ། གཞུང་ལྷག་མ་མ་ལུས་པར་སྟོན་པའི་ཚིག་གིས་སྐབས་བསྡུ་བ་དང་། ཁུངས་བཙུན་པར་སྟོན་པའི་ཆེད་དུ་ལོ་ཙཱ་བའི་འགྱུར་བྱང་སྨོས་པ་གཉིས་ལས། དང་པོ་ནི། འཕགས་པ་ཤེས་རབ་ཀྱི་སོགས་དང་། གཉིས་པ་ནི། རྒྱ་གར་གྱི་མཁན་པོ་སོགས་ཀྱིས་བསྟན་ཏོ། །རྩ་བའི་ས་བཅད་གཉིས་པ་ལམ་མངོན་པར་རྟོགས་པའི་རིམ་པ་དང་སྦྱར་བ་ནི་ཟུར་དུ་ཡོད་པ་ལས་ཤེས་པར་བྱའོ། །ཡོན་ཏན་རིན་པོ་ཆེ་སྡུད་པའི་འགྲེལ་པ་རྒྱལ་བའི་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད་ཅེས་བྱ་བ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་གསུང་ལས་ཟུར་དུ་བཀོད་པ་ཛ་ཡནྟུ།། །།དགེ་འདིས་དེང་བཟུང་བྱང་ཆུབ་མཆོག་གི་བར། །མཁྱེན་བརྩེ་ནུས་པའི་ཡོན་ཏན་གོང་འཕེལ་ཞིང་། །རིགས་གསུམ་སེམས་དཔའ་མཆོག་གི་རྣམ་ཐར་བཞིན། །རྒྱལ་བསྟན་མཆོག་ཉིད་བདག་གིས་འཛིན་གྱུར་ཅིག །མཁའ་ཁྱབ་ཞིང་གི་ཡིད་ཅན་ཇི་སྙེད་ཀུན། །བསྟན་དང་བསྟན་པའི་སྙིང་པོའི་ལམ་བཟང་ལ། །བདག་ཉིད་གཅིག་པུས་ལེགས་པར་བཀོད་གྱུར་ནས། །ཀུན་ཀྱང་ཀུན་མཁྱེན་རྒྱལ་བ་ཉིད་གྱུར་ཅིག །སྐད་ཅིག་ཙམ་ཡང་རང་དོན་ཡིད་བྱེད་བློ། །བདག་གི་རྒྱུད་ལ་ནམ་ཡང་མི་སྐྱེ་ཞིང་། །ཟུང་འཇུག་ཐབས་མཁས་མཆོག་གིས་མཁའ་ཁྱབ་ཏུ། །རྒྱལ་བའི་ཕྲིན་ལས་སྲིད་མཐར་སྤེལ་གྱུར་ཅིག །དགེའོ།། །།

བདེ་གཤེགས་སྙིང་པོའི་སྟོང་ཐུན་ཆེན་མོ་སེང་གེའི་ང་རོ།

བདེ་གཤེགས་སྙིང་པོའི་སྟོང་ཐུན་ཆེན་མོ་སེང་གེའི་ང་རོ་བཞུགས་སོ། །ན་མོ་གུ་ར་བེ། གདོད་ནས་དྲི་མེད་སེམས་ཀྱི་ཆོས་ཉིད་ནི། །ངེས་དོན་འཇམ་དཔལ་དཔའ་བོའི་བདག་ཉིད་དུ། །ངེས་པའི་རིགས་ལམ་རལ་གྲིའི་རྣོ་རྒྱུན་གྱིས། །ཀུན་རྨོངས་སྲིད་པའི་དྲྭ་བ་རྣམ་པར་གཅོད། །དེ་ལ་འདིར་དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་སྙིང་པོ་དགོངས་པའི་མཐིལ། མདོ་དང་སྔགས་ཀྱི་ཆོས་ཀུན་གྱི་གནད་གཅིག་པུ་ནི་ཀུན་ཁྱབ་བདེ་གཤེགས་སྙིང་པོ་འདི་ཁོ་ན་ཡིན་ཞིང་། ཚུལ་འདི་ཤིན་ཏུ་ཟབ་པས་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་ཀྱང་མཚན་མོའི་གཟུགས་ལྟར་ཇི་ལྟ་བ་བཞིན་དུ་རྟོགས་དཀའ་བར་གསུངས་ན་ཕལ་པས་ལྟ་ཅི་སྨོས། དེ་ཡང་སྟོན་པ་བདེ་བར་གཤེགས་པས་གསུང་གི་སྐབས་ལ་ལར་སྟོང་པ་ཉིད་བསྟན་པའི་སྒོ་ནས་བདེ་གཤེགས་སྙིང་པོའི་ངོ་བོ་གསལ་བར་མཛད། ལ་ལར་སྟོབས་སོགས་ཀྱི་ཡོན་ཏན་ཡེ་ལྡན་དུ་བསྟན་པའི་ཆ་ནས་བདེ་གཤེགས་སྙིང་པོའི་རང་བཞིན་གསལ་བར་མཛད་དེ། དེ་གཉིས་འགལ་མེད་ཟུང་དུ་འཇུག་པ་དགོས་ཀྱང་། བདེན་གཉིས་དབྱེར་མེད་པའི་གནད་ཟབ་པ་ལས་ཤིན་ཏུ་ཟབ་པ་ལ་ཡིད་ཆེས་མ་རྙེད་པའི་དབང་གིས་ལ་ལས་ནི་བདེ་གཤེགས་སྙིང་པོ་ངོ་བོས་མི་སྟོང་པའི་རྟག་པར་བལྟ། ལ་ལས་ནི་སྟོང་རྐྱང་ཙམ་ལ་བཟུང་ནས་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་འབྲལ་མེད་ཡེ་ལྡན་དུ་བཞག་ཏུ་མེད་པའི་ཆད་ལྟ་སྐུར་འདེབས་ཀྱི་ཕྱོགས་ལ་གནས་པར་གྱུར་ནས། སོ་སོའི་ཞེ་འདོད་གྲུབ་ཏུ་རེ་བའི་དགག་སྒྲུབ་ཀྱི་ཅ་ཅོ་སྣ་ཚོགས་རྒྱ་མཚོ་འཁྲུགས་པ་ལྟར་སྒྲོགས་ན་ཡང་། བླ་མའི་མན་ངག་གིས་ཟིན་པའི་སྐལ་བཟང་དག་ནི་བདུད་རྩིའི་བཅུད་བཟང་སྙིང་ལ་སིམས་པ་ལྟར་སྟོང་པའི་དབྱིངས་དང་འོད་གསལ་བའི་ཡེ་ཤེས་འགལ་མེད་ཟུང་འཇུག་གི་དོན་ལ་ཡིད་ཆེས་པའི་ངང་ནས་སྣང་སྟོང་གང་རུང་གི་མཐའ་ལ་ཕྱོགས་སུ་འཛིན་པ་རྣམ་པར་ཞི་གནས་གནས་པ་རྣམས་འདི་སྐད་དུ་སྨྲའོ། །དེ་ལ་སྤྱིར་དེ་བཞིན་གཤེགས་པའི་བཀའ་ཚད་མ་ནི་མི་བསླུ་བའི་ལུང་ཡང་དག་ཡིན་མོད་ཀྱི། དེ་མི་བསླུ་བ་ངེས་པ་ལ་དཔྱད་པ་གསུམ་གྱིས་དག་པས་ལུང་རྣམ་དག་ཏུ་ངེས་པ་སྤྱིར་བཏང་། ཁྱད་པར་གཞུང་དེའི་སྒྲ་ཇི་བཞིན་པའི་བསྟན་དོན་ལ། རིག་པས་གནོད་པ་མེད་ཅིང་། སྒྲུབ་བྱེད་ཡང་དག་ཡོད་པའི་སྒོ་ནས་ངེས་པའི་དོན་དུ་བཟུང་དགོས་ཀྱི། ལུང་གི་དག་བྱེད་རིགས་པ་བོར་ནས། གང་གཤད་པ་ལ་དེ་བཞིན་དུ་ཡིད་ཆེས་པ་ཙམ་ཁོ་ནས་མི་ཆོག་སྟེ། སྤྱིར་ལུང་ལ་ཡང་དག་དང་ལྟར་སྣང་། ལུང་ཡང་དག་ལའང་དྲང་ངེས་ཀྱི་ཁྱད་པར་ཡོད་པ་བསྙོན་དུ་མེད་པའི་ཕྱིར་རོ། །དེས་ན་སོ་སྐྱེས་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་འཇུག་བྱའི་གནས་རྣམས་ཚད་མ་གསུམ་གྱིས་ངེས་ནུས་པ་རྣམས་ལ་ལྡོག་མེད་ཀྱི་ཡིད་ཆེས་འབྱུང་གི །གཞན་དུ་རང་གི་ཚད་མས་མ་ངེས་ཤིང་གཞན་རྒོལ་བའི་ངོར་སྒྲུབ་པར་མ་ནུས་ན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཞིག་གིས་མདུན་གྱི་གཞི་འདིར་ཤ་ཟ་ཡོད་ཅེས་དམ་བཅའ་བ་དང་འདྲ་བས་ཚིག་དེ་འདྲས་རང་གཞན་ལ་ཡིད་ཆེས་སྐྱེད་མི་ནུས་སོ། །དེ་བས་ན་ཡང་དག་པའི་རིགས་ལམ་དང་མཐུན་པར་སྨྲ་བ་སྐྱེ་བོ་མཁས་པའི་ཚུལ་ཡིན་ལ། རིགས་པས་གྲུབ་ན་རྒོལ་བའི་ལྕེ་རང་བཞིན་གྱིས་ཐུང་ངུར་འགྱུར་ཞིང་རང་གི་ཕྱོགས་འཛིན་པ་དང་སྤྲོ་བ་ལྡོག་མེད་དུ་སྐྱེས། རིགས་པས་མི་འགྲུབ་པའི་ལམ་དེ་སྨ་བ་མང་པོའི་ཇི་ལྟར་བརྒྱན་ཀྱང་ཀླན་ཀའི་ཚོགས་ལུ་མའི་ཆུ་ལྟར་འཕེལ་བར་འགྱུར་བའི་ཕྱིར། འདིར་རྒྱལ་བ་དང་རྒྱལ་སྲས་ཆེན་པོ་བརྒྱུད་པར་བཅས་པའི་ལམ་སྲོལ་རྟོག་གིས་མ་དཀྲུགས་པ་ལ་ཞུགས་ནས། ཕྱོགས་སུ་ཞེན་པ་པོ་ཏེ་གཟུ་བོའི་བློས་བདེ་གཤེགས་སྙིང་པོའི་རྣམ་གཞག་བསྟན་པའི་ཚུལ་དེ་དག་གི་སྒྲུབ་བྱེད་རིགས་པ་རྣམ་དག་ལ་གཞལ་བ ན་བདེ་གཤེགས་སྙིང་པོ་ངོ་བོ་མི་སྟོང་པའི་བདེན་གྲུབ་རྟག་པ་དང་། ཡོན་ཏན་མེད་པའི་སྟོང་པ་ཕྱང་ཆད་དུ་འདོད་པ་གཉིས་ཀ་ལ་སྒྲུབ་བྱེད་མེད་ལ་གནོད་བྱེད་མཐོང་ཞིང་། ངོ་བོ་སྟོང་པ་དང་རང་བཞིན་ཡོན་ཏན་ཡེ་ལྡན་གྱི་སྙིང་པོ་འགྲོ་བའི་ཁམས་ན་ཡོད་པ་ལ། གནོད་བྱེད་མེད་ཅིང་སྒྲུབ་བྱེད་ཡང་དག་ཡོད་པར་མཐོང་ངོ་། །དེ་ལ་དང་པོ་ཁམས་བདེ་གཤེགས་སྙིང་པོ་འགྲོ་བའི་རྒྱུད་ལ་ཡོད་པའི་སྒྲུབ་བྱེད་གང་ཞེ་ན། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱི་རན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་པའི་དོན་རིགས་པས་གཏན་ལ་དབབ་པ་ལ། གཞན་ལུགས་བརྗོད་པ་དང་། ཡང་དག་པའི་རང་ལུགས་རྣམ་པར་བཞག་པ་གཉིས། དང་པོ་བོད་སྔ་རབས་པ་རྣམས་རྫོགས་སངས་སྐུ་འཕྲོ་བ་ཞེས་ཡེ་ཤེས་ཆོས་སྐུས་ཡུལ་ཀུན་ལ་ཁྱབ་པ་ཙམ་དང་། དེ་བཞིན་ཉིད་སྟོང་རྐྱང་ཙམ་དུ་རིགས་འདྲ་བ་དང་། རིགས་ཡོད་ཅེས་སངས་རྒྱ་རུང་ཡིན་པ་ཙམ་ལ་བཤད་ནས་རྒྱུད་བླ་མའི་གཞུང་གི་སྙིང་པོ་འདིའི་ཐད་ནས་གནད་མ་བསླངས་བའི་ཚིག་ཉུང་ངུར་སྨྲའོ། །དེ་ལ་ཆོས་སྐུས་ཡུལ་ཁྱབ་པ་ཙམ་གྱིས་རིགས་མཚན་ཉིད་པ་མི་འགྲུབ་སྟེ། གཞན་རྒྱུད་ཀྱིས་བསྡུས་པར་སྣང་བའི་སངས་རྒྱས་ཀྱི་མཁྱེན་པས་ཡུལ་ལ་ཁྱབ་པ་ཙམ་དངོས་པོ་ཀུན་ལ་ཡོད་ཀྱང་། དེ་ཡོད་པ་ཙམ་གྱིས་དེ་ཀུན་སངས་རྒྱ་བའི་རྒྱུ་མཚན་མེད་ལ། རང་རྒྱུད་ཀྱི་ཆོས་སྐུ་ནི་ད་ལྟ་མངོན་དུ་མ་གྱུར་པས་རྟགས་ལ་ཐེ་ཚོམ་ཟ་བ་དང་། སྟོང་པ་རྣམ་གྲངས་པ་ཙམ་ལ་རིགས་ཀྱི་དོན་གང་ཡང་མེད་དེ། ཁྱོད་ཀྱི་བསམ་ངོར་རིགས་འདི་ས་བོན་མྱུར་གུ་གོ་འཕོ་བ་བཞིན་དུ་ད་ལྟ་སངས་རྒྱས་ཀྱི་ཡོན་ཏན་ཅི་ཡང་མེད་ཀྱང་། ལམ་རྐྱེན་གྱིས་ཟིན་ན་གཟོད་འགྱུར་རུང་ཡིན་པར་འདོད་ན། བདེན་སྟོང་མེད་དགག་གི་ལྡོག་ཆ་དེ་འདུས་མ་བྱས་དོན་བྱེད་ནུས་པས་སྟོང་པ་ལ་དེ་འདྲའི་ཁྱད་པར་གང་ཡང་འཐད་པ་མེད་དེ། འདུས་བྱས་ས་བོན་གྱི་ཆ་ནི་ཐ་སྙད་དུ་མྱུ་གུར་གནས་འགྱུར་རུང་གི་ས་བོན་གྱི་སྟེང་གི་བདེན་མེད་ཀྱི་ཆ་ནི་མྱུ་གུར་གནས་འགྱུར་བ་ནམ་ཡང་མི་སྲིད་པ་བཞིན་ནོ། །གཞན་ཡང་བདེན་སྟོང་ཡིན་པའི་གནད་ཀྱིས་སངས་རྒྱ་རུང་ཡིན་པར་སྒྲུབ་པའང་བབ་བཅོལ་ཏེ། སེམས་བདེན་གྲུབ་ཡིན་ན་སངས་རྒྱ་མི་རུང་བ་ཙམ་ཡིན་པ་བདེན་ཀྱང་། བདེན་གྲུབ་མེད་པ་ཡིན་ན་སངས་རྒྱ་བའི་ངེས་པ་མེད་དེ། ས་རྡོ་ལ་སོགས་པ་ཆོས་ཐམས་ཅད་ཀྱང་བདེན་མེད་ཡིན་ཀྱང་། བདེན་མེད་ཡིན་ཚད་སངས་རྒྱ་རུང་བར་སུས་སྒྲུབ་པར་ནུས། བདེན་མེད་ལ་དམིགས་པས་སྒྲིབ་པ་སྤོང་ནུས་པ་ཁོ་ནས་རིགས་སུ་འཇོག་པའང་གྱི་ན་སྟེ། སྟོང་པ་ཉིད་ལ་དམིགས་པ་ཁོ་ནས་ཤེས་སྒྲིབ་སྤོང་བའི་རྒྱུ་མཚན་མེད་པར་སླར་ཚོགས་མཐའ་ཡས་པས་བརྒྱན་དགོས་པར་ཁྱོད་རང་འདོད་བཞིན་དུ། མེད་དགག་དེ་འདྲ་ལ་བདེ་གཤེགས་སྙིང་པོ་ཞེས་འདོད་པ་དོན་མེད་དེ། འདི་ཉན་རང་དང་ཐུན་མོངས་པའི་རིགས་སུ་འགྱུར་གྱི། འདིས་སངས་རྒྱ་རུང་མི་འགྲུབ་སྟེ་འདི་ཙམ་ལ་ཤེས་སྒྲིབ་སྤངས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བའི་འཐད་པ་གང་ཡང་སྒྲུབ་མ་ནུས་པ་དང་། མེད་དགག་རང་གི་ངོ་བོ་ལ་མཁྱེན་ཆ་མེད་པས་སངས་རྒྱས་དུས་ཀྱང་དེས་ཅི་ཡང་མཁྱེན་མི་སྲིད་པའི་ཕྱིར་རོ། །དེས་ན་གནས་གྱུར་འདུས་བྱས་ཀྱི་རིགས་ཀྱི་ཚུལ་འདི་ཡིད་ལ་མཛའ་ན། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ན་ཐོག་མ་མེད་པ་ནས་ཡོད་པའི་མཁྱེན་བརྩེ་ནུས་གསུམ་གྱི་ས་བོན། གཅན་གཟན་དང་སྲིན་པོ་སོགས་ཀྱང་རང་གི་བུ་ལ་བརྩེ་བ་དང་། ཕན་གནོད་ངོ་ཤེས་པ་སོགས་ཡོད་པ་དེ། ལམ་གྱིས་ཟིན་ནས་གེགས་བྲལ་ཏེ་ཇེ་འཕེལ་དུ་སོང་བ་ན་ཚད་མེད་པའི་མཁྱེན་བརྩེ་ནུས་གསུམ་མངའ་བ་སངས་རྒྱས་སུ་འགྱུར་རུང་བ་ཙམ་ལ་འདོད་ན་མེད་དགག་ལ་རིགས་སུ་འདོད་པ་ལས་དེ་ལེགས་ཏེ། སྐྱེད་བྱེད་ཀྱི་རྒྱུ་འབྲས་ཡིན་དགོས་ཕན་ཆད། སྐད་ཅིག་ཅན་དངོས་པོར་གྱུར་པའི་རྒྱུ་སྐྱེད་བྱེད་ཡིན་པ་བོར་ནས། དངོས་མེད་འདུས་མ་བྱས་སྐྱེད་བྱེད་མིན་པ་ལ་རྒྱུར་འདོད་པ་ནི་ཡ་མཚན་པའི་གནས་སོ། །ཁ་ཅིག་འདི་སྙམ་དུ་བདེན་མེད་ཡིན་ཚད་རིགས་མ་ཡིན་ཀྱང་སེམས་ཀྱི་རང་བཞིན་བདེན་མེད་ཁོ་ན་རིགས་སུ་འཐད་དོ་སྙམ་ནས། སེམས་ཀྱི་བདེན་མེད་ཡིན་ཀྱང་རུང་དེས་ནི་སྐྱེད་པའི་བྱ་བ་ཅི་ཡང་མི་ནུས་ལ། ཆོས་ཅན་སེམས་ཀྱི་སྐད་ཅིག་མ་རྣམས་ཕྱི་མའི་སྐྱེད་བྱེད་དུ་འོས་པས་འདུས་མ་བྱས་པའི་རིགས་འདི་ཁྱེད་ལ་མི་མཁོ་འདྲ་བས་བོར་ཅིག །གལ་ཏེ་བདེན་གཉིས་སོ་སོར་ཕྱེ་ནས་མི་འཇོག་སྟེ། ཆོས་ཅན་སེམས་ཀྱི་གསལ་བ་དང་ཆོས་ཉིད་སྟོང་པ་ཉིད་དབྱེར་མེད་པའི་གནས་ལུགས་རིགས་སུ་འདོད་དོ་སྙམ་ན། འདི་ཡང་རྣམ་ཤེས་དང་ཡེ་ཤེས་ཀྱི་ཟླས་ཕྱེ་བའི་ཡེ་ཤེས་འགྱུར་མེད་འདུས་མ་བྱས་ལ་འདོད་ན་ནི་དེ་ལྟར་ལུང་དང་རིགས་པས་གྲུབ་པའི་ཕྱིར་ཤིན་ཏུ་ཡིན་མོད་ཀྱི། སྟོང་པ་དང་ཟུང་དུ་འཇུག་རྒྱུའི་ཆོས་ཅན་དེ་རྣམ་ཤེས་སྐད་ཅིག་མའི་ཆ་འདི་ཞེ་ལ་བཞག་ནས་འདི་རིམ་གྱིས་སངས་རྒྱས་སུ་གོ་འཕོའོ་སྙམ་པ་ནི་གྱི་ན་སྟེ། རིགས་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆ་གཉིས་ཡོད་པར་ཐལ་ཞིང་། དེ་ལྟ་ན་དགོས་ནུས་མེད་པའི་འདུས་མ་བྱས་ནི་རིགས་བཏགས་པ་བ་དང་། འདུས་བྱས་ནི་འབྲས་བུ་སྐྱེད་ནུས་ཀྱི་རིགས་མཚན་ཉིད་པར་འགྲོ་བས་རང་བཞིན་གནས་རིགས་འདུས་མ་བྱས་ཆོས་ཀྱི་དབྱིངས་ལ་བཞེད་པའི་ཐེག་ཆེན་གྱི་མདོ་སྡེ་ཀུན་གྱི་དགོངས་པ་སྟོང་པར་ཟད་དོ། །དེས་ན་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་སུ་གྱུར་པའི་སྒོ་ནས་བཞག་པའི་རིགས་ཞིག་སེམས་ཀྱིས་འདོར་མི་ནུས་པར་ཆོས་དབྱིངས་རྣམ་དག་ལ་རང་བཞིན་གནས་རིགས་སུ་སྨྲས་ཀྱང་ཞེ་འདོད་དང་རང་ཚིག་འགལ་བའི་རྟགས་ངོམས་པ་ཙམ་ལས་མ་མཆིས་པས་ཆོས་དབྱིངས་འགྱུར་མེད་ལ་སངས་རྒྱས་ཀྱི་རིགས་སུ་འདོད་ཕན་ཆད། ཐོག་མར་ཆོས་ཀྱི་དབྱིངས་ཞེས་པ་གང་ལ་གདགས་པའི་གཞི་རྣམ་གྲངས་མིན་པའི་དོན་དམ་བདེན་གཉིས་ཟུང་འཇུག་ཆེན་པོ་རབ་ཏུ་མི་གནས་པ་དབུ་མའི་དོན་དེ་ཉིད་ངོས་ཟིན་པར་བྱ་སྟེ། དེ་ངོས་མ་ཟིན་པར་རྣམ་གྲངས་པའི་དོན་དམ་ཙམ་ལ་འདོད་ན་ནགས་སུ་སྤྲེའུའི་ཚོགས་མཐོང་བ་ལ་སུམ་ཅུ་རྩ་གསུམ་པའི་ལྷར་འཁྲུལ་པ་ལྟར་ཆོས་དབྱིངས་མ་ཡིན་པ་ལ་ཆོས་དབྱིངས་སུ་བཟུང་ནས་དེ་ལ་སངས་རྒྱས་ཀྱི་རིགས་སུ་འདོད་པ་དང་། དེ་ཉིད་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དང་། དེ་ངོ་བོ་ཉིད་སྐུའི་རྒྱུར་འདོད་པ་སོགས་རྣམ་གཞག་ཀུན་ཐེག་པ་ཆེན་པོ་ལྟར་བཅོས་པའི་ལམ་ཡིན་པར་གྲུབ་ཅིང་ཤེར་མདོ་སོགས་ལས་ཀྱང་དེ་ལྟར་གསུངས་སོ། །དེ་བས་ན་བདེན་གཉིས་ཟུང་འཇུག་གི་དབྱིངས་སྤྲོས་པའི་དྲྭ་བ་ཀུན་གྱིས་དབེན་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་ལ་རང་བཞིན་རྣམ་པར་དག་པ་ཆོས་ཀྱི་དབྱིངས་དང་སྟོང་པ་ཉིད་ཅེས་བྱ་སྟེ་དེ་ནི་སངས་རྒྱས་ཀྱི་རིགས་མཚན་ཉིད་པ་དང་དག་པ་གཉིས་ལྡན་གྱི་ངོ་བོ་ཉིད་སྐུར་འགྱུར་བ་ཡིན་པར་ཐེག་ཆེན་གྱི་མདོ་དང་དགོངས་འགྲེལ་ཐམས་ཅད་ལས་གསུངས་པས་ན། རང་བཞིན་གནས་རིགས་འདི་འདུས་མ་བྱས་སུ་འདོད་པ་ལས་འོས་མ་མཆིས་ལ། འདུས་མ་བྱས་ཡིན་ཕན་ཆོད་འདི་རང་གི་ངོ་བོ་ཉིད་ཀྱིས་འབྲས་བུ་གཞན་བསྐྱེད་ནས་རང་ཉིད་འགག་པའི་བྱ་བ་བྱེད་པ་མི་འཐད་པའི་ཆོས་སྐུའི་ཡོན་ཏན་རྣམས་ཀྱང་བྲལ་འབྲས་སུ་ཁས་ལེན་པ་ལས་འོས་མེད་ལ། དེ་ལྟར་ཡིན་པར་རྒྱལ་ཚབ་ས་བཅུའི་སེམས་དཔའ་ཆེན་པོས་རྒྱུད་བླ་མ་ལས་གསུངས་པ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པ་ལས་ཀྱང་གསལ་པོར་གསུངས་པའི་ཕྱིར་གཞུང་དེ་དག་གི་རྗེས་སུ་འབྲངས་ནས་རང་ལུགས་ཆོས་དབྱིངས་འདུས་མ་བྱས་པ་རིགས་སུ་འདོད་ཅིང་། དབྱིངས་དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་ལ་དེའི་ངོ་བོ་སྐྱེ་འགག་མེད་པ་དང་། སྣང་སྟོང་དབྱེར་མེད་པའི་བདག་ཉིད་དུ་གནས་ཀྱི་ཕྱོགས་སུ་ལྷུང་བ་མེད་པ་ཡིན་ནོ། །འདི་ལྟར་སྐྱེ་ཞིང་འགག་བར་སྣང་བའི་འདུས་བྱས་རྣམས་ནི་སྣང་བ་ལྟར་མ་གྲུབ་པའི་ཕྱིར་དབྱིངས་ཀྱི་གཤིས་ལ་དེས་གོས་པ་ཡོད་མ་མྱོང་བས། འཁོར་བ་རྒྱུ་འབྲས་ཡེ་ནས་དག་ཅིང་རང་བཞིན་ལྷུན་གྱིས་གྲུབ་པའི་འོད་གསལ་ཟག་མེད་ཀྱི་སྣང་བ་རྣམས་དང་འདུ་འབྲལ་མེད་པའི་གནད་འདིས་བདེ་བར་གཤེགས་པའི་སྙིང་པོའི་ཚུལ་ཕྱིན་ཅི་མ་ལོག་པ་ངོས་ཟིན་པར་བྱ་དགོས་སོ། །དེ་བས་ན་གཉིས་པ་རང་ལུགས་བརྗོད་པ་ལ། གོང་གི་རྐང་པ་དང་པོའི་དོན་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་མཐར་ཐུག་པ་ཆོས་ཀྱི་སྐུ་ཡོན་ཏན་ནམ་མཁའ་དང་མཉམ་པ་དེ་ལྟ་བུ། སྔོན་ཐ་མལ་བ་འཆིང་པ་ཀུན་ལྡན་དུ་གྱུར་པའི་གང་ཟག་གི་རྒྱུད་དེ་ལས་ཕྱིས་གསལ་བའམ། འཕྲོ་བའམ། མངོན་དུ་གྱུར་པ་ཡོད་པས་ན་ད་ལྟ་ནས་སེམས་ཅན་གྱི་རྒྱུད་ན་བདེ་གཤེགས་སྙིང་པོ་ཡོད་ཅེས་བསྒྲུབ་པ་ཡིན་ནོ། །འདིས་ཇི་ལྟར་འགྲུབ་པའི་འཐད་པ་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་ཡོད་དེ། དང་པོ་ཡེ་ཤེས་ཆོས་སྐུ་མངོན་དུ་མཛད་པའི་སེམས་ཅན་ཡོད་ན་སེམས་ལ་སངས་རྒྱ་རུང་གི་རིགས་ཡོད་པས་ཁྱབ་ཅིང་། རིགས་གཏན་མེད་པ་ལ་དེ་ལྟར་མི་འཐད་པའི་ཕྱིར་ཏེ། ཆོས་དབྱིངས་བསྟོད་པ་ལས། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་པ་ན་ལས་བྱས་ཀྱང་། །ཉོན་མོངས་འབའ་ཞིག་སྐྱེ་བར་ཟད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་དེ་ལྟར་འཐད་པ་བསྟན་པ་དཔེ་ཞིང་ས་ལ་ལོ་ཏོག་སྐྱེ་རུང་ལྟར་སེམས་འདི་སངས་རྒྱ་རུང་གི་རྒྱུ་ཙམ་དུ་གྲུབ་ཀྱང་། སངས་རྒྱས་ཀྱི་ཡོན་ཏན་ཡེ་ལྡན་གྱི་རིགས་ཁྱད་པར་བ་ཇི་ལྟར་འགྲུབ་སྙམ་ན། དེ་ཡང་འགྲུབ་སྟེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་བདག་ཉིད་ཡེ་ཤེས་ཀྱི་སྐུ་ཅན་ཏེ། འདུས་བྱས་མི་རྟག་པའི་རང་བཞིན་ཅན་མིན་པར་ལུང་དང་རིགས་པས་གྲུབ་པའི་ཕྱིར་རོ། །དེ་ཡང་ལུང་ནི་མྱ་ངན་ལས་འདས་པའི་མདོ་ལས། དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དེ་བཞིན་གཤེགས་པ་འདུས་མ་བྱས་པ་ལ། དེ་བཞིན་གཤེགས་པ་འདུས་བྱས་ཡིན་ནོ་ཞེས་ཟེར་བས་ནི་མུ་སྟེགས་པར་གྱུར་ཏེ་ཤི་ཡང་སླའོ། །ཞེས་དང་། རིགས་ཀྱི་བུ། ད་ནི་དེ་བཞིན་གཤེགས་པ་རྟག་པའི་སྐུ་དང་། མི་ཤིགས་པའི་སྐུ་དང་། རྡོ་རྗེའི་སྐུ་དང་། ཤའི་སྐུ་མ་ཡིན་པ་དང་། ཆོས་ཀྱི་སྐུར་ལྟོས་ཤིག །ཅེས་དང་། ཡང་། དེ་བཞིན་གཤེགས་པ་མི་རྟག་གོ་ཞེས་བྱ་བའི་ཚིག་སྨྲ་བས་ནི་ཤིང་གི་ཕུང་པོ་འབར་པ་འདི་ལ་ལྕེས་ཀུན་ནས་རེག་པར་བྱས་ཏེ་ཤི་ཡང་སླའི། ཚིག་དེ་ནི་མཉན་པར་མི་བྱའོ། །ཞེས་དང་། མེད་དགག་གི་ཆ་ཙམ་མྱང་འདས་སུ་མི་རུང་བ་ཡང་ལུང་དེ་ལས། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་གང་གི་ཚེ་བཙལ་ཀྱང་ཅི་ཡང་མ་རྙེད་པ་སྟེ། ཅི་ཡང་མེད་པ་ཞེས་བྱ་བ་ནི་གཅེར་བུ་བ་རྣམས་ལའང་ཡོད་མོད་ཀྱི། ཐར་པ་ནི་དེ་ལྟ་མ་ཡིན་ནོ། །ཞེས་དང་། ཐར་པ་གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་ཁམས་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པའོ། །ཞེས་དང་། རྡོ་རྗེ་གཅོད་པ་ལས་ཀྱང་། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པ་ལ་སོགས་པས་མཚོན་ཏེ་ངེས་དོན་གྱི་མདོ་སྟེ་ཀུན་ལས་རྒྱ་ཆེར་བསྟན་པ་དང་། རིགས་པ་ཡང་། གདོད་མའི་ཆོས་དབྱིངས་དང་གཉིས་སུ་མེད་པར་རོ་མཉམ་པའི་འབྲས་བུ་མཐར་ཐུག་པ་རྣམ་མཁྱེན་གྱི་ཡེ་ཤེས་ཉིད་རྒྱུ་རྐྱེན་གྱིས་གསར་དུ་འདུས་བྱས་པའི་མི་རྟག་པ་ཡིན་ན། རང་བྱུང་གི་ཡེ་ཤེས་མ་ཡིན་པ་དང་། འགྱུར་བའི་ཟུག་རྔུ་མ་སྤངས་པ་དང་། ཡང་འགགས་ཡང་སྐྱེ་བའི་ཆ་དང་བཅས་པ་དང་། རང་གི་ངོ་བོས་འཇིག་པས་བསླུ་བ་ཅན་དང་། གཏན་གྱི་སྐྱབས་སུ་མ་གྱུར་པ་རང་ཉིད་སྐྱེས་མ་ཐག་ཏུ་འགགས་པའི་ཕྱིར་དང་། རྒྱུའི་ཚོགས་པ་ཚང་བ་གང་དུ་ཉི་ཚེ་བར་གནས་པའི་ཕྱིར་དང་། ཆོས་ཀུན་ལ་རོ་མཉམ་དུ་མ་སོང་བ་དང་། མཐའ་ཀུན་ལས་མ་འདས་པ་དང་། ཡིད་ཀྱི་རང་བཞིན་གྱི་སྐྱེ་བ་སོགས་མ་འགགས་པ་དང་། རང་དབང་མེད་པར་འདུ་བྱེད་པའི་གཞན་དབང་ཅན་དུ་ཐལ་བ་སོགས་ཀྱི་སྐྱོན་དང་བཅས་པས་དེ་ལྟར་ཁས་ལེན་པ་ལ་རྡོ་རྗེའི་སྐུ་ལ་མི་རྟག་པར་བལྟ་བའི་ཉེས་པ་ཤིན་ཏུ་རྒྱ་ཆེར་འབྱུང་བས་ན། ལམ་ངན་པ་འདི་དོར་ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ནི་འདུས་མ་བྱས་དང་རྟག་པ་དམ་པ་བལྟ་བར་བྱ་སྟེ། ཐུན་མོང་ཚུ་རོལ་མཐོང་བ་ལ་བརྟེན་པའི་རིགས་པ་ཙམ་གྱིས་གཞལ་ནས་ཡེ་ཤེས་འདུས་མ་བྱས་པ་མི་སྲིད་དེ། ཤེས་པ་དང་རྟག་པའི་གཞི་མཐུན་མི་སྲིད་པས་སོ་སྙམ་པ་ནི་གྱི་ན་སྟེ། ཡུལ་ཤེས་པའི་ཤེས་པ་ཉི་ཚེ་པ་ལ་མི་རྟག་པས་ཁྱབ་ཀྱང་། ཤེས་དང་ཤེས་བྱ་རོ་གཅིག་པའི་ཡེ་ཤེས་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་དེ་དང་མི་འདྲ་སྟེ། འདུས་མ་བྱས་པའི་རང་གདངས་འོད་གསལ་མི་འགྱུར་བའི་ངང་དེར་འཁོར་འདས་ཀྱི་ཆོས་ཀུན་འུབ་ཆུབ་པས་ན་དེའི་ངོ་བོ་ལ་སྐྱེ་འགགས་ཡེ་ནས་མེད་པར་མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱིས་གྲུབ་པའི་ཕྱིར་རོ། །དེས་ན་དེ་འདྲ་བའི་ཡེ་ཤེས་དེ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་མཐའ་གང་ལའང་མི་གནས་པའི་འདུས་མ་བྱས་ཆེན་པོ་སྟེ། དངོས་མེད་རྐྱང་པ་དང་གཏན་མི་འདྲ་ལ། དངོས་དངོས་མེད་གཉིས་ཀ་ཆོས་ཅན་ཡིན་ཞིང་། དེ་དག་བརྟེན་ནས་སྐྱེས་པའམ་བརྟེན་ནས་བཏགས་པའི་ཕྱིར་ན་ཡང་དག་པར་དཔྱད་ན་འདུས་བྱས་དང་གསོག་གསོབ་རྫུན་པ་བསླུ་བ་ཡིན་ལ། བདེ་གཤེགས་སྙིང་པོ་ནི་དངོས་དངོས་མེད་ཀྱི་ཆོས་ཀུན་གྱི་ཆོས་ཉིད་འདུས་མ་བྱས་ཆེན་པོ་ཡང་དག་པར་མི་བསླུ་བ་ཡིན་ཏེ། རྩ་བ་ཤེས་རབ་ལས། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་དང་། དངོས་དང་དངོས་མེད་འདུས་བྱས་ཡིན། མྱ་ངན་འདས་པ་འདུས་མ་བྱས། ཞེས་གསུངས་པ་བཞིན་ནོ། །དེ་ལྟར་མཐར་ཐུག་ཆོས་སྐུའི་ཡེ་ཤེས་དེ་ནི་སྲིད་ཞི་ཀུན་ཁྱབ་དང་མཉམ་པ་ཉིད་དང་འདུས་མ་བྱས་པ་དང་། འགྱུར་མེད་དོན་དམ་པའི་རང་བཞིན་དུ་ངེས་པ་དོན་གྱི་མདོ་སྡེའི་ལུང་དང་མཐར་ཐུག་དཔྱོད་པའི་རིགས་པས་གྲུབ་པ་ན། དེ་ནམ་ཞིག་མངོན་དུ་འགྱུར་རུང་གི་རྒྱུད་ན་ད་ལྟ་ནས་ཡེ་ཤེས་ཆོས་སྐུའི་རང་བཞིན་ཆོས་ཉིད་ཀྱི་ཚུལ་དུ་བྲི་གང་དང་བྲལ་བར་བཞུགས་པ་དེ་ཉིད་ལ། གློ་བུར་གྱི་དྲི་མ་བྲལ་མ་བྲལ་གྱི་སྣང་ཚུལ་ལ་མངོན་དུ་གྱུར་མ་གྱུར་ཡོད་ཀྱང་། གནས་ཚུལ་ལ་སྔ་ཕྱིར་བཟང་ངན་གྱི་ཁྱད་པར་ཏིལ་ཙམ་མེད་དེ། འགྱུར་མེད་འདུས་མ་བྱས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང་། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་སོགས་འཁོར་བའི་ཆོས་ཐམས་ཅད་འགྱུར་ཞིང་མི་བརྟན་པ་ཡིན་ལ་དེ་ཀུན་ཆོས་ཉིད་དེའི་ངང་དུ་འཕོ་འགྱུར་བྱེད་པ་ལྟར་སྣང་ཡང་། སེམས་ཀྱི་དག་པ་བདེ་གཤེགས་སྙིང་པོ་ནི་ནམ་མཁའ་ལྟར་འཕོ་འགྱུར་མེད་པར་ཡང་ནས་ཡང་དུ་གསུངས་པ་ལྟར་ཤེས་པར་བྱ་ལ། དེ་ལྟར་འདུས་མ་བྱས་འོད་གསལ་བའི་དབྱིངས་ལ་འཁྲུལ་པས་གོས་པ་མེད་པར་རང་བཞིན་གྱིས་རྣམ་པར་དག་ཅིང་། མ་འཁྲུལ་པ་གཤིས་ཀྱི་རང་གདངས་ལ་ལྷུན་གྱིས་གྲུབ་པའི་སྟོབས་སོགས་འབྲས་ཆོས་ཀྱི་ཡོན་ཏན་འབྲལ་མེད་དུ་གནས་ཏེ་ཉི་མ་དང་འོད་ཟེར་བཞིན་ནོ། །དེ་ལྟར་ཡང་རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་འཁོར་བའི་ཉེས་པ་ཐམས་ཅད་ནི་ང་དང་ཆོས་ཀྱི་བདག་ཏུ་འཛིན་པ་འཁྲུལ་པའི་སེམས་ལས་བྱུང་ལ། འཁྲུལ་སེམས་དེ་ཡང་གདོད་མའི་གཤིས་འོད་གསལ་ལ་ཡེ་ནས་མ་གོས་མ་འདྲེས་པར་མཁའ་ལ་སྤྲིན་ལྟར་གློ་བུར་བ་ཡིན་པས་སྐྱོན་དེ་དག་ནི་ཁམས་དང་སོ་སོར་འབྱེད་ཅིང་འབྲལ་རུང་བ་ཡིན་པས་ཁམས་ཀྱི་ངོ་བོ་ལ་སྐྱོན་དེས་སྟོང་པ་སྟེ་མ་གོས་པ་ཡིན་ལ། འཁྲུལ་པས་བསླད་པ་ལ་མི་ལྟོས་པར་རང་གི་ངང་གིས་འོད་གསལ་ཞིང་ཆོས་ཀུན་གྱི་དེ་ཁོ་ན་ཉིད་དུ་ཞུགས་པའི་རང་བྱུང་གི་ཡེ་ཤེས་ལས་རྣམ་དབྱེར་བྱར་མེད་པའི་མཐར་ཐུག་གི་ཡོན་ཏན་རྣམས་ཀྱི་ཁམས་དེ་མི་སྟོང་སྟེ། རང་གི་ངོ་བོ་ལ་འབྲལ་མེད་ཀྱི་གཤིས་ཡིན་པས་ཉི་མ་དང་ཟེར་བཞིན་ནོ། །དེ་ལྟར་རང་བཞིན་གནས་རིགས་དེ་འདུས་མ་བྱས་པ་ཡོན་ཏན་ཡེ་ལྡན་ཆོས་སྐུའི་ངོ་བོར་གྲུབ་པ་ན་སངས་རྒྱ་རུང་བས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་ཡེ་ཤེས་ཆོས་སྐུ་བྲི་གང་དང་བྲལ་བར་བཞུགས་དགོས་ཏེ། ལམ་བསྒོམས་ན་སངས་རྒྱ་རུང་བར་དངོས་སྟོབས་ཀྱིས་གྲུབ་ལ། སངས་རྒྱས་དུས་ཀྱི་ཆོས་སྐུ་དེ་འདུས་མ་བྱས་ཡིན་པས་གསར་དུ་རྒྱུ་རྐྱེན་གྱིས་འདུས་བྱས་པ་མི་སྲིད་པའི་ཕྱིར་ད་ལྟ་ནས་སངས་རྒྱས་ཀྱིི་ངོ་བོར་བཞུགས་ཞེས་གྲུབ་བོ། །དེ་ལ་ཁ་ཅིག་འདི་སྙམ་དུ་ད་ལྟ་ནས་སངས་རྒྱས་པའི་ངོ་བོར་བཞུགས་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེས་སེམས་ཅན་དེ་དག་གི་སྒྲིབ་པ་ཅི་ལ་མི་སེལ་སྙམ་པ་དང་། ཡང་ཐེག་པ་ཐུན་མོང་པའི་གོ་ཡུལ་ལ་ཞེན་ནས་སངས་རྒྱས་ནི་འབྲས་བུ་དང་སེམས་ཅན་རྒྱུ་ཡིན་པས་རྒྱུ་ལ་འབྲས་བུ་ཡོད་ན་ཟན་ཟ་མི་གཙང་ཟ་བའི་རིགས་པ་སོགས་ཀྱིས་གནོད་དོ་སྙམ་ན། ཤིན་ཏུ་ཟབ་པའི་ངེས་དོན་གྱི་མདོ་སྡེའི་དོན་ལ་བློ་མ་སྦྱངས་པ་ཁྱོད་ལ་ཐུན་མོང་པའི་གཞུང་གི་གོ་བ་ཙམ་གྱིས་ཁྲིད་ནས་དོགས་པ་ད་ལྟར་སྐྱེ་བ་ལ་ཁགས་མེད་ཀྱང་། དེ་མ་ཡིན་ཏེ་ཆོས་ཉིད་འོད་གསལ་བའི་ཡེ་ཤེས་ཀུན་ལ་ཁྱད་མེད་པར་ཡོད་ཀྱང་། རང་སེམས་འཁྲུལ་པ་གློ་བུར་བ་འདི་སྐྱེས་པའི་ཚེ་འཁྲུལ་སེམས་ཡུལ་དང་བཅས་པ་འདི་ཙམ་འཁོར་བའི་གདགས་གཞི་ཡིན་ལ་འཁྲུལ་པ་དེས་རང་ལ་ཡོད་པའི་ཆོས་ཉིད་ཇི་ལྟ་བ་བཞིན་དུ་མི་ཤེས་ཏེ། དཔེར་ན་གཉིད་ཀྱི་དུས་ན་ཡིད་ཀྱི་ཤེས་པ་གཅིག་པུའི་དབང་གིས་ལུས་དང་ཡུལ་དང་མིག་ཤེས་ལ་སོགས་པའི་སྣང་བ་མུ་མེད་པ་བྱུང་བ་ལ། དེ་དུས་ཡུལ་ཡུལ་ཅན་སོ་སོར་འཛིན་ཅིང་དམིགས་ཀྱི། ཡིད་ཤེས་ཁོ་རང་གིས་རང་གི་ཡིན་ལུགས་གཟུང་འཛིན་ཐ་དད་དུ་མ་གྲུབ་པ་ཤེས་མི་ནུས་ལ། མ་ཤེས་ཀྱང་ཡིན་ལུགས་དེ་ལས་གཞན་དུ་གྱུར་པ་མེད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གནས་ཀྱང་དེ་ལྟར་ཡིན་པ་ཙམ་གྱིས་ཀུན་གྱིས་རྟོགས་དགོས་པ་མ་ཡིན་པ་བཞིན་ཏེ། གནས་སྣང་མི་མཐུན་པའི་འཁྲུལ་པ་སྲིད་པའི་ཕྱིར་རོ། །དེས་ན་སེམས་དང་སྙིང་པོའི་ཡེ་ཤེས་གཉིས་ཆོས་ཅན་དང་ཆོས་ཉིད་ཡིན་ལ་སངས་རྒྱས་དང་སེམས་ཅན་ཀྱང་གནས་ཚུལ་དང་སྣང་ཚུལ་གྱི་དབང་དུ་བྱས་ནས་སྟོན་པའི་ཕྱིར་རྒྱུ་ལ་འབྲས་གནས་ཀྱི་རིགས་པའི་གནོད་པ་སྟོན་པ་ནི་ཕྱོགས་མ་གོ་བར་ཟད་དོ། །དེ་ལྟར་རིགས་པ་འདི་ནི་འབྲས་དུས་ཀྱི་ཆོས་སྐུ་མངོན་དུ་གསལ་བའི་རྟགས་ཀྱིས་རྒྱུ་དུས་ཀྱི་རིགས་ཡོན་ཏན་ཡེ་ལྡན་ཅན་ཡོད་པར་སྒྲུབ་པ་སྟེ། གནས་ཚུལ་ལ་སྔ་ཕྱི་རྒྱུ་འབྲས་སུ་མེད་ཀྱང་སྣང་ཚུལ་ལ་ལྟོས་ནས་རྒྱུ་འབྲས་སུ་བཞག་དགོས་པའི་ཕྱིར་འབྲས་བུ་ལས་རྒྱུ་བསྒྲུབ་པ་ལྟོས་པའི་རིགས་པ་ཞེས་བྱ་བ་ཡིན་ནོ། །རྐང་པ་གཉིས་པ། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། ཞེས་པའི་དོན་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་གནས་ལུགས་སྟོང་པ་ཉིད་གདོད་མའི་འོད་གསལ་ཆེན་པོར་དབྱེར་མེད་རོ་གཅིག་པས་ན། སངས་རྒྱས་དང་སེམས་ཅན་ཀྱང་དོན་དམ་པར་དབྱེ་བ་མེད་དེ་སྲིད་ཞི་མཉམ་པ་ཉིད་དོ། །དེའི་ཕྱིར་འཁྲུལ་པ་གློ་བུར་བས་སྤྲུལ་པའི་སེམས་ཅན་ལྟར་སྣང་བ་རྣམས་ཀྱང་གནས་ལུགས་དོན་དམ་པའི་ཆོས་ཉིད་ལས་ཅུང་ཟད་ཀྱང་མ་གཡོས་པར་ཆོས་ཉིད་ཀྱི་རིགས་པས་གྲུབ་པས་ན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་ངེས་ཏེ། མདོ་ལས་ཀྱང་ཆོས་ཐམས་ཅད་གདོད་མ་ནས་འོད་གསལ་བ་དང་། མྱ་ངན་ལས་འདས་པ་དང་མངོན་པར་སངས་རྒྱས་པའི་རང་བཞིན་དུ་གསུངས་པ་ཡིན་ནོ། །འོ་ན་ཁྱོད་ཀྱིས་སྔར་གཞན་ལ་བརྗོད་པ་ལྟར་དེ་བཞིན་ཉིད་དུ་དབྱེར་མེད་པ་ཙམ་གྱིས་རིགས་ཡོད་པར་འགྲུབ་ན། ས་རྡོ་སོགས་ལའང་རིགས་ཡོད་པར་ཐལ་ལོ་སྙམ་ན། རིགས་ཞེས་བྱ་བ་ནི་འཁྲུལ་པའི་སེམས་ཀྱི་དབང་གིས་འབྱུང་བའི་སྒྲིབ་གཉིས་ཟད་པར་སྤངས་ནས་ཤེས་བྱའི་རང་བཞིན་ལ་མ་འཁྲུལ་པའི་བློ་རྒྱས་པའི་སངས་རྒྱས་ཀྱི་རྒྱུ་སྐྱོན་མེད་ལ་འཇོག་དགོས་ན། དེ་སེམས་མ་ཡིན་པ་ས་རྡོ་སོགས་བེམ་པོ་ལ་ལམ་སྒྲུབ་པ་མེད་པས་ཐ་སྙད་དུ་དེ་བཞིན་ཉིད་དུ་དབྱེར་མེད་ནའང་དེ་ལ་རིགས་ཡོད་པར་འཇོག་མི་དགོས་ཏེ། སེམས་ཀྱི་དབང་གིས་ས་རྡོ་སོགས་སྣང་གི །ས་རྡོ་སོགས་ཕྱི་རོལ་གྱི་དབང་གིས་སེམས་བྱུང་བ་མ་ཡིན་པ། རྨི་ལམ་གྱི་སྣང་བ་དང་དེ་དུས་ཀྱི་ཤེས་པའི་དཔེས་མཚོན་ཏེ་ཤེས་པར་བྱ་ལ། ཁམས་གསུམ་གྱི་བྱེད་པ་པོ་སེམས་འདི་ལ་ཆོས་ཉིད་བདེ་གཤེགས་སྙིང་པོ་དོན་དམ་པའི་དགེ་བ་ཟག་མེད་ཀྱི་རང་བཞིན་ཅན་ཉིད། ཆུ་ལ་རླན་ལྟར་བཞུགས་པར་ཤེས་པས་འཁོར་འདས་ཀྱི་སྣང་བ་རྣམས་ནི་རྣམ་ཤེས་དང་ཡེ་ཤེས་དེ་དག་གི་རོལ་པ་ཙམ་ཡིན་པས་ཐ་དད་དུ་མི་དགོས་ལ། ཡང་དག་པའི་དོན་དུ་ཆོས་ཉིད་ཡེ་སངས་རྒྱས་པའི་ངང་ལས་མ་གཡོས་པའི་སྣང་བ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ངང་ཚུལ་ལས་མི་འདའ་བར་ཤིན་ཏུ་ཡང་ཁས་ལེན་ཏེ། སྡུད་པ་ལས། གཟུགས་ཀྱི་དག་པ་འབྲས་བུ་དག་པར་རིག་པར་བྱ། །འབྲས་བུ་གཟུགས་དག་ཐམས་ཅད་མཁྱེན་ཉིད་དག་པར་འགྱུར། །ཐམས་ཅད་མཁྱེན་ཉིད་འབྲས་བུ་དག་དང་གཟུགས་དག་པ། །ནམ་མཁའི་ཁམས་དང་མཚུངས་ཏེ་དབྱེར་མེད་བཅད་དུ་མེད། །ཅེས་གསུངས་པ་ལྟར། ཡུལ་ཅན་སྒྲིབ་པ་ལས་གྲོལ་བའི་དག་པ་གང་ཡིན་པ། ཡུལ་གཟུགས་ལ་སོགས་པའི་དག་པའམ་རང་བཞིན་ཡིན་ཏེ། རང་སྣང་གི་སྒྲིབ་པ་རིམ་བྲལ་གྱི་མཐོང་ཚུལ་ཙམ་ལས་དོན་གྱི་ངོ་བོ་ཡེ་ནས་སྒྲིབ་བྲལ་དུ་གནས་པའི་ཕྱིར་རོ། །དེས་ན་ཡུལ་ཅན་རིག་པའི་ཁམས་ཀྱི་དྲི་མ་ཟད་དེ་སངས་རྒྱས་པ་ན། ཡུལ་གྱི་དངོས་པོས་དག་པར་ལྷག་མར་མི་ལུས་ཏེ། མིག་སྐྱོན་དག་ན་རབ་རིབ་རང་སངས་པ་བཞིན་ནོ། །འོ་ན་གཅིག་སངས་རྒྱས་དུས་སྣང་བ་མ་དག་པ་ཀུན་འགག་གོ་སྙམ་ན་མ་ཡིན་ཏེ། གང་ཟག་སོ་སོའི་རང་སྣང་གི་སྒྲིབ་པས་རང་བསྒྲིབས་ནས་གནས་སྣང་འགལ་བར་མཐོང་བ་ཡོད་པའི་ཕྱིར་རོ། །འོ་ན་གནས་སྣང་རྣམ་པ་ཀུན་ཏུ་མཐུན་པ་སངས་རྒྱས་ཀྱི་ས་ན་མ་དག་པའི་སྣང་བ་འདི་ཀུན་མངའ་འམ་མི་མངའ། མངའ་ན་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་མ་རྒྱས་ལ། མི་མངའ་ན་ཀུན་ཏུ་འགྲོ་བའི་ལམ་ལ་སོགས་པ་མཁྱེན་པར་མི་སྲིད་དོ་སྙམ་ན། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་སྲིད་དོ་ཅོག་ཀུན་རང་དང་རོ་མཉམ་པའི་ངང་ནས་འབད་མེད་ལྷུན་གྲུབ་ཏུ་མཁྱེན་ཅིང་། དེ་ལ་རང་ངོར་ཐམས་ཅད་དག་པ་ཆེན་པོར་གཟིགས་པ་ལས་མ་འདས་བཞིན་དུ་འགྲོ་བ་རིགས་དྲུག་གི་སྣང་བ་རྣམས་ཀྱང་སོ་སོའི་སྣང་ཚུལ་ལྟར་གཟིགས་པ་འདི་ནི། ཡུལ་དང་ཡུལ་ཅན་གྱི་གཉིས་སྣང་གི་སྒྲིབ་པ་མཐའ་དག་ཟད་པའི་སྟོབས་ཀྱིས་ཆོས་ཅན་ཇི་སྙེད་པ་མ་འདྲེས་ཡོངས་རྫོགས་ཀྱི་ཚུལ་དུ་ཆོས་ཉིད་ཀྱི་ཀློང་དུ་ཆུད་པའི་གནད་ཀྱིས་རོ་མཉམ་པའི་ཡེ་ཤེས་སྐྱེ་འགག་དང་བྲལ་བས་ཅིག་ཆར་གཟིགས་པ་སྟེ། ཚུལ་མཐོང་གིས་ལྟ་ཅི། ས་ལ་གནས་པས་ཀྱང་བསམ་པར་དཀའ་བའོ། །དེའི་ཚུལ་ཀྱང་ཇི་སྐད་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཆོས་ཀུན་མཉམ་པ་ཉིད་མཉམ་པར། །རང་བྱུང་པས་ནི་རྗེས་སུ་རྟོགས། །དེ་ཕྱིར་ཡང་དག་མངོན་སངས་རྒྱས། །དེ་བཞིན་གཤེགས་པ་གཟིགས་པ་མཉམ། །ཞེས་དང་། སེམས་རང་བཞིན་གྱིས་འོད་གསལ་བ་དེ་བཞིན་དུ་ཤེས་པས་དེ་དེའི་ཕྱིར་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་སློབ་དཔོན་ཟླ་བ་གྲགས་པའི་ཞལ་ནས། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། །དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེ་ཡི་ཕྱིར། །རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ན། །མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་གསུངས་པ་ལྟར་དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོས། ཆོས་ཐམས་ཅད་ཁྱབ་ཅིང་འབད་མེད་གཟིགས་པ་རྒྱ་མཚོ་ལ་ཟླ་སྐར་ཤར་བའི་ཚུལ་དུ་ཁྱབ་ཅིང་རྟོག་པ་ཉེ་བར་ཞི་བའི་ངང་ནས་གཟིགས་པ་འདི་རང་བྱུང་འོད་གསལ་བའི་ཡེ་ཤེས་གཞི་ལ་བཞུགས་པའི་ཆོས་ཉིད་དེ་སྒྲིབ་པ་མཐའ་དག་ཟད་ནས་ཇི་བཞིན་མངོན་དུ་གྱུར་པའི་སྟོབས་ཀྱིས་ཡིན་པས་མཐར་ཐུག་དཔྱོད་པའི་ཆོས་ཉིད་ཀྱི་རིགས་པ་ཡང་དག་ལ་བརྟེན་ན་མི་ལྡོག་པའི་ཡིད་ཆེས་རྙེད་པར་འགྱུར་གྱི། གཞན་དུ་ཉི་ཚེ་བའི་བློས་གཞལ་ནས་སངས་རྒྱས་ཀྱི་ས་ན་ཡེ་ཤེས་མེད་པའམ། ཡོད་ཀྱང་འགྱུར་བཅས་ཀྱི་བློ་ཐ་མལ་པ་དང་མཚུངས་པར་སྒྲུབ་པ་དང་། སེམས་ཅན་གྱི་ཁམས་མི་གཟིགས་པའམ་ཡང་ན་མ་དག་པའི་སྣང་བ་ཡོད་པར་འདོད་པ་དང་། ཇི་ལྟ་ཇི་སྙེད་ངོ་བོ་རོ་མཉམ་དུ་སྒྲུབ་མ་ནུས་པ་སོགས་འགལ་འདུ་དང་ཀུན་རྟོག་གི་རྙོགས་མ་མང་དུ་སློང་བ་མཐོང་ངོ་། །རྐང་པ་གསུམ་པ་རིགས་ཡོད་ཕྱིར་ན། ཞེས་པའི་དོན་ནི། སེམས་ཅན་ཐམས་ཅད་ལ་སངས་རྒྱ་རུང་གི་རིགས་ཡོད་དེ། དྲི་མ་གློ་བུར་བ་སྤང་རུང་དུ་གྲུབ་ཅིང་། ཡོན་ཏན་ཡེ་ལྡན་གྱི་ཆོས་སྐུ་ཀུན་ལ་ཁྱད་མེད་པར་ཡོད་པར་གྲུབ་པས་སོ། །དེ་ལྟར་སངས་རྒྱ་རུང་གི་རིགས་ཡོད་ན་ལུས་ཅན་དེ་དག་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་ངེས་ཏེ། དེ་དག་སངས་རྒྱས་པའི་གནས་སྐབས་ཡོད་ལ། སངས་རྒྱས་ཆོས་སྐུ་དེ་ཡང་ངོ་བོ་འདུས་མ་བྱས་སུ་གྲུབ་པས་སྔ་ཕྱི་ལ་བཟང་ངན་གྱི་ཁྱད་པར་ངོ་བོའི་ཆ་ནས་མེད་པའི་ཕྱིར་རོ། །རིགས་པ་གསུམ་པ་འདིས་རྒྱུ་ལས་འབྲས་བུ་སྐྱེད་པར་ཤེས་པ་བྱ་བ་བྱེད་པའི་རིགས་པ་ཡིན་ནོ། །འདིར་རྒྱུ་ཡོད་ཙམ་གྱིས་འབྲས་བུ་འབྱིན་པར་དཔོག་པ་ཙམ་མིན་ཏེ། ཆོས་ཉིད་དེ་བཞིན་ཉིད་ཀྱི་རིགས་ལ་འགྱུར་བ་མེད་པ་དང་། དེ་འབྲས་དུས་ངོ་བོ་ལ་བཟང་ངན་མེད་པ་དང་། གློ་བུར་པའི་དྲི་མ་རྣམས་ཡུན་ཇི་ལྟར་རིང་ཡང་འབྲལ་རུང་ཡིན་པས་རིགས་དེ་སངས་རྒྱལ་བ་ལ་ནམ་ཡང་ཆུད་ཟ་བ་མི་སྲིད་པའི་གནད་ཀྱིས་སོ། །དེ་ལྟར་རྒྱུ་རིགས་ཡོད་པ་དེ་འབྲས་དུས་ཀྱི་ཆོས་སྐུ་དང་ངོ་བོ་ཁྱད་མེད་དང་། འབྲས་དུས་ཀྱི་ཆོས་སྐུ་ཡོད་ན་དེ་སེམས་ཅན་གྱི་དུས་ནའང་འཕེལ་འབྲི་མེད་པར་ཡོད་དགོས་པ་དང་། རྒྱུ་འབྲས་དང་སྔ་ཕྱིར་བཏགས་ཀྱང་དོན་ལ་ཆོས་དབྱིངས་འགྱུར་མེད་ཀྱི་ངོ་བོར་རོ་གཅིག་པའི་རིགས་པ་དེ་གསུམ་གྱིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་འགྲུབ་སྟེ་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རིགས་པ་ཡང་དག་གི་ལམ་ནས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཡོད་པར་སྒྲུབ་པའི་རིགས་པ་འདིས་མཐར་ཐུག་གི་ཐར་པ་དང་། དེ་བཞིན་གཤེགས་པ་དང་ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་པ་རྣམས་ཐ་དད་དུ་མེད་ལ། དེ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱི་སྟོབས་ལས་བྱུང་བར་ཤེས་ན་མཐར་ཐུག་ཐེག་གཅིག་ཏུ་འགྲུབ་ཀྱི། གཞན་དུ་བདེ་གཤེགས་སྙིང་པོ་ཞེས་པ་སེམས་ཅན་གྱི་ཁམས་ན་མེད་པ་དང་། སངས་རྒྱས་ཀྱི་དུས་ན་མེད་པ་དང་། རྒྱུ་དུས་ཡོན་ཏན་མེད་པ་ལ་འབྲས་དུས་གསར་དུ་ཡོན་ཏན་ཅན་དུ་སྨྲ་བ་སོགས་ཐེག་པ་ཆེན་པོའི་དོན་ལ་རྒྱབ་ཀྱིས་ཕྱོགས་པ་དག་གི་ལུགས་ལ་མཐར་ཐུག་ཐེག་གཅིག་སྒྲུབ་པའི་རིགས་པ་པྲ་ཡས་པར་འགྱུར་རོ། །དེའི་ཕྱིར་ཐེག་པ་མཆོག་གི་གནས་ལ་མོས་པ་རྣམས་ཀྱིས་གནས་འདི་ལ་ཤིན་ཏུ་བློ་གྲོས་འབྱོར་པར་བྱ་དགོས་སོ། །དེ་ལྟར་སེམས་ཅན་གྱི་དུས་ན་ཡོན་ཏན་ཡེ་ལྡན་གྱི་ཁམས་ཡོད་པར་བཞག་པ་དེ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཟབ་མོ་ཡིན་པས་སངས་རྒྱས་ཀྱིས་ཀྱང་འཁོར་རྣམས་ལ་དེའི་གསུང་གིས་ཡིད་ཆེས་པར་གྱིས་དང་མི་བསླུ་བར་འགྱུར་གྱི་རང་སྟོབས་ཀྱིས་ཤེས་པར་དཀའ་བའི་ཚུལ་གྱིས་བཀའ་སྩལ་པས་ཟབ་མོའི་མཐར་ཐུག་ཏུ་བསྟན་པ་ཡིན་པས། འདི་ལ་བློ་ཆུང་རྟོག་གེ་རྣམས་རྒོལ་བ་བརྒྱུད་མར་བྱེད་དེ། སངས་རྒྱས་དང་སེམས་ཅན་གྱི་གཞི་མཐུན་གྱི་སེམས་ཡོད་པར་ཐལ་བ་སོགས་ཐ་སྙད་ལ་བརྟེན་པའི་ཀླན་ཀ་ཇི་སྙེད་པ་ནི་གྱི་ནར་སྨྲ་བ་སྟེ། ཇི་སྐད་དུ་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དང་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་དུ་ཡང་གང་རྟོགས་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་གསུངས་པ་ལྟར། སེམས་ཀྱི་ཆོས་ཉིད་སྙིང་པོའི་ཁམས་དང་། ཆོས་ཅན་གྱི་སེམས་གཉིས་གཅིག་ཐ་དད་གང་དུའང་ཁས་བླང་མི་དགོས་ལ། གནས་ཚུལ་ཆོས་ཉིད་ཀྱི་དོན་ལས་མ་འདས་ཀྱང་། སྣང་ཚུལ་འཁྲུལ་པ་སྲིད་པ་ལ་འགལ་པ་མེད་པར་མ་ཟད། དེ་ལས་གཞན་དུ་ཐར་པ་མེད་པའམ། སུ་ཡང་འཁྲུལ་མི་སྲིད་པ་སོགས་ཀྱི་སྐྱོན་དུ་འགྱུར་ལ། གནས་སྣང་མི་མཐུན་པ་ཡོད་པའི་ཕྱིར་འཁྲུལ་བའི་སེམས་ཅན་སྲིད་ཅིང་། དེ་ལམ་ལ་ཞུགས་པས་འཁྲུལ་པ་སྤངས་ནས་སངས་རྒྱས་པའང་ཡོད་པར་འགྲུབ་པ་ཡིན་ནོ། །དོན་དམ་དཔྱོད་པའི་རིགས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྲུབ་ཀྱང་དེས་སྙིང་པོའི་ཡོན་ཏན་འགོག་པར་མིི་འགྱུར་ཏེ་ཡོན་ཏན་བླ་ན་མེད་པ་ཡོད་ཀྱང་ངོ་བོ་སྟོང་པར་འདི་པས་ཀྱང་ཞལ་གྱིས་བཞེས་པའི་ཕྱིར་རོ། །དེས་ན་འཁོར་ལོ་བར་པས་བསྟན་དོན་ཀུན་བྱང་གི་ཆོས་ཐམས་ཅད་སྟོང་པར་བསྟན་པ་ནི་དེ་དེ་བཞིན་དུ་གྲུབ་སྟེ་བདེ་གཤེགས་སྙིང་པོའང་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཀྱང་སྟོང་པའི་རང་བཞིན་ཅན་གྱི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་དང་འདུ་འབྲལ་མེད་པས་ཁྱད་པར་དུ་བྱས་པའི་སྙིང་པོ་བསྟན་པ་འདི་འཁོར་ལོ་ཐ་མའི་ངེས་དོན་གྱི་མདོ་སྡེ་རྣམས་ཀྱི་དགོངས་པ་ཡིན་པས། ཚུལ་དེ་ཙམ་གྱི་ཆ་ནས་འཁོར་ལོ་བར་པ་ལས་ལྷག་པའི་ཕྱིར། མདོ་སྡེ་དགོངས་འགྲེལ་ལས་འཁོར་ལོ་ཐ་མའི་དོན་ལ་མཆོག་ཏུ་བསྔགས་པའང་འཁོར་ལོ་ཐ་མར་གཏོགས་ཚད་མ་ཡིན་གྱི་སྙིང་པོ་བསྟན་པའི་ངེས་དོན་གྱི་ཕྱོགས་ནས་དེ་ལྟར་གསུངས་པ་སྟེ། རིག་ཁམས་ནོར་བུ་སྦྱོང་བའི་དཔེ་བསྟན་པ་སོགས་མདོ་གཞན་གྱིས་དེ་ལྟར་གསལ་བར་ངེས་ནུས་སོ། །དེས་ན་འཁོར་ལོ་བར་པར་བསྟན་པའི་སྟོང་པ་ཉིད་དང་། ཐ་མར་བསྟན་པའི་སྐུ་དང་ཡེ་ཤེས་དག་སྣང་སྟོང་ཟུང་དུ་ཆུད་པར་བྱ་དགོས་པས། འཁོར་ལོ་བར་པ་དང་ཐ་མའི་ངེས་དོན་གྱི་སྐོར་རྣམས་དབྱེ་གསལ་མེད་པར་གཉིས་ཀ་ངེས་དོན་དུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་བཞེད་པ་འདི་ཁོ་ན་ལྟར་གཟུང་བར་བྱ་སྟེ། དེ་གཉིས་གཅིག་ངེས་དོན་བྱས་ན་གཅིག་དྲང་དོན་བྱ་དགོས་པའི་འགལ་བ་མེད་པར་མ་ཟད། ཟུང་དུ་ཚོགས་པར་བྱས་ནས་བདེ་གཤེགས་སྙིང་པོ་དེ་ལྟ་བུ་ལ་རྒྱུ་རྒྱུད་ཀྱི་དོན་དུ་བྱས་ནས་རྡོ་རྗེ་ཐེག་པའི་མན་ངག་གི་གནད་འབྱུང་བས་སངས་རྒྱས་ཀྱི་བསྟན་པ་དེ་དག་གནད་གཅིག་ཏུ་འབབ་པར་ཤེས་དགོས་ཤིང་། མཐར་ཐུག་གི་དོན་འདི་ལ་ཀླུ་ཐོགས་རྣམ་གཉིས་སོགས་འཕགས་པ་རྣམས་དགོངས་པ་གཅིག་སྟེ་ཆོས་དབྱིངས་བསྟོད་པ་དང་སེམས་འགྲེལ་ལ་སོགས་པ་དང་། རྒྱུད་བླ་མའི་འགྲེལ་པ་སོགས་ཀྱིས་གསལ་བར་རྟོགས་པའི་ཕྱིར་རོ། །དེ་ལྟར་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་ནི་སྟོན་པའི་མདོ། རྒྱལ་བས་ཇི་སྙེད་གསུངས་པ་སྟེ། དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། ཞེས་གསུངས་པ་ལྟར་དོན་དམ་དཔྱོད་པས་དཔྱད་ནས་གྲུབ་འབྲས་མཐར་ཐུག་བདེན་པ་དབྱེར་མེད་རྡོ་རྗེ་ལྟ་བུའི་དོན། རྟོག་གེའི་ཤེས་པས་མི་ཕྱེད་པའི་དབྱིངས་ཡིན་པས་དོན་དམ་པ་ལ་བརྟེན་པའི་ཀླན་ཀ་འཇུག་པའི་གཞི་མེད་དོ། །ད་ནི་ཁམས་དེ་དག་སེམས་ཅན་གྱི་རྒྱུད་ན་ཇི་ལྟར་བཞུགས་པའི་ཚུལ་བཤད་ན། གནས་ལུགས་རང་གི་ངོ་བོའི་དབང་དུ་བྱས་ན་ཆོས་ཐམས་ཅད་ཆོས་ཉིད་དེ་ཡི་ཀློང་དུ་ཆུད་ཅིང་ཆོས་ཉིད་རང་གི་ངོ་བོ་ལ་སྐྱེ་འགག་མེད་པར་མཉམ་པ་ཉིད་དུ་གནས་ལ་འཁོར་འདས་ལ་སོགས་པའི་བཟང་ངན་དང་། ཕ་རོལ་ཚུ་རོལ་བདག་དང་གཞན་ཆེ་དང་ཆུང་བ་སོགས་ཀྱི་ཆ་དང་། སྔ་ཕྱིའི་དུས་ཀྱི་ཁྱད་པར་སོགས་མེད་དེ་ཆོས་དབྱིངས་ཐིག་ལེ་ཉག་གཅིག་འཕོ་འགྱུར་མེད་པའོ། །གནས་ལུགས་ལ་དེ་ལྟར་ཡིན་ཀྱང་འཁྲུལ་པ་གློ་བུར་པའི་སྣང་ངོ་དང་བསྟུན་ན་འདི་ལྟར་ཁམས་གསུམ་འཁོར་བའི་ལུས་སེམས་ཡུལ་གྱི་སྣང་བར་ཤར་ནས་ཆོས་ཉིད་ཀྱི་རང་བཞིན་མི་མཐོང་བའི་ཚེ་ནའང་། ཆོས་ཉིད་ནི་མེད་པ་མ་ཡིན་ཏེ་རང་གི་རང་བཞིན་ལས་གཡོ་བ་ཅུང་ཟད་ཀྱང་མེད་པར་ཡོད་པས་ན། སེམས་ཀྱི་ཆོས་ཉིད་དེ་ལྟ་བུ་གློ་བུར་གྱི་དྲི་མས་སྦུབས་སུ་བྱས་ནས་མི་མངོན་ཡང་བཅུད་དམ་དབུས་ན་སྙིང་པོའི་ཚུལ་གྱིས་གནས་པ་ལ་རིགས་སམ་སྙིང་པོ་ཞེས་བརྗོད་དེ། དཔེར་ན་ས་འོག་གི་གཏེར་ལ་སོགས་པའི་དཔེ་དགུས་མཚོན་ནས་ཤེས་པར་བྱ་བར་གསུངས་སོ། །དེ་གློ་བུར་གྱི་དྲི་མ་ལ་ལྟོས་ནས་མ་དག་པ་དང་། དག་མ་དག་ཅི་རིགས་པ་དང་། ཤིན་ཏུ་རྣམ་དག་གི་གནས་སྐབས་གསུམ་དུ་བཞག་ཀྱང་ཁམས་རང་གི་ངོ་བོ་ལ་ཁྱད་པར་མེད་དེ། རྒྱུད་བླ་མ་ལས། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །སངས་རྒྱས་རིགས་ལ་དེ་འབྲས་ཉེར་བཏགས་པས། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་གསུངས། །ཞེས་དང་། འདི་ཡང་རང་བཞིན་ཆོས་སྐུ་དང་། དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །ཞེས་དང་། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་ཞེས་མཚན་གསོལ་ལོ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་མ་ཤེས་པར་བདེ་གཤེགས་སྙིང་པོ་ཞེས་པ་མཁར་གཞོང་ལ་རྒྱ་ཤུག་བརྟེན་པ་ལྟར་ཕུང་ལྔའི་གཟེབ་ག་ཤེད་ན་འཁྲུལ་དང་མ་འཁྲུལ་བློ་གཉིས་སྣང་མུན་བཞིན་དུ་འགྲོགས་པ་ཞིག་གི་རྣམ་པ་ཡིད་ལ་བཟུང་ནས་དགག་སྒྲུབ་ཀྱང་དེ་དང་འཚམས་པར་བྱེད་པ་ནི་ཐེག་ཆེན་གྱི་དགོངས་དོན་ལ་རང་ཉིད་ཕྱོགས་སུ་མ་ཕྱིན་པའི་འོ་དོད་ཙམ་དུ་ཟད་དེ། དེ་བས་ན་ཐེག་ཆེན་ལ་བློ་མ་སྦྱངས་པའི་རྟོག་གེ་ངན་པའི་ཁྲོད་སྙིང་པོའི་གཏམ་འདི་བསྒྲགས་ཀྱང་དོན་མེད་ལ། ཟབ་མོའི་གཏམ་འདི་ལྟ་བུ་བྱིས་པ་དང་། མུ་སྟེགས་ཅན་ལ་བསྟན་བྱ་མ་ཡིན་ཏེ། དེ་དག་ཆོས་ཟབ་མོ་འདི་མཉན་པའི་སྣོད་དུ་མི་རུང་བས་ན་དེ་ལ་བདག་མེད་པ་དང་། མི་རྟག་པ་སོགས་ལས་བརྩམས་ཏེ་ཆོས་བསྟན་ཅིང་དེ་རིགས་པས་སྒྲུབ་དགོས་ཀྱི། སྙིང་པོ་བསྟན་པ་དོན་མེད་དེ་དེ་ཚུར་མཐོང་ཁོ་ནས་སྒྲུབ་མི་ནུས་པས་སྒྲོ་སྐུར་གྱི་གནས་སུ་འགྱུར་བའི་ཕྱིར་རོ། །ནང་པའི་གྲུབ་མཐའ་འོག་མ་ནས་བློ་སྦྱངས་ཏེ་སྟོང་པ་ཆེན་པོ་རྣམ་གྲངས་མིན་པའི་དོན་ལ་ངེས་པ་ཁྱད་པར་ཅན་སྐྱེས་པ་དག་ལ་རིམ་བཞིན་བདེ་གཤེགས་སྙིང་པོའི་གཏམ་བསྟན་ན་གདོད་ཡིད་ཆེས་པར་འགྱུར་རོ། །དེས་ན་ལམ་རྣམ་དག་ཡིན་ཀྱང་རིགས་པས་སྐྲུབ་མི་ནུས་ཏེ་མྱོང་བས་རྟོགས་དགོས་སོ་ཞེས་པ་དང་། ཚུར་མཐོང་གི་ལམ་དུ་མ་གྱུར་ན་ལམ་ཡང་དག་མིན་ནོ་སྙམ་པའི་རྨོངས་མཚང་བརྟོལ་ནས་ལམ་སྒྲུབ་ཚུལ་གྱི་གནད་ལ་མཁས་པར་བྱ་དགོས་སོ། །ད་ནི་ཁམས་ཀྱི་རང་བཞིན་ལ་ལོག་པར་རྟོག་པའི་ཕྱོགས་འགའ་ཞིག་བཟློག་པ་ལ། མི་སྟོང་པར་བདེན་གྲུབ་ཏུ་ལྟ་བ་བཟློག་པ། སྟོང་པ་ཕྱང་ཆད་དུ་ལྟ་བ་བཟློག་པ། མི་རྟག་པར་འདུས་བྱས་སུ་འཛིན་པ་བཟློག་པའོ། །དང་པོ་ནི་ཇི་སྐད་དུ། འཕགས་པ་ལང་ཀར་གཤེགས་པ་ལས། བྱང་སེམས་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་བ། སངས་རྒྱས་ཀྱིས་མདོ་སྡེ་ལས་དེ་བཞིན་གཤེགས་པའི་སྙིང་པོ་དྲི་མའི་སྦུབས་སུ་གནས་པ་རྟག་བརྟན་ཐེར་ཟུག་ཏུ་གསུངས་པ་དེ་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་ལགས། མུ་སྟེགས་བྱེད་རྣམས་ཀྱང་ཡོན་ཏན་མེད་པ་སོགས་ཀྱིས་བདག་ཏུ་སྨྲ་བ་ཡིན་ཅེས་དྲིས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མི་མཚུངས་ཏེ། སངས་རྒྱས་རྣམས་ཀྱིས་རྣམ་ཐར་སྒོ་གསུམ་དང་མྱ་ངན་ལས་འདས་པ་དང་མ་སྐྱེས་པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པར་བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིགས་པར་གྱུར་པའི་གནས་རྣམ་པར་སྤང་བའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པའི་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ་འདི་ལ་བློ་གྲོས་ཆེན་པོ། །མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པར་མི་བྱའོ། །ཞེས་གསུངས་པ་དང་། གཞན་ཡང་དངོས་པོའི་འདུ་ཤེས་ཅན་ལ་ཐར་པ་མེད་པར་གསུངས་པ་དང་། རང་གི་ངོ་བོ་མ་སྟོང་ན་ཆོས་གཞན་གྱིས་སྟོང་པ་ཡོད་ཀྱང་སྟོང་གོ་མི་ཆོད་དེ། སྟོང་པ་བདུན་གྱི་ནང་ནས་ཐ་ཤལ་པ་གཅིག་གཅིག་གིས་སྟོང་པ་སྟེ། དེ་སྤང་བར་བྱ་ཞེས་སོགས་མཐའ་ཡས་པ་དང་། གཞན་ཡང་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྟག་པ་མ་ཡིན་མི་རྟག་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་འདི་ལྟ་སྟེ་གཉིས་ཀར་ཡང་ཉེས་པ་འགྱུར་བའི་ཕྱིར་རོ། །ཞེས་དང་། སྤྲོས་པ་བདུད་ཀྱིས་བཟུང་བ་ཡིན། །ཡོད་དང་མེད་ལས་འདའ་བར་བྱ། །ཞེས་དང་། ཆོས་མཆོག་མྱ་ངན་འདས་པ་ལས་ལྷག་པའི་ཆོས་ཞིག་ཡོད་ན་དེ་ཡང་སྒྱུ་མ་དང་རྨི་ལམ་ལྟ་བུའོ། །ཞེས་པ་ལ་སོགས་པའི་ལུང་གི་དོན་དེ་བཞིན་དུ། རིགས་པས་དཔྱད་ན་ཡང་བདེ་གཤེགས་སྙིང་པོ་ངོ་བོ་སྟོང་པ་ཡིན་པའི་གནད་ཀྱིས་སེམས་ཀྱི་ཆོས་ཉིད་དུ་རུང་བ། ཡུལ་ཐམས་ཅད་ཁྱབ་པ། དུས་ཇི་སྲིད་དུ་རྟག་པ། བསམ་གྱིས་མི་ཁྱབ་པ། ཡོན་ཏན་རྣམ་པ་ཐམས་ཅད་པར་རིས་མེད་དུ་འཆར་བ་ཡིན་གྱི། རང་གི་ངོ་བོ་མི་སྟོང་པར་བདེན་པར་གྲུབ་པ་ལ་ཆོས་གཞན་གྱི་ཆོས་ཉིད་དུ་རུང་བ་སོགས་རྣམ་པ་ཀུན་ཏུ་མི་སྲིད་ཅིང་དོན་དམ་དཔྱོད་པའི་ཚད་མས་གཏན་ལ་ཕབ་པའི་གྲུབ་འབྲས་སུ་ཡང་མི་བཏུབ་སྟེ་ཆོས་ཐམས་ཅད་བདེན་མེད་དུ་དཔྱོད་པའི་ལག་རྗེས་ལ་བདེན་གྲུབ་