Nitartha Digital Library
Tibetan
 
previousབྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་བདུད་རྩིའི་ཐིག་པ།next

བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་བདུད་རྩིའི་ཐིག་པ།

བོ དྷི ས ཏྭ སྱ ས མ རྠ ན མི པྲ བྲྀཏྟེཿ བི པྲྀ ཏྟི མ ཉྫུ གུ རོ སུ བ དེ ཤཱ མྲྀ ཏ སྱཱ ཡ ཤིནྟུ བི ར ཧ ཏི སྨ། །
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་བདུད་རྩིའི་ཐིག་པ་བཞུགས་སོ། །
ན་མོ་གུ་རུ་མཉྫ་ཤྲཱི་ཛྙཱ་ན་སཏྭཱ་ཡ། བསྐལ་བཟང་རྣམ་འདྲེན་གཞན་ལས་ཆེས་དཔའ་བའི། །སྙིང་རྗེས་ཐུགས་བསྐྱེད་སྨོན་ལམ་རྨད་བྱུང་བས། །དེང་འདིར་མངོན་པར་བྱང་ཆུབ་མཆོག་སྟོན་པའི། །སྟོན་པ་མཉམ་མེད་ཤཱཀྱ་སེང་གེས་སྐྱོངས། །མི་ཕམ་འཇམ་པའི་དབྱངས་སོགས་ཉེ་སྲས་བརྒྱད། །གནས་བརྟན་བཅུ་དྲུག་བསྟན་པའི་གཏད་རབས་བདུན། །འཛམ་གླིང་རྒྱན་མཆོག་ཞི་བའི་ལྷ་ལ་སོགས། །འཕགས་ཡུལ་པཎ་གྲུབ་དད་བརྒྱས་སྤྱི་བོར་བསྙེན། །རྒྱལ་བའི་ལུང་བསྟན་གངས་ལྗོངས་སྣང་བའི་མིག །མཁན་སློབ་ཆོས་རྒྱལ་ལོ་པཎ་སྤྲུལ་པའི་དཔྱིད། །འཇམ་དབྱངས་རྣམ་གསུམ་ལ་སོགས་གསར་རྙིང་གི། །རིས་མེད་བརྒྱུད་པ་རྣམས་ལ་གུས་ཕྱག་འཚལ། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་དཔལ། །རིགས་གསུམ་དབྱེར་མེད་ཆོས་ཀྱི་དབང་པོ་དང་། །རྗེ་བཙུན་བླ་མ་སངས་རྒྱས་ཀུན་དངོས་རྣམས། །བྱང་ཆུབ་སྙིང་པོར་སྙིང་གི་པདྨོར་རོལ། །གང་གི་ཞལ་གསུང་ཟག་མེད་བདུད་རྩིའི་བཅུད། །གང་ཐོབ་ཆ་ཤས་ཡི་གེའི་འདུ་བྱེད་འདིས། །བླ་མ་མཆོག་དང་དཀོན་མཆོག་རིན་པོ་ཆེས། །བསྟན་དང་འགྲོ་ལ་སྨན་པར་བྱིན་གྱིས་རློབས། །དེ་ལ་འདིར་དཔལ་མར་མེ་མཛད་ལ་སོགས་པའི་འདས་པའི་སངས་རྒྱས་རྣམས་དང་། སྟོན་མཆོག་མཉམ་མེད་ཤཱཀྱ་སེང་གེ་ལ་སོགས་པའི་ད་ལྟར་གྱི་སངས་རྒྱས་ཀུན་དང་། རྒྱལ་ཚབ་སེམས་དཔའ་ཆེན་པོ་རྗེ་བཙུན་བྱམས་པ་མགོན་པོ་ལ་སོགས་པའི་མ་འོངས་པའི་སངས་རྒྱས་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པའི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་ལམ་པོ་ཆེ་སྲིད་པ་འཇིག་རྟེན་དང་ཞི་བ་མྱང་འདས་ཀྱི་ཕན་བདེའི་ལེགས་ཚོགས་མ་ལུས་པ་འབྱུང་བའི་གནས་གཅིག་པུར་གྱུར་པ་རིན་ཆེན་བྱང་ཆུབ་ཀྱི་སེམས་གཙོ་བོར་སྟོན་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་བཟང་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ལས་ཀྱང་ཆེས་ལྷག་པ་འདི་ཉིད་འཆད་པར་བྱེད་པ་ལ། བཤད་བྱའི་ཡན་ལག་བཤད་པ་དང་། བཤད་བྱ་དངོས་བཤད་པ་གཉིས་ལས། དང་པོ་བཤད་བྱའི་ཡན་ལག་བཤད་པ་ལ་གསུམ་སྟེ། སློབ་དཔོན་གྱིས་ཆོས་ཇི་ལྟར་འཆད་ཚུལ། སློབ་མས་ཇི་ལྟར་ཉན་ཚུལ། དཔོན་སློབ་གཉིས་ཀས་འཆད་ཉན་ཇི་ལྟར་བགྱི་བའི་ཚུལ་ལོ། །དང་པོ་སློབ་དཔོན་གྱིས་ཆོས་ཇི་ལྟར་འཆད་ཚུལ་ལ་གསུམ་སྟེ། སློབ་དཔོན་སངས་རྒྱས་ཀྱིས་ཆོས་ཇི་ལྟར་འཆད་ཚུལ། སློབ་དཔོན་དགྲ་བཅོམ་པས་ཆོས་ཇི་ལྟར་འཆད་ཚུལ། སློབ་དཔོན་མཁས་པ་པཎྜི་ཏས་ཆོས་ཇི་ལྟར་འཆད་པའི་ཚུལ་ལོ། །དང་པོ་སློབ་དཔོན་སངས་རྒྱས་ཀྱིས་ཆོ་འཕྲུལ་རྣམ་པ་གསུམ་གྱི་སྒོ་ནས་འཆད་དེ། དེ་ཡང་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པར་སྤྲོ་བ་སོགས་ཀྱིས་གདུལ་བྱ་འཁོར་དུ་མ་འདུས་པ་བསྡུས་ནས། ལྗགས་ཀྱི་དབང་པོས་སྟོང་གསུམ་ཁེབ་པར་མཛད་པ་སོགས་ཀྱིས་གདུལ་བྱ་འཁོར་དུ་འདུས་པ་རྣམས་ཡིད་ཆེས་པར་མཛད། ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་གདུལ་བྱ་འཁོར་དུ་འདུས་པ་དེ་དག་གི་བློ་དང་དབང་པོ་བག་ལ་ཉལ་བ་ཐམས་ཅད་མཁྱེན་པར་མཛད་ནས། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ལྷ་ཀླུ་སོགས་འགྲོ་བ་རང་རང་གི་སྐད་དང་མཐུན་པའི་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་སྒོ་ནས་གང་ལ་གང་གིས་འདུལ་བའི་ཆོས་དེ་དང་དེ་འཆད་པའོ། །གཉིས་པ་སློབ་དཔོན་དགྲ་བཅོམ་པས་དག་པ་གསུམ་ལ་བསྟེན་ནས་འཆད་དེ། ཉན་པ་པོའི་སྣོད་དག་པ་ནི་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གདུལ་བྱ་དེ་ཡི་རྒྱུད་ལ་བརྟགས་ནས་རྒྱུད་སྣོད་རུང་དུ་གྱུར་ན་ཆོས་འཆད། འཆད་པ་པོའི་ངག་དག་པ་ནི་ཆགས་སོགས་ཉོན་མོངས་པའི་སྒྲིབ་པ་ལས་གྲོལ་བས་ངག་ཚིག་དྲི་མ་མེད་པ་བརྡ་དག་སྙན་པའི་དབྱངས་ཀྱིས་འཆད། གསུང་རབ་ཀྱི་བརྗོད་བྱ་དང་བ་ནི། རང་ཉིད་ཀྱི་ཡོངས་འཛིན་རྫོགས་པའི་སངས་རྒྱས་ལ་སོགས་པའི་ཞལ་ནས་ཇི་ལྟར་གསུངས་པ་ལྟར་མི་བརྗེད་པའི་གཟུངས་ཀྱིས་བཟུང་སྟེ། ཚིག་ལ་ལྷག་ཆད་དང་། དོན་ལ་ནོར་འཁྲུལ་མེད་པར་འཆད་པའོ། །འོ་ན་ཉན་ཐོས་དགྲ་བཅོམ་པ་དེ་དག་གིས་ཆོ་འཕྲུལ་རྣམ་པ་གསུམ་ལ་བརྟེན་ནས་ཅིའི་ཕྱིར་མི་འཆད་ཅེ་ན། དེ་དག་ལ་མི་ཤེས་པའི་རྒྱུ་བཞི་ཡོད་པས་ཆོ་འཕྲུལ་རྣམ་པ་གསུམ་ལ་བརྟེན་ནས་འཆད་མི་ནུས་ཏེ། གནས་ཀྱི་བསྐལ་བས་མི་ཤེས་པ་འཕགས་པ་མའུ་འགལ་གྱི་བུ་ཆེན་པོས་རང་གི་མ་སངས་རྒྱས་ཀྱི་ཞིང་འོད་ཟེར་ཅན་དུ་སྐྱེས་པ་མ་ཤེས་པ་ལྟ་བུ། དུས་ཀྱི་བསྐལ་བས་མི་ཤེས་པ་ཁྱིམ་བདག་དཔལ་སྐྱེས་ཀྱི་རྒྱུད་ལ་ཐར་པའི་ས་བོན་ཡོད་པ་འཕགས་པ་ཤཱ་རིའི་བུས་མ་ཤེས་པ་ལྟ་བུ། རྒྱུ་ཐུག་མེད་ཀྱི་འབྲས་བུ་ཐུག་མེད་མི་ཤེས་པ། ཇི་སྐད་དུ། རྨ་བྱའི་མདོངས་བཀྲ་གཅིག་ལ་ཡང་། །རྒྱུ་ཡི་དབྱེ་བ་ཐ་དད་པ། །དེ་མཁྱེན་པ་ནི་ཀུན་མཁྱེན་ཏེ། །ཀུན་མཁྱེན་ཡེ་ཤེས་མིན་པས་མིན། །ཞེས་པ་ལྟ་བུའོ། །སངས་རྒྱས་ཀྱི་ཆོས་རབ་ཏུ་མང་པོ་མི་ཤེས་པ་ནི། སྟོབས་བཅུ་མི་འཇིགས་པ་བཞི་མ་འདྲེས་པ་ལ་སོགས་པ་མེད་པའོ། །གསུམ་པ། སློབ་དཔོན་མཁས་པ་པཎྜི་ཏས་ཆོས་ཇི་ལྟར་འཆད་ཚུལ་ལ་གཉིས། ཆོས་ཀྱི་འབྱུང་གནས་རྒྱ་གར་འཕགས་པའི་ཡུལ་ན་ཡོངས་སུ་གྲགས་པའི་གཙུག་ལག་ཁང་ཆེན་པོ་རྣམ་པ་གཉིས་ཡོད་པའི། དཔལ་ནཱ་ལེནྟྲའི་གཙུག་ལག་ཁང་ན་བཞུགས་པའི་པཎྜི་ཏ་རྣམས་ཀྱིས་ནི་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་དང་། བསྟན་བཅོས་ཐམས་ཅད་རྩིས་འགོ་ཡན་ལག་ལྔའི་སྒོ་ནས་འཆད། བི་ཀྲ་མ་ཤྲཱི་ལའི་གཙུག་ལག་ཁང་ན་བཞུགས་པའི་པཎྜི་ཏ་རྣམས་ཀྱིས་ཉན་པ་པོ་སྣོད་རུང་བྱ་བ་དང་། བསྟན་པའི་རྣམ་བཞག་ངེས་པ་གཉིས་ཀྱི་སྒོ་ནས་འཆད། དེ་གཉིས་ལས་འདིར་སྔ་འགྱུར་པ་རྣམས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། པདྨ་སཾ་བྷ་ཝའི་རྗེས་སུ་འབྲངས་ཏེ་བསྟན་བཅོས་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་རྩིས་འགོ་ཡན་ལག་ལྔའི་སྒོ་ནས་འཆད་པ་ལ། མཛད་པ་པོ་སུས་མཛད། །ལུང་གང་ནས་བཏུས། །ཕྱོགས་གང་དུ་གཏོགས། དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཡིན། དགོས་ཆེད་སུ་ཞིག་གི་དོན་དུ་མཛད་ཅེ་ན། དང་པོ་མཛད་པ་པོ་ནི། བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ལེགས་པར་ཚང་ཞིང་ཁྱད་པར་དུ་ལྷག་པའི་ལྷ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་ཞིང་བྱིན་གྱིས་རླབས་པ་སོགས་ངོ་མཚར་བའི་གཏམ་བདུན་གྱི་རྣམ་ཐར་མཆོག་གིས་སྤུད་པའི་པཎྜི་ཏ་ཆེན་པོ་འཕགས་པ་རྒྱལ་སྲས་ཞི་བ་ལྷས་མཛད། དེ་ཡང་། ལྷག་པའི་ལྷ་མཉེས་ནཱ་ལེནྜའི། །བཀོད་པ་ཕུན་ཚོགས་རྩོད་པ་བཟློག །ཡ་མཚན་ཅན་དང་སྤྲང་པོ་དང་། རྒྱལ་པོ་མུ་སྟེགས་ཅན་བཏུལ་བའོ། །ཞེས་པ་ལྟར། བདག་ཉིད་ཆེན་པོ་འདི་ལྷོ་ཕྱོགས་ཀྱི་རྒྱུད་ཀྱི་ཡུལ་འཁོར་བཟང་པོ་ཞེས་བྱ་བར་རྒྱལ་པོ་དགེ་བའི་གོ་ཆ་ཞེས་བྱ་བའི་སྲས་ཞི་བའི་གོ་ཆ་ཞེས་བྱ་བར་གྱུར་ཅིང་། དེ་ཡང་གཞོན་ནུའི་ཚེ་ནས་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་ཤིང་། ཐེག་ཆེན་གྱི་རིགས་ལ་གནས་པས་བླ་མ་དང་དགེ་སྦྱོང་སོགས་ལ་གུས་པ་དང་། བློན་པོ་དང་འབངས་འཁོར་རྣམས་ལ་ཕན་འདོགས་པ་དང་། ཕོངས་པ་དང་ནད་པ་སོགས་དམན་པ་རྣམས་ཀྱང་སྙིང་རྗེས་ལྷག་པར་སྐྱོང་བ་ལ་སོགས་པ་བྱང་ཆུབ་ཀྱི་སྤྱོད་པ་འབའ་ཞིག་ལ་ཐུགས་གཞོལ་བའི་ངང་ནས་རིགས་པ་དང་སྒྱུ་རྩལ་ཐམས་ཅད་ལ་ཡང་མཁས་པར་གྱུར་ཅིང་ཁྱད་པར་ཀུ་སུ་ལུ་ཞིག་ལ་འཇམ་དཔལ་རྣོན་པོའི་སྒྲུབ་ཐབས་ཤིག་ཞུས་ཏེ་བསྒྲུབས་པས་ཞལ་མཐོང་རེ་ཞིག་ན་ཡབ་རྒྱལ་པོ་འདས་ཏེ་རྒྱལ་པོར་དབང་བསྐུར་བར་བསྒྲོས་ཏེ། རིན་པོ་ཆེའི་ཁྲི་ཆེན་པོ་བཤམས་པ་ན་དེ་ནུབ་རྨི་ལམ་དུ་སང་ཉིན་སྡོད་པའི་ཁྲི་ཆེན་པོ་དེ་ལ་རྗེ་བཙུན་འཇམ་པའི་དབྱངས་བཞུགས་ནས། བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། །ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། །ང་དང་ཁྱོད་གཉིས་སྟན་གཅིག་ལ་འདུག་པ། །འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན། །ཞེས་གསུངས་པ་རྨིས་པས་སད་པ་དང་། རྒྱལ་སྲིད་འཛིན་དུ་མི་རུང་བར་དགོངས་ཏེ། རྒྱལ་སྲིད་ཀྱི་འབྱོར་བ་ཆེན་པོ་ལ་མ་ཆགས་པར་བྲོས་ནས་དཔལ་ན་ལེཎྜའི་པཎྜི་ཏ་ལྔ་བརྒྱའི་ཁྱུ་མཆོག་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ། མཚན་ཡང་ཞི་བའི་ལྷ་ཞེས་བཏགས་ཏེ། ནང་གི་ཀུན་སྤྱོད་འཕགས་པ་ལ་སྡེ་སྣོད་གསུམ་གསན་ནས་དེའི་དོན་ལ་མཉམ་པར་འཇོག་པར་མཛད་ཅིང་ཤིན་ཏུ་གཅེས་པའི་དོན་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་བསླབ་བཏུས་དང་། མདོ་བཏུས་ཀྱི་བསྟན་བཅོས་མཛད་པ་སོགས་སྤངས་རྟོགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་མངའ་ཡང་གཞན་དག་གིས་དེ་ལྟར་མ་རྟོགས་པར། ཕྱིའི་སྤྱོད་པ་ལ་བྷུཀྟ་ཟ་བ། སུསྟ་ཉལ་བ། ཀུཙྪ་ཝ་འཆག་པ་གསུམ་ལས་གཞན་མི་བྱེད་པར་སྣང་བས་བྷུ་སུ་ཀུ་ཝ་ཞེས་བསྒྲགས་ཤིང་ཕྱིའི་སྤྱོད་པ་ལ་དཔག་ནས་འདིའི་རབ་ཏུ་བྱུང་བ་རྣམས་ཀྱི་བྱ་བའི་ལས་འཁོར་ལོ་གསུམ་ཡིན་ན། འདིས་གང་ཡང་མི་བྱེད་པར་དགེ་འདུན་གྱི་ནང་དུ་དད་ཟས་བྱིན་པ་ལ་ལོངས་སྤྱོད་པར་མི་རུང་བས་བསྐྲད་པར་བྱའོ་ཞེས་བསྒྲོས་ནས་གསུངས་རབ་ཀྱི་མདོ་འདོན་རེས་བྱས་པས་རང་ཐད་ལ་བབ་པ་ན་གཞན་དུ་འགྲོའོ་སྙམ་དུ་བསམ་ནས་དེ་ལ་མདོ་འདོན་པར་ཡང་ཡང་ནན་གྱིས་ཞུས་པ་ལ་བདག་གིས་ཅི་ཡང་མི་ཤེས་སོ་ཞེས་ཡང་ཡང་གསུངས་པ་ན། མཁན་པོ་ལ་ཉིད་ཀྱིས་བགོས་ཤིག་ཅེས་ཞུས་པས་མཁན་པོས་བསྒོས་པས་འདོན་པར་ཁས་བླངས་པ་དང་། ཁ་ཅིག་གིས་འདི་ཅི་ཡིན་མི་ཤེས་སྙམ་དུ་ཐེ་ཚོམ་དུ་གྱུར་བཞིན་དུ། དེ་ཉམས་སད་པའི་ཕྱིར་གཙུག་ལག་ཁང་གི་ཕྱི་རོལ་ས་ཕྱོགས་ཡངས་པར་མཆོད་པ་མང་པོ་བཤམས་ཤིང་སྐྱེ་བོའི་ཚོགས་མང་པོ་འདུས་པའི་དབུས་སུ་སེང་གེའི་ཁྲི་མཐོན་པོ་བཤམས་པ་ལ་སྤྱན་དྲངས་ཏེ་ཁྲི་དེར་ཇི་ལྟར་བྱོན་མ་ཤེས་པར་སྟེང་དུ་བཞུགས་པ་ལ་ཕལ་ཆེར་ཡིད་གཉིས་སུ་གྱུར་བ་ལ། དེ་ནས་སྔར་དྲང་སྲོང་གིས་གསུངས་པ་གྲགས་པ་ཞིག་གདོན་ནམ། སྔར་མ་གྲགས་པ་ཞིག་གདོན་ཞེས་གསུངས་པ་ན་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། མ་གྲགས་པ་ཞིག་འདོན་པར་ཞུས་པས། བསླབ་བཏུས་ནི་མང་། མདོ་བཏུས་ནི་ཉུང་། ཚིག་བསྡུས་ལ་དོན་རྒྱས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཞལ་འདོན་མཛད་པ་དང་། འཕགས་པ་འཇམ་དཔལ་ཡང་མདུན་གྱི་ནམ་མཁའ་ལ་བཞུགས་པ་སྐྱེ་བོ་མང་པོས་མཐོང་ནས་ཤིན་ཏུ་དད་པ་གྱུར་བ་ལས། ཤེས་རབ་ཀྱི་ལེའུའི། གང་ཚེ་དངོས་དང་དངོས་མེད་དག །ཅེས་པ་ནས་སློབ་དཔོན་འཇམ་དབྱངས་དང་བཅས་པ་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་སོང་ནས་མཐར་སྐུ་མི་སྣང་བར་གསུངས་གྲགས་པའི་སྒོ་ནས་རྫོགས་པར་བཏོན་སྟེ་གཤེགས་སོ། །དེ་ནས་གཟུངས་ཐོབ་པ་རྣམས་ཀྱིས་ཇི་ལྟར་ཟིན་པ་བསྡུས་པས་ཤློ་ཀ་བདུན་བརྒྱ་དང་། སྟོང་དང་སྟོང་ལས་ལྷག་པར་གྱུར་ཅིང་། པཎྜི་ཏ་ཁ་ཆེ་བ་རྣམས་ཀྱིས་བསྡུས་པ་ལེའུ་དགུའི་བདག་ཉིད་ཤློ་ཀ་བདུན་བརྒྱ་དང་། ཡུལ་དབུས་པ་རྣམས་ཀྱིས་བསྡུས་པ་ལེའུ་བཅུའི་བདག་ཉིད་ཤློ་ཀ་སྟོང་ཡོད་པ་མ་མཐུན་པས་ཐེ་ཚོམ་དུ་གྱུར་ཅིང་བསླབ་པ་ཀུན་ལས་བསྡུས་པ་ལ། ངེས་པར་ཡང་དང་ཡང་དུ་ལྟ། ཞེས་དང་། ཡང་ན་རེ་ཞིག་མདོར་བསྡུས་པའི། །མདོ་རྣམས་ཀུན་ལས་བཏུས་པར་བལྟ། །ཞེས་པའང་མ་ཤེས་པས་སློབ་དཔོན་ལྷོ་ཕྱོགས་མཆོད་རྟེན་དཔལ་ཡོན་ཅན་ན་བཞུགས་པར་ཐོས་ནས་གཟུངས་ཐོབ་པའི་པཎྜི་ཏ་གཉིས་སྤྱན་འདྲེན་དུ་ཕྱིས་པས་མཇལ་ནས་བྱོན་དུ་མ་བཏུབ་ཀྱང་ཚུལ་དེ་དག་ཞུས་པ་ལ་གཞུང་གི་ཚད་ཡུལ་དབུས་པ་རྣམས་ཀྱིས་བསྡུས་པ་ལྟར་ཡིན་ལ་བསླབ་བཏུས་དང་། མདོ་བཏུས་གཉིས་ཁོ་བོའི་བྲང་ཁང་གི་གདུང་གསེབ་ན་པཎྜི་ཏའི་ཡི་གེ་ཕྲ་མོའི་བྲིས་པ་ཞིག་ཡོད་པས་ལྟོས་ཤིག་ཅེས་རྗེས་སུ་བསྟན་ཅིང་དེ་དག་གི་བཤད་ལུང་ཡང་གནང་ངོ་། །དེ་ནས་ཤར་ཕྱོགས་སུ་བྱོན་ཏེ་རྩོད་པ་ཆེན་པོ་བྱེད་པ་ཞིག་གི་འགྲན་ཟླ་མཛད་པའི་རྫུ་འཕྲུལ་གྱིས་འདུམ་པར་གྱུར་ཏེ་བདེ་བ་ལ་བཀོད་དོ། །ཡང་ཡུལ་མ་ག་དྷའི་ནུབ་ཕྱོགས་ཧ་ཅང་མི་རིང་བ་ཞིག་ན་ཡ་མཚན་ཅན་གྱི་ལྟ་བ་འཛིན་པ་ལྔ་བརྒྱ་གནས་པ་འཁོར་དུ་བསྡུས་པ་དང་། རེ་ཞིག་ན་ཡུལ་ངན་ཆེན་པོ་བྱུང་ནས་བཟའ་བཏུང་ཆད་དེ་ཉོན་མོངས་པ་ན་བདག་ཅག་གི་འཚོ་བསྒྲུབ་ནུས་པ་ཡོད་ན་དེའི་གསུངས་སྤྱི་བོར་ལེན་ཏོ། །ཞེས་ཟེར་བ་ལ། སློབ་དཔོན་གྱིས་འབྲས་ཆན་ལྷུང་བཟེད་གང་ཙམ་གྱི་བསོད་སྙོམས་བླངས་དེ་ཏིང་ངེ་འཛིན་གྱིས་མང་པོར་བྱིན་གྱིས་བརླབས་ནས་དེ་ཐམས་ཅད་བདེ་བས་ཚིམ་པར་མཛད་དེ་ཡ་མཚན་ཅན་གྱི་ལྟ་བ་ལས་བཟློག་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་པར་མཛད་དོ། །དེ་ནས་རེ་ཞིག་ན་མུ་གེ་ཆེན་པོ་བྱུང་སྟེ་སྤྲང་པོ་སྟོང་ཙམ་ཞིག་བྲུ་བ་ཚ་བས་ཉེན་ཏེ། འཆི་ལ་ཐུག་པ་རྣམས་ལ་སློབ་དཔོན་གྱིས་འཚོ་བ་སྦྱར་ཏེ་བདེ་བ་ལ་བཀོད་དོ། །དེ་ནས་ཤར་ཕྱོགས་སུ་ཨ་ཏི་ཤ་བའི་རྒྱལ་པོ་ལ། མ་ཙ་ལའི་གནོད་པར་བྱེད་པ་བསྲུང་བའི་རྒྱལ་པོའི་སྐུ་བསྲུང་མཛད་པ་ལ། སློབ་དཔོན་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཕྱག་རྒྱར་བཅིང་བའི་ཤིང་གི་རལ་གྲི་ཤུབས་དང་བཅས་པ་ཞིག་བཟུང་ནས་ཆོས་ཀྱི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་རྒོལ་མ་ག་དྷའི་མཆན་བ་རྣམས་ཟིལ་གྱིས་མནན་ཏེ་སྐྱེ་དགུ་ཐམས་ཅད་བདེ་བར་མཛད་པས་བཀུར་སྟི་ཆེན་པོ་ཐོབ་པ་ན། ཕྲག་དོག་ཅན་གཞན་དག་གིས་མ་བཟོད་པར་རྒྱལ་པོ་ལ་མི་འདི་ནི་གཡོ་སྒྱུ་ཅན་ཞིག་སྟེ་མཚོན་ཆ་ཡང་ཤིང་གི་རལ་གྲི་ལས་མེད་པའི་ཕྱིར་རྒྱལ་པོའི་སྐུ་སྲུང་མི་ནུས་པས་བརྟགས་པར་འཚལ་ལོ། །ཞེས་ཞུས་པ་དང་། རྒྱལ་པོ་ཁྲོས་ཏེ་ཐམས་ཅད་ཀྱི་མཚོན་ཆ་ལ་རིམ་གྱིས་བལྟས་ཏེ། དེ་ལ་རལ་གྲི་ཕྱུངས་ཤིག་ཅེས་སྨྲས་པ་ན། ལྷ་ཉིད་ལ་གནོད་པར་འགྱུར་བས་མི་རུང་ངོ་ཞེས་གསུངས་པ་ན་གནོད་ཀྱང་སླའི་ངེས་པར་ཕྱུངས་ཤིག་ཟེར་བ་ལ། འོ་ན་ཕྱོགས་དབེན་པར་སྤྱན་ཡ་གཅིག་ཕྱག་གིས་བཀབ་སྟེ་ཡ་གཅིག་གིས་གཟིགས་སུ་གསོལ་ཞེས་སྨྲས་ནས་ཕྱུང་བས་དེའི་གཟི་བརྗིད་ཀྱིས་རྒྱལ་པོའི་མིག་ཡ་གཅིག་ས་ལ་ལྷུང་སྟེ་དཔུང་དང་བཅས་པ་སྐྲག་ནས་བཟོད་པར་གསོལ་ཏེ་སྐྱབས་སུ་སོང་བ་ལས་མིག་གི་བུ་གར་མིག་བཅུག་ནས་ཟུག་རྔུ་མེད་ཅིང་མཐོང་བར་བྱིན་གྱིས་རླབས་པས་འཇིག་རྟེན་ཐམས་ཅད་དད་པར་མཛད་ཅིང་ཆོས་ལ་བཙུད་དོ། །དེ་ནས་དཔལ་གྱི་རིའི་ལྷ་ཕྱོགས་སུ་བྱོན་ཏེ་ཨུ་ཙ་མའི་སྤྱོད་པ་ཞེས་པ་སྤྲང་པོའི་ཆ་བྱད་གཅེར་བུ་ཁྲུད་མ་ཕོ་བའི་ཚིག་མས་འཚོ་བར་བྱེད་པ་ན། ཁ་ཏྲི་བི་ཧ་རའི་བྲན་མོ་ཀ་ཙ་ལ་ནས་ཁྲུད་མ་ཕོ་བའི་ཆུ་འཐོར་བ་སློབ་དཔོན་ལ་ཕོག་པས་ལྕགས་བསྲེག་ལ་ཕོག་པ་ལྟར་འབར་ཞིང་ཁོལ་བར་གྱུར་པ་མཐོང་སྟེ། དེའི་ཚེ་མུ་སྟེགས་པའི་སྟོན་བ་ཤིང་ཀར་དེ་བ་ཞེས་བྱ་བས་ཁོ་བོས་ནམ་མཁའ་ལ་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་བྲི་ཡི་དེ་ནང་པ་དག་གིས་བཤིག་མ་ནུས་ན། ནང་པའི་ལྷ་རྟེན་ཆོས་ཐམས་ཅད་མེར་བསྲེག་སྟེ་ཕྱི་རོལ་མུ་སྟེགས་པའི་སྒོར་འཇུག་དགོས་ཞེས་རྒྱལ་པོ་ལ་གསོལ་བས། རྒྱལ་པོས་ཀྱང་ནང་པའི་དགེ་འདུན་རྣམས་བསྡུས་ཏེ་དོན་དེ་ཞུས་པས་སུས་ཀྱང་བཤིགས་པར་ཁས་ལེན་མ་ནུས་པས་རྒྱལ་པོ་མྱ་ངན་དུ་གྱུར་པ་ལ་བྲན་མོའི་སྔར་མཐོང་བ་དེ་ཞུས་པ་ན། དེ་ཚོལ་ཅིག་གསུངས་ནས་ཕྱོགས་ཀུན་ཏུ་བཙལ་བས་ཤིང་སྡོང་གཅིག་གི་དྲུང་ནས་རྙེད་པ་ལ་དོན་དེ་ཞུས་པ་ན་ང་ཡིས་ནུས་ཀྱི་ཆུ་བུམ་པ་གང་དང་རས་ཡུག་གཉིས་དང་མེ་རྣམས་སྟ་གོན་གྱིས་ཤིག་གསུངས་ནས་དེ་ལྟར་བྱས་སོ། །དེ་ནས་སང་གི་དགོངས་མོ་ཁོ་རང་གིས་ནམ་མཁར་ཐིག་བཏབ་སྟེ་སོང་བས་ཐམས་ཅད་ཐེ་ཚོམ་དུ་གྱུར། ཉིན་ཕྱི་མའི་སྔ་གྲོར་དཀྱིལ་འཁོར་བྲིས་ཏེ་ཤར་སྒོ་ཙམ་ཟིན་པ་ན་སློབ་དཔོན་གྱིས་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ཙམ་གྱིས་རླུང་གི་འཚུབ་མ་ཆེན་པོ་ལངས་ནས་དཀྱིལ་འཁོར་རྨང་མེད་པར་ཁྱེར་ཏེ། རྩྭ་དང་ཤིང་དང་། གྲོང་ཁྱེར་ཐམས་ཅད་ཀྱང་འགྱེལ་ལམ་འགྱེལ་ལ་ཐུག་པར་གྱུར་ཏེ། དེར་ཚོགས་པའི་མི་རྣམས་ཀྱང་བརྡས། མུ་སྟེགས་ཀྱི་སྟོན་པ་ཡང་རྣམ་པར་འཐོར་རླུང་གིས་བརྡས་པའི་བྱེའུ་བཞིན་དུ་མུན་པ་ཆེན་པོར་གྱུར་ཏོ། །དེ་ནས་སློབ་དཔོན་གྱིས་སྨིན་མཚམས་ནས་འོད་བྱུང་ནས་རྒྱལ་པོ་དང་བཙུན་མོ་ལ་ལམ་བསྟན་ནས་གོས་དང་བྲལ་ཞིང་རྡུལ་གྱིས་གཡོགས་པས་ཤིན་ཏུ་གྲང་བར་གྱུར་པ་ལ་མེས་དྲོ་བར་བྱས་ཤིང་ཆུས་བཀྲུས་ནས་གོས་ཀྱིས་བརྒྱན་པར་བྱས་ཏེ་བདེ་བར་བྱས་སོ། །སླར་ཡང་ཏིང་ངེ་འཛིན་གྱིས་མདུན་དུ་བཀུག་པ་ལ་ཁྲུས་དང་བྱུག་པ་དང་གོས་བྱིན་པ་ལ་སོགས་པས་བདེ་བར་བྱས་ནས་མུ་སྟེགས་ཅན་མང་པོ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་ཅིང་མུ་སྟེགས་ཀྱི་ལྷ་ཁང་རྣམས་བཤིགས་ཏེ་ནང་པ་སངས་རྒྱས་པའི་ཆོས་ཀྱི་གཙུག་ལག་ཀྱང་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་མཛད་པས་དེར་མུ་སྟེགས་ཕམ་པའི་ཡུལ་ཞེས་གྲགས་སོ། །སློབ་དཔོན་འདིས་རང་ཉིད་སོ་སྐྱེ་ཡིན་པར་ཞལ་གྱིས་བཞེས་ཀྱང་། འཇམ་དབྱངས་སྤྲུལ་པ་ཞི་བའི་ལྷ། །ཞེས་ཛེ་ཏཱ་རིས་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་བར་གསུངས་པ་དང་། འཕགས་པ་ཞི་བའི་ལྷ་ཉིད་ཀྱིས་ཞེས་ཤེས་རབ་འབྱུང་གནས་ཀྱིས་འཕགས་པའི་གང་ཟག་ཏུ་གསུངས་པ་དང་། རྒྱལ་བའི་བསྟན་ལ་བདག་ཉིད་ཆེ། །སྐྱེས་བུ་མང་དུ་བྱོན་མོད་ཀྱི། །ཞི་བ་ལྷ་ཡི་མཛད་པ་འདྲ། །ཉམས་དང་དགོངས་པ་ཅན་མི་རྙེད། །ཅེས་བི་བྷུ་ཏི་ཙནྜས་མཛད་པ་ཕུན་སུམ་ཚོགས་པ་ཅན་དུ་གསུངས་པ་དང་། སློབ་དཔོན་ནག་པོ་པས་འཇམ་དཔལ་དབྱངས་ཀྱི་ཞབས་ཀྱི་པདྨོ་ལ་སྤྱི་བོའི་གཏུགས་པར་གསུངས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའོ། །སློབ་དཔོན་འདིས་རྒྱས་པར་སྟོན་པ་བསླབ་བཏུས་དང་། བསྡུས་ཏེ་སྟོན་པ་མདོ་བཏུས། དོན་རྒྱས་ལ་ཚིག་བསྡུས་པ་སྤྱོད་འཇུག་དང་གསུམ་མཛད་པ་ལས། སྤྱོད་འཇུག་འདི་ལ་རྒྱ་གར་ན་འགྲེལ་པ་བརྒྱ་རྩ་བརྒྱད་ཡོད་པར་གྲགས། ཞེས་གསུངས། ལུང་གང་ནས་བཏུས་ན། སངས་རྒྱས་ཀྱི་གསུང་རབ་སྡེ་སྣོད་གསུམ་དང་། ཁྱད་པར་མདོ་སྡེ་ཁོ་ན་ལས་བཏུས། ཕྱོགས་གང་དུ་གཏོགས་ན། སྤྱིར་ཐེག་པ་ཆེ་ཆུང་གཉིས་ལས་ཐེག་པ་ཆེན་པོའི་ཕྱོགས་སུ་གཏོགས་ལ། ཐེག་ཆེན་མདོ་སྔགས་གཉིས་ལས་མདོའི་ཕྱོགས་སུ་གཏོགས་སོ། །དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཡིན་ཞེ་ན། བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སྦྱོར་བ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སློབ་ཚུལ་རྒྱས་པར་བཤད་པའོ། །དགོས་ཆེད་སུ་ཞིག་གི་དོན་དུ་མཛད་ཅེ་ན། སྤྱིར་སེམས་ཅན་ཐམས་ཅད་དང་། དགོས་དཔལ་ན་ལེནྡྲའི་པཎྜི་ཏ་ལྔ་བརྒྱས་བྱང་ཆུབ་སེམས་དཔའི་ལམ་ཚང་ལ་མ་ནོར་བ་ཉམས་སུ་ལེན་ཤེས་པའི་དོན་དུ་མཛད་པ་སྟེ། དེ་ལྟར་རྩིས་འགོ་ཡན་ལག་ལྔས་གཏན་ལ་ཕབ་པས་ཉན་པ་པོ་ཡིད་ཆེས་ཐོབ་ནས་ཆོས་ཀྱི་སྣོད་རུང་དུ་འགྱུར་བའི་དགོས་པ་ཡོད་པའོ། །གཉིས་པ་སློབ་མས་ཇི་ལྟར་ཉན་པའི་ཚུལ་ལ། ཀུན་སློང་དང་། ཀུན་སྤྱོད་གཉིས། དང་པོ། སྐྱེས་བུ་ཆེན་པོའི་ཀུན་སློང་བསོད་ནམས་ཚད་མེད་པའི་འཇུག་ངོགས་རིན་ཆེན་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པར་བྱ་བ་སྟེ། འདི་ལྟར་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས་ཕ་མར་མ་གྱུར་པ་མེད་ལ། ཕ་མར་གྱུར་པའི་དུས་སུ་ད་ལྟའི་ཕ་མ་བཞིན་དུ་དྲིན་ཆེན་པོས་བསྐྱངས་ཏེ་ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་གཡོགས། ཤིན་ཏུ་བྱམས་པས་བསྐྱེད་བསྲིངས་པའི་དྲིན་ཆེན་ཤ་སྟག་ཡིན་ལ། དྲིན་ཆེན་དེ་དག་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་ཆོས་དགེ་བ་བཅུ་སོགས་སྤྱོད་མི་ཤེས་པར་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་བཅུ་སོགས་ཁོ་ན་དང་དུ་བླངས་ཏེ་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་ནས་ལམ་ལོག་མགོ་རྨོངས་སུ་གྱུར་པ། ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། བདག་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་མཇལ། ཡང་དག་པའི་ཆོས་ལ་སྤྱོད་དུ་ཡོད་པ་འདི་སྐལ་བ་བཟང་བས་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མི་གཏོང་བར་དམ་པའི་ཆོས་ཟབ་མོ་འདི་ལྟ་བུ་ཉན་ནས་ཉམས་སུ་བླང་སྟེ་མ་རྒན་སེམས་ཅན་ཐམས་ཅད་རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ནས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཐང་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་ནི་གལ་ཆེ་བའི་གནད་དམ་པའོ། །གཉིས་པ་ཀུན་སྤྱོད་ལའང་། སྤང་བྱའི་ཀུན་སྤྱོད་དང་། བླང་བྱའི་ཀུན་སྤྱོད་གཉིས། དང་པོ་སྤང་བྱའི་ཀུན་སྤྱོད་ལ་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག །མི་འཛིན་པ་ལྔ་དང་བཅས་པ་ལས། སྣོད་ཀྱི་སྐྱོན་གསུམ་ནི། རྣ་བ་མི་གཏད་ཁ་སྦུབ་ལྟ་བུའི་སྐྱོན། །ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། །ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། །ཞེས་པ་ལྟར། ཆོས་ཉན་པའི་དུས་སུ་རང་གི་རྣ་བའི་ཤེས་པ་ཡུལ་གཞན་དུ་མི་ཡེངས་ཞིང་ཆོས་འཆད་པའི་སྒྲ་དེ་ལ་གཏད་ནས་མི་ཉན་པར་ཁ་ཡེངས་མིག་ཡེངས་བྱས་ན་སྣོད་ཁ་སྦུབས་པའི་སྟེང་དུ་བཅུད་བླུགས་པ་དང་འདྲ་བར་ལུས་ཆོས་གྲལ་ན་ཡོད་ཀྱང་ཆོས་ཚིག་གཅིག་ཀྱང་རང་གིས་མི་ཐོས་པའི་སྐྱོན་དང་། གང་ཇི་ལྟར་ཐོས་པའི་ཆོས་དེ་ཡང་གོ་ལོ་དང་ཐོས་ལོར་བཞག་ནས་ཡིད་ལ་མ་བཟུང་ན་སྣོད་ཞབས་རྡོལ་དུ་བཅུད་ཅི་ཙམ་བླུགས་ཀྱང་ཆགས་རྒྱུ་མེད་པ་དང་འདྲ་བར་ཆོས་ཅི་ཙམ་ཉན་ཡང་རྒྱུད་ཐོག་ཏུ་བཀལ་ནས་ཉམས་སུ་ལེན་མི་ཤེས་པའི་སྐྱོན་དང་། ཀུན་སློང་ཆེ་འདོད་གྲགས་འདོད་རྙེད་བཀུར་སོགས་འདོད་པ་དང་། ཆགས་སྡང་རྨོངས་གསུམ་སོགས་དུག་ལྔའི་རྟོག་པ་དང་འདྲེས་ཏེ་ཉན་ན་དུག་ཅན་གྱི་སྣོད་དུ་བཅུད་བཟང་པོ་བླུགས་པ་དང་འདྲ་བར་ཆོས་ཀྱིས་སེམས་ལ་མི་ཕན་པར་མ་ཟད་ཆོས་ཀྱང་ཆོས་མིན་དུ་འགྲོ་བའི་སྐྱོན་ཏེ་གསུམ་དང་བྲལ་བས་ཉན་དགོས་པར། བཅོམ་ལྡན་འདས་ཀྱིས་ཡུམ་བར་མར། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ངས་བཤད་པར་བྱའོ་ཞེས་གདམས་པར་མཛད་དོ། །དེའི་ཕྱིར། ཆོས་ཆོས་བཞིན་དུ་མ་སྤྱད་ན་ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་ཅེས་དམ་པ་རྣམས་གསུངས་སོ། །དྲི་མ་དྲུག་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་པ་སྟེ། བླ་མ་དང་མཆེད་གྲོགས་ལས་ང་ལྷག་སྙམ་པའི་ང་རྒྱལ་དང་། ཆོས་དང་བླ་མ་མཆེད་གྲོགས་ལ་མ་དད་པ་དང་། ཆོས་ལ་དོན་གཉེར་གྱིས་འདུན་པ་མེད་པ་དང་། དབང་པོ་ཡུལ་གྱི་ཕྱིར་འབྲང་ཞིང་རྩེ་གཅིག་ཏུ་མི་འཇོག་པ་དང་། སེམས་བྱིང་རྨུགས་ཀྱིས་ནང་དུ་སྡུད་པ་དང་། ཆོས་ཐུན་རིང་དྲགས་པས་བཀྲེས་སྐོམ་ཚ་གྲང་སོགས་ཀྱིས་གདུང་ནས་ཉན་མི་འདོད་པ་སྐྱོ་བས་ཉན་པ་རྣམས་ནི་ཚེ་འདིར་ཡང་། ཚིག་དོན་ཕུན་སུམ་ཚོགས་པའི་རང་བཞིན་བསམ་གཏན་དང་། ཤེས་རབ་དང་རྣམ་པར་གྲོལ་བའི་ཆོས་ལ་བར་དུ་གཅོད་ཅིང་ཕྱི་མར་ཡང་ཆོས་དང་མི་འཕྲད་པའི་ཉེས་པས་འཁོར་བ་མཐའ་མེད་དུ་འཁྱམས་པར་འགྱུར་བས་རབ་ཏུ་གུས་པས་སྤྱོད་ལམ་བསྡམ་ཞིང་ལེགས་པའི་ཚུལ་གྱིས་ཉན་དགོས་སོ། །མི་འཛིན་པ་ལྔ་ནི། ཚིག་འཛིན་ལ་དོན་མི་འཛིན་པ་དང་། དོན་འཛིན་ལ་ཚིག་མི་འཛིན་པ། བརྡ་མ་འཕྲོད་པར་འཛིན་པ། གོང་འོག་ནོར་ནས་འཛིན་པ། དོན་གོ་ལོག་ཏུ་འཛིན་པ་རྣམས་སྤང་དགོས་པ་ཡིན། དེ་ལྔ་རིམ་པར། ཚིག་སྙན་ཅིང་ལེགས་པ་རེ་ཆེད་དུ་འཛིན་ཅིང་དོན་ཟབ་མོ་ལ་རྟོག་དཔྱོད་མི་འཇུག་ན་དེས་སེམས་ལ་ཕན་མི་ཐོག །ཚིག་གིས་ཅི་བྱ་སྙམ་དུ་ཁྱད་དུ་བསད་ནས་དོན་ཟབ་མོ་ཞེས་སྤར་ཟིན་བྱས་ཀྱང་ཚིག་ལ་མ་བསྟེན་པར་དོན་མི་འབྱུང་། དྲང་ངེས་ལྡེམ་དགོངས་ཀྱི་གསུང་སྣ་ཚོགས་པ་བརྡའ་མ་འཕྲོད་བར་བཟུང་ན་ཡང་དག་པའི་ཆོས་དང་རྒྱབ་འགལ་དུ་འགྲོ། གོང་འོག་ནོར་ནས་བཟུང་ན་བསྟན་པའི་བབས་དང་མི་མཐུན་བ་ལ་སོགས་པའི་འགལ་འདུ་ཅན་དུ་འགྱུར། དོན་ལོག་པར་བཟུང་ན་ལོག་རྟོག་རྒྱུན་འབྱམས་ནས་རང་རྒྱུད་ཆུད་ཟ་ཞིང་བསྟན་པའི་རྐང་འདྲེན་དུ་འགྱུར་བའི་ཕྱིར་སྤང་དགོས་པ་ཡིན་ནོ། །གཉིས་པ་བླང་བྱའི་ཀུན་སྤྱོད་ལ་འདུ་ཤེས་བཞི་བརྟེན་པ་ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་པ། སྤྱོད་ལམ་གཞན་བསྟན་པའོ། །དང་པོ་འདུ་ཤེས་བཞི་བརྟེན་པ་ནི། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་སོ། །ཆོས་ཉན་པའི་རྣལ་འབྱོར་ཕ་རོལ་དུ་ཕྱིན་པ་དྲུག་དང་བཅས་པ་ནི། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། དང་པོ་བྱང་ཆུབ་སེམས་བསྐྱེད་དེ། །རང་ཉིད་སྒྲོལ་མར་སྒོམས་བྱས་ནས། །རྣ་བ་གཡས་པར་པདྨ་བསམ། །སློབ་དཔོན་འཇམ་དཔལ་བསྒོམ་བྱས་ནས། །བླ་མའི་ཞལ་གྱི་འོད་ཟེར་དག །པདྨར་ངེས་པར་ཐིམ་པར་བྱ། །འགྲོ་རྣམས་ལྷ་མོར་བསྒོམས་བྱས་ནས། །ཐོན་ཁར་མི་རྟོག་སྟོང་པ་ཉིད། །སྐད་ཅིག་གཉིས་ཙམ་བསྒོམ་པར་བྱ། །ཞེས་སྦྱོར་དངོས་རྗེས་ཀྱི་རྣལ་འབྱོར་དང་། མེ་ཏོག་སྟན་སོགས་རབ་འབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་སྡོམས་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱེད། །བླ་མ་ལ་ནི་གསོལ་བ་འདེབས། །མ་ཡེངས་བླ་མའི་གདམས་ངག་ཉན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །སྒྲོལ་མ་ཡན་ལག་དྲུག་དང་ལྡན། །ཞེས་པས་ཉན་པ་པོའི་ཆོས་འཆད་པའི་སྟན་དང་། མཆོད་པ་མེ་ཏོག་སོགས་འབུལ་བ་སྦྱིན་པ། ས་ཕྱོགས་དག་པར་བྱ་བ་དང་། ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་མ་དད་པ་ལ་སོགས་པ་བསྡམས་པ་ནི་ཚུལ་ཁྲིམས། ཆོས་གྲལ་དུ་ལྷགས་པའི་འབུ་སྦྲང་སོགས་ལ་མི་འཚེ་ཞིང་ཤིག་ལ་སོགས་པའི་གནོད་པ་ཆེ་ཆུང་བཟོད་པ། ཆོས་སྟོན་བ་ལ་གསོལ་བ་འདེབས་ཤིང་ཉན་པར་བརྩོན་པ་ནི་བརྩོན་འགྲུས། སེམས་མ་ཡེངས་པར་ཉན་ཅིང་ཐོས་པ་འཛིན་པ་ནི་བསམ་གཏན། རང་གིས་རྟོགས་པའི་དོན་ལ་དཔྱོད་པ་དང་། ཐེ་ཚོམ་གྱི་གཞིར་གྱུར་ན་བླ་མ་ལ་འདྲི་ཞིང་རྩོད་པས་རྣམ་པར་གཏན་ལ་དབབ་པ་ནི་ཤེས་རབ་སྟེ་ཕ་རོལ་དུ་ཕྱིན་པ་དྲུག་རྫོགས་པར་ལྡན་པ་དང་། འཆད་པ་པོ་ལའང་ཆོས་བསྟན་པ་ནི་སྦྱིན་པ། ཉོན་མོངས་པ་མེད་པ་ནི་ཚུལ་ཁྲིམས། ཆོས་སྟོན་པ་ལ་སྐྱོ་ངལ་དང་གནོད་འཚེ་བཟོད་པས་བཟོད་པ། སྤྲོ་བས་བརྩོན་འགྲུས། ཆོས་འཆད་པ་ལས་གཞན་དུ་མ་ཡེངས་པས་བསམ་གཏན། ཚིག་དོན་འབྱེད་པས་ཤེས་རབ་སྟེ་དྲུག་པོ་རྫོགས་པར་འགྱུར་རོ། །སྤྱོད་ལམ་གཞན་བསྟན་པ་ནི། མ་དད་པ་ལ་ཆོས་མི་བཤད། །མི་ན་བཞིན་དུ་མགོ་དཀྲིས་དང་། །གདུགས་དང་འཁར་བ་མཚོན་ཐོག་དང་། །མགོ་བོ་གཡོགས་པ་དག་ལ་མིན། །ཞེས་པ་ལ་སོགས་པའོ། །གསུམ་པ་དཔོན་སློབ་གཉིས་ཀྱིས་འཆད་ཉན་ཇི་ལྟར་བགྱི་བའི་ཚུལ་ལ། ཆིངས་ཆེན་པོ་ལྔའམ་གསུམ་གྱིས་བཅིངས་ནས་འཆད་དེ། དང་པོ་ཆིངས་ཆེན་པོ་ལྔ་ནི། རྣམ་བཤད་རིག་པ་ལས། མདོ་དོན་སྨྲ་བར་འདོད་རྣམས་ལ། །མན་ངག་ཅུང་ཞིག་སྤྱིན་པར་བྱ། །དེ་ལ་མན་ངག་འདི་ཡིན་ཏེ། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་སོ། །ཆིངས་གསུམ་ནི་དཀྱུས་ཀྱིས་གཅོད་པ་སྟག་མོའི་མཆོངས་སྟབས་ལྟ་བུ། ཚིག་གི་འབྲུ་ནོན་པ་རུས་སྦལ་གྱི་ནུར་འགྲོས་ལྟ་བུ། སྐབས་ཀྱི་དོན་བསྡུ་བ་སེང་གེའི་འགྱིང་ལྟ་བུའོ། །དེ་ལྟར་ཆིངས་ཆེན་པོ་ལྔའམ་གསུམ་པོ་རྣམས་ནི་གཞུང་གི་སྐབས་དང་སྐབས་སུ་སྟོན་པར་འགྱུར་བ་དེ་དང་དེར་ཤེས་པར་བྱ་བ་ལས་རྒྱས་པར་མ་སྤྲོས་ལ། དོན་དུ་བདག་གི་བླ་མ་བཀའ་དྲིན་ཅན་ནི། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ཤིང་། གཞུང་ལུགས་ཐམས་ཅད་གདམས་པར་ཤར་བས་གསར་རྙིང་རིས་མེད་པའི་བསྟན་པའི་བདག་པོ་ཉིད་དུ་གྱུར་གཤིས་གཞུང་འདི་ཇི་ལྟར་གསུངས་ན། ས་སྐྱ་བ་རྣམས་ལ་རྗེ་བཙུན་བསོད་ནམས་རྩེ་མོའི་འགྲེལ་པ་དང་། དགེ་ལྡན་པ་རྣམས་ལ་དར་ཊཱིཀ་དང་། བཀའ་བརྒྱུད་བ་རྣམས་ལ་དཔའ་བོ་གཙུག་ཕྲེང་སོགས་ཀྱི་འགྲེལ་པ་བཞིན་གསུངས་པ་དང་། རྙིང་མ་བ་རྣམས་ལ་སྔར་རྫོགས་ཆེན་ཤྲཱི་སེང་ཧས་རྙིང་མ་རང་ལུགས་བཞིན་གསུངས་ཞེས་ཐོས་ཤིང་། ཕྱིས་སུ་ཡུལ་དུས་གང་ཟག་གམ་དགོས་དབང་གིས་དངུལ་ཆུ་ཐོགས་མེད་ཀྱི་འགྲེལ་བ་གཙོར་སྟོན་གྱིས་དགོངས་པ་སྣ་ཚོགས་པར་གསུངས་པ་དང་། ཁྱད་པར་རྡོ་རྗེའི་ལུང་གིས་ཟིན་པའི་མཆོག་གླིང་རིགས་སྲས་དམ་པ་སོགས་རང་དཔོན་སློབ་ལ་ཟླ་བ་དྲུག་གི་བར་གཞུང་འདི་གསུངས་སྐབས་ཐོགས་འགྲེལ་གཙོར་བཞག་གིས་གདམས་ངག་ཉམས་ལེན་ལ་སྦྱར་བ་གང་གསུངས་རང་བློར་ངེས་པའི་ཟིན་བྲིས་སོགས་དཀྱུས་བཀོད་ཀྱི་ཚུལ་དུ་གཙོ་བོར་བྱས་ཏེ། འདིར་འཆད་པར་བྱ་བ་ལས་ལུང་སྦྱོར་སོགས་རྒྱས་སྤྲོས་མཁས་པ་ལ་ནི་མི་དགོས་ལ་ཡི་གེས་འཇིགས་ཤིང་། ལས་དང་པོ་པ་དག་འབྲུ་འགྲེལ་ཙམ་དོན་དུ་གཉེར་ཞིང་ཤེས་པར་སླ་བས་ཉམས་ཕན་ཞིག་སྙིང་ལ་བཅང་བ་ལས་སྤྲོས་པ་ལ་འཆེལ་བར་མ་བྱས་སོ། །གཉིས་པ་བཤད་བྱ་དངོས་བཤད་པ་ལ། བསྟན་བཅོས་ཀྱི་མཚན་དང་། མཚན་དེ་ལྡན་གྱི་གཞུང་བཤད་པ་གཉིས་ལས། དང་པོ་ལ་མཚན་དངོས་དང་། ཞར་བྱུང་འགྱུར་ཕྱག་གཉིས་ལས། དང་པོ་ལ་མཚན་དེ་རྒྱ་སྐད་ལྟར་སྨྲོས་ན་རྒྱ་གར་འཕགས་པའི་ཡུལ་ན་སྐད་རིགས་ཆེན་པོ་མི་འདྲ་བ་བཞི་ལས་ལེགས་སྦྱར་སཾ་སྐྲྀ་ཏ་ལྷ་ཡི་སྐད་དུ། བོ་དྷི་སཏྭ་ཙརྱ་ཨ་བ་ཏ་ར་དེ་ཉིད་བོད་ཡུལ་གྱི་སྐད་བཟང་ཤོས་གོ་བདེ་ཉིད་དུ་སྒྱུར་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། རྒྱ་བོད་ཀྱི་སྐད་གཉིས་ཤན་སྦྱར་ན། བོ་དྷི་ཞེས་པ་བྱང་ཆུབ། དེ་བཞིན་དུ་སཏྭ་སེམས་དཔའ། ཙརྱ་སྤྱོད་པ་ཨ་བ་ཏ་ར་འཇུག་པ་ཡིན་ནོ། །མཚན་དེ་དག་གང་གི་སྒོ་ནས་བཏགས་ཞེ་ན། སྤྱིར་བརྗོད་བྱའི་དོན་དང་། རྗོད་བྱེད་ཀྱི་ཚད་དང་། བྱེད་ལས་དང་། ཡུལ་དུས་གང་ཟག་དཔེ་སོགས་ཀྱི་སྒོ་ནས་བཏགས་པ་ལས་འདི་ནི་དང་པོའོ། །མཚན་དེའི་དོན་ནི། ཡེ་ཤེས་དྲྭ་བ་ལས། དྲི་མ་བྲལ་ཕྱིར་བྱང་བ་སྟེ། །ཡོན་ཏན་རྒྱས་པས་ཆུབ་པ་ཉིད། །ཅེས་གསུངས་པ་ལྟར། སྤང་བྱ་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ཅིང་བྱང་བས་ན་བྱང་། རྟོགས་བྱའི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཁོང་དུ་ཆུབ་པས་ན་ཆུབ། དེ་ཉིད་འཐོབ་པའི་ཆེད་དུ་དབུ་དང་ཡན་ལག་གཞན་ལ་གཏོང་བ་སོགས་བྱ་དཀའ་བའི་སྤྱོད་པས་སེམས་མི་ཞུས་པར་དཔའ་བས་ན་སེམས་དཔའ་སྟེ། མདོ་རྒྱན་ལས། བརྟན་པ་སྡུག་བསྔལ་གྲོགས་ངན་དང་། །ཟབ་མོ་ཐོས་པས་མི་གཡོ་བའོ། །ཞེས་སོ། །སྤྱོད་པ་ནི། རྒྱལ་དབང་ཀློང་ཆེན་པས། རྒྱལ་སྲས་རྣམས་ཀྱིས་ཀུན་ལ་བསླབ་བྱ་སྟེ། །གཙོ་བོ་ཕ་རོལ་ཕྱིན་པ་དྲུག་ལ་བསླབ། །ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཕ་རོལ་དུ་ཕྱིན་པ་དྲུག་ཏུ་འདུ་ལ། སྤྱོད་པ་དེ་ལ་འཇུག་པ་སྟེ། ལས་དང་པོའི་བློ་སྦྱོང་དང་བསྟུན་ནས་ཇི་ལྟར་ཉམས་སུ་ལེན་པའི་ཐབས་སམ་ཚུལ་ཚངས་ལ་མ་ནོར་བར་གཞུང་འདི་ཉིད་ཀྱིས་ཡང་དག་པར་སྟོན་པས་སོ། །མཚན་བཏགས་ཤིང་ཀླད་དུ་སྨྲོས་པའི་དགོས་པ་ནི། སྤྱིར་མིང་བཏགས་པ་ཙམ་གྱི་དགོས་པ་ནི། མིང་དོན་གྱི་འབྲེལ་བ་ཤེས་ནས། བླང་དོར་གྱི་དོན་ལ་མི་རྨོངས་པར་འགྱུར་ཏེ། ལང་ཀར་གཤེགས་པ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་བར་འགྱུར། །དེ་བས་མགོན་པོ་ཐབས་མཁས་པས། །ཆོས་རྣམས་མིང་དུ་གདགས་པར་མཛད། །ཅེས་གསུངས་སོ། །ཁྱད་པར་འདིར་བརྗོད་བྱ་ལས་བཏགས་པས། དབང་པོ་རབ་ཀྱིས་མཚན་ཙམ་མཐོང་བས་དབུ་ཞབས་ཀྱི་དོན་ཐམས་ཅད་ཁོང་དུ་ཆུད། འབྲིང་གིས་ཕྱོགས་ཙམ་རྟོགས། ཐ་མས་སྨན་སྣོད་ལ་ཁ་བྱང་བཏགས་པ་ལྟར་གླེགས་བམ་བཙལ་སླ་བའི་དགོས་པ་ཡོད་དོ། །མཚན་རྒྱ་སྐད་སོར་བཞག་དུ་སྨྲོས་པས་མཚན་གཉིས་ཟློས་པར་འགྱུར་རོ་ཞེ་ན། དེར་མི་འགྱུར་བར་མ་ཟད་དགོས་པའི་ཁྱད་པར་བཞི་ཡོད་དེ། གང་ཞེ་ན། རྒྱ་གར་ཆོས་ཁུངས་བཙུན་པས་བསྟན་བཅོས་ཁུངས་མར་ཡིད་ཆེས་པའི་དགོས་པ་དང་། དུས་གསུམ་གྱི་སངས་རྒྱས་ཀུན་ལེགས་སྦྱར་ལྷའི་སྐད་ཀྱིས་ཆོས་གསུངས་པས་རང་གིས་དེའི་སྐད་དུ་བཏོན་ཅིང་བཤད་པས་རང་རྒྱུད་ལ་བྱིན་རླབས་འཇུག་པ་དང་། མ་འོངས་པ་ན་དེའི་སྐད་ཀྱིས་ཆོས་གསུང་བར་འགྱུར་བས་སྐད་ལ་བག་ཆགས་འཇོག་པ་དང་། མཚན་འདི་ཇི་ལྟར་བར་གཞུང་ཀུན་རྒྱ་སྐད་དུ་ཡོད་ན་དོན་ཤེས་ཤིང་འཆད་པར་ལྟ་ཅི་ཚིག་ཙམ་ཡང་ཇི་བཞིན་འདོན་པར་དཀའ་བར་ཤེས་ནས་ལོ་ཙཱ་བའི་བཀའ་དྲིན་དྲན་པའི་དགོས་པའོ། །གཉིས་པ་འགྱུར་ཕྱག་ནི། ལོ་ཙཱ་བས་བཀོད་པ་སྟེ་འདི་ལ་རྒྱལ་པོའི་བཀས་བཅད་ཀྱི་ཕྱག་གམ། སྡེ་སྣོད་ངོས་འཛིན་གྱི་ཕྱག་ཅེས་བྱ་སྟེ། ཆོས་རྒྱལ་ཡབ་མེས་ཀྱི་རིང་ལ་ལོ་ཙཱ་བ་རང་རང་གི་ལྷག་པའི་ལྷ་ལ་སོགས་པ་རང་གང་མོས་ལ་ཕྱག་མཛད་པ་ལས་འདི་ལྟར་གཅིག་ཏུ་བཀས་པ་མ་བཅད་ལ། རྒྱལ་པོ་མངའ་བདག་ཁྲི་རལ་གྱིས་པཎྜི་ཏ་དང་ལོ་ཙཱ་བ་མང་པོ་འུ་ཤང་རྡོའི་ལྷ་ཁང་། འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་དུ་གདན་དྲངས་ཏེ་ཆོས་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་དབབ་ཚེ་སྡེ་སྣོད་གསུམ་སོ་སོ་རང་རང་དང་མཐུན་པའི་འགྱུར་ཕྱག་མཛད་དགོས་པར་བཀས་བཅད་པའི་ཕྱིར་རམ་སྡེ་སྣོད་གསུམ་སོ་སོར་མ་འདྲེས་པར་ཤེས་པར་འགྱུར་བས་ན་དེ་སྐད་ཅེས་བྱ། དེ་ཡང་འདུལ་བར་ལས་རྒྱུ་འབྲས་ཕྲ་ཞིབ་གསུངས་པ་རྣམས་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ཡིན་པས་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ་ཞེས་དང་། མདོ་སྡེ་རྣམས་སངས་རྒྱས་དང་བྱང་སེམས་རྣམས་དྲི་བ་དང་དྲི་ལན་གྱི་ཚུལ་དུ་གསུངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་དང་། མངོན་པར་ཕུང་ཁམས་སྐྱེ་མཆེད་ཀྱི་རབ་དབྱེ་སོགས་གསུངས་པ་རྣམས་ཤེས་རབ་ཟབ་མོས་རྟོགས་བྱ་ཡིན་པའི་ཕྱིར་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་ཕྱག་མཛད་པ་ལས། འདིར་མདོ་སྡེ་དང་མཐུན་པར་ཕྱག་མཛད་པ་སྟེ། མ་རིག་པའི་གཉིད་འཐུག་པོ་ལྟ་བུ་སངས་རྒྱས་ཤིང་ཤེས་བྱའི་ཆོས་ལ་བློ་གྲོས་ཀྱི་པདྨོ་རྣམ་པར་རྒྱས་པས་ན་སངས་རྒྱས་དང་། དེ་ཡང་། ཇི་སྐད་དུ། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨོ་འདབ་ལྟར་རྒྱས། །དེའི་ཕྱིར་སངས་རྒྱས་ཞེས་བྱའོ། །ཞེས་པ་བཞིན་ནོ། །བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སྦྱོར་བ་ཕྱིན་དྲུག་གི་ཉམས་ལེན་ལ་བརྩོན་པས་བྱང་ཆུབ་སྒྲུབ་པ་ལ་སེམས་མི་ཞུམ་པར་དཔའ་བ་དང་། དེ་གཉིས་ཀྱི་ཐུགས་རྒྱུད་ན་བཞུགས་པའི་དམ་པའི་ཆོས་དང་བཅས་པ་ཐམས་ཅད་ལ་ལོ་ཙཱ་བས་འགྱུར་མཛད་པའི་སྔ་རོལ་དུ་བར་ཆད་མེད་པར་འགྱུར་མཐར་ཕྱིན་པའི་ཆེད་དུ་ཕྱག་འཚལ་ལོ་ཞེས་བཀོད་པའོ། །གཉིས་པ་མཚན་དེ་ལྡན་གྱི་གཞུང་བཤད་པ་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག །བརྩམ་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན། མཇུག་ཡོངས་སུ་རྫོགས་པའི་བྱ་བ་དང་གསུམ། དང་པོ་ལ་མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བ། ཁེངས་བ་བསྐྱུང་བ། སྤྲོ་བ་བསྐྱེད་པ་དང་བཞི་ལས། དང་པོ་ནི། ཕྱག་འཚལ་ཏེ་ཞེས་གང་ལ་འཚལ་ན་ལམ་བདེ་བ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་བརྟེན་ནས་འབྲས་བུ་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་སར་གཤེགས་པས་ན་བདེ་གཤེགས་ཞེས་སངས་རྒྱས་དཀོན་མཆོག་བསྟན་ཏེ། དེའང་སུ་ག་ཏའི་སྒྲ་ལས་དྲངས་ན། སུ་ནི་ལེགས་པ་མཛེས་པ་བདེ་བ་དང་། ག་ཏ་གཤེགས་པ་ལ་འཇུག་པས་ན། ལེགས་པའམ་མཛེས་པར་གཤེགས་པ་དང་། སླར་མི་ལྡོག་པར་གཤེགས་པ་དང་། རྫོགས་པའམ་མ་ལུས་པར་གཤེགས་པ་དང་གསུམ་སྟེ། འདིའི་དོན་ཡང་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་སྤངས་བ་དང་། རྟོགས་པ་སོ་སོར་དང་། གཉིས་ཀར་སྦྱར་ཏེ་གསུང་བ་བཞིན་འཆད་དུ་ཡོད་ནའང་། འདིས་འཐུས་ཏེ། ལེགས་པའམ་མཛེས་པར་གཤེགས་པ་ནི། ཀུན་ཉོན་ཕྱོགས་ཀྱི་སྡུག་ཀུན་གྱི་ཉེས་པའི་དྲི་མ་མེད་པར་ལེགས་པའམ་མཛེས་པར་གཤེགས་པ། དཔེར་ན་སྐྱེས་བུ་གཟུགས་མཛེས་པ་ལྟ་བུ། དེས་ནི་འཁོར་བ་ལས་ཁྱད་པར་དུ་བྱས་སྟེ། སྲིད་པ་རྣམས་ནི་སྡུག་བསྔལ་རྒྱུ་འབྲས་ལས་མ་འདས་པའི་ཕྱིར་རོ། །སླར་མི་ལྡོག་པར་གཤེགས་པ་ནི་བདག་ལྟའི་ས་བོན་དྲུང་ནས་ཕྱུང་བའི་ཕྱིར་བུད་ཤིང་བསྲེག་པས་སླར་མི་སྐྱེ་བ་བཞིན་དུ་འཁོར་བར་མི་ལྡོག་པ་སྟེ། དཔེ་རིམས་ནད་ལེགས་པར་བྱང་བའི་སྐྱེས་བུ་ལྟ་བུ། དེས་ནི་ཕྱི་རོལ་བའི་ལམ་ལས་ཁྱད་པར་བྱས་པ་སྟེ། དེ་དག་སྲིད་རྩེར་སོང་ནའང་སྲིད་པའི་ར་བ་ལས་འདའ་མི་ནུས་པའོ། །མ་ལུས་པའམ་རྫོགས་པར་གཤེགས་པ་ནི། སྤངས་རྟོགས་མཐར་ཕྱིན་པའི་ཡོན་ཏན་གྱི་མཆོག་མ་བརྙེས་པ་ཅུང་ཟད་ཀྱང་མེད་པ་དཔེ་བུམ་པ་ལེགས་པར་གང་བ་ལྟ་བུ་སྟེ། གཤེགས་ཚུལ་དེས་ནི་ཉན་རང་ལས་ཁྱད་པར་ཕྱེ་སྟེ། དེ་དག་ལ་མི་ལྡོག་པར་ཙམ་ཡོད་ཀྱང་སྤང་རྟོགས་མ་རྫོགས་པས་ཉི་ཚེ་བ་ཡིན་པས་སོ། །སངས་རྒྱས་བཅོམ་ལྡན་འདས་རྟོགས་པའམ་བསྟན་པ་ཆོས་ཀྱི་སྐུ་ལ་མངའ་དབང་འབྱོར་བས་སམ་མངའ་བས་ན་ཆོས་ཀྱི་སྐུ་མངའ་ཞེས་ཆོས་དཀོན་མཆོག་བསྟན་ཏེ། དེའང་རྒྱུད་བླ་མ་ལས། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པ། །དེ་ཡི་རྒྱུ་མཐུན་ཟབ་པ་དང་། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་གསུངས་པ་ལྟར། སྟོབས་སོགས་རྟོགས་པ་ཆོས་སྐུའི་རྒྱུ་མཐུན་བསྟན་པ་ཆོས་སྐུ་ཟབ་པ་དང་རྒྱ་ཆེ་བའི་ལུང་གི་ཆོས་ཕུང་མ་ལུས་པ་སངས་རྒྱས་ལ་མངའ་བས་ན་དེ་སྐད་ཅེས་སོ། །སྲས་བཅས་སོགས་ཀྱིས་དགེ་འདུན་དཀོན་མཆོག་བསྟན་ཏེ། དེ་ཡང་སྤྱིར་སྐུའི་སྲས་སྒྲ་གཅན་འཛིན། གསུང་གི་སྲས་ཉན་ཐོས་དང་རང་རྒྱལ། ཐུགས་ཀྱི་སྲས་བྱང་ཆུབ་སེམས་དཔའ་སྟེ་ཇི་ལྟར་རྒྱལ་པོ་ཆེན་པོའི་སྲས་ཀྱི་ཐུ་བོ་ནི་རྒྱལ་པོའི་གདུང་བརྒྱུད་འཛིན་པ། འཁོར་འབངས་མངའ་རིས་སྐྱོང་བ། མཛོད་ཀྱི་ལྡེ་མིག་འཛིན་པ་ལྟར་ཐུགས་ཀྱི་སྲས་མཆོག་བྱང་སེམས་རྣམས་ནི། རྒྱལ་བའི་གདུང་འཛིན་པ་དང་། དམ་པའི་ཆོས་ཀྱི་མཛོད་འཛིན་པ་དང་། འཁོར་གདུལ་བྱའི་ལྷག་མ་སྐྱོང་བས་ན་ཐུགས་སྲས་བྱང་སེམས་ཐེག་ཆེན་དགེ་འདུན་སྟེ། དེ་དང་བཅས་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། དེར་མ་ཟད་ཉན་ཐོས་དང་རང་རྒྱལ་དང་རང་ལས་བསླབ་པ་རྒན་པ་གྲིབ་མ་སོར་གཅིག་གིས་མཐོ་བ་སོགས་ཡོན་ཏན་སྣ་གཅིག་གིས་ལྷག་པ་དང་ཕན་འདོགས་པ་ལ་སོགས་པས་ཕྱག་བྱ་བའི་འོས་སུ་གྱུར་བ་གང་ཅི་ཡང་རུང་བ་མ་ལུས་པ་ཀུན་ལའང་ཚུལ་ཇི་ལྟར་འཚལ་ན་སྒོ་གསུམ་གུས་པར་ཏེ་གུས་པ་དང་བཅས་པའི་སྒོ་ནས། སུས་འཚལ་ན། སློབ་དཔོན་ཞི་བ་ལྷས་སྐྱེས་བུ་དམ་པ་ཡ་རབས་རྣམས་ཀྱི་ཚུལ་དང་མཐུན་པར་དུས་ནམ་འཚལ་ན། བསྟན་བཅོས་འདི་རྩོམ་པའི་སྔོན་དུ། དགོས་ཆེད་བསྟན་བཅོས་རྩོམ་པ་ལ་བར་ཆད་མེད་པར་རྩོམ་པ་མཐར་ཕྱིན་པའི་ཕྱིར་དང་། རྗེས་འཇུག་རྣམས་ཀྱང་བསྟན་བཅོས་ཡང་དག་པར་ཡིད་ཅེས་ནས་དད་ཅིང་དོན་གཉེར་གྱིས་འདུན་ཅིང་འཆད་ཉན་ལ་བར་ཆད་མེད་པར་མཐར་ཕྱིན་པའི་ཕྱིར་ཕྱག་འཚལ་བ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། བསྟན་བཅོས་བྱེད་པོས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་འདུན་བསྐྱེད་པར་བྱ་ཕྱིར་རོ། །ཞེས་དང་། རྒྱ་ཆེར་རོལ་བ་ལས། བསོད་ནམས་རྣམ་སྨིན་བདེ་སྟེ་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ། །ཅེས་གསུངས་པས་སོ། །ཏེ་ཞེས། དེ་ལྟར་བྱས་ཏེ་བསྟན་བཅོས་རྩོམ་ཞེས་ལྷག་བཅས་སོ། །གཉིས་པ་ནི། བདེ་བར་གཤེགས་པ་སངས་རྒྱས་ཀྱི་ཐུགས་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའམ་སྡོམ་པ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་བསྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སམ་བསླབ་པ་ལ་འཇུག་པ་སྟེ་སྒྲུབ་པའི་ཐབས་སམ་ཚུལ་ཚང་ལ་ནོར་སྟོན་པ་འདི་ནི་ཕོ་ཚོད་དང་རང་བཟོ་མ་ཡིན་པར་རྒྱལ་བའི་བཀའ་ལུང་ཇི་ལྟར་བ་བཞིན་དུ་མདོར་བསྡུས་ཤིང་གོ་སླ་བར་བྱས་ནས་འདིར་ནི་བརྗོད་པར་སྟེ། དེ་ལ་ལུང་བཞིན་ཞེས་པ་ཡིད་ཆེས་པའི་ཕྱིར་ཏེ། ཚད་མ་རྣམ་འགྲེལ་ལས། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པ་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་པས་སོ། །དེ་ལྟ་ན་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀྱི་དཔལ་བེའུ་རུ་བསྐྱིལ། མགུལ་གྱི་བུམ་པ་ནས་ཕྱིར། ལྗགས་ཀྱི་པདྨ་རུ་བཀྲམ། དུང་གི་ཚེམས་བར་ནས་ཕྱར་ཏེ། གསུངས་པའི་རྒྱལ་བའི་བཀའ་དྲི་མ་མེད་པའི་སྡེ་སྣོད་རིན་པོ་ཆེ་འདི་སྙེད་མ་ཉམས་པར་ཡོད་བཞིན་དུ་འདི་ཉིད་བརྩམ་པས་ཟློས་པར་འགྱུར་བ་ལས་དགོས་པ་མེད་དོ་སྙམ་ན། སྐྱོན་དེ་དག་མེད་དེ། རྒྱལ་བའི་བཀའ་རྒྱ་ཆེ། ལུང་གྲངས་མང་པས་སྙིགས་དུས་ཀྱི་སེམས་ཅན་ཚེ་ཐུང་ཞིང་། ཤེས་བརྩོན་ཞན་པར་མ་ཟད་རྨོངས་ཤིང་ལེ་ལོས་གཞན་དབང་དུ་གྱུར་པ་རྣམས་ཀྱིས་དེ་སྙེད་ཤེས་དཀའ་ཞིང་ཉམས་ལེན་དུ་བསྡུ་མི་ཤེས་པ་རྣམས་ལ་བརྩེ་བ་ཆེན་པོས་དགོངས་ཏེ། ཤེས་སླ་ཞིང་ཉམས་ལེན་དུ་བསྡུ་བདེ་བའི་ཆེད་དུ་འཐོར་བ་རྣམས་བསྡུས་ཏེ་སྒྲུབ་པ་ཉམས་ལེན་གྱི་བསྟན་བཅོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚང་ལ་མ་ནོར་བ་འདི་ཉིད་བརྩམ་པར་བྱའོ་ཞེས་དམ་བཅས་པའོ། །སྤྱིར་བསྟན་བཅོས་ལ། འཁྲུགས་པ་བསྡེབ་པའི་བསྟན་བཅོས། གབ་པ་འབྱིན་པའི་བསྟན་བཅོས། འཐོར་བ་སྡུད་པའི་བསྟན་བཅོས། སྒྲུབ་པ་ཉམས་ལེན་གྱི་བསྟན་བཅོས་བཞི་ལས་འདི་ནི་ཕྱི་མ་གཉིས་ཀྱི་དབང་དུ་མཛད་པའོ། །དེ་ལྟར་དམ་པ་རྣམས་ནི་གང་དམ་བཅས་པའི་ཁུར་ནམ་དུའང་མི་འདོར་བས་རྩོམ་པ་མཐར་ཕྱིན་པའི་དགོས་པ་ཡོད་དེ། ཤེས་རབ་སྡོང་བུ་ལས། དམ་པས་མང་པོ་ཁས་འཆེ་མི་བྱེད་ཅིང་། །གལ་ཏེ་དཀའ་ལས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ནི། སྔོན་ཆད་སངས་རྒྱས་བཅོམ་ལྡན་འདས་དང་ཀླུ་ཐོགས་སོགས་ཀྱིས་མ་གསུང་བའམ་མ་བྱུང་བ་དོན་ཟབ་མོ་གཞན་ཡང་གཞུང་འདིར་བརྗོད་རྒྱུ་མེད་ལ། དེ་ལྟ་ནའང་ཚིག་སྡེབ་སྦྱོར་ཡང་། བི་བྷུ་ཏི་ཙནྡྲས། སངས་རྒྱས་བསྟན་ལ་བདག་ཉིད་ཆེ། །སྐྱེས་བུ་མང་དུ་བྱོན་གྱུར་ཀྱང་། །ཞི་བ་ལྷ་དང་འདྲ་བ་ཡི། །ཉམས་དང་དགོངས་པ་ཅན་མི་རྙེད། །ཅེས་གང་གསུངས་བ་དོན་ལ་གནས་པ་ཡིན་ནའང་ཁེངས་བ་བསྐྱུངས་ཏེ། སློབ་དཔོན་དཔའ་བོའི་སྐྱེས་རབས་སོ་བཞི་པ་དང་། རྒྱལ་པོ་དགེ་བའི་དབང་པོའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་སོགས་དོན་རྒྱལ་བའི་སྐྱེས་རབས་མདོ་སྡེར་གསུངས་པ་དེ་ཉིད་ཡིན་ཀྱང་ཚིག་སྡེབ་སྦྱོར་དང་སྙན་ངག་གིས་བཅིངས་པས་མཁས་པ་མགུ་བ་བསྐྱེད་པའི་བསྟན་བཅོས་ཡིན་པ་ལྟ་བུའི་སྡེབ་སྦྱོར་གཞན་ལས་མཆོག་ཏུ་གྱུར་བའི་མཁས་པའང་ཞི་བ་ལྷ་བདག་ལ་ཡོད་པ་མིན་ཏེ། རྒྱུ་མཚན་དེ་དག་གི་ཕྱིར་ན་སྤྱོད་འཇུག་འདི་ཉིད་རྩོམ་པས་གཞན་དོན་རྒྱ་ཆེན་པོ་ཞིག་འོང་ངོ་སྙམ་པའི་བསམ་པའང་བདག་ལ་མེད་ཅེས་ཚིག་དང་དོན་ལ་མཁས་པའི་ང་རྒྱལ་སྤངས་པའོ། །འོ་ན་འདི་ཉིད་བརྩོམ་པ་ལ་དགོས་པ་ཅི་ཡོད་སྙམ་ན། རང་གི་ཡིད་ལ་བསམ་པ་བྱང་ཆུབ་ཀྱི་སེམས་དང་སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒོམ་ཞིང་གོམས་ཆ་ལོན་པ་ལ་འཆད་རྩོད་རྩོམ་གསུམ་ལས་རྩོམ་པ་མཆོག་ཏུ་འགྱུར་བའི་ཕྱིར་ངས་གཞུང་འདི་ཉིད་བརྩམས་པ་ཡིན་ཏེ། སློབ་དཔོན་ཙནྡྲ་གོ་མིས། གང་ཕྱིར་མཁས་པའི་ལས་གསུམ་ལས། །འཆད་རྩོད་གཉིས་ལ་མ་ངེས་པ། །སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ། །ཞེས་གསུངས་པས་སོ། །འདིའི་དགོས་པ་ཡང་། ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས་ཞེས་སེམས་ང་རྒྱལ་གྱིས་ཁེངས་ན་ལུང་དང་རྟོགས་པའི་དམ་པའི་ཡོན་ཏན་གྱི་ཆུ་མི་འཛིན་པར་མ་ཟད་བདུད་ཀྱིས་བསླུ་བར་འགྱུར་ཞིང་བརྩོམ་པའི་བསྟན་བཅོས་ཀྱང་གཞན་དོན་དུའང་མི་འགྱུར་བའི་སྐྱོན་རྣམས་སྤངས་པའི་ཆེད་དུ་ཡིན་ནོ། །བཞི་པ། དེ་ལྟར་ན་རང་གིས་ཤེས་པས་ཆོག་མོད། འདི་ཉིད་རྩོམ་པ་ལ་དགོས་པ་ཅི་ཡོད་ཅེ་ན། དགེ་བ་བྱང་ཆུབ་ཀྱི་སེམས་དང་སྤྱོད་པ་ཕ་རོལ་དུ་ཕྱིན་པ་དྲུག་ཉིད་བསྒོམ་པའམ་གོམས་པར་བྱ་བའི་ཕྱིར་རམ་ཆེད་དུ་བདག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དང་འདོད་ཡིད་ཆེས་ཀྱི་དད་པའི་ཤུགས་སམ་རྒྱུན་སྤྱོད་འཇུག་རྩོམ་པ་འདི་དག་གིས་ཀྱང་དུས་རེ་ཞིག་གོང་འཕེལ་དུ་འགྱུར་ལ། ཡང་ཡང་འདྲེས་ཤིང་བསྒོམ་ན་གཏན་དུ་གོང་འཕེལ་དུ་ཆེས་ཆེར་འགྱུར་རོ་ཞེས་རང་སྤྲོ་བ་བསྐྱེད་པ་དང་། དམན་ས་བཟུང་སྟེ་བདག་དང་སྐལ་བ་མཉམ་པ་སྟེ་རིགས་འདྲ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་དོན་དུ་གཉེར་ཞིང་གཟུ་བོར་གནས་པ་གཞན་གྱིས་ཀྱང་ཅི་སྟེ་སྤྱོད་འཇུག་འདི་དག་མཐོང་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དགའ་ཞིང་སྤྲོ་བས་འཇུག་པ་ལ་སོགས་པའི་དོན་ཡོད་པར་འགྱུར་སྲིད་ཅེས་གཞན་སྤྲོ་བ་བསྐྱེད་པའོ། །དེའི་དགོས་པ་ཡང་། རང་ཧ་ཅང་སེམས་ཞུམ་པས་སྒྱིད་ལུགས་ནའང་ཡོན་ཏན་སྐྱེ་བའི་སྣོད་དུ་མི་རུང་བས་སེམས་སྤྲོ་བ་བསྐྱེད་དེ་གཟིངས་བསྟོད་པའོ། །དེ་ཡང་སེམས་ཧ་ཅང་ང་རྒྱལ་གྱིས་མཐོ་བ་དང་ཞུམ་བས་དམའ་བ་གཉིས་ཡོན་ཏན་ཁྱད་པར་ཅན་རང་རྒྱུད་ལ་སྐྱེ་བའི་གེགས་སུ་འགྱུར་བར། ཡབ་སྲས་མཇལ་བའི་མདོ་ལས། བཅོམ་ལྡན་འདས་ཀྱིས་ཡབ་རྒྱལ་པོ་ཟས་གཙང་མ་བདེན་པ་ལ་བཀོད་ཚུལ་གྱི་ལོ་རྒྱུས་བཞིན་ནོ། །དེ་ལྟར་རྒྱུ་བཞི་པོ་འདི་ནི་རྩོམ་པ་ཙམ་དུ་མ་ཟད་འཆད་ཉན་སྒོམ་པ་སོགས་གང་དང་གང་ལ་དེ་དང་དེར་བར་ཆད་མི་འབྱུང་བ་དང་། མཐར་ཕྱིན་པ་དང་། སེམས་ང་རྒྱལ་གྱིས་ཁེངས་པ་སྤངས་བ་དང་། ལེ་ལོས་སེམས་ཞུམ་པ་སྤང་དགོས་པས་འདི་བཞི་དང་ལྡན་ན་བྱ་བ་གང་རྩོམ་པ་ཐམས་ཅད་ལེགས་པར་འགྲུབ་སྟེ། སྐྱེ་བོ་ཡ་རབས་ཀྱི་ཆོས་ལུགས་ཡིན་པའི་ཕྱིར་རོ། །དེ་བཞིའི་ཤུགས་ཀྱིས་དགོས་སོགས་ཆོས་བཞི་ཡང་བསྟན་ཏེ། བརྗོད་བྱ་ནི་བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི་ཞེས་པས་དང་། དགོས་པ་ནི། ལུང་བཞིན་མདོར་བསྡུས་སོགས་ཀྱིས་མཐོང་བ་དོན་ཡོད་པར་འགྱུར། ཞེས་པས་དང་། ཉིང་དགོས་ནི་བདེ་གཤེགས་ཆོས་ཀྱི་སྐུ་མངའ་བ་སྲས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་དེ་ཐོབ་བྱའི་འབྲས་བུ་བླ་ན་མེད་པའོ། །འགྲེལ་བ་ནི་ཕྱི་མ་རྣམས་སྔ་མ་རྣམས་མེད་ན་མི་འབྱུང་བའོ། །དེ་དག་གི་དགོས་པ་ཡང་གཞན་དག་ཡིད་ཆེས་བའམ་དོན་འགྱུར་གྱི་ཐེ་ཚོམ་གྱིས་འཇུག་པའམ། གཞན་གྱི་ལོག་རྟོག་བཟློག་བའམ། གཞུང་མཛེས་པར་བྱེད་པའི་ཆེད་ཡིན་ཞེས་སློབ་དཔོན་རྣམས་བཞེད་ཚུལ་གྱི་ཁྱད་པར་རོ། །གཉིས་པ་རྩོམ་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན་བཤད་པ་ལ་རྒྱ་གཞུང་དུ་སྡོམ་དུ་བཀོད་པ། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་བ་མེད་པ་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་གསུངས་བ་ལྟར། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་བསྐྱེད་པར་བྱེད་པའི་ལེའུ་གསུམ། སྐྱེས་པ་མི་ཉམས་པར་བྱེད་པའི་ལེའུ་གསུམ། མི་ཉམས་པར་གོང་དུ་སྤེལ་བར་བྱེད་པའི་ལེའུ་གསུམ། དེ་ལྟར་སྤེལ་བའི་འབྲས་བུ་གཞན་དོན་དུ་བསྔོ་བའི་ལེའུ་གཅིག་སྟེ་ལེའུ་བཅུ་ས་བཅད་བཞིའི་ཁོངས་སུ་བསྡུས་ཏེ་འཆད་པར་བྱེད་པ་ལ། དང་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་བསྐྱེད་པར་བྱེད་པའི་ལེའུ་གསུམ་ལས། དང་པོ་བྲོད་པ་བསྐྱེད་པ་ཕན་ཡོན་གྱི་ལེའུ་ལ། གཞུང་དང་མཚན་ནོ། །དང་པོ་ལ་བྱང་ཆུབ་སེམས་ཀྱི་རྟེན་དང་། བརྟེན་པ་སེམས་བསྐྱེད་ཀྱི་ཕན་ཡོན་བཤད་པ་གཉིས་ལས། དང་པོ་ལ་ལུས་རྟེན་བཤད་པ་དང་། སེམས་རྟེན་བཤད་པ་གཉིས་ལས། དང་པོ་ནི། དེ་ལ་འདིར་ལུས་རྟེན་ཕུན་ཚོགས་ཀྱི་དབང་དུ་མཛད་དེ་བྲལ་ངོས་ནས་དལ་བ་དང་། ལྡན་ངོས་ནས་འབྱོར་བ་སྟེ། ཀླུ་སྒྲུབ་ཀྱིས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཚེ་རིང་ལྷ་དང་ཀླ་ཀློ་དང་། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་དང་། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་པས་མི་ཁོམས་པ་བརྒྱད་དང་བྲལ་བས་དལ་བ་བརྒྱད་དང་། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་རང་འབྱོར་ལྔ་དང་། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་གཞན་འབྱོར་ལྔ་སྟེ། དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་འདི་ནི་རྒྱུ་དཔེ་གྲངས་གང་ལ་བསམ་ན་རྙེད་པར་ཤིན་ཏུ་དཀའ་བ་ཡིན་ཏེ། རྒྱུ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། སྦྱིན་པ་ལ་སོགས་པ་དྲུག་གིས་གྲོགས་བྱས། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བ་ཞིག་དགོས་པ་ལ་བསམ་ན་དང་། དཔེ་ཡང་རྒྱ་མཚོ་ཆེན་པོའི་གཏིང་དུ་གནས་པའི་རུ་སྦལ་ལོང་བ་ལོ་བརྒྱ་རེའི་མཚམས་སུ་མཚོ་སྟེང་དུ་ལན་རེ་འོང་བའི་མགྲིན་པ་གཉའ་ཤིང་གི་བུ་ག་དང་འཕྲད་པ་ལས་ཀྱང་རྙེད་དཀའ་བ་ལ་བསམ་ན་དང་། གྲངས་ཡང་དམྱལ་བ་ནས་ཆེན་པོའི་རྡུལ་ལྟ་བུ་དང་། ཡི་དྭགས་ན་ཆུ་བོ་གང་གའི་བྱེ་མ་སྙེད་ལྟ་བུ་དང་། དུད་འགྲོ་ན་ཆང་འགག་གི་སྤང་མ་ལྟ་བུ། ལྷ་མ་ཡིན་ལ་ཁ་བ་བུ་ཡུག་འཚུབ་པ་ལྟ་བུ། ལྷ་མི་ལ་སེན་མོའི་སྟེང་གི་རྡུལ་ལྟ་བུ་དང་། ཡང་ཉིན་མཚན་གྱི་སྐར་མའི་དཔེས་གྲངས་མང་ཉུང་ལ་བསམ་ན་རྙེད་པར་ཤིན་ཏུ་དཀའ་བ་འདི་ད་རེས་བླ་མ་དཀོན་མཆོག་གི་ཐུགས་རྗེ་དང་རང་གི་ལས་དབང་བཟང་པོ་ཞིག་གིས་སྐྱེས་བུའི་སྟེ། སྐྱེས་བུ་གསུམ་དོན་མངོན་མཐོ་དང་ངེས་ལེགས་གང་སྒྲུབ་ན་འགྲུབ་པར་ནུས་པའི་དལ་འབྱོར་འདི་རྙེད་པའམ་ཐོབ་པར་གྱུར་པ་ལ། གལ་ཏེ་ལུས་རྟེན་འདི་ལ་རང་གཞན་ལ་ཕན་པ་དམ་པའི་ཆོས་ཞིག་མ་བསྒྲུབས་པར་ཡེངས་མ་ལམ་དུ་མི་ཚེ་སྟོང་ཟད་དང་དལ་འབྱོར་དོན་མེད་དུ་བྱས་ཏེ་བསྡད་ན། ནམ་འཆི་ཆ་མེད། འཆི་རྐྱེན་ངེས་པ་མེད་པས་དུས་དོ་ནུབ་ཙམ་དུའང་མི་འཆི་བའི་ངེས་པ་མེད་པས་ཤི་བར་གྱུར་ན་ཕྱིན་ཆད་དམ་ཕྱིས་སུ་ནི་མི་ལུས་འདི་འདྲ་བ་ཡང་དག་པར་འབྱོར་པར་ག་ལ་འགྱུར་ཏེ། འཐོབ་པར་མི་འགྱུར་བས་དལ་འབྱོར་དོན་མེད་ཆུད་ཟོས་སུ་མ་བྱེད་ཅིག་ཅེས་གདམས་ཏེ། དེས་ན་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་དང་མཇལ། ཟབ་མོའི་གདམས་པ་ཐོབ་པའི་དུས་འདིར་རྙེད་པར་དཀའ་ཞིང་འཇིག་སླ་བ་རྙེད་ན་དོན་ཆེ་བའི་ཚུལ་ལ་ཡང་ཡང་བསམ་སྟེ་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཆེ་བཞག་ཆུང་བསྒྱུར་གྱིས་རང་མགོ་ཉི་མ་ཆོས་ཀྱིས་བཏོན་ཏེ་མྱུར་བ་ཉིད་དུ་དལ་འབྱོར་ལ་སྙིང་པོ་ལོན་པར་བྱ་དགོས་ཏེ། དཔལ་མར་མེ་མཛད་ཀྱི་ཞལ་ནས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་གྱིས། །ཞེས་གདམས་པར་མཛད་པ་བཞིན་ནོ། །གཉིས་པ་ནི། དཔེ་ཇི་ལྟར་ན་ཉི་མ་མེད་པའི་མཚན་མོ། །ཟླ་བ་མེད་པའི་མུན་ནག་སྐར་མ་མེད་པའི་སྤྲིན་རུམ་ན་གློག་འགྱུ་བའི་རྐྱེན་གྱིས་དུས་སྐད་ཅིག་མ་ཙམ་ལ་གཟུགས་རབ་ཏུ་སྣང་བ་སྟོན་པ་ལྟར། དཔེ་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཉི་མ་མ་ཤར་བའི་མཚན་མོ། །བླང་དོར་གྱི་གནས་མི་ཤེས་པའི་མུན་ནག །རྒྱུད་དུག་ལྔ་དུག་གསུམ་གྱིས་བསྒྲིབས་པའི་སྤྲིན་རུམ་ལྟ་བུ་འདིར། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་འོད་ཟེར་དང་། རང་རང་གི་སྔོན་བསགས་བསོད་ནམས་ཀྱི་སྟོབས་གཉིས་གོང་འཛོམས་པའི་མཐུ་ཡིས་བརྒྱ་ལམ་རེས་འགའ་ཞིག་ན་རྨོངས་པའི་མུན་ནག་གིས་བཀབ་པའི་འཇིག་རྟེན་ཏེ་སོ་སོའི་སྐྱེ་བོའི་རྒྱུད་ལ་བསོད་ནམས་ཏེ་དགེ་བ་བསྒྲུབ་པར་འདོད་པའི་བློ་གྲོས་ཀྱི་སྣང་བའམ་དོན་གཉེར་གྱི་འདུན་པ་ཐང་འགའ་སྟེ་བརྒྱ་ལན་རེ་སྟོང་ལན་གཉིས་ཙམ་འབྱུང་གི་ལན་མང་པོ་དང་རྒྱུན་རིང་པོར་མི་འབྱུང་བས་ཤིན་ཏུ་དཀོན་པས་ན་དགེ་བ་སྒྲུབ་འདོད་ཀྱི་བློ་རེ་སྐྱེས་ན་ལོང་བའི་ལག་གི་བ་རྔ་ལྟར་དེ་ཉིད་མི་ཉམས་ཤིང་གོང་དུ་སྤེལ་བའི་ཕྱིར་བློ་སྣ་བསྟུང་སྟེ་བློ་ཕར་མི་འདྲི། གྲོས་མར་མི་བྱེད། བློ་ཐག་རང་གིས་བཅད་དེ། རང་སྣ་མི་ལག་ཏུ་མི་གཏོད་པར་སྣ་ཐག་རང་མགོར་དཀྲིས་ནས་དགྲ་གཉའ་རིང་དུ་བཏང་། ཞིང་ཐ་རེང་དུ་བྱས་ཏེ། བཀའ་གདམས་གོང་མའི་ཆོས་པའི་ཕུག་ནོར་བཅུ་དང་། ཆོས་རྗེ་གཙང་བ་རྒྱ་རས་ཀྱི་དྲག་སྔགས་གསུམ་བཅས་དང་ལེན་གྱིས་དམ་པའི་ཆོས་ཡང་དག་པར་བསྒྲུབ་པར་བྱའོ་སྙམ་དུ་དམ་བཅའ་ཞིག་འཇུག་པར་བྱ་དགོས་སོ། །དེ་ལ་ཕུག་ནོར་བཅུ་ནི། མི་གྲལ་ནས་བུད། ཁྱི་གྲལ་བསྙེགས། ལྷ་གྲལ་ཐོབ་ཅེས་བུད་བསྙེགས་ཐོབ་གསུམ་དང་། བློ་ཕུག་ཆོས་ལ་གཏད། ཆོས་ཕུག་སྤྲང་ལ་གཏད། སྤྲང་ཕུག་ཤི་ལ་གཏད། ཤི་ཕུག་བྲག་ཁུང་སྐམ་པོ་ལ་གཏད་ཅེས་གཏད་ས་བཞི་དང་། ཐེབས་མེད་རྡོ་རྗེ་སྔོན་ལ་བཏང་། ཁྲེལ་མེད་རྡོ་རྗེ་རྗེས་ལ་བཞག །ཡེ་ཤེས་རྡོ་རྗེ་རང་དང་འགྲོགས། ཞེས་རྡོ་རྗེ་གསུམ་སྟེ་བཅུའོ། །དྲག་སྔགས་གསུམ་ནི། ཅི་ཡོངས་བ་ཤོག །གང་ལྟར་འགྲོ་བ་སོང་། ཅིས་ཀྱང་དགོས་པ་མེད། ཅེས་སོ། །གཉིས་པ་བརྟེན་པ་སེམས་བསྐྱེད་ཀྱི་ཕན་ཡོན་ལ། སེམས་བསྐྱེད་སྤྱིའི་ཕན་ཡོན། སྨོན་འཇུག་སོ་སོའི་ཕན་ཡོན། སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་གི་ཆེ་བ་བཤད་པ་དང་གསུམ་ལས། དང་པོ་ལ། དགེ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕན་ཡོན། མིང་དོན་གནས་འགྱུར་བའི་ཕན་ཡོན། ཕན་ཡོན་དཔེའི་སྒོ་ནས་བསྟན་པ་དང་གསུམ་ལས། དང་པོ་ནི། གོང་དུ་བཤད་པ་དེ་ལྟས་ཏེ་དེ་ལྟ་བས་ན་དགེ་བ་སྒྲུབ་འདོད་ཀྱི་བློ་ནི་གློག་འགྱུ་བ་དང་འདྲ་བར་ཉམས་སྟོབས་ཆུང་བ་ཉིད་ཡིན་ལ་དུས་རྟག་ཏུ་སྡིག་པ་མི་དགེ་བའི་བློ་ནི་སྤྲིན་རུམ་གྱི་མུན་ནག་ལྟར་སྟོབས་ནུས་ཆེན་པོས་ངན་སོང་དུ་འཕེན་ཅིང་ཤིན་ཏུ་བཟློག་དཀའ་བས་མི་བཟད་པ་དེ་ནི་རྫོགས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཉི་མ་ལྟར་རབ་ཏུ་སྣང་བ་འདི་ཉིད་མིན་པ་སྟེ་འདི་ཉིད་མ་གཏོགས་དགེ་བ་ཕལ་བ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར་ཏེ། མི་འགྱུར་ལ། དེའི་རྒྱུ་མཚན། བསྐལ་པ་གྲངས་མེད་གསུམ་སོགས་དུ་མར་མཐའ་ཡས་པའི་སེམས་ཅན་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་པ་དང་བདེ་བའི་ཐབས་འབའ་ཞིག་ལ་རབ་ཏུ་དགོངས་པར་མཛད་པ་ཡི་ཐུབ་དབང་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་སྔར་བྱས་ཀྱི་སྡིག་པ་གདགས་པ། ཕྱིན་ཆད་ཀྱི་སྡིག་རྒྱུན་གཅོད་པ། རང་རྒྱུད་ཀྱི་ཉོན་མོངས་ཟིལ་གྱིས་གནོན་པ། དགེ་བའི་རྩ་བ་ཕྲ་མོ་ཡང་གོང་དུ་སྤེལ་བ། མཐར་ཐུག་བྱང་ཆུབ་ཆེན་པོ་འཐོབ་པ་ལ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཀྱིས་ཕན་པར་གཟིགས་ཤིང་གདུལ་བྱ་རྣམས་ལ་བསྟན་པར་མཛད་དེ། བྱང་ཆུབ་ཀྱི་སེམས་འདིས་ནི་གྲངས་དང་ཚད་གཞལ་དུ་མེད་པའི་སྐྱེ་བོའི་ཚོགས་རྣམས་ཀྱིས་གནས་སྐབས་ཀྱི་ཕན་པ་དང་། མཐར་ཐུག་གི་བདེ་མཆོག་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཉིད་དུ་སྟེ་དཀའ་ཚེགས་མེད་པར་དུས་གསུམ་ཀུན་ཏུ་ཐོབ་པར་བྱེད་པའི་ཕྱིར་རོ། །དེས་ན་རང་གི་སྲིད་པའི་སྡུག་བསྔལ་སྐྱེ་རྒ་ན་འཆི་ལ་སོགས་པ་བརྒྱ་ཕྲག་མང་པོ་གཞོམ་པར་འདོད་ཅིང་ཐབས་ལ་འཇུག་པ་དང་། གཞན་སེམས་ཅན་རྣམས་ཀྱི་འདི་དང་ཕྱི་མའི་མི་བདེ་བ་ཐམས་ཅད་བསལ་བར་འདོད་པ་དང་། རང་གཞན་ཐམས་ཅད་ཀྱིས་གནས་སྐབས་དང་མཐར་ཐུག་གི་བདེ་བ་མང་པོ་བརྒྱ་ཕྲག་དུ་མར་སྤྱོད་པར་འདོད་པས་ཀྱང་གང་འདོད་འགྲུབ་པའི་ཐབས་བྱང་ཆུབ་ཀྱི་སེམས་འདི་ཉིད་དུས་རྟག་ཏུ་གཏང་བར་མི་བྱ་སྟེ་རང་རྒྱུད་ལ་བཟུང་བར་བྱའོ། །གཉིས་པ་ནི། ལུས་ལ་ཕོ་མོ། ན་ཚོད་ལ་རྒན་གཞོན། རིགས་ལ་བཟང་ངན་མེད་པར། རང་རྒྱུད་ལ་རིན་ཆེན་བྱང་ཆུབ་ཀྱི་སེམས་འདི་ཉིད་སྐྱེས་པར་གྱུར་ན་སྐད་ཅིག་གིས་ཏེ་སྐྱེས་མ་ཐག་པའི་སྐད་ཅིག་དེ་ཉིད་ལ་སྔར་འཁོར་བའི་བརྩོན་རར་ལས་དང་ཉོན་མོངས་པའི་ལྕགས་སྒྲོག་གིས་བསྡམས་པས་ཉམས་ཐག་པའི་སེམས་ཅན་རྣམས་ཀྱང་མིང་གནས་འགྱུར་ཏེ་བདེ་བར་གཤེགས་པ་རྣམས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ཞེས་མིང་གི་ཅོད་པཎ་དཔྱང་ཞིང་བརྗོད་པར་བྱ་བར་འགྱུར་ཞིང་། དོན་གནས་འགྱུར་ཏེ་འཇིག་རྟེན་པ་ལྷ་དང་མིར་བཅས་པས་ཕྱག་བྱར་ཏེ་ཕྱག་མཆོད་བཀུར་སྟི་བྱ་བའི་གནས་སུ་འགྱུར་ཞིང་། དེར་མ་ཟད་བྱང་ཆུབ་སེམས་དཔའ་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་བཀུར་སྟི་བྱ་རུང་སྟེ། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་རྣམས་ཀྱི་བླ་མ་ཡིན་པའི་ཕྱིར་རོ་གསུངས། གསུམ་པ་ལ་གསེར་འགྱུར་གྱི་དཔེས་སངས་རྒྱས་ཐོབ་པར་བསྟན་པ། རིན་པོ་ཆེའི་དཔེས་དོན་ཆེ་བར་བསྟན་པ། འབྲས་བུ་ཅན་གྱི་ལྗོན་ཤིང་གི་དཔེས་དགེ་རྩ་མི་ཟད་ཅིང་གོང་དུ་འཕེལ་བར་བསྟན་པ། སྐྱེལ་མ་དཔའ་བོའི་དཔེས་ངེས་པའི་སྡིག་པ་ཟིལ་གྱིས་གནོན་པར་བསྟན་པ། དུས་མཐའི་མེའི་དཔེས་མ་ངེས་པའི་སྡིག་པ་དྲུང་ནས་འབྱིན་པར་བསྟན་པ། འདིར་མ་བཤད་པ་གཞུང་གཞན་དུ་ཞལ་འཕང་བ་དང་དྲུག་ལས། དང་པོ་ནི། དཔེ་གསེར་འགྱུར་གྱི་རྩི། དཔེ་ཅན་བྱང་ཆུབ་ཀྱི་སེམས། མཚུངས་ཆོས་ངན་པ་ཞིག་བཟང་པོར་བསྒྱུར་བ་སྟེ། དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བའི་གསེར་འགྱུར་གྱི་རྩི་ཡི་རྣམ་པ་མཆོག་ཏུ་གྱུར་པ་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་བཟང་པོར་བསྒྱུར་ནུས་པ་ལྟ་བུར་མི་གཙང་བའི་རྫས་མང་པོའི་རང་བཞིན་དུ་གྱུར་པའི་ལུས་དམན་པ་འདི་ཉིད་ཉན་ཐོས་ལྟར་འདོར་འདོད་ཀྱི་བློ་མི་བསྐྱེད་པར་གཞན་དོན་དུ་ཚེ་རབས་མང་པོར་དང་དུ་བླངས་ནས་བྱང་ཆུབ་སེམས་ཀྱིས་ཟིན་ན་རྒྱལ་བའི་སྐུ་སྲིད་ཞིའི་རྒུད་པ་མཐའ་དག་ལས་སྐྱོབ་ཅིང་དོན་གཉིས་ཕུན་སུམ་ཚོགས་པ་རྩོལ་བའི་ཡིད་བཞིན་གྱི་ནོར་བུ་རིན་ཆེན་རིན་ཐང་གཞན་དུ་མེད་པའི་ཡོན་ཏན་དང་ལྡན་པར་བསྒྱུར་བས་ན་ནུས་པ་དེ་ལྟ་བུའི་རྩི་ཁྱད་པར་ཅན་བྱང་ཆུབ་ཀྱི་སེམས་ཞེ་བྱ་བ་འདི་ཉིད་རབ་ཏུ་བརྟན་ཞིང་གཡོ་བ་མེད་པར་ཟུངས་ཤིག་ཅེས་གདམ་པ་ལྟར་རང་གིས་བཟུང་བར་དམ་བཅའ་དགོས་སོ། །གཉིས་པ་ནི། དཔེར་ན་རྒྱ་མཚོའི་གླིང་དུ་འགྲོ་བའི་ཚོང་པ་རྣམས་ཀྱིས་དེད་དཔོན་མཁས་པ་བསྟེན་ཅིང་དེས་བརྟགས་པའི་ནོར་བུ་ལ་མཆོག་ཏུ་འཛིན་པ་ལྟར་ཐར་པ་དང་ཐམས་ཅད་མཁྱེན་པའི་གླིང་དུ་འགྲོ་བའི་སྟེ་འགྲོ་བར་འདོད་པ་རྣམས་ཀྱི་དེད་དཔོན་གཅིག་པུ་སྟེ་འགྲན་ཟླ་དང་བྲལ་བའི་སངས་རྒྱས་ཉིད་ཀྱི་ཚད་མེད་པའི་བློས་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ནོར་འཁྲུལ་མེད་པར་ལེགས་པར་ཡོངས་སུ་སྟེ་བསྐལ་བར་བརྟགས་ན་དམ་པའི་ཆོས་ཀུན་ལས་བྱང་ཆུབ་ཀྱི་སེམས་འདིས་སངས་རྒྱས་ཐོབ་པར་འགྱུར་བས་ན་རིན་ཆེ་བས་ཏེ་ཕན་ཡོན་ཆེ་བར་གཟིགས་ཤིང་གདུལ་བྱ་རྣམས་ལ་བསྟན་པར་མཛད་པ་དེས་ན། རིགས་དྲུག་གིས་བསྡུས་པའི་འགྲོ་བའི་གནས་རིས་ཀྱི་སྡུག་བསྔལ་མཐའ་དག་དང་བྲལ་བར་འདོད་པ་རྣམས་ཀྱིས་རིན་ཆེན་བྱང་ཆུབ་ཀྱི་སེམས་དེ་ལེགས་པར་ཏེ་སྦྱོར་དངོས་རྗེས་གསུམ་ཚང་བས་རང་རྒྱུད་ལ་འཛིན་ཅིང་། དྲན་ཤེས་བག་ཡོད་ཀྱིས་མི་ཉམས་པར་བརྟན་པར་བཟུང་བར་བྱའོ། །གསུམ་པ་ནི། བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དགེ་བ་གཞན་གང་ཇི་སྙེད་པ་ཀུན་ནི་ཆུ་ཤིང་གི་སྡོང་པོ་རྣམས་ནི་འབྲས་བུ་ལན་གཅིག་སྨིན་ནས་རྩ་བ་ཟད་དེ་སླར་མི་སྐྱེ་བ་བཞིན་དུ་ནི་བསོད་ནམས་ཆ་མཐུན་གྱི་དགེ་བས་མངོན་མཐོའི་འབྲས་བུ་བསྐྱེད་ནས་འཛད་ཅིང་། ཉན་རང་གི་ཕུང་པོ་ལྷག་མེད་དུ་ཟད་པར་འགྱུར་བ་ཉིད་ཡིན་ལ། བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་བ་ནི་དཔག་བསམ་གྱི་ཤིང་སོགས་ལྗོན་ཤིང་བཟང་པོ་རྣམས་ནི་འབྲས་བུ་མི་ཟད་ཅིང་སླར་འཕེལ་བ་བཞིན་དུ་རྟག་པར་ཡང་རྣམ་སྨིན་གྱི་འབྲས་བུ་གནས་སྐབས་ལྷ་མིའི་བདེ་འབྲས་ཕུན་སུམ་ཚོགས་པ་རྒྱ་ཆེན་པོ་ཐོབ་ཅིང་མི་འཛད་ལ། རྒྱུ་མཐུན་གྱི་འབྲས་བུ་གོང་འཕེལ་དུ་གྱུར་ནས་མཐར་ཐུག་སངས་རྒྱས་ཀྱི་སྐུ་བསོད་ནམས་ཀྱི་ཕུང་པོའི་ནང་དུ་བགྲང་དུ་ཡོད་པའི་འབྲས་བུ་རྒྱ་ཆེན་པོ་འབྱིན་པས་ཀྱང་མི་ཟད་ཅིང་གོང་ནས་གོང་དུ་ལྷག་པར་འཕེལ་བར་འགྱུར་བ་ཡིན་ནོ། །བཞི་པ་ནི། ཆོས་སྤང་གི་ལས་སོགས་དཀོན་མཆོག་གསུམ་ལ་གནོད་པ་དང་མཚམས་མེད་པ་ལ་སོགས་པའི་སྡིག་པ་ཤིན་ཏུ་མི་བཟད་པ་དམྱལ་བ་མནར་མེད་པའི་སྡུག་བསྔལ་མྱོང་ངེས་བྱས་པ་ཡིན་ན་ཡང་། དཔེར་ན་ཕ་བསད་པའི་ཉེས་ཅན་གྱི་མི་ཞིག་སྐྱེལ་མ་དཔའ་བོ་ལ་བརྟེན་ནས་ཕ་དེའི་བུའི་དྲུང་དུ་སོང་ནའང་བུའི་ཤ་ལེན་སྙོགས་པའི་དགྲའི་གནོད་པའམ་འཇིགས་པ་ཆེན་པོ་ལས་ཡུད་ཙམ་གྱིས་སྒྲོལ་བ་ལྟར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གང་ལ་བརྟེན་ནས་སྡིག་ཆེན་དེའི་འབྲས་བུ་དམྱལ་བའི་སྡུག་བསྔལ་ལས་ཡུད་ཀྱིས་ཏེ་ཡུད་ཙམ་གྱིས་སྒྲོལ་བར་འགྱུར་བ་སྟེ། དེར་མི་སྐྱེ་ཞིང་སྐྱེས་ནའང་དར་གྱི་ཕོ་ལོང་བསྡབས་པ་ཙམ་ལས་མི་མྱོང་བར་ཐར་བར་འགྱུར་བས་ན་བྱང་ཆུབ་ཀྱི་སེམས་དེ་ལ་སྡིག་པ་ལ་སྐྲག་ཅིང་བག་ཡོད་པ་ཅན་རྣམས་ཀྱིས་ཅིས་མི་བརྟེན་ཏེ་ཤིན་ཏུ་བརྟེན་པར་རིགས་སོ། །ལྔ་པ་ནི། བྱང་ཆུབ་ཀྱི་སེམས་དེས་ནི་དུས་མཐའི་སྟེ་བསྐལ་པ་འཇིག་པའི་མེས་སྣོད་ཀྱི་འཇིག་རྟེན་རྩ་སྦུར་ཐལ་བ་ཙམ་ཡང་མི་ལུས་པར་ལྷག་མེད་དུ་སྐད་ཅིག་གིས་བསྲེག་པ་བཞིན་དུ་གོང་དུ་བཤད་པ་ལས་གཞན་མི་བརྒྱ་བསད་པ་ལྟ་བུའི་སྡིག་པ་ཆེན་པོ་རྣམས་དུས་སྐད་ཅིག་གཅིག་གིས་མྱོང་བྱ་ལྷག་མེད་དུ་ངེས་པར་བསྲེག་པའམ་དག་པར་བྱེད་པས་ན་དེ་ལ་ཅིའི་ཕྱིར་མི་བསྟེན་ཏེ་བསྟེན་དགོས་སོ། །དྲུག་པ་ནི། བྱང་ཆུབ་ཀྱི་སེམས་དེ་ཡི་ཕན་ཡོན་བློས་དཔག་ཏུ་མེད་ཅིང་ཚད་གཞལ་དུ་མེད་པས་མཐའ་ཡས་པ་གཞན་དག་ནི་རྒྱལ་བའི་རྒྱལ་ཚབ་ཆེན་པོ་རྗེ་བཙུན་བྱམས་པ་མགོན་པོ་བློ་ཤེས་རབ་དང་ལྡན་པས་ཚོང་དཔོན་ནོར་རབ་ཏུ་བརྟན་པའི་བུ་བྱང་ཆུབ་སེམས་དཔའ་གཞོན་ནུ་ནོར་བཟང་ལ་དཔེ་ཉིས་བརྒྱ་དང་སུམ་བཅུའི་སྒོ་ནས་བཤད་པ་ནི་ཕལ་པོ་ཆེ་སྡོང་པོས་བརྒྱན་པའི་ལེའུ་ལས་ཤེས་པར་བྱའོ། །ཞེས་ཞལ་འཕང་བར་མཛད་དེ། ཇི་ལྟར་ན། སྡོང་པོ་བཀོད་པ་ལས། བྱང་ཆུབ་སེམས་དཔའ་ནོར་བཟང་གིས་འཕགས་པ་འཇམ་དཔལ་གྱི་དྲུང་དུ་སེམས་བསྐྱེད་ཅིང་འཇམ་དཔལ་གྱིས་ལུང་བསྟན་ཏེ་དགེ་སློང་སྤྲིན་གྱི་དཔལ་གྱི་དྲུང་དུ་མངགས་པ་བཞིན་རིམ་པ་ལྟར་དགེ་བའི་བཤེས་གཉེན་བརྒྱ་དང་བཅུ་བསྟེན་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྣ་རེ་རེ་ལས་མ་གསུངས་ཤིང་མཐར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་བྱང་ཆུབ་སེམས་དཔའ་བྱམས་པ་བཞུགས་པའི་དྲུང་དུ་བྱོན་ཚེ་རྗེ་བཙུན་བྱམས་པས་འཁོར་རྣམས་ལ་གསུངས་པ། ལྟོས་ཤིག་བསམ་པ་ཡོངས་སུ་དག་པ་འདི། །ནོར་བཟང་ནོར་རྣམས་རབ་ཏུ་བརྟན་པའི་བུ། །བྱང་ཆུབ་སྤྱོད་པ་དམ་པ་ཡོངས་འཚོལ་ཞིང་། །མཁས་པ་ང་ཡི་དྲུང་དུ་ཉེ་བར་འོང་། །ལེགས་པར་འོངས་སམ་སྙིང་རྗེ་བྱམས་བྱུང་ཁྱོད། །བྱམས་པའི་དཀྱིལ་འཁོར་ཡངས་པ་ལེགས་འོངས་སམ། །ལེགས་པར་འོངས་སམ་བལྟ་ན་རབ་ཞི་བ། །དཀའ་བ་སྤྱོད་ཚེ་དུབ་པར་མ་གྱུར་ཏམ། །རྣམ་དག་བསམ་ལྡན་ཚུར་ཤོག་འོངས་པ་ལེགས། །ཞེས་པ་ལ་སོགས་པ་གསུངས་ཏེ་དབུགས་དབྱུང་གཟེངས་བསྟོད་མཛད་པ་ལ་སྔར་གྱི་ལོ་རྒྱུས་ཞུས་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་གསུང་བར་ཞུས་པ་ན། རྗེ་བཙུན་གྱིས་ཁོང་གི་ཕོ་བྲང་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོ་ལ་ལྟོས་ཤིག་གསུངས་པ་ལྟར་མཇལ་བས་ཕོ་བྲང་གི་མིག་ཚེ་རེ་རེ་བཞིན་དབུ་དང་ཡན་ལག་གི་སྦྱིན་པ་གཏོང་བ་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རྗེ་བཙུན་བྱམས་པས་སློབ་ཚུལ་མཐོང་བས། ནོར་བཟང་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་དག་ཐུགས་སུ་ཆུད་ཅིང་། བྱམས་མགོན་གྱིས་བྱང་ཆུབ་སེམས་ཀྱི་ཕན་ཡོན་རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྱེད་པའི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་དཀར་པོའི་ཆོས་རྣམས་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །འཇིག་རྟེན་ཐམས་ཅད་རྟེན་པའི་ས་ལྟ་བུའོ། །ཞེས་པ་ནས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་དེ་ནི་ཡོན་ཏན་དེ་དག་དང་ཕན་ཡོན་གྱི་བྱེ་བྲག་ཚད་མེད་པ་གཞན་དག་དང་ཡང་ལྡན་ནོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལྟར་ཕན་ཡོན་རྣམས་ལས་སངས་རྒྱས་ཐོབ་པ། དགེ་བ་འཕེལ་བ། སྡིག་པ་འདག་པ་གསུམ་གཙོ་བོའོ། །གཉིས་པ་སྨོན་འཇུག་སོ་སོའི་ཕན་ཡོན་ལ། སྨོན་འཇུག་གི་དབྱེ་བ། ཕན་ཡོན་གྱི་ཁྱད་པར། ལུང་རིགས་ཀྱི་སྒོ་ནས་བསྒྲུབ་པ་དང་གསུམ་ལས། དང་པོ་ནི། དེ་ལ་ཐེག་པ་ཆེན་པོའི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལས་འབྱུང་བས་ན་ཐོག་མར་སེམས་བསྐྱེད་དགོས་ལ། སེམས་བསྐྱེད་དེ་ལ་དབྱེ་ན་རགས་བ་བརྡ་ལས་བྱུང་བ་ཀུན་རྫོབ་སེམས་བསྐྱེད་དང་། ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པ་དོན་དམ་སེམས་བསྐྱེད་གཉིས་ལས། དང་པོ་ནི། བྱམས་པས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་གྲོགས་དགེ་བའི་བཤེས་གཉེན་དང་འཕྲད་བ་སྔོན་གཞོན་ནུ་གསུམ་གྱིས་སངས་རྒྱས་མཆོག་ཟུང་གཉིས་དང་བཅས་པ་མཇལ་བའི་ཚེ་གཅིག་གིས་སངས་རྒྱས་དང་གཞན་གཉིས་ཀྱིས་མཆོག་ཟུང་གཉིས་སུ་སྨོན་པར་བྱས་པ་ཕྱིས་སུ་བདག་ཅག་གི་སྟོན་པ་དང་མཆོག་ཟུང་གཉིས་ཡིན་པ་ལྟ་བུ་དང་། རྒྱུ་རིགས་སད་པ་དང་། རྩ་བ་སྙིང་རྗེ་སྐྱེས་པ། ཟབ་མོས་ཆོས་ཐོས་པའི་སྟོབས་དང་། དགེ་བ་གོམས་པ་བསོད་ནམས་ཀྱི་ཚོགས་བསགས་པ་ལས་སྐྱེས་པ་སྟེ་དང་པོ་མི་བརྟན་ཞིང་ཕྱི་མ་བཞི་བརྟན་པ་ཡིན་ལ། དེའི་མཚན་གཞི་གང་བསྐྱེད་ན། སློབ་དཔོན་ཐོགས་མེད་སྐུ་མཆེད་ནི་སེམས་བྱུང་ལ་འདོད། འཕགས་སེང་གཉིས་གཙོ་སེམས་ལ་བཞེད། ཀུན་མཁྱེན་ཆེན་པོས། གཙོ་སེམས་བསྐྱེད་པས་སེམས་བྱུང་ཞར་ལ་བསྐྱེད་པར་གསུངས་པས་ན། སྔ་མ་གཉིས་ཀྱང་གཙོ་ཆེ་བ་ཙམ་ལ་དགོངས་ཏེ་གསུངས་པ་ལས་གཙོ་སེམས་བསྐྱེད་པས་སེམས་བྱུང་དང་། སེམས་བྱུང་བསྐྱེད་པས་གཙོ་སེམས་ཀྱང་བསྐྱེད་པར་འགྱུར་བས་དགོངས་པ་འགལ་མེད་དུ་གསུངས། མཚན་ཉིད། གང་གི་ཆེད་དུ་བྱ་བ་སྙིང་རྗེས་གཞན་དོན་ལ་དམིགས་པ་དང་། གང་ཆེད་དུ་བྱ་བ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་དོན་གཉིས་སམ་ཟུར་གཉིས་དང་ལྡན་པ་སྟེ། དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་དང་། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་འདོད། །ཅེས་སོ། །གཉིས་པ་དོན་དམ་སེམས་བསྐྱེད་ནི། བསྒོམ་པའི་སྟོབས་ལས་སྐྱེས་པ་སྟེ། བྱམས་པས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་ཡོངས་འཛིན་དམ་པ་རྫོགས་པའི་སངས་རྒྱས་བརྒྱ་སོགས་མཉེས་པར་བྱས་ཏེ་མན་ངག་གི་ལུང་བླངས་ནས། ཚོགས་དམ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐལ་པ་གྲངས་མེད་གཅིག་ཏུ་བསགས་པ་ལས་རྟོགས་པ་དམ་པ་ཆོས་ཐམས་ཅད་ལ་མི་རྟོག་པའི་ཡེ་ཤེས་ས་དང་པོའི་བདེན་པ་མངོན་སུམ་མཐོང་བའོ། །དབྱེ་སྒོ་གཞན་ཡང་། གཅིག་ནས་དྲུག་གི་བར་དང་། ས་མཚམས་ཀྱིས་ཡུམ་མདོ་ལྟར་ན་ཉེར་གཉིས་དང་། བློ་གྲོས་རྒྱ་མཚོས་ཞུས་མདོ་ལྟར་ན་མི་ཟད་པ་བརྒྱད་ཅུ་ལ་སོགས་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་དེ་ལ་དབྱེ་ན་མང་པོར་འགྱུར་ཡང་མདོར་བསྡུ་ན་དབྱེ་བའི་གྲངས་ངོ་བོའི་སྒོ་ནས་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། གང་ཞེ་ན། བྱང་ཆུབ་མཆོག་ཏུ་སྨོན་པའི་སེམས་བསྐྱེད་དང་ནི་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་ཡི་སེམས་བསྐྱེད་པ་ཉིད་ཡིན་ནོ། །དེ་གཉིས་ཀྱི་ཁྱད་པར་ཇི་ལྟར་ཡིན་ན། དཔེར་ན་སྐྱེས་བུ་ཞིག་འདོད་པའི་ཡུལ་དུ་འགྲོ་བར་འདོད་ཅིང་དོན་དུ་གཉེར་བར་བྱ་བ་དང་། དེའི་ལམ་དུ་དངོས་སུ་ཞུགས་པ་འགྲོ་བ་ཡི་བྱེ་བྲག་གམ་ཁྱད་པར་ཇི་ལྟར་ཡོད་པ་ཤེས་པ་ལྟར་དེ་བཞིན་དུ་མཁས་པས་སྟེ་མཁས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨོན་པ་དང་འཇུག་པའི་སེམས་འདི་གཉིས་ཀྱི་བྱེ་བྲག་ཀྱང་གོ་རིམ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་ཞེས། དཔེའི་སྒོ་ནས་བསྟན་པར་མཛད་པའི་སྨོན་འཇུག་གི་ཁྱད་པར་འདི་ལ་བཞེད་པ་མི་འདྲ་བ་མང་དུ་སྣང་སྟེ། སློབ་དཔོན་ཡེ་ཤེས་ཞབས་སོགས་ཀྱིས་སོ་སོའི་སྐྱེ་བོའི་སེམས་བསྐྱེད་སྨོན་པ་དང་། འཕགས་པའི་སེམས་བསྐྱེད་ལ་འཇུག་པར་བཞེད་པ་དང་། ཨ་བྷཱ་ཡ་དང་ཡེ་ཤེས་གྲགས་པ་ལ་སོགས་པས་ཚོགས་ལམ་པའི་སེམས་བསྐྱེད་ལ་སྨོན་པ་དང་། སྦྱོར་ལམ་ནས་འཇུག་སེམས་སུ་བཞེད། ཤནྟི་པ། རིན་ཆེན་འབྱུང་གནས། རྒྱ་མཚོའི་སྤྲིན་སོགས་ཀྱིས་བྱང་ཆུབ་ཐོབ་འདོད་ཀྱི་བློ་དེ་ཆོ་གས་མ་བླངས་པ་སྨོན་པ་དང་། བླངས་བ་ལ་འཇུག་སེམས་དང་། ཤེས་རབ་འབྱུང་གནས་སོགས་སེམས་དེ་བྱང་ཆུབ་སྤྱོད་པས་མ་ཟིན་པ་དང་། ཟིན་པ་ལ་དང་། ཇོ་བོ་ཆེན་པོས། འབྲས་བུ་སངས་རྒྱས་ལ་དམིགས་པ་སྨོན་པ་དང་། རྒྱུ་ལམ་ལ་དམིགས་པ་འཇུག་པར་བཞེད་དེ། རྒྱུ་འབྲས་ལ་དམ་བཅའ་བའི་ཁྱད་པར་དུ་བཞེད་པ་དང་གཅིག་གོ། །ཁ་ཅིག་ཕྱིར་མི་ལྡོག་མ་ཐོབ་ཀྱི་བར་སྨོན་པ་དང་། ཐོབ་ནས་འཇུག་པར་འདོད་པ་སོགས་ལས་སྐྱེ་འཕགས་ཀྱི་སེམས་བསྐྱེད་ལ། འདོད་པ་ཙམ་མ་གཏོགས་གཞན་ཕལ་ཆེར་ཞི་བ་ལྷའི་ལུང་འདིའི་རྗེས་སུ་འབྲང་བར་འདྲ་ཡང་དགོངས་པ་ལེན་ཚུལ་མི་འདྲ་ཞིང་། ཀུན་མཁྱེན་ཆེན་པོས་ནི། འབྲས་བུ་ལ་དམ་བཅའ་བ་སྨོན་སེམས་དང་རྒྱུ་ལ་དམ་བཅའ་བ་འཇུག་སེམས་སུ་གསུངས་ཤིང་། དེ་ཡང་། དཔེ་གྲོགས་ཀྱིས་དབྱེ་བ་རྣམས་ལ་ཡང་། །བསམ་པས་སྨོན་དང་སྦྱོར་བས་ཁྱབ། །ཞེས་སྨོན་འཇུག་གཉིས་རེར་གསུངས་པ་བཞིན་མདོར་ན་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྲིད་ཞིའི་སྡུག་བསྔལ་ཐམས་ཅད་དང་བྲལ་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བདག་གིས་འགོད་པར་བྱའོ་ཞེས། འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཉིད་དུ་འགྲོ་བར་འདོད་ཅིང་དོན་དུ་གཉེར་ནས་སྒྲུབ་པར་དམ་བཅའ་བ་དོན་གཉིས་སམ་ཟུར་གཉིས་དང་ལྡན་པའི་སྨོན་པའི་སེམས་བསྐྱེད་དང་། དེའི་ཆེད་དུ་རྒྱུ་ལམ་ཕ་རོལ་དུ་ཕྱིན་པ་དྲུག་སྒྲུབ་པར་དམ་བཅའ་ཞིང་བཅས་པ་བཞིན་དུ་ཞུགས་ནས་བསྒྲུབ་བཞིན་པ་འཇུག་པ་སེམས་བསྐྱེད་དེ་འགྲོ་བའི་ཚེ་ཡང་འགྲོ་འདོད་མི་འདོར་བ་བཞིན་དུ་འཇུག་སེམས་ཀྱི་དུས་ནའང་སྨོན་སེམས་ཡོད་དགོས་ལ། དེ་ལྟ་ན་བྱང་ཆུབ་ཀྱི་སེམས་གཉིས་དང་། ཚུལ་ཁྲིམས་གསུམ་དང་། སྡོམ་པ་ཞེས་ལྡོག་པའི་སྒོ་ནས་དབྱེ་ཡང་ངོ་བོ་གཅིག་སྟེ། གཞན་དོན་དུ་རྫོགས་པའི་བྱང་ཆུབ་འདོད་ནས་དགེ་བ་སྤྱོད་པ་སྨོན་འཇུག་གཉིས་དང་། དེས་རང་རྒྱུད་སྡོམ་པ་དང་། དགེ་ཚོགས་སྤེལ་བ་དང་། གཞན་དོན་བྱེད་པས་ཚུལ་ཁྲིམས་གསུམ་དང་། དེ་ཐམས་ཅད་ཀྱིས་རང་རྒྱུད་ཀྱི་མི་དགེ་བ་ཆ་དང་བཅས་པ་སྡོམ་པས་བྱང་ཆུབ་སེམས་དཔའི་སྡོམ་པ་ཞེས་བྱ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ལ་རིམས་ནད་སེལ་བ་དང་། དགོས་འདོད་འབྱུང་བ་དང་། མུན་པ་སེལ་བའི་ཆ་གསུམ་ཡོད་པ་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་གསུངས། གཉིས་པ་ནི། དེ་ལྟར་བྱང་ཆུབ་ཏུ་སྨོན་པའི་སེམས་བསྐྱེད་པ་ཙམ་ལས་ནི་འཁོར་བ་འདིར་འཁོར་ཚེ་ལྷའི་རྒྱལ་པོ་ཚངས་དབང་སོགས་དང་མིའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སོགས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པའི་འབྲས་བུ་རྒྱ་ཆེ་བ་འབྱུང་ཡང་ཇི་ལྟར་འཇུག་པའི་སེམས་བསྐྱེད་པ་བཞིན་དུ་བསོད་ནམས་སམ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་དགེ་བ་རྒྱུན་ཆགས་ཏེ་བར་མ་ཆད་དུ་འབྱུང་བ་མིན་ལ། དུས་གང་ནས་བཟུང་སྟེ་ཆེད་དུ་བྱ་བ་སེམས་ཅན་གྱི་ཁམས་མཐའ་ཡས་ཤིང་མུ་མེད་པ་སྲིད་ཞིའི་སྡུག་བསྔལ་ལས་རབ་ཏུ་དགྲོལ་བའམ་བསྒྲལ་ཏེ་སངས་རྒྱས་ཐོབ་པའི་ཕྱིར་དུ་ཕྱིན་དྲུག་ལ་སྤྱོད་པར་དམ་བཅའ་བའི་དམ་བཅའ་དེ་ལས་ཕྱིར་མི་ལྡོག་སྙམ་པ་ཡི་སེམས་ཀྱིས་སུ་འཇུག་པའི་སེམས་དེ་ཡང་དག་པར་བླངས་ཏེ་མ་ཉམས་པར་བསྲུང་བར་གྱུར་པ་སྟེ་བསྲུང་བར་བྱས་ན་དུས་དེ་ནས་བཟུང་ཏེ་གང་ཟག་དེ་གཉིད་ལོག་གམ་རྩེད་མོ་སོགས་བག་མེད་པར་གྱུར་ཀྱང་སྦྱིན་སོགས་བསོད་ནམས་ཀྱི་ཤུགས་གོང་ནས་གོང་དུ་རྒྱུན་མི་འཆད་པར་རྒྱ་ཆེ་ཞིང་ཟད་མི་ཤེས་པ་དུ་མ་ཞིག་ནམ་མཁའ་དང་མཉམ་པ་ཚད་བཟུང་དུ་མེད་བ་རབ་ཏུ་འབྱུང་ངོ་། །དེ་ལྟ་ནའང་འཇུག་སྡོམ་བླངས་ནས་སྦྱིན་སོགས་ལ་དུས་དང་དུས་སུ་ཅུང་ཟད་ཅུང་ཟད་ཙམ་དུའང་མི་སྦྱོར་ན་དགེ་བ་མི་འཕེལ་པར་མ་ཟད་དགེ་བ་ལ་མི་སྦྱོར་བའི་རྩ་ལྟུང་གི་ཉེས་པ་ཆེན་པོ་འབྱུང་བར་གསུངས། གསུམ་པ་ལུང་རིགས་ཀྱི་སྒོ་ནས་བསྒྲུབ་པ་ལ། ལུང་གི་སྒོ་ནས་བསྒྲུབ་པ་དང་། རིགས་པའི་སྒོ་ནས་བསྒྲུབ་པ་གཉིས་ལས། དང་པོ་ནི། འཇུག་སྡོམ་ཐོབ་ཅིང་མ་ཉམས་པ་ལ་ཕན་ཡོན་དེ་ལྟར་ཡོད་པ་འདི་ནི། དམིགས་ཡུལ་སེམས་ཅན་གྱི་གྲངས་དང་། བསལ་བྱ་སྡུག་བསྔལ་གྱི་རྣམས་གྲངས་དང་། ཐོབ་བྱ་སངས་རྒྱས་ཀྱི་ཡོན་ཏན་དང་། དུས་བསྐལ་བའི་ཡུན་གང་ལ་བསམ་ཀྱང་དཔག་ཏུ་མེད་པའི་ཕྱིར་ན་འཐད་པ་བཞི་དང་བཅས་པར་བྱང་ཆུབ་སེམས་དཔའ་ལག་བཟངས་ཀྱིས་ནི་ཞུས་པ་ཡི་མདོ་ལས་དམན་པ་ཉན་རང་གི་ལམ་ལ་མོས་པའི་སེམས་ཅན་གང་ཞིག་ཁ་དྲང་བའི་དོན་ཙམ་མ་ཡིན་པར་དེ་དག་གིས་བྱང་ཆུབ་སེམས་ཀྱིས་ཡོན་ཏན་དང་ཕན་ཡོན་ངེས་པ་ལ་ངེས་པར་མཐོང་ཞིང་ཤེས་པའི་དོན་གྱི་ཕྱིར་དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས་ཏེ། དེ་ལས། བདག་ནི་སེམས་ཅན་གྱི་ཚོགས་མཐའ་ཡས་པ་དེ་ལ་ཕན་པ་དང་བདེ་བའི་ཕྱིར་གོ་བགོས་ན་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་དམིགས་པ་མཐའ་ཡས་པའི་དགེ་བའི་རྩ་བ་མཐའ་ཡས་པ་དག་བག་མེད་པར་གྱུར་ཏམ། གཉིད་ཀྱིས་ལོག་ཀྱང་ཉིན་མཚན་དུ་སེམས་ཀྱི་སྐད་ཅིག་ལ་འཕེལ་བ་དང་། རྒྱས་པར་དང་ཡོངས་སུ་རྫོགས་པར་འགྱུར་ཏེ། ཞེས་གསུངས་སོ། །གཉིས་པ་རིག་པའི་སྒོ་ནས་སྒྲུབ་པ་ལ། སྨོན་སེམས་ཀྱི་ཕན་ཡོན་རིགས་པའི་སྒོ་ནས་བསྒྲུབ་པ་དང་། འཇུག་སེམས་ཀྱི་ཕན་ཡོན་རིགས་པའི་སྒོ་ནས་བསྒྲུབ་པ་གཉིས་ལས། དང་པོ་ནི། དེ་ལ་རྒྱུ་འབྲས་ཀྱི་རྣམ་བཞག་ནི་ཤེས་བྱ་ཤིན་ཏུ་ལྐོག་གྱུར་ཡིན་པས་ཐམས་ཅད་མཁྱེན་པ་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལས་གཞན་གྱི་སྤྱོད་ཡུལ་མ་ཡིན་པས་ན་རྒྱལ་བའི་བཀའ་ལུང་རྣམ་དག་ལ་ཡིད་ཆེས་ཀྱིས་བླང་དོར་བྱ་བ་ལས་རིགས་པས་འཐད་པ་སྒྲུབ་ཏུ་མེད་ནའང་བྱང་ཆུབ་སེམས་ཀྱི་ཕན་ཡོན་ནི་ཤིན་ཏུ་རྒྱ་ཆེ་ཞིང་རྒྱལ་བས་ཀྱང་ཡང་ཡང་བསྔགས་པར་མཛད་པས་ན་རིགས་པས་ཀྱང་བསྒྲུབ་ནའང་འགྲུབ་པར་འགྱུར་བ་ཡིན་པས་ན་རིགས་པས་བསྒྲུབ་པར་མཛད་པ་སྟེ། སྔོན་ཁྱིམ་བདག་མཛའ་བོའི་བུ་མོ་ཞེས་རྒྱ་མཚོར་ནོར་བུ་ལེན་དུ་འགྲོ་ཚེ་མས་གོས་ཀྱི་མཐའ་ནས་བཟུང་སྟེ་ངུས་བས་ང་རང་རྒྱ་མཚོར་འགྲོ་བ་ལ་ཁྱོད་ཀྱིས་བཀྲ་མི་ཤིས་པ་བྱས་ཏེ་ངུ་བར་ཟེར་ནས་མགོ་ལ་རྡོག་པས་བསྣུན་ནས་སོང་བས་རྒྱ་མཚོར་གྲུ་གཟིངས་ཞིག་ཚེ་ཁོས་ཤིང་ལེབ་ཅིང་ལ་འཇུས་པས་མཚོ་གླིང་ཞིག་ཏུ་ཐོན་ཏེ། དགའ་བའི་གྲོང་སོགས་རིམ་པར་བགྲོད་ནས་མཐར་མགོ་ལ་ལྕགས་ཀྱི་འཁོར་ལོ་འཁོར་ནས་སྡུག་བསྔལ་བཟོད་དཀའ་བ་བྱུང་བས་དེའི་རྐྱེན་གྱིས་སྙིང་རྗེ་སྐྱེས་ཏེ་མའི་མགོ་ལ་རྡོག་པ་བསྣུན་པའི་འབྲས་བུ་མྱོང་བ་རྣམས་ཀྱི་སྡུག་བསྔལ་བདག་ལ་སྨིན་ནས་དེ་དག་གིས་མི་མྱོང་བར་ཤོག་ཅིག་བསམ་མ་ཐག་ཏུ་སྡུག་བསྔལ་ལས་གྲོལ་ནས་ཤིང་རྟ་ལ་བདུན་སྲིད་དུ་བདེ་ཆམ་མེར་འདུག་པ་ཚེ་འཕོས་ནས་ལྷར་སྐྱེས་སོ། །དེ་ལྟར་སྙིང་རྗེའི་སེམས་ཀྱིས་སེམས་ཅན་ཉུང་ཟད་རྣམས་ཀྱི་ཀླད་ནད་ཙམ་སྨན་ལ་སོགས་པས་བསལ་ལོ་སྙམ་དུ་བསམ་ནས་སྦྱོར་བས་བསལ་བར་མ་བྱས་ན་ཡང་དེ་ལ་ཕན་འདོགས་པར་འདོད་པའི་བསམ་པ་དང་ལྡན་པས་ཏེ། དེ་ལ་བསོད་ནམས་དཔག་ཏུ་མེད་པ་དང་ལྡན་པ་འགྱུར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་རེ་རེའི་སྟེ་རང་རང་སོ་སོ་བཞིན་དུ་འདི་ཕྱིའི་སྡུག་བསྔལ་ལམ་མི་བདེ་བ་དཔག་ཏུ་མེད་པ་མཐའ་དག་མ་ལུས་པར་བསལ་བར་འདོད་ཅིང་། དེ་དག་རེ་རེ་ལའང་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཉིད་དུ་བསྒྲུབ་པར་འདོད་པ་ལ་བསོད་ནམས་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་སོ། །བསམ་པ་བཟང་བའི་ཚུལ་ཡང་འཇིག་རྟེན་ན་བསམ་པ་བཟང་བར་གྲགས་པ་ཕའམ་ཡང་ན་མ་ཡང་རུང་སྟེ་དེ་དག་གིས་རང་རང་གི་བུ་འདི་ཚེ་རིང་ཞིང་ནད་མེད་པ་བཙན་ཕྱུག་མངའ་ཐང་སོགས་ཆེ་ན་ཅི་མ་རུང་སྙམ་པ་ལས་བྱང་ཆུབ་སེམས་དཔའ་མིན་པ་སུ་ལ་འདིས་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཅི་མ་རུང་སྙམ་པའི་བྱང་ཆུབ་ཀྱི་སེམས་འདི་འདྲའི་ཕན་སེམས་ཡོད་དེ་མེད་དོ། །དེ་དག་གིས་མི་ཤེས་པས་ལན་ནོ་སྙམ་ན་མངོན་ཤེས་ལྔ་དང་ལྡན་པའི་ལྷ་དང་རིགས་པའི་གནས་ཆེན་བཅོ་བརྒྱད་ཤེས་པའི་དྲང་སྲོང་རྣམས་ཀྱང་རུང་སྟེ་དེ་འདྲའི་བསམ་པ་མེད་ལ། དེ་དག་ལ་ཕན་སེམས་མེད་པས་མི་འབྱུང་ངོ་སྙམ་ན། ཚངས་པས་རང་གི་མངའ་རིས་རྣམས་བདེ་བ་དང་ལྡན་འདོད་དང་། སྡུག་བསྔལ་དང་བྲལ་འདོད་སོགས་ཚངས་པའི་གནས་པ་བཞི་དང་ལྡན་པའི་ཚངས་པ་ལ་ཡང་དེ་དག་སངས་རྒྱས་ཐོབ་འདོད་ཀྱི་བྱང་ཆུབ་ཀྱི་སེམས་འདི་ཡོད་དམ་སྟེ་མེད་དོ། །ཕ་དང་མ་དང་ལྷ་དང་དྲང་སྲོང་ཚངས་པ་ལ་སོགས་པའི་སེམས་ཅན་དེ་དག་ཉིད་ལ་སྔོན་ཆད་རང་གི་དོན་དུ་ཡང་སངས་རྒྱས་ཐོབ་འདོད་འདི་འདྲའི་སེམས་ཁྱད་པར་ཅན་ཐ་ན་གང་ཅི་ཡང་རྨི་བའི་རྨི་ལམ་དུ་ཡང་མ་རྨིས་ཤིང་སྐྱེ་མ་མྱོང་ན་སེམས་ཅན་གཞན་གྱི་དོན་དུ་དངོས་སུ་ག་ལ་སྐྱེ་སྟེ་སྐྱེ་མི་རིགས་སོ། །ལྷ་ལ་སོགས་པ་གཞན་དག་གཞན་དོན་དུ་ལྟ་ཅི་རང་གི་དོན་དུ་ཡང་མི་འབྱུང་རྒྱུའི་སེམས་ཅན་ཐམས་ཅད་ཀྱི་དོན་སེམས་པའི་བྱང་ཆུབ་ཀྱི་སེམས་གང་ཡིན་པ་འདི་ནི་སེམས་ཀྱི་རིན་ཆེན་སྟེ་རྣམ་རྟོག་གི་ནང་ནས་རིན་པོ་ཆེ་ལྟ་བུའི་རྣམ་རྟོག་ཁྱད་པར་དུ་འཕགས་པ་འདི་ཉིད་རང་རྒྱུད་ལ་སྔ་ན་མེད་པའི་སྟེ་སྔར་སྐྱེ་མ་མྱོང་བའི་ངོ་མཚར་རྨད་ཅིག་སྟེ་རྨད་དུ་བྱུང་བ་ཞིག་ད་རེས་ཐེག་ཆེན་གྱི་ཆོས་ཐོས་པ་དང་། དགེ་བའི་བཤེས་གཉེན་གྱི་མཐུས་རང་རྒྱུད་ལ་འཁྲུངས་པ་འདི་ནི་ལྷ་ཡུལ་དཔག་སམ་གྱི་ལྗོན་པ་འཇིག་རྟེན་མི་ཡུལ་ན་སྐྱེས་པ་ལྟ་བུའོ། །དེ་ནི་མཐའ་ཡས་པའི་འགྲོ་བ་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་དགའ་བདེ་མ་ལུས་པ་འབྱུང་བའི་རྒྱུ་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ནད་མ་ལུས་པ་སེལ་བའི་སྨན་ཆེན་པོའམ་རྩིར་གྱུར་པ་ཡི་རིན་ཆེན་བྱང་ཆུབ་སེམས་ཀྱི་བསོད་ནམས་སམ་ཕན་ཡོན་གང་ཡིན་པ་དེ་ལ་འདི་ཙམ་ཞེས་ཚད་ཀྱི་ཇི་ལྟར་གཞལ་གྱིས་ལང་སྟེ་ནམ་མཁའི་མཐའ་དང་སེམས་ཅན་གྱི་གྲངས་དང་སྡུག་བསྔལ་གྱི་རྣམ་གྲངས། སངས་རྒྱས་ཀྱི་ཡོན་ཏན་རྣམས་གཞལ་གྱིས་མི་ལང་བའི་ཕྱིར་རོ། །ངེས་ན་དཔལ་བྱིན་གྱིས་ཞུས་པ་ལས། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་གསུངས་སོ། །གཉིས་པ་ནི། ཏིང་འཛིན་རྒྱལ་པོ་ལས། བྱེ་བ་ཁྲག་ཁྲིག་གཏམ་པའི་ཞིང་དག་ན། །མཆོད་པ་རྣམས་མང་དཔག་མེད་ཅི་ཡོད་པ། །སྐྱེས་མཆོག་རྣམས་ལ་ཉིན་རེར་རྟག་མཆོད་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་གསུངས་པ་ལྟར། བྱམས་པའི་སེམས་ཀྱིས་སེམས་ཅན་ལ་བདེ་བ་དང་ལྡན་འདོད་ཀྱི་ཕན་པར་བསམ་པ་ཙམ་གྱིས་ཀྱང་རིན་པོ་ཆེ་སྣ་བདུན་ལ་སོགས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱས་པ་ལས་ཁྱད་པར་དུ་འཕགས་པར་འགྱུར་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་བདེ་དོན་སྟེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་སྦྱིན་སོགས་ཕྱིན་དྲུག་ལ་དངོས་སུ་སྦྱོར་བས་བརྩོན་པ་ནི་སངས་རྒྱས་མཆོད་ལས་ཁྱད་པར་དུ་འཕགས་པ་སྨོས་ཅི་དགོས་སོ། །སེམས་ཅན་ཐམས་ཅད་ཚེ་ཐུང་བ་ནད་མང་བ་ལོངས་སྤྱོད་མེད་པ་ལ་སོགས་པའི་འདི་ཕྱིའི་སྡུག་བསྔལ་མི་འདོད་པས་འདོར་བར་འདོད་པའི་སེམས་ཡོད་ཀྱང་། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་ནས་སྲོག་གཅོད་པ། མ་བྱིན་པ་ལེན་པ་སོགས་མི་དགེ་བ་བཅུ་དང་དུ་བླངས་ནས་འདི་ཕྱིའི་སྡུག་བསྔལ་ཉིད་ལ་ཕྱེ་མ་སླེབ་མར་མེ་ལ་མཆོངས་པ་བཞིན་མངོན་པར་རྒྱུག་ཅིང་། དེ་བཞིན་དུ་ཚེ་རིང་བ་ནད་མེད་པ་ལ་སོགས་པའི་འདི་ཕྱིའི་བདེ་བ་འདོད་ཀྱང་དེའི་ཐབས་བླང་དོར་ལ་རྨོངས་ཤིང་གཏི་མུག་པས་དགེ་བཅུ་མི་སྒྲུབ་པར་མ་ཟད་མི་དགེ་བ་སྣ་ཚོགས་བྱས་ཏེ་རང་གི་འདི་ཕྱིའི་བདེ་བ་དགྲ་བོ་མཐོང་བ་ལྟར་འཇོམས་པར་བྱེད་དོ། །དེས་ན་སེམས་ཅན་གང་ཞིག་རྒྱུ་དང་བཅས་པའི་བདེ་བས་ཕོངས་ཤིང་དབུལ་བ་དང་། སྡུག་བསྔལ་རྒྱུ་འབྲས་མང་པོ་དང་ལྡན་ཞིང་ཉམས་ཐག་པ་དེ་དག་ལ། བྱམས་པ་ཆེན་པོའི་སྒོ་ནས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཀུན་གྱིས་ཚིམ་པར་བྱེད་པ་དང་། སྙིང་རྗེ་ཆེན་པོའི་སྒོ་ནས་འདི་ཕྱིའི་སྡུག་བསྔལ་ཐམས་ཅད་རྒྱུན་གཅོད་པར་བྱེད་ཅིང་། ཤེས་རབ་ཆེན་པོའི་སྒོ་ནས་བླང་དོར་གྱི་གནས་བསྟན་ནས་རྒྱུ་འབྲས་བླང་དོར་ལ་རྨོངས་པའི་གཏི་མུག་ཀྱང་ནི་སེལ་བར་བྱེད་པ་ཡི་རྒྱུ་དེ་དང་དགེ་བ་སྟོབས་མཚུངས་གཞན་ག་ལ་ཡོད་དེ་མེད་ལ། བདེ་བ་བསྒྲུབ་ཅིང་སྡུག་བསྔལ་སེལ་བ་དང་། བླང་དོར་གྱི་གནས་སྟོན་པ་དེ་འདྲའི་ཕན་འདོགས་པའི་བཤེས་ཀྱང་ག་ལ་ཡོད་དེ་མེད་ཅིང་འབྲས་བུ་བསོད་ནམས་ཀྱང་བྱང་ཆུབ་ཀྱི་སེམས་དེ་དང་འདྲ་བའང་ག་ལ་ཡོད་དེ་མེད་དོ། །དེས་ཕན་ཡོན་བསྟན་ཟིན་ལ། དེ་ལྟར་ཕན་ཡོན་ཤེས་པའི་དོན་པོ་རིན་ཆེན་བྱང་ཆུབ་ཀྱི་སེམས་དེ་རང་གཞན་གྱི་རྒྱུད་ལ་མི་སྐྱེད་པའི་ཐབས་མེད་ངེས་སྙམ་ནས་རང་གཞན་གྱི་རྒྱུད་ལ་མ་སྐྱེས་པ་བསྐྱེད་པར་བྱེད་པ་དང་སྐྱེས་པ་མི་ཉམས་ཤིང་གོང་འཕེལ་དུ་བྱེད་པའི་ཐབས་ལ་བཀྲེས་པ་ཟས་དང་སྐོམ་པ་ཆུ་ལ་གདུང་བ་ལྟ་བུའི་དོན་གཉེར་གྱི་འདུན་པ་ཆེན་པོ་སུས་ཀྱང་བཟློག་ཏུ་མེད་པ་ཞིག་བྱུང་ན་ཕན་ཡོན་ཤེས་པའི་དོན་འབྲས་བྱུང་བ་ཡིན་གྱི་གཞན་དུ་བཤད་ཤེས་པ་ཙམ་གྱིས་ཅི་ཡང་མི་ཕན་པས་སེམས་ཐོག་ནས་ཡང་ཡང་སྒོམ་དགོས་གསུངས། གསུམ་པ་སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་གི་ཆེ་བ་ནི། སྔར་ཟས་ནོར་སོགས་ཀྱིས་ཕན་བཏགས་པ་ལ་ཕྱིས་འདིས་ཕན་བཏགས་སོ་ཞེས་ཚུར་ལན་ལྡོན་པ་གང་ཡིན་པ་དེ་ཡང་། བྱས་པ་ཤེས་ཤིང་དྲིན་བཟོ་བའི། །མི་ལ་དཔལ་མགོན་ཉེ་བར་གནས། །ཞེས་བྱས་པ་ཤེས་པ་ལ་ལྷ་རྣམས་ཀྱིས་བསྲུང་བ་སོགས་ཡོན་ཏན་ཆེ་ཞིང་རེ་ཞིག་འཇིག་རྟེན་ན་བསྟོད་ཅིང་བསྔགས་པར་འོས་ན། སྔར་རང་གིས་ཕར་ཕན་མ་བཏགས་ཤིང་ཕན་པ་སྒྲུབ་པར་སུས་ཀྱང་མ་བཅོལ་བཞིན་དུ་འདི་ཕྱི་ཀུན་ཏུ་ལེགས་པའམ་ཕན་བདེའི་ཐབས་འབའ་ཞིག་སྒྲུབ་པར་བྱེད་པ་ཡི་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་ཅིང་བསྟོད་དེ་བསྔགས་པར་འོས་པ་སྨོས་ཅི་དགོས་སོ། །དཔེ་ལ་བརྟེན་ནས་དོན་ངོ་ཤེས། །ཞེས་པ་ལྟར། དཔེ་ལས་དོན་ལྷག་པར་ཤེས་པ་ཡུལ་དམན་པ་བརྒྱའམ་སྟོང་ལ་སོགས་པ་འགྲོ་བ་ཉུང་ཟད་ཙམ་ལ་ནར་མའི་ཞེས་ལོའམ་ཟླ་བར་ཉིན་བཞིན་ནར་མ་སྟེ་རྒྱུན་མ་བཅད་པའི་ཟས་སྦྱིན་པའམ་སྦྱོར་བ། དེ་ཡང་། དུས་དམན་པ་བྱ་རྫོགས་ཀྱི་སྐད་ཅིག་མ་ལ། དངོས་པོ་དམན་པ་ཡོན་འབུལ་བ་མེད་པའི་ཟས་ཙམ་སྦྱིན་པར་བྱེད་པ་དང་། སྦྱོར་བ་དམན་པ་བརྡུང་རྡེག་ལ་སོགས་པས་བརྙས་བཅོས་དང་བཅས་པའི་སྒོ་ནས། ཕན་འདོགས་པ་དམན་པ་ཉིན་ཕྱེད་ཙམ་ལ་ལྟོ་འགྲངས་པར་བྱེད་པ་ཡི་སྦྱིན་བདག་ལ་ཡང་འཇིག་རྟེན་ན་སྦྱིན་གཏོང་རྒྱ་ཆེན་པོའི་དགེ་བ་བྱེད་པ་ཡིན་ནོ་ཞེས་སྐྱེ་བོ་མང་བོས་བསྟོད་ཅིང་བཀུར་བར་འོས་པ་ཡིན་ན། བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཡུལ་དམན་པ་མ་ཡིན་པ་ནམ་མཁའ་དང་མཉམ་པའི་སེམས་ཅན་གྱི་ཁམས་གྲངས་མཐའ་ཡས་པ་རྣམས་ལ་དུས་དམན་པ་མ་ཡིན་པ་དུས་རིང་པོ་འཁོར་བ་མ་སྟོངས་ཀྱི་བར་དུ། དངོས་པོ་དམན་པ་མ་ཡིན་པ་བདེ་བར་གཤེགས་པ་སངས་རྒྱས་ཀྱི་བདེ་བ་བླ་ན་མེད་པ། སྦྱོར་བ་དམན་པ་མ་ཡིན་པ་ཞི་ཞིང་གུས་པ་དང་བཅས་པའི་སྒོ་ནས། ཕན་འདོགས་དམན་པ་མ་ཡིན་པ་ཁྱད་པར་ཅན་རང་རང་གི་ཡིད་ལ་གང་ཅི་བསམ་པ་མཐའ་དག་མ་ལུས་པ་རྫོགས་པར་བྱེད་པ་རྒྱུན་མི་འཆད་པའི་རྟག་ཏུ་སྦྱིན་པ་ཆེན་པོ་དེ་ལྟ་བུ་ཞིག་གཏོང་བའི་སྦྱིན་བདག་བྱང་ཆུབ་སེམས་དཔའ་རྣམས་བསྟོད་ཅིང་བཀུར་བར་འོས་པ་སྨོས་ཅི་དགོས་སོ། །སེམས་ཅན་གང་སུ་ཞིག་གིས་གོང་དུ་བཤད་པ་དེ་འདྲའི་རྒྱལ་བའི་སྲས་པོ་སངས་རྒྱས་ཀྱི་གོ་འཕང་སྦྱིན་པའི་སྦྱིན་བདག་ཆེན་པོ་དེ་ལ་ལུས་ངག་གིས་གནོད་པ་ལྟ་ཅི། གལ་ཏེ་ཞེ་སྡང་ལ་སོགས་པས་འདི་ལ་མ་རུང་བ་ཞིག་བྱུང་ན་སྙམ་པའི་ངན་སེམས་ཙམ་ཞིག་བསྐྱེད་པར་བྱེད་པ་དེ། ངན་སེམས་བསྐྱེད་པའི་གྲངས་བཞིན་ཏེ་ཞེས་འདིར་སྐྱེས་བུ་སྟོབས་ལྡན་གྱིས་སེ་གོལ་གཅིག་བརྡབ་པའི་ཡུན་དྲུག་ཅུ་རྩ་བཞིར་བགོས་པའི་ཡུན་གཅིག་དུས་མཐའི་སྐད་ཅིག་མ་སྟེ། དེའི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བསྐལ་བར་ནི་དམྱལ་བར་སྡུག་བསྔལ་ཆེན་པོ་མྱོང་ཞིང་གནས་པར་འགྱུར་ཞེས་ཐུབ་པས་གསུངས་ཏེ། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའ། བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བ་དང་བརྙས་པའི་སེམས་ཅི་ཙམ་པ་དེ་སྙེད་ཀྱི་བསྐལ་བར་སེམས་ཅན་དམྱལ་བར་གནས་པར་གོ་ཆ་བགོ་བར་བྱའོ། །ཞེས་གསུངས་སོ། །འོན་ཏེ་སེམས་ཅན་གང་སུ་ཞིག་གིས་ཡིད་རབ་ཏུ་དགའ་ཞིང་དང་བའི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་དེའི་ཞལ་དུ་བལྟ་བར་བྱེད་ན་དེ་ཡི་འབྲས་བུ་ནི་དེའི་ཡུན་གྱི་སྐད་ཅིག་གི་གྲངས་དེ་སྙེད་ལས་ལྷག་པའི་བསྐལ་བའི་གྲངས་སུ་དགའ་ལྡན་ལྷའི་བདེ་བ་མྱོང་བ་ལ་སོགས་པ་རྒྱ་ཆེ་བས་ན་ངན་སེམས་ཀྱི་འབྲས་བུ་དེ་བས་ལྷག་པར་འཕེལ་བ་སྐྱེ་སྟེ། ངེས་པ་དང་མ་ངེས་པར་འཇུག་པའི་ཕྱག་རྒྱའི་མདོ་ལས། འཇམ་དཔལ་ཡོངས་སུ་བརྟག་པ་བཟུང་ནས་གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་ཕྱུང་བར་འགྱུར་ལ། ཡོངས་སུ་བརྟག་པ་བཟུང་སྟེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་སེམས་ཅན་དེ་དག་ཐམས་ཅད་ལ་བྱམས་པའི་སེམས་ཀྱི་དེ་དག་གི་མིག་བསྐྱེད་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དད་པའི་སེམས་ཀྱིས་བལྟ་ན། འདི་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་དོ། །ཞེས་གསུངས་སོ། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་དོ་གལ་ཏེ་ཁ་ཟས་མེད། རྒྱབ་གོས་མེད། ལག་ནོར་མེད། མི་ཤི་ཕྱུགས་འཐོར། ནད་གདོན་དགྲ་འདྲེའི་གནོད་འཚེ་སོགས་རྐྱེན་ངན་ཆེན་པོས་ཀྱང་ཞེས་ཆེན་པོ་ཇི་ཙམ་བྱུང་ཡང་ལྟས་ངན་གཡང་དུ་འགུག་ཅིང་རྐྱེན་ངན་གྲོགས་སུ་འཆར་བའི་གང་ཟག་ཡིན་པས་ན། ཆོས་ཀྱི་བར་ཆད་དུ་མི་འགྱུར་བས་སྡིག་པ་མི་འབྱུང་བར་མ་ཟད་སྡིག་པའི་བཤགས་མ། དགེ་བའི་བསྐུལ་མར་གྱུར་ཏེ་ངེས་འབྱུང་དང་བྱམས་སྙིང་རྗེ་སོགས་དགེ་བ་ངང་གིས་གོང་ནས་གོང་དུ་འཕེལ་བར་འགྱུར་ཏེ་དཔེར་ན་རྒྱལ་བུ་སྦྱིན་པ་ལ་དགའ་བ་དང་། རྒྱལ་པོ་གཙུག་ན་ནོར་བུ་བཞིན་ནོ། །དེ་ཡང་བྱང་སེམས་སྙིང་སྟོབས་ཞན་ཅིང་ཐབས་ལ་མི་མཁས་པ་རྣམས་ནི་རྐྱེན་ངན་ཕྲ་མོ་རེ་བྱུང་ཡང་མི་བཟོད་པ། ལྟོ་འགྲངས་ཉི་མས་དྲོས་ཚེ་ཆོས་པའི་གཟུགས། །རྐྱེན་ངན་ཐོག་ཏུ་བབ་ཚེ་ཐ་མལ་པ། །ཞེས་གསུངས་པ་ལྟ་བུ་དང་། བློ་བརྟན་ཅིང་ཐབས་ལ་མཁས་པ་རྣམས་ནི། ཐོགས་མེད་ཀྱིས། སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །ཞེས་སོགས་གསུངས་པ་ལྟར། ན་ཚ་སྡུག་བསྔལ་དགྲ་འདྲེ་སོགས་རྐྱེན་ངན་ཅི་བྱུང་ཡང་དེའི་དབང་དུ་མི་གཏོང་བར་བྱང་ཆུབ་སྒྲུབ་པའི་གྲོགས་སུ་འགྲོ་བ་ནི་མར་མེ་དང་ནགས་ཀྱི་མེ་ལ་རླུང་གིས་རིམ་པར་གནོད་པ་དང་། གྲོགས་སུ་འགྲོ་བ་ལྟ་བུའོ། །གང་ཟག་མཆོག་དམན་གང་ལ་སེམས་ཀྱི་རྣམ་རྟོག་ཐམས་ཅད་ཀྱི་ནང་ནས་དམ་པ་སྲིད་ཞིའི་རྒུད་པ་ཐམས་ཅད་སེལ་བར་བྱེད་པའི་རིན་ཆེན་བྱང་ཆུབ་ཀྱི་སེམས་དེ་སྐྱེས་པར་གྱུར་པ་དེ་ཡི་སྐུ་ལ་སྒོ་གསུམ་གུས་པ་ཆེན་པོའི་སྒོ་ནས་ཞི་བ་ལྷས་ཕྱག་འཚལ་ཞིང་། བྱང་ཆུབ་སེམས་དཔའ་གང་ལ་བརྙས་ཐབས་ལ་སོགས་པའི་གནོད་པ་བྱས་ཀྱང་། བཟང་འབྲེལ་ཚེ་གཅིག་སངས་རྒྱས། ངན་འབྲེལ་འཁོར་བ་མཐའ་ཅན་ཞེས་པ་ལྟར་ཡིན་པས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དང་ཐབས་མཁས་དང་སྨོན་ལམ་གྱི་སྟོབས་ཀྱིས་གནས་སྐབས་དང་མཐར་ཐུག་གི་བདེ་བ་དང་འབྲེལ་བ་སྟེ་ཐོབ་པར་མཛད་དེ་དཔེར་ན་དྲང་སྲོང་བཟོད་པར་སྨྲ་བ་དང་། རྒྱལ་པོ་བྱམས་པའི་སྟོབས་བཞིན་ནོ། །དེས་ན་རྣམ་པ་ཐམས་ཅད་དུ་འབྲེལ་ཚད་དོན་དང་ལྡན་པས་འདི་ཕྱིའི་བདེ་བ་ཐམས་ཅད་པའི་འབྱུང་གནས་སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་སྐྱབས་སུ་མཆི་ཞེས་སྐྱབས་སུ་སོང་བ་ལྟར་བདག་ཅག་གིས་ཀྱང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བྱའོ། །འོ་ན་གོང་དུ་བྱང་སེམས་ལ་ངན་སེམས་བྱས་པས་དམྱལ་བར་སྐྱེ་ཞེས་དང་། འདིར་གནོད་པ་བྱས་པས་བདེ་བ་དང་འབྲེལ་ཞེས་པ་གཉིས་མི་འགལ་ལམ་ཞེ་ན་མི་འགལ་ཏེ། སྔ་མ་ནི་ལས་འབྲས་བསླུ་མེད་ཡིན་པའི་ངོས་ནས་ངན་སེམས་ཀྱི་འཕྲལ་དུ་དམྱལ་བར་སྐྱེ་བ་ལ་དགོངས་པ་དང་། འདིར་བྱང་ཆུབ་སེམས་དཔའི་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཐབས་ལ་མཁས་པ་དང་སྨོན་ལམ་དབང་བཙན་པས་རྗེས་སུ་འཛིན་པ་ལ་དགོངས་པ་ཡིན་པས་སོ། །དེ་ལྟར་སེམས་བསྐྱེད་རྒྱུད་ལྡན་ལ་ཡོན་ཏན་ཡོད་པར་ཤེས་བའི་དོན་པོ་རང་གིས་བྱང་སེམས་རྣམས་ལ་སྔར་སྒོ་གསུམ་གྱི་ཉེས་པ་གང་བྱས་ལ་བཤགས་སྡོམ་བྱེད་ཅིང་སྐྱབས་སུ་འཛིན་ན་དོན་འབྲས་འབྱུང་བ་ཡིན་གྱི་ཤེས་ཤིང་བཤད་པ་ཙམ་གྱིས་ཅི་ཡང་མི་འོང་བས་སེམས་ཐོག་ཏུ་བླངས་ཏེ་བསྒོམ་དགོས་དེའང་སྤྱིར་བོད་འདི་འཕགས་པ་ཐུགས་རྗེ་ཆེན་པོའི་གདུལ་ཞིང་ཐེག་ཆེན་གྱི་རིགས་ཅན་དུ་གསུངས་ཤིང་དེང་ཕལ་ཆེར་དབང་མ་ཐོབ་བའང་མེད་པས་བྱང་ཆུབ་སེམས་དཔའ་ལྷར་བཅས་འགྲོ་བའི་ཕྱག་མཆོད་ཀྱི་གནས་སུ་གྱུར་པ་ལ་སོགས་པའི་ཡོན་ཏན་མང་པོ་དང་ལྡན་པའི་གང་ཟག་ཁྱད་པར་ཅན་ཞིག་ཡིན་ལ་མ་འོངས་བའི་སངས་རྒྱས་ཀྱང་ཡིན་པས་དེ་དག་ལ་རང་གིས་སྔོན་ཆད་ལོག་ལྟ་སྒྲོ་སྐུར་སོགས་བྱས་པ་ཡོད་ན་བཤགས་སྡོམ་བྱ་ཞིང་། དེང་ཕྱིན་ཆད་དག་སྣང་སྦྱང་བ་དང་ཕྱག་མཆོད་དང་སྐྱབས་གནས་སུ་འཛིན་དགོས་ཏེ། སྙིགས་མའི་དུས་ན་བྱང་སེམས་རྣམས་ལ་གང་ཟག་གཞན་ལ་བསྟེན་པའི་ཉེས་པ་ཤིན་ཏུ་འབྱུང་ཉེ་བར་མདོ་ལས་གསུངས་པས་ན་སེམས་ཅན་རྣམས་ཀྱི་སྐྱོན་ལ་མི་ལྟ་བར་དག་སྣང་སྦྱངས་པ་གལ་ཆེ་སྟེ་རྒྱ་གར་གྱི་བྲམ་ཟེ་ཟླ་བ་ལྷར་འཛིན་པ་རྣམས་ཀྱིས་ཟླ་བ་ཉ་བ་ལ་ཕྱག་བྱ་བ་ཚེས་ཀྱི་ཟླ་བ་ལ་ཕྱག་བྱ་བ་ལྟར་བྱང་སེམས་ལ་ཕྱག་བྱ་བར་གསུངས་པ་དང་། གལ་ཏེ་ཉེས་པའི་སྐྱོན་ཞིག་ཡོད་ན་ཡང་དེ་འདུས་བྱས་ཡིན་པའི་ཕྱིར་ལམ་བསྒོམ་པའི་སྟོབས་ཀྱིས་ཟད་དེ་སངས་རྒྱས་པར་འགྱུར་བ་ཡིན་གྱི་དང་པོ་ནས་སྐྱོན་མེད་པ་ཞིག་གིས་སངས་རྒྱས་ཐོབ་པ་མ་ཡིན་པས་ན་སེམས་ཅན་གྱི་ཉེས་སྐྱོན་ལ་མི་བལྟ་བ་འདི་གལ་ཆེ་བའི་མན་ངག་ཡིན་གསུངས། ལེའུའི་མཚན་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པ་ཞེས་བྱ་བ་སྟེ་ལེའུ་དང་པོའོ།། ༈ །།ལེའུ་གཉིས་པ་སྡིག་པ་བཤགས་པའི་ལེའུ་ལ། གཞུང་དང་། མཚན་ནོ། །དང་པོ་ལ། མཆོད་པ་འབུལ་བའི་ཡན་ལག །ཕྱག་འཚལ་བའི་ཡན་ལག །སྐྱབས་སུ་འགྲོ་བའི་ཡན་ལག །སྡིག་པ་བཤགས་པའི་ཡན་ལག་དང་བཞི་ལས། དང་པོ་ལ། དངོས་སུ་འབྱོར་བའི་མཆོད་པ། ཡིད་ཀྱིས་སྤྲུལ་པའི་མཆོད་པ། སྨོན་ལམ་སྟོབས་ཀྱིས་མཆོད་པ། བླ་ན་མེད་པའི་མཆོད་པ། བསྟོད་པ་དབྱངས་ཀྱི་མཆོད་པ་དང་ལྔ་ལས། དང་པོ་ལ། བདག་པོས་ཡོངས་སུ་བཟུང་བའི་མཆོད་པ། བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ། ལུས་འབུལ་བའི་མཆོད་པ་དང་གསུམ་ལས། དང་པོ་ནི། ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དང་ལྡན་པའི་རིན་ཆེན་བྱང་ཆུབ་ཀྱི་སེམས་དེ་རྒྱུ་མེད་རྐྱེན་མེད་དུ་མི་འབྱུང་བས་རྒྱུ་ཚོགས་ཚང་དགོས་ལ། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་ཚོགས་རྫོགས་པ་དང་། ཐོགས་མེད་ཀྱིས་སེམས་དྭངས་བ་ཞིག་གི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བར་གསུངས་ཤིང་། ཚོགས་བསགས་པ་ཐམས་ཅད་ཀྱི་མཆོག་མཆོད་པ་ཡིན་ཞིང་མཆོད་བ་རྣམ་དག་ཞིག་བཤམས་པས་སེམས་དྭངས་བར་ཡང་འགྱུར་རོ། །དེའི་ཕྱིར་སྔོན་མཉམ་མེད་ཇོ་བོ་རྗེར་བོད་ཀྱིས་སེམས་བསྐྱེད་ཞུས་པ་ན་མཆོད་པ་བཤོམས་གསུངས། བཤམས་པ་ན་འདི་འདྲས་མི་འོང་གསུངས་ནས་མ་གནང་། ཡང་བཤམ་པ་ལའང་དེ་ལྟར་གསུངས། ཡང་དེ་བས་ཆེར་བཤམས་པ་ན་འོང་ཙམ་གསུངས་ནས་གཟོད་གནང་བས་ན་མཆོད་པ་གལ་ཆེའོ། །དེས་ན་རང་ལ་གང་ཡོད་ཀྱི་ལོངས་སྤྱོད་ཆ་གསུམ་དུ་བྱས་པའི་ཆ་གཅིག་རང་གི་འཚོ་བའི་ཆ་རྐྱེན་དུ་བཞག་ནས་ཆ་གཉིས་དཀོན་མཆོག་གི་མཆོད་པར་སྦྱོར་དགོས་བར་གསུངས། མཆོད་པ་དེ་ཡང་དག་པ་རྣམ་པ་གསུམ་གྱི་སྒོ་ནས་མཆོད་དགོས་ཏེ། བསམ་པ་དག་པ་ནི། རིན་ཆེན་བྱང་ཆུབ་ཀྱི་སེམས་དེ་རང་རྒྱུད་ལ་བཟུང་བའམ་བསྐྱེད་པར་བྱ་བའི་ཕྱིར་རམ་ཆེད་དུ་འབུལ་བའོ། །ཞིང་དག་པ་ནི། ཆོས་ཉིད་དེ་བཞིན་ཉིད་དང་རྗེས་སུ་མཐུན་པར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་གསུངས་པ་ལྟར། གང་གིས་ཆགས་པ་དང་བྲལ་བར་བྱེད་པ་ལམ་གྱི་བདེན་པ་དང་། གང་ཆགས་པ་དང་བྲལ་བ་འགོག་པའི་བདེན་པ་སྟེ་དམ་པའི་ཆོས་དཀོན་མཆོག་དྲི་མ་མེད་པ་དང་། སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་ས་དང་པོ་ཐོབ་ཚེ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས། གཉིས་པར་སྟོང་ཕྲག་བཅུ་གཉིས་ལ་སོགས་པའི་ཡོན་ཏན་རྒྱ་མཚོ་ལྟ་བུའི་བདག་ཉིད་ཅན་རྣམས་ལ། དངོས་པོ་དག་པ་ནི། ལེགས་པར་ཏེ་རྒྱུ་བཟང་བ་སྦུས་གཙང་བ་བཀོད་ལེགས་པ་སྟེ། དེ་ཡང་རྒྱུ་བཟང་བ་ལོག་འཚོ་དང་སྡིག་པས་མ་སྒྲུབས། ང་རྒྱལ་དང་ངོམ་ཆོས་སུ་མ་སོང་། སེར་སྣ་དང་འཇུར་འགེགས་ཀྱིས་མ་བཅིངས་བ་དང་། གཙང་སྒྲ་དང་བཅས་པས་སྤུས་གཙང་བ་རང་ལ་ཡོད་ཚོད་ཀྱི་དངོས་པོ་གང་ལེགས་གང་གཅེས་གང་དཀོན་པ་དེས་མཆོད་ན་སེར་སྣའི་གཉེན་པོར་ཡང་འགྲོ། གཞན་དུ་ཐུད་ཀྱི་སྔོ་ས་དང་ལོ་མའི་སེར་ས་སོགས་ཀྱིས་མཆོད་ན་བསོད་ནམས་འཛད་པའི་རྒྱུར་འགྲོ་བས་མི་རུང་ངོ་། །བཀོད་ལེགས་པ་སྟེ་མཐོ་དམན་མེད་པར་ཁོད་སྙོམས་པ། ཡོ་འཁྱོགས་མེད་པར་དྲང་བ། བདུན་ཚར་སོགས་བྱི་དོར་བྱས་པ་ལེགས་པར་བཀང་བ་ཞིག་དགོས་ཀྱི། ཆུ་སོགས་ཀྱིས་མ་ཁེངས་ན་ལོངས་སྤྱོད་དབུལ་བའི་ཉེས་པ་དང་། ཕྱིར་བོ་ན་ཚུལ་ཁྲིམས་འཆལ་བའི་ཉེས་པ་འབྱུང་ཞིང་། ཡོན་ཆབ་ཏུ་མཆོད་ནས་འཐོར་བས་སྐྲན་ནད་འབྱུང་བ་སོགས་སྐྱོན་དང་བྲལ་བར་བཤམས་ཏེ་མཆོད་དགོས་སོ། །གཉིས་པ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་མཁོ་དགུའི་དཔལ་འབྱོར་རང་གིས་མཐོང་ཐོས་གང་ཡོད་འབུལ་བ་སྟེ། འདི་དག་གི་རྣམ་པ་ཡིད་ལ་དྲན་པའམ་མིང་ཙམ་མམ་དེ་དང་དེ་ལྟ་བུ་ཡོད་པས་འབུལ་བ་ཡིན་ནོ་སྙམ་པས་ཆོག་ལ། དེ་ཡང་དངོས་པོ་གང་དང་གང་འབུལ་ན་དག་པའི་ཞིང་དང་ལྷ་ཀླུ་མི་སོགས་མཐའ་ཡས་པའི་ཞིང་རྣམས་སུ་པད་མ་དཀར་པོ་དང་མནྡར་དང་ཨུཏྤལ་ལ་སོགས་པ་ཆུ་དང་ཐང་ལས་སྐྱེས་པའི་མེ་ཏོག་ཇི་སྙེད་ཡོད་པ་དང་བིལྦ་དང་ཨ་སྨྲ་དང་ནས་འབྲས་གྲོ་ལ་སོགས་པ་འབྲས་བུ་ཇི་སྙེད་ཡོད་པ་དང་། སྨན་གྱི་རྒྱལ་པོ་གི་ཝཾ་དང་བཟང་དྲུག་སོགས་ལ་སྨན་རྩི་སྨན་རྡོ་སྨན་ལྡུམ་སྨན་གྱི་རྣམ་པའམ་རིགས་སུ་གཏོགས་པ་གང་དག་ཡོད་པ་དང་། འཇིག་རྟེན་གྱི་ཁམས་ན་དགོས་འདོད་ཀུན་འབྱུང་གི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། བཻཌཱུརྱ་དང་། ཨིནྡྲ་ནཱི་ལ་ལ་སོགས་པའི་རིན་ཆེན་གང་ཇི་སྙེད་ཡོད་པ་དང་། མདོ་ལས། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་པའི་ཆུ་ནི་དྲི་མ་མེད། །འཐུང་ན་ལྟོ་ལ་མི་གནོད་ཅིང་། །མགྲིན་པ་ལ་ནི་མི་གནོད་པ། །ཞེས་ཡན་ལག་བརྒྱད་ལྡན་གྱི་ཆུ་མཚོ་མ་དྲོས་པ་དང་དེའི་ཕྱོགས་བཞི་ནས་ཤར་གངྒ། ལྷོ་སིན་དྷུ། ནུབ་པཀྵུ། བྱང་སིཏ་སྟེ་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞི་དང་རོལ་པའི་མཚོ་བདུན་ལ་སོགས་པ་ཆུ་གཙང་མ་ཡིད་དུ་འོང་བ་ཅི་ཡོད་དང་། མཉམས་མེད་ཇོ་བོས་ཀྱང་བོད་འདིར་ཆུ་ལེགས་པས་འདི་ཉིད་གཅིག་པུའི་ཚོགས་བསགས་ཀྱང་ཆོག་ཅེས་གསུངས། རིན་ཆེན་སྣ་བཞི་ལས་གྲུབ་པའི་རིའི་རྒྱལ་བོ་རི་རབ་དང་གསེར་གྱི་རི་བདུན་ལ་སོགས་པའི་རི་བོ་དང་ནི་དེ་བཞིན་དུ་ནགས་ཚལ་གྱི་མཐོངས་ཞེས་མཐའ་ཙན་དན་སོགས་ཀྱིས་བསྐོར་བའི་དབེན་གནས་ཉམས་དགའ་བ་དང་། ས་ཕྱོགས་གཡུའི་མཎྜལ་ཕྱིས་པ་ལྟ་བུ་ལ་མེ་ཏོག་སྣ་ཚོགས་བཀྲ་བས་མཛེས་པ་ཉིན་མོ་མིའི་རྒྱུ་འགྲུལ་དང་མཚན་མོ་སྒྲའི་ཅ་ཅོ་མེད་པས་དབེན་ཞིང་ཉམས་དགའ་བ་རྣམས་དང་། ལྗོན་པའི་ཤིང་མེ་ཏོག་ཁ་དོག་སྣ་ཚོགས་པའི་རྒྱན་གྱིས་སྤྲས་ཤིང་སྤུད་པ་སྟེ་ཕྲ་ཚོམ་བཀོད་པ་ལྟར་མཛེས་པ་དང་། ཤིང་གང་ཞིག་རྒུན་འབྲུམ་ལ་སོགས་པ་ཁ་དོགས་དང་དྲི་རོ་ཕུན་སུམ་ཚོགས་པའི་འབྲས་བུ་བཟང་ལ་མང་བའི་ལྗིད་ཀྱིས་ཡལ་ག་རྣམས་དུད་པ་སྟེ་དམའ་བར་འདུག་པ་དང་། ལྷ་དང་ཀླུ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་ན་ཡང་ཙན་དན་ས་མཆོག་ལ་སོགས་པའི་དྲི་ཡི་ཤིང་དང་ནི། ཨ་ག་རུ་ལ་སོགས་པའི་ལྷན་སྐྱེས་དང་། སྦྱར་བྱུང་གི་སྤོས་དང་། ཡོངས་འདུས་ས་བརྟོལ་གྱི་ལྗོན་པ་སོགས་བློས་ཇི་ལྟར་དཔག་ཅིང་བསམ་པ་ཐམས་ཅད་འབྱུང་བས་དཔག་བསམ་གྱི་ཤིང་དང་། བདེ་བ་ཅན་གྱི་ཞིང་ལ་སོགས་པར་གསེར་ལ་སོགས་པའི་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་ལ་སོགས་པའི་རིན་ཆེན་སྣ་ཚོགས་ཀྱི་ཤིང་དང་། གཤོལ་གྱིས་མ་རྨོས་ཤིང་ས་བོན་མ་བཏབས་པར་རང་འཁྲུངས་པའི་འབྲས་སཱ་ལུ་ལ་སོགས་པའི་མེ་ཏོག་གི་རྣམ་པ་མང་པོ་དང་། དེ་དག་ལས་གཞན་ཡང་རེ་རེ་ནས་བརྗོད་ཀྱིས་མི་ལང་བའི་མཆོད་པར་འོས་པའི་རྒྱན་གྱི་རྣམ་གྲངས་ཇི་སྙེད་ཡོད་པ་རྣམས་དང་ནི། གྲགས་པའི་མཚོ་ཆེན་བཞི་དང་། དྲི་མེད་མདངས་ལྡན་གཡུ་ཡི་མཚོ་ལ་སོགས་པའི་མཚོ་ཆེན་པོ་ཁ་དོག་སྣ་ལྔ་པདྨས་བརྒྱན་པ་དང་རྫིང་བུ་ཆུང་ངུ་མང་པོ་པདྨས་བརྒྱན་པ་དང་དེ་དག་ལ་ངང་པ་དང་བཞད་ལ་སོགས་པའི་བྱ་རིགས་སྣ་ཚོགས་དུང་གི་མདོག་ལྟར་དཀར་བ། གསེར་གྱི་མདོག་ལྟར་སེར་བ། བྱུ་རུའི་མདོག་ལྟར་དམར་བ། གཡུ་ཡི་མདོག་ལྟར་ལྗང་བ་ལ་སོགས་པས་མཛེས་པའི་སྤུ་སྡུག་ངོམས་ཤིང་ཤིན་ཏུ་སྙན་པའི་སྐད་སྙན་སྒྲོགས་པ་ཡིད་དུ་འོང་བ་དང་ལྡན་པ་དང་། ཤར་ཉི་ཟླ་གཉིས་ཀྱི་སྒྲོན་མེ་འོད་ལམ་མེ། ལྷོ་ཙན་དན་ནགས་ཀྱི་བདུག་སྤོས་དྲི་ཞིམ་ཐུལ་ལེ། ནུབ་གངས་དཀར་མར་གྱི་ལྷ་བཤོས་དཀར་ཟེངས་སེ། བྱང་རྫ་ཆབ་སྔོན་མོའི་མཆོད་ཡོན་དྭངས་སེང་ངེ་བ་ལ་སོགས་པ་གང་ཇི་སྙེད་ཡོད་པ་རྣམས་ལས། མེ་ཏོག་ལ་སོགས་པ་དེ་དག་རེ་རེ་ཡང་གྲངས་ཀྱི་ཁྱད་པར་ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ་སྟེ་ཚད་མེད་པའི་ནམ་མཁའི་གར་ཁྱབ་ཏུ་ཁྱབ་ཅིང་ཡོད་པ་ཐམས་ཅད་དང་། ཁ་ན་མ་ཐོ་བ་མེད་པའི་ཁྱད་པར་བདག་པོའི་ཡོངས་སུ་བཟུང་བ་མེད་པ་སྒྲ་མི་སྙན་པའི་ལོངས་སྤྱོད་ལྟ་བུ་དེ་དག་ཀུན། སྦྱོར་བའི་ཁྱད་པར་བློ་ཡིས་བླངས་ནས་ཞེས་སེམས་ཐོག་ཏུ་བཟུང་སྟེ་རང་གི་ཡིན་པ་ལྟ་བུའི་འདུ་ཤེས་བསྐྱེད་ཅིང་ཕངས་སེམས་མེད་པར། ཞིང་གི་ཁྱད་པར་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་བསྲུང་བ་མེད་པར་ཐུབ་པས་ཐུབ་པ་འགྲོ་དྲུག་ལས་སྙིང་སྟོབས་ཆེ་བའི་སྐྱེས་བུ་རྐང་གཉིས་མི་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་ལེགས་པར་སྟེ་རིན་ཆེན་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་སྐྱེ་བའི་དོན་དུ་འབུལ་ན། ཡོན་ཡོངས་སུ་སྦྱོང་བ་ཆེན་པོ་སྟེ་ཡོན་ཆུང་ངུ་ཙམ་ཕུལ་ན་འབྲས་བུ་ཆེན་པོ་སྦྱིན་པར་མཛད་པ་དཔེར་ན་སངས་རྒྱས་ལ་སྲན་རྡོག་བདུན་ཕུལ་བས་མི་དབང་ང་ལས་ནུ་དང་བྱེ་མ་སྤར་གང་གཏོར་བས་ཆོས་རྒྱལ་མྱ་ངན་མེད་དུ་གྱུར་པ་ལྟ་བུའི་ཡོན་གནས་ཀྱི་དམ་པ་སེམས་ཅན་རྣམས་ལ་གཡོ་དང་སྒྱུ་མེད་པར་ཕན་པར་བཞེད་པའི་ཐུགས་སྙིང་རྗེ་ཆེ་བ་རྣམས་ཀྱིས་བདག་ཅག་ལ་བརྩེར་དགོངས་ཞེས་ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས་ཏེ་བདག་གི་མཆོད་པ་འདི་དག་བཞེས་པར་མཛད་དུ་གསོལ་ཞེས་སོ། །དེ་དག་འབུལ་དགོས་པའི་རྒྱུ་མཚན་བདག་ནི་སྔོན་གྱི་སྦྱིན་པ་ལ་སོགས་པའི་བསོད་ནམས་དང་མི་ལྡན་པས་ཚེ་འདིར་ལོངས་སྤྱོད་འབུལ་བས་བཀྲེན་ཆེན་ཏེ་སྤྲང་པོའི་ནང་ནས་དབྱུག་བཟུང་ལྟ་བུ་འགྱུར་པས་ན་མཆོད་པར་འོས་བའི་ནོར་སྔར་བསྟན་པ་དེ་དག་ལས་གཞན་དངོས་སུ་བདག་ལ་ཅང་མ་མཆིས་ཏེ་མེད་པ་དེས་ན་དང་པོ་ཐུགས་བསྐྱེད་པ་ནས་བཟུང་སྟེ་རང་འདོད་མེད་པར་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྫོགས་ཤིང་སྒྲིབ་པ་དག་ན་ཅི་མ་རུང་སྙམ་པས་གཞན་དོན་འབའ་ཞིག་དགོངས་པའི་མགོན་པོ་རྒྱལ་བ་སྲས་དང་བཅས་པ་ཀུན་གྱིས་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་འདི་རྣམས་དངོས་འཛིན་ཐམས་ཅད་དང་བྲལ་བས་ཁྱེད་ལ་ཕོངས་པ་མི་མངའ་ཡང་བདག་ཅག་གི་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་དག་པའི་དོན་གྱི་སླད་དུ་ཉིད་རྣམས་ཀྱི་རྫུ་འཕྲུལ་གྱི་མཐུས་ཞིང་ཁམས་སོ་སོ་ནས་ལེགས་པར་བཞེས་ཤིག་ཅེས་ཏེ་དེ་ལྟར་རང་ལ་འབུལ་བའི་ནུས་པ་ཡོད་ན་རྒྱལ་བ་སྲས་བཅས་ལ་མཁྱེན་པ་དང་བརྩེ་བའི་ཐབས་མཁས་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་བཞེས་པར་མཛད་ནས་བདག་ཅག་གི་ཚོགས་རྫོགས་ཤིང་སྒྲིབ་པ་དག་པར་ཡང་མཛད་པར་འགྱུར་ཞེས་གསུངས། གསུམ་པ་ནི། བདུད་བཞིའི་གཡུལ་ལས་རྒྱལ་བས་ན་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་དང་དེ་ཡི་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་བདག་གིས་ནི་ད་ནས་བཟུང་སྟེ་ཚེ་རབས་རྣམས་སུ་བདག་རང་གི་ལུས་གཅེས་ཤིང་ཕངས་པ་དགོས་ཤིང་མཁོ་བ་འདི་ཀུན་དུས་གཏན་དུ་རྒྱུན་མི་འཆད་པར་དབུལ་བར་བགྱི་ཡི། སེམས་དཔའ་མཆོག་རྒྱལ་སྲས་རིགས་གསུམ་མགོན་པོ་སོགས་ཁྱེད་རྣམས་ཀྱིས་བདག་ནི་ཡོངས་སུ་བཞེས་ཤིག་སྟེ་བཞེས་ནས་བདག་གིར་མཛོད་ཅིག་དང་། སྒོ་གསུམ་གུས་པས་ཁྱེད་རྣམས་ཀྱི་འབངས་སུ་མཆི་བ་སྟེ་འོང་ནས་བཀའ་བཞིན་དུ་བསྒྲུབས་པར་བགྱིའོ། །བདག་ནི་ཁྱེད་རྣམས་ཀྱིས་ཡོངས་སུ་བཞེས་ཏེ་བྲན་གྱི་ཚུལ་དུ་རྗེས་སུ་བཟུང་བས་ཞེས། བདག་གིར་མཛད་ན་ཁྱེད་རྣམས་ཐུགས་མཉེས་པར་བགྱི་བའི་སླད་དུ་སྲིད་པ་འཁོར་བར་གནས་ན་ཡང་གཞན་དོན་དུ་འཁོར་བའི་སྡུག་བསྔལ་ལས་མི་འཇིགས་པར་སེམས་ཅན་ཐམས་ཅད་ལ་ཕན་བདེའི་དོན་བསྒྲུབ་པར་བགྱི་ཞིང་། དེ་ལྟ་ན་བདག་ཉིད་མི་དགེ་བ་སྤྱོད་པའི་སྡིག་པ་དང་ལྡན་ན་ཁྱེད་རྣམས་ཀྱི་མཚན་སྙན་གྲགས་དབུ་འཕང་ལ་གནོད་ཅིང་གཞན་དོན་ལྟ་ཅི་རང་དོན་ཡང་མི་ནུས་པས་སྔོན་གྱི་སྡིག་པ་རྣམས་ལས་ཡང་དག་པར་འདའ་སྟེ་བཤགས་པ་བགྱིད་ཅིང་སྡིག་པ་གཞན་གང་ཡང་སླན་ཆད་མི་བགྱིད་དོ་ཞེས་སྡོམ་སེམས་ཀྱིས་དམ་བཅའ་འོ། །དེ་ལྟར་ལུས་འབུལ་བ་ནི་བསྲུང་བ་རྣམས་ཀྱི་མཆོག་ཡིན་པར་ཡང་གསུངས། གཉིས་པ་ཡིད་ཀྱི་སྤྲུལ་བའི་མཆོད་པ་ལ། ཁྲུས་དང་སྐུ་ཕྱི་སོགས་འབུལ་བ་དང་། ཉེར་སྤྱོད་ཀྱི་མཆོད་པ་གཉིས་ལས། དང་པོ་ནི། ཟས་ཀྱི་སྔ་ཕྱིར་ཁྲུས་དང་རྐང་པ་བཀྲུ་བ་དྲིས་བྱུག་པ་མེ་ཏོག་གི་ཕྲེང་བས་མགོ་ལ་བརྒྱན་པ་ལ་སོགས་པའི་འཇིག་རྟེན་པའི་ཉེར་སྤྱོད་དང་མཐུན་པར་མཛད་པ་སྟེ། དེ་ཡང་རྒྱལ་བ་སྲས་བཅས་ལ་ཉེས་པའི་དྲི་མ་མེད་ཀྱང་བདག་སོགས་འགྲོ་བའི་སྒོ་གསུམ་གྱི་དྲི་མ་ཁྲུས་ཀྱིས་སྦྱང་ཕྱིར་ལྷ་ལ་ཁྲུས་གསོལ་བ་སྟེ། མདུན་གྱི་ནམ་མཁར་ཁྲུས་ཀྱི་ཁང་པ་གཅིག་གམ་མང་པོ་ཙན་དན་དང་ག་བུར་ལ་སོགས་པས་བསྒོས་པས་ཤིན་ཏུ་དྲི་ཞིམ་པ། ཤེལ་སྣ་ལྔའི་རང་བཞིན་གྱི་ས་གཞི་བཀོད་པ་ཕྲ་ཆེན་ལྟར་མཛེས་པ་དྲི་མ་མེད་པས་གསལ་ཞིང་འོད་འཕྲོ་བས་འཚེར་བ་ཁོད་སྙོམས་པས་བསྟར་བའི་བུག་པ་ལ་ཐེམ་བུས་བཅད་པ། རིན་ཆེན་སྣ་བདུན་ནམ་ཤེལ་སོགས་འོད་ཟེར་སྣ་ཚོགས་འབར་བའི་ཀ་བ་ཕྱོགས་ཀྱི་མདོག་ཅན་ཡིད་དུ་འོང་བ་དང་ལྡན་པ་བཞི། དེའི་རྩ་བར་འབོ་ར་ཞེས་ཆུ་བརྟེན་པའི་ར་བ་མི་ལང་བའི་སྐེད་པར་སླེབ་པ་དང་། སྐེད་པར་འཕྲེད་དུ་ཀ་སྒྲོག་བཞི་དང་སྟེང་སྐོར་ཁེབ་བྱས་པ་ལ་ནང་ངོས་སོགས་ཀྱི་སྟེང་དུ་མུ་ཏིག་སྣ་ལྔ་ལ་སོགས་པའི་རིན་པོ་ཆེ་འོད་འབར་ཞིང་ཆགས་པའི་བླ་རེ་དང་འཕན་གདུགས་རྒྱལ་མཚན་བ་དན་དྲ་བ་དང་དྲ་ཕྱེད་ལ་སོགས་པས་རབ་ཏུ་མཛེས་པར་བྲེས་ཤིང་བརྒྱན་ཏེ་དེའི་དབུས་རྒྱ་མཐོངས་ཀྱི་སྟེང་ཀ་ཐུང་གིས་བཏེགས་པའི་རྒྱ་ཕིབ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཏོག་གིས་བརྒྱན་པའི་ནང་དུ་རིན་པོ་ཆེའི་ཁྲི་སྣ་ཚོགས་པ་དང་བཅས་པར་བསྒོམ་པ་དེར། ཆོས་ཉིད་དེ་བཞིན་ཉིད་དང་རྗེས་སུ་མཐུན་པར་གཤེགས་པས་དེ་བཞིན་གཤེགས་པ་རྣམས་ཐུགས་ཆོས་སྐུའི་དགོངས་པ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་ཡེ་ཤེས་སྒྱུ་མའི་རྣམ་རོལ་གང་འདུལ་གྱི་རྣམ་པ་དང་། དེ་ཡི་སྲས་བྱང་ཆུབ་སེམས་དཔའི་འཁོར་ཚོགས་རྒྱ་མཚོ་དང་བཅས་པར་བྱོན་པ་རྣམས་ཀྱི་ན་བཟའ་ཀ་སྒྲོག་གི་སྟེང་དུ་བཀལ་ཏེ། རང་ངམ་སྤྲུལ་པའི་མཆོད་ལྷ་རྣམས་ཀྱིས་ཁྲུས་རས་དཀར་པོ་སྐུ་ཤ་མི་སྒྲིབ་པ་ཕུལ་ཏེ་མནབ་པ་ལ་བཻཌཱུརྱ་ལ་སོགས་པའི་རིན་ཆེན་བུམ་པ་ཆེ་ཞིང་མཛེས་པ་མང་པོ་དག་བྱེད་ཀྱི་རྫས་དང་དྲི་བཟང་སྣ་ཚོགས་པའི་སྤོས་ཀྱི་ཆུ་ཡིད་དུ་འོང་བས་སུམ་གཉིས་ལེགས་པར་བཀང་བ་ཡོ་བའི་ཚུལ་གྱིས་དབང་ཁྲུས་བྱས་པ་དང་ཆབ་གཅིག་ཁྲུས་ཁང་གི་ཕྱི་རོལ་འོད་ཀྱི་འདོད་སྣམ་གྱི་སྟེང་དུ་མཆོད་པའི་ལྷ་མོ་མཛེས་ཤིང་བལྟ་ན་སྡུག་པ་རྣམས་ཀྱིས་ལ་ལས། གང་ཚེ་རྐང་གཉིས་གཙོ་བོ་སོགས་ཡིད་འཕྲོག་པའི་བསྟོད་པའི་གླུ་དབྱངས་སྙན་པ་དང་ནི་ལ་ལས་རྔ་ཟླུམ་གླིང་བུ་ལ་སོགས་པའི་རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ་བར་བགྱིའོ། །དེ་ནས་ཁྲུས་ཁང་གི་ཐེམ་བུ་བླངས་བ་ན་ཁྲུས་ཆུ་ནམ་མཁའ་ནས་བབ་པས་འོག་ཏུ་འཁོད་པའི་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་མ་ལུས་པ་དག་པ་དང་། ཁྱད་པར་ཡུལ་ལྷ་གཞི་བདག་འདྲེ་སྲིན་ནད་བདག་སོགས་ཀྱི་གནོད་འཚེའི་བསམ་སྦྱོར་གདུག་རྩུབ་མ་ལུས་པ་ཞི་ཞིང་མི་ནད་དང་ཕྱུགས་ནད་རྒྱུན་ཆད། རིན་ཆེན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པར་བསམ། ཁྲུས་གསོལ་བའི་རྒྱལ་བ་སྲས་བཅས་དེ་དག་གི་སྐུ་ལ་ལྷའི་གོས་དང་ཀ་ཤི་ཀ་ལ་སོགས་པ་མཚུངས་པ་མེད་པའི་གོས་དྲི་མ་མེད་པས་གཙང་ལ་དྲི་ཤིན་ཏུ་ཞིམ་པོའི་སྨན་ཕྱེ་སྐམ་པོས་རབ་ཏུ་བསྒོས་པས་སྐུ་ཕྱི་ཞིང་བྱི་དོར་ལེགས་པར་བགྱིའོ། །ན་བཟའ་ཁྲུས་རས་སྐུ་ཕྱི་ཀུན་འོད་དམར་པོའི་རྣམ་པར་བྱིན་རླབས་དང་དངོས་གྲུབ་ཀྱི་ཚུལ་དུ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྨིན་མཚམས་སུ་ཐིམ་པས་དེ་དག་གི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཐོབ་པར་བསམ་མོ། །སྐུ་ཕྱིས་པའི་རྗེས་དེ་ནས་ཡུལ་དམ་པ་དེ་རྣམས་ལས་སྤྲུལ་སྐུ་ཆགས་བྲལ་གྱི་རྣམ་པ་རབ་བྱུང་གི་ཆ་བྱད་ཅན་རྣམས་ལ། སྔོན་པོ་བཙག་དང་ངུར་སྨྲིག་རྩི། །ཞེས་པས། རུང་བའི་ཚོན་གསུམ་གྱིས་ཁ་དོག་ལེགས་པར་བསྒྱུར་བའི་ན་བཟའ་ཆོས་གོས་གསུམ་ལ་སོགས་པའི་འཚོ་བའི་ཡོ་བྱད་བཅུ་གསུམ་པོ་ཤིན་ཏུ་དྲི་ཞིམ་གྱིས་བསྒོས་པའི་གོས་འབུམ་ཕྲག་རི་བའི་དམ་པ་འབུལ་བར་བྱ་ཞིང་། ལོངས་སྐུ་སོགས་ཆགས་ཅན་འཁོར་ལོས་བསྒྱུར་བའི་ཆ་བྱད་ཅན་རྣམས་ལ་ལྷ་རྫས་ལས་གྲུབ་པའི་གོས་བཟང་པོ་རིན་ཐང་དང་བྲལ་བར་ཤིན་ཏུ་སྲབ་ཅིང་ཡང་ལ་རེག་བྱ་འཇམ་པ་ཁ་དོག་དང་དབྱིབས་སྣ་ཚོགས་པའི་གོས་ལུས་ལ་བསམ་གཏན་གྱི་བདེ་བ་བསྐྱེད་ནུས་པའི་གར་གྱི་ཕུ་དུང་། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། ཚི་གུའི་སྨད་དཀྲིས། དར་སྣ་ཚོགས་ཀྱི་ཅོད་པཎ། ཟི་ལྡིར་སྟེ་དར་གྱི་ཆས་གོས་ལྔ་དང་། གར་གྱི་ཕུ་དུང་གི་ཚབ་ཏུ་དར་དཔྱང་བགྲང་བའང་ཡོད། དེ་ལྟར་ཕུལ་བ་དེས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་ཐོབ་པར་ཤོག་ཅིག་ཅེས་བསམ་པར་བྱའོ། །རྒྱན་གྱི་རྣམ་པ་གསེར་ལ་སོགས་པ་ལ་བཻཌཱུ་རྱ་སོགས་ཀྱི་ཕྲ་ཚོམ་གྱིས་སྤྲས་པའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དོ་ཤལ། སེ་མོ་དོ། ཕྱག་གདུབ། ཞབས་གདུབ། སྐུ་རག་སྟེ་རིན་པོ་ཆེའི་རྒྱན་བརྒྱད་པོ་ཆེས་མཆོག་ཏུ་གྱུར་པ་བརྒྱ་ཕྲག་མང་པོ་དེ་དང་དེ་དག་གིས་འཕགས་མཆོག་དམ་པ་ཀུན་ཏུ་བཟང་པོ་དང་འཇམ་པའི་དབྱངས་དང་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་དང་སོགས་སྒྲས་ཕྱག་ན་རྡོ་རྗེ་དང་ས་ཡི་སྙིང་པོ་བྱམས་པ་ནམ་སྙིང་སྒྲིབ་སེལ་སོགས་ལའང་བརྒྱན་པར་བགྱི་ཞིང་འབུལ་བར་བྱའོ། །དེས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་མཚན་དཔེའི་རྒྱན་བཟང་ཐོབ་པར་ཤོག་ཅིག་ཅེས་བསམ་པར་བྱའོ། །གཉིས་པ་ནི། མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཞེས་བྱ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །ཞེས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཀུན་ཏུ་དྲི་ཞིམ་པོའི་ངད་རབ་ཏུ་ལྡང་བའམ་འཕྲོ་བ་ཡི་ཙན་དན་དཀར་པོ་ལ་སོགས་པ་བསལ་ཞིང་དྲི་མཆོག་བཟང་པོ་རྣམས་ཀྱི་ཆུས་རིན་པོ་ཆེའི་སྣོད་དུང་ཕོར་དང་ཉ་ཕྱིའི་ལ་སོགས་བཀང་བ་དེ་མཆོད་ལྷ་རྣམས་ཀྱིས་ཐུབ་པའི་དབང་པོ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན་གྱི་སྐུ་གསེར་བཟང་པོ་ལན་གྲངས་བཅུ་དྲུག་གི་བར་ཏུ་ལེགས་པར་བཞུ་བཏུལ་གྱིས་སྦྱངས་ཏེ་བཙོ་མ་སྟེ་ཤིན་ཏུ་དག་པ་སྨན་སྣ་ཚོགས་ཀྱིས་མདངས་བཏོན་ཅིང་དར་གོས་ཀྱིས་བྱི་དོར་བྱས་པ་ལྟར་འོད་རང་ངོར་ཆགས་ཤིང་གཞན་ངོར་འཕྲོ་བས་འབར་བ་དེ་དག་ལ་རྡུལ་མི་འབྱུང་བའི་ཆེད་དུ་བྱུགས་པར་བགྱིའོ། །དེས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་པགས་པ་གསེར་མདོག་ལྟ་བུའི་མཚན་བཟང་ཐོབ་པར་ཤོག་ཅིག་ཅེས་བསམ་མོ། །ཐུབ་པའི་དབང་པོ་མཆོད་པར་བྱ་བའི་གནས་མཆོག་ཏུ་གྱུར་པ་རྣམས་ལ་ཁ་དོག་དབྱིབས་ལེགས་ཡིད་དུ་འོང་བའི་ལྷའི་མེ་ཏོག་མནྡ་ར་བ་དང་། ལྷ་དང་མིའི་ཡུལ་གྱི་མེ་ཏོག་པདྨ་དང་ཨུཏྤལ་ལ་སོགས་པ་ལྷ་ཀླུ་མི་དང་དག་པའི་ཞིང་གི་དྲི་ཞིམ་ཞིང་འོད་ཟེར་འཕྲོ་བའི་མེ་ཏོག་ཐམས་ཅད་སིལ་མ་ནམ་མཁར་གཏོར་བས་སྤྲུལ་སྐུ་ཆགས་བྲལ་གྱི་རྣམ་པ་ཅན་རྣམས་ལ་ཁང་བཟང་དང་བླ་རེ་འཕན་གདུག་རྒྱལ་མཚན་མཎྜལ་ལ་སོགས་པའི་རྣམ་པ་དང་དེ་ལས་ཀྱང་མེ་ཏོག་གི་ཆར་དབབ་པ་རླུང་གིས་བསྐྱོད་པས་ཕྱོགས་བཅུའི་རྒྱལ་བ་རྣམས་ལའང་མཆོད་པར་གྱུར་པ་དང་། མེ་ཏོག་སྣ་ལྔའི་ཕྲེང་བ་ཕྲེང་བརྒྱུད་མཁས་པས་བྱས་པ་ལྟར་སྤེལ་ལེགས་པར་བརྒྱུས་པས་ཡིད་དུ་འོང་བ་རྣམས་ཀྱིས་ཀྱང་ལོངས་སྐུ་ཆགས་ཅན་གྱི་རྣམ་པ་ཅན་རྣམས་ལ་ཕྲེང་བ་ལ་སོགས་པ་རྒྱན་རྣམ་པ་སྣ་ཚོགས་པས་མཆོད་པར་བྱའོ། །དེས་ན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གི་ཚོམ་བུ་བཀྲ་བར་ཤོག་ཅིག་ཅེས་བསམ་མོ། །ཙན་དན་སྦྲུལ་སྙིང་དང་ཨ་ཀ་རུ་ནག་པོ་ལ་སོགས་པའི་ལྷན་སྐྱེས་དང་སྦྱར་བྱུང་གི་སྤོས་མཆོག་ཏུ་གྱུར་པ་ཚོར་མ་ཐག་ཏུ་ཡིད་འཕྲོག་པར་བྱེད་པའི་དྲི་ཞིམ་པོའི་ངད་ཕྱོགས་ཐམས་ཅད་དུ་ཁྱབ་ཅིང་ལྡངས་པ་ཡི་བདུག་པ་རེངས་བུ་དང་སྤོས་ཕོར་སོགས་སུ་བསྲེག་པའི་དུ་བ་སྤྲིན་གྱི་ཚོགས་ལྟར་འཁྲིགས་པ་ཡིག་འབྲུ་དང་རིན་པོ་ཆེ་སྣ་བདུན་གྱི་རྣམ་པ་རླུང་གིས་ཕྱོགས་བཅུར་བསྐྱོད་པ་རྣམས་ཀྱིས་ཀྱང་རྒྱལ་བ་སྲས་དང་བཅས་པ་དེ་དག་ལ་གུས་པས་དབུལ་བར་དགྱེས་པ་བསྐྱེད་ཅིང་། དྲི་དེས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་ནས་བདེ་བས་ཚིམ་པར་བྱས་པ་དང་། དེས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དགྱེས་པའི་ཚུལ་ཁྲིམས་ཀྱི་དྲི་བསུང་གིས་ཁྱབ་པར་ཤོག་ཅིག་ཅེས་བསམ་མོ། །ཞལ་ཟས་རོ་བརྒྱ་དང་ལྡན་པའི་འབྲས་ཆན་ལ་སོགས་པའི་བཟའ་བ་དང་བཅའ་བ། བདུད་རྩིའི་བཏུང་བ་དང་དཀར་གསུམ་མངར་གསུམ་ལ་སོགས་པ་ཁ་དོག་དང་དྲི་རོ་ཕུན་སུམ་ཚོགས་པ་སྣ་ཚོགས་པ་དང་བཅས་པ་ཡི་ལྷ་རྫས་ལས་གྲུབ་པའི་བཤོས་སམ། ལྷ་ཞེས་རྒྱལ་པོ་སྟེ། དེའི་ཞལ་དུ་བཟའ་བར་འོས་པའི་ལྷ་བཤོས། ཆུ་མ་རག་པའི་ཞལ་ཟས་ལ་སོགས་པ་མང་པོ་མདོར་ན་རིན་པོ་ཆེའི་ལྷུང་བཟེད་དང་ཀ་ཏོ་ར་སོགས་སུ་ཡིད་ལ་གང་འདོད་ཀྱི་བཟའ་བཏུང་སྣ་ཚོགས་པ་རྣམས་ཀྱང་དེ་དག་ལ་དབུལ་བར་བགྱིའོ། །དེས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་ཟས་མཆོག་ཐོབ་པར་ཤོག་ཅིག་ཅེས་བསམ་མོ། །འཛམ་བུའི་ཆུ་གསེར་གྱི་པདྨ་མཛེས་ཤིང་ཡིད་དུ་འོང་པ་མང་པོ་གྲལ་ཚར་དུ་དངར་བ་སྟེ་སྒྲིགས་ལེགས་པ་ཡི་པད་སྤུངས་སུ། བཻཌཱུརྱ་ལ་སོགས་པའི་རིན་ཆེན་སྣ་ཚོགས་ཀྱི་སྒྲོན་མེ་འོད་ཀྱིས་འཛམ་བུའི་གླིང་སོགས་ཁྱབ་ཅིང་ཉིན་མཚན་རྟག་ཏུ་སྣང་བར་བྱེད་པ་དང་། རང་རང་གིས་ཕུལ་བ་ལ་ཡང་ཀོང་བུ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ། སྡོང་བུ་ནི་རིའི་རྒྱལ་པོ་རི་རབ། མར་ཁུ་ནི་རྒྱ་མཚོ་ཆེན་པོ་ཙམ་ལ་འོད་སྣ་ལྔས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱེད་པ་རྣམས་ཀྱང་ཡིད་ཀྱིས་སྤྲུལ་ཏེ་དེ་དག་ལ་འབུལ་བར་བགྱིའོ། །དེས་རང་གཞན་སེམས་ཅན་ཐམས་ཅད་ཤེས་བྱ་ལ་རྨོངས་པའི་མ་རིག་པའི་མུན་པ་ཐམས་ཅད་བསལ་ཏེ་ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ཐོབ་པར་ཤོག་ཅིག་ཅེས་བསམ་མོ། །རིན་པོ་ཆེ་སྣ་ཚོགས་ཀྱིས་ས་གཞི་མིག་མང་རིས་སུ་བཀྲ་བ་ཁོད་སྙོམས་པས་བསྟར་བ་མནན་ན་ནེམས་པ་བཏེག་ན་འཕར་བ་ལ་དྲི་ཞིམ་སྣ་ཚོགས་བའི་སྤོས་ཆུ་བ་ལང་གི་ཀོ་བའི་སྲབ་མཐུག་ཙམ་གྱིས་བྱུགས་པ་དེར་མེ་ཏོག་ཡིད་དུ་འོང་བ་ཁ་དོག་སྣ་ཚོགས་པ་སིལ་མ་སྟེ་ཡུ་བ་མེད་པ་མི་འགྲེང་ཙམ་དུ་བཅལ་དུ་དཀྲམ་ཞིང་བཀོད་པ་ཡང་མཆོད་པར་བགྱིའོ། །དེས་རང་གཞན་གྱི་སེམས་ཅན་ཐམས་ཅད་ཀྱི་འདུན་པ་ས་ལྟ་བུའི་སེམས་བསྐྱེད་ཐོབ་པར་ཤོག་ཅིག་ཅེས་བསམ་མོ། །རྒྱ་ཁྱོན་དང་བཀོད་པའི་ཚད་བློས་གཞལ་དུ་མེད་པའི་ཕོ་བྲང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་བརྩེགས་ལྔ་བརྒྱ་པ་ལ་སོགས་པའི་ནང་དང་འདོད་སྣམ་ཐམས་ཅད་ན་མཆོད་པའི་ལྷ་མོ་རྣམས་ཀྱིས་པི་ཝཾ་ལ་སོགས་པའི་རོལ་མོ་དང་བཅས་པས་བསྟོད་པའི་དབྱངས་ཡིད་དུ་འོང་བའི་སྙན་པ་སྒྲོགས་པ་དང་ལྡན་པའི་ཕྱིའི་གཤམ་སྣེ་དང་ནང་གི་ཀ་བ་སོགས་ལ་སེང་གེ་དང་ཆུ་སྲིན་སོགས་ཀྱི་ཁ་ནས་དཔྱང་བའི་མུ་ཏིག་དམར་པོ་དང་རིན་ཆེན་སྣ་ཚོགས་པའི་དྲྭ་བ་དང་དྲྭ་ཕྱེད་ལ་སོགས་པའི་རྒྱན་གྱི་ཆུན་པོ་འཕྱང་བས་མཛེས་ཤིང་ཡིད་དུ་འོང་བ་འོད་དང་འོད་ཟེར་འབར་བ་དྲྭ་བའི་ཁུག་མགོ་དང་དྲྭ་ཕྱེད་ཀྱི་སྣེ་ལ་རྔ་ཡབ་དང་དྲིལ་བུ་དང་མེ་ལོང་གིས་བརྒྱན་པ། མེ་ལོང་གི་ངོས་དང་དྲི་བུའི་སྒྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟོན་པ། ཙན་དན་གྱི་ཝ་ཁ་ནས་དྲི་བཟང་གི་ཆུ་རྒྱུན་བབ་པས་ཁྲུས་ཀྱི་རྫིང་བུ་འཁྱིལ་བ་ལ་ཆུ་བྱ་སྣ་ཚོགས་སྐད་སྙན་སྒྲོགས་ཤིང་རྩེ་བ། ནང་གི་ཁང་མིག་ལ་ལར་ན་བཟའ་སྣ་ཚོགས་དང་། ལ་ལར་བཟའ་བཏུང་སྣ་ཚོགས། ཉིན་མོར་བཞུགས་ཁྲི་དང་མཚན་གྱི་གཟིམ་ཆ་ལྷའི་རས་བཅོས་བུ་སྣ་ཚོགས་ཀྱི་སྟན་དང་སྔས་ཁྲ་བོ་སོགས་ཉེ་བའི་རིན་པོ་ཆེ་སྣ་བདུན་དང་། རིན་པོ་ཆེ་སྣ་ཚོགས་པའི་སྒྲོན་མེའི་འོད་ཀྱིས་ཕྱོགས་ཐམས་ཅད་ཉིན་མཚན་ཀུན་ཏུ་གསལ་ཞིང་ཚད་བློས་དཔག་ཏུ་མེད་ཅིང་མཐའ་ཡས་པ་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པས་ནམ་མཁའི་རྒྱན་ལྟ་བུར་གྱུར་བ་དེ་དག་ཀྱང་། ཐུགས་སྙིང་རྗེའི་རང་བཞིན་ཅན་སངས་རྒྱས་བཅོམ་ལྡན་འདས་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །དེས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཐར་པ་ཆེན་པོའི་གྲོང་ཁྱེར་ཐོབ་པར་ཤོག་ཅིག་ཅེས་བསམ་མོ། །ལྷ་རྫས་ཀྱི་དར་དང་རིན་ཆེན་སྣ་ཚོགས་པའི་གདུགས་རབ་ཏུ་མཛེས་པ་གསེར་གྱི་ཡུ་བ་ཅན་ཁོར་ཡུག་སྟེ་ཤམ་བུ་ལ་མུ་ཏིག་ལ་སོགས་པའི་རྒྱན་གྱི་རྣམ་པ་དཔལ་བེའུ་དང་དྲ་བ་དང་དྲྭ་ཕྱེད་ལ་སོགས་པ་ཡིད་དུ་འོང་བས་བརྒྱན་པ་དབྱིབས་ཤིན་ཏུ་ལེགས་ཤིང་བལྟ་ན་སྡུག་པ་བསྒྲེང་བ་སྟེ་གྱེན་དུ་བསླང་བ་ཡང་མཆོད་པའི་ལྷ་མོ་དང་རྟ་ཅང་ཤེས་དང་གླང་པོ་ཆེ་སོགས་ཀྱིས་བཟུང་བ་སྔོན་སྟོན་པ་ཐུགས་རྗེ་ཅན་ལ་གཡས་ཕྱོགས་ནས་ཚངས་པས་བཻཌཱུརྱའི་གདུགས་ལྔ་བརྒྱ་དང་གཡོན་ཕྱོགས་ནས་བརྒྱ་བྱིན་གྱིས་འཛམ་བུའི་ཆུ་གསེར་གྱི་གདུགས་ལྔ་བརྒྱ་ཕུལ་བ་ལྟར་དུས་རྟག་ཏུ་ཐུབ་པའི་དབང་པོ་སྲས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །དེ་ལྟར་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་ཚ་གདུང་ལས་སྐྱོབ་སྟེ། དཀོན་མཆོག་གསུམ་གྱི་གྲིབ་མ་བསིལ་བའི་སྐྱབས་འོག་ཏུ་ཚུད་པར་ཤོག་ཅིག་ཅེས་བསམ་པར་བྱའོ། །དེ་ལྟར་ཡིད་སྤྲུལ་གྱི་མཆོད་པའི་རྣམ་གྲངས་བཅུ་གཉིས་པོ་འདི་རྣམས་ལ། རང་རེའི་བློས་སྟོང་གསུམ་སོགས་ཁྱབ་པར་མི་ནུས་པས་ན་དེ་ལྟར་ཁྱབ་ཡོད་པར་བསམ་དགོས་སོ། །དེ་ལ་ཞི་བ་ལྷ་ཤིན་ཏུ་སྤྲོས་མེད་ཀྱི་རྣལ་འབྱོར་བ་ཡིན་པས་དངོས་འབྱོར་གྱི་མཆོད་པ་རྒྱ་ཆེན་མ་གསུང་བར་འདི་ལྟར་དཀའ་ཚེགས་མེད་པར་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ཡང་དག་པར་རྫོགས་པའི་ཐབས་མཆོག་ཏུ་གྱུར་པས་ན་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་མཆོད་པ་ཡིན་ལ། དེ་ནས་མཆོད་པའི་རྣམ་གྲངས་འདི་རྣམས་རྩིས་མེད་མི་བྱེད་པར་ཡང་དང་ཡང་དུ་བསྒོམ་དགོས། དེའང་ལྷ་བསྒོམ་པ་ལྟ་བུ་རྒྱུན་མི་འཆད་པར་བསྒོམ་མི་དགོས་པར་སྐད་ཅིག་ཡུད་ཙམ་ཡུད་ཙམ་བློ་ལ་སྣང་ཙམ་སྣང་ཙམ་ཤར་བ་ཙམ་གྱིས་དཀའ་ཚེགས་དང་ངལ་དུབ་མ་དགོས་པར་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་འདུམ་པར་འགྱུར་བས་ཚོགས་རྫོགས་ཤིང་སྒྲིབ་པ་དག་ནས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བ་དང་། ཐོས་པ་ཤེས་ཤིང་མི་བརྗེད་པར་འགྱུར་བ་ལ་སོགས་པའི་ཡོན་ཏན་ཐམས་ཅད་འབྱུང་བས་དོན་ཆེན་པོ་ཚེགས་ཆུང་ངུས་འགྲུབ་པའི་མཆོད་པའི་རྣམ་གྲངས་འདི་རྣམས་ཡང་ཡང་བསམ་ཞིང་མཆོད་ན་ལོག་འཚོ་དང་སྡིག་པས་བསྒྲུབ་པའི་མཆོད་པ་ང་རྒྱལ་དང་ངོམ་ཆོས་སུ་འགྲོ་བ་ཅི་ཙམ་ཕུལ་བ་ལས་ཀྱང་མཆོད་པ་རྒྱ་ཆེ་ཞིང་རྣམ་པར་དག་པ་ཡིན་གསུངས། གསུམ་པ་སྨོན་ལམ་སྟོབས་ཀྱི་མཆོད་པ་ནི། གོང་དུ་བཤད་པ་དེ་དག་ལས་གཞན་ཡང་ཁྱད་པར་དུ་འཕགས་པའི་མཆོད་པའི་ཚོགས་སིལ་སྙན་ཡན་ལག་བརྒྱད་ལྡན་ལ་སོགས་པའི་འབུད་རྡུང་དཀྲོལ་གསུམ་གྱི་རོལ་མོ་དང་། མིའམ་ཅིའི་སྡོང་པོའི་སྒྲ་སྙན་གྱི་སྐད་འོད་སྲུང་ཆེན་པོས་མ་བཟོད་པར་གར་འཆམས་པ་ལྟ་བུ་དང་། དྲི་ཟའི་རྒྱལ་པོ་རབ་དགའི་ཏམ་བུ་རའི་རྒྱུད་བསྒྲེང་བ་ལྟ་བུ་གར་དང་བཅས་པའི་བསྟོད་པའི་གླུ་དབྱངས་སྙན་པ་ཡིད་དུ་འོང་བ་དང་ལྡན་པ་གང་ཞིག་ནུས་པའི་ཁྱད་པར་ཐོས་པ་ཙམ་གྱིས་སེམས་ཅན་གྱི་སྡུག་བསྔལ་སེལ་ཞིང་སིམ་པའི་དགའ་བདེ་ཐོབ་པར་བྱེད་པའི་སྤྲིན་ཞེས་པ་ཁྱབ་ཆེ་བའི་དོན་ཡིན་པས་ཕྱོགས་བཅུའི་ཞིང་ཀུན་ཁྱབ་པར་བྱེད་པའི་སྒྲ་དབྱངས་དཔག་ཏུ་མེད་པ་རྣམས་རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔར་འབྱུང་ཞིང་རྒྱུན་མི་འཆད་པར་རྟག་ཏུ་སོ་སོར་གནས་པ་གྱུར་ཅིག་ཅེས་སྨོས་པ་དང་། ལུང་དང་རྟོགས་པའི་དམ་པའི་ཆོས་དཀོན་མཆོག་ཡི་གེ་གླེགས་བམ་གྱི་རྣམ་པ་དང་བཅས་པ་ཐམས་ཅད་དང་། དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་གསུངས་པའི་ཚེ་ཆོས་སྣང་བའི་ཆོ་འཕྲུལ་ཞེས་མེ་ཏོག་གི་ཆར་དབབ་པར་གསུངས་པ་བཞིན་དུ་ལུང་གི་ཆོས་འཆད་ཉན་བྱེད་པའི་དུས་ཐམས་ཅད་ལ་དང་། སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་སུ་གནས་གཙང་མའི་ལྷ་དག་གིས་མེ་ཏོག་གི་ཆར་དབབ་པར་གསུངས་པ་ལྟར་རྟོགས་པའི་ཆོས་རྒྱུད་ལ་སྐྱེས་པའི་དུས་ཐམས་ཅད་ལ་དང་། ཆོས་སྐུའི་རྟེན་དེ་བཞིན་གཤེགས་པའི་མཛད་པ་བརྒྱད་དང་སྒོ་བསྟུན་པའི་མཆོད་རྟེན་ཆ་བརྒྱད་ལ་སོགས་པ་སྟེ་དེ་ཡང་བདག་ཅག་གི་སྟོན་པ་སྐུ་འཁྲུངས་པའི་དུས་སུ་པདྨ་སྤུང་པའི་མཆོད་རྟེན་སེར་སྐྱར་ཟས་གཙང་གིས་བཞེངས་པ། སངས་རྒྱས་པའི་དུས་སུ་བདུད་འདུལ་ལམ་བྱང་ཆུབ་མཆོད་རྟེན་གཟུགས་ཅན་སྙིང་པོ་ལ་སོགས་པས་བཞེངས་པ། ཆོས་འཁོར་བསྐོར་བའི་ཚེ་མཆོད་རྟེན་བཀྲ་ཤིས་སྒོ་མང་ཝཱ་ར་ཎ་སཱིར་ལྔ་སྡེས་བཞེངས་པ། མུ་སྟེགས་སྟོན་པ་སྡེ་དྲུག་བརྟུལ་བའི་དུས་སུ་ཆོ་འཕྲུལ་མཆོད་རྟེན་ཛེ་ཏའི་ཚལ་དུ་ལི་ཙ་བིས་བཞེངས་བ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལྷ་ཡུལ་སུམ་ཅུ་རྩ་གསུམ་དུ་མ་ལ་ཆོས་བསྟན་ནས་སླར་མི་ཡུལ་གསལ་ལྡན་དུ་བབ་ཚེ་ལྷ་བབ་མཆོད་རྟེན་དེ་དག་རྣམས་ཀྱིས་བཞེངས་པ། དགེ་འདུན་དབྱེན་བསྡུམ་པའི་དུས་སུ་དབྱེན་འདུམ་མཆོད་རྟེན་འོད་མའི་ཚལ་དུ་མ་གྷ་དྷ་བས་བཞེངས་པ། སྐུ་ཚེའི་འདུ་བྱེད་བྱིན་གྱིས་རླབས་ཚེ་རྣམ་རྒྱལ་མཆོད་རྟེན་མྱང་འདས་མཆོད་རྟེན་རྩ་ཅན་དུ་གྱད་ཀྱིས་བཞེངས་པ་སྟེ་བརྒྱད་དང་། མདོ་སྡེ་བསྐལ་བཟང་ལས། དེ་བཞིན་གཤེགས་པའི་སྐུ་གདུང་ནི་རྒྱས་པར་འགྱུར་རོ་ཞེས་གསུངས་པ་ལྟར་དེ་བཞིན་གཤེགས་པའི་ཚེམས་མཆེ་བ་བཞི་པོ་ལས་ཚངས་པ་དང་། གྲོང་ཁྱེར་སྒྲ་སྒྲོགས་ཀྱི་འོག་གི་ཀླུ་དང་། ཀ་ལིང་ཀའི་རྒྱལ་པོ་དང་། ཚིག་འཛིན་ཡིད་འོང་གི་གྲོང་ཁྱེར་གྱི་དྲི་ཟ་རྣམས་ཀྱིས་མཆོད་རྟེན་རེ་རེ་བཞེངས་པ་དང་། དེ་བཞིན་གཤེགས་པའི་རིང་བསྲེལ་ཡུལ་མ་གྷ་དྷའི་བྲེ་བོ་ཆེ་བརྒྱད་དང་རས་ཚིག་པ་དང་མ་ཚིག་པ་རྣམས་ཀྱིས་མཆོད་རྟེན་བརྒྱད་ལ་སོགས་པར་བཞེངས་པ་དང་། ཆོས་རྒྱལ་མྱ་ངན་མེད་ཀྱིས་གནོད་སྦྱིན་ཁོལ་བོ་བསྒྲུབ་ནས་འཛམ་གླིང་གི་ས་གནས་བྱེ་བར་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བྱེ་བ་བཞེངས་པ་དང་། རྒྱལ་པོ་སྲོང་བཙན་སྒམ་པོས་དགེ་སློང་ཨ་ཀར་མ་ཏི་ཤི་ལ་སྤྲུལ་ནས་རྒྱ་གར་གྱི་མཆོད་རྟེན་པདྨ་སྤུངས་པ་ནས་དེ་བཞིན་གཤེགས་པའི་རིང་བསྲེལ་སྤྱན་དྲངས་པ་ད་ལྟ་ཇོ་བོ་རང་བྱུང་ལྔ་ལྡན་གྱི་སྨིན་མཚམས་སུ་བཞུགས་པ་དང་། མཆོད་རྟེན་དེ་ལས་ཨོ་རྒྱན་སངས་རྒྱས་གཉིས་པས་རྫུ་འཕྲུལ་གྱིས་རིང་བསེལ་བྲེ་གང་སྤྱན་དྲངས་ཏེ་བསམ་ཡས་མཆོད་རྟེན་དཀར་པོ་ན་བཞུགས་པ་ལས་འཕེལ་བ་སྐལ་ལྡན་གྱི་གང་ཟག་གིས་ད་ལྟའང་རྙེད་དུ་ཡོད་པ་ལ་སོགས་པའི་མཆོད་རྟེན་རྣམས་དང་། རིས་སུ་བྲིས་པ་ལུགས་སུ་བླུགས་པ་འབུར་དུ་དོད་པའི་སྐུ་གཟུགས་ལ་སྟེ། སེང་ག་ལའི་གླིང་གི་བུ་མོ་མུ་ཏིག་འཁྲི་ཤིང་བདེན་པ་ལ་འགོད་པར་མཛད་པའི་རས་བྲིས་ཀྱི་ཐོག་མ་དེ་བཞིན་གཤེགས་པའི་བཀའ་ཡི་གནང་བའི་ཐང་སྐུ་འོད་ཟེར་མ་དང་། བཟོ་རྒྱལ་ཀརྨ་བི་ཤྭས་རིན་པོ་ཆེ་སྣ་ཚོགས་ལས་དེ་བཞིན་གཤེགས་པའི་དགུང་ལོ་ཉེར་ལྔ་བའི་ཚད་དགའ་ལྡན་ལྷའི་ཡུལ་ན་བཞུགས་པ་དང་བཅུ་གཉིས་བའི་ཚད་ཇོ་བོ་རིན་པོ་ཆེ་ཤཱཀྱ་མུ་ནི་དང་། བརྒྱད་པའི་ཚད་ར་མོ་ཆེ་མི་བསྐྱེད་རྡོ་རྗེ་གཉིས་ད་ལྟ་ལྷ་ས་ན་བཞུགས་པ་དང་། ཙན་དན་ལས་བྱས་པའི་ཇོ་བོ་རྒྱ་ནག་ན་བཞུགས་པ་ལ་སོགས་པ་དང་། གསང་སྔགས་རྡོ་རྗེའི་ཐེག་པ་ནས། བསྟན་པའི་བཙས་གསུམ་ཞེས་སྐུ་རྟེན་དུ་རིན་པོ་ཆེ་བརྒྱ་རྩ་གཅིག་ལས་རང་བྱོན་པའི་སངས་རྒྱས་རྡོ་རྗེ་འཆང་གི་སྐུ་དང་། གསུང་རྟེན་དུ་བསྟན་པ་བུ་གཅིག་གི་རྒྱུད་དང་། ཐུགས་རྟེན་དུ་རིན་པོ་ཆེ་བརྒྱ་རྩ་གཅིག་གམ་གསེར་གྱི་རྡོ་རྗེ་རྩེ་ལྔ་བ་ཁྲུ་གང་བ་གནས་བཅུ་གཉིས་ལ་སོགས་པ་གང་ན་རྫོགས་པ་ཆེན་པོའི་ཆོས་དར་བའི་ནམ་མཁའི་གནས་སུ་འབྱོན་པར་འགྱུར་བ་ལ་སོགས་པ་ཇི་སྙེད་པ་ཐམས་ཅད་ལ་རིན་ཆེན་སྣ་ཚོགས་དང་མེ་ཏོག་དང་དྲི་བཟང་དང་གོས་རྒྱན་འབྲུ་སྨན་སྣ་ཚོགས་པ་ལ་སོགས་པའི་ཆར་པ་དུས་རྟག་ཏུ་རྒྱུན་མི་འཆད་པར་འབབ་པར་ཤོག་ཅིག་ཅེས་སྨོན་པ་སྟེ། ཚུལ་ཁྲིམས་རྣམ་པར་དག་ན་སྨོན་ལམ་ཇི་བཏབ་དངོས་སུ་འགྲུབ་པ་དང་། དེ་ལྟར་མིན་ནའང་ཕན་ཡོན་གྱི་ཁྱད་པར་ནི་འཐོབ་པར་འགྱུར་རོ། །བཞི་པ་བླ་ན་མེད་པའི་མཆོད་པ་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་མི་འདྲ་བ་བྱེ་བ་བརྒྱ་སྟོང་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་དང་མཉམ་པར་སྤྲོས་འོད་ཟེར་དེ་རེ་རེའི་རྩེ་ལ་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རང་འདྲ་བ་རེ་རེ་སྦྲུལ། དེ་རེ་རེའི་ཐུགས་ཀ་ནས་སྔར་དང་འདྲ་བའི་འོད་ཟེར་སྤྲོ་ཞིང་། དེའི་རྩེར་ཀུན་ཏུ་བཟང་པོ་སྤྲུལ་པ་སོགས་གྲངས་མེད་བསམ་གྱིས་མི་ཁྱབ་པའི་བར་དུ་སྤྲོས་ཏེ། དེ་དག་རེ་རེས་ཀྱང་མཆོད་རྫས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ལྟ་བུ། ཇི་ལྟར་འཇམ་པའི་དབྱངས་དང་ཀུན་ཏུ་བཟང་པོ་ལ་སོགས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པར་འཕྲུལ་བའི་མཆོད་པའི་སྤྲིན་མཐའ་ཡས་པས་ཕྱོགས་བཅུའི་རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་ལ་མཆོད་པ་མཛད་པ་ཡི་ཚུལ། དཀོན་མཆོག་ཏ་ལ་ལས། མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང་། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཅེས་པ་ལ་སོགས་པ་གསུངས་པ་ལྟར་དེ་བཞིན་དུ་བདག་གིས་ཀྱང་དེ་བཞིན་གཤེགས་པ་མགོན་པོ་སྲས་དང་བཅས་པ་རྣམས་ལ་མཆོད་པ་དབུལ་བར་བགྱིའོ་སྙམ་དུ་མོས་པར་བྱའོ། །གཞན་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ། སྙིང་རྗེ་བསྒོམ་པ། ཆོས་ཀྱི་ཚིག་དོན་འཛིན་པ་རྣམས་ཀྱང་བླ་ན་མེད་པའི་མཆོད་པ་ཡིན་པས་དེ་རྣམས་ཀྱང་རང་གིས་བྱ་དགོས་སོ། །ལྔ་པ་བསྟོད་པ་དབྱངས་ཀྱི་མཆོད་པ་ནི། །སངས་རྒྱས་བཅོམ་ལྡན་འདས་རྣམས་སྐུ་མཚན་དཔེ། གསུང་ཚངས་དབྱངས། ཐུགས་རྣམ་མཁྱེན་ལ་སོགས་པའི་ཡོན་ཏན་རྒྱ་མཚོ་ལྟ་བུ་མངའ་བ་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་བདག་གིས་བསྟོད་པའི་དབྱངས་ཏེ་སྐད་ཀྱི་གདངས་འདེགས་འཇོག་འགྱུར་ཁུག་ཕྲ་སྦོམ་སྟེ་དྲུག་ལྡན་ལ་སོགས་པའི་ཡན་ལག་རྒྱ་མཚོས་ཏེ་རྒྱ་མཚོ་ལྟར་མཐའ་ཡས་པས་བསྟོད་པར་བགྱི་ཞིང་། བསྟོད་པའི་གླུ་དབྱངས་ཤིན་ཏུ་སྙན་པའི་སྤྲིན་ཕུང་མཐའ་ཡས་པ་རྣམས་རྒྱལ་བ་སྲས་བཅས་དེ་དག་རྣམས་ལ་ངེས་པར་ཏེ་གདོན་མི་ཟ་བར་དུས་དང་རྣམ་པ་ཀུན་ཏུ་ཁྱབ་ཅིང་འབྱུང་བར་གྱུར་ཅིག་ཅེས་སྨོན་པའོ། །གཉིས་པ་ཕྱག་འཚལ་བའི་ཡན་ལག་ནི། ཕྱོགས་བཅུའི་ཞིང་མཐའ་ཡས་པ་ན་འདས་པ་དང་མ་འོངས་བ་དང་ད་ལྟ་སྟེ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀུན་དང་ལུང་དང་རྟོགས་པའི་དམ་པའི་ཆོས་དང་ཚོགས་རྣམས་ཀྱི་མཆོག་འདུས་ནས་འབྲལ་བ་མེད་པ་དགེ་འདུན་དང་བཅས་པ་རྣམས་ལ་རང་གི་ལུས་ཕྱོགས་བཅུའི་ཞིང་གི་རྡུལ་ཕྲ་རབ་ཀུན་གྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པར་སྤྲུལ་ནས་ལུས་བཏུད་ཅིང་གུས་པས་ཐལ་མོ་གནས་གསུམ་དུ་གཏུགས་ཏེ་ལུས་ཐམས་ཅད་ལ་ཕབ་བའམ་ཡན་ལག་ལྔ་ས་ལ་ཕབ་པ་དང་། ངག་གུས་བས་ཕྱག་འཚལ་གྱི་ཚིག་དང་། ཡིད་གུས་པས་དཀོན་མཆོག་རིན་པོ་ཆེ་གསུམ་གྱི་ཆེ་བའི་ཡོན་ཏན་དྲན་ཏེ་གུས་ཤིང་དད་པས་ནི་བདག་ཅག་གིས་ཕྱག་འཚལ་བ་དང་། དེ་བཞིན་དུ་གང་བྱང་ཆུབ་སེམས་ཀྱི་གཞི་ཞེས་སངས་རྒྱས་ཀྱི་སྐུ་གཟུགས་དང་། ཐེག་ཆེན་གྱི་སྡེ་སྣོད་དང་སྟོན་པའི་སྐུ་བལྟམས་པའི་གནས་ལ་སོགས་དང་། སེམས་བསྐྱེད་གླིང་སོགས་ཆོས་འཆད་ཉན་བྱེད་པའི་གནས་གཞི་རྣམས་དང་། སྐུ་གསུང་ཐུགས་ཀྱི་རྟེན་དང་མཆོད་རྟེན་གང་ཇི་སྙེད་ཡོད་པ་རྣམས་ལའང་བདག་ཉིད་ཕྱག་འཚལ་ཞིང་། སོ་ཐར་གྱི་མཁན་པོ་དང་དེ་ལུང་ནོད་པ་ལའང་གསུངས། དེ་བཞིན་དུ་དགེ་ཚུལ་སློང་གི་ལས་སློབ་དང་ཀློག་སློབ་པ་པོ་ལ་སོགས་པའི་སློབ་དཔོན་རྣམས་དང་། བརྟུལ་ཞུགས་ཞེས་བྱ་བ་སྔ་མ་བརྟུལ་ཏེ་རྗེས་མ་ལ་ཞུགས་པས་བརྟུལ་ཞུགས་ཏེ་སྟོན་པའི་རྗེས་འཇུག་རྟགས་ཙམ་འཛིན་པ་ཡན་ཆད་བརྟུལ་ཞུགས་མཆོག་སྟེ་གོས་དཀར་ལྕང་ལོའི་སྡེ་དང་རབ་བྱུང་ངུར་སྨིག་གི་སྡེ་རྣམས་ལ་མི་ཕྱེད་དད་པས་ཀུན་ནས་བསླངས་ཏེ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ་ཞེས་ལུས་ངག་ཡིད་གསུམ་གྱི་ཕྱག་གི་ནང་ནས་ཡིད་གཙོ་བས་ཁ་ཡེངས་མིག་ཡེངས་ཀྱི་ངང་ནས་ཕྱག་མང་པོ་འཚལ་བ་ལས་སེམས་ཐོག་ནས་ཕྱག་གཅིག་ཙམ་འཚལ་བ་ཆོད་ཆེ་ཞིང་ཕན་ཡོན་ཆེའོ། །དེ་ཡང་ལུས་དྲང་པོར་བསྲངས་བས་རྩ་རླུང་སེམས་རྣམས་དྲངས་བར་འགྱུར་བས་དྲང་པོ་བཞི་ལྡན་གྱི་སྒོ་ནས་རང་གི་གཡས་སུ་ཕ་གཡོན་དུ་མ་མདུན་དུ་དགྲ་བགེགས་དང་མཐའ་སྐོར་དུ་སེམས་ཅན་ཐམས་ཅད་ས་གཞིའི་ངོས་ལ་རྡུལ་འཁྲིགས་པ་བཞིན་དུ་ཡོད་པར་བསམ་སྟེ་ཐམས་ཅད་ཀྱིས་ལུས་གུས་པས་ལག་གཉིས་ཀྱི་ཐལ་མོའི་བར་དུ་ནོར་བུ་བཟུང་བར་བསམས་ཏེ། ཐར་མདོ་ལས། པདྨ་ཁ་འབུས་ཕྱེས་འདྲ་བའི། །ལག་གཉིས་སྤྱི་བོར་ཐལ་སྦྱར་ཏེ། །ཞེས་གསུངས་པ་ལྟར། ལེགས་པར་སྦྱར་བ་སྤྱི་མགྲིན་སྙིང་ཀ་གསུམ་དུ་རིམ་པར་གཏུགས་པ་ན་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་ཞིང་དེ་དང་དེར་ཕྱག་འཚལ་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཐམས་ཅད་དང་བྲལ་ནས་དབུ་གཙུག་ཏོར་བལྟར་མི་མངོན་པ་དང་། གསུང་ཆོས་ཀྱི་དུང་དང་། ཐུགས་དཔལ་གྱི་བེའུའམ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་ཐམས་ཅད་ཐོབ་པར་ཤོག་ཅིག་ཅེས་བསམ་ནས་ལུས་ཐམས་ཅད་ཀྱིས་ས་ལ་ཕབ་པའམ་མ་ལྔ་ས་ལ་ཕབ་པ་ན་བསམ་པར་བྱ་བ་མདོ་ལས་གསུངས་པ་འདི་ལྟར་པུས་མོ་གཡས་པའི་ལྷ་ང་ས་ལ་འཛུགས་པ་ན་སེམས་ཅན་ཐམས་ཅད་གཡས་ཕྱོགས་དྲང་པོའི་ལམ་ལ་གནས་པར་ཤོག་ཅིག་ཅེས་བརྗོད་ཅིང་བསམ་པར་བྱའོ། །པུས་མོ་གཡོན་པའི་ལྷ་ང་ས་ལ་འཛུགས་པ་ན་སེམས་ཅན་གང་སུ་དག་གཡོན་ཕྱོགས་འཁྱོགས་པོའི་ལམ་ལ་གནས་པ་ཐམས་ཅད་འཕགས་པའི་ལམ་ཡང་དག་པ་ལ་གནས་པར་གྱུར་ཅིག་ཅེས་བརྗོད་ཅིང་བསམ་མོ། །ལག་པ་གཡས་པ་ས་ལ་འཛུགས་པ་ན་ཇི་ལྟར་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ཤིང་དྲུང་དུ་བཞུགས་ཏེ་བསོད་ནམས་རྒྱ་ལས་གྲུབ་པའི་ཕྱག་གཡས་ས་ལ་བསྣུན་ནས་བདུད་སྡེ་དཔུང་དང་བཅས་པ་བརྟུལ་ཏེ་བྱང་ཆུབ་བརྙེས་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་བདུད་དང་ཕྱིར་བརྒོལ་བ་ཐམས་ཅད་ཆོམ་པར་གྱུར་ཅིག །བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ཅིང་ལག་པས་ས་ཆེན་པོ་ལ་བསྣུན་ནས་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་ཤོག་ཅིག་ཅེས་བརྗོད་ཅིང་བསམ་མོ། །དེའི་ལག་པ་གཡོན་པ་ས་ལ་འཛུགས་པ་ན་སེམས་ཅན་གང་སུ་དག་བྱིས་པའི་ཆོས་ལ་གནས་ཏེ། གཡོན་ཕྱོགས་སུ་འཛིན་པ་གདུལ་དཀའ་བ་དེ་དག་བསྡུ་བའི་དངོས་པོ་བཞིས་ཤིན་ཏུ་སྡུད་པར་གྱུར་ཅིག་ཅེས་བརྗོད་ཅིང་བསམ་མོ། །དེའི་གདོང་དང་དཔྲལ་བ་ས་ལ་གཏུགས་པ་ན་སེམས་ཅན་ཐམས་ཅད་ང་རྒྱལ་མ་མཆིས་པ་འདིས་བླ་མ་ལ་རིམ་གྲོ་བགྱིད་པ་རྙེད་ཅིང་སྤྱི་གཙུག་བལྟར་མི་མངོན་པ་འཐོབ་པ་དང་། དགེ་བའི་ཆོས་ཐམས་ཅད་འཕགས་པར་གྱུར་ཅིག་ཅེས་བརྗོད་ཅིང་བསམ་མོ། །དེ་ལྟར་ཡན་ལག་ལྔས་ཕྱག་འཚལ་བ་འདིས། །སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ལྔ་སེལ་བར་གྱུར་ཅིག །དབང་པོ་ལྔ་ཡོངས་སུ་རྫོགས་པར་གྱུར་ཅིག །འདོད་པའི་ཡོན་ཏན་ལྔ་ཡོངས་སུ་ཤེས་པར་གྱུར་ཅིག །མངོན་པར་ཤེས་པ་ཉམས་པ་མེད་པ་ལྔ་ཐོབ་པར་གྱུར་ཅིག །མིག་ལྔ་ཡོངས་སུ་དག་པར་གྱུར་ཅིག །འགྲོ་བ་རྒྱུད་ལྔར་སྐྱེས་པ་རྣམས་འགྲོ་བ་ལྔ་ལས་ཁྱད་པར་དུ་འཕགས་པར་གྱུར་ཅིག །ཚུལ་ཁྲིམས་ཁྱད་པར་དུ་འཕགས་པ་དང་། ཏིང་ངེ་འཛིན་ཁྱད་པར་དུ་འཕགས་པ་དང་། ཤེས་རབ་ཁྱད་པར་དུ་འཕགས་པ་དང་། རྣམ་པར་གྲོལ་བ་ཁྱད་པར་དུ་འཕགས་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཁྱད་པར་དུ་འཕགས་པར་གྱུར་ཅིག་ཅེས་བརྗོད་ཅིང་བསམ་པར་བྱའོ་ཞེས་གསུངས་སོ། །དེའི་ཕན་ཡོན་ཡང་ཇི་སྐད་དུ། ལུས་བཏུད་དབང་ཆེན་བར་གྱི་རྡུལ་དག་དང་། །མཉམ་པའི་འཁོར་ལོས་བསྒྱུར་རྒྱལ་གྲངས་ཐོབ་ཞིང་། །མཐར་ཐུག་ཞི་བ་མཆོག་གི་གོ་འཕང་འཐོབ། །ཅེས་སོ། །གསུམ་པ་སྐྱབས་སུ་འགྲོ་བའི་ཡན་ལག་ནི། དེ་ལ་ཆོས་ཐམས་ཅད་ཀྱི་སྒོ་དབྱེ་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། ཕྱི་ནང་གི་ཁྱད་པར་འབྱེད་པ་དང་། ནང་པའི་གྲལ་དུ་ཚུད་བྱེད་སྐྱབས་འགྲོ་འདི་ཉིད་ཡིན་པས་དོན་ཤིན་ཏུ་ཆེ་བ་སྟེ་དེ་ཡང་ཆོས་ཐམས་ཅད་ཀྱི་སྒོ་དབྱེ་ཡིན་ཏེ། ནང་པའི་ཆོས་སྒོ་གང་ལ་ཞུགས་ཀྱང་དང་པོ་སྐྱབས་འགྲོ་ནས་འཇུག་དགོས་པའི་ཕྱིར་དང་། སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་ཡང་ཡིན་ཏེ། སྐྱབས་འགྲོ་བདུན་བཅུ་པ་ལས། །སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་མ་གི་བསྙེན་གནས་ཡན་ལག་བརྒྱད་པ་ནས་ཡ་གི་གསང་སྔགས་ཀྱི་སྡོམ་པའི་བར་ཐམས་ཅད་སྐྱབས་སུ་མ་སོང་བའི་གང་ཟག་རྣམས་ལ་སྟོན་པས་མ་གནང་ལ། སྐྱབས་འགྲོའི་སྡོམ་པ་དང་ལྡན་པ་ལ་སྡོམ་པ་ཐམས་ཅད་གནད་པའི་ཕྱིར་རོ། །ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཀྱང་ཡིན་ཏེ། སྐྱབས་སྡོམ་མེད་པའི་གང་ཟག་གིས་སོ་བྱང་སྔགས་གསུམ་གྱི་ལམ་གང་ཉམས་སུ་བླངས་ཀྱང་ཕན་པ་མེད་དེ། འབྲི་གུང་སྐྱོབ་པ་རིན་པོ་ཆེས། སྐྱབས་འགྲོའི་ཆོས་གཞུག་ཤོར་ན་ཕན་པ་མེད། །ཅེས་གསུངས་ཤིང་། དཔེར་ན་རྨིང་རྡོ་མེད་པས་གྱང་དང་རི་མོ་མེད་པ་བཞིན་ནོ། །སྐྱབས་སྡོམ་དང་ལྡན་པའི་གང་ཟག་གིས་སོ་བྱང་སྔགས་གསུམ་གྱི་ལམ་གང་ཉམས་སུ་བླངས་ཀྱང་དེ་དང་དེའི་ལམ་དང་འབྲས་བུའི་ཡོན་ཏན་རྣམས་འབྱུང་བའི་ཕྱིར་དཔེར་ན་རྨིང་རྡོ་བརྟན་པའི་གྱང་དང་རི་མོ་བཞིན་ནོ། །ཕྱི་ནང་གི་ཁྱད་པར་འབྱེད་བྱེད་དང་ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་བྱེད་ཡིན་ཏེ། ཕྱི་ནང་གི་ཁྱད་པར་འདི་ལ་གང་ཟག་གི་བདག་འདོད་པ་དང་མི་འདོད་པས་འབྱེད་པ་ཡོད་ཀྱང་། དེ་ལྟར་ན་རང་སྡེ་གནས་མ་བུ་བས། ཁུར་ཁྱེར་བ་ཡི་གང་ཟག་ཡོད། །རྟག་གམ་མི་རྟག་མི་བརྗོད་དོ། །ཞེས་བརྗོད་མེད་ཀྱི་བདག་འདོད་པས་ནང་པ་མ་ཡིན་པར་འགྱུར་ཞིང་། སྤྱིར་མུ་སྟེགས་པ་ཞེས་པ་ཅི་ཡང་མི་ཤེས་པ་ཞིག་མིན་ཏེ། རྒྱ་གར་ཇོ་བོའི་སློབ་མ་པཎྜི་ཏ་སའི་སྙིང་པོ་ཞེས་པས་ཕྱི་ནང་གི་གྲུབ་མཐའ་ལ་ལན་གསུམ་རེར་ཞུགས་ཀྱང་ཕྱི་ནང་གི་ཁྱད་དབྱེ་མ་ཤེས་པའི་ཚུལ་ལྟར་གསུངས། པཎྜི་ཏ་དཔལ་ལྡན་ཇོ་བོ་ཆེན་པོས་ཀྱང་། འཕགས་ཡུལ་ན་མཁས་པའི་སྒོ་དྲུག་ལ་སོགས་པ་བཞུགས་ཀྱང་། ང་ཡི་བླ་མ་ཤིནྟ་བ་ནི་གཤེགས། ང་ནི་བོད་དུ་འོངས་བས་རྒྱ་གར་ན་ཕྱི་ནང་གི་དབྱེ་བ་ཤེས་པ་མེད་གསུངས་པ་དང་། ཉིད་ཀྱིས་ཀྱང་སྟོད་མངའ་རིས་ཡུལ་དུ། སྐྱབས་འགྲོ་ཁོ་ན་གསུངས་པས། མཚན་ཡང་སྐྱབས་འགྲོའི་པཎྜི་ཏ་ཞེས་བཏགས་པ་ན་བོད་ཀྱི་མཁས་པ་རྣམས་ཀྱིས་ཁྱེད་ཀྱིས་ཆོས་གཞན་ཞིག་གསུངས་དགོས་ཏེ། མ་གསུངས་ན་ཁྱེད་ཀྱི་མཚན་ལ་ཡང་སྐྱབས་འགྲོའི་པཎྜི་ཏ་བཏགས་པར་འདུག་ཞུས་པ་ལ་ཇོ་བོ་ཉིད་ཐུགས་དགྱེས་ཏེ། བདག་གི་མིང་ཙམ་གྱིས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱེད་འདུག་གསུངས། འབྲི་གུང་སྐྱོབ་བས་ཀྱང་། མདོར་ན་དམ་པའི་ཆོས་ཐམས་ཅད་སྐྱབས་འགྲོ་ཉག་གཅིག་ལ་འདུས་ལ་ཟབ་གནད་ཀྱང་ཡིན་གསུངས། དེ་ལྟ་བུའི་སྐྱབས་འགྲོ་དེ་འཆད་པར་བྱེད་པ་ལ་སྤྱི་དོན་དང་། གཞུང་དོན་གཉིས་ལས། དང་པོ་ལ། རྒྱུ། ངོ་བོ། དབྱེ་བ། སོ་སོའི་དོན་བཤད་པ་དང་བཞི། དང་པོ་རྒྱུ་ནི། དང་འདོད་ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པ་ལས་ཕྱི་མའོ། །གཉིས་པ་ངོ་བོ་ནི་འཇིགས་པ་ལས་སྒྲོལ་བའི་དོན་དུ་སྐྱབས་སུ་འཛིན་པར་ཁས་ལེན་ཅིང་དམ་བཅས་པའོ། །དེ་ཡང་གསོལ་འདེབས་དང་མ་ནོར་བ་ཞིག་དགོས་ཏེ། གསོལ་འདེབས་ནི་རང་ལ་ཉེས་པ་སོགས་གང་ཡང་རུང་བ་བྱུང་ཚེ་ཡུལ་དེ་ལ་དངོས་པོ་ཞུས་ཏེ་དེ་ལས་བདག་བསྲུང་བར་གསོལ་བའམ་ཞུ་བ་ཕུལ་དུ་འོང་བ་ཡིན་ཏེ། དཔེར་ན་མི་ཉེས་ཅན་ཞིག་གིས་དཔོན་ལ་ལྐོག་ནོར་ཕུལ་ནས་བདག་ལ་ཉེས་ཆད་མི་འབྱུང་བར་གསོལ་བ་འདེབས་པ་ལྟ་བུ་ཡིན་ལ། སྐྱབས་འགྲོ་ནི། མདོ་རྒྱན་ལས། ཁས་ལེན་དེ་ཡང་ཞེས་པ་ལྟར་རང་གིས་དུས་ད་ནས་བཟུང་སྟེ་སྐྱིད་སྡུག་ལེགས་ཉེས། མཐོ་དམན་ཅི་བྱུང་ཡང་ཁྱེད་ལས་རེ་ལྟོས་གཞན་དུ་མེད་དོ་སྙམ་པས་དཀོན་མཆོག་གསུམ་ལ་སྐྱབས་གནས་སུ་ཁས་ལེན་ཅིང་དམ་བཅའ་བ་ཡིན་ལ། མདོར་ན་སྐྱབས་འགྲོའི་ངོ་བོ་ཁས་ལེན་དང་དམ་བཅའ་ཡིན་པར་ཤེས་པ་གལ་ཆེའོ། །གསུམ་པ་དབྱེ་བ་ནི། སྐྱབས་ཡུལ་གྱི་སྒོ་ནས་དབྱེ་བ་ཡོད་ཀྱང་འདིར་གཙོ་བོ་ཀུན་སློང་གིས་དབྱེ་བ་ཡིན་ལ། དེ་ལ་ཡང་འཇིག་རྟེན་པའི་སྐྱབས་འགྲོ་དང་། འཇིག་རྟེན་ལས་འདས་པའི་སྐྱབས་འགྲོ་དང་གཉིས། འདས་པ་ལའང་ཐེག་དམན་དང་ཐེག་ཆེན་གྱི་སྐྱབས་འགྲོ་གཉིས། ཐེག་ཆེན་ལ་ཡང་གནས་སྐབས་རྒྱུའི་སྐྱབས་འགྲོ་དང་། མཐར་ཐུག་འབྲས་བུའི་སྐྱབས་འགྲོ་གཉིས་སོ། །བཞི་པ་སོ་སོའི་དོན་བཤད་པ་ལ། མདོ་རྒྱལ་མཚན་དམ་པ་ལས། འཇིགས་པས་སྐྲག་པའི་མི་དག་གིས། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་ར་བ་ལྗོན་ཤིང་དང་། །མཆོད་རྟེན་རྣམས་ལ་སྐྱབས་སུ་འགྲོ། །སྐྱབས་དེ་གཙོ་བོ་མ་ཡིན་ཏེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །སྡུག་བསྔལ་ཆེ་ལས་ཐར་མི་འགྱུར། །ཅེས་པ་ལྟར། གནས་སྐབས་ནད་གདོན་ལ་སོགས་པའི་རྐྱེན་ཕྲན་བུ་ཙམ་ལ་སྐྲག་ནས་རི་དང་ནགས་ཚལ་སོགས་ཀྱི་ལྷ་དང་། དབང་ཕྱུག་དང་ཚངས་པ་ཁྱབ་འཇུག་དང་སྡེ་བརྒྱད་ལ་སོགས་པ་ལ་སྐྱབས་སུ་འཛིན་པ་ཡིན་ལ། དེ་དག་གིས་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་པ་ལྟ་ཅི་སྟེ་གནས་སྐབས་ཀྱི་འཇིགས་པ་ལས་སྐྱབས་པར་ཡང་མ་ངེས་པས་གཙོ་བོའམ་མཆོག་མིན་ལ། དེ་ལ་སྐྱབས་ཡུལ་དཀོན་མཆོག་གསུམ་ཡིན་ཀྱང་བསམ་པ་འཇིག་རྟེན་པ་ཡིན་ན་འཇིག་རྟེན་པའི་སྐྱབས་འགྲོ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་སྐྱབས་འགྲོ་ལའང་། ཐེག་དམན་གྱི་སྐྱབས་འགྲོ་ནི་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ཞེས་རྐང་གཉིས་མི་རྣམས་ཀྱི་མཆོག་རྒྱལ་བ་ཤཱཀྱ་ཐུབ་པ་ལྟ་བུ་མཆོག་གི་སྤྲུལ་པའི་སྐུ་སྟེ། ཐུགས་ཆོས་སྐུ་དང་སྐུ་ལུས་གཟུགས་སྐུ་གཉིས་སངས་རྒྱས་དང་། ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་དམ་པའི་ཆོས་ཞེས། སྤང་བྱ་ཉོན་མོངས་ས་བོན་དང་བཅས་པ་སྤངས་པའི་སྤང་བའམ་མྱང་འདས་སམ་འགོག་པ་ཆོས་དང་། ཚོགས་རྣམས་ཀྱི་མཆོད་དགེ་འདུན་ཞེས་གང་ཟག་གི་རྒྱུད་དུ་སྔར་མེད་གསར་དུ་འདུས་པའི་རྟོགས་པ་དེ་འགྲོ་བ་ལྷ་དང་བཅས་པས་ལམ་བདེན་དང་གང་ཟག་གཉིས་སོ་སོར་དབྱེ་བར་མི་ནུས་པས་འདུས་པ་རྣམས་ཀྱི་མཆོག་དགེ་འདུན་ཡིན་ཏེ། སང་ག་འདུས་པ་ལའོ་ཅེས་སོ། །འདུས་པ་གཞན་ནི་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ་བར་འགྱུར་བ་ལ་སོགས་པས་མཆོག་མ་ཡིན་ནོ། །དེའང་སློབ་པ་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་གསུམ་དང་། མི་སློབ་པ་དགྲ་བཅོམ་པ་དང་བཞིའོ། །དེ་ལྟ་བུའི་དཀོན་མཆོག་གསུམ་ལ་ཀུན་སློང་རང་ཉིད་སྲིད་པ་འཁོར་བའི་འཇིགས་པ་ལ་སྐྲག་ནས་ཕུང་པོ་ལ་གཤེད་མ་རལ་གྲི་ཐོགས་པ་ལྟ་བུ་དང་། ཁམས་ལ་སྦྲུལ་གདུག་ལྟ་བུ་སོགས་སུ་བལྟས་ཏེ། དེ་ལས་གྲོལ་བར་འདོད་པའི་བསམ་པས་གནས་སྐབས་དུས་ཇི་སྲིད་འཚོ་བའི་བར་དང་མཐར་ཐུག་རང་ལམ་གྱི་འབྲས་བུ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན་ནོ། །ཐེག་ཆེན་གྱི་སྐྱབས་འགྲོ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་རྣམས་ལ་སྙིང་རྗེ་དྲག་པོ་ཤས་མི་བཟོད་པ་བསྐྱེད་ནས་སྙིང་རྗེ་སར་མི་བཞག་པར་དེ་དག་སྡུག་བསྔལ་དེ་ལས་སྒྲོལ་བར་བྱ་དགོས་ལ་དེ་ཡང་རང་ཉིད་མ་གྲོལ་བར་གཞན་སྒྲོལ་མི་ནུས་པས། རང་གཞན་ཐམས་ཅད་སྲིད་ཞིའི་འཇིགས་པ་ལས་སྒྲོལ་བའི་ཕྱིར་ཐེག་ཆེན་གྱི་དཀོན་མཆོག་གསུམ་ལ་བྱང་ཆུབ་སྙིང་པོ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བ་ཡིན་ལ། དེ་ལའང་གནས་སྐབས་རྒྱུའི་སྐྱབས་འགྲོ་དང་། མཐར་ཐུག་འབྲས་བུའི་སྐྱབས་འགྲོ་གཉིས་ལས། དང་པོ་ནི། རང་གཞན་སེམས་ཅན་ཐམས་ཅད་སྲིད་ཞིའི་འཇིགས་པ་ལས་སྒྲོལ་བའི་ཕྱིར་དུ་གཞན་རྒྱུད་ལ་བྱོན་ཟིན་གྱི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན་ལ། དེ་ཇི་ལྟར་ཞེ་ན། ཐུན་མོང་ལྟར་བཤད་ན་བདག་ཅག་གི་སྟོན་པས་སྔོན་དང་བོ་ཐུགས་བསྐྱེད་དེ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་ནས། མཐར་རྒྱལ་པོ་ཟས་གཙང་གི་སྲས་སུ་འཁྲུངས་ནས་བྱང་ཆུབ་ཤིང་དྲུང་དུ་མངོན་པར་བྱང་ཆུབ་པ་རྒྱལ་བ་ཤཱཀྱ་ཐུབ་པ་ལྟ་བུ་རང་རྒྱུད་ལས་ཐ་དད་པའི་སངས་རྒྱས་སྐུ་བཞིའམ་སྐུ་གསུམ་གྱི་བདག་ཉིད་སངས་རྒྱས་དཀོན་མཆོག་དང་། སངས་རྒྱས་དང་བྱང་སེམས་ཀྱི་ཐུགས་རྒྱུད་ན་བཞུགས་པའི་ལུང་དང་རྟོགས་པའི་ཆོས་དམ་ཆོས་དཀོན་མཆོག་དང་། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྗེ་བཙུན་འཇམ་པའི་དབྱངས་དང་། བྱམས་པ་ལ་སོགས་པ་རང་ལས་ཐ་དད་པའི་དགེ་འདུན་ཏེ་དགེ་འདུན་དཀོན་མཆོག་དང་གསུམ་ལ་སྐྱབས་སུ་འགྲོ་བའོ། །གཉིས་པ་འབྲས་སྐྱབས་ནི། མགོན་པོ་བྱམས་པས། འདི་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་བརྩེ་ལས་རིག་བྱ། །ཞེས་པ་ལྟར། རང་གཞན་གྱི་སྲིད་ཞིའི་རྒུད་པ་སེལ་ཕྱིར་མཐར་ཐུག་གི་དཀོན་མཆོག་གསུམ་རང་རྒྱུད་ལ་སྒྲུབ་པར་དམ་བཅའ་བ་ཡིན་ལ། མཐར་རང་རྒྱུད་ལ་མཆོག་གསུམ་དེ་གྲུབ་པ་ན་སྲིད་ཞིའི་འཇིགས་པ་ལས་གྲོལ་བ་ཡིན་པས་སྐྱབས་གནས་མཐར་ཐུག་ཀྱང་དེ་ཡིན་ཏེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་གོ། །ཅེས་གསུངས་པ་ལྟར་རོ། །སྤྱིར་རྒྱུད་བླ་མའི་དོན་ཡང་སྐྱབས་འགྲོ་ལས་གཞན་མེད་པར་ཤེས་དགོས་ཤིང་། ཁམས་བྱང་ཆུབ་ཡོན་ཏན་ཕྲིན་ལས་བཞིས་འབྲས་སྐྱབས་ཀྱང་བསྟན་པར་གསུངས། དེས་ན་རྒྱུའི་སྐྱབས་འགྲོས་སྲིད་ཞིའི་འཇིགས་པ་ཐམས་ཅད་ལས་སྒྲོལ་མི་ནུས་པས་སྐྱབས་མཐར་ཐུག་པ་མ་ཡིན་ནོ། །དེ་ལྟར་ན་འབྲས་སྐྱབས་དང་སྨོན་སེམས་གཉིས་གཅིག་ཏུ་འགྱུར་བས་ཁྱད་ཅི་ཡིན་ཞེ་ན། སློབ་དཔོན་དབྱིག་གཉེན་ལ་རང་ལས་ལྷག་པའི་བུ་བཞི་ཡོད་པ་ལས། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པས་མདོ་རྒྱན་གྱི་འགྲེལ་ཆེན་ལས། སེམས་བསྐྱེད་ཅེས་བྱ་སྐྱབས་འགྲོ་ཞེས་ཀྱང་བྱ། །ཞེས་གཅིག་ཏུ་བཞེད། རྒྱ་གར་ཇོ་བོས་དམ་བཅའ་བའི་ལྕགས་ཀྱུ་གཉིས་ཡོད་མེད་དུ་བཞེད ། ཀུན་མཁྱེན་ཀློང་ཆེན་པས། རང་དོན་དང་གཞན་དོན་གྱི་ཁྱད་ཡིན་གསུངས་པ་འདིའི་དགོངས་པ་ལ་བརྟགས་ན་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་བཞེད་པ་ཡིན་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་པའི་ལྡོག་པ་ནས་སེམས་བསྐྱེད་དང་། བདག་གི་རྫོགས་པའི་སངས་རྒྱས་ཞེས་པའི་ལྡོག་པ་ནས་སྐྱབས་འགྲོ་ཡིན་ལ། དེ་ལྟ་བུའི་ཁྱད་པར་དུ་བྱས་ནས་དབྱེ་བ་ཡིན་གསུངས་སོ། །གཉིས་པ་གཞུང་དོན་ལ་སྤྱིར་ཐེག་པ་ཆེ་ཆུང་གི་སྐྱབས་འགྲོའི་ཁྱད་པར་མང་དུ་ཡོད་ཀྱང་འདིར་ཁྱད་པར་གསུམ་དང་ལྡན་པའི་སྒོ་ནས་འཆད་པ་ལ། ཁྱད་པར་སོ་སོར་བཤད་པ་དང་། ཐུན་མོང་དུ་འགྲོ་ཚུལ་བཤད་པ་གཉིས་ལས། དང་པོ་ལ་གཉིས་ལས། དང་པོ་ཐེག་དམན་གྱི་སྐྱབས་འགྲོ་བཤད་པ་ནི། བསམ་པ་རང་ཉིད་སྲིད་པ་འཁོར་བའི་འཇིགས་པ་ལས་གྲོལ་ཏེ་ཞི་བ་མྱང་འདས་ཐོབ་པའི་ཆེད་དུ་དུས་ཇི་སྲིད་འཚོ་བའི་བར་དུ་ཞེས་འདུལ་བའི་གཞུང་ནས་གསུངས་པ་ལྟར་རོ། །སྐྱབས་ཡུལ་ནི་མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་པ་ལྟར་སངས་རྒྱས་ཀྱི་སྐུ་སྡུག་བསྔལ་བདེན་པའི་ལྷག་མ་སྟེ། རྒྱལ་པོ་ཟས་གཙང་གི་སྲས་རྒྱལ་བུ་དོན་གྲུབ་ཅེས་སོ་སོའི་སྐྱེ་བོ་ཞིག་ཡིན་ལ། དེས་ལམ་ལྔ་སྟན་ཐོག་གཅིག་ཏུ་བསྒྲོད་ནས་མངོན་པར་བྱང་ཆུབ་པ་ཡིན་པས་སྐུ་ལུས་ནི་སྔར་རྒྱལ་བུ་དོན་གྲུབ་ལས་དབང་གིས་འཕང་པའི་སོ་སྐྱེས་ཀྱི་ལུས་དེ་ཡིན་པས་སྐྱབས་ཡུལ་མ་ཡིན་ཞེས་བྱེ་སྨྲས་འདོད་པ་ཡིན་ལ། སྐྱབས་ཡུལ་ནི་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་མི་སློབ་པའི་ལམ་བདེན་ཏེ་རྟོགས་པ་ནི་སངས་རྒྱས་དང་། དགེ་འདུན་གྱི་སྐུ་ལུས་ནི་སྡུག་བསྔལ་བདེན་པའི་ལྷག་མ་ཡིན་ལ་སློབ་མི་སློབ་པའི་རྒྱུད་ཀྱི་ལམ་བདེན་ཏེ་རྟོགས་པ་ནི་དགེ་འདུན་ཡིན་ལ། སངས་རྒྱས་དང་དགེ་འདུན་གྱི་ཐུགས་རྒྱུད་ན་སྒྲིབ་པ་སྤང་བས་སྤང་བའམ་མྱང་འདས་སམ། འདོད་ཆགས་བྲལ་བ་འགོག་བདེན་ཆོས་དང་། དེ་ལྟ་བུའི་དཀོན་མཆོག་གསུམ་ཐེག་དམན་གྱི་སྐྱབས་ཡུལ་ཡིན་ནོ། །གཉིས་པ་ཐེག་ཆེན་གྱི་སྐྱབས་འགྲོ་ནི། བསམ་པ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོར་ཏེ་སྙིང་པོ་ལ་མཆིས་ཀྱི་བར་དུ་སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་རྣམས་ལ་སྐྱབས་སུ་མཆིའོ། །ལུང་དང་རྟོགས་པའི་བདག་ཉིད་དམ་པའི་ཆོས་རྣམས་དང་བྱང་ཆུབ་སེམས་དཔའ་ཡི་འཕགས་པའི་དགེ་འདུན་གྱི་ཚོགས་ལའང་སྔ་མ་དེ་བཞིན་དུ་སྐྱབས་སུ་མཆི་ཞེས་པ་སྟེ། དེ་ཡང་དུས་ཀྱི་ཁྱད་པར་བཟང་སྤྱོད་ལས། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །ཅེས་པ་ལྟར་བསྐལ་བཟང་འདིའི་སངས་རྒྱས་ཡིན་ན་རྒྱ་གར་རྡོ་རྗེའི་གདན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དང་། རྒྱལ་པ་འོད་དཔག་མེད་ལྟ་བུ་བྱང་ཆུབ་ཀྱི་ཤིང་རིན་ཆེན་པདྨོ་རྣམ་པར་སྣང་བྱེད་ཅེས་པ་ལ་སོགས་པ་མདོར་ན་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གང་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སངས་རྒྱས་པ་ལྟར་སེམས་ཅན་གྱི་དོན་དུ་ཕྱི་བྱང་ཆུབ་སྙིང་པོའི་ཤིང་དྲུང་དུ་མངོན་པར་རྫོགས་པ་བྱང་མ་ཆུབ་ཀྱི་བར་དུ་དང་། ནང་རིག་པ་བདེ་གཤེགས་སྙིང་པོའི་གནས་ལུགས་མ་ལུས་པ་མངོན་དུ་མ་གྱུར་བར་དུ་སྟེ། བདེ་གཤེགས་སྙིང་པོའི་གནས་ལུགས་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་སངས་རྒྱས་མ་གཏོགས་གཞན་འཕགས་ཆེན་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱིས་གཟིགས་པ་ལྟར་མི་མཐོང་སྟེ། མགོན་པོ་བྱམས་པས། བཙས་པའི་ཁྱིམ་གནས་བུ་ཆུང་གིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང་། །ཞེས་གསུངས་པ་ལྟར་རོ། །ཡུལ་གྱི་ཁྱད་པར་ཐེག་ཆེན་ཐུན་མོང་མ་ཡིན་པའི་དཀོན་མཆོག་གསུམ་སྟེ། སངས་རྒྱས་ནི། དེ་ཉིད་ཀྱིས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པས་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར། རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་དང་། ཡོན་ཏན་ལྷུན་གྱིས་གྲུབ་པ་དང་། གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པར་སོ་སོར་རང་རིག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་པ་གསུམ་རང་དོན་ཕུན་ཚོགས་ཀྱི་ཡོན་ཏན་དང་། ཇི་ལྟ་བ་དང་ཇི་སྙེད་པ་གཟིགས་པས་ཤེས་བྱ་ཐམས་ཅད་མཁྱེན་ནས་དམིགས་པ་མེད་པའི་བརྩེ་བའི་སྙིང་རྗེ་ཆེན་པོས་ལམ་སྟོན་ཅིང་སྡུག་བསྔལ་དང་ཉོན་མོངས་པ་ཐམས་ཅད་སྤོངས་པར་ནུས་པ་གསུམ་གཞན་དོན་ཕུན་ཚོགས་ཀྱི་ཡོན་ཏན་ཏེ། དེ་ལྟ་བུའི་དོན་གཉིས་མཐར་ཕྱིན་པའི་ཡོན་ཏན་དབྱེ་གཞི་དབྱེ་བའི་ཡ་གྱལ་དུ་བྱས་པས་ཡོན་ཏན་བརྒྱད་ལྡན་གྱི་སངས་རྒྱས་སྐུ་བཞིའམ་སྐུ་གསུམ་མོ། །ཆོས་ནི། དེ་ཉིད་ཀྱིས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་པས་རྣམ་རྟོག་གིས་བསམ་གྱིས་མི་ཁྱབ་ཅིང་ལས་དང་ཉོན་མོངས་པ་དང་། རྣམ་པར་རྟོག་པ་ཞི་བ་མཐར་ཐུག་པ་གསུམ་གང་ཞིག་འདོད་ཆགས་དང་བྲལ་བ་འགོག་བདེན་གྱི་ཡོན་ཏན་དང་། དྲི་མས་དག་ཅིང་ཡེ་ཤེས་ཀྱི་སྣང་བ་གསལ་བ་ཅན་ཀུན་ནས་ཉོན་མོངས་པའི་གཉེན་པོར་གྱུར་བ་མཐར་ཐུག་པ་གསུམ་གང་གིས་འདོད་ཆགས་དང་བྲལ་བ་ལམ་བདེན་གྱི་ཡོན་ཏན་ཏེ། དེ་ལྟ་བུའི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་ཡོན་ཏན་བརྒྱད་ལྡན་རྟོགས་པའི་ཆོས་སོ། །འདི་ལ་ལེགས་པར་བརྟགས་ན་འགོག་བདེན་ནི་སྤང་བའི་ཆའམ་མེད་པ་ཡིན་པས་ན་རྟོགས་པ་མ་ཡིན་པས་རྟོགས་པའི་ཆོས་ཇི་ལྟར་ཡིན་བསམ་ན། ལམ་བདེན་གྱིས་བཞག་པའམ་ལམ་བདེན་རྟོགས་པའི་ལག་རྗེས་ཡིན་པས་སམ་ལམ་བདེན་གྱིས་ཆགས་པ་དང་བྲལ་བའི་དབྱིངས་གང་ཞིག་ཡེ་ཤེས་དང་གཉིས་སུ་མེད་པའི་སྟོང་པའམ་དབྱིངས་ལ་འགོག་པ་ཞེས་བཏགས་པ་ཡིན་པས་རྟོགས་པའི་ཆོས་སུ་བསྡུ་བ་ཡིན་ལ་འདི་ནི་གནད་དོན་གལ་ཆེ་བ་ཡིན་ནོ། །དེ་ལྟར་བདེན་པ་གཉ ིས་ཀྱི་མཚན་ཉིད་ཅན་རྟོགས་པའི་ཆོས་ཀྱི་རྒྱུ་མཐུན་པའི་ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་ཆོས་ལུང་དང་། དགེ་འདུན་ནི་ཐེག་ཆེན་འཕགས་པ་ཕྱིར་མི་ལྟོག་པ་སྟེ། བྱམས་པས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པས་ན། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་པས་གནས་ལུགས་བདེ་གཤེགས་སྙིང་པོ་མངོན་སུམ་རྟོགས་པ་ཇི་ལྟ་མཁྱེན་པའི་ཡེ་ཤེས་དང་། དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གཟིགས་པ་ཇི་སྙེད་མཁྱེན་པའི་ཡེ་ཤེས་དང་། གཉིས་སུ་མེད་པར་ནང་སོ་སོ་རང་རིག་པའི་ཡེ་ཤེས་གསུམ་རིག་པའི་ཡོན་ཏན་དང་། ཡེ་ཤེས་དེ་ཉིད་ཉོན་ཤེས་སྙོམས་འཇུག་གི་སྒྲིབ་པ་གསུམ་མམ། ཉོན་མོངས་པ་ལས་གྲོལ་བ་ཆགས་སྒྲིབ་ལས་གྲོལ་བ་དང་། ཤེས་སྒྲིབ་ལས་གྲོལ་བ་ཐོགས་སྒྲིབ་ལས་གྲོལ་བ་དང་། རང་འདོད་ཡིད་བྱེད་ཀྱི་ཞེན་པ་དང་བྲལ་བ་དམན་སྒྲིབ་ལས་གྲོལ་བ་གསུམ་ནི་གྲོལ་བའི་ཡོན་ཏན་གསུམ་དང་དྲུག་གམ་དབྱེ་གཞི་དབྱེ་བའི་ཡ་གྱལ་དུ་བྱས་པས་བརྒྱད་དོ། །གཉིས་པ་སྐྱབས་སུ་འགྲོ་ཚུལ་ནི། སྟོན་པ་བླ་མེད་སངས་རྒྱས། སྐྱོབས་པ་བླ་མེད་དམ་ཆོས། འདྲེན་པ་བླ་མེད་དགེ་འདུན་ཅེས་པ་ལྟར། ལས་དང་པོ་པ་རྣམས་ཀྱི་སྐྱབས་དངོས་ཆོས་ཡིན་ཏེ། ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་པས། །ཐར་པ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་དང་། ཐུབ་པས་སྡིག་པ་ཆུ་ཡི་མི་འཁྲུད་ལ། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ཞིང་། །ཉིད་ཀྱིས་རྟོགས་པ་གཞན་ལ་སྤོ་མིན་ཡང་། །ཆོས་ཉིད་ཞིབ་བསྟན་པས་གྲོལ་བར་འགྱུར། །ཞེས་གསུངས་པས་དམ་པའི་ཆོས་རང་གིས་བསྒྲུབ་ན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་རང་ཉིད་སྐྱོབས་པར་འགྱུར་ཏེ་ཐ་ན་ཉིན་ཞག་ཕྲུག་གཅིག་ལ་བསྙེན་གནས་ཀྱི་སྡོམ་པ་བསྲུང་བའི་གང་ཟག་དེས་ཉིན་དེར་རང་རྒྱུད་ཉེས་ལྟུང་ལས་བསྐྱབས་ནས་ཕྱི་མ་ལྷ་ཡུལ་དུ་སྐྱེ་བར་འགྱུར་བ་དང་། དེ་ལྟར་ན་ལས་དང་པོ་པའི་སྐྱབས་དངོས་དམ་པའི་ཆོས་ཡིན་པས་དེ་མ་གཏོགས་པར་སྐྱབས་གནས་གཞན་གཉིས་ཀྱིས་ཀྱང་དངོས་སུ་སྐྱོབས་མི་ནུས་པས་སྐྱོབས་པ་བླ་མེད་དམ་པའི་ཆོས་ཞེས་གསུངས་པས་ན། གསང་སྔགས་རྙིང་མ་བས། སྐྱབས་ཡུལ་དུ་བདེ་གསལ་མི་རྟོག་པ་གསུམ་དང་། རྩ་རླུང་ཐིག་ལེ་གསུམ་དང་། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སོགས་གསུངས་པ་ནི། རང་ལུས་ཀྱི་རྩ་ཐིག་རླུང་གསུམ་དག་པར་བྱེད་བསམ་ནས་དམ་བཅས་པ། དེ་ལྟར་སྒྲུབ་པས་རྩ་དག་པ་སྤྲུལ་སྐུ་སོགས་རང་གཞུང་ནས་བཤད་པའི་འབྲས་བུ་འགྲུབ་པར་འགྱུར་ལ། གཞན་དུ་སྐྱབས་འགྲོ་དང་གསོལ་འདེབས་ཀྱི་ཁྱད་མ་ཤེས་པར་རྩ་ཐིག་རླུང་གསུམ་རང་ལུས་ན་གནས་པས་དེ་ལ་བདག་སོགས་སྐྱབས་པར་མཛད་དུ་གསོལ་ཞེས་རེ་བ་བཅའ་ས་མེད་པས་མདོར་ན་གསོལ་འདེབས་དང་སྐྱབས་འགྲོའི་ཁྱད་པར་ལས་དང་པོ་པའི་སྐྱབས་གནས་ཆོས་དངོས་ཡིན་པ་དང་། ཆོས་དེ་ཡང་རང་རྒྱུད་དུ་བསྒྲུབ་པར་བྱེད་དགོས་པ་ནི། གནད་དམ་པ་ཡིན་པས་ཤེས་པ་གལ་ཆེ་བ་ཡིན་ནོ། །དེ་ལྟར་སྐྱབས་འགྲོའི་ངོ་བོ་རང་གི་སེམས་ལ་དམ་བཅའ་བ་དང་མཆོག་གསུམ་ལས་དམ་པའི་ཆོས་ལས་དང་པོ་པའི་སྐྱབས་དངོས་ཡིན་པ་དང་། དེའང་རང་གིས་སྒྲུབ་པར་དམ་བཅའ་བའི་གནད་དེ་མ་གཏོགས་པར་གསང་སྔགས་རྙིང་མ་པའི་སྐྱབས་ཡུལ་གོང་དུ་བཤད་པ་དེ་དག་ལ་དགག་པ་བརྗོད་པ་ནི། རང་ཉིད་ཀྱིས་སྐྱབས་འགྲོ་དང་གསོལ་འདེབས་ཀྱི་ཁྱད་པར་མ་ཤེས་པར་ཟད་དོ། །དེ་ལྟར་བརྗོད་པ་ན་རྙིང་མ་པ་ཁ་ཅིག་འགལ་སྤང་གི་ལན་ཀྱང་བརྗོད་མི་ཤེས་པར་ཁོང་ཁྲོ་བ་དང་། རང་གི་ཆོས་ལ་ཐེ་ཚོམ་སྐྱེས་ནས་སྤོང་བ་སོགས་ཡོད་པ་ནི་གོང་དུ་བསྟན་པའི་གནད་དེ་མ་གཏོགས་པས་ལན་པ་ཡིན་ནོ། །འོ་ན་ཆོས་སྐྱབས་དངོས་ཡིན་ན་སངས་རྒྱས་དང་དགེ་འདུན་གཉིས་སྐྱབས་གནས་སུ་བརྗོད་པ་ཅི་ཡིན་ཞེ་ན། སངས་རྒྱས་མ་བྱོན་ན་རང་རེ་རྨོངས་པས་ཆོས་ཞེས་བྱ་བ་མི་ཤེས་པས་སངས་རྒྱས་ཉིད་ཀྱིས་རང་གང་ལས་གཤེགས་པའི་ལམ་དེ་མ་ནོར་བ་འགྲོ་བ་རྣམས་ལ་ཡང་དག་པར་བསྟན་པས་སངས་རྒྱས་ཀྱང་སྐྱབས་ཡིན་ནོ། །དགེ་འདུན་ནི་རང་རེ་སྙིགས་མའི་སེམས་ཅན་སྟོན་པའི་ཞལ་རས་མཇལ་བའི་སྐལ་བ་མེད་པ་རྣམས་ཡང་དག་པས་ཐར་པའི་ལམ་དུ་འདྲེན་པར་བྱེད་པས་ན་སྐྱབས་ཡིན་ནོ། །དེ་ལྟ་བུའི་དཀོན་མཆོག་གསུམ་ལ་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་དགོས་ཏེ། ཇི་ལྟར་ན། བདག་གི་སྟོན་པ་སངས་རྒྱས་ཡིན་པས་དེས་ཇི་སྐད་གསུངས་པ་བཞིན་སྒྲུབ་པ་མ་གཏོགས་ཕྱི་རོལ་མུ་སྟེགས་པའི་སྟོན་པ་རྣམས་དང་། རང་རེའི་ཕ་མ་ཉེ་འབྲེལ་ལ་སོགས་པའི་ཆོས་ཡིན་ཀྱི་ངག་ལ་མི་ཉན་བསམ་ནས་དམ་བཅའ་བ་དང་། བདག་གི་ལམ་ཆོས་ཡིན་པས་རྒྱལ་བའི་བཀའ་བཞིན་དུ་དམ་པའི་ཆོས་སྒྲུབ་པ་མ་གཏོགས། འཇིག་རྟེན་པའི་བྱ་བ་ངན་པ་ཚོང་དང་སོ་ནམ་དགྲ་འདུལ་གཉེན་སྐྱོངས་ལ་སོགས་པ་མི་བྱེད་བསམ་པས་དམ་བཅའ་བ་དང་། དགེ་འདུན་ལ་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་སྟེ། བདག་གི་གྲོགས་ནི་འཕགས་པའི་དགེ་འདུན་ཡིན་ཏེ་དཔེར་ན་ལྷ་ས་ལྟ་བུར་འགྲོ་ན་སྒར་དཔོན་དེས་ཇི་ལྟར་བྱེད་པ་དེ་ལྟར་བྱེད་དེ་འགྲོ་ན་གྲོགས་ཡིན་གྱི་གཞན་དུ་དེར་མི་འགྲོ་བ་དང་འགྲོ་ཡང་དེ་ཙམ་མི་འགྲོ་བ་ཐམས་ཅད་གྲོགས་མིན་པ་ལྟར། འཇིག་རྟེན་པའི་བྱ་བ་ངན་པ་ཆོས་བརྒྱད་ལ་གཡེངས་པས་སྐྱ་སེར་སུ་ཡིན་ཀྱང་དེ་དག་དང་ཁ་བློ་སྤྱོད་གསུམ་ལ་སོགས་པ་གཅིག་ཏུ་མི་བྱེད། དེར་མ་ཟད་ཉན་རང་ཡང་བདག་གི་གྲོགས་མིན་ལ། བདག་གིས་ནི་རྒྱལ་སྲས་བྱང་སེམས་འཕགས་པ་རྣམས་ཀྱི་རྣམ་ཐར་གྱི་རྗེས་སུ་ཇི་ལྟ་བ་བཞིན་དུ་བསླབ་ལ། དེ་དག་ནི་བདག་གི་གྲོགས་ཡིན་ནོ། །གཞན་ཆོས་ལམ་ལས་བདག་བསྒྱུར་འགྲོ་བ་ཐམས་ཅད་དང་མི་འགྲོགས་སོ་སྙམ་ནས་དམ་བཅའ་བ་ཡིན་ནོ། །དེས་ན་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་བ་ནི་གནད་དམ་པ་ཡིན་ནོ། །དེ་ལྟར་སྐྱབས་སུ་འགྲོ་ཤེས་པ་ཙམ་གྱིས་མི་འོང་པར་རང་ཉིད་ཀྱིས་སློབ་དཔོན་གྱི་མདུན་ནས་སྐྱབས་འགྲོའི་སྡོམ་པ་ཡང་དག་པར་བླངས་དགོས། བླངས་ནས་ཀྱང་བསླབ་བྱ་རྣམས་བསྲུང་དགོས་པས་དེ་ལ་ཐུན་མིན་གྱི་དང་། ཐུན་མོང་གི་བསླབ་བྱ་གཉིས། དང་པོ་ལ། དགག་པའི་དང་། བསྒྲུབ་པའི་དང་། ཆ་མཐུན་གྱི་བསླབ་བྱ་གསུམ་ལས། དང་པོ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཁོར་བར་འཁོར་བའི་ལྷ་ལ་གཏན་གྱི་སྐྱབས་སུ་བཟུངས་ནས་ཕྱག་མཆོད་མི་བྱ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་མཚན་རྨི་ལམ་དུ་ཡང་མི་བྱ་བར་ཅི་ནུས་སུ་འབད་པས་བསྲུང་། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་དངོས་དང་རང་གི་བླ་མ་དང་ཆོས་ལ་མི་དད་ཅིང་སྐུར་བ་འདེབས་པ་དང་མི་འགྲོགས། གཉིས་པ་ནི། པད་དཀར་ལས། སྐུ་གཟུགས་རྣམ་པ་མང་པོར་དེ་སྤྲུལ་ནས། །འགྲོ་བ་དགེ་ལ་སྦྱོར་བའི་དོན་མཛད་དོ། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་སྐུ་རྟེན་དང་། ཐུགས་རྟེན་སཱ་ཙྪའི་ཆགས་དུམ་ཙམ་ལ་ཡང་སངས་རྒྱས་དཀོན་མཆོག་གི་འདུ་ཤེས་བཞག་སྟེ་མ་གུས་པ་སྤངས་གུས་པས་མཆོད་སྤྱི་བོས་བཏེག །གཙང་སར་འཇོག །ཆོས་ལ་སྐྱབས་སུ་སོང་ནས་ཆོས་ཡི་གེ་འབྲུ་གཅིག་ཡན་ཆད་ལ་ཆོས་དཀོན་མཆོག་གི་འདུ་ཤེས་བཞག་སྟེ་མ་གུས་པ་སྤང་ཞིང་གསུང་རབ་ཡི་གེ་ས་ལྗ ེན་དུ་འཇོག་པ་དང་། འགོམ་ཡུག་དང་། གཞན་ཡང་ཡིག་སྡེབ་བསྒྱུར་བའི་ཚེ་མཛུབ་མོ་མཆིལ་མས་བསྒོས་པ་དང་། སོ་དྲེག་སོགས་ཀྱིས་མི་གཙང་བ་སྤངས་ནས་གུས་པར་བྱེད་དགོས་ཏེ། སྙན་གྱི་གོང་རྒྱན་དུ། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །ཚེ་དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་དང་། གནྜིའི་མདོ་ལས། ཡུམ་ཆེན་མོ་ནི་གཎྜིའི་གཟུགས་ཀྱིས་བཞུགས་སོ། །ཞེས་གསུངས་སོ། །དགེ་འདུན་ལ་ཡང་རབ་བྱུང་གི་རྟགས་སྐ་རགས་སེར་པོ་བཅིང་བ་ཡན་ཆད་དང་། ཐ་ན་ལྷན་བ་དམར་སེར་ཙམ་ལ་ཡང་དགེ་འདུན་དཀོན་མཆོག་གི་འདུ་ཤེས་བཞག་སྟེ་གུས་པར་བྱེད་དགོས་སོ། །དེ་སྐད་དུ། མ་འོངས་ཐུབ་པའི་བསྟན་པ་ནུབ་པའི་ཚེ། །དམར་དང་སེར་པོའི་གོས་ཀྱི་རས་མ་ཀུན། །ལྷ་རྣམས་ཀྱིས་བསྡུས་དད་པའི་རྟེན་དུ་ཁྱེར། །རི་རབ་རྩེ་རུ་མཆོད་རྟེན་བྱེད་པར་གསུངས། །ཞེས་གསུངས་པས་སོ། །གསུམ་པ་ནི། རང་ལ་བླང་དོར་གྱི་གནས་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་ལ་སངས་རྒྱས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་སྟེ། ཞབས་ཏོག་བསྙེན་བཀུར་ལ་འབད། དེའི་བཀའ་རྩལ་བའི་གསུང་རྣམས་ལ་ཆོས་དཀོན་མཆོག་གི་འདུ་ཤེས་བཞག་སྟེ། ཅི་གསུང་དང་དུ་ལེན་ཞིང་གསུངས་གི་ཟུར་ཙམ་ཡང་མི་བཅག །བླ་མའི་འཁོར་གྲྭ་སློབ་རྣམས་ལ་དགེ་འདུན་དངོས་ཀྱི་འདུ་ཤེས་བཞག་སྟེ་སྒོ་གསུམ་གུས་པས་བསྟེན། མི་མཉེས་པ་སྐད་ཅིག་ཙམ་ཡང་མི་བྱ་སྟེ། རྔ་བོ་ཆེའི་མདོར། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོར་ཀུན་དགའ་བོ། །ང་ཉིད་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྦྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཐུན་མོང་ནི། མངའ་རིས་པཎ་ཆེན་གྱིས། སྲོག་དང་བྱ་དགར་དཀོན་མཆོག་གསུམ་མི་སྤང་། །དགོས་གལ་ཆེ་ཡང་ཐབས་གཞན་མི་འཚོལ་ཞིང་། །དུས་མཆོད་མི་བཅག་རང་གཞན་སྐྱབས་འགྲོར་འགོད། །གར་འགྲོའི་ཕྱོགས་ཀྱི་སངས་རྒྱས་ལ་ཕྱག་འཚལ། །ལྔ་རྣམས་ཐུན་ཐོང་བསླབ་བྱར་ཇོ་བོ་བཞེད། །ཅེས་གསུངས་པ་ལྟར། བླང་དོར་ཚུལ་བཞིན་དུ་བྱ་བ་རྣམས་སོ། །དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནི། ཐར་བའི་ས་བོན་ཐེབ་པ་དང་། ནང་པའི་གྲལ་དུ་ཚུད་པ་དང་། འཇིགས་པ་ལས་སྐྱོབ་ཅིང་བྱང་ཆུབ་ཐོབ་པར་འགྱུར་བ་ལ་སོགས་པ་སྟེ། ཉི་མའི་སྙིང་པོའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་གྱུར་ཀྱང་། །དེ་ནི་ངེས་བར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་དང་། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་པ་ལྟར་མཐའ་ཡས་སོ། །བཞི་བ་སྡིག་པ་བཤགས་པའི་ཡན་ལག་ལ། བཤགས་ཡུལ་མངོན་དུ་བྱ་བ་དང་། བཤགས་པ་དངོས་གཉིས་ལས། དང་པོ་ནི། བཤགས་ཡུལ་ཕྱོགས་བཅུའི་འཇིག་རྟེན་རྣམས་ཏེ་མཐའ་ཡས་པ་ཀུན་ན་བཞུགས་པ་ཡི་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ཐུགས་སྙིང་རྗེ་ཆེན་པོ་མངའ་བ་རྣམས་མདུན་གྱི་ནམ་མཁར་དམིགས་ལ་ལུས་ཐལ་མོ་སྦྱར་ཏེ་ངག་གིས་གསོལ་བ་སྟེ་ཞུ་བ་འབུལ་བ་ནི་འདི་ལྟར་ཞེས་སོ། །གཉིས་པ་བཤགས་པ་དངོས་ལ། སུན་འབྱིན་པའི་སྟོབས། རྟེན་གྱི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། སོར་ཆུད་པའི་སྟོབས་དང་བཞི་ལས། དང་པོ་ནི། ཅི་ཞུ་ན་དུས་ཐོག་མ་མེད་པ་དང་ལྷན་པའི་འཁོར་བ་ནས་བཟུང་སྟེ་ད་ལྟའི་ཚེ་རབས་འདིའམ་ཚེ་རབས་སྔ་མ་གཞན་དག་ཏུ་བདག་གིས་བླང་དོར་གྱི་གནས་མ་འཚལ་ཞེས་མ་རིག་པ་ཉོན་མོངས་པའི་དབང་གིས་སྡིག་པ་མི་དགེ་བ་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སྦྱོར་བ་རང་གིས་དངོས་སུ་བགྱིས་པའམ་གཞན་དག་ལ་བགྱིད་དུ་སྩལ་བ་ཉིད་དང་ནི། རྒྱུ་འབྲས་བླང་དོར་ལ་རྨོངས་པའི་གཏི་མུག་གིས་འཁྲུལ་བར་གྱུར་པས་བདག་ཟིལ་གྱིས་ནོན་ཏེ། གཞན་སྡིག་པ་བྱེད་པ་ལ་རྗེས་སུ་ཡི་རང་བ་སྟེ་དགའ་བ་གང་བགྱིས་པའི་སྡིག་བ་དེ་གསུམ་ལ་ཆེ་ཆུང་མེད་པས་གང་དང་གང་བྱས་པའི་ཉེས་པའམ་ནོངས་པ་དེ་ནི་མཐོང་ཞེས་ཉེས་པ་ལ་ཉེས་པར་མཐོང་བར་བགྱིས་ནས་ཁ་ཙམ་ཚིག་ཙམ་མ་ཡིན་པར་བསམ་པ་ཐག་པས་ཏེ་སྙིང་ཐག་པ་ནས་མགོན་པོ་སངས་རྒྱས་སྲས་དང་བཅས་པ་ལ་མཐོལ་ཞིང་བཤགས་ཏེ་སླན་ཆད་ཀྱང་སྡོམ་པར་བགྱིའོ། །ཁྱད་པར་ཉེས་པ་ཆེ་ཤོས་ཡུལ་ཡོན་ཏན་ཅན་གྱི་ཞིང་བདག་གིས་སངས་རྒྱས་ཆོས་དགེ་འདུན་ཏེ་དཀོན་མཆོག་གསུམ་དང་ནི་ཕན་འདོགས་པའི་ཞིང་ཕ་དང་མའམ་ཡོན་ཏན་གྱི་ཁུར་དུ་ལྕི་ཞིང་བཀུར་བར་འོས་པའི་ཞིང་མཁན་སློབ་སོགས་བླ་མ་གཞན་དག་ལ་ཀུན་སློང་ཆགས་སྡང་རྨོངས་གསུམ་ལ་སོགས་པའི་ཉོན་མོངས་པའི་སྒོ་ནས་སྦྱོར་བ་ལུས་ཀྱིས་བཅོམ་བརླག་བརྡུང་བརྡེག་སོགས་ངག་གིས་སྐུར་འདེབས་ངན་སྨྲ་སོགས་དང་ཡིད་ཀྱིས་ལོག་ལྟ་ངན་སེམས་སོགས་གནོད་པ་བགྱིས་པ་གང་ལགས་པ་དང་། དེ་ལས་ཀྱང་དཀོན་མཆོག་ལ་གནོད་པའི་ལས་དང་། དཀོར་འཕྲོག་པ་ཉེས་པ་ཆེ་སྟེ་སངས་རྒྱས་དང་ཆོས་དང་ཆོས་འཆད་པ་པོའི་ཡོ་བྱད་ཐམས་ཅད་སངས་རྒྱས་དང་ཆོས་ཀྱི་དཀོར་ཡིན་ལ་དེ་དག་རྐུ་འཕྲོག་དང་གཡོ་སྒྱུས་མ་བྱིན་པར་བླང་བ་ལ་སོགས་པ་ནི། མ་ཕམ་པས། གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་བ་ག་ལ་ཡོད། །ཅེས་དང་། གྲུབ་ཐོབ་སྐྱེར་སྒང་པའི་སྐུ་ལུས་ཨཿདཀར་པོས་ལན་མང་ཕུགས་ནས་ན་ཚ་དྲག་པོ་བྱུང་བ་བརྒྱད་སྟོང་པའི་ཚབ་ཡོན་བདག་གིས་དྲངས་པའི་རྣམ་སྨིན་དུ་གསུངས་པ་སོགས་དང་། དེ་ལ་ཕྱོགས་བཅུའི་དགེ་འདུན་གྱི་དཀོར་དང་དེ་ལས་ཀྱང་ཞལ་དུ་འདུ་བའི་སྒོ་ཉེས་པ་ཤིན་ཏུ་ཆེ་བར་གསུངས་ཏེ། མདོར་ན་དགེ་འདུན་ལ་དབང་བའི་ཡོ་བྱད་ཆེ་ཕྲ་གང་དང་གང་རྐུ་འཕྲོག་དང་ཚོང་སོགས་གཡོ་སྒྱུར་བླང་ན་བཤགས་པའི་ཐབས་མེད་པར་དམྱལ་བར་སྐྱེ་ངེས་པར་མདོ་ལས་གསུངས་ཏེ། དགེ་འདུན་གྱི་ནི་རྡོ་རྗེ་དང་འདྲའོ། །དགེ་འདུན་གྱི་ནི་དུག་དང་འདྲའོ། །དུག་ལ་ནི་གཉེན་པོ་ཡོད་ཀྱི། དགེ་འདུན་གྱི་ནི་མ་ཡིན་ནོ། །དགེ་འདུན་གྱི་ཕྲུ་བ་སྟེ་རྫ་ཁོ་ལ་ལོངས་སྤྱད་པས་དེ་ལྟ་བུའི་དམྱལ་བ་སྐྱེས་པའི་ལོ་རྒྱུས་སོགས་དང་། གཞན་ཡང་ལྷ་ཁང་སྟེང་མར་འབུལ་རྒྱུ་འོག་མ་དང་། འོག་མར་འབུལ་རྒྱུ་སྟེང་མ་དང་། དགེ་འདུན་པའི་དབྱར་རྙེད་དགུན་དང་དགུན་རྙེད་དབྱར་དུ་འཇོག་པ་དང་། དེ་རིང་འབུལ་རྒྱུ་སང་ནང་བར་བཞག་དུ་མི་རུང་བར་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱིས་གསུངས་སོ། །དེའི་ཚུལ་ཅུང་ཟད་ཅིག་སྔོན་གྱི་གཏམ་དང་སྦྱར་ན། འདུལ་བ་དང་། དགེ་འདུན་གྱི་འདུ་ཁང་རྩིགས་པ་དང་ཀ་བ་ལ་མཆིལ་མ་དང་སྣབས་ཀྱིས་མ་རུང་བ་བྱས་པས་རྩིགས་པ་དང་ཀ་བ་ལྟ་བུའི་དམྱལ་བ་དང་། གཏུན་དང་ཕྱགས་མ་ལ་སོགས་རང་གིས་ལོངས་སྤྱད་པས་གཏུན་དང་ཕྱགས་མ་ལྟ་བུའི་དམྱལ་བར་སྐྱེ་བ་དང་། དགེ་འདུན་པའི་དབྱར་རྙེད་དགུན་རྙེད་དང་དགུན་རྙེད་དབྱར་རྙེད་དུ་བསྒྱུར་ནས་མ་བགོས་པས་སེམས་ཅན་སྐེད་པ་ཆད་པ་ཆུས་རྒྱུས་ཀྱིས་སྦྲེལ་བ་འགྲོ་ཞིང་ཤིན་ཏུ་སྡུག་བསྔལ་བར་གསུངས་བ་དང་། མཛངས་བླུན་ལས། ཤིང་སྡོང་ཆེན་པོ་ཁབ་རྩེ་ཙམ་ཡང་མ་ཁྱབ་པ་མེད་པར་སྲིན་བུ་སྣ་ཚོགས་ཀྱིས་ཁྱབ་ཅིང་ཟ་བར་གྱུར་བས་ཤིན་ཏུ་སྡུག་བསྔལ་ཞིང་འོ་དོད་འབོད་པ་ཡང་དགེ་འདུན་གྱི་ལས་བྱེད་པ་ལི་ཏ་ཞེས་པས་དགེ་འདུན་གྱི་དཀོར་ལ་རང་སྤྱད་ཅིང་བཟའ་བཏུང་གཞན་ཁྱིམ་པའི་ཕྱོགས་ལ་བྱིན་པའི་རྣམ་སྨིན་རང་ཤིང་ལྗོང་དང་གཞན་སྲིན་བུར་གྱུར་བ་དང་དེ་ལས་འཕོས་ཏེ་དམྱལ་བར་སྐྱེ་བར་གསུངས་པ་དང་། ཡང་། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་མི་གཙང་བའི་ལྡེང་ཀ་ཞིག་གི་ནང་ན་སྲིན་བུ་སྦྲུལ་འདྲ་བ་རྐང་པ་བཞི་ཡོད་པ་ལོ་མང་པོར་སྡུག་བསྔལ་ཚད་མེད་པ་མྱོང་བ་དེར་སྟོན་པ་འཁོར་བཅས་བྱོན་ཏེ་འཁོར་རྣམས་ལ་དེའི་ལས་བསྟན་པ། སྔོན་སངས་རྒྱས་རྣམ་གཟིགས་ཀྱི་བསྟན་པ་ལ། དགེ་སློང་སྟོང་ཕྲག་བཅུ་བཞི་དགོན་པར་གནས་པ་ལ་ཚོང་པ་ལྔ་བརྒྱས་རིན་པོ་ཆེ་བསོད་ནམས་ཀྱི་ཟོང་དུ་ཕུལ་བ་བཞེས་ནས་ཞལ་ཏ་བའི་དགེ་སློང་ལ་གཏད་དོ། །ཕྱིས་བསོད་སྙོམས་ཀྱིས་བྲེལ་ནས་ཞལ་ཏ་བ་ལ་སྔར་གྱི་རིན་པོ་ཆེ་བཙོང་ངམ་ཞེས་པས་དེ་ཁྲོས་ཏེ་ཁྱེད་ཅག་སྐྱག་པ་ཟའམ། ཁོ་བོ་གཅིག་པུ་ལ་བྱིན་གྱི་ཁྱེད་ཀུན་ལ་མ་བྱིན་ནོ་ཟེར་བས། དགེ་འདུན་ཀྱང་སོ་སོར་གྱེས་སོ། །རྒྱུ་དེས་མཚམས་མེད་པའི་དམྱལ་བ་ཆེན་པོར་ལྟུང་། ངན་སྐྱུགས་ཀྱི་ནང་དུ་བསྐལ་བ་དགུ་བཅུ་རྩ་གཅིག་གི་བར་དུ་འགྲེ་འགྲེའོ། །དེ་ལས་ཐར་ནས་ད་ལྟ་འདིར་ངན་སྐྱུགས་ཀྱི་ཁུང་བུར་སྐྱེས་ནས་ལོ་མང་པོ་ལོན་ཡང་མ་ཐར་ཏེ། འདི་ལྟ་སྟེ་སྔོན་འདས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དགེ་འདུན་འཁོར་བཅས་འདིར་གཤེགས་ནས་ཉེར་གནས་རྣམས་ལ་འདིའི་ལས་བསྟན་ཏོ། །དེ་ནས་སངས་རྒྱས་ཐམས་ཅད་སྐྱོབ་ཀྱང་དེ་བཞིན་དུ་བསྟན་ཏོ། །དེ་ནས་ཚེ་འཕོས་ཏེ་ཡང་དམྱལ་བར་སྐྱེས་ཏེ་ལོ་ཁྲག་ཁྲིག་གྲངས་མེད་པ་དུ་མ་ལོན་ནས་ཕྱིར་ཡང་ཁུང་བུ་འདིར་སྐྱེས་སོ། །དེའི་འོག་ཏུ། འཁོར་བ་འཇིགས་དང་། གསེར་ཐུབ་དང་། འོད་སྲུང་གིས་ཀྱང་དེ་བཞིན་དུ་བསྟན་ཏོ། །དེ་བཞིན་སངས་རྒྱས་སྟོང་པོ་ཀུན་ཉེར་གནས་དང་བཅས་ཏེ་འདིར་གཤེགས་ནས་སྲིན་བུ་འདིའི་སྔོན་ལས་སྟོན་པར་འགྱུར་རོ་ཞེས་གསུངས་པ་དང་། དགེ་སློང་རྣམས་སྦུ་ལངས་ཏེ་ལུས་ངག་ཡིད་གསུམ་ཤིན་ཏུ་བསྲུང་པ་ལ་བརྩོན་པར་གྱུར་ཏོ་ཞེས་མཛངས་བླུན་ལས་སོ། །ནཱ་ལེན་ཏྲའི་བྱང་ཕྱོགས་ན། སུ་ཁྱེན་གྲོང་ཞེས་པ་ས་ཕུག་དང་བཅས་པ་གཅིག་ན། བྱིས་པ་མང་པོ་རྩེ་བའི་དབུས་སུ་རླུང་ཚུབ་འཁྱིལ་བ་མེ་འོད་འཕྲོ་བ་གཅིག་བྱུང་བ་ལ། བྱིས་པ་རྣམས་ཀྱིས་རྡོ་རུབ་བྱས་པས། བྱིས་པ་ཟོས་དུས་སུ་འབོག་པ་གཅིག་ལ་བཏབ་ནས་རྐང་པ་ཕྱིན་ཀ་ལོག་ཏུ་འགྲོ་ཞིང་པགས་པའི་སྐྱི་ཤིག་ཤིག་བྱས་ཏེ། ཁ་ནས་མེ་ལྕེ་ཉུག་ཅིང་། སམ་སྐྲྀ་ཏའི་སྐད་དུ་ཐམས་ཅད་ལ་འབར་རོ། །དེའི་ཉེ་འཁོར་ན་བྱམས་པ་སྒོམ་པའི་རྣལ་འབྱོར་པ་གཅིག་ཡོད་པ་དེས་གསན་ནས། བྱིས་པ་འདི་འདྲས་ཀྱང་སཾ་སྐྲྀ་ཏའི་སྐད་ཤེས་པ་ངོ་མཚར་ཆེའོ་སྙམ་ནས་ཉན་དུ་ཕྱིན་པས་དེ་ལ་མེ་འབར་བ་འདུག་ནས་རྒྱུ་མཚན་དྲིས་པས། འདི་རྣམས་སྡང་སེམས་ཀྱིས་ཉན་པས་འབར་ལ་ཁྱོད་དང་སེམས་ཀྱིས་ཉན་པས་མི་འབར་བ་ཡིན་ཟེར། འོ་ན་འདིར་ལས་གང་གིས་སྐྱེས་དྲིས་པས། བཙུན་པ་འདི་རྣམས་ཐོན་གཅིག་དང་། ཁྱོད་བྱམས་པའི་རྣལ་འབྱོར་བཟང་པོ་གཅིག་འདུག་པས་དྲང་པོར་བཤད་དོ་ཟེར་ཏེ། བཏོན་པས། ང་ནཱ་ལེནྟྲའི་མཁན་པོ་རྒྱལ་འབྱུང་ཡིན་ཏེ། ང་རང་བདག་པོ་ཡིན་སྙམས་ནས། དགེ་འདུན་གྱི་འབྲས་སྙིགས་བྲེ་ཕྱེད་ཐུབ་ཆོད་དུ་སྤྱད་པས། ད་ལྟ་ལྟོ་བསྲེག་པའི་ཡི་དྭགས་སུ་སྐྱེས་ནས་རྟག་ཏུ་ནང་ཁྲོལ་ཐམས་ཅད་འབར་བའི་མེས་བསྲེག་པའི་མེ་ལྕེ་ཁ་སྣ་ནས་ཉུག་པ་ཡིན། སྡེ་སྣོད་བཞུགས་པའི་གཙུག་ལག་ཁང་དུ་མཆིལ་ལྷམ་མ་ཕུད་པར་ཕྱིན་པས་རྐང་བ་ཕྱིན་ལོག་ཏུ་འཆུ་བ་དང་། ང་ནི་འདུ་ཁང་གི་ཐུབ་སྐུ་ལ་སྒྲོན་མེ་ཕུལ་བས་སྐུ་མཉེ་བྱས་ཏེ་སྐྱིན་པ་འཚབ་པ་མ་གྲུབ་པས། པགས་པའི་སྐྱེ་ཤིག་པའི་སྡུག་བསྔལ་རྟག་ཏུ་ཡོད་པས་དཀོར་འདི་འཇིགས། དཀོན་མཆོག་གསུམ་ལས་དགེ་འདུན་གྱི་དཀོར་འདི་ཁོ་ན་ལྕི་བར་འདུག་གོ་ཟེར། འདི་ལས་རྣམ་ཐར་དྲིས་པས། འདི་ལས་ལོ་སྟོང་ཕྲག་བཅོ་ལྔ་ན་ཐར་ཏེ། དེ་ནས་མནར་མེད་དུ་འགྲོ་དགོས་པར་འདུག་ཟེར། འདི་ལ་བཤགས་ཐབས་མེད་དམ་བྱས་པས། ལས་འབྲས་ལ་ཁྱད་གསོད་བྱས་པས་ཡེ་མེད་ཟེར། དགེ་འདུན་གྱི་དཀོར་ལ་འཛེམ་ན་ཕན་ཡོན་ཆེ་སྟེ། ངའི་ཉེར་གནས་དཔལ་ཡོན་བྱ་བས་དགེ་འདུན་ལ་སྲོག་བས་གཅེས་ཤིང་ཡོ་བྱད་ལ་དུག་བས་འཇིགས་པ་གཅིག་ཡོད་དེ་ཁོ་འཆི་ཁར་འཇའ་འོད་དང་རོལ་མོ་དང་བཅས་ནས་ལྷ་དང་ཆོས་སྐྱོང་གིས་བསུས་ནས་སོང་། ཁོ་ད་ཙམ་འཁོར་བ་ལས་གྲོལ་ཏེ་མཆི་ཟེར། འོ་ན་བཙུན་གཞོན་རྣམས་གདོན་དགོས་པའི་རྒྱུ་མཚན་དྲིས་པས། དེ་ཐམས་ཅད་ངའི་མཁན་བུ་ཡིན་པས་ཐོས་ན་ང་ངོ་ཚ་ཁོང་རྣམས་ཡི་མུག་ནས་འགྲོ་ཟེར། དེ་ནས་དར་ཙམ་གཅིག་དྲན་མེད་དུ་སོང་། ཡང་ལབ་པ་ལ་ད་ཅི་ནས་གར་ཕྱིན་དྲིས་པས། ཕུ་ཡ་གི་ན་རྣལ་འབྱོར་པ་གཅིག་འདུག་པའི་དགེ་སྦྱོར་གྱི་བར་ཆད་ལ་ཕྱིན་ཟེར། ཁྱེད་མཁན་པོ་སྡེ་སྣོད་གསུམ་ཤེས་པ་གཅིག་དེ་འདྲ་བྱེད་པ་ཞན་བྱས་པས། བདེན་ཏེ་ངའི་ཤེས་པ་ལ་རང་དབང་མེད་ཟེར་ཡང་སོང་ཡང་བྱིས་པ་དེ་ལ་བཏབ་ནས་ལུས་ཐམས་ཅད་དྲོད་དུ་བྱས་ཏེ་ཁ་སྣ་ནས་མེ་ལྕེ་ཉུང་ཅིང་ཐམས་ཅད་ལ་འབར་བ་ལ། སྔར་གྱི་རྣལ་འབྱོར་དེ་སྤྱན་དྲངས་ཏེ། ཁྲོ་བོའི་དམིགས་པ་གཅིག་བྱས་པས་ཁོ་རྒོད་ཅིང་གཏུམ་པོའི་བསྐྱེད་རིམ་ལ་བརྟན་པ་ཐོབ་པས། འཇིག་རྟེན་གྱི་ནུས་མཐུ་ཅན་སུ་ལའང་མི་འཇིགས་ཟེར། འོ་ན་ཁོ་ཅན་འོང་བའི་རྒྱུ་མཚན་དྲིས་པས། ངས་ཟས་བག་རེ་རྙེད་ཀྱང་ཟོས་ན་ལྟོའི་མེ་ལ་ཤིང་བསྣན་པ་བཞིན་འགྱུར་གྱིན་འདུག་ནས་སྔར་འདྲིས་ཀྱི་བག་ཆགས་ཀྱིས་ཁོ་ལྟོག་པ་ལ་སྟེར་དུ་འོང་བ་ཡིན་ཏེ། ཁོའི་ལས་ངན་སད་རྐྱེན་བྱེད་གྱིན་འདུག་པ་ཟེར་དེ་དག་གི་རྒྱུ་མཚན་དྲིས་པས། ང་མཁན་པོ་བྱེད་དུས་སུ། ཁོ་ནཱ་ལེནྟྲའི་བརྡའ་སྤྲོད་སློབ་ཏུ་འོང་ནས་བརྟུལ་ཞུགས་དང་མི་ལྡན་པར་དགེ་འདུན་གྱི་ཚུལ་དང་ཆུ་ཤིང་ལ་སྦྱད་པའི་མཐོང་ཆོས་ཟེར། དེས་འཛད་དམ་དྲིས་པས། མྱོང་མགོ་བཙུགས་ཀྱིས་རྣམ་སྨིན་ཕྱི་མ་ཡི་དྭགས་སུ་འགྲོ་ཟེར། དེ་ལ་ཐབས་ཡོད་དམ་བྱས་པས་དགེ་འདུན་རང་ལ་བསྙེན་བཀུར་བྱས་ཏེ། སྤྱན་སྔར་མཐོལ་ཞིང་བཤགས་ན་འདག་གོ་ཟེར། རྣལ་འབྱོར་པས་དེ་ལ་དམིགས་པའི་བྱམས་པ་ཡུད་ཙམ་སྐྱེས་པས། ཐལ་མོ་སྦྱར་ཏེ་མ་ཡང་བྱོན་བདོག་གམ་ཟེར་ནས་མཆི་མ་ཕྲལ་བྱས་ཏེ་སོང་བས་ཕྱིན་ཆད་དེར་མ་འཁོར་རོ། །དེར་དེ་བཞིན་ཚོགས་སུ་མཐོལ་ཏེ། གླེངས་པས་དེར་འདུག་ཕལ་ཆེར་ཁོང་གི་མཁན་བུ་ཡིན་པར་འདུག་ནས་ཐམས་ཅད་ཆོ་ངེས་སོང་ངོ་། །དེས་ན་བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་རྫས་ལ་ཤ་བུའི་འདུ་ཤེས་བཞག་པར་བྱའོ་ཞེས་པའི་དོན་ཏོ། །ཡང་སྔོན་སྐྱེས་བུ་ལྔ་བརྒྱས་ཁྱིམ་བྱའི་ལྷ་ཁང་གི་དགེ་འདུན་གྱི་ཆུ་རྙོག་པས་ཆུ་དེས་འབྲས་བརྩོར་མ་བཏུབ་པས་དེའི་ཉིན་དགེ་འདུན་གྱི་ཆོས་སྟོན་ཆགས་པས་དེའི་རྣམ་སྨིན་གྱིས་ཡི་དྭགས་འཇིགས་སུ་རུང་བ་ལྔ་བརྒྱར་སྐྱེས་ཤིང་སྡུག་བསྔལ་བའི་ཚུལ་མདོ་ལས་གསུངས་པ་དང་། ཡང་ཇོ་བོ་རྗེ་ནཱ་ལེནྟྲ་ལ་བཞུགས་དུས་ན། ཞལ་ཏ་བ་ཆོས་བཞིན་བྱེད་པ་གཅིག་ཡོད། དེས་ཉིན་གཅིག་དགེ་འདུན་ལ་བཏུང་བ་འདྲེན་པ་བྱུང་ཡང་གཅིག་བྱུང་བ་ན་དེ་རིང་སྐོམ་མང་པོ་ཡོད་ཀྱི་སང་མ་བྱུང་ན་མི་ཉན་པས་ནང་པར་དྲང་སྙམ་སྟེ་བཞག་པ་དང་མཚན་མོ་སྐོམ་ཤིན་ཏུ་ཆེས་པས་ཆུ་ཟངས་ཆེན་མོ་ནས་ཆུ་འཐུང་བར་ཕྱིན་པ་དང་ཆུ་ཟངས་སུ་ཆུ་སྐམ་ནས་ཆུ་ཐིག་ཀྱང་མི་འདུག །ད་ཅི་བཀང་ན་ད་མེད་པ་མི་སྲིད་ང་འཁྲུལ་འདུག་བརྟག་པར་བྱ་སྙམ་སྟེ་རྡོ་གཅིག་དེར་བཞག །དེ་ནས་སྒོ་ན་མཚེའུ་ཆེ་བ་ཡོད་པ་ལ་བཏུང་ངོ་སྙམ་པས་སོང་བ་ན་དེ་ཡང་སྐམ་ནས་འདུག །འདི་འདྲ་མི་སྲིད་ང་འཁྲུལ་འདུག་འོན་ཀྱང་བརྟག་པར་སྙམ་སྟེ། དཀྱིལ་དུ་ཐོ་ཆེན་པོ་བརྩིགས་ནས་བཞག །ཡང་གངྒཱ་ལ་བཏུང་ངོ་སྙམ་པས་དེ་ཡང་སྐམ་ནས་འདུག །འདི་འདྲ་མི་སྲིད་ང་འཁྲུལ་འདུག་འོན་ཀྱང་བརྟག་སྙམ་སྟེ་གངྒཱའི་ཕ་རོལ་ན་ཤིང་སྡོང་ཞིག་འདུག་པ་ལ་ཆོས་གོས་དཀྲིས་ནས་བཞག །སྐོམ་གྱིས་གདུང་བཞིན་ཉལ་ནང་བར་བལྟས་ཚེ་ཆི་ཟངས་ཆུས་བཀང་བའི་ནང་དུ་རྡོ་བཅུག་འདུག །མཚོའུ་ཡེ་ཐར་རྒྱུ་མེད་པ་དེའི་ནང་དུ་ཐོ་ཆེན་བརྩིགས་འདུག་གངྒའི་ཕ་རོལ་གྱི་ཤིང་སྡོང་ལ་ཆོས་གོས་དཀྲིས་པ་མཐོང་བ་བཞིན་གསུངས། དེ་མ་ཐག་འབྲས་བུ་སྨིན་པ་སྒྲིབ་པ་ཆུང་བས་ཡིན་གསུངས། དེས་ན་བླ་མ་དང་དགོན་སྡེའི་ཕྱག་མཛོད་དང་སྤྱི་ཁག་དཀོན་གཉེར་བ་སོགས་ལས་འཛིན་པ་ཆེ་ཆུང་རྣམས་ཀྱི་གཙོས་བླ་མ་དང་དགེ་འདུན་པ་ལ་ཕན་ཚུན་འབྲེལ་ཞིང་འདྲིས་ཆེ་བ་རྣམས་ལ་ཤིན་ཏུ་འབྱུང་ཉེ་བའི་དཀོན་མཆོག་གི་དཀོར་སྤྱི་དང་ཁྱད་པར་དགེ་འདུན་བའི་དཀོར་འདི་ལ་ཐུགས་གཟབ་བག་ཡོད་རེ་མ་མཛད་ན་བསྐལ་བ་མང་པོའི་བར་དུ་དམྱལ་བར་བཙོ་བསྲེག་ལ་སོགས་པའི་སྡུག་བསྔལ་མི་བཟད་པ་མྱོང་ངེས་པ་ལ་བསམས་ནས་ཅུང་ཟད་རེ་ཨེ་ཕན་སྙམ་པའི་སེམས་ཀྱིས་སྨྲས་པ་འདི་ལ་གཟིགས་ཤིང་བག་ཡོད་རེས་བཀའ་དྲིན་ཡང་ཞུ། དེ་ལྟར་སྒོ་གསུམ་ཉེས་པ་དུ་མས་སྐྱོན་སེམས་རྒྱུད་ལ་ལྕགས་ལ་གཡའ་ལྟར་ཆགས་ཤིང་གནས་པའི་སྡིག་ཅན་ནམ་སྡིག་རྒན་པོ་བདག་གིས་སྡིག་པ་གང་ཤིན་ཏུ་ཉེས་པ་ཆེ་ཞིང་མི་བཟད་པ་དམྱལ་བ་ལ་སོགས་པར་སྐྱེ་བའི་ལས་ངན་བགྱིས་པ་དེ་ཐམས་ཅད་འདྲེན་པ་སངས་རྒྱས་སྲས་དང་བཅས་པ་རྣམས་ལ་སོ་སོར་མཐོལ་ཞིང་བཤགས་སོ། །དེ་ཡང་མྱུར་དུ་བཤགས་དགོས་པའི་རྒྱུ་མཚན་ནམ་འཆི་ཆ་མེད་འཆི་རྐྱེན་ངེས་པ་མེད་པས་དུས་དེ་རིང་ཉིད་དུ་མི་འཆི་བའི་ངེས་པ་མེད་ལ། ཤི་ན་འཆི་ཁ་གནད་གཅོད་ཀྱི་སྡུག་བསྔལ། ཤི་ནས་བར་དོའི་སྡུག་བསྔལ་ཕྱི་མ་ངན་སོང་གི་སྡུག་བསྔལ་ཐམས་ཅད་རྒྱུ་སྡིག་པ་མི་དགེ་བ་ལས་བྱུང་བས་ན་རང་གིས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་སེམས་དང་། ཕྱིན་ཆད་སྡོམ་སེམས་ཀྱིས་གཉེན་པོ་དགེ་བའི་ལས་ལ་མ་འབད་ན་བདག་ནི་སྡིག་པ་བྱས་པའི་ལས་ངན་བཤགས་པས་མ་བྱང་པར་སྔོན་དུ་འགུམ་པར་འགྱུར་དུ་མཆི་ཞེས་འཆི་བར་འགྱུར་ལ། སྡིག་པ་མ་བཤགས་པར་ཤི་ན་ངན་སོང་ལ་སོགས་པའི་སྡུག་བསྔལ་མྱོང་བར་འགྱུར་བས་ན་ཐབས་ཇི་ལྟར་སྡིག་པ་འདི་ལས་རང་རྒྱུད་ངེས་པར་ཐར་བར་འགྱུར་བ་ཞིག་མྱུར་ཞིང་རིངས་བའི་ཚུལ་གྱིས་བསྐྱབ་པར་མཛད་དུ་གསོལ་ཞེས་སོ། །དུས་ནམ་ཞིག་ན་འཆི་བར་འགྱུར་ནའང་། དེ་རིང་ཁོ་ནར་སྡིག་པ་བཤགས་སུ་མི་ཁོམས་པས་དེའི་བར་དུ་འཆི་བར་མི་འགྱུར་རོ་སྙམས་ནས་ཡིད་བརྟན་ནམ་ཡིད་ཆེས་བྱ་མི་རུང་བའི་འཆི་བདག་གི་བདུད་འདི་ནི་རང་གི་སྡིག་བཤགས་ལ་སོགས་པའི་བྱ་བའི་མགོ་བརྩོམ་ཟིན་པ་བྱས་པ་དང་མ་བརྩོམ་པ་མ་བྱས་པ་ད་གདོད་བྱ་བར་འདོད་པ་ལ་སོགས་པ་དེ་དང་དེ་སྒྲུབ་པའི་བར་དུ་མི་སྡོད་པས་གཅོང་ཅན་གཅིག་གི་ཚེ་ལ་གཅོང་མེད་བརྒྱ་ཞེས་པ་ལྟར་ན་བ་དང་མི་ན་བ་བདེ་བར་གནས་པ་ཀུན་གྱིས་ཀྱང་སྟེ་སུ་ཡིན་ཀྱང་སྤྲིན་གསེབ་ཀྱི་ཉི་ཞུར་དང་རླུང་ནང་གི་མར་མེད་ལྟ་ཡོད་ཀྱང་གློ་བུར་དུ་མེད་པར་འགྱུར་བ་ལྟ་བུའི་གློ་བུར་ཉིད་དུ་མི་འཆི་བའི་ངེས་པ་མེད་པས་ཚེ་འདི་ལ་ཡིད་མི་བརྟན་ཞེས་དེ་རིང་ཁོ་ནར་མི་འཆི་སྙམ་པའི་ཡིད་བརྟན་བཅའ་མི་རུང་སྟེ་དུས་ནམ་འཆི་གནས་འདིར་འཆི། འཆི་རྐྱེན་འདིས་འཆི་སོགས་ངེས་པ་མེད་པས་དེ་རིང་ཁོ་ནར་མི་འཆི་བའི་ངེས་པ་མེད་དེ། ཀླུའི་དབང་པོས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམས་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་ཤི་བར་གྱུར་ན་ས་ཆ་ཡུལ་རིས་གཉེན་གྲོགས་སྲིད་སྡེ་དགྲ་གཉེན་ཁྱིམ་བཟའ་ཚང་རྒྱུ་ལོངས་སྤྱོད་ཐ་ན་རང་ཉིད་ཀྱི་ཟས་གོས་ལུས་དང་བཅས་པ་ཐམས་ཅད་བོར་ཏེ་ཚེ་ཕ་རོལ་དུ་རང་ཉིད་གཅིག་པུར་ཆ་ཞེས་འགྲོ་དགོས་པར་བདག་གིས་ཚུལ་དེ་ལྟར་མ་ཤེས་པས་མཛའ་བ་གཉེན་ཉེ་བ་གྲོགས་དགའ་མཛའ་སྐྱོང་བའི་དོན་དང་མི་མཛའི་དོན་ཏེ་མི་མཛའ་བ་དགྲ་རྣམས་འདུལ་བའི་དོན་གྱི་ཕྱིར་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་སྒོ་ནས་སྲོག་གཅོད་པ་མ་བྱིན་པ་ལེན་པ་ལ་སོགས་སྡིག་པ་རྣམ་པ་དུ་མ་བྱས་ཀྱང་དོན་མེད་དེ་མི་མཛའ་བ་དགྲ་རྣམས་མ་བཏུལ་ཀྱང་ཤི་ནས་མེད་པར་འགྱུར་ཞིང་མཛའ་བ་གཉེན་གྲོགས་རྣམས་བསྐྱངས་ཀྱང་ཕན་པ་མེད་བར་ཐམས་ཅད་ཤི་ནས་མེད་པར་འགྱུར་ལ། དེར་མ་ཟད་བདག་རང་ཉིད་ཀྱང་ཤི་ནས་མེད་པར་འགྱུར་བ་སྟེ། དེ་བཞིན་དུ་ཕྱི་སྣོད་ཀྱི་འཇིག་རྟེན་རི་གླིང་ལ་སོགས་པ་དང་། ནད་བཅུད་ཀྱི་འགྲོ་བ་དགྲ་གཉེན་བར་མའི་འགྲོ་བ་མཐོན་པོ་གནམ་ལྟ་བུ། བཙན་པོ་ཐོག་ལྟ་བུ། ཕྱུག་པོ་ཀླུ་ལྟ་བུ། མཛེས་པ་ལྷ་ལྟ་བུ། འཕྱོར་པོ་འཇའ་ཚོན་ལྟ་བུ་དང་། བརྩེགས་པའི་མཁར། བསོགས་པའི་ནོར། འདུས་པའི་ཕ་མ། སྤུན་ཟླ་ལ་སོགས་པ་ཐམས་ཅད་མེད་པར་འགྱུར་བས་ན་དེ་ཡི་དོན་དུ་སྡིག་པ་བྱས་པ་དོན་མེད་དོ། །དེའི་འཐད་པ་དཔེར་ན་མདང་གི་རྨི་ལམ་དུ་གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་དང་། དགྲ་འདུལ་གཉེན་སྐྱོང་རྙེད་བཀུར་སོགས་གང་དང་གང་ཉམས་སུ་མྱོང་ཡང་ད་ནང་སད་པ་ན་དྲན་པའི་ཡུལ་དུ་འགྱུར་བ་ཙམ་ལས་དངོས་སུ་མི་མཐོང་བ་བཞིན་དུ་ཁར་སང་ཕན་ཆད་ཀྱི་བྱ་བ་གཟུགས་སོགས་ཡུལ་ལྔ་ལ་བླང་དོར་དགྲ་འདུལ་གཉེན་སྐྱོང་ཚོང་དང་སོ་ནམས་རྙེད་བཀུར་སྙན་གྲགས་ཟས་གོས་ལོངས་སྤྱོད་ལ་སོགས་པའི་དངོས་པོ་གང་དང་གང་འདོད་ཅིང་ལོངས་སྤྱད་པ་དེ་དང་དེ་ཐམས་ཅད་དེ་རིང་འདི་དང་འདི་འདྲ་མྱོང་ངོ་ཞེས་དྲན་པའི་ཡུལ་ཙམ་དུ་འགྱུར་སྲིད་པ་ལས་སྔར་འདས་ཤིང་འགགས་ཟིན་པ་དེ་ཐམས་ཅད་ད་ལྟ་མཐོང་ཞིང་ཕན་གནོད་ཉམས་སུ་མྱོང་བར་མི་འགྱུར་བས་དེ་དག་གི་དོན་བྱས་པ་དོན་མེད་དོ། །ཚེ་རབས་སྔ་མ་རྣམས་ཀྱི་དགྲ་གཉེན་ལྟ་ཅི་རེ་ཞིག་ད་ལྟ་གསོན་པའི་ཚེ་འདི་ཉིད་ལའང་མཛའ་བ་དང་མི་མཛའ་བ་དུ་མ་མང་པོ་ཞིག་འདས་པ་སྟེ་ཤི་ནས་དྲན་ཡུལ་ཙམ་དུ་གྱུར་པ་ལས་དེ་དག་གིས་དངོས་སུ་ཕན་གནོད་ཅུང་ཟད་མེད་དོ། །འོ་ན་དེ་དག་གི་དོན་དུ་སྡིག་པ་བྱས་པའང་འདས་ཏེ་མི་གནོད་དོ་སྙམ་ན། དེ་ནི་མ་ཡིན་ཏེ་འདི་ལྟར་མཛའ་བ་དང་མི་མཛའ་བ་དེ་དག་གི་དོན་དུ་ཆགས་སྡང་ལ་སོགས་ལ་བརྟེན་ནས་བྱས་པའི་སྡིག་པ་རྣམ་སྨིན་མི་བཟད་པ་མྱོང་བར་འགྱུར་བ་གང་ཡིན་པ་དེ་ནི་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་མདུན་ན་སྒུགས་པ་བཞིན་དུ་གནས་ཏེ། རྒྱལ་པོ་ལ་གདམས་པས། དུས་ཀྱི་ཉེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །འཁོར་དང་ལོངས་སྤྱོད་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དེ་ནི་གང་དང་གང་སྐྱེས་ཀྱང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་པ་ལྟར་དང་། མདུན་ན་གནས་པ་ཡང་དགེ་སྡིག་གི་འབྲས་བུ་གང་ཡིན་ཡང་དེ་བཞིན་གཤེགས་པས་དགའ་བོ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དང་དམྱལ་བར་ཁྲིད་བར་མཛད་པས་དེ་དང་དེར་ཁོ་རང་སྐྱེ་བའི་གནས་ལྷའི་ཁང་བཟང་དང་དམྱལ་བའི་མེ་དང་ཟངས་ཁར་ལ་སོགས་པ་མཐོང་བ་དང་། ཁྱིམ་བདག་མདངས་ལྡན་གྱིས་སངས་རྒྱས་ལ་ཀུན་དགའ་ར་བ་ཕུལ་རྒྱུའི་ཐིག་གདབ་པ་ན་དེའི་རྣམ་པར་སྨིན་པའི་འབྲས་བུ་ད་ལྟ་ནས་གྲུབ་པར་ཤ་རིའི་བུས་གསུངས་པ་བཞིན་ཏེ། དཔེར་ན་ད་ལྟ་བླ་ཆེན་མི་ཆེན་གང་དུ་འགྲོ་བར་གྲྭ་འཁོར་རྣམས་ཀྱིས་གཞི་བཏང་ནས་ཐབས་བཟུངས་ཏེ་བསུར་འོང་བ་བཞིན་དུ་རང་རང་གི་ལས་སྣང་སྡིག་ཅན་རྣམས་ལ་དམྱལ་བ་ལ་སོགས་པར་གཤིན་རྗེའི་ལས་མཁན་རྣམས་ཀྱིས་བསུ་མ་འོང་ནས་འཁྲིད་པར་སྣང་པ་དང་། དགེ་བ་ཅན་རྣམས་དག་པའི་གནས་སུ་ལྷ་དང་བླ་མས་བསུ་ཞིང་ཁྲིད་པ་སྣང་བ་འབྱུང་བར་གསུངས་པ་ལྟ་བུའོ། །དེ་དག་གི་དོན་བསྡུ་ན་དེ་ལྟར་བདག་ནི་ནམ་གཞུག་གི་བུང་བའམ་འགྲོན་པོ་ལྟ་བུ་གློ་བུར་བ་སྔར་གང་ནས་འོང་བ་དང་ད་གང་དུ་འགྲོ་བ་ཆ་མེད་ཅིང་མྱུར་བ་ཉིད་དུ་མེད་པར་འགྱུར་བ་ཞིག་ཡིན་ནོ་ཞེས་བདག་གིས་རྟོགས་པའམ་ཤེས་པར་མ་གྱུར་པས་རྟག་འཛིན་ཨ་འཐས་ཤིང་བླང་དོར་ལ་རྨོངས་པའི་གཏི་མུག་དང་རང་ཕྱོགས་དང་འདོད་པའི་དོན་ལ་འདོད་ཆགས་པ་དང་། གཞན་ཕྱོགས་དང་མི་འདོད་པའི་གནས་ལ་ཞེ་སྡང་གིས་སྲོག་གཅོད་པ་དང་མ་བྱིན་པ་ལེན་པ་ལ་སོགས་པའི་སྡིག་པ་རྣམ་པ་མི་འདྲ་བ་དུ་མ་བྱས་ཤིང་བསགས་ན་དུས་ད་ལྟ་ཉིད་དུ་མ་བཤགས་ན་ཚེ་ནི་སྣོན་མེད་འགྲིབ་པ་དང་བཅས་པས་ལྟག་ཆུ་ཆད་པས་རྗིང་བུ་བཞིན་དུ་ཉིན་མོ་དང་མཚན་མོ་དུས་སྐད་ཅིག་སྔ་ཕྱི་རིམ་གྱིས་འོང་ནས་ཚེ་འཛད་པ་ལས་དུས་སྐད་ཅིག་མ་ཙམ་དུ་ཡང་ཚེ་མི་འཛད་པར་སྡོད་པ་ཡི་གོ་སྐབས་ཡོང་ཡེ་མེད་པར་ཚེ་འདི་དུས་རྟག་ཏུ་གོད་ཅེས་འགྲིབ་པར་འགྱུར་ཞིང་སྨན་པའི་རྒྱལ་པོ་དངོས་སུ་བྱོན་གྱུར་ཀྱང་། ཚེ་ཡི་འཕེན་ཟད་སྲོག་ལ་མཐུད་དུ་མེད། ཅེས་གསུངས་པ་ལྟར་ཚེ་ལ་སྣོན་པ་གུད་ནས་ཏེ་གཞན་ཞིག་ནས་འོང་བ་མེད་ན་འཁོར་བའི་སེམས་ཅན་བདག་དང་བདག་ལྟ་བུ་ངེས་པར་འཆི་བར་ཅིས་མི་འགྱུར་ཏེ་ངེས་པར་འཆི་བར་འགྱུར་བས་སྡིག་པ་བཤགས་པ་ལ་འབད་པར་བྱ་དགོས་ཏེ། མི་རྟག་པའི་གཏམ་ལས། ལྟག་ཆུ་བཅད་པའི་རྫིང་བཞིན་དུ། །སྣོན་མེད་འགྲིབ་པ་དང་བཅས་པས། །ཀུན་ཀྱང་འཆི་བའི་ལམ་ཞུགས་ན། །གློ་བུར་ཚེ་ལ་སུ་ཡིད་བརྟན། །ཞེས་པ་ལྟར་རོ། །དེ་ལྟར་ཚེ་ཟད་ནས་འཆི་ཚེ་བདག་ནི་མལ་སའི་ཐ་མ་ན་ཉལ་ནས་འདུག་བཞིན་དུ་གཉེན་ཉེ་བ་ཕ་མ་སྤུན་སྲིང་བཤེས་གྲོགས་དགའ་མཛའ་དང་སྨན་པ་ལ་སོགས་པ་ཀུན་གྱིས་མཐའ་ཐམས་ཅད་བསྐོར་ཞིང་རང་འཆིར་འཇུག་ཐུབ་པ་ལྟ་བུའི་སྡུག་བསྔལ་གྱིས་གདུང་བཞིན་དུ་བསྲུང་བར་བྱས་ཀྱང་ཕན་པ་མེད་པར་སྲོག་འཆད་པ་ཡི་གནད་གཅོད་ཀྱི་སྡུག་བསྔལ་བཟོད་པར་དཀའ་བའི་ཚོར་བ་དྲག་པོ་དག་སུས་ཀྱང་མི་ལེན་པར་བདག་རང་ཉིད་གཅིག་པུས་ཉམས་སུ་མྱོང་བར་འགྱུར་ཞིང་ཐིམ་རིམ་དུས་ལས་ངན་འཁྲུལ་བའི་རང་གཟུགས་འཇིགས་སུ་རུང་བའི་གཤིན་རྗེའི་ཕོ་ཉས་མངོན་སུམ་དུ་ཟིན་ཏེ་ཞགས་ནག་གིས་སྐེ་བཅིངས་ནས་རང་གཅིག་པུར་ཐོ་བས་བརྡུང་བ་ལ་སོགས་པའི་སྡུག་བསྔལ་གཏད་བཞིན་ཁྲིད་པ་ལ་ཕ་མ་བུ་ཚ་སོགས་ཉེ་བ་གཉེན་གྱིས་ཅི་ཞིག་ཕན་ཞིང་གྲོགས་དགའ་མཛའི་བཤེས་རྣམས་ཀྱིས་ཀྱང་ཅི་ཞིག་ཕན་ཏེ་སུས་ཀྱང་སྐྱོབ་བར་མི་ནུས་ཀྱི། དུས་དེ་ཡི་ཚེ་བསོད་ནམས་དགེ་བ་ཞིག་བསགས་ཤིང་འགྲུབ་ཡོད་ན་དེ་ཉིད་གཅིག་པུ་ཁོ་ན་སྐྱབས་ཀྱི་མཆོག་ཏུ་འགྱུར་བ་ཡིན་ན་ཡང་དེ་ཡང་བདག་གིས་སྔར་མ་བསྟེན་ཏོ་ཞེས་སྔར་མ་བསགས་བས་ད་ནི་ཅི་བྱར་ཡོད་དེ་ཐུགས་སྙིང་རྗེ་ཆེན་པོ་དང་ལྡན་པ་རྒྱལ་བ་སྲས་བཅས་ལ་མགོན་པོ་ཞེས་སྡུག་བསྔལ་གྱིས་འོ་དོད་བོས་ཏེ་བླང་དོར་ལ་རྨོངས་ཤིང་རྒྱུ་འབྲས་ཡིད་ཆེས་པའི་དད་པ་མེད་པས་སྒོ་གསུམ་བག་མེད་ཀྱི་དབང་དུ་སོང་བ་ལས་ངན་པོ་བདག་གིས་ནི་འཆི་ཁ་གནད་གཅོད་ཀྱི་འཇིགས་པ། ཤི་ནས་བར་དོའི་འཇིགས་པ་ཕྱི་མ་ངན་སོང་གི་འཇིགས་པ་འདི་འདྲ་ཡོད་པ་མ་འཚལ་ཏེ་མ་ཤེས་ནས་མི་རྟག་པ་སྙིང་པོ་མེད་པ་ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་ཟས་ནོར་ལོངས་སྤྱོད་ཀྱི་ཆེད་དག་ཏུ་སྲོག་གཅོད་པ་ལ་སོགས་པའི་སྡིག་པ་མང་པོ་ཉེ་བར་བསགས་ཤིང་བསྒྲུབས་ན་འཆི་བའི་ཚེ་ཤིན་ཏུ་སྡུག་བསྔལ་གྱིས་གཟིར་ཞིང་ཉམས་ཐག་པར་འགྱུར་ཏེ། དཔེར་ན་རྒྱལ་པོའི་ཆད་པ་ཕོག་པས་ཤིན་ཏུ་ཉེས་ཅན་གྱི་སྐྱེ་བོ་མི་འགའ་ཞིག་རྐང་ལག་སོགས་ཡན་ལག་ཙམ་གཅོད་པའི་སར་སྐལ་བ་མཉམ་པའི་མི་རྣམས་ཀྱིས་དེ་རིང་ལྟ་བུར་ཁྲིད་པའང་ཤིན་ཏུ་འཇིགས་ཤིང་སྐྲག་ནས་བྲེད་པར་འགྱུར་ཏེ་ཁ་གདང་ཞིང་སྐམས་པ་དང་མིག་རྩ་ངན་པ་སྔོ་ཅེར་རེ་མགོ་འཕང་དམའ་བ་ལ་སོགས་པ་སྔ་ལས་ཏེ་སྔར་གྱི་མི་དེ་མ་ཡིན་པ་ལྟ་བུ་གཞན་དུ་འགྱུར་ཏེ་ཤིན་ཏུ་ཉམས་ཐག་པར་སྣང་ན། ལས་ངན་འཁྲུལ་བའི་རང་གཟུགས་གཤིན་རྗེའི་ཕོ་ཉ་ལས་མཁན་མ་རུང་བ་རྣམས་ནི་མི་ལས་བདུན་འགྱུར་ལས་ཆེ་བ་གཅེར་བུ་སྐྲ་སྤྱི་བོར་གཟེངས་པ་མིག་གྲུ་གསུམ་ཤེལ་མིག་ལྟར་བགྲད་པ་ཨཾ་གཙིགས་བསྡམ་ཞིང་སོ་ཞོ་ངོམས་ཏེ་བཤུགས་པའི་འཐོར་རླུང་དྲག་ཏུ་འབུད་པ་རྒྱུད་ཁྲོ་ཞིང་གཏུམ་པ་ལྕགས་ཀྱུ་དང་ཞགས་པ་ཐོ་བ་དང་དགྲ་སྟ་ལ་སོགས་པ་ཐོགས་པ་སྲིན་པོ་ལྟར་རབ་ཏུ་འཇིགས་འཇིགས་ལྟའི་སྟེ་འཇིགས་འཇིགས་ལྟ་བུར་གྱུར་པའི་ཁྲོ་གཉེར་དང་ཤ་ཚུགས་སྣ་ཚོགས་ཅན་གྱིས་བཟུང་སྟེ་ཞགས་པས་བཅིང་ནས་རང་ཉིད་གཅིག་པུར་ཚེ་ཕྱི་མར་ཁྲིད་པར་གྱུར་ཅིང་དམྱལ་བའི་སྣང་བ་ལྕགས་བསྲེག་གི་ཐང་ལ་སོགས་པར་ཉམས་ང་བར་འཇིགས་པའི་མུན་ནག་གིས་མདུན་ནས་བསུས་ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་དེད་དེ་གཤིན་རྗེའི་ལས་མཁན་རྣམས་ཀྱིས་རྒྱོབ་རྒྱོབ་དང་སོད་སོད་ཆོད་ཆོད་ཀྱིས་སྒྲ་ཆེན་པོ་སྒྲོགས་བཞིན་དུ་ལྕགས་ཀྱུས་བཟུང་། ཐོ་བས་བརྡེག་རྐང་ལག་གཅོད་པ་ལ་སོགས་པའི་འཇིགས་པ་ཆེན་པོའི་ནད་དྲག་པོ་རྣམས་ཀྱིས་ཐེབས་པར་གྱུར་པ་དེ་ཡི་ཚེ་རབ་ཏུ་བྲེད་ཅིང་སྡུག་བསྔལ་གྱིས་ཉམས་ཐག་པར་འགྱུར་པ་སྨོས་ཀྱང་ཅི་དགོས། དུས་དེའི་ཚེ་བླ་མ་ལྷ་རྗེ་སོགས་སྙིང་རྗེ་ཅན་སུ་ཞིག་གིས་འཆི་ཁ་གནད་གཅོད་དང་གཤིན་རྗེའི་ལས་མཁན་ལ་སོགས་པའི་འཇིགས་པ་ཆེན་པོ་འདི་རྣམས་ལས་ཉམས་ཐག་བདག་ལེགས་པར་སྐྱོབ་པར་བྱེད་པར་འགྱུར་ཞེས་སྨྲ་ཞིང་ཤིན་ཏུ་སྐྲག་ནས་བྲེད་ཤ་ཐོན་པའི་སྟེ་སྐྱི་བུང་ཞེས་མགོ་ལྤགས་ཀུན་ལྟག་པར་བསྡུས་ཏེ་མིག་སྔོ་ཅེར་རེ་གཅེར་ཞིང་ཟུམ་དུ་མེད་པར་བགྲད་ནས་ཁ་ཤར་ལ་སོགས་པའི་ཕྱོགས་བཞིར་བལྟས་ཏེ་སྐྱབས་མཁན་གཞན་དག་འཚོལ་བར་བྱེད་ལ་དེ་ལྟར་ནན་ཏན་གྱིས་ཕྱོགས་བཞིར་བཙལ་ཡང་རང་བྱས་ཀྱི་ལས་ངན་མྱོང་བ་ལ་སངས་རྒྱས་ཀྱི་སྐྱོབ་པར་མི་ནུས་པར་ལྷས་སྦྱིན་གྱིས་གོའུ་ཏ་མ་ཚིག་ཐལ་ཚིག་ཐལ་ཞེས་སྨྲེ་སྔགས་འདོན་བཞིན་དུ་དམྱལ་བར་སྐྱེས་པ་ལྟ་བུ་ཡིན་པས་ན་སྐྱབས་མཁན་གཅིག་ཀྱང་མེད་པར་མཐོང་ནས་ནི། དེ་ནས་སྐྱབས་མ་རྙེད་པས་ཀུན་ཏུ་ཡི་མུག་པར་འགྱུར་ཏེ་སྐྱེ་དཀའ་བ་ལྷོ་རྒྱལ་འཛམ་བུ་གླིང་དུ་སྐྱེས། ཐོབ་དཀའ་བའི་དལ་འབྱོར་གྱི་མི་ལུས་ཐོབ། མཇལ་བར་དཀའ་བའི་བླ་མ་དམ་པ་དང་མཇལ། འཕྲད་པར་དཀའ་བའི་དམ་པའི་ཆོས་དང་འཕྲད་དེ་བླང་དོར་གྱི་གནས་ཅུང་ཟད་ཤེས་པར་གྱུར་ཀྱང་། ཀྱེ་མ་ཀྱེ་ཧུད་ལས་ངན་སྐལ་ཆད་པོ་བདག་གིས་དགེ་བ་ནི་མ་འགྲུབ། སྡིག་པ་ནི་རྒྱ་ཆེན་པོ་བྱས། ད་ནི་སྐྱབས་བྲལ་ཞིང་མགོན་མེད་པས་འཆི་ཐག་ཆོད་ཅིང་ངན་སོང་དུ་འགྲོ་རྒྱུ་ལས་མི་འདུག་སྙམ་དུ་སྔར་བྱས་ཀྱི་སྡིག་པ་དྲན་ཏེ་བྲང་སེན་རྗེས་ཀྱིས་བཀང་སྟེ་གདོང་སྔོ་ལམ་མེ་མིག་མཆི་མ་ཁྲ་ཐར་རེ་དབུགས་འདར་ཞིང་མགོ་རྐང་ལག་གཡོབ་བཞིན་ཚེ་ཕ་རོལ་དུ་འགྲོ་ཞིང་སྡུག་བསྔལ་བར་འགྱུར་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། འགྲོ་བ་གཞན་དུ་ནི་འགྲོ། མལ་གྱི་ཐ་མར་ནི་ཉལ། སྲོག་ནི་ཅུང་ཟད་གཅིག་ལུས། གཤིན་རྗེའི་སྐྱེས་བུས་ནི་འཇིགས་ཤིང་སྐྲག །བྱུར་གྱི་དབང་དུ་ནི་སོང་། དབུགས་ཀྱི་འགྱུ་བ་ནི་འཆད། ཁ་དང་སྣ་ནི་གདངས། སོ་ནི་གཙིགས། ཕ་མ་དང་ཕུ་ནུ་དང་སྲིང་མོ་དང་བུ་དང་བུ་མོས་ནི་བསྐོར། ནོར་རྣམས་བགོ་བཤའ་བྱ་ཞེས་ནི་ཟེར། ཀྱེ་ཧུད་ཕ་ཀྱེ་ཧུད་མ་ཀྱེ་ཧུད་བུ་ཞེས་ཟེར་ན་ཆོས་མ་གཏོགས་པ་སྐྱབས་གཞན་མེད། མགོན་གཞན་མེད། གནས་གཞན་མེད། དཔུང་གཉེན་གཞན་མེད། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ཆོས་ནི་གླིང་དང་གནས་དང་མགོན་དང་སྟོན་པར་འགྱུར་རོ་ཞེས་གསུངས་པ་ལྟར་རོ། །དེ་ལྟར་འཆི་བའི་གནས་སྐབས་དེར་དམ་པའི་ཆོས་དགེ་བ་མ་གཏོགས་པ་སྐྱབས་གཞན་གཅིག་ཀྱང་ཡོད་པ་མ་ཡིན་ན་དེ་ཚེ་ལས་ངན་པོ་བདག་གིས་ཇི་ལྟར་བྱ་སྟེ་ཅི་ཡང་བྱ་ཐབས་མེད་པས་ཤིན་ཏུ་སྡུག་བསྔལ་གྱིས་གདུང་ཞིང་ཉམས་ཐག་པར་འགྱུར་རོ། །གཉིས་པ་རྟེན་གྱི་སྟོབས་ནི། རྟེན་གྱི་སྟོབས་ཞེས་བཤགས་ཡུལ་དུ་བྱེད་པ་དང་། དག་རྟེན་དུ་བྱེད་པ་གཉིས་ལས་འདིར་ཕྱི་མ་སྟེ། དེ་ལྟར་འཆི་ཞིང་ལས་ངན་འཁྲུལ་བའི་རང་གཟུགས་གཤིན་རྗེའི་བསུ་མ་སླེབ་པ་ན་སྐྲག་ནས་ད་གཟོད་སྐྱབས་འཚོལ་ཀྱང་མི་རྙེད་པ་དེ་ལྟ་བས་ན་རྒྱལ་བ་རྫོགས་པའི་སངས་རྒྱས་འགྲོ་བ་མ་ལུས་པའི་མགོན་པོ་ནམ་མཁའ་དང་མཉམ་པའི་འགྲོ་བ་སེམས་ཅན་ཐམས་ཅད་སྡུག་བསྔལ་མཐའ་དག་ལས་སྐྱོབ་པའི་དོན་དུ་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་གཞན་དོན་འབའ་ཞིག་ལ་བརྩོན་པ་མཐར་ཕྱིན་པའི་སྟོབས་བཅུའི་དབང་ཕྱུག་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཏེ་དེ་ལ་དེ་བཞིན་གཤེགས་པའི་སྟོབས་ཀྱི་རྣམ་གྲངས་ལ་ཡབ་དང་ཡུམ་ལས་བྱུང་བའི་སྟོབས་དང་། རྫུ་འཕྲུལ་གྱི་དང་། ཡེ་ཤེས་ཀྱི་སྟོབས་ལ་སོགས་པ་མང་དུ་གསུངས་པ་ལས། ཡབ་དང་ཡུམ་ལས་བྱུང་བའི་སྟོབས་ནི་དེ་བཞིན་གཤེགས་པའི་ཕྱག་ཞབས་སོགས་ཀྱི་ཚིག་བར་རེ་ན་སྲེད་མེད་བུའི་སྟོབས་བརྒྱའམ་ལྔ་བརྒྱ་རེ་ཡོད་པར་མདོ་ལས་གསུངས་ཤིང་། རྡོ་འཕང་པའི་མདོ་ལས། དེ་བཞིན་གཤེགས་པ་ཀུན་ཤིའི་གྲོང་ཁྱེར་དུ་བྱོན་པ་ན་ཡུལ་དེའི་གྱད་ལྔ་བརྒྱ་རེ་རེ་ལ་འཁོར་ལྔ་བརྒྱ་རེ་དང་ལྡན་པས་ལམ་ཕྱགས་དར་སོགས་བྱེད་པ་ན་དེ་དག་གིས་གཞན་དུ་འཕེན་པར་མ་ཐེག་པའི་རྡོ་ཕ་ཝང་ཆེན་པོ་དེ་བཞིན་གཤེགས་པའི་ཞབས་གཡས་པའི་མཐེ་བོང་གིས་ཕྱུངས་ཏེ་ཕྱག་གིས་ནམ་མཁར་འཕང་བ་ཡབ་དང་ཡུམ་ལས་བྱུང་བའི་སྟོབས་དང་། རྫུ་འཕྲུལ་གྱིས་དེ་རྡུལ་ཕྲན་དུ་བྱས་ནས་ཕྱོགས་ཐམས་ཅད་དུ་གཏོར་བ་དང་། དེ་ལྟར་གྱུར་པ་ལ་གྱད་རྣམས་མི་དགའ་བར་གྱུར་པ་ལ་རྡུལ་ཕྲན་རྣམས་སླར་བསྡུས་ཏེ་སྔ་མ་བཞིན་དུ་མཛད་ནས་གནས་དབེན་པར་བཞག་པར་མཛད་པ་བསྒོམ་པའམ་ཡེ་ཤེས་ཀྱི་སྟོབས་ཞེས་བྱ་བར་གསུངས། ཁྱད་པར་སེམས་ཅན་ཐམས་ཅད་སྐྱོབ་པའི་སྟོབས་དངོས་ནི། ཇི་སྐད་དུ། གནས་དང་གནས་མིན་རྣམ་སྨིན་དབང་པོ་དང་། །ཁམས་དང་མོས་པ་སྣ་ཚོགས་ཀུན་འགྲོའི་ལམ། །བསམ་གཏན་སྔོན་གནས་རྗེས་དྲན་ལྷ་ཡི་མིག །ཟག་ཟད་མཁྱེན་པའི་སྟོབས་དང་བཅུ་ཡིན་ནོ། །ཞེས་གསུངས་པ་ལྟར་མཁྱེན་པའི་སྟོབས་བཅུ་མངའ་བས་དམ་པའི་ཆོས་ཡང་དག་པར་སྟོན་པར་མཛད་པའི་སངས་རྒྱས་དང་། དེའི་བཀའ་བཞིན་རང་གིས་བསྒྲུབ་ན་འཁོར་བ་དང་ངན་སོང་ལ་སོགས་པའི་སྡུག་བསྔལ་གྱིས་འཇིགས་པ་མ་ལུས་ཀུན་སེལ་བར་མཛད་པ་དེ་ལ། བླང་དོར་ལ་རྨོངས་པའི་སྐྱེ་བོ་མདོ་ཤོར་རྣམས་ཀྱིས་ནི་ཚེ་གང་སྡིག་པ་མི་དགེ་བ་འབའ་ཞིག་བྱས་བྱས་ནས་སང་འཆི་ཚེ་འཇིགས་སྐྲག་གིས་ཅི་བྱ་མེད་པར་སྐྱབས་འཚོལ་བར་བྱེད་ཀྱང་ཕན་པར་དཀའ་ཞིང་འཕྱི་བར་གྱུར་པ་དེ་དག་གི་ལད་མོ་མི་བྱེད་པར་བདག་གིས་ནི་དུས་དེ་རིང་ཉིད་ནས་ནང་སྔ་མོ་ཆོས་ཐོས་ན་སྔ་མོ། ཉིན་གུང་ཆོས་ཐོས་ན་ཉིན་གུང་། དགོངས་མོ་ཆོས་ཐོས་ན་དགོངས་མོ་ཉིད་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སངས་རྒྱས་ལ་སྟོན་པའི་ཚུལ་དུ་སྐྱབས་སུ་མཆིའོ་ཞེས་བསམ་དགོས་ཏེ། ཆོས་ལ་ཐོས་བསམ་བསྒོམ་གསུམ་འདྲེས་མར་བྱེད་དགོས་ཏེ། ཆོས་འཆད་པའི་དུས་ལྟ་བུ་ཡིན་ཀྱང་ཚིག་སྒྲོས་སྙན་སྙན་མི་བྱེད་པར་དོན་སེམས་པའི་ཞོར་ལ་བཤད་ན་བསྒོམ་ཡང་དེ་ཡིན་གསུངས། སངས་རྒྱས་དེ་ཡིས་སློབ་ལམ་དུ་བསྐལ་པ་གྲངས་མེད་མང་པོར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་ནས་མཐར་བྱང་ཆུབ་ཀྱི་ཤིང་གི་དབང་པོའི་དྲུང་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པའི་ཚེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་བདག་གིས་བརྙེས། །ཞེས་གསུངས་པ་ལྟར། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐམས་ཅད་ཐུགས་སུ་ཆུད་པའམ་མཁྱེན་པའི་ཆོས་གང་ཞིག་ཉམས་སུ་བླངས་པ་ལས་འཁོར་བའི་འཇིགས་པ་མ་ལུས་པ་སེལ་བའམ་ཞི་བར་བྱེད་པའི་ལུང་དང་རྟོགས་པའི་ཆོས་ལ་ལམ་གྱི་ཚུལ་དུ་དེ་རིང་ཉིད་ནས་སྐྱབས་སུ་མཆི་བ་དང་། བྱང་ཆུབ་སེམས་དཔའི་ཚོགས་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་ལ་ཡང་དེ་བཞིན་དུ་དེ་རིང་ཉིད་ནས་གྲོགས་ཀྱི་ཚུལ་དུ་ཡང་དག་པར་ཏེ་གཡོ་སྒྱུ་དང་ཐེ་ཚོམ་མེད་པར་སྐྱབས་སུ་མཆིའོ། །བདག་ནི་འཆི་ཁའི་འཇིགས་པ་དང་། ཤི་ནས་བར་དོའི་འཇིགས་པ་དང་། ཕྱི་མ་འཁོར་བ་དང་ངན་སོང་གི་འཇིགས་པས་རྣམ་པར་སྐྲག་ནས་རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་འཕགས་མཆོག་ཀུན་ཏུ་བཟང་པོ་ཞེས་འོ་དོད་བོས་ཏེ་ཁྱེད་ལ་བདག་རང་ཉིད་ཀྱི་ལུས་དང་ལོངས་སྤྱོད་ཐམས་ཅད་འབུལ་བ་ཡིན་ནོ་ཞེས་འབོད་དགོས་ཀྱི་གཞན་དུ་འཇིགས་སྐྲག་མེད་པར་འོ་དོད་ཀྱིས་བོས་ན་རྒྱལ་བ་སྲས་བཅས་ལ་རྫུན་དུ་སྨྲས་པ་དང་། དེ་དག་གི་ཐུགས་ཀྱང་ཁྲེལ་བར་འགྱུར་རོ་གསུངས། དེ་བཞིན་དུ་རྒྱལ་ཀུན་ཡབ་གཅིག་མགོན་པོ་འཇམ་པའི་དབྱངས་ལའང་གཞན་གྱིས་མ་བསྐུལ་བར་བདག་རང་ཉིད་ཀྱིས་བདག་གི་ལུས་འདི་འབུལ་བར་བགྱིའོ། །འཕགས་པ་ཐུགས་རྗེ་ཆེན་པོ་ནི་སངས་རྒྱས་རིན་ཆེན་སྙིང་པོའི་མདུན་དུ་ཐུགས་བསྐྱེད་པ་ནས་བཟུང་སྟེ་མཐའ་ཡས་པའི་སེམས་ཅན་ལ་ཐུགས་རྗེ་ཏེ་ཐུགས་སྙིང་རྗེ་ཆེན་པོ་དང་ལྡན་པས་རང་འདོད་ཀྱི་འཁྲི་བ་སྤུ་རྩེ་ཙམ་ཡང་མེད་པར་གཞན་དོན་ཁོ་ན་བྱེད་པས་ནང་གི་ཡོན་ཏན་སྙིང་རྗེ་དང་ཕྱིའི་སྤྱོད་པ་མ་འཁྲུལ་བ་སྟེ་མི་འགལ་བར་མཛད་པས་དུས་དང་རྣམ་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་སྦྱན་མི་ཟུམ་བར་གཟིགས་པས་ན་དོན་དང་མཐུན་པའི་མཚན་ཡང་མིག་མི་འཛུམ་པའམ་སྤྱན་རས་གཟིགས་མགོན་པོ་དེ་ལ་ཡང་ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པས་གདུང་ཤུགས་ཀྱིས་ཉམས་མི་ཐག་ཀྱང་ཉམས་ཐག་ཐག་གིས་གཡོ་སྒྱུ་མ་ཡིན་པར་ཁ་ཙམ་མིན་པར་སྙིང་ཁུང་རུས་པའི་གཏིང་ནས་སྤྱིར་འཁོར་བ་དང་ངན་སོང་གི་འཇིགས་པ་དང་། དགོས་ཐག་ཉེ་བར་འཆི་བ་དང་བར་དོའི་འཇིགས་པ་ལ་སྐྲག་ནས་སྡུག་བསྔལ་གྱིས་གཟིར་ཞིང་ཤིན་ཏུ་ཉམས་ཐག་པའི་དབང་གིས་སྐད་བྱུང་བའི་གདངས་མཐོན་པོའི་ང་རོས་འོ་དོད་དྲག་པོས་འབོད་པ་སྟེ་ཕོ་ཆེན་པོ་བཏབས་ཏེ་འཕགས་པ་ཐུགས་རྗེ་ཆེན་པོ་ཞེས་བོས་ཏེ། སྡིག་ལྡན་བདག་ལ་ཞེས་སྤྱིར་ལུས་དང་ངག་དང་ཁྱད་བར་དུ་ཡིད་ཀྱི་དང་དེ་བས་ཀྱང་། ཇི་སྐད་དུ། རྣམ་རྟོག་མ་རིག་གདོན་ཆེན་ཏེ། །འཁོར་བའི་རྒྱ་མཚོར་སྟུང་བྱེད་ཡིན། །ཞེས་གསུངས་པ་ལྟར། ལས་ངན་ཐམས་ཅད་རྣམ་རྟོག་ལས་བྱུང་། རྣམ་རྟོག་ཐམས་ཅད་ང་དང་ང་ཡིར་བདག་དང་གཞན་དུ་འཛིན་པའི་བདག་འཛིན་ལས་བྱུང་། བདག་འཛིན་མ་རིག་པ་ཡིན་པས་དུས་དང་རྣམ་པ་ཐམས་ཅད་དུ་ཆོས་འཆད་དམ་ཉན་ནམ་འདོན་བསྒོམ་ལ་སོགས་པ་ཐམས་ཅད་ལ་སེམས་སྐད་ཅིག་ཙམ་ཡང་གཏད་རྒྱུ་མེད་པར་ཆགས་སྡང་ལ་སོགས་པའི་རྟོག་ངན་གྱི་རྗེས་སུ་འབྲང་ནས་འཁྲུལ་བ་རྒྱ་འབྱམས་སུ་སོང་སྟེ་ལས་ངན་བསགས་ནས་འཁོར་བ་མཐའ་མེད་དུ་ངན་སོང་གསུམ་ལ་སོགས་པར་འགྲོ་བའི་སྡིག་ལྡན་ཡིན་པ་ལ་ཡིན་པར་ཁས་བླངས་ནས་ལས་ངན་པོ་བདག་བསྐྱབ་ཏུ་གསོལ་ལོ། །དེ་བཞིན་དུ་རང་རེ་སྡོམ་པ་ཐམས་ཅད་ནི་བླང་ཞིང་བསྲུང་བྱ་ནི་མ་བསྲུང་བའི་གང་ཟག་ཡིན་པས་ནམ་མཁའི་སྙིང་པོ་ལ་ཕྱག་མཆོད་སོགས་ཀྱིས་བསྟེན་པ་གལ་ཆེ་སྟེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཕགས་པ་ནམ་མཁའི་སྙིང་པོ་ནི་བྱང་ཆུབ་སེམས་ལས་དང་པོ་པ་ལྟུང་བ་བྱུང་བ་རྣམས་ཀྱི་འཁར་བ་ལྟ་བུ་ཡིན་པར་གསུངས་པས་ན་འཕགས་པ་ནམ་མཁའི་སྙིང་པོ་དང་། ཉོན་མོངས་འཆོལ་ཉོག་ཏུ་སྤྱོད་པའི་བཙུན་གཟུགས་ལས་དང་པོ་པ་སོགས་གང་ཕོངས་ཤིང་རྒུད་པ་རྣམས་ལ་ཐུགས་ལྷག་པར་བརྩེ་ཞིང་སྐྱོབ་པར་མཛད་པའི་ས་ཡི་སྙིང་པོ་དག་དང་ནི་བྱམས་པ་དང་སྒྲིབ་པ་རྣམ་སེལ་ལ་སོགས་པ་ཕྱོགས་བཅུའི་ཞིང་ན་ཐུགས་རྗེ་དང་སྨོན་ལམ་སོགས་རྒྱ་ཆེ་བའི་མགོན་པོ་ས་བཅུའི་དབང་ཕྱུག་ཐམས་ཅད་ལ་སྐྱབས་འཚོལ་ཞིང་སྐྱོབས་ཤིག་ཅེས་སྙིང་ཐག་པ་ནས་མཚན་ནས་བརྗོད་དེ་འོ་དོད་ཀྱིས་འབོད་པར་བྱའོ། །གང་ཞེས་སྤྱི་སྒྲ་བྱེ་བྲག་ལ་སྦྱར་བ་དཔལ་གསང་བའི་བདག་པོ་གང་ཞིག་མཐོང་བ་ཙམ་ཉིད་ནས་གཤིན་རྗེ་ཡི་ཕོ་ཉ་ལས་མཁན་རྣམས་དང་བྱ་དང་ཁྱི་ལ་སོགས་པ་ཕ་བསད་ཀྱི་ལག་དམར་ལྟར་སྡང་བ་ཡི་སེམས་དང་ལྡན་ཞིང་གནོད་པར་བྱེད་པ་རྣམས་རབ་ཏུ་སྐྲག་ནས་ཕྱོགས་བཞིར་འབྱེར་བའམ་འབྲོས་པར་བྱེད་པ་ཕྱག་ན་རྡོ་རྗེ་ཅན་ལ་དད་ཅིང་གུས་པས་སྐྱབས་སུ་མཆིའོ། །དེ་ཡང་ཐུན་མོང་གི་བཤད་པ་ལྟར་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དང་པོ་ཐུགས་བསྐྱེད་ནས་མངོན་པར་བྱང་ཆུབ་སྟེ་ཆོས་ཀྱི་འཁོར་ལོ་བསྐོར་ནས་མྱ་ངན་ལས་མ་འདས་ཀྱི་བར་དུ་དཔལ་ཕྱག་ན་རྡོ་རྗེས་རྡོ་རྗེ་འབར་བའི་མཚོན་ཆ་བསྣམས་ནས་རྒྱལ་བ་དེ་དག་གི་སྐུ་གསུང་ཐུགས་ལ་ཉེ་བར་འཚེ་བའི་མ་རུངས་པ་ཐམས་ཅད་ཀྱི་མགོ་འགེམ་པར་མཛད་ཅིང་མེལ་ཚེ་བྱེད་པ་སྟེ་དཔེར་ན་འཇིག་རྟེན་པ་རྣམས་ཀྱིས་ལྷན་སྐྱེས་ཀྱི་ལྷ་ཞེས་བ་ལྟར་མཛད་དེ་རྗེས་སུ་འབྲང་བའོ། །ཡང་གསང་བ་ཞེས་པ་གནོད་སྦྱིན་ཡིན་ལ་དེའི་བདག་པོ་གནོད་སྦྱིན་ལག་ན་རྡོ་རྗེ་ཞེས་བྱ་བའང་ཡིན་ནོ། །ཐུན་མིན་གསང་སྔགས་ལྟར་ན་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་གཟུགས་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་བདག་པོར་དབང་བསྐུར་ཞིང་དབང་རྟགས་ཀྱི་རྡོ་རྗེ་ཕྱག་ན་བསྣམས་པས་ན་དེ་སྐད་དོ། །རང་རེའི་ད་ལྟ་རྒྱལ་སྲས་རིགས་གསུམ་མགོན་པོ་སོགས་རང་གང་མོས་ཀྱི་ཡི་དམ་གྱི་ལྷ་གཅིག་ཆོ་ག་མ་ཞིག་མེད་ཐབས་གཏན་ནས་མེད་པས་དེའི་དབང་ཞུས་ལྷ་བསྒོམ་སྔགས་བཟླས་ཏེ་དུས་ནམ་དུའང་མི་བརྗེད་པ་འཇིགས་སྐྲག་ནམ་བྱུང་དང་མཚན་རྨི་ལམ་གྱི་དུས་སུ་དྲན་ཐུབ་པ་ཞིག་དགོས། དེ་ལྟར་བྱུང་ན་སང་འཆི་ཚེ་མདུན་དུ་བསུ་མར་བྱོན་འོང་བའི་སྣང་བ་འབྱུང་ངོ་གསུངས། ལས་ངན་བདག་ནི་སྔོན་ཆད་རྒྱལ་བ་སྲས་བཅས་ཁྱེད་རྣམས་ཀྱིས་བཀའ་དགེ་སྡིག་བླང་དོར་ལས་འདས་པར་བྱས་ཀྱང་ད་ནི་འཆི་ཁ་དང་བར་དོ་ཕྱི་མ་ངན་སོང་གི་འཇིགས་པ་ཆེན་ཏེ་ཆེན་པོ་མཐོང་ནས་འགྱེལ་བའི་སར་འཇུ་ཞིང་བརྟེན་ནས་ལྡང་བ་ལྟར་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ལ་སྐྱབས་སུ་མཆི་བ་ལགས་ཀྱིས་སྡིག་པ་མི་དགེ་བའི་འབྲས་བུ་སྡུག་བསྔལ་གྱིས་འཇིགས་པ་དེ་དག་མྱུར་དུ་བསལ་དུ་གསོལ་ཞེས་གསོལ་བ་འདེབས་པའོ། །གསུམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། དེ་ལ་བག་ཡོད་དང་ཤེས་བཞིན་དང་བཟོད་ལེ་རྣམས་གཙོ་བོ་དེ་དང་དེ་སྐྱེད་བྱེད་ཡིན་པ་ལྟར་འདིར་ཡང་སྡིག་པ་དག་བྱེད་ཀྱི་གཉེན་པོ་རང་རྒྱུད་ལ་སྐྱེད་བྱེད་ཡིན་པའི་ཕྱིར། ལས་རྒྱུ་འབྲས་དང་ཚེ་མི་རྟག་པ་ཡང་ཡང་བསྒོམ་སྟེ་རང་རྒྱུད་ལ་སྡིག་པ་འདགས་པའི་གཉེན་པོ་བསྐྱེད་པའི་བློ་མེད་པ་རྣམས་ལ་དེའི་བློ་བསྐྱེད་པ་དང་། ཅུང་ཟད་ཡོད་ཀྱང་ལེ་ལོ་རྣམ་གཡེང་གིས་དེར་མི་སྦྱོར་བ་རྣམས་ལ་མྱུར་དུ་དེ་ལ་སྦྱོར་བའི་ཕྱིར་ལས་རྒྱུ་འབྲས་དང་ཚེ་མི་རྟག་པ་ཡང་ནས་ཡང་དུ་བསྒོམ་སྟེ་དེའི་བློ་སྐྱེས་ཤིང་དེ་ལ་སྦྱོར་བའི་ཚེ་དགེ་བ་གང་སྒྲུབ་སྦྱོར་བ་སྡིག་པ་བཤགས་པའི་ཆེད་དུ་བསམ་པ་དང་། དངོས་གཞིའི་དུས་སུ་སྡིག་པ་བཤགས་པའི་དྲན་འདུན་དང་། རྗེས་སུ་སྡིག་པ་འདགས་པའི་ཆེད་དུ་བསྔོ་བ་སྟེ་སྦྱོར་དངོས་རྗེས་གསུམ་ཚང་ན་ཐམས་ཅད་སྡིག་བཤགས་ཡིན་པས་གཉེན་པོ་ཡིན་ལ། དེ་ཡང་ཚེ་གང་དབེན་པར་དགེ་བ་སྒྲུབ་པར་བྱས་ཀྱང་ཉེས་པ་ཕྲན་བུ་ཙམ་བྱུང་བ་ལའང་གཉེན་པོས་མ་བཤགས་ན་དེའི་རྣམ་སྨིན་མྱོང་དགོས་ཏེ། དཔེར་ན་ནས་མང་པོའི་ནང་དུ་སྲན་རྡོག་གཅིག་ཡོད་པ་སར་བཏབ་ན་ནས་མང་པོ་སྐྱེ་ཡང་སྲན་རྡོག་དེ་སྐྱེས་པ་ལའང་མི་གནོད་པར་སྐྱེ་བར་ལྟར་དགེ་བ་ཆེར་བྱས་ཀྱང་སྡིག་པའི་གཉེན་པོར་མ་དམིགས་ན་དེས་སྡིག་པ་འཇོམས་པར་མི་བྱེད་གསུངས། དགེ་བ་ཅན་ཡང་ཕྱི་མ་ངན་སོང་དུ་མི་སྐྱེ་བའི་ངེས་པ་མེད་དེ་དེར་སྐྱེ་བའི་ལས་རྒྱུད་ལ་ཡོད་སྲིད་པའི་ཕྱིར་དང་། ཁྱད་པར་འཆི་ཁའི་མཚམས་སྦྱོར་ལ་རག་ལས་པས་ན་གང་ལ་མཚམས་སྦྱོར་མི་ཤེས་པས་སྡིག་པ་བཤགས་པའི་གཉེན་པོ་ལ་འབད་པ་འདི་གལ་ཆེ་བས་འདི་ལྟར་རྒྱུ་ཉོན་མོངས་པ་ལ་བསམ་སྟེ་གཉེན་པོ་ལ་འབད་པས་བཤགས་དགོས་པའི་རྒྱུ་མཚན་ནད་ཀྱི་དཔེས་བསྟན་པ་རླུང་མཁྲིས་བད་ཀན་འདུས་པ་ལ་སོགས་པའི་ཐ་མལ་གྱི་ནད་ཀྱིས་ཐེབས་པ་ལ་འཇིགས་ན་ཡང་སྨན་པའི་ངག་བཞིན་དུ་སྨན་བསྟེན་ཞིང་གཏར་བསྲེག་ཕུག་པ་སོགས་བཟོད་པར་བྱ་དགོས་ན་ཐོག་མར་མེད་པ་ནས་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ལ་སོགས་པའི་ཉེས་པ་བརྒྱ་ཕྲག་མང་པོ་ཡི་ནད་ཀྱིས་དུས་རྟག་ཏུ་བཏབ་པའི་རང་རེ་རྣམས་ཀྱིས་སྨན་པ་མཆོག་རྒྱལ་བའི་བཀའ་ལྟར་བླང་དོར་ཇི་ལྟ་བ་བཞིན་བྱེད་དགོས་བ་སྨོས་ཅི་དགོས་སོ། །ཆགས་སོགས་ཉོན་མོངས་པའི་ནད་དེ་དག་གི་ནང་ནས་གཅིག་གིས་ཀྱང་ངམ་ཡང་ན་ཉོན་མོངས་པ་དེ་དག་རྒྱུད་ལ་སྐྱེས་པའི་གང་ཟག་གཅིག་གིས་ཀྱང་འཛམ་བུའི་གླིང་ན་གནས་པའི་མི་ལ་སོགས་པ་ཀུན་ངན་སོང་ལ་སོགས་པར་སྡུག་བསྔལ་གྱིས་བརླག་པར་བྱེད་ན་ཉོན་མོངས་པའི་ནད་དེ་དག་གསོ་བར་བྱེད་པའི་སྨན་དམ་པའི་ཆོས་ལ་གཞན་ནི་ཕྱོགས་རྣམས་ཀུན་ནས་བཙལ་ཡང་སུས་ཀྱང་མི་རྙེད་ན་དེ་ལ་སྟེ་ནད་དེ་དག་གསོལ་བའི་སྨན་པ་མཆོག་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་ལུས་སེམས་གཉིས་ཀའི་སྡུག་བསྔལ་གྱི་ཟུག་རྔུ་ཐམས་ཅད་རྩ་བ་དྲུང་ནས་འབྱིན་པར་མཛད་པ་ཡི་བཀའ་ལུང་ནས་ཇི་སྐད་གསུངས་པ་ལྟར་དམ་པའི་ཆོས་ཀྱི་སྨན་བསྟེན་པར་མི་བྱེད་པར་ཕྱིན་ཅི་ལོག་ཏུ་སེམས་པ་རྣམས་ནི་རང་ངོས་ནས་ཤིན་ཏུ་བླུན་ཞིང་གཏི་མུག་ཅན་གཞན་རྒྱལ་བ་སྲས་བཅས་ཀྱིས་སྨད་པའི་གནས་དང་། བསྲུང་སྐྱོབ་ཀྱི་ལྷས་ཀྱང་འདོར་ཞིང་སྨན་པར་བྱེད་དེ། ཀླུས་དབང་པོས། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུགས་འཕྱག་པར་བགྱིད་པ་དེ་བས་ནི། །གང་ཞིག་མི་རུ་སྐྱེས་ལས་སྡིག་པ་དག །བགྱིད་པ་དེ་ནི་ཆེས་རབ་བླུན་པ་ལགས། །ཞེས་སོ། །ལྷས་སྦྱིན་ལ་མི་གླེན་པ་འཆིལ་མ་འཐུང་བ་ཞེས་གསུངས་བ་ལྟ་བུའོ། །འདིར་རྒྱལ་པོ་རྣམས་ཀྱིས་འཚོ་བྱེད་གཞོན་ནུའི་གསོའི་སྨན་པའི་རྒྱལ་པོར་ལན་གསུམ་དབང་བསྐུར་བ་དང་རང་ཉིད་ཀྱིས་ཀྱང་འཇིག་རྟེན་ན་སེམས་ནད་གསོ་བའི་སྨན་པ་སངས་རྒྱས་བཅོམ་ལྡན་འདས་དང་། ལུས་ནད་གསོ་བའི་སྨན་པ་བདག་ཉིད་དོ་ཞེས་ང་རྒྱལ་བའི་ཚེ་དེ་བཞིན་གཤེགས་པས་དེ་ལ་ང་རྒྱལ་དེ་མེད་ན་ཆོས་བསྟན་པས་བདེན་པ་མཐོང་བར་དགོངས་ཏེ། རི་བོ་གངས་ལྡན་དུ་རྫུ་འཕྲུལ་གྱིས་ཁྲིད་དེ་སྨན་བཏུ་བཅུག་པས་ཕལ་ཆེར་མ་ཤེས་པ་དེ་བཞིན་གཤེགས་པས་ཇི་བཞིན་མཁྱེན་ཅིང་བསྟན་པས་ང་རྒྱལ་བཅག་པར་མཛད་པ་དང་སྦྱར་ཏེ་སྨན་པའང་རིགས་གནས་ཕྲན་བུ་ཙམ་ཤེས་པས་མི་འོང་བས་སྨན་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཁོ་ན་དང་། སྨན་ཡང་དམ་བའི་ཆོས་མ་གཏོགས་པ་གཞན་མེད་པར་གསུངས། འབྲས་བུ་ངན་སོང་གི་གཡང་ས་ལ་བསམས་ཏེ་བཤགས་དགོས་པའི་རྒྱུ་མཚན་ནི་ལྟུང་ཡང་ཡན་ལག་ཙམ་སྣད་པར་འགྱུར་བའི་སྐས་འགོ་སོགས་གཡང་ས་ཐ་མལ་པ་ཆུང་དུ་ལའང་འགྲོ་འོང་ལ་སོགས་པ་ལ་བག་ཡོད་བས་གནས་པར་བྱ་དགོས་ན་འདི་ནས་དཔག་ཚད་སྟོང་དུ་ཞེས་སྟོང་ཕྲག་ཉི་ཤུར་ཏེ་ཉི་ཁྲི་ལ་སོགས་པར་འོག་ཏུ་ལྟུང་བ་ཡི་དམྱལ་བ་ཡང་སོས་ལ་སོགས་པར་བར་གྱི་བསྐལ་བ་སོགས་ཡུན་རིང་པོར་སྡུག་བསྔལ་དྲག་པོ་མྱོར་བར་འགྱུར་བས་གཡང་སར་ལྟུང་དོགས་ཀྱིས་བག་ཡོད་པར་བྱེད་པ་སྨོས་ཅི་དགོས་སོ། །དེས་ན་མྱུར་དུ་གཉེན་པོ་དགེ་བ་ལ་འབད་པར་གདམས་པ། དུས་དེ་རིང་ཁོ་ན་ཙམ་ལའང་མི་འཆིའོ་ཞེས་སེམས་བག་ཕབ་སྟེ་བདེ་བར་འདུག་པ་འདི་ནི་རིགས་ཤིང་འཐད་པ་མ་ཡིན་ཏེ་བདག་ནི་ཤི་ནས་མེད་པར་འགྱུར་བའི་དུས་གང་ཡིན་པ་དེ་ནི་གདོན་མི་ཟ་བར་ཏེ་ཐེ་ཚོམ་མེད་པར་འགྱུར་ངེས་ཤིང་དེ་ཡང་དོ་ནུབ་ཙམ་དུའང་མི་འགྱུར་བའི་ངེས་པ་མེད་དེ། བཤེས་སྤྲིང་དུའང་། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམས་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་པས་སོ། །དེས་ན་བདག་ལ་དེ་རིང་ཙམ་དུའང་མི་འཆི་བས་འཆི་བ་ལ་མི་འཇིགས་པའམ་སྐྲག་མི་དགོས་པར་སངས་རྒྱས་བཅོམ་ལྡན་འདས་སོགས་སུ་ཡིས་བྱིན་ཏེ་སུས་ཀྱང་བྱིན་པ་མེད་ན་འཆི་བའི་འཇིགས་པ་འདི་ལས་ཇི་ལྟར་ངེས་པར་ཐར་བར་འགྱུར་ཏེ་མི་འགྱུར་ཏེ། མཚན་མོ་བཟང་པོའི་མདོ་ལས། སང་ཙམ་འཆིའམ་སུས་ཤེས་ཀྱི། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱོད་ཉིད་བཤེས་པ་མ་ཡིན་ནམ། །ཞེས་པས་སོ། །གདོན་མི་ཟ་བར་ཤི་ནས་མེད་པར་འགྱུར་ངེས་ན་ཅི་ལྟར་བདག་ཉིད་ཡིན་ཕབ་སྟེ་སོས་དལ་གྱིས་ཟ་དགའ་འཐུང་སྐྱིད་རྩེད་མོ་རྣམ་གཡེང་སོགས་ཀྱི་ངང་དུ་བདེ་བར་འདུག་སྟེ་འདུག་མི་རིགས་ཏེ། མྱ་ངན་བསལ་བར་ཡང་། ས་འོག་གམ་ནི་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་པ་ལྟར་རོ། །དེ་ཡང་བློ་ངན་གོམས་ཀྱི་བག་ཆགས་ཤོག་དྲིལ་ལྟ་བུའི་འདོད་ཡོན་གྱི་ཞེན་ཆགས་འདི་སྤང་བར་བྱ་བའི་ཕྱིར་འདི་ལྟར་བསམ་དགོས་ཏེ། སྔོན་ཆད་མྱོང་སྟེ་ཞེས་ད་སྔ་ཡན་ཆད་འདོད་པའི་ཡུལ་ལྔ་པོ་འདི་མ་སྤྱད་པ་མེད་པར་ལོངས་སུ་སྤྱད་ཀྱང་ཡུལ་ཤེས་འཕྲད་པའི་བདེ་བ་སྐད་ཅིག་མ་ཙམ་ཞིག་མྱོང་ནས་ཞིག་སྟེ་ཅི་ཡང་མེད་པ་ལས་སྐད་ཅིག་གཉིས་པར་གནས་པའི་བདེ་བ་ནི་མི་སྲིད་ཅིང་མེད་པས་སྙིང་པོ་མེད་པ་དེ་བཞིན་དུ་ད་དུང་ཡང་སྤྱད་ན་ཡང་ཞིག་ཅིང་མེད་པ་ལས་བདག་ལ་ལྷག་པ་སྔར་དང་མི་འདྲ་བའི་བདེ་བ་སྐད་ཅིག་གཉིས་པར་མི་ཞིག་པ་ཅི་ཞིག་ཡོད་དེ་དེ་མེད་ན་མེད་བཞིན་དུ་བདག་ནི་འདོད་པའི་ཡུལ་ལྔ་པོ་དེ་ལ་མངོན་པར་ཞེན་ཅིང་ཆགས་ནས་དེའི་དོན་དུ་སྡིག་སྡུག་སོགས་གང་ལའང་མི་འཛེམ་པར་དཀའ་ཚེགས་ངལ་དུབ་ཆེན་པོ་ཁྱད་དུ་བསད་ནས་བླ་མའི་སྟེ་རང་གི་རྩ་བའི་བླ་མ་དང་འཇིག་རྟེན་གསུམ་གྱི་བླ་མ་སངས་རྒྱས་བཅོམ་ལྡན་འདས་སྲས་དང་བཅས་པའི་བཀའ་དང་འགལ་བར་བྱས་ཏེ་འདི་ཕྱི་གཉིས་ཕུང་བྱེད་པ་ཡིན་པས། དེ་ལྟར་མ་བྱེད་ཅིག །ཁྱད་པར་དུ་སྲེད་པ་ཆེ་བ་ཤ་ཆང་བུད་མེད་དང་དོན་མེད་པ་ཁ་སྣའི་དུད་པ་ལ་ལྷག་པར་ཞེན་ནས་ཡང་སྤྱད་ཡང་ཞིག་པ་ལས་སྲེད་པ་ལྷག་པར་འཕེལ་ཏེ་འདི་ཕྱི་གཉིས་ཕུང་དུ་འགྱུར་བ་ལས་ཅི་ཡང་མེད་པས་ན་འདོད་པའི་ཡུམ་ཐམས་ཅད་ལ་ཞེན་པ་བཅད་དེ་བྱ་བ་ཐམས་ཅད་ཆེ་བཞག་ཆུང་བསྐྱུར་བྱེད་པ་གལ་ཆེ་བ་ཡིན་གསུངས། དེ་ལྟར་རང་གིས་ལོངས་སྤྱོད་ཐམས་ཅད་ལ་སྙིང་པོ་མེད་པར་མཐོང་ནས་ཞེན་ཆགས་བཅད་དགོས་ཏེ། དེ་ཡང་བྱིས་པས་རྩེད་མོ་ལ་ཟིན་ནས་འཇོག་པ་མེད་པ་ལྟར་འདོད་ཡོན་ཐམས་ཅད་སྤྱད་ཟིན་ནས་འཇོག་པ་མེད་པས་བྱ་བ་ཐམས་ཅད་རྦད་ཆོད་བྱེད་དགོས་ལ། དེ་ཡང་སྲིད་པའི་ཕ་མ་སྲེད་ལེན་གཉིས་ཡིན་པས་ན་གང་ལ་སྲེད་པ་ཆེ་ན་སྡིག་པ་ཡང་དེའི་ཆེ་ཞིང་སྲེད་ལེན་གཉིས་རྒྱུན་ཆད་ན་ལས་ཡོད་ཀྱང་མྱོང་མི་དགོས་སོ། །ཚིགས་བཞི་འདི་མན་ངག་སྙིང་པོ་ཡིན་གསུངས། ད་ལྟ་བླ་མ་དང་དཔོན་པོ་གཞན་དུ་འགྲོ་ཚེ་འཁོར་གཡོག་བརྒྱ་ཉི་ཤུ་སོགས་དཔོན་གཡོག་མང་པོར་འགྲོ་བ་ལྟ་བུ་མེད་པར་མ་ཟད་འཆི་བའི་ཚེ་ན་རང་རང་གི་གསོན་པའི་ཚེ་སྲོག་འདི་དང་དེ་བཞིན་དུ་ཕ་མ་བུ་ཚ་སོགས་གཉེན་དང་གྲོགས་དགའ་མཛའ་བཤེས་དང་ནོར་ལོངས་སྤྱོད་སོགས་གང་ཡོད་པ་རྣམས་སྤངས་པའམ་ཤུལ་དུ་བཞག་ནས་རྒྱལ་པོ་ཆེན་པོ་དང་སྤྲང་པོ་དབྱུག་བཟུང་གཉིས་འདྲ་བར་རང་ཉིད་གྲོགས་མེད་གཅིག་པུར་གཅེར་བུ་ལག་སྟོང་མཆན་དུ་བཅུག་ནས་འཇིགས་པའི་མུན་ནག་གིས་མདུན་ནས་བསུས། ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་དེད་དེ་གཤིན་རྗེའི་སྐྱེས་བུ་འཇིགས་སུ་རུང་བས་སོད་སོད་དང་ཆོད་ཆོད་ཀྱི་སྒྲ་དང་བཅས་པར་ག་ཤེད་དེ་ལས་དབང་གིས་མཐོ་སྲིད་པའི་རྩེ་མོ་ནས་མནར་མེད་ཀྱི་བར་གར་འགྲོ་ཆ་མེད་དུ་རང་དབང་མེད་པར་འགྲོ་དགོས་པའི་དུས་ན་གཉེན་ཉེ་བ་གྲོགས་དགའ་མཛའ་དང་འཇིག་རྟེན་པའི་མིའི་དགྲ་མི་མཛའ་བ་ཀུན་ཅི་རུང་སྟེ་ཕན་པ་དང་གནོད་པ་ཅུང་ཟད་ཀྱང་མི་བྱེད་ལ་དེ་ཚེ་ཅིས་གནོད་ན་དེ་དག་གི་དོན་དུ་ཆགས་སྡང་སོགས་ཀྱིས་རྒྱུ་སྡིག་པ་མི་དགེ་བ་བཅུ་སོགས་བྱས་པ་ལས་འབྲས་བུ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དབང་མེད་དུ་འབྱུང་ཞིང་ཤིན་ཏུ་མནར་བར་འགྱུར་བས་ན་རྒྱུ་སྡིག་པ་མི་དགེ་བ་དེ་ལས་ཚུལ་ཇི་ལྟར་བྱས་ན་རང་རྒྱུད་ངེས་པར་ཐར་པར་འགྱུར་ཞེས་ཉིན་མི་དལ་མཚན་མི་གཉིད་པར་དུས་རྟག་ཏུ་བདག་གིས་ནི་འདི་ཉིད་འབའ་ཞིག་ཅེས་གཞན་དགག་སྒྲ་སྟེ་འདི་གཅིག་པུ་ཁོ་ན་བསམ་ཤིང་སྡིག་བཤགས་ལ་འབད་པའི་བྱ་བ་བྱེད་པར་རིགས་ཤིང་འཐད་པའོ་ཞེས་སོ། །དེ་ཡང་གོས་ཚོན་ལ་བཙོ་བ་ལས་འཁྲུ་བ་གལ་ཆེ་བ་ལྟར་ཐོས་བསམ་སྒོམ་པའི་ཡོན་ཏན་རང་རྒྱུད་ལ་མི་འབྱུང་བ་འདི་སྡིག་པ་མི་དགེ་བའི་དབང་གིས་ཡིན་པས་སྡིག་སྦྱང་ལ་བརྩོན་པ་འདི་ཤིན་ཏུ་གཅེས་གསུངས། དེ་ལྟར་ཐབས་དུ་མས་སྡིག་པ་ཐམས་ཅད་སྙིང་ཐག་པ་ནས་བཤགས་པར་འདོད་པའི་རྟོག་པ་རང་རྒྱུད་ལ་བསྐྱེད་ནས་བཤགས་པ་དངོས་ནི་གང་བཤགས་པའི་ཉེས་པའི་རྣམ་གྲངས་མང་དུ་ཡོད་ཀྱང་རིགས་སམ་སྡེ་ཚན་གྱིས་བསྡུས་ན་བཅས་རང་གཉིས་སུ་འདུ་ལ། རང་བཞིན་གྱི་སྡིག་པ་ཞེས་སེམས་ཅན་སུས་བྱས་ན་སྡིག་པར་འགྱུར་བ་དང་། བཅས་པ་ཞེས་པ་བཅས་ལྡན་གྱི་གང་ཟག་གིས་བཅས་པ་དང་འགལ་བ་རྣམས་ཡིན་ལ། དེ་ལ་ཡང་མུ་བཞི་སྟེ་བཅས་ལྡན་དགེ་ཚུལ་སློང་ལྟ་བུའི་སེམས་ཅན་གྱི་སྲོག་བཅད་པ་ལྟ་བུ་བཅས་རང་གཉིས་ཀ་ཡིན་པ་དང་། དེས་རྩྭ་སྔོན་བཅད་པ་དང་ཕྱི་དྲོའི་ཁ་ཟས་ལྟ་བུ་བཅས་སྡིག་ཡིན་ལ་རང་བཞིན་མ་ཡིན་པ་དང་། སྐྱབས་སྡོམ་ཙམ་ཡང་ཞུ་མ་མྱོང་བའི་གང་ཟག་གིས་སེམས་ཅན་གྱི་སྲོག་བཅད་པ་ལྟ་བུ་རང་བཞིན་གྱི་སྡིག་པ་ཡིན་ལ་བཅས་པ་མ་ཡིན་པ་དང་། དེས་རྩྭ་སྔོན་བཅད་པ་ལྟ་བུ་བཅས་རང་གཉིས་ཀ་མ་ཡིན་པ་ལྟ་བུ་སྟེ། དེ་ཡང་རྩྭ་སྔོན་མི་གཅོད་པ་ལ་སོགས་པ་བཅས་རྐྱང་གི་གནས་རྣམས་ཀྱང་མ་བསྲུང་ན་བསླབ་པ་ཡང་དག་པར་བསྲུང་མི་ནུས་པས་དེ་བསྲུང་བའི་ཐབས་ར་བ་ལྟ་བུར་བཅས་པ་མཛད་པ་ཡིན་ཏེ། བཀའ་ལས། གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །སླ་བར་སེམས་ནས་འདའ་བར་གང་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་ཐོབ། །སྨྲིག་ཚལ་བྲེག་པས་ཨ་སྨྲའི་ཚལ་ཉམས་ལྟར། །དུད་འགྲོ་སྐྱེ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ངེས་པར་བྱས་ནས་བདག་ནི་བླང་དོར་ལ་རྨོངས་ཤིང་མི་ཤེས་པ་གཏི་མུག་གི་དབང་དུ་གྱུར་པས་མི་དགེ་བ་བཅུ་ལ་སོགས་པར་རང་བཞིན་གྱི་སྡིག་པ་ཁ་ན་མ་ཐོ་བ་ཞེས་ཁ་ཐོག་ཏུ་ཕུད་མི་ཕོད་པ་སྟེ་གང་བྱས་པའམ། ཕྱི་དྲོའི་ཁ་ཟས་ཟོས་པ་ལ་སོགས་པ་སྡོམ་པ་དང་འགལ་བའི་བཅས་པའི་སྡིག་པ་གང་ཡིན་པ་དེ་རྣམས་ལས་གང་ཡང་རུང་བ་ཅི་དང་ཅི་བགྱིས་པ་རྣམས་མགོན་པོའི་སྟེ་མགོན་པོ་རྒྱལ་བ་སྲས་བཅས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་སྤྱན་སྔར་མངོན་སུམ་དུ་ལུས་བ་སྤུ་གཡོ་མིག་མཆི་མ་འཁྲུགས་ལག་ཐལ་མོ་སྦྱར་ཏེ། ངག་སྨྲེ་སྔགས་བཅས་བཤགས་ཚིག །སེམས་འཆི་ཁ་དང་བར་དོ་ཕྱི་མ་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་ནས་གནོང་འགྱོད་དྲག་པོའི་སེམས་ཀྱིས་ཡང་དང་ཡང་དུ་གུས་པས་ཕྱག་འཚལ་ཏེ་ཉེས་པ་དང་ལྟུང་བ་དེ་དག་ཐམས་ཅད་སོ་སོར་མི་གསང་མི་སྦེད་པར་མཐོལ་ཞིང་བཤགས་པར་བགྱི་ཞེས་སོ། །ཡང་དང་ཡང་ཞེས་མཁས་པའི་ཉམས་ལྡན་གྱི་ཚིག་འགྱོད་པ་ཆེན་པོ་དགོས་པའི་དོན་ཏོ། །དེ་ལྟར་རང་ལ་རྒྱལ་བ་སྲས་བཅས་ལྐོག་ཏུ་གྱུར་ཀྱང་དེ་དག་ལ་རང་ལྐོག་ཏུ་མི་འགྱུར་བར་ལོང་བའི་དྲུང་ན་མིག་ལྡན་བཞིན་ཡིན་བའི་ཕྱིར་ཉེས་པའི་རྣམ་གྲངས་ཞུས་ཏེ་བཤགས་ན་གྲངས་མེད་མང་པོའི་ཕ་རོལ་ནས་དེ་དག་གིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས། རྫུ་འཕྲུལ་གྱི་སྙན་གྱིས་གསན། མཁྱེན་པའི་ཐུགས་ཀྱིས་དགོངས་པར་འགྱུར་བས་ན་མངོན་སུམ་ཀྱང་ཡིན་གསུངས། འདྲེན་པ་རྒྱལ་བ་སྲས་བཅས་རྣམས་ཀྱིས་བདག་གི་སྡིག་པ་བྱས་པས་ནོངས་ཤིང་ཉེས་པ་ཅན་ཡིན་པ་ལ་ཡིན་པའམ་ལགས་པར་བཟུང་དུ་གསོལ་བའམ་ཞུ་བ་ཡིན་ཏེ། བཤགས་ཡུལ་གྱིས་ཉེས་པ་འདྲི་བ་ལྟར་རང་གིས་ཉེས་པ་ཁས་བླངས་ནས་ཞུ་བ་ཡིན་གསུངས། བཞི་པ་སོར་ཆུད་པའི་སྟོབས་ནི། སྡིག་པ་མི་དགེ་བ་སྤྱོད་པ་ངན་པ་འདི་ནི་སྣང་ནས་མུན་པའི་ལམ་དུ་འགྲོ་ཞིང་རྣམ་སྨིན་ཤིན་ཏུ་མི་བཟད་པ་བསྐྱེད་ཅིང་དམ་པ་རྣམས་ཀྱིས་སྨད་པར་བྱ་བ་ཡིན་གྱི་སྤྱོད་པ་བཟང་པོ་མ་ལགས་པས་དུས་དེ་རིང་ནས་བཟུང་སྟེ་སླན་ཆད་བདག་གིས་ནི་སྲོག་ལ་བབ་ཀྱང་ཡོང་ཡེ་མི་བགྱིད་ཅིང་སྡོམ་ལགས་སོ་ཞེས་བརྗོད་པས་བཤགས་ཡུལ་རྒྱལ་བ་སྲས་བཅས་ཀྱི་སྐུ་ལས་འོད་ཟེར་སྣ་ཚོགས་པ་བྱུང་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཉེས་ལྟུང་སྡིག་སྒྲིབ་ཐམས་ཅད་མུན་ཁུང་དུ་ཉི་མ་ཤར་བ་ལྟར་སངས་ཀྱིས་དག་པར་བསམ་མོ། །དེ་ཡང་ཆོས་ཀྱི་རྒྱལ་མཚན་བསྒྲེང་བར་བྱེད་པ་དང་། བདུད་ཀྱི་རྒྱལ་མཚན་བསྙིལ་བར་བྱེད་པ་ནི་གང་ཟག་གཉིས་ཏེ། ཉེས་པ་མི་འབྱུང་བ་དང་། བྱུང་ཡང་བཤགས་པས་དག་པར་བྱེད་པའོ། །བཤགས་ན་འདགས་པར་སྡིག་པའི་ཡོན་ཏན་ཏེ། བཤེས་སྤྲིང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ཡང་། །ཕྱི་ནས་བག་དང་ལྡན་པར་གྱུར་དེ་ནི། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་པ་ལྟར་རོ། །ལེའུའི་མཚན་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་འདིར་ཡན་ལག་བཞི་གསུངས་པའི་ནང་ནས་བརྗོད་བྱའི་གཙོ་བོ་སྡིག་བཤགས་ཡིན་པས་ན་སྡིག་པ་བཤགས་པའི་ལེའུ་སྟེ་གཉིས་པའོ།། ༈ །།ལེའུ་གསུམ་པ་བྱང་སེམས་ཡོངས་སུ་བཟུང་བའི་ལེའུ་ལ་གཞུང་དང་མཚན་ནོ། །དང་པོ་ལ་སྦྱོར་བ་སྔོན་དུ་འགྲོ་བའི་ཆོས་། དངོས་གཞི་དམ་བཅའ་བ། མཇུག་རང་གཞན་དགའ་བ་བསྒོམ་པ་དང་གསུམ་ལས། དང་པོ་སྦྱོར་བ་སྔོན་དུ་འགྲོ་བའི་ཆོས་ལ། ཚོགས་བསགས་པ་དང་། བློ་སྦྱོང་བ་གཉིས་ལས། དང་པོ་ལ་ཚོགས་བསགས་པ་ཡན་ལག་བརྒྱད་ལས། སྔ་མ་བཞི་ལེའུ་གཉིས་པའི་སྐབས་བཤད་ཟིན། འདིར་བཤད་པར་བྱ་བ། རྗེས་སུ་ཡི་རང་བའི་ཡན་ལག །ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག །དགེ་རྩ་གཞན་དོན་དུ་བསྔོ་བའི་ཡན་ལག་དང་བཞི་ལས། དང་པོ་ནི། སྐྱེས་བུ་ཆུང་འབྲིང་ཆེན་པོའི་དགེ་བ་གསུམ་ལས། སྐྱེས་བུ་ཆུང་ངུའི་དགེ་བ་བསོད་ནམས་ཆ་མཐུན་ལ་རྒྱུ་འབྲས་གཉིས་ལས། རྒྱུ་ལ་ཡི་རང་བ་ནི། འཁོར་བའི་སེམས་ཅན་གང་སུ་ཡང་རུང་བ་ཀུན་གྱི་དམྱལ་བ་སོགས་ངན་སོང་གི་སྡུག་བསྔལ་མྱོང་ཞིང་ངལ་བས་གདུང་བ་ལས་རེ་ཞིག་མཐོ་རིས་སུ་ངལ་བསོའི་སྟེ་བསོ་བའི་ལྷ་མིའི་བདེ་བའི་འབྲས་བུ་འཐོབ་པའི་རྒྱུ་བསམ་པ་ངེས་འབྱུང་དང་བྱང་སེམས། ཉམས་ལེན་བདག་མེད་ཀྱིས་མ་ཟིན་པའི་དགེ་བཅུ་ལ་སོགས་པའི་དགེ་བ་བསྒྲུབ་པ་དང་། འབྲས་བུ་ལ་ཡི་རང་བ་ནི་ངན་སོང་གསུམ་ལ་ལྟོས་ན་ལྷ་མི་རྣམས་གནས་སྐབས་བདེ་ཡང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ་སྟེ་གསུམ་ཅི་རིགས་པ་དང་ལྡན་པས་སྡུག་བསྔལ་ཅན་དག་མངོན་མཐོ་ལྷ་མིའི་གནས་སུ་གཟུགས་དང་ལང་ཚོ་ཐོབ་དང་མངའ་ཐང་། སྙན་པ་དང་གྲགས་པ་ནོར་དང་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པའི་བདེར་ཏེ་བདེ་བར་གནས་པ་རང་རང་གི་སྔོན་གྱི་དགེ་བའི་འབྲས་བུ་ལ་སྤྱོད་པ་རྣམས་ལ་ཕྲག་དོག་དང་འགྲན་སེམས་ལ་སོགས་པ་མེད་པར་སྙིང་ནས་དགའ་བས་རྗེས་སུ་ཡི་རང་ངོ་། །སྐྱེས་བུ་འབྲིང་གི་དགེ་བ་ཐེག་དམན་ཐར་པ་ཆ་མཐུན་ལའང་རྒྱུ་འབྲས་གཉིས་ལས། རྒྱུ་ལ། ཟད་དང་མི་སྐྱེ་ཤེས་པ་ཡི། །ཡེ་ཤེས་བྱང་ཆུབ་ཞེས་བརྗོད་དེ། །ཞེས་གསུངས་པ་ལྟར་ཉན་རང་གི་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་དགེ་བ་ངེས་འབྱུང་དང་བདག་མེད་ཀྱི་རྩིས་ཟིན་པའི་དགེ་བ་གང་བསགས་པ་དེ་ལ་དགའ་བས་རྗེས་སུ་ཡི་རང་ངོ་། །འབྲས་བུ་ལུས་ཅན་སེམས་ཅན་གང་ཞིག་ཁམས་གསུམ་འཁོར་བའི་སྡུག་བསྔལ་སྐྱེ་རྒ་ན་འཆི་སོགས་ལས་ངེས་པར་ཐར་ཏེ་སློབ་པ་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་དང་མི་སློབ་པ་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ་ཁྲག་དང་མཆི་མའི་རྒྱ་མཚོ་ནི་སྐམ། རུས་པའི་རི་བོ་ནི་བཅོམ། གསེར་དང་བོང་བ་མཉམས་པས་སྤངས་རྟོགས་ཀྱི་ཡོན་ཏན་དྲན་ནས་དང་། སྟོན་པ་ཐུགས་རྗེ་ཅན་གྱིས་བསྟན་དང་སྟོན་པ་གཉིས་ཀར་བཞག་ཅིང་བསྔགས་པའི་དམ་པའི་ཆོས་འདུལ་བ་དང་མཇལ་བ་འདི་ཡང་དེ་དག་གི་དྲིན་ཡིན་པས་སྐུ་དྲིན་དྲན་ནས་དེ་ལ་དད་པས་ཡི་རང་ངོ་། །སྐྱེས་བུ་ཆེན་པོའི་དགེ་བ་ཐེག་ཆེན་ཐར་བ་ཆ་མཐུན་ལ་འབྲས་བུ་དང་རྒྱུ་གཉིས་ལས་འབྲས་བུ་ལ། མཐར་ཐུག་གི་འབྲས་བུ་འགྲོ་བ་ཐམས་ཅད་ཀྱི་སྐྱོབ་པ་སངས་རྒྱས་རྣམས་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་མ་ལུས་པ་རྫོགས་པའི་བྱང་ཆུབ་ཆེན་པོ་ཡོན་ཏན་རྒྱ་མཚོའི་བདག་ཉིད་དང་། གནས་སྐབས་ཀྱི་འབྲས་བུ་རྒྱལ་སྲས་བྱང་སེམས་རྣམས་ཀྱིས་ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་ནས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་གྱི་ས་ལམ་གྱི་སྤངས་བ་དང་རྟོགས་པའི་ཡོན་ཏན་རྣམས་ལའང་ཤེས་ནས་ཡི་རང་ངོ་། །རྒྱུ་ལ་བསམ་པ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་མཆོག་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་མཛད་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་དགེ་བ་རྒྱ་མཚོ་ལྟ་བུ་དང་། སྦྱོར་བ་ཕ་རོལ་དུ་ཕྱིན་པ་དྲུག་ལ་བསླབ་པས་སེམས་ཅན་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པར་མཛད་པའི་དགེ་བ་ཕན་ཡོན་ལེའུ་ལས་བཤད་པ་ལྟ་བུ་རྒྱ་ཆེ་ཞིང་རྒྱུན་རིང་བ་ནམ་མཁའ་ལྟ་བུ་ལ་ཕྲག་དོག་མེད་པར་སྙིང་ནས་དགའ་བས་རྗེས་སུ་ཡི་རང་ངོ་། །དེ་ལྟར་ཡི་རང་བྱས་ན་དེའི་དགེ་བ་ལས་ཆེ་བ་རང་ཉིད་ཀྱིས་འཐོབ་པའི་ཚུལ་སྔོན་རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་འཁོར་བཅས་སྤྱན་དྲངས་ཏེ་བསྙེན་བསྐུར་བྱས་པ་ལ་དབུལ་མོས་ཡི་རང་བྱས་པ་ལས་བསྔོ་བ་དབུལ་མོ་ལ་མཛད་པར་གསུངས་པ་ལྟ་བུ་དང་། ཕན་ཡོན་ཡང་། མདོ་སྡུད་པར། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་པ་ལྟར་རོ། །རྗེས་སུ་ཡི་རང་འདི་ནི་ང་རྒྱལ་དང་ངོམས་ཆོས་སུ་མི་འགྲོ་ཞིང་ཚེགས་ཆུང་ལ་བསོད་ནམས་རྒྱ་ཆེན་པོ་མྱུར་དུ་འགྲུབ་པའི་མན་ངག་ཡིན་པས་གཞན་གྱི་དགེ་རྩ་མཐོང་ཐོས་གང་ཡོད་ལ་བསྒོམ་པར་བྱ་དགོས་གསུངས། གཉིས་པ་ནི། སྔོན་བདག་ཅག་གི་སྟོན་པ་བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ན། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། །ཞེས་ཆོས་ཀྱི་ཆེ་བ་སོགས་དགོས་པའི་རབ་དུ་མས་ཞག་བདུན་ཕྲག་བདུན་དུ་ཆོས་མི་གསུང་པའི་ཚུལ་གནང་བ་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་གཡས་སུ་འཁྱིལ་བ་དང་། ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་སོགས་ཕུལ་ཏེ་དེ་ཉིད་ཀྱི་ཆོས་ཚོགས་བཞི་རེའི་ཆེད་དུ་སྐུ་ལུས་ལ་ལྕགས་ཀྱི་གཟེར་བུ་སྟོང་བཏབ་པ་དང་། ལུས་ལ་མར་མེ་སྟོང་སྦར་བ་སོགས་དཀའ་བ་དཔག་ཏུ་མེད་པས་བསྒྲུབས་ཏེ་ད་ལྟ་དམ་པའི་ཆོས་ཀྱི་མཛོད་བརྙེས་པའི་དུས་སུ་ཆོས་ཀྱི་འཁོར་ལོ་ཅིའི་ཕྱིར་མི་བསྐོར་ཞེས་ཡང་དང་ཡང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པས། ཚངས་པ་མ་གྷ་དྷ་ཡི་སེམས་ཅན་རྣམས། །རྣམ་པར་ལྡན་ཞིང་དད་དང་ཤེས་རབ་ལྡན། །མི་འཚེ་འདུ་ཤེས་རྟག་ཏུ་ཆོས་ཉན་པ། །དེ་དག་རྣམས་ལ་བདུད་རྩིའི་སྒོ་དབྱེའོ། །ཞེས་གསུངས་ཏེ་ཆོས་འཁོར་བསྐོར་བ་ལྟར། ཕྱོགས་བཅུ་པོ་རྣམས་ན་དུས་གསུམ་ཀུན་ཏུ་བཞུགས་པ་ཉིད་ཀྱི་སངས་རྒྱས་བཅོམ་ལྡན་འདས་མཁྱེན་པས་གཟིགས་ཤིང་བརྩེ་བས་དགོངས་པར་མཛད་པས་བདག་ལྐོག་ཏུ་མ་གྱུར་པ་རྣམས་ལ་བདག་ཉིད་ཀྱིས་གསེར་གྱི་འཁོར་ལོ་ལ་སོགས་པ་ཕུལ་བར་མོས་ཏེ་ལུས་ཐལ་མོ་སྦྱར་ཏེ་ངག་གིས་ཞུ་ཞིང་གསོལ་བ་ནི་སེམས་ཅན་སྡུག་བསྔལ་སྣ་ཚོགས་ཀྱིས་གདུང་ཤིང་གནས་དང་གནས་མིན་གྱི་ཁྱད་པར། ལམ་དང་ལམ་མིན་གྱི་དབྱེ་བ་བླང་དོར་གྱི་གནས་མི་ཤེས་པས་མ་རིག་པའི་མུན་པ་སྟུག་པོར་འཐོམས་པ་རྣམས་ལ་རང་རང་གི་སྐལ་བ་དང་མཐུན་པར་དམ་པའི་ཆོས་ཀྱི་སྒྲོན་མེ་རབ་ཏུ་འབར་བ་ལྟ་བུ་སྦར་ནས་མི་ཤེས་པའི་མུན་པ་བསལ་ཏེ། ཡེ་ཤེས་ཀྱི་སྣང་བ་ཡང་དག་པ་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པས་ཆོས་འཁོར་བསྐོར་བར་ཞལ་གྱིས་བཞེས་པར་བསམ་མོ། །ཆོས་འཁོར་བསྐོར་བར་བསྐུལ་ན་སྐྱེ་བ་ཚེ་རབས་ཐམས་ཅད་དུ་ལོག་ལྟའི་ལྟ་ངན་རྒྱུད་ལ་མི་སྐྱེ་བ་དང་། དམ་པའི་ཆོས་ཀྱི་སྣང་བ་དང་མི་འབྲལ་བའི་དགོས་པ་ཡོད་དོ་གསུངས། གསུམ་པ་ནི་སྔོན་བདག་ཅག་གི་སྟོན་པ་ལ་དགེ་བསྙེན་ཙུན་ཏས་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པས་སྐུ་ཚེ་ཟླ་བ་གསུམ་དུ་བསྲིངས་པ་ལྟར་ཕྱོགས་བཅུའི་ཞིང་ན་བཞུགས་པའི་སངས་རྒྱས་རྣམས་ངེས་པའི་དོན་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་ཡང་གདུལ་བྱའི་མཛད་པ་མཐར་ཕྱིན་ནས་དགོས་དབང་གིས་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་རྣམས་ལ་ལུས་ཐལ་མོ་སྦྱར་ཏེ་ངག་གིས་ཞུ་ཞིང་གསོལ་བ་ནི་འགྲོ་བ་མཐའ་ཡས་པ་འདི་རྣམས་བླང་དོར་གྱི་མིག་གཏི་མུག་གི་ལིང་ཏོག་གིས་ལོང་བའམ་ལྡོངས་པར་མི་འགོད་ཅིང་། བླང་དོར་གྱི་གནས་གསལ་བར་བགྱི་བའི་སླད་དུ་བསྐལ་བ་གྲངས་མེད་མང་པོའི་བར་དུ་མྱ་ངན་ལས་མི་འདའ་བར་བཞུགས་བར་གསོལ་བར་འདེབས་ཤིང་མྱ་ངན་ལས་མི་འདའ་བར་བཞུགས་པར་ཞལ་གྱིས་བཞེས་པར་ཡང་བསམ་མོ། །བཞི་པ་ནི། སྤྱིར་ཐེག་ཆེན་གྱི་བསྔོ་བ་བྱང་ཆུབ་ཆེན་པོ་འཐོབ་ཕྱིར་བསྔོ་བ་ཡིན་ཡང་འདིར་རང་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བ་ལ་ཚད་མེད་པ་བཞིའམ་སྙིང་རྗེའི་བློ་སྦྱངས་དགོས་ཏེ་དེ་ཡི་རྩ་བར་སྙིང་རྗེ་འདོད། ཅེས་པ་ལྟར་ཡིན་པས་འདིར་བསྔོ་བ་དང་སྙིང་རྗེ་ཕྱོགས་མཐུན་དུ་བསྟན་པ་ཡིན་ནམ་སྙམས། དེ་ལྟར་གོང་དུ་བཤད་པའི་ཡན་ལག་བདུན་པོ་འདི་དག་ཀུན་བྱས་པའི་དགེ་བ་འདིས་མཚོན་ཏེ་དགེ་བ་བདག་གིས་དུས་གསུམ་དུ་བྱས་ཤིང་བསགས་པ་གང་ཡིན་པ་དེའི་ནི་སྤྱིར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མ་ལུས་པ་ཐམས་ཅད་བསལ་ཞིང་བྱང་བར་ཤོག་ཅིག་ཅེས་བསམ་མོ། །བྱེ་བྲག་ཏུ་སྙིང་རྗེའི་གནས་འགྲོ་བ་སེམས་ཅན་སྐྱེ་དགུ་རྣམས་ཀྱི་ངན་སྤྱོད་མི་དགེ་བའི་དབང་གིས་ལྷ་རྣམས་ཕམ་ཞིང་ལྷ་མིན་རྣམས་རྒྱལ་ཏེ་དེའི་ཁ་རླངས་ལས་ནད་སྤྲིན་དམར་པོ་ལས་གཉན་རིགས་བཅོ་བརྒྱད་སོགས་ཀྱི་ནད་སྣ་ཚོགས་ཀྱིས་གདུང་ཞིང་མནར་བ་ཉམས་ཐག་པ་རྣམས་ཇི་སྲིད་དུ་ནད་ལས་གྲོལ་ཞིང་སོས་པར་གྱུར་གྱི་བར་དུ་ནི་བདག་ཉིད་ནད་ཞི་བར་བྱེད་པའི་སྨན་བཟང་པོ་དཔེར་ན་སྔོན་རྒྱལ་པོ་པདྨ་ཉ་རོ་ཧི་ཏའི་སྐྱེ་བ་བཞེས་ནས་ནད་ཞི་བར་བྱས་པ་དང་གཞན་སྲོག་ཆགས་དེས་པ་ལ་སོགས་པ་ལྟ་བུ་དང་། སྤྱིར་སྨན་གྱི་རྣམ་པ་གང་ཇི་སྙེད་པ་ཐམས་ཅད་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ལས་བྱུང་བ་ཡང་ཡིན་ནོ། །སྨན་དེ་སྟོན་ཅིང་སྦྱིན་པའི་སྨན་པ་ཁྱིའུ་ཆུ་འབེབས་ལ་སོགས་པ་ལྟ་བུ་ཉིད་དག་དང་། བདག་ཅག་གི་སྟོན་པས་དགེ་སློང་ནད་པའི་ལུས་མི་གཙང་བས་གོས་པ་སྨྱུག་མས་བྲད་ཅིང་སྟན་བརྗེ་བ་སོགས་མཛད་ཅིང་ནད་གཡོག་བྱེད་དགོས་པར་བཅས་པའང་མཛད་པས་ན་དེ་ཡི་ནད་གཡོག་བྱེད་པར་ཤོག་ཅིག་ཅེས་སྨོན་ཞིང་དངོས་སུ་ནད་པ་ཡལ་བར་མི་འདོར་ཞིང་ནད་གཡོག་ལ་སོགས་པ་བྱེད་དགོས་སོ། །འཇིག་རྟེན་གྱི་ཁམས་ན་བཟའ་བཏུང་མེད་པའི་སྡུག་བསྔལ་གྱིས་མནར་བ་རྣམས་ལ་རོ་བརྒྱའི་ཟས་དང་བདུད་རྩིའི་སྐོམ་གྱི་ཆར་རྒྱུན་མི་འཆད་པར་ཕབ་སྟེ་བཀྲེས་དང་སྐོམ་པའི་གནོད་པ་མཐའ་དག་བསལ་ནས་རབ་ཏུ་ཚིམ་པའི་བདེ་བ་ལ་འཁོད་པར་གྱུར་ཅིག །མུ་གེའི་བསྐལ་པར་བར་མའི་སྟེ་གབ་ཚེ་བ་དང་། ཐུར་མས་ཚོལ་བ་དང་། རུས་གོང་དཀར་པོ་བ་རྣམས་འབྱུང་བ་དེའི་ཚེ་བདག་ནི་ཟས་དང་སྐོམ་ཕུན་སུམ་ཚོགས་པར་གྱུར་ཏེ་བཀྲེས་སྐོམ་མ་ལུས་པ་ཞི་བར་བྱེད་པ་ཉིད་དུ་གྱུར་ཅིག །དེས་མཚོན་ཏེ་ནད་ཀྱི་བསྐལ་བ་ལ་སྨན་སོགས་དང་མཚོན་གྱི་བསྐལ་པ་ལ་བདག་གི་མཐུས་མཚོན་ཆའི་ཆར་མེ་ཏོག་གི་ཆར་དུ་བསྒྱུར་ནུས་པར་གྱུར་ཅིག་ཅེས་ཀྱང་བྱའོ། །དེང་སང་རང་རེས་ནད་མཚོན་མུ་གེའི་བསྐལ་པ་བར་མ་དེ་དང་དེར་མི་སྐྱེ་བའི་ཆེད་དུ་དཀོན་མཆོག་རིན་པོ་ཆེའི་ཞིང་ལ་རིམ་པར་སྨན་གྱི་རིགས་རྣམས་དང་མཚོན་ཆའི་རིགས་དང་དགེ་འདུན་པ་སོགས་ལ་ཟས་སྐོམ་ཕུལ་སྟེ་རང་གཞན་སེམས་ཅན་ཐམས་ཅད་དེ་དང་དེར་མི་སྐྱེ་བའི་སྨོན་ལམ་གདབ་པར་བྱ་དགོས་གསུངས། འཇིག་རྟེན་ན་སེམས་ཅན་གང་ཁ་ཟས་སྐོམ་དང་རྒྱབ་གོས་དང་ལག་ནོར་ལོངས་སྤྱོད་ཀྱིས་ཕོངས་ཤིང་དབུལ་བ་རྣམས་ལ་བདག་ནི་ཟས་འདོད་པ་ལ་ཟས་དང་སྐོམ་འདོད་པ་ལ་སྐོམ་ལ་སོགས་པ་གང་འདོད་པ་མི་ཟད་པའི་གཏེར་ཆེན་པོར་གྱུར་ཏེ་ཟས་གོས་ལོངས་སྤྱོད་སོགས་ཅི་འདོད་པའི་ཡོ་བྱད་མཁོ་དགུ་སྣ་ཚོགས་པ་རྣམས་སུ་རང་རང་གི་མདུན་ན་ཉེ་བར་གནས་པར་གྱུར་ཅིག་ཅེས་སོ། །གཉིས་པ་བློ་སྦྱང་བ་ལ་བློ་སྦྱང་བ་དངོས་དང་། དེའི་འཐད་པ་དགོད་པ། ལུས་བྱེ་བྲག་ཏུ་གཏོང་བ། བློ་སྦྱོང་གི་འབྲས་བུ་གཞན་དོན་དུ་བསྔོ་བ་དང་བཞི་ལས། དང་པོ་ནི། བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་སྐྱེ་བའི་རྒྱུ་བློ་སྦྱོང་བ་འདི་ཉིད་ཡིན་པས་རང་འདོད་ཀྱི་འཁྲི་བ་མ་བཅད་ན་གཞན་ཕན་གྱི་བསམ་པ་མི་སྐྱེ་བས་ན་དང་པོ་བློ་སྦྱང་བ་གལ་ཆེ་སྟེ། དེ་ཡང་ཇི་སྐད་དུ། སེམས་ཅན་ཁམས་ནི་དཔག་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །གཞན་ཕན་ལས་ལ་མཐུ་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་གསུངས་པ་ལྟར་གཞན་དོན་དུ་བདག་ཏུ་འཛིན་པའི་གཞི་གསུམ་བཏང་ནས་བློ་སྦྱངས་པ་སྟེ་ལས་དང་པོ་བས་དངོས་སུ་སྦྱོར་བས་མི་གཏོང་སྟེ། མི་ནུས་དེར་བརྩོན་དེ་ཡི་གཟུགས་བརྙན་ཡིན། །ཞེས་གསུངས་པ་ལྟར་རོ། །དེས་ན་བློ་ཐོག་ནས་དེ་གསུམ་གཞན་ལ་གཏོང་བའི་གཏོང་སེམས་གོམས་ན་སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པར་འགྱུར་ལ་དངོས་སུ་ཅུང་ཟད་སྦྱིན་རྒྱུ་མེད་ཀྱང་འགལ་བ་མེད་ལ། གཏོང་སེམས་མེད་པར་སྦྱིན་པ་བྱེད་པ་སོགས་ནི་གཟུགས་བརྙན་ཙམ་ཡིན་པས་གཏོང་སེམས་ལ་གོམས་པ་ཤིན་ཏུ་གཅེས་སོ། །ཡོངས་སུ་བཟུང་བའི་གཞི་གསུམ་པོ་དེ་ལས་ལུས་གཙོ་ཆེ་སྟེ་ལུས་ལ་བདག་གམ་བདག་གིར་བཟུང་ནས་འདི་ཕྱི་ཀུན་ཏུ་བདེ་བའི་ཕྱིར་དུ་རྒྱུ་ལོངས་སྤྱོད་དང་དགེ་བ་ལ་བདག་ཏུ་འཛིན་པ་ཡིན་པས་ལུས་ལ་ཞེན་པ་གཅོད་པ་གནད་ཆེའོ། །དེས་ན་དངོས་པོ་བདག་གིས་གཅེས་པར་བཟུང་པའི་ལུས་འདི་དང་དེ་བཞིན་དུ་ནོར་དང་ཟས་གོས་སོགས་ལོངས་སྤྱོད་ཐམས་ཅད་དང་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱང་ཆེད་དུ་བྱ་བ་སེམས་ཅན་མ་ལུས་པ་ཀུན་གྱི་ཕན་བདེའི་དོན་བསྒྲུབ་པར་བྱ་བའི་ཕྱིར་གཏོང་ཚུལ་སེར་སྣས་ཕངས་པ་དང་ལན་དང་རྣམ་སྨིན་ལ་རེ་བ་མེད་པར་སྙིང་ཐག་པ་ནས་གཏང་བར་བྱ་ཞེས་ངག་གིས་བརྗོད་ཅིང་དོན་སེམས་ལ་གསལ་བར་ཡང་ཡང་བསམ་དགོས་ཏེ། འདི་ནི་གདམས་ངག་གི་གནད་སྲིད་པའི་རྩ་བ་བདག་ཏུ་འཛིན་པའི་འགོང་པོ་ཡུལ་ཕུད་དེ་བདག་མེད་སྟོང་པ་ཉིད་དམིགས་མེད་སྙིང་རྗེའི་རྩི་དང་མ་བྲལ་པའི་སྒོ་ནས་སྒྱུ་མ་ལྟ་བུའི་སེམས་ཅན་ཡོངས་སུ་མི་གཏོང་བའི་ལམ་མཆོག་ཏུ་གྱུར་པས་ལུས་སོགས་ལ་གཅེས་འཛིན་གྱི་ཞེན་པའི་བློ་ནམ་སྐྱེས་ཀྱི་དུས་སུ་དེ་དང་དེ་ཐད་ཀ་ཐད་ཀར་ནས་གདོང་བཟློག་ཁོ་ན་བྱས་ནས་གཉན་ས་རི་ཁྲོད་སོགས་སུ་འཇིགས་སྐྲག་ལ་སོགས་པ་ཅི་བྱུང་ཚེ་གཞི་གསུམ་པོ་གཞན་ལ་བཏང་ཟིན་པ་ཡིན་པས་གཅེས་པར་འཛིན་པའི་དངོས་པོ་ཅི་ཡང་མེད་པར་བསམ་པ་ཙམ་གྱིས་སེམས་ཀྱི་ཁུར་ཕོག་པ་ལྟར་བློ་ཡང་ཁྲོལ་ལེར་བདེ་ཆམ་མེར་སོང་ནས་དེ་ཀའི་ངང་དུ་བཞག་ལ་སླར་བདག་འཛིན་སྐྱེ་བར་གྱུར་ན་ལུས་དང་དེ་བཞིན་ལོངས་སྤྱོད་སོགས་ངག་ནས་བརྗོད་ཅིང་སེམས་ཀྱིས་ལུས་ལ་སོགས་པ་ཐམས་ཅད་གཅན་གཟན་ལ་སོགས་པ་གཟུགས་ཅན་དང་གཟུགས་མེད་འདྲེ་སྲིན་པོ་སོགས་མ་རུངས་བ་རྣམས་ཀྱིས་ཤ་ཁྱེར་ཞིང་ཁྲག་འཐུང་ལོངས་སྤྱོད་ཧབ་ཐོབ་ཀྱིས་ཁུར་བར་བསམ་པ་སྟེ་ཕཊ་བརྗོད་དམ་མ་བརྗོད་ཀྱང་འདི་ནི་བློ་སྦྱོང་ཡིན་ལ་སྦྱིན་པ་ཡང་ཡིན། གཅོད་ཀྱི་དོན་ཡང་འདི་ལས་ལྷག་པ་མེད་དེ། གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྒྱུར་བ་ནང་གི་གཅོད། །བདག་འཛིན་རྩད་ནས་གཅོད་པ་དོན་གྱི་གཅོད། །ཅེས་གསུངས་པ་ལྟར་རོ། །དེས་ན་འདི་ལས་གལ་ཆེ་བ་གཞན་མེད་དོ། །བསླབ་བཏུས་ལས། གང་གིས་ལྟུང་བར་མི་འགྱུར་བའི། །གནད་ཀྱི་གནད་རྣམས་འདི་རིགས་བྱ། །བདག་གི་ལུས་དང་ལོངས་སྤྱོད་དང་། །དགེ་བ་དུས་གསུམ་བསྐྱེད་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང་། །དེ་བསྲུང་དག་དང་སྤེལ་བའོ། །ཞེས་པ་ལ་སོགས་པས་འདི་གསུམ་གཞན་ལ་བཏང་བ་དང་མི་མཐུན་ཕྱོགས་བསྲུང་བ་དང་། རང་སྐལ་གྱི་དྲི་མ་དག་པར་བྱེད་པ་དང་། ཐབས་ཀྱིས་གོང་ནས་གོང་དུ་སྤེལ་བ་སྟེ་བཏང་བསྲུང་དག་སྤེལ་བཞི་བཞི་སྦྱར་བས་བཅུ་གཉིས་ཕར་ཕྱིན་དྲུག་གི་ངོ་བོར་བསྒྲུབ་པ་དང་། ཁྱད་པར་དུ་བྱེད་པའི་སྒོ་ནས་བསྟན་ཏོ། །དེ་ཉིད་ལས། དེ་ལྟར་ལུས་ལོངས་སྤྱོད་གཞན་ལ་བཏང་ནས་རང་གི་ཟས་གོས་སོགས་ཡིན་ཀྱང་དཔེར་ན་གཡོག་གིས་དཔོན་གྱི་ཟས་གོས་ལ་ལོངས་སྤྱོད་པ་ལྟར་གཞན་དེ་དག་གི་དོན་དུ་ལུས་འདི་འཚོ་བའི་ཆེད་དུ་ཟས་གོས་ལ་ལོངས་སྤྱོད་དགོས་ཀྱི་གཞན་དུ་མ་བྱིན་ལེན་དུ་འགྱུར་བར་ཡང་གསུངས། གཞན་ལ་བྱིན་ནས་རང་དོན་དུ་སྤྱོད་ན་སྦྱིན་འཕྲོག་ཏུ་ཡང་འགྱུར་རོ། །གཉིས་པ་ནི། དེ་ལྟར་གཏོང་དགོས་པའི་རྒྱུ་མཚན་རིགས་པས་སྒྲུབ་པ་ལ་གཉིས་ལས། དང་པོ་བདག་ཏུ་འཛིན་པའི་གཞི་གསུམ་པོ་འདི་ཐམས་ཅད་བཏང་བས་མྱ་ངན་འདའ་བའམ་མྱང་འདས་འཐོབ་པ་ཡིན་ན། བདག་སངས་རྒྱས་ཀྱི་རྗེས་སུ་འཇུག་ཅིང་རབ་ཏུ་བྱུང་བའི་བློ་འདི་ཡང་མྱ་ངན་ལས་འདས་པ་ཡི་གོ་འཕང་བསྒྲུབ་པར་འདོད་པ་ཡིན་པས་གཏོར་དགོས་སོ། །འོ་ན་དགེ་བས་མྱང་འདས་འགྲུབ་པ་མིན་ནམ་ཇི་ལྟར་ཞེ་ན། བསོད་ནམས་དགེ་བའི་ཚོགས་ཀྱིས་ལམ་གྱི་རྟེན་མངོན་མཐོ་འཐོབ་ཅིང་ལམ་བདེན་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་པའི་རྟོགས་པ་རྒྱུད་ལ་སྐྱེ་བའི་རྐྱེན་ཙམ་ཡིན་ལ་དེས་ཉོན་སྒྲིབ་སྤང་བས་ཉན་རང་གི་ལྷག་མེད་མྱང་འདས་ཐོབ་ཚེ་བུད་ཤིང་ཟད་པའི་མེའམ་མར་མེ་ཤི་བ་ལྟ་བུར་འགྱུར་བར་འདོད་པ་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའམ་བྲལ་བའི་འབྲས་བུ་ཐེག་ཆེན་གྱི་མྱང་འདས་ཀྱང་། དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན་ཞེས་གསུངས་པ་ལྟར་སྒྲིབ་གཉིས་བྲལ་བ་ཙམ་མ་གཏོགས་གཞན་སྒྲུབ་ཏུ་མེད་པ་དང་། ལམ་བདེན་ཡང་ཆུ་བརྒལ་ཟིན་པའི་གཟིངས་ལྟར་སྤང་པར་གསུངས་ཤིང་། དེས་ན་སྤྱིར་ཐར་པ་བསྒྲུབ་པ་ལ་བདག་འཛིན་གྱིས་བཅིང་བའི་འཇིག་རྟེན་པའི་དགེ་བ་དོན་མེད་པ་དང་། ཁྱད་པར་མཐར་འབྲས་རྫོགས་བྱང་འཐོབ་པ་ལ་ནི་འདུས་བྱས་ཀྱི་དགེ་བ་ཐམས་ཅད་བྲལ་དགོས་པའི་ཕྱིར་དེ་ནི་ངེས་པར་གཏོང་དགོས་སོ། །རྒྱུ་མཚན་གཉིས་པ། དེ་ལྟ་ན་ཡང་མྱང་འདས་མ་བསྒྲུབ་ན་གཏོང་ཅི་དགོས་སྙམ་ན། ད་ལྟ་མ་བཏང་ཡང་འཆི་བའི་ཚེ་ལུས་དང་ལོངས་སྤྱོད་ཐམས་ཅད་དང་དགེ་བ་ཡང་སྔར་ཞེ་སྡང་སོགས་ཀྱིས་ཟད་ཟིན་ནམ། མིན་ཀྱང་རྣམ་སྨིན་ལན་གཅིག་མྱོང་ནས་ཟད་པར་འགྱུར་བས་ན་ཐམས་ཅད་དོན་འབྲས་མེད་པར་གཏོང་བར་ཆབ་གཅིག་སྟེ་འདྲ་བར་ངེས་པར་འདོར་བར་འགྱུར་བ་ལ་ད་ལྟ་རང་ལ་དབང་ཡོད་པའི་དུས་འདིར་སེམས་ཅན་རྣམས་ལ་ཕན་བདེའི་ཕྱིར་བཏང་བ་མཆོག་ཡིན་ཏེ། ཆུད་ཟོས་སུ་མ་སོང་བར་དོན་འབྲས་མཆོག་ཐོབ་པའི་ཕྱིར་རོ། །གསུམ་པ་ནི། ཁྱད་པར་དུ་བདག་གིས་ནམ་མཁའ་དང་མཉམ་པའི་ལུས་ཅན་སེམས་ཅན་ཐམས་ཅད་ལ་ལུས་འདི་ཉིད་ཅི་བདེར་ཏེ་གང་འདོད་འདོད་དུ་བྱིན་ཟིན་པ་ཡིན་གྱི་ད་ནི་དུས་རྟག་ཏུ་ལུས་ཀྱིས་གསོད་པ་དང་ངག་གི་སྨོད་པའམ། རྡོ་དབྱུག་གིས་བརྡེག་པ་ལ་སོགས་ཅི་དགར་བྱེད་ལ་རག་སྟེ་ཅི་འདོད་འདོད་གྱིས་ཤིག །དེའང་བདག་གི་ལུས་ལ་ལུས་ཀྱི་རྩེ་འཇོ་སྣ་ཚོགས་བྱེད་དམ་ངག་གིས་བཟང་ངན་སྣ་ཚོགས་ཀྱིས་ཅི་ཟེར་ལྟ་བས་ཅོ་འདྲི་བར་བྱེད་དམ་མང་པོས་བཞད་གད་དང་ག་ཞའི་རྒྱུ་འཕྱ་སྨོད་སོགས་མི་འདྲ་བ་སྣ་ཚོགས་བྱེད་ཀྱང་རུང་སྟེ་བདག་གི་ལུས་འདི་གཞན་སེམས་ཅན་ཐམས་ཅད་ལ་བྱིན་ཟིན་གྱི་འདི་ལ་འགལ་སྤོང་མཐུན་སྒྲུབ་ལ་སོགས་པ་ཡི་ཁ་ཏས་ཅི་ཞིག་བྱ་ཞེས་རང་དབང་བའི་འདུ་ཤེས་བཀག་པའོ། །དེ་དག་ལ་འཕྲལ་དང་ཡུན་དུ་གནོད་པའམ་སྡིག་པར་མི་འགྱུར་བའི་ལས་བཟང་ངན་གང་ཡིན་པའང་དེ་བྱེད་དུ་ཆུག་ཅེས་རིགས་པའི་ལས་ལ་སྦྱར་བར་བྱའོ། །དེ་ལྟར་ལས་བྱས་པ་ཆུད་མི་ཟ་བའི་རྒྱུར་སྨོན་པ་བདག་ལ་དམིགས་ནས་དུས་ནམ་དུ་ཡང་སེམས་ཅན་འགའ་ཡང་སྟེ་གཅིག་ཀྱང་དོན་མེད་པ་ཉིད་དུ་མ་གྱུར་ཅིག་ཅེས་སྤྱིར་བསྟན་ནས་བྱེ་བྲག་ཏུ་བདག་ལ་དམིགས་ནས་ཕ་རོལ་པོ་གང་དག་གི་རྒྱུད་ལ་ཁོང་ཁྲོ་བའི་སེམས་སྐྱེས་ཏེ་གནོད་པར་འདོད་པའམ་འོན་ཏེ་དད་པའི་སེམས་བྱུང་ནས་རང་དོན་སྒྲུབ་པར་འདོད་ན་གང་ཟག་དེ་ཉིད་དུས་རྟག་ཏུ་ཐབས་དེ་དག་གིས་ཆོས་དང་ཟང་ཟིང་སོགས་གང་འདོད་པའི་དོན་ཐམས་ཅད་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག་ཅེས་བསམ་པ་ཆུད་མི་ཟ་བར་བསྟན་ཏོ། །སེམས་ཅན་གང་དག་བདག་ལ་མདུན་དུ་དངོས་སུ་སྨོད་པ་ཁ་ཟེར་རམ་གཞན་གང་དག་ལུས་དང་ལོངས་སྤྱོད་ལ་དངོས་སུ་གནོད་པ་བྱེད་པའམ་དེ་བཞིན་དུ་ལྐོག་ནས་འཕྱ་བ་དང་སྐུར་བ་འདེབས་པ་སོགས་ཕྱར་ཀ་སྣ་ཚོགས་གཏོང་ཡང་རུང་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཆེན་པོ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག་ཅེས་སྦྱོར་བ་ཆུད་མི་ཟ་བར་བསྟན་པ་སྟེ། མདོར་ན་ཡབ་སྲས་མཇལ་བའི་མདོ་ལས། གང་གིས་བདག་ལ་ཁ་ཟས་སྦྱིན་པ་དེ་དག་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག་ཅེས་སོགས་གསུངས་པ་ལྟར་བདག་ལ་མཐོང་ཐོས་དྲན་རེག་དང་བཟང་ངན་གྱི་འབྲེལ་ཐོག་གི་སེམས་ཅན་ཐམས་ཅད་ཀྱི་འདོད་པའི་དོན་ཐམས་ཅད་འགྲུབ་ཅིང་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མ་ལུས་པ་འགྲུབ་པའི་རྒྱུར་སྨོན་པའོ། །བཞི་པ་ནི། བདག་ནི་སེམས་ཅན་ཁས་ཞན་དབང་ཆུང་བ་མགོན་མེད་པས་ཉམས་ཐག་པ་རྣམས་ཀྱི་མགོན་སྐྱབས་དམ་པར་གྱུར་ཅིག །དེ་བཞིན་དུ་ཚོང་པ་ལ་སོགས་པ་ལམ་དུ་ཞུགས་པ་རྣམས་ཀྱི་དེད་དཔོན་གྱི་གཙོ་བོ་དང་། ཕ་རོལ་དུ་བརྒལ་བར་འདོད་པ་རྣམས་ཀྱིས་ཆུ་འབྲིང་པོ་ལ་གྲུ་བཟང་པོ་དང་ནི་ཆེན་པོ་ལ་གཟིངས་ཆེན་པོ་དང་ཆུང་དུ་རྣམས་ལ་ཟམ་པ་ཉིད་དུ་གྱུར་ཅིག །ཡུན་རིང་རྒྱ་མཚོའི་ཆུ་དབུས་ནས་སོང་བས་སྐྱོ་ནས་གླིང་དོན་དུ་གཉེར་བ་རྣམས་ལ་ཆུ་མེད་པའི་ས་བཟའ་ཤིང་མེ་ཏོག་ཡོད་པའི་གླིང་དང་ནི། མཚན་མོ་ཡི་གེ་སོགས་ལ་བལྟ་བར་འདོད་པ་སོགས་བླང་དོར་གྱི་བྱ་བ་མུན་པས་སྒྲིབ་ནས་མར་མེ་འདོད་པ་རྣམས་ལ་མར་མེ་དང་། འདུག་པའི་གནས་དང་ཉལ་བའི་མལ་འདོད་པ་ལ་གནས་དང་མལ་བཟང་པོ་དང་། བདག་ནི་ལུས་ཅན་ནད་པ་དང་རྒན་པ་སོགས་བྲན་ཁོལ་འདོད་པར་ཀུན་གྱི་ཅི་བསྒོ་བ་ཉན་པའི་བྲན་དུ་འགྱུར་བར་ཤོག་ཅིག །གླིང་བཞི་སོགས་ལ་གང་འདོད་ཀྱི་ཆར་འབེབ་ནུས་པའི་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་དང་། གང་ཅི་འདོད་ཐམས་ཅད་འབྱུང་བའི་གཏེར་ཆེན་པོའི་བུམ་པ་བཟང་པོ་དང་། རིགས་སྔགས་གྲུབ་པ་རྣམས་ཀྱིས་རིགས་སྔགས་ཀྱི་རྫས་གཞན་ལ་གཏོར་བས་ཕོག་ཚད་འདོད་པའི་ལྷ་དང་སྐལ་བ་མཉམ་པའི་རིག་འཛིན་གྲུབ་ནས་ཚེ་ཉི་ཟླ་བས་རིང་མདངས་པདྨ་ལས་གསལ། སྟོབས་གླང་པོ་བས་ཆེ་བ་སོགས་ཀྱི་ཡོན་ཏན་འབྱུང་བས་ན་བཀླག་པ་ཙམ་གྱིས་དངོས་གྲུབ་འབྱུང་བའི་རིགས་སྔགས་གྲུབ་ནས་སེམས་ཅན་གྱི་དོན་བྱེད་པ་དང་། ནད་དང་གདོན་ཐམས་ཅད་ཞི་བར་བྱེད་པའི་སྨན་ཆེན་པོ་རྣམས་དང་། བློས་ཇི་ལྟས་བསམ་ཞིང་དཔག་པ་ཐམས་ཅད་འབྱུང་བའི་དཔག་བསམ་གྱི་ནི་ཤིང་དག་དང་། ལུས་ཅན་རྣམས་ཀྱི་ཇི་ལྟར་འདོད་པ་བཞོས་པས་འབྱུང་བའི་འདོད་འཇོར་ཏེ་འདོད་པ་འཇོ་བའི་བ་དམར་ཟལ་དུ་གྱུར་ཅིག །གཞན་ཡང་ས་ལ་སོགས་པའི་འབྱུང་བ་ཆེན་པོ་བཞི་པོ་འདི་ནི་ཕྱི་ནང་གི་འབྱུང་འགྱུར་ཐམས་ཅད་འབྱུང་བས་འབྱུང་བ་སྟེ་དེའང་གནས་པ་ལྟོས་ཆེ་ཞིང་ཁྱབ་པ་རྒྱ་ཆེ་བས་ན་ཆེན་པོ་སྟེ། སས་རྟེན་དང་ཆུས་སྡུད་པ་དང་མེས་སྨིན་པ་དང་རླུང་གིས་མི་རུལ་བར་བྱེད་པ་ལ་སོགས་པ་དང་། ནམ་མཁའ་ཡིས་ཐམས་ཅད་ཁྱབ་ཅིང་གོ་འབྱེད་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་ཉེར་འཚོ་བྱེད་པ་དེ་བཞིན་དུ་བདག་ཉིད་ཀྱང་དུས་རྟག་པར་ཡང་སེམས་ཅན་གྲངས་དཔག་ཏུ་མེད་པ་ཡི་རྟེན་སྡུད་སྨིན་གཡོ་གོ་འབྱེད་པ་དང་ཟས་གོས་ནོར་ལོངས་སྤྱོད་ལ་སོགས་པ་རྣམ་པ་མང་པོའི་ཉེར་འཚོའི་སྟེ་ཉེར་བར་འཚོ་བ་ཇི་སྙེད་བའི་རྒྱུའམ་གཞིར་ཡང་ཤོག་ཅིག་ཅེས་ཁྱབ་པ་རྒྱ་ཆེ་བའི་སྨོན་ལམ་དང་། དེ་བཞིན་ནམ་མཁའི་མཐའ་གཏུགས་ཞེས་ནམ་མཁའ་འདི་མེད་པར་མ་གྱུར་བ་དེ་སྲིད་དུ་ཁྱབ་ཅིང་ཟད་པ་མེད་པའི་སེམས་ཅན་གྱི་ཁམས་རྣམས་ལ་དུས་དང་རྣམ་པ་ཀུན་ཏུ་སྟེ་སེམས་ཅན་དེ་དག་ཐམས་ཅད་མྱ་ངན་ལས་འདས་བར་དུ་སྟེ་ཐམས་ཅད་སངས་རྒྱས་ཏེ་གཅིག་ཀྱང་མ་ལུས་པ་དེ་སྲིད་དུ་བདག་ནི་གང་ལ་ཅི་དགོས་པའི་ལོངས་སྤྱོད་སྣ་ཚོགས་པའི་ཉེར་འཚོའི་རྒྱུར་ཡང་ཤོག་ཅེས་གནས་པ་རྒྱུན་རིང་བའི་སྨོན་ལམ་མོ། །དེ་ལྟར་བློ་སྦྱང་བ་འདི་ཉིད་ནི་སེམས་བསྐྱེད་ཀྱི་སྔོན་དུ་སྦྱོར་བ་དང་རྗེས་སུ་བསླབ་བྱའང་ཡིན་པས་ན། བློ་རྒྱ་བསྐྱེད་ནས་སྨོན་ལམ་འདེབས་དགོས་ཏེ། ད་ལྟ་ཐུགས་བསྐྱེད་དང་སྨོན་ལམ་རྒྱ་ཆེ་ཆུང་གིས་སངས་རྒྱས་དང་བྱང་སེམས་རྣམས་ལ་ཕྲིན་ལས་རྒྱ་ཆེ་ཆུང་ལྟར་སྣང་བ་ཡིན་པས་ཤིན་ཏུ་གལ་ཆེའོ། །གཉིས་པ་དངོས་གཞི་དམ་བཅའ་བ་ནི། འདི་ནི་སེམས་བསྐྱེད་ཀྱི་སྡོམ་པ་ལེན་ཆོག་ཡིན་ལ། སེམས་བསྐྱེད་ལ་རྒྱལ་པོ་ལྟ་བུ། མཉན་པ་ལྟ་བུ། རྫི་བོ་ལྟ་བུའི་སེམས་བསྐྱེད་གསུམ་ལས་གང་ཡིན་ཀྱང་། ལེན་ཚུལ་ཡང་འཕགས་པ་ཐོགས་མེད་ཀྱི་ལུགས་ལྟར་ན་སྨོན་འཇུག་སོ་སོར་ལེན་ཅིང་། ཀླུ་སྒྲུབ་ཀྱི་ལུགས་ལྟར་ན་སྨོན་འཇུག་གི་སྡོམ་བ་སྟབས་གཅིག་ཏུ་ལེན་ལ། དེ་ཡང་བླ་མ་མཚན་ལྡན་ལས་ལེན་ན་ངོ་ཚ་དང་ཁྲེལ་ཡོད་ཀྱི་རྟེན་དུ་མཆོག་ཡིན་ལ། མཚན་ལྡན་གྱི་བླ་མ་མ་འབྱོར་ནའང་ཐེག་ཆེན་གྱི་རྟེན་གསུམ་དང་ཚོགས་ཞིང་གི་དྲུང་དུ་བླང་ནའང་སྡོམ་པ་སྐྱེ་གསུངས། གང་ལྟར་ཡང་དགོངས་སུ་གསོལ་བ་གསུམ་གྱིས་སད་པར་བྱས་ཏེ་སྐྱབས་སུ་འགྲོ་བ་གསུམ་གྱི་གཞི་བཟུང་ནས་སོ་སོར་ལེན་ན། ཇི་ལྟར་སྔོན་གྱི་སོགས་རྐང་བ་གཉིས་དང་དེ་བཞིན་འགྲོ་ལ་ཕན་སོགས་རྐང་པ་གཉིས་ཀྱིས་སྨོན་སེམས་ཀྱི་སྡོམ་པ་དང་བྱང་ཆུབ་སེམས་དཔའི་བསླབ་པ་སོགས་རྐང་པ་གཉིས་དང་དེ་བཞིན་དུ་ནི་སོགས་རྐང་པ་གཉིས་ཀྱིས་འཇུག་སྡོམ་བླང་ངོ་། །སྟབས་གཅིག་ཏུ་ལེན་ན་སོ་བྱང་སྔགས་གསུམ་གྱི་སྡོམ་པ་ལེན་ཚེ་སྔོན་གྱི་དཔེ་ལྟར་ལེན་པར་མཚུངས་པས་འདིར་ཡང་དཔེ་ཇི་ལྟར་ན་སྔོན་བདག་ཅག་གི་སྟོན་པ་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་ཚེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོའི་མདུན་དུ་ཐུགས་བསྐྱེད་པ་དང་། སངས་རྒྱས་སྤྱན་ཆེན་པོའི་མདུན་དུ་དགེ་སློང་མི་འཁྲུགས་པས་ཐུགས་བསྐྱེད་པ་དང་། བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་དང་། སངས་རྒྱས་སྨན་གྱི་བླ་མ་ལ་སོགས་པ་སྔོན་གྱི་བདེ་བར་གཤེགས་པ་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ཐུགས་ནི་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་སྟེ་བསླབ་པར་བྱ་བ་རྒྱ་ཆེན་པོ་རྣམས་ལ་བདེ་བར་གཤེགས་པ་དེ་དག་གིས་ལས་དང་པོ་པ་ནས་སངས་རྒྱས་ཀྱི་སའི་བར་ལ་རིམ་པ་བཞིན་དུ་བསླབས་ཤིང་གནས་པ་ལྟར་དེ་བཞིན་དུ་བདག་གིས་ཀྱང་ནམ་མཁའ་དང་མཉམ་པའི་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་དོན་ནམ་ཆེད་དུ་སྨོན་པ་བྱང་ཆུབ་ཀྱི་སེམས་ནི་བསྐྱེད་པར་བགྱི་ཞིང་། དེ་བཞིན་དུ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཕར་ཕྱིན་དྲུག་སོགས་ལའང་དུས་འདི་ནས་བཟུང་སྟེ་རང་གིས་ནུས་ཚོད་དང་སྦྱར་ནས་རིམ་པ་བཞིན་དུ་བསླབ་པར་བགྱིའོ་ཞེས་འཇུག་སེམས་བསྐྱེད་དེ་སྡོམ་པའི་ཐོབ་མཚམས་དེ་ལྟར་ལན་གསུམ་བརྗོད་པའི་ཐ་མའི་ཚེ་ཡིན་པས་དེ་དུས་བདག་གི་རྒྱུད་ལ་སྨོན་འཇུག་གི་སྡོམ་པ་ཐོབ་བོ་སྙམ་དུ་ཐོབ་བློ་སྐྱེ་དགོས་སོ། །སློབ་དཔོན་རྒྱ་མཚོའི་སྤྲིན་ལྟར་ན་དང་པོས་སྨོན་པ་གཉིས་པས་འཇུག་པ་གསུམ་པས་བརྟན་པར་བྱས་ཞེས་གསུང་བ་བཞིན་ཐོབ་བློ་བསྐྱེད་དགོས་པའོ། །དེ་ལྟར་བྱང་སེམས་སྦྱང་བ་ལ་བརྩོན་དགོས་པས་ན་དུས་དང་རྣམ་པ་ཐམས་ཅད་དུ་བྱང་སྡོམ་ལེན་པ་འདི་ཤིན་ཏུ་གལ་ཆེ་བ་ཡིན་པས་འདི་ལ་བརྩོན་པར་བྱ་དགོས་སོ། །དེ་ལ་རིམ་པ་བཞིན་ཞེས་པ་འདིར་ས་སྐྱ་པ་རྣམས་ཀྱིས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ་བྱང་ཆུབ་སེམས་དཔའ་དབང་པོ་རབ་འབྲིང་ཐ་མ་གསུམ་ལས། རབ་ཀྱིས་ནམ་མཁའི་སྙིང་པོའི་མདོ་ལས་གསུངས་པའི་རྩ་ལྟུང་བཅོ་བརྒྱད་པོ་བསྲུང་དགོས་པ་དང་། འབྲིང་གིས་ཁྱིམ་བདག་དྲག་ཤུལ་ཅན་གྱི་ཞུས་པའི་མདོ་ལས་གསུངས་པའི་རྩ་ལྟུང་སེར་སྣས་ཆོས་ནོར་མི་སྟེར་བ་སོགས་བཞི་པོ་བསྲུང་དགོས་པ་དང་། ཐ་མས་གསང་ཆེན་ཐབས་ལ་མཁས་པའི་མདོ་ལས་གསུངས་པའི་སྨོན་སེམས་མི་འདོར་བ་ཙམ་བསྲུང་བས་ཆོག་པས་རྩ་ལྟུང་ལ་རྒྱས་འབྲིང་བསྡུས་པའི་རིམ་པ་ཡོད་པས་རིམ་པ་བཞིན་དུ་ཞེས་བཞེད་པ་དང་། ཡང་ཚོགས་ལམ་དུ་ཉེས་སྤྱོད་སྡོམ་པ་དང་། སྦྱོར་ལམ་དུ་དགེ་བ་ཆོས་སྡུད་དང་། འཕགས་ལམ་དུ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་བསླབ་པར་བཞེད་པ་དང་། ཡང་ཚོད་མ་ལ་སོགས་སྦྱིན་པ་ནས་རང་ལུས་གཏོང་ནུས་པའི་བར་དུ་བློ་ནུས་དང་བསྟུན་ནས་བསླབ་པར་བཞེད་པ་ཡོད་ལ། རང་ལུགས་ལ་ལག་བཟང་གི་ཞུས་པའི་མདོ་ལས། དུས་དང་དུས་སུ་ཅུང་ཟད་ཅུང་ཟད་སོགས་གསུངས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་དང་པོ་ཉིད་ནས་སློབ་མི་ནུས་པར་རིམ་པ་བཞིན་དུ་སློབ་པར་གསལ་པོར་གསུངས་ཤིང་བསླབ་བཏུས་སུ་བསླབ་པ་རང་ཉིད་ཀྱི་སྟོབས་དང་སྦྱར་ཏེ་བླང་བར་བྱ་སྟེ། ཞེས་གསུངས་པས་ན། རང་གིས་ནུས་ཚོད་དང་སྦྱར་ནས་བྱང་ཆུབ་སེམས་དཔའི་བསླབ་པ་ལ་རིམ་བཞིན་བསླབ་པས་ཇེ་བཟང་དུ་འགྲོ་བ་ཡིན་ནོ་གསུངས། གསུམ་པ་མཇུག་རང་གཞན་དགའ་བ་བསྒོམ་པ་ལ། རང་དགའ་བ་བསྒོམ་པ་དང་། གཞན་དགའ་བ་བསྒོམ་དུ་གཞུག་པ་གཉིས་ལས། དང་པོ་ནི། གོང་དུ་བཤད་པ་དེ་ལྟར་བློ་ཤེས་རབ་དང་ལྡན་པ་ཡིས་སེམས་རབ་ཏུ་དྭང་བའི་སྒོ་ནས་སྦྱོར་བ་དང་དངོས་གཞིའི་ཆོ་གས་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་སྡོམ་པ་བཟུང་ནས་རྗེས་སམ་མཇུག་ཀྱང་མི་ཉམས་པར་བརྟན་ཞིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱ་བའི་ཕྱིར་དུ་རང་གི་སེམས་ནི་འདི་ལྟར་གཟེངས་བསྟོད་ཅིང་དགའ་བར་བྱེད་དོ། །ཇི་ལྟར་ན་སེམས་བསྐྱེད་པ་དེང་གི་དུས་འདིར་བདག་གསོན་པའི་ཚེ་འདི་ལ་དོན་ནམ་འབྲས་བུ་ཡོད་པར་གྱུར་ལ། ཇི་སྐད་དུ། ལེགས་ན་ཐར་བའི་གྲུ་གཟིངས་ལུས་འདི་ཡིན། །ཉེས་ན་འཁོར་བའི་གཏིང་རྡོ་ལུས་འདི་ཡིན། །ཞེས་པ་ལྟར། མི་ཡི་སྐྱེ་བའམ་སྲིད་པ་ཐོབ་པའང་ཉེས་ཐོབ་མ་ཡིན་པར་ལེགས་པར་ཐོབ་པར་གྱུར་ཏེ་དུས་དེ་རིང་ནས་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེས་ཤིང་སངས་རྒྱས་ཐམས་ཅད་ཀྱི་གདུང་འཚོབ་པའི་ཐུགས་ཀྱི་སྲས་སུ་ད་གྱུར་ཏོ། །དེས་ན་ད་ནི་བདག་གིས་ལས་ཅི་ལ་བབ་ནས་ཀྱང་ཐེག་ཆེན་གྱི་རིགས་དང་མཐུན་པའི་ལས་གཞན་དོན་ཁོ་ན་ལ་བརྩམས་ཏེ་སངས་རྒྱས་བཅོམ་ལྡན་འདས་དང་འཇམ་པའི་དབྱངས་སོགས་ནས་རང་ཉིད་ལ་ཐུག་གི་བར་དུ་བརྒྱུད་པའི་བླ་མ་ཐམས་ཅད་རང་འདོད་ཡིད་བྱེད་སོགས་ཀྱིས་རྩ་ལྟུང་གིས་གོས་མ་མྱོང་བས་ལྟུང་བའི་སྐྱོན་མེད་པས་བཙུན་པར་གྱུར་པའི་རིགས་འདི་ལ་བདག་རང་ཐོག་ནས་ཕ་རྗེས་བུས་ཟིན་པར་བྱས་ནས་ཉེས་ལྟུང་གི་དྲི་མས་རྙོག་པ་དང་བཅས་པར་མི་འགྱུར་བ་དེ་ལྟར་བསླབ་པ་ལ་འབད་པར་བྱ་ཞེས་ཡང་ཡང་བསམ་དགོས་སོ། །རྙེད་པར་དཀའ་བའི་ཚུལ་ཡང་དཔེར་ན་མི་རྙེད་པའི་ཚད་མི་ལོང་བས་ཏེ་ལོང་བ་ཞིག་གིས་གནས་ཕྱག་དར་བྱས་པའི་རྡུལ་གྱི་ཕུང་པོ་ལས་ཇི་ཞིག་ལྟར་ཡིད་བཞིན་གྱི་ནོར་བུ་རིན་ཆེན་རྙེད་པར་གྱུར་པ་ན་ཤིན་ཏུ་ངོ་མཚར་དུ་བལྟ་ཞིང་དགའ་བ་རྒྱ་ཆེན་པོ་སྐྱེ་བ་ལྟར་དོན་དེ་བཞིན་དུ་ཅི་ཞིག་ལྟར་སྟེས་ཏེ། ཇི་སྐད་དུ། སྲིན་བུས་ཟོས་པའི་ཡིག་འབྲུ་ནི། །སྟེས་དབང་ཡིན་གྱི་བསྒྲུབ་པས་མིན། །ཞེས་པ་ལྟར་སོ་སོའི་སྐྱེ་བོའི་གནས་ཉོན་མོངས་པའི་རྡུལ་ཁྲོད་ནས་ཇི་ཞིག་ལྟར་བསོད་ནམས་ཀྱི་སྟེས་དབང་ལེགས་པར་གྱུར་ནས་སྲིད་ཞིའི་རྒུད་པ་ཐམས་ཅད་སེལ་བར་བྱེད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་བདག་ལ་སྐྱེས་པ་ནི་ཤིན་ཏུ་ངོ་མཚར་ཆེ་བར་བལྟས་ཏེ་དགའ་ཞིང་སྤྲོ་བར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ལ་རང་རང་གི་མོས་པ་དང་མཐུན་པར་ཆོས་བསྟན་པའི་སྒོ་ནས་མཐའ་ཡས་པའི་འགྲོ་བ་མ་ལུས་པའི་འཆི་བདག་གི་བདུད་རྩ་བ་ནས་འཇོམས་ཤིང་འཆི་མེད་ཞི་བ་བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པའི་བདུད་རྩི་མཆོག་ཏུ་གྱུར་པ་ཉིད་ཀྱང་བྱང་ཆུབ་ཀྱི་སེམས་འདི་ཡིན་ཏེ། རྒྱུད་བླ་མ་ལས། འཆི་མེད་ཞི་བའི་གནས་ཐོབ་ལ། །འཆི་བདུད་རྒྱུ་བ་མེད་པའི་ཕྱིར། །ཞེས་གསུངས་པ་ལྟར་དང་། གནས་སྐབས་སུ་ཡང་དུས་མིན་གྱི་འཆི་བ་བཟློག་པར་བྱེད་པའི་བདུད་རྩི་ཡང་ཡིན་ནོ། །ཀྱང་སྒྲས་ལྷ་ཀླུ་མིའི་གྲུབ་པའི་རིག་འཛིན་རྣམས་ཀྱི་སྒྲུབ་པའི་བདུད་རྩིས་ལོ་བརྒྱ་ཕྲག་དུ་མར་མི་འཆི་པར་བྱེད་ནུས་པ་ལས་མཆོག་ཏུ་བསྟན་ཏོ། །ས་བརྒྱད་པར་ཡོ་བྱད་ལ་དབང་ཐོབ་པས་འགྲོ་བའི་དབུལ་བ་མ་ལུས་པ་སེལ་བའམ་མེད་པར་བྱེད་པ་ཡི་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་མི་ཟད་པའི་གཏེར་ཆེན་པོ་གྱུར་པ་ཡང་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ནོ། །རྒྱུ་ཆགས་སྡང་རྨོངས་གསུམ་སོགས་ཉོན་མོངས་པའི་ནད་དང་དེའི་འབྲས་བུ་རླུང་མཁྲིས་བད་ཀན་སོགས་སྡུག་བསྔལ་གྱི་ནད་ཡིན་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་སྡུག་པ་དང་བྱམས་པ་དང་རྟེན་འབྲེལ་དང་བདག་མེད་པའི་ཆོས་བསྟན་པས་འགྲོ་བའི་རྒྱུ་འབྲས་ཀྱི་ནད་མ་ལུས་པ་རབ་ཏུ་ཞི་བར་བྱེད་པའི་སྨན་བཟང་པོ་ཀུན་གྱི་མཆོག་ཉིད་ཀྱང་བྱང་ཆུབ་ཀྱི་སེམས་འདིི་ཡིན་ནོ། །ཤེར་ཕྱིན་ལས། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞི་ཁྲིད་མཛད་ཅེས་པ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐེག་གསུམ་སོགས་ཀྱི་ལམ་ཤེས་པར་མཛད་ནས་སྲིད་པ་འཁོར་བའི་ལམ་འདིར་ཡུན་རིང་འཁྱམས་ཤིང་སྡུག་བསྔལ་གྱིས་ངལ་ཞིང་དུབ་པ་ཡི་ཉན་རང་གི་རིགས་ཅན་སྐྱེས་བུ་འབྲིང་དུ་གྱུར་པའི་འགྲོ་བ་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་རྣམས་ལ་ཉན་ཐོས་ཀྱི་ལམ་བསྟན་ཏེ་སྲིད་པའི་སྡུག་བསྔལ་ཞི་བར་བྱེད་པས་ན་སྡུག་བསྔལ་གྱིས་ངལ་བ་གསོ་བར་བྱེད་པའི་གནས་ལྗོན་ཤིང་བཟང་པོའི་བསིལ་གྲིབ་ལྟ་བུ་ཉན་རང་གི་འབྲས་བུ་ཐོབ་པའང་བྱང་ཆུབ་ཀྱི་སེམས་འདི་ཉིད་ཀྱི་མཐུ་ལས་བྱུང་བ་ཡིན་ཞིང་། སྐྱེས་བུ་ཆུང་ངུའི་འགྲོ་བ་ཐམས་ཅད་ལ་བསོད་ནམས་ཆ་མཐུན་གྱི་དགེ་བའི་ལམ་དགེ་སྡིག་བླང་དོར་བསྟན་སྟེ། ངན་སོང་གསུམ་གྱི་འགྲོ་བའི་གནས་ལས་སྒྲོལ་བར་བྱས་ནས་མཐོ་རིས་ལྷ་མིའི་བདེ་འབྲས་ལ་འགོད་ཅིང་འཛིན་པར་བྱེད་པའི་སྤྱི་སྟེགས་ཞེས་གྱོམ་ཁྲི་ལྟ་བུ་ཡིན་པ་དང་། དེའང་ངན་སོང་ལས་སྒྲོལ་བར་བྱེད་པས་སྤྱི་སྟེགས་སམ་སེམས་ཅན་ཐམས་ཅད་ཐེག་གསུམ་གྱི་ངེས་ལེགས་ལ་འགོད་པའི་ཐོག་མར་མངོན་མཐོ་ལ་འགོད་དགོས་པས་ན་ལམ་སྤྱིའི་སྟེགས་སུའང་གསུངས། དེ་ལྟར་འགྲོ་བ་རྣམས་མངོན་མཐོ་དང་ཐེག་དམན་གྱི་ངེས་ལེགས་ལ་བཀོད་ནས་ཐེག་ཆེན་གྱི་རིགས་ཅན་རྣམས་དང་མཐར་དེ་རྣམས་དང་བཅས་པ་ཐེག་ཆེན་ལ་འགོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཞེད་དོན་མཐར་ཐུག་ཡིན་པའི་ཕྱིར་ཆོས་ཐེག་པ་ཆེན་པོ་བསྟན་ཏེ་མཐའ་ཡས་པའི་འགྲོ་བའི་རྒྱུད་ཀྱི་གཙོ་བོ་ཐར་བ་ལ་བར་དུ་གཅོད་པའི་ཆགས་སོགས་ཉོན་མོངས་པའི་སྒྲིབ་པའི་ཚ་གདུང་མ་ལུས་པ་སེལ་བར་བྱེད་པའི་སེམས་ཀྱི་དམ་པ་བྱང་ཆུབ་ཀྱི་སེམས་འདི་ནི་བསིལ་བའི་རང་བཞིན་གྱི་ཟླ་བ་ཤར་བ་ལྟ་བུ་ཡིན་ལ། དེ་ལ་ཉོན་སྒྲིབ་ནི་མགོན་པོ་བྱམས་པས། སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཅེས་ཕར་ཕྱིན་དྲུག་གི་མི་མཐུན་པའི་ཕྱོགས་རགས་པ་ཐམས་ཅད་ཡིན་ནོ། །འགྲོ་བའི་རྒྱུད་ཀྱི་ཐམས་ཅད་མཁྱེན་པ་རྣམ་མཁྱེན་ལ་གཙོ་བོར་བར་དུ་གཅོད་པའི་དངོས་པོ་རྣམས་ཀྱི་དེ་ཉིད་མི་ཤེས་པའི་རབ་རིབ་ཤེས་བྱའི་སྒྲིབ་པ་མཐའ་དག་དཔྱིས་ཏེ་དྲུང་ནས་འབྱིན་བར་བྱེད་པའི་བྱང་ཆུབ་ཀྱི་སེམས་འདི་ཉིད་སྟོང་གསུམ་གྱི་མུན་པ་གཅིག་ཆར་དུ་སེལ་བར་བྱེད་པའི་ཉི་མ་ཆེན་པོ་ལྟ་བུ་ཡིན་ལ་ཤེས་སྒྲིབ་ཡང་དེ་ཉིད་ཀྱིས། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་འཁོར་གསུམ་ལ་བདེན་པར་ཞེན་ན་ཡུལ་གཅིག་ལ་དམིགས་ན། དེར་འཐོག་པས་གཞན་ཤེས་བྱ་ཐམས་ཅད་གཅིག་ཆར་དུ་མཐོང་བར་མི་ནུས་པས་ན་དེར་འདོད་དོ། །སངས་རྒྱས་ཀྱི་བཀའ་དམ་པའི་ཆོས་འཁོར་ལོ་གསུམ་གྱི་སྙིང་པོའི་ཡང་ཞུན་བྱང་ཆུབ་ཀྱི་སེམས་འདི་ནི་དཔེར་ན་འོ་མ་མང་པོ་བསྲུབས་པ་ལས་སྙིང་པོ་མར་དང་མར་གྱི་ཉིང་ཁུ་ཞེས་མར་བཞུས་པའི་དྭངས་མའི་དྭངས་མ་ཉིང་ཁུ་ཕྱུང་བ་ལྟ་བུ་མཆོག་ཏུ་གྱུར་པ་ཉིད་ཡིན་ནོ། །རིགས་དྲུག་གི་འགྲོ་བ་མཐའ་ཡས་པའིི་འགྲོན་པོ་སྲིད་པའི་ལམ་སྟེ་མཐོ་སྲིད་པའི་རྩེ་མོ་ནས་དམའ་བ་དམྱལ་བ་མནར་མེད་ཀྱི་བར་དུ་རྒྱུ་ཞིང་འགྲོ་བས་སྡུག་བསྔལ་བར་གྱུར་པ་ལས་གནས་སྐབས་དང་མཐར་ཐུག་གི་བདེ་བའི་ལོངས་སྤྱོད་ལ་སྤྱད་པར་འདོད་པ་རྣམས་ལ་བྱང་ཆུབ་སེམས་དཔའ་འདི་ནི་བྱང་ཆུབ་སེམས་ཀྱི་མཐུས་བདེ་བའི་མཆོག་འཆི་མེད་ཞི་བ་ཐོབ་པ་ལ་སོགས་པ་གོང་དུ་ཇི་སྐད་བསྟན་པ་རྣམས་ཀྱི་དོན་དུ་འཁོར་བར་སྐྱེས་ནས་ཉེར་གནས་ཞེས་ཉེ་བར་གནས་ཏེ་དཔེར་ན་ཙ་རིའི་ཚོས་ཁ་བཟུང་བ་བཞིན་དུ་སེམས་ཅན་རྣམས་སྐད་ཅིག་མ་ཙམ་དུ་མི་སྡོད་པར་འཆི་བ་ལ་ཐག་ཇེ་ཉེར་འགྲོ་ཞིང་གཏན་དུ་སྡོད་པའི་སར་ཐོན། རྒྱུ་མེད་པས་འགྲོན་པོ་ཆེན་པོར་གྱུར་བ་རྣམ་གང་འདོད་པའི་བདེ་བས་ངོམས་ཤིང་ཚིམ་པར་བྱེད་པ་དེ་ཡང་བྱང་ཆུབ་སེམས་ཀྱི་མཐུས་ཡིན་ནོ་ཞེས་དོན་བསྡུས་སྟེ་བསྟན་པའོ། །གཉིས་པ་ནི། འདིར་བཤད་གཞི་སྔོན་དུ་བླང་སྟེ། མགྲོན་དུ་འབོད་པ་ཡིན། སུས་འབོད་ན་བདག་གིས། དུས་ནམ་འབོད་ན་དེ་རིང་ནས་ཚུལ་ཇི་ལྟར་འབོད་ན་སྐྱོབ་པ་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྤྱན་སྔར་ཏེ་དཔང་པོ་བཞག་པའི་མདུན་དུ། སུ་འབོད་ན་ནམ་མཁའ་དང་མཉམ་པའི་འགྲོ་བ་སེམས་ཅན་ཐམས་ཅད་བོས་ཏེ་ཅི་སྦྱིན་ན་མཐར་ཐུག་གི་བདེ་བ་བདེ་བར་གཤེགས་པ་སངས་རྒྱས་ཀྱི་གོ་འཕང་ཉིད་དང་ནི། དེ་མ་ཐོབ་ཀྱི་བར་དུ་གནས་སྐབས་ཀྱི་བདེ་བ་མངོན་པར་མཐོ་བ་ལྷ་དང་མི་ཡི་བདེ་བ་ཕུན་སུམ་ཚོགས་པ་སྦྱིན་པ་ལ་མགྲོན་དུ་བོས་ཟིན་གྱིས་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་དཀར་ཕྱོགས་ཀྱི་ལྷ་དང་ལྷ་མིན་ལ་སོགས་པ་ཐམས་ཅད་དགའ་བར་གྱིས་ཤིག་ཅེས་དགའ་བ་བསྒོམ་དུ་གཞུགས་པས་དེ་དག་གིས་རྗེས་སུ་ཡི་རང་བས་ཕན་ཡོན་གྱི་བགོ་སྐལ་ཐོབ་ཅིང་བསྲུང་སྐྱོབ་བྱེད་པ་དང་དེ་དག་དཔང་པོར་བཞག་པས་རང་གི་ངོ་ཚ་དང་ཁྲེལ་ཡོད་ཀྱི་རྟེན་དུའང་འགྱུར་བའི་དགོས་པ་ཡོད་དོ། །ལེའུའི་མཚན་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བྱང་ཆུབ་ཀྱི་སེམས་གཙོ་བོར་ཡོངས་སུ་བཟུང་བ་ཞེས་བྱ་བ་སྟེ་ལེའུ་གསུམ་པའོ།། ༈ །།གཉིས་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེས་པ་མི་ཉམས་པར་བྱེད་པའི་ལེའུ་གསུམ་ལས། དང་པོ། འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་པ་བག་ཡོད་ཀྱི་ལེའུ་ལ་གཞུང་དང་མཚན་ནོ། །དང་པོ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ལ་ཐེག་ཆེན་གྱི་ལམ་ཐམས་ཅད་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སྦྱོར་བ་ཕྱིན་དྲུག་གི་ཉམས་ལེན་གཉིས་སུ་འདུ་ལ། དེ་ལས་སྔ་མ་བསྟན་ཟིན་ནས་ཕྱི་མ་ལའང་སྦྱིན་པ་ནི་ལེའུ་སྔ་མ་རྣམས་ལས་བསྟན་ཅིང་ཁྱད་པར་ཞི་བ་ལྷ་ཉིད་སྤྲོས་མེད་ཀྱི་རྣལ་འབྱོར་ཡིན་པས་དགེ་སློང་རི་ཁྲོད་པའི་སྦྱིན་པ་ཙམ་མ་གཏོགས་རྒྱ་ཆེན་མ་གསུངས་ཚུལ་ཁྲིམས་ནི་བག་ཡོད་དང་ཤེས་བཞིན་གྱི་ལེའུ་གཉིས་དང་གཞན་བཞི་ལེའུ་ཕྱི་མ་རྣམས་ཀྱིས་བསྟན་ཏེ། དེ་ཡང་སྡོམ་པ་ཐོབ་ཚུལ་བསྲུང་བྱ་རྣམས་གྲངས་ཕྱིར་བཅོས་ཚུལ་གྱི་སྒོ་ནས་མ་ཡིན་པར་ཚུལ་ཁྲིམས་ཉིད་སྲུང་བྱེད་ཀྱི་ཐབས་ནི་བག་ཡོད་དང་དྲན་ཤེས་རྣམས་ཇི་སྐད་གསུངས་པ་བཞིན་ཡང་ཡང་བསྒོམ་ཏེ་རང་རྒྱུད་ལ་བསྐྱེད་དགོས་ལ་བག་ཡོད་མེད་པར་རང་དགར་ལུས་ངག་བཙོན་དུ་བཟུང་ནས་བསྲུང་སྡོམ་ཁུར་དུ་སོང་སྟེ་རེ་ཞིག་བསྲུང་ཁུལ་བྱས་ཀྱང་སྣང་བ་བྲིད་མཁས། རིག་པ་ཅོལ་ཆུང་། ཡུལ་བསླུ་སྐྱེན་པས་མཐའ་མི་འཁྱོལ་བས་ན་བག་ཡོད་བསྟེན་ཏེ་ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཚུལ་ཁྲིམས་བསྲུང་བ་ལ་འབད་པ་གཅེས་ཏེ། ཀླུའི་དབང་པོས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་དང་། དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། བསྒོམ་པ་ལ་ནི་རབ་ཏུ་སྦྱར། །ཞེས་གསུངས་པ་ལྟར་ཡོན་ཏན་ཐམས་ཅད་ཀྱི་རྩ་བའམ་གཞི་རྟེན་ཚུལ་ཁྲིམས་ཡིན་ལ། ཚུལ་ཁྲིམས་དེ་ཡང་དག་པར་བསྲུང་བར་བྱེད་པ་ལ། བསྲུང་བྱ་མི་ཤེས་བསྲུང་བར་རློམས་པ་མཚར། །ཞེས་གསུངས་པ་ལྟར་ཐོག་མར་བསླབ་བྱ་རྩ་ལྟུང་བཅོ་བརྒྱད་ལ་སོགས་པའི་དགག་སྒྲུབ་ཀྱི་བསླབ་བྱ་རྣམས་ལེགས་པར་ཤེས་པར་བྱས་ནས་བླང་དོར་རམ་འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་པ་བག་ཡོད་ཀྱི་ངོ་བོ་ཡིན་པར་ཡང་ཤེས་པར་བྱས་ཏེ་དེ་ཉིད་རང་རྒྱུད་ལ་བསྐྱེད་ནས་བླང་དོར་ལ་འབད་དགོས་ཏེ། ཏིང་འཛིན་རྒྱལ་པོ་ལས། ཁྲིམས་དང་ཐོས་དང་གཏོང་དང་བཟོད་ལ་སོགས། །དགེ་བའི་ཆོས་སུ་བརྗོད་པ་ཇི་སྙེད་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །གཏེར་ཐོབ་བྱེད་ཅེས་བདེ་བར་གཤེགས་པས་བསྟན། །ཞེས་པ་ལྟར་བག་ཡོད་བརྟེན་པ་ལས་དེ་དག་འཐོབ་པར་འགྱུར་བས་ན་དེ་ལྟར་ངེས་པར་ཤེས་པར་བྱས་ཏེ་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གོང་དུ་བཤད་པ་དེ་ལྟ་བུར། བྱང་ཆུབ་ཀྱི་སེམས་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་སྲོག་གི་ཕྱིར་ཡང་མི་འདོར་བར་རང་རྒྱུད་ལ་རབ་ཏུ་བརྟན་པོར་བཟུང་ནས། ལེ་ལོ་དང་ཕྱི་བཤོལ་གྱིས་གཡེལ་བ་མེད་པར་དུས་རྟག་ཏུ་ཡང་། བྱང་ཆུབ་སེམས་དཔའི་རྩ་ལྟུང་ཉི་ཤུ་སོགས་དགག་སྒྲུབ་ཀྱི་བསླབ་པ་རྣམས་ལས་མི་འདའ་བའམ་མི་ཉམས་པའི་དོན་དུ་ཅིས་ཀྱང་འབད་པར་བྱ་བསམ་དགོས་སོ། །དེ་ལ་རྒྱལ་བའི་སྲས་ཞེས་སྤྱིར་སེམས་མཆོག་བསྐྱེད་པ་མི་གཙོ་སྐྱེས་པ་གཙོ་ཞེས་པ་ལྟར་ཡིན་ཀྱང་། སེམས་ཅན་རྣམས་ལ་བྱམས་སེམས་ཙམ་ཡོད་པ་ལ་གཞན་དག་གིས་བྱང་ཆུབ་སེམས་དཔའ་ཞེས་འདོགས་ཀྱང་བྱང་ཆུབ་སེམས་དཔར་མི་འགྱུར་བས། གཙོ་ཆེར་དོན་གཉིས་སམ་ཟུར་གཉིས་དང་ལྡན་པའི་རྫོགས་བྱང་དོན་གཉེར་གྱི་བསམ་པ་རྒྱ་ཆེན་པོའི་སྒོ་ནས་ཆོ་ག་ཚད་ལྡན་གྱིས་ཚུལ་བཞིན་དུ་བྱང་སྡོམ་རང་རྒྱུད་ལ་བླངས་ནས་བཟུང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞེས་འདོགས་སུ་རུང་བ་ལས་གཞན་དུ་མ་ཡིན་ནོ། །བརྟན་བཟུང་ཞེས་མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླང་གྱུར་བ། །ཞེས་སེམས་བསྐྱེད་ཚེ་དུས་འདི་ནས་བཟུང་བྱང་ཆུབ་ཀྱི་སེམས་འདི་ཅི་ལ་བབ་ཀྱང་མི་གཏོང་ངོ་སྙམ་པའི་འདུན་པས་བརྟན་པོར་འཛིན་དགོས་ཏེ་འདུན་པ་གཏད་ན་རྨི་ལམ་ཟིན་དགོས་སྙམ་དུ་འདུན་བ་གཏད་ན་ཟིན་པར་འགྱུར་བ་ལྟར་ཡིན་པས་འདུན་པ་གཏད་པ་གལ་ཆེ་གསུངས། བསླབ་ལས་མི་འདའ་ཞེས་བྱང་ཆུབ་སེམས་དཔའི་བསླབ་པ་རྒྱ་མཚོ་ལྟ་བུ་ལ་དཔེར་ན་ཞེས་མཁས་མཁས་སྙན་སྙན་བྱས་པས་ཅི་ཡང་མི་འོང་བས། བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་དང་། ཁྱད་པར་དུ་བསླབ་བྱའི་གཙོ་བོ་གང་ཡིན་ཤེས་དགོས་པ་ལས་དང་པོ་ལ་སྤང་བླང་གཉིས་ལས། དང་པོ་ལ་སྤང་བྱ་རྩ་ལྟུང་བཅོ་བརྒྱད་དང་། སྨོན་འཇུག་གི་རྩ་ལྟུང་དང་གཉིས་ལས། དང་པོ་ནི། ནམ་མཁའི་སྙིང་པོའི་མདོ་ལས། རྩ་ལྟུང་བཅོ་བརྒྱད་གསུང་བ་བསླབ་བཏུས་སུ་ཚིགས་བཅད་དུ་བསྡུས་པ་དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུང་བ་ཡིན། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལ། །ངུར་སྨྲིག་འཕྲོག་དང་བརྡེག་པ་དང་། །བརྩོན་རར་འཇུག་པར་བྱེད་པ་དང་། །རབ་ཏུ་བྱུང་ལས་འབེབས་པ་དང་། །སྲོག་དང་འབྲལ་བྱེད་གསུམ་པ་ཡིན། །མཚམས་མེད་ལྔ་པོ་བྱེད་པ་དང་། །ལོག་པར་ལྟ་བ་འཛིན་པ་དང་། །གྲོང་ལ་སོགས་པར་འཇིག་པ་ཡང་། །རྩ་བའི་ལྟུང་བར་ཐུབ་པས་གསུངས། །བློ་སྦྱོང་མ་བྱས་སེམས་ཅན་ལ། །སྟོང་བ་ཉིད་ནི་བརྗོད་པ་དང་། །སངས་རྒྱས་ཉིད་ལ་ཞུགས་པ་རྣམས། །རྫོགས་པའི་བྱང་ཆུབ་བཟློག་པ་དང་། །སོ་སོར་ཐར་པ་ཡོངས་སྤང་ནས། །ཐེག་པ་ཆེ་ལ་སྦྱར་བ་དང་། །སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང་། །རང་གི་ཡོན་ཏན་བརྗོད་པ་དང་། །རྙེད་པ་དང་ནི་བཀུར་སྟི་དང་། །ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང་། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང་། །དགེ་སྦྱོང་ཆད་པར་གཅོད་འཇུག་དང་། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང་། །སྦྱིན་པ་ལེན་པར་བྱེད་པ་དང་། །ཞི་གནས་འདོར་བར་བྱེད་པ་དང་། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་དང་། །འདི་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །རྨི་ལམ་འཕགས་པ་ནམ་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་རིམ་པར་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ། བློན་པོ་ལ་འབྱུང་ཉེ་བ་ལྔ། དམངས་ཕལ་པ་ལ་འབྱུང་ཉེ་བ་བརྒྱད་བཅས་བཅོ་བརྒྱད་བཤགས་ཐབས་དང་བཅས་བསྟན་ཏོ། །གཉིས་པ་ནི་གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་། རང་སངས་རྒྱས་ཡིད་ལ་བྱེད་པས་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་ལྕི་བའོ་ཞེས་ཐེག་དམན་དུ་སེམས་བསྐྱེད་ནས་སེམས་ཅན་བློས་བཏང་བ་སྨོན་སེམས་ཀྱི་རྩ་ལྟུང་དང་། དཀོན་མཆོག་བརྩེགས་པ་ལས་གསུངས་པའི། འཇུག་པའི་བསླབ་བྱ་ཉམས་པའི་རྩ་ལྟུང་སྟེ་གཉིས་སོ། །དེ་ཡང་སྦྱིན་སོགས་བསྒྲུབ་པར་དམ་བཅས་པ་ལས་ཉམས་ཏེ་རང་གི་ནུས་པའི་ཚོད་ཙམ་ཞིག་ཀྱང་ནི་བསྒྲུབ་བོ་སྙམ་པའི་བློ་སྐྱེས་པས་འཇུག་སེམས་གཏོང་གི་སྙོམ་ལས་སོགས་ཀྱིས་དགེ་བ་ལ་མི་སྦྱོར་བ་ཙམ་གྱིས་རྩ་བ་ནས་མི་གཏོང་ངོ་། །མདོར་ན་ཉེས་སྤྱོད་སྤང་བའོ། །གཉིས་པ་ནི། ཕྱིན་དྲུག་ལ་བསླབ་པ་དང་། སེམས་ཅན་ལ་ཕན་པའི་དོན་སྒྲུབ་པར་བྱེད་པའོ། །གཉིས་པ་ཁྱད་པར་དུ་བསླབ་བྱའི་གཙོ་བོ་ཤེས་དགོས་པས། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ནི་བྱ་བ་མང་ལ་བྱེད་པ་མང་བ་སྟེ། ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པ་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བར་ལ་སློབ་མི་བཟོད་ན། འདི་ལྟར་རྒྱལ་པོ་ཆེན་པོ་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང་། དད་པ་དང་། དོན་དུ་གཉེར་བ་དང་། སྨོན་པ་འདི་འགྲོ་ཡང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། སད་ཀྱང་རུང་། ཟ་ཡང་རུང་། འཐུངས་ཀྱང་རུང་། རྟག་ཏུ་རྒྱུན་མི་འཆད་པར་དྲན་པར་གྱིས་ཤིག །ཡིད་ལ་གྱིས་ཤིག །སྒོམས་ཤིག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང་། སོ་སོའི་སྐྱེ་བོ་ཐམས་ཅད་དང་། བདག་གི་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་བསྡུས་ཏེ་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བར་གྱིས་ཤིག །རྗེས་སུ་ཡི་རང་ནས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་ཉན་ཐོས་རྣམས་ལ་མཆོད་པ་ཕུལ་ཅིག །ཕུལ་ནས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག །དེ་ནས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིག །རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་ཞུགས་ལ་རྒྱལ་པོ་གྱིས་ཤིག །རྒྱལ་པོའི་སྲིད་ཀྱང་མི་ཉམས་སོ། །བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་ཞེས་པས་བྱང་ཆུབ་ཏུ་སྨོན་པ་དང་དགེ་བ་ལ་རྗེས་སུ་ཡི་རང་བ་དང་དེ་སངས་རྒྱས་སྲས་བཅས་ལ་འབུལ་ཞིང་བྱང་ཆུབ་ཆེན་པོར་བསྔོ་བར་གསུངས་བ་འདི་དང་། ལག་བཟང་གིས་ཞུས་པ་ལས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག་ཅིག་སྙམ་པའི་འདུན་པ་མ་བརྗེད་ན་དེར་སངས་རྒྱས་ཀྱི་སའི་ཟག་མེད་ཀྱི་ཕྱིན་དྲུག་འདུ་བར་གསུངས་པས་ན་དེས་ཕྱིན་དྲུག་ལ་ཡང་བསླབ་པ་ཡིན་པར་གསུངས། འདི་དག་གིས་བྱང་ཆུབ་སེམས་ཀྱི་མཚན་ཉིད་ལེགས་པར་བསྟན་ཅིང་སྙིགས་དུས་ཀྱི་སེམས་ཅན་རྣམས་ལ་ཕན་པ་ཆེ་བའི་གདམས་ངག་གི་མཆོག་ཡིན་ནོ། །གཉིས་པ་ལ། བསྒྲུབ་བྱ་བསླབ་པ་ལ་བསམ་སྟེ་བག་ཡོད་པར་བྱ་བ། རྟེན་དལ་འབྱོར་ལ་བསམ་སྟེ་བག་ཡོད་པར་བྱ་བ། སྤང་བྱ་ཉོན་མོངས་པ་ལ་བསམ་སྟེ་བག་ཡོད་པར་བྱ་བ་དང་གསུམ་ལས། དང་པོ་ལ། བསམ་པ་སེམས་བསྐྱེད་མི་ཉམས་པར་བྱ་བ་སྦྱོར་བ་བརྩོན་འགྲུས་མི་ཉམས་པར་བསྲུང་བ་དང་གཉིས་ལས། དང་པོ་ནི། བབ་ཅོལ་ཏེ་ཅི་ཡང་མ་བརྟགས་པའི་བྱ་བ་བརྩམ་པའམ་བསྒྲུབ་པར་ཁས་བླངས་པ་གང་ཡིན་པའམ། བྱ་བ་གང་ཞིག་དོན་ཡོད་མེད་སོགས་ཅུང་ཟད་བརྟགས་ཀྱང་ཞིབ་པར་ལེགས་པར་མ་བརྟགས་པ་ཡི་བྱ་བ་དེ་ནི་བསྒྲུབ་པར་ཁས་བླང་ཤིང་དམ་བཅས་པར་བྱས་པར་གྱུར་ཀྱང་། ཁས་བླངས་བ་བཞིན་དུ་བྱ་བའམ་མི་བྱ་བར་བཏང་ཞེས་གཟོད་ཞིབ་པར་བརྟགས་ཤིང་དཔྱད་པའི་སྒོ་ནས་བླང་དོར་ལ་འཇུག་ལྡོག་བྱེད་པ་རིགས་ཤིང་འཐད་པ་ཡིན་པ་ལ། འདི་ནི་དེ་ལྟ་མ་ཡིན་ཏེ་འཁྲུལ་བ་ཅུང་ཟད་ཀྱང་མི་མངའ་བའི་སངས་རྒྱས་རྣམས་དང་དེ་ཡི་སྲས། བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དབྱངས་དང་བྱམས་པ་ལ་སོགས་པའི་ཤེས་རབ་ཆེན་པོས་གང་ལ་ལེགས་པར་བརྟགས་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཕན་ཡོན་ཆེན་པོ་དང་ལྡན་པར་གསུངས་ཤིང་། བདག་རང་ཉིད་ཀྱིས་ཀྱང་ཕན་ཡོན་གྱི་ལེའུའི་སྐབས་སོགས་ནས་ཡང་དང་ཡང་དུ་ཞེས། ཤིན་ཏུ་དོན་ཆེན་ལྡན་པ་ལ། །ཚིག་གཅིག་ལན་གཉིས་བརྗོད་པར་བྱ། །ཞེས་བརྟགས་བརྟགས་ནས་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་མཐོང་སྟེ་བྱང་ཆུབ་ཀྱི་སེམས་དེ་རང་རྒྱུད་ལ་བླངས་ཟིན་ནས་ད་བསླབ་པ་ལ་སློབ་མི་ནུས་ཞེས་ཕྱི་བཤོལ་ལམ་བཤོལ་དུ་ཅི་ཞིག་ཡོད་དེ་མེད་པས་བསླབ་བྱ་ལ་འབད་པར་བྱ་དགོས་སོ། །གལ་ཏེ་སྔར་བསྟན་པ་དེ་ལྟར་སེམས་ཅན་ཐམས་ཅད་སྲིད་ཞིའི་སྡུག་བསྔལ་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་དམ་བཅས་ནས། དེ་སྦྱོར་བ་ལག་ལེན་གྱི་སྒོ་ནས་ལས་ཀྱིས་བསྒྲུབ་པ་ལ་བརྩོན་པར་མ་བྱས་ན། སེམས་ཅན་མགྲོན་དུ་བོས་པ་དེ་དག་ཀུན་ཁས་བླངས་པ་ལྟར་སངས་རྒྱས་ཀྱི་གོ་འཕང་མ་བྱིན་པས་བསླུས་བར་བྱས་པས་བསླུ་བ་པོ་བདག་གི་འགྲོ་བ་ཅི་འདྲར་འགྱུར་ཏེ་དམྱལ་བ་ལ་སོགས་པའི་ངན་འགྲོར་འགྲོ་བར་འགྱུང་བ་ལས་མ་འདས་པ་དེས་ན་ཇི་ལྟར་དམ་བཅས་པ་བཞིན་དུ་བསྒྲུབ་བར་བྱའོ་ཞེས་བསམ་དགོས་སོ། །དེའི་རྒྱུ་མཚན་དངོས་པོ་ཕལ་པ་ཟན་ཆང་བུ་ལྟ་བུ་ཅུང་ཟད་ཙམ་ལའང་། ཡིད་ཀྱིས་འདི་ལ་འདི་སྦྱིན་པར་བྱའོ་ཞེས་བསམ་པར་བྱས་ནས། མི་གང་གིས་དངོས་སུ་དེ་སྦྱིན་པར་མི་བྱེད་པ་ཡི་མི་དེ་ཡང་ཡི་དྭགས་སུ་སྐྱེ་བར་འགྱུར་རོ་ཞེས་ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་ཤིང་། མདོ་དྲན་པ་ཉེར་བཞག་ལས་ཀྱང་། ཅུང་ཟད་གཅིག་སྦྱིན་པར་བསམ་ནས་མ་བྱིན་ན་ནི་ཡི་དྭགས་སུ་སྐྱེ་ལ་དམ་བཅས་ནས་མ་བྱིན་པ་ནི་སེམས་ཅན་དམྱལ་བར་འགྲོའོ་ཞེས་གསུངས་ན། བླ་ན་མེད་པའི་སངས་རྒྱས་ཀྱི་བདེ་བ་ཆེན་པོ་ལ་རང་གིས་ཁ་ཙམ་མ་ཡིན་པར་བསམ་པ་ཞེ་ཐག་པས་ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར་བའམ་བོས་ནས་ཇི་ལྟར་ཁས་བླངས་བ་བཞིན་དུ་སྦྱོར་བ་ལག་ལེན་གྱི་སྒོ་ནས་སངས་རྒྱས་ཀྱི་གོ་འཕང་དེ་བསྒྲུབ་པར་མ་བྱས་པའམ་མ་བྱིན་ན་རྒྱལ་བ་སྲས་དང་བཅས་པ་དང་འགྲོ་བ་ལྷ་དང་ལྷ་མིན་ལ་སོགས་པ་དེ་ཐམས་ཅད་རྫུན་གྱིས་བསླུས་པར་བྱས་པ་ཡིན་པས་ན། བསླུ་བར་བྱེད་པ་པོ་བདག་བདེ་འགྲོར་ཇི་གར་འགྲོ་བར་འགྱུར་རམ་སྟེ་མི་འགྱུར་བ་ཁོ་ནའོ། །དེ་ལྟར་ན་པད་དཀར་དུ་ཤཱ་རིའི་བུས་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སངས་རྒྱས་སྟོང་ཕྲག་བཅུ་ལ་བསྙེན་བཀུར་བྱས་ཤིང་སེམས་ཅན་གྱི་དོན་ལ་ཞུགས་པ་ན། རྒྱལ་པོ་བི་ན་སི་བར་གྱུར་བ་ལ་བདུད་སྡིག་ཅན་བྲམ་ཟེར་སྤྲུལ་པས་ལག་པ་བསླང་བ་ལ་གཡས་བཅད་དེ་གཡོན་པས་བྱིན་པས་མ་གུས་པས་བྱིན་པ་མི་ལེན་ཟེར་ནས་བསྐྱུར་བ་ལ་སྐྱོ་བར་གྱུར་ནས་སེམས་བསྐྱེད་བཏང་ཡང་རང་ཐར་པ་དགྲ་བཅོམ་པ་ཐོབ་ཅིང་སེམས་ཅན་གྱི་དོན་མཛད་པ་དང་སྔོན་བྱང་སེམས་བསྐལ་བ་བཞི་བཅུར་སྤྱོད་པ་སྤྱད་པའི་མི་ཞིག་གིས་བྱང་ཆུབ་ཀྱི་སེམས་བཏང་ཡང་རང་རྒྱལ་དུ་གྱུར་པར་གསེར་མདོག་ཅན་གྱི་རྟོགས་བརྗོད་དུ་གསུངས་པ་དག་དང་འགལ་ལོ་ཞེ་ན་མི་འགལ་ཏེ། དེ་ལྟ་བུ་ལ་སོགས་པའི་མི་གང་གིས་བྱང་ཆུབ་སེམས་བཏང་ཡང་དེ་དག་རང་ཉིད་ངན་འགྲོར་མ་ལྟུང་བར་ཐར་པ་ཐོབ་ཅིང་གཞན་དག་ཀྱང་ཐར་བར་མཛད་པ་ནི། རང་རང་གི་སྔོན་ལས་ཀྱི་ཚུལ་ཞིག་གིས་ཡིན་ཀྱང་ལས་ཚུལ་སྣ་ཚོགས་པ་རྣམས་ཚུལ་མཐོང་གིས་བསམ་གྱིས་མི་ཁྱབ་སྟེ། ཇི་སྐད་དུ། རྨ་བྱའི་མདོངས་བཀྲ་གཅིག་ལ་ཡང་། །རྒྱུ་ཡི་དབྱེ་བ་ཐ་དད་པ། །དེ་མཁྱེན་པ་ནི་ཀུན་མཁྱེན་ཏེ། །ཀུན་མཁྱེན་ཡེ་ཤེས་མིན་པས་མིན། །ཞེས་པ་ལྟར་རྒྱུ་འབྲས་ཕྲ་ཞིང་ཞིབ་པ་དེ་ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན་ཅིང་གཟིགས་པའི་ཁྱད་ཆོས་ལས་གཞན་སུས་ཀྱང་བསམ་གྱིས་མི་ཁྱབ་པ་ཡིན་པས་བསམ་པའི་ངལ་བས་ཅི་ཞིག་བྱ་ཞེས་པ་སྟེ་སེམས་ཅན་གྱི་ལས་དང་སངས་རྒྱས་ཀྱི་མཛད་པ་དང་། ཏིང་འཛིན་དང་སྨན་དང་སྔགས་ཀྱི་ནུས་པ་བསམ་གྱི་མི་ཁྱབ་པའི་གནས་སུ་གསུངས་པས་སོ། །འདི་ལ་ཡང་བདག་ཅག་གིས་མི་ཤེས་སོ་ཞེས་རྣམ་སྣང་དང་རྣམ་བཤད་ལས་སོ། །དགེ་ལྷ་ནི། ཐབས་ཀྱིས་བཏང་དུ་ཟིན་ཀྱང་ཡང་དག་པར་ལེན་པས་སེམས་ཅན་ཐམས་ཅད་གྲོལ་བར་བྱེད་པ་ཡིན་ནོ་ཞེས་དང་། བི་བྷུ་ཏི་ནི། ཀུན་རྫོབ་བྱང་སེམས་བཏང་ཡང་དོན་དམ་བྱང་སེམས་མ་བཏང་བ་ཞེས་དང་། འདིའི་འགྲེལ་ཆེན་དུ་སེམས་བསྐྱེད་བཏང་ཡང་ཐར་བའི་སེམས་མ་བཏང་བའི་ནུས་པ་ཐར་བ་ཐོབ་ནས་སེམས་ཅན་སྒྲོལ་བ་ལ་ཉེས་པ་མེད་ཅེས་བཤད་དོ། །དེ་ལས་དང་པོ་ནི། མདོ་རྒྱན་ལས། ཉན་ཐོས་བྱང་ཆུབ་ཆེན་པོར་འགྱུར་བར་གསུངས་པ་དེ་ཡིན་ནམ་སྙམ། དེ་ཡང་དགོས་ཆེད་ཀྱིས་བྱང་སེམས་བཏང་ཚུལ་བས་ཀྱང་སླར་བླངས་བ་ཡིན་པར་གསུངས། གཉིས་པ་འདི་ཡང་འཐད་ཕྱོགས་སུ་མཛད་པ་འདུག་ཀྱང་མཐོང་ལམ་གྱི་བདེན་པ་བདག་མེད་གཉིས་རྟོགས་ཚེ་ཀུན་རྫོབ་བྱང་སེམས་བཏང་བར་ཇི་ལྟར་འཐད་སྙམ་པ་སོགས་གང་ལའང་དཔྱད་གཞི་ཆེ་ཡང་དགོངས་པ་བསླང་བར་བྱོས་ཤིག །དེ་ཡང་སྨོན་སེམས་གཏོང་བ་ལའང་། དགྲ་མི་ཤ་བོར་བ་ལྟ་བུ་སོགས་སུ་ཡིན་ཀྱང་འདི་ལ་ཕན་འདོགས་པའི་དུས་བྱུང་ན་མི་བཏགས་གནོད་པ་བཟློག་པའི་དུས་བྱུང་ན་ཡང་མི་བཟློག་སྙམ་པས་སེམས་ཅན་བློས་བཏང་བ་དང་། ཐེག་དམན་དུ་སེམས་བསྐྱེད་པ་དང་། རྩ་ལྟུང་བྱུང་བ་གསུམ་གྱིས་གཏང་ལ། བྱང་ཆུབ་ཀྱི་སེམས་བཏང་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ལྟུང་བའིི་ནང་ནས་ཤིན་ཏུ་ཉེས་པ་ལྕི་བ་སྟེ། འཕགས་པ་སྡུད་པ་ལས། གལ་ཏེ་བསྐལ་བ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བསྐྱེད་ན། །དེ་ནི་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་ཤིང་། དེའི་རྒྱུ་མཚན་འདི་ལྟར་ལྟུང་བ་དེ་ནི་བྱུང་བར་གྱུར་ན་སེམས་ཅན་མ་ལུས་པ་ཀུན་གྱི་དོན་བསྒྲུབ་པ་ལ་ནུས་པ་དམན་པར་འགྱུར་བའི་ཕྱིར་རོ། །དེ་ལ་སེམས་ཅན་བློས་བཏང་བའི་ལྟུང་བ་བྱུང་ཡང་ཐེག་དམན་གྱི་ཐར་པ་ཐོབ་ནས་ལྷག་མེད་མ་གྲུབ་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་ཀྱང་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་གྱི་དོན་མི་ནུས་པས་སེམས་ཅན་ཀུན་གྱི་དོན་ལ་དམན་པར་འགྱུར་ལ་སངས་རྒྱས་འགྲུབ་ན་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་པར་འགྱུར་རོ། །དེར་མ་ཟད་གང་སེམས་ཅན་གཞན་འགའ་ཞིག་གིས་ཡུན་རིང་པོར་ལྟ་ཅི་དུས་སྐད་ཅིག་གི་བར་ཙམ་དུ་ཡང་བྱང་ཆུབ་སེམས་དཔའ་འདིའི་བསོད་ནམས་དགེ་བའི་བར་ཆད་དང་གེགས་བྱེད་པར་གྱུར་ན་གེགས་བྱེད་པ་དེས་ཀྱང་བྱང་སེམས་དེ་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་ལ་དམན་ཞིང་ཉམས་པར་འགྱུར་བའི་ལས་བྱས་པས་བྱེད་པ་པོ་དེ་ཡི་ངན་འགྲོར་སྐྱེ་བའི་གྲངས་མུ་མཐའ་ཐུག་པ་མེད་པ་མྱོང་བར་འགྱུར་ཏེ་རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། གང་ལ་ལ་ཞིག་གིས་འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་ཀྱི་བདོག་པ་འཕྲོག་ཅིང་སྲོག་བཅད་པ་བས་ཀྱང་། གང་གིས་བྱང་ཆུབ་སེམས་དཔའི་དགེ་བ་ཐ་ན་དུད་འགྲོ་ལ་ཟན་ཆང ས་པ་གཅིག་ཙམ་སྦྱིན་པའི་བར་ཆད་བྱས་ན། དེ་ནི་དེ་བས་སྡིག་པ་ཆེས་གྲངས་མང་དུ་བསྐྱེད་དེ། སངས་རྒྱས་འབྱུང་བ་བསྐྱེད་པའི་དགེ་བ་ལ་བར་ཆད་བྱེད་པའི་ཕྱིར་རོ་ཞེས་གསུངས་སོ། །འདི་ལའང་བསོད་ནམས་ཞེས་བྱང་ཆུབ་སེམས་ཀྱི་བར་ཆད་དང་དེ་བྱེད་མཁན་ལ་རྫོགས་བྱང་ཕྱིར་བཟློག་ཐེག་དམན་སེམས་བསྐྱེད་ཀྱི་རྩ་ལྟུང་དང་བྱེད་པའི་ཡུལ་བྱང་ཆུབ་སེམས་དཔའ་དེས་སྨོན་སེམས་བཏང་བས་སེམས་ཅན་གྱི་དོན་ལ་དམན་ཞེས་སྔ་མའི་འཐད་པ་ཉིད་དུའང་འགྲེལ་བར་མཛད་དོ། །དེའི་རྒྱུ་མཚན་ནམ་འཐད་པ་སེམས་ཅན་མང་པོ་ལྟ་ཞོག་སེམས་ཅན་གཅིག་གི་མངོན་མཐོའི་བདེ་བ་ཙམ་ཡང་བཤིག་ན་བདག་ཉིད་མངོན་མཐོའི་བདེ་བ་ལས་ཉམས་ཏེ་ངན་འགྲོར་སྐྱེ་བར་འགྱུར་ཞེས་མདོ་ལས་གསུངས་ན་བྱང་ཆུབ་སེམས་དཔའི་དགེ་བའི་བར་ཆད་བྱས་པས་ནི་ནམ་མཁའ་ཡི་ཁམས་མ་ལུས་མཐའ་ཀླས་པའི་ལུས་ཅན་སེམས་ཅན་རྣམས་ཀྱི་བདེ་བ་ཆེན་པོའི་རྒྱུ་བཤིག་པས་བདེ་འགྲོ་ལས་ཉམས་ཤིང་ངན་འགྲོར་མུ་མཐའ་མེད་པར་སྐྱེ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་སོ། །དེའི་རྒྱུ་མཚན་ཡང་དེའི་བྱང་ཆུབ་སེམས་བསྐྱེད་ཀྱི་གེགས་མ་བྱས་ན་སངས་རྒྱས་འགྲུབ་ལ་དེ་འགྲུབ་ན་སྐུའི་འོད་ཟེར་སྣ་ཚོགས་ངན་སོང་གསུམ་སོགས་སུ་བཀྱེས་ནས་དེ་དག་གནས་སྐབས་སུ་བདེ་བ་ལ་འགོད་པ་སོགས་སེམས་ཅན་ཐམས་ཅད་རིམ་གྱིས། བྱང་ཆུབ་ཆེན་པོ་སངས་རྒྱས་ཀྱི་བདེ་བ་ལ་འགོད་པར་མཛད་པས་སོ། །དེ་ལྟ་བུའི་ལྟུང་བ་བྱུང་ཡང་སོར་སྡོམ་དང་མི་འདྲ་བས་གཉེན་པོས་བཤགས་ཏེ་སླར་སེམས་བསྐྱེད་བླང་བས་གསོ་བར་བྱའོ་སྙམས་ན་གོང་དུ་བཤད་པ་དེ་ལྟར་རེས་འགའ་བྱང་ཆུབ་ཀྱི་སེམས་བཏང་བའི་ལྟུང་བ་སྟོབས་ལྡན་བྱུང་བ་དང་རེས་འགའ་བྱང་ཆུབ་ཀྱི་སེམས་སྟོབས་དང་ལྡན་པ་བླང་བ་དག་འཁོར་བར་རེས་མོས་ཀྱིས་འདྲེ་བར་བྱེད་ན་ཡང་། གནས་སྐབས་ས་དང་པོ་སོགས་ཐོབ་པ་ལ་ཡུན་རིང་དུ་ཐོགས་ན་མཐར་ཐུག་གི་བྱང་ཆུབ་ཆེན་པོར་ཐོབ་པ་ལ་ལྟ་སྨོས་ཀྱང་ཅི་དགོས། དེ་ལ་གལ་ཏེ་ལྟུང་བ་བཤགས་སྟོབས་ཀྱིས་དག་ནས་ངན་སོང་དུ་མ་སྐྱེས་ཀྱང་རང་རྒྱུད་ལ་ཡོན་ཏན་གསར་དུ་སྐྱེ་བའི་གེགས་བྱེད་པས་ན་ས་ཐོབ་པ་ལ་སོགས་པའི་ཡོན་ཏན་སྐྱེ་བ་ལ་ཡུན་རིང་དུ་ཐོགས་པར་འགྱུར་ཏེ། དཔེར་ན་ཏེ་ལོ་བས་ཞག་བདུན་གྱིས་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བ་ལས་ཏིལ་སྤར་གང་ལྐོག་ནས་བླངས་པས་ཟླ་བ་བདུན་འགྱང་བ་ལྟ་བུའོ། །ཞེས་ཀྱང་གསུང་། རྒྱུ་མཚན་དེ་ལྟས་ཏེ་དེ་ལྟ་བས་ན་སེམས་བསྐྱེད་པའི་དུས་སུ་ཇི་ལྟར་ཁས་བླང་ཞིང་དམ་བཅས་པ་བཞིན་དུ། བདག་གིས་བསླབ་པ་ལ་གུས་པས་བག་ཡོད་པའི་སྒོ་ནས་བསྒྲུབ་པ་ལ་འབད་པར་བྱའོ། །གཉིས་པ་ནི། དེང་ནས་སམ་དེ་རིང་ནས་བསླབ་པར་བྱ་བའི་བླང་དོར་གྱི་གནས་ལ་བརྩོན་པར་མ་བྱས་ན་ལྟུང་བའི་དབང་གིས་འདི་ནས་དུད་འགྲོ་ལ་སོགས་པར་འོག་ནས་འོག་ཏུ་ངན་སོང་ནས་ངན་སོང་དུ་སྐྱེ་བ་བརྒྱུད་མར་འགྲོ་ཞིང་སྡུག་བསྔལ་མྱོང་བར་འགྱུར་རོ། །འོན་ཀྱང་བདག་གིས་བརྩོན་པར་མ་ནུས་ནའང་སངས་རྒྱས་བྱང་སེམས་བླ་མ་རྣམས་ཀྱིས་བདག་ངན་སོང་དུ་མི་གཏོང་བར་མཐོ་རིས་དང་ཐར་པའི་ལམ་དུ་འདྲེན་འགྲོའོ་སྙམ་ན། སྔར་ཡང་རང་དོན་ཡིད་བྱེད་མེད་པར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་འབའ་ཞིག་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པ་བྱོན་ནས་སེམས་ཅན་གྱི་དོན་མཛད་དེ་འདས་པར་གྱུར་ཀྱང་། དཔེར་ན་གསོར་མི་རུང་བའི་ནད་པ་ལ་སྨན་པས་ཕན་མི་ཐོགས་པ་བཞིན་དུ་བདག་ནི་རང་གི་སྡིག་པ་མི་དགེ་བ་བྱས་པའི་ཉེས་པས་སངས་རྒྱས་མང་པོ་དེའི་གསོ་བའི་སྟེ་ཕན་གདགས་ཤིང་འདྲེན་པའི་སྤྱོད་ཡུལ་དུ་མ་གྱུར་ཏོ། །དེ་ཡང་དཔེར་ན་འཇིག་རྟེན་གསུམ་གྱི་བླ་མ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་བདག་ཅག་གི་སྟོན་པའི་མདུན་དུ་ལྷས་སྦྱིན་མངོན་སུམ་དུ་དམྱལ་བར་ལྟུང་བ་འདྲེན་དུ་མ་བྱུང་བར་ལྟར་རོ། །ད་དུང་ངམ་ད་རུང་ཡང་སྔར་གྱི་སྤྱོད་པ་དམན་པ་དེ་བཞིན་དུ་བདག་གིས་དགེ་མི་བསྒྲུབ་པར་སྡིག་པ་མི་དགེ་བ་བྱེད་ན། ལན་གཅིག་མ་ཡིན་པར་ཡང་དང་ཡང་དུའང་འོག་ནས་འོག་ཏུ་འགྲོ་བ་དེ་བཞིན་དུ་འགྱུར་ཏེ། ངན་འགྲོར་སྐྱེ་ཞིང་གལ་ཏེ་དེ་ལས་ཐར་ནས་མངོན་མཐོར་སྐྱེས་ན་ཡང་ལས་ཀྱི་ལྷག་མ་ནད་མང་བ་དང་ལྕགས་སྒྲོག་སོགས་ཀྱིས་འཆིང་བ་དང་། རལ་གྲི་སོགས་ཀྱིས་བཅད་པ་དང་དགྲ་སྟྭ་སོགས་ཀྱིས་བཤགས་པ་སོགས་ཀྱི་སྡུག་བསྔལ་མྱོང་བར་འགྱུར་རོ། །གཉིས་པ་རྟེན་དལ་འབྱོར་ལ་བསམ་སྟེ་བག་ཡོད་པར་བྱ་བ་ལ་དལ་འབྱོར་རྙེད་དཀའི་ཚུལ་ལ་བསམ་སྟེ་བག་ཡོད་པར་བྱ་བ། ངན་སོང་ལས་ཐར་དཀའ་བ་ལ་བསམ་སྟེ་བག་ཡོད་པར་བྱ་བ། དལ་འབྱོར་ཐོབ་དུས་དགེ་བ་ལ་འབད་དགོས་པར་བསྟན་པ་དང་གསུམ་ལས། དང་པོ་ནི། ཨུ་དམ་ཝཱ་རའི་མེ་ཏོག་ལྟར་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱོན་པའམ་འབྱུང་བ་དང་། དེའི་བསྟན་པ་ལ་དད་པ་ཡོད་པ་དང་། རྟེན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པ་དང་གསུམ་གྱིས་རིམ་པར་གཞན་འབྱོར་དང་རང་འབྱོར་ལྡན་པ། མི་ཁོམས་པ་སྤང་བས་དལ་བ་དང་གསུམ་བསྟན་ཏོ། །མཐུན་རྐྱེན་འཛོམས་ཤིང་འགལ་རྐྱེན་མེད་པས་དགེ་བ་ལ་གོམས་ཤིང་འགྲུབ་ཏུ་རུང་བས་དེ་ལྟ་བུ་ནི་ཤིན་ཏུ་རྙེད་པར་དཀོན་པ་ཡིན་ན་ད་རེས་ཙམ་ལས་དུས་གཞན་ནམ་ཞིག་རྙེད་ཅིང་ཐོབ་པར་འགྱུར་ཏེ་མི་འགྱུར་བས་ན་དལ་འབྱོར་ཐོབ་པ་དོན་ལྡན་ལ་འབད་པར་བྱ་དགོས་སོ། །དེ་ཡང་འགལ་རྐྱེན་ནད་མེད་པའི་ཉི་མ་འདི་ལྟ་བུ་དང་ལྡན་ཞིང་། མཐུན་རྐྱེན་ཟས་གོས་ལ་སོགས་པ་དང་བཅས་ཤིང་དགྲ་གདོན་སོགས་ཀྱིས་ཉེ་བར་འཚེ་བ་མེད་ཀྱང་ནི། གསོན་པའི་ཚེ་འདི་ནི་སྐད་ཅིག་ཙམ་དུ་ཡང་ཡིད་བརྟན་མི་རུང་བས་བསླུ་བ་སྟེ་སྐད་ཅིག་སྐད་ཅིག་གིས་ཟད་པར་འགྱུར་ཞིང་། ལུས་འདི་ནི་ཡུན་རིང་མི་གནས་པས་ཐང་གཅིག་གིས་བརྙན་པོའམ་གཡར་པོའི་ཀ་ཆ་བཞིན་དུ་གཏན་དུ་སྤྱོད་པའི་དབང་མེད་པར་བདག་པོ་དང་འདྲ་བའི་འཆི་བདག་གིས་ནམ་ལེན་ངེས་པ་མེད་དོ། །བདག་གི་སྔོན་ཆད་ཀྱི་སྤྱོད་པ་བླང་དོར་ལ་བག་མེད་པར་མི་དགེ་བ་སྤྱོད་པ་འདི་འདྲས་གནས་པར་བྱེད་ན་ནི་ད་ཕྱིན་ཆད་ཐར་པ་ལྟ་ཅི་མཐོ་རིས་མི་ཡི་ལུས་ཀྱང་འཐོབ་པར་མི་འགྱུར་བ། དཔེར་ན་སྔོན་ཀླུའི་རྒྱལ་པོ་རྒྱ་མཚོས་དེ་བཞིན་གཤེགས་པ་རྒྱ་མཚོའི་ནང་དུ་སྤྱན་དྲངས་ཚེ་སྔོན་བདག་འདིར་སྐྱེ་དུས་ཀླུ་ཉུང་ལ་ད་ནི་མང་པས་རྒྱ་མཚོར་མི་ཤོང་བ་ལྟ་བུ་ཅི་ལགས་ཞུས་པ་ལ་བཅས་པ་དང་མ་འབྲེལ་བ་དང་འབྲེལ་བའི་ལྟུང་བ་བྱུང་བས་ཡིན་པ་གསུངས་པ་ལྟར་རོ། །མི་ལུས་རིན་པོ་ཆེ་ཐོབ་པར་མ་གྱུར་པར་ངན་སོང་གསུམ་དུ་སྐྱེས་པར་གྱུར་ན། སྡིག་པ་འབའ་ཞིག་བསྒྲུབ་པ་ལས་དགེ་བ་སྒྲུབ་པའི་གོ་སྐབས་མེད་དེ། དེ་ཡང་དུད་འགྲོ་ཕལ་ཆེར་གཞན་གྱི་སྲོག་བཅད་ནས་ཤ་ཁྲག་མ་རྙེད་ན་སྲོག་མི་འཚོ་ཞིང་གཞན་གསོད་ཐབས་ལ་མི་བས་ཀྱང་མཁས་པ་ལྟ་བུ་དང་། དེའི་འཐད་པ་ནི་འདི་འདྲའི་དལ་འབྱོར་ཐོབ་པ་གང་གི་ཚེ་སྒོ་གསུམ་དགེ་བ་ལ་སྤྱད་དུ་རུང་བའི་སྐལ་བ་དང་ལྡན་བཞིན་དུ་ཡང་། དགེ་བ་ཅུང་ཟད་ཙམ་ཡང་བདག་གིས་མ་བྱས་པར་གྱུར་ན། ཚེ་ཕྱི་མ་སྡིག་པའི་འབྲས་བུ་ངན་སོང་དུ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་གྱིས་གཟིར་ཞིང་བླང་དོར་ཀུན་ཏུ་རྨོངས་པ་རུ་གྱུར་པ། དེ་ཡི་ཚེ་བདག་གིས་དགེ་བ་ཅི་ཞིག་བྱར་ཡོད་དེ་བྱ་ཐབས་མེད་དོ། །ངན་འགྲོ་ལས་བཟློག་པར་ཡང་མི་ནུས་ཏེ་འདི་ལྟར་བདག་གིས་ནི་དགེ་བ་ཆུང་ངུ་དག་ཀྱང་མ་བྱས་ལ་སྡིག་པ་ཆེན་པོ་སྣ་ཚོགས་པ་དག་ཀྱང་ཉེར་ཏེ་ཉེ་བར་བསགས་ན་ཡུན་རིང་པོར་བསྐལ་པ་བྱེ་བ་ཕྲག་བརྒྱར་ཡང་ནི་ངན་འགྲོར་བརྒྱུད་མར་ལྟུང་བ་ལས་བདེ་འགྲོར་སྐྱེ་བ་ལྟ་ཅི། ཐ་ན་བདེ་འགྲོའི་སྒྲ་ཙམ་ཡང་ཐོས་པར་མི་འགྱུར་རོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་བཅོམ་ལྡན་འདས་ཀྱིས་ཡང་དག་པར་གདམས་པའི་མདོ་ལས་བརྟག་པ་མཐའ་བཟུང་གི་དཔེར་གསུངས་པ་ས་གཞི་འདི་ཐམས་ཅད་རྒྱ་མཚོར་ཆེར་གྱུར་ཞིང་དེའི་ཁར་རླུང་གིས་ཕྱོགས་ཐམས་ཅད་དུ་ཁུར་ཞིང་གཡེང་བའི་གཉའ་ཤིང་བུ་ག་གཅིག་པ་ཞིག་གི་བུ་གར་རུས་སྦལ་ལོང་བ་ལོ་བརྒྱ་བརྒྱ་རེའི་མཚམས་སུ་སྟེང་དུ་ལན་རེ་འོང་བས་མགྲིན་པ་ཆུད་སྲིད་པ་ཙམ་ཡིན་གྱི་རྒྱ་མཚོ་རྒྱ་ཆེ་ཞིང་གཉའ་ཤིང་ལ་སེམས་མེད་ཅིང་རུས་སྦལ་ལ་མིག་མེད་པ་ལ་སོགས་པའི་ཕྱིར་ན་ཤིན་ཏུ་དཀོན་པ་ལྟར། མི་ལུས་ཉིད་དེ་བས་ཤིན་ཏུ་ཐོབ་པར་དཀའ་ཞེས་ཐོབ་པར་དཀའ་བར་གསུངས་སོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་ལ་ངན་སེམས་སྐྱེས་པའམ་མཚམས་མེད་པར་བྱས་པ་ལྟ་བུ་དུས་མཐའ་འམ་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་ལ་བྱས་པའི་སྡིག་པས་ཀྱང་དུས་ཡུན་རིང་པོ་བར་གྱི་བསྐལ་བའམ་བསྐལ་བ་མནར་མེད་དུ་གནས་ཏེ་སྡུག་བསྔལ་མྱོང་བར་འགྱུར་རོ་ཞེས་གསུངས་ན། དུས་ཐོག་མ་མེད་ནས་ད་ལྟའི་བར་དུ་འཁོར་བར་བསགས་པའི་སྡིག་པ་མི་དགེ་བ་བྱས་པའི་དབང་གིས། ངན་སོང་དུ་ཡུན་རིང་པོར་ཐར་བ་མེད་པར་སྡུག་བསྔལ་མྱོང་བར་འགྱུར་བ་ལས་བདེ་འགྲོར་མི་འགྲོ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ་བཤད་མི་དགོས་སོ། །དེ་ལ་སྦྱིར་རྒྱུ་ཆུང་ཡང་འབྲས་བུ་ཆེ་བ་སྲོག་གཅོད་པ་ན་དུས་ཐུང་ཡང་འབྲས་བུ་ཡུན་རིང་པོ་བར་གྱི་བསྐལ་བར་དམྱལ་བའི་སྡུག་བསྔལ་མྱོང་དགོས་པ་ལྟ་བུ་ཡིན་པས་ན་རང་རེ་རྣམས་ཀྱིས་དུས་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་མྱོང་ནས་ཟད་པ་དང་བཤགས་ནས་དག་ཟིན་པ་མ་ཡིན་པ་ཅི་ཙམ་ཞིག་རང་རང་གི་རྒྱུད་ན་མེད། དེར་མ་ཟད་ད་ལྟ་ལུས་འདིའི་སྟེང་ནས་དུས་སྐད་ཅིག་རེ་ཡང་རྟོགས་ངན་གྱིས་དམྱལ་བར་སྐྱེ་བའི་ལས་ངན་ཅི་ཙམ་ཞིག་མ་བསགས་དེས་ན་སྐྱེས་ནས་མ་ཤིའི་བར་དུ་ལས་ངན་བསགས་པ་འདིས་དམྱལ་བ་ནས་ཐར་པའི་དུས་ཡོད་དཀའ་བ་ཡིན་ལ། ལས་རྣམས་ཀྱི་མྱོང་ཚུལ་ནི། མཛོད་ལས། ལས་ཀྱི་འཁོར་བར་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔོན་བྱས་གང་ཡིན་དེ་དག་ལས། །སྔ་མ་སྔ་མ་སྨིན་པར་འགྱུར། །ཞེས་གསུངས་པ་ལྟར་དགེ་སྡིག་གི་འབྲས་བུ་སྨིན་པའི་སྔ་ཕྱིའང་འཆི་ཚེ་གང་དང་ཉེ་བའི་མྱོང་འགྱུར་གྱི་ལས་དེ་སྔོན་ལ་མྱོང་། དེ་མེད་ན་གང་ལ་གོམས་པ་ཤུགས་ཆེ་བ་དེའམ་དེ་མེད་ན་སྔ་མ་སྔ་མ་རྣམས་སྔོན་ལ་མྱོང་བར་གསུངས་པས་ན་སྡིག་ཅན་འཆི་ཚེ་སྔོན་གྱི་དགེ་བས་བ དེ་འགྲོ་འཐོབ་པ་དང་། ཆོས་ལྡན་ལ་ནི་ཚེ་སྔོན་གྱི་མི་དགེ་བས་དམྱལ་བར་མི་སྐྱེ་བའི་ངེས་པ་མེད་དེ། དེས་བཤགས་མྱོང་གིས་སྔོན་གྱི་ལས་ངན་ཐམས་ཅད་དག་ཅིང་ཟད་པར་མ་ངེས་པའི་ཕྱིར་རོ། །དེ་ལྟར་ནའང་སྔར་བྱས་པའི་ལས་ཀྱི་འབྲས་བུ་ངན་སོང་གི་སྡུག་བསྔལ་དེ་མྱོང་བས་ཟད་ནས་ཐར་བར་འགྱུར་རོ་སྙམ་ན། དམྱལ་བ་ལ་སོགས་པའི་ངན་སོང་གི་སྡུག་བསྔལ་དེ་ཙམ་ཞིག་ཁོ་ན་མྱོང་བར་གྱུར་ནས་ཀྱང་ལས་ངན་པའི་སེམས་ཅན་འདི་ནི་ངན་སོང་གི་གནས་དེ་ལས་རྣམ་པར་ཐར་བར་མི་འགྱུར་ཏེ། དེའི་རྒྱུ་མཚན་འདི་ལྟར་སྔར་བྱས་པའི་ལས་ངན་གྱི་འབྲས་བུ་ངན་སོང་གི་སྡུག་བསྔལ་དེ་ནི་མྱོང་བཞིན་ཏུ་ཡང་། རྒྱུ་མཐུན་གྱི་འབྲས་བུ་གནོད་སེམས་དང་ཁོང་ཁྲོ་དང་སྲོག་གཅོད་པ་ལ་སོགས་པའི་སྡིག་པ་གཞན་དག་ནི་རབ་ཏུ་སྐྱེ་ཞིང་གསོད་པར་འགྱུར་ཏེ། དཔེར་ན་ཁྲ་དང་སྤྱང་ཀུ་དང་ནབས་སོ་དང་འགྲོ་མགྱོགས་གཉིས་ཀྱི་ལོ་རྒྱུས་ལ་སོགས་པ་ལྟ་བུའོ། །དེ་ལ་སྤྱིར་ཤེས་བྱ་མངོན་གྱུར་རྣམས་མངོན་སུམ་དང་ལྐོག་གྱུར་རྣམས་རྗེས་དཔག་དང་། ཤིན་ཏུ་ལྐོག་གྱུར་ལས་རྒྱུ་འབྲས་རྣམས་རྒྱལ་བའི་བཀའ་ལུང་ཚད་མ་རྣམས་ཀྱིས་གཞལ་དགོས་པ་འདི་རིགས་པས་སྒྲུབ་བྱེད་དུ་གསུང་བ་ལྟར་ན་རིགས་པ་ལ་བྱ་བྱེད་ལྟོས་པ་ཆོས་ཉིད་འཐད་སྒྲུབ་ཀྱི་རིགས་པ་བཞི་ལས་ཕྱི་མ་ཡིན་ནོ། །འོན་ཀྱང་དམྱལ་བའི་འགྲོ་བ་རྣམ་སྨིན་གྱི་ས་པ་ཡིན་པས་རྒྱུ་ལས་གསོག་པ་དང་དེའི་འབྲས་བུ་ཡང་རིམ་གྱིས་མྱོང་ན་ནམ་ཡང་དེ་ལས་ཐར་པའི་སྐབས་མེད་པ་ཞིག་ཏུ་འགྱུར་བའི་ཕྱིར་འདིའི་དགོངས་པ་ཇི་ལྟར་ཡིན་མ་ཤེས་པས་མཁས་པ་རྣམས་ཀྱིས་ལེགས་པར་དཔྱད་པར་ཞུ། གསུམ་པ་ནི། དམ་པའི་ཆོས་བསྒྲུབ་ན་འགྲུབ་རུང་བ་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་འདི་འདྲའི་དལ་བ་མི་ལུས་རིན་པོ་ཆེ་འདི་འདྲ་བ་རྙེད་དེ་ཆོས་དང་བླ་མ་བཟང་པོ་ལ་འཕྲད་པར་གྱུར་ནས་བདག་གིས་རབ་ཚེ་འདིར་གཏད་སྲིད་ཟིན་པ་དང་། འབྲིང་ཕྱི་མ་མི་ལུས་ཐོབ་ནས་བྱང་ཆུབ་སེམས་དཔའི་རིགས་སད་ཐུབ་པ་དང་། ཐ་ན་འཆི་ཁར་འགྱོད་པ་མེད་པའི་དགེ་བ་ལ་ཅི་ཡང་གོམས་པར་མ་བྱས་པའམ་དགེ་བ་ཅི་ཡང་མི་བསྒྲུབ་པར་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་ཡེངས་མ་ལམ་ལ་མི་ཚེ་སྟོང་ཟད་བྱས་ན་རང་གིས་རང་བསླུས་པ་འདི་ལས་བསླུས་ན་བསླུ་ཚབ་དེ་བས་ཆེ་བར་གྱུར་པ་གཞན་གཅིག་ཀྱང་མེད་དེ་རང་གིས་རང་རྨོངས་པར་བྱས་པ་འདི་ལས་བླང་དོར་ལ་ཤིན་ཏུ་རྨོངས་ཚབ་ཆེ་བར་གྱུར་པའང་གཞན་འགའ་ཡང་མེད་དོ། །དེས་ན་ཡུལ་བསླུ་བྲིད་མཁས་བས་རྗེས་སུ་མི་འབྲང་། རིག་པ་ཅོལ་ཅུང་བས་རྨོངས་པའི་གཞན་དབང་དུ་མི་གཏོང་བར་བག་ཡོད་བསྐྱེད་དེ་དམ་པའི་ཆོས་རྣམ་དག་ཞིག་བསྒྲུབ་དགོས་སོ། །གལ་ཏེ་བདག་གིས་དལ་འབྱོར་ཐོབ་དུས་དགེ་བ་མ་བསྒྲུབ་ན་རང་གིས་རང་ཤིན་ཏུ་བསླུས་ཤིང་རྨོངས་ཚབ་ཆེས་ཆེ་བ་དེ་རྟོགས་པའམ་ཤེས་ནས་ཀྱང་སྨིག་རྒྱུའི་ཆུས་རི་དྭགས་བསླུས་པ་བཞིན་དུ་འདོད་ཡོན་ལ་སྲེད་ཅིང་རྙེད་བཀུར་སྙན་གྲགས་སོགས་བསྒྲུབ་པས་འཁྲུལ་ཞིང་རྨོངས་པའི་དབང་དུ་གྱུར་པས་ད་དུང་ངམ་ཕྱིས་ཀྱང་བདག་ལྟས་ཆོས་བསྒྲུབ་མི་ནུས་སོ་སྙམས་པས་ཡིད་ཆད་ཅིང་སྒྱིད་ལུགས་པ་སྟེ། རང་གི་ཆོས་སྐལ་རང་གིས་བཅད་དེ་ང་རིག་པ་ངན་པས་སློབ་གཉེར་མི་ཤེས་ང་ཞེ་སྡང་ཆེ་བས་སྙིང་རྗེ་མི་འོང་། ང་རྣམ་གཡེང་ཆེ་བས་བརྩོན་འགྲུས་མི་ནུས་ཞེས་པ་ལ་སོགས་པས་རང་གིས་རང་བརྙས་ནས་མི་ཚེ་སྟོང་ཟད་བྱས་ནས་རང་གིས་རང་ཕུང་བར་བྱས་ན། ཚེ་འདིའི་མཐར་ནི་འཆི་བར་འགྱུར་བའི་དུས་ཀྱི་ཚེ། སྐྱེ་དཀའ་བ་འཛམ་བུའི་གླིང་དུ་སྐྱེས། ཐོབ་དཀའ་བ་དལ་འབྱོར་གྱི་མི་ལུས་ཐོབ། མཇལ་དཀའ་བ་བླ་མ་དང་ཆོས་དང་མཇལ་བས་དམ་པའི་ཆོས་ཤིག་བསྒྲུབ་ན་འགྲུབ་པར་འགྱུར་བ་ལ་བདག་གིས་མ་བསྒྲུབས་པ་ང་རེ་འགྱོད་སྙམ་དུ་བྲང་སེན་རྗེས་ཀྱིས་བཀང་ནས་སེམས་ལ་མྱ་ངན་ཆེན་པོ་ལྡང་བའམ་སྐྱེ་བར་འགྱུར་ལ་ཤི་འཕོས་ནས་ཀྱང་དམྱལ་བར་ལྟུང་སྟེ། ཐ་མལ་ཙན་དན་དུས་མཐའ་དང་། །དམྱལ་མེ་རྣམས་ནི་བདུན་འགྱུར་རོ། །ཞེས་པའི་དམྱལ་བའི་མེ་ཤིན་ཏུ་བཟོད་པར་དཀས་ཞེས་བཟོད་དཀའ་བས་དུས་ཡུན་རིང་དུ་བདག་གི་ལུས་ཀྱང་ད་ལྟ་ལས་ཤིན་ཏུ་གཞོན་ཤ་ཅན་ལ་བསྲེགས་པའི་སྡུག་བསྔལ་མྱོང་བར་གྱུར་པའི་ཚེ་ན། བདག་གིས་ཆོས་ཞིག་བསྒྲུབས་ན་འདི་འདྲ་མྱོང་དོན་མེད་པས་ཆོས་ཞིག་མ་འགྲུབ་བོ་སྙམ་དུ་བསམས་ནས་སམ་དམྱལ་བསྲུང་རྣམས་ཀྱིས་ལས་འདི་ལྟ་བུ་བྱས་པས་སྡུག་བསྔལ་མྱོངས་བ་ཡིན་ནོ་ཟེར་བ་ན་ནང་སེམས་ལ་འགྱོད་པ་མི་བཟད་པ་མེ་རབ་ཏུ་འབར་བ་དང་འདྲ་བ་སྐྱེ་བས་སེམས་ལ་སྡུག་བསྔལ་གྱི་གདུང་བ་དྲག་པོ་བཟོད་པར་དཀའ་བ་མྱོང་བར་འགྱུར་བར་གདོན་མི་ཟ་བ་སྟེ་ཐེ་ཚོམ་མེད་དོ། །རྒྱུ་དཔེ་གྲངས་གསུམ་གང་ལ་བསམ་ན་ཤིན་ཏུ་རྙེད་པར་དཀའ་བ་རྙེད་ནས་ཕན་བདེ་སྒྲུབ་པའི་གཞིའམ་ས་ཆ་དགེ་བ་དམ་པའི་ཆོས་བསྒྲུབ་ཆོག་པའི་དལ་འབྱོར་གྱི་ལུས་འདི་འདྲ་བ། ཇི་ཞིག་ལྟར་ཡུན་རིང་པོ་ནས་མ་རྙེད་པ་ད་རེས་བསོད་ནམས་ཀྱི་སྟེས་དབང་གིས་རྙེད་པར་གྱུར་ནས་བདག་རང་ཉིད་སྨྱོ་འཁྲུལ་གྱི་དབང་དུ་མ་སོང་ཞིང་ཕན་གནོད་ངོ་ཤེས་པའི་སེམས་དང་ལྡན་བཞིན་དུ་སླར་ཡང་ངམ་ཕྱིར་ཡང་སྡིག་པ་མི་དགེ་བ་བྱས་ཏེ་སྔར་སྐྱེས་པའི་གནས་དམྱལ་བ་དེར་རང་གིས་རང་ཁྲིད་འགྲོ་ན་ཞེས་དམྱལ་བ་ནས་འདིར་འོང་བ་ཡིན་པར་ཅིས་ཤེས་ན་དཔེར་ན་ཕ་རྒྱ་མཚོར་འགྲོ་ཚེ་བུ་གཞོན་ནུའི་ཆེད་དུ་གཉེན་རྣམས་ལ་ཁ་ཆེམ་བཞག་བ་ལྟར་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་ཁར་འཕགས་མཆོག་སྤྱན་རས་གཟིགས་དང་འཇམ་པའི་དབྱངས་སོགས་ལ་བདག་ཉིད་ལ་ཅུང་ཟད་འབྲེལ་བ་ཐོགས་པ་ད་ལྟ་དམྱལ་བ་ན་གནས་པའི་སེམས་ཅན་རྣམས་ནམ་ཞིག་དེ་ལས་ཐར་ཏེ་མི་ལུས་ཐོབ་པའི་ཚེ་དེ་རྣམས་ལ་བདག་གིས་བསྐལ་བ་གྲངས་མེད་གསུམ་དུ་བསགས་པའི་ཆོས་ཀྱི་མཛོད་འདི་གཏོད་ཅིག་ཅེས་བཀའ་སྩལ་བ་འདིས་ཤེས་པས་ན་གནས་དེར་སླར་རང་གིས་རང་འཁྲིད་ཅིང་བརླག་པར་བྱེད་ན། འགའ་ཞིག་གིས་རིགས་སྔགས་ཀྱིས་མགོ་འཁོར་སྒྲུབ་པས་རྨོངས་པར་བྱས་པ་བཞིན་དུ་གྱུར་པ་ཡིན་ནམ། བདག་ལ་དེང་གི་སྐབས་འདིར་ཕན་གནོད་ངོ་ཤེས་པའི་སེམས་མེད་པ་ཉིད་དུ་ཟད་དེ། ཀུན་མཁྱེན་ཆེན་པོས། བཤད་པས་མི་གོ་བསྟན་ཡང་མི་རྟོགས་པ། །བདག་སྙིང་ལྕགས་ཀྱི་གང་བུ་ཆེན་པོའམ། །རྡོ་ཡི་ཁམས་བཞིན་སེམས་པ་མེད་པར་ཟད། །ཞེས་གསུངས་པ་ལྟར་སེམས་མེད་པ་ཡིན་ནམ། ལེགས་པར་བརྟགས་ན་དེ་གཉིས་གང་ཡང་མ་ཡིན་མོད་འོན་ཀྱང་རྒྱུ་ཅིས་རྨོངས་ཤིང་འཁྲུལ་བ་ཡིན་པའི་ཚུལ་བདག་གིས་ཀྱང་མ་ཤེས་ཏེ། བདག་གི་ལུས་ཀྱི་ཁོང་འདི་ན་ཚུལ་ཁྲིམས་བསྲུང་བ་དང་ཐོས་བསམ་བྱེད་པ་སོགས་དམ་པའི་ཆོས་ཤིག་བསྒྲུབ་སྙམས་ཀྱང་རང་དབང་མེད་པར་བསྒྲུབ་ཏུ་མི་འཇུག་པས་རྨོངས་པར་བྱེད་པ་པོ་ཅི་ཞིག་ཡོད་དེ་ཅིག་ཡོད་ངེས་པས་ད་སྔ་ངོས་མ་ཟིན་པས་འདི་ཅི་ཞིག་ཡིན་ཞེས་ཡང་ཡང་བརྟགས་དགོས་སོ། །གསུམ་པ་སྤང་བྱ་ཉོན་མོངས་པ་ལ་བསམ་སྟེ་བག་ཡོད་པར་བྱ་བ་ལ། ཉོན་མོངས་པའི་ཉེས་དམིགས་བཤད་པ། ཉོན་མོངས་སྤང་བའི་དཀའ་སྤྱད་བཟོད་པ། ཉོན་མོངས་ཇི་ལྟར་སྤང་བའི་ཚུལ་བཤད་པ་དང་གསུམ་ལས། དང་པོ་ནི། དེ་ལྟར་བརྟགས་ཚེ་བདག་གི་ཁོང་ན་རྨོངས་པར་བྱེད་པ་པོ་ཅི་ཞིག་ཡོད་ན་སྲིད་པའི་ཕ་མ་ཞེ་སྡང་དང་སྲེད་པ་འདོད་ཆགས་སོགས་ཁོང་ནས་གཏི་མུག་ལ་སོགས་པའི་ཉོན་མོངས་པའི་དགྲ་རྣམས་ཡོད་པ་ཡིན་ལ་ཉོན་མོངས་པའི་དགྲ་བོ་དེ་རྣམས་ནི། མགོ་དང་རྐང་ལག་ལ་སོགས་པའི་གཟུགས་སུ་གྲུབ་པའི་དམག་གོ་ཆ་ཅན་གོ་འཕྲུ་ཅན་མཚོན་ཆ་སྣ་ཚོགས་ཐོག་པ་ཞིག་ཡོད་པ་མིན་ལ། དཔའ་བོ་བརྩོན་འགྲུས་ཅན་ཡང་མ་ཡིན་ཏེ་ལེ་ལོ་དང་མཚུངས་ལྡན་ཡིན་ལ་བསླུ་བྲིད་མཁས་པས་མཛངས་པ་ཤེས་རབ་ཅན་ཞིག་ཀྱང་མིན་ཏེ་གཏི་མུག་དང་མཚུངས་ལྡན་ཡིན་ཡང་ཇི་ཞིག་ལྟར་ཉོན་མོངས་པ་དེ་དག་གིས་བླ་མ་དཔོན་པོ་སོགས་མཐོ་དམན་དྲག་ཞན་བདག་གཞན་ཐམས་ཅད་བྲན་གཡོག་བཞིན་དུ་རང་དབང་མེད་པར་བཀོལ་ཞིང་སྡུག་བསྔལ་བར་བྱས་པ་སྟེ། ཇི་ལྟར་ན་རྙེད་བཀུར་སྙན་གྲགས་ལོངས་སྤྱོད་ཡོངས་ཚོལ་གྱིས་ཉིན་མི་དལ་མཚན་མི་གཉིད་པར་འདོད་ཆགས་ཀྱི་གཡོག་དང་། རང་སྲོག་འདོར་བ་ལ་སོགས་པའི་གང་ལའང་མི་འཛེམ་པར་ཞེ་སྡང་གི་གཡོག་བྱེད་པ་ལ་སོགས་པ་ཉོན་མོངས་པའི་བཀའ་གང་སྩལ་བ་ཉིད་རང་དབང་མེད་པར་སྒྲུབ་དགོས་པས་བྲན་དུ་གྱུར་པའི་སྡུག་བསྔལ་གྱི་མནར་བ་བྱེད་པ་དང་། དེ་འདྲའི་དགྲ་བོ་དེ་ལ་འདུག་པའི་གནས་ཁང་ཡང་གཞན་མེད་པར་བདག་གི་སེམས་ལྷ་ཁང་ལྟ་བུ་ལ་གནས་འགྲོན་ལྟར་གནས་བཅས་བཞིན་དུ་ཕར་ལ་ཆགས་སྡང་ལ་སོགས་པའི་ཉོན་མོངས་པའི་གཡོག་ཅི་འདོད་ལྟར་དགའ་མགུར་བསྒྲུབ་པར་བྱས་ཀྱང་སླར་ཚུར་ལ་འཛེམ་བག་མེད་པར་དགའ་མགུར་བདག་ལ་ཚེ་འདི་དང་ཕྱི་མ་ཀུན་ཏུ་གནོད་པ་སྣ་ཚོགས་བྱེད་པ་ཡི་ཉོན་མོངས་པའི་དགྲ་བོ་དེ་ལའང་མི་ཁྲོ་བར་བཟོད་པ་ནི་བཟོད་པ་བསྒོམ་པའམ་བཟོད་པར་བྱ་བའི་གནས་མིན་པ་ལ་གཟོད་པར་བྱས་པ་འདི་ནི་རྒྱལ་བ་སྲས་དང་བཅས་པས་སྨད་པའི་གནས་ཡིན་ནོ། །ཉོན་མོངས་པའི་དགྲ་བོ་འདི་ཡིས་གནོད་ཚབ་ཆེ་བ་ལ་བསམ་ན་གལ་ཏེ་ལྷ་ཡི་དབང་པོ་དང་ལྷ་མིན་གྱི་དབང་པོ་འཁོར་དང་བཅས་པ་ལ་སོགས་པ་འཇིག་རྟེན་ན་སྟོབས་ཆེ་བར་གྲགས་པ་རེ་རེས་ཀྱང་མི་སྟོང་ཕྲག་མང་པོ་གཞོམ་ནུས་པ་དེ་རྣམས་མ་ལུས་པ་ཐམས་ཅད་བདག་ཁོ་ན་ལ་དགྲར་ལངས་ཀྱང་ཚེ་འདིའི་ལུས་དང་ལོངས་སྤྱོད་ལ་གནོད་པ་ཙམ་ནུས་མོད་ཀྱི་དགྲ་བོ་དེ་དག་གིས་ཀྱང་བདག་དམྱལ་བ་མནར་མེད་པའི་མེ་རབ་ཏུ་འབར་བའི་ནང་དུ་འཁྲིད་ཅིང་འཇུག་པར་བྱེད་མི་ནུས་ལ། འདོད་ཆགས་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་སྟོབས་ཤིན་ཏུ་ཆེན་པོ་དང་ལྡན་པའི་དགྲ་བོ་འདིས་ནི། དམྱལ་བའི་མེ་གང་དང་འཕྲད་ན་དངོས་པོ་གཞན་ལྟ་ཞོག་དཔག་ཚད་བརྒྱད་ཁྲི་ཡོད་པའི་རི་ཡི་རྒྱལ་པོ་རྒྱ་ཆེ་ཞིང་བརྗིད་པ་བརྟན་པའི་རི་རབ་ཀྱང་སྐད་ཅིག་གིས་ཐལ་བ་ཙམ་ཡང་ནི་མི་ལུས་པར་བསྲེག་པར་ནུས་པ་ཡི་དམྱལ་བ་མནར་མེད་པའི་མེ་ནང་དེར་བདག་བྱང་ཆུབ་སེམས་དཔའ་ལ་གནོད་སེམས་སྐྱེས་པ་ལྟ་བུའི་དུས་སྐད་ཅིག་མ་གཅིག་ལ་འདོར་བར་བྱེད་པས་ན་དགྲ་དེ་དག་སྤང་དགོས་སོ། །གནོད་ཡུན་རིང་བ་ལ་བསམ་ན། བདག་གི་ཉོན་མོངས་པའི་དགྲ་བོ་གང་ཡིན་པ་འདིས་དུས་རིང་པོ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་གནོད་པ་བྱས་ཤིང་གཉེན་བོས་མ་བཅོམ་ན་ད་དུང་ཡང་འཁོར་བ་མཐའ་མེད་པའི་བར་དུ་འདི་ཕྱི་ཀུན་ཏུ་གནོད་པ་བྱེད་པ་ལྟར་ནོར་ལོངས་སྤྱོད་སོགས་འཕྲོག་པའི་དགྲ་བོ་གཞན་ཀུན་ཀྱང་ཉོན་མོངས་པའི་དགྲ་བོ་དེ་ལྟ་བུར་ཡུན་རིང་པོར་ཐུབ་པ་གཅིག་ཀྱང་ཡོད་པ་མ་ཡིན་ནོ། །དེས་ན་གཉེན་པོ་ལ་འབད་པར་བྱའོ། །བརྟེན་པར་དཀའ་བ་ལ་བསམ་ན་ཐ་མལ་གྱི་དགྲ་གཞན་ལ་རྒྱུ་ནོར་ཟས་གོས་སོགས་ཅི་འདོད་བྱིན་ཏེ་ཡིད་དང་མཐུན་པར་རིམ་གྲོ་བསྐྱེད་ཅིང་བསྟེན་པར་བྱས་ན་ཚུར་ལེན་དུ་དུས་རྒྱུན་ཐམས་ཅད་དུ་ཕན་པ་དང་བདེ་བའི་ཐབས་ཕན་ཅི་ཐོགས་བྱེད་པ་ཡིན་ན། ཆགས་སྡང་རྨོངས་གསུམ་སོགས་ཉོན་མོངས་དགྲ་བོ་རྣམས་ནི་ཉོན་མོངས་པས་ཅི་འདོད་ལྟ་བུས་བསྟེན་པར་བྱས་ན་ཕན་པ་དང་བདེ་བ་མི་བྱེད་པར་མ་ཟད་ཕྱིར་ཞིང་ཚེ་འདི་དང་ཕྱི་མར་སྡུག་བསྔལ་སྣ་ཚོགས་ཀྱིས་གནོད་པ་བྱེད་པས་ན་དེ་ལ་མི་བསྟེན་པར་སྤང་བར་བྱ་དགོས་སོ། །གོང་དུ་ཇི་སྐད་བཤད་པའི་ཚུལ་དེ་ལྟར་དུས་ཡུན་རིང་པོ་ཐོག་མཐའ་མེད་པར་སྐད་ཅིག་མ་ཙམ་དུ་ཡང་རྒྱུན་མི་ཆད་པར་རྒྱུན་ཆགས་སུ་རྒྱུ་མཚན་ཅི་ཡང་མེད་པར་ངང་གིས་མེའི་རང་བཞིན་ཚ་བ་བཞིན་དུ་དགྲར་གྱུར་པ་ཚེ་འདི་དང་ཕྱི་མའི་སྡུག་བསྔལ་སྣ་ཚོགས་ཀྱིས་གནོད་པའི་ཚོགས་རབ་ཏུ་འཕེལ་བའི་རྒྱུ་གཅིག་པུ་ཉིད་དུ་གྱུར་བའི་ཉོན་མོངས་པའི་དགྲ་བོ་འདི་རྣམས་བདག་གི་སྙིང་ལྷ་ཁང་ལྟ་བུ་ལ་ངེས་པར་གནས་འཆའ་བའམ་བཅས་ནས་འདུག་པ་དེའི་བཀའ་རབ་ཞིག་བསྒྲུབ་ན་གནོད་པ་རབ་ཞིག་དང་། འབྲིང་ཞིག་བསྒྲུབ་ན་གནོད་པ་འབྲིང་ཞིག་དང་། ཐ་མ་ཞིག་བསྒྲུབ་ན་གནོད་པའང་ཐ་མའམ་ཆུང་ངུ་ཞིག་བྱེད་ལ། གཏན་ནས་མ་བསྒྲུབ་ན་གནོད་པའང་གཏན་ནས་མི་བྱེད་པའི་ཉོན་མོངས་པའི་དགྲ་འདི་སྙིང་ལ་གནས་བཅས་ནས་ཡོད་ན། དེ་ཐམས་ཅད་ཀྱི་རྩ་བ་སྡུག་བསྔལ་གྱི་རང་བཞིན་མེ་ཡི་འོབས་དང་དུག་སྦྲུལ་གྱི་གཟེབ་ལྟ་བུའི་འཁོར་བར་སྐྲག་པའམ་འཇིགས་པ་མེད་པར་འདི་ལ་བདག་དགའ་བར་གྱུར་པས་ལན་པ་ཡིན་པས་འཁོར་བ་ལ་ཆགས་ཤིང་དགའ་བར་ག་ལ་འགྱུར་ཏེ་འགྱུར་མི་རིགས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་འཁོར་བའི་སྡུག་བསྔལ་མི་འདོད་བཞིན་དུ་སྙིང་རྗེའི་དབང་གིས་སྐྱེ་བ་བླངས་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན་གྱི་འཁོར་བ་ལ་དགའ་ཞིང་འདོད་ནས་མ་ཡིན་ཏེ། གལ་ཏེ་ཡིན་ན་སེམས་ཅན་རྣམས་ཀྱང་འཁོར་བ་ལ་གནས་ནས་མི་ཐར་བར་འདོད་དགོས་ན་དེ་ལྟ་མ་ཡིན་པར་སེམས་ཅན་གྱི་འཁོར་བའི་སྡུག་བསྔལ་མི་བཟོད་པ་དེས་རང་ཡང་དེ་མི་བཟོད་པར་རང་གི་སྡུག་བསྔལ་ཁྱད་དུ་བསད་ནས་གཞན་དོན་དུ་འཁོར་བ་མི་སྤོང་བ་ཡིན་ནོ་གསུངས། ཁམས་གསུམ་འཁོར་བའི་བཙོན་རའི་ནང་ནས་ཐར་དུ་མི་འཇུག་པའི་བསྲུང་མ་བྱེད་ཅིང་དམྱལ་བ་ཡང་སོས་ལ་སོགས་པའི་གནས་སུའང་སྲོག་བཅད་པའི་གསོད་བྱེད་ཀྱི་གཤེད་མར་སྣང་བར་གྱུར་པ་ཡི་ཉོན་མོངས་པ་འདི་དག་ནི། གལ་ཏེ་བདག་གི་བློ་ལ་གནས་ཏེ་སྤང་དུ་མི་འདོད་པའི་ཆགས་པའི་དྲྭ་བ་ནི་མི་འབྲལ་བར་བྱ་བྱ་འཛིན་གྱི་དྲྭ་བས་བཟུང་བ་ལྟར་གནས་པར་གྱུར་ན་བདག་ལ་ཚེ་འདི་ཕྱི་ཀུན་ཏུ་བདེ་བ་ཡི་གོ་སྐབས་ག་ལ་ཡོད་དེ་མེད་པས་འདི་ཉིད་སྤོང་བ་ལ་འབད་པར་བྱའོ། །གཉིས་པ་ནི། དེ་ལྟར་ཉོན་མོངས་ངོས་ཟིན་ཅིང་ཉེས་དམིགས་ཤེས་པ་ཙམ་གྱིས་མི་འོང་བས་སྤང་དགོས་ལ་དེའང་དུས་ཇི་སྲིད་བདག་གིས་དགྲ་ཉོན་མོངས་པ་འདི་དག་མགོ་ནོན་ལྟ་བུ་མ་ཡིན་པར་མངོན་སུམ་ཉིད་དུ་ངེས་པར་མ་བཅོམ་པའམ་མ་སྤང་བ་དེ་སྲིད་དུ་བདག་གིས་ཉོན་མོངས་པའི་གཉེན་པོ་རང་བརྒྱུད་ལ་བསྐྱེད་ཅིང་བསྒོམ་པའི་སྐབས་འདིར་བརྩོན་འགྲུས་སྲོག་ལ་བབ་ཀྱང་མི་འདོར་བར་འབད་པར་བྱ་ཞེས་དམ་བཅས་ནས་བརྩོན་དགོས་ཏེ། དཔེར་ན་རེ་ཞིག་ཐ་མལ་པའི་དགྲ་བོ་རྟ་ནོར་སོགས་འཕྲོག་པས་གནོད་བྱེད་ཆུང་ངུ་ཙམ་ལ་ཡང་ཁྲོས་པ་གྱུར་པ་ཡི་ང་རྒྱལ་ཆེན་པོ་བདོ་སྟེ་ཤུགས་ཆེན་པོ་བསྐྱེད་པ་རྣམས་ཀྱིས་དགྲ་དེ་མ་བཅོམ་གྱི་བར་དུ་ཐ་ན་གཉིད་ཙམ་ཡང་མི་འོང་བ་ཙམ་གྱིས་བརྩོན་པ་བསྐྱེད་པར་བྱེད་ན་གནོད་བྱེད་ཆེན་པོ་ཉོན་མོངས་པའི་དགྲ་འཇོམ་པ་ལ་བརྩོན་པ་ཆེན་པོ་བསྐྱེད་དགོས་པ་སྨོས་ཅི་དགོས་སོ་ཞེས་དཔེ་རྗེས་སུ་བསྟན་པ་འདི་ཟླ་བོ་དངོས་པོའི་དཔེ་ཞེས་གསུངས། བདག་གིས་འབད་པས་གཞོམ་པར་མ་བྱས་ན་ཡང་རང་བཞིན་གྱིས་ཡུན་རིང་པོར་མི་ཐོགས་པར་འཆི་བར་འགྱུར་བས་སྡུག་བསྔལ་གྱི་དབང་དུ་གྱུར་པའི་དགྲ་བོ་ཐ་མལ་པ་ཉོན་མོངས་པ་ཞེས་སྨད་པའི་ཚིག་སྟེ་ཉམས་ཐག་ཅིང་སྙིང་རྗེ་བའི་གནས་སུ་གྱུར་པའི་དགྲ་བོ་འདི་དག་དང་གཡུལ་ངོར་ཕན་ཚུན་འགྲན་པའི་འཐབ་མོ་ལ་གྲལ་དུ་དངར་ནས་དཔུང་བསྒྲིགས་པའི་ཚེ་ནན་ཏན་གྱིས་དགྲ་བོ་དེ་གཞོམ་པར་འདོད་པ་ཡང་རང་ལ་མདའ་དང་མདུང་དང་རལ་གྲི་ལ་སོགས་པའི་མཚོན་གྱིས་ཕོག་པའི་སྡུག་བསྔལ་དྲག་པོ་ཡོད་པར་ཤེས་ཀྱང་ཁྱད་དུ་བསད་ནས། དགྲ་བོ་དེ་གསོད་པ་སོགས་དོན་དེ་མ་གྲུབ་ཀྱི་བར་དུ་ཕྱིར་ཕྱོགས་ཏེ་ལོག་ནས་འབྱེར་ཞེས་བྲོས་པར་མི་བྱེད་པ་ཡིན་ན་འབད་པས་སྤང་ཞིང་གཞོམ་པར་མ་བྱས་ན་དུས་རྟག་ཏུ་ཚེ་འདི་ཕྱིའི་སྡུག་བསྔལ་སྣ་ཚོགས་པ་ཀུན་གྱི་རྒྱུར་གྱུར་པ་མེའི་རང་བཞིན་ཚ་བ་བཞིན་དུ་རྒྱུ་མཚན་ཅི་ཡང་མི་དགོས་པར་རང་བཞིན་གྱི་དགྲར་ངེས་པ་མཆོག་དམན་སུའི་རྒྱུད་ལས་སྐྱེས་ན་བརླག་པར་བྱེད་པའི་ཉོན་མོངས་པ་འདི་དག་གཞོམ་པའམ་སྤང་བའི་དོན་དུ་བརྩོན་འགྲུས་རྩོམ་པ་བདག་ལ་དེང་གི་དུས་འདིར་གཉེན་པོ་ལ་འབད་པའི་ཆེད་དུ་ཁ་ཟས་མེད། ལག་ནོར་མེད། རྒྱབ་གོས་མེད། རྐྱེན་ངན་པ་ལ་སོགས་པའི་སྡུག་བསྔལ་བརྒྱ་ཕྲག་མང་པོའི་རྒྱུར་གྱུར་པའི་གནོད་པ་གང་གིས་ཀྱང་། སྔར་ངས་ཉོན་མོངས་པའི་གཉེན་པོ་བརྟེན་ཀྱང་སྤོང་མ་ནུས་སྙམ་དུ་སེམས་ཞུམ་ཞིང་ཡིད་ཆད་པ་དང་ད་རུང་ཡང་ངས་སྤངས་མི་ནུས་སོ་སྙམ་པས་གཉེན་པོ་བརྟེན་པ་ལ་མི་སྤྲོ་ཞིང་སྒྱིད་ལུགས་པར་མི་འགྱུར་བར་ཉོན་མོངས་པའི་དགྲ་འདི་མ་ཐུལ་གྱི་བར་དུ་བརྩོན་པ་མི་འདོར་བར་ལྟ་སྨོས་ཀྱང་ཅི་དགོས་ཏེ་ཡིད་ཆད་དང་སྒྱིད་ལུགས་བྱེད་མི་ཉན་ནོ། །གང་དང་འཐབ་པ་དོན་ཆེན་པོ་མེད་པར་གཡུལ་དུ་དགྲ་བོ་ཡིས་རང་གི་མགོ་ལ་སོགས་པའི་ལུས་ལ་རལ་གྲི་སོགས་ཀྱིས་རྨ་ཡི་སྲོལ་ལམ་ཤུལ་བཏོད་པ་ཡང་རང་རང་གི་ལུས་ལ་རྒྱན་ཆ་དང་འདྲ་བར་སྲེལ་ཞིང་མི་དཔའ་བོ་ཡིན་པའི་རྟགས་སུ་གཞན་ལ་ངོམ་པར་བྱེད་ན་རང་དང་གཞན་གྱི་དོན་ཆེན་པོ་སངས་རྒྱས་སྒྲུབ་པར་བྱ་བའི་ཕྱིར་དུ་བྱང་ཆུབ་སེམས་དཔའ་བསླབ་པ་རྣམས་ལ་ཡང་དག་པར་བརྩོན་འགྲུས་རྩོམ་པར་གྱུར་པ་བདག་ལ་གཉེན་པོ་ལ་འབད་པའི་སྡུག་བསྔལ་གང་བྱུང་ཡང་ཅི་ཡི་ཕྱིར་གནོད་བྱེད་ཡིན་ཏེ་མ་ཡིན་པར་མ་ཟད་སྒྲིབ་པ་འདག་པ་ལ་སོགས་པས་ན་ཕན་འདོགས་བྱེད་ཉིད་ཡིན་ནོ། །ཐ་ན་ཉ་པ་དང་གདོལ་པ་སྟེ་ཤན་པ་ཞིང་ལས་པ་ལ་སོགས་པ་རང་གི་འཚོ་བ་ཙམ་ཞིག་དོན་དུ་གཉེར་ཞིང་བསྒྲུབ་པར་སེམས་པ་ལ་ཡང་ཉིན་མི་དལ་མཚན་མི་གཉིད་པར་རྐང་ཁྲག་རྡོ་ལ་ཟད་ལག་ཁྲག་ཤིང་ལ་ཟད་དེ་གྲང་བ་དང་ཚ་བ་དང་ཆར་དང་རླུང་ལ་སོགས་པའི་སྡུག་བསྔལ་གྱི་གནོད་པ་ཁྱད་དུ་བསད་ནས་བཟོད་པར་བྱེད་དགོས་ན། འགྲོ་བ་རྣམས་གནས་སྐབས་བདེ་འགྲོ་དང་མཐར་ཐུག་གི་བདེ་བ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པའི་ཕྱིར་བདག་ལྟ་བུའི་ལམ་གྱི་དཀའ་སྤྱད་ཀྱི་གནོད་པ་ཅིས་མི་བཟོད་དེ་ངེས་པར་བཟོད་དགོས་སོ། །སྔར་སེམས་བསྐྱེད་པའི་དུས་སུ་ཕྱོགས་བཅུ་ན་གནས་པ་ནམ་མཁའི་མཐས་གཏུགས་པར་ཁྱབ་པའི་འགྲོ་བ་སེམས་ཅན་མ་ལུས་པ་རྣམས་མ་བསྒྲལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་གྲོལ་བ་དང་། དབུགས་མ་བྱུང་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ་ཞེས་ལས་དང་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་མཐའ་དག་ལས་བསྒྲལ་བར་བྱའོ་ཞེས་དམ་བཅས་པའི་དུས་གང་གི་ཚེ་བདག་རང་ཉིད་ཀྱང་། ཆགས་སོགས་ཉོན་མོངས་པ་རྣམས་ལས་ཅུང་ཟད་ཙམ་ཡང་མ་གྲོལ་བར་གནས་ན། བདག་རང་གི་ནུས་པའི་ཚོད་ཀྱང་མི་ཤེས་པར་དེ་ལྟར་བ་བཅོལ་དུ་སྨྲ་བ་འདི་ཇི་ལྟར་ན་སྨྱོན་པ་མིན་ཏེ་སྨྱོན་པ་དང་འདྲ་བ་ཡིན་ཏེ་རང་ཉིད་བཅིངས་པ་དང་ཆུ་ལས་མ་གྲོལ་བཞིན་དུ་གཞན་དེ་ལས་དགྲོལ་བར་ཁས་བླང་བ་བཞིན་ནོ། །གང་ཁས་བླང་བ་ལྟར་སྒྲུབ་དགོས་པ་དེ་ལྟས་ཏེ་དེ་ཞེས་པ་ངེས་བཟུང་དང་ལྟས་ཞེས་པ་མཚུངས་པ་གསལ་བྱེད་ཀྱི་སྒྲ་སྦྱར་ནས་རྒྱུ་མཚན་དེ་ལྟར་བས་ན་ཉོན་མོངས་པའི་དགྲ་བོ་མ་ལུས་པ་གཞོམ་པའམ་སྤང་བའི་དོན་དུ་གཉེན་པོ་བསྟེན་པ་ལ་རྟག་ཏུ་ཕྱིར་མི་ལྡོག་པར་དམ་བཅས་ཏེ་བརྩོན་པས་འབད་པར་བྱ་དགོས་སོ། །གསུམ་པ་ནི། ཉོན་མོངས་པ་ལ་དགྲར་བལྟས་ནས་ནི་འཇོམས་པར་བྱེད་པའི་གཉེན་པོ་རང་གང་ལ་གོམས་འདྲིས་ཡོད་པ་འདི་ལ་བདག་གིས་ཞེན་པས་ནན་ཏན་དུ་བྱ་ཞིང་འདིས་བདག་ལ་ཐོག་མ་མེད་པ་ནས་གནོད་པ་བྱས་སོ་ཞེས་ཉོན་མོངས་པ་ལ་ཁོན་དུ་བཟུང་ནས་སྤང་གཉེན་གཉིས་གཡུལ་སྤྲད་དེ་ཉོན་མོངས་པ་སྤང་དགོས་སོ། །དེ་ལྟར་ན་ཞེན་ཁོན་དུ་འཛིན་པ་འདི་ཡང་ཆགས་སྡང་ཡིན་པས་སྤང་བར་བྱ་དགོས་སོ་སྙམ་ན་གཉེན་པོ་ལ་ཞེན་ཅིང་སྤང་བྱ་ལ་འཁོན་དུ་འཛིན་པའི་རྣམ་པ་དེ་འདྲའི་ཉོན་མོངས་པ་འདི་ནི་ལས་དང་པོ་བའི་གནས་སྐབས་སུ་ཉོན་མོངས་པ་འཇོམས་བྱེད་ཡིན་པས་སྤང་བྱར་མ་གཏོགས་སོ་སྟེ་རེ་ཞིག་སྤང་བྱ་མིན་ནོ། །འོན་ཀྱང་དེ་ཤེས་སྒྲིབ་ཡིན་པས་ནམ་ཞིག་ན་སྤང་དགོས་སོ། །྅྅྅྅྅྅དེས་ན་རང་རེ་རྣམས་ཀྱིས་དང་པོ་ཉིད་ནས་འདི་ལྟར་བདག་ནི་མེས་བསྲེགས་ཏེ་བསད་པར་གྱུར་ཏམ། བདག་གི་མགོ་བོ་རལ་གྲིས་བཅད་དེ་ས་ལ་ལྷུང་ཀྱང་བླའི་སྟེ་སླ་ཞིང་ཉམས་ཉེས་ཆེན་པོ་ཅི་བྱུང་ཡང་དུས་རྣམ་པ་ཀུན་ཏུ་དེའི་དབང་དུ་སོང་ནས་ཆགས་སྡང་ལ་སོགས་པའི་ཉོན་མོངས་པའི་དགྲ་བོ་འདི་ལ་འདུད་ཅིང་དེའི་དབང་དུ་འགྲོ་བར་གྱུར་པ་མི་བྱའོ་ཞེས་ཡང་ནས་ཡང་དུ་དམ་བཅའ་བྱེད་དགོས་སོ། །རང་གི་སྟོབས་ཀྱིས་ཐ་མ་ལ་པའི་དགྲ་བོ་གནོད་བྱེད་རྣམས་རང་གི་ཡུལ་ནས་ཡུལ་གཞན་ཤིག་ཏུ་ལན་གཅིག་ཏུ་བསྐྲད་པའམ་ཕྱུང་ཡང་ནི། དགྲ་བོ་དེ་ཉིད་ཡུལ་གཞན་སྟོབས་དང་ལྡན་པ་དག་ཏུ་སོང་ནས་དེར་གནས་བཅས་ཤིང་ཡོངས་སུ་བཟུང་ནས་ཁྲམ་པ་རྐུན་མའི་དཔུང་མང་པོ་བསགས་པ་ལ་སོགས་པའི་སྟོབས་དང་ནུས་པར་བརྟས་པའམ་རྒྱས་ནས་དེ་ནས་རང་ཡུལ་དུ་ཕྱིར་ལྡོག་ཅིང་རང་ལ་ལན་དུ་གནོད་པ་བྱེད་དུ་འོང་གི། ཉོན་མོངས་པའི་དགྲ་ཡི་ཚུལ་ནི་ཐ་མལ་པའི་དགྲ་དེ་དང་འདྲ་བ་མ་ཡིན་ཏེ་འཕགས་པའི་ལམ་གྱིས་ལན་གཅིག་སྤངས་ཟིན་ནས་ཕྱིར་ལྡོག་ཏུ་མེད་དོ། །དེ་ཇི་ལྟར་སྤོང་ན་ཆགས་སོགས་ཉོན་མོངས་པ་རྣམས་ལ་བརྟགས་ཤིང་དཔྱད་ན་གཞོམ་སླ་བས་སྨད་པའི་ཚིག་གིས་ཉོན་མོངས་ཞེས་ངན་པ་ཐ་ཆད་རྣམས་ནི་རང་བཞིན་མེད་པར་ཤེས་པའི་ཤེས་རབ་ཀྱི་མིག་གིས་བལྟས་ནས་མུན་ཁུང་དུ་ཉི་མ་ཤར་བས་མུན་པ་བཞིན་དུ་སྤང་བར་བྱས་ཏེ། བདག་གི་ཡིད་ལྷ་ཁང་ལྟ་བུ་ལས་ཕྱིར་བསལ་ནས་ཡུལ་གཞན་གང་དུ་འགྲོ་བར་འགྱུར་ཏེ་འགྲོ་བའི་ཡུལ་མེད་ཅིང་། ཡུལ་གཞན་གང་དུ་གནས་ནས་ནུས་པ་བརྟས་ཏེ་སླར་བདག་ལ་གནོད་པ་བྱ་བའི་དོན་གྱི་ཕྱིར་དུ་འོང་སྟེ་འོང་བ་མེད་དོ། །དེས་ན་བློ་ཤེས་རབ་ཞན་ཅིང་དམན་པ་བདག་ལ་སྔར་ཉོན་མོངས་པ་སྤོང་བའི་དོན་དུ་བརྩོན་པ་མེད་པར་ཟད་ཀྱི་ཡོད་ན་ནི་དགྲ་གཞན་པས་གཞོམ་པའམ་སྤང་སླ་བ་ཡིན་ནོ། །ཤེས་རབ་ཀྱིས་མིག་གིས་ཉོན་མོངས་པའི་རང་བཞིན་ལ་ཇི་ལྟར་ལྟ་ན། རང་རྒྱུད་ལ་ཆགས་སྡང་སོགས་ནམ་སྐྱེས་ན་དེའི་དབང་དུ་མི་གཏང་བར་འདི་ལྟར་བརྟགས་དགོས་ཏེ། ཆགས་སྡང་སོགས་ཉོན་མོངས་རྣམས་ནི་ཕྱི་ཡུལ་དགྲ་གཉེན་ལ་སོགས་དེ་དག་གི་སྟེང་ན་མི་གནས་ཏེ་དེ་དག་མེད་ཀྱང་སྐྱེ་བ་ཡོད་པའི་ཕྱིར་རོ། །གལ་ཏེ་ཡོད་ན་དེ་དག་གང་ཟག་གཞན་སུས་མཐོང་ན་བདག་ལྟར་ཆགས་སྡང་སོགས་སྐྱེ་བར་འགྱུར་དགོས་ནའང་མི་སྐྱེ་བའི་ཕྱིར་དེ་ན་མེད་དོ། །ནང་རང་གི་དབང་པོ་མིག་སོགས་དང་རྣམ་ཤེས་ཚོགས་པ་ལ་གནས་པ་མིན་ཏེ་དབང་ཤེས་སོགས་ཚོགས་པ་ཡོད་ཀྱང་མི་སྐྱེ་བའང་ཡོད་པའི་ཕྱིར་རོ། །གལ་ཏེ་ཡོད་ན་མཐོང་ཐོས་ལ་སོགས་པར་གང་དང་གང་བྱུང་བ་ཐམས་ཅད་ལའང་ཆགས་སྡང་སོགས་སྐྱེ་བར་འགྱུར་དགོས་ནའང་མི་སྐྱེ་བའི་ཕྱིར་ན་མེད་དོ། །ཡུལ་དབང་དེ་གཉིས་ཀྱི་བར་ནའང་གནས་པ་མིན་ཏེ་ནམ་མཁའ་སྟོང་པ་ཡིན་པས་གནས་པའི་ཡུལ་ཅི་ཡང་མེད་དོ། །དེ་དག་ལས་གཞན་སེམས་ཅན་གཞན་རྣམས་ཀྱི་སྟེང་ངམ་སྣོད་ཀྱི་ནང་སོགས་གང་ཡང་རུང་བ་ཞིག་ནའང་གནས་པའམ་ཡོད་པ་སྲིད་པ་མིན་ན། འོ་ན་ཐོག་མེད་ནས་དགྲར་གྱུར་པའི་ཉོན་མོངས་པ་དེ་དག་ཡུལ་གར་རམ་གང་ལ་གནས་ནས་བདག་སོགས་འགྲོ་བ་ཀུན་ལ་འདི་ཕྱི་ཐམས་ཅད་དུ་གནོད་པ་ཇི་ལྟར་བྱེད་སྙམ་ན། ཉོན་མོངས་པ་འདི་ནི་བརྟགས་ཤིང་དཔྱད་ན་སྣང་ལ་རང་བཞིན་མ་གྲུབ་པར་དཔེར་ན་རྐྱེན་ལས་སྐྱེས་པ། བློ་ངོར་སྣང་བ་རང་བཞིན་མེད་པའི་ཆོས་གསུམ་ཚང་བས་མེད་སྣང་སྒྱུ་མ་དང་འདྲ་སྟེ། དགྲ་གཉེན་ལ་སོགས་པའི་རྐྱེན་ལས་སྐྱེས་བ། རང་གི་བློ་ངོར་སྣང་བ། རང་བཞིན་མེད་པ་ཡིན་པ་དེ་ཡི་ཕྱིར་ན་རང་གི་སྙིང་ལ་ཉོན་མོངས་པ་སྤང་མི་ནུས་སྙམ་པའི་འཇིགས་པ་སྤོངས་ལ་ཁྱི་ལ་རྡོ་འཕང་བ་ལྟར་ཡུལ་གྱི་རྗེས་སུ་མི་འབྲང་བར་སེང་གེ་ལ་རྡོ་འཕང་བ་ལྟར་རང་གི་སེམས་ལ་འཆགས་སྡང་སོགས་ཉོན་མོངས་པའི་རྣམ་རྟོག་གང་སྐྱེས་པ་དེ་གཅེར་གྱིས་ངོས་བཟུང་སྟེ་དེ་ཉིད་དང་པོ་གང་ནས་བྱུང་། ད་ལྟ་གང་དུ་གནས། མཐར་གང་དུ་འགྲོ་ཞེས་བྱུང་གནས་འགྲོ་གསུམ་ཚོལ་བ་སོགས་ཀྱི་སྒོ་ནས་ཉོན་མོངས་པ་རྣམས་རང་བཞིན་མེད་པར་ཤེས་པར་བྱ་བའི་ཕྱིར་བརྩོན་པ་བསྐྱེད་ཅིང་བརྟེན་ན་རང་བཞིན་མེད་པས་སྤང་སླ་བ་ལ་དེ་ལྟར་མི་བརྩོན་པར་དོན་མེད་པ་ཉིད་དུ་བདག་ལ་དམྱལ་བ་ལ་སོགས་པའི་ངན་སོང་རྣམས་སུ་ཅི་སྟེ་སྡུག་བསྔལ་གྱིས་གནོད་པ་བྱེད་དུ་འཇུག་སྟེ་མ་འཇུག་ཅེས་སོ། །དེ་སྐད་དུ་ཡང་། འཕགས་པ་དཀོན་མཆོག་བརྩེགས་པ་ལས། མ་འོངས་པའི་དུས་ན་དགེ་སློང་མངོན་པའི་ང་རྒྱལ་ཅན་ཁྱི་རྡོ་ལ་སྙེགས་པ་དང་མཚུངས་པ་དག་འབྱུང་ངོ་། །འོད་སྲུང་ཇི་ལྟར་ཁྱི་རྡོ་ལ་སྙེགས་པ་དང་མཚུངས་པ་དག་གང་ཞེ་ན། ཁྱི་རྡོ་རྗེ་ཉིད་ཀྱིས་འཇིགས་པ་ལས། རྡོ་དེ་ཉིད་ཀྱི་ཕྱིར་སྙེགས་ཀྱི། རྡོ་དེ་སུས་འཕང་བ་ལ་མི་སྙེགས་སོ། །འོད་སྲུང་འདི་ལྟར་དགེ་སྦྱོང་དང་བྲམ་ཟེ་ཁ་གཅིག་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱི་ནང་དུ་སོ་སོར་རྟོག་པ་ལ་མངོན་པར་བརྩོན་ཏེ། མི་རྟག་པ་དང་། བསླུ་བ་དང་། འཇིག་པའི་ཆོས་སུ་རྟོགས་ཀྱང་དེ་དག་གང་ལས་བྱུང་མི་ཤེས་པས། གྲོང་དང་། གྲོང་ཁྱེར་དང་གྲོང་བརྡལ་དང་། ལྗོངས་དང་། ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་དུ་སོང་ན་ཡང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱིས་གནོད་པར་འགྱུར་རོ། །གལ་ཏེ་དེ་དག་དགོན་པར་གནས་པ་ལས་འཆི་བའི་དུས་བྱེད་པར་གྱུར་ན་ཡང་འཇིག་རྟེན་གྱི་སྡོམ་པ་ལ་གནས་པ་དེ་དག་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ་དེར་ཡང་དེ་དག་གི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་གནོད་པར་འགྱུར་རོ། །དེ་དག་ཤི་འཕོས་ནས་ཀྱང་ངན་སོང་ལས་ཡོངས་སུ་མི་གྲོལ་བར་འགྱུར་ཏེ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་མ་ཡིན་ནོ། །དེ་ལྟར་ན་དགེ་སྦྱོང་ཁྱི་རྡོ་ལ་སྙེགས་པ་དང་མཚུངས་པ་ཡིན་ནོ། །འོད་སྲུང་ཕྱི་མའི་དུས་ན་དགེ་སློང་རྣལ་འབྱོར་པ་ཁྱི་རྡོ་ལ་སྙེགས་པ་དང་མི་འདྲ་བ་དག་ནི། དཔེར་ན་སེང་གེ་ལ་རྡོ་འཕང་ན་རྡོ་གང་ལས་བྱུང་ཤེས་པས་རྡོ་ལ་མི་སྙེགས་པར་རྡོ་འཕང་བར་བྱེད་པ་དག་ལ་སྙེགས་པས་ཕྱིས་རྡོ་འབྱུང་བར་མི་འགྱུར་རོ། །དེ་བཞིན་དུ་དགེ་སློང་རྣལ་འབྱོར་སྤྱོད་པ་པ་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་མཐོང་བ་དེའི་ཚེ་སེམས་ལས་བྱུང་བར་ཤེས་ནས་སེམས་ལ་བརྟགས་པས་དངོས་པོ་མེད་པར་ཤེས་ནས་གྲོལ་བར་འགྱུར་རོ། །ཞེས་གསུངས་སོ། །གོང་དུ་བསྟན་པ་དེ་ལྟར་བག་ཡོད་པའི་གཏམ་རྣམས་ལེགས་པར་རྣམ་པར་བསམས་ཏེ་བཀའ་དང་བསྟན་བཅོས་ལས་ཇི་སྐད་བཤད་པ་ཡི། ལམ་ལྷག་པའི་བསླབ་པ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་སྟེ་བསླབ་པ་གསུམ་བསྒྲུབ་པའི་ཆེད་དུ་སྦྱོར་བས་ཉམས་སུ་ལེན་པ་ལ་ཤིན་ཏུ་འབད་པར་བྱ་དགོས་སོ། །དེ་ཡང་སྨན་པ་ལྟ་བུ་སངས་རྒྱས། སྨན་ལྟ་བུ་ཐོས་བསམ་བསྒོམ་པ་ལ་སོགས་པའི་དམ་པའི་ཆོས། ཟས་སྤྱོད་ལྟ་བུ་གཙོ་བོ་ཚུལ་ཁྲིམས་ཀྱི་བསླབ་པའམ་སྡོམ་པ། ནད་ལྟ་བུ་ཆགས་སྡང་སོགས་ཉོན་མོངས་པ། ནད་པ་ལྟ་བུ་རང་རང་དང་ཆོས་མཐུན་པར་སྦྱར་ནས་གསུངས་ཏེ། འདི་ལྟར་བླང་དོར་ལ་འབད་པའི་ཚུལ་ཁྲིམས་བསྲུངས་ཏེ་མ་སྒྲུབ་ན་དཔེར་ན་ཟས་སྤྱོད་ལ་སོགས་པ་སྤང་བླང་འདི་དང་འདི་དགོས་ཞེས་པའི་སྨན་པ་མཁས་པའི་ངག་བཞིན་མ་མཉན་པར་སྤང་བླང་མ་བྱས་ན་ཚ་གྲང་ལ་སོགས་པའི་གཉེན་པོ་སྨན་བཟང་པོ་ཟོས་ཤིང་འཐུང་བ་དག་གིས་ཀྱང་བཅོས་དགོས་པའི་ནད་པ་རྣམས་ཚ་གྲང་སོགས་ཀྱི་ནད་ལས་གྲོལ་བའམ་སོས་པར་ག་ལ་ཡོད་དེ་མེད་པ་ལྟར་ཆོས་ཀྱིས་ཕན་མི་ཐོགས་ཤིང་ཚུལ་བཞིན་དུ་འབད་པས་བསྒྲུབ་ན་ནི་སྨན་ཡང་དག་པར་བརྟེན་པས་ནད་ཞི་བར་འགྱུར་བ་བཞིན་དུ་སྡུག་བསྔལ་མཐའ་དག་ལས་གྲོལ་བའི་བདེ་བ་ཆེན་པོ་ཐོབ་པར་འགྱུར་བས་བག་ཡོད་པ་ལ་འབད་ཅིང་བསླབ་པར་བྱ་སྟེ། བཤེས་སྤྲིང་ལས། བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏེ། །དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་ལྡན་པར་མཛོད། །ཅེས་པས་སོ། །ལེའུའི་མཚན་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བག་ཡོད་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བཞི་པའོ།། ༈ །།གཉིས་པ་ལུས་སེམས་ཀྱི་གནས་སྐབས་ལ་ཡང་ཡང་བརྟགས་པ་ཤེས་བཞིན་གྱི་ལེའུ་ལས། གཞུང་དང་མཚན་ནོ། །དང་པོ་ལ་བསླབ་པ་བསྲུང་བའི་ཆེད་དུ་སེམས་བསྲུང་བ། སེམས་བསྲུང་བའི་ཆེད་དུ་དྲན་ཤེས་བརྟེན་ཚུལ། དྲན་ཤེས་དང་ལྡན་པའི་སྒོ་ནས་བློ་སྦྱོང་གི་སྤྱོད་པ་ལ་བསླབ་ཚུལ། བསྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་གཞན་བསྟན་པ་དང་བཞི་ལས། དང་པོ་ལ། མདོར་བསྟན་པ་དང་། རྒྱས་བཤད་གཉིས་ལས་དང་པོ་ནི། དེ་ལ་འདིར་ཤེས་པར་བྱ་བ་གལ་ཆེ་བ་དྲན་པའི་ངོ་བོ་ནི། བླང་དོར་གྱི་གནས་མི་བརྗེད་པ་དང་། ཤེས་བཞིན་གྱི་ངོ་བོ་ནི་རང་མང་པོའི་ནང་ངམ་གཅིག་པུར་འདུག་ཀྱང་རུང་སྟེ་རྣམ་པ་ཐམས་ཅད་དུ་རང་གི་སྒོ་གསུམ་གྱི་སྤྱོད་པར་ཡང་ཡང་བརྟགས་ཏེ་བླང་དོར་ལ་ཤེས་བཞིན་དུ་འཇུག་པ་ཉིད་ཡིན་ལ། དེ་ལ་ཡང་ཐོག་མར་རང་གིས་ཡང་དག་པའི་བླ་མ་ལ་བརྟེན་ཏེ་ཐོས་པའི་སྒོ་ནས་བླང་དོར་གྱི་གནས་ལ་སྦྱངས་ནས་མཁས་པར་བྱས་ཏེ་བླང་དོར་རྣམས་ལེགས་པར་བྱ་ཤེས་པ་ཞིག་དགོས་ཀྱི་དེ་མི་ཤེས་ན་ཅི་ཞིག་མི་བརྗེད་ཅིང་བླང་དོར་བྱ་སྟེ། བསྲུང་བྱ་མི་ཤེས་བསྲུང་བར་རློམ་པར་མཚར། །ཞེས་པ་ལྟར། དེང་སང་དགེ་ཚུལ་སློང་ལྡན་དང་སྔགས་པར་རློམས་པ་གཞན་དག་གིས་བཟང་པོར་བརྩི་བ་ཕལ་ཆེར་གྱིས་ཕམ་ལྷག་དང་རྩ་ལྟུང་ཙམ་གང་ཡིན་ངོ་མི་ཤེས་པ་མང་པོ་འདུག་པ་འདི་འདྲས་ཅི་ཡང་མི་འོང་ལ། དེས་ན་བླང་དོར་གྱི་གནས་ལེགས་པར་ཤེས་ནས་མི་བརྗེད་ཅིང་ཚུལ་བཞིན་བརྟགས་ནས་བླང་དོར་ལ་སེམས་བསྲུང་བའི་སྒོ་ནས་འཇུག་དགོས་ཏེ། བསླབ་བཏུས་ལས། རང་གི་སློབ་དཔོན་རང་འདྲ་བར། །བདག་གི་བག་ཉལ་སུ་ཡིས་ཤེས། །ཞེས་གསུངས་པ་ལྟར་གཞན་དག་གིས་རང་གི་སེམས་ཀྱི་རྟོག་ངན་མི་ཤེས་པས་ལམ་དུ་འཇོག་པ་ལྟ་ཅི། ཐ་ན་ལུས་ངག་གི་སྤྱོད་ངན་ཅུང་ཟད་ཙམ་རེ་ཤེས་ནས་དེ་མ་བྱེད་ཅེས་བརྗོད་ན་ཁོང་ཁྲོ་བ་ལས་མེད་པར་ལམ་དུ་འཇོག་མི་ནུས་པས་ན། རང་གི་སྒོ་གསུམ་རང་གིས་ལམ་དུ་བཞག་ནས་ངན་པ་ཅི་བྱས་ཀྱང་ཁོང་ཁྲོ་བར་མི་འགྱུར་པར་ལམ་དུ་ཡང་འཇོག་ནུས་པའི་ཕྱིར། རང་གི་སློབ་དཔོན་རང་གིས་བྱས་ཏེ་དཔེར་ན་སེམས་རྟ་ཕོ་ལྟ་བུ་དང་། དྲན་པ་ཐག་པ་ལྟ་བུ་དང་། ཤེས་བཞིན་བྱ་ར་བའི་མི་ལྟ་བུ་ཡིན་པས་སེམས་དྲན་ཤེས་ཀྱིས་མ་བསྲུང་ན་བསླབ་པ་བསྲུང་མི་ནུས་པས་ན་ལམ་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ཡང་དག་པར་བསྲུང་བར་འདོད་པ་ཡིས། སེམས་རྣམ་གཡེང་གི་དབང་དུ་མི་གཏོང་པར་དྲན་པ་དང་ཤེས་བཞིན་གྱིས་རབ་ཏུ་བསྒྲིམས་ནས་རང་གི་སེམས་འདི་རྩེ་གཅིག་ཏུ་ཕྱིན་ཅི་ལོག་ལས་བསྲུང་བར་ལ་འབད་པར་བྱ་སྟེ། རང་གི་སེམས་འདི་དྲན་ཤེས་ཀྱིས་ཉོན་མོངས་པ་ལས་བསྲུང་བར་མ་བྱས་ན་བསླབ་པ་མི་ཉམས་པར་བསྲུང་བསམ་ཡང་བསྲུང་བར་ཡོང་ཡེ་མི་ནུས་པའི་ཕྱིར་རོ། །དེས་ན་སེམས་མ་བསྲུང་བར་རྒྱལ་པོ་སོགས་ལ་སྐྲག་ནས་རེ་ཞིག་ལུས་ངག་བརྩོན་དུ་བཟུང་ནས་བསྲུང་སྡོམ་ཁུར་དུ་སོང་བ་ཙམ་གྱིས་མཐར་མི་འཁྱོལ་བས་སེམས་འདི་བསྲུང་བ་གལ་ཆེའོ། །གཉིས་པ་ལ། གནོད་པ་ཐམས་ཅད་སེམས་ལས་བྱུང་ཚུལ། དགེ་བ་ཐམས་ཅད་སེམས་ལས་བྱུང་ཚུལ། དེས་ན་ངེས་པར་སེམས་བསྲུང་དགོས་པར་གདམས་པ་དང་གསུམ་ལས། དང་པོ་ནི། རང་གི་སེམས་ཀྱི་གླང་པོ་ཆེ་འདི་སྔོན་སོང་གི་བག་ཆགས་ཀྱི་རྗེས་སུ་དཔྱོད། མ་འོངས་པའི་རྣམ་པར་རྟོག་པའི་མདུན་བསུས། ད་ལྟའི་རྣམ་པར་རྟོག་པ་རྐྱེན་ཡུལ་དུ་བཏང་ནས་ཁ་ཡན་བྱུང་རྒྱལ་དུ་ཡན་པར་བཏང་བས་ལས་ངན་པ་བསགས་ཏེ། ཚེ་ཕྱི་མ་ལ་དམྱལ་བ་མནར་མེད་པ་ལ་སོགས་པར་བརྩོ་བསྲེག་ལ་སོགས་པའི་སྡུག་བསྔལ་གྱི་གནོད་པ་དྲག་པོ་བྱེད་པ་ལྟར་རྒྱ་གར་ན་གཡུལ་ངོར་སྤྱོད་པའི་གླང་ཆེན་འདུལ་སྦྱོང་གིས་མ་ཐུལ་བ་ཆང་གིས་མྱོས་པར་བྱས་པ་དགྲ་ལ་རྦད་པ་ཡིས་དགྲ་བོའི་གྲོང་ཁྱེར་བརླགས་པའི་གནོད་པ་ཆེན་པོ་སྒོ་བྱེད་ཡང་མི་ཡུལ་འདི་ན་དམྱལ་བ་མནར་མེད་ལ་སོགས་པ་དེ་འདྲའི་གནོད་པ་ཆེན་པོ་མི་བྱེད་པས་སེམས་བསྲུང་བ་ལ་འབད་པར་བྱའོ། །དེ་ཡང་ལུས་ངག་ཡིད་གསུམ་གྱི་ཀུན་ནས་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པའི་ཐག་པ་ཡིས་སེམས་ཀྱི་གླང་པོ་འདོད་པོས་མྱོང་པ་འདི་སྔོན་སོང་གི་རྗེས་མི་དཔྱོད་མ་འོངས་པའི་མདུན་མི་བསུ། ད་ལྟའི་རིག་པ་རྐྱེན་ཡུལ་དུ་མི་བཏང་བར་ཚུལ་བཞིན་ཡིད་ལ་བྱེད་པའི་སྡོང་པོ་ལ་དམ་པར་བཏགས་ན་ཚེ་འདི་ཕྱིའི་འཇིགས་པ་ཐམས་ཅད་མེད་པར་འགྱུར་ཞིང་རང་གཞན་ལ་ཕན་པའི་དགེ་བ་ཐམས་ཅད་ལག་ཏུ་གཏད་པ་བཞིན་དུ་འོང་བར་འགྱུར་བས་དཀའ་ཚེགས་མེད་པར་འགྲུབ་པར་འགྱུར་རོ། །ཚེ་འདི་ཕྱིའི་འཇིགས་པ་གང་ཞེ་ན་ཚེ་འདིའི་འཇིགས་པ་སྟག་དང་སེང་གེ་དང་གླང་ཆེན་དང་དྲེད་དང་སྦྲུལ་དང་ཆོམ་རྐུན་ལ་སོགས་པའི་དགྲ་རྣམས་ཐམས་ཅད་དང་ཚེ་ཕྱི་མའི་འཇིགས་པ་སེམས་ཅན་དམྱལ་བའི་སྲུང་མ་གཤིན་རྗེའི་སྐྱེས་བུ་འཇིགས་སུ་རུང་བ་ལ་སོགས་པ་རྣམས་དང་། གཉིས་ཀར་འཇིགས་པ་ཕ་རོལ་པོའི་མཐུས་རྦད་པའི་བྱད་མ་གདོན་རྦད་འདྲེ་རྦོད་གཏོང་དང་དེ་བཞིན་དུ་ཚེ་ལེན་ཅིང་མདངས་འཕྲོག་པའི་སྲིན་པོ་ལ་སོགས་པའི་གནོད་བྱེད་རྣམས་རང་གི་སེམས་འདི་གཅིག་བུ་དྲན་པས་བཟུང་སྟེ་དམ་པོར་བཏགས་པ་ཡིས་གནོད་བྱེད་གདུག་པ་ཅན་དེ་དག་ཐམས་ཅད་བཏགས་པར་བྱས་པ་དང་འདྲ་བར་འགྱུར་བས་རང་ལ་གནོད་པར་མི་འགྱུར་ཏེ། འཆད་འགྱུར་ལྟར་ལམ་དུ་འགྲོ་བ་ལ་སོགས་པའི་ཚེ་དྲན་ཤེས་དང་ལྡན་པའི་སྒོ་ནས་མདུན་དང་རྒྱབ་སོགས་སུ་བརྟགས་ཏེ་སོང་ན་སྟག་སོགས་དང་འཕྲད་པར་མི་འགྱུར་བ་དང་། དྲན་ཤེས་དང་ལྡན་པ་རྣམས་ལ་འགོ་བའི་ལྷ་ལ་སོགས་པ་དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་བསྲུངས་ཤིང་སྐྱབས་པར་འགྱུར་བས་སྟག་སོགས་དང་མི་ཐུག་པ་དང་། གལ་ཏེ་ཐུག་ཀྱང་ཨོ་རྒྱན་ཆེན་པོར་གསོལ་བ་བཏབ་པས་གནོད་པར་མ་ནུས་པ་ལ་སོགས་པ་བཞིན་ནོ། །རང་གི་སེམས་འདི་གཅིག་པུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སམ་ཏིང་ངེ་འཛིན་གྱིས་བརྟུལ་བ་ན་ཚེ་འདི་ཕྱིའི་འཇིགས་པ་དེ་དག་ཐམས་ཅད་ཐུལ་བ་དང་འདྲ་བར་འགྱུར་ཞིང་གནོད་པ་མི་བྱེད་དེ། རིམ་པར་རྒྱལ་སྲས་ཐོགས་མེད་ཀྱིས་མདུན་དུ་ལུག་དང་སྤྱང་ཁུ་ཕན་ཚུན་བརྩེ་བས་རྩེད་མོ་བྱེད་པ་དང་རྒྱ་གར་གྱི་གྲུབ་ཆེན་སེང་ཧ་ལ་སོགས་པས་སེང་གེ་ལ་དུག་སྦྲུལ་གྱིས་གློ་གོང་སོགས་བྱས་ཏེ་གཞོན་པ་ལ་སོགས་པ་བཞིན་ནོ། །དེའི་སྒྲུབ་བྱེད་ལུང་གིས་སྒྲུབ་པ་འདི་ལྟར་ཚེ་འདི་ཕྱིའི་འཇིགས་པ་དེ་དག་ཐམས་ཅད་དང་ལུས་དང་སེམས་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་ཡང་། རང་གི་སེམས་རྣམ་གཡེང་འཁྲུལ་བའི་དབང་དུ་སོང་སྟེ་སྡིག་པ་མི་དགེ་བ་བྱས་པ་ལས་བྱུང་བ་ཡིན་ནོ་ཞེས་ཡང་དག་པ་སྟེ་བདེན་པ་ཉག་གཅིག་གསུངས་པ་རྫུན་མེད་པའི་སངས་རྒྱས་ཉིད་ཀྱིས་བསྟན་ཏེ། དཀོན་མཆོག་སྤྲིན་ལས་སེམས་ཉིད་དབང་དུ་གྱུར་ན་ཆོས་ཐམས་ཅད་དབང་དུ་འགྱུར་རོ། །ཞེས་དང་། དྲན་པ་ཉེར་བཞག་ལས། སེམས་ནི་དགྲ་དང་དགྲ་ཆེན་ཏེ། །སེམས་ལས་གཞན་པའི་དགྲ་མེད་དོ། །རྩུབ་ཤིང་རང་གིས་རང་བསྲེག་ལྟར། །སེམས་ནི་རང་གི་སེམས་ཀྱིས་བསྲེག །ཅེས་པ་ལ་སོགས་པའོ། །རིགས་པས་སྒྲུབ་བྱེད་ནི། སེམས་ཅན་དམྱལ་བའི་མཚོན་ཆ་གཅོད་བྱེད་ཀྱི་རལ་གྲི་དང་སོག་ལེ་རལ་གྲི་ལོ་མའི་ནགས་ཚལ་ལ་སོགས་པ་དང་། འཐག་བྱེད་ཀྱི་གཏུན་ལ་སོགས་པ་དེ་རྣམས་བྱེད་པོ་སུ་ཞིག་གིས་ནི་གང་གཅོད་པ་ལ་སོགས་པའི་ཆེད་དུ་བྱས་ཏེ་བྱེད་པ་པོ་གཞན་སུ་ཡང་མེད་དོ། །ལྕགས་སྲེགས་པའི་རང་བཞིན་གྱིས་ས་གཞི་མེ་རབ་ཏུ་འབར་བ་ཡང་སུ་ཡིས་གང་གི་ཆེད་དུ་བྱས་ཏེ་བྱེད་པ་པོ་གཞན་མེད་ཅིང་ཤལ་མ་རིའི་སྡོང་པོའི་སྟེང་འོག་ཏུ་སྔར་རང་གང་ལ་ཆགས་ཤིང་ལོག་པར་ཞུགས་པའི་མོ་ཡི་ཚོགས་ཀྱིས་འབོད་པའི་སྣང་བ་དེ་དག་བྱེད་པ་པོ་གཞན་ཅི་ལས་བྱུང་སྟེ་གཞན་གང་ལས་ཀྱང་མ་བྱུང་ངོ་། །དེས་ན་དེ་དང་དེ་འདྲ་བ་ཡི་འཇིགས་པའི་གནོད་བྱེད་དེ་དག་ཐམས་ཅད་ཀྱང་། རང་གི་སྡིག་པ་མི་དགེ་བའི་སེམས་གོམས་པའི་དབང་གིས་བྱུང་བ་ཡིན་པར་སངས་རྒྱས་བཅོམ་ལྡན་འདས་ཐུབ་པས་མདོ་ལས་གསུངས་ཏེ། འགྲོ་བ་རྣམ་འབྱེད་ཀྱི་མདོ་ལས། ལྕགས་ཀྱི་ས་གཞི་འབར་ཞིང་ཚ། །འབར་བའི་མེ་ལྕེས་ཀུན་ནས་ཁྱབ། །ལྕགས་ཀྱི་སོག་ལེ་རྣོན་པོ་ཡིས། །ལུས་གཅིག་ཆ་ཤས་བརྒྱར་བཤགས་པ། །ལུས་ངག་ཡིད་ཀྱི་སྡིག་པ་ཅན། །རྣམས་ཀྱི་སེམས་ལས་བྱུང་བ་ཡིན། །ཞེས་པ་ལ་སོགས་པའོ། །དེ་ལྟར་འཇིག་རྟེན་གསུམ་པོ་སྟེ་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཀྱི་ཁམས་གསུམ་མམ་ས་འོག་ས་སྟེང་ས་བླ་སྟེ་གསུམ་ན་རང་སེམས་འཁྲུལ་པའི་དབང་ལས་མ་བྱུང་བའི་འཇིགས་པ་གཞན་འགའ་ཡང་མེད་པས་ན་རང་གི་སེམས་ཉིད་རྣམ་གཡེང་འཁྲུལ་བའི་དབང་དུ་མི་གཏོང་བར་ལེགས་པར་བསྲུང་ན་ཚེ་འདི་ཕྱིའི་གནོད་པ་ཐམས་ཅད་མེད་པར་འགྱུར་རོ། །གཉིས་པ་ནི། སྦྱིན་པ་ཡང་ནང་སེམས་ཀྱི་སྟེང་ན་ཡོད་དེ་གལ་ཏེ་རྫས་ཀྱི་དངོས་པོ་ཆེན་པོ་བྱིན་ནས་འགྲོ་བ་མ་ལུས་པའི་དབུལ་བ་མཐའ་དག་བོར་བས་ཏེ་བསལ་ནས་སྤྲང་པོ་གཅིག་ཙམ་ཡང་མེད་པར་བྱས་པ་ཉིད་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡིན་ན་དེང་སང་ངམ་ད་རུང་འགྲོ་བ་བཀྲེན་པའམ་སྤྲང་པོ་མང་པོ་འདི་བཞིན་དུ་ཡོད་པར་གྱུར་ན་སྔོན་གྱི་སྐྱོབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་ན་སྦྱིན་པའི་ཕ་རོལ་དུ་ཕྱིན་ཏེ་མ་ཕྱིན་པར་འགྱུར་ན། དེ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་རང་ལ་ལུས་ལོངས་སྤྱོད་ཅི་ཡོད་ཀྱི་དངོས་པོའམ་བདོག་པ་ཐམས་ཅད་ཚེ་འདིའི་ལན་དང་ཕྱི་མར་རྣམས་སྨིན་གྱི་འབྲས་བུ་ལ་རེ་བ་མེད་པར་འབྲས་བུ་དང་བཅས་ཏེ་སྦྱིན་ཡུལ་ཀྱང་སྐྱེ་བོ་མཐོ་དམན་ཕྱུགས་དབུལ་ཀུན་ལ་སེར་སྣ་དང་ཆགས་སེམས་ཀྱིས་གཏོང་མི་ཐུབ་པ་མེད་པས་གཏོང་སེམས་སམ་གཏོང་སེམས་གོམ་པ་ཉིད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་གསུངས་ཏེ། བློ་གྲོས་མི་ཟད་པ་ལས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་གང་ཞེན་བདོག་པ་ཐམས་ཅད་འབྲས་བུ་དང་བཅས་ཏེ་གཞན་ལ་གཏོང་བའི་སེམས་སོ། །ཞེས་སོ། །ཕ་རོལ་དུ་ཕྱིན་པ་ཞེས་འཁོར་གསུམ་དུ་མི་རྟོག་པས་ཟིན་པ་ལ་བྱ་ཞིང་འོག་མ་ལའང་འདྲེའོ། །དེ་ལྟས་སམ་དེ་ལྟ་བས་ན་སྦྱིན་པ་དེ་ནི་སྦྱིན་རྒྱུའི་དངོས་པོ་ཆེ་ཆུང་ལ་མི་ལྟོས་པར་རང་གི་སེམས་ཕྱི་ནང་གི་དངོས་པོ་གང་ལ་ཡང་གཏོང་མི་ཐུབ་པའི་ཆགས་སེམས་མེད་པའི་གཏོང་སེམས་དེ་སྦྱིན་པ་ཉིད་ཡིན་པས་ན་སེམས་ལས་བྱུང་བ་ཉིད་དོ། །ཚུལ་ཁྲིམས་ཡང་སེམས་ལས་བྱུང་སྟེ་སྲོག་གཅོད་ལྟ་བུ་ལ་མཚོན་ན་ཉ་ལ་སོགས་པ་ཡི་སེམས་ཅན་རྣམས་ཡུལ་གང་ཞིག་ཏུ་དེ་དག་གཏན་ནས་གསོད་པར་མི་འགྱུར་བར་བསྐྲད་པའམ་གཞན་གཅིག་གིས་མི་གསོད་པའི་གནས་ཞིག་ཏུ་འཇོག་ཐབས་མེད་པས་གཞན་དག་གིས་གསོད་དམ་མ་བསད་ཀྱང་རུང་སྟེ། རང་གི་སྲོག་ལ་བབ་ཀྱང་མི་གསོད་སྙམ་པའི་སྤོང་བའི་སེམས་ནི་ཡང་དག་པར་ཐོབ་པ་ལས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་བཤད་དེ། མདོ་ལས། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་གང་ཞེ་ན། གཞན་ལ་གནོད་པ་སྤོང་བའི་སེམས་པའོ། །ཞེས་སོ། །དེ་བཞིན་དུ་ཡུལ་བུད་མེད་སོགས་མེད་པར་བྱས་ནས་གཟོད་སྡོམ་པ་བསྲུང་ཐབས་མེད་པས་རང་གིས་སེམས་བུད་མེད་སོགས་ལ་ཆགས་པ་སྤོང་སེམས་ཉིད་ཡོད་ན་ཚུལ་ཁྲིམས་ཡིན་ལ་དེ་མེད་པར་ཉེས་པ་མ་བྱས་པ་ཙམ་ཚུལ་ཁྲིམས་མིན་ནོ། །དེས་ན་ཚུལ་ཁྲིམས་ཡང་སེམས་ལས་བྱུང་བ་ཡིན་ནོ། །བཟོད་པ་ཡང་སེམས་ལས་བྱུང་བ་ཡིན་ཏེ་སེམས་ཅན་མི་བསྲུན་པའམ་མ་རུངས་བའི་གནོད་བྱེད་ནི་ནམ་མཁའ་བཞིན་ཏེ་གང་དུ་སོང་ཡང་ནམ་མཁའ་མེད་པའི་གནས་ཞིག་མེད་པ་བཞིན་དུ་གང་དུ་སོང་ཡང་གནོད་པར་བྱེད་པའི་སེམས་ཅན་མེད་པའི་གནས་ཞིག་མེད་པས་ན་གནོད་བྱེད་དེ་དག་མེད་པར་རམ་གཞོམ་གྱིས་ཡོང་ཡེ་མི་ལང་ཞེས་ཁྲོ་བའི་ཡུལ་མེད་པ་ཞིག་བྱེད་མི་ནུས་པས་ན་གནོད་བྱེད་ཀྱི་དགྲ་ཡོད་ཀྱང་ནང་རང་གི་ཁྲོ་བའི་སེམས་འདི་ཉིད་གཅིག་པུ་བཟོད་པ་བསྒོམ་པས་བཅོམ་པའམ་སྤོང་ཐུབ་ན་ཕྱི་རོལ་གྱི་དགྲ་བོ་དེ་དག་ཐམས་ཅད་ཆོམ་པའམ་ཐུབ་པ་དང་འདྲ་བར་འགྱུར་ཏེ། དཔེར་ན་ཚེར་མ་ལ་སོགས་པའི་གནོད་པ་བསྲུང་བའི་དོན་དུ་ས་ཡི་སྟེང་འདི་མཐའ་དག་ཀོས་ཞེས་ཀོ་བ་འཇམ་པོས་གཡོག་ཏུ་འདོད་ཀྱང་དེ་སྙེད་ཀྱི་ཀོ་བས་ག་ལ་ལང་སྟེ་མི་ལང་ལ། རང་གི་ལྷྭམ་མཐིལ་ཙམ་གྱི་ཀོ་བས་ནི་རང་རང་གི་རྐང་པ་གཡོགས་ན་ས་སྟེང་ཐམས་ཅད་ཀོ་བས་གཡོགས་པ་དང་འདྲ་བའི་དོན་གྲུབ་པ་དེ་བཞིན་ཏུ་ཕྱི་རོལ་གྱི་གནོད་པར་བྱེད་པའི་དངོས་པོ་མ་ལུས་པ་ཡང་བདག་གིས་མེད་པའམ་ཕྱིར་བཟློག་པར་མི་ལང་གི་ཞེས་མི་ཐུབ་ཀྱང་ནང་བདག་གི་ཁྲོ་བའི་སེམས་འདི་གཅིག་པུ་ཉིད་ཕྱིར་བཟློག་པར་བྱའི་སྟེ་བྱ་དགོས་ཀྱི་གཞན་ཕྱི་རོལ་གྱི་གནོད་བྱེད་རྣམས་ཕྱིར་བཟློག་གོ་ཅི་ཞིག་དགོས་ཏེ་མི་དགོས་སོ། །བརྩོན་འགྲུས་ཀྱང་ནང་སེམས་ཀྱི་སྟེང་ན་ཡོད་དེ་བྱམས་པའམ་སྙིང་རྗེའི་སེམས་གསལ་བ་སྟེ་མོག་མོག་པོ་ལྟ་བུ་མ་ཡིན་པར་མས་བུ་གཅིག་བུ་ལ་བརྩེ་བ་ལྟ་བུ་གཅིག་བསྐྱེད་ན་དེའི་འབྲས་བུ་གང་ཞིག །གཟུགས་ཁམས་སུ་ཚངས་པའི་འཇིག་རྟེན་ལ་སོགས་པ་རུ་སྐྱེས་ནས་བདེ་བ་ཁྱད་པར་ཅན་ཐོབ་པར་གྱུར་པ་ཡིན་ཏེ་དཔེར་ན་མྱ་ངན་ལས་འདས་པའི་མདོར། བུ་ཆུང་འཆི་བར་མ་ལ་བརྩེ་བ་ཆེན་པོ་སྐྱེས་པ་དང་། བུད་མེད་མ་བུ་གཉིས་ཆུས་ཁྱེར་བ་ལ་ཕན་ཚུན་བྱམས་པའི་སེམས་གསལ་པོ་གཅིག་བསྐྱེད་པ་ཙམ་གྱིས་ཀྱང་ཤི་འཕོས་པ་ན་དེའི་འབྲས་བུ་ཚངས་པའི་འཇིག་རྟེན་ཏུ་སྐྱེས་པར་གསུངས་པ་ལྟར་ལུས་ངག་དང་བཅས་པའི་འབད་རྩོལ་ཆེན་པོས་དགེ་བ་གང་དང་གང་སྒྲུབ་ན་དེའི་འབྲས་བུ་ཡང་རྒྱུ་ལུས་ངག་གི་སྤྱོད་པ་ཞན་པས་འབྲས་བུ་ཚངས་པ་ལ་སོགས་པ་འཐོབ་པ་དེ་ལྟ་བུ་མིན་ཏེ་སེམས་གཙོ་ཆེ་བའི་ཕྱིར་རོ། །འདིར་ཡང་སྤྲོ་སེམས་ལ་གསུངས་སོ། །འགྲེལ་ཚུལ་གཞན་མང་ངོ་། །བསམ་གཏན་ཡང་སྤྱིར་སེམས་ཀྱི་བསྒོམ་པ་ཡིན་ཀྱང་བསམ་གཏན་དེ་རང་རྒྱུད་ལ་སྐྱེ་བའི་གྲོགས་སམ་ཐབས་ངག་གི་བཟླས་བརྗོད་དང་ནི་ལུས་ཀྱི་ཁ་ཟས་མེད། རྒྱབ་གོས་མེད་ལ་སོགས་པའི་དཀའ་ཐུབ་རྒྱ་ཆེན་པོ་ཀུན་ལ་ཡུན་རིང་པོའི་དུས་སུ་གོམས་ཤིང་སྤྱད་པར་བྱས་ཀྱང་། སེམས་ནི་འདོད་པའི་ཡུལ་སོགས་གཞན་ལ་གཡེངས་པས་ཤིང་ཁ་ཤོག་ལྕེ་ལྟ་བུ་ལ་སོགས་པས་བཟླས་བརྗོད་དང་དཀའ་ཐུབ་ལ་སོགས་པ་གང་བྱས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་རིག་པའམ་མཁྱེན་པས་འདོད་པའི་དོན་གྲུབ་པ་མེད་པར་གསུངས་ཏེ། ཏིང་ངེ་འཛིན་སྡུད་པའི་མདོ་ལས། དགེ་སློང་དག་འདོད་པ་ལ་སེམས་གཡེངས་པས་དཀའ་ཐུབ་དང་ཁ་ཏོན་ལ་སོགས་པ་ནི་འབྲས་བུ་མེད་པར་འགྱུར་རོ། །ཞེས་དང་། ཡུམ་ལས། སེམས་གཡེང་བས་ནི་བདག་གི་དོན་ཡང་འགྲུབ་པར་མི་འགྱུར་ན་གཞན་གྱི་དོན་ལྟ་ཅི་སྨོས། དེའི་ཕྱིར་སེམས་གཡེང་བའི་གོ་སྐབས་ནི་འགའ་ཙམ་ཡང་དབྱེ་བར་མི་བྱའོ། །ཞེས་པ་ལ་སོགས་པའོ། །ཤེས་རབ་ཀྱང་གང་ཟག་གང་གིས་ཤེས་བྱའི་ཆོས་ཀྱི་དོན་ནམ་གཙོ་བོ་མཆོག་ཏུ་གྱུར་པ་སེམས་ཀྱི་རང་བཞིན་སྟོང་ཞིང་བདག་མེད་པའི་འོད་གསལ་བ་འགྲོ་བ་ཀུན་ལ་ཡོད་ཀྱང་ཀུན་གྱིས་ཤེས་ཤིང་རྟོགས་པ་མིན་པས་གསང་བ་སྟེ། ཕྱི་རོལ་གྱི་ཆོས་ཐམས་ཅད་སེམས་མེ་ལོང་ལྟ་བུ་ལ་གཟུགས་བརྙན་བཞིན་དུ་ཤར་ཞིང་སེམས་ཀྱིས་བྱས་པས་རང་གི་སེམས་ལས་མ་འདས་པས་སེམས་ཀྱི་རོལ་པ་ཙམ་ཡིན་པའི་ཕྱིར་གཙོ་བོ་སེམས་འདི་གཏན་ལ་འབེབས་དགོས་ལ་དེའང་གཏན་ཚིགས་ཀྱིས་སམ་བྱུང་གནས་འགྲོ་གསུམ་དབྱིབས་དང་ཁ་དོག་སོགས་བརྟགས་པས་རང་གི་སེམས་སྐྱེ་འགག་གནས་གསུམ་སོགས་སྤྲོས་པ་དང་བྲལ་བའི་སེམས་ཀྱི་གསང་སྟོང་ཞིང་བདག་མེད་པ་འདི་མ་ཤེས་ན། མྱང་འདས་ཀྱི་བདེ་བ་ཐོབ་པར་འདོད་པ་དང་འཁོར་བའི་སྡུག་བསྔལ་ཐམས་ཅད་རྩད་ནས་གཞོམ་པར་འདོད་ཀྱང་། དེ་དག་དོན་མེད་ཅིང་ནར་ཏེ་སྙིང་པོ་མེད་པ་ཉིད་དུ་འཁྱམས་པར་འགྱུར་བ་ཡིན་ནོ། །དེ་ལ་ཉན་རང་གིས་ཀྱང་སེམས་ཀྱི་གསང་གང་ཟག་གི་བདག་མེད་ཙམ་རྟོགས་ཀྱང་ཆོས་ཀྱི་བདག་མེད་མ་རྟོགས་པས་དེ་དག་ལའང་དེ་ཉིད་གསང་བ་ཡིན་ནོ། །དེ་བས་ན་སྡོང་པོ་བཀོད་པར། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་རང་གི་སེམས་ལ་བརྟེན་ཏོ། །ཞེས་སོགས་གསུངས་སོ། །གསུམ་པ་ནི། ཚེ་འདི་ཕྱིའི་སྡུག་བསྔལ་གྱི་འཇིགས་པ་དང་དགེ་བ་ཐམས་ཅད་སེམས་ལས་བྱུང་བ་དེ་ལྟས་བདག་གི་སེམས་འདི་ནི་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པས་ལེགས་པར་བཟུང་ཞིང་ལུས་སེམས་ལ་ཡང་ཡང་བརྟགས་པའི་ཤེས་བཞིན་གྱིས་ལེགས་པར་བསྲུང་བར་བྱ་དགོས་ཏེ། བསླབ་བྱ་ཐམས་ཅད་དེའི་ནང་དུ་འདུས་པས་རང་གི་སེམས་འདི་བསྲུང་བའི་ཐབས་སུ་ངོ་ཚ་ཁྲེལ་ཡོད་ཀྱི་རྟེན་དུ་གྱུར་བའི་གོས་དཀར་ལྕང་ལོ་དང་རབ་བྱུང་ངུར་སྨྲིག་གི་བརྟུལ་ཞུགས་མ་གཏོགས་པ་དེ་ལས་གཞན་ངོ་ཚ་ཁྲེལ་ཡོད་ཀྱིས་སེམས་བསྲུང་བའི་རྟེན་དུ་མི་འགྱུར་བར་གོས་དཀར་པོ་གྱོན་པ་དང་སྐྲ་སྤྱི་བོར་བཅིང་བ་དང་། གོས་ངུར་སྨྲིག་བགོ་བ་ལ་སོགས་པ་ངལ་བ་འབྲས་བུ་མེད་པའི་བརྟུལ་ཞུགས་འདྲ་མི་འདྲ་མང་པོས་ཅི་ཞིག་བྱ་སྟེ་དགོས་པ་ཅི་ཡང་མེད་དོ། །སེམས་ཕྱི་རོལ་དུ་རྣམ་པར་གཡེང་བས་དྲན་ཤེས་མེད་པས་མ་གྲངས་པ་དང་རྒྱུད་སྡོམ་པས་བསྡམ་པ་ཞིག་པའམ་གྲོལ་བའི་དམུ་རྒོད་མང་པོའི་ཁྲོད་དུ་གནས་ན་རང་གིས་འབད་པས་བསྒྲིམས་ཏེ་རང་གི་ལུས་རྨ་ཉམས་སུ་དོགས་ནས་བསྲུང་བ་ཡི་ཕྱིར་དུ་བག་ཡོད་པ་བྱེད་པ་བཞིན་དུ་ཞེ་སྡང་སྐྱེ་བའི་ཁྲོད་སྐྱེ་བོ་གདུག་རྩུབ་ཅན་དང་། འདོད་ཆགས་སྐྱེ་བའི་གནས་སམ་ཁྲོང་བུད་མེད་ལ་སོགས་པ་སྐྱེ་བོ་ངན་པའི་ཁྲོད་ན་གནས་ཤིང་བསླབ་པ་བསྲུང་བར་འདོད་པས་ཀྱང་ཉམས་ན་སྡུག་བསྔལ་ཆེན་པོ་བསྐྱེད་པའི་སེམས་ཀྱི་རྨ་འདི་དུས་རྟག་ཏུ་བསྲུང་བ་ལ་བག་ཡོད་པར་བྱ་དགོས་ཏེ། དཔེར་ན་ལུས་ཀྱི་རྨ་རྐྱེན་དང་འཕྲད་ན་ཉམས་ཏེ་ཟག་པར་འགྱུར་བ་ལྟར་རང་གི་སེམས་འདི་ཡང་འདོད་པ་དང་མི་འདོད་པའི་ཡུལ་དུ་ཟག་ནས་ཆགས་སྡང་སྐྱེ་བར་འགྱུར་བས་ན་དུས་དང་རྣམ་པ་ཐམས་ཅད་དུ་ཆགས་སྡང་སྐྱེ་བའི་ཁྲོད་དུ་འདུག་མི་རུང་ངོ་། །དེའི་སྒྲུབ་བྱེད་རང་གི་ལུས་ཀྱི་རྨ་ཉམས་པ་ཡི་སྡུག་བསྔལ་ཆུང་ངུ་ཡིས་ཚེ་འདི་ཙམ་ལ་གནོད་པས་སྐྲག་པའང་རྨ་བསྲུང་བའི་ཡི་ཆེད་དུ་བག་ཡོད་པར་བྱེད་ན། ཚེ་ཕྱི་མ་དམྱལ་བར་བསྡུས་འཇོམས་ཀྱི་རིས་བར་དུ་ལུས་འཇོམས་པ་ལ་སོགས་པའི་སྡུག་བསྔལ་ཆེན་པོས་སྐྲག་པ་དག་གིས་ད་ལྟ་རང་གི་སེམས་ཀྱི་རྨ་ལྟ་བུ་འདི་ཕྱི་རོལ་དུ་ཟག་ཏུ་མི་འཇུག་པར་དྲན་ཤེས་ཀྱིས་ཅིས་མི་བསྲུང་སྟེ་བསྲུང་དགོས་སོ། །དུས་དང་རྣམ་པ་ཐམས་ཅད་དུ་དྲན་ཤེས་དང་ལྡན་པའི་སྒོ་ནས་རང་གི་སེམས་བསྲུང་བའི་སྤྱོད་པ་འདི་འདྲས་རྒྱུན་དུ་གནས་པར་བྱེད་ན་ཞེ་སྡང་སྐྱེ་བའི་ཡུལ་སྐྱེ་བོ་གདུག་པ་ཅན་ངན་པའི་ཁྲོད་ན་གནས་སམ་འདོད་ཆགས་སྐྱེ་བའི་ཡུལ་བུད་མེད་མཛེས་མའི་ཁྲོད་ན་གནས་ཀྱང་རུང་སྟེ་རང་གི་བསླབ་པའི་གནས་སྡོམ་པ་དེ་བསྲུང་བ་ལ་བརྩོན་པའི་དམ་བཅའ་བརྟན་པ་རྐྱེན་གྱིས་ཉམས་པར་མི་འགྱུར་བའི་དགོས་པའམ་ཕན་ཡོན་དེ་ལྟ་བུ་ཡོད་དོ། །བདག་གི་རྙེད་པ་ཡོན་འབུལ་བ་ལ་སོགས་པ་དང་བཀུར་སྟི་ཕྱག་འཚལ་གདན་སྟོབས་པ་ལ་སོགས་པ་དང་ལུས་སྲོག་གི་རྟེན་དང་འཚོ་བ་ཟས་གོས་ལ་སོགས་པ་མེད་ཅིང་མདོར་ན་ཤི་བར་གྱུར་ཀྱང་བླ་ཞིང་དགེ་བ་གཞན་ལུས་ངག་གི་དགེ་བ་གང་ཡང་ཉམས་པར་གྱུར་ཀྱང་བླ་ཡི་བསླབ་པ་བསྲུང་བའི་ཆེད་དུ་དུས་རྟག་ཏུ་དྲན་ཤེས་ཀྱི་སྒོ་ནས་རང་གི་སེམས་བསྲུང་བའི་བརྟུལ་ཞུགས་འདི་ནི་དུས་ནམ་དུ་ཡང་ཉམས་པར་མི་བྱ་སྟེ་བྱ་མི་རུང་ངོ་། །གཉིས་པ། སེམས་བསྲུང་བའི་ཆེད་དུ་དྲན་ཤེས་བསྟེན་ཚུལ་ལ། མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། གོང་དུ་ཇི་སྐད་བཤད་པའི་རྒྱུ་མཚན་དེའི་ཕྱིར་ན་རང་གི་སེམས་འདི་བསྲུང་བར་འདོད་པ་བདག་གི་རྗེས་འཇུག་རྣམས་ལ་ནི་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་དང་ནི་སྒོ་གསུམ་གྱི་སྤྱོད་པ་ལ་ལེགས་པར་བརྟགས་ནས་འཇུག་བའི་ཤེས་བཞིན་དག་སྒོ་ཐམས་ཅད་ནས་འབད་པས་སྲོག་ལ་བབ་ཀྱང་བསྲུངས་ཤིག་ཅེས་ཞི་བ་ལྷ་བདག་ནི་དེ་ལྟར་ངག་གིས་གསོལ་བ་འདེབས་ཤིང་ལག་ཐལ་མོ་སྦྱོར་བ་ཡིན་ནོ་ཞེས་རང་རེ་ལ་དད་པས་མ་ཡིན་གྱི་ཤིན་ཏུ་གལ་ཆེ་བས་ན་དེ་སྐད་གསུང་བ་ཡིན་ནོ། །གཉིས་པ་ལ། ཤེས་བཞིན་མེད་པའི་ཉེས་དམིགས། དྲན་པ་བསྟེན་ཐབས་དངོས་གཉིས་ལས། དང་པོ་ནི། དཔེར་ན་རླུང་མཁྲིས་བད་ཀན་ལ་སོགས་པའི་ནད་ཀྱིས་བཏབ་ཅིང་དཀྲུགས་པའི་མི་དག་ལང་ཚོ་དར་ལ་བབ་ཅིང་རྣམ་རིག་བཀྲ་བར་གྱུར་ཀྱང་ནི་འགྲོ་འདུག་སྨྲ་བརྗོད་ལ་སོགས་པའི་ལས་རྣམས་ཀུན་ལ་མཐུ་མེད་ཅིང་མི་ནུས་པ་དེ་བཞིན་དུ་བློ་གསལ་ཞིང་རིག་པ་རྣོ་བའི་གང་ཟག་ཡིན་ཀྱང་དྲན་ཤེས་མེད་པས་སེམས་རྣམ་པར་གཡེངས་ཤིང་བླང་དོར་ལ་རྨོངས་པས་རང་གི་སེམས་དཀྲུགས་པར་གྱུར་པ་དེས་སྤོང་ཀློག་ལ་སོགས་པ་དགེ་བའི་ལས་རྣམས་གང་བསྒྲུབ་པ་ཀུན་ལ་ཅི་ལྟར་འདོད་པ་བཞིན་དུ་བྱེད་པའི་མཐུ་དང་ནུས་པ་མེད་པར་གྱུར་པ་ཉིད་དོ། །ཤེས་བཞིན་མེད་ན་ཤེས་རབ་ཆུད་ཟ་བར་འགྱུར་ཏེ་འདི་ལྟར་ཤེས་བཞིན་མེད་པས་རྣམ་པར་གཡེང་བའི་སེམས་དང་ལྡན་པའི་སྐྱེས་བུ་གང་ལ་བླ་མ་ལས་ཐོས་པའི་ཤེས་རབ་དང་དེའི་དོན་ལ་ཚུལ་བཞིན་ཡང་ཡང་བརྟགས་ཤིང་དཔྱད་པའི་བསམ་པའི་ཤེས་རབ་དང་དེ་ཉིད་ཀྱི་དོན་ལ་རྩེ་གཅིག་ཏུ་སྒོམ་པ་ལས་བྱུང་བའི་ཤེས་རབ་ཡང་དཔེར་ན་གློ་རྡོལ་བའི་བུམ་པའི་ནང་དུ་ཆུ་བླུགས་ཀྱང་རིམ་གྱིས་ཟག་ནས་མེད་པར་འགྱུར་བ་དེ་བཞིན་དུ་གང་ཟག་དེའི་དྲན་པ་ཙམ་ལ་ནི་ཐོས་བསམ་བསྒོམ་གསུམ་གྱི་ཤེས་རབ་གསུམ་པོ་དེ་ཡུན་རིང་དུ་མི་གནས་པར་བརྗེད་པར་འགྱུར་ཏེ་ཤེས་བཞིན་མེད་ན་དྲན་པ་ཁོ་ནས་དེ་དག་བསྲུང་མི་ཐུབ་པས་སོ། །དེ་བཞིན་དུ་ཚུལ་ཁྲིམས་ཡང་ཆུད་ཟ་བར་འགྱུར་ཏེ། རང་ཉིད་གང་ལ་བསླབ་པར་བྱ་བའི་གནས་བླང་དོར། ཡང་དག་པར་ཤེས་པའི་ཐོས་པ་དང་ལྡན་ཅིང་རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་ཅན་ཡིན་པ་དང་ནི་བླང་དོར་ལ་སྤྲོ་བའི་བརྩོན་བ་ལྷུར་ལེན་པའི་གང་ཤུག་དུ་མ་ཡང་སྐབས་འགའ་ཞིག་ཏུ་ཤེས་བཞིན་མེད་པའི་སྐྱོན་རང་རྒྱུད་ལ་ཆགས་པས་ཚུལ་ཁྲིམས་འཆལ་ཞིང་ལྟུང་བའི་རྙོག་པའམ་དྲི་མ་དང་བཅས་པར་འགྱུར་རོ། །གང་ཟག་གང་ལ་ཤེས་བཞིན་མེད་པའི་སྐྱོན་གྱིས་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་གཉིས་ཆོམ་པོ་ལྟ་བུ་དང་། ང་རྒྱལ་དང་ཕྲག་དོག་སོགས་རྐུན་མ་ལྟ་བུ་དག་བསྲུང་མ་ལྟ་བུའི་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་ཉམས་པའི་རྗེས་སུ་འབྲང་བས་ཏེ་རྗེས་སུ་ཞུགས་ན ས། སྔར་རང་གི་བསོད་ནམས་དགེ་བའི་དངོས་པོ་དག་ནི་ཉེར་ཏེ་ཉེ་བར་བསགས་པ་ཀུན་ཀྱང་དཔེར་ན་རྒྱུ་རྫས་ཀྱི་དངོས་པོ་རྣམས་རྐུན་མ་དང་ཆོམ་པོས་འཕྲོག་སྟེ་སྲོག་གཅོད་པ་ཇི་ལྟ་བ་དེ་བཞིན་དུ་དགེ་བའི་ནོར་འཕྲོག་ཅིང་བདེ་འགྲོའི་སྲོག་བཅད་སྟེ་ངན་འགྲོར་འགྲོ་ཞིང་སྐྱེའོ། །ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་ཚོམ་ཀུན་ལྟ་བུའི་ཚོགས་འདི་ཡིས་ནི་དཔེར་ན་ཆོམ་རྐུན་གྱིས་འགྲོན་པོ་ལྟ་བུ་ལ་སོགས་པ་ལ་དང་པོ་ཐུབ་བམ་མི་ཐུབ་བརྟགས་ནས་གླགས་ལྟ་ཞིང་ཐུབ་ན་དུས་ཉིན་མཚན་ནམ་དགའི་སྐབས་ཚོལ་བར་བྱེད་པ་ལྟར་ཡང་དང་ཡང་དུ་རང་རྒྱུད་ལ་གླགས་ལྟ་ཞིང་གནོད་པའི་སྐབས་ཚོལ་བར་བྱེད་པ་སྟེ་ཚོམ་རྐུན་དང་འདྲ་བར་བསྟན་ཏེ་ནམ་ཆགས་སྡང་སོགས་ཉོན་མོངས་པས་རང་རྒྱུད་ལ་གླགས་རྙེད་པར་གྱུར་ནས་རྒྱུད་དགེ་བའི་ནོར་བསགས་པ་རྣམས་འཕྲོག་པར་བྱེད་ཅིང་འབྲས་བུ་བདེ་འགྲོའི་སྲོག་ཉིད་ཀྱང་འཇོམས་པར་བྱེད་དེ་བདེ་འགྲོའི་གོ་འཕང་མི་འཐོབ་པས་སོ། །གཉིས་པ་ནི། རྒྱུ་མཚན་དེ་ལྟ་བས་ན་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་འདི་ནི་རང་གི་ཡིད་ཀྱི་ཁང་པའི་སྒོ་ཁར་སྟེ་སེམས་ཕྱིན་ཅི་ལོག་གི་ཡུལ་དུ་འཇུག་པའི་སྒོར་ཉོན་མོངས་པའི་ཆོམ་རྐུན་བསྲུང་བའི་དོན་དུ་བཞག་ནས་དེ་ལས་ཕྱི་རོལ་ལམ་གུད་དུ་སྟེ་གཞན་དུ་དུས་ནམ་ཡང་མི་གཏོང་ངོ་ཞེས་དོན་དུ་དྲན་པ་བརྟེན་ནས་རང་གི་སེམས་ཚོགས་དྲུག་གི་ཡུལ་ལ་དུས་ནམ་དུ་གཡེང་དུ་མི་འཇུག་པར་བསྲུང་དགོས་ཞེས་སོ། །གལ་ཏེ་དྲན་པ་བརྟེན་པ་བརྗེད་ནས་སེམས་ཡུལ་ཐོག་ཏུ་གཡེང་སོང་ནའང་དེ་མ་ཐག་ཏུ་བདག་གིས་དྲན་པ་བརྟེན་པ་བརྗེད་འདུག་པས་སེམས་ཉོན་མོངས་པའི་དབང་དུ་སོང་ནས་ངན་འགྲོའི་གནོད་པའམ་སྡུག་བསྔལ་དག་མྱོང་བར་འགྱུར་བའི་ཉེས་དམིགས་རྣམས་དྲན་པར་བྱས་ཏེ་སླར་ཡང་དྲན་པ་དེ་ཉེ་བར་བཞག་སྟེ་བསྟེན་དགོས་སོ། །ལས་དང་པོ་པ་དྲན་པ་བརྟེན་མི་ཐུབ་པ་རྣམས་ཀྱིས་དྲན་པ་བརྟེན་ཐུབ་ཐབས་སམ་སྐྱེ་བའི་རྒྱུ་ནི་དྲན་ཤེས་དང་ལྡན་པའི་བླ་མ་མཚན་ཉིད་ལྡན་པ་དང་ནི་འགྲོགས་པའམ་བསྟེན་པ་ལས་དྲན་པ་སྐྱེ་བར་འགྱུར་བས་ན་ཐེག་པ་གང་གི་ལུགས་ལ་བླ་མ་ལ་འབྲལ་མེད་དུ་བརྟེན་དགོས་པར་གསུངས་ལ། བླ་མའམ་མཁན་པོས་ཀྱང་བླང་དོར་གྱི་གནས་ཚུལ་བཞིན་དུ་སློབ་མ་དེ་ལ་རྗེས་སུ་བསྟན་ཅིང་སློབ་དགོས་པ་དང་། དེས་ཀྱང་བསྟན་པ་ལྟར་རང་གིས་བླང་དོར་བཀའ་བཞིན་སྒྲུབ་ཅིང་བདག་བསླབ་པ་དང་འགལ་སོང་ན་བླ་མའི་བཀའ་བཀྱོན་དང་ཉེས་དམིགས་ལ་འཇིགས་པའམ་སྐྲག་པས་སྐལ་པ་དང་ལྡན་པའི་གང་ཟག་བསླབ་པ་ལ་གུས་པར་བྱེད་པ་དེ་ལ་དྲན་པ་བདེ་བླག་ཉིད་དུ་སྟེ་དཀའ་ཚེགས་མེད་པར་སྐྱེའོ། །གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་དུས་ཀུན་ཏུ་ཤེས་བྱ་གང་ལ་ཡང་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་གཟིགས་པར་ལྡན་པ་མི་མཁྱེན་པ་དང་མི་གཟིགས་པ་ཅུང་ཟད་ཙམ་ཡང་མེད་པ་དེ་དག་ཐམས་ཅད་ཀྱི་སྤྱན་སྔ་ན། དུག་རྟག་ཏུ་རྒྱུན་མི་འཆད་པར་བདག་ནི་འདུག་པའམ་གནས་སོ་ཞེས་བསམ་པར་བྱ་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ལོང་བའི་དྲུང་ན་མིག་ལྡན་བཞིན་ཡིན་པས་བདག་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ངན་པ་ཆེ་ཆུང་ཐམས་ཅད་མངོན་སུམ་དུ་མཁྱེན་ཅིང་ཐུགས་ཁྲེལ་འགྲོ་བས་མི་རུང་ངོ་ཞེས་དེ་ལྟར་ཡང་ནས་ཡང་དུ་མི་བརྗེད་པར་བསམ་ནས་རང་ངོས་ནས་ཉེས་སྤྱོད་ལ་འཛེམས་པ་ངོ་ཚ་བ་དང་བསླབ་པ་ལ་གུས་པ་དང་གཞན་ངོས་ནས་ཉེས་སྤྱོད་ལ་འཛེམས་པ་ཁྲེལ་ཡོད་པས་འཇིགས་པ་དང་ལྡན་པ་དེ་བཞིན་དུ་མ་ནོས་ཏེ་གནས་པར་གྱིས་ཤིག །དེ་ལྟར་གནས་པ་དེས་ནི་དྲན་པ་ཙམ་སྐྱེ་བར་མ་ཟད་བྱང་ཆུབ་སེམས་དཔའི་བསླབ་པ་སངས་རྒྱས་ཆོས་དགེ་འདུན་གཏོང་བ་ཚུལ་ཁྲིམས་ལྷ་སྟེ་རྗེས་དྲན་དྲུག་ལས་སངས་རྒྱས་རྗེས་སུ་དྲན་པའང་གང་ཟག་དེ་ལ་ཡང་དང་ཡང་དུ་འབྱུང་བའི་ཡོན་ཏན་དང་ལྡན་ཞིང་། དུས་གང་ཚེ་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་ཡིད་ཀྱི་ཁང་པའི་སྒོ་ཁར་བཞག་ནས་སེམས་ཉོན་མོངས་པའི་ཡུལ་དུ་འཇུག་པ་ནི་བསྲུང་བའི་དོན་དུ་དྲན་པ་ཉེ་བར་གནས་པར་གྱུར་པ་དེ་ཡི་ཚེ་སྒོ་གསུམ་གྱི་སྤྱོད་པ་ལ་ཤེས་བཞིན་དུ་འཇུག་པའང་ངང་གིས་འོང་བར་འགྱུར་ཞིང་ལན་འགར་བརྗེད་པའམ་གཞན་དུ་སོང་བ་དག་ཀྱང་སླར་སྐྱེ་བའམ་ཕྱིར་འོང་བར་འགྱུར་རོ། །གསུམ་པ་དྲན་ཤེས་དང་ལྡན་པའི་སྒོ་ནས་བློ་སྦྱོང་གི་སྤྱོད་པ་ལ་བསླབ་ཚུལ་ལ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་ལས། དང་པོ་ལ་སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་དག་པར་བྱ་བ། བསླབ་པ་མི་ཉམས་པར་བསྲུང་བ་དང་གཉིས་ལས། དང་པོ་ནི། དུས་དང་རྣམ་པ་ཐམས་ཅད་དུ་དྲན་ཤེས་བསྟེན་ཏེ་རེ་ཞིག་དང་པོར་རང་རྒྱུད་ལ་རྣམ་རྟོག་གང་དང་གང་སྐྱེས་འོང་བ་ལ་བལྟས་ཏེ་འདི་འདྲའི་སེམས་སམ་རྣམ་རྟོག་འདི་དགེ་བའམ་མི་དགེ་བ་གང་ཡིན་ཞེས་བརྟགས་ཏེ་མི་དགེ་བའི་རྣམ་རྟོག་ཡིན་ན་འདི་ནི་ཚེ་འདི་ཕྱི་གཉིས་ཀར་གནོད་པར་བྱེད་པའི་སྐྱོན་དང་བཅས་པའོ་ཞེས་ཤེས་པར་བྱས་ནས་དེ་ཚེ་བདག་གིས་ལུས་ལས་སུ་མི་བྱ། ངག་སྨྲ་བར་མི་བྱ། སེམས་རྟོག་ངན་དེའི་རྗེས་སུ་འབྲང་དུ་མི་འཇུག་པར་ཤིང་སྡོང་ཆེན་པོ་རླུང་གིས་མི་གཡོ་བ་བཞིན་དུ་རང་གི་སེམས་ཡུལ་ཐོག་ཏུ་ཤོར་བའི་རྟོག་ངན་གྱི་དབང་དུ་མི་གཏོང་བར་ཟུངས་ཐུབ་པར་ནི་གནས་པར་བྱ་དགོས་ཏེ་དཔེར་ན་ཀོང་བུ་དྲོ་བྱིས་དང་ཕག་སྣ་གཏུན་བརྡུང་ཞེས་པ་ལྟར་རྣམ་རྟོག་ངན་པ་གང་སྐྱེས་དེ་མ་ཐག་ཏུ་འབུར་འཇོམས་བྱེད་དགོས་སོ། །དུས་དང་རྣམ་པ་ཐམས་ཅད་དུ་རང་གི་མིག་གིས་ཆོས་དང་མཐུན་པའི་དོན་ནམ་འབྲས་བུ་མེད་པར་མིག་གཞན་དུ་གཡེང་བའི་ཚུལ་གྱིས་རྣམ་པར་གཡེང་བར་བལྟ་བ་ནི་དུས་ནམ་ཡང་བདག་གིས་མི་བྱ་སྟེ་གཞན་གྱི་མཐོང་སར་ཚུལ་འཆོས་ལྟ་བུ་མ་ཡིན་པར་བླང་དོར་རམ་དེ་ཁོ་ན་ཉིད་ལ་ངེས་པར་སེམས་པས་དུས་རྟག་ཏུ་ནི་མིག་ནི་ཅུང་ཟད་ཕྱེ་བ་སྣ་རྩེའམ་གཉའ་ཤིང་གང་ཙམ་དུ་ཕབ་སྟེ་བལྟ་བར་བྱ་དགོས་ལ་གཞན་དུ་སེམས་ལ་འདོད་ཆགས་དང་ཞེ་སྡང་སོགས་གང་སྐྱེས་ན་མིག་དེའི་རྗེས་སུ་འབྲང་ནས་དེའི་རྣམ་འགྱུར་མིག་ལ་དོད་འོང་བས་ན་རྣམ་པར་གཡེང་བས་མིག་གིས་བལྟ་མི་རུང་ངོ་ཞེས་གསུངས། འགྲོ་བའམ་འདུག་པ་ལ་སོགས་པ་གང་གི་ཚེ་རྩེ་གཅིག་ཏུ་བལྟ་བས་ངུ་བ་པར་གྱུར་བ་ན་མིག་དང་སེམས་ངལ་བསོའི་ཆེད་དུ་ནི་དྲན་ཤེས་དང་ལྡན་པས་རང་གི་སེམས་མ་ཡེངས་བཞིན་དུ་རེས་འགའ་ཕྱོགས་ཕྱོགས་སུ་བལྟ་བར་བྱ་དགོས་སོ། །གལ་ཏེ་གང་ཟག་འགའ་ཞིག་རང་གནས་སུ་མིག་ལམ་དུ་འོངས་ནས་སྣང་བར་གྱུར་ན་མིག་སྡང་སོགས་ཀྱིས་མི་བལྟ་བར་མིག་གཉའ་ཤིང་གང་ཙམ་དུ་ཕབ་སྟེ་ལེགས་པར་དེ་ལ་བལྟས་ནས་རྒྱ་གར་པས་འོངས་བ་ལེགས་ཞེས་པ་སོགས་ཡུལ་ལུགས་དང་མཐུན་པའི་གཏམ་སྙན་པའི་ཚིག་དག་སྔ་བར་བརྗོད་ནས་མགུ་བར་བྱའོ། །གཞན་ཡང་འཇིགས་བཅས་ཀྱི་ལམ་ལ་སོགས་པར་དགྲ་སོགས་འཇིགས་པ་ཡོད་མེད་བརྟག་པའི་ཕྱིར་རང་གི་སེམས་མ་ཡེངས་བཞིན་དུ་ཡང་དང་ཡང་དུ་རིམ་པར་ཤར་ལ་སོགས་པར་ཕྱོགས་བཞིར་དལ་བུའི་བལྟ་བར་བྱ་ཞིང་ཁྱད་པར་ལམ་དུ་ངལ་བསོ་བའི་ཚེ་སོགས་སུ་གཞན་གྱི་མིག་སྔར་མི་མཛེས་པའི་མགོ་ཕྱིར་བསྒྱུར་རྩེ་མཆོངས་ལ་སོགས་པས་རྒོད་བག་གི་སྤྱོད་པ་མ་ཡིན་པར་བག་ཕབ་སྟེ་ཞི་དུལ་གྱིས་ཁ་ནི་ཕྱིར་ཕྱོགས་ཤིང་བལྟས་ནས་རྒྱབ་ཀྱི་ཕྱོགས་སུ་ཡང་དགྲ་རྐུན་གཅན་གཟན་སོགས་འཇིགས་པ་ཡོད་མེད་ལ་ལེགས་པར་བལྟ་བར་བྱ་དགོས་སོ། །དེ་ལྟར་རང་གི་མདུན་དང་རྒྱབ་ཏུ་ལེགས་པར་འཇིགས་པ་ཡོད་མེད་བརྟགས་པར་བྱས་ནས་ཡུལ་གཞན་དུ་ཕར་འགྲོ་བའམ་ཡང་ན་རང་གི་གནས་སུ་ཚུར་འོང་བར་བྱ་སྟེ་དེ་ལྟར་ཕྱོགས་འདིས་མཚོན་ནས་གྲོང་དང་དགོན་པ་ཚོགས་གྲལ་སོགས་ཀྱི་གནས་སྐབས་ཀུན་ཏུ་ཟ་ཉལ་འགྲོ་འདུག་ལ་སོགས་པ་ཐམས་ཅད་དུ་རང་ངམ་གཞན་གྱི་དོན་ནམ་དགོས་པ་གང་དང་གང་ཆེ་བ་དེ་དང་དེ་ཤེས་པར་བྱས་ནས་ཤེས་བཞིན་དང་ལྡན་པས་བྱ་བ་དེ་ལ་འཇུག་ཅིང་སྤྱད་པར་བྱ་དགོས་སོ། །རང་གིས་གྲོང་ངམ་ཚོགས་གྲལ་ལམ་ཐུན་བཅད་པའི་ཚེ་ལ་སོགས་པར་བདག་གིས་ལུས་ཀྱིས་རྐང་པ་དཀྱིལ་དཀྲུང་དང་ལག་པ་མཉམ་བཞག་ལ་སོགས་པའི་རྣམ་སྣང་ཆོས་བདུན་ལྟ་བུ་འདི་ལྟར་གནས་པར་བྱའོ་ཞེས་བསམ་ནས་བྱ་བ་བསྡོགས་ནས་ཏེ་བྱ་བ་དེའི་མགོ་བརྩམས་པ་དེ་ནས་ནི་སྐབས་དང་སྐབས་སུ་རང་གི་ལུས་འདི་སྔར་ཇི་ལྟར་བསྡད་པ་དེ་ལྟ་བུར་ད་ལྟ་གནས་པ་ཡིན་ནམ་མིན་ཞེས་ཤེས་བཞིན་གྱིས་ལུས་ལ་བརྟགས་ཤིང་བལྟ་བར་དགོས་སོ། །གླང་ཆེན་སྨྱོན་པ་བཏགས་པ་ཤོར་སོང་ན་གནོད་པ་ཆེན་པོ་བྱེད་པས་ན་མི་འཆོར་བར་དམ་པོར་བཏགས་དགོས་པ་ལྟར་རང་གི་སེམས་ཆགས་སྡང་སོགས་ཀྱི་དབང་དུ་གྱུར་པ་གླང་ཆེན་མྱོས་པའམ་སྨྱོན་པ་ལྟ་བུ་འདི་ནི་ཕྱི་རོལ་ཆགས་སྡང་གི་ཡུལ་སོགས་ལ་གཡེང་སོང་ན་དམྱལ་བ་དང་ཡི་དྭགས་ལ་སོགས་པའི་ངན་སོང་གི་གནོད་པ་བྱེད་པས་ན་རང་གི་སེམས་ཕྱི་རོལ་དུ་ཡེངས་སུ་མི་འཇུག་པར་དམ་པའི་ཆོས་འཆད་ཉན་སྒོམ་པ་ལ་སོགས་པའི་དོན་ལ་རྩེ་གཅིག་ཏུ་སེམས་པའི་ཀ་བ་ཆེན་པོ་དང་འདྲ་བ་ལ་དྲན་ཤེས་ཀྱི་སྒོ་ནས་ཇི་ལྟར་ན་གླང་ཆེན་བཏགས་པ་གཞན་དུ་མི་འཆོར་བ་དེ་ལྟར་འབད་པ་ཀུན་གྱིས་ཏེ་ནན་ཏན་གྱིས་ལུས་སྒུལ་བསྐྱོང་མི་བྱ། ངག་སྨྲ་བརྗོད་མི་བྱ། སེམས་དམ་པའི་ཆོས་ཀྱི་ཚིག་དོན་ལྟ་སྒོམ་སྤྱོད་པ་ལ་རྩེ་གཅིག་ཏུ་སེམས་པ་ལས་སྐད་ཅིག་ཙམ་དུ་ཡང་སེམས་ཕྱི་རོལ་དུ་མི་གཡེང་བ་དྲན་པས་བརྟགས་ཏེ་ཤེས་བཞིན་གྱིས་སྲུང་དགོས་སོ། །ཅི་ནས་ཀྱང་ཏིང་ངེ་འཛིན་ཟབ་མོ་བསྒོམ་པ་ལ་བརྩོན་པར་བྱེད་པ་ལ་ནི་རང་གི་སེམས་འདི་དེ་ཁོ་ན་ལ་གཏད་ཅིང་སྒོམ་པ་དེ་ལས་དུས་སྐད་ཅིག་གཅིག་ཀྱང་ཡུལ་གཞན་དུ་མི་ཡེངས་པའམ་མི་འཆོར་བར་བྱ་ཞིང་། གལ་ཏེ་ཅུང་ཟད་ཡེངས་ཤོར་ན་དེ་མ་ཐག་ཏུ་བདག་གི་ཡིད་འདི་ཏིང་ངེ་འཛིན་ལས་གཞན་གར་སྤྱོད་ཅིང་འཇུག་པར་བྱེད་ཅེས་དེ་ལྟར་རང་གི་ཡིད་ལ་སོ་སོར་བརྟག་ཅིང་སླར་བླན་ཏེ་མི་ཡེངས་པར་མཉམ་པར་བཞག་པར་བྱ་དགོས་སོ། །སྟག་གཟིག་སོགས་ཀྱིས་སྲོག་གི་འཇིགས་པ་དང་དཀོན་མཆོག་གི་མཆོད་པའི་དགའ་སྟོན་དུས་མཆོད་ལྟ་བུ་ལ་སོགས་པ་དང་གཞན་དོན་ཆེན་པོ་སྒྲུབ་པ་དང་འབྲེལ་བར་ཤིན་ཏུ་བསྡམས་པའི་སྤྱོད་ལམ་དེ་ལྟ་བུའི་རྩེ་གཅིག་ཏུ་མཉམ་པར་བཞག་པར་གལ་ཏེ་མི་ནུས་པར་གྱུར་པའི་ཚེ་ན་རེ་ཞིག་དྲན་ཤེས་བརྟེན་ཏེ་སེམས་མ་ཡེངས་པར་ཅི་བདེར་བྱ་བ་གནང་སྟེ་དེ་ཡང་འདི་ལྟར་སྦྱིར་སྦྱིན་པ་ལས་ཚུལ་ཁྲིམས་མཆོག་ཏུ་གསུངས་ཀྱང་གཏན་པ་མེད་པའི་སྦྱིན་པ་རྒྱ་ཆེན་པོ་སྦྱིན་པའི་དུས་དག་ཏུ་ལག་པ་ཆེར་བསྐྱོད་པའམ་ཆང་སྦྱིན་པ་ལྟ་བུའི་ཚུལ་ཁྲིམས་ཀྱི་བསླབ་པ་ཆུང་ངུ་བཏང་སྙོམས་སུ་བཞག་པའམ་བྱ་བར་བློ་གྲོས་མི་ཟད་པའི་མདོ་ལས་སྦྱིན་པའི་དུས་སུ་ཚུལ་ཁྲིམས་བསྡུས་ཏེ་བཏང་སྙོམས་སུ་བཞག་པར་བྱའོ་ཞེས་གསུངས་པས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་འཇུག་འདི་ལྟ་བུ་སློབ་པའམ་ཨེ་ཤེས་ལྟ་བ་ལ་སོགས་པའམ་གང་ཞིག་དང་པོ་བསམ་སྟེ་དེའི་འགོ་བཟུང་བའམ་བྱར་ཏེ་བྱ་བར་བརྩམས་ཟིན་པ་དེ་ཉིད་མ་གྲུབ་ཀྱི་བར་དུ། དེ་ལས་གཞན་དུ་འདོན་རྒྱུ་ལྟ་རྒྱུ་སྒྲུབ་རྒྱུ་འགྲོ་རྒྱུ་སོགས་འདྲི་འདྲ་སྣ་ཚོགས་ནམ་དུ་ཡང་མི་བསམ་སྟེ། སྤྱོད་འཇུག་སློབ་པ་ལ་སོགས་པ་གང་བརྩོམ་པ་དེར་རྩེ་གཅིག་ཏུ་གཏད་པ་ཡི་བསམ་པ་ཡིས་གང་བརྩོམ་པ་དེ་ཉིད་མ་གྲུབ་ཀྱི་བར་དུ་རེ་ཞིག་དང་པོ་འབད་པས་བསྒྲུབས་ནས་མཐར་ཕྱིན་པར་བྱ་ཞིང་སྤྱོད་འཇུག་སློབ་པ་སོགས་གང་བརྩོམ་དེ་ཁོ་ནས་ཆོག་པར་མི་བྱེད་པར་སྔ་མ་སྔ་མ་རྣམས་ལེགས་པར་ཟིན་ནས་ཕྱི་མ་ཕྱི་མ་ལ་ཞུགས་པར་བྱས་ན་དེ་ལྟ་ན་སྟེ་དེ་ལྟར་བྱས་ན་ནི་སྔ་ཕྱི་ཀུན་ལེགས་པར་བྱས་པ་སྟེ་སྔ་ཕྱི་གཉིས་ཀ་མཐར་ཕྱིན་པར་འགྱུར་རོ། །དེ་ལྟར་མི་བྱེད་པར་གཞན་དུ་སྔ་མ་མ་ཟིན་པར་ཕྱི་མ་སོགས་གཞན་ལ་འཇུག་པར་བྱས་ན་སྔ་ཕྱི་གཉིས་ཀར་འགྲུབ་པར་མི་འགྱུར་ཏེ། རྐང་པ་ཡ་གཅིག་མ་བཏེགས་པར། །གཉིས་ཀར་བཏེགས་ན་འགྱེལ་བའི་རྒྱུ། །ཞེས་པ་ལྟར་རོ། །དེ་ལྟར་རིམ་པར་སྔ་མ་ལེགས་པར་ཟིན་ནས་ཕྱི་མ་ལ་ཞུགས་པར་བྱས་ན་ཉེ་ཉོན་ཉི་ཤུ་ཡོད་པ་ལས་ཤེས་བཞིན་མ་ཡིན་པ་ཞེས་པའི་ཉེ་བའི་ཉོན་མོངས་པ་དེ་ཉིད་དེ་ལྟ་ན་སྟེ་དེ་ལྟར་བྱས་ན་ནི་འཕེལ་བར་མི་འགྱུར་རོ། །གཉིས་པ་ནི། ནད་པ་དང་རྒས་པ་ལ་སོགས་པའི་སེམས་བསྲུང་བའི་ཆེད་དུ་ཀུ་རེའི་བཞད་གད་དམ་བྲེ་མོའི་གཏམ་སྟེ་འབྲེལ་མེད་ཀྱི་གཏམ་ནི་འདྲ་མི་འདྲ་རྣམ་པ་སྣ་ཚོགས་པ་དང་། སྤྲང་པོ་རྣམས་ཀྱིས་ཟས་རྙེད་ཕྱིར་སྤྲེལ་རྩེད་དང་སྒྲ་སྙན་དང་གར་དང་མིག་འཕྲུལ་བྱེད་པ་ལ་སོགས་པའི་ངོ་མཚར་བའི་ལྟད་མོ་རྣམ་པ་མང་པོ་ཀུན་ལ་གཞན་གྱི་སེམས་བསྲུང་བའི་ཕྱིར་འཇུག་བར་གྱུར་པ་ན་གཏམ་སྣ་ཚོགས་དང་ངོ་མཚར་བའི་ལྟད་མོ་དེ་དག་ལ་རང་ཆགས་པ་སྤང་བའམ་མེད་པར་བྱ་དགོས་ཏེ་རང་ཉིད་གཏམ་དང་ལྟད་མོ་ལ་ཆགས་ནས་གཏམ་སྣ་ཚོགས་པ་ལ་འཇུག་མི་རུང་ཞིད་སྟད་མོ་སྣ་ཚོགས་པ་ལ་མཚར་མཚར་དུ་བལྟ་མི་རུང་ངོ་། །ཁྱད་པར་སྤྲང་པོའི་གར་ལ་སོགས་པ་ལ་བླ་མ་དང་མི་ཆེན་གྱིས་བལྟས་ནས་སྤྲང་པོ་ལ་གནང་སྦྱིན་བྱས་ནས་དགའ་བར་བྱེད་དགོས་སོ། །བྱང་ཆུབ་སེམས་དཔའ་དང་བླ་མ་དང་སྤྲུལ་སྐུ་སོགས་པས་གཞན་གྱི་མ་དད་པ་བསྲུང་དགོས་པས་ན་དོན་ནམ་དགོས་པ་ཆེན་པོ་མེད་པར་སོར་མོ་དང་ཤིང་བུ་སོགས་ཀྱིས་ས་རྐོ་བ་དང་ལག་པ་བཟུང་མི་ཐུབ་པར་རྩྭ་ལ་སོགས་པ་གཅོད་པ་དང་། ས་རིས་འདྲི་བ་སྟེ་ས་ལ་རི་མོ་འདྲ་མི་འདྲ་སྣ་ཚོགས་འདྲི་བ་སོགས་བྱེད་པར་འདོད་པར་གྱུར་པ་ན་བདེ་བར་གཤེགས་པས་དེ་དག་བྱ་མི་རུང་བའི་བསླབ་པ་བཅས་པ་རྣམས་དྲན་པར་བྱས་ནས་བསླབ་པ་དང་འགལ་བའི་ཉེས་པས་ངན་སོང་དུ་འགྲོ་བ་ལ་སྐྲག་པས་དེ་ཡི་མདོ་ལ་སྟེ་དེ་མ་ཐག་ཏུ་དོར་བར་བྱ་དགོས་སོ། །དུས་གང་གི་ཚེ་ན་རང་གི་ལུས་ཀྱི་བྱ་བ་ཐག་ཉེ་རིང་གང་དུ་འགྲོ་བར་འདོད་པའམ་ཐ་ན་ལག་སོགས་ཡན་ལག་ཙམ་བསྐྱོད་པར་འདོད་པར་གྱུར་ཏམ་ངག་གི་བྱ་བ་གཏམ་རྣམ་པ་སྣ་ཚོགས་གཞན་ལ་བཤད་པའམ་སྨྲ་བར་འདོད་པར་གྱུར་པ་ན་ཡང་དང་པོར་རང་གི་སེམས་ལ་འགྲོ་བ་འདི་དང་གཏམ་སྨྲ་བ་འདི་དག་གི་ཀུན་སློང་དགེ་བའམ་མི་དགེ་བ་གང་ཡིན་ཞེས་བརྟགས་ནས་བྱང་ཆུབ་སེམས་དཔའ་འམ་བརྟན་པས་རིགས་ཤིང་འཐད་པ་དང་ལྡན་པར་བྱ་སྟེ་ཞེས་མི་དགེ་བ་ལ་འཇུག་པ་སྤངས་ནས་དགེ་བའི་ལས་ལ་འཇུག་དགོས་སོ། །འདི་ལྟར་ཉེས་སྤྱོད་ཀྱི་འབྱུང་སྒོ་ཉི་ཤུ་རྩ་བདུན་པོ་འདི་རྣམས་ཕྲ་ཞིང་ཕྲ་བ་ཡང་རང་རྒྱུད་ལ་ངེས་པར་མ་བྱུང་བ་ཡང་དག་པ་ཞིག་ཐོན་ན་སོར་བྱང་སྔགས་གསུམ་གྱི་ཉེས་ལྟུང་མི་འབྱུང་བ་ཞིག་འོང་བ་ཡིན་པས་དེ་དག་བློ་ཐོག་ཏུ་ལེན་ནས་དོན་ཇི་བཞིན་དུ་ཤེས་ཤིང་ངེས་པ་རྙེད་ནས་བླང་དོར་ལ་ཚུལ་བཞིན་དུ་འབད་པ་ཤིན་ཏུ་གལ་ཆེ་བ་ཡིན་ལ། ཉི་ཤུ་རྩ་བདུན་པོ་དེ་དག་གང་ཞེ་ན་དུས་གང་གི་ཚེ་རང་གི་ཡིད་གྲོགས་དང་རྒྱུ་རྫས་ལ་སོགས་པ་ཡིད་དུ་འོང་བ་རྣམས་ལ་ཆགས་ཤིང་ཞེན་པར་གྱུར་པ་དང་། དགྲ་ལ་སོགས་པ་ཡིད་དུ་མི་འོང་བའི་ཡུལ་ལ་སེམས་རྒྱབ་ཀྱིས་ཕྱོགས་པའི་ཁྲོ་བར་འདོད་པ་དེ་ཡི་ཚེ་དེ་དག་གིས་ཀུན་ནས་བསླང་བའི་ལུས་ཀྱི་བྱ་བ་འགྲོ་ཞིང་བསྐྱོད་པ་ལ་སོགས་པའི་ལས་སུ་མི་བྱ་ཞིང་། ངག་གིས་དེ་དག་གི་གཏམ་སྨྲ་བར་མི་བྱ་ཞིང་སེམས་དེའི་རྗེས་སུ་མི་འབྲང་བར་ལུས་ངག་ཡིད་གསུམ་བྱེད་པ་མེད་པར་ཤིང་བཞིན་དུ་ཟུང་ཐུབ་པར་ནི་གནས་པར་བྱ་ཞེས་ལུས་ངག་ཡིད་གསུམ་ཆགས་སྡང་གི་རྗེས་སུ་འབྲང་ངུ་མི་འཇུག་པར་བྱ་དགོས་སོ། །རང་གི་ལུས་ངག་ཡིད་གསུམ་གྱིས་ཅི་བྱེད་རང་གིས་མི་གོ་བའི་ལུས་ངག་ཡིད་གསུམ་རྒོད་པ་དང་། ཁྱད་པར་འདོད་ཆགས་ཀྱི་ཕྱོགས་སུ་སེམས་རྣམ་པར་གཡེང་བས་རྒོད་པ་དང་། ག་ཞར་སྟེ་བཞད་གད་བྱེད་པའི་རྩད་མོ་རྩེ་འདོད་པ་དང་བཅས་པའམ། གལ་ཏེ་ངའོ་སྙམ་པའི་ང་རྒྱལ་དང་། ང་རྒྱལ་ཙམ་དང་། ཆེ་བའམ་ལྷག་པའི་ང་རྒྱལ། ང་རྒྱལ་ལས་ཀྱང་ང་རྒྱལ། ཅུང་ཟད་སྙམས་པའི་ང་རྒྱལ། ལོག་པའི་ང་རྒྱལ་མངོན་པའི་ང་རྒྱལ་སྟེ་ང་རྒྱལ་བདུན་དང་། རྒྱགས་པ་ནི། རིགས་དང་གཟུགས་དང་ལང་ཚོ་དང་ཐོས་པ་དང་ནོར་གྱིས་རྒྱགས་པ་སྟེ་ལྔ་དང་ལྡན་པའམ། གཞན་གྱི་སྐྱོན་དངོས་སམ་ཟུར་གྱིས་བརྗོད་པར་འདོད་པ་མཚང་འབྲུ་བ་ཡི་བསམ་པ་དང་། གལ་ཏེ་སྐྱོར་འབྱིན་ཞེས་རྩོད་པ་སྔར་འདུམ་པ་སླར་དབྱེ་བར་འདོད་པའམ་སྦྱིན་པ་སྟེར་བའི་གནས་དེར་ཡང་ཡང་སློང་བའམ་འདོད་པ་ཆོག་མི་ཤེས་པ་རྣམས་ལ་བཤད་དོ། །གཞན་མགོ་གཡོག་ནས་བསླུ་བར་འདོད་པའི་སེམས་སམ། དུས་གང་ཚེ་བདག་དང་རང་ཕྱོགས་ལ་ཡོན་ཏན་བརྗོད་པས་བསྟོད་པ་ལྷུར་ལེན་པའམ། རང་མི་དགའ་བ་ལ་སོགས་པའི་གཞན་གྱི་ཕྱོགས་ལ་ཉེས་པ་བརྗོད་པས་སྨོད་པ་ཉིད་དང་ནི་ངག་གིས་གཞན་ལ་གནོད་པའི་གཏམ་གྱིས་གཤེ་བ་དང་བཅས་པ་དང་། རང་གཞན་ཕན་ཚུན་རྩོད་པའམ་འགྱེད་པ་དང་བཅས་པར་གྱུར་པ་དེ་དག་གང་གི་ཚེ་ཡང་ལུས་ངག་ཡིད་གསུམ་བྱེད་པ་མེད་པར་ཤིང་བཞིན་དུ་གནས་པར་བྱ་དགོས་སོ། །ཟས་གོས་སོགས་ཟང་ཟིང་གི་དངོས་པོ་རྙེད་པར་འདོད་པ་དང་སྟན་བཏིང་བ་དང་ཕྱག་འཚལ་བ་སོགས་གཞན་གྱིས་བཀུར་སྟི་འདོད་པ་དང་རང་གི་ཡོན་ཏན་གཞན་ལ་གྲགས་པར་འདོད་པའམ། མེ་འབུད་ཆུ་ལེན་ལ་སོགས་པའི་ལས་བྱེད་པའི་གཡོག་འཁོར་བཟང་པོ་དོན་དུ་གཉེར་བར་འདོད་པའམ། བདག་གི་སེམས་ལ་རིམ་གྲོ་སྟེ་མལ་ས་བཅའ་བ་དང་གཟིམ་འགེ་བ་སོགས་འཕྲལ་གྱིས་བསྙེན་བཀུར་འདོད་པར་གྱུར་བ་ན་དེ་དག་གི་ཚེ་རང་གི་ལུས་ངག་ཡིད་གསུམ་དེ་དག་གི་རྗེས་སུ་མི་འབྲང་བར་བྱེད་པ་མེད་པར་ཤིང་བཞིན་དུ་གནས་པར་བྱ་དགོས་སོ། །རང་གི་སྒྲུབ་པར་ནུས་པས་གཞན་དོན་ཆུང་ངུ་ནད་གཡོག་ལྟ་བུ་ཡལ་བར་འདོར་བ་དང་རང་དོན་ཆུང་ངུ་ཆོས་གྲལ་ལ་སོགས་པར་འདུག་ས་ལྟ་བུ་འདོམས་པ་སོགས་རང་དོན་གཉེར་བར་འདོད་པ་དང་དེ་ཡང་རང་དོན་གཉེར་བ་དྲན་ཤེས་ཀྱིས་ཟིན་པ་དགེ་བཤེས་འབེན་གྱི་རྣམ་ཐར་ལྟ་བུར་དགོས་སོ། །ཆགས་སྡང་ཉོན་མོངས་པའི་གཏམ་དང་རང་གར་དོན་མེད་པའི་ལུང་མ་བསྟན་གྱི་གཏམ་སོགས་ཁ་མི་དགེ་བའི་བང་མཛོད་ཉེས་ལྟུང་ག ི་འབྱུང་སྒོ་ཡིན་པས་སྨྲ་བའམ་བཤད་པར་འདོད་པའི་སེམས་བྱུང་བར་གྱུར་ན་དེ་ཚེ་ཤིང་བཞིན་དུ་གནས་པར་བྱ། བཟོད་པའི་མི་མཐུན་ཕྱོགས་སྲན་མི་བཟོད་པ་དང་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལེ་ལོ་དང་བྱ་དཀའ་བའི་སྤྱོད་པ་དང་སྟོང་པ་ཉིད་ཐོས་པས་དེ་དག་ལ་འཇིགས་པའམ་སྐྲག་པ་དང་དེ་བཞིན་སྤྱི་བརྟོལ་ཏེ་ཕོ་ཚོད་ཀྱི་བྱ་བ་དང་མུ་ཅོར་ཏེ་མ་བརྟགས་པའི་གཏམ་སྐད་ཆ་ཚིག་འཆལ་འདྲ་མི་འདྲ་སྣ་ཚོགས་པ་བཤད་པ་དང་། རང་གི་ཕྱོགས་དགའ་བའི་མཐུན་གྲོགས་ལ་ཆོས་འཇིག་རྟེན་གང་ལའང་བཟང་ངོ་སྙམས་པས་ཞེན་ཅིང་ཆགས་པའི་སེམས་བྱུང་ན་དེ་ཚེ་ཤིང་བཞིན་གནས་པར་བྱ། དེ་ཡང་རང་ཕྱོགས་ཀྱི་བླ་མ་སོགས་ལ་དད་མདོག་བྱེད་པ་ཕལ་ཆེར་ཕྱོགས་ཞེན་ཡིན་པས་དད་པ་དང་ཕྱོགས་ཞེན་མ་ནོར་བ་དགོས་ཞེས་གསུངས། སྔར་བསྟན་པ་དེ་ལྟར་ཆགས་སྡང་སོགས་ཀུན་ནས་ཉོན་མོངས་པ་ཉེས་སྤྱོད་ཀྱི་འབྱུང་སྒོ་ཉི་ཤུ་རྩ་བདུན་པོ་ལ་སོགས་པ་ལ་བརྩོན་པ་དང་ས་རྐོ་རྩྭ་གཅོད་ས་རིས་བྲི་བ་ལ་སོགས་པའི་དོན་མེད་པ་ལ་བརྩོན་པའི་ཡིད་བྱུང་མ་བྱུང་ལ་ལེགས་པར་བརྟགས་ཏེ་ངོས་ཟིན་པར་བྱས་ནས་རང་གི་ཡིད་ཉོན་མོངས་པ་དང་དོན་མེད་པ་ལ་བརྩོན་པ་དེ་ཚེ་དཔའ་བོས་ཏེ་བྱང་ཆུབ་སེམས་དཔའ་ཡིས་དེ་དང་དེའི་གཉེན་པོ་རང་རྒྱུད་ལ་བརྟེན་པ་ཡིས་སེམས་དེ་ནི་ཉོན་མོངས་པའི་ཡུལ་དང་དོན་མེད་པའི་ཡུལ་ལ་མི་འཆོར་བའམ་མི་གཡེངས་བར་བརྟན་པོར་གཟུང་བར་བྱ་ཞིང་ལུས་ངག་གཉིས་ཀྱང་རྟོག་ངན་གྱི་རྗེས་སུ་འབྲང་དུ་འཇུག་མི་རུང་ངོ་། །མཚམས་ལ་འདུག་པ་སོགས་ལུས་ངག་ཡིད་གསུམ་གྱིས་ཆོས་གང་སྒྲུབ་ན་གཞན་གྱི་ལད་མོ་བྱས་པས་མི་འོང་བས་དགེ་བ་བྱེད་པའི་དངོས་པོ་དགུ་བོ་འདི་དག་དང་ལྡན་ནས་སྒྲུབ་དགོས་ལ། དེ་གང་ཞེ་ན། ཆོས་གང་བྱེད་ན་དེའི་སྦྱོར་དངོས་རྗེས་གསུམ་གྱི་དོན་ལ་མཁས་ཤིང་ཐེ་ཚོམ་མེད་པས་ཤིན་ཏུ་ངེས་པ་དང་། དེའི་དོན་ལ་ཡིད་ཅེས་པས་རབ་ཏུ་དད་པ་དང་། དེ་བསྒྲུབ་པ་ལ་དམ་བཅས་པའི་དམ་བཅའ་བརྟན་པོས་ཟས་སོགས་མེད་པ་དང་ན་བ་སོགས་ཀྱི་རྐྱེན་དབང་དུ་མི་གཏོང་བ་དང་། དེ་བསྒྲུབ་པ་ལ་སེམས་གུས་ཤིང་དགའ་བ་དང་། རང་གི་མཁན་སློབ་བླ་མ་སོགས་མཆོད་འོས་ལ་ལུས་དང་ངག་གིས་ཞེ་སར་བཅས་པ་དང་། རང་ངོས་ནས་ངོ་ཚ་ཤེས་པ་དང་བླ་མ་དང་སངས་རྒྱས་བྱང་སེམས་སོགས་གཞན་ངོས་ནས་སྐྲག་པའམ་འཇིགས་པ་དང་བཅས་པ་དང་ཞི་ཞིང་སྟེ་སྤྱིར་དབང་པོ་ལྔའི་སྒོ་དང་ཁྱད་པར་མིག་རྣ་བ་སེམས་གསུམ་གྱི་དབང་པོའི་སྒོ་སྡོམ་དགོས་ལ། མ་བསྡམས་ན་ཆགས་སྡང་སོགས་སྐྱེ་བར་འགྱུར་རོ། །གལ་ཏེ་ཆགས་སྡང་རྣམ་གཡེང་སོགས་ཆེ་བས་དབང་པོའི་སྒོ་བསྡམས་མི་ཐུབ་སྙམ་པས་རང་གིས་རང་བརྙས་ཏེ་རང་ཕུང་རང་གིས་བྱེད་མི་རུང་སྟེ་དང་པོ་ནས་ཆགས་སྡང་སོགས་མེད་པ་ཞིག་གིས་དབང་པོའི་སྒོ་བསྔམས་སྟེ་མཆོག་ཏུ་ལུང་བསྟན་ཐོབ་པ་མ་ཡིན་ཏེ་འདི་ལྟར། དཔེར་ན་འདོད་ཆགས་ཅན་གཅུང་མཛེས་དགའ་དང་ཞེ་སྡང་ཅན་རབ་འབྱོར་དང་གཏི་མུག་ཅན་ལམ་ཆུང་པ་ལ་སོགས་པ་ལྟ་བུ་ཡིན་པས་བརྩོན་པ་ལ་འབད་པར་བྱའོ། །ཞི་དུལ་གྱི་སྤྱོད་པ་ལ་སོགས་པ་དེ་ཡང་གཞན་དགའ་བར་བྱེད་པ་ཁོ་ནའི་དོན་ལ་བརྩོན་པར་བྱ་དགོས་ཏེ་བྱང་སེམས་རྣམས་ཡུལ་གཉན་པོ་ཡིན་པས་གཞན་སེམས་མ་དད་པ་བསྲུང་དགོས་སོ། །ཁ་གཅིག་མགུན་ཁ་ཅིག་ཁྲོ་བས་ཕན་ཚུན་མི་མཐུན་པར་གནས་པའི་བྱིས་པ་སོ་སོའི་སྐྱེ་བོ་ཡི་འདོད་པ་ཐ་དད་པ་ཡིན་པས་ན་རང་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ན་ལ་དགའ་སྟེ་བསྟོད་པ་སོགས་བྱེད་ཅིང་ལ་ལ་མི་དགའ་བར་སྨད་པ་སོགས་བྱེད་པ་རྣམས་ཀྱིས་མི་སྐྱོ་ཞིང་གལ་ཏེ་སྐྱོ་བར་གྱུར་ན་བྱང་ཆུབ་སེམས་ཀྱི་བར་ཆད་དུ་འགྱུར་བ་སྔོན་ཤཱ་རིའི་བུ་དང་རང་རྒྱལ་གྱི་གཏམ་བཞིན་དང་། རང་མི་སྐྱོ་བར་མ་ཟད། སེམས་ཅན་མོས་པ་སྣ་ཚོགས་པའི་དབང་གིས་ཆགས་སྡང་སོགས་ཉོན་མོངས་པ་སྐྱེས་པ་ལ་རག་ལས་པས་སམ་དེའི་དབང་དུ་སོང་བའི་བྱིས་པ་འདི་དག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཆོས་སྒྲུབ་པ་སོགས་ལ་མི་དགའ་བའི་སེམས་འདི་ལྟ་བུ་རང་དབང་མེད་པར་བྱུང་བའོ་སྙམ་སྟེ་སེམས་ཅན་མ་རུངས་བ་དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་ལྷག་པར་བརྩེར་ཏེ་བརྩེ་བ་ཆེན་པོ་དང་ལྡན་པར་འགྱུར་བ་དང་། རང་གང་ལ་འཇུག་ན་ཁ་ན་མ་ཐོ་བ་མེད་པའི་དངོས་པོ་ལ་བདག་གི་དབང་དུ་བྱས་ཏེ་ཆོས་ཉན་པ་དང་། ཟས་ཟ་བ་ལ་སོགས་པ་དང་གཞན་སེམས་ཅན་གྱི་དབང་དུ་བྱས་ཏེ་ཆོས་བཤད་པ་དང་སྦྱིན་པ་གཏོང་བ་ལ་སོགས་པ་ལ་འཇུག་དགོས་ཤིང་དེ་དག་ལ་འཇུག་པའི་ཚེ་ཡང་སྤྲུལ་པ་ལ་ངས་འདི་བྱས་སོ་བྱེད་དོ་བྱའོ་སྙམ་པ་ལ་སོགས་པའི་ང་དང་ང་ཡིར་འཛིན་པ་མེད་པ་བཞིན་དུ་ང་དང་ང་ཡིར་འཛིན་པ་མེད་པར་ཡིད་འདི་དུས་རྟག་ཏུ་གཟུང་བར་བྱ་དགོས་སོ། །དུས་རིང་མོ་ཞིག་ལོན་ནས་མ་རྙེད་པའི་དལ་བའི་མཆོག་སྟེ་མི་ལུས་རིན་པོ་ཆེ་ཤིན་ཏུ་རྙེད་པར་དཀའ་བ་ད་རེས་རྙེད་པའམ་ཐོབ་པ་འདི་དོན་ཡོད་པར་བྱ་དགོས་སོ། །ཞེས་ཡང་དང་ཡང་དུ་བསམས་ནས་དལ་འབྱོར་རྙེད་དཀའ་བ་སྒོམ་པ་ལ་སོགས་པའི་སེམས་དེ་ལྟ་བུ་དཔེར་ན་རི་ཡི་རྒྱལ་པོ་རི་རབ་རྐྱེན་གང་གིས་ཀྱང་མིག་གཡོ་བ་ལྟར་སྡིག་གྲོགས་ལ་སོགས་པས་ཇི་ལྟར་བསྒོམ་པའི་དོན་ལས་རབ་ཏུ་མི་གཡོ་བར་བརྟན་པར་གཟུང་བར་བྱ་དགོས་སོ། །གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ། བསླབ་པ་ལ་མི་སློབ་པའི་རྒྱུ་ལུས་ལ་ཆགས་པ་སྤང་དགོས་པར་བསྟན་པ། བསྒྲུབ་པའི་ཐབས་ལ་མཁས་པར་བྱ་བ་དང་གཉིས་ལས། དང་པོ་ནི། དེ་ལྟར་སེམས་འདིས་ལུས་ལ་གཅེས་སྤྲས་བྱས་ཏེ་ལྟོག་ན་ཟས་དང་སྐོམ་ན་བཏུང་བ་སྟེར་ཞིང་ཐ་ན་གཞན་གྱིས་མིག་སྣ་ཙམ་ལ་སྐྱོན་བརྗོད་ནའང་དེ་དང་དེའི་ལན་བརྗོད་ནས་ལུས་འདི་བསྲུང་བའི་སེམས་སྤང་བྱའི་རྣམ་རྟོག་དེ་ལ་ལུས་ལ་གཅེས་འཛིན་གཅོད་པའི་གཉེན་པོའི་རྣམ་རྟོག་གིས་རྩོད་པ་ལྷུར་བྱས་ཏེ་བཤད་པ་བྱ་རྒོད་དང་ལྕེ་སྤྱང་སོགས་ཤ་ལ་ཆགས་ཤིང་ཞེན་པ་ཡིས་རྒྱུ་མ་ལ་སོགས་པ་ཕན་ཚུན་ཀུན་ཏུ་བཤལ་ཞིང་ཁྲིད་དེ་ཟོས་ཀྱང་དེའི་ཚེ་ཡིད་ཁྱོད་ཀྱིས་བྱ་རྒོད་ལ་སོགས་པ་དེ་དག་ལ་མི་དགར་ཏེ་མི་དགའ་བར་མི་བྱེད་པར་འདུག་ན་ནི་དེང་སང་དམ་ད་ལྟ་ཡང་ཅི་ཕྱིར་ལུས་འདི་ལ་ཆགས་ཤིང་ཟས་གོས་ལ་སོགས་པས་ཕན་པ་བསྒྲུབ་ཅིང་གནོད་པ་བསྲུང་བའི་དོན་དུ་ཁ་ཏ་བྱེད་དེ་བྱེད་པར་མི་རིགས་སོ། །ལུས་འདི་བདག་གམ་བདག་གིར་བཟུང་བར་བྱས་ནས་ཡིད་ཁྱོད་ཀྱིས་ཟས་གོས་སོགས་ཀྱིས་ཅི་ཕྱིར་ལུས་འདི་སྲུང་བར་བྱེད་དེ་བྱེད་མི་རིགས་ཏེ། སེམས་སམ་ཡིད་ཁྱོད་དང་ཕ་མའི་ཁུ་ཁྲག་གི་རང་བཞིན་གྱི་ལུས་བེམ་པོ་འདི་གཉིས་ཐ་དད་དམ་སོ་སོ་བ་ཡིན་ན་ལུས་དེས་ཀོ་སེམས་ཁྱོད་ལ་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ། །བདག་གནས་པའི་རྟེན་ཙམ་དུ་མཁོའོ་ཞེ་ན། བླང་དོར་ལ་རྨོངས་པའི་ཡིད་ཁྱོད་གནས་པའི་རྟེན་ཞིག་མཁོ་ན་ཅི་ཡི་ཕྱིར་ན་ཤིང་གི་མི་གཟུགས་གཙང་མ་ཞིག་ལ་བདག་གི་ལུས་ཞེས་གཟུང་བར་མི་བྱེད་དེ་བྱེད་རིགས་ཀྱི་ཤ་ཁྲག་ལ་སོགས་པའི་མི་གཙང་བའི་རྫས་སོ་དྲུག་འདུས་པའི་ཚོགས་ཀྱི་རང་བཞིན་རུས་པ་རྒྱུས་པས་སྤྲེལ་བ་ཕར་རྐྱངས་ཞིང་ཚུར་བསྐུམ་དུ་ཡོད་པའི་འཁྲུལ་འཁོར་བུ་གའི་སྒོ་དགུ་ནས་མི་གཙང་བ་འཛག་པ་འདི་འདྲའི་རུལ་བ་ཡི་ལུས་ངན་པ་བརྩོག་པ་འདི་བསྲུངས་ཏེ་ཅི་ཞིག་རུང་སྟེ་དགོས་པ་མེད་དོ། །དེ་ཡང་རུལ་བ་ནི་ཟས་ཟོས་པའི་དྭང་མ་ཤ་ཚིལ་སོགས་དང་སྙིགས་མ་རུལ་བ་རྒྱུ་ལོང་དུ་གནས་པ་ལ་སྲིན་བུ་བརྒྱད་ཁྲི་གནས་པར་དགའ་བོ་མངལ་འཇུག་གི་མདོ་ལས་གསུངས་ཤིང་གཤང་གཅི་ལ་དྲི་མ་ངན་པ་བྲོ་བའང་དེའི་དབང་གིས་ཡིན་ནོ། །དེ་འདྲའི་རུལ་བ་ཞིག་ཡིན་ཀྱང་སྙིང་པོ་ཡོད་པས་བསྲུང་ངོ་སྙམ་ན། ཐོག་མར་ལུས་ཀྱི་པགས་པ་ལ་སོགས་པའི་རིམ་པ་འདི་རང་གི་བློ་ཤེས་རབ་ཀྱི་མཚོན་ཆ་རྣོན་པོ་དང་འདྲ་བ་ཡིས་པགས་པ་དང་ཤ་སོགས་ཐ་དད་དུ་རྣམ་པར་ཕྱེ་སྟེ་བལྟས་ན་མི་གཙང་བ་དྲི་མི་ཞིམ་པ་ཤིན་ཏུ་འཇིགས་པ་སྐྱེ་བའི་གནས་ལས་གཞན་ཅི་ཡང་མེད་དོ། །ཤ་ཡང་རུས་པའི་དྲ་བ་རྣམས་ལས་བློ་ཤེས་རབ་ཀྱི་མཚོན་གྱིས་གུད་དུ་ཐ་དད་དུ་ཕྱེ་ཞིང་བརྟགས་པ་དང་རུས་པ་རྣམས་ཀྱང་ལྷུ་ཚིགས་སོགས་སོ་སོར་ཐ་དད་དུ་དབྱེ་བར་བྱས་ནས་ནང་དུ་རྐང་གི་བར་དུ་ལེགས་པར་བལྟ་བར་བྱ་ཞིང་ལུས་འདི་ལ་ཕྱི་ནང་གང་དུ་སྙིང་པོ་འདོད་བྱ་ཡིད་འོང་གི་དངོས་པོ་གཙང་བ་སོགས་ཅི་ཞིག་ཡོད་ཅེས། བདག་རང་ཉིད་ཀྱིས་ནི་བློ་ཤེས་རབ་ཀྱིས་དེ་ལྟར་སོ་སོར་དཔྱད་དེ་བརྟགས་པར་གྱིས་དང་། དེ་ལྟར་འབད་དེ་འདོད་བྱ་ཡིད་འོང་གི་དངོས་པོ་ཅི་ཡོད་ཅེས་བཙལ་ཀྱང་ལུས་དེར་སེམས་ཁྱོད་ཀྱིས་སྙིང་པོ་འདོད་བྱ་ཡིད་འོང་གི་དངོས་པོ་ཅི་ཡང་མ་མཐོང་ན། མ་མཐོང་བཞིན་དུ་ད་དུང་ཡང་ཅི་ཕྱིར་ན་ལུས་འདི་ལ་ཞེན་ཅིང་ཆགས་པའི་ཚུལ་གྱིས། སེམས་ཁྱོད་ཀྱིས་ནི་ལུས་མི་གཙང་རུལ་བ་དྲི་མི་ཞིམ་པ་འདི་སྲུང་བར་བྱེད་དེ་བྱེད་མི་རིགས་སོ། །ལུས་འདི་བདག་ལ་ཉེ་བར་མཁོ་བའི་ཕྱིར་ལོས་བསྲུང་སྙམ་ན་ཅི་ཞིག་མཁོ་སྟེ་སེམས་ཁྱོད་ཀྱིས་ལུས་མི་གཙང་བ་འདི་བཟར་ནི་མི་རུང་ཞིང་ཁྲག་དང་རྣག་ལ་སོགས་པ་དག་ཀྱང་བཏུང་དུ་ནི་མི་རུང་ལ། རྒྱུ་མ་དང་ལྟོའང་སྟེ་ཁོང་ཁ་ལ་སོགས་པའང་གཞིབ་པའམ་འཇིག་ཏུ་མི་རུང་ན། འདི་འདྲའི་མི་གཙང་བའི་ལུས་ཀྱིས་སེམས་ཁྱོད་ལ་ཅི་ཞིག་བྱ་སྟེ་ཅི་ཡང་མི་མཁོའོ། །རྒྱུ་མཚན་དེས་ན་གཅིག་ཏུ་ན་ལུས་འདི་བསྲུང་བ་ལ་དགོས་པ་ཅི་ཡང་མེད་ལ། ཉིས་སུ་ན་གཙང་བརྩོག་མེད་པའི་ཝ་དང་བྱ་རྒོད་སོགས་ཀྱི་ཟས་ཀྱི་དོན་དུ་སེམས་ཁྱོད་ཀྱིས་ལུས་འདི་བསྲུང་པ་ཡིན་ན་རིགས་ཤིང་འཐད་ཅེས་སྨད་པའི་ཚིག་གོ། །དེ་ལྟར་ལུས་ལ་ཕྱི་ནང་ཀུན་ཏུ་བརྟགས་ན་སྙིང་པོ་ཅི་ཡང་མེད་ཀྱང་དེ་ལ་སྙིང་པོ་ཞིག་ལེན་དགོས་ལ་དེ་ཇི་ལྟར་ལེན་ན། སེམས་ནི་ཀུན་ལ་དབང་བསྒྱུར་རྒྱལ་པོ་འདྲ། །ལུས་ནི་དགེ་སྡིག་ཀུན་གྱི་གཡོག་པོ་ཡིན། །ཞེས་པ་ལྟར་ལུས་འདི་དགེ་བ་བསྒྲུབ་པའི་གཡོག་ཏུ་བཀོལ་ཐུབ་ན་འགྲོ་དྲུག་གི་ལུས་ཀྱི་ནང་ནས་དམ་པའི་ཆོས་བསྒྲུབ་པ་ལ་མི་ཡི་ལུས་འདི་མཆོག་ཡིན་པས་དེ་ལ་སྙིང་པོ་ལེན་པའི་ཕྱིར་དུ་བླ་མ་དང་གྲྭ་བ་མཐོ་དམན་དྲག་ཞན་སོགས། མི་འོ་ཅོག་སྟེ་མིར་གྱུར་པ་མཐའ་དག་གི་ལུས་འདི་ནི་དགེ་བ་བསྒྲུབ་པའི་གཡོག་ཏུ་བཀོལ་བར་བྱ་བ་ཉིད་དུ་ཟད་ཅེས་དེ་ལས་གཞན་བྱེད་དུ་མེད་དོ། །དེ་ཡང་ལུས་ལ་མངོན་ཞེན་ཅན་རྣམས་ཀྱིས་རང་ལུས་ལ་ཁ་ཟས་རྒྱབ་གོས་རྒྱན་ཆ་སོགས་ཅི་འདོད་ཅི་དགྱེས་ཀྱིས་འདི་ལྟར་སེམས་ཁྱོད་ཀྱིས་འབད་པས་ལུས་འདི་བསྲུངས་བར་བྱས་ཀྱང་ནི་འཆི་བདག་གཤིན་རྗེ་བརྩེ་བ་སྙིང་རྗེ་མེད་པ་དེ་ཡིས་དབང་མེད་དུ་ཁྱེད་ལས་ཕྲོགས་ཏེ་བྱ་རྒོད་སོགས་དང་ཁྱིར་བྱིན་ནས་དེ་དག་གིས་ཟ་བར་བྱེད་ན། དེ་ཚེ་སེམས་ཁྱོད་ཀྱིས་ཅི་བྱར་ཡོད་དེ་བྱ་ཐབས་ཅི་ཡང་མེད་དོ། །ཟན་གཡོག་ལས་ལ་བཀོལ་དུ་མི་བཏུབ་སྟེ་ལས་ལེགས་པར་མི་བྱེད་པ་དེ་ལའང་། རྗེ་བོའམ་དཔོན་པོ་དེས་ཟས་དང་གོས་ལ་སོགས་པ་མི་སྦྱིན་ན། སེམས་ཁྱོད་ཀྱིས་ལུས་འདི་ཟས་གོས་སོགས་ཀྱིས་བསྙོད་པའམ་གསོས་ཀྱང་སེམས་ཁྱོད་དང་ལུས་གཉིས་མཐར་འབྲལ་ཞིང་སོ་སོར་གཞན་དུ་འགྲོ་བས་རང་ལ་མི་ཕན་ན། སེམས་ཁྱོད་ཀོ་ཅི་སྟེ་ཤ་ཐང་སྟེ་དཀའ་ཚེགས་ཆེན་པོས་འདི་ཟས་གོས་སོགས་ཀྱིས་གསོ་སྟེ་གསོ་མི་རིགས་སོ། །དེས་ན་སྔར་བཞིན་དུ་ལུས་ལ་ཞེན་མི་འདུག་པར་གླ་བྱིན་ནས་ལས་བཅོལ་བ་བཞིན་དུ་ལུས་འདི་ལ་དམ་པའི་ཆོས་ལེགས་པར་བསྒྲུབ་པའི་གླ་དང་རྔན་པ་ལྟ་བུར་མཐའ་གཉིས་ལ་མ་ལྟུང་བའི་ལྟོ་འགྲང་ལྷག་སྐྱོབ་ཙམ་གྱིས་ཟས་གོས་ལ་སོགས་པའི་འཚོ་བ་བྱིན་ནས་ནི། ད་ནི་རང་གི་དོན་དེ་དམ་པའི་ཆོས་ལ་ཐོས་བསམ་སྒོམ་པ་སོགས་བྱེད་དུ་ཆུག་ཅིག །ཚེ་ཕྱི་མ་ལ་ཕན་པ་དམ་པའི་ཆོས་ཞིག་བསྒྲུབ་པའི་དོན་མེད་པར་ལུས་འདི་ལ་ནི་ཟས་གོས་སོགས་ཡོད་ན་ཡོད་ཚད་ཐམས་ཅད་སྦྱིན་པར་མི་བྱའོ་སྟེ་ལུས་འདིའི་ལྟོ་རྒྱབ་ཁོ་ན་མི་བྱའོ། །ཐར་པ་དང་རྣམ་མཁྱེན་དུ་འགྲོ་བ་དང་འགྲོ་བའི་དོན་ལ་འོང་བའི་རྟེན་ཙམ་དུ་ལུས་ལ་གྲུ་ཡི་བློ་ཙམ་བཞག་སྟེ་ཞེས་གྲུ་ལ་མཐའ་གཉིས་ལ་མ་ལྷུང་བར་བསྲུང་བ་ལྟར་ལུས་འདི་ལའང་བཟང་ངན་གྱི་མཐའ་གཉིས་ལ་མ་ལྷུང་བའི་ཟས་གོས་ཀྱིས་བསྲུང་བར་བྱ་སྟེ། སེམས་ཅན་རྣམས་ཀྱིས་དོན་ལེགས་པར་བསྒྲུབ་པའི་ཕྱིར་བསམ་པ་བཟང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སྦྱོར་བ་བཟང་པོ་ཕ་རོལ་དུ་ཕྱིན་པ་དྲུག་ལ་ལེགས་པར་བསླབ་ནས་མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་དོན་དང་ལྡན་པའི་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ལྟ་བུ་ཡི་ནི་ལུས་སུ་སྟེ་རྒྱལ་བའི་སྐུ་རུ་བསྒྱུར་བར་བྱོས་ཤིག །གཉིས་པ་ནི། དེ་ལྟར་ལུས་ངག་གཉིས་སེམས་ལ་དབང་ཞིང་སེམས་ཡང་གཉེན་པོའི་སེམས་ལ་རང་དབང་ཡོད་པར་གྱིས་ཏེ། དུས་རྟག་ཏུ་གཞན་ལ་བལྟ་ན་འཛུམ་པའི་བཞིན་དུ་གྱིས་ལ་ཁྲོ་བའི་རྣམ་འགྱུར་ཁྲོ་གཉེར་བསྡུ་བ་དང་ངོ་ཟུམ་སྟེ་ངོ་ནག་པོའི་ལྟ་བ་ཡོངས་སུ་ཐོང་སྟེ་ཞེས་མ་བྱེད་པར་འགྲོ་བའི་བཤེས་ཏེ་ཕན་འདོགས་པ་དང་གཡོ་དང་སྒྱུ་མེད་པས་དྲང་ཞིང་གསོང་པོར་སྨྲ་བར་གྱིས། ཁྲི་དང་མལ་སྟན་སྣོད་སྤྱད་ལ་སོགས་པ་ལ་འདུག་པ་དང་ལེན་པ་ལ་སོགས་པའི་ཚེ་བབ་ཅོལ་དུ་སྟེ་མ་བརྟག་པར་སྒྲ་དང་བཅས་པར་མི་འདུག་ཅིང་མི་དོར་རོ། །གལ་ཏེ་དོར་ན་གཞན་གྱི་མིག་སྔར་མི་མཛེས་པས་མ་དད་པར་འགྱུར་བ་དང་། བླ་མ་དང་མཁན་པོ་སོགས་ཀྱི་ཏིང་ངེ་འཛིན་ལ་བར་དུ་གཅོད་པ་ལ་སོགས་པའི་གནོད་པར་འགྱུར་བས་ཁང་པ་སོགས་ཀྱི་སྒོ་ཡང་ཤུགས་དྲག་ཏུ་མི་དབྱེ་སྟེ། དུས་རྟག་ཏུ་རང་སྐྱོན་ལ་བསམ་ནས་གཅོམ་ཞེས་པ་བྱ་བ་གང་ལའང་འུར་ཆེན་པོ་གཞན་གྱིས་མཐོང་ཐོས་སུ་མི་འགྱུར་བའམ་མེད་པས་སྐྱུང་བ་ལ་དགའ་བར་བྱ་དགོས་ཏེ་དགོན་རི་ཁྲོད་སོགས་གང་དུ་འདུག་ཀྱང་སུས་ཀྱང་མཐོང་ཐོས་མེད་པ་ཞིག་དགོས་སོ། །འཇིག་རྟེན་ན་མ་ཞི་བ་ཆུ་སྐྱར་དང་བྱི་ལ་དང་ཆོམ་རྐུན་པ་དག་གིས་སྤྱོད་ལམ་ཤིན་ཏུ་འཇམ་པོས་རྐང་ལག་ལ་སོགས་པའི་སྒྲ་མེད་པར་འཇབ་ཅིང་འགྲོ་བ་ཡིས་རང་རང་གི་མངོན་པར་འདོད་པའི་དོན་ཁ་ཟས་ལ་སོགས་པ་སྒྲུབ་པ་ཡིན་ལ་དེ་ལྟར་མ་བསྒྲུབ་ན་མི་འགྲུབ་པ་ཡིན་ན། ཐུབ་པས་སམ་བྱང་ཆུབ་སེམས་དཔས་རང་གཞན་གྱི་དོན་བསྒྲུབ་པ་ལ་དུས་རྟག་ཏུ་དེ་བཞིན་དུ་སྤྱོད་ལམ་ཞི་དུལ་དང་བག་ཡོད་པར་སྤྱོད་དགོས་པར་སྨོས་ཀྱང་ཅི་དགོས་སོ། །གཞན་ལ་གཞེན་བསྐུལ་འདེབས་པ་སྟེ་རང་ལ་གཞན་ཞིག་གིས་ཁྱོད་ཀྱིས་མི་དགེ་བ་མ་བྱེད་བསླབ་པ་སློབ་གཉེར་སོགས་གྱིས་ཤིག་ཅེས་ཕན་པའི་ཁ་ཏ་བྱེད་པ་ལ་མཁས་ཤིང་། རང་གིས་ཆེད་དུ་གཉེར་ནས་མ་བཅོལ་བཞིན་དུ་ཆོས་དང་འཇིག་རྟེན་གྱི་ཕན་པར་བྱེད་པའི་ངག་ཅེས་ཁ་ཏ་བསྒྲུབ་ཏུ་རུང་མི་རུང་ཅི་ཡིན་ཀྱང་ང་རྒྱལ་དང་ཁྱད་གསོད་སོགས་མི་བྱེད་པར་རེ་ཞིག་གུས་པས་སྤྱི་བོར་བླང་གྱིས་ཏེ་ཆོས་དང་མཐུན་པ་རྣམས་ནི་བསྒྲུབ་ཅིང་མི་མཐུན་པ་རྣམས་གཟོད་འདོར་ཞིང་དེ་ལ་མི་འཇུག་གོ། །དུས་རྟག་ཏུ་འཕྲལ་ཡུན་དུ་ཕན་པར་སྨྲ་བ་ཀུན་གྱི་བཀའ་བཞིན་སྒྲུབ་པའི་སློབ་མར་གྱུར་པ་ལྟ་བུ་ཞིག་བྱས་ནས་ཆོས་ཀྱི་གཏམ་སོགས་ལེགས་པར་སྨྲས་པ་ཐམས་ཅད་ལ། དེ་ལ་མི་མཐུན་པའི་ལན་མི་བརྗོད་པར་ཡི་རང་ཞིང་དེ་དག་མགུ་བའི་ཆེད་དུ་དགེ་བར་གསུངས་སོ་ཞེས་ཀྱང་བརྗོད་པར་བྱ་དགོས་སོ། །ཡར་མཆོད་མར་སྦྱིན་སོགས་བསོད་ནམས་བྱེད་པ་གཞན་མཐོང་བར་གྱུར་པ་ན་རང་གིས་དེ་ལ་ཕྲག་དོག་གིས་མི་སྨོད་པར་རང་གིས་འོས་ཤིང་རིགས་པ་ཁྱེད་ཀྱིས་བྱས་སོ་ཞེས་སོགས་དངོས་སུ་མངོན་སུམ་དུ་བསྟོད་པས་དེའི་སེམས་ལེགས་པར་དགའ་བ་དང་སྤྲོ་བ་བསྐྱེད་ལ། དེ་ཁ་གསག་ཏུ་འགྲོ་བ་བཟློག་པའི་ཆེད་དུ་ལྐོག་ནའང་དེའི་ཡོན་ཏན་གཞན་ལ་བརྗོད་པས་བསྟོད་པར་བྱ་ཞིང་། གང་ཟག་གཞན་ཞིག་གིས་རང་མི་དགའ་བའི་གང་ཟག་སོགས་གཞན་སུ་ཞིག་གི་ཡོན་ཏན་བརྗོད་པར་བྱེད་ན་རང་གིས་དེ་དང་འགལ་བར་མི་སྨྲ་བར་དེའི་རྗེས་སུ་མཐུན་པར་ཡོན་ཏན་བརྗོད་པ་སྟེ་བརྗོད་རོག་བྱེད་དགོས་སོ། །འགའ་ཞིག་གིས་རང་གི་ཡོན་ཏན་བརྗོད་པ་མཐོང་ན་དེས་རང་ང་རྒྱལ་བར་མི་བྱེད་པ་བརྗོད་མཁན་པོ་དེ་ཡོན་ཏན་གྱི་ཁྱད་པར་ཤེས་པའི་མཁས་པ་དག་སྣང་ཅན་ཡོན་ཏན་དང་ལྡན་པར་རིག་པར་བྱ་དགོས་སོ། །སྤྱིར་ཡང་རང་གཞན་གྱི་བྱ་བརྩོམ་པ་ཐམས་ཅད་རང་རང་གི་སེམས་དགའ་བ་འཐོབ་པའི་ཕྱིར་ཡིན་ཏེ། དེ་ལྟ་བུའི་སེམས་དགའ་བ་དེ་ནི་ཆེན་པོའི་རིན་གྱིས་ཉོ་ནའང་མི་རྙེད་པས་ཤིན་ཏུ་དཀོན་པ་ཡིན་པ། དེ་ལྟས་ཏེ་དེ་ལྟ་བས་ན་གཞན་རྣམས་ཀྱིས་བྱས་པའི་ཐོས་བསམ་སྒོམ་པ་ལ་སོགས་པ་ཆོས་འཇིག་རྟེན་གྱི་ཡོན་ཏན་གྱིས་ཏེ་ཡོན་ཏན་ལ་ཕྲག་དོག་མེད་པར་ཡི་རང་བས་རང་ཉིད་དགའ་བའི་བདེ་བ་ལ་ལོངས་སྤྱོད་པར་བྱ་སྟེ་དགའ་བ་བསྒོམ་ནས་བདག་དེ་ལ་ལོངས་སྤྱད་ན་ཚེ་འདིར་ལོངས་སྤྱོད་དེ་ལ་གོད་པར་འགྱུར་བ་ཅུང་ཟད་ཀྱང་ཡོང་ཡེ་མེད་ལ་ཕྲག་དོག་མེད་པའི་བསམ་པ་བཟང་པོའི་འབྲས་བུ་ཚེ་ཕ་རོལ་ཏུ་ཡང་མངོན་མཐོ་ལ་སོགས་པའི་བདེ་བ་ཆེ་བའམ་ཆེན་པོ་འཐོབ་པར་འགྱུར་རོ། །གཞན་གྱི་ཡོན་ཏན་དང་འབྱོར་པ་ལོངས་སྤྱོད་སོགས་མཐོང་བ་ལ་སྡང་ཞིང་ཕྲག་དོག་དང་འགྲན་སེམས་ལ་སོགས་པའི་ཉེས་པས་ཚེ་འདིར་རང་གི་ཡོན་ཏན་ཟད་པར་འགྱུར་ཞིང་བསམ་ངན་གྱི་མཚོན་ཆ་རང་ལ་འཁོར་བས་མི་དགའ་བ་དང་སྡུག་བསྔལ་སྣ་ཚོགས་པ་མྱོང་ཞིང་ཚེ་ཕ་རོལ་ཏུ་ཡང་བསམ་ངན་གྱི་འབྲས་བུ་ངན་སོང་གི་སྡུག་བསྔལ་ཆེ་བའམ་ཆེན་པོ་མྱོང་བར་འགྱུར་རོ། །གཞན་དག་གིས་གཏམ་འདྲི་བ་ལ་ལན་སོགས་སྨྲ་བའི་ཚེ་ན་ཡང་ཤེས་བཞིན་དང་ལྡན་པས་ཡིད་ཕེབས་པའམ་ཡིད་ཕབ་ཏེ་དེ་དགེ་སྡིག་གང་ལ་མོས་ན་དེ་དང་མཐུན་པ་དང་། ཡིད་ཆེས་སུ་རུང་བས་རང་གི་ཚིག་སྔ་ཕྱི་མི་འགལ་བས་འབྲེལ་བ་དང་། ཐེ་ཚོམ་མི་སྐྱེད་པས་དོན་གསལ་བོ་དང་ཕ་རོལ་པོ་དེའི་སེམས་དགའ་བས་ཡིད་དུ་འོང་བ་དང་། རང་ཕྱོགས་ལ་སེམས་ཆགས་པའི་གཏམ་དང་གཞན་ཕྱོགས་ལ་ཞེ་སྡང་བས་མི་དགའ་བའི་གཏམ་ལ་སོགས་པ་སྤངས་པ་དང་། སྐད་ཀྱི་གདང་དང་བཤད་ཚུལ་འཇམ་ཞིང་གཏམ་མང་ཉུང་དེ་ལ་རན་པར་སྨྲ་བར་བྱ་དགོས་སོ། །མི་གིས་མཐོ་དམན་དྲག་ཞན་སོགས་སེམས་ཅན་སུ་ལ་ལྟ་བ་ན་ཡང་སེམས་ཅན་འདི་དག་ཉིད་ལ་བརྟེན་ནས་བདག་གིས་དང་པོ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་བར་དུ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སོགས་པའི་ཚོགས་གཉིས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་དེ་མཐར་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཉིད་དུ་འགྱུར་རོ་ཞེས་བྱང་ཆུབ་སེམས་དཔའི་སྤྱོད་པའི་གྲོགས་དང་བཤེས་གཉེན་ལྟ་བུར་ཤེས་ནས་མིག་སྡང་སོགས་མི་བྱེད་པར་མས་བུ་ལ་ལྟ་བ་བཞིན་དུ་གཡོ་མེད་ཅིང་འཁྱོག་པོ་མ་ཡིན་པར་དྲང་ཞིང་ཀུན་སློང་བྱམས་པ་དང་ལྡན་པའི་ཚུལ་གྱིས་བལྟ་བར་བྱ་དགོས་སོ། །དགེ་བ་གང་དང་གང་བསྒྲུབ་ན་དུས་ཀྱི་ཁྱད་པར་རྟག་པར་རམ་རྒྱུན་ཆགས་པ་དང་། བསམ་པའི་ཁྱད་པར་མངོན་ཞེན་གྱིས་ཏེ་དད་པ་དང་སྙིང་རྗེ་ལ་སོགས་པའི་འདུན་པ་ཤུགས་དྲག་པོའི་ཀུན་ནས་བསླང་བའམ། གཉེན་པོ་ཡིས་ནི་བསླང་པ་ཉིད་དེ། གཉེན་པོའི་ཁྱད་པར་སྦྱིན་པ་ལྟ་བུ་ལ་རང་གིས་གང་གཅེས་གང་དམར་བྱིན་པས་སེར་སྣའི་གཉེན་པོར་འོང་ངེས་པ་དང་། ཚུལ་ཁྲིམས་ཀྱང་རང་ལ་ཞེན་པ་གང་ཆེ་དེ་སྦོང་བ་སོགས་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཀྱི་གཉེན་པོ་འགྲོ་ངེས་པ་ལྟ་བུ་དང་། ཞིང་གི་ཁྱད་པར་ཡུལ་ཡོན་ཏན་ཅན་གྱི་ཞིང་དཀོན་མཆོག་གསུམ་དང་ནི་ཕན་འདོགས་པའི་ཞིང་རང་གི་ཕ་མ་དང་། ཐག་རིང་གི་འགྲོན་པོ་ཡུན་རིང་གི་ནད་པ་ལ་སོགས་པ་སྡུག་བསྔལ་བ་རྣམས་ཀྱི་ཞིང་ལ་སྦྱིན་པ་སོགས་བྱས་ན་གཞན་ལ་བྱིན་པ་བས་དགེ་བ་རྒྱ་ཆེན་པོར་འགྱུར་རོ། །སྡིག་པ་ལའང་ཚུལ་དེ་བཞིན་ནོ། །དགེ་བ་གང་དང་གང་བསྒྲུབས་ན་གཞན་གྱིས་ལད་མོ་བྱས་པས་ཅི་ཡང་མི་འོང་ཞིང་ཁྱད་པར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྦྱིན་པ་ལྟ་བུ་ལའང་དག་མ་དག་གི་སྦྱིན་པ་སོགས་ཀྱི་དབྱེ་བ་ཀུན་སློང་དང་སྦྱིན་ཚུལ་བསྔོ་བ་སོགས་ལ་མི་མཁས་པར་རང་གར་སྦྱིན་པ་ཙམ་ནི་དུད་འགྲོས་ཀྱང་སྦྱིན་ལ་དེས་ན་མཁས་པར་བྱས་ནས་གནད་དུ་འགྲོ་དགོས་པ་ལྟ་བུ་ཡིན་པས་ན། དང་པོ་རང་ཉིད་ཀྱིས་ཆོས་གང་བསྒྲུབ་ན་དེའི་དོན་ལ་ཤིན་ཏུ་མཁས་པར་བྱས་ཤིང་དེའི་དོན་ལ་ཡིད་ཆེས་པའི་དད་པ་དང་ལྡན་པར་བྱས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕྱིན་དྲུག་ལ་སོགས་པའི་ལས་རྣམས་བདག་གིས་དུས་རྟག་ཏུ་བྱ་སྟེ། སྔོན་ཇོ་བོ་རྗེའི་ཕྱག་ཚྭ་གདབ་པའི་རྣམ་ཐར་བཞིན་དུ་མཆོད་པ་དང་སྦྱིན་པ་ལ་སོགས་པའི་ལས་རྣམས་ཀུན་ལ་བསྐུལ་བ་པོ་དང་བྱེད་པ་པོ་སོགས་གང་ཟག་གཞན་སུ་ལ་ཡང་རེ་ལྟོས་བཅས་ཏེ་སྒྲུབ་པར་བྱ་བ་མ་ཡིན་ནོ་སྟེ་རང་གིས་འགྲུབ་ན་བསྒྲུབ་ལ་མི་འགྲུབ་ན་གཞན་ལ་ལྟོས་མི་རུང་ངོ་། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སོགས་པ་འོག་མ་འོག་མ་ལས་གོང་ནས་གོང་དུ་ཁྱད་པར་མཆོག་ཏུ་ཞུགས་པའམ་འཕགས་པས་ན་གོང་མ་གོང་མ་ལ་གཙོ་བོར་སྤྱད་དགོས་ཏེ་དཔེར་ན་བ་ལང་གི་རྨིག་རྗེས་ཀྱི་ཆུ་དང་རྒྱ་མཚོ་ཆེན་པོའི་ཁྱད་པར་བཞིན་དུ་ལོ་བརྒྱ་ལ་སྦྱིན་པ་བྱིན་པ་བས་ཉིན་གཅིག་ཚུལ་ཁྲིམས་བསྲུང་བ་ཕན་ཡོན་ཆེ་བ་སོགས་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པར། མདོ་རྒྱན་ལས། སྔ་མ་ལ་བརྟེན་ནས་ཕྱི་མ་དང་། དམན་དང་མཆོག་རགས་པ་དང་ཕྲ་བའི་སྒོ་ནས་གསུངས་སོ། །སྦྱིན་པ་ལྟ་བུ་དམན་པའམ་ཆུང་ངུའི་ཕྱིར་ནི་ཚུལ་ཁྲིམས་ལྟ་བུ་མཆོག་གམ་ཆེ་སྟེ་ཆེ་པོ་མི་གཏང་ངོ་ཞེས་སྤྱིར་བཏང་དང་དམིགས་བསལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཙོ་ཆེར་གཞན་སེམས་ཅན་རྣམས་ཀྱི་དོན་གང་གིས་འོང་བ་དེ་བསམ་མོ་ཞེས་བསམ་ཞིང་བསྒྲུབ་དགོས་པ་ཡིན་ནོ། །དེ་ཡང་། སྤྱིར་བཏང་བ་དང་དམིགས་ཀྱིས་བསལ། བསྟན་བཅོས་ཀུན་ལ་མཆོག་ཏུ་གཅེས། ཞེས་པ་ལྟར་རོ། །གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ། གཞན་དོན་ལྷུར་ལེན་པ། ཟང་ཟིང་དང་ཆོས་ཀྱིས་བསྡུ་བ་ཕ་རོལ་གྱི་མ་དད་པ་བསྲུང་བ་དང་གསུམ་ལས། དང་པོ་ནི། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དེ་ལྟར་རིག་ཅིང་གནས་པར་བྱས་ཏེ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཞེས་གཞན་སེམས་ཅན་གྱི་དོན་བསྒྲུབ་པ་ལ་རང་དོན་ཡིད་བྱེད་གཏན་ནས་མེད་པར་དུས་རྟག་ཏུ་བརྩོན་པ་ཆེན་པོ་དང་ལྡན་པས་གནས་པར་བྱ་དགོས་ལ། དེ་ལྟར་བརྩོན་པར་རང་དོན་ཡིད་བྱེད་གཏན་ནས་མེད་པ་དེ་ལ་སངས་རྒྱས་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཡིས་དུས་རིང་པོའི་མཐའ་འམ་ཕུག་གི་བདེ་བ་ཆེན་པོ་འཐོབ་ཅིང་སྡུག་བསྔལ་ཆེན་པོ་འདོར་བའི་ཆེད་དུ་འཕྲལ་གྱི་བདེ་བ་ཆུང་ངུ་ཉམས་པ་དང་སྡུག་བསྔལ་ཆུང་དུ་བསྐྱེད་པའི་ཚུལ་གཟིགས་པས་ཐེག་པ་ཆུང་ངུ་བ་རྣམས་དང་བྱང་སེམས་ལས་དང་པོ་པ་ལ་བཀག་པ་ཡི་ལུས་ངག་གི་མི་དགེ་བ་བདུན་པོ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཆེན་པོ་རང་དོན་ཡིད་བྱེད་མེད་པ་དེ་ལ་གནང་སྟེ་དཔེར་ན་དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་དམྱལ་བར་ལྟུང་བ་ལས་བསྐྱབ་པའི་དོན་དུ་བསད་པ་དང་། བྲམ་ཟེའི་ཁྱེའུ་སྐར་མས་ཚོང་དཔོན་གྱི་བུ་མོ་འཆི་བའི་འཇིགས་པ་ལས་བསྒྱབ་པའི་དོན་དུ་མི་ཚངས་པར་སྤྱད་པས་དེ་དག་གིས་བསྐལ་བ་མང་པོའི་ཚོགས་རྫོགས་པར་གསུངས་པ་ལྟ་བུའོ། །གཉིས་པ་ནི། རང་རི་ཁྲོད་ལྟ་བུར་འདུག་ཚེ་བསོད་སྙོམས་ཅི་རྙེད་པ་རྣམས་ལོག་པར་ལྟུང་བ་བྱ་ཁྱི་ལ་སོགས་པ་དུད་འགྲོ་རྣམས་དང་མགོན་མེད་པ་སྤྲང་པོ་རྣམས་དང་ཕྱི་ནང་གི་བརྟུལ་ཞུགས་ལ་གནས་པའི་རི་ཁྲོད་པ་རྣམས་ལ་བགོ་བར་བྱ་ཞིང་རང་གི་སྐལ་བ་ལ་ཡང་ཕུད་ཀྱིས་དཀོན་མཆོག་མཆོད་ཅིང་རང་ཉིད་ཀྱི་ལྟོ་འགྲང་ཙམ་མམ་འགྲང་ལྟོག་རན་པ་ཙམ་དུ་ཆགས་སྡང་མེད་པར་ལུས་གསོ་བའི་ཆེད་དུ་བཟའ་བར་བྱ་ཞིང་ལྷག་མ་འཕྲོག་མ་ལ་བསྔོ་ཞིང་སྦྱིན་པར་བྱ་སྟེ། བཟའ་མང་ཆེས་ན་ལྕི་ཞིང་རྨུགས་པ་དང་ཉུང་ན་ཉམས་ཆུང་བས་དགེ་བ་བསྒྲུབ་མི་ནུས་པའི་ཕྱིར་རོ། །རང་ཉིད་ཀྱིས་འཆང་བའི་ཆོས་གོས་དང་མཐང་གོས་དང་སྣམ་སྦྱར་ཏེ། ཆོས་གོས་རྣམ་པ་གསུམ་པོ་མ་གཏོགས་པ་གཞན་རང་ལ་ཅི་ཡོད་སློང་མོ་པ་ལ་སྦྱིན་པར་བྱ་དགོས་སོ། །ཆོས་གོས་གསུམ་ནི་སྦྱིན་པར་མི་བྱ་སྟེ། བྱང་སེམས་སོ་ཐར་ལས། གལ་ཏེ་དེ་ལ་ཆོས་གོས་གསུམ་ལས། ཉུང་བར་གྱུར་ན་གང་ལ་བརྟེན་ནས་ཚངས་པར་སྤྱོད་པ་ལ་གནས་པས་དེ་ནི་ཡོངས་སུ་བཏང་བར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལའང་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་དུས་འདིར་དམ་པའི་ཆོས་ནི་ཚུལ་བཞིན་དུ་སྤྱོད་པའི་རང་གི་ལུས་འདི་ལ་གཞན་དོན་ཕྲན་ཚེགས་ཀྱི་ཆེད་དུ་ལག་པ་གཅོད་པ་ལ་སོགས་པའི་གནོད་པ་མི་བྱ་བར་ལྟོ་འགྲང་ལྷག་སྐྱོབས་ཙམ་གྱི་ཟས་གོས་མཐའ་གཉིས་ལ་མ་ལྟུང་བས་གཞན་སེམས་ཅན་གྱི་དོན་དུ་རང་གི་ལུས་བསྲུང་བར་བྱས་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས་དགེ་བ་སེམས་ཅན་གྱི་དོན་དུ་རྣམ་མཁྱེན་དུ་བསྔོ་བ་དང་སྨོན་ལམ་གདབ་སྟེ་སེམས་ཅན་གྱི་དོན་བྱ་དགོས་སོ། །དེ་ལྟར་བྱས་ན་རིམ་གྱིས་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་པ་དེའི་བསམ་པ་ཐམས་ཅད་མྱུར་དུ་རྫོགས་པར་འགྱུར་བའི་ཕྱིར་རོ། །དེས་ན་ལས་དང་པོ་པ་སྙིང་རྗེའི་བསམ་པ་མ་དག་པར་ཏེ་ས་དང་པོ་རབ་ཏུ་དགའ་བ་མ་ཐོབ་ཀྱི་བར་དུ་དམ་པའི་ཆོས་བསྒྲུབ་པའི་རྟེན་ལུས་འདི་ཡི་མགོ་དང་རྐང་ལག་ལ་སོགས་པ་གཞན་ལ་དངོས་སུ་གཏད་བར་མི་བྱ་སྟེ་གཞན་ལ་ཕན་པར་མ་ངེས་ཤིང་རང་འགྱོད་ཅིང་དགེ་བའི་བར་ཆད་དུ་འགྱུར་སྲིད་པའི་ཕྱིར་ཏེ། བསླབ་བཏུས་ལས། དཔེར་ན་སྨན་ཆེན་པོའི་ལྗོན་ཤིང་ལྟ་བུར་བསྲུང་དགོས་པར་གསུངས་པས་སོ། །ཅི་ནས་འཇིག་རྟེན་འདི་དང་འཇིག་རྟེན་གཞན་དུ་ཡང་ལྷ་བླ་མ་བྱང་ཆུབ་འོད་ཀྱི་སྐུ་ལུས་བཏང་བ་ལྟ་བུ་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་སྒྲུབ་པའི་རྒྱུར་འགྱུར་ཞིང་དགེ་བའི་བར་ཆད་དུ་མི་འགྱུར་ན་གཏང་ངོ་སྟེ་བཏང་དགོས་སོ། །ཆོས་དང་བླ་མ་ལ་བསམ་པ་དང་སྤྱོད་ལམ་མ་གུས་པ་རྣམས་ལ་ཆོས་མི་བཤད་དེ། བཤད་ན་ཆོས་ཀྱི་ཆེ་བ་ཉམས་པ་དང་ཉན་པ་པོ་ལ་ཕན་མི་ཐོགས་པ་དང་དེར་མ་ཟད་ཆོས་ལ་མ་གུས་པས་ངན་སོང་དུ་ལྟུང་བར་འགྱུར་རོ། །བསམ་པ་གུས་ཀྱང་སྦྱོར་བའི་ཁྱད་པར་མི་ན་བའམ་ནད་པ་མིན་བཞིན་དུ་མགོ་ལ་ཐོད་སོགས་ཀྱིས་དཀྲིས་པ་དང་། ཞྭ་གྱོན་པ་དང་། གདུགས་ཐོགས་པ་དང་འཁར་བ་སྟེ་ལག་རྟེན་དང་རལ་གྲི་དང་མདུང་ལ་སོགས་པའི་མཚོན་ཆ་ཐོགས་པ་དང་། གཟན་ལ་སོགས་པ་གོས་ཀྱིས་མགོ་བོ་གཡོགས་པ་དང་ཁྲི་སྟོན་ཆེ་མཐོ་ལ་འདུག་པ་ལ་སོགས་པ་དག་ལ་ཆོས་བཤད་པ་མིན་ཏེ་བཤད་མི་རུང་ཞིང་ནད་པ་སོགས་ལ་ནི་ཉེས་པ་མེད་དོ། །བློ་དམན་པ་ཉན་རང་གི་ལམ་ལ་མོས་པ་དག་ལ་ཐེག་པ་ཆེན་པོ་ཟབ་པ་སྟོང་པ་ཉིད་དང་། རྒྱ་ཆེ་བ་ས་དང་ལམ་ལ་སོགས་པ་བཤད་མི་རུང་བ་དང་། རབ་ཏུ་བྱུང་བས་སྐྱེས་པ་ཡི་གྲོགས་དག་མེད་པར་བུད་མེད་ཁོ་ན་ལ་ཡང་ཆོས་བཤད་པ་མིན་ཏེ་བཤད་མི་རུང་ངོ་། །ཆོས་བཤད་པའི་ཚེ་ཡང་དམན་པ་ཉན་རང་མཆོག་གི་ཆོས་ཐེག་པ་ཆེན་པོ་ལ་སོགས་པ་རྣམས་ལ་ལ་ལ་བཤད་མོས་པ་དང་། ལ་ལ་བཤད་མི་མོས་པར་མི་བྱེད་པ་རྒན་དང་བྱིས་པ་ཁ་ཟས་ཐ་དད་པ་ལྟར་བཟང་ངན་དུ་མི་བལྟ་བར་རྣམ་གྲོལ་གྱི་ལམ་དུ་བུ་རམ་དང་ལན་ཚའི་རོ་བཞིན་དུ་མཚུངས་པའམ་མཉམ་པར་ཤེས་ནས་གུས་པས་ཀུན་ཏུ་སྤྱད་པ་སྟེ་བཤད་དགོས་ཏེ། ཆོས་ཐམས་ཅད་རྣམ་པར་འཐག་པ་བསྡུས་པའི་མདོ་ལས། འཇམ་དཔལ་གང་ལ་ལས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ལ་ལ་ནི་བཟང་བར་འདུ་ཤེས་པར་བྱེད་ལ་ལ་ནི་ངན་པར་འདུ་ཤེས་པར་བྱེད་ན་དེ་ནི་དམ་པའི་ཆོས་སྤོང་བའོ། །ཞེས་གསུངས་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་རྣོན་པོ་ཟབ་པ་དང་རྒྱ་ཆེན་པོའི་ཆོས་ཀྱི་སྣོད་དུ་གྱུར་པ་རྣམས་ནི་དམན་པའི་ཆོས་ཉན་རང་གི་ལམ་ལ་སྦྱར་བར་མི་བྱ་སྟེ། སྦྱར་ན་རྩ་ལྟུང་དུ་འགྱུར་ཞིང་ཤེས་རབ་ཅན་སྒྲོག་ཏུ་བཅུག་པ་དང་། དད་པ་ཅན་མགོ་བསྐོར་མི་རུང་པས་སོ། །ལྟ་བ་ཟབ་མོ་གཙོ་བོ་བཤད་དགོས་པའི་དུས་ཐུན་མིན་ལས་གཞན་དུ་དགེ་བའི་ཕན་ཡོན་དང་སྡིག་པའི་ཉེས་དམིགས་ལ་སོགས་པ་ལས་འབྲས་ཀྱི་སྤྱོད་པ་ཡོངས་སུ་འདོར་བར་མི་བྱ་སྟེ་དགེ་སྡིག་རྒྱུ་འབྲས་གཙོ་བོར་བཤད་དགོས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནུས་པའི་གང་ཟག་ལ་ཕན་ཡོན་ཅན་གྱི་མདོ་ཅུང་ཟད་ཙམ་བཀླགས་པ་དང་གཟུངས་སྔགས་ཅུང་ཟད་ཙམ་བཟླས་པ་སོགས་ཀྱིས་ཆོག་སྟེ་དེ་ཁོ་ནས་གྲོལ་བར་འགྱུར་རོ་ཞེས་སྒྲ་ཇི་བཞིན་པའི་ཚིག་གིས་འདྲིད་ཅིང་བསླུ་བར་མི་བྱ་སྟེ། དྲང་ངེས་ལྡེམ་དགོངས་སོགས་ཀྱི་དབྱེ་བ་ལ་སོགས་བར་འབྱེད་ཅིང་སྣོད་དང་འཚམས་པར་ཆོས་སྟོན་པས་རྗེས་སུ་བཟུང་བར་བྱའོ། །གསུམ་པ་ནི། བྱང་ཆུབ་སེམས་དཔས་གཞན་གྱིས་མ་དད་པ་མ་བསྲུང་ན་གཞན་གྱི་སྡིག་རྐྱེན་ཆེན་པོར་འགྱུར་བས་ན་སོ་ཤིང་དང་ནི་མཆིལ་མ་དང་སྣབ་དང་ཁ་ལུད་ལ་སོགས་པ་དག་བླ་མའི་མདུན་དང་ལྷ་ཁང་དང་ཁར་པ་ལ་སོགས་པའི་འདུག་གནས་ལ་དོར་བ་ན་ནི་ས་ལ་སོགས་པའི་མཐོང་བ་དགབ་པར་བྱ་དགོས་སོ། །གཅི་བ་དང་གཤང་བ་ལ་སོགས་པའང་རང་དང་གཞན་གྱི་ལོངས་སྤྱོད་པའི་ཆུ་གཙང་མ་དང་ཐང་བཟང་པོ་ལ་དོར་བ་ནི་སྨད་ཅིང་བཀག་པ་ཡིན་པས་མི་བྱའོ། །ཟས་ཟ་བའི་ཚེ་ཁ་ཧ་ཅང་བཀང་ཆེ་བ་དང་རྐན་ཏོག་པ་ལ་སོགས་པའི་སྒྲ་དང་བཅས་པར་ཟ་བ་དང་ཟས་ཁར་མ་སླེབ་པར་ཁ་གདང་ནས་ཧ་ཅང་རྔམས་པས་ནི་བཟའ་བར་མི་བྱའོ། །ཁྱིམ་ལ་སོགས་པར་གང་དུ་འདུག་པའི་ཚེ་རྐང་པ་གཉིས་བརྐྱང་ཏེ་མི་འདུག་ཅིང་ལག་པ་བཀྲུ་བའི་ཚེ་ལག་གཉིས་མཉམ་པར་མི་གཉེའོ་སྟེ་ཕན་ཚུན་རིམ་གྱིས་བཀྲུའོ། །རྟ་ཁ་ལ་སོགས་བཞོན་པ་དང་མལ་ས་དང་འདུག་པའི་སྟན་གཅིག་གནས་ཁང་དབེན་པ་དག་ཏུ་ཡང་ཁྱིམ་པ་རྣམས་ཀྱིས་གཞན་གྱི་བུད་མེད་དང་རབ་ཏུ་བྱུང་བས་ནི་ཉེ་དུ་མ་ཡིན་པའི་བུད་མེད་གཞན་དང་གཅིག་ཉིད་དུ་མི་བྱ་སྟེ་བྱ་མི་རུང་ངོ་། །མདོར་ན་འཇིག་རྟེན་སེམས་ཅན་གཞིན་རྣམས་ཀྱིས་འཕྱ་ཞིང་མ་དད་པར་གྱུར་པའི་སྤྱོད་པ་ཀུན་རང་གིས་མཐོང་ཞིང་ཤེས་པ་རྣམས་དང་རང་གི་མ་མཐོང་ཞིང་མི་ཤེས་པ་རྣམས་ཀྱང་གང་ཟག་གཞན་མཁས་པ་དང་རྒྱུས་ཡོད་རྣམས་ལ་དྲིས་ཏེ་སྤང་བར་བྱ་དགོས་སོ། །ལམ་སོགས་འདྲི་བའི་ཚེ་མ་གུས་པའི་རྣམ་འགྱུར་ལག་པ་གཡོན་པས་སྡིགས་མཛུབ་ལ་སོགས་པ་དང་སོར་མོས་ཏེ་སོར་མོ་གཅིག་གི་བརྡ་ཙམ་གྱིས་ལམ་བསྟན་པར་ནི་མི་བྱ་སྟེ་ལུས་ངག་གི་རྣམ་འགྱུར་གུས་ཤིང་སྤྲོ་བ་དང་བཅས་པས་གཡས་པ་ཡི་ལག་པ་དག་ནི་སོར་མོ་ཀུན་གྱིས་ཀྱང་ཇི་ལྟར་དྲིས་པའི་ལམ་ཡང་འཇིག་རྟེན་པ་རྣམས་དད་པར་འགྱུར་བ་དེ་ལྟར་ཡང་དག་པར་ལེགས་པར་བསྟན་པར་བྱ་དགོས་སོ། །སྣོད་སྤྱད་སོགས་བཅའ་ཀ་ལེན་པ་དང་འཇོག་པ་སོགས་དགོས་པ་ཆུང་ངུ་ལའང་ལག་པ་ཆེས་ཆེར་རམ་ཤས་ཆེར་དྲག་ཏུ་བསྐྱོད་པར་བྱ་བ་མིན་ཏེ་ཅུང་ཟད་ཙམ་བསྐྱོད་ལ་ང་སྒྲ་བསྒྲགས་པ་དང་སེ་གོལ་ལ་སོགས་པས་བརྡ་བྱ་སྟེ་གོ་བརྡའ་སྤྲད་དགོས་ཤིང་དེ་ལྟར་མ་བྱས་ན་གཞན་དུ་སྤྱོད་ལམ་མ་བསྡམས་པར་འགྱུར་བའི་སྐྱོན་གྱིས་གཞན་རྣམས་མ་དད་པར་འགྱུར་རོ། །ཉལ་བའི་ཚེ་ནམ་གྱི་གུང་ཐུན་ལ་འགྲོ་བ་ཐམས་ཅད་ཀྱི་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་འདས་པའི་ཚུལ་སྟོན་པ་ན་སེང་གེའི་ཉལ་སྟབས་ཀྱི་གཞོག་གཡས་ས་ལ་ཕབ་སྟེ་དབུ་བྱང་དང་ཞལ་ནུབ་ཏུ་གཟིགས་ཏེ་གཟིམས་པ་ལྟར་ཉལ་བར་བྱའོ་ཞེས་བསམ་ན་སངས་རྒྱས་རྗེས་དྲན་ཀྱང་ཡིན་པས་འདི་ལྟར་གནོད་པ་མེད་ཅིང་ཡིད་ལ་གང་འདོད་པའི་ཕྱོགས་སུ་ཤར་དང་བྱང་ལ་སོགས་པར་མགོ་བསྟན་ཏེ་གློ་གཡས་འོག་ཏུ་ཕབ་ནས་རྐང་བས་རྐང་བ་མནན་ལ་ལག་གཡས་འགྲམ་པའི་འོག་དང་གཡོན་བརླའི་སྟེང་ནས་བརྐྱངས་ཏེ་ལུས་ཆོས་གོས་ཀྱིས་གཡོགས་ནས་ཉལ་བར་བྱ་ཞིང་དྲན་པ་དང་ཤེས་བཞིན་དང་ལྡན་པའི་སྒོ་ནས་སྣང་བའི་འདུ་ཤེས་དང་འཆི་བའི་འདུ་ཤེས་དང་སང་མྱུར་དུ་ལྡང་བའི་སེམས་སམ་འདུ་ཤེས་ལ་ཉལ་བའི་ཐོག་མ་ཉིད་དུ་ངེས་བར་སེམས་སྦྱར་བའམ་འདུན་པ་གཏད་དེ་ཉལ་བར་བྱའོ། །དེ་ལྟར་བྱས་ན་གཉིད་ཀྱང་དགེ་བར་འགྱུར་རོ། །དེ་ལ་རང་གི་ཚེ་གཅིག་གི་བྱ་བ་དང་ཉིན་གཅིག་གི་བྱ་བ་སྒོ་བསྟུན་ནས་ཉམས་སུ་ལེན་དགོས་ཏེ། འདི་ལྟར་ད་ནང་ཉི་རྩེ་ཤར་བ་རང་བྱིས་བ་བཙལ་བའི་དུས་དང་། ཉིན་གུང་དར་ལ་བབ་པ་དང་། དགོངས་མོ་རྒས་པ་དང་། ཉལ་བ་འཆི་ནད་ཀྱིས་ཐེབ་པའི་དུས་དང་། གཉིད་ཚེ་ཤི་བ་དང་། རྨི་ལམ་བར་དོ་དང་། ནང་སད་ཚེ་ཕྱི་མའི་སྐྱེ་སྲིད་དང་ཉིད་མཚམས་སྦྱར་བ་དང་མཐུན་པས་དེ་དང་དེའི་སྐབས་སུ་དེ་དང་དེ་ཡིན་པའི་འདུ་ཤེས་བཞག་སྟེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སོགས་ཉམས་ལེན་མ་བརྗེད་པར་བྱ་དགོས་གསུངས། བཞི་པ་བསྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་གཞན་བསྟན་པ་ལ། བསྒྲུབ་པ་ཕུན་སུམ་ཚོགས་པ་དངོས་དང་། ལེའུའི་དོན་བསྡུ་བ་གཉིས་ལས། དང་པོ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་ལ་སོགས་པ་དག་གི་དབྱེ་བ་གྲངས་དང་ཚད་མེད་པར་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་རྣམས་ནས་གསུངས་པ་ལས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ཀྱིས་རང་གི་སེམས་སྦྱང་བའམ་སྦྱོང་བ་ཡི་སྤྱོད་པ་སྤྱོད་འཇུག་འདི་ལྟ་བུ་ནི་ངེས་པར་སེམས་སྦྱོང་མ་ཐུབ་པར་དེ་སྲིད་དུ་བསྒོམ་ཞིང་སྤྱོད་པར་བྱ་དགོས་སོ། །གལ་ཏེ་རྩ་ལྟུང་བྱུང་ན་གང་ཟག་དབང་པོ་རབ་འབྲིང་ཐ་མའི་བཤགས་ཐབས་བཞིན་དུ་བཤགས་པ་བགྱིད་ཅིང་སླར་བྱང་སྡོམ་ལེན་པར་བྱ་བ་དང་གཞན་ཉེས་བྱས་ལ་སོགས་པ་གང་བྱུང་བ་ལ་ཉིན་ལན་གསུམ་དང་མཚན་མོ་ལན་གསུམ་དུ་ཕུང་པོ་གསུམ་པ་ཞེས་བཤགས་པ་ཡི་རང་བསྔོ་བ་གསུམ་སྟེ་བྱང་ཆུབ་ལྟུང་བཤགས་ལྟ་བུ་ལ་སོགས་པ་གདོན་པར་བྱ་ཞིང་སངས་རྒྱས་སོ་ལྔ་སོགས་རྒྱལ་བ་སྲས་དང་བཅས་པ་དང་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་ལྟུང་བའི་ལྷག་མ་ཞེས་རྩ་བའི་ལྟུང་བ་ལས་གཞན་ཉེས་བྱས་ལ་སོགས་པ་གཉེན་པོ་སྟོབས་ལྡན་དེས་ཞི་བའམ་དག་པར་བྱ་ཞིང་། ཆེད་དུ་བྱ་བ་རང་ངམ་གཞན་སེམས་ཅན་རྣམས་ཀྱི་དབང་ཡང་རུང་སྟེ་གནས་སྐབས་གང་དང་གང་དུ་བྱ་བ་ཅི་ལ་སྤྱོད་ཀྱང་རུང་། མདོར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བསླབ་དགོས་པར་ལུང་རྣམས་ལས་གསུངས་པ་ཞི་བ་ལྷས་བཀའ་ལུང་བཞིན་དུ་བསྡུས་པ་གང་ཡིན་པའི་གནས་སྐབས་དེ་དང་དེ་ལ་མངོན་པར་ཡིད་ཆེས་པའི་སྒོ་ནས་འབད་དེ་བསླབ་པར་བྱ་དགོས་སོ། །དེ་གང་ཞེ་ན་ཞི་བ་ལྷས་རྒྱལ་བའི་བཀའ་ལུང་བཞིན་དུ་སྡུས་པ་འདི་ལྟར། དཔེར་ན་འགྲོ་བའི་ཚེ། ལམ་སོགས་འཇིགས་པ་བརྟགས་སོགས་དང་འདུག་པའི་ཚེ། རྐང་བ་བརྐྱང་ཏེ་སོགས་དང་། རི་ཁྲོད་སོགས་སུ་འདུག་ཚེ། ལོག་པར་ལྟུང་དང་སོགས་དང་། ཟས་ཟ་ཚེ། ཁ་བཀང་བ་སོགས་དང་། གཏམ་བཤད་ཚེ། སྨྲ་ན་ཡིད་ཕེབ་སོགས་དང་གཞན་ལ་བལྟ་བའི་ཚེ། མིག་གིས་སེམས་ཅན་སོགས་དང་། ཉལ་བའི་ཚེ། མགོན་པོ་མྱང་འདས་སོགས་ཀྱིས་མཚོན་ཏེ་གང་གསུངས་པ་དང་། གཞན་ཡང་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་བཞིན་དུ་ཡང་གསུངས། རྒྱལ་སྲས་རྣམས་ཀྱིས་བཟོ་གསོ་བ། སྒྲ་ཚད་མ། ནང་དོན་རིགས་པ་སྟེ་རིགས་པའི་གནས་ཆེན་ལྔ་དང་གནས་ཆུང་ལྔ་ལ་སོགས་པར་མི་བསླབ་པ་ཡི་ཤེས་བྱའམ་རིགས་པའི་གནས་དེ་ནི་གང་ཅི་ཡང་ཡོད་པ་མིན་ཏེ་དེ་ལྟར་ཤེས་བྱ་མཐའ་ཡས་པ་ལ་བསླབ་ཅིང་དྲན་ཤེས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་དེ་ལ་གོམས་པའི་འདེགས་འཇོག་དང་ལག་པའི་བརྐྱང་བརྐུམ་ལ་སོགས་པ་ཚུན་ཆད་བསོད་ནམས་དགེ་བའི་དངོས་པོར་མི་འགྱུར་པ་གང་ཅི་ཡང་མེད་དེ་མི་དགེ་བའང་དགེ་བར་འགྱུར་ན་གཞན་ལུང་མ་བསྟན་ལ་སོགས་སྨོས་ཅི་དགོས་སོ། །ཆོས་དང་ཟང་ཟིང་གིས་གཞན་དོན་དངོས་སུ་བྱས་སམ་ཡང་ན་རང་མཚམས་བསྙེན་སྒྲུབ་ལ་སོགས་པའི་དགེ་བ་བསྒྲུབ་སྟེ་གཞན་དོན་དུ་བསྔོ་ཞིང་སྨོན་ལམ་གདབ་པ་ལ་སོགས་པས་བརྒྱུད་ནས་ཀྱང་རུང་སྟེ་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་ཁོ་ན་སྒྲུབ་པ་ལས་རང་དོན་བསྒྲུབ་པ་སོགས་གཞན་མི་སྤྱད་ཅིང་། ཆེད་དུ་བྱ་བ་སེམས་ཅན་ཁོ་ནའི་དོན་གྱི་ཕྱིར་རང་དང་གཞན་གྱིས་དུས་གསུམ་དུ་བསགས་པའི་ཕྱིན་དྲུག་ལ་སོགས་པའི་དགེ་རྩ་གང་འགྲུབ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་འཐོབ་པའི་ཕྱིར་བསྔོའོ་ཞེས་བསྔོ་ཞིང་སྨོན་ལམ་གདབ་པར་བྱ་དགོས་སོ། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བྱང་ཆུབ་ཆེན་པོའི་གོ་འཕང་མ་ཐོབ་ཀྱི་བར་དུ་དུས་རྟག་པར་གང་དང་འགྲོགས་ན་ཡོན་ཏན་ཐམས་ཅད་ངང་གི་འབྱུང་བར་འགྱུར་བའི་དགེ་བའི་བཤེས་གཉེན་བླ་མ་དམ་པ་ལ་ནི་རང་གིས་སྒོ་གསུམ་གུས་པས་བརྟེན་པར་བྱེད་དགོས་ལ། དེ་ཡང་གང་འགྲོ་བའི་དང་། གང་དུ་འགྲོ་བའི་དང་། གང་གིས་འགྲོ་བའི་ཐེག་པ་གསུམ་ལས་འདི་ཕྱི་མ་སྟེ་མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་བརྩོན་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་ཆེན་པོ་བདུན་དང་ལྡན་པའི་ཆོས་ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བའི་ཚིག་དང་དོན་སྟོན་པ་ལ་མཁས་པ་དང་སྤྱོད་པ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སམ་བརྟུལ་ཞུགས་མཆོག་སྟེ་སྡོམ་པ་ལ་གནས་པའི་དགེ་བའི་བཤེས་གཉེན་རྣམས་རང་གི་ལུས་དང་སྲོག་གི་ཕྱིར་ཡང་མི་གཏོང་ངོ་སྟེ་རང་གི་སྲོག་ལ་བབ་ཀྱང་བཀའ་འགལ་ཐུགས་དཀྲུགས་སོགས་མི་བྱ་བར་བླ་མ་ལ་བསྟེན་པ་མི་སྤང་བར་བྱ་དགོས་སོ། །བསྟེན་པའི་ཚུལ་ཇི་ལྟར་ཡིན་ན་ཕལ་པོ་ཆེའི་སྡོང་པོ་བཀོད་པའི་ལེའུ་ལས་བྱང་ཆུབ་སེམས་དཔའ་ནོར་བཟང་གིས་དགེ་བའི་བཤེས་གཉེན་བརྒྱ་དང་བཅུ་སོགས་རབ་ཏུ་མང་པོ་བསྟེན་པ་ལས་ཁྱེའུ་དཔལ་གྱི་འབྱུང་གནས་དང་བུ་མོ་དཔལ་གྱི་བློ་གྲོས་མ་གཉིས་ཀྱི་མདུན་དུ་བྱོན་ཚེ་གུས་པས་བཤེས་གཉེན་བསྟེན་པ་ཡི་རྣམ་ཐར་ལས་བླ་མ་དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་དང་དེ་ལ་བསྔགས་པ་དང་། རིགས་ཀྱི་བུ་ཁྱོད་ཀྱིས་རང་ལ་ནད་པའི་འདུ་ཤེས་དང་དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང་། ཆོས་ལ་སྨན་གྱི་འདུ་ཤེས་དང་། ནན་ཏན་ཉམས་སུ་བླང་པ་ལ་ནི་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་བར་བྱའོ། །ཞེས་པ་ལ་སོགས་པས་ཇི་ལྟར་བསྟེན་པའི་ཚུལ་རྒྱ་ཆེར་གསུངས་པ་དེ་ལྟར་བསླབ་སྟེ་བསྟེན་དགོས་སོ། །ཁྱེའུ་དཔལ་འབྱུང་བའི་རྣམ་ཐར་འདི་དང་སངས་རྒྱས་ཀྱི་བཀའ་སྩལ་བ་གཞན་མདོ་སྡེ་རྣམས་བཀླགས་ནས་དགེ་བའི་བཤེས་གཉེན་བསྟེན་ཚུལ་གྱི་སྤང་བླང་ལ་སོགས་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ཤེས་པར་བྱ་དགོས་སོ། །གཞན་ཡང་མདོ་སྡེ་རྣམས་ལ་མཇལ་ཞིང་བལྟས་པ་ལས་བྱང་ཆུབ་སེམས་དཔའི་བསླབ་པ་སྣང་ཞིང་ཤེས་པར་འགྱུར་ལ། རྒྱུ་མཚན་དེ་ལྟ་བས་ན་མདོ་སྟེ་རྣམས་ལ་བལྟ་ཞིང་བཀླག་པར་བྱ་ཞིང་། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་ནམ་མཁའ་སྙིང་པོའི་མདོ་སྡེ་ལས་ནི་བྱང་ཆུབ་སེམས་དཔའི་རྩ་ལྟུང་བཅོ་བརྒྱད་ཀྱི་རྣམ་དབྱེ་རྩ་ལྟུང་བྱུང་ན་འཆོས་ཐབས་དང་བཅས་པ་གསལ་བར་བསྟན་པའི་ཕྱིར་ཐོག་མའམ་དང་པོ་ཉིད་དུ་དེ་ལ་བལྟ་བར་བྱ་དགོས་སོ། །གང་གིས་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དུས་རྟག་ཏུ་སྤྱད་པའམ་བསླབ་པར་བྱ་བ་ནི་ལུས་ལོངས་སྤྱོད་དགེ་བ་རྣམས་བཏང་བསྲུང་དགེ་བ་སྤེལ་བའི་ཚུལ་ལ་སོགས་པ་ཞི་བ་ལྷ་རང་གིས་མཛད་པའི་བསླབ་བཏུས་དེ་ལས་རྒྱ་ཆེར་ངབ་ཏུ་གསལ་བར་སྟོན་པས་ན་བྱང་ཆུབ་སེམས་དཔའི་བསླབ་པ་ཀུན་ལས་བཏུས་པ་ལ་ཡང་ངེས་པར་ཏེ་གདོན་མི་ཟ་བར་ལན་གཅིག་ཙམ་མ་ཡིན་པར་ཡང་དང་ཡང་དུ་བལྟ་བར་བྱ་ཞིང་། ཡང་ན་རེ་ཞིག་ཞི་བ་ལྷ་རང་གིས་མདོ་སྡེ་རྣམས་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་མདོར་བསྡུས་པའི་བདེ་རྣམས་ཀུན་ལས་བཏུས་པ་ལ་ཡང་བལྟ་བར་བྱ་དགོས་སོ། །དེ་བཞིན་ཏུ་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསླབ་བཏུས་དང་མདོ་བཏུས་གཉིས་པོའང་འབད་པས་ཡང་ནས་ཡང་དུ་བལྟ་བར་ཡང་བྱའོ། །དེ་ལྟར་རྒྱལ་བའི་བཀའ་མདོ་སྡེ་རྣམས་དང་བསྟན་བཅོས་བསླབ་བཏུས་དང་མདོ་བཏུས་ཀྱི་གཞུང་གང་དང་གང་ལས་བྱ་བ་གང་དང་གང་ནིི་མ་བཀག་ཅིང་གནང་བ་དེ་དང་དེ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དུས་རྟག་ཏུ་ཚུལ་བཞིན་དུ་སྤྱར་ཅིང་བསླབ་པར་བྱ་བ་སྟེ་མདོར་ན་འཇིག་རྟེན་པ་རྣམས་ཀྱི་མ་དད་པའི་སེམས་ནི་བསྲུང་ཞིང་མགུ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་བསླབ་པ་མཐོང་ཞིང་ཤེས་པར་བྱས་ནས་སེམས་ཅན་རྣམས་ལ་ཕན་པ་འབའ་ཞིག་ཡང་དག་པར་སྤྱད་པར་བྱའོ། །གཉིས་པ་ནི། རང་གི་ལུས་ཀྱི་ཅི་བྱེད་དང་ངག་གི་ཅི་བཤད་དང་སེམས་ཀྱི་ཅི་བསམ་སོགས་ཀྱི་གནས་སྐབས་ལ་སྐད་ཅིག་ཙམ་མ་ཡིན་པར་དུས་རྟག་ཏུ་ཡང་དང་ཡང་དུ་དགེ་མི་དགེ་ལུང་མ་བསྟན་གང་ཡིན་ཞེས་བརྟག་སྟེ་བླང་དོར་ལ་སྤྲོ་བས་ཤེས་བཞིན་དུ་འཇུག་པར་བྱ་བ་འདི་ཉིད་ཁོ་ན་མདོར་བསྡུ་ན་ནི་ཤེས་བཞིན་ཉམས་སུ་བླང་བའི་སྒོ་ནས་བསྲུང་བའི་མཚན་ཉིད་དོ་ཞེས་མཚན་ཉིད་ཡང་དག་པའོ། །ལུས་ངག་ཡིད་ཀྱིས་ཇི་སྐད་བཤད་པའི་བསླབ་བྱ་འདི་དག་དངོས་སུ་ནན་ཏན་དུ་སྦྱང་ཅིང་བསླབ་པར་བྱ་དགོས་ཀྱི་གཞུང་གི་ཚིག་ཙམ་བརྗོད་པས་སམ་བཤད་པ་ཙམ་གྱིས་དགོས་པའམ་དོན་ཅི་ཞིག་འགྲུབ་པས་དོན་ཉམས་སུ་ལེན་པ་ལ་འབད་པར་བྱ་དགོས་ཏེ་དཔེར་ན་སྨན་མ་ཟོས་པར་སྨན་དཔྱད་རྒྱུད་བཞི་སོགས་བཀླག་པའམ་བཤད་པ་ཙམ་གྱིས་ནི་ནད་པ་དག་གི་ནད་ལ་ཕན་པར་འགྱུར་རམ་ཏེ་མི་འགྱུར་ལ་ལུས་ཀྱིས་སྨན་ཟོས་པ་དང་སྤྱོད་ལམ་ལ་སོགས་པ་ཚུལ་བཞིན་བསྟེན་པ་ལས་ཕན་ཐོགས་པ་བཞིན་ནོ། །ལེའུའི་མཚན་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཤེས་བཞིན་བསྲུང་བར་བྱ་བ་སྟེ་ལེའུ་ལྔ་པའོ།། ༈ །།གསུམ་པ་བྱང་ཆུབ་སེམས་ཀྱི་མི་མཐུན་ཕྱོགས་ཁོང་ཁྲོ་སྤོང་བྱེད་བཟོད་པ་བསྒོམ་པའི་ལེའུ་ལ། གཞུང་དང་མཚན་ནོ། །དང་པོ་ལ་ཁོང་ཁྲོ་སྤོང་བ། བཟོད་པ་བསྒོམ་པ། སེམས་ཅན་ལ་གུས་པར་བྱ་བ་དང་གསུམ་ལས། དང་པོ་ནི། བསྐལ་པ་ཞེས་ཆགས་གནས་འཇིག་སྟོང་བཞི་རེ་རེ་ལ་བར་བསྐལ་ཉི་ཤུ་རེ་སྟེ་བརྒྱད་ཅུ་ལ་བསྐལ་ཆེན་ཞེས་བྱ་ལ་དེ་ལྟ་བུའི་བསྐལ་པ་སྟོང་དུ་བསགས་པ་ཡི་སེམས་ཅན་རྣམས་ལ་སྦྱིན་པ་བྱིན་པ་དང་བདེ་བར་གཤེགས་པ་སངས་རྒྱས་དང་དམ་པའི་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་གསུམ་ལ་མཆོད་ཅིང་སྐྱབས་སུ་འགྲོ་བ་ལ་སོགས་པ་དང་། ཚུལ་ཁྲིམས་བསྲུང་བ་ལ་སོགས་པའི་ལེགས་པར་སྤྱད་པའི་དགེ་བ་གང་ཡིན་པ་དེ་དག་ཐམས་ཅད་ཀུན་ཀྱང་ཁོང་ཁྲོ་དྲག་པོ་གཅིག་གིས་འཇོམས་པར་བྱེད་པའམ་ཟད་པར་བྱེད་ཅེས་མདོ་ལས་གསུངས་པ་དང་། ཡང་། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་འཇམ་དཔལ་ཁོང་ཁྲོ་ཞེས་བྱ་བ་ནི་བསྐལ་པ་བརྒྱར་བསགས་པའི་དགེ་བ་འཇོམས་པར་བྱེད་པ་ཞེས་བསྐལ་པ་བརྒྱ་དང་སྟོང་གི་ཚོགས་འཇོམས་པར་གསུང་པ་ཡང་། འཇུག་འགྲེལ་རྣམས་ལས། སེམས་ཅན་ཐ་མལ་པ་ལ་ཁྲོས་ན་བརྒྱ་དང་། བྱང་སེམས་ལ་ཁྲོས་ན་སྟོང་ཞེས་བརྗོད་ཅེས་དང་། མདོ་སྡུད་པར། བྱང་སེམས་ལུང་བསྟན་མ་ཐོབ་པས་ལུང་བསྟན་ཐོབ་པ་ལ་སྐད་ཅིག་མ་དུ་ལ་ཁྲོས་ན་དེའི་གྲངས་ཀྱི་བསྐལ་བ་རེའི་ཚོགས་འཇོམ་པར་གསུངས་པ་ནི་ཡུམ་རྒྱས་འབྲིང་ན་དེ་ལྟར་གསུང་མོད། འགྲེལ་བཤད་འགས་དོགས་པ་ཁོང་བསླང་གིས་རྩོད་པ། ཞེ་སྡང་སྐད་ཅིག་མ་གཅིག་སྐྱེས་ན་བསྐལ་བ་སྟོང་གི་སྦྱིན་ཚུལ་གྱི་དགེ་ཚོགས་འཇོམས་ན་སོ་སྐྱེས་ཁོང་ཁྲོ་མི་སྐྱེ་བ་མེད་པས་སེམས་ཅན་གཅིག་གིས་ཀྱང་ཐར་ལཾ་མི་འཐོབ་སྙམ་པའི་དོགས་པ་བཀོད་ལ། འདིའི་སྐད་ཅིག་བྱ་རྫོགས་ཀྱི་སྐད་ཅིག་ཡིན་ལ། དེའི་ལན་ལ། ཁ་ཅིག །འདི་ལ་གཞོམ་བྱ་དང་། འཇོམ་བྱེད་དང་། འཛེམ་ཚུལ་གྱི་ཁྱད་པར་གསུམ་ལས། དང་པོ་ནི། སྤྱིར་དགེ་བ་ཐབས་ཤེས་གཉིས་ཀས་མ་ཟིན་པ་བསོད་ནམས་ཆ་མཐུན་གྱི་དང་། བདག་མེད་རྟོག་པས་ཟིན་པ་ཐར་པ་ཆ་མཐུན་ཙམ་དང་། ཐབས་ཤེས་གཉིས་ཀས་ཟིན་པ་ཐེག་ཆེན་གྱི་དགེ་བ་དང་གསུམ་ཡོད་པ་ལས་དང་པོ་ཡིན་ལ། གཉིས་པ་ནི། ཡུལ་ཁྱད་པར་ཅན་ལ་དམིགས་ནས་ངོ་བོ་དྲག་ཏུ་འཁྲུགས་པ། རྗེས་ཀྱང་འགྱོད་པ་སོགས་མེད་པའི་གཉེན་པོ་དང་བྲལ་བ་ཡིན་ཞིང་། གསུམ་པ་ནི། ས་བོན་རྩ་བ་ནས་འཇོམས་པ་མ་ཡིན་གྱི། སྐྱེས་ནས་མྱོང་འགྱུར་གྱི་ནུས་པ་ཟིལ་གྱིས་མནན་ནས་ལན་གྲངས་གཞན་དུ་མྱོང་འགྱུར་དུ་བསྒྱུར་བ་སྟེ། དེའི་རྒྱུ་མཚན་ཡང་ལྕི་བ་དེའི་འབྲས་བུ་ཐོག་མར་སྨིན་པར། ཇི་སྐད་དུ། ལས་ཀྱི་འབྲས་བུ་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔ་ཕྱི་གང་ཡིན་དེ་དག་ལས། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་བཤད་པས་སོ་ཟེར་ཡང་མྱོང་དུས་བསྒྱུར་བ་ནི་ཐར་ཆ་ལ་ཡང་ནུས་པས་གཞོམ་བྱ་མ་ངེས་ཤིང་། འཇོམས་ཚུལ་ཡང་མ་ངེས་ཏེ་འཕགས་པ་ཐམས་ཅད་ཡོད་པར་སྨྲ་བ་ལས། ཉེ་བ་འཁོར་དགེ་བའི་རྩ་བ་ཆེན་པོ་ཡང་སྲབ་པ་དང་ཡོངས་སུ་བྱང་བ་དང་ཡོངས་སུ་ཟད་པར་འགྱུར་བ་དེ་ལྟ་བས་ན་མ་གལ་དུ་མ་ལ་ཡང་སེམས་ཁྲོ་བར་མི་བྱེད་ན། རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་ཅི་ཞིག་སྨོས་ཞེས་རྒྱལ་སྲས་རིན་པོ་ཆེས་དགག་པ་མཛད་པར་གཞོམ་བྱ་མ་ངེས་ཞེས་གསུངས་ཀྱང་ཐར་ཆ་ལ་དེ་ལྟར་ནུས་པའི་རྒྱུ་མཚན་བཀོད་པ་ཅི་ཡང་མེད། འཇོམས་ཚུལ་མ་ངེས་ཞེས་གསུངས་ལ། འཇོམས་བྱེད་དངོས་སུ་མ་གསུངས་ཡང་། མགལ་དུ་མ་ལ་ཡང་ཁྲོ་བར་མི་བྱ་བར་གསུངས་པས་ཡུལ་ཁྱད་པར་ཅན་ལ་ཁྲོ་དགོས་པར་མ་ངེས་པ་ཡིན་པས། དེ་ནི་དེ་ལྟར་བཀག་ལ། དེས་ཀྱང་དངོས་ལན་ནི་མི་འོང་བ་ཡིན། དེ་མིན་ལན་གཞན་མ་མཐོང་ལ། འདིར་རྩ་བའི་ཚིག་ལ་བསམ་ན། དཀོན་མཆོག་མཆོད་པ་ལ་སོགས་པའི་ལེགས་སྦྱང་གང་ཡིན་ཞེས་པ་འདྲ་ཡང་། དོན་ལ་བསམ་ན། སྦྱིན་ཚུལ་ལུས་ངག་གི་དགེ་བ་རྣམས་འཇོམས་ལ། སེམས་ཀྱི་དགེ་བ་རྣམས་འཇོམས་མི་ནུས་པ་འདྲ་སྟེ། སྦྱིན་པ་དང་མཆོད་པ་སོགས་སྦྱིན་པ་ལས་བྱུང་པའི་བསོད་ནམས་བྱ་བའི་གཞི་དང་། སྒོ་གསུམ་ལེགས་པར་སྤྱད་པ་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་གང་ཡིན་པ་དེ་ཀུན་བྱང་སེམས་སོགས་ལ་སྙིང་ནས་ཁོང་ཁྲོ་ལན་གཅིག་ཙམ་སྐྱེས་པས་འཇོམ་པར་བྱེད་ལ། བཟོད་བརྩོན་བསམ་ཤེར་བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་རྣམས་ནི་འཇོམས་མི་ནུས་ཏེ། དམན་དང་མཆོག་གི་ཁྱད་ཞུགས་པའི་ཕྱིར་བཟོད་པ་ནི་ཁོང་ཁྲོ་རང་དང་དངོས་འགལ་ཡིན་པ་དང་། སྦྱིན་ཚུལ་གྱིས་བསྡུས་པའི་དགེ་རྩ་རྣམས་ཀྱང་དམ་པ་གསུམ་གྱི་ཐབས་ཀྱིས་ཟིན་ན་དགེ་བ་རྐྱེན་གྱིས་མི་འཕྲོག་པ་ཡིན་ནོ་ཞེས་གསུངས། རང་རྒྱུད་ཀྱི་དགེ་བ་འཇོམས་ཤིང་དམྱལ་བར་སྐྱེ་བའི་རྒྱུ་ཞེ་སྡང་ལྟ་བུའི་སྡིག་པ་ཆེ་བ་གཞན་མེད་ལ། དེའི་གཉེན་པོར་གྱུར་པ་བཟོད་པ་ལྟ་བུའི་དགེ་བའམ་དཀའ་ཐུབ་མཆོག་གཞན་མེད་དེ། མདོ་ལས། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་མཆོག །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །ཞེས་སོ། །རྒྱུ་མཚན་དེ་བས་ན་བཟོད་པ་བསྒོམ་པ་ལ་ནན་ཏན་དུ་བྱས་ཏེ་འཆད་པར་འགྱུར་བའི་ཐབས་རྣམ་པ་སྣ་ཚོགས་པའི་ཚུལ་གྱིས་བསྒོམ་པར་བྱ་བ་ལ་འབད་དགོས་སོ། །དགྲ་ལ་སོགས་པ་ཕ་རོལ་སེམས་མི་དགའ་བས་ཞེ་སྡང་བའི་ཟུག་རྔུའི་སེམས་རང་རྒྱུད་ལ་འཆང་ན་ཡིད་ནི་རབ་ཏུ་ཞི་བ་ཡི་ཏིང་ངེ་འཛིན་གྱི་བདེ་བ་སོགས་ཉམས་སུ་མི་མྱོང་སྟེ་ཏིང་ངེ་འཛིན་སོགས་རྒྱུད་ལ་མི་སྐྱེ་ཞིང་སེམས་དགའ་བ་དང་ལུས་བདེ་བའང་མི་འཐོབ་ལ་ཐ་ན་མཚན་མོ་ཡང་གཉིད་ཙམ་མི་འོང་ཞིང་ལུས་སེམས་གཉིས་པོ་ཚུགས་མི་ཐུབ་པས་བརྟན་པ་མེད་པར་འགྱུར་རོ། །བྲན་ལ་སོགས་པ་གང་ཟག་གང་དག་གསེར་དངུལ་དེར་ཟབ་གོས་སོགས་ནོར་དང་གདན་སྟོབ་པ་སོགས་གཞན་གྱིས་བཀུར་སྟི་ཆེན་པོ་ཡིས་དྲིན་ཆེན་པོ་བྱིན་པའམ་སྦྱིན་པར་བྱེད་པའི་རྒྱལ་པོ་ལ་སོགས་པ་དེ་དག་ལ་བརྟེན་པར་གྱུར་པ་ཡི་བློན་པོ་ལ་སོགས་པ་བྲན་གཡོག་དེ་དག་ཀྱང་ནི་ཞེ་སྡང་དྲག་པོ་དང་ལྡན་པའི་རྗེ་དཔོན་དེ་ལ་དྲིན་མི་རྩི་བར་གསོད་པར་རྒོལ་ཞིང་གནོད་པ་བྱེད་ན་གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས་སོ། །ཞེ་སྡང་ཅན་དེ་ཡིས་ཚིག་རྩུབ་དང་བརྡུང་བརྡེག་ལ་སོགས་པ་བྱས་བས་གཉེན་ཉེ་བ་གྲོགས་མཛའ་བཤེས་ཐམས་ཅད་ཀྱི་སེམས་སྐྱོ་བར་འགྱུར་བས་དེ་ལ་མི་དགའ་ཞིང་སྔང་བར་འགྱུར་རོ། །འཁོར་གཡོག་ལ་རྒྱུ་ལོངས་སྤྱོད་སོགས་ཕངས་པ་མེད་པར་སྦྱིན་པས་རང་གིས་གཡོག་ཏུའམ་འཁོར་དུ་བསྡུས་ཀྱང་དེ་ལ་བསྟེན་པར་མི་བྱེད་ཅིང་འཁོར་གཡོག་ཏུ་མི་འདུའོ། །མདོར་བསྡུ་ན་སྤྲུལ་གདུག་པ་ཅན་བཞིན་དུ་ཁྲོ་བས་སམ་ཁོང་ཁྲོ་ཅན་དེ་བདེར་ཏེ་བདེ་བར་གནས་པ་དེ་ནི་འགའ་ཡང་ངམ་གཅིག་ཀྱང་ཡོད་པ་མ་ཡིན་པས་ཁོང་ཁྲོ་སྤོང་པ་ལ་འབད་པར་བྱའོ། །ཞེ་སྡང་ཅན་རྣམས་ལ་ཁྲོ་བའི་དགྲ་ཡིས་དགེ་རྩ་འཇོམས་ཤིང་དམྱལ་བར་སྐྱེ་བ་སོགས་གོང་དུ་བཤད་པ་དེ་ལ་སོགས་པ་ཡིས་ཚེ་འདི་ཕྱིའི་སྡུག་བསྔལ་མང་པོ་དག་ནི་བྱེད་པར་འགྱུར་ལ། གང་ཟག་གང་ཞིག་རང་སེམས་བསྒྲིམས་ཏེ་ཁྲོས་པའི་དགྲ་དེ་འཇོམས་པར་བྱེད་པའི་བཟོད་པ་བསྒོམ་པ་དེ་ནི་གོང་དུ་བཤད་པ་དེ་ལས་བཟློག་སྟེ་ཚེ་འདི་དང་སྐྱེ་བ་ཕྱི་མར་ཚེ་རབས་གཞན་དུ་བདེ་དགའ་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ། །བདག་དང་བདག་གི་ཕྱོགས་ལ་ལོངས་སྤྱོད་འཕྲོག་པ་སོགས་མི་འདོད་པ་སྡུག་བསྔལ་བྱས་པ་དང་རྙེད་པོ་སོགས་འདོད་པ་བདེ་བ་འགྲུབ་པ་ཡི་གེགས་བྱས་པ་ལས་བྱུང་བར་གྱུར་པ་ཡི་ཡིད་མི་དགའ་བའམ་ཡིད་མི་བདེ་བ་ཞེ་སྡང་སྐྱེ་བའི་ཟས་རྙེད་པར་གྱུར་ནས་དཔེར་ན་ཟས་ཀྱིས་ལུས་རིམ་གྱིས་རྒྱས་པར་བྱེད་པ་ལྟར་ཞེ་སྡང་ཆེར་བརྟས་པའམ་རྒྱས་ཏེ་བདག་རང་རྒྱུད་ཀྱི་དགེ་བ་རྣམས་འཇོམས་པར་བྱེད་པས་ན་ཞེ་སྡང་གི་ཟས་ཡིད་མི་བདེ་བ་དེ་དེང་ནས་གཞོམ་པར་བྱ་དགོས་སོ། །དེ་ལྟས་ཏེ་དེ་ལྟ་བས་ན་ཟས་བཅད་ནས་དགྲའི་སྟོབས་ཉམས་པར་བྱེད་པ་བཞིན་དུ་བདག་གིས་དགྲ་བོ་ཞེ་སྡང་དེའི་ཟས་ཡིད་མི་དགའ་བདེ་ན་རྩ་བ་ནས་རྣམ་པར་གཞོམ་པར་བྱ་དགོས་ཏེ། འདི་ལྟར་བདག་རང་ཉིད་ལ་དགེ་རྩ་འཇོམས་པ་ལ་སོགས་པའི་སྒོ་ནས་ཚེ་འདི་ཕྱིར་གནོད་པ་སྣ་ཚོགས་བྱེད་པ་ལས། དགྲ་བོ་ཞེ་སྡང་འདི་ལ་ནི་བྱ་བའི་ལས་ཀ་གཞན་ཅུང་ཟད་ཙམ་ཡང་མེད་པའི་ཕྱིར་རོ། །མི་འདོད་པ་དང་འདོད་པའི་གེགས་བྱེད་པ་ལ་སོགས་པས་གནོད་པ་ཆེན་པོའི་ལས་ཅི་ལ་བབ་པར་གྱུར་ཀྱང་བདག་གིས་ནི་ཡིད་མི་བདེ་བའི་གཉེན་པོར་གྱུར་པའི་དགའ་བའི་ཡིད་འདི་ནི་དཀྲུགས་པར་མི་བྱའོ་ཞེས་རང་གིས་དམ་བཅའ་ཡང་ཡང་བྱེད་དགོས་སོ། །དེ་ལྟར་གནོད་བྱེད་ཐམས་ཅད་བཟོད་པར་བྱས་ན་བདག་བཟང་ངན་ཀུན་གྱིས་བརྙས་པར་འགྱུར་རོ་སྙམ་ན། སེམས་འཁྲུགས་ནས་གནོད་བྱེད་དེ་ལ་མི་དགའ་བ་བྱས་ཀྱང་རང་གིས་འདོད་པའི་དོན་ཅུང་ཟད་ཙམ་ཡང་མི་འགྲུབ་པར་མ་ཟད་རང་རྒྱུད་ཀྱི། དགེ་བ་དག་ནི་འཇོམས་ཤིང་ཉམས་པར་འགྱུར་རོ། །གནོད་པ་བྱས་པ་དེ་ཡང་གལ་ཏེ་ནས་སོགས་ཕོ་བ་ལྟ་བུ་བཅོས་སུ་ཡོད་ན་ནི་རང་གཞན་གཉིས་ཀས་བཅོས་པར་ནུས་ན། དེ་ལ་མི་དགར་ཏེ་མི་དགའ་བར་ཁྲོ་བར་བྱས་པས་དོན་ཅི་ཞིག་ཡོད་དེ་མེད་དོ། །གལ་ཏེ་དཀར་ཡོལ་བཅག་པ་ལྟ་བུ་ལ་སོགས་པ་བཅོས་སུ་མེད་ན་ནི་བཅོས་སུ་མེད་པས་དེ་ལ་མི་དགའ་བྱས་པས་ཅི་ཞིག་ཕན་ཏེ་མི་ཕན་པར་མ་ཟད་སླར་ཡང་རང་གཞན་འཁྲུགས་པའི་སྡུག་བསྔལ་གྱིས་གནོད་པར་འགྱུར་པས་སོ། །གཉིས་པ་བཟོད་པ་བསྒོམ་པ་ལ། བཟོད་ཡུལ་ངོས་བཟུང་བ་དང་། བཟོད་པ་བསྒོམ་པ་གཉིས་ལས། དང་པོ་ནི། བཟོད་ཡུལ་ཉི་ཤུ་རྩ་བཞི་ཞེས་བདག་ལ་མི་འདོད་པ་བྱས་པ་བཅུ་གཉིས་དང་། འདོད་པའི་གེགས་བྱས་པ་བཅུ་གཉིས་ཏེ། དེ་གང་ཞེ་ན། བདག་གམ་བདག་གི་བཤེས་ཕ་མ་གཉེན་གྲོགས་བླ་མ་ཆོས་ལུགས་ལ་སོགས་པ་རྣམས་ལ། སྡུག་བསྔལ་བར་བྱས་པ་དང་། བརྙས་སོགས་ཀྱིས་རྙེད་པ་མི་རྙེད་པ་བྱས་པ་དང་། དངོས་སུ་རྐུན་མ་ཁྱོད་སོགས་ཚིག་རྩུབ་མོ་དང་། ཕྱོགས་ཐམས་ཅད་དུ་གཏམ་ངན་བརྗོད་པས་མི་སྙན་པ་བསྒྲགས་པ་ཞེས་བྱ་བ་སྟེ་བརྒྱད་མི་འདོད་དེ། དགྲ་ལ་དེ་ལས་བཟློག་པས་ཏེ་བདེ་བ་དང་རྙེད་པ་དང་བསྟོད་པ་དང་སྙན་པ་སྟེ་བཞི་མི་འདོད་པས་བཅུ་གཉིས་སོ། །འདོད་པའི་གེགས་བྱས་པ་བཅུ་གཉིས་ནི་བདག་གམ་བདག་གི་བཤེས་རྣམས་ལ་བདེ་སོགས་བཞི་བཞི་སྟེ་བརྒྱད་དང་དགྲ་ལ་དེ་ལས་བཟློག་པ་སྡུག་བསྔལ་སོགས་བཞི་སྟེ་བཅུ་གཉིས་བཅས་ཉེར་བཞིའོ། །དེ་ལ་སྔར་བྱས་སོ། །ད་ལྟ་བྱེད་དོ། །མ་འོངས་པ་ན་བྱེད་པར་འགྱུར་བ་སྟེ། བདུན་ཅུ་དོན་གཉིས་པོ་ནི་ཞེ་སྡང་སྐྱེ་བའི་རྒྱུ་ཡིན་ལ་དེ་ལས་མི་འདོད་པ་དང་དུ་ལེན་པ་དང་། འདོད་པ་ལ་སྐྱོན་དུ་བལྟས་ནས་བཟོད་པ་བསྒོམ་དགོས་གསུངས། གཉིས་པ་ལ། མི་འདོད་པ་བྱས་པ་ལ་བཟོད་པ་བསྒོམ་པ། འདོད་པའི་གེགས་བྱེད་པ་ལ་བཟོད་པ་བསྒོམ་པ་དང་གཉིས་ལས། དང་པོ་ལ། བདག་ལ་སྡུག་བསྔལ་བྱེད་པ་ལ་བཟོད་པ་བསྒོམ་པ་དང་། བདག་ལ་བརྙས་སོགས་བྱེད་པ་ལ་བཟོད་པ། བདག་གི་བཤེས་ལ་མི་འདོད་པ་བྱེད་པ་ལ་བཟོད་པ། དགྲ་ལ་ལེགས་བྱས་བཟོད་པ་དང་བཞི་ལས། དང་པོ་ལ། སྡུག་བསྔལ་དང་ལེན་གྱི་བཟོད་པ། ཆོས་ལ་ངེས་སེམས་ཀྱི་བཟོད་པ། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་དང་གསུམ་ལས། དང་པོ་ནི། དེ་ལ་བདག་ལ་སྡུག་བསྔལ་བྱེད་པ་ལ་བཟོད་པ་བསྒོམ་ཚུལ་རྒྱས་པར་བཤད་ནས་འོག་མ་རྣམས་ལ་དེའི་འགྲེས་སྦྱར་ཏེ་བསྒོམ་དགོས་པའི་ཕྱིར་བསྡུས་ནས་གསུངས་པ་བཞིན་དུ་ས་བཅད་ཀྱང་དེ་ལྟར་བསྟན་པ་ལས་འཁོར་བའི་གནས་འདིར་བདེ་བའི་རྒྱུ་རྙེད་བཀུར་སོགས་ནི་རེས་འགའ་ལས་མི་འབྱུང་བས་ཉུང་ལ་སྡུག་བསྔལ་གྱི་རྒྱུ་མི་འདོད་པ་སྣ་ཚོགས་པ་ནི་ཤིན་ཏུ་མང་པོ་དབང་མེད་དུ་འབྱུང་བ་ཡིན་པ་འདི་ཉིད་འཁོར་བའི་མཚན་ཉིད་ཡིན་པས་འཁོར་བར་འཁྱམ་ཕྱིན་ཆད་སྤང་བློ་བྱས་ཀྱང་ཟད་པ་མེད་པས་བཟོད་དགོས་ལ། གལ་ཏེ་ཤེས་ན་སྡུག་བསྔལ་ལ་ཡོན་ཏན་ཀྱང་ཡོད་དེ་འདི་ལྟར་སྡུག་བསྔལ་མེད་པར་འཁོར་བའི་སྡུག་བསྔལ་ལས་ཐར་འདོད་ཀྱི་ངེས་འབྱུང་མེད་ལ་སྡུག་བསྔལ་ཡོད་ན་ངེས་འབྱུང་གི་བློ་སོགས་ཀྱང་སྐྱེ་བར་འགྱུར་བ་དེ་བས་ན་སེམས་ཁྱོད་བརྟན་པར་མ་ནོས་ཞེས་སྲན་ཚུགས་པས་བཟོད་པར་གྱིས་ཤིག་དང་སྡུག་བསྔལ་ནི་ངེས་འབྱུང་གི་སྣ་འདྲེན་དགེ་བའི་བསྐུལ་མ་སྡིག་པའི་ཕྱགས་མ་ཡིན་པས་ཡོན་ཏན་ཡོད་པ་ཡིན་ནོ། །དཀའ་ཟློག་སྟེ་ལྷ་མོ་ཨུ་མ་ལ་དད་པ་རྣམས་དེའི་རྟེན་རྩེ་གསུམ་གྱི་རྩེར་མཆོངས་པ་དང་སྦྱིན་སྲེག་གི་མེ་ནང་དུ་རང་མཆོངས་པ་དང་ཡུལ་ཀ་རྞ་པའི་མུ་སྟེགས་འགའ་ཞིག་གིས་ཚངས་པ་ཐོབ་པར་འདོད་པས་ཉི་ཟླ་གཟས་ཟིན་པ་ན་རང་གི་མགོ་གཅོད་པའམ་ཡུལ་དེ་དག་ཕན་ཚུན་ཕྲག་དོག་གིས་རྩོད་པས་ཁང་པ་སོགས་མེར་བསྲེགས་པ་དང་མཚོན་གྱིས་བཅད་པ་ལ་སོགས་པའི་སྡུག་བསྔལ་གྱི་ཚོར་བ་ཤིན་ཏུ་བཟོད་པར་དཀའ་བ་ནི་འདོད་པའི་དོན་གྲུབ་པ་མེད་བཞིན་དུ་ཡང་བཟོད་པར་བྱེད་ན་བདག་གིས་དོན་ཆེན་པོ་ཐར་མྱ་ངན་ལས་འདས་པ་ཡི་དོན་དུ་བདག་ཀོ་ཅི་ཡིས་ཕྱིར་སྔར་ཏེ་སྔར་མི་རིགས་སོ། །གནོད་པ་བཟོད་པ་ལ་སོགས་པ་གང་ལ་ཡང་རང་གོམས་སོང་ན་བྱ་སླ་བར་མི་འགྱུར་བའི་དངོས་པོ་དེ་དང་དེ་གང་ན་ཡང་ཡོད་པ་མ་ཡིན་ཏེ། རྒྱུ་མཚན་དེ་བས་ན་དང་པོ་གནོད་པ་ཆུང་ངུ་ལ་བཟོད་པ་གོམས་པར་བྱས་པས་ཕྱིས་སུ་རིམ་གྱིས་གནོད་པ་ཆེན་པོ་ཡང་བཟོད་པར་བྱོས་ཤིག །དེ་ཇི་ལྟར་ན་སྦྲུལ་དང་ཤ་སྦྲང་གིས་རྨུགས་པ་དག་དང་ནི་ཟས་མེད་པས་བཀྲེས་པ་དང་བཏུང་བ་མེད་པས་སྐོམ་པ་ལ་སོགས་པའི་སྡུག་བསྔལ་གྱི་ཚོར་བ་དང་། ལུས་ལ་གཡན་པ་ཟ་ཞིང་འཕྲུགས་པ་ལ་སོགས་པ་དང་བཅས་པ་ཡི། དོན་མེད་པའི་སྡུག་བསྔལ་མི་བཟོད་པའི་ཐབས་མེད་པ་ཅིས་མི་མཐོང་སྟེ་མཐོང་ན་དོན་ཆེན་བསྒྲུབ་པ་ལ་བཟོད་པར་རིགས་སོ། །གཞན་ཡང་དབྱར་ཚ་བ་དང་དགུན་གྲང་བ་དང་ཆར་བ་དང་རླུང་ལ་སོགས་པ་དང་ནད་རྣམ་པ་སྣ་ཚོགས་པ་དང་ཞགས་པ་ལ་སོགས་པས་འཆིང་བ་དང་གཞན་གྱིས་བརྡུང་བརྡེག་སོགས་བྱས་པ་ལ། བདག་གིས་ཧ་ཅང་བཟེ་རེ་ཆེན་པོའམ་བཟོད་སྲན་ཆུང་དུ་ཉིད་དུ་མི་བྱ་སྟེ་དེ་ལྟར་བཟེ་རེ་ཇི་ཙམ་བྱས་ན། དེ་ཙམ་དུ་བཟེ་རེ་ཇེ་ཆེ་དང་། གནོད་པ་ཇེ་འཕེལ་དུ་འཕེལ་ཞིང་མི་བཟོད་པར་འགྱུར་པའི་ཕྱིར་རོ། །གོམས་ན་འགྲུབ་པ་དང་། དེ་ལ་བཟོད་པའི་སྟོབས་བསྐྱེད་པ་དཔེར་ན་གང་ཟག་ལ་ལ་དག་གཡུལ་ངོར་རང་རང་གི་ལུས་ལ་མཚོན་སོགས་ཕོག་པས་བདག་གིས་ལུས་ཀྱི་ཁྲག་མཐོང་བར་གྱུར་ན་སྙིང་སྟོབས་ཀྱི་དཔའ་ཞིང་བརྟན་པ་ལྷག་པར་སྐྱེ་ཞིང་ཆེ་བར་འགྱུར་བའང་ཡོད་ལ་གང་ཟག་ལ་ལ་དག་གཡུལ་ངོར་གཞན་གྱི་ལུས་ལ་མཚོན་ཕོག་པའི་ཁྲག་ཅུང་ཟད་མཐོང་བར་གྱུར་ན་ཐུན་ཤི་ཕོག་སྟེ་བོག་ཅིང་བརྒྱལ་བར་འགྱུར་བ་ཡང་ཡོད་ན་རང་གི་ཁྲག་མཐོང་ན་སྨོས་ཅི་དགོས་དེ་ལྟར་འགྱུར་བའི་རྒྱུ་མཚན་ནི་རིམ་པ་ལྟར་སེམས་ཀྱི་ངང་རྒྱུད་བརྟན་པ་སྟེ་དཔལ་བརྟན་ཆེ་བ་དང་སྔར་མའི་ཚུལ་ལས་ཏེ་དཔའ་བརྟན་མེད་པ་ལས་གྱུར་པ་ཡིན་ནོ། །གོམས་ན་སླ་བར་འགྱུར་བ་དེ་བས་ན་དོན་ཆེན་པོ་སྒྲུབ་པའི་ཆེད་དུ་གནོད་པ་ཆེ་ཆུང་གང་བྱུང་བ་ཐམས་ཅད་ཁྱད་དུ་བསད་ཅིང་། དཀའ་སྤྱད་ཀྱི་སྡུག་བསྔལ་གང་བྱུང་རྣམས་ཀྱིས་ནམ་དུ་ཡང་མི་ཚུགས་ཤིང་ཁྲོ་བར་མི་འགྱུར་བར་བྱོས་ཤིང་། མཁས་པས་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་རང་ལ་གཞན་གྱི་གནོད་པ་ལ་སོགས་པའི་སྡུག་བསྔལ་དྲག་པོ་ཅི་བྱུང་ཡང་ནི་རང་རང་གི་སེམས་ཀྱི་རབ་ཏུ་དང་ཞིང་དགའ་བ་དེ་ཡིད་མི་བདེ་བས་རྙོག་པར་མི་བྱའོ། །དཔེར་ན་འཇིག་རྟེན་པ་རྣམས་གཡུལ་དང་འཕྲད་ཚེ་སྡུག་བསྔལ་ཡོད་པ་བཞིན་དུ་ཆོས་ཤེས་ནས་ཉོན་མོངས་པའི་གཉེན་པོ་འགྲོ་དགོས་བས་སྤང་བྱ་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་དང་གཉེན་པོ་བཟོད་པ་སོགས་གཡུལ་སྤྲད་པའམ་འགྱེད་པ་ལ་འབད་དགོས་ལ་དེ་ལྟར་གཡུལ་འགྱེད་པའམ་སྤང་གཉེན་གཡུལ་སྤྲད་པའི་ཚེ་ན་ཆོས་གནང་དུ་སོང་བ་ན་སྔོན་གྱི་ལས་ངན་པ་སློང་བར་འགྱུར་བས་སྡུག་བསྔལ་ལམ་གནོད་པ་མང་པོ་འབྱུང་བར་འགྱུར་མོད། འོན་ཀྱང་དོན་ཆེན་པོ་འགྲུབ་པའི་སྡུག་བསྔལ་ལ་མ་གནོད་པ་ཐམས་ཅད་ཁྱད་དུ་བསད་ནས་ཉོན་མོངས་པ་ཞེ་སྡང་ལ་སོགས་པའི་དགྲ་བོ་འཇོམས་པར་བྱེད་པ་དེ་དག་ནི་དགྲ་ལས་རྒྱལ་བར་བྱེད་པའི་དཔའ་བོ་སྟེ་སྟོབས་དང་ལྡན་པའི་མཆོག་ཡིན་ནོ། །དེ་ལས་ལྷག་མ་མི་རྟ་སོགས་གཞན་གསོད་པའི་དགྲ་འཇོམས་པ་ནི་ཤི་ཟིན་པའི་རོལ་སོགས་པ་ལ་མཚོན་གྱིས་བསྣུན་ནས་གསོད་པར་བྱེད་ཅིང་དཔའ་བོར་རློམ་པའོ། །དེ་ལས་གཞན་ཡང་སྡུག་བསྔལ་མྱོང་བ་ལས་བྱུང་བའི་ཡོན་ཏན་ནི་སྡུག་བསྔལ་ཡོད་ན་ཡིད་འབྱུང་ཞིང་སྐྱོ་བར་གྱུར་པས་རང་རྒྱུད་ཀྱི་ཁེངས་པའི་ང་རྒྱལ་ལམ་དྲེགས་པ་ཐམས་ཅད་སེལ་བར་བྱེད་པར་འགྱུར་བ་དང་། རང་སྡུག་བསྔལ་བའི་རྐྱེན་གྱིས་གཞན་འཁོར་བ་པ་སྡུག་བསྔལ་ཅན་རྣམས་ལ་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་ཚད་མེད་པ་པ་སྐྱེ་བར་འགྱུར་ལ། སྡུག་བསྔལ་དེའི་རྒྱུ་སྡིག་པ་ལ་འཛེམ་ཞིང་སྤོང་བར་བྱེད་པ་དང་བདེ་བའི་རྒྱུ་དགེ་བ་ལ་དགའ་ཞིང་བསྒྲུབ་པར་བྱེད་པས་ལས་དགེ་སྡིག་གི་རྒྱུ་འབྲས་ལ་ཞིབ་པར་འགྱུར་རོ། །གཉིས་པ་ནི། རང་གི་སྡུག་བསྔལ་བཟོད་མོད་ཀྱང་སྡུག་བསྔལ་གང་ལས་འབྱུང་བའི་གནོད་བྱེད་ལ་ཁྲོའོ་སྙམ་ན། དེ་ལྟར་ན་རླུང་དང་མཁྲིས་པ་བད་ཀན་ལ་སོགས་པའི་ནད་ཆེན་པོ་སྡུག་བསྔལ་གྱི་འབྱུང་གནས་ཆེ་བའམ་ཆེན་པོ་དེ་ལ་མི་ཁྲོ་བར། སེམས་ཡོད་པའི་གང་ཟག་རྣམས་ཀྱིས་གནོད་པ་བྱས་པ་ལ་ཅི་སྟེ་ཁྲོ་སྟེ་མི་རིགས་སོ། །ནད་ནི་དུས་གདོན་ཟས་སྤྱོད་བཞིའི་རྐྱེན་དབང་ལས་བྱུང་བས་ནད་ལ་རང་དབང་མེད་པས་ཁྲོས་པས་ཅི་ཞིག་བྱ། གང་ཟག་འདིས་བདག་ལ་བསམ་པ་ཐག་པ་ནས་རྡོ་དབྱུག་ལ་སོགས་པས་བསྣུན་པ་ཡིས་པས་ཅིའི་ཕྱིར་དེ་ལ་མི་ཁྲོ་སྙམ་ན། དེ་གཉིས་རང་དབང་མེད་པར་འདྲ་བར་ཁོ་ན་ཡིན་ཏེ་ཕ་རོལ་གནོད་བྱེད་ཀྱི་དགྲ་དང་ནད་དེ་དག་ཀུན་ཀྱང་རིམ་པ་བཞིན་ཞེ་སྡང་སོགས་ཉོན་མོངས་པ་དང་དུས་གདོན་ཟས་སྤྱོད་ལ་སོགས་པའི་རྐྱེན་གྱིས་བསྐུལ་ནས་རང་དབང་མེད་པས་གཞན་དབང་དང་དེ་ཡིན་ན་རྟེན་འབྲེལ་དང་རྟེན་འབྲེལ་ཡིན་ན་སྟོང་ཉིད་ཡིན་པས་ཁྲོ་བྱ་ཁྲོ་བྱེད་མེད་པར་ཤེས་ནས་ཁྲོ་བ་བཟློག་དགོས་སོ། །དཔེར་ན་རླུང་མཁྲིས་བད་ཀན་ལ་སོགས་པ་རང་དབང་མེད་པས་མི་འདོད་བཞིན་དུ་ཡང་རྒྱུ་རྐྱེན་གྱི་དབང་གིས་ནད་སྣ་ཚོགས་པ་འདི་འབྱུང་བར་འགྱུར་བ་ལྟར། དོན་དེ་བཞིན་དུ་གནོད་བྱེད་དགྲ་ལ་སོགས་པ་རྣམས་ཀྱང་རང་དབང་མེད་པས་མི་འདོད་བཞིན་དུ་ཡང་ཡིད་མི་བདེ་བ་ལ་སོགས་པའི་རྒྱུ་རྐྱེན་གྱི་དབང་གིས་ནན་གྱིས་ཁྲོ་བ་སོགས་ཉོན་མོངས་པ་འབྱུང་བར་འགྱུར་བས་ན་རང་དབང་མེད་པར་མཚུངས་སོ། །ནད་ལ་གནོད་པར་བྱེད་པའི་བསམ་པ་མེད་ལ་དགྲ་ལ་ཡོད་པས་མི་མཚུངས་སོ་སྙམ་ན། དང་པོ་ནས་བདག་ཉིད་ལ་ཁྲོ་བར་བྱ་དགོས་ཞེས་མ་བསམས་ཀྱང་སྐྱེ་བོ་རྣམས་ནི་རྐྱེན་གྱི་ནར་ཏེ་རྐྱེན་ཕལ་པ་ཙམ་ལ་བརྟེན་ནས་ཁྲོ་བར་འགྱུར་ལ། རྐྱེན་དེས་ཀྱང་གང་ཟག་འདིའི་རྒྱུད་ལ། ཁྲོ་བ་ཞིག་བསྐྱེད་པར་བྱ་དགོས་ཞེས་མ་བསམས་ཀྱང་། ཁྲོ་བ་ཡང་དེ་བཞིན་དུ་རྐྱེན་ཕལ་པ་ཙམ་ལ་བརྟེན་ན་སྐྱེ་བར་འགྱུར་ལ། དེ་ཡང་དཔེར་ན་མེ་ལོང་དུ་གཟུགས་བརྙན་ཤར་ཚེ་མེ་ལོང་གིས་རང་གི་ངོར་གཟུགས་བརྙན་དེ་བསྐྱེད་པར་བྱའོ་ཞེས་མ་བསམས་ཀྱང་རྐྱེན་དབང་གིས་འཆར་ལ། གཟུགས་དེས་ཀྱང་གཟུགས་བརྙན་ཞིག་མེ་ལོང་ནང་དུ་བསྐྱེད་བར་བྱ་ཞེས་མ་བསམས་ཀྱང་རྐྱེན་དབང་གིས་སྣང་བ་ལྟར་ནད་དང་དགྲ་གཉིས་ཀའང་དེ་ལྟར་མཚུངས་པ་ཁོ་ནའོ། །ཞེ་སྡང་ལ་སོགས་པའི་ཉོན་མོངས་པའི་ཉེས་པ་ཇི་སྙེད་པ་ཐམས་ཅད་དང་། དེས་ཀུན་ནས་བསླངས་པའི་སྲོག་བཅད་པ་དང་མ་བྱིན་པ་ལེན་པ་ལ་སོགས་པའི་སྡིག་པ་རྣམས་པ་སྣ་ཚོགས་པ། དེ་རྣམས་ཀུན་ཀྱང་རྐྱེན་གྱི་སྟོབས་ལས་བྱུང་བ་ཡིན་གྱི། རྐྱེན་མེད་པར་བསམ་བཞིན་དུ་བྱེད་པ་ལ་སོགས་པའི་རང་དབང་ཡོད་པ་མ་ཡིན་པས་ཁྲོ་བར་མི་རིགས་ཤིང་སྙིང་རྗེ་བསྐྱེད་པར་བྱ་བ་ཡིན་ནོ། །ཡུལ་གཟུགས་སོགས་མེད་པར་མིག་སོགས་དབང་ཤེས་ཀྱིས་མཐོང་ཐོས་སོགས་མེད་ལ་མཐོང་ཐོས་སོགས་མེད་ན་དེ་ལ་བཟང་ངན་གྱི་དཔྱོད་པ་མི་འཇུག་པས་ཡུལ་དབང་ཤེས་གསུམ་ཚོགས་པ་ལ་བརྟེན་ནས་ཞེ་སྡང་སྐྱེ་ཡང་ཡུལ་དབང་ཤེས་གསུམ་གྱི་རྐྱེན་རྣམས་ཚོགས་པ་དེ་དག་གིས་ཀྱང་ཞེ་སྡང་འདི་གང་ཟག་འདིའི་རྒྱུད་ལ་བསྐྱེད་པར་བྱ་དགོས་ཞེས་སེམས་པ་མེད་ལ། ཡུལ་དབང་ཤེས་གསུམ་ཚོགས་པའི་རྐྱེན་དེས་བསྐྱེད་པའི་ཞེ་སྡང་དེ་ཡང་བདག་རྐྱེན་འདི་དག་གིས་བསྐྱེད་ཅེས་སེམས་པ་ཡོད་པ་མ་ཡིན་པས་བྱེད་པ་པོ་རང་དབང་ཅན་འགའ་ཡང་ཡོད་པ་མིན་ནོ། །ཕྱི་རོལ་མུ་སྟེགས་གྲངས་ཅན་པ་དང་རིགས་པ་ཅན་ལ་སོགས་པས་རྐྱེན་ཐམས་ཅད་རང་དབང་མེད་པ་མ་ཡིན་ཏེ། གཙོ་བ་དང་བདག་ལ་སོགས་པ་རང་དབང་ཅན་གྱིས་དགྲའི་གནོད་སེམས་ལ་སོགས་པ་འབྲས་བུ་རྣམས་བསྐྱེད་དོ་སྙམས་ན། དེ་མ་ཡིན་ཏེ་ཆོས་ལྔ་ལྡན་གྱི་གཙོ་བོ་ཞེས་བྱར་གང་འདོད་པ་དེ་དང་། ཆོས་ལྔ་ལྡན་གྱི་བདག་ཅེས་འདོད་པའམ་བརྟགས་པ་གང་ཡིན་པ་དེ་དག་ཉིད་ལ་རང་མ་སྐྱེས་པའི་སྔོན་རོལ་དུ་བདག་ནི་གཞན་ལ་གནོད་པ་ལ་སོགས་པ་བྱ་བའི་ཕྱིར་འབྱུང་བར་བྱའོ་ཞེས། ཆེད་དུ་བསམས་ཤིང་སྟེ་བསམས་ནས་འབྱུང་བ་མེད་དེ་མ་སྐྱེས་པའི་ཕྱིར་དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ། །དེ་དག་རྟག་པ་རང་དབང་ཅན་དུ་ཁས་བླང་པས་སྐྱེས་ན་མི་རྟག་པ་དང་། རྒྱུ་རྐྱེན་གྱིས་གཞན་དབང་ཅན་དུ་འགྱུར་བས་སོ། །གལ་ཏེ་དེ་དག་མ་སྐྱེས་པར་གྱུར་ན་ནི་གཙོ་བདག་དེ་དག་མེད་པར་འགྱུར་བས་ན། དེ་ཡི་ཚེ་གནོད་བྱེད་སོགས་སུ་སྐྱེ་བའམ་སྐྱེ་བར་འདོད་པ་གང་ཞིག་ཡིན་ཏེ་མེད་དོ། །གྲགས་ཅན་པས་འདོད་པའི་བདག་ཤེས་རིག་གི་སྐྱེས་བུ་དེས་གཙོ་བོས་གཏད་པའི་ཡུལ་ལ་ལོངས་སྤྱོད་པར་བྱེད་དོ་ཞེ་ན། བདག་དེས་ཡུལ་སྒྲ་ལྟ་བུ་ཤེས་ཤིང་འཛིན་ན་ཡུལ་སྒྲ་ལྟ་བུ་གཅིག་པུ་དེ་ལ་དུས་རྟག་ཏུ་དེ་ཁོ་ན་འཛིན་པའམ་གཡེང་བར་འགྱུར་བས་ཏེ་དེ་ཁོ་ན་འཛིན་པ་ལས་དུས་ནམ་ཡང་འགག་སྟེ་མེད་པར་འགྱུར་བའང་མ་ཡིན་ནོ་སྟེ་འཛིན་བྱེད་དུ་རྟག་པའི་ཕྱིར་རོ། །རིགས་པ་ཅན་པས་བདག་རྟག་པ་སེམས་མེད་པ་ཞིག་འདོད་པ་དགག་པ་ལ། དེ་ལྟའི་བདག་དེས་གནོད་སེམས་སོགས་ཀྱི་དོན་མི་བྱེད་པར་འགྱུར་ཏེ། ཅི་སྟེ་བདག་དེ་རྟག་པ་ཡིན་ན་ནི། རྟག་པའི་ཕྱིར་དཔེར་ན་ནམ་མཁའ་བཞིན་ཡིན་པས་དོན་བྱེད་པ་ཡི་བྱ་བྱེད་ཐམས་ཅད་མེད་པར་མངོན་ནོ། །གལ་ཏེ་བདག་རྟག་ཀྱང་རྐྱེན་གཞན་སེམས་པ་སོགས་མི་རྟག་པ་རྣམས་དང་འཕྲད་པའི་ཚེ་དོན་བྱེད་དོ་ཞེ་ན། དེ་མི་འཐད་དེ། སེམས་པ་སོགས་རྐྱེན་རྣམས་གཞན་དང་ཕྲང་པར་གྱུར་ན་ཡང་བདག་རྟག་པ་རང་བཞིན་འགྱུར་བ་མེད་པ་དེ་ལ་རྐྱེན་གྱིས་སྔར་དང་མི་འདྲ་བའི་དོན་བྱེད་པའི་ཁྱད་པར་ཅི་བྱར་ཡོད་དེ་ཅི་ཡང་མེད་པས་སོ། །འདི་ལྟར་སེམས་པ་སོགས་རྐྱེན་གཞན་གྱིས་ཕན་པར་བྱེད་པའི་ཚེ་ཡང་བདག་དེ་སྔོན་བཞིན་ལས་མ་འགྱུར་ན། སེམས་པས་སམ་རྐྱེན་གྱི་བྱེད་པས་བདག་དེ་ལ་སྔར་མེད་ཀྱི་ཁྱད་པར་ཅི་ཞིག་བྱས་ཏེ་མ་བྱས་སོ། །གལ་ཏེ་བྱས་ན་རྟག་པ་ཉམས་སོ། །དེ་བས་ན་བདག་དེ་ཡི་ཕན་འདོགས་པར་བྱེད་པ་པོ་འདི་ཡིན་ནོ་ཞེས་དེ་གཉིས་ལ་ཕན་ཚུན་ཕན་གདག་བྱ་འདོགས་བྱེད་དུ་འབྲེལ་བར་འགྱུར་བ་གང་ཅི་ཞིག་ཡོད་དེ་རྟག་པ་ལ་རྐྱེན་གྱིས་ཕན་གདགས་པར་མི་ནུས་པའི་ཕྱིར་རོ། །དེ་ལྟར་དགྲ་ལ་སོགས་པའི་གནོད་བྱེད་ཐམས་ཅད་ལ་རང་དབང་མེད་པར་རྐྱེན་གཞན་གྱི་དབང་གིས་བྱུང་བ་ཡིན་ལ། རྐྱེན་རྣམས་ཀྱང་སྔ་མ་སྔ་མ་དེ་ཡི་དབང་གིས་ཕྱི་མ་ཕྱི་མ་དེ་དག་ལ་རང་དབང་མེད་དེ་དཔེར་ན་དགྲ་དེ་ཞེ་སྡང་གི་དབང་དང་། ཞེ་སྡང་དེ་རྐྱེན་གྱི་དབང་དང་རྐྱེན་དེ་ཡང་སྔ་མའི་ལས་ཀྱི་རྐྱེན་གྱི་དབང་ལས་བྱུང་བ་ལ་སོགས་པས་སྔ་མའི་མཐར་ཐུག་པ་མེད་པས་རང་དབང་ཅན་གྱི་དངོས་པོ་འགའ་ཡང་མི་སྲིད་པས་རྟེན་ཅིང་འབྲེལ་འབྱུང་སྟོང་པ་ཉིད་ཡིན་ལ། དེ་ལྟར་ཡིན་པར་ཤེས་པར་བྱས་ནས་བདེན་པ་མེད་བཞིན་དུ་སྣང་བ་སྒྱུ་མ་རྨི་ལམ་སྤྲུལ་བ་ལྟ་བུའི། གནོད་བྱེད་ཀྱི་དངོས་པོ་ཀུན་ལ་ཁྲོ་བྱ་ཁྲོ་བྱེད་མེད་པས་རྟེན་འབྲེལ་ལམ་སྟོང་ཉིད་ཡིན་པས་ཁྲོ་བར་མི་འགྱུར་བར་བྱ་དགོས་སོ། །གལ་ཏེ་ཆོས་ཐམས་ཅད་སྤྲུལ་པ་ལྟར་བདེན་པ་མེད་ན་གང་ཟག་གམ་གཉེན་པོ་གང་གིས་ཁྲོ་བ་གང་ཞིག་བཟློག་པར་བྱ་སྟེ་བྱ་བྱེད་དང་བྲལ་བས་བཟོད་པས་ཁྲོ་བ་བཟློག་པའང་རིགས་ཤིང་འཐད་པ་མིན་ནོ་ཞེ་ན། དོན་དམ་པར་བདེན་ཀྱང་ཐ་སྙད་ཀུན་རྫོབ་ཙམ་དུ་བཟོད་པ་བསྒོམ་པ་དེ་ལ་བརྟེན་ནས་ཁོང་ཁྲོའི་འབྲས་བུ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་རྣམས་རྒྱུན་ཆད་པར་འགྱུར་བར་འདོད་པ་མི་རིགས་པ་མེད་པར་མ་ཟད་ཤིན་ཏུ་འཐད་པའང་ཡིན་ནོ། །ཐམས་ཅད་གཞན་དབང་རྟེན་འབྲེལ་ཙམ་ཡིན་པ་དེ་བས་ན་དགྲ་འམ་མཛའ་བོ་ཡང་རུང་སྟེ་གནོད་པ་ལ་སོགས་པའི་མི་རིགས་པའི་ལས་བྱེད་པ་མཐོང་བར་གྱུར་ན། དེ་ཡི་དབང་གིས་དེ་དབང་མེད་པ་འདི་འདྲའི་རྐྱེན་དབང་ལས་རང་དབང་མེད་པར་གྱུར་ཏོ་ཞེས། སྔར་ཇི་སྐད་བསྟན་པའི་ཚུལ་དེ་ལྟར་སོམས་ཏེ་ཁོང་མི་འཁྲུགས་པར་སེམས་བདེ་བར་མནོས་ཤིག་སྟེ་ཁྲོ་བར་མ་བྱེད་ཅིག་ཅེས་ཉན་ཐོས་གང་བོ་བསོད་སྙོམས་ལ་འགྲོ་བར་ཆས་པའི་གཏམ་རྒྱུད་དང་ཡང་སྦྱར་ཏེ་གསུངས་སོ། །གསུམ་པ་ནི། གལ་ཏེ་རྐྱེན་ལ་མ་ལྟོས་པར་རང་གས་ཏེ་རང་རང་གི་ཇི་ལྟར་འདོད་པ་བཞིན་རང་དབང་ཡོད་པས་འགྲུབ་པར་འགྱུར་ན་ནི། སེམས་ཅན་འགའ་ཡང་སྟེ་གཅིག་ཀྱང་རང་རང་ལ་སྡུག་བསྔལ་དང་ཡིད་མི་བདེ་བ་ཅུང་ཟད་ཙམ་ཡང་མི་འདོད་ཅིང་བདེ་བ་འདོད་པས་ན་ལུས་ཅན་ནམ་སེམས་ཅན་དག་ནི་ཐམས་ཅད་ཀྱང་། སུ་གཅིག་ལའང་སྡུག་བསྔལ་ཕྲ་མོ་ཙམ་ཡང་འབྱུང་བར་མི་འགྱུར་བའམ་མི་འབྱུང་བ་དགོས་ན། དེ་ལྟ་མ་ཡིན་པར་རང་དབང་མེད་པ་བག་མེད་པས་ནི་བདག་ལའང་བདག་ཅེས་བག་མེད་པས་རང་གིས་རང་ལ་ཚེར་མ་ཟུག་པ་ལས་སོགས་པའི་གནོད་པ་བྱེད་པར་འགྱུར་བ་ཡིན་ནོ། །ཁ་ཅིག་ཡུལ་བུད་མེད་དང་རྒྱུ་རྫས་ནོར་ལ་སོགས་པ་ཐོབ་བྱའི་ཕྱིར་བུད་མེད་ལ་སོགས་པ་དེ་རྔམ་ཞིང་ཆགས་ནས་ཟས་སྐོམ་གཅོད་པ་ལ་སོགས་པ་རང་གིས་རང་ལ་སྡུག་བསྔལ་དང་དཀའ་ཚེགས་ཆེན་པོ་གཏད་པར་བྱེད་དོ། །ཁ་ཅིག་རང་གིས་རང་ཐག་པ་ལ་སོགས་པས་འགག་ཅིང་གསོད་བར་བྱེད་པ་དང་ཁ་ཅིག་བྲག་ལ་སོགས་པའི་གཡང་སར་མཆོང་སྟེ་རང་གིས་རང་གསོད་པར་བྱེད་པ་དང་ཁ་ཅིག་དུག་ཟ་བ་དང་མི་འཕྲོད་པའི་ཟས་ཟ་བ་དང་། བསོད་ནམས་མ་ཡིན་པ་སྲོག་གཅོད་པ་དང་མ་བྱིན་པ་ལེན་པ་དང་འདོད་ལོག་སྦྱོང་བ་དང་རྫུན་སྨྲ་བ་ལ་སོགས་པའི་སྤྱོད་པ་ངན་པ་ཡིས། རང་གིས་རང་ལ་ཚེ་འདི་ཕྱི་ཀུན་ཏུ་གནོད་བ་སྣ་ཚོགས་པ་བྱེད་པ་ཡོད་དེ་དུས་གང་གི་ཚེ་གོང་དུ་བཤད་པ་དེ་ལྟར་ཞེ་སྡང་དང་འདོད་ཆགས་སོགས་ཉོན་མོངས་པའི་གཞན་དབང་དུ་གྱུར་པས་རང་དབང་མེད་པར་བདག་སྡུག་གུའམ་སྙིང་ལ་སྡུག་ཅིང་ཕོངས་པ་ཉིད་ཀྱང་རང་གིས་རང་གསོད་པར་བྱེད་པའམ་བྱེད་ན། དེ་ཚེ་ཉོན་མོངས་པའི་གཞན་དབང་དུ་གྱུར་པ་དེ་དག་གིས་གཞན་སེམས་ཅན་གྱི་ལུས་ལ་གནོད་པ་མི་བྱེད་པར་ཇི་ལྟར་འགྱུར་ཏེ་གནོད་པ་ལོས་བྱེད། ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་སྐྱེས་པས་གདོན་གྱིས་བཟུང་བ་བཞིན་རང་དབང་མེད་པ་དེ་ལྟ་བུར། བདག་རང་གིས་རང་གསོད་པར་བྱེད་པ་ལ་སོགས་པར་ཞུགས་པས་རང་དབང་མེད་པ་དེ་དག་གིས་གཞན་བདག་ཉིད་ལ་སོགས་པ་ལ་གནོད་པ་སོགས་བྱས་པ་ལ་བདག་བྱང་ཆུབ་སེམས་དཔའ་ཞིག་ཡིན་ན་དེ་ལ་སྙིང་རྗེ་ཞིག་སྐྱེ་བར་རིགས་ན་ཡང་སྙིང་རྗེ་བརྒྱ་ལ་མ་སྐྱེས་པར་གྱུར་ན་ཡང་དེ་ལ་ཁྲོ་བར་བྱེད་པའམ་འགྱུར་བ་ཅིའི་ཐ་ཚིག་ཅེས་ཅི་བརྗོད་ཆག་ཡིན་ཅེས་སོ། །གལ་ཏེ་གཞན་སེམས་ཅན་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པ་འདི། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་རང་གི་རང་བཞིན་ཡིད་ནམ་མིན། ཡིན་ན་དེ་ལ་ཁྲོ་བར་བྱེད་མི་རིགས་ཏེ། དཔེར་ན་སྲེག་པའི་རང་བཞིན་ཅན་གྱི་མེ་ལ་རང་གིས་རེག་སྟེ་ཚིག་པར་གྱུར་པ་ན་མེ་ལ་བཀོན་ཞིང་ཁྲོ་བར་མི་རིགས་པ་དང་འདྲའོ། །འོན་ཏེ་གནོད་ཅིང་ཚེ་བར་བྱེད་པའི་སྐྱོན་འདི་རང་གི་རང་བཞིན་མ་ཡིན་པར་གློ་བུར་པ་ཡིན་ལ། སེམས་ཅན་རང་གི་རང་བཞིན་ནི་དེས་པའམ་འཇམ་པོ་ཞིག་ཡིན་ནའང་། འོ་ན་དེ་ལའང་ཁྲོ་བར་འགྱུར་བ་འདི་མི་རིགས་ཏེ་དཔེར་ན་མཁའ་ལ་དུད་པ་མཐུལ་སྟེ་དུ་བས་རང་བདུག་ནས་གནོད་པར་གྱུར་པ་ན་དུ་བ་ལ་མི་ཁྲོ་བར་ནམ་མཁའ་ལ་ཁྲོ་བའམ་བཀོན་པ་བཞིན་ནོ། །གནོད་བྱེད་ཀྱི་དགྲ་འདིས་བསམ་བཅུག་ནས་རྡོ་དང་དབྱུག་པ་རལ་གྲི་ལ་སོགས་པའི་དངོས་པོ་དེ་བཀོལ་ཏེ་བདག་གི་ལུས་ལ་བཏབ་པར་འགྱུར་བས་ན། གལ་ཏེ་འཕེན་པའམ་འཕེན་མཁན་དེ་ལ་ཁྲོའོ་ཞེ་ན་འཕེན་མཁན་དེ་ཡང་ཞེ་སྡང་གིས་རྦད་པས་རང་དབང་མེད་པ་ཡིན་པས་གཅིག་ཏུ་ན་དངོས་སུ་གནོད་མཁན་རྡོ་དབྱུག་ལ་སོགས་པའི་དངོས་པོ་དེ་ཡིན་པས་དེ་ལ་ཁྲོ་བར་རིགས་ལ་ཉིས་སུ་ན་ཞེ་སྡང་དེ་ལ་ཁྲོ་བར་རིགས་སོ། །ལེ་ལན་ཐམས་ཅད་རང་ལ་ཐུག་སྟེ་བདག་རང་རང་གིས་ཚེ་རབས་སྔོན་ཆད་གཞན་སེམས་ཅན་རྣམས་ལ། ད་ལྟ་རང་རང་ལ་གནོད་པ་གང་བྱུང་བ་འདི་འདྲ་བ་ཡི་གནོད་པ་སྣ་ཚོགས་བྱས་པ། དེ་བས་སམ་དེའི་དོན་གྱིས་རྒྱུ་སེམས་ཅན་གཞན་ལ་ཕར་གནོད་ཅིང་འཚེ་བར་བྱེད་པ་བདག་ལ་ལན་དུ་འབྲས་བུ་གཞན་གྱིས་གནོད་པ་ལ་སོགས་པའི་སྡུག་བསྔལ་འདི་རྣམས་འབྱུང་བར་རིགས་པ་དང་གནོད་བྱེད་ཀྱི་རྒྱུ་ཡིན་པ་ལ་ཕ་རོལ་པོ་དེ་ཡི་མཚོན་ཆ་དང་གནོད་བྱ་བདག་གི་ལུས་གཉིས་ཀའང་སྡུག་བསྔལ་གྱི་རྒྱུ་ཡིན་པར་མཚུངས་ཏེ་འདྲ་ན། དགྲ་དེས་སྡུག་བསྔལ་ལྷན་ཅིག་བྱེད་པའི་མཚོན་ཆ་ཕྱུངས་ཤིང་སྡུག་བསྔལ་ཉེ་བར་ལེན་པའི་བདག་གི་ནི་ལུས་ཕྱུང་ནས་སྡུག་བསྔལ་འདི་བསྒྲུབ་ན་རང་གཞན་གཉིས་པོ་གང་ཞིག་ལ་ནི་ཁྲོ་བར་བྱ་སྟེ་ཉེས་པ་འདྲ་བས་གཞན་ཁོ་ན་ལ་ལྷག་པར་ཁྲོ་བར་ནི་མི་རིགས་སོ། །དེ་ལས་ཀྱང་བདག་གི་ལུས་འདི་འཇིག་སླ་ཞིང་འཚོ་དཀའ་བ་ཁྲག་དང་ཆུ་སེར་སོགས་ཀྱི་རང་བཞིན་ཤུ་བ་དབྱིབས་མི་ཡི་གཟུགས་དང་འདྲ་བ། ཚ་གྲང་ལ་སོགས་པའི་རེགས་བྱ་ཆུང་དུ་ཙམ་ཡང་། རེག་ཏུ་མི་བཟོད་པའི་སྡུག་བསྔལ་ཅན་འདི་ཉིད་ཟས་གོས་གྲོགས་སོགས་ལ་སྲེད་པ་ཤིན་ཏུ་ཆེ་བ་དེ་ཡང་རང་གི་བསྒྲུབ་མི་ནུས་པར་སེམས་ཀྱིས་ཡུལ་དང་སྤྲད་དགོས་པས་ལྡོངས་པའམ་ལོང་བ་ལྟ་བུ་འདི་བདག་གི་བཟུང་བར་གྱུར་ན། དེ་ལ་གནོད་པ་གཞན་སུ་ལ་ཁྲོ་སྟེ་ཁྲོ་བར་མི་རིགས་ཤིང་རང་ལ་ཁྲོ་བར་རིགས་པ་ཉིད་དོ། །གང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ཚེ་འདི་ཕྱིའི་སྡུག་བསྔལ་མྱོང་བར་མི་འདོད་ཅིང་སྡུག་བསྔལ་གྱི་རྒྱུ་སྲོག་གཅོད་མ་བྱིན་ལེན་པ་ལ་སོགས་པ་ལ་བརྐམ་བའམ་ཆགས་པས་ན་རང་གི་མི་དགེ་བའི་ཉེས་པས་རང་ལ་སྡུག་བསྔལ་གྱིས་གནོད་པར་གྱུར་པ་ཡིན་ན། གཞན་ལ་ཁྲོ་ཞིང་བཀོན་དུ་ཅི་ཞིག་ཡོད་དེ་མེད་དོ། །དཔེར་ན་སེམས་ཅན་དམྱལ་བའི་སྲུང་མ་འཇིགས་སུ་རུང་བའི་གནོད་བྱེད་རྣམས་དང་། རལ་གྲི་ལོ་མའི་ནགས་ཚལ་ལས་ཀྱི་དབང་གིས་བྱུང་བ་ལྟར། རང་གི་མི་དགེ་བའི་ལས་ཀྱིས་རང་ལ་ཚེ་འདི་ཕྱིའི་སྡུག་བསྔལ་སྣ་ཚོགས་པ་བྱེད་པ་འདི་བསྐྱེད་པ་ཡིན་ན་གཞན་གནོད་བྱེད་གང་ཞིག་ལ་ནི་ཁྲོ་བར་བྱ་སྟེ་སུ་ལའང་ཁྲོ་བར་བྱ་མི་རིགས་སོ། །རང་གི་སྔར་དགྲ་དེ་ལ་ཕར་གནོད་པ་བྱས་པའི་བདག་གི་ལས་ཀྱིས་དགྲ་སོགས་གནོད་བྱེད་དེའི་རྒྱུད་བསྐུལ་བར་བྱས་ནས་བདག་ལ་ད་ལྟ་རྐུ་འཕྲོག་ལ་སོགས་པའི་གནོད་པ་བྱེད་པ་འདི་རྣམས་འབྱུང་བ་ཡིན་པ་སྟེ་བདག་གི་སྔོན་གྱི་ལས་ཀྱིས་བསྐུལ་ནས་རང་ལ་གནོད་པ་བྱས་པའི་ལས་དེས་ནི་གཞན་དགྲ་རྐུན་ལ་སོགས་པའི་སེམས་ཅན་དེ་དག་དམྱལ་བར་འདོང་བའམ་འགྲོ་བར་བྱེད་ན་བདག་གིས་དགྲ་བོ་དེ་དག་མ་བརླག་གམ་སྟེ་བརླག་པས་བདག་ནི་དགྲ་བོ་དེ་ལ་གནོད་བྱེད་ཡིན་ལ། དགྲ་བོ་འདི་དག་གིས་གནོད་པ་བྱས་པ་ལ་ནི་རྟེན་བཅས་ནས་བདག་གིས་བཟོད་པ་བསྒོམ་ནུས་ན་བཟོད་པ་བསྒོམ་པས་བདག་གི་སྡིག་པ་མང་དུ་འབྱར་ཞིང་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པར་འགྱུར་བས་ན་དགྲ་བོས་བདག་ལ་ཕན་བཏགས་པ་ཡིན་ནོ། །དགྲ་བོའི་སྡིག་རྐྱེན་བདག་གིས་བྱས་ཏེ་བདག་ལ་གནོད་པ་བྱས་པ་ལ་བརྟེན་ནས་དགྲ་བོ་དེ་དག་གིས་ནི་སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་། བསྐལ་བར་མནར་མེད་གནས་འགྱུར་ན་ཞེས་པ་ལྟར། དུས་ཡུན་རིང་པོར་སྡུག་བསྔལ་ཤིན་ཏུ་ཆེ་བའི་དམྱལ་བར་འདོང་ཞིང་འགྲོ་བར་འགྱུར་བས་ན་བདག་ནི་དགྲ་བོ་དེ་ལ་ཕར་གནོད་བྱེད་ཡིན་ལ་དགྲ་བོ་དེ་དག་བདག་ལ་བུ་ལོན་སོད། ལན་ཆགས་བྱང་། ཤ་མཁོན་དག །ཚོགས་རྫོགས་སྒྲིབ་པ་འདག་པའི་ཕན་འདོགས་པར་བྱེད་པ་ཡིན་ན་བླང་དོར་ཕྱིན་ཅི་ལོག་ཏུ་གྱུར་པ་རྒྱུ་མཚན་ཅི་ཡི་ཕྱིར། མ་རུངས་པའི་སེམས་ཁྱོད་ཁྲོ་བར་བྱེད་དེ་བྱེད་མི་རིགས་སོ། །བདག་གིས་དགྲ་བོ་གནོད་བྱེད་དེ་དག་དམྱལ་བར་འཕང་ཞིང་བརླག་པས་བདག་ཀྱང་དམྱལ་བར་འགྲོ་འོ་སྙམ་ན། གལ་ཏེ་བདག་རང་ཉིད་ལ་བསམ་པ་ཡི་ཡོན་ཏན་བཟོད་པ་བསྒོམ་པ་ཡོད་ན་བདག་དམྱལ་བར་མི་འགྲོ་ལ་མེད་ན་འགྲོ་ཞེས་ཤུགས་ཀྱིས་བསྟན་ཏོ། །འོ་ན་གནོད་བྱེད་ཀྱི་དགྲ་བོ་དེ་དག་གིས་བདག་ལ་ཕན་བཏགས་པས་དེ་དག་ཀྱང་དམྱལ་བར་མི་འགྲོའོ་སྙམ་ན། གལ་ཏེ་བདག་གིས་བཟོད་པ་བསྒོམས་པ་བདག་རང་ཉིད་དམྱལ་བར་མི་སྐྱེ་བར་བསྲུངས་ན་གནོད་བྱེད་དེ་དག་ལ་སྐབས་འདིར་དམྱལ་བར་མི་སྐྱེ་བ་ཅི་ཞིག་བྱུང་སྟེ་ཅི་ཡང་མི་འབྱུང་ངོ་། །འོ་ན་བདག་བྱང་ཆུབ་སེམས་དཔའ་ཡིན་ན་གནོད་བྱེད་དེ་དག་མ་བསྲུང་བ་འདི་མི་རིགས་སོ་སྙམ་ན། དེ་དག་བདག་གིས་རེ་ཞིག་ཇི་བཞིན་བསྲུང་མ་ནུས་ཀྱང་། འོན་ཏེ་དེ་དག་ལ་ལན་དུ་ཕར་གནོད་པ་བྱས་ན་གནོད་བྱེད་དེ་དག་གི་རྒྱུད་ཀྱི་ཁོང་ཁྲོ་སོགས་སྡིག་པ་ལྷག་པར་འཕེལ་བར་འགྱུར་བས་ན་དེ་དག་བསྲུངས་བར་ཡང་མ་གྱུར་ལ་བདག་རང་གི་དགེ་སྦྱོང་གི་སྤྱོད་པ། གཤེ་ཡང་སླར་མི་གཤེ་བ། ཁྲོས་ཀྱང་སླར་མི་ཁྲོ་བ། བརྡེག་ཀྱང་སླར་མི་བརྡེག་པ་མཚར་འབྲུ་ཡང་སླར་མི་འབྲུ་བ་སྟེ་བཞི་པོའང་ཉམས་པར་འགྱུར་བ་དེས་ན་བྱང་ཆུབ་སེམས་དཔའི་སྤྱོད་པའི་མཆོག་བཟོད་པའི་དཀའ་ཐུབ་ཀྱང་ཞིག་པར་འགྱུར་རོ། །དེ་ལ་འདིར་བྱང་ཆུབ་སེམས་དཔའ་གང་ཞིག་རང་གཞན་གཉིས་ཀ་བསྲུང་ནུས་པ་དང་། རང་བསྲུང་ནས་གཞན་བསྲུང་མི་ནུས་པ་དང་། གཞན་བསྲུང་ནས་རང་མི་བསྲུང་བ་དང་། རང་གཞན་གཉིས་ཀ་མི་བསྲུང་བ་སྟེ་མུ་བཞི་ཡོད་ཆོག་ཅེས་གསུངས། གཉིས་པ་བདག་ལ་བརྙས་སོགས་བྱེད་པ་ལ་བཟོད་པ་བསྒོམ་པ་ནི། བརྙས་སོགས་འདི་དག་གིས་བདག་གི་ཡིད་དམ་ལུས་གང་ལ་གནོད་ནས་ཁྲོ་སྙམ་ན། ཡིད་དམ་སེམས་ནི་ལུས་ཅན་ནམ་གཟུགས་ཅན་མ་ཡིན་པས་དེ་ནི་གང་ཟག་སུས་ཀྱང་མཚོན་ཆ་ལ་སོགས་པས་གནས་གང་དུའང་གཞོམ་པར་མི་ནུས་ལ་འོན་ཀྱང་རང་གི་ལུས་ལ་གཅེས་འཛིན་གྱི་སེམས་ཀྱིས་མངོན་པར་ཞེན་པས་བདག་གིར་བཟུང་ཞིང་ཆགས་པས་ན་ལུས་ལ་ནི་བརྡུང་བརྡེག་ལ་སོགས་པའི་སྡུག་བསྔལ་དག་གིས་གནོད་པར་འགྱུར་བ་ཡིན་གྱི་ལུས་ལ་རང་གིས་མངོན་པར་མ་ཞེན་ན་གནོད་པར་མི་འགྱུར་རོ། །དེ་ལ་གནོད་པས་ལུས་སེམས་གཉིས་ཀ་ལ་གནོད་དོ་ཞེ་ན་མིག་སྡང་སོགས་བརྙས་པ་དང་རྐུན་མ་ཁྲམ་པ་རྫུན་རྒན་སོགས་ཚིག་རྩུབ་སྨྲ་བ་དང་། དེ་ལྟར་ལྐོག་ནས་མི་སྙན་པ་ཡི་ཚིག་དེ་ཡིས་ལུས་ལ་ཅུང་ཟད་ཀྱང་གནོད་པར་མི་འགྱུར་ན་སེམས་ལ་ལྟ་ཅི་སྨོས་ཏེ། དེ་དག་ལ་སེམས་ཁྱོད་རྒྱུ་མཚན་ཅིའི་ཕྱིར་རབ་ཏུ་ཁྲོ་སྟེ་ཁྲོ་མི་རིགས་སོ། །དེས་ལུས་སེམས་གཉིས་གར་དངོས་སུ་ཅི་ཡང་མི་གནོད་ཀྱང་དེས་དབང་གིས་གཞན་སེམས་ཅན་རྣམས་བདག་ལ་མི་དགའ་བར་འགྱུར་བས་དེ་མི་འདོད་དོ་སྙམ་ན། གཞན་སེམས་ཅན་དག་བདག་ལ་མི་དགའ་བར་གྱུར་བ་དེས་ནི་ཚེ་འདིའམ་ཚེ་གཞན་ཏེ་ཚེ་ཕྱི་མ་ལ་བདག་ལ་ཟ་བར་ཏེ་གནོད་པ་མི་བྱེད་ན་བདག་ནི་རྒྱུ་མཚན་ཅི་ཡི་ཕྱིར་གཞན་རྣམས་བདག་ལ་མི་དགའ་བས་མ་དད་པ་དེ་མི་འདོད་དེ་དགོས་སོ། །གལ་ཏེ་བདག་ལ་བརྙས་སོགས་བྱས་པས་གཞན་དག་བདག་ལ་མི་དགའ་ཞིང་མ་དད་པར་གྱུར་པ་དེའི་སྟོབས་ཀྱིས་རྒྱུ་རྫས་ཀྱི་རྙེད་པ་ཆུང་ངུར་འགྱུར་བ་སོགས་རྙེད་པའི་བར་ཆད་བྱེད་པའི་ཕྱིར་གལ་ཏེ་བརྙས་སོགས་འདི་བདག་གིས་མི་འདོད་པས་ཁྲོའོ་སྙམ་ན། བདག་གིས་ཇ་རྟ་གསེར་དངུལ་སོགས་རྙེད་པ་ལེགས་པར་གྲུབ་ཀྱང་ནམ་འཆི་བའི་ཚེ་འཇིག་རྟེན་འདིར་ཅི་ཡོད་ཀྱི་དངོས་པོ་ཐམས་ཅད་འདོར་བའམ་བསྐྱུར་ཏེ་རང་གི་རྗེས་སུ་མི་འབྲང་བར་གཅེར་བུ་ལག་སྟོང་མཆན་དུ་བཅུག་ནས་ཚེ་ཕྱི་མར་འགྲོ་དགོས་པར་འགྱུར་གྱི། དེའི་ཚེ་རྙེད་པའི་དོན་དུ་ཁྲོས་པའི་སྡིག་པ་དག་ནི་སྔོན་དུ་བརྟན་པར་གནས་ཏེ་ཆུད་མི་ཟ་བར་མྱོང་དགོས་སོ། །གལ་ཏེ་རྙེད་པ་མེད་ན་བདག་གི་ཁ་ཟས་རྒྱབ་གོས་ལ་སོགས་པ་མི་འབྱོར་བས་བདག་མྱུར་དུ་འཆི་བར་འགྱུར་བས་དེ་མི་འདོད་པས་ཁྲོའོ་ཞེ་ན། བདག་ནི་དེང་ཉིད་དེ་དེ་རིང་ཉིད་དུ་ཤི་ཡང་བླའི་ལོག་འཚོས་བདག་ཡུན་རིང་པོར་གསོན་མི་རུང་སྟེ་ལོག་འཚོས་ཡུན་རིང་གསོན་པ་དང་དེ་རིང་ཤི་བ་གཉིས་ལས་དེ་རིང་ཤི་བས་དགའ་བར་གསུངས། ལོག་འཚོ་དེ་ཡང་མདོ་ལས་དབང་པོ་དྲུག་གི་ཡུལ་ལ་ཞེན་ཚད་ལོག་འཚོ་ཡིན་པར་གསུངས། རིན་ཆེན་ཕྲེང་བར། ཁ་གསགས། ཚུལ་འཚོས། རྙེད་པས་རྙེད་ཚོལ། ཐོབ་འཇལ། གཞོག་སློང་དང་ལྔར་བསྡུས་ཏེ་གསུངས་སོ། །བདག་གསོན་པོའི་ཚེ་འདི་འདོད་པས་དེ་རིང་མ་ཤི་བས་དགའ་སྙམ་ན། བདག་དང་བདག་ལྟ་བུ་སུ་ཡིན་ཀྱང་ཡུན་རིང་པོ་ལོ་མང་པོར་མ་ཤི་བར་གནས་པར་གྱུར་ཀྱང་འཆི་བའི་སྡུག་བསྔལ་དེ་ཉིད་མི་མྱོང་བའི་ཐབས་མེད་པས་མྱོང་དགོས་པ་ཡིན་པས་ལོག་འཚོས་གསོན་པ་ལས་དེང་ཉིད་ཤི་བས་དགའ་ལ། ཁྱད་པར་སྡིག་ཅན་ཚེ་རིང་ན་འཆི་ཚེ་སྡུག་བསྔལ་ལྷག་པར་ཆེ་བས་དེ་རིང་ནས་ཤི་བས་དགའ་འོ། །དཔེར་ན་མི་ཞིག་གིས་རྨི་ལམ་དུ་ལོ་བརྒྱར་འདོད་པའི་ཡོན་ཏན་ལྔའི་བདེ་བ་མྱོང་བར་རྨིས་ནས་གཉིད་སད་པར་གྱུར་པ་གང་ཡིན་པ་དང་མི་གཞན་ཞིག་གིས་རྨི་ལམ་དུ་སྐད་ཅིག་གམ་ཡུད་ཙམ་ཞིག་འདོད་ཡོན་ལྔའི་བདེ་བ་མྱོང་བར་རྨིས་ནས་གཉིད་སད་པར་གྱུར་པ་གང་ཡིན་པ་ཡི་གཉིད་སད་པ་ཡི་མི་དེ་དག་གཉིས་ཀ་ལའང་ཡུན་རིང་ངམ་ཐུང་ཡང་འདོད་ཡོན་ལ་ལོངས་སྤྱོད་པའི་རྨི་ལམ་གྱི་བདེ་བ་དེ་ནི་སུ་ལ་ཡང་ཕྱིར་འོངས་ཤིང་མྱོང་བ་མེད་དོ། །དེ་བཞིན་དུ་ཚེ་རིང་ནས་འདོད་ཡོན་ལ་ཡུན་རིང་པོར་ལོངས་སྤྱོད་པ་དང་ཚེ་ཐུང་ནས་འདོད་ཡོན་ལ་ཡུན་རིང་ལོངས་སྤྱད་ལོངས་མ་བྱུང་བ་དེ་གཉིས་ཀ་ཡང་འདོད་ཡོན་ལ་ལོངས་སྤྱོད་པའི་བདེ་བ་ཡུན་རིང་ཐུང་ཅི་མྱོང་ཡང་འཆི་བའི་དུས་ན་རྨི་ལམ་དེ་འདྲར་ཟད་ཅེས་དེ་དང་འདྲ་བས་སྔར་མྱོང་བའི་བདེ་བ་དེ་ནི་ཕྱིར་འོང་བ་མེད་པས་བདེ་བ་མི་མྱོང་བར་འཆི་བའི་སྡུག་བསྔལ་དེ་ཁོ་ན་མྱོང་དགོས་པས་ཚེ་རིང་ངམ་ཐུང་ཡང་འདྲའོ། །གལ་ཏེ་ཇ་རྟ་གསེར་དངུལ་དར་གོས་སོགས་རྙེད་པ་རྒྱ་ཆེན་པོ་མང་པོ་ཐོབ་པར་གྱུར་ཏེ་ཡུན་རིང་པོའི་དུས་སུ་ཁ་ཇ་ཆང་ལུས་དར་གོས་སོགས་འདོད་པའི་ཡོན་ཏན་ལྔའི་བདེ་བ་རྒྱ་ཆེན་པོ་ལ་ལོངས་སྤྱད་ཀྱང་སང་འཆི་བའི་ཆོ་དགྲ་ཇག་གིས་བཅོམ་པའམ་ཆོམ་པོས་ཕྲོགས་པ་ཇི་ལྟ་བ་བཞིན་དུ་གོས་མེད་པས་གཅེར་བུའམ་སྒྲེན་མོ་ལག་པ་སྟོང་པར་རྟ་དྲིལ་ལོངས་སྤྱོད་ཟས་གོས་གཉེན་གྲོགས་གྲ་སྡེ་སློབ་འབངས་ཇི་ཙམ་ཡོད་རུང་གཅིག་ཀྱང་འཁྱེར་དབང་དང་འཁྲིད་དབང་སོགས་མེད་པར་རང་གཅིག་པུར་ཚེ་ཕ་རོལ་དུ་འགྲོ་དགོས་སོ། །གལ་ཏེ་རྙེད་པ་མང་པོ་ལོན་པས་བདག་མ་ཤི་བར་གསོན་པར་གྱུར་ན་ཡར་མཆོད་མར་སྦྱིན་ལྷ་བྲི་རྟེན་བཞེང་ཕྱག་བསྐོར་སོགས་ཀྱིས་སྔར་གྱི་སྡིག་པ་ཟད་པའམ་འདག་པ་དང་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་དག་བྱ་སྙམ་པས་དེའི་བར་ཆད་བྱས་ན་ཁྲོའོ་ཞེ་ན། གལ་ཏེ་ཁྱེད་རྙེད་པའི་དོན་དུ་དེའི་བར་ཆད་བྱེད་པ་གཞན་ལ་ཁྲོས་པར་གྱུར་ན། བསྐལ་པ་སྟོང་གི་ཚོགས་བསགས་ཁོང་ཁྲོ་གཅིག་གིས་འཇོམ་པར་འགྱུར་པས་ན་བསོད་ནམས་ཟད་ཅིང་སྡིག་པ་ཆེན་པོ་འཕེལ་བར་ཉིད་དུ་མི་འགྱུར་རམ་སྟེ་འགྱུར་ན་སྡིག་པ་འདག་པ་དང་བསོད་ནམས་ཀྱི་ཚོགས་གསོག་པ་གང་གི་དོན་དུ་བདག་གསོན་དགོས་པ་ཡི་དོན་དེ་ཉིད་གལ་ཏེ་ཉམས་པར་གྱུར་ཏེ་བསོད་ནམས་ཟད་ཅིང་སྡིག་པ་ཆེན་པོ་འཕེལ་བར་འགྱུར་ན། སྡིག་པ་ཆེན་པོ་དེ་ལྟ་བུ་འབའ་ཞིག་བྱེད་པ་ཡི་ཁྱོད་མ་ཤི་བར་གསོན་པ་དེས་ཀོའམ་དེས་ནིི་ཅི་ཞིག་བྱ་སྟེ་དགོས་པ་ཅུང་ཟད་ཙམ་ཡང་མེད་དོ། །གལ་ཏེ་བདག་བྱང་ཆུབ་སེམས་དཔའ་ཞིག་ཡིན་པས་མི་སྙན་པར་བརྗོད་པ་སོགས་ཐམས་ཅད་བཟོད་བསྡད་ན་གཞན་སེམས་ཅན་རྣམས་ཀྱིས་བདག་ལ་ལོག་ལྟ་བསྐུར་འདེབས་སོགས་བྱས་པས་དེ་དག་གི་བསོད་ནམས་ཤིང་ངན་སོང་དུ་འཕེན་པར་བྱེད་པས་ན་བདག་ལ་མི་སྙན་པ་སྨྲ་བ་འདི་ལ་ཁྲོའོ་ཞེ་ན། འོ་ན་ཁྱོད་ལས་ལྷག་པའི་སྐྱེས་བུ་དམ་པ་གཞན་ལ་ལོག་ལྟ་བསྐུར་འདེབས་སོགས་མི་སྙན་པ་བརྗོད་པ་ལའང་ཁྱོད་རང་ཉིད་ལ་མི་སྙན་པ་བརྗོད་པ་དེ་བཞིན་དུ་ཅི་སྟེ་ཁྲོ་བར་མི་བྱེད་དེ་བྱེད་རིགས་སོ། །གཞན་ལ་མི་སྙན་པ་བརྗོད་པ་ལ་བདག་ཁྲོ་ཚོད་མེད་དེ། བརྗོད་མཁན་རྣམས་མ་དད་པར་གྱུར་པས་མི་སྙན་པ་བརྗོད་པ་ཡིན་ལ་མི་དད་པ་དེ་ཡང་གཞན་སྐྱེས་བུ་དམ་པ་ཡིན་ཀྱང་མཛད་སྤྱོད་ངན་པ་ལྟར་སྣང་བ་ཡོད་པས་ཁོང་རྣམས་ལ་རག་ལས་པ་ཡིན་པས་དད་པ་མེད་པ་རྣམས་ལ་ཁྲོ་ཚོད་མེད་དོ་ཞེས་བསམ་ནས་ཁྱོད་དེ་དག་ལ་བཟོད་པར་བྱེད་ན་ཁྱོད་རང་ལའང་མི་སྙན་པ་བརྗོད་མཁན་རྣམས་ཀྱང་ཉོན་མོངས་པ་སྐྱེས་པ་ལ་རག་ལས་པས་དབང་མེད་དུ་གྱུར་པ་ཡིན་པས་ཁྱོད་ལ་མི་སྙན་པ་སྨྲ་བ་ལ་ཅིས་མི་བཟོད་དེ་བཟོད་དགོས་སོ། །མདོར་ན་གཞན་བདག་ལ་མི་དགའ་བ་དང་། རྙེད་པའི་བར་ཆད་བྱེད་པ་དང་། དངོས་སུ་བརྗོད་པ་ཚིག་རྩུབ་དང་། ལྐོག་ནས་བརྗོད་པ་མི་སྙན་པ་ཏེ་དེ་རྣམས་བདག་ལ་བྱུང་ན་ང་རེ་དགའ་འོ་སྙམ་དུ་བཟོད་པ་བསྒོམ་དགོས་པ་ཡིན་ནོ། །གསུམ་པ་བདག་གི་བཤེས་ལ་མི་འདོད་པ་བྱེད་པ་ལ་བཟོད་པ་བསྒོམ་པ་ནི། ཕྱི་རོལ་པ་རྣམས་དང་གྲུབ་མཐའི་ཆགས་སྡང་སོགས་ཀྱི་ཕན་ཚུན་སྐུ་གཟུགས་དང་། མཆོད་རྟེན་དང་དམ་པའི་ཆོས་ཡི་གེ་སོགས་ལ་འཁྱལ་བ་སྟེ་ཚུལ་དང་མི་མཐུན་པར་སྨྲ་ཞིང་བཅོམ་པའམ་འཇིག་པར་བྱེད་པ་རྣམས་རང་རང་གིས་ཆོས་སྤོང་དང་མཚམས་མེད་པ་སོགས་ལས་ངན་རྒྱ་ཆེན་པོ་བསགས་པ་དེ་དག་ལའང་སྙིང་རྗེ་བསྐྱེད་པ་ལས་བདག་གིས་ཞེ་སྡང་བྱེད་མི་རིགས་ཏེ། སངས་རྒྱས་སོགས་ལ་གནོད་པ་མི་མངའ་སྟེ་རང་གི་ངོ་བོ་འདུས་མ་བྱས་པ་ཡིན་པའི་ཕྱིར་དང་། སངས་རྒྱས་དང་ཆོས་ཀྱི་རྟེན་གཟུགས་བརྙན་རྣམས་ནི་བེམ་པོ་ཡིན་པས་གནོད་པའི་ཡུལ་ལས་འདས་པ་ཡིན་ནོ། །རང་རང་གི་བླ་མ་དང་ཕ་མའི་ཕྱོགས་ནས་ཉེ་བའི་གཉེན་ལ་སོགས་པ་དང་། གྲྭ་རོག་གྲོགས་མཆེད་ལ་སོགས་པའི་བཤེས་རྣམས་ལ་ལོག་ལྟ་སྐུར་འདེབས་འཕྲོག་བཅོམ་ལ་སོགས་པའི་གནོད་པ་བྱེད་མཁན་རྣམས་ལའང་བླ་མ་ལ་སོགས་པ་རང་རང་གི་ལས་ཀྱིས་གནོད་བྱེད་དེ་དག་གི་རྒྱུད་བསྐུལ་ནས་རང་རང་ལ་མི་སྙན་པ་བརྗོད་པ་ལ་སོགས་པ་དང་། དེ་ལྟར་ཐམས་ཅད་གཞན་གྱི་དབང་ཞེས་སོགས་སྔ་མའི་ཚུལ་གྱིས་རྐྱེན་དག་ལས་སྡུག་བསྔལ་དེ་དག་བྱུང་བར་འགྱུར་བར་མཐོང་ནས་ཁྲོ་བ་བཟློག་དགོས་སོ། །ལུས་ཅན་སེམས་ཅན་རྣམས་ལ་མི་ལ་སོགས་པ་སེམས་ཡོད་པ་དང་མེ་དང་ཆུ་དང་རླུང་དང་རྦབ་འདྲིལ་བའི་རྡོ་ལ་སོགས་པ་སེམས་མེད་པ་གཉིས་ཀས་གནོད་པ་བྱས་པར་འགྱུར་ན། དེ་གཉིས་གནོད་བྱེད་ཡིན་པ་ལ་འདྲ་བ་དང་རྐྱེན་དབང་ཡིན་པ་དང་། བྱེད་པ་པོའི་བདག་མེད་པ་ལ་འདྲ་བ་ཡིན་པ་ལ། དེ་ལ་སེམས་ཡོད་པ་ཅི་སྟེ་དམིགས་ཀྱིས་བཀར་ཏེ་བཀོན་ཞིང་ཁྲོ་མི་རིགས་སོ། །རྒྱུ་མཚན་དེ་བས་ན་སེམས་ཡོད་སེམས་མེད་གཉིས་ཀའི་གནོད་པ་ཐམས་ཅད་བཟོད་པར་གྱིས་ཤིག །གང་ཟག་ལ་ལ་རྨོངས་པས་རྐུ་འཕྲོག་དང་ལོག་ལྟ་སྐུར་འདེབས་ཆོས་སྤོང་བ་དང་མཚམས་མེད་པ་ལ་སོགས་པའི་ཉེས་པ་སྣ་ཚོགས་བྱེད་པ་དང་། གང་ཟག་ལ་ལ་དེ་དག་ལ་སྙིང་རྗེ་མི་སྐྱེ་བར་མ་ཟད་རྨོངས་ཏེ་དེ་དག་ལ་ཁྲོས་པར་གྱུར་ཏེ་རྩོད་པར་འགྱུར་ན། དེ་གཉིས་ལ་སྐྱོན་མེད་པ་ནི་གང་གིས་བྱ། སྐྱོན་དང་བཅས་པ་དེ་གང་ཞིག་ཡིན་ཏེ་གཉིས་ཀས་སྡིག་པ་ཆེན་པོ་བསགས་པས་སྐྱོན་ཅན་དུ་འདྲ་བའི་ཕྱིར་རོ། །བླ་མ་གཉེན་ལ་སོགས་པ་གང་གིས་གཞན་དག་གིས་དེང་སང་རང་རང་ཉིད་ལ་གནོད་པ་བྱེད་པའི་ལས་དེ་སྔོན་ཆད་ཕར་ལ་ཅི་ཕྱིར་བྱས་ཏེ་ལས་སྔོན་སོང་གི་འབྲས་བུ་བཟློག་མེད་ད་ལྟ་རང་རང་ལ་སྨིན་པ་ཡིན་པས་ཁྲོ་བར་མི་བྱ་སྟེ། ཐམས་ཅད་རང་གི་ལས་ལ་རག་ལས་པ་ཡིན་པས་ན། བདག་གིས་གནོད་བྱེད་འདི་དག་ལ་ཅི་སྟེ་བཀོན་ཏེ་ཁྲོ་མི་རིགས་སོ། །རྒྱུ་མཚན་དེ་ལྟར་མཐོང་ནས་ཐབས་ཅི་ནས་ཀྱང་རང་གི་གཉེན་སོགས་ལ་གཞན་གྱིས་གནོད་པ་བྱས་ཚེ་དེ་ལ་རང་མི་ཁྲོ་བར་གཉེན་དང་དགྲ་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་ཁྲོ་བ་སྤངས་ཏེ་བྱམས་པའི་སེམས་སུ་འགྱུར་བ་དེ་ལྟར་བྱ་བའི་ཕྱིར་བདག་ནི་དགྲ་གཉེན་མཁོན་པ་བསྡུམ་པའི་བསོད་ནམས་དག་ལ་བརྩོན་པས་སྒྲིམས་ཏེ་འབད་པར་བྱ་དགོས་སོ། །དེ་ལྟར་མཁོན་པ་བསྡུམ་པའི་ཐབས་སམ་ཞེ་སྡང་མི་སྐྱེ་བའི་ཐབས་ནི་དཔེར་ན་ཕ་རོལ་པོའི་ཁྱིམ་རྣམས་ཚིག་པར་གྱུར་པའི་ཚེ་མེ་རབ་ཏུ་འབར་བ་དེ་ཁྱིམ་གཞན་རང་ཁྱིམ་ལྟ་བུ་ཞིག་ཏུ་སོང་བའམ་མཆེད་ནས་འོང་ན་ནི། རྩྭ་ལ་སོགས་པ་གང་ལ་མྱུར་དུ་མཆེད་པར་བྱེད་པ་སྟེ་རྩྭ་སོགས་མེ་མཆེད་སླ་བ་དེ་རྣམས་རང་ལ་མཁོ་ཡང་གལ་ཆུང་ངུ་རྩྭ་སོགས་དེ་ནི་ཁྱིམ་ནས་ཕྱུང་སྟེ་ཕྱི་རོལ་དུ་འདོར་བར་རིགས་ཤིང་འཐད་པ། དེ་བཞིན་དུ་གཉེན་ཉེ་བ་སོགས་གང་ལ་རང་གི་སེམས་ཆགས་ནས་དེ་ལ་གནོད་པ་བྱས་པས་ཐོག་མར་དགྲ་གཉེན་གཉིས་ཀ་ལ་ཞེ་སྡང་གི་མེ་ནི་མཆེད་དེ་ཚིག་པར་གྱུར་པ་ཡི་མེ་དེ་བདག་རྒྱུད་ལ་མཆེད་དེ་བསྐལ་པ་སྟོང་གི་བསོད་ནམས་དགེ་བའི་དངོས་པོ་ཞེ་སྡང་གི་མེ་དེས་འཚིག་པར་དོགས་པ་ཡིས་གང་ལ་སེམས་ཆགས་པའི་གཉེན་ཉེ་བ་ལ་སོགས་པ་དེ་ནི་དེ་ཡི་མོད་ལ་སྟེ་དེ་མ་ཐག་ཏུ་དོར་དགོས་ཞེས་དེ་དག་ལ་ཆགས་པ་སྤང་ཐུབ་དགོས་པར་གསུངས་སོ། །གལ་ཏེ་གཉེན་སོགས་ལ་གཞན་གྱིས་གནོད་པ་བྱས་ཚེ་རང་གིས་ཀྱང་གཉེན་དེའི་དོན་མ་བྱས་ན་གཞན་གྱིས་འཕྱ་ཞིང་མི་ཁ་ཆེའོ་སྙམ་ན་དཔེར་ན་གསད་བྱའི་མི་ཤིན་ཏུ་ཉེས་པ་ཆེན་པོ་ཞིག་གསོད་སར་ཁྲིད་ནས་དངོས་སུ་བསད་པར་ལག་པ་བཅད་དེ། གལ་ཏེ་ཐར་འོངས་ན་ཅིས་མ་ལེགས་ཏེ་ལེགས་པ་ཡིན་ནོ། །དཔེ་དེ་བཞིན་དུ་གལ་ཏེ་གཞན་གྱི་འཕྱ་བ་ལ་སོགས་པའི་མི་ཡི་སྡུག་བསྔལ་དེ་ཙམ་གྱིས་བདག་དམྱལ་བ་ཡི་སྡུག་བསྔལ་དང་བྲལ་བར་འགྱུར་ན་ཅིས་མ་ལེགས་ཏེ་ཤིན་ཏུ་ལེགས་པ་ཡིན་ནོ། །གཉེན་དང་བདག་གི་ད་ལྟའི་སྡུག་བསྔལ་དགྲས་གནོད་པ་འདི་ཙམ་ལའང་། གཉེན་གྱི་དགྲས་གནོད་པ་བྱས་པའི་སྡུག་བསྔལ་དང་། གཉེན་ལ་དགྲས་གནོད་པ་བྱས་པའི་སྡུག་བསྔལ་འདི་ཙམ་ཡང་བདག་གིས་བཟོད་པར་མི་ནུས་ན་དམྱལ་བའི་སྡུག་བསྔལ་ཇི་ལྟར་བཟོད་ནུས་ཏེ་མི་ནུས་སོ། །དེས་ན་བཟོད་པར་དཀའ་བའི་དམྱལ་བའི་སྡུག་བསྔལ་གྱི་རྒྱུ་གཉེན་དང་རང་གི་རྒྱུད་ཀྱི་ཁྲོ་བ་དེ་ཅི་སྟེ་བཟློག་པར་མི་བྱེད་དེ་ངེས་པར་བཟློག་པར་བྱེད་དགོས་སོ། །མི་ཡུལ་གྱི་སྡུག་བསྔལ་དགྲའི་གནོད་པ་ལ་སོགས་པ་དེ་ཡང་མི་འདོད་ཅིང་མི་བཟོད་དོ་སྙམ་ན། ད་སྔ་ཡན་ཆད་འདོད་ཡོན་གྱི་དངོས་པོ་རྣམས་ལ་ཆགས་ཤིང་འདོད་པའི་དོན་དུ་མེ་ཆེན་པོས་བསྲེག་པ་དང་རལ་གྲིའི་གཤགས་པ་ལ་སོགས་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པ་དྲག་པོ་དམྱལ་བར་ལན་སྟོང་ཕྲག་མང་པོར་མྱོང་བར་གྱུར་ཀྱང་དེ་དག་གིས་བདག་གིས་རང་གི་དོན་དང་ནི་གཞན་སེམས་ཅན་གྱི་དོན་ཡང་མ་བྱས་སོ་སྟེ་རང་གཞན་གྱི་དོན་ཅི་ཡང་མ་འགྲུབ་པར་དོན་མེད་པར་སྡུག་བསྔལ་ཆེན་པོ་མྱོང་བར་གྱུར་ཏོ། །སྡུག་བསྔལ་དང་དུ་བླང་ཞིང་གནོད་བྱེད་ལ་ཅི་མི་སྙམ་པའི་བཟོད་པ་བསྒོམ་པ་འདི་ནི་དམྱལ་མེས་བསྲེག་པ་ལ་སོགས་པ་དེ་ཙམ་དུ་གནོད་པ་ཆེན་པོ་མིན་ལ། དེར་མ་ཟད་རང་གཞན་དོན་ཆེན་པོ་བཟོད་པའི་དཀའ་ཐུབ་དག་ཀྱང་འགྲུབ་པར་འགྱུར་བས་འགྲོ་བའི་སྟེ་འགྲོ་བ་རྣམས་ཀྱིས་ངན་སོང་སོགས་ཀྱི་གནོད་པ་སེལ་བའི་གནོད་པ་དེ་དང་དུ་ལེན་པའི་སྡུག་བསྔལ་སྡིག་པའི་ཕྱགས་མ་ཡོན་ཏན་གྱི་བསྐུལ་མ་འདི་ལ་མི་དགའ་བར་མ་ཟད་དགའ་བ་འབའ་ཞིག་འདིར་བྱ་བར་རིགས་སོ། །བཞི་པ་དགྲ་ལ་ལེགས་བྱས་བཟོད་པ་ནི། གཞན་གྱིས་ཏེ་ཕ་རོལ་པོ་གཞན་ཞིག་གིས་བདག་གིས་དགྲ་བོ་དང་ཕྲག་དོག་གིས་འགྲན་ཟླ་སོགས་ལ་འདི་ཡོན་ཏན་དང་ལྡན་ནོ་ཞེས་དེ་ལ་བསྟོད་པ་བྱས་ནས་གལ་ཏེ་བསྟོད་མཁན་པོ་ཁོང་རང་ལ་སེམས་དགའ་བའི་བདེ་བ་ཐོབ་པར་གྱུར་པ་ཡིན་ན་ཡིད་ཁྱོད་ཀྱིས་ཀྱང་ནི་དེ་དང་མི་མཐུན་པར་མི་བརྗོད་པར་ཡོན་ཏན་བརྗོད་ན་རྗེས་སུ་བརྗོད་ཅེས་པ་ལྟར་དགྲ་བོ་དེ་ལ་བསྟོད་པ་བྱས་ནས་ཅིའི་ཕྱིར་དགྲ་བོ་བསྟོད་མཁན་ཕ་རོལ་པོ་དེ་ལྟར་རང་གི་སེམས་དགའ་བ་མི་བྱེད་དེ་བྱེད་དགོས་ཀྱི་དེ་ལ་ཁྲོ་བར་བྱ་མི་རིགས་སོ་འདིར་དགྲ་ལ་སོགས་པ་གང་བསྟོད་ཚེ་བསྟོད་མཁན་པོ་རང་རང་ལ་སེམས་ལ་དགའ་བ་རེ་ཡོད་པ་ཤེས་དགོས་སོ། །དེ་ལྟར་དགྲ་བོ་དེ་ལ་བསྟོད་པ་བྱས་པའི་ཁྱོད་ཀྱི་སེམས་དགའ་བའི་བདེ་བ་འདི་ནི་ཤ་ཆང་བུད་མེད་སོགས་ལ་སྤྱད་པའི་བདེ་བ་ནི་ཚེ་འདི་ཕྱིའི་སྡུག་བསྔལ་གྱི་འབྱུང་གནས་དང་། ཁ་ན་མཐོ་བ་སྡིག་པ་ཆེན་པོ་དང་། སངས་རྒྱས་བྱང་སེམས་ཡོན་ཏན་དང་ལྡན་པ་རྣམས་ཀྱིས་དུག་ལས་ཐུ་བར་སྨད་ཅིང་བཀག་པ་དང་། གཞན་དང་མི་མཐུན་པར་རྩོད་ཅིང་སོ་སོར་འབྲལ་བར་བྱེད་པ་དང་། མི་འདྲ་བར་ཕན་ཡོན་བཞི་དང་ལྡན་པ་ཡིན་ཏེ་ཚེ་འདི་ཕྱིའི་བདེ་བ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་དང་། དགའ་བ་ཚད་མེད་པ་དང་རྗེས་སུ་ཡི་རང་ཡིན་པས་ཁ་ན་མ་ཐོ་བ་སྡིག་པ་མེད་པ་དགེ་བ་དང་ཡོན་ཏན་དང་ལྡན་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མ་བཀག་པར་གནང་བ་མཛད་པ་དང་། ཕྲག་དོག་མེད་པར་དགའ་བས་སྙན་པར་སྨྲ་བ་རྣམས་ཀྱི་མཆོག་ཡིན་པས་གཞན་དག་རང་གི་འཁོར་དུ་སྡུད་པར་བྱེད་པ་ཡི་ཐབས་མཁས་ཀྱི་མཆོག་ཀྱང་ཡིན་ཏེ་འབྲོམ་སྟོན་པས་བླ་མ་ཁུ་བའི་ཡོན་ཏན་བརྗོད་པར་མཛད་པ་བཞིན་ནོ། །དགྲ་ལ་སོགས་པ་གཞན་ཕ་རོལ་པོ་དེ་ལ་ཡང་དེ་ལྟར་བདག་གིས་བསྟོད་པར་བྱས་ན་དེ་རྣམས་དགའ་ཞིང་བདེ་བར་འགྱུར་རོ་ཞེས་ཕྲག་དོག་གི་དབང་གིས། གལ་ཏེ་ཁྱོད་རང་ཉིད་ཀྱིས་དགའ་ཞིང་བདེ་བ་འདི་མི་འདོད་པར་བྱེད་ན་བྲན་གཡོག་ལ་གླ་ངན་སྦྱིན་པ་ལ་སོགས་པས་ཀྱང་དེ་བདེ་བར་འགྱུར་བས་དེའང་སྤངས་དགོས་པར་འགྱུར་བའི་ཕྱིར་དེ་ལྟ་ན་མཐོང་བ་ཚེ་འདིར་བྱ་བའི་ལས་བྱེད་པ་ལ་སོགས་པ་དང་། མ་མཐོང་བ་ཚེ་ཕྱི་མར་སྦྱིན་པའི་འབྲས་བུ་མྱོང་བ་ལ་སོགས་པ་ཐམས་ཅད་ཉམས་པར་འགྱུར་རོ། །དེས་ན་ཁྱོད་ནི་བླང་དོར་ཤིན་ཏུ་འཆོལ་བ་ཞིག་སྟེ་དགྲ་ལ་སོགས་པས་ཚུར་རང་གི་ཡོན་ཏན་བརྗོད་པ་མཐོང་ཞིང་ཐོས་པའི་ཚེ་གཞན་དེ་ལ་ཡང་དེ་བརྗོད་པའི་བདེ་བའང་འདོད་པར་བྱེད་ལ་རང་གིས་ཕར་གཞན་དགྲ་ལ་སོགས་པ་རྣམས་ཀྱི་ཡོན་ཏན་བརྗོད་པར་བྱེད་པའི་ཚེ་དགྲ་ལ་སོགས་པ་དེའང་བདེ་བར་འགྱུར་རོ་ཞེས་རང་ལའང་དེ་བརྗོད་པའི་བདེ་བ་མི་འདོད་པར་བྱེད་པའི་ཕྱིར་རོ། །རང་ཉིད་ཀྱིས་སྔར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་འདོད་པས་བསམ་པ་བྱང་ཆུབ་མཆོག་ཏུ་ནི་སེམས་བསྐྱེད་ཞས་ད་ལྟ་བདག་གིས་གྲོགས་བྱེད་མི་དགོས་པར་སེམས་ཅན་རང་རང་གིས་ཟས་གོས་ལོངས་སྤྱོད་ཀྱི་བདེ་བ་ཅུང་ཟད་ཙམ་རྙེད་པར་གྱུར་ན་དེས་ཀོ་ཁྱོད་ནི་ཅི་སྟེ་ཁྲོ་བར་བྱེད་དེ། ཁྲོ་ཞིང་མི་དགའ་བ་བྱེད་མི་རིགས་སོ། །སེམས་བསྐྱེད་པའི་དུས་སུ་འདོད་པ་དང་གཟུགས་དང་གཟུགས་མེད་ཀྱི་འཇིག་རྟེན་གསུམ་པོ་མ་ལུས་པས་མཆོད་པར་འོས་པའི་གནས་སུ་གྱུར་པ་མངོན་པར་རྫོགས་པར་འཚང་རྒྱ་བར་སེམས་ཅན་རྣམས་ལ་ནི་འདོད་དོ་ཞེས་ཁས་བླངས་ཤིང་དམ་བཅས་ནས། ད་ལྟ་དེ་ལྟ་བུའི་མཆོད་པ་ལྟ་ཞོག་དེ་དག་ལ་བསྙེན་བཀུར་ངན་ངོན་ཅུང་ཟད་ཙམ་གཞན་གྱིས་བྱེད་པ་མཐོང་བར་གྱུར་ནས་ཅི་ཕྱིར་དེ་དག་ལ་ཕྲག་དོག་གིས་མི་བཟོད་པར་གདུང་ཞིག་ཁྲོ་བར་བྱེད་དེ་བྱེད་མི་རིགས་པ་ཁོ་ནའོ། །དཔེར་ན་རང་རང་གི་ཕ་མ་ལ་སོགས་པ་གསོ་བར་བྱ་བ་གཉེན་གང་ཞིག་ཁྱོད་རང་གིས་རྟག་ཏུ་གསོ་བར་བྱ་བ་ཡིན་པས་ཁྱོད་ཉིད་ཀྱིས་ནི་ཟས་གོས་སོགས་སྦྱིན་པར་བྱ་དགོས་པ་དེ་ལ་ཁྱོད་ཀྱིས་སྦྱིན་མ་དགོས་པར་གཉེན་རང་རང་རྣམས་ཀྱིས་ཟས་གོས་སོགས་འཚོ་བ་རྙེད་པར་གྱུར་ན་དགར་ཏེ་དགའ་བར་མི་འགྱུར་བར་སླར་ཁྲོའམ་སྟེ་ཁྲོ་བ་ནི་ཤིན་ཏུ་མི་རིགས་བ་ཞིག་ཡིན་པ་བཞིན་ནོ། །བསྙེན་བཀུར་ངན་ངོན་ཙམ་དེ་ཡང་ཅི་སྟེ་འགྲོ་བ་རྣམས་ལ་ཡོད་པར་མི་འདོད་ན་འགྲོ་བ་དེ་ལ་བྱང་ཆུབ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་འདོད་པ་ནི་གང་ཡིན་ཏེ་འདོད་མི་སྲིད་པའོ། །གང་ཟག་གང་ཞིག་སྐྱེས་བུ་གཞན་རྣམས་ཀྱི་ཆོས་དང་འཇིག་རྟེན་གྱི་འབྱོར་བ་ལ་ཕྲག་དོག་གིས་མི་བཟོད་པར་ཁྲོ་བར་བྱེད་པ་དེ་ལ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་ག་མ་ཡོད་དེ་མེད་པར་གསལ་ལོ། །བླ་སྤྲུལ་རྣམས་ཀྱིས་བླ་སྤྲུལ་དང་། ཨ་མཆོད་རྣམས་ཀྱིས་ཨ་མཆོད་རྣམས་ལ་ཕྲག་དོག་གིས་གཞན་གྱིས་འབུལ་བ་ཞབས་ཏོག་མི་བཟོད་པར་ཡོན་བདག་མཆོད་གཉིས་ཀའི་སྟེང་ལ་ཁྲོ་བར་བྱེད་ལ་དེའི་གཉེན་པོ་འདི་ལྟར་བསྒོམ་པར་བྱ་སྟེ། གལ་ཏེ་བླ་མཆོད་དེ་དང་དེས་ཡོན་བདག་དེ་དང་དེ་ཡི་ཁྱིམ་ལས་རྟ་མཛོ་ལ་སོགས་པ་དེ་དང་དེ་རྙེད་དམ་མ་རྙེད་པར་སྦྱིན་བདག་དེ་དང་དེའི་ཁྱིམ་ན་གནས་པར་གྱུར་པ་དེ་གཉིས་གང་ཡིན་ཡང་རུང་། རྣམ་པ་ཀུན་ཏུའང་རྟ་མཛོ་ལ་སོགས་པ་དེ་ཁྱོད་རང་ལ་ཐོབ་པ་མེད་པར་འདྲ་ན་སྦྱིན་བདག་དེས་རྟ་མཛོ་ལ་སོགས་པ་བླ་མཆོད་དེ་ལ་བྱིན་རུང་མ་བྱིན་རུང་དངོས་པོ་དེའམ་ཕྲག་དོག་གིས་དགག་སྒྲུབ་དེས་ཁྱོད་ལ་ཅི་ཞིག་བྱ་སྟེ་བཏང་སྙོམས་སུ་གནས་པར་རིགས་སོ། །གཞན་ཕ་རོལ་པོ་དེའི་རྙེད་པ་ཐོབ་པ་ལ་ཁྱོད་ཕྲག་དོག་གིས་ཁྲོ་ཞིང་རང་ལ་རྙེད་པ་ལྷག་པར་འདོད་ན་རྙེད་པ་འབྱུང་བའི་རྒྱུ་ཕ་རོལ་པོའི་རྒྱུ་སྔོན་སོང་གི་བསོད་ནམས་དང་། ད་ལྟ་ཆོས་དང་བླ་མ་ལ་དད་པ་དང་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་སྦྱིན་བདག་རྣམས་དེ་ནས་རྙེད་པ་ཐོབ་པར་གྱུར་བ་ཡིན་ན་ཁྱོད་རང་གིས་ཀྱང་ཡར་མཆོད་མར་སྦྱིན་ལ་སོགས་པ་བསོད་ནམས་ཀྱི་ཚོགས་དང་ནི་ཆོས་དང་བླ་མ་ལ་དད་པའི་སྟོབས་ཀྱིས་དྲན་ཤེས་བག་ཡོད་ཀྱིས་སྤྱོད་པ་ཞི་དུལ་དང་ལྡན་པས་དད་ལྡན་དྭང་བ་འདྲེན་པའི་དད་པའམ། རང་གི་ཡོན་ཏན་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་ཞིང་ཐོས་པ་སློབ་གཉེར་གྱིས་བླང་དོར་ལ་མཁས་པར་བྱས་ཤིང་རང་རྒྱུད་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་བརླན་པར་བྱེད་པ་ལ་སོགས་པའི་རྙེད་པའམ་འབད་མེད་འཐོབ་པའི་རྒྱུ་འདི་ཉིད་གཞན་ལ་ཕྲག་དོག་གིས་མི་བཟོད་པར་ཁྲོ་བའི་སྟོབས་ཀྱིས་ཅིའི་ཕྱིར་འདོར་ཏེ་འདོར་མི་རིགས་པར་རྒྱུ་དེ་དག་འཛིན་པ་ལ་འབད་པར་བྱ་དགོས་སོ། །ཅིས་ཀྱང་རྙེད་པར་འདོད་ན་གཞན་ཡོན་བདག་རྣམས་ཀྱིས་ཡོན་གནས་སུ་འཛིན་ཅིང་རྙེད་པ་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་པ་ཡི་རྒྱུ་དེ་དག་མི་འཛིན་པ་ཕྲག་དོག་ཅན་ཁྱོད་ལེ་ལན་ཐམས་ཅད་རང་ལ་བཟླས་ནས་རང་གིས་རང་ལ་རྒྱུ་མཚན་གང་གིས་ཁྲོ་བར་མི་བྱེད་པ་སྨོས་ཏེ་ཁྲོ་བར་བྱ་དགོས་ཀྱི་གཞན་ལ་ནི་ཁྲོ་བར་མི་བྱའོ། །དེ་ལྟ་ནའང་ངེད་གཉིས་འདྲ་བས་ན་རང་ལ་རྙེད་པ་མེད་ཕྱིན་ཆད་འདི་ལའང་མེད་ན་དགའ་སྙམ་ན་ཁྱོད་ནི་རང་གིས་རྙེད་པ་མི་ཐོབ་པའི་རྒྱུ་བླང་དོར་ལ་རྨོངས་ཤིང་མ་བྱིན་པ་ལེན་པ་སོགས་སྡིག་པ་བྱས་པ་ལ་གནོང་འགྱོད་ཀྱིས་མྱ་ངན་མེད་པར་མ་ཟད་ཀྱི་རྙེད་པ་འཐོབ་པའི་རྒྱུ་བླང་དོར་ལ་མཁས་ཤིང་ཚུལ་ཁྲིམས་བསྲུང་བ་དང་བསོད་ནམས་རྒྱ་ཆེན་པོ་བྱས་པ་གཞན་དག་དང་ལྷན་ཅིག་འགྲན་པར་བྱེད་འདོད་དམ་སྟེ་འགྲན་པར་བྱེད་མི་རིགས་པ་ཁོ་ནའོ། །གལ་ཏེ་མ་འགྲན་པའི་ཐབས་མེད་ན་ཚུལ་ཁྲིམས་བསྲུངས་ཤིང་བསོད་ནམས་ཀྱི་ཚོགས་བསགས་ཏེ་བླང་དོར་གྱི་གནས་ལ་མཁས་པར་བྱོས་ཤིང་། དེ་ལྟར་ན་བཟོད་ཡུལ་ངོས་འཛིན་པའི་སྐབས་སུ་བདག་དང་བཤེས་སྔོན་དུ་དང་དགྲ་རྗེས་སུ་བསྟན་ལ། རྒྱས་པར་བཤད་པའི་ཚེ་མི་འདོད་པ་བཅུ་གཉིས་ལ་ཡང་དེ་ལྟར་བསྟན་པ་ལས། བདག་ལ་སྡུག་བསྔལ་བྱེད་པ་ལ་བཟོད་པ་སྒོམ་ཚུལ་རྣམ་པ་གསུམ་གྱིས་རྒྱས་པར་བཤད་དེ། བདག་ལ་བརྙས་སོགས་གསུམ་དང་བཤེས་ལ་དེ་བཞི་དང་དགྲ་ལ་ལེགས་བྱས་བསྡུས་ནས་བསྟན་པར་མཛད་པ་ལ་གོང་གི་འགྲེས་སྦྱར་ཏེ་བཤད་ཅིང་བསྒོམ་དགོས་པ་ཡིན་ལ། འདོད་པའི་གེགས་བཅུ་གཉིས་བསྡུས་ཏེ་བསྟན་པ་ལས་ཐོག་མར་དགྲ་བཞག་སྟེ་གསུང་བ་ནི་བསྟན་བཅོས་ཀུན་ལས་བརྗོད་བྱ་ཉུང་བ་ཐོག་མར་བཤད་པ་བཞིན་ཡིན་ནོ། །བམ་པོ་གཉིས་པའོ། །འདི་ལ་མང་ཉུང་གི་ཚད་གཅིག་ཏུ་མ་ངེས་ཤིང་འདིར་བམ་པོ་གཉིས་ཞེས་གསུང་ནའང་ཕྱི་མ་འདི་མང་ངོ་། །གཉིས་པ། འདོད་པའི་གེགས་བྱེད་ལ་བཟོད་པ་བསྒོམ་པ་ལ། དགྲ་བོའི་མི་འདོད་པའི་གེགས་བྱེད་པ་ལ་བཟོད་པ་བསྒོམ་པ། བདག་དང་བདག་གི་བཤེས་ལ་འདོད་པའི་གེགས་བྱེད་པ་ལ་བཟོད་པ་བསྒོམ་པ་དང་གཉིས་ལས། དང་པོ་ནི། དགྲ་ལ་སྡུག་བསྔལ་བརྙས་སོགས་བཞི་འབྱུང་བར་དེའི་གེགས་བྱས་པས་ཁྲོ་བར་བྱེད་པ་ལ་འདི་ལྟར་གལ་ཏེ་དགྲ་ཞིག་ལ་མི་ཤི་ཕྱུགས་འཐོང་དགྲ་བརྒྱབ་པ་ལ་སོགས་པའི་མི་དགའ་བའམ་སྡུག་བསྔལ་བར་གྱུར་ནའང་དེ་ལ་ཁྱོད་དགར་ཏེ་ཁྱོད་དགའ་དགའ་བྱས་པ་ལ་དོན་ཅི་ཞིག་ཡོད་དེ་ཁྱོད་ལ་ཕན་པ་ཅི་ཡང་མེད་དོ། །གལ་ཏེ་ཡོད་དུ་ཆུག་ནའང་ཁྱོད་ཀྱི་དགྲ་ལ་མི་ཤི་བའམ་དགྲ་བརྒྱབ་ན་ཅི་མ་རུང་སྙམ་པ་སོགས་ཡིད་ལ་སྨོན་ཅིང་ངག་ཏུ་དམོད་པ་བོར་བ་ཙམ་གྱིས་ནི་དགྲ་དེ་ལ་འདི་ཕྱིར་གནོད་པའི་རྒྱུར་ཅུང་ཟད་ཙམ་ཡང་མི་འགྱུར་བས་དོན་མེད་དོ། །ཁྱོད་ཀྱི་འདོད་པས་དགྲ་བོ་དེ་ལ་སྡུག་བསྔལ་དེ་རྣམས་གྲུབ་པར་གྱུར་ནའང་ཁྱོད་དགར་བྱ་རྒྱུ་ཅི་ཞིག་ཡོད་དེ་དོན་ཅི་ཡང་མེད་དོ། །གལ་ཏེ་དེ་ལྟ་ནའང་བདག་མ་ཤི་གོང་དུ་འདོད་པ་གྲུབ་པས་རང་གི་སེམས་འཚེངས་པར་འགྱུར་རོ་ཞེ་ན། ཅི་ཞིག་འཆོངས་ཏེ་དེ་ལས་ཚེ་འདི་ཕྱིར་གཉིས་ཀར་ཕུང་བའམ་གཞན་ཅི་ཞིག་ཡོད་དེ་དགྲ་ལ་མི་གནོད་པར་མ་ཟད་ཚེ་འདིར་བསམ་ངན་མཚོན་ཆ་རང་ལ་འཁོར་ནས་མི་འདོད་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བླངས་བ་ལྟར་རང་ཉིད་ལ་འདུ་བ་དང་སེམས་ཅན་བློས་བཏང་གི་རྩ་ལྟུང་དུའང་འགྱུར་ཞིང་ཕྱི་མ་དམྱལ་བ་ལ་སོགས་པར་ལྟུང་སྟེ་ཤིན་ཏུ་སྡུག་བསྔལ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་ཉ་བས་ཉ་རྣམས་ལྕགས་ཀྱུས་བཟུང་ནས་སྣོད་དུ་བཙོ་བ་བཞིན་དུ་ཀུན་སློང་ཉོན་མོངས་པ་ཉ་བ་དང་འདྲ་བས་བཏབ་པ་ཡི་སྨོན་ལམ་ལོག་པ་ལ་སོགས་པའི་མཆིལ་པ་སྟེ་ལྕགས་ཀྱུ་འདྲ་བའི་འདི་ནི་མི་བཟད་པ་གཟེ་བའམ་རྣོ་བ་དེས་བཟུང་ན་སེམས་ཅན་དམྱལ་བའི་ལྕགས་བསྲེག་གི་བུམ་པར་རམ་དམྱལ་ཟངས་ཆེན་པོའི་ནང་དུ་ཡང་གཤིན་རྗེའི་ལས་མཁན་དམྱལ་བའི་སྲུང་མས་བདག་ཉིད་ཡུན་རིང་དུ་འཚེད་ཅིང་བསྲེག་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པ་མྱོང་བར་ངེས་པའི་ཕྱིར་རོ། །གཉིས་པ་ནི། འཇིག་རྟེན་པའི་ཆོས་རང་ལ་བསྟོད་པ་དང་གྲགས་པའི་གེགས་བྱས་པ་ལ་ཁྲོ་བར་མི་རིགས་ཏེ་བདག་ལ་གཞན་རྣམས་ཀྱིས་བསྟོད་པ་དང་སྙན་པའི་གྲགས་པ་སྒྲོགས་པའི་རིམ་གྲོས་ནི་ཚེ་ཕྱི་མར་ཕན་པའི་བསོད་ནམས་ཀྱི་ཚོགས་སུ་མི་འགྱུར་ཞིང་ཚེ་འདིར་ཕན་པའི་ཚེར་ཏེ་ཚེ་རིང་བའི་རྒྱུར་མི་འགྱུར་ལ་བདག་གི་སྟོབས་འཕེལ་བར་ཡང་མི་འབྱུང་བ་དང་ལུས་ལ་ནད་མེད་པར་འགྱུར་བའང་མིན་ཞིང་ཐ་ན་ཟས་སྐོམ་ཅུང་ཟད་ཟོས་ཤིང་འཐུང་བ་ཙམ་གྱིས་ལུས་ལ་བདེ་བར་ཡང་མི་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་བདག་ནི་རང་དོན་ལ་མཁས་ཤིང་སྒྲུབ་ཤེས་པར་འགྱུར་བ་ཡིན་ན་བསྟོད་པ་དང་གྲགས་པ་དེ་ལ་རང་གི་དོན་ཅི་ཞིག་ཡོད་དེ་ཅི་ཡང་མེད་དོ། །དེ་ལ་ལུས་ལ་ཕན་པ་སོགས་མེད་ཀྱང་སེམས་ལ་ཕན་ཅིང་དགའ་བར་འགྱུར་བས་འདོད་དོ་ཞེ་ན། འོ་ན་ཡིད་བདེ་འབའ་ཞིག་དོན་དུ་གཉེར་ཞིང་འདོད་ན་ནི་ལུས་ཀྱི་རྒྱན་ནམ་ཤྭ་དང་ར་ཕེས་སོགས་རྒྱན་པོ་འགྱེད་པ་དང་བུད་མེད་ལ་སོགས་པ་དང་ཆང་གི་བཏུང་བ་ཡང་བསྟེན་དགོས་སོ་ཞེས་རབ་ཏུ་བྱུང་བ་རྣམས་ཀྱིས་མི་བརྟེན་པའི་ཚད་ཡིན་པས་དེ་དང་མགོ་མཉམ་དུ་བསྟན་ཏོ། །རྨོངས་པ་རྣམས་དོན་མེད་ཀྱང་གཏོང་ཕོད་ཅན་དང་གྱོད་སོགས་གཞན་ལས་རྒྱལ་བར་གྲགས་པའི་དོན་དུ་ནོར་བཟང་པོ་རྣམས་ཟད་པར་གཏོང་ཞིང་དཔའ་བར་གྲགས་པའི་དོན་དུ་གཡུལ་དུ་ཞུགས་ཏེ་བདག་ཉིད་ཀྱང་ནི་འཆིར་འཇུག་པས་གསོད་པར་བྱེད་ནུས་ན་དེ་ཉིད་རྒྱལ་བར་གྱུར་ཏོ་དཔའ་བོ་ཡིན་ནོ་ཞེས་སྙན་པར་གྲགས་པའི་ཚིག་འབྲུ་བཟང་པོ་རྣམས་ཀྱིས་ཅི་ཞིག་བྱ་སྟེ་དགོས་པ་ཅི་ཡང་མེད་དེ་རང་ཉིད་ཤི་བར་གྱུར་པ་ན་སྙན་པའི་གྲགས་པ་དེས་ཀོ་ལུས་སེམས་སུ་ལ་བདེ་སྟེ་སུ་ལའང་མི་ཕན་པའི་ཕྱིར་རོ། །དཔེར་ན་རྩེད་མོའི་ཆེད་དུ་བྱེ་མའི་ཁང་བུ་བྱས་ཤིང་ཟིན་པ་ན་དེ་རྡིབ་བར་གྱུར་ན་བྱིས་པ་ཅི་ཡང་མི་ཤེས་པ་རྣམས་ནི་ག་ཆད་ཆད་སྟེ་བརྒྱལ་འགྲོ་བ་ལྟ་བུར་ངུ་ཞིང་ཆོ་ངེས་འདེབས་པ་དེ་བཞིན་དུ་བསྟོད་པ་དང་གྲགས་པ་ཉམས་ན་མི་དགའ་བར་མྱ་ངན་གྱིས་གདུང་བར་བྱེད་པའི་རང་གི་སེམས་འདི་ནི་བྱིས་པ་ཅི་ཡང་མི་ཤེས་པ་ཇི་ལྟ་བ་བཞིན་དུ་འཁྲུལ་པའོ། །བདག་ནི་བསྟོད་པ་སོགས་ལ་དགའ་བ་འདི་ཕ་རོལ་པོའི་ངག་གི་བརྗོད་པའི་སྒྲའམ་སེམས་གང་ལ་དགའ་བ་ཡིན་སྙམ་ན། རེ་ཞིག་ཕ་རོལ་པོའི་ངག་གི་བརྗོད་པའི་སྒྲ་དེ་ལ་སེམས་མེད་པའི་ཕྱིར་ན་བདག་ལ་འདི་བསྟོད་པར་བྱའོ་སྙམ་པའི་སེམས་ཡོད་མི་སྲིད་པས་དེ་ལ་དགའ་བར་མི་རིགས་ཤིང་དོན་སྤྱི་དངོས་མེད་ཀྱི་སྒྲ་ལའང་དགའ་བའི་གནས་ཅི་ཡང་མེད་དོ། །བདག་ལ་གཞན་བསྟོད་མཁན་དེ་དགའ་འོ་ཞེས་གྲགས་པ་ཡི་གཞན་གྱི་སེམས་དགའ་བ་དེ་ན་བདག་དགའ་བའི་རྒྱུ་ཡིན་གྲང་ཞེས་ཡིན་ལས་ཆེ་ན་ཡང་། གཉེན་དང་གྲོགས་གཞན་ན་མ་ཡང་ན་བདག་ལའང་རུང་སྟེ་གཞན་བསྟོད་པ་པོའི་རྒྱུད་ལ་ཡོད་པའི་དགའ་བ་ངེས་བདག་ལ་ཅི་ཞིག་ཕན་ཏེ་ཅི་ཡང་མི་ཕན་ནོ། །དེའི་རྒྱུ་མཚན་གཞན་བསྟོད་པ་པོའི་རྒྱུད་ལ་ཡོད་པའི་དགར་བདེ་དེ་ནི་བསྟོད་པ་པོ་དེ་ཉིད་ཀྱི་མྱོང་བ་ལས་བདག་གིས་དགའ་བདེ་དེ་ལས་ཤེས་ཙམ་མམ་ཅུང་ཟད་ཙམ་ཡང་མི་མྱོང་ཞིང་མི་འཐོབ་པའི་ཕྱིར་རོ། །དཔེར་ན་མ་བདེ་བས་ན་བུ་བདེ་བ་ལྟར་བསྟོད་མཁན་པོ་དེ་དགའ་ཞིང་བདེ་བ་ཡིས་བདག་དགའ་ཞིང་བདེའོ་སྙམ་ན། དེ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཡིན་པས་དེ་ལྟ་ན་སེམས་ཅན་མ་ལུས་པ་ཀུན་ལས་སུ་ལའང་དགའ་བདེ་ཡོད་ན་སྔ་མ་དེ་བཞིན་དུ་བདག་ཀྱང་དགའ་ཞིང་བདེ་བར་བྱ་དགོས་ན་ཡང་ཅིའི་ཕྱིར་དགྲ་སོགས་གཞན་ལ་གང་ཟག་གཞན་རྣམས་དགའ་བ་ཡིས་བསྟོད་པས་བདེ་བར་གྱུར་ན་ཕྲག་དོག་གིས་བདག་ཡིད་མི་བདེ་བར་བྱེད་དེ་བྱེད་མི་རིགས་ཏེ་དེ་གཉིས་འགལ་བ་ཡིན་པས་སོ། །དེ་བས་ན་བདག་ནི་གཞན་རྣམས་ཀྱིས་བསྟོད་དོ་སྙན་པར་བརྗོད་དོ་ཞེས་བསམས་ནས་རང་གི་རྒྱུད་ལ་དགའ་བ་ཆེན་པོ་སྐྱེ་བར་འགྱུར་བ་དེ་ཡང་ཕ་རོལ་པོའི་ངག་གི་སྒྲ་དང་སེམས་གཉིས་ཀར་གང་ལ་དགའ་ཞེས་བརྟགས་ན་དེ་ལྟར་མི་འཐད་པས་བྱིས་པ་རྣམས་བྱེ་མའི་ཁང་བུ་ལ་དགའ་ཞིང་ཆགས་པའི་སྤྱོད་པ་དང་འདྲ་བ་ཁོ་ནར་ཟད་དེ་སྙིང་པོ་ཅི་ཡང་མེད་དོ། །དམ་པའི་ཆོས་བཤད་སྒྲུབ་གང་བྱེད་པ་ལའང་བསྟོད་བཀུར་གྲགས་རྙེད་སོགས་ཡོད་ན་དེས་བདག་ནི་སེམས་ཁེངས་ཤིང་རྒོད་པ་དང་རྙེད་པ་སོགས་ལ་ཞེན་པ་ཇེ་ཆེར་སོང་སྟེ་རྙེད་བཀུར་བསྒྲུབ་ཕྱིར་བཤད་སྒྲུབ་གང་ཡང་མི་ཁོམས་ཤིང་མི་མོས་པར་ཕན་ཚུན་འདུ་འཛིས་འབྲེལ་ནས་འཇིག་རྟེན་ཆོས་བརྒྱད་ལ་གཡེང་བར་བྱེད་ལ། འདོད་ཡོན་ལ་གཡེང་བ་དེས་ནི་སྐྱོ་ཤེས་དང་ངེས་འབྱུང་གི་བསམ་པ་ཅུང་ཟད་འབྱུང་བའང་འཇིག་པར་བྱེད་པ་སྟེ་མེད་པར་བྱེད་ཅིང་། སེམས་སྐྱོ་བའི་གནས་ལ་བསམ་གཏན་འཁོར་ཞེས་སེམས་སྐྱོ་ཤས་དང་བྲལ་ན་བསམ་གཏན་སོགས་ཏིང་འཛིན་གྱི་ཉམས་ལེན་ལྟ་ཅི་ཐ་མ་ལུས་ངག་གི་དགེ་སྦྱོར་ཡང་མི་འགྲུབ་བོ། །རང་ལ་བསྟོད་སོགས་ཀྱི་ཡོན་ཏན་ཅུང་ཟད་ཙམ་ཡོད་ན་བསྟོད་སོགས་ལྡན་པའི་གཞན་ཡོན་ཏན་དང་ལྡན་པ་རྣམས་ལ་ཕྲག་དོག་འཕེལ་བར་འགྱུར་བ་དང་དེས་གཞན་གྱི་ཡོན་ཏན་ལ་མི་བཟོད་ཅིང་ཁྲོ་བས་རང་གི་ཚེ་འདི་ཕྱིའི་ཡོན་ཏན་ཕུན་སུམ་ཚོགས་པའང་འཇིག་པར་བྱེད་དོ། །དེས་ན་ཉོན་མོངས་པ་ཐམས་ཅད་ལས་ཕྲག་དོག་གི་སྐྱོན་ཆེ་སྟེ་འདོད་ཆགས་ཅན་དགའ་བོ་དང་། ཞེ་སྡང་ཅན་རབ་འབྱོར་དང་། གཏི་མུག་ཅན་ལམ་ཆུང་བ་ལ་སོགས་པའང་གཞན་དེ་བཞིན་གཤེགས་པའི་ཡོན་ཏན་མཐོང་ནས་འདུལ་བར་ནུས་ལ་ལྷས་སྦྱིན་གྱི་རྫུ་འཕྲུལ་ཅུང་ཟད་ཐོབ་ནས་མ་སྐྱེས་དགྲ་དབང་དུ་བསྡུས་ཏེ་ཕྲག་དོག་གིས་དེ་བཞིན་གཤེགས་པའི་ཡོན་ཏན་མ་མཐོང་བར་མ་ཟད་ངན་སེམས་ཀྱིས་མཚམས་མེད་ཀྱི་ལས་ངན་བསགས་པ་ལ་སོགས་པས་དམྱལ་བར་སྐྱེས་པ་ལྟ་བུར་ཡིན་པས་སོ། །ཉེས་པ་ཆེན་པོ་དེ་ལྟ་བུ་ཡོད་པ་དེ་ཕྱིར་བདག་གི་བསྟོད་བཀུར་གྲགས་རྙེད་ལ་སོགས་པ་ནི་གཞིག་པའམ་མེད་པར་བྱ་བའི་ཕྱིར་དགྲ་ལ་སོགས་པའི་སེམས་ཅན་གང་དག་ཉེར་ཏེ་ཉེ་བར་གནས་པ་དེ་དག་བདག་ནི་བསྟོད་སོགས་ལ་ཆགས་ཤིང་ཞེན་པས་དམྱལ་བ་ལ་སོགས་པའི་ངན་སོང་དུ་ལྟུང་བའམ་སྐྱེ་བར་འགྱུར་བ་ལས་བསྲུང་ཞིང་སྐྱབས་པའི་ཕྱིར་བརྩོན་པས་ཞུགས་པ་མིན་ནམ་སྟེ་ཡིན་པས་ན་ཕན་འདོགས་པའི་དྲིན་ཅན་ལ་དྲིན་བཟོ་བ་ལས་ཁྲོ་བར་བྱ་མི་རིགས་པ་ཁོ་ནའོ། །བདག་ནི་འཁོར་བའི་བརྩོན་རང་ཉོན་མོངས་པའི་འཆི་བ་ལས་གྲོལ་ཞིང་ཐར་བ་དོན་དུ་གཉེར་མཁན་ཡིན་ལ་བསྟོད་པ་དང་རྙེད་པ་དང་བཀུར་སྟིས་ནི་འཁོར་བའི་གནས་སུ་འཆིང་བར་བྱེད་པས་ན་དཔེར་ན་བརྩོན་རར་ལྕགས་སུ་བཅུག་པ་ལ་ཡང་ལྕགས་གཅིག་ཏུ་བཅུག་མི་དགོས་པ་བཞིན་དུ་འཆིང་བྱེད་དེ་ཨེ་དགོས་ན་དེས་པར་མི་དགོས་པ་ཡིན་པས་དགྲ་ལ་སོགས་པ་གང་དུ་ག་བདག་རྙེད་བསྐུར་སོགས་ཀྱིས་འཁོར་བ་དང་ངན་སོང་དུ་བཅིངས་པ་ལས་གྲོལ་བར་བྱེད་ཅིང་ཕན་འདོགས་པ་དེ་ལ་བདག་ནི་ཇི་ལྟར་ཁྲོ་སྟེ་ཁྲོ་མི་རིགས་སོ། །དེ་ཡང་རྙེད་པ་དང་བཀུར་སྟིའི་སྒོ་འཕར་ཕྱེས་པ་ལ་ཆགས་ཤིང་ཞེན་པ་ནི་ངན་སོང་དུ་འགྲོ་བའི་སྔ་ལྟས་ཡིན་པས་ན་བདག་ནི་རྙེད་བཀུར་སོགས་ལ་ཆགས་པས་ངན་སོང་གི་སྡུག་བསྔལ་ལ་འཇུག་པར་འདོད་པ་ལ་སངས་རྒྱས་རྣམས་ཀྱིས་ནི་བྱིན་གྱིས་རླབས་པ་ཇི་ལྟ་བ་བཞིན་དུ་རྙེད་བཀུར་སོགས་ཀྱི་བར་ཆད་བྱས་པའི་སྒོ་ནས་ངན་སོང་དུ་མི་གཏོང་བའི་སྒོ་འཕར་རམ་སྒོ་གླེགས་ལྟ་བུ་ཉིད་དུ་གྱུར་བ་ཕན་འདོགས་པའི་དྲིན་ཅན་དེ་དག་ལ་བདག་ནི་ཇི་ལྟར་ཁྲོ་སྟེ་ཁྲོ་མི་རིགས་ཤིང་དྲིན་གཟོ་བར་རིགས་སོ། །དགྲ་ལ་སོགས་པ་འདི་ཡིས་ནི་བདག་གི་རྙེད་པ་ཐོབ་ན་ལྷ་བྲི་རྟེན་བཞེངས་ཡར་མཆོད་མར་སྦྱིན་དང་རང་ཡང་མཚམས་བསྙེན་སྒྲུབ་སོགས་ཀྱི་བསོད་ནམས་དགེ་བ་བསྒྲུབ་པའི་གེགས་བྱེད་དོ་ཅེས་བསམ་ནས་དེ་ལའང་ཁྲོ་བར་རིགས་ཤིང་འཐད་པ་མིན་ཏེ་སྔར་བཤད་པ་ལྟར་བཟོད་པ་དང་མཚུངས་པའི་དཀའ་ཐུབ་བམ་དགེ་བམ་མཆོག་ཏུ་གྱུར་པ་ནི་གཞན་ཡོད་པ་མིན་ན་དེ་ཉིད་ལ་བདག་ནི་མི་གནས་སམ་སྟེ་བསོད་ནམས་དགེ་བ་ཞིག་འདོད་ན་དེ་ལ་གནས་པར་རིགས་ཤིང་འཐད་དོ། །གལ་ཏེ་བདག་ནི་ཞེ་སྡང་དང་ཕྲག་དོག་ལ་སོགས་པའི་རང་གི་སྐྱོན་གྱིས་རྙེད་བཀུར་ལ་སོགས་པའི་གེགས་བྱེད་པའི་དགྲ་བོ་ལ་སོགས་པའི་གནོད་བྱེད་འདི་ལ་བཟོད་པར་མི་བྱེད་ན་བསོད་ནམས་དགེ་བ་མཆོག་ཏུ་གྱུར་པ་བཟོད་པའི་རྒྱུ་དགྲ་ལ་སོགས་པས་གནོད་པར་བྱེད་པ་ནི་ཉེར་ཏེ་ཉེ་བར་གནས་པ་འདི་ལ་བདག་རང་ལ་རང་གིས་གེགས་བྱེད་པར་ཟད་དོ། །འདི་ལ་རྒྱུ་བཟོད་པ་ལའང་བཤད་དོ། །དེ་ཡང་བཟོད་པ་གང་ཞིག་དགྲ་སོགས་གནོད་བྱེད་གང་མེད་ན་མི་འབྱུང་ལ་དགྲ་སོགས་གནོད་བྱེད་གང་ཞིག་ཡོད་ན་བཟོད་པ་དེ་ཡང་ཡོད་པར་འགྱུར་བ་ཡི་གནོད་བྱེད་དེ་ཉིད་བཟོད་པ་དེ་འགྲུབ་པ་ཡི་རྒྱུ་ངེས་པར་ཡིན་ན་ཇི་ལྟར་དགྲ་སོགས་གནོད་བྱེད་དེ་ལ་བསོད་ནམས་དགེ་བའི་གེགས་ཡིན་ནོ་ཞེས་བྱ་མི་རིགས་ཏེ་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །དཔེར་ན་སྦྱིན་པ་གཏོང་བའི་དུས་སུ་བབ་པ་ན་སྦྱིན་པའི་སློང་མོ་བས་སྦྱིན་པའི་གྲོགས་བྱེད་པ་ཡིན་གྱི་གེགས་བྱས་པ་ཅུང་ཟད་ཙམ་ཡོད་པ་མ་ཡིན་ན་ཇི་ལྟར་དེ་ལ་གེགས་ཞེས་བྱ་སྟེ་བྱ་མི་རིགས་པ་དང་། རབ་བྱུང་དོན་དུ་གཉེར་བ་ན་རབ་ཏུ་འབྱིན་པར་བྱེད་པའི་མཁན་སློབ་ལ་སོགས་པ་མཐུན་རྐྱེན་དུ་གྱུར་པ་འདི་ནི་རབ་ཏུ་བྱུང་བའི་གེགས་ཡིན་ནོ་ཞེས་བྱར་ཏེ་བྱ་བར་མི་རུང་བ་བཞིན་ནོ། །བསྐལ་པ་མར་འགྲིབ་སྙིགས་མའི་དུས་འཇིག་རྟེན་ན་ནི་སྦྱིན་པའི་གྲོགས་སློང་བ་སྤྲང་པོ་ནི་ཤིན་ཏུ་མོད་ལ་དེ་བས་རབ་ཏུ་འབྱིན་པར་བྱེད་པའི་མཁན་སློབ་དཀོན་ལ། དེ་བས་ཀྱང་བཟོད་པའི་རྒྱུ་གནོད་པ་བྱེད་པ་ཡི་སེམས་ཅན་དཀོན་པ་སྟེ་དེའི་རྒྱུ་མཚན་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕར་ལ་གནོད་པ་རྡུལ་ཙམ་མ་བྱས་པར་ཕན་པ་འབའ་ཞིག་སྒྲུབ་པར་བྱེད་ན་སེམས་ཅན་འགའ་ཡང་ཚུར་གནོད་པ་མི་བྱེད་པས་བཤེས་པར་འགྱུར་བ་ཉིད་དོ། །དེ་ཡང་སེམས་ཅན་མ་རུངས་བ་རྣམས་ཀྱིས་ཀྱང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་མཇལ་མ་ཐག་ཏུ་གནོད་འཚེའི་བསམ་སྦྱོར་ཞི་ཞིང་བྱམས་པའི་སེམས་དང་ལྡན་པར་གྱུར་ནས་གུས་པར་བྱེད་དེ། སྔོན་རྗེ་བཙུན་མི་ལའི་མདུན་ན་ཁྱི་དང་ཤ་བ་ལྷན་གཅིག་ཏུ་ཆོས་ཉན་པ་དང་། རྒྱལ་སྲས་ཐོགས་མེད་ཀྱི་མདུན་ན་སྤྱང་ཀུ་དང་ལུག་གཉིས་ཕན་ཚུན་དགའ་ཞིང་རྩེ་བར་བྱེད་པ་ལ་སོགས་པ་ལྟ་བུའོ། །བསོད་ནམས་དགེ་བ་མཆོག་བཟོད་པ་དེ་འགྲུབ་པའི་རྒྱུ་དཀོན་པ་དེ་བས་ན་མི་ཤིན་ཏུ་དབུལ་པོ་ཞིག་གིས་དཀའ་ཚེགས་དང་ངལ་བས་མ་སྒྲུབ་པའི་རང་གི་ཁྱིམ་དུ་ཟས་གོས་ལ་སོགས་པའི་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་ཆེན་པོ་ནི་བྱུང་ན་དགའ་བ་ཆེན་པོ་སྐྱེ་བ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པའི་མཆོག་བཟོད་པ་བསྒོམ་པའི་གྲོགས་རྙེད་པ་དཀོན་པ་རྙེད་པར་གྱུར་པས་ན་བདག་གིས་དགྲ་སོགས་གནོད་བྱེད་བྱུང་བ་རྣམས་ལ་དགའ་བ་འབའ་ཞིག་སྐྱེ་བར་བྱ་དགོས་སོ། །དེ་ཡང་བླ་མ་གསེར་ཁང་པ་ཆེན་པོས་ཁོང་གི་བླ་མ་གཉའ་ཐུབ་བསྟན་ཟེར་བ་ཇག་དཔོན་དེ་ཡིན་ཞེས་གསུངས་དེའི་རྒྱུ་མཚན་ཁོང་གི་ལོངས་སྤྱོད་ཐམས་ཅད་དེས་བཅོམ་སྟེ་འཕྲོག་སོང་བ་དེ་ཕྱིན་ཁོང་སྔར་ལྟར་བླ་ཆེན་གྱི་གོ་ས་མ་མཛད་པར་ཁོང་བྱ་བྲལ་ལྟ་བུར་མཛད་པར་གསུངས་དེ་ལྟར་དགྲ་སོགས་གནོད་བྱེད་དེ་མེད་ན་བཟོད་པ་དེ་མི་འགྲུབ་པས་དགྲ་འདི་དང་བདག་གིས་བཟོད་པ་འདི་བསྒྲུབ་པ་ཡིན་པས་ན་དེ་ཕྱིར་བཟོད་པ་བསྒོམ་པའི་འབྲས་བུ་དེ་ནི་དགྲ་འདི་ལ་ཐོག་མར་བདར་ཏེ་བཤམས་ནས་སྤྱིན་པར་འོས་ཏེ་དེའི་རྒྱུ་མཚན་འདི་ལྟར་དགྲ་སོགས་གནོད་བྱེད་དེ་ནི་བཟོད་པ་དེ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །གལ་ཏེ་དགྲ་འདིས་བདག་རྒྱུད་ལ་བཟོད་པ་བསྒྲུབ་པར་བྱའོ་སྙམ་པའི་ཀུན་སློང་གི་བསམ་པ་བཟང་པོ་མེད་པས་དགྲ་འདི་ནམ་ཡང་མཆོད་པར་བྱ་བ་མིན་ནོ་ཞེ་ན། འོ་ན་རང་རྒྱུད་ལ་དགེ་བ་རྒྱ་ཆེན་པོ་འགྲུབ་པ་ཡི་ནི་རྒྱུར་རུང་བ་ཡི་དམ་པའི་ཆོས་ཀྱང་ཅི་སྟེ་མཆོད་དེ་མཆོད་མི་རིགས་ཏེ་བདག་རྒྱུད་ལ་དགེ་བ་བསྒྲུབ་པར་བྱེད་དོ་སྙམ་པའི་ཀུན་སློང་གི་བསམ་པ་མེད་པའི་ཕྱིར་རོ། །དེ་ལྟ་ནའང་གལ་ཏེ་དམ་པའི་ཆོས་ལ་གནོད་སེམས་མེད་ལ་དགྲ་འདི་ལ་བདག་ལ་གནོད་པར་བྱ་སྙམ་པའི་བསམ་པ་ཡོད་པས་ན་མཆོད་པར་བྱ་བ་མིན་ནོ་ཞེ་ན། དགྲ་རྣམས་གནོད་སེམས་མེད་པར་སྨན་པ་བཟང་པོ་བཞིན་དུ་བདག་ལ་ཕན་བདེ་འབའ་ཞིག་བསྒྲུབ་པར་བརྩོན་པ་ཡིན་ན་དེ་ལ་བརྟེན་ནས་བདག་གིས་བཟོད་པ་ཇི་ལྟར་འགྲུབ་སྟེ་མི་འགྲུབ་སྟེ་རྒྱུ་མེད་པའི་ཕྱིར་རོ། །ཕན་པར་བརྩོན་པ་ལས་བཟོད་པ་མི་འགྲུབ་པ་དེ་བས་ན་རབ་ཏུ་སྡང་བའི་སེམས་དང་ལྡན་པས་གནོད་པར་བྱེད་པའི་དགྲའི་མཆན་ཉིད་ཡོད་པ་ལ་བརྟེན་ནས་བདག་རྒྱུད་ལ་བཟོད་པ་སྐྱེ་བར་འགྱུར་བས་ན་དགྲ་བོ་དེ་ཉིད་བཟོད་པ་འགྲུབ་པའི་རྒྱུ་ཡིན་པས་བདག་ལ་བཟོད་པ་བསྒྲུབ་པའི་བསམ་པ་མེད་ཀྱང་དམ་པའི་ཆོས་བཞིན་དུ་མཆོད་པར་འོས་ཏེ་དགེ་བ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །གསུམ་པ་སེམས་ཅན་ལ་གུས་པར་བྱ་བ་ལ། བསོད་ནམས་ཀྱི་ཞིང་དུ་བསམ་སྟེ་སེམས་ཅན་ལ་གུས་པར་བྱ་བ། རྒྱལ་བ་དགྱེས་པ་ལ་བསམ་སྟེ་སེམས་ཅན་ལ་གུས་པར་བྱ་བ། ཕན་གནོད་ཀྱི་འབྲས་བུ་ལ་བསམ་སྟེ་སེམས་ཅན་ལ་གུས་པར་བྱ་བ་དང་གསུམ་ལས། དང་པོ་ནི། དགྲ་ལ་སོགས་པའི་སེམས་ཅན་ལ་བརྟེན་ནས་བཟོད་པ་ལ་སོགས་པའི་དགེ་བ་རང་རྒྱུད་ལ་འགྲུབ་པ་དེ་ཕྱིར་དོན་གཉིས་ཕུན་སུམ་ཚོགས་པའི་སངས་རྒྱས་ཀྱི་ས་བོན་འདེབས་པའི་ཞིང་ས་བཟང་པོ་ནི་སེམས་ཅན་གྱི་ཞིང་དང་ནི་རྒྱལ་བའི་ཞིང་གཉིས་ལ་བརྟེན་ནས་དགེ་བའི་ལོ་ཏོག་འཕེལ་ཞིང་རྒྱས་པར་འགྱུར་བས་ན་ཞིང་ས་བཟང་པོ་དང་འདྲའོ་ཞེས་ཐུབ་པ་དེ་བཞིན་གཤེགས་པས་གསུངས་ཏེ། སྨོན་ལམ་རྣམ་པར་དག་པའི་མདོ་ལས། ངས་སྔོན་སེམས་ཅན་ཞིང་རྣམས་དང་། །ཐུབ་པའི་ཞིང་ལ་བརྟེན་ནས་ནི། །སངས་རྒྱས་ཆོས་རྣམས་མཐའ་ཡས་པའི། །ལོ་ཏོག་ཕུན་སུམ་ཚོགས་པ་ཐོབ། །ཅེས་པ་ལ་སོགས་པས་སོ། །དེ་ལ་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཚེ་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཕྱིར་དང་བར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚད་མེད་བཞི་དང་། སྦྱིན་ཚུལ་བཟོད་པ་ལ་སོགས་ཕལ་ཆེར་སེམས་ཅན་ལ་དང་། སྐྱབས་སུ་འགྲོ་བ་ལ་སོགས་པ་ཕལ་ཆེར་སངས་རྒྱས་ལ་བརྟེན་དགོས་པའི་ཕྱིར་དང་། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཡང་སེམས་ཅན་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་དགོས་པའི་ཕྱིར་ན་ཞིང་ས་གཉིས་བསྟན་ཏོ། །དེ་ལ་ལུང་དོན་རིགས་པས་འགྲུབ་དགོས་པའི་ཕྱིར་རིགས་པའང་ཡོད་དེ་འདི་ལྟར་བྱམས་སྙིང་རྗེ་སོགས་ཀྱིས་སེམས་ཅན་འདི་དག་རྣམས་མགུ་བར་བྱས་པ་དང་། དམ་པའི་ཆོས་སྒྲུབ་པ་ལ་སོགས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཐུགས་དགྱེས་པར་བྱས་པའི་གང་ཟག་དམ་པ་མང་པོ་ཞིག་འདི་ལྟར་དོན་གཉིས་ཕུན་སུམ་ཚོགས་པའི་ཕ་རོལ་དུ་ཕྱིན་པའམ་མཐར་ཕྱིན་པའི་སངས་རྒྱས་ཉིད་ཐོབ་པའི་ཕྱིར་རོ། །དེས་ན་སེམས་ཅན་རྣམས་དང་རྒྱལ་བ་རྣམས་ལ་བརྟེན་པ་ལས་འབྲས་བུ་སངས་རྒྱས་ཀྱི་ཆོས་སྟོབས་བཅུ་མི་འཇིགས་པ་བཞི་ལ་སོགས་པ་རང་རྒྱུད་ལ་འགྲུབ་པའི་ཆ་ནས་དེ་གཉིས་འདྲ་བ་ལ་རྒྱལ་བ་རྣམས་ལ་གུས་པར་བྱེད་པ་དང་དེ་བཞིན་དུ་སེམས་ཅན་རྣམས་ལ་གུས་པར་བྱེད་པ་མིན་པ་འདི་ཅི་ཡི་ཚུལ་ཏེ་ཚུལ་དང་མི་མཐུན་པ་ཡིན་པས་གཉིས་ཀར་མཉམ་པར་གུས་པར་བྱའོ། །སངས་རྒྱས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་དང་། སེམས་ཅན་སྐྱོན་གྱི་གོང་བུ་གཉིས་མི་འདྲ་བས་ཡིན་ནོ་ཞེ་ན། སངས་རྒྱས་དང་སེམས་ཅན་རང་རང་གི་བསམ་པའི་ཡོན་ཏན་ཏེ་སེམས་རྒྱུད་ཀྱི་ཡོན་ཏན་དེ་ག་རང་གིས་དེ་གཉིས་འདྲ་བའམ་མཉམ་པ་ཡིན་ནོ་ཞེས་བརྗོད་པ་མིན་ནོ། །འོ་ན་ཅི་ཞེ་ན་དེ་གཉིས་ལ་བརྟེན་ནས་འབྲས་བུ་སངས་རྒྱས་ཀྱི་ཆོས་རང་རྒྱུད་ལ་འགྲུབ་པའི་ཆ་ནས་འདྲ་བ་ལས་མཉམ་པར་བརྗོད་པ་ཡིན་ཏེ་དེས་ན་སངས་རྒྱས་རྣམས་དང་མཚུངས་པར་སེམས་ཅན་རྣམས་ལའང་རང་རྒྱུད་ལ་སངས་རྒྱས་བསྐྱེད་པའི་ཡོན་ཏན་ཡོད་པ་དེའི་ཕྱིར་སངས་རྒྱས་དང་སེམས་ཅན་དེ་དག་འདྲ་བའམ་མཉམ་པར་བཤད་པ་ཡིན་ནོ། །དེ་ཡང་བསམ་གཏན་བཞི་པའི་ངོ་བོར་གྱུར་པའི་བྱམས་པའི་ཏིང་ངེ་འཛིན་གྱི་སེམས་དང་ལྡན་པ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་སྟན་ལས་མ་བཞེངས་པའི་གང་ཟག་དེ་ལ་མཆོད་པ་སོགས་བྱས་ན་འབྲས་བུ་ཚེ་འདིར་མཐོང་ཆོས་མྱོང་གྱུར་དུ་སྨིན་པར་འགྱུར་བ་གང་ཡིན་པ་དེ་ནི་སེམས་ཅན་རྣམས་ཀྱི་ཆེ་བ་ཉིད་ཡིན་ཏེ། གང་ཟག་དེ་ཡུལ་གཉན་པོ་དེ་ལྟ་བུར་གྱུར་པ་ནི་བྱམས་པའི་སེམས་ཅན་ལ་དམིགས་པས་ཡིན་པས་སོ། །སངས་རྒྱས་ལ་དད་པའི་བསོད་ནམས་ཐལ་མོ་ཡ་གཅིག་སྦྱར་བ་དང་མེ་ཏོག་གཅིག་ཙམ་མམ་ཆུ་ཐིག་གཅིག་ཙམ་མཆོད་པ་ལ་སོགས་པ་ཡང་ཐར་པ་ཆ་མཐུན་གྱི་དགེ་བ་ཟད་པ་མེད་པར་འགྱུར་བ་གང་ཡིན་པ་དེ་ཡང་སངས་རྒྱས་རྣམས་ཀྱི་ཆེ་བ་ཉིད་ཡིན་ནོ། །མདོར་ན་འབྲས་བུ་སངས་རྒྱས་ཀྱི་ཆོས་འགྲུབ་པའི་ཆ་སེམས་ཅན་རྣམས་ལའང་ཡོད་པ་དེས་ན་སེམས་ཅན་དང་སངས་རྒྱས་དེ་དག་མཉམ་པར་འདོད་པ་ཡིན་གྱི་སྟོབས་བཅུ་མི་འཇིགས་པ་བཞི་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའི་ཡོན་ཏན་རྒྱ་མཚོ་ལྟར་མཐའ་ཡས་པ་མངའ་པའི་སངས་རྒྱས་རྣམས་དང་སེམས་ཅན་འགལ་ཡང་ཡོན་ཏན་གྱི་ཆ་ནས་མི་མཉམ་མོ། །སྟོབས་བཅུ་ལ་སོགས་པའི་ཡོན་ཏན་མཆོག་ཏུ་གྱུར་པའི་ཚོགས་ལ་འགྲན་ཟླ་མེད་པས་གཅིག་པུ་ཡི་ཡོན་ཏན་གྱི་ཆ་ཤས་ཕྲ་མོ་ཅུང་ཟད་ཙམ་ཞིག་སེམས་ཅན་འགའ་ཞིག་ལ་སྣང་ནའང་སེམས་ཅན་དེ་ལ་མཆོད་པའི་དོན་དུ་ཁམས་གསུམ་གྱི་འབྱོར་པའམ་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་ཕུལ་ཡང་ཆུང་བར་འགྱུར་བས་ན་ཡོན་ཏན་གྱི་ངོས་ནས་མི་མཚུངས་ཀྱང་སངས་རྒྱས་ཀྱི་ཆོས་མཆོག་ཏུ་གྱུར་པ་རྣམས་རང་རྒྱུད་ལ་སྐྱེ་བའི་ཡོན་ཏན་གྱི་ཆ་ཤས་ནི་སེམས་ཅན་རྣམས་ལའང་ཡོད་པས་ན་རྒྱུ་མཚན་འདི་ཙམ་དག་གིས་ཆ་དང་ཡང་བསྟུན་ནས་སེམས་ཅན་རྣམས་ཀྱང་སངས་རྒྱས་དང་འདྲ་བར་མཆོད་བྱར་ཏེ་མཆོད་ཅིང་མཉེས་པར་བྱ་བའི་ཞིང་དུ་རིགས་པར་འགྱུར་རོ། །གཉིས་པ་ནི། སེམས་ཅན་ལ་གུས་པར་བྱ་དགོས་པའི་རྒྱུ་མཚན་གཞན་ཡང་གཡོ་དང་སྒྱུ་མེད་པར་དགྲ་ལ་སོགས་པ་མཐའ་ཡས་པའི་འགྲོ་བ་རྣམས་ལ་ལྷས་སྦྱིན་དང་སྒྲ་གཅན་འཛིན་མཉམ་པ་ལྟ་བུར་གཉེན་བཤེས་མཆོག་ཏུ་གྱུར་ཅིང་ཚེ་འདི་ཕྱི་ཀུན་ཏུ་ཕན་པ་དང་བདེ་བ་དཔག་ཏུ་མེད་པ་མཛད་པའི་རྒྱལ་བ་དང་བྱང་ཆུབ་སེམས་དཔའ་དང་བཅས་པ་རྣམས་ལ་སེམས་ཅན་རྣམས་ལ་ཕན་བཏགས་པས་མགུ་བར་བྱ་བ་མ་གཏོགས་པ་གཞན་གང་ཞིག་གིས་ནི་ཕན་བཏགས་པར་མཛད་པའི་དྲིན་ལན་ལོན་པར་འགྱུར་ཏེ་མི་འགྱུར་བས་བྱས་པ་ཤེས་ཤིང་དྲིན་གཟོ་བའི་ཕྱིར་སེམས་ཅན་རྣམས་མགུ་བར་བྱའོ། །སེམས་ཅན་གང་ཞིག་ཕན་བདེ་ཐོབ་པའི་ཕྱིར་དུ་བསོད་ནམས་བརྒྱ་ལས་གྲུབ་པའི་སྐུ་ཡང་གཏོང་དགོས་ན་གཏང་ཞིང་མནར་མེད་པའི་དམྱལ་བར་ཡང་འཇུག་པར་མཛད་པ་དེ་དག་ལ་དད་གུས་ཡོད་ན་ནི་སེམས་ཅན་དེ་ལ་ཕན་བཏགས་པས་དྲིན་ལན་ལོན་པའམ་སོད་པར་འགྱུར་བས་ན་རྒྱུ་མཚན་དེ་བས་ན་སེམས་ཅན་འདི་དག་གིས་བདག་གི་ལོངས་སྤྱོད་སོགས་ལ་གནོད་པ་ཆེན་པོ་ཇི་ཙམ་བྱེད་ན་ཡང་སློབ་མ་བཟང་པོས་བླ་མས་ཅི་མཛད་ལེགས་མཐོང་ལྟར་ཐམས་ཅད་བཟང་དགུ་འབའ་ཞིག་ཏུ་བསམ་ནས་དང་དུ་བླང་ནས་སྤྱད་པར་བྱའོ། །རེ་ཞིག་དང་པོར་བདག་གཞན་སེམས་ཅན་མཐའ་དག་གི་རྗེར་ཏེ་རྗེ་བོར་གྱུར་པ་རྒྱལ་བ་སྲས་བཅས་ཉིད་ཀྱང་ནི་སེམས་ཅན་གང་གི་ཕྱིར་དུ་རང་གི་སྐུ་ལའང་མི་གཟིགས་པར་མཛད་པ་ཡི་སེམས་ཅན་དེ་ལ་བླང་དོར་ལ་རྨོངས་པ་བདག་གིས་ཇི་ལྟར་ན་ང་རྒྱལ་གྱིས་ཁེངས་པར་བྱ་སྟེ་མི་བྱ་ཞིང་གུས་པ་དང་བཅས་པའི་སྒོ་ནས་བྲན་གྱི་དངོས་མི་བྱ་སྟེ་བྲན་བཟང་པོ་བཞིན་དུ་སེམས་ཅན་མགུ་བར་བྱ་བ་ལ་བརྩོན་པར་བྱའོ། །བུ་གཅིག་པ་དང་འདྲ་བའི་སེམས་ཅན་གང་དག་བདེ་བ་དང་ལྡན་པར་བྱས་པས་ཐུབ་དབང་རྣམས་ཀྱི་ཐུགས་དགྱེས་པར་འགྱུར་ཞིང་སེམས་ཅན་གང་ལ་གནོད་པ་བྱས་ན་ཐུགས་མི་དགྱེས་བ་འབྱུང་བར་འགྱུར་བ་ཡི་སེམས་ཅན་དེ་དག་ལ་ཕན་བཏགས་ནས་དགའ་བར་བྱས་པས་ཐུབ་པ་སངས་རྒྱས་ཀུན་ཐུགས་མཉེས་པས་དགྱེས་ཤིང་སེམས་ཅན་དེ་ལ་གནོད་པས་སྡུག་བསྔལ་བར་བྱས་ན་ཐུབ་པའི་དབང་པོ་རྣམས་ལ་གནོད་པ་བྱས་པར་ཡང་འགྱུར་རོ། །དེ་ཉིད་དཔེས་བསྟན་པ་ཇི་ལྟར་ན་སྐྱེས་བུ་ཞིག་གི་ལུས་ལ་ཕྱོགས་ཐམས་ཅད་ཀུན་ནས་མེ་འབར་བ་ཆེན་པོས་བསྲེག་སྟེ་སྡུག་བསྔལ་བར་འགྱུར་པ་དེ་ལ་གཞན་ཞིག་གིས་འདོད་པ་ཡི་ཡོན་ཏན་ལྔ་བོ་ཀུན་གྱིས་བསྟབས་ཏེ་འདི་ལ་ལོངས་སྤྱོད་ཅིག་ཅེས་མཆོད་ཀྱང་ཡིད་བདེར་མི་འགྱུར་བར་མ་ཟད་སླར་སྡུག་བསྔལ་གྱི་རྒྱུར་འགྱུར་བ་དེ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་གནོད་པ་ཆེན་པོས་སྡུག་བསྔལ་བར་བྱས་ཏེ་དཀོན་མཆོག་ལ་མཆོད་པ་འབུལ་བར་འདོད་ན་ཡང་ཐུགས་སྙིང་རྗེ་ཆེ་བའམ་ཆེན་པོ་དང་ལྡན་པའི་ཐུབ་པའི་དབང་པོ་རྒྱལ་བ་སྲས་དང་བཅས་པ་རྣམས་ནམ་ཡང་མཉེས་ཤིང་དགྱེས་པའི་ཐབས་མེད་དོ། །དེ་ཡང་ཤ་ཁྲག་གི་མཆོད་པ་དམར་ཆོག་བྱེད་པ་རྣམས་ཀྱིས་དཀྱིལ་འཁོར་དུ་ཤ་ཁྲག་བཤམས་ནས་རྒྱལ་སྲས་བཅས་སྤྱན་དྲངས་ཏེ་མཆོད་པར་རློམས་པ་ནི་དཔེར་ན་བུ་སྡུག་གུ་བསད་པའི་ཤ་ཁྲག་གིས་མ་རྒན་མགྲོན་དུ་འབོད་པ་ལྟ་བུ་ཡིན་པས་ལྷ་ཡེ་ཤེས་པ་རྣམས་དེར་ཉེ་མི་ནུས་ལ་ནག་ཕྱོགས་ཀྱི་འབྱུང་པོ་གདུག་འདྲེ་ཤ་ལ་དགའ་ཞིང་ཁྲག་ལ་རྔམས་པ་རྣམས་ཀྱིས་ཟ་ཞིང་བཏུང་སྟེ་ཡོན་བདག་མཆོད་གཉིས་ཀ་འདི་ཕྱི་གཉིས་ཕུང་བའི་རྒྱུ་བྱེད་པ་ཁོ་ན་ཡིན་ནོ། །དེ་བས་ན་བདག་གིས་འགྲོ་བ་སེམས་ཅན་རྣམས་ལ་སྔོན་ནས་ད་ལྟའི་བར་དུ་ལུས་ངག་ཡིད་ཀྱིས་གནོད་པ་གང་དང་གང་བྱས་པས་ཐུགས་སྙིང་རྗེ་ཆེ་བའམ་ཆེན་པོ་དང་ལྡན་པའི་རྒྱལ་བ་སྲས་དང་བཅས་པ་ཀུན་མི་དགྱེས་པར་གྱུར་བ་གང་ཡིན་པའི་སྡིག་པ་ཆེན་པ་དེ་ཐམས་ཅད་དུས་དེ་རིང་ནས་རྒྱལ་བ་སྲས་བཅས་ཀྱི་མདུན་དུ་གནོང་འགྱོད་དྲག་པོའི་སྒོ་ནས་མི་འཆབ་མི་སྦེད་པར་སོ་སོར་བཤགས་ཤིང་ཕྱིན་ཆད་བསྡོམ་པར་བགྱི་ཡིས་ཐུགས་དང་འགལ་བ་བྱས་པས་མི་དགྱེས་པར་གྱུར་པ་གང་ལགས་པ་དེ་ཐམས་ཅད་ཐུབ་དབང་སྲས་དང་བཅས་པས་བཟོད་པར་མཛད་དུ་གསོལ། ད་ཕྱིན་ཆད་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཐུགས་དགྱེས་པར་བགྱི་བའི་སླད་དུ་དུས་དེང་ནས་བཟུང་སྟེ་སེམས་ཅན་ལ་གནོད་པ་དང་ང་རྒྱལ་ངེས་པར་བརྟུལ་ཏེ་འཇིག་རྟེན་ན་སེམས་ཅན་རྣམས་ཀྱི་བྲན་དུ་མཆི་བར་བགྱིའོ། །དེས་ན་འགྲོ་བ་མང་པོའི་ལུས་ཀྱི་དམའ་ཤོས་རྡོག་པས་བདག་གི་ལུས་ཀྱི་མཐོ་ཤོས་སྤྱིར་ཏེ་སྤྱི་བོའི་གཙུག་ཏུ་བརྡུང་ཞིང་འཚོག་གམ་འགུམས་པ་སྟེ་གསོད་པར་བྱས་ཀྱང་ལན་བསྡོ་ཐུབ་ཀྱང་མི་བསྡོ་བར་གུས་པས་དང་དུ་བླང་པར་བགྱིད་ན་འཇིག་རྟེན་གསུམ་གྱི་མགོན་པོ་ཐུགས་སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་དགྱེས་པར་མཛོད་ཅིག་ཅེས་པའོ། །འགྲོ་བ་མ་ལུས་པ་འདི་ཀུན་ཐུགས་རྗེའི་སྟེ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་དེས་ཞེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བདག་ཏུ་མཛད་པ་འདི་ལ་ཐེ་ཚོམ་མེད་དེ་དེ་ཡང་ལྷས་སྦྱིན་གྱིས་མདའ་བསྣུན་པའི་ངང་པ་སངས་རྒྱས་ཉིད་ཀྱིས་བདག་གིར་མཛད་པར་གསུངས་པ་བཞིན་ནོ། །ཇི་ལྟར་ན་སངས་རྒྱས་ཀྱིས་དང་པོ་ཐུགས་བསྐྱེད་པའི་ཚེ་སྤྱིར་སེམས་ཅན་ཐམས་ཅད་ཕ་དང་མ། བྱེ་བྲག་ཏུ་རང་ལས་ཆེ་བ་རྣམས་ལ་ཕ་མ་དང་། མཉམ་པ་རྣམས་ལ་སྤུན་དང་སྲིང་མོ། ཆུང་བ་རྣམས་ལ་བུ་དང་བུ་མོའི་འདུ་ཤེས་བསྐྱེད་ནས་བདག་གིར་མཛད་ལ། ཚོགས་སྦྱོར་དུ་བདག་གཞན་མཉམ་བརྗེའི་སྒོ་ནས་བདག་ཏུ་མཛད་པ་འཆད་འགྱུར་ལྟར་དང་། མཐོང་ལམ་ནས་ཆོས་ཉིད་བདག་གཞན་མཉམ་པ་ཉིད་རྟོགས་པས་བདག་གཞན་གཉིས་མེད་ཀྱི་བདག་ཏུ་མཛད་པ་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ཏེ་སངས་རྒྱས་པའི་ཚེ་ཡུལ་ཆོས་ཀྱི་དབྱིངས་དང་ཡུལ་ཅན་ཡེ་ཤེས་གཉིས་ཆུ་ལ་ཆུ་བཞག་པ་ལྟར་གཉིས་སུ་མེད་པར་རོ་མཉམ་གཅིག་ཏུ་གྱུར་པའི་ཚེ། སངས་རྒྱས་དང་སངས་རྒྱས་ཀྱི་ཞིང་ཞེས་ཁོལ་བུར་གཅིག་ཏུ་འཛིན་པའི་གཉིས་ཆོས་ཅུང་ཟད་ཙམ་ཡང་མེད་པས་ནམ་མཁས་གར་ཁྱབ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱིས་ཁྱབ་སྟེ། མདོ་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་དེ། །ཞེས་དང་། ནམ་མཁས་ཇི་སྙེད་ཁྱབ་གྱུར་བར། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་བར། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གིས་ཇི་སྙེད་ཁྱབ་གྱུར་བར། །ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་གསུངས་པ་ལྟར་ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ་ལ་དེ་ལ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱིས་ཁྱབ་པའི་ཕྱིར་ན་སེམས་ཅན་དང་སངས་རྒྱས་ཀྱི་ཐུགས་གཉིས་ཡེ་ནས་དབྱེར་མེད་ཡིན་པ་ལ་ཡིན་པར་གཟིགས་པས་སངས་རྒྱས་དང་སེམས་ཅན་ཞེས་ཐ་དད་པ་ཅི་ཡང་མེད་པས་སེམས་ཅན་རྣམས་སངས་རྒྱས་ཀྱི་བདག་ཉིད་ཅན་དུ་ཡིན་པས་བདག་ཉིད་ཆེན་པོའི་བདག་ཏུ་མཛད་པ་ཡིན་གྱི་སངས་རྒྱས་ལ་བདག་དང་གཞན་དུ་འཛིན་པ་ཅི་ཡང་མེད་ལ་གལ་ཏེ་ཡོད་ན་བདག་མེད་མ་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་མི་འཐད་དོ། །དེ་ལྟར་ན་འཁྲུལ་ངོར་སེམས་ཅན་གྱི་ངོ་བོར་སྣང་ཞིང་མཐོང་བ་འདི་དག་ཉིད་མགོན་པོ་སངས་རྒྱས་དེ་ཡི་བདག་ཉིད་ཅན་ཡིན་པར་གོང་བཤད་ལྟར་དང་། བདེ་གཤེགས་སྙིང་པོས་ཁྱབ་པས་མ་འོངས་པའི་སངས་རྒྱས་ཀྱང་ཡིན་པར་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །ཅེས་དང་། དག་པ་དྭང་བ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་སྟེ། །བདེ་བར་གཤེགས་པའི་སྙིང་པོ་ནི། །ཡེ་ནས་གནས་པའི་མཚན་ཉིད་དོ། །ཅེས་སོགས་གང་གསུང་པ་དེ་ཉིད་རིགས་པས་སྒྲུབ་བྱེད། མགོན་པོ་བྱམས་པས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་བོ་ཅན། །ཞེས་པ་ལ་སོགས་པ་ལུང་རིགས་ཟབ་མོས་སེམས་ཅན་རྣམས་སངས་རྒྱས་སུ་གྲུབ་ན་ཅི་ཕྱིར་གུས་པར་མི་བྱེད་དེ་སངས་རྒྱས་ལ་གུས་ཕན་ཆད་སེམས་ཅན་སྤང་ནས་སངས་རྒྱས་ཞེས་པ་འགའ་ཡང་མེད་པས་སེམས་ཅན་ལ་གུས་པར་བྱ་དགོས་སོ། །དེ་ལྟར་སེམས་ཅན་མགུ་བར་བྱེད་པ་འདི་ཉིད་དེ་བཞིན་གཤེགས་པ་རྣམས་ཐུགས་མཉེས་པར་བྱེད་པའི་མཆོག་ཡིན་ལ་རང་གི་དོན་དུ་འདི་ཕྱིར་ཕན་བདེ་ཡང་དག་པར་སྒྲུབ་པར་བྱེད་པའི་ཐབས་དམ་པའང་སེམས་ཅན་ལ་ཕན་འདོགས་པ་འདི་ཉིད་ཡིན་པར་བཤད་དོ། །མགུ་བར་གྱུར་ན་ལས་ཡང་དག་ལ་གཞུགས་པར་ནུས་པས་འཇིག་རྟེན་སེམས་ཅན་གྱི་སྡུག་བསྔལ་མ་ལུས་པ་སེལ་བར་བྱེད་པའི་ཐབས་དམ་པའང་འདི་ཉིད་དེ། རྒྱུ་མཚན་དེ་ལྟས་ཏེ་དེ་ལྟ་བས་ན་བདག་གིས་དུས་རྟག་ཏུ་སེམས་ཅན་མགུ་བར་བྱ་བའི་སྤྱོད་པ་འདི་ཉིད་ལ་བརྩོན་པར་བྱའོ། །གསུམ་པ་ནི། དཔེར་ན་རྒྱལ་པོའི་མངགས་པའི་བློན་པོ་ལ་སོགས་པ་མི་འགའ་ཞིག་གིས་འབངས་ཀྱི་སྐྱེ་བོ་མང་པོ་ལ་དཔྱ་ཁྲལ་དང་ཉེས་ཆད་སོགས་ཀྱིས་གནོད་པ་སྣ་ཚོགས་བྱེད་ཀྱང་སྐྱེ་བོ་མིག་རྒྱང་རིང་པོ་སྟེ་ཕྱི་མཐའ་འཚོ་ཤེས་པ་དག་གིས་དེ་ལ་གནོད་ལན་ནུས་ཀྱང་ཕྱིར་ལན་དུ་གནོད་པ་མི་བྱེད་པར་བཀའ་བཞིན་སྒྲུབ་པས་མགུ་བར་བྱེད་དེ་དེའི་རྒྱུ་མཚན་འདི་ལྟར་མི་དེ་གྲོགས་མེད་གཅིག་པུ་མ་ཡིན་གྱི་རྒྱལ་པོའི་མཐུ་སྟོབས་ནུས་པ་བློན་འཁོར་ཐམས་ཅད་དེ་ཡི་དཔུང་ཡིན་པར་ཤེས་པས་སོ། །དོན་དེ་བཞིན་དུ་བདག་ལ་ཐ་ན་ཤིག་དང་སྲོ་མ་ལ་སོགས་པ་ལྟ་བུ་གནོད་བྱེད་ཉམས་ཆུང་བ་འགའ་ཡང་བརྙས་བཅོས་ཀྱིས་ཁྱད་དུ་བསད་ནས་གསོད་པ་ལ་སོགས་མི་བྱ་སྟེ། དེའི་རྒྱུ་མཚན་འདི་ལྟར་དམྱལ་བའི་སྲུང་མ་འཇིགས་སུ་རུང་བ་རྣམས་ཀྱིས་དེའི་དཔུང་དང་འདྲ་བར་བརྩོ་བསྲེག་ལ་སོགས་པས་གནོད་ལན་བྱེད་པ་དང་། ཐུགས་སྙིང་རྗེ་ཆེན་པོ་དང་ལྡན་པ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱང་དེ་ཡི་དཔུང་དང་འདྲ་བར་རང་གིས་ཉེས་པས་ཐུགས་མ་དགྱེས་པར་གྱུར་པས་དེ་དག་གི་ཞལ་མཇལ་ཞིང་ཐུགས་རྗེ་འཇུག་པའི་ཡུལ་དུ་མི་འགྱུར་བས་སོ། །དེ་ལྟས་ཞེས་དེ་ལྟ་བས་ན་དམངས་ཕལ་པ་རྣམས་ཀྱིས་རྒྱལ་པོ་ཞེ་སྡང་ཅན་ཤིན་ཏུ་གཏུམ་པོ་ཉེས་པ་ཆུང་ངུ་ཙམ་སོང་ན་གསོད་པ་ལ་སོགས་པའི་གནོད་པ་ཆེན་པོ་བྱེད་པ་དེ་ཐབས་སྣ་ཚོགས་ཀྱིས་མགུ་བར་བྱེད་པ་ལ་བརྩོན་པ་ཇི་ལྟ་བ་བཞིན་དུ་བདག་གིས་སེམས་ཅན་རྣམས་ནི་ཐབས་སྣ་ཚོགས་ཀྱིས་མགུ་བར་བྱ་དགོས་ཏེ་ཞེས་ཁྱད་གཞིའི་དཔེ་དང་དཔེ་ལས་ཀྱང་ཁྱད་པར་དུ་འཕགས་པས་ཕན་གནོད་མི་མཉམ་པར་བསྟན་པ། རྒྱུ་མཚན་རྒྱལ་པོ་ལྟ་བུ་ཇི་ཙམ་ཞིག་མི་མགུ་བར་ཁྲོས་པར་གྱུར་ན་ཡང་ཚེ་འདིར་ལོངས་སྤྱོད་འཕྲོག་ཅིང་གསོད་པར་བྱེད་པ་ཙམ་ནུས་ཀྱི་དེ་ལས་གཞན་སེམས་ཅན་རྣམས་མི་མགུ་བར་བྱས་པ་ཡིས་ཚེ་ཕྱི་མ་ལ་མྱོང་བར་འགྱུར་བ་གང་ཡིན་པ་དམྱལ་པའི་སྡུག་བསྔལ་གྱི་གནོད་པ་ནི་རྒྱལ་པོ་དེས་བྱེད་དམ་སྟེ་མི་བྱེད་དོ། །རྒྱལ་པོ་ལྟ་བུ་ཇི་ཙམ་ཞིག་མགུ་ཞིང་དགའ་བར་གྱུར་ན་ཡང་ཚེ་འདིར་ཐོབ་མངའ་ཐང་ནོར་ལོངས་སྤྱོད་སོགས་སྦྱིན་ནུས་ཀྱི། དེ་ལས་གཞན་སེམས་ཅན་རྣམས་མགུ་ཞིང་དགའ་བར་བྱས་པ་ཡིས་འཐོབ་པར་འགྱུར་པ་གང་ཡིན་པ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཉིད་སྦྱིན་པ་ནི་རྒྱལ་པོ་དེས་མི་སྲིད་དོ། །དེ་ལྟར་བཟོད་པར་བྱས་ཏེ་སེམས་ཅན་རྣམས་ལ་ཕན་བཏགས་ཤིང་མགུ་བར་བྱས་པ་ལས་བྱུང་བ་ཡི་མཐར་ཐུག་གི་འབྲས་བུ་མ་འོངས་པ་ན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འགྲུབ་པ་ལྟ་ཞོག་གི། གནས་སྐབས་ཀྱི་འབྲས་བུ་མཐོང་ཆོས་ཚེ་འདི་ཉིད་ལ་ཡང་རང་ལ་གཞན་ཐམས་ཅད་འདུན་པས་ལེགས་པའི་ཡོན་ཏན་གྱི་གཞིར་གྱུར་པའི་དཔལ་དང་འབྱོར་པ་ཆེན་པོ་དང་། སྙམ་པའི་གྲགས་པ་འཕེལ་ཞིང་ཆེ་བ་དང་། དེ་ལ་བརྟེན་ནས་གནས་གང་དུ་གྲོགས་སུ་དང་འགྲོགས་ཀྱང་ཕན་བདེ་འབའ་ཞིག་བྱེད་པས་ལུས་སེམས་བདེ་ཞིང་སྐྱིད་པར་འགྱུར་བ་ཅིས་མ་མཐོང་སྟེ་མཐོང་བར་འགྱུར་རོ། ། ཚེ་ཕྱི་མར་རྣམ་སྨིན་གྱི་འབྲས་བུ་སངས་རྒྱས་མ་ཐོབ་ཀྱི་བར་དུ་འཁོར་བར་གནས་པའི་ཚེ་ཡང་བཟོད་པ་བསྒོམ་པས་གཟུགས་མཛེས་ཤིང་ཡིད་དུ་འོང་བ་དང་དབང་པོ་དང་ཡན་ལག་ཐམས་ཅད་ཚང་བ་ལ་སོགས་པ་དང་། སེམས་ཅན་ལ་གནོད་པ་མ་བྱས་པས་ནད་སྣ་ཚོགས་ཀྱིས་གདུང་བ་མེད་པ་དང་། སེམས་ཅན་ལ་ཕན་བཏགས་པས་དགའ་ཞིང་མགུ་བར་གྱུར་ན་སྙན་གྲགས་ཆེ་ཞིང་དགའ་བདེ་འཕེལ་བ་ལ་སོགས་པ་ཡིས་ཚེ་ཤིན་ཏུ་ཡུན་རིང་པོར་བདེ་བར་འཚོ་བ་དང་། རིན་ཆེན་སྣ་བདུན་ལ་སོགས་པའི་འབྱོར་པ་དང་མངའ་འབངས་དགེ་བཅུ་ལ་བཀོད་ནུས་པའི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བརྒྱས་པ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་བའོ། །ལེའུའི་མཚན་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཡུལ་འཇིག་རྟེན་ཆོས་བརྒྱད་ལ་བརྟེན་ནས། རོ་མྱོང་གི་ཆགས་སྡང་ཕྲ་མོ་ངོས་ཟིན་དཀའ་བ་དག་གིས་སེམས་ཚོར་ཡིད་མི་བདེ་བ་སྐྱེད་ནས་དེས་ཁྲོང་ཁྲོའི་དུག་རོ་སློང་བ་ཇི་ལྟར་བཟོད་པ་ཡི་ཚུལ་བསྟན་པ་ཞེས་བྱ་བ་སྟེ་ལེའུ་དྲུག་པའོ།། ༈ །།གསུམ་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མི་ཉམས་པར་གོང་དུ་སྤེལ་བའི་ལེའུ་གསུམ་ལས། དང་པོ་གྲོགས་བརྩོན་འགྲུས་ཀྱི་ལེའུ་ལ། གཞུང་དང་མཚན་ནོ། །དང་པོ་ལ་བརྩོན་འགྲུས་རྩོམ་དགོས་པའི་རྒྱུ་མཚན་མདོར་བསྟན་པ། ཇི་ལྟར་བརྩོན་ཚུལ་རྒྱས་པར་བཤད་པ་དང་གཉིས་ལས། དང་པོ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག །སྔ་མ་ལ་བསྟེན་ཕྱི་མ་སྟེ་ཞེས་པ་ལྟར་སྔ་ཕྱི་རྒྱུ་འབྲས་ལྟ་བུ་ཡིན་ཏེ། སྦྱིན་པས་ལོངས་སྤྱོད་ལ་མ་ཆགས་པས་ཚུལ་ཁྲིམས་དང་། ཚུལ་ཁྲིམས་དང་ལྡན་པས་བཟོད་པ་བསྒོམ་ནུས་པས་ན་དེ་ལྟར་དཀའ་སྤྱད་ཆེན་པོ་ལ་བཟོད་པ་དང་ལྡན་པས་བརྩོན་འགྲུས་བརྩམ་པར་བྱའོ། །དེའི་དགོས་པ་ཅི་ཞེ་ན་འདི་ལྟར་བརྩོན་འགྲུས་དང་ལྡན་པ་ལ་འབྲས་བུ་བྱང་ཆུབ་ཆེན་པོ་ལག་རྩེར་གནས་པ་བཞིན་དུ་ཐོབ་པར་འགྱུར་གྱི། དཔེར་ན་རླུང་མེད་ན་ཕྱི་ནང་གི་དངོས་པོ་འདི་ཀུན་གཡོ་བ་མེད་པ་བཞིན་དུ་ཚོགས་གཉིས་ཀྱི་བསོད་ནམས་དགེ་བ་ཐམས་ཅད་བརྩོན་འགྲུས་མེད་ན་མི་འབྱུང་བ་ཡིན་ལ་བརྩོན་འགྲུས་ཡོད་ན་ཚོགས་གཉིས་ཀྱི་དགེ་བའི་སྟོབས་ཀྱིས་བྱང་ཆུབ་ཆེན་པོ་མྱུར་དུ་འཐོབ་པར་འགྱུར་བ་ཡིན་པས་སོ། །གཉིས་པ་ལ། བརྩོན་འགྲུས་ཀྱི་ངོ་བོ་ངོས་བཟུང་བ་དང་། མི་མཐུན་པའི་ཕྱོགས་སྤོང་བ་དང་། མཐུན་ཕྱོགས་བསྒྲུབ་པ་གསུམ་ལས། དང་པོ་ནི། བརྩོན་འགྲུས་ཀྱི་ངོ་བོའམ་མཚན་ཉིད་གང་ཞེ་ན། དགེ་བ་ལ་སེམས་སྤྲོ་བའོ་ཞེས་འདི་ཡིན་ནོ། །དེ་ཡང་དགེ་བ་ལ་ཞེས་པས་མི་དགེ་བ་དང་ལུང་མ་བསྟན་ཐམས་ཅད་བཅད་པ་དང་། སྤྲོ་བའོ་ཞེས་པས་ལུས་ངག་གི་དགེ་བའང་བཅད་དེ་རང་གི་ངོ་བོ་བསྟན་ཏོ། །དེ་ལྟར་ན་ལུས་ངག་གི་དགེ་བའི་ལས་བརྩོན་འགྲུས་སུ་གྲགས་པའང་རྒྱུའི་མིང་གིས་བཏགས་པ་ཉིད་དོ། །གཉིས་པ་ལ། ལེ་ལོ་རྒྱུ་འབྲས་དང་བཅས་པ་ངོས་བཟུང་བ་དང་། དེ་ཇི་ལྟར་སྤོང་ཐབས་ཀྱི་གཉེན་པོ་བཤད་པ་གཉིས་ལས། དང་པོ་ནི། བརྩོན་འགྲུས་དེ་ཡི་མི་མཐུན་པའི་ཕྱོགས་ངོས་བཟུང་ནས་སྤོང་ཚུལ་བཤད་པར་བྱ་སྟེ། སྙོམ་ལས་འཛིན་པའི་ལེ་ལོ་དང་། བྱ་བ་ངན་པ་ལ་ཞེན་པ་ཡི་ལེ་ལོ་དང་། སྒྱིད་ལུགས་བདག་ཉིད་བརྙས་པའོ་ཞེས་བདག་ཉིད་བརྙས་པའི་ལེ་ལོའོ། །དགེ་བ་ལ་མི་བརྩོན་ཞིང་རྣམ་གཡེང་ལ་སོགས་པ་བདེ་བར་ཞེས་པས་སྙོམ་ལས་བདེ་བའི་རོ་ལ་མྱོང་བ་སྟེ་དེ་ལ་ཞེན་པ་དང་གཉིད་ཀྱིས་ནོན་པ་མལ་དང་སྔས་རྟེན་སོགས་ལ་བརྟེན་པའི་སྲེད་པ་འཕེལ་བ་ཡིས་འཁོར་བའི་སྡུག་བསྔལ་ཅི་བྱུང་ཡང་སེམས་མི་སྐྱོ་བ་སྟེ། རྒྱུ་གསུམ་པོ་དེ་ལས་དགེ་བ་ལ་མི་སྤྲོ་བའི་ལེ་ལོ་ཉེ་བར་སྐྱེ་བར་འགྱུར་རོ་ཞེས་པའོ། །འགྲེལ་ཆེན་ལས། འཁོར་བའི་སྡུག་བསྔལ་ལ་མི་སྐྱོ་བ་ལས་སྙོམ་ལས་བདེ་བའི་རོ་མྱོང་བ་དང་། དེ་ལས་གཉིད་ལ་སྲེད་པ་འབྱུང་ཞེས་བཤད་དོ། །དོན་དུ་རྣམ་གཡེང་སོགས་ལ་བདེ་བར་ཞེན་པ་དང་། གཉིད་ཀྱིས་རྣམ་རྟོག་རགས་པ་འགགས་ཚེ་བདེ་སྣང་སྐྱེ་ཡང་སླར་སྡུག་བསྔལ་དུ་གྱུར་ཀྱང་དེ་ལ་སྲེད་པ་དང་། འཁོར་བའི་སྡུག་བསྔལ་མི་སྐྱོ་བ་ནི་ཚེ་འདིའི་བྱ་བ་དགྲ་འདུལ་གཉེན་སྐྱོང་སོགས་ཅི་ཙམ་སྒྲུབ་ཀྱང་འགྲུབ་དུས་མེད་ནའང་ད་དུང་མི་སྐྱོ་བར་སྒྲུབ་པར་རློམ་པ་འདི་ལས་སོ། །གཉིས་པ་ལ། སྙོམ་ལས་འཛིན་པའི་ལེ་ལོའི་གཉེན་པོ་བསྒོམ་ཚུལ། བྱ་བ་ངན་ཞེན་གྱི་ལེ་ལོའི་གཉེན་པོ་བསྒོམ་ཚུལ། སྒྱིད་ལུགས་བདག་ཉིད་བརྙས་པའི་ལེ་ལོའི་གཉེན་པོ་བསྒོམ་ཚུལ་དང་གསུམ་ལས། དང་པོ་ནི་ལེ་ལོ་ནམ་སྐྱེས་སུ་ཚེ་མི་རྟག་པ་བསྒོམ་ནས་ལེ་ལོ་སྤངས་ཏེ་བརྩོན་འགྲུས་ཀྱི་ལྕགས་འདེབས་པར་བྱ་བ་ལ་ཉ་བ་དང་ཉ་རྒྱའི་དཔེས་མི་རྟག་པ་བསྒོམ་པ་ནི་དཔེར་ན་ཉ་བ་རྣམས་ཀྱིས་ཉ་རྣམས་དེད་ནས་ཉ་རྒྱའི་ནང་དུ་བཙུད་ནས་གསོད་པ་ལྟར་ཆགས་སྡང་སོགས་ཉོན་མོངས་རྒྱུ་བས་ཏེ་ཉ་རྒྱ་འཛིན་པའི་ཉ་བ་དང་འདྲ་བས་བཤོར་བའམ་དེད་ནས་ནི་ཁམས་གསུམ་འཁོར་བའི་སྐྱེ་བའི་རྒྱར་ཏེ་རྒྱ་མོ་ཆེ་བའི་ནང་དུ་ནི་ཆུད་པར་གྱུར་ནས་བཟུང་སྟེ་མགོ་གཅིག་ཏུ་ལུང་སྟོན་པ་འཆི་བས་ཁྱད་པར་ཡིན་པས་འཆི་བདག་གཤིན་རྗེ་བརྩེ་བ་མེད་པའི་ཁར་ནི་སོང་སྟེ་ངེས་པར་འཆི་བར་གྱུར་པ་ཡིན་པ་ཅི་སྟེ་ད་དུང་ཁྱོད་ཀྱིས་མི་ཤེས་སམ་སྟེ་ཤེས་པར་བྱས་ནས་མྱུར་དུ་དགེ་བ་ལ་བརྩོན་པར་བྱའོ། །དེ་བཞིན་དུ་གདོལ་པ་དང་མ་ཧེའི་དཔེས་མི་རྟག་པ་བསྒོམ་པ་རང་དང་རིས་མཐུན་པའི་སྡེ་ཚན་མི་རྣམས་དང་དེ་ལས་ཀྱང་རང་གི་གྲྭ་རོག་གྲོགས་མཆེད་དང་ལས་ཆེ་བ་དང་ཆུང་བ་རང་དང་མཉམ་པ་ཐམས་ཅད་འཆི་བདག་གཤིན་རྗེས་གཅིག་ཙམ་མི་འཇོག་པར་གཅིག་རྗེས་སུ་གཅིག་རིམ་གྱིས་གསོད་ཅིང་འཆི་བར་གྱུར་པ་འདི་ཡང་ཁྱོད་ཀྱིས་ད་དུང་མཐོང་བར་མ་གྱུར་ཏམ་སྟེ་མཐོང་བཞིན་དུ་འོན་ཀྱང་གཉིད་དང་རྣམ་གཡེང་སྙོམས་ལས་སོགས་ལ་སྲེད་ཅིང་བརྟེན་ནས་དགེ་བ་ལ་མི་བརྩོན་པ་གང་ཡིན་པ་དེ་ནི་དཔེར་ན་གདོལ་པ་དང་ནི་ཞེས་གདོལ་བའམ་ཤན་པ་རྣམས་ཀྱིས་མ་ཧེ་རྣམས་རིམ་གྱིས་གསོད་པ་ན་ལྷག་མ་རྣམས་བག་ཚ་བཅུང་ཟད་ཙམ་མེད་པར་གཉིད་དུ་ལོག་པ་བཞིན་དུ་ཤིན་ཏུ་བླུན་པའོ། །འགྲོན་པོ་དང་ལམ་སྒུག་གི་དཔེས་མི་རྟག་པ་བསྒོམ་པ་དཔེར་ན་འགྲོན་པོ་རྣམས་རང་གསོད་པའི་དགྲས་ལམ་གཞན་བཀག་ནས་མདུན་ན་སྒུགས་ནས་བལྟས་པ་དང་འདྲ་བར་བདག་རང་ཡང་མི་འཆི་བར་འགྲོ་བའི་ལམ་གྱི་ཕྱོགས་ནི་ཀུན་ནས་བཀག་ནས་སུ་ཞེས་འགྲོ་ས་མེད་པར་བྱས་ནས་ནི་འཆི་བའི་ལམ་པོ་ཆེ་གཅིག་པུ་དེ་ན་འཆི་བདག་གཤིན་རྗེ་བརྩེ་བ་མེད་པ་དག་གིས་ནི་གསོད་པའི་དོན་དུ་སྒུགས་ནས་བལྟས་པ་བཞིན་དུ་ཡོད་ན་དེའི་མདུན་དུ་ཇི་ལྟར་ཁྱོད་ནི་ཉིན་ཟ་དགའ་འཐུང་སྐྱིད་ལ་གནས་པར་བྱ་ཞིང་འདི་ལྟར་མཚན་ཉིད་ལོག་པ་ལ་དགའ་བའི་སྒོ་ནས་ཉིན་མཚན་གཉིས་ཀྱིས་མྱུར་དུ་འགྲོ་བ་ལ་ཇི་ལྟར་དགའ་སྟེ་དགའ་བ་མི་བྱ་བར་དགེ་བ་ལ་བརྩོན་པར་བྱའོ། །དེ་ཡང་མྱུར་དུ་འཆི་བ་ལ་བསམ་པ་སྤྱིར་སྙིགས་དུས་ཀྱི་ཚེ་ཚད་ཐུབ་ཀྱང་ཡུན་རིང་པོ་མེད་ལ་ཁྱད་པར་དེང་སང་ནད་གནོད་ལ་སོགས་པའི་རྐྱེན་ངན་ཤིན་ཏུ་མང་བས་དོ་ནུབ་ཙམ་དུའང་མི་འཆི་བའི་ངེས་པ་མེད་པས་མྱུར་བ་ཉིད་དུ་འཆི་བར་འགྱུར་བས་ཇི་སྲིད་མ་ཤིའི་བར་དེ་སྲིད་དུ་ནི་དགེ་བ་ལ་བརྩོན་ཏེ་ཚོགས་གཉིས་བསགས་པར་བྱའོ། །ནམ་འཆི་བ་ལ་ཐུག་པ་དེ་ཡི་ཚེ་ལེ་ལོ་སྤངས་ནས་ཚོགས་བསགས་པར་འདོད་ཀྱང་ནི་དགེ་བ་འགྲུབ་པའི་དུས་མ་ཡིན་པར་གྱུར་པས་ན་ལེ་ལོ་སྤངས་པས་ཅི་ཞིག་བྱ་སྟེ་དོན་མེད་དོ། །ནམ་འཆི་ཆ་མེད་པས་བྱ་བ་འགའ་ཞིག་ལས་འདི་ནི་ཡིད་ལ་བསམ་ཀྱང་དངོས་སུ་ལག་ལེན་གྱིས་བརྩོན་པར་མ་བྱས་པ་དང་འདི་ནི་བསམ་ཞིང་མགོ་བརྩམས་ནས་བྱེད་བཞིན་པ་དང་འདི་ནི་ཕྱེད་ཙམ་བྱས་ནས་མཐར་མ་ཕྱིན་པར་གནས་པ་ལ་འོང་སྙམ་ཡིད་ལ་མེད་པར་གློ་བུར་ཉིད་དུ་འཆི་བདག་གཤིན་རྗེ་བརྩེ་བ་མེད་པ་འོངས་པར་གྱུར་ནས་ནི་ངེས་པར་གསོད་པ་ན་བདག་གིས་དགེ་སྡིག་བླང་དོར་ལ་འབད་ཆོག་པ་ལ་འབད་པར་མ་བྱས་པར་མ་ཟད་སྡིག་པ་ནི་བྱས་ཤིང་དགེ་བ་ནི་ཅི་ཡང་མ་བསྒྲུབ་བོ་སྙམ་དུ་སེམས་འགྱོད་པ་དང་བཅས་པས་ངག་གིས་ཀྱི་ཧུད་ཅེས་སྨྲེ་སྔགས་བཏོན་ཏེ་བདག་འཆི་བདག་གིས་འདི་བཞིན་བཅོམ་པར་གྱུར་ཏོ་ཞེས་སེམས་ཤིང་བློ་ལྷག་རི་རབ་ཙམ་ལུས་ནས་ཚེ་ཕ་རོལ་དུ་མཆི་བར་འགྱུར་རོ། །དེ་ལྟར་འཆི་བའི་དུས་ལ་བབ་པ་ན་གཉེན་དང་ཉེ་འབྲེལ་ལོངས་སྤྱོད་ཐམས་ཅད་བློས་ནི་མི་ཐོང་། རྗེས་སུ་ནི་མི་འབྲང་བས་ཐམས་ཅད་བསྐྱུར་ཏེ་རང་ཉིད་གཅིག་པུར་ཚེ་ཕྱི་མའི་ལམ་དུ་འགྲོ་དགོས་པས་སེམས་མྱ་ངན་གྱིས་གདུང་བའི་ཤུགས་ཀྱིས་སྐྲང་བ་ཡི་མིག་དམར་པོར་གྱུར་ཏེ་གདོང་ལས་མཆི་མ་ཁྲ་ཆེམ་མེར་འཛག་བཞིན་དུ་ཕ་མ་དང་བུ་ཚ་སོགས་ཉེ་དུ་རྣམས་ཀྱི་བདག་ལ་གསོན་དུ་འགྱུར་བའི་རེ་ཐག་ཆད་པ་རྣམས་དང་གཤིན་རྗེའི་ཕོ་ཉའི་སྟེ་ལས་མཁན་ཁྲོ་གཉེར་ཅན་འཇིགས་སུ་རུང་བའི་བཞིན་ལ་ལྟ་བར་བྱ་དགོས་པར་གྱུར་ཏེ་རེས་ཚེ་འདིའི་སྣང་བ་ཕ་མ་ཉེ་འབྲེལ་སོགས་ཡུད་ཙམ་ཡུད་ཙམ་མཐོང་ཞིང་རེས་ཚེ་ཕྱི་མིའི་སྣང་བ་གཤིན་རྗེའི་ལས་མཁན་གྱི་སྣང་བ་འཆར་ཞིང་མཐོང་བ་དང་རང་གིས་ཤར་བྱས་ཀྱི་སྡིག་པ་རྣམས་དྲན་པས་སེམས་སྡུག་བསྔལ་གྱིས་གདུང་ཞིང་བྲང་སེན་རྗེས་ཀྱིས་བཀང་བ་དང་། སེམས་ཅན་དམྱལ་བའི་སྒྲ་སོད་སོད་དང་ཆོད་ཆོད་དང་དུ་ཞིང་སྨྲེ་སྔགས་འདོན་པ་ལ་སོགས་པ་ནི་ཐོས་པ་ཡིས་ཤིན་ཏུ་སྐྲག་པས་མི་གཙང་བ་རྣམས་ཀྱིས་ལུས་གོས་ཤིང་ལུས་ངག་ཡིད་གསུམ་ཀར་རང་དབང་མེད་པར་མྱོས་ཤིང་འཁྲུལ་ཏེ་མི་ངོ་བདག་ངོ་མི་ཤེས་པར་འགྱུར་བ་དེ་ཚེ་བདག་གིས་ཅི་ཞིག་བྱ་སྟེ་ཅི་ཡང་བྱ་ཐབས་མེད་པས་ད་ལྟ་རང་ལ་རང་དབང་ཡོད་པའི་དུས་འདིར་དགེ་བ་ལ་བརྩོན་པར་བྱའོ། །འདི་ལྟར་ཁྱོད་ནི་ཉ་གསོན་པོ་བྱེ་ཚན་དུ་བཏོན་པ་འགྲེ་ལྡོག་ཉུག་ཉུག་པ་བྱེད་པ་ལྟའི་སྟེ་ལྟ་བུའི་ཚེ་འདིར་ཡང་ཅི་བྱས་ན་མི་བཟོད་པའི་འཇིགས་པ་སྣ་ཚོགས་དང་ལྡན་པར་འགྱུར་ན་དུས་ཐོག་མེད་ནས་སྡིག་པ་མི་དགེ་བ་བྱས་པས་འབྲས་བུ་ཕྱི་མ་དམྱལ་བ་མི་བཟད་པའི་བརྩོ་བསྲེག་ལ་སོགས་པའི་སྡུག་བསྔལ་རྣམས་ལ་ནི་མི་བཟོད་པའི་འཇིགས་པ་དང་ལྡན་པར་སྨོས་ཅི་དགོས་ཏེ། བཤེས་སྤྲིང་ལས། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླག་དང་གཟུགས་སུ་བགྱིས་པས་ཀྱང་། །འཇིགས་པར་བསྐྱེད་པར་བགྱི་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ། །ཞེས་པ་བཞིན་ནོ། །དེར་ཁྲོའི་ཆུ་ཚན་གྱིས་ནི་རེག་པ་ན་ཤིན་ཏུ་འཇམ་ཞིང་གཞོན་ཤ་ཅན་གྱི་ལུས་བཟོད་པར་དཀའ་བ་ཤའུ་ལྟ་བུ་ལ་རབ་ཏུ་ཚ་བའི་དམྱལ་བ་མྱོང་བར་འགྱུར་བ་ཡི་ནི་ལས་ངན་སྣ་ཚོགས་པ་བྱས་ནས་ད་ལྟ་ཅིའི་ཕྱིར་འདི་ལྟར་སྙོམ་ལས་དང་བཅས་པར་བདེ་བར་གནས་ཏེ་གནས་མི་རིགས་སོ། །རྒྱུ་ཉིན་མི་དལ་མཚན་མི་གཉིད་པའི་བརྩོན་འགྲུས་ལྟ་ཅི་ཐ་ན་ལོ་ཟླ་ཙམ་དུ་སྦྱོང་བརྩོན་དང་མཚམས་བསྙེན་བསྒྲུབ་ལ་བརྩོན་པ་ཙམ་ཡང་མེད་བཞིན་དུ་འབྲས་བུ་ཆེན་པོ་ཚེ་འདིར་མཁས་པ་དང་གྲུབ་པའི་ཡོན་ཏན་དང་ཕྱི་མར་དག་པའི་ཞིང་དུ་སྐྱེ་བར་འདོད་པ་ལ་སོགས་པ་དང་། བཟོད་སྲན་ཤའུ་བས་ཆུང་། ཀོ་ལོང་གཙང་བཙན་པས་དམ། ཞེས་པ་ལྟར། སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་བཟོད་པས་བཟེ་རེ་ཅན་རྣམས་ལ་ནི་འདི་ཕྱི་ཀུན་ཏུ་གནོད་པ་མང་པོ་འབྱུང་ཞིང་འཁོར་བར་སྐྱེས་ཕྱི་ན་ཆད་འཆི་བས་ཏེ་འཆི་བདག་གཤིན་རྗེའི་ངེས་པར་བཟུང་བཞིན་དུའང་ལྷ་འདོད་ཡོན་གྱིས་གཡེང་བ་དང་འདྲ་བར་འཆི་བ་མི་དྲན་པའམ། འཆི་བ་འོང་རྒྱུ་མེད་པ་བཞིན་དུ་རྣམ་གཡེང་ལ་དགའ་ཞིང་སྡིག་པ་སྤྱོད་རྣམས་ཀྱི་ཧུད་འདི་ཕྱི་ཐམས་ཅད་དུ་འཆི་བ་ལ་སོགས་པ་མི་འདོད་པའི་སྡུག་བསྔལ་དག་གིས་བཅོམ་པར་འགྱུར་བས་སྙིང་རེ་རྗེ། དེས་ན་འཆི་བ་དྲན་ནས་དགེ་བ་ལ་བརྩོན་པར་རིགས་སོ། །ཤིན་ཏུ་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ཡི་ལུས་རྟེན་གྲུ་བཟང་པོ་དང་འདྲ་བ་ཐོབ་པ་འདི་ལ་རྟེན་ནས་སུ་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་ཆུ་བོ་ཆེ་བ་སྟེ་ཆེན་པོ་ལས་སྒྲོལ་བའི་ཐབས་དགེ་བ་བརྩོན་དགོས་ཀྱི། གལ་ཏེ་བརྩོན་པར་མ་བྱས་ན་དལ་འབྱོར་གྱི་མི་ལུས་གྲུ་བཟང་པོ་དང་འདྲ་བ་འདི་ཕྱི་ནས་ཤིན་ཏུ་རྙེད་པར་དཀའ་བས་ན་བླང་དོར་གྱི་གནས་ལ་རྨོངས་པ་དག་བླང་དོར་ལ་བརྩོན་དུ་ཡོད་པའི་དུས་སུ་གཉིད་མ་ལོག་པར་ལེ་ལེ་སྤངས་ལ་དགེ་བ་ལ་བརྩོན་པར་གྱིས་ཤིག །གཉིས་པ་ནི། དགའ་བའི་རྒྱུ་ནི་མཐའ་ཡས་པའི་དམ་པའི་ཆོས་ཞེས་སམ་དགའ་བ་མཐའ་ཡས་པའི་རྒྱུ་དམ་པའི་ཆོས་ཞེས་ཀྱང་གསུང་། མདོར་ན་དམ་པའི་ཆོས་ནི་ཐོག་མར་ཐོས་པའི་དུས་ན་མ་དད་པ་དད་པར་བྱེད་པ་རྣ་བའི་བདུད་རྩི་ལྟ་བུ་དང་། བར་དུ་བསམ་པའི་དུས་ན་སེམས་རྣམ་པར་གཡེང་བའི་རྟོག་པ་ཐམས་ཅད་སེལ་བར་བྱེད་པ་དང་། ཐ་མ་བསྒོམ་པའི་དུས་ན་རྣམ་པར་གྲོལ་བའི་ཡེ་ཤེས་རྒྱུད་ལ་བསྐྱེད་པར་བྱེད་པས་ཐོག་མཐའ་བར་དུ་དགེ་བས་དགའ་བའི་མཆོག་དམ་པ་ཡིན་པས་དེ་ལ་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། ལམ་བསླབ་པ་གསུམ་ལ་ཉམས་ལེན་བྱེད་པ་སྤངས་ནས་དེ་ལ་བར་དུ་གཅོད་པའི་མི་མཐུན་པའི་ཕྱོགས་ཚེ་འདི་དང་ཕྱི་མའི་སྡུག་བསྔལ་མི་བཟད་པའི་རྒྱུ་དགྲ་འདུལ་དང་གཤེན་སྐྱོང་། ཚོང་དང་སོ་ནམ་ཁྱིམ་དང་གྲོགས་ཀྱི་མགོ་འཛིན་དཀོར་དང་རྟ་ནོར་སོགས་ཀྱི་གཡོག་ལས་ཟླ་དགའ་ཟས་ཚོལ་ལ་སོགས་པ་ཡིས་ཉིན་མི་དལ་མཚན་མི་གཉིད་པའི་རྣམ་པར་གཡེང་བ་སྣ་ཚོགས་དང་། རྩེད་འཇོ་དང་རྒྱུག་མཆོངས་ལ་སོགས་པས་ལུས་རྒོད་པ་དང་། ཆགས་སྡང་སོགས་མི་དགེ་བ་དང་ལུང་མ་བསྟན་སོགས་དོན་མེད་ཀྱི་སྨྲ་བ་མང་པོ་དང་གད་མོ་རྟ་གད་སྒྲོགས་པ་ལ་སོགས་པས་ངག་རྒོད་པ་དང་། དོན་མེད་པར་འདས་མ་འོངས་ད་ལྟའི་ཡུལ་ལ་རྣམ་པར་རྟོག་པ་སྣ་ཚོགས་པའི་རྗེས་སུ་འབྲང་བས་སེམས་རྒོད་པ་ལ་སོགས་པ་ཆོས་དང་། འགའ་བ་ཐམས་ཅད་ལ་ཁྱོད་ཅི་ཡི་ཕྱིར་དགའ་སྟེ་དགའ་བར་མི་རིགས་སོ། །འོ་ན་དགའ་བའི་རྒྱུ་གང་ལ་དགའ་བར་བྱ་ཞེ་ན། འོག་ནས་འཆད་འགྱུར་ལྟར་དགེ་བ་ལ་སྒྱིད་ལུགས་མེད་པར་གོ་ཆ་ཆེན་པོ་གྱོན་པ་དང་གཉེན་པོ་དཔུང་ཚོགས་བཞི་བསགས་པ་དང་དྲན་ཤེས་ཀྱི་སྒོ་ནས་བླང་དོར་ལྷུར་བླང་བ་རྒྱལ་པོ་ལྟ་བུ་དང་བདག་ཉིད་ཀྱི་སྒོ་གསུམ་གཉེན་པོས་དབང་དུ་བྱ་བ་བློན་པོ་ལྟ་བུ་དང་། བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་དང་པོ་ཉིད་དུ་བསྒོམ་པ་དང་། དེ་ནས་བདག་དང་གཞན་དུ་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་དགའ་ཞིང་བརྩོན་པར་གྱིས་ཤིག །གསུམ་པ་ནི། ཉོན་མོངས་པ་མང་ཞིང་སྡིག་པ་ཆེ་བ་བདག་ལྟ་བུ་དག་གིས་བྱང་ཆུབ་བླ་ན་མེད་པ་ག་ལ་ཐོབ་ཞེས་བདག་ཉིད་ལ་བརྙེས་ཤིང་སེམས་ཞུམ་ནས་སྒྱིད་ལུགས་པར་ནི་མི་བྱ་སྟེ་འདི་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་ཐམས་ཅད་མཁྱེན་པ་ནི་རྫུན་མེད་པར་བདེན་པ་འབའ་ཞིག་གསུང་བས་བསླུ་མེད་བདེན་པའི་ཚིག་འདི་ཉིད་གསུངས་ཏེ། ནམ་མཁར་འཕུར་བའི་སྦྲང་བུ་དང་ཤ་ཡི་སྦྲང་བུ་དང་། མེ་ཏོག་གི་རྩི་བཅུད་འཐུང་བའི་བུང་བ་དང་། དེ་བཞིན་དུ་ལྕི་བ་སོགས་ཟ་བའི་སྲིན་བུར་གང་གྱུར་པ་སོགས་སེམས་ཅན་ཉམས་ཆུང་བ་དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་པར་གྱུར་ན་བྱང་ཆུབ་ཐོབ་པར་དཀའ་བ་བླ་ན་མེད་པ་འཐོབ་པར། ལག་བཟང་གིས་ཞུས་པ་ལས། གཞན་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་པར་རྗེས་སུ་སློང་སྟེ། གང་དག་སེང་གེ་དང་། སྟག་དང་། ཁྱི་དང་། ལྕེ་སྤྱང་དང་། བྱ་རྒོད་དང་། ཁྲུང་ཁྲུང་དང་། བྱ་རོག་དང་འུག་པ་དང་། སྲིན་བུ་དང་། སྦྲང་མ་དང་། སྦྲང་བུ་དང་། ཤ་སྦྲང་དུ་གྱུར་པ་དེ་དག་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་ན། བདག་མིར་གྱུར་བཞིན་དུ་སྲོག་གི་ཕྱིར་ཡང་ཅིའི་ཕྱིར་བྱང་ཆུབ་ཐོབ་པའི་བརྩོན་འགྲུས་ཉམས་པར་བྱེད་སྙམ་ཞེས་གསུངས་སོ། །དེའི་རྒྱུ་མཚན་སེམས་ཅན་ཐམས་ཅད་ལ་ཡེ་ནས་རང་བཞིན་དུ་གནས་པའི་སངས་རྒྱས་ཀྱི་རིགས་ཡོད་པ་དང་། སངས་རྒྱས་བྱང་སེམས་སོགས་མཐོང་བ་ལ་སོགས་པས་རིགས་སད་ལས་ཐར་པའི་ས་བོན་གསོས་ཐེབ་ནས་རིན་བཞིན་སྐྱེ་བ་གོང་འཕེལ་གྱིས་སངས་རྒྱས་འཐོབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་ན་བདག་དང་བདག་ལྟ་བུ་ནི་འགྲོ་དྲུག་གི་ནང་ནས་རིགས་ཀྱི་མཆོག་སྨྲ་ཤེས་དོན་གོ་བའི་མིར་སྐྱེས་ལ་དགེ་སྡིག་བླང་དོར་གྱིས་ཕན་པ་དང་གནོད་པ་ངོ་ཤེས་པས་ན་སེམས་མི་ཞུམ་པར་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་བརྩོན་པས་མ་བཏང་ན་བདག་གིས་བྱང་ཆུབ་ཆེན་པོ་ཅིས་མི་འཐོབ་སྟེ་ངེས་པར་འཐོབ་སྟེ། ཐ་ན་གཡོ་བྱས་ཏེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་སངས་རྒྱས་འཐོབ་པར་གསུངས་པས་སོ། །དེ་ལྟར་བརྩོན་ན་བྱང་ཆུབ་ཆེན་པོ་ཐོབ་མོད་འོན་ཏེ་དེའི་དོན་དུ་རྐང་ལག་མགོ་ལ་སོགས་པ་སྦྱིན་པར་བཏང་དགོས་པས་བདག་ནི་དེ་ལ་འཇིགས་ཤིང་སྐྲག་གོ་ཞེ་ན། གང་ལ་འཇིགས་དགོས་པའི་ལྕི་བ་དང་མི་དགོས་པའི་ཡང་བ་ཡི་ཁྱད་པར་མ་དཔྱད་པར་བླང་དོར་ལ་རྨོངས་པས་བདག་ནི་འཇིགས་མི་དགོས་པ་ལ་འཇིགས་པར་ཟད་མོད། འདི་ལྟར་སེམས་མ་བསྐྱེད་ན་མགོ་དང་རྐང་ལག་སོགས་གཅོད་པའི་སྡུག་བསྔལ་མྱོང་མི་དགོས་ན་དེ་ལ་འཇིགས་རིགས་ནའང་དེ་ལྟར་མ་ཡིན་པར་དུས་ཐོག་མ་མེད་པ་ནས་བསྐལ་པ་བྱེ་བ་གྲངས་མེད་མང་པོའི་བར་དུ་ལན་གྲངས་དུ་མར་མགོ་དང་ཡན་ལག་སོགས་རལ་གྲིས་བཅད་པ་དང་མདུང་ཐུང་སོགས་ཀྱིས་དབུག་པ་དང་དམྱལ་མེ་ལ་སོགས་པས་སྲེག་པ་དང་སོག་ལེ་འབར་བས་གཤགས་པ་ལ་སོགས་པ་དོན་མེད་པའི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་གྱི་དེས་ཚོགས་རྫོགས་ནས་བྱང་ཆུབ་ཆེན་པོ་ཐོབ་པར་ནི་མི་འགྱུར་རོ། །དེ་ལ་ལྟོས་ན་བདག་གིས་དོན་ཆོན་པོ་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ཡི་ཆེད་དུ་དཀའ་སྤྱད་ལ་སོགས་པའི་སྡུག་བསྔལ་འདི་ནི་ཚོད་ཡོད་དེ་ཞེས་སྡུག་བསྔལ་ཆུང་ཞིང་དུས་ཀྱང་གྲངས་མེད་གསུམ་ལ་སོགས་པར་ཚད་ཡོད་པར་ཤེས་ནས་བཟོད་པར་བྱ་དགོས་ཏེ། དཔེར་ན་ནད་ཀྱི་ཟུག་རྔུ་ཆེན་པོ་བསྐྱེད་པའི་མདེའུ་ལ་སོགས་པ་ཁོང་དུ་ཞུགས་ནས་བརླག་པར་བྱེད་པའི་གནོད་པ་ཆེན་པོ་དེ་བསལ་པར་བྱ་བའི་ཕྱིར་ལུས་ལ་ཤ་པགས་རུས་པ་གཅོད་པའི་རྨ་ཆུང་དུ་བཏོད་ནས་འབྱིན་པའི་སྡུག་བསྔལ་དང་དུ་བླང་སྟེ་བཟོད་དགོས་པ་བཞིན་ནོ། །གཞན་ཡང་འཇིག་རྟེན་ན་སྨན་པ་མཁས་པ་ཀུན་ཀྱང་གཏར་སྲེག་ཕུག་པ་ལ་སོགས་པའི་གསོད་བྱེད་ཀྱིས་མི་བདེ་བ་ཆུང་དུ་ཡི་ནད་མེད་པར་བྱེད་པ་ན་གཏར་བསྲེག་སོགས་ཀྱི་སྡུག་བསྔལ་དེ་བཟོད་དགོས་པ་དེ་བས་ན་རང་གཞན་གྱི་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་གཅོད་ནད་ཆེན་པོ་མང་པོ་དག་རྩ་བ་ནས་གཞོམ་ཞིང་མེད་པར་བྱ་བའི་ཕྱིར་དཀའ་སྤྱད་ལ་སོགས་པའི་མི་བདེ་བ་ཆུང་ངུ་དེ་དང་དུ་བླང་ནས་བཟོད་པར་བྱ་དགོས་སོ། །གཏར་བསྲེག་ཕུག་སོགས་ཀྱི་གསོ་དཔྱད་ཕལ་པ་སྡུག་བསྔལ་དང་ལྡན་པའི་ཆོ་ག་རྩུབ་མོས་ནད་ཞི་བར་བྱེད་པ་འདི་འདྲ་བ་སྨན་པ་མཆོག་སངས་རྒྱས་དག་གིས་མ་མཛད་དེ་ཇི་ལྟར་མཛད་ན་སྟན་བདེ་བ་ལ་དཀྱིལ་མོ་ཀྲུང་བཅས་ཏེ་ཡང་དག་པའི་དྲན་པ་མངོན་དུ་བཞག་པའི་ཆོ་ག་ཤིན་ཏུ་བཟང་ཞིང་འཇམ་པོ་ཡིས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་གཅོད་ནད་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི་སྒྲིབ་གཉིས་ཀྱི་ནད་ཆེན་དཔག་ཏུ་མེད་པ་རྣམས་གསོ་བར་མཛད་པ་ཡིན་ནོ། །རང་གི་ཤ་ལ་སོགས་པ་གཞན་ལ་གཏོང་དགོས་ན་ཆོ་ག་ཇི་ལྟར་འཇམ་ཞེ་ན། དང་པོ་ནས་དེ་ལྟར་གཏོང་མི་དགོས་པར་སྦྱིན་པ་ལ་རིམ་གྱིས་གོམས་པའི་ཆེད་དུ་སྦྱིན་པ་ཤིན་ཏུ་མི་ནུས་པས་རང་གི་དངོས་རྫས་གང་ཞིག་རང་གི་ལག་པ་གཡས་གཡོན་རེ་མོས་ཀྱིས་ཕན་ཚུན་སྦྱིན་པར་ཡིད་ཀྱིས་བསམ་ཏེ་ངག་གིས་དེ་ལྟར་བརྗོད་པར་བྱ་བ་དང་གཞན་ལ་སྔོ་དད་ཀྱི་ཚོད་མ་དང་ཟན་ཆང་བུ་ཙམ་ལ་སོགས་ངན་ངོན་ཙམ་རེ་སྦྱིན་པ་ལའང་སངས་རྒྱས་བཅོམ་ལྡན་འདས་གདུལ་བྱ་རྣམས་རིམ་གྱིས་འདྲེན་པར་མཛད་པས་ཐོག་མར་སྦྱོར་བར་མཛད་ཅིང་སྦྱིན་པ་ཆུང་དུ་དེ་ལ་གོམས་པར་གྱུར་ནས་དེ་བས་ཆེས་ལྷག་སོགས་ལ་གོམས་ནས་ཕྱི་ནས་ནི་རིམ་གྱིས་སྦྱིན་པ་ཆེན་པོ་རང་གི་ཤ་དང་ཁྲག་ལ་སོགས་པ་ཡང་ཕངས་པ་མེད་པར་གཏོང་བར་ནུས་པ་འབྱུང་སྟེ་གོམས་པ་མཐར་ཕྱིན་པའི་དུས་གང་གི་ཚེ་རང་གི་ལུས་ལ་ནི་ཚོད་མ་ལ་སོགས་པ་ལྟ་བུའི་བློ་སྐྱེས་པར་གྱུར་ཏེ་ཆགས་པ་མེད་པ་དེ་ཡི་ཚེ་རང་གི་ཤ་ཁྲག་ལ་སོགས་པ་གཏོང་བ་དེ་ལ་དཀའ་བ་ཅི་ཞིག་ཡོད་དེ་ཅི་ཡང་མེད་དེ། དེའི་ཚེ་ཆོས་ཀུན་མཉམ་པ་ཉིད་དུ་རྟོགས་པས་གསེར་དང་བོང་བ་མཉམ་ཞིང་ནམ་མཁའ་དང་ལག་མཐིལ་མཉམ་སྟེ་གཡས་ནས་ཙན་དན་གྱི་ཆུས་བྱུགས་པ་དང་གཡོན་ནས་སྟེའུས་བཅད་པའི་བདེ་སྡུག་བཟང་ངན་ལ་སོགས་པའི་ཆོས་ཀུན་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་ནས་གང་ལ་འཇིགས་པ་མེད་དེ། མདོ་རྒྱན་ལས། འདི་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། །སྐྱེ་བ་སྐྱེད་མོའི་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་བའི་དུས་དང་རྒུད་པའི་དུས་ནའང་། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། །ཅེས་པ་བཞིན་ནོ། །དེ་ལྟར་མགོ་དང་ཡན་ལག་གཏོང་ནུས་ནའང་སེམས་ཅན་གྱི་དོན་དུ་འཁོར་བ་མེའི་འོ་བས་དང་དུག་སྦྲུལ་གྱི་གཟེབ་ལྟ་བུ་འདིར་ཡུན་རིང་པོ་སྐྱེ་ཤིའི་ཁ་བརྒྱུད་ནས་གནས་དགོས་པས་སྡུག་བསྔལ་ལ་སེམས་སྐྱོ་ཞིང་འཇིགས་སོ་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་བསམ་བཞིན་འཁོར་བར་གནས་ཀྱང་འཁོར་བའི་སྐྱོན་གྱིས་མི་གོས་པ་དཔེར་ན་པདྨ་འདམ་ལས་སྐྱེས་ཀྱང་དེས་མི་གོས་པ་ལྟར་འདི་ལྟར་བྱང་ཆུབ་སེམས་དཔའ་དེས་སྡིག་པ་མི་དགེ་བ་ཐམས་ཅད་སྤངས་པའི་ཕྱིར་ན་ལུས་ལ་སྡུག་བསྔལ་ཅི་ཡང་མེད་ལ་ཤེས་བྱའི་གནས་ལུགས་བདག་མེད་པའི་དོན་ལ་མཁས་ཤིང་རྟོགས་པའི་ཕྱིར་ན་སེམས་ལ་མི་དགའ་བ་ཅི་ཡང་མེད་དེ། འདི་ལྟར་འཇིག་རྟེན་ཕལ་པ་རྣམས་ལ་བདག་མེད་པ་ལ་ཡོད་པར་རྟོག་པ་ལ་སོགས་པའི་ལོག་པར་རྟོག་པ་དང་། སྲོག་གཅོད་པ་དང་མ་བྱིན་པ་ལེན་པ་ལ་སོགས་པའི་སྡིག་པས་རིམ་པ་བཞིན་སེམས་དང་ལུས་ལ་གནོད་པ་ཡིན་པས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་གང་དུ་གནས་ཀྱང་ལུས་ལ་སྡུག་བསྔལ་དང་སེམས་ལ་མི་དགའ་བ་མེད་པར་མ་ཟད་སྦྱིན་སོགས་བསོད་ནམས་བསགས་པའི་སྟོབས་ཀྱིས་ནི་ལུས་བདེ་བར་འགྱུར་ལ་བདག་མེད་པའི་དོན་ལ་མཁས་ཤིང་རྟོགས་པ་ཡིས་ནི་སེམས་དགའ་ཞིང་བདེ་བར་འགྱུར་བ་ཡིན་ན་གཞན་སེམས་ཅན་རྣམས་ཀྱི་དོན་དུ་ཁམས་གསུམ་འཁོར་བར་གནས་པར་གྱུར་ཀྱང་ནི། འཁོར་བའི་སྐྱོན་སྡུག་བསྔལ་གྱིས་ཅུང་ཟད་ཙམ་གོས་པར་མི་འགྱུར་བས་ན་སྙིང་རྗེ་ཅན་རྒྱལ་སྲས་བྱང་ཆུབ་སེམས་དཔའི་དེ་དག་སྟེ་སྐྱོ་བར་འགྱུར་པའི་གནས་ཅི་ཡང་མེད་པས་སྐྱོ་བར་མི་འགྱུར་རོ། །དེ་ཙམ་དུ་མ་ཟད་བྱང་ཆུབ་སེམས་དཔའ་འདི་ནི་བྱང་ཆུབ་སེམས་ཀྱི་སྟོབས་ཀྱིས་སྡུག་བསྔལ་གྱི་རྒྱུ་སྔོན་གྱི་སྡིག་པ་མ་ལུས་པ་ལྷག་མེད་དུ་ཟད་པར་བྱེད་ཅིང་འདག་པར་འགྱུར་པའི་ཚུལ་གོང་དུ་སྡིག་པ་ཤིན་ཏུ་སོགས་དང་དེས་ནི་དུས་མཐའི་སོགས་ཀྱིས་བསྟན་པ་བཞིན་དང་། བག་མེད་གྱུར་ཀྱང་བསོད་ནམས་ཤུགས་ཞེས་པ་ལ་སོགས་པ་ལྟར་དུས་སྐད་ཅིག་རེ་ཡང་སྦྱིན་པ་ལ་སོགས་པ་ཕྱིན་དྲུག་གོང་ནས་གོང་དུ་འཕེལ་བས་བདེ་བའི་རྒྱུ་བསོད་ནམས་རྒྱ་མཚོ་ལྟ་བུ་སྡུད་ཅིང་རྫོགས་པར་བྱེད་པའི་ཕྱིར་ཉན་ཐོས་རྣམས་ལས་སྡིག་པའི་གཉེན་པོ་དང་བསོད་ནམས་སྡུད་པ་ལ་ཆེས་ཁྱད་པར་དུ་འཕགས་པས་མཆོག་ཏུ་གྱུར་པར་བཤད་དོ། །གོང་དུ་ཇི་སྐད་བསྟན་པའི་རྒྱུ་མཚན་དེ་བས་ན་སེམས་སྐྱོ་བ་དང་ལུས་ངལ་བ་ཀུན་མ་ལུས་པ་སེལ་བར་བྱེད་པའི་བྱང་ཆུབ་སེམས་ཀྱི་རྟ་བཟང་བོ་ཞོན་ནས་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་ལམ་བདེ་བ་ནས་འབྲས་བུ་བདེ་བར་གོང་ནས་གོང་དུ་འགྲོ་བ་ལ་བདག་ལེགས་སུ་འདོད་པ་སྐྱོན་ཡོན་སེམས་ཤེས་པ་སུ་ཞིག་སྒྱིད་ལུག་ཅིང་སྐྱོ་བར་འགྱུར་ཏེ་མི་འགྱུར་རོ། །དེ་ལྟ་ནའང་སེམས་ཅན་གྱི་དོན་བསྒྲུབ་མི་ནུས་སོ་སྙམ་ན། དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བུས་དཔུང་ཚོགས་ཡན་ལག་བཞི་ལ་བརྟེན་ནས་གཞན་དགེ་བ་ལ་འགོད་པར་བྱེད་པ་ལྟར་ཆོས་ཀྱི་འཁོར་ལོས་བསྒྱུར་བའི་སངས་རྒྱས་ཀྱིས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་ཅན་རྣམས་ཀྱི་དོན་འགྲུབ་པར་བྱ་བའི་ཕྱིར་དཔུང་ཚོགས་བཞི་གནང་སྟེ། གང་ཞེ་ན། མོས་པའི་དང་བརྟན་པའི་དང་དགའ་བའི་དང་དོར་བ་ཡི་དཔུང་དང་བཞི་ཡིན་ལ། དེ་དག་རྩ་བ་མོས་པ་ལ་བརྟེན་ནས་འབྱུང་ལ་མོས་པ་དེ་གང་ལས་འབྱུང་ན་མི་དགེ་བའི་འབྲས་བུ་སྡུག་བསྔལ་གྱི་རྣམ་གྲངས་ལ་འཇིགས་ཤིང་སྐྲག་པ་དང་དེ་ལས་ཐར་བའི་ཕན་ཡོན་ནམ་མོས་པ་དེ་ཡི་ཕན་ཡོན་ལ་ཡང་དང་ཡང་དུ་བསམ་ཞིང་བསྒོམ་པས་བསྐྱེད་པར་བྱ་དགོས་སོ། །གསུམ་པ་མཐུན་ཕྱོགས་སྒྲུབ་པ་ལ། མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། གོང་དུ་བསྟན་པ་དེ་ལྟར་མི་མཐུན་པའི་ཕྱོགས་ལེ་ལོ་གསུམ་སྤངས་པར་བྱས་ཏེ། དམ་པའི་ཆོས་ལ་དོན་གཉེར་གྱི་འདུན་པའི་མོས་པ་དང་བརྩམ་པ་ལས་མི་ལྡོག་པའི་ང་རྒྱལ་ཏེ་བརྟན་པ་དང་། དེ་ལས་ལྷག་པར་དགའ་བ་དང་། དོར་ན་དགོས་པ་ཆེ་བའི་སྐབས་སུ་དོར་བ་སྟེ་དཔུང་བཞི་བསགས་ཏེ། བླང་དོར་ལྷུར་ལེན་པ་དང་ལུས་སེམས་ལ་དབང་སྒྱུར་སྟོབས་ཀྱིས་ནི་བརྩོན་འགྲུས་སྤེལ་བའི་ཕྱིར་འབད་པར་བྱའོ། །གཉིས་པ་ལ། དཔུང་བཞི་བསགས་པ། སྟོབས་གཉིས་བསྐྱེད་ཚུལ་དང་གཉིས་ལས། དང་པོ་ལ། མོས་པའི་དཔུང་། བརྟན་པའི་དཔུང་། དགའ་བའི་དཔུང་། དོར་པའི་དཔུང་དང་བཞི་ལས། དང་པོ་ནི། བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པས་ན་བདག་དང་གཞན་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་ལ་སོགས་པའི་ཉེས་པ་ནི་དཔག་ཏུ་མེད་པ་མཐའ་དག་བདག་གིས་གཞོམ་པའམ་སྤོང་པར་བྱ་བ་ཡིན་པ་སྟེ། དེ་ལའང་སྒྲིབ་པ་གང་ཞིག་སྤོང་བའི་དོན་དུ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི་ཉེས་པ་རེ་རེ་ལའང་དུས་བསྐལ་པ་རྒྱ་མཚོ་ལྟར་མང་པོ་ཟད་པར་འགྱུར་བའི་བརྩོན་འགྲུས་བྱ་དགོས་པ་ཡིན་པ་ལ། ཉེས་པ་ཟད་པའི་དོན་དུ་བརྩོན་འགྲུས་རྩོམ་པ་དེ་ཡི་ནི་ཆ་ཤས་ཙམ་ཡང་བདག་རྒྱུད་ལ་སྐྱེས་པར་མ་མཐོང་ན་མ་འོངས་པ་ན་མྱོང་འགྱུར་གྱི་སྡུག་བསྔལ་དཔག་ཏུ་མེད་པའི་གནས་སུ་གྱུར་པ་བདག་གི་ཅིའི་ཕྱིར་སྙིང་འདི་ཚལ་པ་བརྒྱར་མ་གས་ཏེ་འགས་པར་འགྱུར་རིགས་སོ་ཞེས་གཞན་གྱིས་ཉེས་པ་སྤང་དགོས་པར་བསྟན་ཏོ། །དེ་བཞིན་དུ་བདག་དང་གཞན་སེམས་ཅན་གྱི་རྒྱུད་ལ་ལམ་དང་འབྲས་བུའི་ཡོན་ཏན་ནི་དཔག་ཏུ་མེད་པ་མང་པོ་བདག་གིས་བསྒྲུབ་པར་བྱ་བ་སྟེ། དེ་ལ་སྤྱན་དང་མངོན་ཤེས་ལ་སོགས་པ་ཡོན་ཏན་རེ་རེ་ལ་ཡང་དུས་བསྐལ་པ་རྒྱ་མཚོས་ཏེ་རྒྱ་མཚོ་ལྟར་དཔག་ཏུ་མེད་པར་བརྩོན་པས་གོམས་པར་འགྱུར་བར་བྱ་དགོས་ན་བདག་ནི་ཡོན་ཏན་དེ་དག་གི་ཆ་ཤས་ཙམ་འགྲུབ་པའི་བརྩོན་པ་ལ་ཡང་གོམས་པ་ནམ་ཡང་མ་སྐྱེས་ཏེ་མེད་ན། ཤིན་ཏུ་དཀོན་ཡང་ལས་དབང་གིས་ཇི་ཞིག་ལྟར་རྙེད་པའི་མི་ཡི་སྐྱེ་བ་དལ་འབྱོར་ཐོབ་པ་འདི་ནི་བདག་གིས་དོན་མེད་ཆུད་ཟོས་སུ་བྱས་པ་ངོ་མཚར་རོ་ཞེས་བསྟིང་ཚིག་གིས་སྨད་པའོ། །བདག་གིས་དོན་མེད་ཁོ་ནར་མ་བྱས་ཏེ། དགེ་བ་ཅུང་ཟད་རེ་འགྲུབ་བོ་སྙམ་ན། ཅི་ཞིག་འགྲུབ་སྟེ་བདག་གིས་བཅོམ་ལྡན་འདས་རྣམས་ལ་མངོན་སུམ་དང་མངོན་སུམ་མ་ཡིན་པའི་དངོས་འབྱོར་ཡིད་སྤྲུལ་གྱིས་ཅི་ཡང་མ་མཆོད་ཅིང་། དགེ་འདུན་པ་རྣམས་ལ་ལྷག་པའི་བསམ་པས་ཟས་གོས་སོགས་ཀྱིས་དགའ་སྟོན་བསྙེན་བཀུར་ཆེན་པོའི་བདེ་བ་ཅུང་ཟད་ཙམ་ཡང་མ་བྱིན་ལ། སངས་རྒྱས་ཀྱི་བསྟན་པ་དམ་པའི་ཆོས་ལུང་སྡེ་སྣོད་གསུམ་དང་ལམ་བསླབ་པ་གསུམ་ལ་རིམ་པར་འཆད་ཉན་དང་ཉམས་ལེན་གྱི་བྱ་བ་ཅི་ཡང་མ་བྱས་པ་དང་། ཟས་གོས་ཙམ་ཡང་མེད་པས་ཤིན་ཏུ་ཉམས་ཐག་པའི་དབུལ་པོའི་བསམ་པ་ཟང་ཟིང་གི་སྦྱིན་པ་ཆེན་པོས་ལྟ་ཅི་ཇ་ཐེབ་དང་མར་ཆུར་བཟང་པོ་ཙམ་གྱིས་རྫོགས་པར་མ་བྱས་པར་མ་ཟད་བརྙས་བཅོས་ཀྱིས་གཤེ་བར་བྱས་ཤིང་། སེམས་ཅན་གང་ཞིག་སྲོག་གི་འཇིགས་པ་རྣམས་ལ་ཚེ་ཐར་སྲོག་བསླུ་སོགས་ཀྱིས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ཅི་ཡང་མ་བྱིན་པ་དང་། བླང་དོར་ཅི་ཡང་མི་ཤེས་པ་ཤིན་ཏུ་རྨོངས་བས་ཉམ་ཐག་པའི་སེམས་ཅན་ལ་ཆོས་ཀྱི་སྦྱིན་པ་བླང་དོར་གྱི་གནས་ལེགས་པར་བསྟན་ཅིང་ཤེས་པར་གྱུར་པའི་བདེ་བ་ནམ་ཡང་མ་བྱིན་ན་བདག་གིས་མིའི་སྐྱེ་བ་བཟུང་བའི་དོན་པོ་མ་ཡི་མངལ་གྱི་ཟུག་རྔུ་ཆེན་པོ་དང་། བཙའ་བ་ལ་སོགས་པའི་ཚེ་མ་རྒན་དང་རང་གཉིས་ཀར་འཆི་བའམ་འཆི་བར་འགྱུར་བ་ལྟ་བུའི་སྡུག་བསྔལ་ཆེན་པོ་འབའ་ཞིག་བསྐྱེད་པར་ཟད་ཀྱི་དལ་འབྱོར་ཐོབ་པའི་དགོས་པ་ཅི་ཡང་མ་གྲུབ་བོ། །བདག་ནི་ཚེ་རབས་སྔོན་མ་དང་ད་ལྟར་གྱི་སྐྱེ་བ་འདི་ལ་ཡང་ཁྱིའི་སྔོན་དུ་རྩྭ་བཞག་པ་ལྟར་དམ་པའི་ཆོས་ལ་དོན་གཉེར་གྱི་འདུན་པའམ་མོས་པ་དང་བྲལ་བ་ཡིས་དགེ་བའི་ཆོས་ཀྱིས་དབུལ་ཞིང་ཕོངས་པ་འདི་འདྲ་བྱུང་བར་གྱུར་པ་ཡིན་པས་བདག་ལེགས་སུ་འདོད་པའི་སེམས་ལྡན་གྱི་གང་ཟག་སུ་ཞིག་དམ་པའི་ཆོས་ལ་མོས་པ་གཏོང་སྟེ་གཏོང་མི་རིགས་སོ། །མངོན་མཐོ་དང་ངེས་ལེགས་འཐོབ་པའི་དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི་རྩ་བ་དམ་པའི་ཆོས་ལ་དོན་གཉེར་གྱི་འདུན་པའམ་མོས་པ་འདི་ཁོ་ན་ཡིན་པར་ཐུབ་པས་གསུངས་ཏེ། བློ་གྲོས་རྒྱ་མཚོས་ཞུས་མདོ་ལས། དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་མོས་པའོ། །ཞེས་དང་། འཇམ་དཔལ་ཞིང་བཀོད་ལས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །ཞེས་སོ། །དེས་ན་ཆོས་ལ་དོན་གཉེར་གྱི་འདུན་པ་རབ་ཞིག་ཡོད་ན་ཆོས་པ་རབ་ཞིག་འོང་བ་དང་། འབྲིང་གིས་འབྲིང་དང་། ཐ་མས་ཐ་མ་ཞིག་འོང་བར་འགྱུར་བས་ན་ཆོས་ལ་དོན་གཉེར་གྱིས་འདུན་པ་གལ་ཆེ་ལ། དེའང་དང་པོ་ནས་ཡོད་པའི་གང་ཟག་དཀའ་བས་ན་རང་རྒྱུད་ལ་བསྐྱེད་དགོས་ཀྱང་། དེང་སང་རང་གི་རང་བརྙས་ཏེ་ངས་ཚུལ་ཁྲིམས་བསྲུང་ཅི་ལ་ཐུབ། ཐོས་བསམ་སྒོམ་གསུམ་ག་ལ་འོང་སྙམ་ནས་རང་གིས་རང་ཕུང་བར་བྱེད་པ་འདི་འདྲ་མི་བྱེད་པར་ཁྱི་ཁང་ཐོག་ཏུ་བཞག་པ་ལྟར་ཁ་མིག་ཐུར་ལྟས་མི་བྱེད་པར་བྱ་ཁང་ཞབས་སུ་བཞག་པ་ལྟར་ཁ་མིག་ཡར་ལྟོས་ཀྱིས་ཚུལ་ཁྲིམས་རེ་བསྲུང་ལོབ་དང་ཐོས་བསམ་སྒོམ་པ་རེ་བྱེད་ལོབ་བྱས་ན་ཇེ་དགའ་ཇེ་བཟང་དུ་འགྲོ་བ་ཡིན་གྱི། ཐོག་མ་ནས་སྒྲིབ་པ་མེད་ཅིང་ཡོན་ཏན་ཡོད་པ་ཞིག་ཡིན་ན་དམ་པའི་ཆོས་བསྟན་པ་ལ་དགོས་པ་ཅི་ཡང་མེད་པར་འགྱུར་ནའང་དེ་ལྟ་མ་ཡིན་ནོ། །དམ་པའི་ཆོས་ལ་དོན་གཉེར་གྱི་འདུན་པའམ་མོས་པ་དེ་ཡི་རྩ་བ་དུས་རྟག་ཏུ་ནི་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཆེན་པོ་ཆུད་མི་ཟ་བར་བདེ་སྡུག་སོ་སོར་མྱོང་བར་འགྱུར་ཚུལ་རྒྱུ་འབྲས་ལ་ཡིད་ཆེས་པའི་སྒོ་ནས་ཡང་ནས་ཡང་དུ་སེམས་ལ་བསམ་ཤིང་བསྒོམ་པ་ཡིན་པས་བསྒོམས་དགོས་སོ། །ཇི་ལྟར་བསྒོམ་ན། འབྲས་བུ་ན་བ་དང་ཚ་གྲང་ལ་སོགས་པའི་ལུས་ཀྱི་སྡུག་བསྔལ་ཐམས་ཅད་དང་ཡིད་མི་བདེ་བ་ལ་སོགས་པའི་སེམས་ཀྱི་མི་དགའ་བ་ཐམས་ཅད་དང་། གསོད་གཅོད་ལ་སོགས་པའི་འཇིགས་པ་རྣམ་པ་སྣ་ཚོགས་པ་དང་། གང་ཡིད་ལ་འདོད་པ་རྣམས་དང་བྲལ་ཞིང་མི་འདོད་པ་སྣ་ཚོགས་དང་འཕྲད་པར་འགྱུར་བ་ལ་སོགས་པ་མདོར་ན་ཚེ་འདི་ཕྱིའི་སྡུག་བསྔལ་གང་ཅི་ཡོད་ཐམས་ཅད་ནི་མིང་ན་ཞིང་ཐབས་སྡུག་པ་ལས་བྱུང་བ་མ་ཡིན་པར་རྒྱུ་སྡིག་པ་མི་དགེ་བ་སྤྱོད་པ་ལས་འབྱུང་བར་འགྱུར་པ་ཡིན་ནོ་ཞེས་རྒྱུ་འབྲས་སྤྱིར་བསྟན་ཏེ། བྱེ་བྲག་ཏུ་འདྲེས་མའི་ལས་ཀྱི་འབྲས་བུ་ཁ་ཙམ་ཚིག་ཙམ་མ་ཡིན་པར་ཡིད་ལ་དོན་གཉེར་གྱི་འདུན་པའམ་བསམ་པའི་དགེ་བའི་ལས་བྱས་པས་ནི་གནས་གང་དང་གང་དུ་འགྲོ་ཞིང་སྐྱེ་བར་འགྱུར་བ་ཡི་གནས་དེ་དང་དེར་ནི་སྔར་བསགས་པའི་བསོད་ནམས་དགེ་བའི་ལས་དེས་འབྲས་བུའི་ཡོན་ཞེས་རྣམ་པར་སྨིན་པའི་འབྲས་བུ་བདེ་ཞིང་ཡིད་དུ་འོང་བའི་ཡོན་བཟང་ལ་མང་བ་རྣམས་གྱིས་མངོན་པར་མཆོད་པའི་བདེ་བ་འཐོབ་པར་འགྱུར་ཏེ། དཔེར་ན་རྒྱལ་བུ་བསོད་ནམས་སྟོབས་མི་དབུལ་པོའི་ཁྱིམ་དུ་ཞུགས་པས་མི་ཟད་པའི་གཏེར་ཆེན་པོ་བྱུང་བར་གྱུར་པ་བཞིན་ནོ། །དེ་བཞིན་དུ་སྡིག་པ་མི་དགེ་བ་བྱེད་པ་རྣམས་ཀྱང་བདེ་བར་འདོད་ཀྱང་གནས་གང་དང་གང་དུ་འགྲོ་ཞིང་སྐྱེ་བར་འགྱུར་པ་ཡི་གནས་དེ་དང་དེར་ནི་སྔར་སྡིག་པ་མི་དགེ་བ་ལས་བསགས་པ་དེས་རྣམ་སྨིན་སྡུག་བསྔལ་གྱི་ཚོར་བ་མཚོན་ཆ་རྣོན་པོས་བསྣུན་པ་དང་འདྲ་བ་རྣམས་གྱིས་རྣམ་པར་འཇོམས་སོ། །དེ་ལྟར་འདྲེས་མའི་ལས་དེ་ལ་འཕེན་རྫོགས་ཀྱི་ལས་མུ་བཞི་སྟེ། འཕེན་བྱེད་དགེ་བས་འཕང་ཞིང་རྫོགས་བྱེད་ཀྱང་དགེ་བས་རྫོགས་པ་བདེ་འགྲོར་སྐྱེས་ཤིང་ཚེ་གང་བདེ་འབྱོར་དང་ལྡན་པ་ལྟ་བུ་དང་། འཕེན་བྱེད་མི་དགེ་བས་འཕང་ཞིང་རྫོགས་བྱེད་ཀྱང་མི་དགེ་བས་རྫོགས་པ་དམྱལ་བར་སྐྱེས་ཤིང་ཚེ་གང་སྡུག་བསྔལ་དང་ལྡན་པ་ལྟ་བུ་དང་། འཕེན་བྱེད་དགེ་བས་ལྷ་ཡུལ་དུ་འཕང་ནས་ལྷར་སྐྱེས་ཀྱང་རྫོགས་བྱེད་མི་དགེ་བས་རྫོགས་པ་འབྱོར་བ་ཅི་ཡང་མེད་པས་སྡུག་བསྔལ་དང་ལྡན་པ་ཡོད་པར་གསུང་བ་ལྟ་བུ་དང་། འཕེན་བྱེད་མི་དགེ་བས་འཕང་ཞིང་རྫོགས་བྱེད་དགེ་བས་རྫོགས་པ་མཛའ་བོའི་བུ་མོ་དང་དུད་འགྲོ་བ་དེ་འབྱོར་ཅན་འགའ་ཞིག་ལྟ་བུ་དང་། གཞན་ཡང་འཕེན་བྱེད་མི་དགེ་བས་ཉི་ཚེ་བའི་དམྱལ་བར་སྐྱེས་ཤིང་རྫོགས་བྱེད་དགེ་སྡིག་གཉིས་ཀས་བྱེད་པ་ཤན་པས་མཚན་སྲོག་མི་གཅོད་པའི་སྡོམ་པ་བླང་པ་དང་། ལོག་གཡེམ་བྱེད་པས་ཉིན་མི་བྱེད་པའི་སྡོམ་པ་བླང་བ་ཉི་ཚེ་བའི་དམྱལ་བར་བདེ་སྡུག་ཉིན་མཚན་འགྱུར་བས་མྱོང་བ་རྣམས་གྲོ་བཞིན་སྐྱེས་ཀྱིས་གཟིགས་པ་དང་། དེ་བཞིན་དུ་འཕེན་བྱེད་བས་མིར་སྐྱེས་ཀྱང་རྫོགས་བྱེད་དགེ་སྡིག་གཉིས་ཀས་རྫོགས་པ་ཚེ་སྟོད་སྨད་སོགས་ཀྱི་བདེ་སྡུག་མི་འདྲ་བ་སྣ་ཚོགས་པ་མྱོང་བ་ལྟ་བུ་སྟེ་མདོར་ན་བདེ་འགྲོར་སྐྱེས་ཀྱང་རྟེན་དེས་བདེ་སྡུག་ཅི་མྱོང་ཐམས་ཅད་དགེ་སྡིག་གི་འབྲས་བུ་དང་། ངན་འགྲོར་སྐྱེས་ཀྱང་རྟེན་དེས་བདེ་སྡུག་ཅི་མྱོང་ཐམས་ཅད་དགེ་སྡིག་གི་འབྲས་བུ་ཆུད་མི་ཟ་བས་ཡིན་པར་ཤེས་པར་བྱའོ། །སྡིག་པ་སྤུ་རྩེ་ཙམ་ཡང་མ་འདྲེས་པ་གཅིག་ཏུ་དཀར་བའི་ལས་ཀྱི་འབྲས་བུ་ནི་དག་པའི་ཞིང་ཁམས་བདེ་བ་ཅན་ལ་སོགས་པར་སྐྱེ་གནས་མངལ་དོག་ཅིང་དྲི་ང་ཞིང་ཚ་བ་ལས་ཁྱད་པར་དུ་གྱུར་པ་རྒྱ་ཆེ་ཞིང་དྲི་བཟང་བ་རེག་བྱ་བསིལ་བའི་ཁོ་དོག་སྣ་ཚོགས་པའི་མེ་ཏོག་པདྨའི་སྙིང་པོར་བདེ་བར་གནས་ཤིང་། དེ་མ་རྒན་གྱི་ཟས་བད་ཀན་གྱི་ཟག་ཆུས་འཚོ་བ་ལས་ཁྱད་པར་དུ་གྱུར་བ་རྒྱལ་བའི་གསུང་སྙན་པོ་ལས་བསྟན་པའི་ཆོས་ཀྱི་བདུད་རྩིའི་ཟས་ཀྱིས་ལུས་དང་དབང་པོའི་གཟི་བརྗིད་བསྐྱེད་པར་བྱས་ཤིང་ཡོངས་སུ་སྨིན་པ། སྐྱེ་སྒོ་དོག་པས་ལྕགས་ཀྱི་འཇུར་མིག་ཏུ་དྲང་བ་ལྟ་བུའི་སྡུག་བསྔལ་ལས་ཁྱད་པར་དུ་འགྱུར་པ་ཐུབ་པའི་དབང་པོ་སངས་རྒྱས་ཀྱི་སྐུའི་འོད་ཟེར་གྱིས་ཁ་བྱེ་ཞིང་རྒྱས་པའི་པདྨ་ལས་བརྫུས་ཏེ་བྱུང་བའི་ལུས་མཆོག་ཏུ་གྱུར་པ་མཚན་དཔེས་བརྒྱན་པ་ཅན་ཁང་ཁྱིམ་མི་གཙང་བ་སྐྱེ་བོས་ཡོངས་སུ་འཛིན་པ་ལས་ཁྱད་པར་དུ་གྱུར་པ་རྒྱལ་བ་མགོན་པོ་འོད་དཔག་མེད་ལ་སོགས་པའི་མདུན་དུ་གནས་ནས་དེའི་ཆོས་ཀྱིས་སྐྱོང་བའི་སྐལ་བ་བཟང་པོ་བདེ་བར་གཤེགས་པའི་སྲས་སུ་གྱུར་བ་དེ་ཡང་རྣམ་པར་དག་པའི་དགེ་བས་འབྱུང་བར་འགྱུར་བ་ཡིན་ནོ། །སྡིག་པ་ཆེན་པོ་རྗེས་སུ་འགྱོད་པ་མེད་པ་བྱས་པ་གཅིག་ཏུ་ནག་པོའི་ལས་ཀྱི་འབྲས་བུ་ནི། དམྱལ་བའི་གནས་སུ་འཇིགས་སུ་རུང་བའི་ལས་མཁན་གཤིན་རྗེའི་སྐྱེས་བུས་དམྱལ་བའི་ལུས་གཞོན་ཤ་ཅན་གྱི་པགས་པ་མ་ལུས་པ་མེ་འབར་བའི་མཚོན་ཆ་རྣམས་ཀྱིས་བཤུས་པས་སྡུག་བསྔལ་གྱིས་ཤིན་ཏུ་ཉམ་ཐག་པར་གྱུར་ཅིང་། དེར་མ་ཟད་དུས་མཐའི་མེ་ལས་ཀྱང་རབ་ཏུ་ཚ་བའི་མེ་ཡིས་བཞུས་པའི་ཟངས་ཞུན་ཁོལ་མ་མེ་འབར་བ་ལུས་ལ་ཕྱི་ནང་དུ་བླུག་ཏེ་བསྲེག་པར་གྱུར་བཞིན་པ་ལ་མེ་རབ་ཏུ་འབར་བའི་རལ་གྲི་དང་མདུང་ཐུང་ལ་སོགས་པ་མཚོན་ཆ་རྣོན་པོ་དག་གིས་བསྣུན་ཏེ་བཅད་བའི་ཤ་ཡི་དུམ་བུ་བརྒྱར་ཏེ་བརྒྱ་ཕྲག་དུ་མར་ལྷགས་ཤིང་སྟེ་གཏུབས་ནས་འཐོར་ཞིང་བྱུང་བ་མེ་ཆེན་པོ་ཤིན་ཏུ་འབར་བའི་ལྕགས་བསྲེགས་ཀྱི་ས་གཞིར་ལྷུང་བའི་སྡུག་བསྔལ་མི་ཟད་པ་རབ་ཏུ་མང་པོ་མྱོང་བ་ནི་ལས་མི་དགེ་བ་མང་པོས་བྱུང་བར་འགྱུར་བ་ཉིད་དོ། །གོང་དུ་ཇི་སྐད་བཤད་པ་དེ་བས་ན་རྒྱུ་འབྲས་ལ་ཡིད་ཆེས་པས་མི་དགེ་བ་སྤངས་ནས་དགེ་བའི་ལས་ཁོ་ན་ལ་རྩེ་གཅིག་ཏུ་དོན་གཉེར་གྱིས་འདུན་པས་མོས་པར་བྱ་ཞིང་བརྩོན་པ་ཆེན་པོས་བླང་དོར་གྱི་གནས་ལ་གུས་ཤིང་ཡིད་ཆེས་པ་ཉིད་དུ་བསྒོམ་པ་ལ་འབད་པར་བྱའོ། །གཉིས་པ་བརྟན་པའི་དཔུང་ལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་མདུན་དུ་ཕྱོགས་བཅུ་ནས་བྱོན་པའི་རྡོ་རྗེའི་མིང་ཅན་བཅུའི་ནང་ནས་ཕལ་པོ་ཆེའི་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བའི་ལེའུ་དྲུག་པ་ལས། དཔེར་ན་ལྷའི་བུ་ཉི་མ་འཆར་བ་ན་དམུས་ལོང་དང་རི་མི་མཉམ་པ་ལ་སོགས་པའི་ཉེས་པས་མི་ལྡོག་པར་འོས་སུ་གྱུར་པའི་ཡུལ་རྣམས་སྣང་བར་བྱེད་པ་ལྟར། བྱང་ཆུབ་སེམས་དཔའ་གཞན་གྱི་དོན་དུ་འཆར་བ་ཡང་སེམས་ཅན་དམུ་རྒོད་དང་འཁུ་བ་ལ་སོགས་པའི་ཉེས་པ་སྣ་ཚོགས་ཀྱིས་མི་ལྡོག་ཅིང་འོས་སུ་གྱུར་པའི་གདུལ་བྱ་རྣམས་སྨིན་པ་དང་གྲོལ་བར་བྱེད་དོ་ཞེས་གསུངས་པའི་ཆོ་གའམ་ཐབས་ཀྱི་རྣམ་པ་ཡིས་གཞན་དོན་དུ་དགེ་བ་ལ་བརྩམས་ནས་གང་བརྩམ་པ་དེ་ངེས་པར་སྒྲུབ་པར་ནུས་སོ་སྙམ་པའི་སྙིང་སྟོབས་ཆེན་པོ་བསྐྱེད་པའི་ང་རྒྱལ་བསྒོམ་པར་བྱའོ། །དེ་ལ་ཡང་འཇུག་པའི་དང་པོར་རང་གི་ཆོས་དང་ཟང་ཟིང་གི་འབྱོར་པ་ལ་བརྟགས་ནས་ནི་སྒྲུབ་པར་ནུས་ན་བརྩམས་མམ་སྟེ་བརྩམས་པར་བྱ་བའམ་ཡང་ན་མི་ནུས་ན་རེ་ཞིག་མི་བརྩམ་པར་བཞག་པར་བྱ་སྟེ། གལ་ཏེ་མི་ནུས་ན་རེ་ཞིག་མ་བརྩམ་པ་ཉིད་མཆོག་ཏུ་གྱུར་པ་ཡིན་གྱི་བརྩམས་ནས་ཞུགས་ཕྱིན་ཆད་དམ་བཅས་པའི་དོན་ལས་ནམ་ཡང་ལྡོག་པར་མི་བྱའོ། །གལ་ཏེ་བསླབ་པ་སློབ་གཉེར་དང་མཚམས་བསྙེན་སྒྲུབ་སོགས་ལ་བརྩམ་ལྡོག་བྱས་ན་དེའི་ཉེས་པ་རྒྱུ་མཐུན་གྱི་འབྲས་བུ་ཚེ་འདི་དང་སྐྱེ་བ་གཞན་དུ་ཡང་གང་བརྩམ་པའི་དགེ་བ་དེ་ཉིད་མི་འགྲུབ་པས་བརྩམ་ལྡོག་དེ་ཉིད་གོམས་ཤིང་སྐྱེས་བུ་བྱེད་པའི་འབྲས་བུ་དགེ་བ་ལ་སྦྱོར་བའི་དམ་བཅའ་ཉམས་པས་རྒྱུ་སྡིག་པ་འཕེལ་བ་དང་རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་ཆེན་པོ་འཕེལ་བར་འགྱུར་ཞིང་། གང་ལ་ཞུགས་ཤིང་བརྩམ་པའི་བྱ་བ་དེ་ཉིད་མཐར་ཕྱིན་པར་མི་སྒྲུབ་པར་ཡང་བྱ་བ་གཞན་ཞིག་ལ་ཞུགས་ཤིིང་བརྩམ་པར་བྱས་ནས་སྔ་མ་ལས་གཞན་དེ་ཡང་འགྲུབ་པར་མི་འགྱུར་བ་དང་འབྲས་བུའི་དུས་ཀྱང་ནི་དོན་དམན་པར་འགྱུར་ཞིང་སྔ་མ་དེ་ཡང་འགྲུབ་པར་མི་འགྱུར་རོ། །དེས་ན་གཉེན་པོའི་ལས་བདག་ཁོ་ནས་སྒྲུབ་སྙམ་པ་དང་། ཉོན་མོངས་པའི་དབང་དུ་མི་འགྱུར་བ་བྱ་སྙམ་པ་དང་། བདག་གིས་ཉེས་པ་སྤངས་ཤིང་ཡོན་ཏན་སྒྲུབ་པར་ཅིས་མི་ནུས་སོ་སྙམ་པའི་ནུས་པ་སྟེ་གསུམ་པོ་དག་ལ་ང་རྒྱལ་ལམ་སྙིང་སྟོབས་བསྒོམ་ཞིང་བསྐྱེད་པར་བྱའོ། །དེ་ཡང་ཐོག་མར་སྦྱོར་བའི་དུས་སུ་ནི་མ་ཡིན་གྱི་དངོས་སུ་ཞུགས་ནས་སེམས་ཞུམ་པ་སོགས་བྱུང་བའི་དུས་སུ་བསྒོམ་པར་བྱ་བ་ཡིན་ནོ། །གཉིས་པ་ལ། ལས་ཀྱི་ང་རྒྱལ་བསྒོམ་ཚུལ། ནུས་པའི་ང་རྒྱལ་བསྒོམ་ཚུལ། ཉོན་མོངས་པའི་ང་རྒྱལ་བསྒོམ་ཚུལ་དང་གསུམ་ལས། དང་པོ་ནི། དཔེར་ན་ལྷའི་བུ་ཉི་མ་ཕྱིའི་ཕོ་བྲང་བེམ་པོའི་རང་བཞིན་ཐབས་དང་བྲལ་བ་འདི་ཉིད་གཅིག་པུས་གླིང་བཞིར་སྣང་བ་ལ་སོགས་པའི་བྱ་བ་བྱེད་ཅིང་དེ་ཡང་སྤྲིན་དང་རྡུལ་དང་རླུང་ཆར་སོགས་རྐྱེན་གང་གིས་མི་འགོག་པ་དང་ཀུན་ལ་སྙོམ་པར་འཆར་བ་དང་། ཐམས་ཅད་དེ་ལ་རེ་ཡང་རང་ཉིད་སུ་ལའང་རེ་ལྟོས་འཆའ་མི་དགོས་པ་འདི་ལྟར་ཡིན་ན། བདག་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་ཐབས་ལ་མཁས་པས་ནམ་མཁའ་དང་མཉམ་པའི་སེམས་ཅན་སྨིན་ཅིང་གྲོལ་བར་བྱེད་པ་ལ་སོགས་པའི་དོན་བདག་ཉིད་གཅིག་པུས་བྱེད་པ་དང་། དམུ་རྒོད་སེམས་ཅན་གྱི་ཉེས་པའི་སྐྱོན་གང་གིས་ཀྱང་མི་འགོག་པ་དང་། སེམས་ཅན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོར་གྱུར་བ་དང་། ཚུར་སེམས་ཅན་ཐམས་ཅད་རེ་ཞིང་ཕར་སུ་ལའང་རེ་ལྟོས་འཆའ་མི་དགོས་པའི་ཚུལ་གྱིས་བྱའོ་ཞེས་སྙིང་སྟོབས་བསྐྱེད་པ་འདི་ནི་ལས་ཀྱི་ང་རྒྱལ་ཉིད་ཡིན་ལ། དེ་ཡང་ཉོན་མོངས་པས་རང་དབང་མེད་པར་གྱུར་པའི་འཇིག་རྟེན་སེམས་ཅན་འདིས་ཞེ་འདོད་དང་ལག་ལེན་རྒྱ་བ་འགལ་དུ་བྱས་པའི་ཚེ་འདིའི་རང་གི་དོན་ཙམ་ཡང་སྒྲུབ་པར་མི་ནུས་པས་ན་འགྲོ་བས་བྱང་ཆུབ་སེམས་དཔའ་བདག་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པར་མི་ནུས་ཏེ་དེ་བས་ན་བདག་གིས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་འདི་སྒྲུབ་པར་བྱའོ། །སེམས་ཅན་གཞན་འདི་དག་གིས་ནི་འཇིག་རྟེན་འདིའི་དགྲ་འདུལ་དང་གཉེན་སྐྱོང་ཚོང་དང་སོ་ནམ་སོགས་དམན་པའི་ལས་འདི་ལྟར་བྱེད་ན་བདག་ཉིད་ཀྱིས་ཀྱང་ནི་དམན་ལས་དེ་དག་བྱེད་པའི་གྲོགས་བྱས་ནས་ཇི་ལྟར་འདུག་སྟེ་མི་རིགས་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕར་ཕྱིན་དྲུག་ལ་སྤྱོད་པར་བྱའོ། །ཡང་ན་གཞན་དག་རྩྭ་འཐུ་ཤིང་འབྲེག་ཁུར་འཁུར་བ་སོགས་དམན་པའི་ལས་བྱེད་ན་བདག་ཉིད་ཀྱང་ཇི་ལྟར་བདེ་བར་འདུག་སྟེ་འདུག་མི་རིགས་པར་སྡིག་པར་མི་འགྱུར་བའི་དམན་པའི་ལས་དེ་སྒྲུབ་པའི་གྲོགས་བྱེད་དགོས་ཏེ་དཔེར་ན་འབྲོམ་སྟོན་པས་སྔགས་རྒན་ཞིག་གི་ཁུར་རང་གིས་ཁུར་བར་མཛད་བ་དང་། རྒྱ་གར་དམ་པས་ཨ་ཙ་ར་སྨ་ར་སེར་པོ་ཅན་གྱི་ཁུར་འཁུར་བར་མཛད་པ་བཞིན་ནོ་གསུངས་སོ། །དེ་གཉིས་གང་ལྟར་ཡང་བདག་ནི་འདི་ལྟར་བྱེད་པས་མཆོག་གོ་སྙམ་པའི་ང་རྒྱལ་གྱིས་ནི་སེམས་ཁེངས་པར་མི་བྱེད་དེ་བདག་ལ་ཐ་མལ་པའི་ང་རྒྱལ་མེད་པ་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་མཆོག་ཡིན་ནོ། །གཉིས་པ་ནི། དཔེར་ན་ཤི་ཟིན་པའི་སྦྲུལ་གྱི་རོ་དང་ཕྲད་པར་གྱུར་ན་བྱ་ཁྭ་ཏ་ཡང་ནམ་མཁའ་ལྡིང་ལྟ་བུར་དེ་ལ་བརྙས་ཐབས་ཀྱིས་ཟ་བར་སྤྱོད་པ་དེ་བཞིན་དུ་གལ་ཏེ་བདག་ཉིད་ནུས་པའི་ང་རྒྱལ་ལམ་གཉེན་པོའི་ཉམས་སྟོབས་ཆུང་བར་གྱུར་ན་ལྟུང་བ་ཆུང་དུའང་སྟེ་ཉེས་བྱས་ལྟ་བུས་ཀྱང་ལྟུང་བ་ཆེན་པོ་ལྟར་གནོད་པ་ཆེན་པོ་ངན་སོང་དུ་འཕེན་པར་བྱེད་ནུས་པར་འགྱུར་རོ། །དེས་ན་བདག་ལྟ་བུས་དགེ་སྒྲུབ་སྡིག་སྤོང་ཅི་ཡང་མི་འོང་སྙམ་ནས་སྙིང་སྟོབས་ཆུང་ཞིང་སེམས་ཞུམ་པ་དང་བཅས་པས་བླང་དོར་ལ་རྩོལ་བ་སྟེ་བརྩོན་པ་དོར་བ་ཡི་གང་ཟག་རྣམས་ལ་འདི་ཕྱི་ཀུན་ཏུ་ཕོངས་པ་ལས་ནམ་ཡང་ཐར་བ་ཡོད་དམ་ཅི་སྟེ་མེད་དོ། །དེ་ལྟར་མ་ཡིན་པར་སྙིང་སྟོབས་ཆེན་པོའི་ང་རྒྱལ་གྱིས་རྩོལ་བའམ་བརྩོན་པ་བསྐྱེད་དེ་བཤགས་འོས་རྣམས་བཤགས་ཤིང་བསྡོམ་འོས་རྣམས་བསྡོམ་པར་བྱས་པས་ན་ལྟུང་བ་ཆེན་པོ་རྩ་བའི་ལྟུང་བ་ཡིས་ཀྱང་ཐུབ་པར་དཀའ་བ་སྟེ་ངན་སོང་དུ་འཕེན་པར་མི་ནུས་པས་སོ། །དེ་ལྟར་ཡང་གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། རིག་སྔགས་འཆང་ཆེན་པོ་བཅིང་བ་ལྔས་བཅིངས་བར་བྱས་ཀྱང་ནམ་འདོད་དུ་གྲོལ་བར་འགྱུར་བ་ལྟར་སྟོང་ཉིད་དང་སྙིང་རྗེའི་ཐབས་ལ་མཁས་པས་བྱང་ཆུབ་སེམས་དཔའ་རྣམས་ལྟུང་པ་ཆེན་པོས་མི་ཐུབ་པར་གསུང་པ་ལྟ་བུའོ། །དེ་བས་ན་སེམས་ནི་ནུས་པའི་ང་རྒྱལ་བརྟན་པ་ཡིས་སྤང་བྱར་གྱུར་པ་ཡི་ལྟུང་བ་མ་ལུས་པ་རྣམས་ནི་རྩ་བ་ནས་ཕར་གཞོམ་པར་བྱ་སྟེ་དེ་ལས་གཞན་དུ་བདག་ནི་ལྟུང་བས་ཚུར་ཕམ་པར་བྱས་ན། ཁམས་གསུམ་གྱི་སྤང་བྱ་ཀུན་ལས་རྣམ་པར་རྒྱལ་བའི་སངས་རྒྱས་ཐོབ་པར་འདོད་པ་ནི་མང་པོས་ཁྲེལ་བས་བཞད་གད་ཀྱི་གནས་སུ་འགྱུར་བའོ། །དེའི་ཕྱིར་བདག་གིས་ནི་ཁམས་གསུམ་གྱི་སྤང་བྱ་ཐམས་ཅད་ཀུན་ལས་རྣམ་པར་རྒྱལ་བར་བྱ་སྟེ། བདག་ལས་སྤང་བྱའི་ཉོན་མོངས་པ་སུ་ཡང་རྒྱལ་བར་མི་བྱའོ་ཞེས་སོ། །བདུད་བཞིའི་གཡུལ་ལས་རྒྱལ་བས་རྒྱལ་བ་མི་འཇིགས་པ་བཞིའི་རྩལ་དང་ལྡན་པའི་མི་ཡི་སེང་གེའི་སྲས་བདག་གིས་སྤང་བྱའི་ཉོན་མོངས་པས་གླགས་མི་རྙེད་པའི་ནུས་པའི་ང་རྒྱལ་འདི་ལ་གནས་ཤིང་བསྒོམ་པར་བྱའོ། །འོ་ན་ང་རྒྱལ་ནི། སྔར་སྤང་བྱར་བསྟན་ན་འདིར་ཅིའི་ཕྱིར་བསྒོམ་བྱར་བསྟན་ཞེ་ན། ཁམས་གསུམ་གྱི་འགྲོ་བ་གང་ཞིག་དགྲ་ཉོན་མོངས་པའི་ང་རྒྱལ་གྱིས་བཅོམ་པར་གྱུར་པ་དེ་ནི་ཉོན་མོངས་པ་ཅན་ཡིན་གྱི་བྱང་ཆུབ་སེམས་དཔའི་ནུས་པའི་ང་རྒྱལ་ཅན་ནི་མ་ཡིན་ཏེ་གཉེན་པོ་ནུས་པའི་ང་རྒྱལ་ཅན་ཡིན་ན་ཉོན་མོངས་པའི་ང་རྒྱལ་གྱིས་འགྲོའི་དབང་དུ་མི་འགྲོ་བ་ཡིན་པ་ལ་ཐ་མལ་པའི་ང་རྒྱལ་ཅན་དེ་དག་ཉོན་མོངས་པའི་ང་རྒྱལ་གྱི་དགྲ་ཡི་དབང་དུ་འགྱུར་བའི་ཕྱིར་རོ། །དེའི་དབང་དུ་སོང་ན་ཉེས་པ་ཅི་ཡོད་ཞེ་ན། ཉོན་མོངས་པའི་ང་རྒྱལ་གྱིས་སེམས་རབ་ཏུ་ཁེངས་ནས་ངན་འགྲོར་ཏེ་ངན་འགྲོའི་གནས་སུ་ང་རྒྱལ་གྱིས་ཁྲིད་པར་བྱེད་ཅིང་གལ་ཏེ་མི་ཡི་ལུས་ཐོབ་ནའང་དགའ་སྟོན་བཅོམ་པ་སྟེ་དགའ་བདེ་མེད་པས་ཡིད་མི་དགའ་བ་དང་། སློང་མོ་ལ་བརྟེན་ནས་གཞན་གྱི་ཟན་ཟའི་སྟེ་གཞན་གྱིས་བྱིན་པའི་ཟས་ཟ་བའི་བྲན་གཡོག་ཏུ་འགྱུར་བ་དང་ནི་བླང་དོར་ལ་རྨོངས་པ་ཕག་ལྟ་བུའི་གླེན་པ་དང་། མཐོང་ན་ཡིད་དུ་མི་འོང་བ་སྦལ་པ་ལྟ་བུའི་མི་སྡུག་པ་དང་རིད་ཅིང་སྟོབས་ཞན་པས་ཉམས་ཆུང་བ་དང་། ཐམས་ཅད་དུ་ནི་ཕར་གནོད་པ་མ་བྱས་ཀྱང་ཚུར་ཁྱི་རྒན་བཞིན་དུ་བརྙས་པར་འགྱུར་བ་དང་ཉོན་མོངས་པའི་ང་རྒྱལ་གྱིས་སེམས་ཁེངས་ཏེ་དམ་པའི་ཆོས་ཀྱི་ཟས་མ་མྱོང་བས་དཀའ་ཐུབ་ཅན་ཤིན་ཏུ་སྨད་པར་འགྱུར་བའི་གནས་དེ་ཡང་བརྟན་པའམ་ནུས་པའི་ང་རྒྱལ་ཅན་གྱི་ནང་དུའམ་གྲངས་སུ་གཏོགས་ན་བྱང་ཆུབ་སེམས་དཔའི་ང་རྒྱལ་བསྒོམ་མི་ནུས་པའི་གང་ཟག་དམན་པ་དེ་ཅི་འདྲ་ཞིག་ཡིན་པ་སྨྲོས་ཤིག་ཅེས་སྨྲོས་སུ་མེད་དོ། །རྒྱལ་བའི་སྲས་པོ་གང་ཞིག་སྤང་བྱ་ཉོན་མོངས་པའི་ང་རྒྱལ་གྱི་དགྲ་ལས་རྣམ་པར་རྒྱལ་བར་བྱ་བའི་ཕྱིར་དུ་གཉེན་པོ་བརྟན་པའི་ང་རྒྱལ་འཆང་བ་དེ་ནི་བསྔགས་པར་འོས་པའི་ང་རྒྱལ་ཅན་དང་། ཉོན་མོངས་པའི་ང་རྒྱལ་གྱི་དགྲ་ལས་རྣམ་པར་རྒྱལ་བ་དང་དཔའ་བོ་ཡང་དེ་ཉིད་ཡིན་ནོ། །གང་ཟག་གང་ཞིག་ངའོ་སྙམ་པའི་ང་རྒྱལ་གྱི་དགྲ་བོ་ཁམས་གསུམ་དབང་དུ་བསྡུ་བའི་སྟོབས་བདོ་བ་དེ་ཡང་ནུས་པའི་ང་རྒྱལ་མཆོག་དེས་ལྷག་མེད་དུ་བཅོམ་སྟེ། འགྲོ་བ་མཐའ་དག་ལ་ཇི་ལྟར་འདོད་པ་བཞིན་དུ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་རྫོགས་པར་སྟེར་བར་བྱེད་ཅེས་གཉེན་པོའི་ང་རྒྱལ་གྱི་ཡོན་ཏན་ལ་བསྔགས་པ་བརྗོད་པའོ། །གསུམ་པ་ནི། ཉོན་མོངས་པ་སྐྱེ་བའི་ཕྱོགས་ཀྱི་ཁྲོད་དེ་འདོད་ཆགས་སྐྱེ་བའི་རྐྱེན་བུད་མེད་དང་ཞེ་སྡང་སྐྱེ་བའི་རྐྱེན་མ་རུངས་བའི་སེམས་ཅན་སོགས་ཉོན་མོངས་པ་སྐྱེ་བའི་རྐྱེན་གནོད་པ་ཆེན་པོ་ཅི་ཙམ་མང་ཞིང་ཉེ་བར་གྱུར་པ་གནས་ན་དེ་ཙམ་དུ་གཉེན་པོ་ལྷག་པར་བསྐྱེད་དེ་བློ་རྣམ་པ་སྟོང་འགྱུར་དུ་སྲན་གཟུགས་པར་བྱ་དགོས་ཏེ། དཔེར་ན་ཝཱ་ལ་སོགས་པས་སེང་གེ་ལ་གནོད་པ་ཅི་ཡང་མི་ཚུགས་པ་བཞིན་དུ་ཆགས་སྡང་ལ་སོགས་པའི་ཉོན་མོངས་པའི་ཚོགས་ཀྱིས་རང་རྒྱུད་ལ་མི་ཚུགས་པར་བྱ་དགོས་སོ། །དེ་ཡང་རབ་ཡིན་ན་ཉོན་མོངས་པ་སྐྱེ་བའི་ཡུལ་དེ་ཆོས་སྒོར་འཛུད་པ་དང་། འབྲིང་ཡིན་ན་གཉེན་བོ་བསྟེན་ནས་དེར་སྡོད་པ་དང་། ཐ་མ་ཞིག་ཡིན་ན་ཡུལ་དེ་སྤངས་ནས་ཕྱོགས་གཞན་དུ་འགྲོ་དགོས་གསུང་། སྲོག་གི་བར་ཆད་དུ་འགྱུར་བ་ལྟ་བུ་ལ་སོགས་པའི་ཉམ་ང་ཆེ་ཐང་ཅི་ཙམ་བྱུང་བར་གྱུར་ཀྱང་། མི་ཡིས་མིག་ནི་གཅེས་པར་བསྒྲིམས་ཏེ་བསྲུང་བར་བྱེད་པ་ལྟར། དེ་བཞིན་དུ་ཉམས་ང་ཆེན་པོ་ཅི་ཙམ་བྱུང་བར་གྱུར་ཀྱང་ཆགས་སྡང་ལ་སོགས་པའི་ཉོན་མོངས་པའི་དབང་དུ་མི་འགྱུར་བར་བྱ་དགོས་ཏེ། ཉམས་ང་ཇི་ལྟར་ན་བདག་ནི་མེར་བསྲེགས་ཏེ་བསད་པར་གྱུར་རམ་བདག་གི་མགོ་བོ་རལ་གྲི་སོགས་ཀྱིས་བཅད་ཀྱང་སླའི་དུས་དང་རྣམ་པ་ཀུན་ཏུ་ཆགས་སོགས་ཉོན་མོངས་པའི་དགྲ་བོ་འདི་ལ་འདུད་ཅིང་དབང་དུ་གཏོང་བར་མི་བྱའོ་ཞེས་ཉོན་མོངས་པས་རང་རྒྱུད་མི་གོས་པར་བྱའོ་ཞེས་དང་པོ་ཉིད་ནས་བློས་འཕེན་པ་བཏང་ཞིང་དམ་བཅའ་ལྷུར་བླང་བར་བྱ་དགོས་སོ། །དེ་བཞིན་དུ་དུས་དང་གནས་སྐབས་ཐམས་ཅད་དུ་རིགས་ཤིང་འཐད་པ་ཡི་ལས་འདི་ནི་མ་གཏོགས་པར་གཞན་མི་རིགས་པའི་ལས་ནི་མི་སྤྱད་དོ་ཞེས་སོ། །གསུམ་པ་དགའ་བའི་དཔུང་ནི་བྱིས་པ་ཆུང་ངུ་རྩེད་མོ་ལ་དགའ་བ་རྣམས་ཚེ་འདིའི་ལན་དང་ཕྱི་མའི་འབྲས་བུ་ལ་རེ་བ་མེད་པར་རྩེད་མོའི་བདེ་བའི་འབྲས་བུ་ཙམ་ཁོ་ན་འདོད་ནས་རྩེད་མོའི་ལས་དེས་མི་ངོམས་པར་འཇུག་པ་ལྟར་བྱང་ཆུབ་སེམས་དཔའི་འདི་ཡི་བྱ་བའི་ལས་གཞན་དོན་དུ་སྦྱིན་སོགས་པར་ཕྱིན་དྲུག་སྤྱོད་པ་ལ་སོགས་པ་གང་ཡིན་པའི་ལས་བཟང་པོ་དེ་ལ་ནི་ལན་དང་རྣམ་སྨིན་ལ་རེ་བ་མེད་པར་མངོན་པར་ཞེན་པར་བྱ་སྟེ། བྱང་ཆུབ་ཀྱི་སྤྱོད་པའི་ལས་དེས་མི་ངོམས་པར་གོང་ནས་གོང་དུ་འགྱུར་བ་ལ་ཤིན་ཏུ་དགའ་ཞིང་སྤྲོ་བས་འཇུག་པར་བྱའོ། །འཇིག་རྟེན་ཕལ་པ་རྣམས་ཀྱིས་བདེ་བའི་འབྲས་བུ་ཐོབ་པའི་དོན་དུ་ཚོང་དང་སོ་ནམ་སོགས་ཀྱི་ལས་ལ་འབད་པར་བྱས་ཀྱང་འབྲས་བུ་བདེ་བ་དེ་ཐོབ་པར་འགྱུར་རམ་མི་འགྱུར་གཏོལ་མེད་ཀྱི། བྱང་ཆུབ་སེམས་དཔའ་གང་གི་ལས་སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་བསྲུང་བ་ལ་སོགས་པའི་དགེ་བ་ཉིད་ནི་འབྲས་བུ་བདེ་བ་ཐོབ་པར་འགྱུར་བ་ཡིན་པ་དེ་ལྟ་བུའི་ལས་དེ་མི་བྱེད་པར་མི་དགེ་བ་བྱེད་པ་རྣམས་ནི་ཇི་ལྟར་བདེ་སྟེ་འདི་ཕྱི་ཀུན་ཏུ་མི་བདེ་བར་འགྱུར་རོ། །ཆེས་ཤིན་ཏུ་རྣོན་པོའི་སྤུ་གྲིའི་སོར་ཆགས་པའི་སྦྲང་རྩི་ལྕེས་ལྡག་པ་ལྟའི་སྟེ་ལྟ་བུའི་ཁེ་ཆུང་ལ་ཉེན་ཆེ་བ་གཟུགས་སོགས་འདོད་པ་ཡི་ཡོན་ཏན་ལྔ་པོ་གང་སྤྱད་ཀྱང་ཡུལ་ཤེས་འཕྲད་པའི་བདེ་བ་སྐད་ཅིག་མ་ཙམ་ལ་ཆགས་ཤིང་ལྷག་པར་ཞེན་ནས་ལན་ཚའི་ཆུ་ལ་བཏུང་བ་བཞིན་དུ་ཡང་དང་ཡང་དུ་སྤྱད་པ་རྣམས་ཀྱིས་ཀྱང་མི་ངོམས་པར་བྱེད་ན། རྣམ་སྨིན་གྱི་འབྲས་བུ་གནས་སྐབས་མངོན་པར་མཐོ་བ་ལྷ་མའི་བདེ་བ་དང་ལྡན་ལ་མཐར་ཐུག་གི་འབྲས་བུ་ངེས་པར་ལེགས་པ་སྡུག་བསྔལ་ཐམས་ཅད་ཞི་བ་ཡི་མྱ་ངན་ལས་འདས་པ་འཐོབ་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་བདུད་རྩི་ལྟ་བུ་ཁེ་ཆེ་ཞིང་ཉེན་མེད་པ་རྣམས་ཀྱིས་ཅི་སྟེ་ངོམས་ཏེ་ངོམས་མི་ཤེས་པར་བྱ་དགོས་སོ། །དེ་ལྟས་ཏེ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་སྤྱོད་པའི་ལས་གང་བརྩམ་པ་དེ་ཚར་རམ་མཐར་ཕྱིན་བྱའི་ཕྱིར་ཞེས་མཐར་ཕྱིན་པར་བྱ་བའི་ཕྱིར་དུ་དཔེར་ན་སོས་ཀ་ཉི་མ་ཕྱེད་ལ་བབ་པའི་དུས་སུ་ཚ་བ་དང་སྐོམ་པས་གདུངས་པ་ཡི་གླང་ཆེན་རྣམས་བསིལ་བས་གང་བའི་མཚོ་དང་འཕྲད་ན་མཆོག་ཏུ་དགའ་ཞིང་སྤྲོ་བས་ཚམ་ཚོམ་མེད་པར་མཚོར་འཇུག་པ་ལྟར་རང་གཞན་ལ་ཕན་པའི་སྦྱིན་སོགས་དགེ་བའི་ལས་དེ་ལ་ཡང་དགའ་བར་བྱ་ཞིང་སྤྲོ་བས་འཇུག་པ་བྱ་དགོས་སོ། །བཞི་བ་དོར་བའི་དཔུང་ནི། རང་ན་བ་དང་ངལ་དུབ་ཆེས་པ་ལ་སོགས་པའི་རྐྱེན་གྱིས་སྟོབས་ཉམས་པ་དང་རྗེས་སུ་འབྲེལ་བར་གྱུར་ཏེ་ད་ལྟ་ལས་དེ་སྒྲུབ་པའི་ནུས་པ་མེད་ན་སླར་ནུས་པར་བྱའི་སྟེ་བྱ་བའི་དོན་དུ་དུས་རེ་ཞིག་འཇོག་པའམ་འདོར་བར་བྱ་ཞིང་། གང་བསམ་ཞིང་བརྩམ་པའི་ལས་དེ་ལེགས་པར་ཟིན་པའམ་གྲུབ་པ་ན་དེ་ཙམ་ཁོ་ནས་ཆོག་པར་མི་འཛིན་པར་དེ་ལས་ཁྱད་པར་དུ་འཕགས་པ་ཕྱི་མ་དང་དེ་ལས་ཀྱང་མཆོག་ཏུ་གྱུར་པ་ཕྱི་མ་སྒྲུབ་པར་འདོད་པས་སྔ་མ་སྔ་མ་གྲུབ་ཟིན་པ་དེ་སྤོང་པའམ་དོར་བར་བྱའོ། །གཉིས་པ་སྟོབས་གཉིས་སྐྱེད་ཚུལ་ལ། ལྷུར་ལེན་པའི་སྟོབས་དང་། དབང་བསྒྱུར་བའི་སྟོབས་གཉིས་ལས། དང་པོ་ནི། བག་ཡོད་ལྷུར་བླང་བ་ནི་དཔེར་ན་དགྲ་ལ་འཐབ་པ་རྙིང་བ་ཞེས་དེ་ལ་གོམས་པ་དག་དགྲ་དང་ཕན་ཚུན་ལྷན་ཅིག་ཏུ་གཡུལ་ངོར་རལ་ཁ་ལྷགས་པ་ན་རང་ལ་མཚོན་གྱིས་མི་ཕོག་པ་དང་ཕར་འཇོམས་པར་བྱེད་པ་བཞིན་དུ་ཉོན་མོངས་པ་མཚོན་ཆ་རྣོན་པོས་འདེབས་པ་དང་འདྲ་བ་ལས་རང་ལ་མི་ཚུགས་པར་གཟུང་བར་བྱ་ཞིང་ཉོན་མོངས་པའི་དགྲ་བོ་རྣམས་ནི་འཇོམས་ཤིང་ཞིབ་པར་བཏགས་ཏེ་གླགས་མི་རྙེད་པར་བྱའོ། །འཇེབས་ཞིང་ཞིབ་པར་བཏགས་ཞེས་ཀྱང་འདྲའོ། །དྲན་པ་ལྷུར་བླང་བ་དཔེར་ན་གཡུལ་དུ་ཞུགས་པའི་ཚེ་རང་གི་ལག་གི་རལ་གྲི་ས་ལ་ལྷུང་བར་གྱུར་ན་གསོད་དུ་དོགས་པའི་འཇིགས་པས་མྱུར་བ་ཉིད་དུ་ལེན་པ་ལྟར་དེ་བཞིན་དུ་དྲན་པའི་མཚོན་ཆ་ཤོར་ཏེ་གཉེན་པོ་བརྗེད་ནས་ཡེངས་སོང་ན་ཉོན་མོངས་པའི་དབང་དུ་སོང་ནས་དམྱལ་བའི་འཇིགས་པ་འབྱུང་བར་དྲན་ནས་མྱུར་བ་ཉིད་དུ་དྲན་པའི་མཚོན་ཆ་བླང་བའམ་བསྟེན་ཏེ་གཉེན་པོ་ལ་འབད་པར་བྱའོ། །ཇི་ལྟར་ན་མདའ་དུག་ཅན་གྱིས་བསྣུན་པ་ན་ཁྲག་ལ་རྟེན་བྱས་པའམ་བཅས་ནས་དུག་གིས་ནི་ལུས་ཐམས་ཅད་ལ་ཁྱབ་པར་གྱུར་པ་ན་འཆི་བ་དེ་བཞིན་དུ་དབང་པོ་ཡུལ་ལ་ཡེངས་ཤོར་ན་ཉོན་མོངས་པའི་ཉེས་པ་ཆུང་ངུ་ཙམ་གྱིས་རང་རྒྱུད་ལ་གླགས་ནི་རྙེད་པར་གྱུར་ན་དེ་ལ་བརྟེན་ནས་ཉོན་མོངས་ཆེན་པོའི་ཉེས་པས་སེམས་ལ་ཁྱབ་སྟེ་བདེ་འགྲོའི་སྲོག་འགག་པར་འགྱུར་རོ། །དེ་བས་ན་ཡུངས་མར་གྱིས་ཤིན་ཏུ་བཀང་བའི་སྣོད་གཞོང་པ་ཆེན་པོ། བསྐུར་ནས་ལམ་འགྲེད་པ་ལ་འགྲོ་བཅུག་སྟེ་རལ་གྲི་རྣོན་པོ་ཐོགས་པས་དྲུད་དུ་བསྡད་དེ་འདི་ལས་ཐིགས་པ་གཅིག་པོ་ཤོར་ན་ད་ལྟ་ཉིད་དུ་གསོད་དོ་ཞེས་བསྡིགས་པ་ན་འཆི་བས་འཇིགས་ནས་ཤིན་ཏུ་བསྒྲིམས་ཏེ་འགྲོ་བར་བྱེད་པ་ལྟར་དམ་པའི་ཆོས་ཀྱི་སྒོར་ཞུགས་པའི་སྡོམ་པ་ལ་གནས་པའི་བརྟུལ་ཞུགས་ཅན་གྱིས་ཀྱང་དེ་བཞིན་ཏུ་དམྱལ་བ་ལ་སོགས་པའི་ཁམས་གསུམ་འཁོར་བའི་འཇིགས་པས་བསྒྲིམས་ཏེ་སྒོ་གསུམ་གྱི་སྤྱོད་པ་དྲན་ཤེས་བག་ཡོད་ཀྱིས་བསྡོམས་ཏེ་ཉོན་མོངས་པའི་དབང་དུ་མི་འགྱུར་བར་བྱ་དགོས་སོ། །དེ་ཡང་སྔོན་རྒྱལ་པོ་གཏུམ་པོ་རབ་སྣང་གིས་ཕྱི་ནང་གི་མཆོད་གནས་བརྟགས་པ་ན་འཕགས་པ་ཀ་ཏ་ཡན་འཁོར་བཅས་གཤེགས་བྱོན་བཞུགས་ཚུལ་གྱི་གཏམ་རྒྱུད་དང་སྦྱར་ཏེ་གསུངས། ཉེས་པ་ཆུང་བྱུང་ན་ཡང་གནོད་པ་ཆེན་པོ་འབྱུང་བ་དེ་བས་ན་སྒེགས་མོའི་མགོ་ལ་མེ་ཤོར་ན་མྱུར་དུ་གསོད་པའམ་སྔར་མའི་པང་དུ་དུག་སྦྲུལ་འོངས་བར་གྱུར་ན་ཤིན་ཏུ་སྐྲག་པས་ཇི་ལྟར་རིངས་པས་ཏེ་མྱུར་བར་མྱུར་བར་ལྡང་བ་ལྟར་དེ་བཞིན་དུ་སྲོད་དང་ཐོ་རེངས་སོགས་སུ་གཉིད་རྨུགས་དང་སྙོམ་ལས་ལ་སོགས་པ་འོངས་པར་གྱུར་ན་མྱུར་བ་ཉིད་དུ་མལ་ནས་ལྡང་བ་སོགས་ཀྱིས་དེ་དག་བཟློག་པར་དམ་བཅས་ཏེ་བརྩོན་པར་བྱ་དགོས་ཏེ། དཔེར་ན་ལོ་ཆེན་རིན་ཆེན་བཟང་པོ་ལོ་བདུན་དུ་དམ་མཚམས་མཛད་པའི་དུས་སུ་རྒྱལ་ཐོ་གསུམ་བཞག་སྟེ་ཕྱི་མ་ལ་བདག་རྒྱུད་ལ་ཉོན་མོངས་པ་སྣ་གཅིག་བྱུང་ན་མཁའ་འགྲོ་ཆོས་སྐྱོང་གིས་བདག་གི་སྲོག་སྙིང་བཞེས་པར་མཛོད་ཅིག་ཅེས་དང་། དེ་བཞིན་དུ་བར་མ་ལ་རང་འདོད་ཡིད་བྱེད་སྐད་ཅིག་ཙམ་སྐྱེས་ན་ཞེས་སོགས་དང་། ནང་མ་ལ་བདག་ལ་མཚན་འཛིན་གྱི་རྟོག་པ་སྐད་ཅིག་མ་ཙམ་སྐྱེས་ན་མཁའ་འགྲོ་ཆོས་སྐྱོང་གིས་བདག་གི་སྲོག་སྙིང་བཞེས་པར་མཛོད་ཅིག་ཅེས་དམ་བཅས་ཤིང་ཕྲིན་བཅོལ་ཀྱང་མཛད་པ་ལྟར་དམ་བཅའ་བརྟན་པོའི་འདུན་པ་གཏེང་པ་འདི་གལ་ཤིན་ཏུ་ཆེ་ཞེས་གསུངས། དེ་ལྟར་འབད་ཀྱང་གལ་ཏེ་ཉེས་པ་བྱུང་ན་གང་བྱུང་བ་རེ་རེ་ཞིང་བདག་ཉིད་ཀྱིས་བདག་ཉིད་ལ་སྒོ་དུ་མས་སྨད་ནས་ཅི་ནས་ཀྱང་བདག་ལ་ཕྱིས་ཉེས་པ་འདི་ལྟ་བུ་མི་འབྱུང་བ་དེ་ལྟར་བྱ་ཞེས་ཡུན་རིང་དུ་བསམ་ནས་ཕྱིར་བཅོས་པ་ལ་འབད་པར་བྱའོ། །ཇི་ལྟར་གནས་འདི་དང་ལོ་ཟླ་ལ་སོགས་པ་དུས་སྐབས་འདི་དག་ལ་བདག་གིས་རྒྱུད་ལ་དགེ་བའི་དམིགས་པ་མི་བརྗེད་པའི་དྲན་པ་འདི་གོམས་པ་ཉིད་དུ་འགྱུར་ཞེས་རྒྱུ་འདི་ཡིས་ནི་སྟེ་རང་རྒྱུད་ལ་དྲན་པ་གོམས་པའི་ཐབས་སམ་རྒྱུ་འདི་ཁོ་ན་བསམས་ནས་བླ་མ་དགེ་བའི་བཤེས་གཉེན་དང་ཕྲད་པའམ་མཚམས་བསྙེན་སྒྲུབ་དང་། གནས་བསྐོར་བ་ལ་སོགས་པ་གང་ཅི་བྱས་པ་ཐམས་ཅད་རང་རྒྱུད་ལ་དྲན་ཤེས་གོམས་ཤིང་འཕེལ་བར་བྱེད་པའི་ཐབས་རིགས་པའི་ལས་ནི་དོན་དུ་གཉེར་ཞིང་འདོད་པར་བྱ་དགོས་སོ། །འདིར་ཐོབ་པའི་ལས་ནི་ཞེས་ཤེར་འབྱུང་གིས་བླ་མ་ལས་ཐོབ་པའི་གདམས་པ་གང་གི་ལས་ནི་ཞེས་གསུངས། གཉིས་པ་ནི། ཅི་ནས་ཀྱང་དགེ་བའི་ལས་གང་དང་གང་བྱེད་པ་དེ་དང་དེའི་སྔོན་རོལ་ནས་ལས་དེ་ཐམས་ཅད་ཡང་དག་པར་འགྲུབ་པ་ལ་ནི་མཐུ་སྟོབས་ནུས་པ་ཡོད་པ་དེ་ལྟར་བྱ་བའི་ཆེད་དུ་བསྒྲུབ་བྱ་བསླབ་པ་ལ་བསམ་སྟེ་བག་ཡོད་པར་བྱ་བ་ལ་སོགས་པའི་བག་ཡོད་བསྟེན་ཚུལ་གྱི་གཏམ་སྔར་བསྟན་པ་རྣམས་དྲན་པར་བྱས་ཏེ། བདག་ཉིད་དགེ་བའི་ལས་ལ་ལྡང་པ་ཡང་བར་ཞེས་ཤིན་ཏུ་དགའ་ཞིང་སྤྲོ་བས་མྱུར་དུ་འཇུག་པར་བྱ་སྟེ། དེའི་དགོས་པ་ནི། ཇི་ལྟར་རླུང་ནི་ཕར་འགྲོ་བ་དང་ཚུར་འོང་བས་ཤིང་བལ་ལ་ཕན་ཚུན་ཅི་བདེར་རང་དབང་བསྒྱུར་བ་དེ་བཞིན་དུ་རང་གི་སེམས་དགེ་བ་ལ་སྤྲོ་བས་ལུས་ངག་ཡིད་གསུམ་དབང་བསྒྱུར་བར་བྱ་དགོས་ཏེ། དེ་ལྟར་ན་ནི་དགེ་བའི་ལས་ལ་དོན་གཉེར་གྱིས་འཇུག་ཅིང་གང་བརྩམས་པ་ཐམས་ཅད་ཀྱང་མཐར་ཕྱིན་ཏེ་ཡང་དག་པར་འགྲུབ་པར་འགྱུར་བའོ། །ལེའུའི་མཚན་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བརྩོན་འགྲུས་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བདུན་པའོ།། ༈ །།གཉིས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གོང་དུ་སྤེལ་བར་བྱེད་པ་བསམ་གཏན་གྱི་ལེའུ་ལ། གཞུང་དང་མཚན་ནོ། །དང་པོ་ལ། མཚམས་སྦྱར་བའི་སྒོ་ནས་མདོར་བསྟན་པ། བསམ་གཏན་འགྲུབ་པའི་རྒྱུ་ཚོགས་བཤད་པ། བསམ་གཏན་བསྒོམ་པ་དངོས་དང་གསུམ་ལས། དང་པོ་ནི། བསླབ་བཏུས་ལས། བཟོད་བྱ་ཐོས་པ་བཙལ་པར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་བཞག་ལ་བརྩོན་བྱ་ཞིང་། །མི་སྡུག་ལ་སོགས་བསྒོམ་པར་བྱ། །ཞེས་དང་། འདིར་ཡང་གོང་དུ། ཇི་ལྟར་གནས་སྐབས་སོགས་ཤློ་ཀ །གཅིག་གིས་བསྟན་དོན་ལྟར་དང་པོ་བླ་མ་ལ་བསྟན་ཏེ་གདམས་ངག་ཐོས་ཤིང་དེའི་དོན་བསམ་ཞིང་བསྒོམ་པར་བྱ་དགོས་པར་རྒྱལ་ཚབ་བྱམས་པས་ཀྱང་མདོ་རྒྱན་དུ། ཐོས་པ་མི་དགོས་ན་རྒྱལ་བའི་བཀའ་སྡེ་སྣོད་གསུམ་བསྟན་པ་དོན་མེད་པར་འགྱུར་ཞིང་། ཐོས་དོན་བསྒོམ་མི་དགོས་ན་སྔོན་བྱོན་དམ་པ་རྣམས་ཀྱི་བསྒོམ་པ་དོན་མེད་པར་འགྱུར་དགོས་ན་དེ་ལྟར་མ་ཡིན་པར་དང་པོ་ཐོས་པའི་སྒོ་ནས་རང་གི་ཉམས་སུ་ལེན་རྒྱུའམ་བསྒོམ་རྒྱུ་དེ་ཇི་ལྟ་བ་བཞིན་དུ་བརྩོན་པ་ཆེན་པོས་ཤེས་པར་བྱས་ནས་དེ་བསྒོམ་དགོས་བས་ན་གོང་དུ་བསྟན་པ་དེ་ལྟར་བརྩོན་འགྲུས་བསྐྱེད་དེ་ལྟོ་ཚད་ལ་ཕབ། གཉིས་སྲང་ལ་གཞུར། རིག་པ་འཇུག་མིག་ཏུ་དྲང་ནས་ནི་རང་གི་ཡིད་ནི་གཞན་དུ་མི་གཡེངས་པར་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པར་བྱ་དགོས་ལ། མ་བཞག་ན་ཅིར་འགྱུར་ཞེ་ན། རང་གི་སེམས་འདི་ནི་ཚོགས་དྲུག་གི་ཡུལ་ལ་རྣམ་པར་གཡེངས་བར་གྱུར་པའི་མི་དེ་ནི་ཆགས་སྡང་སོགས་ཉོན་མོངས་པ་སྲིན་པོ་ལྟ་བུའི་མཆེ་བའི་ཕྲག་གམ་བར་ན་ཁམ་ཟས་བཞིན་དུ་གནས་པས་ངེས་པར་ཡོན་ཏན་ལ་རྨ་འབྱིན་ཞིང་ཐར་པའི་སྲོག་འཇོམས་པས་སྡུག་བསྔལ་བར་འགྱུར་རོ། །གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། འོ་ན་རྣམ་གཡེངས་དེ་ཇི་ལྟར་སྤོང་ན། རང་ཉིད་སྐྱེ་བོ་མང་པོ་དང་འགྲོགས་པ་སྤངས་ཏེ། ལུས་ཕན་ཚུན་འདུ་འཛིན་ལས་དབེན་པ་དང་། འདོད་པ་ལ་འདུན་པ་སོགས་སྤངས་ཏེ་སེམས་ནི་དུས་གསུམ་གྱི་རྟོག་པ་ལས་དབེན་པར་གནས་པ་ཡིས་ཕྱི་ནང་གི་རྣམ་པར་གཡེང་བ་ཐམས་ཅད་མི་འབྱུང་ངོ་། །ཉོན་མོངས་སྤངས་པ་ལ་རྣམ་གཡེངས་སྤང་དགོས་ཤིང་དེ་ལའང་བསྲིང་བ་གཉིས་ལྡན་གྱི་དབེན་པ་ལ་བསྟེན་དགོས་པ་དེ་བས་ན་ལུས་དབེན་པའི་དོན་དུ་སྙིང་པོ་མེད་པའི་འཇིག་རྟེན་གྱི་བྱ་བ་འདུ་འཛི་ལ་ཆགས་པ་སྤང་བར་བྱ་ཞིང་སེམས་དབེན་པའི་དོན་དུ་ཡུལ་ལ་རྣམ་པར་རྟོག་པ་མཐའ་དག་ཡོངས་སུ་དོར་ནས་ཏིང་ངེ་འཛིན་བསྒོམ་དགོས་ལ་དེ་ཡང་གྲོགས་གཅིག་ཙམ་ཡོད་ཀྱང་ཏིང་ངེ་འཛིན་གྱི་བར་དུ་གཅོད་པས་ན་ཏིང་ངེ་འཛིན་ངེས་པར་བསྒོམ་འདོད་པ་ཡིན་ན་རང་ཉིད་གྲོགས་མེད་གཅིག་པུར་དབེན་པར་གནས་དགོས་སོ། །གཉིས་པ་ལ། འཇིག་རྟེན་སྤང་བ་དང་རྣམ་རྟོག་དོར་བ་གཉིས་ལས། དང་པོ་ལ་འཇིག་རྟེན་སྤང་དགོས་པའི་རྒྱུ་མཚན་བཤད་པ། །ནང་སེམས་ཅན་གྱི་འཇིག་རྟེན་ལ་སྲེད་པ་སྤོང་བར་བྱ་བ། །ཕྱི་རྙེད་སོགས་ཀྱི་འཇིག་རྟེན་ལ་སྲེད་པ་སྤོང་བར་བྱ་བ། །སྤངས་ནས་དབེན་པའི་ཡོན་ཏན་བརྟེན་ཚུལ་དང་བཞི་ལས། དང་པོ་ནི། ནང་སེམས་ཅན་རྣམས་ལ་ཆགས་པའི་ཕྱིར་དང་ཕྱི་རྙེད་པ་སོགས་ལ་སྲེད་པས་ནི་འཇིག་རྟེན་གྱི་འདུ་འཛི་མི་སྤོང་སྟེ་སྤོང་མི་ནུས་པ་དེ་བས་ན་ཆགས་པ་དང་སྲིད་པ་འདི་དག་ཡོངས་སུ་སྤངས་ལ་བླང་དོར་གྱི་གནས་པ་ཐོས་བསམ་གྱི་བློ་དང་ལྡན་པའི་མཁས་པས་འདི་ལྟར་སྤྱད་པར་བྱ་སྟེ། ཇི་ལྟར་སྤྱད་ན། ཆོས་ཡང་དག་པར་སྡུད་པ་ལས། ཡིད་མཉམ་པར་བཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ་ཞེས་གསུངས་པ་ལྟར། སེམས་བཏང་འགྲོ་བཞག་སྡོད་ལ་རང་དབང་འབྱོར་བ་ཤིན་སྦྱོང་གི་བདེ་བའི་ཁྱད་པར་དུ་བྱས་པའམ་ཉེར་བསྡོག་མི་ལྕོགས་མེད་པ་ལ་སོགས་པའི་སེམས་རྩེ་གཅིག་ཏུ་གནས་པའི་ཞི་གནས་ཀྱི་ཏིང་ངེ་འཛིན་དང་རབ་ཏུ་ལྡན་པའི་ལྷག་མཐོང་ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ཤེས་པའི་ཤེས་རབ་ཟུང་ངུ་འཇུག་པ་དག་གིས་ཉོན་མོངས་པའི་བོན་བག་ཆགས་དང་བཅས་པ་རྣམ་པར་འཇོམས་པར་ཤེས་པར་བྱས་ནས་ཐོག་མར་སེམས་གནས་ཐབས་དགུ་སོགས་ལ་བརྟེན་ནས་ཞི་གནས་བཙལ་ཞིང་སྒྲུབ་པར་བྱ་དགོས་ལ། ལྷག་མཐོང་གི་རྒྱུའམ་རྟེན་ཞི་གནས་ཀྱི་ཏིང་ངེ་འཛིན་དེ་ཡང་ནི་ནང་སེམས་ཅན་དང་ཕྱི་རྙེད་སོགས་ཀྱི་འཇིག་རྟེན་རྣམས་ལ་སེམས་ཆགས་པ་མེད་པར་གནས་དབེན་པར་ཏིང་ངེ་འཛིན་བསྒོམ་པ་ལ་མངོན་དགས་སྟེ་མངོན་པར་དགའ་བས་འགྲུབ་པ་ཡིན་གྱི་གཞན་གྱིས་མ་ཡིན་ཏེ་དེ་ལྟར་ཡང་དག་པའི་ལམ་གྱི་འཇུག་རིམ་མ་ནོར་བ་སྟེ། སངས་རྒྱས་གཉིས་པ་དབྱིག་གཉེན་གྱིས། །ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་དང་། ཤེས་རབ་ནི་བསམ་གཏན་གྱི་རྒྱུ་འབྲས་གཉིས་ཀ་ཡིན་ཏེ། མགོན་པོ་ཀླུས། ཤེས་རབ་མེད་པར་བསམ་གཏན་ཡོད་མིན་ཏེ། །བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །གང་ལ་དེ་གཉིས་ཡོད་པས་སྲིད་པ་ཡི། །རྒྱ་མཚོ་གནག་རྗེས་ལྟ་བུར་འཚལ་བར་བགྱི། །ཞེས་དང་། གང་བོས་ཞུས་པ། དེ་འདྲའི་ཉོན་མོངས་སྤང་འདོད་ན། །རྙེད་པ་རྣམས་ནི་སྤོང་བར་བྱ། །སྤངས་ནས་གནས་དབེན་རབ་གནས་པས། །སྟོང་པའི་ཆོས་ནི་བསྒོམ་པར་བྱ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། རང་ཉིད་རྟག་བརྟེན་མེད་པས་མི་རྟག་པ་སུ་ཞིག་གྲོགས་གཉེན་བཤེས་རྟག་བརྟན་མེད་པས་མི་རྟག་པ་རྣམས་ལ་ཡང་དག་པའམ་ངེས་པར་ཆགས་པར་བྱེད་པ་ཡོད་དེ་དེ་ལ་ཆགས་པར་བྱེད་མི་རིགས་སོ། །ཆགས་ན་ཅིར་འགྱུར་ཞེ་ན། ཆགས་པ་དེས་ནི་གནས་སྐབས་ཙམ་དུ་མ་ཟད་ཚེ་རབས་སྟོང་ཕྲག་དག་ཏུ་ཡང་སྙིང་ལ་སྡུག་པ་ཡིད་དུ་འོང་བའི་སྐྱིད་དགའ་ཅུང་ཟད་ཙམ་མཐོང་ཞིང་ཐོབ་པར་ཡོང་ཡེ་མི་འགྱུར་ཞིང་། གནས་སྐབས་སུ་ཡང་ཡིད་དུ་འོང་བའི་གྲོགས་དེ་མ་མཐོང་ན་ནི་དགར་ཏེ་ཡིད་དགའ་ཞིང་བདེ་བར་མི་འགྱུར་ཞིང་དེ་ལ་རྟོག་ཅིང་དཔྱོད་པས་སེམས་འཁྲུགས་པས་ཡིད་ཀྱང་ནང་དུ་ཏིང་ངེ་འཛིན་ལ་ཉམས་པར་འཇོག་ཅིང་གནས་པར་མི་འགྱུར་ལ། གལ་ཏེ་གྲོགས་དེ་མཐོང་ཞིང་འཕྲད་པར་གྱུར་ན་ཡང་ངོམས་ཤིང་ཚིམ་པར་མི་འགྱུར་བས་སྔར་བཞིན་དུ་དེ་ལ་ཆགས་ཤིང་སྲེད་པས་རང་སེམས་ཡོངས་སུ་གདུང་བར་འགྱུར་ཏོ། །རྒྱ་ཆེར་རོལ་པ་ལས། འདོད་པའི་ཡོན་ཏན་དག་གིས་དགའ་བ་ནི། །ལན་ཚྭའི་ཆུ་འཐུང་བཞིན་དུ་ངོམས་མི་འགྱུར། །ཞེས་པ་བཞིན་ནོ། །གཉེན་བཤེས་ཀྱི་གྲོགས་སེམས་ཅན་རྣམས་ལ་ཆགས་ཤིང་སྲེད་པར་བྱས་ན་ཡང་དག་དེ་ཁོ་ན་ཉིད་ཀྱི་དོན་མཐོང་བ་ལ་ངེས་པར་ཀུན་ནས་སྒྲིབ་པར་བྱེད་ཅིང་། འཁོར་བའི་སྡུག་བསྔལ་ལ་སྐྱོ་བའི་སེམས་ཀྱང་སྔར་ཡོད་འཇིག་པར་བྱེད་ཅིང་ཕྱིས་ཀྱང་མི་སྐྱེ་བར་བྱེད་ལ་ཐ་མར་དེ་ཤི་བའམ་བྲལ་བ་ན་ཡིད་མྱ་ངན་གྱིས་ཤིན་ཏུ་གདུང་བར་འགྱུར་ཏེ། གྲོགས་དེ་ལ་སྲེད་ཅིང་ཆགས་པའི་སེམས་པ་འབའ་ཞིག་གིས་ཚེ་འདི་ཡང་དགེ་བ་བསྒྲུབ་པའི་དོན་མེད་པར་སྡིག་དང་སྡུག་བསྔལ་གྱིས་འདའ་བར་འགྱུར་ཞིང་། རྟག་ཅིང་བརྟན་པ་མེད་པའི་མཛའ་བཤེས་ལ་ཆགས་ཤིང་སྲེད་པ་ཉིད་ཀྱིས་འཕོ་འགྱུར་མེད་པའི་གཡུང་དྲུང་གི་གོ་འཕང་བླ་ན་མེད་པ་ཐོབ་པར་བྱེད་པའི་ཆོས་སྒྲུབ་པའི་བྱ་བ་ཉིད་ཀྱང་འཇིག་པར་འགྱུར་བས་ན་དེ་ལ་ཆགས་པ་སྤོང་བར་བྱའོ། །བྱིས་པ་ལ་རྒན་པོ་དང་འཕགས་པ་དང་མཁས་པ་གསུམ་ལ་ལྟོས་པའི་གསུམ་དུ་ཡོད་པ་ལས་འདིར་ཕྱི་མ་གཉིས་ཏེ་དེ་ལས་ཀྱང་གཙོ་ཆེར་ཐ་མ་སྟེ་སོ་སོའི་སྐྱེ་བོ་བླུན་པོ་ཡི་བྱིས་པ་རྣམས་དང་སྒོ་གསུམ་སྤྱོད་པ་མཐུན་པའི་སྐལ་པ་མཉམ་པར་སྤྱོད་པར་བྱས་ན་ངེས་པར་ངན་འགྲོར་འགྲོ་ཞིང་སྐྱེ་བར་འགྱུར་ཏེ། གོས་ཕྱག་དར་ཁྲོད་དང་། ཟས་ངན་ངོན། གནས་དགོན་པ་ལ་བརྟེན་པས་འདོད་པ་ཆུང་ཞིང་ཆོག་ཤེས་པ་ཀློག་སྤོང་གི་ལས་ལ་དགའ་བ་འཕགས་པའི་རིགས་ཡིན་པ་ལ་འཕགས་པ་དང་སྐལ་པ་མི་མཉམ་པར་ཏེ་འདོད་པ་ཆེ་ཞིང་ཆོག་མི་ཤེས་པ་ཀློག་སྤོང་གི་ལས་མི་དགའ་བའི་གནས་སུ་ཁྲིད་ཅིང་སྦྱོར་བར་བྱས་ནས་འདི་ཕྱི་གཉིས་ཕུང་ཞིག་བྱེད་པར་འགྱུར་ན་བྱིས་པ་ཡི་གྲོགས་རྣམས་ལ་བསྟེན་པས་ཅི་ཞིག་བྱ་སྟེ་བརྟེན་པར་མི་བྱའོ། །བྱིས་པའི་གྲོགས་རྣམས་ནི་བློ་མི་བརྟན་པས་གསར་ངས་ཀྱིས་སྐད་ཅིག་གཅིག་གིས་དགའ་ཞིང་མཛའ་བར་འགྱུར་ལ་དེ་ཉིད་ཡུད་ཙམ་གྱིས་ཏེ་ཡུད་ཙམ་ཞིག་གིས་ནི་སྲོག་སོགས་ལ་བདོ་པའི་དགྲར་ཡང་འགྱུར་ཞིང་རང་གིས་དེ་དགའ་བའི་གནས་དགེ་བ་ལ་སྦྱར་ན་མི་འདོད་པས་ཁྲོ་བར་བྱེད་པས་སམ་ཆོས་དང་འཇིག་རྟེན་གྱི་འབྱོར་པ་རང་ལ་ཡོད་ན་གྲོགས་དེ་དགའ་བའི་གནས་ཡིན་དགོས་ཀྱང་དེས་མི་དགའ་བར་ཕྲག་དོག་གིས་ཁྲོ་བར་བྱེད་པས་སོ་སོའི་སྐྱེ་བོ་རྣམས་ནི་ཇི་ལྟར་བྱས་ཀྱང་ཤིན་ཏུ་མགུ་བར་དཀའ་བའོ། །རང་གིས་བསམ་པ་བཟང་པོས་ཕར་གྲོགས་དེ་ལ་འདི་ཕྱི་ཀུན་ཏུ་ཕན་པའི་དགེ་བའི་ཆོས་སྒྲུབ་པར་གྱིས་ཞེས་སྨྲས་ན་དེ་ལ་མི་ཉན་པར་མ་ཟད་ཕྱི་རྗེས་སུ་མི་ཁོམས་པ་དང་མི་ནུས་ཞེས་ཁྲོ་བར་བྱེད་པ་དང་། ཚུར་བདག་ཀྱང་ཕན་པ་དམ་པའི་ཆོས་སྒྲུབ་པ་ལས་ཟློག་པར་བྱེད་པའི་བར་ཆད་སྣ་ཚོགས་ཀྱི་བྱ་བ་དང་གཏམ་མང་པོ་སྨྲ་བར་བྱེད་ལ། གལ་ཏེ་དེ་དག་གི་ངག་བཞིན་དུ་ནི་མ་མཉན་ན་ནི་མི་དགའ་ཞིང་ཁྲོ་བར་འགྱུར་བས་དེ་དག་ངན་འགྲོར་འགྲོ་བར་འགྱུར་རོ། །བྱིས་པའི་གྲོགས་ལ་ཕན་ཚུན་བསྟེན་པར་བྱས་ན་རང་ལས་མཐོ་བར་གྱུར་པ་རྣམས་ལ་ཕྲག་དོག་གིས་མི་བཟོད་པ་དང་རང་དང་མཉམ་པར་གྱུར་པ་རྣམས་དང་ཕན་ཚུན་འགྲན་སེམས་ཀྱིས་རྩོད་པར་འགྱུར་བ་དང་། རང་ལས་དམའ་བར་གྱུར་བ་རྣམས་ལ་ང་རྒྱལ་གྱིས་ཁྱད་གསོད་དང་བརྙས་བཅོས་བྱེད་པ་དང་དེ་དག་ལ་ཡོན་ཏན་བརྗོད་པས་བསྟོད་པ་བྱས་ན་མགོ་འཕང་བཏེག་ཅིང་དྲེགས་པས་ཁེངས་པར་འགྱུར་ཞིང་། སྐྱོན་སྨྲས་པས་མི་སྙན་པར་བརྗོད་པར་བྱས་ན་ཁོང་ཁྲོ་སྐྱེ་བར་འགྱུར་བའི་ཕྱིར་དུས་ནམ་ཞིག་བྱིས་པའི་གྲོགས་ལ་བསྟེན་པ་ལས་བདག་གིས་ཕན་པ་ཅི་ཞིག་འཐོབ་སྟེ་ཅི་ཡང་མི་འཐོབ་བོ། །མི་ཐོབ་པར་མ་ཟད་འཕགས་པའི་གང་ཟག་ཞིག་ཡིན་ན་མ་གཏོགས་དེ་ལས་གཞན་རང་བྱིས་པ་ཉིད་བྱིས་པའི་གྲོགས་གཞན་དང་འགྲོགས་པར་བྱས་ན་བྱིས་པ་རྣམས་ལས་དངོས་སམ་བརྒྱུད་ནས་བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ་དང་འཁོར་བར་དགའ་བའི་གཏམ་དགྲ་འདུལ་དང་གཉེན་སྐྱོང་ཚོང་དང་སོ་ནམ། རྟ་ནོར་སོགས་ཕྱུགས་དང་ཟས་གོས་རྒྱན་ལ་སོགས་པའི་གཏམ་དང་། ཐ་ན་ལམ་ཟུར་ཙམ་གྱིས་འཕྲད་ནའང་མིག་སྡང་དང་ཚིག་ངན་ལ་སོགས་པ་མི་དགེ་བ་ཞིག་ཅིས་ཀྱང་ངེས་པར་འབྱུང་ཞེས་དོན་གཅིག་ལན་གཉིས་སུ་བརྗོད་དོ་དེ་ལྟར་བདག་དང་གྲོགས་གཞན་ཕན་ཚུན་བསྟེན་ཅིང་འགྲོགས་པ་དེས་ནི་མི་དགེ་བ་འཕེལ་ནས་རང་གཞན་འདི་ཕྱི་གཉིས་ཀར་ཕུང་བར་འགྱུར་བར་ཟད་དོ། །གྲོགས་དེས་ཀྱང་བདག་གི་འདི་ཕྱིའི་དོན་འགྲུབ་པར་མ་བྱས་ལ་བདག་གིས་ཀྱང་གྲོགས་དེ་ཡི་འདི་ཕྱིའི་དོན་འགྲུབ་པར་མི་འགྱུར་བས་ན་བྱིས་པའི་གྲོགས་གཉེན་ཉེ་བ་གྲོགས་དགའ་མཛའ་རྣམས་ལས་ཐག་རིང་དུ་བྱོལ་ནས་རང་ཉིད་གྲོགས་མེད་གཅིག་པུར་དབེན་པར་གནས་པར་བྱ་བསམ་དགོས་ཏེ། གཉེན་ཉེ་བའི་གདུང་སེམས་ལྷ་བདུད་ཀྱི་གཡབ་མོ། གྲོགས་དགའ་བའི་མཇལ་འཕྲད་དགེ་སྦྱོར་གྱི་བདུད་གཅོད། ཁ་མི་དགེའི་བང་མཛོད་ཉེས་ལྟུང་གི་འབྱུང་སྒོ། ཞེས་པས་གྲོགས་ལ་བསྟེན་པའི་ཉེས་པ་དང་། མི་མེད་དབེན་པའི་རི་ཁྲོད་དུ། །སྤྱོད་ལམ་ཐམས་ཅད་དགེ་བ་ཡིན། །ཞེས་པའི་དབེན་པའི་ཡོན་ཏན་ལ་བསམས་ཏེ། རྗེ་མི་ལས། ང་ན་ན་འདྲི་མི་མེད་པ་དང་། །ཤི་ན་ངུ་མི་མེད་པ་ཡི། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །ཞེས་པ་རྣམས་ཡི་དམ་དུ་བྱའོ། །གལ་ཏེ་རི་ཁྲོད་ལྟ་བུར་གཉེན་གྲོགས་རྣམས་དང་ཕྲད་པར་གྱུར་ན་དེ་དག་དགའ་བས་ཏེ་དགའ་བར་འགྱུར་བའི་གཏམ་ལ་སོགས་པའི་སྤྱོད་པས་གནས་སྐབས་དེ་ཙམ་དུ་མགུ་བར་བྱས་ཏེ། དེ་དང་ཡུན་རིང་ཧ་ཅང་འབྲེལ་འདྲིས་ཆེན་པོ་ཉིད་དུ་མི་འགྱུར་བར་མི་མཛའ་མི་མཁོན་པ་ཐ་མལ་པ་ཙམ་སྟེ་དེ་ལ་ཆགས་སྡང་མེད་པར་ལེགས་པར་གནས་པར་བྱ་དགོས་སོ། །སངས་རྒྱས་རབ་བདུན་ལས་ཐམས་ཅད་སྐྱོབ་ཀྱི་གསོ་སྦྱོང་། ཇི་ལྟར་བུང་བས་མེ་ཏོག་གི། །ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་གཞིབ་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །ཞེས་པ་ལྟར། འཚོ་བའི་ཟས་གོས་ཀྱི་ཆེད་གྲོང་དུ་བསོད་སྙོམས་དང་ཨ་མཆོད་དང་གྲོང་ཆོག་ལྟ་བུར་འགྲོ་དགོས་པ་ནའང་དཔེར་ན་བུང་བས་མེ་ཏོག་གི་ཁ་དོག་དང་དྲི་ལ་མི་གནོད་པར་སྦྲང་རྩི་བླངས་ནས་ཆགས་པ་མེད་པར་གཞན་དུ་འགྲོ་བ་བཞིན་དུ་ཆོས་དང་མཐུན་པའི་ཟས་གོས་ཀྱི་དོན་ནམ་འབྱོར་པ་ཅུང་ཟད་ཙམ་ལོན་པའམ་བླངས་ནས་ནི་ཡོན་བདག་ཀུན་ལ་སྔོན་ཆད་ཕན་ཚུན་མ་མཐོང་བ་བཞིན་དུ་ཧ་ཅང་འབྲེལ་ཞིང་འདྲིས་པ་ཆེན་པོ་མེད་པ་ཉིད་དུ་ཆགས་སྡང་མེད་པར་གནས་པར་བྱ་སྟེ། ཀུན་མཁྱེན་ཆོས་རྗེས། གྲོང་དང་དགོན་པ་བས་མཐའ་ནགས་ཁྲོད་སོགས། །གང་དུ་འདུག་ཀྱང་དགོས་མཛའ་མི་འཚོལ་ཞིང་། །སུ་དང་འགྲོགས་ཀྱང་མི་མཛའ་མི་མཁོན་པར། །རང་ཚུགས་འཛིན་པ་ཁོ་བོས་སྙིང་གཏམ་ཡིན། །ཞེས་གསུངས་བཞིན་བྱ་དགོས་ཀྱི་ཕལ་ཆེར་དེང་དུས་བླ་མཆོད་ཀྱིས་ཡོན་བདག་བདག་ཏུ་བཟུང་། ཡོན་བདག་གིས་བླ་མཆོད་བདག་ཏུ་བཟུང་ནས་བསྟན་འགྲོའི་དོན་ལྟ་ཅི་ཆོས་བརྒྱད་ཆགས་སྡང་གིས་རང་གཞན་འདི་ཕྱི་གཉིས་ཕུང་གི་ལས་ངན་སྤངས་ཏེ་རང་རང་གྲོགས་མེད་གཅིག་བུར་གནས་དབེན་པར་སྡོད་ཚུགས་པར་བྱ་དགོས་སོ། །འདིར་ཆོས་ཀྱི་དོན་ཙམ་ཞེས་བླ་མ་ལས་ཆོས་ཀྱི་སྙིང་པོའི་དོན་ཙམ་བླངས་ནས་ཞེས་ཀྱང་གསུངས་གསུམ་པ་ནི། བདག་ནི་རྟ་ནོར་ལོངས་སྤྱོད་ཀྱི་རྙེད་པ་མང་པོ་རྙེད་པ་དང་། མང་པོས་མཆོད་ཅིང་བཀུར་སྟི་དང་བཅས་པ་དང་། བདག་ལ་སློབ་མ་དང་ཡོན་བདག་མང་པོ་དགའ་བ་དང་བཅས་པའོ་ཞེས་ཚེ་འདིར་དེ་འདྲའི་སྟེ་དེ་འདྲ་བའི་སྙེམས་པ་སྟེ་ང་རྒྱལ་འཆང་བར་གྱུར་ནས་དད་ཟས་གཤིན་དཀོར་ཅི་ལོན་ཅི་ཐོབ་བསྡུས་ཏེ་བསྡད་ན་ནམ་ཤི་བའི་འོག་ཏུ་ཕྱི་མ་ལ་ངན་སོང་གི་སྡུག་བསྔལ་གྱི་འཇིགས་པ་སྣ་ཚོགས་སྐྱེ་ཞིང་མྱོང་བར་འགྱུར་ཏེ། གཙང་བླ་རྟ་ནག་ཅན་ལ་སོགས་པའི་ལོ་རྒྱུས་ལ་བསམ་སྟེ་བག་ཡོད་པར་བྱའོ། །དེ་ཡང་སྤྱིར་དཀོར་རྫས་ལ་འཕགས་པ་མི་སློབ་པ་བདག་པོ་ལྟ་བུར་སྤྱོད་པ་དང་། སློབ་པ་ནི་བྱིན་པ་ལ་སྤྱོད་པ་ལྟ་བུ་དང་། སོ་སོའི་སྐྱེ་བོ་ལྡན་གྲོལ་གྱི་ཡོན་ཏན་གཉིས་དང་ལྡན་པ་ལ་རྗེས་སུ་གནང་བའི་ཚུལ་དུ་སྤྱོད་པ་དང་། ལྷག་མ་ལེ་ལོས་བཅོམ་པ་ཤེས་རབ་མེད་པ་ཚུལ་ཁྲིམས་དང་ལྡན་པ་ལ་བུ་ལོན་གྱི་ཚུལ་དང་། ཚུལ་ཁྲིམས་དེ་ལ་འཆལ་པ་རྣམས་ལ་དཀོར་རྫས་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་ཟ་བ་དང་འདྲ་བ་ཡིན་པར་སངས་རྒྱས་ཀྱིས་གསུངས་སོ། །དེ་བས་ན་རྣམ་པར་རྨོངས་པའི་ཡིད་དེ་ང་དང་ཁྱོད་ཅེས་བདག་ཏུ་འཛིན་པས་བཅིང་ནས་ཡུལ་ལ་གཡེང་བས་གང་དང་གང་ལ་ཆགས་པར་གྱུར་པ་སྟེ། ཁྱད་པར་སྲེད་པ་ཤས་ཆེ་བ་ཤ་ཆང་དང་བུད་མེད་དང་ཁ་སྣའི་དུད་པ་དང་དད་ཟས་གཤིན་དཀོར་སོགས་གང་ལ་རང་སྲེད་པ་ཆེ་ན་སྡིག་པའང་དེ་ཆེ་ལ་དེ་ཡང་ཚེ་འདིར་ཡང་དཀོར་ཆུ་ཇ་ལྟ་བུའམ་ཆང་ཕོར་བ་བརྒྱ་བཏུང་ན་ཚེ་ཕྱི་མ་ལ་དེ་དང་དེ་གཅིག་ཏུ་བསྡོངས་ཏེ་བསྡོམས་པས་སྟོང་དུ་འགྱུར་བ་ཉིད་དུ་ཁྲོ་ཆུ་ཁོལ་མ་འཐུང་དགོས་པ་ལ་སོགས་པའི་སྡུག་བསྔལ་ཉིད་དུ་འགྱུར་ཞིང་ལྡང་ཞེས་པ་དོམ་ཡིག་རྙིང་བ་ལྡང་བ་ལྟར་ཕྱི་མར་རྣམ་སྨིན་གྱི་སྡུག་བསྔལ་ལྡང་ཞིང་མྱོང་བར་འགྱུར་བའོ། །དེ་ལྟར་རྒྱུ་ཆུང་ཡང་འབྲས་བུ་ཆེན་པོ་འབྱུང་བ་ནི་རྟེན་འབྲེལ་རྒྱུ་འབྲས་ཀྱི་སྨིན་སོ་བསམ་གྱིས་མི་ཁྱབ་པའོ། །དེ་བས་ན་བླང་དོར་ལ་མཁས་པས་རྙེད་བཀུར་ལ་ཆགས་པར་མི་བྱ་སྟེ། ཆགས་པ་ལས་ནི་ཚེ་འདི་ཕྱིའི་སྡུག་བསྔལ་གྱི་འཇིགས་པ་ཆེན་པོར་སྐྱེ་བར་འགྱུར་ཞིང་། རྙེད་བཀུར་ལ་སོགས་པ་འདི་དག་གི་རང་བཞིན་གདོན་མི་ཟ་བར་གཞན་དུ་འདོད་བར་འགྱུར་བས་རྟག་བརྟེན་མེད་པའི་ཚུལ་ལ་སེམས་བརྟན་པར་གྱིས་ཏེ་འདི་ལྟར་རབ་ཏུ་རྟོགས་པར་གྱིས་ཤིག་བདག་ལ་དེང་དུས་སུ་ཟང་ཟིང་གི་རྙེད་པ་དག་ནི་རྒྱ་ཆེ་བ་མང་པོ་བྱུང་ཞིང་ཕྱོགས་ཀུན་ཏུ་གྲགས་པ་དང་བསྟོད་པའི་སྙན་པ་མང་པོ་བྱུང་བར་གྱུར་ཀྱང་མཐའ་ནམ་ཞིག་ན་རྙེད་པ་དང་གྲགས་པའི་ཚོགས་དང་བཅས་ཏེ་ཕྱོགས་དང་གནས་གང་དུ་འདོང་བའམ་འགྲོ་བའི་གཏོལ་ལམ་ཐག་ཆོད་པ་མེད་དོ། །བདག་ལ་མི་དགའ་བས་སྨོད་པར་བྱེད་པ་གཞན་དག་ཀྱང་ཡོད་པར་གྱུར་ན་གང་ཟག་འགའ་ཞིག་གིས་བསྟོད་པ་བྱས་པས་བདག་ལ་དགར་ཏེ་དགའ་བར་བྱ་རྒྱུ་ཅི་ཞིག་ཡོད་དེ་ཅི་ཡང་མེད་དེ་དེའི་གེགས་བྱེད་པ་ཡོད་པས་སོ། །བདག་ལ་དགའ་བས་བསྟོད་པར་བྱེད་པ་གཞན་དག་ཀྱང་ཡོད་པར་གྱུར་ན་གང་ཟག་འགའ་ཞིག་གིས་སྨད་པར་བྱས་པས་མི་དགར་ཏེ་མི་དགའ་བར་བྱ་རྒྱུ་ཅི་ཞིག་ཡོད་དེ་ཅི་ཡང་མེད་དེ་དེའི་གེགས་བྱེད་ཡོད་པས་སོ། །ཀུན་གྱིས་བསྟོད་པར་བྱེད་པ་ལས་སྨད་པར་བྱེད་པའི་གང་ཟག་གཅིག་ཀྱང་མེད་པ་དེ་ལྟར་ཐམས་ཅད་དགའ་ཞིང་མགུ་བར་བྱའོ་སྙམ་ནའང་། སེམས་ཅན་རྣམས་ལས་མི་འདྲ་བས་བསགས་པས་མོས་ཡུལ་སྣ་ཚོགས་ལ་མོས་པ་སྣ་ཚོགས་པ་ཅན་རྣམས་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པས་ཀྱང་ནིི་སེམས་ཅན་མཐའ་དག་མི་མགུ་སྟེ། བྷ་ར་དྷ་ཛ་དང་བྲམ་ཟེའི་བུ་མོ་ག་ཙ་ལི་དང་སྟོན་པ་སྡེ་དྲུག་དང་། ལྷས་སྦྱིན་དང་ལེགས་པའི་སྐར་མ་ལ་སོགས་པ་མགུ་བར་མ་གྱུར་ན་བདག་འདྲ་བ་ངན་པས་མགུ་བར་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས་སོ། །དེ་བས་ན་འཇིག་རྟེན་ཆོས་བརྒྱད་ལ་ཞེན་ན་བྱིས་པ་རྣམས་ལ་བསྟེན་པའི་འཇིག་རྟེན་མཐུན་འཇུག་གི་བསམ་པ་བཏང་སྟེ་མི་གྲལ་ནས་བུད་དེ་དབེན་པ་ལ་བསྟེན་པར་བྱའོ། །གཉེན་གྲོགས་སོགས་ཉམས་ཆུང་བའི་སེམས་ཅན་རྙེད་པ་མེད་པ་རྣམས་ལ་བསོད་ཟད་ཐབས་སྡུག་འདིས་རྙེད་བསྐུར་སོགས་གཡོག་གླ་ཙམ་ཡང་མི་རྙེད་དོ་ཞེས་གཤེ་ཞིང་སྨོད་པར་བྱེད་ལ་དེ་ལ་བལྟས་ན་རྙེད་པ་ཅན་ལ་བསྟོད་པར་བྱེད་རིགས་ནའང་བསྟོད་པ་མི་བྱེད་པར་མ་ཟད་གཞན་དཀོར་བསོད་ཆེ་བ་སོགས་རྙེད་པ་ཅན་རྣམས་ལ་ནི་འདིས་ཚེ་ཕྱི་མ་ལ་རྙེད་པ་འདི་རྣམས་ཁུར་ཞིང་གཤིན་རྗེ་ཆོས་རྒྱལ་ལ་ལྐོག་ནོར་འདྲ་འབུལ་བ་ཡིན་ནམ་འདི་ཙམ་གྱི་རྙེད་པས་ཅི་བྱའོ་ཞེས་འཕྱ་ཞིང་མི་སྙན་པ་སྣ་ཚོགས་པ་བརྗོད་པར་བྱེད་པ་དེ་ལྟར་ན་རྙེད་པ་མེད་པ་རྣམས་ལ་བསྟོད་པར་བྱེད་རིགས་ནའང་མི་བྱེད་པར་མ་ཟད་སྨད་པར་བྱེད་པ་འདི་འདྲའི་ཕྱིན་ཅི་ལོག་ཏུ་གྱུར་པ་གང་གིས་ཀྱང་མི་མགུ་བར་རང་བཞིན་གྱིས་འགྲོགས་པར་དཀའ་བ་ལ་བསྟེན་པ་དེ་དག་གིས་བདག་ལ་དགའ་བ་ཇི་ལྟར་སྐྱེ་བར་འགྱུར་ཏེ་མི་འགྱུར་རོ། །བྱིས་པའི་གྲོགས་དང་མི་འགྲོགས་པའི་རྒྱུ་མཚན་གང་གི་ཕྱིར་ན་བྱིས་པ་རྣམས་ནི་རང་རང་སོ་སོའི་ཚེ་འདི་ཕྱིའི་དོན་ཏེ་གཉེར་བྱ་ནི་མེད་པར་ནམ་ཡང་ཐ་ན་བཟའ་བཏུང་ཙམ་ཡང་སྦྱིན་པའི་དགའ་བ་མི་འབྱུང་ཞིང་རང་དོན་འབའ་ཞིག་གཉེར་བས་ན་བྱིས་པ་ཡི་གྲོགས་འགའ་ཡང་མཛའ་བཤེས་སུ་བརྟེན་པར་བྱ་བ་མིན་ནོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ལས། ཇི་ལྟར་གཅན་གཟན་ཁྲོད་གནས་ན། །ནམ་ཡང་དགའ་བ་མི་འགྱུར་བ། །དེ་བཞིན་བྱིས་པ་བརྟེན་པས་ཀྱང་། །ནམ་ཡང་དགའ་བར་མི་འགྱུར་རོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། བྱིས་པ་ཇི་སྲིད་ཡུན་རིང་ལེགས་བརྟེན་ཀྱང་། །དེ་དག་ཕྱིར་ཞིང་མི་མཛའ་འགྲས་འགྱུར་ཞེས། །བྱིས་པའི་ངོ་བོ་ཉིད་ཀྱི་རྒྱུ་ཤེས་ནས། །མཁས་རྣམས་བྱིས་པ་བརྟེན་པར་ཡོང་མི་བྱེད། །ཅེས་པ་སོགས་རྒྱ་ཆེར་གསུངས་སོ། །བཞི་པ་ནི། དེ་ལ་མཁས་པ་སྟོང་དང་གྲུབ་པ་བརྒྱ་ཡི་ཕ་ཁྱིམ་མི་མེད་དབེན་པའི་རི་ཁྲོད་དམ་ནགས་ཀྱི་ཚལ་ཉམས་དགའ་བ་ན་གྲོགས་ཀྱི་ཁྱད་པར་རི་དྭགས་དང་བྱ་རིགས་རྣམ་པ་སྣ་ཚོགས་རྣམས་དང་ལྗོན་ཤིང་རྣམས་ནི་རང་ལ་སྒྲོ་འདོགས་དང་སྐུར་འདེབས་འཕྱ་ཞིང་སྨོད་པའི་ཚིག་མི་སྙན་པ་བརྗོད་པར་མི་བྱེད་ཅིང་། ཅི་ཙམ་འགྲོགས་ཀྱང་མི་མགུ་བའི་དོགས་པ་མི་དགོས་པའི་རང་བཞིན་གྱིས་འགྲོགས་ན་བདེ་བའི་གྲོགས་བཟང་པོ་ཡིད་དུ་འོང་བ་དེ་དག་དང་དུས་ནམ་ཞིག་ལྷན་ཅིག་བདག་གནས་བར་འགྱུར་ཞེས་ཡིད་ལ་སེམས་ཤིང་སྨོན་པའོ། །དེར་མི་གཞན་མེད་པའི་ས་དང་བྲག་གི་ཕུག་གམ་ལྷ་ཁང་སྟོང་པ་བདག་གིར་བཟུང་བ་མེད་པའམ་ལྗོན་ཤིང་ཡིད་དུ་འོང་བའི་དྲུང་དུ་ཇི་ལྟར་འདོད་པའི་འདུག་གནས་བཅས་ཏེ་དུས་ནམ་ཞིག་རྒྱབ་ཏུ་སྟེ་ཕྱི་ཚེས་ཀྱི་ཆེད་དུ་མི་ལྟ་ཞེས་བསམ་བློ་མང་བ་མི་གཏོང་ཞིང་། རབ་ཉིན་ཞག །འབྲིང་ཟླ་བ། ཐ་མས་ཀྱང་ལོ་གཅིག་ཕན་ཆད་དུ་བློ་སྣ་མི་བསྲིང་བར་གནས་ལུས་ལོངས་སྤྱོད་ཀུན་ལ་ཆགས་པ་མེད་པར་འགྱུར་ཞིག་གུ་སྟེ་དེ་ལྟར་སེམས་ཤིང་སྨོན་པའོ། །དབེན་གནས་དེའི་ས་ཕྱོགས་གཞན་སུས་ཀྱང་བདག་གིར་བཟུང་བ་མེད་པས་རྩོད་པ་མེད་ཅིང་རང་བཞིན་གྱིས་ནི་ཡངས་ཤིང་རྒྱ་ཆེ་ལ་ཡིད་དུ་འོང་བ་རྣམས་སུ་གང་ཡང་གཞན་ལ་ལྟོས་པ་མེད་པས་འགྲོ་འདུག་ལ་སོགས་པ་གང་ལ་རང་དབང་ཉིད་དུ་སྤྱོད་ཅིང་བདག་གིར་འཛིན་པའི་སྒོ་ནས་ཆགས་པ་མེད་པར་དུས་ནམ་ཞིག་བདག་ནི་གཅིག་པུར་ཉིད་དུ་གནས་པར་འགྱུར་སྙམ་དུ་སྨོན་པའོ། །དེར་ཡོ་བྱད་ཀྱི་ཁྱད་པར་ས་ལས་བྱས་པའི་ལྟུང་བཟེད་ལ་སོགས་པའི་ཡོ་བྱད་ཉི་ཚེ་བ་སྟེ་ངན་ངོན་ཙམ་དང་། དགྲ་དང་རྐུན་མ་ལ་མི་མཁོའི་སྟེ་མི་མཁོ་བའི་ཕྱིང་པ་བ་དང་ཕྱག་དར་ཁྲོད་པ་ལ་སོགས་པའི་གོས་ངན་ངོན་ཙམ་འཆང་ཞིང་ལུས་ལོངས་སྤྱོད་འདི་རྐུན་སོགས་ལ་འཇིགས་ཤིང་སྐྲག་ནས་སྦ་བར་མ་བྱས་ཀྱང་དགྲ་རྐུན་གྱིས་མཐོང་དོགས་དང་གནོད་དགོས་ལ་སོགས་པས་འཇིགས་པ་མེད་པར་བདག་ཉིད་གྲོགས་མེད་གཅིག་པུར་གནས་པར་དུས་ནམ་ཞིག་ན་འགྱུར་སྙམ་དུ་སྨོན་པའོ། །དེར་ཡིད་བྱེད་ཀྱི་ཁྱད་པར་གནས་དུར་ཁྲོད་པ་མིན་ཀྱང་སྐབས་སུ་དུར་ཁྲོད་དུ་སོང་ནས་སྔར་ཤི་བ་གཞན་དག་གི་རོ་གསར་རྙིང་བམ་མྱགས་རུལ་བ་དང་རུས་གོང་དག་དང་བདག་རང་གི་ལུས་གསོན་པོར་སྣང་བ་འདི་ཡང་མཐར་ངེས་པར་འཇིག་པའི་ཆོས་ཅན་དག་ཏུ་ནི་འདི་དག་དང་འདྲའོ་ཞེས་དུས་ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར་ཞེས་མི་རྟག་པ་མི་གཙང་བ་ངེས་འབྱུང་གི་བསམ་པ་ཡིད་ལ་བྱེད་དོ། །དེ་ཡང་གཞན་གྱི་རོ་རུལ་བ་སྔོ་བ་ལ་སོགས་པ་ལ་བལྟས་ཏེ་འདི་དག་སྔོན་ཆད་ལུས་ལ་གཅོས་པར་བཟུང་བས་ཚ་གྲང་དང་ན་བ་སོགས་ཅི་ཡང་མི་བཟོད་པ་བདག་ལྟ་བུ་ཞིག་ཡིན་ནོ་སྙམ་དུ་ཚུར་བདག་ལུས་དང་མགོ་སྙོམས་བྱེད་པ་དང་། བདག་གི་ལུས་ད་ལྟ་གསོན་པོར་སྣང་ཞིང་གཅེས་པར་བཟུང་སྟེ་ཚ་གྲང་སོགས་ཅི་ཡང་མི་བཟོད་པ་འདི་ཡང་སྔར་ཡང་འདི་ལྟ་བུའི་ཆོས་ཅན། ད་ལྟ་ཡང་འདི་ལྟ་བུའི་རང་བཞིན། མ་འོངས་པ་ནའང་འདི་ལྟ་བུའི་མཚན་ཉིད་ལས་མ་འདས་པ་ཡིན་ནོ་སྙམ་དུ་བདག་ལུས་ཕར་ལ་མགོ་སྙོམས་བྱས་ཏེ་བསྒོམ་པར་བྱ་དགོས་སོ། །ད་ལྟ་གསོན་པོར་སྣང་བའི་བདག་གི་ལུས་ནི་འདི་ཉིད་ཀྱང་མཐར་ཤི་ནས་རུལ་ཞིང་མྱགས་པར་གྱུར་པ་ན་ལུས་གང་གི་དྲི་ང་བ་ཤིན་ཏུ་མ་རུང་བ་ཡིས་གཙང་དམེ་མེད་པའི་ཤ་དོན་དུ་གཉེར་བའི་ཝ་དང་ལྕེ་སྤྱང་ལ་སོགས་པ་དག་ཀྱང་དེའི་དྲུང་དུ་ཉེར་ཏེ་ཉེ་བར་འགྲོ་བར་མི་འགྱུར་བ་ཡིན་ན་གཞན་ལྟ་ཅི་སྨོས་པ་དེ་ལྟ་བུར་ནི་དུས་རིང་པོར་མི་ཐོགས་པར་འགྱུར་བ་འོང་སྙམ་དུ་ཡིད་ལ་བྱེད་ཅིང་བསྒོམ་མོ། །རང་གི་ལུས་འདི་གཅིག་པུ་ཉིད་དུ་མ་ཡི་མངལ་ནས་བྱུང་བ་ན་ཡང་དང་པོ་ནས་ལྷན་ཅིག་ཏུ་སྐྱེས་པའི་ཤ་དང་རུས་པ་ལ་སོགས་པོ་དག་མཐར་ཤི་བ་ན་ཞིག་སྟེ་ཤ་རུས་སོ་སོར་ཐ་དད་པར་འགྱེས་པར་འགྱུར་ན་གཉེན་ཉེ་བ་དང་གྲོགས་དགའ་མཛའ་ལ་སོགས་པ་གཞན་དག་དང་སོ་སོར་འགྱེས་པར་འགྱུར་བ་ལྟ་ཅི་ཞིག་སྨོས་ཞེས་འདུས་མཐའ་འབྲལ་བར་ཡིད་ལ་བྱེད་པའོ། །དང་པོ་སྐྱེ་བ་ན་ཡང་རང་གཅིག་པུ་ཉིད་དུ་སྐྱེ་བར་འགྱུར་ཞིང་མཐར་འཆི་བ་ནའང་རང་དེ་ཉིད་གཅིག་པུར་འཆི་སྟེ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་སྐྱེ་ཤི་གཉིས་ཡིན་ན་བདག་གི་སྐྱེ་ཤིའི་སྡུག་བསྔལ་མྱོང་བའི་སྐལ་བ་གཞན་གཉེན་དང་མཛའ་བ་རྣམས་ཀྱིས་མི་ལེན་པར་བདག་ཉིད་གཅིག་པུས་མྱོང་བར་འགྱུར་ན་ཚུལ་ཁྲིམས་དང་ཐོས་པ་སློབ་གཉེར་མཚམས་བསྙེན་སྒྲུབ་ལ་སོགས་པའི་དགེ་བའི་གེགས་བྱེད་པའི་གཉེན་དང་མཛའ་བས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ། །དཔེར་ན་ལམ་རིང་པོ་རག་ཏུ་ནི་ཞུགས་པ་ཡི་འགྲོན་པོ་རྣམས་ཇི་ལྟར་འགྲོན་ཁང་ལ་སོགས་པའི་གནས་ནི་རིམ་པར་གཅིག་སྤངས་ཤིང་གཅིག་འཛིན་པར་བྱེད་པ་ལྟར་དེ་བཞིན་དུ་སྔོན་གང་ནས་འོང་དང་ཕྱིས་གར་འགྲོ་མི་ཤེས་པར་སྲིད་པ་ཁམས་གསུམ་འཁོར་བའི་ལམ་དུ་ཞུགས་པའང་ད་རེས་མི་ཡི་སྐྱེ་བའི་གནས་ནི་ཡོངས་སུ་འཛིན་ཅིང་ཆགས་ནས་འདི་ལས་གཞན་དུ་འགྲོ་འདོད་མེད་ཀྱང་འཆི་བདག་གཤིན་རྗེ་མྱུར་དུ་འོང་ནས་མི་འདོད་བཞིན་དུ་རང་དབང་མེད་པར་ཚེ་ཕ་རོལ་དུ་འཁྲིད་པར་འགྱུར་བའི་དུས་སུ་རྒྱལ་པོ་ལ་གདམས་པའི་མདོ་ལས་གསུངས་པ་ལྟར་གཉེན་བཤེས་ལ་སོགས་པ་འཇིག་རྟེན་པ་རྣམས་མྱ་ངན་གྱིས་ཀུན་ནས་གདུང་སྟེ་སྐྲ་འབལ་ཞིང་མིག་མཆི་མས་བཀང་ནས་ཀྱི་ཧུད་ཕ་ཀྱི་ཧུད་མ་ཞེས་པ་སོགས་འོ་དོད་འབོད་ཅིང་དུ་བཞིན་དུ་དུས་ཇི་སྲིད་སྐྱེས་བུ་བཞི་ཡིས་ནི་གནས་སམ་ཁྱིམ་དེ་ལས་ལུས་དེ་ནི་དུར་ཁྲོད་དུ་ཁྱོགས་ཀྱིས་མ་བཏེག་པའམ་མ་དོར་བའི་གོང་དེ་སྲིད་དུ་ནི་མི་མེད་དབེན་པའི་ནགས་སུ་སོང་ལ་འཆི་ཆོས་དགེ་བ་ལ་བརྩོན་པར་གྱིས་ཤིག །དེར་སོང་ནས་ཆགས་ཡུལ་གྱི་གཉེན་བཤེས་མེད་ཅིང་ཁྲོ་བའི་ཡུལ་གྱི་འཁོན་པའང་མེད་པར་བྱས་ནས་རང་གི་ལུས་འདི་གཅིག་པུར་དབེན་པའི་རི་ཁྲོད་དུ་གནས་ཏེ། ཉེ་དུ་སོགས་ཀྱིས་སྔ་ནས་ཤི་བ་དང་འདྲར་ཏེ་འདྲ་བར་བརྩིས་ནས་རེ་ཐག་ཆད་པས་ན་ནམ་ཞིག་ཤི་བར་གྱུར་པ་ནའང་ངུ་ཞིང་འོ་དོད་འབོད་པས་མྱ་ངན་བྱེད་པ་སུ་ཡང་མེད་ཅིང་རི་ཁྲོད་དེར་དྲུང་ན་འཁོར་པ་ཆོས་ཀྱི་གྲོགས་པོ་ལ་སོགས་པ་སུ་དག་ཀྱང་དེ་ཤི་བས་མྱ་ངན་གྱིས་གདུང་ཞིང་དུ་འབོད་ལ་སོགས་པའི་གནོད་པ་བྱེད་པ་སུ་ཡང་མེད་པས་མྱ་ངན་བྱེད་པར་མཐོང་ནས་བདག་ཀྱང་ཡིད་མི་བདེ་བ་མེད་པ་དང་། གནས་དབེན་པར་འཆི་བ་འདི་ཡིས་སངས་རྒྱས་དང་ཆོས་རྗེས་སུ་དྲན་པ་སོགས་འཆི་ཁའི་ཉམས་ལེན་རང་ལ་གང་ཅི་ཡོད་པ་སེམས་པ་ལ་སུས་ཀྱང་རྣམ་པར་གཡེང་བར་འགྱུར་བ་མེད་པས་སེམས་དགེ་བའི་ངང་ནས་བདེ་བར་འགྲོ་བ་སྟེ། མདོ་ལས་ཀྱང་། ཚངས་སྤྱོད་ལེགས་པར་སྤྱད་པ་དང་། །ལས་ནི་ལེགས་པར་གོམས་པ་ཡིས། །འཆི་ཚེ་ན་མྱ་ངན་མེད། །འབར་བའི་ཁྱིམ་ནས་ཐར་པ་བཞིན། །ཞེས་པ་བཞིན་ནོ། །དབེན་པ་ལ་ཡོན་ཏན་མང་པོ་ཡོད་པ་དེ་བས་ན་ཤིན་ཏུ་མདངས་ཏེ་ཉམས་དགའ་བའི་ནགས་ཚལ་གནས་ཀྱི་སོ་ཚིས་དང་མཐོན་པོའི་ངོ་བསྲུང་། དམའ་མོ་སྐྱོངས་ཐབས་ལ་སོགས་པ་མི་དགོས་པས་ཚེགས་ཆུང་བས་ལུས་བདེ་ཞིང་སེམས་རབ་ཏུ་སྐྱིད་པ་ཐོབ་ཅིང་དབེན་པར་གནས་པ་ཁོ་ནས་བྱིན་རླབས་ཀྱིས་སྒོ་གསུམ་གྱི་རྣམ་པར་གཡེང་བ་ཐམས་ཅད་རང་བཞིན་ཤུགས་ཀྱིས་ཞི་བྱེད་པར་ཏེ་ཞི་བར་བྱེད་པའི་གནས་དབེན་པ་དེར་བདག་ཉིད་གཅིག་པུར་དུས་རྟག་ཏུ་གནས་པར་བྱ་སྟེ། གནས་པར་བྱས་ནས་ཀྱང་དགྲ་འདུལ་གཉེན་སྐྱོང་དཀོར་སྡུད་རྙེད་ཚོལ་སོགས་ཚེ་འདི་དོན་གཉེར་གྱི་མི་དགེ་བ་དང་ལུང་མ་བསྟན་གྱི་རྣམ་པར་རྟོག་པའི་བསམ་པ་གཞན་ཐམས་ཅད་ནི་ཀུན་སྤངས་པའམ་བཏང་སྟེ་བདག་གིས་རང་གི་སེམས་ལ་བལྟས་ཏེ་སེམས་འདི་ཉིད་འདུལ་བར་བྱའོ་སྙམས་པའི་སེམས་པ་གཅིག་པུ་ཁོ་ན་ཡིས་སེམས་འདི་ཉིད་ནི་ཞི་གནས་ཀྱིས་མཉམ་པར་བཞག་པར་བྱ་བའི་ཕྱིར་དང་ལྷག་མཐོང་གིས་དུལ་བར་བྱ་བའི་ཕྱིར་དུ་ཞི་ལྷག་གཟུང་འཇུག་གི་ཉམས་ལེན་ཟབ་མོ་བསྒོམ་པ་ལ་རྩེ་གཅིག་ཏུ་བརྩོན་པར་བྱའོ། །གཉིས་པ་རྣམ་རྟོག་དོར་བ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རྣམ་རྟོག་དོར་བ་ལ་སྤྱིར་མང་དུ་ཡོད་ཀྱང་འདིར་ཡང་བསྟན་བཅོས་ཡོངས་རྫོགས་དང་ཁྱད་པར་ཞེ་སྡང་གི་གཉེན་པོ་བཟོད་ལེ་གཏི་མུག་གི་གཉེན་པོ་ཤེས་རབ་ལེའུ་དང་། འདིར་འདོད་ཆགས་ཀྱི་གཉེན་པོའི་དབང་དུ་བྱས་ཏེ་འཇིག་རྟེན་ཚེ་འདི་དང་ཚེ་ཕྱི་མ་ཕ་རོལ་ཏུའང་ནང་བུད་མེད་དང་ཕྱི་རྙེད་སོགས་ཀྱི་འདོད་པ་རྣམས་ལ་ལྷག་པར་ཆགས་ཤིང་བསྟེན་པ་ནི་ཕུང་ཁྲོལ་ཏེ་སྡུག་བསྔལ་སྣ་ཚོགས། སྐྱེད་པར་བྱེད་དེ་ཚེ་འདིར་ནི་བུད་མེད་དང་རྙེད་པའི་དོན་དུ་གཞན་གྱིས་གསད་པ་དང་ལྕགས་སྒྲོགས་སོགས་ཀྱིས་བཅིངས་པ་དང་རལ་གྲི་སོགས་ཀྱིས་ཡན་ལག་གཅོད་པ་ལ་སོགས་པ་དང་། དགའ་བཞིན་དུ་ནི་ལས་བྱས་པ། །དུ་བཞིན་དུ་ནི་མྱོང་བར་འགྱུར། །ཞེས་པ་ལྟར་ཚེ་ཕྱི་མ་ཕ་རོལ་ཏུ་ནི་དམྱལ་བ་དང་ཡི་དྭགས་དུད་འགྲོ་ལ་སོགས་པའི་སྡུག་བསྔལ་བཟོད་པར་དཀའ་བ་དཔག་མེད་སྒྲུབ་ཅིང་མྱོང་བར་འགྱུར་རོ། །གཉིས་པ་ལ། ནང་བུད་མེད་ལ་སྲེད་པ་སྤོང་བར་བྱ་བ། །ཕྱི་རྙེད་སོགས་ལ་སྲེད་པ་སྤོང་བར་བྱ་བ། །དབེན་པའི་ཡོན་ཏན་དྲན་པ་དང་གསུམ་ལས། དང་པོ་ལ། རྒྱུ་བསྒྲུབ་དཀའ་བ། ངོ་བོ་མི་གཙང་བ་ཡིན་པར་བསམ་པ། འབྲས་བུ་གནོད་པ་མང་བར་བསམ་པ་དང་གསུམ་ལས། དང་པོ་ནི། གང་གིས་ཕོ་ཉ་སྟེ་བྲན་ཕོ་དང་ཕོ་ཉ་མོ་སྟེ་བྲན་མོ་ཡིས་སྔོན་དུ་བུད་མེད་གང་དང་འཕྲད་པའི་ཕྱིར་དུ་ལེན་གྲངས་དུ་མར་ཕྲིན་བསྐུར་བའི་གསོལ་བ་བཏབ་ཅིང་ཚེ་ཕྱི་མར་གནོད་པའི་སྡིག་པ་ཕ་མ་སོགས་གསོད་པ་དང་། སྡོམ་པ་དང་དམ་ཚིག་ཉམས་པ་ལ་སོགས་པའི་ཉེས་པ་རྣམས་སམ་ཚེ་འདིར་ཡང་སྡོམ་པ་ཉམས་པ་ལ་སོགས་པས་རང་ཁྲེལ་ཞིང་མི་དང་མི་མིན་གྱིས་འཕྱ་ཞིང་སྨོད་པའི་མི་སྙན་པའི་གྲགས་པ་མིན་པས་ཕྱོགས་ཐམས་ཅད་དུ་ཁྱབ་པར་འགྱུར་པ་ལའང་བུད་མེད་གང་གི་དོན་དུ་མ་འཛེམས་པར་དཀའ་བ་ཁྱད་དུ་བསད་ཅིང་སྐོམ་པ་དང་དུ་བླང་སྟེ་ལུས་སྲོག་འབེན་དུ་བཙུག་ནས་གཞན་གྱིས་གསོད་པ་དང་དམྱལ་མེས་བསྲེག་པ་ལ་སོགས་པ་ཚེ་འདི་ཕྱིའི་སྡུག་བསྔལ་གྱི་འཇིགས་པ་ཆེན་པོ་འབྱུང་བ་ལ་ཡང་བདག་ཉིད་སྤྲོ་བས་ཞུགས་ཤིང་། ཟས་གོས་རྒྱན་ལ་སོགས་པའི་རྫས་དང་ཡོ་བྱད་དང་རྫས་གཤིན་དཀོར་རྣམས་ཡང་དཀོན་མཆོག་གི་ཞིང་ལ་མཆོད་པ་དང་ལྷ་བྲི་རྟེན་བཞེངས་དང་། མར་ངན་སོང་ལ་སྦྱིན་གཏོང་ལ་སོགས་པ་ལྟ་ཅི་ཐ་ན་རང་གིས་ཁ་ལ་ཟ་མི་བྲ། རྒྱབ་ལ་གྱོན་མི་བྲ་བར་སེར་སྣས་བཅིང་ཞིང་བསགས་པའི་རྫས་རྣམས་ཀྱང་བུད་མེད་གང་གི་ཁ་ལ་སྦྱིན་རྒྱབ་ལ་བཀོན་ལུས་ལ་འདོགས་པ་ལ་སོགས་པའི་སྒོ་ནས་ཟང་པར་བྱས་པར་གྱུར་ཏེ་བུད་མེད་གང་ལ་ཡོངས་སུ་ཆགས་པས་འཁྱུད་པར་བྱས་པས་ན་འདོད་དོན་གྲུབ་པོ་སྙམས་པས་སེམས་ལ་མཆོག་ཏུ་དགའ་བ་མྱོང་བར་འགྱུར་བར་འདོད་པ་དེ་དག་ཉིད་ནི་ལེགས་པར་བརྟགས་ན་ཚིགས་སུམ་བརྒྱ་དྲུག་ཅུ་འབྲེལ་པའི་ཀེང་རུས་ལ་འཁྱུད་པ་ཉིད་ཡིན་གྱི་དེ་ལས་གཞན་འདོད་བྱ་ཡིད་འོང་ཅི་ཡང་ཡོད་པ་མིན་ན་ཅི་ཞིག་དགའ་བར་འགྱུར། དེ་ཡང་ཚོགས་པ་ལ་བརྟེན་ནས་བརྟགས་པ་ཙམ་ལས་རང་དབང་ཅན་མེད་པ་དང་དེ་མེད་པས་ནི་གང་ཟག་གི་བདག་བདེན་པར་གྲུབ་པ་མེད་པའམ་མིན་པ་དེ་ལ་ཞེས་སམ་ཡང་ན་རང་གི་མ་ཡིན་པས་རང་དབང་དང་ནི་གཞན་གྱི་ཡིན་པས་བདག་གི་མིན་པ་དེ་ལ་རབ་ཏུ་འདོད་ཅིང་ཡོངས་སུ་ཞེན་ནས་ཅིའི་ཕྱིར་མྱ་ངན་ལས་འདས་པའི་གོ་འཕང་དུ་མི་འགྲོ་སྟེ་ཞེས་འདམས་ཁ་བྱས་པ་ལྟར་མྱང་འདས་ཀྱི་གོ་འཕང་འདོད་ན་བུད་མེད་ཀྱི་སྲིད་པ་སྤང་དགོས་ལ་དེ་མ་སྤངས་ན་ལམ་བསླབ་པ་གསུམ་ལ་བར་དུ་གཅོད་པར་བྱེད་པས་མྱང་འདས་མི་འཐོབ་སྟེ། ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཚུལ་ཁྲིམས་ཡང་དག་པར་བསྲུང་བའི་སྒོ་ནས་ཕྱི་དང་ནང་གི་སྲེད་པ་ཐམས་ཅད་སྤང་དགོས་ལ། དེ་མ་སྤངས་ན་ཞི་གནས་སམ་བསམ་གཏན་མི་སྐྱེ་ལ་དེ་མ་སྐྱེས་ན་ལྷག་མཐོང་མི་སྐྱེ་ལ། ཞི་ལྷ་གཟུང་འབྲེལ་གྱི་ཏིང་ངེ་འཛིན་མེད་ན་སྲིད་རྩིའི་ཉོན་མོངས་པ་རྩ་བ་ནས་སྤོང་མི་ནུས་པས་མྱང་འདས་མི་འཐོབ་བོ། །གཉིས་པ་ནི། བུད་མེད་ཀྱི་གདོང་གང་ཞིག་དང་བོར་ལྟ་བར་འདོད་པས་འབད་དེ་བརྟེག་ནས་གྱེན་དུའམ་མདུན་དུ་དྲངས་ཀྱང་དེ་ངོ་ཚས་འོག་ཏུ་ལྟ་བར་བྱེད་པའི་གདོང་དེ་སྔོན་བག་མར་མ་སོང་བའི་གོང་དུ་ནི་མཐོང་ངམ་མ་མཐོང་བ་གང་ཡིན་ཡང་རུང་སྟེ། ཡུལ་བཅོམ་བརླག་པའི་ལུགས་ལ་སེང་རས་ཀྱིས་ཆུང་མའི་གདོང་པ་འགེབ་པ་ལྟ་བུ་ལ་སོགས་པ་གོས་ཀྱིས་གདོང་ནི་གཡོགས་པར་འགྱུར་བ་ལ་ཡང་། ཁྱེད་འབད་པས་ལྟ་བར་འདོད་ཅིང་ཉོན་མོངས་པར་གྱུར་པའི་བུད་མེད་ཀྱི་གདོང་པ་དེ་ནི་ད་ལྟ་དུར་ཁྲོད་དུ་བསྐྱལ་བ་ན་མངོན་སུམ་དུ་གྱུར་པ་བཞིན་དུ་གོས་དང་བྲལ་ཞིང་བྱ་རྒོད་ཀྱིས་བསལ་བར་བྱས་པ་མཐོང་ནས་ད་ལྟ་ཅི་ཕྱིར་སྐྲག་ནས་ཕྱིར་འབྱེར་ཞིང་འབྲོས་པར་བྱེད་དེ་འབྲོས་པར་མི་རིགས་སོ། །ད་ལྟ་སྐྱེས་པ་གཞན་རྣམས་ཀྱིས་མིག་གིས་ལྟ་ན་ཡང་བུད་མེད་གང་ཞིག་ཁྱོད་ཀྱི་ཕྲག་དོག་གིས་ཡོངས་སུ་བསྲུང་བར་གྱུར་པ་ལ་ཕྱིས་སུ་ཇི་སྲིད་དུ་ལུས་དེ་ནི་བྱ་རྒོད་ལ་སོགས་པ་དེ་དང་དེས་ཟ་བར་བྱེད་པ་དའི་ཚེ་ན་ཡང་སེར་སྣ་ཅན་ཁྱོད་བྱ་རྒོད་ལ་སོགས་པ་ཅིས་མི་བསྲུང་སྟེ་བསྲུང་དགོས་ལ། མི་བསྲུང་ན་ནི་ད་ལྟ་ཡང་སེར་སྣས་བསྲུང་བར་མི་རིགས་སོ། །ཕྱིན་ཅི་ལོག་གི་བློ་ཅན་འདོད་ལྡན་རྣམས་ཀྱིས་གཙང་ཞིང་མཛེས་པའི་ཆགས་ཡུལ་དུ་མཐོང་བ་འདི་ཡང་ཟ་བར་བྱ་བའི་ཤ་ཡི་ཕུང་པོ་ཆེན་པོ་འདི་མཐོང་ནས་བྱ་རྒོད་དང་ལྕེ་སྤྱང་ལ་སོགས་པ་གཞན་གྱིས་ཟ་བར་བྱེད་པའི་ཁ་ཟས་ཡིན་པས་ན་གཞན་གྱི་ཟས་ལ་ཁྱོད་ཀྱིས་མེ་ཏོག་གི་ཕྲེང་བ་དང་ཙན་དན་གྱི་བྱུག་པ་དང་རིན་པོ་ཆེའི་གདུབ་བུ་ལ་སོགས་པ་རྒྱན་གྱིས་ཅིའི་ཕྱིར་མཆོད་ཅིང་བསྙེན་བཀུར་བྱ་སྟེ་བྱ་མི་རིགས་པ་ཁོ་ནའོ། །དུར་ཁྲོད་དུ་མགོ་ལ་སོགས་པའི་རུས་གོང་འཇིགས་སུ་རུང་བ་ཉིད་དུ་མཐོང་ནས་ནི་འགྲོ་འདུག་སོགས་བསྐྱོད་དུ་མེད་པས་མི་འགུལ་པ་འདི་ལ་ཡང་ནི་ཁྱོད་སྐྲག་པར་བྱེད་ནད་ལྟ་རུས་གོང་གི་ཕུང་པོ་རོ་ལངས་བཞིན་དུ་རླུང་སེམས་ཉོན་མོངས་པའི་ཁོང་འདྲེ་འགའ་ཡིས་ཀྱང་གཡོ་ཞིང་ཡར་མར་དུ་བསྐྱོད་པར་གྱུར་ན་འདི་ལ་ཅིས་མི་འཇིགས་ཏེ་ཤིན་ཏུ་འཇིགས་ཤིང་སྐྲག་པར་རིགས་ཀྱི་ཆགས་མི་རིགས་སོ། །བུད་མེད་ཀྱི་ལུས་གང་ལ་གོས་དང་རྒྱན་གྱིས་གཡོགས་ཀྱང་འདི་ལ་ཁྱོད་ཆགས་པར་བྱེད་པ་ཡིན་ན་ལུས་དེ་མ་གཡོགས་པ་དུར་ཁྲོད་དུ་བོར་བ་ན་ཡང་ཅིས་མི་འདོད་དེ་འདོད་ཅིང་ཆགས་དགོས་སོ། །དེ་ནི་མི་གཙང་བའི་རང་བཞིན་ཡིན་པས་མ་གཡོགས་པ་དེ་ལ་དགོས་པ་མེད་དོ་ཞེ་ན་ནི་གོས་རྒྱན་གྱིས་གཡོགས་པ་ལ་ནི་ཅི་ཕྱིར་འཁྱུད་དེ་མི་རིགས་ཏེ་མི་གཙང་བའི་རང་བཞིན་ཡིན་པར་འདྲ་བས་སོ། །བུད་མེད་ཀྱི་ཁ་ཆུ་ལ་དགའོ་ཞེ་ན། རྒྱུ་ཟས་ནི་ཁྱད་མེད་པ་གཅིག་པུ་ཉིད་ལས་ནི་བཤད་གཅིག་དང་ཁ་ཆུ་གཉིས་ཀ་བྱུང་བར་གྱུར་བ་ཡིན་ན་དེ་གཉིས་ལས་བཤད་གཅི་ལ་ནི་མི་དགའ་ཞིང་སྐྱུག་བྲོ་བར་འཛིན་ལ་ཁ་ཆུ་ལ་ནི་སྦྲང་རྩིའི་བཏུང་བ་བཞིན་དུ་འདོད་ལྡན་རྨོངས་པ་ཁྱོད་ཅི་ཕྱིར་དགའ་སྟེ་དགའ་ཞིང་ཆགས་པར་མི་རིགས་སོ། །དེའི་རེག་བྱ་འཇམ་པོ་ལ་དགའ་འོ་ཞེ་ན། དེ་ལྟ་ན་ནི་ཤིང་བལ་རེག་ན་འཇམ་པ་ཡི་སྔས་འབོལ་ཡིད་དུ་འོང་བ་ལ་འདོད་ཅིང་དགའ་བར་མི་བྱེད་པར་ཤིང་བལ་འདི་མི་གཙང་བ་ལས་བྱུང་ཞིང་དྲི་ང་བ་འཛག་པ་མ་ཡིན་ནོ་ཞེས་བསམས་ནས་འདོད་ལྡན་རྣམས་བུད་མེད་ཀྱི་ལུས་མི་གཙང་བ་ལ་མི་གཙང་བར་མི་ཤེས་ཤིང་རྨོངས་པས་གཙང་བར་འཛིན་པས་འདོད་ལྡན་ངན་པ་ཤིན་ཏུ་འཁྲུལ་ཞིང་རྨོངས་པ་རྣམས་ནི་ཤིང་བལ་རེག་ན་འཇམ་པ་ལའང་འདིས་ཉལ་པོ་སྟེ་འཁྲིག་པ་བྱ་པར་མི་ནུས་ཞེས་བསམ་སྟེ་མི་གཙང་བའི་རང་བཞིན་བུད་མེད་དྲན་ནས་ཤིང་བལ་དེ་ལ་ཁྲོ་བ་དག་ཏུ་བྱེད་པས་རེག་བྱ་ལ་ཆགས་པ་མ་ཡིན་གྱི་མི་གཙང་བ་ལ་ཆགས་པར་ཟད་དོ། །གལ་ཏེ་བདག་མི་གཙང་པ་ལ་ཆགས་པ་མེད་དོ་ཞེ་ན། འོ་ན་མི་གཙང་བས་གང་བ་རུས་པའི་གཟེབ་རྣམས་ཕན་ཚུན་རྒྱུས་པས་སྦྲེལ་བ་ལ་ཕྱི་ནས་ཤ་ཡི་འདམ་གྱིས་ཞལ་ཞལ་བྱས་པའི་གཞན་བུད་མེད་དེ་ལ་ཁྱོད་ཅི་ཡི་ཕྱིར་པང་དུ་འཁྱུད་དེ་མི་རིགས་སོ། །ཁྱོད་ཉིད་ཀྱི་ལུས་མི་གཙང་པའི་མཆིལ་མ་དང་སྣབས་དང་གཤང་གཅི་ལ་སོགས་པ་རྫས་མང་པོ་སུམ་ཅུ་རྩ་དྲུག་ཡོད་པ་དེ་ཉིད་ལ་ཁྱོད་དུས་གཏན་དུ་ལོངས་སྤྱོད་པར་གྱུར་ཅིང་དེར་མ་ཟད་ད་དུང་ཡང་མི་གཙང་བའི་རྐྱལ་པ་རྫས་ངན་སོ་དྲུག་གི་རང་བཞིན་ཅན་གཞན་བུད་མེད་ཀྱི་ལུས་དག་ལའང་མི་གཙང་བ་ལ་བརྐམ་ཞིང་ཆགས་པས་ཅིའི་ཕྱིར་འདོད་པར་བྱེད་དེ་འདོད་མི་རིགས་སོ། །བདག་ནི་ཤིང་བ་ལ་སོགས་ལ་མི་དགའ་ཡི་བུད་མེད་ཀྱི་ཤ་འདི་ལ་དགའ་བ་ཡིན་ནོ་ཞེས་ཤ་ལ་རེག་པ་དང་བལྟ་བར་འདོད་ན་ཀོ་སྟེ། དེ་ལྟ་ན་ནི་སེམས་མེད་པ་ཡི་རང་བཞིན་གྱི་བུད་མེད་ཀྱི་རོ་དུར་ཁྲོད་དུ་འཕང་བའི་ཤ་འདི་ལ་ཡང་ནི་ཁྱོད་ཀོ་རེག་དང་བལྟ་བར་ཅིས་མི་འདོད་དེ་འདོད་དགོས་སོ། །དེ་ལ་སེམས་མེད་པས་ན་མི་འདོད་ཀྱི་བུད་མེད་ཀྱི་སེམས་ལ་དགའ་བ་ཡིན་ནོ་ཞེ་ན། ཁྱེད་ཀྱིས་འདོད་པའི་སེམས་གང་ཡིན་པ་དེ་ལ་ནི་ལུས་ཀྱིས་རེག་པ་དང་མིག་གིས་བལྟ་བར་མི་ནུས་ལ་གང་ཞིག་རེག་པ་དང་བལྟ་བར་ནུས་པའི་བུད་མེད་ཀྱི་ལུས་དེ་ནི་ཁྱོད་ཀྱིས་འདོད་པའི་སེམས་སམ་ཤེས་པ་དེ་མིན་པས་དོན་མེད་པའི་ལུས་དེ་ལ་བལྟ་ཞིང་རེག་པས་འཁྱུད་པ་དེས་ཅི་ཞིག་བྱ་སྟེ་ཤིན་ཏུ་འཁྲུལ་བར་ཟད་དོ། །མི་གཙང་བ་མང་པོའི་རང་བཞིན་ཅན་བུད་མེད་གཞན་གྱི་ལུས་རེ་ཞིག་ལྐོག་ཏུ་གྱུར་པ་ནི་མི་གཙང་བར་མི་རྟོགས་པ་དག་ངོ་མཚར་མི་ཆེ་ཡི། རང་ཉིད་ཀྱི་ལུས་མི་གཙང་བའི་རང་བཞིན་ཉིད་ཡིན་པར་མངོན་སུམ་དུ་གྱུར་ཀྱང་རྟོགས་པར་མི་འགྱུར་བ་འདི་ངོ་མཚར་ཚེ་ཞེས་ཤིན་ཏུ་རྨོངས་ཤིང་ཁྲེལ་དགོད་དུ་འགྱུར་བའོ། །བདག་ནི་བུད་མེད་ཀྱི་ཁ་དོག་ལ་ཆགས་སོ་ཞེ་ན། དེ་ལྟ་ན་སྤྲིན་དང་བྲལ་བའི་དུས་ཀྱི་ཉི་མའི་འོད་ཟེར་གྱིས་ཁ་ཕྱེ་ཞིང་རྒྱས་པར་གྱུར་བའི་མེ་ཏོག་པདྨ་གཞོན་ནུ་ཁ་དོག་མཛེས་ཤིང་ཡིད་དུ་འོང་བ་དེ་ལ་མི་དགའ་བར་ཆགས་པ་སྤངས་ནས་ནི་མི་གཙང་བ་ལ་ཞེན་ཅིང་ཆགས་པའི་སེམས་ཀྱིས་ནི་མི་གཙང་བ་མང་པོས་གང་བའི་གཟེབ་སམ་སྣོད་དུ་གྱུར་པའི་ལུས་ལ་ཅིའི་ཕྱིར་དགའ་སྟེ་དགའ་ཞིང་ཆགས་མི་རིགས་སོ། །བུད་མེད་ཀྱི་ལུས་ཉིད་མི་གཙང་བའི་རྒྱུ་དང་འབྲས་བུ་དང་། རྒྱུ་འབྲས་གཉིས་ཀའི་རང་བཞིན་ཡིན་པར་རིམ་བཞིན་དུ་སྒྲུབ་པར་བྱེད་པ་ལ་བུད་མེད་ཀྱི་ལུས་ཉིད་མི་གཙང་བའི་རྒྱུ་ཡིན་ཏེ། འདི་ལྟར་ས་ཕྱོགས་དང་གོས་ལ་སོགས་པ་གཤང་གཅི་ལ་སོགས་པའི་མི་གཙང་གིས་གོས་པ་ལའང་གལ་ཏེ་ཁྱོད་དེ་ལ་རེག་པར་མི་འདོད་པ་ཡིན་ན་བུད་མེད་ཀྱི་ལུས་གང་ལས་མི་གཙང་བ་དེ་རྣམས་ནི་བྱུང་བར་གྱུར་བ་ཡི་བུད་མེད་ཀྱི་ལུས་མི་གཙང་བའི་རྒྱུ་དེ་ལ་ཇི་ལྟར་ཁྱོད་རེག་པར་འདོད་དེ་འདོད་མི་རིགས་སོ། །མི་གཙང་བའི་འབྲས་བུ་ཡང་ཡིན་ཏེ། འདི་ལྟར། གལ་ཏེ་བདག་བཤད་གཅི་ལ་སོགས་པའི་མི་གཙང་བ་ལ་ཆགས་ཤིང་རེག་པར་འདོད་པ་མེད་དོ་སྙམ་ན། མི་གཙང་བའི་ཞིང་མའི་མངལ་ལས་བྱུང་བར་གྱུར་ཞིང་། མི་གཙང་བ་དེ་ཡི་ས་བོན་དུ་གྱུར་པའི་ཕ་མའི་ཁུ་ཁྲག་ལ་སོགས་པ་དེས་བསྐྱེད་ཅིང་འཕེལ་བར་བྱས་པ་ཡི་མི་གཙང་བའི་འབྲས་བུ་མེད་ཀྱི་ལུས་གཞན་ཁྱོད་ཀྱིས་ཅི་ཕྱིར་པང་དུ་འཁྱུད་དེ་འཁྱུད་མི་རིགས་སོ། །རྒྱུ་འབྲས་གཉིས་ཀའི་རང་བཞིན་ཡིན་ཏེ། འདི་ལྟར་མི་གཙང་བ་གཤང་གཅི་སོགས་ལས་བྱུང་པའི་མི་གཙང་བའི་སྲིན་བུ་ཆུང་ངུའང་ཁྱོད་འདོད་པར་མི་བྱེད་པ་ཡིན་ན། ད་ལྟ་ཤ་ཁྲག་གཤང་གཅི་ལ་སོགས་པ་མི་གཙང་བ་མང་པོའི་རང་བཞིན་ཅན་གྱི་ལུས་རྒྱུ་མི་གཙང་བ་སྣ་ཚོགས་པ་ལས་སྐྱེས་པའང་ཅིའི་ཕྱིར་འདོད་པར་བྱེད་དེ་བྱེད་མི་རིགས་སོ། །ཕྱིན་ཅི་ལོག་ཆགས་ལྡན་ཁྱོད་ནི་རང་གི་ལུས་ཉིད་མི་གཙང་པའི་རང་བཞིན་ཅན་ལ་སྨོད་ཅིང་ཡིད་འབྱུང་བར་མི་བྱེད་པར་མ་ཟད་ཀྱི་ད་དུང་མི་གཙང་བའི་རྒྱལ་པ་ཁྱོད་ཉིད་མི་གཙང་བ་ལ་ཆགས་ཤིང་བསྐམ་པས་མི་གཙང་བའི་རྒྱལ་པ་བུད་མེད་ཀྱི་ལུས་གཞན་ཡང་འདོད་པར་བྱེད་པ་འདི་ནི་ཤིན་ཏུ་སྨད་པའི་གནས་སོ། །གཙང་བ་ཡང་མི་གཙང་བར་བྱེད་པས་མི་གཙང་བ་ཡིན་པར་གཙང་ཞིང་ཡིད་དུ་འོང་བའི་ག་བུར་དང་གུམ་གུམ་ཀ་ར་བུ་རམ་ལ་སོགས་པ་གཙང་ཞིང་ཡིད་དུ་འོང་བའི་དངོས་པོ་དང་། འབྲས་ཆན་བཟང་པོ་དག་གམ་སྡོ་ངད་ཞིམ་པོའི་ཚོང་མའང་རུང་ལན་ཅིག་ཁར་བཅུག་ནས་སླར་ཕྱིར་ཕྱུང་སྟེ་བོར་བའམ་དོར་བ་ཡིས་ས་གཞི་གཙང་མ་ལ་ཡང་གོས་པར་གྱུར་ན་མི་གཙང་ཞིང་བཙོག་པར་འགྱུར་བ་ཡིན་ན་གང་གིས་མི་གཙང་བར་བྱེད་པའི་ལུས་དེ་ཉིད་ལྟ་ཅི་སྨོས་སོ། །དེ་ལྟར་རྒྱུ་འབྲས་རང་བཞིན་གྱི་སྒོ་ནས་གལ་ཏེ་མི་གཙང་བར་གྱུར་པའི་ལུས་འདི་འདྲ་བ་མངོན་སུམ་དུ་མཐོང་བར་གྱུར་ཀྱང་ད་དུང་མི་གཙང་བ་ཡིན་མིན་དུ་ཐེ་ཚོམ་ཟ་ན་དུར་ཁྲོད་དག་ཏུ་བོར་བའི་ལུས་རུལ་ཞིང་འབུས་གཞིག་པ་མི་གཙང་བ་སྐྱུག་ཟོ་བ་གཞན་ཡང་བལྟ་བར་གྱིས་ཤིག །འདི་ལྟར་དུར་ཁྲོད་དུ་བོར་བའི་བུད་མེད་ཀྱི་ལུས་གང་ལས་པགས་པའི་ཁ་ཕྱེ་སྟེ་བཤུས་པ་ན་ཁྲག་དང་ནང་ཁྲོལ་གཤང་བ་ལ་སོགས་པའི་དྲི་ང་ཞིང་སྐྱུག་བྲོ་བར་མཐོང་ནས་འཇིགས་པ་ཆེན་པོ་སྐྱེ་བར་འགྱུར་བར་ཤེས་ཀྱང་ཇི་ལྟར་ལུས་དེ་ཉིད་ལ་འཇིགས་པར་མི་བྱེད་པར་མ་ཟད་ཕྱིར་ཞིང་ངོམས་པ་མེད་པའི་དགའ་བ་ཅི་ཕྱིར་སྐྱེ་བར་འགྱུར་ཏེ་འགྱུར་མི་རིགས་སོ། །དེའི་ལུས་ཀྱི་དྲི་བཟང་པོ་ལ་ཆགས་སོ་ཞེ་ན་དེའི་ལུས་ལ་བསྐུས་པའི་དྲི་བཟང་པོ་ཞིམ་པར་སྣང་བ་དེ་ཡང་ཙན་དན་དང་གླ་རྩི་ལ་སོགས་པའི་དྲི་ཡིན་གྱི་གཞན་བུད་མེད་ཀྱི་ལུས་ཀྱི་དྲི་མ་ཡིན་ན་ཙན་དན་སོགས་གཞན་གྱི་དྲི་དེས་གཞན་བུད་མེད་ཀྱི་ལུས་དག་ལ་རྒྱུ་མཚན་ཅི་ཡི་ཕྱིར་ན་འདོད་ཅིང་ཆགས་པར་བྱེད་དེ་བྱེད་མི་རིགས་སོ། །གལ་ཏེ་ཁྱོད་དྲི་ལ་ཆགས་པ་ཡིན་ན་བུད་མེད་ཀྱི་ལུས་འདི་རང་བཞིན་གྱི་དྲི་ང་ཞིང་མི་གཙང་བར་གྱུར་བས་ན་འདི་ལ་མ་ཆགས་པ་ལེགས་པ་མིན་ནམ་སྟེ་ཤིན་ཏུ་ལེགས་པ་ཡིན་ལ། འཇིག་རྟེན་ན་དོན་མེད་པ་ལ་སྲེད་ཅིང་ཆགས་པ་དག་ཅི་སྟེ་ལུས་མི་གཙང་བའི་དངོས་པོ་དེ་ལ་ཙན་དན་ལ་སོགས་པའི་དྲི་ཞིམ་པོ་སྐུད་དེ་སྐུད་མི་རིགས་ལ་འོ་ན་ཏེ་བསྐུས་ཀྱང་དྲི་ཞིམ་པར་སྣང་བ་ནི་ཙན་དན་ལ་སོགས་པའི་དྲི་ཡིན་ན་བུད་མེད་ཀྱི་ལུས་མི་གཙང་བའི་དྲི་མི་ཞིམ་པ་ལས་སྐབས་འདིར་ནི་དྲི་ཞིམ་པོ་ཅི་ཞིག་འབྱུང་སྟེ་ཅི་ཡང་མི་འབྱུང་བས་ན་ཙན་དན་ལ་སོགས་པ་གཞན་གྱི་དྲི་ཡིས་གཞན་བུད་མེད་ཀྱི་ལུས་མི་གཙང་བ་དྲི་ང་བ་དག་ལ་ཅི་ཡི་ཕྱིར་ན་ཆགས་པར་བྱེད་དེ་བྱེད་མི་རིགས་པའོ། །གལ་ཏེ་བུད་མེད་ཀྱི་ལུས་འདི་བྱི་དོར་སོགས་ཅི་ཡང་མ་བྱས་ཤིང་མ་བཅོས་པར་བཞག་ན་སྐྲ་འཕྱང་ཞིང་རིང་བ་སེན་མོ་ཤིན་ཏུ་རིང་བ་དང་སོ་སྐྱ་བོ་སྔོ་ནག་དང་སེར་ནག་སོགས་ཀྱི་དྲེག་པ་དྲིར་ཏེ་མི་ཞིམ་པའི་དྲི་མར་བཅས་པ་དང་དྲི་ང་བ་རུལ་བའི་འདམ་གྱི་དྲིས་ཏེ་དྲི་མས་བསྒོས་པས་ལུས་ཀྱི་རང་བཞིན་ནི་གཅེར་བུ་འདྲེ་དང་སྲིན་པོ་ལྟ་བུ་འཇིགས་སུ་རུང་བ་ཤིན་ཏུ་མི་སྡུག་པ་ཉིད་ཡིན་ན། དཔེར་ན་རང་ལ་གནོད་པའི་མཚོན་ཆ་རལ་གྲི་ལ་སོགས་པ་རང་གིས་བརྡར་ཞིང་བྱི་དོར་བྱེད་པ་བཞིན་དུ་ཆགས་ཡུལ་གྱི་ལུས་དེ་འབད་ནས་ཁྲུས་དང་བྱུག་པ་སོགས་ཀྱིས་ཅི་ཡི་ཕྱིར་བྱི་དོར་བྱེད་དེ་བྱེད་མི་རིགས་སོ། །དེ་ལྟར་བདག་མེད་པ་ལ་བདག་དང་བདག་གིར་འཛིན་པ་དང་མི་གཙང་བ་ལ་གཙང་བ་ལ་གཙང་པའི་རྨོངས་པའི་དབང་གིས་ཞེན་ཅིང་ཆགས་པས་ཁྲུས་དང་བྱུག་པ་བྱི་དོར་ལ་སོགས་པ་ལ་འབད་པ་ཡིས་འདོད་བའི་མྱོང་ཆུ་འཐུངས་ཏེ་སེམས་རབ་ཏུ་སྨྱོས་པས་རྣལ་དུ་མི་གནས་པ་རྣམས་ཀྱིས་ས་ཡི་སྟེང་འདི་ཀུན་ཏུ་ཁྱབ་ཅིང་འཁྲུགས་པ་ནི་ཤིན་ཏུ་སྙིང་རྗེ་བའི་གནས་ཡིན་ཏེ། རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྣམས་ཀྱིས་གཟིགས་ནས་ཆེན་པོ་འདི་ཡང་མཐོ་དམན་དྲག་ཞན་བར་མའི་སེམས་ཅན་རང་དོན་གཉེར་ཞིང་གཉེན་ལ་རྩེ་གདུང་དགྲ་ལ་འཐབ་རྩོད་དང་རྙེད་བཀུར་སྙན་གྲགས་ལ་སོགས་པ་བསྒྲུབ་པས་ཚུབ་ཉི་ལི་ལི་འཁྲུགས་པས་སྨྱོན་པས་གང་བ་ལྟ་བུ་ཡིན་པས་ཐུགས་སྐྱོ་ཞིང་སྙིང་རྗེས་མཆི་མ་འཁྲུགས་པར་འགྱུར་བ་ཡིན་པར་གསུངས། དེ་ཡང་ཕན་ཚུན་ཞེ་ན་ཅིང་ཆགས་པས་བུད་མེད་གཅིག་གིས་རང་གི་ཁྱོ་ཕོ་ཤི་བས་སྡུག་བསྔལ་གྱིས་སྨྱོས་ཏེ་དེའི་རོ་ཁུར་ཏེ་སོང་ནས་མེ་ཏོག་གི་བརྒྱན་པར་བྱེད་པ་ལ་སོགས་པ་གསོན་འདྲེ་ལྟ་བུར་གྱུར་པ་བྱང་སེམས་ཀེ་ཤ་བས་ཐབས་མཁས་ཀྱིས་བཏུལ་བ་ལྟ་བུ་ཡིན་ནོ། །ཤི་བས་རོ་རྣམ་པར་འཐོར་བའི་རུས་པའི་གོང་བུ་འབའ་ཞིག་མཐོང་བར་གྱུར་ནས་ནི་དུར་ཁྲོད་དུ་ནི་ལྟ་ཞིང་འདུག་པར་མི་འདོད་པས་ཡིད་འབྱུང་ཞིང་མི་དགའ་བར་བྱེད་ན། རླུང་སེམས་ཀྱི་ཁོང་འདྲེས་གཡོ་བའི་རུས་གོང་གིས་ཁྱབ་པའི་གྲོང་གི་དུར་ཁྲོད་འཇིགས་སུ་རུང་བ་འདི་ལ་དགའ་བའམ་སྟེ་དགའ་ཞིང་ཆགས་པར་མི་རིགས་སོ། །གསུམ་པ་ནི། དེ་ལྟར་མི་གཙང་བའི་རང་བཞིན་དུ་གྱུར་པ་ཡི་བུད་མེད་དེའང་རབ་གསེར་དངུལ་འབྲིང་རྟ་མཛོ། ཐ་མས་ཀྱང་རང་ཐད་ཀྱི་རིན་སྦྱིན་རྒྱུ་མེད་པར་ནི་མི་རྙེད་དོ། །དེས་ན་དེའི་རིན་དང་སྟོན་མོ་དང་གོས་རྒྱན་ཁ་ཟས་ལ་སོགས་པ་དེ་ཡི་དོན་བསྒྲུབ་པར་བྱེད་པས་ཚེ་འདིར་ཤ་ཐང་ཞེས་སྡིག་པ་འཕེལ་ཞིང་སྡུག་བསྔལ་གྱིས་ངལ་ཞིང་ངུབ་པས་གནོད་པ་དང་། ཚེ་ཕྱི་མར་དམྱལ་བར་བཙོ་སྲེག་ལ་སོགས་པའི་སྡུག་བསྔལ་གྱིས་གནོད་པར་འགྱུར་རོ། །བྱིས་པ་ཆུང་ངུས་སྐབས་སུ་ནོར་སྤེལ་བར་མི་ནུས་པས་ལོངས་སྤྱོད་ལ་བརྟེན་པའི་བདེ་བ་མྱོང་བ་མེད་ལ། ལང་ཚོད་ད་ལ་བབ་པ་ན་བུད་མེད་ལ་བརྟེན་པ་འདིས་ཅི་ལྟར་བདེ་བ་མྱོང་སྟེ་རྒྱ་དབུས་བསྐོར་ནས་ཚོང་དང་སོ་ནམ་གྱིས་ནོར་སོགས་པ་དང་སྲུང་བ་ཁོ་ན་ཡིས་ཚེ་ཡོངས་སུ་གཏུགས་ཤིང་ཟད་པར་འགྱུར་ན་རྒས་ནས་འདོད་པ་ལ་ལོངས་སྤྱོད་པའི་བདེ་བས་ཅི་ཞིག་བྱ་སྟེ་སྤྱོད་ལོང་མེད་ཅིང་སྤྱོད་པར་ཡང་མི་ནུས་པའི་ཕྱིར་རོ། །འདོད་ཡོན་ལ་ཆགས་པ་དང་ལྡན་པའི་ངན་པ་ཁ་ཅིག་ནི་ཉིན་པར་རིངས་པོ་ཡོངས་སུ་རྫོགས་པར་ནང་སྔ་མོ་ནས་ཞིང་རྨོ་བ་དང་རྩ་འཐུ་ཤིང་འབྲེག་ལ་སོགས་པའི་ལས་ཀྱིས་ཡོངས་སུ་ངལ་ཞིང་དུབ་སྟེ་མུན་རུབ་ཙམ་དུ་རང་ཁྱིམ་དུ་རང་ཁྱིམ་དུ་འོངས་ནས་མཚན་མོ་རིང་པོར་ཆད་པའི་ལུས་རོ་དང་འདྲ་བར་ཉལ་བར་བྱེད་ཅིང་གཉིད་ལོག་པར་བྱས་ནས་ཡང་སད་མ་ཐག་ནས་སྔར་བཞིན་ལས་ལ་འཇུག་པས་འཁོར་ཡུག་ཏུ་སྡུག་བསྔལ་བར་གནས་སོ། །ཡང་ཁ་ཅིག་ནི་ཚོང་དང་ཚོམ་རྐུན་ལ་སོགས་པའི་དོན་དུ་བྱེས་ལམ་དུ་ཡུན་རིང་པོར་བགྲོད་པས་དཀའ་ཚེགས་ཀྱིས་ངལ་ཞིང་ཉོན་མོངས་པ་དང་རང་གི་ཡུལ་ལས་ཐག་རིང་དུ་སོང་བའི་གཞི་བྱེས་ཀུན་ལ་སེམས་ཁུར་ལུས་གཅོང་ལ་སོགས་པས་སྡུག་བསྔལ་ཅན་རང་གི་བུ་སྨད་དང་གཉེན་གྲོགས་རྣམས་འདོད་བཞིན་དུ་བུ་སྨད་གཉེན་གྲོགས་རྣམས་ཁྱུད་འཁོར་ལོས་ཀྱང་སྟེ་ལོ་སྐོར་གཅིག་གམ་ལོ་གཅིག་གི་བར་དུ་འཕྲད་ཅིང་མཐོང་བར་མི་འགྱུར་ན་འདོད་པ་བརྟེན་པ་ལྟ་ཅི་སྨོས། ཕ་མ་དག་གིས་བདག་རང་གི་བུ་མོ་རྣམས་ལ་ཕན་འདོད་པ་རྣམས་དེའི་ཐབས་ལ་རྨོངས་པས་བདེ་ཞིང་སྐྱིད་པ་གང་ཞིག་ཐོབ་པར་བྱ་བའི་དོན་ཉིད་ཀྱི་ཆེད་དུ་གཞན་དག་ལ་བཙོངས་པ་སྟེ་བྱིན་པར་གྱུར་ན་ཡང་བདེ་ཞིང་སྐྱིད་པའི་དོན་དེ་ཉིད་མ་ཐོབ་པར་ཤ་མི་ཉེ་རུས་མི་མཐུན་པ་དོན་མེད་པའི་ཁྱིམ་གཞན་གྱི་ལས་སྣ་ཚོགས་ཉིན་མི་ངལ་མཚན་མི་གཉིད་པར་སྒྲུབ་དགོས་པའི་ལས་ངན་པ་ཉིད་ཀྱི་རླུང་གིས་བདས་ཏེ་སྡིག་སྡུག་གཏམ་ངན་སྣ་ཚོགས་པས་འདི་ཕྱི་གཉིས་ཕུང་གི་སྡུག་བསྔལ་མྱོང་བར་འགྱུར་རོ། །བྲན་ལ་སོགས་པ་ལ་ལ་རང་གི་ལུས་གཞན་རྣམས་ཀྱི་གཡོག་ཏུ་བཙོངས་ཏེ་གླ་རྔན་ཙམ་ལ་བལྟས་ཤིང་རང་དབང་མེད་པར་རྗེ་བོ་གཞན་གྱིས་དུས་རྟག་ཏུ་བཀོལ་བར་གྱུར་ཏེ། དེར་ཡང་ཆུང་མ་བུད་མེད་བྲན་མོ་དག་ཀྱང་བུ་བྱུང་ན་ཡང་བདག་རང་གི་ཁྱིམ་མེད་པས་ཤིང་གི་དྲུང་ངམ་འབྲོག་དགོན་པ་ས་ཕུག་དང་བྲག་ཕུག་ལ་སོགས་གར་བབ་བབ་ཏུ་གནས་ཤིང་འབྱུང་བའི་སྡུག་བསྔལ་ལ། ཚོམ་རྐུན་དང་དམག་མི་ལ་སོགས་པ་འདོད་ཡོན་ལ་ཆགས་པས་བསླུས་པའི་གླེན་པ་གཏི་མུག་ཅན་དག་ནོར་ལོངས་སྤྱོད་ཀྱིས་འཚོ་བར་འདོད་པས་འཚོ་བར་བསྒྲུབ་པར་བྱའོ་ཞེས་བསམ་ནས་རང་གི་སྲོག་སྟོར་བར་དོགས་པ་སྐྱེ་བཞིན་དུ་དགྲ་བོའི་གཡུལ་དུ་འཇུག་པར་བྱེད་པ་དང་། དགྲ་གྱོད་སོགས་ལས་རང་ཁེ་བར་བྱ་བའི་ཕྱིར་དུ་ཤིན་ཏུ་གཏུམ་པའི་རྗེ་དཔོན་མ་རུངས་བ་རྟག་ཏུ་འཇིགས་ཤིང་སྐྲག་པས་སྡུག་བསྔལ་བར་འགྱུར་པ་ལ་ལོངས་སྤྱོད་ཕུལ་ཏེ་མགོ་བཏགས་ནས་བྲན་དུ་འགྲོ་བར་བྱེད་པ་དང་། འདོད་ཡོན་ལ་ཆགས་པའི་རྒྱུས་འདོད་ལྡན་ལ་ལ་ཆོམ་རྐུན་ལ་སོགས་པ་བྱས་པས་རང་གི་ལུས་ཀྱང་མཚོན་ཆས་བཅད་པ་དང་། ཁ་ཅིག་ནི་གསལ་ཤིང་རྣོན་པོའི་རྩེ་མོ་ལ་བརྩུགས་པ་དང་། ཁ་ཅིག་ནི་མདུང་ཐུང་དག་གིས་བསྣུན་ཏེ་ཕུག་པ་དང་ཁ་ཅིག་ནི་མེ་ཆེན་པོས་བསྲེགས་པ་དག་ཀྱང་སྣང་བས་འདི་ཕྱི་ཀུན་ཏུ་སྡུག་བསྔལ་བར་འགྱུར་ཏེ། དཔེར་ན་མིག་ཤེས་གཟུགས་ལ་ཆགས་པས་བྱེ་མ་སླེབ་མར་མེས་ཚིག་པ་དང་། རྣ་བ་སྒྲ་ལ་ཆགས་པས་རི་དགས་དུག་མདས་གསོད་པ་དང་། སྣ་དྲི་ལ་ཆགས་པས་བུང་བ་མེ་ཏོག་ཏུ་འཐུམ་པ་དང་། ལྕེ་རོ་ལ་ཆགས་པས་ཉ་མོ་ལྕགས་ཀྱུས་ཟིན་པ་དང་། ལུས་རེག་བྱ་ལ་ཆགས་པས་གླང་པོ་ཆེ་འདམ་དུ་བྱིང་བ་ལྟ་བུའི་འདོད་ཡོན་གྱི་ཉེས་པ་ལ་བསམ་སྟེ་ཞེན་ཅིང་ཆགས་པ་སྤོང་བར་བྱའོ། །གཉིས་པ་ཕྱི་རྙེད་སོགས་ལ་སྲེད་པ་སྤོང་བར་བྱ་བ་ནི། དང་པོར་མེད་པ་ཚོལ་ཞིང་བསག་པའི་སྡུག་བསྔལ་དང་། བར་དུ་གནོད་པ་བསྲུང་བའི་སྡུག་བསྔལ་དང་། མཐར་དགྲ་རྐུན་ལ་སོགས་པས་བརླག་པའི་སྡུག་བསྔལ་ཏེ་རྟ་ནོར་ལོངས་སྤྱོད་བསགས་བསྲུང་ལ་སོགས་པའི་ཆེད་དུ་ལྷ་བླ་མ་གོང་དཔོན་པོ་སོགས་གང་ཟག་མཆོག་དམན་ཐམས་ཅད་ནང་སྔ་ལང་ནུབ་ཉལ་ཕྱི། ཉིན་གྱིས་བྱ་ར། མཚན་གྱིས་མེ་ལ་ཚེ། ཚ་གྲང་བཀྲེས་སྐོམ་ལ་སོགས་པ་དཀའ་བ་དང་དུ་བླང་། ངལ་བ་ཁྱད་དུ་བསད། ལུས་སྲོག་ལྟོས་མེད་དུ་བྱས་ཏེ་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་གདུང་ཞིང་མནར་བ་དཔེར་ན་དང་པོ་ལོངས་སྤྱོད་རྟ་ཞིག་རྙེད་པ་ལ་དཀའ་ཚེགས་ངལ་དུབ་ཀྱི་སྡུག་བསྔལ་རྟ་ཞིག་ལྟ་བུ་དང་། བར་དུ་རྟ་དེ་བསྲུང་བ་ལ་ཉིད་མི་དལ་མཚན་མི་གཉིད་པར་རྟ་དེའི་གཡོག་བྱེད་པས་བསྲུང་བའི་སྡུག་བསྔལ་རྟ་ཞིག་ལྟ་བུ་དང་། མཐར་རྟ་དེ་ཤི་བའམ་དགྲ་རྐུན་གྱིས་བརླག་པ་ལ་ཁའོ་དོད་དང་ལག་བྲང་བརྡུང་གི་སྡུག་བསྔལ་རྟ་ཞིག་ལྟ་བུ་དང་། དེ་བཞིན་དུ་ལོངས་སྤྱོད་ནོར་དང་ལུག་ཙམ་ལ་ཡང་དེ་དང་དེ་ཙམ་གྱིས་སྡུག་བསྔལ་མི་བཟད་པར་མྱོང་བ་ཡིས་གནོད་པས་ན་ནོར་ལོངས་སྤྱོད་ནི་ཐོག་མཐའ་བར་གསུམ་དུ་ཚེ་འདི་དང་ཕྱི་མར་ཕུང་ཁྲོལ་ལམ་སྡུག་བསྔལ་མཐའ་ཡས་པ་བསྐྱེད་པའི་རྒྱུའི་རྩ་བ་ཡིན་པར་ཤེས་པར་བྱ་སྟེ། དེ་བས་ན་ནོར་ལོངས་སྤྱོད་ལ་ཆགས་ཤིང་ཞེན་པས་སེམས་རྣམ་པར་གཡེངས་བར་གྱུར་པ་རྣམས་ནི་ལམ་བསླབ་པ་གསུམ་ཉམས་སུ་ལེན་ལོང་མེད་པར་འགྱུར་བས་སྲིད་པའི་སྡུག་བསྔལ་ཁམས་གསུམ་འཁོར་བ་ལས་རྣམ་པར་གྲོལ་བའི་སྐབས་མེད་དེ་འདི་ལྟར་ནོར་ལོངས་སྤྱོད་ལ་སྲེད་ཅིང་ཆགས་པ་དེ་དག་ལ་གཅིག་ཏུ་ན་འདོད་ཆུང་ཆོག་ཤེས་མ་ཆགས་འཕགས་པའི་རིགས་མེད་པ་དང་། གཉིས་སུ་ན་འདོད་པའི་འདོད་ཆགས་མ་སྤང་བར་རང་རྒྱུད་ལ་བསམ་གཏན་གྱི་ཉེར་བསྡོག་ཙམ་ཡང་མི་སྐྱེ་ལ། དེ་མ་སྐྱེས་ན་ལྷག་མཐོང་སྐྱེ་བའི་རྟེན་མེད་པ་དང་། གསུམ་དུ་ན་འདོད་པ་ལ་ཞེན་པའི་སྲེད་པ་མ་སྤངས་བ་དེ་སྲིད་དུ་སྲིད་པར་སྐྱེ་བ་དབང་མེད་དུ་ལེན་པར་སྔར་ལྟར་འགྱུར་བའི་ཕྱིར་སྲིད་པའི་སྡུག་བསྔལ་ལས་གྲོལ་བའི་སྐབས་མེད་དོ། །དེ་ཡང་སྔོན་མི་ཞིག་ལ་གསེར་བུམ་པ་གསུམ་ཡོད་པ་ལ་ཆགས་ནས་ཤི་བ་སྦྲུལ་དུ་ལན་མང་དུ་སྐྱེས་ནས་གསེར་བུམ་ལ་འཁྲིལ་བར་གསུངས་པ་ལྟ་བུ་སྟེ། བཤེས་སྤྲིང་ལས། དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ། །འདོད་པ་ཆུང་རྣམས་དེ་ལྟར་མ་ལགས་ཏེ། །ཀླུ་མཆོག་རྣམས་ལ་མགོ་པོ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །ཞེས་པ་བཞིན་ནོ། །འདོད་ཡོན་ལ་ཞེན་ཅིང་ཆགས་པ་དང་ལྡན་པ་རྣམས་ལ་སྔར་བཤད་པ་དེ་ལ་སོགས་པའི་སྡུག་བསྔལ་གྱི་ཉེས་དམིགས་ཤིན་ཏུ་མང་ལ་འབྲས་བུ་བདེ་བའི་མནོག་ཆུང་བ་སྟེ་ཕལ་ཆེར་ཡུལ་ཤེས་འཕྲད་པའི་བདེ་བ་སྐད་ཅིག་མ་ཙམ་སྟེ་དཔེར་ན་ཤིང་རྟ་ཆེན་པོ་འདྲེན་པའི་ཕྱུགས་མང་པོ་དག་ལས་གང་གིས་མནོག་ཆུང་དུ་རྩ་ནི་ཁམས་འགའ་ཞིག་ཟོས་པར་གྱུར་པ་ན་ཉེས་དམིགས་ཆེན་པོ་ལུས་ཤིང་རྟའི་འཁོར་ལོས་བཅོམ་པའི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་བ་བཞིན་ནོ། །ཤིན་ཏུ་བླུན་པོ་ཕྱུགས་དུད་འགྲོ་རྣམས་ཀྱིས་བསྒྲུབས་ནའང་མི་དཀོན་ཏེ་བདེ་བླག་ཏུ་རྙེད་ཅིང་འགྲུབ་པའི་ཁ་ཟས་རྒྱབ་གོས་ལ་སོགས་པའི་ལོངས་སྤྱོད་མནོག་ཆུང་ལ་ཉེས་དམིགས་ཆེ་བ་གང་ཡིན་པ་དེ་བསྒྲུབ་པའི་དོན་དུ་དལ་འབྱོར་གྱི་མི་ལུས། སློབ་སྤྲིང་ལས། བདེ་གཤེགས་ལམ་བསྟན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པར་གར་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་པ་ལྟར་བྱང་ཆུབ་སྒྲུབ་པར་ནུས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་རྙེད་པར་དཀའ་བའི་མཆོག་འདི་ཉིད་སྔོན་གྱི་ལས་ངན་རྣམ་པ་སྣ་ཚོགས་ཀྱིས་མནར་བ་རྣམས་ཀྱིས་ད་ལྟ་བཅོམ་པ་སྟེ་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་ལམ་བསླབ་པ་གསུམ་གྱི་ཉམས་ལེན་མཚམས་བསྙེན་བསྒྲུབ་ཁ་ཏེག་དགེ་སྦྱོང་ལ་སོགས་པ་ཅི་ཡང་མེད་པར་ཡེང་མ་ལམ་དུ་དལ་འབྱོར་དོན་མེད་མི་ཚེ་ཆུད་ཟོས་སུ་བྱེད་པ་འདི་ནི་རྒྱལ་བ་སྲས་དང་བཅས་པས་སྙིང་རྗེ་བའི་གནས་ཡིན་ནོ། །འདོད་པའི་ཡོན་ཏན་ལ་བརྟེན་པ་ཡིད་བདེ་བ་རྣམས་ནི་རྟག་པ་བརྟན་པ་མེད་པར་ངེས་པར་འཇིག་ཅིང་མི་རྟག་སྟེ་འདི་ལྟར་སྐྱེ་བའི་མཐའ་མ་མཆི། འདུས་པའི་མཐའ་མ་བྲལ། བསགས་པའི་མཐའ་མ་མཛད། མཐོན་པའི་མཐའ་མ་ལྟུང་བར་འགྱུར་ཞིང་དེའི་དོན་དུ་དགྲ་འདུལ་གཉེན་སྐྱོང་ཚོང་དང་སོ་ནམ་དད་རྫས་གཤིན་དཀོར་སོགས་བསྡུས་ཤིང་སྤྱོད་པའི་ཉེས་དམིགས་ཀྱིས་ཚེ་ཕྱི་མ་ངན་སོང་དམྱལ་བ་ལ་སོགས་པར་ལྟུང་བར་བྱེད་པ་ཡིན་པ་ལས། འདི་ཕྱིར་གཏན་དུ་ཕན་པའི་དོན་ཆེན་པོ་མིན་པ་དེ་ཉིད་ཀྱི་ཕྱིར་དུ་ཐོག་མཐའ་མེད་པའི་དུས་ཀུན་ཏུ་འཁོར་བའི་བྱ་བཞག་འདོད་ཡོན་ལོངས་སྤྱོད་བསྒྲུབ་པའི་དཀའ་སྤྱད་ལ་སོགས་པའི་སྡུག་བསྔལ་གྱིས་ངལ་ཞིང་དུ་བ་པའི་ཚོགས་ཆེན་པོ་འབྱུང་བ་རྣམས་ལས་ཆུང་ངུ་ཙམ་གང་ཡིན་པ་དེ་ཡི་ཡང་བྱེ་བའི་ཆ་ཤས་ཙམ་གྱི་ཚོགས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་ལ་སྤྱད་ཅིང་འབད་པར་བྱས་པས་ཀྱང་ད་ལྟ་འབྲས་བུ་སངས་རྒྱས་ཉིད་འགྲུབ་པར་འགྱུར་བ་ཡིན་ན་ཡང་འདོད་ལྡན་རྣམས་ལ་བྱང་ཆུབ་ཀྱི་སྤྱོད་པ་བས་སྡུག་བསྔལ་རྒྱ་ཆེ་ཞིང་རྒྱུན་རིང་ལ་དེ་ལས་འབྲས་བུ་བྱང་ཆུབ་ཆེན་པོ་སངས་རྒྱས་ནི་འཐོབ་པ་མེད་དོ། །འདོད་ཡོན་ལ་ཞེན་ཅིང་ཆགས་པའི་འབྲས་བུ་དམྱལ་བ་དང་ཡི་དགས་དང་དུད་འགྲོ་ལ་སོགས་པའི་སྡུག་བསྔལ་དྲག་པོ་ལ་བདག་ལེགས་སུ་འདོད་པའི་མཁས་པས་བསམ་པར་བྱས་ན་རྒྱུ་འདོད་པ་རྣམས་ཀྱི་ཉེས་དམིགས་ལ་མཚོན་ཆས་གཅོད་པ་དང་ནི་དུག་གིས་གསོད་པ་དང་མེ་ཆེན་པོས་བསྲེག་པ་དང་གཡང་ས་རུ་ལྟུང་བ་དང་དགྲ་གཏུག་པས་འཛེམས་པ་རྣམས་ཀྱིས་ཀྱང་དཔེར་ཡང་མི་ཕོད་དེ། དེ་དག་གིས་ནི་ཚེ་འདིའི་སྲོག་དང་བྲལ་བ་ཙམ་བྱེད་མོད་ངན་སོང་དུ་འཕེན་མི་ནུས་པའི་ཕྱིར་རོ། །གསུམ་པ་དབེན་པའི་ཡོན་ཏན་དྲན་པ་ནི། དེ་ལྟར་ནང་བུད་མེད་དང་ཕྱི་རྙེད་སོགས་ཀྱི་འདོད་ཡོན་ལ་དུག་ལས་ཀྱང་ཐུ་བའི་ཉེས་དམིགས་ལ་སྐྱོ་ཞིང་ཡིད་འབྱུང་བར་བྱས་ཏེ་གནས་དབེན་པ་ཡི་ཡོན་ཏན་ལ་ནི་དགའ་ཞིང་སྤྲོ་བ་བསྐྱེད་པར་བྱ་སྟེ། དེས་ན་ཕྱིའི་གྲོགས་དང་རྙེད་པ་སོགས་ཀྱི་དོན་དུ་རྩོད་པ་མེད་པས་སྟོང་པ་དང་ནང་ཆགས་སྡང་སོགས་ཉོན་མོངས་པ་རྣམས་ཀྱིས་ཀྱང་སྟོང་པ་སྟེ་གནས་དབེན་པའི་བྱིན་རླབས་ཀྱིས་རྣམ་གཡེང་ཐམས་ཅད་ངང་གིས་ཞི་བའི་ནགས་ཚལ་ཡིད་དུ་འོང་ཞིང་ཉམས་དགའ་བ་རྣམས་ཀྱི་ནང་དག་ཏུ་དཔེར་ན་རྒྱལ་པོ་ཆེན་པོ་ལོངས་སྤྱོད་ཀྱི་སྐལ་བ་དང་ལྡན་པ་རྣམས་ཙན་དན་གྱིས་བསིལ་བར་བྱས་པའི་ཁང་བཟང་མཆོག་ཏུ་གནས་པ་ལས་ཀྱང་ལྷག་པའི་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཀྱི་སྐལ་པ་དང་ལྡན་པ་རྣམས་ཟླ་བའི་འོད་ཟེར་ཙན་དན་གྱིས་ཀྱང་ལྷག་པས་བསིལ་བར་བྱས་པའི་ཡངས་ཤིང་འཇམས་པའི་རྡོ་ལེབ་ཆེན་པོའི་ཁང་བཟང་ཤིན་ཏུ་ཉམས་དགའ་བར། རྒྱལ་པོ་ལ་རྔ་ཡབ་ནོར་བུའི་ཡུ་བ་ཅན་གྱིས་གཡོབ་པས་བསིལ་ཕབ་པ་ལས་ཀྱང་ལྷག་པས་ཉིན་མོ་མིའི་རྒྱུ་འགྲུལ་མཚན་མོར་སྒྲ་ཡིས་ཅ་ཅོ་མེད་པས་རབ་ཏུ་འཇམ་ཞིང་ཞི་བའི་ནགས་ཀླུང་རླུང་གིས་བསྐྱོད་པའི་བསིལ་ཡབ་གཡོབ་པ་ཡིས་ཕབ་ཅིང་རྒྱལ་པོ་ཡུལ་འཁོར་ལ་ཕབ་པའི་ཐབས་སེམས་ཤིང་འཆག་པར་བྱེད་པ་བས་ཀྱང་། མཐའ་ཡས་པའི་སེམས་ཅན་གཞན་ལ་ཕན་པར་བྱེད་པའི་དོན་འབའ་ཞིང་སེམས་ཤིང་ཕན་ཚུན་ཉེ་སྐོར་དུ་ཅུང་ཟད་འཆགས་པར་ཚེ་འདིར་ཡང་བདེ་ལ་ཕྱི་མ་ལའང་བདེ་ཞིང་སྐྱིད་པར་འགྱུར་རོ། །གཞན་གྱིས་བདག་ཏུ་མ་བཟུང་བའི་ཁང་སྟོང་དང་ཤིང་དྲུང་ཡིད་དུ་འོང་བ་དང་ཕུག་པ་བཟང་པོ་ཉམས་དགའ་བ་དག་ཏུ་གཞི་གང་དུ་རང་ལོ་ཟླ་ལ་སོགས་པ་ཇི་སྲིད་སྡོད་པར་འདོད་པའི་བར་དུ་གནས་ཤིང་གནས་དང་ལོངས་སྤྱོད་ལ་ཡོངས་སུ་འཛིན་པ་དང་བསྲུང་བའི་སྡུག་བསྔལ་ཐམས་ཅད་སྤངས་ཏེ། མཐོན་པོའི་ངོ་བསྲུང་དང་དམའ་མོ་སྐྱོང་ཐབས་ཕན་འདོགས་ཀྱི་རེ་བ་དང་གནོད་བསྐྱལ་གྱི་དོགས་པ་སོགས་སུ་ལའང་རེ་ཞིག་ལྟོས་པ་མེད་པར་ཉམས་དགའ་བག་ཡངས་སུ་སྤྱོད་ལ་འགྲོ་འདུག་ལ་སོགས་པ་རང་ཉིད་ཇི་ལྟར་འདོད་པ་བཞིན་རང་དབང་དུ་སྤྱོད་ཅིང་གནས་གྲོགས་ལོངས་སྤྱོད་ལ་ཆགས་ཞེན་ཅུང་ཟད་ཀྱང་མེད་ལ། མཐོ་དམན་དགྲ་གཉེན་ལ་སོགས་པ་འཆིང་བྱེད་གང་དང་ཡང་ནི་འབྲེལ་བ་མེད་པར་གནས་ལ་ཆོག་ཤེས་པའི་བདེ་བ་ལ་ལོངས་སྤྱོད་གང་ཡིན་པ་ནི་བརྒྱ་བྱིན་ལྷའི་དབང་པོས་ཀྱང་ནི་དེ་རྙེད་པར་དཀའ་སྟེ། དེའང་ཇི་ཙམ་དུ་འབྱོར་པ་ཆེ་བ་དེ་ཙམ་དུ་ཆོག་མི་ཤེས་པས་འདོད་པས་གདུང་བར་འགྱུར་ཞིང་། ཇི་ཙམ་དུ་ཆོག་ཤེས་པ་དེ་ཙམ་དུ་དགའ་བདེའི་འབྱོར་བ་དང་ལྡན་པར་འབྱུང་ཏེ། བཤེས་སྤྲིང་ལས། ནོར་རྣམས་ཀུན་གྱི་ནང་ནས་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་བ་ལགས། །ཞེས་པ་བཞིན་ནོ། །དེ་ལྟར་རྒྱུ་ཚོགས་སྐབས་འདིར་དབེན་པའི་ཡོན་ཏན་ལན་གཉིས་སུ་སྨོས་པར་མི་འགྱུར་ཏེ། སྔ་མ་དང་པོ་ཉིད་དུ་དབེན་པ་ལ་སྤྲོ་བ་བསྐྱེད་པས་དེར་འགྲོ་ཞིང་སྡོད་པའི་ཆེད་དུ་ཡིན་ལ་ཕྱི་མ་ནི་དབེན་པར་གནས་པའི་ཚེ་ཟླ་དགའ་ཟས་ཚོལ་ལ་སོགས་པས་དེར་སྡོད་མི་ཚུགས་ཤིང་མི་མོས་པའི་ཚེ་སངས་རྒྱས་དང་བྱང་སེམས་རྣམས་ཀྱིས་བསྔགས་པའི་དབེན་པའི་ཡོན་ཏན་རྣམས་དབྱངས་སུ་གྱེར་ཞིང་སེམས་ལ་བསྒོམ་པས་དགའ་ཞིང་སྤྲོ་བས་སྡོད་ཚུགས་པའི་ཆེད་དུ་བཤད་པ་ཡིན་པས་ཟློས་སྐྱོན་མེད་དོ། །གསུམ་པ་བསམ་གཏན་བསྒོམ་པ་དངོས་ལ། མཚམས་སྦྱར་ཏེ་མདོར་བསྟན་པ། བསམ་གཏན་བསྒོམ་ཚུལ་རྒྱས་པར་བཤད་པ། ཏིང་ངེ་འཛིན་འགྲུབ་པའི་ཐབས་ལ་གདམས་པ་དང་གསུམ་ལས། དང་པོ་ནི། གོང་དུ་བཤད་པ་དེ་ལ་སོགས་པའི་རྣམ་པ་མང་པོ་ཡིས་ཕྱི་འདུ་འཛི་ལས་དབེན་པའི་ཡོན་ཏན་དང་ནང་རྣམ་རྟོག་ལས་དབེན་པའི་ཡོན་ཏན་དང་། གསང་བ་རང་འདོད་ཡིད་བྱེད་ཀྱིས་དབེན་པའི་ཡོན་ཏན་དང་། གནས་དབེན་པའི་ཡོན་ཏན་ཏེ་སྒོ་གསུམ་དབེན་པར་གནས་པའི་ཡོན་ཏན་ནི་འདི་ཕྱི་གཏན་བདེའི་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ་ཞེས་ཡང་དང་ཡང་དུ་བསམ་པར་བྱས་ནས་ཕྱི་དང་ནང་གི་དངོས་པོ་ལ་འདོད་ཅིང་ཆགས་པའི་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བ་དང་། བྱང་ཆུབ་ཀྱི་སེམས་ནི་བསྒོམ་པ་ལ་འབད་པར་བྱའོ། །དེ་ཡང་སྤྱིར་ཉེར་བསྔོག་དང་པོ་ཞི་རགས་ཀྱི་རྣམ་པ་ཅན་ལ་སོགས་པ་བསྒོམ་པ་ལ་བརྟེན་ནས་བསམ་གཏན་གྱི་དངོས་གཞི་སྐྱེ་བ་ལྟར་འདིར་ཡང་། འཇིག་རྟེན་དང་རྣམ་རྟོག་ལ་ཞེན་ཅིང་ཆགས་པའི་སྐྱོན་དང་མ་ཆགས་པར་སྤོང་པའི་ཡོན་ཏན་གཉིས་འདོར་ལེན་བྱས་ཏེ་བསྒོམ་པ་ལ་བརྟེན་ནས་བསམ་གཏན་དངོས་སམ་ཉེར་བསྡོག་ཡང་དག་པ་རེ་གྲུབ་ན་ལུས་སེམས་ལས་སུ་རུང་བར་འགྱུར་ལ། ལུས་སེམས་ལས་སུ་རུང་ན་བྱང་ཆུབ་ཀྱི་སེམས་སོགས་གང་བསྒོམ་པ་ཐམས་ཅད་ལེགས་འབྱོར་ཞིང་འོང་བར་འགྱུར་ལ། ལར་བསམ་གཏན་ཞེས་བྱ་བ་ཅི་ཡང་མི་ཤེས་པ་ཞིག་ལ་ཟེར་བ་མིན་ཏེ། བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག་ཅིང་བཞག་ན་རི་རྒྱལ་ལྟར་གཡོ་འགུལ་མེད་པས་རང་གི་སེམས་བཏང་འགྲོ་བཞག་སྡོད་ལ་རང་དབང་འབྱོར་བ་ཞིག་ལ་ཞི་གནས་སམ་བསམ་བསྟན་ཞེས་བརྗོད་པ་ཡིན་ནོ། །གཉིས་པ་ལ། བདག་གཞན་མཉམ་པ་བསྒོམ་ཚུལ་དང་། བརྗེ་བ་བསྒོམ་ཚུལ་གཉིས་ལས། དང་པོ་ལ་མདོར་བསྟན། རྒྱས་བཤད། དོན་བསྡུ་བ་དང་གསུམ་ལས། དང་པོ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བདག་གཞན་མཉམ་པ་དང་བརྗེ་བ་གཉིས་ཡོད་པ་ལས། བདག་གཞན་མཉམ་པ་མ་བསྒོམ་ན་བརྗེ་བ་མི་འོང་བས་ན་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ནི་དང་པོ་ཉིད་དུ་འབད་དེ་བསྒོམ་པར་བྱ་སྟེ། དེ་མེད་ན་གཞན་ཕན་གྱི་སེམས་རྣམ་དག་མི་སྐྱེ་བས་སོ། །ཇི་ལྟར་བསྒོམ་ན་བདག་རང་དང་གཞན་སེམས་ཅན་གཉིས་ཀ་ཡང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ལ་མཉམ་པས་ན་གཞན་སེམས་ཅན་ཐམས་ཅད་བདག་རང་ཉིད་ཇི་ལྟར་བཞིན་དུ་བདེ་བ་སྒྲུབ་ཅིང་སྡུག་བསྔལ་སྤང་སྟེ་བསྲུང་བའི་བློ་སྐྱེ་བའི་ཐབས་ལ་འབད་དེ་བསྒོམ་པར་བྱ་དགོས་སོ་དེ་ལྟར་མི་འོང་ངོ་སྙམ་ན། འོང་སྟེ་འདི་ལྟར་སེམས་ཅན་ཐམས་ཅད་གཞི་མེད་པར་བདག་དང་བདག་གིར་འཛིན་ཅིང་དེའི་དབང་གིས་འདི་ནི་གཞན་ཞེས་གཞི་མེད་པར་གཞན་དུ་འཛིན་པས་འཁྲུལ་བའི་སྣང་བ་བདག་གཞན་དུ་བློས་བཏགས་པ་ཙམ་ལས་གྲུབ་པ་མེད་པས་བདག་མེད་པའི་དོན་རྟོགས་ན་གཞན་ཞེས་པའང་མི་དམིགས་ཏེ་བདག་ལ་ལྟོས་ནས་གཞན་དུ་འཇོག་པའི་ཕྱིར་རོ། །དེ་ལྟར་རྟོགས་ན་དཔེར་ན་ནམ་མཁའ་ལ་མཚོན་གྱིས་གཅོད་རྒྱུ་མེད་པ་ལྟར་བདག་མེད་ནམ་མཁའ་ལྟ་བུའི་དོན་རྟོགས་ན་བདག་གཞན་ཡང་ཐ་དད་དུ་བཅད་དུ་མེད་པས་ཐམས་ཅད་བདག་བཞིན་བསྲུང་བའི་བློ་དང་བདག་གི་བློ་སྐྱེ་བར་འགྱུར་ཏེ། དོན་མེད་རང་བཞིན་བདག་ལྟ་རྣམ་སྤང་ནས། བདག་ཉིད་ཆེ་ལྟ་དོན་ཆེ་ན་རྙེད་པ་གང་། ཞེས་པ་ལྟར་ཡིན་ལ། དེས་ན་བདག་གཞན་མཉམ་པའི་དོན་འདིའི་གནད་བདག་གཞན་བློས་བརྟགས་པ་ཙམ་ལས་དོན་ལ་གྲུབ་པ་མེད་བས་བདག་མེད་པའི་གནད་འདི་ལ་ཐུག་པ་ཡིན་པར་མཁས་པས་ཀྱང་རྟོགས་པར་དཀའ་བར་སྣང་བས་ན་བདག་མེད་པར་གཏན་ལ་ཕབ་པ་འདི་གལ་ཆེ་བར་གསུངས་སོ། །གཉིས་པ་ལ། མཉམ་པ་ཇི་ལྟར་བསྒོམ་ཚུལ། དེ་ལ་རྩོད་པ་སྤང་བ། དེ་ལྟར་གོམས་པའི་ཕན་ཡོན་དང་གསུམ་ལས། དང་པོ་ནི། དཔེར་ན་ལག་པ་དང་རྐང་པ་དང་མགོ་དང་ནང་ཁྲོལ་ལ་སོགས་པའི་དབྱེ་བ་བྱས་ན་རྣམ་པ་མང་པོ་ཡོད་ན་ཡང་བསྲུང་བའི་དུས་སུ་ལག་སོགས་དེ་ཐམས་ཅད་ལ་སྡུག་བསྔལ་མི་འདོད་པར་ཡོངས་སུ་བསྲུང་བྱའི་སྟེ་བསྲུང་བར་བྱ་བའི་ལུས་སུ་གཅིག་པ་སྟེ་བདག་གི་ལུས་ཞེས་གཅིག་པུར་ཞེན་ནས་བསྲུང་ལ་བློས་ཀྱང་བདག་གི་ལུས་ཞེས་གཅིག་ཏུ་འཛིན་པ་ལྟར་དེ་བཞིན་དུ་རིགས་དྲུག་སོ་སོའི་འགྲོ་བ་ཐ་དད་པ་བདེ་སྡུག་ཀྱང་ཐ་དད་པ་དག་ཡིན་ན་ཡང་དེ་ཐམས་ཅད་བདག་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པར་མཉམ་ཞིང་གཅིག་པའི་ཕྱིར་ན་གཞན་སེམས་ཅན་ཐམས་ཅད་ལ་བདག་ཏུ་བཟུང་སྟེ་བདག་རང་ཉིད་བཞིན་དུ་སྡུག་བསྔལ་ལས་བསྲུང་བར་བྱ་དགོས་ཏེ། དེ་ཡང་དཔེར་ན་མི་ཞིག་ལ་ཁྱོད་ལ་ལུས་དུ་ཡོད་ཅེས་དྲི་ན། འདིས་ཅི་ཟེར་ལུས་གཅིག་པུ་ལས་མེད་དོ་ཞེས་དང་། འོ་ན་བསྲུང་བྱའི་ལུས་མང་པོ་ཡོད་དམ། དེ་ཡང་མེད་དེ་བདག་གི་ལུས་གཅིག་པུ་འདི་བསྲུང་ངོ་ཞེས་བརྗོད་པར་བྱེད་ན་ཡང་དོན་དུ་མ་ཚོགས་པ་ལ་ལུས་ཞེས་མིང་བཏགས་པ་ཙམ་ལས་ལུས་ཞེས་རིལ་པོ་གཅིག་ཏུ་གྲུབ་པ་ཅི་ཡང་མེད་ལ། དེའང་འདི་ལ་ལུས་སུ་འདོགས་དགོས་པ་དང་གཞན་ལ་འདོགས་མི་རུང་བའི་རྒྱུ་མཚན་ཅི་ཡང་མེད་པར་དོན་མེད་པར་ཚོགས་པ་ཕུང་པོ་ཙམ་ལ་ལུས་ཞེས་མིང་གཅིག་བཏགས་ཏེ་བློས་ཀྱང་བདག་གི་ལུས་ཞེན་གཅིག་གི་བློ་སྐྱེ་བ་ལྟར་བདག་དང་བདག་གི་བ་སོགས་གང་ཡང་རུང་བ་བཏགས་ཆོག་སྟེ། འདི་ལ་བདག་ཏུ་འདོགས་པའི་རྒྱུ་མཚན་འདི་ཡིན་ནོ་ཞེས་དང་གཞན་ལ་བདག་ཏུ་འདོགས་མི་རུང་བའི་རྒྱུ་མཚན་འདི་ཡིན་ནོ་ཞེས་རྒྱུ་མཚན་ཅི་ཡང་བརྗོད་དུ་མེད་པས་ན་གཞན་སྡུག་བསྔལ་བའི་འགྲོ་བ་ཐམས་ཅད་ལ་བདག་ཅེས་མིང་བཏགས་ཏེ་བློས་ཀྱང་བདག་གོ་སྙམ་དུ་བཟུང་ན་ས་གོམས་པར་བྱས་ན་གཞན་སེམས་ཅན་རྣམས་ལའང་བདག་གི་བློ་འབྱུང་ཞིང་སྐྱེ་བར་འགྱུར་ལ་དེ་ལྟར་ཐམས་ཅད་བདག་བཞིན་བསྲུང་བའི་བློ་ཡང་འབྱུང་ངོ་གསུངས། དེ་ལ་བདག་གཞན་གྱི་སྡུག་བསྔལ་གྱིས་ཕན་ཚུན་མི་གནོད་པས་དེ་འདྲའི་བློ་ཇི་ལྟར་སྐྱེ་ཞེ་ན། སྐྱེ་སྟེ་གལ་ཏེ་བདག་གི་སྡུག་བསྔལ་གྱིས་སེམས་ཅན་གྱི་ལུས་ལ་དངོས་སུ་མི་གནོད་པ་དེ་ལྟའང་སྟེ་དེ་ལྟ་ཡིན་ན་ཡང་དེ་ལྟ་བུའི་སྡུག་བསྔལ་དེ་བདག་གི་སྡུག་བསྔལ་ཡིན་ཏེ་སྡུག་བསྔལ་དེ་རང་ལ་བདག་ཏུ་ཞེན་པས་མི་བཟོད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སེམས་ཅན་གཞན་གྱི་སྡུག་བསྔལ་དག་བདག་ལ་དངོས་སུ་འབབ་པར་མི་འགྱུར་ཡང་དེ་ལྟའང་སྟེ་དེ་ལྟ་ཡིན་ན་ཡང་གཞན་གྱི་སྡུག་བསྔལ་དེ་བདག་བྱང་ཆུབ་སེམས་དཔའ་ཞིག་ཡིན་ན་བདག་གི་སྡུག་བསྔལ་ཡིན་ཏེ་དེ་ལ་བདག་ཏུ་ཞེན་པས་སྡུག་བསྔལ་དེ་བཟོད་པར་དཀའ་བའི་ཕྱིར་རོ། །དེ་ལ་རང་གི་སྡུག་བསྔལ་གྱིས་གཞན་ལ་མི་གནོད་པར་བདག་ལ་གནོད་པའི་རྒྱུ་མཚན་ཇི་ལྟར་ཡིན་ན་སྤྱིར་དུས་ཐོག་མེད་ནས་ད་ལྟའི་བར་དང་། ད་ལྟ་ཡང་ཕ་མའི་ཁུ་ཁྲག་གི་བར་དུ་རྣམ་ཤེས་ཞུགས་ཕྱིན་ཆད་བདག་གི་ལུས་ཞེས་བདག་ཏུ་བཟུང་བའི་དབང་གིས་གནོད་ཅིང་མི་བཟོད་པ་ཉིད་ཡིན་གྱི། སྡུག་བསྔལ་ལ་བདག་གི་སྡུག་བསྔལ་དང་གཞན་གྱི་སྡུག་བསྔལ་ཞེས་དབྱེ་བ་མེད་པས་ན་གཞན་གྱི་སྡུག་བསྔལ་གྱིས་རང་ལ་དངོས་སུ་མི་གནོད་ནའང་གཞན་དེ་བདག་གམ་བདག་གིར་བཟུང་ན་དེའི་སྡུག་བསྔལ་བདག་གིས་མི་བཟོད་པ་ཞིག་འོང་སྟེ། ཇོ་བོ་རྗེའི་སློབ་མ་བྱམས་པའི་རྣལ་འབྱོར་བས་གཞན་གྱི་སྡུག་བསྔལ་དངོས་སུ་བདག་གིར་མཛད་པ་བཞིན་ཏེ་འདི་ནི་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །སོ་སོའི་སྐྱེ་བོ་ཐ་མ་ལ་པ་ཡིན་ན་ཡང་དཔེར་ན་མས་བུ་སྡུག་གུ་ན་བ་བས་རང་ཤི་བ་འདམ་པ་ལྟ་བུ་དེ་བདག་ཏུ་བཟུང་བས་དེའི་སྡུག་བསྔལ་མི་བཟོད་པ་ཡིན་གྱི། གཞན་དག་གིས་དེ་བདག་ཏུ་མ་བཟུང་བས་དེའི་སྡུག་བསྔལ་གྱིས་མི་གནོད་པ་ཡིན་ཀྱང་དེ་དག་གིས་དེ་བདག་ཏུ་བཟུང་ནས་དེའི་སྡུག་བསྔལ་གྱིས་གནོད་ཅིང་བཟོད་པར་དཀའ་བར་འགྱུར་བ་འོངས་སྟེ་དེའང་ཡུན་རིང་པོར་གོམས་མི་དགོས་ཏེ་དཔེར་ན་རྟ་ཞིག་གཞན་ལ་བཙོང་བ་ལྟ་བུ་ལ་ཚོང་ཐག་མ་བཅད་ཀྱི་བར་དུ་རྟ་དེ་ལ་རྩྭ་ཆུ་མ་རྙེད་པ་དང་ནད་ལ་སོགས་པ་སྡུག་བསྔལ་ཅི་བྱུང་བ་ཡང་ཚོང་པ་པོ་དེ་ཡིས་མི་བཟོད་ཀྱང་ཉོ་བ་པོར་ཅི་ཡང་མི་གནོད་པ་དང་ཚོང་ཐག་བཅད་ནས་རྟ་དེའི་སྡུག་བསྔལ་ཉོ་བ་པོ་དེས་མི་བཟོད་ཀྱང་ཚོང་བ་པོ་ལ་ཅི་ཡང་མི་གནོད་པ་དེ་ཡང་རྟ་དེའི་སྟེང་ན་གཅིག་ཤོས་ཀྱི་རྟ་ཡིན་ལ་གཅིག་ཤོས་ཀྱི་རྟ་མ་ཡིན་པའི་རྒྱུ་མཚན་ཅི་ཡང་མེད་པས་ན་བློས་ཇི་ལྟར་བཏགས་ཤིང་བཟུང་ན་དེ་དང་དེའི་རྟ་ཡིན་པར་འགྱུར་བ་བཞིན་དུ་བདག་རང་ཉིད་བདག་ཡིན་པ་དང་གཞན་དེ་ཉིད་བདག་མིན་པའི་རྒྱུ་མཚན་ཅུང་ཟད་ཀྱང་གྲུབ་པ་མེད་པར་བདག་གཞན་དུ་བློས་བཏགས་པ་ཙམ་སྟེ་བདག་གི་བདག་གཞན་གྱི་གཞན་ཡིན་པ་དང་། བདག་གི་གཞན་གཞན་གྱི་བདག་ཡིན་ཏེ་དཔེར་ན་ཕ་རོལ་ཚུ་རོལ་ལྟོས་ནས་བཏགས་པ་ཙམ་ལས་ཕ་རོལ་དང་ཚུ་རོལ་དོན་ལ་གྲུབ་པ་མེད་པ་བཞིན་དུ་བདག་གཞན་དོན་ལ་གྲུབ་པ་མེད་པར་བློས་བཏགས་པ་ཙམ་ཡིན་པའི་གནད་ཀྱིས་གཞན་སེམས་ཅན་རྣམས་ལ་བློས་བདག་ཏུ་བཏགས་ཤིང་བཟུང་ན་བདག་གི་བློ་འབྱུང་བ་ཡིན་ནོ་གསུངས། དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་བདག་ཏུ་མཛད་པས་གཞན་གྱི་སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་བཟོད་པའི་ཚུལ་གོང་དུ་ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་ཞེས་སོགས་དང་། བདག་ཏུ་མཛད་པ་འདི་ལ་ཐེ་ཚོམ་མེད་ཅེས་དང་། ལྷས་སྦྱིན་གྱིས་ངང་པ་ལ་མདའ་ཡིས་བསྣུན་པ་ལ་སངས་རྒྱས་ཀྱི་བདག་ཏུ་མཛད་པར་གསུངས་པ་དང་། མ་ཅིག་གིས་ཀྱང་མ་འོངས་པ་ན་གཅོད་ལོག་དྲག་ཤུལ་ཅན་རྣམས་ཀྱིས་ངས་སྙིང་རྗེའི་ལྕགས་ཀྱུས་བཟུང་བའི་ནོར་ལྷ་འདྲེ་མ་རུངས་པ་རྣམས་དྲག་པོས་འདུལ་བར་གསུངས་པས་ལྷ་འདྲེ་རྣམས་ནོར་དུ་བདག་གིར་མཛད་པ་ལྟ་བུ་ཡིན་ནོ། །སེམས་ཅན་རྣམས་བདག་ཏུ་བཟུང་ན་ཡུན་རིང་པོར་གོམས་ཀྱང་མི་དགོས་ཏེ། དཔེར་ན་རྟ་རྒན་ཞིག་གཞན་ལ་སྦྱིན་ནོ་ཞེས་ངག་ཏུ་ཕུད་དེ་བྱིན་པ་ཙམ་གྱིས་གཞན་དེས་རྟ་དེ་བདག་ཏུ་བཟུང་ཞིང་དེའི་སྡུག་བསྔལ་མི་བཟོད་པ་ལྟ་བུ་ཡིན་ནོ། །དེ་ལྟ་ཡིན་ནའང་ངའི་སེམས་ངན་གོམ་ལ་ཤོར་སོང་བས་སེམས་ཅན་རྣམས་བདག་ཏུ་འཛིན་པ་ཞིག་མི་འོང་སྙམ་ན། འོང་སྟེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་འདི་ན་བརྟུལ་ཞིང་ལམ་དུ་བཞག་ན་འདུལ་ཁ་ཉན་པའམ་འདུལ་བར་སླ་བ་ལ་སེམས་ལྟ་བུ་གཞན་མ་གཟིགས། མ་བཏུལ་ན་འདུལ་ཁ་མི་ཉན་པ་སེམས་ལྟ་བུ་གཞན་མ་གཟིགས་ཞེས་གསུངས་སོ། །དེས་ན་རང་གི་སེམས་འདི་ཕྱིན་ཅི་ལོག་གི་ལམ་དུ་མི་གཏོང་བར་བཏུལ་ན་མི་འདུལ་བ་མི་སྲིད་དོ། །རང་གི་སེམས་འདི་མ་བཏུལ་བར་གཞན་འདུལ་མི་ནུས་པས་སེམས་འདི་འདུལ་བ་ལ་འབད་པར་བྱའོ་གསུངས། སྡུག་བསྔལ་བསལ་དགོས་པར་རིགས་པས་བསྒྲུབ་པ་འདི་ལྟར་བདག་གིས་སེམས་ཅན་གཞན་གྱི་ཕུགས་སུ་མི་ཕན་པའི་སྡུག་བསྔལ་ཐམས་ཅད་བསལ་བར་བྱ་བ་ཡིན་ཞེས་དམ་བཅས་ཏེ། དོན་མེད་པའི་སྡུག་བསྔལ་ཡིན་པའི་ཕྱིར་ཞེས་རྟགས་བཀོད་པ་ལ། དཔེར་ན་བདག་གིར་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་བཞིན་ནོ་ཞེས་མཐུན་པའི་དཔེ་བསྟན་པའོ། །དེ་བཞིན་དུ་བདག་གིས་སེམས་ཅན་གཞན་རྣམས་ལ་ནི་ཕན་བདེ་བསྒྲུབ་པར་བྱ་བ་ཡིན་ཏེ། སེམས་ཅན་ཡིན་པའི་ཕྱིར། དཔེར་ན་བདག་གི་ལུས་ལ་ཇི་ལྟ་བ་བཞིན་ནོ། །གང་གི་ཚེ་བདག་དང་སེམས་ཅན་གཞན་གཉིས་ཀ་ཡང་བདེ་བ་ཐོབ་འདོད་དུ་མཚུངས་པ་ལ་བདག་དང་ཁྱད་པར་ཅི་ཡོད་དེ་ཅུང་ཟད་ཀྱང་མེད་ན་རྒྱུ་མཚན་གང་གི་ཕྱིར་གཞན་བདེ་བར་མི་བརྩོན་པར་བདག་ཉིད་གཅིག་པུ་ལ་བདེ་བར་བརྩོན་ཏེ་བརྩོན་པར་མི་རིགས་སོ། །དེ་བཞིན་དུ་གང་གི་ཆེ་བདག་དང་སེམས་ཅན་གཞན་གཉིས་ཀ་ཡང་སྡུག་བསྔལ་མྱོང་བར་མི་འདོད་པར་མཚུངས་པ་ལ་བདག་རང་དང་ཁྱད་པར་ཅི་ཡོད་དེ་ཅུང་ཟད་ཀྱང་མེད་ན་རྒྱུ་མཚན་གང་གི་ཕྱིར་གཞན་གྱི་སྡུག་བསྔལ་རྣམས་བསྲུང་བ་མིན་ལ། བདག་གཅིག་པུའི་སྡུག་བསྔལ་སྲུང་བར་བྱེད་དེ་བྱེད་མི་རིགས་སོ། །གལ་ཏེ་བདག་གི་སྡུག་བསྔལ་གྱིས་ནི་རང་ལ་གནོད་པས་བདག་གིས་བསྲུང་དགོས་ལ། གཞན་དེ་ལ་སྡུག་བསྔལ་བྱུང་བས་བདག་ལ་ད་ལྟ་དངོས་སུ་མི་གནོད་པའི་ཕྱིར་གཞན་གྱི་སྡུག་བསྔལ་དེ་མི་བསྲུང་ཞེ་ན། འོ་ན་རགས་པ་ཚེ་ཕྱི་མ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དང་སང་དང་ཟླ་བ་ཕྱི་མ་ཕན་ཆད་དང་ཕྲ་བ་སྐད་ཅིག་ཕྱི་མ་ཕན་ཆད་ཀྱི་སྡུག་བསྔལ་ཟས་གོས་མེད་པ་ལ་སོགས་པའི་མ་འོངས་པ་ན་མྱོང་བར་འགྱུར་བ་ཡི་སྡུག་བསྔལ་ཆེ་ཕྲ་གང་གིས་ཡང་ད་ལྟ་རང་ལ་དངོས་སུ་གནོད་པར་མི་བྱེད་པའམ་མི་གནོད་ན་ད་ལྟ་མ་འོངས་པའི་སྡུག་བསྔལ་དེ་ཅིས་བསྲུང་སྟེ་སྲུང་མི་རིགས་སོ། །དེ་ནི་སེམས་ཅན་གཞན་གྱི་སྡུག་བསྔལ་དང་མི་འདྲ་སྟེ་ད་ལྟ་དངོས་སུ་མི་གནོད་ཀྱང་བདག་གིས་མ་འོངས་པའི་སྡུག་བསྔལ་དེ་ནི་མྱོང་པར་འགྱུར་བས་བསྲུང་ངོ་སྙམ་ན། རགས་པ་ཚེ་འདི་ཕྱིའི་ཕུང་པོ་དང་ཕྲ་བ་སྐད་ཅིག་སྔ་ཕྱིའི་ཕུང་པོ་ལ་གཅིག་ཏུ་འཛིན་པའི་རྣམ་པར་རྟོག་པ་དེ་ནི་ཕྱིན་ཅི་ལོག་ཏུ་གྱུར་པ་ཁོ་ན་སྟེ། དེའི་རྒྱུ་མཚན་འདི་ལྟར་རགས་པ་ཚེ་འདི་ཕྱི་ལ་བསམ་ན་ཚེ་འདི་ནས་འཕོས་ཏེ་ཤི་བར་གྱུར་བ་དེའང་ཕྱི་མིའི་སྐྱེ་བ་དེ་ལས་གཞན་ཉིད་ཡིན་ལ་གང་དུ་སྐྱེས་པའི་ཕྱི་མའི་སྐྱེ་བ་དེ་ཡང་ནི་ཚེ་སྔ་མ་ཤི་བ་དེ་ལས་གཞན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་ད་ལྟ་མི་ཡུལ་དུ་ཇི་ཙམ་སྡོད་པ་ནི་སྔོན་གྱི་ལས་དབང་གིས་ཡིན་པས་ལས་དེ་ནམ་ཟད་པ་ན་མིའི་རྣམ་ཤེས་སྐད་ཅིག་ཐ་མ་འགག་པ་དེའི་ཉེར་ལེན་གྱི་རྒྱུ་བྱས་ནས་དམྱལ་བ་ལ་སོགས་པ་གང་དུ་སྐྱེ་བའི་ལས་དེས་ལྷན་ཅིག་བྱེད་རྐྱེན་བྱས་ཏེ་ཕྱི་མ་དམྱལ་བ་ལ་སོགས་པ་གང་དུ་སྐྱེ་བ་ན་ཤི་བ་མིའི་ཕུང་པོ་ཡིན་པ་དང་སྐྱེ་བ་དམྱལ་བའི་ཕུང་པོ་ཡིན་པའི་ཕྱིར་དང་། རྣམ་ཤེས་སྔ་མ་འགག་པ་མིའི་རྣམ་ཤེས་དང་ཕྱིས་སྐྱེ་བ་དམྱལ་བའི་རྣམ་ཤེས་ཡིན་པའི་ཕྱིར་ཐ་དད་པ་ཡིན་ལ། དེའི་ཡང་མིའི་ལུས་དང་སེམས་འགགས་ནས་ཕྱི་མའི་ལུས་སེམས་སྐྱེས་པ་ལ་སྔ་མ་དེ་ཕྱི་མར་འཕོས་པའམ་སོང་བ་མེད་དེ། ཇི་སྐད་དུ། ཁ་ཏོན་མེ་ལོང་མར་མེ་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིད་མཚམས་སྦྱོར་བ་ཡང་། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་གསུངས་པ་ལྟར་མར་མེ་གཅིག་ལས་གཅིག་སྤར་བ་ན་སྔ་མ་ལ་མ་ལྟོས་པར་ཕྱི་མ་མེད་ལ་སྔ་མ་ཕྱི་མར་འཕོས་པའང་མིན་པ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ན་སྔ་མ་འགག་ནས་ཕྱི་མ་སྐྱེ་བས་སྔ་ཕྱི་གཉིས་གཞན་ཡིན་ན་ལས་བྱས་པ་ཆུད་ཟ་བ་དང་མ་བྱས་པ་དང་འཕྲད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་རྒྱུ་རྐྱེན་རྟེན་འབྲེལ་གྱི་སྣང་བ་བསླུ་བ་མེད་པ་དཔྱད་མི་བཟོད་པས་རྟག་ཆད་ལས་འདས་པ་ལས་འབྲས་ཆུད་མི་ཟ་བ་ནང་པ་སངས་རྒྱས་པའི་ཁྱད་ཆོས་ཐམས་ཅད་མཁྱེན་པ་ཁོ་ནའི་སྤྱོད་ཡུལ་ཡིན་པས་ལས་རྒྱུ་འབྲས་འདི་ནི་རྒྱལ་བའི་བཀའ་ལ་ཡིད་ཆེས་པའི་སྒོ་ནས་རྟོགས་པར་བྱ་ཞིང་། དེ་སྐད་དུའང་། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་ཡིན་ཏེ། །དེ་ཕྱིར་རྟག་མིན་ཆད་པའང་མིན། །ཞེས་གསུངས་པ་ལྟར་ལྟོས་ཏེ་བཏགས་པ་ཙམ་ལས་གཅིག་དང་ཐ་དད་གང་དུའང་གྲུབ་པ་མེད་བཞིན་དུ་སྣང་བའི་རྣམ་ཤེས་འདི་ཉིད་བཟང་ངན་གྱི་ལས་སྣ་ཚོགས་པས་གཞན་དང་གཞན་དུ་སྣང་ན་ཡང་གསལ་རིག་གི་ཤེས་པ་ཙམ་རིགས་འདྲ་རྒྱུན་མི་འཆད་པར་འབྱུང་ཞིང་རྟག་ཆད་ལས་འདས་པའི་ཕྱིར་ལས་འབྲས་ཆུད་མི་ཟ་ཞིང་མ་བྱས་པ་དང་འཕྲད་པར་མི་འགྱུར་རོ། །ཕྲ་བ་སྐད་ཅིག་མའི་ཚུལ་ལ་བསམ་ན་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་དུས་མཐའི་སྐད་ཅིག་མ་ཡིན་ལ། སྐད་ཅིག་སྔ་ཕྱི་དེ་དག་ཀྱང་སྔ་མ་འགགས་ཤིང་ཕྱི་མ་སྐྱེ་བས་གཞན་ཡིན་ལ། དེའང་རང་རེ་མི་ཡུལ་དུ་ཅི་ཙམ་སྡོད་པའི་ལས་ཀྱིས་རྐྱེན་བྱས་ནས་རྣམ་ཤེས་སྔ་མ་འགགས་པ་དེས་རྒྱུ་བྱས་ནས་རྣམ་ཤེས་སྐད་ཅིག་ཕྱི་མ་སྐྱེ་བར་འགྱུར་བས་རིགས་འདྲ་འབྱུང་བ་ཡིན་པས་སྐད་ཅིག་མ་རྣམས་གཞན་ཡིན་ནོ། །གང་གི་ཚེ་མྱོང་བ་པོ་གང་གི་མྱོང་བྱའི་སྡུག་བསྔལ་གང་ཡིན་པ་དེ་ནི་མྱོང་བ་པོ་དེ་ཉིད་ཀྱིས་བསྲུང་དགོས་ཀྱི་དེ་ལས་གཞན་གྱིས་མི་བསྲུང་ངོ་ཞེ་ན། འོ་ན་རྐང་པ་ལ་ཚེར་མ་ཟུག་པ་ལ་སོགས་པའི་སྡུག་བསྔལ་ཡང་དེ་ལས་གཞན་ལག་པས་མྱོང་བ་མིན་པས་ན་རྒྱུ་མཚན་ཅི་ཡི་ཕྱིར་རྐང་པའི་སྡུག་བསྔལ་དེ་ནི་ལག་པ་དེས་བ་སྲུང་བར་བྱ་སྟེ་བྱ་མི་རིགས་སོ། །གལ་ཏེ་དེ་ལྟར་བསྲུང་བར་བྱེད་པ་འདི་རིགས་ཤིང་འཐད་པ་མིན་ཡང་འདིར་བདག་ཏུ་འཛིན་པ་གོམས་པས་ཚེ་སྔ་ཕྱི་དང་རྐང་ལག་སོགས་ཕན་ཚུན་བསྲུང་བའི་བློ་འཇུག་ཅེ་ན། བདག་དང་གཞན་དུ་འཛིན་པ་མི་རིགས་པའམ་ཡང་ན་བདག་གཞན་གྱི་མི་རིགས་པ་སྡུག་བསྔལ་གང་ཡིན་པ་དེ་ནི་ཅི་ནུས་པར་ནི་སྤང་བར་བྱ་བ་ཉིད་ཡིན་པས་ན་འཁྲུལ་པའོ་ཞེས་སོ། །དེ་ལྟར་ཚེ་སྔ་ཕྱི་སོགས་གཅིག་མིན་ཀྱང་དེ་དག་རྒྱུན་གཅིག་ཡིན་པ་དང་། རྐང་ལག་དེ་དག་ཐ་དད་ཡིན་ཀྱང་ཚོགས་པ་གཅིག་ཡིན་པས་དེ་ལྟར་བསྲུང་ངོ་ཞེ་ན། དེ་དག་རྒྱད་གཅིག་ཅེས་བྱ་བ་དང་ཚོགས་པ་གཅིག་ཅེས་བྱ་བ་ནི་རིམ་པ་བཞིན་དུ་རྒྱུད་ནི་སྐད་ཅིག་མ་དུ་མ་ལས་དེ་ཉིད་དང་གཞན་དུ་མེད་པས་རྫུན་ཏེ་དཔེར་ན་ཕྲེང་བ་རྡོག་དུ་མ་ལ་ཕྲེང་བའི་རྒྱུད་གཅིག་ཅེས་བཏགས་པ་བཞིན་དང་། ཚོགས་པ་ཡང་མཚོན་ཆ་ཐོགས་པའི་མི་མང་པོ་འདུས་པ་ལ་དམག་ཅེས་བཏགས་པ་ལ་སོགས་པ་བཞིན་དུ་བརྫུན་ཏེ་བཏགས་པའམ་མིང་ཙམ་ལས་དོན་ལ་གྲུབ་པ་མེད་དོ། །འདི་ནི་གང་ཟག་གི་བདག་མེད་གཏན་ལ་དབབ་བྱེད་མཆོག་ཡིན་ཏེ་རྟག་གཅིག་རང་དབང་ཅན་གྱི་བདག་མ་གཏོགས་པའི་བདག་ཏུ་ཞེན་ཚད་རྒྱུད་དམ་ཚོགས་པ་ལ་བདག་ཏུ་ཞེན་པས་ན་དེ་གཉིས་མ་གྲུབ་ཅིང་མེད་པར་བསྟན་པའི་ཕྱིར་རོ། །དེ་ལྟར་རྒྱུན་དང་ཚོགས་པ་མེད་པའི་ཕྱིར་ན་སྡུག་བསྔལ་མྱོང་བ་པོའམ་སྡུག་བསྔལ་ཅན་གྱི་གང་ཟག་གི་བདག་གང་ཡིན་པ་དེ་མེད་པ་དེས་ན་མྱོང་བྱའི་སྡུག་བསྔལ་འདི་མྱོང་བ་པོ་སུ་ཞིག་གིས་དབང་བར་ཏེ་དབང་དུ་བྱེད་པར་འགྱུར་ཏེ་དབང་དུ་བྱེད་པ་པོ་སུ་ཡང་མེད་པས་སོ། །དེ་ལྟར་མྱོང་བྱིའི་སྡུག་བསྔལ་ལ་མྱོང་བ་པོའི་བདག་པོའམ་དབང་བྱེད་པ་པོ་མེད་པར་ནི་བདག་གཞན་ཐམས་ཅད་བྱེ་བྲག་མེད་པ་ཉིད་ཡིན་ཏེ་དེ་ལྟར་བདག་མེད་ན་དེ་ལ་ལྟོས་པའི་གཞན་ཀྱང་མེད་ལ་དེ་གཉིས་མེད་བས་དབྱེ་གཞི་མེད་པས་ན་འདི་ནི་བདག་གི་སྡུག་བསྔལ་དང་འདི་ནི་གཞན་གྱི་སྡུག་བསྔལ་ཞེས་བྱེ་བྲག་གམ་དབྱེ་བ་མེད་པས་བསྲུང་པ་དང་མི་བསྲུང་བའི་དབྱེ་བའང་མི་རིགས་སོ། །དེ་ལྟར་ཡིན་པའི་སྟོབས་ཀྱིས་སྡུག་བསྔལ་བསལ་བྱ་ཡིན་ཕྱིན་ཆད་སྡུག་བསྔལ་ཡིན་པའི་ཕྱིར་གཞན་གྱི་སྡུག་བསྔལ་དེ་ཡང་བདག་གིས་བསལ་བར་བྱ་དགོས་པར་གྲུབ་པ་ཡིན་པས་ན་བདག་གི་སྡུག་བསྔལ་བསལ་ལ་གཞན་སྡུག་བསྔལ་མི་བསལ་ཞེས་ངེས་པས་ཏེ་ངེས་བཟུང་གིས་འདིར་ནི་ཅི་ཞིག་བྱ་སྟེ་ཅི་ཡང་དགོས་པ་མེད་པས་ཤིན་ཏུ་འཁྲུལ་བའོ། །སྡུག་བསྔལ་མྱོང་བ་པོའི་བདག་པོའམ་མྱོང་མཁན་གྱི་བདག་ཅི་ཡང་མེད་ན་སྡུག་བསྔལ་གྱིས་སུ་ལའང་མི་གནོད་པས་དེ་ལྟ་ན་རྒྱུ་མཚན་ཅི་ཡི་ཕྱིར་ན་སེམས་ཅན་ཀུན་གྱི་སྡུག་བསྔལ་ནི་བཟློག་པར་བྱ་ཞེས་བཟློག་བྱ་གང་ཞིག་གང་ཟག་སུ་ཞིག་གིས་བཟློག་སྟེ་བཟློག་ཏུ་མེད་དོ་ཞེས་འགའ་ཞིག་གིས་རྩོད་ན་དེ་ལྟར་བརྩད་དུ་མེད་དེ། དོན་དམ་པར་དེ་ལྟར་ཡིན་ཡང་གལ་ཏེ་ཀུན་རྫོབ་ཙམ་དུ་བདག་གི་སྡུག་བསྔལ་བཟློག་པར་བྱ་ནའང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡང་བཟློག་པར་བྱ་དགོས་པ་ཡིན་ལ་གཞན་གྱི་སྡུག་བསྔལ་བཟློག་པར་བྱ་བ་དེ་ལྟ་མིན་ན་བདག་གི་སྡུག་བསྔལ་ཀྱང་སེམས་ཅན་གཞན་གྱི་སྡུག་བསྔལ་བཞིན་དུ་བཟློག་བྱ་མིན་པར་མཚུངས་པས་བཟློག་མི་རིགས་སོ། །གཉིས་པ་ནི་སྡུག་བསྔལ་ཐམས་ཅད་བསལ་བྱ་ཡིན་ན། སྙིང་རྗེས་ཏེ་སྙིང་རྗེའི་དབང་གིས་གཞན་སེམས་ཅན་གྱི་སྡུག་བསྔལ་རང་ཉིད་ཀྱིས་མི་བཟོད་པའི་སྡུག་བསྔལ་ཤིན་ཏུ་མང་པོ་མྱོང་བར་གྱུར་བས་དེ་ཅི་ཡི་ཕྱིར་སྙིང་རྗེའི་སྡུག་བསྔལ་དེར་ང་གཞན་གྱི་རྒྱུད་ལ་ནན་གྱིས་བསྐྱེད་ཅེ་ན། འགྲོ་བའི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མང་པོ་བསམ་པར་བྱས་ན་དེ་ལ་ལྟོས་ན་ཇི་ལྟར་སྙིང་རྗེ་ལ་བརྟེན་པའི་སྡུག་བསྔལ་མང་སྟེ་མང་བ་མིན་ལ། དཔེར་ན་ཟུག་རྔུ་ཁོང་བརླག་གནོད་བསལ་ཕྱིར་དུ་ལུས་རྨ་བཏོད་པའི་སྡུག་བསྔལ་བཞིན་ཏུ་སྡུག་བསྔལ་ཡོད་ཀྱང་གལ་ཏེ་སྙིང་རྗེ་ཅན་གྱི་སྡུག་བསྔལ་གཅིག་གིས་ནི་གཞན་སེམས་ཅན་རྣམས་ཀྱི་སྡུག་བསྔལ་མང་པོ་མེད་པར་འགྱུར་བས་ན་བརྩེ་བ་དང་ལྡན་བས་སྙིང་རྗེའི་སྡུག་བསྔལ་དེ་རང་དང་གཞན་སེམས་ཅན་མང་པོའི་རྒྱུད་ལ་བསྐྱེད་པར་བྱ་བ་ཉིད་དོ། །སྙིང་རྗེའི་སྡུག་བསྔལ་བསྐྱེད་བྱ་ཡིན་པ་དེས་ན་བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་ཀྱིས་རང་གི་མངོན་ཤེས་ཀྱིས་རྒྱལ་པོའི་གནོད་པ་རང་གསོད་པར་ཤེས་ཀྱང་ནི་བདག་གི་སྡུག་བསྔལ་ཁྱད་དུ་བསད་ནས་མ་བསལ་ཏེ་གཞན་སེམས་ཅན་མང་པོའི་སྡུག་བསྔལ་ཟད་པར་འགྱུར་བར་བྱ་བའི་ཕྱིར་རང་གི་སྡུག་བསྔལ་དང་དུ་བླང་བ་ལྟ་བུ་སྟེ་སྔོན་དེ་བཞིན་གཤེགས་པ་རིན་པོ་ཆེ་པདྨའི་ཟླ་བ་མངོན་པར་འཕགས་པའི་རྒྱལ་པོའི་བསྟན་པའི་སྙིགས་མ་ལ་དགེ་སློང་མེ་ཏོག་ཟླ་མཛེས་ཞེས་བྱ་བ་ཞིག་བྱང་ཆུབ་སེམས་དཔའ་བདུན་སྟོང་དང་ལྷན་ཅིག་ཏུ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་ནགས་ཚལ་ན་གནས་པས་མངོན་ཤེས་ཀྱིས་བལྟས་པས། རྒྱལ་པོ་དཔའ་བྱིན་གྱི་ཕོ་བྲང་རིན་ཆེན་ལྡན་དུ་ཕྱིན་ཏེ་ཆོས་བསྟན་ན་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོས་མཐོ་རིས་དང་ཕྱིར་མི་ལྡོག་པའི་ཐར་པ་ཐོབ་ཅིང་མ་བསྟན་ན་མི་ཐོབ་པར་མཐོང་བ་དང་མཐར་རང་ཉིད་ཀྱང་གསོད་པར་མཁྱེན་ཡང་དེར་བྱོན་ནས་ཞག་བདུན་དུ་ཟས་མ་གསོལ་བར་མཚན་མོ་དེ་བཞིན་གཤེགས་པའི་སེན་མོའི་མཆོད་རྟེན་ལ་བསྐོར་བ་བྱས་ཏེ། ཉིན་མོ་གྲོང་ཁྱེར་རྣམས་སུ་ཆོས་བསྟན་པས་སྲོག་ཆགས་ཁྲག་ཁྲིག་དུ་མ་མཐོ་རིས་དང་ཕྱིར་མི་ལྡོག་པ་ལ་བཀོད་པ་དང་། རྒྱལ་པོས་ཤན་པ་དགའ་བྱེད་ལ་བསྒོས་ནས་བསད་དེ་རྒྱལ་པོ་ཡང་འགྱོད་ནས་དེའི་ནུས་པ་ལ་མཆོད་རྟེན་བྱས་ཤིང་མཆོད་པར་ཏིང་འཛིན་རྒྱལ་པོ་ལས་གསུངས་པ་བཞིན་ནོ། །གསུམ་པ་ནི། དེ་ལྟར་བདག་གཞན་མཉམ་པ་ལ་རང་གི་རྒྱུད་ནི་གོམས་པར་གྱུར་པ་ན། སེམས་ཅན་གཞན་གྱི་སྡུག་བསྔལ་ཞི་བར་བྱེད་པ་ལ་མངོན་པར་དགའ་བར་གྱུར་བས་དེའི་ཐབས་ལའང་དཔེར་ན་པདྨའི་མཚོ་རུ་སྟེ་པདྨ་སྣ་ཚོགས་པས་བརྒྱན་པའི་མཚོ་ཡིད་དུ་འོང་པ་ལ་དང་པ་རྣམས་དགའ་ཞིང་སྤྲོ་བས་འཇུག་པ་ལྟར་དུ་དམྱལ་བ་མནར་མེད་པར་ཡང་གཞན་དོན་དུ་དགའ་ཞིང་སྤྲོ་བས་འཇུག་པར་འགྱུར་རོ། །དེ་ལ་ཉན་ཐོས་ཀྱི་རིགས་ཅན་དག་གིས་མནར་མེད་པའི་དམྱལ་བར་འཇུག་དོན་མེད་དེ། རང་ཉིད་ཀྱིས་ཐར་པ་བྱང་ཆུབ་བསྒྲུབ་ན་མྱུར་དུ་ཐོབ་སྟེ་སྡུག་བསྔལ་ཐམས་ཅད་ཞི་བའི་དགའ་བ་ཆེན་པོ་ཐོབ་པར་འགྱུར་བས་སོ་ཞེན། མཐའ་ཡས་པའི་སེམས་ཅན་རྣམས་ནི་སྡུག་བསྔལ་མཐའ་དག་ལས་རྣམ་པར་གྲོལ་བར་གྱུར་པ་ན་དགའ་བའི་ཁྱད་པར་རྒྱ་མཚོ་ཆེན་པ་ལྟ་བུར་མཐའ་ཡས་པ་ཐོབ་པར་འགྱུར་བ་གང་ཡིན་པ་དེ་ཉིད་ཀྱིས་ནི་ཆོག་མིན་ནམ་སྟེ་ཆོག་པ་ཡིན་ལ། རང་ཉིད་གཅིག་པུ་ཐར་པ་ཙམ་ཞིག་འདོད་པས་ཅི་ཞིག་བྱ་སྟེ། རོ་བྲལ་བདེ་བས་ཅི་ཞིག་བྱ་ཞེས་པར་འགྲེལ་པ་རྣམས་ལས་གསལ་བས་ན་གཞན་དོན་འགྲུབ་པའི་དགའ་བདེའི་རོ་དང་བྲལ་བས་དགོས་པ་མེད་པར་བསྟན་པ་ཡིན་སྟེ། བསླབ་བཏུས་ལས། རོ་མེད་ཐར་བས་ཅི་ཞིག་བྱ་ཞེས་གསུངས་པ་བཞིན་ནོ། །དེ་ལྟས་ཏེ་དེ་ལྟ་བས་ན་རང་འདོད་ཡིད་བྱེད་མེད་པར་གཞན་སེམས་ཅན་གྱི་དོན་ཁོ་ན་བྱས་ཀྱང་བདག་གིས་འདི་ལྟར་བྱས་པས་མཆོག་གོ་སྙམ་པའི་རློམ་སེམས་དང་ནི་ངོ་མཚར་དུ་འཛིན་པའང་མེད་ལ། མཐའ་གཅིག་ཏུ་གཞན་དོན་ཁོ་ན་སྒྲུབ་པ་ལ་དགའ་བར་གྱུར་བས་ན་རང་ལ་ཚེ་འདིའི་ལན་དང་ཕྱི་མའི་རྣམ་སྨིན་འབྲས་བའི་རེ་བའང་མེད་དོ། །གསུམ་པ་དོན་བསྡུ་བ་ནི། བདག་གཞན་མཉམ་པའམ་ཁྱད་པར་མེད་པ་དེ་བས་ན་ཇི་ལྟར་ཆུང་དུའམ་ཐ་མ་ཅུང་ཟད་ཉེས་སོ་ལྟ་བུའི་མི་སྙན་པའི་ཚིག་ཙམ་ལས་ཀྱང་ང་ཡིས་མ་ཉེས་སོ་ཞེས་སྔོན་ཆད་བདག་ཉིད་བསྲུང་བར་བྱེད་པ་དེ་བཞིན་དུ་ད་ནི་གཞན་སེམས་ཅན་ཐམས་ཅད་ལ་བསྲུང་ཞིང་བསྐྱང་བར་འདོད་པའི་སེམས་དང་སྙིང་རྗེའི་སེམས་ནི་དེ་ལྟར་རང་ཉིད་ལ་ཇི་ལྟ་བ་དེ་བཞིན་དུ་གོམས་པར་བྱའོ། །གཉིས་པ་བརྗེ་བ་ལ། རྒྱུ་མཚན་བརྗོད་པས་མདོར་བསྟན་པ། དེ་བསྒོམ་ཚུལ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ལྟར་གཞན་སེམས་ཅན་རྣམས་བདག་ཉིད་དུ་འཛིན་པར་མི་ནུས་ཤིང་མི་འོང་ངོ་སྙམ་ན། འོང་སྟེ་འདི་ལྟར་ཡང་དང་ཡང་དུ་གོམས་པ་ཡིས་ནི་གཞན་ཕ་མ་དག་གི་ཕའི་ཁུ་བ་དང་མའི་ཁྲག་གི་ཐིག་པ་ལ་གྲོལ་འཁྲུལ་ལ་སོགས་པའི་གཞིར་གྱུར་བའི་བདག་གི་དངོས་པོ་ཅུང་ཟད་ཙམ་ཡང་མེད་པར་གྱུར་ཀྱང་ནི་བདག་གོ་ཞེས་ནི་ཤེས་ཤིང་འཛིན་པ་སྟེ་བདག་མེད་པ་ལ་བདག་གི་ལུས་སམ་བདག་གི་བློ་འབྱུང་བ་ལྟར་དེ་བཞིན་ཕ་མའི་ཁུ་ཁྲག་གི་རང་བཞིན་གཞན་སེམས་ཅན་གྱི་ལུས་ལ་ཡང་རིམ་གྱིས་གོམས་པར་བྱས་ནས་བདག་ཅེས་ཅི་ཡི་ཕྱིར་མི་བཟུང་སྟེ་བཟུང་བར་ནུས་སོ། །དེ་ལྟར་གོམས་པར་གྱུར་བ་ན་བདག་གི་ལུས་འདི་ནི་གཞན་སེམས་ཅན་དང་། གཞན་སེམས་ཅན་ཀྱང་བདག་གི་ལུས་དག་ཏུའང་བཞག་པ་ལ་དེ་ལྟར་དཀའ་བ་མེད་དོ། །དེས་ན་རང་དོན་ཡི་དབྱེད་ཀྱིས་བདག་ཉིད་དམ་རང་གཅེས་པར་བཟུང་བས་འདི་ཕྱིར་སྡུག་བསྔལ་འབྱུང་བའི་སྐྱོན་དང་བཅས་པ་དམ་པ་རྣམས་ཀྱིས་སྨད་པར་བྱ་བ་དང་། ཕན་པའི་སེམས་ཀྱིས་གཞན་སེམས་ཅན་དེ་གཅེས་པར་བཟུང་བ་ལ་ཡང་འདི་ཕྱིར་ཕན་བདེ་ཐམས་ཅད་འབྱུང་བའི་ཡོན་ཏན་རྒྱ་མཚོར་ཏེ་རྒྱ་མཚོ་ལྟ་བུ་དང་ལྡན་པ་དམ་པ་རྣམས་ཀྱིས་བསྟོད་ཅིང་བསྔགས་པའི་གནས་ཡིན་པར་ཤེས་པར་བྱས་ནས་བདག་ཏུ་འཛིན་པ་ཡོངས་སུ་དོར་ཏེ་གཞན་དུ་བྱ་བ་དང་གཞན་རྣམས་བདག་ཏུ་བཟུང་སྟེ་དང་དུ་བླང་བར་བྱ་བ་ལ་ནི་འབད་དེ་བསྒོམ་པར་བྱ་བ་དང་། དེ་ལ་བདག་གཞན་བརྗེ་བ་འདི་ལ་གཞུང་ནས་བཤད་ཚུལ་དང་རྣལ་འབྱོར་པའི་སྒོམ་པའི་ཚུལ་མི་འདྲ་བས། འདི་ལྟར་བདག་གཞན་གྱི་གཅེས་འཛིན་བརྗེ་བ་དང་། གདགས་གཞི་ལུས་བརྗེ་བ་དང་། བདེ་སྡུག་བརྗེ་བ་དང་། དགེ་སྡིག་བརྗེ་བ་དང་བཞི་ཡོད་ཀྱང་གཞུང་འདིར་དང་པོ་གསུམ་ཚིག་གིས་དངོས་སུ་ཟིན་པར་མཛད་དོ། །གཉིས་པ་ལ། བརྗེ་ཚུལ་སྤྱིར་བསྟན་པ་དང་། གཉེན་པོའི་ཁྱད་པར་བྱེ་བྲག་བསྒོམས་པ་དང་། བརྗེས་ནས་ཇི་ལྟར་བསྒྲུབ་པ་དང་གསུམ་ལས། དང་པོ་ལ། གཞན་དང་དུ་བླང་བ། བདག་གཅེས་འཛིན་དོར་བ། བདག་གཞན་གཙོ་བོར་བྱས་པའི་སྐྱོན་ཡོན། དེས་ན་ངེས་པར་བརྗེ་དགོས་པར་གདམས་པ་བརྗེ་བ་དངོས་དང་བཞི་ལས། དང་པོ་ནི། སེམས་ཅན་ཐ་དད་པ་མང་པོ་རྣམས་བདག་གཅིག་ཏུ་ཇི་ལྟར་བཟུང་སྙམ་ན་དཔེ་ཇི་ལྟར་ན་ལག་པ་ལ་སོགས་པ་ཡིས་དབྱེ་བར་བྱས་ན་ཐ་དད་པ་མང་པོ་ཡིན་ཡང་དེ་ཐམས་ཅད་ལུས་ཀྱི་ཡན་ལག་ཡིན་པས་དེ་རྣམས་ལ་ལུས་ཞེས་གཅིག་ཏུ་འདོད་ཅིང་འཛིན་པ་ལྟར་དོན་དེ་བཞིན་དུ་འགྲོ་བ་ཞེས་བདག་ཏུ་བཟུང་ནས་འགྲོ་བའི་ཡན་ལག་ཏུ་ཅི་ཡི་ཕྱིར་ལུས་ཅན་ལྷ་ཀླུ་མི་སོགས་རིགས་དྲུག་གི་སེམས་ཅན་རྣམས་མི་འདོད་དེ་འདོད་དགོས་པར་རིགས་པ་མཚུངས་པས་སོ། །དེ་འདྲའི་བློ་མི་སྐྱེའོ་སྙམ་ན། དཔེ་ཇི་ལྟར་ན་གྲོལ་འཁྲུལ་གྱི་གཞིར་གྱུར་པའི་བདག་མེད་པའི་ཕ་མའི་ཁུ་ཁྲག་ཡོངས་སུ་སྨིན་པའི་ལུས་འདི་ལ་བདག་འཛིན་ཡང་ཡང་གོམས་པས་བདེ་ན་བདག་བདེའོ་ཞེས་དང་སྡུག་ན་བདག་སྡུག་གོ་ཞེས་བདག་གི་བློ་དང་གིས་འབྱུང་བ་དེ་བཞིན་དུ་སེམས་ཅན་གཞན་གྱི་ལུས་ལ་ཡང་བདག་ཏུ་འཛིན་པ་ཡང་ཡང་གོམས་པས་བདག་གོ་སྙམ་པའི་བློ་ཅིས་མི་སྐྱེ་སྟེ་ངེས་པར་སྐྱེ་བར་འགྱུར་རོ། །དེ་ལྟར་གོམས་ན་ཡོན་ཏན་ནམ་ཕན་ཡོན་ཅི་ཡོད་ན། དེ་ལྟ་ན་ནི་བདག་གིས་གཞན་སེམས་ཅན་གྱི་དོན་བྱས་ཀྱང་བདག་ཉིད་མཆོག་གོ་སྙམ་པའི་ངོ་མཚར་དང་མངོན་པར་ཞེན་པའི་རློམ་སེམས་མི་འབྱུང་སྟེ། དཔེར་ན་བདག་ཉིད་ཀྱིས་ནི་བདག་རང་གི་ཟས་ཟོས་ནས་ལན་དང་རྣམ་སྨིན་ལ་རེ་བ་མི་འབྱུང་བ་བཞིན་ནོ། །དེ་བས་ཇི་ལྟར་གནོད་པ་ཆུང་ངུ་ཐ་ན་ཅུང་ཟད་ཉེས་སོ་ཞེས་ཚིག་མི་སྙན་པ་ལས་ཀྱང་བདག་བསྲུང་ཞིང་སྐྱོང་བ་དེ་བཞིན་དུ་གཞན་འགྲོ་བ་སེམས་ཅན་རྣམས་ལ་བསྲུང་བའི་སེམས་དང་དེ་ལྟ་བུའི་སྙིང་རྗེའི་སེམས་ནི་གོམས་པར་བྱའོ། །གཞན་ལ་གནོད་པ་ཆུང་ངུ་ནས་བསྲུང་དགོས་པ་དེ་བས་ན་མགོན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོས་འགྲོ་བ་ཡི་ཁམས་གསུམ་འཁོར་བའི་འཇིགས་པ་ཆེན་པོ་དང་ཐ་ན་འཁོར་གྱི་ནང་དུ་བག་ཚ་བ་ཙམ་གྱི་འཇིགས་པའང་བསལ་བར་བྱ་བའི་ཕྱིར་དུ་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བཟུང་སྟེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་གི་མཚན་ཡང་ཐོས་པ་དང་དྲན་པ་ཙམ་གྱིས་དེ་ལས་སྐྱོབས་ནུས་སུ་སྨོན་ལམ་དང་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་བྱིན་གྱིས་བརླབས་པར་མཛད་དེ། སྡོང་པོ་བཀོད་པ་ལས། མེ་ཆེན་པོས་བསྲེག་པ་དང་། ཆུ་ཆེན་པོས་ཁྱེར་བ་ལ་སོགས་པའི་འཇིགས་པ་ཐམས་ཅད་ལ་བདག་གི་མིང་ལན་གསུམ་དྲན་པས་འཇིགས་པ་མེད་པར་གྱུར་ཅིག་ཅེས་པ་ལ་སོགས་པའི་ནང་ཚ་ན། བདག་གི་མིང་ལན་གསུམ་དྲན་པས་འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་མེད་པར་གྱུར་ཅིག་ཅེས་གསུངས་སོ། །ཕན་ཡོན་ཆེ་ན་ཡང་བདག་གིས་དེ་འདྲ་དཀའ་འོ་སྙམ་ནས་སྐྲག་པར་མི་བྱ་སྟེ། དཀའ་བ་ལས་ཕྱིར་ལྡོག་པར་མི་བྱ་སྟེ་གོམས་ན་དེ་ཉིད་སླ་བར་འགྱུར་བའི་ཕྱིར་ཏེ། འདི་ལྟར་རིམ་གྱིས་གོམས་པར་བྱས་པའི་མཐུ་ཡིས་ནི། དང་པོ་མ་གོམས་པའི་དུས་སུ་གཞན་གྱི་སྡུག་བསྔལ་དང་དུ་ལེན་པའི་བདག་གཞན་བརྗེ་བ་སོགས་གང་གི་མིང་ཐོས་པ་ཙམ་གྱིས་འཇིགས་པ་ཆེན་པོ་སྐྱེ་བར་འགྱུར་བ་ཡང་ཕྱིས་གོམས་པའི་དུས་སུ་གཞན་དོན་དང་དུ་ལེན་པ་དེ་ཉིད་མེད་ན་མི་དགར་ཏེ་མི་དགའ་བར་འགྱུར་བའི་ཕྱིར། དཔེར་ན་དང་པོ་གང་གི་མིང་ཐོས་ན་ཡང་འཇིགས་ཤིང་སྐྲག་པའི་སེམས་ཅན་དེ་དང་རང་འདྲིས་ཤིང་གོམས་པས་དགའ་བར་གྱུར་ན་དེ་ཉིད་མེད་ན་མི་དགའ་བར་འགྱུར་བ་བཞིན་ནོ། །དེས་ན་གང་ཟག་གང་ཞིག་བདག་དང་གཞན་སེམས་ཅན་རྣམས་ནི་སྡུག་བསྔལ་ཐམས་ཅད་ལས་མྱུར་དུ་བསྐྱབ་པར་འདོད་པ་དེས་བདག་དང་གཞན་དུ་བརྗེ་བར་བྱ་བར་ཉན་ཐོས་ལ་སོགས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་བས་གསང་བར་བྱ་བའི་དམ་པ་ཉིད་བསྒོམ་ཞིང་སྤྱད་པར་བྱའོ། །གཉིས་པ་ནི། བདག་གི་ལུས་གང་ལ་ཞེན་ཅིང་ཆགས་པ་ཡིས་འཇིགས་པའི་གནས་ཆུང་དུ་སྦྲང་བུ་དང་ཤ་སྦྲང་ལྟ་བུ་ལའང་འཇིགས་ཤིང་སྐྲག་པ་སྐྱེ་བ་ཡིན་ན་འཇིགས་པའི་གནས་ཆེན་པོ་ལ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་ཚེ་འདི་ཕྱིའི་འཇིགས་པ་སྣ་ཚོགས་སྐྱེ་བའི་གཞིར་གྱུར་བའི་རང་གི་ལུས་དེ་ལ་ཤེས་ལྡན་གྱི་གང་ཟག་སུ་ཞིག་དེ་ལ་དགྲ་བོ་བཞིན་དུ་བལྟས་ཏེ་སྡང་བར་མི་བྱེད་དེ་སྡང་བར་བྱེད་རིགས་ཀྱི་ཆགས་པར་བྱེད་མི་རིགས་སོ། །རང་གི་ལུས་གང་ཞིག་བཀྲེས་པ་དང་སྐོམ་པ་དང་ཚ་གྲང་ལ་སོགས་པའི་ནད་རྣམས་གསོ་བའི་ཐབས་སམ་ཆོ་ག་བྱེད་པར་འདོད་པས་ཟས་གོས་ལ་སོགས་པའི་ཆེད་དུ་བྱ་དང་ཉ་དང་རི་དྭགས་དང་བ་ལང་ལ་སོགས་པ་དག་གསོད་པར་བྱེད་ཅིང་ལམ་དུ་སྒུག་སྟེ་གཞན་གྱི་ནོར་རྐུ་འཕྲོག་བྱེད་པ་དང་། བླུན་པོ་གང་ཞིག་རང་གི་ཁེ་རྙེད་པ་ཐོབ་པ་དང་བཀུར་སྟིའམ་རིམ་གྲོའི་ཕྱིར་དཔེར་ན་རྒྱལ་པོ་མ་སྐྱེས་དགྲས་ཕ་དང་བདེ་སྤྱོད་ཀྱིས་མ་བསད་པ་ལྟར་ཕ་དང་མ་ཡང་གསོད་པར་བྱེད་ཅིང་སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ་གྱི་དཀོར་རྫས་རྣམས་དངོས་སུ་ཚོང་སོགས་གཡོ་སྒྱུས་བླང་བ་དང་སྐོག་ཏུ་བརྐུས་ནས་ལས་ངན་བསགས་པ་དེས་ནི་ཚེ་ཕྱི་མ་ལ་མནར་མེད་པའི་དམྱལ་བ་ལ་སོགས་པར་ཤིན་ཏུ་འབར་ཞིང་ཚ་བས་སྲེག་པར་བྱེད་པའི་སྡུག་བསྔལ་བཟོད་པར་དཀའ་བ་མྱོང་བར་འགྱུར་ན་བདག་ལེགས་སུ་འདོད་པའི་མཁས་པ་སུ་ཞིག་འདི་ཕྱིའི་སྡུག་བསྔལ་གྱི་འབྱུང་གནས་ལུས་དེ་ལ་དགའ་བས་འདོད་པར་བྱེད་ཅིང་བརྩེ་བས་བསྲུང་ཞིང་སྐྱོང་བ་དང་ཟས་གོས་རྒྱན་སོགས་ཀྱིས་མཆོད་པར་བྱེད་དེ་བྱེད་མི་རིགས་ཀྱི་ལུས་འདི་ལ་མཁས་པ་སུ་ཞིག་མ་རུངས་བའི་དགྲ་བོ་བཞིན་དུ་ལྟ་བར་མི་བྱེད་བརྙས་པར་ཡང་མི་བྱེད་དེ་བྱེད་དགོས་ཞེས་ལུས་ལ་བདག་ཏུ་འཛིན་པས་གཅེས་པར་ཞེན་པའི་བློ་ལྡོག་པའི་ཆེད་དུ་གསུངས། གསུམ་པ་ནི། ཟས་གོས་ལོངས་སྤྱོད་འདི་དག་གལ་ཏེ་གཞན་ལ་བྱིན་ན་བདག་རང་གི་ཅི་ཞིག་ཟ་ཞིང་འཐུང་ཅི་ཞིག་གྱོན་ཅིང་ལོངས་སྤྱོད་ཅེས་བདག་རང་དོན་གཙོ་བོར་སེམས་ཤིང་བསམ་པ་ནི་སེར་སྣ་དང་འཇུར་གེགས་ཀྱིས་ཡི་དྭགས་དང་ཤ་ཟ་ལ་སོགས་པར་འབྱུང་པོར་སྐྱེ་བར་འགྱུར་བས་ན་འདྲེ་ཡི་ཚུལ་ལུགས་ངན་པ་ཡིན་ལ་གལ་ཏེ་རང་གིས་ཁ་ཟས་རྒྱབ་གོས་སོགས་སུ་ལོངས་སྤྱད་པར་བྱས་ན་གཞན་སེམས་ཅན་རྣམས་ལ་ཅི་ཞིག་སྦྱིན་ཞེས་གཞན་དོན་གཙོ་བོར་སེམས་ཤིང་བསམ་པ་ནི་སྦྱིན་པ་བཏང་བས་འདི་ཕྱི་ཀུན་ཏུ་དགའ་བདེ་རྒྱ་ཆེན་པོ་འབྱུང་བར་འགྱུར་བས་ན་སངས་རྒྱས་དང་བྱང་སེམས་སྦྱིན་པ་གོམས་པ་རྣམས་ཀྱི་ཚུལ་ལྷ་ཡི་ཆོས་ལུགས་བཟང་པོ་ཡིན་ཏེ། དཔེར་ན་སྔོན་རྒྱལ་པོ་ཚངས་བྱིན་གྱི་ཡུལ་དུ་ལོ་བཅུ་གཉིས་སུ་ཆར་མ་བབ་པ་ན་རྒྱལ་པོའི་མཛོད་ཀྱིས་འཁོར་འབངས་གསོ་བར་བྱས་ནས་མཐར་རང་ཉིད་ཀྱི་འཚོ་བ་ནས་བྲེ་གང་ཡོད་པའང་རང་རྒྱལ་ཞིག་ལ་ཕུལ་བ་ན་དེའི་རྫུ་འཕྲུལ་གྱིས་ཆར་ཕབ་པས་མུ་གེ་ཞི་བར་བྱས་པ་བཞིན་ནོ། །བདག་རང་ཉིད་སྡུག་བསྔལ་དང་བྲལ་ནས་བདེ་བའི་ཕྱིར་དུ་གཞན་སེམས་ཅན་གྱི་ལུས་དང་ལོངས་སྤྱོད་ལ་གནོད་པ་བྱས་ན་དམྱལ་བ་ལ་སོགས་པར་སྡུག་བསྔལ་གྱིས་གདུང་བར་འགྱུར་ཞིང་། གཞན་སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་ནས་བདེ་བའི་ཕྱིར་བདག་རང་ཉིད་ཀྱི་ལུས་དང་ལོངས་སྤྱོད་ལ་གནོད་པ་བྱས་ན་གནས་སྐབས་མངོན་མཐོ་དང་མཐར་ཐུག་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ཡི་ཡོན་ཏན་ཐམས་ཅད་འཐོབ་པར་འགྱུར་ཏེ། བདག་ཅིག་གི་སྟོན་པས་སྔོན་ལུས་དང་ལོངས་སྤྱོད་ཐམས་ཅད་གཞན་ལ་བཏང་ནས་སངས་རྒྱས་པ་བཞིན་ནོ། །བདག་ཉིད་འབའ་ཞིག་གཟུགས་རིགས་འཁོར་འབངས་ལོངས་སྤྱོད་སོགས་གཞན་པས་མཐོ་བར་འདོད་པ་དེས་ཚེ་ཕྱི་མར་ངན་འགྲོ་དང་རིགས་གཟུགས་ངན་པ་དང་རྨོངས་ཤིང་གླེན་པ་ལ་སོགས་པར་སྐྱེ་བར་འགྱུར་རོ། །རང་ལ་འདོད་པ་དེ་དག་གཞན་སེམས་ཅན་ལ་སྤོ་བར་བྱས་ཏེ་ཕ་རོལ་པོ་མཐོ་བར་འདོད་ན་བདེ་འགྲོར་ཏེ་ལྷ་དང་མི་ཡི་དབང་པོར་སྐྱེས་ཏེ་བཀུར་སྟི་དང་རིམ་འགྲོ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །བདག་རང་གི་བདེ་བ་བསྒྲུབ་པའི་དོན་དུ་གཞན་སེམས་ཅན་བདག་གི་གཡོག་ཏུ་བཀོལ་ཞིང་སྤྱད་པར་བྱས་ན་ཕྱི་མར་བྲན་དང་གཡོག་ལ་སོགས་པ་བྱེད་པའི་སྡུག་བསྔལ་མྱོང་བར་འགྱུར་ཏེ། དཔེར་ན་གྲགས་འཛིན་མས་སྲས་ལོ་དྲུག་ཏུ་མངལ་དུ་བཟུང་བ་ཡང་ཚེ་རབས་སྔ་མ་ཞིག་གིས་ཆུ་བུམ་པ་གང་གཞན་ཞིག་ལ་ཁུར་དུ་བཅུག་པའི་རྣམ་སྨིན་དུ་གསུངས་པ་བཞིན་ནོ། །གཞན་སེམས་ཅན་གྱི་བདེ་བ་བསྒྲུབ་པའི་དོན་དུ་བདག་རང་ཉིད་སེམས་ཅན་གཞན་གྱི་གཡོག་ཏུ་བཀོལ་ཞིང་སྤྱད་པར་བྱས་ན་ཕྱི་མ་ལ་རྗེ་དཔོན་ཉིད་ལ་སོགས་པ་འཁོར་གཡོག་ཕུན་སུམ་ཚོགས་པ་དང་ལྡན་པའི་བདེ་སྐྱིད་མྱོང་བར་འགྱུར་རོ། །མདོར་ན་འཇིག་རྟེན་ཀུན་གྱི་འདི་དང་ཕྱི་མའི་བདེ་བ་དང་སྐྱིད་པ་གང་ཇི་སྙེད་ཡོད་པ་དེ་དག་ཀུན་ནི། གཞན་སེམས་ཅན་བདེ་བར་འདོད་པ་ལས་བྱུང་བ་ཡིན་ཞིང་། འཇིག་རྟེན་འདི་དང་ཕྱི་མའི་སྡུག་བསྔལ་དང་ཉེས་པ་གང་ཇི་སྙེད་ཡོད་པ་དེ་དག་ཀུན་ནི་རང་འབའ་ཞིག་བདེ་བར་འདོད་པ་ལས་བྱུང་བ་ཡིན་ནོ། །དེ་ཡང་མང་དུ་རྒྱས་པར་བཤད་ལྟ་ཅི་ཞིག་དགོས་ཏེ། མདོར་བསྡུ་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རང་གི་དོན་འབའ་ཞིག་ཡིད་ལ་བྱས་ཏེ་ཉིན་མི་དལ་མཚན་མི་གཉིད་པར་རང་དོན་འབའ་ཞིག་བསྒྲུབ་པར་བྱེད་ཀྱང་བྱས་པའི་ལས་ལ་གྲུབ་པའི་མཐའ་འདི་ཕྱི་གཉིས་ཕུང་གི་སྡུག་བསྔལ་ཁོ་ན་ལ་ལོངས་སྤྱོད་པ་དང་། ཐུབ་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་རང་དོན་ཡིད་བྱེད་མེད་པའི་སྒོ་ནས་གཞན་གྱི་དོན་འབའ་ཞིང་བསྒྲུབ་པར་མཛད་པ་ཡིས་འདི་ཕྱི་གཉིས་སྐྱིད་དོན་གཉིས་ཕུན་སུམ་ཚོགས་པའི་བདེ་བ་ཁོ་ན་ལ་ལོངས་སྤྱོད་པ་འདི་གཉིས་ཀྱི་ནི་ཁྱད་པར་ལྟོས་ལ་རང་དོན་མ་བྱེད་པར་གཞན་དོན་ལ་འབད་པར་གྱིས་ཤིག །བདག་གི་བདེ་བ་གཞན་ལ་གཏོང་བ་དང་གཞན་གྱི་སྡུག་བསྔལ་བདག་གིར་ལེན་པའི་ཚུལ་གྱིས་དེ་དག་ཡང་དག་པར་བརྗེ་བར་མ་བྱས་ན་མཐར་ཐུག་སངས་རྒྱས་ཉིད་དུ་མི་འགྲུབ་པ་ལྟ་ཞོག་ཅིང་། གནས་སྐབས་འཁོར་བ་ན་ཡང་ལྷ་མིའི་བདེ་བ་ཕུན་ཚོགས་མྱོང་བ་མེད་དོ། །བདག་གཞན་བརྗེ་བས་གཞན་དོན་མ་བྱས་ན་འཇིག་རྟེན་ཕ་རོལ་ཕྱི་མའི་དོན་མི་འགྲུབ་པ་ཕར་ཞོག་གི་གནས་སྐབས་སུ་བྲན་གཡོག་སྒྱུ་ཆེ་བས་དཀའ་ཚེགས་མེད་པའི་བདེ་བ་རང་དོན་གཉེར་ནས་རྗེ་དཔོན་གྱི་དོན་དུ་ལས་མི་བྱེད་པ་དང་། རྗེ་དཔོན་སེར་སྣ་ཆེ་བས་བྲན་གཡོག་གི་ལས་བྱེད་པའི་དོན་དུ་གླ་གོས་ཀྱིས་རྔན་པ་མི་སྟེར་བས་གཉིས་ཀའི་ཚེ་འདིའི་དོན་རྗེ་དཔོན་གྱི་ལས་དོན་དང་བྲན་གཡོག་གི་གླ་གོས་ཙམ་ཡང་འགྲུབ་པར་མི་འགྱུར་ཏེ། འདི་བརྗེ་པའི་དཔེར་ཇི་ལྟར་ཡིན་ན། བྲན་གཡོག་གིས་སྙོམ་ལས་ཀྱི་བདེ་བ་དང་རྗེ་དཔོན་གྱིས་གླ་གོས་མི་དགོས་པའི་བདེ་བ་ཡལ་བར་དོར་ནས་བྲན་གྱིས་དེའི་ལས་སྒྲུབ་པའི་སྡུག་བསྔལ་དང་རྗེ་དཔོན་གྱིས་དེ་ལ་གླ་རྔན་སྦྱིན་པའི་སྡུག་བསྔལ་དང་དུ་མ་བླང་སྟེ་མ་བརྗེས་ན་ཚེ་འདིའི་དོན་མི་འགྲུབ་པས་ཡིན་ནོ། །མཐོང་བ་ཚེ་འདི་དང་མ་མཐོང་བ་སྐྱེ་བ་ཕྱི་མ་ལ་བདེ་བ་ཐམས་ཅད་འགྲུབ་པའི་རྒྱུ་བདག་གཞན་བརྗེ་པ་སྤངས་པས་ཕུན་སུམ་ཚོགས་པའི་བདེ་སྐྱིད་ཐམས་ཅད་ཡོངས་སུ་བོར་ཞིང་གཞན་སེམས་ཅན་ལ་གནོད་པ་སྣ་ཚོགས་པའི་སྡུག་བསྔལ་བྱས་པའི་རྒྱུས་བདེ་སྡུག་གི་རྒྱུ་བླང་དོར་ལ་རྨོངས་པས་མཐོང་བ་དང་མ་མཐོང་བའི་སྡུག་བསྔལ་མི་བཟད་པ་སྣ་ཚོགས་དང་དུ་ལེན་པའི་སྡུག་བསྔལ་བར་འགྱུར་བའོ། །བཞི་པ་ནི། འཇིག་རྟེན་འཁོར་བ་དག་ན་གཞན་གྱི་གནོད་པ་ལ་སོགས་པའི་འཚེ་བ་གང་ཡོད་པ་དང་དགྲ་གདོན་དང་དུག་སྦྲུལ་ལ་སོགས་པའི་འཇིགས་པ་ཇི་ཡོད་དང་། སྐྱེ་རྒ་ན་འཆི་ལ་སོགས་པ་འདི་དང་ཕྱི་མའི་སྡུག་བསྔལ་གང་ཇི་སྙེད་ཡོད་པར་གྱུར་པ་དེ་དག་ཀུན་གྱི་རྩ་བ་ང་མེད་ལ་ང་བདག་མེད་ལ་བདག་ཏུ་འཛིན་པ་ལས་བྱུང་པར་གྱུར་བ་ཡིན་ན་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་དུ་མི་འཇུག་ཅིང་འདི་ཕྱི་ཀུན་ཏུ་ཕུང་བར་བྱེད་པའི་འདྲེ་ཆེན་པོ་བདག་འཛིན་དེས་ཀོ་བདག་ལ་ཅི་ཞིག་བྱ་སྟེ་དགོས་པ་ཅི་ཡང་མེད་དོ། །སྲིད་རྩིའི་རུ་ཏྲ་སྡེ་གསུམ་ཞེས་པའང་ལུས་ངག་ཡིད་གསུམ་གྱི་བདག་འཛིན་ཡིན་ལ་ཁམས་གསུམ་འཁོར་བའི་འདྲེ་བོ་ཆེ་ཡང་འདི་ཉིད་ཡིན་ལ་འདྲེ་གདོན་ཐམས་ཅད་ཀྱི་འབྱུང་གནས་ཀྱང་ཡིན་ནོ། །གལ་ཏེ་བདག་ཏུ་འཛིན་པ་འདི་ཉིད་ཡོངས་སུ་མ་བཏང་ཞིང་མ་སྤངས་ན་ཁམས་གསུམ་འཁོར་བའི་སྡུག་བསྔལ་སྤོང་བར་མི་ནུས་ཏེ་ཇི་ལྟར་མེ་ནི་མ་བཏང་ཞེས་མ་དོར་ན་སྲེག་པ་སྤོང་བར་མི་ནུས་པ་བཞིན་ཏེ། ཇི་སྐད་དུ། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །དེ་དག་དང་ནི་འབྲེལ་བ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་པ་བཞིན་ནོ། །ཚེ་འདི་ཕྱིའི་ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་ཡིན་པ་དེ་ལྟས་ཏེ་དེ་ལྟ་བས་ན་བདག་རང་ཉིད་ཀྱི་འདི་ཕྱིའི་སྡུག་བསྔལ་གྱི་གནོད་པ་ཞི་བ་ཡི་དོན་དང་གཞན་སེམས་ཅན་གྱི་འདི་ཕྱིའི་སྡུག་བསྔལ་མ་ལུས་པ་ཞི་བྱའི་སྟེ་ཞི་བར་བྱ་བའི་ཕྱིར་དུ། བདག་རང་ཉིད་གཞན་སེམས་ཅན་ཐམས་ཅད་ལ་བཏང་བར་བྱ་བ་དང་། གཞན་སེམས་ཅན་རྣམས་བདག་རང་ཉིད་ཇི་ལྟ་བ་བཞིན་དུ་གཅེས་པར་གཟུང་བར་བྱ་བ་ལ་འབད་དེ་གོམས་པར་བྱའོ། །བདག་གཞན་བརྗེས་ནས་དེང་ཕྱིན་ཆད་བདག་ནི་གཞན་སེམས་ཅན་གྱི་དབང་དུ་གྱུར་ཟིན་པ་ཡིན་ནོ་ཞེས་སེམས་སམ་ཡིད་ཁྱོད་ཀྱི་ངེས་པར་ཤེས་པར་གྱིས་ལ་གཞན་སེམས་ཅན་དེ་དག་ཀུན་གྱི་དོན་མ་གཏོགས་པར་ད་ནི་ཁྱོད་ཀྱིས་སྔོན་བཞིན་དུ་རང་དོན་གཞན་ཅི་ཡང་མི་བསམ་པར་གཞན་དོན་ཁོ་ན་བསྒྲུབ་དགོས་སོ། །གཞན་སེམས་ཅན་ཐམས་ཅད་ལ་བཏང་ཟིན་པས་སེམས་ཅན་གཞན་ལ་དབང་བའི་མིག་དང་རྣ་བ་རྐང་ལག་ལ་སོགས་པ་ཡིས་བལྟ་བ་དང་ཉན་པ་འགྲོ་བ་ལ་སོགས་པའི་སྒོ་ནས་རང་གི་དོན་སྒྲུབ་པར་རིགས་པ་མ་ཡིན་ཞིང་། སེམས་ཅན་གཞན་དེའི་དོན་དུ་བྱིན་པའི་མིག་དང་ལག་པ་ལ་སོགས་པ་ཡིས་སེམས་ཅན་དེ་ལ་ནམ་ཡང་མིག་སྡང་དང་བརྡུང་བརྡེག་ལ་སོགས་པ་ལོག་པར་བྱ་བ་ཅི་ཡང་མི་རིགས་སོ། །རྒྱུ་མཚན་དེས་ན་གཞན་སེམས་ཅན་རྣམས་གཙོར་བྱ་སྟེ་གཙོ་བོར་བྱས་ཏེ་བདག་གི་ལུས་ལ་བདེ་བའི་ལོངས་སྤྱོད་ཟས་གོས་རྒྱན་ལ་སོགས་པ་ཅི་དང་ཅི་ཡོད་པ་མཐོང་བ་རང་གིས་རང་ལ་དེ་དང་དེ་ནི་ཕྲོགས་པར་བྱས་ནས་ཀྱང་སེམས་ཅན་གཞན་ཟས་གོས་སོགས་མེད་པ་དེ་དང་དེ་དག་རྣམས་ལ་ནི་བྱིན་ནས་ཕན་འདོགས་པར་སྤྱོད་ཅིག་ཅེས་བྲེ་གང་གཏོང་བ་ལ་ཞུམ་པའི་བློ་སྐྱེས་ན་ཁལ་གཅིག་གཏོང་བའི་དཔའ་གདེང་བསྐྱེད་ཅེས་པ་དང་། ལྟོ་ཁ་ནས་བྲུས་ལ་སྦྱིན་པར་ཐོང་ཞེས་པ་ལྟར་བྱ་ཞིང་ཟས་གོས་སོགས་ལ་ཆགས་ཤིང་ཞེན་པ་ཐོག་བརྗི་ས་བྱས་ནས་གཏོང་དགོས་གསུངས། གཉིས་པ་གཉེན་པོའི་ཁྱད་པར་བྱེ་བྲག་ཏུ་བསྒོམ་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། གཞན་སེམས་ཅན་རང་ལས་དམན་པ་དང་སོགས་སྒྲས་མཉམ་པ་དང་མཐོ་བ་གསུམ་བདག་ཏུ་བྱས་པ་དང་གཞན་གསུམ་པོ་དེ་ཉིད་དུ་ནི་བདག་བྱས་ནས་ཏེ་ཕན་ཚུན་གོ་ས་བརྗེས་ནས་གང་བསྒོམ་ཞིང་བསམ་པ་དེ་ལས་རྣམ་པར་རྟོག་པ་གཞན་མེད་པའི་སེམས་ཀྱིས་སུ་དམན་པ་ལ་བརྗེས་ནས་ཕྲག་དོག་དང་། མཉམ་པ་ལ་བརྗེས་ནས་འགྲན་སེམས་དང་། ལྷག་པ་ལ་བརྗེས་ནས་ང་རྒྱལ་བསྒོམ་པར་བྱའོ། །གཉིས་པ་ལ་དམན་པ་ལ་བརྗེས་ནས་ཕྲག་དོག་བསྒོམ་པ། མཉམ་པ་ལ་བརྗེས་ནས་འགྲན་སེམས་བསྒོམ་ཚུལ། ལྷག་པ་ལ་བརྗེས་ནས་ང་རྒྱལ་བསྒོམ་ཚུལ་དང་གསུམ་ལས། དང་པོ་ནི། སྐབས་འདི་གསུམ་དུ་འདི་ནི་ཞེས་པ་ཐམས་ཅད་བདག་ཉིད་དམན་སོགས་གཞན་དུ་བཟུང་བ་དང་། བདག་ཅེས་པ་ཐམས་ཅད་དམན་སོགས་གཞན་བདག་རྒྱུ་བྱས་པ་ལ་གོ་བར་བྱ་ལ། རིམ་པ་ལྟར་ང་རྒྱལ་དང་། འགྲན་སེམས་དང་ཕྲག་དོག་གི་གཉེན་པོ་བྱེད་དགོས་ཏེ་འདི་གསུམ་རང་རྒྱུད་ལ་ཡོན་ཏན་ཅུང་ཟད་ཙམ་རེ་སྐྱེས་པའི་རྗེས་སུ་འབྲང་བས་དགེ་བའི་རྒབ་འདྲེ་ལྟ་བུ་ཡིན་པས་གཉེན་པོ་བསྟེན་པ་གལ་ཆེ་གསུངས། འཇིག་རྟེན་ཆོས་བརྒྱད་ལས་བཀུར་སྟི་དང་རྙེད་པ་དང་བསྟོད་པ་དང་བདེ་བ་བཞིས་ང་རྒྱལ་བས་ཁྱད་གསོད་དང་བརྙས་བཅོས་སོགས་བྱེད་པའི་ཡུལ་སྤྲང་པོ་ཐ་ཆད་ལྟ་བུ་དམན་པ་དང་རང་གོ་ས་བརྗེས་ཏེ་བདག་ཉིད་དམན་པ་དེ་ཡིན་པ་དང་། དམན་པ་དེ་བདག་རང་ཉིད་ཡིན་པར་མོས་ཤིང་བརྗེས་ནས་ཕྲག་དོག་འདི་ལྟར་བསྒོམ་པར་བྱ་སྟེ། བདག་གཞན་དུ་བཟུང་བའི་གང་ཟག་འདི་ནི་ཡོན་ཏན་དང་ལྡན་པར་མཐོང་ནས་ཀུན་གྱིས་བཀུར་བར་བྱས་པས་སྐྱིད་དགའ་མྱོང་བ་ཡིན་ལ་བདག་ལ་ནི་མིན་པ་སྟེ་བདག་དམན་པར་མཐོང་ནས་བརྙས་བཅོས་བྱེད་པས་སྐྱིད་དགའ་མེད་པ་དང་། འདི་ནི་ཟས་གོས་ནོར་ལོངས་སྤྱོད་མང་པོ་རྙེད་པ་བཞིན་དུ་བདག་གིས་ནི་ཟས་གོས་ཙམ་ཡང་མ་རྙེད་ཅིང་། འདི་ལ་ནི་མཁས་སོ་བཙུན་ནོ་ཞེས་སོགས་བསྟོད་པར་བྱས་ལ་བདག་ལ་ནི་བླུན་པའོ་ཞེས་སོགས་ཀྱིས་སྨོད་པར་བྱེད་དོ། །འདི་ནི་འབྱོར་པ་རྒྱས་པ་ལ་སོགས་པའི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་གྱི། བདག་ནི་དབུལ་བ་ལ་སོགས་པས་སེམས་ཁུར་ལུས་གཅོང་ཚ་གྲང་ལ་སོགས་པའི་སྡུག་བསྔལ་ལ། བདག་ནི་རྩྭ་འཐུ་ཤིང་འབྲེག་ལ་སོགས་པ་གཡོག་གི་ལས་རྣམས་བྱེད་པ་དང་། འདི་ནི་ལས་ཅི་ཡང་བྱེད་མི་དགོས་པར་བདེ་བ་ཉིད་དུ་གནས་ཞེས་ཕྲག་དོག་བྱ་སྟེ་འདི་ཡང་རང་གི་བྲན་དང་ཁྱད་པར་རྟ་ཁལ་ལ་ཞོན་པ་སོགས་སྡུག་བསྔལ་རྒྱ་ཆེན་པོ་གཏད་ནས་དེ་ལ་སྡུག་བསྔལ་ཡོད་པར་མི་ཤེས་པར་རང་བདེ་བར་གནས་པར་མ་ཟད་ད་དུང་ཁོང་ཁྲོ་ཞིང་བརྡེག་བརྡུང་སོགས་བྱེད་ཚེ་དེ་དང་བརྗེས་ནས་དེའི་སྡུག་བསྔལ་རང་ཐོག་ཏུ་བླངས་ནས་བསྒོམས་ན་དེའི་སྡུག་བསྔལ་ཤེས་ནས་དེ་ལ་སྙིང་རྗེ་སྐྱེ་ཞིང་རང་ཉིད་ཀྱིས་གནོད་པ་མི་བྱེད་པར་འོང་གསུངས། འདི་ནི་འཇིག་རྟེན་པ་ལ་རིགས་མཐོ་ཞིང་འཁོར་དང་ལོངས་སྤྱོད་སོགས་ཆེ་བའི་ཡོན་དང་ལྡན་པར་གྲགས་པ་དང་། བདག་རིགས་སོགས་དམན་པས་ཡོན་ཏན་མེད་པར་གྲགས་ནའང་། བདག་ལ་ཡོན་ཏན་མེད་པས་ཁྱེད་ང་རྒྱལ་ཅི་ཞིག་བྱ་སྟེ་བྱ་རྒྱུ་ཅི་ཞིག་ཡོད་དེ། ཡོན་ཏན་ཡོད་མེད་ཀྱི་མཆོག་དམན་དེ་ཡང་ཕན་ཚུན་ལྟོས་ནས་བཞག་པ་ཡིན་པས་མཐའ་གཅིག་ཏུ་མ་ངེས་ཏེ་དམན་པ་བདག་འདྲ་ཀུན་ཀྱང་ལྟོས་ས་ལ་ལྟོས་ན་ཡོན་ཏན་དང་ལྡན་པ་ཉིད་ཡིན་ཏེ། འདི་ལྟར་ཤིན་ཏུ་ཆེ་བའི་ཡོན་ཏན་ཅན་གང་བས་འདི་ཉིད་ཁོ་རང་ཡང་དམན་པར་འགྱུར་བ་ད་ཡོད་ཅིང་། ཤིན་ཏུ་དམན་པ་རྒས་ཤིང་འཁོག་པ་ཞ་ལོང་སོགས་ཤིན་ཏུ་ངན་པ་གང་བས་བདག་ཉིད་ཀྱང་མཆོག་ཏུ་འགྱུར་བའི་སྐབས་དེ་ཡང་ཡོད་དེ། རྐང་པས་འགྲོ་ཞིང་མིག་གིས་མཐོང་བ་དང་ན་ཚོད་ཀྱང་དེ་ཙམ་མིན་པ་ལ་སོགས་པའི་ཡོན་ཏན་ཅི་རིགས་ཀྱང་ཡོད་པའི་ཕྱིར་རོ། །ཞེས་སམ། ཡོན་ཏན་མེད་པས་ཅི་ཞིག་བྱ་སྟེ། མི་འདོད་པས་བདག་ཀུན་ཀྱང་སྦྱང་བའི་ཡོན་ཏན་དང་ལྡན་པར་བྱ་ཞིང་རང་བཞིན་རྣམ་དག་དེ་བཞིན་གཤེགས་པའི་སྙིང་པོའི་ཡོན་ཏན་དང་ལྡན་པའི་ཕྱིར་ཡོན་ཏན་མེད་པ་ཡང་མ་ཡིན་ནོ། །ཞེས་སོ། །ཁྱོད་ཚུལ་ཁྲིམས་དང་ལྟ་བ་རྒུད་པ་དང་ལོངས་སྤྱོད་དབུལ་བ་སོགས་ཀྱིས་བརྙས་སོ་ཞེ་ན། དེ་དག་ནི་བདག་རང་ཉིད་མི་ངན་ཞིང་ཐབས་སྡུག་པ་ཁོ་ནས་མ་ཡིན་གྱི་ཉོན་མོངས་པ་འདོད་ཆགས་དང་གཏི་མུག་དང་སེར་སྣ་ལ་སོགས་པ་ཆེ་བའི་སྟོབས་ཀྱིས་བདག་ལ་རང་དབང་ཡོད་པ་མིན་ནོ། །དེས་ན་ཁྱོད་བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ལྡན་པ་ཞིག་ངེས་པར་ཡིན་ན་ཅི་ནུས་སུ་བདག་ནི་ཚུལ་ཁྲིམས་དང་ལྟ་བ་ལོངས་སྤྱོད་རྐུད་པ་ལས་ཁྱོད་ཀྱིས་གསོ་བར་བྱ་དགོས་ཏེ་གལ་ཏེ་ཚུལ་ཁྲིམས་དང་ལྟ་བ་རྣམ་པར་དག་ཅིང་ལོངས་སྤྱོད་ཆེན་པོ་དང་ལྡན་པར་བྱས་ཏེ་གསོ་ཞིང་ཕན་ཆེན་པོ་བཏགས་ན་དཔེར་ན་ཡི་གེ་སློབ་པའི་སློབ་བུས་སློབ་དཔོན་གྱིས་བརྡུང་བརྡེག་ལ་སོགས་པའི་གནོད་པ་དང་དུ་ལེན་དགོས་པ་བཞིན་ཁྱོད་ཀྱིས་ཚིག་ངན་དང་བརྡུང་བརྡེག་ལ་སོགས་པའི་གནོད་པའང་བདག་གིས་དང་དུ་བླང་བར་བྱ་དགོས་མོད་འོན་ཏེ་བདག་བྱང་སེམས་འདིའི་གསོ་བྱ་མིན་ཏེ་འདིས་བདག་ལ་ཟས་སྐོམ་ཕྲན་བུ་ཙམ་བྱིན་ནས་གསོ་བར་མི་བྱེད་ན་ཅི་ཡི་ཕྱིར་ཁྱོད་ཉིད་བཟང་བར་རློམ་ཞིང་བདག་ངན་པར་བལྟས་ཏེ་བདག་ཅག་ལ་བརྙས་པ་བྱེད་དེ་བྱེད་དོན་མེད་དེ། ཁྱོད་ལ་ཡོན་ཏན་ཞིག་ཡོད་སྲིད་ནའང་བདག་གོས་ཞིང་ཕན་འདོགས་པའི་ནུས་པ་མེད་ན་བདག་ལ་ཕ་རོལ་པོ་དེ་ཡི་ཡོན་ཏན་གྱིས་ཅི་ཞིག་བྱ་སྟེ་དགོས་པ་ཅི་ཡང་མེད་དོ། །གལ་ཏེ་བྱང་སེམས་འདི་བདག་ཉིད་ཡོན་ཏན་ཅན་ཞིག་ངེས་པར་ཡིན་ན། བདག་དང་བདག་འདྲ་བ་ལས་ངན་པའི་དབང་གིས་ངན་འགྲོ་དམྱལ་བ་ལ་སོགས་པ་གཅན་གཟན་གདུག་པའི་ཁར་གནས་པ་ལྟ་བུའི་འགྲོ་བ་རྣམས་ལ་སྙིང་རྗེ་མེད་པའི་སྐྱོན་གྱིས་སྡུག་བསྔལ་བྲལ་འདོད་དང་ཕན་འདོད་ཀྱི་བསམ་པ་བཟང་པོ་ཅི་ཡང་མེད་པས་ཤིན་ཏུ་སྐྱོན་ཅན་ཡིན་པ་ལ་ཡིན་པར་ཁས་མི་ལེན་པར་མ་ཟད་འདི་ཁོ་རང་ཕྱིར་ལ་ཡོན་ཏན་མེད་བཞིན་དུ་ཡོན་ཏན་ཅན་དུ་རློམས་པ་ཡིས་མཁས་པ་བྱང་ཆུབ་སེམས་དཔའ་སྙིང་རྗེས་གཞན་དོན་ཁུར་ཁྱེར་གྱི་ཡོན་ཏན་དང་ལྡན་པ་དག་ལ་ཡང་བསྔོ་ཞིང་ང་རྒྱལ་བར་བྱེད་འདོད་དེ་ཤིན་ཏུ་བྱེད་མི་རིགས་པ་ཁོ་ནའོ། །དེ་ལྟར་གཙོ་བོ་ང་རྒྱལ་གྱི་གཉེན་པོར་ཕྲག་དོག་བསྒོམ་པས་དམན་པ་དེ་ལ་ཡོན་ཏན་ཡོད་པ་དང་བཀུར་སྟི་སོགས་མེད་པས་སྡུག་བསྔལ་ཡོད་པའང་ཤེས་ཤིང་ང་རྒྱལ་དང་ཁྱད་གསོད་ལ་སོགས་པའི་རང་སྐྱོན་ངོས་ཟིན་ཏེ་དམན་པ་ལ་ང་རྒྱལ་དང་ཁྱད་གསོད་ལ་སོགས་པ་བྱས་པས་དེའི་སེམས་ལ་མི་འབབ་པར་ཤེས་ནས་དེ་དག་མི་བྱེད་པར་བཀུར་སྟི་བྱ་ཞིང་རྙེད་པ་བགོ་བ་སོགས་སྦྱོར་བ་ལག་ལེན་གྱི་སྒོ་ནས་དངོས་སུ་ཕན་འདོགས་པར་བྱེད་པ་ལའང་འབད་དགོས་སོ། །གཞུང་འདིར་བསྟན་ཕལ་ཆེར་ལག་ལེན་དུ་སྦྱོར་བར་གསུངས་པ་ཡིན་ནོ། །གཉིས་པ་ནི། རང་ཉིད་ཆོས་དང་འཇིག་རྟེན་གང་ལ་འགྲན་པའི་ཡུལ་གང་ཟག་བདག་དང་མཉམ་པའམ་འདྲ་བ་ལས་ཅུང་ཟད་ལྷག་པ་ལ་ལྟོས་ཏེ་དེ་དང་རང་ཕན་ཚུན་བརྗེས་ནས་ནི་རྙེད་བཀུར་སོགས་གང་གིས་ཕ་རོལ་པོ་ལས་བདག་རང་ཉིད་ལྷག་བྱའི་སྟེ་ལྷག་པར་བྱ་བའི་ཕྱིར་དུ་བདག་རང་གི་ལོངས་སྤྱོད་རྙེད་པ་དང་གཞན་གྱིས་བཀུར་སྟི་བྱེད་པར་ནི་ཐ་ན་འཐབ་མོ་དང་རྩོད་པ་ཡིས་ཀྱང་འདི་ལས་འཕྲོག་ནས་ངེས་པར་བསྒྲུབ་པར་བྱའོ། །ཅི་ནས་ཀྱང་བདག་གི་ཆོས་འཇིག་རྟེན་གྱི་ཡོན་ཏན་ནི་འཇིག་རྟེན་ཀུན་ལ་གྲགས་ཤིང་གསལ་བ་དང་། གཞན་ཡང་འདི་ཡི་ཆོས་འཇིག་རྟེན་གྱི་ཡོན་ཏན་གང་ཡོད་པ་ནི་གང་ཟག་སུས་ཀྱང་མཐོང་ཞིང་ཐོས་པར་མི་འགྱུར་བར་གསང་བར་བྱའོ། །བདག་རང་གི་སྐྱོན་གང་ཡོད་ཡང་གཞན་གྱི་མཐོང་ཐོས་སུ་མི་འགྱུར་བར་སྦ་ཞིང་གསང་བར་བྱ་ཞིང་འདི་ལ་སྐྱོན་གང་ཡོད་གཞན་ཀུན་ལ་གསལ་ཞིང་གྲགས་པར་གྱུར་ཏེ། བདག་ནི་སྐྱོན་མེད་པ་མཐོང་ནས་སྐྱེ་བོ་མང་པོས་མཆོད་པར་འགྱུར་ཞིང་འདི་ཉིད་ལ་སྐྱོན་ཅན་དུ་མཐོང་ནས་མཆོད་པར་འགྱུར་བ་མིན་པ་དང་། བདག་དེ་ང་ནས་རྙེད་པ་ལེགས་པར་རྙེད་ཅིང་འདི་ཡིས་མི་རྙེད་པ་དང་བདག་ནི་ཀུན་གྱིས་བཀུར་བར་འགྱུར་ཞིང་འདི་ལ་མིན་པ་དང་། འདི་ཡི་ནི་སྡོམ་པ་འཆལ་བ་ལ་སོགས་པའི་ཆོས་འཇིག་རྟེན་གྱི་བྱ་བ་མ་རུངས་པ་བྱས་པས་སྡུག་བསྔལ་བར་གྱུར་པ་ལ་ཡུན་རིང་དུ་བདག་ནི་དགའ་བས་བལྟ་བར་བྱ་ཞིང་འདི་ལ་འགྲོ་བ་ཀུན་གྱིས་ཁྲེལ་ཏེ་བཞད་གད་བྱེད་པ་དང་ཕན་ཚུན་མང་པོར་འདུས་ཏེ་སྨོད་པ་དང་ངན་མཚང་འབྲུ་བ་དག་ཏུ་བྱའོ། །དེ་ལྟར་འགྲན་སེམས་ཀྱི་གཉེན་པོར་འགྲན་སེམས་བསྒོམ་པས་རང་གིས་སྔར་གཞན་ལ་འགྲན་སེམས་བྱས་པའི་རང་སྐྱོན་ངོས་ཟིན་ནས་འགྲན་སེམས་མ་རུངས་བ་དེ་ཕྱིན་ཆད་མི་བྱེད་པར་མ་ཟད་དེ་ལ་རྙེད་བཀུར་སོགས་ཀྱིས་ཕན་པ་ཅི་འགྲུབ་བྱེད་དགོས་གསུངས། གསུམ་པ་ནི། རང་ལ་ང་རྒྱལ་དང་ཁྱད་གསོད་སོགས་བྱེད་པའི་ལྷག་པ་དང་བརྗེས་ནས་ཉོན་མོངས་ཏེ་དམན་པ་འདི་ཡང་བདག་དང་ནི་ལྷན་གཅིག་ཏུ་ནི་འགྲན་པར་བྱེད་དོ་ཞེས་གྲག་མོད་ཀྱི། འོན་ཀྱང་དམན་པ་འདི་དང་བདག་གཉིས་ཐོས་པ་མང་བ་དང་ཤེས་རབ་བམ་སྟེ་ཤེས་རབ་ཆེ་བའམ་གཟུགས་བཟང་བ་དང་རིགས་མཐོ་བ་དང་ནོར་གྱིས་ཏེ་དཔལ་འབྱོར་ལོངས་སྤྱོད་ཆེ་བ་གང་གིས་མཉམ་མམ་ཅི་སྟེ་གནམ་ས་ལྟ་བུ་ནམ་ཡང་མི་མཉམ་མོ། །དེ་ལྟར་ཐོས་པ་མང་བ་ལ་སོགས་པ་འཇིག་རྟེན་ཀུན་ལ་སྙན་པར་གྲགས་པ་ཡི་བདག་གི་ཡོན་ཏན་དམན་པ་འདི་ལས་ཁྱད་པར་དུ་འཕགས་ཤིང་ལྷག་པར་གསལ་བར་ཐོས་ནས་ནི་ལུས་བ་སྤུ་ལྡང་ཞིང་ཡིད་དགའ་བ་རྒྱ་ཆེན་པོ་སྐྱེ་བར་འགྱུར་བའི་བདེ་སྐྱིད་ལ་ནི་ཡོངས་སུ་སྤྱོད་ཅིག་ཅེས་སྤྱོད་པ་པོ་གཞན་སེམས་ཅན་ནམ་རང་ཡིན་ཀྱང་རུང་ངོ་། །འབད་དེ་བཀག་ཀྱང་མ་ཁེགས་པར་ཅི་སྟེ་འདི་ལ་རྙེད་པ་སོགས་ཡོད་པར་གྱུར་ཀྱང་གལ་ཏེ་ང་རྒྱལ་མི་བྱེད་པར་གུས་པས་ང་ཡི་བཀའ་བཞིན་བསྒྲུབ་པའི་ལས་བྱེད་ན་དེའི་རྔན་པ་དམན་པ་འདི་ལ་འཚོ་བ་ལྟོ་འགྲང་ལྷག་སྐྱོབ་ཀྱི་ཟས་གོས་ཙམ་ཞིག་བྱིན་ནས་བདག་གི་སྟོབས་ཀྱིས་རྙེད་པ་ལྷག་མ་དེ་རྣམས་མ་ལུས་པར་བཙན་ཐབས་སུ་འཕྲོག་ནས་བླང་བར་བྱའོ། །དམན་པ་འདི་ནི་བདེ་བའི་ཁྱད་པར་རྣམས་ལས་ཉམས་པར་བྱ་ཞིང་དེ་ཙམ་དུ་མ་ཟད་བདག་གིས་དམན་པ་འདི་སྡུག་བསྔལ་སྣ་ཚོགས་ཀྱི་གནོད་པ་དང་རྟག་ཏུ་སྦྱར་བ་བྱའོ། །འདི་ལ་དེ་ཙམ་དུ་སྡང་བ་ཅི་ཞེ་ན། འདི་ཡིས་ལན་བརྒྱ་ཕྲག་མང་པོ་ཐམས་ཅད་དུ་འཁོར་བར་འཁོར་བའི་ཚེ་བདག་ལ་གནོད་པ་སྣ་ཚོགས་བྱས་པས་སོ། །ཡང་ན་བདག་གཅེས་འཛིན་གྱི་བློ་ཅན་འདི་ནི་བདེ་བ་ལས་ཉམས་པར་བྱ་ཞིང་བདག་གིས་གནོད་པ་དང་རྟག་ཏུ་སྦྱར་བར་བྱ་སྟེ་གཅེས་འཛིན་འདི་ཡིས་སྐྱེ་བ་བརྒྱ་ཕྲག་ཐམས་ཅད་དུ་འཁོར་བའི་གནས་སུ་བདག་ལ་དམྱལ་བ་ལ་སོགས་པའི་གནོད་པ་ཆེན་པོ་བྱས་ཞེས་ང་རྒྱལ་དང་མ་བྲལ་བའི་ཉེས་པ་བསྟན་ཏོ། །དེ་ལྟར་གཙོ་བོར་ཕྲག་དོག་གི་གཉེན་པོ་ང་རྒྱལ་བསྒོམ་པ་ལ་རང་ལས་ལྷག་པ་ཞིག་གིས་རང་ལ་བརྙས་བཅོས་སོགས་གནོད་པ་དང་ང་རྒྱལ་བྱེད་ཚེ་འདིས་བདག་ལ་ང་རྒྱལ་དང་གནོད་པ་ཅིའི་ཕྱིར་བྱེད་བསམ་ནས་དེ་ལ་ཕྲག་དོག་བྱེད་ཚེ་དེ་དང་བརྗེས་ནས་ང་རྒྱལ་བསྒོམ་པ་ལ་བསྟེན་ནས་རང་ཉིད་མཐོ་སར་སླེབ་ན་ང་རྒྱལ་དང་ཁྱད་གསོད་གཞན་ལ་བྱེད་དམ་མི་བྱེད་སྙམ་ན་ད་ལྟ་རང་གིས་རང་ལས་དམན་པ་རྣམས་ང་རྒྱལ་དང་བརྙས་བཅོས་ཁྱད་གསོད་བྱེད་ཚུལ་འདི་ལ་བརྟགས་ན་འདི་ལ་ཁག་མེད་པར་འདུག་བསམ་ནས་དེའི་བྱ་བ་རང་གིས་སྒྲུབ་ཅིང་རྙེད་བཀུར་གྱིས་མགུ་བར་བྱས་ཏེ་འགྲན་སེམས་མེད་པར་བྱ་དགོས་སོ། །འདིར་འཇམ་དབྱངས་ས་པཎ་གྱིས་ཐུབ་པ་དགོངས་གསལ་དུ་རང་དམའ་བའི་གནས་སུ་དགྲ་བོ་བཞག །དགྲའམ་གཞན་མཐོན་པོའི་གནས་སུ་རང་བཞག་ལ། རང་མཐོ་བདེ་ལ་དགྲ་དམན་པ་དེས་ཕྲག་དོག་བསྒོམ་དུ་གཞུག །བསྒོམ་དེ་ཚར་བ་ན་འདི་ལྟ་བུའི་བསྒོམ་པའི་འབྲས་བུ་འབྱུང་སྟེ། རང་མཐོན་པོར་བསྒོམ་ཞིང་གཞན་དམའ་བར་བསྒོམ་པ་དེས་རང་ལ་ཕྲག་དོག་བྱས་པར་བསྒོམ་པ་ཙམ་ལ་ཡང་། འདི་ལྟ་བུའི་སྡུག་བསྔལ་འབྱུང་ན་གཞན་ལ་ཕྲག་དོག་བྱེད་པ་ག་ལ་འཐད་ཅེས་ཕྲག་དོག་རང་ཞིར་འགྱུར་རོ། །དེ་བཞིན་དུ་བདག་དང་མཉམ་པ་ལ་འགྲན་སེམས་བསྒོམ་པ་ལ། མཉམ་པའི་དགྲའི་གནས་སུ་རང་དང་། རང་གི་གནས་སུ་དགྲ་དེ་བཞག་ལ། དགྲ་དེས་ཕྱོགས་མཐའ་དག་གི་སྒོ་ནས་བདག་ལ་འགྲན་པར་བསྒོམ། བསྒོམ་དེ་གྲོལ་བ་ན་འདི་ལྟ་བུའི་བསམ་པ་འབྱུང་སྟེ། རང་དགྲར་བསྒོམ་ནས་གཞན་གྱིས་གནོད་པ་དང་འགྲན་སེམས་བྱས་པར་བསྒོམ་པ་ལའང་འདི་ལྟ་བུའི་སྡུག་བསྔལ་འབྱུང་ན་གཞན་ལ་གནོད་པ་དང་འགྲན་སེམས་བྱར་ག་ལ་རུང་སྙམ་ནས་འགྲན་སེམས་རང་ཞིར་འགྱུར་རོ། །ང་རྒྱལ་བསྒོམ་པ་ལ། རང་ལས་དམའ་བའི་གནས་སུ་རང་དང་། རང་གི་གནས་སུ་རང་ལས་དམའ་བ་དེ་བཞག་ལ་གཞན་མཐོ་བ་དེས་རང་དམའ་བ་དེ་ལ་རིགས་དང་ཡོན་ཏན་ལ་སོགས་པའི་སྒོ་ནས་ང་རྒྱལ་བྱེད་དུ་གཞུག །བསྒོམ་དེ་ཚར་བ་ན་བདག་ལ་གཞན་གྱིས་ང་རྒྱལ་བྱས་པ་བསྒོམ་པ་ན། འདི་ལྟ་བུའི་སྡུག་བསྔལ་འབྱུང་ན་དེའི་ཕྱིར་བདག་གིས་གཞན་ལ་ང་རྒྱལ་བྱ་ག་ལ་རུང་སྙམ་དུ་ང་རྒྱལ་ངོ་བོ་ཉིད་ཀྱིས་ཞི་བར་འགྱུར་རོ་ཞེས་གསུངས་སོ། །སེམས་ཀྱི་བསྒོམ་བྱར་འདི་ལེགས་ལ་ལག་ལེན་ལ་སྦྱོར་བྱ་གོང་བཤད་ལྟར་ལེགས། གང་ལྟར་ཡང་ང་རྒྱལ་དང་འགྲན་སེམས་ཕྲག་དོག་རང་ལ་གང་དང་གང་སྐྱེས་ཚེ་དེ་དང་དེའི་གཉེན་པོར་གདམས་ངག་འདི་དག་དྲན་པར་བྱས་ཏེ་སྤོང་བར་བྱེད་དགོས་པས་ཇི་ལྟར་བདེན་དེ་ལྟར་བསྒོམ་པས་ཆོག་གསུངས། གསུམ་པ་བརྗེས་ནས་ཇི་ལྟར་འགྲུབ་པ་ལ། འཇམ་པོའི་སྒོ་ནས་གདམས་པ་དང་། རྩུབ་མོའི་སྒོ་ནས་ཚར་བཅད་པ་གཉིས་ལས། དང་པོ་ནི། འདི་མན་ཆད་བདག་གཞན་གྱི་སྒྲ་རྣམས་རྣལ་མར་བཟུང་སྟེ་བདག་གི་ཡིད་ཁྱོད་ཐོག་མ་མེད་པའི་དུས་ནས་རང་དོན་འབའ་ཞིག་བྱེད་པར་འདོད་ནས་དེ་ཁོ་ན་སྒྲུབ་པ་བྱས་པས་བསྐལ་བ་གྲངས་མེད་མང་པོ་འདས་ཤིང་དམྱལ་བ་ལ་སོགས་པར་སྡུག་བསྔལ་རྒྱ་ཆེན་པོ་མྱོང་བར་གྱུར་ཀྱང་སྦྱོར་པ་དོན་མེད་པའི་ངལ་བ་ཆེན་པོ་དེ་ལྟ་བུ་ས་ཡིད་ཁྱོད་ཀྱིས་འབྲས་བུ་ཡུན་རིང་དུ་ཚ་གྲང་ལ་སོགས་པའི་སྡུག་བསྔལ་ཆེན་པོ་འབའ་ཞིག་བསྒྲུབས་པ་ནི་ཤིན་ཏུ་འགྱོད་པའི་གནས་ཡིན་ནོ། །རང་དོན་བྱས་པས་འདི་ཕྱིར་སྡུག་བསྔལ་བར་འགྱུར་བ་དེ་ལྟར་ངེས་པར་སོམས་ལ་ད་ནི་བདག་གཞན་བརྗེ་བའི་སྒོ་ནས་སེམས་ཅན་གཞན་མང་པོ་དག་གི་དོན་ཁོ་ན་བསྒྲུབ་པ་ལ་རབ་ཏུ་སྤྲོ་བས་འཇུག་པར་གྱིས་དང་གཞན་དོན་བྱས་པས་འདི་ཕྱིར་བདེ་བ་རྒྱ་ཆེན་པོ་འཐོབ་པར་གསུངས་པའི་ཐུབ་པ་ཐམས་ཅད་མཁྱེན་པའི་བཀའ་ནི་ཚད་མ་ཡིན་པས་ནམ་ཡང་མི་སླུ་བས་གཞན་དོན་བྱས་པ་དེ་ཡི་ཡོན་ཏན་ཕྱིས་རིམ་གྱིས་འཕགས་ས་ཐོབ་པ་ན་མཐོང་ཞིང་གསལ་བར་འགྱུར་ལ། གལ་ཏེ་ཡིད་ཁྱོད་ཀྱིས་སྐྱེ་བ་སྔ་མའི་དུས་སུ་བདག་གཞན་བརྗེ་བའི་ལས་འདི་ཉིད་བྱས་པར་གྱུར་ན་ནི་འབྲས་བུ་སངས་རྒྱས་རྒྱལ་བ་ཤཱཀྱ་ཐུབ་པ་དང་འོད་དཔག་མེད་ལྟ་བུ་སྐུ་མཚན་དཔེ་གསུངས་ཚངས་དབྱངས་ཐུགས་རྣམ་མཁྱེན་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་འཇིག་རྟེན་གསུམ་གྱི་མཆོད་གནས་སུ་གྱུར་བའི་བདེ་བ་དེ་མིན་པ་ད་ལྟའི་འཁོར་བའི་གནས་འདིར་ཉོན་མོངས་པའི་གཞན་དབང་དུ་གྱུར་ཏེ་ཚེ་འདིའི་སྡུག་བསྔལ་དང་ཕྱི་མ་ངན་སོང་དུ་མི་སྐྱེ་བའི་ངེས་པ་མེད་པས་འདི་ཕྱི་གཉིས་སྡུག་གི་གནས་སྐབས་འདི་འདྲར་ཏེ་འདི་འདྲ་བར་འགྱུར་མི་སྲིད་དོ་ཞེས་ཁོ་ཉེན་གྱི་འབྲས་བུའི་ཕྱོགས་ནས་གདམས་སོ། །རྒྱུ་མཚན་དེ་བས་ད་ནི་འདི་ལྟར་གཞན་ཕ་མ་དག་གི་ཁུ་བ་དང་ཁྲག་གི་ཐིག་པ་ལ་ངའམ་བདག་མེད་པ་ལ་ཡིད་ཁྱོད་ཀྱིས་བདག་གོ་ཞེས་ངར་འཛིན་བྱས་པ་ལྟར་དེ་བཞིན་དུ་གཞན་སེམས་ཅན་ཐམས་ཅད་ལའང་བདག་ཏུ་འཛིན་པ་གོམས་པར་གྱིས་ལ་དེའི་དོན་ལ་བརྩོན་པར་གྱིས་ཤིག་ཅེས་བརྗེ་བ་དངོས་ལ་གདམས་པའོ། །འདིར་རྟོག་ཆེན་ཞེས་པ་ཀུན་མཁྱེན་ཆེན་པོས་ཕྱིང་པ་གྲ་སར་ཁྱིའི་རྟོག་ཆེན་མེད་པ་བཞིན་གསུངས་པས་ན། རང་ཉིད་ཀྱིས་ད་སྔོན་གཞན་གྱི་ཟས་གོས་རྒྱན་ལ་སོགས་པ་གང་མཐོང་བ་བདག་རང་ལ་སྦྱིན་པའི་རེ་བ་བཅས་ནས་ཐབས་སྣ་ཚོགས་ཀྱིས་དེ་སྦྱིན་ཐབས་བྱེད་པ་དཔེར་ན་མི་རྣམས་ཀྱིས་ཤ་ཟ་བ་ན་ཁྱི་རྣམས་ཀྱིས་སྦྱིན་པར་རེ་བས་ལྟ་བར་བྱེད་པ་ལྟར་ད་ཕྱིན་ཆད་རང་གིས་རང་ལ་གཞན་གྱི་མགོ་ནས་རྟོག་ཆེན་བྱས་ནས་ནི་བདག་གི་ལུས་ལ་ཟས་གོས་རྒྱན་སོགས་ཅི་དང་ཅི་སྣང་བའམ་ཡོད་པ་དེ་དང་དེ་ཉིད་རང་གིས་རང་ལ་ཕྲོགས་པར་བྱས་ནས་ཡིད་ཁྱོད་ཀྱིས་གཞན་ཟས་གོས་རྒྱན་སོགས་མེད་པ་དེ་དང་དེ་ལ་ཕན་པའི་དོན་དུ་སྦྱིན་པར་སྤྱོད་ཅིག །ད་སྔ་ཡན་ཆད་རང་གིས་གཞན་ལ་ཕྲག་དོག་བྱས་པ་དེ་ལྟར་ད་ཕྱིན་ཆད་རང་གི་རང་ལ་ཕྲག་དོག་འདི་ལྟར་བྱ་སྟེ། བདག་ནི་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་དེའི་བྱིན་གྱིས་རླབས་པའི་རྟགས་སུ་གོས་དམར་སེར་བགོས་ནས་ཚུལ་བཞིན་དུ་སངས་རྒྱས་དེའི་རྗེས་སུ་བསླབ་པར་བྱས་ན་འགྲོ་བ་ཐམས་ཅད་ཀྱི་སྐྱབས་མགོན་དང་ཕྱག་མཆོད་བཀུར་སྟིའི་ཡུལ་དུ་གྱུར་ནས་ཐམས་ཅད་ཀྱི་གནོད་པ་ཅི་ཡང་མི་བྱེད་པར་ཕན་པར་བྱེད་པས་བདག་ནི་འདི་ཕྱི་གཉིས་ཀར་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་གཞན་རྣམས་ནི་སྡིག་པ་བྱས་པས་འདི་སྡུག་ཕྱི་སྡུག་གིས་མི་སྐྱིད་པ་འདི་འདྲ་བར་ཡིན་ལ། བདག་ནི་གཞན་རྣམས་ཀྱིས་ཕྱག་མཆོད་ཀྱི་གནས་སུ་གྱུར་པས་མཐོ་ཞིང་སེམས་ཅན་གཞན་རྣམས་ནི་དཔྱ་ཁྲ་ལ་ལ་སོགས་པས་ཉིན་མཚན་ཀུན་ཏུ་རང་དབང་མེད་པས་དམའ་བ་དང་། བདག་ལ་ནི་འདི་ཕྱིར་ཕན་པར་བྱེད་པ་མང་བ་ལ་གཞན་ལ་ནི་ཕན་པར་བྱེད་པ་མིན་པར་གནོད་པ་བྱེད་པ་མང་བ་འདི་འདྲ་མི་རིགས་སོ་ཞེས་བདག་རང་ལ་ཕྲག་དོག་ཅིས་མི་བྱེད་དེ་བྱེད་དགོས་སོ། །སྔོན་ཆད་གཞན་སྡུག་བསྔལ་ལ་སྦྱར་ཞིང་རང་བདེ་བ་དང་ལྡན་པར་བྱེད་ན་ད་ནི་བདག་རང་ཉིད་ནི་ཟས་གོས་སོགས་ཀྱི་བདེ་བ་དང་བྲལ་བར་གྱིས་ཞེས་རང་ལ་ཟས་གོས་སོགས་ཡོད་པ་དེ་གཞན་མེད་པ་ལ་བྱིན་ནས་བདེ་བ་དང་ལྡན་པར་བྱས་ཏེ་སེམས་ཅན་གཞན་གྱི་སྡུག་བསྔལ་བདག་ལ་སྦྱོར་ཞེས་རང་ཟས་གོས་སོགས་མེད་པའི་སྡུག་བསྔལ་བར་གྱིས་ཤིག་ཅེས་པའོ། །སྔོན་ཆད་གཞན་གྱི་སྐྱོན་ལ་བརྟག་པར་བྱེད་ན་ད་ནི་སྤྱོད་འཇུག་ཤེས་པ་འདི་གཞན་སྐྱོན་བལྟ་བའི་མིག་སྒོར་མི་བྱེད་པར་རང་སྐྱོན་བལྟ་བའི་མེ་ལོང་དུ་བྱས་ཏེ་གང་གི་ཚེ་བདག་འདི་ཡི་ནི་སེམས་ཀྱི་ཅི་བསམ་ངག་གི་ཅི་སྨྲ་ལུས་ཀྱིས་དམན་པའི་ལས་ཅི་བྱེད་ཅེས་བདག་རང་གི་སྒོ་གསུམ་གྱི་སྐྱོན་ལ་ཡང་ཡང་བརྟག་པར་གྱིས་ལ་སྤོངས་ཤིག །སྔོན་ཆད་རང་སྐྱོན་གཞན་མགོར་འཇོག་ཅིང་གསང་བར་བྱེད་ན་ད་ནི་སྔོན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་ཉེས་པ་ཅན་བརྩོན་དུ་འཆི་བར་འགྱུར་བའི་ཚབ་ཏུ་རང་ཉིད་བྱོན་པ་ལ་སོགས་པ་བཞིན་དུ་གཞན་སེམས་ཅན་གྱིས་རྐུ་བ་ལ་སོགས་པའི་ཉེས་པ་ཆེ་ཆུང་གང་བྱས་པ་ཡང་རང་གི་སྐྱོན་དུ་བསྒྱུར་ཞིང་དང་དུ་བླང་བར་བྱོས་ལ་བདག་གིས་ཉེས་པ་ཆུང་ངུ་ཙམ་བྱས་ཀྱང་མི་གསང་བར་སྐྱེ་བོ་མང་པོ་ལ་རབ་ཏུ་ཤོགས་ཏེ་བདག་ལ་ཉེས་པ་འདི་ཡོད་དོ་ཞེས་ཁས་ལོངས་ཤིག་ཅེས་པའམ་རྒྱལ་བ་སྲས་བཅས་ལ་རབ་ཏུ་ཤོགས་ཤིང་སླན་ཆད་སྡོམ་པར་གྱིས་ཤིག་ཅེས་པ་དང་། སྔོན་ཆད་གཞན་སྨད་ཅིང་རང་བསྟོད་ན་ད་ནི་གཞན་སེམས་ཅན་གྱི་ཡོན་ཏན་གྱི་སྙན་པའི་གྲགས་པ་ལྷག་པར་བརྗོད་པས་རང་གི་ཡོན་ཏན་གྲགས་སྙན་ཅི་ཡོད་པ་ཀུན་ཟིལ་གྱིས་ནོན་པར་གྱིས་ལ་ད་ནི་གཞན་རང་གི་གཡོག་ཏུ་མི་བཀོལ་བར་བདག་ནི་གཞན་ལ་བྲན་གྱི་ཐ་མ་ལྟར་ང་རྒྱལ་མེད་པར་དག་གི་དོན་རྣམས་ཀུན་བསྒྲུབ་པ་ལ་དུས་རྟག་ཏུ་རང་གིས་རང་བཀོལ་བར་གྱིས་ཤིག །བདག་འདི་ནི་ཤིན་ཏུ་མ་རུངས་བ་སྐྱོན་མང་པོ་དང་བཅས་པའི་རང་བཞིན་ཅན་ཡིན་ཏེ་དེས་ན་འདི་ལ་གློ་བུར་གྱི་ཡོན་ཏན་ཅུང་ཟད་བྱ་བ་ལམ་དུ་འགྲོ་བ་དང་ཐོས་པ་ཤེས་པ་དང་མཚམས་བསྙེན་སྒྲུབ་ཀྱི་ཆས་ཏེ་ཆ་ཅུང་ཟད་རེ་ཡོད་ཀྱང་དེའི་སྒོ་ནས་ནམ་ཡང་མགོ་འཕང་མི་བསྟོད་པར་བདག་འདི་ཡི་ཡོན་ཏན་དེ་ཅི་ནས་ཀྱང་རྐུས་ནོར་བཞིན་དུ་གང་ཟག་འགས་ཀྱང་ཡོད་པར་མི་ཤེས་པ་དེ་ལྟར་སྤ་ཞིང་གསང་བར་གྱིས་ཤིག་སྟེ། བཅོམ་ལྡན་འདས་ཀྱི་འཁོར་རྣམས་ལ་གདམས་ངག་བཀའ་སྩལ་བ་རང་གི་ཡོན་ཏན་ཐམས་ཅད་སྐྱོམ་པར་མི་བྱེད་པ་དང་། སྐྱོན་ཐམས་ཅད་སྤ་བར་མི་བྱེད་པ་དགོས་སོ་ཞེས་གསུངས་སོ། །མདོར་བསྡུ་ན་སྔོན་ཆད་དུས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བདག་རང་གི་ཟས་གོས་ལོངས་སྤྱོད་རྙེད་བཀུར་ལ་སོགས་པ་བསྒྲུབ་པའི་དོན་གྱི་ཕྱིར་དུ་ཁྱོད་ཀྱིས་གཞན་སེམས་ཅན་རྣམས་ལ་ཟས་གོས་ལོངས་སྤྱོད་འཕྲོག་པ་ལ་སོགས་པའི་གནོད་པ་སྣ་ཚོགས་བྱས་པ་གང་ཡིན་པའི་གནོད་པ་དེ་འདྲ་བ་རྣམས་ད་ཕྱིན་ཆད་སེམས་ཅན་གཞན་གྱི་དོན་གྱི་ཕྱིར་དུ་བདག་རང་ཉིད་ལ་ནི་འབབ་པར་གྱིས་ཤིག་ཅེས་མདོར་ན་ལས་ཀྱི་ལན་ཆགས་བྱང་ཞིང་བུ་ལོན་སོད་དགོས་གསུངས། བདག་འདི་ནི་བྱིས་པ་མགོ་ལང་དུ་སོང་བ་ལྟར་གཉའ་འམ་གདོང་དྲག་པ་སྟེ་མགོ་འཕང་ཧ་ཅང་མཐོ་བར་འགྱུར་བའི་ཚུལ་དུ་ཁོང་ཤེད་དང་ང་རྒྱལ་བསྐྱེད་པར་ནི་མི་བྱ་སྟེ་དཔེར་ན་བག་མ་གསར་བ་འོང་མ་ཐག་པའི་སྤྱོད་ལམ་གྱི་ཚུལ་བཞིན་དུ་རང་དོན་ཡིད་བྱེད་སོགས་ཀྱི་སྤྱོད་ངན་ལ་ངོ་ཚ་བ་དང་དེ་དག་གི་ཉེས་པས་འཇིགས་སྐྲག་དང་བཅས་པས་དབང་པོ་རྣམས་ཀྱི་སྒོ་བསྡམས་ཏེ་བཞག་པར་བྱའོ། །དེ་ཡང་རང་དོན་མེད་པར་གཞན་དོན་གྱི་བསམ་པས་མིག་ནི་ཕབ་སྟེ་བལྟ་བར་བྱ་ཞེས་སོགས་འགྲོ་འདུག་ལ་སོགས་པའི་སྒོ་གསུམ་གྱི་སྤྱོད་པ་བླང་བྱ་དང་གནས་བྱ་དང་ཉེས་སྤྱོད་ཀྱི་འབྱུང་སྒོ་ཉེར་བདུན་ལ་སོགས་པ་ལ་རིམ་པ་ལྟར་རམ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དེ་ལ་འབད་པར་བྱ་བ་དང་། དེ་ལྟར་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་གནས་པར་བྱ་ཞིང་ཉེས་སྤྱོད་ཐམས་ཅད་སྡོམ་པར་བྱེད་པའི་ཚུལ་ཁྲིམས་ཡང་དག་པར་བསྲུང་བ་དེ་ལྟར་ཁྱོད་ཀྱིས་མི་བྱ་བ་དེ་ལྟར་ན་ལུས་སེམས་ལ་དབང་བ་དང་སེམས་འདི་ནི་གཉེན་པོ་ལ་དབང་བྱ་སྟེ་དབང་པར་བྱ་དགོས་ཞེས་དཔེར་ན་དགེ་བསྐོས་ཀྱི་ཚོགས་གཏམ་འདི་དང་འདི་བྱེད་དགོས་ཀྱི་གལ་ཏེ་དེ་ལས་འདས་ན་ཉེས་ཆད་ཀྱིས་ཚར་བཅད་དོ་ཞེས་པ་ལྟར་གལ་ཏེ་ཁྱེད་ལུས་ལང་ཤོར་སེམས་ངན་གོམས་ཀྱི་དབང་གིས་ཇི་སྐད་གདམས་པའི་བླང་དོར་དེ་དག་ལས་འདས་ན་གཉེན་པོས་ཚར་བཅད་པར་བྱ་སྟེ། དཔེར་ན་དགོངས་གཅིག་གི་ལྟོ་གཅོད་མི་ནུས་པ་ལ་ཞག་བདུན་ཏུ་ཟས་མི་ཟ་བ་ལྟ་བུར་ཐོག་བརྫིས་བྱེད་དགོས་སོ། །གཉིས་པ་ལ། ཡིད་ཚར་བཅད་པ་དང་། ལུས་ཚར་བཅད་པ་གཉིས་ལས། དང་པོ་ནི། འོན་ཏེ་དེ་ལྟར་སྐྱོན་ཡོན་གྱི་སྒོ་ནས་བླང་དོར་ལ་ཡང་ཡང་གདམས་ཀྱང་ནི་སྤང་བྱ་རང་གཅེས་འཛིན་གྱི་སེམས་ཁྱོད་ཀྱིས་ད་དུང་བླང་དོར་དེ་ལྟར་མི་བྱེད་ན་ལུས་བེམ་པོ་ཡིན་པས་ཉེས་པ་མེད་ཅིང་སེམས་ཁྱོད་ལ་ཚེ་འདི་ཕྱིའི་འཁོར་བ་དང་ངན་སོང་གི་ཉེས་པ་ཀུན་བསྟེན་ནས་འབྱུང་བ་ཡིན་པས་སེམས་ཁྱོད་ཉིད་གཉེན་པོས་བཙན་ཐབས་སུ་ཚར་བཅད་པར་བྱ་བར་ཟད་དོ། །ཉེས་པ་ཇི་ལྟར་བསྟེན་ཞེ་ན། རང་གཅེས་པར་འཛིན་པའི་སེམས་ཁྱོད་ཀྱིས་རང་དོན་བྱས་པས་ལམ་ངན་པར་ཁྲིད་ནས་ཁྲོ་བོ་གར་བརླག་ནུས་པའི་སྔོན་གྱི་དུས་ཁྱོད་ཀྱི་ཉེས་པ་མ་མཐོང་བ་དེ་ལས་གཞན་ཡིན་ཏེ། ད་ནི་ཁྱོད་ཀྱི་ཉེས་པ་མཐོང་བས་ཞེས་སམ་སྔོན་གྱི་དུས་དེ་ནི་གཞན་འདས་ཚར་བ་ཡིན་ཏེ། ད་ནི་སྔོན་དང་འདྲ་བ་མ་ཡིན་པས་ཞེས་དང་། ད་ནི་སྤྱོད་འཇུག་ཤེས་པས་ཁྱོད་ཀྱིས་རང་དོན་བྱས་པས་སྐྱོན་ཐམས་ཅད་ངས་མཐོང་བ་ཡིན་པས་ད་ཁྱོད་ཁོ་བོའི་ཁྲིམས་འོག་ལས་ལམ་ངན་པ་གཞན་གང་དུ་འགྲོ་སྟེ། གང་དུའང་འགྲོ་མི་ནུས་པས་ཁྱོད་ཀྱི་རྙེད་བཀུར་ལ་སོགས་པའི་རང་དོན་སྒྲུབ་པའི་ང་རྒྱལ་གྱི་དྲེགས་པ་ཀུན་གཞོམ་པར་བྱ་སྟེ་སྒྲུབ་ཏུ་མི་འཇུག་གོ། །འདི་ལྟར་ཟེར་ན་ཡང་ད་དུང་བདག་ལ་རང་གི་དོན་མཁོ་བས་བསྒྲུབ་དུ་ཡོད་དོ་སྙམ་པའི་སེམས་པ་དེ་དོར་ཅིག །བདག་གཞན་བརྗེ་བའི་ཚུལ་གྱིས་བདག་གིས་གཞན་སེམས་ཅན་ཐམས་ཅད་ལ་ཁྱོད་བརྩོང་གིས་ཏེ་ཁྱོད་བརྩོང་བའམ་བྱིན་ཟིན་ནས་དེ་དག་ལ་དབང་བ་ཡིན་པས་གཞན་གྱི་དོན་བསྒྲུབ་པ་ལ་སྐྱོ་བར་མ་སེམས་པར་ཞོ་ཤ་ཕུལ་ཞེས་ཕན་པ་སྒྲུབས་ཤིག །བདག་གཞན་ལ་སྦྱིན་དགོས་པའི་རྒྱུ་མཚན་ཅི་ཞེ་ན། གལ་ཏེ་རང་འདོད་ཀྱི་དབང་གིས་བག་མེད་པར་གྱུར་ནས་ཁྱོད་སེམས་ཅན་གཞན་རྣམས་ལ་མ་བྱིན་ན་ནི་ཁྱོད་ཀྱིས་རང་དོན་བསྒྲུབ་ནས་ཁོ་བོ་དམྱལ་བ་ཡི་སྲུང་མ་ལས་མཁན་འཇིགས་སུ་རུང་བ་རྣམས་ལ་སྦྱིན་ནས་སྡུག་བསྔལ་ཤིན་ཏུ་ཆེན་པོ་ཉིད་དུ་སྦྱོར་ངེས་པའོ། །དེ་ལྟར་རང་གཅེས་འཛིན་གྱི་སེམས་ཁྱོད་ཀྱིས་རེ་ལྟའམ་ལན་གྲངས་དུ་མ་དཔག་ཏུ་མེད་པ་ཞིག་སྔར་ཡང་ཁོ་བོ་དམྱལ་བའི་སྲུང་མ་རྣམས་ལ་བྱིན་པས་དུས་ཡུན་རིང་པོ་བསྐལ་བ་དཔག་ཏུ་མེད་པར་བརྩོ་བསྲེག་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ལ་སྦྱར་བས་ན་ད་ནི་སྔར་གནོད་པ་ཆེན་པོ་བྱས་པའི་ཁོ་ན་རྙིང་བ་རྣམས་དྲན་པར་བྱས་ཏེ་ཡིད་ཁྱོད་ཀྱིས་རང་དོན་བསྒྲུབ་པར་སེམས་པ་ཐ་ཆད་དེ་རྩ་བ་ནས་གཞོམ་པར་བྱའོ། །དེ་སྟེ་སྟེ་དེས་ན་ཞེས་དོན་ད་ཕྱིན་ཆད་བདག་ནི་གཏན་དུ་དགའ་ཞིང་བདེ་བར་འདོད་ན་རང་དོན་བསྒྲུབ་པ་ལ་བདག་གིས་དགར་ཏེ་དགའ་ཞིང་ཆགས་པར་མི་བྱ་བར་གཞན་དོན་ལ་དགའ་བར་བྱ་ཞིང་། དེ་སྟེ་བདག་ནི་སྡུག་བསྔལ་ལས་རྟག་ཏུ་བསྲུང་བར་འདོད་ན་རང་མི་བསྲུང་བར་གཞན་སེམས་ཅན་དག་དུས་རྟག་ཏུ་བསྲུང་བར་བྱེད་པ་ལ་འབད་པར་བྱའོ། །གཉིས་པ་ནི། ཚུལ་ཇི་ལྟ་ཇི་ལྟར་རང་གི་ལུས་འདི་ནི་གཅེས་པར་བཟུང་སྟེ་ཟས་ཞིམ་མངར་དང་གོས་དྲོ་འཇམ་བཟང་པོ་ལ་སོགས་པས་ཡོངས་སུ་བསྲུང་ཞིང་སྐྱོང་བར་བྱེད་པར་གྱུར་པ་དེ་ལྟར་དེ་ལྟར་ཞེས་དེ་ཙམ་དེ་ཙམ་དུ་སྡར་ཡང་ཤིན་ཏུ་ནི་བཟེ་རེ་ཅན་བཟོད་སྲན་ཤའུ་བས་ཆུང་ཞིང་གོ་ལོང་གཙང་བཙན་པས་དམ་པར་གྱུར་ཏེ་མི་རེད་མི་ཉན་པ་ཆེར་འཕེལ་བར་གྱུར་ནས་སྡུག་བསྔལ་ཆེ་བ་ཉིད་དུ་ལྟུང་བར་འགྱུར་རོ། །དེ་ལྟ་ནའང་བདག་ནོར་ལོངས་སྤྱོད་ཡོད་པས་ཅི་འདོད་བསྒྲུབ་པས་ཆོག་གོ་སྙམ་ན་དེ་ལྟར་བཟེ་རེ་ཅན་དུ་ལྟུང་བ་དེ་ཡི་ཡང་འདོད་པ་རྣམས་ས་ཆེན་པོ་འདི་ལ་གནས་པའི་འགྲོ་བ་དང་ནོར་ལོངས་སྤྱོད་ཅི་ཡོད་པ་ཐམས་ཅད་ཀྱིས་ཀྱང་རྫོགས་པར་ནུས་པ་ཡོད་པ་མིན་ན་བཟེ་རེ་ཅན་དེ་ཡི་འདོད་པ་ཐམས་ཅད་སུས་ཏེ་སུ་ཞིག་གིས་སྐོང་བར་བྱེད་ནུས་ཏེ་དཔེར་ན་རྒྱལ་པོ་ང་ལ་ནུས་གླིང་བཞིའི་བདག་པོ་དང་བརྒྱ་བྱིན་གྱི་སྟན་ཕྱེད་ཐོབ་ཀྱང་མཚིམ་པར་ལྷུང་བ་བཞིན་ནོ། །སྒྲུབ་པའི་ནུས་པ་མེད་བཞིན་དུ་འགྲུབ་པར་འདོད་པ་ལ་བརྟེན་ནས་ཉོན་མོངས་ཏེ་ངལ་ཞིང་དུབ་པའམ་ཆགས་སྡང་ལ་སོགས་པ་དང་། བསམ་པ་ཉམས་པ་སྟེ་དཀོན་མཆོག་གི་དཀོར་རྐུ་འཕྲོག་དང་དམ་པ་རྣམས་ལ་ངན་སེམས་ལ་སོགས་པའང་སྐྱེ་བར་འགྱུར་རོ། །སྐྱེས་བུ་དམ་པ་གང་ཞིག་གཉེན་གྲོགས་ལོངས་སྤྱོད་སོགས་འདོད་པའི་ཡོན་ཏན་ཀུན་ལ་རེ་འདོད་ཀྱིས་ལྟོས་པ་མེད་པ་ཉིད་དུ་གནས་པ་དེ་ཡི་འབྱོར་པའི་བདེ་བ་ཕུན་སུམ་ཚོགས་པ་ནམ་ཡང་ཟད་མི་ཤེས་པ་ཉིད་ཡིན་ཏེ། དེ་བས་ན་རང་གི་ལུས་ཀྱི་ཟས་གོས་རྒྱན་ལ་སོགས་པའི་འདོད་པ་ནི་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཕྱིར་དུ་ཟས་གོས་སོགས་ཆུང་ངུ་ཙམ་ཡང་སྒྲུབ་པའི་གོ་སྐབས་དབྱེ་བར་མི་བྱ་སྟེ་གོས་དང་ཡོ་བྱད་སོགས་གང་ཞིག་རྙེད་དཀའ་ཞིང་རིན་ཆེ་བ་ཡིད་དུ་འོང་བའི་དངོས་པོ་ལ་མཆོག་ཏུ་མི་འཛིན་པར་གང་བྱུང་དེས་ཆོག་པར་བྱེད་པ་དེའི་ལོངས་སྤྱོད་དེ་ནི་དང་པོ་བསྒྲུབ་པ་ལ་རྙེད་སླ་ཞིང་བར་དུ་ཞེན་པ་མེད་པས་བསྲུང་སླ་ཞིང་ལོངས་སྤྱད་པས་ཕན་ཐོགས་པ་དང་། མཐར་གཞན་གྱིས་བརླག་པ་སོགས་བྲལ་བ་ལ་འགྱོད་པ་དང་སྡུག་བསྔལ་མི་བསྐྱེད་ཅིང་སླར་དེ་འདྲ་རྙེད་སླ་བ་དང་འཆི་བའི་ཚེ་ན་ཡང་ཆགས་ཞེན་མེད་པ་སོགས་ཡོན་ཏན་མང་པོ་ཡོད་པས་དངོས་པོ་བཟང་པོ་ཡིན་ཏེ། བཤེས་སྤྲིང་ལས། ནོར་རྣམས་ཀུན་གྱི་ནང་ན་ཆོས་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་བ་ལགས། །ཞེས་པ་བཞིན་ནོ། །དེས་ན་ཆོག་ཤེས་འཕགས་པའི་སྤྱི་ནོར་ཡིན་པས་དེ་མེད་པར་ཆགས་ཞེན་ཆེན་དགེ་སློང་ལྷུང་བཟེད་ལ་ཆགས་ནས་སྤྲུལ་དུ་སྐྱེས་པ་དང་། ཆོས་གོས་ལ་ཆགས་པས་འདྲེར་སྐྱེས་པ་དང་། བྱིས་པ་ཆུང་ངུ་ལྭ་བ་ལ་ཆགས་པས་ཡིད་དྭགས་ལྭ་བ་ཅན་དུ་སྐྱེས་པ་སོགས་ཀྱི་ལོ་རྒྱུས་མཐའ་ཡས་པ་ཡོད་དོ། །ལོངས་སྤྱོད་ལ་མི་ཞེན་པ་ཡང་རང་གི་ལུས་ལ་ཞེན་ནས་ཅིའི་ཕྱིར་མི་འཛིན་སྙམ་ན། རང་གི་ལུས་འདི་ནི་ད་ལྟ་འདི་ལྟར་བསྲུངས་ཤིང་བསྐྱངས་ཀྱང་ཐ་མར་ཤི་བ་ན་མེར་བསྲེགས་ནས་ཐལ་པའི་མཐར་གཏུགས་ཤིང་སྟེ་ཐལ་ཕུང་དུ་འགྱུར་ཞིང་ད་ལྟ་གསོན་པ་ནའང་རང་གི་ངོ་བོ་བེམ་པོ་ཡིན་པས་མི་གཡོ་ཞིང་རླུང་སེམས་གཞན་གྱིས་བསྐྱོད་པར་བྱ་བའམ་ཡང་ན་ཤི་ཚེ་མི་གཡོ་ཞེས་རང་ལ་གཡོ་བའི་ནུས་པ་མེད་པས་གཞན་གྱིས་བསྐྱོད་པར་བྱ་དགོས་པ་མི་གཙང་བ་སྣ་ཚོགས་ལས་གྲུབ་པའི་གཟུགས་ནི་མི་བཟད་པ་འཇིགས་སུ་རུང་བ་འདི་ལ་ཅི་ཡི་ཕྱིར་ན་བདག་ཏུ་འཛིན་ཏེ་འཛིན་མི་རིགས་སོ། །ད་ལྟ་གསོན་ནམ་ཐ་མར་ཡང་ན་ཤི་ཡང་བླའི་ཡིད་བདག་ལ་མི་གཙང་རུལ་བའི་འཁྲུལ་འཁོར་འདིས་ཅི་ཞིག་བྱ་སྟེ། དམ་པའི་ཆོས་ལ་མ་སྦྱར་ན་བོང་བ་དང་མགལ་དུ་མ་ལ་སོགས་པ་དང་རང་གི་ལུས་འདི་ལ་ཁྱད་པར་ཅི་ཞིག་ཡོད་དེ་ཁྱད་པར་ཅི་ཡང་མེད་ན་ཀྱི་ཧུད་ཡིད་ཁྱོད་འདི་ནི་བདག་གམ་བདག་གི་ལུས་སོ་སྙམ་པའི་ང་རྒྱལ་བ་ཅིའི་ཕྱིར་སེལ་བར་མི་བྱེད་དེ་བྱེད་དགོས་སོ། །ལུས་འདི་ཉིད་ཀྱི་ཁ་ཏ་སྟེ་ཁ་ཟས་རྒྱབ་གོས་ལ་སོགས་པའི་དོན་དུ་ཚོང་སོ་ནམ་དཀོར་གདུལ་བྱ་སོགས་བྱས་པ་ཡིས་ཐར་པ་འཐོབ་པའི་དོན་མེད་བཞིན་དུ་འདི་ཕྱི་གཉིས་ཕུང་གི་སྡུག་བསྔལ་གྱི་རྒྱུ་མང་པོ་ཉེར་ཏེ་ཉེ་བར་བསགས་ནས་རང་ཕྱོགས་ལ་རྗེས་སུ་ཆགས་པ་དང་གཞན་ཕྱོགས་ལ་ཁོང་ཁྲོ་བ་དང་བཅས་པས་ཤིང་སྡོང་རུལ་བ་དང་མཚུངས་པའི་ལུས་འདི་ལ་ཞེན་ཅིང་ཆགས་ཏེ་བསྲུང་བས་ཅི་ཞིག་བྱ་སྟེ་དགོས་པ་ཅི་ཡང་མེད་དོ། །ད་ལྟ་གསོན་པ་ན་བདག་གིས་འདི་ལྟར་ཟས་གོས་སོགས་ཀྱིས་བསྐྱངས་པའམ་ཐ་མར་ཤི་བ་ན་བྱ་རྒོད་སོགས་ཀྱིས་ཧབ་ཐོབ་ཏུ་ཟོས་ཀྱང་རུང་ལུས་བེམ་པོ་འདི་ནི་བསྐྱངས་པ་ལ་ཆགས་ཤིང་དགའ་བ་མེད་པ་དང་ཟོས་པ་ལ་ཞེ་སྡང་ཞིང་མི་དགའ་བ་ཡོད་པ་མིན་ན་རྒྱུ་མཚན་ཅི་སྟེ་ཕན་གནོད་མི་ཤེས་པའི་ལུས་དེ་ལ་ཞེན་ཅིང་ཆགས་པར་བྱེད་དེ་བྱེད་མི་རིགས་པའོ། །དེས་ན་གཞན་གང་ཞིག་ལུས་སྨོད་པས་ཁྲོ་ཞིང་སྡང་བ་དང་གང་ཞིག་བསྟོད་པས་མགུ་ཞིང་ཆགས་པར་འགྱུར་བ་དག་གལ་ཏེ་ལུས་བེམ་པོ་དེ་ཉིད་ཀྱིས་ཅི་ཡང་ཤེས་པ་མེད་ན་ཡིད་བདག་གིས་ལུས་གང་གི་དོན་དུ་བསྟོད་སྨད་ལ་ཆགས་སྡང་གི་སྒོ་ནས་ངལ་བ་བྱས་པ་དོན་ཅི་ཡང་མེད་དོ། །རང་གི་ལུས་ལ་ལྷག་པར་ཆགས་ཤིང་དགའ་ནས་བསྲུང་བ་མ་ཡིན་གྱི། སེམས་ཅན་གཞན་གང་ཞིག་བདག་གི་ལུས་འདི་ལ་དགའ་ཞིང་འདོད་པར་གྱུར་པ་དེ་དང་བདག་རང་གཉིས་མཛའ་བཤེས་ཡིན་པས་ལུས་འདི་བསྲུང་བ་ཡིན་ནོ་ཞེ་ན་འོ་ན་ཐ་ན་སྲིན་བུ་ཡན་ཆད་སེམས་ཅན་ཐམས་ཅད་ཀྱིས་དང་རང་གི་ལུས་ལ་དགའ་ཞིང་འདོད་པས་ན་སེམས་ཅན་དེ་རྣམས་ཀྱི་ལུས་ལའང་བདག་ཀོ་ཅིས་ཏེ་བདག་གི་ལུས་སོ་ཞེས་ཅིས་མི་དགའ་སྟེ་དགའ་བར་བྱས་ནས་རང་གི་ལུས་བཞིན་དུ་བསྲུང་བར་བྱ་དགོས་སོ། །འདིའི་གནད་ཀྱང་བདག་གཞན་མཉམ་པའི་སྐབས་སུ་བཤད་པ་བཞིན་དུ་དོན་ལ་བདག་གཞན་གྱི་དབྱེ་བ་མེད་པས་ལུས་ལ་ཡང་བདག་གཞན་གྱི་ལུས་ཞེས་དབྱེ་བ་མེད་པས་ཡིན་ནོ། །རང་དོན་དུ་ལུས་ལ་ཞེན་པར་མི་རིགས་པ་དེ་བས་ན་ཡིད་བདག་གིས་ནམ་ཡང་ཆགས་པ་མེད་པར་འགྲོ་བ་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར་དུ་ལུས་འདི་ལ་ཆགས་ཤིང་ཞེན་པ་མེད་པར་དེ་དག་གི་བྲན་ནམ་ཡོ་བྱད་དུ་གཏང་བར་བྱ་ཞིང་གཞན་ལ་ཕན་པའི་དོན་དུ་མཁོ་བ་དེས་ན་ལུས་འདི་ལ་མི་གཙང་བས་གང་ཞིང་ཟས་གོས་ལོངས་སྤྱོད་སྒྲུབ་པས་སྡིག་དང་སྡུག་བསྔལ་མང་པོའང་འབྱུང་བས་ཉེས་པ་མང་པོ་ཡོད་ན་ཡང་དཔེར་ན་མགར་བ་དང་ཤིང་བཟོ་ལ་སོགས་པ་ལས་བྱེད་པ་པོ་རྣམས་ཀྱི་ལག་ཆའམ་སྤྱད་པ་བཞིན་དུ་མཁོ་བར་བསམ་སྟེ་གཟུང་ཞིང་བསྲུང་བར་ཡང་བྱ་སྟེ། ཇི་སྐད་དུ། ཉེས་ན་འཁོར་བའི་གཏིང་རྡོ་ལུས་འདི་ཡིན། །ལེགས་ན་ཐར་པའི་གྲུ་གཟིངས་ལུས་འདི་ཡིན། །དགེ་སྡིག་ཀུན་གྱི་གཡོག་པོ་ལུས་འདི་ཡིན། །ཞེས་པ་ལྟར་ཉེས་པ་མང་ཡང་དགེ་བའི་ལས་སུ་མཁོ་བ་ཡང་ཡིན་པས་ལུས་འདི་དགོས་པ་ལ་སྦྱར་བར་བྱའོ། །གསུམ་པ་ཏིང་ངེ་འཛིན་སྒྲུབ་པའི་ཐབས་ལ་གདམས་པ་ནི་ཉོན་མོངས་པ་སྤོང་བ་ལ་སེམས་མཉམ་པར་འཇོག་དགོས་པ་དེ་བས་ན་ད་སྔ་ཡན་ཆད་སོ་སོའི་སྐྱེ་བོའི་སྤྱོད་པ་དགྲ་འདུལ་གཉེན་སྐྱོང་ཚོང་དང་སོ་ནམ་རྙེད་བཀུར་སྙན་གྲགས་ལ་སོགས་པ་བྱིས་པའི་སྤྱོད་པ་སྔར་མང་དུ་སྤྱད་པས་ཆོག་ཅིང་དགོས་པ་མེད་པས་ད་ནི་བདག་གིས་མཁས་པའི་དབང་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་བསྙགས་པའམ་ཞུགས་ཏེ་དེ་དག་གི་རྗེས་སུ་སློབ་པར་ཁས་བླང་བ་བཞིན་དུ་སྒོ་གསུམ་གྱི་སྤྱོད་པ་བག་ཡོད་པའི་གཏམ་བསྒྲུབ་བྱ་བསླབ་པ་ལ་བསམ་སྟེ་བག་ཡོད་པར་བྱ་བ་ལ་སོགས་པ་ནི་དྲན་པར་བྱས་ནས་ཏིང་ངེ་འཛིན་གྱི་འགལ་ཟླ་གཉིད་དང་རྨུགས་པ་དང་། རྒོད་འགྱོད་དང་། འདོད་པའི་འདོད་ཆགས་དང་ཁོང་ཁྲོ་བ་དང་། ཐེ་ཚོམ་སྟེ་བསམ་གཏན་གྱི་སྒྲིབ་པ་ལྔ་སོགས་བཟློག་ཅིང་སྤོང་བ་ལ་འབད་པར་བྱའོ། །རྒྱལ་སྲས་ཐུགས་རྗེ་ཆེ་བ་སྟེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་ཏིང་ངེ་འཛིན་བསྒོམ་པའི་རྣམ་ཐར་ལྟར་ཏེ་ཇི་ལྟ་བར་རིགས་པའི་ལས་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པ་ལ་སྙིང་སྟོབས་སམ་སྲན་ནི་བརྟན་པོར་གཟུགས་པར་བྱ་སྟེ་ཉིན་དང་མཚན་ཕྱེད་པའམ་རངས་པར་མ་འབད་ན་བདག་གི་ཁམས་གསུམ་འཁོར་བའི་སྡུག་བསྔལ་ནམ་ཞིག་མཐར་ཕྱིན་ཏེ་ཟད་པར་དཀའ་བས་ན་ཉིན་མཚན་མེད་པར་བརྩོན་པས་འབད་པར་བྱ་དགོས་སོ། །ཐར་པ་ཐོབ་པའི་དོན་དུ་འབད་དགོས་པ་དེ་བས་ན་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤོང་བའམ་བསལ་བར་བྱ་བའི་ཕྱིར་དུ་ཕྱིན་ཅི་ལོག་ཏུ་གྱུར་པའི་འཁྲུལ་བའི་སྣང་བ་མི་བདེན་པ་ལ་བདེན་པར་འཛིན་པའི་ལམ་ངན་པ་ལས་རང་གི་སེམས་བླན་ཞིང་བཀུག་སྟེ་ཡང་དག་པའི་དམིགས་པ་ཆོས་ཀྱི་དབྱིངས་ལ་དུས་རྟག་པར་ཡང་བདག་གིས་ཞི་ལྷག་ཟུང་འཇུག་གི་ངང་ནས་རྩེ་གཅིག་ཏུ་མཉམ་པར་བཞག་པ་ལ་བརྩོན་ཞིང་འབད་པར་བྱའོ། །ལེའུའི་མཚན་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བསམ་གཏན་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བརྒྱད་པའོ།། ༈ །།གསུམ་པ་དོན་དམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གོང་ནས་གོང་དུ་སྤེལ་བར་བྱེད་པ་ཤེས་རབ་ཀྱི་ལེའུ་ལ་གཞུང་དང་། མཚན་ནོ། །དང་པོ་ཤེས་རབ་བསྐྱེད་པ་མདོར་བསྟན་པ། དེ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། གོང་དུ་ཇི་སྐད་བཤད་པའི་སྦྱིན་སོགས་སྔ་མ་སྔ་མ་ལ་བརྟེན་ནས། ཕྱི་མ་ཕྱི་མ་རྣམས་སྐྱེ་ཚུལ་གྱི་དབང་དུ་བྱས་ཏེ། གཙོ་བོ་བསམ་གཏན་ལ་བཤད་པ་དང་། འདིར་རྗེ་འཇམ་དབྱངས་བླ་མའི་གསུང་གཞིར་བཞག་སྟེ་སྦྱིན་སོགས་བསམ་གཏན་གྱི་བར་ཕར་ཕྱིན་ལྔས་བསྡུས་པའི་ཐབས་ཀྱི་རྣམ་པ་ཇི་སྙེད་པའི་ཡན་ལག་འདི་དག་ཐམས་ཅད་ནི་ཐུབ་པས་ཏེ་ཐུབ་པ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དངོས་རྒྱུ་ཐུན་མོང་མ་ཡིན་པ་ལམ་གྱི་གཙོ་བོ་ཤེས་རབ་ཡིན་ལ་དེས་སྒྲིབ་གཉིས་སྤོང་ཞིང་མཁྱེན་གཉིས་ཀྱི་ཡེ་ཤེས་མཐར་ཐུག་པ་མངོན་དུ་འགྱུར་པར་བྱེད་ལ་དེའི་གྲོགས་སམ་དོན་དུ་གསུངས་པ་ཡིན་ཏེ་དཔེར་ན་རྒྱལ་པོ་གཡུལ་དུ་ཆས་པ་ན་དཔུང་གི་ཚོགས་བཞི་ཡང་རྒྱལ་པོའི་དོན་ནམ་གྲོགས་སུ་འགྲོ་བ་བཞིན་ནོ། །དེ་སྐད་དུ་ཡང་རྒྱལ་ཡུམ་སྟོང་ཕྲག་བརྒྱ་བ་ལས། ཆུ་ཀླུང་ཇི་སྙེད་པ་ཐམས་ཅད་གངྒཱར་ཞུགས་ཤིང་འགྲོགས་ནས་རྒྱ་མཚོ་ཆེན་པོར་འདོང་པ་བཞིན་དུ་ཕར་ཕྱིན་ལྔ་ཡང་ཤེར་ཕྱིན་གྱིས་ཟིན་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ག་ལ་བ་དེར་འདོང་ངོ་ཞེས་པ་ལ་སོགས་པ་དང་། ཡོན་ཏན་ཐམས་ཅད་སྡུད་པ་རིན་པོ་ཆེར་ཡང་། དམུས་ལོང་དམིགས་བུ་བྱེད་པ་བྱེ་བ་ཁྲག་ཁྲིད་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་བ། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་འཐོབ་བོ། །ཞེས་རྒྱལ་ཡུམ་རྒྱས་འབྲིང་བསྡུས་པ་སོགས་ལས་རྒྱ་ཆེར་གསུངས་པ་བཞིན་ནོ། །མདོར་ན་ལམ་གྱི་གཙོ་བོ་ཤེས་རབ་མེད་དུ་མི་རུང་བ་ཡིན་ནོ་ཞེས་དོན་ཆེན་པོར་བསྟན་པ་ཡིན་ཅིང་འདིར་ཡང་དེ་ལྟར་ཡན་ལག་ཅེས་པ་དང་དོན་དུ་ཞེས་པའི་ཚིག་གིས་ནུས་པས་ཤེས་རབ་ཉིད་གཙོ་བོར་བསྟན་པ་ཙམ་ཡིན་ལ། ཤེས་རབ་ཀྱི་ཕར་ཕྱིན་དེ་ལ་ཡང་། བརྒྱད་སྟོང་དོན་བསྡུས་ལས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །སྒྲུབ་བྱའི་དོན་དེ་དང་ལྡན་པའི། །གཞུང་ལམ་གཉིས་ལ་དེ་སྒྲ་ཡིན། །ཞེས་གསུངས་པ་ལྟར་འབྲས་བུའི་ཤེར་ཕྱིན་འཐོབ་པའི་ཆེད་དུ། གཞུང་ཤེར་ཕྱིན་ལ་ཚུལ་བཞིན་དུ་ཐོས་བསམ་བྱས་ནས་ལམ་ཤེར་ཕྱིན་ཐབས་ཀྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པས་ཐབས་ཤེས་ཡ་མ་བྲལ་བའི་སྒོ་ནས་ཉམས་སུ་ལེན་ཞིང་བསྒོམ་པར་བྱ་དགོས་སོ། །ཇི་སྐད་བཤད་པའི་རྒྱུ་མཚན་དེ་ཡི་ཕྱིར་ན་རང་གཞན་གྱི་སྲིད་པའི་སྡུག་བསྔལ་མཐའ་དག་རྩ་བ་ནས་ཞི་བར་འདོད་པས་ཏེ་འདོད་པ་རྣམས་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དེ་འབད་པས་བསྐྱེད་པར་བྱ་སྟེ། དེའང་རང་གིས་སྟོང་ཉིད་རྟོགས་པ་ན། བྱང་ཆུབ་སེམས་འགྲེལ་ལས། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱིས། །སྟོད་པ་ཉིད་ལ་གོམས་བྱས་ན། །བློ་ནི་གཞན་དོན་ལ་དགའ་བར། །འགྱུར་བ་ཉིད་དུ་དཀའ་བ་མེད། །ཅེས་དང་། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཞེས་སྟོང་ཉིད་རྟོགས་པ་སྙིང་རྗེ་སྐྱེ་བ་དུས་མཉམ་ཡིན་པར་རྒྱལ་བ་སྲས་བཅས་ཀྱིས་གསུངས་པས་སྙིང་རྗེས་གཞན་ལའང་སྟོང་པ་ཉིད་བསྟན་པའི་སྒོ་ནས་རང་གཞན་གྱི་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་བས་སོ། །གཉིས་པ་ལ། ལྟ་བས་གཏན་ལ་ཕབ་པ་དང་། །བསྒོམ་པས་ཉམས་སུ་བླང་བ། །གཏན་ཚིགས་ཀྱིས་སྒྲོ་འདོགས་བཅད་པ། །སྟོང་ཉིད་རྟོགས་པའི་བྱེད་ལས་དང་བཞི་ལས། དང་པོ་ལ་ཡང་། བདེན་གཉིས་རྣམ་པར་བཞག་པ། དེ་ལ་རྩོད་པ་སྤོང་བ། ཐེག་ཆེན་མཆོག་ཏུ་བསྒྲུབ་པ་དང་གསུམ་ལས། དང་པོ་ལ། བདེན་གཉིས་ཀྱི་དབྱེ་བ། བདེན་གཉིས་ཀྱི་མཚན་ཉིད། བདེན་གཉིས་གཏན་ལ་འབེབས་པའི་གང་ཟག་དང་གསུམ་ལས། དང་པོ་ནི། འདི་ལྟར་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་དག་ཐམས་ཅད་ལ་སྣང་ཚུལ་ཆོས་ཅན་ཇི་སྙེད་པ་སྣང་ཙམ་ཀུན་རྫོབ་ཀྱི་བདེན་པ་དང་ནི། གནས་ཚུལ་ཆོས་ཉིད་ཇི་ལྟ་བ་སྟོང་ཉིད་དོན་དམ་གྱི་བདེན་པ་སྟེ་འདི་དག་ནི་རིམ་པ་ལྟར་དེ་དང་དེའི་ངོར་བསླུ་བ་མེད་པས་བདེན་པ་གཉིས་སུ་གནས་པར་འདོད་ལ། དེ་ཡང་དོན་དམ་པར་ཐ་དད་པ་དང་། ཀུན་རྫོབ་ཏུ་གཅིག་ཡིན་ན་སྐྱོན་བཞི་བཞི་དག་གིས་གནོད་པར་འགྱུར་བ་དང་གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དུ། དགོངས་པ་ངེས་འགྲེལ་ལས་གསུངས་པ་བཞིན་ཤེས་པར་བྱའོ། །གཉིས་པ་ནི། དེའི་ཕྱིར་དངོས་པོའི་གནས་ཚུལ་དོན་དམ་པ་ནི་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་མིན་གྱི་མཐའ་ཀུན་དང་བྲལ་བས་ན་བློ་ཡི་སྤྱོད་ཡུལ་མིན་ཏེ་ཡོད་མེད་ལ་སོགས་པར་རྟོག་པའི་བློ་དང་བརྗོད་པའི་སྒྲ་ནི་ཀུན་རྫོབ་ཡིན་པར་བརྗོད་ཀྱི་དོན་དམ་པ་མ་ཡིན་པའི་ཕྱིར་རོ། །དེས་ན། བློ་འདས་སྨྲ་བསམ་བརྗོད་མེད་དོན་མེད་བདེན་པའི་མཚན་ཉིད་དང་། བློ་འཁྲུལ་པ་ཡུལ་དང་བཅས་པ་ཀུན་རྫོབ་བདེན་པའི་མཚན་ཉིད་དུ་རིག་པར་བྱའོ། །མདོར་ན་གནས་ལུགས་མཐར་ཐུག་པའི་དབང་དུ་ན་ཀུན་རྫོབ་ཏུ་ཡོད་པ་དང་དོན་དམ་པར་མེད་པ་ཞེས་ཡོད་པ་དང་མེད་པའི་མཚན་ཉིད་གཉིས་སོ་སོར་ཕྱོགས་སུ་ཆད་དེ་གནས་པ་མ་ཡིན་ཏེ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་ཉིད་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་གསུངས་པས་ན་སྣང་སྟོང་ཟུང་དུ་འཇུག་པའི་ཆོས་ཀྱི་དབྱིངས་སྒྲོ་འདོགས་ཀྱི་མཐའ་བཞི་དང་བརྒྱད་དང་སོ་གཉིས་དང་བྲལ་བས་སྨྲ་བསམ་བརྗོད་དུ་མེད་པས་བློ་ལས་འདས་པའི་ཡེ་ཤེས་སོ་སོ་རང་རིག་པ་ཉིད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཐར་ཐུག་པ་རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པ་ཡིན་ལ། བློས་འདི་དང་འདིའོ་ཞེས་དམིགས་ཤིང་འདུ་བྱེད་པ་དང་། སྒྲས་འདི་དང་འདིའོ་ཞེས་གང་བརྗོད་པ་སེམས་དང་ངག་གི་སྤྱོད་ཡུལ་དུ་གྱུར་པའི་ཆོས་དེ་ནི་བརྟགས་ན་རྣམ་པར་དབེན་པས་སྒྱུ་མ་བཞིན་དུ་སྟོང་པ་ཡིན་གྱི་དཔྱད་བཟོད་པ་ནམ་ཡང་མི་སྲིད་དོ། །དེས་ན་བཅོམ་ལྡན་འདས་ཀྱིས་མདོ་ལས། ལྷའི་བུ་གལ་ཏེ་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་ཡུལ་དུ་གྱུར་ན་དེ་དོན་དམ་པའི་གྲངས་སུ་མི་འགྲོ་ཞིང་། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །ལྷའི་བུ་འོན་ཀྱང་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ་དང་། ཡང་དག་པར་མ་སྐྱེས་པ་དང་། མ་འགགས་པ་དང་། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་། ཤེས་བྱ་དང་། ཤེས་བྱེད་དང་བྲལ་བ་ཡིན་ཏེ། ཇི་སྲིད་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པ་ནི་དོན་དམ་པའི་བདེན་པ་ཡིན་ནོ། །ཞེས་སོ། །དེ་ལ་འདིར་ཆོས་ཉིད་ཤེས་བྱ་མིན་པར་བརྗོད་པ་དང་། ཆོས་ཉིད་སྤྲོས་པ་ཐམས་ཅད་ལས་འདས་པས་ན། དེ་ནི་བློས་དམིགས་པར་བྱར་མེད་པས་ཡིན་ཏེ། གང་ཡུལ་དང་ཡུལ་ཅན་དུ་མ་གྱུར་ཅིང་མཚན་མ་གང་དུའང་མ་གྲུབ་པ་ཡང་དག་པར་ན་ཇི་ལྟར་ཤེས་བྱ་ཞེས་བརྗོད་དེ། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། ཞེས་པ་བཞིན་ནོ། །དེ་ལྟ་ནའང་ཐ་སྙད་དུ་ནི་འཕགས་པའི་མཉམ་བཞག་ཡུལ་ཅན་དང་། ཆོས་ཀྱི་དབྱིངས་ཡུལ་དུ་བྱས་པ་ལ་བརྟེན་ནས་ཤེས་བྱ་ཡིན་ནོ་ཞེས་བརྗོད་དུ་རུང་སྟེ། ཇི་སྐད་དུ། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། དེ་ཚེ་རྣམས་རྟེན་ལས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་པ་དེ་ཡིས་ཡུལ། དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་ཉེ་བར་བརྟེན་ནས་རིགས་པ་ཡིན། ཞེས་གསུངས་པ་ལྟར་རོ། །ཡང་བདེན་གཉིས་ཀྱི་དབྱེ་གཞི་ཤེས་བྱ་ཡིན་པས་དོན་དམ་ཤེས་བྱར་ཁས་བླང་བ་དེ་ཡང་རྣམ་གཅོད་དུ་ཡིན་ལ། འདིར་ཤེས་བྱ་མིན་པ་ནི་ཡོངས་གཅོད་དུ་ཡིན་པས་མི་འགལ་ཏེ་དོན་ལ་རྟོན་པར་བྱའོ། །གསུམ་པ་ནི། དེ་འདྲའི་བདེན་པ་གཉིས་པོ་དེ་ལ་རྟོག་པར་བྱེད་པ་པོའི་ཕྱོགས་སམ་སྡེར་གྱུར་བའི་འཇིག་རྟེན་རྣམ་པ་གཉིས་སུ་མཐོང་སྟེ། གང་ཞེ་ན། ཞི་ལྷག་གི་ཡོན་ཏན་དང་ལྡན་པ་རྣལ་འབྱོར་འཇིག་རྟེན་པ་དང་། མི་ལྡན་པ་འཇིག་ཕལ་པའོ་ཞེས་གཉིས་ཡོད་དོ། །དེ་ལ་འཇིག་རྟེན་ཕལ་པ་ལའང་གྲུབ་མཐས་བློ་མ་བསྒྱུར་བ་དང་། བསྒྱུར་བའི་འཇིག་རྟེན་གཉིས་ལས། དང་པོ་ནི། ཐོག་མེད་ནས་ངའོ་ཞེས་ཡོད་པར་རློམ་ནས་བདག་གི་ལུས་ཞེས་རིལ་བོ་གཅིག་པུ་དང་སེམས་རྟག་པ་ལ་སོགས་པར་བལྟ་བ་དང་། གཉིས་པ་གྲུབ་མཐས་བློ་བསྒྱུར་བའི་ཕྱི་རོལ་མུ་སྟེགས་པ་ལ་དབྱེ་སྒོ་མང་ཡང་རྟག་ཆད་གཉིས་སུ་འདུ་བས་གཙོ་བདག་སོགས་རྟག་པར་འདོད་པས་རྟག་པར་ལྟ་བ་དང་། ཚེ་སྔ་ཕྱི་ལས་རྒྱུ་འབྲས་སོགས་མེད་པ་འདོད་པས་ཆད་པར་ལྟ་བ་སྟེ་དེ་དག་རྣམས་ཀྱི་འདོད་པ་ལ་ནི་རིམ་པར་ནང་པ་སངས་རྒྱས་པའི་རྣལ་འབྱོར་འཇིག་རྟེན་གྱིས་ཏེ་དེའི་རིགས་པ་ལུས་ཆ་ཤས་དུ་མ་དང་ལྡན་པས་རིལ་བོ་གཅིག་མ་ཡིན་པ་དང་། སེམས་གཞན་དང་གཞན་དུ་མི་རྟག་པར་བསྟན་པ་ལ་སོགས་པས་གནོད་ལ། རྟག་ཆད་འགོག་པའི་རིགས་པ་འཆད་པར་འགྱུར་བ་ལ་སོགས་པས་གནོད་ཅིང་། རྣལ་འབྱོར་འཇིག་རྟེན་དེ་ལའང་གྲུབ་མཐའ་སྨྲ་བ་བཞི་ཡོད་པ་ལས་དང་པོ་ཕྱི་དོན་འདོད་ཅིང་རང་རིག་མི་འདོད་པ་ཉན་ཐོས་བྱེ་བྲག་སྨྲ་བས་ནི་ཤེས་བྱ་གཞི་ལྔ་དང་དུས་གསུམ་རྫས་སུ་གྲུབ་པ་དང་དབང་པོས་ཡུལ་དངོས་དུས་མཉམ་པར་རིག་པ་ལས། ཤེས་པས་ཡུལ་དང་རང་མི་རིག་པ་ལ་སོགས་པའི་འདོད་པའི་ཁྱད་པར་མང་ཞིང་བདེན་གཉིས་ཀྱི་འཇོག་ཚུལ་ཡང་། མངོན་པ་མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་གཟུགས་སོགས་བེམ་པོ་དང་མིག་ཤེས་སོགས་ཤེས་པ་གང་ལ་རིམ་པ་ལྟར་ཐོ་བ་སོགས་ཀྱིས་བཅོམ་པ་དང་། བློ་ཡིས་ཆ་གཞན་དང་གཞན་དུ་བསལ་བར་བྱས་སྟེ་གཞོམ་ཞིང་གཞིག་པར་བྱ་ནུས་པའི་རགས་པ་རྣམས་ཀུན་རྫོབ་ཏུ་ཡོད་པ་དང་། གཞོམ་གཞིག་མི་ནུས་པའི་གཟུགས་མཐའ་རྡུལ་ཕྲ་རབ་ཆ་མེད་དང་། ཤེས་མཐའ་དུས་མཐའི་སྐད་ཅིག་ཆ་མེད་དུ་གྲུབ་པ་གཉིས་དོན་དམ་དུ་ཡོད་པར་འདོད་ལ། འདི་མདོ་སྡེ་བ་དང་ཡང་ཐུན་མོང་ཡིན་ནོ། །གཉིས་པ་ཕྱི་དོན་དང་རང་རིག་གཉིས་ཀ་འདོད་པ་མདོ་སྡེ་པས་ནི། སྣང་བ་བློ་ཡུལ་ལྐོག་གྱུར་དང་། མི་ལྡན་པ་ཀུན་བཏགས་དང་། མྱང་འདས་དངོས་མེད་ཅེས་དེ་དག་བཏགས་པ་ཙམ་དང་ཤེས་པས་རང་དང་ཡུལ་རིག་པར་འདོད་པ་ལ་སོགས་པའི་ཁྱད་པར་དང་བདེན་པ་གཉིས་ལས་ཀུན་རྫོབ་རང་ལའང་ཐ་སྙད་དུ། ཇི་སྐད་དུ། ཚད་མ་རྣམ་འགྲེལ་ལས། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་དེ། །དེ་དག་རང་སྤྱིའི་མཚན་ཉིད་འདོད། །ཅེས་བེམ་ཤེས་གང་ཡང་དོན་བྱེད་པའི་རང་མཚན་རྣམས་དོན་དམ་དང་། དོན་བྱེད་མི་ནུས་པའི་སྤྱིར་མཚན་སོགས་ཀུན་རྫོབ་སྟེ། རང་མཚན་དང་དངོས་པོ་དང་། མི་རྟག་པ་དང་དོན་བྱེད་ནུས་པ་དང་དོན་དམ་པ་རྣམས་དོན་གཅིག་དང་། སྤྱི་མཚན་དང་དངོས་མེད་དང་། རྟག་པ་དང་། དོན་བྱེད་མི་ནུས་པ་དང་ཀུན་རྫོབ་རྣམས་དོན་གཅིག་ཏུ་འདོད་པའི་བྱེ་བྲག་གི་ཐ་སྙད་དོན་མཐུན་གྱི་རིགས་འགའ་ཞིག་གིས་བྱེ་བྲག་སྨྲ་བ་ལ་གནོད་ཅིང་གཉིས་ཀས་ཆ་མེད་གཉིས་དོན་དམ་དུ་འདོད་པ་ལ་ཡང་སེམས་ཙམ་པས་གནོད་དོ། །གསུམ་པ་ཕྱི་དོན་མི་འདོད་ཅིང་རང་རིག་དོན་དམ་དུ་འདོད་པ་སེམས་ཙམ་པས་བྱེ་མདོ་གཉིས་ཀྱིས་ཕྱི་གཟུང་བ་རྡུལ་ཕྲ་རབ་ཆ་མེད་དོན་དམ་དུ་འདོད་པ་ལ་ནི། དབྱིག་གཉེན་ཞབས་ཀྱིས། དྲུག་གིས་གཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་རྡུལ་གཅིག་ལ་སྟེང་འོག་དང་ཕྱོགས་བཞིའི་རྡུལ་དྲུག་གིས་སྦྱང་བ་ན་དབུས་རྡུལ་ལ་ཆ་ཡོད་དམ་མེད། ཡོད་ན་ཆ་མེད་དེ་ཡང་ཆ་དྲུག་ཏུ་འགྱུར་ཞིང་། མེད་ན་རྡུལ་ཇི་ཙམ་ཚོགས་ཀྱང་ཆ་མེད་གཅིག་ཏུ་འགྱུར་བས་རི་ལ་སོགས་པའི་གོང་བུའང་ཕྲ་རྡུལ་དུ་འགྱུར་ཞིང་རགས་པར་རྩོམ་དུ་མི་རུང་བས་སྣང་བ་རྒྱུན་ཆད་པར་འགྱུར་བས་གནོད་པ་དང་། ནང་འཛིན་པ་ཤེས་པ་སྐད་ཅིག་ཆ་མེད་དོན་དམ་དུ་འདོད་པ་ལའང་། ༀ་ཨཱཿཧཱུྃ་ལྟ་བུ་ཤེས་པའི་ཤེས་པ་ལ་ༀ་དང་ཨ་ཤེས་པ་སྐད་ཅིག་མ་སྔ་ཕྱི་གཉིས་འཕྲད་དམ་མ་འཕྲད། མ་འཕྲད་ན་བར་དེར་ཤེས་པ་མེད་པས་ཤེས་པ་རྒྱུན་ཆད་པ་དང་སྔ་ཕྱིའི་ཤེས་པ་མ་འབྲེལ་བར་འགྱུར་བ་དང་། འཕྲད་ནའང་འཕྲད་མ་འཕྲད་ཀྱི་ཆ་ཡོད་དམ་མེད་ཡོད་ན་ༀ་ཤེས་པའི་སྔ་ཆ་ཨ་ཤེས་པ་དང་མ་འཕྲད་པའི་ཆ་དང་ཕྱི་ཆ་འཕྲད་པའི་ཆ་གཉིས་དང་ཨ་ཤེས་པའི་སྔ་ཆ་ༀ་ཤེས་པ་དང་འཕྲད་པ་དང་ཕྱི་ཆ་མ་འཕྲད་པའི་ཆ་གཉིས་གཉིས་ཏེ་ཆ་བཞི་ལ་སོགས་པའི་དུ་མར་འགྱུར་བས་ཆ་མེད་མི་འགྲུབ་ལ་འཕྲད་མ་འཕྲད་ཀྱི་ཆ་མེད་ན་གཅིག་ཏུ་འགྱུར་ཞིང་སྐད་ཅིག་སྔ་ཕྱིའི་ཆ་མེད་པས་ཤེས་པ་རྟག་པ་ཉིད་དུ་ཁས་བླང་བའི་སྐྱོན་སོགས་ཀྱིས་གནོད་པར་འགྱུར་རོ། །དེས་ན་གང་ཡུལ་དུ་སྣང་བ་ཐམས་ཅད་རང་གི་སེམས་ཉིད་དེར་སྣང་བ་ལས་གཞན་དུ་མེད་པ་རྨི་ལམ་གྱི་རྟ་གླང་ལ་སོགས་པའི་སྣང་བ་བཞིན་དུ་སྣང་བ་ཐམས་ཅད་སེམས་སུ་འདོད་སེམས་དེ་ཡང་གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་ཙམ་དོན་དམ་དུ་འདོད་པ་འདིའི་ལུགས་ལའང་བདེན་གཉིས་ཀྱི་འཇོག་ཚུལ། ཤེས་བྱ་ཐམས་ཅད་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་དུ་བསྡུས་པས་གཟུང་འཛིན་རྒྱང་ཆད་དུ་སྣང་བའི་ཀུན་བརྟགས་ཀུན་རྫོབ་དང་། གཉིས་སྟོང་གི་ཤེས་པ་གཞན་དབང་ཉིད་སྣང་ཚུལ་དབང་བཙན་དུ་བྱས་ན་ཀུན་རྫོབ་དང་། གནས་ཚུལ་དབང་བཙན་དུ་བྱས་ན་ཆོས་ཅན་དོན་དམ་དང་། ཡོངས་གྲུབ་ནི་དོན་དམ་པ་ཁོ་ནའོ། །འདིས་རང་རིག་བདེན་གྲུབ་ཏུ་འདོད་པ་འགོག་པར་བྱེད་པའི་དབུ་མའི་རིགས་པའི་གནོད་པ་འཆད་འགྱུར་བཞིན་ནོ། །ཕྱི་དོན་དང་རང་རིག་གཉིས་ཀ་དོན་དམ་དུ་མི་འདོད་པ་དབུ་མ་པས་ནི། ཤེས་བྱའི་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་པའི་རང་བཞིན་བདེན་གཉིས་ཟུང་འཇུག་མཉམ་པ་ཉིད་དུ་འདོད་པས་གྲུབ་མཐའ་གཞན་ལས་ཁྱད་པར་དུ་འཕགས་པས་མཆོག་ཡིན་ནོ། །དེ་ལའང་བདེན་གཉིས་དཔྱོད་པའི་བློ་རྩལ་གྱིས་དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་སུ་ཡོད་དོ། །བདེན་གཉིས་ཀྱི་འཇོག་ཚུལ། གནས་ཚུལ་དོན་དམ་དཔྱོད་པའི་དབང་དུ་བྱས་ཏེ་སྣང་ཚུལ་ལ་ཀུན་རྫོབ་དང་། གནས་ཚུལ་ལ་དོན་དམ་དང་། སྣང་ཚུལ་ཀུན་རྫོབ་དཔྱོད་པའི་དབང་དུ་བྱས་ཏེ། གནས་སྣང་མི་མཐུན་པའི་ཡུལ་དང་ཡུལ་ཅན་གཉིས་ཀ་ཀུན་རྫོབ་དང་། གནས་ཚུལ་དང་སྣང་ཚུལ་མཐུན་པའི་ཡུལ་དང་ཡུལ་ཅན་གཉིས་ཀ་དོན་དམ་དུ་འདོད་པའི་ཚུལ་གཉིས་ཡོད་དོ། །མདོར་ན་གྲུབ་མཐའི་བློ་སྐྱོན་ཉན་ཐོས་བྱེ་མདོ་གཉིས་ཀྱི་བློ་སྐྱོན་གཙོ་བོ་ཀུན་རྫོབ་ལ་རང་འདོད་ཡིད་བྱེད་ཀྱི་བློ་དང་དོན་དམ་པར་ཆ་མེད་གཉིས་དོན་དམ་པར་འདོད་པ་འདི་གཉིས་ཡིན་ལ། སེམས་ཙམ་པས་རང་རིག་རང་གསལ་དོན་དམ་དུ་འདོད་པ་དང་། དམུ་མ་རང་རྒྱུད་པས་བདེན་གཉིས་སོ་སོ་ཞེན་པའི་ཆ་རྣམས་ཡིན་ལ། དེས་ན་རྣལ་འབྱོར་པ་ལ་ཡང་གནས་ཚུལ་མཐོང་པའི་བློ་ཡི་ཁྱད་པར་ཉིད་ཀྱིས་གོང་མ་གོང་མ་རྣམས་ཀྱིས་འོག་མ་འོག་མའི་མཐོང་དོན་གྱི་གྲུབ་མཐའ་ལ་གནོད་ཅིང་ཟིལ་གྱིས་གནོན་ཏེ། གནས་ལུགས་མཐོང་བའི་བློ་ཇེ་བཟང་དུ་གྱུར་བས་ན་གང་ལ་ཚད་མ་ཡོད་པ་དེས་འོག་མ་སུན་འབྱིན་ནུས་ཀྱི་གཞན་གྱི་མ་ཡིན་ནོ། །དེ་བཞིན་དུ་ས་བཅུ་དང་ལམ་ལྔ་ཡང་གོང་མ་གོང་མའི་རྟོགས་པ་དང་ཡོན་ཏན་ཐོབ་པས་འོག་མ་འོག་མ་རྣམས་ཀྱི་རྟོགས་པ་དང་ཡོན་ཏན་ཟིལ་གྱིས་གནོན་པར་འགྱུར་བ་ཉིད་དོ། །གཉིས་པ་དེ་ལ་རྩོད་པ་སྤོང་བ་ལ། གཞི་བདེན་གཉིས་ལ་རྩོད་པ་སྤོང་བ་དང་། ལམ་སྟོང་ཉིད་ལ་རྩོད་པ་སྤོང་བ། འབྲས་བུ་གཞན་དོན་ལ་རྩོད་པ་སྤོང་བ་དང་གསུམ་ལས། དང་པོ་ལ། འཇིག་རྟེན་ཕལ་པའི་རྩོད་སྤོང་ཉན་ཐོས་ཀྱི་རྩོད་སྤོང་། སེམས་ཙམ་པ་རྣམས་ཀྱི་རྩོད་སྤོང་དང་གསུམ་ལས། དང་པོ་ནི། རྣལ་འབྱོར་པས་ཕལ་པའི་བློ་ལ་ཇི་ལྟར་གནོད་དེ། འཇིག་རྟེན་ཕལ་པ་ནི་སྐྱེ་སོགས་མངོན་སུམ་མཐོང་བ་བཞིན་དུ་ཞེན་ཅིང་གཅིག་ཤོས་དེ་ལས་ལྡོག་པས་ན་ཕན་ཚུན་གནོད་པར་འགྱུར་བ་ནི་མིན་ནོ་ཞེ་ན། འདི་ལྟར་དངོས་ཀུན་མི་བདེན་པ་དང་བདེན་པར་འདོད་པ་གཉིས་ཀ་ཡང་ནི་སྟེ་གཉིས་ཀས་ཀྱང་ཐུན་མོང་དུ་རྫུན་པར་འདོད་པའི་དཔེས་ཏེ་དཔེ་སྒྱུ་མ་དང་རྨི་ལམ་ལ་སོགས་པ་འདི་དག་སྣང་ཡང་བདེན་པར་མ་གྲུབ་པ་ཡིན་པས་ན་སྣང་ལ་རང་བཞིན་མ་གྲུབ་པའི་སྒྱུ་མ་རྨི་ལམ་བཞིན་དུ་གཟུགས་སོགས་དང་པོ་ཀུན་ཀྱང་སྣང་ལ་རང་བཞིན་མེད་པར་འཇིག་རྟེན་ཕལ་པའི་ངོར་བསྒྲུབ་པར་ནུས་ཤིང་། སྣང་ཡང་བདེན་པར་གྲུབ་པའི་དཔེ་མཐུན་སྣང་དུ་གྲུབ་པ་མེད་པས་ན་འཇིག་རྟེན་པས་རྣལ་འབྱོར་པ་ལ་དངོས་པོ་རྣམས་བདེན་པར་ནམ་ཡང་བསྒྲུབ་མི་ནུས་སོ། །ཆོས་ཐམས་ཅད་མི་བདེན་པ་སྒྱུ་མ་ལྟ་བུ་ཡིན་ན་སྦྱིན་སོགས་ལམ་ལའང་སློབ་པས་ཅི་བྱ་སྟེ་སྒྱུ་མའི་རྟ་ཉོ་བའི་ངལ་བ་བཞིན་དུ་དགོས་པ་མེད་དོ་ཞེ་ན། དེ་ལ་བརྟགས་ཤིང་དཔྱད་ན་མ་གྲུབ་ཀྱང་འབྲས་བུའི་སྟེ་འབྲས་བུའམ་དགོས་པའི་དོན་དུ་མ་རྟགས་མ་དཔྱད་པར་འཇུག་པ་ཙམ་ཡིན་པའི་ཕྱིར་ན་དགོས་པ་ཡོད་དོ། །དགོས་པ་ཅི་ཡིན་ཞེ་ན། འདིར་འཁོར་འདས་ཀྱི་སྣང་ཆ་སྒྱུ་མ་ལྟ་བུ་རྟེན་འབྲེལ་གྱི་དབང་གིས་བསླུ་མེད་དུ་ཡོད་པ་དེས་ན་ཇི་སྲིད་གཟུང་འཛིན་གྱི་འཛིན་པ་དབྱིངས་སུ་མ་ནུབ་ཀྱི་བར་དུ་སེམས་ཅན་རྣམས་ལ་སྣང་བ་འདི་རྒྱུན་མི་འཆད་ཅིང་ཕན་གནོད་བྱེད་པ་ཡིན་པས་རང་གཞན་གྱི་སྡུག་བསྔལ་ཞི་ཞིང་ཕན་བདེའི་ཐབས་སུ་ལམ་འདི་ལ་བརྩོན་པ་ཡིན་གྱི། འདིར་ལམ་དང་འབྲས་བུ་ལ་བདེན་པར་ཞེན་པ་ནི་མ་ཡིན་ཏེ་སྒྱུ་མའི་དཔུང་ཆེན་པོ་སྤྲུལ་ནས་དགྲའི་འཇིགས་པ་ལས་ཐར་བར་བྱེད་པ་དང་། སྐྱེས་བུ་གཉིད་དུ་སྡུག་བསྔལ་བ་སད་པའི་ཐབས་ལ་བརྩོན་པ་བཞིན་ནོ། །འོ་ན་རྣལ་འབྱོར་པ་དང་ཕལ་པ་གཉིས་ཀ་ལ་མཐུན་པར་སྣང་བའི་དངོས་པོ་འདི་ལ་ཅི་རྩོད་ཞེ་ན། སྣང་བའི་དངོས་པོ་ཙམ་ལ་ཡོད་མེད་དུ་རྩོད་པ་མིན་ཏེ་སྣང་བའི་ངང་ཚུལ་འགོག་པའི་དབུ་མ་པ་སུ་ཡང་མེད་དེ། དངོས་པོ་མཐོང་བ་ན་འཇིག་རྟེན་པ་ཡིས་གཟུགས་ལ་སོགས་པའི་དངོས་པོ་གང་མཐོང་ཞིང་སྣང་བ་དེ་ཉིད་ཡང་དག་པ་སྟེ་དོན་དམ་པར་གྲུབ་པ་ཉིད་དུའང་རྟོག་པར་བྱེད་ཀྱི་སྣང་ཡང་མི་བདེན་པ་སྒྱུ་མ་ལྟ་བུར་རྣལ་འབྱོར་པ་བཞིན་དུ་མཐོང་ཞིང་རྟོགས་པ་མིན་པས་ན་འདིར་རྣལ་འབྱོར་པ་དང་འཇིག་རྟེན་ཕལ་པ་དག་རྩོད་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། ཉན་ཐོས་པ་ན་རེ། ཆོས་ཐམས་ཅད་གཞི་མེད་པར་སྟོང་པ་ཉིད་ཡིན་ན་གཟུགས་ལ་སོགས་པ་ནི་མིག་ལ་སོགས་པའི་མངོན་སུམ་གྱིས་གྲུབ་ཅིང་ཡོད་པ་འདི་མི་འཐད་དོ་ཞེ་ན། གཟུགས་སོགས་མངོན་སུམ་ཉིད་ཀྱིས་གྲུབ་ཅིང་ཡོད་དོ་ཞེས་པ་འདི་དག་ཀྱང་ནི་མ་བརྟགས་པར་འཇིག་རྟེན་ཡོངས་སུ་གྲགས་པས་ཏེ་གྲགས་པ་ཙམ་ཡིན་གྱི་བརྟགས་ཤིང་དཔྱད་ན་ཚད་མས་དེ་ལྟར་གྲུབ་པ་མིན་ཏེ། འཆད་འགྱུར་ལྟར་དབང་དོན་ཕྲད་དང་མ་ཕྲད་བརྟག་པ་ལ་སོགས་པས་འགོག་པའི་ཕྱིར་རོ། །ཇི་ལྟར་ན་གཟུགས་སོགས་གྲུབ་པར་བཞག་པ་དེ་ནི་དཔེར་ན་བུད་མེད་ཀྱི་ལུས་མི་གཙང་བ་དང་མི་རྟག་པ་ལ་སོགས་པ་ཡིན་པ་ལ་གཙང་བ་དང་རྟག་པ་སོགས་སུ་འཇིག་རྟེན་ན་གྲགས་པ་བཞིན་དུ་རྫུན་པ་ཡིན་ནོ། །གཟུགས་སོགས་དངོས་པོ་ནི་བདེན་པར་ཡོད་དེ་སངས་རྒྱས་ཀྱིས་གཞི་ཕུང་ཁམས་སྐྱེ་མཆེད་ཡོད་པར་གསུངས་ཤིང་ཕུང་པོ་དེའི་མཚན་ཉིད་ཀྱང་སྐད་ཅིག་མར་གསུངས་པའི་ཕྱིར་ཡོད་དོ་ཞེ་ན། དེ་ནི་དྲང་དོན་དགོངས་པ་ཅན་ཡིན་ཏེ། འདི་ལྟར་དགོངས་གཞི་སྣང་ཚུལ་ཙམ་ལ་དགོངས་ནས། དགོས་པ་སྟོང་ཉིད་རྟོགས་མི་ནུས་པའི་འཇིག་རྟེན་པ་དག་ཡང་དག་པ་དབུ་མའི་ལམ་དུ་རིམ་གྱིས་གཞུག་པའི་དོན་དུ་ནི་སྐྱེ་དགུ་ཐམས་ཅད་ཀྱི་མགོན་པོས་ཏེ་རྫོགས་པའི་སངས་རྒྱས་ཀྱིས་གཟུགས་སོགས་དངོས་པོ་རྣམས་ཡོད་པར་བསྟན་པ་ཡིན་ལ། ཡང་དག་པའི་དོན་དེ་ཁོ་ན་ཉིད་དུ་ནི་ཕུང་སོགས་དེ་དག་སྐད་ཅིག་མ་ཉིད་དུ་གྲུབ་པ་མིན་ཏེ་དཔྱད་ན་གཅིག་དང་དུ་མར་མ་གྲུབ་ཅིང་སྐྱེ་འགག་མེད་པའི་ཕྱིར་རོ། །འོ་ན་སྐད་ཅིག་མ་དེ་དོན་དམ་མིན་ན་ཀུན་རྫོབ་ཏུ་ཡང་རྣམ་པར་བཞག་པ་འགལ་ཏེ་དེས་ན་བདེན་པ་གཉིས་ཀ་མིན་པར་འགྱུར་རོ། །དེ་ལ་ཀུན་རྫོབ་ཏུ་ཇི་ལྟར་འགལ་ན་རིགས་པ་དང་ལུང་གིས་འགལ་ཏེ། ཀུན་རྫོབ་ནི་ཐུན་མོང་དུ་སྣང་དུ་རུང་བ་བྱིས་པས་ཡང་མཐོང་དགོས་ནའང་དེས་དེ་མཐོང་བར་མི་ནུས་པས་ཀུན་རྫོབ་མིན་ཞིང་། བཅོམ་ལྡན་འདས་ཀྱིས་ཀྱང་སྐད་ཅིག་མ་མཐོང་བ་དངོས་པའི་གནས་ཚུལ་བདེན་པ་མཐོང་བར་གསུངས་པ་མིན་ནམ་ཞེ་ན། འདྲ་བ་གཞན་བྱུང་གིས་འཁྲུལ་རྒྱུས་བསླད་པས་འཇིག་རྟེན་རང་ག་མའི་བློས་བུམ་པ་ལ་སོགས་པ་སྐད་ཅིག་མར་མ་ཤེས་ཀྱང་། ཐ་སྙད་ཀྱི་གནས་ཚུལ་སེམས་པའི་རྣལ་འབྱོར་པ་རྣམས་ཀྱིས་དེ་སྐད་ཅིག་མར་མཐོང་ཞིང་ངེས་པས་ན་རྣལ་འབྱོར་ཀུན་རྫོབ་ཡིན་པས་བདེན་གཉིས་གང་དུའང་མ་འདུས་པའི་ཉེས་པ་མེད་དོ། །འཇིག་རྟེན་ཕལ་པའི་བློ་རྟག་འཛིན་ལ་ལྟོས་ན་སྐད་ཅིག་མ་མཐོང་བ་དེ་དེ་ཉིད་མཐོང་བ་ཡིན་ཏེ་ཐ་སྙད་ཀྱི་དེ་ཁོ་ན་ཉིད་མཐོང་བས་སོ། །དེ་ལྟ་མ་ཡིན་པར་གཞན་དུ་རྣལ་འབྱོར་པའི་ཀུན་རྫོབ་བམ་འཇིག་རྟེན་ལ་ལྟོས་ནས་དེ་ཉིད་མཐོང་མ་མཐོང་གི་ཁྱད་པར་མེད་ན་མི་སྡུག་པ་གོམས་པའི་རྣལ་འབྱོར་པས་བུད་མེད་ཀྱི་ལུས་མི་གཙང་བར་ངེས་པར་མཐོང་ཞིང་རྟོགས་པ་ལ་ཡང་འཇིག་རྟེན་པས་བུད་མེད་གཙང་བར་བཟུང་བ་འདི་ཉིད་ཀྱིས་གནོད་པར་འགྱུར་དགོས་པར་ཐལ་ཏེ་བློ་དེ་གཉིས་ལ་དེ་ཉིད་མཐོང་མ་མཐོང་གི་ཁྱད་པར་མེད་པས་སོ། །དེ་ལྟ་ནའང་མི་གཙང་བ་ལ་སོགས་པར་མཐོང་བ་གཙང་འཛིན་སོགས་ལ་གནོད་ཀྱི་ཚུར་ནམ་ཡང་མི་གནོད་པའི་ཕྱིར་རོ། །ཡང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་མི་བདེན་པ་ཡིན་ན་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་ཡིན་པས་དེ་ལ་མཆོད་པས་བསོད་ནམས་ཆེན་པོ་ཇི་ལྟར་འབྱུང་ཞེ་ན། སྒྱུ་འདྲའི་སྟེ་སྒྱུ་མ་ལྟ་བུའི་རྒྱལ་བ་སངས་རྒྱས་རྣམས་ལ་སྒྱུ་མ་ལྟ་བུའི་མཆོད་པ་ཕུལ་བ་ལས་སྒྱུ་མ་ལྟ་བུའི་བསོད་ནམས་འབྱུང་བ་ནི་ཇི་ལྟར་ན་ཁྱོད་དངོས་པོ་ཡོད་པའི་སངས་རྒྱས་ལ་དངོས་པོ་ཡོད་པའི་མཆོད་པ་ཕུལ་བ་ལས་དངོས་པོ་ཡོད་པའི་བསོད་ནམས་ཅིག་འབྱུང་བར་འདོད་པ་ཇི་ལྟ་བ་བཞིན་དུ་ཡིན་ཏེ། བསོད་ནམས་དང་སངས་རྒྱས་དངོས་པོར་གྲུབ་མ་གྲུབ་ཙམ་གྱི་ཁྱད་པར་ལས་བསོད་ནམས་འབྱུང་མི་འབྱུང་ལ་ཁྱད་པར་མེད་དོ། །གལ་ཏེ་སེམས་ཅན་རྣམས་སྒྱུ་མ་དང་འདྲ་བ་ཡིན་ན་སྒྱུ་མའི་རྟ་གླང་འགགས་པ་སླར་མི་སྐྱེ་བ་བཞིན་དུ་སེམས་ཅན་ཤི་ནས་གཞན་དུ་ཇི་ལྟར་སྐྱེ་བར་འཐད་པར་འགྱུར་ཞེ་ན། ཇི་སྲིད་དུ་རྫས་སྔགས་སོགས་ཀྱི་རྐྱེན་རྣམས་ཚོགས་པར་གྱུར་པ་དེ་སྲིད་དུ་རྟ་གླང་ལ་སོགས་པའི་སྒྱུ་མ་ཡི་སྣང་བའང་འབྱུང་བར་འགྱུར་བ་དེ་བཞིན་དུ་ཇི་སྲིད་ལས་དང་ཉོན་མོངས་པའི་རྐྱེན་རྣམས་ཚོགས་པ་དེ་སྲིད་དུ་སེམས་ཅན་རྣམས་ཀྱི་སྐྱེ་བའང་རྒྱུན་མི་འཆད་པར་འབྱུང་བ་ཡིན་ལ་དེས་ན་འདི་གཉིས་ལ་རྒྱུ་ཚོགས་ཚང་བ་ལོག་མི་ལོག་གི་ཁྱད་པར་ཙམ་ལས་བདེན་པ་གྲུབ། མ་གྲུབ་ཀྱི་ཁྱད་པར་ཅི་ཡང་མེད་དོ། །དེ་ལྟ་ནའང་སེམས་ཅན་ནི་འཁོར་བ་ཐོག་མཐའ་མེད་པས་རྒྱུན་ཡུན་རིང་ལ། སྒྱུ་མ་ནི་དེ་འདྲ་བ་གཅིག་ཀྱང་མེད་པས་མི་མཚུངས་སོ་སྙམ་ན། དེ་གཉིས་མཚུངས་བར་འཇོག་པ་ནི་ཡུན་རིང་ཐུང་སོགས་སྒོ་ཀུན་ནས་འདྲ་བར་བཞག་པ་མིན་ལ། རྒྱུན་རིང་ངམ་ཐུང་ཡང་རུང་སྟེ་སྣང་ཡང་བདེན་པས་སྟོང་པའི་སྒོ་ནས་འདྲ་བར་བཞག་གོ། །དེའི་ཕྱིར་རྒྱུན་ཡུན་རིང་བཙལ་གྱིས་ཇི་ལྟར་ན་སེམས་ཅན་བདེན་པར་ཡོད་པ་ཡིན་ཏེ་མ་ཡིན་ནོ། །གལ་ཏེ་ཡིན་ན་སྒྱུ་མ་ལའང་ཡུན་རིང་པོའི་སྣང་བ་ཅན་ཡོད་པ་དང་། སེམས་ཅན་ཡང་ཡུན་ཐུང་བ་ཡུད་ཙམ་དུ་སྣང་བའང་ཡོད་པས་ན་སྒྱུ་མ་བདེན་པར་ཡོད་པ་དང་སེམས་ཅན་བདེན་པར་མེད་པར་ཡང་འགྱུར་རོ། །ཡང་སེམས་ཅན་རྣམས་སྒྱུ་མ་དང་འདྲ་ན་སྒྱུ་མའི་སྐྱེས་བུ་ལ་ཕན་གནོད་བྱས་པ་བཞིན་དུ་དེ་དག་ལ་ཟས་གོས་བྱིན་པ་སོགས་ཀྱིས་ཕན་བཏགས་པས་དགེ་བ་དང་། བསད་པ་ལ་སོགས་པ་གནོད་པ་བྱས་པས་སྡིག་པར་མི་འགྱུར་རོ་ཞེ་ན། སྒྱུ་མའི་སྐྱེས་བུ་ལ་ཕན་བཏགས་པ་དང་གསོད་སེམས་ཀྱི་ཀུན་ནས་བསླངས་ཏེ་བསད་པ་ལ་སོགས་པས་གནོད་པ་བྱས་ཀྱང་དེ་དག་ལ་ཕན་གནོད་ཀྱི་རྟེན་དུ་གྱུར་པའི་སྒྱུ་མ་ལྟ་བུའི་བདེ་སྡུག་མྱོང་བའི་སེམས་མེད་པའི་ཕྱིར་ན་རང་གི་ང་ན་སེམས་ཀྱིས་སྦྱོར་བའི་ཉེས་པ་ཙམ་ལས་སྲོག་གཅོད་པ་སོགས་དངོས་གཞིའི་སྡིག་པ་འབྱུང་བ་མེད་དེ་གང་སྒྱུ་མའི་སྟེ་སྒྱུ་མ་ལྟ་བུའི་སེམས་དང་ལྡན་པ་ཡི་སེམས་ཅན་ལ་ནི་ཕན་པ་དང་གནོད་པ་བྱས་པ་ལས་བསོད་ནམས་དང་ནི་སྡིག་པ་འབྱུང་བ་ཡིན་ནོ། །དེས་ན་སེམས་ཡོད་མེད་ཀྱི་ཁྱད་པར་ཡོད་ཀྱང་བདེན་རྫུན་ལ་ཁྱད་པར་མེད་དོ། །སེམས་ཅན་ལ་སེམས་ཡོད་པ་དེའི་ཕྱིར་སྒྱུ་མ་དང་བདེན་རྫུན་མི་འདྲའོ་སྙམ་ན། སེམས་ཅན་ལ་སེམས་ཡོད་ཀྱང་སེམས་དེ་ཉིད་སྒྱུ་མ་ལྟ་བུ་ཡིན་པས་དེས་དེ་བདེན་པར་ག་ལ་འགྱུར་ཏེ། འདི་ལྟར་སྒྱུ་མའི་སྔགས་དང་རྫས་སོགས་རྣམས་ལ་སེམས་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་ན་སྒྱུ་མའི་སེམས་ནི་འབྱུང་བ་མེད་པ་ཡིན་ལ་སེམས་ཅན་གྱི་རྒྱུ་ལ་ནུས་པ་ཡོད་པས་ཡིན་ནོ། །གང་སེམས་བསྐྱེད་པའི་ནུས་པ་ཡོད་པ་ལས་བྱུང་བ་དེ་ནི་བདེན་ཞིང་། ཅིག་ཤོས་མི་བདེན་པར་བཞག་མི་ནུས་ཏེ། སྣ་ཚོགས་པའི་རྒྱུ་རྐྱེན་སོ་སོ་ལས་བྱུང་བ་ཡི་སྒྱུ་མ་དེ་ཡང་རྣམ་པ་སྣ་ཚོགས་པ་མི་འདྲ་བར་སྣང་བ་ཉིད་ཡིན་གྱི། རྒྱུ་རྐྱེན་གཅིག་གིས་ནི་ཕྱི་ནང་གི་འབྲས་བུ་ཡིན་ནོ་ཅོག་ཀུན་སྐྱེད་ནུས་པ་དེ་ནི་འཇིག་རྟེན་གང་ན་ཡང་ནི་ཡོད་པ་མ་ཡིན་ནོ། །དེས་ན་རྒྱུའི་ཁྱད་པར་མི་འདྲ་བའི་དབང་གིས་འབྲས་བུའི་ཁྱད་པར་མི་འདྲ་བར་སྣང་ཡང་བདེན་རྫུན་ལ་ཁྱད་པར་མེད་དེ། དཔེར་ན་སྒྱུ་མའི་རྟ་དང་བ་གླང་དུ་སྣང་བ་ལ་རྭ་ཡོད་མེད་དུ་སྣང་བའི་ཁྱད་པར་ཡོད་ཀྱང་བདེན་རྫུན་ཁྱད་མེད་པ་བཞིན་ནོ། །ཡང་མྱང་འདས་དངོས་པོར་འཛིན་པ་རྣམས་ན་རེ། ཁྱེད་ངོ་བོ་ཉིད་མེད་པར་སྨྲ་བ་ལྟར་ན་གལ་ཏེ་འཁོར་བའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ལ། སྐྱེ་རྒ་ན་འཆི་སོགས་ཀྱི་མཚན་ཉིད་ཅན་འཁོར་བ་ནི་ཀུན་རྫོབ་ཡིན་པ་དེ་ལྟ་ན། མྱང་འདས་དང་འཁོར་བ་གཞི་མཐུན་ཡོད་པར་འགྱུར་ལ་དེའི་ཕྱིར་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀྱང་ནི་སླར་འཁོར་བར་འགྱུར་བས་ཞེས་འཁོར་བཟད་ནས་མྱང་འདས་ཐོབ་པ་མིན་པར་འཁོར་བ་ཉིད་མྱང་འདས་ཡིན་པའི་ཕྱིར་དེས་ན་སངས་རྒྱས་ཐོབ་པའི་ཕྱིར་དུ་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ་ཞེ་ན། དེ་ལྟར་མ་ཡིན་ཏེ། རང་བཞིན་རྣམ་དག་གི་མྱང་འདས་དང་། གློ་བུར་དྲི་བྲལ་གྱི་མྱང་འདས་ལ་ཁྱད་ཡོད་པའི་ཕྱིར་ཏེ། འདི་ལྟར་འབྲས་བུ་དངོས་པོ་སོ་སོ་སྣང་བའི་རྐྱེན་རྣམས་རྒྱུན་ནི་མ་ཆད་ན། འཁོར་བར་མ་ཟད་སྒྱུ་མའང་སྟེ་སྒྱུ་མའི་སྣང་བའང་ལྡོག་པར་མི་འགྱུར་གྱི་རྐྱེན་རྣམས་རྒྱུན་ནི་ཆད་པ་ན་ཀུན་རྫོབ་ཏུ་ཡང་མི་འབྱུང་ངོ་ཞེས་མི་འབྱུང་ན་དོན་དམ་པར་ལྟ་ཅི་སྨོས། དེའི་ཕྱིར་འཁོར་བར་སྐྱེ་བའི་རྒྱུ་མ་རིག་པ་ས་བོན་དང་བཅས་པ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་དྲུང་ནས་འབྱིན་པར་མཛད་པ་རྣམས་ནི་འཁོར་བར་མི་འགྱུར་ཏེ་རྒྱུ་མེད་པས་སོ། །སངས་རྒྱས་འཇིག་རྟེན་དུ་བལྟམས་པ་སོགས་ནི་འཁོར་བས་བསྡུས་པ་མ་ཡིན་ཏེ། སྨོན་ལམ་དང་ཏིང་ངེ་འཛིན་ལ་སོགས་པ་ལྷན་ཅིག་བྱེད་རྐྱེན་དུ་གྱུར་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་སྟོབས་ལས་མིག་འཁྲུལ་ལྟ་བུའི་མཛད་པ་སྟོན་ཀྱང་ཆོས་ཀྱི་དབྱིངས་ལས་གཡོ་བ་ནམ་ཡང་མི་སྲིད་པ་ཡིན་ནོ། །གསུམ་པ་ནི། སེམས་ཙམ་རྣམ་བདེན་པ་ན་རེ། འདི་ལྟར་ཕྱི་ནང་གི་དངོས་པོར་སྣང་བ་འདི་དག་ནི་སྒྲ་ཤད་དང་རྨི་ལམ་གྱི་སྣང་བ་བཞིན་ཏུ་ཕྱི་དོན་དུ་གྲུབ་པ་མེད་ཀྱང་། ནང་གི་བག་ཆགས་ཀྱི་ཁྱད་པར་ལས་གནས་དོན་ལུས་ཀྱི་སྣང་བ་སྣ་ཚོགས་པར་སྨིན་པ་ཞིག་སྟེ་དེའི་ཕྱིར་ཕྱི་རོལ་གྱི་དོན་ནི་མེད་ཀྱང་སེམས་ནི་ཡོད་དེ། རྨི་ལམ་ན་ཡང་སྡོ་སོགས་ཀྱི་ཉམས་མྱོང་འཛིན་པར་གྲུབ་པས་སོ་སྙམ་དུ་བསམ་སྟེ། ཁྱོད་དབུ་མ་པ་ལྟར་ན། གང་ཚེ་འཁྲུལ་བའང་སྟེ་འཁྲུལ་བའི་ཡུལ་ཕྱི་དོན་མེད་པར་མ་ཟད་འཁྲུལ་པའི་བློ་ཡང་ཡོད་པ་མིན་ན་ཡུལ་སྒྱུ་མ་ལྟ་བུ་གང་གིས་དམིགས་པར་འགྱུར་ཏེ་སེམས་མེད་པས་སོ་ཟེར་ན། རེ་ཞིག་མགོ་བསྒྲེ་བའི་དབང་དུ་བྱས་ཏེ། གང་ཚེ་སེམས་ཙམ་པ་ཁྱོད་ལ་ཡང་སྒྱུ་མ་ལྟ་བུའི་ཡུལ་ཉིད་དོན་དུ་གྲུབ་པ་མེད་ནའང་། དེ་ཚེ་བློ་ཡོད་དུ་ཟིན་ཀྱང་དམིགས་བྱ་ཡུལ་ཅི་ཞིག་དམིགས་ཏེ་ཡུལ་དང་ཡུལ་ཅན་གཉིས་ལས་ཀང་རུང་མེད་ན་དམིགས་པར་མི་སྲིད་པས་སོ། །ཁོ་ན་རེ། གལ་ཏེ་བདག་ཅག་གི་ལུགས་ལ་ཡུལ་གཏན་མེད་མ་ཡིན་ཏེ་རྨི་ལམ་གྱི་རྟ་གླང་བཞིན་དུ་ཡུལ་དོན་གྱི་གོས་དེ་ཉིད་དུ་དོན་བེམ་པོ་ལས་གཞན་དུ་གྱུར་པའི་དམིགས་བྱ་ཡུལ་ཞིག་ཡོད་དོ། །དེ་གང་ཞེ་ན་ཡུལ་གྱི་རང་བཞིན་དུ་སྣང་བའི་གཟུང་བའི་རྣམ་པ་དེ་ནི་སེམས་ཉིད་ཡིན་གྱི་དོན་ནི་མ་ཡིན་ནོ་ཞེ་ན། གང་ཚེ་སེམས་དེ་ཉིད་དམིགས་བྱ་ཡུལ་སྒྱུ་མ་ལྟ་བུའི་དོན་ཡིན་ན། དེ་ཚེ་ཡུལ་གང་ཞིག་ཡུལ་ཅན་གང་གིས་མཐོང་སྟེ། དེ་གཉིས་གཅིག་ཡིན་པས་མཐོང་མི་ཤེས་སོ། །ཇི་ལྟར་མི་མཐོང་སྙམ་ན། འཇིག་རྟེན་ཐམས་ཅད་ཀྱི་ནི་མགོན་པོས་ཏེ་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་སེམས་ཀྱིས་སེམས་རང་གིས་རང་ནི་མི་མཐོང་ངོ་ཞེས་གསུངས་ཏེ། དཔེ་ཇི་ལྟར་ན་རལ་གྲིའི་སོ་ནི་རང་ཉིད་ལ་རང་གིས་ཇི་ལྟར་མི་གཅོད་པ་དང་། སོར་མོའི་རྩེ་མོས་རང་ལ་རང་མི་རེག་པ་དང་། ཡང་ཟོར་ཅན་རང་གི་ཕྲག་པ་ལ་རང་ཞོན་པར་མི་ནུས་པ་དེ་བཞིན་དུ་ཡིད་ཀྱང་རང་གིས་རང་མི་མཐོང་ངོ་། །དེ་སྐད་དུ་ཡང་། གཙུག་ན་རིན་པོ་ཆེའི་མདོ་ལས། འདི་ལྟར་སྟེ། དཔེར་ན་རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་གཅོད་པར་མི་ནུས་པ་དང་སོར་མོའི་རྩེ་མོ་དེ་ཉིད་ཀྱིས་སོར་མོའི་རྩེ་མོ་ལ་རེག་པར་མི་ནུས་པ་དེ་བཞིན་དུ། སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་མཐོང་བར་མི་ནུས་སོ་ཞེས་གསུངས་སོ། །འདིའི་གནང་ནི་འདི་ཡིན་ཏེ། གང་ཡང་སེམས་བདེན་པར་གྲུབ་ཕན་ཆོད་བདེན་གྲུབ་ཀྱི་སེམས་ཆ་མེད་གཅིག་ལ་བལྟ་བྱ་ལྟ་བྱེད་གཉིས་སུ་གྲུབ་པ་ཉམས་ཏེ། གང་ཡུལ་དུ་སྣང་བ་ན་དེ་ཉིད་རང་མིན་ལ། གང་མ་སྣང་ན་གཟུང་བྱར་མི་རིགས་པས་དོན་དམ་པར་ཤེས་པས་རང་རིག་པ་ཞེས་པའང་བཏགས་པ་ཙམ་སྟེ་ཡང་དག་པ་ཡིན་ནོ། །སེམས་ཙམ་པ་ན་རེ། སེམས་རང་གིས་རང་རིག་པ་ནི་ཅི་སྟེ་མེད་དེ་དཔེ་ཇི་ལྟར་བུམ་སོགས་གཞན་གསལ་བར་བྱེད་པའི་མར་མེ་དེ་ནི་གསལ་བྱེད་ཀྱི་རྐྱེན་གཞན་ཡང་དག་པར་གསལ་བར་བྱེད་པ་བཞིན་ནོ་ཟེར་ན། མར་མེས་རང་གིས་རང་གསལ་ཞེས་པ་འདིའང་ཐ་སྙད་ཙམ་ལས་ཡང་དག་པར་མ་ཡིན་ཏེ། མར་མེ་ལ་ནི་རང་གིས་རང་གསལ་བར་བྱ་དགོས་པ་མིན་ཏེ། གང་གི་ཕྱིར་ན་མར་མེ་ལ་མུན་གྱིས་བསྒྲིབས་པ་མེད་ན་དེ་མར་མེས་ཇི་ལྟར་གསལ་བར་བྱ་སྟེ། གསལ་བྱ་མེད་ཀྱང་གསལ་བྱེད་དུ་འགྱུར་ན་མར་མེ་འདི་ཉི་ཟླ་ལ་སོགས་པའི་གསལ་བྱེད་དུ་འགྱུར་ནའང་དེ་མི་འདོད་པའི་ཕྱིར་རོ། །གཞན་ཡང་མར་མེས་རང་གིས་རང་ལ་བྱ་བ་འཇུག་ན་མུན་པས་ཀྱང་རང་གིས་རང་སྒྲིབ་པར་ཐལ་ལ། དེ་ལྟ་ན་བུམ་སོགས་མཐོང་པའི་གེགས་མུན་པ་བསྒྲིབས་ནས་མི་སྣང་ན་བུམ་སོགས་སྣང་བར་ཐལ་ལོ། །ཡང་དེ་དག་འདི་སྙམ་དུ། གསལ་བྱ་གསལ་བྱེད་གཞན་དུ་མེད་ཀྱང་རང་གིས་ངོ་བོས་གསལ་བ་ནི་ཡོད་དེ། དཔེར་ན་བཻཌཱུརྱ་སྔོན་པོ་ལྟ་བུ་དེ་ལ་ཤེལ་དཀར་པོ་སྔོན་པོར་འགྱུར་བ་ལྟ་བུ་སྟེ་འོག་གཞིའི་རས་སོགས་གཞན་ལ་ལྟོས་ནས་སྔོ་བར་གྱུར་པ་དང་། དེ་བཞིན་དུ་ལྟོས་པ་མིན་པ་བཻཌཱུརྱ་སྔོན་པོ་ནི་རང་བཞིན་གྱིས་སྔོ་བ་ཉིད་དུ་ངེས་པ་ལ་དེ་སྔོན་པོར་གྱུར་པ་ནི་རྐྱེན་གཞན་ལ་ལྟོས་པ་ཡོད་པ་མ་ཡིན་པར་སྔོ་བ་ལྟ་བུ་གཉིས་ཡོད་པ་དེ་བཞིན་དུ་འགའ་ཞིག་གཞན་ལ་ནི་སྟེ་གསལ་བྱ་གསལ་བྱེད་ཉིད་ཀྱང་ཕན་ཚུན་ལྟོས་པ་གཟུགས་དང་མིག་ཤེས་ལྟ་བུ་དང་། གསལ་བྱ་གསལ་བྱེད་ཕན་ཚུན་ཐ་དད་དུ་ལྟོས་པ་མེད་ཀྱང་ངོ་བོ་ཉིད་ཀྱིས་གསལ་བ་རང་རིག་པ་ཡང་མཐོང་ངོ་ཞེ་ན། དཔེ་མ་གྲུབ་སྟེ། བཻཌཱུརྱ་སྔོ་བ་དེ་ཉིད་གཞན་ལ་ལྟོས་མེད་དུ་སྔོ་བ་མིན་ལ་སྔོན་པོར་སྣང་བ་རྒྱུ་རྐྱེན་གྱི་ཚོགས་པ་གཞན་གྱིས་དེ་སྔོན་པོར་བྱས་པ་ཡིན་གྱི་རྒྱུ་རྐྱེན་གཞན་ཅི་ལའང་མི་ལྟོས་པར་བདག་གིས་བདག་ཉིད་སྔར་སྔོན་པོ་མིན་པ་ལ་ཕྱིས་སྔོན་པོར་བྱས་པ་ནི་མེད་དེ་རང་གིས་རང་ལ་བྱེད་པ་འགལ་བའི་ཕྱིར་རོ། །དོན་ཡང་མ་གྲུབ་སྟེ་མར་མེ་ནི་རང་གིས་རང་གསལ་བར་བྱེད་དོ་ཞེས་མར་མེ་ལས་གཞན་དོན་རིག་གི་ཤེས་པས་ཤེས་ཏེ་རྗོད་པར་བྱེད་པ་ཡིན་ན། བློ་ནི་རང་ཉིད་ཀྱིས་རང་རིག་པའམ་རང་གསལ་བ་ཉིད་ཡིན་ནོ་ཞེས་ཤེས་པ་གང་གིས་ཤེས་ནས་དེ་སྐད་དུ་བརྗོད་པར་བྱེད་དེ། ཤེས་པ་རང་གིས་རང་གསལ་བར་ཤེས་མཁན་དེ་ཤེས་པ་ཁོ་རང་ཡིན་ནམ། དེ་ལས་ཤེས་པ་གཞན་ཞིག་ཡིན། དང་པོ་མི་འཐད་དེ་སྐབས་ཀྱི་དཔྱད་བྱ་ཡིན་པས་མ་གྲུབ་ལ་ཤེས་པ་རང་ལས་གཞན་པའི་ཤེས་པ་ཞིག་གིས་དེ་ཤེས་དགོས་ན་ཤེས་བྱེད་ཐུག་མེད་དུ་འགྱུར་ཞིང་ཤེས་པར་ཡང་མི་སྲིད་དེ། དུས་མི་མཉམ་ན་ནི་འདས་པ་འགགས་པ་དང་མ་འོངས་པ་ལ་སྐྱེས་པའི་ཡུལ་མི་ཤེས་ཤིང་། དུས་མཉམ་པ་ད་ལྟ་བ་ལ་ཕན་ཚུན་ལྟོས་པ་མེད་པས་ཤེས་མི་སྲིད་དོ། །དེས་ན་གང་ཚེ་གཞན་དབང་གི་རྣམ་པར་ཤེས་པ་དེ་ནི་རང་གིས་མི་མཐོང་ལ་རང་ལས་གཞན་པ་དག་གམ་འགས་ཀྱང་མཐོང་བ་མིན་པས་ན་དེ་གསལ་བའམ་ནི་མི་གསལ་བ་ཞེས་ཁྱད་པར་དཔྱོད་པ་ནི་དོན་མེད་དེ། ཁྱད་གཞི་མཐོང་མ་མྱོང་བ་ལ་ཁྱད་པར་གྱི་ཆོས་རྣམ་པར་བཞག་པ་མོ་གཤམ་གྱི་བུ་མོའི་ལུས་ཀྱི་འགྱིང་བག་དང་སྟབས་ནི་འདི་ལྟ་བུའོ་ཞེས་རྣམ་བཞག་བྱེད་པ་བཞིན་ཏུ་དེ་ནི་བརྗོད་ཀྱང་དོན་མེད་པ་ཉིད་དོ། །ཡང་སེམས་ཙམ་པས་དེ་ལྟར་མངོན་སུམ་ཚད་མས་བདེན་པར་སྒྲུབ་མ་ནུས་ནས་སླར་རྗེས་དཔག་གིས་རང་རིག་ཡོད་པར་སྒྲུབ་པ། གལ་ཏེ་ཤེས་པ་རང་གིས་རང་ཉམས་སུ་མྱོང་བའམ་རང་རིག་པ་ཡོད་པ་མིན་ན། སྔར་ཉམས་སུ་མ་མྱོང་བའམ་མ་རིག་ན་ཕྱིས་རྣམ་ཤེས་དྲན་པར་ཇི་ལྟར་འགྱུར་ཞེས་དྲན་པ་སྐྱེ་མི་སྲིད་དེ་རྒྱུ་མེད་པའི་འབྲས་བུ་བཞིན་ཡིན་པ་དེས་ན་སྔར་ཡུལ་སྔོ་སོགས་ཉམས་སུ་མྱོང་བ་ད་ལྟར་དྲན་པ་བཞིན་དུ་སྔར་སྔོ་སོགས་ཉམས་སུ་མྱོང་བའི་ཡུལ་ཅན་སྔོ་འཛིན་གྱི་རྣམ་ཤེས་ཀྱང་ད་ལྟ་དྲན་པ་ཡོད་པ་མངོན་སུམ་པ་འདི་ཇི་ལྟར་འཐད་ཟེར་ན་ད་ལྟ་སྔོ་འཛིན་རྣམ་ཤེས་དྲན་པ་འདི་ནི་སྔར་སྔོ་འཛིན་རང་གིས་རང་མྱོང་བའམ་རིག་པའི་འབྲས་རྟགས་མིན་ཏེ། གཞན་སྔོ་སོགས་ཡུལ་མྱོང་བ་དེ་དང་ཡུལ་ཡུལ་ཅན་གྱི་འབྲེལ་བ་ལས་ད་ལྟ་སྔོ་འཛིན་རྣམ་ཤེས་ཀྱང་དྲན་པར་འགྱུར་ཏེ། འདིར་སྔོན་པོ་དང་བྲལ་བའི་སྔོ་འཛིན་ཡན་གར་བ་ནི་ནམ་ཡང་དམིགས་པ་མིན་པས་ན། ནམ་སྔར་ཉམས་སུ་མྱོང་བའི་སྔོན་པོ་དྲན་པ་ན་དེ་འཛིན་བྱེད་ཡུལ་ཅན་སྔོ་འཛིན་གྱི་རྣམ་པ་དྲན་པའི་རྟོག་པའང་སྐྱེ་བ་ཡིན་གྱི་སྔོན་པོ་ལས་ལོགས་སུ་ཆད་པའི་སྔོ་འཛིན་ཡན་གར་བ་ཞིག་སྔར་ཉམས་སུ་མྱོང་བས་ནི་མ་ཡིན་ནོ། །དེ་དཔེར་ན་བྱི་བའི་དུག་བཞིན་ཞེས་དགུན་དུས་དུག་ཅན་གྱི་བྱི་བས་རྨུགས་པ་ན་རྨུགས་པ་ཙམ་མྱོང་གི་དེ་དུས་དུག་ཉམས་སུ་མ་མྱོངས་ཀྱང་། སླར་དཔྱིད་འབྲུག་གི་སྒྲས་དུག་བསླངས་བར་གྱུར་པ་ན་སྔར་རྨ་དང་མཉམ་དུ་བདག་ལ་དུག་ཞུགས་སོ་ཞེས་སྔར་གྱི་དུག་ལ་དམིགས་པའི་ཤེས་པ་གདོད་སྐྱེ་བ་བཞིན་ནོ། །ཡང་འདི་ལྟར་ཞི་གནས་བསྒྲུབས་ནས་རྣམ་གནས་སྤྱོང་བ་སོགས་ཀྱི་རྐྱེན་གཞན་དག་དང་ལྡན་པ་རྣམས་ཀྱིས་ནི་གང་ཟག་གཞན་གྱི་སེམས་དག་ཀྱང་མཐོང་བའི་ཕྱིར་ན་ཤིན་ཏུ་ཉེ་བ་རང་ཉིད་རང་ལ་ཅི་ཕྱིར་མི་གསལ་ཏེ་ངེས་པར་གསལ་དགོས་ཏེ། རིང་བའི་སྤུ་མཐོང་ན་ཉེ་བའི་ཐག་པ་མཐོང་ངེས་པ་བཞིན་ནོ་ཟེར་ན། དེར་མ་ངེས་ཏེ། གསང་སྔགས་ལ་སོགས་པས་གྲུབ་པར་གྱུར་པའི་མིག་སྨན་མིག་ལ་བསྐུས་པའི་སྦྱོར་བ་ལས་ས་འོག་ན་གནས་པའི་གཏེར་གྱི་བུམ་པ་ལ་སོགས་པ་སྒྲིབས་ཤིང་ཆོད་པ་རྒྱང་རིང་པོའི་སྤྱོད་ཡུལ་མཐོང་ཡང་། ཤིན་ཏུ་ཉེ་བ་མིག་སྨན་ཉིད་མཐོང་བར་འགྱུར་བ་མིན་པ་བཞིན་ནོ། །དེ་ལ་སེམས་ཙམ་པ་ན་རེ། ཤེས་པ་ཉིད་གསལ་ཞིང་རིག་པ་མིན་ན་རང་མི་གསལ་བས་གཞན་ཡང་གསལ་མི་ནུས་ལ་དེ་ལྟར་ན་མིག་གིས་མཐོང་བ་དང་། རྣ་བས་ཐོས་པ་དང་། ཡིད་ཀྱིས་ཤེས་པའི་ཐ་སྙད་ཐམས་ཅད་རྒྱུན་ཆད་པར་འགྱུར་ཏེ། འདི་ཀུན་གསལ་རིག་གི་ཤེས་པ་ལ་བརྟེན་ནས་རྣམ་བཞག་བྱ་དགོས་ཀྱི་གཞན་དུ་དེ་མི་སྲིད་པའི་ཕྱིར་ཞེ་ན། ཇི་ལྟར་མཐོང་ཐོས་དང་ཤེས་པ་འདི་དག་མ་བརྟག་ཉམ་དགའ་ཙམ་གྱི་དབང་དུ་བྱས་ཏེ་བརྗོད་ན་ནི། འདིར་ནི་དགག་པར་བྱ་བ་མིན་ཏེ་དེ་དག་དགག་མི་ནུས་ལ་དགག་ཀྱང་མི་དགོས་པའི་ཕྱིར། འོ་ན་ཅི་ཞིག་འགོག་ཅེ་ན། འདིར་ནི་སྡུག་བསྔལ་གྱི་རྒྱུར་གྱུར་པ་དངོས་པོ་ཀུན་ལ་དེར་ཞེན་གྱི་བདེན་པར་རྟོག་པ་བཟློག་བྱ་ཡིན་ནོ། །འདིར་མཐོང་བ་མངོན་སུམ་དང་། ཐོས་པ་གང་ཟག་གཞན་ལས་དང་། ཤེས་པ་རྗེས་དཔག་ཚད་མའི་སྒོ་ནས་བཞག་པའི་ཐ་སྙད་ལ་འགྲེལ་པས་བཤད་དོ། །སེམས་ཙམ་རྣམ་རྫུན་པ་ན་རེ། གལ་ཏེ་རང་གི་སེམས་ལས་ཕྱིར་རོལ་དོན་གྱི་རྣམ་པར་སྣང་བ་ཡུལ་སྒྱུ་མ་ལྟ་བུ་འདི་གཞན་ཕྱི་དོན་དུ་གྲུབ་པ་མིན་ཏེ་ཕྱི་དོན་མི་འགྲུབ་ཞིང་། འོ་ན་རང་གི་སེམས་ཉིད་དེར་སྣང་བས་གཞན་མིན་པར་གཅིག་ཉིད་ཡིན་ནམ་སྙམ་ན། སེམས་དང་གཅིག་ཡིན་པར་ཡང་མི་བརྟགས་ཏེ་གཅིག་ཡིན་ན་སེམས་གཅིག་པ་ཆ་མེད་དུ་གྲུབ་པ་ཉམས་པ་དེས་ན་ནི་མཁའ་ལ་སྐྲ་ཤད་ཀྱི་སྣང་བ་ལྟར་གཞི་མེད་ཀྱི་སྣང་བ་ཙམ་དུ་འདོད་དེ་སེམས་ནི་རྣམ་པ་ཐམས་ཅད་དང་བྲལ་བའི་རང་བཞིན་ཤེལ་གོང་དག་པ་བཞིན་དུ་གནས་པ་ཡིན་པས་སྐྱོན་གང་ཡང་མེད་དོ་ཞེ་ན། ཁྱོད་སེམས་དངོས་པོར་འདོད་ན་ནི་ཇི་ལྟར་ན་ཡུལ་ལམ་རྣམས་པ་དེ་གཞན་མིན་ཏེ། རྣམ་པ་དངོས་པོ་མེད་པར་འདོད་པས་དངོས་དངོས་མེད་ཀྱི་གཞི་མཐུན་མི་སྲིད་པས་སོ། །གནོད་པ་དེར་དོགས་ནས་སེམས་ལས་གཞན་ཀྱང་མིན་ནོ་ཞེ་ན། སེམས་ཀྱང་དངོས་པོར་མེད་པར་འགྱུར་ཏེ་དངོས་མེད་ཀྱི་རྣམ་པ་དང་གཅིག་ཡིན་པས་སོ། །སེམས་དངོས་པོར་མེད་ན་ལྟ་བྱེད་དུ་མི་རུང་ངོ་སྙམ་ན། ཇི་ལྟར་ཁྱོད་སྒྱུ་མ་ལྟ་བུའི་ཕྱི་དོན་བདེན་པ་མིན་ཀྱང་ཤེས་པས་བལྟ་བྱ་ཡིན་པར་འདོད་པ་དེ་བཞིན་དུ་ལྟ་བྱེད་ཡིད་ཀྱང་སྒྱུ་མ་ལྟ་བུའི་བདེན་མེད་ཡིན་ཀྱང་ལྟ་བྱེད་དུ་འཐད་དོ། །གོང་དུ་དགག་པ་དང་འདིར་སྒྲུབ་པའི་དབང་དུ་བྱས་སོ། །གལ་ཏེ་འཁོར་བ་འདི་ནི་གཞན་དབང་གི་སེམས་དངོས་པོར་གྲུབ་པའི་རྟེན་ཅན་ཡིན་གྱི། འཁོར་བ་དེ་ནི་གཞན་དུ་ན་སེམས་དངོས་པོར་གྲུབ་པ་དེ་མེད་ན་མཁའ་འདྲར་ཏེ་ནམ་མཁའ་བཞིན་དུ་ཅི་ཡང་མེད་པར་འགྱུར་གྱི་འཁོར་བའི་སྣང་བ་འདི་འབྱུང་མི་རིགས་ཏེ་རྟེན་གཞི་མེད་པས་ན་འཇིམ་པ་མེད་པའི་བུམ་པ་དང་། སྣལ་མ་མེད་པའི་སྣམ་བུ་བཞིན་ནོ་སྙམ་ན། འཁོར་བ་འདི་དངོས་པོ་ཡིན་ན་སེམས་དང་གཅིག་གམ་ཐ་དད་གཅིག་ན་འབྲལ་མི་རུང་ལ་གཞན་ན་སེམས་ཙམ་གྱི་གྲུབ་མཐའ་ཉམས་པས་དངོས་མེད་དུ་འདོད་མོད། དེ་འདྲའི་འཁོར་བ་དངོས་མེད་ལ་དོན་བྱེད་པ་མེད་པས་དེ་དངོས་པོར་གྲུབ་པའི་སེམས་ལ་བརྟེན་པར་གྱུར་བས་ན། འཆིང་གྲོལ་གྱི་དོན་བྱེད་པ་དང་ལྡན་པར་ཇི་ལྟར་འགྱུར་ཏེ། རི་བོང་གི་ར་ལག་པ་ལ་བརྟེན་ནས་ཀྱང་ས་རྐོ་བ་མི་སྲིད་པ་བཞིན་དངོས་མེད་ནི་གང་ལའང་བརྟེན་པ་མིན་ཏེ། གལ་ཏེ་བརྟེན་པར་གྱུར་ན་རྒྱུ་འབྲས་ཀྱི་དངོས་པོར་འགྱུར་རོ། །དངོས་མེད་ཅེས་པ་ཐ་སྙད་དུའང་མེད་པའི་གཏན་མེད་ལ་བརྗོད་པ་དང་། བདེན་པའི་དངོས་པོ་མེད་པའི་སྒྱུ་མ་ལྟ་བུ་ལ་བརྗོད་པ་གཉིས་ཡོད་པས། བདེན་དངོས་མེད་ཀྱང་སྣང་བར་ཤིན་ཏུ་འཐད་པ་མ་རྟོགས་ནས་དངོས་སྨྲ་བ་རྣམས་ཀྱིས་གཏན་མེད་ལྟ་བུར་བཟུང་བ་ལ་ལན་འདེབས་ཚུལ་ཡིན་ནོ། །དེ་ལྟར་དངོས་མེད་དང་སེམས་དངོས་པོ་གཉིས་ནམ་ཡང་མི་འབྲེལ་བས་ན་སེམས་ཙམ་པ་ཁྱོད་ཀྱི་སེམས་ནི་གྲོགས་གཟུང་བ་མེད་པར་རང་རིག་རང་གསལ་གཅིག་པུ་ཉིད་དུ་འགྱུར་བ་ཡིན་ལ། གང་ཚེ་དེ་ལྟར་སེམས་ནི་གཟུང་བ་དང་བྲལ་བ་དེ་ཚེ་འཛིན་པས་ཀྱང་སྟོང་ཞིང་གཉིས་སྟོང་མངོན་དུ་གྱུར་པ་དེ་ཡི་ཚེ་དེ་ཁོ་ན་ཉིད་མངོན་དུ་གྱུར་པས་ན་སེམས་ཅན་ཐམས་ཅད་ཐོག་མ་ནས་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་ཏེ་ལམ་འབད་རྩོལ་ལ་ལྟོས་པར་མི་འགྱུར་རོ། །དེ་ལྟ་བུ་ཡིན་ན་ཡང་ཆོས་ཐམས་ཅད་སེམས་ཙམ་མོ་ཞེས་རྣམ་རིག་ཙམ་དུ་བརྟགས་ཤིང་གྲུབ་པའི་མཐའ་བཞག་པ་ལ་ཡོན་ཏན་ཅི་ཞིག་ཡོད་དེ། འདི་ལྟར་སེམས་ཙམ་གྱི་སྒྲས་སེམས་ལས་གཞན་པའི་དོན་འགོག་པར་བྱེད་ཅིང་གཉིས་སྟོང་གི་དེ་ཁོ་ན་ཉིད་སྒྲུབ་པར་འདོད་ཀྱང་། གཉིས་སྣང་དགག་མི་དགོས་ལ་གཉིས་སྟོང་བསྒྲུབ་མི་དགོས་པས་ན་ལམ་དེས་ཅི་ཞིག་བྱ། དེས་ན་རྣམ་པ་མེད་པར་ཁས་བླང་ན་འཁོར་བའི་སྣང་བ་གཞི་མེད་དུ་འགྱུར་བས་མྱོང་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །གཉིས་པ་ལམ་སྟོང་ཉིད་ལ་རྩོད་པ་སྤོང་བ་ནི། འདི་ལྟར་ཕྱི་ནང་གི་དངོས་པོ་འདི་དག་སྒྱུ་མ་ལྟ་བུ་ཤེས་ན་ཡང་དེས་ཇི་ལྟར་ཆགས་སོགས་ཉོན་མོངས་པ་ལྡོག་པར་འགྱུར་ཏེ་མི་འགྱུར་ཏེ། གང་ཚེ་སྒྱུ་མ་མཁན་རང་གིས་སྤྲུལ་པའི་སྒྱུ་མའི་བུད་མེད་མཛེས་མ་ལ་སྒྱུ་མའི་སྣང་བར་ཤེས་ཀྱང་དེ་ཡི་བྱེད་པ་པོ་ཉིད་ཀྱང་དེ་ལ་ཆགས་པ་སྐྱེ་བར་འགྱུར་བ་བཞིན་ནོ་སྙམ་ན། སྒྱུ་མའི་བུད་མེད་དེ་བྱེད་པ་པོ་ནི་བུད་མེད་ལ་སོགས་པའི་ཤེས་བྱ་གང་ལའང་ཆགས་སོགས་ཉོན་མོངས་པའི་བག་ཆགས་མ་སྤངས་པ་ཡིན་པ་དེས་ན་ཡུལ་སྒྱུ་མའི་བུད་མེད་མཛེས་མ་དེ་མཐོང་བ་ན་མཐོང་མཁན་བྱེད་པ་པོ་དེ་ཡི་རྒྱུད་ལ་ནི་ཆགས་སོགས་ཉོན་མོངས་པའི་གཉེན་པོ་སྟོང་ཉིད་ཀྱི་བག་ཆགས་ཤིན་ཏུ་ཉམ་ཆུང་བར་གྱུར་པ་ཉིད་ཀྱིས་ཆགས་སོགས་ཉོན་མོངས་པ་གཏན་ནས་ལྡོག་པར་ག་ལ་ནུས་ཏེ། དེའི་རྒྱུད་ལ་བདེན་འཛིན་དང་དངོས་སུ་འཛིན་སྟངས་འགལ་བའི་སྟོང་ཉིད་ནི་མེད་ལ། ཕྱི་རོལ་གྱི་བུད་མེད་དངོས་ཀྱིས་སྟོང་བར་མཐོང་བ་དེས་ཀྱང་སྒྱུ་མིའི་བུད་མེད་དེ་དོན་དུ་གཉེར་ཞིང་འགྲོགས་པར་རེ་བ་སོགས་མི་སྐྱེ་བ་བཞིན་ནོ། །དེས་ན་འདོད་པའི་རྩ་བ་ནི་ཀུན་ཏུ་རྟོག་པ་ཡིན་ལ་དེ་སྤྲོས་པ་ལས་སྐྱེ་ཞིང་ཀུན་རྟོག་གི་སྤྲོས་པ་དེ་དག་ནི་སྟོང་པ་ཉིད་ཀྱིས་ཀུན་བརྟག་དང་ལྷན་སྐྱེས་ཐམས་ཅད་རིམ་གྱིས་སྤངས་ཏེ་མཐར་བློ་གཉེན་པོའི་ངང་དུ་གྱུར་པ་ས་བོན་ཕྲ་བའང་སླར་མི་སྐྱེ་བའི་ཚུལ་དུ་ལྡོག་སྟེ་ཉི་མའི་དཀྱིལ་འཁོར་ལ་མུན་པ་གཏན་མི་གནས་པ་བཞིན་ནོ། །འོ་ན་དངོས་པོར་མངོན་ཞེན་དང་། སྟོང་པ་ཉིད་དུ་མངོན་པར་ཞེན་པ་གཉིས་ཀའང་ཀུན་རྟོག་གི་སྤྲོས་པ་ལས་མ་འདས་ན་གླང་ཆེན་གྱི་ཁྲུས་བཞིན་དུ་སླར་ཡང་རྟོག་པའི་དྲྭ་བར་ཆུད་པ་ཁྱོད་ཀྱིས་ཀུན་རྟོག་ཇི་ལྟར་འགོག་སྟེ་འགོག་པར་མི་འགྱུར་རོ་ཞེ་ན། གང་དངོས་པོ་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དུ་རྟོགས་པའི་བག་ཆགས་གོམས་པས་ནི་དེ་དང་འཛིན་སྟངས་འགལ་བ་དངོས་པོའི་སྟེ་དངོས་པོར་ཞེན་པའི་བག་ཆགས་སྤོང་བར་འགྱུར་ཞིང་། དེའི་ཚེ་དངོས་མེད་དུ་འཛིན་པ་དེའང་གཞན་བསལ་བའི་རྟོག་པ་ཙམ་སྟེ་དངོས་པོའི་གནས་ཚུལ་ཡང་དག་ཏུ་གྲུབ་པ་མེད་པར་རྟེན་འབྱུང་གི་རིག་པས་གཏན་ལ་ཕབ་ནས། དངོས་དང་དངོས་མེད་ཅི་ཡང་བདེན་པར་གྲུབ་པ་མེད་ཅེས་ཏེ་མེད་པར་གོམས་པས་ནི་སྟོང་པའམ་མེད་པར་ཞེན་པ་དེ་ཡང་ཕྱི་ནས་སྤོང་བར་འགྱུར་ཏེ། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། བྱང་ཆུབ་སེམས་དཔའ་གང་གིས་འདི་ཤེས་ངེས་པར་འབྱུང་ཞེས་དང་། ཀླུ་སྒྲུབ་ཀྱིས་འཇིག་རྟེན་ལས་འདས་པར་བསྟོད་པ་ལས། ཀུན་རྟོག་ཐམས་ཅད་སྤོང་བའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་མཛད་དེ། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཡང་ཁྱོད་ཀྱིས་སྤངས་པ་ལགས། །ཞེས་གསུངས་པ་བཞིན་ནོ། །དེ་ལ་དངོས་པོ་ནི་མེད་པར་བཀག་ཀྱང་། དེ་བཀག་པའི་མེད་པ་ནི་ཇི་ལྟར་དགག་པར་བྱ་སྟེ་དེ་བཀག་ན་སླར་ཡོད་པ་ཉིད་དུ་ལྡོག་སྟེ་མེད་པ་འགོག་པ་སྒྲུབ་པ་ཡིན་པའི་ཕྱིར་དང་དངོས་པོ་མེད་པ་ནི་གཉེན་པོ་ཡིན་པ་ལ་སོགས་པའི་ཕྱིར་རོ་སྙམ་