cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཞེ་བདུན་པ།

གླེགས་བམ། ཙི༽

མི་ཕམ་འཇམ་དབྱངས་རྣམ་རྒྱལ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། མཁྱེན་ཀློང་ཆེན་པའི་གསུང་།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་།

༅། །མ དྷྱཱ མ ཀཱ ལཾ ཀཱ ར སྱ བི བྷཱ ཥི ཏ མ ཉྫུ གྷོ ཥ གུ རྭཱ མོ ད སྱཱ ག མ ནཱ མ བི ཧ ར ཏི སྨ། །
༅། །དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །
གང་གིས་རྨད་བྱུང་རྟེན་འབྲེལ་ལམ། །གསུང་མཆོག་མཚུངས་པ་མེད་པ་ཡིས། །སྲིད་པའི་འཆིང་བ་བཀྲོལ་མཛད་པ། །སྐྱོབ་པ་ཤཱཀྱ་སེང་གེར་འདུད། གང་མཚན་དྲན་པས་ཐོག་མེད་སྲིད་པའི་སྨག །སྙིང་ལ་ཡུན་རིང་ཉལ་བའི་དགྲ་འཇོམས་པ། །གཞོན་ནུ་སྨྲ་བའི་ཉི་མ་གང་དེ་དང་། །དབྱེར་མེད་དྲིན་ཅན་བླ་མས་བདག་སྐྱོངས་ཤིག །གང་ཞིག་ལྟ་ངན་མུན་པའི་རུམ་ན་སྣ་ཚོགས་གྱ་གྱུས་རྩེན་པ་གློག་བཞིན་གཡོ་བའི་སྨྲ་བ་ངན་པའི་ལྕེ། ཚངས་དབང་མཚོན་ལས་ཤུགས་དྲག་རིགས་པའི་དཔལ་གྱིས་དུམ་བུར་ཆོད་ཅེས་འཇམ་དབྱངས་ཕྱག་གི་རལ་གྲིས་དབང་བསྐུར་བས། འཕགས་པའི་ཡུལ་དང་བསིལ་ལྡན་སོགས་གནས་བདག་ཏུ་ལྟ་བའི་རི་སུལ་བརྟེན་པ་བོན་དང་མུ་སྟེགས་རི་དྭགས་ཚོགས། གང་གི་མཚན་ཙམ་ཐོས་པས་རྣམ་པ་སྟོང་དུ་འཇིགས་མཛད་འཇིགས་མེད་སྨྲ་བའི་སེང་གེ་གང་དེ་རྒྱལ་གྱུར་ཅིག །གང་གི་ལེགས་གསུང་ཟབ་མོ་དབུ་མའི་རྒྱན། རིགས་པའི་ཆུ་ཀླུང་འབུམ་ཕྲག་འཁྱིལ་བའི་མཚོ། །མཁས་མཆོག་ཀླུ་དབང་བྱེ་བའི་རོལ་གནས་དེར། །དམན་པ་བདག་ཀྱང་དགའ་བའི་ཡིད་ཀྱིས་ཞུགས། །མཚུངས་མེད་བློ་མཆོག་མངའ་བ་རྣམས་ཀྱིས་ཀྱང་། །བསྒྲིམས་ཏེ་རབ་ཏུ་འབད་པས་རྟོགས་བྱ་བ། །མཁས་པའི་གཞུང་ལུགས་བཟང་པོ་མ་ཉམས་པའི། །ཚུལ་རྣམས་ཅུང་ཟད་བླ་མའི་དྲིན་གྱིས་ཕྱེ། །ཤིང་རྟའི་ལམ་སྲོལ་མཆོག་གི་རིགས་པའི་ཞུགས། །དུས་ཀྱི་ཁམས་སུ་བག་ལ་ཉལ་གྱུར་ཀྱང་། །ཚང་ཚིང་ནགས་ལ་མེ་བཞིན་འདིར་བསླངས་ན། །རང་གར་སྨྲ་བ་རྣམས་ཀྱིས་བག་ཡོད་མཛོད། །དེའང་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། ཚོགས་གཉིས་རྒྱ་མཚོ་ལྟ་བུས་རྒྱུད་ཡོངས་སུ་སྦྱངས་པས་གཟིགས་པ་རྣམ་པར་དག་པའི་མཐར་སོན་ཏེ། དེ་བཞིན་གཤེགས་པ་ཉིད་ཀྱི་སེང་གེའི་སྒྲ། མུ་སྟེགས་བྱེད་ཀྱི་གླང་པོ་དང་རི་དྭགས་ཀྱི་ཚོགས་སྐྲག་པར་བྱེད་པ། སྟོང་པ་ཉིད་ཀྱི་ཚུལ་ཕྱིན་ཅི་མ་ལོག་པར་སྟོན་པའི་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བའི་བཀའ་དྲི་མ་མེད་པ་རྣམས་ཀྱི་དགོངས་པ། རིག་པའི་ལམ་ནས་དྲངས་ཏེ་མི་འཕྲོག་པའི་ཤེས་རབ་མཆོག་གི་མིག་བསྒྲུབས་ནས། དངོས་པོའི་རྣམ་པ་མ་བརྟགས་གཅིག་པུ་ན་ཉམས་དགའ་བ་མ་ལུས་པ་གཟུགས་བརྙན་ལ་སོགས་པ་ལྟ་བུར་ཡང་དག་པར་རང་བཞིན་མེད་པར་ཤེས་ཤིང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་ནས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་འབྱོར་པ་ལ་དབང་སྒྱུར་བར་འདོད་པ་རྣམས་ཀྱི་འཇུག་ངོགས་བླ་ན་མེད་པའི་ཚུལ་ལུགས་འདི་ལྟ་བུ་ལ་རང་ཉིད་གོམས་པར་བྱ་བ་དང་། རང་དང་སྐལ་པ་མཉམ་པ་གཞན་ལའང་སྐུལ་བར་བྱེད་པའི་རྐྱེན་ཙམ་དུ་དམིགས་ནས་གཞུང་འདི་ཉིད་ཀྱི་དོན་ཅུང་ཟད་རྣམ་པར་དབྱེ་བ་ལ། བཤད་བྱའི་ཡན་ལག་དང་། བཤད་བྱ་དངོས་གཉིས་ལས། དང་པོ། སྔོན་གྱི་མཁས་པ་དག་གི་རྗེས་སུ་འབྲངས་ཏེ་རྩིས་མགོ་ལྔའི་ཚུལ་དུ་ཅུང་ཟད་བཤད་པར་བྱ་སྟེ། དེ་ལ་གཞུང་འདི་སུ་ཞིག་གིས་མཛད་ན། མཁས་བཙུན་བཟང་པོའི་རྣམ་ཐར་གྱི་ཡང་རྩེར་སོན་ནས་གྲུབ་པའི་གོ་འཕང་མཐོན་པོར་རྩོད་མེད་དུ་གཤེགས་པ། རྒྱ་བོད་གཉིས་ན་ཉི་ཟླ་ལྟར་གྲགས་པའི་སློབ་དཔོན་ཆེན་པོ་ཞི་བ་འཚོས་མཛད། སུའི་དོན་དུ་ན། ཐེག་པ་ཆེན་པོའི་གཞུང་ལུགས་མཐའ་དག་གི་དོན་ལ་ཡང་དག་པའི་རིགས་ལམ་ནས་དྲངས་པའི་གཞན་གྱིས་བཀྲི་བར་མི་ནུས་པའི་ཟབ་པ་དང་རྒྱ་ཆེ་བའི་ཤེས་རབ་དོན་དུ་གཉེར་བ་དག་གི་ཆེད་དུ་མཛད། ཕྱོགས་གང་དུ་གཏོགས་ན། ཐེག་ཆེན་གྱི་བཀའ་སྤྱི་དང་། ཟླ་སྒྲོན་སོགས་ཟབ་མོའི་མདོ་སྡེ་རྣམས་ཀྱི་ཕྱོགས་སུ་གཏོགས། དབུ་ཞབས་ཀྱི་བསྡུས་དོན་ནི། བདེན་པ་གཉིས་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པའི་ཚུལ་གཉིས་ཀྱིས་བསྡུས་པའི་རྣམ་གཞག་གསལ་པོར་སྟོན་པའོ། །དགོས་པ་ཐེག་པ་ཆེན་པོ་མཐའ་དག་གི་དོན་ལ་ངེས་པ་བདེ་བླག་ཏུ་རྙེད་ནས་བྱང་ཆུབ་མཆོག་ཐོབ་པའི་དོན་དུའོ། །དེ་རྣམས་ཅུང་ཟད་སྤྲོས་ན། དང་པོ་མཛད་པ་པོ་འདི་ནི། འཇམ་དཔལ་རྩ་རྒྱུད་ལས། བསྟན་པའི་སྦྱིན་བདག་དང་། སྡོམ་བརྩོན་དང་། བྲམ་ཟེ་རྣམས་ལུང་བསྟན་པའི། སྡོམ་བརྩོན་གྱི་ཐོག་མར། སྟོན་པའི་གསུང་རབ་ས་སྟེང་དུ། །དུས་མཐར་འཇིག་རྟེན་ཉམས་པ་ན། །སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་ནི། །འབྱུང་བར་འགྱུར་བ་ཐེ་ཚོམ་མེད། །ཅེས་སྡོམ་བརྩོན་གྱི་རྒྱལ་པོའམ་གཙོ་བོ་དུ་མ་ཞིག་འབྱུང་ངོ་ཞེས་སྤྱིར་བསྟན་ནས། བྱེ་བྲག་དམ་པ་མང་པོ་ཞིག་ལུང་བསྟན་པའི་ནང་ནས། ཡི་གེ་བ་ཞེས་སྡོམ་བརྩོན་བསྒྲགས། །ཞེས་མཚན་གྱི་ཐོག་མ་གསལ་བར་བསྟན་ཅིང་། མཇུག་ཏུ་དེ་ཐམས་ཅད་སྔགས་གྲུབ་ནས་བྱང་ཆུབ་ཏུ་ལུང་བསྟན་པ་དང་། ལང་ཀར་གཤེགས་པ་ལས། ཕྱི་དུས་མུ་སྟེགས་ཀྱི་ལྟ་ངན་འབྱུང་བའི་གཉེན་པོ་ལྟ་བུར། དེ་ཡི་འོག་ཏུ་བྱས་དུས་ལ། །འདྲེན་པ་བློ་གྲོས་ཞེས་བྱ་བ། །ཤེས་བྱ་ལྔ་རྣམས་སྟོན་པ་པོ། །དཔའ་བོ་ཆེན་པོ་འབྱུང་བར་འགྱུར། །ཞེས་བློ་གྲོས་ནི་མཁན་པོའི་མཚན་གྱི་རྣམ་གྲངས་སུ་སྔོན་གྱི་མཁས་པ་དག་གིས་བཤད་ལ། ཞི་འཚོ་ནི་རབ་ཏུ་བྱུང་བའི་མཚན་དུ་མངོན་ཞིང་། གཞན་ཡང་མཚན་གྱི་རྣམ་གྲངས་དུ་མ་སྣང་ངོ་། །ཤེས་བྱ་ལྔ་ནི་ཆོས་ལྔ་རིགས་པས་གཏན་ལ་ཕབ་ནས་ཐེག་ཆེན་མཐའ་དག་དགོངས་པ་གཅིག་ཏུ་སྒྲུབ་པར་ལུང་བསྟན་པའོ། །དེ་བཞིན་དུ་ཏིང་འཛིན་རྒྱལ་པོ་ལས། ཟད་དུས་མི་བཟད་པ་ལ་བྱང་ཆུབ་སེམས་དཔའ་གང་། བདེ་བར་གཤེགས་པའི་བསྟན་པའི་ཆོས་མཆོག་འདི་སྲུང་བ། །དེ་དག་ང་ཡི་སྲས་ཏེ་ཕྱི་དུས་ཆོས་སྐྱོང་བ། །དེ་དག་སངས་རྒྱས་བྱེ་བ་སྟོང་གིས་ཡོངས་སུ་གཏད། །ཅེས་བོ་དྷི་སཏྭ་རཀྵི་ཏ་ཞེས་པའི་མཚན་ཚང་བར་བསྟན་ཏེ། མཁན་པོའི་མཚན་རྒྱ་སྐད་སོར་གཞག་ཏུ་ཀློག་པ་དེ་ལྟར་ན་འདིར་ཡང་། ཟད་དུས་མི་བཟད་པ་ལ་བོ་དྷི་སྭཏྭ་གང་། །ཞེས་པ་ཀླགས་ན་བདེའོ། །རཀྵི་ཏའི་སྒྲ་འཚོ་བའམ་སྲུང་བ་ལ་འཇུག་པས་སྒྲ་དེའང་བརྗོད་བྱའི་དོན་དང་ལྷན་ཅིག་ཏུ་འཐོན་པར་མཛད་པ་སྟེ། དངོས་ཤུགས་ཟུར་གྱི་རྣམ་པ་དུ་མ་འདྲེན་དུ་རུང་བ་ནི་སངས་རྒྱས་ཀྱི་བཀའི་ཁྱད་ཆོས་སོ། །མདོ་འདི་གཉིས་ཀྱི་དགོངས་པ་དྲི་མེད་རིགས་པའི་ལམ་དུ་སློབ་དཔོན་འདིས་དྲངས་ནས་ཚུལ་གཉིས་ཤིང་རྟའི་སྲོལ་ཕྱེ་བར་མཛད་པས་ན་མདོ་དེ་གཉིས་སུ་ལུང་སྟོན་པའི་རྒྱུ་མཚན་ཡང་དེ་ཉིད་དོ། །དེ་ལ་སོགས་པ་མདོ་རྒྱུད་དུ་མ་ནས་ཡང་ཡང་ལུང་བསྟན་པའི་ཤིང་རྟ་ཆེན་པོ་འདིའི་ཡོན་ཏན་གྱི་ཁྱད་པར་ནི། ཇི་སྐད་དུ། སློབ་དཔོན་ཞི་བ་འཚོ་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། འཕགས་པ་ངག་གི་དབང་ཕྱུག་གི་ཞབས་ཀྱི་པདྨོ་རྙོག་པ་མེད་པའི་ཟེའུ་འབྲུ་སྤྱི་བོས་ལེན་པ། ཞེས་གསུངས་པ་ལྟར། སྔོན་གྱི་ལོ་རྒྱུས་ཁུངས་མ་ལས་འདི་ལྟར་མཐོང་སྟེ། དེའང་སློབ་དཔོན་འདི་ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས་ནས་ནཱ་ལེནྡྲའི་ཐམས་ཅད་ཡོད་སྨྲའི་སྡེ་པའི་མཁན་པོ་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་ཞིང་། མཚན་བོ་དྷི་སཏྭ་ཤཱནྟ་རཀྵི་ཏ་ཞེས་གསོལ། རིག་པའི་གནས་མཐའ་དག་ལ་མཁས་པར་གྱུར་ཏེ། ནཱ་ལེནྡྲའི་མཁན་པོ་མཛད་ཅིང་རྒོལ་བ་ངན་པ་མཐའ་དག་ཚར་བཅད་དེ། མཁས་པའི་གྲགས་པ་སེང་གེའི་སྒྲ་ཆེན་པོས་སའི་སྟེང་ཐམས་ཅད་ཁྱབ་པར་གྱུར་ཏེ། དེའི་ཚེ་ལྷོ་ཕྱོགས་ནས་བྲམ་ཟེ་མུ་སྟེགས་སོགས་ཀྱི་རིག་བྱེད་མཐའ་དག་ལ་མཁས་པ་ཞིག་གིས་ཕྱི་ནང་གཉིས་ཀའི་རྒོལ་བ་རྣམས་ཕམ་པར་བྱས་ཏེ་སུས་ཀྱང་འགྲན་མི་བཟོད་པ་ན། ད་ནི་ནཱ་ལེནྡྲར་སོང་ལ་མཁན་པོ་ཞི་བ་འཚོ་ཕམ་པར་བྱས་ན་ས་སྟེང་ན་འགྲན་པའི་ཟླ་མེད་པར་འགྱུར་རོ་སྙམ་དུ་སེམས་ཤིང་། མཁན་པོའི་བཞུགས་སར་རིམ་གྱིས་འོངས་ཏེ་བལྟས་པས་མཁན་པོ་མི་སྣང་ཞིང་འཇམ་པའི་དབྱངས་ཀྱི་སྐུ་གསེར་བཙོ་མའི་མདོག་ལྟར་འབར་བ་ཞིག་བཞུགས་པར་མཐོང་སྟེ་ཕྱིར་འོངས་ནས་གཞན་ལ་དྲིས་པས་མཁན་པོ་དེ་ཉིད་ན་བཞུགས་ཡོད་ཟེར། སླར་ལོག་ནས་བལྟས་པས་སྔར་གྱི་ས་དེ་ན་མཁན་པོ་བཞུགས་པར་མཐོང་བས། ལྷག་པའི་ལྷ་དངོས་སུ་གྲུབ་པས་སུས་ཀྱང་རྩོད་པས་མི་ཐུབ་པར་ཤེས་ནས་ཤིན་ཏུ་དད་པར་གྱུར་ཏེ་རྩོད་པའི་བསམ་པ་དོར་ནས་གུས་པས་ཞབས་སྤྱི་བོར་བླངས་ཏེ་བསྟན་པའི་སྒོར་ཞུགས་པར་གྱུར་པ་དེ་ལྟ་བུ་ལ་སོགས་མཁས་པའི་རྣམ་པར་ཐར་པ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་ཞིང་། བོད་དུ་བྱོན་པའི་ཚེའང་བཙད་པོ་ལ། གལ་ཏེ་སངས་རྒྱས་པའམ་གཞན་པར་གྱུར་པ་སུ་ཞིག་ལ་འགྲན་ཟླ་ཚོལ་བ་ན། རྫུ་འཕྲུལ་ནི་འཛམ་བུའི་གླིང་ན་པདྨ་སཾ་བྷ་ཝ་ཉིད་ལས་ཆེ་བ་སུ་ཡང་མེད་པས་དེ་དང་འགྲན་དུ་གཞུག་ལ། གཏན་ཚིགས་ནི་བདག་དང་ཤགས་སུ་བཀྱེ་བ་ན་ད་ལྟ་སའི་སྟེང་ན་ཁོ་བོ་ལས་མཁས་པ་མེད་པས་རྒོལ་བ་ཐམས་ཅད་ཚར་བཅད་ནས་སངས་རྒྱས་ཀྱི་བསྟན་པ་ཚུགས་ཤིང་བཙད་པོའི་དགོངས་པ་འགྲུབ་ཅེས་མཁས་པར་བདག་ཉིད་ཀྱིས་ཀྱང་ཞལ་གྱིས་བཞེས་སོ། །དེ་ལྟ་བུའི་སློབ་དཔོན་འདི་ཉིད་ཀྱིས་དབུ་མ་རྣལ་འབྱོར་སྤྱོད་པའི་ཤིང་རྟའི་སྲོལ་ཕྱེས་ཤིང་། པཎྜི་ཏ་ཐམས་ཅད་ཀྱི་ནང་ན་རྒྱལ་མཚན་གྱི་རྩེ་མོའི་ཏོག་ལྟར་གསལ་བར་བླ་ན་འཕགས་པ་ནི་མཁས་པའི་རྣམ་ཐར་མདོ་ཙམ་སྟེ། ཤིང་རྟ་ཆེན་པོ་འདིའི་རིང་ལུགས་སྐྱོང་བ་ཡང་། འཕགས་ཡུལ་དུ་སློབ་དཔོན་སེང་གེ་བཟང་པོ། ཀ་མ་ལ་ཤཱི་ལ། ཆོས་ཀྱི་བཤེས་གཉེན་ལ་སོགས་པ་དང་། གཞན་ཡང་པཎྜི་ཏ་རྣམས་ལས་མང་ཤོས་ཞིག་ཡིན་ལ། ཡེ་ཤེས་ཞབས། འཕགས་གྲོལ་སྡེ། སེང་བཟང་ཨ་བྷ་ཡཱ་ཀ་ར་སོགས་ཀྱིས་ཤེར་ཕྱིན་གྱི་ལྟ་བ་འདི་ཁོ་ན་ལྟར་གཏན་ལ་ཕབ་པར་མཛད། དེ་ལས་འཕགས་གྲོལ་སོགས་སློབ་དཔོན་འདིའི་སྔོན་དུ་རྣལ་འབྱོར་སྤྱོད་པའི་དབུ་མ་བཞེད་མཁན་འགའ་ཙམ་ཡོད་ཀྱང་། དངོས་སུ་ཕྱི་དོན་མེད་པར་རྣམ་རིག་པའི་ཚུལ་དང་མཐུན་པའི་དབུ་མའི་ཤིང་རྟའི་སྲོལ་ཕྱེ་བ་པོ་ནི་སློབ་དཔོན་འདི་ཡིན་པར་མཁས་དབང་ཐམས་ཅད་མགྲིན་གཅིག་ཏུ་བཞེད་ལ། དེ་ལྟར་རིགས་པས་ཀྱང་འགྲུབ་པ་རྒྱ་གཞུང་རྣམས་ལ་བལྟས་པས་ཤེས་སོ། །དེས་ན་ཀླུ་སྒྲུབ་ཡབ་སྲས་གཞུང་ཕྱི་མོའི་དབུ་མ་པ་དང་། ཟླ་བ་གྲགས་པ་ཐལ་འགྱུར་དང་། ལེགས་ལྡན་འབྱེད་མདོ་སྡེའི་དབུ་མ་དང་། སློབ་དཔོན་འདི་རྣལ་འབྱོར་སྤྱོད་པའི་དབུ་མའི་ཤིང་རྟའི་སྲོལ་འབྱེད་ཡིན་པར་བཤད་དོ། །བོད་དུ་ནི་སྔ་རབས་པ་ཕལ་མོ་ཆེ་དང་། ཁྱད་པར་ལུགས་འདི་གཙང་མར་འཛིན་པ་རྔོག་ལོ་ཆེན་པོ། ཕྱ་བ་ཆོས་སེང་། རོང་སྟོན་ཆོས་རྗེ་ལ་སོགས་པ་ཡིན་ལ། འདིའི་འཆད་ཉན་ཀྱང་རྗེ་ཡབ་སྲས་ཀྱི་སྐུ་དུས་བར་དུ་རྒྱ་ཆེར་བྱུང་བར་བཤད་ལ། རྗེ་བརྒྱུད་འཛིན་དང་བཅས་པས་ཤིན་ཏུ་ཐུགས་གཙིགས་ཆེ་ཞིང་ཟིན་བྲིས་སོགས་ཅི་རིགས་མཛད། གཞན་ཡང་ཆོས་རྗེ་ས་པཎ་སོགས་དབུ་མར་སྨྲ་བ་ཀུན་གྱིས་ཞི་འཚོ་ཡབ་སྲས་ཀྱི་གསུང་ཐུགས་ཀྱི་བཅུད་དུ་མཛད། མདོར་ན་གང་ཟག་ཆོས་སྤྱན་ལྡན་པ་རྣམས་ནི། འདིའི་རིགས་པའི་གནད་ཟབ་མོའི་དགའ་སྟོན་མྱོང་བ་ན་ཡིད་དབང་མེད་དུ་ཕྲོགས་ཏེ་པད་ཚལ་ལ་བུང་བ་བཞིན་དང་དུ་ལེན་པ་ཡིན་ནའང་། དེང་སང་ནི་གྲུབ་མཐའི་ཕྱོགས་སུ་ལའང་འཆད་ཉན་ལྟ་ཅི་གླེགས་བམ་ལ་ལྟ་རྟོག་བྱེད་མཁན་ཙམ་ཡང་དཀོན་པར་སྣང་བས་ན་བློ་ལྡན་རྣམས་ཀྱིས་ཕྱོགས་དུས་ཀྱི་མུ་མཐར་ཁྱབ་ཅིང་རྒྱས་པའི་ཐུགས་ཁུར་མཛད་པར་རིགས་སོ། །མདོར་ན་ཐེག་པ་ཆེན་པོའི་ཚུལ་གཉིས་རིས་སུ་མ་ཆད་པར་འཛིན་ཅིང་། ཁྱད་པར་དབུ་མ་པ་གང་ཞིག་ཚད་མ་ལ་ཐུགས་ཞེན་ཆེ་བ་རྣམས་ནི་ཤིང་རྟ་ཆེན་པོ་འདིའི་སྲོལ་ལ་ངང་གིས་དགའ་ཞིང་འཇུག་པར་འགྱུར་བ་ཞིག་གོ། །གཉིས་པ་བཙུན་པའི་རྣམ་ཐར་ནི། འཕགས་ཡུལ་ན་འདུལ་འཛིན་དམ་པ་མང་པོ་གསེར་རིའི་ཕྲེང་བ་ལྟ་བུའི་ནང་ན་འདུལ་བའི་རྣམ་ཐར་གཙང་མ་སྐྱོང་བ་ལ་རི་དབང་ལྟར་མཐོ་ཞིང་སྡོམ་བརྩོན་ཐམས་ཅད་ཀྱི་རྒྱལ་པོ་ཚུལ་ཁྲིམས་གཙང་བའི་ཚད་དུ་གླེང་བར་གྲགས། གསུམ་པ་གྲུབ་པའི་ཚུལ་ནི། གཙོ་བོར་འཕགས་ས་མངོན་སུམ་མཛད་པའི་སྤང་རྟོགས་ལ་འཇོག་དགོས་ཀྱང་། དེ་ཕལ་པའི་སྤྱོད་ཡུལ་དུ་མི་འགྱུར་བས། ཕྱིར་མི་ལྡོག་པའི་བྱང་སེམས་ལུས་ངག་གི་རྟགས་ལས་དཔགས་པར་གསུངས་པ་ལྟར། མཁན་ཆེན་འདི་ཉིད་འཛམ་གླིང་སྤྱི་དང་ཁྱད་པར་མཐའ་འཁོབ་མུན་པའི་གླིང་གདུལ་བ་དང་། ཐེག་པ་ཆེན་པོའི་བཀའི་དགོངས་པ་ཤིང་རྟ་གཉིས་ཀྱིས་ལེགས་པར་ཕྱེས་ཟིན་ནའང་དེ་དག་དགོངས་པ་གཅིག་ཏུ་སྒྲུབ་པའི་ཤིང་རྟའི་ལམ་སྲོལ་གསུམ་པ་ཕྱེ་བའི་དོན་དུ་བསམ་བཞིན་དུ་སྤྲུལ་ནས་བོད་ཡུལ་གྱི་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་འཁྲུངས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་བྱང་དུ་དར་བར་ལུང་བསྟན་པའི་དུས་ལ་མ་བབས་ཀྱི་བར་དེ་ཉིད་དུ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པས་ལོ་དགུ་བརྒྱར་བཞུགས་པར་བཤད་པས་ནང་ཚེ་ལ་དབང་ཐོབ་ཅིང་། བསམ་ཡས་ལ་རབ་གནས་མཛད་པའི་ཚེ་བཙད་པོས་མཁན་པོ་ཉིད་འཇམ་པའི་རྡོ་རྗེར་དངོས་སུ་གཟིགས་ཤིང་། རྟེན་ལྷ་རྣམས་ཡེ་ཤེས་པར་དངོས་སུ་གྱུར་ནས་རྫུ་འཕྲུལ་གྱི་རྣམ་པར་རོལ་པ་ཚད་མེད་པ་མཛད་པ་ཀུན་གྱི་མཐུན་སྣང་དུ་གྱུར་པ་སོགས་ཕྱི་རོལ་ལ་དབང་ཐོབ་ཅིང་། ཁྱད་པར་སུས་ཀྱང་མ་ཐུལ་བའི་བོད་ཡུལ་འདིར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ལྟར་སྣང་བར་མཛད་ནུས་པ་ནི་རྒྱལ་སྲས་སེམས་དཔའ་གཞན་ལས་འཕགས་པའི་གྲུབ་པའི་འབྲས་རྟགས་ཡང་དག་གོ། །བཞི་པ་བཟང་པོའི་རྣམ་ཐར་ནི། བསྟན་འགྲོ་ལ་ཕན་པའི་མཛད་པ་བཟང་པོ་སྟེ། དེའང་མཁན་པོ་འདི་རྒྱུ་བྱང་ཆུབ་ཀྱི་ཐུགས་ལེགས་པར་འབྱོངས་པས་བོ་དྷི་སཏྭ་ཞེས་པའི་མཚན་དོན་དང་ལྡན་པར་ཉི་ཟླ་ལྟར་གྲགས་ཤིང་། འཇམ་པའི་དབྱངས་དང་ངོ་བོ་དབྱེར་མེད་པའི་སྡོམ་བརྩོན་ཆེན་པོ་འདི་དགུང་ལོ་བརྒྱ་ཕྲག་དུ་མར་བཞུགས་ནས། ནཱ་ལེནྡྲ་དང་། རྒྱ་གར་ཤར་ཕྱོགས་དང་། རྒྱ་ནག་ལ་སོགས་པར་སངས་རྒྱས་ཀྱི་བསྟན་པ་ལེགས་པར་བསྐྱངས་པར་བཤད་ལ། གཙོ་བོར་ནི་ཚུལ་གཉིས་ཟུང་དུ་འབྲེལ་བའི་ཤིང་རྟའི་ལམ་སྲོལ་དྲི་མ་མེད་པ་ཕྱེ་ཞིང་། དངོས་སྟོབས་ཀྱི་རིགས་པས་ལོག་སྨྲ་ཚར་གཅོད་ཅིང་སྐལ་ལྡན་རྗེས་སུ་གཟུང་བ་འཆད་རྩོད་རྩོམ་གསུམ་དང་། འདུལ་བའི་རྣམ་ཐར་གཙང་མར་སྐྱོང་བ་སྟེ་མཁས་བཙུན་གྱི་ངང་ཚུལ་ཟླ་མེད་པས་བཟང་པོའི་ཕྲིན་ལས་སའི་སྟེང་ཀུན་ཏུ་ཁྱབ་པར་གྱུར་ཅིང་། ཁྱད་པར་དུ་སྔོན་གྱི་སྨོན་ལམ་དང་རྒྱལ་བ་སྲས་དང་བཅས་པའི་ཐུགས་བསྐྱེད་དུས་སུ་སད་པའི་མཐུ་ལས། སུས་ཀྱང་གདུལ་དཀའ་བ་གངས་ཅན་མུན་པའི་སྨག་རུམ་འདིར་བྱོན་ནས་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་དང་མཇལ། དེའི་ཚེ་སྔོན་ཉིད་དང་ཆོས་རྒྱལ་ལྷན་ཅིག་ཏུ་སྨོན་ལམ་བཏབ་པའི་ཚུལ་དང་རྒྱལ་པོའི་སྐུ་ཆས་ཀྱི་རྟེན་འབྲེལ་ལ་བརྟགས་ནས་རྒྱལ་རྒྱུད་ཆགས་འཇིག་གི་ལུང་བསྟན་སོགས་མཛད། དགེ་བ་བཅུ་དང་ཁམས་བཅོ་བརྒྱད་རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་བཤད། རེ་ཞིག་ཞི་བས་མི་འདུལ་བའི་ལྷ་འདྲེ་རྣམས་གདུལ་བའི་དོན་དུ་པདྨ་སཾ་བྷ་ཝ་སྤྱན་དྲོངས་ཤིག་པར་ལུང་བསྟན་གནང་། མཁན་སློབ་ལྷན་ཅིག་ཏུ་བསམ་ཡས་ལ་ས་དཔྱད་མཛད་ནས་ཕྱི་གཙུག་ལག་རྟེན་དང་བརྟེན་པར་བཅས་པ་བཞེངས་པའི་རབ་གནས་སོགས་མཛད། སད་མི་མི་བདུན་རབ་ཏུ་ཕྱུང་སྟེ་བསྟན་རྩ་འདུལ་བའི་སྲོལ་བཏོད། ལོ་ཙཱ་བ་རྣམས་ལ་སྐད་ཀྱི་བསྒྱུར་ཚུལ་དང་ཕྱི་ནང་གི་ཆོས་མ་ལུས་པ་བསླབས། བཀའ་དང་དགོངས་པ་འགྲེལ་བའི་བསྟན་བཅོས་ཀྱི་ཚོགས་མ་ལུས་པ་འཆད་ཉན་གྱིས་གཏན་ལ་ཕབ་པས་བོད་ཡུལ་ཆོས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་མཛད། བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པའི་བོན་གྱི་ཚོགས་རྣམས་རིགས་པས་ཚར་བཅད་ཅིང་མིང་གི་ལྷག་མ་ཙམ་དུ་མཛད་པས་བསྟན་པ་དྲི་མེད་དུ་གྱུར། འདའ་ཁར་ཡང་སྐུ་གདུང་གི་རྟེན་འབྲེལ་ལས་བོད་ན་རབ་བྱུང་འབྱུང་ཚུལ་དང་། ནམ་ཞིག་ལྟ་བ་རྩོད་པ་ཅན་དུ་གྱུར་ཚེ་པཎྜི་ཏ་ཀ་མ་ལ་ཤཱི་ལ་སྤྱན་དྲོངས་ལ་བསྟན་པ་རྣམ་དག་ཏུ་སྒྲུབས་ཤིག་ཅེས་པཎྜི་ཏ་ལ་ཕྱག་ཡིག་བསྩལ་བ་སོགས་དུས་གསུམ་སྒྲིབ་མེད་དུ་མཁྱེན་པའི་ངང་ལས་བོད་ཡུལ་ལ་ཐུགས་བརྩེ་བ་ཆེན་པོ་ལྷག་པར་བསྐྱེད་དེ་བཀའ་དྲིན་བསམ་མི་ཁྱབ་པ་མཛད། སློབ་དཔོན་པདྨའི་ངང་ཚུལ་འདི་མཁན་པོའི་སློབ་མ་ཡིན་ཅིང་། དེ་ཉིད་ཀྱི་ཕྱིར་མཁན་པོའི་དབུ་ཚད་ཀྱི་གཞུང་ལ་འགྲེལ་བའང་མཛད་དོ། །དེ་ལྟར་མདོར་ན་མཁན་པོ་འདི་ཉིད་ཀྱིས་བོད་ཡུལ་དུ་དང་པོར་བསྟན་པའི་སྲོལ་བཏོད། བར་དུ་དར་ཞིང་རྒྱས་པར་མཛད། ཐ་མར་བསྟན་པ་དེ་ཉིད་སྐྱོང་བའི་སྤྲུལ་པ་ཡང་ནས་ཡང་དུ་བསྟན་པ་ནམ་གནས་ཀྱི་བར་དུ་རྒྱུན་མི་འཆད་དེ། ཇོ་བོ་ཆེན་པོས་བོད་དུ་བསྟན་པ་འཛུགས་པའི་མཁན་ཆེན་ཉིད་དང་། མཁན་རྒྱུད་དང་། མ་འོངས་བསྟན་པ་གནས་པ་དེ་སྲིད་དུ་མཁན་རྒྱུད་ལ་སྤྲུལ་པ་བྱོན་པ་དེ་ཀུན་ཇོ་བོ་ཉིད་དང་ངོ་བོ་གཅིག་པར་གསུང་བ་བཞིན་ནོ། །དེས་ན་བོད་དུ་བསྟན་པ་གནས་པ་འདི་མཁན་ཆེན་ཉིད་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་ཁོ་ནའི་མཐུ་ལས་བྱུང་བར་གོར་མ་ཆག་ཀྱང་། གང་ཟག་སོ་སོའི་སྣང་བ་ལ་རང་རང་གི་བླ་མ་རེ་དང་དགོན་སྡེ་རེའི་མཛད་པའི་སྟབས་ཀྱིས་བྱུང་བར་སེམས་པ་ནི། སྐྲ་ལ་གྲི་འཇུ་བ་དང་གོས་ལ་ཚོན་འཛིན་པ་ཚུན་ཆད་སངས་རྒྱས་ཀྱི་ཕྲིན་ལས་ཡིན་ཀྱང་སུས་མི་ཤེས་པ་དང་འདྲའོ། །དེ་ལྟ་བུའི་ཤིང་རྟ་ཆེན་པོ་འདིའི་ཡོན་ཏན་གྱི་སྙན་པ་དང་། མཛད་པ་བཟང་པོས་སའི་སྟེང་འདི་མ་ལུས་པ་ཁྱབ་ཅིང་ཉི་ཟླ་ལྟར་གྲགས་པ་སྟེ། དེའང་དེང་སང་བོད་ན་སྟེས་དབང་གིས་གྲགས་འུར་ཐོབ་པ་དེ་འདྲ་མིན་པར་འཕགས་ཡུལ་ན་ཕྱི་ནང་གི་པཎྜི་ཏ་དུ་མས་ཡང་དང་ཡང་དུ་བསྲེགས་བཅད་བརྡར་བའི་གསེར་བཞིན་བརྟགས་ནས་ཐེ་ཚོམ་དང་བྲལ་བ་ཞིག་ལ་བླ་མར་འཛིན་པ་ཡིན་ནོ། །འཕགས་ཡུལ་དུ་དེ་སྐབས་པཎ་གྲུབ་གཅིག་ལས་གཅིག་མཚར་བགྲང་ལས་འདས་པ་བཞུགས་ཀྱང་། དང་པོ་ནས་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་རྣམས་ཀྱིས་རྒྱུས་མེད་ཀྱི་ཡུལ་ནའང་རྒྱུས་ཡོད་བཞིན་དུ་ཐེ་ཚོམ་མེད་པར་མཁན་པོ་འདི་ཉིད་ཁོ་ན་སྙེགས་ཤིང་སྤྱན་དྲངས་པ་ནི། རྒྱུ་སྐར་གྱི་ཁྲོད་ན་ཟླ་བ་ལྟར་ཕྱོགས་ཀྱི་ཐ་གྲུ་ཁྱབ་པའི་ཤིང་རྟ་ཆེན་པོའི་རྣམ་ཐར་མཚུངས་པ་མེད་པའི་སྙན་གྲགས་ཀྱི་རང་འོད་མ་བསྒྲིབས་པར་གསལ་བའི་མཐུས་ཡིན་ལ། སྤྱིར་བདག་ཅག་གི་སྟོན་པའི་བསྟན་པ་འདི་ལ་བྱ་བ་ཆེར་མཛད་པའི་གཙོ་བོ་ནི། ཉེ་སྲས་བརྒྱད་དང་གནས་བརྟན་བཅུ་དྲུག་ཡིན་པས་དེ་རྣམས་ཀྱི་རྣམ་འཕྲུལ་རྒྱན་དྲུག་ལ་སོགས་པའི་དམ་པ་མང་ཞིག་བྱོན་པ་ལས། ཤིང་རྟ་ཆེན་པོ་འདི་ནི་རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེ་གསང་ཆེན་བཀའི་སྡུད་པོ་གཅིག་པུར་གྱུར་པ་གསང་བའི་བདག་པོ་ཡིན་པས་འདིའི་རྣམ་ཐར་དང་ཡོན་ཏན་ས་ལ་གནས་པའི་སྤྱོད་ཡུལ་དུའང་མི་འགྱུར་ན་ཕལ་བས་ལྟ་ཅི་སྨོས། འོན་ཀྱང་ཐུན་མོང་གི་སྣང་ངོར་ཡང་འཕགས་བོད་ཀུན་ཏུ་མཛད་པའི་རོལ་མོ་ཆེས་མཚུངས་པ་མེད་པའི་ངོ་མཚར་བསམ་མི་ཁྱབ་པ་ཡོད་ཀྱང་ཞིབ་པར་ཡི་གེར་བཀོད་པ་སོགས་མི་སྣང་ཡང་། འདིར་ནི་ལོ་རྒྱུས་རྙིང་མ་རྣམས་ལས་ཅུང་ཟད་བསྡུས་ཏེ་བསྟན་པ་ནི་མཁན་པོ་དེ་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པར་བྱ་བའི་ཕྱིར་དུ་ཡིན་ལ། བློ་དང་ལྡན་པ་རྣམས་ཀྱིས་ནི་ལེགས་པར་བཤད་པའི་གསུང་རྣམས་དང་བཀའ་དྲིན་ཚད་མེད་པའི་ཕྱག་རྗེས་ལས་དཔགས་ན་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེ་བར་འགྱུར་རོ། །མདོར་ན་འཕགས་བོད་གཉིས་ན་ཤིང་རྟ་ཆེན་པོར་རྩོད་མེད་དུ་གྲགས་པའི་སློབ་དཔོན་དེ་ལྟ་བུ་ནི་གཞུང་འདི་མཛད་པ་པོ་ཡིན་པར་ཤེས་པར་བྱའོ། །རྒྱལ་བ་སྐྱོབ་པ་དེ་ཡི་ལེགས་གསུང་ཆོས། །རྒྱ་ཆེན་སྤྱོད་པའི་གཞུང་བཟང་ཐོགས་མེད་དང་། །ཟབ་མོ་ལྟ་བའི་ཆ་རྣམས་ཀླུས་བཀྲལ་བས། །ཤིང་རྟ་གཉིས་ཞེས་ཉི་ཟླ་ལྟར་གྲགས་ཀྱང་། །དེ་ཚུལ་སྐྱོང་བའི་བློ་ལྡན་སེམས་དཔའ་རྣམས། །ལེགས་བཤད་ཆུ་ཀླུང་ཕྱོགས་སུ་བཀྲམ་མོད་ཀྱི། །ད་དུང་ཐུབ་པ་ཆེན་པོའི་ཐེག་མཆོག་མཚོ། །རྫོགས་པར་མྱོང་བའི་དགའ་སྟོན་ཐོབ་པ་མེད། །ཁྱོད་ཀྱིས་ཚུལ་གཉིས་ཤིང་རྟའི་རྒྱ་མཚོ་ནི། །རྣམ་དཔྱོད་རིགས་པའི་ཧུབ་ཆེན་གཅིག་གིས་འཐུང་། །དེ་ཚེ་ཁྱོད་ནི་ནམ་མཁའི་ཁམས་བཞིན་དུ། །མཐའ་དག་ཐེག་ཆེན་ཆོས་ཡངས་སྤྲིན་གྱིས་མཛེས། །དོན་དམ་མཁའ་ལྟར་ཞི་བའི་ཐུགས་བརྙེས་པས། །དཔལ་ལྡན་ཟླ་བ་འཇིག་རྟེན་གསུམ་ན་མཛེས། །ཐ་སྙད་འཇའ་ལྟར་མ་འདྲེས་གསལ་གཟིགས་པས། ཆོས་ཀྱི་གྲགས་པས་ས་ཆེན་འདི་ཁྱབ་ཀྱང་། དེ་ཚུལ་གསལ་བར་བྱེད་པའི་མཁྱེན་མཆོག་རྣམས། །གཞུང་ལུགས་བཞོན་པ་བཟང་པོའི་ཁྱོགས་བརྟེན་མོད། །དྲི་མེད་ཚད་མ་གཉིས་ཀྱི་གནས་ཡངས་པོ། །བདེ་བླག་དུས་གཅིག་གཞལ་བའི་སྟོབས་ཤུགས་ཞན། །ཁྱོད་ཀྱི་བདེན་གཉིས་རིགས་པའི་ས་ཆེན་འདི། །རྣམ་དཔྱོད་གོམ་པའི་སྟབས་ཆེན་ཐ་སྙད་པའི་ཚད་མ་དང་། དོན་དམ་ལ་རྣམ་གྲངས་ཡིན་མིན་གཉིས་སུ་ཕྱེ་བ་གསུམ་མོ། །མཆན། གསུམ་གྱིས་བཅད། །དེ་ཚེ་ཁྱོད་ནི་འཛིན་མའི་ཁྱོན་བཞིན་དུ། །མཐའ་དག་རིགས་པའི་ཚུལ་མང་བཀོད་པས་མཛེས། །དེ་ཕྱིར་ཚུལ་གཉིས་ཤིང་རྟའི་ལམ་སྲོལ་དང་། །དེ་དག་གཅིག་ཏུ་བསྒྲུབས་པའི་སྲོལ་ཆེན་ཏེ། །ཐུབ་པའི་ཐེག་མཆོག་བསྟན་པའི་འཇུག་ངོགས་ལ། །གསུམ་པོ་འདི་ལས་གཞན་པའི་སྲོལ་མི་སྲིད། །རྒྱལ་ཀུན་བཀའ་ཡི་སྡུད་པོ་ཁྱོད་ཡིན་ཕྱིར། །འདིར་ནི་ཐེག་མཆོག་རིགས་པའི་ཚུལ་གྱིས་བསྡུས། །ཟབ་གནད་སྙིང་པོའི་ཉི་མ་འདི་གཅིག་གིས། །ས་སྟེང་གནས་པའི་རབ་རིབ་རྣམ་པར་བཅོམ། །ཚད་མེད་བསམ་གྱིས་མི་ཁྱབ་ཐེག་མཆོག་གནད། །ཆེས་ཉུང་རིགས་པའི་འཕྲུལ་ཐབས་གཅིག་གིས་ནི། །བདེ་བླག་སྟོན་པའི་གཞུང་བཟང་འདི་ལྟ་བུ། །རྡོ་རྗེའི་རིག་སྔགས་ཆེན་པོར་བདག་གིས་འཚལ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་སུའི་དོན་དུ་མཛད་པ་ལ། ཐེག་པ་ཆེན་པོ་ནི་གང་། དེའི་གཞུང་ལུགས་ནི་གང་། དེའི་དོན་ལ་རིགས་པས་དྲངས་པའི་ཤེས་རབ་ཇི་ལྟར་སྐྱེ་སྙམ་ན། ཐེག་པ་ཆེན་པོ་ནི་རྒྱུ་བསམ་པ་བྱང་ཆུབ་སེམས་ཀྱིས། ལམ་ཕར་ཕྱིན་བཅུ་དང་ལྡན་པས་རྫོགས་སྨིན་སྦྱངས་གསུམ་མཐར་སོན་པར་བྱས་ཏེ། འབྲས་བུ་སྐུ་གཉིས་ཟུང་འཇུག་གི་སངས་རྒྱས་འགྲུབ་པར་བྱེད་པ་ཡིན་ལ། དེའི་གཞུང་ལུགས་ནི་དབུ་མ་དང་སེམས་ཙམ་སྟེ་ཚུལ་གཉིས་སུ་གྲགས་པ་ཁོ་ནའོ། །དེ་འདྲ་བའི་གཞུང་ལུགས་བཟང་པོ་དེ་ནི་མུ་སྟེགས་དང་ཉན་རང་གི་ཡང་སྤྱོད་ཡུལ་ལས་འདས་པ། ཤིན་ཏུ་བདེན་ཞིང་ཟབ་མོའི་མཐར་ཐུག་པ་ཡིན་ལ། དེ་ལྟར་བདེན་ཞིང་ཟབ་མོའི་དོན་དེ་ལ་དད་པས་མོས་པ་ཙམ་མིན་པར། ཡང་དག་པའི་རིགས་ལམ་ནས་ངེས་པ་གཏིང་ཚུགས་པ་སྐྱེད་པ་ནི་རྒྱུ་ཡིན་ལ། དེ་ལས་བྱུང་བའི་ཤེས་རབ་དྲི་མེད་ཀྱི་ངོ་བོ་ནི་ཟབ་པ་དང་རྒྱ་ཆེ་བ་གཉིས་སོ། །དེ་ལ་ཟབ་པ་ནི་ཆོས་ཐམས་ཅད་སྦྲང་རྩི་རོ་གཅིག་པ་བཞིན་དུ་མཐའ་ཀུན་དང་བྲལ་བའི་དབུ་མ་ཆེན་པོར་གཏན་ལ་ཕབ་པ་ཡིན་ལ། རྒྱ་ཆེ་བ་ནི་ཐེག་ཆེན་དབུ་སེམས་གཉིས་ཀྱི་སྡེ་སྣོད་དག་གི་གཞུང་ལུགས་ཡི་གེ་འབྲུ་གཅིག་ཀྱང་དོར་རྒྱུ་མེད་པར་ཐམས་ཅད་གནད་གཅིག་ཏུ་དྲིལ་ཤེས་པ་ནི་གཞུང་མཐའ་དག་རྫོགས་པས་ན་རྒྱ་ཆེ་བ་ཞེས་བྱའོ། །ཤེས་རབ་དེའི་བྱེད་ལས་ནི་རང་གིས་བསླབས་པའི་ས་ལ་ཡིད་ཆེས་ནས་གཞན་གྱིས་དཀྲི་བར་མི་ནུས་པས་ན་ཤེས་ནས་དད་པ་ཐོབ་པ་ཞེས་བྱ་སྟེ་ལམ་མཚན་ཉིད་པ་ལ་ཞུགས་པའོ། །དེ་ལྟར་ལམ་གྱི་ཐོག་མར་མིག་ཏུ་གྱུར་པའི་ལྟ་བ་རྣམ་པར་དག་པའི་ཤེས་རབ་དེ་འདྲ་བ་མེད་དུ་མི་རུང་བར་ཤེས་ནས་ཚོལ་ཞིང་དོན་དུ་གཉེར་བ་ནི་འདི་ཡི་ཆེད་དུ་བྱ་བའི་གདུལ་བྱའོ། །གསུམ་པ་ཕྱོགས་གར་གཏོགས་ན། བསྟན་བཅོས་འདིས་ཤེས་བྱ་ཆོས་ལྔའི་རང་བཞིན་གཏན་ལ་ཕབ་པ་ཡིན་ཞིང་། དེར་ཐེག་ཆེན་མཐའ་དག་འདུ་ཚུལ་འོག་ཏུ་འཆད་འགྱུར་ལྟར་ཡིན་པས་ཐེག་ཆེན་མཐའ་དག་གི་དགོངས་འགྲེལ་ཡིན་ཀྱང་། ཁྱད་པར་ལང་ཀར་གཤེགས་པ་དང་། ཟླ་བ་སྒྲོན་མེས་ཞུས་པའི་ཏིང་འཛིན་སོགས་ཟབ་མོའི་མདོ་སྡེ་རྣམས་ཀྱི་བསྟན་དོན་དྲི་མ་མེད་པ་ཡིན་ཏེ། དེའང་ཐ་སྙད་དུ་སེམས་ཙམ་ཞལ་གྱིས་བཞེས་ཚུལ་འདི་ནི། ལང་གཤེགས་ལས། ཕྱི་རོལ་གྱི་ནི་གཟུགས་མེད་དེ། །རང་གི་སེམས་ནི་ཕྱི་རོལ་སྣང་། །སེམས་ནི་ཁོང་དུ་མི་ཆུད་ཕྱིར། །བྱིས་པ་རྣམས་ནི་འདུས་བྱས་རྟོག །ཅེས་པ་ལ་སོགས་པས་ཡང་ཡང་གསལ་བར་བསྟན་ལ། བདེན་པ་གཉིས་ཀྱི་འདོད་ཚུལ་ཡང་མདོ་དེ་ཉིད་ལས། ཀུན་རྫོབ་ཏུ་ནི་དངོས་རྣམས་ཡོད། །དོན་དམ་དུ་ན་རང་བཞིན་མེད། །རང་བཞིན་མེད་ལ་གང་ནོར་བ། །དེ་ནི་ཀུན་རྫོབ་བདེན་པ་ཡིན། །ཞེས་དང་། ཚུལ་གཉིས་ཟུང་འཇུག་གི་འདོད་ཚུལ་ཡང་མདོ་དེ་ལས། །སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་བརྟག་གོ། །ཡང་དག་དམིགས་པར་གནས་ནས་སུ། །སེམས་ཙམ་ལས་ཀྱང་ཤིན་ཏུ་བཟླ། །སེམས་ཙམ་ལས་ནི་བཟླས་ནས་ཀྱང་། །སྣང་བ་མེད་ལས་ཤིན་ཏུ་བཟླ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །འཇུག་པ་ལྷུན་གྱིས་གྲུབ་ཅིང་ཞི། །སྨོན་ལམ་དག་གིས་རྣམ་པར་སྦྱངས། །ཡེ་ཤེས་དམ་པ་བདག་མེད་པ། །སྣང་བ་མེད་ལ་མི་མཐོང་ངོ་། །ཞེས་གསུངས་པ་དང་། །དོན་དམ་པར་རང་བཞིན་མེད་ཚུལ་མདོ་དེ་དང་། ཁྱད་པར་ཏིང་འཛིན་རྒྱལ་པོ་ལས། སེམས་ཀྱི་རང་བཞིན་ཤེས་པས་ན། །ཕྱིར་ཡང་ཡེ་ཤེས་འབྱུང་བར་འགྱུར། །ཞེས་དང་། མཁས་པས་འདུས་བྱས་འདུས་མ་བྱས་རིག་སྟེ། །མཚན་མའི་འདུ་ཤེས་དག་ནི་རྣམ་བཤིག་ནས། །མཚན་མ་མེད་པ་ལ་ནི་དེ་གནས་ན། །ཆོས་རྣམས་ཐམས་ཅད་སྟོང་པར་རབ་ཏུ་ཤེས། །ཞེས་དང་། ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རབ་སྤངས་ནས། །མཁས་པ་དབུས་ལའང་གནས་པར་ཡོང་མི་བྱེད། །ཅེས་དང་། སྒྲ་དང་ཚིག་གི་ལམ་བྲལ་བརྗོད་དུ་མེད། །ནམ་མཁའ་ཇི་བཞིན་ཆོས་ཀྱི་རང་བཞིན་ཏེ། །འདི་ལྟ་བུ་ཡི་ཚུལ་མཆོག་རྣམ་རིག་ན། །དེ་ཡི་སྤོབས་པ་དག་ཀྱང་མི་ཟད་འགྱུར། །ཞེས་སོགས་ཇི་སྐད་གསུངས་པའི་ཚུལ་དུ་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་དོན་དམ་པའི་རང་བཞིན་ཤིན་ཏུ་གསལ་བར་མཛད་པ་ཡིན་ཏེ། རང་འགྲེལ་ལས། རིགས་དང་མདོ་སྡེ་སྣ་ཚོགས་ཀྱི། །རིན་ཆེན་བཀོད་པས་མཛེས་པར་བྱས། །ཞིབ་བའི་བློ་ཡིས་འདི་རྟོགས་ནས། །ཟླ་སྒྲོན་ལ་སོགས་མདོ་ཟབ་རྣམས། །སྐྱེ་བོ་བློ་ཡི་ནོར་ལྡན་ཞིང་། །བརྟན་རྣམས་འཇིགས་མེད་སྒོམ་པར་ཤོག །ཅེས་གསུངས་པ་ལྟར་བཀའ་དྲི་མ་མེད་པའི་དགོངས་པ་དེ་དག་ཚུལ་འདི་ཉིད་ཀྱི་ཡང་དག་པའི་ཚད་མས་གཞན་གྱིས་དྲང་དུ་མེད་པར་གཏན་ལ་ཕབ་པའི་ཤིང་རྟའི་ལམ་སྲོལ་ཕྱེས་པའི་གནད་ཟིན་པར་བྱའོ། །བཞི་པ་དབུ་ཞབས་ཀྱི་དོན་ལ། བདེན་པ་གཉིས་ཀྱི་དེ་ཉིད་མ་ནོར་བ་ནི་ཅི། ཚུལ་གཉིས་ནི་གང་ཡིན་སྙམ་ན། བདེན་གཉིས་ཀྱི་རང་བཞིན་གང་ཡིན་པ་ནི་ཤེས་པར་བྱ་བ་ཡིན་ལ། ཚུལ་གཉིས་ནི་དེའི་དོན་ཇི་ལྟ་བར་ངེས་པའི་ལམ་ཡིན་ནོ། །དེ་ལ་ཤེས་བྱ་འདི་དག་ཡང་དག་པ་ཡིན་མིན་གཉིས་ཀྱིས་ཕྱེ་བས་ན་བདེན་པ་གཉིས་སུ་ཟད་པར་འདུ་ཞིང་། དོན་དེ་གཉིས་ལ་བློས་འཇལ་ཚུལ་ཕྱིན་ཅི་ལོག་དང་། ཕྱོགས་ཙམ་དང་། ཡང་དག་པར་རྟོགས་ཚུལ་གྱིས་ཕྱི་ནང་སོ་སོའི་གྲུབ་མཐའ་སྣ་ཚོགས་བྱུང་སྟེ། འདི་ལྟར་ཕྱི་རོལ་སེར་སྐྱ་པ་དག་ནི། ཡོན་ཏན་གསུམ་མཉམ་པར་གྱུར་པའི་རང་བཞིན་ཅན་གྱི་གཙོ་བོ་དང་། བདག་གཉིས་ནི་དོན་དམ་པ་ཡིན་ཅིང་། གཙོ་བོ་དེའི་རྣམ་འགྱུར་རྣམས་ནི་ཀུན་རྫོབ་བསླུ་བའི་ཆོས་ཅན་དུ་འདོད་ལ། ནམ་ཞིག་ལམ་བསྒོམས་པས་བསམ་གཏན་གྱི་མིག་ཐོབ་ནས་བལྟས་པས་རྣམ་འགྱུར་རྣམས་ཀྱི་མཚང་མངོན་སུམ་དུ་རིག་སྟེ་རྣམ་འགྱུར་རྣམས་གཙོ་བོའི་ཀློང་དུ་ཐིམ་ནས་བདག་ཤེས་རིག་གི་སྐྱེས་བུ་འདྲིད་ཅིང་བསླུ་བ་ལྟ་བུའི་ཡུལ་དང་འབྲེལ་བ་མེད་པས་རང་གཅིག་པུ་ཡན་གར་དུ་གནས་པ་ནི་ཐར་པའོ་ཞེས་འདོད་པ་དང་། གསང་བ་པ་དག་བདག་དམ་པ་གཅིག་པུ་རྣམ་ཤེས་ཙམ་གྱི་རང་བཞིན་ཀུན་ལ་ཁྱབ་པས་ནམ་མཁའ་ཆེན་པོ་དང་འདྲ་བ་ནི་དོན་དམ། དུ་མར་སྣང་ཡང་དེ་ལྟར་མི་བདེན་པར་བདག་ཤེས་རིག་ཙམ་དུ་གཅིག་པས་ན་སྣོད་བཅུད་སོགས་ཀྱི་དངོས་པོ་སོ་སོར་རིས་ཆད་དུ་སྣང་བ་ནི་ཀུན་རྫོབ། བདག་དམ་པ་དེ་ཚུལ་བཞིན་རྣལ་འབྱོར་པས་བསྒོམས་པས་གཉུག་མ་དང་གཉུག་མ་མ་ཡིན་པའི་མ་རིག་པ་དང་བྲལ་ནས་བུམ་པ་ཆག་ན་དེའི་ནང་གི་ནམ་མཁའ་ནམ་མཁའ་ཆེན་པོར་འདུ་བ་བཞིན་དུ་བདག་ཆེན་པོ་དེར་ཐིམ་སྟེ་གྲོལ་བར་འདོད་པ་དང་། རིག་བྱེད་པ་སོགས་སོ་སོ་རང་རང་གི་ལྷར་བཟུང་བའི་ཚངས་པ་དང་ཁྱབ་འཇུག་དབང་ཕྱུག་ལ་སོགས་པ་རྣམས་ནི་རྟག་པ་དོན་དམ་པ། དེའི་རྣམ་འཕྲུལ་ལས་བྱུང་བའི་དངོས་པོ་རྣམས་མི་བརྟན་བསླུ་བའི་རང་བཞིན་དུ་ཁས་ལེན་ཅིང་། ལྷ་དེ་དག་གི་གོ་འཕང་ཐོབ་ན་གཏན་དུ་རྣམ་པར་གྲོལ་བ་ཡིན་པར་རློམས་ནས། དེ་སྒྲུབ་པའི་ལམ་དཀའ་ཐུབ་དང་བརྟུལ་ཞུགས་སྣ་ཚོགས་དང་། མཆོད་སྦྱིན་དང་། བསམ་གཏན་དང་རླུང་ལ་སོགས་པའི་རྣལ་འབྱོར་སྒོམ་པའི་ཐབས་དུ་མ་ལ་རྟེན་པར་བྱེད་དོ། །གཞན་ཡང་རྟག་པའི་བདག་དང་ནམ་མཁའ་སོགས་ཡེ་ནས་རང་བཞིན་གྱིས་ཡོད་པར་སྨྲ་བ་ཡེ་སྲིད་པའི་ལུགས་ཞེས་པ་སོགས་གྲུབ་མཐའི་མིང་དང་འདོད་ཚུལ་བྱེ་བྲག་པ་ཆེས་མང་པོ་ཡོད་ཀྱང་དེ་དག་ཐམས་ཅད་མདོར་བསྡུ་ན་འཁོར་བར་བཅིངས་གྲོལ་གྱི་རྒྱུ་རྟག་པའི་དངོས་པོ་ཞིག་ཁས་ལེན་པ་ཡིན་ལ། རྟག་སྨྲ་བ་འདི་དག་ཐར་པ་ཡོད་པར་སྨྲ་བའི་ལུགས་ཡིན་པས་ན་དེའི་ལམ་ཡང་བསྒྲུབ་པར་རློམས་པའི་ཕྱིན་ཅི་ལོག་གི་བརྟུལ་ཞུགས་ལ་བརྩོན་པ་ཡིན་ནོ། །དེ་ཐམས་ཅད་རྟག་དངོས་བཀག་པས་ཁེགས་ཤིང་སོ་སོར་འགོག་པའང་གཞུང་གི་སྐབས་སུ་ཤེས་པར་བྱའོ། །རྒྱང་འཕེན་པ་ནི། མངོན་སུམ་གྱི་ཡུལ་དུ་སྣང་བའི་འབྱུང་བ་བཞི་པོ་འདི་ཙམ་ཡོད་ཅིང་འདི་ཡུལ་དབང་རྣམ་ཤེས་ཀུན་གྱི་རྒྱུ་ཡིན་པས་དོན་དམ་ཡིན་ལ། འདི་ལས་སྐྱེ་ཞིང་སླར་འཇིག་པའི་ཆོས་ཅན་གྱི་དངོས་པོ་འདི་རྣམས་མི་བརྟན་སླུ་བའི་རང་བཞིན་དུ་ཁས་ལེན་ཅིང་། ལམ་གོམས་པ་སོགས་ཚེ་སྔ་ཕྱིའི་ལས་འབྲས་མི་སྲིད་དེ། ད་ལྟའི་རིག་པ་འདི་མངལ་གྱི་གནས་སྐབས་ཀྱི་འབྱུང་བ་འདུས་པ་མེར་མེར་པོ་ལ་སོགས་པ་ལས། ཆན་ལས་མྱོས་བྱེད་ཀྱི་ནུས་པ་གསར་དུ་སྐྱེ་བ་ལྟར་གློ་བུར་དུ་བྱུང་གི་ཚེ་སྔ་མའི་རིག་པ་སྔོན་དུ་སོང་བ་ལས་བྱུང་བ་མིན་ཞིང་། འཇིག་རྟེན་འདིར་ཇི་ཙམ་སྡོད་པ་དེ་སྲིད་དུ་བློ་དང་དབུགས་ཀྱང་འབྱུང་ལ། འཆི་བ་ན་མར་མེ་རྒྱུན་ཆད་པ་ལྟར་ལུས་རྡུལ་དུ་དེངས། སེམས་ནམ་མཁར་ཐིམ་པ་དེས་ན་སྐྱེ་བ་ཕྱི་མ་མེད་ལ། དེས་ན་ལས་འབྲས་དང་ལམ་དང་ཐར་པ་ནི་མེད་ཅིང་། བདེ་སྡུག་སོགས་མི་འདྲ་བ་སྣང་བ་ནི་སྲན་མ་ཟླུམ་པ་དང་ཚེར་མ་རྣོ་བ་སུས་ཀྱང་མ་བྱས་པ་བཞིན་དུ་རྒྱུ་མེད་པར་ངོ་བོ་ཉིད་ཀྱིས་དེ་ལྟར་བྱུང་ངོ་ཞེས་ཟེར། དེས་ན་ལུས་དང་བློ་ཚོགས་པ་མ་ཤིའི་བར་ཇི་སྲིད་དུ་བདག་ལ་ཕན་པ་ཙམ་ཁོ་ན་དོན་དུ་གཉེར་བ་ཡིན་ནོ། །འདི་འགོག་པ་ལ་འབྱུང་བཞི་ཡོད་པར་འདོད་པ་ལ་རྡུལ་ཕྲན་འགོག་པའི་རིགས་པ་དང་། སྐྱེ་བ་སྔ་ཕྱི་མེད་པར་འདོད་པ་འགོག་ཚུལ་རྒྱུ་མེད་འགོག་པའི་རིགས་པ་དང་། ཀུན་རྫོབ་ཀྱི་རྣམ་གཞག་འཆད་པའི་སྐབས་ཀྱི་གཞུང་གི་རིགས་པ་ལས་ཤེས་པར་བྱའོ། །དེ་ལྟར་ཕྱི་རོལ་པའི་འདོད་པ་དེ་དག་ནི་ཐམས་ཅད་དངོས་པོར་ལྟ་བ་འབའ་ཞིག་ཡིན་ཏེ། རྟག་སྨྲ་བ་རྣམས་ཀྱི་ནི་བདག་ལ་སོགས་པ་རྟག་དངོས་སུ་འདོད་ཅིང་། ཆད་ལྟ་བའང་འདིར་མངོན་སུམ་མཐོང་བའི་དངོས་པོ་རྣམས་ལ་བདེན་འཛིན་འཐུག་པོ་དང་བཅས་བཞིན་དུ་འདི་འགགས་ཤིང་ཞིག་ནས་སྐྱེ་བ་སྔ་ཕྱི་མཚམས་མི་སྦྱོར་བ་ཙམ་ཡིན་ནོ། །དེས་ན་དེ་དག་གི་ཆོས་འགའ་ཞིག་བརྫུན་པ་དང་སླུ་བའི་ཆོས་སུ་བཞག་ནའང་མཐར་གཏུགས་ན་དངོས་པོ་ཞིག་ལ་བརྟེན་ཏེ་འཇོག་པ་ཁོ་ན་ཡིན་ཏེ། འཇིག་རྟེན་པའི་ལམ་ཐམས་ཅད་ཐོག་མེད་ནས་ལྷན་ཅིག་ཏུ་ཞུགས་པའི་མ་རིག་པ་དང་མཚུངས་པར་ལྡན་པའི་ཚུར་མཐོང་གི་ཤེས་པ་རང་ག་མ་འདི་ཙམ་གྱིས་བཞག་པས་ན། འདོད་ཚུལ་སྣ་ཚོགས་མཐའ་མེད་པ་ཡོད་ཀྱང་དངོས་ཞེན་ལས་འདའ་མི་སྲིད་དེ། མཁྲིས་ནད་ཅན་གྱིས་དུང་དང་ཟླ་བ་དངུལ་ལ་སོགས་པ་མི་འདྲ་བ་མཐོང་ཡང་སེར་པོ་ལས་གཞན་དུ་མི་མཐོང་བ་བཞིན་ནོ། །དེས་ན་ཕྱིན་ཅི་ལོག་གི་ལྟ་བ་གནས་པ་དེ་རྣམས་ལ་བདག་མེད་པ་སེང་གེའི་སྒྲ་ཆེན་པོ་བཟོད་པ་སུའང་མེད་ཅིང་དེ་དག་གིས་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་གཉིས་སུ་ཕྱེ་བའི་རྣམ་གཞག་སྣ་ཚོགས་བྱས་ཀྱང་དངོས་འཛིན་གྱི་རྩ་བ་ལ་ཅིའང་མི་གནོད་པའི་ཉི་ཚེ་བའི་སྟོང་པ་ཞེས་བྱ་སྟེ་བདེན་གཉིས་ལ་རྨོངས་ཤིང་ལོག་པར་རྟོག་པ་ཡིན་ནོ། །གཉིས་པ་འཇིག་རྟེན་གྱི་ལམ་ལས་འཕགས་པ་རང་སྡེ་ནང་པ་སངས་རྒྱས་པ་ལའང་། བདེན་པ་གཉིས་ཀྱི་དོན་ལ་ཕྱོགས་མཐུན་ཙམ་རྟོགས་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་ཚུལ་གྱིས་གོང་ནས་གོང་དུ་ཁྱད་ཞུགས་ཏེ། དེ་ལས་དོན་སྨྲ་སྡེ་གཉིས་པོ་ལ་བྱེ་བྲག་འདོད་ཚུལ་མི་འདྲ་བ་ཡོད་ཀྱང་། དོན་དུ་འདི་ལྟར་འདོད་དེ། བཅོམ་ཞིང་གཞན་བསལ་བར་གྱུར་ན་རང་འཛིན་གྱི་བློ་འདོར་དུ་རུང་བའི་རགས་པ་རྣམས་ཀུན་རྫོབ། མི་འདོར་བ་ཤེས་པ་སྐད་ཅིག་ཆ་མེད་ཙམ་དང་། བེམ་པོ་རྡུལ་ཕྲན་ཆ་མེད་ཙམ་དོན་དམ་དུ་ཡོད་དགོས་ཏེ། དེ་མེད་ན་བེམ་ཤེས་རགས་པ་འདི་ཀུན་རྩོམ་གཞི་མེད་པས་ན་འདི་ལྟར་སྣང་བར་ཡང་མི་འཐད་དེ་སྣལ་མ་མེད་པའི་སྣམ་བུ་བཞིན་ནོ་སྙམ་པའོ། །དེས་ན་རྡུལ་ཕྲ་རབ་དང་ཤེས་པ་སྐད་ཅིག་མ་དུ་མ་ཚོགས་པའི་ཉེར་ལེན་གྱི་ཕུང་པོ་ལྔ་སྐད་ཅིག་གིས་སྐྱེ་ཞིང་འཇིག་པའི་བདག་ཉིད་ཅན་འདི་ལ་དམིགས་ནས་ངའོ་སྙམ་དུ་རློམ་པར་ཟད་ཀྱི། འདི་ལས་ལོགས་སུ་བདག་མ་དམིགས་ཤིང་འདི་ཇི་ལྟར་རློམ་པའི་བདག་དེའི་མཚན་ཉིད་དང་མི་མཐུན་པས་དེ་དང་ངོ་བོ་གཅིག་མིན་པ་དེའི་ཕྱིར་ན། རྟག་གཅིག་རང་དབང་ལ་སོགས་པའི་རྣམ་པར་བཟུང་བའི་བདག་དེ་ནི་མེད་ལ། བདག་དེས་སྟོང་པའི་རྡུལ་དང་ཤེས་པའི་ཕྲ་བ་མཐར་ཐུག་པ་རྣམས་ཡོད་པར་འདོད་ཅིང་རྡུལ་ཕྲ་རབ་ཀྱང་སྐད་ཅིག་མར་འདོད་ལ། ལམ་གང་ཟག་གི་བདག་མེད་གོམས་པས་འཇིག་ལྟའི་རྩ་བ་ཅན་གྱི་འཁོར་བའི་ཉོན་མོངས་པ་རྣམས་ཟད་ནས་འབྲས་བུ་ཁམས་གསུམ་འཁོར་བ་ལས་རྣམ་པར་གྲོལ་ཏེ་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་ཅིང་། རང་སྡེ་དངོས་སྨྲ་བ་འདི་དག་དངོས་པོ་མེད་པ་ལ་སོགས་པའི་མདོའི་ཚིག་འཆད་པ་ན། སྨད་པ་དང་ཉུང་བའི་དོན་ལ་སོགས་པར་འཆད་དེ། དངོས་པོ་རྣམས་ངན་པ་ཡིན་པས་དངོས་པོ་མེད་པ་སྟེ། ད་ལྟར་གྱི་གནས་སྐབས་ན་མི་བརྟན་པའི་ཕྱིར་རོ། །ཡང་དངོས་པོ་རྣམས་ལ་དངོས་པོ་མེད་པ་མང་བས་དངོས་པོ་མེད་པར་གསུངས་ཏེ། སྔོན་དང་ཕྱི་མའི་མཐར་མ་སྐྱེས་པ་དང་། འདས་པ་ཡིན་པས་སོ་ཞེས་འདོད་དོ། །སེམས་ཙམ་པ་ནི། གཟུང་འཛིན་གཉིས་སུ་སྣང་བ་འདི་མེད་བཞིན་ཀུན་ཏུ་བཏགས་པ་ཙམ་ཡིན་པའི་ཀུན་རྫོབ། དེ་དག་གི་སྣང་གཞི་གཞན་དབང་གི་རྣམ་ཤེས་མཐར་ཐུག་པ་ཤེས་པ་རང་རིག་རང་གསལ་ཙམ། ཕྱི་རོལ་གཟུང་བ་དང་དེར་འཛིན་པས་སྟོང་པ་ནི་ཡོངས་གྲུབ་སྟེ་དོན་དམ་པ་ཡིན་ལ། འཁོར་འདས་གཉིས་ཀྱི་སྣང་ཆ་འདི་རྣམས་ལ་སྣང་གཞི་རྣམ་ཤེས་ཞིག་ཀྱང་མེད་ན་ནམ་མཁའི་མེ་ཏོག་ལྟར་འགྱུར་རོ་སྙམ་དུ་རྣམ་རིག་ཙམ་དོན་དམ་དུ་སྨྲའོ། །དེ་ལ་དེ་དག་གིས་འདི་ལྟར་ཤེས་པ་ལས་ངོ་བོ་ཐ་དད་དུ་གྱུར་པའི་བེམ་པོ་ནི་རྡུལ་ཕྲན་འགོག་པའི་རིགས་པ་སོགས་ཀྱིས་ཁེགས་པས་ཕྱི་དོན་མི་འགྲུབ་ལ། འོ་ན་རི་རབ་ཁང་ཁྱིམ་ལ་སོགས་བསླུ་མེད་བསྙོན་མེད་དུ་སྣང་བ་འདི་ཅི་ཡིན་སྙམ་ན། འདི་རྣམས་ནི་ཕྱི་རོལ་ན་བེམ་པོའི་བདག་ཉིད་དུ་མེད་ཀྱང་འཁྲུལ་པའི་དོན་ཡོད་པ་ལྟར་སྣང་བ་སྟེ། དཔེར་ན་རྨི་ལམ་གྱི་སྣང་བ་བཞིན་ནོ། །དེ་ལྟར་སྣང་བའི་རྒྱུ་མཚན་ཡང་ཤེས་པ་གསལ་རིག་གི་ངོ་བོ་ཙམ་ནོར་བུ་དྲི་མ་དང་བྲལ་བ་ལྟ་བུ་ལ། དག་དང་མ་དག་པའི་བག་ཆགས་སྣ་ཚོགས་ཀྱི་ཚོན་གྱིས་ཁ་བསྒྱུར་བས་ཤེས་པ་ཉིད་དེ་དང་དེའི་རྣམ་པར་སྣང་བ་ནི་གཞན་དབང་གི་རྣམ་ཤེས་ཞེས་བྱ་སྟེ་རྟེན་འབྲེལ་དང་དོན་འདྲའོ། །དེ་ལྟར་འདོད་འཇིགས་དང་མི་སྡུག་པ་སོགས་གོམས་པ་བཞིན་དུ་ཐོག་མེད་གོམས་པའི་བག་ཆགས་ཀྱི་རྐྱེན་ལས་ཤེས་པ་ཉིད་ལུས་དང་ལོངས་སྤྱོད་གནས་ལ་སོགས་པར་སྣང་ཡང་བྱིས་པ་སོ་སོའི་སྐྱེ་བོས་དེ་རང་གི་སེམས་ཀྱི་བདག་ཉིད་དུ་ཁོང་དུ་མ་ཆུད་པར། ཡུལ་ཕར་ཀ་དང་། སེམས་ཚུར་ཀ་ལྟ་བུར་གཟུང་འཛིན་གཉིས་ཐ་དད་པར་རྒྱང་ཆད་དུ་དོན་ལ་གྲུབ་པར་འཛིན་པ་ནི་དངོས་པོའི་ཡིན་ལུགས་མ་ཡིན་པའི་ཀུན་ཏུ་བཏགས་པའམ་འཁྲུལ་པ་སྟེ། རྨི་ལམ་གྱི་གླང་ཆེན་ལ་རང་སྣང་དུ་མ་ཤེས་པར་ཕྱི་རོལ་གྱི་གླང་པོ་དངོས་སུ་འཛིན་པ་ལྟ་བུའོ། །དེ་ལྟར་གཟུང་འཛིན་དུ་སྣང་བཞིན་པ་གཞན་དབང་གི་རྣམ་ཤེས་དེའི་རང་བཞིན་མཐར་ཐུག་པ་རང་རིག་རང་གསལ་ཙམ་ལས་མ་འདས་པས་དེ་ཙམ་བདག་གཉིས་ཀྱིས་སྟོང་པའི་ལྡོག་ཆ་ནས་ཡོངས་སུ་གྲུབ་པ་དངོས་པོའི་ཡིན་ལུགས་གཏིང་སླེབས་པ་ཉིད་དུ་འདོད་དེ། ཤེས་ཉིད་སྣང་བ་སྣ་ཚོགས་སུ་ཇི་ལྟར་སྣང་བའི་ཚུལ་རྒྱས་པར་ཕྱེ་ན་རྣམ་པ ར་ཤེས་པ་ཚོགས་བརྒྱད་ཀྱི་ཚུལ་ལས་བརྩམས་ཏེ་ཤེས་དགོས་པས་དེ་དག་ཞིབ་པར་འཕགས་པ་ཐོགས་མེད་ཀྱི་གཞུང་ལས་ཤེས་པར་བྱའོ། །དེས་ན་གཞན་དབང་དོན་དམ་དང་ཀུན་རྫོབ་ཏུ་བཤད་ཚུལ་གཞུང་སོ་སོར་བྱུང་བ་གནད་མ་ཤེས་ན་བློ་བལ་བ་ཛ་བཞིན་འཁྲུགས་པར་འགྱུར་བས་ན། གཞན་དབང་ཉིད་ལ་གནས་ཚུལ་མཐར་ཐུག་པའི་དོན་དབང་བཙན་དུ་བྱས་ན་དོན་དམ་དང་། སྣང་ཚུལ་དབང་བཙན་དུ་བྱས་ཏེ་གཞལ་ན་ཀུན་རྫོབ་ཏུ་བསྡུར་རུང་བ་གནད་ཀྱི་དོན་ཏོ། །དེ་ལྟ་བས་ན་སེམས་ཀྱི་རང་བཞིན་མ་ཡིན་པའི་དྲི་མ་གློ་བུར་བ་རྣམས་སྤངས་ཀྱང་། རང་བཞིན་འོད་གསལ་གྱིི་རྣམ་ཤེས་ཙམ་ནི་སངས་རྒྱས་ཀྱི་ས་ནའང་མི་ལྡོག་པར་ཞིང་དང་སྐུར་སྣང་བའི་གཞིར་འདོད་དོ། །འདི་པ་རང་གི་ལུགས་ལ་བདག་མེད་གཉིས་ཀ་རྫོགས་པར་འདོད་དེ། ཀུན་བཏགས་ཀྱིས་སྟོང་པ་དང་སྐྱེ་བ་ངོ་བོ་ཉིད་མེད་པ་སོགས་ཆོས་བདག་མེད་ཀྱི་དོན་དུ་འདོད་ཀྱང་དབུ་མ་པས་དཔྱད་ན་སྣང་གཞི་ཤེས་པ་ཉིད་བདེན་པར་ཁས་བླངས་པས་ཆོས་བདག་མེད་ཀྱི་མཚན་ཉིད་ཡོངས་སུ་མ་རྫོགས་པས་ཉི་ཚེ་བར་ཤེས་སོ། །ལམ་ཚོགས་གཉིས་ལ་འབད་པས་འབྲས་བུ་གནས་གྱུར་བའི་ཡེ་ཤེས་ལྔའི་བདག་ཉིད་སངས་རྒྱས་སུ་འགྲུབ་པར་འདོད་དོ། །དེ་ལ་ཀུན་རྫོབ་ཙམ་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མྱ་ངན་ལས་བཟླ་བར་བྱའོ་སྙམ་པའི་གོ་ཆ་ཆེན་པོ་བགོས་ཤིང་། ལམ་ཚོགས་གཉིས་ཚད་མེད་པ་ལ་བསྐལ་པ་གྲངས་མེད་དུ་མར་ཡང་ནས་ཡང་དུ་སྤྱད་ནས། འབྲས་བུ་རྣམ་མཁྱེན་གྱི་ཡེ་ཤེས་ཐོབ་སྟེ་གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བ་ཡང་། སྐྱེ་བ་རེ་རེ་དང་ལུས་རེ་རེ་ཙམ་གྱིས་མ་ཡིན་ལ། ཐུགས་ཀྱི་རྒྱུད་ཡོན་ཏན་གྱི་ཁྱད་པར་གྱིས་གོང་ནས་གོང་དུ་འཕགས་ཤིང་། མཐར་ཡེ་ཤེས་དང་ཡོན་ཏན་མཐའ་དག་ལ་མངའ་དབང་འབྱོར་དགོས་པའི་རྒྱ་ཆེ་བའི་ལམ་ལུགས་འདི་ལ་འོས་ཤིང་མཛེས་པ་ཡིན་པས་ཐ་སྙད་ཀྱི་འཇོག་ཚུལ་འདི་ལྟ་བུས་གཞི་བཏིང་ནས་རྒྱ་ཆེ་བའི་ལམ་གྱི་གཞུང་བསྲང་དགོས་པ་ཡིན་པས། འཕགས་པ་ཐོགས་མེད་ཀྱིས་རྒྱ་ཆེན་སྤྱོད་པའི་སྲོལ་ཕྱེས་སོ་ཞེས་གྲགས་པ་བཞིན་ཐེག་ཆེན་པ་ཀུན་ལ་དགོས་པའི་གནད་གཅིག་ཡིན་པར་ཤེས་པར་བྱའོ། །དེས་ན་སེམས་ཙམ་པའི་ཚུལ་འདི་ཀུན་རྫོབ་ཐ་སྙད་ཀྱི་དེ་ཁོ་ན་ཉིད་ཤིན་ཏུ་བདེན་པ་ཡིན་མོད། འོན་ཀྱང་འདིའི་རྣམ་ཤེས་རང་གསལ་གྱི་རང་བཞིན་ལ་བདེན་གྲུབ་ཏུ་ཞེན་པའི་ཆ་དེ་དགག་བྱ་ཡིན་ནོ། །ཕྱི་ནང་གི་གྲུབ་མཐའི་སྐབས་འདིར་སོ་སོའི་འདོད་པའི་རྣམ་གཞག་ཅུང་ཟད་གཞུང་དུ་འཆད་པར་འགྱུར་ལ། འདིར་བདེན་གཉིས་ཀྱི་འདོད་ཚུལ་སྙིང་པོ་ཙམ་བརྗོད་པ་ཡིན་ནོ། །བློ་འཆལ་མང་དུ་སྨྲ་བས་ཅི་བགྱི་སྟེ། །དབང་པོ་ཀུན་གྱི་རྩ་བ་སྲོག་བཞིན་དུ། །གྲུབ་མཐའི་ཟབ་གནད་རྗེན་ཅེར་ཟིན་པའི་བློ། །ཆུ་ལས་འོ་མ་འབྱེད་པའི་ངང་མོ་བཞིན། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་བཅད་དོ། །དེ་ལྟར་རང་གི་སྡེ་པ་དེ་དག་ལ་བློའི་རྩལ་ཆེ་ཆུང་གིས་སྟོང་པར་རྟོགས་ཚུལ་ལ་ཁྱབ་ཆེ་ཆུང་ཡོད་པས་བདེན་གཉིས་ཀྱི་ཡིན་ལུགས་དང་ཇེ་ཉེར་སོང་བས་གོང་ནས་གོང་དུ་ཁྱད་ཞུགས་ཀྱང་། དེ་ཐམས་ཅད་མཚུངས་པར་སྣང་གཞི་བདེན་གྲུབ་གཅིག་ལས་འདའ་མ་ནུས་པས་ཉི་ཚེའི་སྟོང་པ་ཞེས་བྱ་ལ། གཞུང་འདིར་ནི་ཤེས་བྱའི་ཆོས་ཀྱི་ཁོང་འདི་ན་རང་བཞིན་བདེན་གྲུབ་ཀྱི་དངོས་པོ་ཅུང་ཟད་ཅིག་ཀྱང་ཁས་མི་ལེན་པ་ཡིན་ཏེ། ཟླ་སྒྲོན་ལས། ཆོས་རྣམས་ཐམས་ཅད་རྟག་ཏུ་རང་བཞིན་སྟོང་། །རྒྱལ་སྲས་རྣམས་ཀྱིས་དངོས་པོ་རྣམས་བཤིག་ན། །སྲིད་པ་ཐམས་ཅད་ཡོང་ཡེ་སྟོང་པ་སྟེ། །ཉི་ཚེའི་སྟོང་པ་མུ་སྟེགས་ཅན་རྣམས་ཀྱི། །ཞེས་པ་ལ་སོགས་པས་བསྟན་པ་དེ་ལྟ་བུའི་དབུ་མའི་གཞུང་འཛུགས་ལ། དབུ་མ་དེ་ལའང་སྣང་ཚོད་ཀུན་རྫོབ་ཀྱི་དངོས་པོ་འདི་མ་བརྟགས་མ་དཔྱད་པའི་བློ་ངོར་སྣང་ཙམ་འཇིག་རྟེན་ལ་གྲགས་པ་ལྟར་ཁས་ལེན་པ་དང་། དཔྱད་པའི་གྲུབ་མཐའ་མདོ་སྡེ་པ་སོགས་དོན་སྨྲའི་ལུགས་ལྟར་ཁས་ལེན་པ་ཡོད་ཀྱང་། གཞུང་འདིར་ནི་ཐ་སྙད་ཀྱི་འདོད་ཚུལ་སེམས་ཙམ་པ་དང་མཐུན་པར་བཞེད་པས་དབུ་མ་རྣལ་འབྱོར་སྤྱོད་པའི་ཤིང་རྟའི་སྲོལ་དང་པོར་ཕྱེ་བར་མཛད་པ་ཡིན་ནོ། །ཀུན་རྫོབ་ཀྱི་འཇོག་ཚུལ་འདི་རིགས་པས་དཔྱད་ན་ཐ་སྙད་ཀྱི་དེ་ཁོ་ན་ཉིད་མཐར་ཐུག་པ་ཡིན་ཅིང་། དཔལ་ལྡན་ཆོས་ཀྱི་གྲགས་པའི་དགོངས་པའང་ཡིན་ནོ། །དེ་ལ་ཐ་སྙད་དང་དོན་དམ་པའི་ཚད་མ་སོ་སོས་རྙེད་དོན་སོ་སོ་བ་ཡིན་ཅིང་ཐ་སྙད་ཀྱི་རྣམ་གཞག་ལ་རྩེ་མོར་གྱུར་པ་སེམས་ཙམ་པ་ཡིན་པས། ལུགས་འདི་ལྟ་བུར་ཁས་ལེན་པ་ནི་ཐ་སྙད་བདེ་ཞིང་གཞན་ཡང་དགོས་པའི་མཆོག་དུ་མ་ཡོད་པ་ཅུང་ཟད་ཅིག་འོག་ནས་འཆད་པར་འགྱུར་རོ། །དེ་ལ་འདི་ལྟ་བུའི་ཐ་སྙད་ཀྱི་འདོད་ཚུལ་ཡང་དོན་དམ་པར་སྣང་བ་སེམས་སུ་གྲུབ་མ་གྲུབ་ཀྱི་དཔྱད་པ་མ་ཡིན་ལ། བསླུ་མེད་སྣང་ཙམ་གྱི་ཆོས་འདི་རྣམས་ལ་ཐ་སྙད་ཀྱི་ཚད་མས་གཞལ་ཚུལ་ཡིན་ཏེ། དཔེར་ན་རྨི་ལམ་གྱི་སྣང་བ་འདི་དག་ནང་གི་སེམས་ཡིན་ནམ། འོན་ཏེ་ཕྱི་རོལ་ན་ཡོད་ཅེས་དྲི་ན། བློ་དང་ལྡན་པ་ཁ་ཅིག་གིས་བརྟགས་ཤིང་དཔྱད་ནས་དེ་ཕྱི་རོལ་ན་ཡོད་པར་མི་འཐད་པས་རང་སྣང་ཙམ་མོ་ཞེས་སྨྲ་བ་དང་འདྲ་ཡང་། གང་དག་ཚད་མ་གཉིས་ཀྱིས་གཞལ་ཚུལ་བསྲ་བསྲེར་གྱུར་ཏེ། མ་བརྟགས་མ་དཔྱད་པའི་སྣང་ཙམ་ལས་དཔྱད་པའི་གྲུབ་མཐའ་ཞིག་ཁས་ལེན་ན་ཐལ་འགྱུར་པའི་ལུགས་དང་ཆེས་འགལ་སྙམ་དུ་སེམས་པར་མི་བྱ་སྟེ། དེ་ཡང་འདིར་སུ་ཞིག་གིས་ཆོས་འདི་དག་རང་གི་མཚན་ཉིད་ཀྱིས་གྲུབ་བམ་ཞེའམ། དེའི་ངོ་བོ་ཚད་མས་གྲུབ་པ་སོགས་གང་ཡིན་ཀྱང་རུང་སྟེ། འཇལ་བྱེད་ཀྱི་ཚད་མ་ཤན་ཕྱེད་པ་གལ་ཆེ་སྟེ། དོན་དམ་པའི་ཚད་མའི་ངོས་ནས་གཞལ་བ་ཡིན་ན་ནི། སྣང་བའི་མདུན་ན་མུན་པ་ལྟར་དེའི་ངོར་ནམ་ཡང་མི་འགྲུབ་པས་ན་ཅུང་ཟད་ཀྱང་གྲུབ་པ་གཞག་ཏུ་མེད་ལ། ཐ་སྙད་པའི་ཚད་མའི་ངོས་ནས་གཞལ་བ་ཡིན་ན་ནི། དེའི་ངོར་བསླུ་མེད་བསྙོན་མེད་དུ་གྲུབ་པས་དེས་ཐ་སྙད་ཀྱི་སྣང་ཚུལ་དང་མཐུན་པར་ཇི་ཙམ་དཔྱད་ཀྱང་ཚད་མའི་གཞུང་ནས་སྐྱེ་བ་སྔ་ཕྱི་སོགས་ཡོད་པར་སྒྲུབ་པའི་དཔྱད་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་དོན་དམ་དཔྱོད་བྱེད་དུ་མི་འགྲོའོ། །མདོར་ན་མཐུན་སྣང་གི་དངོས་པོ་འདི་ཙམ་དགག་པའི་དབུ་མ་པ་སུ་ཡང་མེད་ལ། རང་བཞིན་བདེན་གྲུབ་ཀྱི་དངོས་པོ་འདོད་པའི་དབུ་མ་པ་སུ་ཡང་མེད་ཀྱང་། བདེན་གཉིས་ཟུང་དུ་ཆུད་ཚུལ་གྱི་རྟོགས་པའི་རྩལ་འཕངས་ལས་དོན་དམ་པ་གཏན་ལ་འབེབས་ཚུལ་ལ་ཁྱད་ཡོད་པ་ལས། ཐ་སྙད་བཞེད་ཚུལ་ཙམ་གྱི་གྲུབ་མཐའི་མཐོ་དམན་མི་རུང་ངོ་། །དེས་ན་བུམ་པ་རང་བཞིན་མེད་པ་དང་། །སྟོང་པ་ཡིན་པ་ལྟ་བུ་ལ་དངོས་སུ་དོན་དམ་གྱི་ཁྱད་པར་སྦྱར་བ་མེད་ཀྱང་། གྲུབ་མཐའ་དང་ཐ་སྙད་མཁས་པ་དག་གིས་སྐབས་ཀྱི་དོན་ལས་དོན་དམ་དཔྱོད་པའི་དབང་དུ་བྱས་པར་གོ་ཞིང་། བུམ་པ་ཚད་མས་གྲུབ་པ་དང་རང་མཚན་གྱིས་གྲུབ་པའང་ཐ་སྙད་དུ་གོ་བར་འགྱུར་གྱི། ཕན་ཚུན་འཆོལ་བའི་རྨོངས་པ་མི་སྐྱེ་ཡང་། ཚིག་གིས་རྨོངས་ནས་བྱ་རོག་གི་ཁུ་འཕྲིགས་ཞུགས་པ་ཅན་དག་ལ་རང་བློ་ལ་རྟག་ཏུ་ཞེན་པའི་ཚིག་ཙམ་ལྷུར་བྱེད་ཀྱང་། དོན་དུ་མ་ལ་ཐུན་མོང་དུ་གྲགས་པའི་ཚིག་རྣམས་ནི་དོན་གྱི་རྣམ་པར་བཅད་པ་ལ་མི་ལྟོས་པར་དངོས་པོ་གཅིག་གི་རྗོད་བྱེད་དུ་ངེས་པ་མེད་དེ། དཔེར་ན་བདེན་གྲུབ་ཅེས་པའང་། དོན་དམ་དཔྱོད་པས་དཔྱད་བཟོད་དུ་གྲུབ་པ་ལ་གྲགས་ཆེ་བས་ཕལ་ཆེར་དེ་ལྟར་གོ་བ་ཡིན་གྱི། གཞན་དུ་བདེན་པ་ཞེས་པ་བདེན་པ་གཉིས་ཀར་ཡང་གོ་རུང་བ་བཞིན། གྲུབ་ཅེས་པའང་དེའི་ཚིག་མཐའ་ཙམ་དུ་བསམས་ན། ཐ་སྙད་ལ་གོ་མི་རུང་བའི་རྒྱུ་མཚན་ཡང་མེད་པ་དེ་བཞིན་ཁྱད་པར་སྦྱར་བ་འགའ་ཞིག་ཀྱང་གཞན་དུ་འཁྲུལ་མི་སྲིད་པ་མ་ཡིན་པས་སྐབས་ཀྱི་དོན་ལས་ཐ་སྙད་བདེ་བླག་ཏུ་ངེས་པ་རྒྱ་གཞུང་ཆེན་པོ་རྣམས་ཀྱི་སྒྲོས་བཞིན་རྗོད་པ་ལེགས་ཤིང་། གོ་བ་ལ་ཕན་སླད་ཁྱད་པར་སོགས་སྦྱར་ཡང་འགལ་བ་མེད་དེ། ངག་ནི་བརྗོད་འདོད་ཀྱི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །དེས་ན་གཞུང་རྣམས་སུ་བདེན་གྲུབ་དང་རང་མཚན་གྱིས་གྲུབ་པ་སོགས་ལ་ཁྱད་མེད་དུ་དགག་པ་དང་། ཁྱད་པར་ཕྱེ་སྟེ་བཤད་པ་ལྟ་བུ་སོགས་སྐྱེ་བོ་རྣམས་མི་རྨོངས་པར་བྱ་བའི་ཕྱིར་ཚད་མ་སོ་སོས་གཞལ་ཚུལ་གྱི་གནད་རེ་ཡོད་པ་ཤན་མ་ཕྱེད་པར་ཚིག་གི་ཟེར་སྒྲོས་ཙམ་གྱིས་གྲུབ་མཐའ་ཕྱེ་བ་ཤིན་ཏུ་ཐང་ཆད་དོ། །དེས་ན་རྗེས་ཐོབ་ཤན་འབྱེད་པའི་སྐབས་སུ་ཚད་མ་གཉིས་ཀྱིས་གཞལ་བའི་རྣམ་གཞག་མ་འཁྲུགས་པར་འཇོག་དགོས་ཀྱི། ཤན་ཕྱེད་པ་མེད་པར་ཐ་སྙད་དུའང་དཔྱད་པ་ཙམ་གྱིས་དོན་དམ་དཔྱོད་པར་འགྲོ་བ་ལྟ་བུ་ན། ཐེག་ཆེན་ལ་ཞུགས་པའི་གང་ཟག་འཚང་རྒྱ་བ་ཡོད་ཅེས་ཁས་བླངས་པའང་དོན་དམ་པར་ཡོད་པར་ཁས་བླངས་པ་ལྟ་བུར་འགྱུར་ཞིང་། ཀུན་རྫོབ་བདེན་པ་ཞེས་སྨྲ་ནའང་ནེམ་ནུར་དགོས་པའི་འགགས་ལ་ཐུག་ཅིང་། ལམ་དང་འབྲས་བུ་གྲུབ་པའི་མཐའ་སྨྲ་བར་དཀའོ། །གལ་ཏེ་གང་ཟག་འཚང་རྒྱ་བ་ཡོད་པར་སྨྲ་བ་ནི་ཐ་སྙད་ཙམ་གྱི་དབང་དུ་བྱས་སོ་སྙམ་ན། དེ་ལྟར་ན་བདེན་གཉིས་སོ་སོར་ཕྱེས་ནས་སྨྲ་བ་ཉིད་ཀྱི་ལུགས་ཁས་བླངས་པར་གྱུར་པ་སྟེ། ལུགས་དེས་ཀྱང་ཐ་སྙད་ཙམ་དུ་དངོས་པོའི་མཚན་ཉིད་གྲུབ་པ་དང་། སེམས་ཙམ་དུ་སྨྲ་བའང་དེ་ལྟར་ཤེས་པར་གྱིས་ཤིག །ཁོ་ན་རེ། གལ་ཏེ་དེ་ནི་གཞན་ངོ་ཙམ་དུ་ཁས་བླང་གི་རང་ལུགས་མིན་ནོ་སྙམ་ན་རང་ལ་རྗེས་ཐོབ་ཀྱི་སྐབས་ན་ལམ་འབྲས་ཀྱི་རྣམ་གཞག་དང་རྟེན་འབྲེལ་ཙམ་དུ་ཁས་ལེན་ཡོད་པར་བཤད་པ་སོགས་དང་འགལ་ལོ། །དེས་ན་ཐ་སྙད་ཚད་གྲུབ་འདོད་པའི་ལུགས་ལ་བདེན་གཉིས་ཕྱེ་སྟེ་སྨྲ་ཞིང་། མ་ཕྱེས་པར་དཔྱད་ཙམ་གྱིས་དོན་དམ་དཔྱོད་པར་མི་འགྲོ་བའི་ཚུལ་ཤེས་པར་བྱའོ། །མདོར་ན་མཉམ་བཞག་སྒྲ་དང་རྟོག་པའི་ཡུལ་ལས་འདས་པའི་གཞལ་དོན་ལྟར་མཐར་ཐུག་གི་གནས་ཚུལ་བདེན་པ་དབྱེར་མེད་ཀྱི་དབང་དུ་བྱས་ན་ནི་བདེན་གཉིས་ཕྱེ་མི་དགོས་པས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཡེ་ནས་ཡོད་མེད་ཡིན་མིན་སོགས་དགག་སྒྲུབ་ཀྱི་ཁས་ལེན་གང་ཡང་མེད་པས་ཅིའང་མི་གསུང་བའི་ཚུལ་གྱིས་ལན་བཏབ་པ་དང་འདྲ་བར་ཡང་དག་པར་ན་ཐ་སྙད་ཐམས་ཅད་ལས་འདས་ཤིང་བརྗོད་དུ་མེད་པ་དང་སྤྲོས་པ་དང་བྲལ་བ་དང་མཉམ་པ་ཉིད་ཀྱི་ཕྱིར་ཁས་ལེན་མེད་པར་གྲུབ་ཀྱང་། རྗེས་ཐོབ་སྒྲ་རྟོག་གི་ཡུལ་དུ་གྱུར་པ་སྣང་ཚུལ་གྱི་དབང་དུ་བྱས་ཏེ་གཞི་ལམ་འབྲས་བུ་སོགས་ཀྱི་རྣམ་གཞག་ཞིག་རང་གིས་བསམ་ཞིང་གཞན་ལའང་སྨྲ་དགོས་ན་ནི་ཚད་མ་གཉིས་ཕྱེ་སྟེ་དགག་སྒྲུབ་ཀྱི་ཚུལ་ལ་འཇུག་པ་ལས་འདའ་བ་མི་སྲིད་དོ། །དེ་ལྟར་ན་འདི་དང་ཐལ་འགྱུར་གཉིས་ཆེས་མི་འདྲའོ་སྙམ་དུ་རྟོག་པར་མི་བྱ་སྟེ། ཐ་སྙད་ཞལ་གྱིས་བཞེས་ཚུལ་ཙམ་མི་འདྲ་ཡང་། ཤིང་རྟ་ཆེན་པོའི་དགོངས་པ་མཐར་ཐུག་གནད་གཅིག་ཏུ་དབྱེར་མེད་པར་རིགས་པས་གྲུབ་པས་སོ། །དེ་ལྟར་ཤེས་ན་གངས་ཅན་འདིར་ཡང་མཁས་པ་ལ་ལས་ཀུན་རྫོབ་ཚད་གྲུབ་ཏུ་བཞེད་པ་ལ། གཞན་དག་གིས་དེ་མི་སྲིད་པའི་གཏམ་ངན་དུ་རྩི་བ་དང་། མཁས་པ་སྔ་མའི་བཞེད་ཚུལ་ལ་ཁ་ཅིག་གིས་དེ་རྣམས་ཀྱིས་ཐལ་འགྱུར་བའི་ལྟ་བ་རྣལ་མ་མ་རྟོགས་པའི་སྐུར་འདེབས་སོགས་དང་། གཞན་ཡང་ཤིང་རྟ་ཆེན་པོ་རྣམས་ཀྱི་ལུགས་ལ་རྨོངས་པའི་དྲི་མ་མང་ཞིག་རང་གྲོལ་དུ་འགྱུར་རོ། །དེ་ཡང་འདི་ལྟ་བུའི་བདེན་གཉིས་ཀྱི་རྣམ་པར་གཞག་པ་གཏན་ལ་འབེབས་པའི་ཚེ་ན་འདི་སྙམ་དུ། ཀུན་རྫོབ་ཅེས་པ་ཡང་དག་པའི་དོན་ལ་བསྒྲིབས་པའམ་འགེབས་པ་ལྟ་བུར་བཤད་ན། མ་དག་པའི་ཆོས་རྣམས་ནི་དེ་ལྟར་ཡིན་མོད་ཀྱི། གཏི་མུག་དང་བྲལ་བ་ཡང་དག་པའི་ཆོས་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ལ་སོགས་པ་ཀུན་རྫོབ་མ་ཡིན་ལ། དེའི་ཕྱིར་ན་མི་སྟོང་ངོ་སྙམ་དུ་སེམས་ན་དེ་ནི། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་གསུངས་པ་ལྟར་ཡིན་པས་བདེན་ཞེན་སྤང་དགོས་ཏེ། ཆོས་མཆོག་མྱ་ངན་ལས་འདས་པ་ལས་ལྷག་པའི་ཆོས་ཞིག་ཡོད་ན་དེའང་སྒྱུ་མ་དང་རྨི་ལམ་ལྟར་བ་ལྟའོ་གསུངས་པའི་དོན་བཞིན་ངེས་པ་བསྐྱེད་པར་བྱའོ། །དེའང་བཀའ་དང་བསྟན་བཅོས་རྣམས་ན་བདེན་གཉིས་འཇོག་ཚུལ་གཉིས་སུ་གནས་ཏེ། གནས་ལུགས་དོན་དམ་ལ་དཔྱོད་པའི་ཚད་མའི་དབང་དུ་བྱས་ཏེ། སྟོང་པ་ལ་དོན་དམ་དང་། སྣང་བ་ལ་ཀུན་རྫོབ་ཅེས་བཞག་པ་དང་། སྣང་ཚུལ་ལ་དཔྱོད་པ་ཀུན་ཏུ་ཐ་སྙད་པའི་ཚད་མའི་དབང་དུ་བྱས་ཏེ། གནས་སྣང་མཐུན་པ་མི་བསླུ་བའི་ཡུལ་དང་ཡུལ་ཅན་ལ་དོན་དམ་དང་། ལྡོག་ཕྱོགས་ལ་ཀུན་རྫོབ་ཏུ་འཇོག་པའི་ཚུལ་གཉིས་ལས། ཕྱི་མའི་དོན་དམ་ཡིན་ཀྱང་ངོ་བོ་སྟོང་པ་ཡིན་ལ། སྐབས་འདིར་ནི་སྔ་མ་ལྟར་ཡིན་ཅིང་། དེའང་ཀུན་རྫོབ་ཀྱི་དོན་ཡང་དག་པ་ཡིན་མིན་གཉིས་སུ་ཕྱེ་བའི་མིན་པ་ལ་འཇོག་པའི་ཚུལ་ནི། ཡང་དག་པ་ཞེས་བྱ་བའི་དོན་དངོས་པོའི་ཡིན་ལུགས་ཏེ་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་ལ་བརྗོད་པས་ན། ཀུན་རྫོབ་ཅེས་པ་སྐྱེ་བ་སོགས་སུ་སྣང་བའི་ཚུལ་གྱིས་བྱིས་པ་རྣམས་ཀྱི་ངོར་སྟོང་པ་ཉིད་སྦས་ཤིང་བསྒྲིབས་པར་གྱུར་པ་ལྟ་བུ་ཞིག་ཁོ་ན་ལ་གོ་དགོས་ཀྱི། རྣམ་པ་ཐམས་ཅད་དུ་བསླུ་ཞིང་བརྫུན་པའོ་ཞེས་གོ་བར་མི་བྱ་ཞིང་། དེས་སྟོང་པ་ཉིད་ལ་རྟག་ཏུ་བསྒྲིབས་པར་ཡང་གོ་བར་མི་བྱ་སྟེ། འཕགས་པ་རྣམས་ལ་སྟོང་དང་རྟེན་འབྱུང་གཅིག་གིས་གཅིག་གསལ་བའི་ཕྱིར་རོ། །དེས་ན་སྣང་ཙམ་གྱིས་སྟོང་ཉིད་ལ་བསྒྲིབས་པ་མ་ཡིན་ཡང་སྣང་བ་ལ་བདེན་འཛིན་ཞུགས་པའི་གཏི་མུག་གི་དབང་གིས་ཡུལ་རྣམས་ཀྱི་རང་བཞིན་ཕྱིན་ཅི་ལོག་ཏུ་དམིགས་པའོ། །དེས་ན་གདུལ་བྱ་རྣམས་ཀྱི་ལོག་རྟོག་བཟློག་པའི་དོན་དུ་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བས་གདུལ་བྱའི་རྒྱུད་དང་བསྟུན་ནས་སྣང་བ་ལ་ཀུན་རྫོབ་ཅེས་དོན་དམ་པ་རྟོགས་པའི་ཚིག་བླ་དགས་དེ་སྐད་དུ་བཏགས་མོད། སྣང་བ་དང་ཀུན་རྫོབ་དོན་དུ་གཅིག་སྟེ། སྣང་ནི་སྣང་ཡང་སྣང་བ་ལྟར་བདེན་པར་གྲུབ་པ་མེད་པ་ལ་གོ་དགོས། བདེན་པ་མེད་ཅེས་རྗོད་པ་དེས་ཀྱང་ཕྱིན་ཅི་ལོག་གི་སྣང་བ་ཡིན་པར་སྟོན་མི་དགོས་ཏེ། སྟོང་པ་ཡིན་པ་ལ་བདེན་པ་མེད་ཅེས་བཏགས་པ་གོ་དགོས། དེ་དེ་ལྟར་སྣང་བ་ལྟར་གྲུབ། སྣང་བ་ལྟར་བདེན་ན་ཀུན་རྫོབ་ཅེས་གདགས་པར་མི་རུང་ལ། དེ་ལྟར་ན་མི་སྟོང་པར་འགྱུར་ཞིང་། མི་སྟོང་པའི་དངོས་པོ་ཞིག་ཤེས་བྱར་མི་སྲིད་པའི་ཚུལ་རིགས་པས་ཡང་དག་པར་གྲུབ་པ་དེས་ན་ཤེས་བྱའི་ཁོང་འདི་ན་སྣང་སྟོང་གཉིས་རིས་སུ་ཆད་པའི་ཕྱོགས་གཅིག་ཁོ་ནར་གྱུར་པའི་ཆོས་ཞིག་མི་སྲིད་ལ། དངོས་པོའི་གཤིས་ལ་མེད་པས་ན་རིགས་པར་སྨྲ་བས་དེ་ལྟ་བུ་ཡོད་པར་ཁས་ཀྱང་མི་ལེན་པ་དེས་ན། མདོར་ན་ཀུན་རྫོབ་ཅེས་པའི་ཚིག་གིས་ནི་སྣང་བཞིན་པ་དེ་སྟོང་པར་བསྟན་པ་ཁོ་ནའི་དོན་ཡིན་གྱི། གཞན་ཀུན་རྫོབ་ཅེས་ཚིག་ཙམ་ལ་བསམས་ཏེ་སྐྱོན་ཅན་ངན་པ་ལྟ་བུ་ཞིག་ལ་བཟུང་ནས། དེ་དང་སྟོང་ཉིད་ལ་རྩིས་ཆེ་ཆུང་བྱེད་པ་རྣམས་ལ་ནི་ཟབ་མོ་དབུ་མའི་ལྟ་བ་རྣམ་དག་ཅིག་འབྱུང་དཀའོ། །དེས་ན་མི་བདེན་པའི་སྣང་བ་ལ་ཀུན་རྫོབ་ཅེས་བརྡ་གདགས་ཤིང་། རང་བཞིན་མ་གྲུབ་པའི་སྟོང་པ་ལ་དོན་དམ་ཞེས་བཏགས་པ། དེ་གཉིས་པོ་ལ་རྩིས་ཆེ་ཆུང་མེད་པར་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མགོ་སྙོམས་སུ་སྦྱོར་བ་འདི་ཤེས་ན་ཤེས་བྱའི་ཁོང་ན་དེ་ལས་ཤེས་རྒྱུ་གལ་ཆེ་བ་གཅིག་ཀྱང་མེད་པར་ངེས་སོ། །དེས་ན་དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བ་རྣམས་ཀྱང་ངོ་བོ་མི་སྟོང་ན་དབྱིངས་ལས་ཐ་དད་པར་འགྱུར་བས་ན་དབྱིངས་དང་མཉམ་པ་ཉིད་ཀྱི་ཕྱིར་སྣང་སྟོང་དབྱེར་མེད་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་དུ་རིག་པར་བྱའོ། །དེ་ལྟར་བདེན་པ་གཉིས་ཀྱི་གནས་ལུགས་ཡང་དག་པར་རྟོགས་པ་ནི་དབུ་མའི་ལམ་ཁོ་ན་ཡིན་ནོ། །དེས་བདེན་གཉིས་ཀྱི་ཚུལ་འཕྲོས་དོན་དང་བཅས་པ་མདོ་ཙམ་བསྙད་ནས། ད་ནི་དེ་ལྟ་བུའི་བདེན་པ་གཉིས་ཀྱི་རང་བཞིན་དེ་ཉམས་སུ་ལེན་པའི་ཐེག་པ་ཆེན་པོ་པ་དག་གིས་ཇི་ལྟར་ཤེས་ཤིང་ཇི་ལྟར་རྣལ་འབྱོར་དུ་བྱ་སྙམ་ན། ཚུལ་གཉིས་ཀྱི་ཤིང་རྟ་ཆེན་པོའི་ལམ་སྲོལ་དྲི་མ་མེད་པ་ལ་རྗེས་སུ་ཞུགས་པས་ཐོབ་སྟེ། དེ་ལ་ཐེག་པ་ཆེན་པོ་ནི་ཟབ་ཅིང་རྒྱ་ཆེ་ཡང་། མདོར་བསྡུ་ན། ལང་ཀར་གཤེགས་པ་ལས། ཆོས་ལྔ་དང་ནི་རང་བཞིན་གསུམ། །རྣམ་ཤེས་བརྒྱད་པོ་ཉིད་དག་དང་། །བདག་མེད་དོན་ནི་རྣམ་གཉིས་པོར། །ཐེག་ཆེན་ཐམས་ཅད་བསྡུས་པ་ཡིན། །ཞེས་གསུངས་པ་ལྟར། མིང་། རྒྱུ་མཚན། རྣམ་རྟོག །ཡང་དག་པའི་ཡེ་ཤེས། དེ་བཞིན་ཉིད་དེ་ཆོས་ལྔ་དང་། ཀུན་བཏགས། གཞན་དབང་། ཡོངས་གྲུབ་སྟེ་མཚན་ཉིད་གསུམ་དང་། རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། གང་ཟག་དང་ཆོས་ཀྱི་བདག་མེད་པ་གཉིས་ཏེ་དེ་རྣམས་སུ་འདུ་ལ། མཚན་ཉིད་གསུམ་སོགས་ཕྱི་མ་དེ་དག་ཀྱང་ཆོས་ལྔའི་ནང་དུ་རྫོགས་པར་འདུ་ཚུལ། མདོ་ཉིད་ལས་ཇི་སྐད་འབྱུང་བ་ལྟར་ཤེས་པར་བྱ་སྟེ། །དེ་ལ་རྒྱུ་མཚན་ནི་དབྱིབས་དང་གཟུགས་ལ་སོགས་པའི་མཚན་ཉིད་དུ་སྣང་བའོ། །མཚན་ཉིད་དེ་ལ་བུམ་སོགས་ཀྱི་མིང་གིས་གཞན་རྣམ་པར་བཅད་ནས་དེ་དང་དེར་ཞེན་ཅིང་གདགས་པ་ནི་མིང་ངོ་། །དེ་ལྟར་མིང་བཏགས་ནས་རྒྱུ་མཚན་རྣམས་གསལ་བར་བྱེད་པའོ། །དེ་གཉིས་ནི་ཀུན་བཏགས་ཡིན་ཏེ་སྒྲ་རྟོག་གི་སྤྱོད་ཡུལ་ཅན་གཟུང་འཛིན་གཉིས་སུ་སྣང་བ་བརྟགས་ན་མི་བདེན་པའི་ཕྱིར་རོ། །དེ་ལྟར་གཟུང་ཡུལ་འཛིན་པའི་སེམས་སེམས་བྱུང་གི་ཆོས་རྣམས་ལ་རྣམ་པ ར་རྟོག་པ་ཞེས་བྱ་ཞིང་། དེ་ལ་ཕྱེ་ན་རྣམ་པར་ཤེས་པའི་ཚོགས་བརྒྱད་ཡོད་དོ། །དེ་ནི་གཞན་གྱི་དབང་ཉིད་ཡིན་ཏེ་ཐ་སྙད་ཙམ་དུ་སྣང་བ་སྣ་ཚོགས་ཀྱི་སྣང་གཞིར་གྱུར་པའོ། །དེ་ལྟར་ཕྱི་ནང་གིས་བསྡུས་པའི་ཆོས་དེ་དག་ལ་བདག་གཉིས་ཀྱི་རང་བཞིན་ཅུང་ཟད་གྲུབ་པ་མེད་པའི་ཆོས་ཀྱི་དབྱིངས་ནི་དེ་བཞིན་ཉིད་ཡིན་ལ། དེའི་རྗེས་སུ་ཞུགས་པ་ཡང་དག་མིན་རྟོག་དང་བྲལ་བའི་ཡུལ་ཅན་སོ་སོ་རང་རིག་པ་ནི་ཡང་དག་པའི་ཡེ་ཤེས་ཞེས་བྱའོ། །ཕྱི་མ་ཡུལ་ཡུལ་ཅན་འདི་གཉིས་ནི་ཡོངས་སུ་གྲུབ་པ་ཞེས་བྱ་སྟེ། ངོ་བོ་བདེན་པར་གྲུབ་པ་ནི་མིན་གྱི་ཡིན་ལུགས་མ་ནོར་བས་ན་ཚིག་དེ་སྐད་བླ་དྭགས་སུ་བཏགས་པ་ཡིན་ནོ། །དེས་ན་དེ་ལྔ་ཡི་ནང་དུ་སེམས་ཙམ་དང་དབུ་མའི་གཞུང་ལུགས་མཐའ་དག་འདུས་པར་རིགས་པས་གྲུབ་པའི་ཕྱིར་ན་ཐེག་ཆེན་མཐའ་དག་ཀྱང་དེ་ཙམ་དུ་ཟད་པར་ཤེས་པར་བྱ་ཞིང་། དེ་ལ་མིང་རྒྱུ་མཚན་གྱིས་བསྡུས་པའི་ཕྱི་རོལ་གྱི་སྣང་བ་སྣ་ཚོགས་པར་སྣང་བ་འདི་ནི་ཕྱི་རོལ་གྱི་དོན་དུ་བདེན་པར་གྲུབ་པ་མེད་དེ། འདི་ལྟར་སྣང་བ་ནི་ཀུན་གཞིའི་རྣམ་པར་ཤེས་པའི་ཁམས་ལ་གནས་པའི་བག་ཆགས་སྣ་ཚོགས་པ་སྨིན་པའི་དབང་ལས་བྱུང་སྟེ་རྨི་ལམ་གྱི་སྣང་བ་ལྟ་བུར་ཤེས་པ་ནི་ཐ་སྙད་རྣམ་རིག་པའི་ཚུལ་ཏེ་ཚུལ་དང་པོ་ཡིན་ལ། ཆོས་ལྔ་ལས་སྔ་མ་གསུམ་དེར་འདུའོ། །དེ་ལྟར་ཐ་སྙད་དུ་སེམས་ཉིད་སྣང་བ་སྣ་ཚོགས་པར་སྣང་ཡང་སེམས་ཀྱང་རང་བཞིན་གྱིས་བདེན་པར་མེད་པས་ན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་བདེན་མེད་སྐྱེ་མེད་དུ་ཤེས་པ་ནི་དོན་དམ་དབུ་མའི་ཚུལ་ལམ་ཚུལ་གཉིས་པ་སྟེ། ཆོས་ལྔ་ལས་ཕྱི་མ་གཉིས་དེར་འདུའོ། །དེ་ལྟ་བུའི་ཚུལ་གཉིས་པོ་དེ་ནི་འགལ་བ་མ་ཡིན་ཏེ། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་དུ་ཡང་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་གསུངས་པ་ལྟར་གཅིག་དང་ཐ་དད་གང་དུའང་ཁས་མི་ལེན་པར་ཐ་སྙད་དང་དོན་དམ་པའི་བདེན་པ་གཉིས་ཟུང་དུ་ཞུགས་པའི་ལམ་ཚུལ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོ་ཡིན་ལ། དེ་ལ་གནས་པའི་གང་ཟག་ནི་ཐེག་པ་ཆེན་པོ་པ་ཞེས་པའི་མིང་དོན་དང་ལྡན་པ་ཉིད་དོ། །དེ་ལྟར་དང་པོར་ཐོས་བསམ་གྱི་སྒྲ་རྟོག་གི་ཡུལ་དུ་གྱུར་པའི་ཐ་སྙད་དུ་སྐྱེ་བ་དང་། དོན་དམ་པར་མི་སྐྱེ་བ་ལྟ་བུ་ཚུལ་གཉིས་ཟུང་དུ་བཞག་པའི་ཡ་གྱལ་རྣམ་གྲངས་པའི་དོན་དམ་ནི། ཀུན་རྫོབ་ཡོད་པའི་ཟླ་ལ་སྦྱར་བའི་ཅིག་ཤོས་ཀྱི་ཟླས་དྲངས་པའི་ཕྱིར་རམ། དོན་དམ་པའི་གྲངས་སུ་གཏོགས་པས་ན་རྣམ་གྲངས་ཏེ། བདེན་པ་གཉིས་ཞེས་པའི་ཀུན་རྫོབ་ཀྱི་ཟླར་བགྲང་རྒྱུ་དེ་ཡིན་ལ། དེ་ནི་དོན་དམ་མཐར་ཐུག་དང་མཐུན་པའི་སྒོ་ཙམ་མམ། དེ་གོམས་པས་ཐོག་མེད་ནས་གོམས་པའི་བག་ཆགས་ཀྱི་མཐུ་བརྟས་པའི་དངོས་པོར་འཛིན་པ་གཞོམ་ནུས་པའི་ཕྱིར་ན་དོན་དམ་ཡང་ཡིན་ལ། དེའི་ངོ་ལ་ལྟོས་ན་སྐྱེ་བ་མེད་ཅེས་པའི་ཁས་ལེན་ཡང་ཡོད་པར་ཤེས་པར་བྱའོ། །དེའི་དཔྱད་པ་ཚད་དུ་ཕྱིན་ཀྱང་རྗེས་ཐོབ་ཀྱི་ངེས་པ་སྐྱེ་ཚུལ་ཙམ་ཡིན་ནོ། །ཡང་དག་པའི་གནས་ལུགས་མཐར་ཐུག་པའི་དབང་དུ་ན། སྐྱེ་བས་དྲངས་པའི་སྐྱེ་མེད་ཅེས་པའང་བློས་གཞན་བསལ་བའི་རྣམ་རྟོག་གི་གཟུགས་བརྙན་ཙམ་ཡིན་པས། སྐྱེ་བ་ཡོད་མེད་སོགས་མཐའ་ཐམས་ཅད་ལས་འདས་ཤིང་སྒྲ་དང་རྟོག་པའི་སྤྱོད་ཡུལ་ཐམས་ཅད་སྤངས་པའི་འཕགས་པའི་མཉམ་བཞག་ཡེ་ཤེས་ཤིན་ཏུ་དྲི་མ་མེད་པའི་གཟིགས་དོན་ནི་རྣམ་གྲངས་མ་ཡིན་པའི་དོན་དམ་བླ་ན་མེད་པ་ཡིན་ལ། དེའི་ངོ་ལ་ལྟོས་ན་ཁས་ལེན་ཀུན་དང་བྲལ་བའང་ཡིན་ནོ། །རྣམ་གྲངས་པའི་དོན་དམ་ནི་འདི་དང་ཉེ་ཞིང་མཐུན་པས་ན་དེའང་དོན་དམ་གྱི་གྲངས་སུ་བགྲང་སྟེ་མཐུན་པའི་དོན་དམ་ཞེས་བྱ་བ་ཡིན་ནོ། །ཚུལ་འདི་ལྟ་བུ་ལ་བསྒོམས་པས་ཉམས་མྱོང་གིས་སུས་རེག་ཀྱང་གང་ཟག་དེས་རྗེས་ཐོབ་ཀྱི་ཁས་ལེན་མཛད་ཚུལ་ལ་ལྟོས་ཏེ་ཐལ་རང་སོགས་མིང་ཅི་བཏགས་ཀྱང་རུང་། རྟོགས་པའི་མཐོ་དམན་རྡུལ་ཙམ་མེད་པར་འཕགས་པའི་གཟིགས་པ་གནད་གཅིག་ཏུ་འབབ་པ་ཤེས་པར་བྱའོ། །འདི་གལ་ཆེ་བས་འོག་ཏུ་དགོས་པའི་སྐབས་སུའང་ཅུང་ཟད་འཆད་དོ། །འཕགས་པའི་མཉམ་བཞག་གི་ཡེ་ཤེས་དེ་ལྟ་བུའི་རྒྱུ་ནི་བདེན་གཉིས་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་ལས་གཞན་ཅུང་ཟད་ཙམ་ཡང་མེད་དེ། དཔེར་ན། གཙུབ་ཤིང་དང་གཙུབ་སྟན་ཟུང་དུ་མ་ཚོགས་པར་གང་རུང་རེ་རེས་མི་འབྱུང་བ་མི་སྲིད་པ་ལྟར། འདིར་ཡང་ཚུལ་གཉིས་པོ་མཉམ་པར་མ་སྦྱར་ན་མཐའ་བཞི་སྤྲོས་བྲལ་ལ་ངེས་པ་མི་སྐྱེ་བས་བསམ་བརྗོད་ལས་འདས་ཞེས་བརྗོད་ཀྱང་བརྗོད་དུ་མེད་པའི་བདག་བསྒོམ་པ་ལྟ་བུ་ལས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་གཏིང་སླེབ་པ་མི་སྲིད་པས་ཡང་དག་པའི་རིགས་ལམ་དང་མ་བྲལ་བའི་ཐོས་བསམ་གྱི་མིག་བསྒྲུབས་ནས་ངེས་ཤེས་སྐྱེ་བར་བྱས་ནས་དེའི་དོན་སྒོམ་པས་ཉམས་སུ་མྱོང་བར་བྱའི། ངེས་ཤེས་མ་སྐྱེས་པའི་མཐའ་བྲལ་དང་བརྗོད་བྲལ་ཞེས་མིག་ཧུར་ཧུར་བྱེད་པ་རྣམས་ནི་མིང་ཙམ་ལ་མངོན་རློམ་དང་བཅས་ཏེ་དམིགས་པ་ཙམ་ཡིན་པས། དེས་སྲིད་རྩ་ལ་གནོད་ན་དུ་མ་རོ་མཉམ་དུ་སྨྲ་བ་གསང་བ་པ་སོགས་ཀྱང་ལམ་དེས་གྲོལ་བར་ཅིས་མི་འགྱུར། དེས་ན་ཤིང་རྟ་ཆེན་པོའི་ལུགས་བཞིན་དུ་ཐ་སྙད་དང་དོན་དམ་ལ་དཔྱོད་པའི་ཚད་མ་དྲི་མེད་ཀྱི་ཚུལ་གཉིས་མཉམ་པར་སྦྱར་བའི་ཡེ་ཤེས་ཀྱི་མེས་གཉིས་སྣང་ཤེས་བྱའི་བུད་ཤིང་མ་ལུས་པ་ལྷག་མེད་དུ་བསྲེགས་ནས་མཐའ་བྲལ་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ལ་གནས་པར་འགྱུར་ཏེ། གཙུབ་ཤིང་གཙུབ་སྟན་བསྲུབས་པ་ལས་མེ་བྱུང་ནས་དེ་གཉིས་ཉིད་ཀྱང་བསྲེགས་པ་ལྟར། བདེན་གཉིས་མཉམ་པར་སྦྱར་བའི་ཡེ་ཤེས་ཀྱི་མེས་བདེན་གཉིས་སོ་སོར་ཞེན་པའང་བསྲེགས་ནས་སྣང་སྟོང་རིས་སུ་མ་ཆད་པའི་དབྱིངས་དམིགས་པའི་མཐའ་ཐམས་ཅད་དང་བྲལ་བ་ལ་རབ་ཏུ་གནས་པ་སྟེ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ །ནམ་མཁའ་གང་ལའང་ཅུང་ཟད་མི་གནས་དེ་དང་འདྲ། །ཞེས་དང་། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་མཁས་གསལ་བ། །ཆགས་པ་བཅད་ནས་འགྲོ་ལ་ཆགས་པ་མེད་པར་འགྲོ །ཉི་མ་སྒྲ་གཅན་གཟའ་བྲལ་ལྷང་ངེར་འདུག་པ་དང་། མེ་བཏང་རྩྭ་དང་ཤིང་དང་ནགས་ཚལ་སྲེག་པ་བཞིན། །ཆོས་རྣམས་ཐམས་ཅད་རང་བཞིན་དག་ཅིང་ཡོངས་དག་པར། །བྱང་ཆུབ་སེམས་དཔའ་ཤེས་རབ་ཕ་རོལ་ཕྱིན་ལྟ་ན། །བྱེད་པ་པོ་ཡང་མི་དམིགས་ཆོས་ཀུན་མི་དམིགས་ཏེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་པ་ལྟར་མཐའ་བཞིའི་སྤྲོས་བྲལ་སོ་སོར་རང་གི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཙམ་ལས་སྒྲ་དང་རྟོག་པས་བསམ་ཞིང་སྨྲ་བར་མི་ནུས་ཏེ། ཕལ་པོ་ཆེ་ལས། ཇི་ལྟར་བར་སྣང་གནས་ཀྱི་བྱ་ཡི་རྗེས། །ཤིན་ཏུ་སྨྲ་དཀའ་བསྟན་པར་མི་ནུས་པ། །དེ་ལྟར་བདེ་གཤེགས་སྲས་ཀྱི་ས་རྣམས་ཀྱང་། །ཡིད་དང་སེམས་ཀྱི་ཡུལ་གྱིས་ཤེས་མི་ནུས། །ཞེས་གསུངས་པ་ལྟར་འཕགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་ལ་གསལ་སྣང་ཐོབ་ཚུལ་ལས་ས་ནས་སར་འཕར་ཞིང་། མཐར་སྒྲིབ་གཉིས་མཐའ་དག་བྲལ་བའི་ཆོས་ཀྱི་དབྱིངས་མངོན་སུམ་མཛད་པ་ནི། ཇི་སྐད་དུ་རྒྱ་ཆེར་རོལ་པ་ལས། ཟབ་ཞི་རྡུལ་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩིའི་ཆོས་ནི་བདག་གིས་ཐོབ་པར་གྱུར། །བདག་གིས་བསྟན་ཀྱང་གཞན་གྱིས་མི་ཤེས་དེ། །མི་སྨྲ་ནགས་འདབ་གནས་པར་བྱ་བ་སྙམ། །ཞེས་གསུངས་པ་ལྟར། མདོར་ན་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་འབྱུང་གནས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་རྣལ་འབྱོར་དུ་བྱ་བའི་ཚུལ་ནི་སོ་སོའི་སྐྱེ་བོའི་ས་ན་ཐོས་བསམ་གྱིས་སྒོ་འདོགས་བཅད་དེ། རིགས་པས་དྲངས་པའི་ངེས་ཤེས་ཁྱད་པར་ཅན་ལ་མཉམ་པར་འཇོག་པ་ཁོ་ན་ཡིན་པ་ཤེས་པར་བྱའོ། །དེ་ལྟར་བདེན་པ་གཉིས་ཀྱི་ཚུལ་རྣམ་པར་གཞག་པ་འདི་ལྟ་བུ་ནི་ལུགས་སོ་སོ་བ་ཙམ་མ་ཡིན་གྱི། ཐེག་ཆེན་སྤྱིའི་ལམ་པོ་ཆེ་ཡིན་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་ཐ་སྙད་སྣང་ཙམ་པ་འདི་ལ་སེམས་ཙམ་ལས་རྒྱུ་གཞན་ཁས་མི་ལེན་པའི་ཕྱིར་ནའོ། །དེའང་ལང་ཀར་གཤེགས་པ་ལས། །ཐོག་མ་མེད་པའི་བློས་བགོས་པས། །སེམས་ནི་གཟུགས་བརྙན་ལྟ་བུ་སྟེ། །དོན་གྱི་རྣམ་པར་སྣང་ཡང་ནི། །ཡང་དག་ཇི་བཞིན་མཐོང་དོན་མེད། །ཅེས་ཕྱི་དོན་མེད་པར་སེམས་ཙམ་དུ་བསྟན་པ་དང་། གང་ཟག་རྒྱུན་དང་ཕུང་པོ་དང་། །རྐྱེན་དང་དེ་བཞིན་རྡུལ་རྣམས་དང་། །གཙོ་བོ་དབང་ཕྱུག་བྱེད་པོ་དག །སེམས་ཙམ་པོ་ལས་རྣམ་པར་བརྟག །ཅེས་བྱེད་པོ་གཞན་མེད་པར་སེམས་ཙམ་དུ་བསྟན་པ་གཉིས་ཀྱི་ཕྱི་མ་ལྟར། སྣང་བ་སྣ་ཚོགས་པ་ཅན་གྱི་སྲིད་པ་ཐོག་མཐའ་མེད་པ་འདི་རྒྱུ་མེད་ངོ་བོ་ཉིད་ཀྱིས་བྱུང་བ་མ་ཡིན་ལ། འདི་ལ་རྒྱུར་གྱུར་པ་གཞན་དུས་དང་། རྡུལ་དང་། དབང་ཕྱུག་དང་། བདག་ལ་སོགས་པའི་བྱེད་པོ་གཞན་མེད་པར་རང་གི་སེམས་ཀྱི་དབང་ལས་བྱུང་བར་སྨྲ་བ་ཙམ་ལ་ནང་པ་སངས་རྒྱས་པའི་ཐེག་ཆེན་གྱི་ཤིང་རྟ་སུ་ལའང་མི་འདྲ་བ་མེད་དེ། ཟླ་བའི་ཞབས་ཀྱིས་ཀྱང་། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་ཤིན་ཏུ་དཔག་ཡས་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །སེམས་སྤངས་ན་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་གསུངས་ཤིང་། གལ་ཏེ་སུ་ཞིག་སྲིད་པའི་སྣང་བ་འདི་རྣམས་རང་སེམས་ལས་མ་བྱུང་བར་སྨྲ་ན་དེའི་རྒྱུ་སེམས་ལས་ལོགས་སུ་འདོད་དགོས་ལ། དེ་ལྟར་ན་གང་ཟག་གི་སེམས་འཁོར་བར་བཅིང་གྲོལ་གྱི་རྒྱུ་གཞན་ཞིག་ཁས་བླངས་པས་གདོན་མི་ཟ་བར་མུ་སྟེགས་ཀྱི་གྲུབ་མཐར་ལྟུང་བར་འགྱུར་རོ། །དེས་ན་བྱེད་པོ་གཞན་མེད་ཅིང་ཕྱི་དོན་མེད་པར་སེམས་ཀྱི་སྣང་བ་ཙམ་དུའང་རིམ་གྱིས་འགྲུབ་པས་ནི། ཐ་སྙད་སེམས་ཙམ་དུ་འདོད་པ་འདི་ཐེག་ཆེན་སྤྱི་ལུགས་ལ་གྲུབ་པ་ཡིན་ནོ། །འོ་ན་དཔལ་ལྡན་ཟླ་བ་སོགས་ཀྱིས་ཀྱང་ཐ་སྙད་ཀྱི་རྣམ་གཞག་དེ་ལྟར་ཅིའི་ཕྱིར་མ་མཛད་སྙམ་ན། གོང་དུ་ཇི་སྐད་བཤད་པ་ལྟ་བུའི་རྣམ་གྲངས་མ་ཡིན་པའི་དོན་དམ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་རྗེས་སུ་མཐུན་པར་གཏན་ལ་ཕབ་ཚེ། སྣང་སྲིད་འཁོར་འདས་ཀྱི་ཆོས་འདི་ཀུན་མ་བརྟགས་མ་དཔྱད་པར་འཇིག་རྟེན་ན་སྣང་ཚོད་གྲགས་ཚོད་ལྟར་གཞལ་བྱར་བྱས་པས་ཆོག་གི །འདི་ཀུན་མཐའ་བཞིའི་སྤྲོས་བྲལ་ཆེན་པོར་ཡེ་ནས་གནས་པའི་ཕྱིར་སྣང་ཚུལ་ཐ་སྙད་ལ་གྲུབ་མཐའི་དཔྱད་པ་ཞིབ་མོར་གཞུག་དགོས་པ་མིན་ཅིང་། སྣང་བ་དེ་ལ་སྒྲ་རྟོག་གིས་གཞལ་ཏེ་ཡོད་དོ་ཞེའམ། མེད་དོ་ཞེའམ། སེམས་ཡིན་ནོ་ཞེའམ། མིན་ནོ་ཞེས་པ་ལ་སོགས་པའི་ཕྱོགས་གང་དུ་ཁས་ལེན་ནའང་དེ་དང་དེ་ལྟར་གནས་ལུགས་ལ་གྲུབ་པ་མེད་པས་དོན་དམ་ལ་དཔྱོད་པའི་རིགས་པའི་ཐལ་འགྱུར་གྱིས་རྒོལ་བའི་ལོག་རྟོག་དགག་པ་ཙམ་ཡིན་གྱི། རང་ལུགས་ལ་མཚན་མའི་དམིགས་གཏད་ཅིའང་མེད་པས་ཁས་ཀྱང་ཅི་ཞིག་ལེན་ཏེ་མི་ལེན་ནོ། །ཚུལ་དེ་ལྟར་ན་ཡོད་པ་དང་མེད་པ་ལ་སོགས་པ་གང་དུ་དམ་བཅས་ཀྱང་བདེན་པ་གཉིས་སོ་སོར་ཕྱེ་མི་དགོས་པར་དགག་ནུས་ཏེ། འདིར་བདེན་གཉིས་སོ་སོ་བ་རེ་རེའི་ཚད་མས་གཞལ་ན་ཤན་མ་ཕྱེད་པར་དགག་སྒྲུབ་མི་ནུས་ཀྱང་། འདིར་རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་གཉིས་ཟུང་དུ་འཇུག་པའི་གནས་ལུགས་དཔྱོད་པའི་རིག་ཤེས་ཚད་མར་བྱས་ཏེ་གཞལ་བའི་ཕྱིར་རོ། །འཇུག་འགྲེལ་ལས། དོན་དམ་པར་ན་བདེན་པ་གཉིས་སུ་མེད་པར། དགེ་སློང་དག །བདེན་པ་དམ་པ་འདི་ནི་གཅིག་སྟེ། ཞེས་སོགས་ལུང་དྲངས་ནས་གསུངས་པ་བཞིན་ནོ། །དེས་ན་ཟླ་བའི་ཞབས་ཀྱིས་དང་པོ་ནས་རྣམ་གྲངས་མ་ཡིན་པའི་དོན་དམ་རྩལ་དུ་བཏོན་ནས་གཏན་ལ་དབབ་པས་རྐྱེན་ཉིད་འདི་པ་ཙམ་གྱི་སྣང་བ་འགོག་ཏུ་མེད་པ་འདི་ཙམ་ཞིག་བརྟག་གཞིའམ། དོན་དམ་རྟོགས་པའི་ཐབས་སམ་སྒོ་ཡིན་པས་དེ་ཙམ་རྩོད་གཞིར་བཟུང་སྟེ་སྤྲོས་བྲལ་ཆེན་པོར་གཏན་ལ་ཕབ་ནས། རྗེས་ཐོབ་ཏུ་ལམ་དང་འབྲས་བུའི་རྣམ་པར་གཞག་པ་ཐམས་ཅད་ཚད་མ་གཉིས་ཀྱིས་ཇི་ལྟར་གཞལ་བ་ལྟར་དགག་སྒྲུབ་ཀྱི་ཐ་སྙད་ཀྱང་གནོད་མེད་དུ་མཛད་ལ། དེའང་རྐྱེན་ཉིད་འདི་པ་ཙམ་མམ། རྟེན་ཅིང་འབྲེལ་འབྱུང་ཙམ་དུ་ཁས་ལེན་པ་ཡིན་ནོ། །རྐྱེན་ཉིད་འདི་པ་ཙམ་དེ་ལ་ཐ་སྙད་ཀྱི་ཚད་མས་གཞལ་ན་སྲིད་པའི་ཡན་ལག་བཅུ་གཉིས་འབྱུང་ལྡོག་གིས་ཀུན་ཉོན་དང་རྣམ་བྱང་འགྲུབ་ཚུལ་མི་བཞེད་པ་མ་ཡིན་ལ། སེམས་ཉིད་དག་པ་དང་མ་དག་པའི་གཞན་དབང་གིས་རྟེན་ཅིང་འབྲེལ་བར་འབྱུང་བར་བསྟན་པས་སེམས་ཙམ་གྱི་གྲུབ་མཐའ་གསལ་བར་བྱས་པ་ཡིན་ནོ། །མཁན་ཆེན་གྱི་གཞུང་འདིར་རྣམ་གྲངས་ཀྱི་དོན་དམ་རྩལ་དུ་བཏོན་ནས། དང་པོ་བདེན་གཉིས་སོ་སོར་ཕྱེས་ཏེ་ཚད་མ་སོ་སོས་གཞལ་བའི་རང་རང་གི་ཁས་ལེན་ཡོད་པར་བསྒྲུབས་ནས་མཐར་ཁས་ལེན་ཀུན་དང་བྲལ་བའི་རྣམ་གྲངས་མིན་པའི་དོན་དམ་ལ་སྦྱོར་བར་མཛད་པས། འདི་གཉིས་རིམ་ཅིག་ཅར་ལྟ་བུ་ཡིན་པས་འདིའི་གནད་ཟིན་ན་ཐལ་འགྱུར་བའི་ཟབ་གནད་མཐར་ཐུག་པའང་ཟིན་ཅིང་། གཞུང་འདིར་ཡང་། དངོས་པོ་ཀུན་གྱི་རང་བཞིན་ནི། །རིགས་པའི་ལམ་གྱི་རྗེས་འབྲང་བར། །ཞེས་པ་ནས། ཀུན་རྫོབ་ཏུ་འགྱུར་ཡང་དག་མིན། །ཞེས་པའི་བར་གྱི་དོན་དཔལ་ལྡན་ཟླ་བ་དང་དགོངས་པ་གཅིག་དང་དབྱངས་གཅིག་ཏུ་གྱུར་པ་ཡིན་ནོ། །དེས་ན་ཇི་སྲིད་ཆོས་གཅིག་གི་སྟེང་དུ་བདེན་པ་གཉིས་སོ་སོར་ཞེན་པ་ཡོད་ཀྱི་རིང་ལ་དེའི་ངོར་ཐ་སྙད་ཚད་གྲུབ་དང་། དེའི་བདེན་མེད་གཉིས་མི་བཟློག་པར་མགོ་མཉམ་ལ། བདེན་གཉིས་སོ་སོར་ཞེན་པའི་ཡུལ་རིགས་པས་སུན་ཕྱུང་ནས་འཛིན་པ་ཕྲ་མོ་དང་བྲལ་བ་ན། དེ་གཉིས་མགོ་མཉམ་དུ་ཁེགས་ཏེ་སྤྲོས་པ་དང་བྲལ་བར་འགྱུར་རོ། །དེ་ལྟར་ན་གནས་སྐབས་བློ་ངོར་བདེན་པ་གཉིས་སུ་ཕྱེ་ཡང་། མཐར་ཐུག་དོན་ལ་གཉིས་སུ་མེད་པར་སྤྲོས་བྲལ་དུ་གྲུབ་པའི་གནད་ཀྱིས་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གཏན་ལ་འབེབས་པའི་སྐབས་དང་། རྗེས་ཐོབ་ཤན་འབྱེད་པའི་ཤེས་རབ་ཀྱི་སྤྱོད་ཡུལ་གཏན་ལ་འབེབས་པའི་སྐབས་དང་། ཁས་ལེན་ཡོད་ཚུལ་དང་མེད་ཚུལ་སོགས་ཤན་ཕྱེད་པ་གལ་ཆེའོ། །དེས་ན་འཁོར་འདས་འཆིང་གྲོལ་གྱི་ཚུལ་རྣམས་མཉམ་བཞག་གི་ཡེ་ཤེས་ཀྱི་དོན་མི་གནས་ཀྱང་། རྗེས་ཐོབ་ཤེས་རབ་ཀྱིས་གཞལ་བྱར་ཡོད་པ་དེས་ན་ཟླ་བའི་ཞབས་ཀྱང་ལམ་ལ་སློབ་ཚུལ་དང་འབྲས་བུ་སངས་རྒྱས་ཚུལ་རྣམས་བཞེད་ཀྱི་འཇིག་རྟེན་ཐ་མལ་པའི་སྣང་ངོ་ན་སྣང་བ་ཁོ་ན་ལས་དེར་མ་གྲགས་པ་ཐམས་ཅད་ཁས་མི་ལེན་ཏོ་ཞེས་མ་གསུངས་སོ། །དེ་ལ་ཐལ་འགྱུར་བས་འཇིག་རྟེན་གྲགས་པ་ལྟར་ཁས་ལེན་ཚུལ་དེའང་། གྲུབ་མཐས་བློ་བསྒྱུར་མ་བསྒྱུར་གཉིས་ཀྱི་ནང་གི་མ་བསྒྱུར་བའི་འཇིག་རྟེན་ཕལ་པ་ལྟར་རོ་ཞེས་འཆད་པ་ནི་ཤིན་ཏུ་ཡ་མཚན་པ་ཞིག་གོ། །འདིའི་འཇིག་རྟེན་ཞེས་པ་ལམ་ཞུགས་མ་ཞུགས་གཉིས་ཀ་ལ་འཛིན་དགོས་ཏེ། ཞི་བ་ལྷས། རྣལ་འབྱོར་འཇིག་རྟེན་དང་འཇིག་རྟེན་ཕལ་པ་ཞེས་གསུངས་པ་བཞིན་ནོ། །དེས་ན་ལམ་ལ་ཞུགས་མ་ཞུགས་ཀྱི་འཇིག་རྟེན་དེ་དག་ལ། དག་པ་དང་མ་དག་པའི་རྟེན་འབྲེལ་གྱི་དབང་གིས། རང་རང་ལ་གྲགས་ཤིང་གྲུབ་པའི་སྣང་ཚུལ་སྣ་ཚོགས་ཡོད་པའི་རང་ངོའི་སྣང་བ་དེ་དག་ཐད་ཀ་རང་སར་སྤྲོས་བྲལ་དུ་གཏན་ལ་འབེབས་པ་ཡིན་གྱི། རྐྱེན་ཉིད་འདི་པ་ཙམ་གྱི་ཐ་སྙད་དེ་ལ་གྲུབ་མཐའི་དཔྱད་པ་ཞིབ་མོར་གཞུག་མི་དགོས་པར་མ་དཔྱད་པར་གྲགས་པ་ལྟར་ཁས་ལེན་པ་ཡིན་པའི་ཤན་འདི་ལྟར་ཕྱེད་པ་གལ་ཆེ་སྟེ། གཞན་རྣལ་འབྱོར་པ་རང་གི་ལམ་དང་འབྲས་བུའི་རྣམ་གཞག་འཇོག་ཚེ། ཐ་མལ་པ་གཞན་གྱི་བློ་ལ་རེ་ལྟོས་འཆའ་དགོས་པ་མཚར་རོ། །དེས་ན་དོན་དམ་གཏན་ལ་འབེབས་ཚུལ་ཞིག་ཡིན་གྱི། སྤྱིར་ཤིང་རྟ་ཆེན་པོ་རྣམས་ནི་མཉམ་རྗེས་ཀྱི་དགོངས་པ་གནད་གཅིག་པར་ཤེས་པར་བྱའོ། །ཚུལ་འདི་ལྟ་བུ་ཟབ་པ་གང་དག་སྐྱེས་སྦྱངས་ཕུན་སུམ་ཚོགས་པའི་དབང་ཕྱུག་རྣམས་ཀྱིས་ཀྱང་རྟོགས་དཀའ་བའི་གནས་སུ་མཛད་ན། བདག་ལྟ་བུ་རྟོག་གེ་ཅོལ་ཆུང་དག་གིས་ལོ་བརྒྱར་བསམས་ཀྱང་ཟབ་གནད་ཕིགས་པར་དཀའ་བས་ན་རང་སྟོབས་ཀྱིས་བཤད་པར་ག་ལ་ནུས་ཀྱང་། དཔལ་རོང་ཟོམ་པ་དང་ཀློང་ཆེན་ཆོས་ཀྱི་རྒྱལ་པོའི་ལེགས་བཤད་ལ་སོགས་པ་རིག་འཛིན་བརྒྱུད་པའི་ལུང་ལ་བརྟེན་ནས་བློ་གྲོས་ཀྱི་འཇུག་པ་ཅུང་ཟད་ཐོབ་པའི་མཐུས་སྨྲས་པ་ཡིན་པས། རྡུལ་བྲལ་ཡང་དག་པའི་མཐའ་ལ་མཉམ་པར་བཞག་པ་རྣམས་དང་། ཟབ་ཅིང་རྒྱ་ཆེའི་གནས་ལ་སྦྱངས་པ་མཐར་སོན་པ་རྣམས་ཤིན་ཏུ་ཡིད་ཆེས་པར་འགྱུར་རོ། །རྒྱ་ཆེར་འཆད་ཅེས་སྨྲ་བ་མང་མོད་ཀྱི། །ཟབ་དོན་ཤེས་ཤིང་མྱོང་བ་ཤིན་ཏུ་དཀོན། །ཟབ་ལས་ཆེས་ཟབ་རིག་པའི་ལྗགས་མཆོག་ཅན། །ཡོད་ན་ཟབ་དོན་རོ་མཆོག་འདི་མྱོངས་ཤིག །ཅེས་བར་སྐབས་ཀྱི་ཚིགས་བཅད་དོ། །སེམས་ཙམ་དུ་བཞེད་ཚུལ་དེ་ལའང་། ཕྱིས་སུ་གཞུང་འཆད་པ་དག་གིས། མཁན་ཆེན་འདི་ཉིད་ཀྱིས་ཚོགས་དྲུག་ལས་ཐ་དད་པའི་ཀུན་གཞི་མི་བཞེད་ལ། སྤྱིར་ཡིད་རྣམ་ལ་ཆ་ཕྱེ་བའི་ཕྲ་མོ་འགའ་ཞིག་ལ་ཀུན་གཞིའི་སྒྲས་བསྟན་པ་དབུ་མ་པ་ཆེན་པོ་འགའ་དང་སྔགས་ཕྱོགས་སུའང་མང་པོ་འབྱུང་ངོ་ཞེས་གསུངས་ཀྱང་། སྤྱིར་གཞུང་འདི་ན་ཀུན་གཞི་བཞེད་པའི་ཚིག་ཟིན་གསལ་ཁ་མི་སྣང་བས་རང་འདོད་དང་བསྟུན་ཏེ་དེ་ལྟར་བཞག་ཀྱང་རེ་ཞིག་ཆོག་མོད། ལར་སྣང་བ་སེམས་སུ་འདོད་པ་ལ་བག་ཆགས་འཛིན་པའི་ཀུན་གཞི་ཞིག་ངེས་པར་ཁས་མ་བླངས་ན་མི་རུང་བས། ལང་གཤེགས་དང་དགོངས་འགྲེལ་ལ་སོགས་པའི་བསྟན་དོན་ཇི་ལྟ་བ་བཞིན་དུ་སེམས་ཙམ་མཚན་ཉིད་པ་ཞིག་ཁས་ལེན་ན་ཀུན་གཞི་ངེས་པར་འདོད་དགོས་ཏེ། ཀུན་གཞི་ནི་སེམས་ཙམ་གྱི་གྲུབ་མཐའི་སྙིང་པོ་ལྟ་བུ་ཡིན་ཅིང་། དེ་གྲུབ་ན་ཉོན་ཡིད་ཀྱང་ཡོད་པ་ལ་འགལ་བ་མེད་པས་ཚོགས་བརྒྱད་འདོད་དགོས་ལ། གཞུང་འདིར་ཡང་། ཚུལ་གཉིས་ཀྱིས་བསྡུས་པའི་ཐེག་པ་མདོར་བསྟན་པ་ནི་འདི་ལྟ་སྟེ། ཞེས་ཆོས་ལྔ་རང་བཞིན་གསུམ་སོགས་ཀྱི་ལུང་དྲངས་པ་ལྟར་སེམས་ཙམ་སྤྱི་ལུགས་ཀྱི་ཀུན་གཞིའང་ཅིའི་ཕྱིར་མི་བཞེད་དེ་བཞེད་དོ་སྙམ་མོ། །དེ་ལ་ཡིད་རྣམ་ཕྲ་བ་ལ་སྔགས་སོགས་སུ་ཀུན་གཞིར་བརྗོད་པ་འདི་ཅི་ཞིག །ཚོགས་དྲུག་ལས་ཐ་དད་ཅེས་པ་འདི་ཅི་ཞིག་སྟེ། དེ་ལ་ཡིད་རྣམ་ལ་ཕྱེ་ཡང་རུང་སྟེ་རྟེན་དང་བརྟེན་པའི་ཚུལ་དུ་བག་ཆགས་འཛིན་ནུས་ཀྱི་ཤེས་པ་ཀུན་གཞི་ལ་ཇི་སྐད་བཤད་པའི་མཚན་ཉིད་དེ་ལ་ཡོད་ན་ནི། ཡིད་རྣམ་ཕྲ་བ་བྱས་ཀྱང་རུང་སྟེ་དོན་ཀུན་གཞི་ལས་མ་འདས་པས་མིང་ཙམ་དུ་ཟད་ལ། གལ་ཏེ་དེ་ལ་ཀུན་གཞིའི་མཚན་ཉིད་མེད་ན་ནི་རྟ་ལ་བ་ལང་དུ་བཏགས་པ་ལྟར་མིང་ཙམ་དུ་ཟད་པས་དགོས་པ་ཅིའང་མེད་ལ། ཚོགས་དྲུག་ལས་ཐ་དད་ཅེས་པའང་། ངོ་བོའམ། ལྡོག་པ་གང་ཡིན། དང་པོ་ལྟར་ན་རྒྱུད་ཐ་དད་དམ། བྱེད་ལས་སོགས་ཐ་དད་པ་གང་ལ་ཟེར། ཚོགས་དྲུག་དང་རྒྱུད་ཐ་དད་པའི་ཤེས་པ་ལ་ཟེར་ན་ནི། དབུ་མ་པར་མ་ཟད་དེ་འདྲ་བ་འདོད་མཁན་གྱི་སེམས་ཙམ་པ་སུའང་མེད་དེ། ཤེས་པ་རྣམས་ཤེས་པའི་ངོ་བོ་ཙམ་དུ་རྒྱུད་མི་གཅིག་ན། གང་ཟག་གཅིག་ལ་ཤེས་རྒྱུད་གཉིས་ཡོད་པར་ཐལ་བའི་ཕྱིར་རོ། །བྱེད་ལས་སོགས་ཐ་དད་དུ་མེད་ན་དེར་བཏགས་པས་ཅི་བྱ་སྟེ་དགོས་པ་མེད་པས་སོ། །ཐ་སྙད་ཙམ་དུ་ལྡོག་པ་ལ་བསམས་ན་ནི། ཀུན་གཞི་མེད་བྱས་པས་ཆོག་གི །ཚོགས་དྲུག་ལས་ཐ་དད་ཅེས་པའི་སྒྲ་ལ་རྣམ་བཅད་མེད་པས་དེ་བརྗོད་པ་ལ་དགོས་ནུས་མེད་པར་འགྱུར་ཏེ། ལྡོག་པ་ཙམ་དུའང་ཚོགས་དྲུག་ལས་ཐ་དད་དུ་བཞག་པ་མེད་ན་ཀུན་གཞི་ཞེས་གང་ལ་གདགས་ཏེ་ཀུན་གཞི་དང་ཚོགས་དྲུག་བཏགས་པའི་ཐ་སྙད་ཙམ་དུའང་ཐ་དད་དུ་མེད་པས་སོ། །བརྟག་པའི་སྒོ་ཙམ་བརྗོད་པ་ལ་དྲང་པོར་དཔྱོད་ཅིག །དེ་ལ་བདག་ཅག་ནི་མཁན་པོ་འདི་ཉིད་ཚོགས་བརྒྱད་ཀྱང་བཞེད་དོ་ཞེས་འདོད་ལ། དེར་དངོས་སུ་དབྱུག་པ་སོགས་ཀྱི་གནོད་པ་མ་བྱུང་ན་རིགས་པའི་གནོད་པ་ནི་འབྱུང་བར་མི་སེམས་སོ། །དེ་ལྟར་ན་ཚོགས་བརྒྱད་གནས་གྱུར་པའི་ཡེ་ཤེས་ལྔ་འདོད་དགོས་པ་སོགས་ཀྱི་ཕྱིར་དུ་གཞུང་ལུགས་འདི་ཐེག་ཆེན་སྤྱིའི་ལུགས་ལ་ཤིན་ཏུ་མཛེས་ཏེ། ཐ་སྙད་ཙམ་དུ་ཉོན་མོངས་པའི་ཡིད་དང་། བྱེ་བྲག་སོ་སོའི་རྣམ་ཤེས་སུ་ཕྱོགས་མ་བཅད་པའི་ཤེས་པ་གསལ་རིག་གི་ངོ་བོ་ཙམ། ཐོག་མ་མེད་པའི་དུས་ཀྱི་བག་ཆགས་འཛིན་པའི་སེམས་ཞིག་ཡོད་པ་ལ་འགལ་བ་མེད་པར་མ་ཟད་ཡོད་དགོས་པར་རིགས་པས་གྲུབ་པ་ཡིན་ནོ། །འོན་ཀྱང་དེ་ཀུན་བཏགས་ཀྱི་གཞིར་གྱུར་པའི་གཞན་དབང་གི་ངོ་བོར་བདེན་པར་ནི་མི་གྲུབ་པས་ཟླ་བའི་ཞབས་སོགས་ཀྱིས་བཀག་པའང་དེ་ལྟར་དུ་ཤེས་པར་བྱ་སྟེ། རང་རིག་དང་ཀུན་གཞི་འགོག་པའི་རིགས་པ་འདི་ཀུན་སེམས་ཙམ་པ་རང་རིག་བདེན་གྲུབ་ཏུ་འདོད་པ་ལ་འཇུག་གི །ཀུན་གཞི་དང་རང་རིག་ཐ་སྙད་ཙམ་དུ་ཁས་ལེན་པའི་ལུགས་ལ་རྣམ་པ་ཀུན་ཏུ་མི་འཇུག་པར་ཤེས་པར་བྱ་སྟེ། དཔེར་ན་ཕུང་ཁམས་སྐྱེ་མཆེད་དང་ལམ་དང་འབྲས་བུ་ཐམས་ཅད་བདེན་གྲུབ་འགོག་པའི་རིགས་པ་དེས། དབུ་མ་པ་ཐ་སྙད་ཙམ་དུ་ཕུང་ཁམས་ཀྱི་རྣམ་གཞག་དང་ལམ་འབྲས་ཁས་ལེན་པ་ལ་མི་གནོད་པ་བཞིན་ནོ། །མུ་སྟེགས་བྱེད་ཀྱིས་སྨྲས་པ་རྟག་དངོས་ཀྱི་བདག་ལྟ་བུ་ལ་སོགས་པ་ནི་ཐ་སྙད་དུའང་མི་སྲིད་པར་ཤེས་པར་བྱ་སྟེ། མདོར་ན་ཐ་སྙད་ཀྱི་ཚད་མའི་ངོར་ཡོད་པར་གྲུབ་ན་དེ་ཐ་སྙད་དུ་སུས་ཀྱང་དགག་མི་ནུས་ལ། ཐ་སྙད་པའི་ཚད་མས་གནོད་པ་ཡོད་ན་དེ་ཐ་སྙད་དུ་ཡོད་པར་སུས་ཀྱང་སྒྲུབ་མི་ནུས་ཤིང་། དོན་དམ་པའི་ཚད་མས་མེད་པར་གྲུབ་པ་དེ་དོན་དམ་པར་ཡོད་དོ་ཞེས་སུས་ཀྱང་སྒྲུབ་མི་ནུས་པ་ནི་དངོས་པོ་རྣམས་ཀྱི་ཆོས་ཉིད་དོ། །དེ་ལྟར་ཤན་ཕྱེད་པ་ནི་ཐེག་ཆེན་མདོ་སྔགས་སྤྱི་ལ་གལ་པོ་ཆེ་ཞིག་ཡིན་ནོ། །དེས་ན་མདོ་ཙམ་དུ་མ་ཟད་སྔགས་སུའང་སྣང་བ་ཐམས་ཅད་རང་སྣང་དང་དེའང་སེམས་ཉིད་བདེ་བ་ཆེན་པོར་གཏན་ལ་འབེབས་པ་ཡིན་པས་མདོར་ན་ཐེག་ཆེན་མདོ་སྔགས་མཐའ་དག་གི་བཞེད་པའི་རྩ་བར་གྱུར་པའི་གནད་སྟོན་པ་ནི་གཞུང་འདི་ཡིན་ཏེ། ཐེག་ཆེན་མཐའ་དག་ཆོས་ལྔ་རང་བཞིན་གསུམ་ལ་སོགས་པར་འདུ་བར་རྒྱལ་བས་གསུངས་པ་བཞིན་ཐེག་ཆེན་པ་ཀུན་དེ་ལྟར་འདོད་ཀྱང་། དེ་ཇི་ལྟར་ཉམས་སུ་ལེན་པའི་ལམ་ནི་སློབ་དཔོན་འདི་ཁོ་ནས་ཤིང་རྟའི་སྲོལ་ཕྱེས་པ་ཡིན་པས་གཞུང་འདི་ཤིན་ཏུ་གལ་ཆེ་ལ། ཐ་སྙད་དུ་དངོས་པོ་ཡོད་པར་བཞེད་ཅིང་གཏན་ཚིགས་རང་རྒྱུད་དུ་སྦྱར་བའི་ཁས་ལེན་ཡོད་པའི་རྣམ་གྲངས་པའི་དོན་དམ་རྩལ་དུ་བཏོན་ཏེ་གཞུང་བསྲངས་པས་རང་རྒྱུད་ཀྱི་སློབ་དཔོན་དུ་བགྲང་བ་ཡིན་ནའང་། ལྟ་བ་ཐལ་འགྱུར་ལས་དམན་ནོ་སྙམ་དུ་བསམ་པར་མི་བྱ་སྟེ། ཚུལ་གཉིས་ཟུང་དུ་འཇུག་པའི་ཐེག་ཆེན་སྤྱིའི་ལམ་སྲོལ་དེ་ལྟར་ཕྱེས་ནས་དོན་གྱི་བདེན་གཉིས་ཟུང་འཇུག་རབ་ཏུ་མི་གནས་པའི་དབྱིངས་ལ་གནད་མཐུན་པར་གྱུར་པ་ལ་ཁྱད་པར་གང་ཡང་མེད་པའི་ཕྱིར་རོ། །དེས་ན་དཔལ་ལྡན་ཟླ་བའི་དགོངས་པ་སྣང་བ་འདི་ཀུན་ཐད་ཀ་རང་སར་དག་པས་ཐ་སྙད་ཀྱི་རྫུན་རིས་དབྱིངས་སུ་ཡལ་བའི་ཟབ་མོའི་ལྟ་བ་ནི། རྫོགས་ཆེན་གྱི་གཞུང་ནས་ཀ་དག་གཏན་ལ་འབེབས་ཚུལ་དང་མཚུངས་པ་དེ་ཉིད་ཀྱི་ཕྱིར་ན་རིག་འཛིན་བརྒྱུད་པའི་རང་ལུགས་སུ་དོན་གྱིས་མཛད་པ་ཡིན་པས་དམན་པ་བདག་ཀྱང་དེ་ཁོ་ན་ལྟར་སྨོན་ནའང་། འདི་ལྟ་བུའི་གཞུང་ནི་ཐེག་ཆེན་སྤྱིའི་ལམ་པོ་ཆེ་ཡིན་ཏེ། ཤིང་རྟ་རྣམ་པ་གཉིས་ཀྱི་གཞུང་དགོངས་པ་ཆུ་བོ་གཅིག་འདྲེས་སུ་སྦྱར་ཞིང་། ཁྱད་པར་དོན་དམ་པའི་ཚད་མ་དཔལ་ལྡན་ཀླུ་ཡིས་ཇི་ལྟར་བཞེད་པ་དང་། ཐ་སྙད་ཀྱི་ཚད་མ་དཔལ་ཆོས་ཀྱི་གྲགས་པས་ཇི་ལྟར་བཞེད་པ་གཉིས་རིགས་པའི་རྒྱ་མཚོ་ཆེན་པོར་རོ་གཅིག་ཏུ་བསྐྱིལ་ཞིང་། མཐར་ཐུག་མཐའ་བཞི་སྤྲོས་བྲལ་གྱི་དབུ་མ་ཆེན་པོར་སྐྱེལ་བའི་གཞུང་འདི་ལ་བཀའ་ཐེག་ཆེན་གྱི་དོན་རྒྱན་དྲུག་ལ་སོགས་པ་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་ཟབ་གནད་མ་ཚང་བ་མེད་པར་རྫོགས་པས། སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་ལེགས་བཤད་ཆེན་པོ་འདི་ཕྱོགས་རེ་རེ་བ་འཛིན་པ་ཀུན་གྱིས་ཀྱང་སྤྱི་པ་ཉིད་དུ་ཅིིའི་ཕྱིར་མི་བཀུར་ཏེ་སྒོ་ཀུན་ནས་འབད་པས་འཇུག་པར་གྱིས་ཤིག །དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པའི་བབས་སོ་ཆེན་པོ། ཤིང་རྟ་མཆོག་གི་ལུགས་སྲོལ་མ་ལུས་པ་འཁྱིལ་པའི་རྒྱ་མཚོ་ནི་འདི་ཡིན་པས་ན། ཆོས་ཀྱི་དབྱིངས་དང་རྗེས་སུ་མཐུན་པའི་མཉམ་བཞག་གི་མྱོང་བ་ཐུན་གཅིག་ལ་གནས་པ་ལྟ་ཅི། ཐོས་བསམ་གྱི་དུས་ན་དགག་སྒྲུབ་ཀྱི་རིགས་པ་ཤིན་ཏུ་ཕྲ་བའི་གནད་ཀྱང་མ་ཟིན་པར། ཐལ་འགྱུར་ཞེས་མཐོ་སྙེགས་བྱས་པ་ཙམ་གྱིས་ཕན་དཀའ་བས་གཞུང་འདི་ལྟ་བུའི་ལམ་ནས་དབུ་མའི་གནད་ཟིན་པ་ལ་མཁས་པར་བྱའོ། །དེས་ན་འདི་ལྟ་བུའི་གཞུང་ལ་སྦྱངས་པ་ལེགས་པར་ཐོན་ན་དབུ་ཚད་སེང་གེ་མཇིང་བསྣོལ་ཞེས་བོད་ལ་གྲགས་པ་ལྟར་མིང་དོན་དང་ལྡན་པར་ཐོབ་ལ། བདེན་པ་གཉིས་ཀྱི་ཚད་མ་གཅིག་གྲོགས་སུ་གཅིག་འཆར་བའི་ལེགས་བཤད་འགྲན་མེད་དུ་སྨྲ་བའི་དབང་ཕྱུག་ཆེན་པོའི་གོ་འཕང་གི་མཆོག་སྦྱིན་པའི་གཞུང་དག་ནི་འཕགས་ཡུལ་དུའང་འདི་ཁོ་ན་ཙམ་ཡིན་ཏེ། ཅིའི་ཕྱིར་ན་ཤིང་རྟའི་ལུགས་སྲོལ་སོ་སོ་བ་གཅིག་ཏུ་བསྡུས་པའི་རིགས་པའི་སྙིང་པོ་མཆོག་དམ་པ་འདི་གཅིག་པུ་ལས་གཞན་དུ་མ་དམིགས་པའི་ཕྱིར་རོ། །དེ་ལྟར་ཚུལ་གཉིས་ཀྱི་དོན་དེ་གཞུང་གིས་ཇི་ལྟར་སྟོན་པ། གཞུང་འཆད་པའི་བསྡུས་དོན་གྱིས་གསལ་བར་བཤད་པ་དེ་ལྟ་བུ་ནི་འདིའི་དབུ་ཞབས་ཀྱི་དོན་ཏོ། །དེ་འདྲ་བའི་ཚུལ་གཉིས་སུ་བཞག་པ་འདི་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཞེད་པ་ཡིན་ནམ་སྙམ་ན་ཡིན་ཏེ། རིགས་པ་དྲུག་ཅུ་པ་ལས། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །དེ་ཤེས་པས་ནི་འབྲལ་འགྱུར་ན། །ལོག་པར་རྣམ་བརྟག་མ་ཡིན་ནམ། །ཞེས་ཚིག་རྐང་དང་པོ་གཉིས་ཀྱིས། བཅོམ་ལྡན་འདས་ཀྱིས་འབྱུང་བ་ཆེན་པོ་བཞི་ལ་སོགས་པ་སྟེ་འབྱུང་གྱུར་དང་བཅས་པར་བཤད་པ་དེ། རྣམ་ཤེས་ལས་དོན་ལོགས་སུ་མེད་པར་ཤེས་ཉིད་དེ་དག་གི་རྣམ་པར་སྣང་བ་ལ་བཞག་པས་རྣམ་ཤེས་སུ་འདུ་ལ། རྐང་པ་ཕྱི་མ་གཉིས་ཀྱིས། འབྱུང་བ་རྣམས་ཕྱི་རོལ་ལམ། དེ་མིན་པར་རྣམ་ཤེས་ཀྱི་བདག་ཉིད་ཡིན་ཀྱང་རུང་སྟེ་དོན་ལ་ཡོད་དོ་སྙམ་ན། ཤེས་པ་དེའི་རང་བཞིན་ཤེས་པའི་ཡེ་ཤེས་ཀྱི་ངོ་ན་འབྲལ་ཞིང་སྤོང་བ་སྟེ། ཡང་དག་པའི་ཡེ་ཤེས་ལ་དེ་མི་སྣང་བའི་ཕྱིར་ན་ལོག་པར་རྣམ་པར་བརྟག་པ་ཙམ་མ་ཡིན་ནམ། ཞེས་སོ། །ཚུལ་གཉིས་ཤིང་རྟ་ཆེན་པོའི་ལམ་སྲོལ་གང་། ཚུལ་གཅིག་ཉིད་དུ་བསྒྲུབས་པའི་གཞུང་ལུགས་ལ། །ཚུལ་བཞིན་རྗེས་སུ་ཞུགས་པ་གང་ཡིན་དེས། །ཚུལ་བཟང་ཐེག་མཆོག་ཆོས་ཀྱི་རྒྱལ་སྲིད་ཐོབ། །ཡིན་ནམ་མིན་ཀྱང་གཞན་ཟེར་རྗེས་ཟློས་ན། །དེ་ཕྱོགས་འཛིན་པའི་ཡིད་ལ་འཐད་མོད་ཀྱང་། །ཤིང་རྟའི་གཞུང་བཟང་དྲང་པོར་བཤད་པ་འདི། །གང་ལ་གཟེན་པོར་གྱུར་རྣམས་བཟོད་པར་མཛོད། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ལྔ་པ་དགོས་པ་ལ། ཐེག་ཆེན་མཐའ་དག་གི་དོན་ལ་ངེས་པ་ཇི་ལྟར་སྐྱེ། དེའང་བདེ་བླག་ཅེས་བྱ་བ་ནི་ཇི་ལྟ་བུ། དེས་བྱང་ཆུབ་ཆེན་པོ་ཇི་ལྟར་ཐོབ་སྙམ་ན། སྤྱིར་ཐེག་པ་ནི་རྣམ་གྲོལ་བྱང་ཆུབ་གསུམ་ལ་སྦྱོར་བར་བྱེད་པའི་བཞོན་པར་གྱུར་པའི་མིང་ཡིན་ལ། དེ་ལ་དམན་པའི་ཐེག་པ་ལས་དམིགས་པ་སོགས་ཆེན་པོ་བདུན་གྱིས་འཕགས་པ་ནི་དབུ་སེམས་ཀྱི་གཞུང་ལུགས་སོ། །དེའང་དབུ་སེམས་དེ་གཉིས་སོ་སོའི་ཕྱོགས་རེ་བ་མིན་པར་གཉིས་ཀའི་དགོངས་པ་ཟུང་གཅིག་ཏུ་ཆུད་པ་ནི་མཐའ་དག་གོ། །དེ་དག་གི་དོན་ལ་ངེས་པ་སྐྱེ་བའི་ཚུལ་ནི། སྤྱིར་གོམས་ཤིང་ཉམས་སུ་མྱོངས་པའི་ཤེས་རབ་ཀྱིས་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བར་བྱེད་ལ། དེ་དག་གི་མེད་ན་མི་འབྱུང་གི་རྒྱུ་ནི་ཚུལ་བཞིན་བརྟགས་ནས་ངེས་པ་རྙེད་པ་བསམ་པའི་ཤེས་རབ་ཡིན་ལ། དེའི་རྒྱུ་ནི་ལེགས་པར་བཤད་པའི་གཞུང་ཐོས་པ་ལས་ཡིན་ཞིང་། དེའང་གཞུང་ཐོས་ཙམ་དང་། དེའི་དོན་ལ་མོས་པ་ཙམ་གྱིས་ས་ལམ་བགྲོད་མི་ནུས་ཏེ། ཡང་དག་པའི་དོན་ལ་ངེས་ཤེས་ཚུལ་བཞིན་སྐྱེས་ནས་རང་རྒྱུད་ཀྱི་ཕྱིན་ཅི་ལོག་གི་རྟོག་པ་ངན་པ་རྣམས་སྤང་དགོས་པའི་ཕྱིར་རོ། །དེས་ན་དཔྱད་གསུམ་གྱིས་དག་པའི་སངས་རྒྱས་ཀྱི་བཀའི་དོན། རིགས་པ་ཚད་མས་བསྒྲུབས་པའི་ལམ་འདི་ལྟ་བུའི་རྗེས་སུ་ཞུགས་ན་རང་ལ་ཡིད་ཆེས་ཁྱད་པར་ཅན་སྐྱེས་ནས། གཞན་གྱི་དྲིང་ལ་མི་འཇོག་པ་དང་། གཞན་གྱིས་དྲང་དུ་མི་བཏུབ་པའི་ཤེས་རབ་ཀྱི་སྣང་བ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་རྣམས་གཤེགས་ཤིང་རྗེས་སུ་གཤེགས་པའི་ལམ་པོ་ཆེ་མཐོང་ནས་དེར་ལྡོག་མེད་དུ་ཞུགས་པར་འགྱུར་ཏེ། དེ་ལ་གཞན་ཟེར་ཙམ་དང་། མོས་པ་ཙམ་མིན་པར་རང་གི་རིགས་པའི་སྟོབས་ཀྱིས་ཡིད་ཆེས་པ་ནི་གཞན་ལ་ལྟོས་པའམ། གཞན་གྱི་མཐུ་ལ་ལྟོས་པ་འཇོག་མི་དགོས་པར་རང་དབང་འབྱོར་བ་ནི་གཞན་གྱི་དྲིང་ལ་མི་འཇོག་པ་ཞེས་བྱ་ལ། ཤེས་ནས་དད་པ་ཐོབ་པའི་རྒྱུ་མཚན་གྱིས་བདུད་དང་ཕྱིར་རྒོལ་བ་ཀུན་གྱིས་ཀྱང་ལམ་དེ་ལས་གཞན་དུ་ཁ་ལོ་དྲང་བར་མི་ནུས་པ་ནི་གཞན་གྱིས་དྲང་དུ་མི་བཏུབ་པ་ཞེས་བྱ་སྟེ། དེ་ལྟ་བུའི་ཤེས་རབ་ཀྱི་སྤྱན་མངའ་བའི་གང་ཟག་དེས། ཡང་དག་པའི་ཆོས་ལ་གཞན་ལས་ཁྱད་པར་དུ་འཕགས་པའི་ངེས་ཤེས་རྙེད་པ་དང་། ཡང་དག་མིན་པ་ཆོས་མིན་གྱི་ཕྱོགས་སུན་འབྱིན་པས། ཆོས་དང་ཆོས་མིན་རྣམ་པར་འབྱེད་པའི་བློའི་མཐུ་ཐོབ་པ་ནི་མིག་གསལ་བས་གཟུགས་ལ་ལྟ་བ་བཞིན་ནོ། །དེ་སྐད་དུའང་མགོན་པོ་བྱམས་པས། ཆོས་བཟང་རིགས་པས་རྣམ་དཔྱད་བསམ་པ་ཅན། །རྟག་ཏུ་བདུད་ཀྱིས་བར་ཆད་བྱེད་པ་མེད། །ཁྱད་པར་རྙེད་དང་གཞན་གྱི་ཕྱོགས་སུན་འབྱིན། །མི་འཕྲོག་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །ཞེས་གསུངས་པ་བཞིན་ནོ། །དེའི་ཕྱིར་ན་ཡང་དག་པའི་ལམ་ཐམས་ཅད་ནི་ཤེས་ཤིང་མཐོང་ནས་གོམས་པ་ཡིན་གྱི། རང་གིས་ངེས་པ་མ་རྙེད་བཞིན་དུ་གོམས་ཤིང་འབྲས་བུ་ལ་སྦྱོར་བའི་ལམ་རྣམ་དག་མི་སྲིད་པར་ཤེས་པར་བྱའོ། །དེས་ན་ཚུལ་འདི་ཚད་མ་གཉིས་ཀྱི་གཞུང་གི་རིགས་པའི་སྙིང་པོ་ཡིན་པས་གནད་འདི་ཙམ་ཟིན་ན། འདིས་སངས་རྒྱས་ཀྱི་བཀའ་ཟབ་ཅིང་རྒྱ་ཆེ་བའི་ཐེག་ཆེན་མཐའ་དག་འབད་མེད་རང་གྲོལ་དུ་ཤེས་ཤིང་དད་པར་ཡང་འགྱུར་ཏེ། ཕྱོགས་ཀུན་ནས་ཤེས་རབ་མཆེད་པར་འགྱུར་བ་ནི། མེ་སྟག་ཆུང་ངུའི་མེ་ནགས་ལ་ཟིན་པ་བཞིན་ནོ། །དེ་ལྟ་བུའི་གཞུང་འདི་ཀུན་ལས་འཕགས་པར་རིགས་པས་གྲུབ་པ་ལྟར་ལུང་གིས་ཀྱང་གྲུབ་སྟེ། ལང་ཀར་གཤེགས་པ་ལས། ཆོས་ལྔའི་དོན་གོང་དུ་ཇི་སྐད་བཤད་པ་དེ་དག་གཞུང་དེ་ཉིད་ཀྱིས་རྒྱས་པར་བསྟན་ཏེ་མཇུག་ཏུ། སུ་ཞིག་ཚུལ་འདི་རིགས་པས་དཔོག་བྱེད་པ། །དད་ལྡན་རྣལ་འབྱོར་བརྩོན་ཞིང་མི་རྟོག་པ། །མི་གནས་དོན་ལ་བརྟེན་པར་གྱུར་པ་དེ། །ཆོས་ཀྱི་རྣམ་པར་གསེར་བཞིན་སྤྱད་པར་བྱ། །ཞེས་སོགས་གསུངས་པ་ནི། ཚུལ་གཉིས་གཅིག་ཏུ་སྦྱོར་ཞིང་རིགས་པས་གཏན་ལ་དབབ་པའི་གཞུང་འདི་ལྟ་བུ་ལས་གཞན་མ་བྱུང་བས། འོས་མེད་ཀྱི་རིགས་པས་གཞུང་འདི་ཆེ་ཐང་དུ་བསྔགས་པར་གྲུབ་བོ། །ཞིབ་ཏུ་ནི་ལང་གཤེགས་རྒྱན་སྟུག་པོ། དགོངས་པ་ངེས་འགྲེལ། ཡབ་སྲས་མཇལ་བ། ཟླ་བ་སྒྲོན་མེའི་ཏིང་འཛིན། གླང་པོའི་རྩལ་གྱི་མདོ། བློ་གྲོས་མི་ཟད་པ། ཆོས་ཡང་དག་པར་སྡུད་པ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ། དཀོན་ཅོག་སྤྲིན། རྒྱལ་བའི་ཡུམ་ལ་སོགས་པ་ཐེག་ཆེན་གྱི་བཀའ་རྣམས་ཀྱི་དགོངས་པ་དྲི་མ་མེད་པ་ལ་ཞིབ་མོར་བསམས་ན་འདི་ལ་སླར་ཡང་ཡིད་ཆེས་པར་འགྱུར་རོ། །བྱེ་བྲག་གི་ངེས་པ་སྐྱེ་ཚུལ་གྱི་དབང་དུ་ན། གཞུང་འདི་ལ་དབུ་མ་གཞན་ལས་ཁྱད་པར་དུ་འཕགས་པ་རང་ལུགས་ཐུན་མིན་གྱི་བཞེད་པ་ལྔ་ཡོད་དེ། ཡུལ་གཞལ་བྱ་མཚན་ཉིད་པ་དོན་བྱེད་ནུས་ཀྱི་དངོས་པོ་ཁོ་ན་ལ་འཇོག་པ་དང་། ཤེས་པ་ཡུལ་མེད་རང་རིག་རང་གསལ་གྱི་འདོད་ཚུལ་ཐུན་མོང་མ་ཡིན་པ་དང་། ཕྱི་རོལ་གྱི་སྣང་བ་སྣ་ཚོགས་རང་སེམས་ཀྱི་དབང་ལས་སྣང་བས་སེམས་ཙམ་དུ་འདོད་པ་དང་། དོན་དམ་ལ་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པ་གཉིས་སུ་ཕྱེ་བ་དང་། རྣམ་གྲངས་པའི་དོན་དམ་གཏན་ལ་འབེབས་པའི་སྐབས་སུ་ཚད་མ་སོ་སོའི་རྙེད་དོན་འགལ་མེད་དུ་འཛིན་པའོ། །དེ་རྣམས་སོ་སོའི་དགོས་པའང་། དང་པོ་ཡུལ་གཞལ་བྱ་མཚན་ཉིད་པ་ཀུན་རྫོབ་ནི་དོན་བྱེད་ནུས་པ་ཡིན་གྱི། དངོས་མེད་ཀྱི་ཆ་རྣམས་ནི་རང་དབང་གིས་སྣང་མི་ནུས་པར་དངོས་པོ་ལ་བརྟེན་ཏེ་གཞན་སེལ་གྱི་བློས་བཏགས་པ་ཡིན་པར་ཤེས་པས། ཚུར་མཐོང་གི་རྣམ་གཞག་འཐད་པ་དང་། དེས་ཚུར་མཐོང་གི་ཡུལ་དུ་སྣང་བའི་ཤེས་བྱ་ཐམས་ཅད་མི་རྟག་པར་གཏན་ལ་ཕེབ་པ་ཡིན་ཏེ། འདི་ལྟར་ནམ་མཁའ་སོགས་ནི་རྟག་པར་རློམ་པར་ཟད་ཀྱི། དེ་ལ་དངོས་པོ་མེད་པའི་བཏགས་པ་ཙམ་དུ་གྲུབ་ན། གང་དངོས་པོ་ཡིན་ན་དོན་བྱེད་ནུས་པ་ཡིན་དགོས་ལ། དེ་ཡིན་ན་སྐད་ཅིག་མར་གྲུབ་པས། དངོས་ཀུན་མི་རྟག་པར་བདེ་བླག་ཏུ་འགྲུབ་བོ། །ཡུལ་རྫས་བཏགས་ལ་སྣང་སེལ་གྱི་སྒོ་ནས་འཇུག་ཚུལ་ཤེས་ན་འདི་ལ་གོ་བ་གཏིང་ལོངས་པ་སྐྱེ་ཞིང་ཚད་མའི་གཞུང་གི་སྙིང་དང་མིག་ལྟ་བུའོ། །ཐ་སྙད་རང་ལ་ནང་གསེས་ཡང་དག་ཡིན་མིན་གཉིས་ཕྱེ་བའི་དོན་བྱེད་ནུས་དོན་དམ་དུ་ཡོད་པར་འདོད་པ་འདི་མདོ་སྡེ་པ་དང་མཐུན་ལ། ཆོས་ཀྱི་གྲགས་པས་ཀྱང་། གལ་ཏེ་ཕྱི་རོལ་དཔྱོད་ལ་འཇུག་པ་ན། །ཁོ་བོ་མདོ་སྡེའི་སྐས་ལ་རྣམ་པར་བརྟེན། །ཞེས་གསུངས་པར་གྲག །འདིར་ཕྱི་དོན་ལྐོག་ན་མོ་མི་འདོད་ཀྱང་སེམས་ཀྱི་དབང་གིས་སྣང་བ་སྣ་ཚོགས་སུ་ཤར་བའི་སྣང་ཚུལ་དེ་ལ་ཐ་སྙད་ཀྱི་གཞལ་ཚུལ་འདི་ལྟར་བྱེད་དགོས་སོ། །གཉིས་པ་ཐ་སྙད་ཙམ་དུ་རང་རིག་ཡོད་ཅིང་། དེའང་རང་གི་ངོ་བོ་གཅིག་ལ་རིག་བྱ་རིག་བྱེད་དུ་ཕྱེ་བའི་ཡུལ་རིག་པ་མིན་ཀྱང་། བེམ་པོ་ལས་ལྡོག་སྟེ་མྱོང་བ་གསལ་རིག་གི་ངོ་བོར་སྐྱེས་ཙམ་གྱི་དོན་ལ་རང་རིག་གི་ཐ་སྙད་འཐད་པའི་རྣམ་གཞག་བསྟན་པས། རང་གིས་རང་ལ་བྱེད་པ་འགལ་སོགས་ཀྱི་ཀླན་ཀ་ཅིའང་མི་འཇུག་པར་རང་རིག་ཐ་སྙད་དུ་གནོད་མེད་གྲུབ་ཅིང་། དེས་སྣང་བ་སེམས་སུ་བསྒྲུབ་པ་དང་། ཡུལ་མྱོང་བའི་ཐ་སྙད་གནོད་མེད་དུ་འགྲུབ་པ་ཡིན་ལ། འདི་ལྟར་ཁས་མ་བླངས་ན་འབྲེལ་བ་མེད་པས་ཕྱི་དོན་ཉམས་སུ་མྱོང་བ་སོགས་མི་འགྲུབ་པས་ཚུར་མཐོང་གི་རྣམ་གཞག་ཀུན་འཇིག་པས་ན་རང་རིག་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་གནད་གཅིག་པུར་གྱུར་པའོ། །གསུམ་པ་སྣང་བ་སྣ་ཚོགས་པ་སེམས་ཀྱི་རྣམ་འཕྲུལ་དུ་ཁས་བླངས་པས་ཐ་སྙད་ཀྱི་ཡིན་ལུགས་མཐར་ཐུག་པ་ཤེས་ཤིང་འཁོར་བར་འཇུག་ལྡོག་གི་ཚུལ་ལ་ཡིད་ཆེས་ཐོབ་སྟེ། དེ་ལ་དམིགས་མཚན་སྤྲོས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་ཀྱི་དབང་དུ་ན། སྣང་བ་སེམས་ཡིན་ནོ་ཞེས་ཀྱང་མི་དམིགས་མོད། དེ་ནི་ཐ་སྙད་ལས་འདས་པའི་དོན་དམ་པ་ཡིན་ལ། ཐ་སྙད་སྣང་བའི་ངང་ཚུལ་འདི་ལ་གནས་ན་ནི། ཕྱི་དོན་ཡོད་པ་ལ་རིགས་པས་གནོད་ཅིང་། སེམས་ཙམ་ཡིན་པ་ལ་རིགས་པའི་སྒྲུབ་བྱེད་ཡོད་པས་ཚུར་མཐོང་གི་ས་ལས་མ་བརྒལ་བར་ཐ་སྙད་ཞིག་ཁས་ལེན་ན་འདི་ལས་གོང་དུ་གྱུར་པ་མེད་དེ། རྟོག་པའི་དབང་གིས་བཞག་པ་ཙམ་གྱི་ཆོས་རྣམས་དཔྱད་ན་གང་དུའང་མ་གྲུབ་ཀྱང་། རང་ངོར་མྱོང་བའི་ཚུལ་གྱིས་བསླུ་མེད་དུ་སྣང་བ་འགོག་ཏུ་མེད་པ་འདི་སེམས་ཀྱི་སྣང་བའམ་རང་སྣང་ཙམ་དུ་དངོས་པོའི་སྟོབས་ཀྱིས་གྲུབ་པ་ཡིན་ནོ། །དེ་ལས་བརྒལ་ན་ཐ་སྙད་ལས་འདས་པའི་དོན་དམ་པའི་ས་ཡིན་གྱི། འདིའི་གོང་དུ་གྱུར་པའི་ཐ་སྙད་ཀྱི་རྣམ་གཞག་ཞིག་མི་སྲིད་པར་ཤེས་པར་བྱའོ། །དེས་ན་དཔལ་ཆོས་ཀྱི་གྲགས་པས་ཀྱང་། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་དངོས་པོའི་གནས་ཚུལ་ཇི་ལྟ་བར་གཟིགས་པའི་དགོངས་དོན་ཐ་སྙད་ཀྱི་རྣམ་གཞག་གསལ་བར་མཛད་པའི་སྙིང་པོ་ནི་དེ་ཙམ་ཡིན་ནོ། །དེ་ལྟ་ནའང་ཐ་སྙད་པའི་ཚད་མ་དང་དོན་དམ་པ་སྦྱར་ཏེ་སྟོན་པ་ནི་གཞུང་འདིའི་ཁྱད་ཆོས་སོ། །དེ་ལྟར་སྣང་བ་སེམས་ཉིད་ཀྱི་རོལ་པར་ཤེས་ན་འཁོར་བར་འཇུག་ལྡོག་གི་ཚུལ་ལ་ངེས་པ་རྙེད་ཚུལ་ཡང་། འདི་ལྟར་སེམས་ལ་ཕྱིན་ཅི་ལོག་གི་བག་ཆགས་སྣ་ཚོགས་བཞག་པའི་དབང་གིས་སྲིད་པའི་རྒྱུན་བར་མ་ཆད་དུ་རྨི་ལམ་ལྟ་བུའི་སྣང་བ་སྣ་ཚོགས་སུ་ཤར་ཡང་། དེ་ཉིད་ལ་སེམས་ལས་རྒྱུ་གཞན་མེད་པའི་རྒྱུ་མཚན་གྱིས་སེམས་ཉོན་མོངས་པའི་དབང་དུ་གྱུར་པ་སྲིད་པའི་ཁམས་སུ་འཇུག་པ་ལ་དེ་བཞིན་གཤེགས་པའི་ཕྱག་གིས་ཀྱང་དགག་ཏུ་མི་སྤྱོད་ཅིང་། རང་སེམས་ལ་དབང་ཐོབ་ན་དེ་ཁོ་ནས་ཆོས་ཀུན་ལ་དབང་བསྒྱུར་བ་ཡིན་གྱི། ཕྱི་རོལ་ནས་དབང་ཕྱུག་སོགས་མཉེས་པ་དང་། ཡུལ་དུས་ངན་པ་ནས་བྱོལ་ཏེ་བཟང་པོ་གཤེད་དུ་འགྲོ་བ་སོགས་རྒྱུ་གཞན་ལ་མི་ལྟོས་པར། བཟོད་པ་ཐོབ་ནས་དེ་ཕན་ཆད་ངན་སོང་དུ་མི་འགྲོ་བ་སོགས་ལམ་དང་འབྲས་བུའི་ཡོན་ཏན་སྣང་བ་ཡིན་གྱི། གཞན་དུ་རང་གི་སེམས་ཉིད་ཀྱི་དབང་གིས་མིན་པར། ཕྱི་རོལ་གྱི་དངོས་པོའི་མཐུ་ཡིས་ཡིན་ན་ནི་བཟང་ངན་གྱི་དངོས་པོ་སྣ་ཚོགས་པ་ནི་རྟག་ཏུ་སྣང་བ་རྒྱུན་མི་འཆད་པས། ལམ་ཉམས་སུ་བླངས་པའི་གང་ཟག་ལ་ཕྱི་རོལ་གྱི་དབང་ལས་བྱུང་བའི་སྡུག་བསྔལ་བ་སོགས་གཏན་དུ་སྤངས་པ་མི་སྲིད་པ་ལ་སོགས་པའི་ཕྱིར་ན། སྣང་བ་སེམས་སུ་ཤེས་པ་དེས་འཁོར་བར་འཇུག་ལྡོག་ལ་ཤིན་ཏུ་ཡིད་ཆེས་ཀྱི་ངེས་པ་བརྟན་པོ་རྙེད་པ་ཡིན་ནོ། །དེས་ན་རང་གི་སེམས་ཉིད་ཀྱི་སྟེང་དུ་ཆོས་ཀུན་གཏན་ལ་འབེབས་པ་ནི་སངས་རྒྱས་པ་རྣམས་ཀྱི་གྲུབ་མཐའི་ཁྱད་ཆོས་མཆོག །དངོས་པོའི་སྣང་ཚུལ་གྱི་ཡིན་ལུགས། བསྒོམ་པའི་མན་ངག་གི་གནད་དམ་པ། སྲིད་པའི་འཁྲུལ་འཁོར་འཇིག་པ་ལ་ཤན་པ་སྲོག་གི་གནད་དང་། ཤིང་མཁན་ཤིང་གི་གནད་ལ་མཁས་པ་ལ་སོགས་པ་ལྟ་བུ་ཡིན་ལ། ཐབས་ཁྱད་པར་བས་ཟིན་ན་མཐར་ཐུག་རྡོ་རྗེ་ཐེག་པའི་སྐབས་སུ་མན་ངག་གི་སྙིང་པོའང་འདི་ཁོ་ན་ཡིན་ནོ། །དེང་སང་ནི་ཆོས་ཀྱི་རྩ་བ་མྱོང་བས་མ་རྙེད་པར་ཚིག་ཙམ་ཁ་ལ་ཁྱེར་བ་རྣམས་ཀྱིས་སེམས་ལ་གདར་ཤ་གཅོད་པ་ཙམ་གྱི་ཆོས་དེ་རླབས་ཆུང་ཞིང་། དེ་ལས་རླབས་ཆེ་བའི་གཏན་ཚིགས་དང་། བཤད་རྒྱ་ཆེས་བསྐྱེད་དེ་ལམ་བསྒྲུབ་པར་བྱའོ་སྙམ་ནའང་། ལར་ཐོས་བསམ་གྱི་སྤྱི་རྒྱ་གཅོད་དགོས་མོད་ཀྱང་། ཉམས་ལེན་སྙིང་པོར་ཡང་དྲིལ་དགོས་ཚོད་གདའ་སྟེ། ཆོས་ལག་ཏུ་ལོན་པའི་དམ་པ་རྣམས་ཀྱིས་གཟིགས་ན། རྒྱལ་བའི་ཡུམ་ལས། རྩ་བ་བོར་ནས་ཡལ་ག་ཚོལ་བ། ཟས་མཆོག་རྙེད་ནས་ཟས་ངན་ཚོལ་བ། གླང་པོ་རྙེད་ནས་གླང་རྗེས་ཚོལ་བ། བཟང་མང་སྟེར་བའི་རྗེ་བོ་ལ་མི་སློང་བར་ངན་ཉུང་སྟེར་བའི་བྲན་ལ་སློང་བ་ལ་སོགས་པའི་དཔེ་གསུངས་པ་དེའི་ཚུལ་དུ་ཆོས་ཀྱི་རྩ་བ་བོར་ནས་ཚིག་གི་སྤུན་པ་ཙམ་མྱངས་པའི་དྲེགས་པས། གནད་དང་ལྡན་པ་གཞན་ལའང་བརྙས་པར་བྱེད་པ་རྣམས་ཀྱིས་ནི་ཆོས་རླབས་ཆེ་ཆུང་གོ་བསྣོལ་བར་བཟུང་བའི་ཚོད་དུ་གདའོ། །དེས་ན་སྣང་བ་ཐམས་ཅད་རང་སྣང་དུ་ཤེས་པ་འདི་ནི་མདོ་སྔགས་གང་གི་ཡང་ལམ་དོན་དུ་གཉེར་བ་ཞིག་ཡིན་ཕན་ཆད་ཤིན་ཏུ་ཡིད་ཆེས་དགོས་པ་ཞིག་ལ་འདི་ལས་གལ་ཆེ་བ་མེད་དེ། མཚན་གཅིག་གི་རྨི་ལམ་ན་སྣང་བའི་ཚུལ་སྣ་ཚོགས་ལའང་། ཐབས་གཞན་གྱིས་སྤང་བར་རྩོམ་ན་ཟད་དུ་མེད་ཀྱང་། སེམས་ཉིད་ལས་བྱུང་བར་ཤེས་ན་དེ་ཐམས་ཅད་ཅིག་ཅར་རང་ཞིར་འགྱུར་བ་བཞིན་དུ་སྲིད་པའི་སྣང་བ་དུས་ཀྱི་མཐའ་དང་ཕྱོགས་ཀྱི་མུ་མེད་པའང་དེ་དང་འདྲ་བར་ཤེས་པར་བྱའོ། །བཞི་པ་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་སུ་ཕྱེ་བ་ནི་ཆེས་མཆོག་ཏུ་གྱུར་པའི་ལུགས་སྲོལ་བཟང་པོ་སྟེ། འདི་ལྟར་ཐོག་མ་ཁོ་ནར་བདེན་མེད་དུ་མ་བསྟན་ན་ནི་ཐོག་མེད་ནས་གོམས་པའི་དངོས་འཛིན་ཕྱིན་ཅི་ལོག་འཇིལ་བའི་ཐབས་མེད་ལ། དེ་ཙམ་ཞིག་དོན་དམ་དུ་བསྟན་ན་ནི་བློ་ཆུང་བ་ཁ་ཅིག་དགག་བྱ་བཀག་པའི་མེད་པ་ཙམ་གནས་ལུགས་སོ་སྙམ་དུ་སྟོང་པ་ཉིད་ལ་ཞེན་ནས་གསོར་མི་རུང་བའི་ལྟ་བར་འགྱུར་ལ། ཞེན་ཚུལ་ལའང་སྟོང་ཉིད་ལ་དངོས་པོར་ཞེན་པ་དང་དངོས་མེད་དུ་ཞེན་པ་གཉིས་ཡོད། མཐའ་གང་དུའང་ཞེན་མི་རུང་ངོ་ཞེས་སྨྲས་ན། སྲིད་པའི་རིམས་ནད་མཐའ་དག་གི་གཉེན་པོ་སྟོང་ཉིད་ཟབ་མོའི་བདུད་རྩིའི་འབྱུང་གནས་རིགས་པའི་རྣམ་དཔྱོད་ཀྱིས་དྲངས་པའི་ངེས་ཤེས་ནི་བོར་ཏེ། ཅི་ཡང་ཡིད་ལ་བྱས་ན་མི་རུང་ངོ་སྙམ་དུ་དྲན་མེད་མུན་པའི་འཐིབས་པོར་ཞུགས་པ་དེ་ལྟ་བུས་ན། ཆོས་ཟབ་མོ་འདི་བལྟ་ཞིང་མཐོང་བ་དང་རྟོག་ཅིང་ཉམས་སུ་མྱོང་དཀའ་བ་ཡིན་ཏེ། དབུ་མའི་བསྟན་བཅོས་ལས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིག་སྔགས་ཉེས་པར་བསྒྲུབས་པ་བཞིན། །དེ་ཕྱིར་ཞན་པས་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། །ཞེས་གསུངས་པ་བཞིན་ནོ། །དེས་ན་དང་པོར་རྣམ་གྲངས་ཙམ་གྱི་དོན་དམ་པ་འདིས་དངོས་ཞེན་བཤིག་ནས། དེའི་རྗེས་སུ་རྣམ་གྲངས་མིན་པའི་དོན་དམ་བསྟན་པས་དངོས་མེད་ལ་དེར་ཞེན་གྱི་ཆའང་བཀག་སྟེ། མདོར་ན་ཡོད་པ་དང་། མེད་པ་དང་། གཉིས་ཡིན་དང་། གཉིས་མིན་གྱི་མཐའ་བཞི་ཀ་ལ་བདེན་གྲུབ་སོགས་ཀྱི་ཁྱད་པར་གང་ཡང་མ་སྦྱར་བར་དེ་དག་གི་དམིགས་གཏད་ཞིག་པའི་སྤྲོས་བྲལ་ཆེན་པོ་སོ་སོ་རང་གིས་རིག་པར་བྱ་བའི་དོན་ཟབ་མོ་བདེ་བླག་ཏུ་ངོས་ཟིན་པའི་དགོས་པ་ཡོད་དོ། །ཚུལ་དེ་དག་ནི་ཞི་བ་ལྷས། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །གང་ཚེ་གང་ཞིག་མེད་དོ་ཞེས། །བརྟག་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་ན་ཇི་ལྟར་གནས། །གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །འོ་ན་མཐའ་བཞི་ལས་གཞན་པའི་བསམ་བྱ་ཞིག་མི་སྲིད་པས་མཐའ་བཞི་ཆར་བཀག་ན་ཅིའང་ཡིད་ལ་མི་བྱེད་པ་ཧ་ཤང་གི་ལུགས་དང་ཁྱད་ཅི་ཡོད་སྙམ་ན། ཧ་ཤང་ལ་སོགས་པ་ནི་དངོས་ཞེན་ཐམས་ཅད་ཁེགས་ནས་དམིགས་གཏད་ཀྱི་མཚན་མ་ཅི་ཡང་མ་མཐོང་ནས་ཡིད་ལ་མི་བྱེད་པ་མིན་གྱི། སེམས་ལ་འགྱུ་འཕྲོ་ཐམས་ཅད་བཀག་པ་ཙམ་ལ་མཐའ་ཐམས་ཅད་སེལ་བ་ལྟ་ཅི། ཡོད་མཐའ་ཡང་སེལ་བའི་རྒྱུ་མཚན་མེད་ལ། རྣམ་པར་མི་རྟོག་པ་ནི་དེ་ལྟ་བུ་མ་ཡིན་ཏེ། ཆོས་ཉིད་རྣམ་འབྱེད་ལས། ཡིད་ལ་མི་བྱེད་ཡང་དག་འདས། །ཉེ་བར་ཞི་དང་ངོ་བོའི་དོན། །མངོན་རྟགས་འཛིན་པ་རྣམ་པ་ལྔ། །སྤང་བའི་རང་གི་མཚན་ཉིད་དོ། །ཞེས་འཇིག་རྟེན་པའི་ཡིད་ལ་མི་བྱེད་པ་སོགས་ལྔ་དང་མ་འདྲེས་པའི་ཚུལ་གྱིས་བསྟན་པ་ལྟར་ཤེས་པར་བྱའོ། །མེད་པར་རིགས་པས་དཔྱད་ནས་འཛིན་སྟངས་དང་བཅས་ཏེ་བསྒོམས་ན་ཡོད་ཞེན་གྱི་གཉེན་པོ་བྱེད་ཀྱང་དངོས་མེད་ལ་དམིགས་པ་མ་དོར་བས་སྤྲོས་བྲལ་དང་སྟོང་ཉིད་རྟོགས་པའི་ཡེ་ཤེས་མཚན་ཉིད་པ་ནི་ག་ལ་ཡིན། ལ་ལས་བདེན་གྲུབ་བཀག་པའི་མེད་དགག་ལ་ཞེན་ན་ཆད་ལྟའོ་ཞེས་ཟེར་ཡང་དངོས་ཞེན་དང་བཅས་བཞིན་དུ་རྒྱུ་འབྲས་ལ་སྐུར་པ་འདེབས་པར་ཆད་ལྟ་ཞེས་གྲགས་པས་ན་འདི་ཆད་ལྟའང་ག་ལ་ཡིན་ཏེ། འདི་བདེན་པར་ཡོད་ཞེན་གྱི་གཉེན་པོར་འཛིན་སྟངས་དོན་མཐུན་ཡིན་པས་མི་རྟག་པ་དང་མི་སྡུག་པ་སོགས་བཞིན་དུ་ལས་དང་པོ་པའི་བསྒོམ་པར་བྱ་བའང་ཡིན་མོད། ལྟ་དང་ཁས་ལེན་ཀུན་བྲལ་གྱི་དབུ་མ་ཆེན་པོ་མི་རྟོག་ཡེ་ཤེས་ཀྱི་བདག་ཉིད་ལ་བསྒྲུན་ན་ཤིན་ཏུ་དམན་ཏེ་རྣམ་པར་རྟོག་པའི་རང་བཞིན་ཅན་གྱི་མེད་པར་ལྟ་བ་ནི་ཡིན་ནོ། །དེའང་ལས་དང་པོ་པའི་དགག་བྱ་བཀག་པའི་མེད་རྐྱང་ཙམ་ཞིག་བློ་ཡུལ་དུ་འཆར་སྲིད་ཀྱང་། དབུ་མས་དཔྱད་པ་གནད་དུ་སོང་བའི་གང་ཟག་གིས། རང་བཞིན་མེད་པ་དང་། མེད་པ་ཙམ་གྱི་ཁྱད་ལེགས་པར་ཕྱེད་པའི་སྒོ་ནས། རང་བཞིན་མེད་པ་དང་རྟེན་འབྱུང་དོན་དུ་དབྱེར་མེད་པའི་ངེས་ཤེས་ཁྱད་པར་ཅན་གྱི་འཛིན་སྟངས་ནི། གཡངས་ས་ལྟ་བུ་རྟག་ཆད་ཀྱི་མཐའ་གཉིས་སེལ་བའི་གཉེན་པོ་ཡིན་མོད། ཇི་སྲིད་དགག་སྒྲུབ་ཀྱི་འཛིན་སྟངས་དང་བཅས་པ་དེ་སྲིད་དུ་རྣམ་པར་རྟོག་པའི་སྤྲོས་པ་མཐའ་བཞི་བྲལ་བའི་རང་བཞིན་མ་ཡིན་ནོ། །མཐའ་བཞིའི་གང་དུའང་གནས་པ་མེད་པར་རིགས་པས་རྩད་དར་ཆོད་པའི་ངེས་ཤེས་ཀྱིས་དྲངས་པའི་ཆོས་ཀྱི་དབྱིངས་ལ་སོ་སོ་རང་རིག་པའི་ཚུལ་དུ་མཉམ་པར་བཞག་པས་ནི་སྤྲོས་པའི་མཐའ་ཐམས་ཅད་སེལ་བར་ནུས་ལ། དེ་ལས་སྒྲོ་འདོགས་གཅོད་པ་དང་བོགས་དབྱུང་དུ་མེད་པའི་ཡང་དག་མཐའ། ཡུམ་ནས་བཤད་པའི་ཡིད་ལ་མི་བྱེད་པའི་དོན་རྣལ་མ་ལ་ཡིད་ཆེས་པར་འགྱུར་རོ། །དེ་ལྟར་མཉམ་བཞག་གི་སྤྱོད་ཡུལ་དུ་གྱུར་པའི་གནས་ལུགས་མཐར་ཐུག་གི་དབང་དུ་ན། མཐའ་བཞིའི་དམིགས་གཏད་མེད་ཅིང་སྒྲ་རྟོག་གི་ཡུལ་མིན་པས་ཁས་ཀྱང་མི་ལེན་པ་ཡིན་གྱི། དམིགས་གཏད་ཡོད་བཞིན་དུ་ཁས་མི་ལེན་པ་ནི་གཡོ་སྒྱུའི་ལྟ་བ་ཡིན་ཏེ། དེ་གཉིས་ཁས་མི་ལེན་པ་ཙམ་འདྲ་ཡང་། དོན་ལ་བདེན་རྫུན་གྱི་ཁྱད་ཡོད་དེ། རྐུན་པོ་ཡིན་པ་ཞིག་གིས་བརྐུས་པར་ཁས་མི་ལེན་པ་དང་། རྐུན་པོ་མིན་པ་ཞིག་གིས་བརྐུས་པར་ཁས་མ་བླངས་པ་ལྟར་ཡིན་ནོ། །དེའང་མཉམ་བཞག་གི་སྤྱོད་ཡུལ་བརྗོད་དུ་མེད་པའི་དོན་དེ་ཉིད་ལ་འཇུག་པའི་ཐབས་སུ་རྗེས་ཀྱི་ངེས་པས་རྗོད་པ་ཚིག་གི་ཐ་སྙད་དུ་བརྡར་བཏགས་ཏེ། སྐྱེ་མེད་དང་རང་བཞིན་མེད་པ་སྟོང་ཉིད་སྤྲོས་བྲལ་དམིགས་མེད་མཐའ་བྲལ་ལ་སོགས་པའི་མིང་གིས་སྒྲུབ་པའི་ཚུལ་གྱིས་རྗོད་པའི་ཚེ། ཚིག་རྣམས་ནི་རང་གི་བརྗོད་བྱ་ཉིད་ངེས་པར་གཟུང་བའི་ཚུལ་གྱིས་འཇུག་པས་ན། དེ་ལས་ལྡོག་སྟེ་ནམ་ཡང་མི་སྨྲ་བས། དོན་དེ་ཉིད་དུ་ཁས་བླངས་པ་ལྟ་བུར་སྟོན་པ་ལས་འོས་མེད་ཅིང་བློས་ཀྱང་དེ་ལྟར་འཛིན་པར་བྱེད་མོད། དོན་དུ་ཚིག་དེ་དག་ནི་ཁས་ལེན་དང་དམིགས་པའི་སྤྱོད་ཡུལ་ཐམས་ཅད་སེལ་བའི་སླད་དུ་བསྟན་པ་སྟེ། དཔེར་ན། ང་ལ་ཁས་ལེན་མེད་པས་ན། ཞེས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ནི་བསམ་བརྗོད་ཀྱི་ཡུལ་མ་ཡིན་ནོ། །ཞེས་ཁས་བླངས་པའི་ཚིག་དེ་དག་ནི་ཁས་ལེན་ཡོད་པ་དང་བསམ་བརྗོད་ཀྱི་ཡུལ་ཡིན་པ་འགོག་པའི་སླད་དུ་རྗོད་པ་བཞིན་ནོ། །དེ་ལྟ་ནའང་མཛུབ་མོས་ཟླ་བ་བསྟན་པ་ན་ཟླ་བ་ལ་མི་བ་ལྟ་བར་མཛུབ་མོ་ལ་ལྟ་བ་ལྟར། རྨོངས་པས་ཚིག་ལ་འཆེལ་ནས་ཁས་ལེན་མེད་པར་ཁས་བླངས་པ་དང་། བསམ་མི་ཁྱབ་ཏུ་བསམ་པ་དང་། བརྗོད་དུ་མེད་པར་བརྗོད་པའི་ཕྱིར་སྙམ་དུ་གསུང་རབ་ཀྱི་ཚིག་དེ་དག །རྒྱང་འཕེན་པས་རྗེས་དཔགས་ཚད་མ་མིན་པར་ཁས་བླངས་པ་ལྟར་འགལ་བར་གོ་བ་ནི་ཆེས་འཁྲུལ་པ་སྟེ་ཤིན་ཏུ་མི་རུང་བ་བཞིན་དུ་འདིར་ཡང་བརྗོད་དུ་མེད་པའི་དོན་མཚོན་བྱེད་རྗོད་པའི་བརྡར་བྱས་པ་དང་། ཁས་ལེན་མེད་པའི་དོན་ངེས་བཟུང་གི་ཚིག་གིས་ཁས་བླངས་པ་གཉིས་འགལ་བ་ཅན་དུ་མི་བཟུང་བར་གནད་གཅིག་ཏུ་གོ་བ་གལ་ཆེ་སྟེ། འདི་ལྟར་སྐྱེ་མེད་ལ་སོགས་པའི་ཚིག་གིས་དམིགས་པའི་སྤྱོད་ཡུལ་མཐའ་དག་སྟོང་པར་སྟོན་ཅིང་། ཆོས་གང་སྟོང་པ་དེ་ལ་དེར་ཞེན་ལྡོག་པས་ན་དམིགས་པ་མེད་པར་བསྟན་པར་ཟད་དོ། །དེས་ན་བདེན་མེད་ཅེས་པའི་ཚིག་གིས་དངོས་པོ་རྣམས་དཔྱད་ན་མ་གྲུབ་པ་ཙམ་ཞིག་སྟོན་གྱི། བདེན་གྲུབ་ཅེས་དགག་རྒྱུ་གཞན་ཞིག་གིས་བུམ་སོགས་སྟོང་པ་ལྟ་བུ་མིན་ཞིང་། ཆོས་གང་ལ་བདེན་པ་མེད་པ་དེ་ལ་དེར་ཞེན་ལྡོག་དགོས་པས་ན། ཆོས་ཐམས་ཅད་བདེན་པ་མེད་པར་རྟོགས་ནས་འཛིན་སྟངས་ཐམས་ཅད་ཞིག་དགོས་ཀྱི། བདེན་མེད་ཀྱི་སྒྲ་དོན་ཙམ་ལ་ཞེན་པའི་འཛིན་པ་ཡོད་ན་ད་རུང་ལྟ་བ་མ་ཞིག་པ་ཡིན་ནོ། །དེ་ལ་གཞི་གང་གི་སྟེང་དུ་དེ་དག་གི་སྟོང་ཉིད་ལ་བདེན་གྲུབ་འགོག་པའི་རིགས་པ་དེས། དེ་རང་བཞིན་མེད་ཅེས་འཛིན་པའི་ཞེན་ཡུལ་ཀྱང་མ་གྲུབ་པར་ངེས་ནུས་ལ། རང་བཞིན་མེད་པ་ལའང་བདེན་གྲུབ་མེད་ཀྱང་དེར་འཛིན་ཞིག་པར་མི་བྱ་ན། བུམ་སོགས་དངོས་པོ་ཀུན་ཀྱང་དེ་དང་འདྲ་ལ། དེ་ལྟར་ན་དོན་དམ་དཔྱོད་པའི་རིགས་པས་བདེན་གྲུབ་ཅེས་པ་དེ་ཁོ་ན་འགོག་གི་ཆོས་ཅན་གཅིག་ཀྱང་མི་ཁེགས་ལ། དེའི་ཡུལ་ཅན་གྱི་འཛིན་པ་མཐའ་དག་ཀྱང་མི་བཟློག་ན། གཟུང་འཛིན་གྱི་སྤྲོས་པ་མཐའ་དག་སྟོང་ཉིད་ཀྱིས་མི་ཁེགས་ལ། གཞན་ཡང་འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ་སོགས་གསུམ་པོ་འཇུག་ཅིང་། དོན་དམ་དཔྱོད་པས་དཔྱད་ནས་མི་བཟློག་པའམ་མི་ཁེགས་པ་ཞིག་ཡོད་ན་བདེན་གྲུབ་ཏུ་འགྱུར་བས་ན། སྐྱེ་མེད་ལ་སོགས་པའི་ཚིག་གིས་སྤྲོས་པ་མཐའ་དག་ཞི་བའི་དོན་ལ་འཇུག་པར་བྱའོ། །དེས་ན་དམིགས་གཏད་གང་ཡང་མེད་པའི་ཤེར་ཕྱིན་ཟབ་མོ་ནི། ཧ་ཤང་གི་དེ་དང་ག་ལ་འདྲ་སྟེ། མཐའ་བཞིའི་སྤྲོས་བྲལ་ནི་ཡོད་མེད་གཉིས་ཀའི་ཕྱོགས་སུ་མ་ལྷུངས་པ་སྟེ། སོ་སོ་རང་ཤེས་ཀྱི་སྤྱོད་ཡུལ་ལས་ཇི་ལྟ་བ་བཞིན་སྒྲ་རྟོག་གིས་བསྟན་པར་མི་ནུས་ཀྱང་། མཚོན་པའི་ཚིག་ཏུ། སྣང་སྟོང་དབྱེར་མེད་དམ། བདེན་གཉིས་ཟུང་འཇུག་གི་དབུ་མ་ཞེས་གྲགས་པ་དེའོ། །དེའང་འཛིན་སྟངས་ནི་རྟག་ཏུ་རང་གི་གཟུང་ཡུལ་དང་བཅས་པ་ཡིན་ལ། དེ་དང་བྲལ་བས་ཡང་དག་པའི་དོན་མི་མཐོང་ན། ཇི་ལྟ་བའི་ཡུལ་ཅན་མཉམ་བཞག་གིས། གཉིས་སྣང་མཐའ་དག་ནུབ་པའི་ཚུལ་གྱིས་གནས་ལུགས་གཟིགས་པར་མི་འགྱུར་བས། བསྟན་པ་འདི་ལ་གུས་པ་དག་གིས་དེ་ལྟར་བརྗོད་པར་མི་བྱའོ། །སྐབས་འདི་ཤིན་ཏུ་དོན་ཆེ་ཡང་། ཟབ་མོ་རྟོགས་པར་དཀའ་བའི་ངོ་བོ་ཇི་ལྟར་བཤད་ཀྱང་ནམ་མཁའ་ལ་མདའ་འཕངས་པ་ལྟར་བྱིས་པའི་བློ་འཇུག་པའི་གནས་མི་རྙེད་པར་གསུངས་པས་ན། མང་དུ་རྗོད་པས་ཅི་བྱ་སྟེ། ཚུལ་འདིའི་གནད་ལ་མི་འཕྱུགས་པར་རེག་པའི་ཐབས་བདེན་གཉིས་ཟུང་དུ་འཇུག་པའི་རིགས་ལམ་ལ་ངེས་པ་བསྐྱེད་པར་བྱ་སྟེ། དང་པོ་སྣང་བ་ཐམས་ཅད་སྟོང་པར་གཏན་ལ་ཕབ། དེ་ནས་སྟོང་པ་རྟེན་འབྱུང་དུ་འཆར་ཚུལ་ལ་ཡིད་ཆེས། དེ་ནས་སྟོང་བཞིན་དུ་སྣང་ལ། སྣང་བཞིན་དུ་སྟོང་པའི་སྟོང་པ་དང་རྟེན་འབྱུང་ཟུང་དུ་འཇུག་པའི་ཚུལ་ལ་བརྟེན་ནས་མཉམ་པ་ཉིད་སྤྲོས་པ་དང་བྲལ་བ་འདི་ཉམས་སུ་མྱང་བ་མེད་པའི་ཚུལ་གྱིས་མྱོང་བར་བྱེད་དོ། །དེས་ན་ཡོད་པར་ཞེན་པ་དགག་པའི་དོན་དུ་ཕྱི་སྟོང་པ་ཉིད་ལ་སོགས་པ་དང་། དེ་ལྟར་བཀག་པའི་དངོས་མེད་ལ་ཞེན་པ་དགག་པའི་ཆེད་དུ་སྟོང་པ་ཉིད་སྟོང་པ་ལ་སོགས་པ་ཇི་སྐད་གསུངས་པའི་ཚུལ་གྱིས་མཐའ་ཀུན་བྲལ་བ་ནི་རྣམ་གྲངས་མིན་པའི་དོན་དམ་འདི་ཡིན་ནོ། །དེ་ལ་རང་རྒྱུད་པ་དག་ནི་བློ་ཡི་ནུས་པའི་དབང་གིས་དང་པོར་རེ་ཞིག་རྣམ་གྲངས་པའི་དོན་དམ་ལ་ཞེན་ཏེ། དངོས་འཛིན་འདིས་སྲིད་པར་བསླུས་ཤིང་འདིའི་ཡུལ་ཡང་དག་པ་མ་ཡིན་པས། དོན་དམ་པར་ན་ངོ་བོ་ཉིད་གྲུབ་པ་གང་ཡང་མེད་དོ་མེད་དོ་སྙམ་དུ་མེད་དགག་གི་འཛིན་སྟངས་ལ་རྩིས་ཆེར་བཟུང་། འདི་པས་མཐའ་བཞི་ཀ་དགག་ཀྱང་། དོན་དམ་པའམ་རང་བཞིན་གྱིས་ཞེས་སམ། བདེན་གྲུབ་ལྟ་བུའི་ཁྱད་པར་མ་སྦྱར་བར་དགག་པ་མིན་ལ། བདེན་གཉིས་ཕྱེས་ནས་ཡོད་མེད་ཀྱི་མཐའ་སེལ་ཚུལ་སོགས་ཤན་ཕྱེས་ཏེ་སྨྲའོ། །ཚུལ་དེའི་དབང་གིས་དོན་དམ་པར་མ་གྲུབ་སྙམ་པའི་མེད་འཛིན་དང་། ཀུན་རྫོབ་ཏུ་དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ། དེ་མ་གྲུབ་པར་འཛིན་ན་ཀུན་རྫོབ་ཀྱི་སྣང་བ་ལ་སྐུར་པ་བཏབ་པར་འགྱུར་རོ་སྙམ་དུ་ཡོད་འཛིན་དང་བཅས་པའོ། །དེ་ལ་རྣམ་གྲངས་པའི་སྐྱེ་མེད་ནི་སྐྱེ་བའི་ཟློག་ཕྱོགས་ཙམ་ཡིན་པས། སྐྱེ་བ་དང་སྐྱེ་མེད་དེ་དག་གཞི་གཅིག་གི་སྟེང་དུ་ཕན་ཚུན་སྤོང་བའི་ཚུལ་གྱིས་འགལ་བར་ཅི་སྟེ་མི་འགྱུར་སྙམ་ན། ས་བོན་ལས་མྱུ་གུ་སྐྱེ་ཡང་བདེན་པའི་སྐྱེ་བ་མེད་པ་དང་། ཐ་སྙད་དུ་རང་མཚན་གྲུབ་པའང་བདེན་པར་མ་གྲུབ་པ་ནི། སྣང་ཚུལ་ཀུན་རྫོབ་དང་། གནས་ཚུལ་དོན་དམ་གྱི་དབང་དུ་བྱས་པས་ན། འགལ་བ་མེད་པར་མ་ཟད་ཆེས་འཐད་པ་དངོས་པོའི་ཆོས་ཉིད་ཀྱི་སྟོབས་ལས་གསལ་པོར་གྲུབ་པའི་ཕྱིར། ཚུལ་དེ་གཉིས་གཅིག་གིས་གཅིག་མི་འགོག་ལ། གང་རུང་རེའི་ཡུལ་ཅན་ཚད་མའི་ངོར་བྱས་ན། རང་རང་གིས་ཇི་ལྟར་བཅད་པ་ལས་ཟློག་ཕྱོགས་ནམ་ཡང་མི་སྒྲུབ་པས། སོ་སོའི་སྒྲུབ་བྱེད་གཏན་ཚིགས་རང་རྒྱུད་དུ་འགོད་པའང་དེ་ལྟར་འཐད་དོ། །དེས་ན་བདེན་གཉིས་སོ་སོར་ཞེན་ཅིང་། སོ་སོའི་ལུགས་སུ་ཁས་ལེན་པས་ན། རང་རྒྱུད་ཀྱི་ཁས་ལེན་ཀྱང་ཡོད་དེ། དོན་དམ་པར་མེད་ཀྱང་། ཀུན་རྫོབ་ཏུ་ཡོད་དོ་ཞེས་བཞེད་དོ། །དེ་ལྟར་བདེན་གཉིས་སོ་སོར་ཞེན་པའི་ཆ་དེ་ཐལ་འགྱུར་བའི་དགག་བྱ་ཐུན་མོང་མིན་པ་ཡིན་ཏེ། གལ་ཏེ་རང་རྒྱུད་པ་དག་བདེན་གཉིས་སོ་སོར་ཞེན་པའི་དགག་བྱ་དང་བྲལ་བར་གྱུར་ན། ཐལ་འགྱུར་བ་སོགས་ལའང་ལྟ་བ་དེ་ལས་སྐྱེད་ཅུང་ཟད་ཀྱང་འདོན་རྒྱུ་མེད་པར་ཤེས་པར་བྱ་སྟེ། མཐའ་བཞིའི་སྤྲོས་བྲལ་ཁས་ལེན་ཐམས་ཅད་དང་བྲལ་བ་ལས་ལྷག་པའི་སྤྲོས་པ་གཅོད་རྒྱུ་ཞིག་ཡོད་པར་རིགས་པས་ནམ་ཡང་འགྲུབ་དཀའོ། །དེས་ན་ཇི་སྲིད་འཛིན་པ་དང་བཅས་ཤིང་བདེན་གཉིས་རོ་གཅིག་ཏུ་མ་གྱུར་པ་དེ་སྲིད་དུ་རྣམ་པར་རྟོག་པའི་བློའི་སྤྱོད་ཡུལ་ལས་མ་འདས་པས་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་ཤེར་ཕྱིན་མཚན་ཉིད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་འཐོབ་པས། ཐལ་འགྱུར་པས་དང་པོ་ནས་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་དུ་གཏན་ལ་ཕབ་པ་ཡིན་ཏེ། དེ་ལ་བདེན་གྲུབ་མེད་ཀྱང་ཀུན་རྫོབ་ཙམ་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡོད་སྙམ་པའི་ཞེན་ཆ་དེ་རིགས་པས་སུན་ཕྱུངས་བས། བདེན་གཉིས་སོ་སོ་རང་ས་ན་འདུག་པ་ལྟ་བུའི་ཐ་དད་དུ་ཞེན་པ་ཞིག་ནས། བདེན་གཉིས་རོ་གཅིག་ཏུ་འདྲེས་པར་འགྱུར་ལ། དེས་ཡོད་པ་དང་མེད་པ་ལ་སོགས་པར་འཛིན་པའི་འཛིན་སྟངས་ཐམས་ཅད་ཞིག་པར་འགྱུར་ཏེ། དེ་ལྟར་ན་འདི་པའི་ལུགས་ལ་མཐའ་བཞི་པོར་བདེན་གྲུབ་དང་དོན་དམ་སོགས་ཀྱི་བདེན་གཉིས་སོ་སོའི་ཁྱད་པར་སྦྱར་མི་དགོས་པར་མཐའ་བཞིའི་ཞེན་ཡུལ་ཁེགས་པས་ཡུལ་ཅན་བློས་དམིགས་པ་དང་། ཁས་ལེན་ཐམས་ཅད་དང་བྲལ་བའི་སྟོང་པ་ཆེན་པོ་མཐར་ཐུག་པའི་གནས་ལུགས་འཕགས་པའི་མཉམ་བཞག་ཡེ་ཤེས་དང་རྗེས་སུ་མཐུན་པར་ལ་ཟློ་བ་ཡིན་ཀྱང་། རྗེས་ཐོབ་ཏུ་ལམ་དང་འབྲས་བུའི་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་ཚད་མས་ཇི་ལྟར་གཞལ་བ་ལྟར་གནོད་མེད་དུ་འཇོག་པའང་ཆེས་འཐད་པ་ཡིན་ནོ། །དེས་ན་ཐལ་འགྱུར་བ་ལ་ཁས་ལེན་ཡོད་མེད་མཐའ་གཅིག་ཏུ་མི་གཟུང་བར་རྣམ་པར་ཕྱེ་སྟེ་སྨྲ་བ་འདི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་བཞེད་པ་ཐུན་མོང་མིན་པ་སྟེ། གཞན་སྐྱེ་འགོག་པའི་ཐལ་ཟློག་སོགས་ལ་ཞིབ་ཏུ་དཔྱད་ན་ཡིད་ཆེས་སྐྱེའོ། །མཁན་པོའི་གཞུང་འདིར་ནི། ཐོག་མར་བདེན་གཉིས་སོ་སོར་འཇལ་པའི་ཤེས་རབ་དྲི་མ་མེད་པས་ཚུལ་གཉིས་བསྒྲུབས་ནས། མཐར་རྣམ་གྲངས་མ་ཡིན་པའི་དོན་དམ་ཆེན་པོར་བདེན་གཉིས་སོ་སོར་ཞེན་པའང་བཀག་ནས་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རྗེས་སུ་མཐུན་པར་ཁས་ལེན་ཐམས་ཅད་དང་བྲལ་བར་གཏན་ལ་ཕབ་པས་གཞུང་དེ་གཉིས་མཐར་ཐུག་གི་དགོངས་པ་ལ་དབྱེ་བསྲི་མེད་པར་མཉམ་པ་ཉིད་དོ། །འོ་ན་ཐལ་འགྱུར་བའི་གཞུང་དོན་མེད་དུ་འགྱུར་རོ་སྙམ་ན་མི་འགྱུར་ཏེ། ཁས་ལེན་ཀུན་བྲལ་གྱི་སྟོང་པ་ཉིད་རིགས་པས་རྒྱ་ཆེར་བསྒྲུབས་པའི་ཕྱིར་རོ། །དེས་ན་རྣམ་གྲངས་པའི་དོན་དམ་ཁས་ལེན་དང་བཅས་པ་དེ་རྩལ་དུ་བཏོན་ནས་འཆད་པ་རང་རྒྱུད་པའི་མཚན་ཉིད་ཡིན་ལ། རྣམ་གྲངས་མ་ཡིན་པའི་དོན་དམ་ཁས་ལེན་ཀུན་བྲལ་རྩལ་དུ་བཏོན་ནས་འཆད་པ་ཐལ་འགྱུར་བ་ཡིན་པ་ཤེས་པར་བྱའོ། །འདི་གཉིས་ཀྱི་མཚན་ཉིད་འཇོག་པའི་སྐབས་སུ་ཐ་སྙད་དུ་རང་མཚན་གྱིས་གྲུབ་པ་འདོད་མི་འདོད་དང་གཏན་ཚིགས་འགོད་ཚུལ་སོགས་ཀྱི་ཁྱད་པར་ཕྱེས་ཏེ་འཇོག་པ་ནི་ཡན་ལག་གི་དབྱེ་བ་ཙམ་སྟེ་གོང་གི་མཚན་ཉིད་འདིར་འདུ་བ་ཡིན་ཏེ། ཁས་ལེན་ཡོད་མེད། ཐ་སྙད་དུ་རང་མཚན་གྱིས་གྲུབ་པ་ཞལ་གྱིས་བཞེས་མི་བཞེས། རང་བཞིན་མེད་སྒྲུབ་ཀྱི་གཏན་ཚིགས་ཐལ་རང་དུ་འགོད་ཚུལ། དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་མི་སྦྱར་གྱི་གནད་ཀྱང་བཤད་མ་ཐག་པའི་ཚུལ་དེ་ཉིད་ཀྱི་དབང་གིས་ཡིན་ནོ། །དེས་ན་ཐལ་འགྱུར་བ་རྣམ་གྲངས་པའི་དོན་དམ་ལ་གནས་ནས་བདེན་གཉིས་སོ་སོའི་ཁས་ལེན་དང་བཅས་པ་ཞིག་རྣམ་པ་ཀུན་ཏུ་ཡིན་ན། རང་རྒྱུད་པ་དང་ཁྱད་ཕྱེ་མི་ནུས་ཏེ། རང་མཚན་གྱིས་གྲུབ་པ་ཐ་སྙད་དུའང་འགོག་པའི་རིགས་པ་ཇི་སྙེད་པ། རང་གི་ཀུན་རྫོབ་ཚད་གྲུབ་ལའང་མཚུངས་ཏེ། གང་ཡང་དཔྱད་མི་བཟོད་པར་མཚུངས་པའི་ཕྱིར། རང་མཚན་གྱིས་གྲུབ་པ་ཐ་སྙད་དུའང་བཀག་པས་ཐ་སྙད་ཀྱི་རྣམ་གཞག་མི་བདེ་བ་ཙམ་ལས། ཡོན་ཏན་གྱི་ཁྱད་པར་ཅིའང་མི་འཐོབ་ལ། རང་རྒྱུད་པས་ཀྱང་རང་མཚན་གྱིས་གྲུབ་པ་དོན་དམ་དཔྱད་བཟོད་དུ་བསྒྲུབ་པ་མིན་པས། དོན་དམ་རྟོགས་ཚུལ་ལ་དོན་གྱི་ཁྱད་པར་ཅི་ཞིག་གིས་འཕགས་པའང་འདིའོ་ཞེས་ཡིད་ཆེས་གཏིང་ཚུགས་པ་རྙེད་པར་མི་འགྱུར་རོ། །དེ་ལྟར་མཁན་ཆེན་གྱི་དབུ་མའི་རྒྱན་འདིར་ནི་ཐལ་རང་གཉིས་ཀ་དོན་གྱིས་འདུ་བས་དབུ་མ་ཀུན་གྱི་རྒྱན་ཡིན་ནོ། །དེ་ལ་ཐལ་རང་ཞེས་འདོགས་པའི་རྒྱུ་མཚན་ཡང་། བདེན་གཉིས་སོ་སོའི་ཚད་མས་ཇི་ལྟར་གཞལ་བ་ལྟར་སོ་སོར་ཁས་ལེན་པ་ལ་རང་ཉིད་གནས་ནས། གཞན་ལ་ཚད་མས་གྲུབ་པའི་གཏན་ཚིགས་རང་རྒྱུད་པ་གཙོ་ཆེར་སྦྱོར་བའི་སྒོ་ནས་རྒོལ་བའི་སྤོབས་པ་འཇོམས་པ་ལ་རང་རྒྱུད་པ་ཞེས་བྱ་ཞིང་། རང་མཐའ་བཞི་སྤྲོས་བྲལ་ཁས་ལེན་ཐམས་ཅད་དང་བྲལ་བ་ལ་གནས་ནས། གཞན་ཁས་ལེན་ཅན་གྱི་རྒོལ་བ་ལ་ཁོ་རང་གིས་ཁས་བླངས་པའི་གཏན་ཚིགས་ཐལ་འགྱུར་དུ་བཀོད་པའི་སྒོ་ནས་ལོག་རྟོག་བཟློག་པས་ན་ཐལ་འགྱུར་བ་ཞེས་བྱ་ལ། དེའང་སློབ་དཔོན་གྱིས། གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །བསྒྲུབ་པའམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་དང་། གང་ལ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་གསུངས་པ་བཞིན། རྐྱེན་ཉིད་འདི་པ་ཙམ་གྱི་དངོས་པོ་ཐམས་ཅད་ལ་རང་མཚན་གྱིས་གྲུབ་པ་དང་སྐྱེ་བ་སོགས་ཐ་སྙད་དུའང་མེད་པར་གདོད་ནས་རང་བཞིན་མེད་པའི་ངང་ཚུལ་དུ་གནས་པར་མཐོང་བའི་ཚེ། བསྒྲུབ་ཅིང་དམིགས་པར་བྱ་བའམ། དགག་ཅིང་བསལ་བར་བྱ་བ་ཅུང་ཟད་མེད་པར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཉིད་དུ་ཁོང་དུ་ཆུད་པར་གྱུར་ནས། ཁས་ལེན་དང་འཛིན་སྟངས་ཐམས་ཅད་དང་བྲལ་བ་ཟུང་འཇུག་རབ་ཏུ་མི་གནས་པའི་དོན་ལ་རེག་པར་གྱུར་པ་ནི་ཟླ་བའི་གཞུང་གི་བསྟན་དོན་དྲི་མ་མེད་པའོ། །དབུ་མ་ཤེས་རབ་ལ་འཇུག་པ་ལས་ཀྱང་། དགག་སྒྲུབ་གཉིས་ཀ་དགག་འབའ་ཞིག །དངོས་ལ་དགག་སྒྲུབ་གང་ཡང་མེད། །ཅེས་གསུངས་སོ། །སྤྱིར་གདོད་ནས་མ་སྐྱེས་པ་ལ་བསལ་གཞག་མེད་པར་སྟོན་པའི་ཤིན་ཏུ་ཟབ་པའི་དོན་ཅན་གྱི་ཚིག་རྣམས་ཀྱི་བསྟན་དོན་ཇི་བཞིན་རྗེན་པར་འཆར་དཀའ་བས་གོམས་པ་ཡུན་བསྲིང་བར་བྱའོ། །ཐལ་འགྱུར་བའི་ལུགས་རྣལ་མ་འཛིན་ན་བཤད་མ་ཐག་པའི་ཚིགས་སུ་བཅད་པ་དེ་རྣམས་ཀྱི་དོན་ལྟར་ཡེ་སྟོང་སྤྲོས་བྲལ་ཆེན་པོའི་ཚུལ་དུ་འཛིན་པར་མཛོད་ཅིག །དེ་ཕྱིར་ཐལ་རང་དེ་དག་མཉམ་བཞག་བདེན་གཉིས་རོ་གཅིག་པའི་ཡེ་ཤེས་དང་། རྗེས་ཐོབ་བདེན་གཉིས་སོ་སོར་འབྱེད་པའི་ཤེས་རབ་ལ་རྩལ་དུ་བཏོན་ནས་འཆད་པའི་ཚུལ་དེ་ལྟར་ཡིན་པ་ཤེས་པར་བྱའོ། །དེས་ན་དོན་དམ་ལ་གཉིས་སུ་ཕྱེ་བ་འདིས་ཐལ་རང་གི་གཞུང་ཡང་ཆུ་བོ་གཅིག་འདྲེས་སུ་སྦྱར་ཞིང་། རྗེས་ཐོབ་ཏུ་ཤན་འབྱེད་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་རྣམ་པར་དཔྱད་པའི་འབྲས་བུ། མཉམ་བཞག་ཏུ་མཐའ་ཀུན་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་སོགས་དགོས་པའི་རབ་དམ་པ་དུ་མ་ཡོད་པ་ཡིན་ནོ། །དེ་ལྟར་ཇི་སྐད་བཤད་པས་མཚོན་སྤྱིར་གྲུབ་པའི་མཐའ་རྣམ་དག་གང་ལའང་གནད་ཟིན་ན་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་གྲུབ་མཐའི་གཏིང་སླེབས་ནས་སོམ་ཉི་ལས་བརྒལ་བར་འགྱུར་གྱི། གཞན་དུ་ན་ཤིན་ཏུ་དཀའ་བ་ཡིན་ནོ། །བོད་འདིར་ཐལ་འགྱུར་བ་རྣམས་ཀྱི་དགོངས་བཞེད་ཀྱང་རང་རྒྱུད་པའི་ཕྱོགས་སུ་འཁོར་བ་ནི་སྔོན་གྱི་རྟེན་འབྲེལ་གྱི་ཁྱད་ཞིག་ལས་ཡིན་ནམ་སྙམ་མོ། །མངོན་སུམ་ཐག་ཆོད་རིགས་པའི་མན་ངག་འདི། །འཇམ་དབྱངས་རྣམ་པར་དགྱེས་པའི་འབྲུག་སྒྲ་ཡིན། །གྲུབ་མཐའ་ཤན་མ་ཕྱེད་པའི་རྨི་ལམ་གཉིད། །འདི་དང་ཕྲད་ན་སྐད་ཅིག་ཉིད་ལ་སློང་། །བར་གྱི་ཚིགས་བཅད་དོ། །ལྔ་པ་བདེན་གཉིས་སོ་སོའི་ཁས་ལེན་མ་འཁྲུགས་པའི་དགོས་པ་ནི། མཉམ་བཞག་གི་ཡེ་ཤེས་ནི་སྨྲ་བསམ་བརྗོད་པ་དང་བྲལ་བས་སྒྲ་རྟོག་གི་ཡུལ་ལས་འདས་པའི་ཕྱིར། བདེན་གཉིས་ཀྱི་ཚད་མ་ཤེས་རབ་དྲི་མེད་ཚུལ་བཞིན་དུ་མ་སྐྱེས་པར་ཡེ་ཤེས་དེ་ལྟ་བུ་ལ་འཇུག་ཀྱང་མི་ནུས་ལ། འཕགས་པ་རྣམས་ཞུགས་ཀྱང་རྗེས་ཐོབ་ཏུ་ཡོད་མེད་ཡིན་མིན་སོགས་དགག་སྒྲུབ་ཀྱི་ཆ་ཐམས་ཅད་སྒྲ་རྟོག་གི་སྤྱོད་ཡུལ་ལས་མ་འདས་པས་ན་གཞན་ལ་འདོམས་ཤིང་རྗེས་སུ་སྟོན་པ་དང་། རྒོལ་བ་ལ་རྩོད་པའི་གཏམ་སྨྲ་བ་སོགས་ལ། འདི་ལྟར་ན་ཡོད། འདི་ལྟར་ན་མེད། ཅེས་པ་ལ་སོགས་པའི་དོན་ཐམས་ཅད་མ་འདྲེས་མ་ནོར་བར་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་བརྟགས་ནས་སྨྲས་པས། ལས་རྒྱུ་འབྲས་དང་ལམ་དང་འབྲས་བུའི་ཚུལ་ཐམས་ཅད་ལ་དགག་པ་དང་སྒྲུབ་པ་མ་ལུས་པ་རིགས་པའི་ལམ་གྱིས་གྲུབ་པའི་ཡང་དག་པའི་ཐ་སྙད་གནོད་མེད་དུ་འཇོག་ནུས་པ་དང་། ཤེས་བྱའི་རྣམ་པ་མ་ལུས་པ་ཤན་འབྱེད་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྤྱན་ཐོབ་པ་དེ་ལ་བརྟེན་ནས་སྤྲོས་པ་ཐམས་ཅད་དང་བྲལ་བ་མཉམ་པ་ཉིད་ཀྱི་དོན་མངོན་སུམ་མཐོང་བའི་ཡེ་ཤེས་ཀྱི་གཟིགས་པ་ལ་མངའ་དབང་འབྱོར་བར་འགྱུར་རོ། །དེའང་སྣང་སྟོང་མཉམ་ཉིད་ཆེན་པོ་མཐའ་བཞིའི་སྤྲོས་བྲལ་རྣམ་གྲངས་མ་ཡིན་པའི་དོན་དམ་འཇལ་བའི་རིག་ཤེས་ཀྱི་དབང་དུ་བྱས་ན་བདེན་གཉིས་སོ་སོར་ཞེན་པའང་རྟོག་པ་ཙམ་དུ་ཟད་པས་ཐ་སྙད་དུའང་ཀུན་རྫོབ་རང་མཚན་གྱིས་གྲུབ་པ་ཁེགས་པ་ཡིན་གྱི། རྣམ་གྲངས་པའི་དོན་དམ་མེད་རྐྱང་ཙམ་ལ་གནས་ནས་ཐ་སྙད་ཚད་མས་རྙེད་དོན་གྱི་ཀུན་རྫོབ་མཚན་ཉིད་ཀྱིས་གྲུབ་པ་ནམ་ཡང་འགོག་མི་ནུས་ལ། གལ་ཏེ་བཀག་ནས་མེད་པ་ཙམ་བསྒོམས་ན་བདེན་གཉིས་ཕྱོགས་སུ་ལྷུང་སྟེ་སྣང་ཕྱོགས་ལ་སྐུར་པ་བཏབ་པས། ཕུར་བུ་པས་ཀུན་རྫོབ་ཀྱང་མེད་པར་སྒོམ་པ་སོགས་བསམ་གཏན་དད་པ་བདུན་གྱི་གཞུང་དང་ཚུལ་འདྲ་བའི་རྣམ་པ་དེ་ལྟ་བུ་ལ་དགོངས་ནས། ཡིད་བཞིན་རིན་པོ་ཆེའི་མཛོད་ལས་ཀྱང་། ཚུལ་འདི་མི་ཤེས་སྟོང་པ་ཕྱང་ཆད་པ། །ཚིག་ཏུ་ཡོད་མེད་མཐའ་བྲལ་ཞེས་སྨྲ་ཡང་། །བྲལ་གཞི་མི་ཤེས་སྲིད་རྩེའི་ལྟ་བ་ཅན། །བསྟན་པ་འདི་ལས་ཕྱི་རོལ་གྱུར་པའི་ཕྱིར། །ནམ་མཁའི་ཡིད་ཅན་ཐལ་བས་བྱུགས་པ་རུང་། །ཞེས་གསུངས་ལ། དེ་ལྟ་བུའི་མཐའ་བཞིའི་སྤྲོས་བྲལ་རྒྱུད་ལ་སྐྱེ་ཚུལ་ཡང་། ལས་དང་པོ་པ་རིམ་གྱིས་འཇུག་པའི་དབང་དུ་ན། ཡང་དག་པའི་རིགས་པ་དྲི་མེད་ཀྱིས་དང་པོར་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་དངོས་པོ་ཡོད་འཛིན་གྱི་ཞེན་ཡུལ་སུན་ཕྱུང་ལ། ཕྱིས་ནས་མེད་པ་སོགས་ལྷག་མ་གསུམ་གྱི་ཞེན་ཡུལ་ཡང་བཀག་ནས། ཕྱོགས་རེ་བའི་ཞེན་ཡུལ་ལ་མི་གནས་པའི་ངེས་ཤེས་ཁྱད་པར་ཅན་རྗེས་མཐུན་དུ་བསྒོམས་པས་ནམ་ཞིག་རེས་འཇོག་མེད་པར་སྤྲོས་པའི་མཐའ་ཀུན་ཅིག་ཅར་ཁེགས་ནས་ཆོས་ཀྱི་དབྱིངས་ལ་གསལ་སྣང་འཐོབ་པར་འགྱུར་ཏེ། ཀུན་མཁྱེན་ཆེན་པོ་བསོད་ནམས་སེང་གེའི་ཞལ་སྔ་ནས། གནས་ལུགས་དཔྱོད་པའི་སོ་སྐྱེའི་བློ་གྲོས་ཀྱིས། །མཐའ་བཞིའི་སྤྲོས་པ་ཅིག་ཅར་མི་ཁེགས་ཀྱང་། །རེས་འཇོག་ཚུལ་གྱིས་བཞི་ཆར་བཀག་ནས་ནི། །ཚུལ་བཞིན་བསྒོམས་པའི་མཐོང་ལམ་སྐྱེས་པའི་ཚེ། །ལྟ་བ་ཆོས་དབྱིངས་མཐོང་བའི་ཐ་སྙད་མཛད། །ཅེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་མཐའ་བཞིའི་སྤྲོས་བྲལ་བདེན་པ་དབྱེར་མེད་ཀྱི་གནས་ལུགས་འདི་ལ་སྔ་འགྱུར་གྱི་མཁས་གྲུབ་རྣམས་ཀྱིས་རང་ལུགས་དྲི་མ་མེད་པར་བཟུང་ནས། རྡོ་རྗེ་ཐེག་པའི་མན་ངག་ཟབ་མོའི་གནད་དང་ལྡན་པའི་སྒོ་ནས་དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་ཐབས་རྟོགས་པ་བཞིའི་གཏན་ཚིགས་སོགས་རིགས་པ་རྣམ་དག་གི་ལམ་ནས་ངེས་ཤེས་བསྐྱེད་དེ་བསྒོམས་པས་ཀ་དག་ལྷུན་གྲུབ་བདེན་པ་དབྱེར་མེད་ཀྱི་དོན་ལ་ངེས་པའི་གདིང་ཐོབ་པས་གྲུབ་བརྙེས་བར་མ་ཆད་པར་བྱོན་ཅིང་། ཐུགས་ནས་ཆོས་གཏེར་འབུམ་ཕྲག་རྡོལ་བ་དང་། འཇའ་ལུས་ཟང་ཐལ་གྱི་ས་ལ་གཤེགས་པ་མང་ཞིག་བྱོན་པ་ནི་ལམ་གྱི་འདྲེན་པ་ལྟ་བ་རྣམ་པར་དག་པའི་འབྲས་རྟགས་ཡང་དག་གོ། །འོ་ན་འདི་རྙིང་མ་ཁོ་ནའི་བཞེད་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ། རྒྱལ་བས་ཟབ་མོའི་མདོ་རྒྱུད་རྣམས་སུ་ཡང་ཡང་བསྟན་པའི་མཐའ་བཞིའི་སྤྲོས་བྲལ་དེ་ཉིད་རྒྱན་དྲུག་ལ་སོགས་པའི་མཁས་པ་རྣམས་ཀྱིས་དངོས་དང་བརྒྱུད་པའི་ཚུལ་དུ་ཤིན་ཏུ་གསལ་བར་བྱས་ཤིང་། གྲུབ་ཆེན་རིག་པ་འཛིན་པ་མཐའ་དག་གི་ཐུགས་ཉམས་སུ་བསྟར་བ། རྣམ་པ་ཐམས་ཅད་མཁྱེན་པའི་ལམ་བགྲོད་པ་གཅིག་པུ་པ་ཡིན་པས་གསར་རྙིང་ཐམས་ཅད་ཀྱི་དགོངས་པའི་མཐིལ་ཡིན་ཏེ། དེའི་ཚུལ་མཚོན་ཙམ་བཤད་ན། དགྱེས་མཛད་ལོ་ཙཱ་བ་ཆེན་པོས། མཐར་ཐུག་ལྟ་བ་ཁྱད་པར་ཅན། །ཟུང་འཇུག་རབ་ཏུ་མི་གནས་པ། །དུས་གསུམ་རྒྱལ་བའི་དགོངས་པ་ཡིན། །ཐབས་ཤེས་ཡ་བྲལ་འདོད་པ་གང་། །མཐའ་རུ་ལྷུང་བས་དགག་བྱའི་ཕྱིར། །ཞེས་པ་ལ་སོགས་པ་དང་། བོད་ཡུལ་གྲུབ་པའི་རྒྱལ་པོ་བཞད་པ་རྡོ་རྗེས། །སྣང་དང་སྟོང་པ་དབྱེར་མེད་ན། །ལྟ་བ་ཀློང་དུ་གྱུར་པ་ཡིན། །ཞེས་དང་། ཡོད་པ་དངོས་པོར་སྣང་བ་དང་། མེད་པ་སྟོང་པའི་ཆོས་ཉིད་གཉིས། །ངོ་བོ་དབྱེར་མེད་རོ་གཅིག་པས། །རང་རིག་གཞན་རིག་ཡོད་མིན་ཏེ། །ཞེས་སོགས་དང་། བླ་མ་ས་སྐྱ་པ་ཆེན་པོ་ལ་འཇམ་པའི་དབྱངས་ཀྱིས་གདམས་པ་ཞན་པ་བཞི་བྲལ་གྱི་མན་ངག་ལས། འཛིན་པ་བྱུང་ན་ལྟ་བ་མིན། །ཅེས་དང་། གངས་ཅན་མཁས་པའི་དབང་པོ་ས་སྐྱ་པཎྜི་ཏས། འདིར་འཐད་པའི་ཕྱོགས་གང་ཡིན་ཞེ་ན། གང་ཟག་གང་ལ་ལྟོས་ཀྱང་བླ་སྟེ། སྣང་བའི་ཆ་ཀུན་རྫོབ། སྟོང་པའི་ཆ་དོན་དམ། དབྱེར་མི་ཕྱེད་པའི་ཆ་ཟུང་འཇུག་སྟེ། རིམ་ལྔ་ལས། སྣང་བ་དང་ནི་སྟོང་པ་གཉིས། །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་གསུངས་པས་སོ། །ཚུལ་གསུམ་པོ་འདི་འང་དོན་ཇི་ལྟར་ཡིན་པ་རྟོགས་པ་ཤེས་བྱའི་གནས་སོ། །དེ་ཐབས་ཤེས་རབ་ཟུང་དུ་འཇུག་པའི་སྒོ་ནས་ཉམས་སུ་ལེན་པ་བསྒོམ་པར་བྱ་བའི་ལམ། དེ་རྟོགས་ནས་གནས་སྐབས་ས་དང་ལམ་བགྲོད་དེ། མཐར་ཐུག་སྐུ་གསུམ་ཐོབ་པ་འབྲས་བུའོ། །ཚུལ་འདི་ལུང་དང་རིགས་པ་དང་མི་འགལ་བ་ངེས་པའི་དོན་གྱི་སྡེ་སྣོད་ཐམས་ཅད་ཀྱི་དགོངས་པ་ཡིན་ནོ། །ཞེས་དང་། རྗེ་ཙོང་ཁ་པས་ཀྱང་། ལས་དང་པོ་པ་རིགས་པས་དཔྱད་པའི་ངེས་ཤེས་མེད་པར་སྤྲོས་བྲལ་ཚིག་ཙམ་དུ་ཤོར་བས་དངོས་ཞེན་ལ་ཅིའང་མི་གནོད་པས་ལམ་གོལ་བར་གྱུར་པ་རྣམས་ཐུགས་རྗེའི་ཕྱག་གིས་བསྐྱབ་པའི་ཆེད་དུ་དཔྱད་པས་དྲངས་པའི་རང་བཞིན་མེད་པའི་འཛིན་སྟངས་ཉིད་རེ་ཞིག་གལ་ཆེ་བར་གསུངས་ནས་མཐར་ཐུག་གི་གདམས་པར། སྣང་བ་རྟེན་འབྱུང་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་པ་ལ་སོགས་པ་དང་། དཔལ་རང་བྱུང་ཞབས་ཀྱིས་ཀྱང་། ཡོད་པ་མ་ཡིན་རྒྱལ་བས་ཀྱང་མ་གཟིགས། །མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི། །འགལ་འདུ་མ་ཡིན་ཟུང་འཇུག་དབུ་མའི་ལམ། །མཐའ་བྲལ་སེམས་ཀྱི་ཆོས་ཉིད་རྟོགས་པར་ཤོག །ཅེས་དང་། རྟོགས་པའི་དབང་ཕྱུག་དོལ་པོ་པས་ཀྱང་། རྗེས་ཐོབ་ཤན་འབྱེད་པའི་ཤེས་རབ་ཀྱིས་དཔྱད་ཚེ། མཐར་འབྲས་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་བདེ་གཤེགས་སྙིང་པོ་ཉིད་རྟག་བརྟན་ཞི་བ་གཡུང་དྲུང་གི་བདག་ཉིད་མི་བསླུ་བའི་བདེན་པ་དམ་པ་ཡིན་ཅིང་། མཉམ་བཞག་ལ་ཟློ་བའི་ཚེ་ན་སྤྲོས་པ་ཀུན་བྲལ་བསྒོམ་པར་གསུངས་པའང་ཤིན་ཏུ་གནད་ཟབ་ཅིང་། གཞན་ཡང་གསང་བདག་སྒྲོལ་བའི་མགོན་པོས། དེ་ལྟར་འཇིག་རྟེན་རྨོངས་འདི་རྣམས། །རི་བོང་རྭ་ལྟར་ཅང་མེད་དམ། །བདེན་པའི་དངོས་པོར་རྣམ་བརྟགས་པས། །རྟག་ཆད་གཉིས་སུ་ལྷུང་བར་འགྱུར། །རྟེན་འབྲེལ་གྱིས་ཆད་སྟོང་པས་རྟག །སྤོང་ཞིང་རྟེན་ཅིང་འབྱུང་ཕྱིར་སྟོང་། །སྟོང་ཉིད་ཕྱིར་ན་ཀུན་འབྱུང་བས། །སྟོང་དང་རྟེན་འབྲེལ་གཉིས་མེད་པ། །ཞེས་པ་ལ་སོགས་པས་མཚོན་ཏེ་དམ་པ་རྣམས་ནི་སངས་རྒྱས་དང་གྲུབ་ཐོབ་དགོངས་པ་གཅིག་ཟེར་བ་ལྟར་གྱུར་ཏོ། །འོན་ཀྱང་མེད་པ་དང་ཡོད་པའི་ཕྱོགས་རེ་རེ་རྩལ་དུ་བཏོན་པའི་གཞུང་རྣམས་ཀྱང་ཀུན་ཉོན་ཕྱོགས་འཇོམས་པ་དང་། རྣམ་བྱང་ཕྱོགས་སྒྲུབ་པའི་ཐབས་མཁས་ཁྱད་པར་བ་ཡིན་ཀྱང་། མཐར་ཐུག་གི་གནས་ལུགས་ལ་དེ་ཁོ་ན་ལྟར་གྲུབ་པ་ནི་མ་ཡིན་ཏེ། དཔེར་ན། སྲིད་པའི་སྡུག་བསྔལ་ལ་འཇིགས་པའི་ཡིད་དང་། ཞི་བ་ལ་དགའ་བའི་ཡིད་གཉིས། ལས་དང་པོ་པས་བསྐྱེད་དགོས་པ་ཡིན་ཀྱང་། བྱང་སེམས་བདག་ཉིད་ཆེན་པོ་རྣམས་ཀྱིས་སྲིད་ཞི་མཉམ་པ་ཉིད་དུ་གཟིགས་པའི་སྐབས་ན། འཁོར་འདས་ལ་འཇིགས་སྲེད་ཀྱང་སྤང་དགོས་པ་བཞིན་ནོ། །དེས་ན་མཐར་ཐུག་གི་གནས་ལུགས་དཔྱོད་པའི་ཚེ་ན། རྟོན་པ་བཞི་དང་ལྡན་པ་རྣམས་ཀྱིས། མཐའ་བཞི་སྤྲོས་བྲལ་ཉིད་བསྒྲུབས་ནས། དེ་དང་འགལ་བ་རྣམས་དགག་པར་བྱེད་ལ། ཡང་འགའ་ཞིག་གིས་མཐར་ཐུག་མཐའ་བཞི་སྤྲོས་བྲལ་ལ་ཞེ་ཕུག་མཛད་ནས་དགོས་པའི་དབང་གིས་ཡོད་མེད་ཕྱོགས་རེ་བ་རྩལ་འདོན་མཛད་པའང་ཡོད་ལ། རྟོན་པ་བཞི་དང་བྲལ་བ་གཞན་ཁ་ཅིག་ནི་ཕྱོགས་རེ་བའི་ལམ་དེ་ཉིད་གནས་ལུགས་མཐར་ཐུག་ཏུ་བརློམས་ནས། དོན་ལ་མཉམ་པར་བཞག་པ་ཅུང་ཟད་ཀྱང་མེད་པའི་ཚིག་གི་དགག་སྒྲུབ་ཙམ་གྱི་སྤྲོས་པ་ལ་འཆེལ་བ་དག་གིས་ནི། མདོ་ལས་སྨྲ་ལ་དགའ་བའི་ཉེས་པ་དུ་མ་གསུངས་པ་དང་། ཁྱད་པར་ཆོས་སྤོང་བ་དང་། རང་དང་གཞན་གྱི་ཕྱོགས་སུ་བཟུང་བའི་དམ་པ་རྣམས་ལ་སྐུར་པ་བཏབ་པའི་ཕུང་ཁྲོལ་ཆེན་པོ་བྱས་པ་ཡིན་ནོ། །དེ་ལ་གཞན་ལ་སྐུར་པ་ཡིན་ཀྱང་རུང་། རང་ཕྱོགས་ཀྱི་དམ་པ་རྣམས་ལ་ཇི་ལྟར་སྐུར་པ་བཏབ་སྙམ་ན། ཕྱོགས་རེའི་མིག་ཅན་དེ་དག་གིས་ནི་རང་ཕྱོགས་ཀྱི་གང་ཟག་རྣམས་ལ་མཆོག་ཏུ་བསྟོད་ཀྱང་དོན་གྱིས་ཆེས་སྨད་པ་ཡིན་ཏེ། དེའི་རྒྱུ་མཚན་ཡང་། དཔེར་ན། ཕྱི་རོལ་པ་རྣམས་ཀྱིས་རང་རང་གི་སྟོན་པར་བཟུང་བ་དབང་ཕྱུག་དང་ཁྱབ་འཇུག་སོགས་ལ། བུད་མེད་དང་རོལ་བ། གཞན་འཇོམས་པའི་ཁྲོ་བ་དང་གཡོ་སྒྱུའི་སྟོབས་ཆེ་བས་བསྔགས་པ་ནི། མཁས་པ་དག་གིས་བལྟས་ན་ཉོན་མོངས་པའི་དྲི་མས་དབང་དུ་བྱས་པར་བསྟན་པའི་ཕྱིར་སྨད་པ་ལས་མ་འདས་པ་བཞིན་དུ། འདིར་ཡང་དེ་དག་གིས། རྒྱལ་བའི་མདོ་རྒྱུད་ཟབ་མོའི་མཐར་ཐུག་པ་རྣམས་ནས་ཡང་ཡང་གསུངས་ཤིང་། གནས་ལུགས་མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱིས་བསླུ་མེད་བསྙོན་མེད་དུ་གྲུབ་པའི་མཐའ་བཞི་སྤྲོས་བྲལ་ཉིད་རང་རང་གི་ཕྱོགས་སུ་བཟུང་བའི་གང་ཟག་དེ་དག་གིས་ཁོང་དུ་ཆུད་མ་ནུས་ཞེས་དོན་གྱིས་ཁས་བླངས་པའི་ཕྱིར་རོ། །དེ་འདྲ་བའི་ལམ་ངན་པ་བྱུང་དང་འབྱུང་གྱུར་རྣམས་སྤང་བའི་ཕྱིར། ཡིད་བཞིན་མཛོད་ལས། གཞུང་ལུགས་ཀུན་ལས་མི་རྟོག་ཡེ་ཤེས་མཆོག །ཟབ་ཞི་སྤྲོས་བྲལ་གནས་ལུགས་བསྒོམ་པར་གསུངས། དེ་དང་འགལ་གྱུར་ལམ་ངན་ཇི་སྙེད་པ། དེང་སང་དར་བས་ཐར་འདོད་རྣམས་ཀྱིས་སྤོངས། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་བདེ་བླག་ཏུ་ཞེས་པ་ཅི་ཡིན་ན། ངེས་པ་དེའང་མྱུར་དུ་འདྲེན་ནུས་པ་སྟེ། འདི་ལྟར་ཚེགས་ཆུང་ངུས་དོན་ཆེན་པོ་ངེས་པར་ཐོབ་པ་བདེ་བླག་ཅེས་བྱ་སྟེ། དེའང་གཞུང་འདི་ཚིག་ཉུང་ཞིང་གསལ། དོན་ཟབ་ཅིང་རྒྱ་ཆེ་སྟེ། དེའང་བརྗོད་བྱ་རྒྱ་ཆེན་པོ་ལ་ལྟོས་ན་གཞུང་འདི་ཤིན་ཏུ་ཉུང་ཡང་། རང་སྡེ་རྣམ་རིག་སྨྲ་བ་མན་ཆད་ཀྱི་ཕྱི་རོལ་པ་དང་ནང་པས་བརྟགས་པའི་གྲུབ་མཐའི་སྐྱོན་ཐམས་ཅད་ལྷག་མ་མེད་པར་མེ་རྫས་ལ་མེ་སྟག་ཞུགས་པ་བཞིན་དུ་གཏོང་ནུས་པའི་རིགས་པ་རྣོ་ལ་ཧུར་ཆེ་བ་བདེན་གཉིས་དཔྱོད་པའི་ཚད་མ་རྩ་ཤེས་དང་རྣམ་འགྲེལ་ལྟ་བུའི་གཞུང་གི་སྙིང་པོའི་བཅུད་མ་ལུས་པ་འདུས་པ་ཤིན་ཏུ་ཕྲ་ཞིང་ཟབ་པའི་དོན་མཐར་ཐུག་པ་སྟོན་ཀྱང་། གཏན་ཚིགས་དང་ངག་གི་སྡེབ་སྦྱོར་ཆེས་གསལ་བས་བདེ་བླག་ཏུ་ཁོང་དུ་ཆུད་ནུས་པ་ལ་དེ་སྐད་ཅེས་བྱ་སྟེ། རང་འགྲེལ་ལས་ཀྱང་། གསལ་བའི་ལུང་དང་རིགས་པ་དག་གིས་གང་ཞིག་འདིར་བརྗོད་པ། །རྒྱལ་བ་ཁྱུ་མཆོག་དམ་པའི་གསུང་རབ་སྒྲོན་ཆེན་ཡང་དག་པར། གསལ་བྱེད་འདི་ནི། ཞེས་གསུངས་པ་ལྟར་རོ། །དེ་ལ་སྤྱིར་དབུ་མའི་གཞུང་ན་གཏན་ཚིགས་ལྔའམ་བཞིར་གྲགས་ཀྱང་། དེ་རྣམས་ཀྱི་གཙོ་བོ་ལྟ་བུ་རིགས་པའི་རྒྱལ་པོ་རྟེན་འབྲེལ་ཆེན་པོ་ཡིན་ལ། གཞན་དེ་ཉིད་དུ་འདུ་བ་ཡིན་ཀྱང་། གཅིག་དུ་བྲལ་གྱི་རིགས་པ་འདི་ནི་རིགས་པ་དེ་རྣམས་ལས་རལ་གྲིའི་སོ་དང་མདུང་གི་རྩེ་ལྟ་བུ་ཡིན་ཏེ། གཅིག་དུ་མའི་ཚུལ་ཙམ་རྟོགས་སླ་ཞིང་། བརྟག་བདེ་བ། ཆོད་ཆེ་བ་སོགས་ཁྱད་པར་དུ་མས་འཕགས་པ་ཡིན་པས་སློབ་དཔོན་འདི་ཉིད་ཀྱིས། རིགས་པ་དེ་གཅིག་པུས་ཤེས་བྱ་ཐམས་ཅད་བདེན་སྟོང་དུ་གཏན་ལ་འབེབས་ཚུལ་འདི་ནི། ནད་ལ་སྨན་ཐེབས་པའམ། གནད་ལ་མཚོན་བསྣུན་པ་ལྟར་ཆེས་དགོས་པའི་གཏིང་དུ་སླེབ་པ་ཞིག་སྟེ། རྩ་ཤེས་རབ་བྱེད་གཞན་ཉེར་དྲུག་པོའི་ཉམས་ལེན་སྙིང་པོར་དྲིལ་བ་ལྟ་བུའི་རབ་བྱེད་བཅོ་བརྒྱད་པ་ལས་གཅིག་ཏུ་བྲལ་གྱི་རིགས་པ་གསུངས་ཤིང་། དབུ་མའི་གནད་དྲིལ་བ་ཤེས་རབ་ལ་འཇུག་པ་སོགས་སུའང་གཅིག་ཏུ་བྲལ་ཁོ་ནས་དངོས་ཀུན་བདེན་མེད་དུ་བསྒྲུབ་པ་སོགས་གཞུང་འདི་དང་མཚུངས་པ་ཁོ་ནར་མངོན་པ་སོགས་གཞུང་ཀུན་གྱི་རིགས་པའི་རྣོ་སོ་ཆེན་པོ་ཡིན་ནོ། །དེ་ལ་ཆོས་འདི་ཀུན་རྟེན་འབྲེལ་ཡིན་པའི་གནད་ཀྱིས་གཅིག་དང་དུ་མ་བྲལ་བ་ཡིན་ལ། གཅིག་དང་དུ་མ་བྲལ་བའི་གནད་ཀྱིས་རང་དབང་ཚུགས་ཐུབ་ཏུ་མ་གྲུབ་པར་རྐྱེན་གྱིས་བཅོས་ནས་སྒྱུ་མ་ལྟར་སྣང་བ་ནི་རྟེན་འབྲེལ་ཡིན་ལ། རྟེན་འབྲེལ་མ་ཡིན་པར་ངོ་བོ་ཉིད་ཀྱིས་གྲུབ་ན་གཅིག་དང་དུ་མར་བྲལ་བ་མི་སྲིད། གཅིག་དང་དུ་མར་བདེན་པ་ལ་རྟེན་འབྲེལ་མི་སྲིད་པའི་གནད་ཀྱིས་གཏན་ཚིགས་གཞན་ཀུན་ཀྱང་དོན་གྱིས་འདིར་བསྡུས་ཀྱང་རུང་སྟེ་མདོར་ན། གང་གིས་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་སྟོང་པར་སྒྲུབ་པའི་གཏན་ཚིགས་ཐམས་ཅད་གཅིག་གི་དོན་གཅིག་ལ་ཚང་བར་ཐམས་ཅད་རྟེན་འབྱུང་གི་གནད་ཁོ་ནར་ཐུག་པར་ཤེས་པ་ནི་དབུ་མར་སྨྲ་བ་རྣམས་ཀྱིས་ཤེས་པར་བྱ་བའི་གནད་གལ་པོ་ཆེ་ཡིན་ནོ། །དེ་སྐད་དུའང་རང་འགྲེལ་ལས། རྒྱལ་བ་གང་དག་རྟེན་འབྲེལ་འབྱུང་། །རྟོག་པ་མི་བཟད་དྲྭ་བ་ཀུན། །རྣམ་གྲོལ་གསུང་བ་དེ་དག་ལ། །རྟག་པར་རྒྱུན་དུ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེ་ལྟར་གཞུང་འདི་ཚད་མ་གཉིས་ཀྱི་སྙིང་པོའི་གནད་ཟིན་པའི་བསྟན་བཅོས་ཡིན་པས་ན། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་རྗེས་འབྲངས་དང་བཅས་པའི་ལེགས་པར་བཤད་པ་ཐམས་ཅད་ཀྱི་དོན་བཅུད་འདུས་པ་འདི་ཉིད་ཤེས་པ་ཙམ་གྱིས་གཞུང་ལུགས་འབུམ་ཕྲག་དུ་མའི་དཀའ་གནད་རང་གྲོལ་ཏེ། འཇམ་དཔལ་སྨྲ་བའི་སེང་གེ་ངག་དང་ཡིད་ལ་ཞུག་ནས་ཤེས་རབ་ཀྱི་རྩལ་འབར་བར་བྱེད་པ་ནི་བློ་གྲོས་དང་ལྡན་པ་རྣམས་ཀྱིས་སྨན་དང་རིག་སྔགས་ཀྱི་ནུས་པ་བཞིན་དུ་མངོན་སུམ་ཡིད་ཆེས་པར་འགྱུར་ན་མང་དུ་སྨྲ་ཅི་དགོས་ཏེ། རང་འགྲེལ་ལས་ཀྱང་། བརྟན་རྣམས་འདི་འཛིན་བྱེད་པ་དང་། །མཁས་ལ་སྟོན་པར་བྱེད་པ་ནི། །བདག་དང་གཞན་ལ་ཁྱབ་མཆོག་གིས། །ཡོངས་སུ་མགུ་བར་རབ་ཏུ་བྱེད། །དམིགས་པ་ཅན་ཀུན་སྤྱི་བརྟོལ་གྱིས། །རློམ་པ་རྣམ་པར་བསལ་བྱས་ནས། །སྤོབས་པ་སོ་སོ་རིག་པ་ཡིས། །ཤིན་ཏུ་མཐོ་བར་འགྱིང་བར་བྱེད། །ཟབ་མོའི་ཆོས་ཀྱི་ཡང་དག་ཉིད། །སྟོན་པར་མཛད་པའི་ཐུབ་ཆེན་གྱི། །གྲགས་པ་ངག་ནི་ཕྱོགས་རྣམས་ཀྱི། །རབ་འབྱམས་ཀུན་ཏུ་རྒྱས་པར་བྱེད། ཅེས་གསུངས་པ་ལྟར། རང་ཉིད་ཀྱིས་ཡང་དག་པའི་ལམ་ལ་ཡིད་ཆེས་རྙེད་ནས། སྐལ་ལྡན་རྗེས་སུ་འཛིན་པ་དང་། རྒོལ་བ་ཚར་གཅོད་པའི་སྤོབས་པ་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བ་ཐོབ་སྟེ་སངས་རྒྱས་ཀྱི་བསྟན་པ་སྤེལ་བར་བྱེད་དོ། །ཞེས་སོ། །གསུམ་པ་བྱང་ཆུབ་ཆེན་པོ་ཇི་ལྟར་ཐོབ་ཚུལ། ཐེག་པ་ཆེན་པོའི་གཞུང་ལམ་ཡོངས་སུ་རྫོགས་པའི་བཞོན་པ་བཟང་པོ་ཞོན་ནས་འབྲས་བུ་བྱང་ཆུབ་ལ་སྦྱོར་བར་བྱེད་དེ། དེའང་མཆོག་གསུམ་ལ་ཤེས་ནས་དད་པ་ཐོབ་ཅིང་། རང་བཞིན་མེད་པར་རྟོགས་པས་སྲིད་པ་ལ་འཇིགས་པ་དང་། ཞི་བ་ལ་དགའ་བའི་ཡིད་སྤངས་ཏེ་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་དང་མཉམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་རྒྱུ་བྱས་ཏེ། ལམ་ཚོགས་གཉིས་དྲི་མ་མེད་པ་ལ་འབད་པས་རང་གཞན་དོན་གཉིས་འབྱོར་པའི་རྒྱལ་བ་ཆོས་གྱི་དབང་ཕྱུག་ཏུ་འགྱུར་བ་ནི་རྒྱུ་དང་འབྲས་བུའི་ཚུལ་བསླུ་བ་མེད་པའོ། །དེ་འདྲ་བའི་མཐར་ཐུག་གི་འབྲས་བུ་དེའང་སྒོམ་བསམ་ཐོས་པའི་ཤེས་རབ་དང་རིམ་པས་རྒྱུ་འབྲས་སུ་འབྲེལ་ཞིང་། ཐོས་པའང་རིགས་པའི་ལམ་ཚུལ་དྲི་མེད་འདི་ལྟ་བུས་མ་ནོར་ཞིང་ངེས་པ་རྙེད་པར་གཏན་ལ་འབེབས་དགོས་པས། གཞུང་འདི་འདྲ་བ་ཐོས་ཤིང་ཐོས་དོན་བསམས་ལ། བསམ་ཞིང་བསམ་པས་ངེས་པ་རྙེད་པའི་དོན་ལ་གོམས་པར་བྱས་ན་ཟབ་མོའི་ལམ་ལ་བཟོད་པ་རིམ་གྱིས་སྐྱེ་བར་འགྱུར་ཏེ། ཟླ་བ་སྒྲོན་མེའི་མདོ་ལས་བཟོད་པ་གསུམ་གྱི་སྐབས་སུ་ཇི་སྐད་བཤད་པ་ལ་སོགས་པ་བཞིན་ནོ། །དེ་ལྟ་བུའི་དགོས་པ་དེ་རྣམས་ཀྱང་གཞུང་ཉིད་ཀྱིས་དངོས་ཤུགས་ལ་གསལ་པོར་བསྟན་པའི་ཚུལ་གཞུང་ཉིད་འཆད་པའི་སྐབས་སུ་ཤེས་པར་འགྱུར་རོ། །དེ་ལྟ་བུའི་རྩིས་མགོ་ལྔ་པོ་དེ་ཚང་བར་བསྟན་བཅོས་ཀྱི་གཞུང་ན་དངོས་སུ་སྟོན་མི་སྟོན་ཅི་རིགས་ཡོད་ཀྱང་། འདིར་ནི་མཛད་པ་པོ་མཛད་བྱང་གིས་གསལ་ཞིང་། ཆེད་དུ་བྱ་བའི་ཡུལ་ཟབ་རྒྱས་ཀྱི་དོན་འཛིན་པའི་སྣོད་ཤུགས་ལས་བསྟན་ཏེ། ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། །ཞེས་པ་ལ་སོགས་པས་སོ། །གཞན་གསུམ་གཞུང་དངོས་ཀྱི་དོན་ཡིན་ནོ། །དེ་ལྟར་ཡན་ལག་ལྔའི་ཚུལ་གྱིས་སྤྱི་དོན་དང་བརྒལ་ལན་དགོས་པ་ལ་སོགས་པ་དོན་མང་པོ་ཞིག་གསལ་ཞིང་ཟབ་པར་བསྟན་པ་ཡིན་ལ། དེ་དག་གིས་གཞུང་འདི་ཉིད་ཀྱི་ཆེ་བའང་ཕྱོགས་ཙམ་ཤེས་པར་འགྱུར་རོ། །ཡུལ་དུས་དམན་པར་གྱུར་ཀྱང་བདག་ཅག་གིས། །ཤིང་རྟ་ཆེན་པོའི་བཞེད་སྲོལ་དྲི་མེད་གང་། །རང་འདོད་འཁྱོག་བཤད་ཉེས་པས་མ་སྦགས་པར། །ཕྲ་ཞིང་ཟབ་མོའི་ཟབ་གནད་གསལ་བར་བཤད། །དེང་དུས་སྐྱེ་བོ་བློ་དང་ཐོས་པ་དམན། །ཕྱོགས་ལྷུང་ཕྲག་དོག་སྙེམས་པའི་འདུ་ཤེས་མཐོ། །དེ་ཕྱིར་གཞན་དོན་འགྱུར་བར་དཀའ་ན་ཡང་། །རང་བློ་ལེགས་བཤད་གོམས་པའི་ཆེད་དུ་བྲིས། །གསེར་དང་བོང་བ་མཉམ་པའི་འཕགས་མཆོག་ལ། །གླིང་བཞིའི་ཕུན་ཚོགས་བསྟབ་ཀྱང་ཅི་བགྱི་སྟེ། །དེ་ཡི་ཐུགས་ལ་བརྣག་པའི་ཆོས་བཟུང་ན། །དགོངས་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་གྲགས། །དེ་ཕྱིར་གངས་ཅན་མིག་གཅིག་མགོན་པོ་དེ། །རེ་ཞིག་ཞི་བར་གཟིམས་པའི་ཚུལ་མཛད་ཀྱང་། །སྣ་ཚོགས་སྡུག་བསྔལ་འཁྲུགས་པའི་འགྲོ་བ་ལ། །ཐུགས་རྗེའི་སྤྱན་རས་ནམ་ཡང་ཡོལ་བ་མེད། །དེ་སླད་ཞིང་མཆོག་གང་ན་ཞི་བའི་སྤྱན། །པདྨའི་འདབ་ལྟར་མཛེས་པས་དགྱེས་བཞིན་དུ། །མངོན་སུམ་གཟིགས་པ་གང་གི་མདུན་ས་རུ། །ལེགས་བཤད་དབྱངས་འདིའི་མཆོད་པས་མཉེས་གྱུར་ཅིག །གཉིས་པ་བཤད་བྱ་གཞུང་གི་དོན་རྣམ་པར་དབྱེ་བ་ལ། དངོས་དང་། དེ་ལྟར་ཕྱེ་བའི་དགོས་པ་གཉིས། དང་པོ་བཤད་བྱའི་གཞུང་བདེན་པ་གཉིས་ཀྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པ་དབུ་མའི་རྒྱན་འདི་འཆད་པ་ལ། མཚན་དོན། འགྱུར་ཕྱག །གཞུང་དོན། མཇུག་དོན་བཞི་ལས། དང་པོ། རྒྱ་གར་སྐད་དུ། མ་དྷྱཱ་མ་ཀ་ཨ་ལཾ་ཀཱ་ར་ཀཱ་རི་ཀཱ བོད་སྐད་དུ། དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ། ཞེས་གསུངས་ཏེ། ལེགས་པར་སྦྱར་བའི་སྐད་དུ་སྨྲོས་པ་དེ་དག་བོད་སྐད་དང་ཤན་སྦྱར་ན། མ་དྷྱཱ་མ་ཀ་ནི་དབུ་མ། ཨ་ལཾ་ཀཱ་ར་རྒྱན། ཀཱ་རི་ཀཱ་ཚིགས་སུ་བཅད་པའམ་ཚིག་ལེའུར་བྱས་པ་ཞེས་བྱའོ། །དེ་ལ་དབུ་མ་ཞེས་པ་མཐའ་གང་ལའང་མི་གནས་པའི་མིང་ཡིན་ལ། མིང་དེ་གང་ལ་འཇུག་པའི་དོན་ལ་དབྱེ་ན། བརྗོད་བྱ་དོན་གྱི་དབུ་མ་དང་། རྗོད་བྱེད་ཚིག་གི་དབུ་མ་གཉིས་སུ་ཡོད་ཅིང་། དང་པོ་ལ་གཞི་དང་ལམ་དང་འབྲས་བུ་གསུམ་དུ་དབྱེར་ཡོད་ལ། ཕྱི་མ་ལ་རྒྱལ་བའི་ཡུམ་ལ་སོགས་པ་ལྟ་བུ་བཀའ་དང་། དེ་དག་གི་དགོངས་པ་འགྲེལ་བ་རྩ་བ་ཤེས་རབ་ལྟ་བུ་བསྟན་བཅོས་ཏེ་གཉིས་སུ་ཡོད་ཅིང་། རྗོད་བྱེད་ཚིག་གི་དབུ་མ་ལ་གཞུང་དབུ་མ་ཞེས་གྲགས་སོ། །རྒྱན་གྱི་དོན་ནི་མཛེས་ཤིང་གསལ་བར་བྱེད་པ་ཡིན་ལ། དེ་ལ་འདི་དབུ་མའི་རྒྱན་དུ་ཇི་ལྟར་འགྱུར་ན། བརྗོད་བྱ་དོན་གྱི་དབུ་མ་སྐྱེས་བུ་ལུས་མཛེས་པ་ལྟ་བུ་ལ་རྗོད་བྱེད་གཞུང་གི་དབུ་མ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་དང་འདྲ་བར་གནས་པ་དེ། ཚུལ་འདི་ཉིད་ཀྱིས་གསལ་བར་བྱེད་པས་ན་འདི་ནི་རྒྱན་དང་བཅས་པའི་ལུས་གསལ་བར་འཆར་བའི་མེ་ལོང་ལྟ་བུ་སྟེ་གསལ་བྱེད་ཀྱི་རྒྱན་ནོ། །དེས་ན་འདི་ནི་དབུ་མ་མཐའ་དག་གི་རྒྱན་ཡིན་གྱི་ཕྱོགས་རེ་བ་མིན་ནོ། །འོ་ན་འདི་དབུ་མ་ཐལ་འགྱུར་བའི་གཞུང་གི་རྒྱན་དུ་འགྱུར་རམ་མི་འགྱུར། འགྱུར་ན་འདི་ཐལ་འགྱུར་བར་འདོད་དགོས་ལ། མི་འགྱུར་ན་དབུ་མ་མཐའ་དག་གི་རྒྱན་དུ་ཁས་བླངས་པ་དང་འགལ་ཞིང་། ཁྱད་པར་གཞུང་དབུ་མའི་དགོངས་པ་མཐར་ཐུག་པ་ནི་ཐལ་འགྱུར་བའི་ལུགས་ལྟར་ཡིན་ན། དེའི་རྒྱན་དུ་མ་གྱུར་ན་དབུ་མའི་རྒྱན་དུ་ཡང་དག་པ་ཞིག་འགྱུར་བར་དཀའོ་སྙམ་ན། འདི་ཐལ་འགྱུར་བའི་རྒྱན་དུ་འགྱུར་ཡང་ཐལ་འགྱུར་བའི་གཞུང་ཡིན་པར་ཐལ་བ་མེད་དེ། འདིར་རྗེས་ཐོབ་ཁས་ལེན་དང་བཅས་པ་རྣམ་གྲངས་པའི་དོན་དམ་རིགས་པས་སྒྲུབ་ཚུལ་གཙོ་བོར་འཆད་པའི་གཞུང་ཡིན་པའི་ཕྱིར་རོ། །རྗེས་ཐོབ་བདེན་གཉིས་སོ་སོའི་གནས་ཚུལ་གཏན་ལ་ཕེབ་ན་དེས་བདེན་གཉིས་ཟུང་འཇུག་ཁས་ལེན་དང་བྲལ་བའི་དབུ་མ་ཚེགས་མེད་པར་འགྲུབ་པས་ན་རྣམ་གྲངས་མིན་པའི་དོན་དམ་མདོ་ཙམ་བསྟན་པ་དེ་ཉིད་དབུ་མ་ཐལ་འགྱུར་བ་དང་དགོངས་པ་གཅིག་ཡིན་ནོ། །དེ་དག་གི་གནད་ནི་སྤྱི་དོན་གྱི་སྐབས་སུ་བཤད་ཟིན་ལ། མཐའ་དཔྱད་དགོས་པ་མང་དུ་སྣང་ཡང་བློ་ལྡན་རྣམས་ལ་དོན་གྱི་སྙིང་པོ་ཙམ་བསྟན་པས་ཆོག་པ་དེས་ན་གཞུང་གི་འབྲུ་གནོན་པའི་སྐབས་འདིར་ཚིག་ཉུང་ངུས་འཆད་པར་འདོད་དོ། །མདོར་ན་ཐལ་རང་གི་སྲོལ་འདི་དག་རྗེས་ཐོབ་བདེན་གཉིས་སོ་སོར་སྣང་བའི་སྐབས་དང་། མཉམ་བཞག་བདེན་གཉིས་རོ་མཉམ་པའི་གནས་སྐབས་ལ་རྩལ་འདོན་མཛད་པ་ཙམ་དུ་གོ་བ་ནི་ཤིན་ཏུ་འགང་ཆེ་ཞིང་དོན་ཆེ་བ་ཡིན་ནོ། །དེས་ན་དབུ་མའི་མཐར་ཐུག་མཉམ་བཞག་ཡེ་ཤེས་དང་མཐུན་པ་ཐལ་འགྱུར་བའི་ལུགས་ལྟར་ངེས་ཀྱང་། དེའི་རྗེས་ཐོབ་བདེན་གཉིས་ཚད་མའི་གནས་ཚུལ་རང་རྒྱུད་པའི་ལུགས་དེ་ཡིན་པས། མདོ་རྣམས་ནའང་ལ་ལར་ཡོད་མེད་སོགས་མཐའ་ཐམས་ཅད་བྲལ་བའི་སྨྲ་བསམ་བརྗོད་མེད་རྣམ་གྲངས་མིན་པའི་དོན་དམ་བསྟན། ལ་ལར་གཟུགས་མེད་རྣམ་ཤེས་མེད་ཅེས་མེད་དགག་ཙམ་གྱི་རྣམ་གྲངས་པའི་དོན་དམ་བསྟན། སློབ་དཔོན་ཀླུ་སྒྲུབ་ཀྱིས་མདོའི་དགོངས་པ་དེ་བཞིན་དུ་རྒྱུ་རྐྱེན་འབྲས་བུའི་ཆོས་ཐམས་ཅད་བདེན་མེད་དུ་བསྒྲུབས་ནས། མཐར་མཐའ་ཐམས་ཅད་དང་བྲལ་བ་སྤྲོས་བྲལ་ཆེན་པོར་རིགས་པས་བསྒྲུབས་ལ། ཚུལ་དེ་བཞིན་དུ་ཐལ་རང་གི་སློབ་དཔོན་རྣམས་ཀྱིས་མཉམ་རྗེས་ཀྱི་དབུ་མ་ལ་སོ་སོའི་རྩལ་འདོན་མཛད་ཚུལ་གྱིས་དེ་ལྟར་མིང་ཐོགས་པ་ཡིན་གྱི། རང་རྒྱུད་པ་རྣམས་ཀྱིས་མདོ་དང་བསྟན་བཅོས་ཀྱི་དོན་ཇི་བཞིན་མ་བཀྲལ་བ་ནི་མ་ཡིན་ནོ། །དེ་ལ་དང་པོར་རྗེས་ཐོབ་བདེན་གཉིས་སོ་སོར་འབྱེད་པའི་དབུ་མ་འདི་ཙམ་ཞིག་ལ་མ་བརྟེན་ན་རྒྱུ་མེད་པས་འབྲས་བུ་མཉམ་བཞག་དབུ་མ་ཐོབ་པར་མི་ནུས་ཏེ། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་དང་། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་གསུངས་པ་ཡིན་ལ། འདིའི་ཐ་སྙད་ཅེས་པ་རྣམ་གྲངས་པའི་དོན་དམ་གྱི་ཟླར་གྱུར་པའི་ཀུན་རྫོབ་ཙམ་ལ་མི་གཟུང་གི །ཤེས་བརྗོད་འཇུག་གསུམ་གྱི་ཐ་སྙད་ཅན་སྒྲ་རྟོག་གི་སྤྱོད་ཡུལ་བདེན་གཉིས་སོ་སོར་སྣང་བ་འདི་ཡིན་པས་རྣམ་གྲངས་པའི་དོན་དམ་ཡང་ཐ་སྙད་དང་ཀུན་རྫོབ་ཀྱི་ཁོངས་སུ་གཏོགས་སོ། །དེ་འདྲ་བའི་བདེན་གཉིས་ཀྱི་ཚུལ་རྟོགས་པའི་ཐ་སྙད་ལ་བརྟེན་ནས། ཐ་སྙད་ཐམས་ཅད་དང་བྲལ་བའི་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་ཆེན་པོའམ་སྤྲོས་བྲལ་བློ་འདས་ནི་དོན་དམ་བདེན་པའམ། དམ་པའི་དོན་ཞེས་བྱ་སྟེ་རྣམ་གྲངས་མིན་པའི་དོན་དམ་ཡིན་ནོ། །དེ་ལྟར་ན་དོན་དམ་ཞེས་པའི་སྒྲ་གང་བྱུང་ཡང་། གཞུང་གི་བདེན་གཉིས་ཀྱི་ཆོས་སྐད་སོགས་ལ་གོམས་པའི་དབང་གིས་ཐོས་བསམ་པ་རྣམས་ཀྱིས་མེད་དགག་ཞིག་ལ་གོ་བ་སྐྱེ་སླ་འདུག་པ་དེ་ལ་བརྟེན་ནས་འཁྲུལ་པ་འབྱུང་སྲིད་པས་སོ་སོའི་ཐད་དུ་ཤན་འབྱེད་དགོས་ཏེ། དོན་དམ་ལ་དངོས་བཏགས་ཆེ་ཆུང་། རྣམ་གྲངས་ཡིན་མིན་སོགས་དུ་མ་ཡོད་དེ་དགྲ་བཅོམ་དང་མྱང་འདས་བཞིན་ནོ། །དེ་བཞིན་དུ་སྐྱེ་མེད་སྟོང་ཉིད་ལ་སོགས་པའི་ཚིག་རྣམས་ཀྱང་ངེས་པར་བྱའོ། །དེ་ལྟར་ཐ་སྙད་ཁས་ལེན་ཀུན་བྲལ་དོན་དམ་ཆེན་པོ་རྩལ་འདོན་དུ་མཛད་པ་ཐལ་འགྱུར་བའི་ལུགས་ཐུན་མིན་ཡིན་ཀྱང་། གཞུང་འདིར་ཡང་རང་འགྲེལ་ལས། སྐྱེ་བ་མེད་པ་ལ་སོགས་པའང་ཡང་དག་པའི་ཀུན་རྫོབ་ཏུ་གཏོགས་པ་ཡིན་དུ་ཟིན་ཀྱང་། ཞེས་སོགས་དང་། སྐྱེ་ལ་སོགས་པ་མེད་པའི་ཕྱིར། །ཅེས་པ་ལ་སོགས་པའི་སྔ་འགྲེལ་དུ། ཅིའི་ཕྱིར་དངོས་སུ་དོན་དམ་པ་མ་ཡིན་པ་བསྟན་པ་ཞེས་དང་། དོན་དམ་པ་ནི་དངོས་པོ་དང་དངོས་པོ་མེད་པ་དང་། སྐྱེ་བ་དང་མི་སྐྱེ་བ་དང་། སྟོང་པ་དང་མི་སྟོང་པ་ལ་སོགས་པའི་སྤྲོས་པའི་དྲྭ་བ་མཐའ་དག་སྤངས་པའོ། །སྐྱེ་བ་མེད་པ་ལ་སོགས་པ་ནི། དེ་ལ་འཇུག་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཞེས་ཉེ་བར་འདོགས་སོ། །ཞེས་པ་ལ་སོགས་པས་གསལ་བར་བསྟན་པ་ཡིན་ནོ། །དེ་ལྟར་དབུ་མ་ཐམས་ཅད་ཀྱི་རྒྱན་དུ་འགྱུར་ཚུལ་ཤེས་པར་བྱའོ། །དེ་ལ་ཁ་ཅིག་འདི་སྙམ་དུ། སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་ཐལ་རང་གི་སློབ་དཔོན་སོ་སོས་འགྲེལ་ཚུལ་ཐ་དད་པ་ཡིན་ན། དེ་གཉིས་སྦྱར་མི་དགོས་སྙམ་ན། ཤིང་རྟ་ཆེན་པོ་རྣམས་ཀྱི་དགོངས་པ་འགལ་མེད་དུ་རྟོགས་ནུས་པའི་བློ་ལྡན་རྣམས་ལ་ཤིན་ཏུ་དགོས་པའི་ཕྱིར་ཅི་ནས་ཀྱང་སྦྱར་ཏེ་བཤད་དོ། །ཚིག་ལེའུར་བྱས་པ་ཞེས་བྱ་བ་ཚིག་རྐང་པར་གྲངས་སུ་བཅད་པ་སྟེ་ལྷུག་པ་མ་ཡིན་པའི་དོན་ཏོ། །གཉིས་པ་འགྱུར་ཕྱག་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་ལོ་ཙཱ་བ་ཆེན་པོ་ཡེ་ཤེས་སྡེས་འགྱུར་མཛད་པའི་སྔ་ལོགས་སུ་དོན་དམ་པའི་ཆོས་མངོན་པ་རྣམ་པར་གཞག་པའི་གཞུང་འདིའི་ཀླད་དུ་བཀས་བཅད་དང་མཐུན་པར་ཕྱག་མཛད་པའི་ཚིག་བཀོད་པའོ། །དེ་ལ་གང་གི་ཐུགས་ཆོས་ཀྱི་དབྱིངས་དང་མཉམ་པ་ཉིད་དུ་གྱུར་པ་ལ་སྤྲོས་པའི་ཟུག་རྔུ་ཐམས་ཅད་དང་བྲལ་བ་ནི་འཇམ་པ་ཡིན་ལ། མཁྱེན་གཉིས་ཡེ་ཤེས་ཀྱི་སྐུ་ནམ་མཁའ་ཇི་སྲིད་དུ་འགྲོ་བའི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པ་ནི་དོན་གཉིས་འབྱོར་པའི་དཔལ་ཡིན་ནོ། །དེ་ལྟ་བུ་ནི་རྒྱལ་བ་ཐམས་ཅད་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་ཀྱང་། རྣམ་པ་ས་བཅུའི་སེམས་དཔའ་ཆེན་པོའི་ཚུལ་དུ་སྣང་ནས་འཁོར་བ་ཇི་སྲིད་དུ་རྟག་བརྟན་བགྲེས་རྒུད་བྲལ་བའི་གཞོན་ནུའི་གཟུགས་སུ་བཞུགས་པས་ན་གཞོན་ནུར་གྱུར་པ་ཞེས་བྱ་ལ། དེ་ལྟ་བུའི་མགོན་པོ་གང་ལ་སྒོ་གསུམ་འདུད་པར་བྱེད་པ་ནི་ཕྱག་འཚལ་བའོ། །གསུམ་པ་གཞུང་དོན་ལ་ཤེས་བྱ་བདེན་གཉིས་ཀྱི་དོན་གཏན་ལ་དབབ་པ་དང་། དེ་ལྟ་བུའི་ཚུལ་ལ་བསྔགས་པས་དོན་བསྡུ་བ་གཉིས། དང་པོ་ལ་བདེན་གཉིས་ཀྱི་ཚུལ་ངོས་གཟུང་བ། དེ་ལ་རྩོད་པ་སྤོང་བ། དེ་ལྟར་རྟོགས་པའི་ཕན་ཡོན་གསུམ། དང་པོ་ལ་དོན་དམ་པར་དངོས་པོ་མེད་པར་བསྟན་པ། ཀུན་རྫོབ་ཏུ་ཡོད་པར་བསྟན་པ་གཉིས། དང་པོ་ལ་རྩ་བའི་རྟགས་འགོད་པ་དང་། དེའི་ཚུལ་སྒྲུབ་པ་གཉིས། དང་པོ། བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། ཞེས་གསུངས་ཏེ། འདི་ལྟར་བདག་རང་སྡེ་ནང་པ་སངས་རྒྱས་པ་དང་། གཞན་ཕྱི་རོལ་མུ་སྟེགས་རྣམས་ཀྱིས་གང་བདེན་གྲུབ་ཏུ་སྨྲས་པའི་དངོས་པོ་འདི་དག་ཐམས་ཅད་ནི། ཡང་དག་པའི་དོན་དུ་ན། རིགས་པས་ལེགས་པར་དཔྱད་པའི་ཚེ་གཅིག་པ་དང་དུ་མའི་རང་བཞིན་གཉིས་ཀ་དང་བྲལ་བའི་ཕྱིར། འདི་རྣམས་ལ་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་མེད་དེ། དཔེར་ན་སྣང་ཡང་མི་བདེན་པ་གཟུགས་བརྙན་བཞིན་ནོ་ཞེས་སོ། །ངག་དོན་དུ་འགོད་ན། རང་གཞན་གྱི་སྡེ་པས་བདེན་པར་སྨྲས་པའི་ཕྱི་ནང་གི་དངོས་པོ་འདི་ཀུན་ཆོས་ཅན། ཡང་དག་པར་རང་བཞིན་མེད་དེ། བདེན་པའི་གཅིག་དང་དུ་མ་བྲལ་བའི་ཕྱིར། མེ་ལོང་ནང་གི་གཟུགས་བརྙན་བཞིན་ཞེས་སོ། །དེ་ལ་རང་སྡེས་སྨྲས་པ་ཕུང་པོ་ལ་སོགས་པ་དང་། གཞན་སྡེས་སྨྲས་པ་གཙོ་བོ་ལ་སོགས་པའོ། །དེ་ལ་གལ་ཏེ་བདེན་པ་ཞིག་ཡོད་ན་གཅིག་དང་དུ་མ་གང་རུང་གི་ཚུལ་དུ་ཡོད་དགོས་ཏེ། གཅིག་དང་དུ་མ་ནི་ཕན་ཚུན་སྤངས་ཏེ་གནས་པ་ཡིན་པས་དེ་གཉིས་མ་ཡིན་པའི་བདེན་ཚུལ་ཕུང་གསུམ་པ་ཞིག་ཤེས་བྱ་ལ་མི་སྲིད་པ་དེས་ན་རྟགས་འདི་བདེན་པའི་ཁྱབ་བྱེད་མ་དམིགས་པ་ཡིན་ནོ། །འདིར་འཕྲོས་དོན་ཅུང་ཟད་བཤད་ན། ཆོས་ཅན་ལ་དཔྱད་པ། གཏན་ཚིགས་ལ་དཔྱད་པ། དཔེའི་ཚུལ་བཤད་པ་གསུམ། དང་པོ་ཁ་ཅིག་འདི་སྙམ་དུ། འདིར་གྲུབ་མཐས་སྨྲས་པའི་དངོས་པོ་རྣམས་བཀག་པར་མཛད་པས་ཐོག་མེད་ནས་གོམས་པ་བདག་འཛིན་ལྷན་སྐྱེས་ལ་གནོད་ཚུལ་ཇི་ལྟར་ཡིན་སྙམ་ན། གཞུང་འདིར་རང་གཞན་གྱི་སྡེ་པས་འདོད་པ། རྟག་དངོས། འདུས་མ་བྱས། གང་ཟག །ཁྱབ་པ། རགས་པ། ཕྲ་བ། ཤེས་པ་རྣམས་ཆོས་ཅན་དུ་བཟུང་བས། དེ་རྣམས་སུ་རྟག་མི་རྟག །ཕྱི་དང་ནང་། ཡུལ་ཡུལ་ཅན། ཁྱབ་མ་ཁྱབ། རགས་པ་ཕྲ་བ། ཤེས་བྱ་དང་ཤེས་པ་སོགས་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཀུན་འདུ་བ་ཡིན་པས་དེ་རྣམས་རིགས་པས་བདེན་མེད་དུ་གྲུབ་ན་དེས་བདག་འཛིན་ལྷན་སྐྱེས་གཉིས་པོ་དྲུང་ནས་འབྱིན་ནུས་ཏེ། སྤྱིར་འགྲོ་བ་རྣམས་ཀྱི་རྒྱུད་ལ་ལྷན་སྐྱེས་ཀྱི་རྨོངས་པའི་དབང་གིས་བུམ་སོགས་དངོས་པོ་རྣམས་ལ་དེ་དང་དེར་གྲུབ་པར་འཛིན་ཞིང་། དངོས་པོ་ལ་བརྟེན་ནས་དངོས་མེད་ཀྱི་ཐ་སྙད་ཀྱང་བྱེད་ལ། དངོས་དང་དངོས་མེད་ལ་དེ་ཉིད་དུ་ཞེན་པ་དང་། རང་རྒྱུད་ཀྱི་ཕུང་པོ་ལྔ་ལ་བརྟེན་ནས་ངའོ་སྙམ་དུ་མ་བརྟགས་མ་དཔྱད་པར་འཛིན་པའི་འཇིག་ལྟ་ལྷན་སྐྱེས་ཀྱང་འབྱུང་ཞིང་། དེ་ལྟར་ཆོས་དང་གང་ཟག་གྲུབ་གྲུབ་ལྟར་ཞེན་པའི་ངོ་བོ་དེ་དག་གི་གདགས་གཞི་ནི་ཕུང་སོགས་ཡིན་ལ། གཞན་ཡང་ཐ་སྙད་དུ་མེད་བཞིན་ལོག་པའི་རྒྱུ་མཚན་བཟུང་སྟེ་རང་བློས་ནན་གྱིས་བཏགས་པ་རྟག་དངོས་ཀྱི་བདག་ལ་སོགས་པ་འདུ་ཤེས་སྣ་ཚོགས་འཇུག་ཅིང་ཞེན་པའི་སྲད་བུས་བྱིས་པ་རྣམས་བཅིངས་པར་གྱུར་ཏོ། །དེ་ལ་དེ་རྣམས་གཅིག་བཀག་པས་གཅིག་ཁེགས་པ་དང་མི་ཁེགས་པའི་ཚུལ་ནི། རྟག་དངོས་སུ་ཞེན་པའི་ཡུལ་རྣམས་དེ་དང་དེ་འགོག་པའི་རིགས་པས་བཀག་ཀྱང་། དེ་ངར་འཛིན་ལྷན་སྐྱེས་ཀྱི་རྟེན་མ་ཡིན་པས་ད་རུང་ངར་འཛིན་ལྷན་སྐྱེས་མི་ཁེགས་ཀྱང་། ངར་འཛིན་ལྷན་སྐྱེས་ཀྱིས་གཟུང་བ་ལྟར་གྱི་ཡུལ་བདག་མེད་པར་ཤེས་ན། བདག་དེ་རྟག་པ་དང་བྱེད་པོ་སོགས་སུ་འདོད་པའི་ཀུན་བཏགས་ཐམས་ཅད་ཁེགས་ཏེ། མོ་གཤམ་གྱི་བུ་མེད་པར་ཤེས་ན་དེའི་ཁ་དོག་ཀྱང་མེད་པར་ཐག་ཆོད་པ་བཞིན་ནོ། །དེ་ལྟར་འདིར་ཡང་གང་ཟག་དང་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་བདེན་པའི་གཅིག་དུ་བྲལ་གྱིས་རང་བཞིན་མེད་པར་གྲུབ་ན་བདག་གཉིས་ཀྱི་འཛིན་པ་ག་ལ་འབྱུང་སྟེ། ཤེས་བྱ་ཐམས་ཅད་རང་བཞིན་མེད་པར་གཏན་ལ་ཕབ་གྲུབ་པའི་ཕྱིར་རོ། །དེས་ན་ཀུན་བཏགས་དང་ལྷན་སྐྱེས་ཀྱི་གཟུང་ཡུལ་རྣམས་བསྡོམས་ཏེ་ཆོས་ཅན་དུ་མཛད་པ་སྟེ། འཇིག་རྟེན་གནོད་མེད་ཀྱི་ཤེས་པ་ལ་སྣང་བའི་དངོས་པོ་ཙམ་དུ་མ་ཟད་ཕྱི་རོལ་པས་ཀུན་ཏུ་བཏགས་པ་སོགས་ཀྱང་བསྡུ་བའི་ཆེད་ཡིན་ནོ། །གཉིས་པ་གཏན་ཚིགས་ཐལ་རང་གང་ཡིན། དོན་སྒྲུབ་དང་ཐ་སྙད་སྒྲུབ་གང་ཡིན། མེད་དགག་དང་མ་ཡིན་དགག་གང་ཡིན་དཔྱད་པའོ། །དང་པོ་གཏན་ཚིགས་འདི་ཐལ་འགྱུར་དུ་འགོད་དམ། རང་རྒྱུད་དུ་འགོད། དང་པོ་ལྟར་ན་རྟགས་ཕ་རོལ་པོས་ཁས་བླངས་པས་གྲུབ་པ་ཞིག་དགོས་པ་ལ། འདིར་ནི་ཕ་རོལ་པོས་གཅིག་དང་དུ་མ་བྲལ་བར་ཁས་བླངས་པས་མི་འཐད་ཅིང་། གལ་ཏེ་རང་རྒྱུད་དུ་འགོད་ན་རྟགས་ལ་ཚུལ་གསུམ་ཚང་བས་ཚད་མས་གྲུབ་པ་ཞིག་དགོས་པ་ལ། འདིར་ཆོས་ཅན་རྟག་བདག་དང་རྟག་པའི་དབང་ཕྱུག །རྡུལ་དང་ཤེས་པ་ཆ་མེད་རྣམས་མ་གྲུབ་པས་ཆོས་ཅན་མི་འགྲུབ་ལ། དེ་མ་གྲུབ་ན་ཕྱོགས་ཆོས་འགྲུབ་ཐབས་མེད་པས་ཚུལ་གསུམ་མི་ཚང་བར་འགྱུར་རོ་སྙམ་ན། རྒྱ་བོད་ཀྱི་མཁས་པ་ལ་ལས་གཞན་སྡེས་བརྟགས་པ་མ་གྲགས་པ་ལ་ཐལ་བར་སྒྲུབ་པ་དང་། གྲགས་པའི་ངོ་བོ་རྣམས་ལ་གཉིས་ཀ་ལྟར་ཡང་རུང་གསུངས་ཀྱང་། དབུ་མ་སྣང་བ་སོགས་ལས་བཤད་པ་ལྟར་ཁྱད་ཕྱེ་མི་དགོས་པར་ཐལ་རང་གང་ལྟར་བཀོད་ཀྱང་རུང་ངོ་། །དེ་ལ་ཐལ་འགྱུར་དུ་འགོད་ན། ཕ་རོལ་པོས་དངོས་སུ་གཅིག་དུ་བྲལ་ཡིན་ནོ་ཞེས་ཁས་མ་བླངས་ཀྱང་། ཁྱབ་བྱ་དངོས་སུ་ཁས་བླངས་པ་དེ་ཐལ་འགྱུར་དུ་བཀོད་ནས་བསྒྲུབས་པས་རྟགས་དེ་ལས་གཞན་ལ་ལྟོས་མི་དགོས་པར་གཅིག་དུ་བྲལ་དུ་ཁས་ལེན་དགོས་པ་ལས་འོས་མེད་པ་ཡིན་ཏེ། དཔེར་ན་དབང་ཕྱུག་རྟག་པར་ཁས་ལེན་ཀྱང་དེའི་འབྲས་བུ་རྣམས་དུ་མར་ཁས་བླངས་པས་ན། དུ་མར་ཁས་བླངས་པའི་འབྲས་བུ་དེ་ཉིད་ཀྱིས་དབང་ཕྱུག་གཅིག་ཡིན་པ་འགོག་ནུས་ཤིང་། གཅིག་ཡིན་པ་ཁེགས་ན་དུ་མའང་ཁེགས་པས། དོན་དུ་རྒོལ་བ་རང་གིས་ཁས་བླངས་ཀྱི་རྟགས་ཀྱིས་གཅིག་བྲལ་བསྒྲུབས་པ་ཡིན་ལ། དུ་མར་ཁས་བླངས་པས་གཅིག་བྲལ་དུ་གྲུབ་བོ། །དེ་བཞིན་དུ་ཀུན་ལ་འགྲེའོ། །ཡང་རང་རྒྱུད་དུ་སྦྱོར་ཡང་རུང་སྟེ། ཆོས་ཅན་དབང་ཕྱུག་རྟག་པ་སོགས་དོན་ལ་མི་སྲིད་ཀྱང་། བློ་ངོར་དབང་ཕྱུག་རྟག་པ་མིན་པ་ལས་ལོག་ཙམ་གྱིས་གཞན་སེལ་འགྲུབ་ལ། དེ་ལ་བདེན་མེད་ཀྱི་ཐ་སྙད་གྲུབ་པས། ཕྱི་རོལ་ན་རྟག་དངོས་ཀྱི་དབང་ཕྱུག་ཞིག་ཡོད་པར་ཞེན་པའང་ཁེགས་ཏེ། རྟག་པའི་སྒྲ་ཆོས་ཅན་དུ་བཞག་པ་ལ་སོགས་པའང་དེ་དང་འདྲ་བར་རང་རང་གི་བློས་ཇི་ལྟར་བཞག་པ་དེ་ཙམ་ལ་དགག་པ་འཇུག་པ་ཆེས་འཐད་པ་ཡིན་ཏེ། རང་གི་བློ་ངོར་གཞན་སེལ་གྱིས་བཟུང་ཙམ་དང་། ཕྱི་རོལ་གྱི་སྣང་བ་གཉིས་སྣང་བཏགས་གཅིག་ཏུ་བསྲེས་ནས་འཛིན་པ་ལ་དགག་སྒྲུབ་ཀྱི་ཐ་སྙད་ཐམས་ཅད་འཇུག་པ་ཚད་མ་སྤྱིའི་ལུགས་དམ་པ་ཡིན་པའི་ཕྱིར་རོ། །དེས་ན་ཆོས་ཅན་དོན་དུ་མི་སྲིད་པ་རྣམས་ལ་བརྟག་བྱ་དོན་གྱི་རང་མཚན་མེད་ཀྱང་ཡོད་པ་ལྟར་ཞེན་པའི་སྣང་ངོའི་ཡུལ་དེ་ལ་བདེན་མེད་ཀྱི་ཐ་སྙད་གྲུབ་པས་དེ་དོན་དུ་མེད་པར་ཤེས་ནུས་སོ། །གཉིས་པ་དོན་དང་ཐ་སྙད་སྒྲུབ་གང་ཡིན་དཔྱད་པ་ལ། གལ་ཏེ་འདི་དོན་སྒྲུབ་ཀྱི་གཏན་ཚིགས་ཡིན་ན། རང་བཞིན་མེད་པའི་དོན་ནི་དགག་བྱའི་རང་བཞིན་མེད་པར་དགག་པ་ཙམ་སྟེ། བཀག་པའི་ཤུལ་དུ་ཆོས་གཞན་མི་འཕེན་པས། དེ་ཙམ་ཞིག་འདིས་སྒྲུབ་ན་བསྒྲུབ་པར་བྱ་བའི་གཞི་ཆོས་ཅན་རྣམས་རྙེད་པར་མི་འགྱུར་ཏེ་ནམ་མཁའི་མེ་ཏོག་བཞིན་ནོ། །དེ་ལྟར་ན་ཆོས་དང་ཆོས་ཅན་ཐ་དད་དུ་མེད་པར་འགྱུར་རོ། །གལ་ཏེ་འདིས་ཐ་སྙད་སྒྲུབ་བོ་ཞེ་ན། རང་བཞིན་མེད་པའི་ཐ་སྙད་དངོས་པོའི་ཆོས་རྣམས་ཀྱི་སྟེང་དུ་བསྒྲུབ་ཚེ། བུམ་མེད་ཀྱི་ས་ཕྱོགས་བཞིན་དུ་རང་བཞིན་མེད་པ་དང་ལྡན་པའི་གཞི་ཉིད་གྲུབ་པར་འགྱུར་རོ་ཞེ་ན། འདི་དོན་སྒྲུབ་ཡིན་ཀྱང་བསྒྲུབ་གཞི་རྣམས་མེད་པར་མི་འགྱུར་ཏེ། ཐོག་མེད་དངོས་ཞེན་གྱི་དབང་གིས་ཇི་ལྟར་སྣང་བ་དེ་ལ་བདེན་པར་ཞེན་པའི་དངོས་པོ་རྣམས་རང་བཞིན་མེད་པ་ཙམ་དུ་བསྒྲུབ་ཀྱི། ཆོས་གཞན་ངོ་བོས་དམིགས་སུ་ཡོད་པ་རྡུལ་ཙམ་བསྒྲུབ་པ་མེད་ཀྱང་། འཇིག་རྟེན་ན་རབ་ཏུ་གྲགས་པའི་དངོས་ལ་ཞེན་པ་ཅན་གྱི་ངོར་སྣང་བ་འདི་རྣམས་ལ་བརྟེན་ནས། རང་བཞིན་མེད་པའི་ཆོས་ཅན་དང་བསྒྲུབ་བྱའི་ཐ་སྙད་འཐད་དོ། །གལ་ཏེ་ཕྱི་ནང་གི་དངོས་པོ་སྒྱུ་མ་ལྟ་བུའི་སྣང་བ་འདི་སྣང་ཚོད་གྲགས་ཚོད་དང་བསྟུན་ཏེ་ཆོས་ཅན་དུ་གཟུང་བ་ལ་རྟགས་ཡང་དག་གི་སྒོ་ནས་རང་བཞིན་མེད་པའི་སྒྲ་བློའི་ཐ་སྙད་བསྒྲུབ་སྟེ། ནོག་སོགས་འདུས་པ་ལ་བ་ལང་གི་ཐ་སྙད་དུ་གདགས་པ་བཞིན། ངེས་ཟིན་ལ་ཡང་ཡང་དྲན་པར་བྱ་བ་དང་། མ་ངེས་པ་རྣམས་ལ་རྟགས་ལས་རྗེས་སུ་དཔོགས་པར་བྱས་ཀྱང་། ཆོས་དང་ཆོས་ཅན་ཐ་དད་དུ་མི་འགྱུར་ཏེ། རང་བཞིན་མེད་ཀྱང་སྣང་བར་མི་འགལ་བ་ནི་དངོས་པོའི་ཆོས་ཉིད་དོ། །སྔ་ཕྱི་གཉིས་ཀྱི་དཔེ་ནི་ཆུ་ནང་གི་ཟླ་བའི་གཟུགས་བརྙན་བཞིན་ནོ། །འདི་ལ་དཔེ་ཆ་གཞན་ཀུན་ན་ཕྱོགས་གང་རུང་རེར་འཛིན་པ་ལས་མི་སྣང་ཡང་། འདི་བཞིན་ཤེས་ན་སྤྱི་དང་ཁྱད་པར་སྐབས་འདིར་གོ་བ་ཤིན་ཏུ་ལེགས་པ་གལ་ཆེ་བ་ཞིག་ཡིན་ནོ། །གསུམ་པ་རྟགས་དང་དགག་བྱ་གཉིས་ཀ་མེད་དགག་ཡིན་ནམ། མ་ཡིན་དགག་ཡིན། དང་པོ་ལྟར་ན་དགག་བྱ་བཅད་ཙམ་ལས་རང་གི་ངོ་བོ་མེད་པའི་དངོས་མེད་རྐྱང་པ་ཙམ་ལ་འབྲེལ་བ་མི་སྲིད་པས། བསྒྲུབ་བྱ་གོ་བྱ་དང་། གཏན་ཚིགས་གོ་བྱེད་དུ་མི་རུང་ལ། མ་ཡིན་དགག་ཡིན་ན་ནི་དགག་བྱ་བཀག་ཤུལ་དུ་སྒྲུབ་ཆོས་དངོས་པོ་ཞིག་ཁས་ཅིའི་ཕྱིར་མི་ལེན་སྙམ་ན། འདི་ལ་མཁས་པ་དག་རྣམ་པར་ཕྱེ་སྟེ་སོ་སོར་སྒྲུབ་པ་མང་ཡང་། རྟགས་གཅིག་དུ་བྲལ་དང་། བསྒྲུབ་བྱ་བདེན་མེད་གཉིས་ཀ་མེད་དགག་ཡིན་ཏེ། དགག་བྱ་རྣམ་པར་བཅད་ཙམ་གྱི་མེད་པ་ཡིན་ཀྱང་རྟགས་དང་བསྒྲུབ་བྱ་འབྲེལ་མེད་དུ་མི་འགྱུར་ཏེ། དགག་བྱ་བཅད་ལྡོག་གི་གཞན་སེལ་གཉིས་ཀ་བདག་མེད་ཀྱི་ངོ་བོར་འདྲ་བས་ངོ་བོ་གཅིག་གི་འབྲེལ་བ་གྲུབ་བོ། །དེས་ན་འདོད་ཚུལ་སྣ་ཚོགས་པ་དེ་དག་དགག་སྒྲུབ་ཀྱི་ངལ་བ་མང་པོ་བྱེད་ཀྱང་། སྣང་སེལ་ལེགས་པར་ཕྱེད་ན་ཐེ་ཚོམ་གྱི་སྨག་དངས་པར་འགྱུར་གྱི། གཞན་དུ་ཇི་ལྟར་དཔྱད་ཀྱང་ཇི་བཞིན་པའི་ངེས་པ་རྙེད་དཀའོ། །སྤྱིར་རྟགས་རིགས་འདི་སྐབས་གཞན་སེལ་དང་ཚུལ་གསུམ་དང་དགག་སྒྲུབ་ཀྱི་རྣམ་གཞག་དཔྱིས་ཕྱིན་པ་གལ་ཆེ་ཡང་འདིར་ཡི་གེ་མང་གིས་དོགས་ནས་མ་བྲིས་ཀྱང་ཞིབ་ཏུ་ཚད་མའི་གཞུང་ལས་ཤེས་པར་བྱའོ། །གསུམ་པ་སྣང་ཡང་བདེན་པ་མེད་པའི་དཔེ་ནི་གཟུགས་བརྙན་ལ་སོགས་པ་སྟེ། དེའང་ཡབ་སྲས་མཇལ་བའི་མདོ་ལས། མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་འདི་ཤེས་པར་གྱིས། །ཞེས་གསུངས་པ་ལྟར། གཟུགས་བརྙན་ལ་སོགས་པ་འདི་རྣམས་སྣང་ཡང་མི་བདེན་པར་འཇིག་རྟེན་པ་རྣམས་ཀྱིས་ཀྱང་ཁས་ལེན་པ་དེ་ལ་དཔེར་བྱས་ནས་ཆོས་ཀུན་ཀྱང་དེ་དང་འདྲ་བར་གཏན་ཚིགས་ཀྱིས་ཤེས་པར་བྱེད་པ་ཡིན་ལ། དེའང་མེ་ལོང་དང་བཞིན་ཕན་ཚུན་རྟེན་འབྲེལ་དུ་གྱུར་པ་ན། གདོང་གི་རྣམ་པ་ཇི་ལྟ་བུའི་གཟུགས་བརྙན་འབྱུང་སྟེ། གཟུགས་ལ་ཇི་ལྟར་ཡོད་པའི་མདོག་དང་དབྱིབས་ལ་སོགས་པ་མ་འདྲེས་པར་མངོན་སུམ་དམིགས་ཤིང་། དེ་མ་བརྟགས་མ་དཔྱད་པར་མཐོང་ཙམ་སྣང་ཙམ་དེ་ཉིད་དུ་བཞག་ན། གཟུགས་དངོས་དང་ཁྱད་མེད་པ་ལྟ་བུར་སྣང་ཡང་དཔྱད་ན་དེ་ལ་གདོང་ལ་སོགས་པའི་གཟུགས་དངོས་ཡིན་པའི་ཆ་རྡུལ་ཕྲ་བ་ཙམ་ཡང་མི་རྙེད་ལ་དེ་ཙམ་དུ་མ་ཟད་སྣང་ཙམ་འགོག་མེད་དུ་རང་གིས་ཉམས་སུ་མྱོང་ཡང་བརྟགས་ན་གཟུགས་བརྙན་དེ་གང་དུ་མཐོང་བའི་གོ་ས་མེ་ལོང་གི་ཕྱི་ནང་བར་གསུམ་དང་། ཤེས་པ་དང་ཡུལ་གྱི་བར་སྟོང་པའི་ཆ་དང་། ནང་གི་ཤེས་པ་ཉིད་ཀྱི་ཆ་ཀུན་ཏུ་ཡང་མེད་ན་ཕྱོགས་གཞན་དུ་ག་ལ་ཡོད། མ་རྙེད་བཞིན་དུ་ཡོད་པར་འཛིན་པའང་རིགས་པ་མིན་ཏེ། གལ་ཏེ་མ་རྙེད་པར་ཡང་ཡོད་པར་བཟུང་བས་ཆོག་ན་མོ་གཤམ་བུ་ཡང་ཡོད་པར་ཅིས་མི་འཛིན། དེས་ན་སྣང་ཡང་བདེན་པ་མེད་པ་དཔེ་དེའི་ཚུལ་དུ་ཤེས་པར་བྱའོ། །དེ་བཞིན་དུ་ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དངས་ཤིང་རྙོག་པ་མེད་པའི་ཆུ་ནང་སྣང་། །ཆུ་ཟླ་སྟོང་པ་གསོག་སྟེ་གཟུང་དུ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་སོ། །དེ་ལ་འདི་སྐབས་དཔེ་ལ་ལོག་པར་རྟོག་པ་ཅུང་ཟད་དགག་ན། རྒྱལ་དཔོགས་པ་ལ་སོགས་པ་ན་རེ། འདི་ལྟར་གཟུགས་བརྙན་མཐོང་བ་ནི། མེ་ལོང་གི་ངོས་ལ་རང་གི་མིག་གི་འོད་ཟེར་ཕོག་ནས་ཕྱིར་ལོག་པས་རང་གི་བཞིན་ལ་སོགས་པ་དེ་ལྟར་དམིགས་པ་ཡིན་པ་ལ་གཟུགས་བརྙན་གྱི་ཐ་སྙད་བཏགས་སོ་ཞེས་ཟེར་རོ། །དེ་དག་གི་ལྟར་ན་ཐ་སྙད་དུ་གཟུགས་བརྙན་ཞེས་མཐོང་ཚུལ་ལ་བརྟེན་ནས་བཏགས་པ་མ་གཏོགས་ངོ་བོ་གཟུགས་དངོས་དང་བདག་གཅིག་ཏུ་འབྲེལ་བ་ལྟ་བུར་འདོད་པ་ལ། དེ་མི་འཐད་དེ་ལུགས་དེ་ལྟར་ན་མེ་ལོང་གི་ངོས་བྱང་དུ་བལྟས་ན་གཟུགས་བརྙན་ལྷོ་ཕྱོགས་སུ་བལྟས་པ་མ་མཐོང་བས་གཟུགས་དང་གཟུགས་བརྙན་གཉིས་ཕྱོགས་འགལ་བ་དང་། མེ་ལོང་གི་ངོས་ཆུང་ངུ་ལ་རང་གི་བཞིན་ཆེན་པོའི་གཟུགས་བརྙན་ཆུང་ངུར་སྣང་བས་ཚད་མི་འདྲ་བ་དང་། གཟུགས་བརྙན་མེ་ལོང་གི་ནང་དུ་སོན་པར་སྣང་བས་གནས་མི་འདྲ་བ་དང་། ཡང་ཆུ་དངས་པའི་མཚོ་འགྲམ་གྱི་རི་དང་ཤིང་གི་ཡལ་ག་དང་རྩེ་མོ་གྱེན་དུ་བལྟས་པ་མང་པོའི་གཟུགས་བརྙན་ཡལ་ག་དང་རྩེ་མོ་ཐུར་དུ་བསྟན་པར་དམིགས་པས་གནས་སྐབས་མི་མཐུན་པ་དེས་ན་གཟུགས་བརྙན་འཛིན་པའི་ཤེས་པ་དང་། གཟུགས་འཛིན་པའི་ཤེས་པ་གཉིས་ཀྱི་དམིགས་པ་མི་འདྲ་བས་ན། དཔེར་ན་སྒྲ་ཤེས་དང་གཟུགས་ཤེས་བཞིན་དུ་སྤྱོད་ཡུལ་ཐ་དད་པ་ཡིན་གྱི། གཟུགས་བརྙན་འཛིན་པའི་ཤེས་པས་རང་གི་བཞིན་ལ་སོགས་པ་གཟུགས་དངོས་བཟུང་བ་མིན་པར་ཤེས་པར་བྱའོ། །ཡང་བྱེ་བྲག་ཏུ་སྨྲ་བ་ན་རེ། གཟུགས་བརྙན་ནི་མེ་ལོང་ལ་སོགས་པའི་ནང་དུ་ཤིན་ཏུ་དངས་པའི་གཟུགས་གཞན་ཞིག་བྱུང་བ་ཡིན་ནོ་ཞེས་ཟེར་བ་དེ་མ་ཡིན་ཏེ། གཟུགས་རྡུལ་ཕྲན་གྱི་རང་བཞིན་ཡིན་པས་ལུས་ཅན་རྣམས་ནི་ཕན་ཚུན་གཅིག་གི་གོ་སར་གཅིག་འབྱུང་བ་ལ་གེགས་མི་བྱེད་པ་མི་སྲིད་པས་ཡུལ་ཕན་ཚུན་སྤངས་ཏེ་གནས་པ་ཡིན་ལ། དེ་ལྟར་མིན་པར་གོ་ས་གཅིག་ཏུ་ཞུགས་ན་ཕན་ཚུན་ཐ་དད་མེད་པར་འདྲེས་ཤིང་ངོ་བོ་གཅིག་གི་བདག་ཉིད་དུ་འགྱུར་བར་འདོད་དགོས་པས། འདིར་གཟུགས་བརྙན་ནི་མེ་ལོང་ལ་སོགས་པའི་ངོས་ཀྱི་ཕྱོགས་དེ་ཉིད་ན་དམིགས་པར་གྱུར་པས་གཟུགས་བརྙན་ཡང་གཟུགས་ཡིན་པར་གྱུར་ན། གཟུགས་གཉིས་གོ་ས་གཅིག་ཏུ་ཇི་ལྟར་གནས་ཏེ། བུམ་པ་གཉིས་བུམ་པ་གཅིག་གི་གོ་སར་གནས་མི་སྲིད་པ་བཞིན་ནོ། །གཏན་ཚིགས་འདི་རླུང་དང་ཉི་མ་ལ་སོགས་པས་མ་ངེས་པའང་མ་ཡིན་ཏེ། རླུང་དང་ཉི་མ་ལ་སོགས་པའི་རྡུལ་ཕྲ་མོ་རྣམས་ཐལ་བ་དང་རྩམ་པ་ལྟར་འདྲེས་པ་ཡིན་མོད་ཀྱི། ཡུལ་ཕན་ཚུན་སྤངས་ཏེ་གནས་པ་ཡིན་གྱི་གཅིག་ཏུ་སོང་བ་མིན་ནོ། །དེ་ལྟར་རྒྱལ་དཔོགས་པ་དང་བྱེ་སྨྲ་བ་གཉིས་གཟུགས་བརྙན་ལ་གཟུགས་སུ་ཞེན་པས་དེ་མ་བཀག་ན། བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་གཉིས་ཀ་དང་ལྡན་པའི་དཔེ་གཟུགས་བརྙན་བཀོད་པ་མ་གྲུབ་པར་འགྱུར་བའི་ཕྱིར་བཀག་ལ། ཡང་གཟུགས་བརྙན་ཤེས་པར་འདོད་པ་མདོ་སྡེ་པ་ལ་སོགས་པ་ན་རེ། དངོས་པོའི་ནུས་པ་བསམ་གྱིས་མི་ཁྱབ་པའི་མཐུས་མེ་ལོང་སོགས་ཀྱི་རྐྱེན་ལས་ཤེས་པ་ཉིད་གཟུགས་བརྙན་དེའི་རྣམ་པར་སྣང་བ་ཙམ་དུ་བྱུང་བ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་གཟུགས་བརྙན་འདི་ནི་ཡུལ་མེད་ཀྱི་ཤེས་པ་དེ་ལྟར་སྣང་བའོ་ཞེས་འདོད་ན། གཟུགས་ལ་སོགས་པ་བདེན་པར་འདོད་པའང་ཡུལ་མེད་བཞིན་དུ་སྣང་བ་ཡིན་ནོ་ཞེས་ཅིའི་ཕྱིར་མི་འདོད་དེ། གཟུགས་གཟུགས་བརྙན་གཉིས་ཀའི་སྣང་བ་ནི་རྣམ་པ་ཙམ་དུ་འདོད་པས་སོ། །གལ་ཏེ་གཟུགས་བརྙན་ནི་རྣམ་པ་གཏོད་བྱེད་ཀྱི་ཡུལ་ཉིད་དུ་མི་འཐད་དེ་གཟུགས་བརྙན་ཉིད་མི་འགྲུབ་པས་ཡུལ་མེད་ལ་ཤེས་པ་ཙམ་མོ་སྙམ་ན། དེ་ལྟར་ན་རྣམ་པ་གཏོད་བྱེད་ཀྱི་ཡུལ་ཕྱི་རོལ་ན་ཡོད་པར་འདོད་པ་གཟུགས་སོགས་ཀྱང་རྡུལ་ཕྲ་རབ་ཉིད་དུའང་མ་གྲུབ་པ་སོགས་གཟུང་བ་འགོག་པའི་རིགས་པས་ཡུལ་ལ་གནོད་པ་ཡོད་པས་གཟུགས་བརྙན་དང་ཁྱད་མེད་དུ་ཐལ་ལོ། །དེ་བཞིན་དུ་སྒྱུ་མ། རྨི་ལམ། སྨིག་རྒྱུ། དྲི་ཟའི་གྲོང་ཁྱེར་དང་། མགལ་མེའི་འཁོར་ལོ་ལ་སོགས་པའི་དཔེའང་དེའི་ཚུལ་གྱིས་གྲུབ་པར་བཤད་དོ། །དེ་ལ་གཞོན་ནུ་མ་ལེན་ལ་སོགས་པ་ན་རེ། སྒྱུ་མ་ལ་སོགས་པ་མི་བདེན་པ་ནི་མ་ཡིན་ཏེ། དཔེར་ན་འཇིམ་པའི་དུམ་བུ་ལ་སྒྱུ་མའི་སྒྲར་བརྗོད་དམ། འོན་ཏེ་དེ་ལྟར་སྣང་བའི་ཤེས་པ་ལ་ཟེར། དང་པོ་ལྟར་ན་གཟུགས་ཡིན་ལ། ཕྱི་མ་ལྟར་ན་ཤེས་པ་ཡིན་པས་གང་ལྟར་ཡང་སྒྱུ་མའི་རྟ་གླང་སོགས་མེད་པར་མི་གྲུབ་སྟེ། དེ་བཞིན་དུ་རྨི་ལམ་ལ་སོགས་པ་ཐམས་ཅད་ལ་རྒྱུར་གྱུར་པའི་གཟུགས་སམ་ཤེས་པ་གང་རུང་བདེན་པར་ཡོད་པས་ན་ཐམས་ཅད་བདེན་མེད་ཀྱི་དཔེར་མི་རུང་ངོ་ཞེས་ཟེར་རོ། །དེ་མི་འཐད་དེ། འདི་ལྟར་སྒྱུ་མ་སོགས་ཀྱི་སྣང་བ་ནི། རྣམ་བཅས་པ་ཤེས་པའི་རྣམ་པ་སྣང་བར་འདོད་པའམ། རྣམ་མེད་པ་ཡུལ་དངོས་སུ་རིག་པར་འདོད་པའི་ཕྱོགས་གཉིས་པོ་གང་ཡིན་ཀྱང་རུང་སྟེ། བློ་ངོ་ལ་ཇི་ལྟར་སྣང་བའི་དམིགས་ཡུལ་དེ་ཉིད་ལ་འཇོག་གི །དེའི་རྒྱུ་ཙམ་ལ་སྒྱུ་མ་སོགས་ཀྱི་སྣང་བར་གདགས་པ་མིན་ཏེ། རྒྱུ་ཙམ་ལ་གདགས་ན་མིག་སོགས་ཀྱང་རྒྱུ་ཡིན་པས་དེ་རྣམས་ཀྱང་སྒྱུ་མ་སོགས་སུ་ཐལ་བའི་ཕྱིར་རོ། །དེས་ན་རྒྱུ་དང་དམིགས་པ་ཐ་དད་ཡིན་པས་ན། སྒྱུ་མ་སོགས་ཀྱི་རྒྱུར་གྱུར་པ་གཟུགས་དང་ཤེས་པ་དག་ཡོད་དུ་ཟིན་ཀྱང་དེ་ལ་དཔེར་བྱས་པ་མིན་ཏེ། དཔེར་ན་འཇིམ་པའི་དུམ་བུ་ཡོད་དུ་ཟིན་ཀྱང་དེ་རྟ་གླང་སོགས་སུ་མ་དམིགས་ན། དེ་ལ་སྒྱུ་མའི་སྣང་བ་ཞེས་མི་བརྗོད་ཅིང་དཔེར་ཡང་མི་བྱེད་ལ། འཇིམ་དུམ་དེ་ཉིད་རྟ་གླང་སོགས་སུ་དམིགས་ཚེ་དེ་ལ་སྒྱུ་མ་ཞེས་གདགས་ཤིང་དཔེར་བྱེད་པའོ། །དེ་ལ་སྤྱིར་དོན་ཤེས་ཉིས་ཆར་ཡང་བདེན་མེད་དུ་གྲུབ་པས་རྒྱུ་བདེན་པའོ་ཞེས་སྒྲུབ་པར་མི་ནུས་ལ། གལ་ཏེ་རེ་ཞིག་རྒྱུ་གཟུགས་ཤེས་དག་ལ་བདེན་པར་རློམ་དུ་ཆུག་ནའང་། དེས་དམིགས་པ་ཉིད་བརྫུན་པ་ལ་བདེན་པར་བྱ་མི་ནུས་ཏེ། དཔེར་ན་སྒྱུ་མས་མིག་བསླད་ཀྱང་སྒྱུ་མ་ཡིན་པར་ཤེས་པ་དག་ལ་སྒྱུ་མའི་སྣང་བ་ཡོད་ཀྱང་། གཞི་དེར་རྟ་གླང་སོགས་ཡོད་པར་འཛིན་པ་ཅུང་ཟད་ཀྱང་མི་སྐྱེ་བ་ཡིན་གྱི། འདིའི་རྒྱུ་འཇིམ་དུམ་དང་མིག་ཤེས་དང་སྒྱུ་མ་མཁན་སོགས་ཡོད་པས་འདིའང་བདེན་ནོ་སྙམ་དུ་མི་འཛིན་པ་བཞིན་ནོ། །དེས་ན་དམིགས་པ་ཉིད་ཐད་ཀ་རང་ས་ན་ཡིན་ཡིན་ལྟར་སྣང་འདུག་པ་སྟེ། སྣང་བ་ལྟར་མ་གྲུབ་པར་ཤེས་པ་ལ་དཔེར་བྱས་པས་དཔེ་མ་གྲུབ་པ་མིན་ནོ། །དེ་དག་རང་འགྲེལ་ལས་གསུངས་པ་རྣམས་གསལ་པོར་ཕྱེ་སྟེ་བཤད་པ་ཡིན་ནོ། །གཉིས་པ་རྩ་བའི་རྟགས་བཀོད་པ་དེའི་ཚུལ་སྒྲུབ་པ་ལ། ཕྱོགས་ཆོས་སྒྲུབ་པ་དང་། ཁྱབ་པ་སྒྲུབ་པ་གཉིས། དང་པོ་ལ་བདེན་པའི་གཅིག་བྲལ་སྒྲུབ་པ་དང་། བདེན་པའི་དུ་བྲལ་སྒྲུབ་པ་གཉིས། དང་པོ་ལ་ཁྱབ་པའི་གཅིག་དགག །མ་ཁྱབ་པའི་གཅིག་དགག་པ་གཉིས། དང་པོ་ལ་ཁྱབ་བྱེད་བྱེ་བྲག་པ་གཅིག་བདེན་དགག །མཁའ་སོགས་ཁྱབ་བྱེད་སྤྱི་གཅིག་བདེན་དགག་པ་གཉིས། དང་པོ་ལ་རྟག་དངོས་གཅིག་བདེན་དགག །གང་ཟག་གཅིག་བདེན་དགག་པ་གཉིས། དང་པོ་ལ་གཞན་སྡེས་བཏགས་པའི་རྟག་དངོས་དགག །རང་སྡེས་བཏགས་པའི་རྟག་དངོས་དགག །དེ་ལྟར་བཀག་པའི་མཇུག་བསྡུ་བ་གསུམ། །དང་པོ། འབྲས་བུ་རིམ་ཅན་ཉེར་སྦྱོར་བས། རྟག་རྣམས་གཅིག་པུའི་བདག་ཉིད་མིན། །འབྲས་བུ་རེ་རེ་ཐ་དད་ན། །དེ་དག་རྟག་ལས་ཉམས་པར་འགྱུར། །ཞེས་གསུངས་ཏེ། དེ་ལ་སྤྱིར་གོང་དུ་ཇི་སྐད་བཤད་པའི་གཅིག་དུ་བྲལ་གྱི་རྟགས་དེ་རང་གཞན་གྱི་སྡེ་པས་སྨྲས་པའི་དངོས་པོ་ཤེས་འདོད་ཆོས་ཅན་རྣམས་ཀྱི་སྟེང་དུ་གྲུབ་པ་ནི་ཚུལ་དང་པོ་ཕྱོགས་ཆོས་ཞེས་བྱ་ཞིང་། གཅིག་དུ་བྲལ་གྱི་རྟགས་དེ་ཡོད་ན་བསྒྲུབ་བྱ་བདེན་མེད་ཡོད་དགོས་པ་ནི་ཚུལ་གཉིས་པ་རྗེས་འགྲོའོ། །བསྒྲུབ་བྱ་བདེན་མེད་མེད་ན་གཅིག་དུ་བྲལ་གྱི་རྟགས་ཀྱང་ལྡོག་པ་ནི་ཚུལ་གསུམ་པ་ལྡོག་ལྡན་ནོ། །དེ་ལྟར་བསྒྲུབ་བྱ་དང་རྟགས་གཉིས་རྗེས་སུ་འགྲོ་ཞིང་ལྡོག་པའི་འབྲེལ་པ་ཁྱད་པར་ཅན་ངེས་པས་ན་རྟགས་དེས་བསྒྲུབ་ཆོས་དེ་འགྲུབ་ངེས་པའི་ཁྱབ་པ་ཡོད་པ་ནི་ཁྱབ་པ་ཞེས་བྱ་སྟེ། ཁྱབ་པ་གྲུབ་པའི་རྟགས་དེ་ཕྱོགས་ཤེས་འདོད་ཆོས་ཅན་གང་གི་ཆོས་སུ་འགྲུབ་ན་དེས་བསྒྲུབ་བྱ་འགྲུབ་པ་ལ་བསླུ་བ་མེད་པས་ཚུལ་གཉིས་དང་དྲུག་ལ་སོགས་པའི་མང་ཉུང་གི་མཐའ་ཡང་ཁེགས་པ་ཡིན་པ་དེས་ན། ཚུལ་གསུམ་རྟགས་ལས་དོན་མཐོང་བའོ། །ཞེས་དང་། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །ཞེས་གསུངས་པ་བཞིན་ནོ། །དེས་ན་རྩ་བའི་རྟགས་འགོད་པའི་ཚེ་གཅིག་དུ་བྲལ་གསུངས་པ་དེ། རང་གཞན་གྱི་སྡེ་པས་སྨྲས་པའི་དངོས་པོ་རྣམས་ཀྱི་སྟེང་དུ་གྲུབ་པའི་ཚུལ་རིམ་པར་འཆད་པར་འདོད་ནས། འདི་ཐད་ཀྱི་སྔ་འགྲེལ་དུ་གཏན་ཚིགས་འདི་མ་གྲུབ་བོ་སྙམ་དུ་མ་སེམས་ཤིག །ཅེས་གསུངས་ལ། ཇི་ལྟར་གྲུབ་སྙམ་ན། དང་པོ་བདེན་པའི་གཅིག་བྲལ་བསྒྲུབ་པ་ཡིན་ཏེ། གཅིག་མ་གྲུབ་ན་དུ་མ་གྲུབ་པ་མི་སྲིད་ཅིང་དུ་མའི་བརྩམ་གཞི་གཅིག་ཡིན་པས་དེ་དང་པོར་སྒྲུབ་བོ། །དེ་ལ་སྤྱིར་ཤེས་བྱའི་ཁོངས་ན་མཐའ་གཅིག་ཏུ་བདེན་པར་གྲུབ་པ་ཞིག་ཡོད་ན་སྣང་བ་དང་མི་སྣང་བ་སོགས་ཀྱི་ཆ་དབྱེ་རྒྱུ་མེད་པར་གཅིག་པུའི་བདག་ཉིད་དུ་ཕྱོགས་དུས་ཐམས་ཅད་ན་ཡོད་དགོས་ལ། དེ་ལྟར་ན་མཐར་ཕྱོགས་དུས་ཀྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་ཀུན་སོ་སོར་མི་སྣང་བར། རིལ་གཅིག་ཏུ་ནམ་མཁའ་འབའ་ཞིག་ལྟ་བུར་འགྱུར་དགོས་ན། དེ་ལྟར་མ་ཡིན་པར་ཕྱོགས་དུས་ཀྱི་སྣང་བ་སྣ་ཚོགས་ཚད་མེད་པ་ཆེས་བཀྲ་བ་མངོན་སུམ་དུ་སྣང་བ་འདི་དག་གཅིག་ཏུ་བདེན་པ་མེད་པའི་གནད་ཀྱིས་སྣང་བ་ཁོ་ན་ཡིན་པས། གང་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཤེས་བྱ་ཡིན་ནོ་ཅོག་ལ་གཅིག་དུ་བྲལ་གྱི་རིགས་པ་མི་འཇུག་པ་ཞིག་མི་སྲིད་དོ། །དེས་ན་འདིར་བདག་གཞན་གྱིས་སྨྲས་པའི་དངོས་པོ་རྣམས་ཀྱི་སྟེང་དུ་རྟགས་གྲུབ་ཚུལ་རིམ་པས་སྟོན་པ་ལ་ས་བཅད་ཀྱི་དབང་དུ་ན། རྟག་མི་རྟག་གཉིས་སམ། ཕྱི་གཟུང་ཡུལ་དང་། ནང་འཛིན་སེམས་གཉིས་སམ། ཤེས་བྱའི་ཡུལ་དང་། ཤེས་བྱེད་ཀྱི་བློ་གཉིས་ཀྱིས་བསྡོམས་ཀྱང་རུང་མོད། འདིར་དཀའ་འགྲེལ་ལས། ཁྱབ་པ་ནི་བདག་དང་ནམ་མཁའ་ལ་སོགས་པའོ། །མི་རྟག་པ་རྣམས་ནི་མ་ཁྱབ་པའི་ཕུང་པོར་བསྡུ་བར་བཤད་པ་ལྟར། དེ་གཉིས་ཀྱིས་སྡོམ་དུ་བྱས་པ་ཡིན་ལ། རྟག་དངོས་དང་གང་ཟག་ཡོད་པར་སྨྲ་བའི་ལུགས་ལ་དེ་དག་ཡུལ་ཐ་དད་ན་རིས་སུ་བཅད་པར་མཐའ་གཅིག་ཏུ་གཟུང་མི་ནུས་པའི་ཁྱབ་པའི་ཁོངས་སུ་གཏོགས་པར་བསྡུའོ། །རང་འགྲེལ་ལས། ཐ་དད་ཕྱོགས་ཅན་ཞེས་སོགས་ཀྱི་ཚིགས་བཅད་ཀྱི་ཐད་ཁོ་ནར་ཁྱབ་མ་ཁྱབ་ཞེས་གསུངས་པ་ཁྱབ་པ་མཚན་ཉིད་པའི་དབང་དུ་བྱས་པར་གསལ་ལོ། །དེས་ན་ཁྱབ་པ་བྱེ་བྲག་པའི་ནང་ཚན་དང་པོ་རྟག་དངོས་སྨྲ་བའི་ཕྱི་རོལ་པ་རྣམས་ཀྱིས་སྨྲས་པའི་དངོས་པོ་ལ་བདེན་པའི་གཅིག་བྲལ་གྲུབ་ཚུལ་གོང་དུ་ཇི་སྐད་སྨྲོས་པའི་ཚིགས་སུ་བཅད་པས་བསྟན་ཏེ། དེ་ལ་མུ་སྟེགས་ཁ་ཅིག་དབང་ཕྱུག་ལ་སོགས་པ་ངོ་བོ་ནི་རྟག་པ་ཡིན་ལ། དེའང་ནམ་མཁའ་ལ་སོགས་པ་ལྟར་དོན་མི་བྱེད་པ་ནི་མ་ཡིན་གྱི། དོན་བྱེད་པའི་དངོས་པོ་ཞིག་ཏུ་ཁས་བླངས་སོ། །རྒྱུ་དབང་ཕྱུག་ལ་སོགས་པ་དེ་ནི་དུས་གསུམ་དུའང་འགྱུར་བ་མེད་པས་རྟག་བཞིན་དུ་དེས་སྣོད་བཅུད་ཀྱི་དངོས་པོ་འདི་རྣམས་རྫ་མཁན་གྱིས་རྫ་བུམ་བྱས་པ་བཞིན་དུ་བྱེད་པར་བློས་བཏགས་སོ། །དེ་ལ་སྣོད་བཅུད་ཀྱི་དངོས་པོ་རྣམས་ནི་ཅིག་ཅར་དུ་འབྱུང་བ་ཞིག་ནམ་ཡང་མི་སྲིད་པས་རིམ་ཅན་དུ་སྣང་བ་ལྟར་རིམ་ཅན་དུ་ཁས་ཀྱང་མི་ལེན་པའི་ཐབས་མེད་དོ། །དེས་ན་ཁྱོད་ཀྱིས་རྟག་པར་འདོད་པའི་རྒྱུ་གང་དེས་འབྲས་བུ་འདི་རྣམས་དུས་ཅིག་ཅར་དུ་མི་བསྐྱེད་པར་གཅིག་རྗེས་སུ་གཅིག་མཐུད་དེ་རིམ་པ་ཅན་དུ་ཉེ་བར་སྦྱོར་བའམ་སྐྱེད་པར་སྣང་བས་ན། རྒྱུ་དབང་ཕྱུག་སོགས་རྟག་པའི་དངོས་པོར་ཁས་བླངས་པ་དེ་རྣམས་གཅིག་པུའི་བདག་ཉིད་དུ་བདེན་པ་མིན་ནོ། །ཞེས་སོ། །དེ་ལ་རྒྱུ་རྟག་པ་གཅིག་པུ་ཆ་མེད་པའི་རིལ་པོ་གཅིག་གིས་འབྲས་བུ་འདི་ཀུན་སྐྱེད་ན། རྒྱུ་དེའི་སྟེང་ན་འབྲས་བུ་གང་ཇི་སྙེད་པ་སྐྱེད་པའི་ནུས་པ་མ་ཚང་བ་མེད་པར་ཡོད་དགོས་པས་འབྲས་བུ་བདེ་སྡུག་བཏང་སྙོམས་ལ་སོགས་པ་ཐམས་ཅད་ཀྱང་དུས་ཅིག་ཅར་དུ་ཅིའི་ཕྱིར་མི་འབྱུང་སྟེ། འབྲས་བུ་རྣམས་ནི་རྒྱུ་མ་ཚང་ན་མི་སྐྱེ་ལ། རྒྱུའི་ནུས་པ་ཐོགས་མེད་དུ་གྱུར་ན་དེའི་ཚེ་འབྲས་བུ་ཤོལ་པ་ག་ལ་སྲིད། ཤོལ་ན་ནི་རྒྱུའི་རྗེས་སུ་འགྲོ་ལྡོག་མི་བྱེད་པས་དེའི་འབྲས་བུ་ཡིན་པར་ཡང་གཞག་ཏུ་མི་རུང་ངོ་། །དེ་ལ་ཁོ་ན་རེ། དེ་ལྟར་འབྲས་བུ་རྣམས་དུས་ཅིག་ཅར་དུ་མི་སྐྱེ་བ་ནི་ལྷན་ཅིག་བྱེད་པའི་རྐྱེན་སོ་སོའི་དབང་གིས་ཡིན་ནོ་ཟེར་ན་ནི། རྟག་པ་གང་ཡིན་པ་གནས་སྐབས་གཅིག་ལས་འགྱུར་མི་སྲིད་པས་ལྷན་ཅིག་བྱེད་པའི་རྒྱུ་ལ་ལྟོས་པ་མི་འཐད་དེ་རྐྱེན་གྱིས་བསྒྱུར་དུ་མི་རུང་བའི་ཕྱིར་ཏེ། དཔེར་ན་ནམ་མཁའ་ལ་ཚོན་བྱུགས་པ་བཞིན་ནོ། །ལྟོས་ཤིང་བསྒྱུར་དུ་ཡོད་ན་ནི་རྟག་པ་ཡིན་པ་ཉམས་སོ། །གལ་ཏེ་ལྟོས་སུ་ཆུག་ནའང་ལྷན་ཅིག་བྱེད་རྐྱེན་དང་ལྡན་པའི་སྐབས་ཀྱི་རྟག་དངོས་དང་བྲལ་བའི་སྐབས་ཀྱི་རྟག་དངོས་དེ་ལ་ཁྱད་པར་ཡོད་དམ་མེད། ཡོད་ན་ནི་རྟག་པ་ཉམས་ལ། ཁྱད་མེད་ན་ནི་དང་པོའི་གནས་སྐབས་ཇི་ལྟ་བ་བཞིན་དུ་ཕྱི་མས་ཀྱང་ལྷན་ཅིག་བྱེད་རྐྱེན་རྣམས་འབྲལ་བའི་དབང་མེད་པར་མགུལ་ནས་ཐག་པས་བཏགས་པ་བཞིན་སྟོབས་ཀྱིས་དྲངས་ཏེ་གནས་ནས་སྔ་མས་བྱས་པའི་འབྲས་བུ་གང་ཡིན་པ་དེའང་རྒྱུ་མ་ཚང་བ་མེད་པས་ན་ནམ་ཡང་ལྡོག་པར་མི་འགྱུར་རོ། །ཚུལ་འདིས་ལྷན་ཅིག་བྱེད་རྐྱེན་ལ་རྒྱུ་དབང་ཕྱུག་སོགས་ཀྱི་ནུས་པར་མིང་བཏགས་ནས་དེས་འབྲས་བུ་རྣམས་རིམ་པས་བྱས་སོ་ཞེས་ཟེར་བའང་ཁེགས་ཏེ། ཁོ་རང་གི་ངོ་བོ་དང་ནུས་པ་གཉིས་ཐ་དད་ན་ནི་ལྷན་ཅིག་བྱེད་པའི་རྒྱུ་ལ་ནུས་པའི་མིག་གིས་བཏགས་པར་ཟད་ལ། ཐ་མི་དད་ན་ནི་བཤད་མ་ཐག་པ་ལྟར་རྟག་ཏུ་འབྲས་བུ་མི་ལྡོག་པ་སོགས་ཀྱིས་གནོད་དོ། །དེས་ན་འབྲས་བུ་རིམ་ཅན་དུ་སྐྱེད་པར་ཁས་བླངས་ཕན་ཆད་རྒྱུ་རྟག་པ་གང་ཡིན་པ་གཅིག་པུར་བདེན་པ་ཞིག་མི་སྲིད་པར་ཤེས་པར་བྱའོ། །སྔ་ཕྱི་གཅིག་པུར་མ་བདེན་ཕན་ཆད་རྟག་པ་མ་ཡིན་པར་ངེས་སོ། །ཡང་དེ་དག་ཇི་སྐད་བཤད་མ་ཐག་པའི་ཉེས་པ་དེ་དག་བཟློག་ཏུ་མེད་པར་མཐོང་ནས། རྒྱུ་རྟག་པ་ཡིན་ཀྱང་གཅིག་པུ་མ་ཡིན་ཏེ། འབྲས་བུ་རེ་རེ་བཞིན་དུ་རྒྱུ་དེ་དག་གི་རང་བཞིན་ཡང་གཞན་དང་གཞན་དུ་རིམ་ཅན་ཐ་དད་པའི་ཚུལ་གྱིས་ཡོད་པར་འདོད་ན་ནི། དབང་ཕྱུག་སོགས་ཀྱི་དངོས་པོ་དེ་དག་རྟག་པ་ཡིན་པ་ལས་ཉམས་པར་ཅིའི་ཕྱིར་མི་འགྱུར་ཏེ། གནས་སྐབས་གཞན་དང་གཞན་དུ་འགྱུར་བའི་ཕྱིར་རོ། །ཞེས་སོ། །དེ་ལ་ཕ་རོལ་པོས། རིལ་པོ་གཅིག་མིན་ཀྱང་རུང་རང་བཞིན་ནམ་རྒྱུད་ལྟ་བུ་གཅིག་ཡིན་པས་གནས་སྐབས་ཐ་དད་ནའང་རྟག་པ་ཡིན་པ་ཅི་འགལ་སྙམ་དུ་སེམས་པ་སྟེ། དཔེར་ན་འཇིག་རྟེན་ན་གར་གྱི་ཆས་སྣ་ཚོགས་སུ་ཞུགས་ཀྱང་སྔ་དྲོའི་གར་མཁན་དེ་ཕྱི་དྲོའི་དེ་དང་གཅིག་པར་འདོད་པ་ལྟ་བུར་འདོད་དོ། །དེ་ལ་དཔྱད་ན་གཅིག་པུ་ཆ་མེད་པ་མིན་ཕན་ཆད་རྟག་པ་མི་འཐད་པས་ཚིགས་བཅད་ཀྱི་ཕྱེད་སྔ་མས་རྟག་པར་འདོད་པ་ལ་གཅིག་བདེན་བཀག །ཕྱེད་ཕྱི་མས་གཅིག་མིན་པ་ལ་རྟག་པ་བཀག་པ་ཡིན་ནོ། །འདི་ལ་འགྲེལ་ལུགས་སྣ་ཚོགས་མཛད་འདུག་ཀྱང་གཞུང་དོན་མ་ནོར་བ་འདི་ཁོ་ནའོ། །དེ་ལ་རང་བཞིན་དང་རྒྱུད་ལྟ་བུ་ནི་འདྲ་བ་ལ་གཅིག་ཏུ་བཏགས་པ་ཡིན་གྱི། བདེན་པའི་གཅིག་ཡོད་པར་ནམ་ཡང་མི་གྲུབ་ལ། བདེན་གཅིག་ཡིན་ན་སྔར་གྱི་སྐྱོན་ལས་མི་འདའ་ཞིང་། བཏགས་པའི་གཅིག་ཙམ་ནི་འདིར་དགག་པ་མ་ཡིན་ལ། དེ་དོན་དུ་མེད་པས་རྟག་པར་བཞག་ཏུའང་མེད་དེ། དེས་ན་གནས་སྐབས་ཐ་དད་ཕན་ཆད་གཅིག་པུར་མ་བདེན་པ་ཡིན་གྱི། དེ་ལ་ཆ་ཕྱེས་ཏེ་ལོགས་སུ་རྟག་གཅིག་ཏུ་བཞག་རྒྱུ་ནམ་ཡང་མི་སྲིད་དོ། །གཉིས་པ་རང་སྡེས་བཏགས་པའི་རྟག་དངོས་དགག་པ་ལ། འགོག་བྱེད་ཀྱི་རིགས་པ་མདོར་བསྟན་པ་དང་། དེའི་ཚུལ་རྒྱས་པར་བཤད་པ་གཉིས། དང་པོ། བསྒོམས་ལས་བྱུང་བའི་ཤེས་པ་ཡིས། །ཤེས་བྱ་འདུས་མ་བྱས་སྨྲ་བའི། །ལུགས་ལའང་གཅིག་མིན་དེ་དག་ནི། །རིམ་ཅན་ཤེས་དང་འབྲེལ་ཕྱིར་རོ། །ཞེས་གསུངས་ཏེ། རང་སྡེ་བྱེ་བྲག་སྨྲ་བ་རྣམས་ཀྱིས་འདུས་མ་བྱས་གསུམ་རྟག་པའི་དངོས་པོར་འདོད་དེ། དེའང་ནམ་མཁའ་དང་། སོ་སོར་བརྟགས་པའི་སྟོབས་ཀྱིས་ཁེགས་པ་མིན་ཡང་རང་བཞིན་གྱི་རྐྱེན་མ་ཚང་བས་གང་སྐྱེ་བ་མིན་པ་ལ་དེ་མ་སྐྱེས་པའི་ཆ་དེ་ག་ལ་དངོས་པོ་དེ་སྐྱེ་བའི་གེགས་བྱེད་པའི་འདུས་མ་བྱས་སོ་སོར་བརྟགས་མིན་ཞེས་རྫས་སུ་རློམ་པ་དང་། ཡང་ལམ་བསྒོམས་པའི་སྟོབས་ཀྱིས་ཉོན་མོངས་བྲལ་བའི་ཆ་ལ་སོ་སོར་བརྟགས་པས་འགོགས་པ་ཞེས་རྫས་སུ་ཞེན་པ་ཡིན་ལ། དེ་གསུམ་གྱི་ནང་ནས་འདིར་སོ་སོར་བརྟགས་འགོག་གཅིག་བདེན་བཀག་པས། རིགས་པ་དེ་ཉིད་ཀྱིས་གཞན་གཉིས་ཀྱང་གཅིག་བདེན་ཁེགས་པ་ཡིན་ནོ། །དེ་ལ་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། བསྒོམས་པའི་སྟོབས་ཀྱིས་བྱུང་བ་རྣལ་འབྱོར་མངོན་སུམ་གྱི་ཤེས་པའི་ཡུལ་དུ་གྱུར་པ། འདུས་བྱས་ཀྱི་མཚན་ཉིད་ཀུན་དང་བྲལ་བའི་སོ་སོར་བརྟགས་འགོག་འདུས་མ་བྱས་ནི་དོན་དམ་པར་ཡོད་དོ། །དེ་ནི་རྣལ་འབྱོར་པའི་ཤེས་པ་དམ་པའི་ཡུལ་ཡིན་པའི་ཕྱིར་དོན་དམ་པར་ཡོད་ཀྱང་དེ་རང་བཞིན་གྱི་གནས་པ་ཉིད་རྣལ་འབྱོར་པའི་ཤེས་པས་རིག་པ་ཙམ་ཡིན་གྱི། དེས་རང་ལ་དམིགས་པའི་ཡིད་སྐྱེད་པ་ནི་མ་ཡིན་ཏེ། འབྲས་བུ་བསྐྱེད་པ་འདུས་བྱས་ཀྱི་ཚུལ་ཡིན་ན་འདི་འདུས་མ་བྱས་ཡིན་པས་སོ་ཞེས་ཟེར་ཏེ། དེ་དག་གི་བསམ་ངོ་ལ། ཡུལ་ཡིན་ན་རྒྱུའི་ངོ་བོ་ཁོ་ནར་འགྱུར་བ་མ་ཡིན་པར་བསམས་ནས། ཡུལ་འདུས་མ་བྱས་དེ་ཤེས་པ་སྔ་ཕྱི་རིམ་ཅན་གྱིས་ཤེས་ཀྱང་དེ་ཤེས་པ་དང་འབྲེལ་བ་མེད་པས་སོ་སོར་བརྟགས་འགོག་རང་གི་ངོ་བོ་ནི་འདུས་མ་བྱས་ཀྱི་ངོ་བོར་གཅིག་བདེན་དུ་རྟག་པར་གནས་སོ་སྙམ་པའོ། །དེ་ལ་འདི་ལྟར། བསྒོམས་པ་ལས་བྱུང་པའི་རྣལ་འབྱོར་མངོན་སུམ་གྱི་ཤེས་པ་དེ་ཡིས། ཤེས་བྱ་སོ་སོར་བརྟགས་འགོག་འདུས་མ་བྱས་བདེན་པར་གྲུབ་པར་འདོད་པའི་གྲུབ་མཐའ་སྨྲ་བའི་ལུགས་ལའང་རིགས་པས་བརྟགས་ན་ཡུལ་འདུས་མ་བྱས་དེ་གཅིག་ཏུ་བདེན་པ་མིན་ཏེ། གང་གི་ཕྱིར་ན་ཡུལ་འདུས་མ་བྱས་དེ་དག་ནི། སྔ་ཕྱི་རིམ་པ་ཅན་གྱི་ཤེས་པ་དང་། ཤེས་བྱ་ཤེས་བྱེད་དུ་འབྲེལ་པའི་ཕྱིར་རོ། །ཞེས་སོ། །འང་ཞེས་པ་རྟག་དངོས་ཀྱིས་བུམ་སོགས་འབྲས་བུ་བསྐྱེད་པར་འདོད་པ་ཕྱི་རོལ་པའི་ལུགས་མི་འཐད་པར་མ་ཟད། འབྲས་བུ་མི་བསྐྱེད་ཀྱང་རང་བཞིན་གྱིས་རྟག་པར་འདོད་པ་བྱེ་སྨྲའི་ལུགས་ལའང་མི་འཐད་པ་ཡོད་ཅེས་གོང་མ་དང་ཕྱོགས་སྦྱར་ཏེ། འབྲས་བུ་བསྐྱེད་དམ་མི་བསྐྱེད་པ་སོགས་གང་ཡིན་ཀྱང་རུང་སྟེ། རྟག་དངོས་གཅིག་བདེན་ནམ་ཡང་མི་སྲིད་ཅེས་པའི་ཚིག་གི་ནུས་པ་འདོན་པའོ། །དེ་ལ་ཕ་རོལ་པོའི་བསམ་ངོར། ཡུལ་ཁོ་རང་རྟག་པ་ཡིན་པའམ་གཅིག་བདེན་ཡིན་ན། ཡུལ་ཅན་གྱི་ཤེས་པ་དང་ངོ་བོས་འབྲེལ་བ་མ་ཡིན་ལ་ཤེས་བྱ་ཤེས་བྱེད་དུ་འབྲེལ་བ་ཙམ་ཡིན་པས། ཡུལ་ཅན་གྱི་སྟོབས་ཀྱིས་ཡུལ་མི་རྟག་པ་དང་དུ་མར་ག་ལ་འགྱུར་སྙམ་དུ་སེམས་ཏེ། འདི་ནི་རང་སྡེ་ཆོས་ཉིད་རྟག་པར་འདོད་པ་དང་། གཞན་སྡེ་ཆོས་ཅན་བུམ་པ་སོགས་འཇིག་པའི་རྒྱུ་མ་བྱུང་གི་བར་དུ་རྟག་པར་འདོད་པ་ལ་སོགས་པ་ཡུལ་གང་ཞིག་རྟག་པར་འདོད་པ་ཐམས་ཅད་ཀྱི་ཞེ་འདོད་གཅིག་པུ་པ་ཡིན་ཏེ། དཔེར་ན་ཁར་སང་མཐོང་བའི་བུམ་པ་དང་དེ་རིང་མཐོང་བའི་བུམ་པ་གཉིས་ཡུལ་ཅན་ཤེས་པ་མི་འདྲ་ཡང་། ཡུལ་བུམ་པ་གཅིག་ཡིན་ནོ་སྙམ་དུ་འཛིན་པ་བཞིན་ནོ། །དེ་ལ་ཡུལ་ཅན་ཐ་དད་ན་ཡུལ་ཡང་གཅིག་པུ་ཉིད་དུ་བདེན་པར་མི་འགྱུར་བའི་ཚུལ་རྒྱས་པར་བཤད་དགོས་པས། ས་བཅད་གཉིས་པ་དེའི་ཚུལ་རྒྱས་པར་བཤད་པ་ལ། ཤེས་པ་སྔ་མའི་ཡུལ་ཕྱི་མའི་རྗེས་སུ་འབྲང་ན་མི་འཐད། མི་འབྲང་ན་མི་འཐད་པས་དགག་པའོ། །དང་པོ། རྣམ་ཤེས་སྔ་མས་ཤེས་བྱ་བའི། །རང་བཞིན་རྗེས་སུ་འབྲང་ན་ནི། །ཤེས་པ་སྔ་མའང་ཕྱི་མར་འགྱུར། །ཕྱི་མའང་དེ་བཞིན་སྔ་མར་འགྱུར། །ཞེས་གསུངས་ཏེ། དེ་ལ་འདུས་མ་བྱས་རྟག་པར་འདོད་པ་ཁྱོད་ཀྱི་ཤེས་པ་སྔ་མའི་ཡུལ་དུ་གྱུར་པའི་འདུས་མ་བྱས་དེ་ཁོ་ན་ཤེས་པ་ཕྱི་མའི་ཡུལ་དུ་འགྱུར་བ་ཡིན་ནམ་མིན་ཅེས་དྲིའོ། །དེ་ལ་དེ་དག་གིས་ཡུལ་འདུས་མ་བྱས་ཡོད་པར་ནི་ཁས་བླང་ཡོད་པ་ལ་ཤེས་པས་དམིགས་པ་ལས་གཞན་ཚད་མ་མི་སྲིད་ཅིང་། ཤེས་པས་དམིགས་པ་ལ་རིམ་ཅན་གྱིས་ཁྱབ་པ་དང་། རིམ་ཅན་ལ་སྔ་མའི་ཡུལ་ཕྱི་མའི་རྗེས་སུ་འབྲང་མི་འབྲང་གང་རུང་ལས་ཁས་ལེན་གཞན་མི་སྲིད་པས་ན། ཕྱོགས་དང་པོ་ལྟར་ཁས་བླངས་ཏེ། འདི་ལྟར། རྣམ་ཤེས་སྔ་མས་ཤེས་པར་བྱ་བའི་ཡུལ་འདུས་མ་བྱས་ཀྱི་རང་བཞིན་གང་ཡིན་པ་དེ་ཁོ་ན་ཤེས་པ་ཕྱི་མའི་རྗེས་སུ་འབྲང་བའམ། ཕྱི་མའི་དུས་ནའང་ཡོད་ཅིང་དེ་ལ་དམིགས་པ་ཡིན་ན་ནི། འོ་ན་ཡུལ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པའི་གཅིག་པུ་ལ་དམིགས་པ་ཡིན་པས་དེ་འཛིན་པའི་བློ་ལའང་ཁྱད་ཡོད་པར་མི་རིགས་ཏེ། ཡུལ་གང་དང་གང་ཤེས་པ་ལ་དེ་དང་དེའི་ཤེས་པ་ཞེས་འཇོག་གི། གཞན་དུ་ཤེས་པའི་དབྱེ་བ་དུ་མ་འཇོག་པར་མི་ནུས་སོ། །དེ་ལྟར་ན་སྐྱེས་བུ་གཅིག་གི་རྒྱུད་ཀྱི་བུམ་འཛིན་ཤེས་པ་སྐད་ཅིག་མ་ལ་བུམ་པའི་ཡུལ་ཅན་གྱི་བློ་མི་འདྲ་བ་དུ་མ་མེད་པ་དང་། འདུས་མ་བྱས་ཤེས་པའི་ཤེས་པ་སྔ་མ་རང་གི་ངོ་བོ་ལ་ཡུལ་གཅིག་ལ་དམིགས་པའི་འདུས་མ་བྱས་ཤེས་པར་བཞག་གི། ཆོས་གཞན་གྱི་ཡུལ་ཅན་གྱི་ཤེས་པར་གཞག་ཏུ་མི་རུང་བས་ཤེས་པ་དེ་ལ་གཉིས་སུ་དབྱེ་བ་མེད་པ་ལྟར། འདིར་ཡང་ཤེས་པ་སྔ་ཕྱི་གཉིས་ཀྱི་ཡུལ་གཅིག་གི་ངོ་བོར་བདེན་པ་དེས་ན། ཤེས་པ་སྔ་མའང་ཕྱི་མར་འགྱུར་ལ། ཕྱི་མའང་དེ་བཞིན་སྔ་མར་འགྱུར་དགོས་པས། དེ་ལྟར་ན་རྣམ་ཤེས་སྔ་མའི་ཡུལ་འདུས་མ་བྱས་ནི་ཕྱི་མའི་དུས་ནའང་ཡོད་ལ་རྣམ་ཤེས་སྔ་མ་ནི་མེད་ཅིང་། རྣམ་ཤེས་ཕྱི་མའི་ཤེས་བྱ་ནི་སྔ་མའི་དུས་ན་ཡོད་ལ་རྣམ་ཤེས་ཕྱི་མ་ནི་མེད་དོ་ཞེས་བྱ་བའང་མི་རུང་ངོ་། །ཡུལ་དེ་ལ་དུས་སྔ་ཕྱིའི་ཁྱད་ཡོད་ན་སྔ་ཕྱི་གཅིག་པར་མི་རུང་ལ། ཡུལ་ལ་ཁྱད་མེད་ཀྱང་ཡུལ་ཅན་བློ་སྐད་ཅིག་མ་ཡིན་པས་སྔ་ཕྱི་དུ་མས་དེ་གཅིག་པུ་ཡང་ཡང་དམིགས་སོ་སྙམ་ན། བློ་རང་རང་གིས་དམིགས་ཡུལ་དུ་གྱུར་པའི་ཆ་དེ་ཡུལ་ཅན་མེད་པའི་སྔ་ལོགས་དང་། ཡུལ་ཅན་འགགས་པའི་ཕྱི་ལོགས་སུ་ཡོད་ན་དེའི་ཡུལ་ཅན་ཡང་ཅིའི་ཕྱིར་མེད་དེ། སོ་སོའི་ཡུལ་གྱི་དམིགས་པ་དེ་དང་དམིགས་བྱེད་བློ་ཁ་བྲལ་ནས་ཡུལ་འཛིན་པ་མི་སྲིད་པས་སོ། །སོ་སོའི་ཡུལ་དེ་དང་དེ་མིན་པའི་གཅིག་བདེན་གཞན་མེད་དེ། དེ་ཡོད་ན་སྐད་ཅིག་མའི་བློའི་ཡུལ་མིན་པར་ཐལ་ལ། དེ་ལྟར་ན་དེ་གཅིག་བདེན་དུ་བློ་ངོར་གྲུབ་པའང་མི་སྲིད་པར་ཤེས་པར་བྱའོ། །འདི་ལ་ཡུལ་གཅིག་ཡིན་པ་ཙམ་གྱིས་དེ་འཛིན་པའི་ཤེས་པ་རིམ་ཅན་མི་སྲིད་པ་མ་ཡིན་གྱི། ཡུལ་བདེན་པའི་གཅིག་ཡིན་ན་དེ་འཛིན་པའི་ཤེས་པ་རིམ་ཅན་དུ་འབྱུང་མི་ཤེས་པ་ཡིན་ཏེ། དེ་ལ་ཡུལ་བུམ་པ་ལྟ་བུ་གཅིག་ཁར་སང་ཡང་ཤེས་དེ་རིང་ཡང་ཤེས་སོ་ཞེས་རློམ་པ་ནི། བུམ་པའི་རང་མཚན་སྐད་ཅིག་མ་འདྲ་བ་རྒྱུན་མ་ཆད་དུ་བྱུང་བ་ལ་འཁྲུལ་གཞི་བྱས་ཏེ་གཅིག་ཅེས་བཏགས་པ་ཙམ་ཡིན་གྱི། དོན་ལ་གཅིག་ཡིན་པར་བདེན་ནོ་སྙམ་ན་རིགས་པ་འདིས་ཁེགས་པས་ལྟོས་མེད་དང་གནོད་པ་ཅན་ལ་སོགས་པའི་གཏན་ཚིགས་མང་པོ་ཞིག་ཀྱང་ཚུལ་འདིས་ཚེགས་མེད་པར་འགྲུབ་པ་ཡིན་ནོ། །དེས་ན་འདུས་མ་བྱས་ཡིན་ཀྱང་རུང་འདུས་བྱས་ཡིན་ཀྱང་རུང་སྟེ་གཅིག་ཏུ་བདེན་པར་ཁས་བླངས་ན། དེ་ལ་དམིགས་པའི་བློ་རིམ་ཅན་འབྱུང་མི་ཤེས་པར་གྲུབ་པའི་རིགས་པ་འདིས་འགོག་པ་ཡིན་གྱི། བཏགས་པ་ཙམ་གྱི་གཅིག་དང་དུ་མ་ནི་རྣམ་པ་ཀུན་ཏུ་དགག་པ་མ་ཡིན་ཏེ། རང་གིས་ཀྱང་འདོད་པ་ཡིན་པའི་ཚུལ་ཤན་ཕྱེད་པ་འདི་རྣམ་པ་ཀུན་ཏུ་གལ་ཆེའོ། །ཚུལ་འདི་དང་མཚུངས་པར་རྟག་བདེན་འགོག་པའང་། རྣམ་འགྲེལ་ལས། བརྟན་གང་རྡོ་རྗེ་རྡོ་སོགས་ཀྱི། དོན་ཡང་གཞན་ལ་ལྟོས་མེད་ཕྱིར། འགྲོ་བ་ཀུན་གྱི་ཤེས་པ་ནི། ཅིག་ཅར་རང་ཉིད་བསྐྱེད་པར་འགྱུར། །ལྷན་ཅིག་བྱེད་པས་ཕན་འདོགས་ཕྱིར། །འདི་ཡི་དེ་དག་རིམ་འབྱུང་ན། །སྐད་ཅིག་སོ་སོར་གཞན་ཡིན་བརྗོད། །ཅེས་པ་ལྟར་ཡུལ་གཅིག་བདེན་དུ་བསྒྲུབ་པ་ལ་བློས་དེར་དམིགས་ནས་བཞག་དགོས་ཤིང་། དམིགས་ན་དམིགས་རྐྱེན་དེས་རང་འཛིན་ཤེས་པ་བསྐྱེད་པ་ལ་རང་གི་ངོ་བོ་ཡུལ་དུས་ཀྱི་ཆ་མི་འདྲ་བ་ཅིའང་དབྱེར་མེད་པས་གཅིག་བདེན་ལྟོས་མེད་ཡིན་པས་ཡུལ་ཅན་མི་གཅིག་པ་དུ་མ་ཡང་ཡང་བསྐྱེད་པ་མི་སྲིད་དོ། །དེ་ལ་གོང་དུ་བཤད་པ་དེ་དག་གིས་ལེགས་པར་གྲུབ་ཀྱང་འདི་ལ་འཁྲུལ་རྒྱུས་བསྒྲིབས་ཏེ། ད་དུང་ཡུལ་གཅིག་བདེན་ལ་དམིགས་པའི་བློ་ཐ་དད་ཡོད་པ་ཅི་འགལ་ཏེ། བུམ་པ་གཅིག་ལ་དམིགས་པའི་བློ་དུ་མ་བཞིན་ནོ་སྙམ་དུ་ཞེན་པ་ལྡོག་དཀའ་བས། གོང་གི་དོན་རྒྱས་པར་ཕྱེ་ན། ཤེས་པ་སྔ་མའི་དུས་ན་ཡོད་པའི་ཤེས་བྱ་དེ་ཤེས་པ་སྔ་མས་ཤེས་བཞིན་པའི་སྐབས་དེ་ན་ཕྱི་མས་ཤེས་སམ་མ་ཤེས། ཤེས་པར་མི་སྲིད་དེ་དེ་དུས་ཤེས་པ་ཕྱི་མ་མ་སྐྱེས་ལ། མ་ཤེས་ན་ཤེས་པ་སྔ་མའི་ཤེས་བྱར་སོང་ལ། ཕྱི་མའི་ཤེས་བྱར་མ་སོང་བའི་སྐབས་ཤིག་སྲིད་དགོས་ལ། དེ་ལྟར་ན་ཕྱི་མའི་རང་དུས་སུའང་ཤེས་པར་མི་རུང་སྟེ། ཡུལ་དེ་གཅིག་པུ་ཆ་མེད་པའི་རྟག་པ་ཡིན་པར་འདོད་པ་ལ་དང་པོ་ཇི་ལྟར་ཡོད་པ་དེ་ཁོ་ན་ལྟར་ཕྱིས་ཀྱང་ཡིན་དགོས་ཀྱི། དེ་ལས་གཞན་ཞིག་ཡོད་ན་ཆ་མེད་པ་དང་རྟག་པ་ལས་ཉམས་པར་འགྱུར་རོ། །ཡང་ཕྱི་མའི་དུས་ལ་སྔ་མས་ཤེས་མི་ཤེས་དེ་ལྟར་དཔྱད་ནས་སྔ་ཕྱིའི་ཡུལ་གཅིག་ཡིན་ནོ་སྙམ་པ་འགོག་པ་ཡིན་ནོ། །དེས་ན་ཤེས་པ་སྔ་ཕྱིའི་རང་དུས་ཀྱི་ཡུལ་དེ་གཉིས་ཐ་དད་ཡིན་ཏེ། སྔ་མའི་ཡུལ་ཕྱི་མས་མ་ཤེས་ལ། ཕྱི་མའི་ཡུལ་སྔ་མས་མ་ཤེས་པའི་ཁྱད་པར་ཡོད་པའོ། །དེ་ལྟར་ཁྱད་ཕྱེ་རྒྱུ་མེད་པར་སྔ་མའི་ཡུལ་ཕྱི་མས་ཤེས། ཕྱི་མའི་ཡུལ་སྔ་མས་ཤེས་ན། ཕྱི་མའི་ཡུལ་ཤེས་པའི་ཤེས་པ་ཡིན་པས་ན་སྔ་མའང་ཕྱི་མའི་ཤེས་པར་འགྱུར་ལ། སྔ་མའི་ཡུལ་ཤེས་པའི་ཤེས་པ་ཡིན་པས་ན་ཕྱི་མའང་སྔ་མའི་ཤེས་པར་འགྱུར་ཏེ་རིམ་ཅན་གྱི་ཤེས་པ་དང་། འདས་མ་འོངས་དང་། ཡུལ་ཡུལ་ཅན་སོགས་ཀྱི་རྣམ་གཞག་མཐའ་དག་འཇིག་པར་འགྱུར་རོ། །དེས་ན་ཡུལ་གཅིག་པུ་ཆ་མེད་དུ་བདེན་ཕན་ཆད་དེ་ལ་དམིགས་པའི་བློ་ཡང་གཅིག་པུ་གཅིག་ཁོ་ན་ལས་དུ་མ་མི་སྲིད་པར་ཤེས་པར་བྱའོ། །དེ་ལའང་འདི་སྙམ་དུ་ཤེས་ངོ་ལ་སྣང་བའི་ཡུལ་ཐ་དད་ཡིན་ཡང་དོན་གྱི་ཡུལ་གཅིག་ཡིན་ནོ་ཞེས་ཤིན་ཏུ་བླུན་པ་དག་ཞེན་ན་དེའང་མི་རུང་སྟེ། བྱེ་སྨྲའི་ལུགས་ལ་ཡུལ་རྣམ་མེད་དུ་འདོད་པས་གྲུབ་མཐའ་དང་འགལ་ལ། གཞན་རྟག་སྨྲ་བས་དེ་ལྟར་ཁས་བླངས་ཀྱང་རུང་སྟེ། ཕྱི་དོན་གྱི་རྣམ་པ་གཏོད་བྱེད་གཅིག་ཡིན་པས་སྣང་ངོའི་ཡུལ་ལའང་མི་འདྲ་བ་ག་ལ་འོང་སྟེ་འོང་མི་རིགས་སོ། །ཡང་དེ་དག་འདི་སྙམ་དུ། གང་ཟག་དུ་མའི་བློས་ཡུལ་བུམ་པ་གཅིག་ལ་དམིགས་པ་ལྟར་བློ་ཐ་དད་ཀྱང་ཡུལ་གཅིག་ཡིན་པ་ཅི་འགལ་སྙམ་ན། བུམ་པ་གཅིག་ཅེས་པ་ནི་ལྟོ་ལྡིར་བའི་རྣམ་པར་སྣང་བ་ལ་བུམ་མིན་གཞན་རྣམ་པར་བཅད་པའི་བློས་བུམ་པ་ཞེས་ཐ་སྙད་བཏགས་ཏེ། རང་མཚན་གྱི་ཆོས་རྡུལ་དུ་མ་འདུས་པ་ལ་གཅིག་ཅེས་བཏགས་པ་ཙམ་ཡིན་གྱི་དེ་གཅིག་བདེན་མ་ཡིན་ལ། གཅིག་བདེན་ཡིན་ན་གང་ཟག་དུ་མའི་བློ་ཐ་དད་ཀྱིས་དམིགས་མི་རུང་བར་རིགས་པ་འདིས་གནོད་པ་ཡིན་པས་དེ་དཔེར་མི་རུང་ངོ་། །མདོར་ན་འདུས་བྱས་གཅིག་ལ་ཡུལ་དུས་ཐ་དད་པའི་བློས་དམིགས་པར་སྣང་བ་ནི་རྡུལ་དང་སྐད་ཅིག་ལ་སོགས་པའི་ཆ་དུ་མ་འདུས་པ་ལ་གཅིག་ཅེས་ཞེན་ནས་དེ་ལ་དམིགས་པར་རློམ་པ་ཡིན་ལ། འདུས་མ་བྱས་གཅིག་ལ་བློ་དུ་མས་དམིགས་པར་སེམས་པ་ནི། དགག་བྱ་བཅད་པའི་དངོས་མེད་ཀྱི་ཆ་ལ་དེར་ཞེན་པ་ཙམ་ལས་ཡུལ་གཞན་མེད་ཀྱང་། དངོས་པོ་ཡོད་པ་བཅད་པའི་གཞན་སེལ་གྱི་བློས་འདུས་མ་བྱས་ཞེས་པ་ལ་སོགས་པའི་ཐ་སྙད་བཏགས་པ་དེ་ལ་ཡུལ་དུ་ཞེན་ནས་ནམ་དེའི་ཐ་སྙད་དྲན་པ་ན་བློའི་ཡུལ་རྣམས་འདྲ་བ་ལྟ་བུར་སྣང་བ་ལ་གཅིག་ཏུ་བདེན་པར་ཞེན་པ་ཙམ་ཡིན་ནོ། །རིགས་པ་འདིས་ཆོས་ཉིད་རྟག་པ་བདེན་གྲུབ་དྲི་མ་རིམ་གྱིས་སྦྱོང་ཞིང་ཤེས་པ་སྔ་ཕྱིའི་ཡུལ་དུ་འདོད་པ་ལ་གནོད་པ་འདི་བས་ཐུ་བ་གཞན་མི་འདུག་ཅེས་མཁས་པ་རྣམས་གསུངས་པ་ལྟར། ཆོས་ཉིད་ཡིན་ཀྱང་རུང་སྟེ་རྟག་བདེན་དེ་ལས་མཁན་ཆེན་གྱི་རིགས་པ་འདི་ཆེས་སྟོབས་དང་ལྡན་པ་ཞིག་གོ། །དེའང་ངོ་བོ་སྟོང་པའི་གནད་ཀྱིས་བདེ་བར་གཤེགས་པའི་སྐུ་དང་ཡེ་ཤེས་ཀྱི་ཆོས་རྣམས་ཤེས་བྱའི་ཁོངས་ན་དེ་བས་མཆོག་གཞན་མེད་པ་མི་བསླུ་བའི་དམ་པ་དང་། དུས་ཚད་མེད་དང་ཕྱོགས་ཚད་མེད་དུ་འཇུག་པ་སོགས་ཇི་སྐད་བཤད་པའི་ཡོན་ཏན་ཐམས་ཅད་རིགས་པས་གནོད་མེད་དུ་འཇོག་ནུས་པའི་ཕྱིར་རོ། །དེ་ལ་གཞུང་འདིར་དུས་ལ་བརྟེན་པའི་ཤེས་པ་སྔ་ཕྱི་རིམ་ཅན་གྱི་ཡུལ་དུ་འགྱུར་ན་གཅིག་བདེན་མི་འགྲུབ་པ་ཙམ་གྱིས་འདུས་མ་བྱས་བདེན་གྲུབ་བཀག་ཀྱང་། དོན་དུ་ཕྱོགས་དུས་ཐ་དད་ལ་བརྟེན་པའི་ཤེས་པ་མཐའ་དག་གི་ཡུལ་དུ་འགྱུར་མི་འགྱུར་ལ་དཔྱད་ནས་འདུས་བྱས་འདུས་མ་བྱས་སམ། གལ་ཏེ་དེ་གཉིས་མིན་པར་སྨ་ཡང་རུང་སྟེ་དོན་དུ་ཤེས་བྱ་བདེན་གྲུབ་ཞིག་ཡིན་ཚད་འགོག་པ་ཡིན་ནོ། །དེ་ལ་ཕྱོགས་དུས་གང་ན་གཅིག་ཅེས་གང་ཡོད་པ་ཐམས་ཅད་ལ་གཅིག་བདེན་ནི་མི་སྲིད་ལ། ཆོས་དུ་མ་ལ་གཅིག་ཅེས་བཏགས་པ་ཙམ་དུ་ཟད་དེ། ཤེས་བྱ་མིན་པ་བཅད་ནས་ཤེས་བྱ་ཞེས་གཅིག་ཏུ་བཞག་པ་དང་། དེ་བཞིན་དུ་དངོས་པོ་བཅད་པའི་ད ངོས་མེད། དངོས་མེད་བཅད་པའི་དངོས་པོ་སོགས་མདོར་ན་རང་མ་ཡིན་པ་རྣམ་པར་བཅད་པའི་སྒྲ་དང་། རྟོག་པས་གཅིག་ཅེས་བཞག་མོད་ཀྱི། སོ་སོའི་གཅིག་ལའང་ནང་གསེས་མང་པོ་དབྱེ་བ་ཡོད་ཅིང་དབྱེ་བ་རེ་རེ་ལ་གཅིག་ཅེས་བཏགས་པའང་། མཐར་བེམ་ཤེས་རྡུལ་དང་སྐད་ཅིག་ཆ་མེད་ཀྱི་བར་དུ་དུ་མར་དབྱེར་ཡོད་ཀྱི་གཅིག་པུ་ཞིག་མི་རྙེད་ལ། ཆ་མེད་གཉིས་པོའང་ཇི་སྲིད་དམིགས་པ་དང་མ་བྲལ་གྱི་བར་དུ་གཅིག་པུར་བདེན་པ་མི་འགྲུབ་པ་དེས་ན་གཅིག་ཅེས་གང་བཞག་པ་ཀུན་ལ་དཔྱད་ན་ཐ་སྙད་དུ་བཏགས་པ་ཙམ་ལས་གཅིག་པུར་བདེན་པ་ཞིག་མི་འགྲུབ་བོ། །དེས་ན་ཤེས་པ་སྔ་མའི་ཡུལ་ཡང་འདི། ཕྱི་མའི་ཡུལ་ཡང་འདི་ཞེས་པ་ལྟ་བུ་ནི་སྐད་ཅིག་མའི་ཆོས་དུ་མ་ལ་གཅིག་ཏུ་བཏགས་པར་ཟད་ལ། ཁྱོད་ཀྱིས་མཐོང་བ་འདི་ངས་མཐོང་བའང་འདི་ཞེས་པ་ལྟ་བུའི་དུས་གཅིག་ཏུ་ཕྱོགས་ཐ་དད་ཀྱི་ཤེས་པའི་ཡུལ་གཅིག་པུར་གཟུང་བ་ནི། ཡུལ་དེ་ཉིད་ཀྱི་གདགས་གཞིའི་ཆོས་དུ་མ་ལ་གཅིག་ཏུ་བཏགས་པར་ཟད་ཀྱི། མདོར་ན་ཕྱོགས་དུས་ཀྱི་ཤེས་པའི་ཡུལ་གང་ཡིན་ཀྱང་གཅིག་བདེན་ནི་མི་སྲིད་དོ། །འོ་ན་དངོས་མེད་ལ་ཆ་དབྱེ་རྒྱུ་མེད་དོ་སྙམ་ན། སྤྱིར་དངོས་མེད་ལ་བུམ་མེད་གཏན་མེད་སོགས་དབྱེར་ཡོད་ལ། བྱེ་བྲག་བུམ་མེད་ལྟ་བུ་ལའང་གསེར་བུམ་མེད་པ་སོགས་དངོས་པོ་ཇི་སྙེད་ཀྱི་གྲངས་བཞིན་ལྡན་ལ། རང་རང་གི་དགག་བྱ་དེ་བཅད་ཙམ་གྱི་ཆ་ཞིག་ལ་བློས་དེ་ལྟར་བཟུང་བ་ཙམ་ཡིན་པས། བློ་ངོ་ན་སྣང་བའི་ཡུལ་ལྟ་བུ་དེ་ལས་ཕྱི་རོལ་ན་རང་དབང་གིས་གནས་པ་ཅུང་ཟད་ཀྱང་མེད་དོ། །དེས་ན་དངོས་པོ་དང་དངོས་མེད་ཀྱི་ཆོས་གང་དག་ཤེས་པ་ཐ་དད་པས་ཡུལ་དུ་གྱུར་ཕན་ཆད་ཡུལ་དེ་ལ་བདེན་པར་གྲུབ་པའམ། གཅིག་པུའི་བདག་ཉིད་དུ་བདེན་པ་མེད་པར་ཤེས་པར་བྱ་སྟེ། གལ་ཏེ་བརྟགས་པའི་མཐའ་བཟུང་ན་འདི་ལྟར་རྡུལ་ཕྲ་རབ་ལྟ་བུ་ཞིག་གཅིག་པུར་བདེན་ན། དེ་རང་ས་ན་ཕྲ་མོར་བདེན་འདུག་རྒྱུ་ཡོད་པ་མ་ཡིན་ཏེ། དེའི་སྟེང་ན་ཆོས་གཞན་ཞིག་དབྱེ་བ་མི་སྲིད་པ་དགོས་ལ། དེ་ལྟར་ན་དེ་འབའ་ཞིག་ཙམ་ལས་ཤེས་བྱ་གཞན་ཐམས་ཅད་མི་སྲིད་པར་འགྱུར་དགོས་ཏེ་ཤེས་བྱའི་ཁོངས་ན་ཆོས་གང་བདེན་པར་ཡོད་ཀྱང་དེ་དང་འདྲའོ། །དེ་ལ་རྡུལ་ལྟ་བུ་གཅིག་པུའི་ཆོས་སུ་བདེན་པར་གཞག་པ་དེ་ལ། ཕྱོགས་ཀྱི་དབང་དུ་ན་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཤེས་པ་ཐ་དད་ཀྱི་ཐ་སྙད་གཞག་ཏུ་རུང་ངོ་ཅོག་ལས་གང་དུ་ཞིག་གིས་ཡུལ་དེ་མ་དམིགས་པ་ཡོད་ན་ཡུལ་དེའི་སྟེང་དུ་དེ་སྙེད་ཀྱིས་མ་དམིགས་པའི་ཆོས་ཀྱི་དབྱེ་བ་རུང་ལ། དུས་ཀྱི་དབང་དུ་ན་སེམས་ཅན་ཐམས་ཅད་ཀྱི་བསྐལ་པ་ལོ་ཟླ་ཞག་དུས་སྐད་ཅིག་གི་སེམས་ཚད་མེད་པ་ལས་དུ་ཞིག་གིས་མ་དམིགས་ན་དེ་དང་དེའི་གྲངས་ཀྱིས་མ་དམིགས་པའི་ཆོས་སུ་དབྱེ་རུང་ཞིང་། ཤེས་པ་མིན་པ་བུམ་པ་མིན་པ་སོགས་ཁོ་རང་མིན་པའི་ཤེས་བྱའི་ཆ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་སུ་དབྱེར་རུང་ལ། ཡང་ལྡོག་ཕྱོགས་ནས་ཕྱོགས་དུས་ཀྱི་ཤེས་པ་དུ་ཞིག་གིས་དམིགས་ཀྱང་དེ་དང་དེས་དམིགས་པའི་རྡུལ་ཕྲན་ཞེས་དུ་མའི་ཆོས་སུ་གཞག་རུང་ལ། ཕྲ་མོ་ཡིན་པ། ཆུང་ངུ་ཡིན་པ། ཤེས་བྱ་ཡིན་པ་སོགས་བློས་བཏགས་ཡིན་པའི་ཆ་ཇི་ཡོད་པ་དེ་སྙེད་ཀྱི་གྲངས་སུའང་འགྱུར་ཞིང་དུ་མར་བཤིག་ཏུ་ཡོད་ན། དེ་རྣམས་ཀྱི་ནང་ནས་གཅིག་པུར་བདེན་པ་དེ་གང་ལ་ངོས་འཛིན། དེ་རྣམས་ཀྱི་ནང་ནས་གང་ཡང་མིན་པར་ལོགས་ཤིག་ཏུ་གཅིག་པུར་བདེན་པ་ཞིག་འདོད་ན་ནི། ཕྱོགས་དུས་ཀྱི་ཤེས་པ་གང་གི་ཡང་ཤེས་བྱར་མི་རུང་བས་གཅིག་པུར་བདེན་ནོ་ཞེས་པའང་དམ་བཅའ་ཙམ་མ་ཡིན་ནམ། དེ་རྣམས་ནི་དུ་མ་ཚད་མེད་པ་ཡིན་པས་དེ་རྣམས་ཆོས་གཅིག་གི་ངོ་བོར་གཅིག་ཏུ་བདེན་པའང་ག་ལ་སྲིད། དེ་རྣམས་ལས་གང་ཡང་རུང་བ་ཞིག་བཟུང་ནས་འདིའོ་ཞེས་དེ་ལ་སླར་ཡང་ཆ་དབྱེ་རྒྱུ་མེད་པ་ཞིག་ནི་མི་རྙེད་ལ། ཆོས་དུ་མར་དབྱེར་ཡོད་པ་ལ་གཅིག་མ་ཡིན་པ་དང་། དབྱེ་བ་མེད་པ་ལ་གཅིག་པུར་བདེན་ཞེས་མི་འདོགས་ན་གཅིག་པའི་ཆོས་སུ་འཇོག་པའི་རྒྱུ་གཞན་ཤེས་བྱའི་ཁོངས་ན་རྙེད་པར་དཀའ་བ་མ་ཡིན་ནམ། མདོར་ན་ཤེས་བྱའི་ཁོངས་འདི་ན་ངོ་བོ་ཅི་འདྲ་བ་ཞིག་ཡིན་ཡང་རུང་སྟེ། གཅིག་པུར་བདེན་པའི་ཆོས་ཤིག་ཡོད་ན། ཕྱོགས་དུས་ཀྱི་ཤེས་པ་ཚད་མེད་པ་ཀུན་གྱིས་དེ་འབའ་ཞིག་དམིགས་པ་ལས་གཞན་ཆོས་གཅིག་ཀྱང་དམིགས་པ་མི་སྲིད་པ་དང་། དེ་འབའ་ཞིག་མ་གཏོགས་ཕྱོགས་དུས་ཀྱི་ཆོས་གཞན་གཅིག་ཀྱང་མེད་དགོས་ལ། མཐར་འདི་ནི་གཅིག་པུའོ་ཞེས་ཤེས་པ་རང་ལས་ཐ་དད་པའི་ཡུལ་ཅན་ཀྱང་མེད་དགོས་ཏེ། གལ་ཏེ་ཡོད་ན་ཡུལ་གཅིག་པུ་དེ་མིན་པའི་ཆ་ཞིག་དབྱེར་ཡོད་པའི་ཕྱིར་རོ། །རང་ཡུལ་དུ་བྱེད་པའི་ཤེས་པ་དེའང་མེད་ན་ཡུལ་གཅིག་བདེན་དེའང་སུ་ཞིག་གིས་དམིགས་ཏེ་དམིགས་མི་སྲིད་ལ། དེ་ལྟར་ན་ཤེས་བྱའི་སྣང་བ་སྣ་ཚོགས་པ་གང་ཡང་རི་བོང་གི་རྭ་ལྟར་གཏན་མེད་དུ་འགྱུར་རོ། །དེའི་ཕྱིར་ན་ཤེས་བྱའི་ཁོངས་ན་གཅིག་པུར་བདེན་པའི་ཆོས་ཤིག་གཞི་མ་གྲུབ་མི་འགྲུབ་འགྲུབ་པར་མི་འགྱུར་བས་ན་ཕྱོགས་དུས་ཀྱི་སྣང་བ་སྣ་ཚོགས་ཆེས་བཀྲ་བ་འདི་འཐད་པ་ཡིན་ནོ། །ཤེས་བྱའི་ཁོངས་ན་བདེན་གྲུབ་གཅིག་ཡོད་ན། །ཤེས་བྱ་འདི་ཀུན་གཏན་ནས་མི་སྣང་འགྱུར། །ཤེས་བྱ་གཅིག་ཀྱང་བདེན་པར་མ་གྲུབ་པས། །མཐའ་མེད་ཤེས་བྱའི་ཆོས་ཚུལ་རྣམ་པར་བཀྲ། །ཨེ་མ་ཆོས་རྣམས་ཀྱི་ཆོས་ཉིད་ནི་བསམ་གྱིས་མི་ཁྱབ་ཅིང་ངོ་མཚར་ཆེ་ལ་དེ་མཁྱེན་པའི་དེ་བཞིན་གཤེགས་པའི་མཉམ་པ་ཉིད་སྟོན་པའི་སེང་གེའི་སྒྲ་ཐོས་པ་ལས་བློ་གྲོས་ཀྱི་ལུས་སྟོབས་ཆེས་ཆེར་རྒྱས་པས་མཐའ་མེད་པའི་ནམ་མཁའ་ཉིད་ཁམ་གཅིག་གིས་ཟ་བར་བཟོད་པ་ལྟ་བུ་གང་གིས། སྣང་སྲིད་ལ་སྤྲོས་པ་ཅིག་ཅར་གཅོད་པ་ཤིན་ཏུ་ཟབ་ཅིང་དཔགས་པར་དཀའ་བའི་རིགས་པ་འཇམ་དབྱངས་ཕྱག་གི་རལ་གྲི་འདི་ཐོགས་ལ། ཆོས་གཅིག་ཀྱང་བདེན་པར་མ་གྲུབ་པས་ཐམས་ཅད་སྣང་བའི་ཕྱིར་སྟོང་པ་རྟེན་འབྱུང་དུ་འཆར་ཚུལ་ཁྱད་པར་ཅན་ལ་ཡིད་ཆེས་ལྡོག་པ་མེད་པ་ཀུན་ལ་བསྐྱེད་པར་མཛོད་ཅིག །དེ་ལྟར་གཞུང་གི་རིགས་པ་ལས་འཕྲོས་ཏེ་བདེན་སྟོང་ཆེན་པོའི་རིགས་པ་འདི་ནི་རང་བློས་རྩལ་དུ་བཏོན་ཏེ་སྐལ་ལྡན་རྣམས་ལ་བཤད་པ་ཡིན་ནོ། །ས་བཅད་གཉིས་པ་རྗེས་སུ་མི་འབྲང་ན་མི་འཐད་པ་ལ། ཡུལ་འདུས་མ་བྱས་སྐད་ཅིག་མར་ཐལ་བ་དང་། དེ་ལྟར་ཁས་ལེན་ན་སྐྱོན་ཡོད་པར་བསྟན་པ་གཉིས། དང་པོ། སྔོན་དང་ཕྱི་མའི་གནས་རྣམས་སུ། དེ་ཡི་ངོ་བོ་མི་འབྱུང་ན། །འདུས་མ་བྱས་དེ་ཤེས་པ་བཞིན། །སྐད་ཅིག་འབྱུང་བར་ཤེས་པར་བྱ། །ཞེས་གསུངས་ཏེ། གལ་ཏེ་ཕྱོགས་གཉིས་པ་ལྟར་ཁས་བླངས་ཏེ། ཤེས་པ་སྔོན་མ་དང་ཕྱི་མའི་གནས་སྐབས་རྣམས་སུ་ཡུལ་དེ་ཡི་ངོ་བོ་གཅིག་ཁོ་ན་མི་འབྱུང་བར་ཤེས་པ་སྔ་མ་རང་དུས་ཀྱི་ཡུལ་འདུས་མ་བྱས་དེ་ཤེས་པ་ཕྱི་མའི་གནས་སྐབས་ན་མེད། ཕྱི་མའི་ཡུལ་སྔ་མའི་དུས་ན་མེད་པར། མདོར་ན་རང་ཡུལ་བྱེད་ཀྱི་ཤེས་པ་སོ་སོའི་ཡུལ་སོ་སོ་བ་ཡིན་གྱི་གཅིག་གི་ཡུལ་གཅིག་ལ་རྗེས་སུ་འབྲང་བ་མིན་ན་ནི། ཡུལ་འདུས་མ་བྱས་དེ་ཡང་། དཔེར་ན་སྐྱེས་མ་ཐག་ཏུ་འགགས་ནས་དུས་གཞན་དུ་མི་གནས་པའི་རྣམ་པར་ཤེས་པ་ཇི་ལྟ་བ་བཞིན་དུ། སྐད་ཅིག་མའི་རང་བཞིན་དུ་འབྱུང་བ་ལས་མི་འདའ་བར་བློ་དང་ལྡན་པ་རྣམས་ཀྱིས་ཤེས་པར་བྱའོ། །གཉིས་པ་དེ་ལྟར་ཁས་ལེན་ན་སྐྱོན་བསྟན་པ་ལ། རྐྱེན་ལ་ལྟོས་ན་འདུས་བྱས་སུ་ཐལ་བ། མི་ལྟོས་ན་རྟག་ཏུ་ཡོད་པའམ་མེད་པར་ཐལ་བ་གཉིས། དང་པོ། སྔ་མ་སྔ་མའི་སྐད་ཅིག་གི །མཐུ་ཡིས་འབྱུང་བར་འགྱུར་པ་ན། །འདུས་མ་བྱས་སུ་འདི་མི་འགྱུར། །སེམས་དང་སེམས་ལས་བྱུང་བ་བཞིན། །ཞེས་གསུངས་ཏེ། དེ་ལྟར་ཡུལ་ཅན་སོ་སོའི་ཡུལ་འདུས་མ་བྱས་དེ་སོ་སོ་བར་གྲུབ་པས་སྐད་ཅིག་མར་གྲུབ་ལ། དེ་ལྟར་ནའང་ད་རུང་འདུས་མ་བྱས་ཡོད་དོ་ཞེས་རློམ་པ་དེ་དག་ལ་འདི་དྲི་སྟེ། དེ་ལྟ་བུའི་ཡུལ་ཅན་སོ་སོའི་ཡུལ་དུ་གྱུར་པའི་འདུས་མ་བྱས་དེ་རྣམས་རྐྱེན་ལ་ལྟོས་སམ་མི་ལྟོས་ཞེས་དྲིའོ། །ཕྱོགས་དང་པོ་ལྟར་ཡུལ་འདུས་མ་བྱས་རང་གི་སྔ་མ་སྔ་མའི་སྐད་ཅིག་མ་རིམ་པར་འབྱུང་བ་གང་གི་མཐུ་ཡིས་སྐད་ཅིག་ཕྱི་མ་ཕྱི་མ་རྣམས་འབྱུང་བར་འགྱུར་བ་ཡིན་ན་ནི། རྒྱུ་དང་རྐྱེན་ལས་སྐྱེས་པའི་དངོས་པོ་ཡིན་པའི་ཕྱིར་འདུས་མ་བྱས་སུ་འདི་མི་འགྱུར་ཏེ། དཔེར་ན་འདུས་བྱས་སེམས་དང་སེམས་ལས་བྱུང་བ་ཇི་ལྟ་བ་བཞིན་དུ་འགྱུར་རོ། །གཉིས་པ། སྐད་ཅིག་མ་རྣམས་འདི་དག་ཏུ། །རང་དབང་འབྱུང་བར་འདོད་ན་ནི། །གཞན་ལ་ལྟོས་པ་མེད་པའི་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་ཕྱོགས་གཉིས་པ་ལྟར་ཁས་བླངས་ཏེ། འདི་ལྟར་ཡུལ་འདུས་མ་བྱས་ཀྱི་སྐད་ཅིག་མ་རྣམས་རང་ཡུལ་བྱེད་ཀྱི་ཤེས་པ་སོ་སོའི་རང་དུས་ལ་སོགས་པ་འདི་དག་ཏུ་སྐད་ཅིག་སྔ་མ་སོགས་རྐྱེན་ལ་ལྟོས་མི་དགོས་པར་རང་དབང་དུ་འབྱུང་བར་འདོད་ན་ནི། རྒྱུ་གཞན་ལ་ལྟོས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་ན། དུས་རྟག་ཏུ་ཡོད་པའམ། ཡང་ན་རྟག་ཏུ་མེད་པར་འགྱུར་བ་ཁོ་ནར་ཟད་དོ། །དེ་ལ་རྒྱུ་མེད་པའི་དངོས་པོ་ཞིག་ཁས་ལེན་ན་རྟག་ཏུ་ཡོད་མེད་གང་རུང་དུ་འགྱུར་དགོས་ཚུལ་ནི། བརྟགས་མཐའ་བཟུང་སྟེ་གལ་ཏེ་རྒྱུ་མེད་བཞིན་པའི་དངོས་པོ་ཞིག་ཡོད་སྲིད་ན་དེ་རྟག་ཏུ་ལྡོག་པ་མེད་པར་ཡོད་པར་ཅིས་མི་འགྱུར་ཏེ། དངོས་པོ་གཞན་སྔར་ཡོད་ལ་ཕྱིས་མེད་པ་རྣམས་ནི་རྒྱུ་ལོག་སྟོབས་ཀྱིས་འབྲས་བུ་ལྡོག་པའི་སྟོབས་ཀྱིས་ཡོད་པ་དང་མེད་པའི་གནས་སྐབས་སྲིད་པ་ཡིན་ལ། འདི་ལ་རྒྱུ་མེད་པས་དེ་ལོག་པ་མེད་ལ་རང་གི་ངོ་བོ་ནི་ལན་ཅིག་སྲིད་ཟིན་པས་མ་འོངས་པ་ནའང་ལྡོག་པ་མི་སྲིད་ལ། འདི་མ་བྱུང་བའི་དུས་ཀྱང་མི་སྲིད་དེ། དངོས་པོ་གཞན་མ་སྐྱེས་པ་ནི་རྒྱུ་མ་ཚང་བས་ཤོལ་བ་ཡིན་ལ། འདི་ལ་རྒྱུ་མི་དགོས་པས་ནམ་ཡང་ཡོད་པར་ཅིས་མི་འགྱུར་ལ་དེ་བཞིན་དུ་ཕྱོགས་ཀུན་ནའང་ཡོད་དགོས་ལ། ཡང་ན་དངོས་པོ་རྣམས་ཡོད་པ་འདི་དག་ནི་རང་རང་གི་རྒྱུ་ཡིས་བྱས་པ་སྟེ། ས་བོན་མ་བཏབ་བཞིན་དུ་ལོ་ཏོག་ཉེ་བར་སྣང་ནས་ལོངས་སྤྱོད་པ་མེད་ནའང་། ས་བོན་བཏབ་ན་ལོ་ཏོག་མངོན་སུམ་ཡོད་པར་བྱར་རུང་བ་བཞིན་རྒྱུ་ལ་ལྟོས་ཚད་ཀྱི་དངོས་པོ་རྒྱུའི་སྟོབས་ཀྱིས་མངོན་སུམ་དུ་ཡོད་ཅིང་སྣང་དུ་རུང་མོད་ཀྱི། གང་ལ་རྒྱུ་མེད་པ་དེ་དག་རྒྱུའི་རྗེས་སུ་མི་བྱེད་པ་ཡིན་པས་དེ་ནམ་དུའང་ཡོད་པར་བྱར་མི་ནུས་ཤིང་ཡོད་པར་མི་རུང་སྟེ་རི་བོང་གི་རྭ་ལ་སོགས་པ་བཞིན་ནོ། །དེས་ན་འདུས་མ་བྱས་སྐད་ཅིག་མ་རྣམས་འདུས་བྱས་སུ་འགྱུར་དུ་དོགས་ནས་རྒྱུ་ལ་ལྟོས་མེད་དུ་ཁས་ལེན་པ་དེ་དག་གིས་རྟག་ཏུ་ཡོད་པའི་སྐད་ཅིག་མའམ། རྟག་ཏུ་ཡོད་མ་མྱངས་བའི་སྐད་ཅིག་དུ་མ་ཞིག་ཁས་ལེན་དགོས་པས་འགལ་འདུ་ལ་དེ་ལས་ཆེ་བ་མེད་ཅིང་བཞད་གད་ཀྱི་གནས་སོ། །དེས་ན་དངོས་པོ་བསལ་ཙམ་གྱི་གཞན་སེལ་རྟོག་པའི་གཟུགས་བརྙན་ལ་ཡུལ་འདུས་མ་བྱས་ཞེས་གཅིག་བདེན་དུ་བརློམས་པར་ཟད་ཀྱི། ཡུལ་ཁོ་རང་གི་ངོ་བོ་ལ་ཐ་སྙད་དུ་དོན་བྱེད་པའི་ནུས་པའང་མེད་ན་དོན་དམ་པར་གྲུབ་པ་ལྟ་ཅི་སྨོས། དེས་ན་དོན་བྱེད་ནུས་ཀྱི་དངོས་པོ་གནོད་མེད་ཀྱི་དབང་པོ་ལ་མངོན་སུམ་སྣང་བའི་ཆོས་རྣམས་ལ་དེ་དང་དེར་ཞེན་པའི་འགྲོ་བ་རྣམས་ནི་འོས་ཤིང་། མངོན་སུམ་དུ་མ་སྣང་། ཚད་མས་མི་འགྲུབ་པའི་རྟག་དངོས་སོགས་ལ་བློ་རྟེན་འཆའ་བ་རྣམས་ནི་ཆེས་མི་འོས་པ་ཉིད་དོ། །གསུམ་པ་རྟག་དངོས་བཀག་པའི་མཇུག་བསྡུ་བ་ནི། དོན་བྱེད་ནུས་པ་མ་ཡིན་ལ། །དེ་འདོད་བརྟགས་པས་ཅི་ཞིག་བྱ། །མ་ནིང་གཟུགས་བཟང་མི་བཟང་ཞེས། །འདོད་ལྡན་རྣམས་ཀྱིས་བརྟགས་ཅི་ཕན། །ཞེས་གསུངས་ཏེ། དེ་ལྟར་རྟག་བདག་དང་དབང་ཕྱུག་འདུས་མ་བྱས་སོགས་ལ་རློམ་པས་གཞག་པ་ཙམ་ལས་ཡུལ་རང་ལ་དོན་བྱེད་པའི་ནུས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་དེ་འདྲ་བ་ལ། ཡུལ་དེ་ལྟ་བུ་བྱེད་པ་པོ་སོགས་སུ་འདོད་པའི་བློས་ནན་གྱིས་དེ་ཡོད་པར་བརྟགས་པས་ཅི་ཞིག་བྱ་སྟེ། དཔེར་ན་འཁྲིག་པ་བརྟེན་མི་ནུས་པའི་མ་ནིང་ཞིག་ལ་དམིགས་ནས་འདི་གཟུགས་བཟང་ངམ་མི་བཟང་ཞེས། འཁྲིག་པའི་འདོད་པ་དང་ལྡན་ཞིང་དོན་དུ་གཉེར་བའི་བུད་མེད་རྣམས་ཀྱིས་ཡུལ་དེ་བརྟགས་པས་ཅི་ཞིག་ཕན་ཏེ། དེ་དག་གིས་གྲུབ་ཏུ་རེ་བའི་འདོད་དོན་ནི་འཁྲིག་པ་ཡིན་ན། མ་ནིང་དེ་འཁྲིག་པའི་དོན་བྱེད་པའི་ནུས་པ་དང་བྲལ་བས་རེ་བ་སྒྲུབ་མི་ནུས་པ་དང་འདྲ་བར་རྟག་དངོས་ཀྱི་ཡུལ་དེ་འདྲ་བ་ནི་དོན་བྱེད་པའི་ནུས་པས་སྟོངས་པས་དེ་ཁས་བླངས་ཀྱང་། ཁས་བླངས་པའི་དོན་ལྟར་ཐོབ་པ་ནམ་ཡང་མེད་དོ། །དེས་ན་བློ་དང་ལྡན་པ་རྣམས་ནི་དོན་བྱེད་ནུས་པའི་དངོས་པོ་རྣམས་ལ་དགག་པ་དང་བསྒྲུབ་པའི་རྣམ་གཞག་བྱེད་ཀྱི། མེད་བཞིན་ནན་གྱིས་བཏགས་པའི་དོན་མེད་ཀྱི་ངལ་བ་དང་དུ་མི་ལེན་ཞིང་མི་བསྒྲུབ་ལ། དེ་ཉིད་ཀྱི་ཕྱིར་ན་ནད་མེད་ལ་སྨན་བཏུང་མི་དགོས་པ་ལྟར་དགག་དགོས་པའང་མེད་པས་བཏང་སྙོམས་སུ་བྱ་བ་ཡིན་ནོ། །འོ་ན་གོང་དུ་རྟག་དངོས་མ་བཀག་གམ་ཞེ་ན། དེ་ནི་གཞན་གྱི་ལོག་རྟོག་དགག་པ་སྟེ། གལ་ཏེ་གཞན་གྱིས་དེ་ལྟར་བརྟགས་སུ་ཟིན་པ་མིན་ན་དགག་པའང་བྱེད་མི་དགོས་པས་དགག་པ་དེ་ནི་གཞན་དབང་གིས་བྱུང་བར་ཤེས་པར་བྱའོ། །དེས་ན་དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་ཅེས་སྨྲ་ཞིང་། དངོས་པོ་དེ་ལྟ་བུ་ལ་གང་ཟག་དང་ཆོས་ལ་བདག་མེད་པ་ལ་སོགས་པ་ཚད་མ་གཉིས་ཀྱི་སྒྲུབ་པ་ཕྱིན་ཅི་མ་ལོག་པ་སྟོན་ཅིང་། དེ་ལས་བཟློག་པ་སྒྲོ་བཏགས་པའི་དངོས་པོ་དགག་པར་བྱེད་དེ། དོན་བྱེད་ནུས་པ་བརྟག་གཞིར་བྱས་པ་ལ་དགག་སྒྲུབ་ཀྱི་ཚད་མས་བཅད་པ་ལྟར་སྐྱེས་བུའི་དོན་བསླུ་མེད་དུ་ཐོབ་ནུས་པ་ཡིན་ཏེ། འདོད་ལྡན་བུད་མེད་ཀྱིས་སྐྱེས་པ་ལ་བརྟག་པ་བཞིན་ནོ། །འོ་ན་དངོས་པོ་ཙམ་ལ་བདག་མེད་བསྒྲུབ་པ་ཡིན་པས་ཆོས་ཐམས་ཅད་བདག་མེད་པར་མ་བསྟན་ནོ་སྙམ་ན་མ་ཡིན་ཏེ། ཐམས་ཅད་ཅེས་པའི་སྒྲས་བརྗོད་པར་འདོད་པའི་དོན་མ་ལུས་པ་བརྗོད་ལ། བརྗོད་པར་འདོད་པ་ནི་དོན་བྱེད་ནུས་ཀྱི་དངོས་པོ་ལ་འཛིན་ནོ། །དངོས་པོ་ལ་བདག་མེད་པར་རྟོག་ན་དངོས་མེད་ལ་ཅིའི་ཕྱིར་མི་རྟོག་སྟེ། དངོས་མེད་ནི་དངོས་པོ་བཅད་པའི་མེད་དགག་ཙམ་ལས་གཞན་དུ་མེད་པས་ན་ཐ་སྙད་ཀྱི་ཚད་མས་ཀྱང་དོན་བྱེད་ནུས་སྟོང་ལ་ཡུལ་རང་དབང་དུ་གྲུབ་པ་ཅུང་ཟད་ཀྱང་མེད་པར་ངེས་ནས། དངོས་མེད་ཁོ་རང་རང་རྐྱ་ཐུབ་པར་གཞིར་བཞག་ལ་དགག་སྒྲུབ་མི་བྱེད་པར་བསྟན་ན་དོན་དམ་པར་མ་གྲུབ་པ་ལྟ་ཅི་སྨོས། དངོས་པོ་ལ་རྣམ་པར་དཔྱད་དེ་དངོས་པོ་གང་དགག་པ་དེ་ལ་དངོས་མེད་ཅེས་བཏགས་ཀྱི། དེ་ལས་ལོགས་སུ་དངོས་མེད་ཅེས་རང་དབང་གིས་བློར་འཆར་བ་ནམ་ཡང་མི་སྲིད་ན་མཁས་པ་དག་གིས་དེ་རང་རྐྱ་ཐུབ་པར་ཡོད་པར་ཇི་ལྟར་འཛིན། མ་བཟུང་ན་དེ་ཁོ་ན་ལ་དགག་ཀྱང་ཅི་དགོས་ལ། བསྒྲུབ་ཀྱང་ཅི་སྒྲུབ་སྟེ་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་བཏང་སྙོམས་སུ་གཞག་པ་ཞེས་བྱའི། དངོས་མེད་སོགས་ཀྱི་ཐ་སྙད་ནི་ཡོང་ཅིང་དེ་དངོས་པོ་ལ་བརྟེན་ནས་འབྱུང་གི་ལོགས་སུ་འབད་པ་རྩོམ་དགོས་པ་མིན་ནོ། །དེས་ན་ཀུན་རྫོབ་ནི་དོན་བྱེད་ནུས་ཀྱི་དངོས་པོ་ཁོ་ན་ལ་འཇོག་ལ། དེ་ནི་དོན་བྱེད་ནུས་པ་ཡིན་པའི་ཕྱིར་ན་སྐད་ཅིག་མ་ཡིན་པས་ཁྱབ་སྟེ། གཞན་སྐད་ཅིག་མ་མིན་པ་ནི་རིམ་དང་ཅིག་ཤོས་ཀྱི་དོན་བྱེད་པ་དང་འགལ་བའི་ཕྱིར་རོ། །ཚུལ་འདི་ཀུན་རྫོབ་བཤད་པའི་སྐབས་སུ་གནད་ཆེའོ། །དེ་ལྟར་ཐ་སྙད་ལ་དཔྱད་ནས་རྫས་ཡོད་ལ་ཀུན་རྫོབ་ཏུ་འཛིན་པའི་ལུགས་ལ། བཏགས་ཡོད་ཙམ་ནི་རང་རྐྱ་ཐུབ་པའི་ངོ་བོར་མེད་པས། དེ་དག་དོན་གཞན་ཤིག་ཏུ་གཞག་མི་དགོས་ཏེ། བུམ་པ་དང་བུམ་པའི་སྤྱི་ལ་སོགས་པ་བཞིན་ནོ། །དེའང་དོན་དམ་པར་རྟག་མི་རྟག་གཉིས་གང་དུའང་མ་གྲུབ་ཀྱང་། ཐ་སྙད་དུ་དངོས་པོ་རྣམས་མི་རྟག་པར་ངེས་པ་ཡིན་ཅིང་རྟག་པའི་ཐ་སྙད་ནི་མི་རྟག་པ་ལས་ལོག་ཙམ་ལ་རྟག་པར་བཞག་པ་དང་། རིགས་འདྲ་རྒྱུན་མི་འཆད་པ་ལ་རྟག་པ་ཞེས་བཏགས་ལ་ཙམ་དུ་ཤེས་པར་བྱའོ། །དེས་ན་གནས་ཚུལ་ལ་དཔྱོད་པའི་ངོར་ཆོས་ཐམས་ཅད་བརྟེན་ནས་བཏགས་པ་ཙམ་དུ་གནས་ལ། རྟེན་ཅིང་འབྲེལ་བའི་ངང་ཚུལ་ཅན་གྱི་སྣང་བ་རྣམས་ནི་མ་གྲུབ་བཞིན་དུ་འགོག་ཏུ་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ་ཡིན་པ་དེས་ན་གང་གཅིག་པུར་བདེན་པ་མི་སྲིད་དོ། །དེས་ན་གཅིག་དུ་བྲལ་འདིས་དུས་དང་རྣམ་པ་ཀུན་ཏུ་གཅིག་བདེན་འགོག་གི །ཐ་སྙད་བཏགས་པའི་གཅིག་ཙམ་འགོག་པ་མིན་པར་ཤེས་པར་བྱའོ། །བཏགས་པའི་གཅིག་ཙམ་ནི་དུ་མ་ལ་གཅིག་ཅེས་བཏགས་པ་ཙམ་ཡིན་པས་དོན་དུ་གཅིག་པུར་གྲུབ་པ་མ་ཡིན་པས་དེས་གཅིག་བདེན་ལ་མི་གནོད་དོ། །དེ་བཞིན་དུ་ཡང་དག་པར་བདེན་གྲུབ་དང་། ཐ་སྙད་བཏགས་ཙམ་གྱི་གྲུབ་པ་སོགས་ཤན་ཕྱེད་པ་རྣམ་པ་ཀུན་ཏུ་གལ་ཆེ་སྟེ། སེནྡྷ་པའི་སྒྲ་བཞིན་དུ་ཐད་ཀར་གོ་བ་ཤན་ཕྱེད་པ་ཞིག་ལེན་མ་ཤེས་ན་གཞུང་གང་འཆད་ཉན་སེམས་ཀྱང་རྩྭ་པལ་བ་ཛ་བཞིན་འཛིངས་ནས་ཅིར་ཡང་ངོས་མི་ཟིན་པ་འབྱུང་བས་ཤན་ཕྱེད་པར་བྱའོ། །གཉིས་པ་གང་ཟག་གཅིག་བདེན་དགག་པ། སྐད་ཅིག་སྐད་ཅིག་མ་ཡིན་པར། །གང་ཟག་བསྟན་དུ་མི་རུང་བས། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བར་གསལ་བར་རབ་ཏུ་ཤེས། །ཞེས་གསུངས་ཏེ། དེ་ལ་འཁོར་བ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་བཅིང་གྲོལ་གྱི་ཐ་སྙད་གདགས་པའི་གཞིར་གྱུར་པ་སེམས་ཅན་རྣམས་ཀྱི་རྒྱུད་ལ་གཅིག་པུར་ཞེན་ནས་གང་ཟག་ཅེས་ཐ་སྙད་བཏགས་ཏེ། གང་ཟག་འཁོར་བར་འཁྱམས། ཐར་པ་ཐོབ་ཅེས་སྔ་ཕྱིའི་སྐད་ཅིག་དུ་མ་བསྡོམས་པ་ལ་འཇོག་པའི་ཕྱིར་རོ། །དེ་ལ་བློས་དམིགས་ནས་བདག་དང་སྐྱེས་བུ་ལ་སོགས་པའི་རྣམ་གྲངས་ཀྱིས་བརྗོད་ཅིང་རང་རྒྱུད་དུ་གཏོགས་པ་གང་ཡིན་པ་དེ་ལ། འགྲོ་བ་རྣམས་ནི་མ་བརྟགས་མ་དཔྱད་པར་ངའོ་སྙམ་དུ་འཛིན་ཞིང་། དེའང་ཕྱི་རོལ་པ་རྣམས་ནི་བདག་དེ་ཉིད་ཟ་བ་པོ་དང་། རྟག་པའི་དངོས་པོ་དང་། རྣམ་འགྱུར་གྱི་བྱེད་པ་པོ་མིན་པ་སོགས་ཀྱི་མཚན་ཉིད་དང་ལྡན་པར་འདོད་ལ། ངོ་བོ་ཡང་མ་སྐྱེས་ཡེ་ཡོད་ལྟ་བུར་ཞེན། དེ་ལ་ལས་ཐམས་ཅད་ལ་ཁྱབ་པ་དང་། ལ་ལས་མ་ཁྱབ་པ་དང་། ལ་ལས་བེམ་པོ། ལ་ལས་ཤེས་པ་སོགས་ལྷན་སྐྱེས་ཀྱི་ལྕགས་སྒྲོག་ལ་ཀུན་བཏགས་ཀྱི་གཟེར་སྣ་ཚོགས་བཏབ་པའི་གྲུབ་མཐའ་སྨྲའོ། །གནས་མ་བུའི་སྡེ་པ་དག་ནི་བདག་དེ་ནི་དངོས་པོར་ཡོད་ཅིང་ལས་འབྲས་ཀྱི་རྟེན་ཡིན་ལ། དེ་ཕུང་པོ་དང་གཅིག་ཀྱང་མ་ཡིན་ལ་ཐ་དད་དུའང་བརྗོད་དུ་མེད་ཅིང་། དེ་བཞིན་དུ་རྟག་མི་རྟག་སོགས་གང་དུའང་བརྗོད་དུ་མེད་པར་འདོད་དོ། །སངས་རྒྱས་པའི་གྲུབ་མཐའ་མཚན་ཉིད་པ་འཛིན་པའི་ནང་པ་ཐམས་ཅད་ནི་ཕུང་པོ་ལྔའི་ཚོགས་པ་དང་རྒྱུན་ལ་ངའོ་སྙམ་དུ་རློམ་པར་ཟད་ཀྱི། བདག་རང་ངོས་ནས་གྲུབ་པ་མེད་པར་འདོད་པའི་དེ་ཡི་ཚུལ་རིགས་པས་གཏན་ལ་ཕབ་ན། འདི་ལྟར་སྐད་ཅིག་སྐད་ཅིག་གིས་སྐྱེ་ཞིང་འཇིག་པ་ཉེར་ལེན་གྱི་ཕུང་པོ་ལྔ་པོ་འདི་མ་ཡིན་པར། གཞན་ཞིག་ནས་གང་ཟག་ཅེས་བྱ་བ་ཞིག་རྡུལ་ཙམ་ཡང་རིགས་པ་དང་མཐུན་པར་བསྟན་དུ་མི་རུང་བས་ན། གང་ཟག་ཅེས་བྱ་བ་གདགས་གཞི་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་ལས་དོན་དུ་བདེན་པའི་གཅིག་དང་དུ་མའི་རང་བཞིན་དང་བྲ ལ་བར་བློ་དང་ལྡན་པ་རྣམས་ཀྱིས་ཆེས་ཤིན་ཏུ་གསལ་བར་རབ་ཏུ་ཤེས་པ་ཡིན་ཏེ། ཕུང་པོ་ལས་ཐ་དད་པའི་བདག་མ་གྲུབ་ལ་ཕུང་པོ་ནི་དུ་མ་དང་མི་རྟག་པ་ཡིན་པས་བདག་གཅིག་བདེན་གྱི་རང་བཞིན་དུ་མི་རུང་ངོ་། །གཞན་ཡང་བདག་དེ་སྐད་ཅིག་མ་ཉིད་ཡིན་པར་གྱུར་ན་ནི་རང་བཞིན་གཞན་དང་གཞན་འབྱུང་བས་དུ་མར་འགྱུར་ཞིང་བྱེད་པོ་སྤྱོད་པོ་ཐ་དད་ལ། སྐད་ཅིག་མ་མིན་ན་ནི་སྔ་མ་མི་འཇིག་ལ་ཕྱི་མ་གཞན་མི་འབྱུང་བར་རྟག་པ་གཅིག་པུའི་རང་བཞིན་དུ་འགྱུར་ལ། དེ་ལྟར་ན་བཅིང་གྲོལ་བདེ་སྡུག་སོགས་མི་འཐད་ཅིང་མ་སྐྱེས་པ་ལ་དངོས་པོ་ཡོད་པའི་སྐབས་མི་སྲིད་དེ་མོ་གཤམ་གྱི་བུ་ལྟར་འགྱུར་ཞིང་སྤྱིར་རྟག་དངོས་འགོག་པའི་རིགས་པས་ཁེགས་སོ། །བརྗོད་མེད་ཀྱི་བདག་ནི་བདེན་པའི་ཁྱབ་བྱེད་ལོག་པས་ཁྱབ་བྱ་བདེན་པར་གནས་ག་ལ་སྲིད་དེ། གཅིག་དང་ཐ་དད་གང་དུ་མེད་པ་དེ་ཉིད་ཀྱི་ཕྱིར་ན་ནམ་མཁའི་མེ་ཏོག་ལ་སོགས་ལྟར་བསྒྲིམ་མི་དགོས་པར་གྲུབ་ལ་ཐ་སྙད་དུའང་དངོས་པོ་ཡིན་ན་གཞི་གཅིག་ལ་ལྟོས་ནས་གཅིག་དང་ཐ་དད་གང་རུང་དུ་གཞག་ཏུ་ཡོད་པས་ཁྱབ་པ་ལ་བདག་ལ་དེ་མེད་པས་ན་བདག་དངོས་པོར་ཡོད་ཅེས་དམ་བཅའ་བ་ཁྱབ་བྱེད་མེད་པའི་ཁྱབ་བྱ་ཁས་ལེན་པ་ནི་ཤིན་ཏུ་བླུན་པ་སྟེ། ཤིང་མེད་པར་ཁས་བླངས་ནས་ཤ་པ་ཡོད་པར་འདོད་པ་བཞིན་ནོ། །དེས་ན་བཅོམ་ལྡན་འདས་ཀྱིས། དཔེར་ན་ཡན་ལག་ཚོགས་རྣམས་ལ། །ཤིང་རྟ་ཞེས་ནི་བྱ་བར་འདོད། །དེ་བཞིན་ཕུང་པོ་རྒྱུར་བྱས་ནས། །ཀུན་རྫོབ་ཏུ་ནི་སེམས་ཅན་བརྗོད། །ཅེས་གསུངས་པ་ལྟར་གང་ཟག་ཅེས་བྱ་བ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་དོན་དམ་པར་བདེན་པ་མེད་ཀྱང་། ཀུན་རྫོབ་ཐ་སྙད་དུ་ཕུང་པོ་ལྔ་རྒྱུར་བྱས་ནས་བདག་ཏུ་དམིགས་པ་སྟེ། ཕུང་པོ་ལྔ་ཆ་མ་ཕྱེས་པ་ཙམ་ལ་གཅིག་ཏུ་བཟུང་བ་ལ་གང་ཟག་ཅེས་བཏགས་དང་། ཕུང་པོ་ལྔའི་རྒྱུན་སྐད་ཅིག་མ་རྣམས་ལ་གཅིག་ཏུ་བཟུང་སྟེ་རྒྱུད་ཅེས་བྱ་ཞིང་། ཕྱོགས་དང་དུས་ཀྱི་ཆ་ཕྱེས་པ་མ་ཡིན་པར་དེའི་རྒྱུད་དུ་གཏོགས་པའི་ཆོས་རྣམས་ལ་གཅིག་པུར་བཏགས་ཏེ། གང་ཟག་འདི་ནི་སྔར་འདི་ནས་འཕོས། །ཕྱིས་འདིར་སྐྱེ་ཞེེས་ཐ་སྙད་རུང་བ་བཞིན་ནོ། །དེ་ལ་ངར་འཛིན་ལྷན་སྐྱེས་ཀྱི་ཕུང་པོ་ལྔ་ལ་བརྟེན་ནས་བཏགས་པའི་ང་ཙམ་ལ་དམིགས་ཀྱི། ཕུང་པོ་ལྔ་ལ་ཆ་ཕྱེས་ནས་གསལ་པོར་དམིགས་པ་མ་ཡིན་ཏེ། དེ་དམིགས་རྣམ་སོ་སོར་མི་ཕྱེད་པར་གོམས་པའི་ཤུགས་ཀྱིས་འཇུག་པ་ཙམ་ཡིན་པའི་ཕྱིར་རོ། །འོན་ཀྱང་བཏགས་ཆོས་གང་ཟག་དེའི་གདགས་གཞི་ཕུང་པོ་ལྔ་ཡིན་པས་ཕུང་པོ་ལྔ་ཙམ་ལ་གང་ཟག་ཏུ་བཏགས་ཞེས་དམིགས་རྣམ་ཕྱེ་ཞིང་དཔྱད་ན་དེ་ལྟར་འཇོག་དགོས་ཏེ། བུམ་འཛིན་གྱི་བློས་དམིགས་ཡུལ་བཏགས་པའི་བུམ་པ་ཙམ་ཡིན་ཀྱང་། གདགས་གཞི་གཟུགས་ལ་སོགས་པའི་རང་མཚན་དམིགས་པར་འཇོག་པ་བཞིན་ནོ། །དེས་ན་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་དེ་གང་ཡིན་དཔྱད་ན། ཁ་ཅིག་གིས་ཡིད་རྣམ་གྱི་རྒྱུན་དང་། ཁ་ཅིག་གིས་ཕུང་པོའི་རྒྱུན་སོགས་འདོད་ཀྱང་། དོན་དུ་ལས་བྱེད་པ་པོ་ཉིད་ལ་སྨིན་གྱི་གཞན་དུ་སྨིན་མི་སྲིད་པ་ལ། ལས་བྱེད་པ་པོ་ཞེས་བྱ་བའང་དུ་མ་ཚོགས་པའི་ཆོས་ཞིག་ལ་བྱེད་པོ་ཞེས་གཅིག་ཏུ་བཏགས་པ་ཙམ་ལས་དོན་དམ་པར་ནི་ལས་བྱེད་པོ་དང་ལས་འབྲས་སོགས་བདེན་པར་གྲུབ་པ་མེད་ལ་དེ་མེད་པའི་གནད་ཀྱིས་ལས་རྒྱུ་འབྲས་བྱས་པ་ཆུད་མི་ཟ་ཞིང་། མ་བྱས་པ་དང་མི་ཕྲད་པ་ཡིན་ཏེ། བཏགས་ཙམ་མིན་པར་ལས་བྱེད་པ་པོ་ཡོད་ན། དེ་རྟག་པ་ཡིན་ན་ནི་ལས་བྱར་མི་རུང་ལ་འབྲས་བུ་སྨིན་ཡང་རུང་བ་མི་འཐད། མི་རྟག་པ་ཡིན་ན་ནི་བྱེད་པོ་དང་སྤྱོད་པོ་ཐ་དད་པས་རྣམ་སྨིན་མྱོང་བར་མི་འཐད་པ་དེས་ན་ཆོས་དུ་མ་ལ་གཅིག་ཏུ་བཏགས་པའི་ང་ཙམ་དེ་ཉིད་བྱེད་པོར་ཡང་རུང་ལ་རྣམ་སྨིན་མྱོང་བ་པོར་འཐད་དེ། སྔར་ངས་འདི་བྱས། ད་ལྟ་ས་བོན་འདི་འདེབས། སང་སྟོན་དུས་བཟའོ་ཞེས་དུས་ཀྱི་ཆ་མི་ཕྱེ་བར་གཅིག་ཏུ་ཞེན་པ་མ་བརྟགས་མ་དཔྱད་པའི་ང་ཙམ་དེ་ཡི་དབང་དུ་བྱས་ཏེ་ལས་རང་གིར་བྱ་བར་གསུངས་པ་ཡིན་གྱི། དོན་དམ་པར་ད་ལྟའི་ང་ཙམ་པོ་འདི་ཡང་མེད་པར་གསུངས་པའི་ཕྱིར་ན་ལས་འབྲས་ཀྱི་རྟེན་དཔྱོད་རིགས་ཀྱིས་རྙེད་དགོས་པ་མ་ཡིན་ནོ། །དེ་ལ་བདག་སྔར་སྡུག་བསྔལ་འདི་མྱོང་སྙམ་པ་དང་། ད་ལྟ་བདེའོ་སྙམ་པ་སྔར་གྱི་ཕུང་པོ་ལྔ་དང་ད་ལྟའི་ཕུང་པོ་ལྔ་ཆ་མ་ཕྱེས་པར་གཅིག་ཏུ་བཏགས་པ་དེ་བཞིན་སྲིད་པ་ཐོག་མཐའ་མེད་པའི་བར་དུ་རིལ་པོ་གཅིག་ཏུ་བཏགས་ནས་ངའོ་སྙམ་པ་དེའི་དབང་དུ་ན་ཡུལ་དང་དུས་ལ་སོགས་པ འི་ཆ་སོ་སོར་བརྟགས་ཤིང་དཔྱད་ནས་མ་ཕྱེས་པའི་ང་ཙམ་ཞིག་ལས་འབྲས་ཀྱི་རྟེན་དུ་འཐད་དེ། ཆ་ཕྱེས་ན་ནི་རྒྱུ་དང་འབྲས་བུ་དུས་མཉམ་པ་ནི་མི་སྲིད་པས་ལས་བྱེད་པ་པོ་ཉིད་ལ་རྣམ་པར་སྨིན་པ་འབྱུང་བར་བསྒྲུབ་མི་ནུས་སོ། །དེ་ལྟར་སྔར་གྱི་ལས་བྱེད་པ་པོ་དང་། ད་ལྟའི་མྱོང་བ་པོ་དང་། མ་འོངས་ན་མྱོང་བར་འགྱུར་བ་པོ་རྣམས་བདག་གོ་ཞེས་གཅིག་ཏུ་བཏགས་པ་དེས་ན་བདག་དེ་ནི་དུ་མ་ལ་གཅིག་ཏུ་བཏགས་པ་ཡིན་གྱི། ལེགས་པར་དཔྱད་ན་སྔར་དང་ད་ལྟ་མ་འོངས་པའི་ཕུང་པོ་ཐམས་ཅད་རིམ་པས་སྐད་ཅིག་མ་མ་གཏོགས་གཅིག་ཡིན་པ་མི་སྲིད་པས་དཔྱད་པའི་དབང་དུ་ན་ལས་བྱེད་པོ་དང་མྱོང་པོ་རྒྱུན་གཅིག་ལ་བཏགས་པས་རྒྱུན་ཙམ་བཞག་ཀྱང་གཞལ་ལུགས་ག