གཅིག་འགྲུབ་པ་ནི་སྣང་བ་ལས་མུན་པ་ལྟར་གནས་མ་ཡིན་པའི་ཕྱིར་རོ། །ཐ་སྙད་དཔྱོད་པའི་ཚད་མས་ཀྱང་བདེན་གྲུབ་མི་འགྲུབ་སྟེ། དེའི་ངོར་བདེན་པར་གྲུབ་ཀྱང་དེ་ཙམ་གྱིས་ཆོས་དེ་མི་སྟོང་པར་རྣམ་པ་ཀུན་ཏུ་འགྲུབ་མི་ནུས་པའི་ཕྱིར་རོ། །ཚད་མ་གཉིས་ཀྱིས་སྒྲུབ་མ་ནུས་པར་གྱུར་པ་ལ་སྒྲུབ་བྱེད་ནམ་མཁའི་མེ་ཏོག་གི་རྗེས་སུ་འགྲོ་བས་དེ་སྒྲུབ་པ་དོན་མེད་ཀྱི་ངལ་བར་ཟད་དོ། །གཉིས་པ་ནི། སྣང་སྟོང་ཟུང་འཇུག་གི་དབྱིངས་ཕྱོགས་མ་གོ་བ་དག་རྣམ་གྲངས་པའི་དོན་དམ་མེད་དགག་ཙམ་ལ་རིགས་དང་ཆོས་དབྱིངས་དང་སྟོང་ཉིད་དུ་བཟུང་ནས་ཡོན་ཏན་ཡེ་ལྡན་དུ་སྨྲ་བའི་གཞུང་ལ་འགལ་བ་སྒྲུབ་པ་ནི་ཤིན་ཏུ་མི་རུང་སྟེ། ཡེ་ཤེས་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོ་ལས། ཆོས་འདོད་མ་ཡིན་རྙེད་པ་དོན་གཉེར་བ། །བསྡམས་པ་མིན་དག་བྱང་ཆུབ་སློབ་བོ་ཞེས། །སྨྲ་འགྱུར་ཁ་ཅིག་ཕྱི་མའི་དུས་འབྱུང་སྟེ། སྨྲ་ལ་དགའ་ཞིང་ཐམས་ཅད་སྟོང་ཞེས་སྨྲ། །ཞེས་དང་། སྟོང་ཉིད་མ་སྐྱེས་སུས་ཀྱང་བྱས་མ་ཡིན། །མ་མཐོང་འོང་བ་མ་ཡིན་འཕོ་མིན་ན། །དམིགས་གནས་བདག་ཅག་སྟོང་ཉིད་ལེགས་བསླབས་ཞེས། །འཛེར་པ་དེ་དག་ཆོས་ཀྱི་རྐུན་པོ་ཡིན། །ཞེས་དང་། མེད་པའི་ཆོས་ལ་ཡོངས་སུ་རྟོག་པ་ན། །བྱིས་པ་གང་ཡིན་གཡོ་བ་དེ་ཡིས་བཅིངས། ཞེས་དང་། སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོགས་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རབ་སྤངས་ནས། །མཁས་པ་དབུས་ལའང་གནས་པ་ཡོང་མི་བྱེད། །ཅེས་དང་། སོར་ཕྲེང་ལ་ཕན་པའི་མདོ་ལས། ཀྱེ་མ་འཇིག་རྟེན་ན་དམ་པའི་ཆོས་འཇིག་པའི་སྐྱེས་བུ་གཉིས་ཡོད་དེ། གང་ཤིན་ཏུ་སྟོང་པ་ཉིད་དུ་ལྟ་བ་དང་། གང་འཇིག་རྟེན་ན་བདག་ཏུ་སྨྲ་བ་འདི་གཉིས་ནི་དམ་པའི་ཆོས་འཇིག་པ་དང་། དམ་པའི་ཆོས་ཁས་འབུབས་པའོ་ཞེས་དང་། ལྟ་བ་ཀུན་འབྱིན་བྱེད་ཀྱི་གཉེན་པོ་སྟོང་ཉིད་ལ་དངོས་དངོས་མེད་དུ་ཞེན་ན་གསོར་མི་རུང་བའི་ལྟ་བར་གསུངས་པ་དང་། སྟོང་མི་སྟོང་གང་ཡང་དམིགས་པ་ལས་མ་འདས་ལ་དེ་ཀུན་སྤང་དགོས་པར་མདོ་བསྟན་བཅོས་རྣམས་ལས་ཡང་ཡང་གསུངས་སོ། །རིགས་པས་བརྟགས་ན་ཡང་བདེན་གྲུབ་བཅད་ཙམ་གྱི་མེད་དགག་གི་ལྡོག་ཆ་དེ་དགག་བྱ་བཅད་པ་འཛིན་པའི་རྟོག་བཅས་ཀྱིས་བཏགས་པ་ཙམ་ལས་གནས་ལུགས་སྒྲོ་འདོགས་བྲལ་བའི་ཕྱོགས་སུ་མ་ཕྱིན་པར་གཏིང་རྙེད་སླ་བའི་ཕྱིར་འདིར་མང་དུ་བརྗོད་མི་དགོས་སོ། །བདེན་སྟོང་མེད་དགག་གི་ཆ་ཙམ་ཆོས་དབྱིངས་དང་གནས་ལུགས་མཚན་ཉིད་པ་མིན་ཀྱང་། ལས་དང་པོ་པས་དེ་ལ་འཇུག་པའི་སྒོ་ཙམ་དུ་ཡིད་ལ་བྱ་བར་འོས་པ་ཡིན་ཅིང་། མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལས་ལྷའི་ལོ་སྟོང་དུ་དཀོན་མཆོག་གསུམ་ལ་ཅི་དགོས་པ་བྱིན་པ་བས། བྱང་ཆུབ་སེམས་དཔའ་གཞན་ཞིག་ཐ་ན་སེ་གོལ་གཏོགས་པ་སྲིད་དུ་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ། །འདུ་བྱེད་ཐམས་ཅད་ནི་སྟོང་པའོ། །འདུ་བྱེད་ཐམས་ཅད་ནི་བདག་མེད་པའོ་སྙམ་དུ་དཔྱོད་ན་དེ་དེ་བས་བསོད་ནམས་ཆེས་གྲངས་མེད་པ་སྐྱེད་པར་བྱེད་དོ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ནི། གཞི་བདེ་བར་གཤེགས་པའི་སྙིང་པོ་ཉི་མ་སྤྲིན་དང་བྲལ་བ་ལྟར་ཇི་བཞིན་པ་མངོན་དུ་གྱུར་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་རྟག་མི་རྟག་གང་ཡིན་སྙམ་ན་མདོ་རྣམས་ལས་རྣམ་མཁྱེན་ཉིད་རེས་རྟག་པར་ཡང་གསུངས། རེས་མི་རྟག་པར་ཡང་གསུངས་མོད་ཀྱི་དེའི་དོན་ནི་འདི་ལྟ་སྟེ། གནས་ཡོངས་སུ་མ་གྱུར་པའི་གདུལ་བྱ་གཞན་གྱི་བསམ་ངོ་དང་བསྟུན་ཏེ་རྣམ་མཁྱེན་མི་རྟག་ཅེས་ལུང་ལས་གསུངས་ཤིང་། རིགས་པ་ཡང་རྣམ་འགྲེལ་ལས། ཚད་མ་རྟག་པ་ཉིད་ཡོད་མིན། །དངོས་ཡོད་རྟོགས་པ་ཚད་ཕྱིར་དང་། །ཤེས་བྱ་མི་རྟག་པ་ཉིད་ཀྱི། །དེ་མི་རྟག་པ་ཉིད་ཕྱིར་རོ། །ཞེས་གསུངས་ཏེ། སེམས་བསྐྱེད་པ་དང་སྟོང་ཉིད་གོམས་པ་ལ་སོགས་ལམ་གྱི་རྒྱུ་ལས་རྣམ་མཁྱེན་འབྱུང་གི་རྒྱུ་མེད་དུ་འབྱུང་བ་མི་རིགས་པ་དང་། དེ་ཆོས་ཐམས་ཅད་ལ་མངོན་སུམ་པའི་ཚད་མ་ཡིན་པའི་ཕྱིར། ཚད་མ་སྟེ་མི་བསླུ་བའི་བློ་ཡིན་ན་རྟག་པ་ཞིག་མེད་དེ་དངོས་པོ་ཡོད་པ་ལ་དེ་དེ་བཞིན་འཇལ་བ་ཚད་མ་ཡིན་ལ། དེའི་ཡུལ་ཤེས་བྱ་ནི་མི་རྟག་པ་ཉིད་ཀྱི་ཕྱིར་འཇལ་བྱེད་ཚད་མ་དེ་ཡང་མི་རྟག་སྟེ་རིམ་ཅན་དུ་འབྱུང་གི །རྟག་པ་ཡིན་ན་དོན་བྱེད་པའི་ནུས་པས་སྟོང་པར་ཚད་མས་གྲུབ་པའི་ཕྱིར་ཡུལ་འཇལ་བ་ལ་སོགས་པའི་བྱེད་པ་མཐའ་དག་གིས་སྟོང་པར་ངེས་པས་ན་རྣམ་མཁྱེན་ནི་རྟག་པར་ཤིན་ཏུ་མི་རིགས་ཏེ་མི་རྟག་པར་འགྲུབ་ལ། དེ་བཞིན་དངོས་པོ་ཐམས་ཅད་མི་རྟག་པ་དང་། དངོས་མེད་ལ་རྟག་པར་བཏགས་ཀྱང་རྟག་རྒྱུའི་གཞི་མེད་པས་རྟག་པ་མཚན་ཉིད་པའི་ཆོས་གང་ཡང་མི་རྙེད་པར་འགྱུར་རོ། །ཚུལ་འདི་ནི་ཕྱི་རོལ་མུ་སྟེགས་ཅན་དང་། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱི་ངོ་བོར་གནས་གྱུར་པའི་ཚུལ་ལ་བློ་མ་སྦྱངས་པའི་ཐེག་པ་ཐུན་མོངས་པའི་ངོར་དེ་ལྟར་སྒྲུབ་དགོས་ཏེ། རྣམ་ཤེས་ཀྱི་ངོར་སྣང་ཚུལ་ལ་དེ་ལས་གཞན་དུ་འཆར་བའི་ཐབས་ཅི་ཡང་མེད་དོ། །འོན་ཀྱང་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་ཀྱི་གཟིགས་པའི་དབང་དུ་བྱས་ན་རྣམ་མཁྱེན་རྟག་པར་འགྲུབ་སྟེ། དེ་མི་རྟག་པའི་སྒྲུབ་བྱེད་དུ་བཀོད་པའི་ཤེས་བྱ་སྐད་ཅིག་མར་སྐྱེ་འགག་བྱེད་པ་དང་། ཡུལ་ཅན་ཡེ་ཤེས་ཀྱང་སྐད་ཅིག་རིམ་ཅན་དུ་འབྱུང་བ་སོགས་ནི་གནས་ཡོངས་སུ་མ་གྱུར་པ་རྣམས་ཀྱི་སྣང་དོར་དེ་ལྟར་སྣང་བར་ཟད་ཀྱི། གནས་ཚུལ་དོན་ལ་དེ་ཁོ་ན་ལྟར་གྲུབ་པ་ནི་མ་ཡིན་ཏེ། ཆོས་གང་ཡང་སྐད་ཅིག་གཅིག་ཏུ་སྐྱེ་བའང་མེད་ན། དེས་བརྩམས་པའི་དུས་ཀྱི་གོ་རིམ་སོགས་མ་གྲུབ་པ་ལྟ་ཅི་སྨོས་ཏེ། དཔེར་ན་རྨི་ལམ་རང་ངོའི་སྣང་བ་ལ་སྔ་ཕྱིའི་དུས་ཀྱི་མཐའ་དང་ཕྱོགས་ཀྱི་ཆ་མུ་མེད་པར་སྣ་ཚོགས་སུ་སྣང་ཡང་དེ་ལྟར་མ་གྲུབ་པ་བཞིན་ནོ། །དེས་ན་ཆོས་ཉིད་སྐྱེ་འགག་མེད་པའི་དོན་དེ་བཞིན་དུ་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་མཐར་ཐུག་པ་ན། ཤེས་དང་ཤེས་བྱ་དབྱེར་མེད་པའི་ཡེ་ཤེས་ཀྱི་སྐུ་ཡིན་ཅིང་། གནས་མ་གྱུར་པའི་སྐབས་ན་ཡང་སེམས་ཀྱི་གཤིས་སམ་ཆོས་ཉིད་ཟུང་འཇུག་རང་བཞིན་གྱིས་འོད་གསལ་བ་ནི་འགྱུར་བ་མེད་པའི་ཕྱིར། སྔ་ཕྱིའི་ཁྱད་མེད་པར་རང་བཞིན་དུ་གནས་པའི་རིགས་ཞེས་བྱ་ལ། འགྱུར་བཅས་གློ་བུར་འབྲལ་རུང་གི་དྲི་མ་གང་དག་སྐད་ཅིག་མའི་སྐྱེ་འགག་རིམ་གྱིས་འབྱུང་བ་དང་། འཁོར་འདས་དང་བཟང་ངན་ལ་སོགས་པའི་མི་མཉམ་པ་འདི་ནི་གནས་མ་གྱུར་པའི་གཉིས་སྣང་ཅན་ལ་དེ་ལྟར་བསླུ་མེད་བསྙོན་མེད་དུ་སྣང་ཡང་། གཤིས་ལ་སྐྱེ་འགག་དང་གཉིས་ཆོས་མ་གྲུབ་པར་མཉམ་པ་ཆེན་པོར་གནས་པ། དེའི་ངང་དུ་ཕྱོགས་ཀྱི་ཆ་དང་དུས་ཀྱི་འགྱུར་བ་ཐམས་ཅད་འུབ་ཆུབ་ཅིང་། དེ་ནི་འཕགས་པ་རྣམས་ཀྱི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་དུ་ཡོད་པ་ཡིན་ཅིང་། དུས་གསུམ་གྱི་འགྱུར་བས་བསླད་དུ་མེད་པས་ན་དེ་ལ་རྟག་པ་ཆེན་པོའི་ཐ་སྙད་ཅིས་མི་གདགས་ཏེ། ཡོད་པ་གང་ཞིག་སྐད་ཅིག་གི་སྐྱེ་འགག་ཅན་མིན་པའི་ཕྱིར་རོ། །འདི་ལྟར་འགྱུར་བ་ཅན་དངོས་པོ་ཐམས་ཅད་དང་དངོས་མེད་ནམ་མཁའ་ལ་སོགས་པ་ཕྱོགས་དུས་ཀྱི་ཤེས་བྱ་ཐམས་ཅད་རོ་མཉམ་པར་ཆོས་ཉིད་དེའི་ཁོངས་སུ་ཆུད་ཀྱང་། ཆོས་ཉིད་དེ་འགྱུར་བ་ཅན་ལ་སོགས་པའི་ཆོས་ཅན་གང་གིས་ཀྱང་བསྡུས་པ་མ་ཡིན་ཏེ། དཔེར་ན་ནམ་མཁའི་ཁོངས་སུ་སྤྲིན་འདུས་ཀྱང་། སྤྲིན་གྱི་ཁོངས་སུ་ནམ་མཁའ་མི་འདུས་པ་བཞིན་ནོ། །དེས་ན་ཆོས་ཉིད་མཉམ་པ་ཆེན་པོ་དབྱིངས་འོད་གསལ་བའི་གཤིས་དེ་ནི་རང་བྱུང་གི་ཡེ་ཤེས་ཉག་གཅིག་གིས་རང་བཞིན་གྱིས་དངོས་པོ་ཀུན་ལ་ཁྱབ་པར་ལྷན་སྐྱེས་སུ་གནས་ཀྱང་། གློ་བུར་གྱི་དྲི་མ་ཅན་ལ་རང་གི་རང་བཞིན་མངོན་དུ་མ་གྱུར་པ་ན། དྲི་མ་དེ་སེལ་བྱེད་ལམ་ལྔས་བསྡུས་པའི་སྤང་རྟོགས་ཀྱི་མཐུ་ལས་ཤེས་དང་ཤེས་བྱ་དབྱེར་མེད་པའི་ཡེ་ཤེས་ཆེན་པོ་དེ་ཐོབ་པ་ན། རང་བྱུང་གི་ཡེ་ཤེས་འགྱུར་བ་མེད་པའི་ཤེས་པ་ཐམས་ཅད་ཆོས་ཉིད་ཀྱི་གཤིས་སུ་རོ་མཉམ་པར་མི་རྟོག་བཞིན་འབད་མེད་ལྷུན་གྲུབ་ཏུ་མཁྱེན་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་བོ། །འོན་ཀྱང་ཚུལ་དེས་རང་བྱུང་གི་ཡེ་ཤེས་རྒྱུ་ལས་སྐྱེས་པར་མི་འགྱུར་ཏེ། ཡང་དག་པར་གློ་བུར་དྲི་བྲལ་གྱི་ཆོས་སྐུ་དེ་བྲལ་བའི་འབྲས་བུར་སོང་བ་ཡིན་ལ། རྒྱུ་ལས་གསར་དུ་སྐྱེ་བ་ལྟར་སྣང་བ་ཡང་གནས་མ་གྱུར་པའི་སྣང་ཚུལ་ལ་དེ་ལྟར་སྣང་བར་ཟད་ཀྱི། ཡང་དག་པའི་དོན་དུ་ཆོས་ཉིད་ཀྱི་རང་བཞིན་ཆོས་ཀྱི་སྐུའི་ངོ་བོ་ལ་སྐྱེ་འཇིག་མེད་པར་ཆོས་ཐམས་ཅད་གདོད་ནས་མཉམ་པ་ཉིད་དུ་མངོན་པར་སངས་རྒྱས་པའམ། གཟོད་མ་ནས་ཞི་བ་མྱ་ངན་ལས་འདས་པ། རང་བཞིན་གྱིས་འོད་གསལ་བ་སོགས་ཟབ་མོའི་མདོ་སྡེ་རྣམས་ཀྱི་དགོངས་པ་མཐར་ཐུག་འདི་དག་པའི་སེམས་དཔའ་རྣམས་ཀྱིས་ཀྱང་བསམ་པར་དཀའ་བའི་གནས་ཡིན་ན་ཕལ་པས་ལྟ་ཅི་སྨྲོས། འོན་ཀྱང་ཚུལ་བཞིན་ཡིད་ཆེས་སྐྱེས་ན་ཕྱིར་མི་ལྡོག་པར་ལུང་བསྟན་ཐོབ་པ་དང་མཚུངས་པར་བསྔགས་པའི་ཕྱིར་ཚུལ་འདི་ལ་མོས་པར་བྱའོ། །ཚུལ་དེ་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་རྟག་པར་བལྟས་ན་བསོད་ནམས་འབྱུང་སྟེ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱིས་ཏིང་ངེ་འཛིན་ཞེས་པའི་མདོ་ལས་འཇམ་དཔལ་རིགས་ཀྱི་བུའམ་རིགས་བུ་མོ་གང་ལ་ལས་ལྷའི་བསྐལ་པ་བྱེ་བར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རེ་རེར་འཁོར་བཞི་ལ་ཇི་འདོད་པའི་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའང་རིགས་ཀྱི་བུ་མོ་གང་གཞན་གྱིས་མཐུན་པར་བྱ་བའི་དོན་དུ་གཡོས། དེ་བཞིན་གཤེགས་པ་ནི་རྟག་པའོ། །དེ་བཞིན་གཤེགས་པ་ནི་གཡུང་དྲུང་ངོ་། །ཞེས་ཚིག་ཏུ་སྨྲ་ན་ཡང་དེ་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་པར་བྱེད་དོ། །ཞེས་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། འོད་སྲུང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ནི་རྟག་ཏུ་རྩེ་གཅིག་པའི་སེམས་ཀྱིས་སངས་རྒྱས་རྟག་པ་དང་གནས་པའོ་ཞེས་བྱ་བའི་ཚིག་འདི་གཉིས་ལ་ནན་ཏན་བྱའོ། །ཞེས་དང་། གང་གིས་བསམ་གྱིས་མི་ཁྱབ་པ་དེ་ལ་རྟག་པའི་འདུ་ཤེས་ཀྱིས་ནན་ཏན་བྱེད་ན་དེ་ནི་སྐྱབས་སུ་འགྲོ་བའི་གནས་ཡིན་ནོ། །ཞེས་སོགས་དང་། དེ་བཞིན་གཤེགས་པའི་སྐུ་ལ་མི་རྟག་པར་བལྟ་བ་ལ་སྐྱབས་འགྲོ་ཙམ་ཡང་མེད་པ་དང་། རྡོ་རྗེའི་སྐུ་ལ་མི་རྟག་པར་བལྟས་ན་ཉེས་དམིགས་ཚད་མེད་པ་འབྱུང་བར་མདོ་ལས་གསུངས་པར་ལྟར་ཤེས་པར་བྱས་ནས་ཡང་དག་པའི་དོན་ལ་གུས་པར་བྱ་དགོས་སོ། །དེ་ལྟར་བདེ་བར་གཤེགས་པའི་སྙིང་པོ་རང་གི་ངོ་བོ་ནི་ཡོད་མེད་རྟག་ཆད་ལ་སོགས་པའི་སྤྲོས་པ་ཐམས་ཅད་བྲལ་བ་བདེན་པ་དབྱེར་མེད་ཐིག་ལེ་ཉག་གཅིག་མཉམ་པ་ཉིད་དེ། གནས་ལུགས་དེའི་ངང་དུ་སྣང་སྲིད་ཀྱི་ཆོས་ཐམས་ཅད་རོ་གཅིག་པ་དེ་ཁོ་ན་ཉིད་དུ་གྱུར་པ་དེ་དེ་བཞིན་དུ་མཐོང་བ་ནི་ཡང་དག་པ་བསལ་བཞག་མེད་པའི་དོན་མཐོང་བས་འཛིན་པ་མཐའ་དག་དང་བྲལ་བ་ནི་དོན་དམ་རྟོགས་པའི་ལྟ་བ་བཟང་པོ་སྟེ། བྱང་ཆུབ་ཀྱི་ཕྱོགས་བསྟན་པ་ཞེས་པའི་མདོ་ལས། འཇམ་དཔལ་སུས་ཆོས་ཐམས་ཅད་མི་མཉམ་པ་མེད་ལ་གཉིས་སུ་མེད་ཅིང་གཉིས་སུ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལྟ་བའོ། །ཞེས་དང་། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། དངོས་དང་དངོས་མེད་རྣམ་ཤེས་ཤིང་། །ཡང་དག་མཐའ་ལ་གང་གནས་པ། །དངོས་པོ་དང་ནི་དངོས་མེད་པ། །ལྟ་བ་མཁས་པས་མི་འཛིན་ཏོ། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དོན་དམ་པར་འཕགས་པའི་ཤེས་རབ་དང་ཡེ་ཤེས་ཀྱི་མདུན་ན་ཆོས་གང་ཡང་ཡོངས་སུ་ཤེས་པའམ། སྤང་པའམ་བསྒོམ་པའམ་མངོན་དུ་བྱ་བར་འགྱུར་བ་ནི་ཆོས་གང་ཡང་མི་འདུག་གོ། །ཞེས་གསུངས་པ་བཞིན་ནོ། །འོན་ཀྱང་ཐ་སྙད་དཔྱོད་པའི་ཚད་མས་ཤན་ལེགས་པར་འབྱེད་པའི་སྐབས་སུ་བདེན་པ་ལ་བདེན་པར་ཤེས་པ་འཕགས་པའི་ལམ་མི་བསླུ་བར་ཤེས་པ་ལྟ་བུ་དང་། མི་བདེན་པ་ལ་མི་བདེན་པར་ཤེས་པ་བདག་བསྒོམས་པས་གྲོལ་བར་སྨྲ་བ་ལ་ལོག་པར་ཤེས་པ་ལྟ་བུ་དང་། མི་རྟག་པ་ལ་མི་རྟག་པར་ཤེས་པ་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་སྐད་ཅིག་མར་ཤེས་པ་དང་། རྟག་པ་ལ་རྟག་པར་ཤེས་པ་བདེ་གཤེགས་སྙིང་པོ་རང་བྱུང་གི་ཡེ་ཤེས་རྣམ་པ་ཐམས་ཅད་པ་མི་འགྱུར་བར་ཤེས་པ་དང་། མེད་པ་ལ་མེད་པར་ཤེས་པ་བདག་དང་གཟུང་འཛིན་དུ་སྣང་བ་རང་བཞིན་མ་གྲུབ་པར་ཤེས་པ་ལྟ་བུ་དང་། ཡོད་པ་ལ་ཡོད་པར་འཛིན་པ་རྒྱུ་འབྲས་བསླུ་མེད་རྟེན་འབྲེལ་གྱི་སྣང་ཚུལ་དང་། སེམས་ཅན་ཐམས་ཅད་ལ་ཆོས་ཉིད་བདེ་གཤེགས་སྙིང་པོ་ལྷུན་གྱིས་གྲུབ་པའི་ཡོན་ཏན་རང་བཞིན་གྱི་གནས་པར་ཤེས་པ་ལྟ་བུ་ལ་སོགས་པ་ནི་ཐ་སྙད་དུ་དངོས་པོའི་ཡིན་ལུགས་ལ་ཕྱིན་ཅི་མ་ལོག་པའི་ཤེས་རབ་ཀྱི་འཛིན་སྟངས་ཡིན་པས་དེ་ལྟར་ཤེས་ཤིང་བཞུགས་པ་ལས་ཡོན་ཏན་རྒྱ་ཆེན་པོ་ཐོབ་སྟེ་གཏི་མུག་མེད་པའི་དགེ་བའི་རྩ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་མདོ་སྡེ་རྣམས་ལས་ཀྱང་སྤྱིར་བཏང་དང་དམིགས་ཀྱིས་བསལ་བའི་སྒོ་ནས་ཆོས་དུ་མ་བསྟན་ཅིང་། ཁྱད་པར་དུ་གང་ཟག་གི་བདག་མེད་ཀྱང་། བདག་དང་བདག་མེད་ཀྱི་སྤྲོས་པ་གཉིས་ལས་འདས་པའི་བདེ་གཤེགས་སྙིང་པོ་ནི་བདག་ཆེན་པོར་གསུངས་པ་སོགས་གཙང་བདེ་རྟག་བདག་གི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་མཆོག་ཏུ་བསྟན་པ་ནི་མི་གནས་པའི་མྱང་འདས་ཆེན་པོ་ཞི་བ་བསིལ་བ་གྱ་ནོམ་པ་མཐར་ཐུག་པའི་ཡོན་ཏན་འགྱུར་བ་མེད་པ་ཡོད་པ་ལ་ཡོད་པར་ཤེས་པའི་སླད་དུ་སྟེ། མྱ་ངན་ལས་འདས་པའི་མདོ་ལས། བདག་ཅེས་བྱ་བ་ནི་ཆོས་གང་བདེན་པ་ཡང་དག་པར་རྟག་པ། བདག་པོར་གྱུར་པ་མི་འགྱུར་མི་འཕོ་བ་དེ་ནི་བདག་ཅེས་བྱ་སྟེ། ཞེས་སོགས་གསུངས་པ་བཞིན་ནོ། །དེ་ལྟར་ཟབ་མོ་བདེ་གཤེགས་སྙིང་པོའི་ཚུལ་འདི་བཤད་པ་ཐོས་ནས་མོས་པ་ཙམ་ལའང་ཕན་ཡོན་ཚད་མེད་པ་འབྱུང་སྟེ་རྒྱུད་བླ་མ་ལས། བློ་ལྡན་རྒྱལ་བའི་ཡུལ་དེ་ལ་མོས་པ། །སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོད་འགྱུར་ཏེ། །བསམ་མེད་ཡོན་ཏན་ཚོགས་ལ་མངོན་དགའ་བས། །སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན། །གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་ཞིང་ནོར་བུས་སྤྲས་པ་ནི། །སངས་རྒྱས་ཞིང་རྡུལ་མཉམ་པ་ཉིན་རེ་ཆོས་རྒྱལ་རྣམས་ལ་རྟག་འབུལ་ན། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །བློ་ལྡན་གང་ཞིག་བླ་མེད་བྱང་ཆུབ་འདོད་པས་བསྐལ་པ་དུ་མར་ཡང་། །ལུས་ངག་ཡིད་ཀྱི་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་སྲུབ་བྱེད་པ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །གང་ཞིག་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་མེད་འཇིལ་བསམ་གཏན་ནི། །ལྷ་དང་ཚངས་གནས་མཐར་སོན་རྫོགས་པའི་བྱང་ཆུབ་འཕོ་མེད་ཐབས་བསྒོམས་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་ཟབ་ཅིང་གཏིང་དཔག་དཀའ་ལ། ཤེས་ཤིང་མོས་ན་དོན་ཆེ་ཞིང་ཐེག་པ་མཆོག་གི་སྙིང་པོ་ཕྱིར་མི་ལྡོག་པའི་སེང་གེའི་སྒྲ་བདེ་བར་གཤེགས་པའི་སྙིང་པོའི་གཏམ་བསྟན་པ་འདི་ནི་ཆེས་ཟབ་མོ་ཕུལ་དུ་བྱུང་བའི་ཕྱིར། སྔོན་སྦྱངས་ཆུང་ཞིང་བློ་དམན་པ་དག་མོས་པར་དཀའ་སྟེ། དེ་བཞིན་གཤེགས་པ་འགྲོ་བའི་མདོ་ལས། ང་ཡི་ཡེ་ཤེས་འདི་ལ་ནི། །བྱིས་པའི་བློ་ཅན་ཐེ་ཚོམ་ཟ། །གནས་མི་འགྱུར་ཏེ་ནམ་མཁའ་ལ། །ཇི་ལྟར་མདའ་འཕངས་ལྷུང་བ་བཞིན། །ཞེས་དང་། རྣམ་པ་འཐག་པ་བསྡུས་པའི་མདོ་ལས། དེ་ལྟར་མི་བླུན་པོ་དེ་དག་ངན་སོང་དུ་འགྲོ་བར་བདུད་ཀྱིས་བྱིན་གྱིས་བརླབ་པའི་ཕྱིར། དེ་ལའང་སྐྱོན་འདོགས་པ་སེམས་སོ། །དེ་བཞིན་གཤེགས་པས་གནང་པའི་ཆོས་སྨྲ་བ་དེ་དག་ལ་ཡང་སྐྱོན་འདོགས་པར་སེམས་སོ། །ཞེས་དང་། ཚངས་པས་བྱིན་གྱིས་ཞུས་པ་ལས། ལེགས་པར་གསུངས་པའི་ཆོས་ནི་སྟོན་པ་ན། །སྡིག་པའི་སྤྱོད་ཡུལ་ཅན་ཏེ་མི་འཐད་འཛིན། །དད་མེད་ཆོས་ལ་སོམ་ཉི་བསྐྱེད་ན་ནི། །བསྐལ་བ་བྱེ་བ་མང་པོ་སྨྱོན་པར་འགྱུར། །མ་དད་པ་ཡི་བསམ་པས་སྡིག་ཅན་འགྱུར། །བློ་སྡང་གང་གི་ཡིད་ཀྱང་སྲུང་མི་བྱེད། །སྙིང་པོ་ཅན་ཀུན་རྣམ་པར་སྤངས་ནས་ནི། །དད་པ་མེད་པས་སྙིགས་མ་འཛིན་པར་བྱེད། །འགྱིང་བར་བྱེད་ཅིང་རྟག་ཏུ་ཁེངས་པ་སྟེ། །མ་དད་དེ་ནི་གཞན་ལ་འདུད་མི་བྱེད། །ཅེས་དང་། དེ་དག་ཆོས་མིན་ཚིག་གིས་འགལ་བར་བྱེད། །རྒྱལ་བ་རྣམས་ཀྱི་བསྙན་ལ་དྲི་མ་དེས། །མུ་སྟེགས་ཅན་ལྟར་ཐེ་ཚོམ་སོམ་ཉི་བཅས། །དེས་ནི་ཆོས་ལ་ཀླགས་གཏོང་འགལ་བྱས་ནས། །དད་མེད་དེ་ནི་ཆོས་ཀྱང་སྤོང་བ་བྱེད། །ཅེས་དང་། ཚུལ་འཆལ་ཚར་གཅོད་པའི་མདོ་ལས། ཤཱ་རིའི་བུ། འཚོ་བའི་ལམ་དུ་བྱིང་བ། རྩོད་པ་ལ་ཞེན་པ། བདག་དང་གཞན་ལ་གནོད་པ་བྱེད་པ་སྐྱེས་བུ་དམ་པ་མ་ཡིན་པ་དེ་ལྟ་བུ་དག་གིས་འཛམ་བུའི་གླིང་འདི་རབ་ཏུ་གང་བར་འགྱུར་རོ། །ཞེས་སོགས་གསུངས་པའི་ཚུལ་ལ་བསམས་ཏེ་དུས་ཀྱི་སྙིགས་མ་བདོ་ཞིང་བསྟན་ཞབས་སུ་སྐྱེས་པ་རྣམས་རྟོན་པ་བཞི་གོ་ལོག་པའི་ཚུལ་གྱིས་ཐེག་པ་མཆོག་གི་རིང་ལུགས་ཀྱི་གནད་ཕར་ཆེར་ཉམས་ཤིང་ཆོས་ལྟར་བཅོས་པ་བྱུང་བ་ན། ཐེག་ཆེན་ལམ་གྱི་སྲོག་ལྟ་བུ་འདི་ལ་ཕངས་པའི་སེམས་སུ་བྱེད་པའང་དཀོན་མོད་ཀྱི། སྔ་འགྱུར་རིག་འཛིན་བརྒྱུད་པའི་བསྟན་ཞབས་སུ་སྐྱེས་པའི་སྟོབས་ཀྱིས། བརྒྱུད་པའི་ཞལ་ལུང་རིན་པོ་ཆེ་དུ་མ་མཐོང་ཞིང་ཐོས་པ་དང་། རྒྱལ་དབང་པདྨའི་རྒྱལ་ཚབ་འཇམ་དཔལ་གཞོན་ནུ་མི་ཡི་རྣམ་པར་རོལ་པ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་སོགས་ཡང་དག་པ་དགེ་བའི་བཤེས་གཉེན་དུ་མའི་ཞབས་པད་སྤྱི་བོས་ལེན་པའི་སྐལ་བ་བཟང་པོར་གྱུར་པའི་མཐུ་ལས་ན་ཚོད་དང་བློ་གྲོས་མ་སྨིན་པ་བདག་ཀྱང་ཟབ་མོའི་གནས་འདི་ལ་ཅུང་ཟད་སྤོབས་པ་སྐྱེས་པ་ཡིན་ནོ། །འདི་ལྟར་མཐའ་ཀུན་བྲལ་བའི་ཟུང་འཇུག་རབ་ཏུ་མི་གནས་པའི་ཚུལ་ཆོས་ཀྱི་དབྱིངས་རང་བཞིན་དུ་གནས་པ་རིགས་ཀྱི་དོན་ལེགས་པར་སྨྲ་བ་འདི་ནི་སེང་གེའི་སྒྲ་ཡིན་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ལྷའི་བུ་ཆོས་གང་ལ་ཡང་མངོན་པར་མ་ཆགས་པར་བརྗོད་པ་དེ་དག་སེང་གེའི་སྒྲ་ཡིན་ནོ། །གང་དེ་ལྟ་བུ་ལ་མངོན་པར་ཆགས་པར་བརྗོད་པ་དེ་དག་ནི་སེང་གེའི་སྒྲ་མ་ཡིན་ཏེ་ཝའི་སྒྲའོ། །གང་ལྟ་བ་ཀུན་ཏུ་སློང་བ་སྟོན་པ་དེ་དག་ལ་སེང་གེའི་སྒྲ་མེད་དོ། །ཞེས་དང་། མདོ་མྱང་འདས་ཆེན་པོ་ལས། སེང་གེའི་སྒྲ་སྒྲོགས་པ་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་དང་། དེ་བཞིན་གཤེགས་པ་རྟག་ཏུ་གནས་ཤིང་མི་འཕོ་བར་ངེས་པར་བཤད་པའོ། །ཞེས་དང་། རིགས་ཀྱི་བུ་གནས་སྟོང་པར་མང་དུ་བཤད་ཀྱང་སེང་གེའི་སྒྲ་བསྒྲགས་པ་ཞེས་མི་བྱ་སྟེ། མཁས་པ་ཤེས་རབ་ཅན་གྱི་འཁོར་མང་པོའི་ནང་དུ་བསྒྲགས་པ་ནི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་ཞེས་བྱའོ། །དེ་ལ་སེང་གེའི་སྒྲ་སྒྲོགས་པ་ནི་ཆོས་ཐམས་ཅད་མི་རྟག་པ་སྡུག་བསྔལ་བ་བདག་མེད་པ་ཡོངས་སུ་མ་དག་པ་ཞེས་མི་འཆད་དེ། དེ་བཞིན་གཤེགས་པ་རྟག་པ་བདེ་བ་བདག་དང་ཡོངས་སུ་དག་པ་འབའ་ཞིག་འཆད་དོ། །ཞེས་སོགས་སེང་གེའི་སྒྲ་སྒྲོགས་པའི་དཔེ་དོན་རྒྱ་ཆེར་གསུངས་པས་མཚོན་ཏེ་ཤེས་པར་བྱའོ། །གལ་ཏེ་དེ་ལྟར་བདེ་བར་གཤེགས་པའི་རང་ལམ་དྲང་པོར་སྨྲས་པ་ཁ་ཅིག་དང་མ་མཐུན་ཡང་། ཡང་དག་པའི་ལམ་རྣམ་པར་བཞག་པ་ཡིན་པས་གཞན་ཁོང་འཁྲུགས་བར་མི་བྱ་སྟེ། དབུ་མ་ལ་འཇུག་པ་ལས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཅེས་པ་ལྟར་རོ། །དེ་ལྟ་བུའི་ཚུལ་འདི་ཆོས་སྲུང་བའང་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། དེ་ལ་ཆོས་སྲུང་བ་གང་ཞེ་ན། འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས་ལ་སྨོད་པ་རྣམས་ཆོས་དང་མཐུན་པར་ཚར་གཅོད་པའོ། །ཞེས་དང་། ཆོས་འཛིན་པ་ཡང་ཡིན་པར་ནམ་མཁའ་མཛོད་ཀྱིས་ཞུས་པ་ལས། རྒྱལ་བའི་བྱང་ཆུབ་མཚན་ཉིད་གང་བརྙེས་པ། །ཆོས་ཀྱི་མཚན་ཉིད་དེ་ནི་ཡོངས་འཛིན་ཅིང་། །གང་གིས་རྡུལ་མེད་མཐའ་འདི་རབ་ཤེས་པ། དེ་ནི་སངས་རྒྱས་ཀུན་གྱི་ཆོས་འཛིན་ཡིན། །ཞེས་དང་། དེ་ལྟར་ཆོས་བཟུང་བ་དེ་ནི་སངས་རྒྱས་ལ་བྱས་པ་གཟོ་བ་དང་། བསོད་ནམས་ཚད་མེད་པའང་འཐོབ་སྟེ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པའི་མདོ་ལས། འདི་ལྟར་རྒྱལ་བའི་ཆོས་ཀྱིས་ཉེར་གནས་ཤིང་། །ཆོས་ཀྱིས་ངེས་པར་འབྱུང་གི་ཟང་ཟིང་མིན། །དེ་བས་གང་ཞིག་བདེ་གཤེགས་ཆོས་འཛིན་པ། །དེ་ནི་སངས་རྒྱས་ཀུན་ལ་བྱས་པ་གཟོ། །ཞེས་དང་། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། ཇི་ལྟར་བསྐལ་པ་བྱེ་བ་སྟོང་བརྗོད་ཀྱང་། སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར། དེ་བཞིན་གཤེགས་ཀྱི་དམ་ཆོས་འཛིན་པ་ཡི། །བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །འདི་ན་ཐེག་པ་མཆོག་གི་གཞུང་ལུགས་ལ། །ཅུང་ཟད་སྨྲ་བའི་སྤོབས་པ་རྒྱས་གྱུར་ཀྱང་། །ན་ཚོད་གཞོན་ཞིང་སྦྱང་བ་མ་སྨིན་པ། །བན་སྨྱོན་བདག་གི་ངག་ལ་སུས་ཡིད་རྟོན། །དེང་དུས་སྐྱེ་བོ་གྲགས་པའི་རྗེས་སུ་འབྲངས། །ཚུལ་དང་ཚུལ་མིན་དཔྱོད་པའི་བློ་གྲོས་བྲལ། །ཕལ་ཆེར་ཕྲག་དོག་གདོན་གྱིས་རྣམ་པར་དཀྲུགས། །ལེགས་བཤད་སྨྲ་བའི་དུས་མིན་བདག་གིས་འཚལ། །འོན་ཀྱང་བླ་མ་མཆོག་དང་ལྷག་པའི་ལྷ། །སྙིང་གི་པདྨོར་རྟག་ཏུ་གུས་མཆོད་པས། །གཞུང་བཟང་རྣམས་ཀྱི་ཚིག་དང་དོན་གྱི་ཆ། །གསལ་བ་གསལ་བར་རིག་པའི་དབྱིངས་སུ་ཤར། །དེ་ཚེ་ལེགས་བཤད་གོམས་པ་ལྷུར་ལེན་ལ། །དགའ་བ་ཡུན་རིང་སྐྱེས་ནས་ཕྱི་མའི་མུར། །ཞིང་གཞན་དུ་ཡང་རྒྱལ་བའི་ཆོས་ཚུལ་ལ། །སྤྲོ་བ་དམ་པ་ཡར་ངོའི་ཟླ་བ་བཞིན། །ཟབ་མོའི་མཐར་ཐུག་པ་ཡི་གཏམ་འདི་ལས། །བློ་ལྡན་དགའ་བ་སྐྱེ་འགྱུར་དེ་ལྟ་བུ། །སྲིད་ཞིའི་མཐར་ལྷུང་བདེ་བ་གང་གིས་མིན། །དེ་ཕྱིར་སྐལ་བཟང་ཚོགས་ཀྱི་དགའ་སྟོན་ལགས། །མངོན་པར་ཞེན་པ་མཐའ་དག་སྤངས་པ་ཡི། །སྣང་སྟོང་ཟུང་འཇུག་ཐེག་མཆོག་སེང་གེའི་སྒྲས། །ལྟ་ངན་རི་དྭགས་ཚོགས་རྣམས་ཟིལ་གནོན་ཞིང་། །རྒྱལ་བསྟན་སྙིང་པོར་ཕྱོགས་བཅུར་རྒྱས་གྱུར་ཅིག །ཅེས་པ་འདི་ཡང་བསླབ་གསུམ་ནོར་བུའི་མཛོད་འཆང་ཆོས་ཀྱི་མཆེད་པོ་གུ་ཎའི་མིང་ཅན་གྱིས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་སོགས་ཀྱི་རྣམ་བཤད་ཡིད་ངོར་གང་ཐོན་ཞིག་བྲིས་ཞེས་ཆེད་བསྐུལ་ངོར་བནྡེ་བློ་གྲོས་དྲི་མེད་ཀྱིས་ཤར་མར་བྲིས་པ་དགེ་ལེགས་འཕེལ། འདིའི་རྩོམ་དཔེ་རྗེ་བླ་མའི་ཕྱག་དཔེའི་ཁྲོད་དུ་འཚེབས་ནས་ལོ་སྐོར་ཚར་གཉིས་སོན་པའི་རྗེས་སུ་སླར་ཡང་དཔེ་རྙེད་པ་དང་དུས་མཚུངས་པར་བླ་མ་དམ་པ་ལུང་རྟོགས་ནས་སྤར་བརྐོ་རྒྱུ་མཛད་ཐོག །སྔར་གྱི་སྐུལ་བ་པོ་ཡང་དེར་འཛོམས་པ་དང་མཁྱིན་ལྡན་ལེགས་པའི་བློ་གྲོས་བཅས་ཀྱིས་ད་དུང་བསྐྱར་བསྣན་སོགས་དགོས་ན་ཅིས་ཀྱང་གྱིས་ཞེས་བསྐུལ་བ་ལ་བརྟེན་ནས་སྔར་གྱི་རྩོམ་དཔེའི་ཚིག་སྣ་འགའ་ཞིག་བསྡུས། གནད་རེ་ཟུང་གསར་བསྣན་བཅས་རབ་ཚེས་ལྕགས་ཡོས་ས་ག་ཟླ་བའི་དམར་ཕྱོགས་ཀྱི་གྲལ་ཚེས་དགེ་བར་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་གླིང་དུ་བློ་གྲོས་དྲི་མེད་འཇམ་དཔལ་དགྱེས་པའི་རྡོ་རྗེས་ཞག་གཉིས་ལ་ངོས་བཤུས་གྲུབ་པར་བགྱིས་པ་མངྒ་ལཾ། །ༀ་སྭ་སྟི། རྒྱལ་བ་མི་ཡི་སེང་གེ་ཐུབ་དབང་གིས། །གདུལ་བྱའི་ཁམས་དབང་རྗེས་མཐུན་བསམ་ཡས་ཀྱི། །འདུལ་བྱེད་གང་གསུང་ཐེག་པའི་སྙིང་པོ་མཆོག །འཁོར་ལོ་བར་ཐ་གཉིས་པོ་འདི་ཡིན་ཞེས ། ༡༽ །ཡང་ཡང་བཀའ་སྩལ་བཀའ་དང་བསྟན་བཅོས་གཉིས། །གནད་དུ་དྲིལ་ནས་སྔ་འགྱུར་རིག་འཛིན་གྱི། །རྗེས་འབྲང་ཚད་མ་གསུམ་གྱིས་སྣང་བྱེད་པོ། །མི་ཕམ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ། ༢༽ །ཆོས་དང་སྟོན་པ་རབ་ཏུ་གསལ་བྱེད་པོའི། །བཀའ་དྲིན་གཟོ་ཕྱིར་བསྟན་པའི་ཞབས་འདེགས་དང་། །རང་གི་བག་ཆགས་བཟང་པོ་འཇོག་ཕྱིར་དུ། །ཡེ་གེའི་ཕྱི་མོ་སྤར་དུ་བསྐྲུན་པ་ལགས། ༣༽ །འདིས་མཚོན་དུས་གསུམ་ལེགས་བྱས་དགེ་ཚོགས་ཀུན། །རིས་མེད་བསྟན་དང་བསྟན་འཛིན་དར་རྒྱས་ཤིང་། །བཤད་སྒྲུབ་ཕྲིན་ལས་ཉི་ལྟར་རབ་གསལ་ཏེ། ཕྱོགས་ལས་རྣམ་པར་རྒྱལ་ཕྱིར་ཡོངས་སུ་བསྔོ། ༤༽ །མཁའ་མཉམ་ཡིད་ཅན་མ་རིག་དུཿཁ་ལས། །རྣམ་གྲོལ་ཐོས་བསམ་སྒོམ་པའི་སྣོད་གྱུར་ནས། །ལམ་ལྔ་ས་བཅུའི་བགྲོད་པ་མཐར་ཕྱིན་ཏེ། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག ༥༽ །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །ཕྱོགས་ལྷུང་བསམ་ངན་རྒྱུད་ལ་མི་སྐྱེ་ཞིང་། །ཐེག་ཆེན་བདུད་རྩིའི་ཆོས་ལ་ལོངས་སྤྱོད་ནས། །རིས་མེད་བསྟན་ལ་བྱ་བ་བྱེད་པར་ཤོག ༦༽ །རྒྱལ་དང་རྒྱལ་སྲས་རིག་འཛིན་བྱང་སེམས་ཀྱིས། །ཇི་ལྟར་ཐུགས་བསྐྱེད་ཕྲིན་ལས་མ་ལུས་པ། །དེ་དེ་བཞིན་དུ་བདག་གཅིག་གིས་བསྒྲུབས་ནས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག ༧༽ །ཅེས་པའང་ཞུ་དག་པ་པུཎྱེ་ཡུཥྟི་ཥྛ་ནས། སྤར་ཡོན་སྦྱོར་སྐབས་རྡོ་རྗེའི་བདེན་སྨོན་རང་སོར་བཞག་པའོ། །དགེའོ།། །།

གཞན་སྟོང་ཁས་ལེན་སེང་གེའི་ང་རོ།

གཞན་སྟོང་ཁས་ལེན་སེང་གེའི་ང་རོ་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། རྒྱལ་བ་མི་ཡི་སེང་གེ་ཉི་མའི་གཉེན། །བྱམས་ཆེན་བྱམས་བ་ཐོགས་མེད་བརྒྱུད་པ་དང་། །གངས་ཅན་འཇིགས་མེད་སེང་གེའི་སྒྲ་སྒྲོགས་པ། །དེ་དག་ཀུན་ལ་གུས་པས་ཕྱག་འཚལ་ལོ། །རབ་འབྱམས་སྲས་བཅས་རྒྱལ་བའི་གསང་བའི་མཛོད། །ངེས་དོན་མདོ་རྒྱུད་མན་ངག་སྙིང་པོའི་བཅུད། །འཕགས་བོད་མཁས་གྲུབ་དུ་མའི་དགོངས་ཉམས་ཕུལ། །ཟབ་མོ་དབུ་མའི་ཁས་ལེན་མདོ་ཙམ་བཤད། །དེ་ལ་འདིར་གཞན་སྟོང་སྨྲ་བ་རྣམས་ཀྱིས། །རྒྱལ་བའི་བཀའ་ངེས་དོན་འཁོར་ལོ་ཐ་མ་ཕྱིར་མི་ལྡོག་པ་འཇིགས་མེད་རྟག་པའི་ལམ་བསྟན་པ་རྣམས་དང་། རྒྱལ་ཚབ་ས་བཅུའི་དབང་ཕྱུག་གི་གསུང་ཐེག་པ་ཆེན་པོ་རྒྱུད་བླ་མ་དང་། འཕགས་པ་ཐོགས་མེད་སྐུ་མཆེད་ཀྱིས་གསུངས་པའི་ཟབ་དོན་རྣམས་དང་། མགོན་པོ་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་སོགས་མདོ་ཡི་ངེས་དོན་གྱི་ལུང་རྣམས་དང་། དཔལ་དུས་ཀྱི་འཁོར་ལོ་སོགས་སྔགས་རྒྱུད་རྣམས་དང་། དེའི་དགོངས་འགྲེལ་གསལ་བྱེད་སེམས་འགྲེལ་སྐོར་གསུམ་སོགས་དགོངས་པའི་གནད་གཅིག་པར། ཟབ་མོ་ངེས་དོན་དབུ་མ་ཆེན་པོའི་གཞུང་འཛུག་པར་མཛད་པ་འདི་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་དགོངས་གནད་ཅན་ཡིན་ཀྱང་། དེང་སང་ནི་གཞུང་སྨྲ་བའི་ཁུར་འཛིན་པ་ཤེས་མི་ཤེས་ཐམས་ཅད་ཀྱི་ཁ་ཐོ་མཆུ་ཐོ་ཅི་ཕོག་བྱེད་པ་ནི་ཤིན་ཏུ་འཁྲུལ་ཏེ། དེའི་ཚུལ་མདོ་ཙམ་བརྗོད་ན། གཞན་སྟོང་གི་གྲུབ་མཐའ་ངེས་པར་གཏན་ལ་འབེབ་ན། དང་པོ་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་བཞིན་དུ་ཆོས་ཐམས་ཅད་རང་བཞིན་མེད་པར་གཏན་ལ་འབེབས་དགོས་ཏེ། དེ་མ་ཤེས་ན་ཀུན་རྫོབ་རང་ངོ་ནས་སྟོང་ཚུལ་དང་། དོན་དམ་གཞན་གྱིས་སྟོང་ཚུལ་གཏན་ལ་མི་ཕེབ་པས། ཐོག་མར་སྤྲོས་བྲལ་སོ་སོར་རང་གིས་རིག་པར་བྱ་བའི་དོན་གཏན་ལ་དབབ་པར་བྱའོ། །དེ་ཡི་རྗེས་སུ་དོན་དམ་སྤྲོས་པ་དང་བྲལ་བའི་དོན་དེ་ལྟ་བུ་ནི་ཡུལ་ཅན་མི་རྟོག་ཡེ་ཤེས་ཀྱིས་རྟོགས་ནས་གནས་སྣང་མཐུན་པར་གྱུར་པའི་ཡུལ་དང་ཡུལ་ཅན་གཉིས་ཀ་ལ་དོན་དམ་ཞེས་བརྗོད་པ་དང་། གནས་སྣང་མི་མཐུན་པའི་ཡུལ་ཡུལ་ཅན་ལ་ཀུན་རྫོབ་ཅེས་བྱ་སྟེ། ཐ་སྙད་དཔྱོད་པའི་ཚད་མས་དཔྱད་ན་བསླུ་བ་དང་མི་བསླུ་བ། འཁྲུལ་པ་དང་མ་འཁྲུལ་བའི་ཁྱད་ཡོད་པས། གང་མི་བསླུ་ཞིང་མ་འཁྲུལ་བ་དེ་དོན་དམ་དང་། ཅིག་ཤོས་ལ་ཀུན་རྫོབ་ཀྱི་རྣམ་བཞག་བྱེད་དེ། བདེན་གཉིས་འཇོག་ཚུལ་སྟོང་པ་དང་སྣང་བ་ལ་བཞག་པ་ཡོངས་གྲགས་ལྟར་དང་། གནས་སྣང་མཐུན་མི་མཐུན་ལ་བཞག་པ་བཤད་མ་ཐག་པ་ལྟར་གཉིས་པོ་འདི་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ལས་གདོད་ནས་བསྟན་གྱི། གཞན་སྟོང་སྨྲ་བས་གསར་དུ་རྣམ་བཞག་བྱས་པ་མ་ཡིན་ཏེ། ཆོས་དང་ཆོས་ཉིད་རྣམ་འབྱེད་ལས་གསུངས་པ་དང་། རྒྱུད་བླ་མར་ཡང་། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་གི། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དང་། དེའི་འགྲེལ་བར། དེ་བཞིན་གཤེགས་པའི་སྙིང་པོ་ནི། རྣམ་པར་དབྱེ་བ་ཡོད་པ། བྲལ་ཤེས་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེད་མ་ལས་འདས་པ་ནི་མི་སྟོང་ངོ་། །ཞེས་གསུངས་པ་དང་། ཤིང་རྟ་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེགས། །དེ་ཉིད་འོད་གསལ་མ་ཡིན་ནོ། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང་། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་དང་། ཆོས་ཀྱི་རྒྱལ་པོ་རིགས་ལྡན་འཇམ་དཔལ་གྲགས་པས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་དང་འདྲ་མ་ཡིན། །ཞེས་གསུངས ། དེ་ལྟ་ན་དོན་དམ་རང་ངོས་ནས་མི་སྟོང་ཞེས་ཟེར་བ་འདི་རྣམ་པ་ཀུན་ཏུ་བདེན་གཉིས་ཕྱི་མའི་འཇོག་ཚུལ་ལྟར་བྱས་ཏེ། བདེན་བ་གཉིས་པོ་གཅིག་བཀག་པའི་ཐ་དད་དུ་ཁས་ལེན་པ་ལ་གོ་དགོས་ཀྱི། སྣང་སྟོང་གི་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་འཇོག་ཚུལ་ལྟར་གོ་བ་དེ་གཏན་མིན་ནོ། །དེ་ལྟ་ན་གནས་སྣང་མི་མཐུན་པ་འཁྲུལ་བའི་སྣང་བ་རྣམས་ནི། འཁྲུལ་ངོར་སྣང་དུ་ཟིན་ཀྱང་། དོན་ལ་དེ་ལྟར་མ་གྲུབ་པའི་ཕྱིར་ཀུན་རྫོབ་ཅེས་བྱ་ལ། ཅིག་ཤོས་ནི་མ་འཁྲུལ་བའི་གཟིགས་ངོར་སྣང་བ་ལྟར་གྲུབ་པ་ལ་ཚད་མས་གནོད་པ་མེད་པའི་ཕྱིར་དོན་དམ་དུ་ཡོད་པ་དང་བདེན་པར་གྲུབ་པ་ཞེས་བྱའོ། །འདི་སྟོང་པ་ལས་ཐ་དད་དུ་གྱུར་པའི་སྣང་བ་བདེན་གྲུབ་ཡིན་མི་དགོས་ཏེ། དང་པོ་ནས་ཆོས་ཀྱི་དབྱིངས་སྣང་སྟོང་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་གྲུབ་ཟིན་ནས། དེ་ལྟ་བུ་གནས་ལུགས་དོན་དམ་བདེན་པར་ཁས་བླངས་ཟིན་པའི་ཕྱིར་རོ། །དེས་ན་དེ་འདྲའི་དོན་དམ་དེ་རང་ངོས་ནས་མི་སྟོང་སྟེ། ཐ་སྙད་དུ་དཔེར་བྱ་ན་ཐག་ཁྲ་ལྟ་བུ་དོན་དམ་བདེན་པ། སྦྲུལ་ལྟ་བུ་ཀུན་རྫོབ་བདེན་པར་བཞག་དགོས་ཏེ། གཅིག་ཐ་སྙད་དུ་གྲུབ་པ་དང་། གཅིག་མ་གྲུབ་པའི་ཁྱད་ཕྱེད་དགོས་ཀྱི་གཉིས་ཀ་འཁྲུལ་བ་དང་། གཉིས་ཀ་བདེན་པ་ཡིན་མི་སྲིད་པ་བཞིན་ནོ། །དེས་ན་དོན་དམ་རང་གི་ངོ་བོས་མི་སྟོང་སྟེ་དོན་དམ་མ་འཁྲུལ་བའི་ཡུལ་ཡུལ་ཅན་གཉིས་ཀ་ཡོད་པའི་ཕྱིར་དང་། ཡོད་པ་དེ་ལ་དེ་ལྟར་མ་ཡིན་པའི་ཚད་མས་གནོད་པ་མི་སྲིད་པ་དང་། སྟོང་ཉིད་བསྒྲུབ་པའི་རིགས་པ་སྔོན་དུ་བཏང་བས་གྲུབ་དོན་ཡིན་པ་དང་། ཐ་སྙད་བདེན་པ་དཔྱོད་པའི་ཚང་མ་ཡང་དག་པས་གྲུབ་པ་ལ། ལྷ་དང་བཅས་པའི་འཇིག་རྟེན་སུས་ཀྱང་ཆོས་བཞིན་རྒོལ་མི་ནུས་སོ། །དེ་ལྟར་ན་དོན་དམ་རང་ངོས་ནས་བདེན་པ་དང་མི་བསླུ་བ་ཡིན་པའི་ཕྱིར། དེ་ལྟར་ཡིན་པའི་ཆོས་ཀྱིས་ནམ་ཡང་མི་སྟོང་སྟེ། སྟོང་ན་མི་བདེན་པ་དང་འཁྲུལ་བར་འཇོག་པའི་ཚད་མ་ཡོད་དགོས་ན་དེ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་སྲིད་ན་ཞི་བ་མྱ་ངན་འདས་པ་ནི་ཡིད་བརྟན་གྱི་གནས་མ་ཡིན་པར་འགྱུར་དགོས་ན་དེ་ལྟ་བུ་ཁས་ལེན་པ་ནི་བདུད་དང་མུ་སྟེགས་པ་ཚད་མ་དང་མི་ལྡན་པའི་སྨྲ་བ་ཅན་རྣམས་ལས་བསྟན་པ་འདི་ལ་གུས་པ་དག་གིས་སྨྲ་བ་མ་ཡིན་ནོ། །གནས་ལུགས་དོན་དམ་དེ་ལྟར་ཡེ་ནས་ཡིན་ཀྱང་། དེ་ལྟར་མ་རྟོགས་པའི་འཁྲུལ་སྣང་གང་ཞིག་མི་བདེན་པ་དང་འཁྲུལ་བ་ཉིད་དུ་བསྒྲུབ་པའི་ཚད་མ་ཡོད་པ་ཅན་ནི་སྐབས་འདིར་ཀུན་རྫོབ་ཅེས་བྱ་སྟེ་སྒྲིབ་པའི་དོན་ཅན་གྱི་མིང་གི་དོན་དང་མཐུན་པའོ། །དེས་ན་དོན་དམ་ཀུན་རྫོབ་དེས་སྟོང་སྟེ། ཀུན་རྫོབ་ཀྱི་མིང་ཅན་འཁྲུལ་སྣང་གིས་བསྡུས་པའི་ཡུལ་དང་ཡུལ་ཅན་དེ་དག་རང་གི་ངོ་བོས་སྟོང་སྟེ། དཔེར་ན་ཐག་པ་ལ་སྦྲུལ་གྱིས་སྟོང་པ་བཞིན་ནོ། །དེ་ལྟར་ཤིན་ཏུ་ཡང་ཁས་བླངས་དགོས་ཏེ། གཞན་སྟོང་དགག་པ་སྐད་བྱེད་པའི་གྲུབ་མཐའ་གཞན་མའི་ལུགས་ལྟར་ན། བདེན་མེད་ནི་དོན་དམ་དཔྱོད་པས་བསྒྲུབ་བྱ་ཡིན་གྱི་དགག་བྱར་ཁས་ལེན་མི་རུང་བ་ལྟར། སྤྲོས་བྲལ་ནི་མཐར་ཐུག་དཔྱོད་པའི་རིགས་པས་བསྒྲུབ་བྱ་ཡིན་གྱི་དགག་བྱ་མ་ཡིན་པའི། བདེན་མེད་དང་སྤྲོས་པ་མེད་པའི་ཁས་ལེན་མེད་ན་རང་ལུགས་ཀྱི་གྲུབ་མཐའ་འདི་ཡིན་ཞེས་ཅུང་ཟད་ཀྱང་སྒྲུབ་ཏུ་མེད་པར་འགྱུར་བ་ལྟར། དོན་དམ་པ་ཡང་ཀུན་རྫོབ་དང་འདྲ་བར་རང་སྟོང་ཡིན་ན་དོན་དམ་མ་འཁྲུལ་བ་དང་གནས་ལུགས་སུ་གྲུབ་པ་དང་། ཀུན་རྫོབ་འཁྲུལ་བ་དང་དེའི་ངོ་བོར་མ་གྲུབ་པར་བཞག་མི་ཤེས་ཏེ། འདིའི་སྐབས་ཀྱི་སྟོང་ཞེས་པ་སྟོང་གཞི་གང་ལ་ཆོས་གང་གིས་སྟོང་དཔྱད་པའི་སྐབས་ཡིན་པའི་ཕྱིར་རོ། །གལ་ཏེ་དོན་དམ་རང་ངོ་ནས་སྟོང་ན་འཁྲུལ་སྣང་དང་མ་འཁྲུལ་བའི་སྣང་བ་ལ་བདེན་རྫུན་དཔྱོད་པའི་ཚད་མས་ཁེགས་མ་ཁེགས་ཀྱི་ཁྱད་པར་མེད་པས། ཐག་པ་དང་སྦྲུལ་གཉིས་ཀ་ཡོད་མཉམ་མེད་མཉམ་དུ་འགྱུར་བ་བཞིན་ནོ། །ཀུན་རྫོབ་ཀྱིས་སྟོང་པ་དེས་སྟོང་གོ་ངེས་པར་ཆོད་དེ། བདེན་གྲུབ་དེ་མ་གྲུབ་པས་བདེན་འཛིན་དེ་འཁྲུལ་ཤེས་ཡིན་པས་བསླུ་ཞིང་འཁོར་བར་འཁྱམས་པ་ཡིན་པས། དེ་འདྲའི་འཁྲུལ་བའི་ཡུལ་ཡུལ་ཅན་གཉིས་ཀ་སྐབས་འདིའི་ཀུན་རྫོབ་ཡིན་པས་དེས་སྟོང་པར་གྱུར་པས་སྟོང་གོ་མ་ཆོད་ན་བདེན་གྲུབ་མེད་པས་ཀྱང་སྟོང་གོ་མི་ཆོད་པ་དང་། བདེན་འཛིན་ཁེགས་པས་སྟོང་ཉིད་བསྒོམ་པའི་གོ་མི་ཆོད་པར་འགྱུར་རོ། །དེ་བཞིན་དུ་སྤྲོས་པའི་ཡུལ་ཡུལ་ཅན་ཁེགས་པའི་དབང་གིས་གཟུང་འཛིན་མེད་པའི་སྟོང་ཉིད་ཀྱང་ལུགས་འདི་ལ་ཡོངས་སུ་རྫོགས་པ་ཡིན་ཏེ། གཟུང་འཛིན་གཉིས་སྣང་གི་སྤྲོས་པ་ཐམས་ཅད་འཁྲུལ་བའི་ཡུལ་དང་ཡུལ་ཅན་གྱིས་བསྡུས་པ་ཡིན་པས་སྐབས་འདིའི་ཀུན་རྫོབ་ཏུ་བཞག་པ་དེས། དོན་དམ་པ་སྟོང་པས་སྟོང་གོ་མ་ཆོད་ན། སྤྲོས་བྲལ་གྱིས་སྟོང་གོ་མི་ཆོད་པ་དང་། སྤྲོས་བྲལ་བསྒོམ་པའི་བློ་དེས་སྟོང་ཉིད་བསྒོམ་པའི་གོ་མི་ཆོད་པར་འགྱུར་རོ། །འོ་ན་དོན་དམ་དེ་བདེན་མེད་དང་སྤྲོས་བྲལ་མ་ཡིན་ནམ་ཞེ་ན། དེ་བདེན་མེད་དང་སྤྲོས་བྲལ་མ་ཡིན་པ་ཞིག་དོན་དམ་ཀྱང་ག་ལ་ཡིན་ཏེ་སྐབས་འདིའི་ཀུན་རྫོབ་བཞིན་ནོ། །འོ་ན་དོན་དམ་བདེན་མེད་དང་སྟོང་པ་ཡིན་ན། བདེན་གྲུབ་དང་རང་ངོས་མི་སྟོང་ཞེས་ཅེས་སྨྲ་སྙམ་ན། སྐབས་འདིའི་བདེན་གྲུབ་དང་མི་སྟོང་བ་ནི་ཐ་སྙད་དཔྱོད་པའི་ཚད་མའི་ངོར་གྲུབ་པ་དང་ཡོད་པ་ལ་བརྗོད་པའི་དོན་ཁྱེད་ཅག་གིས་གཏན་མ་གོ་བར་རྒོལ་བ་ཙམ་དུ་ཟད་དོ། །འོ་ན་བདེན་གྲུབ་ཀྱང་ཡིན་ལ་བདེན་གྲུབ་མེད་པའང་ཡིན། སྟོང་ཉིད་ཀྱང་ཡིན་ལ་མི་སྟོང་བའང་ཡིན་པར་ཁས་ལེན་ནམ་ཞེ་ན། དེ་ག་ལ་ཡིན་ཏེ་ཁྱོད་སྣང་བ་ལ་ཀུན་རྫོབ་དང་། སྟོང་པ་ལ་དོན་དམ་དུ་བཞག་པའི་ཡ་གྱལ་གྱི། དོན་དམ་དཔྱོད་པའི་ཚེ་ན་བདེན་མེད་དང་སྤྲོས་བྲལ་དགག་མི་རུང་བར་འདོད་པ་ལྟར། ངེད་འཁྲུལ་བ་ཀུན་རྫོབ་དང་མ་འཁྲུལ་བ་དོན་དམ་དུ་འདོད་པའི་ལུགས་ལའང་མ་འཁྲུལ་བའི་དོན་དམ་དང་། དེ་མ་འཁྲུལ་བའི་བདེན་པར་གྲུབ་པ་དགག་མི་རུང་བར་འདོད་པ་འདྲ་བའི་ཕྱིར་རོ། །དེའི་ཕྱིར་ཤིང་རྟ་ཆེན་པོ་ཐོགས་མེད་ཀྱི་ཞལ་ནས། གང་ལ་གང་མེད་པ་དེ་ནི་དེས་སྟོང་ངོ་། །འདི་ལ་ལྷག་མར་གྱུར་པ་གང་ཡིན་པ་དེ་ནི་ཡོད་དོ། །ཞེས་གསུངས་པ་ལྟར་རྣམ་པ་ཀུན་ཏུ་དགག་སྒྲུབ་ཀྱི་གཞུང་འཛུགས་པའི་ཚེ་རིགས་པས་མ་གྲུབ་པ་བཀག་དགོས་ཀྱང་། རིགས་པས་གྲུབ་པའི་དོན་མི་དགག་པར་ཁས་ལེན་དགོས་ཀྱི་ཐམས་ཅད་མཚུངས་པར་བཀག་ན་རྗོད་བྱེད་ཆོས་དང་བརྗོད་བྱའི་དོན་ཡང་དག་ཡིན་པ་དང་མིན་པའི་ཁྱད་པར་སྒྲུབ་བྱེད་ཀྱི་ཚད་མ་ལོག་པའི་ཕྱིར་ངེས་ཤེས་གང་ཡང་སྐྱེ་བར་མི་རུང་ངོ་། །འོ་ན་དགག་སྒྲུབ་ལས་འདས་པའི་ཆོས་དབྱིངས་སོ་སོ་རང་རིག་པའི་ཡུལ་ཁས་མི་ལེན་ནམ་སྙམ་ན། ཅིའི་ཕྱིར་ཞེས་ཁོ་རང་ལ་འདྲི་བར་བྱའོ། །ཁྱོད་མཐའ་གཅིག་ཏུ་དགག་བྱ་འགོག་པ་དང་། བསྒྲུབ་བྱ་སྒྲུབ་པའི་ཁས་ལེན་དང་བཅས་པའི་གཞུང་བཙུག་ནས་ཐམས་ཅད་དགག་པར་མི་འདོད་པའི་དམིགས་པ་ཅན་གྱི་ས་ལ་གནས་པའི་ཕྱིར་ཞེ་ན། སོ་སོ་རང་རིག་པའི་ཡུལ་གྱི་ཆོས་དབྱིངས་དགག་སྒྲུབ་ལས་འདས་པའི་ཕྱིར། འདི་ལྟ་བུ་ལ་བདག་ཅག་གིས་དོན་དམ་དུ་འདོད་པ་ཡིན་ལ། དེ་འདྲའི་དོན་དམ་གྲུབ་ཟིན་དེ་ཉིད་དོན་དམ་དུ་གྲུབ་པ་ཡིན་པར་ཐ་སྙད་ཀྱིས་བསྒྲུབ་པའི་སྐབས་འདིར་དགག་སྒྲུབ་ཅན་དུ་བྱས་པ་འདི་གཉིས་འགལ་མེད་ཡིན་ཏེ། གལ་ཏེ་དོན་དམ་ཐ་སྙད་དུ་རང་ངོས་མི་སྟོང་པར་སྒྲུབ་པའི་ཁས་ལེན་འདི་མེད་ན། དགག་སྒྲུབ་བྲལ་བའི་དོན་དམ་ཀྱང་མེད་པར་འགྱུར་རོ། །དེའི་ཕྱིར་ཐ་སྙད་དུ་རང་བཞིན་མེད་པའི་ཁས་ལེན་ལོག་ན་རང་བཞིན་ཡོད་པ་ཉིད་དུ་གྲུབ་པར་འགྱུར་བ་ལྟར། དོན་དམ་རང་ངོས་ནས་སྟོང་སྟེ་དེ་ལྟར་མ་གྲུབ་པར་གྱུར་ན། དོན་དམ་དེ་དོན་དམ་མ་ཡིན་པར་ཀུན་རྫོབ་ཏུ་འགྱུར་རོ། །གལ་ཏེ་དེ་ལྟར་དོན་དམ་རང་གི་ངོས་ནས་བདེན་གྲུབ་དང་སྤྲོས་པ་ཐམས་ཅད་མེད་པར་གྲུབ་ཟིན་དེས་སྟོང་ཉིད་ཀྱི་གོ་མ་ཆོད་པར་དོན་དམ་རང་ངོས་མི་སྟོང་ཞེས་པའི་ཐ་སྙད་ཀྱི་འཇོག་མཚམས་ཀྱི་ཚིག་ཙམ་དེས་སྟོང་ཉིད་དངོས་པོར་ཞེན་པའི་གསོར་མི་རུང་བའི་ལྟ་བར་གྱུར་པ་དང་། སྲིད་ཞི་མཉམ་ཉིད་མིན་པར་དོན་དམ་རྐྱང་པ་རྟག་པ་ཐེར་ཟུག་ཏུ་གྱུར་པ་སོགས་ཀྱི་སྐྱོན་དུ་འགྱུར་སྙམ་པ་ནི་གྲུབ་མཐའ་ཆེན་པོ་འདིའི་ཕྱོགས་མགོ་ཙམ་ཡང་མ་གོ་བ་སྟེ། སྟོང་ཉིད་བདེན་མེད་སྤྲོས་བྲལ་དུ་ཁས་བླང་བཞིན་དེ་ལ་བདེན་གྲུབ་དང་སྤྲོས་པ་ཇི་ལྟར་ཡོད། དོན་དམ་དོན་དམ་དུ་གྲུབ་པར་བརྗོད་ཙམ་དེ་ཀུན་རྫོབ་མིན་པར་བསྟན་པའི་སྒོ་ནས་སྟོང་མི་སྟོང་གི་ཐ་སྙད་བྱེད་པ་དེ་སྐབས་འདིའི་བསྒྲུབ་བྱ་ཡིན་པས་ཐ་སྙད་དུ་དེ་ལྟར་ཁས་བླངས་པས་སྟོང་ཉིད་དངོས་པོར་དམིགས་པའི་ལྟ་བ་ཅན་དུ་འགྱུར་ན། བདེན་མེད་ཁས་བླངས་པས་སྟོང་ཉིད་དངོས་པོར་མེད་པའི་མཚན་མར་ཞེན་པའི་གསོར་མི་རུང་བའི་ལྟ་བར་འགྱུར་བ་དང་། སྤྲོས་བྲལ་ཁས་བླངས་པས་སྟོང་ཉིད་ནི་བརྗོད་དུ་མེད་པའི་དངོས་པོར་དམིགས་པའི་གསོར་མི་རུང་བའི་ལྟ་བར་འགྱུར་བ་མཚུངས་སོ། །མདོར་ན་སྐབས་འདིའི་དོན་དམ་དང་ཀུན་རྫོབ་ཀྱི་གདགས་གཞི་ནི། འཁྲུལ་བ་མེད་པ་དང་འཁྲུལ་བའི་ཡུལ་ཡུལ་ཅན་སོ་སོ་ལ་འཛིན་ཅིང་། མ་འཁྲུལ་བའི་དོན་དམ་དེ་བློ་མ་འཁྲུལ་བའི་ཡུལ་དུ་ཡོད་པ་དང་བདེན་པ་དང་དེ་ཉིད་ཀུན་རྫོབ་འཁྲུལ་པའི་ཕྱོགས་ཀྱིས་སྟོང་པར་ཁས་ལེན་ལ། ཐ་སྙད་དུ་རང་ངོས་ནི་མི་སྟོང་སྟེ་འཕགས་པའི་གཟིགས་ངོར་ཡོད་པར་འདོད་དོ། །དོན་དམ་རང་ངོས་ནས་སྟོང་ན་དེ་ཀུན་རྫོབ་ཀྱི་སྟོང་གཞིར་བཞག་ཏུ་མེད་པར་འགྱུར་ལ། དེ་ལྟ་ན་འཕགས་པའི་མཉམ་བཞག་གི་ཡུལ་དུ་ཆོས་གང་ཡོད་པ་དང་མེད་པའི་ཁྱད་པར་བཞག་མི་ཤེས་པས། དོན་དམ་དོན་དམ་མིན་པ་དང་། ཀུན་རྫོབ་ཀུན་རྫོབ་མིན་པར་དོན་དམ་དང་མགོ་མཉམ་པར་འགྱུར་རོ། །དེས་ན་རྣམ་པ་ཀུན་ཏུ་ཁས་ལེན་འདི་ལྟར་མ་བྱས་ན་མི་རུང་ཞིང་། དེ་ལ་སྐྱོན་ཅི་བརྗོད་པ་ཐམས་ཅད་སྟོང་ཉིད་བདེན་མེད་སྤྲོས་བྲལ་དུ་སྨྲ་བ་རྣམས་ལ་ཇི་སྲིད་མཚུངས་པར་སྐྱོན་འབབ་བོ། །འཁོར་འདས་གཉིས་ཡོད་པ་དང་མེད་པའི་སྒོ་ནས་ཐ་དད་དུ་སོང་བའི་སྲིད་ཞི་མཉམ་ཉིད་མེད་པ་མ་ཡིན་ཏེ། འཁྲུལ་བའི་འཁོར་བ་དང་མ་འཁྲུལ་བའི་མྱང་འདས་གཉིས་ཀ་ཡིན་པ་ཐ་སྙད་དུ་ནམ་ཡང་མི་སྲིད་ལ། འཁོར་བར་སྣང་ཡང་དེ་ལྟར་མ་གྲུབ་པར། འཁོར་བའི་རང་བཞིན་གདོད་ནས་དག་པའི་དོན་དམ་མྱང་འདས་ཆེན་པོར་གནས་པ་ཉིད་སྐབས་འདིའི་བསྒྲུབ་བྱ་ཡིན་པས་དེ་ལ་སྲིད་ཞི་མཉམ་ཉིད་ཅེས་བརྗོད་ཀྱི། སུའི་ལུགས་ལའང་ཆོས་ཐམས་ཅད་དོན་དམ་པའི་དབྱིངས་ཉིད་དུ་ཡེ་ནས་གནས་པ་ལ་སྲིད་ཞི་མཉམ་ཉིད་ཞེས་བརྗོད་ཀྱི། འཁོར་བ་མྱང་འདས་ཀྱི་གཞི་མཐུན་ཁས་ལེན་པ་མེད་དོ། །གཞན་ཡང་དོན་དམ་པ་དོན་དམ་པས་མི་སྟོང་སྟེ་དོན་དམ་པ་དོན་དམ་པ་རང་གིས་སྟོང་ན་དོན་དམ་དེ་དོན་དམ་མིན་པར་ཀུན་རྫོབ་འཁྲུལ་བའི་སྣང་བར་ཐལ་ལོ། །དེ་ལྟར་སྨྲས་པ་ལ་ཤིན་ཏུ་བརྒོལ་བར་འདོད་པ་རྣམས་ཉོན་ཅིག །ཁྱེད་ཅག་གིས་བུམ་པ་བུམ་པས་མི་སྟོང་བུམ་པ་བདེན་གྲུབ་ཀྱིས་སྟོང་ངོ་ཞེས་མ་སྨྲས་སམ། དེ་ལྟར་ན་ཐ་སྙད་དུ་ཡོད་པའི་ཆོས་ཐམས་ཅད་རང་སྟོང་མིན་པར་གཞན་བདེན་གྲུབ་ཀྱིས་སྟོང་པར་ཁས་ལེན་རིགས་ན། དོན་དམ་དོན་དམ་གྱིས་མི་སྟོང་པར་ཁས་བླང་བ་འཐད་པ་ད ང་བཅས་པར་ཁྱེད་ཅག་གིས་ཁས་བླངས་སོ། །དོན་དམ་དོན་དམ་གྱིས་མ་སྟོང་ན་བདེན་གྲུབ་ཀྱིས་མི་སྟོང་བར་འགྱུར་རོ་ཞེ་ན། བུམ་པ་སོགས་ལའང་མཚུངས་སོ། །དེས་ན་ངེད་ཀྱི་དོན་དམ་དོན་དམ་གྱིས་མི་སྟོང་ཀྱང་ཀུན་རྫོབ་ཀྱིས་སྟོང་པའི་ཕྱིར་འཁྲུལ་སྣང་རྫུན་པ་བདེན་པ་གྲུབ་པ་ལྟ་ཅི་སྨོས་ཀྱི་ཀུན་རྫོབ་གཉིས་སྣང་ཐམས་ཅད་ཀྱིས་སྟོང་པར་ཁས་བླངས་པས་སྟོང་གོ་མ་ཆོད་ན། ཀུན་རྫོབ་གཉིས་སྣང་ཐམས་ཅད་ཀྱིས་མ་སྟོང་པར་བདེན་གྲུབ་ཡན་གར་བ་ཀུན་བཏགས་ཀྱི་སྤྱོད་ཡུལ་ཁེགས་པས་སྟོང་གོ་ཇི་ལྟར་ཆོད། བདེན་གྲུབ་ཁེགས་ཀྱང་བདེན་མེད་མི་ཁེགས་མི་འགོག་བཀག་མི་རུང་བར་འདོད་པ་ལྟར། ཀུན་རྫོབ་འཁྲུལ་པ་རྣམས་ཁེགས་ཀྱང་དོན་དམ་མ་འཁྲུལ་བ་མི་ཁེགས་མི་འགོག་བཀག་མི་རུང་བར་མཚུངས་སོ། །མདོར་ན་ཁྱོད་ཀྱིས་བདེན་མེད་སྒྲུབ་པའི་རིགས་པས་ཀུན་རྫོབ་མ་བཀག་པས་སྟོང་གཞི་ཀུན་རྫོབ་ཏུ་སོང་བས་དོན་དམ་པ་ཀུན་རྫོབ་ཀྱིས་མ་སྟོང་བར་ཁས་བླང་། བདག་ཅག་གིས་སྟོང་གཞི་དོན་དམ་ཀུན་རྫོབ་ཀྱིས་སྟོང་པར་ཁས་བླང་བས། སྟོང་གཞི་བདེན་མེད་མེད་དགག་ལ་བདེན་གྲུབ་ཀྱིས་སྟོང་པའི་སྟོང་པ་ཕྱང་ཆད་དང་། རང་ངོས་ནས་མ་སྟོང་པའི་ཀུན་རྫོབ་ཀྱི་སྣང་བ་ཕྱང་ཆད་བདེན་གྲུབ་ཡན་གར་བས་སྟོང་པའི། སྟོང་གཞི་སྣང་སྟོང་གཉིས་ཟུང་དུ་ནམ་ཡང་འདྲེ་བ་མེད་པར་གནས་པ་སྲིད་ཞི་མཉམ་ཉིད་བདེན་པ་གཉིས་ཀྱི་ངོས་ནས་ནམ་ཡང་མི་སྲིད་དོ། །དེས་ན་དེ་འདྲ་བ་སྤྲོས་ལ་གནད་དུ་ཁེལ་བར་གྱིས་ཤིག །ངེད་ཀྱི་ལུགས་ལ་ཡུལ་སྟོང་པ་ཉིད་དང་། ཡུལ་ཅན་ཡེ་ཤེས་གཉིས་ཀ་དོན་དམ་ཡིན་ཅིང་། དེ་གཉིས་ཡང་དག་པའི་དོན་དུ་སྣང་སྟོང་བདེན་གཉིས་ཐ་དད་མེད་པས་དོན་དམ་པའི་ཆོས་ཀྱི་དབྱིངས་ནི་སྟོང་པ་ཕྱང་ཆད་མ་ཡིན་ཏེ། རྣམ་དབྱེར་མེད་པའི་སྐུ་དང་ཡེ་ཤེས་ཀྱིས་མི་སྟོང་པར་ཡེ་ནས་ལྷུན་གྱིས་གྲུབ་པའི་ངོ་བོ་ཉིད་ཀྱི་སྐུར་གནས་སོ། །ཁྱོད་ཀྱི་དོན་དམ་མེད་དགག་ཕྱང་ཆད་ནི་ཐ་སྙད་ཀྱི་སྣང་བ་ལས་ཐ་དད་དུ་གྱུར་པའི་དངོས་མེད་ཡིན་ལ། སྐུ་དང་ཡེ་ཤེས་ཀྱི་ཆ་ཙམ་ཡང་སྔར་མེད་ཕྱིས་མེད་ནམ་ཡང་མེད། དེ་དང་ཐ་དད་དུ་གྱུར་པའི་ཀུན་རྫོབ་རྣམས་ཡོད་ཀྱང་དེས་སྟོང་པ་ལ་མི་ཕན་ཏེ་རང་རང་སོ་སོ་ནམ་ཡང་མི་འདྲེ་འདྲེ་མི་རུང་བ་ཡིན། དེ་ལྟ་ན་འཁོར་རྩ་བདེན་འཛིན་དེའི་ཡུལ་མེད་པས། དེ་འདྲེའི་ཡུལ་ཡུལ་ཅན་གཉིས་ཀ་ཀུན་རྫོབ་འཁྲུལ་བ་ཡིན་པས། ཁྱོད་ཀྱི་ལུགས་ལ་ཀུན་རྫོབ་ནི་བདེན་གྲུབ་དང་བདེན་འཛིན་ཁོ་ན་ལ་འཇོག་དགོས་སོ། །ཐ་སྙད་ཀྱི་སྣང་བ་རྣམས་ནི་དོན་དམ་པ་མིན་ཏེ་སྟོང་པ་ཉིད་མིན་པའི་ཕྱིར་དང་། ཀུན་རྫོབ་མིན་ཏེ་མ་འཁྲུལ་བའི་སྣང་བའམ་དོན་དམ་དཔྱོད་པའི་དཔྱད་བཟོད་ཡིན་པའི་ཕྱིར་ཏེ། བདེན་གྲུབ་ཏུ་དཔྱད་བཟོད་མིན་ཡང་ཐ་སྙད་རང་ངོས་མི་སྟོང་བའི་དཔྱད་བཟོད་ཡིན་པའི་ཕྱིར། དེ་ལྟ་ན་བདེན་མེད་དང་ཐ་སྙད་ཐམས་ཅད་དོན་དམ་དུ་འགྱུར་རོ། །བདེན་གྲུབ་འབའ་ཞིག་ཀུན་རྫོབ་ཏུ་འགྱུར་རོ། །བདེན་འཛིན་ནི་རྫས་སུ་ཡོད་པས་བུམ་སོགས་དང་འདྲའོ། །ཡུལ་བདེན་སྣང་དང་ཡུལ་ཅན་བདེན་འཛིན་གཉིས་གནས་སྣང་མི་མཐུན་པའི་ཀུན་རྫོབ། བདེན་མེད་དང་བདེན་མེད་དུ་འཛིན་པ་གཉིས་ཀ་གནས་སྣང་མཐུན་པའི་དོན་དམ་དུ་འདོད་རིགས་ཀྱི། གཉིས་སྣང་མེད་པའི་ཡུལ་ཡུལ་ཅན་གཉིས་ཀ་ལ་དོན་དམ་དང་། དེ་ཡོད་པ་ཀུན་རྫོབ་ཏུ་འཇོག་པའི་ལུགས་ཁས་ལེན་མི་རིགས་ཏེ། བུམ་སོགས་རང་ངོ་ནས་མི་སྟོང་ན་གཉིས་སྣང་ཡོད་པ་དང་གཉིས་འཛིན་གྱི་བློ་གནས་སྣང་མཐུན་པའི་ཡུལ་ཡུལ་ཅན་དུ་འགྱུར་ལ། གཉིས་སྣང་མེད་པ་དང་གཉིས་འཛིན་མེད་པ་གནས་སྣང་མི་མཐུན་པའི་འཁྲུལ་ཤེས་སུ་འགྱུར་རོ། །མདོར་ན་ཁྱོད་ཀྱི་ལུགས་ལ་རིགས་པས་དགག་བྱ་བདེན་གྲུབ་འབའ་ཞིག་ཡིན་པས། སྟོང་ཉིད་བསྒོམ་པས་སྤང་བྱ་ནི་བདེན་སྣང་དང་བདེན་འཛིན་ཁོ་ན་ཡིན་གྱི་གཞན་གང་ཡང་མིན་ན། འཕགས་སློབ་ཀྱི་མཉམ་བཞག་ལ་བདེན་གྲུབ་ཀྱིས་སྟོང་པའི་ཀུན་རྫོབ་ཐམས་ཅད་ཅིས་མི་སྣང་། རིགས་པས་དགག་བྱ་མིན་ཡང་ལམ་གྱིས་བཀག་སྟེ་མི་སྣང་ངོ་ཞེ་ན། སྒྲིབ་ཤིང་འདྲ་བའི་ལམ་དེས་ཡོད་པའི་དངོས་པོ་རྣམས་མི་སྣང་བར་བྱས་ནས། མེད་པའི་དོན་སྣང་ན་གང་ཕྱིར་ཡོད་པ་མི་མཐོང་མེད་མཐོང་བས། འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཞེས་པ་ལྟ་བུའི་ལམ་དེ་ཡ་མཚན་ནོ། །ངེད་ཀྱི་ལུགས་ལ་དོན་དམ་པ་མངོན་དུ་གཟིགས་པའི་ཚེ། ཡུལ་དང་ཡུལ་ཅན་གཉིས་སུ་སྣང་བ་མེད་པའི་མི་རྟོག་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས། དེ་ལ་བདེན་སྣང་དང་བདེན་འཛིན་ཇི་ལྟར་མངའ། སྤྲོས་པའི་ཡུལ་དང་སྤྲོས་པ་ཇི་ལྟར་མངའ། དེ་ལྟ་བུ་ལ་དོན་དམ་དུ་གདགས་པར་བྱས་ནས། མ་འཁྲུལ་བའི་དོན་དམ་དེ་སྟོང་གཞིར་བཟུང་ནས། དེ་ལ་འཁྲུལ་སྣང་འཁོར་བ་ཀུན་རྫོབ་ཕྱོགས་ཀྱི་ཡུལ་དང་ཡུལ་ཅན་གྱིས་སྟོང་པ་ཡིན་ཞེས་བྱའོ། །དོན་དམ་ངོ་བོ་སྤྲོས་པ་ལས་འདས་ཀྱང་། དོན་དམ་པ་སྒྲུབ་ཚེ་དོན་དམ་གང་ཡིན་དང་། ཀུན་རྫོབ་ཕྱེས་ནས་འཁྲུལ་དང་མ་འཁྲུལ་བའི། །ཁས་ལེན་འདི་ལྟར་མ་བྱས་ཅིར་མི་རུང་། །རང་བཞིན་མེད་པས་ཆོས་ཀུན་སྤྲོས་བྲལ་ཀྱང་། །སྤྲོས་བྲལ་བཀག་ནས་མེད་དགག་ནན་སྒྲུབ་རྣམས། །རང་བཞིན་མེད་པ་མཐའ་གཅིག་ཁས་ལེན་ཞེས། །ཚིག་འ དི་ཙམ་ཞིག་གྲུབ་མཐའི་སྐྱབས་སུ་བཟུང་། །དེ་ལྟར་བཟུང་ཚེ་དོན་དམ་རང་ངོས་ནས། །མི་སྟོང་ཞེས་པའི་ཁས་ལེན་དེ་དག་ཀྱང་། །མི་འདོད་བཞིན་དུ་བདེན་མེད་ཁས་བླངས་པའི། །ཚུལ་དེས་ཁས་ལེན་མ་བྱས་རང་དབང་མེད། །དོན་དམ་རང་ངོས་མི་སྟོང་སྨྲས་པ་ན། །དོན་དམ་དོན་དམ་ཉིད་དུ་གྲུབ་པས་ལེགས། །བུམ་པ་རང་ངོས་མི་སྟོང་ཞེས་སྨྲས་ན། །ཆོས་ཀུན་མི་སྟོང་རྟག་པར་ལྟ་བ་དང་། །ཉི་ཚིའི་སྟོང་པའི་སྟོང་པ་དངོས་མེད་པོ། །ཆ་གཉིས་འཛིན་པའི་རྟག་ཆད་ལྟ་གཞི་སྒྲུབས། །དོན་དམ་རྟག་དང་བདེན་དང་མི་སྟོང་ཞེས། །ཐ་སྙད་ཚད་མས་གྲུབ་ཅིང་དེ་ཤེས་ན། །ལམ་གྱི་ཡོན་ཏན་ཀུན་འཛིན་རྟག་ཆད་ཀྱི། །མཐའ་ལ་ཞེན་པའི་ལྟ་བ་ངན་པ་འགོག །རྟག་ཆད་རྟག་ལྟ་ཆད་ཚད་ཆད་ལྟ་མིན། །ཡོད་ཚད་ཡོད་མཐའ་མེད་ཚད་མེད་མཐའ་མིན། །ཞེས་སུ་གངས་ཅན་མཁས་པར་གྲགས་རྣམས་བཞེད། །དེ་བཞིན་ཐ་སྙད་ཚད་མས་ལེགས་དཔྱད་ན། །རྟག་དང་མི་རྟག་སྟོང་དང་མི་སྟོང་དང་། །བདེན་དང་མི་བདེན་ཡོད་མེད་ཁྱད་ཡོད་པ། །དེ་དག་མཐའ་མིན་ཤན་འབྱེད་བློ་ཡིས་རྟོགས། །མཐར་ཐུག་དོན་དམ་དཔྱོད་པའི་ཡེ་ཤེས་ལ། །ཡོད་མེད་ལ་སོགས་སྤྲོས་པ་མི་མངའ་བར། །གཞན་སྟོང་སྨྲ་བའི་མཁས་གྲུབ་ཀུན་གྱིས་བཞེད། །ཁྱོད་ཀྱིས་དོན་དམ་དཔྱོད་པའི་དཔྱད་ངོར་ཡང་། །བདེན་མེད་སྤྲོས་པ་ཡོད་ཅེས་ཁས་ལེན་མཛད། །དོན་དམ་དཔྱོད་པའི་དཔྱད་ངོར་ཡོད་གྱུར་ཅིང་། །དོན་དམ་གཟིགས་པའི་ཡུལ་དུ་གང་ཡོད་པ། །དེ་དག་མི་སྟོང་པ་དང་བདེན་གྲུབ་དང་། །དེ་ལྟར་དམིགས་པར་བཤད་ན་འགལ་བ་ཅི། །བདེན་མེད་གཟིགས་ངོར་བདེན་མེད་སྟོང་གྱུར་ན། །བདེན་མེད་མ་གཟིགས་པ་དང་ཁྱད་པར་ཅི། །བདེན་མེད་དེ་ཡང་སྟོང་པར་གཟིགས་སྙམ་ན། །བུམ་སོགས་སྟོང་པར་གཟིགས་ན་མི་རུང་ཅི། །བུམ་སོགས་བདེན་པས་སྟོང་གི་རང་མི་སྟོང་། །སྟོང་ན་བུམ་སོགས་ཐ་སྙད་དུ་མེད་ན། །དོན་དམ་གཟིགས་ངོར་དོན་དམ་མི་སྟོང་བ། །དེ་ཡང་དེ་དང་འདྲ་བར་ཅིས་མི་འགྱུར། །མདོར་ན་དོན་དམ་རང་ངོས་མི་སྟོང་ཞེས་པའི་དོན་ཅི་ཡིན་ཞེས་འདྲི་ན། དོན་དམ་བདེན་པ་དོན་དམ་བདེན་པས་མི་སྟོང་པའི་དོན་ཡིན་ཅེས་སྨྲའོ། །དེ་ལ་ཁོ་ན་རེ། དེ་ལྟ་ན་དོན་དམ་བདེན་གྲུབ་ཏུ་འགྱུར་ཞེ་ན། བུམ་པ་བུམ་པས་མི་སྟོང་ན་བུམ་པ་བདེན་གྲུབ་ཏུ་འགྱུར་རོ། །ཞེས་བསྒྲེའོ། །བུམ་པ་བུམ་པས་སྟོང་ན་བུམ་པ་དེ་བུམ་པ་མིན་པར་འགྱུར་བས་བུམ་པ་ཐ་སྙད་དུ་མེད་པར་མི་འགྱུར་རམ་ཞེ་ན། འགྱུར་དུ་ཆུག་སྟེ། དེ་ལྟ་ན། དོམ་དམ་བདེན་པ་དོན་དམ་བདེན་པས་སྟོང་ན། དོན་དམ་བདེན་པ་དོན་དམ་བདེན་པ་མིན་པར་འགྱུར་ཞིང་། དོན་དམ་པ་ཐ་སྙད་དུ་ཡང་མེད་པར་འགྱུར་བ་མཚུངས་སོ། །དེས་ན་དོན་དམ་དཔྱོད་པས་རིགས་ཤེས་ལ་བདེན་མེད་དང་སྤྲོས་བྲལ་དང་སྟོང་ཉིད་དང་དོན་དམ་རྣམས་བསྒྲུབ་བྱར་ཁས་ལེན་གྱི་དགག་བྱར་ཁས་ལེན་མི་རིགས་པས་ན། བདེན་མེད་སོགས་དེ་དག་ཡིན་ཅེས་མཐའ་གཅིག་ཏུ་ཁས་ལེན་དགོས་ཀྱི། མིན་ཞེས་ཁས་མི་ལེན་པ་དེས། དོན་དམ་དང་སྟོང་པ་ཉིད་ནི་བདེན་པ་དང་ཡོད་པ་དང་མི་སྟོང་པར་ཁས་ལེན་དགོས་ཀྱི། མི་བདེན་པ་དང་མེད་པ་དང་སྟོང་ངོ་ཞེས་ཁས་མི་ལེན་ནོ། །དོན་དམ་གཟིགས་པའི་མཉམ་བཞག་གི་ཡེ་ཤེས་ཀྱིས། བདེན་མེད་སོགས་གོང་གི་དེ་རྣམས་གཟིགས་པ་དང་འཛིན་པ་དང་། དེའི་ཡུལ་དུ་ཡོད་པ་དང་བདེན་པར་ཁས་ལེན་དགོས་པ་དེས་ན། ཡེ་ཤེས་དེས་དེ་དག་མི་གཟིགས་མི་འཛིན་དེའི་ཡུལ་དུ་མེད་དེའི་ངོར་མི་བདེན་ཅེས་ཁས་ལེན་མི་རུང་བ་ལྟར། དོན་དམ་སྟོང་པ་ཉིད་ནི་འཕགས་པའི་གཟིགས་ངོར། ཡོད་པ་དང་བདེན་པར་གྲུབ་པ་སོགས་སུའང་ཁས་ལེན་ནོ། །བདེན་གྲུབ་ཏུ་ཁས་བླང་ན་སྟོང་ཉིད་ལ་བདེན་ཞེན་མི་འགོག་གོ་ཞེ་ན། དེ་ལ་ཐ་སྙད་དུ་བདེན་ཞེན་བཀག་མི་རུང་སྟེ་བདེན་དོན་ལ་བདེན་པར་གྲུབ་བོ་སྙམ་པ་རིགས་པ་དང་ལམ་གྱིས་འགོག་རྒྱུའི་བདེན་ཞེན་མ་ཡིན་ཏེ་བདེན་མེད་ལ་བདེན་མེད་དུ་འཛིན་པ་དགག་བྱ་མ་ཡིན་པ་བཞིན་ནོ། །དོན་དམ་དཔྱད་བཟོད་ཀྱི་བདེན་གྲུབ་ནི་འདིའི་སྐབས་སུ་དཔྱད་དགོས་པ་མིན་ཏེ། དོན་དམ་ཉིད་བསྒྲུབ་པའི་རིགས་པས་སྔར་ནས་གཏན་ལ་ཕབ་ཟིན་ཡིན་པ་དང་། ཀུན་རྫོབ་ཀྱིས་སྟོང་པར་བཤད་པའི་ཁོངས་སུ་བདེན་གྲུབ་ཀྱིས་སྟོང་པ་འདུས་བའི་ཕྱིར་རོ། །དེའི་ཕྱིར་ཁྱེད་ཅག་བདེན་མེད་ལ་བདེན་གྲུབ་མེད་ཀྱང་བདེན་མེད་དུ་འཛིན་པ་ནམ་ཡང་བཀག་མི་རུང་བར་སྨྲས་པ་ལྟར། དོན་དམ་པ་ལ་དོན་དམ་དཔྱོད་པའི་དཔྱད་བཟོད་ཀྱི་ཆོས་ཀྱིས་སྟོང་ཡང་། དོན་དམ་པ་ཉིད་བདེན་པར་གྲུབ་པ་དང་། རང་གི་ངོ་བོས་མི་སྟོང་པར་འཛིན་པ་བཀག་མི་རུང་བ་རྣམ་པ་ཀུན་ཏུ་མཚུངས་སོ། །དོན་དམ་དཔྱོད་པས་དཔྱད་ན་དཔྱད་བཟོད་པ་དང་། དེས་མི་ཁེགས་པའི་ཆོས་དོན་དམ་པ་གྲུབ་པ་གང་ཡང་ཁས་མི་ལེན་བཞིན་དུ། བདེན་གྲུབ་འབའ་ཞིག་དོན་དམ་དཔྱོད་པའི་རིགས་ཤེས་ཀྱིས་དགག་བྱ་དང་། མི་རྟོག་ཡེ་ཤེས་ཀྱིས་སྤང་བྱ་ཡིན་པར་འདོད་ཀྱི། ཆོས་སུ་དམིགས་པ་ཐམས་ཅད་དེ་གཉིས་ཀས་དགག་བྱ་དང་སྤང་བྱ་ཡིན་པར་འདོད་ན་ཧ་ཤང་གི་ལྟ་བ་ལྟར་ཤིན་ཏུ་མི་རུང་བར་སྨྲ་བ་དེ་དག་གི་ལྟར་ན། རིགས་ཤེས་ཡེ་ཤེས་གཉིས་ཀས་གཉིས་སྣང་གི་ཀུན་རྫོབ་དགག་པ་དང་སྤང་བར་བྱེད་ཀྱི། ཀུན་རྫོབ་ཀྱིས་སྟོང་པའི་ཡུལ་དོན་དམ་པ་དང་། ཡུལ་ཅན་ཡེ་ཤེས་དང་། ཡེ་ཤེས་ཀྱིས་གཟིགས་པའི་ཆོས་གང་ཞིག་དོན་དམ་དུ་འགྱུར་བ་རྣམས་མི་དགག་མི་སྤོང་བར་གྱུར་པ་འདི་ཡང་ལེགས་པར་འགྲུབ་སྟེ། དམིགས་པ་ཐམས་ཅད་དུས་ཐམས་ཅད་དུ་དགག་བྱ་དང་སྤང་བྱར་བཟུང་ན། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་རྣམས་ཐམས་ཅད་རིགས་པ་དང་ལམ་གྱི་དགག་བྱར་སོང་བས་ཅི་ཡང་མེད་པའི་ཆད་སྟོང་ནམ་མཁའ་ལྟར་འགྱུར་རོ། །དེས་ན་གཞན་སྟོང་སྨྲ་བས་བཞག་པའི་ཁས་ལེན་འདི་དག་ལ་ཐན་དུ་ལྟ་བའི་གངས་ཅན་པ་ཐམས་ཅད་ཀྱི་ཡང་། རང་གི་ཁས་བླང་དེ་དག་གིས་མི་འདོད་བཞིན་དུ་གཞན་སྟོང་གི་ཁས་ལེན་ཐམས་ཅད་རང་གྲུབ་ཏུ་སོང་ངོ་། །དེའི་ཕྱིར་ཡོད་ཚད་དང་མེད་ཚད། བདེན་ཚད་དང་མི་སྟོང་ཚད་མཐའ་ཡིན་པ་དང་། དེ་འཛིན་པའི་བློ་ཐམས་ཅད་མཐར་འཛིན་དུ་མི་འགྲོ་སྟེ། བཅོམ་ལྡན་འདས་ཀྱིས་ཡོད་པའང་ཡོད་པར། མེད་པའང་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་གསུངས་པ་ལྟར། རྗེས་ཐོབ་ཤན་འབྱེད་པའི་ཤེས་རབ་ཀྱིས། ཡོད་ཚུལ་མེད་ཚུལ་བདེན་པར་གྲུབ་པ་དང་མ་གྲུབ་པ། སྟོང་པ་དང་མི་སྟོང་པ་སོགས་ལེགས་པར་ཤན་ཕྱེས་ནས་རྣམ་པར་བཞག་པ་འདི་དག །ཐ་སྙད་མ་འདྲེས་སོར་འབྱེད་པའི་ཇི་སྙེད་པའི་དོན་ལ་དཔྱོད་པའི་ཚད་མས་འགྲུབ་པ་ཡིན་པས་དགག་པར་བྱར་མེད་དོ། །མི་མཆོག་སྐྱོབ་པ་ཤཱཀྱ་སེང་གེ་ཡིས། མི་བསྙེངས་འཁོར་ལ་སེང་གེའི་སྒྲ་བསྒྲགས་པའི། །ངེས་དོན་སྙིང་པོ་མཐར་ཐུག་འདི་ཁོ་ནར། །ངེས་པ་སྙེད་རྣམས་མི་ལྡོག་ལུང་བསྟན་འཚེངས། །ས་བཅུའི་དབང་ཕྱུག་རྒྱལ་ཚབ་མ་ཕམ་དང་། །འཕགས་པའི་སར་བཞུགས་ཀླུ་སྒྲུབ་ཐོགས་མེད་ཀྱི། །དགོངས་པའི་ཆུ་ཀླུང་ཡེ་ཤེས་ཀློང་དུ་གཅིག །འགལ་འདུར་མཐོང་བ་རང་བློའི་སྐྱོན་དུ་ཟད། །ཆོས་ཀུན་ངོ་བོ་སྟོང་པ་ཡིན་མོད་ཀྱི། །རང་བཞིན་འོད་གསལ་སྐུ་དང་ཡེ་ཤེས་ཁམས། །ཡེ་ནས་ལྷུན་གྲུབ་ཉི་དང་ཟེར་བཞིན་གནས། །སྣང་སྟོང་ཟུང་འཇུག་དབུ་མ་ཆེན་པོའི་ཚུལ། །འཕགས་པའི་གཟིགས་ངོར་མི་བསླུ་དོན་དམ་བདེན། །ཀུན་རྫོབ་གཉིས་སྣང་འཁྲུལ་བ་རྫུན་པ་སྟེ། གནས་སྣང་འབྱེད་པའི་ཤེས་རབ་མིག་སྦྱིན་པའི། །ལེགས་བཤད་མཆོག་འདི་ནོར་བུའི་སྒྲོན་མེ་འདྲ། །དེ་སླད་གཟུར་གནས་སྐལ་བཟང་བློ་ལྡན་རྣམས། །ཟབ་མོའི་ཚུལ་འདིར་ལྟ་བའི་མིག་སྒྲུབ་སྟེ། །ངེས་དོན་སྙིང་པོའི་ཁང་བཟང་ལ་ཞུགས་ནས། །རང་གཞན་དོན་གཉིས་འབྱོར་བས་ཕྱུག་པར་མཛོད། །འདིར་འབད་དགེ་འབྲས་སྟོན་ཟླ་གསར་བའི་གཟིགས། །སྙིགས་ལྔའི་རྒུད་པའི་ཚ་གདུང་གཏན་བཅིལ་ཞིང་། །ཐུབ་དབང་ལུང་རྟོགས་བསྟན་པའི་ཀུ་མུཏ་ཚལ། །རབ་རྒྱས་རྣམ་གྲོལ་ཆུ་གཏེར་འཕེལ་གྱུར་ཅིག །བདག་ཀྱང་སྐྱེ་ཀུན་འཇམ་མགོན་བླ་མ་ཡིས། །རྗེས་བཟུང་ལུང་རིགས་མན་ངག་རྩལ་རྫོགས་ནས། །ཐེག་མཆོག་གངས་རིའི་སྤོ་ལ་གནས་བཅས་ཏེ། །འཇིགས་མེད་སེང་གེའི་སྒྲ་དབྱངས་སྒྲོགས་བྱེད་ཤོག །ཅེས་པའང་གངས་ཁྲོད་སྨྲ་བའི་སེང་གེ་གཅིག་པུར་གྱུར་པ་རྗེ་བླ་མ་ཐམས་ཅད་མཁྱེན་པ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཞལ་སྔ་ནས་རྩོམ་གཞིའི་ས་བོན་ཙམ་མདོར་བསྡུས་གནང་འདུག་པ་ལ། ཐོག་ཐའི་ཚིགས་སུ་བཅད་པ་རྣམས་རང་ཚིག་གིས་གསར་དུ་བསྣན་ཏེ། འཇམ་དབྱངས་བློ་གྲོས་རྒྱ་མཚོས་རང་གནས་དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭར་ཞལ་བཤུས་བགྱིས་པ་སྟེ། འདིས་ཀྱང་ངེས་དོན་དབུ་མ་ཆེན་པོའི་རིང་ལུགས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག ༈ །གངས་ཅན་པ་སྤྱི་དང་ཁྱད་པར་རྙིང་མ་བ་རྣམས་ལ་གདམས་པ་བཞུགས། གངས་ཅན་པ་སྤྱི་དང་ཁྱད་པར་རྙིང་མ་བ་རྣམས་ཉོན་ཅིག །གང་ཟག་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་རྣམས་ལ་སྐད་ཅིག་རེ་རེར་ཡང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱི་ཆོས་ཀྱི་སྒོ་དུ་མ་འདོམས་པར་མཛད་པ་ཡོད་ཅིང་། རྗེ་འབངས་སྤྲུལ་པའི་སྐུ་ལས་ཅན་ཁྱད་འཕགས་འགའ་ཞིག་ལ་སངས་རྒྱས་ཀུན་འདུས་པདྨ་འབྱུང་གནས་ཀྱི་ཡེ་ཤེས་སྐུས་དངོས་སུ་གདམས་པའམ། ས་གཏེར་དགོངས་གཏེར་ཟེར་བའི་ཆོས་ཟབ་མོ་དུས་སུ་སྣང་བ་ཡོད་པ་ནི་སུས་མི་ཁེགས་མོད་ཀྱི། འདི་འདྲའི་གང་ཟག་དེ་ཨུ་དུ མྦཱ་ར་ལྟར་དཀོན་ལ་ཡོན་ཏན་ཆེ་བ་མི་ལས་བླ་མར་གྱུར་པའི་རྣམ་ཐར་ཕུལ་བྱུང་མངའ་བ་ཞིག་ཡིན་གྱི་སུ་རུང་རུང་ལ་ག་ལ་ཡོད། དེས་ན་སྔར་མེད་གསར་ཆོས་རྙེད་པའི་གང་ཟག་དེ་ཚད་ལྡན་ཞིག་ཡིན་ན། མཁྱེན་པའི་ཡོན་ཏན་ཉམས་རྟོགས་ཀྱི་གདེང་ཚད་ཡོད་པ་འཕགས་པའི་སྤྱོད་ཡུལ་དུ་གྱུར་པའི་ཆོས་ཟབ་མོ་ཤེས་སམ་མི་ཤེས་འདྲི་ཞིང་བརྩད་པས་རྟོགས་དགོས་ལ། བརྩེ་བའི་ཡོན་ཏན་བསྟན་པ་ལ་ལྷག་བསམ། འགྲོ་བ་ལ་སྙིང་རྗེ་འབྱུང་བས་ཀུན་ལ་ཅི་ཕན་མཛད་པ་ལས། ཆགས་སྡང་དང་ཕྲག་དོག་རང་བསྟོད་གཞན་སྨོད་སོགས་སྐྱེ་བོ་ཐ་མལ་བའི་ཤེས་རྒྱུད་ཀྱི་དྲི་མ་མི་མངའ་བས། མ་གྲུབ་གྲུབ་བརྫུ། མི་ཤེས་ཤེས་བརྫུའི་ཟོག་པོའི་རྣམ་ཐར་གྱིས་འགྲོ་ལ་གཡོ་སྒྱུ་བྱེད་པ་དང་། བདེ་གཤེགས་ཀྱི་བཀའ་དང་། བླ་མ་མཁས་གྲུབ་རྣམས་ཀྱི་ལུང་ཚད་མ་ཡིད་བཞིན་ནོར་བུ་ལྟ་བུ་ལ་རབ་ཐོས་བསམ་བསྒོམ་པ། འབྲིང་བསྙེན་སྒྲུབ་རེའི་འབྲེལ་པ། ཐ་མའང་གསར་རྙིང་གི་ཆོས་བཀའ་སླད་མེད་རེ་ཁ་ཐོན་བྱེད་པ་རྣམས་སྐྱུར་བཅུག་ནས་མི་ལུགས་ཆོས་ལུགས་ཀྱི་གང་མཐོ་གང་གཉན་གྱི་སར་ཕྱིན་ནས་བདག་མཁས་པར་གྲགས་པར་གྱུར་ན་ཅི་མ་རུང་སྙམ་པའི་རང་གི་ཟོག་ཆོས་འདི་དུས་བབས་ཡིན་ཟབ་ཅེས་འདོམས་ཤིང་། ཚུལ་ལྡན་བསླབ་གནས་པ་དག་ལ་ཁྱོད་སྔགས་པ་མ་བྱས་ན་ཚེ་ཐུང་ཞེས་སྡོམ་པ་འཆལ་དུ་གཞུག་པ་སོགས་འགྱེད་མེད་ལ་འགྱོད་པ་བསྐྱེད་པ་དང་། རང་གི་ཆོས་དེའི་ཁུངས་པདྨ་འབྱུང་གནས་ལ་བཅོལ་ཏེ་རྫུན་ལུང་གིས། ག་གེ་མོ་ཞིག་ནི་བདུད་དོ། །ག་གེ་མོ་ཞིག་ནི་འདྲེའོ། །བུད་མེད་རང་ལ་འདུ་ན་མཁའ་འགྲོ། མི་འདུ་ན་བདུད་མོ། བླ་མ་བཟང་པོ་ཕལ་ཆེ་ཕྲག་དོག་གིས་བདུད་ཡིན་ནོ་ཞེའོ། །རང་དང་ཉེ་བར་ཡོད་པའི་ཆོས་བྱེད་ཕལ་མོ་ཆེ་རང་ལ་བརྩི་ན་རྗེ་འབངས་སོགས་ཀྱི་སྤྲུལ་པ། མི་བརྩི་ན་བདུད་ཀྱི་སྤྲུལ་པ། རང་ཆོས་དང་རང་ལ་བསྔགས་པ་གནམ་ས་ཙམ། གཞན་གཏེར་སྟོན་ཟེར་བའི་ཟོག་ཆོས་རྫུན་གཏེར་ཡོད་ཚུལ་སོགས་ཀྱིས་མཆོད་འོས་རིག་འཛིན་པདྨ་དང་། གཞན་དཀོན་མཆོག་གསུམ་བསླུ་བ་སྟེ་དམ་པར་སྐུར་བ་འདེབས་པའི་ནག་པོའི་ཆོས་བཞི་པོའི་སྐྱོན་རྡུལ་ཙམ་མེད་པ་ན་བརྩེ་བའི་ཡོན་ཏན་དཔག་ནུས་ཤིང་ནུས་པ་ནི་གང་འབྲེལ་བློ་སྣ་ཆོས་ལ་འགྱུར་བ། སུ་འཕྲད་དག་སྣང་འཆར་བ། ཡུན་དུ་བརྟན་ན་དད་པ་ཇེ་ཆེར་འགྲོ་བ། བསྟན་འགྲོ་ལ་ཕན་པའི་ཕྲིན་ལས་ཆེ་ཆུང་ཅི་རིགས་འབྱུང་བ། དུས་མིན་དུ་མཐུ་དང་དུག་དང་ངན་སྨྲས་ཀྱི་མཚོན་ཆ་རེ་བ་མེད་ཀྱང་། ནག་ཕྱོགས་ཀྱི་གདོན་འདུལ་ནུས་ཤིང་བཀའ་བཙན་བྱིན་ཆེ། ཕྱག་ཞབས་ཚུད་པ་ཙམ་གྱིས་ནད་སོགས་ལ་ཕན་པ་དང་། ཡུལ་དུ་བཞུགས་པ་དང་གང་དང་འབྲེལ་བ་ལ་རང་སྐལ་དང་བསྟུན་པའི་དགེ་ཤེས་ཅི་རིགས་འབྱུང་བ་ཡོད་ན་དེ་ལས་ནུས་པ་རྟོགས་དགོས་ཀྱི། དེ་འདྲའི་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཁྱད་འཕགས་མངའ་བའི་མཁས་བཙུན་བཟང་པོའི་ཕྲིན་ལས་ཁྱད་འཕགས་སམ། ཐ་ནའང་རྗེས་མཐུན་ཙམ་རིག་རྒྱུ་མེད་པར། རང་གར་གཏེར་སྟོན་དུ་འགྱུར་ན་ནི་བོན་པོའི་རྡོལ་ཆོས་ལྟ་བུ་དེ་ཚིག་ལེགས་ཀྱང་རུང་ཡིད་བརྟན་མི་སྣང་ལ། དེར་མ་ཟད་ཡོན་ཏན་གྱི་གཙོ་བོ་མཁྱེན་བརྩེ་གཉིས་མི་མངོན་ན། གྲུབ་རྟགས་སུ་རློམ་པའི་ཞབས་རྗེས་ལྕགས་མདུད་བྲག་བརྐོ། གཏེར་རྫས་ཆ་མ་ཆོ་མིག་སྔར་སྟོན་པ་བྱུང་ཡང་ལྷ་འདྲེའི་བརྫུ་བག་ཅན་ཡིན་མིན་ཐེ་ཚོམ་གྱི་རྒྱུ་ལས་ཅི་ཡོད་དེ། སྔོན་གྱི་གཏེར་ཆེན་མཆོག་གཉིས་གླིང་བརྒྱད་སོགས་གཏེར་ཆེན་སྔ་མ་དག་གི་གསུངས་འདི་གཏེར་སྟོན་བདག་གིས་ཁས་ལེན་དགོས་པས། དེ་ལྟ་ན་དེ་ཐམས་ཅད་ལས་ཟབ་མོའི་ཆོས་གཏེར་འབྱིན་པ་དང་། ཟོག་པོ་བདུད་སྤྲུལ་གྱིས་གཏེར་རྫུན་སྤེལ་བ་འདྲ་འདྲེས་སུ་འོང་བར་བཤད་ལ། རྫུན་གཏེར་གང་ཞིག་བདུད་བློན་སྨོན་ལོག་རྣམས་དང་། བར་སྣང་གློག་མ་སྤྲིན་སོགས་བདུད་རིགས་མི་མ་ཡིན་རྣམས་ཀྱིས་ཟབ་མོ་ཆོས་ལ་ཐོ་བརྩམས་པའི་ས་གཏེར་ཤོག་སེར་སོགས་དང་དམ་རྫས་མྱོང་གྲོལ་དུ་བཏགས་པའི་རྫས་ངན་ཁར་སོང་ཚད་ངན་སོང་དུ་འཕེན་པ་དང་། དེ་གའི་ཆོས་དེ་འཕྲལ་གྲུབ་རྟགས་མངོན་རྟགས་ཡོད་ཀྱང་མཐར་བཀྲ་མི་ཤིས་ལ་བྱིན་རླབས་མེད་པ་ཡོད་པས། དེའི་ཕྱིར་གཏེར་སྟོན་བརྟག་དགོས་ཚུལ་པདྨ་བཀའ་ཐང་སོགས་ལས་རྒྱ་ཆེར་གསུངས་པའི་སྙིང་པོ། མདོ་རྒྱུད་ཀྱི་ལུང་གིས་གྲུབ་མ་གྲུབ་བམ། གཏན་ཚིག་གི་རྒྱས་ཐེབས་མ་ཐེབ། ཡིད་ཆེས་ཀྱི་གནད་དང་ལྡན་མི་ལྡན་སོགས་རྒྱ་ཆེར་གསུངས་ཤིང་། དེ་ཡང་རེ་ཟུང་ཙམ་ལས་མང་པོ་མི་འབྱུང་བར། པདྨ་བཀའ་ཐང་ལས། ཡུལ་གཅིག་དུས་གཅིག་གཏེར་སྟོན་གཉིས་མི་འབྱུང་། །ཞེས་གསུངས། དེས་ན་ད་ལྟ་དུས་ནི་ཇེ་ངན། མི་རྣམས་ཆགས་སྡང་ཉོན་མོངས་ཇེ་རྒོད། མདོ་སྔགས་ཀྱི་བཤད་སྒྲུབ་དང་སྐྱེ་དགུའི་བདེ་སྐྱིད་ནི་ཇེ་འབྲི་སོང་བ་འདིའི་དུས་ན། ཐོས་པ་མི་དགོས། ལོ་གཅིག་གི་བསྙེན་སྒྲུབ་མ་བྱས། མཚན་ལྡན་བླ་མའི་མན་ངག་མ་བརྟེན། རིག་པ་ངོ་མ་འཕྲོད། བསྟན་འགྲོ་ལ་ཕན་སེམས་དང་འདུལ་སྡོམ་དམ་ཚིག་གཙང་བ་ཕར་ཞོག །དང་པོ་ནས་བུད་མེད་ཡིད་ལ་བཅག་སྟེ་ཕལ་ཆེར་དེའི་ཆེད་དུ་གཏེར་སྟོན་དུ་ཁས་འཆེ་བ་དང་། ཕལ་ཆེར་ལྷ་འདྲེས་བསླུས་པའི་རྨི་ཉམས་སོགས་སུ་གཏེར་སྟོན་གྱི་རྣམ་པ་ཆ་འདྲ་བྱུང་བས། དེ་ཐབས་རྙེད་དོ་སྙམ་དུ་མངོན་རློམས་ཀྱིས་ང་གཏེར་སྟོན་ནོ་ཞེས་ཟེར་བ་དང་། ཁ་ཅིག་ཞལ་གཟིགས་དག་སྣང་ཡིད་ཆེས་ཅི་ཡང་མེད་པར་ལྷ་འདྲེས་རྒྱུད་རློམ་པའི་ཁ་ནས་ཅི་དྲན་འབོད་རྩོམ་སྣ་ཚོགས་ཀྱང་འབད་མེད་འོང་བ་དང་། ལུང་བསྟན་ཡིན་ཁུལ་སྣ་ཚོགས་སྨྲ་བ་དང་། ཁ་ཅིག་ལྷ་འདྲེས་གཟུགས་སྣང་བླ་མ་དང་ཌཱ་ཀི་རུ་བརྫུན་ནས་ལུང་སྟོན་པ་ལྟ་བུས་ཡིད་བསླུས་ནས་རང་རློམ་པ་སྐྱེ་ཞིང་གཏེར་སྟོན་གྱི་རེ་བ་བཟུང་པས། དེང་སང་གི་མི་ཕྱེད་གཏེར་སྟོན་ཡིན་པ་འདི་ཅི་ཡིན་ནམ་སྙམ་དུ། དཔྱོད་ལྡན་དག་གིས་བརྟག་པར་འོས་ལ། འདི་འདྲའི་གཏེར་ཆོས་སྣ་ཚོགས་མང་བ་འདིས་བསྟན་འགྲོ་ལ་ཕན་ཆེན་ཕར་ཞོག །འདོན་བ་པོ་རྣམས་ལ་མཆོག་ཐུན་གྲུབ་པ་ཕར་ཞོག །ཁ་དགེ་བཀྲ་ཤིས་ཞིག་བྱུང་ན་ལེགས་ཏེ་དེ་ཡང་དཀའ་ཙམ་གདའ་བ་མ་མཐོང་ངམ། ལུང་བསྟན་སྣ་ཚོགས་སློབ་དཔོན་པདྨ་དང་། ཡེ་ཤེས་མཚོ་རྒྱལ། སྔགས་ཀྱི་སྲུང་མ་རལ་གཅིག་མ་ཚེ་རིང་མ་སོགས་ཀྱིས་གསུངས་སོ་ཞེས་རྟག་ཏུ་མི་དང་མི་ལབ་བ་བཞིན་ཡོད་པ་ལྟ་བུར་བཤད་པ་དང་། ལུང་བསྟན་སྣ་ཚོགས་གདའ་སྟེ་གྲོང་ཁྱེར་པའི་དགའ་མི་དགའི་གཏམ་ཙམ་ལས། སྙིང་པོ་འདི་ཤེས་འདི་གོ་དང་ཇི་བཞིན་དེ་ཐིག་འདི་ཐིག་ངོ་མཚར་ཅན་ཅི་ཡང་མི་གདའ་བ་མི་ཤེས་སམ། འདྲ་འདྲ་གབ་གབ་ཁ་འབོད་སྣ་ཚོགས་བྱས་ན་རྗེས་སུ་ཆ་འདྲ་ཆ་འདྲ་ཐིག་པ་ལྟ་བུ་སུས་སྨྲས་ཀྱང་འོང་བས། དེ་འདྲ་ལ་ལྷ་དང་བླ་མ་མཁའ་འགྲོས་ལུང་བསྟན་གྱི་མིང་ཐོགས་པ་ཅི་ཡང་མི་གདའ། ལུང་སྟོན་པ་པོ་དེ་དག་རྣམས་ཀྱང་རང་དོན་ཧུ་ཐུག་གི་འགགས་ལ་ཐུག་དུས། གཞན་སྤྲང་ལོང་མོ་མ་ཡན་ཆོད་ལ་ཅི་དགོས་དྲི་བ་ལས། རང་གི་ཚེ་ཚད་སྐྱིད་སྡུག་ཅི་འགྱུར་སོགས་ཤེས་པའི་གདེང་ཚད་ཕྲ་མོའང་མི་གདའ་བ་དེས་བློ་ལྡན་གྱིས་དཔྱད་ན་ལུང་སྟོན་པ་པོའི་མི་རྐུབ་བུད་པ་འདྲ་སྟེ་དཔྱོད། ལྷག་པར་ལུང་སྟོན་པ་ཁོ་རང་གི་སྣང་བ་གང་བབ་ཀྱི་དགའ་ན་བཟང་ལུང་། ངན་ན་ངན་ལུང་སོགས་སྨྲ་བ་མང་པོ་འདིའི་ལུང་བསྟན་གྱི་མཚང་གསལ་ལམ་སྙམ་སྟེ། དེང་སང་སྙིགས་དུས་བློ་གྲོས་ཅན་ཉུང་བས་དཔྱོད་མཁན་མི་འདུག །གཏེར་སྟོན་དེ་དག་གི་ཆོས་དེ་ཚད་ལྡན་ཞིག་ཡིན་ན། སངས་རྒྱས་ཀུན་འདུས་ཨོ་རྒྱན་པདྨས། སྣོད་ལྡན་གཏེར་སྟོན་དེ་ལ་དངོས་སུ་གདམས་པས་ན། དེ་ལ་སྣོད་ཀྱིས་མི་ཐུབ་པར་ཟག་པའི་སྐྱོན་ཡོད་པ་མི་རིགས་པས། དང་པོར་རང་གིས་ཤིན་ཏུ་གཅེས་སྤྲས་ཀྱིས་གསང་ནས་རབ་མཆོག །འབྲིང་ཐུན་མོང་གི་གྲུབ་པ། ཐ་ནའང་རྫུན་ལུང་དང་འཇིག་རྟེན་པའི་ཐབས་མཁས་ལ་རེ་མི་དགོས་པའི། རིག་མ་དང་ཟས་ནོར་འདུས་པ་ཙམ་གྱི་དངོས་གྲུབ་རང་ལག་གཟུང་འོས་པ་ལ། དེང་སང་ནི་དེ་རིང་ཆོས་བབ་དུས་སྒྲུབ་མི་དགོས་པར་གཞན་ལ་འདི་ཐོན་ཞེས་ཟོང་དུ་བྲིམ་ནས། འདོན་མི་དང་སྤེལ་ས་ཞིག་མ་རྙེད་པས་བསྐམ་ཆགས་འབར་བ་འདིའང་གསང་སྔགས་ཀྱི་སྒྲུབ་ཐབས་ཀྱི་ལུགས་དང་མཐུན་མི་མཐུན་དཔྱད་དགོས་སོ། །དེ་ལྟར་ཆོས་དེས་གཏེར་སྟོན་ཁོ་རང་ཡང་ཚེ་རིང་ནད་མེད་སོགས་དངོས་གྲུབ་འདི་ཐོབ་དང་། གཞན་ཆོས་བདག་དང་ཆོས་རྒྱུན་འཛིན་པ་ལའང་གྲུབ་པ་ཆེན་པོ་དང་། འབྲིང་པོ་ཕར་ཞོག །སེམས་སྤྲོ་བའི་མངོན་རྟགས་ཕྲ་མོའང་འདི་བྱུང་ནི་དཀའ་མོ་ཞིག་ལས་སུས་མཐོང་མྱོང་མཁན་དཀོན་འདྲ། དེས་ན་ད་ལྟ་གསར་རྙིང་གཉིས་ཀ་ལ་རྒྱལ་བའི་བཀའ། འཕགས་པའི་ལུང་། བླ་མ་གོང་མའི་མན་ངག་དང་ལྡན་པའི་ཆོས་མདོ་སྔགས་ཀྱི་ཉམས་ལེན། ལྷ་རབ་འབྱམས་ཀྱི་སྒྲུབས་ཐབས། ལས་སྣ་ཚོགས་ཀྱི་ཆོ་ག་ཅི་འདོད་དུ་གདའ་བས། ཆོས་ཀྱི་མུ་གེ་ནི་སུ་ལའང་མི་འདུག་སྟེ། ཆོས་ཉམས་སུ་མི་ལོན་པ་འདི་འདྲ་བའི་དུས་ན། གལ་ཏེ་ཉམས་ལེན་རེ་འདོད་ན་གསར་ཆོས་ཞིག་མེད་ཐབས་ཆག་ཅི་མི་གདའ་ན་སྙམ། ལྷག་པར་རྙིང་མ་པ་ལ་འདོན་རྒྱུ་སྒྲུབ་རྒྱུ་ཡང་། དེ་སྔ་འདི་ལས་ལྷག་ཐོས་བསམ་གྱིས་གོ་རྒྱུ། བསྒྲུབས་པས་འཚོངས་རྒྱུ། བསྒོམས་པས་མྱོང་རྒྱུ་གསང་པ་ཅི་ཞིག་འདུག །རྙིང་པས་མི་ཕན་གསར་པས་ཕན་ན་གསར་ཆོས་ཉམས་ལེན་བྱེད་པ་ཚོས་དངོས་གྲུབ་ཁྱད་འཕགས་རེ་བརྙེས་པར་མཛད་ན་ལེགས་ཀྱང་། སྔ་རབས་པའི་དམ་པ་གོང་མའི་རྣམ་ཐར་དེ་འདྲའི་ཕྱོགས་སུ་ཕྱིན་པ་ཡང་དེང་སང་སུ་ཡང་དཀའ། ཡོད་ན་ངོ་མཚར་ཆེ་སྟེ་དགའ་ཞིང་ཡི་རང་བ་ལས་ཅི་ཡོད། ལར་ཆོས་དེས་དངོས་སུ་འདི་ཕན་ཞིག་བྱུང་ན་དེས་དུས་ཀྱི་འཚུབ་འགྱུར་སོགས་ཞི་བར་སྨྲས་པ་ལྐོག་གྱུར་པ་སོགས་རིགས་ཀྱི། གཞན་དངོས་སུ་ཅི་ཡང་མེད་པར་ལྐོག་གྱུར་གྱི་ཕན་ཆེན་པོ་ཐོགས་ཟེར་བའང་ཐེ་ཚོམ་གྱི་གནས་སོ། །མདོར་ན་ཨོ་རྒྱན་ཆེན་པོའི་ཕྲིན་ལས་དང་སྔོན་ལས་ཀྱི་འབྲེལ་བ་ཅན་སེམས་ཅན་གྱི་མཐའི་བར་དུ་མི་མཛད་པས་དེར་སོང་གཏེར་སྟོན་མི་འབྱུང་ཟེར་བ་དང་། སྐལ་ལྡན་གྱི་གང་ཟག་མི་སྲིད་ཅེས་སྐུར་བ་འདེབས་པ་ནི་ནམ་ཡང་མ་ཡིན་ཏེ་བདག་གཏེར་སྟོན་དང་གཏེར་ཆོས་ལ་དད་མོད་ཀྱིས། གཏེར་ཆོས་ཟེར་བ་ཉབ་ཉོབ་མང་པོ་དར་ཆེས་ན་ཆོས་རྙིང་བྱིན་རླབས་ཅན་རྣམས་ཀྱི་འགྲོ་དོན་སྒྲིབ་པ་དང་། གཏེར་སྟོན་ཟེར་བའི་འཆལ་སྤྱོད་ཅན་མང་ཆེས་ན། དགེ་འདུན་གྱི་སྡེ་གཙང་མ་ལ་གནོད་པ་དང་། ལུང་བསྟན་ཟེར་བའི་འཆལ་གཏམ་སྣ་ཚོགས་འཕེལ་ན་ཆགས་སྡང་དང་དམ་པ་རྣམས་ལ་སྐུར་འདེབས་ལོག་ལྟའི་འཚུབ་མ་མང་བ་སོགས་གནོད་པ་སྣ་ཚོགས་ལས། རྒྱལ་དབང་པདྨའི་བསྟན་པ་མདོ་སྔགས་ཀྱི་བསླབ་བྱ་རིན་པོ་ཆེ་རྣམས་ལ་ཕན་ཆ་དཀའ་བར་མཐོང་ནས་ཆགས་སྡང་གི་ཚིག་ཅུང་ཟད་མིན་པར་དྲང་པོར་བརྗོད་པ་འདི། རང་ཉིད་གཏེར་སྟོན་པར་ཁས་འཆེ་བ་དང་། གཞན་ཐོས་བསམ་ཅན་དང་། བསམ་གནས་ཀྱི་མི་སྐྱ་ཕོ་མོ་ཚུན་ཆད་ཀྱིས་ལེགས་པར་སོམས་ཤིག །དེས་ན་གཏེར་སྟོན་པར་ཁས་འཆེ་བ་དག་གིས། བདག་རྒྱལ་དབང་པདྨའི་ཟབ་ཆོས་འབྱིན་པ་པོ་ཡིན་པས་ཅིས་ཀྱང་རང་དོན་ཚགས་སུ་ཚུད་པ་དགོས་བསམས་ནས། གཏེར་ཆོས་དེ་དང་པོར་རང་གིས་ཉམས་སུ་ལོངས། དེས་རང་དོན་གྲུབ་ན་འགྲོ་དོན་མ་བྱུང་ཡང་ཡིད་ཚིམ། འགྲོ་དོན་བྱ་རྒྱུའི་ཆོས་ཀྱིས་དབུལ་མི་འདུག །ཤིན་ཏུ་གསང་སྟེ་སྤྱོད། ཁར་འཆལ་ན་དེང་སང་ཟོག་པོས་རྒྱལ་ཁམས་གང་དུས་རེད་པས་དད་པ་བབ་ཀྱང་ཁ་ཟེར་མང་བ་ཙམ་འོང་བ་ལོས་ཤེས། རང་མ་གྲུབ་པའི་ཆོས་ཀྱིས་གཞན་གྲུབ་དཀའ་བས་སེམས་ཅན་རྣམས་ལ་ཕན་མ་ཐོགས་ཀྱང་བསླུ་བའི་གནོད་པ་བྱས་ན་ཨ་ཙ་མ་སྙམ་དུ་སྙིང་རྗེས་ཟུང་། གཞན་པ་གཏེར་སྟོན་གྱི་ཆོས་འདོན་འདོད་རྣམས་ཀྱིས་ཀྱང་གང་ཟག་གི་ཚོད་གང་ཟག་གིས་མི་ཟིན་པས་སྐུར་བ་མི་གདབ། དང་དུ་མི་ལེན། མ་རེད་བསམས་ཀྱང་སྨད་ར་མི་བྱེད། དེ་བདག་གིས་སྨད་པས་དུས་ངན་པའི་སེམས་ཅན་གྱི་ལས་སྣང་མི་ཁེགས། རེད་བསམས་ཀྱང་བསྟོད་ཤེས་དཀའ་སྟེ་མངོན་ཤེས་མེད་པས་ཆོས་རྣམས་བྱིན་རླབས་ཅན། གུ་རུ་མཁའ་འགྲོའི་ཞལ་ལུང་ཨེ་ཡིན་ག་ལ་ཤེས། དེས་ན་བཏང་སྙོམས་བཞག་ལེགས་ཉེས་པ་མེད་ཅེས་པ་ལྟར་གདའ། མདོར་ན་གུ་རུའི་གཏེར་ཆོས་ཟེར་རྒྱུ་ཞིག་ཡོད་རྒྱུ་རེད་མོད། དེ་ངོ་མ་ཡིན་མིན་གྱི་རྒྱུ་མཚན་རྙེད་དཀའ་སྟེ་གཏེར་སྟོན་པ་པོ་ཐོག་བབ་ཏུ་རྙེད་པ་ཡིན་པས་ན། གཏེར་སྟོན་པ་པོ་དེ་གོང་བཤད་ལྟར་ཤིན་ཏུ་ཚད་ལྡན་འདི་ལ་སེམས་ཅན་བསླུ་བའི་ཟོག་ཆོས་ག་ལ་ཡོད་སྙམ་དུ་ངེས་པ་བརྟན་པ་རྙེད་རྒྱུ་ཞིག་ཡིན་ན། གང་ཟག་དེ་ལ་མི་རྟེན་པའི་སྒོ་ནས་དེའི་ཆོས་ལ་ཡིད་ཆེས་དགོས་རྒྱུ་རེད་ཀྱང་། དེང་སོང་གི་གང་ཟག་ཕལ་ཆེ་བ་ནི་གོང་གི་དམ་པའི་ཡོན་ཏན་མཁྱེན་བརྩེ་ནུས་གསུམ་མཚོན་ཙམ་བཤད་པ་དེ་ལས་གོ་ལྡོག་ལྟ་བུར་མཐོང་ན་དེས་རྙེད་པའི་ཆོས་ལ་གུ་རུའི་གསུང་དུ་ཡིད་ཆེས་དཀའ་བར་སྣང་། གཞན་ཡང་རང་གི་རྫུན་ཟོག་མིན་ཡང་བདུད་དང་ནག་ཕྱོགས་ཀྱི་མཐུས་རྫུན་གཏེར་ཡོད་ཅེས་གུ་རུ་ཉིད་ཀྱིས་ཡང་ཡང་གསུངས་པ་དཔང་པོར་བྱས་ན། གཏེར་ཆོས་ཟེར་ཚད་རྣམ་དག་ཏུ་སྒྲུབ་དཀའ་བས་རང་གིས་ཆོས་སྒྲུབ་ནུས་ན། སྒྲུབ་རྒྱུའི་ཆོས་ཀྱིས་དབུལ་བའི་མུ་གེ་སུ་ལ་བྱུང་མི་འདུག་པས། ཁྱི་དང་གློ་བ་འཕྲད་པ་ལྟར་གང་བྱུང་ལེན་དགོས་པའི་གལ་འགག་ཅི་ཡང་མི་གདའ་བས། དགེ་བའི་བཤེས་གཉེན་རྒྱུ་འབྲས་ཀྱི་གནད་ཞིབ་པ་དང་། མདོ་རྒྱུད་ཀྱི་དོན་ལ་མཁས་པ་ཉམས་རྟོགས་ཀྱི་གདེང་ཚད་ཅི་རིགས་ལྡན་པ་ལས་ཆོས་ཉན་ཅིང་ཉམས་སུ་བླང་ན་འཚེང་བ་ལས་ཕུང་བ་ཅི་ཡང་མེད་ངེས་རེད་པས་དེ་ལྟར་གདམས་པ་ཀུན་གྱི་ཐུགས་ལ་ཞོག །བླང་དོར་དཔྱད་པ་མེད་ན་ལམ་གོལ་འཁྱམས། ནོར་ལ་དཔྱད་ར་སྙིགས་མའི་སྐྱེ་བོ་མཁས། །ཆོས་ལ་དཔྱད་ར་མ་ཤེས་གང་བྱུང་ལེན། །བདག་གིས་གང་ཟག་གཞན་ལ་སྨད་འདོད་མིན། །ཟབ་གཏེར་ཡིད་བཞིན་ནོར་བུ་རྙེད་དཀའ་ལ། །ཆོས་ཟབ་པ་ལ་བདུད་ཀྱང་ཟབ་གསུངས་ལྟར། །གཏེར་ལ་ཁུངས་བཟུང་འཆོལ་ཉོག་བསྟོད་སྨད་ཀྱིས། །ཆོས་བརྒྱད་ཕལ་མོ་ཆེ་ཞིག་དེང་སོང་བདོ། །འཆལ་སྤྱོད་གྲུབ་བརྫུ་ནག་ཆང་ནོར་རྫས་སོགས། །འདོད་པས་རྒྱལ་དབང་པདྨར་ཁ་གཡར་ནས། །ཐོས་བསམ་མི་དགོས་རྒྱུ་འབྲས་མི་གཟབ་ཞིང་། །བསྙེན་སྒྲུབ་བསྒོམ་པ་གང་ཡང་མི་དགོས་པར། །རང་ཡང་ཉི་མ་གཅིག་གིས་རྗེ་འབངས་ཀྱི། །གྲལ་བསྙེགས་མཐུན་ཕྱོགས་ཕལ་ཆེར་དེར་བཏགས་པའི། །ཐབས་འདིས་སྔ་འགྱུར་པ་ཡི་བསྟན་པ་ལ། །གཞན་དག་ཐེ་ཚོམ་ཟ་བའི་འབྲས་བུ་འགྲུབ། །དེ་ཕྱིར་ཡང་དག་གཏེར་སྟོན་ཡིན་སྲིད་ན། །འདོན་ཆ་མི་དགོས་རང་ལུགས་ལྟ་གྲུབ་ཀྱིས། །གནད་སློང་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་སྒྲེངས། །རིས་མེད་བསྟན་འགྲོར་ཕན་ན་གཏེར་ལགས་ཀྱི། །རང་བསྔགས་མི་དགོས་སྙན་པས་ས་སྟེང་ཁྱབ། །གཏེར་འདོན་མི་དགོས་དམ་ཆོས་བསྟན་པ་ཚུགས། །གལ་ཏེ་བཏོན་ཀྱང་ཡིད་ཆེས་སྐྱེ་བར་འདོན། །ཟོང་འགྲིམ་མི་དགོས་ཀུན་གྱིས་ཐོབ་ཤ་བྱེད། །དེ་ཕྱིར་རྒྱལ་དབང་པདྨའི་བསྟན་པ་འདིས། །གཏེར་སྟོན་རྣམས་ལ་གཅེས་པའི་ནོར་བུ་ཡིན། །དེ་སླད་དེ་ལ་སྨ་འབེབས་མ་སོང་བར། །ཅི་ནས་རྒྱན་དུ་འགྱུར་བའི་ཐབས་སོམས་ཤིག །བསྟན་ལ་མ་བསམ་རང་གི་ལོག་འཚོ་དག །སྒྲུབ་ཕྱིར་བླུན་པོ་མགོ་སྐོར་གསར་ཆོས་ཀྱིས། །འཆད་སྤེལ་གང་ནུས་བྱེད་པའི་སྐྱེ་བོ་དག །པདྨའི་ཐ་ཚིག་ཡལ་བར་བོར་བས་ནོངས། །ལྷ་དང་རིག་འཛིན་ཌཱ་ཀིའི་སྤྱན་སྔ་རུ། །རྒྱལ་དབང་པདྨའི་བསྟན་ལ་བསམ་དཀར་ཅན། །དོན་མེད་ཐ་སྙད་ཚིག་གི་མཁས་པ་དེས། །ཀྱེ་མ་རྒྱལ་བསྟན་རིན་ཆེན་བསམས་ཞིང་སྐྱོ། །སྐྱོ་ཡང་དུས་ཀྱི་སྙིགས་མར་བདག་འདྲ་བས། །ཕན་པའི་ནུས་པ་ཅུང་ཟད་མི་འབྱུང་མོད། །བདེན་པའི་ཚིག་ལ་དཔྱོད་ཤེས་གཞན་ཡོད་ན། །དེ་དག་རྣམས་ཀྱི་རྒྱུད་ལ་ཕན་གྱུར་ཅིག །དུས་ཀྱི་སྙིགས་མ་མུན་ལྟར་བདོ་ན་ཡང་། །རྒྱལ་དབང་པདྨའི་ཕྲིན་ལས་ཟླ་ལྟར་གསལ། །གསང་སྔགས་སྙིང་པོའི་འོད་ཟེར་ཉི་མ་ལྟར། །གསལ་བས་ས་གསུམ་བཀྲ་ཤིས་འབྱུང་བར་ཤོག །ཅེས་པའང་མེ་རྟ་ཟླ་༢ཚེས་༡༠ལ་འཕྲལ་དྲན་ལྟར་མི་ཕམ་པས་སོ། །དགེའོ།། །།

ཤེར་ཕྱིན་རྒྱན་གྱི་སྤྱི་དོན་བསྒོམ་རིམ་ཉུང་ངུ་གཞུང་ལུགས་ལེགས་པར་བཤད་པ།

ཤེར་ཕྱིན་རྒྱན་གྱི་སྤྱི་དོན་བསྒོམ་རིམ་ཉུང་ངུ་གཞུང་ལུགས་ལེགས་བཤད་བཞུགས་སོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཤེས་བྱ་མཁྱེན་པ་གསུམ་གྱི་དེ་ཉིད་ཤེས། །ཉམས་ལེན་སྦྱོར་བ་བཞི་ཡི་ལམ་ལ་བསླབ། །ཐོབ་བྱ་འབྲས་བུ་ཆོས་སྐུར་སྦྱོར་མཛད་པའི། །འཕགས་བོད་མཁས་གྲུབ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་སྐལ་བ་དང་ལྡན་པའི་གང་ཟག་གིས་མཐར་ཐུག་གི་འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་བྱ་བའི་ཐབས་མ་ནོར་བར་ཉམས་སུ་བླང་བ་ལ་གཉིས་ཏེ། བསམ་པ་དང་། སྦྱོར་བའོ། །དང་པོ་ལ་གང་དག་གཅིག་ཤེས་ན་བསམ་པ་བྱང་ཆུབ་ཀྱི་སེམས་ཚུལ་བཞིན་དུ་རྒྱུད་ལ་སྐྱེ་བར་འགྱུར་བ་ཤེས་བྱ་གཏན་ལ་དབབ་པའི་ཆོས་ལ་གསུམ། དང་པོ་ཐོབ་བྱ་མཐར་ཐུག་གི་འབྲས་བུ་ཤེས་དགོས་ཏེ། དེ་མ་ཤེས་ན་སྨོན་པ་སེམས་བསྐྱེད་ཀྱི་དམིགས་པ་མི་ཤེས། གཉིས་པ་དེ་ཐོབ་བྱེད་ལམ་གྱི་མཚན་ཉིད་ཤེས་དགོས། དེ་མ་ཤེས་ན་འཇུག་པ་སེམས་བསྐྱེད་ཀྱི་ཉམས་ལེན་མི་ཤེས། གསུམ་པ་ལམ་དེའི་གོལ་ས་སྤོང་བའི་ཚུལ་ཤེས་དགོས། དེ་མ་ཤེས་ན་དོན་དམ་སེམས་བསྐྱེད་རྒྱུད་ལ་མི་སྐྱེ་ཞིང་སྟོང་ཉིད་སྙིང་རྗེ་ཟུང་དུ་མི་འབྲེལ་ལོ། །དེའི་ཕྱིར་དང་པོ་ཁོ་ནར་འདིར་ལྟར་བསམ་སྟེ། ཐོག་མ་མེད་པའི་དུས་ནས་དྲིན་གྱིས་བསྐྱངས་པའི་མ་རྒན་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་རྦ་ལ་གཡེངས་ནས་སྡུག་བསྔལ་སྣ་ཚོགས་ལ་སྤྱོད་པ་འདི་རྣམས་སྙིང་རེ་རྗེ། བདག་གིས་ད་རེས་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་དེ་མ་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྣམ་གྲངས་ཐམས་ཅད་ལས་བསྐྱབས་ནས་བདེ་བའི་གོ་སར་དབུགས་དབྱུང་བར་བྱའོ་སྙམ་དུ་ཐེག་ཆེན་ཆོས་ཀྱི་རྩ་བ་སྙིང་རྗེའི་བསམ་པ་བསྐྱེད་པ་ན། སེམས་ཅན་སྡུག་བསྔལ་བ་ལ་མི་བཟོད་པའི་བློ། མ་ལག་རྡུམ་གྱི་བུ་ཆུས་ཁྱེར་བ་ལྟ་བུའི་བློ་སྐྱེས་ན་ཐེག་པ་ཆེན་པོའི་རིགས་སད་པ་ཡིན་ཏེ་ཆོས་ཟབ་མོ་འདིའི་སྣོད་དུ་གྱུར་པའི་གདུལ་བྱ་ཡིན་ནོ། །དེ་ལྟ་བུའི་གདུལ་བྱེད་ལ་ཐོག་མར་འདི་ལྟ་བུའི་བློ་སྐྱེ་སྟེ། བདག་གིས་སེམས་ཐམས་ཅད་ཀྱི་དོན་སྒྲུབ་པར་བྱེད་པ་ལ། ད་ལྟ་རང་ཡང་འཁོར་བའི་སྡུག་བསྔལ་དག་ལས་མཐར་ཞིང་དེ་སྤོང་བའི་ཐབས་ཀྱང་མི་ཤེས་ན་གཞན་གྱི་དོན་སྒྲུབ་པར་ག་ལ་ནུས། དེའི་ཕྱིར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་འབད་པ་དང་རྩོལ་བ་མེད་པར་སྒྲུབ་ནུས་པ་དེ་གང་ཞིག་ཡིན། དེ་ལྟ་བུ་ཞིག་ཡོད་ན་ནི་བདག་གིས་དེ་ཁོ་ན་ལྟར་སྒྲུབ་པར་བྱའོ་སྙམ་པའི་བློ་སྐྱེས་ན་དེ་ལ་འདི་ལྟར་འཆད་དེ། ཀྱཻ་རིགས་ཀྱི་བུ། དེ་ལྟ་བུའི་ཐབས་ནི་ཡོད་པ་ཁོ་ན་སྟེ། དང་པོར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་པ་ལ་སོགས་པའི་རིམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱས་ཏེ་རང་ཉིད་གང་ནས་གཤེག ས་པའི་ལམ་དེ་གཞན་ལའང་སྟོན་པ་ནི་འབད་པ་དང་རྩོལ་བ་མེད་པར་མཐའ་ཡས་པའི་སེམས་ཅན་གྱི་དོན་ལྷུན་གྱི་གྲུབ་པ་ཡིན་ནོ། །ཞེས་སོ། །དེ་ལྟ་བུའི་རྣམ་པ་ཐམས་ཅད་མཁྱེན་པ་དེ་ཡང་ཇི་ལྟ་བུ་ཞིག་ཡིན་སྙམ་ན། དེ་ཡང་གོང་དུ་རང་ཉིད་གང་དུ་གཤེགས་པ་ཞེས་པས་རྒྱུས་འབྲས་བུ་མཚོན་ཏེ་སེམས་བསྐྱེད་ལ་སོགས་པ་ཆོས་བཅུ་པོ་ས་རིམ་གྱིས་སྒྲུབས་པའི་འབྲས་བུ་མཐར་ཐུག་པ་ནི་རྣམ་མཁྱེན་ཡིན་ནོ་ཞེས་ཤེས་ལ། དེ་གཞན་ལ་སྟོན་པ་ཞེས་པས་ནི་ཡུལ་གྱི་ཡུལ་ཅན་མཚོན་ཏེ་ཡུལ་སེམས་བསྐྱེད་ལ་སོགས་པའི་དོན་བཅུ་པོ་ཚུལ་བཞིན་དུ་ཤེས་ནས་གཞན་ལ་སྟོན་པ་ནི་རྣམ་མཁྱེན་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ཡང་རྣམ་མཁྱེན་ཤེས་པར་བྱ་བ་ལ་རྣམ་མཁྱེན་རང་གི་མཚན་ཉིད་ཀྱིས་མི་སྟོན་པར་རྒྱུ་དང་ཡུལ་གྱིས་མཚོན་ནས་འཆད་ཅིང་དགོས་ཞེ་ན། དེ་གཉིས་ཀྱིས་མ་མཚོན་པར་འཆད་མི་ནུས་ཏེ། དཔེར་ན་མིག་ཤེས་འཆད་པ་ན་རྒྱུ་མིག་དབང་སོགས་ལས་སྐྱེས་པ་ཞེས་སམ། ཡུལ་སྔོན་པོ་འཛིན་པ་སོགས་ཀྱིས་སྟོན་གྱི་དེ་གཉིས་གང་རུང་ལ་མ་བརྟེན་པར་སྟོན་མི་ནུས་པ་བཞིན་ནོ། །ཡང་རྣམ་མཁྱེན་ནི་ཤེས་བྱ་མ་ལུས་པ་མཁྱེན་པ་མ་ཡིན་ནམ། འདི་བཅུ་ཙམ་མཁྱེན་པས་རྣམ་མཁྱེན་དུ་ཇི་ལྟར་འགྱུར་སྙམ་ན། འདིར་གཞན་དོན་འབད་མེད་དུ་སྒྲུབ་པ་ལ་བཅུ་པོ་འདི་ངེས་པར་མཁྱེན་དགོས་པས་ཉེར་མཁོ་གཙོ་བོའི་སྒོ་ནས་སྨོས་ཀྱི་གཞན་མི་མཁྱེན་པ་ཡང་མ་ཡིནཏེ། རིང་ན་གནས་པའི་ཁབ་མཐོང་བས་དྲུང་ན་གནས་པའི་གྲི་མཐོང་བར་ངེས་པ་བཞིན་དཀའ་བའི་གནས་འདི་ལྟ་བུ་མཁྱེན་པས་དེ་ལས་སླ་བ་གཞན་མཁྱེན་པར་ཤུགས་ཀྱིས་གྲུབ་བོ། །འདིའི་སྐབས་སུ་ཁ་ཅིག་དོན་བཅུ་མཁྱེན་པས་ཤེས་བྱ་མ་ལུས་པ་མཁྱེན་པར་འགྱུར་ཏེ། དམིགས་པ་ཆོས་རྣམས་ཐམས་ཅད་དེ་ཞེས་པས་དེར་དེ་འདུས་སོ་ཞེས་ཟེར་ཡང་། དེ་ཙམ་ལ་ཁྱབ་པ་མེད་དེ། དཔེར་ན་བྱང་ཆུབ་སེམས་དཔའ་ལམ་སྒོམ་པའི་ཚེ་ལམ་གྱི་དམིགས་པ་ཤེས་པར་བྱས་ནས་ཆོས་ཐམས་ཅད་སྟོང་ཉིད་དུ་སྒོམ་པ་སོགས་ཡོད་ཀྱང་དེ་ཙམ་གྱིས་དེ་ཐམས་ཅད་མཁྱེན་པར་མི་འགྱུར་བ་བཞིན་ནོ། །དེ་ཡང་ཡིན་ཏེ། དེ་དགེ་མི་དགེ་ལུང་མ་བསྟན་གསུམ་ལ་བླང་དོར་དུ་དམིགས་པའི་ཆོས་དེ་གསུམ་ཤེས་ཀྱང་དགོས་ཤིང་ཆོས་ཐམས་ཅད་དེ་གསུམ་དུ་འདུས་མོད་ཀྱིས་དེ་གསུམ་ཤེས་པ་ཙམ་གྱིས་ཐམས་ཅད་མཁྱེན་པར་མི་འགྱུར་རོ། །དེ་ནས་ཡང་སྐལ་ལྡན་དེ་འདི་སྙམ་དུ། ད་ནི་བདག་གིས་དེ་ལྟ་བུའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཅི་ནས་ཀྱང་ཐོབ་པར་བྱ་དགོས་པས་དེ་ཐོབ་བྱེད་ཀྱི་ལམ་ཇི་ལྟ་བུ་ཞིག་ལ་སློབ་པར་བྱ་སྙམ་པའི་ཚེ། འབྲས་བུ་ནི་རྒྱུའི་རྗེས་སུ་བྱེད་པ་ཉིད་ཀྱི་ཕྱིར་འབྲས་བུ་དང་རྗེས་སུ་མཐུན་པའི་ལམ་ཉིད་ལ་སློབ་དགོས་པས་སེམས་ཅན་གྱི་དོན་ལ་བརྩོན་པར་བྱ་ན། སེམས་ཅན་རྣམས་ནི་རིགས་དང་བསམ་པ་ཐ་དད་པ་ཉིད་ཀྱི་ཕྱིར་ལམ་གཅིག་ཁོ་ནས་རྗེས་སུ་འཛིན་པར་མི་ནུས་པས་ཐེག་པ་གསུམ་གྱི་ལམ་ཐམས་ཅད་ཤེས་པ་དང་མཐོང་བས་མངོན་སུམ་དུ་བྱས་ནས་གཞན་ལ་བསྟན་པར་བྱའོ་སྙམ་དུ་ཤེས་ཤིང་གཞན་ཕན་གྱི་བསམ་པ་ལ་བློ་སློབ་དགོས་ཏེ། དེས་རྒྱུད་ལ་འཇུག་པ་སེམས་བསྐྱེད་སྐྱེ་བའི་རྒྱུར་འགྱུར་རོ། །དེ་ནས་ཡང་འདི་སྙམ་དུ། དོན་དེ་ཉིད་ཀྱི་ཕྱིར་བདག་གིས་ཐེག་པ་གསུམ་གྱི་ལམ་ཐམས་ཅད་བསླབ་པར་བྱ་མོད་ཀྱི་བདག་ནི་མཐར་ཐུག་གི་ཐེག་པ་ཆེན་པོ་ཁོ་ན་དོན་དུ་གཉེར་བ་ཡིན་པས་ལམ་གོང་འོག་གི་ཁྱད་པར་ཚུལ་བཞིན་དུ་ཤེས་ནས་དམན་པའི་ལམ་དུ་མ་གོ ལ་བར་བྱའོ་སྙམ་ནས་ཐབས་སྙིང་རྗེ་ཆེན་པོ་དང་མ་བྲལ་བའི་ངང་ནས་གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་སྟེ། དེ་ལྟ་ན་དེའི་རྒྱུད་ལ་རིང་པོར་མི་ཐོགས་པར་དོན་དམ་སེམས་བསྐྱེད་སྐྱེ་བར་འགྱུར་རོ། །དེ་ལྟར་མཁྱེན་པ་གསུམ་པོ་འདི་རིམ་བཞིན་སྔ་ཕྱི་རྒྱུ་འབྲས་ཡིན་པས་ཐོས་བསམ་གྱིས་ཤེས་པར་བྱ་ཞིང་སེམས་བསྐྱེད་ཀྱིས་ཡུལ་དུ་བྱེད་པའི་ཚེ་ན་ནི། དང་པོ་ཁོ་ནར་ཐོབ་ཀྱི་མཐར་ཐུག་གི་འབྲས་བུ་ལ་སྨོན་པ་འབྱུང་བའི་ཕྱིར་རྣམ་མཁྱེན་ནས་ཐོག་མར་སྨོས་ལ་གང་ཟག་གི་རྒྱུད་ལ་སྐྱེ་རིམ་གྱིས་ཉམས་ལེན་དང་སྦྱར་ན། དང་པོ་རང་གི་རྒྱུད་ལ་གཞིའི་ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་མངོན་པར་ཤེས་པ་དང་། དམན་ལམ་ལས་ཁྱད་པར་དུ་བྱེད་པའི་སྙིང་རྗེ་ཆེན་པོ་ཐུན་མོང་མ་ཡིན་པ་རྒྱུད་ལ་བསྐྱེད་ནས། རིགས་ཅན་གསུམ་གྱི་གདུལ་བྱ་ལ་རང་རང་དང་རྗེས་སུ་མཐུན་པའི་ལམ་སྟོན་པའི་སྒོ་ནས་རྫོགས་སྨིན་སྦྱངས་ཏེ་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་མངོན་དུ་བྱེད་པའི་ཕྱིར་དེའི་གོ་རིམ་དང་སྦྱར་ནས་མཇུག་སྡུད་ཀྱི་སྐབས་སུ། དེ་ལྟར་འདི་དང་ཡང་འདི་དང་། སོགས་ཀྱིས་གཞི་ཤེས་ནས་ཐོག་མར་བསྡུས་སོ། །དེས་ན་གསུམ་པོ་འདིའི་མཚན་ཉིད་མ་ནོར་བར་ཐོས་བསམ་གྱིས་གཏན་ལ་ཕབ་ནས་སེམས་བསྐྱེད་ཀྱི་ཡུལ་དུ་བྱ་བ་ཉིད་ཀྱི་ཕྱིར། མངོན་རྟོགས་དྲུག་ཏུ་བསྡུ་བའི་སྐབས་སུ་མཚན་ཉིད་ཅེས་དང་། གསུམ་དུ་བསྡུ་བའི་སྐབས་སུ་ཡུལ་ནི་རྣམ་པ་གསུམ་པོ་ཞེས་འབྱུང་ངོ་། །དེ་ཡང་ཡིན་ཏེ། ཐོས་བསམ་གྱིས་ཤེས་བྱ་གཏན་ལ་འབེབ་པའི་ཚེ་ཡུལ་གྱིས་ཡུལ་ཅན་ནམ། ཡུལ་ཅན་གྱིས་ཡུལ་མཚོན་ནས་ཆོས་འདི་དག་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉག་གཅིག་གིས་གཞལ་བྱའོ། །ཆོས་ཆོས་འདི་དག་ནི་རྣམ་མཁྱེན་གྱི་ཡུལ་ཡང་ཡིན་མོད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཤེས་ཀྱི་ཡུལ་ཡང་ཡིན་ནོ། །འདི་དག་ནི་སྔ་མ་གཉིས་ཀྱི་ཡུལ་དུ་མ་ཟད་ཉན་ཐོས་དང་རང་སངས་རྒྱས་ཀྱི་གཞི་ཤེས་ཀྱི་ཡུལ་ཡང་ཡིན་ནོ་ཞེས་ཤེས་པར་བྱེད་པས་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་སྒྲོ་འདོགས་ཆོད་པར་འགྱུར་རོ། །སེམས་བསྐྱེད་ཀྱི་ཡུལ་དུ་བྱེད་པའི་ཚེ་ཡུལ་གྱིས་ཡུལ་ཅན་མཚོན་པ་ཁོ་ནས་ཡུལ་འདི་དང་འདི་དག་ཚུལ་འདི་ལྟར་མཁྱེན་ནས་བྱ་བ་འདི་ལྟ་བུ་བྱེད་པར་ནུས་པའི་ཐེག་པ་གསུམ་མམ། གང་ཟག་བཞིའི་རྟོགས་རིགས་ཐམས་ཅད་རང་རྒྱུད་ལ་བསྐྱེད་པར་བྱའོ་སྙམ་དུ་དམ་བཅའ་བའི་ཕྱིར་ཐེག་ཆེན་སེམས་བསྐྱེད་མཚན་ཉིད་པར་འགྱུར་ཏེ། མདོ་སྡེ་རྒྱན་ལས། ཐེག་པ་ཡེ་ཤེས་ཀུན་ཏུ་འགྲོ་ལ་མཁས་པར་ལྡན། ཞེས་ཐེག་པ་ཀུན་ཏུ་འགྲོ་བ་དང་། ཡེ་ཤེས་ཀུན་ཏུ་འགྲོ་བའི་དོན་དང་པོ་ནས་ཁས་ལེན་མཆོག་ཏུ་བཤད་པ་བཞིན་ནོ། །དེས་ན་འདི་གསུམ་སེམས་བསྐྱེད་དང་སྦྱོར་བའི་ཚེ་སྔར་བཤད་པ་ལྟར་སྨོན་པ་དང་འཇུག་པ་དང་དོན་དམ་སེམས་བསྐྱེད་གསུམ་གྱི་རྒྱུར་ཡང་ངེས་ལ། ཡང་ན་འདུན་པ་དང་བསམ་པ་དང་ལྷག་པའི་བསམ་པ་གསུམ་གྱི་རྒྱུ་ཡང་ཡིན་ཏེ་རིམ་པ་བཞིན་དང་པོ་ཐོབ་བྱ་རྣམ་མཁྱེན་ལ་དོན་དུ་གཉེར་བའི་མདུན་པ་སྐྱེ་ཞིང་། དེ་ནས་དེའི་རྒྱུར་ལམ་ཤེས་ལ་བརྟེན་ནས་གཞན་ཕན་དོན་གཉེར་གྱི་བསམ་པ་སྐྱེ་ཞིང་། དེ་ལ་ཡང་དམན་ལམ་གྱི་གོལ་ས་སྤངས་ནས་མཐའ་གཉིས་ལ་མི་གནས་པའི་ཚུལ་ལ་སློབ་པས་བསམ་པ་དེ་ཉིད་རང་འདོད་དང་བྲལ་ནས་ལྷག་པར་གྱུར་པ་ན་ལྷག་བསམ་མོ། །དེ་ནས་སྦྱོར་བ་སེམས་བསྐྱེད་སོགས་ལ་འཇུག་སྟེ་ཤེས་པར་སླའོ། །ཡང་ན་འདི་གསུམ་དཀོན་མཆོག་གསུམ་རང་རྒྱུད་ལ་འགྲུབ་པའི་ཚུལ་རྒྱུད་བླའི་འགྲེལ་བར་བཤད་པ་དང་ཡང་སྦྱར་དུ་རུང་སྟེ། དང་པོ་རྣམ་པ་ཐམས་ཅད་མཁྱེན་པས་སངས་རྒྱས་ཀྱི་ཡེ་ཤེས་སྟོན་པས་ཆོས་ཐམས་ཅད་མངོན་པར་རྫོགས་པ་སངས་རྒྱས་པ་ཞེས་དང་། གཉིས་པ་ལམ་ཤེས་ཀྱི་སྐབས་སུ་ཐེག་པ་གསུམ་གྱི་ལམ་ཐམས་ཅད་སྟོན་པས་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་ཞེས་དང་། གསུམ་པ་གཞི་ཤེས་ཀྱི་སྐབས་སུ་ཐེག་པ་གོང་འོག་གི་གང་ཟག་གི་རྟོགས་པའི་ཁྱད་པར་སྟོན་པའི་ཕྱིར། སློབ་མའི་ཚོགས་དུལ་བ་མཐའ་ཡས་བསྐོར་བ་ཞེས་བྱ་སྟེ་རྣམ་གྲངས་ཙམ་མོ། །འདི་དག་གི་སྐབས་སུ་གཞི་ཤེས་ནི་མདོ་རང་གཞུང་དུ་མཐའ་གཉིས་ལ་མི་གནས་པའི་གཉེན་པོ་གཞི་ཤེས་དངོས་སུ་བསྟན་པས་མཐའ་གང་རུང་དུ་ལྷུང་བའི་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཤུགས་ཀྱིས་རྟོགས་པར་བྱ་བ་ལས་ཉན་རང་གི་རྟོགས་རིགས་དངོས་སུ་བཤད་པ་མེད་པས་ན། གཞན་གྱིས་མྱོང་བ་མ་ཡིན་པ་ཞེས་བཤད་དོ། །དེ་ན་སྐབས་འདིར་གཞི་ཤེས་ཉིད་གོལ་སར་བཤད་པ་དང་། ལམ་ཤེས་རང་རྒྱུད་ལ་བསྐྱེད་པའི་ཐབས་སུ་བཤད་པ་དང་། དོན་དམ་སེམས་བསྐྱེད་སྐྱེ་བའི་རྒྱུར་བཤད་པ་ལ་བློ་ཆུང་དག་དོགས་པ་ཕྲ་མོ་སྐྱེ་བའི་གཞི་ཡོད་ཀྱང་། དོན་དུ་མི་མཐུན་ཕྱོགས་ཀྱི་གོལ་ས་མཐའ་དག་བཅད་ནས་སྒྲོ་སྐུར་དང་བྲལ་བའི་གཉེན་པོ་གཞི་ཤེས་མཚན་ཉིད་པ་རྒྱུད་ལ་བསྐྱེད་པ་ན་དེ་ཐེག་པ་ཆེན་པོའི་ལམ་ཤེས་པ་ཡིན་ཞིང་དོན་དམ་སེམས་བསྐྱེད་ཀྱང་ཡིན་ལ་དེའི་ཞར་ལ་ཉན་རང་གི་ལམ་ཡང་ཤེས་པར་འགྱུར་བས་འགལ་བ་མེད་ཅིང་ཡང་ལམ་ཤེས་སྐབས་སུ་བཤད་པའི་ཉན་རང་གི་ལམ་ནི་དེའི་རིགས་ཅན་གྱི་གང་ཟག་རྗེས་སུ་བཟུང་བའི་ཕྱིར་ཐེག་ཆེན་གྱི་ལམ་དང་མི་འགལ་བའི་ཐེག་དམན་གྱི་བདག་མེད་པའི་དོན་གྱི་རྟོགས་རིགས་རང་རྒྱུད་ལ་བསྐྱེད་ནས་གཞན་ལ་སྟོན་པ་ཡིན་ལ། སྤང་བྱ་གཞི་ཤེས་ནི་ཐེག་ཆེན་ལམ་དང་འགལ་བའི་ཐེག་དམན་གྱི་རྒྱུད་ཀྱི་བདེན་ཞེན་གྱི་སྒྲོ་འདོགས་དང་རང་དོན་ཞི་བ་ཕྱོགས་གཅིག་སོགས་སྟོན་པ་ཡིན་པས་འདི་གཉིས་མི་ཟློས་པ་ཡང་ཡིན་ནོ། །འདི་གསུམ་དང་མངོན་རྟོགས་ཕྱི་མ་ལྔ་སྦྱོར་བའི་ཚེ། རྣམ་རྩེ་གཉིས་གཙོ་བོར་གཞི་ཤེས་ཀྱི་སྦྱོར་བ་དང་། མཐར་སྐད་གཉིས་ལམ་ཤེས་ཀྱི་སྦྱོར་བ། འབྲས་བུ་ཆོས་སྐུ་ནི་རྣམ་མཁྱེན་དངོས་ཡིན་པས་བསམ་སྦྱོར་གྱི་ཁྱད་པར་ལས་བརྒྱད་པོ་གསུམ་དུ་འདུ་བས་མཆོད་བརྗོད་ལས་ཀྱང་གསུམ་པོ་འདི་སྟོན་པས། མཆོད་བརྗོད་དུ་གཞུང་དོན་མ་ལུས་པ་འདུ་བའི་དོན་ཡང་དེ་ཡིན་ནོ། །འདིར་སྦྱོར་བཞི་དང་མཁྱེན་པ་གཉིས་སྦྱོར་བའི་ཚེ་གཙོ་བོར་ཞེས་སྨོས་པའི་དོན། གཙོ་ཆེ་བའི་དབང་གིས་དེ་ལྟར་སྦྱང་ནས་བཤད་ན་ལམ་གྱི་འབྲེལ་དང་། གོ་རིམ་དང་། བསྡུ་བ་ལ་གོ་བ་སྐྱེ་བར་ཕན་པས་སྨོས་ཀྱི་རྣམ་པ་ཀུན་ཏུ་ཁྱབ་པ་ཡོད་པ་ནི་མ་ཡིན་ཏེ། རྣམ་རྫོགས་ཀྱི་སྐབས་སུ་མཁྱེན་པ་གསུམ་གའི་སྦྱོར་བ་བཤད་པ་བཞིན་ནོ། །འཕགས་པས་བཤད་ཅིང་མཁས་པས་བཀྲལ་བའི་དོན། ཤེས་རབ་གསུམ་གྱིས་གཏན་ལ་ལེགས་ཕེབས་པ། མཁྱེན་པ་གསུམ་གྱི་བསྡུས་དོན་འདི་ཡིན་ཏེ། འདི་ལས་གཞན་དུ་འཆད་པར་དཀའ་འམ་སྙམ། སྤྱི་དོན་གཉིས་པ་ཐེག་པ་ཆེན་པོའི་ལམ་གྱི་སྦྱོར་བ་ནི་གཉིས་ཏེ། རྟོགས་པ་རང་དབང་དུ་བྱ་བ་རྣམ་རྫོགས་སྦྱོར་བ་དང་། རྟོགས་པ་བརྟན་པར་བྱ་བ་རིམ་གྱིས་པའི་སྦྱོར་བའོ། །དེ་ལ་རྟོགས་པ་རང་དབང་དུ་བྱ་བ་ཞེས་པའི་དོན་ནི་སྔར་མཁྱེན་པ་གསུམ་གྱིས་མཚོན་ནས་ཤེས་བྱའི་ཐམས་ཅད་ཀྱི་མཚན་ཉིད་ཤེས་པར་བྱས་ཤིང་། ཐེག་པ་གསུམ་གྱི་རྟོགས་རིགས་ཐམས་ཅད་སྨོན་པའི་ཡུལ་དུ་བྱས་ཀྱང་། རྟོགས་པའི་ཡོན་ཏན་ཕྲ་མོ་ཙམ་ལ་ཡང་རང་དབང་ཐོབ་པ་ནི་མེད་དེ། དཔེར་ན་ཕྱུག་པོ་ཆེན་པོ་ཞིག་གི་ལོངས་སྤྱོད་ཐམས་ཅད་བྲན་ཁོལ་དབུལ་པོ་དེས་ཤེས་ཤིང་རྩི་བགྲངས་བྱེད་ཀྱང་རང་དབང་དུ་ལོངས་སྤྱོད་ཆོག་པ་ནི་ཁམ་ཙམ་ཡང་མེད་པ་བཞིན་ནོ། །དེས་ན་དང་པོ་མི་རྟག་པའི་རྣམ་པ་ནས་བཟུང་སྟེ་མཐར་སངས་རྒྱས་ཉིད་ཀྱི་རྣམ་པའི་བར་ཐམས་ཅད་བདེན་གཉིས་ཟུང་འཇུག་གི་ཚུལ་དུ་བསྒོམས་ཏེ་རྟོགས་པ་མ་སྐྱེས་པ་བསྐྱེད་པར་བྱེད་པ་ལ་རྟོགས་པ་དབང་དུ་བྱ་བ་ཞེས་བྱའོ། །དེ་ནས་རྟོགས་པ་བརྟན་པར་བྱེད་པ་ནི་སྔར་རང་རྒྱུད་ལ་སྐྱེས་པའི་སྒོམ་ཐམས་ཅད་སྔ་ཕྱི་སྒྲེལ་ཏེ་གོ་རིམ་བཞིན་དུ་མངོན་དུ་བྱེད་པ་དང་། མ་སྐྱེས་པ་རྣམས་ཀྱང་གོ་རིམ་བཞིན་དུ་ཐོས་བསམ་གྱིས་འདྲིས་པར་བྱས་ནས་རྒྱུད་ལ་སྐྱེ་བའི་ཕྱིར་སྨོན་པ་དང་བརྩོན་པའི་སྒོ་ནས་སྔར་རྒྱུད་ལ་སྐྱེས་པའི་རྟོགས་པ་ཐམས་ཅད་གོམས་འདྲིས་བརྟན་པར་བྱེད་པའོ། །དེ་ཡང་དཔེར་ན་བྱིས་པ་ལ་ཡི་གེ་སློབ་པའི་ཚེ་དང་པོར་ཀ་ཁ་ཞེས་ཡི་གེའི་ཕྱི་མོ་དང་འབྲུ་དེད་ལ་བརྟེན་ནས་ཡི་གེ་རེ་རེ་ནས་སློབ་པ་ལྟ་བུ་ནི་རྣམས་རྫོགས་སྦྱོར་བ་ཡིན་ལ། ཕྱི་ནས་སྔར་ཤེས་པའི་ཡིག་འབྲུ་དེ་དག་མང་པོ་ཟུང་དུ་སྦྲེལ་ནས་སངས་རྒྱས་ཞེས་པ་ལྟ་བུའི་སྦྱོར་ཀློག་སློབ་ཅིང་དེ་ཡང་གོམས་པས་བྱང་བར་བྱེད་པ་ལྟ་བུ་ནི་རིམ་གྱིས་པའི་སྒོམ་ཡིན་ནོ། །རྩེ་མོ་དང་སྐད་ཅིག་མ་གཉིས་ནི་སྦྱོར་བ་སྔ་མ་གཉིས་པོ་འདི་གོམས་པ་རབ་ཏུ་གྱུར་པའི་ལམ་གྱི་ཚད་འཛིན་ལྟ་བུ་ཡིན་པས་སྒོམ་ཚུལ་ལོགས་སུ་མེད་དོ། །དེ་ཡང་རྣམ་རྫོགས་སྦྱོར་གོམས་པར་བཅུ་གྱུར་པའི་གནས་སྐབས་བཞི་སྟེ། འཇིག་རྟེན་པའི་ལམ་དུ་གཟུང་འཛིན་གྱི་རྟོག་པ་བཞི་པོ་མགོ་གནོན་གྱི་གཉེན་པོར་འགྱུར་ངེས་པའི་རྟགས་དང་རྣམ་འཕེལ་ལ་སོགས་པའི་ཡོན་ཏན་རྒྱུད་ལ་སྐྱེས་པ་ན་སྦྱོར་ལམ་རྩེ་མོ་ཡིན་ཏེ་འཇིག་རྟེན་པའི་སྒོམ་བྱུང་གི་རྟོགས་པ་དེ་ལས་གོང་དུ་འགྲོར་མེད་པས་སོ། །འཕགས་པའི་ལམ་གྱིས་དང་པོར་མཐོང་སྤང་གཟུང་འཛིན་གྱི་རྟོག་པ་བཞི་པོ་རྩད་ནས་འདོན་པའི་གཉེན་པོ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ན་མཐོང་ལམ་རྩེ་མོ་ཡིན་ཏེ། ཆོས་ཉིད་མངོན་སུམ་དུ་མཐོང་བའི་མཉམ་བཞག་གི་རྟོགས་པ་དེ་ལས་གོང་དུ་འགྲོར་མེད་པའི་ཕྱིར་རོ། །དེའི་མཇུག་ཐོགས་སུ་སྒོམ་སྤང་གཟུང་འཛིན་གྱི་རྟོག་པ་བཞི་པོ་རྩད་ནས་འདོན་པའི་གཉེན་པོ་རྒྱུད་ལ་སྐྱེས་ཤིང་རྣམ་པ་ཐམས་ཅད་པའི་ཏིང་ངེ་འཛིན་ལ་བརྟེན་ནས་འཇིག་རྟེན་པའི་ཕན་བདེ་ཇི་སྙེད་པ་བསྒྲུབ་པ་ལ་རང་དབང་ཐོབ་པ་ན་སྒོམ་ལམ་རྩེ་མོ་ཡིན་ཏེ་ལམ་པའི་དབང་དུ་བྱས་པའི་སྒོམ་པའི་ཏིང་ངེ་འཛིན་དེ་ལས་གོང་དུ་འགྲོར་མེད་པས་སོ། །དེའི་མཐར་བདེན་པ་གཉིས་ལ་ཐ་དད་དམ་བཟང་ངན་ནམ་འགལ་འདུར་འཛིན་པའི་ཞེན་སྣང་ཕྲ་མོའང་རྩད་ནས་སྤངས་ཏེ་དམིགས་རྣམ་རྒྱུ་གསུམ་གྱིས་མཚོན་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་རྒྱུད་ལ་སྐྱེས་པ་ན་མཐར་ལམ་རྩེ་མོ་ཡིན་ཏེ་མཐར་ཐུག་གི་ཐོབ་བྱ་འབྲས་བུ་ཆོས་ཀྱི་སྐུ་དང་ལམ་གཞན་གྱིས་བར་དུ་མ་ཆོད་པའི་ཕྱིར་རོ། །རིམ་གྱིས་པའི་སྦྱོར་བ་གོམས་པ་མཐར་ཐུག་པའི་གནས་སྐབས་ནི་སྐད་ཅིག་མ་ཡིན་ཏེ། ཟག་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པ་ན་སྔར་ཇི་སྙེད་ཅིག་མངོན་དུ་བྱས་པའི་ཟག་མེད་ཀྱི་ཆོས་ཐམས་ཅད་གཉིས་སུ་མེད་པ་དང་། མཚན་ཉིད་མེད་པའི་ཚུལ་གྱིས་མངོན་དུ་བྱེད་པར་ནུས་པ་ལམ་མཐར་ཕྱིན་པའི་གནས་སྐབས་ཏེ་འདི་དང་སྔར་གྱི་བར་ཆད་མེད་རྩེ་གཉིས་ནི་མཉམ་རྗེས་ཀྱི་ལྡོག་པས་ཕྱེ་བ་ཙམ་མ་གཏོགས་ཐ་དད་མེད་དོ། །དེ་ན་སྒོམ་བྱ་དངོས་ནི་རྣམ་རྫོགས་སྦྱོར་བ་དང་རིམ་གྱིས་པ་གཉིས་ཡིན་ལ། དེ་ཡང་གཞུང་གི་གོ་རིམ་དང་བསྟུན་ན་རྣམ་རྫོགས་སྦྱོར་བ་ལ་བརྟེན་ནས་རྩེ་མོ་རྒྱུད་ལ་སྐྱེས་པ་ན་རིམ་གྱིས་པ་སྒོམ་པ་ལྟ་བུ་ཞིག་བྱུང་ཡང་། དེ་ནི་རྒྱུ་འབྲས་ཆ་རེ་ལྟོ་སྦྲེལ་ནས་བཤད་པའི་གོ་རིམ་ཡིན་གྱི་སྒོམ་པ་ཉམས་སུ་བླང་བའི་གོ་རིམ་མ་ཡིན་པས་སྒོམ་པའི་ཚེ་ད་ལྟ་ལས་དང་པོ་པའི་སྐབས་ནས་གཉིས་ཀ་སྒོམ་དུ་ཡོད་དེ། དཔེར་ན་ཐོས་བསམ་གྱི་དབང་དུ་བྱས་པའི་མཐར་གྱིས་པའང་བཤད་པ་བཞིན་ནོ། །དེའི་ཕྱིར་སྦྱོར་བ་འདི་གཉིས་སྒོམ་པའི་ཚུལ་མཚན་པའི་སྒོ་ཙམ་ལག་ལེན་ལ་བཏབ་ནས་བཤད་ན། དང་པོ་རྣམ་རྫོགས་སྦྱོར་བའི་སྐབས་སུ་སྤྱིར་མཁྱེན་པ་གསུམ་གྱི་རྣམ་པ་ཐམས་ཅད་རྣམ་པ་བརྒྱ་དོན་གསུམ་དུ་བསྡུས་ཏེ་བསྒོམ་པར་བྱ་བ་ཡིན་ལ། དེ་ལས་གཞི་ཤེས་ཀྱི་རྣམ་པ་དང་པོ་མི་རྟག་པའི་རྣམ་པ་སྒོམ་ཚུལ་ལ་མཚོན་ན། ཡུལ་འདུས་བྱས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྐད་ཅིག་མའི་རྒྱུན་གྱི་ཕྲེང་བ་སྐྱེ་འགག་གི་རང་བཞིན་དུ་གནས་པ་ནི་དོན་རྣམ་ཡིན་ལ། དོན་མི་རྟག་པའི་ཚུལ་དེ་ཉིད་ལུང་རིགས་གཏན་ཚིག་ལ་བརྟེན་ནས་བློས་སྒྲོ་འདོགས་གཅོད་པའི་ཚུལ་གྱིས་སྒོམ་པ་ནི་ཤེས་རྣམ་ཡིན་ཏེ་ཉན་ཐོས་རང་ལམ་ལ་འདི་ཙམ་གྱིས་ཆོག་གོ། །ཐེག་ཆེན་དུ་ཐེག་པ་ཐམས་ཅད་ཀྱི་རྟོགས་རིགས་རྒྱུད་ལ་སྐྱེད་དགོས་པས་དེ་ཙམ་གྱིས་མི་ཆོག་སྟེ། དེའི་དོན་ཤེས་ཀྱི་རྣམ་པ་གཉིས་ཀའང་ཡུལ་དུ་བྱས་ནས་སྦྱོར་བས་བསྒོམ་དགོས་ལ། སྦྱོར་བ་ཉི་ཤུར་བཤད་ཀྱང་དེ་ལས་གསུམ་ནི་མཁྱེན་པ་གསུམ་པོའི་རྟོགས་ཚུལ་གྱི་དབྱེ་བ་ཙམ་དང་བཅོ་ལྔ་ནི་ས་མཚམས་ཀྱི་དབྱེ་བ་ཡིན་པས་བསྒོམ་བྱ་དངོས་མི་གནས་པའི་སྦྱོར་བ་དང་མི་སྦྱོར་བའི་གཉིས་ཁོ་ནའོ། །དེ་ལ་མི་གནས་པའི་སྒོམ་པ་ནི་ཡུལ་ལ་ཞེན་སྤྱོད་འགོག་པའི་སྒོམ་ཡིན་ལ། འདིའི་ཚེ་མི་རྟག་པའི་རྣམ་པ་ཉིད་ཡུལ་ཡིན་པས། མི་རྟག་པའི་ཚུལ་དུ་ཤེས་པ་དེ་ཡང་ཐ་སྙད་ཀུན་རྫོབ་ཀྱི་རྟོགས་ཚུལ་ཙམ་ཡིན་གྱི་དོན་དམ་པར་ན་མི་རྟག་པ་ཙམ་དུའང་བདེན་པར་གྲུབ་པ་མེད་པར་ཤེས་ནས་བློ་ཞེན་པ་དང་བཅས་པས་མི་གནས་པ་ནི་མི་གནས་པའི་སྦྱོར་བ། དེ་ལྟར་མི་རྟག་པ་སྟོང་ཉིད་དུ་ཤེས་ནས་སྒོམ་བྱེད་ཀྱི་བློ་ཡང་མཐའ་གང་དུའང་མ་གྲུབ་པའི་སྟོང་ཉིད་ཡིན་པའི་ཕྱིར་གང་གིས་གང་ལ་ཇི་ལྟར་རྣལ་འབྱོར་དུ་བྱེད་པ་མ་དམིགས་པས་བསྒོམ་པ་ཞེས་བྱ་བའང་ཐ་སྙད་དུ་སྒྲོ་བཏགས་ཙམ་མ་གཏོགས་དོན་ལ་བསྒོམ་པར་བྱ་བ་རྡུལ་ཙམ་ཡང་མེད་པར་ཤེས་པ་ནི་ཡུལ་དང་ཡུལ་ཅན་སྦྱོར་བའི་སྒོམ་པ་ཉིད་མེད་པར་ཤེས་པའི་ཕྱིར་མི་སྦྱོར་བའི་སྦྱོར་བ་ཡིན་ནོ། །འདི་ཡུལ་ཅན་ལ་ཞེན་སྤྱོད་བཀག་པའི་སྒོམ་ཡིན་ནོ། །སྦྱོར་བ་འདི་གཉིས་ལ་གཞན་དུ་གནས་པ་དང་རྣལ་འབྱོར་འགོག་པ་ཞེས་ཀྱང་བཤད་དེ་རྣལ་འབྱོར་དང་སྦྱོར་བ་ནི་དོན་གཅིག་གོ། །ཡང་ཆོས་སྐད་གཞན་དང་སྦྱར་ན་བསྒོམ་བྱ་སྒོམ་བྱེད་མེད་པ་ཞེས་པའང་འདི་གཉིས་ཁོ་ན་ཡིན་ཏེ། མི་གནས་པའི་སྦྱོར་བ་ནི་བསྒོམ་བྱ་མེད་པའི་དོན་དང་། མི་སྦྱོར་བའི་སྦྱོར་བ་ནི་སྒོམ་བྱེད་པའི་དོན་ཏོ། །ཡང་གང་ཡིད་ལ་མི་བྱེད་པ་ཡུམ་དོན་དུ་བཤད་པ་རྣམ་ཀྱང་འདི་ཁོ་ན་ཡིན་ཏེ་ཡུལ་དང་ཡུལ་ཅན་གང་ལའང་བདེན་ཞེན་གྱིས་ཡིད་ལ་མི་ཕྱེད་པའོ། །ཡང་ན་ཡུལ་གང་དུའང་མ་གྲུབ་པས་བློས་ཅིར་ཡང་མི་འཛིན་པ་ནི་མི་གནས་པའི་དོན་དང་། ཅིར་ཡང་མི་འཛིན་པ་དེ་ཉིད་རྣལ་འབྱོར་རྣམས་ཀྱི་མཆོག་ཡིན་པ་ནི་མི་སྦྱོར་བའི་སྦྱོར་བའི་དོན་ཏེ། མི་བསྒོམ་པའི་སྒོམ་པ་ཞེས་པ་དང་གནད་གཅིག་ཅིང་། མདོ་སྡེ་རྒྱན་ལས། བསྒོམ་པར་ལྟ་བ་མེད་རྣམས་ཀྱི། །བསྒོམ་པ་དམ་པར་འདོད་པ་སྟེ། །ཞེས་པ་ལྟར་རོ། །དེས་ན་ཡུམ་ཤེར་ཕྱིན་གྱི་དོན་བསྒོམ་པར་བྱ་བའི་དངོས་གཞི་མཐར་ཐུག་པ་ནི་འདི་ཁོ་ན་ཡིན་པས་དོན་གནད་འདི་ཉིད་ལ་སྙིང་ཐག་པ་ནས་སྒྲོ་འདོགས་ཆོད་པར་བྱ་དགོས་ཀྱི་གཞུང་གི་ཚིག་ཚོགས་ཉུང་བ་ཙམ་ལ་བརྟེན་ནས་གནད་འདི་དག་ཞར་བྱུང་ཙམ་དུ་བྱེད་ཅིང་དོན། མེད་པའི་བཤད་ཡམ་མང་པོ་ལ་ཁ་བདེ་བདེ་མོ་བྱེད་པ་ནི་ཟབ་མོ་དོན་གྱི་ཆོས་སྐལ་ཆད་པ་ཡིན་ནོ། །དེའི་ཕྱིར་རྒྱ་བོད་ཀྱི་མཁས་གྲུབ་སྟོང་གི་གཞུང་ལུགས་དང་སྒོམ་ཡིག་ཇི་སྙེད་པ་ཡང་གནད་ཞེན་མེད་གཅིག་པོ་འདིའི་སྟེང་དུ་ཆུ་བརྒྱ་ཟམ་གཅིག་ལྟར་འདུ་བར་ཤེས་པས་ཆོས་སྐད་ཐ་དད་ཙམ་ལ་འགལ་འདུར་བཟུང་ནས་ཆགས་སྡང་གིས་དགག་སྒྲུབ་མི་དགོས་ཤིང་ཀུན་ལའང་ཡིད་ཆེས་པའི་ངེས་ཤེས་ཀྱི་དད་པས་གློ་བ་དགའ་བ་འདི་ཁོ་བོས་ཤེར་ཕྱིན་ལ་ཐོས་བསམ་བྱས་པའི་ལག་རྗེས་ཡིན་པར་སེམས་སོ། །དེ་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པས་ཅི་ཡང་སྒོམ་དུ་མེད་དོ་ཞེས་ཆད་པར་བལྟས་ནས་ཐ་མལ་དུ་སྡོད་པ་ནི་མ་ཡིན་ཏེ། དོན་དམ་པར་ན་ཡུལ་དང་ཡུལ་ཅན་གྱིས་མཚོན་པའི་ཆོས་ཐམས་ཅད་རང་བཞིན་སྤྲོས་བྲལ་སྐྱེ་མེད་བློ་ལས་འདས་པའི་ཚུལ་དུ་ཤེས་པས་གང་ལའང་ཞེན་འཛིན་གྱིས་མི་འཆིང་ཞིང་། ཀུན་རྫོབ་སྒྱུ་མ་ལྟ་བུར་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། མཇུག་བསྔོ་བ་གསུམ་གྱིས་ཟིན་པའི་ངང་ནས་མ་གི་འདུས་བྱས་མི་རྟག་པ་ནས་བཟུང་སྟེ། ཡ་གི་སངས་རྒྱས་ཉིད་ཀྱི་རྣམ་པའི་བར་ཐམས་ཅད་མི་བསྒོམ་པའི་ཚུལ་དུ་བསྒོམ་ཞིང་རང་རྒྱུད་ལ་བསྐྱེད་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིའི་སྟོང་ཉིད་བསྒོམ་པའི་ཚུལ་བླ་ན་མེད་པ་ཡིན་ཏེ། ཇི་སྐད་དུ། ཤིང་མཁན་བཟོ་བོ་མཁས་པས་སྐྱེས་པ་བུད་མེད་དང་། འདྲ་བའི་བཟོ་བྱས་དེ་ཡང་བྱ་བ་ཐམས་ཅད་བྱེད། དེ་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། རྣམ་པར་མི་རྟོག་ཡེ་ཤེས་བྱ་བ་ཐམས་ཅད་བྱེད། ཞེས་དང་། གཞི་ཤེས་ཀྱི་སྐབས་སུ་ཡང་ཤེས་བྱེད་སྣང་བ་རྣམ་བདུན་གྱིས་ཆོས་ཐམས་ཅད་མཚོན་ནས་དེ་དག་ཀྱང་རློམ་མེད་བཞིའི་སྒོ་ནས་སྒོམ་པར་བཤད་པ་བཞིན་ནོ། །དེ་ལྟར་བསྒོམ་པས་གནས་སྐབས་སུ་ཐེག་པ་གསུམ་གྱི་རྟོགས་རིགས་མ་ཚང་བ་མེད་རང་རྒྱུད་ལ་སྐྱེ་ཞིང་། མཐར་ཐུག་དེ་དག་ཐམས་ཅད་ཀྱང་སྟོང་ཉིད་སྤྲོས་བྲལ་ཞེན་མེད་གཅིག་གི་ཀློང་དུ་དག་སྟེ་སྣང་སྟོང་ཐབས་ཤེས་ཚོགས་གཉིས་ཟུང་དུ་འཇུག་པ་འདི་ཁོ་ན་རྒྱལ་བ་དགྱེས་པའི་ལམ་བཟང་བླ་ན་མེད་པ་ཡིན་པར་བློ་གྲོས་དང་ལྡན་པ་རྣམས་ཀྱིས་རྟོགས་པར་བྱ་དགོས་སོ། །འདིའི་སྐབས་སུ་སྟོབས་དང་མི་འཇིགས་པ་ལ་སོགས་སངས་རྒྱས་ཁོ་ནའི་མཁྱེན་པའི་རྣམ་པ་འགའ་ཞིག་ནི་ད་ལྟ་དངོས་སུ་བསྒོམ་དུ་མེད་ཀྱང་མ་འོངས་པ་ན་རང་རྒྱུད་ལ་སྐྱེད་པར་འདུན་པ་དང་སྨོན་པའི་ཚུལ་གྱིས་སྒོམ་པ་ཡིན་ལ། ས་ཐོབ་ནས་ནི་འདི་དག་དངོས་མེད་ཀྱང་རིགས་འདྲ་རང་རྒྱུད་ལ་བསྐྱེད་དུ་ཡོད་པར་གསུངས་སོ། །གཉིས་པ་རིམ་གྱིས་པའི་སྒོམ་ནི། དེ་ལྟར་མཁྱེན་པ་གསུམ་གྱི་རྣམ་པ་ཇི་སྙེད་པ་རྣམ་པ་བརྒྱ་དོན་གསུམ་དུ་བསྡུས་ནས་རེ་རེ་བཞིན་བདེན་གཉིས་ཟུང་འཇུག་གི་ཚུལ་དུ་རྣམ་རྟོག་སྦྱོར་བས་སྒོམ་པར་བྱེད་པའི་ཚེ་རང་རྒྱུད་ལ་ཇི་སྙེད་སྐྱེས་པའི་སྒོམ་ཐམས་ཅད་གོ་རིམ་བཞིན་དུ་མྱུར་བར་མྱུར་བར་སྔ་ཕྱི་སྦྲེལ་ཏེ་སྒོམ་པར་བྱེད་ཅིང་དེ་དག་ཀྱང་ཕན་ཚུན་གཅིག་གི་ནང་དུ་ཀུན་འདུས་པའི་ཚུལ་དུ་སྒོམ་པས་རྣམ་རྫོགས་སྦྱོར་བའི་སྐབས་སུ་རང་རྒྱུད་ལ་སྐྱེས་པའི་རྟོགས་པ་རྣམས་བརྟན་པར་བྱེད་པའོ། །དེ་ཡང་མཁྱེན་པ་དང་པོའི་སྡུག་བདེན་གྱི་རྣམ་པ་སྒོམ་པའི་སྐབས་ལྟ་བུ་ལ་མཚོན་ན། དང་པོ་མི་རྟག་པ་དང་སྡུག་བསྔལ་སོགས་རེ་རེ་ལ་དམིགས་བཟུང་ནས་ཀུན་རྫོབ་ཏུ་འདུས་བྱས་ཐམས་ཅད་རྟག་པ་མེད་པའི་ཚུལ་ལ་ངེས་ཤེས་བརྟན་པོ་སྐྱེ་བ་དང་། དེ་ཡང་དོན་དམ་པར་ན་སྟོང་ཉིད་དུ་ཤེས་པས་དེ་ལ་རློམ་པའམ་ཞེན་པ་མེད་པ་གཉིས་པོ་ཟུང་འཇུག་ཏུ་རྒྱུད་ལ་སྐྱེས་སྐྱེས་སུ་བསྒོམ་པ་ནི་རྣམ་རྫོགས་སྦྱོར་བའི་སྒོམ་ཡིན་ལ། དེ་ལྟར་རྣམ་པ་ཅི་རིགས་རྒྱུད་ལ་སྐྱེས་པའི་སྐབས་སུ་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་སོགས་གོ་རིམ་བཞིན་དུ་བྱ་རྫོགས་ཀྱི་སྐད་ཅིག་སྐད་ཅིག་གིས་རང་རྒྱུད་ལ་གསལ་འདེབས་པའི་ཚུལ་དུ་ཡང་ཡང་བྱང་བར་བྱེད་ཅིང་། ཡང་རྣམ་པ་གཞན་གསུམ་ཡང་མི་རྟག་པ་ཁོ་ནའི་ནང་དུ་བསྡུ་སྟེ། མི་རྟག་པ་ཉིད་ཀྱིས་ན་སྡུག་བསྔལ་བའོ་ཞེས་བཤད་པའི་ཕྱིར་དང་། འདུས་བྱས་རྒྱུན་གྱི་ཕྲེང་བ་ཡིན་པས་ན་དེ་ཁོ་ནར་སྟོང་པ་དང་བདག་མེད་པ་ཡང་ཡིན་པ་སོགས་ཕན་ཚུན་རེ་རེའི་ནང་དུ་ཐམས་ཅད་འདུས་པའི་ཚུལ་ལ་བློ་བཞག་ཅིང་གོམས་པར་བྱེད་པའོ། །དེ་ཡང་གཞུང་ལས་རིམ་གྱིས་པ་ནི་སངས་རྒྱས་རྗེས་སུ་དྲན་པ་སོགས་བཅུ་གསུམ་པོར་བཤད་པས་མི་རྟག་སོགས་རྣམ་པ་སྒོམ་པ་རིམ་གྱིས་པར་ཇི་ལྟར་འགྱུར་སྙམ་ན། བཅུ་གསུམ་པོ་ནི་རིམ་གྱིས་པའི་སྒོམ་པའི་ཡན་ལག་ཡིན་གྱི་སྒོམ་དངོས་གཞི་མ་ཡིན་ཏེ། དེ་ཡང་དཀོན་མཆོག་གསུམ་ནི་སྐྱབས་སུ་འགྲོ་བ་ལམ་ཐམས་ཅད་ཀྱི་རྟེན་ཡིན་པས་ན་རྟེན་དང་། ལྷ་རྗེས་སུ་དྲན་པ་ནི་ལམ་སྒོམ་པའི་དཔང་པོ་དང་། རྣམ་པ་རེ་རེ་བཞིན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་ཚང་ཞིང་སྟོང་ཉིད་ཀྱི་རྩིས་ཟིན་པའི་ཚུལ་དུ་བསྒོམ་པས་ན་ཕྱི་མ་བདུན་པོ་སྒོམ་ཚུལ་དང་། གཏོང་བ་དང་ཚུལ་ཁྲིམས་རྗེས་སུ་དྲན་ཞིང་དེ་གཉིས་ལ་གནས་ན་ཚེ་རབས་ཐམས་ཅད་དུ་མཐོ་རིས་ཀྱི་ལུས་རྟེན་དང་ལོངས་སྤྱོད་ཕུན་སུམ་ཚོགས་པའི་སྒོ་ནས་ལམ་སྒྲུབ་པའི་མཐུན་རྐྱེན་ཚང་བར་འགྱུར་བས་ན་སྐྱེ་བ་གཞན་དུ་ཡང་འགྱུར་བས་ན། སྐྱེ་བ་གཞན་དུ་ཡང་གོམས་པར་བྱེད་པའི་གྲོགས་སུ་འགྱུར་བའོ། །དེས་ན་བསྒོམ་བྱ་དངོས་ནི། མངོན་རྟོགས་འབྲིང་པོའི་སྐབས་སུ། མཚན་ཉིད་དེ་ཡི་སྦྱོར་བ་དང་། དེ་རབ་དེ་ཡི་གོ་རིམ་དང་། ཞེས་པའི་སྐབས་སུ་ངེས་བཟུང་གི་དེ་སྒྲ་ཐམས་ཅད་མཁྱེན་གསུམ་གྱི་རྣམ་པ་ལ་སྦྱར་ན་ཡང་རིམ་གྱིས་པའི་བསྒོམ་བྱ་མཁྱེན་གསུམ་གྱི་རྣམ་པ་ཡིན་པར་འགྱུར་ལ་ཕྱི་མ་ཕྱི་མའི་དེ་སྒྲས་སྔ་མ་སྔ་མ་སྟོན་པར་བྱས་ན་ཡང་། རྣམ་རྫོགས་སྦྱོར་བ་དེ་རབ་ཏུ་གྱུར་པ་དེ་ཉིད་ཀྱིས་གོ་རིམ་མཐར་གྱིས་བར་འཆད་དགོས་པས་གང་ལྟར་ཡང་རྣམ་རྫོགས་སྦྱོར་བའི་སྐབས་ཀྱི་བསྒོམ་བྱ་ལས་ལོགས་ན་རིམ་གྱིས་པའི་བསྒོམ་བྱ་མེད་པར་ངེས་པ་ཡིན་ནོ། །རྣམ་རྫོགས་སྦྱོར་བའི་བསྒོམ་བྱ་དེ་ལས་ལོགས་སུ་རིམ་གྱིས་པའི་བསྒོམ་བྱ་མེད་ན་འདི་མངོན་པར་རྟོག་པ་གཉིས་སུ་ཅིའི་ཕྱིར་བཞག་སྙམ་ན། འདི་གཉིས་ལ་གཙོ་ཆེ་ཆུང་སོགས་ཀྱི་ཁྱད་པར་ཡོད་དེ། རྣམ་རྫོགས་སྦྱོར་བ་ནི་གཙོ་བོ་མཁྱེན་གསུམ་གྱི་རྣམ་པས་མཚོན་པའི་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་དུ་བསྒོམ་པ་ཡིན་ལ། རིམ་གྱིས་པ་ནི་གཙོ་བོར་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་རྣམ་པ་ཐམས་ཅད་པའི་ཏིང་ངེ་འཛིན་གྱི་རྩལ་སྦྱང་བ་ཡིན་པ་དང་། གཞན་ཡང་རྣམ་རྫོགས་སྦྱོར་བ་ནི་མཉམ་བཞག་དང་། རིམ་གྱིས་པ་ནི་རྗེས་ཐོབ་ཀྱི་སྒོམ་པ་གཙོ་ཆེ་བ་ཡིན་ནོ། །དེ་ཡང་སྦྱོར་བ་འདི་གཉིས་མཉམ་རྗེས་སུ་གསུངས་པའི་དོན། ད་ལྟ་སེམས་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་གནས་སྐབས་ལ་མཉམ་བཞག་དང་། དེ་ལས་ལངས་ནས་སྤྱོད་ལམ་བྱེད་པའི་གནས་སྐབས་ལ་རྗེས་ཐོབ་ཏུ་བཞག་པ་དེ་ནི་མ་ཡིན་ཏེ། འཕགས་པ་ས་ཐོབ་པ་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་མཚན་མ་དང་བྲལ་བའི་དབྱིངས་ལ་མཉམ་པར་འཇོག་པ་ནི་མཉམ་བཞག་དང་། དེའི་རྗེས་སུ་རྣམ་པ་ཐམས་ཅད་པའི་ཏིང་ངེ་འཛིན་ལ་རྩལ་སྦྱོང་བ་ལ་རྗེས་ཐོབ་ཏུ་བཞག་པ་ཡིན་ནོ། །དེ་ཡང་ད་ལྟ་ལས་དང་པོ་བས་སྒོམ་པའི་དུས་སུ་རྣམ་རྫོགས་སྒོམ་པའི་ཚེ་ཡང་མི་རྟག་པ་ལ་སོགས་བློ་ངོར་སྣང་ཞིང་དེ་ཉིད་སྟོང་པར་གཏན་ལ་ཕབ་ནས་སྒོམ་པ་དང་། རིམ་གྱིས་པའི་སྐབས་སུ་ཡང་སྟོང་པ་དང་མ་བྲལ་བའི་ངང་ནས་རྣམ་པ་རྣམས་གོ་རིམ་བཞིན་དུ་གསལ་བཏབ་ནས་བྱང་བར་བྱེད་པ་ཡིན་པས་སྒོམ་ཚུལ་རྣམ་པ་རེ་རེ་ནས་སྒོམ་པ་དང་མང་པོ་སྦྲེལ་ཏེ་སྒྲོམ་པའི་ཁྱད་པར་དང་། སྟོང་པ་དང་རྣམ་པ་གཙོ་ཆེ་ཆུང་གི་ཁྱད་པར་ཙམ་མ་གཏོགས་མཉམ་རྗེས་ཀྱི་ཁྱད་པར་མེད་པ་ལྟར་སྣང་ནའང་། འཕགས་ལམ་ཐོབ་ནས་རྣམ་རྫོགས་སྒོམ་པ་ན། རྣམ་པ་རེ་རེ་ནས་སྟོང་ཉིད་དུ་གཏན་ལ་ཕབ་ནས་སྐྱེ་མེད་དུ་སྒོམ་མ་དགོས་པར། ཡུལ་དང་ཡུལ་ཅན་གཉིས་སྣང་གི་རྟོག་པ་ཐམས་ཅད་ལན་ཚྭ་ཆུ་ལ་ཐིམ་པ་ལྟར་རྣམ་པར་མི་རྟོག་པའི་ཡེ་ཤེས་གཅིག་གི་ཀློང་དུ་དག་སྟེ་བློའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་དོན་དམ་མངོན་དུ་གྱུར་པས་ན་མཉམ་བཞག་དང་། འཕགས་པའི་གང་ཟག་རྣམས་ནི་དཔེར་ན་སྡོང་པོ་བཀོད་པའི་མདོ་ལས་ནོར་བཟང་གི་དགེ་བའི་བཤེས་གཉེན་རྣམས་ཀྱིས་རང་རང་གི་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པའི་མཐུ་དག་བསྟན་པ་བཞིན་དུ་སྦྱིན་སོགས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་རྣམས་ཀྱང་ཏིང་ངེ་འཛིན་ཁོ་ནའི་སྟོབས་ཀྱིས་སྒྲུབ་པར་བྱེད་པས་ན་རིམ་གྱིས་པའི་སྒོམ་ལ་བརྟེན་ནས་རྣམ་པ་དང་བཅས་པའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་རྗེས་ཐོབ་ཏུ་བཞག་པ་ཡིན་ནོ། །དེ་ཡང་འཕགས་པའི་མཉམ་བཞག་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་པས་རྣམ་པ་ཐ་དད་དུ་སྒོམ་པ་མེད་ཀྱང་རྣམ་པ་གཏན་མེད་པ་ཡང་མ་ཡིན་ཏེ། དཔེར་ན་མཐོང་ལམ་རྩེ་མོའི་སྐབས་སུ། སྦྱིན་པ་ལ་སོགས་རེ་རེར་ནི། དེ་དག་ཕན་ཚུན་བསྡུས་པ་གང་། སྐད་ཅིག་གཅིག་པའི་བཟོད་པ་ཡིས། བསྡུས་པ་དེ་འདིར་མཐོང་བའི་ལམ། ཞེས་པའི་སྐབས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་སུམ་ཅུ་རྩ་དྲུག་གི་རང་བཞིན་མཐོང་ལམ་ཡིན་པར་བཤད་པ་བཞིན་མཁྱེན་པ་གསུམ་གྱི་རྣམ་པ་ཇི་སྙེད་པ་རྣམས་ཀྱང་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་དུ་སྤྲོས་པ་ཉེ་བར་ཞི་བའི་ཚུལ་དུ་རྫོགས་པ་ཡིན་ཏེ་དེས་ན་རྣམ་ཀུན་མངོན་རྫོགས་བྱང་ཆུབ་པ་རྫོགས་པ་ཆེན་པོ་ཞེས་པ་དང་དོན་གཅིག་པ། ཞེས་པའི་མིང་གི་དོན་ཡང་གྲུབ་པ་ཡིན་ནོ། །མ་དག་པའི་ས་བདུན་དུ་རྗེས་ཐོབ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ཐམས་ཅད་ཏེ་རྣམ་པར་ཐམས་ཅད་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སྒྲུབ་པ་ཡིན་ཡང་མཚན་མ་དང་བྲལ་བའི་དབྱིངས་སུ་རོ་གཅིག་པའི་ཚུལ་གྱིས་སྒོམ་མི་ནུས་ཤིང་བདུན་པ་ལ་མཚན་མ་དང་བྲལ་བའི་ཏིང་ངེ་འཛིན་ཙམ་ཡོད་ཀྱང་དེ་ཡང་འབད་རྩོལ་དང་བཅས་པ་ཡིན་པས་རྣམ་རྫོགས་དང་རིམ་གྱིས་པའི་སྒོམ་པ་སོར་སོར་ཡོད་ལ། ས་བརྒྱད་པ་ཡན་ཆད་དུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཟག་པ་མེད་པའི་དབྱིངས་སུ་དེ་བཞི་གཤེགས་པའི་ཡོན་ཏན་ཐམས་ཅད་པ་དང་། ཚད་མེད་པ་དང་། བསམ་གྱིས་མི་ཁྱབ་པ་རྣམས་རིམ་པ་བཞིན་ཐོབ་པས་མཚན་མེད་འབད་རྩོལ་དང་བྲལ་བའི་ལམ་ལ་བརྟེན་ནས་རང་བཞིན་གྱི་དོན་གཉིས་ལྷུན་གྱིས་གྲུབ་ཅིང་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ལ་སློབ་པའི་སྐབས་ཡིན་པས་རྣམ་རྫོགས་དང་རིམ་གྱིས་པའི་སྒོམ་གཉིས་དབྱེར་མེད་དུ་འདྲེ་བའི་མགོ་ཚུགས་ཤིང་རྒྱུན་མཐའི་བར་ཆད་མེད་ལམ་དུ་ཟག་པ་དབྱིངས་སུ་རྣམ་པར་དག་པའི་མཆོག་གི་ཡོན་ཏན་མཐར་ཐུག་སྟེ་བདེན་གཉིས་ཐ་དད་དུ་འཛིན་པའི་རྒོལ་བ་བཅུ་དྲུག་ལྷག་མ་མེད་པར་སྤངས་ནས་མཉམ་རྗེས་རྣམ་རྫོགས་དང་རིམ་བསྒོམ་གཉིས་དབྱེར་མེད་པར་གྱུར་ཅིང་ཤེས་རབ་དང་ཏིང་ངེ་འཛིན་ཆ་མཉམ་སྟེ་སྐད་ཅིག་མའི་ཡེ་ཤེས་མངོན་དུ་གྱུར་པ་ཡིན་ནོ། །གཞན་ཡང་བསྐལ་བཟང་དང་ཏིང་ངེ་འཛིན་རྒྱལ་པོ་ལ་སོགས་པ་མདོ་མང་པོ་ཞིག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་མང་པོ་ཞིག་བགྲངས་ནས་དེ་དག་མཉམ་པ་ཉིད་རྣམ་པར་སྤྲོས་པ་ལ་སོགས་པའི་ཏིང་ངེ་འཛིན་དུ་གསུངས་པ་རྣམས་ཀྱང་མཐར་གྱིས་པའི་ཏིང་ངེ་འཛིན་འདིའི་ནང་དུ་འདུས་པ་ཡིན་ནོ། །འདི་གཉིས་བསྒོམ་པའི་དགོས་པ་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྒོམ་པའི་རྣམ་རྫོགས་སྒོམ་པ་མེད་ན་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ཤིང་ཆོས་ཐམས་ཅད་མཉམ་པ་ཉིད་ཁོང་དུ་ཆུད་པའི་སངས་རྒྱས་ཉིད་མི་ཐོབ་ལ། རྗེས་ཐོབ་ཤེས་བྱ་ཐམས་ཅད་ལ་དབང་བསྒྱུར་བའི་མཐར་གྱིས་པའི་སྒོམ་པ་མེད་ན་ཟག་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པས་ཆོས་ཐམས་ཅད་མངོན་དུ་འགྱུར་བའི་རྣམ་མཁྱེན་ཉིད་མི་ཐོབ་པར་གསུངས་ཏེ། རྒྱུད་བླ་ལས། གློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པ་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཆོས་ཀྱི་སྐུ་ནི་ངེས་ཐོབ་པ། །དེ་ནི་རྗེས་ལས་ཐོབ་པ་ཡི། །ཡེ་ཤེས་འབྲས་བུ་ཡིན་པར་བསྟན། །ཞེས་པ་དང་དོན་གཅིག་གོ། །མདོར་ན་མཐར་ཐུག་སངས་རྒྱས་ཀྱི་སྐུ་གཉིས་ཐོབ་པའི་རྒྱུ་ཐེག་ཆེན་ལམ་གྱི་ཉམས་ལེན་མཐར་ཐུག་པ་ནི་འདི་གཉིས་པོ་ཡིན་པས་འདིའི་ཁོངས་སུ། སྟོང་ཉིད་དང་སྙིང་རྗེ། ཤེས་རབ་དང་ཐབས། ལམ་དང་ས། མཐོང་ལམ་དང་སྒོམ་ལམ། ཟབ་པ་དང་རྒྱ་ཆེ། ཤེས་རབ་དང་ཏིང་འཛིན། སྤང་བ་དང་རྟོགས་པ། ཇི་ལྟ་དང་ཇི་སྙེད། ཆོས་སྐུ་དང་གཟུགས་སྐུ་ལ་སོགས་མང་པོ་ཞིག །ཁ་ཅིག་ངོ་བོ་གཅིག་པ་དང་། ཁ་ཅིག་ཕྱོགས་མཚུངས་པ་དང་། ཁ་ཅིག་ཤས་ཆེ་ཆུང་དང་། ཁ་ཅིག་རྒྱུ་འབྲས་སུ་འགྱུར་བའི་ཚུལ་རྣམས་ལའང་དཔྱད་པར་བྱའོ། །དེ་ཡང་ཚོགས་སྦྱོར་དུ་ནི་རང་རྒྱུད་བདེན་ཞེན་གྱིས་བཅིང་ཞིང་ལས་ཉོན་གྱི་འཆིང་བ་ལས་མ་གྲོལ་བའི་ཕྱིར་སྟོང་ཉིད་རྣམ་རྫོགས་གཙོ་བོར་བསྒོམ་དགོས་ལ། ས་ཐོབ་ནས་ནི་གཞན་དོན་གཙོ་བོར་བྱ་ཞིང་རྣམ་མཁྱེན་གྱི་ཡེ་ཤེས་ཀྱི་རྒྱུར་རིམ་སྒོོམ་གཙོ་བོར་བྱ་དགོས་པས། རྩེ་མོ་ཐོབ་ནས་མཐར་གྱིས་པ་སྒོམ་པར་གསུངས་པ་དང་། དེ་རབ་དེ་ཡི་གོ་རིམ་དང་། །ཞེས་པའི་དོན་ཡང་དེ་ལྟར་འགྲེལ་དུ་རུང་ངོ་། །དེས་ན་ཁ་ཅིག་ནམ་མཁའ་ལྟར་སྤྲོས་བྲལ་བློ་ལས་འདས་པའི་སྟོང་ཉིད་ཟབ་མོ་སྟོན་པ་རྣམས་འཕགས་པ་སོགས་གང་ཟག་མཆོག་གི་ཆོས་ཡིན་ཞིང་། འཁོར་ལོ་ཐ་མའི་མདོ་དང་དེའི་དགོངས་འགྲེལ་རྣམས་ལྟ་བུ་སྤྱོད་ཕྱོགས་སྟོན་པ་རྣམས་ལས་དང་པོའི་ཆོས་ཡིན་སྨྲ་བ་རྣམས་ནི་རྒྱལ་བ་སྲས་བཅས་ཀྱི་རིང་ལུགས་ལས་གོ་ལོགས་སུ་སྨྲ་བར་ཟད་དེ། དཔེར་ན་བུ་རམ་མུར་བཞིན་པའི་གང་ཟག་ལ་བུ་རམ་གྱི་རོ་འཆད་ཀྱང་ཅི་ཞིག་དགོས་ལ། མདང་སུམ་བཙས་པའི་བྱིས་པ་ལ་གཡོས་སུ་བྱས་པའི་ཟས་སྣ་མང་པོའི་སྟོན་མོ་བཤམས་ཀྱང་ཅི་ཞིག་ཕན་པར་འགྱུར། དཔེ་དེ་བཞིན་དུ་ཟབ་མོ་མངོན་དུ་བྱས་པའི་འཕགས་པ་ལ་ཟབ་དོན་འཆད་ཀྱང་ཅི་ཞིག་དགོས་ལ། མཐོང་ལམ་ཆོས་ཉིད་མ་མཐོང་ཞིང་སྒོམ་ལམ་ཏིང་འཛིན་མ་གོམས་པའི་གང་ཟག་གིས་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་ཐོབ་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལྟ་ཅི་ཐེག་ཆེན་ལམ་གྱི་ཕྱིན་དྲུག་མཚན་ཉིད་པ་ཙམ་ཡང་སློབ་མི་ནུས་ཏེ། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་སོགས་ཕྱིན་དྲུག་གི་མཚན་ཉིད་གསུངས་པ་ལ་བརྟགས་པས་ཀྱང་ཤེས་པར་འགྱུར་རོ། །ཡང་ཁ་ཅིག་སྟོང་ཉིད་རྟོགས་ནས་སྤྱོད་པ་རླབས་པོ་ཆེ་ལ་སློབ་མི་དགོས་ཞེས་སྨྲ་བ་ཡང་རྫུན་གྱིས་མགོ་སྐོར་སྨྲ་བ་ཡིན་ཏེ། སྟོང་ཉིད་རྟོགས་པ་ཁོ་ནས་སྤྱོད་པ་ལ་སློབ་པ་ཡིན་གྱིས་སྟོང་ཉིད་མ་རྟོགས་པས་སྤྱོད་པ་ལ་སློབ་ག་ལ་ནུས། བྱིས་པ་མལ་ནས་ལྡང་མི་ནུས་པས་ལྟད་མོ་པའི་གསེབ་ཏུ་གར་བྱེད་པར་འགྱུར་རམ་ཅི། སྟོང་ཉིད་རྟོགས་ནས་སྤྱོད་པ་ཅི་ཞིག་བྱ་སྟེ་སྤྱོད་པ་སྦྱིན་སོགས་ནི་སྟོང་ཉིད་རྟོགས་པའི་ཆེད་ཡིན་པའི་ཕྱིར་ཞེ་ན། ཐེག་ཆེན་ལམ་གྱི་སྤྱི་དོན་ཅུང་ཟད་ཀྱང་ཁོང་དུ་མ་ཆུད་ཅིང་དམན་ལམ་ལ་ཐེག་ཆེན་དུ་འཛིན་པ་རེ་བདེན། འོན་ཀྱང་འདི་ལྟར་ཡིན་ཏེ། གཞུང་གི་མཆོད་བརྗོད་ཀྱི་སྐབས་སུ། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་ཞེས་གསུངས་པ་ལྟར། རྒྱལ་སྲས་རྣམས་ཀྱི་བཞེད་པའི་དོན་མཐར་ཐུག་པ་ནི་གཞན་དོན་ཡིན་པས་སྦྱིན་སོགས་སྤྱོད་པ་རྒྱ་མཚོའི་ཐབས་ལ་བརྟེན་ནས་མཐའ་ཡས་པའི་སེམས་ཅན་གྱི་འདོད་པ་ཡོངས་སུ་རྫོགས་པར་བྱེད་པ་ནི་ཐེག་ཆེན་ལམ་གྱི་དངོས་གཞི་ཡིན་ལ་དེའི་སྔོན་དུ་སྟོང་ཉིད་མངོན་སུམ་དུ་རྟོགས་པ་མེད་ན་བདག་གཞན་མཉམ་པ་ཉིད་ཁོང་དུ་མི་ཆུད་པས་སྤྱོད་པ་རྣམ་པར་དག་པར་མི་འགྱུར་བས་ན་སྟོང་ཉིད་མངོན་དུ་བྱེད་པ་ནི་རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེའི་སྔོན་དུ་འགྲོ་བ་ཡིན་གྱི་ཐེག་ཆེན་ལམ་གྱིས་གཙོ་བོར་མཐར་ཐུག་གི་གཉེར་བྱ་ག་ལ་ཡིན་ཏེ། མདོ་སྡེ་རྒྱན་ལས་ཀྱང་། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ལྷག་པའི་ཚུལ་ཁྲིམས་ལྷག་སེམས་དང་། །ལྷག་པའི་ཤེས་རབ་ལ་རྗེས་སློབ། །ཅེས་གསུངས་པ་དང་། བྱང་ཆུབ་སེམས་དཔའི་དབྱེ་བའི་སྐབས་སུའང་། མ་དག་ས་བདུན་སྐབས་སུ་སྤྱོད་པ་ལ་གནས་པ་ཞེས་བཤད་པ་བཞིན་ནོ། །ཡང་སྤྱོད་པ་ནི་རྒྱུད་སྤྱོད་པ་ལ་དགོས་ཀྱིས་ཐེག་ཆེན་ལམ་གྱི་མཐར་ཐུག་མ་ཡིན་ཏེ། མདོ་སྡེ་དག་ལས་བཅོམ་ལྡན་འདས་ཀྱིས། ཇི་སྲིད་ས་བརྒྱད་པ་མ་ཐོབ་པར་སངས་རྒྱས་རྣམས་ཀྱིས་ང་ལུང་མ་བསྟན་ཏེ་སྤྱོད་པ་ལ་གནས་པའི་ཕྱིར་དང་། ས་བརྒྱད་པ་ཐོབ་ནས་སྤྱོད་པ་ཐམས་ཅད་ལས་ཡང་དག་པར་འདས་པས་ལུང་བསྟན་པར་གསུངས་པའི་ཕྱིར་སྙམ་ན། དེའི་དོན་ནི། གོང་དུ་བཤད་པ་ལྟར་ས་བདུན་པ་མན་ཆད་དུ་མཚན་མེད་འབད་རྩོལ་དང་བྲལ་བའི་ལམ་མེད་པས་རྣམ་པར་མི་རྟོག་པ་དང་གཞན་དོན་གྱི་སྤྱོད་པ་ཟུང་དུ་མ་ཆུད་པས་སྤྱོད་པ་ལ་བདེན་ཞེན་གྱི་ཆ་ཕྲ་མོ་ཡོད་པས་སྤྱོད་པ་ལ་གནས་ཞེས་བཤད་ལ། ས་བརྒྱད་པ་ཐོབ་ནས་མཚན་མེད་འབད་རྩོལ་དང་བྲལ་བ་མངོན་དུ་གྱུར་པས་སྤྱོད་པ་ལ་ཞེན་པ་ཕྲ་མོའང་བྲལ་ཞིང་ལྷུན་གྱིས་གྲུབ་པར་འབྱུང་བ་ལ་སྤྱོད་པ་ལས་འདས་ཞེས་གསུངས་པ་ཡིན་མོད། འདིའི་སྐབས་སུ་རྣམ་པར་མི་རྟོག་པ་ཞི་བའི་དབྱིངས་སུ་ཞུགས་ན་ཆད་པའི་མྱང་འདས་སུ་འགྱུར་གྱིས་དོགས་ནས་སངས་རྒྱས་རྣམས་ཀྱིས་ཡང་ཡང་གཞན་དོན་ལ་བསྐུལ་བར་གསུངས་ཏེ་སྤྱོད་པ་ལམ་གྱི་མཐར་ཐུག་མ་ཡིན་ན་བསྐུལ་ཡང་ཅི་ཞིག་དགོས། ཡང་སྦྱིན་སོགས་ཀྱི་སྤྱོད་པ་སྟོང་ཉིད་རྟོགས་པའི་ཆེད་དུ་སློབ་པ་མིན་ན། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་གསུངས་པ་དང་འགལ་བར་འགྱུར་ཞེ་ན། འདིའི་སྐབས་ཀྱི་ཤེས་རབ་ནི་སློབ་དཔོན་ཕྱོགས་གླང་གིས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཏེ། ཤེར་ལེའི་གཞུང་གི་ཤེས་རབ་ཀྱི་ངོ་བོ་ངོས་འཛིན་པའི་སྐབས་སུ། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པ་རབ་ཏུ་ཞི། །ཞེས་ཤེས་རབ་སྤྲོས་པ་དང་བྲལ་བའི་དབྱིངས་ངོས་བཟུང་ནས། དེ་ལྟར་ན་གཞན་དོན་གཟུགས་སྐུ་མི་འབྱུང་བར་ཐལ་བའི་རྩོད་སྤོང་དེ་མ་ཐག་ཏུ། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱར་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །ཞེས་བཤད་དོ། །དེ་ལྟ་ནའང་ཐེག་ཆེན་ལམ་གྱི་གཙོ་བོ་བདག་མེད་རྟོགས་པའི་ཤེས་རབ་ཡིན་པར་འགྱུར་ཏེ། ཐེག་ཆེན་ལམ་གྱིས་གཉེར་བྱ་ནི་སྒྲིབ་གཉིས་སྤངས་པའི་སངས་རྒྱས་ཡིན་ལ། དེ་ནི་ཤེས་རབ་ཟབ་མོས་མངོན་དུ་བྱེད་དགོས་སོ་ཞེ་ན། ཅི་ཁྱོད་ད་དུང་ཡང་དམན་ལམ་ལ་ཐེག་ཆེན་དུ་ཞེན་པའི་རྟོག་ངན་དེ་ཁོ་ན་མི་སྤང་ཞིང་སྨྲ་བར་བྱེད་དམ། ཐེག་ཆེན་ལམ་གྱི་གཉེར་བྱ་ནི་སྒྲིབ་གཉིས་སྤངས་པའི་སངས་རྒྱས་མ་ཡིན་ཏེ། མཆོད་བརྗོད་ཀྱི་སྐབས་སུ། གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། ཞེས་པའི་སྐབས་སུ་གང་ཟག་སངས་རྒྱས་ཀྱིས། ཐབས་རྣམ་མཁྱེན་ལ་བརྟེན་ནས། འབྲས་བུ་ཆོས་འཁོར་བསྐོར་བ་ཞེས་བཤད་པས། མཐར་ཐུག་གི་གཉེར་བྱ་སངས་རྒྱས་ཡིན་ན། དེ་ལ་ཡང་འབྲས་བུ་ཅི་ཞིག་དགོས། དེས་ན་གནས་སྐབས་དང་མཐར་ཐུག་གཉིས་ཀར་ཡང་ཐེག་ཆེན་ལམ་གྱིས་གཉེར་བྱའི་གཙོ་བོ་གཞན་དོན་ཡིན་ལ། དེ་བསྒྲུབ་པའི་ཐབས་དངོས་ནི་ལམ་གྱི་གནས་སྐབས་སུ་སྦྱིན་སོགས་བྱང་ཆུབ་ཀྱི་སྤྱོད་པ་དང་། འབྲས་བུའི་སྐབས་སུ་སངས་རྒྱས་ཉིད་ཀྱི་ཕྲིན་ལས་ཡིན་ཞིང་། འདི་གཉིས་ཀའི་སྔོན་དུ་འགྲོ་བའམ། འགྲུབ་བྱེད་ཀྱི་རྒྱུའི་གཙོ་བོ་ནི་ཤེས་རབ་ཡིན་པས་ཤེས་རབ་མཆོག་དང་གཙོ་བོར་བཤད་པ་ཡིན་ཏེ། སྡུད་པ་ལས། སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ། །ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དེ་བཞིན་དེ། དགེ་ཆོས་ཅུད་མི་གསན་ཕྱིར་ཡོངས་སུ་འཛིན་པ་ཡིན། །ཞེས་དང་། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡང་། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་འགྱུར་མ་ཡིན། །ཞེས་སོ། །ཤེས་རབ་ནི་དམུས་ལོང་གི་སྣ་ཁྲིད་ལྟ་བུར་སྔོན་དུ་འགྲོ་བར་གསུངས་པས། དང་པོར་རྣམ་པར་མི་རྟག་པའི་ཡེ་ཤེས་སྟོང་ཉིད་ཀྱི་རྟོགས་པ་རང་རྒྱུད་ལ་བསྐྱེད་ནས་གཟོད་སྦྱིན་སོགས་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་སྒོ་ནས་བསྐལ་པ་གྲངས་མེད་པར་གཞན་ཕན་གྱི་སྤྱོད་པ་ལྷུར་བླངས་ཏེ་རྫོགས་སྨིན་སྦྱངས་ནས་ཡང་དག་མཐའ་མངོན་དུ་བྱེད་པ་ནི་ལམ་གྱི་འབྲེལ་མ་ནོར་བ་ཡིན་ནོ། །ཡང་ཕྱིན་དྲུག་གི་གོ་རིམ་འཆད་པའི་སྐབས་སུ། ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་སྲུང་ངོ་། །ཚུལ་ཁྲིམས་བསྲུང་ན་བཟོད་དོ། །ཞེས་སྔ་ཕྱི་རྒྱུ་འབྲས་སུ་གསུངས་པ་དང་། གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ལ། །ཁྲིམས་ཀྱིས་མཐོ་རིས་བསྒོམས་པས་ཉོན་མོངས་སྤོང་བྱེད་ཅིང་། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །ཞེས་སོགས་མཆོག་དམན་གྱི་ཁྱད་པར་གསུངས་པ་རྣམས་ནི་སོ་སྐྱེས་སའི་སྦྱིན་སོགས་དགོངས་ཤིང་གོང་གི་སྤྱོད་འཇུག་གི་ལུང་དོན་ཡང་འདི་ལྟར་བཀྲལ་ནའང་རུང་ངོ་། །དེ་ཉིད་ཀྱི་ཕྱིར་ཚོགས་སྦྱོར་དུ་སྦྱིན་སོགས་རང་རྒྱུད་སྦྱོང་བའི་ཚོགས་བསགས་ལ་སློབ་པ་ནི་ཟབ་མོ་ལྟ་བ་རང་རྒྱུད་ལ་སྐྱེ་བའི་རྒྱུ་ཙམ་ཡིན་གྱི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྒྱ་ཆེན་སྤྱོད་པའི་ཉམས་ལེན་ཡང་མ་ཡིན་ལ་དེ་དག་ཕྱིན་དྲུག་མཚན་ཉིད་པའང་མ་ཡིན་ཏེ། དེ་དག་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་ཡང་མ་ཡིན་ཞིང་། མི་མཐུན་ཕྱོགས་ཉམས་པའང་མ་ཡིན། དེ་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་འདོད་པ་ཡོངས་སུ་རྫོགས་པའང་མ་ཡིན། སྐལ་བ་བཞིན་དུ་བྱང་ཆུབ་གསུམ་གང་རུང་ལ་འགོད་པའང་མ་ཡིན་པས་མཚན་ཉིད་བཞིའི་གཅིག་ཀྱང་མ་ཚང་ཞིང་གཞན་ཡང་ཡོན་ཏན་བཞི་སྒྲུབ་པ་དང་ཆགས་པ་བདུན་སྤང་བ་སོགས་མེད་པས་དེ་དག་ལ་ཕ་རོལ་ཕྱིན་དོན་མེད་དེ། དཔེར་ན་ཉན་རང་གི་མི་སྡུག་པ་བསྒོམ་པ་ཐེག་ཆེན་གྱི་བསམ་གཏན་ཕར་ཕྱིན་མ་ཡིན་པ་བཞིན་ནོ། །དེ་དག་ཀྱང་སྐྱེས་བུ་མཁས་པ་དག་གི་དཔེས་བསྟན་ན་རྟོགས་པར་འགྱུར་བས་དཔེ་སྨྲ་བར་བྱ་སྟེ། དཔེར་ན་སྨན་པ་མཁས་པས་སེམས་ཅན་གྱི་ནད་ཞི་བར་བྱེད་པའི་ཕྱིར་རིན་པོ་ཆེ་དངུལ་ཆུའི་སྦྱོར་བར་བྱེད་པའི་ཚེ་དང་པོར་ཕྱི་བ་དང་། བཀྲུ་བ་དང་། བཙོ་བའི་སྒོ་ནས་དངུལ་ཆུ་ཉིད་དག་པར་བྱས་ཏེ། དུག་དང་བྲལ་བར་གྱུར་ནས་སྨན་སྣ་ཚོགས་དང་སྦྱར་ཏེ་སེམས་ཅན་གྱི་ནད་མི་འདྲ་བ་ཀུན་ཀྱང་སེལ་བར་བྱེད་དོ། །དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་། སྲིད་ཞིའི་རྒུད་པ་མ་ལུས་པ་སེལ་བའི་རྒྱུ་གཅིག་པུ་རིན་ཆེན་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་བསྐྱེད་པར་བྱེད་དེ་དེ་ཡང་སོ་སྐྱེའི་སར་རང་འདོད་ཀྱི་དུག་དང་བཅས་པ་ཉིད་ཀྱི་ཕྱིར་ཟབ་མོ་སྟོང་པ་ཉིད་ལ་གོམས་པར་བྱེད་ཅིང་མཐོང་ལམ་ཆོས་ཉིད་མངོན་དུ་བྱས་པས་ཆོས་མཉམ་པ་ཉིད་ཁོང་དུ་ཆུད་དེ་རང་འདོད་ཀྱི་དྲི་མ་ཀུན་དང་བྲལ་ནས་དག་པར་གྱུར་པ་ན་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ཀུན་ཀྱང་འཁོར་གསུམ་རྣམ་པར་མི་རྟོག་པའི་ཚུལ་དང་སྦྱར་ཏེ་རང་དོན་ཡལ་བར་འདོར་བའི་བརྩོན་འགྲུས་རྨད་དུ་བྱུང་བའི་སྒོ་ནས་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་མ་ལུས་པ་གསོ་བར་བྱེད་པ་ཡིན་ལ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལུང་ནོར་བུ་སྦྱོང་བའི་དཔེས་གསུངས་པ་ཡང་ལམ་གྱི་གོ་རིམ་འདི་ཉིད་ཁོ་ན་བསྟན་པ་ཡིན་ཏེ། དེ་ལས་སྔ་མ་གཉིས་ནི་གོ་བར་སླ་ལ་ཕྱི་མའི་སྐབས་ཀྱི་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་ནི་ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་ཟུང་དུ་འཇུག་པའི་ལམ་ཡིན་པར་མདོ་བཏུས་འགྲེལ་པ་སོགས་ལས་བཤད་ཅིང་། འཁོར་གསུམ་ཡོངས་སུ་དག་པ་ནི་སྦྱིན་སོགས་རྒྱལ་སྲས་ཀྱི་སྤྱོད་པ་རྣམས་ཡིན་ཏེ་འཁོར་གསུམ་མི་དམིགས་པའི་ཚུལ་གྱིས་ཉམས་སུ་ལེན་པའི་ཕྱིར་རོ། །དེའང་འཕགས་མཆོག་ཀླུ་གྲུབ་ཞབས་ཀྱིས་མདོ་བཏུས་སུ་ལུང་འདི་ཉིད་དྭངས་ནས་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པར་མཛད་དེ། དང་པོར་མི་རྟག་པ་དང་སྡུག་བསྔལ་སོགས་ཀྱིས་འཁོར་བ་ལ་སྐྱོ་བ་བསྐྱེད་ནས། གཟོད་ཟབ་པ་དང་རྒྱ་ཆེ་བའི་ཐེག་ཆེན་ལ་འཇུག་པར་གསུངས་པས་ཉན་རང་གི་ལམ་ཐེག་ཆེན་གྱི་རྐང་སྟེགས་ཙམ་ཡིན་པར་བསྒྲུབ་བོ། །རྒྱལ་སྲས་ཐོགས་མེད་ཞབས་ནི་རྒྱུད་བླའི་འགྲེལ་པར་ལུང་འདི་ཉིད་དྲངས་ནས་བྱང་ཆུབ་སེམས་དཔའི་རྒྱུད་འདི་ལྟར་རིམ་པ་བཞིན་སྦྱོང་བ་གསུངས་པས་ན་སྦྱང་བྱ་སྙིང་པོའི་ཁམས་རྣམ་པར་དག་པ་ཡོད་པར་གྲུབ་བོ་ཞེས་དེ་བཞིན་གཤེགས་པའི་ཁམས་སྒྲུབ་བྱེད་དུ་མཛད་དོ། །དེ་གཉིས་གང་ལྟར་ཡང་འདྲ་སྟེ་སྐབས་དང་པོར་མི་རྟག་སྡུག་བསྔལ་སོགས་བློ་སྦྱང་། སྐབས་གཉིས་པར་རྣམ་ཐར་སྒོ་གསུམ་གྱི་གཏམ་ལ་བརྟེན་ནས་ཟབ་མོ་ལྟ་བའི་ཆོས་ཉིད་མངོན་སུམ་དུ་བྱས། སྐབས་གསུམ་པར་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་དང་། འཁོར་གསུམ་རྣམ་པར་དག་པའི་གཏམ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པའི་ལམ་གྱི་གོ་རིམ་འདི་ཁོ་ན་ལྟར་ཤིང་རྟའི་སྲོལ་འབྱེད་གཉིས་ཀ་བཞེད་པས་ན་འཛམ་གླིང་རྒྱན་མཆོག་གཉིས་ཀྱི་གཞུང་དྲི་མ་མེད་པ་རྣམས་ཀྱང་འགལ་བ་མེད་པར་ཟུང་དུ་བསྡེབས་ཏེ་གང་ཟག་གཅིག་གི་ཉམས་ལེན་དུ་ཧྲིལ་གྱིས་འདྲིལ་ཤེས་ན་མཁས་པ་ཞེས་བྱའི། ཕྱོགས་འཛིན་པའི་ཆགས་སྡང་གིས་རྩོད་པ་ལ་སྒྲིམ་པས་ནི་ཆོས་སྤོང་གི་ལས་ཚབ་པོ་ཆེ་སོགས་པར་འགྱུར་གྱི་ཐོས་པས་རྒྱུད་གྲོལ་བར་མི་འགྱུར་རོ། །མདོར་ན་ཐེག་ཆེན་ལམ་གྱིས་གཉེར་བྱའི་གཙོ་བོ་ནི་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བླ་ན་མེད་ལ་འགོད་པའི་སངས་རྒྱས་ཀྱི་ཕྲིན་ལས་ཡིན་པས་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ནི་མི་ཟད་ཅིང་མཐའ་གཏུགས་པ་མེད་པ་ཡིན་ཏེ། བཟོང་པོ་སྤྱོད་པ་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་དེ། །ཅི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་སོ། །དེ་ལྟར་མ་ཡིན་པར་ཐེག་ཆེན་ལམ་གྱིས་གཉེར་བྱ་གནས་སྐབས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་རྟོགས་པ་ཙམ་དང་། མཐར་ཐུག་རང་རྒྱུད་སྒྲིབ་གཉིས་ཀྱི་འཆིང་བ་ལས་གྲོལ་བའི་སངས་རྒྱས་ཐོབ་པ་ཙམ་ཡིན་ན་ནི་རྒྱལ་སྲས་རྣམས་ཀྱི་དགེ་རྩ་ཡང་དེ་ཉིད་དུ་ཟད་ཅིང་གཏུགས་པར་འགྱུར་ཏེ། དཔེར་ན་དམན་པའི་ལམ་དུ་ལྷག་མེད་མྱང་འདས་ཐོབ་པ་བཞིན་ནོ། །འདི་ལྟར་བཤད་པ་རྣམས་ཀྱང་དམ་པའི་སྐྱེས་བུ་རྣམས་ལ་ནི་གྲུབ་ཟིན་པ་ཉིད་ཡང་སྒྲུབ་པར་འགྱུར་བས་དགོས་པ་མེད་ཀྱང་། རང་དང་སྐལ་བ་མཉམ་པའི་བློ་དམན་འགའ་ཞིག་དང་པོ་སེམས་བསྐྱེད་ཀྱི་སྐབས་སུ་སངས་རྒྱས་ཀྱི་ཡོན་ཏན་མཐོང་ནས་སེམས་བསྐྱེད་པ་དང་། ཐེག་པ་མཆོག་དམན་དུ་བལྟས་ནས་སངས་རྒྱས་ཀྱི་སར་སྨོན་པ་ལྟ་བུ་མདོར་ན་རྩ་བ་སྙིང་རྗེ་ལས་མ་སྐྱེས་པའི་སེམས་བསྐྱེད་གཞན་དག་ཐེག་ཆེན་སེམས་བསྐྱེད་ཡིན་པར་རློམས་པ་དང་། ལམ་གྱི་སྐབས་སུ་སྟོང་ཉིད་རྟོགས་ནས་སྦྱིན་སོགས་ལ་གཏན་ནས་སློབ་མི་དགོས་སྙམ་པ་དང་། མཐོང་ཟིན་གོམས་པར་བྱེད་པ་སྒོམ་ལམ་ཞེས་པའི་ཚིག་ཙམ་ལ་འཁྲུལ་ནས་མཐོང་ལམ་ཐོབ་ནས་བཟུང་སྟེ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་ལ་གོམས་པར་བྱེད་པ་ཁོ་ནས་འཚང་རྒྱ་བ་ཡིན་སྙམ་པ་དང་། ཐེག་པ་ཆེ་ཆུང་གི་ཁྱད་པར་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་དང་སྤྱོད་པས་འབྱེད་པ་ཡིན་པར་མི་ཤེས་པར་ལྟ་བ་སྟོང་ཉིད་ཁོ་ནས་འབྱེད་པ་ཡིན་སྙམ་པ་དང་། གཞན་ཕན་གྱི་བསམ་སྦྱོར་ཅི་ཡང་མེད་པའི་ལྷ་སྒོམ་གྱི་ཆོས་སྐད་ཟབ་མདོག་ཁ་བ་རེའི་སྒོ་ནས་ཐེག་ཆེན་ཡིན་ནོ་སྙམ་པ་དང་། ཟབ་མོ་ལྟ་བ་དང་རྒྱ་ཆེན་སྤྱོད་པའི་རིང་ལུགས་དྲི་མ་མེད་པ་གཉིས་ཀྱང་མེ་དང་ཆུ་ལྟར་འགལ་འདུར་འཛིན་པ་དང་། རྒྱལ་བའི་བཀའ་འཁོར་ལོ་བར་ཐ་གཉིས་ཀྱང་གང་རུང་རེ་རེ་ཕྱོགས་འཛིན་གྱིས་བཟུང་ནས་དེ་ཁོ་ནས་ཆོག་པར་རློམ་པའི་ཡ་བྲལ་དུ་ལྟ་བ་རྣམས་ལ་ཅུང་ཟད་ཕན་པར་འགྱུར་རམ་སྙམ་ནས་དོན་གཅིག་ཡང་ཡང་བཤད་པའི་ཟློས་སྐྱོན་བྱུང་སོང་རུང་དེ་ལ་མ་འཛེམ་པར་སྨྲས་པ་ཡིན་ལ། གཞན་ཡང་ཕྱི་རབས་སུ་ཐེག་པ་ཆེན་པོའི་གཞུང་ལམ་མ་ནོར་བ་ལ་སློབ་པར་འདོད་པའི་སྐལ་བཟང་རྣམས་སོ་སྐྱེའི་སར་ཡང་དང་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སོགས་ལས་དང་པོ་པའི་བློ་སྦྱོང་དང་ལམ་རིམ་ལ་བརྟེན་ནས་རང་རྒྱུད་ལྤགས་དང་མདའ་བཞིན་དུ་གྱོང་འཁེང་དང་བྲལ་བར་བརྡུང་ཞིང་དྲང་པོར་བསྲངས་ཏེ། དེའི་རྗེས་སུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་དབུ་མ་རྩ་བ་ལ་སོགས་པའི་གཞུང་ལ་བརྟེན་ནས་ཟབ་མོ་ལྟ་བའི་དོན་ལ་མཐར་འཛིན་གྱི་སྒྲོ་འདོགས་བཅད་དེ་བདེན་པར་ཞེན་པའི་དམིགས་ཡུལ་ཕྲ་མོ་ཙམ་ཡང་སུན་ཕྱུངས་ནས་སྤྲོས་བྲལ་གྱི་ལྟ་བ་གཏན་ལ་ཕབ། ད་དུང་དེ་ཙམ་གྱིས་ཆོག་ཤེས་མི་བྱེད་པ་ཟབ་མོ་འཁོར་ལོ་ཐ་མའི་གསུང་རབ་ཟབ་མོ་རྣམས་དང་རྒྱལ་ཚབ་རྗེས་འབྲངས་དང་བཅས་པའི་གཞུང་ལུགས་དྲི་མ་མེད་པ་རྣམས་ལ་བརྟགས་ནས་ཀུན་ཏུ་བཟང་པོའི་སྤྱོད་པ་བླ་ན་མེད་པ་ལ་བློ་ཁ་ཕྱོགས་ཤིང་། པགས་རློན་མེ་ནང་དུ་བཅུག་པ་ལྟར་ཚེ་གཅིག་ཙམ་གྱིས་བློ་སྣ་ཐུང་འུབ་འུབ་མི་བྱེད་པར། ནམ་མཁའི་མཐའ་དང་སེམས་ཅན་གྱི་མཐའ་ལ་ཚད་བཙུགས་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་སྒོ་ལ་བརྟེན་ནས་མཛད་པ་ནམ་མཁའ་དང་མཉམ་པའི་རྒྱལ་བའི་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་བློའི་ར་བ་ལས་འདས་པ་རྣམས་ཀྱང་ཐོས་པའི་ལམ་དུ་བཞག་ནས། ཇི་སྐད་དུ། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཡོན་ཏན་རྣམས་ཀྱང་ཚད་བཟུང་མེད་པར་ཤོག །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང་། །དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི། །ཞེས་པ་ལྟར་ཟབ་པ་དང་རྒྱ་ཆེ་བ་རྒྱལ་བའི་ཡུམ་གྱི་གཞུང་ལམ་འདི་ཉིད་ཀྱིས་ཁོག་ཕུབ་པའི་ཁོངས་སུ་རྒྱལ་དང་རྒྱལ་བའི་སྲས་ཀྱི་རིང་ལུགས་དྲི་མ་མེད་པ་ཐམས་ཅད་ལ་མཐའ་གཅིག་ཏུ་འདུན་ཞིང་སྨོན་པས་ཡུལ་དུ་གྱུར་ན་ཅི་མ་རུང་སྙམ་པ་ཡང་ཡིན་ནོ། །ཟབ་ཅིང་རྒྱ་ཆེ་ཐེག་པ་ཆེན་པོའི་ལམ། །ཟབ་ཅིང་རྒྱ་ཆེ་མི་འགལ་བསྡུ་བའི་གནད། །ཟབ་དང་རྒྱ་ཆེའི་ཚུལ་འདི་སུས་རྟོགས་པ། །དེ་དག་རྒྱལ་བའི་ཡུམ་འདིས་རྗེས་སུ་འཛིན། །དེ་ལྟར་བསམ་པ་དང་སྦྱོར་བ་ཁྱད་པར་ཅན་གྱི་སྒོ་ནས་ལམ་ཉམས་སུ་བླངས་པའི་འབྲས་བུ་ནི། ཆོས་སྐུ་མཛད་པ་དང་བཅས་པ་ཡིན་ཏེ་གཞུང་ལས་ཤེས་པར་འགྱུར་རོ། །དེའང་སྤྱིར་རྒྱལ་སྲས་རྣམས་ཐོག་མའི་ཀུན་སློང་གིས་གཉེར་བྱ་གང་ཡིན་པ་དེ་ཉིད་ཐ་མའི་འབྲས་བུ་ཡིན་པས་འཁོར་བ་མ་སྟོང་བར་དུ་རྟག་ཁྱབ་ལྷུན་འགྲུབ་ཆེན་པོའི་འགྲོ་དོན་གྱིས་གཞན་ཕན་མཛད་པ་ནི་བྱང་སེམས་ལམ་གྱིས་བསྒྲུབ་བྱ་དངོས་ཡིན་ལ་དེའི་རྟེན་ནི་ཆོས་ཀྱི་སྐུ་ཡིན་ཞིང་། ཆོས་སྐུ་དེ་ལ་ཡང་སྤང་རྟོགས་ཀྱི་ཆ་གཉིས་ལས། ཕྲིན་ལས་གཞན་ཕན་མཛད་པའི་བདག་རྐྱེན་དངོས་ནི་རྟོགས་པ་ཡེ་ཤེས་ཀྱི་ཆོས་སྐུ་ཡིན་པས་ན་ལུས་རྣམ་བཞག་ཏུ་ཡང་། ཆོས་སྐུ་མཛད་པ་དང་བཅས་པ། ཞེས་དང་། མངོན་རྟོགས་བསྡུས་པར་ཡང་། ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །ཞེས་སོ། །དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་མཛད་པ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ལག་རྗེས་ཡིན་མོད་ཀྱང་། དམན་ལམ་དུའང་ཉན་རང་དགྲ་བཅོམ་ལྷག་མེད་དུ་ཞུགས་པ་ན་སྒྲིབ་པ་གཉིས་ཀ་རྟེན་མེད་པའི་སྒོ་ནས་སྤང་བར་འདོད་པས་ཐེག་པ་ཆེ་ཆུང་གི་འབྲས་བུའི་ཁྱད་པར་སྤང་བའི་སྒོ་ནས་མི་འབྱེད་ཀྱི། རྟོགས་པ་ཡེ་ཤེས་ཆོས་སྐུ་མཛད་པ་དང་བཅས་པའི་སྒོ་ནས་འབྱེད་པར་གསུངས་པའི་ཕྱིར་དང་། ཐེག་ཆེན་སེམས་བསྐྱེད་ཀྱིས་ཐོག་མའི་ཀུན་སློང་མ་ནོར་བར་ངོས་ཟིན་པའི་ཕྱིར་གོང་དུ་ཐེག་ཆེན་ལམ་གྱིས་གཉེར་བྱ་སྒྲིབ་གཉིས་སྤངས་པའི་སངས་རྒྱས་མ་ཡིན་ཞེས་བཤད་ཀྱི་གཞན་རྒྱུད་ལ་བསྒྲུབ་བྱར་བྱེད་པའི་སྒོ་ནས་ནི། མཐར་ཐུག་གི་གཉེར་བྱའམ་འབྲས་བུར་བཤད་ཀྱང་མི་འགལ་ལ། སངས་རྒྱས་དང་རྣམ་མཁྱེན་གཉིས་ཀྱང་སྐབས་འགར་སོ་སོར་གསུངས་ཀྱང་དོན་ལ་དབྱེར་མེད་པ་ཉིད་དོ། །དེ་ལྟར་མངོན་རྟོགས་བརྒྱད་པོ་ཉིད་གཞི་ལམ་འབྲས་བུར་གཞག་ན་མངོན་རྟོགས་བསྡུས་པའི་སྐབས་སུ། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །ཞེས་པའི་སྐབས་སུ་རྒྱུ་ཡར་སྦྱར་བ་དང་མ་སྦྱར་བའི་བཤད་པ་གཉིས་བྱུང་ཡང་དོན་ལ་འདྲ་བས་གཞི་མཁྱེན་གསུམ་ཐོས་བསམ་གཏན་ལ་ཕབ་ནས། ལམ་སྦྱོར་བཞི་བསྒོམ་པས་ཉམས་སུ་བླངས་ཏེ། འབྲས་བུ་ཆོས་སྐུ་མངོན་དུ་བྱེད་པ་ཞེས་འཆད་པ་ཡིན་ནོ། །ཡང་འདིར་བཤད་པ་ལྟར་བསམ་སྦྱོར་གཉིས་ཀྱི་དབང་དུ་བྱས་ནས་གཞི་ལམ་འབྲས་བུ་ཆ་གཉིས་སུ་བྱས་ཀྱང་རུང་སྟེ་དང་པོ་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་མངོན་དུ་བྱ་བའི་ཆེད་དུ་རྒྱལ་སྲས་རྣམས་ཀྱི་ལམ་ཐམས་ཅད་ཤེས་པ་ཉིད་ལ་བརྟེན་ནས་གཞན་ཕན་གྱི་སྤྱོད་པ་ལ་སློབ་པའི་སྔོན་དུ་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་ཚུལ་དུ་རྟོགས་པར་བྱེད་པ་དང་། གཉིས་པ་གཞི་མཁྱེན་པ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་སྐྱེ་མེད་གསུམ་དུ་བསྡུས་ནས་རྣམ་རྫོགས་སྦྱོར་བས་སྟོང་ཉིད་དུ་བསྒོམ་ཞིང་། དེ་ལ་བརྟེན་ནས་རང་རྒྱུད་ལ་སྐྱེས་པའི་ལམ་རྟོགས་པའི་ཡེ་ཤེས་ཇི་སྙེད་པ་རིམ་གྱིས་པས་བརྟན་པར་བྱས་པས་གནས་སྐབས་ཀྱི་འབྲས་བུ་རྩེ་སྐད་གཉིས་དང་། མཐར་ཐུག་གི་འབྲས་བུ་ཆོས་སྐུ་ཕྲིན་ལས་དང་བཅས་པ་མངོན་དུ་བྱས་ནས་འཁོར་བ་མ་སྟོངས་པར་གཞན་ཕན་གྱི་ཕྲིན་ལས་རྒྱ་ཆེ་ཞིང་རྒྱུན་མི་འཆད་པའི་ཚུལ་འབད་པ་དང་རྩོལ་བ་མེད་ཅིང་ལྷུན་གྱིས་གྲུབ་པར་འབྱུང་བ་ཡིན་ནོ། །ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །ཇི་བཞིན་དགོངས་པ་འགྲེལ་ལ་ཟླ་བྲལ་བ། །འཕགས་པའི་བཞེད་གཞུང་མ་ནོར་འཆད་མཛད་པའི། །མཁས་པའི་རྗེས་སུ་འབྲང་ནས་འདི་བྲིས་སོ། །འདི་ན་འགྲེལ་པ་གཞན་ལས་མ་བཤད་པ། །ཅུང་ཟད་ཡོད་མོད་མཁས་མང་ལེགས་བཤད་ལས། །ཤུགས་ཀྱིས་བསྟན་སྙམ་བྱམས་ཆོས་གཞན་དང་ཡང་། །ལེགས་པར་བསྟུན་ནས་བརྟགས་ཏེ་བྲིས་པ་ཡིན། །ཐེག་ཆེན་ཟབ་མོའི་ཆོས་འདི་ཡུལ་གཉན་ཞིང་། །ཆོས་ལ་དབང་ཟོས་རང་བཟོ་བགྱིས་པ་ཡི། །ཉེས་མང་མདོ་ལས་གསུངས་པ་མཐོང་བས་ན། །དེ་འདྲར་གྱུར་ན་སྙིང་ནས་མཐོལ་ཞིང་འཆགས། །འོན་ཀྱང་ཐེག་མཆོག་ཟབ་མོའི་ལམ་བཟང་འདིར། །སྙིང་ནས་མོས་ཕྱིར་མདོ་དང་བསྟན་བཅོས་གཞུང་། །མང་པོར་ཅུང་ཟད་འདྲིས་གོམས་བྱས་པའི་ཕྱིར། །དོན་གྱི་གནད་ལ་འགལ་བ་མེད་པ་ངེས། །འདི་ལྟར་བགྱིས་པའི་བསོད་ནམས་དཔག་མེད་ཀྱིས། །དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིན། །གནས་ངན་ལེན་རྣམས་རྟག་ཏུ་སྤངས་བྱས་ནས། །རྒྱལ་བ་བྱམས་པའི་ཞབས་དྲུང་སྐྱེ་བར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱན་གྱི་དགོངས་པ་འགྲེལ་བ་ལས་སའི་སྟེང་ན་འགྲན་ཟླ་དང་བྲལ་ཞིང་འཛམ་གླིང་ན་ཉི་ཟླ་ལྟར་གྲགས་པ་འཕགས་པ་རྣམ་གྲོལ་སྡེའི་དགོངས་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཇི་ལྟར་བཀྲལ་བའི་རྗེས་སུ་འབྲངས་ནས་སྤྱི་དོན་ཉུང་ངུ་འདི་ལྟར་བྲིས་ན། སྙིང་ལྟར་བརྩེ་བའི་མཆེད་གྲོགས་འགའ་ཞིག་ལའང་དགོས་པ་སྐབས་སུ་བབ་པ་དང་། ༧སྐྱབས་མགོན་མཆོག་གི་ཐུགས་ལའང་འཐད་པ་སྲིད་དམ་སྙམ་ནས་ཁྱི་རྒན་ཨ་བུས་ནགས་ཆུང་རི་ཁྲོད་དུ་ཐུན་བར་འགའ་ལ་བྲིས་པ་དགེ་ཞིང་བཀྲ་ཤིས། དགེའོ། །དགེའོ། །དགེའོ། །ཞེས་པ་འདིའང་སྡེ་དགེ་ཆོས་རྒྱལ་ཆེན་པོའི་གདན་ས་ཤྲཱི་རི་ལྷུན་འགྲུབ་སྟེང་གི་ཆོས་གླིང་དུ། གཞན་ཕན་དགེ་བའི་ས་བོན་འཕེལ་ཕྱིར། གཉེར་པདྨ་ལྷུན་གྲུབ་ནས་སྤར་དུ་བསྒྲུབས་པའོ།། །།