ན་རེ་ཞིག་ཐོག་མེད་ནས་གོམས་པའི་དངོས་པོ་ཡོད་པ་ཉིད་དུ་ཞེན་པ་དེའི་ངོར་བྱས་ནས་མེད་པ་ཉིད་དུ་སྒྲུབ་ཅིང་གོམས་པར་བྱེད་དགོས་ཏེ། དངོས་པོ་རང་བཞིན་མེད་པར་མ་ཤེས་ན་གནས་ལུགས་མཐའ་བྲལ་ལ་ངེས་པ་སྐྱེ་བའི་སྐབས་གཏན་ནས་མེད་པས་སོ། །འོན་ཀྱང་མེད་པ་དེ་ཙམ་ཁོ་ན་གནས་ལུགས་མཐར་ཐུག་ནི་མ་ཡིན་ཏེ། བརྟགས་ཤིང་དཔྱད་པ་གང་གི་ཚེ་གཟུགས་སོགས་དངོས་པོ་གང་ཞིག་མེད་དོ་ཞེས་བརྟག་བྱའི་དངོས་པོ་དེ་ཐ་སྙད་དུ་རང་གི་ངོ་བོས་སྐྱེ་བ་སོགས་སུ་མི་དམིགས་པར་གྱུར་པ་དེ་ཚེ་དེ་ལ་བརྟེན་པའི་དངོས་མེད་ཀྱང་རྟེན་དངོས་པ་དང་བྲལ་བའམ་དངོས་པོ་མེད་པས་ནི་བློ་ཡི་མདུན་ན་དམིགས་གཏད་ཀྱི་ཡུལ་དུ་ཇི་ལྟར་གནས་ཏེ་གནས་མི་སྲིད་དེ་མོ་གཤམ་གྱི་བུ་སྐྱེ་བ་མེད་ན་དེ་ཤི་བའང་མི་དམིགས་པ་བཞིན་ནོ། །དེས་ན་མེད་པ་ནི་ཡོད་པ་ལ་བརྟེན་ནས་བཞག་པ་ཙམ་སྟེ་ལྟོས་མེད་དུ་ངོ་བོས་གྲུབ་པ་ནི་མེད་དོ། །དེ་ལྟར་ན་གང་གི་ཚེ་དགག་བྱ་དངོས་པོ་དང་དེ་བཀག་པའི་དངོས་མེད་གཉིས་པོ་དག་གང་ཡང་བློ་ཡི་མདུན་ནམ་སྤྱོད་ཡུལ་ན་མི་གནས་པ་དེ་ཡི་ཚེ་དེ་ལས་གཞན་གཉིས་ཀ་དང་གཉིས་མིན་ལ་སོགས་པ་བདེན་པར་གྲུབ་པའི་རྣམ་པ་གཞན་མེད་པས་ན་སྟོང་ངོ་མི་སྟོང་ངོ་ལ་སོགས་པའི་དམིགས་པའི་གཏད་སོ་མ་ལུས་པ་མེད་པར་སྤྲོས་པ་མ་ལུས་པ་རབ་ཏུ་ཞི་བ་ཡིན་ཏེ་སོ་སོ་རང་རིག་པའི་ཡེ་ཤེས་ཙམ་གྱིས་རབ་ཏུ་ཕྱེ་བ་སྨྲ་བསམ་བརྗོད་དུ་མེད་པ་ནམ་མཁའི་དཀྱིལ་ལྟ་བུའི་མཉམ་པ་ཉིད་དོ། །དེ་ཡང་། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་དང་། རྩ་ཤེས་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་པ་བཞིན་ནོ། །གནས་ལུགས་མཐར་ཐུག་དེ་ལྟ་བུ་ཡིན་པ་དེའི་ཕྱིར། །ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང་། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་གསུངས་པས་སོ། །གསུམ་པ་འབྲས་བུ་གཞན་དོན་ལ་རྩོད་པ་སྤོང་བ་ནི། དེ་ལྟར་ན་རྣམ་པར་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་པའི་སངས་རྒྱས་ཀྱིས་ན་གདུལ་བྱའི་དོན་དུ་འབད་རྩོལ་གྱི་སྤྲོས་པ་མི་མངའ་བས་དེས་སེམས་ཅན་གྱི་དོན་ཇི་ལྟར་མཛད་སྙམ་ན། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་དཔག་བསམ་གྱི་ཤིང་དག་ལ་སྤྱོད་ཡུལ་ན་གནས་ཤིང་གསོལ་བ་འདེབས་པར་བྱེད་པ་རྣམས་ཀྱི་དོན་བྱའོ་སྙམ་དུ་རྣམ་པར་མི་རྟོགས་ཀྱང་ཇི་ལྟར་རེ་བ་ཡི་དོན་ཡོངས་སུ་སྐོང་བ་དེ་བཞིན་གདུལ་བྱར་ཏེ་གདུལ་བྱ་རྣམས་ལ་སྔོན་གྱི་སྨོན་ལམ་གྱི་དབང་གིས་རྒྱལ་བའི་སྐུར་སྣང་ངོ་ཞེས་སྐུ་གང་ལ་གང་འདུལ་དུ་སྣང་ཞིང་ཆོས་སྟོན་པ་སོགས་ཀྱི་སྒོ་ནས་ཕན་བདེའི་ཕྲིན་ལས་དུས་རྟག་ཏུ་མཛད་པ་ཡིན་ནོ། །འདིར་སློབ་ལམ་གྱི་འབད་རྩོལ་ཐམས་ཅད་ཉེ་བར་ཞི་ཞིང་ཆོས་ཀྱི་དབྱིངས་ལས་ནམ་ཡང་མི་གཡོ་བའི་མྱང་འདས་མཐར་ཐུག་པ་བརྙེས་པ་ན་འབད་རྩོལ་གྱི་རྟོག་པ་མེད་ཀྱང་། གཞན་དོན་དུ་ཕྲིན་ལས་འཇུག་པ་ནི་ནོར་བུ་ལ་སོགས་པའི་དཔེས་བསྟན་ཏེ་གཞན་ཡང་བརྒྱ་བྱིན་གྱི་གཟུགས་བརྙན་སོགས་དཔེ་བརྒྱད་པོ་དག་ཀྱང་ཡིན་ནོ། །ཡང་འདི་སྙམ་དུ། ད་ལྟའི་སྐབས་འདུལ་བྱེད་ཀྱི་ཆོ་འཕྲུལ་འདི་དང་འདི་ལྟ་བུས་གདུལ་བྱ་འདི་དང་འདི་ལ་ཕན་འདི་དང་འདི་ལྟ་བུ་གདགས་སོ་ཞེས་རྩོལ་བ་མེད་ན་སྔོན་གྱི་སྨོན་ལམ་གྱིས་དེ་ལྟ་བུ་སྒྲུབ་ག་ལ་ནུས་སྙམ་ན། དེ་ཅིའི་ཕྱིར་མི་ནུས་ཏེ། དཔེར་ན་སྔོན་ནམ་མཁའ་ལྡིིང་གི་རིགས་སྔགས་གྲུབ་པ་བྲམ་ཟེ་ཤང་ཀུ་ཞེས་བྱ་བས་ནམ་མཁའ་ལྡིང་གི་ནི་སྐུ་བརྙན་ནམ་མཆོད་རྟེན་ལ་སོགས་པའི་མཆོད་སྡོང་ས་དང་རྡོ་བ་སོགས་ལས་བསྒྲུབས་ནས་དེ་གང་གིས་མཐོང་བ་སོགས་ལ་ཀླུ་ལ་སོགས་པའི་དུག་ཞི་བའི་ནུས་ལྡན་དུ་སྔགས་དང་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པ་ན་བྱེད་པ་པོ་རང་ཉིད་འདས་པར་གྱུར་པ་ཡི་རྗེས་སུ་དེ་འདས་ནས་ཡུན་རིང་པོ་ལོན་ཡང་མཆོད་སྡོང་དེ་ཡིས་དུག་དང་། གདོན་ལ་སོགས་པ་དངོས་སུ་ཞི་བར་བྱེད་པ་དེ་བཞིན་དུ་ད་ལྟའི་འབད་རྩོལ་ཁོ་ན་མེད་ཀྱང་སྔོན་གྱི་འཕེན་བས་གཞན་དོན་སྒྲུབ་པ་ཅི་སྟེ་མེད། དེའི་ཕྱིར་བྱང་ཆུབ་སེམས་དཔའ་བླ་ན་མེད་པས་བྱང་ཆུབ་ཀྱི་དོན་དུ་སྤྱོད་པའི་སྟེ་ཚོགས་གཉིས་ཀྱི་སྤྱོད་པ་རླབས་པོ་ཆེ་དང་རྗེས་སུ་མཐུན་པར་རྒྱལ་བའི་མཆོད་སྡོང་སངས་རྒྱས་ཀྱི་གོ་འཕང་ཉིད་བསྒྲུབ་པ་ཡང་སྒྲུབ་མཁན་བྱང་ཆུབ་སེམས་དཔའ་དེ་མི་གནས་པའི་དབྱིངས་སུ་མྱ་ངན་ལས་འདས་ནས་ད་ལྟ་འབད་རྩོལ་དང་གཟུང་འཛིན་གྱི་སྤྲོས་པ་ནི་ཉེ་བར་ཞི་བར་གྱུར་ཀྱང་སེམས་ཅན་མཐའ་དག་གི་གནས་སྐབས་དང་མཐར་ཐུག་གི་དོན་རྣམས་ཐམས་ཅད་མཛད་པ་ཡིན་ནོ། །ཡང་དེ་དག་འདི་སྙམ་ནུ། གང་ཕན་ཚུན་མཆོད་པ་དང་ལེན་པའི་བསམ་པས་མཆོད་ན་བསོད་ནམས་འབྱུང་ཡང་། སངས་རྒྱས་ལ་རྣམ་པར་རྟོག་པའམ་སེམས་མེད་པ་ཡིན་ན་དེ་ལ་མཆོད་པ་བྱས་པས་ཇི་ལྟར་བསོད་ནམས་ཀྱི་འབྲས་བུ་དང་ལྡན་པར་འགྱུར་ཞེ་ན། སེམས་མེད་པ་ལ་མཆོད་པའི་འབྲས་བུ་མེད་ན་དེ་བཞིན་གཤེགས་པའི་རིང་བསྲེལ་དང་མཆོད་རྟེན་ལ་མཆོད་པ་ལ་འབྲས་བུ་མེད་དགོས་ནའང་། གང་གི་ཕྱིར་སངས་རྒྱས་དངོས་སུ་བཞུགས་པའམ་དེ་མྱ་ངན་ལས་འདས་པའི་རིང་བསྲེལ་དང་དེའི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་མཆོད་པ་བསོད་ནམས་མཉམ་པར་རམ་མཚུངས་པ་ཉིད་དུ་བྱམས་པ་སེང་གེ་སྒྲའི་མདོ་ལས་སོགས་པ་ལས་ཡང་ནས་ཡང་དུ་བཤད་པའི་ཕྱིར་རོ། །ཇི་སྐད་དུ། ད་ལྟ་ང་ལ་མཆོད་པ་དང་། །མ་འོངས་རིང་བསྲེལ་མཆོད་པ་གཉིས། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །ཞེས་པ་ལ་སོགས་པས་སོ། །དེའི་ཕྱིར་བདག་ཅག་སངས་རྒྱས་དང་མཆོད་པའི་བསོད་ནམས་གཉིས་པོ་ཀུན་རྫོབ་སྒྱུ་མ་ཙམ་དུ་འདོད་པ་བམ་ནི་ཁྱོད་དེ་ཉིད་དུའང་སྟེ་དོན་དམ་པར་འདོད་པ་གཉིས་ཀ་སུ་ཡིན་ཀྱང་རུང་སྟེ་སངས་རྒྱས་དེ་ལ་མཆོད་པའི་འབྲས་བུ་རྒྱ་ཆེན་པོ་ཡོད་པ་ནི་ལུང་ལས་ཏེ་ལུང་ཚད་མ་ལ་བརྟེན་ནས་འདོད་པ་ཡིན་ཏེ་དཔེར་ན་ཁྱོད་བདེན་པའི་སངས་རྒྱས་མཆོད་པ་ལ་ཇི་ལྟར་འབྲས་བུར་ཏེ་འབྲས་བུ་དང་བཅས་པར་ཁས་ལེན་པའང་ལུང་ལས་ཡིན་པ་བཞིན་དུ་ངེད་ཀྱང་བདེན་པར་མ་གྲུབ་པའི་སངས་རྒྱས་ལ་མཆོད་པའི་འབྲས་བུའང་མི་བདེན་པ་སྒྱུ་མ་ལྟ་བུ་འབྱུང་བར་ཁས་ལེན་པ་ཡིན་ནོ། །གསུམ་པ་ཐེག་ཆེན་མཆོག་ཏུ་བསྒྲུབ་པ་ལ། ལུང་ཐེག་ཆེན་བཀར་བསྒྲུབ་པ་དང་། ལམ་སྟོང་ཉིད་གཉེན་པོར་སྒྲུབ་པ་གཉིས་ལས། དང་པོ་ནི། དེ་ལ་སྤྱིར་ཉན་ཐོས་ལ་སྤྲུལ་པའི་དང་བྱང་ཆུབ་ཆེན་པོར་འགྱུར་བ་དང་། ཞི་བ་བསྒྲོད་པ་གཅིག་པ་དང་། མངོན་པའི་ང་རྒྱལ་ཅན་ནམ་སེནྡྷ་བ་དང་བཞི་ཡོད་པ་ལས་ཕྱི་མ་གཉིས་སྟེ་དེ་ལས་ཀྱང་བདེན་པ་མ་མཐོང་ཡང་མཐོང་བར་རློམ་པས་རང་གི་གྲུབ་མཐའ་ལ་མངོན་པར་ཞེན་པ་དེ་དག་ན་རེ། བདེན་བཞི་རྣམ་པ་མི་རྟག་སོགས་བཅུ་དྲུག་མངོན་སུམ་མཐོང་བ་དེ་ཁོ་ན་གོམས་པས་རྣམ་པར་གྲོལ་བ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར་གྱི་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་མཐོང་བས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ་ཞེས་ཐེག་པ་ཆེན་པོ་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པ་ལ་སྐྲག་ཅིང་སྤངས་ནས་དེ་འདྲའི་སྟོང་ཉིད་དེ་མ་རྟོགས་ཀྱང་གང་ཟག་གི་བདག་མེད་རྟོགས་པ་ཡོད་པར་རློམས་ནས་རྩོད་པའོ། །དེ་འདྲའི་རྩོད་པ་ནི་གྱི་ན་སྟེ། གང་གི་ཕྱིར་ན་སྟོང་པ་ཉིད་སྤངས་པའི་ཕ་རོལ་ན་ཉོན་མོངས་པ་རྩ་བ་ནས་སྤོང་ནུས་པའི་གཉེན་པོ་མི་སྲིད་པས་ན་རྒྱལ་བའི་ཡུམ་ལ་སོགས་པ་ལུང་རྣམས་ལས་ཀྱང་སྟོང་པ་ཉིད་རྟོགས་པའི་ལམ་འདི་ནི་མེད་པར་ཐར་པ་བྱང་ཆུབ་གསུམ་མེད་པར་གསུངས་ཏེ། ཇི་ལྟར་ན་གང་དངོས་པོའི་འདུ་ཤེས་ཅན་ལ་ཐར་པ་བྱང་ཆུབ་གསུམ་གང་ཡང་རུང་བ་མེད་པར་གསུངས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲས་བུ་དག་ཀྱང་ཤེར་ཕྱིན་སྟོང་པ་ཉིད་ལམ་བརྟེན་པར་ཐོབ་པར་མི་ནུས་པས་འདི་འཕགས་བཞི་སྐྱེད་པའི་ཡུམ་དུ་གསུངས་པས་སོ། །དེ་ལ་དེ་དག་ན་རེ། ཁྱེད་ཀྱིས་སྒྲུབ་བྱེད་ལུང་ཐེག་ཆེན་དེ་ཉིད་བདག་ཅག་ལ་ལུང་ཡང་དག་པ་སངས་རྒྱས་ཀྱི་བཀར་མ་གྲུབ་སྟེ། སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་བདུད་ཀྱི་མཐུ་ལས་རྟོག་གེ་བདག་གིས་བྱས་པའི་ཚིག་ཡིན་པས་དེ་ཡིད་ཆེས་པའི་ལུང་དུ་མི་རུང་ངོ་ཞེ་ན། གལ་ཏེ་ཐེག་ཆེན་སངས་རྒྱས་ཀྱི་བཀའ་ཡིན་པར་མ་གྲུབ་ན། འོ་ན་ཉན་ཐོས་པ་ཁྱོད་ཀྱི་ལུང་དེ་ནི་སངས་རྒྱས་ཀྱི་བཀའ་ཡིན་པར་ཇི་ལྟར་གྲུབ་ཅེས་དྲིའོ། །དེ་ལ་ལན་དུ་ཁོ་བོ་ཅག་གི་ལུང་འདུལ་བ་ལུང་སྡེ་བཞི་དང་མདོ་སྡེ་གཅིག་ལས་འཕྲོས་པ་སོགས་དང་། མངོན་པ་སྡེ་བདུན་སོགས་འདི་རྣམས་ནི་གང་གི་ཕྱིར་བཀའ་ཡིན་པར་རང་རེ་གཉིས་ཀ་ལ་འདི་རྣམས་གྲུབ་པ་མིན་ནམ། དེའི་ཕྱིར་འདི་རྣམས་བཀའ་ཡིན་པར་རྩོད་པ་མེད་དོ་ཞེ་ན། ཅི་གཉིས་ཀ་ཞེས་པ་འདི་ཁྱོད་དང་གཉིས་སམ། འོན་ཏེ་གཞན་གང་ཡང་རུང་བ་གཉིས་ཡིན། དང་པོ་ལྟར་ན། ཁྱོད་དང་པོ་སྐྱེས་མ་ཐག་པ་སོགས་སུ་ཁྱོད་ལ་ཐེག་དམན་གྱི་སྡེ་སྣོད་འདི་རྣམས་སངས་རྒྱས་ཀྱི་བཀའ་མ་གྲུབ་པས་ན་དེའི་ཚེ་གཉིས་ཀ་ལ་འདི་གྲུབ་པོ་ཞེས་པ་དེ་མེད་པས་བཀའ་ཇི་ལྟར་ཡིན། ལུང་དང་སྐྱེས་བུ་ལ་རང་བཞིན་གྱིས་འབྲེལ་པ་མེད་པས་ན་ཁྱོད་ལ་དང་པོ་ནས་འདི་ལུང་ཚད་མར་གྲུབ་པ་ནི་མི་སྲིད་དོ། །ཁྲོ་བོ་ལ་དང་པོ་ནས་མ་གྲུབ་ཀྱང་ཡིད་ཆེས་སུ་རུང་བའི་རྒྱུ། དང་པོ་སྟོན་པས་གསུངས། བར་དུ་དགྲ་བཅོམ་རྣམས་ཀྱིས་བཀའ་བསྡུ་མཛད་ཅིང་དགོངས་འགྲེལ་གྱིས་གསལ་བར་བྱས་པ་བླ་མ་བརྒྱུད་པའི་རིམ་པ་ལས་ཐོས་པ་དང་ཆོས་ལ་བརྟག་པའི་མཐའ་གསུམ་དང་མི་འགལ་བར་ཡང་དག་པའི་ལམ་སྟོན་པའི་ལུང་དུ་རིགས་པས་གྲུབ་པའི་རྐྱེན་གང་དག་གིས་ནི་ལུང་སྡེ་བཞི་ལ་སོགས་པ་དེར་སངས་རྒྱས་ཀྱི་བཀར་ཡིད་ཆེས་པས་གྲུབ་པོ་ཞེ་ན། དེ་ལྟ་བུའི་ཡིད་ཆེས་སུ་རུང་བའི་རྐྱེན་དེ་རྣམས་ནི་ཐེག་ཆེན་ལ་ཡང་ཡོད་པར་མཚུངས་ཏེ། དང་པོ་སྟོན་པས་གསུངས། བར་དུ་འཇམ་དབྱངས་དང་བྱམས་པ་སོགས་ཀྱིས་བཀའ་བསྡུ་མཛད་ཅིང་བྱམས་པ་ཀླུ་སྒྲུབ་སོགས་ཀྱིས་དགོངས་འགྲེལ་གྱིས་གསལ་བར་བྱས་པ་ཡིད་ཆེས་སུ་རུང་བའི་བླ་མ་བརྒྱུད་པའི་རིམ་པ་ལས་ཐོས་ཤིང་ཆོས་ལ་བརྟག་པའི་མཐའ་གསུམ་དང་མི་འགལ་བར་ཡོད་པས་ཁྱོད་བློ་དང་ལྡན་ཞིང་གཟུ་བོར་གནས་ན་གྲུབ་ཏུ་ཉེ་བ་ཡིན་པས་འདིའང་འུ་བུ་གཉིས་ཀ་ལ་གྲུབ་པར་རུང་གི་མི་འགྲུབ་པ་མིན་ནོ། །ཕྱི་མ་ལྟར་ན་གཞན་གང་ཟག་གང་ཡང་རུང་བ་གཉིས་ཀྱིས་འདོད་པས་ཏེ་དེའི་ངོར་གྲུབ་ཟིན་ནས་ཁས་བླངས་ཕན་ཆད་ལུང་དེ་བདེན་པ་ཡིན་ན་ནི་རིག་བྱེད་བཞི་ལ་སོགས་པའི་མུ་སྟེགས་པའི་གཞུང་རྣམས་ཀྱང་བདེན་པར་འགྱུར་ཏེ། དེ་གང་ཟག་གཉིས་ལ་སོགས་པ་དུ་མས་ལུང་ཡང་དག་ཏུ་འདོད་པའི་ཕྱིར་རོ། །གལ་ཏེ་ཐེག་དམན་ལ་བཀའ་ཡིན་མིན་རྩོད་པ་མེད་ལ་ཐེག་ཆེན་རྩོད་པ་དང་བཅས་པའི་ཕྱིར་བཀའ་མིན་ནོ་ཞེ་ན། རྩོད་པ་དང་བཅས་པ་ཙམ་གྱིས་ལུང་ཡང་དག་མིན་པར་མི་འགྱུར་ཏེ། གལ་ཏེ་འགྱུར་ན་ནང་པ་སངས་རྒྱས་པའི་ལུང་སྤྱི་ལ་མུ་སྟེགས་པ་རྣམས་ཀྱིས་རྩོད་པ་དང་བཅས་ཤིང་། ལུང་གི་བྱེ་བྲག་གི་ཕྱོགས་སམ་གཞན་བཟུང་ནས་གྲུབ་མཐའ་སོ་སོ་དང་ཉན་ཐོས་སྡེ་པ་བཅོ་བརྒྱད་ལ་སོགས་པ་ལ་ཡང་ནང་ཕན་ཚུན་རང་གཞན་དག་རྩོད་པ་དང་བཅས་པ་ཡིན་པའི་ཕྱིར་ཐེག་དམན་ཀྱང་ཁྱོད་ཀྱིས་དོར་བྱར་འགྱུར་རོ། །དེ་ལྟར་ན་བསྟན་པ་ཡང་དག་པར་གནས་པའི་རྩ་བ་ནི་ཡང་དག་པའི་དགེ་སློང་ཉིད་ཀྱང་དཀའ་བར་གནས་ཏེ་ཡོད་པར་དཀའོ། །དེ་ཡང་དགེ་སློང་ལ་སྒྲས་བརྗོད་ཀྱི་དབྱེ་བ་ལྔར་གསུངས་ཏེ། མིང་གི་དགེ་སློང་དང་། ཁས་འཆེ་བའི་དགེ་སློང་། སློང་བའི་ངང་ཚུལ་གྱི་དགེ་སློང་། བསྙེན་པར་རྫོགས་པའི་དགེ་སློང་། ཉོན་མོངས་པ་སྤངས་པའི་དགེ་སློང་རྣམས་ལས་དང་པོ་གསུམ་མིང་ཙམ་སྟེ། ཐ་མ་གཉིས་མཆོག་ཡིན་པས་དེ་གཉིས་བསྟན་རྩ་ཡིན་ལ། དེ་ལས་ཀྱང་དོན་དམ་པའི་དགེ་སློང་མཆོག་ནི་ཉོན་མོངས་པ་སྤངས་པ་ཡིན་ན་དེ་དཀའ་བར་གནས་ཏེ་ཉོན་མོངས་སྤོང་བའི་རྒྱུ་བདེན་པ་མཐོང་བ་མི་སྲིད་དེ་ཆོས་ཀྱི་གནས་ལུགས་སྟོང་པ་ཉིད་དང་མི་ལྡན་པར་འདོད་པས་ནའོ། །བསྙེན་པར་རྫོགས་པའི་དགེ་སློང་ཡང་དཀའ་བར་གནས་ཏེ་རྩོད་བཅས་ཕྱིར་ཞེས་ཤུགས་ལས་ཏེ་རྩོད་བཅས་ཐམས་ཅད་དོར་བྱར་ཁས་བླང་བའི་ཕྱིར་འདུལ་ལུང་སྡེ་བཞི་དོར་དགོས་པའི་ཕྱིར་རོ། །ཁོ་ན་རེ། ཅིའི་ཕྱིར་ཉོན་མོངས་སྤངས་པའི་དགེ་སློང་མེད་དེ་སྟོང་ཉིད་མེད་ཀྱང་བདེན་བཞི་མཐོང་པ་ཡོད་པས་སོ་སྙམ་ན། དེ་ལ་བདེན་བཞིའི་མི་རྟག་སོགས་ནི་གཙོ་བོ་མ་ཡིན་ལ། ལམ་གྱི་གཙོ་བོ་ཉིན་མོངས་རྩ་བ་ནས་སྤོང་བའི་དངོས་གཉེན་ནི་བདག་མེད་རྟོགས་པའི་ཤེས་རབ་ཡིན་ནོ། །དེས་ན་སྟོང་པ་ཉིད་སྤངས་ནས་སེམས་ནི་དམིགས་པ་དང་བཅས་པ་རྣམས་ཀྱིས་མྱ་ངན་ལས་འདས་པའང་ཐོབ་པར་དཀའ་བར་གནས་ཏེ། དེའི་རྒྱུ་མཚན་བདག་ཏུ་འཛིན་པ་དྲུང་ནས་མ་ཕྱུང་བར་ཉོན་མོངས་སྤོང་བའི་ཐབས་མེད་ལ། དེ་དྲུང་ནས་འབྱིན་པ་ལ་ཡུལ་སྟོང་བར་མཐོང་བ་ཁོ་ན་ལས་གཞན་རྩད་ནས་ལྡོག་ཐབས་མི་སྲིད་དོ། །ཡུལ་ཡོད་པར་ཞེན་པའི་བག་ཆགས་མ་སྤངས་པར་རེ་ཞིག་བསམ་གཏན་ལྟ་བུས་མགོ་མནན་ཀྱང་སླར་སྐྱེ་བར་འདུ་ཤེས་མེད་པའི་སྙོམས་འཇུག་བཞིན་ནོ་ཞེས་འགོད་པར་འགྱུར་བ་བཞིན་ནོ། །དེས་ན་རང་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པའི་བདག་རང་བཞིན་གྱིས་གྲུབ་པ་མེད་པའི་སྟོང་ཉིད་ཁོང་དུ་ཆུད་པའི་བདེན་པ་མཐོང་བ་ལས་ཉོན་མོངས་སྤོང་གི་གཞན་དུ་ན་དེ་མི་འཐད་དོ། །དེ་ལ་དེ་དག་ན་རེ། བདག་མེད་པ་མཐོང་དགོས་པར་ཁོ་བོ་འདོད་ཀྱང་དེ་དང་སྟོང་ཉིད་དོན་མི་གཅིག་སྟེ་སྟོང་པ་ཉིད་ནི་གཟུགས་སོགས་དངོས་སུ་ཡོད་པའི་ཆོས་ལ་མེད་ཅེས། སྐུར་པ་འདེབས་པའི་ལྟ་བ་འཇིགས་སུ་རུང་བ་ཡིན་ལ་གང་ཟག་གི་བདག་ནི་ཡེ་ནས་མེད་པ་ལ་མེད་པར་ཤེས་པ་ནི་གནས་ཚུལ་དང་མཐུན་པའི་ལྟ་བ་ཡང་དག་པ་ཡིན་པས་སོ་ཟེར་ན། དེ་གཉིས་ལ་སྟོང་པ་ཉིད་དུ་ཁྱད་པར་གང་ཡང་མེད་དེ། གང་ཟག་གི་བདག་ཕུང་པོ་ལ་བརྟེན་ནས་བརྟགས་པ་ཙམ་འདི་ལ་རང་གི་ངོ་བོས་གྲུབ་པ་མེད་པ་ནི་གང་ཟག་གི་བདག་མེད་ཡིན་ལ། ཡན་ལག་ལ་སོགས་པའི་ཚོགས་པ་ལ་བརྟེན་ནས་བཏགས་པའི་ལུས་དང་བུམ་པ་སོགས་ཕུང་པོ་རྣམས་ཀྱང་རང་རང་གི་ངོ་བོས་སྟོང་པ་ནི་ཆོས་བདག་མེད་པ་སྟེ། དེས་ན་འདི་གཉིས་སྟོང་གཞི་ཆོས་ཅན་གྱི་ཁྱད་པར་ཙམ་སྟེ། ཆོས་བདག་མེད་ནི་ཆོས་སྤྱི་དང་། གང་ཟག་གི་བདག་མེད་ནི་འཁོར་བའི་རྒྱུའི་གཉེན་པོ་ཡིན་པས་ལོགས་སུ་ཕྱེ་བ་ཙམ་ལས་སྟོང་ཚུལ་ལ་ཁྱད་པར་ཅི་ཡང་མེད་དོ། །དེ་ལ་འདིར་ཆོས་དང་གང་ཟག་གི་བདག་མེད་ལ་ཁྱད་ཆེན་པོ་ཡོད་པར་རློམས་ནས་ཆོས་བདག་མེད་སྟོང་པ་ཉིད་ནི་མི་དགོས་པར་གང་ཟག་གི་བདག་མེད་ཁོ་ནས་གྲོལ་བར་འདོད་པ་རྣམས་ཀྱི་ཞེ་འདོད་ནི། གང་ཡོད་པར་གྱུར་པའི་དངོས་པོ་ནི་སྟོད་པ་མ་ཡིན་ལ། གང་གཏན་ནས་ཡོད་མ་མྱོང་བ་བདག་ནི་རི་བོང་གི་རྭ་བཞིན་དུ་དོན་ལ་མེད་པ་ཞིག་སྟེ་དེ་ཕྱིར་ཆོས་བདག་མེད་པ་འདིས་ཅི་བྱ་སྙམ་དུ་གང་ཟག་གི་བདག་བརྟེན་ནས་བརྟགས་པའི་དེ་ཁོ་ན་ཉིད་དུ་མ་ཤེས་པར་རྩོད་པའོ། །ལེགས་པར་བརྟགས་ན་བདག་མེད་གཉིས་ཀའང་བརྟེན་ནས་བཏགས་པའི་སྟོང་པ་ཉིད་ཙམ་དུ་རོ་གཅིག་པས་ཁྱད་པར་ཅི་ཡང་མེད་པ་ལ་དགོངས་ནས་ཉན་རང་ལ་ཆོས་བདག་མེད་དམ་སྟོང་ཉིད་རྟོགས་པ་ཡོད་དེ། དེ་མེད་ན་ཉོན་མོངས་ཀྱང་སྤང་མི་ནུས་པར་དངོས་སྟོབས་ཀྱི་རིགས་པས་བསྒྲུབས་པས་སོ། །དེ་ཡང་གང་ཟག་རང་བཞིན་མེད་པར་སྟོང་པ་ཉིད་དུ་རྟོགས་པ་དེ་ཆོས་བདག་མེད་ཀྱི་བྱེ་བྲག་ཀྱང་ཡིན་སྟོང་ཉིད་ཀྱང་ཡིན་པར་གོ་དགོས་སོ། །དེས་ན་ཆོས་བདག་མེད་རྟོགས་པའི་ཡེ་ཤེས་ནི་སྤྱི་ཡིན་ལ། གང་ཟག་གི་བདག་མེད་རྟོགས་པའི་མཁྱེན་པ་ནི་དེའི་བྱེ་བྲག་སྟེ་ཉི་ཚེ་བའོ། །ཆོས་བདག་འཛིན་ནི་རྨོངས་པ་སྤྱི་དང་། གང་ཟག་གི་བདག་འཛིན་ནི་དེའི་བྱེ་བྲག་སྟེ། ཤིང་དང་པ་ལ་ཤ་བཞིན་ནོ། །གང་ཟག་གི་བདག་ཏུ་འཛིན་པ་ལས་ནི་སེར་སྣ་སོགས་ཉོན་མོངས་པའི་སྒྲིབ་པ་སྐྱེ་ཞིང་། ཆོས་བདག་ལས་འཁོར་གསུམ་དུ་རྟོག་པ་ཤེས་བྱའི་སྒྲིབ་པ་སྐྱེའོ། །དེས་ན་བདག་མེད་གཉིས་རྟོགས་ཀྱི་བྱང་ཆུབ་སེམས་དཔའི་མཁྱེན་པས་སྒྲིབ་པ་གཉིས་ཀ་སྤོང་ལ། ཉན་རང་ལམ་གྱིས་ཉོན་མོངས་པ་རྐྱང་པ་སྤོང་བར་ཤེས་པར་བྱའོ། །དེ་ལྟར་བདེན་བཞི་མཐོང་བས་ཉོན་མོངས་སྤངས་པའི་བུད་ཤིང་ཟད་པའི་མེ་བཞིན་མྱ་ངན་ལས་འདས་པར་འགྱུར་རོ་སྙམ་པ་ལ། སྟོང་ཉིད་མ་རྟོགས་བཞིན་བདེན་པ་མཐོང་བར་མི་སྲིད་པར་བསྒྲུབས་ནས། སྐྱོན་གཞན་ཡང་གང་ཟག་གི་བདག་མེད་མཐོང་བས་ཉོན་མོངས་ཙམ་སྤངས་ཀྱང་དེ་གྲོལ་བའི་མཐར་ཐུག་པ་ནི་མ་ཡིན་ཏེ་ཉོན་མོངས་སྤང་པས་ཏེ་སྤངས་པ་ཁོ་ནས་སྡུག་བསྔལ་མཐའ་དག་ལས་གྲོལ་བར་འགྱུར་རོ་ཞེ་ན། འོ་ན་ཉོན་མོངས་མཐའ་དག་སྤངས་ནས་དགྲ་བཅོམ་པ་ཐོབ་པ་དེའི་དེ་མ་ཐག་ཏུ་སྡུག་བསྔལ་མཐའ་དག་ལས་གྲོལ་བ་དེར་འགྱུར་རིགས་ཏེ་འཆིང་བ་མེད་པར་འདོད་པའི་ཕྱིར་རོ། །དེ་འདོད་དོ་ཟེར་ན། ཉོན་མོངས་པ་མེད་ཀྱང་འཕགས་པ་དགྲ་བཅོམ་པ་མའུ་གལ་གྱི་བུ་ཆེན་པོ་དང་རྒུར་ཆུང་ལྟ་བུ་དེ་དག་ལ་སྔོན་གྱི་ལས་ཀྱི་ནུས་པ་སྨིན་པ་ད་དུང་མཐོང་བ་ཡིན་པས་གནོད་དོ། །སྐྱོན་མེད་དེ་སྔར་གྱི་ལས་ཉོན་གྱིས་འཕངས་པའི་སྐུ་ཚེ་འདི་ལ་ལས་ཀྱི་ནུས་པ་འབྱིན་པར་མཐོང་ཡང་། རེ་ཞིག་ཡང་སྲིད་ཉེར་ལེན་ཏེ་ཉེ་བར་ལེན་པའི་རྒྱུ་སྲེད་པ་ཡིན་པས་དེ་ནི་མེད་ཅེས་ཏེ་མེད་ཅིང་དེའི་ཕྱིར་སྲིད་པ་གཞན་དུ་མཚམས་མི་སྦྱོར་ཞེས་དེས་པ་ཉིད་དུ་སྨྲའོ་ཞེ་ན། ཉན་རང་དགྲ་བཅོམ་པ་འདི་ལས་ཉོན་གྱིས་འཕངས་པས་སྲིད་པ་རྣམས་སུ་མཚམས་མི་སྦྱོར་དུ་ཆུག་ཀྱང་། འོན་ཀྱང་འདི་ཁྱོད་རང་གི་འདོད་པ་ལྟར་མར་མེ་རྒྱུན་ཆད་པ་བཞིན་དུ་ཞི་བར་འགྱུར་བ་མིན་ཏེ། འདི་ལ་ཡིད་ཀྱི་རང་བཞིན་གྱི་ལུས་འགྲུབ་པའི་རྒྱུ་ཚོགས་པ་ཚང་ཞིང་གེགས་མེད་པ་ཡོད་པའི་ཕྱིར། གང་ཞེ་ན་དགྲ་བཅོམ་པའི་རྒྱུད་ཀྱི་སྲེད་པ་འདི་ངར་འཛིན་གྱིས་བསྐྱེད་པའི་ཉོན་མོངས་པ་ཅན་མིན་ཡང་། དཔེར་ན་ཉོན་མོངས་ཅན་མིན་པའི་ཀུན་རྨོངས་ཏེ་ཡུལ་དུས་བསྐལ་པའི་དངོས་པོ་མི་ཤེས་པའི་རྨོངས་པ་ཡོད་པར་འདོད་པ་བཞིན་དུ་སྲེད་པ་ཉོན་མོངས་ཅན་ཡིན་པའང་ཅི་སྟེ་མེད་དེ་ཡོད་དོ། །དེའི་ཕྱིར་རྒྱུ་ཀུན་རྨོངས་མ་ལོག་པས་དེའི་འབྲས་བུའི་ཆ་ཡང་མི་ལྡོག་སྟེ། འདི་ལྟར་ཚོར་བའི་རྐྱེན་གྱིས་སྲེད་པ་སྐྱེ་བ་ཡིན་ན། ཚོར་བ་ནི་དགྲ་བཅོམ་པ་དེ་དག་ལ་ཡང་ཡོད་པས་སོ། །ཞེས་རྒྱུ་ཚོགས་གྲངས་ཚང་གི་གཏན་ཚིགས་ཀྱིས་བསྒྲུབས་ཏེ། མ་རིག་བག་ཆགས་ཀྱིས་དང་། དེའི་དབང་གིས་ཟག་མེད་ཀྱི་ལས་དང་། ཡིད་ཀྱི་ལུས་བསམ་མི་ཁྱབ་འགྱུར་གྱི་འཆི་འཕོ་བ་རྣམས་མ་སྤངས་པས་གྲོལ་བ་གཏན་དུ་བ་མིན་ལ། ཕུང་པོ་ཕྲ་བ་རྒྱུན་ཀྱང་མི་འཆད་པར་གདོད་ཐེག་ཆེན་དུ་འཇུག་དགོས་ཏེ་སྤོང་བྱ་ཤིན་ཏུ་ཕྲ་བ་མི་སྤོང་བའང་ཆོས་བདག་མེད་རྫོགས་པར་རྟོགས་ཤིང་བསྒོམ་པ་མེད་པ་དེས་ནའོ། །དེ་དག་ན་རེ། དགྲ་བཅོམ་པ་དེ་དག་སྐུ་ཚེའི་འདུ་བྱེད་གཏོང་བའི་ཚེ་ཕུང་པོ་ལྔ་རྒྱུན་ཆད་ཅིང་ཞི་བར་ཅི་སྟེ་མི་འགྱུར་ཏེ། སླར་ཡང་སྐྱེ་བའི་རྒྱུ་མ་ཚང་བས་སྣུམ་ཟད་པའི་མར་མེ་བཞིན་ནོ་སྙམ་ན། དེ་དག་འཁོར་བར་སྐྱེ་བའི་རྒྱུ་ཉོན་མོངས་པ་མེད་པས་སྲིད་པར་མི་སྐྱེ་ཡང་། ཆོས་ཐམས་རང་བཞིན་མེད་པའི་སྟོང་ཉིད་རྫོགས་པར་མ་རྟོགས་པས་དམིགས་པ་དང་ནི་བཅས་པའི་སེམས་དེ་ཉིད་འཁོར་འདས་སྤང་གཉེན་དུ་འཛིན་པ་ལྟ་བུ་སོགས་ཕྱོགས་སམ་སྤྲོས་པ་འགའ་ཞིག་ལ་ནི་གནས་པར་འགྱུར་གྱི། དམིགས་པ་མེད་པར་རབ་ཏུ་ཞི་བ་ནི་མ་ཡིན་ནོ། །དེ་ཕྱིར་མཐའ་ཐམས་ཅད་སྤངས་བའི་སྟོང་ཉིད་དང་བྲལ་བའི་སེམས་ཡོད་པ་དང་མེད་པ་སོགས་ཀྱི་སྤྲོས་པ་དང་བཅས་པ་དེ་ནི་རེ་ཞིག་འགོག་པའི་དབྱིངས་སུ་འགག་པར་གྱུར་པ་དག་སླར་ཡང་སྐྱེ་བར་འགྱུར་ཏེ། ཡིད་ཀྱི་ལུས་འཕེན་པའི་རྒྱུ་ཟག་མེད་ཀྱི་ལས་དང་མ་རིགས་བག་ཆགས་ཀྱིས་རྒྱུད་ལ་ལྡན་པའི་ཕྱིར་ཏེ། དེའི་གཉེན་པོ་སྤྲོས་པ་མཐའ་དག་འགགས་པའི་སྟོང་ཉིད་མ་ཐོབ་པའི་ཕྱིར་དཔེར་ན་འདུ་ཤེས་མེད་པའི་སྙོམས་འཇུག་གམ་དེའི་འབྲས་བུ་འདུ་ཤེས་མེད་པའི་ལྷར་སྐྱེས་པ་བཞིན་ནོ། །དེས་ན་མྱ་ངན་ལས་འདས་པར་འདོད་པ་རྣམས་ཀྱིས་སྟོད་ཉིད་བསྒོམ་པར་བྱ་སྟེ། དེ་སྤངས་ནས་གནས་སྐབས་དང་མཐར་ཐུག་གི་མྱང་འདས་གང་ཡང་མི་ཐོབ་བོ། །དེ་ཡང་མཐར་ཐུག་གི་མྱང་འདས་མི་ཐོབ་པའི་ཚུལ། དམ་ཆོས་པད་ཀར་ལས། འདི་ལྟར་མྱ་ངན་འདས་པར་གང་བརྗོད་པ། །འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང་། །ཁྱོད་ནི་ད་དུང་མྱ་ངན་ཡོང་མ་འདས། །སངས་རྒྱས་ཐེག་པའི་མཆོག་འདི་བཙལ་བར་གྱིས། །ཞེས་སོགས་མདོ་རྣམས་ལས་གསུངས་ལ་དེ་ཉིད་ཀྱི་ཕྱིར། རྒྱུད་བླ་མ་ལས། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས། ཉན་ཐོས་དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་པ། །དེ་སྲིད་ཡེ་ཤེས་ལུས་གཅིག་གི། །ཏིང་འཛིན་མྱོངས་པས་བརྒྱལ་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་དགའ་བྱེད་ཅིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་དེ་དག་ན་རེ། གསུང་རབ་ཀྱི་ངག་གང་ཞིག་ལྷག་པ་སེམས་ཀྱི་བསླབ་པ་སྟོན་པས་མདོ་སྡེ་ལ་འཇུག །ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པས་འདུལ་པ་ལ་སྣང་། ཤེས་རབ་ཀྱི་བསླབ་པ་སྟོན་པས་མངོན་པའི་ཆོས་ཉིད་དང་མི་འགལ་བ་དེ་ནི་གལ་ཏེ་སངས་རྒྱས་ཀྱི་གསུངས་པའི་བཀའ་ཡིན་པར་འདོད་དགོས་ཀྱི་ཐེག་ཆེན་ནི་ཆོས་ཐམས་ཅད་སྟོང་ཉིད་དུ་བསྟན་ནས་བསླབ་པ་གསུམ་འགོག་པས་བཀའ་མ་ཡིན་ནོ་ཞེ་ན། ཐེག་ཆེན་གྱི་མདོ་སྡེ་ཕལ་ཆེར་ཡང་ཁྱེད་ཅག་གི་མདོ་སོགས་དང་མཚུངས་པར་འདོད་པ་མིན་ནམ་ཅི་སྟེ་ཡིན་ནོ། །གལ་ཏེ་མཚམས་མེད་པའང་ཁ་ཅིག་ཏུ་མི་མྱོང་པར་བཤད་པ་དང་། ལོངས་སྐུ་རྟག་པར་བཤད་པ། འཁོར་བ་མི་སྤོང་པར་བསྟན་པ། གཟུགས་སོགས་མེད་པར་བསྟན་པ་སོགས་དམན་པའི་སྡེ་སྣོད་དང་མི་མཐུན་པ་མཐོང་བས་སོ་ཞེ་ན། གལ་ཏེ་དམན་པའི་སྡེ་སྣོད་དུ་མ་གཏོགས་པའི་ཐེག་ཆེན་ཐུན་མོང་མིན་པའི་བརྗོད་བྱ་སྟོན་པའི་མདོ་གཅིག་གིས་ནི་ཐེག་ཆེན་ཐམས་ཅད་སངས་རྒྱས་ཀྱི་བཀའ་མིན་པའི་སྐྱོན་དང་བཅས་པར་འགྱུར་ན། ཁྱེད་རང་གི་མདོ་དང་བརྗོད་བྱ་མཚུངས་པ་གཅིག་གིས་ཀྱང་ཐེག་ཆེན་ཐམས་ཅད་ནི་རྒྱལ་བས་གསུངས་བ་ཅིས་མ་ཡིན་ཏེ་ཡིན་པར་གྲུབ་བོ། །དེས་ན་ཕྱོགས་རེ་བའི་དབང་དུ་བྱས་ཏེ་ཐེག་དམན་གྱི་སྡེ་སྣོད་ཁོ་ན་དང་འདྲ་དགོས་པ་མིན་ཏེ། བརྗོད་བྱ་བསླབ་པ་གསུམ་དང་མི་འགལ་བ་ལ་དགོངས་ནས་དེ་སྐད་དུ་བཤད་ན། དེ་ནི་ཐེག་ཆེན་ལ་ཡང་ཐེག་དམན་ལས་གོང་འཕེལ་གྱི་ཚུལ་དུ་ཡོད་དེ། མདོ་སྡེ་རྒྱན་ལས། རང་གི་ཉིད་ལ་འཇུག་པ་དང་རང་གི་འདུལ་ལའང་སྣང་ཕྱིར་དང་། ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། །ཆོས་ཉིད་དང་ནི་འགལ་བ་མེད། །ཅེས་པ་བཞིན་ནོ། །ཡུམ་རྒྱས་པ་སོགས་བཀའ་ཡིན་ན་འོད་སྲུང་ཆེན་པོ་ལ་སོགས་པས་དེའི་བརྗོད་བྱ་རྟོགས་རིགས་ཤིང་། དེ་ལས་བླ་མ་བརྒྱུད་པ་བར་མ་ཆད་པ་ལས་བཟུང་བར་རིགས་ནའང་དེ་མིན་པའི་ཕྱིར་བཀའ་མིན་ནོ་ཞེ་ན། ཐེག་ཆེན་གྱི་ངག་གང་ཞིག་འོད་སྲུང་ཆེན་པོ་ལ་སོགས་པས་ཀྱང་གཏིང་དཔོག་པར་མ་གྱུར་བའི་ཟབ་པ་དེ་ནི་ཁྱོད་ཀྱིས་མ་རྟོགས་པས་འདི་སངས་རྒྱས་ཀྱི་བཀའ་མིན་ནོ་ཞེས་སྤོང་བའི་རྒྱུ་མཚན་འདི་གཟུང་བྱ་མིན་པར་སུ་ཞིག་བྱེད་དེ། ཐེག་ཆེན་ཉིད་ཟབ་པས་རྟོགས་དཀའ་བའི་ཡོན་ཏན་དུ་ཤེས་སོ། །ཡང་ན་འོད་སྲུང་སོགས་ཀྱིས་རྟོགས་སམ་མ་རྟོགས་ཁྱོད་ཀྱིས་མ་རྟོགས་པས་ཞེས་ཀྱང་གསུངས་ཤློ་ཀ་འདི་གསུམ་གཞུང་དངོས་ཡིན་མིན་གསུངས་པ་ཡོད་དོ། །གཉིས་པ་ནི། ཡང་དེ་དག་ན་རེ། གལ་ཏེ་སྟོང་པ་ཉིད་མཐོང་ན་འཁོར་བར་གནས་པར་མི་འགྱུར་ཞིང་ལམ་དང་འབྲས་བུ་ལ་མི་བརྩོན་པར་འགྱུར་རོ་ཞེ་ན། དོན་དམ་པར་སྡུག་བསྔལ་བར་མི་སྲིད་ཀྱང་རང་སེམས་རྨོངས་པས་ཏེ་རྨོངས་པའི་དབང་གིས་སྡུག་བསྔལ་བ་ཅན་གཞན་གྱི་དོན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་སྒྱུ་མ་ལྟ་བུར་མཐོང་བའི་བློས་སྲིད་པ་ལ་ཆགས་པ་དང་དེ་ལ་སྐྲག་ཅིང་འཇིགས་པའི་མཐའ་གཉིས་ཀ་ལས་གྲོལ་ཏེ། སྲིད་པར་གནས་ཀྱི་སྲིད་པའི་སྐྱོན་གྱིས་མ་གོས་པ་འདམ་གྱི་པདྨ་བཞིན་དུ་འཁོར་བར་གནས་པ་འགྲུབ་པར་འགྱུར་པ་འདི་ནི་སྟོང་ཉིད་རྟོགས་པའི་འབྲས་བུ་ཡིན་ཏེ། གཞན་དུ་སྲིད་ཞི་མཉམ་ཉིད་དུ་མ་རྟོགས་ན་སྲིད་ལ་སྐྱོན་དང་ཞི་ལ་ཡོན་ཏན་གྱི་བློས་ཞི་བ་ཕྱོགས་གཅིག་པར་འགྱུར་རོ། །དེ་ལྟར་སྟོང་པ་ཉིད་རྣམ་པར་བཞག་པའི་ཕྱོགས་ལ་མི་འཐད་པར་སུན་འབྱིན་པ་ནི་འཐད་པ་མ་ཡིན་ཏེ། དེས་ན་ཐེ་ཚོམ་ཅི་ཡང་མི་ཟ་བར་སྟོང་པ་ཉིད་ནི་ཡང་དག་པར་བསྒོམ་པར་བྱའོ། །གཙོ་བོ་ཐར་པ་ལ་བར་དུ་གཅོད་པའི་ཉོན་མོངས་པའི་སྒྲིབ་པ་དང་། གཙོ་བོ་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པའི་ཤེས་བྱའི་སྒྲིབ་པ་ཡི་མུན་པའི་གཉེན་པོ་ནི་སྟོང་པ་ལས་གཞན་དུ་མེད་ན་མྱུར་དུ་སྒྲིབ་པ་གཉིས་དང་བྲལ་བས་ཤེས་བྱ་ཐམས་ཅད་མཁྱེན་པའི་རྣམ་མཁྱེན་ཐོབ་པར་འདོད་པས་ཏེ་འདོད་པ་རྣམས་ཀྱིས་སྟོང་པ་ཉིད་དེ་ནི་ལྟར་བསྒོམ་པར་མི་བྱེད་དེ་བྱེད་དགོས་སོ། །སྟོང་པ་ཉིད་ལ་སྐྲག་པས་མི་སྒོམ་མོ་སྙམ་ན། དངོས་པོ་གང་ཞིག་འདི་ཕྱིའི་སྡུག་བསྔལ་སྐྱེད་པར་བྱེད་པ་དེ་ལ་སྐྲག་པ་སྐྱེ་བར་འགྱུར་རིགས་ནའང་། སྟོང་པ་ཉིད་ནི་སྡུག་བསྔལ་ཐམས་ཅད་རྩ་བ་ནས་ཞི་བར་བྱེད་པ་ཡིན་ན་དེ་ལ་འཇིགས་པ་ཇི་ལྟར་སྐྱེ་སྟེ་འཇིགས་པའི་གནས་མིན་པས་སོ། །གལ་ཏེ་འཇིགས་པ་པོའི་བདག་འགའ་ཞིག་གྲུབ་པར་ཡོད་ན་ནི་ཡུལ་ཅི་ཡང་རུང་བ་ལ་འཇིགས་པ་སྐྱེ་བར་འགྱུར་ནའང་བདག་ཉིད་འགའ་ཡང་ཡོད་པ་མིན་པས་འཇིགས་པར་འགྱུར་པ་པོ་སུ་ཞིག་ཡིན་ཏེ་སུ་ཡང་མིན་པས་འཇིགས་མི་རིགས་སོ། །དེས་ན་སྟོང་ཉིད་ལ་ཞུམ་པ་སྤངས་ཏེ་མྱུར་དུ་བསྒོམ་པར་གྱིས་ཤིག་ཅེས་སོ། །གཉིས་པ་ལམ་བསྒོམ་པས་ཉམས་སུ་བླང་པ་ལ། གང་ཟག་གི་བདག་མེད་བསྒོམ་ཚུལ་དང་། ཆོས་ཀྱི་བདག་མེད་བསྒོམ་ཚུལ་གཉིས་ལས། དང་པོ་ལ་ལྷན་སྐྱེས་ཀྱི་བདག་སྟོང་པར་བསྒོམ་ཚུལ། ཀུན་བརྟགས་ཀྱི་བདག་སྟོང་པར་བསྒོམ་ཚུལ་དང་གཉིས་ལས། དང་པོ་ནི། བདག་རྒྱུད་ཀྱི་ཕུང་པོ་ལྔ་པོ་འདི་ལ་བརྟེན་ནས་ངའོ་སྙམ་པ་མ་བརྟགས་མ་དཔྱད་པར་འཛིན་པའི་འཇིགས་ལྟ་འདིའི་ཡུལ་དུ་གྱུར་པའི་བདག་དེ་ནི་ཡོད་ན་ཕུང་པོ་ལྔ་པོ་འདི་ལ་ཡོད་དགོས་ཀྱི་འདི་ལས་གཞན་དུ་བདག་ཡོད་པར་མི་འདོད་པས་འདིར་བདག་དེ་ཇི་ལྟར་གྲུབ་ཚུལ་ཤེས་རབ་ཀྱིས་དཔྱད་པར་བྱས་ན། བདག་གམ་ང་ཞེས་པ་འདི་སོ་སུམ་ཅུ་རྩ་གཉིས་དང་བདག་གཅིག་གམ་ཐ་དད་དམ་ཚོགས་པ་གང་ཡིན་བཏགས་ན་གཅིག་ཡིན་ན་བདག་བེམ་པོ་དང་མི་རྟག་པ་དང་གྲངས་སུམ་ཅུ་རྩ་གཉིས་སུ་འགྱུར་ཞིང་སོ་འཐོར་ཚེ་བདག་མེད་པར་ཡང་འགྱུར་བས་མི་འཐད་ཅིང་། ཐ་དད་ཡིན་ན་སོན་བས་བདག་ནའོ། །ཞེས་པ་སོགས་མི་འཐད་པ་དང་། ཚོགས་པ་ཞེས་པའང་སོ་ལས་ཐ་དད་དུ་མེད་དེ། རྒྱུན་དང་ཚོགས་ཅེས་སོགས་ཀྱིས་དེ་མ་གྲུབ་པས་བདག་མ་ཡིན་པ་དང་། དེ་བཞིན་དུ་སྐྲ་ཉི་ཁྲི་ཆིག་སྟོང་དང་། སེན་མོ་ཉི་ཤུ་ཡང་བདག་མ་ཡིན། བདག་ནི་རུས་པའི་དུམ་བུ་སུམ་བརྒྱ་དྲུག་ཅུ་ཡོད་པ་རྣམས་དང་ལུས་ཀྱི་ཁྲག་རྣམས་ཀྱང་མ་ཡིན། སྣབས་མིན་བད་ཀན་ཏེ་ཕོ་བ་སོགས་བེ་སྣབས་ཀྱི་རྣམ་པར་ཡོད་པའི་གཤེར་པའི་ཁམས་ཀྱང་མ་ཡིན་ཏེ་ཆུ་སེར་དང་ནི་ཁྲག་རུལ་བའི་རྣམ་པའི་རྣག་ཀྱང་མིན་ལ། བདག་ནི་ལུས་ཀྱི་ཕྱི་ནང་དུ་སྣུམ་བག་གི་རྣམ་པའི་ཞག་དང་ལུས་ཀྱི་རྡུལ་མིན་ཏེ། གློ་མཆིན་དག་ཀྱང་བདག་མ་ཡིན་ལ། སྙིང་ལ་སོགས་པའི་ནང་ཁྲོལ་གཞན་ཡང་བདག་མིན་ཏེ། བདག་ནི་ཕྱི་ས་སྟེ་དྲི་ཆེན་དང་གཅིན་མ་ཡིན། ཤ་དང་པགས་པ་བདག་མིན་ཏེ། ལུས་ཀྱི་དྲོད་དང་དབུགས་འབྱིན་རྔུབ་སོགས་ལུས་ཕྱི་ནང་གི་རླུང་ཡང་བདག་མ་ཡིན། རྣ་བ་སོགས་བུ་ག་རྣམས་ནི་བདག་མིན་ཏེ། དེ་དག་རྣམས་ནི་ཆ་དུ་མ་སིལ་བུ་བ་རྡུལ་ཕྲན་མང་པོ་ལས་བྱུང་བ་མི་རྟག་པ་ཡིན་པས་དེའི་ཚོགས་པའམ་ཡ་གྱལ་བདག་མིན་ཏེ། བདག་གི་མཚན་ཉིད་དང་མི་མཐུན་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་པ་ཀུན་ཏུ་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཁམས་དྲུག་ཀྱང་བདག་མ་ཡིན་ཏེ་དུ་མ་དང་མི་རྟག་པའི་ཕྱིར་རོ། །དེས་ཡབ་སྲས་མཇལ་བའི་མདོའི་དགོངས་པ་བཞིན་སོ་ནས་པགས་པའི་བར་གྱིས་དང་ཆུའི་ཁམས་དང་། མེ་ཁམས་དྲོད་དང་རླུང་གི་ཁམས་དང་། བུ་ག་ནམ་མཁའི་ཁམས་དང་། རྣམ་ཤེས་ཀྱི་ཁམས་ཏེ་ཁམས་དྲུག་པོ་འདུས་པ་ལ་གང་ཟག་ཅེས་བཏགས་ཤིང་ཞེན་པར་གྱུར་གྱི། ང་ཞེས་རྫས་སུ་ཡོད་པ་མིན་ནོ། །འདི་ལ་དཔེར་ན་མུན་པ་ཚབ་ཚུབ་ཀྱི་སྐབས་སུ་མིག་མི་གསལ་བས་ཐག་ཁྲ་ལ་སྦྲུལ་དུ་མཐོང་བ་ན་སྦྲུལ་འཛིན་གྱི་བློ་སྐྱེ་སྟེ་ཇི་སྲིད་རྐྱེན་ལ་མ་ལྟོས་པར་མི་ལྡོག་གོ། །དེ་བཞིན་དུ་ཐག་པ་ལྟ་བུ་ནི་ཕུང་པོ། མུན་པ་ཚབ་ཚུབ་དང་མིག་མི་གསལ་བ་ལྟ་བུ་འཁྲུལ་རྐྱེན་རྨོངས་པ། སྦྲུལ་འཛིན་ལྟ་བུ་ནི་ངར་འཛིན་ཏེ། དེ་ལ་མུན་པ་དེར་ལག་པས་ཉུག་ཅིང་སྦྲུལ་བཙལ་ཡང་སྦྲུལ་དང་ལག་པ་མ་ཕྲད་ཀྱང་ད་རུང་སྦྲུལ་འཛིན་མི་ལྡོག་པར་ཡིད་སྐྲག་ཏིང་ངེ་འདུག་པ་བཞིན་དུ་མགོ་བོ་བདག་ཡིན་ནམ། ལག་པ་བདག་ཡིན་ནམ་ཞེས་མིན་པར་ཤེས་ནས་ལུས་ཀུན་ཏུ་དཔྱད་དེ་བདག་མ་རྙེད་ཀྱང་བདག་མེད་པ་ལ་ངེས་པ་མི་སྐྱེ་བ་ནི་དཔྱད་པ་གནད་དུ་མ་སོང་བའོ། །དེ་ལ་མུན་ཁང་དེར་མར་མེ་གསལ་བཏེགས་ཏེ་ཀུན་དུ་སྣང་བར་བྱས་ནས་གང་སྦྲུལ་དུ་མཐོང་བ་དེ་ཉིད་ཐག་པར་ངེས་ན་འདི་ན་སྦྲུལ་མེད་ཀྱང་ཐག་པ་ལ་སྦྲུལ་དུ་འཁྲུལ་ལོ་ཞེས་སྦྲུལ་མེད་པར་མཐོང་ནས་སྦྲུལ་འཛིན་གྱི་བློ་རང་ཞི་བ་བཞིན་དུ། ཕུང་ལྔ་འདི་ལ་བདག་ཏུ་བཟུང་བའི་བདག་ནི་བཏགས་པ་ཙམ་ལས་མེད་དོ་ཞེས་ཐེ་ཚོམ་གྱི་དཔྱད་ཐག་ཆད་པ་ཞིག་བྱུང་ན་དེ་གའི་རྒྱུན་གོམས་པས་བདག་མེད་པ་མངོན་སུམ་དུ་མཐོང་བར་འགྱུར་རོ། །འདི་ལ་བྱུང་གནས་འགྲོ་གསུམ་ལ་བརྟགས་པར་ཡང་གསུངས། འདིར་བསྟན་གྱི་བསྒོམ་བྱ་ཕལ་ཆེར་བརྟགས་ནས་མ་རྙེད་པའི་ཚེ་དེ་གའི་ངང་དུ་འཇོག་བསྒོམ་དང་བཞག་ནས་མི་སྡོད་པའི་ཚེ་དེའི་རང་བཞིན་ལ་དཔྱད་སྒོམ་བྱེད་པ་དང་། དེ་གཉིས་རེ་མོས་སུ་བྱས་པས་སྔ་མས་རྒོད་པ་སེལ་བ་དང་། ཕྱི་མས་བྱིང་བ་སེལ་བར་བྱེད་དོ། །གཉིས་པ་ལ། བདག་ཤེས་པར་འདོད་པ་དགག་པ། བདག་བེམ་པོར་འདོད་པ་དགག་པ། བདག་མེད་པའི་དོན་ལ་རྩོད་པ་སྤོང་བ་དང་གསུམ་ལས། དང་པོ་ནི། གྲངས་ཅན་པ་ན་རེ། ཤེས་བྱ་ཐམས་ཅད་དེ་ཉིད་ཉི་ཤུ་རྩ་ལྔར་གནས་ཏེ། དེ་ལ་བདག་ནི་ཤེས་རིག་གི་སྐྱེས་བུ་རྣམ་འགྱུར་ཀུན་ཟ་བ་པོའམ་ལོངས་སྤྱོད་པ་པོ་ཡིན་ལ་བྱེད་པོ་མ་ཡིན་པ། རྟག་པའི་དངོས་པོ། ཡོན་ཏན་གསུམ་དང་བྲལ་བ་བྱ་བ་མེད་པ་ཞིག་ཏུ་འདོད། དེའི་སྤྱོད་ཡུལ་ཐམས་ཅད་ནི་གཙོ་བོ་ལས་བྱུང་སྟེ། རྡུལ་སྡུག་བསྔལ། སྙིང་སྟོབས་བདེ་བ། མུན་པ་བཏང་སྙོམས་ཀྱི་ཡོན་ཏན་གསུམ་ཆ་མཉམ་པ་ན་གཙོ་བོ་ཞེས་བརྗོད་དོ། །རྣམ་འགྱུར་ཉེར་གསུམ་འབྱུང་བའི་རྒྱུ་སྟེ་བུམ་པའི་རྒྱུ་འཇིམ་པ་ལྟ་བུའོ། །དེ་ལས་བློའམ་ཆེན་པོ། དེ་ལས་ང་རྒྱལ་གསུམ། དེ་ལས་དེ་ཙམ་ལྔ། འབྱུང་བ་ལྔ། དབང་པོ་བཅུ་གཅིག་རྣམས་འབྱུང་ངོ་། །གཙོ་བོ་བདག་གཉིས་རྟག་པ་དང་། གཞན་མི་རྟག་པར་འདོད། འདི་བས་བདག་ཤེས་པར་འདོད་ལ། བྱེ་བྲག་པ་སོགས་ཀྱིས་བེམ་པོར་འདོད་པ་དེ་གཉིས་བཀག་པས་གཞན་ཀུན་ཀྱང་ཁེགས་པར་འགྱུར་རོ། །དེས་ན་གྲངས་ཅན་པའི་འདོད་པ་ལྟར་བདག་ཤེས་པའི་རང་བཞིན་རྟག་པ་ནི་མེད་དེ། གལ་ཏེ་སྒྲ་འཛིན་པ་ཡི་ཤེས་པ་དེ་རྟག་པ་ཞིག་ཡིན་ན། དུས་ཐམས་ཅད་ཀྱི་ཚེ་ན་སྒྲ་འཛིན་པར་འགྱུར་ཏེ། ཇི་ལྟར་སྒྲ་འཛིན་བཞིན་པའི་སྐབས་དེ་ཉིད་ཀྱི་ཤེས་པ་དེ་དེ་བཞིན་དུ་རྟག་པར་འདོད་པའི་ཕྱིར། ཁོ་ན་རེ། དུས་ཐམས་ཅད་དུ་སྒྲ་མི་འཛིན་པ་ནི་ཤེས་པ་མི་རྟག་པས་མ་ཡིན་ཀྱང་། ཡུལ་སྒྲ་ད་ལྷ་ཡུལ་དུ་མེད་པས་ཡིན་ནོ་སྙམ་ན། ཡུལ་ཤེས་བྱ་སྒྲ་ལྟ་བུ་དེ་མེད་ན་ཤེས་པ་དེས་ཅི་ཞིག་རིག་པའམ་ཤེས་ནས། རྒྱུ་མཚན་གང་གིས་ན་ཡུལ་དེ་དང་དེ་ཤེས་པ་ཞེས་རྗོད་པར་བྱེད་དེ་བྱེད་མི་རིགས་སོ། །གལ་ཏེ་ཡུལ་དེ་ཤེས་པ་མེད་ཀྱང་དེ་ཤེས་པའོ་ཞེས་འཇོག་པ་ཡིན་ན་ཤིང་ཡང་སྒྲ་སོགས་ཤེས་པའི་ཤེས་པར་ཐལ་བར་འགྱུར་ཏེ། ཡུལ་མ་ཤེས་ཀྱང་ཤེས་པ་ཡིན་པའི་ཕྱིར་རོ། །དེས་ན་ཡུལ་ཤེས་བྱ་སྒྲ་ལྟ་བུ་ཉིད་ཡུལ་དུ་ཉེར་ཏེ་ཉེ་བར་གནས་པ་མེད་པར་དེ་ཤེས་པའི་ཤེས་པ་མེད་ཅེས་སུ་ངེས་ཏེ། ཤེས་པ་ནི་རང་ཡུལ་གང་དང་གང་ཤེས་པ་དེ་ལ་ལྟོས་པ་ཅན་ཡིན་གྱི། ཡུལ་མ་ཤེས་ཀྱང་ཤེས་པ་ཡིན་པ་ནི་མི་སྲིད་དོ། །ཁོ་ན་རེ། སྐྱོན་དེ་ནི་མེད་དེ། སྔར་སྒྲ་ཤེས་པ་དེ་ཉིད་ཀྱིས་ནི་ཕྱིས་གཟུགས་སོགས་གཞན་ཞིག་ཤེས་པས་ན་ཤེས་པ་རྟག་པ་ཡིན་ཀྱང་ཤེས་བྱ་སོ་སོ་ལ་དམིགས་པའི་ཁྱད་པར་ཙམ་མོ་སྙམ་ན། སྔར་གྱི་སྒྲ་ཤེས་དེ་ཉིད་རྟག་པས་ན་གཟུགས་སོགས་ཤེས་པ་དེ་ཡི་ཚེ་སྒྲ་ཐོས་པའང་ཅི་སྟེ་མིན་ཏེ་སྔར་གྱི་རང་གི་ངོ་བོ་མ་དོར་བའི་ཕྱིར་རོ། །གལ་ཏེ་དེ་ཚེ་མི་ཐོས་པ་ནི་ཡུལ་སྒྲ་མི་ཉེ་བའི་ཕྱིར་སྙམ་ན། ཡུལ་མེད་པ་དེས་ན་ཡུལ་དེ་ཡི་ཤེས་པའང་མེད་དེ་རིགས་པ་སྔར་བཞིན་ནོ། །གཞན་ཡང་སྒྲ་འཛིན་གྱི་རང་བཞིན་གང་ཡིན་པ་དེ་ཡི་ཡུལ་གཟུགས་འཛིན་པར་ཇི་ལྟར་འགྱུར་ཏེ་དེ་གཉིས་ངོ་བོ་ཐ་དད་པས་སོ། །འདིས་ཤེས་པ་རྟག་པ་དང་གཅིག་བདེན་འགོག་པ་སྟེ། གཞན་དུ་ཤེས་པའི་རྒྱུད་གཅིག་ལ་སྒྲ་ཤེས་ན་གཟུགས་མི་ཤེས་ཞེས་བསམ་པར་མི་བྱ་སྟེ། རྟོག་མེད་ཀྱི་ཤེས་པ་རིགས་མི་མཐུན་པ་དུ་མ་དུས་གཅིག་ཏུ་འབྱུང་རུང་བའི་ཕྱིར་རོ། །ཁོ་ན་རེ། སྐྱེས་བུ་གཅིག་ཕ་ཡང་ཡིན་ལ་བུ་ཡང་ཡིན་པ་བཞིན་དུ་ཡུལ་སྒྲ་དང་གཟུགས་ལྟ་བུ་ནི་མི་འགལ་ཏེ་རྣམ་འགྱུར་གྱི་ངོས་ནས་གཟུགས་གང་ཡིན་པ་དེ་རང་བཞིན་གྱི་ངོས་ནས་སྒྲ་ཡང་ཡིན་ཏེ། དེ་གཉིས་ཀ་རང་བཞིན་གཅིག་པའི་ཕྱིར། དེས་ན་གཟུགས་འཛིན་པའི་ཚེ་ན་སྒྲའི་རྣམ་འགྱུར་འཛིན་པའི་ཤེས་པ་མེད་ཀྱང་། སྒྲའི་རང་བཞིན་འཛིན་པའི་ཤེས་པ་ཡོད་པས་ན་སྒྲ་ཤེས་མི་རྟག་པར་ཐལ་བའི་སྐྱོན་མེད་ཟེར་ན། དེའི་དཔེ་མ་གྲུབ་སྟེ་སྐྱེས་བུ་གཅིག་ནི་ཕ་དང་བུ་ཉིད་དུ་བཞག་པ་ནི་ལྟོས་ས་ཐ་དད་པ་གཉིས་ལ་ལྟོས་ནས་བརྟགས་པའམ་བཏགས་པ་ཙམ་ཡིན་གྱི། དོན་དམ་པར་རང་གི་ངོ་བོས་ཕ་བུ་གཉིས་ཀར་ཡང་དག་པར་ཉིད་དུ་གྲུབ་པ་མིན་ཏེ། རང་གི་ངོ་བོས་ཕར་བདེན་པར་གྲུབ་ན་དེའི་བུའི་གནས་སྐབས་སུ་འགྱུར་བ་མི་སྲིད་དེ་ཕ་ནི་བུའི་སྔོན་དུ་ཡོད་པར་ཁྱབ་པའི་ཕྱིར། ཡང་བུའི་རང་བཞིན་དུ་བདེན་པར་གྲུབ་ན་ཕར་འགྱུར་མི་སྲིད་དེ་བུ་ཕའི་སྔོན་དུ་མི་སྲིད་པའི་ཕྱིར། དེས་ན་དེ་བཏགས་པ་ཙམ་མོ། །བཏགས་པ་ཙམ་ནི་ངེད་ཀྱིས་ཀྱང་འགོག་པར་མི་འདོད་མོད་དེས་ཁྱོད་ཀྱི་ཞེ་འདོད་འགྲུབ་པར་མི་འགྱུར་རོ། །གལ་ཏེ་དོན་དམ་པར་ན་ཕ་ཡང་ཡིན་ལ་བུ་ཡང་ཡིན་པ་ཞིག་ཡོད་ན་འདི་ལྟར་ཁྱོད་ཀྱིས་དོན་དམ་པ་ནི་ཡོན་ཏན་གསུམ་ལས་གཞན་དུ་ཁས་མ་བླངས་པས་ཡོན་ཏན་གསུམ་གྱི་སྟེང་ན་ཡོང་དགོས་ནའང་སྙིང་སྟོབས་རྡུལ་དང་ནི་མུན་པ་ཡི་ངོ་བོ་ནི་བུ་མིན་ལ་ཕ་ཡང་མིན་ཏེ། རྣམ་འགྱུར་ཐམས་ཅད་དེའི་རང་བཞིན་ཡིན་ན་དེ་དོན་དམ་པར་སུ་ལ་ལྟོས་ནས་བུར་འཇོག་ཅིང་སུ་ལ་ལྟོས་ནས་ཕར་བཞག་སྟེ་གང་དུའང་བཞག་མི་རུང་ངོ་། །དོན་ཀྱང་མ་གྲུབ་སྟེ་གཟུགས་འཛིན་པ་དེ་སྒྲ་ཤེས་ཀྱི་རང་བཞིན་དུའང་ཡོད་ན་སྣང་དུ་རུང་བས་དམིགས་དགོས་ན་གཟུགས་འཛིན་དེ་ནི་སྒྲ་འཛིན་དང་ལྡན་པའི་རང་བཞིན་ཅན་དུ་ནི་ནམ་ཡང་མཐོང་བ་མ་ཡིན་ལ། དེ་བཞིན་དུ་ཡུལ་གཟུགས་ལ་སྒྲའི་ཤེས་ཡོད་པར་ཡང་མི་མཐོང་ངོ་། །ཡང་ཁོ་ན་རེ། གཟུགས་འཛིན་དེ་སྒྲ་འཛིན་གྱི་རང་བཞིན་དུ་མ་མཐོང་ཡང་ཤེས་པའི་ངོ་བོ་གཅིག་ཡིན་ཏེ། དཔེར་ན་གར་མཁན་གཅིག་ཉིད་སྔ་དྲོ་ལྷ་དང་ཕྱི་དྲོ་གནོད་སྦྱིན་གྱི་ཆ་ལུགས་སུ་བྱས་པ་ལྟ་བུར་ཚུལ་གཞན་གྱིས་ཏེ་སྔར་གྱི་སྒྲ་ཤེས་དེ་ཉིད་ཚུལ་གཟུགས་ཤེས་ཀྱི་རྣམ་པར་སྣང་བའི་སྒོ་ནས་མཐོང་བ་ཡིན་ནོ་ཞེ་ན། སྔར་གྱི་སྒྲ་ཤེས་དེ་རྟག་པ་མིན་པར་ཐལ་ཏེ། སྔར་གྱི་ཚུལ་ཉིད་བཏང་ནས་གནས་སྐབས་གཞན་ཐོབ་པའི་ཕྱིར། གལ་ཏེ་ཚུལ་སྔ་མ་ལས་གཞན་པའི་ཚུལ་ཕྱི་མ་ཐོབ་ནས་དེ་གཉིས་སོ་སོར་སྣང་བར་གྱུར་ཀྱང་ད་དུང་སྔར་གྱི་དེ་ཉིད་ཡིན་གྱི་གཞན་མིན་ན། དེ་འདྲའི་གཅིག་ཉིད་དེ་ནི་འཇིག་རྟེན་འདིར་ཤེས་བརྗོད་ཀྱི་ཡུལ་དུ་སྔོན་མེད་པའམ་མ་བྱུང་བའི་གཅིག་ཅིག་གོ་ཞེས་པ་བསྟིང་ཚིག་མཛད་པ་སྟེ། ཇི་ལྟར་ན་གཅིག་ཅེས་པ་ཆོས་གང་གི་ངོ་བོར་སོ་སོར་དབྱེར་མེད་པ་ཞིག་དང་སོ་སོར་དབྱེ་བ་ལ་ཐ་དད་བཞག་མོད་ཀྱི། འདི་ནི་སོ་སོར་དབྱེ་བ་དངོས་སུ་མཐོང་བཞིན་གཅིག་ཏུ་ཁས་ལེན་པའི་འགལ་བ་མངོན་སུམ་པའོ་ཞེས་སོ། །གལ་ཏེ་སོ་སོར་མཐོང་ཡང་གཅིག་ཡིན་ན་ཐམས་ཅད་རིལ་བོ་གཅིག་ཏུ་ཐལ་ལོ། །དེས་ན་གར་མཁན་ཀྱང་རྣམ་པ་གཞན་དང་གཞན་ཐོབ་པའི་སྐབས་སོ་སོ་ཐ་དད་པའི་སྐད་ཅིག་གཞན་ཡིན་གྱི་དོན་དམ་པར་གཅིག་པུ་ནི་མ་ཡིན་ཏེ་ཡིན་ན་དེར་ཡང་དཔྱད་པ་མཚུངས་སོ། །གལ་ཏེ་རྣམ་འགྱུར་སྒྲ་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཤེས་པའི་ཚུལ་གཞན་དང་གཞན་དུ་སྣང་བ་དེ་ནི་གནས་སྐབས་ལ་ལྟོས་པའི་ལྟར་སྣང་ཙམ་ཡིན་གྱི་བདེན་པ་མིན་ཏེ། ཤེལ་སྒོང་དཀར་པོ་ཚོན་གྱིས་བསྒྱུར་བ་ཤེལ་གྱི་གཤིས་ལ་མི་བདེན་པ་བཞིན་ནོ་ཞེ་ན། ཚུལ་གཞན་སྒྲ་ཤེས་ལ་སོགས་པ་ཡུལ་གྱིས་ཁྱད་པར་དུ་བྱས་པའི་ཆ་མི་བདེན་དུ་ཆུག་ཀྱང་། རང་གི་ངོ་བོ་བདེན་པ་དེ་ཡི་རང་གི་རང་བཞིན་ཇི་འདྲ་ཞིག་ཡིན་པ་སྨྲོས་ཤིག་ཅེས་དྲིས་པ་ལ་དེའི་ལན་དུ། ཡུལ་གྱིས་ཁྱད་པར་དུ་མ་བྱས་པའི་ཤེས་པ་ཙམ་ཞིག་ནི་ཤེས་པ་སྔ་ཕྱི་ཐམས་ཅད་ལ་ཁྱད་མེད་པར་རྗེས་སུ་འགྲོ་བས་ཤེས་པ་ཙམ་གྱི་གཅིག་ཉིད་དེ་ཡིན་པར་བརྗོད་ཅེ་ན། དེ་ལྟར་ན་སྐྱེས་བུ་ཐམས་ཅད་ཀུན་གཅིག་ཉིད་དུ་ཐལ་བར་འགྱུར་ཏེ་ཤེས་རྒྱུད་ཐམས་ཅད་ལ་ཤེས་པ་ཡིན་པ་ཙམ་རྗེས་སུ་མི་འགྲོ་མི་སྲིད་པས་སོ། །གཞན་ཡང་སེམས་པ་ཅན་བདག་དང་། སེམས་མེད་གཙོ་བོ་སོགས་ཉེར་བཞི་པོ་དེ་དག་ཀྱང་གཅིག་ཉིད་དུ་འགྱུར་ཏེ་གང་གི་ཕྱིར་ན་དེ་ཐམས་ཅད་ཡོད་པ་ཙམ་ཉིད་དུ་མཚུངས་ཤིང་ཁྱད་པར་མེད་པས་སོ། །གང་ཚེ་ཤེས་པའི་བྱེ་བྲག་གཟུགས་འཛིན་སྒྲ་འཛིན་ལ་སོགས་པ་ཐ་དད་པ་དག་མི་བདེན་པའམ་ཕྱིན་ཅི་ལོག་ཡིན་པས་ཐ་དད་དུ་བདེན་པར་མེད་པར་འདོད་པ་དེ་ཡི་ཚེ་བྱེ་བྲག་ཐམས་ཅད་བསལ་བའི་ཕ་རོལ་ན་ཤེས་པ་ཙམ་དུ་ཐུན་མོང་དུ་འདྲ་བའི་རྟེན་ནམ་སྤྱི་གཅིག་པུ་བདེན་པ་དེ་གང་ཡིན་ཏེ་ཅི་ཡང་མེད་དོ། །གཉིས་པ་ནི། རེག་པ་ཅན་ལ་སོགས་པ་ན་རེ། བདག་ནི་ནམ་མཁའ་ལྟ་བུར་ཁྱབ་པ་དང་རྟག་པ་ཉིད་དུ་འདོད་པས་ཤེས་པ་མིན་ཏེ། ཤེས་པ་ཡིན་ན་མི་རྟག་ཅིང་མ་ཁྱབ་པར་འགྱུར་བས་ན་བདག་ལ་ཤེས་པ་མེད་པར་བེམ་པོ་ཡིན་ཀྱང་། ཤེས་པ་དང་འདུ་བས་ན་བདེ་སོགས་བདག་གི་ཡིན་པར་ཞེན་པའི་བདག་ནི་ཡོད་དོ་ཞེ་ན། དེ་ལ་སེམས་མེད་པ་ཡང་བདག་མིན་ཏེ། སེམས་མེད་པ་ཉིད་ཀྱི་ཕྱིར་དབེར་ན་བུམ་སྣམ་ལ་སོགས་པ་བཞིན་བདག་ནི་ལས་བྱེད་པ་པོ་དང་བདེ་སྡུག་གི་རྟེན་དུ་འདོད་ན་སེམས་མེད་པ་དག་ནམ་ཡང་བདེ་སོགས་ཀྱི་རྟེན་དུ་མི་རིགས་པའི་ཕྱིར་རོ། །འོན་ཏེ་བདག་རང་ཉིད་སེམས་ཀྱི་ངོ་བོར་མེད་ཀྱང་སེམས་དང་མཚུངས་པར་ལྡན་པས་དེའི་བྱིན་གྱིས་བརླབས་པའི་ཕྱིར་ཡུལ་ཤེས་པར་འགྱུར་རོ་ཞེ་ན། དེ་ལྟ་ན་བདག་གིས་ཡུལ་མི་ཤེས་པར་འདོད་པའམ་ཤེས་པ་མེད་པར་ཁས་བླངས་པ་འཇིག་པར་ཐལ་ཏེ། དེ་ཡུལ་ཤེས་པའི་རང་བཞིན་ཅན་དུ་གྱུར་པའི་ཕྱིར། དེ་ལྟར་ན་མི་རྟག་པར་ཡང་འགྱུར་རོ། །ཅི་སྟེ་བདག་ལ་འགྱུར་བ་མེད་པར་རྟག་པ་ཡིན་ན། སེམས་པས་ཀྱང་བདག་དེ་ལ་ཡུལ་ཤེས་པའི་བྱ་བ་ཅི་ཞིག་བྱས་ཏེ། གང་ཡང་མ་བྱས་པར་ཐལ། བདག་འགྱུར་མེད་ལ་སྔར་གྱི་རང་བཞིན་ལས་གཞན་པར་འགྱུར་པའི་བྱ་བ་བྱེད་མི་ནུས་པའི་ཕྱིར་ཏེ། ཚོན་གྱིས་ནམ་མཁའ་སྔོ་སོགས་སུ་མི་ནུས་པ་བཞིན་ནོ། །དེ་ལྟར་ཤེས་པ་མེད་པའི་བེམ་པོ་བྱ་བ་བྱེད་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་འདི་བདག་ཡིན་ནོ་ཞེས་བདག་ཏུ་རློམ་པར་བྱས་པ་ཙམ་དུ་ཟད་པར་འགྱུར་རོ། །ཀྱེ་མ་རིག་པ་ཅན་གྱི་བློ་གྲོས་ལ་ལྟོས་ཞེས་སོ། །གསུམ་པ་བདག་མེད་པའི་དོན་ལ་རྩོད་པ་སྤོང་བ་ལ། བདག་མེད་ན་ལས་འབྲས་མི་འཐད་པའི་རྩོད་སྤོང་བདག་མེད་ན་སྙིང་རྗེ་མི་འཐད་པའི་རྩོད་སྤོང་། བཏགས་པའི་བདག་མི་འགོགས་པར་བསྟན་པ་དང་གསུམ་ལས། དང་པོ་ནི། བདག་ཡོད་དུ་སྨྲ་བ་རྣམས་ན་རེ། གལ་ཏེ་ཁྱོད་ཀྱི་འདོད་པ་ལྟར་བདག་ནི་ཡོད་པ་མིན་ན། རྒྱུ་ལས་དགེ་སྡིག་བྱས་པ་ལས་འབྲས་བུ་བདེ་སྡུག་མྱོང་བའི་འབྲེལ་པ་མ་འཆོལ་བའི་རྣམ་བཞག་འདི་རིགས་ཤིང་འཐད་པ་མིན་ཏེ། ལས་བྱེད་པ་པོའི་བདག་ནི་འཇིག་རྟེན་ཕ་རོལ་དུ་འགྲོ་བ་མི་སྲིད་པས་འབྲས་བུའི་དུས་སུ་མེད་ཅིང་། ཕུང་པོ་སྐད་ཅིག་གིས་སྐྱེ་འགའ་བྱེད་པས་ན་ལས་བྱས་པའི་སྐད་ཅིག་དེ་ནས་ནི་བྱེད་པ་པོ་འགག་ཅིང་ཞིག་པས་ན་ལས་དེ་བྱེད་པ་པོ་ཉིད་ལ་ནི་སྨིན་མི་སྲིད་ལ། དེ་ལ་མ་སྨིན་ན། གཞན་གྱི་ལས་གཞན་ལ་སྨིན་པ་མི་འཐད་པས་སུ་ཞིག་གིས་མྱོང་བར་བྱ་བ་ཡི་ལས་སུ་འགྱུར་ཏེ་མི་འཐད་དོ་ཞེ་ན། རེ་ཞིག་མགོ་བསྒྲེ་བ། བྱ་བ་བྱེད་པའི་གནས་སྐབས་དང་། འབྲས་བུ་ཉམས་སུ་མྱོང་བའི་གནས་སྐབས་ཀྱི་རྐྱེན་ནམ་གཞི་ཉིད་དུ་གྱུར་བ་ཕུང་པོ་དག་ནི་ཐ་དད་ཡིན་པར་ནིའུ་བུ་གཉིས་ཀས་འདོད་པ་དང་། གནས་སྐབས་གཉིས་པོ་དེར་ཕུང་པོ་ལས་གཞན་པའི་བདག་རྟག་པ་དེ་ནི་སེམས་མེད་པའམ་རྟག་པ་ཡིན་པས་ན་རྟག་པ་ནི་བྱ་བ་ཐམས་ཅད་དང་བྲལ་བའམ་བྱེད་པ་མེད་པར་ཡང་ཚད་མས་གྲུབ་པའི་ཕྱིར་རྩོད་པ་འདི་ཡུ་བུ་གཉིས་ཀ་ལ་གྲུབ་པས་འདི་རང་རེ་གཉིས་ཀས་སྤོང་དགོས་ཀྱི་འདིར་ངེད་ཁོ་ན་ལ་ལས་འབྲས་མི་འཐད་དོ་ཞེས་བརྩད་པ་ནི་དོན་མེད་མ་ཡིན་ནམ་སྟེ་དོན་མེད་པ་ཉིད་དོ། །དེ་ལྟ་ནའང་སྐྱོན་དེ་ཁོ་བོའི་ལུགས་ལ་ནི་སྤོང་བར་ནུས་ཀྱི། ཁྱོད་ཀྱིས་ནི་ནམ་ཡང་མི་ནུས་ཞེས་སོ། །སྟོན་པ་དེ་བཞིན་གཤེགས་པས་དགེ་སློང་དག་བྱས་ཤིང་བསགས་པའི་ལས་ཀྱི་འབྲས་བུ་ནི་ཕྱི་རོལ་གྱི་སའི་ཁམས་སོགས་ལ་སྨིན་པར་མི་འགྱུར་གྱི། ཟིན་པའི་ཕུང་ཁམས་སྐྱེ་མཆེད་ལ་སྨིན་པར་འགྱུར་རོ་ཞེས་འབྲས་བུ་ནི་ལས་བྱེད་པ་པོ་ཉིད་ལ་སྨིན་ཞེས་པ་འདིའང་རྒྱུད་གཅིག་གི་དབང་དུ་བྱས་པའི་རྣམ་བཞག་སྟེ། རྒྱུ་མ་འགགས་པར་ལྡན་བཞིན་དུ་འབྲས་བུ་དང་བཅས་ཞེས་ཏེ་དེའི་འབྲས་བུ་མཐོང་བ་འདི་ནི་སྲིད་པ་མ་ཡིན་ཏེ་རྒྱུ་ལས་འབྲས་བུ་འབྱུང་དགོས་པས་སོ། །ཡང་ན་རྒྱུ་ལས་བྱེད་པ་དང་ལྡན་པའི་སྐད་ཅིག་དེ་ཉིད་ཀྱིས་དེའི་འབྲས་བུ་མྱོང་བ་དང་བཅས་པ་ཞེས་མཐོང་བ་འདི་ནི་སྲིད་པ་མ་ཡིན་ཏེ་ཕ་བུ་དུས་མཉམ་མི་སྐྱེ་བ་བཞིན་ནོ། །ཞེས་གསུངས། དེས་ན་འབྲས་བུ་འབྱུང་བའི་དུས་ན་རྒྱུ་འགགས་པས་ཁྱབ་ཀྱང་། རྟེན་འབྲེལ་བསླུ་བ་མེད་པའི་དབང་ལས་འབྲས་བུ་འབྱིན་པར་ནི་ངེས་ལ། དེ་འདྲའི་འབྲས་བུ་དེའང་རྒྱུའི་ཚོགས་པ་གང་དུ་ཚང་བ་གང་ཟག་གི་རྒྱུད་དེ་ཉིད་དུ་སྨིན་གྱི་གཞན་དུ་མ་ཡིན་ཏེ། ས་བོན་ས་ལ་བཏབ་པ་བྲག་ལ་མི་སྐྱེ་བ་བཞིན་ནོ། །དེས་ན་ཕུང་པོ་ལྔའི་རྒྱུན་རིགས་འདྲ་བར་མ་ཆད་པའི་རྒྱུད་གཅིག་ལ་ནི་བརྟེན་ནས་སུ་ལས་བྱེད་པ་པོ་དང་འབྲས་བུ་ལ་ལོངས་སྤྱོད་པ་པོ་ཞེས་བྱར་སྟེ་ན་ཞེས་གཅིག་པའི་རྣམ་བཞག་མཛད་དེ་འཇིག་རྟེན་པའི་བློའི་ཚུལ་ལུགས་ཐམས་ཅད་དེ་ལྟར་གནས་པ་ཡིན་ནོ། །དེ་ལྟར་ན་རྒྱུད་གཅིག་པ་ཡིན་པ་དེ་ཉིད་ཀྱིས་བདག་གཅིག་ཏུ་ཡོད་པ་མིན་ནམ་ཞེན་མིན་ཏེ། རྒྱུད་ནི་ཕྲེང་བ་བཞིན་དུ་བཏགས་པ་སྟེ་དོན་ལ་མི་སྲིད་དོ། །དེའང་གཟུགས་རྒས་གཞོན་དང་སྐྱེ་བ་སྔ་ཕྱི་མི་གཅིག་པར་རྟོགས་པར་སླ་མོད། སེམས་ཀྱི་དབང་དུ་བྱས་ཏེ་གསུངས་པ། འདས་པའི་སེམས་དང་མ་འོངས་པ་ཡི་སེམས་ནི་བདག་མིན་ཏེ་དེ་ནི་རིམ་པར་འདས་པ་དང་མ་སྐྱེས་ནས་མེད་པའི་ཕྱིར་བདག་ཡོད་པ་དང་འགལ་བས་སོ། །འོན་ཏེ་སྐྱེས་སེམས་ད་ལྟ་བ་འདི་བདག་ཡིན་ནོ་སྙམ་ན། ད་ལྟའི་སེམས་དེ་ཞིག་པར་གྱུར་བ་ན་ཡང་བདག་མེད་པར་འགྱུར་ན། ཁྱོད་བདག་ནི་སྔ་མ་ནས་འདིར་འོང་འདི་ནས་ཕ་རོལ་ཏུ་འགྲོ་བ་ཞིག་ཏུ་རློམས་པས་སྐྱེས་སེམས་ཀྱང་བདག་མིན་ཏེ། དེའི་ཕྱིར་འཇུག་པ་ལས་ཀྱང་། བྱམས་པ་ཉེར་སྦས་ལ་བརྟེན་ཆོས་རྣམས་ནི། གཞན་ཉིད་ཕྱིར་ན་རྒྱུད་གཅིག་གཏོགས་མིན་ཏེ། གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ། དེ་དག་རྒྱུད་གཅིག་གཏོགས་པར་རིགས་མ་ཡིན། ཞེས་པ་བཞིན་རྒྱུད་བདག་ཡིན་པ་འགོག་པའི་དོན་ཏོ། །དཔེར་ན་ཆུ་ཤིང་སྡོང་པོ་རློན་པ་སྲ་བའི་ཆ་མེད་པ་ཁོང་སྟོང་གསོབ་ཅན་དེ་དག་ཆ་ཤས་ཕྱེ་ན་སྙིང་པོ་སྲ་མཁྲེག་གི་ཆ་འགའ་ཡང་མི་རྙེད་པར་ཕར་ཕར་མེད་འགྲོ་བ་དེ་བཞིན་དུ་རིགས་པས་རྣམ་པར་དཔྱད་པ་ཡིས་བཙལ་ན་བདག་ཀྱང་ཡང་དག་མིན་ཞེས་དེ་ཁོ་ན་ཉིད་དུ་གྲུབ་པ་མེད་དོ། །གཉིས་པ་ནི། གལ་ཏེ་བདག་གམ་སེམས་ཅན་ཡོད་པ་མིན་ན་བྱང་ཆུབ་སེམས་དཔས་སུ་ལ་དམིགས་ནས་སྙིང་རྗེ་བསྒོམ་པར་བྱ་སྟེ་ཡུལ་མེད་པས་སོ་ཞེ་ན། དོན་དམ་པར་སྙིང་རྗེའི་ཡུལ་དང་བྱེད་པོ་མི་དམིགས་ཏེ། འགྲོ་བ་འདི་དག་ཐམས་ཅད་ནི། །རྟག་ཏུ་མ་འགགས་མ་སྐྱེས་ཉིད། །ཅེས་འཆད་པར་འགྱུར་ཏེ། དེ་འདྲའི་དམིགས་མེད་ཀྱི་བློ་མ་འབྱོངས་ན་སྙིང་རྗེ་ཕ་མཐའ་དང་བྲལ་བ་ཡོངས་སུ་དག་པར་མི་འགྱུར་རོ། །གནས་ཚུལ་དེ་ལྟ་བུ་ཡིན་མོད། འོན་ཀྱང་འགྲོ་བ་རྣམས་ཀྱིས་ཕུང་སོགས་ལ་བདག་ཏུ་བཏགས་ཤིང་ཞེན་པར་གྱུར་པའི་བློ་དོར་སྣང་ཚུལ་གྱི་དབང་དུ་བྱས་ན་བདེ་སྡུག་བསླུ་མེད་དུ་ཡོད་པ་ལ་བསྙོམ་མི་ནུས་པས་རྨི་ལམ་ལྟ་བུའི་སྡུག་བསྔལ་གྱི་སྣང་བ་རྒྱུན་ཆད་པའི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སེམས་ཅན་ཐམས་ཅད་གྲོལ་བར་བྱེད་པའི་དགོས་པའམ་འབྲས་བུའི་དོན་དུ་བདག་གིས་སེམས་ཅན་རྣམས་དགྲོལ་བར་བྱའོ་ཞེས་ཁས་བླངས་ཤིང་ཁུར་དུ་བཟུང་བའི་སེམས་ཅན་ནི་དོན་དམ་པར་ཡོད་པས་མ་ཡིན་ཏེ། རྨོངས་པས་བདག་ཏུ་བརྟགས་པ་གང་ཡིན་པ་དེའི་དབང་གིས་ཡིན་ནོ་ཞེས་པའོ། །དེས་ན་བྱང་ཆུབ་སེམས་དཔས་བདག་མེད་མཐོང་ཡང་སྙིང་རྗེའི་ཡུལ་སེམས་ཅན་ཐམས་ཅད་ཀྱིས་དེ་ལྟར་མ་རྟོགས་པས་ན་བདག་ཡོད་པ་ལྟ་བུར་དོན་མེད་པར་སྡུག་བསྔལ་གྱི་སྣང་བ་ཁོར་ཡུག་ཏུ་མྱོང་པ་ཡོད་པ་དེས་ན་དེ་ལ་དམིགས་ནས་སྙིང་རྗེ་འཇུག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ནི་བདག་དོན་ལ་མི་ཆགས་པ་དང་གཞན་དག་དོན་མེད་བཞིན་དུ་སྡུག་བསྔལ་པར་མཐོང་བ་དང་། བདག་པས་གཞན་གཅེས་པའི་བློ་ཤུགས་ཀྱིས་འབྱུང་བ་དང་། གཞན་གྱི་སྡུག་བསྔལ་ཡང་གཉིད་མཐུག་པོ་བཞིན་དུ་སེལ་ནུས་པར་མཐོང་བའི་ཕྱིར་རོ། །གསུམ་པ་ནི། སེམས་ཅན་མེད་ན་གང་གི་དོན་དུ་འབད་པའི་འབྲས་བུ་སངས་རྒྱས་དེ་སུ་ཡི་སྟེ་སུ་ཞིག་གིས་ཐོབ་པ་ཡིན་ཏེ། དེས་ན་འབྲས་བུའི་དོན་དུ་ཁས་བླངས་པ་ཞེས་པའང་མི་རིགས་སོ་ཞེ་ན། དོན་དམ་པར་བདེན་ཏེ་ཐོབ་པ་པོ་སེམས་ཅན་དང་ཐོབ་བྱའི་འབྲས་བུ་བདེན་གྲུབ་ཏུ་མེད་པར་ཡང་མྱ་ངན་ལས་འདས་པ་དང་མ་འདས་པའང་དེ་ཉིད་དུ་ན་ཁྱད་པར་མེད་ཅེས་འདོད་དོ། །འོན་ཀྱང་སེམས་ཅན་རང་རང་གི་སྣང་ཚུལ་གྱི་ངོར་ཡོད་དེ་བཤད་མ་ཐག་པ་ལྟར་རྨོངས་པ་ལས་འདོད་ཅེས་རྨོངས་པས་བདག་ཏུ་ཞེན་པ་ལས་ཀུན་ཉོན་འཁོར་བའི་ཕྱོགས་དང་། དེ་ལྡོག་པའི་རྣམ་བྱང་གི་ཚུལ་གཉིས་ཀ་གྲུབ་ཅིང་། མྱང་འདས་ཞེས་གཞན་ན་མེད་ཀྱི་བློ་ནོར་བའི་རྣམ་རྟོག་ཟད་པ་ལ་བཏགས་ཏེ། མདོ་སྡེ་རྒྱན་ལས། དེ་ཕྱིར་ཐར་བ་ནོར་ཙམ་ཟད་པ་ཡིན། །ཞེས་གསུངས་པ་བཞིན་ནོ། །དེས་ན་རྨོངས་པའི་དབང་གིས་གཟུང་འཛིན་གྱི་སྤྲོས་པས་བཟུང་བ་ལ་འཁོར་བ་སྣང་ངོར་མི་བསླུ་བ་ཡོད་ལ། དེའི་དབང་གིས་འཁོར་བ་ལྡོག་པའི་མྱང་འདས་ཀྱང་ཡོད་དེ། གདོན་གྱིས་བརླབས་པའི་མི་གཞན་དང་སྤྱོད་ཡུལ་མཐུན་པར་གནས་ཀྱང་ཁོའི་སྣང་ངོ་ལ་འབྱུང་པོའི་གཟུགས་ལ་སོགས་པ་ཕྱིན་ཅི་ལོག་གི་སྣང་བ་ཡོད་པ་དེས་དེ་སྡུག་བསྔལ་ཞིང་སྡུག་བསྔལ་དེ་དང་བྲལ་བའི་བདེར་གནས་ཀྱང་ཡོད་པ་བཞིན་ནོ། །དེས་ན་དོན་དམ་པར་སྲིད་པ་དང་ཞི་བར་བདེན་པར་མ་གྲུབ་པའི་ཕྱིར་འཆིང་གྲོལ་འཐད་པ་ཡིན་གྱི། བདེན་པར་གྲུབ་ན་འཆིང་གྲོལ་འཐད་པར་མི་འགྱུར་བའི་གནད་ཁོང་དུ་ཆུད་པར་བྱའོ། །འོ་ན་ཐོབ་པ་མེད་པ་ལ་ཐོབ་པར་རེ་ནས་ལམ་སོགས་ལ་ཁྱོད་སློབ་པས་ཅི་བྱ་སྟེ། རྨོངས་པ་ནི་རྣམ་པ་ཀུན་ཏུ་བཟློག་བྱ་མ་ཡིན་ནམ་ཞེ་ན། དོན་དམ་པར་ཐོབ་པ་མེད་ཀྱང་སྣང་ཚུལ་ལ་ཡོད་པས་ན་སྲིད་པའི་སྡུག་བསྔལ་ཉེ་བར་ཞི་བའི་དོན་དུ་རེ་ཞིག་ཆོས་ཉིད་མངོན་དུ་གྱུར་པ་སངས་མ་རྒྱས་ཀྱི་བར་དུ་འབྲས་བུའི་རྨོངས་པ་སྟེ་འབྲས་བུ་མི་གནས་པའི་མྱང་འདས་ལ་ཀུན་རྫོབ་ཙམ་དུ་ཐོབ་བྱར་ལྷ་བའི་རྨོངས་པ་ནི་བཟློག་པར་མི་བྱ་སྟེ་འདི་ལ་བརྟེན་ནས་སྡུག་བསྔལ་ཞི་བར་བྱེད་དགོས་པས་སོ། །མཐར་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་བྲལ་བ་ན་སྲིད་ཞིར་མངོན་པར་ཞེན་པའི་ཤེས་སྒྲིབ་ཕྲ་མོ་འདི་ཡང་ལྡོག་པར་འགྱུར་ཏེ། དེ་ནི་སངས་རྒྱས་ཀྱིས་ས་ཡིན་གྱི། ད་ལྟ་སྤོང་མི་ནུས་ཏེ་བདེན་གཉིས་ཟུར་དུ་མ་ཆུད་པར་གནས་སྣང་རྣམ་པ་ཀུན་ཏུ་མི་མཐུན་པའི་ཕྱིར་དང་། དེས་ན་སྣང་ཚུལ་གྱི་དབང་དུ་བྱས་ཏེ་འབྲས་བུ་ལ་སློབ་པར་ཅི་སྟེ་མི་བྱེད་དེ། གནས་སྣང་མི་མཐུན་པ་འདི་སྤོང་དགོས་ཀྱང་ད་ལྟ་སྤོང་མི་ནུས་ཤིང་ནམ་སྤངས་པར་གྱུར་པ་ན་ཐོབ་པའང་མེད་ལ་སྤོང་བའང་མེད་པའི་དེ་ཉིད་མངོན་དུ་གྱུར་གྱི་དེའི་བར་དུ་འབྲས་བུའི་རེ་འདོད་ཟད་པར་མི་ནུས་སོ། །འོ་ན་བདག་ཏུ་རྨོངས་པའང་དགག་པས་ཅི་བྱ་ཟེར་ན། དེ་གཉིས་མི་མཚུངས་ཏེ་འབྲས་བུ་དོན་དུ་གཉེར་བའི་བློ་དེས་ནི་སྡུག་བསྔལ་ཟད་པར་བྱས་ནས་རང་ཡང་འགག་པར་བྱེད་དེ་ཤིང་ལས་བྱུང་བའི་མེས་ཤིང་བསྲེག་པ་བཞིན་ནོ། །འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་ཡི་ཞེས་རྒྱུར་གྱུར་པའི་བདག་ཏུ་འཛིན་པའམ་ངའོ་སྙམ་པའི་ང་རྒྱལ་ནི་བདག་ཡོད་ཏུ་བཟུང་བའི་རྨོངས་པས་འཕེལ་བར་འགྱུར་ཏེ། དེས་ན་བདག་མེད་པ་ལ་ཡོད་པར་རྨོངས་པ་དེ་ནི་བཟློག་པར་བྱ་སྟེ། རྨོངས་པ་དེ་མེད་ན་བདག་ཏུ་མི་འཛིན་ལ། བདག་འཛིན་དེ་མེད་ན་འཁོར་བར་འཁོར་ཞིང་སྐྱེ་བར་མི་འགྱུར་རོ། །ཁོ་ན་རེ། ཇི་ལྟར་ཁྱོད་བཏགས་པའི་བདག་ལས་བློ་ལྡོག་པར་མི་ནུས་པ་དེ་བཞིན་དུ་རང་བཞིན་གྱིས་གྲུབ་པའི་བདག་དེ་ལས་ཀྱང་ཡུལ་ཅན་བློ་གཏན་དུ་བཟློག་པ་མེད་དེ་ཐོག་མེད་ནས་གཤིས་ལ་ཞུགས་པའི་ཕྱིར་རོ་ཞེ་ན། དེ་གཉིས་མི་མཚུངས་ཏེ་བཏགས་པ་ཙམ་རྟེན་ནས་འབྱུང་བའི་དབང་གིས་སྣང་བ་ལ་སོ་སྐྱེའི་ངོར་མི་སྣང་བར་སྒྲུབ་བྱེད་ཀྱི་རིགས་པ་མེད་ལ་བཟློག་ཀྱང་མི་དགོས་མོད། རང་བཞིན་གྱིས་གྲུབ་པར་འཛིན་པ་ནི་དངོས་པོའི་གནས་ཚུལ་རྟོགས་པའི་བློ་བདག་མེད་པ་བསྒོམ་པ་མཆོག་ཡིན་པས་སྤོང་ནུས་ཏེ། སྣང་བས་མུན་པ་བཞིན་དུ་ཡང་དག་པའི་ཚད་མ་དང་ལྡན་པ་དེ་ཉིད་སྟོབས་དང་ལྡན་པའི་ཕྱིར་རོ། །དེས་ན་བདག་ཏུ་ལྟ་བ་ནི་དངོས་པོའི་གནས་ཚུལ་ལས་གཞན་དུ་རྐྱོན་གྱིས་རེ་ཞིག་སེམས་གོལ་བ་ཡིན་ལ། དེ་ལུང་དང་རིགས་པའི་ལམ་ལས་བཟློག་སྟེ་དངོས་པོའི་གནས་ཚུལ་ལ་བློ་ཞུགས་པར་བྱས་ན་དེ་སེམས་ཀྱི་གཤིས་ཡིན་པས་དེ་དང་སེམས་བྲལ་དུ་མི་རུང་སྟེ། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་པ་བཞིན་ནོ། །དེས་ན་བདག་འཛིན་འདི་སྲིད་པའི་རྩ་བ་ཡིན་པས་འདི་མ་སྤངས་བར་དུ་དཀའ་སྤྱད་དང་བསྒོམ་སྒྲུབ། ཇི་ལྟ་བུའི་ཉམས་ལེན་ཅི་བྱས་ཀྱང་འཁོར་བ་ལས་འདའ་མི་ནུས་པས་སྐལ་བཟང་ཐར་འདོད་རྣམས་ཀྱིས་རྟག་ཏུ་ཉམས་ལེན་ཐམས་ཅད་བདག་འཛིན་འདིའི་གཉེན་པོར་འགྲོ་བ་ཞིག་བྱེད་དགོས་གསུངས། གཉིས་པ་ཆོས་ཀྱི་བདག་མེད་པ་སྒོམ་ཚུལ་ལ། །ལུས་དྲན་པ་ཉེར་བཞག་བསྒོམ་ཚུལ། །ཚོར་བ་དྲན་པ་ཉེར་བཞག་བསྒོམ་ཚུལ། །སེམས་དྲན་པ་ཉེར་བཞག་བསྒོམ་ཚུལ། །ཆོས་དྲན་པ་ཉེར་བཞག་བསྒོམ་ཚུལ་དང་བཞི་ལས། །དང་པོ་ལ། ལུས་སྤྱིར་བརྟགས་པ། ཡན་ལག་བྱེ་བྲག་ཏུ་བརྟགས་པ། དེས་ན་ལུས་ལ་ཆགས་པ་སྤོང་དགོས་པར་བསྟན་པ་དང་གསུམ་ལས། དང་པོ་ནི། ལུས་ཞེས་པའང་བཏགས་པ་ཙམ་སྟེ་རང་བཞིན་གྱིས་གྲུབ་པ་མེད་དོ། །དེའི་རྒྱུ་མཚན་འདི་ལྟར་སྐྱེ་མཆེད་རྫོགས་པའི་ལུས་ཞེས་རིལ་པོ་གཅིག་པུའི་རྣམ་པར་བཟུང་པ་དེ་ཡོད་ན་ནི་ལག་སོགས་ལ་ཡོད་དགོས་ནའང་། ཡན་ལག་སོ་སོ་བ་ལུས་མིན་ཏེ་འདི་ལྟར་བོལ་གོང་སོགས་རྐང་པ་དང་བྱིན་པ་སྟེ་རྗེ་དར་ལུས་མིན་ལ། བརླ་དང་རྐེད་པའང་ལུས་མ་ཡིན་ཞིང་། ལྟོ་བ་དང་རྒྱབ་ཀྱང་ལུས་མིན་ཏེ། བྲང་དང་དཔུང་པའང་ལུས་མ་ཡིན་ལ། རྩིབ་ལོག་དང་ལག་པའང་ལུས་མིན་ཏེ། མཆན་ཁུང་དང་ཕྲག་པའང་ལུས་མ་ཡིན་ཞིང་། གློ་སྙིང་སོགས་ནང་ཁྲོལ་རྣམས་ཀྱང་ལུས་དེ་མིན་ལ། མགོ་དང་མགྲིན་པའང་ལུས་མིན་ཏེ། ལུས་ཀྱི་མཚན་ཉིད་དང་མི་མཐུན་པའི་ཕྱིར། དུར་ཁྲོད་དུ་འཐོར་བའི་ལུས་ཀྱི་དུམ་བུ་བཞིན་ད་ལྟ་འབྲེལ་བར་སྣང་ཡང་རུང་ཕན་ཚུན་འདྲེས་པ་མེད་པར་རང་ས་ན་ཡོད་ན་དེ་རེ་རེ་ལུས་སུ་ག་ལ་འགྱུར་ཏེ་ལག་པ་སོགས་བཅད་ཀྱང་ལུས་གནས་པར་འདོད་པས་སོ། །དེས་ན་ལག་སོགས་ཆ་ཤས་དུ་མའི་ཚོགས་པ་ཅན་འདི་ལ་ལུས་ཞེས་པ་ནི་གང་ཞིག་ཡིན་ཏེ་གང་ཡང་མེད་དོ། །དེ་ལ་འདི་སྙམ་དུ་དེ་དག་རེ་རེ་ལུས་མིན་ཡང་། ལུས་ནི་དེ་དག་ལ་ཁྱབ་ནས་ཡོད་དོ་སྙམ་ན། ལུས་གཅིག་གི་ཆ་ཤས་ཀྱིས་འདི་ཀུན་ལ་ཁྱབ་པ་ཡིན་ནམ། ཆ་ཤས་ཅན་ལུས་དུ་མས་རེ་རེ་བཞིན་དུ་ཁྱབ་པ་ཡིན། གལ་ཏེ་ལུས་ཞེས་པ་འདི་ལག་སོགས་ཡན་ལག་ཐམས་ཅད་ལ་ཆ་ཤས་སམ་ཕྱོགས་རེ་ཡིས་ནི་གནས་པར་གྱུར་པར་འདོད་ན། ལུས་དེའི་ཆ་ཤས་རྣམས་ལག་སོགས་ཆ་སོ་སོ་ལ་གནས་པར་འགྱུར་དུ་ཆུག་མོད། ཆ་ཅན་ལུས་དེ་རང་ཉིད་ནི་གང་ལ་གནས་ཞེས་བརྟགས་ན། ལག་སོགས་རེ་རེ་ནས་བསལ་བའི་ཤུལ་ན་ཁྱབ་བྱེད་ལུས་མ་དམིགས་སོ། །གལ་ཏེ་བདག་ཉིད་ཀུན་ལྡན་གྱི་ལུས་རིལ་པོ་ཆ་ཚང་བ་རེ་ལག་སོགས་ཡན་ལག་རྣམས་ལ་གནས་ན་ནི་ལག་སོགས་ཡན་ལག་དེ་དག་གི་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་ནི་ལུས་སུ་སྟེ་དུ་མ་ཡོད་པར་འགྱུར་ནའང་ལུས་རིལ་པོ་གཅིག་པུ་ཞིག་ཏུ་འཛིན་པས་དེ་ལྟ་བུ་ནི་མི་སྲིད་དོ། །དེས་ན་སྐྱེ་མཆེད་དྲུག་གི་ཕྱི་དང་དེ་དག་གི་ནང་ཀུན་ཏུ་རིགས་པས་བཙལ་ན་ལུས་མེད་པའམ་མ་དམིགས་པའི་ཕྱིར་ན་ཇི་ལྟར་ན་ལག་སོགས་ལ་ལུས་ཡོད་པར་འགྱུར་ཏེ་མེད་དོ། །ལག་སོགས་རྣམས་ལས་ལུས་ཀྱི་གདགས་གཞི་གཞན་ཞིག་ནི་མེད་ན་ལུས་དེ་ནི་ཇི་ལྟར་ཡོད་པ་ཡིན་ཏེ་མེད་དོ། །དེ་ལ་རྐང་པ་ལུས་མིན་སོགས་ཀྱིས་ཡན་ལག་དང་གཅིག་མིན་པར་བསྟན་ལ། གལ་ཏེ་ལུས་འདི་སོགས་ཀྱིས་ཡན་ལག་དང་འབྲེལ་པ་ཅན་ཐ་དད་དུ་མེད་པར་བསྟན་ཏོ། །དེས་ན་ལུས་མེད་ཀྱང་ལག་པ་སོགས་ཡན་ལག་གི་ཚོགས་པ་ལ་བརྟེན་ནས་རྨོངས་པ་ཡིས་ནི་ལུས་བློར་འགྱུར་ཞེས་ལུས་ཞེས་བཏགས་པ་ཙམ་ལས་དོན་མ་གྲུབ་པ་ཞིག་སྟེ། དཔེར་ན་མི་དང་འདྲ་བའི་དབྱིབས་སུ་བཀོད་པའི་ཁྱད་པར་གྱིས་ཏེ་ཁྱད་པར་གྱི་དཔང་ལས་ཐོ་ཡོར་ལ་ནི་མི་རུ་འཁྲུལ་བའི་བློ་འབྱུང་བ་བཞིན་ནོ། །འདི་ན་ཇི་སྲིད་དབྱིབས་ཀྱི་ཁྱད་པར་གྱི་རྐྱེན་ཚོགས་པའམ་ཚང་བ་དེ་སྲིད་དུ་ལུས་འདི་ནི་སྐྱེས་བུ་ལྟར་སྣང་བར་ཡིན་གྱི། རྐྱེན་མཚང་ན་སྐྱེས་པའི་ལུས་སུ་མི་འཇོག་སྟེ་མཚན་འགྱུར་བའམ་མེར་མེར་པོ་དང་། བསྲེགས་ཏེ་ཐལ་བ་བྱས་པའི་སྐབས་བཞིན་ནོ། །དེ་འདྲ་བར་བུད་མེད་ཀྱང་ཡིན་ནོ། །དེ་བཞིན་དུ་ཇི་སྲིད་ལག་སོགས་ཡན་ལག་ལ་ལུས་སུ་གདགས་པའི་རྐྱེན་ཕན་ཚུན་འབྲེལ་བར་གྱུར་པ་སོགས་དེ་དག་ཡོད་པ་དེ་སྲིད་དུ་ལག་པ་སོགས་དེར་ལུས་སུ་སྣང་གི་རང་གི་ངོ་བོ་ཉིད་ཀྱིས་ལུས་སུ་ཡོད་པ་ནི་མིན་ཏེ་ཤ་དང་རུས་པའི་དུམ་བུ་བཞིན་ནོ། །གཉིས་པ་ནི། ལུས་མེད་ཀྱང་ལག་པ་སོགས་ཡན་ལག་ནི་མངོན་སུམ་མཐོང་བས་ཡོད་དོ་ཞེ་ན། ལུས་བདེན་པར་མ་གྲུབ་པ་དེ་བཞིན་སོར་མོའི་ཚོགས་སོ་སོ་བ་འདུས་པ་ཙམ་ཡིན་པའི་ཕྱིར། ཚོགས་པ་དེ་ལ་ཡན་ལག་ཅན་ལག་པ་ཞེས་བཏགས་པའང་དོན་དུ་གྲུབ་པ་གང་ཞིག་ཡིན་པར་འགྱུར་ཏེ་མ་གྲུབ་ཅིང་། སོར་མོ་དེ་ཡང་ཚིགས་ཀྱི་ཚོགས་ཡིན་པའི་ཕྱིར་དེ་ཚིགས་སུ་མ་གྲུབ་ལ། ཚིགས་དེ་དག་ཀྱང་རང་རང་གི་ཕྱོགས་སོ་སོའི་ཆ་ཕྱེ་བས་དུ་མར་འགྱུར་བས་གཅིག་པུར་མེད་ལ། ཆ་དེ་ཡང་རགས་པ་ནས་ཕྲ་རྡུལ་གྱི་བར་དུ་ཕྱེ་བས་ཏེ་བྱས་ཏེ་རྡུལ་ཕྲ་རབ་དེ་ལའང་སྟེང་འོག་དང་ཕྱོགས་བཞིའི་ཆའི་དབྱེ་བ་བྱས་པ་ཡིས་དྲུག་ཏུ་འགྱུར་ཞིང་མཐར་གཏུག་ན་ཕྱོགས་ཀྱི་དབྱེ་བ་གང་དུའང་ཆ་གཅིག་བདེན་གྲུབ་ཅིག་མི་རྙེད་དེ་ཆ་ཤས་དང་བྲལ་བར་འགྱུར་བའི་ཕྱིར་རོ། །དེས་ན་ལག་པ་ལ་སོགས་པའི་ཡན་ལག་དང་གཟུགས་སྣང་ཐམས་ཅད་རགས་པ་ཕྲ་བ་དང་། ཕྲ་བ་རྡུལ་དང་རྡུལ་ཕྲ་རབ་དང་། དེ་ཕྱོགས་ཆའི་དབྱེ་བས་གཞལ་ན་ནམ་མཁའ་བཞིན་དུ་སྟོང་པར་འགྱུར་གྱི་གཟུགས་སུ་གྲུབ་པ་མེད་པ་དེས་ན་རྡུལ་ཕྲ་རབ་ཏུ་ཡང་གྲུབ་པ་མེད་དོ། །གསུམ་པ་ནི། དེ་ལྟར་བདེན་པར་མ་གྲུབ་པ་སྣང་ལ་རང་བཞིན་མེད་པས་རྨི་ལམ་ལྟ་བུ་ཡི་གཟུགས་ལ་དེ་ཁོ་ན་ཉིད་ཀྱི་དཔྱོད་པ་དང་ལྡན་པའི་གང་ཟག་སུ་ཞིག་ཆགས་ཏེ་ཆགས་མི་རིགས་སོ། །གང་ཚེ་དེ་ལྟར་ལུས་རང་བཞིན་མེད་པ་དེ་ཚེ་དེའི་བྱེ་བྲག་སྐྱེས་པ་གང་ཡིན་ལ་བུད་མེད་གང་ཡིན་ཏེ་བདེན་པར་མེད་དོ། །དེ་ལྟར་ནང་རང་གི་ལུས་ལ་ཇི་ལྟར་བརྟགས་པ་དེ་བཞིན་དུ་ཕར་སེམས་ཅན་གྱི་ལུས་དང་ཕྱི་སྣོད་རི་གླིང་སོགས་ཀྱང་རང་བཞིན་མེད་པར་ནམ་མཁའ་བཞིན་དུ་གཏན་ལ་ཕབ་པར་བྱའོ། །དེ་ལྟར་ཤེས་ནས་ཕན་ཚུན་ཆགས་ཞེན་ལ་སོགས་པའི་མཚན་འཛིན་སྤངས་ནས་རྗེས་ཐོབ་སྒྱུ་མ་ལྟ་བུ་སྣང་ལ་རང་བཞིན་མེད་པ་དང་མཉམ་བཞག་ནམ་མཁའ་ལྟ་བུའི་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག་པར་བྱ་སྟེ། མདོ་ལས། འཇམ་དཔལ་གང་གིས་ལུས་ནམ་མཁའ་དང་མཉམ་པར་མཐོང་བ་དེ་ནི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་བཞག་པའི་ཞེས་གསུངས་པ་བཞིན་ནོ། །གཉིས་པ་ཚོར་བ་དྲན་པ་ཉེར་བཞག་བསྒོམ་ཚུལ་ལ། ཚོར་བའི་ངོ་བོ་ལ་བརྟགས་པ། ཚོར་བའི་རྒྱུ་ལ་བརྟགས་པ། ཚོར་བའི་འབྲས་བུ་ལ་བརྟགས་པ། ཚོར་བ་པོ་ལ་བརྟགས་པ་དང་བཞི་ལས། དང་པོ་ནི། ཚོར་བ་སྡུག་བསྔལ་འདི་དེ་ཁོ་ན་ཉིད་དུ་རང་གི་ངོ་བོས་ནང་སེམས་ཀྱི་རྒྱུད་དམ་སྟེང་ན་ཡོད་པ་ཞིག་ཡིན་ན་ཅི་སྟེ་རང་རྒྱུད་ལ་རབ་དགའ་སྐྱེ་བ་ལ་མི་གནོད་དེ་གནོད་ཅིང་དགའ་བ་སྐྱེ་བར་མི་འགྱུར་ནའང་དེ་ལྟར་མ་ངེས་པའི་ཕྱིར་རོ། །དེ་བཞིན་དུ་བདེ་བ་དེ་ཉིད་དུ་ཡོད་ན་སྡུག་བསྔལ་ལ་གནོད་པའང་ཤེས་ནུས་པས་ལོགས་སུ་མ་སྨྲས་སོ། །དེས་ནང་བློ་ཡི་སྟེང་ན་ཚོར་བ་བདེན་གྲུབ་མེད་པར་བསྟན་ནས། ད་ནི་ཕྱིའི་དབང་དུ་བྱས་ཏེ་གསུངས་པ། ཕྱི་ཡུལ་གྱི་སྟེང་ནའང་ཚོར་བ་བདེ་བ་བདེན་པར་མ་གྲུབ་སྟེ། གཟུགས་བཟང་བ་དང་རོ་མངར་བ་སོགས་བདེ་བའི་རང་བཞིན་ཡིན་ན། བུ་ཤི་བའི་མྱ་ངན་གྱིས་གདུངས་པ་དང་འཇིགས་པས་མྱོང་བ་སོགས་ལ་ཟས་ཞིམ་པོ་དང་། ལྟད་མོ་སོགས་ཀྱིས་ཅི་སྟ་དགའ་བར་མི་བྱེད་དེ་བྱེད་དགོས་ཏེ་ཞི་མ་སོགས་དངོས་པོ་ཉིད་ལ་བདེ་བ་ཡོད་པའི་ཕྱིར་མེའི་ཚ་བ་བཞིན་ཡིན་དགོས་ན་དེ་ལྟ་མ་ཡིན་པས་གསལ་ལོ། །དེ་ལ་བསྔལ་དེ་ཁོ་ན་ཉིད་དུ་ནང་བློ་མེད་པ་ནི་མ་ཡིན་ཀྱང་ནང་གི་དགའ་བ་ཁྱད་པར་ཅན་སྟོབས་དང་ལྡན་པས་ཟིལ་གྱིས་མནན་པའི་ཕྱིར་གལ་ཏེ་སྡུག་བསྔལ་དེ་མྱོང་བ་མ་ཡིན་ཏེ། དཔེར་ན་ཉི་མས་རྒྱུ་སྐར་བཞིན་ནོ་ཞེ་ན། གང་ཞིག་ཉམས་སུ་མྱོང་པའི་བདག་ཉིད་མིན་པ་དེ་ནི་ཚོར་བ་ཇི་ལྟར་ཡིན་ཏེ་ཚོར་བའི་མཚན་ཉིད་མེད་པའི་ཕྱིར་རོ། །དེ་ལ་དེ་དག་འདི་སྙམ་དུ་གཏན་ནས་མ་མྱོང་བ་ཚོར་བར་མི་རུང་བས་ན་དགའ་བ་སྟོབས་ལྡན་མྱོང་བཞིན་པའི་སྐབས་སུ་སྡུག་བསྔལ་གཏན་མ་མྱོང་བ་མིན་ཀྱང་སྡུག་བསྔལ་ཕྲ་མོ་ཉིད་དུ་ཡོད་པས་དེ་མྱོང་བ་མི་ཤེས་པས་ཡིན་ཏེ། དཔེར་ན་བུ་རམ་གྱི་ཁུ་བ་མང་བའི་ནང་ན་ཚྭ་ཆུའི་ཐིག་པ་ཕྲ་མོ་ལྷུང་བ་བཞིན་ནོ་ཞེ་ན། རྒྱུད་གཅིག་ལ་སྡུག་བསྔལ་ཕྲ་མོ་དང་བདེ་བ་ནུས་མཚུངས་སུ་འགྲོགས་པ་མེད་དེ། ཡོད་ན་དུས་མཉམ་པར་རྒྱུད་གཅིག་ལ་སྣང་དུ་རུང་བ་ལ་དེ་མ་དམིགས་པ་དང་། ཁྱོད་ཀྱི་སྡུག་བསྔལ་འདི་ཡི་རགས་པ་སྟོབས་ཆེན་པོའི་ཆ་ནི་བདེ་བས་བསལ་བར་འདོད་པ་མིན་ནམ། དེ་ལྟར་ན་འདིའི་ཕྲ་བའང་ཅིས་མི་སེལ་ཏེ་དེའི་གཉེན་པོ་སྟོབས་ལྡན་གནས་བཞིན་པ་ཡིན་པའི་ཕྱིར། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་གྲང་རེག་བཞིན་ནོ། །ཡང་ཁོ་ན་རེ། སྡུག་བསྔལ་ཕྲ་མོ་ཡོད་ཀྱང་དེ་ནི་རང་གི་ནུས་པ་འབྱིན་མ་ནུས་པར་བདེ་བ་ཆེན་པོས་ཁ་བསྒྱུར་ཏེ་སོང་བས་ན་བདེ་བ་ཆེན་པོ་དེ་ལས་གཞན་དགའ་བ་ཙམ་སྟེ་དགའ་བ་ཕྲ་མོའི་རྣམ་པར་མྱོང་བ་ཡིན་ཏེ། ཤེལ་དཀར་པོ་རྡུལ་དམར་པོས་ཁ་བསྒྱུར་ནས་དམར་པོར་སྣང་ཡང་ཤེལ་དཀར་པོ་མེད་པ་ནི་མིན་པ་བཞིན་ནོ་ཞེ་ན། དགའ་བ་ཙམ་དུ་གཏོགས་པའི་ཕྲ་མོ་ཉིད་དེ་ཡང་དགའ་བ་དེའི་རིགས་ཡིན་གྱི་སྡུག་བསྔལ་ནམ་ཡང་མ་ཡིན་ན། དེའི་དོན་དུ་སྡུག་བསྔལ་ལོ་ཞེས་བཏགས་པས་ཅི་བྱ་སྟེ། སྡུག་བསྔལ་ཉིད་དགའ་བ་ཕྲ་མོར་མྱོང་བའི་དགའ་བ་ཙམ་དང་། དགའ་བ་རང་ཉིད་ཕྲ་མོར་མྱོང་བའི་དགའ་བ་ཙམ་གྱི་ཆ་ཞེས་ཁྱད་པར་ཅི་ཞིག་གིས་འབྱེད་དེ་མེད་བཞིན་ནན་གྱིས་བཙལ་བ་མཁའ་ལ་མདུད་པ་བོར་པ་འདིས་ཅི་བྱ། དཔེ་དག་ཀྱང་རང་ཉིད་མ་གྲུབ་པ་སྒྲུབ་བྱེད་དུ་བཀོད་པ་ཡིན་གྱི་དེས་མི་འགྲུབ་བོ། །གལ་ཏེ་འགའ་རྐྱེན་བདེ་བ་སྟོབས་ལྡན་སྐྱེས་པས་ན། རྒྱུ་མ་ཚང་བའི་སྡུག་བསྔལ་ནི་དེ་ཚེ་སྐྱེས་པ་མིན་ནོ་ཞེ་ན། དེ་ལྟ་ན་ནི་དངོས་པོ་ལ་གྲུབ་པ་མེད་པར་ཚོར་བར་ཏེ་ཚོར་བ་ཞེས་བྱ་བར་ནང་གི་རྟོག་པ་ཡིས་བདེ་སོགས་སུ་མངོན་པར་ཞེན་པའམ་བཏགས་པ་ཙམ་ཉིད་ཡིན་ནོ་ཞེས་བྱ་བར་གྲུབ་པ་མིན་ནམ་སྟེ་འདི་ལྟར་བློ་ཉིད་བདེ་བར་སྐྱེས་སྐབས་སུ་ནི་སྡུག་བསྔལ་དུ་སྐྱེས་སྐབས་སུ་བདེ་བ་མེད་ཅིང་རྐྱེན་ལས་རེས་འགའ་བར་དམིགས་པའི་ཕྱིར་རོ། །དེས་ན་བདེ་སྡུག་ཅེས་གྲུབ་གྲུབ་མོ་ཞིག་ཏུ་བལྟས་ནས་དེ་འདོར་ལེན་གྱི་ཆེད་དུ་འབད་པ་ནི་འཁྲུལ་བ་སྟེ་བདེ་སྡུག་ཅེས་པ་རང་གི་བློས་མ་བཏགས་ཀྱི་བར་དུ་བདེ་སྡུག་རང་མཚན་པ་ཕྱི་དང་ནང་ཀུན་ཏུའང་མི་གནས་པས་སོ། །དཔེར་ན་སྐྱུགས་ནད་ཅན་དང་བཀྲེས་པ་ལ་མར་ཁུ་དང་། གཙང་སྦྲ་ཅན་དང་ཕག་པ་ལ་ལུད་ཕུང་དང་། མི་སྡུག་པ་གོམས་པ་དང་ཆགས་ཅན་ལ་བུད་མེད་ཀྱི་དངོས་པོ་བཞིན་དུ་རང་གི་རྟོག་པའི་དབང་གིས་བདེ་སོགས་དེར་འགྱུར་བ་སྟེ་བདེ་སོགས་ཀྱི་དངོས་པོ་རང་མཚན་པ་མེད་དོ། །རྒྱུ་མཚན་དེ་ལྟ་བུ་ཉིད་ཀྱི་ཕྱིར་ན་ཚོར་བ་བདེ་སོགས་ལ་དེ་ཉིད་དུ་མངོན་པར་ཞེ་ན་ནས་འདོར་ལེན་གྱི་རྣམ་པར་རྟོག་པའི་འཕྲོ་འདུ་ལུ་གུ་རྒྱུད་དུ་འབྲེལ་བའི་འཁྲུལ་བ་འདི་ཡི་ནི་གཉེན་པོ་ཚོར་བ་རང་བཞིན་མེད་པར་རྣམ་པར་དཔྱད་པ་འདི་ལྟ་བུ་བསྒོམ་པར་བྱ་སྟེ་ཚོར་བ་ལ་མངོན་པར་ཞེན་པའི་འཇིག་རྟེན་འདི་ཀུན་ནས་སྨྱོན་པ་བཞིན་དུ་འཁྲུགས་པར་གྱུར་ཅིང་། དེའི་གཉེན་པོ་ནི་འདི་ལས་གཞན་མེད་པའི་ཕྱིར་རོ། །དེ་འདྲའི་རྣམ་པར་བརྟགས་ཅིང་དཔྱད་པའི་ཞིང་ས་བཟང་པོ་ལྟ་བུ་ལས་བྱུང་བ་ཡི་ཚོར་བ་རང་བཞིན་མེད་པའི་དོན་ལ་མཉམ་པར་བཞག་པའི་བསམ་གཏན་དེ་ནི་རྣལ་འབྱོར་པ་ཡི་སྟེ་རྣལ་འབྱོར་པ་རྣམས་ཀྱིས་ལོངས་སྤྱོད་པའི་ཟས་ཡིན་ཏེ་ཇི་ལྟར་ཟས་ཀྱིས་ལུས་རྒྱས་པ་དང་དགའ་ཞིང་ཚིམ་པར་བྱེད་པ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་ཆགས་བྲལ་གྱི་དགའ་བ་ཉམས་སུ་མྱོང་ཞིང་རྟོགས་པའི་ཡོན་ཏན་གྱི་ལུས་རྒྱས་པའི་ཕྱིར་རོ། །ཚོར་བ་ནི་སྲིད་པའི་རྩ་བ་རྩོད་པའི་གཞིར་གྱུར་པའི་གཙོ་བོ་ཡིན་པའི་ཕྱིར་ན་རང་བཞིན་མེད་པར་གཏན་ལ་ཕབ་ནས་བསྒོམ་པ་ནི་གལ་ཆེའོ་གསུངས། གོང་དུ་ཇི་སྐད་བཤད་པའི་དཔྱད་འཇོག་གིས་བསྒོམ་གང་ཡིན་ཀྱང་དང་པོ་ཐོས་པའི་ཤེས་རབ་ནི་མཆོག་ཡིན་ཏེ། སྟོན་པ་ཤཱཀྱ་ཐུབ་པའི་འཁོར་བདེན་པ་མཐོང་བ་ཐམས་ཅད་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཐོས་པ་བྱས་པ་རྣམས་ཡིན་པར་གསུངས་པའི་ཕྱིར་ན། མ་འོངས་པ་ན་བྱམས་པ་བྱོན་ཚེ་འཁོར་གྱི་ཐོག་མར་སྐྱེས་ནས་བདེན་པ་མཐོང་བར་འགྱུར་སྲིད་པས་སོ་གསུངས། གཉིས་པ་ནི། གལ་ཏེ་ཡུལ་ཅན་དབང་པོ་དང་ཡུལ་གཟུགས་སོགས་དོན་གཉིས་པོ་འདི་དག་བར་དང་བཅས་པ་ཞིག་གམ་བར་མེད་གཅིག་ཡིན་དང་པོ་ལྟར་ན་དེ་དག་གང་དུ་ཕྲད་པར་འགྱུར་ཏེ། བར་ཆོད་པ་ལ་ཕྲད་པ་མི་སྲིད་པ་ཤར་ནུབ་ཀྱི་རི་བཞིན་ནོ། །གལ་ཏེ་དེ་གཉིས་ལ་བར་མེད་ན་ཡང་གཅིག་ཉིད་དུ་འགྱུར་ཏེ། དེ་ལྟར་ན་དབང་པོ་གང་ཞིག་ཡུལ་གང་དང་འཕྲད་པར་འགྱུར་ཏེ། མིག་རང་ཉིད་རང་ཉིད་དང་ཕྲད་པ་མི་སྲིད་པ་བཞིན་ནོ། །དེར་ཁོ་ན་རེ། ཐལ་མོ་ཕན་ཚུན་སྦྱར་བ་ལ་སོགས་པ་བཞིན་ཏུ་ཕྲད་པ་ཅི་སྟེ་མེད་སྙམ་ན། འདི་ལྟར་ཕྲད་པར་སྣང་བ་འདིའང་རྟོག་པས་ཞེན་པ་ཙམ་སྟེ་ཡང་དག་པར་ནི་མ་ཡིན་ནོ། །དེའི་རྒྱུ་མཚན་དབང་དོན་རགས་པ་ནི་ཕྱོགས་ཐམས་ཅད་ཀྱིས་ཕྲད་པ་མེད་དེ། གང་མདུན་ཕྲད་ན་རྒྱབ་མ་ཕྲད་པ་ལྟ་བུའོ། །དེའི་ཚུལ་གྱིས་དཔྱད་ན་རྡུལ་གཞན་གྱིས་བར་དུ་ཆོད་པའི་རྡུལ་རྣམས་ནི་མ་ཕྲད་ལ། མཐར་བར་མ་ཆོད་པའི་དབང་དོན་གྱི་རྡུལ་ཕྲ་རབ་ཕྲད་དགོས་ཀྱང་། དེ་ལ་དབང་པོའི་རྡུལ་ཕྲན་སྟེ་ཕྲ་རབ་ནི་ཡུལ་གྱི་རྡུལ་ཕྲན་ཏེ་ཕྲ་རབ་ལ་འཇུག་པ་མེད་དེ། དེ་ལ་ནི་ཆ་མེད་པས་གཞན་ཤོངས་བའམ་འཇུག་པའི་གོ་སྐབས་མེད་པར་ནི་ཕན་ཚུན་གཉིས་ཀའང་མཉམ་པར་གྱུར་པ་ཡིན་ལ། དེའི་ཕྱིར་དེ་གཉིས་པོ་ངོས་གཅིག་གིས་ཕྲད་ཀྱི་ཆ་ཐམས་ཅད་མ་ཕྲད་ན་ནི་ཆ་མེད་མིན་ཏེ། ད་རུང་མ་ཕྲད་པའི་རྡུལ་གཞན་ནས་ཕྲ་རྡུལ་དེ་ཉིད་ལ་དཔྱད་པ་འཇུག་ལ་ཆ་ཐམས་ཅད་ཀྱིས་ཕྲད་ན་ཕན་ཚུན་ཞུགས་ཤིང་ཐིམ་དགོས་ཀྱང་དེ་ལ་ཞུགས་པའི་གོ་སྐབས་མེད་པར་མཉམ་པའི་ཕྱིར་ཞུགས་པ་མེད་དོ། །མ་ཞུགས་པ་ལ་རྡུལ་གཉིས་པོ་གཅིག་ཏུ་འདྲེས་པ་མེད་ཅིང་། མ་འདྲེས་པ་ལ་ཕྲད་པ་མེད་དེ། ཆ་མེད་ཕྲད་ན་ཕྱོགས་ཐམས་ཅད་ཀྱིས་ཕྲད་དགོས་ཀྱི་ཕྱོགས་གཅིག་ཕྲད་པ་མི་སྲིད་པའི་ཕྱིར་རོ། །དེས་ན་ཆ་མེད་པ་ཡང་ཡིན་པ་ལའང་དེ་ལ་ཕྲད་པ་ཡོད་དོ་ཞེས་བྱ་བ་ཇི་ལྟར་འཐད་པར་འགྱུར་ཏེ། ཕྱོགས་གཅིག་དང་ཕྱོགས་ཐམས་ཅད་ཀྱིས་ཕྲད་པ་གཉིས་ཀ་དེ་ལ་མི་སྲིད་པའི་ཕྱིར་རོ། །དེས་ན་ཕྲད་པ་ཡིན་པ་དང་ནི་ཆ་མེད་ཡིན་པར་གལ་ཏེ་ཁྱོད་ཀྱིས་མཐོང་ན་ཁོ་བོ་ལ་བསྟན་པར་གྱིས་དང་ཕྲད་པ་གྲུབ་པར་འགྱུར་རོ་ཞེས་བསྟན་མི་ནུས་པའི་ཚད་དུ་དགོངས་པའོ། །དེ་ལ་ཡུལ་དབང་ཤེས་གསུམ་འདུས་པ་ཞེས་པའི་དབང་དོན་འདུས་པ་མེད་པར་བསྟན་ནས་ཡུལ་དང་རྣམ་ཤེས་ཕྲད་དོ་སྙམ་ན། རྣམ་ཤེས་ནི་རྡུལ་ཚོགས་པའི་ལུས་མེད་པ་ལ་ནི་ཡུལ་དང་ཕྲད་པ་འཐད་པ་མ་ཡིན་པ་ཉིད་དེ། གང་ལུས་མེད་ཀྱང་ཕྲད་པ་ཡོད་ན་ནམ་མཁའ་དང་ལག་པ་ཕྲད་པ་དང་མོ་གཤམ་གྱི་བུ་དང་ཡང་ཕྲད་པར་འགྱུར་རོ། །སེམས་ཡོད་པས་ན་དཔེ་འདི་མི་རུང་ངོ་སྙམ་ན་ལུས་མེད་ཀྱི་ཕྲད་པ་དཔྱད་པའི་ཕྱིར་མི་རུང་བ་མེད་དོ། །གལ་ཏེ་ཕྲད་ཅིང་རེག་པ་མེད་ཀྱང་ཡུལ་དབང་ཤེས་གསུམ་ཚོགས་པ་ཡོད་དོ་སྙམ་ན། ཚོགས་པ་ཞེས་བྱ་བ་དེའང་དངོས་པོ་མེད་པའི་ཕྱིར་ཏེ། དེ་བཞིན་སོར་མོའི་ཚོགས་ཡིན་ཕྱིར། །ཞེས་པ་ལ་སོགས་པས་སྔར་ནི་ཇི་ལྟར་རྣམ་པར་དཔྱད་པ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་རྒྱུ་རེག་པ་ཡོད་པ་མིན་ན། འབྲས་བུ་ཚོར་བ་གང་ལས་འབྱུང་བར་འགྱུར་ཏེ་དོན་དམ་པར་མེད་ལ། དེ་མེད་ན་བདེ་སྡུག་ལ་བླང་དོར་གྱི་ངལ་བ་སྣ་ཚོགས་པ་འདི་ཅི་ཡི་སྟེ་ཅི་ཞིག་གི་དོན་དུ་ཡིན་ཏེ། གང་དོན་དུ་གཉེར་ཞིང་བསྒྲུབ་པར་བྱ་བའི་བདེ་བ་མེད་ལ། སྡུག་བསྔལ་གང་གིས་གང་ཟག་གང་ལ་གནོད་པར་འགྱུར་ཏེ། སྒྱུ་མའི་སེམས་འཁྲུལ་པའི་སྣང་བ་ཙམ་མོ་ཞེས་སོ། །གསུམ་པ་ནི། འདི་ལྟར་སྲེད་པ་ལྡོག་མེད་དུ་སེམས་ཅན་ཐམས་ཅད་ལ་སྐྱེ་བས་ན་དེའི་རྒྱུར་ཚོར་བ་ཅི་སྟེ་མེད་ཅེ་ན། འདི་ཡང་རྨོངས་པ་ཙམ་སྟེ་ཡང་དག་པར་མ་ཡིན་ནོ། །དེའང་གང་གི་ཚེ་ཚོར་པ་པོ་བདག་དང་ཤེས་པ་རང་བཞིན་གྱིས་གྲུབ་པ་འགའ་ཡང་མེད་ཅིང་། དེས་མྱོང་བྱ་ཚོར་བའང་ཡོད་པ་མ་ཡིན་པ་དེ་ཚེ་ཚོར་བྱ་དང་ཚོར་བྱེད་དོན་ལ་མེད་པའི་གནས་སྐབས་འདི་ལྟ་བུ་མཐོང་ནས་ཚོར་བའི་རྒྱུ་ལས་བྱུང་བའི་འབྲས་བུ་སྲེད་པ་ཅི་ཡི་ཕྱིར་ལྡོག་པར་མི་འགྱུར་ཏེ་རྒྱུ་མེད་པའི་ཕྱིར་རོ། །བཞི་པ་ནི། གལ་ཏེ་ཚོར་བ་དང་ཚོར་པ་པོ་མེད་ན་མཐོང་ཐོས་སོགས་འདི་མི་འཐད་དོ་སྙམ་ན། མིག་གིས་གཟུགས་མཐོང་བའམ་ནི་ལུས་ཀྱིས་རེག་པ་ཡང་ཞེས་ཐོག་མཐའ་གཉིས་ཀྱིས་བར་ཀུན་མཚོན་པར་བྱས་པའི་མཐོང་ཐོས་སྣོམ་པ་ལ་སོགས་པ་འདི་དག་དོན་ལ་མེད་ཀྱང་སྣང་བ་ནི་རྨི་ལམ་དང་སྒྱུ་འདྲའི་སྟེ་སྒྱུ་མ་དང་འདྲ་བའི་བདག་ཉིད་ཀྱིས་ཡིན་ཏེ་མ་བརྟགས་པ་བཏགས་པ་ཙམ་མོ། །དེས་ན་མི་བདེན་བཞིན་དུ་སྣང་བ་ཙམ་ལས་ཡང་དག་པར་ན་མི་མཐོང་སྟེ། འདི་ལྟར་ཚོར་བ་དང་དེ་མྱོང་བའི་སེམས་དུས་མཉམ་མམ་མི་མཉམ་ཞེས་དཔྱད་ཚེ། དུས་མཉམ་པར་གྱུར་ན་ནི། མྱོང་བྱེད་སེམས་དང་མྱང་བྱ་ཚོར་བ་གཉིས་དུས་སྔ་ཕྱི་མེད་པར་ལྷན་ཅིག་ཏུ་སྐྱེས་པའི་ཕྱིར། ཚོར་བ་དེ་སེམས་དེ་ཡིས་མཐོང་བ་སྟེ་མྱོང་བ་མ་ཡིན་ཏེ། རྫས་ཐ་དད་དུས་མཉམ་པ་ནི་ཡང་གང་གི་སྔོན་དུ་མེད་པས་ཕན་ཚུན་མི་ལྟོས་ཤིང་འབྲེལ་མེད་སོ་སོ་བའི་ཕྱིར་མི་མྱོང་ངོ་། །གལ་ཏེ་དུས་མི་མཉམ་པར་ཚོར་བ་སྔར་སྐྱེས་པ་དང་སེམས་ཕྱིར་མར་སྐྱེས་པའི་ཕྱིར་སེམས་ཚོར་བའི་རྣམ་ལྡན་དུ་འགྱུར་རོ་ཞེ་ན། དེ་ལྟར་ཚོར་བ་སྤར་དང་སེམས་ཕྱི་མར་སྐྱེས་པས་ཀྱང་ཚོར་བ་དེ་སེམས་ཀྱི་རང་དུས་ན་མེད་པས་དྲན་པར་སྟེ་དྲན་པ་ཙམ་དུ་འགྱུར་ཏེ་འདས་པ་ཐམས་ཅད་དྲན་པ་ཡིན་གྱི་འདས་པ་ད་ལྟ་མེད་པས་དངོས་སུ་གསལ་བོར་མྱོང་བ་མ་ཡིན་ཏེ་མྱོང་མི་སྲིད་དོ། །དེས་ན་འདས་པ་ལ་དྲན་པ་དེའང་བརྟགས་ན་རྫུན་ཏེ་འདས་པ་ཉིད་ད་ལྟ་ཡུལ་དུ་མི་གནས་པས་སོ། །དེ་ལྟར་ཚོར་བྱེད་ཀྱི་སེམས་འདས་པ་ནི་འགགས་ཟིན་པས་དེས་མྱོང་མི་སྲིད་ལ། ད་ལྟ་དང་མ་འོངས་ཀྱིས་མི་མྱོང་པར་རིགས་པས་བསྒྲུབ་པའོ། །དེ་བཞིན་ཏུ་ཡུལ་ཚོར་བ་འདས་པ་ནི་དྲན་པ་ལས་མི་མྱོང་ལ། ད་ལྟ་ནི་མྱོང་མི་ཤེས། མ་འོངས་པ་ནི་མེད་པས་ད་ལྟའི་ཤེས་པས་མྱོང་མི་སྲིད་དོ། །འདི་ལྟར་ཚོར་བ་རང་གིས་བདག་ཉིད་དམ་རང་ཉིད་མྱོང་བར་རིགས་པ་མིན་ཏེ་རང་ལ་རང་བྱེད་པ་འགལ་བའི་ཕྱིར་རང་རིག་པ་བཀག་པ་བཞིན་ཡིན་ལ། ཚོར་བ་ལས་གཞན་དུ་གྱུར་པའི་ཤེས་པ་དག་གིས་ཀྱང་མྱོང་བ་མ་ཡིན་ཏེ། བཤད་མ་ཐག་པ་ཉིད་ཀྱི་ཕྱིར་ན། ཚོར་བ་དེ་ཉིད་མྱོང་པ་པོའམ་ཚོར་པ་པོ་འགའ་ཡང་ཡང་དག་པར་ཡོད་པ་མིན་ཏེ། རྒྱུ་མཚན་དེས་ན་ཚོར་བ་འདི་དེ་ཁོ་ན་ཉིད་དུ་ཡོད་པ་མིན་ནོ། །དེ་ལྟར་མྱོང་པ་པོའི་བདག་མེད་པར་ཕུང་པོའི་ཚོགས་པ་རྨི་ལམ་སྒྱུ་མ་ལྟ་བུ་འདི་ལ་ཚོར་བ་སྡུག་བསྔལ་བ་ཞེས་རང་བཞིན་མ་གྲུབ་པ་འདི་ཡིས་ཅི་སྟེ་གནོད་པར་བྱས་པ་ཡིན་ཏེ། དོན་དུ་ཕན་གནོད་གང་ཡང་མེད་དོ། །གསུམ་པ་སེམས་དྲན་པ་ཉེར་བཞག་བསྒོམ་ཚུལ་ལ། སེམས་རང་བཞིན་མེད་པར་བསྟན་པ་དང་། སེམས་སྐྱེ་བ་མེད་པར་བསྟན་པ་གཉིས་ལས། དང་པོ་ནི། ཡིད་དམ་སེམས་འདི་ནི་གང་དུ་བཙལ་ཡང་མི་རྙེད་དེ། འདི་ལྟར་མིག་ལ་སོགས་པའི་ནང་གི་དབང་པོ་དྲུག་པོ་རྣམས་ལ་མི་གནས་ཤིང་། ཕྱིའི་གཟུགས་སོགས་ཡུལ་དྲུག་ལ་གནས་པ་མིན་ལ། དེ་གཉིས་ཀྱི་བར་ནའང་གནས་པ་མིན་ཞིང་། ནང་ལུས་ཀྱི་དབུས་རྣམས་ནའང་སེམས་རྙེད་པ་མིན་ལ། ཕྱི་ལུས་ཀྱི་ཡན་ལག་རྣམས་ལ་སེམས་རྙེད་པ་མིན་ཞིང་། དེ་རྣམས་ལས་གཞན་དུ་ཡང་ནི་རྙེད་པ་མ་ཡིན་ནོ། །གང་ཞིག་ལུས་ཉིད་ནི་སེམས་མིན་ལ། ལུས་ལས་གཞན་དུ་ཕྱི་རོལ་གྱི་དངོས་པོར་ཡང་མིན་ཞིང་། ལུས་ལ་འདྲེས་ཤིང་ཞུགས་པར་གྱུར་པའང་མིན་ཏེ། ལུས་ལས་ལོགས་སུའང་གྲུབ་པ་འགར་ཞེས་འགའ་ཡང་མེད་པ་དེ་ནི་ཅུང་ཟད་ཀྱང་གྲུབ་པ་མིན་པ་དེའི་ཕྱིར་སེམས་ཅན་རང་ཉིད་རང་བཞིན་མྱ་ངན་ལས་འདས་པ་ཡིན་ཏེ། དཀོན་མཆོག་བརྩེགས་པ་ལས། སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་ན་ཡང་མེད་ཅིང་མི་དམིགས་སོ། །ཞེས་གསུངས་ནས། འོད་སྲུང་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས། མི་གཟིགས་གཟིགས་པར་མི་འགྱུར་རོ། །ཞེས་པ་སོགས་དང་། ཡུམ་ལས། སེམས་ནི་སེམས་མ་མཆིས་པ་སྟེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་པ་ལ་སོགས་པ་བཞིན་ནོ། །གཉིས་པ་ནི། ཤེས་བྱ་གཟུགས་ལ་སོགས་པ་ལས་སྔར་མིག་ཤེས་སོགས་སེམས་ཡོད་ན་ཤེས་པ་དེ་ནི་ཡུལ་ཅི་ལ་དམིགས་ནས་སྐྱེ་སྟེ། དེའི་ཚེ་ཡུལ་མེད་པས་ཡུལ་ཅན་སྐྱེ་བ་མེད་དོ། །ཤེས་དང་ཤེས་བྱ་ལྷན་ཅིག་ཏུ་སྐྱེ་ནའང་ཤེས་པ་དེ་ནི་ཅི་ལ་དམིགས་ནས་སྐྱེ་སྟེ། ཤེས་པ་མ་སྐྱེས་པར་དམིགས་རྐྱེན་མི་སྐྱེ་བས་སྐྱེད་མི་ནུས་ལ། དམིགས་རྐྱེན་སྐྱེས་ན་ཤེས་པའང་སྐྱེས་ཟིན་པས་སྐྱེད་བྱེད་དུ་མི་འོས་པས་འབྲེལ་མེད་དུ་འགྱུར་བའི་ཕྱིར་རོ། །འོན་ཏེ་ཤེས་བྱའི་ཕྱིས་ཡོད་ན། དེ་ཚེ་ཤེས་པ་གང་ལས་སྐྱེ་སྟེ། དེའི་དམིགས་ཡུལ་འགགས་པའི་ཕྱིར་རོ། །དེ་ལ་སྔར་འགགས་པའི་དངོས་པོ་དེ་ད་ལྟར་ཡོད་དམ་མེད། ཡོད་ན་འགགས་པ་མིན་ཏེ་དུས་མཉམ་དུ་འགྱུར་ལ། མེད་ཀྱང་སྐྱེ་ན་ས་བོན་ཚིག་པས་མྱུ་གུ་དང་། རི་བོང་རྭས་ཀྱང་མིག་ཤེས་ལ་སོགས་སྐྱེད་པར་ཐལ་ལོ། །བཞི་པ་ཆོས་དྲན་པ་ཉེར་བཞག་བསྒོམ་ཚུལ་ལ། དངོས་དང་དེ་ལ་རྩོད་པ་སྤོང་བ་གཉིས་ལས། དང་པོ་ནི། སྔར་བཤད་པ་དེ་ལྟར་འདུས་བྱས་འདུས་མ་བྱས་ཀྱི་ཆོས་རྣམས་ཐམས་ཅད་ཀྱི་སྐྱེ་བ་རྟོགས་པར་འགྱུར་བ་མ་ཡིན་ཏེ་སྔ་ཕྱི་དུས་མཉམ་དང་བདག་དང་གཞན། གཉིས་དང་གཉིས་མིན་གང་ལས་ཀྱང་མི་སྐྱེ་བའི་ཕྱིར་སྐྱེ་བ་མེད་དོ། །གང་སྐྱེ་བ་མེད་པ་དེ་ལ་གནས་པ་དང་འགགས་པ་སོགས་ཀྱང་མེད་དེ། དོན་དུ་ན། འགགས་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །ཞེས་པ་བཞིན་ནོ། །གཉིས་པ་ལ། བདེན་གཉིས་མི་འཐད་པའི་རྩོད་སྤོང་། གཏན་ཚིགས་མེད་པའི་རྩོད་སྤོང་། རྣམ་དཔྱོད་ཐུག་མེད་དུ་འགྱུར་བའི་རྩོད་སྤོང་དང་གསུམ་ལས། དང་པོ་ནི། གལ་ཏེ་དེ་ལྟར་ཤེས་བྱའི་ཆོས་ཐམས་ཅད་རྣམ་པ་ཀུན་ཏུ་ཡང་སྐྱེ་འགགས་ལ་སོགས་པ་ཅུང་ཟད་ཀྱང་མེད་ན། སྐྱེ་འགགས་དང་འགྲོ་འོང་ལ་སོགས་པའི་བདག་ཉིད་ཅན་ཀུན་རྫོབ་པ་མེད་པར་འགྱུར་ལ། གང་ཀུན་རྫོབ་མི་འདོད་པ་དེ་ལ་དོན་དམ་ཀྱང་མེད་པས་བདེན་པ་གཉིས་ཀའང་ག་ལ་ཡོད་དེ་བདེན་པ་གཅིག་ཏུ་འགྱུར་རོ་སྙམ་ན། བདེན་པ་གཉིས་སུ་བཞག་པ་ནི་གདུལ་བྱ་ལམ་ལ་འཇུག་པའི་སྒོ་ཙམ་སྟེ། དོན་དམ་པར་བདེན་པ་གཉིས་སུ་ཆད་པའང་མེད་དེ་བསམ་གྱིས་མི་ཁྱབ་པའི་ཆོས་དབྱིངས་དེ་བཞིན་ཉིད་ཙམ་གནས་ལུགས་མཐར་ཐུག་གོ། །དེ་སྐད་དུའང་མདོ་ལས། སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ན། །དེ་ལ་ཁ་ཅིག་བདེན་པ་བཞི་ཞེས་བཇོར། །བྱང་ཆུབ་སྙིང་པོར་འདུག་ན་བདེན་གཅིག་ཀྱང་། །གྲུབ་པར་མ་མཐོང་བཞི་ལྟ་ག་ལ་ཞིག །ཅེས་པ་བཞིན་ནོ། །དོན་དམ་པར་བདེན་པ་གཉིས་སུ་བཞག་པ་མེད་ཀྱང་ཐ་སྙད་དུ་ཡོད་དེ། སྣང་ཚུལ་དང་གནས་ཚུལ་གཉིས་སུ་ངེས་པའི་ཕྱིར། སྔར་འདི་ནི་བདེན་པ་གཉིས་སུ་འདོད། །ཅེས་པ་བཞིན་ནོ། །ཡང་ཁོ་ན་རེ། དེ་ལྟར་ཡང་བདེན་པ་གཉིས་སུ་བཞག་པའི་ཡ་གྱལ་ཀུན་རྫོབ་ཀྱི་དངོས་པོ་རང་མཚན་པ་ཞིག་མེད་པར་ཀུན་རྫོབ་ཅེས་པ་གཞན་གྱིས་ཏེ་གཞན་བློ་ཡིས་འཇོག་དགོས་ཤིང་། དེས་བཞག་པས་དེར་འགྱུར་ན་སེམས་ཅན་རྣམས་མྱ་ངན་ལས་ག་ལ་འདའ་སྟེ་འདའ་བར་མི་འགྱུར་ཏེ། སེམས་ཅན་གྱི་མཐའ་མ་ཟད་པ་དེ་སྲིད་དུ་བློ་མི་འཛད་ལ། བློ་མ་ཟད་པ་དེ་སྲིད་དུ་བློས་བཞག་པའི་ཀུན་རྫོབ་མི་འཛད་པས་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ཟད་པའི་མྱང་འདས་ཞེས་པ་འདི་ནམ་ཡང་མི་སྲིད་དོ་ཞེ་ན། ནམ་ཡང་རྒྱུན་མི་ལྡོག་པའི་ཀུན་རྫོབ་ཀྱི་སྣང་བ་འདི་ནི་གཞན་སེམས་ཅན་རྣམས་ཀྱི་རང་རང་གི་རྣམ་པར་རྟོག་པའི་སྤྲོས་པའི་དབང་གིས་སྣང་བ་སྐྲ་ཤད་དང་རྨི་ལམ་ལ་སོགས་པ་ལྟ་བུ་སྟེ། དེ་ནི་མྱ་ངན་ལས་འདས་པ་པོ་རང་གི་ངོར་སྣང་བའི་ཀུན་རྫོབ་མིན་ཏེ། དེས་ན་གཞན་གྱི་གཉིས་སྣང་སྤྲོས་པ་ཡོད་པས་གཅིག་མྱ་ངན་ལས་མི་འདའ་བ་མ་ཡིན་ལ། གཅིག་གི་གཟུང་འཛིན་དབྱིངས་སུ་ནུབ་པས་ཐམས་ཅད་ཀྱི་གཟུང་འཛིན་མེད་པར་འགྱུར་བ་ག་ལ་ཡིན། གཉིད་ན་གཅན་གཟན་དང་ཆུ་བོ་སོགས་རྟོག་པའི་དབང་གིས་བཞག་པ་མིན་པའི་ཡུལ་རང་མཚན་པ་མེད་ཀྱང་གཉིད་སད་པའི་གང་ཟག་སོ་སོའི་གཉིད་ཀྱི་སྣང་བ་འགགས་ཀྱི། གཞན་ལ་གཉིད་ཀྱི་སྣང་བ་ཡོད་ཀྱང་སད་པ་དེ་ལ་མི་གནོད་པ་བཞིན་ནོ། །འཇུག་པ་ལས། འདི་ན་ཇི་ལྟར་སད་བཞིན་ཇི་སྲིད་དུ། །མ་སད་དེ་སྲིད་དེ་ལ་གསུམ་པོ་ཡོད། །སད་པར་གྱུར་ན་གསུམ་ཆར་ཡོད་མིན་ལྟར། །གཏི་མུག་གཉིད་སད་ལས་དེ་དེ་བཞིན་ནོ། །ཞེས་པ་བཞིན་ནོ། །དེས་ན་གཟུང་འཛིན་གཉིས་སྣང་གི་བག་ཆགས་ཕྲ་བའང་ལྡོག་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སངས་རྒྱས་པའི་ཕྱིས་ན་ཡང་སྐྱེ་སོགས་ཀུན་རྫོབ་ཀྱི་སྤྲོས་པ་དེ་ངེས་པ་ཡོད་ན་རང་ལ་ལྟོས་པའི་ཀུན་རྫོབ་བམ་སྤྲོས་པ་དེ་ཡོད་ཀྱང་། དེ་ལྟ་བུ་མིན་ན་ཀུན་རྫོབ་ཀྱི་སྤྲོས་པ་མཐའ་དག་མེད་པ་ཉིད་ཡིན་པས་མྱ་ངན་ལས་འདས་པ་ཡིན་ཏེ། དེ་ཉིད་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགགས་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་གསུངས་པ་བཞིན་དུ་སྐྱེ་སོགས་སྤྲོས་པའི་དྲྭ་བ་མ་ལུས་པ་ཞི་བའི་བུད་ཤིང་ཟད་པའི་མེ་བཞིན་སེམས་བྱུང་གི་རྒྱུ་བ་ལྷག་མ་མ་ལུས་པར་ལོག་སྟེ་ཆོས་ཀྱི་དབྱིངས་སྣང་སྟོང་ཟུང་འཇུག་བརྗོད་དུ་མེད་པའི་ངང་དུ་ཆུ་ལ་ཆུ་བཞག་པ་བཞིན་དུ་གྱུར་པའི་རང་བྱུང་གི་ཡེ་ཤེས་མཐའ་ཐམས་ཅད་དང་བྲལ་བ་ཤེས་བྱ་ཀུན་ཏུ་གཟིགས་ཀྱང་སྤྲོས་པའི་རང་བཞིན་ཉེ་བར་ཞི་བ་ཁོ་ནའོ། །འདིའི་སྐབས་སུ་སེམས་སེམས་བྱུང་གི་སྤྲོས་པ་ལྷག་མེད་དུ་ལོག་པས་ན་ཡེ་ཤེས་མཐར་ཐུག་པ་མངོན་དུ་གྱུར་བ་དང་། རང་བྱུང་གི་ཡེ་ཤེས་བརྙེས་པས་སེམས་འགགས་པ་གོ་བར་བྱ་སྟེ། སོ་སྐྱེའི་ཀུན་རྟོག་གིས་སྤགས་ནས་སྤྲོས་པའི་སེམས་མ་འགགས་སམ་སྙམ་པ་དང་། འགགས་པའི་རྗེས་སུ་ཡེ་ཤེས་མེད་པར་མར་མེ་ཤི་བ་ལྟར་བསམས་ན་ནི་སངས་རྒྱས་ལ་སྐུར་འདེབས་ཆེན་པོ་ཡིན་པས་དེ་སྤོང་བའི་ཕྱིར་ཟབ་མོའི་དོན་ལ་ངེས་པའི་ཤེས་པ་བསྐྱེད་པར་བྱའོ། །གཉིས་པ་ནི། ཁྱེད་ལྟར་ན་ཤེས་བྱ་ཤེས་བྱེད་རང་བཞིན་མེད་པས་ན་རྣམ་པར་དཔྱོད་པའང་མི་འཐད་པར་འགྱུར་རོ་ཞེ་ན། ཡུལ་ཅན་རྟོག་པ་དང་བརྟགས་པར་བྱ་བ་ཡུལ་གཉིས་པོ་དག་ངོ་བོས་མ་གྲུབ་ཀྱང་། དེ་གཉིས་པོ་ཕན་ཚུན་བརྟེན་ཅིང་ལྟོས་ནས་བཞག་པ་ཙམ་ཡིན་ཏེ། དེས་ན་ཇི་ལྟར་འཇིག་རྟེན་ན་མ་བརྟགས་ཉམས་དགའ་བ་ཙམ་གྱི་གྲགས་པ་ཡི་ཐ་སྙད་ལ་བརྟེན་ནས་རྣམ་པར་དཔྱད་པ་ཐམས་ཅད་བརྗོད་པ་ཡིན་པས་ཆེས་འཐད་པ་ཉིད་དོ་ཞེས་སོ། །གསུམ་པ་ནི། རྣམ་པར་བརྟག་ཅིང་སྤྲོས་པའི་ཆོས་ཀུན་མི་བདེན་པར་རྟོགས་པའི་སླད་དུ། གང་ཚེ་ཡུལ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་རྣམ་པར་དཔྱད་པ་ཡི་ཤེས་པའམ་རྣམ་དཔྱོད་ཀྱིས་ནི་དཔྱོད་པར་བྱེད་ན། རྣམ་དཔྱོད་དེས་རང་གིས་རང་ཡུལ་དུ་བྱས་ནས་དཔྱད་མི་ནུས་པས། དེ་ཚེ་རྣམ་དཔྱོད་དང་པོ་དེ་ཡང་ནི་གཉིས་པས་རྣམ་པར་དཔྱོད་དགོས་པ་ལས་སོགས་པའི་ཕྱིར་ན་ཁྱོད་ཀྱི་རྣམ་དཔྱོད་ཐུག་པ་མེད་པར་འགྱུར་རོ་ཞེ་ན། དཔྱད་བྱ་ཆོས་ཐམས་ཅད་བདེན་མེད་དུ་རྣམ་པར་དཔྱད་པར་བྱས་ནས་སྐྱེ་བ་དང་སྐྱེ་མེད་ལ་སོགས་པའི་མཐའ་གང་དུ་མི་གནས་པར་ངེས་པ་ན་དེ་ཡི་ཚེ་རྣམ་དཔྱོད་ལ་ནི་འདིའོ་ཞེས་བཟུང་བའི་རྟེན་ནམ་ཡུལ་ཡོད་པ་མིན་ལ། ནམ་ཞིག་དམིགས་གཏད་ཀྱི་ཡུལ་ལ་མ་རྟེན་མེད་པ་དེ་ཡི་ཕྱིར་ན་ཡུལ་ཅན་རྣམ་དཔྱོད་དེ་མི་སྐྱེ་སྟེ་སྤྲོས་པ་ཐམས་ཅད་ཞི་བས་ན། རྣམ་དཔྱོད་དེ་ཡང་ཆུ་ལ་རླབས་བཞིན་དུ་ཆོས་ཉིད་ཀྱི་ངང་དུ་རང་བཞིན་གྱི་མྱ་ངན་ལས་འདས་པར་བརྗོད་དོ། །གསུམ་པ་གཏན་ཚིགས་ཀྱིས་སྒྲོ་འདོགས་གཅོད་པ་ལ། དངོས་པོར་སྨྲ་བའི་སྒྲུབ་བྱེད་དགག་པ། སྟོང་པར་སྨྲ་བའི་སྒྲུབ་བྱེད་དགོད་པ་དང་གཉིས་ལས། དང་པོ་ནི། དངོས་པོར་སྨྲ་བ་གང་གི་ལུགས་ལྟར་ན་དོན་ཤེས་འདི་གཉིས་བདེན་པར་འདོད་པ་དེ་ཉིད་ཤིན་ཏུ་འགྲུབ་པར་དཀའ་བར་གནས་ཏེ། སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། གལ་ཏེ་ཤེས་པ་དེ་ཉིད་ཚད་མར་གྲུབ་པའི་དབང་ལས་དོན་ཡོད་པར་གྲུབ་སྟེ་ཤེས་པ་ཚད་མ་འདི་ཉིད་ཀྱིས་ཡོད་པར་མཐོང་བས་སོ་ཞེ་ན། ཤེས་པ་བདེན་པར་ཡོད་པ་ཉིད་ལ་རྒྱུ་མཚན་ནམ་རྟེན་ཅི་ཡོད་ཅེས་དྲིའོ། །དེ་ལ་ཤེས་པ་རང་གིས་དོན་དམ་པར་མི་འགྲུབ་ལ་ཤེས་པ་གཞན་གྱིས་བསྒྲུབས་ན་ཐུག་མེད་དུ་འགྱུར་བས་སྒྲུབ་བྱེད་གཞན་མེད་ལ། འོན་ཏེ་ཤེས་བྱ་ལས་ཏེ་ཤེས་བྱའམ་གཞལ་བྱ་བདེན་པ་མངོན་སུམ་པ་འདི་འཛིན་པས་ཤེས་པ་གྲུབ་པོ་ཞེ་ན། ཤེས་བྱ་ཡོད་པ་ལ་རྟེན་ཅི་ཡོད་ཅེས་དྲིའོ། །དེའི་རྟེན་ནི་ཤེས་པ་ཡིན་ཏེ། དེ་སྟེ་ཡུལ་དང་ཤེས་པ་གཉིས་ཕན་ཚུན་གཅིག་གི་དབང་གིས་གཅིག་ཡོད་པར་སྒྲུབ་ཅེ་ན། དེ་འདྲའི་ཡོད་པ་དེ་ནི་རང་གི་ངོ་བོས་མ་གྲུབ་པར་ཕན་ཚུན་ལྟོས་པའི་དབང་གིས་ཡོད་པ་སྟེ་རིང་ཐུང་བཞིན། དེའི་ཕྱིར་གང་རུང་གཅིག་སྒྲུབ་པ་ན་གཅིག་ཤོས་དཔེར་མི་རུང་སྟེ་དེ་མ་གྲུབ་པའི་ཕྱིར། དེས་ན་དོན་དམ་པར་གཉིས་ཀ་ཡང་ནི་མེད་པར་འགྱུར་ལ། དཔེར་ན་གལ་ཏེ་བུ་མེད་ན་ནི་དེ་ཕ་ཉིད་དུ་འགྱུར་བ་མིན་ཏེ། ཕར་འཇོག་བྱེད་མེད་པས་སོ། །དེ་ལྟར་ཕ་ཡོད་པ་མིན་ན་བུ་ཉིད་གང་ལས་བྱུང་བ་ཡིན་ཏེ། རྒྱུ་མེད་པའི་ཕྱིར་གཉིས་ཀ་མི་འཐད་དོ། །ཇི་ལྟར་འཇོག་བྱེད་བུ་མེད་པར་དེའི་སྔོན་དུ་ནི་ཕ་མེད་པ་དེ་བཞིན་དུ་འདིར་ཡུལ་ཤེས་གཉིས་ལས་གང་བསྒྲུབ་བྱར་བྱས་པ་དེ་སྔར་མ་གྲུབ་པ་བུ་ལྟ་བུ་དེའི་སྔོན་དུ་དེའི་སྒྲུབ་བྱེད་གཅིག་ཤོས་ཕ་ལྟ་བུ་དེ་ཡོད་མི་སྲིད་པས་མཐར་དེ་གཉིས་ཀ་མེད་པ་ཉིད་དོ་ཞེས་སོ། །ཡང་དེ་དག་འདི་སྙམ་དུ། འདི་ལ་ཕན་ཚུན་གྱི་དབང་གིས་གྲུབ་བོ་ཞེས་མི་སྨྲ་སྟེ། དཔེར་ན་མྱུ་གུ་ནི་ས་བོན་ལས་སྐྱེ་ཞིང་ས་བོན་ཡོད་པར་མྱུ་གུ་སྐྱེས་པ་དེ་ཉིད་ཀྱིས་རྟོགས་པར་འགྱུར་བ་བཞིན་དུ་ཤེས་བྱ་ཡུལ་ལས་སྐྱེས་པའི་འབྲས་བུ་ཤེས་པ་ཡིས་ཤེས་བྱ་དེ་ཡོད་པར་ནི་ཅིས་མི་རྟོགས་ཏེ་རྟོགས་སོ་ཞེ་ན། དཔེ་མི་མཚུངས་ཏེ། མྱུ་གུས་ས་བོན་རྟོགས་པ་ནི་མྱུ་གུ་རང་ཉིད་འབའ་ཞིག་གིས་རྟོགས་པ་མ་ཡིན་ལ། མྱུ་གུ་ལས་གཞན་པའི་ཤེས་པ་ཡིས། འབྲས་བུ་མྱུ་གུ་ལ་རྗེས་སུ་དཔག་ནས་འདི་ལ་རྒྱུ་སྔོན་སོང་ས་བོན་ཡོད་ཅེས་རྟོགས་པར་འགྱུར་ན་སྟེ་དེའང་ས་མྱུག་གཉིས་སོ་སོར་དམིགས་ནས་རྒྱུ་འབྲས་སུ་ངེས་པའི་ཚད་མས་དེ་ལྟར་རྟོགས་ཀྱི། རྒྱུ་འབྲས་སུ་ངེས་པའི་ཚད་མ་སྔོན་དུ་མ་སོང་བར་མྱུ་གུ་མཐོང་བ་ཙམ་གྱིས་ནི་མ་ཡིན་ནོ། །གང་གི་ཕྱིར་ཤེས་བྱ་དེ་རྟོགས་པར་བྱེད་པ་ལ། རྟགས་ཤེས་པ་ཡོད་པ་ཉིད་རྒྱུ་མཚན་གང་ལས་རྟོགས་ཏེ། དོན་དམ་པར་རང་རིག་དང་གཞན་རིག་གང་གིས་ཀྱང་མི་འགྲུབ་པའི་ཕྱིར་རོ། །དེས་ན་དངོས་པོ་ཁས་ལེན་པའི་ཕྱོགས་ལ་ཐ་སྙད་འཐད་དཀའ་ཞིང་བཏགས་པར་ཁས་ལེན་པ་ལ་ཆེས་འཐད་དོ་ཞེས་བསྟན་པའོ། །གཉིས་པ་ལ། རྒྱུ་ལ་དཔྱོད་པ་རྡོ་རྗེའི་ཟེགས་མའི་གཏན་ཚིགས། ངོ་བོ་ལ་དཔྱོད་པ་རྟེན་འབྲེལ་ཆེན་མོ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་དང་གསུམ་ལས། དང་པོ་ལ་རྒྱུ་མེད་ལས་སྐྱེ་བར་འདོད་པ་དགག་པ། གཞན་ལས་སྐྱེ་བར་འདོད་པ་དགག་པ། བདག་ལས་སྐྱེ་བར་འདོད་པ་དགག་པ། གཏན་ཚིགས་ཀྱི་དོན་བསྡུ་བ་དང་བཞི་ལས། དང་པོ་ནི། རྒྱང་འཕེན་པ་སོགས་ཇི་ལྟར་ཚེར་མའི་རྣོ་བ་དང་། རྨ་བྱའི་མདོངས་བཀྲ་བ་ལ་སོགས་པ་བཞིན་དུ་སུས་ཀྱང་མ་བྱས་པར་སྲིད་པ་ངོ་བོས་བྱུང་ངོ་ཞེས་ཟེར། དེ་ལ་རེ་ཞིག་འཇིག་རྟེན་པའི་མངོན་སུམ་གྱིས་འབྲས་བུ་ཀུན་ལ་རང་སྐྱེད་བྱེད་ཀྱི་རྒྱུ་རྣམས་ཐམས་ཅད་མཐོང་བ་ཡིན་གྱི་རྒྱུ་མེད་བཞིན་སྐྱེ་བ་ནི་མཐོང་མི་སྲིད་དོ། །འདིར་མངོན་སུམ་ནི་མཚོན་པ་ཙམ་སྟེ་རྗེས་དཔག་ཀྱང་སྡུད་དོ། །གལ་ཏེ་པདྨའི་སྡོང་བུ་དང་འདབ་མ་ཆེ་ཆུང་མང་ཉུང་ལ་སོགས་པ་སྣ་ཚོགས་པ་དག་རྒྱུ་ལ་མ་མཐོང་བས་དབྱེ་བ་སྣ་ཚོགས་ཀྱི་རྒྱུ་ཡོད་པ་མི་འཐད་སྙམ་ན། རྒྱུ་ལ་འབྲས་བུ་དངོས་སུ་གྲུབ་ན་རྒྱུ་འབྲས་སུ་ཅིར་འགྱུར་ཏེ། འོན་ཀྱང་པདྨའི་སྡོང་བུ་ལ་སོགས་པ་རང་གི་ས་བོན་ལ་མ་བརྟེན་པར་མི་འབྱུང་ཞིང་ས་བོན་ལས་འབྱུང་བར་མཐོང་བས་ན་འབྲས་བུའི་དབྱེ་བ་ནི་རྒྱུ་ཡི་དབྱེ་བས་བསྐྱེད་པ་ཡིན་པའི་ཕྱིར། འབྲས་བུ་སྣ་ཚོགས་པ་བཞིན་ཏུ་རྒྱུའི་ནུས་པའི་དབྱེ་བའང་སྣ་ཚོགས་པ་གྲུབ་བོ་ཞེས་སོ། །དེ་འདྲ་བའི་རྒྱུ་ཡི་དབྱེ་བ་སྣ་ཚོགས་ཡོད་པར་གང་གིས་བྱས་ཤེ་ན། གཞན་སུས་ཀྱང་མ་བྱས་ཏེ། འདི་ལྟར་ས་བོན་དེའང་རང་གི་རྒྱུ་མེད་པར་འབྱུང་མི་སྲིད་པའི་ཕྱིར། སྔར་གྱི་རྒྱུ་ཡི་དབྱེ་བ་ཉིད་ལས་སོ། །ཅི་ཡི་ཕྱིར་འདི་ལ་ནུས་པ་སྣ་ཚོགས་ཡོད་ན་ད་ལྟའི་ནས་ཀྱི་ས་བོན་འདིས་སམ་རྒྱུ་འདི་ཡིས་ནས་ཀྱི་མྱུ་གུའམ་འབྲས་བུ་འདི་སྐྱེད་ནུས་ཀྱི། སཱ་ལུའི་ས་བོན་མི་སྐྱེད་ཟེར་ན། ད་ལྟའི་ནས་ཀྱི་ས་བོན་འདིས་རང་དབང་བའི་ཚུལ་དུ་ནུས་པ་སྣ་ཚོགས་གང་རུང་བཟུང་བ་ནི་མ་ཡིན་ཏེ། འདི་སྔར་གྱི་རྒྱུ་ཡི་མཐུ་ཉིད་ལས་རང་གི་རིགས་འདྲ་བ་བསྐྱེད་པའི་བདག་ཉིད་དུ་འཕངས་པའི་ཕྱིར། འདི་ནི་དངོས་པོའི་ཆོས་ཉིད་དེ་སུས་ཀྱང་འཁྲུགས་པར་ནུས་པ་མིན་ནོ། །ཡང་ན་ཅི་ཡི་ཕྱིར་རྒྱུ་ཐ་དད་པ་མི་འདྲ་བ་ཡིས་འབྲས་བུ་ཐ་དད་པ་མི་འདྲ་བ་བསྐྱེད་པར་ནུས་པའི་རྒྱུ་མཚན་ཅི་ཞེ་ན། རང་རང་གི་སྔར་གྱི་རྒྱུ་ཡི་མཐུ་ཉིད་ལས་དེ་ལྟར་འབྱུང་བ་ནི་དངོས་པོའི་ཆོས་ཉིད་དོ། །ཞེས་སོ། །དེས་ན་རྒྱུ་མེད་པར་གྱུར་ན་རྟག་ཏུ་ཡོད་པའམ་མེད་པར་ཐལ་བར་འགྱུར་ནའང་། དངོས་པོ་རྣམས་ནི་ཡུལ་དུས་རེས་འགའ་བར་དམིགས་པའི་ཕྱིར་རྒྱུ་ལྡན་དུ་གྲུབ་བོ། །གཉིས་པ་ལ། གཞན་མི་རྟག་པ་ལས་སྐྱེ་བར་འདོད་པ་དགག་པ་དང་། རྟག་པ་ལས་སྐྱེ་བར་འདོད་པ་དགག་པ་གཉིས་ལས། སྔ་མ་བཤད་ཟིན་ནས། གཉིས་པ་ནི། དབང་ཕྱུག་པ་སོགས་ན་རེ། རྟག་པར་རང་བྱུང་གི་ཐམས་ཅད་མཁྱེན་པ་དབང་ཕྱུག་ཅེས་པ་ལྷར་གཏོགས་པ། གཙང་ཞིང་མཆོད་པར་འོས་པ། རྟག་པ། གཅིག་པུ། བློ་ཡི་གཡོ་བ་དང་ལྡན་པས་ཀུན་གྱི་བྱེད་པོ་སྟེ་ཆོས་ལྔ་ལྡན་ཞིག་གིས་བློ་སྔོན་དུ་བཏང་ནས་འཇིག་རྟེན་ཐམས་ཅད་བྱེད་དོ་ཞེས་ཟེར་རོ། །དབང་ཕྱུག་ཅེས་པ་འགྲོ་བའི་རྒྱུ་ཡིན་ན། རེ་ཞིག་དབང་ཕྱུག་གི་ངོ་བོ་གང་ཡིན་སྨྲོས་ཤིག་ཅེས་དྲིས་པས། ས་ཆུ་མེ་རླུང་སྟེ་འབྱུང་བ་ཆེན་པོ་རྣམས་ཡིན་ནོ་ཞེ་ན། དེ་ལྟ་ཡིན་དུ་ཆུག་མོད། འབྱུང་བ་ལས་འབྱུང་གྱུར་གྱི་འབྲས་བུ་རྣམས་སྐྱེ་བས་དེ་རྒྱུ་ཡིན་པར་ཁོ་བོའང་འདོད་པས་མིང་ཙམ་ལ་ཡང་སྟེ་ཁྱོད་ཀྱིས་དེ་ལ་དབང་ཕྱུག་ཅེས་མིང་བཏགས་ཤིང་། བདག་ཅག་འབྱུང་བ་ཞེས་བཏགས་པའི་མིང་གི་ཁྱད་པར་ཙམ་སྟེ། དེ་ལྟ་ན་མིང་ནི་སྐྱེ་བོའི་འདོད་པས་གང་འདོད་སྦྱར་བཏུབ་པའི་ཕྱིར་དབང་ཕྱུག་སྒྲུབ་པའི་ཚེགས་ཆེན་པོའི་ངལ་བ་འདིས་ཅི་ཞིག་བྱ་སྟེ་དལ་བ་འདི་བྱ་མི་རིགས་སོ། །ཡང་ན་མིང་ཙམ་ལ་ཡང་ཅི་ཞིག་ངལ་ཏེ་མི་རྩོད་དོ། །འོན་ཀྱང་ཁྱོད་ཀྱིས་དབང་ཕྱུག་ནི་རྟག་གཅིག་མཆོད་འོས་ལ་སོགས་པའི་ཁྱད་པར་དང་ལྡན་པར་འདོད་ན། ས་སོགས་འདི་རྣམས་ནི་དུ་མ་དང་མི་རྟག་པ་དང་། བློ་ཡི་གཡོ་བ་མེད་པ་དང་། མཆོད་བྱའི་ལྷ་མིན་ཞིང་། རྐང་པ་སོགས་ཀྱིས་འགོམ་པར་བྱ་བ་ཉིད་ཡིན་གྱི། གུས་པའི་ཡུལ་མིན་པ་དང་། མི་གཙང་བ་དང་ལྡན་པའང་ཡིན་པས་འབྱུང་བ་དེ་ནི་དབང་ཕྱུག་ཉིད་མ་ཡིན་ཏེ། དབང་ཕྱུག་དེ་ལས་བཟློག་པའི་མཚན་ཉིད་ཅན་དུ་འདོད་པས་སོ། །དབང་ཕྱུག་ནམ་མཁའ་ཡིན་ནོ་ཞེ་ན། མིན་ཏེ། འབྲས་བུ་སྐྱེད་པའི་བྱེད་རྩོལ་གྱི་གཡོ་བ་མེད་པའི་ཕྱིར། བདག་ཀྱང་མིན་ཏེ་སྔར་ནས་བཀག་ཟིན་པའི་ཕྱིར་རོ། །དབང་ཕྱུག་དེའི་ངོ་བོ་ནི་ཚུ་རོལ་མཐོང་བས་བསམ་པར་མི་ནུས་པས་སྐྱོན་དེ་དག་མེད་ཅེ་ན། དབང་ཕྱུག་བསམ་པར་བྱ་བ་མིན་པ་ཡི་བྱེད་པོ་ཡང་མིན་ཏེ། དེ་བསམ་པར་བྱ་བ་མིན་ན་དེ་བྱེད་པོ་ཡིན་ཞེས་བརྗོད་པས་ཅི་ཞིག་བྱ་སྟེ། བརྗོད་པ་ནི་བསམ་ཞིང་ཤེས་ནས་བརྗོད་དགོས་ཀྱི། ཇི་ལྟ་བུ་ཡིན་པ་ཅིའང་མ་ཤེས་པར་དེ་བྱེད་པ་པོར་སུ་ཞིག་གིས་བརྗོད། རྒྱུ་བྱེད་པོ་མ་ཤེས་ན་འབྲས་བུ་འདི་རྣམས་དེས་བསྐྱེད་པར་འདོད་པའང་གང་ཞིག་ཡིན་ཏེ། བསྐྱེད་བྱ་དང་སྐྱེད་བྱེད་སོ་སོར་ཤེས་ཤིང་རྒྱུ་འབྲས་སུ་ངེས་ནས་བརྗོད་དགོས་ཀྱི། གཞན་དུ་མོ་གཤམ་གྱི་བུ་སོགས་ཀྱང་བྱེད་པོར་ཐལ་ལོ། །དབང་ཕྱུག་དེས་བསྐྱེད་པའི་འབྲས་བུ་ནི་བདག་རྟག་པ་ལ་སོགས་པ་ཡིན་ནམ། མི་རྟག་པ་ཤེས་པ་སོགས་ཡིན། དང་པོ་ལྟར་བདག་ལ་སོགས་པ་ཡིན་ནོ་ཞེ་ན། འབྲས་བུའི་ཆ་བདག་ནི་དེ་དང་ས་སོགས་ཀྱི་རྡུལ་ཕྲན་དང་། རྒྱུ་དབང་ཕྱུག་གི་ངོ་བོའང་རྟག་པར་འདོད་པ་མིན་ནམ། རྒྱུ་འབྲས་གཉིས་ཆར་རྟག་པ་དེ་བསྐྱེད་བྱ་སྐྱེད་བྱེད་དུ་ཇི་ལྟར་རུང་སྟེ། རྒྱུ་བསྐྱེད་པའི་བྱ་བ་དང་བྲལ་ཞིང་། འབྲས་བུ་སྐྱེ་བའི་ཁྱད་པར་དང་བྲལ་བའི་ཕྱིར། གཉིས་པ་ལྟར་ན། སྔོན་སྣང་གི་ཤེས་པ་སོགས་ནི་ཤེས་བྱ་ཡུལ་སྔོན་པོ་སོགས་དམིགས་རྐྱེན་སོགས་ལས་སྐྱེ་ཞིང་བྱུང་བ་དང་། ཐོག་མེད་ནས་རྒྱུད་ལ་ཡང་ཡང་བྱུང་བའི་ཚོར་བ་བདེ་སྡུག་ནི་སྔོན་གྱི་ལས་ལས་ཡིན་པ་དེ་བས་ན་དབང་ཕྱུག་དེས་འབྲས་བུ་གང་ཞིག་བསྐྱེད་པ་སྨྲོས་ཤིག་ཅེས་དེས་བསྐྱེད་པའི་འབྲས་བུ་མི་སྲིད་པའི་ཕྱིར་རོ། །རྒྱུ་དབང་ཕྱུག་ཉིད་ལ་ཐོག་མ་ཡོད་པ་མིན་ན། དངོས་རྒྱུ་ནུས་པ་ཐོགས་མེད་ཡོད་པའི་ཕྱིར་འབྲས་བུའི་སྟེ་འབྲས་བུ་ཀུན་ལ་ཐོག་མ་ག་ལ་ཡོད་དེ། དེ་ལྟར་ན་འབྲས་བུ་འདི་ནི་འདི་ཙམ་ན་ཡོད་ཀྱི་འདིའི་སྔོན་དུ་མ་བྱུང་ཞེས་བཞག་པར་མི་ནུས་པར་ཐོག་མེད་ནས་ཡོད་དགོས་ཀྱི། རེས་འགའ་བར་དམིགས་པ་མི་འཐད་དོ། །དེས་ན་ད་ལྟའི་སྐྱེས་པ་དང་བུད་མེད་འདི་དག་ཀྱང་སྔོན་ཐོག་མེད་ནས་ཡོད་པར་ཐལ་ལོ། །དེ་ལ་དབང་ཕྱུག་གིས་སྣོད་བཅུད་འདི་དག་རིམ་ཅན་དུ་བྱས་པས་ན་འབྲས་བུ་ཁ་ཅིག་བྱེད་ཁ་ཅིག་མི་བྱེད་པའི་སྐབས་ཡོད་པས་སྐྱོན་མེད་སྙམ་ན། དབང་ཕྱུག་གི་འབྲས་བུར་གྱུར་ཏོ་ཅོག་ཀུན་དུས་རྟག་ཏུ་ཅི་ཕྱིར་བྱེད་པ་མིན་ཏེ། འབྲས་བུ་ཐམས་ཅད་ཀྱི་རྒྱུ་དབང་ཕྱུག་ཁོ་ན་ཡིན་པ་གང་ཞིག །དབང་ཕྱུག་དེ་ནི་རྐྱེན་གཞན་ཅི་ལའང་ལྟོས་པ་མིན་ན་འབྲས་བུ་ཐམས་ཅད་སྐྱེ་བའི་རྒྱུ་དུས་རྟག་ཏུ་ཚང་པས་འབྲས་བུ་ཅི་ཕྱིར་མི་སྐྱེ་སྟེ་སྐྱེ་དགོས་སོ། །ལྷན་ཅིག་བྱེད་རྐྱེན་སོ་སོ་ལ་ལྟོས་སོ་ཞེ་ན། ལྷན་ཅིག་བྱེད་རྐྱེན་ཀྱང་དུས་ཀུན་ཏུ་མི་ཚང་བ་ག་ལ་སྲིད་དེ། དབང་ཕྱུག་དེས་བྱས་པ་མིན་པའི་དངོས་པོ་གཞན་ཡོད་པ་མིན་ན། དབང་ཕྱུག་དེས་འབྲས་བུ་བསྐྱེད་པ་འདི་རྒྱུ་གཞན་གང་ལ་ལྟོས་པར་འགྱུར་ཏེ་དེ་མི་འཐད་དོ། །གལ་ཏེ་རྐྱེན་གཞན་ལ་ངེས་པར་ལྟོས་ན་རྒྱུ་རྐྱེན་ཚོགས་པ་དེ་ཉིད་རྒྱུ་ཡིན་པར་འགྱུར་གྱི། དབང་ཕྱུག་རྒྱུ་མིན་ཏེ། དེའི་རྒྱུ་མཚན་རྒྱུ་རྐྱེན་ཚོགས་པ་ན་འབྲས་བུ་མི་སྐྱེ་བའི་དབང་མེད་ཅིང་། རྒྱུ་རྐྱེན་དེ་མེད་པར་ནི་དབང་ཕྱུག་ལའང་སྐྱེ་དབང་མེད་པས་སོ། །གཞན་ཡང་གལ་ཏེ་དབང་ཕྱུག་འདི་རྒྱུ་རྐྱེན་ཚོགས་པ་ལ་ལྟོས་སུ་ཆུག་ཀྱང་། ཚོགས་པའི་དབང་གིས་གཞན་ལ་སྡུག་བསྔལ་བ་སོགས་རང་གིས་མི་འདོད་བཞིན་དུ་བྱེད་ན་གཞན་གྱི་དབང་ཅན་དུ་ཐལ་བར་འགྱུར་ཞིང་། འབྲས་བུ་རྣམས་ཇི་ལྟར་འདོད་པ་བཞིན་དུ་བྱེད་ནའང་འདོད་པ་ལ་རག་ལས་ཤིང་འདོད་པའི་ལྕགས་ཀྱུས་ཟིན་པའི་གཞན་དབང་ཅན་དུ་འགྱུར་རོ། །གཞན་ཡང་འདི་སྣོད་བཅུད་ཀྱི་བྱེད་པོ་ཡིན་དུ་ཆུག་ནའང་ཁྱོད་འདོད་པའི་དབང་ཕྱུག་ག་ལ་ཡིན་ཏེ། འབྲས་བུ་བྱེད་པ་དང་ལྡན་ན་མི་རྟག་པས་ཁྱབ་པའི་ཕྱིར། རྟག་པ་ནི་དོན་བྱེད་པས་སྟོང་བ་ཁོ་ན་ཡིན་ནོ། །མུ་སྟེགས་དཔྱོད་པ་བ་སོགས་གང་དག་རྡུལ་ཕྲན་ཏེ་ཕྲ་རབ་རྟག་པ་འཇིག་རྟེན་གྱི་རྒྱུར་སྨྲ་བ་དེ་དག་ཀྱང་ནི་སྔར་རྡུལ་དེ་ཡང་ཕྱོགས་ཆས་དབྱེ་བ་ཡིས་ཞེས་པས་བཟློག་ཟིན་པས་འདིར་འཆད་མི་དགོས་སོ། །གསུམ་པ་བདག །སྐྱེ་དགག་པ་ལ། གཙོ་བོ་དགག་པ་དང་། བདག་སྐྱེད་དགག་པ་དངོས་གཉིས་ལས། དང་པོ་ནི། གཙོ་བོ་རྟག་པ་གཅིག་པུ་བེམ་པོ། ཆུ་བུར་གྱི་མིག་གིས་མི་མཐོང་བ། ཀུན་གྱི་བྱེད་པ་པོ་ཡིན་པ་སྟེ་ཆོས་ལྔ་ལྡན་འགྲོ་བ་ཡི་རྒྱུ་ཡིན་པར་ནི་ཤེས་བྱ་ཐམས་ཅད་གྲངས་ཉི་ཤུ་རྩ་ལྔར་ངེས་པར་འདོད་པ་གྲངས་ཅན་པས་འདོད་ཅིང་། དེའི་ངོ་བོ་ཡང་སྙིང་སྟོབས་དང་རྡུལ་དང་མུན་པ་ཞེས་བྱ་བའི་ཡོན་ཏན་གསུམ་པོ་ཀུན་ཏུ་ཆ་མཉམ་པར་གནས་པ་ནི་རྣམ་འགྱུར་གྱི་རྒྱུ་གཙོ་བོ་ཞེས་བྱར་རབ་ཏུ་བརྗོད་དེ་ཆ་མི་མཉམ་པར་གྱུར་པ་ན་འགྲོ་བ་སྣ་ཚོགས་པའི་རྣམ་འགྱུར་བྱུང་བ་ཡིན་པར་བརྗོད་ཅིང་འདོད་དོ། །དེ་ལ་གཙོ་བོ་གཅིག་བདེན་ལ་ཡོན་ཏན་གྱི་རང་བཞིན་གསུམ་ཡོད་པ་ཉིད་ནི་རིགས་པ་མིན་ཏེ། གསུམ་ཡོད་ན་གཅིག་མིན་པའི་ཕྱིར། དེས་ན་རྟག་གཅིག་རྒྱུ་གྱུར་པའི་རང་བཞིན་ནམ་གཙོ་བོ་དེ་ཡོད་པ་མིན་ནོ། །དེ་བཞིན་ཡོན་ཏན་གསུམ་པོ་དག་ཀྱང་ཡོད་པ་མིན་ཏེ། དེ་གསུམ་རེ་རེ་ལ་ཡང་རྡུལ་གྱི་རྡུལ་རྡུལ་གྱི་མུན་པ། རྡུལ་གྱི་སྙིང་སྟོབས་ཞེས་པ་ལ་སོགས་པ་སོ་སོར་རྣམ་པ་གསུམ་གསུམ་གྱི་ཆ་ཡོད་པའི་ཕྱིར་ཏེ། གལ་ཏེ་མེད་ན་རང་བཞིན་ནམ་གཙོ་བོའི་ངང་ཚུལ་ལས་འདས་པར་འགྱུར་རོ། །དེ་ལྟར་རྒྱུ་ཡོན་ཏན་གསུམ་མེད་ན་དེ་ལས་བྱུང་བའི་རྣམ་འགྱུར་སྒྲ་སོགས་ཀྱང་ཡོད་པར་འདོད་པ་ཉིད་ཤིན་ཏུ་རྒྱང་རིང་དུ་འགྱུར་བའམ་ཡོད་པ་དང་བྲལ་བར་འགྱུར་ཏེ། འཇིམ་པ་མེད་པའི་བུམ་པ་བཞིན་ནོ། །གཞན་ཡང་ཚོར་བ་ནི་སེམས་ཉིད་དུ་ཚད་མས་གྲུབ་ན། སེམས་མེད་པའི་དངོས་པོ་གོས་ལ་སོགས་པ་ལ་བདེ་བ་ལ་སོགས་པ་ཡོད་པ་སྲིད་པའང་མིན་ལ། དངོས་པོ་སྒྲ་དང་གོས་ལ་སོགས་པ་རྣམས་བདེ་སོགས་དེ་ཡི་རྒྱུའི་རང་བཞིན་ཡིན་པས་མི་སྐྱོན་ནོ་ཞེ་ན། དོན་དམ་པར་གོས་སོགས་དངོས་པོ་རྣམས་ལུས་སོགས་འགོག་པའི་སྐབས་སུ་རྣམ་པར་དཔྱད་ནས་མེད་པར་བཀག་ཟིན་མིན་ནམ་སྟེ་བཀག་ཟིན་ལ། ཐ་སྙད་དུ་རང་གིས་ཁས་བླངས་པ་དང་འགལ་ཏེ། ཁྱོད་ཀྱིས་སྣམ་སོགས་ཀྱི་རྒྱུ་ཡང་བདེ་སོགས་སུ་འདོད་ལ། སྣམ་སོགས་ཀྱི་འབྲས་བུའང་བདེ་སོགས་ཉིད་དུ་འདོད་པས་གང་སྣམ་སོགས་བསྐྱེད་པའི་རྒྱུའང་འདི་ཡིན་ལ། སྣམ་སོགས་ཀྱིས་བསྐྱེད་པའི་འབྲས་བུའང་འདི་ཡིན་པ་ནི་བཞད་གད་ཀྱི་གནས་སྟེ་མི་འདི་ནི་འདིའི་ཕ་ཡང་ཡིན་ལ་བུ་ཡང་ཡིན་ཞེས་བརྗོད་པ་བཞིན་ནོ། །བདེ་སོགས་དུ་མ་ཡོད་ན་ནི་རང་བཞིན་གཅིག་ཡིན་པ་ཉམས་སོ། །མངོན་སུམ་དང་ཡང་འགལ་ཏེ། བདེ་སོགས་དེ་ལས་སྣམ་སོགས་འབྱུང་བའང་ནམ་ཡང་མཐོང་བ་མེད་དེ། འདི་ལྟར་སྣམ་བུ་དང་། ཙན་དན་གྱི་ཕྲེང་བ་སོགས་ལས་ནི་བདེ་སོགས་དམིགས་པ་ཡིན་པའི་ཕྱིར། དེས་ན་སྣམ་སོགས་དེ་རྡུལ་ཕྲ་རབ་ཙམ་དུའང་མ་གྲུབ་ཅིང་མེད་པའི་ཕྱིར་ན་དེ་ལས་བྱུང་བའི་བདེ་སོགས་ནི་གཞན་དུ་ཡན་གར་བར་གནས་པ་མེད་དོ། །ཁོ་ན་རེ། བདེ་སོགས་ནི་སྣམ་སོགས་ལ་ལྟོས་མི་དགོས་ཏེ་གཙོ་བོའི་རང་བཞིན་རྟག་པ་ཉིད་ཡིན་ནོ་ཞེ་ན། བདེ་སོགས་རྟག་པ་ཉིད་དུ་ནམ་ཡང་མི་ལྡོག་པར་དམིགས་པར་ཐལ་ཏེ། བདེ་སོགས་དམིགས་སུ་རུང་བ་གང་ཞིག་དེ་སྔར་གྱི་རང་བཞིན་ལས་གཡོ་མི་སྲིད་པའི་ཕྱིར། དེ་ལྟ་ནའང་རྟག་པར་ནམ་ཡང་དམིགས་པ་ཞིག་ཡོད་པ་མ་ཡིན་པས་མི་འཐད་དོ། །གལ་ཏེ་བདེ་སོགས་རྟག་ཏུ་ཡོད་ཀྱང་གསལ་བ་དང་མི་གསལ་བའི་ཁྱད་པར་ཡོད་པས་ན་རྟག་ཏུ་དམིགས་པར་མ་ངེས་ཞེ་ན། བདེ་སོགས་གཏན་མི་གསལ་ན་ནི་སུས་ཀྱང་མི་ཤེས་པས་ཡོད་པར་ཡང་མི་རུང་ལ་དེ་ལྟར་ཁྱོད་ཀྱིས་ཁས་ཀྱང་མི་ལེན་མོད། སྐབས་འགའ་ཞིག་ཏུ་བདེ་སོགས་གསལ་བ་ཞིག་ཡོད་པ་ཉིད་ན་ནི། དུས་རྟག་ཏུའང་མྱོང་བ་ཅི་ཡི་ཕྱིར་འཛིན་པ་མ་ཡིན་ཏེ། བདེ་སོགས་དམིགས་སུ་རུང་ཞིང་དམིགས་པའི་ཡུལ་དུ་ཁྱབ་ཅིང་རྟག་པར་གནས་པའི་ཕྱིར་མིག་ལྡན་གྱི་མདུན་ན་མར་མེ་བཞིན་ནོ། །གལ་ཏེ་བདེ་སོགས་རགས་པ་གསལ་བ་དེ་ཉིད་ཕྲ་མོར་གྱུར་ནས་མི་གསལ་བ་ནུས་པའི་ངོ་བོར་ཡོད་པ་དེ་མྱོང་མི་ནུས་ཞེ་ན། བདེ་སོགས་རྟག་གཅིག་དེ་ནི་རགས་པ་དང་ཕྲ་བ་ཡི་གནས་སྐབས་མི་འདྲ་བའི་འགལ་བ་གཉིས་ཀའང་ཇི་ལྟར་ཡིན་པའམ་གཉིས་ཀ་ཡིན་པར་ཇི་ལྟར་འགྱུར། གལ་ཏེ་སྔར་གྱི་རགས་པ་ཡི་མཚན་ཉིད་དོར་ནས་གཞན་ཕྲ་བར་འགྱུར་བས་ན་སྐྱོན་མེད་ཅེ་ན། ཕྲ་རགས་ཀྱི་ངོ་བོར་གྱུར་བའི་བདེ་སོགས་དེ་དག་མི་རྟག་པ་ཉིད་དུ་གྲུབ་བོ། །བདེ་སོགས་གསལ་བ་དག་སྔ་མའི་གནས་སྐབས་དོར་ནས་གཞན་དུ་གྱུར་པར་ཁས་ལེན་ན། དེ་བཞིན་དངོས་པོ་དེ་ཉིད་ཉེར་ལྔ་པོ་ཐམས་ཅད་ཀུན་ཀྱང་ནི་མི་རྟག་པ་ཉིད་དུ་ཅིས་མི་འདོད་དེ་གང་ཡང་རྟག་ཏུ་སྣང་ཚུལ་གཅིག་ཁོ་ནར་དམིགས་པ་ནི་མི་སྲིད་པའི་ཕྱིར་རོ། །ཞེས་སོ། །གལ་ཏེ་ཕྲ་རགས་སུ་གྱུར་ཀྱང་བདེ་བའི་རང་བཞིན་མ་དོར་བས་རྟག་པ་ལས་མི་ཉམས་ཞེ་ན། རགས་པ་དང་བདེ་བ་དེ་གཉིས་ཐ་དད་དམ། གཅིག་ཡིན། དང་པོ་ལྟར་ན་རགས་པ་འགགས་ཀྱང་བདེ་བ་གསལ་བ་མི་འགགས་པར་རྟག་ཏུ་མྱོང་དགོས་ལ། རགས་པ་དེ་ཉིད་བདེ་བ་ལས་གཞན་མིན་པར་གཅིག་ཏུ་འདོད་ན་བདེ་བ་གསལ་བར་ཏེ་ངེས་པར་མི་རྟག་པ་ཉིད་དུ་གྲུབ་བོ། །གཉིས་པ་ནི། དེ་ལ་ཁོ་ན་རེ། བདེ་བ་མི་གསལ་བར་གྱུར་ཀྱང་གཙོ་བོའི་ཀློང་དུ་ནུས་པའི་ངོ་བོར་བག་ལ་ཞ་བ་ཡིན་ཅིང་སླར་གསལ་བ་ན་སྔར་ཡོད་དེ་མངོན་དུ་གྱུར་པ་ཙམ་ཡིན་ཏེ། གལ་ཏེ་སྔར་གཏན་མེད་པ་འགའ་ཡང་ནི་སྐྱེ་བར་རིགས་པ་མིན་ཏེ་མེད་པའི་ཕྱིར། དཔེར་ན་འཇིམ་པ་ལས་རི་བོང་རྭ་བཞིན། དེས་ན་གང་སྣང་བའི་ལམ་དུ་གྱུར་ཕན་ཆད་དེ་རང་བཞིན་གྱིས་གཙོ་བོའི་ཀློང་ན་ཡོད་པས་ཁྱབ་པོ་ཞེས་རྒྱུའི་དུས་ན་འབྲས་བུ་ཡོད་པར་འདོད་ན། འབྲས་བུ་ཐམས་ཅད་རྒྱུ་དུས་ན་ཡོད་ན་རྟག་ཏུ་མི་དམིགས་པ་ཅིའི་ཕྱིར་ཡིན་ཅེས་དྲིའོ། །དེ་ལ་བློས་ཡུལ་དུ་སྔར་མི་གསལ་བ་ཕྱིས་གསལ་བ་ཙམ་ཡིན་ཏེ་མུན་ཁང་གི་བུམ་པ་མར་མེ་ལས་གསལ་བ་བཞིན་ཞེ་ན། ཁྱོད་ཀྱི་རྩ་བའི་རིགས་པ་ཉམས་ཏེ། གསལ་བ་ནི་རྒྱུ་དུས་ན་མེད་པར་གསར་དུ་སྐྱེ་བར་ནི་ཁྱོད་མི་འདོད་པའམ་ཁས་མ་བླངས་ཀྱང་དོན་ལ་དེ་ལྟར་གནས་པ་ཉིད་དོ། །གསལ་བ་རྒྱུ་དུས་ན་ཡོད་ན་གསལ་མི་གསལ་གྱི་ཁྱད་པར་ཡང་བཞག་ཏུ་མེད་དེ་དང་པོ་ནས་གསལ་བར་ཐལ་ལོ། །དེས་ན་རང་གི་ཁས་བླངས་ནང་འགལ་ལོ། །ཡང་རིགས་པ་དང་འགལ་ཏེ། གལ་ཏེ་རྒྱུ་ལ་འབྲས་བུ་དངོས་སུ་གནས་ན། ཟན་ཟ་བ་ན་ཁྱོད་མི་གཙང་བ་ཟ་བར་འགྱུར་ལ། གཞན་ཡང་ཁྱོད་རས་བཟང་པོ་རྣམས་ཀྱི་གོས་ཉོ་བའི་རིན་གྱིས་རས་བལ་གྱི་ས་བོན་ཉོས་ལ་དེའི་ནང་ནས་རས་ཕྱུངས་ཏེ་གོས་སུ་བགོ་བར་གྱིས་ཤིག་དང་། ཁྱོད་ཀྱི་གྲུབ་མཐའ་གྲུབ་བོ་ཞེས་སོ། །དེ་ལ་ཁོ་ན་རེ། དོན་དུ་རྒྱུ་ལ་འབྲས་བུ་ཡོད་ཀྱང་འཇིག་རྟེན་པ་རྨོངས་པའི་རབ་རིབ་ཀྱིས་མིག་བསླད་པས་མ་མཐོང་ངོ་ཞེ་ན། རྒྱུ་ལ་འབྲས་བུ་གནས་པའི་དེ་ཁོ་ན་ཉིད་ཤེས་པ་གྲངས་ཅན་པའི་སྟོན་པ་རྣམས་ཀྱིས་བཞག་པ་དེ་ཉིད་ཤེས་པ་དེ་འཇིག་རྟེན་པ་རྣམས་ལ་ཡང་ནི་ཡོད་པ་ཡིན་ན་རྒྱུ་ཚང་བས་ཅི་སྟེ་མཐོང་བ་མ་ཡིན་ཏེ་མཐོང་དགོས་སོ། །ཁྱོད་ལྟར་ན་སྤྱིར་དེ་ཉིད་ཤེས་པའི་ཤེས་པ་འབྲས་བུར་གྱུར་པ་དེ་སེམས་ཅན་ཀུན་ལ་ཡོད་དགོས་ཤིང་། རྒྱུ་ལ་འབྲས་གནས་དངོས་སུ་འདོད་པ་གྲངས་ཅན་གྱི་རྣམ་བཞག་ཁས་ལེན་པའང་ཡོད་པ་ཡིན་ན་དེ་དག་གིས་ཀྱང་ཟན་ཟ་ཞིང་མི་གཙང་བ་མི་ཟ་ལ། གོས་འདོད་པས་རས་ཉོ་ཞིང་རས་བལ་གྱི་ས་བོན་དོན་དུ་མི་གཉེར་བར་མ་མཐོང་ངམ། ཡུལ་དུས་གང་ན་ཡང་དེ་ཁོ་ན་ཉིད་ཀྱི་རྣམ་བཞག་ཁྱེད་ཀྱིས་བྱས་པ་དེ་བཞིན་ལོངས་སྤྱོད་པ་མ་མཐོང་བས་གནོད་དོ། །ཞེས་སོ། །ཁོ་ན་རེ། འཇིག་རྟེན་པའི་མཐོང་བ་ཚད་མ་ཉིད་མིན་པས་དེས་གནོད་པ་མེད་དོ་ཞེ་ན། འོ་ན་འཇིག་རྟེན་པས་འབྲས་བུའི་རང་བཞིན་གསལ་བ་མངོན་དུ་མཐོང་བའང་བདེན་པ་མ་ཡིན་པར་རྫུན་པར་འགྱུར་ལ། དེ་རྫུན་ན་རྒྱུ་འདི་ལ་འབྲས་བུ་འདི་ཡོད་དེ་ཕྱིས་མངོན་དུ་གསལ་བའི་ཕྱིར། ཞེས་པ་དོན་མེད་པར་འགྱུར་རོ། །དེ་དག་ན་རེ། གལ་ཏེ་འཇལ་བྱེད་རྫུན་པ་ཡིན་པས་གཞལ་བྱ་མི་འགྲུབ་ན་དབུ་མ་པ་ཁྱོད་འཇལ་བྱེད་ཀྱི་ཤེས་པ་ཚད་མའང་དོན་དམ་པར་ཚད་མར་གྲུབ་པ་མིན་ན། དེས་གཞལ་བའི་གྲུབ་པའི་མཐའ་རྣམ་པར་བཞག་པའང་རྫུན་པར་མི་འགྱུར་རམ། དེ་ལྟར་ན་རྣམ་དཔྱོད་ཀྱི་ཚད་མ་རྫུན་པ་དེས། དེ་ཁོ་ན་ཉིད་དུ་ནའམ་དོན་དམ་པར་སྟོང་པ་ཉིད་དོ་ཞེས་གཞལ་ཞིང་བཅད་ནས་སྟོང་ཉིད་དུ་བསྒོམ་པའང་གཏན་ཚིགས་དེ་ཡི་ཕྱིར་མི་འཐད་པར་འགྱུར་རོ་ཞེ་ན། འདིར་བདག་ཅག་གིས་ཚད་མས་གྲུབ་དོན་སྟོང་ཉིད་ཅེས་དམིགས་གཏད་ཀྱི་ཡུལ་བདེན་གྲུབ་གཅིག་ལ་གྲུབ་མཐའ་འཆའ་བ་ནི་མེད་དེ། གང་གི་ཕྱིར་ན། བརྟག་པའི་སྟེ་བརྟག་པར་བྱ་བའི་དངོས་པོ་བུམ་སོགས་ལྟ་བུ་དེ་ལ་མ་རེག་པའམ་མ་བརྟེན་པར་ནི་བུམ་མེད་ལྟ་བུ་དངོས་པོ་དེ་ཡི་དངོས་མེད་ཡན་གར་དུ་ནམ་ཡང་འཛིན་པ་མ་ཡིན་ཏེ། དེ་ཕྱིར་བུམ་མེད་དང་བུམ་པའི་སྟོང་པ་ལྟ་བུའི་རྣམ་གྲངས་པའམ་ཉི་ཚེ་བའི་སྟོང་པ་དེའང་གཞན་དངོས་པོ་དེ་བཀག་པའམ་བསལ་བའི་ཆ་ཡིན་པས། འདི་ལྟར་རང་བཞིན་གྱིས་རྫུན་པའི་དངོས་པོ་གང་ཡིན་པ་དེ་ཡི་དངོས་མེད་ཀྱང་གསལ་བར་དེ་ངེས་པར་རྫུན་པ་ཡིན་པར་འདོད་དོ། །འོ་ན་དངོས་པོ་ཀུན་མེད་ཅེས་བསྒོམས་པས་ཅི་བྱ་སྟེ། དངོས་ཡོད་དང་དངོས་མེད་གཉིས་ཀ་རྫུན་པར་མགོ་མཉམ་ཞིང་གཉིས་ཀ་ཡང་དག་པ་མིན་པའི་ཕྱིར་ཞེ་ན། རེ་ཞིག་ཐོག་མེད་ནས་གོམས་པའི་དགོས་ཞེན་གྱིས་སྲིད་པར་འཆིང་བར་བྱེད་པ་དེའི་གཉེན་པོར་དངོས་པོ་རང་བཞིན་མེད་པར་གོམས་པ་ཙམ་སྟེ། དངོས་དངོས་མེད་གཉིས་ཆར་རྫུན་པ། དེས་ན་ཇི་ལྟར་རྨི་ལམ་དུ་བུ་བྱུང་ནས་ཤི་བ་རྨིས་ཏེ་སྡུག་བསྔལ་བ་ལ། བུ་དེ་མེད་སྙམ་པའི་རྣམ་རྟོག་ནི། བུ་དེ་ཡོད་སྙམ་པའི་རྣམ་པར་རྟོག་པ་ཡི་གེགས་ཡིན་ལ་དེ་ཡང་བརྫུན་པ་ཡིན་པ་བཞིན་ནོ། །དེས་ན་ཤིང་གཉིས་ཟུང་དུ་བདར་བའི་མེས་ཤིང་གཉིས་ཀ་བསྲེགས་པ་བཞིན་དུ་དངོས་ཀུན་བདེན་མེད་དུ་རྣམ་པར་དཔྱད་པའི་ཤེས་རབ་ཀྱི་མེས་དངོས་དངོས་མེད་དུ་བཞག་པའི་དམིགས་པའི་གཏད་སོ་ཐམས་ཅད་ཀྱི་ནགས་འཐིབ་པོ་མ་ལུས་པ་བསྲེགས་ནས། སྤྲོས་པ་ཐམས་ཅད་ཞི་བའི་ཡེ་ཤེས་ལ་གནས་པའི་ཚེ་ཁས་ལེན་ཐམས་ཅད་དང་བྲལ་བའི་དབུ་མ་ཆེན་པོ་ཡིན་ནོ། །དེ་སྐད་དུའང་། དབུ་མའི་བསྟན་བཅོས་ལས། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་སོ། །བཞི་པ་དོན་བསྡུ་པ་ནི། རྒྱུ་མཚན་དེ་བས་དེ་ལྟར་རྣམ་དཔྱོད་པས་དངོས་པོ་འགའ་ཡང་རྒྱུ་མེད་པ་ཡོད་པ་མ་ཡིན་ལ། རྒྱུ་རྟག་པ་ལས་ཀྱང་མི་སྐྱེ་སྟེ། ཕྱིའི་ཆོས་ཐམས་ཅད་ནི་ས་བོན་ལས་མྱུ་གུ་ལ་སོགས་པ་བཞིན་ཏུ་རང་རང་གི་རྒྱུ་རྐྱེན་ལ་བརྟེན་ཏེ་འབྱུང་ལ། ནང་གི་སྐྱེ་མཆེད་ནི་མ་རིག་པ་ནས་རྒ་ཤིའི་བར་ལུ་གུ་རྒྱུད་དུ་བརྟེན་ནས་སྐྱེའོ། །དེ་འདྲའི་དངོས་པོ་རང་རང་གི་རྒྱུ་རྐྱེན་དེ་དག་སོ་སོ་བ་རེ་རེ་པའམ་ཐམས་ཅད་འདུས་པ་ཡི་རྐྱེན་རྣམས་ལ་ཡང་ནི་འབྲས་བུ་གནས་པ་མ་ཡིན་ཏེ། རེ་རེ་བས་སྐྱེད་པར་མི་ནུས་ལ། འདུས་པ་ལ་ཡང་རྒྱུ་རྣམས་ལས་གཞན་དུ་གྱུར་པ་ཅུང་ཟད་མེད་དེ། དཔེར་ན་མེ་ཆ་མེ་རྡོ་སྤྲ་བ་ལ་སོགས་པ་རེ་རེ་བས་མེ་སྐྱེད་པས་མི་ནུས་ལ་འདུས་པ་ཡང་དེ་རྣམས་ལས་གཞན་དུ་གྱུར་བ་ཅི་ཡང་མེད་པས་སྐྱེད་མི་ནུས་ལ། དེར་གཞན་ནས་འོང་བ་དང་དེར་དང་པོ་ཉིད་ནས་གནས་པ་མེད་པ་བཞིན་ནོ། །འབྲས་བུ་སྣང་བའི་ཚེ་རྒྱུ་རྐྱེན་དེ་དག་ལས་གཞན་ཞིག་ནས་འབྲས་བུ་ཉིད་དེར་འོངས་པའང་མ་ཡིན་ལ། རྒྱུ་ལས་ངོ་བོ་ཉིད་ཀྱིས་ཐ་དད་པའི་འབྲས་བུ་ཞིག་རྒྱུ་ལ་བརྟེན་ནས་གྲུབ་ཟིན་འདིར་གནས་པ་ཡང་མ་ཡིན་ཞིང་། འགག་པའི་ཚེ་འདི་ནས་གཞན་ཞིག་ཏུ་འགྲོ་བའང་མ་ཡིན་ཏེ། དེའི་ཕྱིར། ཆོས་ཐམས་ཅད་ནི་རང་བཞིན་གྱི་རྒྱུས་སྟོང་པའོ། །ཞེས་སོ། །འདི་ལ་སོ་སོ་ཞེས་པས་བདག་སྐྱེ་དང་གཞན་སྐྱེ་དགག་པ་དང་། འདུས་པ་ཞེས་གཉིས་ཀ་ལས་སྐྱེ་བ་བཀག་པ་སྟེ་མུ་བཞི་པོ་བཀག་པར་ཡང་བཤད་དོ། །གཉིས་པ་ངོ་བོ་ལ་དཔྱོད་པ་རྟེན་འབྲེལ་ཆེན་མོའི་གཏན་ཚིགས་ནི་རྨོངས་པས་བདེན་པར་གང་བྱས་པའི་ཕྱི་ནང་གི་དངོས་པོ་འདི་ཀུན་སྣང་ཡང་བདེན་པ་མེད་པ་སྒྱུ་མ་ལས་ནི་ཁྱད་པར་ཅི་ཞིག་ཡོད་དེ་ཅི་ཡང་མེད་དེ། སྒྱུ་མས་སྤྲུལ་པའི་རྟ་གླང་ལ་སོགས་པ་གང་ཡིན་པ་དང་། རྒྱུ་རྣམས་ཀྱིས་ནི་གང་སྤྲུལ་པའི་དངོས་པོ་གང་ཡིན་པ་དེ་ནི། དང་པོ་གང་ནས་འོངས་པར་གྱུར་ཅིང་། བར་དུ་གང་ན་གནས་པ་དང་། མཐར་གང་དུ་འགྲོ་བའང་བརྟག་པར་གྱིས་ཤིག་དང་དེ་གཉིས་མཚུངས་པ་ངེས་པར་མཐོང་བར་འགྱུར་རོ། །དེ་ལྟ་ན་ཡང་འབྲས་བུ་གང་ཞིག་རང་སྐྱེད་བྱེད་ཀྱི་རྒྱུ་གང་དག་ནི་ཉེ་བའམ་ཚོགས་པར་གྱུར་པ་ན་རྒྱུ་དེ་ཡིས་ཏེ་དེ་ཁོ་ནའི་སྟོབས་ཀྱིས་སྣང་ཞིང་མཐོང་བར་འགྱུར་གྱི། རྒྱུ་དེ་མེད་ན་སྣང་ཞིང་མཐོང་བ་མིན་པ་དེས་ན་རྒྱུ་རྐྱེན་གྱིས་བཅོས་བུའམ་བཅོས་མ་གཟུགས་བརྙན་དང་མཚུངས་པ་དེ་ལ་རང་གི་ངོ་བོས་གྲུབ་པའི་བདེན་པ་ཉིད་ཇི་ལྟར་ཡོད་དེ་མེད་དོ། །དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་རྟག་ཆད་འགྲོ་འོང་ཡོད་མེད་ཀྱི་མཐའ་དང་བྲལ་བའི་རང་བཞིན་སྒྱུ་མའི་དཔེ་བརྒྱད་ལ་སོགས་པའི་ཚུལ་དུ་ཤེས་པར་བྱ་སྟེ། ཇི་སྐད་དུ། མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་ཉིད། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་དང་། སློབ་དཔོན་གྱིས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་པ་བཞིན་ནོ། །གསུམ་པ་འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་ནི། འབྲས་བུ་ལ་བརྟགས་ན་བསྐྱེད་པར་བྱ་བ་དེ་ཡོད་པ་ཞིག་གམ་མེད་པ་ཞིག་ཡིན། འབྲས་བུ་དེ་དངོས་པོའམ་རང་བཞིན་གྱིས་ཡོད་པར་གྱུར་པ་ལ་རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད་དེ། དེ་གཉིས་ཕན་ཚུན་རྒྱུ་འབྲས་སུ་མི་རུང་ངོ་། །འོན་ཏེ་འབྲས་བུ་དེ་མེད་པ་ཞིག་རྒྱུས་བསྐྱེད་དོ་ཞེ་ན། འབྲས་བུ་རང་གི་ངོ་བོ་དེ་ནི་མེད་པ་ཙམ་ཡིན་ན་དེ་ལ་ཡང་རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད་དེ། མེད་པ་ལ་སྤྱིར་རྒྱུ་མེད་ཅིང་རང་ཉིད་མེད་པའི་ངོ་བོར་གནས་ཟིན་པས་སོ། །གལ་ཏེ་མེད་པ་ཙམ་པོ་དེ་རྒྱུས་བསྐྱེད་པ་ནི་མིན་ཀྱང་། རྒྱུ་འདིས་འབྲས་བུ་མེད་པ་ཉིད་ཡོད་པའི་དངོས་པོར་བྱེད་དོ་སྙམ་ན། དེ་མི་ནུས་ཏེ། བྱེ་བ་བརྒྱ་ཕྲག་གི་རྒྱུ་ཚོགས་ནས་འབད་པ་ཡིས་ཀྱང་ཆོས་གང་ཞིག་དངོས་པོ་མེད་པའམ་རང་གི་ངོ་བོ་མེད་པ་དེ་དངོས་པོ་ཉིད་དུ་བསྒྱུར་དུ་མེད་དེ། རྒྱུ་ཅི་ཚོགས་ཀྱང་རི་བོང་གི་རྭ་ཡོད་པར་བསྒྱུར་མི་ནུས་པ་བཞིན་ཏེ། མེད་པ་གང་གི་ཡང་ལྟོས་བྱར་མི་འགྱུར་རོ། །དངོས་མེད་དངོས་པོར་བསྒྱུར་དུ་མེད་པའི་རྒྱུ་མཚན་ཀྱང་དངོས་མེད་ཀྱི་དངོས་པོ་མ་དོར་བཞིན་དུ་འགྱུར་བ་དང་། དོར་ནས་འགྱུར་བ་གཉིས་ཀ་མི་འཐད་པའི་ཕྱིར་ཏེ། འདི་ལྟར་མེད་བཞིན་པའི་གནས་སྐབས་དེ་ན་ནི་དངོས་པོ་ཇི་ལྟར་ཡིན་ཏེ། ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར་དངོས་པོ་མིན་ནོ། །དངོས་མེད་དོར་ནས་དངོས་པོར་གསར་དུ་འགྱུར་བའང་གཞན་ཡང་སྟེ་གཞན་གང་ཞིག་ཡིན་ཏེ་དེ་མི་སྲིད་པ་ནི། འདི་ལྟར་རང་གི་ངོ་བོ་མེད་པར་གནས་པ་དེ་ནི། མེད་བཞིན་པའི་ཚེ་ན་དངོས་ཡོད་སྲིད་པ་མིན་ན་དེ་ལ་དངོས་པོ་ཡོད་པར་ནམ་ཞིག་འགྱུར་ཞེས་དངོས་པོ་ཡོད་པའི་སྐབས་ནམ་ཡང་མེད་ལ། དངོས་པོར་སྐྱེས་པར་མ་གྱུར་པར་དེ་སྲིད་དུ་ནི་དངོས་མེད་དང་ནི་འབྲས་པར་མི་འགྱུར་ཞིང་། དངོས་མེད་རང་གི་མཚན་ཉིད་དང་ནི་མ་བྲལ་ན་ཞེས་མ་དོར་བཞིན་དུ་དངོས་པོ་ཡོད་པའི་སྐབས་ནམ་ཡང་མི་སྲིད་པས་ན་དངོས་མེད་དངོས་པོར་ཇི་ལྟར་འགྱུར་ཏེ་འགྱུར་མི་རིགས་སོ། །དངོས་མེད་དངོས་པོར་མི་འགྱུར་བ་དེ་བཞིན་དུ་དངོས་པོའང་མེད་པར་འགྱུར་བ་མིན་ཏེ། དེ་གཉིས་ཕན་ཚུན་སྤངས་པས་ན་རིགས་པ་དངོས་མེད་ཀྱི་སྐབས་སུ་བཤད་པ་དེ་འདིར་ཡང་བསྒྱུར་ཏེ་ཤེས་པར་བྱ་ཆོག་པའི་ཕྱིར། གལ་ཏེ་དངོས་པོ་དེ་དངོས་པོ་མེད་པར་འགྱུར་ན། དེ་དངོས་དངོས་མེད་ཀྱི་རང་བཞིན་གཉིས་སུ་གྲུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་དེ་ཁོ་ན་ཉིད་དུ་འགག་པ་ཡོད་པ་མིན་ཞིང་། དངོས་པོའང་བདེན་པར་ཡོད་པ་མིན་པ་དེ་ཡི་ཕྱིར་འགྲོ་བ་འདི་དག་ཐམས་ཅད་ནི་དུས་གསུམ་པོ་རྟག་ཏུའང་མ་སྐྱེས་ཤིང་མ་འགག་པ་ཉིད་དོ། །དེ་ལྟ་ནའང་སྲིད་པ་སྣ་ཚོགས་པའི་འགྲོ་བར་སྣང་བ་འདི་ནི་སྣང་བ་འདི་ནི་སྣང་ཡང་མི་བདེན་པ་རྨི་ལམ་ལྟ་བུ་སྟེ། རིགས་པས་རྣམ་པར་དཔྱད་ན་ཚུགས་ཐུབ་པའི་སྙིང་པོ་མེད་པས་ཆུ་ཤིང་དང་འདྲ་བ་ཡིན་ནོ། །དེའི་ཕྱིར་མྱ་ངན་ལས་འདས་པ་དང་མ་འདས་པའང་དེ་ཁོ་ན་ཉིད་དུ་ནི་ཁྱད་པར་མེད་དེ་གང་བཅིང་བ་མེད་ལ་གྲོལ་བ་མེད་པར་རྟག་ཏུ་མཉམ་པ་ཉིད་ཁོ་ནར་གནས་པའི་ཕྱིར་རོ། །དེ་སྐད་དུའང་། རྩ་བ་ཤེས་རབ་ལས། དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་པ་བཞིན་ནོ། །དེ་ལྟར་ན་དབུ་མའི་གཏན་ཚིགས་ཀྱི་དབྱེ་སྒོ་མི་འདྲ་བ་ཡོད་ཀྱང་འདིར་ཆོས་ཐམས་ཅད་རྒྱུ་འབྲས་ངོ་བོའི་ཚུལ་གྱི་དངོས་སྣང་དེ་ལ་རྒྱུའི་ཕྱོགས་ཐམས་ཅད་རྣམ་པར་དཔྱད་པས་རྒྱུ་མཚན་མ་མེད་པ་དང་། ངོ་བོའི་ཕྱོགས་ཐམས་ཅད་རྣམ་པར་དཔྱད་པས་ངོ་བོ་སྟོང་པ་ཉིད་དང་། འབྲས་བུའི་ཕྱོགས་ཐམས་ཅད་རྣམ་པར་དཔྱད་པས་འབྲས་བུ་སྨོན་པ་མེད་པ་སྟེ་རྣམ་ཐར་སྒོ་གསུམ་དུ་གཏན་ལ་ཕབ་པར་མཛད་པའོ། །བཞི་པ་སྟོང་ཉིད་རྟོགས་པའི་བྱེད་ལས་ལ་གཉིས་ཏེ། རང་དོན་དུ་ཆོས་བརྒྱད་མགོ་སྙོམས་པ་དང་། གཞན་དོན་དུ་བརྩེ་བའི་སྙིང་རྗེ་ཆེན་པོ་རྩོལ་མེད་དུ་འབྱུང་བའོ། །དང་པོ་ནི། དེ་ལྟར་རང་བཞིན་གྱིས་སྟོང་པའི་དངོས་པོ་རྣམས་ལ་ཟས་གོས་རྙེད་པ་སོགས་ཐོབ་པ་ཅི་ཞིག་ཡོད་ཅིང་ཤོར་བའང་ཅི་ཞིག་ཡོད་དེ་ཅི་ཡང་མེད་དོ། །སེམས་ཅན་གང་གིས་བསྟོད་ཅིང་རིམ་གྲོ་བྱས་པའམ། སྨད་ཅིང་ཡོངས་སུ་བརྙས་པ་བྱས་པའང་ཅི་ཞིག་ཡོད་དེ་ཅིའང་མེད་ཅིང་། བདེ་བ་མྱོང་བའམ་སྡུག་བསྔལ་མྱོང་བའང་རྒྱུ་གང་ལས་ཡིན་ཞེས་དཔྱད་ན་རང་བཞིན་མེད་དོ། །མི་སྙན་པར་གྲགས་པ་ལ་མི་དགར་ཅི་ཞིག་ཡོད་ཅིང་སྙན་པར་གྲགས་པ་ལ་དགར་ཅི་ཞིག་ཡོད་དེ་ཅི་ཡང་མེད་པས་འཇིག་རྟེན་ཆོས་བརྒྱད་ཀྱི་བླང་དོར་སྤངས་ནས་ཟབ་མོ་སྟོང་པ་ཉིད་ལ་མཉམ་པར་བཞག་པར་བྱ་སྟེ། བཤེས་སྤྲིང་ལས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །བདེ་དང་སྡུག་བསྔལ་གྲགས་དང་མ་གྲགས་དང་། །བསྟོད་སྨད་ཅེས་བྱ་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་པ་བཞིན་ནོ། །དེ་ཁོ་ན་ཉིད་དུ་ནི་རིགས་པས་བཙལ་བར་བྱས་ན། གང་ཟག་གང་ཞིག་སྲེད་ཅིང་ཡུལ་གང་ལ་སྲེད་དེ་དེ་དག་རང་བཞིན་མེད་པའི་ཕྱིར་རོ། །ལེགས་པར་དཔྱད་ན་གསོན་པའི་འཇིག་རྟེན་འདི་ཉིད་མ་གྲུབ་པས་གང་ཞིག་སྲིད་པ་འདིར་ནི་ཇི་ལྟར་འཆི་བར་འགྱུར་ཏེ། ཚེ་ཕྱི་མ་འབྱུང་འགྱུར་གང་ཡིན་སྔ་མ་ལ་བྱུང་བར་གྱུར་བ་གང་ཡིན་ལ། གཉེན་ཉེ་བ་དང་གྲོགས་དགའ་མཛའ་བཤེས་ཀྱང་གང་ཞིག་ཡིན་ཏེ། ཆོས་ཐམས་ཅད་ཡོད་མེད་ལ་སོགས་པའི་སྤྲོས་པ་དང་བྲལ་བ་ནམ་མཁའ་དང་འདྲ་བར་ནི་གནས་ལུགས་ལ་དཔྱོད་པའི་བློ་ཅན་ཞི་བ་ལྷ་བདག་འདྲས་ཡོངས་སུ་བཟུང་བར་བྱས་ནས་ཆོས་བརྒྱད་མགོ་སྙོམས་པར་གྱིས་ཤིག །ཅེས་སོ། །གཉིས་པ་ནི། དེ་ལ་དཔལ་ལྡན་ཇོ་བོ་རྗེས་སྟོང་ཉིད་རྟོགས་ན་སྡིག་པ་མི་དགེ་བ་མི་བྱེད་ཅིང་སྙིང་རྗེ་ཆེན་པོ་སྐྱེ་བར་གསུངས་པ་བཞིན་དུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་པའི་ཕྱིར་སྟོང་ཉིད་རྟོགས་ན་སྙིང་རྗེ་ཆེན་པོ་སྐྱེ་བ་ཆོས་ཉིད་ཡིན་པས་ན། ཆོས་ཐམས་ཅད་སྟོང་པ་ཉིད་སྤྲོས་པ་དང་བྲལ་བར་མ་རྟོགས་པས་མི་བདེན་པ་ལ་བདེན་པར་དང་། མེད་པ་ལ་ཡོད་པར་དང་། བདག་མེད་པ་ལ་ཡོད་པར་བཟུང་ནས་འདི་ལྟར་འཁྲུལ་བའི་འགྲོ་བ་བདག་ཉིད་འབའ་ཞིག་བདེ་བར་འདོད་པ་རྣམས་ནི་དེའི་ཐབས་ལ་རྨོངས་པས་དགྲ་ཡི་ཕྱོགས་ལ་འཐད་པ་དང་། གཉེན་གྱི་ཕྱོགས་ལ་ཆགས་ཤིང་སྤྲོ་བའི་རྒྱུ་དག་གིས་རིམ་པ་བཞིན་དུ་ལུས་སེམས་རབ་ཏུ་འཁྲུག་པར་བྱེད་པ་དང་། སྤྲོ་ཞིང་དགའ་བས་གླུ་གར་སོགས་ཀྱིས་ལུས་སེམས་གཡེང་བར་བྱེད་པ་དང་། མི་ཤི་ཕྱུགས་འཐོར་ལ་སོགས་པའི་མི་འདོད་པ་སྟེ་དུ་བབ་པ་དང་། འདོད་པའི་དོན་མ་གྲུབ་པའི་མྱ་ངན་དང་། མཐོ་དམན་དྲག་ཞན་ཕྱུག་དབུལ་ཐམས་ཅད་གཉེན་གྲོགས་དང་ནོར་ལོངས་སྤྱོད་འདོད་པའི་དོན་དུ་འབད་རྩོལ་དང་གཞན་ལ་རྩོད་པ་དང་། བདག་གཞན་ལུས་ཕན་ཚུན་རལ་གྲི་སོགས་ཀྱིས་གཅོད་པ་དང་། མདུང་ཐུང་སོགས་ཀྱིས་འབིགས་པ་དང་། ལུས་ངག་ཡིད་ཀྱི་སྡིག་པ་མང་པོ་དག་གིས་ནི་ཉེ་བར་བསྒྲུབ་པའི་ལོངས་སྤྱོད་འདི་ཕྱི་གཉིས་སྡུག་གི་ཚེགས་ཆེན་པོ་རྣམས་ཀྱིས་འཚོ་བར་བྱེད་ལ་དོན་ཆུང་ཚེ་འདིའི་ཕུན་ཚོགས་ཀྱིས་ཡིད་བསླུ་ཞིང་དུས་འདའ་བར་གནས་པར་སྣང་ངོ་། །འགྲོ་བ་འདི་རྣམས་སངས་རྒྱས་དང་བྱང་སེམས་བླ་མ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་རེས་འགའ་བསྙེན་གནས་ཡན་ལག་བརྒྱད་བསྲུང་བ་ལ་སོགས་པས་དགེ་བ་ཅུང་ཟད་རེ་བསྒྲུབ་པའི་དབང་གིས་བདེ་འགྲོ་སྟེ་མཐོ་རིས་ཀྱི་འཇིག་རྟེན་རྣམ་པ་མང་པོ་དག་ཏུ་ཡང་དང་ཡང་དུ་འོངས་ཏེ་སྐྱེས་ནས་འདོད་པའི་ཡོན་ཏན་གྱི་བདེ་བ་མང་པོ་ལ་ལོངས་སྤྱོད་སྤྱད་ནས་གནས་པར་བྱས་ཀྱང་དེར་དགེ་བ་ནི་མ་འགྲུབ་ལ་སྡིག་པ་ནི་མང་པོ་བྱས་པའི་འབྲས་བུ་ཤི་འཕོས་ནས་དམྱལ་བ་ལ་སོགས་པའི་ངན་སོང་གསུམ་གྱི་སྡུག་བསྔལ་ནི་དུས་ཡུན་རིང་ཞིང་ཤིན་ཏུ་མི་བཟད་པ་བཟོད་པར་དཀའ་བ་མྱོང་བ་རྣམས་སུ་ལྟུང་བར་འགྱུར་ཞིང་མཐོ་དམན་བདེ་སྡུག་ངེས་པ་མེད་པའི་སྲིད་པར་འཁྱམས་པར་འགྱུར་བ་དང་། དེ་འདྲའི་ཁམས་གསུམ་འཁོར་བའི་སྲིད་པ་ན་ནི་ཆགས་སྡང་རྨོངས་སྲེད་སོགས་ཀྱི་རྟོག་ངན་རེ་རེས་ཀྱང་དམྱལ་བ་ལ་སོགས་པའི་གནས་སུ་འཕེན་པས་སྡུག་བསྔལ་ཆེན་པོ་འབྱུང་པའི་གཡང་ས་ཤིན་ཏུ་མང་ལ། སྲིད་པ་དེར་ནི་ཐར་བའི་ཐབས་དེ་ཁོ་ན་ཉིད་ཐོས་པ་དང་རྟོགས་པ་སོགས་ཡོད་པ་མིན་པར་མ་ཟད་ཕྱི་ནང་གི་དངོས་པོ་རྣམས་ལ་བདག་འཛིན་ཨ་འཐས་ཀྱིས་རྟག་རྟག་བདེན་བདེན་ལ་སོགས་པ་ཕྱིན་ཅི་ལོག་ཏུ་འཛིན་པ་འདི་འདྲ་བ་ཡིན་པས་ན་སྐབས་དེར་ཡང་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་རྟོགས་པ་དང་དངོས་པོར་ལྟ་བ་ལ་སོགས་པའི་ཕྱིན་ཅི་ལོག་གི་འཛིན་པ་ཕན་ཚུན་འགལ་བ་ཡིན་པས་ན་སྲིད་པ་ན་དེ་ཁོ་ན་ཉིད་དམ་ཟབ་མོ་སྟོང་པ་ཉིད་ཐོས་པ་དང་རྟོགས་པ་འདི་འདྲ་བ་མེད་དེ། མུན་པའི་ཀློང་དུ་སྣང་བ་བཞིན་ནོ། །དེས་ན་ད་རེས་སྟོན་པ་ཐུགས་རྗེ་ཅན་སྲས་བྱང་ཆུབ་སེམས་དཔའ་དང་བཅས་པའི་སྐུ་དྲིན་གྱིས་ཆོས་ཟབ་མོ་སྟོང་པ་ཉིད་ལ་སོགས་པ་སྟོན་པ་དང་ཐོས་པ་སོགས་ཡོད་པའི་སྐབས་འདིར། སྟོང་ཉིད་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ལེའུ་འདི་ལྟ་བུ་སོགས་ལ་བདག་ལྟ་བུས་ཤེས་པ་དང་རྟོགས་པ་ག་ལ་ནུས་སྙམ་ནས་སེམས་ཞུམ་པ་དེ་སྟོང་ཉིད་ལ་སྐྲག་པ་ཡིན་གྱི། དེ་ལས་གཞན་དགྲ་གདོན་སོགས་ལ་སྐྲག་པ་ལྟར་མེད་ལ། དེང་སང་རང་རང་གིས་སྟོང་ཉིད་སྟོན་པའི་གཞུང་རྣམས་ལ་ཐོས་བསམ་མི་མོས་པ་དང་མི་ཤེས་པ་འདི་སྐྱེ་བ་སྔོན་མར་སྟོང་ཉིད་ལ་བློ་ཁ་མ་ཕྱོགས་པའི་རྟགས་ཡིན་པ་དང་། སྟོང་ཉིད་སྟོན་པའི་གཞུང་ཐོས་ཚེ་སེམས་རབ་ཏུ་དགའ་ཞིང་དད་པས་ལུས་བ་སྤུ་ལྡང་ཞིང་མིག་མཆི་མས་བརླན་པ་ནི་སྐྱེ་བ་སྔོན་སྔོན་མར་སྟོང་པ་ཉིད་སྟོན་པའི་གཞུང་ལ་ཐོས་བསམ་བྱས་པའི་ས་བོན་ཡོད་པའི་རྟགས་ཡིན་པར་གསུངས་ལ། དེས་ན་ད་ལྟ་ཚེ་འདིར་ཇི་ལྟ་བ་བཞིན་མ་རྟོགས་ནའང་ཟབ་མོ་སྟོང་པ་ཉིད་ལ་བློ་ཁ་ཕྱོགས་ནས་ཐོས་བསམ་བསྒོམ་པ་རེ་བྱས་ན་ཚེ་ཕྱི་མར་ཟབ་མོ་སྟོང་པ་ཉིད་ཐོས་པ་དང་རྟོགས་པར་འགྱུར་ངེས་ཏེ། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང་། །སྐྱེ་བ་ཕྱི་མར་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་གསུངས་པའི་ཕྱིར་དང་། སྔོན་ཡང་ལས་ངན་སྟོབས་ཆེན་གྱི་ལས་ཀྱི་ལྷག་མས་ཤིན་ཏུ་སྡུག་བསྔལ་བར་གྱུར་པའི་རྒུར་ཆུང་དང་ལེགས་འོང་ལྟ་བུ་ལ་སོགས་པའང་སྟོན་པ་སངས་རྒྱས་དང་ཕྲད་དེ་ཆོས་ཐོས་པ་ཙམ་གྱིས་བདེན་པ་མཐོང་ཞིང་དགྲ་བཅོམ་པའི་གོ་འཕང་ཐོབ་པ་རྣམས་ཀྱང་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པའི་དུས་སུ་ཕུང་ཁམས་སྐྱེ་མཆེད་སོགས་ལ་མཁས་པར་བྱས་པའི་ལས་ཀྱིས་ཡིན་པར་གསུངས་ཤིང་། དེས་ན་གང་ཟག་བླུན་ཞིང་བློ་ཆུང་བ་རྣམས་ཀྱིས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་ཆོས་འདི་སྟོང་ངམ་མི་སྟོང་སྙམ་པའི་ཐེ་ཚོམ་ཙམ་ཡང་སྐྱེ་བར་མི་འགྱུར་ལ། གལ་ཏེ་དེ་ལྟར་ཐེ་ཚོམ་ཙམ་ཞིག་སྐྱེས་པར་གྱུར་ནའང་སྲིད་པ་ཧྲུལ་པོར་བྱེད་དེ་དེ་ཉིད་ལས། བསོད་ནམས་ཆུང་ངུས་ཚེས་འདི་ལ། །ཐེ་ཚོམ་ཙམ་ཞིག་སྐྱེ་མི་འགྱུར། །ཐེ་ཚོམ་ཙམ་ཞིང་སྐྱེས་གྱུར་ན། །སྲིད་པ་ཧྲུལ་པོར་འགྲོ་བར་འགྱུར། །ཞེས་སོ། །དེས་ན་ད་ངེས་ཆོས་ཟབ་མོ་སྟོང་པ་ཉིད་དང་འཕྲད་པ་ལ་དགའ་ཞིང་སྤྲོ་བས་ཐོས་བསམ་བསྒོམ་པས་དོན་ཡོད་པར་བྱའོ། །དེ་ཁོ་ན་ཉིད་ཀྱི་སྣང་བ་དང་བྲལ་བའི་སྲིད་པ་དེར་ཡང་དཔེ་ཟླ་མེད་ཅིང་བཟོད་པར་དཀའ་བས་མི་བཟད་པའི་སྡུག་བསྔལ་གྱི་རྒྱ་མཚོ་རྒྱ་ཆེ་ལ་ཡུན་རིང་བ་དུས་དང་ཕྱོགས་ཀྱི་ཕ་མཐའ་མེད་པའམ་མཐའ་ལས་འདས་པ་ཉིད་དུ་གནས་པར་འགྱུར་ཞིང་། དེར་ནི་སེམས་ཅན་རྣམས་གོང་དུ་བཤད་པ་དེ་ལྟར་སྲིད་པའི་ལས་དང་ཉོན་མོངས་པ་དྲག་པོས་ཟིལ་གྱིས་མནན་ནས་དགེ་བ་སྒྲུབ་པ་ལ་སྟོབས་ཆུང་ཞིང་། དེར་ནི་དགེ་བློ་རེ་སྐྱེས་ཀྱང་དགེ་བ་སྒྲུབ་པའི་རྟེན་དལ་འབྱོར་གྱི་མི་ཚེ་ཡང་ཐུང་བ་ཉིད་ཀྱིས་དགེ་བ་བསྒྲུབ་པའི་ལོང་མེད་པ་དང་། དེར་ཅུང་ཟད་གནས་པའི་བར་ལ་ཡང་ཡུན་རིང་པོར་གསོན་དུ་རེ་བའི་བྱ་བ་ལུས་ཀྱི་རིམ་གྲོ་སྣ་ཚོགས་དང་། ནད་མེད་ཀྱི་སྟེ་ནད་མེད་པར་བྱེད་པ་ཡི་ཐབས་སྨན་སོགས་བསྟེན་པ་དང་། ཟས་སྐོམ་ལ་སོགས་པ་མ་རྙེད་པས་བཀྲེས་ཤིང་ཕོངས་པ་དང་། འཚོ་ཆས་ཀྱི་བྱ་བས་ངལ་ཞིང་དུབ་པ་དང་། ཚེ་ཕྱེད་གཉིད་དུ་མྱོས་པ་དང་། ཕྱི་ནང་གི་ཉེར་འཚེ་སྣ་ཚོགས་དང་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་དང་འགྲོགས་པ་སོགས་དོན་མེད་པའི་བྱ་བ་རྣམ་པ་སྣ་ཚོགས་ཀྱིས་ཚེ་ནི་དགེ་བ་བསྒྲུབ་པའི་དོན་ཅི་ཡང་མེད་པར་མྱུར་པ་ཉིད་དུ་ཟད་ཅིང་འདའ་ཡི། སྲིད་པ་ལས་གྲོལ་བའི་རྒྱུ་ཕྱི་ནང་གི་སྣང་བ་ཐམས་ཅད་བདེན་པ་མེད་པ་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་དོན་ལ་བློས་རྣམ་པར་དཔྱོད་པ་ཤིན་ཏུ་རྙེད་པར་དཀའ་ཞིང་འཁོར་བའི་གནས་དེར་ཡང་རྣམ་གཡེང་གོམས་པ་ཤུག་དྲག་པོ་ནི་ཆུ་ཀླུང་བཞིན་དུ་བབས་པ་གློ་བུར་དུ་བཟློག་པའི་ཐབས་ནི་ག་ལ་ཡོད་དེ་མེད་ལ། དེ་མེད་པར་མ་ཟད་དེར་ཡང་དམྱལ་བ་ལ་སོགས་ངན་སོང་ཆེན་པོར་ནི་འཕེན་པའམ་ལྟུང་ཕྱིར་ལྷའི་བུའི་བདུད་ལ་སོགས་པ་ནག་ཕྱོགས་རྩ་ལག་རྣམས་ནི་བརྩོན་པར་བྱེད་དེ། འདི་ལྟར་བདུད་རྒྱལ་གྱིས་སེམས་ཅན་བརྒྱ་སྟོང་མང་པོ་བྱང་ཆུབ་ཏུ་བཀོད་པ་པས་བྱང་ཆུབ་སེམས་དཔའ་རེ་རེ་ཙམ་བྱང་ཆུབ་ཏུ་ལུང་བསྟན་ཐོབ་པ་མི་བཟོད་པས་བདུད་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རང་གི་བླ་མའི་གཟུགས་སུ་སྤྲུལ་ནས། ཁྱོད་སྔར་ནས་སྦྱང་པའི་ཡོན་ཏན་དང་ལྡན་པ་སོགས་སུ་ལུང་སྟོན་པ་དང་། ཆོས་ཡང་དག་ལ་ཡང་དག་མིན་པར་སྟོན་ཅིང་ཡང་དག་མིན་པ་ཡང་དག་ཏུ་སྟོན་པ་དང་གཞན་ཡང་གཡེང་བྱེད་མ་དང་རྨོངས་བྱེད་མ་ལ་སོགས་པ་བར་ཆད་བྱེད་པ་མང་སྟེ། ཆོས་ཟབ་ཙ་ན་ནག་པོའི་བདུད་ཀྱང་ཟབ། ཞེས་པ་བཞིན་ནོ། །དེར་ནི་རྟག་ཆད་ཀྱི་ལྟ་བ་སོགས་ལོག་པའི་ལམ་མང་ཞིང་། ཡང་དག་པའི་ལམ་མ་ནོར་བ་འདིའོ་ཞེས་དམིགས་རྣམ་ཕྱེ་བའི་ངེས་པ་མི་སྐྱེ་བར་ཐེ་ཚོམ་ལས་ཀྱང་བརྒལ་དཀའ་སྟེ། ཐེ་ཚོམ་གཅོད་པའི་ཕྱི་ནང་གི་རྐྱེན་རྙེད་དཀའ་བའི་ཕྱིར་དང་། དེས་ན་དེང་སང་ཐམས་ཅད་གསར་ངེས་ཆེ་བས་སྔར་གྱི་གཞུང་བཟང་ཡང་དག་པར་རྣམས་དོར་ནས་གསར་པ་ལ་དགའ་ཞིང་། གསར་པ་ལ་ཡང་དག་པ་ཡིན་མིན་ཀུན་ཡོད་ཀྱང་ཡང་དག་ཡིན་མིན་གྱི་དམིགས་རྣམ་ཕྱེ་བའི་ངེས་ཤེས་ཐེ་ཚོམ་གྱི་སྨག་དང་བྲལ་བ་ནི་རྙེད་དཀའ་ཞིང་། ཆོས་ཡང་དག་ཡིན་ཀྱང་ཐེ་ཚོམ་དང་བཅས་བཞིན་ཉམས་སུ་བླང་ན་དོན་འབྲས་མེད་པར་འགྱུར་རོ་དེ་ལྟར་རྣམ་དཔྱོད་རྙེད་དཀའ་བ་དང་། རྣམ་གཡེང་བཟློག་དཀའ་བ་དང་། ཐེ་ཚོམ་ལ་སོགས་པས་ཡང་དག་པའི་ཆོས་ཀྱི་སྣང་བ་མ་རྙེད་པར་ཤི་ན་སླར་ཡང་དལ་བ་རྙེད་དཀའ་ཞིག་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་དང་ཕྲད་པ་རྙེད་པར་ཤིན་ཏུ་དཀའ་བ་དང་། དེ་ཡིས་བསྟན་པ་ལ་ནན་ཏན་བྱས་ནས་རང་རྒྱུད་ཀྱི་ཆགས་སོགས་ཉོན་མོངས་པའི་ཆུ་བོ་སྤོང་ཐུབ་པའི་དུས་ཐོབ་པར་དཀའ་སྟེ་ཞི་བ་ལྷས་ཐུགས་སྐྱོ་བའི་ཉམས་ཀྱིས་ཨེ་མ་འཁོར་བ་འདིར་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་པས་སྡུག་བསྔལ་མྱོང་པར་འགྱུར་རོ། །ཞེས་བརྩེ་བས་སྨྲས་སོ། །དེ་ལྟར་སྡུག་བསྔལ་གྱི་ཁྱད་པར་སྣ་ཚོགས་པས་ཤིན་ཏུ་སྡུག་བསྔལ་བར་གནས་ན་ཡང་། བླང་དོར་ལ་རྨོངས་པའི་དབང་གིས་རང་ཉིད་སྡུག་བསྔལ་གྱི་ནང་དུ་བྱིང་བ་མི་མཐོང་བར་སྲིད་པ་ལ་མངོན་པར་ཆགས་ཤིང་ཞེན་པ་གང་ཡིན་པ་དང་། སྡུག་བསྔལ་གྱི་ཆུ་བོར་གནས་པ་འདི་དག་ལ་དམིགས་ནས་ཀྱི་ཧུད་མྱ་ངན་བྱ་བར་འོས་ཏེ། དཔེར་ན་འགའ་ཞིག་བསིལ་བའི་རེག་བྱ་འདོད་པས་ཡང་ཡང་ཁྲུས་བྱས་ཏེ་གྲང་བས་ཉེན་པ་ན་སླར་ཚ་བ་འདོད་པས་ཡང་ཡང་མེར་འཇུག་པ་སྟེ་དེར་ཚ་བས་ཉེན་པ་ན་ཡང་ཁྲུས་ལ་འཇུག་པ་སྟེ། དེ་ལྟར་ཚ་གྲང་རེས་མོས་ཀྱི་སྒོ་ནས་ཤིན་ཏུ་སྡུག་བསྔལ་བར་གནས་ཀྱང་སྲིད་པས་རྨོངས་ནས་བདག་ཉིད་བདེར་ཏེ་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་རློམ་པ་བཞིན་ནོ། །དེ་ལྟར་ཤིན་ཏུ་སྡུག་བསྔལ་ཡང་རྒ་བ་དང་འཆི་བ་སོགས་འོང་རྒྱུ་མེད་པ་བཞིན་དུ་བག་ཡོངས་སུ་རོལ་ཞིང་སྤྱོད་པས་ཅི་དགར་གནས་པ་རྣམས་ལ་དང་པོ་ཉིད་དུ་རྒ་བ་དང་ན་བ་འོང་ཞིང་བཅོས་སུ་མེད་ཅིང་བཟློག་ཏུ་མེད་པའི་འཆི་བདག་གི་བདུད་འོངས་ཏེ་བསད་པར་བྱས་ནས་སླར་ཡང་ངན་སོང་དུ་ལྟུང་བ་ལ་སོགས་པའི་སྡུག་བསྔལ་མི་བཟང་བ་རྣམས་འོང་ཞིང་སྡུག་བསྔལ་བར་འགྱུར་རོ། །དེ་ལྟར་དེ་ཁོ་ན་ཉིད་ཀྱི་དོན་མཐོང་བ་དང་བྲལ་བས་ན་སྡུག་བསྔལ་བདེ་བར་རློམ་པའི་ཁམས་གསུམ་འཁོར་བའི་སེམས་ཅན་སྡུག་བསྔལ་གྱི་མེས་གདུངས་བར་འགྱུར་བ་རྣམས་ལ། བསོད་ནམས་ཀྱི་ཚོགས་ཚད་མེད་པའི་སྤྲིན་ལས་ལེགས་པར་བྱུང་བའི་རང་གི་བདེ་བའི་ཚོགས་ཆར་གྱིས་ཏེ་ཡོ་བྱད་ཟས་གོས་གནས་མལ་ལ་སོགས་པ་ཅི་འདོད་པའི་ཚོགས་ཀྱི་ཆར་ཆེན་པོས་དེ་དག་གི་དབུལ་ཞིང་ཕོངས་པའི་སྡུག་བསྔལ་གྱི་མེ་ལ་སོགས་པ་རྣམས་སྦྱིན་པས་ཅི་འདོད་པའི་ལོངས་སྤྱོད་ཀྱིས་ཚིམ་པར་བྱེད་པ་ལ་སོགས་པའི་སྒོ་ནས་ཞི་བར་བྱེད་པར་བདག་ནམ་ཞིག་ཏུ་འགྱུར་སྙམ་དུ་བསམ་པ་ནི་གནས་སྐབས་ཀྱི་བདེ་བ་དང་། ཡང་ངེས་ལེགས་ཀྱི་དབང་དུ་བྱས་ཏེ་ནམ་ཞིག་ཆོས་ཐམས་ཅད་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཟབ་མོ་སྟོང་པ་ཉིད་འཁོར་གསུམ་དམིགས་པ་མེད་པའི་ཚུལ་ཇི་ཙམ་དུ་ཁོང་དུ་ཆུབ་ཅིང་རྟོགས་པ་དེ་ཙམ་དུ་སེམས་ཅན་གྱི་དོན་དུ་གུས་པས་ཏེ་གུས་ཤིང་ཤིན་ཏུ་སྤྲོ་བའི་བསོད་ནམས་ཀྱི་ཚོགས་བསགས་ཏེ། རང་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྣང་སྟོང་ཟུང་འཇུག་སྤྲོས་པ་ཐམས་ཅད་དང་བྲལ་བའི་མཉམ་པ་ཉིད་མངོན་སུམ་དུ་བྱས་ནས། དམིགས་པས་ཞེས་དམིགས་པ་བདེན་ཞེན་གྱི་དུག་ཁོ་ནའི་དབང་གིས་ཁམས་གསུམ་འཁོར་བའི་གནས་སུ་ཕུང་བར་གྱུར་པའི་སེམས་ཅན་རྣམས་ལ་དེའི་གཉེན་པོ་ཆོས་ཐམས་ཅད་དམིགས་པ་མེད་པར་སྟོན་པའི་སྟོང་པ་ཉིད་ནི་ཡང་དག་པར་སྟོན་པར་འགྱུར་ན་ཅི་མ་རུང་ཞིང་། དེ་ལྟར་འགྱུར་བར་བྱའོ་ཞེས་སྙིང་རྗེ་ཆེན་པོ་བསྐྱེད་དེ། རང་ཉིད་ཀྱིས་ཆོས་ཐམས་ཅད་བདེན་མེད་དུ་མཐོང་ན་གཞན་བདེན་འཛིན་གྱི་དབང་གིས་འཁོར་བའི་སེམས་ཅན་རྣམས་ལ་ནམ་ཡང་མི་གཏོང་བའི་སྙིང་རྗེ་ཆེན་པོ་ཤུགས་ཀྱིས་འབྱུང་ཞིང་འདི་ནས་ཇི་སྐད་གསུངས་པ་ལྟ་བུའི་ཆོས་བརྒྱད་མགོ་སྙོམ་པ་དང་གཞན་ལ་བརྩེ་བའི་སྙིང་རྗེ་ཆེན་པོའི་སེམས་སྐྱེ་བ་ཡང་ཆོས་ཉིད་ཡིན་ནོ། །དེ་ལྟར་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པ་ལས་བྱུང་བའི་དགེ་བ་རྣམས་ལ་ཞུགས་ན་ཡང་ཕན་ཡོན་ཆེན་པོ་ཐོབ་མོད། དེ་བས་ཀྱང་སྒྲིབ་པ་གཉིས་ཀྱི་གཉེན་པོ་མཐར་ཐུག་པ་ཟབ་མོ་སྤྲོས་པ་ཀུན་བྲལ་གྱི་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ནི་མཆོག་ཡིན་པས། དེ་བསྐྱེད་པའི་དོན་དུ་ཐོས་བསམ་རྣམ་དག་ལ་འབད་པར་རིགས་ཏེ། རྒྱུད་བླ་མ་ལས། གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང་། །ཁྲིམས་ཀྱིས་མཐོ་རིས་བསྒོམ་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ཡང་འདི་ཐོས་ཡིན། །ཞེས་གསུངས་པས་སོ། །ལེའུའི་མཚན་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་དགུ་པའོ།། ༈ །།བཞི་པ་དེ་ལྟར་སྤེལ་བའི་འབྲས་བུ་གཞན་དོན་དུ་བསྔོ་བའི་ལེའུ་ལ། བསྔོ་བ་བསྡུས་ཏེ་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་དོན་རྒྱ་ཆེ་ཆུང་སོགས་སུ་སྣང་བ་ནི་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས་ཡིན་ལ། དེ་ཡང་ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །མཇུག་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་པ་ལྟར་བསྔོ་བ་དང་སྨོན་ལམ་འདི་གནད་ཆེ་ལ། དེ་གཉིས་ཀྱི་ཁྱད་པར་རང་ལུགས་སུ་དགེ་བ་སྒྲུབ་ནས་དེ་སེམས་ཅན་གྱི་དོན་དུ་རྫོགས་བྱང་དུ་བསྔོ་བ་དང་། དགེ་རྩ་བསགས་པ་དང་མ་འབྲེལ་བར་སེམས་ཅན་ཐམས་ཅད་རྫོགས་བྱང་ཐོབ་པར་ཤོག་ཅིག་བསམ་པ་ལྟ་བུ་སྨོན་ལམ་ཡིན་ལ། དེ་ལྟར་ངེས་པར་བྱས་ཏེ་དགེ་རྩ་གཞན་དོན་དུ་མ་བསྔོས་པའི་སྐྱོན། ཇི་སྐད་དུ་མ་བསྔོས་པ་དང་ལོག་པར་བསྔོས། །གཞན་ལ་བསྒྲགས་དང་འགྱོད་པ་བསྐྱེད། །དགེ་བ་མཛད་པའི་རྒྱུ་བཞི་ཡིན། །ཞེས་པ་དང་། བསྔོས་པའི་ཡོན་ཏན། བསྔོ་བ་མི་ཟད་ལམ་ཡིན་ཕྱིར། །སྤེལ་དང་བསྒྱུར་བའི་ཆོས་ཅན་ཡིན། །ཅེས་པ་ལྟར། དགེ་རྩ་མ་བསྔོས་ན་ཞེ་སྡང་སོགས་དགེ་བ་འཛད་པའི་རྒྱུ་མང་པོ་ཡོད་པས་མཛད་པར་འགྱུར་ལ། བྱང་ཆུབ་ཏུ་བསྔོས་ན་གང་བྱས་པ་དཔེར་ན་ཆུ་ཡི་ཐིགས་པ་རྒྱ་མཚོར་ལྷུང་བ་རྣམས་རྒྱ་མཚོ་དེ་གནས་ཀྱི་བར་དུ་མི་ཟད་པ་བཞིན་དུ། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་དགེ་བ་ཡང་དེ་མ་ཐོབ་ཀྱི་བར་དུ་མི་ཟད་ཅིང་འཕེལ་བའི་སྒོ་ནས་བྱང་ཆུབ་ལ་སྦྱོར་བར་བྱེད་པ་སྟེ། བློ་གྲོས་མི་ཟད་པའི་མདོ་ལས། ཇི་ལྟར་ཆུ་ཐིག་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོ་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་གསུངས་སོ། །དགེ་བའི་རྩ་བ་གང་བྱས་པ་དེ་ཉིད་ནམ་མཁའ་དང་མཉམ་པའི་སེམས་ཅན་གྱི་གྲངས་དང་མཉམ་པར་འཕེལ་བ་དང་། བྱང་ཆུབ་ཆེན་པོ་སངས་རྒྱས་འཐོབ་པའི་རྒྱུ་ཉིད་དུ་བསྒྱུར་བར་བྱེད་དེ། དཔེར་ན་གསེར་བཟང་པོ་གསེར་མགར་མཁས་པས་རྒྱན་སོགས་དངོས་པོའི་ཁྱད་པར། ངན་པ་དང་། འབྲིང་དང་། བཟང་པོ་སངས་རྒྱས་ཀྱི་སྐུ་དང་དབུ་རྒྱན་དུ་བསྒྱུར་བར་བྱེད་པ་ལྟ་བུ་ཡིན་ནོ། །བསྔོ་བ་དེ་ལ་ཡང་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ་ནི་བསྔོ་བ་དུག་མེད་དང་། མ་ཟིན་ན་བསྔོ་བ་དུག་ཅན་ཡིན་ལ། བསྔོ་བ་དུག་མེད་ཉིད་ལའང་དགེ་རྩ་དེ་བསྔོས་ནས་སྟོང་ཉིད་ཀྱིས་རྒྱས་འདེབས་བྱེད་པ་ནི་ཆད་ལྟ་ཡིན་པས་འཁོར་གསུམ་མི་རྟོག་པའི་བསྔོ་བ་མིན་པར་ཀུན་མཁྱེན་ཆོས་རྗེས་གསུངས་ལ། དེས་ན་འདི་ལྟར་བསྔོ་བ་པོ་རང་དང་། བསྔོ་རྒྱུའི་དགེ་བ་དང་། བསྔོ་བའི་ཡུལ་གསུམ་པོ་སྣང་ལ་རང་བཞིན་མེད་པའི་འཁོར་གསུམ་དམིགས་པ་མེད་པའི་ཚུལ་གྱིས་བསྔོ་དགོས་ལ། འཁོར་གསུམ་དམིགས་མེད་ཀྱི་བསྔོ་བ་དེ་ལྟ་བུ་མི་ཤེས་ཤིང་མ་འོངས་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འཇམ་དཔལ་དབྱངས་དང་ཀུན་ཏུ་བཟང་པོ་ལ་སོགས་པས་ཇི་ལྟར་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་དགེ་བའི་རྩ་བ་འདི་དག་ཡོངས་སུ་བསྔོ་བར་བགྱི་ཞིང་བསྔོའོ་སྙམ་ནས་ལྟུང་བཤགས་དང་བཟང་སྤྱོད་ལྟ་བུའམ། དུས་གསུམ་གཤེགས་པའི་རྒྱལ་བ་སོགས་དང་། འཇམ་དཔལ་དཔའ་བོ་ལ་སོགས་པ་བརྗོད་ན་དེས་བསྔོ་བར་དུག་མེད་འཁོར་གསུམ་དམིགས་མེད་ཀྱི་བསྔོ་བ་རྗེས་མཐུན་པ་ཙམ་འོང་བར་མཁས་པ་རྣམས་གསུངས་པས་ན་འདི་ཤིན་ཏུ་གལ་ཆེ་བའི་གནད་ཡིན་ནོ། །དེ་ལ་བསྔོ་བ་དང་སྨོན་ལམ་རང་གིས་བྱས་ཤིང་བཏབ་ནས་གཞན་གང་ཟག་དམ་པ་བདེན་པ་མཐོང་བ་དང་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་དག་གིས་དེ་ལ་མཐུན་འགྱུར་མཛད་དགོས་ལ། བསྔོ་བ་དང་སྨོན་ལམ་དེའང་རང་རང་གིས་མ་བྱས་ན་གཞན་དག་གིས་བྱས་པས་མི་འོང་བར་གསུངས། བསྔོ་རྒྱུའི་དགེ་རྩ་ཡང་རང་གི་སེམས་ཀྱིས་ཐོང་ནས་བསྔོ་དགོས་ཏེ། སྔོན་ཡངས་བ་ཅན་པ་རྣམས་སུམ་ཅུ་རྩ་གསུམ་པའི་ལྷའི་དཔེར་འོས་པའི་བདེ་སྐྱིད་ལོངས་སྤྱོད་དང་ལྡན་པ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་སང་གདུགས་ཚོད་ལ་སྤྱན་དྲངས་པའི་ཚེ་དེའི་རྗེས་སུ་ཡོངས་པ་ཅན་པ་དེ་དག་ག་ཕ་མ་རྣམས་སེར་སྣའི་དབང་གིས་ཡི་དྭགས་སུ་སྐྱེས་པ་རྣམས་འོང་ནས་སང་ཁྱེད་རྣམས་ཀྱིས་ཡོན་བསྔོ་བདག་ཅག་གི་དོན་དུ་མཛོད་ཅིག་ཅེས་ཞུས་པའི་ཚེ་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་ཁྱེད་ཅག་གི་དོན་དུ་ཡོན་བསྔོ་མཛད་གསུངས་པ་ན་དེ་དག་གིས་བདག་ཅག་ཡངས་པ་ཅན་པ་འདི་དག་གི་ཕ་མ་རྣམས་ཡིན་ནོ་ཞུས་པས་འོ་ན་སང་ཡངས་པ་ཅན་ཉིད་དུ་ཤོག་དང་ཡོན་བསྔོའོ་གསུངས། ཡི་དྭགས་དེ་རྣམས་ཀྱིས་ངོ་ཚ་བས་འོང་མི་ཕོད་དོ་ཞུས་ཚེ། ཁྱེད་ཅག་ལས་ངན་བསགས་ཚེ་ངོ་མི་ཚ་ན་ད་ལུས་ངན་བླངས་བས་ངོ་ཅི་ཞིག་ཚ། འོང་ན་ཡོན་བསྔོ་ལ་མ་འོངས་ན་ནི་མི་བསྔོ་ཞེས་གསུངས་པས་དེར་འོང་བར་ཞུས་པ་བཞིན་དེར་འོང་བ་ན་ཡངས་པ་ཅན་པ་རྣམས་ཤིན་ཏུ་འཇིགས་ཤིང་སྐྲག་པ་ན་དེ་བཞིན་གཤེགས་པས་དེ་དག་ལ་འདི་དག་ཁྱེད་ཅག་གི་ཕ་མ་སེར་སྣས་ཡི་དྭགས་སུ་སྐྱེས་པ་རྣམས་ཡིན་པས་ཡོན་བསྔོ་ཞུ་རུ་འོང་བས་ཁྱེད་ཅག་གི་ཡོན་འདི་རྣམས་ལ་བསྔོའམ་གསུངས་པ་ན་དེ་དག་གིས་ཀྱང་བསྔོའོ། །ཤིན་ཏུ་བསྔོའོ་ཞེས་པ་ལྟར་བསྔོ་རྒྱུའི་དགེ་རྩ་སེམས་ཀྱིས་ཐོང་ནས་བསྔོ་དགོས་སོ། །དེ་ལྟ་ནའང་ཁྱད་པར་གསང་སྔགས་ཀྱི་དམ་ཚིག་ཉམས་པ་རྣམས་ཀྱིས་སྨོན་ལམ་དང་བསྲུང་བ་གང་བྱས་པ་ཐམས་ཅད་ཕྱིན་ཅི་ལོག་ཏུ་འགྲོ་སྟེ། དཔེར་ན་ཚེ་རིང་བར་ཤོག་ཅིག་ཅེས་བརྗོད་ན་ཚེ་ཐུང་བར་འགྱུར་བ་ལ་སོགས་པ་ལྟ་བུ་ཡིན་པས་བསྲུང་བ་ཐམས་ཅད་མཐུ་དང་དམོད་པར་འགྱུར་པར་གསུངས་པས་ན་དེས་རང་དོན་དུའང་སྨོན་ལམ་བཏབ་པ་སོགས་ཀྱང་ཇི་ཡིན་མི་ཤེས་གསུངས། དེ་ལ་བསྔོ་བའི་དཔང་པོ་མདུན་གྱི་ནམ་མཁར་ཕྱོགས་བཅུ་དུས་གསུམ་གྱིས་སངས་རྒྱས་བཅོམ་ལྡན་འདས་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་མངོན་སུམ་བཞིན་དུ་སྤྱན་དྲངས་ཏེ་བཞུགས་པར་བསམ་པའམ་ཡང་ན། བྱང་ཆུབ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞེས་དང་། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱ་བ་དག་གིས་གང་པར་མོས། །ཞེས་པ་ལྟར་བསྔོ་བའི་དཔང་པོར་བསམ་ནས། བསྔོ་བ་པོ་སུས་བསྔོ་ན་སྔོན་ཞི་བ་ལྷ་དང་ད་ལྟ་རང་རེ་བདག་གིས། ཅི་བསྔོ་ན་ཞི་བ་ལྷས་བྱང་ཆུབ་སེམས་དཔའི་སྤྱོད་པ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་སྦྱོར་བ་ཕ་རོལ་དུ་ཕྱིན་པ་དྲུག་གི་ཉམས་ལེན་ལ་འཇུག་པ་ཡི་ཚུལ་རྣམས་པར་བསམ་ཤིང་བརྩམས་པ་ཡི་དགེ་བ། ད་ལྟ་རང་རེས་ཡི་གེ་འབྲི་མཆོད་སྦྱིན་སོགས་ཆོས་སྤྱོད་བཅུའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་ལ་གང་བརྩམ་པའི་དགེ་བ་སྟེ། དེ་ཡང་སྔོན་ཞི་བ་ལྷས་སྤྱོད་འཇུག་འདི་ལ་དུས་གསུམ་དུ་ཞུགས་པའི་དགེ་རྩ་ཐམས་ཅད་འཁོར་གསུམ་དམིགས་མེད་ཀྱིས་བསྔོས་ཟིན་པས་ན་རང་རེའི་དགེ་བ་ཡང་སློབ་དཔོན་གྱིས་བསྔོས་ཟིན་ན་ཡང་། རང་རེ་རྣམས་ཀྱི་དགེ་བའི་རྩ་བ་རྣམས་ཀྱང་ཞི་བ་ལྷ་ཉིད་ཀྱི་དགེ་བའི་རྩ་བ་དང་ལྷན་གཅིག་ཏུ་བསྲེས་ཏེ་དཔེར་ན་རྒྱ་མཚོ་ཆེན་པོ་ལ་ཆུ་ཐིག་བསྲེས་པ་བཞིན་དུ་བསྔོ་དགོས་གསུངས། མདོར་ན་སྤྱོད་འཇུག་ལ་བརྩོན་པའི་དགེ་བ་གང་ཡིན་པ་འདིས་མཚོན་ཏེ་རང་གཞན་རྣམས་ཀྱིས་དུས་གསུམ་བསག་ཡོད་ཀྱི་དགེ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡུམ་པ་དེས་ཞེས་དེ་ཡི་མཐུ་ལ་བརྟེན་ནས་གང་གི་ཆེད་དུ་བསྔོ་བ་མ་ནམ་མཁའ་དང་མཉམ་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀུན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མཆོག་ཉིད་འཐོབ་པའི་ཆེད་དུ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་སྦྱོར་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྦྱིན་སོགས་ཕ་རོལ་དུ་ཕྱིན་པ་དྲུག་ལ་ཡང་དག་པར་འཇུག་པར་ཤོག་ཅིག་ཅེས་སོ། །དེ་ལྟར་རྒྱུ་མེད་ན་འབྲས་བུ་བྱང་ཆུབ་ཆེན་པོ་མི་འབྱུང་བས་ན་འབྲས་བུ་བྱང་ཆུབ་ཆེན་པོ་ཐོབ་པའི་དོན་དུ་བསྔོས་པ་དང་འདིར་དེའི་རྒྱུ་ལ་སྤྱོད་པའི་དོན་དུ་བསྔོས་པ་གཉིས་དོན་འདྲའོ། །དེས་ན་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་རྒྱུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐོག་མཐའ་བར་དུ་དགེ་བ་ལ་སྤྱད་ནས་ཕན་ཚུན་ཆགས་སྡང་ལ་སོགས་པས་འཐབ་རྩོད་ལ་སོགས་པ་ཅི་ཡང་མེད་པས་བདེ་བ་དང་ལྡན་པར་ཤོག་ཅིག་ཅེས་སྨོན་ལམ་དང་འབྲེལ་བ་དང་། ལྡན་ན་ཅི་མ་རུང་ཞེས་འདུན་པ་དང་འབྲེལ་བ་དང་། ལྡན་པ་ཞིག་བདག་གིས་བྱའོ་ཞེས་དམ་བཅའ་དང་འབྲེལ་བ་དང་། དེ་ལྟར་བདག་གིས་བྱེད་ནུས་པ་ཞིག་བླ་མ་དཀོན་མཆོག་གསུམ་གྱིས་བྱིན་གྱིས་རློབས་ཤིག་ཅེས་གསོལ་འདེབས་དང་འབྲེལ་བ་སྟེ་དེ་ལྟར་ཡིད་ལ་བསམ་སྟེ་ངག་གིས་བརྗོད་པས་མདུན་གྱི་བླ་མ་རྒྱལ་བ་སྲས་བཅས་ཀྱི་གསུངས་ཚངས་པའི་དབྱངས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་ཅེས་མཐུན་འགྱུར་མཛད་པས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བསམ་པར་བྱའོ། །དེ་བཞིན་དུ་སྡུག་བསྔལ་དང་བྲལ་བར་ཤོག་ཅིག་ལ་སོགས་པ་སྨོན་འདུན་དམ་བཅའ་གསོལ་འདེབས་དང་དེ་ལ་མཐུན་འགྱུར་དང་བཅས་པ་འདི་རྣམས་འོག་མའི་དོན་ཐམས་ཅད་ལའང་སྦྱར་བར་བྱ་དགོས་སོ། །དེ་ཡང་མདོ་སྡེ་རྒྱན་ལས། དེ་ཡི་རྩ་བ་སྙིང་རྗེར་འདོད། །སྙིང་རྗེའི་ཆུ་བ་བྱམས་པ་སྟེ། །དེས་དཔེར་ན་ས་འོག་གི་ཤིང་གི་ཆུ་བའམ་རྩ་རྒྱུས་ནས་ཆུའི་རླན་དྲངས་ནས་སྡོང་པོའི་རྩ་བ་ནས་ཞུགས་ཏེ་དེའི་ཡལ་ག་ལོ་འདབ་རྒྱས་པ་ལྟར་སེམས་ཅན་རྣམས་ལ་ཡིད་འོང་གི་བྱམས་པ་སྐྱེས་ན་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་སྐྱེ་བས་དེས་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་རྒྱས་པར་བྱེད་ཅིང་། དེ་དང་བྲལ་ན་དཔལ་ས་ར་ཧ་བའི་དོ་ཧ་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ལྟ་བ། །དེ་ཡིས་ལམ་མཆོག་རྙེད་པ་མ་ཡིན་ཏེ། །ཞེས་གསུངས། དེས་ན་བསྔོ་བའི་ལེའུ་འདིའི་དོན་ཐམས་ཅད་ལ་བྱམས་དང་སྙིང་རྗེའི་དམིགས་རྣམ་དངོས་སུ་ཚིག་ཟིན་ཡོད་མེད་གང་ཡིན་ཀྱང་གཉིས་ཀ་སྦྱར་ཏེ་བསྒོམ་པ་ནི་འདིའི་གཞུང་ཐམས་ཅད་ལས་གལ་ཆེར་བར་གསུངས། དེ་ལྟར་བྱམས་པ་བསྒོམ་པའི་ཕན་ཡོན། སངས་རྒྱས་ཐམས་ཅད་མཆོད་ལས་ཁྱད་པར་དུ་འཕགས་པ་དང་། བྱམས་ཆོས་ཡོན་ཏན་བརྒྱད་ཐོབ་པའང་སྔོན་རྒྱལ་པོ་བྱམས་པའི་སྟོབས་ཀྱིས་བྱམས་པ་བསྒོམ་པས་གནོད་སྦྱིན་སྤུན་ལྔས་འཛམ་གླིང་གི་སེམས་ཅན་ཐམས་ཅད་ལ་གནོད་མ་ནུས་པར་གསུངས་པ་ལ་སོགས་པ་དང་། སྙིང་རྗེ་བསྒོམ་པའི་ཕན་ཡོན་སྙིང་རྗེ་བསྒོམ་པས་ལྟ་བ་ཟབ་མོ་རྣམས་པར་དག་པ་རྒྱུད་ལ་སྐྱེ་སྟེ། བླ་མ་དྷ་རྨ་རཀྵ་ལྟ་བུ་དང་། ལྟ་བ་རྣམ་དག་རྒྱུད་ལ་སྐྱེ་བ་ལ་སོགས་པའི་གེགས་སྡིག་པ་འདག་པ་དང་ཡི་དམ་ལྷའི་ཞལ་མཐོང་བ་འཕགས་པ་ཐོགས་མེད་ལྟ་བུ་དང་། སྔོན་རྒྱལ་པོ་འོད་ཆེན་པོས་སྙིང་རྗེ་བསྒོམ་པས་འཛམ་གླིང་གི་སེམས་ཅན་གྱི་རྒྱུད་ལ་ཞེ་སྡང་སྐྱེ་བར་མ་གྱུར་བར་གསུངས་པ་དང་། བཀའ་གདམས་གོང་མ། པུ་ཏོ་བས་ཁྲོམ་ཚོགས་པ་སྟོང་ཕྲག་མང་པོ་ལ་ཆོས་བསྟན་པ་དང་། དགོན་པ་པས་མི་མེད་དབེན་པའི་རི་ཁྲོད་དུ་བསྒོམ་པ་འབའ་ཞིག་མཛད་པ་དང་། ཕུ་ཆུང་བས་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་རྒྱ་ཆེན་པོ་མང་པོ་བཞེངས་པ་དང་། ཁམས་པ་ལུང་པས་གྲོག་སྟོང་སྟེ་ཆུ་མེད་པའི་ལུང་པ་རེར་སོང་ནས་བཤུམ་པ་འབའ་ཞིག་མཛད་པ་རྣམས་རིམ་པར་འབྲོམ་སྟོན་པ་ལ་ཞུས་པ་ན་ཁམས་པ་ལུང་པ་ལ་ཕྱག་ཐལ་མོ་སྦྱར་ཏེ་བསྔགས་བརྗོད་ལྷག་པར་མཛད་པ་ལྟ་བུ་ལ་སོགས་པ་ཡིན་པས་སྙིང་རྗེ་ལས་ལྷག་པའི་དམ་པའི་ཆོས་མེད། བྱམས་སྙིང་རྗེ་གཉིས་སྤེལ་མར་བསྒོམ་པས་བྱམས་པ་བསྒོམ་པས་གེགས་སེམས་རྒོད་པ་སོགས་དང་། སྙིང་རྗེ་བསྒོམ་པས་གེགས་སེམས་སྐྱོ་བར་གྱུར་ནས་སྙིང་རླུང་ལྡང་པ་ལ་སོགས་པ་གཅིག་གེགས་གཅིག་གིས་སེལ་བར་བྱེད་དོ། །དེ་ལྟར་བྱམས་པ་དང་སྙིང་རྗེ་འདི་བསྒོམ་ན་རབ་འཛམ་བུའི་གླིང་ལ་སོགས་པའི་སེམས་ཅན་ལ་ཉེ་བར་འཚེ་བ་ཐམས་ཅད་བསྲུང་ཐུབ་པ་དང་། དེ་ལྟ་མིན་ནའང་ཡུལ་ལྗོངས་སོགས་ཕྱོགས་རེ་ཙམ་དང་། ཐ་ནའང་རང་ཉིད་ཉེར་འཚེ་ལས་ངེས་པར་བསྲུང་ཐུབ་པར་གསུངས། གཉིས་པ་ལ་གཞན་དོན་ཕན་པ་དང་བདེ་བའི་རྒྱུར་བསྔོ་བ། རང་དོན་བྱང་ཆུབ་སྤྱོད་པའི་རྒྱུར་བསྔོ་བ། གཉིས་དོན་བསྟན་པ་དར་རྒྱས་སུ་བསྔོ་བ་དང་གསུམ་ལས། དང་པོ་ལ་དམན་པ་སྡུག་བསྔལ་དང་བྲལ་བར་བསྔོ་བ། མཆོག་གི་དགོངས་པ་རྫོགས་པར་བསྔོ་བ་དང་གཉིས་ལས། དང་པོ་ལ། ཁམས་གསུམ་སྤྱི་ལ་ཁྱབ་པའི་སྡུག་བསྔལ་དང་བྲལ་བར་བསྔོ་བ། ངན་སོང་གསུམ་སོགས་འགྲོ་བ་སོ་སོའི་སྡུག་བསྔལ་བྱེ་བྲག་དང་བྲལ་བར་བསྔོ་བ་དང་གཉིས་ལས། དང་པོ་ནི། སྡུག་བསྔལ་གསུམ་ལས། སྡུག་བསྔལ་གྱི་སྡུག་བསྔལ་དང་བྲལ་བར་བསྔོ་བ་ཕྱོགས་བཅུ་མཐའ་ཡས་པ་རྣམས་ཀུན་ན་སེམས་ཅན་ལུས་དང་སེམས་རླུང་མཁྲིས་བད་ཀན་ལ་སོགས་པས་སྡུག་བསྔལ་དང་སྙིང་རླུང་ལ་སོགས་ཡིད་མི་བདེ་བའི་ནད་སྣ་ཚོགས་ཀྱིས་མནར་བར་གྱུར་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བདག་གི་སྤྱོད་འཇུག་ལ་ཐོས་བསམ་བསྒོམ་པ་སོགས་བྱས་པའི་བསོད་ནམས་དགེ་བའི་སྟོབས་ཀྱིས་དུས་ད་ལྟ་འདུག་ས་འདི་རུ་སྐད་ཅིག་ཡུད་ཙམ་ཉིད་ལ་སེམས་ཅན་དེ་དག་ཐམས་ཅད་ཀྱི་རྒྱུ་སྡིག་པ་དང་འབྲས་བུ་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སོགས་གོང་བཞིན་བྲལ་འདོད་ཀྱི་སྙིང་རྗེ་དང་ལུས་བདེ་བ་དང་སེམས་དགའ་བ་ཕུན་སུམ་ཚོགས་པ་རྒྱ་མཚོ་ལྟར་མཐའ་ཡས་པ་ཐོབ་ཅིང་ལྡན་པར་ཤོག་ཅིག་སོགས་གོང་བཞིན་ལྡན་འདོད་ཀྱི་བྱམས་པ་དང་། དེ་བཞིན་དུ་འགྱུར་བའི་སྡུག་བསྔལ་དང་བྲལ་བར་བསྔོ་བ་བདག་གི་དགེ་བའི་མཐུ་ཡིས་འཇིག་རྟེན་གྱི་ཁམས་ན་གནས་སྐབས་སུ་སྟོབས་འབྱོར་མངའ་ཐང་ཆེ་བས་ལུས་སེམས་བདེ་དགའ་དང་ལྡན་པའི་སེམས་ཅན་དེ་དག་ཐམས་ཅད་འཁོར་བ་རུ་གནས་པ་ཇི་སྲིད་པ་དེ་སྲིད་དུ་ནམ་ཡང་བདེ་དགའ་དེ་ལས་ཉམས་པར་མ་གྱུར་ཅིག་ཅེས་བྱམས་པ་དང་སྙིང་རྗེའང་བསྒོམ་པར་བྱའོ། །ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཡོད་པ་དེ་སྲིད་དུ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་མི་འབྲལ་བར་སྡུག་བསྔལ་དེ་དང་བྲལ་བར་བསྔོ་བ་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་ཡས་པ་རྣམས་ཟག་བཅས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་བྱང་ཆུབ་སེམས་དཔའ་ཡི་ཟག་པ་མེད་པའི་མི་གནས་པའི་མྱ་ངན་ལས་འདས་པའི་བདེ་དགའ་རྒྱ་ཆེ་བ་རྒྱུན་མི་འཆད་པ་ཐོབ་པར་ཤོག་ཅིག་ཅེས་བྱམས་དང་སྙིང་རྗེ་གོང་བཞིན་བསྒོམ་པར་བྱའོ། །དེ་ལྟར་རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་ལ་བསམ་ཏེ་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་དང་། འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་པའི་ཚུལ་ཤེས་ནས་འཁོར་བར་ཞེན་ལོག་གི་ངེས་འབྱུང་དང་། སྡུག་བསྔལ་གྱིས་མནར་བའི་སེམས་ཅན་དེ་ཐམས་ཅད་རང་གི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པར་བསམས་ན་གཞན་ཕན་དོན་གཉེར་གྱི་བློ་འབྱུང་བས་ན་སྐྱེས་བུ་གསུམ་གྱི་ལམ་ཡང་འདིར་ཚང་བ་ཡིན་ནོ། །གཉིས་པ་ངན་སོང་གསུམ་སོགས་འགྲོ་བ་སོ་སོའི་སྡུག་བསྔལ་བྱེ་བྲག་དང་བྲལ་བར་བསྔོ་བ་ལས། དམྱལ་བའི་སྡུག་བསྔལ་བྲལ་བར་བསྔོ་བ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ན་རྒྱུ་ཞེ་སྡང་ལ་སོགས་པའི་ལས་ངན་སྒྲུབ་པ་དང་། དེའི་འབྲས་བུ་ཚ་གྲང་དང་གཅོད་འདྲལ་ལ་སོགས་པའི་སྡུག་བསྔལ་དཔག་མེད་མྱོང་བའི་དམྱལ་བ་དག་ནི་རིས་མི་འདྲ་བ་གང་དག་ཇི་སྙེད་ཡོད་པ་རྣམས་བདག་གི་དགེ་བའི་སྟོབས་ཀྱིས་གནས་དེ་དག་ཏུ་ནི་དམྱལ་བའི་ལུས་ཅན་སེམས་ཅན་མཐའ་ཡས་པ་རྣམས་ཚོར་བ་སྡུག་བསྔལ་གྱི་སྒྲ་ཙམ་ཡང་མེད་པའི་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་རྣམ་པར་དག་པ་རིན་པོ་ཆེའི་རང་བཞིན་བདེ་འཇམ་ཡངས་པ་ཕུན་སུམ་ཚོགས་པར་ནང་བཅུད་ཀྱི་འཇིག་རྟེན་ཐམས་ཅད་རྣམ་པར་དག་པ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་འོད་དཔག་མེད་པ་དང་། གཤིན་རྗེའི་ལས་མཁན་རྣམས་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ལ་སོགས་པའི་ཉེ་སྲས་བརྒྱད་དང་དམྱལ་བའི་སེམས་ཅན་ཀུན་ཀྱང་མཚན་དཔེས་བ་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་ཅིང་ཅི་འདོད་འབད་མེད་དུ་འབྱུང་བ་ལ་སོགས་པའི་བདེ་བས་ཏེ་ཕུན་སུམ་ཚོགས་པའི་བདེ་བ་ཆེན་པོས་དགའ་བ་རྒྱ་ཆེན་པོ་དང་ལྡན་པར་ཤོག་ཅེས་དང་། རྒྱུ་ཞེ་སྡང་ལ་སོགས་པའི་ལས་ངན་སྒྲུབ་པ་པོ་རྣམས་ཀྱིས་ཀྱང་ལས་ངན་དེ་སྤངས་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་སངས་རྒྱས་འོད་དཔག་མེད་ཡིད་ལ་བྱེད་ཅིང་མཚན་བརྗོད་པ་ལ་སོགས་པ་ཡང་དག་པར་སྒྲུབ་པར་ཤོག་ཅིག་ཅེས་སྡུག་བསྔལ་རྒྱུ་འབྲས་དང་བྲལ་འདོད་ཀྱི་སྙིང་རྗེ་དང་བདེ་བ་རྒྱུ་འབྲས་དང་ལྡན་འདོད་ཀྱི་བྱམས་པ་བསྒོམ་པ་བྱའོ། །མདོར་ན་དམྱལ་བ་ཚ་གྲང་ལ་སོགས་པའི་སྡུག་བསྔལ་རང་ཐོག་ཏུ་བླངས་ནས་བསྒོམ་སྟེ་རང་གིས་དེར་སྐྱེ་བའི་ལས་ངན་བསགས་པ་ལ་བཤམས་སྡོམ་དང་། དེར་སྐྱེས་པ་ཐམས་ཅད་རང་རང་གི་ཕ་མར་ཤེས་པས་སྙིང་རྗེ་བསྒོམ་ཞིང་རྒྱལ་བ་སྲས་བཅས་ར་མདའ་བསྐུལ་ཞིང་གསོལ་བ་འདེབས་པ་དང་། དམྱལ་བར་སྐྱེ་བའི་རྒྱུ་བསྒྲུབ་པ་རྣམས་ལའང་བྱམས་དང་སྙིང་རྗེ་གོང་དུ་བསྟན་པ་ལྟར་བསྒོམ་ཞིང་སྨོན་ལམ་སོགས་བརྗོད་པར་བྱའོ། །གྲང་དམྱལ་དུ་སྐྱེ་བའི་རྒྱུ་ཆོས་ཀྱི་གདོངས་དར་སོགས་བླང་བ་དང་། ཕ་མ་སོགས་གཞན་གྱི་གོས་བཤུས་པ་ལ་སོགས་པའི་འབྲས་བུ་གྲང་དམྱལ་རྣམས་ནི་གཞི་དང་ཁོར་ཡུག་ཐམས་ཅད་གངས་རི་དང་ཆབ་རོམ་གྱི་ཁྲོད་ཕྱོགས་ཐམས་ཅད་ཀྱི་བུ་ཡུག་ཁ་འཐབ་པའི་བར་དུ་ཉི་ཟླ་ལ་སོགས་པའི་སྣང་བ་དང་བྲལ་བའི་མུན་ནག་ཆེན་པོའི་ནང་དུ་ལུས་ཤིན་ཏུ་གཞོན་ཤ་ཅན་རེག་ཏུ་མི་བཟོད་པ་གོས་མེད་གཅེར་བུ་གོང་མ་ལས་འོག་མ་སྡུག་བསྔལ་ཤིན་ཏུ་ཆེ་བ་ཤིན་ཏུ་གྲང་བས་ལུས་ལ་ཆུ་བུར་བྱུང་བ་ཆུ་བུར་ཅན་དང་། དེ་རྡོལ་ནས་རྨར་སོང་བ་ཆུ་བུར་རྡོལ་བ་ཅན་དང་། སྨྲེ་སྔགས་འདོན་པས་ཨ་ཆུ་ཆུ་ཟེར་བ་དང་། སྐད་ཀྱི་གདང་ཆགས་པས་ཤུགས་རིང་གི་ཀྱི་ཧུད་འདོན་པ་དང་། སོ་འཚིར་བས་སོ་འཐམ་པ་དང་། ཕྱིའི་ལྤགས་པ་སྔོན་པོར་སོང་སྟེ་བཞི་ཚལ་དུགས་པ་ཨུཏྤལ་ལྟར་གས་པ་དང་། ཤའུ་སྔོ་དམར་ཕྱིར་ཐོན་ཏེ་བརྒྱད་ཚལ་སོགས་སུ་གས་པ་པདྨ་ལྟར་གས་པ་དང་། དེ་ཡང་དམར་ནག་ཏུ་གྱུར་ཏེ་བརྒྱའམ་སྟོང་ལ་སོགས་པར་གས་པ་པདྨ་ལྟར་ཆེར་གས་པའི་རྨ་ནང་དུ་སྲིན་བུ་ལྕགས་ཀྱི་མཆུ་ཅན་མང་པོ་ཞུགས་ནས་ཟ་བ་ལ་སོགས་པའི་སྡུག་བསྔལ་མི་ཟད་པར་མྱང་བའོ། །ཚེ་ཚད་ཀྱི་ཁྱད་པར་ཡུལ་མ་གྷ་དྷཱའི་བྲེ་ཏིལ་གྱིས་གང་བ་བརྒྱད་ཅུ་ཐམ་པས་གང་བའི་བང་བ་ནས་ལོ་བརྒྱ་བརྒྱ་ན་ཏིལ་རེ་རེ་ཕྱུང་བས་ཟད་པར་གྱུར་བ་ན་ནི་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ལ། ཆུ་བུར་རྡོལ་བ་སོགས་ཕྱི་མ་ཕྱི་མ་རྣམས་ནི་སྔ་མ་སྔ་མ་ལས་ཉི་ཤུ་འགྱུར་གྱིས་རིང་བ་སྟེ་དེ་ལྟ་བུའི་གྲང་བས་ཤིན་ཏུ་ཉམ་ཐག་ཅིང་སྡུག་བསྔལ་བའི་སེམས་ཅན་དམྱལ་བ་པ་རྣམས་ལ་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་དང་བདག་གི་དགེ་བའི་སྟོབས་ཀྱིས་ཡིད་དུ་འོང་བའི་མེ་དང་ཉི་མ་ལ་སོགས་པའི་འོད་ཟེར་གྱིས་ཆབ་རོམ་དང་གངས་རི་སོགས་ལྷག་མེད་དུ་ཞུ་ཞིང་ལྷ་ཡུལ་ལྟ་བུར་གྱུར་ཏེ་དྲོ་འཇམ་ཡངས་པའི་བདེ་བ་ཆེན་པོ་ཐོབ་པར་ཤོག་ཅིག །རྒྱུ་ཞེ་སྡང་ལ་སོགས་པའི་འབྲས་བུ་ཚ་དམྱལ་རྣམས་ནི་གཞི་དང་ཁོང་ཡུག་ཐམས་ཅད་ལྕགས་བསྲེག་གི་རང་བཞིན་ལ་མེ་ལྕེ་ལྷབ་ལྷབ་ཏུ་འབར་ཞིང་མེ་སྟག་གི་ཚྭ་ཚྭ་ཐོ་རོ་རོ་འཕྲོ་བའི་མེ་བསྐལ་པ་འཇིག་པའི་མེ་བས་ཡང་སོས་ཀྱི་མེ་ཚ་ཞིང་དེ་བས་ཀྱང་འོག་མ་འོག་མ་རྣམས་བདུན་འགྱུར་རམ་བཞི་འགྱུར་དུ་ཡང་ཚ་བའི་དབུས་ན། ལུས་ཀྱི་ཁྱད་པར། དྲན་ཉེར་ལས། མཚམས་མེད་ལྔ་བྱས་པའི་ལུས་ལ་དཔག་ཚད་ལྔ་ཡོད་པ་དང་། མྱང་འདས་ཆེན་པོར། མཚམས་མེད་བརྒྱད་བྱས་པའི་ལུས་ལ་དཔག་ཚད་བརྒྱད་ཁྲི་ཡོད་པ་དང་། དཀོན་མཆོག་ཏ་ལར། ཐེག་ཆེན་ལ་བསྐུར་བ་བཏབ་པའི་ལྕེ་ལའང་དཔག་ཚད་གསུམ་ཡོད་པ་ལ་སོགས་པའི་གཞོན་ཤ་ཅན་རེག་ཏུ་མི་བཟོད་པ་ཡང་སོས་པ་རྣམས་ནི་མཚོན་རྣོན་ལག་ཏུ་བྱུང་སྟེ་ཕན་ཚུན་བསྣུན་པས་བརྒྱལ་ཞིང་འགྱེལ་བ་ན་ནམ་མཁའ་ནས་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་བའམ། རླུང་གྲང་མོ་ལངས་པས་སླར་ཡང་སོས་ཏེ་སྔ་མ་ལྟར་སྡུག་བསྔལ་མི་བཟད་པ་མྱོང་བ་དང་། ཐིག་ནག་པ་རྣམས་ནི་ལུས་ལ་དམྱལ་སྲུང་རྣམས་ཀྱིས་ཐིག་ནག་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པ་བཏབ་ནས་སོག་ལེ་མེ་འབར་བས་གཤོགས་པས་སྡུག་བསྔལ་བ་དང་། བསྡུས་འཇོམས་པ་རྣམས་ནི་ལྕགས་ཀྱི་རི་ཆེན་པོ་ར་དང་ལུག་ལ་སོགས་པའི་གདོང་བ་ཅན་གྱི་བར་རམ་ལྕགས་ཀྱི་གཏུན་ཁུང་དུ་བསྡུས་ཤིང་འཇོམས་པ་ལ་སོགས་པའི་སྡུག་བསྔལ་བ་དང་། ངུ་འབོད་ནི་ལྕགས་ཀྱི་ཁང་བ་མེ་འབར་བ་སྒོ་མེད་པར་བསྲེག་པས་སྡུག་བསྔལ་དང་། ངུ་འབོད་ཆེན་པོ་ལྕགས་ཀྱི་ཁང་པ་མེ་འབར་བ་སྒོ་མེད་པ་གཉིས་རིམ་དུ་བསྲེག་པས་སྡུག་བསྔལ་བ་དང་། ཚ་བ་ནི་ལྕགས་ཀྱི་གསལ་ཤིང་མེ་འབར་བས་གཤང་ལམ་ནས་སྤྱི་བོའི་བར་ཕུག་སྟེ་ཁ་སྣ་སོགས་དང་བ་སྤུའི་ཁུང་བུ་ཐམས་ཅད་ནས་མེ་འབར་བ་ལ་སོགས་པའི་སྡུག་བསྔལ་བ་དང་། རབ་ཏུ་ཚ་བ་ནི་ལྕགས་ཀྱི་གསལ་ཤིང་མེ་རབ་ཏུ་འབར་བ་རྩེ་གསུམ་པས་གཤང་ལམ་དང་རྐང་མཐིལ་ནས་སྤྱི་བོ་དང་ཕྲག་པ་གཉིས་སུ་ཕུག་སྟེ་དབང་པོའི་སྒོ་སོགས་ནས་མེ་འབར་བ་དང་། ལྕགས་ལེབ་མེ་འབར་བས་ལུས་ལ་ཀུན་ནས་དཀྲིས་པར་བྱེད་པ་ལ་སོགས་པའི་སྡུག་བསྔལ་བ་དང་། མནར་མེད་པ་ནི་ལྕགས་བསྲེག་གི་སོལ་མེ་རབ་ཏུ་འབར་བས་ལུས་དང་མེ་སོ་སོར་སྣང་དུ་མེད་པ་མེ་ཡི་ཕུང་པོ་འབའ་ཞིག་ཏུ་སྣང་བ་ལ་ཤིན་ཏུ་ཉམ་ཐག་པས་སྐད་འབྱིན་པ་ལས་སེམས་ཅན་དུ་མངོན་པ་ཙམ་ལས་མེད་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་འགྱུར་རོ། །ཚེ་ཚད་ཀྱང་རྒྱལ་ཆེན་རིགས་བཞི་བས་མི་ལོ་ལྔ་བཅུ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ་པ་ནས་གོང་མ་བཞི་པོ་རིམ་པར་གཉིས་འགྱུར་གྱིས་གཞན་འཕྲུལ་དབང་བྱེད་པས་མི་ལོ་སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ་པ་རྣམས་གཞིར་བྱས་ཏེ་ཡང་སོས་པས་རྒྱལ་ཆེན་རིགས་བཞིའི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ་པ་ནས། ཚ་བས་གཞན་འཕྲུལ་དབང་བྱེད་པའི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་ཆེན་པོ་ཁྲི་དྲུག་སྟོང་ཐུབ་པ་དང་། རབ་ཏུ་ཚ་བས་བར་བསྐལ་ཕྱེད་དང་། མནར་མ་པས་བར་བསྐལ་གཅིག་ཐུབ་པས་དེ་དང་དེའི་བར་དུ་སྡུག་བསྔལ་དྲག་པོ་རྒྱུན་མི་ཆད་པར་མྱོང་བར་འགྱུར་བའི་ཚེ་དམྱལ་རྣམས་ལ་བྱང་ཆུབ་སེམས་དཔའི་སྟེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་སྤྲིན་ཕུང་ཆེན་པོ་ནམ་མཁར་འཁྲིགས་པ་ལས་བྱུང་བའི་ཆུ་བོ་རྒྱ་མཚོ་ཆེན་པོ་ལྟར་ཕུན་སུམ་ཚོགས་པ་མཐའ་ཡས་པའི་ཆར་བ་རྣམས་ཀྱིས་ཚ་བས་ཤིན་ཏུ་ཉམ་ཐག་ཅིང་སྡུག་བསྔལ་བའི་ཚ་དམྱལ་བ་རྣམས་སྡུག་བསྔལ་ཐམས་ཅད་དང་བྲལ་ཞིང་རྟག་ཏུ་བསིལ་བར་ཏེ་བསིལ་ཞིང་འཇམ་པའི་བདེ་སྐྱིད་དང་ལྡན་པར་ཤོག་ཅིག །ཉེ་འཁོར་ལྷག་པ་བཅུ་དྲུག་ཅེས། མེ་མ་མུར་གྱི་འོབ་དང་། རོ་མྱགས་འདམ་དང་། སྤུ་གྲིའི་ཐང་དང་རལ་གྲི་ལོ་མའི་ནགས་ཚལ། ཤལ་མ་ལཱིའི་ཤིང་སྟེ་འདི་གསུམ་མཚོན་ཆར་འདྲ་བས་གཅིག་ཏུ་བྱས་པ་དང་། ཐལ་ཚན་གྱི་ཆུ་བོ་དང་བཞི་ཚ་དམྱལ་བརྒྱད་པོ་ཐམས་ཅད་ཀྱི་ཕྱོགས་བཞི་པོ་རེ་རེ་ན་བཞི་བཞི་ཡོད་པས་བཅུ་དྲུག་སྟེ། དམྱལ་མེ་ལས་ཐར་ཏེ་རྒྱང་རིང་པོ་ནས་ནགས་ཚལ་སྔོན་པོ་མཐོང་བས་གྲིབ་མ་ར་བསྙེགས་ཏེ་ཕྱིན་པ་ན་ཁྱི་སྲེ་བོ་སོགས་ཀྱིས་དེད་ཅིང་ཟ་བ་དང་རལ་གྲི་སོ་གཉིས་རྣོན་པོས་ལུས་བཅད་གཏུབ་ཀྱིས་སྡུག་བསྔལ་བར་བྱེད་པའི་རལ་གྲི་ལོ་མའི་ནགས་ཚལ་འཇིགས་སུ་རུང་བ་དེ་ཡང་ད་ནི་བདག་གི་དགེ་བའི་སྟོབས་ཀྱིས་དམྱལ་བ་དེ་རྣམས་ལ་སུམ་ཅུ་རྩ་གསུམ་པའི་གྲོང་ཁྱེར་བལྟ་ན་སྡུག་གི་ཤར་ན་ཤིང་རྟ་སྣ་ཚོགས་པའི་ཚལ་དང་། ལྷོ་ན་འདྲེས་པའི་ཚལ། ནུབ་ན་དགའ་བའི་ཚལ་ལ་སོགས་པ་ལྷའི་དབང་པོའི་སྐྱེད་མོས་ཚལ་ལྟ་བུའི་དགའ་ཚལ་སྡུག་གུར་ཏེ་ཡིད་དུ་འོང་བའི་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པར་ཤོག་ཅིག །རྒྱུ་གཙོ་བོ་འདོད་ལོག་སྤྱོད་པ་ལ་སོགས་པའི་འབྲས་བུ་ཤལ་མ་རི་ཡི་ཞེས་པ་རི་ལ་ཤིང་ཤལ་མ་ལི་ཞེས་པའི་སྡོང་པོ་ལྕགས་ཀྱི་ཚེར་མ་སོར་བཅུ་དྲུག་པའི་དྲུང་དུ། ཁྱི་སྲེ་བོ་ལུས་རི་ཙམ་པ་སྐད་འབྲག་ལྟར་ཆེ་བ། མཆེ་བ་གངས་རི་ལྟར་གཙིགས་པ། ལྕེ་ལྕོག་དམར་ལྟར་འཁྱུག་པ། རྔ་མ་སོག་ལེ་ལྟར་རྣོ་བས་དེད་ནས་ཚེར་མས་ཕུག་ཅིང་མགོ་ནས་རྐང་པའི་བར་ཟ་བར་བྱེད་པ་དང་། རི་དེའི་རྩེ་མོ་སྔར་དགའ་གདུང་ཆེ་བའི་གྲོགས་དེས་འབོད་པར་མཐོང་ནས་དེར་ཕྱིན་པས་ཁཱ་དང་བྱ་རྒོད་སོགས་ཀྱིས་མིག་འབྲུ་ཞེང་ལྕེ་གཅོད་པ་ལ་སོགས་པའི་སྡུག་བསྔལ་བ་དང་། རྩེར་ལྕགས་ཀྱི་སྐྱེས་པ་དང་བུད་མེད་སོགས་ཀྱིས་འཁྱུད་ཅིང་བསྡམ་པས་གློ་སྙིང་ཁར་ཐོན་པ་དང་། མགོ་བོ་ཁར་བཅུག་སྟེ་བལྡད་པས་འགྲམ་ཕུག་གཉིས་ནས་ཀླད་པ་སྐྱ་ཙིར་གྱིས་འོང་ཞིང་། ཡང་རྩ་བ་ནས་འབོད་པ་སོགས་སྔར་ལྟར་སྡུག་བསྔལ་བར་འགྱུར་བ་ལ་བྲལ་འདོད་ཀྱི་སྙིང་རྗེ་དང་སྡོང་པོ་དེ་ཡང་ཡོངས་འདུས་བརྟོལ་གྱི་ལྗོན་པ་ལས་ཆོས་དང་མཐུན་པའི་དགོས་འདོད་འབྱུང་བའི་དཔག་བསམ་གྱི་ཤིང་ཉིད་དུ་འཁྲུངས་ཤིང་ལོངས་སྤྱོད་ཕུན་སུམ་ཚོགས་པའི་གནས་སུ་འགྱུར་བར་ཤོག་ཅིག་ཅེས་ལྡན་འདོད་ཀྱི་བྱམས་པ་དང་། དེ་བཞིན་དུ། རྒྱུ་གཙོ་བོ་འདོད་ཆགས་ཀྱི་འབྲས་བུ་ཆུ་ཀླུང་མཐོང་ནས་ཕྱིན་པས་རོ་མྱགས་ཀྱི་འདམ་རྫབ་ཆེན་པོར་ཆུད་པའི་སྡུག་བསྔལ་དང་། རྒྱུ་གཙོ་བོ་ཞེ་སྡང་གི་འབྲས་བུ་གྲིབ་མ་ནག་ངམ་མེ་བ་མཐོང་ནས་དགའ་སྟེ་ཕྱིན་པས་མེ་མ་མུར་གྱི་འོབ་ཏུ་ཆུད་པའི་སྡུག་བསྔལ་དེ་གཉིས་དང་བྲལ་ཏེ་དྭངས་བསིལ་ཡིད་འོང་སྨན་སྣ་ལྔའི་དྲི་དང་རོ་ནུས་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །གཞན་ཡང་ཉི་ཚེ་བའི་དམྱལ་བ་སྒོ་དང་ཀ་བ་ཐབ་དང་ཐག་པ་ལ་སོགས་པའི་རྣམ་པའི་སྡུག་བསྔལ་བ་རྣམས་ལའང་དེ་དང་བྲལ་ཞིང་བདེ་བ་དང་ལྡན་པར་ཤོག་ཅིག །ཡིད་དུ་འོང་བའི་བྱ་མཐིང་རིལ་དང་ངུར་བ་དག་དང་ངང་པ་དང་བཞད་ལ་སོགས་པའི་བྱ་རིགས་དུར་ལྟར་དཀར་ཞིང་གསེར་ལྟར་སེར་བ་ལ་སོགས་པའི་མཛེས་པའི་སྤུ་སྡུག་ངོམས་ཤིང་ཤིན་ཏུ་སྐད་སྙན་པ་འབྱིན་ཅིང་རྩེ་དགས་འཕུར་ལྡིང་གཡོ་ཞིང་ཟློས་གར་སྣ་ཚོགས་པ་བྱེད་པས་དམྱལ་བའི་གནས་ཐམས་ཅད་མཛེས་ཤིང་ཡིད་དུ་འོང་བར་གྱུར་ཅིག །མེ་ཏོག་པདྨ་དང་ཨུཏྤལ་ལ་སོགས་པ་དྲི་བསུང་ཆེ་ཞིང་ཁ་དོག་སྣ་ཚོགས་དང་ལྡན་པའི་མཚོ་ཡིད་དུ་འོང་བ་ཡན་ལག་བརྒྱད་དང་ལྡན་པ་དག་གིས་དམྱལ་བའི་ས་ཕྱོགས་དག་ནི་ཉམས་དགར་ཏེ་ཤིན་ཏུ་ཉམས་དགའ་ཞིང་ཡིད་སྤྲོ་བའི་གནས་ཕུན་སུམ་ཚོགས་པར་ཤོག་ཅིག །རྒྱུ་ཆོས་སྤངས་དང་མཚམས་མེད་ལ་སོགས་པའི་འབྲས་བུ་དམྱལ་བ་མནར་མེད་པར་ལྕགས་བསྲེག་གི་སོལ་མེ་རབ་ཏུ་འབར་བའི་ཕུང་པོར་ཤིན་ཏུ་བསྲེག་པས་མེ་དང་ལུས་སོ་སོར་སྣང་བ་མེད་པར་འོ་དོད་འབོད་ཅིང་མེ་སྒོ་ཅུང་ཟད་ཕྱེ་བར་སྣང་བས་བྲོས་པ་ན་སླར་མེ་རབ་ཏུ་འབར་བའི་སྐམ་པས་བཟུང་ཞིང་ཐོ་བས་མགོར་བསྣུན་ནས་ཁྲོ་ཆུ་མེ་འབར་བ་ཁར་བླུགས་ཏེ་སླར་སོལ་ཕུང་དུ་བསྲེག་པ་ལ་སོགས་པས་དམྱལ་བ་གོང་མ་བདུན་པོའི་སྡུག་བསྔལ་ཚང་བར་མྱོང་བར་འགྱུར་བ་རྣམས་དང་བྲལ་ཏེ་སོལ་ཐུང་དེ་ཡང་དགོས་འདོད་ཀུན་འབྱུང་གི་རིན་ཆེན་ཏེ་རིན་པོ་ཆེའི་ཕུང་པོར་ལོངས་སྤྱོད་པའི་བདེ་བ་དང་ལྡན་པར་གྱུར་ཅིག །ཚ་དམྱལ་གྱི་ས་གཞི་ལྕགས་བསྲེག་མེ་འབར་བ་རབ་ཏུ་ཚ་བ་ཡང་ཚོན་སྣ་བརྒྱ་རྩ་བརྒྱད་བཀྲ་པའི་ཤེལ་གྱི་ས་གཞི་པཉྩ་ལི་ཀའི་གོས་ལྟར་རེག་བྱ་འཇམ་པ་མནན་ན་ནེམ་པ་བཏེག་པ་འཕར་བ་བསྟར་ཏེ་མཐོ་དམན་མེད་པ་ལ་ལོངས་སྤྱོད་པའི་དགའ་བདེ་དང་ལྡན་པར་ཤོག་ཅིག །ར་ལུག་རི་དྭགས་སོགས་དང་ཤིག་སེན་བར་ནས་བསད་པ་ལ་སོགས་པས་ར་ལུག་སོགས་ཀྱི་མགོ་ཅན་གྱི་རི་ལ་སོགས་པའི་བར་དུ་བསྡུས་ནས་ངུ་ཅོ་དི་རི་རི་ལུས་ཤ་ཚལ་བ་ཁྲག་ཐིག་པར་བྱས་ཏེ་འཇོམས་པར་བྱེད་པའི་སྡུག་བསྔལ་དང་བྲལ་ཞིང་བསྡུས་འཇོམ་གྱི་རི་བོ་ལ་སོགས་པ་རྣམས་ཀྱང་རིན་པོ་ཆེའི་རི་བོ་ལ་རིན་པོ་ཆེའི་གཞལ་ཡས་ཁང་འདོད་སྣམ་ལ་སོགས་པར་མཆོད་ལྷ་རྣམས་ཀྱིས་ཉེར་སྤྱོད་ཀྱི་མཆོད་རྫས་ཐོགས་པས་ཕྱི་ནང་ཀུན་ཏུའང་མཆོད་པ་ཡི་སྤྲིན་ཕུང་འཕྲོ་བའི་གཞལ་མེད་ཁང་དུ་གྱུར་པའི་དབུས་སུ་སེང་གེའི་ཁྲི་རིན་པོ་ཆེའི་སྟེང་དུ་བདེ་བར་གཤེགས་པ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་ཚོགས་རྒྱ་མཚོ་ལྟ་བུ་ལ་ཆོས་སྟོན་པར་མཛད་པས་གང་བར་གྱུར་ལ་གུས་པས་མཆོད་ཅིང་ཆོས་ཉན་པ་ལ་སོགས་པའི་བདེ་སྐྱིད་དང་ལྡན་པར་ཤོག་ཅིག །རྒྱུ་ཚིག་ངན་དང་སྐུར་འདེབས་དང་དམོད་ཚིག །ཚོགས་གྲལ་དུ་བཟའ་བཏུང་གསོལ་ཚེ་ཁ་ཤག་དང་ཚོགས་རྡིལ་གྱིས་འཕེན་པ་ལ་སོགས་པའི་འབྲས་བུར་མེའི་མདག་མ་ཡི་ཆར་དང་རྡོ་བསྲེག་པའི་ཆར་དང་རལ་གྲི་རྣོན་པོ་མེ་འབར་བ་སོགས་མཚོན་གྱི་ཆར་འབབ་པས་སྡུག་བསྔལ་བ་དག་སྡུག་བསྔལ་དང་བྲལ་ཏེ་དུས་དེང་ནས་བཟུང་སྟེ་མེ་ཏོག་ཡིད་དུ་འོང་བ་སྣ་ཚོགས་ཀྱི་ཆར་པར་སྟེ་ཆར་དུ་འབབ་པའི་བདེ་སྐྱིད་དང་ལྡན་པར་གྱུར་ཅིག །དེའང་དཔེར་ན་ནགས་ཚལ་ཉམས་དགའ་བར་གཙུག་ལག་ཁང་ཡིད་དུ་འོང་བ་ཞིག་ན་དགེ་སློང་ལྔ་བརྒྱ་གནས་པ་ཉིན་ཕྱེད་གུང་ཚིག་སྐབས་སུ་བབས་པ་ན་གཎྜི་བརྡུང་བས་དགེ་སློང་རྣམས་ཆོས་གོས་སྣམ་སྦྱར་དང་བཅས་པར་ལྷུང་བཟེད་ཆབ་རིལ་མཁར་བསིལ་ཐོག་ཏེ་འདུ་ཁང་དུ་ཚོགས་པ་དང་མཉམ་དུ་འདུ་ཁང་མེ་འབར་བའི་ཁང་པ་དང་ལྷུང་བཟེད་ལ་སོགས་པ་མཚོན་ཆ་རྣོན་པོ་མེ་འབར་བ་ལ་སོགས་པར་གྱུར་ཏེ་ཕན་ཚུན་བསྣུན་པའི་སྡུག་བསྔལ་བར་གྱུར་ནས་ཉིན་ཕྱེད་ཡོལ་བ་དང་སྔར་ལྟར་གྱུར་བ་སྔོན་དད་ཟས་གསོལ་ཚེ་ཁ་ཤག་བཀྱེ་བ་ལ་སོགས་པའི་འབྲས་བུ་ཡིན་པར་བཤད་པས་ན་ཚོགས་གྲལ་དུ་ཁ་ཤག་རྩོད་པ་དང་ཚོགས་རྡིལ་འཕེན་པ་སོགས་ལ་བག་ཡོད་པར་བྱའོ། །དམེ་འཁྲུག་གིས་གཡུལ་དུ་ཤི་བ་ལ་སོགས་པ་དམྱལ་བ་ཡང་སོས་སུ་སྐྱེས་པ་ན་ཕན་ཚུན་དགྲ་རུ་མཐོང་ནས་ལག་ཏུ་ཅི་བླང་ལས་ཀྱིས་རལ་གྲི་སོགས་སུ་གྱུར་པའི་མཚོན་གྱིས་འདེབས་ཤིང་བསྣུན་པས་ཡང་ཤི་ཡང་སོས་དཔག་ཏུ་མེད་པ་ཡི་སྡུག་བསྔལ་མྱོང་བ་དེ་ཡང་ནི་སྡུག་བསྔལ་དང་བྲལ་ཏེ་དུས་དེང་ནས་ལྷའི་བུ་དང་བུ་མོར་གྱུར་ཏེ་ཕན་ཚུན་ཡིད་དགའ་ཞིང་རྩེ་དགའི་བདེ་བ་ལ་རོལ་པའི་ཕྱིར་དུ་མེ་ཏོག་ཡིད་དུ་འོང་བ་རྣམས་ཀྱིས་ཕན་ཚུན་འཕེན་པར་བྱེད་པའི་བདེ་སྐྱིད་དང་ལྡན་པར་ཤོག་ཅིག །ཆུ་གནས་གསོད་པ་དང་། ཁྱེའུ་མ་སྨིན་པ་ལ་འདོད་ལོག་སྤྱད་པ་དང་། དགེ་འདུན་པའི་དཀོར་ཚོང་ལ་སོགས་པའི་གཡོ་སྒྱུས་ལེན་པ་རྣམས་འདིར་སྐྱེ་ལ། དེ་ཡང་མདོག་སྔོ་བའི་ཆུ་བོས་ཁྱེའུ་དང་བུ་མོ་དེ་དག་མགོ་ནག་རྡོག་རྡོག་ཆུས་ཁྱེར་ཏེ་ལག་པ་ཆུ་ཁར་ཡུད་ཙམ་ཡུད་ཙམ་འོང་བར་བྱས་ཏེ་ཁོ་བོ་ཐོན་ཅིག་ཟེར་བ་ལ་དེ་ལེན་པའི་ཆེད་དུ་འགྲོ་བར་སྙམ་པ་དང་ཆུའི་ཕ་རོལ་དུ་དགེ་འདུན་པའི་དཀོར་ནོར་ཡོད་པས་དེར་འགྲོ་སྙམ་པ་དང་། ཉ་སྲམ་སོགས་གསོད་པའི་ཕྱིར་དུ་དེར་འགྲོ་སྙམ་པས་ཕྱིན་པ་དང་ཐལ་ཚོན་གྱི་ཆུ་བོ་གཏིང་ཟབ་པས་རབ་མེད་པ་མེ་འབར་བ་དང་འདྲ་བའི་ཚ་ཞིང་བསྲེག་པར་བྱེད་པའི་ནང་དུ་བྱིང་བ་དག་རེས་རྦ་རླབས་གནམ་དུ་འཕྱུར་བས་ཡང་བཏེག་སྟེ་ཆུའི་གཏིང་དུ་རྡོ་གྲུ་གསུམ་རྣོན་པོའི་རྩེར་བརྒྱབ་པས་ལུས་དུམ་བུར་གཏོང་བ་དང་། ཉ་སྲམ་སོགས་ཀྱིས་ཟ་བར་བྱེད་ཅིང་ཆུའི་འགྲམ་ལ་སོགས་སུ་ཁྭ་ཏ་རྡོ་རྗེའི་མཆུ་ཅན་ལ་སོགས་པས་མིག་འབྲུ་ཞིང་ལྕེ་གཅོད་པ་དང་རྒྱུ་མ་འདྲལ་བ་ལ་སོགས་པ་དང་། ཆུ་ཚན་གྱིས་ཤ་ཀུན་ཚིག་ནས་ཞིག་པར་གྱུར་ཏེ་རུས་གོང་མེ་ཏོག་ཀུན་དའི་མདོག་ལྟར་དཀར་པོར་གྱུར་པ་ཆུ་རླབས་ཀྱིས་ཕྱིར་འཕང་བ་ལ་རླུང་གིས་བཏབ་པའི་མོད་ལ་སླར་མིར་གྱུར་ཏེ་སྔར་ལྟར་སྡུག་བསྔལ་དཔག་ཏུ་མེད་པ་ལ་སྤྱོད་པ་རྣམས་བདག་གི་དགེ་བའི་སྟོབས་ཀྱིས་དེ་ཐམས་ཅད་སྡུག་བསྔལ་དེ་དག་དང་བྲལ་ཏེ་ལྷ་ཡི་ལུས་ཕུན་སུམ་ཚོགས་པ་ཐོབ་ནས་ལྷ་ཡི་བུ་མོ་ལྟ་ན་སྡུག་པ་རྣམས་དང་ལྷན་ཅིག་ཏུ་ལྷའི་ཆུ་བོ་དལ་གྱིས་འབབ་པ་གསེར་དངུལ་གྱི་བྱེ་མ་བརྡལ་བ་མེ་ཏོག་སྣ་ཚོགས་པས་བརྒྱན་པར་ཕན་ཚུན་རྩེ་ཞིང་དགའ་བའི་ཁྲུས་ལ་སོགས་པས་དགའ་བདེའི་དཔལ་འབྱོར་ལ་གནས་པར་ཤོག་ཅིག་ཅེས་འདི་རྣམས་རང་སྟོབས་ཀྱིས་དམྱལ་བའི་སྡུག་བསྔལ་ཞི་བར་བསྔོ་ཞིང་སྨོན་པའོ། །བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱི་སྟོབས་ཀྱིས་དམྱལ་བའི་སྡུག་བསྔལ་ཞི་བར་བསྔོ་ཞིང་སྨོན་པ་སྔར་གསང་བའི་བདག་པོའི་དབང་ཞུས་ལྷ་སྒོམ་སྔགས་བཟླས་པ་ལ་སོགས་པ་བྱས་པའི་མཐུས་འདི་ལྟར་དམྱལ་བས་རྣམས་ཀྱིས་རྣམ་འཕྲུལ་ཕུན་སུམ་ཚོགས་པ་གློ་བུར་དུ་མཐོང་བ་ན་རྒྱུ་མཚན་ཅི་ཕྱིར་དམྱལ་བའི་གནས་འདིར་ནི་གཤིན་རྗེའི་མིའམ་ལས་མཁན་སྟག་གཟིག་སོགས་ཀྱི་མགོ་ཅན་རྣམས་དང་ཁྭ་ཏ་དང་བྱ་རྒོད་ལ་སོགས་པ་མི་བཟད་པའམ་མ་རུངས་པ་རྣམས་ཤིན་ཏུ་རྣམ་པར་སྐྲག་ནས་ཕྱོགས་ཕྱོགས་སུ་འབྱེར་བར་བྱེད་ཅིང་། ཤ་ཁྲག་རྐང་མར་ལ་སོགས་པ་བསྲེག་པའི་དུ་བ་ལ་སོགས་པས་ཀུན་ནས་དཀྲིགས་པས་རྐང་ལག་བརྐྱང་བསྐུམ་ཙམ་ཡང་མི་མཐོང་བས། མུན་པ་ཆེན་པོ་རྣམས་ཐུགས་རྗེའི་འོད་ཟེར་གྱིས་བསལ་ཏེ་ལུས་ལ་བདེ་བ་དང་སེམས་ལ་དགའ་བ་རྒྱ་ཆེན་པོ་སྐྱེད་པའི་མཐུ་བཟང་པོ་འདི་ཀོ་སྐྱེས་བུ་དམ་པ་སུ་ཡིས་མཐུ་ཡིན་ནམ་སྙམ་སྟེ་མིག་གྱེན་དུ་བལྟས་པས་ན་མདུན་གྱི་ནམ་མཁའི་དཀྱིལ་མེ་རི་མེ་དཔུང་སྣ་ཚོགས་པའི་དབུས་ན་བྱང་ཆུབ་སེམས་དཔའ་དཔལ་གསང་བའི་བདག་པོ་ཕྱག་ན་རྒྱལ་བ་ཐམས་ཅད་ཀྱི་དབང་བསྐུར་བའི་དབང་རྟགས་ཀྱི་རྡོ་རྗེ་བསྣམ་པ་འོད་དང་འོད་ཟེར་གྱི་གཟི་བརྗིད་འབར་བ་བཞུགས་པ་མངོན་སུམ་དུ་གསལ་བར་མཐོང་ནས་སྔར་སྐུ་བཞེངས་པ་དང་ཡིད་ཀྱིས་བསྒོམ་པ་དང་འཆི་ཁར་དབང་ཐོབ་པ་སོགས་ཀྱིས་ལྷ་དེ་ངོ་ཤེས་ཏེ་དེ་ལ་རབ་ཏུ་དགའ་ཞིང་དད་པ་ཁྱད་པར་ཅན་སྐྱེ་བའི་ཤུགས་ཀྱིས་སྔོན་གྱི་སྡིག་པའི་ལས་ངན་མཐའ་དག་དང་བྲལ་ནས་རྡོ་རྗེ་འཛིན་པ་དེ་དང་ལྷན་ཅིག་ཏུ་འགྲོགས་ཤིང་ལྕང་ལོ་ཅན་ལ་སོགས་པར་ཟག་པ་མེད་པའི་བདེ་བ་ཆེན་པོ་ལ་དུས་རྟག་ཏུ་ལོངས་སྤྱོད་པར་ཤོག་ཅིག་ཅེས་སོ། །ད་ལྟ་རང་རེས་རིགས་གསུམ་སེམས་དཔའ་ལ་སོགས་པའི་ཉེ་སྲས་བརྒྱད་ཀྱི་དབང་བསྐུར་ཞུས་ཤིང་ལྷག་པའི་ལྷར་ཡི་དམ་དུ་བཟུང་ཞིང་ལྷ་བསྒོམ་སྔགས་བཟླས་ཏེ་མཆོད་བསྟོད་ལ་བརྩོན་པར་བྱ་དགོས་སོ། །ལར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང་འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས་ལ་སོགས་པ་དམྱལ་བའི་སེམས་ཅན་རྣམས་ཀྱིས་མཇལ་ཞིང་མཐོང་ན་མི་དགའ་བའི་གང་ཟག་སུ་ཞིག་ཡོད། གལ་ཏེ་ཡོད་ན་འདྲེ་གདུག་པ་ཅན་དངོས་ཡིན། དེ་འདྲ་མིན་ན་དམྱལ་བའི་སྡུག་བསྔལ་ལ་བསམས་ན་དེར་ཉེ་སྲས་བརྒྱད་སོགས་བྱོན་པར་ཤོག་ཅིག་ཅེས་པའི་བསམ་པ་མི་སྐྱེ་བའི་ཐབས་ག་ལ་ཡོད། གལ་ཏེ་མི་སྐྱེན་བྱ་ཡི་སྒོ་ང་ལྟ་བུ་ཅི་ཡང་མི་ཤེས་པས་ཤིན་ཏུ་བླུན་པའམ་རྡོ་བ་ལྟར་སེམས་མེད་པ་དང་འདྲའོ་གསུངས། དེ་བཞིན་ཏུ་སྔར་སྤྱན་རས་གཟིགས་ཀྱི་དབང་ཞུས་ལྷ་བསྒོམ་སྔགས་བཟླས་པ་ལ་སོགས་པའི་མཐུས་སྔ་མ་བཞིན་ཏུ་ནམ་མཁའ་ལས་མེ་ཏོག་སྣ་ཚོགས་པའི་ཆར་པ་དྲི་ཞིམ་སྤོས་ཀྱི་ཆུ་བཟང་པོ་དང་འདྲེས་པ་འབབས་པ་ཡིས་དམྱལ་བའི་མེ་མདག་རབ་ཏུ་ཚ་བ་རྣམས་སྒྲ་ཆིལ་ཆིལ་དང་བཅས་པའི་སྒོ་ནས་འཕྲལ་དུ་གསོད་པ་མཐོང་བར་གྱུར་ནས་བདག་ཅག་རྣམས་གློ་བུར་དུ་སྔར་མ་མྱོང་བའི་བདེ་བས་ཚིམ་པ་འདི་ལྟ་བུ་ནི་ཅི་ཞིག་གི་མཐུ་ཡིན་ནམ་སྙམ་དུ་བསམ་ཏེ་གྱེན་དུ་བལྟས་པ་དང་མཉམ་དུ་སེམས་ཅན་དམྱལ་བ་རྣམས་ཀྱིས་པདྨའི་གདན་ལ་བཞུགས་པ་པདྨའི་རྒྱན་དང་ལྡན་པ་དང་། པདྨའི་སྤྱན་དང་འདྲ་བ་ཕྱག་ན་པདྨ་བསྣམས་པ་སྙིང་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་ཞལ་ནས་གསུང་མཆོག་གི་རྒྱལ་པོ་ཡི་གེ་དྲུག་མའི་སྒྲ་སྒྲོགས་པ་མངོན་སུམ་དུ་མཐོང་བར་གྱུར་བ་ན་སྔར་ལུས་ཀྱིས་སྐུ་བཞེངས་པ་དང་སེམས་ཀྱིས་སྐུ་བསྒོམ་པ་དང་། ངག་གིས་ཡི་གེ་དྲུག་མ་བཟླས་པ་དང་འཆི་ཁར་འདིའི་དབང་སྐུར་ཐོབ་པ་སོགས་ཀྱིས་ལྷ་ངོ་ཤེས་ཏེ་རབ་ཏུ་དགའ་ཞིང་དད་པའི་མཐུ་ཡིས་ལས་ངན་སྡིག་སྒྲིབ་ཐམས་ཅད་དག་ནས་འཕགས་པ་སྤྱན་རས་གཟིགས་དང་ལྷན་ཅིག་ཏུ་འགྲོགས་ཤིང་གནས་མཆོག་རི་བོ་ཏ་ལ་ལ་སོགས་པར་ཟག་པ་མེད་པའི་བདེ་བ་ཆེན་པོ་ལ་དུས་རྟག་ཏུ་སྤྱོད་པར་ཤོག་ཅིག །སྔར་འཇམས་པའི་དབྱངས་ཀྱི་དབང་ཞུས་ལྷ་བསྒོམ་སྔགས་བཟླས་པ་སོགས་ཀྱི་མཐུས་དམྱལ་བ་པ་རྣམས་ཀྱིས་རྗེ་བཙུན་འཇམ་པའི་དབྱངས་མཐོང་བ་དང་ཕན་ཚུན་སྡང་བའི་སེམས་དང་བྲལ་ནས་བྱམས་པའི་སེམས་ཀྱིས་གཅིག་གིས་གཅིག་ལ་སྦྲན་ཏེ། ཀྱེ་གྲོགས་པོ་དག་ད་ནི་དམྱལ་བའི་འཇིགས་པ་བོར་ལ་སྟེ་ད་ནི་འཇིགས་ཤིང་སྐྲག་མི་དགོས་པས་རིངས་པར་རིངས་པར་ཚུར་ཤོག་དང་འུ་བུའི་སྟེ་འུ་བུ་ཅག་མང་པོའི་ཐད་དུ་ནི་རྗེ་བཙུན་འཇམ་པའི་དབྱངས་བཞུགས་པ་གང་གི་མཐུ་ཡིས་ལུས་གཤགས་གཅད་ལ་སོགས་པའི་སྡུག་བསྔལ་ཀུན་དང་བྲལ་བས་བདེ་བ་དང་ལྡན་ཞིང་སེམས་ལ་རབ་ཏུ་དགའ་བའི་ཤུགས་ཕྱིན་པར་མཛད་ལ། ངན་སོང་ལ་སོགས་པའི་འགྲོ་བ་མ་ལུས་པ་ཀུན་སྡུག་བསྔལ་མཐའ་དག་ལས་སྒོ་དུ་མ་ནས་ཡོངས་སུ་སྐྱོབས་པར་མཛད་པའི་བྱང་ཆུབ་སེམས་དཔའ་དམིགས་པ་མེད་པའི་པའི་བརྩེ་བ་སྙིང་རྗེ་ཆེན་པོ་ཐུགས་རྒྱུད་ལ་སྐྱེས་པར་གྱུར་པ་ཡི་འཇམ་དཔལ་གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་དང་རལ་བའི་ཟུར་ཕུད་ལྔ་དང་ལྡན་པ་ཅན་ཞེས་དབུ་སྐྲ་ཐོར་ཅོག་མཛད་པར་སྐྲ་ཆིང་གིས་དབུ་སྐྲ་སྟེང་འོག་གཉིས་ནས་བཅིང་བའི་འབུར་སྟེང་འོག་གཉིས་ཀྱི་གཡས་གཡོན་བཞི་སྟེང་དང་ལྡན་རིན་པོ་ཆེའི་ཏོག་གིས་བརྒྱན་པ་མཚན་དང་དཔེ་བྱད་ཀྱི་གཟི་བྱེན་འོད་ཟེར་རབ་ཏུ་འབར་ཞིང་དམྱལ་བའི་འཇིགས་པ་མེད་པར་བྱེད་པ་གང་སུ་ཞིག་འཇམ་པའི་དབྱངས་དེ་འདིར་ཕྱིན་པས་ན། སེམས་ཅན་དམྱལ་བ་པ་ཁྱོད་རྣམས་ཀྱིས་ལྟོས་དང་། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷ་བརྒྱའི་སྟེ་ལྷ་བརྒྱ་ཕྲག་མང་པོས་སྤྱི་བོའི་ཅོད་པན་དག་གིས་ཞབས་རྟེན་གྱི་པདྨོ་ལ་གུས་པས་རྒྱུན་མི་འཆད་པར་བཏུད་དེ་མཆོད་པ་སྣ་ཚོགས་བྱེད་ཅིང་། ཞེས་སམ་ཡང་ན། འདིར་ཕྱིན་པ་ཁྱོད་ཀྱི་ཞབས་ཀྱི་པདྨོ་ལ་ལྷ་བརྒྱའི་ཅོད་པན་དག་གིས་མཆོད་པར་བྱེད་ཅིང་ཞེས་སོ། །སྡུག་བསྔལ་དང་ལྡན་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་ཏེ་ཐུགས་བརྩེ་བ་ཆེན་པོའི་ཤུགས་ཀྱིས་སྤྱན་ཆབ་བྱུང་བས་བརླན་པར་གྱུར་པའི་སྤྱན་མཛེས་པ་དང་ལྡན་པའི་དབུ་ལ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ངོ་མཚར་བའི་བསྟོད་བསྔགས་དང་བཅས་པས་མེ་ཏོག་དུ་མའི་ཚོགས་ཀྱི་ཆར་ཆེན་པོ་འབའ་པར་གྱུར་པ་གཞལ་མེད་ཁང་བརྩེགས་པ་ཡིད་དུ་འོང་བ་དུ་མའི་ནང་ན་ལྷ་ཡི་བུ་མོ་སྟོང་ཕྲག་མང་པོས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་བསྟོད་པའི་དབྱངས་སྙན་པ་སྒྲོགས་པ་དང་ལྡན་པ་འདི་ལ་ལྟོས་ཞེས་ལྟོས་ཤིག་ཅེས་ཕན་ཚུན་བསྐུལ་བའི་མོད་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་དེ་འདྲ་བ་མངོན་སུམ་དུ་མཐོང་ནས་ད་ནི་སེམས་ཅན་དམྱལ་བ་པ་རྣམས་ཤིན་ཏུ་དགའ་ཞིང་སྤྲོ་བའི་ཤུགས་ཀྱིས་ཅ་ཅོ་སྣ་ཚོགས་འདོན་ཞིང་དེ་དང་ལྷན་ཅིག་ཏུ་ཟག་མེད་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པར་ཤོག་ཅིག །དེ་ལྟར་གཞུང་འདི་ཉིད་འཆད་ཉན་ལ་སོགས་པའི་བདག་གི་དགེ་རྩས་ཏེ་དགེ་བའི་རྩ་བ་ལ་བརྟེན་ནས་ཀུན་ཏུ་བཟང་པོ་ལ་སོགས་ཏེ་ནམ་སྙིང་བྱམས་པ་ས་སྙིང་སྒྲིབ་སེལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞལ་མཇལ་ཞིང་གསུང་ཐོས་པ་ལ་སྒྲིབ་པའི་ཉེས་པ་མེད་ཅིང་ཞེས་པའམ་ཡང་ན་བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པ་ཞེས་སྒྲིབ་པ་རྣམ་སེལ་ལ་སོགས་པའི་ཐུགས་བསྐྱེད་སྨོན་ལམ་རྫུ་འཕྲུལ་གྱིས་ནམ་མཁར་སྤྲིན་གྱི་ཚོགས་འཁྲིགས་པ་ལས་ལུས་ལ་བདེ་བ་བསྐྱེད་པ་དང་། བསིལ་ཞིང་དྲི་ཞིམ་པོའི་ངད་དང་ལྡན་པའི་ཆར་པ་འབེབས་པ་མཐོང་ནས་སེམས་ཅན་ཚ་དམྱལ་བ་དེ་དག་མངོན་མཐོ་དང་ངེས་པར་ལེགས་པའི་དགའ་བདེ་རྒྱ་ཆེན་པོ་མྱུར་དུ་ཐོབ་པར་གྱུར་ཅིག །དུད་འགྲོར་སྐྱེ་བའི་རྒྱུ་ཆོས་འཆད་ཉན་ལ་མི་དགའ་ཞིང་རྒྱབ་སྟོན་ཅིང་འཕྱ་བ་ལ་སོགས་པའི་འབྲས་བུ་དུད་འགྲོ་ལ་བྱིང་ན་གནས་པ་དང་། ཁ་འཐོར་བ་གཉིས་ལས། དང་པོ་ནི། རྒྱ་མཚོ་ཆེན་པོའི་ནང་ན་ཆུ་སྲིན་ཉ་མིད་དང་ཉ་མིད་ཆེན་པོ་ལ་སོགས་པ་ཆེ་བ་རི་རབ་ཙམ་ལས་ཆུང་བ་སྐྲ་རྩེ་ཙམ་གྱིས་ཆེ་ཆུང་མང་པོ་ཆང་འགག་གི་སྤང་མ་བཞིན་དུ་གང་བ་བླུན་ཞིང་རྨོངས་པ་ཆེ་ཆེ་རེ་རེས་ཆུང་ཆུང་མང་པོ་ཁྱུར་མིད་བྱེད་ཅིང་ཆུང་ཆུང་མང་པོས་ཆེ་ཆེ་རེ་རེ་ཐལ་མར་དུ་འབིགས་ཏེ་ཟ་ཞིང་ལུས་ལ་ཚང་བཅའ་བ་ལ་སོགས་པ་དང་ཀླུ་ལ་བྱེ་ཚན་གྱི་ཚར་པ་འབབས་པ་དང་མཁའ་ལྡིང་གིས་ཟ་བ་ལ་སོགས་པའི་སྡུག་བསྔལ་རྒྱ་ཆེན་པོ་རྒྱུན་མི་འཆད་པར་མྱོང་བ་དང་། ལྷ་མིའི་གནས་ན་ཡོད་པའི་ཁ་འཐོར་བ་ལ་མིའི་བདག་ཏུ་མ་བཟུང་བ་རི་དྭགས་བྱ་དང་གཅན་གཟན་ལ་སོགས་པའང་། ཁྲ་བྱིས་ཐུབ་ཀྱིས་བྱེའུ་དང་བྱེའུ་སྤྲང་བུ་ཐུབ་པ་རྣམས་ཀྱིས་སྦྲང་བུ་ལ་སོགས་པ་གཅིག་གིས་གཅིག་གསོད་ཅིང་ཟ་བ་དང་། ཤ་པགས་རུས་པ་སོགས་ཀྱི་ཆེད་དུ་མེ་མདའ་དང་རྒྱ་དང་སྙི་ལ་སོགས་པས་དབང་མེད་དུ་གསོད་ཅིང་རྟག་ཏུ་འཇིགས་སྐྲགས་ཀྱིས་མནར་བ་དང་། མིས་བདག་ཏུ་བཟུང་བ་རྟ་ཁལ་ལ་སོགས་པའང་བཞོན་བཞོ་བ། ཁལ་འགེལ་པ་ཞོན་ཏེ་འགྲོ་བ་དང་བྱ་གཅོད་པ་སྣ་འབིགས་པ་དང་བཀོལ་ཞིང་སྤྱོད་པ་ལ་སོགས་པའི་སྡུག་བསྔལ་གྱིས་རྒྱུན་དུ་མནར་ཞིང་ཚེ་ཚད་ཀྱང་། མདོ་ཉི་མའི་སྙིང་པོར་ཚེ་ཐུང་བ་ཡུད་ཙམ་དང་། རིང་བ་བསྐལ་བའི་བར་དུ་མྱོང་བར་གསུངས་པའི་དུད་འགྲོ་རྣམས་ནི་བླང་དོར་ལ་ཤིན་ཏུ་བླུན་ཞིང་རྨོངས་པས་དམ་པའི་ཆོས་ཀྱི་སྣང་བའི་སྐལ་པ་མེད་ཅིང་ཕན་ཚུན་གཅིག་ལ་གཅིག་གིས་གསོད་ཅིང་ཟ་བ་ལ་སོགས་པའི་སྡུག་བསྔལ་གྱི་འཇིགས་པ་ཆེན་པོ་རྣམས་དང་དུས་རྟག་ཏུ་བྲལ་བར་གྱུར་ཅིག་ཅེས་སོགས་དང་དེ་དག་གིས་ཆོས་ལྡན་གྱི་མི་ལུས་ཐོབ་ནས་སྐྱེས་སྦྱང་གི་ཤེས་རབ་ཕུན་སུམ་ཚོགས་པས་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་དགའ་ཞིང་སྤྲོ་བས་འཇུག་པའི་སྐལ་བ་བཟང་པོ་དང་ལྡན་པའི་གནས་སྐབས་མཐོ་རིས་དང་མཐར་ཐུག་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག །ཅེས་གོང་བཞིན་དུ་སྨོན་འདུན་དམ་བཅའ་གསོལ་འདེབས་དང་འབྲེལ་བར་བསམ་ཞིང་ངག་གིས་བརྗོད་པར་བྱའོ། །རྒྱུ་གཞན་གྱི་ཟས་ནོར་ལ་རློམས་སེམས་དང་རང་གི་ཟས་ནོར་ལ་སེར་སྣ་བྱེད་པ་ལ་སོགས་པའི་འབྲས་བུ་རིམ་པར་ཕྱི་ནང་གི་སྒྲིབ་པ་ཅན་སོགས་ཀྱི་ཡི་དྭགས་ཏེ་དེ་ཡང་ལུས་ཀྱི་ཚད་ཉི་མའི་སྙིང་པོར་ཆུང་བ་མཐོ་གང་དང་ཆེ་བ་དཔག་ཚད་སྟོང་གི་བར་ཡོད་པར་གསུངས་ལ། གནས་ལ་བྱིང་ན་གནས་པ་དང་། མཁའ་ལ་རྒྱུ་བ་གཉིས་ལས། དང་པོ་རྒྱལ་པོའི་ཁབ་ཀྱི་དཔག་ཚད་ལྔ་བརྒྱའི་འོག་རྩ་བའི་གནས་དང་འཕྲོས་པའི་གནས་རྒྱ་མཚོའི་ཆུ་འགྲམ་དང་མི་ཡི་ཡུལ་ལ་སོགས་པ་ན་ཡོད་ཅིང་སྡུག་བསྔལ་གྱི་ཁྱད་པར་ལོ་སྟོང་ཕྲག་མང་པོའི་བར་དུ་ཐ་ན་ཆུ་ཙམ་གྱི་མིང་ཡང་མི་གྲགས་པས་བཀྲེས་པ་དང་། སྐོམ་པས་ཉམས་ཐག་པས་ཤ་པག་ཁྲག་རྣམས་སྐམ་ནས་ལུས་རིད་ཅིང་མི་སྡུག་པའི་མཚན་མ་མང་པོ་དང་ལྡན་པ་སྡོང་དུམ་མེས་ཚིག་པ་ལྟ་བུ་ཁ་ནས་མེད་མ་སྦྱིན་ལ་སོགས་པའི་མི་སྙན་པའི་སྒྲ་མང་པོ་སྒྲོགས་པ་ཟས་སྐོམ་གྱི་ཆེད་དུ་འགྲོ་བ་ན་ལུས་ཆེ་བ་ཡན་ལག་ཤིན་ཏུ་ཕྲ་བས་མི་ཐེག་པར་ལྷུ་ཚིགས་འཁྲོལ་བས་དུ་བ་འཕྱུར་ཞིང་མེ་འབར་བ་དང་བྱ་ཁྱི་སོགས་ཀྱིས་འཚེ་བ་དང་རྡོ་བསྲེག་དང་བྱེ་ཚན་གྱི་ཆར་སོགས་ཀྱིས་མནར་ཞིང་རྒྱང་རིང་པོར་ཆུ་ཀླུང་མཐོང་བས་ཐང་ཆད་ཆད་དུ་སོང་བ་ན་མཚོན་ཆ་ཐོགས་པའི་སྲུང་མས་དེད་པ་དང་མ་བསྲུང་ཀྱང་ཆུ་ཐིག་ཙམ་ཡང་མེད་པར་སྐམས་ནས་གྲམ་པ་སྐྱ་ཐལ་ལེར་གྱུར་བ་ཆུ་ཀླུང་ཕྱིན་ཅི་ལོག་དང་། དེ་བཞིན་དུ་ལྗོན་ཤིང་ཕྱིན་ཅི་ལོག་དང་། བཟའ་བཏུང་ཕྱིན་ཅི་ལོག་དང་། ཉི་ཟླ་དུས་ཚིགས་ཕྱིན་ཅི་ལོག་ཏུ་གྱུར་བ་ཕྱིའི་སྒྲིབ་པ་ཅན་དང་། གལ་ཏེ་ཟས་སྐོམ་ཅུང་ཟད་རེ་རྙེད་ཀྱང་ཁ་ཁབ་མིག་ལྟར་དོག་པ་དང་། མགྲིན་པ་རྟ་རྔ་ལྟར་ཕྲ་བས་མི་ཆུད་པ་དང་ཅུང་ཟད་ཆུད་ཀྱང་ལྟོ་བ་ཡུལ་ལྗོངས་ལྟར་ཡངས་བ་མི་ཁེངས་པ་དང་། ལྟོ་བ་དེ་ཙམ་ལྟོ་བར་སོང་ཡང་དེ་ལ་མེ་འབར་བས་གློ་སྙིང་སོགས་ནང་ཁྲོལ་ཐམས་ཅད་བསྲེག་པས་སྡུག་བསྔལ་བ་ནང་གི་སྒྲིབ་པ་ཅན་དང་། སྒོས་ཁུར་གྱི་སྒྲིབ་པ་ཅན་ནི་ཡི་དྭགས་རེ་རེའི་ལུས་ལ་གཞན་མང་པོས་ཚང་བཅས་ནས་ཟ་བར་བྱེད་པ་ལ་སོགས་པ་དང་སློབ་དཔོན་ཇོ་ཏ་རི་དང་གྲོ་བཞིན་སྐྱེས་ཡི་དྭགས་ཀྱི་ཡུལ་དུ་བྱོན་པས་སྡུག་བསྔལ་པའི་ཡི་དྭགས་རྣམ་པ་མི་འདྲ་བ་མང་པོ་གཟིགས་པའི་ལོ་རྒྱུས་སོགས་དང་། ཕན་ཚུན་འཛིང་འཐབ་བྱས་ཏེ་ལུས་ལ་རྨ་བྱུང་བའི་རྣག་ཁྲག་གིས་རང་གཞན་གྱི་ཁ་ཟས་བྱེད་པ་རྣམས་སོ། །ཚེ་ཚད་ཀྱང་མིའི་ཟླ་བ་ལ་ཉིན་ཞག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ལ་སོགས་པ་ཐུབ་པར་མཛོད་ལས་གསུངས་སོ། །ཡི་དྭགས་མཚུན་ལྷས་དུར་ཁྲོད་དུ་རོ་བསྲེག་བརྡུང་བྱས་ཤུལ་དུ་བསྣམས་པས་མི་དེའི་ཚེ་དེའི་སྤྱོད་ལམ་ཐམས་ཅད་ཤེས་ནས་དེ་དང་དེ་ཡིན་ནོ་ཞེས་ཤི་བོར་བརྫུ་བར་བྱེད་པ་ཡང་ཡོད་དོ། །ཚེ་ཕོས་པ་ཇི་ལྟར་འགྱུར་བ་ཞུས་པའི་མདོ་ལས་ཀྱང་། སྟོན་པ་སེར་སྐྱའི་གྲོང་དུ་གཤེགས་པའི་ཚེ། ཤཱཀྱ་དགའ་སྐྱེས་ཞེས་བྱ་བ་དར་ལ་བབ་པ། གཉེན་བཤེས་རྣམས་ཀྱིས་གཅེས་ཤིང་མི་མང་པོའི་བཀུར་བ་ཞིག་ཡོད་པ་ཚེ་འཕོས་ནས་སྐྱེ་བོ་རྣམས་མྱ་ངན་གྱིས་ནོན་པར་གྱུར་བ་ན། བཅོམ་ལྡན་འདས་ལ་ཡབ་རྒྱལ་པོ་ཟས་གཙང་མས་སེམས་ཅན་རྣམས་ཚེ་འཕོས་པ་ཇི་ལྟར་འགྱུར་བའི་དོན་རྣམས་རྒྱ་ཆེར་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་འགྲོ་བ་རྣམས་ནི་ཤི་འཕོས་ནས་ལས་དགེ་བ་དང་མི་དགེ་བའི་དབང་གིས་མཐོ་རིས་དང་ངན་སོང་ལ་སོགས་པའི་རིས་ཐ་དད་པར་སྐྱེ་བར་འགྱུར་གྱི། གང་དག་ལྷ་རྣམས་ལྷར་སྐྱེ་བ་དང་མི་རྣམས་མིར་སྐྱེ་བ་ལྟ་བུ་མ་ཡིན་པ་དང་སོགས་ནས། གང་དག་ཚེ་འཕོས་པ་དེའི་ཆ་ལུགས་ལྟར་སྣང་བ་སོགས་ནི་བར་སྣང་གི་ཁམས་ལ་དྲི་ཟའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་མཆིས་པ་ལས་དྲི་ཟ་འཆི་ཁ་མའི་སེམས་ལ་ཉེ་བར་འཇུག་པ་ཞེས་བྱ་བའི་རིགས་རྣམས་དྲི་ཟའི་ཟས་བཙལ་བའི་ཕྱིར་ལུས་དང་གོས་རྒྱན་ཆ་ལུགས་སོགས་དེ་ལྟ་བུར་སྤྲུལ་པ་སོགས་ཀྱང་ཡོད། དེ་ལས་གཞན་པའི་གནོད་སྦྱིན་དང་ཤ་ཟ་དང་འབྱུང་པོ་ལ་སོགས་པས་ཤུལ་གྱི་ཉེ་དུ་སོགས་བསླུ་བའི་ཕྱིར་དེ་ལྟར་སྤྲུལ་ནས་སྟོན་པའང་ཡོད། རྨི་ལམ་སོགས་སུ་སྔར་ཡུན་རིང་པོར་ལྷན་ཅིག་ཏུ་གནས་པའི་བག་ཆགས་བརྡས་པས་དེ་ལྟར་རྨི་བའམ་ཡོད་ཀྱི། གཤིན་པོ་དངོས་ནི་ལས་ཀྱི་དབང་གིས་གང་དུ་འགྲོ་བ་དེར་སྐྱེ་བར་འགྱུར་བ་ལས་དེ་ལྟར་འོང་མི་སྲིད་པ་དང་། ཤུལ་མི་རྣམས་ཀྱིས་བཟའ་བཏུང་གོས་རྒྱན་སོགས་ཚེ་འདས་ཀྱི་ཕྱིར་བཏང་བ་ནི་སྡིག་དང་མ་འདྲེས་པའི་བསོད་ནམས་ཀྱི་ལས་དེས་དེ་ལ་ཕན་འདོགས་པར་བྱེད་པ་སྟེ། དེ་སྐྱེ་བ་བླངས་མ་ཟིན་ན་མཐོ་རིས་དང་ཐར་བར་ཡང་སྐྱེ་བ་ལེན་པར་བྱེད་ལ། གལ་ཏེ་སྐྱེ་བ་བླངས་ཟིན་པ་རྣམས་ལའང་དེར་ནོར་རྙེད་པ་དང་ཀུན་གྱིས་བཀུར་བ་སོགས་ཀྱི་ཕན་པ་ཡོད་ཀྱི། དེ་ཉིད་སྐྱེ་བ་མི་ལེན་པར་གཤིན་གྱི་འཇིག་རྟེན་དུ་ཡོད་ནས་བཟའ་བཏུང་སོགས་ལ་ལོངས་སྤྱོད་པ་མིན་པ་དང་། ཁ་གཅིག་གཟུགས་སྟོན་པ་དང་དེ་དང་དེས་ཕན་ཐོགས་མ་ཐོགས་སོགས་དན་རྟགས་ཀྱི་གཏམ་སྨྲ་བ་ནི་འ ཆི་འཕོ་བ་ཐམས་ཅད་ཀྱི་སེམས་ལ་ཁྱབ་པར་བྱེད་པའི་རིགས་དྲི་ཟ་བི་ཙ་ན་དང་། གནོད་སྦྱིན་སྨྲ་འདོད་ཀྱི་རིགས་དང་། འབྱུང་པོ་སར་ཧི་ནི་ཏ་ཀུན་ཏུ་རྟོག་འདོད་ཅེས་བྱ་བ་དག་གིས་བསྒྲུབས་ནས་མི་མ་ཡིན་པ་དེ་དག་གིས་ཤི་བ་དེས་སྔོན་ཇི་ལྟར་གཏམ་བྱས་པ་དང་། ཆ་ལུགས་ཀྱི་དན་རྟགས་དག་འཇིག་རྟེན་པ་དག་བསླུ་བའི་ཕྱིར་སྟོན་ཅིང་སྨྲ་བ་དག་ཡིན་པར་བཀའ་བསྩལ་བ་ན། ལྷས་སྦྱིན་སོགས་ཁ་ཅིག་ཐེ་ཚོམ་དུ་གྱུར་ནས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཡིན་མིན་རྟོགས་ཕྱིར། ལྷས་སྦྱིན་གྱིས་འཛམ་གླིང་གི་ཤིང་རིགས་ཙན་དན་དང་སྨག་ཤ་དང་སེང་ལྡེང་ལ་སོགས་པ་བརྒྱ་སྟོང་མང་པོ་བཅད་ནས་བསྲེག་པའི་ཐལ་བ་རྣམས་སོ་སོར་མི་ནོར་བའི་མཚན་མ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁྱེར་བ་ན། བཅོམ་ལྡན་འདས་ཀྱིས་དེ་དག་རིམ་པར་འདི་ནི་ཙན་དན་གྱི་ཐལ་བའོ་ཞེས་སོགས་སོ་སོར་མ་འདྲེས་པར་གསུངས་པས། ལྷས་སྦྱིན་བཅོམ་ལྡན་འདས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བར་ཡིད་ཆེས་པར་འགྱུར་ཏེ། ཚེ་འཕོས་པ་ཇི་ལྟར་འགྱུར་བར་གསུངས་པ་ངེས་སོ་སྙམ་ནས། བཅོམ་ལྡན་འདས་ནི་ཀུན་མཁྱེན་ལགས། །ཤིང་མང་ཐལ་བའི་བྱེ་བྲག་རྣམས། །མ་གཟིགས་མ་གསན་ངེས་པར་མཁྱེན། །ཚེ་འཕོས་ཅི་འགྱུར་གསུངས་པར་ངེས། །ཞེས་བསྟོད་དོ། །དེ་བཞིན་ཏུ་ཤཱཀྱ་མིང་ཅན་གྱིས་སེར་སྐྱའི་གྲོང་ཁྱེར་ཆེན་པོར་སོང་སྟེ། ཁྱིམ་ཇི་སྙེད་པ་ལས་འབྲས་ཀྱི་ཕུ་བ་མ་རེ་རེ་སོ་སོར་མི་ནོར་བའི་མིང་བྱང་བཅུག་ནས་ཐུམ་བོར་བཅིངས་པ་གླང་པོའི་ཆེའི་རྒྱབ་ཁལ་ལང་བ་ཁྱེར་ཏེ་སྤྱན་སྔར་ཕྱིན་པའང་སོ་སོར་མ་ནོར་བར་མཁྱེན་ནས་གསུངས་པས་ཡིད་ཆེས་ཏེ་དེས་ཀྱང་། སངས་རྒྱས་སྤྱན་གྱིས་ཐམས་ཅད་གཟིགས། །འཇིག་རྟེན་པ་ལྟར་བརྫུན་མི་མངའ། །ཤཱཀྱའི་གྲོང་ཁྱེར་ཇི་སྙེད་པའི། །འབྲོས་ཀྱི་ཕུབ་མ་མ་ནོར་མཁྱེན། །སེམས་ཅན་ཚེ་འཕོས་ཕ་རོལ་ན། །ཇི་ལྟར་སྣང་བ་འཇིག་རྟེན་བརྫུན། །བཅོམ་ལྡན་འདས་ཀྱིས་གསུངས་པ་བདེན། །ཀུན་གཟིགས་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པར་བྱས་སོ། །གཞན་ཡང་། ༀ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་མ་ནཿས་མནྟ་སྤ་ར་ཎ་ར་སྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲཱྀ་ད་ཡ་ཛྭ་ལ་ན་ཧཱུྃ་ཞེས་པ་འབབ་ཆུའམ་མཚོ་འགྲམ་དུ་ལག་གཡས་པའི་ཁྱོར་བར་ཆུ་བླུགས་ལ་ཡེ་ཤེས་སྐར་མདའི་སྙིང་པོ་འདི་ལན་བདུན་བཟླས་ཏེ་ཆུ་ཁྱོད་བ་བདུན་སླར་ཆུར་བླུགས་ན་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་ཡི་དྭགས་ཇི་སྙེད་ཡོད་པ་དེ་དག་གིས་ལྷའི་ཞལ་ཟས་ཀྱི་རོ་དང་བཏུང་བའི་རོ་མཆོག་དང་ལྡན་པ་ཐོབ་ཅིང་ཡི་དྭགས་རེ་རེ་ལའང་ཁ་ཟས་དང་བཏུང་བ་ཡུལ་མ་གྷ་དྷའི་བྲེ་བདུན་བདུན་གྱིས་ཚིམ་པར་བྱས་པར་འགྱུར་ཞིང་། ཆུ་དེ་འཐུང་བ་ཙམ་གྱིས་དེ་ཐམས་ཅད་ཡི་དྭགས་ཀྱི་སྐྱེ་གནས་ལས་ཐར་ཅིང་བདེ་འགྲོ་མཐོ་རིས་ཀྱི་སྐྱེ་གནས་སུ་སྐྱེས་པར་འགྱུར་རོ། །སྐྱེས་པ་དང་བུད་མེད་བུ་དང་བུ་མོ་གཞན་ཡང་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་ཡི་དྭགས་སམ་བྱའམ། ཆུ་གནས་ལ་སོགས་པ་གང་གིས་ཆུ་དེ་འཐུང་བ་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་བདེ་འགྲོའི་ལམ་དུ་འགྲོ་བར་འགྱུར་རོ་ཞེས་དང་། བཟའ་བཏུང་གང་ཡང་ཆོས་ཀྱི་སྦྱིན་པ་ཚིག་བཞི་རེ་བཏོན་ཏེ་ཡི་དྭགས་རྣམས་ཀྱིས་ཐོབ་པར་བསྔོས་པས་ཟས་ཀྱི་གོ་ཆོད་པར་མདོ་ལས་གསུངས་པས་ན་དེ་བཞིན་གཤེགས་པའི་གསུང་བསླུ་བ་མེད་པ་ལ་ཡིད་ཆེས་ཀྱི་དད་པས་ལག་ལེན་ལ་ཐེབ་པར་བྱའོ། །གཞན་ཡང་ཡི་དྭགས་གཏོར་མ་ཟ་བ་འཁུ་ལྡོག་ཅན་ཞེས་སྙིགས་དུས་འདིར་དཀྱིལ་འཁོར་གཉན་པོའི་མདུན་དུ་བསད་ཤའི་དམར་མཆོད་བྱས་པས་ལྷ་ཡེ་ཤེས་པ་རྣམས་གཏན་ནས་དེར་མི་ཉེ་ཞིང་། དེར་ཤ་ཁྲག་ལ་དགའ་བའི་མཁའ་རྒྱུའི་ཡི་དྭགས་རྣམས་སྒྲུབ་པ་པོ་ལ་འཁོར་ནས་ཕན་ཚུན་གཅིག་གྲོགས་གཅིག་གིས་བྱས་པས་དེ་དག་གི་མཐུས་སྒྲུབ་པ་པོ་ལ་ལྷ་མཐོང་འདྲེ་མཐོང་མངོན་ཤེས་ལུང་བསྟན་ཕྲན་བུ་དང་འདྲེ་འདུལ་དང་ངག་ནུས་ཅུང་ཟད་རེ་ཡོད་པར་གྱུར་ནས་ཕ་མགོ་བུས་གཡོག་བུ་མགོ་དགྲས་གཡོག་པ་བཞིན་ལྷ་འདྲེས་མགོ་གཡོག་སྟེ་རེ་ཞིག་འཕྲལ་རྐྱེན་ཕྲན་བུ་རེ་སེལ་ཞིང་མཐུན་རྐྱེན་ཕྲན་བུ་རེ་སྒྲུབ་པའི་སྡོང་གྲོགས་ཅུང་ཟད་རེ་འཕྲལ་དུ་བྱེད་ནུས་ན་ཡང་། ཅུང་ཟད་ཙམ་གྱིས་འཁུ་ལྡོག་འབྱུང་ཞིང་རང་གཞན་ལ་གནོད་ཚབ་ཆེ་བ་དང་ཕུགས་སུ་ཡོན་བདག་མཆོད་གཉིས་ཀར་ཁ་མི་དགེ་ཞིང་བཀྲ་མི་ཤིས་པས་འདི་ཕྱི་གཉིས་ཕུང་དུ་འགྱུར་བའི་མཁའ་རྒྱུའི་ཡི་དྭགས་རྣམས་ལ་བསླུ་བ་མེད་པའི་དཀོན་མཆོག་གསུམ་ལས་ཀྱང་བློ་སྙིང་བྲང་གསུམ་གཏན་ནས། མཆོད་ཅིང་བསྟོད་དེ་ལྷ་རུ་བསྟེན་པ་འདི། །ཡི་དྭགས་ལྷ་རུ་མཐོང་བའི་དུས། །བོད་སྡུག་པའི་དུས་ལ་བབ་པ་ཡིན། །ཞེས་གསུངས་པའི་བདེན་པའི་ལུང་བསྟན་ཐོག་ཏུ་བབ་པ་ཡིན་ནོ། །དེ་ལྟར་མཁའ་ལ་རྒྱུ་བའི་བཙན་དང་རྒྱལ་པོ་ཤི་འདྲེ་ལ་སོགས་པ་ནི་དུས་རྟག་ཏུ་གཞན་ལ་བསམ་པ་ངན་ཞིང་སྦྱོར་བ་རྩུབ་པས་ཤི་འཕོས་མ་ཐག་དམྱལ་བ་ལ་སོགས་པའི་ངན་སོང་དུ་ལྷུང་བ་མང་ངོ་། །ཞག་བདུན་རེའི་མཚམས་སུ་རང་ཉིད་སྔར་མཚོན་སོགས་གང་གིས་ཤི་བའི་རྐྱེན་དེས་ཡང་འཆི་བར་འགྱུར་བའི་སྡུག་བསྔལ་མྱོང་ཞིང་སླར་སྐད་ཅིག་གིས་སྐྱེ་བས་ཡང་འཆི་ཡང་སྐྱེ་ལ་སོགས་པའི་སྡུག་བསྔལ་དེ་གཞན་ལ་སྤོ་བར་འདོད་པས་གང་དུ་ཕྱིན་པ་དེར་གནོད་ཅིང་རང་ལ་ཅི་ཡང་མི་ཕན་པ་དང་། སྔོན་གྱི་རང་གི་མཛའ་བཤེས་སོགས་ཀྱི་དྲུང་དུ་དགའ་ནས་ཕྱིན་ཚེ་དེ་དག་ལ་གློ་བུར་དུ་ནད་དང་སྨྱོ་འབོག་ལ་སོགས་པ་མི་འདོད་པ་སྣ་དགུ་འབྱུང་བ་དང་། གཞན་ནུས་མཐུ་ཅན་གྱིས་མནན་བསྲེགས་འཕང་གསུམ་བྱས་པས། ས་འོག་མུན་པའི་གནས་སུ་བསྐལ་པའི་བར་དུ་མནན་པ་དང་། སྦྱིན་སྲེག་གི་མེས་བསྲེག་པ་དང་། ཡུངས་ཀར་སོགས་ཀྱི་བྲབས་པས་ལུས་དུམ་བུ་སྟོང་དུ་འགྲོ་བ་ལ་སོགས་པ་དང་དུས་ཚིགས་དང་ཉི་ཟླ་ཕྱིན་ཅི་ལོག་སོགས་ཡི་དྭགས་སྤྱི་དང་མཐུན་པར་འཆར་རོ། །དེ་ལྟར་བསམས་ནས་འདྲེ་གདོན་རྣམས་ལ་ཡང་། གནོད་བྱ་གནོད་བྱེད་རྒྱུ་འབྲས་ལས་ཀྱི་འབྲེལ། ཞེས་པ་ལྟར་བསམ་ནས་ཡོན་བདག་དང་འདྲེ་གདོན་གཉིས་ལས་ངན་གྱིས་འབྲེལ་པ་ལ་ཆགས་སྡང་མེད་པར་སྙིང་རྗེ་བསྒོམ་པའི་ཡུལ་དུ་མཉམ་པར་བལྟས་ནས་ནད་པ་སོགས་ལ་ཕན་ཕྱིར་འདྲེ་གདོན་ཨར་ལ་གཏད་པའི་དྲག་ལས་སྤངས་ཏེ་བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱིས་སེམས་བསྒོམ་པ་ནི་འཕྲལ་ཕུག་གཉིས་ཀར་ཕན་པའི་མན་ངག་དམ་པའོ། །དེ་ལྟར་ཕྱི་ནང་སྒོས་ཁུར་མཚུན་ལྷ་མཁའ་རྒྱུ་སོགས་ཡི་དྭགས་ཀྱི་སྡེ་ཚན་སུམ་ཅུ་རྩ་དྲུག་ཏུ་སྐྱེ་བའི་སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་དང་བྲལ་ནས་དཔེར་ན་བྱང་སྒྲ་མི་སྙན་པའི་མི་རྣམས་ནི་སྐྱེས་པ་དང་མཉམ་དུ་དཔག་བསམ་གྱི་ཤིང་རེ་འབྱུང་ཞིང་སུས་ཀྱང་བདག་གིར་མ་བཟུང་ཞིང་མ་རྨོས་པའི་ལོ་ཐོག་དང་དཔག་བསམ་གྱི་ཤིང་དེ་ལས་ཟས་གོས་ལ་སོགས་པ་གང་འདོད་འབྱུང་བས་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་དང་རྒྱུད་འཇམ་ཞིང་རང་བཞིན་གྱིས་དགེ་བ་ཅན། མི་དགེ་བ་བཅུ་མི་སྤྱོད་པ་བཞིན་དུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་གནས་པའི་ཡི་དྭགས་རྣམས་ནི་བཟའ་བཏུང་གོས་རྒྱན་ལ་སོགས་འདོད་པའི་ཡོན་ཏན་ཐམས་ཅད་ལ་ལོངས་སྤྱོད་པའི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་དྭགས་ཀྱི་གནས་སུ་བྱོན་ཏེ་རང་གི་ཕྱག་སོར་བཅུ་དང་ཞབས་སོར་བཅུ་དང་སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་འབབ་པའི་བདུད་རྩི་འོ་མའི་རྒྱུན་ཏེ་མངར་ཞིང་རེག་བྱ་བསིལ་བ་དཔག་ཏུ་མེད་པ་ཀུན་གྱིས་ཡི་དྭགས་རྣམས་ནི་ཁ་མགྲིན་ཡངས་པར་གྱུར་ཏེ་ཇི་ལྟར་འདོད་པ་བཞིན་ཏུ་བཟའ་བཏུང་ལ་སོགས་པས་ཚིམ་པར་བྱས་ཤིང་བདུད་རྩིའི་ཆུ་ལ་ཁྲུས་བྱས་པས་ཚ་གདུང་དང་བྲལ་ཏེ་རྟག་ཏུ་བསིལ་བའི་ཡིད་དུ་འོང་བ་དང་གྱུར་པ་རྣམས་ལ་ཡི་གེ་དྲུག་མའི་ཆོས་སྒྲོགས་པ་ཐོས་པའི་མདོ་ལ་བྱང་ཆུབ་སེམས་དཔའ་འདོད་པའི་སྦྱིན་ཞེས་བྱ་བ་མིང་མཐུན་པ་ཤ་སྟག་ཏུ་གྱུར་ཏེ་བདེ་བ་ཅན་དུ་སྐྱེས་པར་གསུངས་པ་ལྟར་བདེ་བ་དང་ལྡན་པར་ཤོག་ཅིག །མར་མེ་བརྐུས་པ་དང་བསད་པ་དང་ཆོས་ཀྱི་སྣང་བ་ལ་བར་ཆད་བྱས་པ་དང་། ཆོས་ལ་ལོག་ལྟ་སྐུར་འདེབས་སྐྱེས་བུ་དམ་པ་དང་ཕ་མ་ལ་མིག་ལོག་དང་གླེགས་བམ་འཇིག་པར་བྱས་པ་དང་། གཞན་གྱི་མིག་འབྱིན་པར་བྱས་པ་ལ་སོགས་པའི་ལས་ཀྱི་ལྷག་མའི་འབྲས་བུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་མིག་ལོང་བའི་ལོང་བ་ཇི་སྙེད་ཡོད་པ་དང་དེའི་རྒྱུ་བསྒྲུབ་པ་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་དང་བྲལ་ནས་དེ་རྣམས་ཀྱིས་མར་མེ་འབུལ་བ་ལ་སོགས་པ་རྒྱུ་སྒྲུབ་པ་དང་མིག་རྣམ་པར་དག་པས་གཟུགས་རྣམ་པར་དག་པ་དང་ཡེ་ཤེས་ཀྱི་སྤྱན་གྱིས་ཤེས་བྱའི་ཆོས་ཐམས་ཅད་ཀྱི་ཇི་ལྟ་བ་དང་ཇི་སྙེད་པའི་དོན་མཐོང་ཞིང་རྟོགས་པར་ཤོག་ཅིག །སྐུ་གསུང་ཐུགས་རྟེན་གྱི་མདུན་གྱི་རོལ་མོའི་སྒྲ་རྒྱུན་བཅད་པ་སོགས་ཀྱི་འབྲས་བུ་འོན་པས་ཏེ་འོན་པ་རྣམས་སྡུག་བསྔལ་དང་བྲལ་ཏེ་ལྷའི་རྣ་བའི་མངོན་པར་ཤེས་པས་དུས་རྟག་ཏུ་སྒྲ་ཡིད་དུ་འོང་བ་ཐོས་པར་ཤོག་ཅིག །བུད་མེད་སོགས་སྦྲུམ་མ་རྣམས་བུ་བཙའ་བའི་དུས་སུ་བུ་ལ་ལྕགས་ཀྱི་འཇུར་མིག་ཏུ་དྲང་བ་ལྟ་བུ་ལ་སོགས་པ་དང་མ་ལའང་རུས་ཚིགས་ཐམས་ཅད་འཁྲོལ་ཞིང་བྱེ་བ་ལ་སོགས་པའི་སྡུག་བསྔལ་ཆེན་པོས་མ་བུ་གཉིས་ཀའམ་གང་རུང་འཆི་བའམ་འཆི་ལ་ཐུག་པའི་སྡུག་བསྔལ་དང་བྲལ་ཏེ་ཡུམ་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ལས་སྲས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་འཁྲུངས་པའི་ཚེ་ལུམྦི་ནི་ཡི་ནགས་ཚལ་གྱི་ཤིང་དྲུང་དུ་བཀྲ་ཤིས་པའི་ལྟས་ངོ་མཚར་བ་དང་བཅས་ཏེ་གནོད་པ་ཅི་ཡང་མེད་པར་མ་ཟད་བསམ་གཏན་གྱི་བདེ་བ་ཕུན་སུམ་ཚོགས་པ་ལྟ་བུ་དང་ལྡན་པར་འཁྲུངས་བ་ཇི་ལྟ་བ་བཞིན་དུ་སྦྲུམ་མ་རྣམས་ལའང་ནད་ལ་སོགས་པའི་སྡུག་བསྔལ་གྱི་གནོད་པ་མེད་པར་སྲས་མཚན་ལྡན་ཡིད་དུ་འོང་བ་བདེ་བའི་སྒོ་ནས་བཙའ་བར་ཤོག་ཅིག །དེ་ཡང་བུ་ངན་པ་དང་བཟང་པོ་མངལ་ན་གནས་པ་ན་དེའི་རྟགས་མ་ལ་འབྱུང་སྟེ། སྔོན་མ་སྐྱེས་དགྲ་མངལ་ན་གནས་ཚེ་མས་བུའི་ཕ་གཟུགས་ཅན་སྙིང་པོའི་ཤ་ཟ་བར་འདོད་པ་དང་། ཤཱ་རིའི་བུ་མངལ་ན་གནས་ཚེ་མ་ཉིད་མཁས་པ་སུ་དང་བརྩད་ཀྱང་རྒྱལ་བར་གྱུར་བ་དང་། རྒྱལ་བུ་བསོད་ནམས་སྟོབས་མངལ་ན་བཞུགས་ཚེ་བཀྲ་ཤིས་པའི་ལྟས་མང་པོ་དང་བཅས་ཤིང་མ་ཉིད་ཁྲི་མཐོན་པོར་འདུག་སྟེ་ཆོས་སྟོན་པར་འདོད་པའི་ཚེ་ཡབ་ཀྱིས་ཕྱོགས་ཐམས་ཅད་དུ་དྲི་ལ་བསྒྲགས་ཏེ་འདུས་པ་ན་ཁྲི་མཐོན་པོར་བག་ཚ་བ་མེད་པར་འདུག་ནས་སྔོན་མ་བྱུང་བའི་ཚིགས་སུ་བཅད་པ། བསོད་ནམས་བསགས་ན་བདེ་བར་འགྱུར། དེ་ཕྱིར་མིས་ནི་བསོད་ནམས་བྱ། དེ་བས་ཡང་དང་ཡང་དུ་བྱ། །དེ་ཉིད་ལ་ནི་བརྩོན་པར་བྱ། །ཞེས་སྨྲས་མ་ཐག་ཏུ་ལེགས་པར་སྨྲས་སོ་མཆོག་ཏུ་སྨྲས་སོ་ཞེས་པའི་སྒྲ་བར་སྣང་ནས་བྱུང་བ་ལ་སོགས་པའི་ངོ་མཚར་བར་བྱུང་བ་དང་། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ལྷུམས་སུ་བཞུགས་ཚེ་སྒྱུ་འཕྲུལ་མས་ཆོས་ཀྱི་རྣམ་གྲངས་མང་པོ་ཤེས་པ་དང་ནད་པ་རྣམས་ལ་ཟས་བྱིན་པའམ་ཕྱག་གིས་རེག་པ་ཙམ་གྱིས་ནད་ལས་གྲོལ་བ་ལ་སོགས་པ་དང་། དབེན་པ་ལ་ཐུགས་དགྱེས་པའི་རྟགས་སུ་ཡུམ་ལུམྦིའི་ནགས་ཚལ་དུ་བྱོན་ནས་སྐུ་འཁྲུངས་པ་ལ་སོགས་པ་ལྟ་བུ་ཡིན་ནོ་གསུངས། སྐུ་གསུང་ཐུགས་རྟེན་གྱི་ན་བཟའ་དང་ཕ་མའི་གོས་བཤུས་ཤིང་ཤིག་གྲང་སར་འཕང་བ་ལ་སོགས་པའི་འབྲས་བུ་གོས་མེད་གཅེར་བུ་གྱུར་བ་རྣམས་ཀྱིས་སྡུག་བསྔལ་དང་བྲལ་ནས་སྲབ་འཇམ་ཡང་བ་རེག་ན་བདེ་བའི་ལྷའི་གོས་ཕུན་སུམ་ཚོགས་པ་དག་ཐོབ་པའི་བདེ་དང་ལྡན་པར་ཤོག་ཅིག །དེ་བཞིན་དུ་ཞལ་ཟས་ལ་སོགས་པ་ལ་མི་དབང་པར་སྤྱད་པ་ལ་སོགས་པའི་འབྲས་བུས་ལྟོག་ངར་ཆེ་བ་གོ་ཡོར་དང་རྡོ་ཕྱེའི་ཁ་ཟས་ཅན་ཕུག་རོན་དང་ཁྱི་ལ་སོགས་པ་བཀྲེས་པ་ཡི་སྡུག་བསྔལ་བ་རྣམས་ཀྱིས་རོ་བརྒྱ་ལྡན་པའི་ཟས་ཕུན་ཚོགས་དང་ནི་སྐོམ་པ་ཡི་སྡུག་བསྔལ་བ་རྣམས་ཀྱིས་ཡན་ལག་བརྒྱད་ལྡན་གྱི་ཆུ་དང་ལྷའི་བདུད་རྩི་དག་དང་མངར་གསུམ་གྱི་ཁུ་བ་ལ་སོགས་པ་ཡི་བཏུང་བ་ཞིམ་པོ་རྣམས་ཀྱང་ཐོབ་པར་ཤོག་ཅིག །རྐུ་འཕྲོག་སོགས་ཀྱིས་ལས་ཀྱི་ལྷག་མ་བཀྲེན་པའམ་དབུལ་ཞིང་ཕོངས་པར་གྱུར་པ་རྣམས་ཀྱིས་གསེར་དངུལ་རྟ་གླང་ལ་སོགས་པའི་ནོར་ཕུན་སུམ་ཚོགས་པ་ཐོབ་པར་ཤོག་ཅིག །དེ་ལ་ཡང་ཕྱིའི་ནོར་ལོངས་སྤྱོད་མེད་པས་ཕོངས་ཤིང་དབུལ་བ་བས་ནང་སེམས་ཀྱིས་འདོད་པ་ཆེ་ཞིང་ཆོག་མི་ཤེས་པ་ནི་ཤིན་ཏུ་དབུལ་ཞིང་ཕོངས་པ་ཐ་ཆད་པ་སྟེ། དབུལ་པོ་དེས་པས་ནོར་བུ་རིན་པོ་ཆེ་རྙེད་པ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ལ་ཕུལ་བ་ལ་སྟོན་པས་འཇིག་རྟེན་འདི་ན་སུ་དབུལ་ཞིང་ཕོངས་བ་དེ་ལ་སྦྱིན་ནོ་ཞེས་གཞན་ཕོངས་ཤིང་དབུལ་བ་སུ་ལའང་མ་བྱིན་པར་རྒྱལ་པོ་གསལ་རྒྱལ་ལ་སྦྱིན་པར་མཛད་པ་ལྟ་བུ་ཡིན་ནོ། །སེམས་མྱ་ངན་གྱིས་གདུངས་ཤིང་ཉམ་ཐག་པ་རྣམས་ཀྱང་མྱ་ངན་དང་བྲལ་ནས་སེམས་དགའ་བདེ་རྒྱ་ཆེན་པོ་ཐོབ་པར་ཤོག་ཅིག །རེ་ཆེ་བས་གཉེན་གྲོགས་ཀྱིས་བསླུས་པ་དང་། ཆོས་འཇིག་རྟེན་གྱི་བྱ་བ་གང་དག་མི་འགྲུབ་པར་ཤེས་པས་ཡིད་ཆད་པ་རྣམས་ཀྱང་སླར་འགྲུབ་པར་ཤེས་པས་ཡིད་སོས་ཤིང་བརྟན་པ་སྟེ་འགྲུབ་ངེས་པས་སེམས་ལ་དཔའ་གདེངས་ཕུན་སུམ་ཚོགས་པ་ཐོབ་པར་ཤོག་ཅིག །སྐྱེ་དགུ་སེམས་ཅན་རྣམས་ཀྱིས་སྤྱོད་ངན་མི་དགེ་བ་སྣ་ཚོགས་བྱས་པའི་དབང་གིས་ནད་རིགས་མི་འདྲ་བ་སྣ་ཚོགས་པ་དང་ཁྱད་པར་གཉན་ནད་ནག་པོ་རྒྱུག་འགྱེལ་ལ་སོགས་པའི་མ་རུངས་བའི་ནད་ཀྱིས་མནར་བའི་སེམས་ཅན་འཇིག་རྟེན་གྱི་ཁམས་ན་ནད་པ་ཇི་སྙེད་ཡོད་པ་དེ་དག་ཀྱང་དུས་ད་ལྟ་མྱུར་བ་ཉིད་དུ་ཚ་གྲང་ལ་སོགས་པའི་ནད་རྣམས་ལས་ཐར་བར་གྱུར་ཅིག །འགྲོ་བ་མཐའ་ཡས་པའི་ནད་ནི་རླུང་མཁྲིས་བད་ཀན་ལྡན་པའི་ནད་རིགས་བཞི་བརྒྱ་རྩ་བཞི་ལ་སོགས་པ་མ་ལུས་པ་རྣམས་དུས་རྟག་ཏུ་འཇིག་རྟེན་གྱི་ཁམས་ཀུན་ཏུ་གང་ཟག་སུ་ལའང་འབྱུང་བར་མེད་པར་ཤོག་ཅིག །རྒྱལ་པོ་དང་ཆོམ་རྐུན་ཤ་ཟ་མེ་ཆུ་དུག་སྦྲུལ་ལ་སོགས་པའི་འཇིགས་པ་ཆེན་པོ་བཅུ་དྲུག་གིས་འཇིགས་ཤིང་སྐྲག་པ་རྣམས་ལ་ནི་འཇིགས་པ་དེ་དག་མེད་ཅིང་མི་འབྱུང་བར་ཤོག་ཅིག །ཡན་ལག་ལྕགས་སྒྲོག་ལ་སོགས་པས་བཅིང་བ་དང་སྒོ་གསུམ་བྱད་ཀྱིས་བཅིངས་པ་རྣམས་ནི་འཆིང་བ་སྣ་ཚོགས་པ་ལས་གྲོལ་ཞིང་ཐར་བར་གྱུར་ཅིག །མཐ ོ་རྒྱལ་པོ་ནས་དམའ་འབུ་སྤྲང་ཡན་ཆད་ཁས་ཞན་ཅིང་དབང་ཆུང་བས་མཐུ་སྟོབས་ནུས་པ་མེད་པ་རྣམས་ནི་ཁས་དྲག་ཅིང་དབང་ཆེ་བས་མཐུ་སྟོབས་ནུས་པ་དང་ལྡན་ཞིང་ཕུན་སུམ་ཚོགས་པར་གྱུར་ནས་ཀྱང་ང་རྒྱལ་ཕྲག་དོག་འཁྲུག་རྩོད་སོགས་མེད་པར་སེམས་ནི་ཕན་ཚུན་བརྩེ་ཞིང་བྱམས་པས་མཉེན་ཞིང་འཇམ་པ་དང་ལྡན་པས་འགྲོགས་པར་གྱུར་ཅིག །ཚོང་ལ་སོགས་པ་ལུགས་གཉིས་གང་གི་དོན་དུ་ལམ་དུ་ཞུགས་པའི་འགྲོན་པོ་དག་ནི་གང་སུ་ཡང་རུང་བ་ཐམས་ཅད་ལ་ཡང་གང་དུ་འགྲོ་བའི་ཕྱོགས་རྣམས་ཐམས་ཅད་དུ་མི་ནད་དང་ཕྱུགས་ནད་དགྲ་རྐུན་ལ་སོགས་པའི་འགལ་རྐྱེན་ཉེར་འཚེ་མེད་ཅིང་བཀྲ་ཤིས་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པས་ལམ་འཇམ་ཞིང་བདེ་བར་ཤོག་ཤིག །རང་རང་གསེར་དངུལ་ལ་སོགས་པ་ལུགས་གཉིས་ཀྱི་དགོས་པ་གང་གི་དོན་དུ་འགྲོ་བར་བྱེད་པ་ཡི་དོན་དེ་ཐམས་ཅད་ཀྱང་འབད་པ་དང་རྩོལ་པ་གང་ཡང་མི་དགོས་པར་ལྷུན་གྱིས་འགྲུབ་པར་གྱུར་ཅིག །ཆུ་བོ་ཆེན་པོ་ལ་གྲུ་དང་རྒྱ་མཚོ་ཆེན་པོ་ལ་གྲུ་ཆེན་པོ་གཟིངས་སུ་ཞུགས་པ་རྣམས་དུས་མིན་གྱི་རླུང་དང་ཆུ་སྲིན་ལ་སོགས་པའི་གནོད་པའི་ཉེར་འཚེ་ཅི་ཡང་མེད་པར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལེན་པ་ལ་སོགས་པའི་ཡིད་ལ་བསམ་པ་ཡི་དོན་ཐམས་ཅད་འབད་རྩོལ་མེད་པར་འགྲུབ་པར་གྱུར་ཏེ་ཆུ་ཡི་ཚུ་རོལ་ངོགས་སུ་ལུས་སེམས་བདེར་ཏེ་བདེ་བར་ཕྱིན་ནས་རང་རང་གི་ཕ་མ་གཉེན་གྲོགས་རྣམས་དང་ལྷན་ཅིག་ཏུ་གཞི་བྱེས་ཀུན་བདེ་བར་གདོང་འཛོམ་སྟེ་དགའ་བདེའི་གཏམ་དང་སྟོན་མོ་སྣ་ཚོགས་བྱེད་པས་དགའ་བར་ཤོག་ཅིག །མྱ་ངན་སྟེ་རྩྭ་ཆུ་ཤིང་སོགས་མེད་པས་དབེན་པའམ་མྱ་ངན་གྱི་ཐང་དང་ནགས་ཚལ་འཇིགས་སུ་རུང་བ་ལ་སོགས་པ་རྣམས་སུ་ལམ་གོལ་བའམ་ནོར་ནས་གར་འགྲོ་གཏོལ་མེད་པས་འཁྱམས་པ་རྣམས་ལ་ལམ་སྟོན་པའི་དོན་མཐུན་གྱི་འགྲོན་པོ་དག་དང་ཕྲད་པར་གྱུར་ནས་ཆོམ་རྐུན་དང་སྟག་སེང་དུག་སྦྲུལ་ལ་སོགས་པའི་འཇིགས་པ་མེད་པར་ལམ་དུ་དཀའ་ཚེགས་ཀྱིས་མི་ངལ་བར་བདེ་བླག་ཉིད་དུ་འདོང་ཞིང་འོང་བར་ཤོག་ཅིག །སྟག་གཟིག་དུག་སྦྲུལ་ལ་སོགས་པའི་འཇིགས་པ་དང་བཅས་པའི་འབྲོག་དགོན་པ་མི་ཡི་རྒྱུ་འགྲུལ་མེད་ཅིང་འདྲེ་སྲིན་སོགས་མི་མིན་གདུག་པ་ཅན་གནས་པར་གྲགས་པ་བྲག་རི་གཟིངས་མཐོ་བ་ལ་སོགས་པ་ལམ་མེད་ཅིང་ཉམ་ང་བར་སྟེ་འཇིགས་ཆུམ་མེ་པའི་གནས་སུ་བྱིས་པ་གཞོན་ནུ་དང་རྒན་པོ་ལོ་ལོན་མགོན་མེད་པ་སྤྲང་པོ་དག་ལམ་དུ་ངལ་ཞིང་དུབ་པས་གཉིད་དུ་ལོག་པ་དང་མྱོས་ཏེ་དྲན་པ་ཉམས་ཤིང་རབ་ཏུ་མྱོས་པས་བག་མེད་པར་གྱུར་ཏེ་བླ་འཁྱམ་པ་རྣམས་ཚེ་ལེན་མདང་འཕྲོག་སྲོག་གཅོད་པ་ལ་སོགས་པའི་འདྲེ་སྲིན་པོ་ཤ་ཟ་འབྱུང་པོས་ཟ་བར་བྱེད་པས་ན་དེ་དག་ལ་འཕགས་པའི་ལྷ་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་ལ་སོགས་པ་དང་རང་རང་གི་འགོ་བའི་ལྷ་ལྔ་དང་ཡུལ་དེའི་གཞི་བདག་སོགས་དཀར་ཕྱོགས་ཀྱི་ལྷ་དག་གིས་བར་ཆད་ལས་བསྲུང་བ་དང་སྐྱབས་པར་བྱེད་པར་ཤོག་ཅིག །འདྲེ་ལའང་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཅན་ཡོད་དེ། དགེ་སློང་གཉིས་ལམ་དུ་འགྲོ་བ་ལ་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་དང་མི་དད་སྲིན་པོ་གཉིས་ཀྱང་རྗེས་སུ་འབྲང་སྟེ་མི་དད་པ་དེས་འདི་གཉིས་ཀྱི་ཚེ་ལེན་ཅིང་མདངས་འཕྲོག་གོ་ཞེས་ཟེར་བ་ལ་དད་པ་ཅན་དེས་འདི་གཉིས་ཀྱི་ཆོས་ཞིག་གསུངས་ན་དེ་ལྟར་མི་བྱེད་མ་གསུང་ན་དེ་ལྟར་བྱེད་དོ་ཞེས་སོང་བ་ན་དེ་གཉིས་ཀྱིས་དོན་མེད་ཀྱི་གཏམ་བཤད་ནས་ཟམ་ཁ་ཞིག་ནས་ཕན་ཚུན་བག་ཡོད་པར་གྱིས་ཤིག་ཅེས་བརྗོད་ནས་རང་རང་སོ་སོར་འགྲོ་བ་ན་སྲིན་པོ་གཅིག་ཤོས་སྐྲ་གཟིངས་བ་སོགས་ཚེ་ལེན་ཅིང་མདངས་འཕྲོག་པའི་ཉམས་སྟོན་པ་ལ་གཅིག་ཤོས་ཀྱིས་ཁྱོད་ཅི་བྱེད་ཆོས་གསུངས་པ་མ་ཐོས་སམ། ཅི་གསུངས་སོ་སོར་འགྲོ་བ་ན་བག་ཡོད་པར་གྱིས་ཤིག་ཅེས་བརྗོད་པས་བག་ཡོད་པ་ལས་ལྷག་པའི་ཆོས་ཅི་ཞིག་ཡོད་ཅེས་དེས་དེ་གཉིས་བསྲུང་བར་བྱས་པ་ལྟ་བུའོ། །ལུས་ཅན་ཐམས་ཅད་མི་དལ་ཞིང་མི་ཁོམས་པའི་གནས་བརྒྱད་པོའི་སྡུག་བསྔལ་ཀུན་ལས་ཐར་ནས་དལ་བ་མི་ཡི་ལུས་རྟེན་བཟང་པོ་ཐོབ་པའི་བདེ་བ་དང་ལྡན་པར་ཤོག་ཅིག །མིར་གྱུར་ནའང་རང་རྒྱུད་ལོག་ལྟས་བསླད་པ་རྣམས་སྣོད་ཁ་སྦུ་བ་ལྟ་བུར་སངས་རྒྱས་བྱོན་ཀྱང་དོན་དུ་མི་འགྱུར་བས་དཀོན་མཆོག་དང་བདེན་བཞི་རྟེན་འབྲེལ་དང་ཁྱད་པར་ལས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་མེད་ན་བླང་དོར་ཕྱིན་ཅི་ལོག་ཏུ་གྱུར་ནས་ངན་སོང་དུ་བརྒྱུད་མར་འཇུག་པ་ལས་མེད་པས་ན་དེ་དག་སྡུག་བསྔལ་དང་བྲལ་ཏེ་དང་འདོད་ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པ་ཕུན་སུམ་ཚོགས་པ་དང་ལྡན་པར་ཤོག་ཅིག །བླང་དོར་གྱི་གནས་ལེགས་པར་ཤེས་པའི་ཤེས་རབ་ཀྱི་མིག་ལོང་བས་བླུན་ཞིང་རྨོངས་བ་རྣམས་ཀྱིས་འཇིག་རྟེན་ཚེ་འདིའི་དོན་ཙམ་ཡང་མི་འགྲུབ་ན་དམ་པའི་ཆོས་མི་ཤེས་པ་དང་མི་འགྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། དེས་ན་ཤེས་རབ་མེད་པ་རྣམས་ཀྱིས་རང་གཞན་གྱི་དོན་མི་འགྲུབ་པ་སོགས་རྨོངས་པའི་སྡུག་བསྔལ་དང་བྲལ་ཏེ་སྐྱེས་སྦྱང་གི་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། ཐེག་ཆེན་ལམ་གྱི་རྩ་བ་སེམས་ཅན་ལ་སྙིང་རྗེ་ཡིན་པས་དེ་དང་བྲལ་ནས་སེམས་ཅན་རྣམས་ལ་སྙིང་རྗེ་མེད་པའི་བསམ་སྦྱོར་གྱིས་འདི་ཕྱི་གཉིས་ཕུང་གི་སྡུག་བསྔལ་དང་བྲལ་ཏེ་སེམས་ཅན་རྣམས་ལ་མ་ལྟར་བརྩེར་ལྡན་ཞིང་སྟེ་བརྩེ་བའི་སྙིང་རྗེ་ཆེན་པོ་དང་ལྡན་པ་དང་མ་དག་པའི་སྡིག་ཟས་ཤ་ཆང་སོགས་དང་། ལོག་འཚོ་ལྔ་སྟེ། རིན་ཆེན་ཕྲེང་བ་ལས། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་གསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྔར་ནི་སྨྲ་བའོ། །གཞོག་སློང་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ། །ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པའོ། །རྙེད་པས་རྙེད་པ་རྣམས་འདོད་པ། །སྔར་ཐོབ་་ལ་བསྔགས་བྱེད་པའོ། །ཞེས་པ་དང་། ལྡན་གྲོལ་མེད་པས་དད་ཟས་གཤིན་དཀོར་སྟེ། འདུལ་བས་གའི་ལྷས། མི་སློབ་པ་ནི་བདག་པོར་སྤྱོད། །སློབ་པ་བྱིན་པ་སྤྱོད་པ་སྟེ། །བསམ་གཏན་ཀློག་དང་ལྡན་པ་ལ། །རྗེས་གནང་སྤྱོད་པས་ཉེས་པ་མེད། །ལྷག་མ་ལེ་ལོས་བཅོམ་པ་ཡི། །བདག་ཉིད་རྣམས་ནི་བུ་ལོན་སྤྱོད། །ཚུལ་འཆལ་རྣམས་ལ་ནམ་དུ་ཡང་། །གཙུག་ལག་ཁང་སོགས་ཉེར་སྤྱོད་བཀག །ཅེས་དང་། སྙིང་གི་ཐུར་མ་ལས། ཚུལ་ཁྲིམས་འཆལ་པས་ས་ནི་གོམས་པ་གང་། །ཟས་ནི་ཁམ་གཅིག་བཏུང་བ་ཆུ་ཕོར་གང་། །ཙམ་ཞིག་དགེ་འདུན་རྫས་ལ་ལོངས་སྤྱོད་ན། །ལོག་འཚོ་ཡིན་ཏེ་དམྱལ་བར་སྐྱེ་བར་གསུངས། །ཞེས་གསུངས་པས་ན། མ་དག་པའི་ཟས་སོགས་ལ་ལོངས་སྤྱོད་པ་རྣམས་དེ་དང་བྲལ་ནས་འཚོ་བ་བྱ་ཚོལ་བྱིས་ཚོལ་གང་བྱུང་དེས་ཆོག་སྡིག་དང་མ་འདྲེས་པས་འཚོ་བ་རྣམ་པར་དག་པའི་ཟས་ཕུན་སུམ་ཚོགས་པ་དང་། སྤྱོད་པ་ངན་པ་ཕ་མར་བརྙས་ཞིང་སྨོད་པ་དང་ཚོང་ཁེ་སྤོགས། བཤས་ཉོ་བཤས་བཙོང་བག་མེད་ཐོ་ཅོ་ཁྱིམ་པ་སུན་འབྱིན་གྱི་སྤྱོད་པ་དཀོན་མཆོག་གི་རྐང་འདྲེན། བསྟན་པའི་བླ་བཙོང་སྡོམ་པ་ཉམས་ཤིང་དམ་ཚིག་འཆལ་བའི་སྤྱོད་པ་ངན་པས་རང་གཞན་གཉིས་ཕུང་གི་སྤྱོད་ངན་དང་བྲལ་ནས་མནའ་མི་ཟ། ཆང་མི་འཐུང་། རྫུན་མི་བཤད། མི་ཆོས་གཙང་མ་བཅུ་དྲུག་གིས་གཞུང་བཟུང་། ལྷ་ཆོས་འཕགས་པའི་ནོར་བདུན་བྱིས་རྒྱུད་འབྱོར་བས་བརྒྱན་ཏེ། ཚུལ་ཁྲིམས་རྣམ་པར་དག་པས་གཞི་བྱས་ཏེ། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་རྩེ་གཅིག་ཏུ་སྤྱོད་པ་རྣམས་པར་དག་པ་ཕུན་སུམ་ཚོགས་པའི་སྒོ་ནས་བསྟན་འགྲོ་ཕན་པ་བླ་ན་མེད་པ་དང་ལྡན་པར་ཤོག་ཅིག །ཚེ་རབས་དྲན་ན་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་དང་། བྱང་ཆུབ་སེམས་ཀྱི་རིགས་སད་དེ་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ལ་སོགས་པའི་དོན་ཆེན་པོ་ཡོད་པས་གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ་དུས་རྟག་ཏུ་ཚེ་རབས་ཐམས་ཅད་དྲན་པ་དང་ལྡན་པར་གྱུར་ཅིག །དེ་ཡང་དཔེར་ན་ཤཱ་རིའི་བུས་ཆོས་གསུང་བ་ཐོས་པའི་ཁྱི་མོ་ཤི་བ་བུ་མོར་སྐྱེས་པས་ཚེ་རབས་དྲན་ནས་རབ་ཏུ་བྱུང་སྟེ་བརྩོན་པས་དགྲ་བཅོམ་པ་ཐོབ་པར་གྱུར་བ་དང་། རྒྱལ་བུ་ལྐུག་འཕྱེ་ལྟ་བུ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ཐོབ་པ་ན་གཏེར་ཆེན་པོ་གཡས་ན་ལྔ་བརྒྱ་དང་གཡོན་ན་ལྔ་བརྒྱ་ལ་སོགས་པའི་ལོངས་སྤྱོད་དང་ཅི་འདོད་ཐམས་ཅད་ནམ་མཁའ་ལས་འབྱུང་བར་འགྱུར་བ་ལྟར་འགྲོ་བ་སེམས་ཅན་ཐམས་ཅད་ནམ་མཁའ་མཛོད་བཞིན་དུ་ཆོས་དང་མཐུན་པའི་ལོངས་སྤྱོད་རྒྱ་ཆེ་ཞིང་རྒྱུན་ཆད་པ་མེད་པར་ཤོག་ཅིག །ལོངས་སྤྱོད་ཀྱི་ཆེད་དུ་ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་ལ་སོགས་པས་ངལ་དུབ་དང་ཕན་ཚུན་འཐབ་པ་དང་རྩོད་པ་མེད་ཅིང་དགྲ་གདོན་གྱི་གནོད་འཚེ་མེད་པར་རང་རང་གིས་དབང་ཐོབ་པ་ཉིད་དུ་ནི་ཅི་འདོད་དང་ཅི་བདེར་ལོངས་སྤྱོད་པར་ཤོག་ཅིག །སེམས་ཅན་གང་ལྷ་རྣམས་ལ་གཟུགས་ངན་པ་དང་གཟི་བརྗིད་ཆུང་ངུ་གང་གཟུགས་བཟང་ཞིང་གཟི་བརྗིད་ཆེ་བ་རྣམས་ཀྱིས་ཟིལ་གྱིས་གནོན་པའི་སྡུག་བསྔལ་དང་མི་ལའང་བླ་མ་དཔོན་པོ་སོགས་གཟུགས་དང་གཟི་བརྗིད་ངན་པ་ལ་མི་དགའ་ཞིང་རང་ཡང་ཉམས་མི་བདེ་བ་ལ་སོགས་པའི་སྡུག་བསྔལ་དང་བྲལ་ནས་ལྷ་མི་དེ་དག་གཟུགས་བཟང་ཞིང་གཟི་བརྗིད་ཕུན་སུམ་ཚོགས་པ་ཆེན་པོར་ཤོག་ཅིག །གཟུགས་ངན་པའི་སྡུག་བསྔལ་དཔེར་ན་བུ་མོ་རྡོ་རྗེ་མ་ལྟ་བུ་ལ་སོགས་པའོ། །ཁ་ཟས་མེད་རྒྱབ་གོས་མེད་པ་ལ་སོགས་པའི་དཀའ་ཐུབ་ཅན་གྱི་གང་ཟག་གང་ཞིག་དཀའ་ཐུབ་ཀྱི་དབང་གིས་གཟུགས་རི་ད་ཅིང་ངན་པར་གྱུར་པ་དེ་དག་ཐམས་ཅད་གཟུགས་བཟང་པོ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་ན་བུད་མེད་དབང་ཆུད་ཞིང་མངལ་འཛིན་པ་དང་མོ་ནད་སོ་གཉིས་ལ་སོགས་པའི་ནད་ཀྱང་མང་བར་གྱུར་བ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་སྐྱེས་པའི་ལུས་ཕུན་ཚུན་ཚོགས་པ་ཉིད་ཐོབ་པར་གྱུར་ཅིག །རིགས་དང་ལོངས་སྤྱོད་ལ་སོགས་པ་དམན་པས་རྟ་བཤའ་གཏོ་ལེན་རོ་ཁུར་ཤན་པ་ལ་སོགས་པའི་མ་རབས་རྣམས་ནི་གཞན་དག་གིས་བརྙས་ཤིང་སྨད་པའི་གནས་སུ་གྱུར་པ་ཡིན་པས་དེ་དང་བྲལ་ནས་རིགས་དང་ལོངས་སྤྱོད་ཆེ་ཞིང་མཐོ་བའི་གོ་ས་ཐོབ་པར་གྱུར་ཅིག་དེ་དག་གི་དྲེགས་པ་དང་ང་རྒྱལ་དག་ཀྱང་བཅོམ་ནས་ཞི་དུལ་དང་ལྡན་པར་ཤོག་ཅིག །བདག་གི་དུས་གསུམ་དུ་བསགས་པའི་བསོད་ནམས་དགེ་བ་འདི་ཉིད་ཀྱི་མཐུ་ཡིས་ནི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མ་ལུས་པ་རྣམས་ཀྱི་རྒྱུ་སྡིག་པ་མི་དགེ་བའི་ལས་ཐམས་ཅད་སྤང་ནས་ནི་དུས་རྟག་ཏུ་རྒྱུན་མི་འཆད་པར་དགེ་བ་ཕུན་སུམ་ཚོགས་པ་བྱེད་པར་ཤོག་ཅིག །ཁྱད་པར་དུ་བྱང་ཆུབ་སེམས་དཔའི་ལམ་ཐམས་ཅད་བསམ་སྦྱོར་གཉིས་སུ་འདུ་བས་བསམ་པ་བྱང་ཆུབ་ཀྱི་སེམས་སྨོན་འཇུག་གཉིས་དང་མི་འབྲལ་ཞིང་སྦྱོར་བ་ཕ་རོལ་དུ་ཕྱིན་པ་དྲུག་གིས་གཞན་དོན་བསྒྲུབ་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གཞོལ་བ་དང་། མཐུན་རྐྱེན་གྲོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམས་ཀྱིས་ཐུགས་བརྩེ་བ་ཆེན་པོས་ཡོངས་སུ་བཟུང་ཞིང་བདག་གིར་མཛད་པ་དང་། འགལ་རྐྱེན་འདུ་འཛི་དང་རྣམ་གཡེང་གཉིད་རྨུག་རྒོད་འགྱོད་ལ་སོགས་པའི་བདུད་ཀྱི་ལས་རྣམས་མ་ལུས་པ་སྤོང་པར་ཤོག་ཅིག །བདུད་ལས་དེ་ལ་ཡང་མདོ་ལས་མང་དུ་གསུངས་བ། བྱམས་པས་ཤེར་ཕྱིན་དུ་བསྡུས་པ་ལྟ་བུ་སྟེ། དེ་ཡང་ཉམས་ལེན་བརྩོན་འགྲུས་ཅན་ལ་བདུད་ནི་ལྷག་པར་ལྡང་། ཞེས་བརྩོན་འགྲུས་ཆེ་ཡང་ཤེས་རབ་མེད་ན་བདུད་ཀྱིས་བར་ཆད་བྱེད་ནུས་ཏེ་བདུད་བཤེས་གཉེན་དུ་སྤྲུལ་ནས་འོང་སྟེ། ཁྱོད་སྔོན་སྦྱོངས་པའི་ཡོན་ཏན་དང་ལྡན་པ་འདི་འདྲའོ་ཞེས་སོགས་ཡོན་ཏན་དང་ལྡན་པར་ལུང་སྟོན་པ་དང་། ཁ་ཏོན་འདོན་པ་གཅིག་པུས་ཆོག་ཟེར་བ་སོགས་དང་། བླ་སློབ་སྤྱོད་པ་མ་མཐུན་པས་ཆོས་འཆད་ཉན་ལུས་པ་དང་། རང་གི་ཚུལ་ཁྲིམས་སོགས་ལ་མཆོག་འཛིན་དང་། གཞན་ལ་བརྙས་པ་དང་། འདོད་ཡོན་བདུད་ཀྱིས་གཡབ་མོ་ཡིན། །ཞེས་གསུངས་པ་ལྟར་མངོན་ཤེས་རྙེད་བཀུར་སོགས་ཀྱང་བདུད་ལས་ཡིན་ནོ། །དེ་ལ་ལེ་ལོ་ཅན་ལ་བདུད་མེད་དེ་ལེ་ལོ་དེ་ཉིད་བདུད་ཡིན་པར་གསུངས་སོ། །ཤེས་རབ་ཅན་ལ་བདུད་མེད་དེ། སྡུད་པ་ལས། རྒྱུ་རྣམས་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་གསུངས་པས་སོ། །བདེ་འགྲོར་སྐྱེས་པའི་སེམས་ཅན་དེ་དག་ཐམས་ཅད་ནི་ཚེ་ཡང་དཔག་ཏུ་མེད་པ་ཐུབ་ཅིང་ཡུན་རིང་དུ་གནས་པར་ཤོག་ཅིག །ཇི་སྲིད་གནས་པའི་བར་དུ་ཡང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པས་དུས་རྟག་ཏུ་བདེ་བར་འཚོ་བར་འགྱུར་ཞིང་དུས་མ་ཡིན་པར་འཆི་བའི་སྒྲ་ཙམ་ཡང་གྲགས་པར་མ་གྱུར་ཅིག །ཞིང་སྦྱོང་པའི་སྨོན་ལམ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཅི་འདོད་འབྱུང་བའི་དཔག་བསམ་གྱི་ཤིང་གི་སྐྱེད་མོས་ཚལ་ཕུན་སུམ་ཚོགས་པ་ཡིད་དུ་འོང་བ་རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནི་སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྒྲ་སྙན་པ་ཡིད་དུ་འོང་བ་འབའ་ཞིག་སྒྲོགས་པས་གང་བ་ཡིས་སའི་ཕྱོགས་རྣམས་ཐམས་ཅད་གང་བར་ཤོག་ཅིག །གནས་ཐམས་ཅད་དུ་ཡང་ས་ཡི་གཞི་དག་ནི་རྡོ་དང་གསེག་མ་དང་ངམ་གྲོག་གཅོད་རོང་ཚེར་མ་ལ་སོགས་པ་མེད་པ་དང་། ལག་མཐིལ་ལྟར་ཁོད་མཉམ་ཞིང་ཐ་གྲུ་ཡངས་བ་བལྟ་ན་སྡུག་པ་བཻཌཱུ་རྱའི་རང་བཞིན་ལས་གྲུབ་པ་ཚོན་སྣ་བརྒྱ་རྩ་གཅིག་ལ་སོགས་པས་མིག་མངས་རིས་སུ་བྲིས་པ་ལྷའི་གོས་ཀ་ཙ་ལི་ཀ་ལྟར་རེག་ན་འཇམ་པོར་གྱུར་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་གནས་པར་གྱུར་ཅིག །དགོན་སྡེ་དང་ཡུལ་ཁམས་ལ་སོགས་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་དང་རྒྱལ་པོ་ལ་སོགས་པའི་ཚུལ་བཟུང་བའི་གཙོ་བོ་ལ་འཁོར་གྲ་སློབ་དང་བློན་འབངས་ཀྱི་འཁོར་གྱིས་བསྐོར་བ་སྟེ་གང་ན་གཙོ་བོ་ལ་འཁོར་གྱིས་བསྐོར་བས་འཁོར་གྱི་དཀྱིལ་འཁོར་ཡོད་དོ་ཅོག་གམ་ཡོད་དགུད་ཡང་གཙོ་བོ་བྱང་ཆུབ་སེམས་དཔའ་མང་པོ་དག་རང་རང་གི་ལེགས་པས་ཏེ་བསོད་ནམས་དང་རྫུ་འཕྲུལ་གྱི་སྟོབས་ལས་བྱུང་བ་ཟང་ཟིང་ནོར་གྱི་འབྱོར་པ་དང་དམ་པ་ཆོས་ཀྱི་འབྱོར་པ་ཕུན་སུམ་ཚོགས་པས་འཁོར་རྣམས་ཆོས་དང་འཇིག་རྟེན་གྱི་འབྱོར་བས་ཕོངས་པ་ཐམས་ཅད་བསལ་ཞིང་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་གྱི་འབྱོར་པ་རྒྱས་ཤིང་འཕེལ་བ་དང་ཚེ་བསོད་མངའ་ཐང་ལོངས་སྤྱོད་ཀྱི་འབྱོར་པ་རྒྱས་ཤིང་འཕེལ་བར་བྱེད་པའི་ཡོན་ཏན་གྱིས་ས་ཡི་སྟེང་མཐའ་དག་བརྒྱན་པར་མཛད་པས་སྟེ་མཛད་པའི་སྒོ་ནས་སྐུ་ཚེ་ཡུན་རིང་པོར་བཞུགས་པར་གྱུར་ཅིག །རང་ཉིད་གང་དུ་སངས་རྒྱས་པའི་གནས་སམ་ཕྱོགས་བཅུའི་ཞིང་ཐམས་ཅད་དུ་ལུས་ཅན་མ་ལུས་པ་ཀུན་གྱིས་ངང་པའི་རྒྱལ་པོ་དུས་བཟང་དང་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ལྟ་བུ་ལ་སོགས་པ་བྱ་ཡིད་དུ་འོང་བ་རྣམས་དང་ནི་ཤིང་གི་ཁྱད་པར་སྣ་ཚོགས་པ་དང་ཉི་ཟླ་ལ་སོགས་པའི་འོད་ཟེར་ཐམས་ཅད་དང་བར་སྣང་གི་ནམ་མཁའ་ལས་ཀྱང་། འདུ་བྱེད་ཐམས་ཅད་མི་རྟག་པ་དང་། ཟག་པ་དང་བཅས་པ་སྡུག་བསྔལ་པ་དང་། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་དང་། མྱ་ངན་ལས་འདས་པ་ཞི་པའོ། །ཞེས་ཆོས་ཀྱི་སྡོམ་པ་ཞི་དང་། རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟེ་རྣམ་ཐར་སྒོ་གསུམ་ལ་སོགས་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒྲ་རྒྱུན་མི་འཆད་པར་ཐོས་པར་ཤོག་ཅིག །དེ་ལྟར་ཆོས་ཐོས་པའི་ཕན་ཡོན་ཡང་། མདོ་ལས། རྒྱལ་པོ་གང་ཚེ་ཡུལ་འཁོར་དུ། །གཎྜཱི་འདི་ནི་གྲགས་གྱུར་པ། །དེར་ནི་དཔལ་དང་གྲགས་པ་དང་། །འདོད་པ་ཇི་བཞིན་ལོངས་སྤྱོད་འགྱུར། །ཕ་རོལ་གྱིས་ནི་འཇིགས་མེད་ཅིང་། །འབྲས་བུ་རྣམས་ནི་ཉམས་མི་འགྱུར། །སངས་རྒྱས་བྱིན་རླབས་འབྱོར་བ་ཡིས། །དེར་ནི་བདུད་རྣམས་འདུལ་བར་འགྱུར། །དམྱལ་བ་ཡི་དྭགས་ཇི་སྙེད་རྣམས། །འཇིག་པར་འགྱུར་བ་ཐེ་ཚོམ་མེད། །ཐམས་ཅད་སངས་རྒྱས་རྟག་དད་ཅིང་། །ཐམས་ཅད་ཆོས་ལ་གཞོལ་བར་འགྱུར། །དེ་ནི་དགེ་འདུན་འདུ་བར་འགྱུར། །མཁས་པ་རྣམས་ཀྱང་འཕེལ་བར་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེར་ནི་ནུབ་པར་འགྱུར་བ་ཡིན། །ཆོས་ཀྱི་རྔ་ནི་བརྡུང་བ་ཡིས། །གང་གིས་རྣ་ལམ་གྲགས་གྱུར་ཅིང་། །དུས་བཞི་དག་ཏུ་ཐོས་པ་ཡིས། །དེ་རྣམས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། གཞན་ཡང་། ལྷ་དང་ཀླུ་དང་གནོད་སྦྱིན་གྱིས་མཆོད་པའི། །དཀོན་མཆོག་གསུམ་གྱི་ཏོག་སྟེ་འདི་བརྡུངས་པས། །མུ་སྟེགས་འཆལ་བའི་གླད་པ་རྣམས་པར་འགེམ། །ཞེས་གསུངས་པ་ལ་སོགས་པ་བཞིན་དུ་གཎྜི་ལ་སོགས་པའི་ཆོས་རྔའི་སྒྲ་ཙམ་ཐོས་པ་ལ་དེ་འདྲའི་ཕན་ཡོན་ཡོད་ན་ཆོས་དངོས་སུ་ཐོས་ཤིང་འཆད་ཉན་བྱས་པའི་ཕན་ཡོན་ལྟ་སྨོས་ཀྱང་ཅི་དགོས། ལུས་ཅན་དེ་དག་ཐམས་ཅད་དུས་རྟག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་ཕྲད་པར་གྱུར་ཅིག །འཕྲད་ནས་ཀྱང་དངོས་འབྱོར་ཡིད་སྤྲུལ་ལ་སོགས་པའི་མཆོད་པའི་སྤྲིན་གྱི་ཕུང་པོ་ནི་མཐའ་ཡས་པས་འགྲོ་བའི་བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་མཆོད་པ་རྒྱུན་མི་འཆད་པར་བྱེད་པར་ཤོག་ཅིག །སྐྱེ་དགུ་སེམས་ཅན་རྣམས་ཀྱི་དཀར་པོ་དགེ་བའི་ལས་བྱས་ན་དེའི་སྟོབས་ཀྱིས་ལྷ་རྣམས་རྒྱལ་ཞིང་ལྷ་མིན་རྣམས་ཕམ་པར་གྱུར་ནས་དཀར་ཕྱོགས་དབུ་འཕང་མཐོ་ཞིང་དཀར་ཕྱོགས་ཀྱི་ལྷ་ཀླུ་མང་པོ་ཡང་དུས་དུས་སུ་ཆར་པའི་རྒྱུན་རན་པར་འབེབས་ཤིང་། དེའི་རྒྱུས་ཤིང་དང་ལོ་ཏོག་ཐམས་ཅད་ཕུན་སུམ་ཚོགས་པར་སྨིན་ནས་ཡུལ་བར་ལོ་ལེགས་ཤིང་འབྲོག་པར་ཕྱུགས་རྣམས་འཕེལ་བར་ཤོག་ཅིག །རྒྱལ་ཁམས་ཐམས་ཅད་དུ་ནད་མུག་འཁྲུགས་རྩོད་སོགས་མེད་པ་དང་བདེ་སྐྱིད་དཔལ་འབྱོར་ཡོད་པའི་རྒྱུ་འཇིག་རྟེན་སྐྱོང་བའི་རྒྱལ་པོ་དང་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལ་སོགས་པ་ཇི་ལྟར་ཆོས་བཞིན་དུ་ཆོས་སྲིད་ཞི་བས་སྐྱོང་བར་བྱེད་པར་གྱུར་ཅིག །རྒྱལ་པོའི་ཆོས་བཞིན་བྱེད་པའི་མཐུ་ལ་བརྟེན་ནས་ཕྱི་སྣོད་ཀྱི་དང་། ནང་བཅུད་ཀྱི་སེམས་ཅན་འཇིག་རྟེན་མཐའ་དག་ཀྱང་རྒུད་པ་ཐམས་ཅད་དང་བྲལ་ཏེ་བདེ་འབྱོར་ཆེན་པོས་དར་ཞིང་རྒྱས་པར་ཤོག་ཅིག །དུས་རུང་དང་ཐུན་ཚོད་དང་ཞག་བདུན་པའི་དང་། འཚོ་བཅང་སྟེ་སྨན་བཞི་པོ་རྣམས་ཀྱང་ནད་རྣམས་སེལ་བའི་ནུས་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། ལས་གང་འགྲུབ་པར་བྱེད་པའི་གསང་སྔགས་ཀྱི་བཟླས་བརྗོད་བྱས་པ་ལས་ཇི་སྐད་བཤད་པའི་ཕན་ཡོན་རྣམས་མངོན་སུམ་དུ་མྱུར་དུ་འགྲུབ་པར་ཤོག་ཅིག །མཁའ་ལ་རྒྱུ་ཞིང་འགྲོ་བའི་འབྱུང་པོ་དང་སྲིན་པོ་དང་གནོད་སྦྱིན་དང་ཤ་ཟ་དང་རྒྱ་འདྲེ་འགོང་པོ་ལ་སོགས་པ་བསམ་པ་ངན་ཞིང་སྦྱོར་བརྩུབ་པའི་གདུག་པ་ཅན་གྱི་བསམ་སྦྱོར་ངན་པ་ཐམས་ཅད་ཞི་ཞིང་བྱམས་པ་དང་སྙིང་རྗེའི་སེམས་དང་ལྡན་པར་གྱུར་ཅིག །མདོར་ན་སེམས་ཅན་འགའ་སྟེ་གཅིག་ཙམ་ལ་ཡང་ལུས་དང་སེམས་ལ་སྡུག་བསྔལ་ཅི་ཡང་མྱོང་བར་མ་གྱུར་ཅིག །སྡུག་བསྔལ་དེའི་རྒྱུ་སྡིག་པ་ལ་སྤྱོད་པར་ཡང་མ་གྱུར་ལ་ན་བས་གདུང་བར་ཡང་མ་གྱུར་ཏེ། འཇིགས་པ་སྣ་ཚོགས་དང་གཞན་གྱིས་བརྙས་བར་ཡང་མི་འགྱུར་ཞིང་སེམས་ཅན་འགའ་ཡང་ཡིད་མི་བདེ་བར་ཡང་མ་གྱུར་ནས་རྟག་ཏུ་བདེ་ཞིང་དགའ་བས་དགེ་བ་ལ་གནས་པར་ཤོག་ཅིག །གཙུག་ལག་སྟེ་གསུང་རབ་སྡེ་སྣོད་གསུམ་བཞུགས་པའི་ཁང་པ་ཆེ་ཆུང་མང་པོའི་ཡོད་པའི་དགོན་སྡེ་རྣམས་སུ་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་བྱེད་པའི་ཀློག་པ་ཐོས་བསམ་པ་དང་མདོ་སྡེ་སོགས་ཐུགས་སུ་བཟུང་བ་རྣམས་མི་བརྗེད་པའི་ཕྱིར་འདོན་པའི་ཁ་ཏོན་བྱེད་པ་དང་འཛིན་པ་དང་དོན་རྩེ་གཅིག་ཏུ་སེམས་ཞིང་བསྒོམ་པས་སྤོང་བ་བསམ་གཏན་གྱིས་ཏེ་མདོར་ན་དགོན་སྡེ་གང་ཇི་སྙེད་པ་རྣམས་སངས་རྒྱས་ཀྱི་རྗེས་འཇུག་རྣམས་ཀྱི་བྱ་བའི་ལས་སྤངས་བ་བསམ་གཏན་པ་དང་ཀློག་པ་ཐོས་བསམ་བྱེད་པས་རྒྱས་ཤིང་གང་བས་ལེགས་པར་ཡུན་རིང་དུ་གནས་པར་ཤོག་ཅིག །དེ་ལྟར་མ་ཡིན་པར་ཚོང་དང་སོ་ནམ། རྟ་ནོར་གྱི་གཡོག་ལས་ཕན་ཚུན་ཆགས་སྡང་གི་ཟུག་རྔུ་ཉིན་མཚན་རྣམ་གཡེང་གི་འདུ་འཛི། དགྲ་གྱོད་འཁོན་གསུམ་གྱི་འཁོར་ལོ་དང་། ཁྱད་པར་དགེ་འདུན་འཁྲུགས་རྩོད་བྱས་པའི་གནས་སམ་ས་དེར་ཉམས་རྟོགས་ཀྱི་ཡོན་ཏན་ཅི་ཡང་རང་རྒྱུད་ལ་སྐྱེ་མེད་སྲིད་དེ། དཔེར་ན་མེས་ཚིག་པ་ལ་མྱུ་གུ་སྔོན་པོ་སྐྱེ་མི་སྲིད་པ་བཞིན་ཡིན་པས་ན། གང་རྩོད་པ་རྣམས་འཕེལ་བའི། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ། །ཞེས་གསུངས་སོ། །དེས་ན་དུས་རྟག་ཏུ་གང་ན་དགེ་འདུན་བཞུགས་པ་རྣམས་བདུད་ལ་སོགས་པས་མི་ཕྱེད་ཅིང་དགེ་བའི་བྱ་བ་ལ་ཐུགས་མཐུན་པ་དང་། ཉ་སྟོངས་ཀྱི་གསོ་སྦྱོང་གིས་ཚུལ་ཁྲིམས་མཐུན་པར་བྱེད་པ་དང་། ཞི་གནས་ཀྱི་གསོ་སྦྱོང་སོགས་ཀྱིས་ལྟ་བ་མཐུན་པར་བྱས་ཏེ། དགེ་འདུན་རྣམས་ཀྱིས་བསྒྲུབ་པར་བྱ་བའི་དོན་ཐར་པ་མྱ་ངན་ལས་འདས་པའི་ལམ་གྱི་ཡོན་ཏན་ཁྱད་པར་ཅན་ཡང་གོང་ནས་གོང་དུ་ཐུགས་ཀྱི་བཞེད་པ་བཞིན་དུ་འགྲུབ་པར་ཤོག་ཅིག །བསླབ་པ་རིན་པོ་ཆེ་གསུམ་ལ་ཚུལ་བཞིན་དུ་སློབ་པར་འདོད་པའི་དགེ་སློང་དག་གི་ཕྱི་ནང་གསང་བའི་དབེན་པ་ཕུན་སུམ་ཚོགས་པ་དག་ཀྱང་ཐོབ་པར་ཤོག་ཅིག །དེར་ཡང་འདུ་འཛི་སེམས་རྣམ་པར་གཡེང་བ་ཐམས་ཅད་སྤངས་ནས་ནི་རང་གི་སེམས་ནི་བཏང་འགྲོ་བཞག་སྡོད་ལ་རང་དབང་འབྱོར་བས་ལུས་སེམས་ཤིན་སྦྱང་གི་བདེ་བ་ཐོབ་པས་ལས་སུ་རུང་ཞིང་སྤྲོ་བས་ཏིང་ངེ་འཛིན་རྣམ་པར་དག་པ་ཟབ་མོ་སྒོམ་པར་གྱུར་ཅིག །དགེ་སློང་མ་རྣམས་ཀྱང་ཆོས་གོས་དང་ཁ་ཟས་ལ་སོགས་པ་ཚེགས་ཆུང་ངུས་རྙེད་པ་དང་ལྡན་ཞིང་ནང་ཕན་ཚུན་འཐབ་པ་དང་ཚུལ་ཁྲིམས་སྨ་འབེབས་པ་སོགས་ཀྱི་གནོད་པ་ཐམས་ཅད་སྤངས་ནས་ཞི་དུལ་བག་ཡོད་དང་ལྡན་པས་དམ་པའི་ཆོས་ལ་གནས་པར་ཤོག་ཅིག །དེ་བཞིན་དུ་ཐར་བ་འདོད་པས་འཁྱམས་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་མ་ལུས་པ་ཀུན་ཉོན་མོངས་པའི་ཚ་གདུང་ཞི་བར་བྱེད་པའི་ཚུལ་ཁྲིམས་ཇི་ལྟར་ཁས་བླང་བ་རྣམས་དུས་ནམ་ཡང་ཉམས་པ་མེད་པར་བསྲུང་ནུས་པར་གྱུར་ཅིག །ཚུལ་ཁྲིམས་མ་བསྲུང་བར་ཉམས་པའི་ཉེས་པ། སངས་རྒྱས་ཉིད་ཀྱི་བཀའ་ལས། དམ་ཆོས་ཐོབ་པར་མི་འགྱུར་ཞིང་། །ཐོས་པ་མྱུར་དུ་བརྗེད་པར་འགྱུར། །ས་ལམ་རྟོགས་པའང་ཡོངས་མི་སྐྱེ། །ཞེས་དང་། ཚུལ་ཁྲིམས་འཆལ་བ་ངན་འགྲོར་དེ་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་སྐྱོབ་མི་འགྱུར། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་སྒྲུབ་པ་ནི་མ་གསུངས་སོ། །ཞེས་གསུངས་སོ། །གལ་ཏེ་ལྟུར་བ་བྱུང་ནས་ཚུལ་ཁྲིམས་འཆལ་བས་ཏེ་འཆལ་བར་གྱུར་ནའང་དེ་ལ་སྙིང་ནས་འགྱོད་པ་དྲག་པོས་ཡིད་བྱུང་ནས་བཤགས་འོས་རྣམས་བཤགས་བསྡམ་འོས་རྣམས་བསྡམ་ནས་ཕྱིར་བཅོས་ཏེ་དུས་རྟག་ཏུ་སྡིག་པ་མཐའ་དག་ཟད་ཅིང་བྱང་བར་བྱེད་པར་ཤོག་ཅིག །དེ་ལྟར་སྡིག་ལྟུང་ཐམས་ཅད་བྱང་ནས་རྣམ་སྨིན་གྱི་འབྲས་བུ་ངན་སོང་དུ་མི་སྐྱེ་བར་གནས་སྐབས་སུ་ཡང་བདེ་འགྲོ་མཐོ་རིས་ཀྱི་གོ་འཕང་དག་ཀྱང་ཐོབ་པར་གྱུར་ནས་དེར་ཡང་རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་དང་བརྟུལ་ཞུགས་རྣམ་པར་དག་པ་མི་ཉམས་པར་བསྲུང་བར་ཤོག་ཅིག་ཅེས་བྱེད་པ་རྒྱུན་ཐུན་གྱི་འབྲས་བུ་ཚུལ་ཁྲིམས་ཉམས་པར་མི་འགྱུར་བ་དང་། རིག་པའི་གནས་ལྔ་ལ་སོགས་པ་དང་བྱེ་བྲག་ནང་རིག་པའི་སྡེ་སྣོད་གསུམ་ལ་མཁས་པ་ཡི་གང་ཟག་རྣམས་ནི་བླང་དོར་གྱི་མིག་འབྱེད་པ་དང་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་ཞིང་སྤེལ་བར་བྱེད་པ་པོ་ཡིན་པས་ན་གཞན་ཀུན་ལས་ཁྱད་པར་དུ་འཕགས་པས་བཀུར་སྟི་དང་རིམ་གྲོ་བྱེད་པར་གྱུར་པ་དང་། ཆོས་གོས་དང་ལྷུང་བཟེད་དང་ཟས་ལ་སོགས་པའི་བསོད་སྙོམས་དག་ཀྱང་འབད་རྩོལ་མེད་པར་བདེ་བླག་ཏུ་རྙེད་པར་ཤོག་ཅིག །དེ་ལ་རང་གི་ཡོན་ཏན་གྱིས་ང་རྒྱལ་ཞིང་གཞན་གྱི་ཡོན་ཏན་ལ་ཕྲག་དོག་དང་འགྲན་སེམས་ལ་སོགས་པས་གཞན་ལ་ཁྱད་གསོད་དང་གྲུབ་མཐའ་གཞན་ལ་སྨོད་པས་ཆོས་སྤང་གི་བྱ་བ་དང་ཚུལ་ཁྲིམས་འཆལ་བའི་ཉེས་པ་སོགས་སྤངས་པས་རང་གི་རྒྱུད་ནི་ཡོངས་སུ་དག་པ་དང་ཕྱོགས་རྣམས་ཀུན་ཏུ་མཁས་བཙུན་གྱི་སྙན་པའི་གྲགས་པ་ཆེན་པོས་ཁྱབ་པར་ཤོག་ཅིག །ཚུལ་ཁྲིམས་འཆལ་བ་རྣམས་སམ་སེམས་ཅན་གང་དུ་ཡང་རུང་སྟེ་ཕྱི་མ་ལ་ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་ནམ་ཡང་མི་མྱོང་ཞིང་དཀའ་བ་དང་ངལ་བ་དྲག་པོ་སྤྱད་པ་མེད་པར་ཡང་ཐར་པ་སྒྲུབ་པ་ལ་ལྷ་བས་ཀྱང་ཆེས་ལྷག་པར་གྱུར་པའི་དལ་འབྱོར་གྱི་མི་ལུས་ཐོབ་པ་ཉིད་ཀྱིས་ནི་དེ་དག་དཀའ་ཚེགས་མེད་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་འགྲོད་པར་ཤོག་ཅིག་ཅེས་པའོ། །གཉིས་པ་མཆོག་གི་དགོངས་པ་རྫོགས་པར་སྔོ་བ་ནི་ནམ་མཁའ་དང་མཉམ་པའི་སེམས་ཅན་མ་ལུས་པ་ཀུན་གྱིས་ལན་གྲངས་མང་པོའི་བར་དུ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་ཟང་ཟིང་དང་སྒྲུབ་པའི་མཆོད་པ་རྣམས་ཀྱིས་རྒྱུན་མི་འཆད་པར་བྱེད་ཅིང་། དེ་དག་གི་བྱིན་རླབས་ལ་བརྟེན་ནས་སངས་རྒྱས་རྣམས་ཀྱི་ཐུགས་ཟག་མེད་ཀྱི་བདེ་བ་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པ་ཐོབ་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་དུས་རྟག་ཏུ་བདེ་བ་ཆེན་པོ་དང་ལྡན་པར་གྱུར་ཅིག །རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་འགྲོ་བ་སེམས་ཅན་ཐམས་ཅད་རྒྱུད་སྨིན་ཅིང་གྲོལ་བའི་དོན་ཐུགས་ལ་ཇི་ལྟར་དགོངས་པ་བཞིན་དུ་དངོས་སུ་འགྲུབ་པར་ཤོག་ཅིག །འགྲོ་བ་ཐམས་ཅད་ཀྱི་མགོན་པོ་ཐམས་ཅད་མཁྱེན་པ་སངས་རྒྱས་དང་སྲས་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚོགས་དང་བཅས་པ་ཡིས་ནི་ཐུགས་ལ་གང་དགོངས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལའང་ཕན་པ་དང་བདེ་བ་བླ་ན་མེད་པ་དེ་དག་ཐམས་ཅད་མྱུར་དུ་འབྱོར་བར་ཤོག་ཅིག །དེ་གཉིས་རིམ་པར་བྱེད་པ་པོ་དང་བྱ་བ་ཡུལ་ལ་ཡོད་པའི་ཆ་ལས་བྱས་པའོ། །དེ་བཞིན་དུ་རྟེན་འབྲེལ་ཟབ་མོ་རྟོགས་པའི་རང་བྱུང་གི་ཡེ་ཤེས་ཀྱིས་བྱང་ཆུབ་བརྙེས་པའི་རང་སངས་རྒྱས་རྣམས་དང་རང་རང་གི་ཡོངས་འཛིན་དམ་པ་གཞན་ལས་ཐོས་ཤིང་སྒྲོགས་ལས་ཉན་ཐོས་རྣམས་ཀྱང་སྡུག་བསྔལ་མཐའ་དག་ཞི་བའི་བདེ་བ་དང་ཡང་ལྡན་ཞིང་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་བདེ་བ་ཆེན་པོ་ཐོབ་པར་གྱུར་ཅིག་ཅེས་པའོ། །གཉིས་པ་རང་དོན་བྱང་ཆུབ་སྤྱོད་པའི་རྒྱུར་བསྔོ་བ་ནི། རྩོམ་པ་པོ་བདག་ཀྱང་ལྷག་པའི་ལྷ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་བ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བ་མ་ཐོབ་ཀྱི་བར་དུ་དུས་རྟག་ཏུ་སྐྱེ་པའི་ཚེ་རབས་ཐམས་ཅད་དུ་ཚེ་རབས་སྔ་མ་རྣམས་རྗེས་སུ་དྲན་ནས་རྒྱུ་འབྲས་ལ་ཡིད་ཆེས་པ་དང་བྱང་ཆུབ་ཀྱི་སེམས་བརྗེད་པ་མེད་པ་དང་། ཁྱིམ་ན་གནས་པ་ནི་འདི་ཕྱི་གཉིས་ཕུང་གི་ཉེས་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་ལ། རབ་ཏུ་བྱུང་བ་ནི་འདི་ཕྱི་གཉིས་ཀར་ཕན་བདེའི་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་པས་ན། རབ་ཏུ་བྱུང་བ་ཚུལ་ཁྲིམས་རྣམ་པར་དག་པའང་ཐོབ་པར་ཤོག་ཅིག །དེ་ལ་དེ་བཞིན་གཤེགས་པའི་བསྟན་པ་ལ། དེང་དུས་བསླབ་པ་སྣ་གཅིག་ཙམ་བླངས་ཏེ་སྲུང་ན་བསོད་ནམས་རྒྱ་ཆེན་པོ་འཐོབ་པའི་ཕན་ཡོན་མདོ་ཏིང་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་གང་གའི་བྱེ་སྙེད་དུ། དད་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིགས་རིམ་གྲོ་བྱས། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་གྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །དེ་ནི་དེ་ལས་བསོད་ནམས་ཁྱད་པར་འཕགས། །ཞེས་གསུངས་ན་རབ་ཏུ་བྱུང་ཞིང་བསླབ་པ་མ་ཉམས་པར་བསྲུང་ན་རང་གཞན་གྱི་འདི་ཕྱིའི་དོན་ཕུན་སུམ་ཚོགས་པ་འགྲུབ་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་ལྟ་སྨོས་ཀྱང་ཅི་དགོས་སོ། །དེ་ཡང་བདག་ནི་བསོད་སྙོམས་ལ་སོགས་པའི་ཁ་ཟས་གྱི་ནས་ཏེ་ངན་དོན་ཙམ་གྱིས་ཀྱང་ལུས་ཉམས་སྟོབས་དང་ལྡན་ཞིང་བདེ་བར་འཚོ་བར་ཤོག་ཅིག །སངས་རྒྱས་མ་ཐོབ་ཀྱི་བར་གྱི་ཚེ་རབས་ཀུན་ཏུ་དགེ་བ་སྒྲུབ་པ་ལ་སྒོ་གསུམ་ཕྱི་ནང་གསང་བའི་དབེན་པར་གནས་པ་ཕུན་སུམ་ཚོགས་པ་དང་ལྡན་པའང་ཐོབ་པར་ཤོག་ཅིག །ཅེས་པ་སྟེ་དེའི་དགོས་པ་ཡང་གོང་དུ་ཇི་སྐད་བསྟན་པ་རྣམས་དང་། དབེན་གནས་ཀྱི་ཡོན་ཏན་བསམས་ནས་དེའི་ཕྱོགས་སུ་གོམས་པ་བདུན་པོར་ན་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་དུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་ཕུལ་བ་ལས་ཀྱང་ཕན་ཡོན་ཆེ་བར་ཟླ་བ་སྒྲོན་མེའི་མདོ་ལས་གསུངས་པ་བཞིན་ནོ། །འགྲེལ་བ་རྣམས་སུ་སློབ་དཔོན་འདི་ཉིད་འཕགས་པའི་གང་ཟག་ཏུ་གསུངས་པས། ས་རབ་དགའ་བ་ཐོབ་བར་དུ། །ཞེས་པ་སོགས་ནི་རྗེས་འཇུག་རྣམས་ལམ་ལ་བསླབ་པའི་དོན་ཏོ། །དུས་གང་གི་ཚེ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མཚན་དཔེའི་ཞལ་བཟང་མཇལ་བའམ་བལྟ་བར་འདོད་པའམ་ཆོས་ཀྱི་ཚིག་དོན་ཅུང་ཟད་དྲི་བར་འདོད་ན་ཡང་དེའི་ཚེ་མགོན་པོ་འཇམ་པའི་དབྱངས་དེ་ཉིད་ནི་གེགས་དང་སྒྲིབ་པ་ཅི་ཡང་མེད་པར་ཡང་མངོན་སུམ་དུ་མཐོང་ནས་རྣམ་པ་ཀུན་ཏུ་རྗེས་སུ་འཛིན་ཅིང་སྐྱོང་བར་ཤོག་ཅིག །ཕྱོགས་བཅུ་ཡི་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐས་གཏུགས་པར་ཁྱབ་པའི་སེམས་ཅན་མ་ལུས་པ་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་བདེ་བླག་ཏུ་བསྒྲུབ་པའི་ཕྱིར་ཇི་ལྟར་འཇམ་པའི་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་བ་བསམ་གྱིས་མི་ཁྱབ་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེས་གཞན་ལ་ཕན་པ་འབའ་ཞིག་མཛད་པ་བཞིན་དུ་བདག་རང་གི་སྤྱོད་པའང་དེ་འདྲར་ཏེ་དེ་འདྲ་བ་ཁོ་ན་རག་ཞན་ལ་ཕན་པ་འབའ་ཞིག་འགྲུབ་བར་ཤོག་ཅིག་ཅེས་པ་སྟེ་མདོར་ན་བཅོམ་ལྡན་འདས་མགོན་པོ་འཇམ་པའི་དབྱངས་ཀྱི་མཁྱེན་པ། སྤྱན་རས་གཟིགས་ཀྱི་བརྩེ་བ། ཕྱག་ན་རྡོ་རྗེའི་ནུས་མཐུ། ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལ་སོགས་པ་ཉེ་བའི་སྲས་ཆེན་བརྒྱད་ལ་སོགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པའི་སྤྱོད་པ་དེ་ཇི་འདྲ་བ་དེ་བཞིན་དུ་བདག་གིས་སྤྱོད་ནུས་པར་ཤོག་ཅིག་ཅེས་དེའི་དོན་དུ་སྙིང་ནས་དགེ་རྩ་བསྔོ་ཞིང་སྨོན་ལམ་གདབ་པར་བྱའོ། །དེ་ཡང་དུས་ཇི་སྲིད་དུ་ནམ་མཁའ་གནས་པར་གྱུར་པ་དང་ཡུལ་འགྲོ་བ་མ་ལུས་པ་ཇི་སྲིད་གནས་པར་གྱུར་པ་ཡི་བར་དེ་སྲིད་དུ་གཞན་དོན་བྱེད་པ་པོ་བདག་ནི་ད་མྱ་ངན་ལས་མི་འདའ་བར་གནས་པར་གྱུར་ནས་འགྲོ་བ་མ་ལུས་པའི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མཐའ་དག་སེལ་བར་བྱེད་པར་ཤོག་ཅིག །དམྱལ་བ་ལ་སོགས་པའི་འགྲོ་བའི་སྡུག་བསྔལ་གང་ཅིའང་རུང་བ་ཡོད་པ་དེ་དག་མ་ལུས་པ་ཀུན་བདག་ལ་སྨིན་ནས་བྱང་ཞིང་དག་པར་གྱུར་ཅིག །བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ཀྱི་ཐུགས་བསྐྱེད་དང་ཚོགས་གཉིས་དང་སྨོན་ལམ་གྱིས་ཏེ་དེ་དག་གི་མཐུ་ལ་བརྟེན་ནས་མཐའ་ཡས་པའི་འགྲོ་བ་མ་ལུས་པ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པར་ཤོག་ཅིག་ཅེས་པའོ། །གསུམ་པ་གཉིས་དོན་བསྟན་པ་དར་རྒྱས་སུ་བསྔོ་བ་ནི། མཐའ་ཡས་པའི་འགྲོ་བའི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱི་ནད་ཐམས་ཅད་མ་ལུས་པ་ཞི་བར་བྱེད་པའི་སྨན་གྱིས་མཆོག་གཅིག་པུ་ཉིད་དུ་གྱུར་པ་དང་། གནས་སྐབས་དང་མཐར་ཐུག་གི་བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་གནས་དམ་པ་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡིན་ཏེ། སངས་རྒྱས་ཀྱི་བསྟན་པ་ཞེས་བྱ་བ་ནི། པཎྜི་ཏ་ཆེན་པོ་དབྱིག་གཉེན་ཞབས་ཀྱིས། །སྟོན་པའི་བསྟན་པ་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་བ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་པ་དང་སེམས་ཅན་ལ་ཐུགས་ཀྱིས་དགོངས་ཏེ། ལུང་གི་ཆོས་འདུལ་བ་མདོ་སྡེ་མངོན་པ་སྟེ་སྡེ་སྣོད་རིན་པོ་ཆེ་གསུམ་ལ་འཆད་ཉན་དང་། རྟོགས་པའི་ཆོས་ལམ་ལྷག་པའི་བསླབ་པ་ཚུལ་ཁྲིམས། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་རིན་པོ་ཆེ་གསུམ་ལ་སྒྲུབ་པ་ཉམས་ལེན་བྱས་ཏེ། གོས་ཆོས་གོས་གསུམ་གྱི་ལུས་བརྒྱན། ལུང་སྡེ་སྣོད་གསུམ་གྱིས་ངག་བརྒྱན། ལམ་བསླབ་པ་གསུམ་གྱིས་སེམས་བརྒྱན་ཏེ། བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་བསྟན་པ་འཛིན་པ་རྣམས་ལ། དད་གཏོང་འབྱོར་པ་ཕུན་སུམ་ཚོགས་པའི་བསྟན་པའི་སྦྱིན་བདག་རྣམས་ཀྱིས་རྙེད་པ་དང་བཀུར་སྟི་ཕུན་སུམ་ཚོགས་པ་དང་བཅས་ཏེ་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་སྲིད་མཐའི་བར་དུ་ཕྱོགས་དུས་ཀུན་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག་ཅེས་སྨོན་ལམ་དང་འབྲེལ་བ་དང་གནས་ན་ཅི་མ་རུང་ཞེས་འདུན་པ་དང་འབྲེལ་བ་དང་། གནས་པ་ཞིག་བདག་གིས་བྱའོ་ཞེས་དམ་བཅའ་དང་འབྲེལ་བ་དང་། དེ་ལྟར་བྱེད་ནུས་པར་བླ་མ་དཀོན་མཆོག་རིན་པོ་ཆེ་གསུམ་གྱིས་བྱིན་གྱིས་རློབས་ཤིག་ཅེས་གསོལ་འདེབས་དང་འབྲེལ་བ་སྟེ་འབྲེལ་བ་བཞི་ལྡན་དུ་བསྔོ་ཞིང་སྨོན་ལམ་གདབ་པར་བྱའོ། །དེ་ཡང་མདོར་ན་ཕན་བདེའི་འབྱུང་གནས་འབྲེལ་ཚད་དོན་ལྡན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་འདིར་གནས་པར་གྱུར་ན་གང་དེ་དང་འབྲེལ་བའི་བསོད་ནམས་ཆེས་ཐོབ་པ་ཉིད། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་ཡོན་ཏན་མཐའ་ཡས་ཏེ། །འདི་དག་མཐའ་ནི་རྒྱལ་བས་མི་གསུངས་སོ། །ཞེས་དམ་པའི་ཆོས་འཛིན་པ་དང་སེམས་ཅན་གྱི་སྲོག་སྐྱབས་པ་སོགས་ཀྱི་ཕན་ཡོན་ཚད་མེད་པར་རྟོགས་པ་དང་། ཟུང་གི་མདོ་ལས། གང་དག་ང་ཡི་བསྟན་པ་ལ། །སྦྱིན་པ་སྐྲ་ཙམ་བྱིན་པ་ནི། །བསྐལ་པ་སྟོང་ཕྲག་བརྒྱད་ཅུ་རུ། །ལོངས་སྤྱོད་ཆེ་ཞིང་ནོར་ཡང་མང་། །ཞེས་སོགས་ཀྱིས་སྦྱིན་པ་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་ཞེས་སོགས་གོང་དུ་བསྟན་པས་ཚུལ་ཁྲིམས་དང་། རྟོགས་བ་རྒྱས་པའི་མདོ་ལས། ཐང་གཅིག་བསམ་གཏན་ཐུན་ཞུགས་ན། ཁམས་གསུམ་གང་བའི་མི་རྣམས་ལ། །སྲོག་སྦྱིན་པས་ནི་འདི་དོན་ཆེ། །ཞེས་སོགས་ཀྱིས་བསྒོམ་པ་ལས་བྱུང་བ་སྟེ་བསོད་ནམས་བྱ་བའི་དངོས་པོ་གསུམ་གྱི་ཕན་ཡོན་གྱི་ཁྱད་པར་དང་། མངོན་མཐོ་ངེས་ལེགས་ཐོབ་པར་འདོད་པ་རྣམས་བསོད་ནམས་བྱ་བའི་དངོས་པོ་གསུམ་ལ་ཞུགས་ན་ཕན་ཡོན་ཆེན་པོ་ཐོབ་མོད། དེ་བས་ཀྱང་སྒྲིབ་གཉིས་ཀྱི་གཉེན་པོ་མཐར་ཐུག་པ་ཟབ་མོ་སྟོང་པ་ཉིད་སྤྲོས་པ་ཀུན་དང་བྲལ་བ་རྟོགས་པའི་ཤེས་རབ་ནི་མཆོག་ཡིན་པས་དེ་བསྐྱེད་པའི་དོན་དུ་ཐོས་བསམ་རྣམ་དག་ལ་འབད་པར་རིགས་ཏེ། རྒྱུད་བླ་མ་ལས། གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང་། །ཁྲིམས་ཀྱིས་མཐོ་རིས་བསྒོམ་པས་ཉོན་མོངས་སྤོང་བྱེད་མོད། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ཡང་འདི་ཐོས་ཡིས། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་རྣམ་པར་གྲོལ་བ་ཐོབ། །ཅེས་དང་། སྐྱེས་རབ་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མ་དེ། །རྐུན་པོ་སོགས་ཀྱིས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་འགྱུར་མེད་མཛའ་བོའི་མཆོག །མྱ་ངན་ནད་ཀྱི་མི་གནོད་སྨན་གྱི་མཆོག །ཉེས་པ་ཆེན་པོའི་དགྲ་འཇོམས་དཔུང་གི་མཆོག །དཔལ་དང་གྲགས་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་དགའ་བར་འགྱུར། །ཕས་ཀྱི་རྒོལ་བར་ཉི་མའི་འོད་དང་འདྲ། །ཞེས་དང་། ཕར་ཕྱིན་བསྡུས་པ་ལས། ཐོས་ཉུང་མུན་ལོང་སྒོམ་པའི་ཚུལ་མི་ཤེས། །དེ་མེད་དེས་ཀོ་ཅི་ཞིག་བསམ་པར་བྱེད། །དེ་བས་ཐོས་པ་བརྩོན་བྱ་དེ་རྒྱུ་ལས། །བསམ་དང་བསྒོམ་པའི་ཤེས་རབ་ཡངས་པ་འབྱུང་། །ཞེས་དང་། གཎྜིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔའམ་གཎྜི་བརྡུང་བའི་སྒྲ། །ཐོས་པས་བྱང་ཆུབ་ཐོབ་གྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་དང་། བྱམས་པ་སེང་གེ་སྒྲའི་མདོ་ལས། །སྟོང་ཆེན་འཇིག་རྟེན་ཁམས་ནི་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པས་ནི། །ཚིགས་བཞིའི་ཚིགས་སུ་བཅད་པ་གཅིག་བརྗོད་ན། །དེ་ཡི་ཕན་འདོགས་དེ་ལྟར་འགྱུར་མ་ཡིན། །ཕན་འདོགས་བྱེད་པར་འདོད་པ་གང་ཞིག་གིས། །འཇིག་རྟེན་གསུམ་ན་སེམས་ཅན་ཐམས་ཅད་ཀྱི། །བདེ་བ་གང་དག་ཡོད་པ་དེ་དག་ཀུན། །སེམས་ཅན་གཅིག་ལ་སྦྱིན་པ་བྱས་པ་བས། །གང་གིས་དེ་ལ་སངས་རྒྱས་ལུགས་ཀྱི་ནི། །ཚིགས་བཞིའི་ཚིགས་སུ་བཅད་པ་གཅིག་བརྗོད་ན། །དེ་ནི་ཤིན་ཏུ་ཕན་འདོགས་མཆོག་ཡིན་ཏེ། །དེས་ནི་སྡུག་བསྔལ་དག་ལས་གྲོལ་བར་འགྱུར། །གང་གིས་གང་གའི་བྱེ་སྙེད་སངས་རྒྱས་ཞིང་། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །རབ་དགའི་སེམས་ཀྱིས་རྒྱལ་ལ་ཕུལ་བ་དང་། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེན་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེས་བསྒྲུབ་དེ་ལ། །ཆར་ཡང་མི་ཕོད་གྲངས་སུའང་མ་ཡིན་ན། །གཉིས་དང་གསུམ་ལ་བསམ་དུ་ག་ལ་ཡོད། །ཞེས་སོགས་དམ་པའི་ཆོས་བཅད་པའི་ཕན་ཡོན་དང་། དེ་ཁོ་ན་ཉིད་བསྟན་པའི་མདོ་ལས། ཤཱ་རིའི་བུ། གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། གང་གིས་སེ་གོལ་བཏོན་པ་ཙན་གཅིག་ཏུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོབ་ན་བསོད་ནམས་མང་དུ་འཕེལ་ལོ། །ཤཱ་རིའི་བུ། དེ་ལྟར་བས་ན་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་ལ་ནན་གྱིས་གདམས་པར་བྱའོ། །ཞེས་སོགས་ཀྱིས་ཚུལ་བཞིན་བསྒོམ་སྒྲུབ་བགྱིས་པའི་ཕན་ཡོན་དང་། མདོར་ན་བཅོམ་ལྡན་འདས་ཀྱིས། གང་ཆོས་ཉན་པའི་རྒྱུའམ་འཆད་པའི་རྒྱུར་ཐ་ན་གོམ་པ་གཅིག་འདོར་རམ་ཐ་ན་དབུགས་གཅིག་འབྱིན་ནམ་རྔུབ་ཀྱང་རུང་སྟེ། འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའི་ཞེས་བཀའ་སྩལ་ཞིང་། དེ་བཞིན་གཤེགས་པ་གསང་བའི་མདོ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་བ་བྱེ་བར་བརྗོད་མཛད་ཀྱང་། །མཐར་ཕྱིན་པར་ནི་འགྱུར་མ་ལགས། །ཞེས་སོགས་ཀྱིས་དམ་པའི་ཆོས་འཛིན་ཞིང་བསྲུང་བའི་ཕན་ཡོན་སྟེ་ཚུལ་དེ་ལྟར་གང་གསུངས་པ་རྣམས་ལ། དྲན་ཉེར་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱང་འབྲས་བུ་བསླུ་མི་སྲིད། །ཅེས་དང་། ཏིང་འཛིན་རྒྱལ་པོ་ལས། ཟླ་བ་སྐར་མ་བཅས་པ་གནས་ལྷུང་ཞིང་། །རི་དང་གྲང་དུ་བཅས་པའི་ས་གཞི་ལས། །ནམ་མཁའི་ཁམས་ནི་རྣམ་པར་གཞན་གྱུར་ཀྱང་། །ཁྱོད་ཀྱིས་མི་བདེན་པ་ཡི་ཚིགས་མི་གསུངས། །ཞེས་སོགས་གསུངས་པ་ལྟར་ལས་རྒྱུ་འབྲས་བསླུ་མེད་ཀྱི་ཚུལ་ལ་ཡིད་ཆེས་པའི་སྒོ་ནས་སྟོན་དང་བསྟན་པ་མཆོག་དང་མཇལ་བའི་མི་ལུས་དོན་དང་ལྡན་པ་ལ་འབད་པར་བྱའོ་ཞེས་འཕྲོས་དོན་དུ་སྨྲས་སོ། །གསུམ་པ་མཇུག་ཡོངས་སུ་རྫོགས་པའི་བྱ་བ་ལ། བཀའ་དྲིན་དྲན་པའི་ཕྱག །ལེའུའི་མཚན། གང་གིས་བརྩམ་པའི་མཛད་བྱང་། མཇུག་ལོ་ཙཱ་བས་འགྱུར་བྱང་བཤད་པ་དང་བཞི་ལས། དང་པོ་ནི། ལྷག་པའི་ལྷ་རྗེ་བཙུན་འཇམ་པའི་དབྱངས་གང་གི་བྱིན་གྱིས་བརླབས་པའི་བཀའ་དྲིན་གྱིས་བདག་ལ་འཇིག་རྟེན་གྱི་བྱ་བ་སྙིང་པོ་མེད་པ་རྣམས་ལ་ཆགས་པ་སྤངས་ནས་ཐོས་བསམ་སྒོམ་གསུམ་ལ་སོགས་པའི་དགེ་བའི་བྱ་བ་ཁོ་ན་རྩེ་གཅིག་ཏུ་བཙོན་པའི་བློ་ཁྱད་པར་ཅན་བྱུང་བའམ་སྐྱེ་བར་མཛད་པ་དེ་ནི་བཅོམ་ལྡན་འདས་འཇམ་པའི་དབྱངས་ཡིན་པས་དེ་ལ་སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །དེ་བཞིན་དུ་སྐྱེས་བུ་དམ་པ་གང་དག་གི་བཀའ་དྲིན་གྱིས་བདག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་ནས་ལུང་དང་རྟོགས་པའི་ཡོན་ཏན་རྣམས་གོང་ནས་གོང་དུ་དར་ཞིང་རྒྱས་པར་མཛད་པ་དཔལ་ནཱ་ལེནྟྲའི་མཁན་པོ་རྒྱལ་པོའི་ལྷ་དང་སློབ་དཔོན་ལ་སོགས་པ་བླ་མ་དགེ་བའི་བཤེས་གཉེན་རྣམས་ལའང་བདག་ཉིད་གུས་པས་ཕྱག་འཚལ་ལོ་ཞེས་ཕྱག་མཛད་པ་ལྟར་རང་རེ་རྣམས་ཀྱིས་ཀྱང་རང་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་ཅུང་ཟད་རེ་ཡོད་པ་དེ་སུ་ཞིག་གིས་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་ཀྱང་དེ་ཉིད་ལ་རང་གིས་བླ་མར་བཟུང་ནས་བཀའ་དྲིན་དྲན་པའི་སྒོ་ནས་སྒོ་གསུམ་གུས་པས་ཕྱག་འཚལ་བར་བྱ་དགོས་པ་ཡིན་ནོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བསྔོ་བ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའི་འགྲེལ་བའོ། །གསུམ་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སློབ་དཔོན་ཆེན་པོ་ཤཱནྟ་དེ་བས་ཏེ་ཞི་བའི་ལྷས་མཛད་པ་རྫོགས་སོ་ཞེས་སོ། །བཞི་པ་ནི། དེ་ལ་བསྟན་པ་ལ་སྔ་འགྱུར་དང་ཕྱི་འགྱུར་ཞེས་པ་ཇི་ལྟར་ཡིན་ན་འཕགས་པ་རིགས་གསུམ་མགོན་པོའི་རྣམ་འཕྲུལ་སྦྱིན་བདག་ཆོས་རྒྱལ་སྲོང་བཙན་སྒོམ་པོ་དང་། ཁྲི་སྲོང་ལྡེའུ་བཙན་དང་མངའ་བདག་ཁྲི་རལ་ཅན་ཅན་སྟེ་བསྒྱུར་ཡུལ་པཎྜི་ཏ་ལྷ་རིགས་པའི་སེང་གེ་ནས་པཎ་ཆེན་སྨྲིར་ཏི་ཛྙཱ་ནའི་བར་དང་། འགྱུར་བྱེད་ཐུ་མི་སམ་བྷོ་ཊ་ནས་རོང་ཟོམ་ཀུན་མཁྱེན་དྷ་རྨ་བྷ་དྲའི་བར་དུ་བསྒྱུར་བའི་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་རྣམས་ལ་སྔ་འགྱུར་རྙིང་མ་ཞེས་གྲགས་ལ། ཕྱིས་སུ་ལོ་ཆེན་རིན་ཆེན་བཟང་པོ་ལ་སོགས་པས་བསྒྱུར་བའི་རྒྱུད་འགྲེལ་པ་དང་མདོ་ཕྲན་འགའ་ཞིག་བཅས་བསྒྱུར་བ་ལ་ཕྱི་འགྱུར་གསར་མ་ཞེས་གྲགས་ནའང་དོན་དུ་དེ་ཐམས་ཅད་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་རིན་པོ་ཆེ་དང་དེ་འཛིན་པའི་སྐྱེས་བུ་དམ་པ་ལྟ་བ་བཀའ་རྟགས་ཀྱི་ཕྱག་བཞི་དང་ལྡན་པས་གསང་གསུམ་གྱི་མཛད་སྤྱོད་ཐམས་ཅད་ཆོས་སྐུའི་ཀློང་དུ་མཁའ་ལྟར་དབྱེར་མི་ཕྱེད་པའི་བདག་ཉིན་ཅན་ཁོ་ན་ཡིན་པས་ན་ཕྱོགས་དང་རིས་སུ་གཅོད་པར་བྱ་བ་ཅི་ཡང་མེད་དོ། །གཞུང་འདིའང་ལེགས་སྦྱར་གྱི་སྐད་དུ་བརྩམས་ཤིང་རྒྱ་གར་འཕགས་པའི་ཡུལ་ན་གནས་པ་ལ་སྔ་འགྱུར་གྱི་དུས་སུ་རྒྱ་གར་གྱི་མཁན་པོ་ཆེན་པོ་སརྦ་ཛྙཱ་དེ་བ་སྟེ་ཐམས་ཅད་མཁྱེན་པའི་ལྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ནི་རྡོག་ལོ་ཆེན་པོས། བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་ཞང་གསུམ་ཉི་ཟླ་ཟུང་འབྲེལ་དང་། །རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་འདྲ། །ཁོ་བོ་ཅག་ནི་སྲིན་བུ་མེ་ཁྱེར་ཙམ། །ཞེས་པའི་ནང་ཚན་བནྡེ་སྐ་བ་དཔལ་བརྩེགས་ཀྱིས་ཁ་ཆེའི་དཔེ་ལས་བོད་ཀྱི་སྐད་དུ་བསྒྱུར་ཅིང་ཞུས་ཏེ་ཞེས་ཞུ་དག་ཀྱང་མཛད་དེ་འཆད་ཉན་གྱིས་གཏན་ལ་ཕབ་པ་ལས་སྐལ་ལྡན་རྣམས་ལ་ཕན་པ་རྒྱ་ཆེན་པོ་མཛད་པའོ། །སླད་ཀྱི་རྒྱ་གར་གྱི་མཁན་པོ་དྷ་རྨ་ཤྲཱི་བྷ་བྲ་སྟེ་ཆོས་དཔལ་བཟང་པོ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་བཟང་པོ་དང་། ཤཱཀྱ་བློ་གྲོས་ཀྱིས་ཡུལ་དབུས་ཀྱི་དཔེ་དང་འགྲེལ་བ་དང་མཐུན་པར་བཅོས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། །ཡང་དུས་ཕྱིས་རྒྱ་གར་གྱི་མཁན་པོ་སུམ་ཏི་ཀཱིཏྟཱི་སྟེ་མཁས་པ་ལེགས་པའི་བློ་གྲོས་གྲགས་པ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་དག་པར་བཅོས་ཤིང་བསྒྱུར་ཏེ་ལེགས་པར་གཏན་ལ་ཕབ་པའོ། །ཞེས་པ་འདིར་ས་བཟང་འགྲེལ་བར་བལ་པོའི་པཎྜི་ཏ་སུ་མ་ཏི་ཀཱིཏྟ་ཞེས་དང་། ལོ་ཙཱ་བ་ཕྱི་མ་གསུམ་གྱིས་བཅོས་ཤིང་ཞུས་ཏེ་དག་པར་བྱས་ཏེ་གཏན་ལ་ཕབ་པའོ་ཞེས་དང་། བར་སྐབས་སུ་ཅུང་ཟད་མ་དག་པར་སོང་བ་རྣམས་བདག་གིས་ཀྱང་རྒྱ་དཔེ་དང་འགྲེལ་བ་ལ་གཏུགས་ཏེ་དག་པར་བགྱིས་པའོ་ཞེས་གསུངས་སོ། །འདིར་སྨྲས་པ། འཇམ་པའི་དབྱངས་ཀྱི་རྗེས་བཟུང་ཞི་བ་ལྷའི། །བྱང་ཆུབ་སེམས་དཔའི་ལམ་བཟང་སྤྱོད་འཇུག་ཉིད། །རིགས་གསུམ་དབྱེར་མེད་ཆོས་ཀྱི་དབང་པོ་ཡི། །བཀའ་སྲོལ་གདམས་པ་སྟོང་གི་བཅུད་ཕུལ་དཔྱིད། །དེ་སླད་བསྟན་འགྲོར་སྨན་པའི་ཐུགས་བཞེད་ཀྱིས། །དམ་པས་ལེགས་བསྐུལ་ཆུད་མི་ཟ་ཕྱིར་དུ། །གང་གསུངས་རང་བློར་ངེས་པའི་ཟིན་བྲིས་སོགས། །ཟབ་མོའི་གསུང་གི་སྣང་བ་འདིར་བཀོད་དོ། །རྙེད་བཀུར་གྲགས་འདོད་དུག་གིས་མ་བསླད་ཀྱང་། །མ་རིག་བདག་འཛིན་གདོན་ཆེན་སྙིང་ཞུགས་པས། །མ་རྟོགས་ལོག་པའི་ཉེས་པ་གང་མཆིས་པ། །བླ་མ་ལྷ་དང་དམ་པ་ལྷ་རྣམས་ལ་འཆགས། །དམ་པས་བསྐུལ་ཕྱིར་གསུངས་རྒྱུན་མི་ཉམས་ཕྱིར། །གཞན་ལ་ཕན་ཕྱིར་དམ་ཆོས་འཛིན་པའི་ཕྱིར། །འདིར་འབད་དུས་གསུམ་དགེ་ཚོགས་ཀུན་བསྡོམས་ཏེ། །སྲས་བཅས་རྒྱལ་བའི་ཡོངས་བསྔོ་མཆོག་གིས་བསྔོ། །ཕྱོགས་མེད་རྒྱལ་བསྟེན་དར་ཞིང་རྒྱས་གྱུར་ཅིག །ཕྱོགས་འཛིན་ཉམས་པའི་ཆགས་སྡང་བྱང་གྱུར་ཅིག །ཕྱོགས་ཀྱི་རྒོལ་བ་ཀུན་ནས་ཞི་གྱུར་ཅིག །ཕྱོགས་བཅུར་ཆོས་ཀྱི་རྒྱལ་མཚན་བསྒྲེང་གྱུར་ཅིག །ཕྱོགས་དུས་ཀུན་ཏུ་བསྟན་འཛིན་ཞབས་བརྟན་ཅིང་། །དགེ་འདུན་སྡེ་འཕེལ་སྦྱིན་བདག་དཔལ་འབྱོར་ལྡན། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པ་ཆེ། །ཕྱོགས་དུས་ཀུན་ཏུ་འཛིན་ཅིང་སྤེལ་གྱུར་ཅིག །བདག་སོགས་དེང་ནས་ཚེ་རབས་ཀུན་ཏུ་ཡང་། །བླ་མ་ལྷག་པའི་ལྷ་ཡིས་རྗེས་བཟུང་སྟེ། །འགྲོ་ལ་ཕན་ཕྱིར་བྱང་ཆུབ་སྤྱོད་མཆོག་གིས། །བསྟན་པའི་སྙིང་པོ་ཕྱོགས་བཅུར་འཇིན་གྱུར་ཅིག །གང་འདིར་འབྲེལ་ཚད་ཚེ་རིང་ནད་མེད་པར། །སྒོ་གསུམ་དགེ་ལ་ཡང་དག་གཞོལ་གྱུར་ཏེ། །དོན་གཉིས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་པོ་ཉིད། །འཐོབ་པར་ལྷ་དང་བླ་མས་བྱིན་གྱིས་རློབས། །དེ་ལྟར་སྨོན་གང་འགྲུབ་པའི་མཐུན་འགྱུར་ཉིད། །བླ་མ་དཀོན་མཆོག་རྩ་གསུམ་རྒྱ་མཚོ་ཡིས། །བདེན་པའི་གསུང་གིས་གནང་དང་ཆབ་གཅིག་པར། །བཀྲ་ཤིས་དགེ་ལེགས་མེ་ཏོག་ཆར་འབེབས་སྩོལ། །ཞེས་པའང་ཕྱོགས་དུས་གང་ཟག་དམན་པར་གྱུར་ཅིང་སྐྱེས་སྦྱོང་གི་ཤེར་བརྩོན་ཞན་པར་གྱུར་ན་ཡང་ཤར་ཀཿཐོག་པ་ཆེན་པོ་ཡོངས་རྫོགས་བསྟན་པའི་མངའ་བདག་གནས་ལྔ་རིག་པའི་པཎྜི་ཏ་སི་ཏུ་ཆོས་ཀྱི་རྒྱ་མཚོ་ནས་བླ་མའི་ཞལ་རྒྱུན་ལྟར་སྤྱོད་འཇུག་འགྲེལ་པ་ཞིག་བྲིས་ཞེས་བཀའ་ཡིས་གནང་བ་ཡང་ཡང་ཕེབ་པ་དང་། ཡིད་ལྷུང་རྩ་ཤུལ་དགོན་པའི་སྤྲུལ་པའི་སྐུ་མཆོག་འགྱུར་མེད་ཐེག་མཆོག་བཤད་སྒྲུབ་རྒྱལ་མཚན་དཔལ་བཟང་པོ་ཞེས་དེང་གི་དུས་ན་ཕན་བདེའི་འབྱུང་གནས་ལུང་རྟོགས་ཀྱི་རྒྱལ་བསྟན་རིན་པོ་ཆེ་ལ་བཤད་དང་བསྒྲུབ་པའི་མཛད་བཟང་ཐུགས་དམ་དུ་མཛད་པ་བསྟན་པ་འཛིན་པའི་སྐྱེས་བུ་དམ་པའི་རྣམ་ཐར་དང་བཞེས་མཛད་པ་གང་གིས་ལྷ་གོས་དང་རྒྱལ་བ་ཀུན་ཡུམ་ཕྲིན་ལས་དཔལ་མོ་ཉེར་གཅིག་གི་སྣང་བརྙན་རིན་པོ་ཆེ་དང་པོའི་རས་བྲིས་དང་། རྡོར་དྲིལ་དང་སྤར་དུ་སྒྲུབ་པའི་ཞལ་བཞེས་དབྱར་དམ་དང་། བྲི་གཞིའི་ཤོག་བུ་བཅས་ནན་བསྐུལ་གྱིས་དོན་གཉེར་ཆེས་གནང་ནའང་། རང་དབེན་རིར་སོས་དལ་ཉི་ཕུལ་ཉལ་སྙམ་སོགས་ཀྱིས་དེ་གར་ལུས་མུར་སྔ་འགྱུར་བསྟན་པའི་ཉི་མ་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་ཞལ་སྔ་ནས་དེ་ཚུལ་དགོངས་ནས་དར་མཛོད་ཐག་བཅས་གནང་ནས་དེ་ལྟར་མྱུར་དུ་འགྲུབ་ན་ཐུགས་ཤིན་ཏུ་དགྱེས་ཚུལ་གྱི་བཀའ་ཡི་གནང་བསྐུལ་ཆེད་བསྩལ་དང་། སྔར་བསྐུལ་བ་པོ་ཡང་དབྱར་དམ་རིས་སུ་མི་འདོར་བའི་དམ་པ་མཆོག་གི་ངང་ཚུལ་ཅན་ཁོང་ལ་ཁ་ཤར་ཕྱོགས་ཀྱི་བླ་མ་དག་གི་ས་འདི་ཉིད་སྤར་དུ་འཁོད་པར་དཀར་ཐིགས་ཀྱི་དངོས་རྫས་ཕུལ་བ་ཕྱག་བསྣམས་དང་། བསླབ་པ་གསུམ་ལ་གུས་པ་ཤཱཀྱའི་དགེ་སློང་སངས་རྒྱས་སམ་བློ་གྲོས་མཆོག་ལྡན་དང་ཤཱཀྱའི་དགེ་སློང་ཐུབ་བསྟན་དགེ་འདུན་འཕེལ་རྒྱས་གཉིས་ཀྱིས་ཀྱང་ལྷག་བསམ་དག་པའི་ཡི་གེ་བར་ཞལ་བཞེས་སོགས་ཀྱིས་མཐུན་པའི་རྐྱེན་བཟང་པོའི་འབྱོར་པ་ཕུན་སུམ་ཚོགས་པ་དང་བཅས་པར་ནན་བསྐུལ་ཡང་བསྐྱར་དོན་གཉེར་ཆེར་གནང་བསྩལ་བ་ལ་ལྷག་པའི་བསམ་པ་བཟང་པོས་དཔལ་དགེ་བ་བླ་མ་སྐུ་ཕྲེང་གསུམ་པ་ཐུབ་བསྟན་ཡོངས་རྫོགས་བསྟན་པའི་མངའ་བདག་འཇམ་པའི་དབྱངས་དངོས་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་སྙན་པའི་བ་དན་དཀར་པོ་སྲིད་པ་གསུམ་ན་མངོན་པར་མཐོ་བ་གང་གི་གདན་ས་ཆོས་འཁོར་དགེ་གོང་ཆོས་སྒར་རིག་འཛིན་འཆི་མེད་གྲུབ་པ་བཤད་སྒྲུབ་དགའ་ཚལ་དུ་ཆོས་ཐུན་རྣམས་ཀྱི་སྔ་ཐུན་རྣམས་སུ་ངལ་བ་དང་ལེན་གྱིས་སྐྱབས་རྗེ་ཐམས་ཅད་མཁྱེན་པ་དཔལ་སྤྲུལ་རིན་པོ་ཆེ་ཉིད་ཀྱི་ཞལ་སྔ་ནས་ཟླ་དྲུག་ཏུ་སྤྱོད་འཇུག་འདི་ཁོ་ན་རྒྱས་པར་གནང་བའི་སྐལ་བཟང་ཐོབ་པའི་སྐབས་ཀྱི་རང་གིས་ཟིན་བྲིས་དང་། སྐྱབས་རྗེ་མཆོག་གི་ཐུགས་ཀྱི་སྲས་མཆོག་དབོན་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན་ནོར་བུའི་ཞལ་སྔ་ནས་སྤྱོད་འཇུག་ཞག་བཞི་བཅུ་རེར་རྒྱས་པར་གནང་བ་ལན་གཉིས་ཀྱི་སྐལ་བཟང་ཐོབ་པའི་ཟིན་བྲིས་དང་། ཡང་ཐུགས་སྲས་དམ་པ་གཞན་དག་གིས་ཟིན་བྲིས་དང་གསུང་གི་སྣང་བ་ལ་བརྟེན་ནས་གོ་སླ་གཙོར་བཏོན་གྱིས་ཤཱཀྱའི་བཙུན་གཟུགས་རྨོང་བརྟུལ་ཀུན་བཟང་ཆོས་གྲགས་སམ་ཀུན་བཟང་དཔལ་ལྡན་དུ་འབོད་པས་གྲུབ་པར་བགྱིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལམ།། །།ༀ་སྭ་སྟི། ཐུབ་གསུང་ཟབ་དང་རྒྱ་ཆེའི་མདོ་སྡེ་རྣམས། །སྙིང་པོ་དྲིལ་བ་བྱང་ཆུབ་སྤྱོད་པའི་གཞུང་། །ལྟ་སྤྱོད་གཉིས་ཆར་སྟོན་པ་ཞི་བ་ལྷའི། །བསྟན་བཅོས་འདི་འདྲ་དུས་གསུམ་འབྱོན་པར་དཀོན། །གང་ལ་སེམས་ཀྱི་དམ་པ་རིན་ཆེན་འདི། །སྐྱེས་བུ་གང་གི་ཐུགས་ལ་ཞུགས་གྱུར་པ། །དེ་ནི་རྒྱལ་སྲས་སེམས་དཔའ་ཆེན་པོ་སྟེ། །བདེ་བར་གཤེགས་པའི་གདུང་འཚོབ་དམ་པ་ཡིན། །དེ་ཕྱིར་ཐར་འདོད་བློ་ལྡན་སྐྱེས་བུ་རྣམས། །གཞུང་འདི་ཁོག་པའི་སྙིང་ལྟར་བརྩོན་པ་གཅེས། །དེ་ལྟ་ན་ཡང་ཟབ་ཅིང་བརླིང་བ་ཡི། །དོན་རྣམས་ཇི་བཞིན་བཀྲལ་ལ་སྙིགས་དུས་འདིར། །ཞི་ལྷ་གཉིས་པ་ཆོས་ཀྱི་དབང་པོ་ཞེས། །སྙན་པ་འཇིག་རྟེན་གསུམ་ན་ཆེས་གསལ་ཞིང་། །མཁས་གྲུབ་བྱེ་བའི་གཙུག་གི་ནོར་བུ་དེའི། །ཞལ་ལུང་དྲི་མེད་བདུད་རྩིའི་ཐིག་ཕྲེང་འདི། །གང་དེའི་གསུང་གི་སྲས་མཆོག་སྡེ་སྣོད་འཛིན། །ཐུབ་བསྟན་ཀུན་བཟང་ཆོས་ཀྱི་གྲགས་པ་ཞེས། །སྡོམ་བརྩོན་ཆེ་དེས་ལེགས་པར་བཤད་པ་ཡི། །རྣམ་འགྲེལ་འདི་ཉིད་གཞན་ལས་ཁྱད་པར་འཕགས། །དེ་ཕྱིར་རྣམ་དཀར་གཏོགས་པའི་བློ་ལྡན་མ། །བྱ་རྒྱལ་རྒོད་གཤོགས་རྒྱས་འདྲའི་རིགས་སྲས་ཀྱི། །མ་ཡུམ་ཚེ་དབང་སྒྲོལ་མ་ཞེས་བགྱི་བས། །སྤར་དུ་བཞེངས་པའི་ལེགས་བྱས་དགེ་བའི་མཐུས། །ཚེ་འདིའི་ཕ་མས་གཙོ་བྱས་སེམས་ཅན་རྣམས། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་པ་དང་། །བྱང་ཆུབ་སེམས་གཉིས་རྒྱུད་ལ་རབ་སྐྱེས་ནས། །སྐུ་གཉིས་གོ་འཕང་མྱུར་དུ་ཐོབ་པར་ཤོག །ཅེས་པའང་སྤར་བྱང་སྨོན་ཚིག་ཏུ་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་བློ་གྲོས་རྒྱ་མཚོས་བྲིས་པ་སརྦ་མངྒ་ལམ།། །།


previousབྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་བདུད་རྩིའི་ཐིག་པ།next