ཅིག་ཏུ་ན་འགལ་བ་མེད་མོད། འོན་ཀྱང་རྒྱུན་ཙམ་ཞེས་པའི་ཕུང་པོའང་དཔྱད་ན་བཏགས་པ་ཙམ་ཡིན་ལ། མཐར་དུ་མ་ལ་མ་བཏགས་པའི་གཅིག་བདེན་མི་རྙེད་པས། མདོར་ན་གང་ཟག་གཅིག་བདེན་མི་སྲིད་པར་དུ་མ་ལ་གཅིག་ཏུ་བཏགས་པའི་གང་ཟག་ཙམ་གྱི་ཚུལ་འདིས་ལས་འབྲས་ཀྱི་འཇོག་ཚུལ་སོགས་གནད་ཀྱི་དོན་དུ་མ་ཤེས་པར་བྱའོ། །འདི་སྐབས་ལས་འབྲས་ཀྱི་རྟེན་ཞེས་པ་ལས་ཀྱི་རྣམ་པར་སྨིན་པ་ནི་ལས་བསགས་པ་པོ་རང་ལ་སྨིན་པར་གསུངས་པའི་བདག་དེ་གང་ལ་ངོས་འཛིན་དཔྱད་པ་ཡིན་གྱི། བག་ཆགས་ཀྱི་བགོ་གཞི་སོགས་ཀྱི་རྟེན་དུ་གོ་བར་མི་བྱའོ། །གཉིས་པ་ཁྱབ་བྱེད་ཀྱི་སྤྱི་གཅིག་བདེན་དགག་པ་ནི། ཐ་དད་ཕྱོགས་ཅན་དང་འབྲེལ་ཕྱིར། །ཁྱབ་རྣམས་གཅིག་པུར་ག་ལ་འགྱུར། །ཞེས་གསུངས་ཏེ། དེ་ལ་སྤྱིར་ཁྱབ་པ་ཞེས་བྱ་བ་ཆོས་དུ་མ་ལ་དེའི་རང་བཞིན་རྗེས་སུ་སོང་བ་ངོ་བོ་གཅིག་གི་ཚུལ་གྱིས་ཁྱབ་པ་སྤྱི་བྱེ་བྲག་ལྟ་བུ་དང་། ཆོས་གང་གི་མཐའི་བར་དུ་གང་གནས་པར་གྱུར་པ་ངོ་བོ་ཐ་དད་པའི་ཚུལ་གྱིས་ཁྱབ་པ་གོས་ལ་ཚོན་གྱིས་ཁེབས་པ་ལྟ་བུ་གཉིས་ཡོད་ཅིང་། དེ་ལས་ཐམས་ཅད་ལ་སྤྱིར་ཁྱབ་པ་ནམ་མཁའ་དང་དུས་དང་ཕྱོགས་རྣམས་ལ་ཆེན་པོ་དང་ཚད་མེད་པའི་འདུ་ཤེས་ཀྱིས་དངོས་པོར་ཞེན་ནས་དུས་རྒྱུར་སྨྲ་བ་སོགས་ཕྱི་རོལ་པའི་འདོད་ཚུལ་བྱུང་ཞིང་། ཡང་བྱེ་བྲག་པ་ལ་སོགས་པ་ནི་རང་གིས་གསལ་བའམ་བྱེ་བྲག་དུ་མ་ལ་རྗེས་སུ་འགྲོ་བའི་སྤྱི་ནི་ཁྱབ་པ་རྟག་པ་མི་སྣང་བའི་རང་བཞིན་ཅན་དུ་ཡོད་ཅིང་དེས་གསལ་བ་རྣམས་བ་ལང་དུ་མ་ཐག་པ་གཅིག་གིས་བཏགས་པ་བཞིན་དུ་སྦྲེལ་ཞིང་གནས་ལ། དེའང་སྤྱི་ཆེན་པོ་ཡོད་པ་ལྟ་བུ་ཐམས་ཅད་ལ་ཁྱབ་པ་དང་། ཉི་ཚེ་བ་བ་ལང་གི་སྤྱི་ལྟ་བུ་གཉིས་སུ་ཡོད་ཅིང་སྤྱི་གསལ་རྫས་ཐ་དད་དུ་འདོད། གྲངས་ཅན་པ་སྤྱི་གསལ་རྫས་གཅིག་ཏུ་འདོད་དོ། །དེ་ལ་སོགས་པ་ཁྱབ་བྱེད་རྣམས་གང་ཡིན་ཡང་རུང་རིགས་པ་འདིས་འགོག་པ་ཡིན་ཏེ། ཐ་དད་པའི་ཕྱོགས་ཅན་ནམ། ཕྱོགས་ཐ་དད་པ་ཅན་ཏེ་ཁྱབ་བྱའི་དངོས་པོ་མི་འདྲ་བ་ཤིང་ལ་སོགས་པ་དང་འབྲེལ་བའི་ཕྱིར་ན། ཁྱབ་པའི་དངོས་པོར་འདོད་པ་དེ་རྣམས་ཀྱང་གཅིག་པུར་བདེན་པར་ག་ལ་འགྱུར་ཏེ། གལ་ཏེ་ནམ་མཁའ་དང་སྤྱི་ལ་སོགས་པ་ཁྱབ་པའི་དངོས་པོ་དེ་དག་ཁྱབ་བྱ་ཕྱོགས་དང་དུས་ཀྱིས་བསྡུས་པའི་དངོས་པོ་དེ་དག་དང་མ་འབྲེལ་ན་ནི་ཁྱབ་པར་འཇོག་མི་རུང་ལ། འབྲེལ་ན་ནི་ཤར་ཕྱོགས་ཀྱི་ཤིང་ལ་ཁྱབ་པའི་ཆ་དེ་ནུབ་ཕྱོགས་ཀྱི་ཤིང་ལ་ཁྱབ་པའི་ཆ་དེ་དང་གཅིག་ཡིན་ནམ་མིན། ཡིན་ན་ནི་ཁྱབ་བྱེད་ཀྱི་དངོས་པོ་གཅིག་ཡིན་པ་དེ་བཞིན་དུ་དེ་དང་འདྲེས་ཤིང་དབྱེར་མེད་དུ་འབྲེལ་བའི་ཁྱབ་བྱ་གསལ་བ་དང་ཤིང་དེ་དག་ཀྱང་ཐ་དད་མེད་པར་ངོ་བོ་གཅིག་ཏུ་འགྱུར་བ་དང་། གཞན་ཡང་ཁྱབ་བྱ་བྱེ་བྲག་པ་ཤིང་ལྟ་བུ་གཅིག་སྐྱེས་ན་ཡུལ་དུས་ཐ་དད་པའི་ཤིང་རྣམས་ཅིག་ཅར་སྐྱེ་དགོས་པ་སོགས་ཀྱིས་གནོད་ལ། ཆ་སོ་སོ་གཅིག་མིན་ན་ནི་ཁྱབ་པ་གཅིག་པུར་ག་ལ་འགྱུར་ཏེ་ཁྱབ་བྱ་དང་གསལ་བ་ཐ་དད་པའི་གྲངས་བཞིན་དུ་མར་འགྱུར་རོ། །དེས་ན་སྤྱི་གསལ་སོགས་ལ་འདོད་ཚུལ་དུ་མ་ཡོད་ཀྱང་དོན་དུ་དེ་གཉིས་མ་འབྲེལ་ན་ཁྱབ་བྱ་ཁྱབ་བྱེད་དུ་མི་རུང་ལ། འབྲེལ་ཕན་ཆད་རིགས་པ་འདི་གཅིག་པུས་ཁྱབ་པ་ཡིན་ནོ་ཅོག་གཅིག་བདེན་འགོག་ནུས་སོ། །དེ་ལྟར་ཁྱབ་བྱེད་སྤྱི་ཞེས་པ་དེ་མིན་རྣམ་པར་བཅད་ཙམ་གྱི་གཞན་སེལ་ཡིན་གྱི་དོན་ལ་གྲུབ་པ་མེད་དེ། དཔེར་ན་ཡལ་ག་ལོ་མ་ལྡན་པ་མཐོང་བ་ན་དེ་མིན་རྣམ་པར་བཅད་ནས་ཤིང་ཞེས་བཏགས་པ་དེ་ལ་སྤྱིའི་ཐ་སྙད་བཏགས་པ་སྟེ། དེ་ཡུལ་དུས་ཐ་དད་པའི་བྱེ་བྲག་ལ་རྗེས་སུ་འགྲོ་བའང་ཡིན་ཅིང་། སྤྱི་དེ་ལ་རང་མཚན་དུ་ཞེན་ནས་སྣང་བཏགས་གཅིག་ཏུ་བསྲེས་ཏེ་དགག་སྒྲུབ་བྱས་པའི་སྤྱི་ཁེགས་པས་བྱེ་བྲག་ཁེགས་པ་དང་དེ་གཉིས་གཅིག་དང་ཐ་དད་ལ་སོགས་པའི་སྐྱོན་ལས་གྲོལ་བ་ཡིན་ནོ། །དེ་ལ་གཞན་ལས་ལྡོག་པར་སྣང་བའི་ལྡོག་པ་ཆིག་རྐྱང་སྤྱི་དང་། གཞན་དང་རང་གི་རིགས་མཐུན་མཐའ་དག་ལས་ཀྱང་ལྡོག་པའི་ལྡོག་པ་ཉིས་ཚོགས་ནི་རང་མཚན་ལ་འབབ་པས་བྱེ་བྲག་ཡིན་ལ་གཉིས་པོ་དེའང་ཆོས་དུ་མ་ལ་གཅིག་ཏུ་བཏགས་པ་ཙམ་ཡིན་པས་གཅིག་བདེན་མི་སྲིད་ལ། ནམ་མཁའ་ནི་དངོས་པོར་མི་གྲུབ་པའི་ཚུལ་འོག་ཏུའང་འཆད་དོ། །གཉིས་པ་མ་ཁྱབ་པའི་གཅིག་བདེན་དགག་པ་ལ། ཕྱི་རོལ་གཅིག་བདེན་དགག །ཤེས་པ་གཅིག་བདེན་དགག་པའོ། །དང་པོ་ལ་རགས་པ་གཅིག་བདེན་དང་། རྡུལ་ཕྲན་གཅིག་བདེན་དགག་པ་གཉིས། དང་པོ། བསྒྲིབས་དང་མ་བསྒྲིབས་དངོས་སོགས་ཕྱིར། །རགས་པ་རྣམས་ཀྱང་གཅིག་པུ་མིན། །ཞེས་གསུངས་ཏེ། དེ་ལ་རགས་པ་ཞེས་བྱ་བ་རྡུལ་ཕྲ་རབ་དུ་མ་ཚོགས་པའི་ཆ་སྟེ། དེའང་ནང་གི་ལུས་ལ་སོགས་པ་དང་། ཕྱི་རོལ་དུ་བུམ་སྣམ་ཁང་པ་རི་གླིང་ལྷུན་པོ་སྟོང་ཆེན་པོའི་གནས་ཀྱི་བར་དུ་སྣང་བ་དེ་དག་གང་ཡང་རུང་སྟེ། དེ་དག་ལ་གོས་ལ་སོགས་པས་བསྒྲིབས་པ་དང་མ་བསྒྲིབས་པའི་དངོས་པོ་སོགས་ཐ་དད་པ་ཡོད་པའི་ཕྱིར་ན། རགས་པ་རྣམས་ཀྱང་བདེན་པའི་གཅིག་པུ་ཉིད་དུ་འགྱུར་བ་མིན་ནོ། །དེ་འང་ལུས་ལྟ་བུ་ལ་དཔེར་མཚོན་ན། །གོས་ཀྱིས་བསྒྲིབས་པའི་ཆ་དང་མ་བསྒྲིབས་པའི་ཆ་དང་། དེ་བཞིན་དུ་སོགས་ཁོངས་ནས། གཡོ་བ་དང་མི་གཡོ་བ། ཚོན་གྱིས་བསྒྱུར་བ་དང་མ་བསྒྱུར་བ། ཚིག་པ་དང་མ་ཚིག་པ་ལ་སོགས་པ་མི་མཐུན་པའི་ཆོས་དུ་མ་ཡོད་པས་དེ་དག་གཅིག་པུའི་རང་བཞིན་དུ་ག་ལ་འགྱུར། གལ་ཏེ་བསྒྲིབས་མ་བསྒྲིབས་སོགས་ནི་ཡན་ལག་རྐང་པ་སོགས་ལ་ཡིན་གྱི། ཡན་ལག་ཅན་ལ་མིན་ནོ་ཞེ་ན། ཅི་ཡན་ལག་ཅན་ཞེས་པ་དེ་ཡན་ལག་རྣམས་དང་གཅིག་གམ་ཐ་དད། གཅིག་ན་ནི་མི་འདྲ་བ་དུ་མའི་ཆོས་སུ་གནས་པ་དེ་ཁོ་ན་ལྟར་གྲུབ་ལ། ཐ་དད་ན་སྣང་དུ་རུང་དགོས་པ་ལ་མ་དམིགས་པས་ཁེགས་ཤིང་། གཞན་ཡང་དེ་གཉིས་ཀ་བུམ་བཞིན་དུ་འབྲེལ་མེད་དུ་འགྱུར་རོ། །དེ་གཉིས་འདུ་བའི་མཚན་ཉིད་ཀྱིས་འབྲེལ་བས་ལོགས་ཤིག་ཏུ་དམིགས་མི་དགོས་ཤེ་ན། རྐང་པ་ལ་འདུ་བས་འབྲེལ་བ་གང་ཡིན་པ་ལག་པ་དང་འདུ་བ་གཉིས་མི་གཅིག་ན་ནི་རགས་པ་རྣམས་གཅིག་པུར་མི་རུང་ལ། གཅིག་ན་ནི་དུ་མའི་ཆོས་སུ་དམིགས་པའི་ཕྱིར་འགལ་བ་ལྷག་པར་ཡང་དེ་ལ་གནས་པ་ཉིད་དོ། །དེས་ན་ཡན་ལག་ཅན་ཞེས་པ་ཡན་ལག་དུ་མ་ཚོགས་པ་ལ་གཅིག་ཏུ་ཞེན་པའི་བློས་བཏགས་པ་ཙམ་ལས་གཅིག་བདེན་མི་གྲུབ་པས་ཐ་སྙད་རྣམས་འཐད་ཀྱི། གཞན་དུ་ཡན་ལག་ཅན་གཅིག་བདེན་དུ་ཡོད་ན་ཡན་ལག་དང་གཅིག་ཐ་དད་སོགས་ཀྱི་བརྟགས་པ་མི་འཇུག་མི་སྲིད་དོ། །གཉིས་པ་རྡུལ་ཕྲན་འགོག་པའི་རིགས་པ་བསྟན་པ་དང་། དེ་ཁེགས་པས་དངོས་པོ་དུ་མ་ཁེགས་པར་བསྟན་པའོ། །དང་པོ་ལ་ཕྱོགས་སྔའི་འདོད་ཚུལ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ། འབྱར་བ་དང་ནི་བསྐོར་བའམ། །བར་མེད་རྣམ་པར་གནས་ཀྱང་རུང་། །ཞེས་གསུངས་ཏེ། དེ་ལ་འདིར་ཡུལ་ལྔ་དང་དབང་པོ་ལྔ་སྟེ་གཟུགས་ཅན་གྱི་ཁམས་བཅུ་པོ་འདི་དག་ནི་གང་ཡང་རུང་སྟེ། རགས་པར་སྣང་བ་ལ་དུ་མར་བཤིག་ཏུ་ཡོད་ཅིང་ཕན་ཚུན་གཅིག་གི་གོ་སྐབས་སུ་གཅིག་འདུག་པ་ལ་གེགས་བྱེད་པ་དུ་མ་བསགས་པའི་རང་བཞིན་ཅན་དུ་མཐོང་བས་དེ་དག་རྡུལ་ཕྲ་རབ་ཀྱི་བར་དུ་གཞིག་ཏུ་རུང་སྟེ། དཔེར་ན་རྫ་བུམ་གྱོ་མོར་བྱས། གྱོ་མོ་ཕྱེ་མར་བཏག །ཕྱེ་མའང་རྩིང་པོ་ཞིབ་མོར་བྱས་པ་ལྟ་བུའི་ཚུལ་གྱིས་གཟུགས་ཅན་རྣམས་སིལ་མར་བཅད་དུ་ཡོད་པ་ལྟ་བུ་ཡིན་པས་ན་མིང་དུའང་གཟུགས་ཞེས་བཙུགས་སུ་རུང་བ་ལྟ་བུ་ཡིན་ཏེ། དོན་དུ་ན་ཐོགས་རེག་གི་རྣམ་པར་ཡོད་པས། རྣམ་ཤེས་ལྟ་བུ་མ་ཡིན་པར་འཛིན་དུ་ཡོད་པ་གནོད་པ་བྱར་རུང་བ་ཞིག་གི་བླ་དགས་སུ་གཟུགས་ཞེས་བཤད་དེ་གྲི་གཟུགས་ཟེར་བ་ལྟ་བུའོ། །འོ་ན་རྡུལ་ཕྲ་རབ་ལ་དེ་མ་གྲུབ་སྙམ་ན་རགས་པ་ལ་ཡོད་པས་སྐྱོན་མེད་དོ། །རྣམ་རིག་མིན་པའི་གཟུགས་འདོད་པ་ལྟར་ནའང་རྟེན་ལ་གནོད་པ་བྱར་ཡོད་པས་དེ་སྐད་གདགས་སུ་རུང་སྟེ། སྤྱིར་སྒྲ་ལ་བཤད་འཇུག་གཉིས་ཀ་ཡོད་པ་དང་། གང་རུང་རེ་ལས་མེད་པ་སྟེ་མུ་གསུམ་དུ་ཡོད་པ་ཡིན་ནོ། །དེས་ན་གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད་ཅེས་ཀྱང་བྱ་ལ། གཟུགས་དེ་ལས་ཀྱང་ཆེས་རགས་པ་མིག་གི་ཡུལ་ལ་གཟུགས་ཞེས་བྱེ་བྲག་ཏུ་བཏགས་པའོ། །དེ་ལ་བེམ་པོ་དེ་དག་རགས་པ་ཕྲ་བར་གསིལ་ནས་ཕྲ་བ་མཐར་ཐུག་པ་ལ་ཆ་གསིལ་རྒྱུ་མེད་པ་ལ་རྡུལ་ཕྲ་རབ་ཅེས་བྱའོ། །དེའང་དེ་ལས་ཆུང་ངུར་གཏོང་དུ་མེད་པ་རྡུལ་ཕྲ་བའི་རབ་བམ། ཕྲ་བའི་མཐར་ཐུག་དང་། དེ་བདུན་ལ་རྡུལ་ཕྲན་སོགས་འགྱུར་ཏེ། རིམ་པས་ལྕགས་ཆུ་རི་བོང་ལུག་གླང་ཉི་ཟེར་རྡུལ་རྣམས་དང་སྲོ་མ་ཤིག་ནས་སོར་ཚད་ཀྱི་བར་བདུན་འགྱུར་དུ་རྩི་བ་ཡིན་ནོ། །དེ་ལ་འདོད་ཁམས་ན་དབང་པོ་ལ་སྣང་རུང་གི་རྡུལ་ཆུང་ངུ་ཞིག་ལ་མ་མཐའ་ཡང་དབང་པོ་དང་སྒྲ་མེད་པའི་རྡུལ་ཕྲ་རབ་བརྒྱད་འདུས་ཡོད་ཅིང་། དབང་པོ་ལ་སོགས་ཡོད་ན་དེ་དེས་ཀླགས་ཏེ་ཤེས་པར་བྱའོ། །དེས་ན་མཐར་ཆ་མེད་པའི་རྡུལ་ནི་འབྱུང་བ་དང་འབྱུང་གྱུར་གྱི་རྡུལ་རེ་རེ་བ་དམིགས་ཀྱིས་བཀར་ནས་གཟུང་བའི་དབང་དུ་ཡིན་གྱི་ཆ་སོ་སོ་བ་མེད་ལ། རགས་པ་རྣམས་ལ་ཆེ་ཆུང་གི་དབང་གིས་རྡུལ་ཕྲ་རབ་ཀྱང་དེ་སྙེད་དུ་མང་ཉུང་ཡོད་པར་འདོད་དོ། །བོད་ཁ་ཅིག་རྡུལ་ཕྲན་ཐུག་མེད་དུ་འདོད་པའང་བྱུང་ལ། དེ་ལྟར་ན་རགས་པ་རྩོམ་པ་མི་སྲིད་པ་སོགས་ཀྱིས་གནོད་པས་མི་འཐད་དོ། །མདོར་ན་རགས་པ་ཆ་གསིལ་དུ་ཡོད་པས་ཇེ་ཕྲ་ཇེ་ཕྲར་གཏོང་བ་ཡིན་ལ། མཐར་གཞི་མེད་དུ་གྱུར་ན་རགས་པ་ཡེ་མེད་དུ་འགྱུར་བར་བསམས་ནས་རྡུལ་ཕྲ་རབ་དེ་ལས་ཆུང་ངུར་གཏོང་རྒྱུ་མེད་པ་ཞིག་ཡོད་པར་འདོད་པ་ནི་རྡུལ་ཕྲ་རབ་འདོད་པ་སྤྱིའི་ལུགས་ཡིན་ལ། གཞན་སྡེ་རྣམས་ནི་རྡུལ་དེ་རྟག་པར་འདོད་ལ། རང་སྡེ་རྣམས་ནི་སྐད་ཅིག་མར་འདོད་པ་ཁྱད་པར་རོ། །རྡུལ་ཕྲ་རབ་དེས་རགས་པ་རྩོམ་པའི་སྐབས་ན་རྡུལ་དེ་དག་ལ་བར་ཡོད་པ་དང་། མེད་པ་གང་རུང་གི་ཚུལ་དུ་རྩོམ་དགོས་པས། དེ་ལ་འདོད་ལུགས་གསུམ་བྱུང་སྟེ། གཟེགས་ཟན་པ་ན་རེ། ཕྲད་ནས་ཚོགས་པ་རྩོམ་དགོས་ཀྱི། མ་ཕྲད་ན་རགས་པའི་དངོས་པོ་གཅིག་ཏུ་མི་རུང་བས་རྡུལ་རྣམས་ནི་གཅིག་ལ་གཅིག་འབྱར་ཏེ་གནས་པ་ཁོ་ནའོ་ཞེས་ཟེར་རོ། །དེ་ལ་ཆ་མེད་པ་ལ་ཕྱོགས་ཐ་དད་ཅིག་གིས་འབྱར་ན་ནི་འབྱར་བ་དང་མ་འབྱར་བའི་ཆ་ཡོད་པས་ཆ་མེད་དུ་མི་རུང་ལ། མ་འབྱར་བའི་ཆ་གཏན་ནས་མི་སྲིད་ན་ནི་དེ་གཉིས་ལ་ཐ་དད་ཀྱི་གོ་སྐབས་ག་ལ་ཡོད་དེ་གཅིག་ཏུ་གྱུར་ནས་མཐར་རིའི་རྒྱལ་པོ་རི་རབ་ཀྱང་ཆ་མེད་པའི་རྡུལ་གཅིག་ཏུ་འགྱུར་བས་མི་འཐད་དོ། །ཡང་བྱེ་སྨྲ་སོགས་ཕལ་ཆེ་བ་ཞིག་གིས་ཕན་ཚུན་མཐུས་མི་འཐོར་བར་འཛིན་གྱི། གཅིག་ཏུ་འབྱར་བ་གོང་ལྟར་མི་འཐད་པས་རྡུལ་གཅིག་ལ་རྡུལ་གཞན་གྱིས་བསྐོར་བ་ཙམ་དུ་བར་དང་བཅས་པར་གཡག་རྔ་དང་ནེའུ་གསེང་ལྟར་གནས་སོ་ཞེས་ཟེར། དེའང་མི་འཐད་དེ། བར་ཡོད་ན་དེར་སྣང་མུན་གྱི་རྡུལ་ཕྲ་རབ་འཇུག་པའི་གོ་སྐབས་ཡོད་པར་འགྱུར་ལ། དེ་དང་ཡང་ཕན་ཚུན་ཕྲད་མི་ཤེས་པས་དེའི་བར་དུའང་རྡུལ་གཞན་ཡོད་དགོས་པ་སོགས་མཐར་རྡུལ་ཕྲ་རབ་གཉིས་ཚོགས་པའི་བར་དུ་སྲིད་པ་གསུམ་ཡང་ཤོང་བར་འགྱུར་བའི་ཕྱིར་རོ། །དེ་ལ་མདོ་སྡེ་པ་སོགས་ནི་རེག་ལ་མ་འབྱར་བར་འདོད་དེ། གོང་ལྟར་འབྱར་མ་འབྱར་གཉིས་ཀ་མི་འཐད་པས་རྡུལ་མང་པོ་དག་ལ་དོན་དུ་གཅིག་གཅིག་ལ་རེག་པའམ་འབྱར་བ་མེད་ཀྱང་བར་མེད་པས་རེག་པར་འདུ་ཤེས་པ་ཡིན་ནོ་ཞེས་ཟེར་ཡང་། གཅིག་གཅིག་ལ་རེག་ཅིང་བར་མེད་ན་འབྱར་བ་དང་དོན་གཅིག་ལས་དབྱེ་བ་ཅུང་ཟད་ཀྱང་མི་སྲིད་དེ། ཇི་སྲིད་གཅིག་ཏུ་མ་གྱུར་པ་དེ་སྲིད་བར་མེད་པ་མི་སྲིད་པས་ན། ཕྲད་པ་དང་འབྱར་བ་དོན་དུ་གཅིག་ཡིན་པར་ཤིང་རྟ་ཆེན་པོ་རྣམས་ཀྱིས་བསྒྲུབས་ཟིན་ཏོ། །དེས་ན་རེག་པའམ་བར་མེད་ན་མ་འབྱར་བ་མི་སྲིད། མ་འབྱར་ན་རེག་པའམ་བར་མེད་པ་མི་སྲིད་པས་འདི་ཡང་གོང་གི་ཕྲད་མ་ཕྲད་བརྟགས་པས་ཁེགས་སོ། །དེ་ལ་རགས་པ་རྩོམ་པའི་གཞི་ཕྲ་རབ་ཀྱི་རྡུལ་དེ་དག་གཅིག་ལ་གཅིག་འབྱར་བ་ཉིད་དུ་འདོད་པའི་ལུགས་དེ་དང་ནི། གཞན་མ་འབྱར་བར་བར་དང་བཅས་ཏེ་བསྐོར་བ་ཙམ་དུ་འདོད་པའམ། ཡང་མ་འབྱར་ལ་བར་མེད་པའི་རྣམ་པར་གནས་པར་འདོད་པའི་ལུགས་དེ་གསུམ་པོ་གང་ཡིན་ཀྱང་རུང་སྟེ། ཕྱོགས་ཆ་ལ་བརྟགས་པའི་རིགས་པ་འདིས་འགོག་པ་ཡིན་ནོ་ཞེས་སོ། །གཉིས་པ་རྡུལ་ཕྲ་རབ་བདེན་པར་འདོད་པ་དེ་དགག་པ་ལ། ཆ་མེད་ན་རགས་པ་མི་འགྲུབ། ཡོད་ན་ཕྲ་རྡུལ་མི་འགྲུབ་པར་བསྟན་པའོ། །དང་པོ། དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་ལྟ་བ་ཡང་། །དེ་ཉིད་གལ་ཏེ་ཡིན་བརྗོད་ན། །དེ་ལྟ་ཡིན་ན་ས་ཆུ་སོགས། །ཇི་ལྟར་རྒྱས་འགྱུར་མ་ཡིན་ནམ། །ཞེས་གསུངས་ཏེ། དེའང་ཕྱོགས་ཆ་ལ་བརྟགས་པའི་ཚུལ་ནི། རགས་པ་རྩོམ་པའི་ཚེ་དབུས་ན་གནས་པའི་རྡུལ་ཕྲན་ལྟ་བུ་དེ་ལ་ཕྱོགས་ཕྱོགས་ནས་རྡུལ་དུ་མ་ཚོགས་ནས་འདུ་དགོས་ལ། དེའང་དཔེར་ན་ཁང་པ་ལྟ་བུ་ཞིག་ལ་ཤར་ངོས་སུ་བལྟས་པའི་ཆ་དང་། དེ་བཞིན་དུ་ཕྱོགས་གཞན་ལ་ལྟ་བའི་ངོས་དེ་དང་དེ་ལ་འདི་ཕྱོགས་འདི་ལ་བལྟས་པའི་ངོས་ཡིན་ནོ་ཞེས་གདགས་པ་དེ་བཞིན་དུ་རྡུལ་དུ་མ་འདུས་ནས་རགས་པ་རྩོམ་པའི་ཚེའང་། དབུས་ན་གནས་པའི་རྡུལ་ཕྲན་དེ་ལ། ཤར་ཕྱོགས་ཀྱི་རྡུལ་ཕྲན་ལྟ་བུ་གཅིག་ལ་བལྟས་པའི་རང་བཞིན་གང་ཡིན་པ་དེ་ཁོ་ན་ལས་ཆ་གཞན་མེད་པས། ཕྱོགས་ལྷག་མའི་རྡུལ་ཕྲན་གཞན་ལ་ལྟ་བ་ཡང་། ཤར་ལ་ལྟ་བའི་ངོས་སམ་ཆ་དེ་ཉིད་ཁོ་ན་ཡིན་ནོ་ཞེས་གལ་ཏེ་བརྗོད་ན་ནི། ཁྱོད་ཀྱིས་ཁས་བླངས་པའི་ཚུལ་དེ་ལྟ་ན་ནི། ས་དང་ཆུ་ལ་སོོགས་པ་འདི་དག་ཇི་ལྟར་རྒྱས་འགྱུར་མ་ཡིན་པ་ཉིད་དུ་ཁས་ལེན་ནམ་ཅི། འོན་ཏེ་རྡུལ་ཕྲན་བསགས་པས་ས་དང་ཆུ་ལ་སོགས་པ་ཇེ་ཆེ་ཇེ་རྒྱས་སུ་འགྱུར་བར་འདོད་ན་ནི་རྡུལ་གཅིག་ལ་གཏད་པའི་ངོས་གང་ཡིན་པ་དེ་གཞན་ལའང་བལྟས་སོ་ཞེས་པའི་དམ་བཅའ་འདི་འདོར་བར་བྱ་སྟེ་འདི་གཉིས་འགལ་བའི་ཕྱིར་རོ། །ཇི་ལྟར་འགལ་ན་རགས་པ་རྩོམ་དུས་ཀྱི་དབུས་ན་གནས་པའི་རྡུལ་དེ་ལ་ཕྱོགས་བཅུའི་རྡུལ་བཅུས་ཅིག་ཅར་བསྐོར་བའི་ཚེ་དེ་ལ་ཆ་དུ་མ་དབྱེ་རྒྱུ་མེད་པས་ཕྱོགས་གཅིག་གི་རྡུལ་ལས་རྡུལ་གཞན་ལ་གོ་ས་གཞན་ཐོབ་པ་མེད་པས་ཕྱོགས་ལྷག་མ་དོན་མེད་པར་ཕྱོགས་གཅིག་ཏུ་འགྱུར་ཞིང་། སླར་ཡང་རྡུལ་ཇི་ཙམ་ཚོགས་ཀྱང་སྔ་མ་བཞིན་དུ་འགྱུར་བ་ལས་མི་སྲིད་པས་རགས་པ་རྩོམ་མི་ཤེས་ལ། ད་རུང་ཞིབ་ཏུ་དཔྱད་ན་རྡུལ་གཅིག་གི་གོ་ས་རྙེད་པ་དེའང་རྡུལ་སྔ་མའི་ཆ་ཐམས་ཅད་ལ་ཕྱི་མའི་ཆ་ཐམས་ཅད་ཀྱིས་མ་ཁྱབ་ན་ནི་གཉིས་ཀ་ཕྲ་རྡུལ་ཡིན་པ་ཉམས་ཏེ། ཁྱབ་མ་ཁྱབ་ཀྱི་ཆ་གཉིས་སུ་འགྱུར་ལ། ཐམས་ཅད་དུ་ཁྱབ་ན་ནི་བར་གྱི་གོ་སྐབས་ཅུང་ཟད་མེད་པས་གཅིག་ཏུ་འགྱུར་ལ། གཅིག་ཏུ་སོང་ཡང་ཇེ་ཆེར་འགྲོ་བ་ནི་མེད་དེ། ཇེ་ཆེར་སོང་ན་ཆ་མེད་མ་ཡིན་པར་གྱུར་པས་ཆ་མེད་གཅིག་གིས་ཅིག་ཤོས་ཁྱབ་པའང་མི་རིགས་པ་དེས་ན་རྡུལ་ཕྲན་ཆ་མེད་གཅིག་བདེན་ཞིག་ཡོད་ན། སའི་དཀྱིལ་འཁོར་ཆེན་པོ་དང་། ཆུ་རྒྱ་མཚོ་ཆེན་པོར་ལོངས་པའི་རྡུལ་ཕྲན་ཚོགས་ཀྱང་། རྡུལ་ཇི་ཙམ་མང་བ་དེ་ཙམ་ཆེ་ཞིང་རྒྱས་པར་མི་འགྱུར་བར་རྡུལ་ཕྲན་གཅིག་གི་ཚད་ཁོ་ནར་འགྱུར་རོ། །འདི་སྐབས་རྡུལ་ཕྲན་ཞེས་པ་ཕྲ་རབ་ཀྱི་རྡུལ་ཆ་མེད་ལ་གོ་དགོས་ཀྱི། དེ་བདུན་བསགས་པའི་རྡུལ་ཕྲན་ལ་གོ་བར་མི་བྱའོ། །སྤྱིར་རྡུལ་ཕྲན་དང་རྡུལ་ཕྲ་རབ་ལ་ཁྱད་ཡོད་དེ། རྡུལ་ཕྲན་ཆ་བདུན་དང་བཅས་པ་ཡིན་ལ། ཕྲ་རབ་ཅེས་ཕྲ་བའི་རབ་ཏུ་གྱུར་པའམ་མཐར་ཐུག་པ་ཡིན་མོད། རྡུལ་ཕྲ་མོ་དང་། དེ་སྒྲ་བསྡུས་པའི་རྡུལ་ཕྲན་ཞེས་པ་སྤྱི་མིང་ཡིན་པས་བྱེ་བྲག་སོ་སོའི་ཐད་དུ་འཇུག་ཡུལ་ཤན་ཕྱེད་དགོས་སོ། །གཉིས་པ་ཆ་ཡོད་ན་ཕྲ་རྡུལ་དུ་མི་འཐད་པར་བསྟན་པ། རྡུལ་ཕྲན་གཞན་ལ་ལྟ་བའི་ངོས། །གལ་ཏེ་གཞན་དུ་འདོད་ན་ནི། །རབ་ཏུ་ཕྲ་རྡུལ་ཇི་ལྟ་བུར། །གཅིག་པུ་ཆ་ཤས་མེད་པར་འགྱུར། །ཞེས་གསུངས་ཏེ། གོང་ལྟར་དཔྱད་པས་འཇིགས་ནས། དབུས་རྡུལ་གྱི་རྡུལ་ཕྲན་གཅིག་ལ་ལྟ་བའི་རང་བཞིན་གཅིག་པུ་དེ་གཞན་ལ་ལྟ་བ་མ་ཡིན་གྱི། རྡུལ་ཕྲན་གཞན་ལ་ལྟ་བའི་ངོས་གལ་ཏེ་གཞན་དང་གཞན་དུ་ཡོད་པར་འདོད་ན་ནི། རབ་ཏུ་ཕྲ་བའི་རྡུལ་དེ་ཇི་ལྟ་བུར་ན་གཅིག་པུ་ཆ་ཤས་མེད་པའི་རང་བཞིན་དུ་བདེན་པར་འགྱུར་ཏེ་ཕྱོགས་བཅུའི་ཆ་དང་ལྡན་པས་སོ། །དེས་ན་ཕྲ་བ་རྣམས་ཀྱང་རགས་པ་ལ་ལྟོས་ནས་བཞག་ཅིང་། དེའི་གདགས་གཞིའང་དུ་མ་ལ་དམིགས་ནས་བཞག་གི །ཆ་མེད་གཅིག་བདེན་གྱི་རང་མཚན་མི་སྲིད་པར་ཤེས་པར་བྱའོ། །གཉིས་པ་རྡུལ་ཕྲན་དེ་ཁེགས་པས་དངོས་པོ་དུ་མ་ཁེགས་པར་བསྟན་པ་ལ། རྟགས་འགོད་པ་དང་། ཁྱབ་པ་སྒྲུབ་པ་གཉིས། དང་པོ། རྡུལ་ཕྲན་རང་བཞིན་མེད་གྲུབ་པ། །དེ་ཕྱིར་མིག་དང་རྫས་ལ་སོགས། །བདག་དང་གཞན་སྨྲས་མང་པོ་དག །རང་བཞིན་མེད་པར་མངོན་པ་ཡིན། །ཞེས་གསུངས་ཏེ། གང་དེ་ལྟར་རྡུལ་ཕྲན་རང་བཞིན་མེད་པར་གྲུབ་པ་དེ་ཡི་ཕྱིར་ན། མིག་དང་རྫས་ལ་སོགས་པ་བདག་དང་གཞན་གྱི་སྡེ་པས་སྨྲས་པའི་ཆོས་མང་པོ་དག་ཀྱང་རང་བཞིན་མེད་པར་མངོན་པའམ་གསལ་བ་ཡིན་ཏེ། འཇིམ་པ་མེད་པར་རྫ་བུམ་མི་འབྱུང་བ་བཞིན་ནོ། །དེ་ལ་རང་སྡེས་སྨྲས་པ་མིག་དང་གཟུགས་དང་དེའི་རྣམ་པར་ཤེས་པ་སོགས་དོན་དམ་པར་འདོད་པའོ། །གཞན་སྡེ་གཟེགས་ཟན་སོགས་ཀྱིས་སྨྲས་པ་རྫས་དང་ཡོན་ཏན་ལ་སོགས་པའོ། །གཉིས་པ་ཁྱབ་པ་སྒྲུབ་པ། དེ་ཡི་རང་བཞིན་དེས་བརྩམ་དང་། །དེ་ཡི་ཡོན་ཏན་དེ་ལས་བདག །དེ་ཡི་སྤྱི་དང་ཁྱད་པར་ཡང་། །དེ་དག་དེ་དང་འདུ་བ་ཅན། །ཞེས་གསུངས་ཏེ། དེ་ལ་རྡུལ་ཕྲན་མེད་པས་མིག་སོགས་དེ་དག་རང་བཞིན་མེད་པའི་འཐད་པ་ཅི་ཡིན་ན། འདི་ལྟར་རང་སྡེ་དག་ནི་གཟུགས་ཅན་གྱི་ཁམས་བཅུ་པོ་རྡུལ་བསགས་པ་ཡིན་པས་ན་རྡུལ་ཕྲན་དེ་ཡི་རང་བཞིན་དུ་འདོད་པ་དང་། ཕྱི་རོལ་པ་དག་གིས་འདོད་པའི་རྡུལ་གཉིས་ལ་སོགས་པའི་ཡན་ལག་ཅན་གྱི་རྫས་རྣམས་ཀྱང་དངོས་དང་བརྒྱུད་པའི་སྒོ་ནས་རྡུལ་དེས་བརྩམ་པར་འདོད་པ་དང་། གཟུགས་དང་དྲི་དང་རོ་ལ་སོགས་པ་ཕལ་ཆེར་རྡུལ་དེ་ཡི་ཡོན་ཏན་ཡིན་པ་དང་། འདེགས་འཇོག་བརྐྱངས་བསྐུམ་འགྲོ་བའི་ལས་ནི་ལུས་ཅན་ལ་བརྟེན་པའི་ཕྱིར་ན་རྡུལ་དེ་ཡི་ལས་ཀྱི་བདག་ཉིད་ཡིན་པ་དང་། ཡོད་པ་དང་བ་ལང་ལྟ་བུ་སོགས་སྤྱི་ཆེན་པོ་དང་ཉི་ཚེ་བ་དང་། བྱེ་བྲག་གམ་ཁྱད་པར་ས་ལ་སོགས་པ་དག་ཀྱང་ཕལ་ཆེར་དེ་དང་འབྲེལ་བ་དང་རྟེན་པ་ཡིན་པས། རྡུལ་དེ་ཡི་སྤྱི་ཡིན་པ་དང་རྡུལ་དེ་ཉིད་ཁྱད་པར་ཡང་ཡིན་ལ། རྡུལ་དེ་དག་ཅིག་ཤོས་ཀྱི་དངོས་པོ་དེ་དང་ལྷན་ཅིག་འདུ་བ་ཅན་ཡང་ཡིན་པར་འདོད་པ་དེའི་ཕྱིར་དེ་མེད་པས་དེ་ལ་དངོས་སམ་བརྒྱུད་པས་འབྲེལ་བ་དེ་རྣམས་ཀྱང་རྡུལ་ཕྲན་གྱི་རྩ་བ་ཅན་ཡིན་པས་ན་མེད་པར་འགྱུར་ཏེ། འདི་ལྟར་རྡུལ་ཕྲ་རབ་མེད་པས་གཟུགས་ཅན་གྱི་ཁམས་བཅུ་བདེན་པར་མེད་ལ་དེ་ལྟར་ན་དབང་ལྔ་ལ་བདག་རྐྱེན་དང་ཡུལ་ལྔ་ལ་དམིགས་རྐྱེན་བྱས་ཏེ་སྐྱེས་པའི་མིག་ཤེས་སོགས་ལྔའང་བདེན་པར་མི་འགྲུབ་ལ། དེ་མ་གྲུབ་ན་དེ་མ་ཐག་རྐྱེན་དེས་མངོན་པར་བསྒྲུབས་པའི་ཡིད་ཤེས་ཀྱང་བདེན་པར་མི་འགྲུབ་ཅིང་། དེ་ལྟར་ཚོགས་དྲུག་མ་གྲུབ་ན་དེ་འདས་མ་ཐག་པའི་ཡིད་ཀྱང་བདེན་པར་མེད་ལ། སེམས་བདེན་པར་མེད་པ་དེའི་ཚེ་དེ་དང་གྲུབ་བདེ་རྫས་གཅིག་པའི་འདུ་ཤེས་དང་། ཚོར་བ་དང་། སེམས་པ་ལ་སོགས་པའི་སེམས་བྱུང་རྣམས་ཀྱང་རང་བཞིན་མེད་པར་བདེ་བླག་ཏུ་ཤེས་ནུས་སོ། །ལྡན་མིན་འདུ་བྱེད་རྣམས་ཀྱང་གཟུགས་ལ་སོགས་པ་ལ་དངོས་སམ་བརྒྱུད་པས་འབྲེལ་བ་ཅན་དེ་དག་ཀྱང་བདེན་མེད་དུ་གྲུབ་ཅིང་། ལྡན་མིན་དེ་དག་བློས་བཏགས་པ་ཙམ་ལས་དོན་དུ་མེད་པར་མཁས་པ་རྣམས་ཀྱིས་དུམ་བུ་དུམ་བུར་ལན་བརྒྱར་བཤིག་པས་ཤི་ཟིན་པ་ལ་བརྣན་ཏེ་མཚོན་འདེབས་མི་དགོས་པ་བཞིན་ནོ། །རྣམ་པར་རིག་བྱེད་མིན་པའང་འབྱུང་བ་རྣམས་རྒྱུར་བྱས་ནས་གྲུབ་པར་སྨྲ་བ་དེ་ལྟར་ན་འབྱུང་བ་མེད་པས་དེའང་མེད་དོ། །མཁའ་སོགས་འདུས་མ་བྱས་ནི་སྔར་བསལ་ཟིན་ཏོ། །དེས་ན་ཁམས་བཅོ་བརྒྱད་པོའང་རང་བཞིན་མེད་པར་གསལ་བས་ན་རང་སྡེས་སྨྲས་པ་མང་པོ་ཞིག་བདེན་མེད་གྲུབ་ཚུལ་དེ་ལྟར་ཡིན་ནོ། །གཞན་སྡེས་སྨྲས་པའི་དངོས་པོ་མང་པོ་ཞིག་བདེན་མེད་གྲུབ་ཚུལ་ཡང་། རྡུལ་གཉིས་ལ་སོགས་པ་དུ་མ་འདུས་པ་ལ་ཡན་ལག་ཅན་དུ་བཏགས་པ་ཡིན་པས་རྩ་བ་རྡུལ་མེད་ན་དེ་མེད་པ་དང་། སྒྲ་ནམ་མཁའི་ཡོན་ཏན་ཡིན་པ་མ་གཏོགས་གཟུགས་སོགས་འབྱུང་བཞིའི་ཡོན་ཏན་དུ་ཁས་ལེན་པའི་འབྱུང་བཞི་བདེན་པར་མ་གྲུབ་ན་དེ་མི་འགྲུབ་པ་དང་། འདེགས་སོགས་ལས་ནི་ལུས་ཅན་ལ་བརྟེན་ལ་ལུས་ཀྱི་རྩོམ་གཞི་རྡུལ་མེད་པས་དེའང་མེད་པར་ཤེས་པ་དང་། སྤྱི་ཆེན་པོ་ཡོད་པ་དང་བ་ལང་གི་སྤྱི་ལྟ་བུའང་གཟུགས་སོགས་དང་འབྲེལ་བའི་དེའི་སྤྱི་ཡིན་པ་དང་། བྱེ་བྲག་ཤིང་དང་ས་ལ་སོགས་པ་གཟུགས་སུ་གཏོགས་པ་ཐམས་ཅད་རྡུལ་ལ་རག་ལས་ཤིང་རྟེན་བརྟེན་པ་ཡིན་པ་དང་། ཕན་ཚུན་འདུ་བར་ཁས་བླངས་པ་དག་ཀྱང་ཕལ་ཆེར་རྡུལ་ཕྲན་ལ་རག་ལས་པ་དེས་ན་ཕྱི་རོལ་པ་དེ་དག་གི་འདོད་པ་རྣམས་ཀྱང་འཇིག་གོ། །མདོར་ན་ལེགས་པར་དཔྱད་ན་ཤེས་དང་ཤེས་བྱ་ཕན་ཚུན་རྟེན་འབྲེལ་དུ་གྱུར་པའི་གནད་ཀྱིས་རྡུལ་མ་གྲུབ་པས་བེམ་པོ་མི་འགྲུབ་ལ། དེས་སེམས་ཀྱང་བདེན་པར་གྲུབ་པ་མེད་པར་ཤེས་ཤིང་མཐར་ཆོས་ཀུན་ལའང་བདེན་པའི་ཞེན་པ་འཇིག་ནུས་ཏེ། དཔེར་ན་ལྕུགས་ཕྲན་གྱི་ཕོན་པོ་ལས་གང་ཡང་རུང་བ་ཞིག་ཕྱུང་བས་གཞན་མི་བརྟན་ཞིང་རིམ་གྱིས་འཐོར་འགྲོ་བ་བཞིན་ནོ། །གཉིས་པ་ཤེས་པ་གཅིག་བདེན་དགག་པ་ལ། ཕྱི་དོན་ཡོད་པར་འདོད་པའི་ལུགས་ལ་ཤེས་པ་གཅིག་བདེན་དགག་པ་དང་། ཕྱི་དོན་མི་འདོད་པའི་ལུགས་ལ་ཤེས་པ་གཅིག་བདེན་དགག་པའོ། །དང་པོ་ལ་ཐུན་མིན་སོ་སོའི་འདོད་པ་འགོག་པ་དང་། ཐུན་མོང་དུ་གཅིག་བདེན་གྱི་ཤེས་པ་མི་སྲིད་པར་བསྟན་པས་མཇུག་བསྡུ་བ་གཉིས། དང་པོ་ལ་རང་སྡེ་དོན་སྨྲ་སྡེ་གཉིས་ཀྱི་ལུགས་དགག་པ་དང་། ཕྱི་རོལ་པའི་ལུགས་དགག་པ་གཉིས། དང་པོ་ལ་རྣམ་མེད་བྱེ་སྨྲ་བའི་ལུགས་དགག་པ་དང་། རྣམ་བཅས་མདོ་སྡེ་པའི་ལུགས་དགག་པ་གཉིས། དང་པོ་ལ་རང་རིག་འཐད་པར་སྒྲུབ། དོན་རིག་མི་འཐད་པར་སྒྲུབ། དེས་ན་རྣམ་མེད་པའི་ལུགས་མི་འཐད་པར་བསྟན་པ་གསུམ། དང་པོ་ལ་རང་རིག་གི་ངོ་བོ་ངོས་གཟུང་། དེ་རང་རིག་ཡིན་པའི་འཐད་པ་བསྟན་པ་གཉིས། དང་པོ། རྣམ་ཤེས་བེམ་པོའི་རང་བཞིན་ལས། །བཟློག་པ་རབ་ཏུ་སྐྱེ་བ་སྟེ། །བེམ་མིན་རང་བཞིན་གང་ཡིན་པ། །དེ་འདི་བདག་ཉིད་ཤེས་པ་ཡིན། །ཞེས་གསུངས་ཏེ། དེ་ལ་སྤྱིར་ཕྱི་དོན་འདོད་པ་དང་མི་འདོད་པ་གཉིས། འདོད་པ་ལའང་ཤེས་པ་རྣམ་མེད་པ་དང་། རྣམ་བཅས་པ་གཉིས་ཡོད་དེ། དང་པོ་རྣམ་མེད་དུ་སྨྲ་བ་བྱེ་བྲག་སྨྲ་བ་རྣམས་ནི། ཕྱི་དོན་ཡོད་ཀྱང་དེ་དབང་པོས་མཐོང་བ་ཡིན་གྱི། རྣམ་ཤེས་ནི་ཤེལ་སྒོང་ལྟ་བུ་ཡུལ་གྱི་རྣམ་པ་མི་འཛིན་པར་འདོད་དེ། འདི་ལྟར་གཟུགས་ལ་སོགས་པ་ནི་རྟེན་བཅས་ཀྱི་དབང་པོས་ཡུལ་ཁོ་རང་རྗེན་ཅེར་དུ་གཟུང་བ་ཡིན་གྱི། ཡུལ་དང་ཡུལ་ཅན་གྱི་བར་ན་མཚམས་སྦྱོར་བའི་རྣམ་པ་ཞིག་ག་ལ་དགོས་ཏེ། བུམ་པ་ལྟ་བུ་མཐོང་ན་ཡུལ་གྱི་གོ་ས་དེ་ན་གནས་པའི་བུམ་པའི་རང་མཚན་ཉིད་མངོན་སུམ་རྗེན་ནེ་མཐོང་བ་འདི་ཙམ་མོ་སྙམ་པ་སྟེ་འདི་ནི་འཇིག་རྟེན་པ་རྣམས་ཀྱི་བསམ་ངོ་དང་མཐུན་ཏེ། དེ་དག་གིས་ངས་མིག་གིས་བུམ་པ་མཐོང་ཞེས་མཐོང་བྱེད་མིག་དང་མཐོང་བྱ་བུམ་པ་ཁོ་ནར་ཞེན་ནས་མངོན་སུམ་སྣང་བཞིན་པ་འདི་ཡུལ་ཁོ་རང་གི་ངོ་བོ་རྗེན་ཅེར་མཐོང་བའོ་སྙམ་དུ་སེམས་པས་དེ་ལྟར་ན་གང་ཟག་བརྒྱས་བུམ་པ་གཅིག་ལ་བལྟས་ན་ཐམས་ཅད་ཀྱིས་མཐོང་རྒྱུ་བུམ་པ་གཅིག་པུ་དེ་ཡིན་པར་འདོད་དོ། །དེ་ལ་མདོ་སྡེ་པ་སོགས་ཀྱིས་དཔྱད་ན། ཡུལ་ཐམས་ཅད་རང་གི་ཤེས་ངོ་ལ་སྣང་ནས་གཟུང་བ་ཁོ་ན་ཡིན་གྱི། ཤེས་པས་མ་བཟུང་ན་དེ་ཤེས་པར་ཡང་ག་ལ་རུང་སྟེ་བེམ་པོ་ལ་ཡུལ་ཤེས་པ་མི་སྲིད་དོ། །དེས་ན་མིག་དབང་གིས་མཐོང་བ་མ་ཡིན་ཏེ། དེ་བེམ་པོ་ཡིན་པས་ལྟ་བྱེད་དུ་མི་རུང་ལ་ཤེལ་སོགས་དྭང་བའི་གཟུགས་ཀྱིས་བར་ཆོད་ནའང་མཐོང་བའི་ཕྱིར་རོ། །དེས་ན་ཡུལ་གང་དང་གང་ཡིན་པ་ཐམས་ཅད་ཤེས་པས་མཐོང་ཞིང་ཤེས་པ་ཡིན་གྱི། ཤེས་པ་དང་བྲལ་ནས་ཇི་ལྟར་ཤེས་སུ་རུང་སྟེ་ཤེས་མི་སྲིད་དོ། །དེས་ན་དབང་པོ་མིག་ཤེས་ཡུལ་ལ་འཇུག་པའི་རྐྱེན་ཙམ་སྟེ་ཡུལ་འཛིན་པའི་ནུས་པ་ཞིག་ཡིན་པར་རྗེས་སུ་འགྲོ་ལྡོག་གི་ངེས་པས་གྲུབ་ལ། དེ་ཕྱིར་དཔེར་ན་མེ་ལོང་གི་ནང་དུ་གཟུགས་བརྙན་ཤར་བ་ནི་མེ་ལོང་ནང་ལ་ཤར་རྒྱུའི་གཟུགས་དང་འདྲ་བར་སྐྱེས་པའི་གཟུགས་བརྙན་ཡིན་གྱི། གཟུགས་དངོས་ག་ལ་ཡིན། དེ་བཞིན་དུ་ཤེས་པ་ལ་སྣང་བའི་ཆ་ཐམས་ཅད་ནི་ཤེས་པ་དོན་དེའི་རྣམ་པར་སྣང་བ་ཙམ་ཡིན་ཏེ། མི་བརྒྱས་བུམ་པ་གཅིག་ལ་བལྟས་ན་སོ་སོ་རང་རང་གི་ཤེས་པ་བུམ་པའི་རྣམ་པར་སྣང་བ་སྟེ། མེ་ལོང་བརྒྱའི་ནང་དུ་བུམ་པ་གཅིག་གི་གཟུགས་བརྙན་སོ་སོར་ཤར་བ་བཞིན་ནོ། །དེ་ལྟར་མ་ཡིན་ན་གང་ཟག་བརྒྱ་པོ་དེ་སོ་སོ་རང་རང་གི་རྒྱུད་ན་བུམ་པ་ཤེས་པའི་སྣང་ཆའམ་ཤེས་ཆ་རེ་མེད་ན་ནི་བུམ་པ་ཤེས་པར་ཡང་མི་རུང་ལ། ཡོད་ན་སོ་སོའི་བློ་ངོ་ལ་སྣང་བའི་ཆ་དེ་ཅིག་ཤོས་ལ་སྣང་མི་སྲིད་དེ་རྒྱུད་ཐ་དད་པའི་ཕྱིར་རོ། །དེས་ན་གང་སྣང་ཕན་ཆད་རང་སྣང་ཡིན་པར་བཟློག་ཏུ་མེད་ཀྱང་། འོན་ཀྱང་སྣང་བའི་རྣམ་པ་དེ་ལྟ་བུ་རྒྱུ་མེད་དུ་མི་འབྱུང་བས་རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་ནི་ཡོད་དེ། དེ་ལས་དེའི་རྣམ་པ་འབྱུང་བ་ནི། རྒྱ་ལས་རྒྱའི་འབུར་ལྟ་བུའམ། གཟུགས་ལས་གཟུགས་བརྙན་ལྟ་བུ་སྟེ། དཔེར་ན། མེ་ལོང་གི་ནང་དུ་གཟུགས་ཀྱི་རྣམ་པ་ཤར་ན། གཟུགས་དངོས་ནི་མེ་ལོང་ལ་ནམ་ཡང་འཆར་མི་སྲིད་ཀྱང་། གཟུགས་ལ་ཇི་ལྟར་ཡོད་པ་ལྟར་སྣང་བ་བཞིན་དུ། རང་སེམས་ལ་གང་སྣང་བ་དེ་ནི་ཕྱི་དོན་གྱི་རྣམ་པ་ལས་འོས་མེད་ཀྱང་རྣམ་པ་དེ་ལ་ཇི་ཡོད་པ་མ་ལྷག་མ་ཆད་པར་ཕྱི་རོལ་ལའང་ཡོད་དགོས་ལ། དེ་ལྟར་རང་གི་བློ་ངོ་ལ་སྣང་བའི་རྣམ་པ་དང་། རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་གཉིས་གཅིག་ཏུ་འཁྲུལ་པ་ཡིན་གྱི། དོན་དུ་སྣང་ངོའི་འདི་རྣམ་པ་ཡིན་གྱི་དོན་དངོས་མིན་པས། ཕྱི་དོན་དངོས་ནི་ལྐོག་ན་མོའི་ཚུལ་ཏེ་རྣམ་པ་དེའི་ཕག་ཏུ་ཡིབ་པ་ལྟ་བུའི་ཚུལ་གྱིས་མཐོང་བ་མེད་པར་འདོད། ལུགས་འདི་ཕྱི་དོན་ཡོད་པར་འདོད་ཕན་ཆད་འདི་ལྟར་ཁས་ལེན་པ་ལས་འོས་མེད་པས་ཤིན་ཏུ་འཐད། འདི་དག་གིས་དཔེར་ན། ཚོན་གྱིས་བསྒྱུར་བའི་ཤེལ་མངོན་སུམ་བཟུང་ན། ཤེལ་མངོན་སུམ་ཚོན་གཟུགས་བརྙན་བཟུང་བ་ཡིན་པ་ལྟར། མངོན་སུམ་སྣང་བ་ཤེས་པ་ཁོ་ན་ཡིན་ལ་ཁ་དོག་དང་དབྱིབས་སུ་སྣང་བའི་གཞི་ནི་ཤེས་པ་ལས་ཐ་དད་པའི་རྡུལ་ཕྲ་རབ་ཚོགས་པའི་ཕྱི་དོན་ཡིན་པར་འདོད་པ་དེས་ན་དབང་པོས་ཡུལ་མི་འཛིན་པར་ཤེས་པས་འཛིན་པར་འདོད་པའོ། །དེ་ལ་ཁ་ཅིག་གིས་ཕྱི་དོན་གཏན་ནས་མ་སྣང་ན་ཤ་ཟ་སོགས་ཀྱི་རྣམ་པའང་ཅིས་མི་འཛིན་ཏེ། བུམ་པ་དང་ཤ་ཟ་གཉིས་ལྐོག་གྱུར་ཡིན་པ་ལ་ཁྱད་མེད་པའི་ཕྱིར་ན་སྐད་ཅིག་དང་པོ་ལ་ཕྱི་དོན་སྣང་ཞིང་དེ་ཕན་ཆད་ལྐོག་གྱུར་ཡིན་ཟེར་ཀྱང་མདོ་སྡེ་པའི་གྲུབ་མཐའ་གཏན་མ་ཆུབ་པ་སྟེ། སྐད་ཅིག་དང་པོ་ལ་ཡུལ་དངོས་སུ་རིག་ན་གཉིས་པ་སོགས་སུའང་ཅིས་མི་རིག །ལྐོག་གྱུར་ཡིན་ཡང་གང་གི་རྣམ་པ་གཏད་པ་དེའི་རྣམ་པ་འཛིན་པ་ལས་གཞན་མི་སྲིད་དེ། མེ་ལོང་གི་ནང་དུ་གཟུགས་དངོས་ཤར་བ་ནམ་ཡང་མི་སྲིད་ཀྱང་། གང་མེ་ལོང་ལ་ཕྱོགས་པ་དེ་འཆར་བ་ལས་གང་རུང་རུང་མི་འཆར་བ་བཞིན་ནོ། །དེ་ལ་སྐབས་འདིར་གཟུགས་བརྙན་གྱི་དཔེར་བརྗོད་པ་འདི་ནི་བློ་ལ་གོ་སླ་བར་བརྗོད་པ་ཙམ་ཡིན་ནོ། །དེ་ལྟར་ཤེས་པ་རྣམ་བཅས་སུ་སྨྲ་བ་ལ་སེམས་ཙམ་པ་དང་འདི་གཉིས་འདྲ་ཡང་། ཕྱི་དོན་ལོགས་སུ་ཡོད་པར་འདོད་མི་འདོད་ཀྱི་ཁྱད་པར་ཙམ་མོ། །དེ་ལ་རྣམ་བཅས་པ་ལ་གཟུང་བའི་རྣམ་པ་དང་། དེ་འཛིན་པའི་ཤེས་པ་གཉིས་ལ་བརྟགས་པའི་མུ་གསུམ་ཡོད་པ་ནི་འོག་ཏུ་འཆད་པར་འགྱུར་ལ། གཞུང་འདིར་ཐ་སྙད་དུ་དེ་གསུམ་གྱི་ནང་ནས་གང་བཞེད་ཅེ་ན། དགེ་ལྡན་གྱི་མཁས་པ་རྣམས་ནི་ཚད་མ་དང་འདི་ཀུན་མཐུན་པར་སྣ་ཚོགས་གཉིས་མེད་པར་བཞེད་ཅེས་གསུངས་ཀྱང་། སྤྱིར་ཁ་ནང་ལྟ་རང་རིག་གི་དབང་དུ་བྱས་ནས་ཤེས་རྒྱུད་ཙམ་ལ་བསམས་ན། སྣང་བ་སྣ་ཚོགས་སེམས་སུ་གཉིས་མེད་ཅེས་པ་དེའི་ཐ་སྙད་རུང་བའི་སྐབས་ཙམ་ཞིག་ཡོད་མོད་ཀྱི། མུ་གསུམ་པོའི་སྐབས་འདིར་ནི་དེ་ཙམ་མིན་པར་ཟླའི་སྟོབས་ཀྱིས་རྣམ་པ་འཛིན་ཚུལ་ལ་གོ་དགོས་པས་ན་ཤིན་ཏུ་མི་འཐད་པས་ལུགས་འདིར་ནི་ཐ་སྙད་ཀྱི་ཚད་མས་གྲུབ་ཅིང་གནོད་པ་མེད་པ་ནི་གཟུང་འཛིན་གྲངས་མཉམ་པ་ཁོ་ནར་མཐོང་བས་བདག་ནི་དེ་ཁོ་ན་ལྟར་སྨྲ་ལ། གཞུང་གི་དགོངས་པའང་འདི་ཡིན་ཏེ། དེ་ལ་སེམས་ཙམ་གཟུང་འཛིན་གྲངས་མཉམ་པ་འགོག་པའི་སྐབས་སུ། སྔོན་གྱི་སློབ་དཔོན་ཁ་ཅིག་སྔོ་སོགས་འཛིན་པའི་སེམས་རིགས་འདྲ་ཤ་སྟག་པ་དུ་མ་ལྷན་ཅིག་སྐྱེ་བར་འདོད་པ་ལ། དེ་ལྟར་ན་བཅོམ་ལྡན་འདས་ཀྱིས། གང་སྔ་ཕྱི་མེད་པར་སེམས་གཉིས་འབྱུང་བ་འདི་གནས་མ་ཡིན་གོ་སྐབས་མེད་དོ། །ཞེས་དང་། ཡང་སེམས་ཅན་ཐམས་ཅད་ནི་རྣམ་པར་ཤེས་པའི་རྒྱུད་གཅིག་པའོ། །ཞེས་འབྱུང་བའི་ལུང་དང་འགལ་བ་བསྟན་པ་ལ། དེ་དག་གིས་ཀླན་ཀ་སྤང་པའི་དོན་དུ་ལུང་དེ་འདྲ་བ་རྣམ་སྨིན་གྱི་རྣམ་ཤེས་ཀུན་གཞི་ལ་དགོངས་སོ་ཟེར་བའང་མི་འཐད་དེ། ཀུན་གཞིའང་གནས་ལུས་ལོངས་སྤྱོད་སྣ་ཚོགས་ཀྱི་རྣམ་པར་སྣང་བས་དུ་མར་ཐལ་བ་དང་། ལུང་ཡང་སྔོན་གྱི་སློབ་དཔོན་ཆོས་ཀྱི་གྲགས་པས། དེ་དག་རྣམས་ལས་རིགས་མཐུན་པའི། །ཞེས་པ་ལ་སོགས་ཀྱིས་མདོའི་དགོངས་པ་རིགས་མཐུན་གྱི་ཤེས་པ་གཉིས་ལྷན་ཅིག་འབྱུང་བར་མི་སྲིད་པ་ལ་བཤད་པས་ཁྱོད་ཀྱི་ཚུལ་དེ་བོར་ནས་འཆད་པ་དེ་ལྟར་ན་མདོའི་དོན་འདི་ལྟར་ཁོ་བོས་རིགས་པས་གསལ་པོར་སྨྲས་ཀྱང་ཆོག་སྟེ། སེམས་གཉིས་ལྷན་ཅིག་མི་འབྱུང་བར་གསུངས་པ་ནི་མི་མཐུན་ཕྱོགས་དང་གཉེན་པོའི་དབང་དུ་མཛད་ནས་གསུངས་པ་དང་། སེམས་རྒྱུད་གཅིག་པ་ཞེས་པའང་གྲངས་ཀྱི་གཅིག་མ་ཡིན་པར་འབའ་ཞིག་པའི་དོན་ཏེ། དེ་ལ་ཕྱི་རོལ་གྱི་དོན་མེད་པར་བདག་དང་བདག་གི་དང་གཟུང་འཛིན་དང་བྲལ་པའི་སེམས་ཉིད་འབའ་ཞིག་ཡོད་དོ་ཞེས་བསྟན་པར་གྱུར་ནའང་རུང་ཞིང་འཐད་པ་ཉིད་དོ། །དེ་ལྟར་སྨྲས་པ་མི་འཐད་པ་མེད་ཀྱང་རུང་། དགོས་པ་ཡོན་ཏན་ཅི་ཡོད་ཅེ་ན། རྣམ་སྨིན་ཀུན་གཞིའི་ཤེས་པ་གནས་ལུས་ལོངས་སྤྱོད་སྣ་ཚོགས་སུ་སྣང་བའི་རྣམ་པ་ཐ་དད་པས་ཐ་དད་པར་འགྱུར་བའི་ཉེས་པ་ནི་མི་བསྐྱེད་པས་ཁྱོད་ཀྱི་ཁས་ལེན་ཚུལ་ལས་འཕགས་སོ། །འོ་ན་ཕ་རོལ་པོས་འདོད་པ་བཀག་ཀྱང་དེ་ལྟ་བུའི་ཚུལ་བཟུང་ན་ཅི་ལུགས་འདི་རྨ་མེད་པ་ཡིན་ནམ་ཞེ་ན། མ་ཡིན་པར་བརྗོད་པ་ཞེས་གཟུང་འཛིན་གྲངས་མཉམ་འགོག་པའི་རིགས་པ་བསྟན་འདུག་པ་འདིས་གཟུང་འཛིན་གྲངས་མཉམ་འདོད་ཚུལ་གཞན་གྱི་ལུགས་དགག་པའི་ཤུགས་ཀྱིས། རང་ལུགས་ཀྱི་གྲངས་མཉམ་ཁས་ལེན་ཚུལ་བཅས་བསྟན་པ་ཡིན་ནོ། །དེ་ལ་སྒོང་ཕྱེད་ཚལ་པའི་ལུགས་ལ་སྐྱོན་བརྗོད་པ་དེ་དོན་དམ་པར་མ་ཟད་ཐ་སྙད་དུའང་འཇུག་ལ། སྣ་ཚོགས་གཉིས་མེད་པའི་ལུགས་ལའང་ནམ་མཁའི་གོས་ཅན་ལུགས་སམ་ཅི་ཞེས་སུན་འབྱིན་གྱི་ཚིག་དང་བཅས་ཏེ་བཀག་པ་དེའང་ཐ་སྙད་དུ་འཇུག་ལ་གཟུང་འཛིན་གྲངས་མཉམ་འགོག་པའི་རིགས་པ་ནི་དོན་དམ་པར་འཇུག་གི་ཐ་སྙད་ཙམ་དུ་མི་འཇུག་པས་ལུགས་འདི་ཁས་ལེན་པ་འཐད་དོ། །དེ་ལ་སྐབས་འདིར་ཕལ་ཆེར་རྟོག་པ་དང་རྟོག་མེད་ཀྱི་བྱེད་པ་འདྲེས་ཏེ་ཚུལ་བཞིན་སྨྲ་བ་དཀོན་པར་འདུག་ནའང་། དོན་དུ་རྟོག་མེད་ཀྱི་ཤེས་ངོར་ཡུལ་གྱི་རྣམ་པ་ཐ་དད་ལ་གཅིག་ཏུ་མི་སྣང་། གཅིག་ལ་ཐ་དད་དུ་སྣང་མི་སྲིད་དེ། སྣང་ན་བློ་དོན་མཐུན་དུ་མི་འགྱུར་པས་ན་དོན་ཇི་ལྟར་སྣང་བ་ལྟར་ཤེས་པའང་དེ་ལྟར་འགྱུར་དགོས་པ་ནི། དཔེར་ན་བུམ་པའི་རང་མཚན་མ་ཐོང་ཚེ་དེ་དག་ཡུལ་དུས་རྣམ་པ་མ་འདྲེས་པར་འཛིན་དགོས་པས་བུམ་པའི་ཁ་དང་ལྟོ་བ་ཞབས་སོགས་ཆ་སོ་སོ་ནས་རྣམ་པ་གཏད་པ་ལྟར་འཛིན་གྱི། གཅིག་ཏུ་བསྲེས་ཏེ་འཛིན་པ་ནི་མི་སྲིད་ལ། ཁ་ཁྱེར་འཛིན་པའི་ཤེས་པ་དང་། ཞབས་ཀྱི་ཆ་འཛིན་པ་གཉིས་གཅིག་ཏུ་རིགས་པ་མ་ཡིན་པས་ཤེས་པ་དུ་མའི་ཐ་སྙད་ཐོབ་ཀྱི་གཅིག་གི་ཐ་སྙད་ག་ལ་ཐོབ ། འོན་ཀྱང་དེ་ཀུན་བསྡོམས་ནས་བཟུང་བ་བུམ་འཛིན་གྱི་ཤེས་པར་རིགས་གཅིག་པ་ལས་གཞན་མེད་ལ། བྱེ་བྲག་ཁ་ཁྱེར་འཛིན་པ་ལྟ་བུའང་ཁ་ཁྱེར་འཛིན་པར་དོན་མཐུན་གྱི་གཞན་ལ་མི་མཐུན་ལ། ཁ་ཁྱེར་གྱིའང་སྟེང་འོག་འཛིན་པའི་ཆ་སོ་སོ་ནང་རིགས་མི་མཐུན་ཡང་ཁ་ཁྱེར་གྱི་ཤེས་པ་གཅིག་པུའི་གདགས་གཞིར་རུང་བ་ཡིན་པ་སོགས་ཀུན་ལ་སྦྱར་ན། རིགས་མཐུན་གྱི་ཤེས་པ་གཉིས་ནམ་ཡང་དུས་གཅིག་ཏུ་སྐྱེ་བ་མེད་དེ། གལ་ཏེ་ཡུལ་བུམ་པ་ལྟ་བུ་གཅིག་ལ་དམིགས་པའི་ཚེ་བུམ་འཛིན་གྱི་ཤེས་པ་རྟོག་མེད་རིགས་མཐུན་ནམ། རྟོག་བཅས་གཉིས་དུས་སྔ་ཕྱི་མེད་པར་སྐྱེ་ན་ཡུལ་ཅན་གཉིས་སུ་སོང་བས་རྒྱུད་ཐ་དད་པར་འགྱུར་དགོས་པ་ཡིན་ལ། རིགས་མི་མཐུན་དུ་མ་སྐྱེ་ཡང་རྒྱུད་དང་རྣམ་ཤེས་ཐ་དད་པར་མི་འགྱུར་བའི་ཚུལ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལ་ཁ་ཁྱེར་འཛིན་པའང་བུམ་འཛིན་ཤེས་པ་གཅིག་ཡིན། ལྟོ་བ་འཛིན་པའང་དེ་གཅིག་པ་ལྟ་བུར་གོ་བ་བྱས་ན་ཆེས་ལོག་པར་འཁྱམས་པ་ཡིན་ནོ། །དེས་ན་ཁ་ཁྱེར་ཤེས་པ་དང་ལྟོ་བ་ཤེས་པ་སོགས་མཐོང་བའི་སྤྱོད་ཡུལ་ཡོངས་སུ་རྫོགས་པ་ལ་གཅིག་ཏུ་བསྡོམས་ཏེ་བུམ་འཛིན་ཤེས་པར་བཞག་པས་ན་ཤེས་པ་ཐ་དད་དུ་མི་འགྱུར་ཏེ། འཕང་ལོ་དང་ལྟེ་བ་རྩིབས་མུ་ཁྱུད་སོགས་ལ་ཤིང་རྟར་བཏགས་ཚེ། ཡན་ལག་དེ་རྣམས་ནང་ཕན་ཚུན་གཅིག་མིན་ཀྱང་། དེས་ཡན་ལག་ཅན་ཤིང་རྟ་གཉིས་སུ་མི་འགྱུར་བ་བཞིན་ནོ། །དེས་ན་བུམ་པའོ་སྙམ་དུ་རྟོགས་པའི་ཚེ། བུམ་མིན་ཐམས་ཅད་རྣམ་པར་མ་བཅད་ན་དེ་མི་གྲུབ་པས་དེ་ག་རང་གཅིག་པུ་ལས་རྟོག་པ་གཞན་དང་དུས་མཉམ་འགྲོགས་པ་མི་སྲིད། དེ་བཞིན་ཁྲ་འཛིན་ཙམ་དང་། ཁྲ་བོའི་བྱེ་བྲག་སྔོ་འཛིན་དང་། སྔོན་པོའི་བྱེ་བྲག་དབུས་ཀྱི་སྔོན་པོ་སོགས་ཇི་སྲིད་བློས་ཕྱེ་བ་སྲིད་དུ་དེ་ལྟར་ཤེས་པར་བྱའོ། །དེས་ན་ཤེས་པ་རྒྱུད་གཅིག་པ་དང་ངོ་བོ་གཅིག་པ་སོགས་འཇོག་ཚུལ་དེ་ལྟ་བུ་ཡིན་གྱི། ནང་གསེས་དུ་མ་མེད་པ་ཞིག་ལ་འཇོག་ན་ཡུལ་ཆ་མེད་དང་རྣམ་ཤེས་ཆ་མེད་གཅིག་བདེན་ཞིག་ཁས་ལེན་ན་མ་གཏོགས་ཇི་ལྟར་བསྒྲུབ་སོམས་ཤིག །གཞན་ཡང་བུམ་པའི་ཁ་ཁྱེར་དང་ལྟོ་བ་སོགས་ཡུལ་སོ་སོ་བ་ཡིན་པས་ཡུལ་ཅན་ཤེས་པ་རིགས་མི་མཐུན་མིན་པར་སྨྲ་ན་བུམ་འཛིན་དང་ཆུ་འཛིན་ཤེས་པའང་གཅིག་ཏུ་འགྱུར་ཞིང་། མཐར་ཡུལ་ཅན་ཤེས་པ་ཙམ་དུ་འདྲ་བས་སྒྲ་ཤེས་གཟུགས་ཤེས་སོགས་ཤེས་པ་ཡིན་ནོ་ཅོག་གཅིག་ཏུ་འགྱུར་བས། དེ་ལྟར་ན་རིགས་མི་མཐུན་པའི་ཤེས་པ་གཞི་མ་གྲུབ་པས་སློབ་དཔོན་གྱིས་ཤེས་པ་རིགས་མཐུན་མི་མཐུན་དུ་ཕྱེ་བ་ལ་དགོས་པ་མེད་པར་འགྱུར་རོ། །དེས་ན་ལུགས་འདི་ལ་ཕྱེ་མ་ལེབ་ཁྲ་སོགས་ཀྱི་ཁ་དོག་ཅིག་ཅར་དམིགས་པ་སྲིད་ཀྱི། གཞན་དུ་དེ་མི་སྲིད་དེ་རིམ་ཅན་དུ་དམིགས་ན་སྒོ་ང་ཕྱེད་ཚལ་བ་ལ་བརྗོད་པའི་ལྕུགས་སྒྲ་སོགས་ཀྱི་རིགས་པས་གནོད་ལ། ཅིག་ཅར་དམིགས་བཞིན་དུ་ཡང་རྣམ་པ་སོ་སོའི་འཛིན་པ་མེད་ན་ཤེས་རྣམ་གཉིས་འབྲེལ་མེད་དུ་འགྱུར་བ་སོགས་ཀྱི་སྐྱོན་ཡོད་པས་སྣ་ཚོགས་གཉིས་མེད་པའང་ཆེས་མི་འཐད་ཅིང་། མཐར་སྣང་ཡུལ་སྔོན་པོ་ལྟ་བུ་གཅིག་ལའང་དབུས་མཐའ་ལ་སོགས་པའི་དབྱེ་བ་ཡོད་པས། དེ་ཇི་བཞིན་འཛིན་པའི་ཡུལ་ཅན་རྣམ་པ་ཐ་དད་མེད་པ་མི་སྲིད་དེ། སྲིད་ན་ཆ་ཡོད་ཀྱི་རྣམ་པ་ལ་ཆ་མེད་དུ་འཛིན་པ་ཚད་མར་ག་ལ་འཐད། ཤེས་པ་དུ་མར་འདོད་པའི་ལུགས་འདི་ལ་ཐ་སྙད་དུ། གཞལ་བྱ་འཛིན་པའི་ཚད་མ་རུང་བར་འགྱུར་ཏེ། བུམ་པ་རྡུལ་དུ་མའི་བདག་ཉིད་དུ་འདོད་པ་རྣམས་ཀྱིས་ཆ་མེད་ཀྱི་བུམ་པ་ཁས་མི་ལེན་ཅིང་དེའི་རྒྱུ་མཚན་ཆ་བཅས་སུ་ཤེས་ངོ་ལ་སྣང་བས་འཇོག་པ་བཞིན་ནོ། །ལུགས་དེར་ཡང་གཟུང་རྣམ་འཛིན་རྣམ་རིགས་མཐུན་གྱི་ཤེས་པ་གཉིས་དུས་གཅིག་ཏུ་སྐྱེས་པར་མི་འགྱུར་ཏེ། དེ་གཉིས་བཏགས་པའི་ཐ་སྙད་དུ་ཕྱེ་བ་ལས། དོན་ལ་ཐ་དད་མེད་པའི་ཕྱིར་རོ། །དེ་ལྟར་གཞན་ན་མ་མཐོང་ཡང་ཚུལ་འདི་ཁོ་ན་ཐ་སྙད་དུ་ཁས་ལེན་ནོ་ཞེས་བདག་གཅིག་པུ་འཇིགས་པ་མེད་པར་སྨྲའོ། །དཔལ་ཆོས་གྲགས་ཀྱི་བཞེད་པ་མཐར་ཐུག་པའང་དེར་གནས་སུ་ཟིན་མོད། ཚུལ་བཞིན་གང་ན་གསལ་བློ་ལྡན་རྣམས་ཀྱིས་རྒྱ་བོད་ཀྱི་གཞུང་བཀླགས་ན་འབྱིན་ཏོ། །འདི་ལ་བརྗོད་དགོས་པ་མང་ཡང་རེ་ཞིག་མདོ་ཙམ་བསྟན་པའོ། །དེ་ལ་རྣམ་མེད་པའི་ལུགས་ནི་ཆེས་འབྲེལ་བ་མེད་པར་སྟོན་དགོས་པ་ལ། དང་པོ་རང་རིག་འཐད་པར་བསྒྲུབ་དགོས་པས། དེའང་གཟུང་ཆར་སྣང་བའི་རྣམ་པ་དེའང་ཤེས་པ་ཡིན། དེ་འཛིན་པའང་ཤེས་པ་ཡིན་ཅིང་དེ་གཉིས་ངོ་བོ་གཅིག་ཡིན་ན་རང་གིས་རང་ལ་བྱེད་པར་འགལ་བས་དེ་མི་འཐད་སྙམ་ན། འདི་ལྟར་གཞལ་བྱ་སྣ་ཚོགས་པ་སྣང་བའི་ཡུལ་དང་། དེ་འཛིན་པའི་ཡུལ་ཅན་སོ་སོར་ཡོད་པ་ལྟ་བུའི་སྣང་ཚུལ་གྱི་དབང་དུ་བྱས་ཏེ་གཟུང་རྣམ་དང་འཛིན་རྣམ་ཞེས་བཞག་ཀྱང་དོན་ལ་རྣམ་པར་ཤེས་པ་གང་ཞིག་ཤིང་རྟ་དང་རྩིག་པ་ལ་སོགས་པ་བེམ་པོའི་རང་བཞིན་གསལ་རིག་དང་བྲལ་བ་དག་ལས་བཟློག་པ་གསལ་ཞིང་རིག་པའི་མཚན་ཉིད་ཅན་དུ་རབ་ཏུ་སྐྱེ་བ་སྟེ། དེ་ལྟར་བེམ་པོ་མིན་པའི་རང་བཞིན་གང་ཡིན་པ་དེ་ལྟ་བུ་འདི་ནི་བདག་རང་ཉིད་ཤེས་པའམ་རང་རིག་རང་གསལ་ཞེས་པ་ཡིན་ནོ། །གཉིས་པ་དེ་ལ་རང་རིག་ཏུ་གདགས་པའི་འཐད་པ། གཅིག་པ་ཆ་མེད་རང་བཞིན་ལ། །གསུམ་གྱི་རང་བཞིན་མི་འཐད་ཕྱིར། །དེ་ཡི་རང་གིས་རིག་པ་ནི། །བྱ་དང་བྱེད་པའི་དངོས་པོར་མིན། །དེ་ཕྱིར་འདི་ནི་ཤེས་པ་ཡི། །རང་བཞིན་ཡིན་པས་བདག་ཤེས་རུང་། །ཞེས་གསུངས་ཏེ། འདི་ལྟར་རྣམ་ཤེས་རང་ཉིད་ཅེས་བྱ་བ་དངོས་པོ་གཞན་བཅད་ནས་གཅིག་པ་ཉིད་དུ་གྱུར་ཅིང་། རང་ལས་གཞན་པའི་ཆ་མེད་པའི་རང་བཞིན་ཞིག་ཡིན་དགོས་པ་ལ། དངོས་སུ་ན་སྐྱེད་པར་བྱེད་པ་པོ་རྣམ་འཇོག་གི་རྒྱུ་རིག་པར་བྱ་བའི་ཡུལ་དང་། དེས་བསྐྱེད་བྱ་ཡུལ་རིག་པ་པོ་དང་། བསྐྱེད་འབྲས་སམ་རིག་པ་སྟེ་བྱ་བྱེད་ལས་གསུམ་གྱི་རང་བཞིན་ཡོད་པར་མི་འཐད་པའི་ཕྱིར་ན། ཤེས་པ་དེ་ཡི་རང་གིས་རང་རིག་པ་ཞེས་རྗོད་པ་གང་ཡིན་པ་ནི། སྟྭ་རེ་ཤིང་ལ་གདབ་པ་ལྟ་བུར་དངོས་སུ་རང་ལས་ཐ་དད་པའི་རང་འཛིན་ཤེས་པ་བསྐྱེད་པའམ། ཤེས་པས་རིག་པར་བྱ་བ་ཡུལ་དང་། ཡུལ་དེ་རིག་པར་བྱེད་པའི་དངོས་པོར་འདོད་པ་མིན་པ་དེ་ཡི་ཕྱིར་ན་འདི་ནི་ཤེས་པ་ཡི་རང་བཞིན་ཡིན་པས་བདག་ཤེས་ཀྱི་ཐ་སྙད་འཐད་ཅིང་རུང་བ་ཡིན་ནོ། །དེ་ལ་དངོས་སུ་རང་རིག་པ་ཞེས་ཡུལ་ཅན་དང་ཡུལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རང་བཞིན་དུ་འདོད་ན་མི་འཐད་དེ། དངོས་པོ་བདག་ཉིད་བསྐྱེད་ན་མ་སྐྱེས་པའམ། སྐྱེས་ཟིན་པ་བསྐྱེད། དང་པོ་ལྟར་ན་མི་འཐད་དེ་སྐྱེས་པའི་སྔ་ལོགས་ན་དེ་མེད་པས་སྐྱེད་པའི་ནུས་པ་མེད་ལ། ཇི་སྟེ་སྐྱེས་ཟིན་ནས་ནུས་པ་ཡོད་པའི་དུས་ན་དེ་དང་ངོ་བོ་གཅིག་ཏུ་བསྐྱེད་བྱ་ཡང་གྲུབ་ཅིང་། རང་གིས་རང་ལ་བྱེད་པར་འགལ་ཏེ་རལ་གྲིས་རང་མི་གཅོད་པ་སོགས་བཞིན་ནོ། །དེ་ལྟ་བས་ན་ཡུལ་བུམ་པ་སོགས་བེམ་པོ་ཡིན་པས་དེ་དག་ལ་གསལ་ཞིང་རིག་པ་མི་སྲིད་ལ། དེས་ན་དེ་དག་གི་ངོ་བོར་རིག་པར་བྱེད་པ་རང་ལས་གཞན་བ་གསལ་ཞིང་རིག་པའི་བློ་ལ་ལྟོས་དགོས་ཀྱང་། ཤེས་པ་འདི་ནི་རང་གི་ངོ་བོ་བེམ་པོ་ལྟ་བུ་མ་ཡིན་པས་རང་གི་ངོ་བོ་རིག་པར་བྱ་བ་རྐྱེན་གཞན་ལ་ལྟོས་མི་དགོས་པ་དེ་ཕྱིར་རང་རིག་ཅེས་བཞག་པ་ཐ་སྙད་ཆེས་འཐད་དེ། ཁོ་རང་སྐྱེས་ཙམ་ནས་གསལ་རིག་གི་རང་བཞིན་ཅན་ཡིན་པས། ཁོས་གཞན་རིག་ཀྱང་ཁོ་ལ་རིག་མཁན་གཞན་མེད་ན་རང་མི་རིག་པ་མ་ཡིན་པས། གྲུ་པ་རང་གིས་རང་ཆུ་ལས་བསྒྲལ་ཟེར་བ་དང་། མར་མེ་རང་གིས་རང་གསལ་ཟེར་བ་དང་འདྲ་སྟེ། དེའང་མུན་ཁང་ནང་གི་བུམ་པ་སོགས་མར་མེས་སྣང་བར་བྱས་ཀྱང་། མར་མེ་རང་སྣང་བར་བྱེད་པ་ལ་རྒྱུ་གཞན་མི་དགོས་པས་རང་གསལ་ཞེས་ཐ་སྙད་བཏགས་པ་ལས་མར་མེས་རང་གིས་རང་ཡུལ་དུ་བྱས་ནས་གསལ་བ་མིན་པ་ལྟ་བུའོ། །དེས་ན་མྱོང་བ་གསལ་རིག་གི་ངོ་བོར་སྐྱེས་པ་ལ་རང་རིག་ཅེས་བཏགས་པ་ཡིན་པས་སྤྱིར་ཤེས་པ་ཡིན་ན་ངོ་བོའི་དབང་དུ་བྱས་ཏེ་རང་གིས་རང་རིག་པ་ཡིན་པས་ཁྱབ་ཀྱང་། གཟུང་འཛིན་གཉིས་སུ་ཕྱེ་བའི་འཛིན་རྣམ་ལ་རང་རིག་ཏུ་བཞག་པའི་ལྡོག་ཆ་ནས་དེ་ཡིན་པས་མ་ཁྱབ་པ་ལྟ་བུར་སྣང་བ་སོགས་ཤེས་པར་བྱའོ། །དེས་ན་རང་རིག་ཅེས་པའི་ཐ་སྙད་ཙམ་ཞིག་སྒྲུབ་ཚུལ་དེ་ལྟར་ཤེས་ན་ཀུན་རྫོབ་ཏུ་རང་རིག་འཐད་པ་ལ་གནོད་པ་གང་ཡང་མི་འབབ་སྟེ། ཤེས་པས་རང་གསལ་ན་མིག་གིས་རང་མཐོང་བ་དང་། ཡང་བཟོར་ཅན་རང་གི་ཕྲག་པར་ཞོན་པ་སོགས་མི་རུང་བ་ལྟ་བུའི་ཚུལ་དུ་གསུངས་པ་དང་། མར་མེས་རང་གསལ་ན་མུན་པས་རང་བསྒྲིབས་པར་ཐལ་བ་སོགས་ཀྱི་རིགས་པ་ཐམས་ཅད། རང་རིག་བདེན་པར་ཁས་བླངས་ན་འཇུག་སྟེ། རང་ཡིན་ན་ཡུལ་ཡིན་པ་འགལ། ཡུལ་ཡིན་ན་རང་ཡིན་པ་འགལ། གལ་ཏེ་མི་འགལ་ན་མུན་པས་རང་བསྒྲིབས་དགོས་པ་སོགས་གནོད་པ་བཟློག་མེད་དུ་འབབ་ཀྱི། ཡུལ་མྱོང་བའི་སྣང་ཚུལ་ལས་གཟུང་འཛིན་ལྟ་བུར་བཏགས་ཀྱང་དོན་ལ་ཐ་དད་མེད་པའི་ཆ་ནས་བཞག་པའི་ཐ་སྙད་ཙམ་གྱི་འཇོག་ཚུལ་འདི་ལ་སྐྱོན་གང་ཡང་མེད་དོ། །དཔེར་ན་རྨི་ལམ་གྱི་བློ་ངོར་ཡུལ་རྟ་གླང་ཕྱི་རོལ་ན་ཡོད་པ་ལྟ་བུ་དང་། དེར་འཛིན་དབང་པོའི་བློ་ནང་ན་ཡོད་པ་ལྟར་སྣང་ཡང་། དོན་ལ་ཤེས་པ་དེར་སྣང་གི་གསལ་ཆ་ཙམ་ཡིན་པས་གཟུང་ཆ་དང་འཛིན་ཆར་སྣང་བ་དེ་དག་ཤེས་པ་རང་ལས་གཞན་མིན་ཅིང་གསལ་བར་ཉམས་སུ་མྱོང་བའང་ཡོད་པའི་ཕྱིར་རང་རིག་ཅེས་པའི་ཐ་སྙད་འཐད་དེ། བདག་རང་ལ་རང་དོན་དུ་འབྲེལ་མི་སྲིད་ཀྱང་ལྡོག་པ་ཐ་དད་ཀྱི་རྣམ་པ་གང་དག་དོན་གང་གི་ངོ་བོར་གཅིག་པ་ལ་བདག་གཅིག་འབྲེལ་ཞེས་གཞག་པ་བཞིན་ནོ། །དེས་ན་གང་ཤེས་བྱའི་རྣམ་པ་ཉམས་སུ་མྱོང་ངོ་ཅོག་ཐམས་ཅད་མྱོང་བ་གསལ་རིག་གི་ངོ་བོར་སྐྱེས་པས། ཐ་སྙད་དུ་ཤེས་པས་ཡུལ་མཐའ་དག་ཉམས་སུ་མྱོང་བར་འཐད་ཅིང་ལྟོས་ཏེ་ཡུལ་དང་ཡུལ་ཅན་དུ་བཏགས་པ་ཙམ་ལ་རང་རིག་པར་ཆེས་འཐད་དོ། །དེའང་རྗེས་དཔག་ཚད་མའི་མཐའ་མངོན་སུམ་ལ་ཐུག་ཅིང་། མངོན་སུམ་དོན་རིག་ཀྱང་མཐར་གསལ་བར་ཉམས་སུ་མྱོང་བའི་རང་རིག་གིས་ཚར་ཕྱིན་པ་ཡིན་པས་ཚུར་མཐོང་ཚད་མའི་རྣམ་གཞག་ཞིག་འདོད་ན་རང་རིག་མེད་དུ་མི་རུང་བ་ཡིན་པས། རང་རིག་མི་འདོད་པའི་ཕྱོགས་སུན་འབྱིན་པ་དང་། དེ་ཡང་དག་པར་གྲུབ་པའི་ཚལ་རྣམས་རིགས་པའི་དབང་ཕྱུག་གི་གཞུང་ལས་ཤེས་པར་བྱའོ། །གཉིས་པ་དོན་རིག་མི་འཐད་པར་བསྟན་པ། དོན་གྱི་རང་བཞིན་གཞན་དག་ལ། །དེ་ཡིས་ཇི་ལྟར་ཤེས་པར་འགྱུར། །དེ་ཡི་རང་བཞིན་གཞན་ལ་མེད། །གང་གིས་དེ་ཤེས་གཞན་ཡང་ཤེས། །ཤེས་དང་ཤེས་པར་བྱ་བའི་དོན། །ཐ་དད་པར་ནི་འདོད་ཕྱིར་རོ། །ཞེས་གསུངས་ཏེ། དེ་ལྟར་གསལ་ཞིང་རིག་པ་ཡིན་པས་བདག་ཤེས་སུ་རུང་གི། གསལ་རིག་མ་ཡིན་པའི་དོན་གྱི་རང་བཞིན་ཤེས་པ་ལས་གཞན་དུ་གྱུར་པ་དག་ལ། ཤེས་པ་དེ་ཡིས་ཇི་ལྟར་ཤེས་པར་འགྱུར་ཏེ་འབྲེལ་བ་མེད་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་ཤེས་པ་དེ་ཡི་རང་བཞིན་མྱོང་བ་གསལ་རིག་གི་མཚན་ཉིད་དེ་ནི་གཞན་དོན་ལ་མེད་ན། རྒྱུ་མཚན་གང་གིས་ཤེས་པ་དེ་རང་གིས་རང་ཤེས་སུ་རུང་བ་བཞིན་དུ་དོན་གཞན་ཡང་དངོས་སུ་མྱོང་ཞིང་ཤེས་པར་ག་ལ་རུང་སྟེ། དོན་རིག་སྨྲ་བ་ཁྱོད་ཤེས་པ་དང་ཤེས་པར་བྱ་བའི་དོན་གཉིས། ངོ་བོ་ཐ་དད་པར་ནི་འདོད་པའི་ཕྱིར་རོ། །དེ་ལ་ཡུལ་ཡོངས་སུ་གཅོད་པ་ཞེས་བྱ་བ་ནི་ཤེས་པའི་ཐུན་མོང་མིན་པ་སྟེ། བདེ་སོགས་ཉམས་སུ་མྱོང་བ་ལྟ་བུ་ཡིན་པས་དེ་དོན་ལ་ཡོད་པར་མི་རིགས་ལ། གང་ཤེས་པས་ཉམས་སུ་མྱོང་བའམ་ཤེས་ངོ་ལ་སྣང་ཕན་ཆད་གསལ་ཞིང་རིག་ནས་ཤེས་དགོས་ཀྱི་གསལ་རིག་དང་བྲལ་ན་ཤེས་པར་ག་ལ་རུང་། དེས་ན་བུམ་འཛིན་ཤེས་པའི་ངོ་ལ་བུམ་པ་གསལ་བར་སྣང་བ་དེ་ཤེས་པ་ཉིད་མ་ཡིན་པར་ལོགས་ཤིག་ན་བེམ་པོའི་དོན་དུ་གྲུབ་ཡོད་པ་ལྟར་ན། བེམ་པོའི་ཆོས་ཤེས་པ་ལ་མེད། ཤེས་པའི་ཆོས་བེམ་པོ་ལ་མེད་པས་དེ་གཉིས་གསལ་རིག་ཡིན་མིན་གྱིས་ཕན་ཚུན་སྤངས་ཏེ་གནས་པས་ཐ་དད་ལ། ཐ་དད་ཀྱི་ས་ཐ་དད་ནམ་ཡང་དངོས་སུ་མྱོང་བར་ག་ལ་འཐད་དེ། སྣང་མུན་བཞིན་འབྲེལ་མེད་དུ་འགྱུར་བས་ན། ཤེས་པ་ནི་རྟག་ཏུ་རང་གི་མཚན་ཉིད་གསལ་རིག་ཙམ་ལས་འདའ་བ་མ་ཡིན་པའི་ཕྱིར། དེ་ལ་གསལ་རིག་དང་བྲལ་བའི་བེམ་པོ་ཉམས་སུ་མྱོང་བའི་གོ་སྐབས་ནམ་ཐོབ། དེས་ན་བུམ་འཛིན་ཤེས་པའི་ངོ་ན་སྣང་རྒྱུའི་བུམ་པ་ལྟ་བུའི་རྣམ་པ་དེའང་གསལ་རིག་ཤེས་པའི་རང་བཞིན་ལས་ལོགས་སུ་གྱུར་པ་མི་སྲིད་དོ། །དེ་ཕྱིར་ཤེས་པ་དང་ཡུལ་ལ་འབྲེལ་བ་མེད་ན་ཡུལ་མྱོང་བར་མི་འཐད་ལ། ཡུལ་ཡོངས་སུ་གཅོད་པ་དང་ཤེས་པ་གཉིས་མྱོང་བ་གསལ་རིག་གི་ངོ་བོར་གཅིག་ཏུ་འབྲེལ་ན་ཤེས་པས་དོན་རིག་པར་འགྱུར་བ་ཞིག་ནའང་། ཕྱི་དོན་ལ་མངོན་ཞེན་གྱི་དུག་གིས་མ་རུངས་པར་བྱས་པའི་བསམ་པ་ཅན་གྱི་ལུགས་ལ་ཚུལ་དེ་འདྲ་བ་མི་སྲིད་དེ། དོན་ཤེས་གཉིས་ཐ་དད་པར་འདོད་པའི་ཕྱིར་རོ། །དེས་ན་བདག་གཅིག་གི་འབྲེལ་བ་མེད་ཕན་ཆད་ཡུལ་མྱོང་བར་མི་འཐད་དེ། ཤེས་པའི་ངོ་ན་གང་སྣང་སྣང་དང་གང་ཉམས་སུ་མྱོང་མྱོང་ཐམས་ཅད་ཤེས་པ་གསལ་རིག་གི་རང་བཞིན་ཁོ་ན་ཡིན་དགོས་པའི་ཕྱིར། དེ་བྱུང་གི་འབྲེལ་བ་ཙམ་གྱིས་ནི་དོན་མྱོང་བར་མི་འགྲུབ་སྟེ། དུས་མཉམ་པའི་མིག་ལ་སོགས་པའང་མྱོང་བར་ཐལ་བར་འགྱུར་བའི་ཕྱིར་དང་། རྣམ་མེད་པ་ལ་ཡུལ་གྱིས་བསྐྱེད་པའི་འབྲས་བུ་རྣམ་པ་མེད་ན་ཅི་ཞིག་བསྐྱེད་དེ་དེ་མི་སྲིད་པའི་ཕྱིར་རོ། །གང་ཕྱི་རོལ་པ་དག་དོན་གྱི་རྣམ་པ་ལ་རིག་པ་མེད་པར་འདོད་པར་མ་ཟད་རང་རིག་པའང་མེད་པར་འདོད་པ་དེ་ལྟར་ན། དོན་ཤེས་གཉིས་ཀའི་ཐ་སྙད་ཀྱང་མེད་པར་འགྱུར་ཏེ། ཤེས་པ་ནི་གསལ་བ་ཡིན་དགོས་ན། དེ་གསལ་བ་མ་ཡིན་ན་མི་གཞན་གྱི་མངོན་སུམ་གྱི་ཡུལ་རང་གི་སྤྱོད་ཡུལ་དུ་མ་གྱུར་པ་བཞིན་དུ། རང་གི་མདུན་ན་འདུག་པའི་དོན་ཡང་མངོན་སུམ་མྱོང་བར་མི་འགྱུར་ཏེ་དོན་ཤེས་ལ་འབྲེལ་བའི་རྒྱུ་མཚན་མེད་པའི་ཕྱིར་རོ། །དེས་ན་དོན་བུམ་པ་ལྟ་བུ་མངོན་སུམ་མཐོང་བ་ལས་ཀྱང་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་འདི་རང་རིག་པའི་བདག་ཉིད་མིན་ན་བློས་ཡུལ་རིག་པའམ་མྱོང་བ་ཐམས་ཅད་མི་སྲིད་པས་རང་རིག་ཆེས་འཐད་དོ། །གསུམ་པ་རྣམ་མེད་པའི་ལུགས་མི་འཐད་པར་བསྟན་པ་ལ། རྣམ་བཅས་པ་ལ་དོན་མྱོང་བའི་ཐ་སྙད་ཙམ་འཐད་པར་བསྟན་པ། རྣམ་མེད་པ་ལ་དོན་མྱོང་བའི་ཐ་སྙད་ཙམ་ཡང་མི་འཐད་པས་ཆེས་དམན་པར་བསྟན་པ་གཉིས། དང་པོ། ཤེས་པ་རྣམ་བཅས་ཕྱོགས་ལ་ནི། །དངོས་སུ་དེ་གཉིས་ཐ་དད་ཀྱང་། །དེ་དང་གཟུགས་བརྙན་འདྲ་བས་ན། །བཏགས་པ་ཙམ་གྱིས་ཚོར་བར་རུང་། །ཞེས་ཕྱི་དོན་འདོད་ཀྱང་ཤེས་པ་རྣམ་པ་དང་བཅས་པར་སྨྲ་བའི་ཕྱོགས་ལ་ནི། དངོས་སུ་དོན་དང་ཤེས་པ་དེ་གཉིས་ཐ་དད་ཡིན་པར་འདོད་ཀྱང་། ཕྱི་རོལ་གྱི་དོན་དེ་དང་དེའི་རྣམ་པ་གཉིས་གཟུགས་དང་གཟུགས་བརྙན་འདྲ་བས་ན། བཏགས་པ་ཙམ་གྱིས་ཤེས་པས་ཡུལ་དེ་ཤེས་པའམ། ཉམས་སུ་ཚོར་བར་གདགས་རུང་སྟེ། ཡུལ་དངོས་སུ་མ་མྱོངས་ཀྱང་འདྲ་བ་ཉམས་སུ་ཚོར་བ་ལ་བུམ་པ་མཐོང་། སྒྲ་ཐོས་སོགས་ཀྱི་ཐ་སྙད་ཙམ་ཞིག་བྱས་ཆོག་པའོ། །གཉིས་པ། དོན་གྱི་རྣམ་པས་བསྒྱུར་ལྡན་པའི། །རྣམ་ཤེས་སུ་ཞིག་མི་འདོད་པ། །དེ་ལ་ཕྱི་རོལ་རིག་པ་ཡི། །རྣམ་པ་འདི་ཡང་ཡོད་མ་ཡིན། །ཞེས་བུམ་སོགས་ཕྱི་དོན་གྱི་རྣམ་པས་བསྒྱུར་བ་དང་ལྡན་པའི་རྣམ་ཤེས་སུ་ཞིག་གིས་མི་འདོད་པ། རྣམ་མེད་བྱེ་སྨྲ་སོགས་ཀྱི་ལུགས་དེ་ལ་ཡུལ་ཤེས་ཀྱི་འབྲེལ་བ་མི་འཐད་པས་ཕྱི་རོལ་གྱི་དོན་དུ་འདོད་པ་སྔོ་སེར་སོགས་འདི་དང་འདིའོ་ཞེས་ཤེས་ཤིང་རིག་པ་ཡི། རྣམ་པ་མངོན་སུམ་པ་འདི་ཡང་དུས་ཀུན་ཏུ་ཡོད་པ་མ་ཡིན་ནོ། །དེའང་དཔེར་ན་ཤེལ་གོང་ཚོན་གྱིས་བསྒྱུར་དུ་མི་རུང་ན་དེ་ལ་སྔོ་སེར་སོགས་ཀྱི་ཁ་དོག་ཇི་བསྟན་ཀྱང་རང་མདོག་གཅིག་པུ་ལས་གཡོ་བ་མེད་པ་བཞིན་དུ། འདི་དག་གི་ལུགས་ལྟར་ན་ཕྱི་དོན་ནི་བེམ་པོ་རིག་པ་མེད་པ་ཡིན། ཤེས་པ་ནི་རིག་པ་ཡིན་པས་དོན་ཤེས་གཉིས་ཐ་དད་རྒྱང་རིང་དུ་གྱུར་པ་ཡིན་པས་དངོས་སུ་མྱོང་བ་མེད་པར་མ་ཟད། དེ་གཉིས་འབྲེལ་བའི་རྒྱུ་གཟུགས་བརྙན་ལྟ་བུའི་རྣམ་པའང་ཁས་མི་ལེན་པའི་ཐ་སྙད་ཙམ་དུའང་མཐོང་ཐོས་སོགས་མི་སྲིད་པར་འགྱུར་བས། རྣམ་བཅས་པའི་ལུགས་ལེགས་པར་བརྟགས་ན་ཕྱི་དོན་ཡོད་པར་འདོད་པས་ཤིན་ཏུ་འབྲེལ་མེད་པ་དེ་བས་ཀྱང་འདི་ནི་ཆེས་དམན་ཏེ་མངོན་སུམ་ལ་སྐུར་བ་འདེབས་པར་འགྱུར་རོ། །དེ་ལ་དེ་དག་གི་རྣམ་པ་མེད་ཀྱང་མངོན་སུམ་སྣང་བ་ཡོད་སྙམ་པ་ཡིན་ནའང་། རྣམ་པ་མེད་ན་ཕྱི་དོན་མངོན་སུམ་མྱོང་བ་མེད་དགོས་པར་རིགས་པས་གྲུབ་པ་ཡིན་ནོ། །དེ་ལྟར་རྣམ་པ་མེད་པའི་ཤེས་པ་མི་སྲིད་པར་བསྟན་ནས། རྣམ་པ་སྣ་ཚོགས་ཤེས་པའི་རྣམ་པ་དང་ལྡན་པའི་ཤེས་པ་དེ་ལ་གཅིག་བདེན་འགོག་པའི་ཚུལ་སོ་སོའི་ལུགས་དང་བསྟུན་ཏེ་རིགས་པས་གཏན་ལ་དབབ་པར་བྱེད་པ་ཡིན་ནོ། །གཉིས་པ་མདོ་སྡེ་པའི་ལུགས་དགག་པ་ལ། སྣ་ཚོགས་གཉིས་མེད་པ། སྒོ་ང་ཕྱེད་ཚལ་པ། རྣམ་ཤེས་གྲངས་མཉམ་པའི་ལུགས་དགག་པ་གསུམ། དང་པོ་ལ་ཤེས་པ་བཞིན་དུ་རྣམ་པ་གཅིག་ཏུ་ཐལ་བ། རྣམ་པ་བཞིན་དུ་ཤེས་པ་དུ་མར་ཐལ་བ། དེ་ལྟ་མིན་ན་ཤེས་རྣམ་ཐ་དད་དུ་ཐལ་བས་དགག་པ་གསུམ། དང་པོ། ཤེས་གཅིག་ཐ་དད་མ་ཡིན་པས། །རྣམ་པ་མང་པོར་མི་འགྱུར་ཏེ། །དེ་ཕྱིར་དེ་ཡི་མཐུ་ཡིས་ནི། །དོན་ཤེས་འགྱུར་བར་གཞག་པ་མེད། །ཅེས་གསུངས་ཏེ། དེ་ལ་རྣམ་བཅས་པའི་ལུགས་དེ་ལའང་། གཟུང་རྣམ་གཅིག་ཏུ་འདོད་པ་དང་། དུ་མར་འདོད་པ་གཉིས། དུ་མར་འདོད་པ་ལ་རྣམ་པའི་གྲངས་བཞིན་དུ་ཤེས་པ་དུ་མར་འདོད་པ་དང་། མི་འདོད་པར་ཤེས་པ་གཅིག་ཏུ་འདོད་པ་སྟེ་མུ་གསུམ་ལས་རྟོག་ཚུལ་གཞན་མི་སྲིད་པས། དེ་གསུམ་ལས། དང་པོ་རྣམ་པ་དུ་མ་ཡོད་ཀྱང་ཤེས་པ་གཅིག་སྐྱེ་བར་འདོད་པ་རྣམས་ནི། ཡུལ་སྔོན་པོ་དང་གྲུབ་བདེ་རྫས་གཅིག་པའི་བྱས་པ་མི་རྟག་སོགས་ཇི་སྙེད་ཀྱི་རྣམ་པ་ཤར་ཡང་། ཡུལ་ཅན་ཤེས་པ་སྔོན་པོ་ཁོ་ནའི་རྣམ་ལྡན་དུ་སྐྱེ་བ་དང་། ཁྲ་འཛིན་མིག་ཤེས་ལ་ཡུལ་ཁྲ་བོས་སྔོ་སེར་སོགས་དུ་མས་རྣམ་པ་གཏད་ཀྱང་མིག་ཤེས་དེ་སྙེད་ཀྱི་གྲངས་ལྡན་དུ་མི་སྐྱེ་བར་ཁྲ་ཙམ་འཛིན་པའི་མིག་ཤེས་གཅིག་སྐྱེ་བར་འདོད་པ་ལ། རྣམ་པར་དུ་མ་ཡུལ་ཅན་ཤེས་པ་གཅིག་གི་ངོ་བོར་གྱུར་པ་ལྟ་བུས་ན། ལུགས་དེ་ལ་སྣ་ཚོགས་གཉིས་མེད་པ་ཞེས་མིང་དུའང་གདགས་སོ། །དེ་ལ་ལུགས་དེ་དག་གི་འདོད་པ་ལྟར་ན། ཤེས་པ་གཅིག་པུ་པ་དེ་དང་རྣམ་པ་གཉིས་རྫས་ཐ་དད་པ་མ་ཡིན་པས། རྣམ་པ་ཡང་གཅིག་ལས་སྔོ་སེར་དཀར་དམར་སོགས་མང་པོར་མི་འགྱུར་ཏེ་གཅིག་ཏུ་འགྱུར་དགོས་ལ། རྣམ་པ་མང་པོར་མི་འགྱུར་བ་དེ་ཕྱིར་ན་རྣམ་པ་སོ་སོ་སྣ་ཚོགས་པ་དེ་ཡི་མཐུ་ཡིས་ནི། ཕྱི་རོལ་ན་སྔོ་སེར་སོགས་དོ ན་སོ་སོ་སྣ་ཚོགས་ཡོད་པ་ཤེས་པར་འགྱུར་བར་གཞག་པ་དེའང་མེད་པར་འགྱུར་ཏེ། དེ་ལ་རི་མོ་བརྐྱངས་པ་མཐོང་བའི་ཚེ་རི་མོ་དེ་ལ་ཡོད་པའི་སྔོ་སེར་སོགས་སོ་སོའི་རྗེས་སུ་བློ་མ་ཞུགས་ན་བློ་དོན་དང་མི་མཐུན་པར་འགྱུར་ལ། དེ་ལྟར་ན་འདི་ནི་སྔོན་པོའོ། །འདི་ནི་སེར་པོའི་ཞེས་རྣམ་པ་སྣ་ཚོགས་སུ་གདགས་པའི་རྒྱུའང་རྣམ་པར་གཞག་པ་མེད་དོ། །གཉིས་པ། རྣམ་པ་རྣམས་དང་མ་བྲལ་བས། །རྣམ་ཤེས་གཅིག་པུར་མི་འགྱུར་རོ། །ཞེས་གསུངས་ཏེ། དེ་ལྟར་རྣམ་པ་སྣ་ཚོགས་མེད་པར་ཁས་བླངས་ན་མངོན་སུམ་དང་འགལ་ཞིང་མཐར་ཐ་སྙད་ཐམས་ཅད་འཇིག་པས་དེ་ནི་ངེས་པར་ཁས་བླང་ངོ་སྙམ་ན། དེ་ལྟར་ན་སྣ་ཚོགས་དུ་མའི་བདག་ཉིད་དང་ལྡན་པའི་རྣམ་པ་རྣམས་དང་མ་བྲལ་བས་རྣམ་ཤེས་དེའང་གཅིག་པུ་ཉིད་དུ་མི་འགྱུར་ཏེ་རྣམ་པའི་གྲངས་བཞིན་དུ་དུ་མར་འགྱུར་རོ། གསུམ་པ། དེ་ལྟ་མིན་ན་འདི་གཉིས་ལ། གཅིག་ཅེས་ཇི་སྐད་བརྗོད་པར་བྱ། ཞེས་གསུངས་ཏེ། དེ་ལྟར་མདོར་ན་ཤེས་རྣམ་གཅིག་ཏུ་ཁས་བླངས་ནས་ཤེས་པ་གཅིག་དང་རྣམ་པ་དུ་མར་འདོད་ན། ཡང་ན་རྣམ་པ་དུ་མར་འདོད་པ་སྤང་བའམ། ཡང་ན་ཤེས་པ་གཅིག་ཡིན་པར་འདོད་པ་དེ་འདོད་དགོས་པར་རིགས་པ་བཤད་མ་ཐག་པས་འགྲུབ་ལ། བཤད་མ་ཐག་པ་དེ་ལྟ་བུར་འགྱུར་དགོས་པ་མིན་ན་ནི་ཁྱོད་ཀྱིས་ཤེས་རྣམ་འདི་གཉིས་ལ་ངོ་བོ་གཅིག་ཡིན་ཞེས་ཇི་སྐད་བརྗོད་པར་བྱ་སྟེ། ཤེས་པ་གཅིག་ཡིན་ལ་རྣམ་པ་དུ་མ་ཡིན་པས་གཅིག་དང་ཐ་དད་འགལ་བའི་ཚོས་སུ་གནས་པ་ངོ་བོ་གཅིག་ཡིན་པ་སྲིད་ན་ཁྱོད་ཀྱི་ལུགས་ལ་མི་སྲིད་པ་ཅི་ཞིག་ཡོད་དེ་མོ་གཤམ་གྱི་བུ་སོགས་ཀྱང་སྲིད་པར་ཐལ་ལོ། །གཉིས་པ་སྒོ་ང་ཕྱེད་ཚལ་བའི་ལུགས་དགག་པ་ལ། འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ། དཀར་པོ་དག་ལ་སོགས་པ་ལ། །ཤེས་པ་དེ་ནི་རིམ་འབྱུང་སྟེ། །མགྱོགས་པར་འབྱུང་ཕྱིར་བླུན་པོ་དག །ཅིག་ཅར་སྙམ་དུ་ཤེས་པ་ཡིན། །ཞེས་རྣམ་པའང་གཅིག་ལ་ཤེས་པ་གཅིག་ཡིན་པར་སྨྲ་བ་རྣམས་ནི་འདི་ལྟར། ཡུལ་སྔོན་པོ་དང་གྲུབ་བདེ་རྫས་གཅིག་གི་བྱས་མི་རྟག་སོགས་ཀྱི་རྣམ་པ་སོ་སོར་མི་གཏོད་པར་སྔོ་ཙམ་ཞིག་གི་རྣམ་པ་གཏོད་ཅིང་ཤེས་པའང་སྔོ་ཙམ་ཞིག་གི་རྣམ་ལྡན་དུ་སྐྱེ། ཁྲ་འཛིན་མིག་ཤེས་ལའང་ཡུལ་ཁྲ་བོའི་སྔོ་སེར་སོགས་དུ་མས་རྣམ་པ་དུས་གཅིག་ཏུ་མ་གཏད་པར་ཁྲ་ཙམ་ཞིག་གི་རྣམ་པ་གཏད། ཡུལ་ཅན་ཡང་ཁྲ་ཙམ་ཞིག་གི་རྣམ་ལྡན་དུ་སྐྱེ་བས་ཤེས་པ་གཅིག་གི་ངོ་བོ་ལ་གཟུང་རྣམ་གཅིག་དང་འཛིན་རྣམ་གཅིག་ཐད་ཀར་གནས་པར་འདོད་པས་སྒོ་ང་ཕྱེད་ཚལ་བ་ཞེས་འདྲ་བ་རྒྱུ་མཚན་དུ་བྱས་པའི་མིང་ངོ་། །འོ་ན་ཕྱེ་མ་ལེབ་ཁྲ་བོ་དང་། རས་གཞིའི་སྟེང་ན་རི་མོ་སྣ་ཚོགས་བརྐྱངས་པའམ་བཀྲམ་པ་ལ་དུས་ཅིག་ཅར་མིག་ཤེས་ཀྱིས་དམིགས་སུ་རུང་བས་གནོད་དོ་སྙམ་ན། དེ་དག་ན་རེ། སེར་པོ་དང་དཀར་པོ་དག་ལ་སོགས་པ་ལ། དེ་དང་དེའི་ཡུལ་ཅན་གྱི་ཤེས་པ་དེ་ནི་དུས་ཅིག་ཅར་འཇུག་པ་མེད་ལ་བྱེ་བྲག་སོ་སོ་བ་རེ་རེ་བཀར་ཏེ་རིམ་གྱིས་འབྱུང་བ་ཁོ་ན་སྟེ། འོན་ཀྱང་ཅིག་ཅར་དམིགས་པ་ལྟར་སྣང་བ་ནི། མེ་ཏོག་ཨུཏྤ་ལའི་འདབ་མ་བརྒྱ་བརྩེགས་པ་ལ་ཁབ་ཀྱི་མདས་བཏབ་པ་ལྟར། ཤེས་པ་ཡུལ་ལ་འཇུག་པ་ཤིན་ཏུ་མགྱོགས་པར་འབྱུང་བའི་ཕྱིར་ན། བྱིས་པ་བླུན་པོ་དག་སྡོ་སེར་སོགས་དུས་ཅིག་ཅར་དམིགས་སོ་སྙམ་དུ་ཤེས་པ་ཡིན་ཏེ། དཔེར་ན་མགལ་མེ་མགྱོགས་པར་བསྐོར་ན་འཁོར་ལོར་སྣང་ཡང་མགལ་མེ་དུམ་བུ་ཆུང་ངུ་ཞིག་ཡིན་པས་ཕྱོགས་ཐམས་ཅད་དུ་རྒྱུན་མ་ཆད་པའི་སྣང་བ་འབྱུང་མི་རིགས་པ་ལ་དེ་ལྟར་འབྱུང་བ་ནི་མགལ་མེའི་སྐད་ཅིག་སྔ་ཕྱིར་དམིགས་པའི་བློ་རྣམས་བསྔོམས་ཏེ། འཁོར་ལོ་ལྟར་སྣང་བ་བཞིན་ནོ་སྙམ་དུ་ལོག་པར་རློམ་པའོ། །གཉིས་པ་དེ་དགག་པ་ལ། དོན་དགག་པ་དང་། དཔེ་དགག་པ་གཉིས། དང་པོ་ལ། ཡི་གེ་ལ་དམིགས་པའི་བློས་མ་ངེས། ཡིད་རྟོག་འབའ་ཞིག་ཡུལ་ལ་འཇུག་ཚུལ་གྱིས་མ་ངེས། བློ་ཐམས་ཅད་ཀྱིས་མ་ངེས་པར་བསྟན་པའོ། །དང་པོ། ལྕུགས་མའི་སྒྲ་ལ་སོགས་པའི་བློ། །རབ་ཏུ་མགྱོགས་པར་འབྱུང་ཡིན་ན། །དེ་ཕྱིར་ཅིག་ཅར་འབྱུང་བ་ཡི། །འདིར་ཡང་ཅི་ཕྱིར་འབྱུང་མི་འགྱུར། །ཞེས་དེ་ལྟར་མགྱོགས་པ་ཙམ་གྱིས་དུས་ཅིག་ཅར་དམིགས་པའི་གསལ་སྣང་ལྟ་བུ་བསྐྱེད་ན། ལྕུགས་མའི་སྒྲ་ལ་སོགས་པ་འཛིན་པའི་བློ་ཡང་རབ་ཏུ་མགྱོགས་པར་འབྱུང་བ་ཡིན་ན། རབ་ཏུ་མགྱོགས་པ་དེ་ཡི་ཕྱིར་ན་ཅིག་ཅར་འབྱུང་བ་ཡི་བློ་སྐབས་འདིར་ཡང་ཅི་ཡི་ཕྱིར་འབྱུང་བར་མི་འགྱུར་ཏེ་འབྱུང་དགོས་སོ། །དེ་ལ་ཡུལ་སྔོ་སེར་སོགས་ལ་རིམ་གྱིས་མགྱོགས་པར་དམིགས་པ་དེ་བཞིན་ཡུལ་ཡི་གེའི་སྒྲ་ལ་དམིགས་པའང་དེ་དང་འདྲ་དགོས་ན། དེ་ལྟར་ན། ལ་ཏ་ཞེས་པ་ལྕུགས་མའི་མིང་དང་། ཏ་ལ་ཞེས་པ་ཤིང་ཏ་ལའི་མིང་ཡིན་པ་ལ་ཡིག་འབྲུ་དེ་གཉིས་ལ་བློ་རིམ་གྱིས་ཞུགས་ཀྱང་འཇུག་པ་མགྱོགས་པས་ཅིག་ཅར་ལྟ་བུར་སྣང་ན་ནི། ལ་སྔོན་དུ་བྱས་པ་དང་ཏ་སྔོན་དུ་བྱས་པ་ལ་ཁྱད་མེད་པར་འགྱུར་ཏེ། གང་ལྟར་ཡང་དེ་གཉིས་སྔོ་སེར་གྱི་རི་མོ་དུས་མཉམ་དུ་མཐོང་བ་བཞིན་དུ་སྔ་ཕྱི་མེད་པར་སྣང་བས་ན། ལ་ཏ་ལ་དམིགས་པའི་བློའང་ཏ་ལ་ལ་ནོར་སྲིད་ལ། ཏ་ལ་ལ་དམིགས་པའི་བློའང་ལྕུགས་མ་ལ་གོ་བས་ཡིག་འབྲུའི་གོ་རིམ་དོན་མེད་ལ། ཡང་ན་ནི་གཉིས་ཀར་ཡང་གོ་བར་མི་རུང་ངོ་། །དེ་བཞིན་དུ་ས་ར་ཞེས་པ་རྒྱ་མཚོའི་མིང་དང་། ར་ས་རོ་བྲོ་བ་སོགས་ཡིག་འབྲུ་གོ་རིམ་བསྣོལ་བའི་ཅིག་ཤོས་གོ་ནུས་པ་ཐམས་ཅད་རོ་མཉམ་པར་འགྱུར་ཏེ་གང་ལྟར་བརྗོད་ཀྱང་སྔ་ཕྱི་མེད་པ་ལྟར་སྣང་བའི་ཕྱིར་རོ། །དེས་ན་ཡིག་འབྲུ་སིལ་བུ་བ་ལྟ་བུ་ལ་རིམ་ཅན་དུ་དམིགས་པའི་བློ་ལས་ཀྱང་མགྱོགས་པའི་རིམ་ཅན་ཞིག་ནི་འདི་ལྟ་བུའོ་ཞེས་མྱོང་བར་དཀའ་ན། ཉམས་སུ་མ་མྱངས་བཞིན་རིམ་ཅན་ཡིན་ནོ་ཟེར་བའང་དོན་མེད་ཅིང་། མགྱོགས་པར་འབྱུང་བར་འདྲ་ཡང་ཅིག་ཅར་གྱི་སྣང་བ་མི་བསྐྱེད་ན་དེ་ཉིད་དེའི་རྒྱུ་ཡིན་པར་ཡང་གཞག་མི་རུང་སྟེ། རྒྱུ་ཡིན་ཕན་ཆད་འབྲས་བུ་དེའི་རྗེས་སུ་འགྲོ་ཞིང་ལྡོག་པས་ཁྱབ་པའི་ཕྱིར། གཉིས་པ། ཡིད་ཀྱི་རྟོག་པ་འབའ་ཞིག་ལའང་། །རིམ་དུ་ཤེས་པར་མི་འགྱུར་རོ། །རིང་དུ་གནས་པ་མ་ཡིན་པས། །བློ་རྣམས་ཀུན་ཀྱང་མགྱོགས་འབྱུང་འདྲ། །ཞེས་གསུངས་ཏེ། འདི་ལྟར་ཡུལ་གྱི་ངོ་བོ་ལ་སེམས་པ་དང་། དེའི་ཁྱད་པར་ལ་དཔྱོད་པ་དང་། བློ་སྦྱོང་བའི་ཡིད་ལ་སེམས་པ་སོགས་ཡིད་ཀྱི་རྟོག་པ་རྐྱང་པ་འབའ་ཞིག་པ་སྟེ། མིག་ཤེས་སོགས་དང་མ་འདྲེས་པ་དག་རྒྱུན་བར་མ་ཆད་དུ་འབྱུང་བ་དེ་དག་ལའང་སྔ་ཕྱི་གཉིས་ཀ་ཅིག་ཅར་སྣང་བའི་ཤེས་པ་བྱུང་སྟེ། རིམ་ཅན་དུ་བྱུང་བར་ཤེས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྐད་ཅིག་སྐད་ཅིག་གིས་སྐྱེ་འགག་བྱེད་པས་ཡུན་རིང་དུ་གནས་པ་མ་ཡིན་པས། བློ་རྣམས་ཀུན་ཀྱང་མགྱོགས་པར་འབྱུང་བ་ལ་འདྲ་ཞིང་ཁྱད་མེད་པའི་ཕྱིར་རོ། །ཕ་རོལ་གྱི་ལུགས་ལས་ཀྱང་བློ་ཐམས་ཅད་མྱུར་དུ་འཇིག་པར་ཁས་བླངས་པ་ཡིན་ནོ། །གསུམ་པ། དེ་ཕྱིར་ཡུལ་རྣམས་ཐམས་ཅད་ལ། །རིམ་གྱིས་འཛིན་པར་མི་འགྱུར་གྱི། །རྣམ་པ་དག་ནི་ཐ་དད་ལྟར། །ཅིག་ཅར་འཛིན་པར་སྣང་བར་འགྱུར། །ཞེས་གསུངས་ཏེ། དེ་ལྟར་བློ་ཐམས་ཅད་ཀྱང་མགྱོགས་པར་འབྱུང་བ་ལ་འདྲ་ཞིང་ཁྱད་མེད་པ་དེ་ཕྱིར་བློ་ཡི་ཡུལ་རྣམས་ཐམས་ཅད་ལ་ཡང་རིམ་གྱིས་འཛིན་པ་ཡིན་པའི་ཚུལ་ཤེས་པར་མི་འགྱུར་གྱི། སྔོ་སེར་སོགས་ཀྱི་རྣམ་པ་དག་ནི་ཐ་དད་པ་ལ་དུས་ཅིག་ཅར་བཟུང་བར་སྣང་བ་དེ་ལྟར། ཅིག་ཅར་འཛིན་པར་སྣང་བར་འགྱུར་རོ། །དེ་ལ་ཡུལ་རི་མོ་བརྐྱངས་པ་ལ་སྔོ་སེར་སོགས་ལྷན་ཅིག་ཡོད་དུ་ཟིན་ཀྱང་བློ་རིམ་གྱིས་འཇུག་པ་མ་གཏོགས་ཅིག་ཅར་མི་འཇུག་པས་ཡི་གེ་ལ་དམིགས་པ་སོགས་དང་ཁྱད་མེད་ལ། འཇུག་པའང་ཡི་གེ་སྔ་མའི་བློ་འགགས་ནས་ཕྱི་མ་སྐྱེ་བའི་ཐོག་མཐའ་སྐད་ཅིག་མ་ཡིན་གྱི། དེ་ལས་རིང་དུ་སྡོད་པ་མི་སྲིད་པའི་ཚུལ་དེ་བཞིན་རིམ་ཅན་གྱི་བློ་སྔ་ཕྱི་མཚམས་སྦྱོར་ལ་དཔྱད་ན་འདིའི་གོ་བ་གཏིང་ཚུགས་པ་སྐྱེའོ། །དེ་ལ་བློ་ངོར་སྔ་ཕྱི་རིམ་ཅན་དུ་སྣང་ཕན་ཆད་དེས་ཅིག་ཅར་སྣང་བ་ཁེགས་ལ། ཅིག་ཅར་སྣང་བ་དེས་སྔ་ཕྱིར་བྱུང་བ་དམིགས་མི་ཤེས་པས་བློ་ངོར་རིམ་ཅན་ལ་ཅིར་ཅར་སྣང་ངོ་ཞེས་ནམ་ཡང་མངོན་སུམ་གྱིས་གྲུབ་པ་མེད་ལ། དེ་ཤེས་བྱ་གང་ལ་སྦྱར་ཡང་དེའི་ངང་ཚུལ་ལས་འདའ་མི་སྲིད་པས་རྗེས་དཔགས་དང་དཔེ་མི་རྙེད་དོ། །གཉིས་པ་དཔེ་དགག་པ་ལ། རྟགས་འགོད་པ་དང་། དེ་སྒྲུབ་པ་གཉིས། དང་པོ། མགལ་མེ་ལ་ཡང་ཅིག་ཅར་དུ། །འཁོར་ལོར་སྣང་བའི་འཁྲུལ་པ་འབྱུང་། །གསལ་བར་རབ་ཏུ་སྣང་བའི་ཕྱིར། །མཐོང་བས་མཚམས་སྦྱོར་མ་ཡིན་ནོ། །ཞེས་ཁྱོད་ཀྱི་དཔེ་དེའང་མི་འཐད་དེ། །འདི་ལྟར་མགལ་མེ་ལ་ཡང་དུས་ཅིག་ཅར་དུ་འཁོར་ལོར་སྣང་བའི་འཁྲུལ་པ་འབྱུང་བ་ཡིན་གྱི། འདི་རྟོག་མེད་ཀྱི་ཤེས་པ་ལ་གསལ་བར་རབ་ཏུ་སྣང་བའི་ཕྱིར་མངོན་སུམ་མཐོང་བ་ཡིན་ལ། མངོན་སུམ་གྱི་མཐོང་བས་དུས་སྔ་ཕྱི་གཅིག་ཏུ་སྦྲེལ་ཏེ་མཚམས་སྦྱོར་སྲིད་པ་མ་ཡིན་ནོ། །མགལ་མེ་ཉིད་མྱུར་དུ་བསྐོར་བས་རྗེས་སུ་ཞུགས་པ་ཉིད་ཅིག་ཅར་དུ་གསལ་བར་སྣང་བའི་དངོས་པོ་འཁོར་ལོ་ལ་འཁྲུལ་པ་སྐྱེད་ནུས་ཀྱི་འཁྲུལ་སྣང་ཞིག་ཡིན་གྱི། སྔ་ཕྱིའི་ཡུལ་སྐད་ཅིག་དུ་མ་བློས་མཚམས་སྦྱར་ཏེ་འཁོར་ལོར་འཁྲུལ་བ་ནི་མིན་པར་ཤེས་པར་བྱའོ། །གཉིས་པ་དེའི་ཁྱབ་པ་སྒྲུབ་པ་ལ། མཐོང་དྲན་ཡུལ་འགལ་བར་བསྟན་པ། དེས་ན་མཚམས་སྦྱོར་ཡིན་ན་གསལ་སྣང་མི་རིགས་པར་བསྟན་པའོ། །དང་པོ། འདི་ལྟར་མཚམས་རྣམས་སྦྱོར་བ་ནི། །དྲན་པས་བྱེད་པ་ཉིད་ཡིན་གྱི། །མཐོང་བས་མ་ཡིན་འདས་པ་ཡི། །ཡུལ་ལ་འཛིན་པ་མིན་ཕྱིར་རོ། །ཞེས་ཅི་གསལ་སྣང་དང་མཚམས་སྦྱོར་འགལ་ལམ་ཞེ་ན་འགལ་ཏེ། འདི་ལྟར་སྔ་ཕྱིའི་མཚམས་རྣམས་སྦྱོར་བ་ནི་སྔར་འདས་པ་དེ་དྲན་ནས་མཚམས་སྦྱོར་གྱི། མ་དྲན་པ་ལ་མཚམས་སྦྱོར་མི་ནུས་པ་དེ་ཕྱིར་དྲན་པས་མཚམས་སྦྱོར་བར་བྱེད་པ་ཉིད་ཡིན་གྱི། ད་ལྟ་མཐོང་བས་མཚམས་སྦྱོར་བ་མ་ཡིན་ཏེ། མཐོང་བ་དེར་ད་ལྟ་བའི་ཡུལ་ལ་འཇུག་གི། འདས་པ་ཡི་ཡུལ་ལ་འཛིན་པ་མིན་པའི་ཕྱིར་རོ། །གཉིས་པ། དེ་ཡི་ཡུལ་དུ་གང་གྱུར་པ། །དེ་ནི་ཞིག་པས་གསལ་མ་ཡིན། །དེ་ཕྱིར་འཁོར་ལོར་སྣང་བ་འདི། །གསལ་བ་མ་ཡིན་འགྱུར་བའི་རིགས། །ཞེས་མགལ་མེ་ལ་འཁོར་ལོར་སྣང་བ་འདི་ཁྱོད་ཀྱི་ཞེ་འདོད་ལྟར་སྔ་ཕྱིའི་སྐད་ཅིག་དུ་མ་མཚམས་སྦྱར་ནས་གཅིག་ཏུ་སྣང་བ་ཡིན་ན་དྲན་པས་མཚམས་སྦྱོར་དགོས་ལ། དྲན་པ་དེ་ཡི་ཡུལ་དུ་གང་གྱུར་པ་དེ་ནི་སྔར་ཞིག་ཟིན་པས་ན་དྲན་པར་བྱེད་པ་ཙམ་ལས་གསལ་བར་མྱོང་ནུས་པ་མ་ཡིན་ཏེ། དེ་ཕྱིར་དྲན་པ་ནི་འདས་པའི་ཡུལ་ཅན་ཁོ་ན་ཡིན་པས་མདུན་ན་འདུག་པའི་དངོས་པོ་ལའང་ཤིན་ཏུ་གསལ་བར་མི་རྟོག་སྟེ་ད་ལྟ་བའི་ཡུལ་ཅན་མིན་པའི་ཕྱིར་རོ། །རྒྱུ་མཚན་དེ་ཕྱིར་མཚམས་སྦྱོར་ཡིན་དགོས་ན་ད་ལྟར་གྱི་འཁོར་ལོར་སྣང་བ་འདི་ཡང་། མི་གསལ་བ་དྲན་པའི་ཡུལ་ཙམ་དུ་འགྱུར་གྱི། མངོན་སུམ་དུ་གསལ་བ་འདི་འདྲ་པ་མ་ཡིན་པར་འགྱུར་བའི་རིགས་སོ། །ཨུཏྤ་ལའི་འདབ་མ་བརྒྱ་འབིགས་པར་ཤེས་པ་གང་ཡིན་པ་དེ་ནི་མགལ་མེའི་འཁོར་ལོ་ལ་སོགས་པ་མཐོང་བ་ལྟར་ཅིག་ཅར་གསལ་པོར་སྣང་བ་མ་ཡིན་ཏེ། ཅིག་ཅར་འབིགས་མི་སྲིད་པས་བློ་ལྡན་རྣམས་ཀྱིས་རིམ་ཅན་དུ་ངེས་པར་བྱེད་དེ། དཔེར་ན་ཟངས་མའི་གླེགས་མ་སོགས་ཕུག་པ་བཞིན་དུ་བླ་འོག་བརྩེགས་པ་མང་པོ་དག་བྱེད་པ་པོ་གཅིག་གིས་འབིགས་ཚེ་ཅིག་ཅར་ཕུག་པ་ལ་ཚད་མས་གནོད་པ་ཡོད་པས་ཨུཏྤལ་འབིགས་པའང་མི་གཅིག་གིས་བྱེད་པ་ལ་རྗེས་སུ་དཔགས་པ་ཡིན་ནོ། །གསུམ་པ་རྣམ་ཤེས་གྲངས་མཉམ་པ་དགག་པ་ལ། འདོད་པ་བརྗོད། དེ་དགག་པའོ། །དང་པོ། རི་མོ་བརྐྱངས་པ་མཐོང་བའི་ཚེ། །དེ་ལ་དེ་བཞིན་སེམས་མང་པོ། །ཇི་སྟེ་གཅིག་ཆའི་ཚུལ་གྱིས་སུ། །འབྱུང་བར་འགྱུར་བར་འདོད་ན་ཀོ །ཞེས་གསུངས་ཏེ། དེ་ལ་གཟུང་རྣམ་གྱི་གྲངས་བཞིན་ཤེས་པའང་དུ་མ་ཡོད་པར་འདོད་པའི་ལུགས་ལ། ཡུལ་སྔོན་པོ་དང་གྲུབ་བདེ་རྫས་གཅིག་པའི་བྱས་མི་རྟག་སོགས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་རྣམ་པ་གཏད་ལ་ཤེས་པའང་དེ་སྙེད་ཀྱི་རྣམ་ལྡན་དུ་སྐྱེ། ཡུལ་ཁྲ་བོས་ཀྱང་རང་འཛིན་མིག་ཤེས་ལ་སྔོ་སེར་སོགས་ཡུལ་ལ་ཇི་སྙེད་ཡོད་པའི་རྣམ་པ་གཏད་ལ་ཤེས་པའང་དེ་སྙེད་ཀྱི་རྣམ་ལྡན་དུ་སྐྱེ་བར་འདོད་པ་སྟེ། དཔེར་ན་རི་མོ་བརྐྱངས་པ་མཐོང་བའི་ཚེ་ཡུལ་དེ་ལ་སྔོ་སེར་སོགས་ཇི་ཡོད་པ་དེ་བཞིན་སེམས་མང་པོ་ཅི་སྟེ་ཅིག་ཅར་རམ་གཅིག་ཆའི་ཚུལ་གྱིས་སུ་འབྱུང་བར་འགྱུར་བར་འདོད་ན་ཀོ་ཞེས་ཕྱོགས་སྔའི་ཚུལ་བརྗོད་པའོ། །དེའང་སྐབས་འདིར་ལེགས་པར་དཔྱད་ན། སྣང་ཡུལ་རྫས་ཀྱི་རྣམ་པ་སོ་སོར་འཆར་རུང་གི་ཆ་ཇི་སྙེད་པའི་གྲངས་བཞིན་ཤེས་པ་སྐྱེ་ཡང་། རྫས་དང་ངོ་བོ་ཐ་དད་དུ་མེད་པའི་ལྡོག་པའི་ཆ་རྣམས་ནི། ཡུལ་གྱི་ངོ་བོ་སྣང་བ་ཉིད་ཀྱིས་ལྡོག་ཕྱོགས་སུ་སྒྲོ་མ་བཏགས་པའི་ཆ་ནས་དེའི་ཡུལ་ཅན་ལའང་དེའི་རྣམ་པ་ཅན་དུ་ལྡོག་པས་ཕྱེ་བ་ཙམ་ཡིན་ནོ། །དེ་ལ་གཟུང་འཛིན་གྲངས་མཉམ་པའམ། རྣམ་ཤེས་གྲངས་མཉམ་པ་འདི་དག་ཕལ་ཆེར་ཤེས་པ་དེ་དག་རིགས་མཐུན་ཡང་། རིགས་མི་མཐུན་པ་བཞིན་དུ་དུ་མ་འབྱུང་བ་ལ་འགལ་བ་མེད་དོ་སྙམ་དུ་སེམས་པ་ཡིན་ཀྱང་རིགས་མཐུན་དུ་མ་ལྷན་ཅིག་འབྱུང་བ་མེད་དེ། འཛིན་རྣམ་དུ་མ་ཡོད་ཀྱང་རིགས་མཐུན་དུ་མ་མེད་ཚུལ་གྱི་རང་ལུགས་སྟར་བཤད་ཟིན་ཏོ། །གཉིས་པ་དེ་དགག་པ་ལ། བློ་ཐམས་ཅད་དུ་མའི་རྣམ་པ་ཅན་དུ་སྒྲུབ། ཆ་མེད་ཀྱི་གཅིག་བདེན་མི་སྲིད་པར་བསྟན་པ་གཉིས། དང་པོ། དེ་ལྟ་ཡིན་ན་དཀར་ལ་སོགས། །རྣམ་པ་སྣ་གཅིག་ཤེས་པ་ཡང་། །ཐོག་མ་དབུས་མཐའ་ཐ་དད་པས། །དམིགས་པ་སྣ་ཚོགས་ཉིད་དུ་འགྱུར། །ཞེས་བཤད་མ་བླག་པའི་ལུགས་དེ་ལྟ་ཡིན་ནའང་ཁྲ་བོའི་གཞི་མཐོང་བ་ལ་སྔོ་སེར་སོགས་རྣམ་པ་མང་བ་དེ་བཞིན་དུ་དེའི་བྱེ་བྲག་ཡུལ་དཀར་པོ་ལ་སོགས་པ་རྣམ་པ་སྣ་གཅིག་ཤེས་པ་དེ་ལ་ཡང་། ཐོག་མ་སྟེ་སྟེང་དང་དེ་བཞིན་དུ་འོག་དང་ཕ་རོལ་ཚུ་རོལ་དང་དབུས་དང་མཐའ་ཡི་ཆ་ཐ་དད་པས་ན་དམིགས་པ་སྣ་ཚོགས་པ་ཉིད་དུ་འགྱུར་གྱི། གཅིག་ཅེས་བདེན་པ་ཞིག་མི་སྲིད་དོ། །གཉིས་པ་ལ། དམིགས་བྱ་བེམ་པོ་ལ་བརྟགས་ན་གཅིག་པུར་དམིགས་པ་མེད་ཚུལ་དང་། དམིགས་བྱེད་བློ་ལ་བརྟགས་ན་དེ་མེད་ཚུལ་གཉིས། དང་པོ། རྡུལ་ཕྲན་བདག་ཉིད་དཀར་ལ་སོགས། །གཅིག་པུའི་བདག་ཉིད་ཆ་མེད་པ། །ཤེས་པ་གང་ལ་སྣང་གྱུར་པར། །བདག་གིས་རབ་ཏུ་ཚོར་བ་མེད། །ཅེས་གསུངས་ཏེ། དེ་ལྟར་རྣམ་པ་གཅིག་ལ་རྣམ་པ་དུ་མར་དབྱེར་ཡོད་ན་གཅིག་པུར་གྱུར་པ་གང་ཡིན་ཏེ་མི་རིགས་སོ། །གང་ཡན་ལག་དབྱེ་བར་མི་ནུས་པའི་རྡུལ་ཕྲ་རབ་ཙམ་ཡོད་ལ་དེ་ལ་དམིགས་པའི་རྣམ་པ་གཅིག་པུ་ཡིན་ནོ་སྙམ་ན། བདག་གིས་ཇི་ལྟར་ནན་ཏན་དུ་འབད་ནས་བཏུད་དེ་བལྟས་ཀྱང་། རྡུལ་ཕྲན་གྱི་བདག་ཉིད་ཅན་གྱི་དཀར་པོ་ལ་སོགས་པ་གཞན་དང་མ་འདྲེས་པའི་རང་གཅིག་པུའི་བདག་ཉིད་ཡིན་པ་དེའང་ཕྱོགས་ཀྱི་ཆ་དབྱེ་རྒྱུ་མེད་པ་ཞིག་ནི། ཤེས་པ་ཡིན་ནོ་ཅོག་གང་ལ་སྣང་བར་གྱུར་བར། འདིའོ་ཞེས་བདག་གིས་རབ་ཏུ་ཚོར་བ་མེད་ཅེས་མདོར་ན། རྡུལ་ཕྲ་རབ་ཆ་མེད་པ་མངོན་སུམ་ཉམས་སུ་མྱོང་བ་ནི་གང་ན་མི་སྲིད་ཅེས་སོ། །དེ་ལྟར་ན་རྟོག་ལྡན་རྣམས་ཀྱིས་ཡོད་པར་ཁས་ལེན་པའི་རྒྱུ་ཚད་མས་དམིགས་པ་ཡིན་ན་མ་དམིགས་བཞིན་དུ་ཡོད་དོ་ཞེས་ཁས་བླངས་ནས་རང་གིས་རང་ལ་ཇི་ལྟར་བསླུ། དེས་ན་བཅོས་མ་རས་ཁྲ་བོ་སོགས་དང་བཅོས་མིན་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པ་ཇི་བཞིན་དུ་རྣམ་པ་སྣ་ཚོགས་པའི་ཤེས་པའང་གཅིག་པུར་བདེན་པ་མེད་དོ། །གཉིས་པ། རྣམ་ཤེས་ལྔ་ཡི་ཁམས་རྣམས་ནི། །བསགས་ལ་དམིགས་པའི་རྣམ་པ་ཡིན། །སེམས་དང་སེམས་བྱུང་དམིགས་པ་ནི། །དྲུག་པར་བཞག་པ་བྱས་པ་ཡིན། །ཞེས་ཡུལ་ཅན་གྱི་སེམས་ཀྱང་མིག་སོགས་དབང་པོའི་རྣམ་པར་ཤེས་པ་ལྔ་ཡི་ཁམས་རྣམས་ནི་རང་རང་གི་ཡུལ་རྡུལ་ཕྲ་རབ་བསགས་པ་ལ་དམིགས་པའི་རྣམ་པ་ཅན་ཡིན་པས་རྣམ་པ་དེ་སྙེད་དུ་དུ་མར་འགྱུར་ལ། ཡིད་ཤེས་ཀྱང་དེ་དང་མཐུན་ཏེ་དེ་དང་གྲུབ་བདེ་གཅིག་པའི་ཕྱིར་རོ། །ཆོས་ཁམས་ཀྱང་རྣམ་རིག་མིན་པ་དང་འདུས་མ་བྱས་ནི་ལོགས་སུ་ཡོད་པར་མི་རིགས་པར་བཏགས་པ་ཙམ་ཡིན་པས་རྣམ་བཅད་ཀྱི་སྒོ་ནས་མིང་ལ་དམིགས་པ་ཡིན་ལ། ཚོར་འདུ་འདུ་བྱེད་ཀྱི་ཕུང་པོ་གསུམ་ཙམ་གྱི་བདག་ཉིད་དེ། དེ་ལ་དམིགས་པའི་ཡིད་ཀྱང་སེམས་བྱུང་འབའ་ཞིག་མི་འཛིན་གྱི། སེམས་སེམས་བྱུང་གི་ཚོགས་ལ་དམིགས་པ་ཡིན་པས་ན། སེམས་དང་སེམས་བྱུང་ལྷན་དུ་ཚོགས་པའི་དམིགས་པ་ནི་ཡིད་ཤེས་སམ། རྣམ་ཤེས་དྲུག་པར་བཞག་པའམ། དེའི་དམིགས་སྐལ་དུ་བྱས་པ་ཡིན་པར་འདོད་དོ། །དེའང་རང་སྡེའི་བཞེད་ཚུལ་ལྟར་བརྗོད་པ་ཡིན་ནོ། །དེ་ལྟར་ན་གཅིག་ལ་དམིགས་པའི་ཤེས་པ་མི་སྲིད་དོ། །གཉིས་པ་ཕྱི་རོལ་པའི་ལུགས་དགག་པ་ལ། རིག་པ་ཅན་སོགས་ཀྱི་དགག་པ་སྤྱིར་བསྟན། བྱེ་བྲག་སོ་སོའི་འདོད་པ་དགག་པའོ། །དང་པོ། ཕྱི་གཞུང་རྣམས་ལའང་རྣམ་ཤེས་ནི། །གཅིག་ཏུ་སྣང་བར་མི་འགྱུར་ཏེ། །ཡོན་ཏན་ལ་སོགས་ལྡན་པ་ཡི། །རྫས་ལ་སོགས་པར་དམིགས་ཕྱིར་རོ། །ཞེས་གསུངས་ཏེ། གང་དག་བསྟན་པ་འདི་ལས་ཕྱི་རོལ་ཏུ་གྱུར་པ་གཟེགས་ཟན་དང་སེར་སྐྱ་ལ་སོགས་པའི་རྗེས་སུ་འཇུག་པ་ལ་ཕྱི་རོལ་པའམ་མུ་སྟེགས་ཞེས་བྱ་ཞིང་། སྐྱེ་བོའི་ལོག་པར་རྟོག་པ་ལ་མཐའ་མེད་པའི་ཕྱིར་གྲུབ་མཐའི་ལྟ་ངན་ལའང་བྱེ་བྲག་དེ་ཙམ་སྲིད་མོད་ཀྱི་སྤྱི་རིགས་ནས་རྟག་ཆད་ལས་འདའ་མི་སྲིད་ལ་རྟག་སྨྲ་བའང་རྣམ་པ་མང་དུ་ཡོད་པས། ལྟ་བ་སུམ་བརྒྱ་དྲུག་ཅུ། དྲུག་ཅུ་རྩ་གཉིས། སྡེ་ཚན་བཅུ་གཅིག་སོགས་དབྱེ་སྒོ་མང་ཡང་། ཕྱོགས་བསྡུས་པས་ཏ་རྐ་སྡེ་ལྔ་ལ་བསྡུར་རུང་བ་ཡིན་ལ། སྤྱིར་མུ་སྟེགས་ཞེས་པ་སྒྲ་བཤད་པའི་དབང་དུ་བྱས་ཏེ་ཕྱི་ནང་གཉིས་ཀའི་དངོས་སྨྲ་བ་རྣམས་ལའང་འཇུག་པ་དང་། ཕལ་ཆེར་ཕྱི་རོལ་པའམ་མུ་སྟེགས་སྤྱི་ལ་གྲགས་ཤིང་། སྒྲ་འདོམ་པ་སོགས་ཀྱི་ཚེ་རྟག་སྨྲ་བ་ལ་བྱེ་བྲག་ཏུ་གོ་བ་དང་། རྒྱང་འཕེན་ཡང་དེ་བཞིན་ཕྱི་རོལ་བ་སྤྱི་དང་། བྱེ་བྲག་ཆད་སྨྲ་བ་ལ་སྒེར་དུ་འཇུག་པ་སོགས་ཡོད་པ་དེ་བཞིན་གྲངས་ཅན་པ་སོགས་སོ་སོའི་མིང་ཡང་སྤྱི་དང་བྱེ་བྲག་གི་འཇུག་ཚུལ་གྱི་དབང་དུ་བྱས་ཏེ་གཞུང་སོ་སོ་ན་ལ་ལར་གཅིག་ལྟ་བུ་དང་ལ་ལར་མི་གཅིག་པ་ལྟ་བུ་མང་པོ་ཡོད་པ་རྣམས་སྤྱིར་འདྲ་བ་ལས་བྱེ་བྲག་ཏུ་འདོད་ཚུལ་ཕྲ་མོའི་དབྱེ་སྒོ་ཡིན་པ་སོགས་དང་། སྒྲ་བཤད་འཇུག་གི་རྒྱུ་མཚན་ལ་བརྟེན་པ་སོགས་ཤེས་པར་བྱས་ཏེ་སྐབས་ཐོབ་ཀྱི་གོ་བ་ལེན་པ་ཞིག་མ་བྱུང་བར་མིང་གཅིག་ལ་འཐོམས་ན་གཞུང་འཆད་པ་འཁྲུགས་ནས་ཅིར་ཡང་ངོས་མི་ཟིན་པར་འགྱུར་བས་ཤན་ཕྱེད་པར་བྱ་དགོས་སོ། །དེ་ལ་གཟེགས་ཟན་སྟོན་པར་འཛིན་པའི་ལུགས། བྱེ་བྲག་པའམ་འུག་ཕྲུག་པ་དང་རིག་པ་ཅན་པ་ཞེས་སོགས་སུ་གྲགས་པ་རྣམས་ནི་ཚིག་གི་དོན་དྲུག་ཏུ་འདོད་དེ། ས་ལ་སོགས་པའི་རྫས་དགུ་དང་། གཟུགས་ལ་སོགས་པའི་ཡོན་ཏན་ཉེར་བཞི། བརྐྱངས་བསྐུམ་སོགས་ཀྱི་ལས་ལྔ། དེ་གསུམ་ལ་ཡོད་པའི་ཁྱབ་བྱེད་སྤྱི་ཆེན་པོ་དང་ཆུང་ངུ་། སྤྱི་དེའི་བྱེ་བྲག་གམ་ནང་གསེས་ཀྱི་དབྱེ་བ་གསལ་བ། ཐ་དད་པའི་འདུ་བ་མགོ་ལ་རྭ་ལྟ་བུ་དང་། ཐ་མི་དད་དུ་འདུ་བ་དུང་ལ་དཀར་ཟླུམ་ལྟ་བུ་སྟེ། དེ་ལྟར་ཚིག་གི་དོན་དྲུག་གིས་ཐམས་ཅད་བསྡུས་པར་འདོད་པ་སྟེ། དེའང་གཟེགས་ཟན་པས་དཀའ་ཐུབ་ཀྱི་སྒོ་ནས་དབང་ཕྱུག་བསྒྲུབས་པས་རྟེན་རྡོའི་ཕོ་མཚན་གྱི་སྟེང་དུ་འུག་པ་བབས་པ་ལ་དབང་ཕྱུག་ཏུ་བཟུང་ནས་དེ་ལ་རྫས་ཡོད་དམ་ཞེས་སོགས་དྲུག་པོ་དྲིས་པ་ལ་མགོ་གུག་རེ་བྱས་མཐར་འཕུར་བས་དྲུག་པོ་དེ་ཁོ་ནའོ་སྙམ་པའོ། །འདི་དག་དབང་ཕྱུག་ལྷར་འཛིན་ཅིང་དབང་ཕྱུག་དེ་རྟག་པ་སོགས་ཡོན་ཏན་ལྔའམ། ཕྲ་ཡང་སོགས་ཡོན་ཏན་བརྒྱད་དང་ལྡན་པ་གཞན་འཕྲུལ་ན་གནས་པར་འདོད། ཚིག་གི་དོན་དྲུག་ཤེས་ནས་བསྒོམས་ན་ཐར་བར་འདོད་ཅིང་། ཐར་ཚེ་བདག་དེ་ཡོད་མེད་སོགས་ཐམས་ཅད་བྲལ་བར་འདོད། གཞུང་ཞི་བའི་རྒྱུད་ལ་སོགས་པ་ལ་བརྟེན་ཏེ་བདག་བེམ་པོ་ཡིན་ཅིང་རྟག་པར་འདོད་པའོ། །དེའང་རྫས་དགུ་སྟེ། བདག་དང་དུས་དང་ཕྱོགས་དང་ནམ་མཁའ་དང་རྡུལ་ཕྲ་རབ་སྟེ་རྟག་པའི་རྫས་ལྔ། ས་ཆུ་མེ་རླུང་སྟེ་མི་རྟག་པའི་རྫས་བཞིའོ། །ཡོན་ཏན་ཉེར་བཞི་ནི། གཅིག་ལ་སོགས་པའི་གྲངས་དང་། རིང་ཐུང་སོགས་བོང་ཚད་དང་། ཕན་ཚུན་འཕྲད་པ་དང་། སོ་སོར་དབྱེ་བ་དང་། ཐ་དད་པ་གཞན་དང་། ཐ་མི་དད་པ་གཞན་མིན་པ་སྟེ་དྲུག་ནི་ཐུན་མོང་སྤྱིའི་ཡོན་ཏན་དང་། སྒྲ་ནམ་མཁའི་ཡོན་ཏན་རེག་བྱ་རླུང་གི་ཡོན་ཏན། གཟུགས་མེའི་ཡོན་ཏན། རོ་ཆུའི་ཡོན་ཏན། དྲི་སའི་ཡོན་ཏན་ཏེ་ཡུལ་ཡོན་ཏན་ལྔ་ནི་འབྱུང་བ་སོ་སོའི་ཡོན་ཏན་ཡིན་ལ། དེ་ཕྱིར་སྒྲ་ནི་ནམ་མཁའི་ཁྲོད་ན་རྟག་ཏུ་གནས་ཀྱང་རླུང་རློན་པས་གཡོགས་ནས་མ་ཐོས་པ་ཡིན་ལ། སྐྱེས་བུས་ༀ་ལྟ་བུ་བརྗོད་ཚེ་ཁོག་པ་ནང་སྟོང་པའི་ཆའི་རླུང་དེ་བསལ་ནས་ཐོས་ཤིང་སླར་རླུང་ཤུལ་དུ་ཞུགས་ནས་རྟག་ཏུ་མི་ཐོས་པར་འདོད། བདག་ལ་གནས་པའི་ཡོན་ཏན་བཅུ་གསུམ་སྟེ། མིག་གི་བློ་སོགས་དབང་བློ་ལྔ། བདེ་བ་སྡུག་བསྔལ། འདོད་པ་སྡང་བ། ཆོས་དང་ཆོས་མིན། འབད་རྩོལ་དང་། འདུ་བྱེད་པའི་ཤུགས་ཏེ་བདག་གི་ཡོན་ཏན་དེ་དག་དམིགས་པའི་སྒོ་ནས་བདག་ཡོད་པར་སྒྲུབ། ལས་ནི་དངོས་པོ་གང་ཡང་རུང་སྟེ། ཕར་བརྐྱངས་པ་དང་། ཚུར་བསྐུམ་པ་དང་། གྱེན་དུ་འདེགས་པ་དང་། གནས་གཞན་དུ་འཇོག་པ་དང་། གནས་གཅིག་ལས་བརྒལ་ཏེ་འགྲོ་བ་དང་ལྔའོ། །ཡོན་ཏན་དང་ལས་དེ་དག་གི་རྟེན་ནི་རྫས་ཡིན་ལ། དེ་དག་ལ་ཁྱབ་བྱེད་སྤྱི་སྟེ་བྱེ་བྲག་རིགས་མཐུན་ལ་སྒྲ་བློ་མཐུན་པར་འཇུག་པའི་གཞིར་གྱུར་པ་དང་། ཁྱབ་བྱ་སོ་སོར་འབྱེད་པའི་བྱེད་ལས་ཅན་གྱི་བྱེ་བྲག་དང་། ཕན་ཚུན་འབྲེལ་བར་བྱེད་པའི་འདུ་བའོ། །དེ་ལྟར་ན་བདེ་སོགས་ནང་གི་བདག་ལ་གནས་པའི་བེམ་པོར་འདོད། གྲངས་ཅན་པས་ཕྱིའི་སྣམ་བུ་སོགས་ཀྱི་སྟེང་ན་དེའི་རང་བཞིན་བདེ་སོགས་གནས་པས་ན་ཕྱིའི་བེམ་པོར་འདོད་ཀྱང་། བདེ་སོགས་དེ་དག་མྱོང་བའི་ཚེ་བདག་གིས་མྱངས་སྙམ་པའང་ཤེས་པ་དང་འདྲེས་ནས་ཆ་མི་ཕྱེད་པའི་ཚུལ་གྱིས་མྱོང་བར་འདོད། དེའང་བདག་ལ་ཤེས་པ་མེད་ཀྱང་བདག་ཡོན་ཏན་ཤེས་པ་དང་འབྲེལ་བའི་སྟོབས་ཀྱིས་བདག་གིས་ཤེས་སོ་སྙམ་དུ་རྟོག་ལ། མུ་སྟེགས་པ་འདི་པའི་ལུགས་ཀྱི་བེམ་པོ་ཞེས་པ་འདི་རྡུལ་གྲུབ་ཀྱི་བེམ་པོ་ལ་མཐའ་གཅིག་ཏུ་མི་གོ་བར། ཤེས་པ་མིན་ཚད་ལ་སྤྱི་ཁྱབ་ཏུ་གོ་དགོས་པས་ན། བྱེ་བྲག་པའི་འདོད་པའི་བདག་དེ་ནི་ནམ་མཁའ་དང་ཕྱོགས་ལ་སོགས་པ་བཞིན་དུ་ཁྱབ་ཅིང་ངོ་བོ་ཤེས་པའི་རང་བཞིན་མ་ཡིན་པ་ཞིག་ལ་འདོད་དོ། །དེ་ལ་སོགས་པ་བསྟན་པ་འདི་ལས་ཕྱི་རོལ་ཏུ་གྱུར་པའི་གཞུང་རྣམས་ལའང་རྣམ་ཤེས་ནི་གཅིག་པུ་ཉིད་དུ་སྣང་བར་མི་རུང་སྟེ། རྒྱུ་མཚན་གང་གིས་ན་ཕྱི་རོལ་པ་དེ་དག་ཀྱང་ཡོན་ཏན་དང་ལས་དང་ཡན་ལག་ལ་སོགས་པ་ལྡན་པ་ཡི། རྫས་དང་རྣམ་འགྱུར་དང་ལུས་ལ་སོགས་པ་དམིགས་པར་འདོད་པའི་ཕྱིར་རོ། །ཞེས་ཕྱི་གཞུང་རྣམས་ན་གང་ལ་དམིགས་པའི་ཡུལ་རྫས་ལ་སོགས་པ་གང་ཡིན་པ་དེའང་ཡོན་ཏན་ལ་སོགས་པའི་ཁྱད་པར་དུ་མ་ཅན་ཡིན་གྱི། ཁྱད་པར་དབྱེ་བ་མེད་པའི་གཅིག་པུ་བ་ཞིག་སྣང་མི་ཤེས་པའི་ཕྱིར་ན་ཤེས་པ་གཅིག་པུ་ཞིག་སྲིད་པ་མིན་ནོ། །ཞེས་སོ། །གཉིས་པ་བྱེ་བྲག་ཏུ་དགག་པ་ལ། རྒྱལ་བ་དང་རྒྱལ་དཔོགས་པའི་ལུགས་དགག་པ། རྒྱང་འཕེན་པའི། གྲངས་ཅན་པའི། གསང་བ་པའི་ལུགས་དགག་པ་བཞི། དང་པོ། ནོར་བུ་གཟི་ཡི་བདག་ཉིད་ལྟར། དངོས་པོ་ཀུན་ཅེས་ལྟ་བ་ལ། །དེ་ལ་འཛིན་པའི་སེམས་ཀྱང་ནི། །གཅིག་པུའི་ངོ་བོར་སྣང་མི་རིགས། །ཞེས་གསུངས་ཏེ། དེ་ལ་བྲམ་ཟེ་རྒྱལ་བ་སྟོན་པར་འཛིན་པས་ན་རྒྱལ་བ་པ་ཞེས་བྱ་ཞིང་། གཞུང་རྒྱལ་བྱེད་སོགས་ལ་ཚད་མར་འདོད་པ་དེ་དག་ལ། ཟད་བྱེད་པ། གཅེར་བུ་པ། ཚངས་པ་བ། ཀུན་ཏུ་རྒྱུ་སོགས་མིང་དུ་མ་ཡོད་ལ། དེ་དག་ཚངས་པ་ལྷར་འཛིན་ཅིང བདག་འཆིང་གྲོལ་གྱི་རྒྱུ་ལས་ཁོ་ན་ཡིན་པས་དེ་ཟད་པ་ན་ཐར་པར་འདོད། གཞུང་ཚིག་གི་དོན་བདུན་གྱིས་ཐམས་ཅད་བསྡུས་པར་འདོད་དེ། དཀའ་ཐུབ་སྡོམ་པ་ཉོན་མོངས་བཅིང་བ་གྲོལ་བ་སྲོག་སྲོག་མིན་ནོ། །དེ་ལ་དཀའ་ཐུབ་ནི་གཅེར་བུར་རྒྱུ་བ་ཟས་མི་ཟ་བ་མེ་ལྔ་བརྟེན་པ་ཕྱུགས་ཀྱི་བརྟུལ་ཞུགས་ལ་སོགས་པའོ། །སྡོམ་པ་ནི་ཟག་པ་འགོག་པ་དང་ལས་གསར་དུ་མི་གསོག་པའི་ཕྱིར་དགེ་བཅུ་སྤྱོད་པ་སྟེ། རྐང་འོག་ཏུ་སྲོག་ཆགས་ཤི་བའི་སྡིག་གིས་དོགས་ནས་རྐང་པར་དྲིལ་གཡེར་འདོགས་ཤིང་ཤིང་ཡང་མི་གཅོད། ལུང་སྟོང་དུ་ཆུ་ཡང་སྟེར་མཁན་གཞན་མ་བྱུང་ན་མི་འཐུང་། བརྫུན་ལ་སྐྲག་པས་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་སོགས་སོ། །ཉོན་མོངས་ནི་དུག་གསུམ་ལ་སོགས་པའོ། །དེ་དག་སྡོམ་པའི་མི་མཐུན་ཕྱོགས་སོ། །བཅིང་བ་ནི་ལས་མ་ཟད་པས་བདག་འཁོར་བ་ན་གནས་པའི་ཐ་སྙད་དོ། །གྲོལ་བ་ནི་ལས་ཟད་ནས་ཐར་ཏེ་འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན་གདུགས་བཀན་པའི་དབྱིབས་འདྲ་བ་ཟླུམ་ཞིང་མདོག་བ་ཞོ་དང་ཁ་བ་རྒྱ་སྤོས་ཀྱི་མེ་ཏོག་སོགས་དང་འདྲ་བར་དཀར་བའི་གཟུགས་ཅན་ཞིག་ཏུ་འགྱུར་བར་འདོད། སྲོག་ནི་སེམས་ཡོད་པ་ལ་འདོད་དེ། དེ་ལ་འབྱུང་བ་བཞི་ནི་སེམས་དང་དེ་སྟེང་ལུས་དབང་གཅིག་པུ་ལྡན། ཆུ་ཤིང་ལ་རྣ་དབང་ཡོད་དེ་འབྲུག་སྒྲ་ཐོས་ན་སྐྱེ་བ་སོགས་དབང་པོ་སོ་སོ་ཡོད་པའི་ཤིང་འདོད་ལ། དེ་བཞིན་དུ་སྲིན་བུ་དུང་ཉ་ཕྱིས་སོགས་ལ་ལུས་ལྕེ་གཉིས་ཡོད། མེ་ཁྱེར་གྲོག་མ་སོགས་ལུས་ལྕེ་སྣ་གསུམ་སྟེ་དབང་པོ་གསུམ་དང་ལྡན། བུང་བ་སྦྲང་བུ་མཆུ་རིང་སོགས་མིག་ལས་དབང་པོ་གཞན་བཞི་ཚང་། མི་རྟ་སོགས་ལ་མིག་ཀྱང་ཚང་བས་དབང་པོ་ལྔ་ལྡན་ནོ་ཞེས་འདོད། སྲོག་མིན་ནི་སེམས་མེད་པ་སྒྲ་དྲི་རོ་འོད་ནམ་མཁའ་གྲིབ་མ་འཇའ་གཟུགས་བརྙན་ལ་སོགས་པའོ། །གཞན་ཡང་ཚིག་གི་དོན་དགུར་བཤད་པ་ཡོད་དེ། སྲོག་ཟག་པ་སྡོམ་པ་ངེས་པར་རྒས་པ་འཆིང་བ་ལས་སྡིག་པ་བསོད་ནམས་ཐར་པ་དང་དགུ་ལ་བཤད་ཀྱང་། ངེས་པར་རྒས་པ་ལུས་གདུང་བའི་དཀའ་ཐུབ་ཡིན་པས་དཀའ་ཐུབ་ཀྱི་ནང་དུ་འདུ་ལ། ལས་ལ་མྱོང་འགྱུར་གྱི་ལས་དང་མིང་རུས་ཚེ་དང་བཞིར་བཤད་ཀྱང་ཕལ་ཆེར་འཆིང་བ་དང་དོན་གཅིག་ལ། ཟག་པ་དང་ཉོན་མོངས་དོན་གཅིག །བསོད་ནམས་དང་སྡོམ་པའང་འདྲ་ཞིང་། སྡིག་པ་ནི་ཟག་པ་དང་འཆིང་བར་བསྡུ་རུང་བས་དོན་སྔ་མ་བདུན་དང་གཅིག་གོ། །འདི་དག་གིས་ཤེས་བྱ་སྤྱིའི་གནས་ལུགས་ཡུལ་དུས་གྲངས་ཀྱི་དུ་མ་རང་བཞིན་གཅིག་པ་ཞེས་འདོད་དོ། །གཉིས་པ་རྒྱལ་དཔོགས་པ་ཞེས་པ། བྲམ་ཟེ་རྒྱལ་དཔོགས་པ་སྟོན་པར་འཛིན་ཅིང་ཁྱབ་འཇུག་ལྷར་འདོད་པ། གཞུང་རྟོག་པ་ལ་ཕན་པའི་ཡལ་ག་ལོ་མ་ཅན་གྱི་གསང་ཚིག་ལ་སོགས་པའི་རྗེས་སུ་འབྲང་བ་ལ་སྤྱོད་པ་པ། རིག་བྱེད་པ། ཁྱབ་འཇུག་པ་སོགས་སུ་གྲགས་ལ། བརྡ་སྤྲོད་བདག་ཀྱང་འདིའི་བྱེ་བྲག་གོ། །དེ་ལ་རིག་བྱེད་པ་དེ་དག་གི་འདོད་པ་མང་ཡང་བསྡུ་ན། འབྲས་བུ་དོན་དུ་གཉེར་བྱ་ནི་རིག་བྱེད་ལས་གྲགས་པའི་སྐྱེས་བུ་དེ་མཐོང་ཞིང་རྟོགས་ན་འཆི་བ་མེད་པའི་གནས་ཐོབ་པར་འདོད་དེ། དེའང་སའི་དཀྱིལ་འཁོར་ལས་ཤིན་ཏུ་འདས་པའི་མུན་པའི་དཀྱིལ་འཁོར་ན་གནས་པ་ཉི་མའི་འོད་ལྟ་བུ་དང་ལྡན་པ། ཁ་དོག་དཀར་སྔོ་དམར་པོ་བ་བླ་ཡུང་བ་ཕུག་རོན་བཙོད་དང་ཀ་པི་ཛ་ལའི་ཁ་དོག་འཛིན་པ་ཞིག་ཏུ་ཡོད་ལ། དེའི་མིང་གི་རྣམ་གྲངས་ཀྱང་། ཚངས་པ་དང་། བདག་དང་། དབང་ཕྱུག་དང་། ཀུན་ལ་ཁྱབ་པ་དང་། རྟག་པ་ཞེས་ཀྱང་བྱའོ། །ཞེས་ཟེར་ཞིང་། གཞན་ཡང་ཚངས་དབང་ཁྱབ་འཇུག་ལ་སོགས་སོ་སོར་རྩལ་དུ་བཏོན་ཏེ། བྱེད་པ་པོར་བརློམས་ཤིང་ལམ་ཡང་མཆོད་སྦྱིན་ཞི་དྲག་དང་རླུང་དང་བསམ་གཏན་སོགས་མང་དུ་ཡོད་དོ། །འདོད་པ་གཙོ་ཆེ་བ་བརྗོད་ན་དམ་བཅའ་བཅུ་ལས་རྣམ་གྲོལ་བསྒྲུབ་པར་འདོད་དེ། ཉ་ལ་སོགས་པའི་འཇུག་པ་བཅུ་ལྡན་གྱི་ཁྱབ་འཇུག་ལྷར་ཁས་ལེན་པ། དེ་བཞིན་སྐྱེས་བུས་མ་བྱས་པའི་རིག་བྱེད་ཚད་མ། གངྒཱའི་ཁྲུས་ཀྱིས་སྡིག་པ་འདག་པ། བུད་མེད་ལ་བུ་ཡོད་ན་མཐོ་རིས་སུ་སྐྱེ་བར་འདོད་པས་བུ་བསྐྱེད་དགོས་པ། གཡུལ་དུ་ཞུགས་ན་བསོད་ནམས་ཆེ་ལ་གཡུལ་དུ་ཤི་ན་མཐོ་རིས་སུ་སྐྱེ་བས་གཡུལ་ལ་རྩིས་སུ་བྱེད་པ་གཡུལ་བསྲུངས་པས་དག་པ། སྲོག་སྲུང་བ་དཔེར་ན་མུ་གེས་ཤི་ལ་ཐུག་པ་ན་བརྐུས་ན་དེས་དག་པ་དང་ཕན་པར་འགྱུར་ཏེ་སྲོག་གལ་ཆེ་བ་དེ་བསྲུངས་པས་སོ་ཟེར་བ་དང་། དངོས་མེད་རྒྱུ་མེད་དུ་བྱུང་བར་འདོད་པ། བྲམ་ཟེ་དང་རིག་བྱེད་དང་བླ་མ་ལ་གནོད་པ་བསད་ན་དག་པར་འདོད་པ་ཆོས་བསྲུངས་པས་དག་པ། ཀུ་རུའི་ཡུལ་སོགས་སུ་སྐྱེས་པའམ་ཐ་ན་དེའི་རྡུལ་གྱིས་རེག་ཀྱང་མཐོ་རིས་སུ་སྐྱེ་བ། ཤེས་པས་རང་མི་རིག་པ་དང་བཅུའོ། །དེའང་མུ་སྟེགས་པ་དེ་དག་རང་རང་གི་གཞུང་ལ་འཆེལ་ནས་ལྟར་སྣང་བའི་གཏན་ཚིགས་ཀྱིས་བསྒྲུབས་ཤིང་། ཕལ་ཆེར་བྲམ་ཟེ་གདུག་པའི་གསང་ཚིག་ལ་བརྟེན་པའི་ཕྱོགས་རྣམས་ལ་འགལ་བ་བསྟན་ཡང་ཕ་རོལ་མངོན་སུམ་མཐོང་བའི་དྲང་སྲོང་རྣམས་ཀྱི་ཚིག་ལ་རྗེས་དཔག་གིས་མི་གནོད་ཅེས་ཤིན་ཏུ་བླུན་པའི་རང་མཚང་སྟོན་ཅིང་། ནང་གསེས་ཀྱི་འདོད་ཚུལ་ཕྲ་མོ་ཤིན་ཏུ་མང་པོ་ཡོད། ཕྱི་རོལ་པ་འདི་དག་གི་ལུགས་དེ་ལ་སྒྲོ་འདོགས་པའི་རྒྱུ་མཚན། དེ་ལ་བརྟེན་ནས་གྲུབ་མཐའི་ཞེ་འདོད། དེ་མི་འཐད་པའི་ཚུལ་རྣམས་ཞིབ་པར་བཤད་ན་བློ་སྐྱེད་ལ་ཕན་སྲིད་ཅིང་། གྲངས་ཅན་ལ་སོགས་ཀྱི་ཞེ་འདོད་གསལ་པོར་ཕྱེ་ནུས་ནའང་འདིར་ཡི་གེ་མང་པོར་འགྱུར་བས་བཞག་ལ། གྲུབ་མཐའི་འདོད་པ་ཕྱོགས་ཙམ་མ་སྨྲས་ན་ཕྱོགས་སྔ་གང་ལ་མཛུབ་མོ་འཛུགས་སྟོར་གྱིས་དོགས་ནས། ཏརྐ་སྡེ་ལྔ་གསང་བ་པ་དང་བཅས་པའི་ཚུལ་མཚོན་ཙམ་སོ་སོའི་ཐད་དུ་འདྲི་བ་ཡིན་ནོ། །དེ་ལ་སྐབས་འདིར་ཤེས་པ་ཡུལ་ལ་འཇུག་ཚུལ་ཙམ་གྱི་སྟེང་ནས་དགག་པ་གཙོར་མཛད་པས་རྒྱལ་བ་པ་དང་རྒྱལ་དཔོགས་པའི་ལུགས་དེ་གཉིས་མཐུན་པར་འདི་ལྟར་དཔེར་ན། ཁ་དོག་སྣ་ཚོགས་པ་ཅན་གྱི་ནོར་བུ་གཟི་ཡི་བདག་ཉིད་ཇི་ལྟར་དུ། ཡུལ་དངོས་པོ་མི་གཅིག་པ་རྣམ་པ་སྣ་ཚོགས་པ་ཀུན་ཀྱང་ངོ་བོ་གཅིག་ཡིན་ནོ་ཞེས་གཅིག་ཏུ་བསྡོམས་ནས་ཞེན་ཅིང་ལྟ་བ་དེ་དག་གི་ལུགས་ལ་ཡང་ཡུལ་དངོས་པོ་སྣ་ཚོགས་པ་དེེ་ལ་འཛིན་པའི་སེམས་དེ་དག་ཀྱང་ནི། གཅིག་པུའི་ངོ་བོར་སྣང་མི་རིགས་ཏེ། ཡུལ་སྣ་ཚོགས་ལ་སྣ་ཚོགས་སུ་མ་བཟུང་ན་ཤེས་པ་ཡུལ་དང་མཐུན་པར་ཇི་ལྟར་འགྱུར། མ་མཐུན་ན་དེས་དེ་ཤེས་པར་ཡང་གཞག་ཏུ་མི་རུང་བའི་ཕྱིར་རོ། །དེ་ལ་དེ་དག་གི་འདོད་ཚུལ་ནི་ཤེས་བྱ་ཐམས་ཅད་རང་བཞིན་རིལ་པོ་གཅིག་ཡིན་པར་ལྟ་བ་སྟེ་ནོར་བུ་དང་། ཁྲ་བོ་ཙམ་བཞིན་ནོ་ཞེས་འཛེར་ཏོ། འོ་ན་ཐམས་ཅད་ཀྱིས་རྟོགས་པ་འདྲ་བར་འགྱུར་ཏེ་དམིགས་པ་གཅིག་ཡིན་པས་སོ་ཟེར་ན་མི་འགྱུར་ཏེ། དེ་ལ་སྒྲ་ཡིས་བརྗོད་ཚུལ་དང་ཡིད་ཀྱིས་འཇུག་ཚུལ་གཉིས་ལས། དང་པོ། དུ་མའི་ངོ་བོ་ཅན་གྱི་དངོས་པོ་གཅིག་པུ་དེ་ལ་གཅིག་ཉིད་དུ་མར་བརྗོད་པར་འདོད་པས་སྔོ་སེར་ལ་སོགས་པ་སོ་སོའི་ངོ་བོ་དེ་དང་དེར་འདོད་པའམ་བཞག་པ་ཡིན་ཏེ། མང་པོའམ་ཐམས་ཅད་ལྟ་བུ་ཅིག་ཅར་བརྗོད་པའམ། གཟུགས་སྒྲ་ཞེས་པ་སོགས་དངོས་པོ་དེ་རིམ་གྱིས་བརྗོད་ཚུལ་གཉིས་ལས་ཚིག་གིས་བརྗོད་པར་བྱ་བའི་ཚུལ་གཞན་ནི་མེད་དོ། །དེས་ན་བརྗོད་འདོད་ཀྱི་དངོས་པོའི་བྱེ་བྲག་རེ་རེ་རིམ་གྱིས་བརྗོད་ཀྱང་རུང་། ཅིག་ཅར་ཁོ་རང་བརྗོད་ཀྱང་རུང་སྟེ་དོན་དུ་དངོས་པོའི་རང་བཞིན་གཅིག་པུ་དེ་ལས་མ་འདས་སོ། །དེ་བཞིན་བློས་འཛིན་ཚུལ་ཡང་། དཔེར་ན་ཡུལ་ཁྲ་བོ་གཅིག་གི་ངོ་བོ་ཡིན་པ་ལ་འདྲ་ཡང་དེའི་ཁ་དོག་ལ་རང་རང་གིས་ཇི་ལྟར་འདོད་པ་བཞིན་དུ་དེའི་བྱེ་བྲག་རེ་རེ་བ་སྔོ་སེར་སོགས་བཀར་ཏེ་འཛིན་པ་དེ་ལྟར་དངོས་པོ་དེའང་གཅིག་མིན་པར་སྣ་ཚོགས་པའི་རང་བཞིན་ཅན་ཡིན་པས་བློས་དེ་ལ་ཐ་དད་མིན་པར་གཅིག་ཏུ་འཛིན་པ་དང་། ཐ་དད་དུ་ཕྱེ་སྟེ་འཛིན་པའི་ཚུལ་གཉིས་བྱུང་བ་ཡིན་ཞེས་གཅེར་བུ་པ་སོགས་སྨྲ་བར་བྱེད་དེ། རང་འགྲེལ་ན་ཕྱོགས་སྔས་བརྗོད་པའི་ཤྭ་ལོ་ཀ་གཉིས་བཀོད་འདུག་པའང་དེ་ཡིན་ནོ། །དེ་ལ་དེ་དག་གི་ཞེ་འདོད་ལ་ཁྲ་བོ་ཞེས་རང་བཞིན་གཅིག་ཡིན་ལ། ཁྲ་བོ་དེ་ལ་ཁ་དོག་སྣ་ཚོགས་མེད་ན་ཁྲ་བོར་མི་རུང་བས་ཁ་དོག་སྣ་ཚོགས་པ་ཅན་གྱི་ཁྲ་བོ་གཅིག་ཅེས་འཇོག་པ་དེ་བཞིན་ཆོས་སྣ་ཚོགས་པ་ཅན་གྱི་དངོས་པོ་གཅིག་ཅེས་ལྟ་བ་ཡིན་ཏེ། དེ་དག་བཏགས་པ་ཙམ་གྱི་གཅིག་ཡིན་པར་ཁོང་དུ་མ་ཆུད་ནས་གཅིག་བདེན་ཞིག་ཏུ་ལྟ་བ་ཡིན་པས། གཅིག་བདེན་ལ་དུ་མ་སྲིད་ན་མི་སྲིད་པ་ཅིའང་མེད་པར་ཐལ་བ་སོགས་རིགས་པ་བརྒྱ་ཕྲག་གི་མཚོན་རྣོན་ཅིག་ཅར་ཕོག་པ་ཡིན་ནོ། །ཚིགས་བཅད་འདིའི་ཐད་དུ། ལ་ལས་ནོར་བུའི་གཟི་ཞེས་ཡུལ་དུ་མར་འདོད་པའི་དཔེར་གོ་བ་བླངས་པ་ནི་མི་འཐད་དེ། ཕྱོགས་སྔའི་འདོད་པ་དང་མི་འབྲེལ་བས་སོ། །གཉིས་པ་རྒྱང་འཕེན་པའི་ལུགས་དགག་པ། ས་ལ་སོགས་པ་འདུས་པ་ལ། །ཡུལ་དང་དབང་པོ་ཀུན་འཇོག་པ། །སུ་འདོད་དེ་ཡི་ལུགས་ལ་ཡང་། །དངོས་པོ་གཅིག་དང་མཐུན་འཇུག་མེད། །ཅེས་གསུངས་ཏེ། དེའང་སྔོན་ལྷ་དང་ལྷ་མིན་འཐབ་པའི་ཚེ་ལྷ་རྣམས་རང་བཞིན་གྱིས་ཆོས་ལ་དཀར་བས་འཐབ་མ་སྤྲོ་ནས་ལྷ་ཕམ་དུ་ཉེ་བ་ན། ལྷ་ཕུར་བུས་འཇིག་རྟེན་སྔ་ཕྱི་མེད་པའི་བསྟན་བཅོས་བརྩམས་པ་རིམ་གྱིས་གྲོག་མཁར་བ་ལ་སོགས་པས་མི་ཡུལ་དུ་དར་བར་བྱས་པ་སོགས་ལ་ཚད་མར་བྱེད་པ་ཕུར་བུ་པ། རྒྱང་འཕེན་པ། ཚུ་རོལ་མཛེས་པ་པ་ཞེས་སོགས་སུ་གྲགས་པ་དེ་དག་གི་འདོད་ཚུལ་མདོར་བསྡུས་ན། ཚེ་སྔ་ཕྱི་ལས་རྒྱུ་འབྲས་ཐམས་ཅད་མཁྱེན་པ་མ་མཐོང་བའི་འགྲོ་བ་སོགས་མི་འདོད་ཅིང་། ཚེ་འདི་གང་ཙམ་ལ་ཕན་ཕྱིར། བརྒྱ་བྱིན་དང་། ཉི་ཟླ་ལྷར་འཛིན་ལ། ལྟ་བའི་སྙིང་པོ་དུང་ཕུར་བུའི་རྒྱུད་སྡེ་དྲུག་ལ་སོགས་པ་ཚད་མར་འཛིན་ཅིང་། གྲུབ་མཐའ་ཡང་རིགས་པའི་སྒོ་གཅིག་དཔེ་གསུམ་ཚུལ་བཞིས་རྟོགས་པར་བྱེད་དེ། ཚེ་སྔ་ཕྱི་སོགས་མེད་དེ་རང་གི་དབང་པོའི་སྤྱོད་ཡུལ་དུ་མ་མཐོང་བའི་ཕྱིར་ཞེས་པ་རིགས་པའི་སྒོ་གཅིག་ཡིན་ལ། དཔེ་གསུམ་ནི། རྒྱུ་མེད་པའི་དཔེ་སྤང་ལ་ཤ་མོ་རྡོལ་བ། འབྲས་བུ་མེད་པའི་དཔེ་ཐལ་བ་རླུང་གིས་གཏོར་བ། ངོ་བོ་ཉིད་ལས་བྱུང་བའི་དཔེ་ཉི་ཤར་དང་ཆུ་བོ་ཐུར་འབབ་དང་སྲན་ཟླུམ་ཚེར་མ་རྣོ་བ་སོགས་སོ། །ཚུལ་བཞི་ནི། ཚེ་སྔ་ཕྱི་མེད་ཀྱང་ད་ལྟའི་འཇིག་རྟེན་བདེ་སྡུག་སོགས་ཡོད་པའི་ཚུལ། བདག་གཙོ་བོ་ལྟ་བུ་སྔ་ཕྱིར་འཕོ་བ་མེད་ཀྱང་གློ་བུར་ལུས་གྲུབ་དུས་རང་ཆས་ཡོད་ཚུལ། ས་སོགས་འབྱུང་བར་རིག་པ་སྐྱེད་ནུས་ཀྱི་རྒྱུ་ཡོད་པ་འདུས་པ་ལས་ཆན་ལས་མྱོས་བྱེད་ཀྱི་ནུས་པ་ལྟར་ཤེས་པ་གསར་དུ་གྲུབ་ཚུལ། ལམ་སྦྱོང་དཀའ་ཐུབ་ཀྱིས་གྲོལ་བ་མེད་ཀྱང་རང་བཞིན་ཤི་བ་ན་ཐམས་ཅད་གྲོལ་བ་གཅིག་པའི་དབྱིངས་སུ་གནས་པའི་རྒྱུ་འབྲས་མེད་པའི་ཚུལ་ཤེས་ན་གྲོལ་བའི་ཆེད་དུ་ངལ་དུབ་སོགས་ལ་མི་བརྟེན་པའི་རྒྱང་འཕེན་གྱི་གཞུང་བསྟན་པ་དོན་མེད་མིན་པའི་ཚུལ་ཏེ་དེ་ལྟར་འདོད་དོ། །འདི་དག་གི་གྲུབ་མཐའ་རྣམ་པར་གཞག་པའི་རྒྱུ་རྩ་བ་འཇིག་རྟེན་ཕ་རོལ་མངོན་སུམ་དུ་མི་འགྱུར་བས་དེ་མེད་ལ་ད་ལྟ་འདི་གང་ཙམ་མོ་སྙམ་པའོ། །ཀྱེ་མ་བླུན་པོ་གང་དག་ད་ལྟ་མངོན་སུམ་དུ་མ་གྱུར་པ་ཐམས་ཅད་མེད་པར་དཔོགས་ན་སང་དང་གནང་གི་དུས་ཀྱང་མེད་པས་ཟས་སོགས་ཉེར་བསྔོགས་ཀྱང་མི་འོས་ལ། འཇིག་རྟེན་ཕ་རོལ་ཡོད་པར་མངོན་སུམ་མ་མཐོང་ཡང་མེད་པར་ཡང་མཐོང་བ་མེད་ན་མེད་ཅེས་ཅི་ཞིག་གིས་དཔོགས། རང་གིས་རྗེས་དཔགས་ཚད་མར་མི་འདོད་བཞིན་གྲུབ་མཐའི་རྗེས་དཔགས་ལོག་པ་ལ་འཇུ་བ་སྙིང་རྗེའི་བཤུམ་མོ་དང་ངོ་མཚར་གྱི་ཁྲེལ་བགད་དུས་གཅིག་འོས་པ་ལུགས་འདི་ཀྱེ་མ་སྙམ་མོ། །དེ་ལྟ་བུའི་ལུགས་ལ་དགོངས་ནས་གང་དོན་དམ་པར་ཡོད་པར་འདོད་པའི་ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་འདུས་པ་ལ། ཡུལ་ལྔ་དང་དབང་པོ་ལྔ་པོ་ཀུན་འཇོག་པ་སུ་ཞིག་གིས་འདོད་པ་དེ་ཡི་ལུགས་ལ་ཡང་། འདུས་པ་ཞེས་པ་འདུས་པ་ཅན་དུ་མ་ཚོགས་པ་ཡིན་པས་ན། འདུས་པ་འཛིན་པའི་ཤེས་པ་དེའང་དུ་མར་འགྱུར་གྱི་ཡུལ་དངོས་པོ་གཅིག་དང་མཐུན་པར་འཇུག་པ་མེད་དོ། །ཞེས་སོ། །གསུམ་པ་གྲངས་ཅན་པའི་ལུགས་ལ་ཤེས་པ་བདེན་གཅིག་མི་སྲིད་པར་བསྟན་པ་ལ། དགག་པ་བརྗོད་པ་དང་། ཉེས་སྤོང་གི་ལན་དགག་པ་གཉིས། དང་པོ། སྙིང་སྟོབས་ལ་སོགས་བདག་སྒྲ་སོགས། །ཕྱོགས་ལའང་དོན་གཅིག་སྣང་བ་ཅན། །ཤེས་པ་རིགས་པ་མ་ཡིན་ཏེ། །གསུམ་གྱི་བདག་ཉིད་ཡུལ་སྣང་ཕྱིར། །ཞེས་གསུངས་ཏེ། དེའང་དྲང་སྲོང་སེར་སྐྱ་ཞེས་བྱ་བ་དཀའ་ཐུབ་ཀྱི་ཡོན་ཏན་ཐོབ་པ། རྒྱལ་པོ་ཡུལ་འཁོར་སྐྱོང་གི་དུས་སུ་བྱུང་བ་གངས་རི་ན་ཡོད་པའོ། །དེས་རང་གི་བསམ་གཏན་གྲུབ་པའི་ཉམས་དང་མཐུན་པར་བརྩམས་པའི་གཞུང་དབང་ཕྱུག་ནག་པོ་རྒྱུད་དྲུག་ཅུ་པ། མཚན་ཉིད་ལྔ་བཅུ་པ་སོགས་དང་། ཚད་མ་གསུམ། འགྲེལ་པ་བདུན་ལ་སོགས་པ་སྟོན་པར་བྱེད་པའི་གཞུང་ལ་ཚད་མར་བྱེད་པ་ལ་སེར་སྐྱ་པའམ། གྲངས་ཅན་པ་ཞེས་གྲགས་སོ། །དེ་དག་གིས་ཤེས་བྱ་ཐམས་ཅད་དེ་ཉིད་ཉེར་ལྔར་སྨྲ་སྟེ། དེའང་བེམ་ཤེས་གཉིས་ལས། བདག་ཤེས་རིག་གི་སྐྱེས་བུ་ཤེས་པ་ཡིན་ལ་རྟག་དངོས་ལ་སོགས་པའི་ཁྱད་པར་ལྔ་ལྡན་ནོ། །བེམ་པོ་ཐམས་ཅད་ཀྱི་འབྱུང་ཁུངས་གཙོ་བོ་རྟག་གཅིག་བེམ་པོ་ཟ་པོ་མིན་ལ་བྱེད་པོ་ཡིན་པའོ། །དེའི་ངོ་བོ་རྡུལ་མུན་སྙིང་སྟོབས་གསུམ་ཆ་མཉམ་པས་རྟོགས་དཀའ་བ་སྟེ། རྡུལ་ནི་སྡུག་བསྔལ་ལམ་གདུང་བ། སྙིང་སྟོབས་བདེ་བ། མུན་པ་བཏང་སྙོམས་ཏེ་ཡོན་ཏན་གསུམ་མོ། །དེ་གསུམ་ཤས་ཆེ་ཆུང་མེད་པས་གང་གི་ཕྱོགས་སུ་མ་ལྷུང་བ་རྒྱུ་གཙོ་བོ་སྟེ་བུམ་པ་སོགས་ཀྱི་རྒྱུ་འཇིམ་པ་ལྟ་བུ། དེ་ལས་རྣམ་འགྱུར་ཉེར་གསུམ་བྱུང་བར་འདོད་དེ། དེའང་གཙོ་བོ་ལས་ཆེན་པོའམ་བློ་མེ་ལོང་དྭང་བ་ལྟ་བུ་ཕྱི་ནས་ཡུལ་དང་ནང་ནས་ཤེས་རིག་གི་སྐྱེས་བུ་གཉིས་ཀྱི་གཟུགས་བརྙན་ཤར་ནས་སྐྱེས་བུ་ཡུལ་ལ་ལོངས་སྤྱོད་པའི་མཚམས་སྦྱོར་ཡིན་ནོ། །དེ་ལས་ཡོན་ཏན་གསུམ་འཕེལ་ནས་ཆེན་པོ་ལས་ང་རྒྱལ་གསུམ་བྱུང་སྟེ་རྣམ་པར་འགྱུར་བ་ཅན་གྱི་ང་རྒྱལ་དང་། སྙིང་སྟོབས་ཅན་གྱི་ང་རྒྱལ་དང་། མུན་པ་ཅན་གྱི་ང་རྒྱལ་ལོ། །དེ་གསུམ་གཅིག་ཏུ་བརྩིའོ། །ང་རྒྱལ་དང་པོ་ལས་དེ་ཙམ་ལྔ་བྱུང་སྟེ། སྒྲ་རེག་རོ་གཟུགས་དྲི་རྣམས་སོ། །དེ་ཙམ་ལྔ་ལས་འབྱུང་བ་ནམ་མཁའ་སོགས་ལྔ་བྱུང་སྟེ། རིམ་པས་ཡོན་ཏན་གཅིག་ནས་ལྔའི་བར་དུ་ཡོད་པས་རྒྱུ་དེ་དག་ལས་མཁའ་སོགས་སུ་གཞག་པ་སྟེ། གཟུགས་དང་རོ་སོགས་ལས་འོ་མར་གཞག་པ་བཞིན་ནོ། །སྙིང་སྟོབས་ཅན་བདག་མཆོག་འཛིན་ལྟ་བུའི་ང་རྒྱལ་ལས་དབང་པོ་བཅུ་གཅིག་བྱུང་སྟེ། མིག་རྣ་སྣ་ལྕེ་ལུས་ཏེ་བློའི་དབང་པོ་ལྔ་དང་། སྨྲ་བ་ལ་དབང་བ་ངག་གི་དབང་པོ། དེ་བཞིན་དུ་བྱིན་ལེན་ལག་པ། འགྲོ་བ་རྐང་པ། སྙིགས་མ་འདོར་བ་རྐུབ། དགའ་བར་བྱེད་པ་འདོམས་ཀྱི་དབང་པོ་སྟེ་ལས་ཀྱི་དབང་པོ་ལྔ། ཐམས་ཅད་ལ་དབང་བ་བློའི་དབང་པོ་སྟེ་དབང་པོ་བཅུ་གཅིག་བྱུང་ངོ་། །མུན་ཅན་གྱི་ང་རྒྱལ་གྱིས་དེ་གཉིས་ཀྱི་གྲོགས་བྱེད་དོ། །དེ་ལྟར་ཡུལ་དང་ཡུལ་ཅན་དུ་འབྲེལ་ནས་གནས་པ་དེ་སྲིད་སྲིན་བུ་བལ་གྱིས་བཏུམ་པ་ལྟར་འཁོར་བར་འཁྱམས་ལ། ནམ་ཞིག་ཡུལ་གྱི་ཉེས་དམིགས་རིག་ནས་ནང་དུ་རྩེ་གཅིག་མཉམ་པར་བཞག་པའི་བསམ་གཏན་གྱི་མིག་ཐོབ་ནས་བལྟས་པས་གཙོ་བོ་སྐྱེངས་པའི་ཚུལ་གྱིས་རྣམ་འགྱུར་རྣམས་བསྡུས་པའི་ཚེ་བདག་ཤེས་རིག་གི་སྐྱེས་བུ་ཡུལ་དང་མི་འབྲེལ་བར་ཡན་གར་དུ་གནས་པ་འཆིང་བྱེད་ཡུལ་དང་བྲལ་ཏེ་ཐར་བར་འདོད་དོ། །འདིས་ཀུན་གཞི་ལ་གཙོ་བོ་དང་ཡིད་ཤེས་ལ་བདག་ཏུ་འཁྲུལ་གཞི་བྱས་པ་ཡིན་ཅིང་། གཙོ་བོའི་ཀློང་ལས་རྣམ་འགྱུར་མཆེད་ཚུལ་སོགས་ཤེས་པ་མཆེད་པའི་ཚུལ་ལྟ་བུ་ཡིན་ལ། ཞིབ་ཏུ་གྲུབ་མཐའི་བབ་སེམས་ཙམ་རྣམ་བརྫུན་པ་དང་ཆེས་ཉེ་བ་ཡིན་ནོ་ཞེས་བཤད། ཕྱི་རོལ་པའི་ནང་ན་གྲུབ་མཐའ་ལེགས་ཤོས་ཡིན་ཅིང་། ཁོ་རང་རང་ལུགས་ཙམ་གྱི་དབར་དུ་གོ་རྒྱུ་ཡང་ལེགས་པོ་ཡོད་པ་ཡིན་ནོ། །དེ་ལྟར་སེར་སྐྱ་པའི་རྗེས་འབྲངས་རྣམས་ཡུལ་ཐམས་ཅད་ཡོན་ཏན་གསུམ་གྱི་རང་བཞིན་འདོད་པ་དེ་ལ་དགོངས་ནས་འདི་སྐད་དུ། གང་སྙིང་སྟོབས་ལ་སོགས་པ་ཡོན་ཏན་གསུམ་གྱི་བདག་ཉིད་དུ་གྱུར་པའི་སྒྲ་དང་རིག་བྱ་ལ་སོགས་པ་རྣམ་འགྱུར་རྣམས་དམིགས་པའི་ཡུལ་དུ་འདོད་པའི་ཕྱོགས་ཁས་ལེན་པ་དེ་ལའང་དོན་གཅིག་པུ་ཁོ་ན་ཞིག་སྣང་བ་ཅན་གྱི་ཤེས་པ་ཡོད་པར་རིགས་པ་མ་ཡིན་ཏེ་འདི་ལྟར་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་གྱི་ཡུལ་སྣང་བར་ཁས་བླངས་པའི་ཕྱིར་ཞེས་འདི་པའི་ལུགས་ལ་ཡུལ་ཐམས་ཅད་ཡོན་ཏན་གསུམ་གྱི་རང་བཞིན་ཅན་ཡིན་པས་ཁྱབ་ལ། གསུམ་ལ་དམིགས་པ་གཅིག་ཡིན་པར་མི་རུང་ངོ་། གཉིས་པ། དངོས་པོའི་ངོ་བོ་རྣམ་གསུམ་ལ། །དེ་ནི་གལ་ཏེ་རྣམ་གཅིག་སྟེ། དེ་དང་མི་མཐུན་སྣང་ན་ཀོ །དེ་ནི་དེར་འཛིན་ཇི་ལྟར་འདོད། །ཅེས་གསུངས་ཏེ། དེ་ལ་གྲངས་ཅན་པ་དེ་དག་ཡུལ་དངོས་པོའི་ངོ་བོ་ཡོན་ཏན་རྣམ་པ་གསུམ་ཡིན་པ་ལ། ཤེས་པ་དེ་ནི་གལ་ཏེ་རྣམ་པ་གཅིག་པུར་སྣང་བ་སྟེ། ཡུལ་དེ་དང་ཡུལ་ཅན་གཉིས་མི་མཐུན་པའི་ཚུལ་གྱིས་ཡུལ་སྣང་བར་འདོད་ན་ཀོ། འོ་ན་ཤེས་པ་དེ་ནི་ཡུལ་དེར་འཛིན་པའི་ཡུལ་ཅན་ཀྱང་ཡིན་པར་ཇི་ལྟར་འདོད་དེ་འདོད་མི་རིགས་སོ། །གྲངས་ཅན་པ་ན་རེ། ཡུལ་གསུམ་ཀ་ཚང་པར་ཡོད་ཀྱང་དམིགས་པའི་ཚེ་དེ་གསུམ་ལས་གང་ཤས་ཆེ་བ་ཁོ་ན་དམིགས་པས་དམིགས་པ་གཅིག་ཏུ་འགྱུར་རོ་ཞེ་ན་དེ་ལྟར་མི་འཐད་དེ། སེམས་ཅན་རྣམས་ཀྱི་རིགས་དང་མོས་པ་དང་ལམ་བསྒོམས་པའི་ཁྱད་པར་གྱིས་སྒྲ་ལྟ་བུ་གཅིག་ལའང་སོ་སོས་ཞུམ་གདུང་བདེ་བར་དམིགས་པས་ཡོན་ཏན་གསུམ་ལ་ཡུལ་གྱི་སྟེང་ན་ཤས་ཆེ་ཆུང་མི་རུང་ལ། གང་ཤས་ཆུང་བ་མི་སྣང་བའི་དབང་གིས་ཤེས་པས་མ་བཟུང་ཞེ་ན། ཡུལ་ཇི་ལྟར་གནས་པའི་རང་བཞིན་དང་མཐུན་པར་ཞུགས་ན་ཡུལ་དེ་ཤེས་པའི་ཤེས་པར་གཞག་རུང་གི །ཡུལ་དང་མ་མཐུན་ན་དེ་དེར་འཛིན་གྱི་ཤེས་པ་ཡིན་པར་མི་རུང་སྟེ། སྔོ་འཛིན་གྱི་ཤེས་པ་ཁྲ་འཛིན་དུ་མི་རུང་བ་བཞིན་ནོ། །དེ་ལྟར་ན་སྒྲ་ཤེས་པ་འདིའང་སྒྲ་ཤེས་ཡིན་པར་མི་རུང་སྟེ། སྒྲ་ནི་གསུམ་གྱི་རང་བཞིན་ཡིན་པ་ལ་འདི་ནི་གཅིག་པུ་འཛིན་པ་ཡིན་པས་ཡུལ་དེ་འཛིན་པ་མ་ཡིན་པར་འགྱུར་རོ། །དེས་རྟོག་གེ་སྡེ་ལྔ་སྤྱིར་བསྟན་ཏེ། དེ་ལ་ཡང་དག་པའི་ཡེ་ཤེས་སྤངས་པའི་ཚུ་རོལ་མཐོང་བ་ཙམ་གྱིས་དཔྱད་ནས་བཞག་པའི་ཕྱིར་གྲུབ་མཐའ་དེ་ཐམས་ཅད་རྟོག་གེ་ཞེས་བྱ་བ་ཡིན་ནོ། །བཞི་པ། ཕྱི་རོལ་ཡུལ་རྣམས་མེད་པར་ཡང་། །སྣ་ཚོགས་སྣང་ལ་རྟག་པ་སྟེ། །གཅིག་ཆའམ་ཅི་སྟེ་རིམ་འབྱུང་བའི། །རྣམ་ཤེས་རུང་བ་ཤིན་ཏུ་དཀའ། །ཞེས་གསུངས་ཏེ། དེ་ལ་རིག་བྱེད་ཀྱི་མཐའ་གསང་བ་སྨྲ་བའི་ལུགས་འདི་ནི་སྤྱིར་གོང་བརྗོད་རིག་བྱེད་པའི་ཁོངས་སུ་གཏོགས་ཀྱང་རིག་བྱེད་ཀྱི་ཟབ་གནད་མཐར་ཐུག་གསང་བ་དམ་པ་ཡིན་ནོ་ཞེས་ཁོ་རང་ལ་ཐུན་མིན་གྱི་འདོད་ཚུལ་དུ་མ་ཡོད་པ་དང་། ཁྱད་པར་གོང་བཤད་ལྔ་པོ་ཡུལ་དང་ཡུལ་ཅན་སོ་སོར་ཡོད་པར་ཁས་ལེན་པ་ལ། འདི་ནི་ཡུལ་དང་ཡུལ་ཅན་སོ་སོར་མེད་པར་ཐམས་ཅད་རིལ་གཅིག་ཏུ་འདོད་པ་ཡིན་པས་དེའི་ལུགས་ལའང་རྣམ་ཤེས་གཅིག་བདེན་མི་སྲིད་ཅེས་སྟོན་དགོས་པས་ཡིན་ལ། དེའང་དངོས་པོ་དུ་མ་དག་གཅིག་ཏུ་རློམ་ཚུལ་རིག་བྱེད་པའི་སྐབས་སུ་བཤད་པ་བཞིན་ལ་ཁྱད་པར་འདི་པའི་དྲན་པར་བྱེད་པ་བསླབ་པའི་འཁོར་ལོ་ལ་སོགས་པའི་གཞུང་ལ་བརྟེན་ནས་མཁའ་ལྟར་ཤེས་བྱ་ཐམས་ཅད་ལ་ཁྱབ་ཅིང་ཐམས་ཅད་དེ་གཅིག་གི་རང་བཞིན་དུ་གྱུར་པའི་བདག་ཁྱད་པར་དགུ་ལྡན་ཞིག་འདོད་དེ། ངོ་བོ་སེམས་ཅན་ཡིན་པ། ལུས་ཡོད་པ། ཁྱབ་པ། རྟག་པ། གཅིག་པུ། འབྱུང་འཇིག་གི་རྟེན་དུ་གྱུར་པ། ལུས་ཅན་གྱི་སྐྱོན་ཡོན་གྱིས་མ་གོས་པ། བློའི་སྤྱོད་ཡུལ་དུ་མ་གྱུར་པ། ངག་གིས་བརྗོད་དུ་མེད་པ། ལུས་སུ་སྣང་ཡང་ངོ་བོ་ལ་ལུས་མེད་པ་ཤེས་རིག་ཙམ་མོ་ཞེས་འདོད་དེ། འདི་དག་གིས་འཁྲུལ་གཞི་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ཤེས་བྱ་ཙམ་གྱི་རང་བཞིན་དུ་གཅིག་པའི་བཏགས་ཙམ་གྱི་གཅིག་དེ་ལ་བློ་ཡི་རྟེན་འཆོས་ནས་བདག་ཏུ་བཏགས་ཏེ་ཁྱད་པར་དུ་མའི་རང་བཞིན་ཅན་དུ་བལྟས་པའོ། །དེའང་ལུས་ནི་སྟེང་ཕྱོགས་སྐྱེས་བུའི་མགོ། འོག་ཕྱོགས་རྐང་པ། ནམ་མཁའ་ལྟོ་བ། ཕྱོགས་བཞི་ལག་པ། གཟའ་སྐར་སྐྲ། རི་རབ་བྲང་། གངྒཱ་སོགས་ཆུ་རྣམས་རྩ། ནགས་ཚལ་སྤུ་སེན། མཐོ་རིས་རྒྱབ། ཚངས་པ་དཔྲལ་བ། ཆོས་སྨིན་མ་གཡས། ཆོས་མིན་སྨིན་གཡོན། འཆི་བདག་ཁྲོ་གཉེར། ཉི་ཟླ་མིག་གཡས་གཡོན། རླུང་དབུགས། དབྱངས་ཅན་ལྕེ། ཉིན་མོ་མིག་ཕྱེ། མཚན་མོ་མིག་བཙུམ། སྐྱེས་པ་གཡས་ཀྱི་ཆ། བུད་མེད་གཡོན། ཁྱབ་འཇུག་རྐང་པ། ཁ་དོག་རྣམས་ཁྲག །འཇིག་རྟེན་པ་ནུ་བར་གཡས། འདས་པ་གཡོན། དགའ་བའི་རང་བཞིན་ནི་སྐྱེ་རྒུའི་བདག་པོ་ལ་སོགས་པ་དེ་ལྟ་བུའི་ཚུལ་གྱིས་ཐམས་ཅད་དེ་ལས་བྱུང་། དེ་ལ་གནས་དེ་ལ་ཐིམ་ཀྱང་དེ་གཅིག་པུ་རང་གི་ངོ་བོ་ལ་འགྱུར་བ་མེད་པའི་རྟག་པ་ཡིན་ཅིང་ཤེས་པ་ཡིན་ནོ། །དེས་ན་བདག་དེའི་རང་བཞིན་ཐམས་ཅད་ལ་ཁྱད་མེད་པར་ཁྱབ་ཀྱང་། སོ་སོར་རིས་ཆད་དུ་སྣང་བ་ནི་ཆོས་ཅན་གྱི་དབང་གིས་ཐ་དད་པར་སྣང་བ་སྟེ་བུམ་པའི་ནང་གི་ནམ་མཁའ་བཞིན་ནོ། །དེའང་དམ་པའི་དོན་དུ་བདག་དེའི་རང་བཞིན་གཅིག་པུ་ཤེས་པའི་རང་བཞིན་བཅིང་ཐར་སྐྱེ་འགག་མེད་པ་ལ་དེ་ལྟར་མ་ཤེས་པར་ཐག་པ་ལ་སྤྲུལ་བཞིན་འཁྲུལ་ཏེ་གཟུང་འཛིན་གཉིས་སུ་སྣང་ཞིང་། སྲིད་པ་འདི་རྨི་ལམ་སྒྱུ་མ་དྲི་ཟའི་གྲོང་ཁྱེར་བཞིན་དུ་མཐོང་བ་ཡིན་ཏེ། ལ་ལས་འབྱུང་བར་བརྟག །ལ་ལས་ཡོན་ཏན་རིག་ནས་དེར་བཏགས་པ་ཡིན་ལ། དག་དང་མ་དག་པར་སྣང་བ་ཡང་ནམ་མཁའ་སྤྲིན་གྱིས་ཁེབས་མ་ཁེབས་ལྟ་བུ་ཡིན་ཅིང་། བདག་བདེན་པ་རྟོགས་ཏེ་མི་རྟོག་པ་ལ་གནས་ན་ཡིད་མེད་པར་འགྱུར་ལ་དེའི་ཚེ་གཉིས་སྣང་ཡང་ལོག་པར་འགྱུར་བ་ཡིན་ནོ་ཞེས་སྨྲ་བ་སྟེ། རང་འགྲེལ་ལས་ཕྱོགས་སྔའི་གཞུང་བཀོད་པ་བཞིན་ནོ། །དེ་ལྟར་དེ་མ་རྟོགས་ན་འཁོར་བར་འགྱུར་ལ། གང་གིས་དེ་རྟོགས་ན་ཆོས་ཐམས་ཅད་རོ་གཅིག་ཏུ་འགྱུར་བ་ཡིན་ཏེ། བྱིས་པ་དང་མཁས་པ། སྡིག་པ་དང་བསོད་ནམས། བྲམ་ཟེ་དང་གདོལ་པ་མཉམ་པ་ཉིད་དེ་དགེ་སྡིག་གིས་མི་གོས་ལ། བདག་ཆེན་པོ་དེར་ཐིམ་ན་ཡང་སྲིད་མི་ལེན་པས། རྣལ་འབྱོར་པས་ཤེས་བྱའི་རང་བཞིན་འཇིགས་མེད་སྟོང་ཉིད་ཀྱི་བདག་དེའི་ངང་དུ་ཅིའང་མི་བསམ་མི་བརྗོད་པར་བཞག་པས་གཉུག་མའི་མ་རིག་པ་བྱ་དང་རི་དྭགས་སོགས་ཀྱི་རྒྱུད་ནའང་རང་བཞིན་གྱིས་ཡོད་པ་དང་། གཉུག་མ་མིན་པའི་མ་རིག་པ་ནི་དོན་དམ་པ་དེའི་རང་བཞིན་དང་མི་མཐུན་པའི་བསྟན་བཅོས་མཉན་པ་ལས་སྐྱེས་པའི་སྒྲོ་བཏགས་གཉིས་དང་བྲལ་ནས་བུམ་པ་ཆག་ན་བུམ་པའི་ནང་གི་ནམ་མཁའ་ཉི་ཚེ་བ་ནམ་མཁའ་ཆེན་པོར་རོ་གཅིག་ཏུ་འགྱུར་བ་ལྟར་གཉིས་སུ་མེད་པའི་བདག་ཆེན་པོ་དེར་ཐིམ་ནས་གྲོལ་བར་འདོད་པའོ། །བདེན་སྟོང་གདར་ཤ་མ་ཆོད་པར་སེམས་ཉིད་རྟག་ཁྱབ་ཀྱི་དངོས་པོར་དམིགས་པའང་ཚུལ་འདི་འདྲར་འགྱུར་ཉེ་བས་ཤིང་རྟ་ཆེན་པོའི་ལུགས་དྲི་མེད་ལ་ཐོས་བསམ་རྩད་གདར་ཆོད་པ་རེ་བྱས་ན་ལེགས། འོན་ཀྱང་ཆོས་ཀྱི་དབྱིངས་དང་སངས་རྒྱས་ཀྱི་ཡེ་ཤེས་ལ་མིང་ཙམ་གྱི་སྒོ་ནས་ཞེན་ནའང་སངས་རྒྱས་ལ་དམིགས་པ་ཆུད་མི་ཟ་བར་གསུངས་པས་མུ་སྟེགས་པའི་ལམ་དང་ཁྱད་མེད་ཅེས་སྨྲ་བར་ཡང་བདག་ཅག་མི་སྤོབས་ཏེ། རྒྱུ་འབྲས་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་ལྟར་ནའང་དངོས་ཞེན་དང་བཅས་པ་དེ་འདྲ་བ་རྒྱལ་བ་དགྱེས་པའི་ལམ་ཡང་དག་པ་མིན་ནོ་ཞེས་ལུང་དང་རིགས་པས་གསལ་བར་གྲུབ་བོ། །དེ་ལ་གསང་བ་པའི་ལུགས་འདི་ལ་གཅིག་གྲོལ་ན་ཐམས་ཅད་གྲོལ་བར་ཐལ་བ་དང་། མ་གྲོལ་ན་སུ་ཡང་གྲོལ་མི་སྲིད་པ་དང་། ལམ་དོན་མེད་དུ་འགྱུར་ཏེ་སྤང་གཉེན་ཡོད་ན་གལ་ཏེ་སྤང་བྱ་ཕྱིན་ཅི་ལོག་བདག་དེའི་རང་བཞིན་ལ་ལྡན་ན་ནི་དེ་སྤང་བར་མི་རུང་བ་དང་། ཡེ་ཤེས་ཕྱིན་ཅི་མ་ལོག་པ་ལྡན་དུ་ཟིན་ན་བསྐྱེད་ཀྱང་མི་དགོས་པ་དང་། ཡུལ་དུས་རྣམ་པ་ཐ་དད་པའི་རང་བཞིན་མི་འཐད་དེ། མདོར་ན་རྟག་པ་གཅིག་པུའི་རང་བཞིན་དུ་བདེན་པའི་ཕྱིར་རོ། །ནམ་མཁའི་དཔེ་ཡང་རྟག་དངོས་འགོག་པས་ཁེགས་སོ། །དེ་ལྟར་ཡུལ་ཡུལ་ཅན་ཤེས་པ་རྟག་པ་གཅིག་པུའི་རང་བཞིན་སྣ་ཚོགས་སུ་ཤར་བར་ཁས་ལེན་པའི་ལུགས་ལ་གཅིག་བདེན་གྱི་རྣམ་ཤེས་མི་སྲིད་པར་སྟོན་ཏེ། འདི་ལྟར་ཕྱི་རོལ་གྱི་ཡུལ་རྣམས་ལོགས་སུ་མེད་པར་ཡང་། ཤེས་པ་གཅིག་པུ་ཉིད་དངོས་པོའི་རྣམ་པ་སྣ་ཚོགས་སུ་སྣང་བས་ཐམས་ཅད་རིལ་པོ་བདག་ཤེས་པ་གཅིག་གི་རང་བཞིན་ཡིན་ལ། དེའང་རྟག་ཏུ་འགྱུར་བ་མེད་པའི་རྟག་པ་སྟེ། གཅིག་པུ་བདེན་པའི་བདག་ཉིད་དུ་འདོད་པའི་ལུགས་དེ་ལྟར་ན། སྣང་བ་སྣ་ཚོགས་པའི་རྣམ་པར་གཅིག་ཆའམ། ཇི་སྟེ་དེ་མིན་པར་རིམ་གྱིས་འབྱུང་བའི་རྣམ་ཤེས་གཅིག་བདེན་ཞིག་འཇོག་ཏུ་རུང་བ་ཤིན་ཏུ་དཀའ་སྟེ། ཅིག་ཅར་དུ་མ་སྣང་ནའང་དུ་མའི་བདག་ཉིད་དང་ཐ་མི་དད་པའི་ཕྱིར་དུ་མར་འགྱུར་ལ་རིམ་གྱིས་སྣང་ཡང་རུང་། གཟུགས་དང་སྒྲ་སོགས་རྣམ་པ་སོ་སོའི་གྲངས་བཞིན་དུ་དུ་མར་ཅི་སྟེ་མི་འགྱུར། གཞན་ཡང་རིམ་གྱིས་སྣང་ན་དང་པོ་སྔོན་པོར་སྣང་བའི་ཤེས་པ་དང་། རྗེ་སུ་དམར་པོར་སྣང་བའི་ཤེས་པ་གཉིས་ངོ་བོ་ཐ་མི་དད་པས་ན་དང་པོའི་དུས་སུའང་ཕྱི་མ་སྣང་བར་ཐལ་ཏེ། རྟག་པ་འགྱུར་མེད་ཀྱི་ཤེས་པ་གཅིག་གི་ངོ་བོར་གཅིག་པའི་ཕྱིར་རོ། །གལ་ཏེ་སྣ་ཚོགས་པའི་སྣང་བ་བཞིན་དུ་ཤེས་པའང་སྣ་ཚོགས་སུ་མི་འགྱུར་ན་འདི་གཉིས་གཅིག་ཡིན་པར་ཡང་མི་རུང་ངོ་། །གསང་བ་པ་འདིས་རྣམ་ཤེས་ཀུན་ལ་ཁྱབ་པར་འདོད་ཀྱང་འདིར་མ་ཁྱབ་པ་འགོག་པའི་ས་ཁོངས་སུ་བཞག་པ་ནི་མི་འགལ་ཏེ་དངོས་པོའི་གནས་ཚུལ་དབང་བཙན་དུ་བྱས་པའི་ཕྱིར་རོ། །ཕྱི་དོན་ཡང་ཤེས་པ་ཡིན་པར་སྨྲ་ཡང་དོན་འདོད་པའི་ཁོངས་སུ་བྱས་པ་ནི་མུ་སྟེགས་གཞན་གྱི་ཤུགས་ལ་བསྟན་པའི་ཕྱིར་རོ། །དེ་ལྟར་ཏཏྐ་སྔེ་ལྔ་དང་རིག་བྱེད་གསང་བ་སྨྲ་བ་སོགས་ཀྱི་ཞེ་འདོད་མུན་པའི་དྲྭ་བ་འཇིགས་སུ་རུང་བ་དཀྲིགས་ནའང་དངོས་པོའི་ཆོས་ཉིད་ལྷ་དང་བཅས་པའི་འཇིག་རྟེན་གྱིས་འཁྲུགས་པར་བྱ་མི་ནུས་པ་དེ་ནི་ཁས་ལེན་ཅི་བྱས་ཀྱང་ལྕགས་བསྲེགས་སྤྲ་བས་དྲིལ་བ་ལྟར་སྦ་བར་མ་ནུས་ནས་སླར་ཕྱིན་ཅི་ལོག་གི་གྲུབ་མཐའ་དེ་དག་འཇིག་པར་བྱེད་པ་ཡིན་ལ། དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་སྨྲ་བ་དག་ནི་འཇིག་རྟེན་ན་འཇིགས་པ་དང་བག་ཚ་བ་མེད་པར་སེང་གེ་བཞིན་དུ་རྒྱུ་བར་བྱེད་དོ། །གཞན་ཡང་ཡང་དག་པའི་ཡེ་ཤེས་མངའ་བའི་གསུངས་པ་དཔྱད་གསུམ་གྱིས་དག་པའི་ལུང་མེད་བཞིན་དུ་རང་གར་ལམ་ཚོལ་བར་ཞུགས་པ་དག་ལ་འཇིག་རྟེན་གྱི་ལྟ་བར་བརྟེན་པའི་འཁྲུལ་པ་དུ་མ་སྔར་དང་ད་ལྟར་བྱུང་། མ་འོངས་པ་ནའང་འབྱུང་བ་ནི་སེམས་ཀྱི་འཇུག་པ་སྲིད་དུ་མང་མོད་ཀྱི། ཤེས་བྱའི་གཤིས་ལ་གཅིག་བདེན་མེད་པས་ན་ཕྱོགས་དུས་གང་ན་གཅིག་བདེན་སྒྲུབ་ནུས་པའི་གྲུབ་མཐའ་མི་སྲིད་པར་ཤེས་པའི་ཆེད་དུ་དེ་ལྟར་བསྟན་པ་ཡིན་ནོ། །མུ་སྟེགས་པའི་ལུགས་འདིར་ཕལ་ཆེར་བསམ་གཏན་ཙམ་གྱི་ཉམས་ལ་བརྟེན་པ་དང་། འགའ་ཞིག་རིགས་པས་དཔྱད་པ་ལ་བརྟེན་པ་དང་། ཕལ་ཆེར་བྲམ་ཟེ་གདུག་པས་རང་གི་ཞེ་འདོད་གྲུབ་པའི་སླད་དུ་གཡོ་སྒྱུའི་ཚིག་སྦྱར་བ་ཡིན་ནོ། །བོད་དུའང་བོན་ཞེས་པ་དང་པོ་ཆོས་ཡེ་མ་དར་གོང་དུ་བོད་ཕྲུག་ཞིག་འདྲེས་བརླམས་ནས་ལྷ་འདྲེ་མཆོད་ཐབས་སོགས་རྡོལ་ཐབས་སུ་ཤེས་པ་ཞིག་བྱུང་བ་ལས་རིམ་པས་ཇེ་རྒྱས་སུ་བྱུང་བར་མངོན་ཞིང་། དེང་སང་ནི་ནང་པའི་གྲུབ་མཐའ་ཐམས་ཅད་ལ་མིང་བསྒྱུར་གྱི་དོད་རེ་ཡོད་པར་འདུག་ལ། ཁ་ཅིག་བོན་ཆོས་དང་རྙིང་མ་འདྲའོ་ཞེས་ཟེར་ཡང་། ཆོས་སྐད་ལ་སོགས་པ་འདྲ་བའང་མང་དུ་འདུག་མོད། དེ་དག་གིས་བན་ཆོས་ལ་ཕྱོགས་བསྟུན་ནས་བྲིས་པས་ན་འདྲ་བར་ཅིས་མི་འོང་སྟེ། དཔེར་ན། རྒྱ་གར་དུ་ནང་པའི་གྲུབ་མཐའ་ཉན་ཐོས་ལ་མགོ་སྙོམས་པ་ཐ་སྙད་པ་དང་། དེ་བཞིན་རང་རྒྱལ་སེམས་ཙམ་དང་། བྱ་སྤྱོད་རྣལ་འབྱོར་ཕ་རྒྱུད་མ་རྒྱུད་གཉིས་མེད་ལ་མགོ་སྙོམས་པ་བཅུ་བཤད་པ་སོགས་བཞིན་དུ། བོད་དུའང་བོན་པོ་ལ་དབུ་ཕར་འདུལ་མཛོད་སྔགས་ཀྱི་གཞུང་རྣམས་ཀུན་དང་། བདེ་མཆོག་འཇིགས་བྱེད་ཕུར་པ་སོགས་ལྷ་རྣམས་དང་། གཏུམ་མོ་ཕྱག་ཆེན་རྫོགས་ཆེན་སོགས་བན་ཆོས་ལ་ཇི་ཡོད་འདྲ་བཟོ་རེ་ཡོད་པར་འདུག་ལ་དེ་དག་གདོད་ནས་ཡོད་པ་མ་ཡིན་པས་གློ་བུར་ཀུན་བཏགས་མཐའ་མེད་ལ་དགག་པར་ག་ལ་ལངས། འོན་ཀྱང་ཕྱྭ་གཤེན་དང་སྔགས་ལ་སོགས་པ་འཕྲལ་དུ་ཕན་པ་དག་ཀྱང་སྣང་བ་རྣམས་ནི་སངས་རྒྱས་བྱང་སེམས་ཀྱི་ཕྲིན་ལས་དང་སྤྲུལ་པས་བསྟན་པ་ཡིན་ཀྱང་སྲིད་དེ། རྒྱལ་བ་དང་རྒྱལ་སྲས་རྣམས་ཀྱི་ཐབས་ལ་མཁས་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཀུན་ཏུ་རྒྱུ་བདེན་སྨྲའི་རྣམ་ཐར་བཞིན་ནོ། །དེ་ལྟར་ནའང་འདི་དག་གིས་ཀྱང་ཆོས་འདི་པའི་སྟོན་པ་དང་བསྟན་པ་རྣམ་དག་ལ་སྐྱབས་སུ་ཁས་འཆེ་བའམ། ཡང་ན་ཁོ་རང་གི་བསྟན་པ་རང་རྐྱ་ཐུབ་པ་ཞིག་བཟུང་ན་བནྡེའི་མཁས་པ་རྣམས་དང་གཏན་ཚིགས་འགྲན་པའི་འོས་སུ་འགྱུར་གྱི། བརྟགས་ན་ཅིའང་མ་ཡིན་པ་ནི་བྱིས་པ་འདྲིད་པ་ཙམ་ལ་གྲུབ་མཐའི་དབང་དུ་བྱས་པའི་སྡང་ཞེན་གང་ཡང་བསྐྱེད་པར་མི་རིགས་སོ། །ལར་རྒྱ་གར་ན་ཕྱི་བ་ནང་པ། བོད་ན་མུ་སྟེགས་དངོས་སུ་མེད་ཀྱང་བནྡེ་བོན་པོ། རྒྱ་ནག་ན་ཧཱ་ཤང་ཧྭོ་ཤང་ཞེས་ཟུང་དུ་བྱུང་བའང་རྟེན་འབྲེལ་གྱིས་ཡིན་པར་གསུངས་སོ། །དེས་ན་ལུགས་གཞན་དག་ཀྱང་། བསྟན་པ་ལ་མ་གནོད་ན་རང་གར་གཞག་པར་བྱ་སྟེ། ཟླ་བ་སྒྲོན་མེའི་མདོ་ལས། འཇིག་རྟེན་དག་ན་མུ་སྟེགས་ཅན་གཞན་གང་། འཁོད་པ་དེ་དག་རྣམས་ལ་ཡིད་མི་སྡང་། །དེ་དག་རྣམས་ལ་སྙིང་རྗེ་ཉེར་འཇོག་པ། །འདི་ནི་བཟོད་པ་དང་པོའི་ཁྱད་པར་ཡིན། །ཞེས་གསུངས་པ་ལྟར་ལ། འོན་ཀྱང་དགའ་བར་ནི་མི་བྱ་སྟེ། བློ་ངན་ལྷའི་བདུད་རྩི་བོར་ནས་བ་ཚྭའི་ཆུ་བོ་ལ་རེ་བ་བཞིན་ནོ། །ཁྱད་པར་དུ་མཁན་ཆེན་གྱི་རིང་ལུགས་ཤཱཀྱའི་བསྟན་པ་གཙང་མར་འཛིན་པ་རྣམས་ནི་མཁན་ཆེན་གྱི་བཀའ་རྟགས་ཕྱག་རྒྱས་བཅད་པ་བཞིན་བོན་པོ་ལ་དགའ་བར་མི་བྱ་སྟེ་བོན་པོ་རྣམས་ཀྱང་མཁན་པོ་འདི་དགྲ་བོའི་དང་མར་བལྟ་བ་ཡིན་ནོ། །གཉིས་པ་ཐུན་མོང་དུ་མཇུག་བསྡུ་བ་ལ། ཕྱི་རོལ་ལ་གཅིག་བདེན་དུ་ཞེན་པ་དགག་པ། ཤེས་པ་ལ་གཅིག་བདེན་དགག་པ། དེ་གཉིས་ཀྱི་དོན་བསྡུ་བ་གསུམ། དང་པོ། ནམ་མཁའ་ལ་སོགས་ཤེས་པ་དག །མིང་ཙམ་དུ་ནི་སྣང་བ་རྣམས། །ཡི་གེ་དུ་མ་སྣང་བའི་ཕྱིར། །སྣ་ཚོགས་སྣང་བར་གསལ་བ་ཡིན། །ཞེས་གསུངས་ཏེ། དེའང་ཕྱི་རོལ་གྱི་ཡུལ་ནམ་མཁའ་ལ་སོགས་པ་ཆ་མེད་པས་ན་དེ་ལ་དམིགས་པའི་རྣམ་ཤེས་གཅིག་པུར་འགྱུར་སྙམ་ན་མ་ཡིན་ཏེ། འདི་ལྟར་ནམ་མཁའ་ལ་སོགས་པ་དངོས་མེད་ཤེས་པའི་ཤེས་པ་གང་དག་ཡུལ་རྗེན་ཅེར་དུ་མྱོང་བ་ནམ་ཡང་མེད་པས་དེ་དང་དེའི་མིང་གི་རྣམ་པ་དང་འབྲེལ་བའི་རྟོག་པའི་གཟུགས་བརྙན་ཙམ་ཞིག་ཏུ་ནི་སྣང་བ་རྣམས། ཡི་གེ་དུ་མ་སྣང་བའི་ཕྱིར་ན། སྣ་ཚོགས་པའི་བདག་ཉིད་ཅན་དུ་སྣང་བར་གསལ་བ་ཡིན་ནོ། །དེ་ལ་གཟུགས་ཐོགས་རེག་གི་རྣམ་པ་མེད་ཙམ་ལ་ནམ་མཁའ་ཞེས་སྒྲོ་བཏགས་པ་ཡིན་ལ་ནམ་དེ་དྲན་པ་ན་མིང་དང་བཅས་ཏེ་དྲན་པར་བྱེད་ཀྱི། བུམ་སོགས་བཞིན་དུ་མིང་དང་མ་འདྲེས་པར་དེ་ལ་དམིགས་པ་མེད་དེ། དེ་རང་མཚན་དང་བྲལ་བའི་ཕྱིར་ན་དབང་པོས་མངོན་སུམ་དུ་རྣམ་པ་ཀུན་ཏུ་རུང་བ་མིན་ཏེ། དཔེར་ན་རི་བོང་གི་རྭ་ཞེས་པ་མིང་དང་བྲལ་ཏེ་ཡིད་ངོར་འཆར་ཚུལ་ནམ་ཡང་མེད་པ་བཞིན་ནོ། །དེ་ལ་མིང་ནི་དོན་རང་གི་སྟེང་ནམ་གྲུབ་པའི་བཏགས་པ་གློ་བུར་བ་ཡིན་ལ། བརྗོད་བྱ་དེ་དག་མིང་དང་ཡི་གེ་སྣ་ཚོགས་པ་དག་གིས་གདགས་སུ་རུང་བ་ཡིན་ནོ། །དངོས་མེད་ཐམས་ཅད་ཀྱང་རི་རྭ་ལ་སོགས་པ་དེ་བཞིན་དུ་དངོས་པོ་བཅད་པའི་སེལ་ཆ་ཞིག་ཡིན་པར་འདྲའང་མདུན་གྱི་རྩིག་པ་སོགས་ཀྱི་ཐོགས་རེག་མེད་པའི་བར་སྟོང་སང་ངེ་བ་དེ་ནི་ཕྱི་རོལ་གྱི་རྩིག་པ་སོགས་ཀྱི་དབང་གིས་དབྱིབས་ལྟ་བུར་དམིགས་པར་སྣང་བ་ནི་ནམ་མཁའ་ཡོད་པར་འདོད་པའི་འཁྲུལ་གཞིའོ། །དེ་ལ་ལེགས་པར་དཔྱད་ན་གཟུགས་མ་མཐོང་བ་ཙམ་ཡིན་གྱི་དེ་ནམ་མཁའ་ཡོད་པ་མིན་པའི་བུ་གའི་ནམ་མཁའ་ནམ་མཁའི་སྒྲུབ་བྱེད་དུ་མི་རུང་ལ། སྟེང་གི་གནམ་སྔོ་སིང་ངེ་བ་རྒྱན་གྱི་ནམ་མཁའ་ཞེས་གྲགས་པ་ནི་རི་རབ་ལ་ཉི་འོད་ཕོག་པའི་གཟུགས་ཡིན་པས་ནམ་མཁའ་མ་ཡིན་ནོ། །གཉིས་པ། རྣམ་ཤེས་སྣ་ཚོགས་མིན་སྣང་བ། །འགའ་ཞིག་ཡོད་པར་གཞུགས་ན་ཡང་། །འོན་ཀྱང་ཡང་དག་གཞག་མི་རུང་། །མཚན་ཉིད་བཅས་ལ་གནོད་མཐོང་ཕྱིར། །ཞེས་རྣམ་པར་ཤེས་པ་གང་ཞིག་ཡུལ་སྣ་ཚོགས་མིན་པར་སྣང་བ་འགའ་ཞིག་ཡོད་དོ་ཟེར་ན། གལ་ཏེ་དེ་ལྟར་ཡོད་པར་གཞུགས་པའམ་ཡོད་དུ་ཆུག་ན་ཡང་། འོན་ཀྱང་དེ་ལྟར་བཏགས་པ་ཙམ་ལས་ཡང་དག་པར་གཅིག་བདེན་དུ་གཞག་མི་རུང་སྟེ། རྣམ་ཤེས་གཅིག་བདེན་གྱི་མཚན་ཉིད་ཅན་ནམ། མཚན་ཉིད་དང་བཅས་པ་ལ་རིགས་པས་གནོད་པ་བཟློག་མེད་དུ་མཐོང་བའི་ཕྱིར། ཞེས་གཅིག་བདེན་གྱི་རྣམ་ཤེས་ཞིག་ཡོད་ན། རྟག་དངོས་ལ་ཇི་སྐད་བརྗོད་པ་སོགས་དོན་བྱེད་ཀྱི་ནུས་པས་སྟོང་པ་འབའ་ཞིག་ཏུ་འགྱུར་བས་དེ་རྣམ་ཤེས་སུའང་མི་རུང་ངོ་། །དེས་ན་གྲུབ་མཐས་ཇི་ལྟར་བརྟགས་ཇི་ལྟར་བརྗོད་ཀྱང་ཡུལ་དུས་ཐམས་ཅད་དུ་ཤེས་པ་གཅིག་བདེན་ཞིག་བསྒྲུབ་མི་ནུས་པས། དེ་སྒྲུབ་མཁན་ལ་གྲུབ་འབྲས་མཐོང་བའི་དབུགས་ནམ་ཡང་མི་ཕྱིན་ཏོ། །གསུམ་པ། དེ་ཕྱིར་སྣ་ཚོགས་སྣང་བ་ཡི། །ཤེས་པ་རྣམ་པ་ཀུན་ཏུ་གནས། །དེ་ནི་རྣམ་པ་ཐ་དད་ལྟར། །གཅིག་པུའི་རང་བཞིན་མི་རིགས་སོ། །ཞེས་གོང་དུ་ཇི་སྐད་བཤད་པ་དེ་ལྟར་དཔྱད་ན། ཡུལ་གཅིག་བདེན་མི་སྲིད་པའི་གནད་དེ་ཡི་ཕྱིར་ན་རྣམ་པ་སྣ་ཚོགས་སུ་སྣང་བ་ཡི་རྣམ་པར་ཤེས་པ་འདི་ནི་དུས་རྣམ་པ་ཀུན་ཏུ། གནས་སམ་དམིགས་ཡུལ་དེ་ནི་རྣམ་པ་ཐ་དད་པ་ལྟར་ཤེས་པ་རང་ཡང་གཅིག་པུའི་རང་བཞིན་དུ་བདེན་པར་མི་རིགས་སོ། །ཡང་ན་གནས་ཞེས་གནས་སྐབས་ཀྱི་དོན་ཏོ། །ཞེས་མཇུག་བསྡུས་པའོ། །གཉིས་པ་ཕྱི་དོན་མི་འདོད་པ་རྣམ་རིག་པའི་ལུགས་དགག་པ་ལ་ཕྱོགས་སྔ་བརྗོད་པ་དང་། ཚུལ་དེ་ལ་བརྟག་པ་གཉིས། དང་པོ། ཇི་སྟེ་ཐོག་མ་མེད་རྒྱུད་ཀྱི། །བག་ཆགས་སྨིན་པས་སྤྲུལ་པ་ཡི། །རྣམ་པ་དག་ནི་སྣང་བ་ཡང་། །ནོར་བས་སྒྱུ་མའི་རང་བཞིན་འདྲ། །ཞེས་གསུངས་ཏེ། དེ་ལ་རང་སྡེ་སེམས་ཙམ་གྱི་ཚུལ་ལ་བརྟེན་ནས་བློ་གྲོས་དཀར་པོ་མངའ་བ་རྣམས་ཀྱིས་ཕྱི་རོལ་གྱི་སྣང་བ་སྣ་ཚོགས་པ་འདི་དག །རྡུལ་ཕྲ་རབ་ཏུ་འདོད་པ་ཉན་ཐོས་དང་། རྫས་དང་ཡོན་ཏན་ལས་སུ་འདོད་པ་བྱེ་བྲག་པ་སོགས་མཆོག་དང་མཆོག་མིན་གྱི་ལྟ་བའི་རྗེས་སུ་འབྲངས་པ་རྣམས་ཀྱི་བརྗོད་པ་མི་རིགས་པར་སྒྲུབ་པ་སྟེ། དེའང་ཕྱི་རོལ་གྱི་དོན་མེད་པར་སྒྲུབ་པའམ། གཟུང་འཛིན་རྫས་གཞན་དུ་འདོད་པ་འགོག་པ་ལ། སེམས་ཙམ་པ་རྣམས་ཀྱིས་སྐྱེས་ལ་འདྲ་བ་འགོག་པའི་རིགས་པ་ཞེས་བྱ་སྟེ། དེའང་མངོན་སུམ་གྱི་སྣང་བ་དེ་ཕྱི་རོལ་གྱི་དོན་ལས་སྐྱེས་ཤིང་དེ་དང་འདྲ་བར་འདོད་པ་ལ་དེ་མི་འཐད་པའི་རིགས་པས་འགོག་པ་ལ་དེ་སྐད་དུ་བཏགས་པ་ཡིན་ལ། དེའང་ཐེག་བསྡུས་སོགས་སུ་རིགས་པའི་རྣམ་གྲངས་དུ་མ་གསུངས་ཀྱང་། གཙོ་བོར་དེ་དང་འདྲ་བར་སྐྱེས་ཙམ་གྱི་ཕྱི་དོན་ཡོད་པར་མི་འགྲུབ་སྟེ། ཟླ་བ་གཉིས་སྣང་ལ་སོགས་པ་བཞིན་དུ་མ་ངེས་པར་བསྟན་པ་དང་། ཕྱི་དོན་ཕྲ་རགས་གང་ཡང་མི་འགྲུབ་པའི་ཕྱིར་དང་། ཆ་མེད་ཀྱི་ཕྲ་བ་དབང་ཤེས་ཀྱི་ཡུལ་དུ་མངོན་སུམ་མི་དམིགས། རགས་པ་མི་འགྲུབ་པས་ཕྱི་དོན་མེད་པར་བསྒྲུབ་ལ། གཟུང་འཛིན་རྫས་ཐ་དད་མ་ཡིན་པར་བསྒྲུབ་པའི་གཙོ་བོ་སྣང་བ་ཐམས་ཅད་ཤེས་པ་གསལ་རིག་གི་ངོ་བོར་སྐྱེས་པའི་གཏན་ཚིགས་དང་། ལྷན་ཅིག་དམིགས་ངེས་ཀྱིས་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་ལ་ཡུལ་སྔོན་པོ་དང་སྔོ་འཛིན་གྱི་ཤེས་པ་གཉིས་དུས་ལྷན་ཅིག་ཏུ་ཚད་མས་དམིགས་པ་དང་། དེའང་རེས་འགའ་བ་མ་ཡིན་པར་གཏན་དུ་ཁྱབ་པའམ་ངེས་པ་སྟེ་འདི་ལྟར། ཡུལ་སྔོན་པོ་དང་སྔོ་འཛིན་གྱི་བློ་ཆོས་ཅན། རྫས་གཞན་མ་ཡིན་ཏེ། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། ཟླ་བ་གཉིས་སྣང་བཞིན། ཞེས་འགོད་པའོ། །དེ་ལ་ལྷན་ཅིག་དམིགས་པར་ངེས་ན་ཅིའི་ཕྱིར་རྫས་གཅིག་ཡིན་དགོས་སོ་སྙམ་ན། གང་རྫས་གཅིག་མ་ཡིན་ན་རྫས་ཐ་དད་ཡིན་དགོས་ལ། རྫས་ཐ་དད་ལ་རྟགས་དེ་ཞུགས་པ་མི་སྲིད་དེ་སྔོ་སེར་ལ་སོགས་པ་བཞིན་ནོ། །ཐ་དད་པ་གང་དག་རེས་འགའ་ལྷན་ཅིག་དམིགས་ནའང་། དུས་རྟག་ཏུ་གཅིག་དམིགས་ན་ཅིག་ཤོས་ཀྱང་དེ་དང་ལྷན་ཅིག་དམིགས་པར་ངེས་པའི་ཁྱབ་པ་མ་ཡིན་ལ། སྔོན་པོ་དང་དེ་འཛིན་གྱི་བློ་གཉིས་ནི་ནམ་ཡང་ཅིག་ཤོས་མ་དམིགས་པར་གཅིག་ཡན་གར་དུ་དམིགས་པ་མི་སྲིད་ཅིང་། གལ་ཏེ་དེ་གཉིས་རྫས་ཐ་དད་ན་དུས་རེས་འགའ་སོ་སོར་དམིགས་པའང་སྲིད་དགོས་པའི་ཕྱིར་རོ། །འདི་སྐབས་རྟགས་འདི་ལ་མ་གྲུབ་པ་སོགས་ཀྱི་སྐྱོན་གསུམ་སྤོང་བའི་ཚུལ་སོགས་ཞིབ་པར་བཤད་ན་གོ་བ་ལ་ཕན་པར་འོང་ཡང་རྩ་བའི་གནད་ཙམ་བསྟན་པ་ཡིན་ནོ། །མདོར་ན་ལྷན་ཅིག་དམིགས་ངེས་ལ་སོགས་པ་གཟུང་འཛིན་རྫས་གཅིག་ཏུ་སྒྲུབ་པའི་རིགས་པ་ཐམས་ཅད་ཀྱི་ཕུག་གཏུགས་ནས་ཁོ་ཐག་གཅོད་ས་ནི། ཤེས་པ་ལ་སྣང་བ་ཡིན་ན་ཤེས་པ་ཡིན་དགོས་ཏེ། མ་ཤེས་ན་རང་གིས་མྱོང་བར་ཡང་མི་རུང་བའི་གནད་གཅིག་པུ་དེ་ཟིན་ན་ལྷན་ཅིག་དམིགས་ངེས་སོགས་རིགས་པ་བརྒྱ་ཕྲག་གི་གྲོས་ཐག་ནང་ནས་ཆོད་པ་ཡིན་པས་ན། གཞུང་འདིར། རང་གིས་གྲུབ་པ་གང་ཡིན་པ། ཞེས་གསུངས་པ་དེ་ཙམ་ཞིག་ལ་ཟད་པར་འདུ་བས་དེར་བཤད་པར་བྱའོ། །དེ་ལྟར་ན་རང་གི་རྣམ་པར་ཤེས་པ་གསལ་རིག་ཙམ་འཇུག་ཤེས་སོ་སོ་བའི་ཕྱོགས་སུ་མ་ལྷུངས་པ་ཞིག་ལ་བག་ཆགས་ཀྱི་རྟེན་དུ་གྱུར་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་གདགས་པ་སྟེ། དེའང་ངོ་བོ་ལུང་མ་བསྟན་ཡུལ་གྱི་དོན་ཙམ་རིག་པ་རྒྱུན་སྐད་ཅིག་མར་འབྱུང་བ། འཁོར་རེག་སོགས་ཀུན་འགྲོ་ལྔ་ཙམ་དང་ལྡན་པ། དམིགས་པ་མི་གསལ་བ། སྣོད་བཅུད་རྒྱ་ཆེན་པོ་ལ་དམིགས་པ་ཡིན་པར་འདོད་ལ། དབྱེ་ན་རྣམ་སྨིན་གྱི་ཆ་དང་ས་བོན་གྱི་ཆ་གཉིས་ཡོད་དོ། །དེ་དག་གི་ངོ་བོ་འཁོར་དམིགས་ཡུལ་སོགས་དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་འཇུག་ཤེས་སོ་སོའི་ཕྱོགས་སུ་མ་ལྷུངས་པའི་ཤེས་པ་གསལ་རིག་གི་ངོ་བོ་ཙམ་ལ་གཟུང་བའི་གནད་ཟིན་ན་ཀུན་གཞིའི་ཁྱད་པར་ཐམས་ཅད་བདེ་བླག་ཏུ་ཤེས་ནུས་ཀྱི། གཞན་ལོགས་ཤིག་ཏུ་ཀུན་གཞི་ཞེས་པ་ནི་དམིགས་པ་དང་ངོ་བོ་འདི་འདྲའོ་ཞེས་འཆད་ཅིང་བསམས་ན་བསྐལ་པར་བརྟགས་ནའང་གནད་ཕིགས་དཀའོ། །དེ་དག་གི་རྣམ་གཞག་ཞིབ་པར་གཞུང་གཞན་ལས་ཤེས་པར་བྱ་ལ། དེ་ལྟ་བུའི་ཀུན་གཞིའི་རྣམ་པར་ཤེས་པ་རྒྱ་མཚོ་ཆེན་པོ་དང་འདྲ་བ་ལས། རླབས་བཞིན་དུ་ཚོགས་བདུན་འཁོར་དང་བཅས་པ་སྐྱེ་ཞིང་འགག་པའི་ནུས་པའམ་བག་ཆགས་ཏེ། མདོར་ན་རང་འབྲས་ཕྱི་མ་སྐྱེད་ནུས་ཞིག་ཀུན་གཞི་ལ་བཞག་པ་དེ་ཉིད་མ་སྨིན་པ་ན་ས་བོན་གྱི་ཚུལ་དུ་གནས་ལ། སྨིན་པ་ན་ལུས་གནས་ལོངས་སྤྱོད་སྣ་ཚོགས་པར་སྣང་བ་སྟེ། ཡུལ་མེད་བཞིན་དུའང་གོམས་པའི་བག་ཆགས་ཀྱིས་སྣང་བ་སྣ་ཚོགས་ཉམས་སུ་མྱོང་བ་ནི་རྨི་ལམ་གྱི་ཤེས་པ་དང་མི་སྡུག་པ་ལ་སོགས་པ་གོམས་པའི་བློ་བཞིན་ནོ་ཞེས་འདོད་དོ། །དེ་ལ་སྣང་བ་སེམས་སུ་མི་འདོད་ན་མ་གཏོགས། འདོད་ཕན་ཆད་ཀུན་གཞི་ངེས་པར་ཁས་བླང་དགོས་ཏེ། འཇུག་ཤེས་རྣམས་སོ་སོ་བ་ཕྱོགས་སུ་ལྷུང་བ་ཅན་ཡིན་པས། དེ་རེ་རེ་ནས་ཕྱི་ནང་གི་དངོས་པོ་གནས་ལུས་ལོངས་སྤྱོད་ཐམས་ཅད་ཀུན་གྱི་གཞིར་མི་རུང་ལ་སྣང་བ་སྣ་ཚོགས་པ་སེམས་ཙམ་མོ་ཞེས་པའི་སེམས་དེ་ཡུལ་ཤེས་ལུས་ཀུན་གྱི་གཞི་ཡིན་དགོས་པས་སེམས་གསལ་རིག་ཙམ་ལས་འདའ་བ་མེད་དོ། །དེ་ལྟ་བུའི་ལུགས་དེ་དག་མདོར་བསྡུས་སུ་བརྗོད་པར་དགོངས་ནས། ཇི་སྟེ་ཐོག་མ་མེད་པ་ནས་གནས་པའི་རང་གི་སེམས་ཀྱི་རྒྱུད་ཀྱི། དངོས་ཞེན་གྱི་བག་ཆགས་སྣ་ཚོགས་ཡོངས་སུ་སྨིན་པས་སྤྲུལ་པ་ཡི་ཡུལ་གཟུགས་ལ་སོགས་པའི་རྣམ་པ་དག་ནི་སྣང་བ་འདི་ཡང་། ཚོར་བ་པོ་དང་ཚོར་བར་བྱ་བའི་ཡུལ་གཉིས་སུ་རྒྱང་ཆད་དུ་གྲུབ་པ་ཅུང་ཟད་མེད་ཀྱང་ཡུལ་དང་ཡུལ་ཅན་ལྟ་བུར་སྣང་བ་ནི། སེམས་འཁྲུལ་པའམ་ནོར་བས་མེད་བཞིན་སྣང་བ། སྒྱུ་མའི་རང་བཞིན་དང་། དེ་བཞིན་དུ་རྨི་ལམ་དྲི་ཟའི་གྲོང་ཁྱེར་མགལ་མེའི་འཁོར་ལོ་སྤྲུལ་པ་ཆུ་ཟླ་རྣམས་དང་འདྲའོ་ཞེས་སེམས་ཙམ་པ་རྣམས་འདོད་དོ་ཞེས་སོ། །གཉིས་པ་ཚུལ་དེ་ལ་བརྟག་པ་ལ། དེ་དག་གི་སྐྱོན་ཡོན་ལ་བརྟག་པ་དང་། སྐྱོན་གྱི་ཆ་དགག་པའོ། །དང་པོ། དེ་དགེ་འོན་ཀྱང་དེ་དག་གི །དངོས་དེ་ཡང་དག་ཉིད་དམ་ཅི། །འོན་ཏེ་མ་བརྟགས་གཅིག་པུ་ན། །དགའ་བར་ཁས་ལེན་འདི་བསམ་མོ། །ཞེས་དེ་ལྟ་བུའི་ལུགས་དེ་ཐ་སྙད་ཀྱི་རིགས་པས་གྲུབ་པ་ཡིན་ལ། གཟུང་འཛིན་ཐ་དད་དུ་ཞེན་པའི་ལྟ་བ་ངན་པ་རྣམས་སེལ་བའི་གཉེན་པོ་རྣམ་པར་དཀར་བ་ཡིན་ཞིང་། ལང་ཀར་གཤེགས་པ་ལ་སོགས་པའི་ལུང་ཡང་དག་དང་ལྡན་པ་ཡིན་པས་ན་དགེ་བའམ་ལེགས་པ་ཡིན་མོད་ཀྱི། འོན་ཀྱང་ཤེས་པ་ཉིད་རྣམ་པ་སྣ་ཚོགས་པར་སྣང་བ་དེ་དག་གི་དངོས་པོ་དེ་ཡང་དག་པ་ཉིད་དམ་ཅི། འོན་ཏེ་མ་བརྟགས་གཅིག་པུ་ཡི་དབང་དུ་ན་ཉམས་དགའ་བར་བྱེད་པའི་བདག་ཉིད་དུ་ཁས་ལེན་པ་གང་ཡིན་པའི་ཚུལ་འདི་བསམ་པའམ་བརྟག་པར་བརྩམ་མོ། །དེ་ལ་སེམས་ཙམ་པ་དག་མ་བརྟགས་སྣང་ཙམ་གྱི་ཐ་སྙད་ཀྱི་འཇོག་ཚུལ་ཁོ་ནའི་དབང་དུ་མ་ཡིན་པར་དོན་དམ་པ་ལའང་རྣམ་ཤེས་དེ་ནི་ངོ་བོས་གྲུབ་པར་འདོད་པས་ཡང་དག་པར་ཁས་ལེན་པ་ཡིན་ནོ། །དེས་ན། གཉིས་པ་སྐྱོན་གྱི་ཆ་རྣམ་ཤེས་བདེན་གྲུབ་དགག་པ་ལ། རྣམ་བདེན་པའི་ལུགས་དང་། རྣམ་བརྫུན་པའི་ལུགས་དགག་པ་གཉིས། དང་པོ་ལ་སྒོ་ང་ཕྱེད་ཚལ་བ། རྣམ་ཤེས་གྲངས་མཉམ་པ། སྣ་ཚོགས་གཉིས་མེད་པའི་ལུགས་དགག་པ་གསུམ། དང་པོ་ལ་འགལ་བ་སྟོན་པ་དང་། འགལ་སྤོང་མི་ནུས་པའི་ཚུལ་བཤད་པ་གཉིས། དང་པོ། གལ་ཏེ་ཡང་དག་རྣམ་པར་ཤེས། །དུ་མར་འགྱུར་རོ་ཡང་ན་ནི། །དེ་དག་གཅིག་འགྱུར་འགལ་ལྡན་པས། །གདོན་མི་ཟ་བར་སོ་སོར་འགྱུར། །ཞེས་གོང་ལྟར་ཐ་སྙད་ཙམ་དུའམ། དོན་དམ་པར་ཡང་ཁས་ལེན་པ་གང་ཡིན་བརྟག་པའི་ཚེ་ན། གལ་ཏེ་ཡང་དག་པའི་དོན་དུའང་རྣམ་ཤེས་ནི་ཡོད་དོ་ཞེ་ན། ཞེས་སེམས་ཙམ་སྤྱིའི་འདོད་པ་སྐབས་ཀྱི་དགག་བྱ་བསྟན་ནས། སེམས་དོན་དམ་དུ་གྲུབ་པར་འདྲ་ཡང་། སྣང་བའི་རྣམ་པ་འདི་དག་སེམས་སུ་བདེན་པར་ཁས་ལེན་པ་རྣམ་བདེན་པ་དང་། དེ་སེམས་སུ་བདེན་པར་ཁས་མི་ལེན་པའི་རྣམ་བརྫུན་པ་གཉིས་སུ་ཡོད་ལ་དེ་གཉིས་ལས་རྟོགས་ཚུལ་གཞན་པ་མི་སྲིད་དོ། །རྣམ་བདེན་པ་ལའང་རྣམ་པ་དང་ཤེས་པ་གཉིས་མང་ཉུང་ལ་འདོད་ཚུལ་མུ་གསུམ་བྱུང་བ་ནི་མདོ་སྡེ་པ་དང་འདྲ་བ་ལ། མདོ་སྡེ་པས་རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་ལོགས་སུ་ཡོད་པར་ཁས་ལེན་ལ། སེམས་ཙམ་པས་རྣམ་པ་སྣང་བ་དེ་ཉིད་ཡུལ་དུ་བཏགས་ཀྱི། དེ་ལས་ཕ་རོལ་ན་ལོགས་སུ་ཕྱི་དོན་མི་འདོད་པ་ཙམ་གྱི་ཁྱད་པར་རོ། །དེས་ན་དེ་གསུམ་གྱི་འདོད་ལུགས་སྔར་མདོ་སྡེ་པའི་སྐབས་སུ་བཤད་པ་བཞིན་ཡིན་པས་འདིར་ལོགས་སུ་སྨོས་མ་དགོས་ལ། དེ་གསུམ་གྱི་ནང་གི་སྒོ་ང་ཕྱེད་ཚལ་བའི་ལུགས་ལྟར་ན་མི་འཐད་དེ། སེམས་དང་རྣམ་པ་གཅིག་ཡིན་ན་ཆ་མེད་གཅིག་པུའི་རྣམ་པ་ཁོ་ན་སྣང་བར་མི་རིགས་པས་རྣམ་པ་ལ་སྣ་ཚོགས་ཡོད་པ་བཞིན་དུ་རྣམ་པར་ཤེས་པའང་དུ་མར་འགྱུར་རོ། །ཡང་ན་ནི་རྣམ་ཤེས་གཅིག་ཏུ་འདོད་པ་དེ་བཞིན་རྣམ་པ་དེ་དག་ཀྱང་གཅིག་ཏུ་འགྱུར་གྱི། དུ་མར་སྣང་མི་རིགས་ལ། དེ་ལྟ་བུར་མི་འགྱུར་ན་གཅིག་ནི་དུ་མ་དང་ཅིག་ཤོས་དུ་མ་མ་ཡིན་པའི་དེ་གཉིས་འགལ་བ་དང་ལྡན་པས་གདོན་མི་ཟ་བར་སོ་སོར་འགྱུར་དགོས་པས་གཅིག་ཡིན་པར་ཁས་བླངས་པའང་དོན་མེད་དོ། །དེ་ལ་རྣམ་པ་རྣམས་ནི་སྤྱིར་གཅིག་ཁོ་ན་མ་ཡིན་པར་དུ་མ་སྣ་ཚོགས་སུ་སྣང་བ་ལ་བསྙོན་དུ་མེད་ཅིང་རྒོལ་བ་རང་ཡང་ཁས་ལེན་མོད། འོན་ཀྱང་རྣམ་ཤེས་བདེན་པར་འདོད་པ་ཡིན་ལ། བདེན་ན་གཅིག་དུ་མ་གང་རུང་དུ་བདེན་དགོས་ལ། དུ་མར་བདེན་པའང་གཅིག་བདེན་ལ་བརྟེན་ནས་ཡོད་དགོས་པས། གལ་ཏེ་བདེན་པ་ཡོད་ན་གཅིག་བདེན་ལས་འདའ་མི་སྲིད་པ་ནི་སྤྱིར་བཏང་ཡིན་པས། འདིར་སྤྱིར་རྣམ་ཤེས་གཅིག་བདེན་འགོག་པ་ལ་རྣམ་པ་དུ་མ་ཡིན་པ་ཙམ་གྱིས་ཆོག་གི། དུས་རིམ་ཅིག་ཅར་གྱི་ཁྱད་པར་ཕྱེ་ནས་དགག་དགོས་པ་མ་ཡིན་པས། ཤེས་པ་གཅིག་གིས་རྣམ་པ་གཅིག་དུས་རིམ་ཅན་དུ་ཤེས་ཀྱང་རུང་། རྣམ་པ་སྔ་ཕྱི་གཅིག་མིན་པས་དེ་གཉིས་འཛིན་པའི་ཤེས་པ་གཅིག་བདེན་མི་འགྲུབ་པ་ཡིན་ཞིང་། སྐབས་འདིར་སྐད་ཅིག་མའི་རྣམ་ཤེས་གཅིག་བདེན་དོན་དམ་པར་དགག་པ་ལ་ནི་མདོ་སྡེ་པའི་སྐབས་སུ་བཤད་པ་བཞིན་རྣམ་པ་རེ་རེ་བ་ཐ་སྙད་དུའང་མི་འཐད་པར་བསྟན་ཟིན་པ་ཡིན་ཏེ། དེའང་དོན་སྨྲ་བས་ཕྱི་དོན་ཁྲ་བོའི་སྟེང་ན་སྔོ་སེར་སོགས་དུས་མཉམ་དུ་ཡོད་ཀྱང་བློ་རིམ་ཅན་དུ་འཇུག་པ་ཡིན་ནོ་སྙམ་པ་བཀག་ཟིན་ལ། འདིར་ཕྱི་དོན་མི་འདོད་པས་ཀུན་གཞིའི་བག་ཆགས་སྨིན་ཟིན་གྱི་སྣང་བ་ཁྲ་བོའི་རྣམ་པ་ལ་སྔོ་སོགས་དུས་མཉམ་དུ་ཡོད་དགོས་པར་གྲུབ་པས་དེ་རྣམ་པ་དུ་མ་ཡིན་པ་ཙམ་གྱིས་ཆོག་གོ། །དེས་ན་སེམས་ཙམ་པ་སྒོ་ང་ཕྱེད་ཚལ་བའི་ལུགས་འདིར་ཁྲ་བོའི་རྣམ་པའི་གཟུང་རྣམ་དེའང་ཁྲ་ཙམ་གཅིག་ཡིན་པར་འདོད་པ་ནི་ཁྱད་པར་ཡིན་ལ། དེར་གཅིག་མིན་པའི་སྐྱོན་ནི་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །སྤྱིར་ཐ་སྙད་དུའང་མ་གྲུབ་ན་དོན་དམ་པར་ལྟ་ཅི་སྨོས་ཏེ། མའི་མངལ་ནས་ཤི་ཟིན་པ་ལ་བཙས་པའི་ཚེ་གསོད་མི་དགོས་པ་བཞིན་ནོ། །གཉིས་པ་ལ་ཐལ་བ་འགོད་པ་དང་། སྐྱོན་དེ་ཕྱི་དོན་ཁས་ལེན་པའི་རྣམ་བཅས་པ་ལའང་མཚུངས་པར་སྟོན་པའོ། །དང་པོ་འགལ་བ་དེ་ནམ་ཡང་སྤོང་མི་ནུས་པའི་རྒྱུ་མཚན། རྣམ་པ་ཐ་དད་མ་ཡིན་ན། །གཡོ་དང་མི་གཡོ་ལ་སོགས་པ། །གཅིག་གིས་ཐམས་ཅད་གཡོ་ལ་སོགས། །ཐལ་བར་འགྱུར་ཏེ་ལན་གདབ་དཀའ། །ཞེས་གསུངས་ཏེ། གོང་དུ་ཤེས་རྣམ་ལ་བརྗོད་པའི་སྐྱོན་བཤད་མ་ཐག་པ་དེ་རྣམ་ཤེས་བདེན་གྲུབ་ཏུ་སྨྲ་ཞིང་རྣམ་པ་གཅིག་ཤེས་པ་གཅིག་གིས་ཤེས་པར་འདོད་པའི་ལུགས་ལ་བཟློག་མེད་དུ་འཇུག་སྟེ། འདི་ལྟར་དེ་དག་གི་ཡང་རྣམ་པ་དུ་མ་ཡོད་པ་རྣམས་ཐ་དད་མ་ཡིན་པར་བསྡོམས་ཏེ་གཅིག་གི་ངོ་བོར་འདོད་ན་ནི། གཡོ་བ་དང་མི་གཡོ་བ་དང་ཚོན་གྱིས་བསྒྱུར་བ་དང་མ་བསྒྱུར་བ་ལ་སོགས་པ་གཅིག་གིས། གཞན་ལྷག་མ་ཐམས་ཅད་ཀྱང་གཡོ་བ་མི་གཡོ་བ་ལ་སོགས་སུ་འགྱུར་དགོས་ཏེ། མདོར་ན་རྣམ་པ་གཅིག་ལ་ཅི་མཐོང་བ་གཞན་ཀུན་ལའང་མཐོང་བར་ཐལ་བར་འགྱུར་ཏེ། རང་གི་རྣམ་པ་ཐ་དད་མིན་ནོ་ཞེས་ཁས་བླངས་ཟིན་པས་ད་ལྟ་དེ་ལྟར་མི་འགྱུར་བར་ཁ་ཅིག་ནི་གཡོ་ཡང་ཁ་ཅིག་ནི་མི་གཡོ་བའི་ཐ་དད་པར་སྨྲ་མི་ནུས་པས། ཐལ་བ་འདི་ལ་ལན་གདབ་པར་དཀའ་འོ། །དེ་ལྟར་རྣམ་པའི་ཁྲ་བོ་ལའང་གཅིག་བཏགས་ཙམ་མིན་པར་བདེན་གཅིག་ཡིན་ན་གཅིག་པུ་ཆ་མེད་ཡིན་པའི་ཕྱིར། དེའི་ནང་གི་དཀར་པོ་ལྟ་བུ་གཅིག་ཚོན་གྱིས་བསྒྱུར་ན་ཆ་ཤས་གཞན་རྣམས་ཀྱང་བསྒྱུར་བར་ཐལ་བ་སོགས་སུ་མཐོང་དགོས་ན་དེ་ལྟར་ཡིན་པར་ཁས་ལེན་སུས་ཀྱང་མི་ནུས་ལ། དེ་ལྟར་རྣམ་པ་རྣམས་ཐ་དད་པ་ཡིན་ཕན་ཆད་གོང་གི་ཐལ་བ་དེ་བཟློག་མེད་དུ་འབབ་པ་ཡིན་གྱི། ད་རུང་དེ་ལ་གྲོགས་སུ་དགོས་པ་ཅུང་ཟད་ཀྱང་མེད་དོ། །གཉིས་པ། ཕྱི་རོལ་དོན་གྱི་ཚུལ་ལ་ཡང་། །དེ་ལྟར་རྣམ་པ་མ་བྲལ་ན། །གཅིག་གི་ཆོས་སུ་ཐམས་ཅད་ཀྱང་། །འཇུག་པར་འགྱུར་ཏེ་བཟློག་པ་མེད། །ཅེས་དེ་འདྲ་བའི་ཐལ་བ་དེ་ཕྱི་དོན་མི་འདོད་པའི་སེམས་ཙམ་གྱིས་འདོད་པའི་རྣམ་པ་ཁོ་ན་ལ་འཇུག་གི །གཞན་དོན་སྨྲ་བས་འདོད་པའི་ཕྱི་དོན་དངོས་ལ་མི་འཇུག་པའང་མ་ཡིན་ཏེ། སེམས་ལས་གུད་ན་ཡོད་པར་འདོད་པ་ཕྱི་རོལ་དོན་གྱི་ཚུལ་ལམ་དངོས་པོ་ལ་ཡང་། སེམས་ཙམ་པའི་འདོད་པ་དེ་ལྟར་རྣམ་པ་དུ་མ་དང་ལྷན་ཅིག་པའི་རང་བཞིན་དང་མ་བྲལ་བར་རྣམ་བཅས་སུ་ཁས་ལེན་ན། རྣམ་པ་རྣམས་གཅིག་པར་འདོད་པ་དེའི་ཕྱིར། རྣམ་པའི་རྒྱུ་ཕྱི་རོལ་གྱི་དོན་རྣམས་ཀྱང་། དེའི་ནང་གི་ཆ་ཤས་གང་ཡང་རུང་བ་གཅིག་གི་ཆོས་སུ་གཞན་ཐམས་ཅད་ཀྱང་འཇུག་པར་འགྱུར་ཏེ་ཐལ་བ་དེ་བཟློག་ཏུ་མེད་དོ། །རྣམ་པ་རྣམས་ནི་ཕྱི་དོན་ཇི་འདྲ་བ་ཡིན་ན་རྣམ་པ་གཅིག་པ་དེ་བཞིན་ཕྱི་དོན་ཡང་དེ་ལྟར་ཅིས་མི་འགྱུར་ཏེ་ཕྱི་དོན་ཁྲ་བོའི་ནང་གི་དཀར་པོ་ལྟ་བུ་གཅིག་ལ་ཚོན་བྱུགས་ན་གཞན་སྔོ་སོགས་ཐམས་ཅད་ལའང་དེ་ཁོ་ན་ལྟར་ཡོད་དགོས་པར་འགྱུར་རོ། །ཞེས་སོ། །དེ་ལྟར་རྣམ་པ་དེ་དག་གཅིག་བདེན་ཡིན་མི་སྲིད་པའི་གོ་བ་སྤྱིར་བཏང་བ་གལ་ཆེའོ། །དུ་མ་ལ་གཅིག་ཏུ་ཞེན་པས་སྒྲོ་འདོགས་པ་ཅིའང་སྲིད་ཀྱང་རིགས་པའི་ཚུལ་གྱིས་གཅིག་བདེན་ལ་ཐ་དད་དུ་སྣང་མི་སྲིད་པ་དང་། གཅིག་ཏུ་བཏགས་པ་ལ་དེ་ལྟར་རུང་བ་དང་། དེ་བཞིན་དུ་དུ་མར་བདེན་པ་ལ་གཅིག་ཏུ་གཞག་མི་རུང་བ་དང་། དུ་མར་བཏགས་པ་ལ་གཅིག་ཏུ་གདགས་རུང་བ་སྟེ་དངོས་བཏགས་ཀྱིས་ཁྱད་ཕྱེ་ཞིང་བཏགས་པ་ལ་ཐ་སྙད་འཐད་པར་ཡིད་ཆེས་པ་འདིའི་དབུ་ཞབས་བར་གྱི་སྐབས་ཐམས་ཅད་དུ་གལ་ཆེ་ཤོས་ཡིན་ནོ། །གཉིས་པ་རྣམ་ཤེས་གྲངས་མཉམ་པའི་ལུགས་དགག་པ། ཇི་སྟེ་རྣམ་པའི་གྲངས་བཞིན་དུ། །རྣམ་པར་ཤེས་པ་ཁས་ལེན་ན། །དེ་ཚེ་རྡུལ་ཕྲན་འདྲར་འགྱུར་བ། །དཔྱད་པ་འདི་ལས་བཟློག་པར་དཀའ། །ཞེས་གསུངས་ཏེ། སྐབས་འདིར་སྔོན་གྱི་རྣམ་རིག་སྨྲ་བའི་སློབ་དཔོན་ཁ་ཅིག་དུས་ཅིག་ཅར་རིགས་མཐུན་པའི་ཤེས་པ་དུ་མ་སྐྱེ་བར་འདོད་པ་ནི་ཐ་སྙད་དུའང་མི་འཐད་ལ། རང་ལུགས་ལ་རྣམ་པའི་གྲངས་བཞིན་ཤེས་པ་དུ་མ་སྐྱེ་ཡང་རིགས་མཐུན་དུ་མི་འགྱུར་བས་རིགས་མཐུན་དུ་མ་ལྷན་ཅིག་མི་སྐྱེ་བའི་ཚུལ། རྟོག་དང་རྟོག་མེད་ཀྱི་བྱེད་པ་ཤན་ཕྱེས་ཏེ་སྔར་ཅུང་ཟད་བཀོད་པ་ལྟར་ཡིན་ལ། དེ་ལྟར་རང་ལུགས་ཀྱི་ཁས་ལེན་ཐུན་མོང་མིན་པ་དེ་ལྟར་ན་བཏགས་པའི་ཐ་སྙད་དུ་མི་འཐད་པ་ཅུང་ཟད་ཀྱང་མེད་པའི་ལུགས་འདི་དབུ་མ་ལ་མཛེས་པ་ཡིན་ནོ། །འོན་ཀྱང་སེམས་ཙམ་པའི་ལུགས་ལ་ཇི་སྟེ་རྣམ་པའི་གྲངས་བཞིན་དུ་རྣམ་པར་ཤེས་པ་ཡང་དུ་མར་ཁས་ལེན་ན་ཡང་། ཁོ་རང་གི་རྣམ་ཤེས་བདེན་གྲུབ་ནི་མི་འགྲུབ་སྟེ། དེ་ལྟར་དུ་མར་སྣང་བ་དེ་ཡི་ཚེ་ན། དུ་མའི་ནང་གི་གཅིག་ལའང་མཐའ་དབུས་ཕྱོགས་ཀྱི་ཆར་སྣང་བའི་རྣ མ་པ་དུ་མ་ཡོད་པ་དཔེར་ན། རྡུལ་ཕྲན་ལ་བརྟག་པ་ཇི་འདྲ་དེ་འདྲར་འགྱུར་བ་ཁོ་ན་ཡིན་ཏེ། བརྟགས་པ་དེ་རྡུལ་ལ་འཇུག་ཀྱང་ཤེས་པ་ལ་མི་འཇུག་ཅེས་པ་སོགས་ལན་གྱི་གོ་སྐབས་ཀྱང་མེད་དེ། དེ་གཉིས་སྣང་ལུགས་ལ་ཁྱད་མེད་པའི་ཕྱིར་ན་དཔྱད་པ་འདིི་ལས་བཟློག་པར་དཀའ་སྟེ་བཟློག་མི་ནུས་སོ་ཞེས་སོ། །དེ་ལ་རང་ལུགས་རྣམ་པའི་གྲངས་བཞིན་ཤེས་པ་དུ་མ་ཡོད་པར་འདོད་པའི་དུ་མ་ནི་བཏགས་པ་ཡིན་ཀྱང་རྣམ་པ་དུ་མར་སྣང་བ་མི་འགོག་པར་རྟེན་འབྲེལ་ཙམ་དུ་ཡོད་དེ། དཔེར་ན་བུམ་པ་ལྟ་བུ་གཅིག་ལའང་ཆ་དུ་མ་དང་། ཆ་ལ་རྡུལ་ཕྲན་དུ་མ། རྡུལ་ལ་གཅིག་བདེན་གང་ཡང་མེད་བཞིན་སྣང་བཏགས་ཀྱི་བྱ་བྱེད་བསླུ་མེད་བསྙོན་མེད་དུ་འཇོག་ནུས་པ་སོགས་ཤེས་བྱ་རབ་འབྱམས་ཀུན་ཀྱང་དེ་ཁོ་ན་འདྲ་བ་ཡིན་ནོ། །དེ་ལ་ཁྲ་བོ་འཛིན་པའི་རྣམ་པ་དུ་མའི་ནང་གི་སྔོན་པོ་ལྟ་བུ་གཅིག་ལའང་དབུས་ཀྱི་ཆ་ན་སྣང་བའི་རྣམ་པ་དེ་ལ་བར་མེད་དུ་བསྐོར་བར་སྣང་བའི་ཕྱོགས་ཆ་སོ་སོར་གཏད་པའི་ངོས་གཅིག་ཡིན་ན་ཕྱོགས་ཆར་སྣང་བའི་རྣམ་པ་རྣམས་གཅིག་ཏུ་ཐལ་བ་དང་། ངོས་སོ་སོར་ཡོད་ན་དབུས་ཀྱི་རྣམ་པའི་རང་བཞིན་གྱི་རྣམ་ཤེས་དུ་མར་ཐལ་ལོ། །བར་མེད་རིགས་གཅིག་པའི་རྡུལ་དུ་མ་བཟུང་བ་ན་རགས་པ་ལ་གོང་བུ་གཅིག་ཏུ་འཁྲུལ་བ་དང་། བར་མེད་པར་དུ་མ་མྱངས་པའི་སྔོན་པོ་ལ་སོགས་པའི་རིག་པ་ལ་རྣམ་པ་གཅིག་ཏུ་འཁྲུལ་ཞེས་བྱ་བ་འདི་ལ་བྱེ་བྲག་ཇི་ཡོད་དེ། སྔོན་པོ་སོགས་བར་མེད་དུ་སྣང་བ་དེ་ཉིད་ཁ་ཅིག་གིས་རྡུལ་ཕྲ་རབ་ཀྱི་བདག་ཉིད་དུ་ཁས་བླངས་ལ། གཞན་རིག་པའི་ངོ་བོར་འདོད་པ་ཙམ་ལས་ཕྱོགས་ཀྱི་ཆ་དང་བཅས་པར་སྣང་ཞིང་ཕྱོགས་སོ་སོ་བ་གཅིག་ཡིན་པར་ནི་སུས་ཀྱང་འདོད་མི་ནུས་པས་དཔྱད་པ་འཇུག་པའི་སྐྱོན་མཚུངས་པ་ཉིད་ལས་མི་འདའོ། །རིགས་མཐུན་ནམ་མི་མཐུན་པ་གང་ཡིན་ཀྱང་བར་མེད་དུ་སྣང་བའི་དོན་སྣང་གི་རྣམ་པ་ཐམས་ཅད་ལ་བརྟག་པ་འདི་འདུག་གོ། །གསུམ་པ་སྣ་ཚོགས་གཉིས་མེད་པ་དགག་པ་ལ། སུན་འབྱིན་གྱི་དམ་བཅའ་འགོད་པ་དང་། དེའི་འཐད་པ་སྒྲུབ་པའོ། །དང་པོ། གལ་ཏེ་སྣ་ཚོགས་དེ་གཅིག་ན། །ནམ་མཁའི་གོས་ཅན་ལུགས་སམ་ཅི། །སྣ་ཚོགས་གཅིག་པའི་རང་བཞིན་མིན། །རིན་ཆེན་སྣ་ཚོགས་ལ་སོགས་འདྲ། །ཞེས་གསུངས་ཏེ། གང་དག་ནོར་བུ་གཟི་བཞིན་དུ་རྣམ་པར་ཤེས་པ་གཅིག་ཁོ་ནས་སྣ་ཚོགས་ཀྱི་ངོ་བོ་བཟུང་ངོ་ཞེས། གལ་ཏེ་རྣམ་པ་སྣ་ཚོགས་ཡོད་ཀྱང་དེ་ཀུན་ཤེས་པ་གཅིག་གི་རང་བཞིན་ཡིན་ན་དངོས་ཀུན་གཅིག་ཡིན་ནོ་ཞེས་དུ་མ་གཅིག་པར་སྨྲ་བ། གོས་མེད་པས་ན་ནམ་མཁའི་གོས་ཅན་ཞེས་བཏགས་པ་གཅེར་བུ་པའི་ལུགས་སམ་ཅི་ཞིག་སྟེ། སྣ་ཚོགས་པའི་དངོས་པོ་ནི་དུ་མ་ཡོད་པའི་དབང་གིས་ཡིན་ན་དེ་གཅིག་ཏུ་ག་ལ་རུང་སྟེ། དེས་ན་སྣ་ཚོགས་པ་དག་གཅིག་པའི་རང་བཞིན་དུ་བདེན་པ་མིན་ཏེ། དཔེར་ན། གསེར་དངུལ་བྱེ་རུ་མུ་མེན་ལ་སོགས་པ་རིན་ཆེན་སྣ་ཚོགས་པ་དང་ལ་སོགས་པའི་སྒྲས་སེམས་རྒྱུད་སྣ་ཚོགས་ལ་ཡོད་པའི་ཤེས་པའི་རང་བཞིན་དང་འདྲའོ། །ཞེས་སོ། །དེ་ལ་གཅེར་བུ་པ་དང་འདི་གཉིས་སྣ་ཚོགས་ལ་གཅིག་ཏུ་བཟུང་བར་འདྲ་བ་དང་། དེ་བཞིན་གསང་བ་པས་ཀྱང་ཐམས་ཅད་ཤེས་པའི་རང་བཞིན་དུ་སྨྲ་ཡང་འདིས་རྣམ་ཤེས་གཅིག་པུ་མི་འདོད་པར་ཚོགས་བརྒྱད་འདོད་ལ། དེའང་འགྲོ་བ་སོ་སོའི་རྒྱུད་ལ་རེ་རེ་བཞིན་ཡོད་པ་དང་དེའང་སྐད་ཅིག་མར་འདོད་ལ། གསང་བ་པས་རྣམ་ཤེས་གཅིག་པུ་རྟག་པ་འགྲོ་བ་ཐམས་ཅད་ལ་ཐ་དད་དུ་མེད་པར་འདོད་པའི་ཁྱད་པར་ཙམ་མོ། །དེས་ན་སུན་འབྱིན་འདི་ཐུན་མོང་དུ་ཡིན་པར་བཤད་དོ། །དེའང་རྩོད་ངག་ཡན་ལག་གཉིས་ལྡན་དུ་འགོད་ན། གང་སྣ་ཚོགས་སུ་སྣང་བ་དེ་གཅིག་པུར་བདེན་པ་མ་ཡིན་པས་ཁྱབ། དཔེར་ན། རིན་ཆེན་སྣ་ཚོགས་ལ་སོགས་པ་བཞིན། རྣམ་པར་ཤེས་པ་འདིའང་སྣ་ཚོགས་པ་ཡིན་ནོ། །ཞེས་སོ། །དེ་ལ་རྟགས་འདི་རང་བཞིན་འགལ་བ་དམིགས་པ་ཡིན་ཏེ། གཅིག་པུའི་རང་བཞིན་དང་འགལ་བ་སྣ་ཚོགས་པ་དག་ཉེ་བར་དམིགས་པ་རྟགས་སུ་བཀོད་པ་ཡིན་ནོ། །དཔེ་འདི་གཅེར་བུ་པའི་ལུགས་ལ་ཡིན་གྱི། སེམས་ཙམ་པ་ལ་རིན་པོ་ཆེ་མ་གྲུབ་པའི་དཔེ་སེམས་རྒྱུད་སྣ་ཚོགས་ལ་ཡོད་པའི་ཤེས་པ་བཞིན་ནོ་ཞེས་འགོད་པར་ཀ་མ་ལ་ཤཱི་ལས་གསུངས་སོ། །འོན་ཀྱང་སྣང་ཚུལ་གྱི་དབང་དུ་ན་རིན་ཆེན་སྣ་ཚོགས་བཀོད་ཀྱང་མི་འགལ་ལོ། །གཉིས་པ་འཐད་པ་ནི། སྣ་ཚོགས་གཅིག་པའི་རང་བཞིན་ན། །སྣ་ཚོགས་ངོ་བོར་སྣང་བ་དང་། །བསྒྲིབས་དང་མ་བསྒྲིབས་ལ་སོགས་པ། །ཐ་དད་འདི་ནི་ཇི་ལྟར་འགྱུར། །ཞེས་སྣ་ཚོགས་པའི་རྣམ་པ་ཐམས་ཅད་ངོ་བོ་གཅིག་པའི་རང་བཞིན་ཡིན་ན། འདི་ལྟར་རང་བཞིན་མི་མཚུངས་པ་སྣ་ཚོགས་ཀྱི་ངོ་བོར་སྣང་བ་དང་། ལ་ལ་ནི་བསྒྲིབས་པ་དང་། ལ་ལ་མ་བསྒྲིབས་པ་དང་། ལ་ལ་སྐྱེ་བ་དང་། ལ་ལ་འགག་པ་ལ་སོགས་པ་མདོར་ན་མི་འདྲ་བའམ། ཐ་དད་པ་དག་ཏུ་སྣང་བ་འདི་ནི་ཇི་ལྟར་འགྱུར་ཏེ། དཔེ་རིན་པོ་ཆེ་གཟི་ལ་སོགས་པ་ལའང་ཐ་དད་པའི་ངོ་བོ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ན་ཐ་དད་པའི་ཆ་ཡང་དམིགས་པར་ག་ལ་རུང་། གང་གནོད་མེད་ཀྱི་ཤེས་ངོར་ཐ་དད་དུ་སྣང་བ་དེ་དག་ཐ་དད་དུ་གྲུབ་པ་ལ་འཁྲུལ་པ་མེད་དེ། རིན་ཆེན་ཐ་དད་པ་དང་མཚུངས་སོ། །ཐ་དད་མིན་ན་གཅིག་རྟོག་པས་ཐམས་ཅད་རྟོག་པར་ཐལ་བ་དང་། གཅིག་གཡོ་བས་ཐམས་ཅད་གཡོ་བ། གཅིག་སྐྱེ་བས་ཐམས་ཅད་སྐྱེ་བ་སོགས་སུ་འགྱུར་བ་ཡིན་ནོ། །གཉིས་པ་རྣམ་བརྫུན་པའི་ལུགས་དགག་པ་ལ། འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ། ཇི་སྟེ་ངོ་བོ་ཉིད་དུ་དེའི། །རྣམ་པ་འདི་དག་མེད་པ་སྟེ། །ཡང་དག་ཏུ་ན་རྣམ་མེད་པའི། །རྣམ་པར་ཤེས་ལ་ནོར་བས་སྣང་། །ཞེས་ཇི་སྟེ་ཤེས་པ་རང་གི་གཤིས་སམ་ངོ་བོ་ཉིད་དུ་ནི་ཤེས་པ་དེའི་རྣམ་པ་འདི་དག་ཀྱང་མེད་པ་སྟེ། རྣམ་པར་ཤེས་པ་རང་གི་ངོ་བོ་རྣམ་པ་ཀུན་དང་བྲལ་བ་ཤེལ་སྒོང་དག་པ་ལྟ་བུ་ཞིག་ཏུ་འདོད་ལ། འོ་ན་སྣ་ཚོགས་པའི་རྣམ་པ་འདི་སེམས་ལ་སྣང་བ་མ་ཡིན་ནམ་ཞེ་ན། སྣང་མོད་ཀྱི་ཡང་དག་པའི་དོན་དུ་ན་རྣམ་པ་མེད་པའི་རྣམ་པར་ཤེས་པ་ལ་འཁྲུལ་པའམ་ནོར་བས་སྣང་བ་ཡིན་ཏེ། དཔེར་ན། སྔགས་ལ་སོགས་པས་དཀྲུགས་པའི་མིག་ཅན་རྣམས་ཀྱིས་འཇིམ་དུ་མ་སོགས་ལ་རྟ་གླང་དུ་སྣང་བ་བཞིན་ནོ། །དེས་ན་རྣམ་པ་དེ་དག་སེམས་ཀྱི་རང་བཞིན་དུ་ཁས་མ་བླངས་པར་མཁའ་ལ་སྐྲ་ཤད་ཀྱི་སྣང་བ་ལྟ་བུ་བརྫུན་པ་ཡིན་པས་ན་སེམས་དེ་སྙེད་ཀྱི་གྲངས་སུ་འགྱུར་བ་མ་ཡིན་ཏེ། རྣམ་པ་རྣམས་བདེན་ན་གཅིག་ཏུ་འགལ་ཡང་། བརྫུན་པ་ལ་གཅིག་ཐ་དད་སོགས་ཀྱི་འགལ་བ་མེད་པ་དེས་ན་གོང་གི་རྣམ་བདེན་པ་ལ་བརྗོད་པའི་སྐྱོན་ཐམས་ཅད་མེད་པར་གསལ་རིག་གི་ཤེས་པ་བདེན་གྲུབ་ཏུ་ཁས་བླངས་བས་ཆོག་གོ་སྙམ་ན། །གཉིས་པ་དེ་དགག་པ་ལ། དགག་པ་མདོར་བསྟན། དེའི་དོན་རྒྱས་པར་བཤད། དེ་ལ་སྐྱོན་སྤོང་གི་ལན་དགག་པ་གསུམ། དང་པོ། གལ་ཏེ་མེད་ན་ཇི་ལྟ་བུར། དེ་དག་འདི་ལྟར་གསལ་བར་ཚོར། །དེ་ཡི་དངོས་ལས་ཐ་དད་པའི། །ཤེས་པ་དེ་འདྲ་མ་ཡིན་ནོ། །ཞེས་གསུངས་ཏེ། གལ་ཏེ་རྣམ་པ་དེ་དག་མེད་ན་ཚུལ་ཇི་ལྟ་བུར་རྣམ་པ་དེ་དག་བྱིས་ནས་མཁས་པའི་བར་གྱིས་འདི་ལྟར་མངོན་སུམ་བསླུ་མེད་བསྙོན་མེད་དུ་གསལ་བར་ཉམས་སུ་མྱོང་ཞིང་ཚོར་བ་འདི་འཐད་པར་འགྱུར་རམ། གང་མེད་པ་དེ་དག་ཉམས་སུ་མྱོང་བ་མེད་པས་ཁྱབ་སྟེ། རི་བོང་རྭས་ཕུག་པའི་རེག་བྱ་དང་། ནམ་མཁའི་མེ་ཏོག་གི་དྲི་དང་། མོ་གཤམ་གྱི་བུའི་གཟུགས་ཉམས་སུ་མྱོང་མི་སྲིད་པ་བཞིན་ནོ། །དེ་ལ་རྣམ་བརྫུན་པ་དག་གིས་སྣང་ངོའི་རྣམ་པ་འདི་གཏན་ནས་མི་འཆར་བར་ཁས་བླང་མི་ནུས་པས་དེ་སྣང་ངོ་ན་མེད་ཟེར་བ་མ་ཡིན་པས། མེད་ཀྱང་ཉམས་སུ་མྱོང་བ་ཙམ་ཡོད་པར་འཐད་དེ་སྐྲ་ཤད་མེད་ཀྱང་དེ་བློ་ངོར་འཆར་རྒྱུ་ཡོད་པ་བཞིན་ནོ་སྙམ་པའོ། །དེ་མི་འཐད་དེ་འདི་ལྟར་ཞིབ་པར་དཔྱད་ན་གང་སྣང་ཐམས་ཅད་སེམས་ལ་སྣང་བ་ཙམ་ལས་གཞན་དུ་འོས་མེད་པས། ཤེས་རྣམ་གཉིས་ཀ་སེམས་ཡིན་པར་འདྲ་མོད། ལྟོས་ནས་ཕྱེ་ན་འཛིན་པའི་ཤེས་པ་དང་། གཟུང་བའི་རྣམ་པ་གཉིས་སུ་ཐ་སྙད་གདགས་རུང་ནའང་། དེ་གཉིས་ལྟོས་ནས་བློས་ཕྱེ་བ་ཙམ་མ་གཏོགས་ངོ་བོ་གཅིག་ཡིན་པས་བཟང་ངན་བདེན་བརྫུན་ཡོད་མེད་ལ་སོགས་པའི་ཁྱད་པར་ཅིའང་མེད་དེ་གཅིག་མེད་ན་གཅིག་མེད་དགོས་པ་ཡིན་པ་ལ། རྣམ་བརྫུན་པས་ཤེས་པ་ནི་ཡོད་ལ། རྣམ་པ་ནི་མེད་དོ་ཞེས་ཡོད་མེད་ཀྱི་ཁྱད་ཕྱེས་པ་ཡིན་ཏེ། དེའང་སེམས་ཙམ་སྤྱིའི་ལུགས་ལ་ཤེས་པ་ལས་རྫས་གཞན་དུ་གྱུར་པའི་དངོས་པོ་ཞིག་ཁས་བླངས་ན་སེམས་ཙམ་གྱི་ར་བ་ལས་འདའ་བས་དེ་འདྲ་སུས་ཀྱང་ཁས་མི་ལེན་པས། ཆོས་གང་ཡོད་ན་ཤེས་པའི་བདག་ཉིད་དུ་ཡོད་དགོས་པ་ཡིན་ཀྱང་། རྣམ་བརྫུན་པ་འདིས་རྣམ་པ་དེ་ཤེས་པའི་རང་བཞིན་དུ་མི་འཐད་པར་བལྟས་ནས་དེ་མེད་ཅེས་སྨྲ་བ་ཡིན་ཏེ། དེ་མེད་ཅེས་མ་བཞག་ན་ཡོད་ན་ཤེས་པ་ལས་རྫས་གཞན་དུ་ཡོད་པར་མི་རིགས་ལ། ཤེས་པ་དང་རྫས་གཅིག་ཏུ་ཡོད་ན་རྣམ་བདེན་པ་དང་ཁྱད་པར་མེད་པར་འགྱུར་བའི་ཕྱིར། རྣམ་པ་མེད་པའམ། རྣམ་པ་ཤེས་པའི་རང་བཞིན་དུ་མི་བདེན་པའམ། རྣམ་པ་བརྫུན་ལ་ཤེས་པ་བདེན་པར་ཁས་ལེན་པའོ། །དེ་ལ་རྣམ་བརྫུན་པ་ཁྱོད་ཀྱིས་རྣམ་པ་མེད་ཅེས་ཟེར་བ་ལྟར་རྣམ་པ་དེ་མེད་དུ་ཆུག་ནའང་། འོན་ཀྱང་ཡོད་པར་འདོད་པའི་ཤེས་པ་ཤེལ་སྒོང་འདྲ་བ་དེ་ག་རང་གྲོགས་མེད་གཅིག་པུ་འབའ་ཞིག་ལས་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་གསལ་ཞིང་ཉམས་སུ་མྱོང་བ་ག་ལ་སྲིད་དེ། རྣམ་པ་མེད་ན་ཤེས་པ་དེ་གང་ལ་དམིགས་ནས་དེའི་བདག་ཉིད་ཅན་དུ་སྐྱེ་བར་འཐད་དམ་སོམས་ཤིག །དཔེར་ན། མཁའ་ལ་སྐྲ་ཤད་སྣང་བའི་ཚེ། སྐྲ་ཤད་མེད་ཀྱང་སྐྲ་ཤད་དུ་སྣང་བ་ནི་ཤེས་པ་ཉིད་སྐྲ་ཤད་ཀྱི་རྣམ་པར་སྣང་བ་ཡིན་ནོ་ཞེས་སྨྲས་ན། སྐྲ་ཤད་མེད་ཀྱང་དེར་སྣང་གི་མྱོང་བ་ཙམ་ཡོད་པ་མི་འགལ་ཡང་། སྐྲ་ཤད་དུ་སྣང་བའི་རྣམ་པ་དེའང་མེད་ཟེར་ན། རང་བློ་སྐྲ་ཤད་ཀྱི་རྣམ་པ་ཅན་དུ་སྐྱེས་པའི་མྱོང་བ་དེའང་གཏན་ནས་མེད་དགོས་པ་དང་འདྲ་བ་ཡིན་ནོ། །དེས་ན་རྣམ་པ་མེད་ཟེར་བ་དང་། རྣམ་པ་ཅིའང་འཆར་མི་སྲིད་པར་ཁས་བླངས་པ་གཉིས་སྐབས་འདིར་མགོ་མཉམ་སྟེ། ཅིའང་མ་ཤར་ན་རྣམ་པ་མེད་པ་ཡིན་གྱི། གལ་ཏེ་རྣམ་པ་ཞིག་ཤར་ཕན་ཆད་དེ་ཉིད་རྣམ་པ་ཡིན་ལ་ཤེས་པའང་ཡིན་གྱི། ཤེས་པ་མ་ཡིན་ཞེས་གཞག་མི་རུང་ངོ་། །ཤེས་པ་མ་ཡིན་ན་ཤེས་པའི་ར་བ་ལས་འདས་པའི་མོ་གཤམ་གྱི་བུའི་ཁ་དོག་བཞིན་དུ་ཤེས་པ་གང་གི་ཡང་ཡུལ་དུ་འགྱུར་མི་སྲིད་པ་ནི་སྤྱིར་བཏང་ངོ་། །དེས་ན་འདི་ལྟར་ཤིན་ཏུ་གསལ་པོར་མྱོང་བ་གང་ཡིན་པ་དེ་ནི་རྫུན་ལ་ཉམས་སུ་མྱོང་བ་མེད་པ་གང་ཡིན་པ་དེ་ནི་བདེན་ནོ་ཞེས་པ་འདི་ལ་ལེགས་པར་སྨྲས་པ་ཅི་ཞིག་ཡོད་དེ་མེད་དོ། །མདོར་ན་ཤེས་རྣམ་ཐ་དད་དུ་ལྟོས་ནས་ཕྱེ་བ་ཙམ་ཡིན་གྱི། དངོས་སུ་ཁྱད་ཕྱེས་ནས་ཡོད་མེད་ཅིག་རྣམ་པ་ཀུན་ཏུ་འཇོག་མི་ནུས་ཏེ། རྣམ་པ་ཞེས་པ་ཤེས་པས་ཡུལ་སོ་སོར་རིག་པའི་གསལ་རིག་གི་ཆ་ཙམ་ལས་ལོགས་སུ་དབྱེ་བ་མེད་པས་ན། རྣམ་པ་དེ་ཡི་དངོས་ལས་ཐ་དད་པའི་ཤེས་པ་ཡན་གར་བ་དེ་འདྲ་ཞིག་རྣམ་པ་ཀུན་ཏུ་སྲིད་པ་མ་ཡིན་ནོ། །དེས་ན་མེད་པ་མི་སྣང་བའི་ཐལ་བ་འཇུག་ཚུལ་འདི་ཤན་ཕྱེད་ནས་ཞིབ་མོར་བསམ་པ་གལ་ཆེ་སྟེ། གཞན་དུ་ངོ་བོ་མེད་པ་ཙམ་ལ་བཟུང་ནས་གཏོལ་མེད་དུ་འདུག་པ་གང་དག་མཐར་རང་ལའང་མཚུངས་པའི་ལྟག་ཆོད་སྨྲ་བ་རྣམས་ནི་ཕྲ་ཞིང་ཞིབ་པ་དབུ་མའི་ལམ་ལས་རྒྱང་རིང་བ་ཡིན་ནོ། །དེ་ལྟར་ན་སེམས་ཙམ་མཚན་ཉིད་པ་ནི་རྣམ་བདེན་པ་ཡིན་པས་རྣམ་བདེན་པ་འདི་གཞུང་བརླིང་ཞིང་། རྣམ་བརྫུན་པ་ཕྱི་དོན་སེམས་སུའང་མི་བདེན་པར་འདོད་པས་བདེན་སྟོང་ལ་ཅུང་ཉེ་བས་དབུ་མ་དང་མཚམས་སྦྱོར་ལྟ་བུ་ཡིན་པས་གོ་རིམ་གྱིས་འདི་གོང་མར་བཞག་ཀྱང་། ཐ་སྙད་ལ་མི་འཐད་པ་ཆེན་པོ་འོང་བས་ཐ་སྙད་རྣམ་བདེན་པ་ཁོ་ན་ལྟར་ཁས་བླང་བར་བྱ་བ་ཡིན་ནོ། །དེ་ལྟར་རྩ་བའི་གནད་ཟིན་ན་དགག་པ་འོག་མ་རྣམས་སུའང་དེའི་ཚུལ་གྱིས་བདེ་བླག་ཏུ་ཤེས་ནུས་སོ། །གཉིས་པ་རྒྱས་བཤད་ལ་རྣམ་པ་མེད་པ་མི་འཐད། འཛིན་རྣམ་རྐྱང་པ་མི་འཐད་པའོ། །དང་པོ་ལ་ཡུལ་ཤེས་ཚུལ་ལ་བརྟགས་ན་མི་འཐད། འབྲེལ་པ་ལ་བརྟགས་ན་མི་འཐད། རྒྱུ་ལ་བརྟགས་ན་མི་འཐད་པའོ། །དང་པོ་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ། འདི་ལྟར་གང་ལ་དངོས་གང་མེད། །དེ་ལ་དེ་ཤེས་ཡོད་མ་ཡིན། །བདེ་བ་མིན་ལ་བདེ་སོགས་དང་། །དཀར་བ་རྣམས་ལའང་མི་དཀར་བཞིན། །ཞེས་གསུངས་ཏེ། འདི་ལྟར་ཡུལ་དང་ཡུལ་ཅན་གཉིས་སུ་ཕྱེ་བའི་ཡུལ་གང་ལ་དངོས་པོ་གང་ཞིག་མེད་པར་གྱུར་པ་ན། ཡུལ་ཅན་གྱི་ཤེས་པས་ཀྱང་རང་སྟོབས་ཀྱི་ཡུལ་དེ་ལ་མེད་པའི་དངོས་པོ་དེ་ཤེས་པར་བྱར་ཡོད་པ་མ་ཡིན་ཏེ། དཔེར་ན་བདེ་བ་མིན་པ་སྡུག་བསྔལ་ལ་བདེ་བ་དང་སོགས་པའི་སྒྲས་བདེ་བ་ལ་སྡུག་བསྔལ་དུ་ཤེས་པར་བྱར་མེད་པ་དང་། དེ་བཞིན་དུ་ཡུལ་དཀར་པོ་རྣམས་ལའང་མི་དཀར་བ་ནག་པོར་ཤེས་སུ་མི་རུང་བ་བཞིན་ནོ་ཞེས་སྤྱིར་བསྟན་ནས། གཉིས་པ་བྱེ་བྲག་ལ། དངོས་སུ་ཤེས་པ་མི་འཐད། བཏགས་ཙམ་དུའང་ཤེས་པ་མི་འཐད་པའོ། །དང་པོ། རྣམ་པ་འདི་ལ་ཤེས་པའི་དོན། །དངོས་སུ་འཐད་པ་མ་ཡིན་ཏེ། །ཤེས་པའི་བདག་དང་བྲལ་བའི་ཕྱིར། །ནམ་མཁའི་མེ་ཏོག་ལ་སོགས་བཞིན། །ཞེས་གསུངས་ཏེ་དེ་ལ་ཤེས་པས་ཡུལ་ཤེས་ཚུལ་ལ་དངོས་སུ་ཤེས་པའམ། བཏགས་པའི་ཚུལ་གྱིས་ཤེས་པ་གང་རུང་ལས་འདའ་མི་སྲིད་ལ། དངོས་སུ་ཤེས་པ་ནི་རྣམ་ཤེས་བེམ་པོའི་རང་བཞིན་ལས་ལོག་པའི་བདག་ཉིད་ཡུལ་གང་གི་རྣམ་པར་གསལ་ཞིང་རིག་པར་སྐྱེས་པ་ལ་དངོས་སུ་རིག་པ་ཞེས་བྱ་ཞིང་། དོན་སྨྲ་བའི་འདོད་པ་ལྟར་ཡུལ་བུམ་པ་ལྟ་བུ་དངོས་སུ་མ་རིག་ཀྱང་ཕྱི་དོན་གྱི་སྟོབས་ཀྱིས་དེ་དང་འདྲ་བར་དེར་སྣང་གི་ཤེས་པ་སྐྱེས་པ་ལ་ཡུལ་རིག་པར་ཐ་སྙད་བཏགས་པ་ཡིན་ནའང་། རྣམ་མེད་པའི་ལུགས་ལ་དེ་གཉིས་གང་ཡང་མི་སྲིད་དེ། དང་པོ་འདི་ལྟར་མངོན་སུམ་གསལ་པོར་མྱོང་བ་སྔོ་སེར་སོགས་ཀྱི་རྣམ་པ་འདི་ལ། འདི་དང་འདིའོ་ཞེས་མངོན་སུམ་རིག་ཅིང་ཤེས་པའི་དོན་དངོས་སུ་འཐད་པ་མ་ཡིན་ཏེ། དངོས་སུ་ཤེས་པ་ནི་ཤེས་པའི་རང་བཞིན་དང་གཅིག་པའི་ཚུལ་གྱིས་ཤེས་དགོས་ན། ཁྱོད་ཀྱི་ལུགས་ལ་རྣམ་པ་དེ་ཤེས་པ་མ་ཡིན་པར་ཁས་ལེན་པས་ཤེས་པའི་བདག་ཉིད་དང་བྲལ་བའི་ཕྱིར་ན་ནམ་ཡང་དངོས་སུ་མྱོང་བ་ག་ལ་འཐད་དེ། དཔེར་ན་ནམ་མཁའི་མེ་ཏོག་དང་མོ་གཤམ་གྱི་བུ་ལ་སོགས་པའི་ཁ་དོག་མངོན་སུམ་དུ་མྱོང་མི་སྲིད་པ་བཞིན་ནོ། །གཉིས་པ་བཏགས་ཙམ་དུའང་མྱོང་མི་སྲིད་དེ། མེད་ལ་ནུས་པ་མེད་པས་ན། །གདགས་པའང་མི་རུང་རྟ་རུ་བཞིན། །མེད་པ་བདག་སྣང་ཤེས་སྐྱེད་པར། །ནུས་པ་རུང་བ་མ་ཡིན་ནོ། །ཞེས་གལ་ཏེ་ཆོས་གང་ཡོད་པར་གྱུར་ན་དངོས་སུ་མ་མྱོངས་པར་འདོད་ཀྱང་རུང་། རྣམ་པ་གཏོད་བྱེད་ཀྱི་ཡུལ་བདག་ཉིད་སྣང་བའི་ཤེས་པ་བསྐྱེད་པའི་ནུས་པ་ཡོད་པས། ཤེས་པ་དོན་དང་འདྲ་བར་སྐྱེས་པ་ལ་ཡུལ་དེ་མཐོང་ངམ་ཤེས་ཞེས་རུང་ནའང་། གང་མེད་པ་ལ་ནི་བདག་སྣང་གི་ཤེས་པ་བསྐྱེད་པའི་ནུས་པ་མེད་པས་ན། གདགས་པ་ཙམ་དུའང་འདི་དང་འདི་མྱོང་བའམ་ཤེས་ཞེས་བྱར་མི་རུང་སྟེ། དཔེར་ན་རྟ་རུ་བཞིན་ནོ། །དེའང་རྟའི་རྭ་ཅོ་ལ་ཁོ་རང་སྣང་བའི་ཤེས་པ་བསྐྱེད་པའི་ནུས་པ་མེད་པས། དེའི་རྣམ་པ་འདི་ལྟ་བུའོ་ཞེས་རང་མཚན་འཛིན་པའི་ཤེས་པ་ཞིག་ཐ་སྙད་དུའང་མི་སྲིད་པ་བཞིན་ནོ། །དཔེ་དེ་དང་འདྲ་བར་རྣམ་པའང་མེད་པ་ཡིན་ན་དེ་ལ་སྔོ་སེར་སོགས་འདི་དང་འདི་ལྟ་བུའོ་ཞེས་བདག་ཉིད་སྣང་བའི་ཤེས་པ་སྐྱེད་པར་བྱེད་པའི་ནུས་པ་ཡོད་པར་རུང་བ་མ་ཡིན་ནོ། །དེ་ལ་སེམས་ཙམ་རྣམ་བརྫུན་པས་དོན་ལོགས་སུ་ཡོད་ཅིང་ཤེས་པས་འདྲ་བ་ཉམས་སུ་མྱོང་བའི་བཏགས་པས་མྱོང་བ་ཁས་ལེན་པ་མ་ཡིན་མོད་ཀྱི་འདིར་དངོས་བཏགས་གང་གི་ཚུལ་དུའང་མྱོང་བ་མི་སྲིད་ན་མྱོང་ཚུལ་གཞན་མེད་པས་རྣམ་པ་མྱོང་བའི་ཤེས་པ་གཏན་མེད་དུ་ཐལ་བ་འཇུག་པའི་ཆེད་དུ་མཐའ་བཀག་པ་ཡིན་ནོ། །གཉིས་པ་འབྲེལ་བ་མི་འཐད་པ། གང་ཕྱིར་དེ་ཡོད་ངེས་ཚོར་བ། །ཤེས་དང་འབྲེལ་བ་ཅི་ཞིག་ཡོད། །བདག་མེད་དེ་ཡི་བདག་ཉིད་དང་། །དེ་ལས་བྱུང་བ་མ་ཡིན་ནོ། །ཞེས་གསུངས་ཏེ། ཡུལ་གང་ཉམས་སུ་མྱོང་བ་ཐམས་ཅད་ལ་འབྲེལ་བ་ཡོད་དགོས་ཀྱི། འབྲེལ་མེད་དུ་ཚོར་མི་སྲིད་པ་ཡིན་ལ། གང་གི་ཕྱིར་སྔོ་སེར་སོགས་ཀྱི་རྣམ་པ་དེ་ཡོད་པ་དང་། ཡུལ་ཅན་ཤེས་པ་དེས་ངེས་པར་ཚོར་བ་འགོག་མེད་དུ་སྣང་བ་འདི་ལ་ཁྱོད་ལྟར་ན། ཤེས་པ་དང་འབྲེལ་བ་ཅི་ཞིག་ཡོད་དེ་ཡོད་པར་མི་འཐད་དོ། །དེ་གང་གི་ཕྱིར་ཞེ་ན། འདི་ལྟར་རྣམ་པ་བདག་རང་ཉིད་མེད་པ་ཡིན་པར་འདོད་ལ་ཤེས་པ་ཡོད་པར་འདོད་པས། ཤེས་པ་དེ་ཡི་བདག་ཉིད་དུ་གྱུར་པའི་འབྲེལ་བ་མི་འཐད་དེ། གལ་ཏེ་བདག་གཅིག་ཏུ་གྱུར་ན་ནི། རྣམ་པ་བཞིན་དུ་ཤེས་པ་མེད་པའམ། ཤེས་པ་བཞིན་དུ་རྣམ་པ་ཡོད་པར་འགྱུར་བར་གདོན་མི་ཟ་བ་དང་། ཤེས་པ་དེ་ལས་བྱུང་བའང་མ་ཡིན་ཏེ་མེད་པ་ནི་ཆོས་གང་གི་འབྲས་བུར་མི་རུང་ངོ་། །དེ་ལས་བྱུང་བ་ཡིན་དུ་ཆུག་ནའང་སྔ་ཕྱི་ཡོད་པས་ཅིག་ཅར་དུ་རིག་པ་མེད་པའི་སྐྱོན་དུ་འགྱུར་བ་སོགས་མཐའ་ཡས་པ་ཡོད་ཀྱང་། དེ་བྱུང་གི་འབྲེལ་བ་ཙམ་གྱིས་ཡུལ་མི་མྱོང་བའི་སྐབས་སྤྱི་ལ་དེ་དག་དཔྱད་དགོས་ཀྱི་སྐབས་འདིར་ནི་རྣམ་བརྫུན་པས་དེ་བྱུང་དུ་ཁས་ལེན་པར་མི་རིགས་པས་དཔྱད་པ་དེ་འདིར་དགོས་པ་མ་ཡིན་ནོ། །དེས་ན་རྣམ་པ་ཉམས་སུ་མྱོང་ཡང་འབྲེལ་མེད་དུ་ཁས་ལེན་དགོས་པས་འགལ་བ་ཆེས་ལྕི་བ་ཡིན་ནོ། །དེ་ལ་ཆོས་གང་ཞིག་ཆོས་གཞན་མི་འདོར་བ་ལ་འབྲེལ་བ་ཞེས་བཏགས་ལ། ཕྱི་རོལ་པའི་ལྡན་འབྲེལ་འདུ་འབྲེལ་སོགས་གསལ་བའི་དབྱེ་བ་བྱས་པའི་སྤྱི་རིགས་ཀྱི་མཐའ་མ་ཆོད་ལ། དཔལ་ཆོས་ཀྱི་གྲགས་པ་ནི། ཆོས་གང་ལ་ངོ་བོ་གཅིག་དང་ཐ་དད་གང་རུང་གིས་ཁྱབ་པའི་ཕྱིར་ན། དང་པོ་ལ་བདག་གཅིག་འབྲེལ་དང་། ཐ་དད་འབྲེལ་བ་ལ་དེ་བྱུང་གི་འབྲེལ་བ་སྟེ་གྲངས་གཉིས་སུ་ངེས་པར་མཛད་དེ། དེའང་གཞི་བུམ་པ་ལྟ་བུ་གཅིག་ལ་རྟག་པ་ཡིན་པ་བསལ་བའི་ལྡོག་ཆ་ནས་མི་རྟག་པ། མ་བྱས་པ་བསལ་བའི་ཆ་ནས་བྱས་པ། དངོས་མེད་བསལ་ཆ་ནས་དངོས་པོ་ཞེས་གཞན་སེལ་གྱིས་ལྡོག་ཕྱོགས་སུ་སྒྲོ་འདོགས་པ་བསལ་བའི་ཆ་སོ་སོར་ཡོད་པ་རང་རང་གི་མིང་གིས་གོ་བར་ནུས་པ་དེ་གཞན་གྱིས་གོ་མི་ནུས་པས་སྒྲ་རྟོག་གི་ཡུལ་དུ་སོ་སོར་བཞག་པ་དེ་ཉིད་དོན་བུམ་པ་ཙམ་གྱི་ངོ་བོར་གཅིག་པས་བྱས་པ་དང་མི་རྟག་པ་བུམ་པའི་སྟེང་ན་བདག་གཅིག་གི་འབྲེལ་བར་བཞག་སྟེ། གཞན་སེལ་གྱི་རྟོག་ངོར་དབྱེ་བསྡུའི་དབང་གིས་ཡིན་གྱི། དོན་ལ་བདག་གཅིག་ཡིན་པས་རང་ལ་རང་འབྲེལ་མི་སྲིད་དེ། སོར་མོའི་རྩེ་མོས་རང་མི་གཟུང་བ་ལ་སོགས་པ་བཞིན་ནོ། །དེ་བྱུང་ནི་རྒྱུ་འབྲས་ཀྱི་ཚུལ་ཡིན་ཏེ། དེ་ལ་ཉེར་ལེན་གྱི་རྒྱུ་དང་། ལྷན་ཅིག་བྱེད་པའི་རྒྱུ་གཉིས་ཡོད་ཅིང་། གཞུང་གཞན་དུ་རྒྱུ་དྲུག་དང་རྐྱེན་བཞི་ལ་སོགས་པའི་ཚུལ་དུ་འབྲས་བུ་བསྐྱེད་ཚུལ་སོགས་ཡོད་པའང་ཤེས་པར་བྱ་ཞིང་། སྤྱིར་རྒྱུ་ལ་རྣམ་པ་ལྔ་སོགས་སུ་བཤད་ཀྱང་དངོས་ནི། རྣམ་པར་གཞག་འཇོག་གི་རྒྱུ་དང་། སྐྱེད་བྱེད་ཀྱི་རྒྱུ་གཉིས་སུ་འདུ་ལ། གང་མེད་ན་འབྲས་བུ་མི་འབྱུང་བ་ཞིག་ལ་རྒྱུ་ཞེས་གདགས་སོ། །ཞར་བྱུང་འགལ་བ་ལའང་དངོས་པོ་གཉིས་ཕན་ཚུན་གནོད་བྱ་གནོད་བྱེད་དུ་གྱུར་ཏེ། རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བ་ལ་ལྷན་ཅིག་མི་གནས་འགལ་ཞེས་གྲགས་པ་དང་། འགལ་ཟླ་དངོས་མེད་ཡིན་པ་སྔོ་དང་སྔོ་མིན་ལྟ་བུ་ཕན་ཚུན་སྤང་འགལ་གཉིས་སུ་ངེས་ཤིང་། དང་པོ་ལ་སྣང་མུན་ལྟ་བུ་དོན་འགལ་དང་། བདག་འཛིན་དང་བདག་མེད་རྟོགས་པ་ལྟ་བུ་བློ་འགལ་གཉིས་ཡོད། ཕན་ཚུན་སྤངས་འགལ་ལ་དངོས་འགལ་དང་བརྒྱུད་འགལ་གཉིས་ཡོད་དེ། དང་པོ་གཉིས་ཀ་དངོས་སུ་འགལ་བ་རྟག་མི་རྟག་ལྟ་བུ། གཉིས་པ་ཕན་ཚུན་དངོས་སུ་ལྡོག་ཕྱོགས་སུ་གྱུར་པ་མིན་ཀྱང་ཅིག་ཤོས་ཀྱི་ལྡོག་ཕྱོགས་ཅིག་ཤོས་ཀྱི་ཁྱབ་བྱེད་དུ་གྱུར་པས་གཉིས་ཀ་ཡིན་པ་མི་སྲིད་པ། བྱས་པ་རྟག་པ་ལྟ་བུ་སྟེ། རྟག་པའི་ཁྱབ་བྱེད་མ་བྱས་པ་ཡིན་པ་ལྟ་བུའོ། །འདི་ཐད་འགལ་འབྲེལ་གྱི་གོ་བ་གཏིང་ལོང་བ་གལ་ཆེ་ཡང་། ཡི་གེས་འཇིགས་ནས་བཞག་ལ་འགལ་འབྲེལ་འདི་གཏན་ཚིགས་ཐམས་ཅད་ལ་ཁྱབ་བྱེད་དུ་འགྲོ་དགོས་པས། སྐབས་འདིར་མཚོན་ཙམ་བཤད་པ་ཡིན་ནོ། །གསུམ་པ་རྒྱུ་ལ་བརྟག་ན། རྒྱུ་མེད་ན་ནི་གང་ཞིག་གིས། །རེས་འགའ་འབྱུང་བ་འདི་རུང་འགྱུར། །རྒྱུ་དང་ལྡན་ན་གང་ཞིག་གིས། །གཞན་གྱི་དབང་ལས་ལྡོག་པར་འགྱུར། །ཞེས་གསུངས་ཏེ། སྔོ་སེར་སོགས་ཀྱི་རྣམ་པ་འདི་ལ་རྒྱུ་ཡོད་དམ་མེད་ཅེས་དྲིས་ན། དེ་གཉིས་གང་རུང་ཁས་ལེན་པ་ལས་འོས་མེད་པ་ཡིན་ལ། རྣམ་པ་ལ་རྒྱུ་མེད་དོ་ཞེ་ན་ནི་རྒྱུ་མཚན་གང་ཞིག་གིས་རྟག་ཏུ་ཡོད་པའམ་མེད་པ་གང་རུང་མ་ཡིན་པར་སྐབས་ལ་ལ་ན་ཡོད་ཅིང་ལ་ལར་མེད་པའི་དུས། རེས་འགའ་འབྱུང་བ་འདི་ལྟ་བུ་རུང་བར་ག་ལ་འགྱུར་ཏེ། རྒྱུ་ལ་མི་ལྟོས་ན་རེས་འགའ་བ་མི་རུང་བར་གོང་དུ་བཤད་ཟིན་ཏོ། །གལ་ཏེ་རྣམ་པ་འདི་རྒྱུ་དང་ལྡན་པར་གྱུར་ནའང་རྐྱེན་ལས་སྐྱེས་པའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་བ་གཞན་གྱི་དབང་ཉིད་དུ་འགྱུར་ཏེ། རྒྱུ་མཚན་གང་ཞིག་གིས་གཞན་གྱི་དབང་ཡིན་པ་ལས་ལྡོག་པར་འགྱུར་ཏེ་ཟློག་ཏུ་མེད་དོ། །དེ་ལ་རྐྱེན་ལས་བྱུང་ན་ཡོད་པ་ཡིན་ཅིང་། དེའང་སེམས་ཙམ་པས་ཤེས་པ་ལས་གཞན་གྱི་རྒྱུ་ནི་ཁས་མི་ལེན་པས་འདིའང་ཀུན་བརྟགས་སུ་མི་འགྱུར་བར་གཞན་དབང་དུ་ཐལ་བ་ཟློག་པར་མི་ནུས་སོ། །གཉིས་པ་འཛིན་རྣམ་རྐྱང་པ་མི་འཐད་པར་བསྟན་པ། དེ་མེད་ན་ནི་ཤེས་དེ་ཡང་། །རྣམ་པ་མེད་པ་ཉིད་ཀྱིས་འགྱུར། །ཤེལ་སྒོང་དག་པ་འདྲ་བ་ཡི། །ཤེས་པ་རབ་ཏུ་ཚོར་བ་མེད། །ཅེས་གསུངས་ཏེ། གལ་ཏེ་ཡུལ་རྣམ་པ་དེ་མེད་ན་ནི་ཡུལ་ཅན་འབའ་ཞིག་པའི་ཤེས་པ་དེ་ཡང་། གཉིས་སྟོང་རང་གསལ་གྱི་རྣམ་པ་ཅན་དུ་འདོད་པ་ཁོ་རང་རྣམ་པ་མེད་པ་ཡི་ཚུལ་ཉིད་ཀྱིས་མྱོང་བར་འགྱུར་རིགས་ནའང་། ཡུལ་གྱི་ཚོན་གྱིས་ཁ་བསྒྱུར་བ་དང་བྲལ་བ་ཡུལ་ཅན་རྐྱང་པའི་རང་བཞིན་ཤེལ་སྒོང་དག་པ་འདྲ་བ་ཡི་ཤེས་པ་ཞིག་དམིགས་རུང་ནའང་མ་དམིགས་ཏེ་ཉམས་སུ་མྱོང་བའམ་རབ་ཏུ་ཚོར་བ་མེད་དོ། །དེ་ལ་སྤྱིར་ཡུལ་གང་དང་གང་སོ་སོར་རྣམ་པར་རིག་པ་ལ་རྣམ་ཤེས་ཞེས་གདགས་པ་སྟེ། དེའང་མིག་ཤེས་ལྟ་བུ་ལའང་གཟུགས་ཀྱི་རྣམ་པ་མཐའ་དག་མ་དམིགས་ན་མིག་ཤེས་ཁོ་རང་འདིའོ་ཞེས་གཟུང་བར་མི་ནུས་པ་དེ་བཞིན་རྣམ་པ་མེད་པའི་ཤེས་པ་རྐྱང་པ་ཉམས་སུ་མྱོང་བ་མེད་དེ། དེ་ལ་གསལ་རིག་ཙམ་ཤེལ་སྒོང་འདྲ་བ་ཞེས་ཟེར་བའང་ཤེས་པ་ཉིད་ཡུལ་དུ་བྱས་པའི་རྣམ་པ་ལ་དམིགས་པ་ཡིན་ནོ། །དེས་ན་འདི་དང་འདི་འདྲའོ་ཞེས་གང་དམིགས་ན་དེ་དང་དེའི་རྣམ་པར་འཆར་དགོས་ཀྱི། རྣམ་པ་མ་ཤར་བར་དེ་དང་དེར་བཞག་པ་ནི་དམ་བཅའ་ཙམ་སྟེ། མོ་གཤམ་གྱི་བུ་མདོག་དཀར་པོ་ཡིན་ནོ་ཟེར་བ་དང་འདྲའོ། །དེས་ན་རྣམ་པ་མེད་པའི་རང་བཞིན་དེ་འདྲ་བ་ཉམས་སུ་མྱོང་རིགས་པ་ལ་མ་མྱོངས་པས་དེ་འདྲ་བ་མེད་པར་ཤེས་སོ། །དེ་ལ་དེ་འདྲ་བ་ད་ལྟ་དམིགས་སུ་མི་རུང་བའི་རྒྱུ་མཚན་ཅིའང་མེད་དེ། ཁྱོད་ཀྱི་ལུགས་ལ་རྣམ་པ་ནི་གང་ཅུང་ཟད་ཅིག་ཕྱི་ནའང་མེད་ནང་ནའང་མེད་པར་འདོད་ན། ཁ་བསྒྱུར་ཞིང་བསླད་པ་ལྟ་བུའི་རྣམ་པ་དེ་མེད་ན་ཤེལ་སྒོང་དག་པ་འདྲ་བའི་ཤེས་པ་གཉིས་སུ་མེད་པ་རང་ཅིའི་ཕྱིར་མི་མྱོང་། མྱོང་བཞིན་དུ་བློས་མ་ངེས་པའང་ག་ལ་སྲིད་དེ་མི་ངེས་པའི་བསླད་རྒྱུ་གཞན་མེད་པའི་ཕྱིར་རོ། །ཡང་དེ་དག་ན་རེ། ཇི་ལྟར་སྨིག་རྒྱུ་སོགས་ལ་ཆུའི་རྣམ་པ་མེད་བཞིན་དུ་མྱོང་བས་གཏན་ཚིགས་དེ་མ་ངེས་སོ་སྙམ་ན། སྨིག་རྒྱུ་སོགས་ལའང་བརྒལ་ཞིང་བརྟག་པ་དེ་མཚུངས་པས་ན་མ་ངེས་པ་མ་ཡིན་ཏེ། འདི་ལྟར་སྨིག་རྒྱུ་སོགས་ལའང་ཆུ་སོགས་ཀྱི་རྣམ་པ་ཕྱི་ན་མེད་དུ་ཆུག་ནའང་ནང་ཤེས་པ་ལ་དེའི་རྣམ་པར་འཁྲུལ་པའི་རྣམ་པ་ཙམ་ཞིག་མེད་ན་ཤིན་ཏུ་མེད་པ་ཉིད་ཇི་ལྟར་མྱོང་སྟེ་མྱོང་བར་མི་རིགས་སོ། །གསུམ་པ་སྐྱོན་སྤོང་གི་ལན་དགག་པ། འདི་ནི་འཁྲུལ་པས་ཤེས་ཞེ་ན། །དེ་ཅི་འཁྲུལ་ལ་རག་ལས་སམ། །དེ་ཡི་མཐུ་ཡིས་བྱུང་ན་ནི། །དེ་ཡང་གཞན་གྱི་དབང་ཉིད་དོ། །ཞེས་གསུངས་ཏེ། དེ་ལ་དེ་ལྟར་རྣམ་པ་མེད་ན་མྱོང་བར་མི་འཐད་པར་བསྟན་པ་ལ་རྣམ་བརྫུན་པ་རྣམས་ན་རེ། དེ་ལྟར་རྣམ་པ་མེད་ཀྱང་ཤེས་མྱོང་གི་ཐ་སྙད་ཙམ་རྒྱུན་ཆད་མི་དགོས་ཏེ། རྣམ་པ་འདི་ནི་མེད་ཀྱང་བློ་ནོར་བའི་བག་ཆགས་ཀྱི་སྟོབས་ཀྱིས་སམ་འཁྲུལ་པས་དེ་ལྟར་ཤེས་པ་ཡིན་ཏེ། དཔེར་ན། མིག་སེར་གྱི་ནད་ཀྱིས་བཏབ་པའི་ཚེ་མེད་བཞིན་དུ་དུང་ལ་གསེར་གྱི་རྣམ་པར་རིག་པ་དེ་བཞིན་དུ་འཁྲུལ་པའི་བག་ཆགས་ཀྱི་དབང་གིས་མེད་ཀྱང་སེར་པོ་ལ་སོགས་པའི་རྣམ་པ་བདེན་པ་ལྟར་སྣང་བར་འདོད་དོ་ཞེ་ན། རྣམ་པ་དེ་ནི་ཅི་སྟེ་འཁྲུལ་པ་ལ་བདག་ཉིད་གཅིག་ཏུ་འབྲེལ་བའི་ཚུལ་གྱིས་རག་ལས་པ་ཡིན་པར་ངེས་སམ། འོན་ཀྱང་འཁྲུལ་པ་དེ་ཡི་མཐུ་ཡིས་བྱུང་བ་དེ་བྱུང་གི་འབྲེལ་བ་ཡིན། དེ་གཉིས་པོ་གང་ཡིན་ཀྱང་རུང་དེ་ལྟར་འབྲེལ་བ་ཡོད་ན་ནི། རྣམ་པ་དེ་ཡང་གཞན་གྱི་དབང་ཉིད་དུ་འགྱུར་བ་ཁོ་ན་ཉིད་དོ། །དེ་ལ་འཁྲུལ་པ་ཞེས་པ་འཁྲུལ་པའི་རྒྱུ་བག་ཆགས་དང་། འབྲས་བུ་འཁྲུལ་པ་རང་གི་ངོ་བོ་དང་གཉིས་སུ་ཡོད་པ་ལས། རྒྱུ་བག་ཆགས་དང་རྣམ་པ་གཉིས་བདག་ཉིད་གཅིག་འབྲེལ་མི་རིགས་ཏེ། བག་ཆགས་ནི་འབྲས་བུ་མ་བྱུང་བ་ཡིན་པས་དེས་རྣམ་པ་མྱོང་བར་མི་འཐད་ལ། འབྲས་བུ་འཁྲུལ་པ་དང་ནི་དེ་བྱུང་གི་འབྲེལ་མི་རིགས་ཏེ་རྣམ་པ་དང་འཁྲུལ་པ་གཉིས་དུས་མི་མཉམ་པར་འགྱུར་བའི་སྐྱོན་ཡོད་པར་ཐལ་པའི་ཕྱིར་རོ། །དེས་ན་གལ་ཏེ་འཁྲུལ་པའི་དབང་གིས་སྣང་ན་རྣམ་པ་དེ་བག་ཆགས་དང་དེ་བྱུང་དང་འཁྲུལ་པ་དང་བདག་གཅིག་གིས་འབྲེལ་དགོས་པར་ཟད་ན། དེ་ལྟར་འབྲེལ་ཕན་ཆད་རྣམ་པ་དེའང་གཞན་དབང་ཉིད་དུ་འགྱུར་ཏེ། འདི་ལྟར་གཞན་དབང་གཞན་དབང་ཞེས་བྱ་བ་དག་དང་མ་དག་གི་རྟེན་འབྲེལ་འདི་ལས་གུད་ན་ཅུང་ཟད་ཙམ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་འཁྲུལ་པས་ཤེས་ཞེས་པ་དེའང་རྣམ་པ་མེད་པ་ལ་མི་རུང་སྟེ། རུང་ན་འབྲེལ་བ་ཡོད་དགོས་པས་རྣམ་པ་མེད་པར་ཡང་མི་རུང་ཞིང་གཞན་དབང་དུ་འགྱུར་ལ། འབྲེལ་བ་ཅིའང་མེད་ན་འཁྲུལ་པས་ཀྱང་ཤེས་པར་བྱར་མི་རུང་སྟེ་མོ་གཤམ་གྱི་བུའི་ཁ་དོག་བཞིན་ནོ། །དེས་ཐག་རིང་ན་ཆུང་ངུ་ཆེན་པོར་སྣང་བ་ལྟ་བུའི་དཔེ་སོགས་ཀྱི་ལན་ཡང་བཏབ་ཟིན་ཏོ། །གཞན་ཡང་སློབ་དཔོན་དགེ་སྲུང་ན་རེ། རྣམ་ཤེས་རིག་པ་ཙམ་ཉིད་དེ། །བག་ཆགས་ཉེས་པས་དཀྲུགས་པས་ན། །སྔོན་པོ་ལ་སོགས་ཚོར་བ་ཡི། །རྣམ་པ་འབའ་ཞིག་འབྱུང་བར་འགྱུར། །དེ་ནི་སྔོ་སོགས་རྟོགས་པ་དེ། །སྔོ་ལ་སོགས་པའི་མཚན་ཉིད་མིན། །དེ་ཡི་མཇུག་ལ་རྨོངས་པའི་བདག །ཕྱི་རོལ་སྔོ་ལ་སོགས་པར་སེམས། །ཞེས་སྨྲ་བ་དེ་དག་གི་ལན་ཡང་བཏབ་པ་ཡིན་ཏེ། དེ་དག་གིས་སྔོ་སོགས་ཀྱི་རྣམ་པ་ནི་ཡུལ་མེད་ཀྱང་འཛིན་པའི་རྣམ་པ་ཙམ་ཁོ་ན་ཡིན་གྱི། དམིགས་པའི་རྣམ་པ་མ་ཡིན་ནོ། །དེས་ན་སོ་སྐྱེའི་ཤེས་པ་ཐམས་ཅད་ཀྱང་དམིགས་པ་སྔོ་སོགས་ཀྱིས་རྣམ་པར་བསྒྱུར་བ་མ་ཡིན་པས་ན་རྣམ་མེད་ཀྱི་ཤེས་པ་གཅིག་ཡིན་ནོ་ཞེས་རྣམ་པར་གཞག་པ་ཉམས་པར་མི་འགྱུར་རོ་སྙམ་པའོ། །དེ་ལ་སྔོ་སོགས་ཀྱི་རྣམ་པ་བཟུང་ཕན་ཆད་སྣང་ངོར་ཡུལ་ཡོད་ལ་ཡུལ་དེ་ཕྱི་དོན་དང་ནང་གི་ཤེས་པ་གང་དུའང་གྲུབ་པ་མེད་ན་དངོས་བཏགས་གང་གི་ཚུལ་དུའང་མྱོང་བ་མེད་པ་དང་། འཁྲུལ་བའི་དབང་གིས་སྣང་ནའང་དེ་གཉིས་ཀྱི་འབྲེལ་བ་ལ་བརྟགས་པ་འདིས་སྨྲ་བ་དེ་དག་བསལ་ཟིན་ཏེ་རྒོལ་བ་དེ་དག་གིས་བརྗོད་ཚུལ་ལ་ཁྱད་ཡོད་ཀྱང་དོན་ལ་ཁྱད་ཕྱེས་ནས་རྣམ་མེད་དུ་སྒྲུབ་མི་ནུས་སོ། །དེའང་རྣམ་མེད་དུ་འདོད་པ་རྣམས་ལ་རྨི་ལམ་དང་དོན་སྤྱིའི་སྔོ་སྣང་ལྟ་བུས་མ་ངེས་པར་བསྟན་པའི་ཚེ། དེ་དག་གིས་རྣམ་པ་མེད་ཀྱང་འཁྲུལ་པའི་དབང་གིས་དེར་སྣང་བར་ལན་འདེབས་པ་ཀུན་གོང་གི་རིགས་པའི་ཚུལ་དེས་སེལ་བར་ཤེས་པར་བྱའོ། །ཡང་ཁ་ཅིག་ཡོངས་སུ་མ་དག་པའི་སྐབས་ན་ཤེས་པ་སྣ་ཚོགས་སུ་སྣང་བ་འདི་བརྫུན་པ་ཡིན་དུ་ཆུག་ནའང་། དག་པའི་སྐབས་ན་རང་བཞིན་གཅིག་པ་གཉིས་སུ་མེད་པའི་ངོ་བོར་འགྱུར་བས་ན་ཤེས་པ་གཅིག་བདེན་འགོག་པའི་གཏན་ཚིགས་ལ་ཐེ་ཚོམ་ཟ་བས་མ་གྲུབ་པ་ཡིན་ནོ་སྙམ་ན། གལ་ཏེ་དག་པའི་སྐབས་ན་རྣམ་པ་ཐམས་ཅད་ལྡོག་པར་སྲིད་ན་དེ་ཚོ་ཁྱོད་ལྟར་ན་འདི་འང་སྲིད་དགོས་ཏེ། འཁྲུལ་པ་ལོག་ཀྱང་རྣམ་པ་རྣམས་ལྡོག་པར་མི་སྲིད་དེ། རྣམ་པ་རྣམས་ནི་མེད་པར་འདོད་པས་ན་འཁྲུལ་པ་དང་དེའི་བག་ཆགས་དང་ཡང་འབྲེལ་བ་མེད་པའི་ཕྱིར་ཏེ། དཔེར་ན། རྟ་མེད་པས་བ་ལང་ལྡོག་པར་མ་ངེས་པ་བཞིན་ནོ། །སྐྱོན་གཞན་ཡང་མ་དག་པའི་སྐབས་ན་ཤེས་པ་བརྫུན་པ་ཁོ་ན་ཡིན་ཀྱང་། དག་པའི་སྐབས་ན་རྣམ་པ་སྣ་ཚོགས་མེད་པས་གཅིག་པུར་བདེན་པར་གྲུབ་པ་ཁོ་ནའོ། །ཞེས་འདོད་ན། སྔར་མེད་པའི་བདེན་པའི་ཤེས་པ་དེ་རྒྱུ་གང་ལས་སྐྱེ་བ་བརྗོད་དགོས་སོ། །དེ་ལ་སྔར་གྱི་བརྫུན་པའི་ཤེས་པ་ལས་མ་ཡིན་ཏེ། བདེན་པའི་ལྡོག་ཕྱོགས་སུ་གྱུར་པ་དེ་ལ་བདེན་པ་སྐྱེད་པའི་ནུས་པ་མེད་པས་སོ། །ནུས་ན་དེ་བརྫུན་པར་ཡང་མི་འགྱུར་ལ། ནུས་བཞིན་དུ་བདེན་པ་མིན་ན་བདེན་པར་འདོད་པ་དེའང་བདེན་པར་མི་འགྱུར་རོ། །དག་པའི་སྐབས་ཀྱི་བདེན་པར་གྲུབ་པའི་ཤེས་པ་དེ་རྒྱུ་མེད་པ་ཅན་ནི་མ་ཡིན་ཏེ། རྟག་ཏུ་ཡོད་མེད་དུ་ཐལ་བའི་ཕྱིར་རོ། །ཤེས་པ་དེ་རང་བཞིན་གྱིས་བདེན་པའི་གནས་སྐབས་གཅིག་པུར་གྲུབ་པ་ནི་མི་སྲིད་དེ། དབང་ཕྱུག་རྟག་དངོས་སོགས་འགོག་པའི་རིགས་པའི་གནོད་པ་སྔ་ཕྱི་ཁྱད་མེད་དུ་ཐལ་བ་དེ་འདི་ལའང་མཚུངས་པའི་ཕྱིར་རོ། །སྐད་ཅིག་སྔ་མའི་མཐུ་ཡིས་སྐྱེ་བར་ཁས་ལེན་ནའང་། བདེན་པའི་ཤེས་པ་དོན་དམ་པར་གྲུབ་པ་ལ་དེ་མི་རུང་སྟེ། དོན་དམ་པར་རྒྱུ་འབྲས་འབྲེལ་བའི་དངོས་པོ་མ་གྲུབ་པའི་ཕྱིར་ཏེ། འདི་ལྟར་དུས་མཉམ་པ་ལ་ནི་རྒྱུ་འབྲས་སུ་མི་འཐད་དེ། འབྲས་བུ་སྐྱེ་བའི་སྔ་རོལ་ན་རྒྱུ་མེད་པས་ནུས་པ་མེད་ཅིང་རང་གྲུབ་ནས་ནུས་ཚེ་འབྲས་བུའང་གྲུབ་ཟིན་པས་དེ་གཉིས་རྒྱུ་འབྲས་སུ་འཇོག་མི་རུང་ངོ་། །དུས་སྔ་ཕྱི་ཐ་དད་ཀྱང་རྒྱུ་འབྲས་བདེན་གྲུབ་ཏུ་འཐད་པ་མ་ཡིན་ཏེ། དུས་གཞན་གྱིས་བར་ཆོད་པ་དང་མ་ཆོད་པ་གང་ལས་ཀྱང་མི་སྐྱེ་སྟེ། འདི་ལྟར་དུས་གཞན་གྱིས་བར་ཆོད་ན་རྒྱུ་དང་འབྲས་བུ་གཉིས་ཀྱི་བར་དུ་ཞིག་པ་ཡོད་དགོས་ཏེ་རྒྱུ་མ་ཞིག་ན་བར་ཆོད་པའང་མི་སྲིད་པའི་ཕྱིར་རོ། །དེས་ན་རྒྱུ་ཞིག་ཟིན་པའི་ཞིག་པ་ཁོ་ན་ལས་སྐྱེ་དགོས་ན་དེའང་མི་རིགས་ཏེ། ཞིག་པ་ནི་མེད་པ་ཡིན་ལ་མེད་པ་ནི་ནུས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ཞིག་པ་མེད་པའི་མཚན་ཉིད་ཅན་དེ་ལྟ་མ་ཡིན་ན་རྒྱུ་ཇི་ལྟར་ཞིག་པར་འགྱུར་ཏེ་མ་ཞིག་པར་འགྱུར་རོ། །གལ་ཏེ་ཞིག་པ་དངོས་པོ་ཡིན་ན། བསྲེགས་ཟིན་པའི་ཤིང་ལ་སོགས་པ་སྔར་གྱི་དངོས་པོ་རྣམས་ད་ལྟ་ཡོད་པར་ཅིས་མི་འགྱུར་ཏེ། ཞིག་པ་ལས་མ་གཏོགས་པར་དེ་དག་ད་ལྟ་དངོས་མེད་དུ་འཇོག་པའི་རྒྱུ་མཚན་གཞན་མེད་པས་ན་དངོས་པོ་ཐམས་ཅད་རྟག་པར་འགྱུར་ཞིང་། རྒྱུ་མ་འགགས་ན་འབྲས་བུ་སྐྱེ་བ་མི་འཐད་པས་འབྲས་བུ་རྒྱུན་ཆད་ཅིང་། ཞིག་པ་ཁོ་རང་རྒྱུ་ལས་མ་བྱུང་བའི་དངོས་པོར་འགྱུར་བ་སོགས་གནོད་པ་མཐའ་ཡས་པ་དེས་ན་རྒྱུ་ཞིག་ནས་མེད་པའི་ཆ་ལ་ཞིག་པ་ཞེས་བཏགས་པ་ཡིན་གྱི། ཞིག་པ་རང་གི་ངོ་བོ་ལ་དངོས་པོ་ཅུང་ཟད་ཀྱང་མེད་དོ། །གལ་ཏེ་ཡོད་ན་དངོས་མེད་ཤེས་བྱ་ལ་མི་སྲིད་པར་འགྱུར་ཏེ། དངོས་པོ་དགག་པའི་ཆ་ལ་དངོས་མེད་དུ་བཏགས་པ་ཙམ་ལས་དངོས་མེད་ཅེས་གང་ཡང་ལོགས་སུ་ཡོད་པ་མ་ཡིན་ནོ། །དེ་ལྟར་དངོས་མེད་དངོས་མེད་མ་ཡིན་ན། མཐར་དགག་པ་དང་སྒྲུབ་པ། དངོས་དང་དངོས་མེད། ཡོད་པ་དང་མེད་པ་སོགས་ཐམས་ཅད་ཕན་ཚུན་སྤང་བའི་ཆོས་ཉིད་དུ་མི་འགྱུར་བར་འཁྲུགས་ནས་ཤེས་བྱའི་རྣམ་གཞག་མ་ལུས་པ་ནུབ་པར་འགྱུར་རོ། །དེས་ན་ཞིག་པ་ཞེས་བྱ་བ་རྒྱུ་ཞིག་པའི་ཆ་མེད་དགག་ཙམ་ཡིན་པས་དེ་རང་ལ་ནུས་པ་གང་ཡང་མེད་ཅིང་། རྒྱུ་ནི་ད་ལྟ་ཡོད་པ་མ་ཡིན་པས་བར་དུ་ཆོད་པ་ལས་ཀྱང་སྐྱེ་བར་མི་འཐད་དོ། །གནོད་པ་འདི་དང་རྒྱུ་འབྲས་མ་ཕྲད་ནས་སྐྱེ་བ་མི་འཐད་པར་བསྟན་པ་གཉིས་དོན་འདྲ་ལ། གལ་ཏེ་ཞིག་པ་ལས་སྐྱེ་བར་འདོད་པ་ལྟར་ན་མ་ཕྲད་ནས་སྐྱེ་ཞེས་ཁས་བླང་བ་ཡིན་ནོ། །གལ་ཏེ་རྒྱུ་འབྲས་ཀྱི་བར་དུ་དུས་གཞན་གྱིས་མ་ཆོད་ན་དུས་མཉམ་པར་འགྱུར་ཏེ་སྐད་ཅིག་པ་ཡན་ལག་མེད་པ་གཉིས་བར་མ་ཆད་པ་ལ་དུས་མཉམ་པ་ལས་གཞན་མི་སྲིད་ལ། དེ་ལྟར་བར་ཅུང་ཟད་ཀྱང་མེད་ན་གཅིག་ཏུ་འགྱུར་ཏེ། དེ་ལྟར་ན་རང་ལ་རང་བསྐྱེད་པར་ཡང་མི་འཐད་ལ། དུས་ཀྱང་བསྐལ་པའང་སྐད་ཅིག་ཙམ་དུ་འགྱུར་རོ། །འོ་ན་རྒྱུ་འབྲས་ཀྱི་འབྲེལ་བ་མི་འཐད་པ་འདིས་ཀུན་རྫོབ་ཀྱི་རྒྱུ་འབྲས་ལའང་མི་འཐད་པར་བསྟན་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། འདི་ལྟར་རྒྱུ་དང་འབྲས་བུར་སྣང་ཡང་དེ་ལྟར་བརྟག་མི་བཟོད་པ་ཡིན་པའི་ཕྱིར་ཀུན་རྫོབ་ཏུ་བཞག་གི །རྒྱུ་འབྲས་དཔྱད་བཟོད་ཀྱི་དངོས་པོ་ཡིན་ན་དོན་དམ་དུ་འགྱུར་གྱི་ཀུན་རྫོབ་ཏུ་ག་ལ་འགྱུར། དེ་ལྟ་བས་ན་ཀུན་རྫོབ་ལ་ནི་བརྒལ་ཞིང་བརྟགས་པ་མཚུངས་པ་མ་ཡིན་ནོ། །ཞེས་དེ་དག་ཀ་མ་ལ་ཤཱི་ལའི་དཀའ་འགྲེལ་ལས་ཇི་སྐད་བཤད་པ་བཞིན་གསལ་བར་བསྡུས་ཏེ་བསྟན་པའོ། །འོ་ན་དེ་ལྟར་རྒྱུ་འབྲས་ཕྲད་མ་ཕྲད་གང་ལས་ཀྱང་མི་སྐྱེ་ན་རྒྱུ་དང་འབྲས་བུ་རྣམ་པར་གཞག་པ་དོན་མེད་པར་མི་འགྱུར་རམ་ཞེ་ན་མི་འགྱུར་ཏེ། དེའི་རྒྱུ་མཚན་རྒྱུ་འབྲས་གཉིས་བདེན་གྲུབ་ཏུ་ཁས་ལེན་པའི་ཕྱོགས་ལ་བདེན་པར་གྲུབ་ན་རིགས་པས་དཔྱད་བཟོད་དགོས་ལ། དེ་ལྟར་ན་ཕྲད་མ་ཕྲད་དམ་བར་ཆོད་མ་ཆོད་གཉིས་ལས་མཐའ་གཞན་མི་སྲིད་པས་དེ་གཉིས་གང་རུང་གི་ཚུལ་དུ་བསྐྱེད་དགོས་པ་ཡིན་ཞིང་། དེ་གཉིས་དང་བྲལ་ན་རྒྱུ་འབྲས་བསྐྱེད་ཚུལ་གཞན་མེད་པས་རྒྱུ་འབྲས་ཀྱང་མི་འཐད་པ་ཡིན་ནའང་། གང་རྒྱུ་འབྲས་བདེན་པར་ཁས་མི་ལེན་པའི་ཕྱོགས་ལ་རྒྱུ་དེ་ཉིད་འབྲས་བུ་དེའི་མེད་ན་མི་འབྱུང་གི་རྒྱུར་གྱུར་པ་དངོས་པོའི་ཆོས་ཉིད་ཡིན་པ་ཙམ་གྱིས་ཆོག་གི །ཕྲད་མ་ཕྲད་ཀྱི་བསྐྱེད་ཚུལ་གཉིས་གང་དུའང་ཁས་ལེན་མི་དགོས་ལ། དེ་ལྟར་ཁས་མ་བླངས་ཀྱང་རྒྱུ་འབྲས་མི་འཐད་པར་འགྱུར་བ་མ་ཡིན་པར་མ་ཟད་རྒྱུ་འབྲས་ཆེས་འཐད་པའང་ཡིན་ཏེ་འོག་ཏུ་ཀུན་རྫོབ་ཀྱི་རྣམ་གཞག་སྟོན་པ། བདག་རྒྱུ་སྔ་མ་སྔ་མ་ལ། །ཞེས་སོགས་ཀྱི་སྐབས་སུ་བཤད་པར་བྱའོ། །དེ་ལྟར་རྣམ་བརྫུན་པ་འགོག་པའི་རིགས་པ་འདི་རྣམས་ཤིན་ཏུ་སྟོབས་དང་ལྡན་ཅིང་། ཐུན་མོང་མིན་པའི་ཟབ་གནད་ཡོད་པ་ལེགས་པར་མྱོང་ནུས་ན་སེམས་ཙམ་གྱི་གྲུབ་མཐའི་ཕུ་ཐག་ཆོད་ཅིང་དབུ་མའི་གནད་གསང་སྟོན་པར་བྱེད་པ་ཡིན་པས་ཚུལ་གཉིས་ཀྱི་ལུགས་ལ་འདི་ལས་དོན་ཆེ་བ་མེད་དོ། །གཉིས་པ་བདེན་པའི་དུ་བྲལ་སྒྲུབ་པ་ནི། དངོས་པོ་གང་གང་རྣམ་དཔྱད་པ། །དེ་དང་དེ་ལ་གཅིག་ཉིད་མེད། །གང་ལ་གཅིག་ཉིད་ཡོད་མིན་པ། །དེ་ལ་དུ་མ་ཉིད་ཀྱང་མེད། །ཞེས་གསུངས་ཏེ། དེ་ལྟར་བདག་གཞན་གྱི་སྡེ་པས་ཁས་བླངས་པ་རྟག་མི་རྟག་ཁྱབ་མ་ཁྱབ་རྡུལ་རགས་པ་ཤེས་དང་ཤེས་བྱ་ལ་སོགས་པ་དངོས་པོ་གང་དང་གང་ཡིན་པ་ཐམས་ཅད་ལ་གཅིག་པུར་གྲུབ་པ་ཡོད་མེད་དེ་ལྟར་རྣམ་པར་དཔྱད་པ་དེའི་ཚེ་ན། མ་དཔྱད་པའི་ངོར་གཅིག་པུ་ལྟར་སྣང་བའི་དངོས་པོ་ལྦུ་བ་རྡོས་པ་ལྟ་བུ་རྣམས་ལ། བརྟག་པའི་ཁུར་རྡོ་རྗེའི་རི་བོ་འབུམ་ལས་ལྕི་ཞིང་བརླིང་བ་དེ་བཟོད་ནུས་པ་རྡུལ་ཕྲ་རབ་ཙམ་ཡང་མེད་པས་དུམ་བུ་དུམ་བུ་བརྒྱ་ཚལ་དུ་ཞིག་ཅིང་འཐོར་བ་ཁོ་ན་ལས། དངོས་པོ་དེ་དང་དེ་ལ་གཅིག་ཉིད་དུ་གྲུབ་པ་གང་ཡང་མེད་དོ། །གང་ལ་གཅིག་པ་ཉིད་ཡོད་པ་མིན་པ་དེ་ལ་དུ་མ་ཉིད་ཀྱང་མེད་དེ། དུ་མ་ནི་གཅིག་ལས་རྩོམ་དགོས་ན་གཅིག་མེད་པའི་དུ་མ་ག་ལ་སྲིད་དེ། ཤིང་མེད་ན་ནགས་མེད་པ་ལ་སོགས་པ་བཞིན་ནོ། །དེ་ལྟར་ཡང་ལངྐར་གཤེགས་པ་ལས། བློ་ཡིས་རྣམ་པར་གཞིག་ན་ནི། །ངོ་བོ་ཉིད་ནི་གཟུང་དུ་མེད། །དེ་ཕྱིར་དེ་དག་བརྗོད་མེད་དང་། །ངོ་བོ་ཉིད་ཀྱང་མེད་པར་བཤད། །བློ་ཡིས་རྣམ་པར་གཞིག་ན་ནི། །གཞན་དབང་མེད་ཅིང་བརྟག་པ་མེད། །གྲུབ་པའི་དངོས་པོ་ཡོངས་མེད་ན། །བློ་ཡིས་ཇི་ལྟར་རྣམ་པར་བརྟག །རང་བཞིན་མེད་ཅིང་རྣམ་རིག་མེད། །དངོས་པོ་མེད་ཅིང་ཀུན་གཞི་མེད། །རོ་མཚུངས་བྱིས་པའི་རྟོག་གེ་པ། །ངན་པ་རྣམས་ཀྱིས་འདི་དག་བརྟག །མཚན་མ་དངོས་པོ་རྣམ་རིག་དང་། །ཡིད་ཀྱི་གཡོ་བ་གང་ཡིན་ལས། །ང་ཡི་སྲས་རྣམས་རབ་འདས་ནས། །དེ་དག་རྣམ་པར་མི་རྟོག་སྤྱོད། །ཅེས་གསུངས་ཏེ། བློས་བརྟགས་ཤིང་དཔྱད་ན་གཅིག་དང་དུ་མའི་ངོ་བོ་ཉིད་གཟུང་དུའམ་རྙེད་པ་མེད་ལ། དེའི་ཕྱིར་ན་དངོས་པོ་དེ་དག་ངག་གིས་འདི་དང་འདིའོ་ཞེས་གཅིག་དང་དུ་མར་བདེན་པ་བརྗོད་དུ་མེད་པ་དང་། ཡིད་ཀྱིས་དེ་དང་དེར་བཟུང་བའི་ངོ་བོ་ཉིད་ཀྱང་མེད་པ་ཡིན་ནོ་ཞེས་ཕྱི་དོན་མེད་པར་བསྟན་ནས། ཡང་ཤེས་བྱ་ནང་གི་ཡིན་པར་བལྟ་བ་ལའང་དོན་དེ་བསྟན་པའི་ཕྱིར། བློས་གཞིག་ན་གཞན་དབང་དང་ཀུན་བརྟགས་ཡོངས་གྲུབ་ཀྱི་དངོས་པོ་གསུམ་ཡང་ཡོངས་སུ་མེད་ན། དེ་ཡོད་པར་བློས་ཇི་ལྟར་བརྟག་པར་བྱ་ཞེས་པ་དང་། ཡང་དེ་ལྟར་མེད་ན་ཕྱི་ནང་གི་དངོས་པོ་འདི་དག་འཇིག་རྟེན་ལ་ཇི་ལྟར་གྲགས་པ་ཡིན་སྙམ་ན། ཕྱི་རོལ་གྱི་གཟུགས་ལ་སོགས་པའི་རང་བཞིན་མེད་ཅིང་། ཡུལ་ཅན་མིག་གི་ཤེས་པ་ལ་སོགས་པའི་རྣམ་རིག་ཀྱང་མེད་ལ། ཕྱི་ནང་གནས་ལུས་ལོངས་སྤྱོད་དུ་སྣང་བའི་དངོས་པོ་མེད་ཅིང་། དེ་དག་གི་ས་བོན་འཛིན་པའི་ཀུན་གཞི་འང་མེད་མོད་ཀྱི། ཡང་དག་པའི་དོན་ལ་རྟོག་པའི་རིག་པ་ཡེ་ཤེས་དང་བྲལ་བས་སམ། ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་གཡོ་བ་དང་བྲལ་བས་ཤི་ཟིན་པའི་རོ་དང་འདྲ་བ། བྱིས་པ་ལ་རྟོག་གེ་ངན་པའི་དབང་གིས་གྲགས་ཏེ། དེ་དག་གིས་དེ་ལྟར་བདེན་པར་རྣམ་པར་བརྟག་པ་ཡིན་གྱི་ཡང་དག་པར་ནི་མ་ཡིན་ནོ་ཞེས་སོ། །ཡང་། འོ་ན་ཆོས་ཀྱི་ཚུལ་ཡང་དག་པ་ལ་མཁས་པ་རྣམས་ཇི་ལྟ་བུའི་གནས་པ་ལ་གནས་པར་འགྱུར་སྙམ་ན། སྔོ་སེར་སོགས་ཀྱི་མཚན་མ་དང་། ཕྱི་ནང་གི་སྐྱེ་མཆེད་ཀྱི་དངོས་པོ་དང་། མིག་ཤེས་སོགས་ཀྱི་རྣམ་པར་རིག་པ་དང་། གཞན་དབང་གི་ཡིད་ཀྱི་གཡོ་བ་ལ་སོགས་པ་རྣམ་པར་རྟོག་པ་ཡིན་ནོ་ཅོག་གི་སྤྲོས་པ་ཀུན་ལས་ངའི་སྲས་རྣམས་འདས་ནས་མཁས་པ་དེ་དག་གང་ལའང་རྣམ་པར་མི་རྟོག་པར་སྤྱོད་དོ། །ཞེས་སོ། །གཞན་ཡང་བློ་གྲོས་རྣམ་པར་དཀར་བ་སློབ་དཔོན་ཆོས་ཀྱི་གྲགས་པས་ཀྱང་། གང་གིས་དངོས་རྣམས་ངེས་བརྟགས་ན། །ཡང་དག་ཏུ་ན་དངོས་དེ་མེད། །འདི་ལྟར་དེ་དག་གཅིག་པ་དང་། །དུ་མའི་རང་བཞིན་ཡོད་མ་ཡིན། །སྣ་ཚོགས་དངོས་པོའི་དོན་རྣམས་ལ། །གལ་ཏེ་གཅིག་ཉིད་མི་རིགས་ན། །དེ་བློ་སྣ་ཚོགས་སྣང་བ་ཡང་། །ཇི་ལྟ་བུར་ན་གཅིག་པུར་འགྱུར། །ཇི་ལྟ་ཇི་ལྟར་དོན་བསམས་ན། །དེ་ལྟ་དེ་ལྟར་རྣམ་པར་བྲལ། །དེ་བས་མཚན་ཉིད་སྟོང་པའི་ཕྱིར། །རང་བཞིན་མེད་པར་རབ་བཤད་ཅེས། །མཁས་པ་རྣམས་ཀྱིས་གང་གསུང་བ། །དེ་ནི་གསལ་བར་འོང་བ་ཡིན། །ཞེས་གསུངས་པའང་ཚུལ་དེ་དང་འདྲའོ། །གཉིས་པ་ཁྱབ་པ་སྒྲུབ་པ་ནི། གཅིག་དང་དུ་མ་མ་གཏོགས་པར། །རྣམ་པ་གཞན་དང་ལྡན་པ་ཡི། །དངོས་པོ་མི་རུང་འདི་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་གསུངས་ཏེ། དེའང་རང་གཞན་གྱི་སྡེ་པས་གང་སྨྲས་པའི་ཕྱོགས་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རྟགས་དེ་གྲུབ་ཅིང་མཐུན་དཔེ་ལ་རྗེས་སུ་འགྲོ་བ་ཡིན་པར་གྲུབ་ཀྱང་། ད་རུང་གཅིག་དང་དུ་མ་དང་བྲལ་ཡང་བདེན་པ་ཞིག་སྲིད་དམ་སྙམ་ནས། རྟགས་མི་མཐུན་ཕྱོགས་ལས་ལྡོག་པའི་ལྡོག་ཁྱབ་ལ་ཐེ་ཚོམ་ཟ་བས་རྟགས་འདིའི་ཁྱབ་པ་མ་ངེས་པར་ལན་ཐེབས་སྙམ་པའི་རེ་བ་བྱེད་པ་ནི་རེ་བ་འབྲས་མེད་བརྫུན་པ་བསླུ་བ་ཁོ་ན་ཡིན་ཏེ། གལ་ཏེ་གཅིག་དང་དུ་མ་གང་ཡང་མ་ཡིན་པའི་དངོས་པོ་ཞིག་ཡོད་སྲིད་ན་ནི། གཅིག་དང་དུ་མ་གཉིས་ཀར་བདེན་པ་མེད་ཀྱང་། ད་རུང་ཤེས་བྱ་ཐམས་ཅད་བདེན་མེད་ཡིན་དགོས་པའི་ཁྱབ་པ་མེད་ནའང་། གང་ཕྱིར་གཅིག་དང་དུ་མ་གཉིས་མ་གཏོགས་པར། རྣམ་པ་གཞན་དང་ལྡན་པ་གཅིག་དུ་མ་གང་ཡང་མིན་པ་ཡི་དངོས་པོ་ཞིག་ཡོད་པར་མི་རུང་བ་ཡིན་ཏེ། རྒྱུ་མཚན་གཅིག་དང་དུ་མ་འདི་གཉིས་ནི། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པས་ཕུང་པོ་གཞན་མི་སྲིད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཤེས་བྱའི་ཆོས་རང་གཞན་གྱི་སྡེ་པས་གང་སྨྲས་པ་དེ་དག་ལ་བདེན་པའི་གཅིག་དང་དུ་བྲལ་གྱི་རྟགས་དེ། ཕྱོགས་ཀྱི་ཆོས་སུ་གྲུབ་ཅིང་ཁྱབ་པ་ངེས་པས་ན་ཆོས་ཐམས་ཅད་རང་བཞིན་མེད་པར་གྲུབ་པ་ཡིན་ནོ། །དེ་ལ་ཁ་ཅིག་གཅིག་དང་དུ་མ་གཉིས་ནི་དངོས་པོའི་རྣམ་གྲངས་ཡིན་ཞིང་། དེ་ལས་བཟློག་པའི་གཅིག་དུ་བྲལ་ནི་དངོས་པོ་མེད་པ་ཡིན་ལ། དེ་ལྟར་ན་བསྒྲུབ་བྱ་དང་སྒྲུབ་པ་གཉིས་ཀ་དངོས་པོ་མེད་པར་ཐ་མི་དད་ཡིན་པས། ཆོས་ཅན་དེའི་སྟེང་དུ་བསྒྲུབ་བྱ་རང་བཞིན་མེད་པ་མ་གྲུབ་ན་ནི་དེ་དང་ངོ་བོ་ཐ་མི་དད་པའི་གཏན་ཚིགས་ཀྱང་མ་འགྲུབ་ལ། གཏན་ཚིགས་གྲུབ་ན་ནི་བསྒྲུབ་བྱ་དངོས་པོ་རྣམས་ཀྱི་རང་བཞིན་མེད་པའང་གྲུབ་ཟིན་ཏེ། དཔེར་ན། གཅིག་དང་དུ་མ་བྲལ་བ་ཉིད་ངེས་ནས་རི་བོང་གི་རྭ་ལ་སོགས་པ་ལ་དངོས་པོ་ཡོད་པར་སུ་ཡང་ཁས་མི་ལེན་པ་བཞིན་ནོ་སྙམ་ནས་གཏན་ཚིགས་འདི་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་པ་ཉིད་དུ་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ། དངོས་པོ་རྣམས་རང་བཞིན་མེད་པར་གནས་སུ་ཟིན་ཀྱང་། ཐོག་མེད་ཀྱི་རྨོངས་པས་དེ་ལྟར་མི་ཤེས་པ་ལ་གཏན་ཚིགས་གཅིག་དུ་བྲལ་ལ་བརྟེན་ནས་དེ་ལྟར་ཤེས་སུ་གཞུག་པ་སྟེ། ནོག་སོགས་འདུས་པ་ལ་བ་ལང་དུ་མི་ཤེས་པ་ལ་ནོག་ལྐོག་ཤལ་དང་ལྡན་པའི་ཕྱིར་འདི་ནི་བ་ལང་ངོ་ཞེས་པ་ལྟ་བུའམ། མདུན་འདིར་དམིགས་པའི་རིག་བྱར་གྱུར་པའི་བུམ་པ་མེད་དེ། ཡོད་ན་དམིགས་དགོས་པ་ལ་དེ་མ་དམིགས་པའི་ཕྱིར་རོ་ཞེས་པ་ལྟ་བུ་སྟེ། གང་རང་བཞིན་མེད་པར་མ་རྟོགས་པའི་ཤེས་ངོར་སྣང་བའི་ཆོས་ཅན་དེ་ཉིད་ལ། ཤིང་ལོག་པས་ཤ་པ་ལྡོག་པ་ལྟ་བུར་བདེན་པའི་ཁྱབ་བྱེད་གཅིག་བདེན་དང་དུ་མར་བདེན་པ་ལོག་པས་ཁྱབ་བྱ་བདེན་པར་ལྡོག་པ་ཡིན་པས་ན། བསྒྲུབ་བྱ་དང་གཏན་ཚིགས་གཉིས་རྟོགས་ཚུལ་ལ་ཁྱད་མེད་པ་མ་ཡིན་པས་རྟགས་དེས་ཆོས་ཅན་ལ་བདེན་མེད་སྒྲུབ་པ་ཡིན་གྱི། ཇི་ལྟར་བུམ་པ་རང་བཞིན་མེད་པ། བུམ་པ་བདེན་མེད་ཡིན་པའི་རྟགས་ཀྱིས་སྒྲུབ་པ་ལྟ་བུར་རྟགས་དང་བསྒྲུབ་བྱ་འདྲ་བའི་རྣམ་གྲངས་སུ་འགྱུར་བ་མ་ཡིན་ཏེ། གཏན་ཚིགས་དེས་མ་ཤེས་པ་ལ་ཤེས་པར་བྱེད་ཅིང་ཤེས་ཟིན་གསལ་འདེབས་ཡིན་པས་རང་བཞིན་མེད་པའི་ལྡོག་ཕྱོགས་ཀྱི་སྒྲོ་འདོགས་སེལ་བའི་ནུས་པ་ཡོད་པའི་ཕྱིར་རོ། །གཉིས་པ་ཀུན་རྫོབ་ཏུ་དངོས་པོ་ཡོད་པར་བསྟན་པ་ལ། སྣང་ཙམ་བདེན་སྟོང་གི་ཀུན་རྫོབ་ངོས་གཟུང་། དེའི་རང་བཞིན་ཕྱེ་སྟེ་བཤད་པ་གཉིས། དང་པོ། དེ་ཕྱིར་དངོས་པོ་འདི་དག་ནི། །ཀུན་རྫོབ་ཁོ་ནའི་མཚན་ཉིད་འཛིན། །གལ་ཏེ་འདི་བདག་དོན་འདོད་ན། །དེ་ལ་བདག་གིས་ཅི་ཞིག་བྱ། །ཞེས་གསུངས་ཏེ། དེ་ལྟར་གཅིག་དང་དུ་མ་གང་དུའང་བརྟག་མི་བཟོད་པ་དེ་ཡི་ཕྱིར་ན་དངོས་པོ་འདི་དག་ཐམས་ཅད་ནི། སྒྱུ་མའི་རྟ་གླང་དང་མི་ལ་སོགས་པ་བཞིན་དུ་མ་བརྟགས་ཉམས་དགའ་བའི་ཀུན་རྫོབ་ཁོ་ནའི་མཚན་ཉིད་འཛིན་པ་ཡིན་ནོ། །གལ་ཏེ་དངོས་པོ་འདི་ཀུན་ཀྱང་བརྫུན་པ་ཀུན་རྫོབ་ཀྱི་མཚན་ཉིད་མ་བཟུང་བར་སྣང་བ་ལྟར་གྱི་བདག་གམ་ངོ་བོ་ཞིག་དོན་དུ་ཡོད་པར་འདོད་ན། དེ་ལ་བདག་གིས་དགག་པས་ཅི་ཞིག་བྱ་སྟེ། དངོས་པོའི་ཆོས་ཉིད་ནི་ཁོ་རང་གི་ཡིན་ལུགས་ཡིན་གྱི། གཞན་དག་གིས་འདོད་པས་དེ་ལ་ཅུང་ཟད་ཀྱང་བཅོས་སུ་ཡོད་པ་མིན་ཏེ། དཔེར་ན། སྒྱུ་མའི་རྟ་གླང་སྣང་བ་དེ་སྣང་བ་ལྟར་རྟ་གླང་དུ་གྲུབ་པར་གྱུར་ན་དེ་བརྫུན་པའོ་ཞེས་གཞག་པར་མི་རུང་བ་དང་འདྲའོ། །དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པའོ། །ཞེས་གསུངས་པ་ལྟར། དངོས་པོ་རྣམས་ཀྱི་ཡིན་ལུགས་ལ་བློས་བཞག་པས་བཅོས་སུ་མེད་དེ། དངོས་པོའི་ཡིན་ལུགས་དང་བློ་མཐུན་པར་གྱུར་ན་བློ་དོན་མཐུན་ཡང་དག་པ་ཡིན་ལ། གལ་ཏེ་དངོས་པོའི་ཡིན་ལུགས་དང་མི་མཐུན་པར་ཅི་བརྟགས་ཀྱང་རང་གི་བློ་ཡུལ་ལ་ཕྱིན་ཅི་ལོག་ཏུ་རྟོག་པའི་སྒྲོ་འདོགས་པར་འགྱུར་གྱི། ཡུལ་དེ་ནི་དེས་འདོད་པས་བཞག་པའི་རྗེས་སུ་འབྲང་བ་མ་ཡིན་ནོ། །དེས་ན་གཞན་གྱིས་མ་བཅོས་པར་རང་གི་ངོ་བོའི་ཡིན་ལུགས་ཡིན་ན་དངོས་པོ་དེའི་ཆོས་ཉིད་དམ། ཁོ་རང་གི་ཡིན་ལུགས་སམ། རང་བཞིན་དེ་འདྲ་བ་ཁོ་རང་གི་རང་གིར་བྱས་པ་ཡིན་པས། སུ་དག་གིས་ཀྱང་དེ་ལས་གཞན་དུ་དྲང་བར་མི་ནུས་པས་ལྕགས་ཀྱུ་མེད་པའམ་ལྕགས་ཀྱུ་དང་བྲལ་བ་ཞེས་བྱ་སྟེ། ལྕགས་ཀྱུ་ནི་འཛིན་བྱེད་ཡིན་ལ་རང་འདོད་ཀྱིས་བཞག་པའི་ལྕགས་ཀྱུས་བཟུང་མི་ནུས་ཞེས་པའི་དོན་ཏེ། དཔེར་ན། མེ་ཚ་བ་ཡིན་པ་ལ་སུས་ཀྱང་དེ་ཚ་བ་མིན་པར་བསྒྲུབ་མི་ནུས་པ་ལྟ་བུའོ། །དེ་ལ་ཀུན་རྫོབ་ཁོ་ནའི་ཞེས་པའི་སྒྲས་ཡང་དག་པ་ཡིན་མིན་གཉིས་སུ་ཕྱེ་བའི་ཡང་དག་མིན་པ་བརྫུན་པའི་ངོ་བོ་འཛིན་གྱི། ཡང་དག་པའི་ངོ་བོ་བདེན་པར་གྲུབ་པ་ནམ་ཡང་མེད་ཅེས་ཡང་དག་པ་གཅོད་པ་ཡིན་ནོ། །གལ་ཏེ་འདི་དག་ཅེས་གཉིས་ཚིག་བྱས་པ་དཔེ་ལ་ལར་སྣང་ཡང་བ་འཕུལ་ཆད་ནས་ཡི་གེ་མ་དག་པ་སྟེ། དཔེ་རྙིང་ཤིན་ཏུ་དག་པ་རྣམས་ན་འདི་བདག་ཅེས་ཡོད་པ་དེ་ཁོ་ནར་གཟུང་དགོས་སོ། །ཚིག་རྐང་ཕྱི་མ་གཉིས་ཀུན་རྫོབ་ཚད་གྲུབ་མི་བཀག་པ་ལ་བཤད་མཁན་འདུག་ཀྱང་། སྤྱིར་རྣམ་གྲངས་པའི་དོན་དམ་འཆད་པའི་སྐབས་སུ་ཀུན་རྫོབ་ཀྱི་རང་མཚན་ཐ་སྙད་ཀྱི་ཚད་མས་གྲུབ་པ་དང་། དོན་དམ་བདེན་གྲུབ་མེད་པར་དགག་པ་ལ་བྱེད་པ་རང་རྒྱུད་པའི་བསྒྲུབ་བྱའི་གཙོ་བོ་ཡིན་པས་ཐ་སྙད་ཚད་གྲུབ་མི་དགག་པ་ནི་བདེན་ཀྱང་། སྐབས་འདིའི་ཚིགས་སུ་བཅད་པའི་དོན་དེ་ལྟར་འགྲེལ་བ་མི་འཐད་དེ་རྒྱས་པར་མ་སྤྲོས་སོ། །ཚིགས་སུ་བཅད་པ་འདི་ནི་དོན་ཆེ་ཞིང་ཤིན་ཏུ་བརླིང་བ་ཡིན་པས་བཤད་དགོས་པ་མང་དུ་འདུག་ཀྱང་མཚོན་ཙམ་བརྗོད་ན། དེ་ཕྱིར་ཞེས་པ་དང་། ཁོ་ན་ཞེས་པ་དང་། དཔེ་ལ་ལར་འགྱུར་གྱི་དབང་གིས་ཀུན་རྫོབ་པ་ཉིད་ཅེས་ངེས་གཟུང་བྱས་པ་དེ་གཉིས་དོན་དུ་འདྲ་ལ། ཡང་། གལ་ཏེ་ཞེས་པ་རྣམས་ལ་ཟུར་མྱོང་རྒྱུ་ཆེན་པོ་ཡོད་པ་ཡིན་ཞིང་། དོན་དམ་པའི་དཔྱད་པས་དགག་པ་ཇི་སྙེད་པ་ཀུན་ཀྱང་ཀུན་རྫོབ་ཀྱི་མཚན་ཉིད་ཤེས་པའི་ཐབས་སུ་འགྲོ་བ་དང་། ཀུན་རྫོབ་སྣ་ཚོགས་པའི་སྣང་བ་ཐམས་ཅད་དོན་དམ་པ་རྟོགས་པའི་ཐབས་སུ་གྱུར་པ་སྟེ། དེ་གཉིས་གཅིག་གྲོགས་སུ་གཅིག་འཆར་བ་ཞིག་གི་གོ་བ་འདི་ལ་ལེན་རྒྱུ་ཡོད་པ་ཡིན་ནོ། །དེ་ལ་སྣང་ཙམ་བདེན་པས་སྟོང་པ་འདི་ཀུན་རྫོབ་ཀྱི་ངོ་བོ་ཡིན་ལ། གལ་ཏེ་འདི་སྣང་བ་ལྟར་གྲུབ་པ་ཞིག་ན་ནི་འདི་ཀུན་རྫོབ་མ་ཡིན་ལ། དེ་ལྟར་ན་དོན་དམ་ཡང་མེད་པར་འགྱུར་ཞིང་། འདིར་སྣང་ཡང་དེ་ལྟར་མ་གྲུབ་པ་ཁོ་ན་ཡིན་པས་འདི་ཀུན་རྫོབ་ཡིན་ལ་དེ་ལྟར་ན་དོན་དམ་པའང་དེ་ཉིད་ཀྱིས་གྲུབ་པ་ཡིན་པ་དང་། ཆོས་ཐམས་ཅད་གཅིག་དང་དུ་མར་བྲལ་བའི་དོན་དམ་པར་རང་བཞིན་མེད་པ་དེའི་ཕྱིར། སྣང་ཙམ་འདི་ལ་ཀུན་རྫོབ་ཀྱི་མཚན་ཉིད་ཐོབ་པར་གྱུར་པ་ཡིན་པས། བདེན་པ་གཉིས་པོ་འདི་དག་གཅིག་གིས་གཅིག་གསལ་བར་བྱས་པ་ཡིན་གྱི། ཕན་ཚུན་གནོད་པ་ཅན་ག་ལ་ཡིན་ཏེ། ཞིབ་ཏུ་གོང་འོག་ཏུ་བཤད་པ་ཐམས་ཅད་བསྒྲིགས་ནས་སྟོང་དང་རྟེན་འབྱུང་གཅིག་གྲོགས་སུ་གཅིག་འཆར་ཞིང་གཅིག་མེད་ན་གཅིག་ཤོས་ཀྱང་མི་སྲིད་པའི་གོ་བ་ལ་སྒོ་ཀུན་ནས་འབད་པ་ལས་ལྷག་པའི་དོན་ཆེན་པོ་ཤེས་བྱའི་ཁོངས་ན་ཡོད་པ་མ་ཡིན་ནོ། །དེས་ན་དངོས་པོ་འདི་དག་གི་ཡིན་ལུགས་ཅི་འདྲ་ཞིག་ཡིན་སྙམ་ན། རྣམ་པ་སྣ་ཚོགས་སུ་སྣང་ཡང་རང་བཞིན་མེད་པ་ཞིག་ཡིན་ནོ། །དེས་ན་རང་བཞིན་མེད་པར་དཔྱད་པ་དེས་ཀྱང་ཀུན་རྫོབ་ཀྱི་ཡིན་ལུགས་ལ་ཟློག་ཕྱོགས་སུ་སྒྲོ་འདོགས་པ་སེལ་བ་ཡིན་པས་ཀུན་རྫོབ་ཀྱི་ཡིན་ལུགས་གསལ་བར་བྱས་པ་ཡིན་ཏེ། སྣང་བ་དང་སྟོང་པ་ཟུང་དུ་མ་འབྲེལ་ན་དངོས་པོའི་ཡིན་ལུགས་མ་ཤེས་པ་ཡིན་ལ་དེ་གཉིས་འདུ་འབྲལ་མེད་པར་ཤེས་ན་དངོས་པོའི་ཡིན་ལུགས་ཤེས་པ་སྟེ། སྒྱུ་མའི་རྟ་གླང་གི་རང་བཞིན་རྟ་གླང་དུ་སྣང་ནི་སྣང་བ་དང་། བདེན་ནི་མི་བདེན་པའི་བརྫུན་པ་ཡིན་པ་ཟུང་དུ་ཚོགས་པ་བཞིན་ནོ། །དེས་ན་ཇི་སྐད་གནས་པའི་དངོས་པོའི་དེ་ཁོ་ན་ལ་མཁས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་དང་དེ་དག་ཏུ་རབ་ཏུ་བཤད་དེ། ཇི་སྐད་དུ་ཆོས་ཡང་དག་པར་སྡུད་པ་ལས། བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཐ་སྙད་དུ་སྟོན་པ་རྣམ་པ་བཅུར་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་སྟོན་པ་དང་། ཁམས་སྟོན་པ་དང་། སྐྱེ་མཆེད་སྟོན་པ་ལ་སོགས་པ་གསུངས་པ་དང་། དཀོན་མཆོག་སྤྲིན་ལས་ཀྱང་། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཀུན་རྫོབ་ལ་མཁས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། གཟུགས་སུའང་འདོགས་ལ་དོན་དམ་པར་ན་གཟུགས་སུའང་མི་དམིགས་ཤིང་མངོན་པར་ཞེན་པ་མེད་དོ། །དེ་བཞིན་དུ་ཚོར་བ་སོགས་ལ་སྦྱར་ཏེ་རྒྱས་པར་གསུངས་སོ། །འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ཀྱང་། ཚུལ་བཞིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདག་མེད་པ་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་རིགས་པས་མཐོང་བའོ། །ཞེས་པ་ལ་སོགས་པ་དང་། རྒྱལ་བ་སྐྱེད་མ་ཡུམ་ཆེན་མོ་ལས་ཀྱང་། མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱིས་སྟོང་ངོ་། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་སེམས་ཙམ་པ་ན་རེ། སྟོང་པར་གསུངས་པ་འདི་ནི་ཀུན་བཏགས་པའི་ངོ་བོས་སྟོང་པར་གསུངས་པ་ཡིན་ནོ་ཞེ་ན། དེ་བདེན་ཏེ་ཡང་དག་པར་ན་ཤེས་པ་རང་བཞིན་ཡོད་དོ་ཞེས་བྱ་བ་དེའང་ཀུན་བརྟགས་ཡིན་པར་བདག་ཅག་འདོད་དོ། །གཞན་དབང་གི་ངོ་བོ་བདེན་པར་གྲུབ་ན་གཟུང་འཛིན་གཉིས་སུ་སྣང་བ་ཁོ་ན་ཀུན་བརྟགས་སོ་ཞེས་བྱ་བ་དེ་འགྲུབ་ནའང་སྔར་ཇི་སྐད་བཤད་པའི་ཚད་མས་གནོད་པ་ཡོད་པས་དེའང་ཀུན་བརྟགས་ཉིད་དུ་གྲུབ་པ་ཡིན་ནོ། །གླང་པོའི་རྩལ་གྱི་མདོ་ལས་ཀྱང་། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། གང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཤེས་པ་དེ་ཡོད་པ་ཡིན་ནམ་འོན་ཏེ་མེད་པ་ཡིན། གསོལ་བ། བཅོམ་ལྡན་འདས་གང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་འཚལ་བ་དེ་ནི་འཚལ་བ་མ་མཆིས་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ནི་སྒྱུ་མའི་ངོ་བོ་ཉིད་དོ་ཞེས་བསྟན་པའི་སླད་དུ་སྟེ། སྒྱུ་མ་ལྟ་བུ་གང་ལགས་པ་དེ་ནི་མ་མཆིས་པའོ། །འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱང་ངོ་བོ་ཉིད་འཚལ་བ་དེ་ནི་འཚལ་བ་མ་མཆིས་པའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལ་གང་ཡང་ཡང་དག་པར་ཆོས་གང་ཡང་མི་དམིགས་པའི་སླད་དུའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟར་རོ། །དེས་ན་རང་བཞིན་མེད་པ་དང་རྟེན་འབྱུང་གི་སྣང་བ་གཉིས་པོ་ངོ་བོ་དབྱེར་མེད་པ་ཆུ་ཟླ་ལྟར་སྟོང་བཞིན་སྣང་བའི་ངེས་པ་ཁྱད་པར་ཅན་སྐྱེས་ནས་དེ་ལྟ་བུར་འཛིན་སྟངས་ཀྱི་སྒོ་ནས་ཡིད་ལ་བྱེད་པ་ནི་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་གྱི་སྒྱུ་མ་ལྟ་བུའི་ངེས་ཤེས་བྱ་བ་ཡིན་ལ། དེའང་གནས་ཚུལ་དང་མཐུན་པར་བཟུང་བ་ཡིན་མོད། སྟོང་པའི་གཞི་ཉིད་དང་དེའི་རང་བཞིན་མེད་པ་བློས་སྦྱར་ནས་བཟུང་བ་ཙམ་སྟེ། དགག་སྒྲུབ་ཀྱི་རྟོག་པ་གཉིས་པོའི་ཞེན་ཡུལ་རིགས་པས་སུན་ཕྱུང་ནུས་ཤིང་བོག་དབྱུང་དུ་ཡོད་པ་ཡིན་པས་རྣམ་པར་རྟོག་པ་ལ་བརྟེན་པས་ན་ཀུན་རྫོབ་ཅེས་བྱ་བ་ཡིན་ནོ། །གནས་ལུགས་ཇི་བཞིན་བསྒོམ་པ་ནི་དགག་སྒྲུབ་ཀྱི་རྟོག་པའི་སྤྲོས་པ་ཀུན་དང་བྲལ་བ་ཉིད་དེ། སྣང་བ་མེད་པའི་སྤྱོད་ཡུལ་ཅན་གྱི་མཉམ་བཞག་ནམ་མཁའ་ལྟ་བུ་ཞེས་སོ། །མཉམ་བཞག་སྣང་བཅས་སུ་འདོད་པའི་ལུགས་ལྟར་ནའང་སྤྲོས་བྲལ་ཡིན་ཚུལ་ལ་ནི་ཁྱད་ཅིའང་མེད་དོ། །གཉིས་པ་ཀུན་རྫོབ་དེའི་རང་བཞིན་ཕྱེ་སྟེ་བཤད་པ་ལ། སྣང་ཙམ་བསླུ་མེད་དུ་ཡོད་པ་དང་། སྣང་གཞི་བདེན་སྟོང་དུ་ངེས་པ་གཉིས། དང་པོ་ལ་ཚུལ་ཇི་ལྟར་སྣང་བ་དང་། རྒྱུ་གང་གིས་སྣང་བའི་ཚུལ་གཉིས། དང་པོ། མ་བརྟགས་གཅིག་པུ་ཉམས་དགའ་ཞིང་། །སྐྱེ་དང་འཇིག་པའི་ཆོས་ཅན་པ། །དོན་བྱེད་པ་དག་ནུས་རྣམས་ཀྱི། །རང་བཞིན་ཀུན་རྫོབ་པ་ཡིན་རྟོགས། །ཞེས་གསུངས་ཏེ། ཀུན་རྫོབ་ཅེས་བྱ་བ་དེ་རི་བོང་གི་རྭ་ལ་སོགས་པ་དང་། རྟག་པའི་དབང་ཕྱུག་ལ་སོགས་པ་བཞིན་དུ་མིང་ཙམ་ཞིག་ཡིན་ནམ། འོན་ཏེ་རྟེན་ཅིང་འབྲེལ་བ་བྱ་བྱེད་བསླུ་མེད་དུ་ནུས་པ་གནག་རྫི་ཡན་ཆད་ལ་ཤིན་ཏུ་གྲགས་པའི་དོན་དེ་ལ་བརྡའི་དབང་གིས་ཀུན་རྫོབ་ཅེས་བཞག་པ་གང་ཡིན་སྙམ་ན། ཀུན་རྫོབ་འདི་ནི་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་སྒྲ་ཙམ་གྱིས་བཞག་པའི་དངོས་མེད་མཐོང་བ་དང་འདོད་པའི་དོན་མི་བྱེད་པ་མ་ཡིན་ཏེ། འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་བརྟགས་ན་དཔྱད་མི་བཟོད་ཀྱང་མ་བརྟགས་གཅིག་པུའམ་ཁོ་ནའི་དབང་དུ་ན་ཉམས་དགའ་དགའ་ལྟར་མངོན་སུམ་དུ་སྣང་ཞིང་། རྒྱུ་དང་འབྲས་བུའི་ངོ་བོ་སྐད་ཅིག་གིས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པ་དང་མཐོང་བ་དང་འདོད་པའི་དོན་བསླུ་མེད་དུ་བྱེད་པ་དག་ནུས་པའི་དངོས་པོ་འདི་རྣམས་ཀྱི་རང་བཞིན་ནི་ཀུན་རྫོབ་པ་ཞེས་བྱ་བ་ཡིན་པར་རྟོགས་པའམ་ཤེས་དགོས་པ་ཡིན་ནོ། །དེ་ལ་ཀུན་རྫོབ་ཀྱི་མཚན་ཉིད་ལ་རྣམ་བཅད་ཀྱི་དབང་དུ་གསུམ་བསྟན་པ། ཡོངས་གཅོད་ཀྱི་དབང་དུ་གཅིག་ཏུ་བསྒྲུབ་པ་ཡིན་ཏེ། འདི་ལྟར་ཀུན་རྫོབ་འདི་དག་བདེན་པས་སྟོང་བཞིན་དུ་སྣང་བ་མ་ཡིན་པ་བསལ་བའི་ཆ་ནས་མ་བརྟགས་ཉམས་དགའ་ཞེས་གསུངས་ཏེ། བརྟགས་ན་མི་རྙེད་ཀྱང་མ་དཔྱད་པའི་ངོར་འགོག་མེད་དུ་སྣང་བ་ཆུ་ནང་གི་ཟླ་བ་ལྟ་བུའོ། །དེ་དག་ནི་སྣང་བ་བསླུ་མེད་འདི་ལ་བདེན་སྟོང་སྒྲུབ་པའི་རིགས་པ་གོང་དུ་ཇི་སྐད་བཤད་པ་དེ་དག་གིས་ངེས་སོ། །སྐད་ཅིག་མ་མ་ཡིན་པ་རྣམ་པར་གཅོད་པའི་དོན་དུ་སྐྱེ་འགག་གི་ཆོས་ཅན་ཡིན་པ་བསྟན་ཏེ། དེ་དག་ནི་རྟག་དངོས་འགོག་པའི་རིགས་པ་ལ་སོགས་པས་གསལ་བར་གྲུབ་ཀྱང་། འདིར་ཅུང་ཟད་སྤྲོས་ཏེ་བཤད་ན། སྐད་ཅིག་མར་བསྒྲུབས་པའི་རིགས་པ་ལ། ལྟོས་མེད་དང་། གནོད་པ་ཅན་གཉིས་སུ་ཡོད་ལ། དང་པོ། གང་དངོས་པོར་ཡོད་པ་དེ་འཇིག་རྒྱུ་གཞན་ལ་མི་ལྟོས་པར་རང་སྐད་ཅིག་གིས་འཇིག་པས་ཁྱབ། དཔེར་ན། གློག་དང་མེ་ལྕེ་ལ་སོགས་པ་བཞིན། སྒྲའང་དངོས་པོར་ཡོད་པས་སོ། །ཞེས་པ་ལྟ་བུ་སྟེ། དེ་ལ་ཁ་ཅིག་བུམ་པ་ལྟ་བུ་འཇིག་རྒྱུ་དང་མ་ཕྲད་ཀྱི་བར་དུ་རྟག་པ་ཡིན་ཏེ། ཇི་སྲིད་ཐོ་བ་སོགས་ཀྱིས་གྱོ་མོར་མ་བྱས་པ་དེ་སྲིད་ཁར་སང་གི་བུམ་པ་དེ་རིང་གི་འདིའང་ཡིན། དེ་རིང་གི་འདི་སང་གི་དེའང་ཡིན་སྙམ་པའོ། །དེ་ལ་འཇིག་པར་བྱ་རྒྱུའི་དངོས་པོ་དང་། ཞིག་པ་དངོས་མེད་གཉིས་ཀ་ལ་འཇིག་ཅེས་པའི་སྒྲ་འཇུག་མོད་ཀྱི། གང་ལྟར་ཡང་རྒྱུ་གཞན་མི་དགོས་ཏེ། དང་པོ་ལྟར་ན་རང་སྐྱེད་བྱེད་ལས་གཞན་མི་དགོས་ལ། ཕྱི་མ་ལྟར་ན་རྒྱུ་གཏན་མི་སྲིད་པས་སོ། །བུམ་པ་གཅིག་སྐྱེས་ནས་སྐད་ཅིག་བརྒྱའི་བར་དུ་འཇིག་རྒྱུ་དང་མ་ཕྲད། དེ་ནས་ཕྲད་དེ་ཞིག་པ་ལ་དཔེར་མཚོན་ན། སྐད་ཅིག་དང་པོ་སྐྱེས་མ་ཐག་པའི་སྐབས་དང་། དེ་ནས་རིམ་བཞིན་སྐད་ཅིག་གཉིས་པ་སོགས་ཀྱི་སྐབས་ཡོད་དགོས་ཏེ། གལ་ཏེ་དེ་ལྟར་མེད་པར་སྐད་ཅིག་དེ་དག་གི་གནས་སྐབས་ཀྱི་བུམ་པ་གཅིག་ཡིན་ན། སྐྱེས་མ་ཐག་པའི་སྐད་ཅིག་དང་རྒྱུན་འགག་ཁ་མའི་སྐད་ཅིག་གི་དུས་ཀྱི་བུམ་པ་གཉིས་གཅིག་ཡིན་དགོས་ལ། དེ་ལྟར་ན་བུམ་པ་དེ་སྐད་ཅིག་གཅིག་གིས་ཞིག་པར་གྱུར་པ་ལས་སྐད་ཅིག་བརྒྱར་མི་གནས་པར་འགྱུར་ལ། དེ་བཞིན་དུ་བར་གྱི་སྐད་ཅིག་གཅིག་སོ་སོ་ཐ་དད་མ་ཡིན་པར་སོང་ན་སྐད་ཅིག་དེ་མི་ཚང་བར་འགྱུར་བ་ཡིན་ཏེ། སྐད་ཅིག་ཅེས་པ་དེའང་བུམ་པ་དང་ངོ་བོ་ཐ་དད་པར་བུམ་པ་རྟག་ནས་སྐད་ཅིག་ལོགས་སུ་བགྲང་རྒྱུ་ཡོད་པ་ལྟ་བུ་མི་སྲིད་དོ། །དེ་བཞིན་དུ་ཞག་ལོ་བསྐལ་པ་ཇི་ཙམ་གནས་ཀྱང་དེ་སྐད་ཅིག་མར་གྲུབ་སྟེ། སྐད་ཅིག་མ་མ་བསགས་པའི་ལོ་སོགས་གྲུབ་མི་ཤེས་པ་བཞིན་ནོ། །མི་ལོ་བརྒྱར་སྡོད་དོ་ཞེས་པའང་ལོ་རེ་རེ་བ་བརྒྱ་བརྩིས་པ་ཡིན་ལ། ལོ་ལའང་ཟླ་བ་བཅུ་གཉིས་མ་ཚང་ན་ལོར་མི་རུང་ལ། ཟླ་བ་ལའང་ཞག་སུམ་ཅུ། ཞག་ལ་དབྱུ་གུ་དྲུག་ཅུ། དབྱུ་གུ་རེ་ལ་སྲང་དྲུག་ཅུ། སྲང་རེ་ལ་དབུགས་དྲུག །དབུགས་རེ་ལ་འབྱིན་རྡུབ་གཉིས། དེའི་རེ་རེ་ལའང་སྐད་ཅིག་དུ་མ་ཡོད་དེ། ཨུཏྤ་ལའི་འདབ་མ་བརྒྱ་བརྩེགས་པ་ཁབ་ཀྱིས་སྐྱེན་པར་ཕུག་པ་བཞིན་དུ་སྐད་ཅིག་རྣམས་རིམ་པས་འབྱུང་བ་མ་གཏོགས། གོ་རིམ་འཆོལ་བར་འབྱུང་མི་ཤེས་ལ། དེའི་ནང་གི་སྐད་ཅིག་གཅིག་ལྟ་བུ་མ་ཚང་ཡང་། དེའི་གྲངས་ཀྱིས་སྡོད་ཡུན་ཐུང་མི་འགྲོ་བ་མི་སྲིད་ཅིང་། སྐད་ཅིག་དང་པོ་དང་གཉིས་པའི་དུས་ཀྱི་དངོས་པོ་དེ་གཅིག་ཡིན་པར་གྱུར་ན། སྐད་ཅིག་དང་པོ་ཁོ་ན་བཞིན་ལས་གཉིས་པ་དོན་མེད་པར་འགྱུར་ལ། དེ་སྐད་ཅིག་དང་པོ་དེ་ལས་གཡོ་བ་མེད་ཅིང་མི་འཇིག་ན་མཐར་འགྱུར་བའང་མི་སྲིད་ཅིང་། མདོར་ན་སྐད་ཅིག་དང་པོ་ལ་ཆོས་ཅི་དམིགས་པ་དེ་ལས་གཞན་དུ་དམིགས་ཀྱང་མི་རུང་སྟེ། སོ་རྙིང་དང་སྔ་ཡོད་ད་ཡོད་ཀྱི་ཁྱད་པར། སུའི་དབང་པོའི་ཡུལ་དུ་གྱུར་མ་གྱུར། བྱ་བ་བྱེད་པ་དང་མི་བྱེད་པའི་དངོས་པོ་ཐ་དད་མེད་པར་འགྱུར་དགོས་ན། དེ་ལྟར་མ་ཡིན་པས་སྔ་མ་ཞིག་ནས་ཕྱི་མའི་གནས་སྐབས་སྐྱེ་བར་ངེས་ཏེ། གང་བུམ་པ་ལྟ་བུ་ལའང་སྔ་མ་ཆུ་མེད་པའི་དུས་དང་། ད་ལྟ་ཆུ་ཡོད་པའི་དུས་ཀྱི་བུམ་པ་གཅིག་ཡིན་ན། ཆུ་མེད་པའི་གནས་སྐབས་ཡིན་བཞིན་ཆུ་ཡོད་པ་ཡིན་དགོས་ལ་དེ་མི་སྲིད་པའི་སྔ་མ་ཆུ་མེད་ཀྱི་སྐབས་ཀྱི་བུམ་པ་དེ་འགགས་པར་ཤེས་པར་བྱ་སྟེ། དེ་མ་འགགས་ན་ཆུ་ཡོད་འབྱུང་བའི་གོ་སྐབས་མི་སྲིད་པ་ཡིན་ནོ། །དེ་བཞིན་དུ་དངོས་པོའི་ཆོས་གང་ཞིག་དོན་བྱེད་པར་སྣང་བ་ཐམས་ཅད་སྐད་ཅིག་སྔ་མ་མ་འགགས་ན་ཕྱི་མ་མི་སྐྱེ་བས་དངོས་པོ་རང་གི་སྐྱེ་འགག་གཉིས་རྒྱུ་གཅིག་གིས་འཕེན་པ་ལས། འགག་པ་ལ་རྒྱུ་གཞན་མི་དགོས་པར་ཤེས་པར་བྱའོ། །དེ་ལྟར་སྐད་ཅིག་གིས་སྐྱེ་ཞིང་འགག་པ་ཡིན་མོད་ཀྱི། འདྲ་བ་བར་མ་ཆད་དུ་བྱུང་བ་ལ་འཁྲུལ་པའི་རྒྱུ་བྱས་ཏེ་གཅིག་པུར་བཟུང་བ་ཡིན་པ། དཔེར་ན། ན་ནིང་བདག་ཆུ་འདིར་བརྒལ། སང་ཡང་བརྒལ་ལོ་སྙམ་དུ་ན་ནིང་དང་ད་ལོ་སང་ཕོད་ཀྱི་ཆུ་བོ་དེ་གཅིག་རྟག་ལྟ་བུར་སེམས་ཀྱང་། བརྟགས་ན་ན་ནིང་དང་སང་ཕོད་ཕར་ཞོག །ད་ནང་གི་ཆུ་ཡི་ཤུལ་ན་ཟིལ་པ་ཙམ་ཡང་མེད་པར་ཆུ་གསར་པ་ཞིག་བྱུང་བ་ཡིན་པ་བཞིན་ནོ། །དེས་ན་བུམ་པ་ལྟ་བུ་ཐོ་བས་འཇིག་གོ་ཞེས་སེམས་པ་ནི། བུམ་པའི་སྐད་ཅིག་མ་འོངས་པ་རྒྱུན་མཐུད་དེ་སྐྱེ་བ་བཀག་སོང་བ་ལ་བུམ་པ་བཤིག་ཅེས་བརྗོད་ཀྱི། དངོས་སུ་བུམ་འཇིག་གི་རྒྱུ་ནི་མ་ཡིན་ཏེ། ཐོ་བས་ཐོ་བ་རང་ངམ། གྱོ་མོའམ། དེ་ལས་གཞན་ཞིག་བྱེད་པ་ཡིན་ཞེས་བརྟགས་ན། རང་བྱེད་མི་སྲིད་ལ། བུམ་པའི་ཉེར་ལེན་དང་ཐོ་བས་ལྷན་ཅིག་བྱེད་རྐྱེན་བྱས་ནས་གྱོ་མོ་སྐྱེ་བར་བྱེད་མོད། འོན་ཀྱང་གྱོ་མོ་བྱས་པ་ཡིན་གྱི་བུམ་པ་ཅི་ཞིག་བཤིག །ཐོ་བ་གཅིག་གིས་བུམ་པ་དངོས་མེད་དུ་འཇིག་པ་དང་། གྱོ་མོ་དངོས་པོ་གཉིས་ཅིག་ཅར་བསྐྱེད་དོ་སྙམ་ན། དངོས་དངོས་མེད་གཉིས་བྱ་བའི་ཡུལ་དུ་མི་རུང་ལ། གྱོ་མོ་ལས་གཞན་བྱས་པས་བུམ་པ་མི་འཇིག་སྟེ། ཀ་བ་བྱས་པས་བུམ་པ་མི་འཇིག་པ་བཞིན་ནོ། །གང་ཐོ་བས་བུམ་པ་བཤིག་གི་གྱོ་མོ་མེ་བུས་པའི་ཐལ་བ་ལྟར་ཤུགས་ལས་བྱུང་ངོ་སྙམ་ན། རྫ་མཁན་གྱིས་ཀྱང་འཇིམ་པ་བཤིག་པར་འགྱུར་གྱི་བུམ་པ་བྱས་པར་མི་འགྱུར་བ་སོགས་ཧ་ཅང་ཐལ་ལོ། །དེས་ན་འཇིག་པ་དངོས་མེད་རྒྱུ་ཡིས་བྱེད་དོ་ཞེས་གང་སྨྲ་བ་དེས་དོན་ལ་རྒྱུ་ཡིས་ཅི་ཡང་མི་བྱེད་པར་ཁས་བླངས་པ་སྟེ། མེད་པར་བལྟ་ཟེར་བ་དང་། ལྟ་རྒྱུ་མེད་ཟེར་བ་གཉིས་དོན་དུ་འདྲ་བ་བཞིན་ནོ། །གཉིས་པ་གནོད་པ་ཅན་གྱི་གཏན་ཚིགས་ནི། ཁ་ཅིག་གིས་བྱ་རོག་ཕལ་ཆེར་ནག་པོ་ཡིན་ཀྱང་དཀར་པོ་ཡོད་སྲིད་པ་ལྟར་དངོས་པོ་ཕལ་ཆེར་མི་རྟག་ཀྱང་། དབང་ཕྱུག་ལ་སོགས་པ་འགའ་ཞིག་དངོས་པོ་ཡིན་ཀྱང་རྟག་པའང་ཡིན་སྲིད་དོ་ཟེར་ན། གང་རིམ་དང་ཅིག་ཅར་དུ་དོན་བྱེད་ནུས་པས་སྟོང་པའི་རྟག་པ་ཡིན་ན་དངོས་པོ་མ་ཡིན་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། དབང་ཕྱུག་རྟག་པའང་དོན་བྱེད་པས་སྟོང་ངོ་། །ཞེས་གང་དོན་བྱེད་ན་ནི་རིམ་ཅན་དང་སྐད་ཅིག་མ་ཉིད་ཡིན་དགོས་ལ། རྟག་པ་ལ་འགྱུར་བ་མི་འཐད་པས་དོན་བྱེད་པས་སྟོང་ཞིང་གང་དོན་བྱེད་པས་སྟོང་པ་དེ་ལ་དངོས་པོ་མི་སྲིད་དེ། མདོར་ན་རྟག་ན་དངོས་པོ་ཡིན་པ་འགལ། དངོས་པོ་ཡིན་ན་རྟག་པ་འགལ་ཏེ། དེ་གཉིས་ཀྱི་གཞི་མཐུན་ཤེས་བྱ་ལ་མི་སྲིད་པར་ཤེས་པར་བྱའོ། །དེ་ལྟར་ན་རྟག་པའི་དངོས་པོ་མི་སྲིད་ཅིང་དངོས་པོ་གང་ཡོད་འཇིག་པ་རྒྱུ་གཞན་ལ་མི་ལྟོས་པར་གྲུབ་པས་ཤེས་བྱའི་ཁྱོན་གང་ནའང་དངོས་པོ་རྟག་པ་ཞིག་མེད་པར་ཤེས་པར་བྱ་སྟེ། གང་དོན་བྱེད་མི་ནུས་པ་ནམ་མཁའ་ལ་སོགས་པ་ནི་དོན་དུ་ཡོད་པ་མ་ཡིན་ཏེ། དངོས་པོ་གཞན་བསལ་བའི་ཆ་ལ་སྒྲོ་བཏགས་པ་ཙམ་ཡིན་ལ། ནམ་མཁའ་རྟག་པ་སོགས་ཀྱི་དཔེར་བྱས་པ་ནི་མི་རྟག་པ་མ་ཡིན་པ་ཙམ་ལ་བཞག་པ་ཡིན་གྱི། རྟག་པའི་རང་བཞིན་དུ་གྲུབ་པ་ནི་ཅིའང་མེད་དོ། །དེ་ལྟ་བུའི་ཚུལ་གྱིས་སྐྱེས་པ་ཉིད་འཇིག་པའི་དོན་དུ་གོ་བ་འདི་ཐ་སྙད་ཀྱི་ཚད་མའི་ནང་ན་དོན་ཕུལ་དུ་བྱུང་བ་ཡིན་ཏེ། འདི་ལ་བརྟེན་ནས་བྱ་བྱེད་རྒྱུ་འབྲས་ཀྱི་རྣམ་གཞག་འཁྲུལ་མེད་དང་ཐ་སྙད་ཀྱི་ཡིན་ལུགས་ཤེས། སྲིད་ལ་ཞེན་པ་དང་རྟག་དངོས་སོགས་ཕྱིན་ཅི་ལོག་གི་རྟོག་པ་མ་ལུས་པ་བཟློག །དངོས་པོ་མེད་པའི་སྟོང་ཉིད་ལ་བདེ་བླག་ཏུ་འཇུག་ནུས་པ་སོགས་རྣམ་བྱང་གི་ཆོས་དཀར་ཐམས་ཅད་ཀྱི་རྩ་བ་ཡིན་པས། བཅོམ་ལྡན་འདས་ཀྱིས་ཀྱང་། རྗེས་ཐམས་ཅད་ཀྱི་ནང་ནས་གླང་པོ་ཆེའི་རྗེས་མཆོག་ཡིན་པ་བཞིན་དུ། འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པའི་འདུ་ཤེས་མཆོག་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་དོན་བྱེད་ནུས་པའི་ཚུལ་ཡང་། རི་བོང་གི་རྭ་ལ་སོགས་པ་དག་མིང་ཙམ་ལས་རང་གི་ངོ་བོ་ཅུང་ཟད་མེད་པ་བཞིན་དུ་དངོས་མེད་ཐམས་ཅད་ཀྱང་དོན་དུ་དེ་དང་འདྲ་སྟེ་དངོས་པོ་གང་དགག་པ་ཙམ་ཡིན་གྱི། རང་དབང་དུ་གྲུབ་པ་ཅུང་ཟད་ཀྱང་མེད་དོ། །དེས་ན་དོན་བྱེད་མི་ནུས་པ་ནམ་མཁའ་ལ་སོགས་པ་ནི་ཐ་སྙད་ཀྱི་ཚད་མས་ཡོད་པར་མི་འགྲུབ་པས་ན་དོན་དུ་མེད་པར་ཤེས་པར་བྱ་སྟེ། དེས་ན་སྐྱེས་བུས་འཇུག་ལྡོག་གི་ཡུལ་ནི་ཐ་སྙད་དུ་རང་མཚན་ཡོད་པའི་དངོས་པོ་དོན་བྱེད་ནུས་པ་ཁོ་ན་ཡིན་པས་འདིར་དེ་ཀུན་རྫོབ་ཏུ་གཟུང་བར་བྱ་བ་ཡིན་ཏེ། ཇི་སྐད་དུ། གཅིག་བསྒྲུབ་པ་ན་དེ་རྟེན་དང་། །གཞན་རྣམས་བཏང་སྙོམས་ལྟ་བུ་དང་། །ཞེས་གསུངས་པ་ལྟར། སྐབས་འདིར་ཤེས་པར་བྱ་བའི་གཞིར་གྱུར་པ་མཁས་པ་པཎྜི་ཏ་ནས་བླུན་པོ་བ་ལང་རྫི་ཡན་ཆད་ལ་གྲགས་པ་དོན་བྱེད་ནུས་པའི་དངོས་པོ་གནོད་མེད་ཀྱི་དབང་པོ་ལ་རང་མཚན་སྣང་ནས་ཤིང་རང་འབྲས་ཕྱི་མ་བསྐྱེད་ནུས་པ་རྣམས་ནི་ཐ་སྙད་ཀྱི་ཚད་མས་གཞལ་བྱ་དངོས་ཡིན་ལ། དེ་ལ་བརྟེན་ནས་དངོས་དངོས་མེད། དགག་དང་སྒྲུབ་པ། སྤྱི་དང་བྱེ་བྲག །འགལ་དང་འབྲེལ་བ། རྫས་དང་ལྡོག་པ། བརྗོད་བྱ་རྗོད་བྱེད། སྣང་དང་སེལ་འཇུག་ལ་སོགས་པའི་རྣམ་པར་དབྱེ་བ་མཐའ་ཡས་པ་འཇུག་ཅིང་ཐ་སྙད་བྱེད་པ་ཡིན་པས་ཀུན་རྫོབ་ཅེས་བྱ་བའི་སྒྲའི་དངོས་ཡུལ་ནི་དོན་བྱེད་པ་ཁོ་ནའོ། །འོ་ན་རྒྱུན་འགག་ཀའི་སྐད་ཅིག་ཐ་མ་ལ་དོན་བྱེད་ནུས་པའི་མཚན་ཉིད་མ་ཞུགས་སྙམ་ན། རྐྱེན་དང་ཕྲད་ན་ནུས་པས་ན་སྐྱོན་དེ་མེད་པར་གསུངས་ཀྱང་། རྐྱེན་དང་མ་ཕྲད་ནའང་རང་འབྲས་ཕྱི་མ་མི་བསྐྱེད་མོད་ཀྱི། སྤྱིར་དོན་མི་བྱེད་པར་ཡང་མི་འགྱུར་རོ། །དེ་ལ་གཞུང་གཞན་དུ་ཀུན་རྫོབ་ལ་ཡང་ལོག་གི་ཐ་སྙད་མཛད་ལ། སྣང་ཚུལ་གྱི་དབང་དུ་ན་འདིར་ཡང་དེའི་ཐ་སྙད་ཙམ་བྱས་པ་ལ་འགལ་བ་མེད་མོད་ཀྱི། འོན་ཀྱང་གཞུང་འདི་ཡིས་ཐ་སྙད་ཀྱི་གནས་ཚུལ་ལ་ཚད་མས་དཔྱད་ནས་འཇོག་ཚུལ་རྣམ་པ་ཀུན་ཏུ་ཚད་མའི་གཞུང་ཁོ་ན་ལྟར་བྱ་དགོས་པས། ཐ་སྙད་དུའང་དོན་བྱེད་པ་མེད་པ་རྣམས་ལ་ཐ་སྙད་ཚད་མའི་འཇུག་ཡུལ་དུ་གཞག་པའང་མི་རུང་བས་དོན་བྱེད་ནུས་པ་ཁོ་ན་ཀུན་རྫོབ་ཏུ་འཛིན་དགོས་པ་ཡིན་ཏེ། ལོག་པའི་ཞེན་སྣང་གི་ཡུལ་ཟླ་གཉིས་ལ་སོགས་པ་ལྟ་བུ་ལ། དེར་སྣང་བ་ནི་ཤེས་པ་ཉིད་དེར་སྣང་བ་ཙམ་ཡིན་པས་ཀུན་རྫོབ་ཏུ་མ་འདུས་པའི་སྐྱོན་མེད་ལ། སྣང་བ་ལྟར་ཀྱི་དོན་ཁོ་རང་གི་ངོ་བོ་གྲུབ་མ་གྲུབ་ལ་བསམས་ན་ནི་མེད་པ་ཙམ་ཡིན་གྱི། གལ་ཏེ་དེ་དོན་དུ་ཡོད་པར་བཟུང་ནས་དེ་ལ་ཀུན་རྫོབ་ཀྱི་མཚན་ཉིད་མ་ཞུགས་པས་བདེན་པ་གཉིས་སུ་མ་འདུས་པའི་ཤེས་བྱ་ཕུང་གསུམ་པར་འགྱུར་རོ་སྙམ་ན། དེ་ཡོད་ཅིང་སྐད་ཅིག་མ་མིན་པར་ཁས་ལེན་ན་དེ་རྟག་པའི་སྣང་བ་ཉིད་དུ་འགྱུར་ཞིང་བརྫུན་པ་ཉིད་དུའང་མི་འགྱུར་ཏེ། དེ་ལྟར་ན་བདེན་མེད་སྒྲུབ་པའི་དཔེ་མཐུན་སྣང་བ་མི་སྲིད་པ་སོགས་སུ་ཐལ་བས། འཇིག་རྟེན་ཐ་མལ་པ་ལས་ཀྱང་ཤིན་ཏུ་བླུན་པ་ཕྱུགས་ཀྱི་ངང་ཚུལ་བཟུང་ནས། དངོས་པོའི་དེ་ཉིད་ལ་མཁས་པ་ལས་ཀྱང་ཤིན་ཏུ་མཁས་པ་རྣམས་ལ་རྩོད་པ་སྨྲ་བར་བྱེད་པ་ནི་བཞད་གད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་ཞིག་གོ། །དེ་བཞིན་སེལ་བའི་སྟོབས་ཀྱིས་དངོས་མེད་ཀྱི་རྣམ་པར་བཟུང་བ་ལའང་སྦྱར་བར་བྱ་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞེས་པ་ལ་སོགས་པ་བཞིན་ནོ། །དེ་ལ་ཚད་མ་གཞུང་གི་གོ་བ་བྱང་མ་ཆུབ་པ་རྣམས་ལ་ཀུན་རྫོབ་ཡང་ལོག་ཕྱེ་བ་དེ་བློ་ལ་བཟུང་བ་དེ་ཡང་སྐབས་འདིར་ཀུན་རྫོབ་ལ་དོན་བྱེད་ནུས་པས་ཁྱབ་པར་འདོད་པ་ལ་ཐ་སྙད་ཚད་མའི་གནད་ཤིན་ཏུ་ཟབ་པ་ཡོད་པ་ནི་ཆོས་ཀྱི་གྲགས་པའི་རིང་ལུགས་ལ་ཡུན་རིང་དུ་གོམས་པ་དག་གི་སྤྱོད་ཡུལ་ལོ། །དེ་ལྟར་རྣམ་བཅད་ཀྱི་དབང་དུ་མཚན་ཉིད་གསུམ་དུ་བསྟན་ཀྱང་། ཡོངས་གཅོད་དུ་ཀུན་རྫོབ་གཅིག་གི་ངོ་བོ་ལ་དེ་གསུམ་ཀ་ཚང་དགོས་ཏེ། ཐ་སྙད་ཀྱི་ཚད་མས་རྙེད་དོན་ནམ། རང་མཚན་སྣང་རུང་གི་དངོས་པོ་ཐམས་ཅད་ལ་གྲགས་པའམ། སྣང་ཡང་གྲུབ་པ་མེད་པ་འདི་ཀུན་རྫོབ་ཀྱི་ངོ་བོ་ཡིན་ནོ་ཞེས་ཡང་ཡང་བཤད་པ་དེའོ། །དེ་ལ་རྣམ་བཅད་ཡོངས་གཅོད་ཀྱི་ཚུལ་མདོར་བསྡུས་སུ་བརྗོད་ན། དེ་མིན་བ སལ་བའམ་གཞན་སེལ་བའི་ཚུལ་གྱིས་འདི་དག་གི་ཐ་སྙད་བྱེད་པ་སྟེ། སེལ་ཚུལ་ལ་བུམ་མེད་ལྟ་བུ་མེད་དགག་གི་གཞན་སེལ་དང་། བུམ་མིན་ལྟ་བུ་མ་ཡིན་དགག་གི་གཞན་སེལ་གཉིས་ཡོད་ལ། དེའང་རང་མིན་པ་བསལ་བའི་ཚུལ་གྱིས་དེའི་ངོ་བོ་ཤེས་པར་བྱ་བ་རྣམ་བཅད་དང་། རང་གི་ངོ་བོ་སྒྲུབ་པའི་ཚུལ་གྱིས་རང་མིན་མཐའ་དག་བསལ་བ་ཡོངས་གཅོད་དེ། དེས་ན་དེ་མ་ཡིན་པ་རྣམ་བཅད་ཀྱིས་ཁེགས་ན། དེའི་ངོ་བོ་ཡོངས་གཅོད་དུ་གྲུབ་པ་དང་། དེ་བཞིན་བཟློག་སྟེ་གྲུབ་ཚུལ་ཀྱང་ཤེས་པར་བྱ་བ་སྤྱིར་བཏང་ནས། བྱེ་བྲག་ཏུ་དབྱེ་ན་སྒྲ་དང་དོན་གྱི་རྣམ་བཅད་གཉིས་སུ་ཡོད་དེ། འདི་ལྟར་སྒྲ་ཐམས་ཅད་ནི་གཞན་སེལ་བའི་ཡུལ་ཅན་ཡིན་པས། སྒྲ་དེས་རང་གི་བརྗོད་བྱ་མིན་པ་རྣམ་པར་བཅད་པའི་སྟོབས་ཀྱིས། བརྗོད་བྱའི་ངོ་བོ་ཡོངས་གཅོད་དུ་གྲུབ་པ་ཉིད་གོ་བ་ལྟ་བུར་སྣང་བ་ཡིན་ཏེ། དོན་ལྡན་གྱི་རྗོད་བྱེད་རྣམས་ལྟ་ཅི་སྨོས། དོན་མི་མཐུན་རི་བོང་གི་རྭ་ཞེས་བརྗོད་པ་ལྟ་བུ་ལའང་། རི་བོང་མིན་པ་དང་རྭ་མིན་བཅད་ནས་བརྗོད་བྱའི་ངོ་བོ་སྒྲུབ་པ་ལྟ་བུ་མེད་ན། ཡུལ་དེའི་སྒྲ་བློ་མི་སྐྱེ་ལ། དེ་མ་སྐྱེས་ན་དེ་གཏན་མེད་དུ་འཛིན་པའི་སྒྲ་བློའང་མི་སྲིད་པ་ལྟ་བུ་ཡིན་ཀྱང་། སྒྲའི་སྟོབས་ཙམ་ལས་བློ་ཡུལ་དུ་འཕང་བ་མ་གཏོགས་རི་བོང་རྭའི་ངོ་བོ་ལ་ནི། བཅད་གཉིས་ཀས་གྲུབ་པ་གཞན་མེད་པས་དོན་ལ་ཐ་སྙད་དུའང་མེད་དོ། །དོན་གྱི་རྣམ་བཅད་ལ་ནི། ཡོངས་གཅོད་དང་རྣམ་བཅད་ཀྱིས་གྲུབ་པ་གཉིས་ཡོད་དེ། དེའང་དངོས་མེད་རྣམས་དངོས་པོ་རྣམ་པར་བཅད་པ་ཙམ་གྱི་རྩ་བ་ཅན་ཏེ། དགག་བྱ་བཅད་པ་ལ་ལྟོས་ནས་ཐ་སྙད་དུ་དེའི་ངོ་བོ་ཡོངས་གཅོད་དུ་གྲུབ་པ་ལྟ་བུར་སྣང་ཡང་། དོན་ལ་རྣམ་བཅད་ཀྱི་སྟོབས་ཀྱིས་གྲུབ་པ་མ་གཏོགས་རང་གི་ངོ་བོ་ཡོངས་གཅོད་དུ་གྲུབ་པ་ཅུང་ཟད་ཀྱང་མེད་དོ། །དངོས་པོ་རྣམས་ནི་རང་གི་ངོ་བོ་ཡོངས་གཅོད་དུ་གྲུབ་པའི་ཤུགས་ཀྱིས། རང་མིན་ཐམས་ཅད་རྣམ་བཅད་དུ་ཁེགས་པས་བཅད་གཉིས་ཀས་གྲུབ་ཀྱང་། གཙོ་བོར་ཡོངས་སུ་གཅོད་པའི་སྟོབས་ཀྱིས་རྣམ་པར་བཅད་པ་ཤུགས་ལ་གྲུབ་པར་འགྱུར་རོ། །དེས་ན་སྒྲ་དང་དོན་གྱི་རྣམ་བཅད་ཁྱད་མ་ཕྱེད་ན། མིང་གིས་བརྗོད་པའི་དོན་དག་ལ་ཐ་སྙད་དུ་ཡོད་མེད་ཀྱི་ཁྱད་མི་ཕྱེད་ལ། དོན་གྱི་ངོ་བོ་ལ་རྣམ་བཅད་ཀྱིས་གྲུབ་པ་དང་། ཡོངས་གཅོད་ཀྱིས་གྲུབ་པའི་ཁྱད་མ་ཕྱེད་ན། དངོས་དངོས་མེད་ཀྱི་ཁྱད་མི་ཕྱེད་པས་དེ་གཉིས་ཤན་འབྱེད་ཚུལ་འདི་ལྟ་བུ་ཤིན་ཏུ་གལ་ཆེའོ། །དེ་ལ་ཁྱད་གཞི་ཞིག་གི་སྟེང་དུ་ཁྱད་པར་གྱི་ཆོས་གང་ཡང་རུང་བ་བསྒྲུབ་པ་ན། ཆོས་དེ་གཞི་དེ་ལ་མི་ལྡན་པ་བཅད་ནས་ལྡན་པར་སྒྲུབ་པ་དང་། དེ་ལས་གཞན་ལ་ལྡན་པ་བཅད་ནས་དེ་ཉིད་ལ་ལྡན་པའི་ཚུལ་དུ་སྒྲུབ་པ་གཉིས་ཡོད་ཅིང་། དེའང་མཚན་ཉིད་ལྟ་བུ་ལ་སྦྱར་ན། གཞི་དེར་ལྡན་ཚུལ་ལའང་། གཏན་ནས་མི་སྲིད་པ་ཤེས་པའི་མཚན་ཉིད་དུ་རྡུལ་དུ་གྲུབ་པ་བཀོད་པ་ལྟ་བུ་བཅད་ནས། དེ་ལ་སྲིད་པར་གྱུར་པ་བཀོད་པ་ལ་མི་སྲིད་རྣམ་གཅོད་ཟེར་ཞིང་། གཞི་དེའི་ཕྱོགས་གཅིག་ལ་སྲིད་ཀྱང་གཞིའི་ཕྱོགས་གཞན་ལ་མ་ཁྱབ་པ་ཤེས་པ་ཙམ་གྱི་མཚན་ཉིད་དུ་མིག་དབང་ལ་བརྟེན་ནས་སྐྱེས་པའི་ཡུལ་རིག་པ་བཀོད་པ་ལྟ་བུ། གཞིའི་ཕྱོགས་མཐའ་དག་ལ་མི་ལྡན་པ་བཅད་ནས། ཀུན་ཏུ་ཁྱབ་པར་གྱུར་པ་བཀོད་པ་ལ་མི་ལྡན་རྣམ་གཅོད་དང་། གཞི་ལ་ཁྱབ་ཀྱང་མཚོན་འདོད་མེད་པའི་ཆོས་གཞན་ལའང་ཁྱབ་ཆེས་པ་ཤེས་པའི་མཚན་ཉིད་དུ་བློའི་ཡུལ་དུ་བྱར་རུང་བཀོད་པ་ལྟ་བུ། གཞན་ལ་ལྡན་པ་བཅད་ནས། དེ་ཁོ་ན་ལ་ལྡན་པར་གྱུར་པ་བཀོད་པ་ལ་གཞན་ལྡན་རྣམ་གཅོད་ཅེས་བྱ་སྟེ། རྣམ་གཅོད་རྣམ་པ་གསུམ་གྱིས་སྐྱོན་གསུམ་སྤངས་པའི་མཚན་ཉིད་ནི་སྐྱོན་མེད་པར་འདོད་དོ། །དེ་ལྟར་ཁྱད་གཞི་ལ་ཁྱད་ཆོས་སྒྲུབ་པ་ཐམས་ཅད་དེ་ཁོ་ན་ལ་ལྡན་པའམ། གཞན་ལའང་ལྡན་པ་སྟེ་རྣམ་གཅོད་རྣམ་པ་གཉིས་ཀྱི་ཚུལ་གྱིས་བརྗོད་པར་འདོད་པའི་དོན་བཞིན་སྒྲུབ་པར་བྱེད་དོ། །དེས་ན་གཞི་གང་ལ་ཁྱད་པར་གྱི་ཆོས་གང་དག་ཅི་མཆིས་པའི་ལྡོག་ཆ་ནས་རྣམ་བཅད་དེ་སྙེད་དུ་ཕྱེ་རུང་ལ། རང་མིན་མཐའ་དག་བཅད་པའི་ངོ་བོ་ནི་ཡོངས་གཅོད་དང་གཅིག་གོ། །དེའང་ཁྱད་གཞི་དང་ཁྱད་ཆོས་སུ་ཕྱེ་བའི་དབང་དུ་ན། ཁྱད་གཞི་སྔོན་པོ་ཙམ་གྱི་ལྡོག་པ་དང་། སྔོན་པོའི་སྟེང་གི་བྱས་མི་རྟག་སོགས་ཁྱད་ཆོས་ཀྱི་ལྡོག་པར་འགྱུར་ཞིང་། མཚན་མཚོན་གཞི་གསུམ་དུ་ཕྱེ་ན། དེ་གསུམ་གྱི་ལྡོག་པ་ལ་དོན་ལྡོག །རང་ལྡོག །གཞི་ལྡོག་ཅེས་གྲགས་པ་ལ་སོགས་པ་ལྟ་བུ་སྟེ། མདོར་ན་ལྡོག་པ་ཐམས་ཅད་དེ་མིན་གཞན་རྣམ་པར་བཅད་པའམ་སེལ་བའི་ཆ་ནས་འཇོག་པ་ཡིན་ནོ། །བཅད་གཉིས་ཀྱི་ཚུལ་ཤིན་ཏུ་གསལ་བར་འདིར་བསྟན་པའོ། །དེ་ལ་ཀུན་རྫོབ་ཡིན་ན་གོང་གི་ཆོས་གསུམ་པོ་དེ་གཞི་གཅིག་ལ་འབྲལ་མི་རུང་དུ་ཚང་དགོས་བྱས་པ་ལ། ཁ་ཅིག་ན་རེ། དེ་མི་འཐད་དེ། གལ་ཏེ་འཐད་ན། ཚོར་བ་ཡིད་མི་འོང་གི་དངོས་པོ་ཆོས་ཅན། མ་བརྟགས་ཉམས་དགའ་བ་ཡིན་པར་ཐལ། ཀུན་རྫོབ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཉམས་མི་དགའ་བ་ཡིན་པའི་ཕྱིར་ཞེ་ན། ཚངས་དབང་འཁོར་སྒྱུར་གྱི་སྲིད་པའི་བདེ་བ་ཆོས་ཅན། སྡུག་བསྔལ་ཡིན་པར་ཐལ། ཟག་བཅས་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བདེ་བ་ཡིན་པའི་ཕྱིར། གཞན་ཡང་དེ་འདྲ་མང་ངོ་། །དགོངས་པ་ཕྱེ་ན་གཅིག་ཤོས་ཀྱང་ཕྱེའོ། །ཡང་ཁོ་ན་རེ། མེད་པར་དགག་པ་ཙམ་གྱི་སྟོང་ཉིད་ཆོས་ཅན། སྐད་ཅིག་མར་ཐལ། ཀུན་རྫོབ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། རང་འགྲེལ་ལས། ཀུན་རྫོབ་ཅེས་བྱ་བའི་རྣམ་པར་རྟོག་པའི་བློ་ལ་བརྟེན་པའི་ཕྱིར་མི་སྐྱེ་བ་ལ་སོགས་པ་ནི་ཀུན་རྫོབ་པར་འགྱུར་གྱི། དོན་དམ་པ་ནི་མ་ཡིན་ཏེ། ཤིང་ལ་སོགས་པའི་སྒྲའི་དོན་བཞིན་ནོ། །ཞེས་དང་། སྐྱེ་བ་མེད་པ་ལ་སོགས་པའང་ཡང་དག་པའི་ཀུན་རྫོབ་ཏུ་གཏོགས་པ་ཡིན་དུ་ཟིན་ཀྱང་ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དངོས་མེད་ཡིན་པའི་ཕྱིར་ཞེ་ན། སྟོང་ཉིད་མེད་དགག་ཆོས་ཅན། ཁྱོད་བསམ་ཞིང་བརྗོད་དུ་མི་རུང་བར་ཐལ། ཁྱོད་དོན་དམ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། དོན་དམ་པའི་བདེན་པ་ནི་གང་ལ་སེམས་ཀྱི་རྒྱུ་བའང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ་མངོན་སུམ་དང་འགལ་ལོ། །ཡང་ཁོ་ན་རེ། ནམ་མཁའ་སོགས་འདུས་མ་བྱས་ཆོས་ཅན། དོན་བྱེད་ནུས་པར་ཐལ། ཀུན་རྫོབ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཤེས་བྱ་ལ་བདེན་གཉིས་སུ་གྲངས་ངེས་པ་གང་ཞིག །མཁའ་སོགས་དོན་དམ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ་དོན་བྱེད་ནུས་སྟོང་ཡིན་པའི་ཕྱིར་ཞེ་ན། འདི་ལ་རྟགས་དོན་གྱིས་གོ་བ་ལས་ཚིག་ཤུགས་དོན་ཅན་དུ་སོང་བ་ཡིན་ནའང་། དེ་ལྟར་ན་འཇིག་རྟེན་ཐ་སྙད་དུའང་མེད་པ་མོ་གཤམ་གྱི་བུ་དང་མགོ་བསྒྲེས་ན། ཁོ་རང་ལའང་དེ་གཏན་མེད་དུ་ཤེས་པར་བྱ་བ་ཡིན་པའི་ཕྱིར། ཚིག་གིས་མཚུངས་ཤིང་དོན་གྱི་ངོ་བོ་མེད་པ་དངོས་མེད་ཀུན་ལ་འདྲ་བས། ཞེ་འདོད་སོགས་ཀྱི་ཁྱད་པར་ཕྱེ་ན་ཅིག་ཤོས་ལའང་ཕྱེ་བས་ཆོག་གོ། །དེ་གཉིས་མི་མཚུངས་ཏེ་ཐ་སྙད་དུ་ཡོད་མེད་ལ་ཁྱད་ཡོད་པས་སོ་སྙམ་ན། དོན་རང་མཚན་གྱི་སྟེང་ནས་ཁྱད་ཡོད་དུ་སྒྲུབ་མ་ནུས་ན། རྣམ་བཅད་ཀྱིས་གྲུབ་པ་ཙམ་ནི་དོན་ལ་དཔྱོད་པའི་སྐབས་སུ་དཔྱད་གཞིར་མཚུངས་པར་འགྱུར་རོ། །དེ་ལྟར་མཚར་སྐྱེད་ཙམ་དུ་ཐལ་ཕྲེང་ཅུང་ཟད་བཀོད་ནས་དོན་ནི་འདི་ཡིན་ཏེ། མ་བརྟགས་ཉམས་དགའ་ཞེས་པའང་སྒྱུ་མའི་སྣང་བ་ལྟར་མ་བརྟགས་བག་ཡངས་སུ་བཞག་ན་ཡིན་ཡིན་ལྟར་འདུག་པ་ལ་ཉམས་དགའ་ཞེས་བཤད་རུང་གི། སྒྱུ་མའི་སྣང་བ་ཡིན་ཚད་ཉམས་དགའ་བ་ཡིན་པས་མ་ཁྱབ་སྟེ། འཇིག་སྐྲག་གི་སྣང་བའང་འཆར་བ་ཡོད་པ་ལྟར། འདིར་ཡང་མ་བརྟགས་ན་གྲུབ་གྲུབ་ལྟ་བུའི་རང་འཛིན་གྱི་ཤེས་པ་འདྲིད་པའམ་ཉམས་དགའ་བར་བྱེད་པ་ལ་བརྡ་དེ་ལྟ་བུ་སྦྱོར་གྱི། ལུས་སེམས་ཚོར་བ་བདེ་བའི་ཉམས་དགའ་བ་ཁོ་ན་ལ་གཟུང་བར་མི་བྱའོ། །དེས་ན་རྩོད་པ་དང་པོ་དེ་འདྲ་བ་ཚིག་འཁྲི་ཙམ་ལས་དོན་ཆེར་མེད་ཀྱང་། ཕྱི་མ་གཉིས་ལ་གོ་བ་ཆེན་པོ་སློང་རྒྱུ་ཡོད་དེ། སྟོང་ཉིད་མེད་དགག་ནི་ཐ་སྙད་ཀུན་བྲལ་གྱི་དོན་དམ་མཚན་ཉིད་པ་ལ་ལྟོས་ཏེ་ཀུན་རྫོབ་ཏུ་བཞག་གི། རྣམ་གྲངས་པའི་དོན་དམ་གྱི་ཟླ་བོ་ཀུན་རྫོབ་དེ་ག་ལ་ཡིན་ཏེ་དེའི་དབང་དུ་ན་དོན་དམ་ཡིན་ནོ། །དེས་ན་ཐ་སྙད་དང་དོན་དམ་ལ་རྣམ་གྲངས་ཕྱེ་དགོས་པ་འདི་གཞུང་འཆད་པ་ལ་མིག་དང་འདྲ་སྟེ་དེ་མེད་ན་གར་ཡང་མི་ཕྱིན་ཏོ། །རྩོད་པ་གསུམ་པའི་བསྟན་དོན་ལྟར། མཁའ་སོགས་ནི་དངོས་མེད་ཡིན་ལ་དེ་ཡོད་པའི་ཐ་སྙད་ཙམ་ནི་གང་གཅད་བྱ་ཟླ་བོ་དངོས་པོ་དེའི་མཐུ་ལས་བྱུང་བས་ན། སྤྱིར་ཤེས་བྱ་མིན་པ་དང་དེ་དག་གི་ཐ་སྙད་མེད་པར་མི་འགྱུར་བས་དེ་ལྟར་རྣམ་པ་ཀུན་ཏུ་ཁས་མི་ལེན་ཀྱང་། ཀུན་རྫོབ་ཏུ་མ་བསྡུས་པས་བདེན་གཉིས་གང་ཡང་མིན་པར་ཡང་མི་འགྱུར་ཏེ། ཤེས་བྱ་རྟག་མི་རྟག་གཉིས་སུ་ཁ་ཚོན་བཅད་པ་ལ་བསམ་གྱིས་མི་ཁྱབ་པའི་བདག་གང་རུང་དུ་མ་འདུས་ཞེས་གླགས་བཙལ་དུ་མེད་པ་ལྟར། འདིར་ཀུན་རྫོབ་དང་དོན་དམ་གཉིས་སུ་ནམ་མཁའ་སོགས་མ་འདུས་པར་རློམ་པའང་དེ་དང་འདྲ་བར་ཤེས་པར་བྱ་སྟེ། ནམ་མཁའ་ནི་གཟུགས་ཐོགས་རེག་མེད་པའི་ཆ་ལ་བཏགས་པ་ཙམ་ཡིན་པས། ནམ་མཁའ་དང་མོ་གཤམ་གྱི་བུ་གཉིས་ལ་ཐ་སྙད་ཙམ་གྱིས་ཡོད་མེད་ཀྱི་ཁྱད་པར་བྱས་ནའང་དོན་ལ་དཔྱད་ན་རང་མཚན་ཡོད་མེད་ཁྱད་པར་གང་ཡང་མེད་དོ། །དེས་ན་རི་བོང་རྭ་ཞེས་བརྗོད་པའི་ཚེ། སྒྲ་ཡིས་རི་བོང་རྭ་མེད་བཅད་པ་ལྟར་བློས་ཀྱང་དེ་ལྟར་དམིགས་པ་ལྟར་སྣང་ནའང་། རི་བོང་རྭའི་རང་མཚན་ཤེས་བྱ་ལ་མི་སྲིད་པས་ཤེས་བྱ་མ་ཡིན་ཞེས་སྨྲ་བར་ཟད་ཀྱི། དེ་ལྟར་མིན་པར་མིང་ཙམ་ལ་དམིགས་པས་དེ་ཤེས་བྱར་སོང་ན་རི་བོང་རྭའང་ཤེས་བྱར་འགྱུར་ཞིང་། མཐར་ཤེས་བྱ་མ་ཡིན་པ་གཞི་མ་གྲུབ་ལ། དེ་ལྟར་ན་མི་སྲིད་པའི་དངོས་པོ་ཅིའང་མེད་པར་འགྱུར་རོ། །དེ་བཞིན་དུ་མཁའ་སོགས་དངོས་མེད་རྣམས་མིང་ཙམ་ལ་དམིགས་པར་ཟད་ཀྱི། དོན་དུ་མི་འགྲུབ་པས་དོན་གྱི་དབང་དུ་བྱས་པའི་རྣམ་གཞག་དེ་ལྟར་འཐད་དེ། གཞུང་གཞན་ནས་ཀྱང་། ནམ་མཁའ་མོ་གཤམ་བུ་དང་མཚུངས། ཞེས་གྲགས་སོ། །འོ་ན་ནམ་མཁའ་མེད་ན་འཇིག་རྟེན་ན་འབྱུང་བ་ལྔའི་ཡ་གྱལ་གཅིག་ཏུ་བགྲང་ཞིང་། བསྟན་བཅོས་ལས་ཀྱང་དཔེར་མཛད་པ་སོགས་དང་མི་འགལ་ལམ་ཞེ་ན། གོང་བཤད་ལྟར་ཐོགས་རེག་མེད་པའི་ཆ་ལ་བཏགས་པ་དེ་ཙམ་ལ་མ་བརྟགས་པར་རློམ་པའི་ངོར་བྱས་ནས་དེ་ལྟར་བརྗོད་པར་ཟད་ཀྱི། བརྟགས་ཤིང་དཔྱད་ན་ནམ་མཁའ་ཡོད་པར་སྒྲུབ་པར་བྱེད་པ་ལ་ཚད་མ་མེད་དེ། ནམ་མཁའ་ལ་རང་མཚན་མེད་པས་མིག་ཤེས་སོགས་དོན་རིག་གི་མངོན་སུམ་ཚད་མས་མི་འགྲུབ་སྟེ། འགྲུབ་ན་གཟུགས་སོགས་སུ་འགྱུར་ལ། །རང་རིག་གིས་གྲུབ་ན་ཤེས་པར་འགྱུར་རོ། །མྱོང་བའི་ཕྱིར་གྲུབ་སྙམ་ན་ཐོགས་རེག་མ་དམིགས་པ་ཙམ་ཡིན་གྱི། ངོ་བོ་དམིགས་རྒྱུ་ཡོད་ན་ནམ་མཁར་ཡང་མི་རུང་ངོ་། །རང་གི་ངོ་བོ་མེད་པ་དེ་ལ་འབྲེལ་བ་གཉིས་པོ་གང་ཡང་མི་སྲིད་པས་རྗེས་དཔགས་ཀྱིས་འགྲུབ་པ་མ་ཡིན་ནོ། །དེས་ན་ནམ་མཁའ་ཞེས་པ་ཚིག་ཙམ་ལྷག་མར་ལུས་པར་འགྱུར་རོ། །དེ་ལྟར་ཤེས་ན་ཆོས་ཀུན་རྟོག་པའི་དབང་གིས་བཞག་པ་ཙམ་ལས་ངོ་བོ་ཉིད་མེད་པའི་དཔེ་ཉིད་ཤེས་པར་འགྱུར་ཏེ། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །ཞེས་གསུངས་པ་བཞིན་ནོ། །རྒྱན་དང་བུ་གའི་ནམ་མཁའ་ནམ་མཁའ་ཡོད་པའི་སྒྲུབ་བྱེད་དུ་མི་རུང་བ་ནི་གོང་དུ་སྨོས་ཟིན་ཏོ། །དེས་ན་ཐ་སྙད་ཀྱི་ཚད་མས་ངོ་བོ་ཉིད་མེད་པར་ཐ་སྙད་བཏགས་པ་ཙམ་དུ་རྟོགས་ཟིན་ན་ནི་དོན་དམ་པའི་ཚད་མས་སླར་ཡང་བརྣན་ཏེ་སྒྲུབ་མི་དགོས་སོ། །གྲུབ་མཐའ་གོང་འོག་གི་ཚུལ་ཡང་དེ་འདྲའོ། །དེས་ན་དོན་བྱེད་ནུས་པའི་དངོས་པོ་རྣམས་ལ་དགག་སྒྲུབ་ཕྱིན་ཅི་མ་ལོག་པར་བསྒྲུབ་ཅིང་། ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་བདག་གཉིས་ཀྱང་སེལ་བ་ཡིན་ཏེ། སྐྱེས་བུ་ལང་ཚོ་ཅན་གྱི་གཟུགས་ལ་མིག་དང་ལྡན་པས་དཔྱོད་པ་བཞིན་ནོ། །དེ་ལ་དངོས་པོ་བཀག་པས་དངོས་མེད་ཉིད་བློ་ཡུལ་དུ་གྲུབ་ཀྱི། དངོས་མེད་ཅེས་དགག་སྒྲུབ་ཀྱི་གཞིར་གྱུར་པ་གཞན་མེད་དོ། །འོན་ཀྱང་དེའི་སྒྲ་དོན་ཙམ་ལ་ཐ་སྙད་སྣ་ཚོགས་བྱེད་ཀྱང་དེ་ལྟ་བུ་ནི་ནམ་མཁའི་མེ་ཏོག་ལའང་འཇུག་པ་བཞིན་ནོ། །དེའང་ཀུན་རྫོབ་དེའི་མཚན་གཞིར་གྱུར་པ་ནི། གཟུགས་ལ་སོགས་པ་སྐྱེ་མཆེད་བཅུ་གཉིས་ཏེ་ཤེས་བྱ་ཐམས་ཅད་དེ་ཙམ་དུ་འདུ་བས་སོ། །དེ་ལ་སྤྱིར་བཏང་དུ་ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་ཡོད་ལ། མཚན་ཉིད་ནི་རིམ་པ་ལྟར་གཟུགས་འཛིན་གྱི་ཤེས་པའི་བདག་རྐྱེན་ཐུན་མོང་མིན་པ་དང་། མིག་ཤེས་ཀྱི་དམིགས་རྐྱེན་དུ་གྱུར་པ་སོགས་ཡིད་ཤེས་ཁོ་ནའི་དམིགས་རྐྱེན་དུ་གྱུར་པའི་བར་དུའོ། །གསལ་ཞིང་རིག་པ་ཤེས་པའི་མཚན་ཉིད། དེ་ལ་དབྱེ་ན་ཚོགས་བརྒྱད་དེ། བདག་རྐྱེན་མིག་དབང་ལ་བརྟེན་ནས་སྐྱེས་པའི་རིག་པ་སོགས་མཚན་ཉིད་ཡིན་ལ། བག་ཆགས་སྣ་ཚོགས་པའི་རྟེན་གཞིར་གྱུར་པའི་གསལ་རིག་ཙམ་དང་། ཤེས་པའི་རྒྱུད་ལ་ངར་འཛིན་པ་གཉིས་ནི་ཀུན་གཞི་དང་ཉོན་ཡིད་ཀྱི་མཚན་ཉིད་དོ། །སྤྱིར་མཚན་ཉིད་ཅེས་བྱ་བ་དངོས་པོ་དེའི་ཐ་སྙད་མཚོན་བྱ་རྣམ་འཇོག་གི་རྒྱུ་ཡིན་པས་དོན་ལྡོག་དང་རང་ལྡོག་དབྱེ་ཞིང་དོན་དང་ཐ་སྙད་ལ་མི་རྨོངས་པའི་སླད་དུ་ལྟོ་ལྡིར་བ་བུམ་པའི་མཚན་ཉིད་དུ་གསུངས་པ་ལྟར་ཡིན་གྱི། མཚན་ཉིད་དེ་དང་ཚིག་གི་རྣམ་པ་མཚུངས་པའི་སྒོ་ནས་མཐའ་གཞན་དུ་སྒྲོ་འདོགས་པའི་སྐྱེས་བུའི་བློའི་འཇུག་པ་མཐའ་དག་བཟློག་པ་ངག་རྒྱུན་གཅིག་གིས་ཁྱབ་དགོས་པར་བསམས་ནས་ཚིག་ཇེ་མང་གི་སྤྲོས་པ་ལྷུར་ལེན་པ་ལས། མདོ་དང་བསྟན་བཅོས་ཆེན་པོ་རྣམས་ཀྱི་གཞུང་ཚིག་གི་སྒྲོས་བཞིན་དོན་གྱི་གནད་ཟིན་པ་ཤིན་ཏུ་གལ་ཆེའོ། །ཀྱེ་མ། དེང་དུས་བླུན་པོ་གང་དག་རང་གིས་དོན་དང་ཐ་སྙད་ཀྱི་ཚུལ་ཡང་དག་མ་ངེས་པའི་དབང་གིས་ཟུར་ཆོད་མ་ཆོད་ཅེས་སངས་རྒྱས་ཀྱི་བཀའ་ལའང་སྐྱོན་འདོགས་པར་ཉེ་ནའང་། མཚན་ཉིད་འདི་ལ་དོན་ལྡོག་གི་གནད་ཟིན་ཚུལ་ལ་ཁྱད་ཡོད་ཀྱི། ཚིག་གི་ཆ་ནས་མཐའ་གཞན་དུ་བརྟགས་པའི་སྒྲོ་བཏགས་སྤོས་རྒྱའི་རི་མོ་འབྲི་བ་ཕལ་ཆེར་ལ་སྙིང་པོ་ཅིའང་མེད་ཀྱང་། གཞན་ཟེར་གྱི་ཚིག་འབྲུ་ཁ་ཤས་བྲམ་ཟེ་རྣམས་ཀྱིས་སྔགས་བློ་ལ་བཟུང་བ་ལྟ་བུས་ཚིམ་པར་བྱས་ནས། སྔོན་གྱི་དམ་པ་མཆོག་དག་གི་གཞུང་ལའང་བརྙས་པར་བྱེད་པ་ནི་ཤིན་ཏུ་ཡ་མཚན་ནོ། །ཁྱད་པར་སྦྱར་མ་སྦྱར་སོགས་གོ་བའི་གནད་རྣམས་ཀྱང་དེ་བཞིན་དུ་ངེས་པར་བྱའོ། །དེས་ན་གང་ལ་དོན་གྱི་ཉེས་པ་ཡོད་པ་ནི་ཚིག་གང་གིས་ཀྱང་བཟློག་པར་མི་ནུས་ལ། ཚིག་གི་བརྗོད་ཚུལ་ཙམ་ནི་བདག་ཉིད་ཀྱི་ལག་ན་ཐོགས་པའི་ཞགས་པ་ལ་སོགས་པ་བཞིན་དུ། ཤེས་རབ་ཀྱི་ནུས་པ་དང་བསྟུན་ཏེ་བརྗོད་པར་འདོད་པའི་རྗེས་སུ་བྱེད་པའི་ཕྱིར། མཁས་པ་རྣམས་དངོས་སྟོབས་ཀྱིས་རྩོད་པ་དག་དོན་ལ་རྟོན་གྱི། ཚིག་གི་བརྗོད་ཚུལ་ཙམ་གཙོ་བོ་མ་ཡིན་ཀྱང་། བྱིས་པ་རྣམས་ཚིག་ལམ་གྱིས་རྩོད་པ་ལ་ནི། བློ་ཡི་ནུས་པའི་ལྕགས་ཀྱུ་དང་བྲལ་བར་གྱུར་ན། ཚིག་རྣམས་ཀྱང་གླང་ཆེན་མྱོས་པ་བཞིན་དུ་རང་དབང་དུ་མ་གྱུར་ཞིང་འཇིགས་པའི་གནས་སུ་ལྟ་དགོས་པས་རྟག་ཏུ་དེ་འབའ་ཞིག་མིག་རས་ཀྱིས་བཙའ་བ་རྣམས་ལ་ཤེས་རབ་ཀྱི་ལུས་སྟོབས་མཆོག་ཏུ་གྱུར་པ་དེ་སྲིད་དུ་རེ་ཞིག་གཞན་གྱིས་དབུགས་འབྱིན་མི་ནུས་མོད་ཀྱི། འོན་ཀྱང་ཚིག་གི་འཇུག་པ་གཙོ་བོར་བྱེད་པའི་འཆད་པ་དང་། རྩོད་པ་དང་། རྩོམ་པ་ཐམས་ཅད་བརྗོད་པ་མང་ལ་དོན་ཆུང་གནད་ཀྱི་རྟོགས་པ་སྐྱེ་བ་བུལ་བས་ན། བློ་ལྡན་རྣམས་ཀྱིས་དོན་ལ་རྟོན་པའི་སྒོ་ནས་གཞུང་ལུགས་རྣམས་ཀྱི་གོ་བ་རྣལ་མ་གཙོ་བོར་བྱས་ཏེ་ཟབ་མོའི་ཤེས་རབ་ལ་དབང་འབྱོར་བར་གྱུར་པས། ངག་གི་རྗོད་པ་རྣམས་ལ་རང་དབང་ཤུགས་ཀྱིས་ཐོབ་པའི་སྒོ་ནས་གཞུང་གི་གནད་རྣམས་ཐལ་འགྱུར་གྱི་ངག་གི་ཕྲེང་བར་སྤེལ་ཏེ་ཕས་རྒོལ་གྱི་སྤོབས་པ་འཇོམས་པའི་ཚུལ་སོགས་ལའང་མཁས་པར་བྱའོ། །དེས་ན་མཚན་ཉིད་སོགས་ཀྱི་ཟུར་ཆོད་ཚུལ་ཅུང་ཟད་བརྗོད་ན། གང་མཚོན་བྱ་རྒྱུ་མཚན་ཅན་གྱི་སྒྲ་བློའི་ཐ་སྙད། བུམ་པ་ལ་སོགས་པ་དེ་དག་གང་ལ་གདགས་པའི་དོན་གྱི་ལྡོག་པ་དེ་ནི་བུམ་སོགས་སུ་འཇོག་པའི་རྒྱུ་མཚན་ཡིན་ལ། དེས་ན་ལྟོ་ལྡིར་བ་བུམ་པའི་མཚན་ཉིད་དུ་བཞག་ན། དེ་བུམ་པའི་འཇོག་བྱེད་ཡིན་ལ། གདུང་འདེགས་ཀྱི་དོན་བྱེད་པ་སོགས་ནི་དེའི་མཚན་ཉིད་མ་ཡིན་པ་བཞིན་དུ། གཞི་ལྡོག་རང་ལྡོག་གཉིས་དང་མ་འདྲེས་པ་མཚན་ཉིད་རང་གི་ངོ་བོ་རྗེན་ཅེར་དུ་ངེས་པ་སྐྱོན་མེད་ཅིག་ཟིན་ཚེ། མ་ཁྱབ་ཁྱབ་ཆེས་མི་སྲིད་པ་གསུམ་བྲལ་བའམ། མི་ལྡན་གཞན་ལྡན་མི་སྲིད་རྣམ་གཅོད་གསུམ་ཚང་བ་ཡིན་ཏེ། དེའི་ཚེ་ན་མཚན་ཉིད་དང་མཚོན་བྱའི་འབྲེལ་བ་ནམ་ངེས་པ་ན་དོན་གྱི་རྣམ་བཅད་ཀྱི་སྟོབས་ཀྱིས་ཟུར་ཐམས་ཅད་ལྷག་མ་མ་ལུས་པ་དེར་ཆོད་པ་ཡིན་ལ། ཚིག་གི་སྤྲོས་པ་མང་པོ་མེད་ཀྱང་གནད་ཟིན་པ་ལ་དེས་ཆོག་གོ། །དཔེར་ན། ཤིང་འོན་ཅིག་ཅེས་པས་དོན་གྱི་རྣམ་བཅད་ཀྱིས་མདུན་གནས་ཀྱི་ཤིང་གོ་ནུས་ཀྱི། ཤིང་གི་བྱེ་བྲག་དང་དེའི་ཡུལ་དུས་རང་བཞིན་མ་འདྲེས་པའི་རྣམ་པ་ཐམས་ཅད་བརྗོད་མི་དགོས་པ་བཞིན་ནོ། །མཚན་མཚོན་འབྲེལ་བར་རྟོགས་མ་ནུས་ན། མཚན་ཉིད་རྗོད་པའི་ཚིག་གི་སྟེང་ནས་ངག་མང་བ་ཙམ་ཞིག་གིས་ཕན་དཀའ་སྟེ། དཔེར་ན། རིན་པོ་ཆེ་ཤེལ་དྭང་བ་ལ་བལྟས་ནས་མི་ཞིག་ན་རེ། འདི་ཨིནྡྲ་ནཱི་ལ་ཡིན་ནམ་ཞེས་དྲི་ན། གཞན་ཞིག་གིས་དེ་མ་ཡིན་ཏེ། ཨིནྡྲ་ནཱི་ལ་ནི་ཁ་དོག་སྔོན་པོ་ཡིན་ནོ་ཞེས་སྨྲས་ན། དེས་ཚིག་ཙམ་ལ་བརྟགས་ནས། འོ་ན་རས་སྔོན་པོའང་ཨིནྡྲ་ནཱི་ལ་ཡིན་ནམ་ཞེས་དྲི་ན། དེ་ནི་མ་ཡིན་ཏེ། རིན་པོ་ཆེ་སྔོན་པོ་ཡིན་ནོ། །འོ་ན་ནོར་བུ་མཐིང་ཀའང་དེ་ཡིན་ནམ། དེ་ནི་མ་ཡིན་ཏེ། ཨིནྡྲ་ནཱི་ལ་ནི་དེ་ལས་རིན་ཐང་ཆུང་ངོ་། །འོ་ན་ཤེལ་སྔོན་པོ་ཡིན་ནམ། དེ་ནི་མ་ཡིན་ཏེ། ཤེལ་ཕལ་པ་ལས་རིན་ཆེའོ། །ཞེས་པ་ལ་སོགས་པ་ཇི་བརྗོད་ཀྱང་ཨིནྡྲ་ནཱི་ལའི་ཐུན་མོང་མ་ཡིན་པའི་ཆོས་ཀུན་རྫོགས་པར་བརྗོད་ནས་དེ་ངོས་ཟིན་པ་མི་འོང་སྟེ། དམུས་ལོང་ལ་གླང་ཆེན་གྱི་ཚུལ་བཤད་པ་དང་འདྲ་ལ། སྔོན་པོ་ཞེས་བརྗོད་པའི་དུས་ན་ཡུལ་དོན་གྱི་སྟེང་གི་ཆོས་སྔོན་པོ་དང་ཨིནྡྲ་ནཱི་ལ་འབྲེལ་བར་རྟོགས་ན་དེ་ཉིད་དུ་སྒྲོ་འདོགས་ཆོད་པ་དང་འདྲ་བར་མཚན་ཉིད་ཀྱི་གནད་ཟིན་པས་ཐུན་མོང་མིན་པའི་ཡིན་ལུགས་ཀུན་དེས་ཤུགས་ཀྱིས་ངེས་ཤིང་སྒྲོ་འདོགས་གཞན་འགག་ཐུབ་པ་ནི་སྲོག་འགགས་པས་དབང་པོ་གཞན་འགག་པ་ལྟ་བུ་ཡིན་པས་གནད་ཟིན་པར་བྱ་བ་ལ་མཁས་པར་བྱ་སྟེ། རྣམ་པ་ཀུན་ཏུ་དོན་གྱིས་རྣམ་པར་བཅད་པའི་གོ་བ་རྣལ་མ་ཞིག་ལ་བློ་གཞག་པ་གལ་ཆེའོ། །དཔེར་ན། བུམ་པ་ཞེས་བརྗོད་པའི་ཚེ་ལྟོ་ལྡིར་བའི་རྣམ་པར་ཡིད་ལ་ཤར་ཀྱང་། ལྟོ་ལྡིར་བ་གཞན་ཡོད་ཚད་ལ་འཁྲུལ་མི་སྲིད་པ་དང་འདྲའོ། །དེས་ན་མཚན་ཉིད་དེས་བཞག་པའི་མཚོན་བྱ་བུམ་པ་ལྟ་བུ་དེ་གཞི་གང་གི་སྟེང་དུ་བསྒྲུབ་ན། གསེར་བུམ་ལྟ་བུ་སོགས་མཚོན་བྱའི་བྱེ་བྲག་གང་རུང་གཅིག་ལ་དམིགས་ཀྱིས་མ་བཀར་ན། མཚོན་བྱ་དང་མཚན་གཞི་སྒྲ་དོན་གྱི་རྣམ་པ་ཐ་དད་དུ་མི་འཆར་བས་གཞི་ལྡོག་ངོས་མི་ཟིན། མཚན་གཞི་གསེར་བུམ་དེ་ཡིན་ན་མཚན་མཚོན་གཉིས་ཀྱི་རྟེན་གཞིར་འགྱུར་དགོས་པས་ལྟོ་ལྡིར་དང་བུམ་པ་གཉིས་ཀ་ཡིན་པས་ཁྱབ་ཀྱང་། གདགས་གཞི་ལ་དེ་མི་དགོས་ཏེ། བུམ་པའི་ཁ་ཁྱེར་ལྟོ་བ་ཞབས་ཀྱི་ཆ་དང་གཟུགས་རྡུལ་སོགས་བུམ་པའི་གདགས་གཞི་ཡིན་ཀྱང་དེ་རེ་རེ་ནས་བུམ་པ་ཡིན་མི་དགོས་པ་བཞིན་ནོ། །འོན་ཀྱང་མཚན་གཞིའི་སྐབས་སུ། བུམ་པའི་དོན་མཐོང་ཡང་ཐ་སྙད་མི་ཤེས་པ་ལ། ཐ་སྙད་སྒྲུབ་པའི་མཚོན་སྦྱོར་རྣམ་དག་འགོད་པ་ལྟ་བུ་ལ། གསེར་བུམ་དང་བུམ་པ་གཉིས་ཀ་བུམ་པ་ཙམ་ལྡོག་ཏུ་སྒྲ་བློ་མཐུན་པས། དེའི་ཚེ་གསེར་གྱི་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་མཚན་གཞིར་འཛིན་པ་བདེ་ཞིང་། དེ་དང་རིགས་མཐུན་ཀུན་དེས་འགྲེལ་ཏེ། ཀ་བའི་མཚན་གཞིར་ཤར་གྱི་གདུང་འདེགས་ཀྱི་དོན་བྱེད་ནུས་པ་འཛིན་པ་ལྟ་བུའོ། །མི་རྟག་པའི་མཚན་གཞིར་སྒྲ་ལྟ་བུ་ནི་མིང་ཐ་དད་པས་སོར་གཞག་བྱས་པས་ཆོག་གོ། །རྟོག་གེའི་གསང་ཚིག་རྣམས་གཞན་དུ་ཤེས་པར་བྱའོ། །དེ་ལྟར་ཀུན་རྫོབ་ཅེས་པ་རྣམ་བཅད་ཀྱི་སྒོ་ནས་བསྟན་པའི་མཚན་ཉིད་གསུམ་ལྡན་ཐ་སྙད་པའི་ཚད་མའི་ངོར་བསླུ་མེད་བསྙོན་མེད་དུ་སྣང་ཡང་རང་བཞིན་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་པ། དེའི་སྣང་ཆ་ཀུན་རྫོབ། སྟོང་ཆ་དོན་དམ་སྟེ་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་ཅན་ནོ། །དེ་སྐད་དུའང་འཕགས་པ་ཀླུས། རྟེན་ཅིང་འབྲེལ་བར་གང་འབྱུང་བ། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྒྱུར་བྱས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་རྒྱུ་གང་གིས་སྣང་ན། བརྟག་པ་མ་བྱས་ཉམས་དགའ་བའང་། །བདག་རྒྱུ་སྔ་མ་སྔ་མ་ལ། །བརྟེན་ནས་ཕྱི་མ་ཕྱི་མ་ཡི། །འབྲས་བུ་དེ་འདྲ་འབྱུང་བ་ཡིན། །ཞེས་གསུངས་ཏེ། འོ་ན་དེ་ལྟ་བུའི་མཚན་ཉིད་ཅན་གྱི་ཀུན་རྫོབ་འདི་རྣམས་འགོག་མེད་དུ་སྣང་བ་དེ་རྒྱུ་ཅི་ཞིག་གི་དབང་གིས་སྣང་སྙམ་ན་འདི་ལ་རྒྱུ་གཞན་ཅིའང་མེད་དེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཁོ་ནའི་ཚུལ་དུ་སྣང་ངོ་ཞེས་སྟོན་པའི་ཕྱིར། བརྟག་པ་མ་བྱས་ན་ཉམས་དགའ་བ་ཙམ་གྱི་སྣང་བ་འདིའང་། སྣང་བའི་རྒྱུ་ལོགས་སུ་མེད་ཀྱི་དེ་ལྟར་སྣང་བ་དེ་བདག་ཉིད་ཀྱི་རྒྱུ་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་ཡི་འབྲས་བུ་དེ་འདྲ་བ་འབྱུང་བ་ཁོ་ན་ཡིན་ནོ། །ཞེས་སོ། །དེ་ལ་གང་ལྟོས་པ་མེད་པ་དེ་ནི་ནམ་མཁའི་མེ་ཏོག་བཞིན་དུ་སྣང་མི་རིགས་ལ། གང་ཤེས་བྱར་གྱུར་ན་ལྟོས་པས་ཁྱབ་སྟེ་དངོས་པོ་རྣམས་ལྟོས་ཏེ་སྐྱེས་པ་ཁོ་ན་ཡིན་ལ། དངོས་མེད་རྣམས་ལྟོས་ཏེ་བཏགས་པ་ཁོ་ན་ཡིན་ནོ། །དེ་ལ་ཇི་ལྟར་བརྟེན་ནས་འབྱུང་ན། ཕྱི་དང་ནང་གི་ཆོས་གཉིས་ལས། ཕྱིའི་ཆོས་ནི་ས་བོན་ལས་མྱུ་གུ་ལ་སོགས་པའི་ཚུལ་དུ་རྟེན་ཅིང་འབྲེལ་ཏེ་འབྱུང་ལ། ནང་གི་ཆོས་རྣམས་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཚུལ་དུ་རྒྱུ་འབྲས་བར་མ་ཆད་དུ་འབྱུང་སྟེ། དེ་ལ་གང་ཆོས་རྣམས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་མ་ཤེས་པ་ནི་རྨོངས་པ་སྟེ། དེའང་ཤེས་པ་མེད་ཙམ་མ་ཡིན་པར། དངོས་སུ་རིག་པ་ཡེ་ཤེས་ཀྱི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་པའོ། །དེ་ལྟར་རྨོངས་ནས་བདག་གཞན་ལ་སོགས་པ་ཕྱིན་ཅི་ལོག་གི་རྟོག་པ་དེས་ལས་བསགས་པ་ནི་འདུ་བྱེད་པ་དང་། འདུ་བྱེད་པ་དེས་བག་ཆགས་རྣམ་པར་ཤེས་པ་ལ་བགོ་ཞིང་ནམ་ཞིག་མངོན་དུ་གྱུར་པ་ན་འཕང་འབྲས་ཀྱི་ཤེས་པ་གྲུབ་པར་བྱེད་དོ། །རྣམ་ཤེས་དེ་ཉིད་ལ་བརྟེན་ནས་མིང་བཞི་དང་མངལ་གྱི་གནས་སྐབས་ཀྱི་མེར་མེར་པོ་ལ་སོགས་པ་གཟུགས་ཏེ་ཕུང་པོ་ལྔ་གྲུབ་ལ། མིང་གཟུགས་ལ་བརྟེན་ནས་མིག་སོགས་ནང་གི་སྐྱེ་མཆེད་དྲུག་འབྱུང་ཞིང་། སྐྱེ་མཆེད་དེ་ཡོད་ན་ཡུལ་དྲུག་པོ་དང་ཕྲད་པའི་རེག་པ་འབྱུང་ངེས་ལ། རེག་པ་ན་སིམ་གདུང་བར་མའི་ཚོར་བ་ངེས་པར་སྐྱེ་ཞིང་། ཚོར་ན་ཇི་མི་སྙམ་དུ་འཇོག་པ་མི་སྲིད་པར་སྲེད་པ་འབྱུང་བ་དང་། སྲེད་པ་སྐྱེས་པ་ན་དེ་ཙམ་དུ་མི་བཞག་པར་གང་སྲེད་པའི་ཡུལ་དོན་དུ་གཉེར་ནས་དང་དུ་བླང་བའི་ལེན་པ་འབྱུང་ལ། དེ་ལྟར་དང་དུ་བླང་ཕན་ཆོད་ལས་བསགས་པ་ཡིན་པ་དེ་ལ་སྲིད་པ་ཞེས་བྱ་ལ། ལས་དེ་ནས་ཡང་བར་མ་དོར་ཆུད་ཟ་བ་མེད་པས་དཀར་ནག་གི་རྒྱུ་དང་མཐུན་པར་མཐོ་རིས་དང་ངན་སོང་དུ་སྐྱེ་བ་ནི་སྐྱེ་བ་ཞེས་བྱ་ཞིང་། དེ་ལྟར་སྐྱེས་ནས་བརྩམས་ཏེ་རིམ་པས་རྒྱུན་འགྱུར་བའི་རྒ་བ་དང་། རྒྱུན་འགགས་པའི་འཆི་བ་གཉིས་ཡོད་པ་ནི་མི་རྟག་པའི་ཆ་ནས་འདྲ་བས་རྒ་ཤི་ཞེས་བྱ་ཞིང་། དེ་རྣམས་ཀྱང་ཉོན་མོངས་ལས་དང་སྡུག་བསྔལ་གསུམ་དུ་འདུ་ལ། དེ་དག་ཕན་ཚུན་རྒྱུ་འབྲས་སུ་གྱུར་ནས་སྲིད་པ་མགལ་མེའི་འཁོར་ལོ་ལྟར་རྒྱུན་མི་ཆད་དུ་འཁོར་བ་ཡིན་ནོ། །དེ་དག་སྣང་དུ་རུང་བ་ཡང་མི་སྟོང་བའི་རྒྱུ་ཞིག་ལ་བརྟེན་ནས་སྣང་བ་མ་ཡིན་ཏེ། ཇི་སྐད་དུ། སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པའི་ཆོས་རྣམས་འབྱུང་བར་ཟད། །ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་གསུངས་པ་ལྟར། གང་གིས་ཁ་ཏོན་ཀློག་པ་གཞན་ཞིག་གི་ཡང་ཡིད་ལ་འཇག་པར་གྱུར་ན། ཕ་རོལ་པོའི་ཡིད་ལ་ཡོད་རྒྱུའི་མདོ་སྡེ་ལ་སོགས་པ་དེ་ཅིག་ཤོས་ཀྱི་ཡིད་ལ་འཕོས་པ་མ་ཡིན་ལ། ཚུ་རོལ་གྱི་རྒྱུད་ཀྱི་ཁ་ཏོན་དེ་ཤེས་པའི་བློ་ཅིག་ཤོས་ཀྱི་ཁ་ཏོན་གྱི་སྒྲ་ལ་བརྟེན་ནས་འབྱུང་བ་ཡིན་གྱི། རྒྱུ་མེད་མ་ཡིན་པ་དེ་བཞིན་དུ་ཕུང་པོ་སྔ་མ་ཕྱི་མར་འཕོས་པ་མ་ཡིན་ཏེ་རྟག་པར་ཐལ་བའི་ཕྱིར་རོ། །ཕྱི་མ་སྔ་མ་ལ་མ་བརྟེན་པར་བྱུང་བ་མ་ཡིན་ཏེ་རྒྱུ་མེད་དུ་ཐལ་བའི་ཕྱིར་རོ། །དེ་བཞིན་མར་མེ་ལས་མར་མེ་མཆོད་པ། མེ་ལོང་ལ་གཟུགས་བརྙན་ཤར་བ། རྒྱ་ལས་རྒྱ་ཡི་འབུར་གཤོང་གི་རྣམ་པ་འབྱུང་བ། མེ་ཤེལ་ལས་མེ་མཆེད་པ། ས་བོན་ལས་མྱུ་གུ་སྐྱེ་བ། སྐྱུར་བའི་རོ་ལས་འགྲམ་ཆུ་ལྡང་བ། སྒྲ་ལས་སྒྲ་བརྙན་འབྱུང་བའི་དཔེ་རྣམས་བཞིན་དུ། རྒྱུ་འབྲས་བུར་འཕོས་ཏེ་ངོ་བོ་གཅིག་པ་མ་ཡིན་ཞིང་། འབྲས་བུ་རྒྱུ་སྔ་མ་ལ་མ་བརྟེན་པར་བྱུང་བ་མ་ཡིན་པར། རྒྱུ་མེད་ན་འབྲས་བུ་སྐྱེ་བ་མི་སྲིད་ཅིང་། རྒྱུ་ཚང་ན་འབྲས་བུ་ལྡོག་པ་མི་སྲིད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ལ། དེ་ལྟ་བུའི་དངོས་པོའི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་མ་ནོར་བར་སྨྲ་བ་ནི་དགེ་སྦྱོང་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཁོ་ནའི་ཁྱད་ཆོས་བླ་ན་མེད་པ་ཡིན་ནོ། །རྒྱུ་དེ་དག་གིས་འབྲས་བུ་བསྐྱེད་ཚུལ་ཡང་དངོས་པོའི་ནུས་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པས་རྒྱུ་སོ་སོས་འབྲས་བུ་སོ་སོ་བསླུ་མེད་དུ་བསྐྱེད་ནའང་། དོན་ལ་བསྐྱེད་བྱ་སྐྱེད་བྱེད་དང་བྲལ་བའི་སྣང་སྟོང་ཉིས་ཚོགས་ཞིག་ཡིན་ཏེ། འདི་ལྟར་རྒྱུ་དང་འབྲས་བུ་ཕྲད་ནའང་བསྐྱེད་པར་མི་འཐད། མ་ཕྲད་ནའང་བསྐྱེད་པར་མི་འཐད་ལ་དེ་གཉིས་ལས་གཞན་པའི་བསྐྱེད་ཚུལ་མི་སྲིད་མོད་ཀྱི། འོན་ཀྱང་རྒྱུ་འབྲས་བསླུ་མེད་དུ་སྣང་བ་ཆེས་འཐད་པའི་ཚུལ་ནི། རྒྱུ་འདི་ལས་འབྲས་བུ་འདི་བསླུ་མེད་དུ་འབྱུང་ངོ་ཞེས་པ་དེ་ཙམ་གྱིས་ཆོག་པ་ལས། འབྱུང་ན་ཇི་ལྟར་འབྱུང་། འབྱུང་བའི་རྒྱུ་མཚན་ཅི་ཡིན་ལ་སོགས་པའི་འཐད་པ་རྙེད་དགོས་པ་མ་ཡིན་ཏེ། མེ་ཚ་བ་ཡིན་པ་དངོས་པོའི་ཆོས་ཉིད་ཡིན་གྱི། དེ་ཚ་བའི་རྒྱུ་མཚན་ཅི་ཞེས་འཐད་པ་ལོགས་སུ་ཚོལ་དགོས་པ་མིན་པ་བཞིན་ནོ། །དེས་ན་དངོས་པོ་རྣམས་ཀྱི་ཡིན་ཚུལ་གཞལ་བྱ་ཡིན་ལ། དེ་དང་མཐུན་པར་གཞལ་བ་ནི་ཚད་མའམ་རིགས་པ་ཡིན་ནོ། །རིགས་པ་དེ་ལའང་ཡུལ་རྒྱུ་འབྲས་ངོ་བོ་ཉིད་གསུམ་ལ་གཞལ་བའི་ཆ་ནས་བྱ་བ་བྱེད་པ་ལྟོས་པ་ཆོས་ཉིད་ཀྱི་རིགས་པ་གསུམ་གསུངས་ལ། གཞལ་བྱ་དེ་དག་ལ་སྒྲོ་འདོགས་པ་བཅད་ནས་དགག་པ་དང་སྒྲུབ་པའི་ཚུལ་ཕྱིན་ཅི་མ་ལོག་པར་བྱེད་པ་ལ་འཐད་པ་སྒྲུབ་པའི་རིགས་པ་ཞེས་གསུང་ཞིང་། དེ་ལ་ཡུལ་མངོན་སུམ་དུ་གྱུར་པ་འཇལ་བྱེད་མངོན་སུམ་ཚད་མ་དང་། ལྐོག་ཏུ་གྱུར་པ་འཇལ་བྱེད་རྗེས་དཔགས་ཚད་མ་གཉིས་སུ་ཡོད་ལ། རྗེས་དཔགས་ཀྱང་ཡུལ་ལྐོག་གྱུར་དེ་དཔོགས་ནུས་ཀྱི་རྒྱུ་མཚན་ཅན་གྱི་ཆོས་ཚད་མས་བཟུང་བ་ཡིན་པས་མཐར་མངོན་སུམ་ལ་གཏུགས་ཤིང་། མངོན་སུམ་དེའང་ཆོས་ཉིད་འབའ་ཞིག་ལ་གཏུགས་དགོས་ཏེ་འདི་ལྟར་བྱ་བྱེད་ལྟོས་པ་གཉིས་ཀྱང་དངོས་པོའི་ཆོས་ཉིད་ཡིན་པས་ཆོས་ཉིད་ཀྱི་རིགས་པ་ཁོ་ནར་འདུ་ཞིང་། དེས་ན་རིགས་པ་ཐམས་ཅད་ཀྱི་གྲོས་ཐག་གཅོད་ཅིང་ཟད་སར་སྐྱེལ་བ་ནི་ཆོས་ཉིད་ཀྱི་རིགས་པ་ཡིན་ལ། དེར་ཐུག་ནས་དེ་ཕན་ཆད་འཐད་པ་གཞན་སྒྲུབ་དགོས་པ་མ་ཡིན་ཏེ། མེ་ཚ་བའི་རྒྱུ་མཚན་བཤད་དུ་མེད་པ་བཞིན་ནོ། །དེས་ན་དངོས་པོའི་ཆོས་ཉིད་དང་མཐུན་པ་དེ་ལ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཞེས་བྱ་སྟེ། དངོས་པོའི་ཡིན་ལུགས་མ་ནོར་བར་གཞལ་བ་ཡིན་པས་དེ་རིགས་པ་གཞན་གྱིས་འཕྲོག་ཏུ་མེད་པའི་དོན་ཡིན་ལ། ཐ་སྙད་དང་དོན་དམ་པའི་ཚད་མ་གཉིས་ཀ་ལ་དངོས་པོ་སྟོབས་ཞུགས་ཞེས་བྱའོ། །དེ་ལ་མེའི་རང་བཞིན་ཚ་བ་ལྟ་བུ་ཀུན་རྫོབ་ཀྱི་ཆོས་ཉིད་དམ་ཡིན་ལུགས་དང་། མེ་རང་བཞིན་མེད་པ་ལྟ་བུ་དོན་དམ་གྱི་ཆོས་ཉིད་དམ་ཡིན་ལུགས་ཡིན་ནོ། །དེས་ན་ཚད་མ་གཉིས་པོ་འདི་ཟུང་དུ་ཚོགས་པས་དངོས་པོའི་ཡིན་ལུགས་མ་ནོར་བ་གཏན་ལ་འབེབས་པ་ཡིན་གྱི། ཆིག་རྐྱང་རེ་རེས་ནི་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པའང་བདེན་པ་གཉིས་པོ་འདི་ལས་བརྩམས་ཏེ་དངོས་པོའི་གནས་ཚུལ་མ་ནོར་བར་དོན་བཞིན་བསྟན་པ་ཡིན་ལ། རྗེས་འཇུག་རྣམས་ཀྱིས་ཀྱང་དེ་བཞིན་རིགས་པས་གཏན་ལ་ཕབ་དགོས་པ་ནི་ཤཱཀྱའི་རིང་ལུགས་མ་ནོར་བ་ཡིན་གྱི། སྤྱིར་རིགས་པས་དཔྱད་པ་དང་། ཁྱད་པར་དུ་ཚད་མ་སོགས་ནང་རིག་པ་ལ་མི་མཁོ་ཞེས་ཟེར་བ་ནི། དཔྱད་གསུམ་གྱིས་དག་པའི་སངས་རྒྱས་ཀྱི་བཀའ་ཚད་མའི་མྱང་བྱ་ཕུན་སུམ་ཚོགས་པ་ཉམས་སུ་བསྟར་བ་ལ་བར་དུ་གཅོད་པའི་བདུད་ཀྱི་གསང་ཚིག་རྔམ་ཆེན་པོ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དངོས་པོའི་གནས་ལུགས་མ་ནོར་བར་གཟིགས་ནས་བརྩེ་བས་གཞན་ལ་རྗེས་སུ་བསྟན་པའི་དོན་ལ་ངེས་ཤེས་སྐྱེ་བའི་སྒོ་རིགས་པ་ལ་སྨད་པའི་ཚིག་འདི་ལ་བདེན་ཆ་ཞིག་སྲིད་ན་ཕྱིན་ཅི་ལོག་གི་ཚིག་གཏན་ནས་མི་སྲིད་པར་འགྱུར་རོ། །དེས་ན་རིགས་པའི་གྲོས་ཐག་གཅོད་ཚུལ་དེ་ལྟར་ཤེས་དགོས་པ་ཚད་མ་གཉིས་ཀའི་སྐབས་སུ་གལ་ཆེ་བ་ཡིན་ལ། དེ་འདྲ་སྤྱིར་བཏང་དུ་ཤེས་པར་བྱས་ནས་སྐབས་འདིར་རྒྱུ་འབྲས་ལ་དཔྱད་པའི་ཚེ་ན། ལས་འགགས་པ་དང་། ལས་ཀྱི་འབྲས་བུ་གཉིས་ཀྱི་བར་དུ་དུས་ཡུན་རིང་པོས་ཆོད་པས་རྒྱུ་དང་འབྲས་བུ་ཇི་ལྟར་འབྲེལ་སྙམ་པའི་དོགས་པ་སྐྱེས་ནས་དངོས་སྨྲ་བ་རྣམས་ཀྱིས་དེ་གཉིས་བར་འབྲེལ་བར་བྱེད་པ་ཐོབ་པ་དང་ཆུད་མི་ཟ་བའི་རྫས་ལ་སོགས་པ་ཁས་ལེན་ཀྱང་། དབུ་མ་པ་རྟེན་འབྲེལ་ཙམ་དུ་སྨྲ་བ་ལ་དེ་གཉིས་བར་འབྲེལ་བའི་རྫས་གཞན་ཅིའང་མི་དགོས་པར་ལས་སྔོན་སོང་གིས་གང་དུ་ཚོགས་པ་ཚང་བའི་རྒྱུད་དེར་འབྲས་བུ་སྨིན་པ་ཆུད་མི་ཟ་བས་རྒྱུ་འབྲས་སུ་ཆེས་འཐད་དེ། འདི་ལྟར་རྒྱུན་བར་མ་ཆད་དུ་སྣང་བ་ས་བོན་དང་མྱུ་གུ་ལྟ་བུ་ཡིན་ཀྱང་རུང་སྟེ། ཕྲད་ནས་ནི་བསྐྱེད་མི་ཤེས་པས་ན་ས་བོན་དང་མྱུ་གུ་ལྟར་རྒྱུན་བར་མ་ཆད་པ་ཡིན་པས་རྒྱུ་འབྲས་སུ་རུང་བ་དང་། ལས་དང་འབྲས་བུ་ལྟ་བུ་རྒྱུན་བར་མ་ཆད་དུ་མ་བྱུང་བ་ཡིན་པས་རྒྱུ་འབྲས་སུ་མི་རུང་བ་ཅུང་ཟད་ཀྱང་མེད་པར་དེ་གཉིས་མགོ་མཉམ་པར་ཤེས་པ་ནི་གོ་བ་འགང་ཆེ་ཤོས་ཞིག་ཡིན་ནོ། །དེས་ན་ས་བོན་དེ་ཉིད་ཀྱིས་མྱུ་གུ་བསྐྱེད་པར་རྟོགས་པ་ནི་བྱ་བ་བྱེད་པའི་རིགས་པ་ཡིན་ལ། དེ་ས་བོན་གྱི་ཆོས་ཉིད་ཀྱང་ཡིན་ཏེ། མེའི་རང་བཞིན་ཚ་བ་བཞིན་ནོ། །དེས་ན་རྒྱུ་ནུས་པ་ཐོགས་མེད་དེས་རང་འབྲས་མི་བསྐྱེད་པའམ། འཆོལ་བར་བསྐྱེད་པའམ། ཐུག་མེད་དུ་བསྐྱེད་པ་སོགས་མིན་པ་ནི་དངོས་པོའི་ཆོས་ཉིད་དོ། །དེས་ན་མྱུ་གུ་དེ་ས་བོན་ཞིག་པ་ལས་སྐྱེའམ། འོན་ཏེ་མ་ཞིག་པ་ལས་སྐྱེ་བརྟགས་ན་གཉིས་ཀའང་མི་འཐད་མོད་ཀྱི། འོན་ཀྱང་རྒྱུ་ས་བོན་གྱི་སྐད་ཅིག་སྔ་མ་སྔོན་དུ་སོང་བ་ལས་སྐྱེ་བ་ཙམ་ཡིན་ལ། དེའང་རྒྱུ་སྔོན་སོང་གི་ས་བོན་དེ་མྱུ་གུ་སྐྱེད་པའི་རྒྱུར་གདགས་པ་ཡིན་གྱི། དེའི་སྟེང་གི་དངོས་པོ་མ་ཞིག་པ་དང་། དངོས་མེད་ཞིག་པ་གཉིས་ཀ་སོ་སོར་ཕྱེ་ནས་གང་རུང་གིས་བསྐྱེད་པར་མི་རིགས་ཏེ། མྱུ་གུའི་རྒྱུ་ས་བོན་ཙམ་ཡིན་གྱི། དེའི་སྟེང་གི་གཟུགས་ཀྱི་ཆའམ་དངོས་མེད་ལས་ལྡོག་པའི་ལྡོག་ཆ་ལྟ་བུ་རེ་རེ་རྐྱང་པ་རྒྱུ་རུ་མི་གཞག་པ་བཞིན་ནོ། །ཕྱོགས་དུས་ཀྱི་ཆ་ཕྱེ་སྟེ་རྒྱུར་བཞག་ན་དམིགས་སུ་བཀར་བ་དེ་ལས་གཞན་རྒྱུར་མི་རུང་བའི་ཐ་སྙད་ཀྱི་རྣམ་གཞག་འཇིག་སྟེ། བུམ་པ་ཞེས་པ་གཟུགས་རྡུལ་ཁོ་ན་ཡིན་ཟེར་བ་ལྟ་བུ་དང་འདྲ་ལ། དེས་ན་རྒྱུ་འབྲས་ཕྲད་མ་ཕྲད་གང་དུའང་མི་རུང་མོད། རྒྱུ་ཡིས་འབྲས་བུ་འཕེན་པ་མི་བསླུ་བ་ཆོས་ཉིད་དེ། དཔེར་ན། ཉི་ཟླའི་གཟུགས་བརྙན་ཆུ་ལ་ཤར་བ་ལ་ཉི་ཟླ་དངོས་ལ་ཡོད་པའི་རྣམ་པ་རྣམས་སྣང་ཞིང་། གཟུགས་དང་གཟུགས་བརྙན་ཕྲད་མ་ཕྲད་ཀྱི་འཐད་པ་བྲལ་ཡང་མངོན་སུམ་སྣང་བ་དེ་དཔེར་བྱས་ནས་རྒྱུ་འབྲས་ཀྱི་ཚུལ་ཡང་བརྟེན་ནས་འབྱུང་བ་དེ་འདྲའོ། །ཞེས་བསྟན་པ་བཞིན་དུ་རྒྱུ་ཉིད་ཀྱི་ནུས་པས་འབྲས་བུ་འབྱུང་བ་རྟེན་འབྱུང་གི་ཆོས་ཉིད་ཡིན་པ་ཙམ་ལས་འདས་ནས་ཇི་ལྟར་ཁས་བླངས་ཀྱང་མི་རུང་སྟེ། ས་བོན་ལས་མྱུ་གུ་སྐྱེ། ལས་ལས་འབྲས་བུ་འབྱུང་ཞེས་པ་ཙམ་ལས་ཞིག་མ་ཞིག་ཆ་ཕྱེ་ན། མ་ཞིག་པ་ལ་རྒྱུ་འབྲས་དུས་མཉམ་གྱི་སྐྱོན་སྔར་བཤད་ལྟར་དང་། ཞིག་པ་ལས་སྐྱེ་ན་ས་མྱུག་གི་བར་དུ་ཞིག་པ་སྐད་ཅིག་མས་ཆོད་པས་རྒྱུ་འབྲས་རྒྱུན་མི་ཆད་དུ་མི་འབྱུང་བའི་སྐྱོན་ཡོད་ལ། བར་དེར་ཞིག་པ་སྐད་ཅིག་མས་མ་ཆོད་ན་རྒྱུ་ཞིག་པར་ཡང་ག་ལ་རུང་། ཡང་ཞིག་པ་སྐད་ཅིག་དང་པོ་དེ་མ་ཞིག་བཞིན་དུ་མྱུ་གུ་སྐྱེད་དམ་ཞིག་ནས་སྐྱེད། དང་པོ་ལྟར་ན་རྒྱུ་ཞིག་པ་དང་འབྲས་བུ་མྱུ་གུ་གཉིས་དུས་མཉམ་པས་མི་འཐད་ལ། གཉིས་པ་ལྟར་ན་ཞིག་པ་སྐད་ཅིག་དང་པོ་འགགས་ནས། ཡང་ཞིག་པ་སྐད་ཅིག་གཉིས་པ་འབྱུང་ལ། དེ་དང་མྱུ་གུ་དུས་མཉམ་ན་རྒྱུ་འབྲས་དུས་མཉམ་དུ་འགྱུར་བས་མི་འཐད་པས། དེ་ལྟར་ན་མཐར་ཞིག་པ་གང་ལས་ཀྱང་སྐྱེ་བ་མི་འཐད་ལ། ཞིག་པ་སྐད་ཅིག་མ་མིན་ན་ནི་རྟག་དངོས་ཀྱི་གཞི་མཐུན་ནམ། ཡང་ན་ནི་དོན་བྱེད་ནུས་པས་སྟོང་པའི་ཕྱིར་འབྲས་བུ་སྐྱེད་པའི་རྒྱུར་ཡང་ག་ལ་རུང་ངོ་། །དེ་ལྟར་ན་ས་བོན་འགགས་སུ་ཆུག་ནའང་ཞིག་པ་དག་གིས་གོ་བཀག་ནས་མྱུ་གུ་ནམ་ཡང་མི་སྐྱེ་བར་ཞིག་པ་སྲིད་མཐར་ཐུག་པར་སྐྱེ་བ་ལ་སོགས་པ་དང་། གཞན་ཡང་རྒྱུ་འབྲས་ཡིན་ནོ་ཅོག་རྒྱུན་ཆད་དེ་ཤེས་བྱ་ཐམས་ཅད་གཏན་མེད་དུ་འགྱུར་རོ། །དེས་ན་དཀའ་འགྲེལ་ལས་ཇི་སྐད་བཤད་པ་ལྟར། ས་བོན་ཞིག་པ་དང་མ་ཞིག་པའི་ཆ་གཉིས་ཀ་ལས་སྐྱེ་བར་མི་རིགས་པས་རྒྱུ་ལས་འབྲས་བུ་འབྱུང་བ་ཆོས་ཉིད་ཀྱི་རིགས་པ་འདི་ཙམ་ལ་ཡིད་ཆེས་པར་བྱ་སྟེ། འདི་ལྟར་ས་མྱུག་ལྟ་བུ་ལ་ཐ་སྙད་དུ་རྒྱུ་ཞིག་ནས་སམ་འགགས་ནས་འབྲས་བུ་བསྐྱེད་ཅེས་ཁས་ལེན་པ་ནི་རྒྱུ་ཉིད་འབྲས་བུའི་དུས་ན་མ་འགགས་པར་ཡོད་པ་བསལ་བའི་ཆ་ནས་བཞག་པ་ཙམ་སྟེ། རྒྱུའི་སྐད་ཅིག་ལོག་པ་དང་འབྲས་བུའི་སྐད་ཅིག་སྐྱེ་བ་གཉིས་ཀྱི་བར་གཞན་གྱིས་མ་ཆོད་པར་སྐྱེ་འགག་བྱེད་པ་བརྟགས་ན་དབེན་པ་ཡིན་གྱི། སྔར་གྱི་རྒྱུ་ཉིད་མ་གཏོགས་པར་འབྲས་བུ་སྐྱེད་ནུས་ཀྱི་ཞིག་པ་ཞེས་རྒྱུ་འགགས་པའི་ཤུལ་ན་དངོས་པོར་གྱུར་པ་ཅིའང་མེད་དེ། འབྲས་བུ་རྣམས་རྒྱུ་སྔོན་སོང་ལས་སྐྱེ་ཡང་སྔོན་སོང་ཞེས་རྒྱུ་ལས་གཞན་པའི་འབྲས་བུ་སྐྱེད་ནུས་ཀྱི་དངོས་པོ་ཅིའང་མེད་པ་ལྟར་ཤེས་པར་བྱའོ། །གཉིས་པ་སྣང་གཞི་བདེན་སྟོང་དུ་ངེས་པར་བསྟན་པ་ནི། དེ་ཕྱིར་ཀུན་རྫོབ་རྒྱུ་མེད་ན། །རུང་མིན་ཞེས་པའང་ལེགས་མ་ཡིན། །གལ་ཏེ་འདི་ཡི་ཉེར་ལེན་པ། །ཡང་དག་ཡིན་ན་དེ་སྨྲོས་ཤིག །ཅེས་གསུངས་ཏེ། དེ་ལྟར་རང་བཞིན་ཅུང་ཟད་མེད་བཞིན་རྒྱུ་དང་འབྲས་བུའི་ཚུལ་དུ་འགོག་མེད་དུ་སྣང་བ་དེ་ཕྱིར་ཆོས་འདི་དག་རང་བཞིན་མ་གྲུབ་བཞིན་དུ་སྣང་བ་ཁོ་ན་ཡིན་གྱི། དངོས་སྨྲ་བ་རྣམས་ཀྱིས་འདི་ལྟར་མངོན་སུམ་ཉམས་སུ་མྱོང་བའི་ཀུན་རྫོབ་འདི་དག་ལ་སྣང་གཞིའམ་རྒྱུ་བདེན་པ་ཞིག་མེད་ན། འདི་ལྟར་སྣང་དུ་རུང་བ་མིན་ཞེས་བརྗོད་པའང་ལེགས་པ་མ་ཡིན་ཏེ། གལ་ཏེ་ཀུན་རྫོབ་འདི་ཡི་སྣང་གཞིའམ་རྒྱུ་ཉེར་ལེན་དུ་གྱུར་པ་ཞིག་ཡང་དག་པར་ཡོད་པ་ཡིན་ན་དེ་སྨྲོས་ཤིག་དང་རིགས་པས་གནོད་པ་མེད་པར་གྲུབ་ན་དེ་རྒྱུ་ཡིན་པར་བདག་ཀྱང་ཁས་ལེན་མོད། གོང་དུ་ཇི་སྐད་བཤད་པའི་རིགས་པས་ཤེས་བྱ་ཡིན་ནོ་ཅོག་བདེན་གྲུབ་མེད་པར་གྲུབ་ཟིན་པ་དེས་ན་རྒྱུ་བདེན་པ་གཞག་པར་མི་ནུས་སོ། །དེའང་འཕགས་པ་ཀླུས། སྔགས་དང་སྨན་དང་སྒྱུ་མའི་དཔེའི་ཚུལ་གྱིས་རྟེན་འབྲེལ་གྲུབ་པའི་ཚིགས་སུ་བཅད་པ། ཡི་གེ་གཅིག་སྔགས་གང་ཡང་མེད། །ཅེས་པ་ལ་སོགས་པ་ཐ་སྙད་གྲུབ་པ་ལས་བསྟན་པ་བཞིན་ནོ། །དེ་ལ་དངོས་སྨྲ་བ་དག་ནི་སྣལ་མ་མེད་པའི་སྣམ་བུ་ལྟར་ཀུན་རྫོབ་སྣང་བ་སྣ་ཚོགས་ལ་སྣང་བའི་རྒྱུ་མེད་ན་སྣང་མི་རུང་བར་བསམས་ནས། རྡུལ་དང་ཤེས་པ་ཆ་མེད་དམ། གཉིས་སྟོང་གི་ཤེས་པ་སོགས་སྣང་གཞིའམ་རྒྱུ་ཉིད་དུ་ཁས་ལེན་ཅིང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟར་བཏགས་པ་བཞིན། ཕུང་པོ་རྒྱུར་བྱས་ནས་སེམས་ཅན་དུ་གདགས་པར་གསུངས་པ་ཡིན་ནོ་ཞེས་ཟེར་ལ། དབུ་མ་པ་ནི་སྣང་བའི་གཞིར་གྱུར་པའི་བདེན་པ་ཞིག་མེད་པ་དེ་ཉིད་ཀྱིས་སྣང་བ་མི་འགག་པར་ཤར་བར་མཁྱེན་ནས་ཆོས་ཐམས་ཅད་སྟོང་པ་ལས་རང་སྣང་བར་འདོད་དེ། གཟུགས་བརྙན་སྟོང་བཞིན་དབང་པོའི་སྤྱོད་ཡུལ་དུ་འགྱུར་བ་ལ་སོགས་པ་བཞིན་དུ་སྟོན་པར་བྱེད་དོ། །དེའང་བྱིས་པ་ལས་དང་པོ་པའི་བློར་སྟོང་པ་དང་སྣང་བའམ། ཡོད་པ་མེད་པ་འདི་གཉིས་ཕན་ཚུན་སྤངས་པའི་ཚུལ་གྱིས་གཅིག་གིས་གཅིག་བཀག་པ་ལྟ་བུ་ལས་འཆར་མི་སྲིད་པས་ཟུང་དུ་ཆུད་པར་རྟོགས་དཀའ་ནའང་། ངོ་བོ་ནི་མདུན་དུ་བཞག་པའི་བུམ་པ་ལྟ་བུ་གཅིག་ལ་གཅིག་ཏུ་བྲལ་གྱི་རིགས་པས་དཔྱད་ཚེ་རང་བཞིན་གྲུབ་པ་རྡུལ་ཙམ་ཡང་མེད་པར་མཐོང་ན། སྟོང་པ་དེ་ད་ལྟ་དཔྱད་པའི་དུས་ན་བྱུང་གི་སྔ་ན་མེད་པ་ལྟ་བུ་མ་ཡིན་པས་བུམ་པ་དེ་སྐྱེ་འགག་གནས་གསུམ་དུ་སྣང་བའི་སྐབས་ནའང་རང་བཞིན་མེད་པའི་ངང་ཚུལ་ལས་ཅུང་ཟད་གཡོ་བ་མེད་པ་ཡིན་པས་སྟོང་བཞིན་དུ་དེ་ལྟར་སྣང་བ་སྟེ་ཡིན་ལུགས་སྣང་སྟོང་ཟུང་དུ་འཇུག་པ་ཞིག་ཡིན་པར་ངེས་ཤེས་བསྐྱེད་དགོས་ཏེ། སྤྱིར་བདེན་མེད་ཀྱི་རིགས་པས་སྟོང་པར་རྟོགས་པ་སླ་ཡང་། སྟོང་པ་རྟེན་འབྱུང་དུ་འཆར་བ་ལ་ཡིད་ཆེས་ཐོན་དཀའ་བ་ཡིན། དེ་ཐོན་ནས་མདོ་སྔགས་ཐམས་ཅད་ཀྱི་ལྟ་བའི་རྨང་འགྲིགས་པ་ཡིན་ནོ། །དེས་ན་སྣང་གཞི་ཐད་ཀར་བདེན་མེད་ཟང་ཐལ་དུ་ངེས་པའི་ངེས་ཤེས་ཀྱི་ངང་ནས་སྣང་བ་རྟེན་འབྲེལ་བསླུ་མེད་དུ་འཆར་ཚུལ་མཐོང་བ་འདི་རྨད་བྱུང་བས་ཀྱང་རྨད་དུ་བྱུང་བ་ཡིན་ལ། དེ་རྟོགས་ཚུལ་ཡང་ཚིགས་སུ་བཅད་པ་འདིས་རྫོགས་པར་སྟོན་ཏོ། །གཉིས་པ་རྩོད་སྤོང་ལ། ཀླན་ཀ་མེད་པའི་ཚུལ་མདོར་བསྟན། དེའི་དོན་རྒྱས་པར་བཤད་པ་གཉིས། དང་པོ་ལ་ཕས་རྒོལ་འཇོམས་ནུས་པ་དང་། ཚུར་ལ་གང་གིས་མི་ཚུགས་པའི་ཚུལ་གཉིས། དང་པོ། དངོས་པོ་ཀུན་གྱི་རང་བཞིན་ནི། །རིགས་པའི་ལམ་གྱི་རྗེས་འབྲངས་པར། །གཞན་དག་འདོད་པ་སེལ་བར་བྱེད། །དེ་ཕྱིར་རྒོལ་ངན་གནས་མེད་དོ། །ཞེས་འདི་ལྟར་ཤེས་བྱའི་དངོས་པོ་ཀུན་གྱི་རང་བཞིན་མ་ནོར་བ་ཡི་ཚུལ་ནི། དངོས་སྟོབས་ཀྱི་རིགས་པའི་ལམ་གྱི་རྗེས་སུ་འབྲངས་པར་བྱས་ནས། གཞན་སེར་སྐྱ་པ་ལ་སོགས་པ་དངོས་པོའི་རང་བཞིན་ཕྱིན་ཅི་ལོག་ཏུ་རྟོག་པ་དག་གིས་འབྲས་བུ་ཡོད་པ་དང་མེད་པ་སོགས་སུ་འདོད་པ་རྣམས་སེལ་བར་བྱེད་པ་ཡིན་པས་དེ་ཡི་ཕྱིར་ན་ཕ་རོལ་གྱི་རྒོལ་བ་རྣམས་ཀྱི་སྨྲ་བ་ངན་པ་དག་འཇུག་པའི་གནས་མེད་ཅིང་གོ་སྐབས་མེད་པར་འཇོམས་ནུས་ཏེ། སྤྲིན་མེད་པའི་མཁའ་ལ་ཉི་མའི་དཀྱིལ་འཁོར་ཤར་བའི་མདུན་ན་མུན་པ་བཞིན་དུ་བྱེད་དོ། །དེ་ལ་འབྲས་བུ་རང་བཞིན་གྱིས་ཡོད་པར་སྨྲ་བ་སེར་སྐྱ་པ། མེད་པར་སྨྲ་བ་བྱེ་བྲག་པ། གཉིས་ཀར་སྨྲ་བ་གཅེར་བུ་པ་ལ་སོགས་པའོ། །དེ་དག་གི་འདོད་པ་དངོས་པོའི་གནས་ཚུལ་དང་མི་མཐུན་པས་ཚད་མ་མེད་ལ། དབུ་མ་པའི་ལུགས་ནི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་དང་ལྡན་པས་ན་དེ་དག་གི་འདོད་པ་སེལ་བ་ལ་ཚེགས་མེད་ཅིང་ཤིན་ཏུ་སྟོབས་དང་ལྡན་པ་ཡིན་ནོ། །གཉིས་པ། ཡོད་དང་མེད་དང་ཡོད་མེད་ཅེས། །ཁས་མི་ལེན་པ་གང་ཡིན་པ། །དེ་ལ་ནན་ཏན་ལྡན་པས་ཀྱང་། །ཅིར་ཡང་ཀླན་ཀ་བྱར་མི་ནུས། །ཞེས་གསུངས་ཏེ། གང་བྱིས་པའི་གནས་སྐབས་ནས་བཟུང་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་མྱོང་བ་སྣང་ཙམ་བསླུ་མེད་ཀྱི་རྟེན་འབྲེལ་ནི་བཀག་པ་མེད་ལ། དེ་དག་ལ་རང་བཞིན་གྱིས་གྲུབ་པ་ཅིའང་མེད་པ་ཡིན་པས། མཐའ་གཅིག་ཏུ་ཡོད་པར་སྨྲ་བ་དང་། མེད་པར་སྨྲ་བ་དང་། ཡོད་མེད་གཉིས་ཀ་ཡིན་པ་དང་། གཉིས་ཀ་མ་ཡིན་པའི་གཞི་ཞིག་ཡོད་ཅེས་མཐའ་བཞིའི་ཕྱོགས་གང་ཡང་ཁས་མི་ལེན་པ་གང་ཡིན་པ་དེ་ལ་གླགས་བཙལ་བའི་བསམ་པ་དྲག་པོས་ཀུན་ནས་བསླངས་ཏེ་འབད་པ་ནན་ཏན་ཆེན་པོ་དང་ལྡན་པས་ཀྱང་། ཅིར་ཡང་ཀླན་ཀ་བྱར་མི་ནུས་ཏེ་ནམ་མཁའ་འབིགས་པར་འདོད་པ་དང་འདྲའོ། །དེ་ལྟར་དམིགས་པ་ཅན་གྱི་ལྟ་བ་རྣམ་པར་བཟློག་ནས་རང་ཉིད་ལྟ་ཀུན་རབ་ཏུ་བྲལ་བའི་དབུ་མའི་ལམ་ལ་གནས་པ་དེ་ལ་ཆོས་ཐམས་ཅད་དངོས་པོ་མེད་ན་ནམ་མཁའི་མེ་ཏོག་ལྟ་བུ་ལས་མཐོང་ཐོས་བྱེ་བྲག་ཕྱེད་པ་འཕགས་འཕགས་མིན་སོགས་ཀྱི་ཐ་སྙད་དང་གྲུབ་པའི་མཐའ་རྣམ་པར་གཞག་པ་དང་འགལ་སྙམ་པའི་ཀླན་ཀ་བྱེད་པ་ནི་སྙིང་པོ་ཅིའང་མེད་པའི་ཚིག་ཙམ་དུ་འགྱུར་རོ། །དེ་སྐད་དུའང་འཕགས་པ་ལྷས། གང་གི་ཕྱོགས་ལ་ཡོད་པ་དང་། །མེད་དང་ཡོད་མེད་ཡོད་མིན་པ། །དེ་ལ་ཀླན་ཀ་བྱ་བར་ནི། །ཡུན་རིང་དུ་ཡང་བརྗོད་མི་ནུས། །ཞེས་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། དོན་དམ་ལ་རྩོད་སྤོང་དང་། ཀུན་རྫོབ་རྩོད་སྤོང་གཉིས། དང་པོ་ལ་མཐའ་བཞིའི་སྤྲོས་བྲལ་གྱི་དོན་དམ་ལ་ཁས་ལེན་མེད་ཚུལ་དང་། དེ་ལ་རྩོད་པ་སྤོང་བའོ། །དང་པོ་ལ་ཁས་ལེན་དང་བཅས་པ་རྣམ་གྲངས་པའི་དོན་དམ་བཤད་པ་དང་། ཁས་ལེན་ཀུན་བྲལ་རྣམ་གྲངས་མ་ཡིན་པའི་དོན་དམ་བཤད་པ་གཉིས། དང་པོ་ལ་རིགས་པ་དང་ལུང་གིས་གྲུབ་ཚུལ། དེའི་སྒྲ་དོན་གཉིས། དང་པོ། དེ་ཕྱིར་ཡང་དག་ཉིད་དུ་ན། །དངོས་པོ་གང་ཡང་གྲུབ་པ་མེད། །དེ་ཕྱིར་དེ་བཞིན་གཤེགས་རྣམས་ཀྱིས། །ཆོས་རྣམས་ཐམས་ཅད་མ་སྐྱེས་གསུངས། །ཞེས་གསུངས་ཏེ། གོང་དུ་ཇི་སྐད་བཤད་པའི་རིགས་པས་གཅིག་དུ་མར་མེད་པ་དེ་ཡི་ཕྱིར་ན་ཡང་དག་པའི་དོན་ཉིད་ཀྱི་དབང་དུ་ན་དངོས་པོ་གང་ཡང་གྲུབ་པ་མེད་པ་དེ་ཕྱིར་དེ་བཞིན་གཤེགས་པ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཆོས་རྣམས་ཐམས་ཅད་མ་སྐྱེས་པའོ་ཞེས་དངོས་པོའི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་གསུངས་པ་ཡིན་ཏེ། བློ་གྲོས་རྒྱ་མཚོས་བསྟན་པ་ལས། གང་དག་རྟེན་ཅིང་འབྲེལ་འབྱུང་བ། །དེ་དག་དངོས་ཉིད་ཅི་ཡང་མེད། །གང་དག་ངོ་བོ་ཉིད་མེད་པ། །དེ་དག་གང་དུའང་འབྱུང་བ་མེད། །ཅེས་དང་། གླང་པོའི་རྩལ་གྱི་མདོ་ལས། གང་ཞིག་སྐྱེ་བར་འགྱུར་བ་ཡི། །ཆོས་དེ་གང་ཡང་མི་དམིགས་ན། །འབྱུང་བ་མེད་པའི་ཆོས་རྣམས་ལ། །བྱིས་པ་དག་ནི་འབྱུང་བར་འདོད། །ཅེས་དང་། དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས་ཀྱང་། གང་ལ་རང་བཞིན་ཡོད་པ་མ་ཡིན་ཏེ། །རང་བཞིན་མེད་པས་གཞན་རྐྱེན་ཇི་ལྟར་འགྱུར། །རང་བཞིན་མེད་པས་གཞན་གྱིས་ཇི་ལྟར་བསྐྱེད། །རྒྱུ་འདི་བདེ་བར་གཤེགས་པས་བསྟན་པ་ཡིན། །ཞེས་དང་། ཡབ་སྲས་མཇལ་བ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པས་ཆོས་ཀྱི་དབྱིངས་ལ་འཇུག་པ་སྟོན་པས་བསྟན་ཏེ། བཅོམ་ལྡན་འདས་དེ་ལ་མ་རིག་པ་ནི་མ་རིག་པ་ཉིད་ཀྱིས་མ་མཆིས་སོ། །ཞེས་པ་ལ་སོགས་པས་རྒྱ་ཆེར་བསྟན་པ་དང་། ཡང་། ཆོས་འདི་དག་ཐམས་ཅད་ནི་དུས་གསུམ་དུ་མཉམ་པ་ཉིད་ཀྱིས་མཉམ་པ་སྟེ། འདས་པའི་དུས་ནའང་ཆོས་ཐམས་ཅད་རང་བཞིན་དང་བྲལ་བའོ། །ཞེས་སོགས་དང་། ཡང་། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། ཆོས་གང་ལ་རང་བཞིན་མ་མཆིས་པ་དེ་ནི་འདས་པ་མ་ལགས། མ་འོངས་པ་མ་ལགས་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་དུས་གསུམ་དུ་བདེན་པའི་སྐྱེ་བ་མེད་པ་དེ་ལྟར་ན། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །གཟོད་ནས་ཞི་ཞིང་མ་སྐྱེས་ལ། །རང་བཞིན་མྱ་ངན་འདས་པ་ཞེས། །མགོན་པོ་ཁྱོད་ཀྱིས་ཆོས་རྣམས་བཤད། །ཅེས་པའི་ཚིགས་སུ་བཅད་པ་འདི་ཉིད་ལེགས་པར་བཤད་པར་འགྱུར་ཏེ། རང་བཞིན་དང་བྲལ་བའི་ཕྱིར་གཟོད་མ་མ་འོངས་པའི་དུས་ན་ཞི་ཞིང་། ད་ལྟར་བྱུང་བའི་དུས་ན་མ་སྐྱེས་ཏེ་ངོ་བོ་ཉིད་དང་བྲལ་བའི་ཕྱིར་རོ། །འདས་པའི་དུས་ནའང་རང་བཞིན་གྱིས་མྱ་ངན་ལས་འདས་པ་སྟེ་ངོ་བོ་མེད་པའི་སླད་དུའོ། །འདིས་ནི་ཆོས་ཐམས་ཅད་དུས་གསུམ་མཉམ་པ་ཉིད་དུ་བསྟན་པ་ཡིན་ནོ། །དེ་ལྟར་རིགས་པས་གང་གྲུབ་ཕ་དེ་ནི་དོན་བཞིན་ཡང་དག་པར་སྟོན་པ་སངས་རྒྱས་རྣམས་ཀྱིས་གསུངས་ལ། གང་སངས་རྒྱས་རྣམས་ཀྱིས་གསུངས་པ་དེ་ནི་དེ་ལྟར་ཡང་དག་པའི་རིགས་པས་གྲུབ་པ་ཡིན་ནོ། །གཉིས་པ་སྒྲ་དོན། དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ། །ཞེས་གསུངས་ཏེ་དེ་ལྟར་ཡོད་མེད་ཀྱི་ཟླས་ཕྱེ་བའི་དགག་བྱ་བདེན་གྲུབ་བཀག་པའི་མེད་རྐྱང་འདི་ནི་ངེས་པའི་དོན་དུ་ཐ་སྙད་དམ་ཀུན་རྫོབ་ཏུ་གཏོགས་པ་ཡིན་གྱི། གནས་ལུགས་མཐར་ཐུག་པ་མ་ཡིན་ཀྱང་། དམ་པའི་དོན་ནམ་གནས་ལུགས་མཐར་ཐུག་པའི་དོན་དམ་མཚན་ཉིད་པ་དེ་དང་མཐུན་པའི་ཕྱིར། འབྲས་མིང་རྒྱུ་ལ་བཏགས་པའི་ཚུལ་དུ་བདེན་ཡོད་ཀྱི་ལྡོག་ཕྱོགས་བདེན་མེད་རྐྱང་པ་འདི་ལའང་ནི་དམ་པའི་དོན་ཞེས་བྱ་བར་བརྗོད་ནའང་རྣམ་གྲངས་པའི་དོན་དམ་མམ་བཏགས་པ་བ་ཡིན་ནོ། །དེ་ལ་དོན་དམ་པ་མཚན་ཉིད་པ་ནི་མེད་རྐྱང་ཙམ་མ་ཡིན་ཏེ། མཐའ་བཞིའི་སྤྲོས་བྲལ་ཡིན་ནའང་གཞན་སེལ་གྱི་རྟོག་པའི་བློ་ཡུལ་ན་གནས་པའི་དངོས་པོའི་བདེན་མེད་ཙམ་པོ་བ་རྣམ་གྲངས་པའི་དོན་དམ་འདི་མེད་ན་དོན་དམ་ཆེན་པོ་རྟོགས་པའི་ཐབས་མེད་ལ། དེ་རྟོགས་བྱེད་ཀྱི་ཐབས་སམ་རྒྱུ་ཡིན་ཅིང་དེ་ལ་གཏོགས་པ་ཡིན་པས་དོན་དམ་ཞེས་བརྡ་སྦྱར་བ་ཡིན་ཏེ། དབུ་མ་སྙིང་པོ་ལས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་གྱི། །སྟེང་དུ་འགྲོ་བར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །དེས་ན་དགག་བྱ་བཅད་ཙམ་གྱི་བདེན་སྟོང་མེད་དགག་གི་ཆ་དང་། རྟེན་འབྱུང་གི་ཆ་སོ་སོར་རང་ས་ན་མ་འདྲེས་པར་ཡོད་པ་ལྟ་བུའི་ཕྱིར་ན་ལུགས་དེ་ལ་འཛིན་པའང་ཡོད་ཁས་ལེན་ཀྱང་ཡོད་ལ། དེའི་ནང་གི་བདེན་མེད་ཀྱི་ཆ་དེ་གནས་ལུགས་མཐར་ཐུག་ཡིན་ཞིང་། དེ་ལ་དམིགས་པའི་བློ་འང་དོན་དམ་མཐར་ཐུག་གི་རྗེས་སུ་ཞུགས་པ་ཡིན་ན་གཞིའམ་གནས་ལུགས་སྣང་སྟོང་ཟུང་འཇུག་མིན་ཞིང་སྟོང་ཆ་ཁོ་ནའི་ཕྱོགས་སུ་ལྷུང་ཞིང་དེའི་ཡུལ་ཅན་ཡང་འཛིན་པའམ། རྣམ་པར་རྟོག་པ་ལས་འདའ་བ་མི་སྲིད་ལ། རིགས་པས་བདེན་གྲུབ་ཙམ་བཀག་པའི་བདེན་སྟོང་གི་ཤུལ་ན་མི་འགོག་རྒྱུའི་ཆོས་ཅན་དེ་ལ་རང་མཚན་མེད་པ་གཞག་ཏུ་མི་རུང་བས། རང་མཚན་གྱིས་གྲུབ་པའི་ཆོས་ཅན་དེ་མི་འགོག་ན། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ། དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་བ། འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ་གསུམ་གྱིས་གནོད་པས་ན་རང་མཚན་གྱིས་གྲུབ་པ་དང་། བདེན་སྟོང་དུ་བཞག་པའང་ཐ་སྙད་ཙམ་སྟེ་གནས་ལུགས་ལ་སྣང་སྟོང་དབྱེར་མེད་དུ་གྲུབ་བོ། །དེས་ན་མཉམ་བཞག་ཡེ་ཤེས་ཀྱི་དབུ་མ་དཔལ་ལྡན་ཟླ་བའི་དགོངས་པ་ཟབ་མོ་དེ། ཚུལ་འདི་ལྟ་བུའི་ལམ་ལ་མ་བརྟེན་པར་རྟོགས་དཀའ་བ་མིན་ནམ་བློ་ལྡན་རྣམས་ཀྱིས་ལེགས་པར་སོམས་ཤིག །གཉིས་པ་རྣམ་གྲངས་མིན་པ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ། ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །ཞེས་གསུངས་ཏེ། དངོས་པོ་ཡོད་པ་དགག་པའི་དོན་དམ་དེ་ཅིའི་ཕྱིར་དོན་དམ་དངོས་མ་ཡིན། མཐར་ཐུག་པའི་དོན་དམ་མཚན་ཉིད་པ་དེ་ལས་བོགས་དབྱུང་དུ་མི་སྲིད་པ་གང་ཡིན་སྙམ་ན། དངོས་པོ་དགག་བྱ་རྣམ་པར་བཅད་པ་འདི་ནི་ཡོད་པ་བསལ་བའི་གཞན་སེལ་རྟོག་པའི་གཟུགས་བརྙན་ཙམ་ཡིན་པས་སྤྲོས་པ་ལས་མ་འདས་ལ། ཡང་དག་པ་མཐར་ཐུག་གི་དོན་དུ་ན་ཡོད་མེད་ཡིན་མིན་ལ་སོགས་པའི་མཐར་འཛིན་གྱི་སྤྲོས་པ་ཡི་ཚོགས་རྣམས་ཀུན་ལས་ཀྱང་། དོན་དམ་མཚན་ཉིད་པ་དེ་ནི་རྣམ་པར་གྲོལ་བ་ཡིན་ནོ་ཞེས་མདོར་བསྟན་ནས། གཉིས་པ་དེའི་ཚུལ་རྒྱས་པར་བཤད་པ་ལ། དོན་དམ་སྒྲ་རྟོག་གི་ཡུལ་ལས་འདས་པར་བསྟན་པ། སྒྲ་རྟོག་ཀུན་རྫོབ་ཀྱི་སྤྱོད་ཡུལ་ཡིན་པར་བསྟན་པ་གཉིས། དང་པོ། སྐྱེ་ལ་སོགས་པ་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །དེ་ཡི་ངོ་བོ་བཀག་པའི་ཕྱིར། །དེ་ཡི་ཚིག་གི་སྒྲ་མི་སྲིད། །ཡུལ་མེད་པ་ལ་དགག་པ་ཡི། །སྦྱོར་བ་ལེགས་པ་ཡོད་མ་ཡིན། །ཞེས་གསུངས་ཏེ། དོན་དམ་པར་དངོས་དངོས་མེད། སྐྱེ་མི་སྐྱེ། སྟོང་མི་སྟོང་ལ་སོགས་པ་སྤྲོས་པའི་དྲྭ་བ་མཐའ་དག་སྤངས་པ་སྟེ། འདི་ལྟར་སྐྱེ་བ་དང་གནས་པ་འགག་པ་ལ་སོགས་པ་མེད་པའི་ཕྱིར་ན། དེ་དག་གི་ལྡོག་ཕྱོགས་སྐྱེ་བ་མེད་གནས་པ་མེད་ཅེས་པ་ལ་སོགས་པ་མི་སྲིད་ལ། སྐྱེ་བ་ཡོད་པ་དང་མེད་པ་ལ་སོགས་པ་དེ་ཡི་ངོ་བོ་བཀག་པའི་ཕྱིར་ན། བརྗོད་བྱ་དེ་དང་དེ་ཡི་རྗོད་བྱེད་ཚིག་གི་སྒྲ་ཡང་མི་སྲིད་ལ། དགག་བྱའི་ཡུལ་མེད་པ་ཡིན་པ་ལ། དེ་དགག་པ་ཡི་གཏན་ཚིགས་སྦྱོར་བའང་བརྫུན་པ་ཙམ་ལས་ལེགས་པའམ་དོན་དུ་གནས་པ་ཡོད་པ་མ་ཡིན་ཏེ། དགག་བྱ་ཡོད་པ་དགག་པའམ། མེད་པ་དགག་པའམ། གཉིས་ཡིན་གཉིས་བྲལ་ཅི་དགག་ཀྱང་དགག་བྱ་དེ་དག་གི་ངོ་བོ་གདོད་ནས་མ་སྐྱེས་པ་ཡིན་པས། དེ་དགག་པའི་གཏན་ཚིགས་དང་། དེ་རྗོད་པའི་སྒྲ་དང་། དེ་ལྟར་ཡིད་ཀྱིས་སེམས་པ་གང་ཡིན་པ་ཐམས་ཅད་མོ་གཤམ་གྱི་བུ་བསད་པར་རློམ་པའི་སྒྲ་དང་ཚིག་ལ་སོགས་པ་དང་འདྲ་བར་རྣམ་པར་རྟོག་པ་ཙམ་གྱི་འཁྲུལ་འཁོར་དུ་ཟད་ཀྱི། དངོས་པོའི་ཆོས་ཉིད་འབའ་ཞིག་ལ་རེག་པ་མ་ཡིན་ནོ། །དེས་ན་མེད་པར་དགག་པའི་གཏན་ཚིགས་ཐམས་ཅད་ཀྱང་རྨི་ལམ་ན་བུ་བྱུང་ཞིང་ཤི་བ་ལ་མྱ་ངན་བྱེད་པའི་ཚེ། བུ་མེད་དོ་ཞེས་རྟོག་པ་བཞིན་དུ། དངོས་པོའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་རྟོག་པའི་ཡོད་དོ་སྙམ་པའི་ཞེན་པ་ཞིག་བྱུང་བ་ལ། དེ་དོན་དུ་ངེས་པ་མ་ཡིན་པར་བསྟན་པའི་མེད་དགག་ཏུ་འཛིན་པ་དེས་རྟོག་པས་རྟོག་པ་བཤིག་པ་ཙམ་ཡིན་གྱི། མེད་པ་རང་ཡང་རྟོག་པས་ཕར་བཞག་པ་ལས་མ་འདས་པས་གནས་ལུགས་ལ་མེད་པ་ཞེས་སུའང་གྲུབ་པ་མེད་དེ། ཞི་བ་ལྷས། བརྟག་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །དེ་ཕྱིར་བརྫུན་པའི་དངོས་གང་ཡིན། །དེ་ཡི་དངོས་མེད་གསལ་བར་བརྫུན། །དེས་ན་རྨི་ལམ་བུ་ཤི་ལ། །དེ་མེད་སྙམ་པའི་རྣམ་རྟོག་ནི། །དེ་ཡོད་རྣམ་པར་རྟོག་པ་ཡི། །གེགས་ཡིན་དེ་ཡང་བརྫུན་པ་ཡིན། །ཞེས་དང་། དཔྱད་བྱ་རྣམ་པར་དཔྱད་བྱས་ན། །རྣམ་དཔྱོད་ལ་ནི་རྟེན་ཡོད་མིན། །རྟེན་མེད་ཕྱིར་ན་མི་སྐྱེ་སྟེ། །དེ་ཡང་མྱ་ངན་འདས་པར་བརྗོད། །ཅེས་གསུངས་པ་བཞིན་ནོ། །དེས་ན་སྒྲ་དང་རྟོག་པའི་སྤྱོད་ཡུལ་གྱི་གཡོ་བ་ཇི་སྲིད་པ་དེ་སྲིད་དུ་ཀུན་རྫོབ་དང་ཐ་སྙད་ལས་མ་འདས་ཀྱང་། རྣམ་པར་རྟོག་པ་ལ་བརྟེན་ནས་མི་རྟོག་པའི་ཡེ་ཤེས་འབྱུང་བ་དང་། ཐ་སྙད་ལ་བརྟེན་ནས་དོན་དམ་པ། གཉིས་སུ་འབྱེད་པའི་ཤེས་རབ་ལ་བརྟེན་ནས་གཉིས་སུ་མེད་པའི་ཡེ་ཤེས་འཐོབ་དགོས་པ་ཡིན་ནོ། །དེས་ན་ཆོས་ཉིད་མཐར་ཐུག་པའི་ངོ་བོ་ནི་མཐའ་བཞིའི་སྤྲོས་པ་ཀུན་དང་བྲལ་བའི་ཕྱིར། འདི་ཞེས་ཚིག་གིས་བརྗོད་པ་དང་། འདི་ཞེས་བློས་དམིགས་པར་མི་ནུས་ཏེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་གསུངས་པ་ལྟ་བུའོ། །ངོ་བོ་ནི་སྣང་སྟོང་ཕྱོགས་སུ་མ་ལྷུང་བ་སྐྱེ་འགག་སྤྲོས་པ་ཐམས་ཅད་བྲལ་བའི་རང་བཞིན་རབ་ཏུ་ཞི་ཞིང་འོད་གསལ་བ་སྟེ། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། ཅེས་གསུངས་པ་བཞིན་ནོ། །དེ་ལྟར་ཀུན་རྫོབ་སྒྲ་དང་རྟོག་པ་བློའི་སྤྱོད་ཡུལ་ཐམས་ཅད་ལས་འདས་ཀྱང་མཐར་འཛིན་གྱི་ལྟ་བ་ངན་པའི་སྨག་ཐམས་ཅད་སེལ་ནུས་པའི་རང་བཞིན་ཆོས་ཀྱི་དབྱིངས་རྣལ་འབྱོར་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་མེད་པའི་ཚུལ་གྱིས་མཐོང་ཞིང་། གནས་པ་མེད་པའི་ཚུལ་གྱིས་གནས་པ་ཡོད་ཀྱི། གཉིད་འཐུག་དང་བརྒྱལ་བ་ལ་སོགས་པ་ལྟ་བུ་མ་ཡིན་པས། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་དོན་དམ་བློ་ཡི་སྤྱོད་ཡུལ་མིན་པར་བསྟན་པ་འདི་ལ་གོ་དགོས་པ་འདི་ཡོད་དེ། དོན་དམ་རྣམ་གྲངས་པ་བདེན་གྲུབ་མེད་པར་དགག་པ་ཙམ་ནི་བློའི་ཡུལ་ཡིན་སྒྲའི་ཡུལ་ཡིན། རྣམ་གྲངས་མིན་པ་ལ་ནི་སྣང་སྟོང་རེ་རེའི་ཕྱོགས་སུ་མ་ལྷུངས་པའི་སྣང་སྟོང་ཟུང་འཇུག་བདེན་གཉིས་ཟུང་འཇུག་སྤྲོས་བྲལ་དབུ་མ་སོགས་མིང་བཏགས་པ་ནི་མཚོན་བྱེད་ཙམ་སྟེ་མཛུབ་མོས་ཟླ་བ་བསྟན་པ་དང་འདྲ་བ་ལས་དོན་དུ་སྒྲ་རྟོག་གི་ཡུལ་ལས་ཤིན་ཏུ་འདས་པ་ཡིན་ནོ། །འོན་ཀྱང་མཐར་འཛིན་གྱི་ཞེན་ཡུལ་ཐམས་ཅད་རིགས་པས་རྣམ་པར་དཔྱད་པས་སུན་ཕྱུང་བའི་འབྲས་བུ་རྟོག་པའི་དྲྭ་བ་མཐའ་དག་ལོག་པའི་ཚུལ་གྱིས་དགག་སྒྲུབ་ལས་འདས་པའི་ཆོས་ཉིད་ལ་བསལ་གཞག་མེད་པར་འཇུག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་དངོས་གཞི་སྟེ། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་པ་བཞིན་ནོ། །དེའང་དཔེར་ན། ཅིའང་མ་མཐོང་ཞེས་མཐོང་བ་དགག་པའི་ཚུལ་གྱིས་བརྗོད་པ་དང་། ཅིའང་མེད་པར་མཐོང་ཞེས་མཐོང་བ་སྒྲུབ་པ་ལྟ་བུའི་ཚིག་གཉིས་ལ་དོན་ལ་ཁྱད་པར་མེད་དེ། ཕྱི་མས་ཀྱང་མཐོང་རྒྱུ་ཡོད་པར་མི་སྟོན་པ་བཞིན་ནོ། །དོན་དམ་བློ་འདས་སམ། བློའི་སྤྱོད་ཡུལ་མིན་ཞེས་འདོད་པ་དང་། རྣམ་པར་མི་རྟོག་པའི་སྤྱོད་ཡུལ་ཡིན་ཞེས་འདོད་པ་ལ་དོན་ལ་ཁྱད་མེད་དེ། རྣམ་པར་མི་རྟོག་པ་ནི་སྤྲོས་པ་ཐམས་ཅད་ལོག་ཅིང་གཟུང་འཛིན་མེད་པས་རབ་ཏུ་ཕྱེ་བ་ཡིན་པས་ན། དེའི་སྤྱོད་ཡུལ་དུ་དམིགས་པར་བྱར་ཡོད་པར་མི་སྟོན་ཏེ། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཅིང་བློ་ཡང་སྐྱེ་བ་དང་བྲལ་བ། ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་བཞིན་དུ་བལྟའོ། །གལ་ཏེ་གཟུགས་རྣ་ཤེས་ཀྱི་སྤྱོད་ཡུལ་མིན་ཀྱང་མིག་ཤེས་ཀྱི་ཡིན་པ་བཞིན་དུ། རྣམ་པར་མི་རྟོག་པའི་ཡུལ་དུ་དོན་དམ་དམིགས་པའི་ཚུལ་གྱིས་བསྒྲུབས་ན། རྣམ་པར་མི་རྟོག་པ་དང་གཟུང་འཛིན་མེད་པའི་ཚུལ་ཡང་འཇིག་པར་འགྱུར་བས་ན་དོན་དམ་བློ་འདས་སུ་སྨྲ་བ་ལ་རྣམ་པ་ཀུན་ཏུ་གནོད་པ་མེད་དེ། མདོ་ལས་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་ཀྱི་བར་གྱི་ཤེས་པའི་སྤྱོད་ཡུལ་ལས་འདས་པའི་ཚུལ་རྒྱ་ཆེར་གསུངས་པ་ལྟ་བུའོ། །དེས་ན་ཐ་སྙད་ཐམས་ཅད་དང་བྲལ་བ་མཐར་ཐུག་གི་དོན་དམ་དངོས་སུ་གཞལ་བ་ལ་ཀུན་རྫོབ་ཀྱི་ཡུལ་ཅན་འཇིག་རྟེན་པའི་ཤེས་པ་ཚད་མ་མིན་ཞིང་། དེ་ནི་རྟེན་ཅན་ཞིག་མ་གཏོགས་ཅི་ལའང་མི་བརྟེན་པ་ཆོས་ཀྱི་དབྱིངས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་དམིགས་མི་ནུས་ཏེ། བཙས་པའི་བུ་ཆུང་གིས་ཉི་མ་ལ་ལྟ་བ་དང་། དམུས་ལོང་གིས་གཟུགས་ལ་ལྟ་བ་ལྟ་བུར་གསུངས་ལ། རྟེན་ཅན་ཡོད་དོ་སྙམ་པའམ། མེད་དོ་སྙམ་པ་ཞིག་དམིགས་ཡུལ་དུ་བྱས་ཏེ་འཛིན་སྟངས་ཀྱིས་ཡུལ་དེ་གནས་ལུགས་སོ་སྙམ་ན་མ་ཡིན་ཏེ། བློས་རྟེན་འཆའ་བའི་ཡུལ་གང་ཡིན་པ་དབུ་མའི་རིགས་པས་སུན་ཕྱུང་མི་ནུས་པ་མི་སྲིད་དེ། ཆོས་ཉིད་ཀྱི་རིགས་པ་ལ་ཉེ་རིང་མི་མངའ་བའི་རྒྱུ་མཚན་གྱིས། གང་གི་ངོར་བྱས་ནས་མཚན་མ་ལ་དགའ་བ་རྣམས་ཀྱིས་དམིགས་པའི་ཡུལ་ཉིད་དུ་གཟུང་བའང་གཞག་པར་མི་བྱེད་ལ། དེ་ལྟར་ན་སྟོང་ཉིད་མཐའ་བྲལ་གྱི་རྒྱ་མཚོ་ཆེན་པོར་དངོས་ཞེན་གྱི་གྲུ་གཟིངས་འཇིག་པའི་ཚེ། དམིགས་པ་སྣ་ཚོགས་ཀྱི་མཚན་མའི་གཟེབ་ལ་ཆགས་པའི་སྲིད་པའི་ཡིད་ཀྱི་ཚོང་པ་རྣམས་སྐྲག་ཅིང་རྟབ་རྟབ་པོར་གྱུར་ནས་ཡུལ་གྱི་རྟེན་ཞིག་ལ་འཇུ་བར་བརྩམས་ཀྱང་། རྟེན་ཉིད་ཀྱང་མི་བརྟན་པ་ཆོས་ཉིད་ཡིན་ནོ། །ཆོས་དབྱིངས་ཕ་མཐའ་དང་བྲལ་བའི་རྒྱ་མཚོ་ཆེན་པོར། ཐོག་མེད་ནས་འཁོར་བར་འཆིང་བྱེད་རྣམ་པར་རྟོག་པ་མཐའ་དག་ཤི་ཡང་སུ་དག་ལ་མི་དགའ་བ་ཅི་ཞིག་ཡོད་དེ། མི་གནས་པའི་མྱང་འདས་ཀྱི་རྒྱལ་ཐབས་ལ་དབང་འབྱོར་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པ་ཡིན་པས་ན་ཟབ་མོ་ལ་མོས་པ་རྣམས་ནི་ཚུལ་དེ་ལ་མི་སྐྲག་ཅིང་ཤིན་ཏུ་དགའ་བར་འགྱུར་རོ། །དེ་ལ་དབུ་མའི་གཞུང་ཀུན་གྱིས་དངོས་པོ་རང་བཞིན་མེད་པར་སྟོན་པ་ཡིན་ཀྱང་། རང་བཞིན་མེད་པ་དང་སྟོང་པ་ཉིད་ལ་རྣམ་གྲངས་དང་རྣམ་གྲངས་མིན་པའི་གོ་བའི་དབང་གིས་ཕྱི་མ་ལྟར་ན་སྤྲོས་ཀུན་ལོག་པ་སྟེ། སྟོང་པ་ཉིད་ཅེས་བྱ་བ་ནི་ཅིའང་མ་མཐོང་བའི་ཚིག་བླ་དགས་སོ། །ཞེས་གསུངས་པ་ལྟར་ངེས་པར་བྱས་ནས་རང་བཞིན་མེད་པའི་ཚིག་གིས་དེར་ཞེན་པར་མི་བྱ་སྟེ། དེ་ནི་སྤྲོས་པ་ལྡོག་པའི་དོན་དུ་བསྟན་པའི་ཕྱིར་ཏེ། ཚིག་གསལ་ལས། ཁྱོད་ལ་སྟེར་བའི་ཟོང་ཅིའང་མེད་ཅེས་སྨྲས་པ་ལ། ཀྱེ་བདག་ལ་ཅིའང་མེད་པ་ཞེས་བྱ་བའི་ཟོང་དེ་བྱིན་ཅིག་ཟེར་ན། དེ་ལ་ཟོང་མེད་པར་འཛིན་དུ་གཞུག་པར་ཐབས་གང་གིས་ནུས། སྟོང་པ་ཉིད་དུ་ཞེན་པའང་དེ་དང་འདྲ་བར་གསུངས་པ་ལྟར་ཤེས་པར་བྱ་སྟེ། མདོར་ན་དངོས་པོ་རང་བཞིན་མེད་པའི་འཛིན་སྟངས་དང་བཅས་པ་རྣམ་གྲངས་པའི་དོན་དམ་གྱི་ཡུལ་ཅན་དང་། ཕྱི་མ་ལྟར་ཁས་ལེན་དང་སྤྲོས་པ་བྲལ་བ་གང་ཡིན་ལས་དོན་གྱི་གནད་ཤན་ཕྱེད་དགོས་ཀྱི། རང་བཞིན་མེད་པ་སོགས་ཀྱི་ཚིག་རིས་ཙམ་ལས་ངོས་མི་ཟིན་ནོ། །དེས་ན་ཐལ་རང་གི་འཆད་ཚུལ་ལྟོ་སྦྱར་ཏེ། མཐར་ཐུག་གི་དགོངས་གནད་སྤྲོས་བྲལ་དུ་གཅིག་ཀྱང་། རྗེས་ཐོབ་ཤན་འབྱེད་ཚེ་རང་རྒྱུད་པ་ལྟར་དོན་དམ་ལ་གཉིས་སུ་ཕྱེ་བ་བདེ་ཞིང་། མཉམ་བཞག་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་ན་ཕྱེ་མི་དགོས་པར་སྤྲོས་བྲལ་ཆེན་པོར་བསྒྲུབ་པ་ཉིད་ཡིན་པར་ཤེས་ན་དབུ་མའི་གནད་མཐར་ཐུག་ཟིན་ནུས་ཀྱི་གཞན་དུ་དཀའོ། །དེའང་རྣམ་གྲངས་པའི་དབང་དུ་ན་སྐྱེ་བ་དང་སྐྱེ་མེད་ཅེས་པ་དེ་དག་ཕན་ཚུན་ལྟོས་ནས་བཞག་པ་ཙམ་སྟེ། གཉིས་ཀའང་རིགས་པས་དཔྱད་ན་མ་གྲུབ་པར་མཚུངས་པ་ལ། ཞེན་ཡུལ་སུན་ཕྱུང་ནུས་བཞིན་དུ་སྐྱེ་མེད་ལ་དེར་འཛིན་མཐར་ཡང་མི་གཏོང་ན་དངོས་པོའི་ཆོས་ཉིད་དབང་བཙན་པར་མ་སོང་བས་སྐྱེ་སོགས་ཀྱི་ཞེན་པའང་སྤོང་བར་མི་འགྱུར་རོ། །དེ་ལ་འདི་སྙམ་དུ། བུམ་མེད་དུ་འཛིན་པ་ལྟ་བུ་ལའང་དགག་བྱ་བུམ་པའི་རྣམ་པ་དང་། དེ་བསལ་བའི་རྟོག་པ་གཉིས་མེད་པར་དེར་འཛིན་མི་ཤེས་ཀྱང་། དེའི་རྟོག་པ་ནི་དགག་རྐྱང་གི་ཡུལ་ཅན་ཡིན་ཏེ། བུམ་པས་དབེན་པའི་ཕྱོགས་སུ་བུམ་པ་ཐ་སྙད་དུའང་མེད་པས་སྟོང་རྟེན་འབྱུང་ཟུང་འཇུག་གི་དོན་མེད་ལ། སྐྱེ་སོགས་ཐ་སྙད་དུ་ཡོད་ཀྱང་བདེན་པའི་སྐྱེ་མེད་ཡིན་པ་དེ་ནི་སྟོང་རྟེན་འབྱུང་གི་གནས་ལུགས་ཡིན་ལ། དེ་དང་མཐུན་པའི་བློ་ཡིན་པས་སྐྱེ་མེད་དུ་འཛིན་པ་ནམ་ཡང་བཟློག་པར་མི་རུང་སྙམ་པའང་ལེགས་པ་མིན་ཏེ། ཟུང་འཇུག་ཡིན་པས་ན་དེའི་ངོ་བོ་ཇི་ལྟ་བ་ནི་སྨྲ་བརྗོད་དང་བྲལ་བར་གནས་ཀྱི། གཞན་དུ་ན་དམིགས་པར་བྱར་ཡོད་པར་ཡང་ཅིས་མི་འགྱུར། འོན་ཀྱང་རྣམ་པར་རྟོག་པས་སྣང་སྟོང་སྦྱར་ཏེ་བཟུང་བ་ཙམ་ནི་གནས་ལུགས་མཐར་ཐུག་དང་མཐུན་པའི་བློར་མི་འགྱུར་རོ། །དེའང་དོན་དམ་ལ་དཔྱོད་པའི་རིགས་པས་དཔྱད་ན་མི་བཟློག་པའི་ཐ་སྙད་ཀྱི་སྐྱེ་བ་དང་། དེའི་སྟེང་གི་སྐྱེ་མེད་གཉིས་གང་ཡང་མི་རྙེད་པར་མགོ་མཉམ་པའི་ཕྱིར་རྣམ་གྲངས་མིན་པའི་དོན་དམ་གྱི་སྐབས་འདིར་ཐལ་རང་དགོངས་པ་གཅིག་ཏུ་གྱུར་པ་ཡིན་ནོ། །གལ་ཏེ་སྒྲ་དོན་གྱི་རྣམ་པར་རྟོག་པས་རང་བཞིན་མེད་ཅེས་འཛིན་པ་སོགས་ལོག་པས་གནས་ལུགས་མི་མཐོང་ན་འཕགས་པ་རྣམས་ཀྱིས་ཀྱང་རྟོག་པ་དང་བྲལ་བའི་མངོན་སུམ་གྱིས་གནས་ལུགས་གཟིགས་པར་དཀའ་འོ། །འོན་ཏེ་སོ་སྐྱེའི་ས་ན་བསྒོམ་པ་དེ་ལས་འོས་མེད་སྙམ་ནའང་རྣམ་པར་མི་རྟོག་པ་རྗེས་མཐུན་བསྐྱེད་དུ་ཅིའི་ཕྱིར་མེད། དེ་ལྟར་མི་ནུས་པས་རེ་ཞིག་འཛིན་སྟངས་མི་འདོར་སྙམ་ན། བཙན་ཐབས་ཀྱིས་དེ་འདོར་དུ་འཇུག་པ་སུ་ཞིག་ཡོད་དེ། འོན་ཀྱང་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་ཡིད་ཆེས་བསྐྱེད་དགོས་ཀྱི། ཟབ་མོ་ཅིའི་ཕྱིར་ན་རྟོག་གེའི་ཡུལ་མ་ཡིན་སྙམ་དུ། ཡེ་ཤེས་དམ་པའི་སྤྱོད་ཡུལ་རྣམ་ཤེས་ཀྱི་ཡུལ་དུ་ཁྲིད་ན་དེ་བཞིན་གཤེགས་པའི་བསྟན་པའི་སྙིང་པོའི་གནད་ཉམས་པར་འགྱུར་བས་ན་རང་གི་བློ་ལ་སྦྱར་བདེ་བའི་ཕྱོགས་བཟུང་ནས་ཟབ་མོའི་ཆོས་སྤང་བར་མི་བྱ་སྟེ། བདེན་གཉིས་ཀྱི་ཚུལ་ལ་རིང་དུ་འདྲིས་པར་བྱས་ན་ཡེ་ཤེས་དང་རྗེས་སུ་མཐུན་པའི་བཟོད་པ་སྐྱེ་ལ། དེའི་ཚེ་བློ་འདས་ལ་ཡིད་ཅུང་ཟད་ཆེས་ནས་གོམས་པའི་དབང་གིས་གདོད་མངོན་དུ་འགྱུར་རོ་ཞེས་རྒྱལ་བ་སྲས་བཅས་ཀྱིས་དབུགས་དབྱུང་བའི་གསུང་གི་ཚུལ་ལ་བསམས་ཏེ་ཚུར་མཐོང་ཙམ་ལ་རེ་བའི་བློས་ཨུ་ཙུགས་དང་ཞུམ་པ་གཉིས་ཀ་སྤོངས་ལ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་ཚུལ་ལ་རིམ་བཞིན་འཇུག་པར་འཚལ་ལོ། །ལང་ཀར་གཤེགས་པ་ལས་ཀྱང་། ཡོད་པའི་ཟླས་དྲངས་མེད་པ་སྟེ། །ཡོད་པའང་མེད་པའི་ཟླས་དྲངས་སོ། །དེ་བས་མེད་པར་བརྗོད་མི་བྱ། །ཡོད་པ་ཉིད་དུའང་མི་བརྟག་གོ། །གང་ལ་ཅི་ཡང་མི་སྐྱེ་བ། །ཅི་ཡང་འགག་པར་མི་འགྱུར་ཏེ། །འཇིག་རྟེན་རྣམ་པར་དབེན་མཐོང་བ། །དེ་ལ་ཡོད་དང་མེད་པ་མེད། །ཅེས་གསུངས་ཤིང་། གཞན་སྡེ་གཞོན་ནུ་མ་ལེན་ལ་སོགས་པ་དག་ཀྱང་། འོ་མ་ལ་ཞོ་མེད་པ་སྔ་ན་མེད་པ། ཞོ་ལ་འོ་མ་མེད་པ་ཞིག་ནས་མེད་པ། རི་བོང་གི་མགོ་ལ་རྭ་མེད་པ་གཏན་ནས་མེད་པ། བ་ལང་ལ་རྟ་མེད་པ་ཕན་ཚུན་གཅིག་ལ་མེད་པའོ། །ཞེས་མེད་པ་བཞི་པོ་དེ་དངོས་པོ་གཞན་འགྱུར་དུ་འདོད་པ་ཡིན་ནོ། །དེ་ལ་ཡོད་པའི་ཟླས་དྲངས་ནས་མེད་པ་བཞག་སྟེ་ཞིག་ནས་མེད་པ་ལ་སོགས་པ་གསུམ་ལྟ་བུའོ། །དེས་ན་དངོས་མེད་ཀྱང་དངོས་པོའི་ཟླས་དྲངས་ནས་བཞག་པ་ཡིན་ལ། གལ་ཏེ་མོ་གཤམ་དང་། སྤྱིར་བུ་ཡོད་པར་མ་ངེས་ན་མོ་གཤམ་གྱི་བུ་ཞེས་པའི་སྒྲ་བློ་ཙམ་པོ་དེའང་མེད་ལ་སྒྲ་བློ་ཙམ་ལ་བརྟེན་ནས་དེ་མེད་པའི་ཐ་སྙད་ཀྱང་བྱེད་དོ། །རི་བོང་རྭ་ལ་སོགས་པའང་དེ་དང་འདྲའོ། །མེད་པའི་ཟླས་དྲངས་ནས་ཡོད་པ་སྟེ། དཔེར་ན། སྐྱེ་བ་ཞེས་བྱ་བ་སྔ་ན་མེད་པའི་དབང་གིས་གྲགས་སོ། །སྔ་ན་ཡོད་ན་ནི་སྐྱེ་བ་འགལ་ཏེ། ཡོད་པ་སྐྱེ་ན་སྐྱེས་པ་དེའང་སླར་སྐྱེ་བས་ཐུག་མེད་དུ་འགྱུར་རོ། །དེས་ན་ཡོད་མེད་བདེན་མི་བདེན་སྟོང་མི་སྟོང་སོགས་དེ་དག་ཐམས་ཅད་རྟོག་པའི་དབང་གིས་བཞག་པ་ཙམ་ལས་ཆོས་ཉིད་སྤྲོས་པ་བྲལ་བའི་གནས་ལུགས་མ་ཡིན་ལ། ནམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་ནས་སྤྲོས་བྲལ་ལ་གནས་པ་ན། ཀུན་རྟོག་གཡོ་བའི་བདུད་ཀྱི་ས་ལས་རིང་དུ་འདས་ཤིང་རྒྱལ་བ་དགྱེས་པའི་ལམ་ལ་ཞུགས་པར་ཤེས་པར་བྱའོ། །དེ་སྐད་དུ་ཡང་ཕལ་པོ་ཆེ་ལས། ཕྲ་ལ་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ། །མི་རྟོག་རྟོག་ཡུལ་མ་ཡིན་བལྟ་བར་དཀའ། །རང་བཞིན་ཞི་ཞིང་འགག་མེད་འབྱུང་བ་མེད། །མཁས་གསལ་ཤེས་པས་ཁོང་དུ་ཆུད་པ་ཡིན། །ངོ་བོ་ཉིད་སྟོང་ཞི་ཞིང་སྡུག་བསྔལ་ཟད། །རྒྱུད་ལས་རྣམ་གྲོལ་མཉམ་པར་མྱ་ངན་འདས། །མཐའ་དང་དབུས་མེད་ཚིག་གིས་བརྗོད་དུ་མེད། །དུས་གསུམ་གྲོལ་བ་ནམ་མཁའ་འདྲ་ཞིང་མཚུངས། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། དོན་དམ་པར་ན་འཕགས་པའི་ཤེས་རབ་དང་ཡེ་ཤེས་ཀྱི་མདུན་ན་ཆོས་གང་ཡང་ཡོངས་སུ་ཤེས་པའམ། སྤང་བའམ། བསྒོམ་པའམ། མངོན་དུ་བྱ་བར་འགྱུར་བའི་ཆོས་གང་ཡང་མི་འདུག་གོ། །ཞེས་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། སྔོན་མཐའ་སྟོང་ཞིང་ཕྱི་མའི་མཐའ་ཡང་སྟོང་། །སྐྱེ་དང་འཇིག་དང་གནས་པའི་དངོས་པོས་སྟོང་། །འདི་ནི་དངོས་པོ་ཡོད་མིན་དངོས་མེད་མིན། །གང་ཕྱིར་ཆོས་ཀུན་ངོ་བོ་ཉིད་ཀྱིས་སྟོང་། །ཞེས་དང་། བློ་གྲོས་རྒྱ་མཚོས་བསྟན་པའི་མདོ་ལས། ཚངས་པ་ཆོས་གང་ཡང་ཡོངས་སུ་མ་གྲུབ་པ་དེ་ཡོད་པ་ཉིད་དོ་ཞེའམ། མེད་པ་ཉིད་དོ་ཞེས་ཁས་མི་ལེན་ཏོ། །ཞེས་དང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། དོན་འཚལ་རྣམས་ཀྱིས་མཆིས་མི་བརྗོད། །མ་མཆིས་ཞེས་ཀྱང་བརྗོད་མི་བགྱི། །ལན་མེད་ཚིག་ལམ་མ་མཆིས་པ། །མི་བརྟེན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་དང་། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། གལ་ཏེ་མི་ཤེས་བཞིན་དུ་གཟུགས་སུ་འདུ་ཤེས་ཤིང་། །ཚོར་བ་སེམས་པ་རྣམ་ཤེས་ཕུང་པོར་སྤྱོད་བྱེད་ཅིང་། །ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དངོས་དངོས་མེད་གང་དུ་ཞེན་ཀྱང་མི་རུང་བར་བསྟན་པ་དང་། གང་ཞིག་ཡོད་པ་མ་ཡིན་དེ་ནི་མེད་ཅེས་བྱ། །བྱིས་པ་རྣམས་ཀྱིས་དེ་བརྟག་ཡོད་དང་མེད་པར་བྱེད། །ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །བྱང་ཆུབ་སེམས་དཔའ་གང་གིས་འདི་ཤེས་ངེས་པར་འབྱུང་། །ཞེས་མཐའ་གཉིས་སྤངས་པའི་ཤེར་ཕྱིན་གྱིས་ལྟ་བ་ཀུན་ལས་ངེས་པར་འབྱུང་བ་བསྟན་པ་དང་། སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་ཤིང་། རྒྱན་སྟུག་པོ་བཀོད་པ་ལས། ལྟ་བ་ཇི་སྙེད་གང་ཡང་རུང་། །ལུས་ཅན་རྣམས་ལ་ཡོད་པ་ཡི། །ལྟ་བ་རྣམ་པར་སྤང་བའི་ཕྱིར། །སྟོང་པ་ཉིད་ཀྱི་ཚུལ་བསྟན་ཏོ། །སྟོང་པ་ཉིད་ཀྱི་ལྟ་ཐོས་ཀྱང་། །ལ་ལའི་ལྟ་བ་མ་ཞིག་ན། །གསོར་མི་རུང་བའི་ལྟ་ཅན་ཏེ། །སྨན་པས་བཏང་བའི་ནད་པ་བཞིན། །ཇི་ལྟར་བསྲེག་པ་ཚིག་པའི་མེ། །བསྲེག་པ་མེད་པས་མི་གནས་སོ། །དེ་བཞིན་བསྲེག་བྱ་ལྟ་ཚིག་ན། །སྟོང་ཉིད་མེ་ཡང་འགག་པར་འགྱུར། །ལྟ་བ་འགོག་པའི་དུས་སུ་ཡང་། །ཡེ་ཤེས་ཡང་དག་མེ་འབྱུང་སྟེ། །ཉོན་མོངས་ཐམས་ཅད་སྲེག་པར་བྱེད། །ཉོན་མོངས་བསྲེགས་པས་རྣམ་པར་མཛེས། ཞེས་དང་། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། འཇིག་རྟེན་གྱི་ཐ་སྙད་ཇི་སྙེད་པ་དང་ཡི་གེ་དང་སྐད་དང་བརྡ་བསྟན་པའོ། །དོན་དམ་པའི་བདེན་པ་ནི། གང་ལ་སེམས་ཀྱི་རྒྱུ་བའང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཞེས་གསུངས་ཏེ། འདིར་བྱེད་པའི་སྒྲུབ་པ་ཡོངས་སུ་གཟུང་སྟེ། འདི་ལྟར་སྣོད་བཅུད་ཀྱི་འཇིག་རྟེན་མྱང་བྱའམ་ཤེས་བྱ་གཟུགས་ལ་སོགས་པ་དང་། མྱོང་བའི་ངོ་བོའམ་ཤེས་པ་སྟེ་བདེ་བ་ལ་སོགས་པ་མདོར་ན་འཇིག་རྟེན་པའམ་ལུང་ལས་འབྱུང་བའང་རུང་སྟེ། འདི་ནི་ཤེས་པའོ། །འདི་ནི་ཤེས་བྱའོ། །འདི་ཡོད་དོ། །འདི་མེད་དོ་ལ་སོགས་པ་ཐ་སྙད་དུ་གདགས་ཏེ་སྐད་དང་ཡི་གེ་བརྡས་བརྗོད་དུ་རུང་བ་ཇི་སྙེད་པ་ཐམས་ཅད་ཀུན་རྫོབ་ཡིན་ལ། དོན་དམ་ལ་ནང་གི་ཡིད་ཀྱིས་རྗོད་པ་དང་། ཕྱི་རོལ་ཏུ་ངག་གི་རྗོད་པ་གཉིས་དང་བྲལ་བའོ། །ཇི་ལྟར་ན་ཡིད་ཀྱིས་རྗོད་པ་ཡིན་སྙམ་ན། ཡིད་ཀྱིས་བརྒྱ་བྱིན་ལ་ཆོས་མངོན་པར་བཤད་པ་དང་། ཡིད་ཀྱིས་ཚིགས་སུ་བཅད་པའི་ལན་བཏབ་པ་མདོ་ལས་འབྱུང་བ་ལྟ་བུའོ། །ཡང་། མདོ་མྱང་འདས་ཆེན་པོ་ལས། རིགས་ཀྱི་བུ་བྱམས་པ། གང་ཞིག་ཡོད་པ་དང་མེད་པ་དང་། ཡོད་པའང་མ་ཡིན་མེད་པའང་མ་ཡིན་པ་དང་བཅས་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་དཔག་ནུས་པ་མ་ཡིན་ནོ། །ཞེས་དང་། མདོ་ཏིང་ངེ་འཛིན་དམ་པ་ནས། སྔོན་སྟོན་པ་མང་དུ་ཐོས་པའི་སྐྱེ་བོར་གྱུར་ཚེ་འཇམ་དཔལ་དང་བརྩད་དེ། འཇམ་དཔལ་གྱིས་ཡོད་པ་དང་། སྟོན་པས་མེད་ཅེས་སྨྲས་ཏེ་ཡོད་མེད་ཀྱི་བདེན་པ་ལ་རྩོད་པར་གྱུར་ཏེ་གཅིག་ཏུ་མ་ཆད་དོ། །མཐའ་མ་ཚེ་འཕོས་ནས་བསྐལ་པ་གྲངས་མེད་ཀྱི་བར་དུ་ལྕགས་ཀྱི་ཐོ་ལུམ་ཟ་བའི་དམྱལ་བར་སྐྱེས། དེ་ལས་ཐར་ཏེ་སངས་རྒྱས་འོད་སྲུངས་དང་ཕྲད་ནས་འོད་སྲུངས་ཀྱིས་ཡོད་པ་དང་མེད་པའི་བདེན་པ་གཉིས་འདི་སྐད་དུ་བཤད་དོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ནི་གཅིག་ཏུ་ངེས་ཤིང་ཆད་པ་མེད་དེ། ཁྱོད་ཡོད་པ་དང་མེད་པར་སྨྲ་བ་ནི་དོན་དེ་ལྟ་བུ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཞི་བ་སྟེ། བདེན་པ་འདི་གཉིས་ནི་ཡོད་པའང་མ་ཡིན་ལ་མེད་པའང་མ་ཡིན་ཏེ། ཁྱེད་ཤེས་པ་ནི་ཡི་གེའི་དོན་ཤེས་པར་ཟད་ཀྱི། དོན་ཟབ་མོ་མི་ཤེས་པས་དོན་འདི་ལྟ་བུ་ལ་ཁྱེད་དམུས་ལོང་ངམ་འོན་པ་ལྟ་བུ་ཡིན་ན། དོན་ཟབ་མོ་འདི་ལྟ་བུ་ཇི་ལྟར་ཤེས་ཤིང་རྟོགས་པར་འགྱུར་ཞེས་བཤད་པ་ཐོས་ནས། དབེན་པར་ཞག་བདུན་ཏིང་འཛིན་བྱས་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་གསུངས་པ་ལྟར། སྣང་སྟོང་རིས་སུ་མ་ཆད་པའི་དབུ་མ་མཐའ་བྲལ་ལ་མཉམ་པར་བཞག་ན་ལེགས་ཀྱི། ཆོས་དབྱིངས་སྟོང་པ་ཉིད་མཐའ་ཐམས་ཅད་དང་བྲལ་བ་ལ་ཡོད་མེད་ཀྱི་སྤྲོས་པའི་ཕྱོགས་བཟུང་ནས། ཕན་ཚུན་དགྲ་བཞིན་ལྟ་བའི་རྩོད་པ་ཅན་བོད་ན་མང་ཡང་ཕྱོགས་ལྷུང་དང་བྲལ་བར་བདེ་བར་གཤེགས་པའི་གཞུང་ལམ་སྲོང་བ་དག་ཨེ་མ་སྐལ་བ་བཟང་ངོ་། །དེ་ལྟར་མདོ་སྡེ་རྣམས་ཀྱིས་བསྟན་པའི་དོན་དེ་ཉིད་བློ་གྲོས་བཟང་པོ་འཕགས་པ་ཀླུས་ཀྱང་གསུངས་པ། གལ་ཏེ་དངོས་པོ་མ་གྲུབ་ན། དངོས་པོ་མེད་པ་འགྲུབ་མི་འགྱུར། །དངོས་པོ་གཞན་དུ་གྱུར་པ་ནི། །དངོས་པོ་མེད་ཅེས་སྐྱེ་བོ་སྨྲ། །ཞེས་དངོས་པོ་གཞན་གྱུར་ལ་འཇིག་རྟེན་ན་མེད་པར་གྲགས་པ་སྔ་ན་མེད་པ་སོགས་གོང་དུ་བཤད་པ་བཞིན་ནོ། །ཡང་སློབ་དཔོན་དེ་ཉིད་ཀྱིས། བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །ལྟ་བ་དེ་ནི་བལྟ་བྱ་བ། །ཉེ་བར་ཞི་བ་ཞི་མི་མཐོང་། །ཞེས་དང་། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་དང་། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པའོ། །ཞེས་དང་། གང་དག་བདག་དངོས་གཞན་དངོས་དང་། །དངོས་དང་དངོས་པོ་མེད་མཐོང་བ། །དེ་དག་སངས་རྒྱས་བསྟན་པ་ལ། །ཡང་དག་མཐོང་བ་མ་ཡིན་ནོ། །ཞེས་དང་། གང་དག་བརྟེན་ནས་དངོས་པོ་རྣམས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པར། །འདོད་པ་དེ་དག་ལྟས་མི་འཕྲོག །ཅེས་དང་། ཐམས་ཅད་རྟག་མིན་མི་རྟག་པའང་། །ཅི་ཡང་མེད་དེ་དེ་རྟག་ན། །དངོས་ཡོད་རྟག་དང་མི་རྟག་པར། །འགྱུར་ན་དེ་ནི་ག་ལ་ཡོད། །གང་ཅི་བརྗོད་པ་ཐམས་ཅད་ནི། །ངོ་བོ་ཉིད་ཀྱིས་སྟོང་རིག་བྱ། །སྟོང་ཞེས་བྱ་བ་དེ་ཡང་སྟོང་། །འདི་ལྟར་མི་སྟོང་ཡོད་མ་ཡིན། །ཞེས་དང་། སུ་ལ་སྟོང་ཉིད་འདི་འབྱུང་བ། །དེ་ལ་དོན་རྣམས་ཐམས་ཅད་འབྱུང་། །སུ་ལ་སྟོང་ཉིད་མི་འབྱུང་བ། །དེ་ལ་ཅི་ཡང་འབྱུང་བ་མེད། །ཅེས་དང་། རྒྱལ་བ་ཀུན་གྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་དང་། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་དང་། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་དང་། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་སོ། །གཉིས་པ་སྒྲ་རྟོག་ཀུན་རྫོབ་ཀྱི་སྤྱོད་ཡུལ་ཡིན་པར་བསྟན་པ། །རྣམ་པར་རྟོག་ལ་བརྟེན་ན་ཡང་། །ཀུན་རྫོབ་པར་འགྱུར་ཡང་དག་མིན། །ཞེས་གསུངས་ཏེ། གལ་ཏེ་དོན་དམ་པ་རང་གི་ངོ་བོ་སྒྲ་རྟོག་གི་ཡུལ་ལས་འདས་ཀྱང་། ཐོག་མེད་གོམས་པའི་དབང་གིས་སྣང་བ་བསླུ་མེད་དུ་འཆར་བ་འདི་དག་དགག་སྒྲུབ་ཀྱི་ཡུལ་ཉིད་དུ་བཟུང་ནས། རྣམ་པར་རྟོག་པ་ལ་བློ་བརྟེན་པར་བྱས་ཏེ་ཡོད་མེད་ལ་སོགས་པ་ཉིད་དུ་སེམས་པས་ན། དོན་དེ་ཉིད་བློ་ལ་བསྐྱེད་པའི་ཕྱིར་སྐྱེ་མེད་ལ་སོགས་པའི་སྒྲ་སྦྱོར་བ་ཡོད་དོ་ཞེ་ན་ཡང་། དེ་ལྟར་ཡོད་མོད་ཀྱི་རྣམ་པར་རྟོག་པ་ཙམ་ནི་ཡུལ་གྱི་ངོ་བོ་མ་ཡིན་པ་རྟོག་པའི་གཟུགས་བརྙན་ཙམ་ཡིན་པས་ཤེས་པ་ལས་ལོགས་སུ་མེད་ལ་ཤེས་པ་ཉིད་ཡང་དག་པ་མ་ཡིན་པར་དཔྱད་མ་ཟིན་ནམ། གཞན་ཡང་ཡུལ་གྱི་གནས་ལུགས་མ་མཐོང་བའི་བློ་ནི་ཀུན་རྫོབ་ཀྱི་ངོ་བོ་ཡིན་ལ། དེའི་སྤྱོད་ཡུལ་སྒྲོ་བཏགས་པའི་ངོ་བོ་ཀུན་རྫོབ་པ་ཡིན་པས་མི་སྐྱེ་བ་ལ་སོགས་པ་ནི་ཀུན་རྫོབ་པར་འགྱུར་གྱི། ཡང་དག་པ་མིན་ཏེ་ཤིང་ལ་སོགས་པའི་སྒྲ་དོན་བཞིན་ནོ། །དེའང་ཆོས་འདི་ཀུན་བརྟེན་ནས་འབྱུང་བ་ཡིན། བདེན་མེད་ཡིན། དེ་གཉིས་ཟུང་འཇུག་ཡིན། སྤྲོས་བྲལ་ཡིན་ཡང་དེ་དག་གི་སྒྲ་དོན་ཙམ་ལ་དམིགས་པའི་འཛིན་སྟངས་བསྐྱེད་པས་གནས་ལུགས་རྟོགས་པའི་གོ་མི་ཆོད་དེ། མིང་དེས་བརྗོད་པར་བྱ་བའི་དོན་དངོས་སམ་རྗེས་མཐུན་པ་མྱངས་ནས་སྤྲོས་པ་འགགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་དགོས་པའི་ཕྱིར་རོ། །དེའི་ཕྱིར་ན། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་སྨྲའོ། །དེ་ལ་དངོས་པོ་རང་བཞིན་མེད་པར་བསྟན་པ་ནི་མེད་པར་དགག་པ་སྟེ། མ་ཡིན་དགག་ནི་ཆོས་གཞན་གྱི་ངོ་བོ་སྒྲུབ་པས་དེ་འདྲ་ལ་ཟུང་འཇུག་གི་དོན་མེད་ལ། སྣང་བ་རང་བཞིན་མེད་པར་གདགས་པའང་། སྣང་བ་ལས་ལོགས་ན་སྟོང་རྒྱུ་ཡོད་པ་ལྟ་བུར་གོ་ན་མེད་དགག་ཟེར་ཡང་མ་ཡིན་དགག་ཏུ་སོང་བ་ཡིན་ལ། སྣང་བ་ཉིད་མེད་བཞིན་སྣང་བ་ནི་ཟུང་འཇུག་སྟེ་ངོ་མཚར་ཆེ་ཞིང་། དེ་ལྟར་སྣང་སྟོང་དབྱེར་མེད་བརྗོད་བྲལ་དུ་གནས་པས་ན་མཐར་ཐུག་གི་དོན་ལ་དགག་སྒྲུབ་དང་བྲལ་བས་བློ་ལས་འདས་པ་ཡིན་ནོ། །མདོ་ལས། དོན་དམ་པ་ལུས་ངག་ཡིད་ཀྱི་སྤྱོད་ཡུལ་དུ་འགྱུར་ན་དེ་ཀུན་རྫོབ་ཏུ་འགྱུར་གྱི། དོན་དམ་པར་མི་འགྱུར་བའི་ཚུལ་རྒྱ་ཆེར་གསུངས་སོ། །དེའི་ཕྱིར་ན་སྤྲོས་པའི་སྤྱོད་ཡུལ་དུ་དགག་བྱ་ཆོས་ཅན་སོ་སོ་ལ་ལྟོས་པའི་ཆོས་ཉིད་ཐ་དད་པ་ལྟ་བུའི་ཉི་ཚེ་བ་ནི། ཕྱོགས་དུས་ཀྱི་དབྱེ་བ་སོགས་རྣམ་པ་ཐ་དད་པའི་ཚུལ་དུ་གྱུར་པ་ཡིན་ཞིང་བློས་བཏགས་པ་ཙམ་སྟེ། དེ་དག་ཀུན་རྫོབ་དང་གཉིས་ཆོས་ཀྱི་རང་བཞིན་ལས་མ་འདས་པས་ཆོས་དབྱིངས་མཉམ་པ་ཉིད་ཀྱི་དོན་མེད་ལ། ཆོས་ཐམས་ཅད་ཡེ་ནས་སྐྱེ་འགག་ལ་སོགས་པ་མེད་པའི་ཕྱིར་སྤྲོས་པ་ཐམས་ཅད་ལས་འདས་པའི་དབྱིངས་སུ་ཚུལ་གཅིག་ཅིང་། ཐ་དད་དང་གཉིས་སུ་བྱར་མེད་པར་རོ་མཉམ་པ་ཉིད་ནི་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། དེ་ཁོ་ན་ཉིད་ཉག་གཅིག་ཅེས་ཀྱང་བྱའོ། །གཉིས་པ་རྩོད་སྤོང་ལ། རང་བཞིན་སྟོང་པ་ཡིན་ན་ཀུན་གྱིས་མངོན་སུམ་རྟོགས་པར་ཐལ་བ། སྟོང་ཡང་མི་སྣང་ན་དེ་སུས་ཀྱང་མི་རྟོགས་པས་གཏན་ཚིགས་དོན་མེད་དུ་ཐལ་བ། རང་བཞིན་མེད་པ་ལ་ཕྱོགས་ཆོས་སོགས་མི་འགྲུབ་པས་བསྒྲུབ་བྱ་དང་གཏན་ཚིགས་ཀྱི་ཐ་སྙད་མི་སྲིད་པར་རྩོད་པ་གསུམ། དང་པོ་ལ་རྩོད་པ་དང་། ལན་གཉིས། དང་པོ། འོ་ན་དེ་ནི་རྟོགས་གྱུར་པས། །དེ་ཡི་རང་བཞིན་མངོན་སུམ་ཕྱིར། །མི་མཁས་རྣམས་ཀྱང་དངོས་རྣམས་ཀྱི། །དངོས་པོ་འདི་འདྲ་ཅིས་མི་རྟོགས། །ཞེས་དཔེར་ན་བུམ་མེད་ཀྱི་ས་གཞི་མངོན་སུམ་དམིགས་ན། གཞི་དེར་བུམ་པ་མེད་པ་རྟོགས་པ་བཞིན་དུ། ཆོས་ཐམས་ཅད་ཀྱི་རང་བཞིན་སྒྲོ་འདོགས་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་ཡིན་པ་དེ་ལྟར་ན། འོ་ན་ཆོས་ཅན་བུམ་པ་ལ་སོགས་པ་དེ་ནི་མངོན་སུམ་དུ་རྟོགས་པར་གྱུར་པས་ཀྱང་། ཆོས་ཅན་དེ་ཡི་རང་བཞིན་ཁོ་རང་ལས་ལོགས་སུ་གྲུབ་མི་ཤེས་པ་དེའང་མངོན་སུམ་ཡིན་དགོས་པའི་ཕྱིར་ན། ལྟ་བ་དཀར་པོ་མ་ཡིན་པ་བྱིས་པ་སོ་སོའི་སྐྱེ་བོ་གཏན་ཚིགས་སོགས་མི་ཤེས་པའི་མི་མཁས་པ་རྣམས་ཀྱིས་ཀྱང་། དངོས་པོ་རྣམས་ཀྱི་དངོས་པོའམ་ངོ་བོ་ཡིན་ལུགས་འདི་འདྲ་ཅིས་མི་རྟོགས་ཏེ། མ་རྟོགས་ན་དེའི་རང་བཞིན་མ་ཡིན་པར་འགྱུར་ལ། རང་བཞིན་ཡིན་ན་མི་རྟོགས་པ་མི་སྲིད་དོ། །ཞེས་རྩོད་པའོ། །གཉིས་པ་ལན་ནི། མ་ཡིན་ཐོག་མེད་རྒྱུད་ལྕི་བར། །དངོས་པོར་སྒྲོ་བཏགས་དབང་བྱས་པ། །དེ་ཕྱིར་སྲོག་ཆགས་ཐམས་ཅད་ཀྱིས། །མངོན་སུམ་རྟོགས་པར་མི་འགྱུར་རོ། །ཞེས་གསུངས་ཏེ། དངོས་པོའི་རང་བཞིན་དེ་ལྟ་ཡིན་མོད་ཀྱི། ཐམས་ཅད་ཀྱིས་རྟོགས་པར་འགྱུར་བ་མ་ཡིན་ཏེ། གང་གི་ཕྱིར་ན་དུས་འདི་ཙམ་ནས་བྱུང་། འདི་ཕན་ཆད་མེད་ཅེས་པའི་མཐའ་མི་རྙེད་པའི་ཐོག་མ་མེད་པའི་སྲིད་པར་ཡང་ནས་ཡང་དུ་སྐྱེས་པའི་སེམས་ཀྱི་རྒྱུད། དངོས་པོ་ལ་མངོན་པར་ཞེན་པའི་དུག་གིས་སྤགས་ཤིང་ཡང་ནས་ཡང་དུ་གོམས་པའི་བག་ཆགས་ཤིན་ཏུ་བརྟན་ཞིང་ལྕི་བར་གྱུར་པས་སྤང་དཀའ་བ་ཡོད་པས་ན་བུམ་སོགས་མངོན་སུམ་མཐོང་ཡང་དེའི་རང་བཞིན་ཡིན་ལུགས་ཀྱི་རྣམ་པ་ངེས་པར་མི་ནུས་ཏེ། ཡུལ་དེ་ཉིད་ལ་དངོས་པོར་སྒྲོ་བཏགས་པའི་ཕྱིན་ཅི་ལོག་གི་རྟོག་པས་དབང་དུ་བྱས་པ་དེ་ཡི་ཕྱིར་ན་སྲོག་ཆགས་ཐམས་ཅད་ཀྱིས་དངོས་པོའི་རང་བཞིན་སྟོང་པ་ཉིད་མངོན་སུམ་རྟོགས་པར་མི་འགྱུར་རོ། །དེའང་དཔེར་ན་འདྲ་བ་གཅིག་ནས་གཅིག་ཏུ་བརྒྱུད་པར་དམིགས་པས་བློ་བསླད་པ་དག་གིས་སྐད་ཅིག་མ་མི་རྟོགས་པ་བཞིན་ནོ། །དེས་ན་ཡུལ་གྱི་རང་བཞིན་སྟོང་པ་དང་འགལ་བའི་མི་སྟོང་པ་ཞིག་མངོན་སུམ་གྱུར་པ་མ་ཡིན་ཀྱང་ཕྱིན་ཅི་ལོག་གི་རྟོག་པས་བསླད་པས་ཕྱིན་ཅི་ལོག་ཏུ་བཟུང་བ་ཡིན་ནོ། །དེས་ན་མངོན་སུམ་གྱིས་གནོད་པ་མ་ཡིན་ནོ། །གཞན་ཡང་མངོན་སུམ་སྣང་བ་ལ་ཕྱིན་ཅི་ལོག་ཏུ་བཟུང་སྟེ། དངོས་པོར་ཞེན་པ་འདི་མེད་བཞིན་བཟུང་བ་ཡིན་པས་འགལ་བ་ལྟར་སྣང་བ་ལ་ཡ་མཚན་ཡོད་མོད་ཀྱི། འོན་ཀྱང་མངོན་སུམ་སྣང་བ་ཙམ་ལ་ཞེན་པས་དེ་ཙམ་ངོ་མཚར་མི་ཆེ་སྟེ། འདི་ལྟར་བ་ལང་ཉིད་དང་། བུམ་པ་ཉིད་དམ། དེ་གཉིས་ཀྱི་སྤྱི་ཡིས་དབེན་པའི་བ་ལང་སོགས་ཀྱི་དབྱིབས་གསལ་པོར་མཐོང་བ་ན། སེར་སྐྱ་དང་གཟེགས་མ་སྤྱོད་པའི་ལུགས་ཀྱི་བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་པ་དག་མཐོང་བ་དེ་ལྟར་རྟོག་པར་མི་བྱེད་ཀྱི། མ་མཐོང་བའི་སྤྱི་ཉིད་དེ་ལ་ཡོད་དོ་ཞེས་རྟོག་པ་འདི་ནི་ཡ་མཚན་ཆེའོ། །རྩོད་པ་གཉིས་པའི་ལན་ནི། དེ་ལ་སྒྲོ་བཏགས་གཅོད་བྱེད་པ། །ཤེས་པར་བྱེད་པའི་གཏན་ཚིགས་ཀྱིས། །རྗེས་སུ་དཔོགས་རྣམས་ཤེས་པར་བྱེད། །རྣལ་འབྱོར་དབང་རྣམས་མངོན་སུམ་གསལ། །ཞེས་གསུངས་ཏེ། ཚིགས་སུ་བཅད་པ་འདི་ཉིད་ཀྱིས་ཕྱོགས་སྔའི་རྩོད་པ་ཤུགས་ལ་འཕང་སྟེ། དེའང་དེ་ལྟར་ཆོས་ཀུན་གྱི་རང་བཞིན་སྟོང་པ་ཡིན་ཀྱང་། རང་བཞིན་དེ་རང་བཞིན་ཅན་གྱི་ཆོས་སུ་ངེས་པ་མེད་ན་དེ་རང་བཞིན་ཡིན་ཀྱང་རུང་ཅི་ཞིག་ཕན་ཏེ་སུས་ཀྱང་རྟོགས་པ་མི་སྲིད་དོ་སྙམ་ན། དེ་ལྟ་མ་ཡིན་ཏེ། དངོས་པོའི་རང་བཞིན་དེ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པ་གཅོད་པའམ་སེལ་བར་བྱེད་པ་དང་། དངོས་པོའི་རང་བཞིན་ཉིད་མ་ནོར་བར་ཤེས་པར་བྱེད་པའི་གཏན་ཚིགས་གཅིག་དང་དུ་བྲལ་གོང་དུ་ཇི་སྐད་བཤད་པ་དེ་ལྟ་བུ་ཐོས་ནས་དེ་དག་གི་དོན་ཚུལ་བཞིན་བསམ་པའི་ཤེས་རབ་ཀྱིས་རྗེས་སུ་དཔོགས་པར་བྱེད་པའི་ཚོགས་སྦྱོར་བ་རྣམས་ཀྱིས་དངོས་པོའི་རང་བཞིན་སྟོང་པ་ཉིད་དོན་སྤྱིའི་ཚུལ་དུ་ཤེས་པར་བྱེད་ལ། དེའི་དོན་ལ་རབ་ཏུ་གོམས་པའི་རྣལ་འབྱོར་གྱི་དབང་པོ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཀྱི་སྤྱན་ཀྱིས་ཆོས་ཐམས་ཅད་རང་བཞིན་མཐར་ཐུག་པ་མཉམ་པ་ཉིད་དུ་མངོན་སུམ་དུ་གསལ་པོར་གཟིགས་པ་ཡིན་ཏེ། དེའང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་མཉམ་པ་ཉིད་མངོན་སུམ་དུ་མཐོང་བ་ས་དང་པོ། དེ་ནས་ཆོས་ཀྱི་དབྱིངས་ལ་གསལ་སྣང་ཇེ་ཆེར་མཆེད་དེ། མཐར་གནས་ལུགས་ཇི་ལྟ་བ་བཞིན་རྫོགས་པར་མངོན་དུ་གྱུར་པ་ནི་དེ་བཞིན་གཤེགས་པ་ཉིད་དོ། །དེ་ལྟར་ཡང་ཆོས་ཐམས་ཅད་མཉམ་ཉིད་དུ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ལ་སོགས་པ་ལས་བྱུང་བའི་ཡེ་ཤེས་གང་ཞིག་རྣམ་རྟོག་གི་དྲི་མ་དང་བྲལ་བ་ཉིད་ཀྱིས། ཕྱི་ནང་གི་དངོས་པོ་མ་བརྟགས་ཉམས་དགའ་བ་སྙིང་པོ་མེད་པ་ཆུ་ཤིང་གི་སྡོང་པོ་ལྟར་ཐམས་ཅད་ཇི་ལྟར་སྒྲོ་བཏགས་པའི་ས་བོན་ཡང་མི་སྐྱེ་བ་དེ་ལྟར་ཐུགས་སུ་ཆུད་དེ། སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་ལས། ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་ལ། །སྙིང་པོ་འདོད་མིས་རིམ་པར་བཤིག་བྱས་ཀྱང་། ཕྱི་དང་ནང་ན་སྙིང་པོ་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །ཆེད་དུ་བརྗོད་པ་ལས་ཀྱང་། གང་ཞིག་ཨུ་དུམྺཱ་ར་དག་ལ་མེ་ཏོག་ལྟར། །སྲིད་པ་དག་ལ་སྙིང་པོ་ཡོད་པར་མ་རྟོགས་པ། །དགེ་སློང་དེ་ནི་ཕ་རོལ་མིན་པའི་ཕ་རོལ་སོང་། །སྦྲུལ་རྒས་པ་ཡི་པགས་པ་རྙིང་པ་བརྗེ་བ་བཞིན། །ཞེས་གསུངས་ཏེ། ཨུ་དུམྺཱ་ར་ལ་མེ་ཏོག་ནམ་ཡིན་དུ་མི་སྐྱེ་བས་མེ་ཏོག་མེད་པའི་དུས་ན་ཡོད་ཀྱང་ཕྲ་བ་སོགས་ཀྱི་ཕྱིར་མ་མཐོང་བ་ནི་མ་ཡིན་གྱི། མེད་ནས་མ་མཐོང་བ་ཡིན་པ་ལྟར་སྲིད་པ་ལའང་སྙིང་པོ་གཏན་ནས་མེད་པར་མཐོང་ན་ཕ་རོལ་མིན་པའམ་ཚུ་རོལ་འཁོར་པའི་འཇིག་རྟེན་འདིའི་ཕ་རོལ་མྱང་འདས་ལ་སོན་ཏེ་འཁོར་བ་འདོར་ཞེས་སོ། །དེ་ལྟར་གཞུང་གི་རྩོད་ལན་གྱི་ཤོ་ལོ་ཀ་འདི་གཉིས་ཀྱིས་ཐོག་མེད་གོམས་པའི་དངོས་ཞེན་བཟློག་དཀའ་བ་དང་། དེ་དག་གི་གཉེན་པོར་རིགས་པའི་དཔྱད་པ་བྱས་པ་ཁོ་ན་ཡིན་པ་དང་། དེ་གོམས་པས་ཉོན་མོངས་པ་སྤོང་ནུས་ཀྱང་། མ་གོམས་ན་སྤོང་མི་ནུས་པས་ནན་ཏན་ལ་སྙིང་པོར་གྱིས་ཤིག་ཅེས་པ་ལ་སོགས་པ་དོན་གྱིས་བསྟན་པ་ཡིན་ཏེ། འདི་ལྟར་གློ་བུར་དུ་ཆགས་པའི་ཡུལ་ལྟ་བུ་ལ་བློ་ཞུགས་ནས་ཡིད་ལ་ལན་ཁ་ཡར་བྱས་པའང་འཕྲལ་དུ་སྤོང་དཀའ་ན་ཐོག་མེད་ནས་གོམས་པའི་ཉོན་མོངས་ལྟ་ཅི་སྨོས། དེས་ན་ཆོས་ཤེས་པའི་འབྲས་བུ་འཇིགས་དང་སྡུག་བསྔལ་ཉོན་མོངས་ལ་སྨན་དུ་འགྲོ་བ་ཞིག་མ་བྱུང་ན་དགོས་པ་སྟོར་བ་སྟེ། དཔེར་ན། བཀྲེས་པ་སེལ་བའི་ཆེད་དུ་ཁ་ཟས་ཕུན་སུམ་ཚོགས་པ་སྦྱར་ནས་མ་ཟོས་པར་ལྟོག་གྲིར་ཤི་བ་བཞིན་ནོ། །དེས་ན་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ལ་རིགས་པའི་དཔྱད་པས་གོ་བ་སྐམ་པོ་ཙམ་གྱིས་གར་ཡང་མི་ཕྱིན་པས་རྩེ་གཅིག་ཏུ་མཉམ་པར་བཞག་ནས་མྱོང་བ་ཐོན་པར་བྱ་བ་ནི་ཆོས་ཤེས་པ་རྣམས་ཀྱིས་བགྱི་བར་འོས་པ་གཅིག་པུ་ཡིན་ནོ། །དེ་སྐད་དུའང་ཆེད་དུ་བརྗོད་པའི་ཚོམ་ལས། གལ་ཏེ་རིགས་བཅས་མང་དུ་སྨྲས་ཀྱང་ནི། བག་མེད་མི་དག་དེ་ལྟར་བྱེད་མི་འགྱུར། །དཔེར་ན་ཕྱུགས་རྫིས་གཞན་གྱི་ཕྱུགས་བགྲང་ལྟར། །དེ་དག་དགེ་སྦྱོང་སྐལ་པ་ཐོབ་མ་ཡིན། །གལ་ཏེ་རིགས་བཅས་ཉུང་དུ་སྨྲ་བྱེད་ཀྱང་། །ཆོས་ཀྱི་རྗེས་སུ་ཆོས་ལ་སྤྱོད་པ་དག །འདོད་ཆགས་ཞེ་སྡང་གཏི་མུག་སྤོང་བྱེད་པ། །དེ་དག་དགེ་སྦྱོང་སྐལ་པ་ཐོབ་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེའང་ཕྲ་ཞིང་ཟབ་པ་སངས་རྒྱས་ཉིད་ཀྱི་ལམ་རྣམས་ལ་ཐབས་ཚུལ་དང་རིགས་པ་བརྒྱ་དག་གིས་མ་འབད་ན་ཡང་དག་པའི་གནས་ལུགས་དང་མཐུན་པའི་ངེས་པ་མི་སྐྱེ་བས་ཐོས་བསམ་གྱི་ཤེས་རབ་ནགས་ལ་མེ་མཆེད་པ་ལྟ་བུ་བརྩོན་པའི་རླུང་གིས་སྦར་ཞིང་དངོས་སྟོབས་ཀྱི་རིགས་པ་ཁོ་ནས་སྒྲོ་འདོགས་པའི་ཚང་ཚིང་ལྷག་མེད་དུ་བསྲེག་དགོས་པ་ཡིན་ནོ། །དེ་ལྟར་ན་བླུན་སྒོམ་མུན་པའི་རུམ་དུ་གཉིད་ལ་མ་ཡུར་ཞིང་། ཐོས་པ་ཁ་ཁྱེར་གྱི་རླུང་གིས་གཡེངས་ཏེ་རང་གར་མ་འཁྱམས་པར། ཐེག་པ་མཆོག་གི་ཁང་བཟངས་ཀྱི་ནང་དུ་སྣ་ཚོགས་པའི་ཆོས་ཀྱི་རོ་མྱོང་ཞིང་། ཡང་དག་པའི་དགེ་བའི་བཤེས་གཉེན་མ་ཉེས་པའི་སྒོ་ནས་བསྟེན་ཞིང་དམ་པའི་གྲོགས་བཟང་པོ་དུ་མས་མདུན་བལྟས་ཏེ། ལྷག་པའི་ལྷ་ལ་བཟོད་མེད་ཀྱི་གདུང་ཤུགས་དང་འགྲོ་བ་ཀུན་ལ་བརྩེ་བའི་སེམས་ཀྱིས་སྲེད་པ་ཆེར་འཕེལ་བས། སྣང་སྲིད་སྒྱུ་མ་ལྟ་བུའི་གཟིགས་མོ་ལ་རྩེན་པའི་དགའ་བ་ཉམས་སུ་མྱོང་བ་ཞིག་བྱུང་ན་ཆོས་ལ་ཐོས་བསམ་བྱས་པའི་འབྲས་བུའང་སྨིན་པ་ཡིན་པས། དེ་ལྟ་བུའི་དམ་པ་མཆོག་རྣམས་ཀྱི་རྗེས་སུ་བདག་ཅག་རྣམས་ཀྱིས་ཀྱང་སྨོན་ཞིང་འཇུག་པར་འཚལ་ལོ། །དེ་སྐད་དུའང་རང་འགྲེལ་གྱི་མཇུག་རྩོམ་དུ། བདག་ཀྱང་ཡུལ་གྱི་ལོངས་སྤྱོད་མྱངས་པས་བརྒྱལ་བའི་མུན་བསལ་ཞིང་། ཡང་དག་དམ་པ་རིག་ལ་ཡང་དག་རིག་དང་འགྲོགས་པ་དང་། གཞན་གྱི་དོན་ལ་གཅིག་ཏུ་གཞོལ་ཞིང་འཇམ་པའི་དབྱངས་ཀྱི་ཞབས། གཙང་མ་པདྨར་བརྟེན་ཅིང་ཤིན་ཏུ་བརྟན་པར་གུས་པར་ཤོག །ཅེས་གསུངས་པ་བཞིན་ནོ། །དེ་ལ་སྐབས་འདིར་བདག་མེད་གསལ་བར་རྟོགས་པའི་རྣལ་འབྱོར་མངོན་སུམ་དེ་ལ་ཅུང་ཟད་དཔྱད་ན། ངོ་བོ། དབྱེ་བ། སྒྲ་དོན། རྩོད་སྤོང་བཞི་ལས། དང་པོ་སྐབས་འདིའི་རྣལ་མངོན་གྱི་ངོ་བོ་ནི། ཡུལ་བདག་མེད་གསལ་པོར་སྣང་བ་ཡིན་ལ། དེའང་སྤྱིར་བསྒོམས་པ་ལ་བརྟེན་ནས་སྐྱེས་པའི་རྟོག་བྲལ་འཁྲུལ་མེད་ཀྱི་ཤེས་པ་རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་ཅེས་བྱའོ། །གཉིས་པ་སྤྱི་རིགས་ཙམ་དུ་དབྱེ་ན། ཉན་རང་ཐེག་ཆེན་འཕགས་པ་གསུམ་གྱི་མངོན་སུམ་གསུམ་མམ། ཉན་ཐོས་དང་ཐེག་ཆེན་ལ་སློབ་མི་སློབ་གཉིས་སུ་ཕྱེ་བའི་ལྔར་ཡང་འགྱུར་ཏེ། རང་རྒྱལ་ནི། བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །ཞེས་གསུངས་པ་ལྟར་ཡིན་པས་སློབ་པ་ལོགས་སུ་མི་བརྩི་ལ། གྲུབ་མཐའ་འགའ་ཞིག་ན་ཡོད་པར་འདོད་པ་དེའང་ཉན་ཐོས་དང་ཐེག་ཆེན་གང་རུང་ལས་མི་འདའ་བས། འདིར་རང་རྒྱལ་ལ་མི་སློབ་པ་གཅིག་ཏུ་བརྩིའོ། །དེ་ལྔ་ལའང་རྗེས་ཐོབ་སྣང་བཅས་ཀྱི་རྣལ་འབྱོར་མངོན་སུམ་དང་། མཉམ་བཞག་སྣང་མེད་ཀྱི་དབྱེ་བས་བཅུར་འགྱུར་རོ། །དེའང་སངས་རྒྱས་ལ་མཉམ་རྗེས་ཐ་དད་དུ་མེད་ཀྱང་ཇི་ལྟ་ཇི་སྙེད་གཟིགས་པའི་ལྡོག་ཆ་ནས་ཕྱེ་བའོ། །དེ་ལ་སྣང་བཅས་ནི་མངོན་པར་ཤེས་པས་མཐོང་བ་སྟེ། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང་། །ཞེས་པ་ལ་སོགས་པ་བཞིན་ནོ། །སྣང་མེད་ནི། ཉན་ཐོས་གང་ཟག་གི་བདག་མེད་གཅིག་དང་། རང་རྒྱལ་གཟུགས་རང་བཞིན་མེད་པར་རྟོགས་པའི་བདག་མེད་ཕྱེད་གཉིས་དང་། ཐེག་ཆེན་བདག་མེད་གཉིས་ཀ་རྫོགས་པ་དང་། སངས་རྒྱས་བག་ཆགས་ཀུན་སྤངས་པའི་ཡེ་ཤེས་སོ། །གསུམ་པ་ངེས་པའི་ཚིག་གི་དབང་དུ་བྱས་ན། བོད་སྐད་ལྟར། དོན་རྣལ་མ་ལ་བློ་གནས་པའམ་འབྱོར་པ་ལ་བྱ་ཞིང་། མངོན་སུམ་ནི་གསལ་བར་སྣང་བ་ཙམ་མོ། །རྒྱ་གར་གྱི་སྐད་ལ། མངོན་སུམ་གྱི་སྐད་དོད་པྲ་ཏི་དང་ཨཀྵ་མཚམས་སྦྱར་བས་པྲ་ཏྱ་ཀྵ་ཞེས་ཡོད་དེ། དེ་ལ་པྲ་ཏི་ནི་ཉེར་བསྒྱུར་ཏེ་སོ་སོ་སོགས་དོན་མང་པོ་ལ་འཇུག །ཨཀྵ་དབང་པོའི་སྐད་དོད་ཡིན་པས་དོན་དུ་དབང་པོ་སོ་སོ་ལ་བརྟེན་པའམ། དབང་པོ་བརྟེན་ཞེས་བྱ་བ་ཡིན་ལ། དེའང་སྒྲ་བཤད་འཇུག་གི་མུའི་དབང་དུ་བྱས་ཏེ། དཔེར་ན་མཚོ་སྐྱེས་ཞེས་པའི་སྒྲ། མཚོ་ལས་སྐྱེས་པའི་པདྨ་ལ་བཤད་འཇུག་གཉིས་ཀ་ཡོད། སྐམ་ལས་སྐྱེས་པའི་པདྨ་ལ་འཇུག་པ་ཁོ་ན། མཚོ་ལས་སྐྱེས་པའི་སྲོག་ཆགས་ལ་བཤད་པ་ཁོ་ན་ཡོད་ཀྱི། འཇུག་པ་མེད་པ་བཞིན་དུ་འདིར་པྲ་ཏྱཀྵ་ཞེས་པའི་སྒྲ་དེ་བཤད་ན་དབང་པོ་ལ་བརྟེན་པ་ཡིན་ཀྱང་། འཇུག་རང་མཚན་འཛིན་པའི་ཤེས་པ་ཐམས་ཅད་ལ་འཇུག་སྟེ། དེའང་དབང་ཡིད་ཀྱི་མངོན་སུམ་གཉིས་ལ་བཤད་འཇུག་གཉིས་ཀ་ཡོད། རང་རིག་དང་རྣལ་འབྱོར་མངོན་སུམ་གཉིས་ལ་འཇུག་པ་ཁོ་ན་ཡོད་ཀྱི་སྒྲ་བཤད་དུ་མེད། དབང་ཤེས་འཁྲུལ་པ་ལ་བཤད་པ་ཡོད་ཀྱང་འཇུག་པ་མེད་དོ། །བཞི་པ་རྩོད་སྤོང་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་ལ་རྒྱུ་ལ་རྩོད་པ་དང་། འབྲས་བུ་ལ་རྩོད་པ་གཉིས། དང་པོ་ལ་ངོ་བོ་དང་བྱེད་པ་ལ་རྩོད་པ་གཉིས་ལས། དང་པོ། ཕྱི་རོལ་པ་ཁ་ཅིག་གོམས་ཀྱང་གསལ་སྣང་རབ་ཀྱི་མཐར་ཐུག་པ་མི་སྲིད་དོ་ཞེ་ན། བདེན་སྟོང་རྟོགས་པའི་ཡེ་ཤེས་གོམས་བྱེད་ཀྱི་ཐབས་དང་མ་བྲལ་བར་བསྒོམ་པ་ཆོས་ཅན། ནམ་ཞིག་གསལ་བ་རབ་ཀྱི་མཐར་ཐུག་པ་འབྱུང་རུང་སྟེ། རང་གི་རྟེན་བརྟན་ཅིང་གོམས་པ་ངང་གིས་ཁྱད་པར་དུ་གྱུར་པའི་བསྒོམ་པ་ཡིན་པའི་ཕྱིར། དཔེར་ན་འདོད་འཇིགས་གོམས་པའི་བློ་བཞིན་ཞེས་བྱ་སྟེ། དེ་ལ་རྟེན་བརྟེན་པ་ཞེས་བྱ་བ་སྔ་མའི་ནུས་པ་ཕྱི་མར་བགོས་ནས་སྔ་མ་ལས་ཕྱི་མ་ཁྱད་པར་དུ་གྱུར་ཏེ་རྒྱུན་མི་འཆད་པའི་དོན་ཡིན་ཏེ། སྔ་མས་ཕྱི་མ་ལ་ཕན་མི་གདགས་པ་ལྟ་བུ་མིན་པ་ལ་བྱའོ། །དེ་ལ་རྒྱང་འཕེན་སོགས་རྟགས་དེ་མ་གྲུབ་སྟེ། སྐྱེ་བ་སྔ་ཕྱི་མེད་པས་རྟེན་བརྟེན་པ་མི་འགྲུབ་སྙམ་པའི་ཚུལ་ནི་འོག་ཏུ་འགོག་ལ། རྟེན་བརྟན་ཕན་ཆད་གོམས་པ་ཇེ་གསལ་དུ་འགྲོ་རྒྱུ་ཡོད་པ་འདོད་འཇིགས་གོམས་པའི་བློ་བཞིན་དུ་མྱོང་བས་གྲུབ་བོ། །གཉིས་པ། གོམས་པ་ཡོད་དུ་ཆུག་ཀྱང་བདག་མེད་དེས་བྱེད་ལས་སྲིད་པ་ལ་གནོད་མི་ནུས་སྙམ་ན་ནུས་ཏེ། འདི་ལྟར་འབྲས་བུ་རྣམས་ནི་རྒྱུ་མེད་ན་རྣམ་པ་ཀུན་ཏུ་འབྱུང་མི་སྲིད་པ་ཡིན་ནོ། །དེ་ལ་འཁོར་བའི་རྒྱུ་གང་ཡིན་སྙམ་ན། གཞན་ཕྱི་རོལ་པ་ཕལ་ཆེ་བ་དག་ན་རེ། ལས་དང་ལུས་དང་སེམས་གསུམ་ཀ་ཚོགས་པ་འཁོར་བའི་རྒྱུ་ཡིན་པས། གང་རུང་ལ་གནོད་པ་བྱས་ན་འབྲས་བུ་མི་བསྐྱེད་དེ་ཆུ་ལུད་མེད་པའི་ས་བོན་བཞིན་ནོ། །དེ་ཕྱིར་ལས་དང་ལུས་གཉིས་པོ་འཛད་པར་བྱ་བའི་ཕྱིར་དཀའ་བ་སྤྱོད་དོ་ཞེས་འཛེར་ཏོ། །དེ་ལ་ལས་སྤང་མི་ནུས་ཏེ་མཐའ་ཡས་པའི་ཕྱིར་དང་། བདག་སྲེད་མ་སྤངས་ན་དེ་སྤངས་ཀྱང་སླར་སྐྱེ་བ་ཡིན་ཏེ། རྩ་བ་མ་བཅད་པའི་ཡལ་ག་བྲེགས་པ་ལྟར་ཅིའང་མི་ཕན་པའི་ཕྱིར་དང་། བདག་སྲེད་སྤངས་ན་བུད་ཤིང་ཟད་པའི་མེ་ལྟར་དེ་དང་གིས་འགགས་པ་ལས་ལོགས་སུ་སྤང་མི་དགོས་པས་དེ་ལྟ་བུའི་ལམ་ནི་སྲིད་པ་ལྡོག་པའི་ལམ་མ་ཡིན་ནོ། །དེས་ན་འཁོར་བའི་རྒྱུ་ནི་ཆོས་རྣམས་ཀྱི་རང་བཞིན་མི་ཤེས་པའི་མ་རིག་པ་ཡིན་ལ། དེ་ལས་ཀྱང་ཁྱད་པར་དུ་འཇིག་ལྟ་ལྷན་སྐྱེས་ཉིད་ཡིན་ཏེ། དེ་ཡོད་ཕན་ཆད་དེ་ལ་བརྟེན་ནས་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་འབྱུང་བ་ཡོད་ལ། དེ་ལྡོག་ན་དེ་ཀུན་ཀྱང་མི་འབྱུང་བར་དངོས་སྟོབས་ཀྱི་རིགས་པས་འགྲུབ་པ་ཡིན་ནོ། །དེས་ན་ལས་དང་སྡུག་བསྔལ་གྱི་རྩ་བ་ཉོན་མོངས་པ་ཡིན་ཏེ། འདིར་ནི་ཉོན་མོངས་ས་བོན་བཞིན། ཀླུ་བཞིན་རྩྭ་བཞིན་ལྗོན་ཤིང་བཞིན། །ཞེས་གསུངས་པ་དང་། ཉོན་མོངས་པ་ཀུན་གྱི་རྩ་བ་འཇིག་ལྟ་ཡིན་ཏེ། ཉེས་ཀུན་དེ་ཡི་རྩ་བ་ཅན། །ཞེས་གསུངས་པ་བཞིན་ནོ། །དེས་ན་རྩ་བ་དེ་སྤོང་ནུས་སམ་སྙམ་ན་ནུས་ཏེ། དེ་སྒྲོ་བཏགས་པ་ཙམ་ཡིན་པའི་ཕྱིར་རོ། །དེས་ན་དེ་སྤོང་བའི་གཉེན་པོའང་། བྱམས་པ་དང་མི་སྡུག་པ་སོགས་བདག་འཛིན་དང་མཚུངས་ལྡན་དུ་གནས་ཆོག་པས་འགལ་བ་མ་ཡིན་ལ། བདག་མེད་རྟོགས་པའི་ཤེས་རབ་ནི་དེ་དང་རྣམ་པ་ཀུན་ཏུ་འགལ་ཏེ་སྣང་མུན་བཞིན་ནོ། །དེས་ན་བདེན་པས་བརྫུན་པ་སེལ་ནུས་པས་ན་འཁོར་བའི་རྩ་བ་གཅོད་པའི་ལམ་དངོས་སྟོབས་ཀྱི་རིགས་པས་གྲུབ་པ་ཡིན་པས་ས་བོན་ལ་ཐོག་མ་མེད་ཀྱང་མེ་ལ་བསྲེགས་ན་ཕྱི་མཐའ་མཐོང་བ་ལྟར། འཁོར་བ་ཐོག་མ་མེད་ཀྱང་། འཁོར་བར་སྐྱེ་བའི་གེགས་བདག་མེད་རྟོགས་ན་ཕྱི་མཐའ་འགྲུབ་པ་ཡིན་ནོ། །གཉིས་པ་འབྲས་བུ་ལ་སྤོང་བ་དང་། རྟོགས་པ་ལ་རྩོད་པ་གཉིས་ལས། དང་པོ། མུ་སྟེགས་པ་ཁ་ཅིག་ན་རེ། དྲི་མ་སེམས་ཀྱི་རང་བཞིན་ཡིན་པས་སྤོང་མི་ནུས་པ་དང་། གལ་ཏེ་ནུས་སུ་ཆུག་ཀྱང་སོ་སྐྱེས་སྤོང་བའི་ཐབས་མི་ཤེས་པ་དང་། གལ་ཏེ་ཤེས་ནས་སྤངས་ཀྱང་ལུས་ཀྱི་དྲི་མ་ལྟར་སླར་འགྱུར་བས་མི་བརྟན་པའི་ཕྱིར། དྲི་མ་སྤངས་པའི་རྣམ་གྲོལ་གཏན་དུ་བ་མི་སྲིད་ཅེས་ཟེར་རོ། །དྲི་མ་སེམས་ཀྱི་རང་བཞིན་མ་ཡིན་ཏེ། དེ་ཀུན་རྟོག་གློ་བུར་བ་ཡིན་ལ་སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པའི་ཕྱིར་དང་། དྲི་མ་སྤོང་བའི་ཐབས་བདག་མེད་རྟོགས་པ་ཡོད་པ་ཤེས་པའི་ཕྱིར་དང་། རྒྱུ་རྩད་ནས་སྤངས་པ་ལ་སླར་ལྡོག་པ་མེད་དེ་བུད་ཤིང་ཟད་པའི་མེ་དང་འདྲ་བས་རྣམ་པར་གྲོལ་བ་འཐད་པ་ཡིན་ནོ། །གཉིས་པ་རྟོགས་པ་ཡེ་ཤེས་ལ་རྩོད་པ་ནི། ཕྱི་རོལ་པ་ཁ་ཅིག་ན་རེ། སྟོང་ཉིད་དང་སྙིང་རྗེ་སོགས་ལ་བློ་ཇི་ལྟར་གོམས་ཀྱང་ཚད་མེད་པར་གྱུར་ནས་དེའི་ངང་དུ་འགྱུར་མི་སྲིད་དེ། མཆོངས་པ་ཇི་ལྟར་གོམས་ཀྱང་མཐའ་མེད་དུ་མཆོངས་མི་ནུས་པ་དང་། ཆུ་ཇི་ལྟར་བསྐོལ་ཡང་མེའི་རང་བཞིན་དུ་འགྱུར་མི་སྲིད་པ་དང་། གསེར་ཇི་ལྟར་བཞུས་ཀྱང་རྐྱེན་མེ་དང་བྲལ་ན་སླར་འཁྱགས་པ་བཞིན་ནོ། །ཞེས་ཟེར། དཔེ་དེ་རྣམས་དང་མི་མཚུངས་ཏེ། མཆོངས་གོམས་པ་ཐད་ཀའི་འབད་པར་ལྟོས་པས་རྒྱུན་བར་མ་ཆད་དུ་འཕེལ་མི་ནུས་ཤིང་ལུས་ཀྱི་སྟོབས་ཐུག་བཅས་སུ་གནས་པ་དང་། སེམས་ནི་བརྩེ་སོགས་ཀྱི་ངོ་བོར་རྒྱུན་བར་མ་ཆད་དུ་གོམས་པས་འཕེལ་བ་ཡོད་པ་ས་བོན་ལས་ས་བོན་བཞིན་ཡིན་ཅིང་བློའི་རང་བཞིན་ཚད་མེད་པའི་ཕྱིར་དང་། ཆུ་བསྐོལ་བ་སྔ་མ་བསྐམས་ནས་རྟེན་བརྟེན་པ་མིན་ཡང་སེམས་སྔ་མའི་ནུས་པས་ཕྱི་མ་ཁྱད་པར་དུ་འཕེལ་ཞིང་དེའི་ངང་དུ་འགྱུར་བ་བུད་ཤིང་མེའི་རང་བཞིན་དུ་གྱུར་པ་ལྟ་བུ་ཡིན་པའི་ཕྱིར་དང་། གསེར་སྲ་བར་སླར་ལྡོག་པའི་རྒྱུ་གསེར་ཉིད་ཡོད་པ་ཡིན་ནའང་། སེམས་དྲི་མར་སླར་ལྡོག་པའི་རྒྱུ་མེད་པའི་ཕྱིར་མི་ལྡོག་སྟེ། གཉེན་པོས་སྤངས་ཟིན་པའི་ཕྱིར་ཤིང་བསྲེགས་པ་བཞིན་ནོ། །གཉིས་པ་བྱེ་བྲག་ཏུ་རྣལ་འབྱོར་མངོན་སུམ་ཐམས་ཅད་ཀྱི་རྒྱལ་པོ་མཐར་ཐུག་པ་རྣམ་མཁྱེན་གྱི་ཡེ་ཤེས་ལ་རྩོད་པ་ལ། རྒྱུ་ལ་རྩོད་པ་དང་། འབྲས་བུ་ལ་རྩོད་པ་གཉིས། དང་པོ། ཕྱི་རོལ་པ་དག་ན་རེ། རྟག་པ་རང་བྱུང་གི་ཐམས་ཅད་མཁྱེན་པ་མ་གཏོགས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་གསར་དུ་བསྒྲུབ་པར་མི་ནུས་ཏེ་དེའི་རྒྱུ་མེད་པའི་ཕྱིར་ཞེ་ན། བསམ་གཏན་དང་སྙིང་རྗེ་ལ་སོགས་པའི་ཐབས་དང་། ཤེས་རབ་དམིགས་པ་མེད་པ་གཉིས་ཕན་ཚུན་རྒྱུ་རྐྱེན་དུ་གྱུར་པས་མཁྱེན་པ་གཉིས་འགྲུབ་པ་སྟེ། ཐབས་སྙིང་རྗེ་ཆེན་པོ་གསལ་བའི་ཡེ་ཤེས་ཀྱིས་ཉེར་ལེན་གྱི་རྒྱུ་བྱས། ཤེས་རབ་སྟོང་པ་ཉིད་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ཇི་སྙེད་མཁྱེན་པའི་ཡེ་ཤེས་དང་། ཤེས་རབ་སྟོང་པ་ཉིད་ཀྱི་ཡུལ་ཅན་གྱིས་ཉེར་ལེན་གྱི་རྒྱུ་བྱས་ཤིང་། ཐབས་སྙིང་རྗེ་ཆེན་པོས་ལྷན་ཅིག་བྱེད་རྐྱེན་བྱས་ནས་ཇི་ལྟ་བ་གཟིགས་པའི་ཡེ་ཤེས་འགྲུབ་ལ། གང་ཤེས་བྱའི་རང་བཞིན་ཇི་ལྟ་བ་བཞིན་དུ་མི་ཤེས་པ་ནི་ཤེས་བྱའི་སྒྲིབ་པ་ཡིན་ལ་དེའི་ངོ་བོ་ནི་རྨོངས་པའོ། །དེ་དང་འགལ་བ་ཆོས་བདག་མེད་དུ་རྟོགས་པའི་ཤེས་རབ་བསྟེན་དུ་ཡོད་པ་སོགས་གོང་གི་སྐབས་ལྟར་དཔྱད་པས་རྣམ་མཁྱེན་གྱི་ཡེ་ཤེས་རྒྱུ་ལས་བྱུང་བར་གྲུབ་ཅིང་། རྒྱུ་དང་འབྲས་བུ་མི་འཁྲུལ་བའི་བདག་ཉིད་ཀྱིས་སྟོན་པ་ཚད་མའི་སྐྱེས་བུར་དངོས་སྟོབས་ཀྱི་རིགས་པས་འགྲུབ་སྟེ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ། ཞེས་གསུངས་པ་བཞིན་ནོ། །གཉིས་པ་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་མི་སྲིད་དེ། ཤེས་བྱ་ཀུན་ལ་མཐའ་མེད་པ་ཡིན་པས་མཐའ་མེད་པ་ཤེས་ན་མཐའ་རྙེད་པར་འགྱུར་བས་དེའང་ལོག་ཤེས་སུ་འགྱུར་ལ། མཐའ་མེད་པ་ལ་ཤེས་པའི་བློ་མི་སྲིད་དེ་ནམ་མཁའ་ཚད་ལ་གཞལ་བས་ཤེས་མི་ནུས་པ་བཞིན་ནོ་ཟེར། དེ་ལ་མཐའ་མེད་པ་ལ་མཐའ་འདིའོ་ཞེས་ཚད་གཟུང་བའི་ཚུལ་གྱིས་གཟིགས་པ་མ་ཡིན་ཏེ། ནམ་མཁའ་ཀུན་ལ་ཁྱབ་ཅེས་པའང་མཐའ་མེད་ལ་ཁྱབ་པ་སྲིད་པ་བཞིན་དུ་ཤེས་བྱ་ཐམས་ཅད་འབད་མེད་རོ་མཉམ་དུ་མ ཁྱེན་པ་ཡིན་གྱི། མཁྱེན་ཚུལ་མཐའ་དག་ཚུར་མཐོང་གི་རབ་ལས་བརྒལ་བ་ཡིན་ལ། མི་རྟོག་བཞིན་དུ་མཁྱེན་པ་དང་། དུས་གསུམ་མཁྱེན་ཚུལ་ལ་ངེས་པ་སྐྱེ་བའི་ཚུལ་ཅུང་ཟད་གཞན་དུ་བཤད་དོ། །འདིར་ཚུར་མཐོང་གིས་ཐམས་ཅད་མཁྱེན་པ་ཡིན་པ་ཙམ་སྒྲུབ་ན། གང་ཟག་གང་གིས་དོན་དུ་གཉེར་བྱའི་གཙོ་བོ་ལམ་བདེན་བཞིའི་འཇུག་ལྡོག་མ་ནོར་བར་སྟོན་པ་དེ་ལ་ཐམས་ཅད་མཁྱེན་ཞེས་བྱ་སྟེ། སྨན་ཀུན་ཚོགས་དང་མི་ཀུན་ཚོགས་ཞེས་པ་བཞིན་ནོ། །གཞན་དགོས་མེད་ཀྱི་སྲིན་བུའི་གྲངས་ལ་སོགས་པ་ནི་ཐར་པ་དོན་དུ་གཉེར་བ་ལ་ཉེར་མཁོ་ཅིའང་མེད་པས་སྟོན་པས་མཁྱེན་དུ་ཟིན་ཀྱང་གདུལ་བྱ་ལ་དེ་ཀུན་བསྟན་པས་ཅི་ཞིག་བྱ། བསྟན་ཀྱང་དེ་སྙེད་གཟུངས་ནུས་པ་མ་ཡིན་ནོ། །དེས་ན་ལམ་དངོས་སྟོབས་ཀྱི་རིགས་པས་གྲུབ་པ་འདི་འདྲ་སྟོན་པ་དེ་ནི་སྐྱེས་བུའི་དོན་ཐམས་ཅད་མཁྱེན་པའི་སྟོན་པ་ཡིན་པར་བདག་ཅག་གིས་ཁས་ལེན་ལ། དེ་ལ་རྗེས་སུ་དཔགས་ན། གཞན་ཤེས་བྱ་ཐམས་ཅད་ཀྱང་མཁྱེན་པར་ངེས་ཏེ། གང་ཟབ་ཅིང་ཕྲ་བའི་དོན་མཐར་ཐུག་པ་མཁྱེན་པ་དེས་རགས་པ་རྟོགས་ནུས་པར་གདོན་མི་ཟ་སྟེ། རིང་བའི་རྡུལ་ཕྲ་མོ་མཐོང་བའི་མིག་གིས་ཉེ་བའི་བུམ་པ་མཐོང་བ་ལ་ཐེ་ཚོམ་མེད་པ་བཞིན་ནོ། །དེ་དག་གིས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དང་འབྲས་བུ་སྒྲུབ་པའི་ཚུལ་རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པའི་རྗེས་སུ་འབྲངས་ནས་སྔོན་གྱི་མཁས་པ་རྣམས་ཀྱིས་བསྡུས་པ་བཞིན་ཅུང་ཟད་བཀོད་པ་ཡིན་ལ། སྤྱིར་ཕྱོགས་སྔ་མུ་སྟེགས་སོགས་འགོག་པ་ཐམས་ཅད་ཁ་ཕྱིར་བལྟས་ཀྱི་ཤག་བཀྱེ་བའི་ཆེད་ཙམ་མ་ཡིན་ཏེ། མུ་སྟེགས་ལ་སོགས་པ་འདི་དག་གི་ཞེ་འདོད་འདི་བཞིན་ཕྱིན་ཅི་ལོག་གི་རྟོག་པ་ངན་པ། རང་ལའང་ཚུལ་དེ་དང་མཚུངས་པར་གནས་པ་དེ་ཉིད་ངོས་བཟུང་ནས། དགག་སྒྲུབ་ཀྱི་རིགས་པ་དྲི་མ་མེད་པས་རང་རྒྱུད་ཀྱི་བག་ཆགས་དང་ཀུན་རྟོག་ངན་པ་རྣམས་སུན་ཕྱུང་ན། བློ་ནོར་ལྡན་པས་ལུགས་གཞན་ལ། ཞེས་སོགས་ཀྱི་ཚིགས་སུ་བཅད་པའི་དོན་བཞིན། རང་གི་ལམ་དང་སྟོན་པ་ལ་མི་འཕྲོག་པའི་ཡིད་ཆེས་སྐྱེ་བ་ཡིན་པས་བསམ་པར་བྱ་བ་གལ་པོ་ཆེ་ཡིན་ནོ། །དེ་ལྟར་མདོར་ན་སྲིད་པའི་རྩ་བ་གཅོད་པ་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་རྒྱུ་ནི་བདེན་གཉིས་དཔྱོད་པའི་ཤེས་རབ་དྲི་མེད་ཡིན་ལ། ཤེས་རབ་དེའང་སྤྱངས་པ་སོགས་ལ་ལྟོས་མེད་དུ་གནམ་ལས་བབས་པའམ། ས་རུམ་ནས་འཐོན་པ་ལྟར་འབྱུང་བ་མི་སྲིད་པས་འདི་ལྟར་ལམ་དོན་གཉེར་གྱི་གང་ཟག་རྣམས་ཀྱིས་བསམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པས། ཐོག་མ་ཁོ་ནར་ཕྱི་ནང་གི་དངོས་པོ་ཐམས་ཅད་གཅིག་དང་དུ་མ་བྲལ་བའི་རིགས་པ་དེ་དག་གི་ཚུལ་གྱིས་ལེགས་པར་བརྟགས་པའི་རྗེས་དཔགས་ཚད་མ་ལས་རང་བཞིན་མེད་པ་ཡིན་པར་ངེས་སྙམ་པའི་ངེས་ཤེས་སྐྱེ་བ་ཡིན་ལ། ངེས་ཤེས་དེ་དང་དངོས་པོ་ལ་ཕྱིན་ཅི་ལོག་ཏུ་རྟོག་པའི་སྒྲོ་འདོགས་གཉིས་སྣང་མུན་ལྟར་འགལ་བ་ཡིན་པས་ངེས་ཤེས་དེས་སྤང་བྱ་སྒྲོ་འདོགས་རྣམས་གཅོད་པ་ཡིན་ལ། ངེས་ཤེས་དང་བྲལ་བའི་སྒོམ་ནི་དམུས་ལོང་གིས་གཟུགས་གཞལ་བ་ལྟར་དོན་ལ་མི་གནས་པས་སྒོམ་པ་ངེས་ཤེས་དང་མ་བྲལ་བ་ཞིག་དགོས་སོ་ཞེས་ཕྱོགས་བཅུ་ཀུན་ན་གནས་པ་ལ་དུས་ཀུན་ཏུ་ཐལ་མོ་སྦྱར་ཏེ་ཞུ་ཞིང་ངེས་པའི་ཤེས་པ་ཐེ་ཚོམ་དང་བྲལ་བར་གྱུར་ཅིག་ཅེས་སྨོན་ལམ་དུའང་བྱེད་པ་ཡིན་ནོ། །ངེས་པའི་ཤེས་པ་དང་བྲལ་ན་ཡང་དག་པའི་དོན་རྟོགས་དཀའ་ཞིང་། རིགས་པ་ཚད་མ་དང་བྲལ་ན་ངེས་པ་མི་སྐྱེ་བ་འདི་ཁོ་ན་ལམ་དོན་གཉེར་རྣམས་ཀྱིས་སྙིང་ལ་གཞག་པའི་མན་ངག་གོ། །དེས་ན་ཐེ་ཚོམ་ཆོད་པ་ཐོས་བསམ་གྱི་འབྲས་བུ། གདིང་དང་ལྡན་པ་བསྒོམས་པའི་འབྲས་བུ་ཡིན་པ་ལ། འབྲས་བུ་དེ་གཉིས་མེད་པའི་བཤད་སྒྲུབ་ནི་གཟུགས་བརྙན་ཙམ་མོ། །ཞར་བྱུང་དུ་ངེས་པ་དང་སྒྲོ་འདོགས་ལ་དཔྱད་པ་ཅུང་ཟད་དམ་པ་རྣམས་ཀྱི་གསུང་བཞིན་འབྲི་ན། འདི་ལྟར་བུམ་པ་ལྟ་བུ་གཅིག་ལ་དངོས་པོ་མེད་པའི་ངེས་ཤེས་དང་། དངོས་པོ་ཡོད་རྟོག་གི་སྒྲོ་འདོགས་གཉིས་ཡུལ་མི་གཅིག་ན་བསལ་བྱ་བསལ་བྱེད་དུ་མི་འཐད་དེ། ཕྱི་ནང་གི་སྣང་མུན་བཞིན། གཅིག་ན་ནི་ཡུལ་དེ་གྲུབ་བམ་མ་གྲུབ། ཡུལ་དེ་གྲུབ་ན་ནི་བསལ་བྱ་མ་འཁྲུལ་བར་ཐལ། ཡུལ་བདེན་པའི་ཕྱིར་ཚད་མ་བཞིན། མ་གྲུབ་ན་སེལ་བྱེད་ཚད་མར་མི་འགྱུར་ཏེ་གཞལ་བྱ་མེད་པའི་སྒྲོ་འདོགས་བཞིན་ནོ་ཞེས་དང་། གཞན་ཡང་། ཡུལ་གཅིག་ན་ཡུལ་དེ་བདེན་ནམ་བརྫུན། བདེན་ན་སྒྲོ་འདོགས་བདེན་ལ། བརྫུན་ན་ཚད་མ་བརྫུན་ནོ་ཞེས་ཟེར་ན། དངོས་དངོས་མེད་ཀྱི་ཁྱད་པར་དུ་མ་བྱས་པའི་གཞན་སེལ་གྱི་བློས་བཟུང་བའི་བུམ་པ་ཙམ་ཞིག་ཡུལ་གཞལ་བྱ་ཡིན་པས་ཞེན་ཡུལ་གཅིག་པས་སེལ་བྱ་སེལ་བྱེད་དུ་མི་འཐད་པའི་སྐྱོན་མེད་ལ། ཞེན་སྟངས་ཐ་དད་དེ་སོ་སོར་ཡོད་པས་ཚད་མ་དང་ཚད་མིན་དུ་འཇོག་པ་འཐད་དོ། །དེས་ན་ངེས་སྒྲོ་འདོགས་གཉིས་ཀྱི་བདེན་བརྫུན་ཀྱང་ཞེན་སྟངས་དོན་ལ་མཐུན་མི་མཐུན་གྱིས་འཇོག་གི་ཡུལ་རང་དབང་བ་གཅིག་ཏུ་མི་གཟུང་ངོ་། །དེ་ལ་མི་གཉིས་ཀྱི་ཉན་ཤེས་ལ་དུང་གི་སྒྲ་གཅིག་སྣང་བ་ན། གཅིག་གིས་རྟག་གཅིག་གིས་མི་རྟག་སྙམ་ན། གཉིས་ཀ་རང་གིས་བཟུང་བའི་ཞེན་པའི་འཛིན་སྟངས་དང་། ཡུལ་དུང་སྒྲ་སྣང་བཏགས་གཅིག་ཏུ་བསྲེས་ཏེ་བཟུང་བ་ཡིན་པས་ཚད་མ་དང་ཚད་མིན་གྱི་ཡུལ་གཅིག་ཐ་དད་བརྟགས་པའི་སྐྱོན་མེད་པ་ཡིན་ནོ། །འདི་ལེགས་པར་རྟོགས་ན་ཚད་མའི་གནད་མང་པོ་ཞིག་ཀྱང་འགྲོལ་ལོ། །ཡང་ངེས་སྒྲོ་འདོགས་གཉིས་བློའི་ངོ་བོར་གཅིག་གམ་མི་གཅིག །གཅིག་ན་རལ་གྲིས་རང་མི་གཅོད་པ་ལྟར་བསལ་བྱ་བསལ་བྱེད་དུ་མི་འཐད་ལ། ཐ་དད་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སེམས་ཅན་གཞན་རྒྱུད་ཀྱི་མི་ཤེས་པ་མ་བསལ་བ་བཞིན་དུ་ཡང་སེལ་བྱ་སེལ་བྱེད་དུ་མི་འཐད་དོ་ཞེ་ན། བློའི་རྒྱུན་ཙམ་དུ་གཅིག་པས་རྒྱུད་ཐ་དད་ལྟར་མི་འགྱུར་ལ། རྣམ་པ་ཐ་དད་པས་རང་ལ་རང་གིས་བྱ་བ་ལྟར་ཡང་མི་འགྱུར་རོ། །ཡང་དེ་གཉིས་དུས་གཅིག་གམ་མི་གཅིག །དུས་གཅིག་ནི་མི་སྲིད་དེ་སྤང་གཉེན་གྱི་རྟོག་པ་གཉིས་ཅིག་ཅར་ཡོད་པར་ཐལ་བས་གནོད་ལ། མི་གཅིག་ན་གནོད་བྱ་གནོད་བྱེད་དུ་མི་འཐད་དེ། ཉི་ཟེར་དང་མཚན་མོའི་མུན་པ་བཞིན་ནོ་ཟེར་ན། དེ་གཉིས་དུས་མི་གཅིག་པས་ཕྲད་མི་སྲིད་ཀྱང་། བློའི་རྒྱུན་གཅིག་ལ་དང་པོ་སྒྲོ་འདོགས་སྐྱེས། ཕྱིས་ངེས་ཤེས་སྐྱེས་པས་སྒྲོ་འདོགས་ཀྱི་རྒྱུན་སྐྱེ་མ་ནུས་པ་ལ་སྒྲོ་འདོགས་བསལ་ཞེས་ཐ་སྙད་བཏགས་པ་སྟེ། བློའི་ངོ་བོར་གྱུར་པའི་སྤང་གཉེན་ཐམས་ཅད་དེ་དང་འདྲ་སྟེ། འདས་པ་འགགས་ཟིན་པ་དང་། ད་ལྟ་གྲུབ་ཟིན་པས་དེ་ལ་གནོད་པ་བྱར་མི་རུང་ལ། མ་འོངས་པ་མ་སྐྱེས་པ་ལའང་གནོད་པ་བྱར་མེད་པས་དོན་དུ་སྐད་ཅིག་མ་ལ་བསལ་བྱ་བསལ་བྱེད་མ་གྲུབ་ཀྱང་། སྤང་བྱའི་རྒྱུན་མ་འོངས་པ་འཕྲོ་མཐུད་དུ་སྐྱེ་བའི་གེགས་བྱས་སོང་བ་ལ་བསལ་བྱ་བསལ་བྱེད་དུ་བཏགས་པའོ། །འདི་ལ་ཁ་ཅིག་སྤང་གཉེན་ལྷན་ཅིག་ཏུ་བསྐལ་པ་གྲངས་མེད་དུ་མར་འགྲོགས་པ་ཡོད་དེ། བྱང་སེམས་འཕགས་པའི་རྒྱུད་ཀྱི་ཡེ་ཤེས་དང་། སྒྲིབ་པའི་བག་ཆགས་གཉིས་ཡུན་རིང་དུ་འགྲོགས་པའི་ཕྱིར་ཟེར་ཡང་། མིང་ཙམ་ལ་བསམས་ན་མ་གཏོགས་དོན་དུ་ལྟན་ཅིག་གནས་ན། དེས་དེ་བསལ་ག་ལ་ནུས་ཏེ། དེས་ན་བྱང་འཕགས་ཀྱི་རྒྱུད་ཀྱི་སྒྲིབ་པ་རང་རང་གི་གཉེན་པོ་དང་སྤང་བྱ་ནི་འགྲོགས་པ་མེད་ལ། གཟུང་འཛིན་འཁྲུལ་པའི་བག་ཆགས་ཕྲ་མོ་ནི་འཕགས་པ་སློབ་པའི་ཡེ་ཤེས་གཞན་གྱི་སྤང་བྱ་ག་ལ་ཡིན་ཏེ། རྡོར་ཏིང་གི་སྤང་བྱ་ཡིན་ནོ། །དེ་ལྟར་ངེས་ཤེས་དང་སྒྲོ་འདོགས་གཉིས། ཡུལ་དང་ངོ་བོ་དུས་གསུམ་ལ་བརྟགས་པ་འདིའང་དོགས་སློང་ལེགས་པོ་ཡིན་པས། རྗེས་སུ་དཔོགས་རྣམས་ཤེས་པར་བྱེད། །ཅེས་པའི་མཐའ་དཔྱོད་དུ་བཀོད་པ་ཡིན་ནོ། །རྩོད་པ་གསུམ་པའི་ལན་ལ། ལན་དངོས་དང་། དེ་ལྟ་མིན་ན་མི་འཐད་པར་བསྟན་པའོ། །དང་པོ། གཞུང་གིས་བསྐྱེད་པའི་བྱེ་བྲག་གི །ཆོས་ཅན་སྤངས་ནས་མཁས་པ་དང་། །བུད་མེད་བྱིས་པའི་བར་དག་ལ། །གྲགས་པར་གྱུར་པའི་དངོས་རྣམས་ལ། །བསྒྲུབ་དང་སྒྲུབ་པའི་དངོས་པོ་འདི། །མ་ལུས་ཡང་དག་འཇུག་པར་འགྱུར། །ཞེས་གསུངས་ཏེ། འོ་ན་ཁྱོད་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་ཁས་བླངས་ནས་མེད་དོ་ཞེས་བརྗོད་པ་དེ་ལྟར་ན་བསྒྲུབ་བྱ་ཆོས་ཅན་དང་། དེ་སྒྲུབ་པ་གཏན་ཚིགས་སྦྱོར་བའང་དོན་མེད་དུ་འགྱུར་ཏེ། ཆོས་ཅན་གཞི་མ་གྲུབ་པ་སོགས་ཀྱི་ཕྱིར་རོ། །གལ་ཏེ་སྒྲུབ་པ་གཏན་ཚིགས་མི་བརྗོད་དོ་སྙམ་ན། དམ་བཅས་པ་ཙམ་གྱིས་དོན་མི་འགྲུབ་པའི་ཕྱིར་རོ། །གཏན་ཚིགས་བརྗོད་ན་ནི་གཏན་ཚིགས་ཡོད་པས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་མི་འགྱུར་ལ། དེ་ལྟར་ན་འགལ་བར་འགྱུར་རོ་སྙམ་ན། དེ་འདྲ་བའི་རྩོད་པ་འདི་ནི་གྱི་ན་སྟེ། འདི་ལྟར་བསྒྲུབ་བྱ་ཆོས་ཅན་དུ་བཞག་པ་གང་ཡིན་པ་དེ་ནི། གྲུབ་མཐའི་གཞུང་གིས་བཞག་པའམ་བསྐྱེད་པའི་བྱེ་བྲག་གི་ཆོས་ཅན་སྤངས་ནས་ཏེ་དེ་ཤེས་འདོད་དུ་མ་བཟུང་བར། མཁས་པ་དང་མི་མཁས་པ་ཐ་མལ་གྱི་བུད་མེད་དང་བྱིས་པའི་བར་དག་ལ། མཐུན་པར་སྣང་ཞིང་ཡོངས་སུ་གྲགས་པར་གྱུར་པའི་དངོས་པོ་རྣམས་ཆོས་ཅན་དུ་བཟུང་བ་ལ། བསྒྲུབ་བྱ་དང་དེ་སྒྲུབ་པའི་གཏན་ཚིགས་དག་གི་ཐ་སྙད་ཀྱི་དངོས་པོ་འདི། མ་ལུས་པ་གནོད་མེད་ཡང་དག་པར་འཇུག་པར་འགྱུར་བ་ཡིན་ནོ། །དེ་ལ་གཞུང་གི་འདོད་པ་མི་མཐུན་པ་ལས་བྱུང་བའི་ཆོས་ཅན་རྩོད་གཞིར་བཟུང་ན་ཐུན་མོང་མཐུན་སྣང་གི་ཆོས་ཅན་མི་འགྲུབ་པས་གཏན་ཚིགས་ཐམས་ཅད་ཆོས་ཅན་གཞི་མ་གྲུབ་པར་འགྱུར་ལ། དེ་ལྟར་ན་བསྒྲུབ་བྱ་དང་སྒྲུབ་པའི་ཆོས་གཉིས་ལྡན་གྱི་དཔེ་ཡང་མི་སྲིད་པས་རྟགས་ཐམས་ཅད་ནུབ་པར་འགྱུར་རོ། །གལ་ཏེ་གཞུང་གིས་བསྐྱེད་པའི་བྱེ་བྲག་ལ་ཁས་ལེན་མཐུན་པར་གྱུར་ན་ནི་ཅི་ཞིག་རྩོད་དེ་རྩོད་པའང་མེད་དོ། །མཐུན་བཞིན་དུའང་རྩོད་ན་ནི་རང་གི་ཕྱོགས་ལ་མི་ལྟ་བར་སུན་ཅི་ཕྱིན་དུ་འགྱུར་རོ། །གཉིས་པ་དེ་ལས་བཟློག་ན་མི་འཐད་པ། དེ་ལྟ་མིན་ན་གཞི་མ་གྲུབ། ལ་སོགས་ལན་ནི་ཇི་སྐད་གདབ། །ཇི་སྐད་བཤད་པ་འདོར་པ་མི་མཐུན་པ་དངོས་པོ་ཡོད་པ་དང་མེད་པ་ལྟ་བུས་ཁྱད་པར་དུ་མ་བྱས་པར་སྣང་ཙམ་གྱི་ཤེས་འདོད་ལ་ཆོས་ཅན་དུ་བཟུང་བ་དེ་ལྟ་མིན་ན་ཁྱོད་ཀྱི་གཏན་ཚིགས་ཀྱི་གཞི་མ་གྲུབ་པ་དང་། དཔེ་མི་འགྲུབ་བོ་ཞེས་པ་ལ་སོོགས་པའི་ལན་ནི་ཇི་སྐད་གདབ་སྟེ་གདབ་པར་མི་ནུས་ཏེ། དཔེར་ན་སངས་རྒྱས་པས་ཕ་རོལ་པོའི་ངོར་། སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོར་ཡོད་པའི་ཕྱིར། ཞེའམ། ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པ་ལྟ་བུ་ལ། ཕ་རོལ་མུ་སྟེགས་ཀྱི་གཞུང་གིས་བསྐྱེད་པའི་ཆོས་ཅན་བྱེ་བྲག་པ་བཟུང་ན། ཡན་ལག་ཅན་གྱི་ལ་དང་། ནམ་མཁའི་ཡོན་ཏན་གྱི་སྒྲ་གཟུང་དགོས་ན། དེ་མི་སྲིད་པས་ཆོས་ཅན་གཞི་མི་འགྲུབ་ལ། དེ་མ་གྲུབ་པའི་དེ་ལ་བརྟེན་པའི་རྟགས་ཀྱང་མི་སྲིད་དེ་རི་བོང་རྭའི་གཉེར་མ་བཞིན་ནོ། །དེས་ན་ཆོས་ཅན་དང་མཐུན་པའི་ཕྱོགས་སུ་སྦྱོར་བའི་དཔེ་ཡང་མི་སྲིད་པས་མཐར་རྗེས་སུ་དཔགས་པར་བྱ་བ་ཆོས་ཅན་དང་། རྗེས་སུ་དཔགས་པའི་རྟེན་ནམ་སྒྲུབ་བྱེད་གཏན་ཚིགས་ཐམས་ཅད་མི་འགྲུབ་བོ། །དེས་ན་ཐུན་མོང་མཐུན་སྣང་གི་དངོས་པོ་ཙམ་དང་། དེ་ལའང་འཛིན་སྟངས་ཞིབ་ཏུ་བྱེད་ནས་ཐ་སྙད་བསྒྲུབ་པའི་ཚེ་ན། གོང་གི་ངེས་ཤེས་དང་སྒྲོ་འདོགས་ཀྱི་ཡུལ་ལ་ཇི་སྐད་དཔྱད་པ་ལྟར་བྱས་ན་རིགས་པའི་མཐིང་ལོན་པ་ཡིན་ནོ། །གཉིས་པ་ཀུན་རྫོབ་ཏུ་རྩོད་སྤོང་ལ། སྒྲུབ་དང་བསྒྲུབ་བྱའི་རྣམ་གཞག་སྤྱིར་འཐད་པ། ཚེ་སྔ་ཕྱིའི་རྒྱུ་འབྲས་རྟེན་འབྲེལ་གྱི་རྣམ་གཞག་འཐད་ཚུལ་བྱེ་བྲག་ཏུ་བཤད་པ། དེ་ལྟར་རྟག་ཆད་དང་བྲལ་བར་བསྔགས་པས་མཇུག་བསྡུ་བ་གསུམ། དང་པོ། བདག་ནི་སྣང་བའི་ངང་ཅན་གྱི། །དངོས་པོ་དགག་པར་མི་བྱེད་དེ། །དེ་ལྟ་བས་ན་སྒྲུབ་པ་དང་། །བསྒྲུབ་བྱ་གཞག་པ་འཁྲུགས་པ་མེད། །ཅེས་གསུངས་ཏེ། བདག་ནི་མཁས་ནས་བྱིས་པའི་བར་གྱི་འགྲོ་བ་རྣམས་ལ་ཐུན་མོང་དུ་མིག་དང་རྣ་བ་སོགས་ལ་སྣང་བའི་ངང་ཚུལ་ཅན་གྱི་དངོས་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་འདི་ནི་དགག་པར་མི་བྱེད་དེ། འདི་ལ་ཤེས་རབ་དང་ཡེ་ཤེས་ཀྱིས་དཔྱད་ན་ཆུ་ཤིང་གི་སྡོང་པོ་བཞིན་དུ་སྙིང་པོའི་བག་ཙམ་ཡང་མི་སྣང་བས་དོན་དམ་པར་གྲུབ་པར་མི་འདོད་དོ། །སྣང་བའི་དོན་མ་བཀག་པ་དེ་ལྟ་བས་ན་དངོས་པོ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་སེལ་ཞིང་ཕྱིན་ཅི་མ་ལོག་པར་སྒྲུབ་པ་རྗེས་སུ་དཔོགས་པ་གཏན་ཚིགས་དང་། གཏན་ཚིགས་དེས་བསྒྲུབ་པར་བྱ་བའམ་རྗེས་སུ་དཔོགས་པར་བྱ་བ་ཉིད་ཀྱི་རྣམ་པར་གཞག་པ་ལ། རྣམ་གཞག་འཁྲུགས་ཤིང་རྙོག་པར་གྱུར་པའི་སྐྱོན་གྱི་ཆ་ཅུང་ཟད་ཀྱང་གནས་པ་མེད་པའི་ཕྱིར་རང་བཞིན་མེད་པ་ཉིད་དུ་འགྲུབ་བོ། །འདིའི་ལྡོག་ཕྱོགས་ཀྱི་ཕྱོགས་སྔ་ནི་ཤུགས་ཀྱིས་གསལ་བས་སྨོས་མི་དགོས་ཏེ། རང་བཞིན་མེད་ཅེས་པས་སྣང་བ་འདིའང་འགོག་པའི་དོན་དུ་གོ་ནས་དེ་ལྟར་ན་སྒྲུབ་དང་བསྒྲུབ་བྱའི་རྣམ་གཞག་ཐམས་ཅད་མི་འཐད་སྙམ་དུ་སེམས་པ་གང་ཡིན་པའོ། །དེ་ལྟར་ན་འདིའི་སྐབས་དང་སྤྱིར་དབུ་མ་ཐམས་ཅད་མཚུངས་པར་སྣང་བ་མི་འགོག་ཅེས་པའི་དུས་སུ་རང་བཞིན་སྟོང་པས་མ་ཁྱབ་པའི་སྣང་བ་ལོགས་སུ་ཡོད་པ་ལྟ་བུར་གོ་བར་མི་བྱ་སྟེ། དཔེར་ན་ཆུ་ཟླ་ཉིད་སྣང་བཞིན་པ་དེ་སྟོང་གི །སྣང་བ་དེ་བཞག་ནས་ལོགས་སུ་སྟོང་རྒྱུ་ཞིག་མེད་པ་བཞིན་དུ། སྟོང་ཡང་དེས་སྣང་ཙམ་ཡང་མེད་མི་དགོས་ཏེ། གལ་ཏེ་སྣང་བའང་མེད་ན་དེའི་སྟོང་པའང་མེད་པས། སྟོང་པ་དང་སྣང་བ་གཉིས་པོ་ཕན་ཚུན་གཅིག་མེད་ན་གཅིག་མི་སྲིད་ལ། གཅིག་ཡོད་ན་གཅིག་ཡོད་པས་ཁྱབ་ཅིང་། ཡོད་ཚུལ་ཡང་སྲད་བུ་དཀར་ནག་བསྒྲིམས་པ་ལྟ་བུ་སོ་སོར་ཡོད་པའམ། གཅིག་བསལ་རྗེས་གཅིག་འོང་བ་ལྟ་བུའི་རེས་འཇོག་མིན་པར་སྟོང་པ་ལ་སྣང་བས་ཁྱབ། སྣང་བ་ལ་སྟོང་པས་ཁྱབ། དེ་གཉིས་ནམ་ཡང་འདུ་འབྲལ་མི་ཤེས་པའི་ཡིན་ལུགས་ལ་ཡིད་ཆེས་པ་སངས་རྒྱས་སྟོང་གིས་བཀག་ཀྱང་ཡིད་ཕྱིར་མི་ལྡོག་པ་ཞིག་བྱུང་ན་དབུ་མའི་གཞུང་ལ་ཐོས་བསམ་གྱི་དཔྱད་པ་གཏིང་སླེབས་པ་ཡིན་ཏེ། དེ་ནས་མདོ་སྔགས་གང་གི་ལམ་ལ་ནན་ཏན་བྱས་ཀྱང་སྲོག་རྩ་ཚུགས་པ་ཡིན་ནོ། །དེ་ལྟར་སྐབས་འདིར་སྣང་བ་མི་འགོག་ཅེས་པ་མཐུན་སྣང་ཆོས་ཅན་ཁས་ལེན་པ་ཙམ་ཞིག་གི་དོན་དུ་བསྟན་ཀྱང་གནད་བསླངས་ཏེ་ཅི་ཕྱིར་སྣང་བ་མི་འགོག་སྙམ་ན་རྩོད་པ་ཙམ་གྱི་ཆེད་དུ་ཁས་བླངས་པ་ནི་མིན་གྱི། རང་གི་གྲུབ་པའི་མཐའ་དང་མི་འགལ་བར་སྣང་བ་མི་འགོག་ཅེས་གོ་བའི་ཕུ་ཐག་གཅོད་དགོས་པ་ཡིན་ནོ། །དེ་ལྟ་བུའི་ཚུལ་རྟོགས་ན་ཐ་སྙད་དུའང་ཁས་ལེན་ཤིན་ཏུ་བདེ་སྟེ། གྲུབ་མཐའ་སྣ་ཚོགས་པའི་འཛིན་པ་སྡུག་པོ་ལ་མ་བརྟེན་པས་འཇིག་རྟེན་གྲགས་པའི་ཚད་མ་གནོད་མེད་དུ་འཇུག་སྟེ། ཇི་སྐད་དུ། འཛིན་པ་སྟུག་ལ་མི་བརྟེན་ན། །ཐ་སྙད་རབ་ཏུ་འགྲུབ་པར་འགྱུར། །ཐ་སྙད་རྣམས་ལ་མཁས་གྱུར་ན། །བསྟན་བཅོས་དོན་ལ་རྨོངས་པ་མེད། །ཅེས་བཤད་པ་བཞིན་ནོ། །དེའང་རྣམ་པར་མི་རྟོག་པའི་དོན་ལ་རིམ་གྱིས་འཇུག་པ་དག་གིས་དབུ་མའི་གནད་ངེས་པའི་ཚུལ་ནི། ལས་དང་པོ་པས་གཅིག་དུ་བྲལ་སོགས་ཀྱིས་བརྟགས་ཚེ་བུམ་སོགས་མི་རྙེད་པའི་དོན་ལ་བསམས་ན། མ་དཔྱད་པའི་ངོར་ཡོད་པ་འདི་ཡི། དཔྱད་ན་མེད་པ་ཉིད་གནས་ལུགས་སོ་སྙམ་པའི་སྣང་སྟོང་རེས་འཇོག་གི་ཚུལ་དུ་སྟོང་པའི་རྣམ་པ་ཞིག་འཆར་ཞིང་། དེའི་ཚེ་དེའི་མེད་པ་ཉིད་ཀྱང་མ་གྲུབ་པའམ། ཡེ་ནས་སྟོང་བཞིན་དུ་སྣང་བ་ཡིན་པའི་ཚུལ་ལ་བསམས་པས་ཆུ་ཟླ་ལྟར་སྣང་བཞིན་སྟོང་ལ་སྟོང་བཞིན་སྣང་བའི་ངེས་པ་ཁྱད་པར་ཅན་སྐྱེ་སྟེ། དེའི་ཚེ་རང་བཞིན་མེད་པ་དང་རྟེན་འབྱུང་འགལ་མེད་དུ་ཤར་བའམ། ཟུང་འཇུག་ཏུ་གོ་བ་ཞེས་བྱ་ཞིང་། དེ་དུས་དེ་གཉིས་ཚིག་གིས་བརྗོད་ཚུལ་ལ་ཐ་དད་ཡོད་ཀྱང་། ངོ་བོ་ལ་ཐ་དང་ཅུང་ཟད་མེད་པར་དབྱེར་མེད་པའི་ཚུལ་ལ་ངེས་ཤེས་བསྐྱེད་པས། དགག་གཞི་སྣང་བ་དང་། དགག་བྱ་བཅད་པ་སྦྱར་ནས་འཛིན་པའི་རྣམ་རྟོག་རང་སར་ཞིག་སྟེ། དགག་སྒྲུབ་བསལ་གཞག་མེད་པར་སོར་གཞག་ཏུ་ནུས་པ་ལྟ་བུའི་སྤྲོས་བྲལ་གྱི་རྣམ་པར་འཆར་ཞིང་། དེ་འདྲའི་སྤྲོས་བྲལ་ལ་གོམས་པས་ཆོས་ཅན་ལ་ལྟོས་པའི་ཆོས་ཉིད་སོ་སོ་བ་ལྟ་བུའི་བློ་རིས་ཆད་ཀྱི་དམིགས་པའི་སྤྱོད་ཡུལ་དག་ནས། ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་ལ་ངེས་ཤེས་ཁྱད་པར་ཅན་སྐྱེ་བས་མཐར་ཕྱིན་ཏོ། །དེ་ལྟར་སྟོང་པ་དང་། ཟུང་འཇུག་དང་། སྤྲོས་བྲལ་དང་། མཉམ་པ་ཉིད་དེ། དབུ་མའི་འཆར་རིམ་བཞི་པོ་དེ་དག་སྔ་མ་སྔ་མ་རིམ་བཞིན་གོམས་པ་ལ་བརྟེན་ནས། ཕྱི་མ་ཕྱི་མའི་ཚུལ་ལ་ངེས་པ་སྐྱེ་བ་ཉིད་དེ། འདི་དག་ནི་ཤིན་ཏུ་གལ་ཆེ་བའི་མན་ངག་གི་གནད་དམ་པའོ། །གཉིས་པ་ལ་དམ་བཅའ་མདོར་བསྟན། རིགས་པས་རྒྱས་པར་སྒྲུབ་པ་གཉིས། དང་པོ། དེ་ཕྱིར་ཐོག་མེད་སྲིད་རྒྱུད་ནས། །དངོས་དང་དངོས་མེད་རྟོག་སོགས་ཀྱི། །རིགས་དང་མཐུན་པའི་ས་བོན་ཉིད། །རྗེས་སུ་དཔགས་པར་བྱ་བ་ཡིན། །ཞེས་གསུངས་ཏེ། དེ་ལྟར་གོང་དུ་ཇི་སྐད་བརྗོད་པ་བཞིན་དུ་དངོས་པོ་རང་བཞིན་གྱིས་གྲུབ་པ་ཅུང་ཟད་མི་སྲིད་ཀྱང་། སྲིད་པའི་སྣང་བ་སྣ་ཚོགས་འགོག་མེད་དུ་བཀྲ་བ་དེ་ཡི་ཕྱིར་ན། ཐོག་མ་མེད་པའི་སྲིད་པའི་སེམས་ཀྱི་རྒྱུད་ནས་ཀྱང་། དངོས་དང་དངོས་མེད་བདག་དང་གཞན་དུ་རྟོག་པ་སོགས་རང་ཉིད་ཀྱི་རིགས་དང་མཐུན་པའི་ས་བོན་ཉིད་ཡོད་པར་གཏན་ཚིགས་ལ་བརྟེན་ནས་རྗེས་སུ་དཔགས་པར་བྱ་བ་ཡིན་ཏེ། ཞེས་སོ། །འདི་ལ་སྡེབ་སྦྱོར་གོ་བདེ་བར་བསྡེབས་ན། དངོས་དངོས་མེད་ཀ་བ་དང་བུམ་པ་ནམ་མཁའ་སོགས་སྣང་རྟོག་སྣ་ཚོགས་པ་འདི་དག་སྣང་བའི་རྒྱུ། རང་རང་གི་རིགས་དང་མཐུན་པའི་རྟོག་པའི་ས་བོན་ནམ་བག་ཆགས་ཐོག་མ་མེད་པའི་རྒྱུད་ནས་ཀྱང་རྗེས་སུ་ཞུགས་པ་ཞིག་ཡོད་པར་རིགས་པས་དཔག་ནུས་སོ། །ཞེས་གསུངས་པ་ཡིན་ནོ། །དེའང་དོན་དམ་པར་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བ་ཡིན་ནའང་དངོས་དང་དངོས་མེད་ཀྱི་འདུ་ཤེས་སྤྲོས་པ་སྣ་ཚོགས་པས་བློ་གྲོས་མི་དཀར་བ་རྣམས་ཀྱི་སེམས་ཡོངས་སུ་བསླད་དེ་དེ་དང་དེ་དག་ཏུ་སྣང་བ་ཕ་མཐའ་མེད་པ་འདི་ལ། རྒྱུ་མེད་པ་མི་སྲིད་པས་རྒྱུ་ཡོད་དགོས་ལ། རང་རང་གི་རིགས་མཐུན་གྱི་ས་བོན་བོར་ནས་རྒྱུ་གཞན་རིགས་པས་མི་འགྲུབ་པ་དེའི་ཕྱིར་ན་རིགས་མཐུན་གྱི་ས་བོན་ཙམ་སྣང་བ་སྣ་ཚོགས་པ་འདིའི་རྒྱུ་ཡིན་པར་གྲུབ། ཅེས་སོ། །གཉིས་པ་དེ་རིགས་པས་སྒྲུབ་པ་ལ། མི་འཐད་པ་དགག །འཐད་པ་སྒྲུབ་པའོ། །དང་པོ། འདི་ནི་དངོས་པོའི་མཐུ་སྟོབས་ཀྱིས། འབྱུང་བ་མ་ཡིན་དེ་མེད་ཕྱིར། །དངོས་པོ་རྣམས་ཀྱི་བདག་ཉིད་དེ། །རྒྱ་ཆེར་རབ་ཏུ་བཀག་པ་ཡིན། །རིམ་གྱིས་འབྱུང་ཕྱིར་གློ་བུར་མིན། །རྟག་འབྱུང་མ་ཡིན་རྟག་མ་ཡིན། །ཞེས་གསུངས་ཏེ། སྣང་བ་སྣ་ཚོགས་པ་འདི་ལ་རིགས་མཐུན་གྱི་ས་བོན་མ་ཡིན་པའི་རྒྱུ་གཞན་ཅིའི་ཕྱིར་མེད་སྙམ་ན། དེ་མེད་པའི་རྒྱུ་མཚན་ནི། གལ་ཏེ་བུམ་པ་སོགས་དངོས་པོ་རྣམས་རང་དབང་དུ་གྲུབ་ན་དེ་ལ་བརྟེན་ཏེ་དེ་དང་དེར་རྟོག་པ་འབྱུང་དུ་ཆུག་ནའང་། བུམ་སོགས་རྟོག་པའམ་སྣང་བ་འདི་ནི་སེམས་ལ་སྣང་ཙམ་ལས་ལོགས་སུ་ཐ་དད་པར་ཡོད་པའི་དངོས་པོའི་མཐུ་སྟོབས་ཀྱིས་འབྱུང་བ་མ་ཡིན་ཏེ། དེ་མེད་པའི་ཕྱིར་རྟགས་མ་གྲུབ་སྙམ་ན། གོང་དུ་ཇི་སྐད་བཤད་པའི་རིགས་པས་ཤེས་བྱའི་དངོས་པོ་རྣམས་ཀྱི་བདག་ཉིད་དེ་དག་རྒྱ་ཆེར་རབ་ཏུ་བཀག་ཟིན་པ་ཡིན་པས་ན་རྟགས་ཅི་ཕྱིར་མི་འགྲུབ་སྟེ་གྲུབ་བོ། །དེས་ན་དངོས་པོ་རྣམས་རང་ངོར་སྣང་ཙམ་འདི་ལས་རང་དབང་གིས་མ་གྲུབ་པས་ཡང་དག་པར་ན་དེ་དག་གིས་བཞག་པའི་སྣང་བའང་མི་སྲིད་དེ་རྒྱ་མེད་པའི་འབུར་བཞིན་ནོ། །འོ་ན་དངོས་པོ་མེད་ཀྱང་རྒྱུ་མེད་དུ་སྣང་བའམ། དངོས་པོ་རང་ཉིད་མ་ཡིན་པའི་རྒྱུ་གཞན་ཞིག་གིས་དེར་སྣང་བ་ཡིན་ནམ་སྙམ་ན་མ་ཡིན་ཏེ། སྣང་བ་འདི་དག་ནི་རིམ་གྱིས་འབྱུང་བའི་ཕྱིར་ན་རྒྱུ་མེད་པར་གློ་བུར་རང་གར་བྱུང་བའང་མིན་ཏེ། རྒྱུ་མེད་གློ་བུར་དུ་འབྱུང་ན་རེས་འགའ་འབྱུང་བའམ། རིམ་གྱིས་འབྱུང་བ་མི་འཐད་དེ། རྟག་ཏུ་ཡོད་པའམ། རྟག་ཏུ་མེད་པར་འགྱུར་དགོས་པ་གོང་དུ་ཇི་སྐད་བཤད་པ་ལྟར་ཡིན་པའི་ཕྱིར་རོ། །འོ་ན་བུམ་སོགས་སྣང་བ་ལ་རྒྱུ་གཞན་དབང་ཕྱུག་སོགས་ཀྱིས་བྱས་པའམ། བདག་དང་ཤེས་པ་སོགས་རྟག་པ་ལས་སྐྱེ་ན་ཅི་འགལ་སྙམ་ན་འགལ་ཏེ། སྣང་རྟོག་འདི་དག་སྐད་ཅིག་གིས་སྐྱེ་འགག་ཅན་ཡིན་གྱི། མི་འགག་མི་འགྱུར་བར་རྟག་ཏུ་འབྱུང་བ་མ་ཡིན་པའི་ཕྱིར་ན། རྒྱུ་རྟག་པ་ཞིག་ལས་བྱུང་བ་མ་ཡིན་ནོ། །དེས་ན་སྣང་རྟོག་སྣ་ཚོགས་པ་སྣང་བ་ཙམ་ལ་བསྙོན་དུ་མེད་པ་འདི་ལ་རྒྱུ་མེད་པ་མི་སྲིད་ཅིང་། རྒྱུ་ཡོད་པའང་ཕྱི་དོན་གྱི་དངོས་པོ་རང་གི་མཐུའམ། དངོས་པོ་ལས་གཞན་པའི་རྒྱུ་གཉིས་གང་ལས་ཀྱང་འབྱུང་མི་སྲིད་པས་སེམས་ལ་གནས་པའི་བག་ཆགས་ཀྱི་ཁམས་ཡོངས་སུ་སྨིན་པ་ལས་གྱུར་པར་རིགས་པས་ཆེས་གསལ་པོར་གྲུབ་པ་ཡིན་ནོ། །གཉིས་པ། དེ་བས་གོམས་འདྲ་དེ་ཉིད་ཕྱིར། །དང་པོ་རང་གི་རིགས་ལས་སྐྱེས། །ཞེས་གསུངས་ཏེ། བཤད་མ་ཐག་པའི་རྒྱུ་མཚན་དེ་ལྟ་བས་ན་ཕྱི་ནང་གི་སྣང་བ་སྣ་ཚོགས་པའང་གོམས་པའི་བག་ཆགས་ཀྱི་དབང་གིས་བྱུང་བ། དཔེར་ན་འདོད་པ་དང་འཇིགས་པ་བློ་ལ་གོམས་པ་དང་འདྲའོ། །དེ་ལྟ་ཡིན་པ་དེ་ཉིད་ཀྱི་ཕྱིར་ན་སྐྱེ་བ་སྔ་ཕྱི་ཡོད་པར་ཡང་འགྲུབ་སྟེ། འདི་ལྟར་སྐྱེས་མ་ཐག་པའི་སེམས་སྐད་ཅིག་དང་པོ་དེའང་རང་གི་རིགས་མཐུན་གྱི་སེམས་སྔ་མ་ལས་སྐྱེས་པར་ཡང་དག་པའི་རིགས་པ་དེ་ཉིད་ཀྱིས་གྲུབ་ཅིང་། དེའི་ཚུལ་གྱིས་ཆགས་བཅས་ལ་ཡང་སྲིད་ཕྱི་མའང་ཡོད་པར་གྲུབ་པ་ཡིན་ནོ། །དེའང་སྐྱེ་བ་འདི་ཉིད་ལ་མཚོན་ན། སྔར་ཡུལ་གཞོན་ནུ་མའི་རེག་པ་ཉམས་སུ་མྱངས་པའི་སེམས་ཀྱིས་བག་ཆགས་རྒྱུད་ལ་གནས་པའི་ད་ལྟའང་ཡུལ་རེག་པ་དེ་ལྟ་བུ་དོན་དུ་གཉེར་བའི་སེམས་ཀུན་ནས་སློང་ནུས་པ་དང་། ད་ལྟ་དེ་ལྟ་བུའི་འཁྲིག་པ་ཉམས་སུ་མྱངས་པའི་སེམས་ཀྱིས་དུས་ཕྱིས་ཀྱི་ཆགས་སེམས་སློང་ནུས་ལ། དེ་བཞིན་དུ་གང་དང་གང་ལ་གོམས་པ་དེ་ཇི་ལྟར་གོམས་པའི་ཤུགས་དང་མཐུན་པར་ཕྱིས་གསལ་བ་དང་མི་གསལ་བའི་རྣམ་པར་སྣང་སྟེ། ཀློག་སོགས་བསླབས་པ་བཞིན་ནོ། །དེས་ན་གང་འདོད་ལྡན་དག་གིས་ཡུལ་བུད་མེད་བཟང་མོ་ཡང་ནས་ཡང་དུ་ཡིད་ལ་བྱས་པ་དང་། སྔར་མ་དག་གིས་སྦྲུལ་ལ་སོགས་པ་འཇིགས་པ་དག་ཡང་ཡང་ཡིད་ལ་བྱས་ནས་གོམས་པའི་ཤུགས་ཀྱིས་མཐར་མདུན་ན་གནས་པ་ལྟ་བུའི་གསལ་སྣང་འབྱུང་བ་བཞིན་དུ། བསམ་གཏན་དང་མི་སྡུག་པ་སྒོམ་པ་སོགས་བློ་འདུ་བྱེད་ཀྱི་འདུག་པ་ཐམས་ཅད་ཀྱང་དེ་དང་འདྲ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྐྱེས་སེམས་སྐད་ཅིག་དང་པོའང་ཕྱི་རོལ་གྱི་དངོས་པོའི་མཐུ་ལས་མི་འབྱུང་། རྟག་པའི་རྒྱུ་ལས་མི་འབྱུང་། རྒྱུ་མེད་དུ་མི་འབྱུང་བར་རང་གི་རིགས་འདྲ་སྔ་མ་དངོས་པོ་སོགས་སུ་རྣམ་པར་རྟོག་པ་ལས་བྱུང་བ་ཡིན་ཏེ། ད་ལྟའི་ཤེས་པ་འདི་དངོས་པོ་སོགས་སུ་རྣམ་པར་རྟོག་པ་ཡིན་པའི་ཕྱིར་ནའོ། །འདི་ལ་ཚད་མ་གྲུབ་པ་ལས་རིགས་པའི་རྣམ་གྲངས་མང་དུ་གསུངས་པ་བྲིས་ན་ཡི་གེ་མང་བར་འགྱུར་བས་བཞག་ལ་དོན་གྱི་སྙིང་པོ་གསལ་ཞིང་རིག་པ་ཤེས་པའི་ཉེར་ལེན་གྱི་རྒྱུ་ནི་རིག་པ་ཉིད་ལས་གཞན་བེམ་པོ་སོགས་འཐད་པ་མ་ཡིན་པས་སེམས་ལས་གཞན་ལ་ལྟོས་པ་མེད་པའི་རྟགས་ཀྱིས་སྔ་མཐའ་ཐུག་མེད་དུ་བསྒྲུབ་པའི་གནད་དེ་དག་འདིར་གསུངས་པའི་རིགས་པ་འདིས་ཚར་ཕྱིན་པ་ཡིན་ནོ། །དེ་ལྟར་སྔོན་མཐའ་ཐུག་མེད་དུ་གྲུབ་པ་དེ་བཞིན་དུ། འདོད་ཆགས་དང་མ་བྲལ་བ་འཆི་བའི་སེམས་ཀྱང་བདག་དང་བདག་གི་ལ་ཆགས་པ་ཕྱིན་ཅི་ལོག་གི་བག་ཆགས་དང་འབྲེལ་བའི་ཕྱིར་སེམས་གཞན་གྱི་མཚམས་སྦྱོར་ནུས་ཏེ་སྔ་མ་བཞིན་ནོ། །དེ་ལ་རྒྱུ་ཚང་ཞིང་གེགས་མེད་ན་འབྲས་བུ་སྐྱེ་བ་ལ་ཐེ་ཚོམ་མེད་པས། ད་ལྟའི་ཤེས་པ་སྔ་མས་ཕྱི་མ་བསྐྱེད་པ་བཞིན་དུ་འཆི་བའི་ཚེ་ནའང་རྒྱུ་རྩ་བ་བདག་འཛིན་དང་དེས་བྱས་པའི་ལས་ཉོན་གཉིས་ཀ་ཚང་ཞིང་གེགས་བདག་མེད་རྟོགས་པ་མེད་པའི་ཕྱིར་སྲིད་པར་མཚམས་ཅིའི་ཕྱིར་མི་སྦྱོར། དེས་ན་བདག་མེད་པ་མ་རྟོགས་བར་དུ་སྲིད་པ་མི་ལྡོག་ལ། སེམས་གསལ་བ་ཙམ་ནི་བདག་འཛིན་སོགས་ལ་མི་ལྟོས་པར་རང་གི་རིགས་འདྲ་སྔ་མ་ལས་སྐྱེ་བ་ཡིན་པས་བདག་མེད་གཉིས་ཀ་རྟོགས་ཀྱང་གེགས་མེད་ལ་རྒྱུ་ཚང་བས་ལྡོག་པ་མེད་དོ་ཞེས་རིགས་པའི་བ དག་ཉིད་རྣམས་བཞེད་ལ། ཚུར་མཐོང་ཚད་མའི་ལུགས་ལྟར་ན། མ་དག་པའི་སེམས་འགགས་ཀྱང་ཡེ་ཤེས་རྒྱུན་མི་འཆད་པའི་ཚུལ་འདི་ལྟ་བུས་བསྒྲུབ་དགོས་པ་ཡིན་ནོ། །དེ་དག་འཕྲོས་དོན་དུ་སྨོས་པ་ཡིན་ལ། དེ་ལྟར་ཐ་སྙད་ཀྱི་རྣམ་གཞག་སྤྱིར་འཐད་པ་ཙམ་དུ་མ་ཟད། ཤེས་བྱ་ནང་གིར་སྨྲ་བའི་ཚུལ་གྱིས་ཐ་སྙད་འཇོག་པ་འདི་དངོས་སྟོབས་ཀྱི་རིགས་པས་གྲུབ་ཅིང་དེ་ཉིད་ཀྱི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི་དངོས་པོའི་གནས་ཚུལ་དང་མི་མཐུན་པ་རྒྱུ་འབྲས་ཀྱི་ལམ་ལ་སྐུར་བ་འདེབས་པ་ཐམས་ཅད་ལྷག་མེད་དུ་བཅོམ་ནས་རྒྱུ་འབྲས་ཀྱི་ཚུལ་ལ་ལམ་གཞན་ལས་འཕགས་པའི་ངེས་པ་གཏིང་ཚུགས་པ་སྐྱེ་བ་ཡིན་ནོ། །བྱེ་སྨྲ་སོགས་དོན་དམ་པའི་ཚུལ་ལ་སྡང་བས་དབང་སྒྱུར་བ་དག་ན་རེ། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་ལྟ་བ་འདི་ནི་རྒྱུ་འབྲས་སོགས་དངོས་པོ་ཐམས་ཅད་འགོག་པ་ལ་སྟོབས་མཆོག་ཏུ་གྱུར་པ་ཡིན་པས་མེད་པར་སྤྱི་བོ་ནས་དབང་བསྐུར་བའོ་ཞེས་ཟེར་ཞིང་། ཇི་སྐད་དུ། དེ་ལྟས་རྒྱུ་དང་འབྲས་བུར་སྐུར་འདེབས་པ། །ལོག་ལྟས་དཀར་ཕྱོགས་དྲུང་འབྱིན་དམ་ཆོས་ཀྱི། །ལོ་ཏོག་སེར་བ་ནམ་མཁའི་མེ་ཏོག་འདི། །ལེགས་འདོད་རྣམས་ཀྱིས་རྒྱང་བསྲིང་སྦང་བར་བྱ། །ཞེས་རྗོད་པར་བྱེད་པ་དེ་དག་དངོས་པོ་རང་བཞིན་ཡོད་པ་ཞིག་ན་རྒྱུ་འབྲས་མི་འཐད་ལ། མེད་ན་རྒྱུ་འབྲས་ཆེས་འཐད་པའི་གནད་མ་རྟོགས་པ་ཡིན་པས་དེ་དག་གི་སྨྲ་བ་ངན་པའང་ཚུལ་འདི་ཉིད་ཀྱིས་སེལ་བ་ཡིན་ནོ། །གསུམ་པ་བསྔགས་པའི་ཚུལ་གྱིས་མཇུག་བསྡུ་བ། དེ་ཕྱིར་རྟག་ཆད་ལྟ་བ་རྣམས། །གཞུང་འདི་ལ་ནི་རིང་དུ་གནས། །ལྡོག་དང་རྗེས་སུ་འཇུག་པ་ཡང་། །ས་བོན་མྱུ་གུ་ལྕུགས་སོགས་བཞིན། །ཞེས་གསུངས་ཏེ། གང་རྒྱུ་མེད་ན་འབྲས་བུ་མི་འབྱུང་ལ། རྒྱུ་ཚང་ན་འབྲས་བུ་མི་ལྡོག་པའི་རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པའི་སྣང་ཚུལ་དེ་ལྟ་ཡིན་པ་དེ་ཡི་ཕྱིར་ན། དངོས་པོ་སྐད་ཅིག་མ་མ་ཡིན་པའི་རྟག་པར་ལྟ་བ་དང་། དངོས་པོ་རྒྱུ་འབྲས་སུ་མི་འབྲེལ་བར་རྒྱུན་ཆད་པར་ལྟ་བ་རྣམས། ཚུལ་གཉིས་རྣམ་པར་གཞག་པའི་དབུ་མའི་གཞུང་འདི་ལ་ནི་ལྷན་ཅིག་ཏུ་མི་གནས་པར་རྒྱང་རིང་དུ་གནས་པ་ཤེས་པར་བྱ་སྟེ། དཔེར་ན། སྣང་བའི་མདུན་ན་མུན་པ་སྐབས་མི་ཐོབ་པ་བཞིན་ནོ། །དེའང་རྟག་ཆད་ནི་དངོས་པོ་ལ་བརྟེན་ཏེ་འབྱུང་བ་ཡིན་པའི་ཕྱིར། དོན་དམ་པར་དངོས་པོ་མེད་ན་རྟག་ཆད་དུ་ལྟ་བའང་ག་ལ་ཡོད་ཀྱང་། ཀུན་རྫོབ་རང་ལ་ལྟོས་པའི་རྟག་ཆད་ཀྱང་མི་སྲིད་པའི་ཚུལ་རྒྱུ་སྔ་མ་སྔ་མ་སྐད་ཅིག་གིས་ལྡོག་པ་དང་། འབྲས་བུ་ཕྱི་མ་ཕྱི་མ་དག་རྒྱུའི་རྗེས་སུ་འཇུག་ཅིང་། རྒྱུ་ཚོགས་པ་ཚང་ན་འབྲས་བུ་ངེས་པར་སྐྱེ་བའི་རྒྱུ་འབྲས་བར་མ་ཆད་པ་ཡང་། དཔེར་ན་ས་བོན་ལས་མྱུ་གུ་དང་། དེ་ལས་ལྕུགས་ཕྲན་སྐྱེ་བ་སོགས་བཞིན་ཡིན་ནོ། །དེ་སྐད་དུའང་དཀོན་མཆོག་སྤྲིན་ལས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བསླབ་པ་ཐམས་ཅད་ལ་ཡང་སློབ་ལ། སློབ་པའང་མི་དམིགས། བསླབ་པའི་ལམ་ཡང་མི་དམིགས། གང་སློབ་པ་དེའང་མི་དམིགས་ཏེ། རྒྱུ་དེ་དང་རྐྱེན་དེ་དང་གཞི་དེས་ཆད་པར་ལྟ་བར་ཡང་མི་ལྟུང་། ཞེས་གསུངས་པ་དང་། ཡང་མདོ་དེ་ལས། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཡང་དག་པའི་ཤེས་རབ་ཀྱིས་གཟུགས་ལ་རྟོག །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་རྟོག་སྟེ། དེ་གཟུགས་ལ་རྟོག་པ་ན་གཟུགས་ཀྱི་སྐྱེ་བ་མི་དམིགས། ཀུན་འབྱུང་བ་མི་དམིགས་སོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་སྐྱེ་བ་མི་དམིགས། ཀུན་འབྱུང་བ་མི་དམིགས། འགོག་པ་མི་དམིགས་སོ། །དེའང་དོན་དམ་པར་སྐྱེ་བ་མེད་པར་དཔྱོད་པའི་ཤེས་རབ་ཀྱིས་ཡིན་གྱི། ཐ་སྙད་ཀྱི་རང་བཞིན་དུ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལ་སོགས་པ་བཞིན་ནོ། །དེ་ལ་རྟག་ཆད་རགས་པ་ནི། དངོས་པོ་སྐད་ཅིག་མ་མ་ཡིན་པའི་རྟག་པ་དང་། ད་ལྟའི་ཕུང་པོ་ལས་ཕྱི་མའི་ཕུང་པོ་མི་སྐྱེ་བའམ། ལས་ལས་འབྲས་བུ་མི་འབྱུང་བ་ལྟ་བུར། དངོས་པོའི་རྒྱུ་ཡོད་ཀྱང་དེས་རང་འབྲས་མི་བསྐྱེད་པར་འཛིན་པའི་ཆད་ལྟ་སྟེ། ཤིན་ཏུ་གཡང་ས་ལྟ་བུར་གྱུར་པའི་ཕྱི་རོལ་པའི་ལྟ་བ་ངན་པ་སེལ་བའི་གཉེན་པོར། དངོས་པོ་རྣམས་སྐད་ཅིག་གིས་འགགས་ཤིང་། རྒྱུ་ཚང་ན་འབྲས་བུ་ངེས་པར་སྐྱེ་བའི་ཚུལ་དུ་འཛིན་པ་སྟེ། དེའང་རྒྱུ་སྔ་མའི་སྐད་ཅིག་འགགས་པར་འཛིན་པ་ནི་ཆད་ལྟ་མིན་ལ་རྟག་མཐའ་སེལ་བའི་གཉེན་པོ་ཡིན་ཞིང་། རྒྱུ་ལས་སྐད་ཅིག་ཕྱི་མའི་དངོས་པོ་སྐྱེ་བར་འཛིན་པ་ནི་རྟག་མཐའ་མིན་ལ་ཆད་པའི་གཉེན་པོ་ཡིན་ཞིང་། དེ་གཉིས་ཐ་སྙད་ཀྱི་གནས་ཚུལ་དང་མཐུན་པར་འཛིན་པའི་བློ་ཡིན་ཀྱང་། དེ་ཙམ་གྱིས་འཇིག་རྟེན་ལས་འདས་པའི་ལྟ་བ་ཚུལ་བཞིན་བསྐྱེད་མི་ནུས་པས། དངོས་པོ་རང་བཞིན་མེད་པར་ཤེས་དགོས་ལ། དེའི་ཚེ་དེ་ལ་ལྟོས་པའི་རྟག་ཆད་ནི། དངོས་པོ་བདེན་པར་ཡོད་པ་དང་ཐ་སྙད་དུའང་མེད་པར་འཛིན་པ་ཡིན་ལ། དེའི་གཉེན་པོར། ཐ་སྙད་ཀྱིས་ཡོད་པ་ནི་མེད་མཐའ་སེལ་བའི་གཉེན་པོ་སྟེ། དེ་ཡོད་མཐའ་དང་རྟག་མཐའ་མིན་ལ། རང་བཞིན་མེད་པ་ནི་ཡོད་མཐའ་སེལ་བའི་གཉེན་པོ་སྟེ། མེད་མཐའ་དང་ཆད་མཐའ་མིན་ཡང་། དེར་འཛིན་པ་དེ་དག་གཟུང་འཛིན་གྱི་རྣམ་པར་རྟོག་པའི་རང་བཞིན་ཙམ་སྟེ། ད་རུང་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་དགོས་པས། དེ་ལྟར་ཡོད་མེད་ཀྱི་རྣམ་པར་རྟོག་པ་ལས་འདས་པའི་མི་རྟོག་སྤྲོས་བྲལ་མཉམ་པ་ཉིད་དུ་འཛིན་སྟངས་ཐམས་ཅད་ཞིག་པའི་ཚེ་ན། ཐ་སྙད་ཀྱིས་ཡོད་པ་དང་། རང་བཞིན་མེད་པར་འཛིན་པའི་སྤྲོས་པའི་མཐའ་གཉིས་པོ་དང་ཡང་བྲལ་ནས། དེའི་ཚེ་མཐར་འཛིན་པའི་ལྟ་བ་མ་ལུས་པ་ཞིག་ནས། ལྟ་ཀུན་ངེས་པར་འབྱིན་པར་གྱུར་པ་ཡིན་ཏེ། དེས་ན་མཐའ་རགས་པ་དང་། ཕྲ་བ། ཤིན་ཏུ་ཕྲ་བ་དེ་དག་སེལ་བའི་ལྟ་བ་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྟེན་དུ་གྱུར་ཅིང་སྤྲོས་བྲལ་དུ་མཐར་ཕྱིན་ནས་དེ་ལས་བོགས་དབྱུང་དུ་མེད་པའི་གནས་ལུགས་དང་མཐུན་པའི་ལྟ་བའོ། །དེས་ན། ཡོད་དང་མེད་པ་འདི་གཉིས་མཐའ་ཡིན་ཏེ། །ཞེས་གསུངས་པ་སོགས་མཉམ་བཞག་གཉིས་སུ་མེད་པའི་ཡེ་ཤེས་དང་། རྗེས་ཐོབ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་བསལ་བྱའི་མཐའ་ཕྲ་རགས་གཉིས་ལ་སྦྱོར་ཚུལ་ཤེས་པར་བྱའོ། །གསུམ་པ་དེ་ལྟར་རྟོགས་པའི་ཕན་ཡོན་ལ། དོན་དམ་རང་བཞིན་མེད་རྟོགས་ཀྱི་ཕན་ཡོན། ཀུན་རྫོབ་དོན་བྱེད་ནུས་སྣང་གི་ཕན་ཡོན། དེ་གཉིས་ཟུང་འཇུག་ཏུ་གོམས་པའི་ཕན་ཡོན་གསུམ། དང་པོ། ཆོས་ལ་བདག་མེད་མཁས་པ་ནི། །རང་བཞིན་མེད་པ་གོམས་བྱས་པས། །ཕྱིན་ཅི་ལོག་ལས་བྱུང་བ་ཡི། །ཉོན་མོངས་བསྒྲིམས་པ་མེད་པར་སྤོང་། །ཞེས་གསུངས་ཏེ། གང་ཟག་དང་བུམ་སོགས་ཤེས་བྱའི་ཆོས་རྣམས་ལ་བདག་མེད་པའི་ཚུལ་ཡང་དག་པའི་རིགས་པས་གཏན་ལ་ཕབ་ནས་ངེས་པའི་ཤེས་པ་ཐེ་ཚོམ་དང་བྲལ་བའི་མཁས་པ་རྣམས་ནི། རང་བཞིན་མེད་པ་དེ་ཉིད་ལ་གོམས་ཤིང་འདྲིས་པར་བྱས་པས། དངོས་པོའི་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པའི་བདག་གཉིས་ཀྱི་ཡུལ་ཅན་གྱི་རྟོག་པ་ལས་བྱུང་བ་ཡི། སེམས་སྒྲིབ་ཅིང་འཆིང་བར་བྱེད་པའི་ཉོན་མོངས་པ་རྣམས་ནམ་ཞིག་ཆེད་དུ་བསྒྲིམས་པ་མེད་པར་ཡང་ཉི་མའི་མདུན་ན་མུན་པ་ལྟར་ངང་གིས་སྤོང་བར་འགྱུར་རོ། །ཞེས་སོ། །དེའང་ལས་དང་པོ་པ་དངོས་ཞེན་གོམས་པ་ཤུགས་དྲག་ལ། གཉེན་པོ་སྔར་མ་འདྲིས་པ་ཡིན་པས་ཆེད་དུ་བསྒྲིམས་ཀྱང་སྤོང་མི་ནུས་པ་ལྟ་བུར་གནས་ཀྱང་ནམ་ཞིག་གཉེན་པོ་གོམས་པ་ཤུགས་དྲག་པའི་ཚེ་ན་བསྒྲིམ་མི་དགོས་པར་གཉེན་པོ་སྐྱེ་ཞིང་སྤང་བྱ་འགག་ལ། མཐར་སྤང་བྱ་ཡོངས་སུ་ཟད་ནས་ཤེས་བྱའི་རྣམ་པ་མ་ལུས་པའི་རང་བཞིན་ལག་མཐིལ་དུ་སྐྱུ་རུ་ར་རློན་པའི་འབྲས་བུ་བཞག་ན་ཕྱི་ནང་མི་སྒྲིབ་པར་མཐོང་བ་བཞིན་དུ་འགྱུར་བར་དངོས་སྟོབས་ཀྱི་རིགས་པས་འགྲུབ་སྟེ། ཡུལ་ཅན་གྱི་ཡེ་ཤེས་ཡོད་པ་གང་ཞིག །དེ་ལ་ཡུལ་ཤེས་བྱ་ཐམས་ཅད་ལ་སྒྲིབ་པའི་སྒྲིབ་པ་ཕྲ་མོའང་མེད་པས་གེགས་མེད་ཅིང་མཁྱེན་པའི་རྒྱུ་ཚང་བའི་ཕྱིར་རོ། །དེ་ལ་ལམ་རྣམས་ནི་སྤང་བྱའི་གཉེན་པོར་རིགས་པས་འགྲུབ་སྟེ། ཇི་སྐད་དུ་འཕགས་པ་ཀླུས། དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་མི་བཟད་འབྱུང་། །ལྟ་བ་མ་རུངས་ཡོངས་སུ་འཛིན། །དེ་ལས་བྱུང་བའི་རྩོད་པར་འགྱུར། །དེ་ནི་ལྟ་བ་ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་མི་འབྱུང་སྟེ། །དེ་བས་དེ་ནི་ཡོངས་ཤེས་ན། །ལྟ་དང་ཉོན་མོངས་ཡོངས་སུ་འབྱོངས། །གང་གིས་དེ་ཤེས་འགྱུར་ཞེ་ན། །རྟེན་ཅིང་འབྱུང་བ་མཐོང་བས་ཏེ། །བརྟེན་ནས་སྐྱེས་པ་མ་སྐྱེས་ཞེས། །ཡང་དག་མཁྱེན་པ་མཆོག་གིས་གསུངས། །ཞེས་དང་། ཟླ་བ་སྒྲོན་མེ་ལས། དེས་གང་ཆགས་པ་དང་། གང་ལ་ཆགས་པ་དང་། གང་གིས་ཆགས་པའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་། ཞེས་གསུངས་པ་ལ་སོགས་པ་ལྟ་བུའོ། །གཉེན་པོ་ལ་སྤང་བྱས་སླར་ཚུགས་པའི་སྐབས་ཀྱང་མི་སྲིད་དེ། རྣམ་འགྲེལ་ལས། འཚེ་བ་མེད་དང་ཡང་དག་དོན། །རང་བཞིན་ཉིད་ལ་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་བཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་པ་ལ་སོགས་པ་བཞིན་ནོ། །འདིར་ས་ལམ་གྱི་རྣམ་གཞག་ནི་སྤྱིར་གྲགས་པ་ལྟར་གཞན་དུ་ཤེས་པར་བྱ་ལ། སྤང་བྱ་སྤོང་ཚུལ་གྱི་འཕྲོས་དོན་ཅུང་ཟད་སྨོས་ན། བདག་མེད་རྣམ་གཉིས་རྟོགས་པའི་ཡེ་ཤེས་ཀྱིས་སྤང་བྱ་སྤོང་ཚུལ་གྱི་གནད་ལ་ནི་ཐེག་ཆེན་གྱི་ཤིང་རྟ་ཆེན་པོ་རྣམས་དགོངས་པ་འགལ་མེད་དུ་འཇུག་པ་ཁོ་ན་ཡིན་པས་དེ་དག་གི་ཚུལ་ཅུང་ཟད་བཤད་ན། སྤྱིར་ས་བཅུའི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་ཅིང་། དེ་དག་གི་སྤང་བྱ་ཕྱིན་ཅི་ལོག་གི་སྒྱུ་འཕྲུལ་ཡང་ཚད་མེད་པ་ཡོད་པས། མདོ་རྣམས་ནའང་ཚུལ་མང་དུ་བཀའ་སྩལ་ཀྱང་། སྤྱི་རིགས་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་སུ་གྲངས་ངེས་པར་དངོས་སྟོབས་ཀྱི་རིགས་པས་འགྲུབ་སྟེ། སྐྱེས་བུས་དོན་དུ་གཉེར་བྱའི་མཆོག་ཐར་པ་དང་ཐམས་ཅད་མཁྱེན་པ་གཉིས་ཡིན་པས་ན། དེ་དག་ལ་བར་དུ་གཅོད་པའི་ཆ་ནས་བཞག་པའི་ཕྱིར་སྒྲིབ་པའང་སྤྱི་རིགས་ལ་གཉིས་སུ་གྲངས་ངེས་པ་ལས་གཞན་པ་ཞིག་བཞག་དགོས་པ་མ་ཡིན་ནོ། །དེ་སྐད་དུའང་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ཉོན་མོངས་པ་ཡི་སྒྲིབ་པ་དང་། །ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་པ་ལ་སོགས་པ་མདོ་བསྟན་བཅོས་ཐམས་ཅད་ཞལ་འཆམ་པར་འདི་གཉིས་ལས་དོན་གྱིས་གཞན་པའི་སྒྲིབ་པ་ཕུང་གསུམ་པ་ཞིག་གསུངས་པ་མེད་དོ། །བག་ཆགས་ཀྱི་སྒྲིབ་པ་ཤིན་ཏུ་ཕྲ་མོ་རྣམས་ཀྱང་དོན་ཤེས་བྱའི་རང་བཞིན་ཇི་ལྟ་བ་བཞིན་མངོན་དུ་འགྱུར་བ་ལ་གེགས་བྱེད་པ་ཡིན་པས་ཤེས་སྒྲིབ་ལས་མ་འདས་སོ། །དེའང་ཐར་པ་ལ་གང་གིས་བསྒྲིབས་ན། བདག་དང་བདག་གིར་འཛིན་པ་སོགས་ཉོན་མོངས་པ་དག་གིས་བསྒྲིབས་ལ། ཆོས་ཐམས་ཅད་ཤེས་པ་ལ་གང་གིས་བསྒྲིབས་ན། ཆོས་རྣམས་ཀྱི་རང་བཞིན་མངོན་དུ་མ་གྱུར་པའི་རྨོངས་པས་བསྒྲིབས་སོ། །དེ་ལ་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ཀྱི་ཁྱད་པར་རྒྱུ་དང་ངོ་བོ་བྱེད་ལས་ལ་སོགས་པའི་དབྱེ་ཚུལ་དུ་མ་ཞིག་གཞུང་སོ་སོར་བྱུང་ཡང་དོན་དུ་གནད་གཅིག་ལ། མདོ་དོན་སྙིང་པོར་དྲིལ་ན་འདི་ལྟ་སྟེ། འཁོར་བར་འཁྱམས་པའི་རྒྱུའི་གཙོ་བོ་ཆགས་སོགས་ཉོན་མོངས་པ་རྣམས་ཡིན་ལ། དེ་རྣམས་ཀྱི་མེད་ན་མི་འབྱུང་གི་རྩ་བ་ནི་འཇིག་ལྟ་ལྷན་སྐྱེས་ཡིན་པར་གསུངས་ཤིང་དེ་ལྟར་རིགས་པས་ཀྱང་འགྲུབ་པ་བཞིན། གང་ཟག་གི་བདག་ཏུ་འཛིན་པའི་རྩ་བ་ཅན་གྱི་ཉོན་མོངས་པ་ཐམས་ཅད་ཉོན་མོངས་པའི་སྒྲིབ་པ་ཡིན་ལ། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་ཇི་བཞིན་དུ་མི་ཤེས་པ་ནི། ཆོས་རྣམས་ཀྱི་རང་བཞིན་ལ་རྨོངས་པའི་མ་རིག་པ་ཡིན་པས། ཆོས་ཀྱི་བདག་འཛིན་གྱི་རྩ་བ་ཅན་གྱི་རྨོངས་པ་ཕྲ་རགས་ཐམས་ཅད་ཤེས་བྱའི་སྒྲིབ་པ་ཡིན་ནོ། །དེ་ལྟར་ཡིན་པའི་གོ་བ་གཏིང་སླེབས་ནས་ལམ་ཉམས་ལེན་གྱི་སྐབས་དང་སྦྱར་ན། བདག་ཏུ་འཛིན་པ་ལས་བྱུང་བའི་སེར་སྣ་སོགས་ཕྱིན་དྲུག་རང་རང་གི་མི་མཐུན་ཕྱོགས་སུ་གྱུར་པ་གང་ཞིག་དེ་ཡོད་ན་གཉེན་པོའི་ཕར་ཕྱིན་སོ་སོ་ལ་མི་འཇུག་པ་ནི་ཉོན་མོངས་པའི་སྒྲིབ་པ་ཡིན་ལ། ཞུགས་ཀྱང་ཆོས་བདག་མེད་དུ་མ་རྟོགས་པའི་ཆོས་བདག་གི་རྩ་བ་ཅན་གྱི་འཁོར་གསུམ་དུ་བདེན་པར་རྣམ་པར་རྟོག་པ་ནི་ཤེས་བྱའི་སྒྲིབ་པ་སྟེ། དེ་སྐད་དུའང་རྒྱུད་བླ་མ་ལས། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཅེས་གསུངས་པ་བཞིན་ནོ། །དེས་ན་གང་ཟག་གི་བདག་མེད་རྟོགས་ན། བདག་འཛིན་དེ་ཡི་རྩ་བ་ཅན་གྱི་ཉོན་མོངས་པ་ཐམས་ཅད་ལྡོག་པར་རིགས་པས་འགྲུབ་སྟེ། གང་བདག་མེད་པར་མཐོང་ན་དེར་འཛིན་པའི་དབང་གིས་ཆགས་པ་དང་སྡང་བ་ང་རྒྱལ་ལ་སོགས་པ་མི་སྲིད་ལ་བདག་འཛིན་ཡོད་ན་དེ་དག་ཀྱང་ཡོད་པར་ངེས་སོ། །དེ་སྐད་དུའང་རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །ལས་ལས་ཀྱང་ནི་སྐྱེ་བ་ཡིན། །ཞེས་དང་། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །དེ་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་དང་། དེས་ན་བདག་ལ་མངོན་ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར། །ཞེས་དང་། དབུ་མ་ལ་འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ནས། །ཞེས་པ་ལ་སོགས་པ་བཞིན་ནོ། །དེ་ལྟ་བུའི་བདག་འཛིན་དེ་ནི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྤོང་བ་ཡིན་ལ། དེའང་མཐོང་ལམ་དུ་བདེན་པའི་ཆོས་ཉིད་མངོན་སུམ་དུ་གཟིགས་ཏེ་བདེན་དོན་ལ་ཕྱིན་ཅི་ལོག་པར་ཀུན་ཏུ་བཏགས་པ་ཐམས་ཅད་སྤོང་ལ། དེ་ཕན་ཆད་སྒོམ་ལམ་དུ་ལྷན་སྐྱེས་སྤོང་ངོ་། །ཀུན་བཏགས་ལྷན་སྐྱེས་འདི་གཉིས་ཀྱི་གོ་བའི་གནད་རྣམས་གཞན་དུ་ཤེས་པར་བྱའོ། །དེས་ན་ཉན་རང་གིས་ཉོན་སྒྲིབ་ཀྱི་གཉེན་པོ་གང་ཟག་གི་བདག་མེད་འབའ་ཞིག་བསྒོམས་པས་ཉོན་མོངས་ཐམས་ཅད་ཟད་ནུས་ཏེ་བུད་ཤིང་ཟད་པའི་མེ་བཞིན་སྲིད་པའི་རྒྱུ་མེད་པས་འཁོར་བར་སླར་ལྡོག་པ་ནམ་ཡང་མི་སྲིད་ཀྱང་། ཆོས་ཀྱི་བདག་མེད་བསྒོམ་པ་མ་རྫོགས་པས་ཤེས་སྒྲིབ་སྤོང་བར་མི་འགྱུར་རོ། །སྤྱིར་ཤེས་བྱའི་རང་བཞིན་ལ་བསྒྲིབས་པའི་རྨོངས་པ་ཐམས་ཅད་ཀྱང་ཉོན་མོངས་པའི་མིང་གིས་བསྙད་རུང་བ་ཡིན་མོད་ཀྱི། ཉོན་ཤེས་གཉིས་ཀྱི་ཟླས་ཕྱེ་བའི་ཉོན་མོངས་མ་ཡིན་པ་སོགས་སྐབས་ཐོབ་ཤན་ཕྱེད་པ་རྣམ་པ་ཀུན་ཏུ་གལ་ཆེའོ། །ཐེག་ཆེན་འཕགས་པས་ནི་མཐོང་ལམ་ནས་བརྩམས་ཏེ་ཉོན་ཤེས་གཉིས་ཀ་མཉམ་དུ་སྤོང་བར་བྱེད་ལ། ས་བརྒྱད་པའི་སྐབས་སུ་ཡུལ་ཆོས་ཉིད་ལ་འབད་མེད་དུ་ཞུགས་པའི་ཚུལ་གྱིས་ངར་འཛིན་གྱི་རྒྱུ་བ་ཕྲ་མོའང་ཟད་པས་ན་ཉོན་མོངས་ཐམས་ཅད་ཟད་ནས་དེ་ཕན་ཆད་དག་ས་གསུམ་དུ་གཉིས་སྣང་གི་བག་ཆགས་སམ། ཤེས་སྒྲིབ་འབའ་ཞིག་སྤོང་བ་ཡིན་ནོ། །འོན་ཀྱང་ཡུལ་ཆོས་ཀྱི་དབྱིངས་ལ་སྒྲིབ་པ་ཕྲ་མོས་ཀྱང་བར་ཆོད་པ་མེད་པས་མཉམ་པ་ཉིད་ནི་སངས་རྒྱས་ཁོ་ན་མ་གཏོགས་སློབ་པ་ལ་མི་སྲིད་དོ། །དེ་སྐད་དུའང་འཇུག་པ་ལས། ཆགས་པ་མེད་པའི་བློ་ནི་སྐྱོན་རྣམས་དག་དང་ལྷན་ཅིག་མི་གནས་ཕྱིར། །ས་བརྒྱད་པ་ལ་དྲི་མ་དེ་དག་རྩ་བཅས་ཉེ་བར་ཞི་འགྱུར་ཞིང་། །ཉོན་མོངས་ཟད་ཅིང་ས་གསུམ་བླ་མར་གྱུར་ཀྱང་སངས་རྒྱས་རྣམས་ཀྱི་ནི། །འབྱོར་པ་མཁའ་ལྟར་མཐའ་བྲལ་མ་ལུས་འཐོབ་པར་ནུས་མ་ཡིན། །ཞེས་གསུངས་པ་སྟེ། ཚུལ་འདི་ཐལ་འགྱུར་བ་ཁོ་ནའི་ལུགས་ནི་མ་ཡིན་ཏེ། ཐེག་ཆེན་གྱི་མདོ་སྡེ་རྣམས་ནས་འབྱུང་བ་ཤིང་རྟ་ཆེན་པོ་རྣམས་ཀྱི་བཞེད་པ་ཡིན་ནོ། །དེ་ལ་མ་དག་ས་བདུན་དུ་ཉོན་སྒྲིབ་འབའ་ཞིག་སྤངས་པར་འདོད་པའི་ལུགས་ཀྱང་བོད་འདིར་བྱུང་མོད། གཉེན་པོ་བདག་མེད་གཉིས་རྟོགས་ཀྱི་ཡེ་ཤེས་ཡོད་པས་ན་ཤེས་སྒྲིབ་ཀྱང་ཅིའི་ཕྱིར་མི་སྤོང་སྟེ། དབུས་མཐའ་ལས། ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་དག་ནི་ས་ཡིན་ནོ། །ཞེས་གསུངས་པ་སོགས་བཀའ་དང་བསྟན་བཅོས་ཐམས་ཅད་ནས་ས་བཅུའི་ངོ་སྐལ་གྱི་སྤང་བྱ་ཤེས་སྒྲིབ་ཇི་སྙེད་གསུངས་པ་བཞིན་ཤེས་པར་བྱའོ། །དེར་ཡང་ལུགས་དེས་ཤེས་སྒྲིབ་སྤོང་བའི་མགོ་ས་བརྒྱད་པ་ནས་རྩོམ་ཞིང་། ཉན་རང་དགྲ་བཅོམ་པ་ཆོས་ཀྱི་བདག་མེད་རྫོགས་པར་རྟོགས་ཤིང་ཉོན་སྒྲིབ་མཐའ་དག་སྤངས་ཟིན་པར་འདོད་པས་ན། དེ་ལ་མཁས་པ་གཞན་དག་གིས་བརྒལ་བ། དེ་ལྟར་ན་ཉན་རང་དགྲ་བཅོམ་ཐེག་ཆེན་ལ་ཞུགས་ཚེ་མ་དག་ས་བདུན་དུ་གཉེན་པོའི་ཡེ་ཤེས་ཐོབ་པ་ན་སྤང་བྱ་མེད་པར་འགྱུར་ཞིང་། ས་དེའི་བར་ཆད་མེད་ལམ་གང་གི་གཉེན་པོ་ཡིན་པ་དང་། རྣམ་གྲོལ་ལམ་ཅི་ལས་གྲོལ་བར་ཡང་གཞག་ཏུ་མེད་ལ། གཞན་ཡང་། བྱང་ཆུབ་སེམས་དཔས་སྙིང་རྗེ་ཆེན་པོའི་ཐབས་མཐའ་ཡས་པ་དང་བཅས་པས་གྲངས་མེད་གཉིས་ཀྱི་ཡུན་དུ་བདག་མེད་གོམས་པས་སྤང་བྱ་གང་ཡིན་པ། ཉན་རང་གིས་ཐབས་དང་བྲལ་ཏེ་བསྒོམས་པས་ཚེ་གསུམ་ལ་སོགས་པས་སྤོང་ནུས་ན་འཚང་རྒྱ་བ་ལ་ཐེག་ཆེན་ལས་ཐེག་དམན་མྱུར་བར་འགྱུར་བ་སོགས་རྣམ་དཔྱད་མང་པོ་མཛད་པ། ཕྱོགས་སྔ་ཕྱི་ཐམས་ཅད་དཔྱོད་ལྡན་ཡིན་པས་རིགས་པའི་སྒྱུ་རྩལ་འགྲན་པའི་ཚུལ་ལ་ཕྱོགས་ལྷུང་བྲལ་བའི་བློས་ཉམས་མཚར་གྱི་ཚུལ་དུ་ལྟད་མོར་བྱའོ། །དེ་ལྟར་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་པོའང་རྒྱང་ཆད་དུ་འཇུག་པ་མིན་ཞིང་། གཉེན་པོ་བདག་མེད་གཉིས་ཀྱང་འདྲེ་མི་རུང་བ་མ་ཡིན་ནོ། །དེ་ལ་དཔལ་རོང་ཟོམ་པ་ཆེན་པོས་འདི་སྐད་དུ་གསུངས་ཏེ། སྡུག་ཀུན་གྱི་སྤང་བྱའི་ཉོན་མོངས་པ་དེ་དག་གཅིག་གམ་ཐ་དད་གང་ཡིན་བརྟགས་ན། གལ་ཏེ་གཅིག་ན་གཉེན་པོ་ཕྱི་མ་དོན་མེད་ལ། ཐ་དད་ན་ཁམས་དང་འགྲོ་བ་ཆོས་ཇི་སྙེད་ལ་དམིགས་པའི་ཉོན་མོངས་པ་ཐ་དད་པ་དག་ཀྱང་སྤང་དགོས་པས་སྤོང་བར་མི་ནུས་སོ་སྙམ་ན། འདི་ལྟར་བསྟན་པར་འགྱུར་ཏེ། ཉོན་མོངས་པ་རྣམས་ནི་བདག་ཏུ་ལྟ་བའི་གནས་ནས་དངོས་པོ་དང་མཚན་མར་འཛིན་པའི་ཡུལ་ལ་འབྱུང་སྟེ། དེ་དག་ལྡན་གྱི་བར་དུ་དམིགས་པ་ཇི་སྙེད་པ་དེ་སྲིད་དུ་ཉོན་མོངས་པ་དེ་སྙེད་འབྱུང་བར་འགྱུར་རོ། །བདག་ལྟའི་གནས་ཞིག་ན་སྒྱུ་མ་མཁན་མེད་པས་དེའི་སྒྱུ་འཕྲུལ་ཉོན་མོངས་རྣམས་ཀྱང་འབྱུང་བར་མི་འགྱུར་རོ། །དེས་ན་ཉོན་མོངས་དེ་དག་གཅིག་ཐ་དད་ལས་གྲོལ་བ་ཡིན་ཏེ། དེས་ན་ཉན་ཐོས་རྣམས་ཆོས་རང་དང་སྤྱིའི་མཚན་ཉིད་ལ་ཞེན་པ་དག་གདུལ་བའི་ཕྱིར། འཁོར་བ་རྒྱུ་འབྲས་དང་མྱང་འདས་རྒྱུ་འབྲས་སུ་ཕྱེ་བའི་བྱེ་བྲག་གིས་བསྡུས་ནས་བདེན་བཞིར་ཕྱེ་སྟེ་བསྟན་པའི་བྱེ་བྲག་ལ་དམིགས་ནས་ཡེ་ཤེས་དང་ཉོན་མོངས་པ་གཉིས་ཀ་ཐ་དད་དུ་རྣམ་པར་ཕྱེ་བར་ཟད་དེ། དངོས་སུ་ཡེ་ཤེས་ཐམས་ཅད་ཀྱང་གཅིག་ཡིན་ཏེ། ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པའི་ཤེས་རབ་བོ། །ཉོན་མོངས་པ་ཐམས་ཅད་ཀྱང་གཅིག་ཡིན་ཏེ། འདི་ལྟར་བདག་ཏུ་རྨོངས་པའི་རྟོག་པའོ། །དེས་ན་གང་ཟག་ལ་དམིགས་པའི་ཤེས་རབ་ཀྱིས་ཉོན་མོངས་པ་མི་སྤོང་ལ། ཆོས་ལ་དམིགས་པའི་ཤེས་རབ་ཀྱང་ཕྱིན་ཅི་ལོག་གི་སྤྲོས་པ་བཅད་པའི་ཕྱོགས་ཀྱི་མཐུས་སྤོང་བར་འགྱུར་གྱི། དངོས་པོར་ལྟ་བའི་ཕྱོགས་ཀྱིས་སྤོང་བར་མི་འགྱུར་རོ། །འོ་ན་ཉན་ཐོས་དམིགས་པ་དང་བཅས་པའི་ས་ལ་གནས་པའི་དངོས་པོར་ལྟ་བ་དང་མ་བྲལ་བ་ཡིན་ན། དེ་དག་གིས་ཉོན་མོངས་ཟད་ཅིང་བྱང་ཆུབ་ཇི་ལྟར་འཐོབ་ཅེ་ན། དེ་ལ་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཉན་ཐོས་རྣམས་རང་གི་གྲུབ་མཐའ་ལས་ཉོན་མོངས་ཟད་ཅིང་འདུས་མ་བྱས་ཐོབ་པར་འདོད་ཀྱང་། ཐེག་པ་ཆེན་པོ་ལས། ཉོན་མོངས་ཀྱི་དངོས་པོ་ཟད་པ། བག་ལ་ཉལ་མ་ཟད་པ། རྣམ་སྨིན་གྱི་ཕུང་པོ་ལས་མ་འདས་པའི་གང་ཟག །ཁམས་གསུམ་ཀུན་ཏུ་སྦྱོར་བ་རྣམས་སྤངས་པས་སེམས་ཅན་ལས་ཀྱི་ཚེ་བཀག་པ་ཞེས་བྱ་བར་འདོད་དེ། ཇི་སྐད་དུ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་ལས། །ཐབས་དང་ཤེས་རབ་རྣམས་སྤངས་ཤིང་། །ཕྱི་རོལ་དངོས་ལ་མངོན་ཞེན་པའི། །ཐེག་པ་དམན་པ་པ་རྣམས་ཀྱིས། །བླ་མེད་བྱང་ཆུབ་ཇི་ལྟར་འཐོབ། །ཅེས་པའི་ལན་དུ། བྱང་ཆུབ་རྣམ་པ་གཉིས་གསུངས་ཏེ། །ལྷག་མ་དང་བཅས་ལྷག་མ་མེད། །ལྷག་བཅས་ཕུང་པོའི་ངོ་བོ་སྟེ། །ཉོན་མོངས་པ་རྣམས་ཡོངས་སུ་བསྲེགས། །ལྷག་མེད་བག་ཆགས་མེད་པ་སྟེ། །མཁའ་ལྟར་དྲི་མེད་དག་པ་ཡིན། །བྱང་ཆུབ་རྣམ་པ་འདི་ལྟ་བུར། །རྒྱལ་བ་རྣམས་ཀྱིས་ཐབས་ཀྱིས་བསྟན། །ཞེས་གསུངས་པ་ལྟ་བུར་རིག་བར་བྱའོ། །གཞན་ཡང་བྱང་ཆུབ་ནི་ཟད་མི་སྐྱེ་ཤེས་པ་ཞེས་གསུངས་ལ། འདུས་མ་བྱས་ཀྱིས་ཕྱེ་བ་ནི་འཕགས་པའི་གང་ཟག་གོ། །ཞེས་ཀྱང་འབྱུང་ན། བྱང་ཆུབ་རྣམ་པ་གསུམ་དུ་བསྟན་པ་རྣམས། ཅི་ཞིག་ཟད་ཅིང་མི་སྐྱེ་བ་ཤེས་ཞེ་ན། དེ་ལ་འདི་སྐད་དུ། ཁམས་གསུམ་ཀུན་ཏུ་སྦྱོར་བའི་ཉོན་མོངས་པ་རྣམས་སྤངས་པས་དགྲ་བཅོམ་པའོ། །གང་ཅིའང་རུང་སྟེ་ཀུན་འབྱུང་གི་ཆོས་དེ་དག་འགོག་པའི་ཆོས་སུ་ཤེས་པས་རང་བྱང་ཆུབ་བོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་ཐམས་ཅད་སྤངས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཞེས་གསུངས་པ་ལྟ་བུའོ། །ཞེས་པ་ལ་སོགས་པ་རོང་ཟོམ་པས་གསུངས་པ་དེ་བཞིན་དུ་མགོན་པོ་ཀླུ་སྒྲུབ་དང་ཟླ་བའི་ཞབས་ལ་སོགས་པ་དགོངས་པ་གཅིག་དང་དབྱངས་གཅིག་ཏུ་གྱུར་པ་ཡིན་ཏེ། ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་མཐར་ཐུག་ནི་རྨོངས་པ་ཙམ་ཡིན་ལ། དེའི་ཕྲ་བ་ནི་རྒྱུན་མཐའི་རྡོར་ཏིང་གི་སྤང་བྱ་གཅིག་པུ་ལ་ཐུག་པ་ཡིན་ཅིང་། ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པའང་དེ་ཁོ་ན་ཉིད་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡུལ་གཅིག་ལས་མི་སྲིད་ལ། དེ་ཇི་ལྟ་བ་བཞིན་དུ་གཟིགས་པའི་ཡེ་ཤེས་ཀྱང་གཅིག་སྟེ་རྣམ་པ་ཐམས་ཅད་མཁྱེན་པ་ཁོ་ནའོ། །དེ་ལྟ་བུའི་ཕྱིར་ན་རྡོ་རྗེ་ཐེག་པ་ལས། སངས་རྒྱས་དང་སེམས་ཅན་ནི་རིག་དང་མ་རིག་པ་ཙམ་གྱི་ཁྱད་པར་རོ། །ཞེས་གསུངས་པའང་ཟབ་པར་ཤེས་ནུས་ལ། དེ་ལྟར་ཡིན་པའི་གནད་ཀྱིས་ཉན་རང་བྱང་སེམས་རྣམས་གོང་ནས་གོང་དུ་གནས་ལུགས་ལ་གཟིགས་པའི་སྒྲིབ་པ་དག་ཅིང་། བྱང་སེམས་རྣམས་ལའང་སའི་ཁྱད་པར་གྱིས་གོང་ནས་གོང་དུ་འཕགས་ལ། མཐར་གནས་ལུགས་ཇི་ལྟ་བ་བཞིན་དུ་མངོན་དུ་གྱུར་པ་སྤང་རྟོགས་མཐར་ཕྱིན་པའི་སངས་རྒྱས་སོ། །དེས་ན་གནས་ལུགས་ཀྱི་དོན་རྟོགས་པ་དེ་ཉིད་ཡེ་ཤེས་ཡིན་ལ། དེས་གནས་ལུགས་ལ་སྒྲིབ་པའི་ཆ་སྤངས་པའི་སྒོ་ནས་ཡུལ་ཆོས་ཀྱི་དབྱིངས་ཉིད་ལ་གཟིགས་པ་རྣམ་པར་དག་ཚུལ་གྱིས་ཁྱད་ཞུགས་པར་ཤེས་པར་བྱའོ། །དེ་ལྟར་ཡིན་པ་དེའི་གནད་ཀྱིས་མཐར་ཐུག་ཐེག་པ་གཅིག་ཏུ་འགྲུབ་པ་ཡིན་པའི་ཚུལ་མདོ་དང་བསྟན་བཅོས་རྣམས་ནས་ཡང་ཡང་གསུངས་པ་དོན་བསྡུས་ན་འདི་ལྟ་སྟེ། དཔལ་ལྡན་ཟླ་བའི་ཞབས་ཀྱིས། གང་ཕྱིར་འདི་ན་དེ་ཉིད་ཤེས་ལས་དྲི་མ་མཐའ་དག་སེལ་བ་ནི། ལྷུར་བྱེད་གཞན་མེད་ཆོས་རྣམས་དེ་ཉིད་རྣམ་འགྱུར་དབྱེ་ལའང་བརྟེན་མིན་ཞིང་། དེ་ཉིད་ཡུལ་ཅན་བློ་གྲོས་འདི་ཡང་ཐ་དད་འགྱུར་བ་མ་ཡིན་པ། དེ་ཡི་ཕྱིར་ན་ཁྱོད་ཀྱིས་འགྲོ་ལ་ཐེག་པ་མི་མཉམ་དབྱེར་མེད་བསྟན། ཅེས་པ་ལ་སོགས་པ་མཐར་ཐུག་ཐེག་པ་གཅིག་ཏུ་འགྲུབ་པའི་རིགས་པ་རྣམས་གྲུབ་ཀྱི། གཞན་དུ་ཐེག་པ་གཅིག་ཏུ་འགྲུབ་པའི་ཐབས་མེད་དོ། །དེས་ན་ཉན་ཐོས་དགྲ་བཅོམ་པ་རྣམས་སྤང་རྟོགས་མཐར་ཕྱིན་པའི་བྱང་ཆུབ་མ་ཡིན་པར་ཐམས་ཅད་ཀྱང་འདོད་དེ། མཐར་ཐུག་གི་ཐར་བ་མྱང་འདས་སངས་རྒྱས་ཁོ་ན་ཡིན་པའང་། རྒྱུད་བླ་མ་ལས། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་འཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་གསུངས་པ་བཞིན་ནོ། །དེས་ན་ཉན་རང་གིས་ཉོན་མོངས་པ་སྤངས་པའང་འཕགས་པའི་ཡེ་ཤེས་ཀྱིས་སྤངས་པ་ཡིན་པས་སླར་ལྡོག་པ་དང་འཁོར་བར་ལས་ཉོན་གྱིས་སྐྱེ་བ་མེད་དེ་ལས་ཀྱི་ཚེ་བཀག་པ་ཡིན་པའི་ཕྱིར་རོ། །དེར་མ་ཟད་སྤང་བྱའི་ས་བོན་མ་ཟད་ཀྱང་བཟོད་པ་ཐོབ་ནས་ངན་སོང་དུ་མི་འགྲོ་བ་སོགས་ཀྱང་དེ་ལྟར་འཐད་པ་ཡིན་ནོ། །དེས་ན་ས་དང་པོར་ཐེག་ཆེན་འཕགས་པས་བདེན་དོན་མངོན་སུམ་གཟིགས་པས་ཕྱིན་ཅི་ལོག་གི་སྒྲོ་འདོགས་ནམ་ཡང་མི་སྲིད་ལ། གོམས་པ་ལྷན་སྐྱེས་ཀྱི་སྤང་བྱ་ཕྲ་མོ་མ་སྤངས་ཀྱང་། སྦྲུལ་སྐེད་པ་བཅད་པ་ལྡང་མི་ནུས་པ་ལྟར་ལས་ཉོན་གྱིས་སྲིད་པར་སྐྱེ་བ་སོགས་རང་དབང་མེད་པ་ནམ་ཡང་མི་སྲིད་དེ། ཇི་སྐད་དུ། འཕགས་པའི་ལམ་དང་འབྲེལ་བ་ལས། །འཇིག་ཚོགས་སྙིང་པོ་བཅོམ་རྣམས་ཀྱིས། །སྒོམ་ལམ་ཡེ་ཤེས་སྤང་བྱ་རྣམས། །གོས་ཧྲུལ་དག་དང་མཚུངས་པར་བསྟན། །ཞེས་གསུངས་པ་བཞིན་ནོ། །དེས་ན་འཕགས་ས་ཐོབ་ནས་ལས་ཉོན་གྱི་གཞན་དབང་གིས་མ་དག་པའི་འཇིག་རྟེན་དུ་སྐྱེ་བ་སོགས་ལེན་དགོས་པ་མ་ཡིན་ཀྱང་། སྙིང་རྗེའི་དབང་གིས་མ་དག་པའི་འཇིག་རྟེན་དུ་སྐྱེ་གནས་བཞིར་སྐྱེ་བ་ལེན་པ་སོགས་འཇིག་རྟེན་ཐ་མལ་པ་དང་མཐུན་པར་བསྟན་ནས་འགྲོ་བའི་དོན་བྱེད་པ་སྟེ། ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང་། །འཆི་དང་རྒ་དང་ན་བར་སྟོན། །ཞེས་གསུངས་པ་བཞིན་ནོ། །དེ་ལ་སྐྱེ་བ་ལེན་པའི་རྒྱུ་ནི། མ་དག་ས་བདུན་ལ་གནས་པ་རྣམས་ནི་གཙོ་བོར་ཐབས་མཁས་དང་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སྐྱེ་བ་ལེན་ལ། དག་ས་ལ་གནས་པ་རྣམས་ནི་དབང་འབྱོར་བའི་ཡེ་ཤེས་ཀྱིས་སྐྱེ་བ་སོགས་སུ་སྟོན་ཏོ། །འོ་ན་དེ་ལྟར་གཞན་དོན་དུ་སྐྱེ་བ་སོགས་སུ་སྟོན་ན་དེའི་ཚེ་ལུས་སེམས་ལ་སྡུག་བསྔལ་གྱི་ཚོར་བ་རང་མཚན་པ་ཡོད་དམ་སྙམ་ན་མེད་དེ། མདོ་སྡེ་རྒྱན་ལས། དེ་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་པའི་དུས་དང་རྒུད་པའི་དུས་ནའང་འདི། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། །རང་གི་ཡོན་ཏན་སེམས་ཅན་ཕན་འདོགས་དགའ། །བསམ་བཞིན་སྐྱེ་བ་རྫུ་འཕྲུལ་རྣམ་པར་འཕྲུལ། །རྒྱན་དང་སྟོན་མོ་ས་མཆོག་རྩེ་དགའ་བ། །སྙིང་རྗེའི་བདག་ཉིད་མིན་པ་རྣམས་ལ་མེད། །གཞན་དོན་བརྩོན་ལྡན་སྙིང་རྗེའི་བདག་ཉིད་འདི། །གང་ཚེ་མནར་མེད་པ་ལའང་དགར་འཛིན་པ། །དེ་འདྲ་བ་དག་སྲིད་ན་གཞན་རྟེན་ཕྱིར། །སྡུག་བསྔལ་འབྱུང་བ་རྣམས་ཀྱིས་ག་ལ་འཇིགས། །ཞེས་པ་ལ་སོགས་པ་བཞིན་ནོ། །འོ་ན་སའི་སྤང་བྱ་དེ་ལྟར་ཡིན་དུ་ཆུག་ནའང་གཉེན་པོའི་ཡེ་ཤེས་ཀྱི་དབང་དུ་ན་ཉན་རང་དགྲ་བཅོམ་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་དམ་མེད་ཅེ་ན། ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་ཞལ་ནས་འདི་སྐད་དུ་གསུངས་ཏེ། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད་ལ་སྔོན་གྱི་སློབ་དཔོན་རྣམས་རྩོད་པར་གྱུར་ནའང་། རང་ལུགས་ལ་ཉན་ཐོས་སྡེ་པ་ལ་སྔོན་ཡང་བདག་ཡོད་མེད་དུ་སྨྲ་བ་གཉིས་བྱུང་བ་ལྟར་ཅི་རིགས་སྣང་ཡང་། དགྲ་བཅོམ་པ་ཐོབ་པ་ལ་ནི་ཕུང་པོའི་འཛིན་པའི་བདག་མེད་མ་རྟོགས་པར་འབྲས་བུ་འཐོབ་མི་སྲིད་མོད། འོན་ཀྱང་དེ་དག་གི་བདག་མེད་ནི་ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནང་གི་ནམ་མཁའ་བཞིན་དུ་རྒྱ་ཆུང་བར་མདོ་སྡེ་རྣམས་ནས་གསུངས་པ་ལྟར་བདག་མེད་རྫོགས་པ་མ་ཡིན་ནོ། །ཞེས་གསུངས། འདི་ལྟ་བུའི་ལེགས་བཤད་སྨྲ་མཁན་སུའང་གངས་ཅན་ན་མ་བྱུང་ངོ་། །དེ་ལ་དེ་དག་གི་དོན་ཅུང་ཟད་བཤད་ན། དབུ་མའི་རིགས་པས་ཕུ་ཐག་བཅད་ཚེ་ཆོས་དང་གང་ཟག་གཉིས་ལ་སྟོང་གཞི་ཆོས་ཅན་གྱི་དབྱེ་བ་ཙམ་མ་གཏོགས་སྟོང་ཚུལ་ལ་ཁྱད་པར་གང་ཡང་མེད་པས། ཕུང་པོར་བཟུང་བ་ལ་བརྟེན་ནས་བཏགས་པའི་ངའོ་སྙམ་པའི་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་སུན་མ་ཕྱུང་ན། རྟག་བདག་ཙམ་སྤངས་པས་ཉོན་མོངས་སྤོང་མི་ནུས་པར་རིགས་པས་གྲུབ་པ་ཡིན་ལ། དེའི་ཕྱིར་ན་ཆོས་ཀྱི་བྱེ་བྲག་ང་ཙམ་པོ་སྟོང་པར་མཐོང་བ་ལ་ཆོས་ཀྱི་བདག་མེད་རྟོགས་པའི་ཐ་སྙད་རུང་སྟེ། རྒྱ་མཚོ་ཧུབ་གང་འཐུངས་པ་ལ་རྒྱ་མཚོ་འཐུངས་ཞེས་བརྗོད་དུ་རུང་བ་ལྟར། ཉན་རང་ལའང་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་དོ་ཞེས་གསུངས་ཏེ། ཉན་རང་སྟོང་ཉིད་ལ་སྐྲག་ཅིང་གང་ཟག་གི་བདག་མེད་ལ་འཇུག་པ་དག་ལ་སྟོང་པ་ཉིད་སྤོང་ན་རང་ལམ་གྱི་འབྲས་བུའང་འཐོབ་མི་ནུས་ཏེ། བྱང་ཆུབ་གསུམ་པོ་སྟོང་ཉིད་རྟོགས་པ་ལ་བརྟེན་ནས་འབྱུང་བ་ཡིན་པའི་ཚུལ་བསྟན་པ་ཡིན་ལ། འོན་ཀྱང་ཉན་རང་དགྲ་བཅོམ་པ་དེ་དག་ཤེས་བྱའི་ཆོས་ཐམས་ཅད་ལ་བདག་མེད་རྫོགས་པ་མ་ཡིན་ཏེ། ཧུབ་གཅིག་འཐུངས་ཀྱང་རྒྱ་མཚོ་ཆེན་པོའི་ཆུ་རྫོགས་པར་ཁོང་དུ་སོང་བ་མིན་པ་ལྟར། དམན་པ་ལ་དགག་པའི་སྒྲ་སྦྱར་ཏེ་ཆོས་ཀྱི་བདག་མེད་མ་རྟོགས་ཞེས་མདོ་བསྟན་བཅོས་ཀུན་ནས་གསུངས་པ་ཡིན་ལ། ཆོས་བདག་མེད་ཡོངས་སུ་རྫོགས་པ་ཇི་ལྟ་བུ་ཞིག་ཡིན་ན། ཆོས་ཤེས་པ་དོན་བཅུ་ལ་འཇུག་ཀྱང་འདི་སྐབས་ཤེས་བྱ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་འདུས་བྱས་དང་འདུས་མ་བྱས་ལ་སོགས་པ་ཐམས་ཅད་ཡིན་ནོ། །དེ་ཐམས་ཅད་སྟོང་པར་ཤེས་ན་ཆོས་བདག་མེད་རྫོགས་པ་སྟེ། འཇུག་པ་ལས། སྤྲོས་དང་བཅས་པར་སྟོང་པ་ཉིད། །བཅུ་དྲུག་བཤད་ནས་མདོར་བསྡུས་ཏེ། །སླར་ཡང་བཞི་བཤད་དེ་དག་ནི། །ཐེག་ཆེན་དུ་ཡང་བཞེད་པ་ཡིན། །ཞེས་དེ་ཐེག་ཆེན་གྱི་ལམ་ཡིན་པར་བསྟན་ཏོ། །འོ་ན་ཉན་རང་གིས་ཆོས་གཅིག་གི་སྟོང་པ་ཉིད་ཤེས་ན་ཐམས་ཅད་སྟོང་པར་ཅིའི་ཕྱིར་མི་ཤེས་སྙམ་པ་ནི་གྱི་ན་སྟེ། དོན་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་གནས་སུ་ཟིན་ཀྱང་། གཅིག་སྟོང་པར་ཤེས་ན་ཐམས་ཅད་དེ་ལྟར་མཐོང་ངེས་པའི་ཁྱབ་པ་མེད་དེ། གང་ཟག་གི་བདག་མེད་ཙམ་ལ་ཞེན་ནས་ཆོས་བདག་མེད་དོན་དུ་མི་གཉེར་བ་དང་། ཕྱི་ནང་གི་ཡོངས་འཛིན་དང་། སྤྱོད་པ་དང་། ཡོངས་བསྔོའི་རྐྱེན་མ་ཚང་བས་རྟོགས་པ་བུལ་བ་ཡིན་པའི་ཕྱིར་རོ། །ཐེག་ཆེན་གྱི་ལུང་རིགས་འཛིན་པ་དག་ཀྱང་བློའི་རྩལ་འཕང་གིས་ཆོས་བདག་མེད་ཡོངས་སུ་རྫོགས་པར་གཏན་ལ་ཕེབས་མ་ཕེབས་དང་། སྒོམ་པའི་སྐབས་ན་སྤྲོས་བྲལ་ཇི་ལྟ་བ་བཞིན་དུ་བསྒོམ་ནུས་མི་ནུས་ཡོད་པ་བཞིན་ནོ། །གང་གིས་དངོས་པོ་གཅིག་གི་དེ་བཞིན་ཉིད་མཐོང་ན་ཐམས་ཅད་དེ་བཞིན་དུ་མཐོང་བར་གསུངས་པ་ནི་ཉི་ཚེ་བ་མ་ཡིན་པའི་རང་བཞིན་མཉམ་པ་ཉིད་ཐམས་ཅད་ལ་འདྲ་བར་གནས་པ་ཉིད་མཐོང་ནུས་པའི་གང་ཟག་གི་དབང་དུ་བྱས་པ་ཡིན་ནོ། །གཞན་ཡང་གང་ཟག་ཐམས་ཅད་ཀྱིས་ཆོས་གཅིག་སྟོང་པར་ཤེས་ན་ཆོས་ཀུན་སྟོང་པར་དེ་མ་ཐག་ཏུ་ཤེས་དགོས་ན། ཕྱི་དོན་རྡུལ་ཕྲན་སྟོང་པར་རྟོགས་པའི་བློ་དེས་ཀྱང་ཆོས་ཐམས་ཅད་སྟོང་པར་གཏན་ལ་ཕེབས་དགོས་ཤིང་། དེ་ལྟར་ན་དབུ་མའི་གཞུང་གི་རིགས་པ་རྒྱས་པ་ཀུན་དོན་མེད་དུ་འགྱུར་རོ། །དེས་ན་ཐེག་ཆེན་འཕགས་པ་ཆོས་བདག་མེད་ལ་དོན་དུ་གཉེར་ཞིང་ཕྱི་ནང་གི་ཡོངས་སུ་འཛིན་པས་བཟུང་བ་རྣམས་ཀྱིས་ཀྱང་གྲངས་མེད་གཅིག་ལ་མངོན་སུམ་མཐོང་མི་ནུས་ན། ཉན་རང་དེ་ལས་ལྡོག་པས་ལྟ་ཅི་སྨོས་ཏེ། ཆོས་གཅིག་སྟོང་ཉིད་དུ་མཐོང་ན་ཀུན་ཀྱང་མཐོང་སྙམ་པའི་ཁྱབ་མཐའ་འཆའ་ན། གྲུབ་མཐའ་བཞི་པོ་ཐམས་ཅད་དབུ་མ་འབའ་ཞིག་ཏུ་འགྱུར་བས་དེ་ལྟར་ཡིན་ན་ལས་སླ་བར་འདུག་གོ། །དེའང་ཉན་རང་དགྲ་བཅོམ་པས་ཀྱང་ནམ་ཞིག་རྟོགས་དགོས་ཏེ། བསྐལ་པ་སྟོང་ཕྲག་བཅུའི་མཐར་འགོག་པའི་དབྱིངས་ནས་སངས་རྒྱས་ཀྱི་མཐུས་བསྐུལ་ཏེ་ཐེག་ཆེན་ལ་འཇུག་པ་ཡིན་ནོ། །ཆོས་བདག་མེད་ཅེས་པའང་ཆོས་ཡིན་ནོ་ཅོག་ལ་བདག་མེད་པར་རྟོགས་པ་ཡིན་གྱི། གང་རུང་རེ་རེ་ཙམ་ལ་རྟོགས་པས་ཆོས་བདག་མེད་རྫོགས་པ་མ་ཡིན་ནོ། །དེས་ན་དངོས་དངོས་མེད་གཉིས་ཀའམ། བདེན་བདེན་མེད་གཉིས་ཀའང་བློས་ཡུལ་དུ་བྱར་རུང་གི་ཆོས་ཡིན་པས་ཐམས་ཅད་རང་བཞིན་མེད་པར་རྟོགས་ནས་སྟོང་ཉིད་བཅུ་དྲུག་ཡོངས་སུ་རྫོགས་པའི་ཡུལ་ཅན་འཛིན་པའི་མཐའ་ཐམས་ཅད་དང་བྲལ་བའི་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ཡུལ་དེ་ལ་ཆོས་བདག་མེད་པ་ཅེས་བྱ་ལ། དེ་ནི་དངོས་དངོས་མེད་གཉིས་ཀ་ལས་འདས་པའི་སྟོང་ཉིད་སྤྲོས་བྲལ་མཉམ་པ་ཉིད་ཡིན་གྱི། དངོས་པོ་བདེན་པ་བཀག་ཀྱང་དངོས་པོ་བདེན་མེད་རང་ལ་བློ་ཡི་རྟེན་བཅས་ནས་དེ་ལས་འདའ་མ་ནུས་པ་རྣམ་བཅད་དགག་རྟོག་གི་ཡུལ་དུ་གྱུར་པའི་སྟོང་ཉིད་ཙམ་མ་ཡིན་ཏེ། དེའི་ཕྱིར་ན་ཉན་ཐོས་ཀྱིས་གང་ཟག་གི་བདག་སྟོང་པར་ཕུ་ཐག་ཆོད་མོད། དེའི་ཡུལ་ཅན་ཉི་ཚེ་བའི་མཁྱེན་པ་དེ་ལྟ་བུ་ནི་ཐེག་ཆེན་གྱི་མཐའ་ཐམས་ཅད་དང་བྲལ་བའི་མཉམ་བཞག་ཡེ་ཤེས་ལ་བསྒྲུན་ན་རྒྱ་མཚོ་དང་བ་ལང་གི་རྨིགས་རྗེས་ཀྱི་ཆུའམ། ནམ་མཁའ་དང་ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནང་གི་ནམ་མཁའ་ལྟ་བུའི་ཁྱད་ཡོད་པར་གསུངས་ཤིང་། ཡེ་ཤེས་ལ་དེ་ལྟར་ཁྱད་ཡོད་པ་དེ་ཉིད་ཀྱིས་ལམ་མཐོ་དམན་དུའང་གྱུར་པ་ཡིན་གྱི། རྟོགས་པ་ལ་ཁྱད་མེད་ན་སྤོང་བ་ལའང་ཁྱད་ཡོད་པར་མི་རིགས་ཏེ། སྤོང་རྟོགས་རྗེས་སུ་འགྲོ་ལྡོག་མི་མཚུངས་ན། སྤང་བྱ་དང་གཉེན་པོའི་ཡེ་ཤེས་འགལ་བར་སྒྲུབ་པའི་ཚད་མ་མེད་པར་འགྱུར་ལ། དེ་ལྟར་ན་ལམ་དང་འབྲས་བུའི་རྣམ་པར་གཞག་པ་ལ་ཡང་དག་པའི་རིགས་པས་བསྒྲུབ་ཏུ་མེད་པར་འགྱུར་བས་ཤིན་ཏུ་སྐུར་པ་བཏབ་པ་ལྟ་བུར་དོན་གྱིས་འགྲོ་བས་ན་ཅིས་ཀྱང་ཁས་ལེན་དཀའ་འོ། །དེས་ན་སྤང་བྱ་སྒྲིབ་པ་དང་བཅས་བཞིན་དུ་མ་བསྒྲིབས་པ་ལྟར་རྟོགས་པའམ། སྤང་བྱ་སྒྲིབ་པ་མེད་ཀྱང་བསྒྲིབས་པ་ལྟར་མ་རྟོགས་པ་གཉིས་ཀ་གང་ཡང་མི་འཐད་དེ། མུན་པ་དང་བཅས་བཞིན་དུ་ཉི་མ་ཤར་བའམ། ཉི་མ་ཤར་ཡང་གཟུགས་མི་མཐོང་བར་ཁས་བླངས་པ་དང་འདྲ་བས་རིགས་པ་སྨྲ་བ་ལ་མི་འོས་པ་ཞིག་གོ། །འོ་ན་ཟླ་བས་ས་དང་པོར་ཉན་རང་བློས་ཟིལ་གྱིས་མི་ནོན་པ་མདོ་ལས་གསུངས་པ་ཉིད་ཉན་རང་ལ་སྟོང་ཉིད་རྟོགས་པ་ཡོད་པའི་ཤེས་བྱེད་དུ་མཛད་པ་ཅི་ཞེ་ན། དེ་ནི་ཉན་རང་གིས་ཀྱང་བདག་རྐྱེན་ཉིད་འདི་བ་ཙམ་དུ་མ་མཐོང་ན་ཕྱི་རོལ་པ་བཞིན་དུ་འཕགས་པར་ཡང་མི་འགྱུར་བས་དེ་ཟིལ་གྱིས་ནོན་པར་རིགས་ལ། བདག་མེད་མཐོང་བའི་འཕགས་པ་དེ་དག་སེམས་སེམས་བྱུང་གི་རྒྱུ་བ་འགོག་པའི་དབྱིངས་ལ་དམིགས་པའི་འདུ་བྱེད་དང་བཅས་པར་འཇུག་པ་ལ་ས་དྲུག་པ་མན་དང་ཉན་རང་དགྲ་བཅོམ་ལ་ཁྱད་མེད་པས་ཡིན་ལ། ས་བདུན་པར་འགོག་པ་ཡང་དག་པའི་མཐའ་ལ་འདུ་བྱེད་མེད་པར་འཇུག་པའི་ཚུལ་གྱིས་བློས་ཀྱང་ལྷག་པར་བཤད་པའི་ཕྱིར་རོ། །དེ་ལ་བློས་ཟིལ་གྱིས་གནོན་ཚུལ་འདི་འགོག་པ་ལ་སྐད་ཅིག་གིས་འཇུག་ལྡངས་ནུས་མི་ནུས་ཀྱི་ཁྱད་ཡིན་ཞེས་དེའི་རྒྱུ་མཚན་དང་བཅས་ཏེ་རེད་མདའ་བ་སོགས་བཞེད་ལ། མཁས་པ་བསོད་ནམས་སེང་གེ་སོགས་ཀྱིས་དེ་ཆེས་མི་འཐད་པའི་རིགས་པའི་གནོད་པ་བསྟན་ནས། རང་ལུགས་མཚན་འཛིན་སླར་མི་སྐྱེ་བའི་ཆོས་ཅན་ས་བདུན་པ་ན་ཐོབ་པ་ལ་བཤད་ཀྱང་། བདག་ནི་འདི་ལྟར་སེམས་ཏེ། འཕགས་པ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ། ས་དྲུག་པ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་འགོག་པ་ལ་སྙོམས་པར་འཇུག་སྟེ། ས་བདུན་པ་ལ་ནི་སེམས་སྐད་ཅིག་སྐད་ཅིག་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་བསལ་བས་སྙོམས་པར་འཇུག་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་མ་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་དེ་དག་འགོག་པ་ལ་སྙོམས་པར་འཇུག་པ་མངོན་པར་འདུ་བྱེད་པ་ཅན་གྱི་གཟུང་བ་དང་འཛིན་པའི་མཚན་ཉིད་དུ་ལྷུང་བའོ། །ཞེས་གསུངས་པ་དེ་སངས་རྒྱས་ཉིད་ཀྱི་དགོངས་པ་ཉིད་ཀྱིས་བཤད་པ་འདི་མཐོང་ནས་ཐེ་ཚོམ་ཆོད་དོ། །དེའང་ཉན་རང་དགྲ་བཅོམ་པ་སྤྱིར་འགོག་པ་ལ་སྙོམས་པར་འཇུག་པ་དང་། བྱང་སེམས་ས་དྲུག་པ་ནས་འཇུག་པར་གསུངས་པའོ། །སྐབས་འདིར་བརྗོད་དགོས་པ་མང་ཡང་མདོ་ཙམ་མོ། །མདོར་ན་ཆོས་བདག་མེད་ཀྱི་ཁོངས་སུ་གང་ཟག་གི་བདག་མེད་འདུས་པ་ཡིན་གྱི། གང་ཟག་ཆོས་སུ་མ་འདུས་པ་ཞིག་མ་ཡིན་ཀྱང་། གཙོ་བོར་འཁོར་བར་སྐྱེ་བའི་རྒྱུ་གང་ཟག་གི་བདག་ཏུ་འཛིན་པ་ཡིན་པས་དེ་ཁེགས་ན་ལས་ཉོན་གྱིས་སྲིད་པར་སྐྱེ་བ་ཁེགས་ཤིང་། ལམ་གང་གིས་ཁེགས་ན་གང་ཟག་དེ་སྟོང་པར་ཤེས་པས་འགོག་དགོས་ལ། ཚུལ་ཇི་ལྟར་འགོག་ན། ཕུང་པོར་འཛིན་པའམ། དམིགས་ཡུལ་གྱི་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་ངར་འཛིན་ལྷན་སྐྱེས་ཀྱི་ཡུལ་དུ་གྱུར་པ་དེ་བརྟེན་ནས་བཏགས་པའམ། བརྟེན་ནས་འབྱུང་བའམ། རྐྱེན་ཉིད་འདི་པ་ཙམ་ལས་རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་པར་ཤེས་པས། ཐག་པ་ལ་སྦྲུལ་འཛིན་ལྡོག་པ་བཞིན་དུ་བདག་འཛིན་ལྡོག་སྟེ། རྡུལ་དང་སྐད་ཅིག་དུ་མའི་ཆ་ནི་བདག་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་ཞེན་ཡུལ་དང་དངོས་སུ་འགལ་བས་དེ་རྣམས་བདག་གིས་སྟོང་པ་ཡིན་པར་ཤེས་ཤིང་གོམས་པས་བདག་འཛིན་རྩ་བ་ནས་ལྡོག་ལ། དེས་ཉོན་མོངས་པ་རྣམས་ཀྱང་ལྡོག་པ་དེ་ཙམ་གྱིས་འཁོར་བ་ལས་ཐར་བར་མཐོང་ནས་ཐེག་དམན་པ་དག་གཞན་ཆོས་ཐམས་ཅད་ལ་བདག་མེད་དོན་དུ་མི་གཉེར་མི་བསྒོམ་པ་དེས་ན་མངོན་དུ་གྱུར་པའང་མེད་ལ། དེ་མེད་པས་སྤང་བྱ་ཤེས་སྒྲིབ་སྤངས་པའང་མེད་དོ། །དེས་ན་ཇི་སྲིད་རང་རྒྱུད་ཀྱི་ཕུང་པོ་རྒྱུན་དང་ཚོགས་པ་བློས་མ་ཕྱེ་བ་ཙམ་ལ་ང་ཞེས་གདགས་ཤིང་འཛིན་པས་ན། ཕུང་པོ་དེ་དག་དུ་མར་བསིལ་ཞིང་བློས་ཤིགས་པར་མ་གྱུར་པ་ཞིག་ན། གང་ཟག་གི་བདག་མེད་ཀྱང་རྟོགས་ཐབས་མེད་དེ། བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པས་ན། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཀྱི་དབང་དུ་བྱས་ནས་ཕུང་པོ་ནི་དུ་མ་འདུས་པའི་རང་བཞིན་ཉིད་ཀྱི་ཕྱིར་དོན་དམ་པར་དོན་དུ་མེད་ཚུལ་གྱི་རིགས་པ་གསུངས་ཏེ། ཉན་ཐོས་ལ་བསྟན་པའི་མདོ་ལས། གཟུགས་ནི་ལྦུ་བ་རྡོས་པ་འདྲ། །ཞེས་པ་ལ་སོགས་པའི་དོན་བཞིན་ཕུང་པོ་ཉིད་དུ་མའི་ཆ་ལ་བཏགས་པའི་ཚུལ་རྟོགས་པ་དེས་གང་ཟག་གི་བདག་མེད་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེའང་འཇུག་པ་རང་འགྲེལ་དུ། བདག་མེད་འདི་ནི་འགྲོ་བ་རྣམས་གྲོལ་ཕྱིར། །ཞེས་པའི་ཐད་དུ། དེ་ལ་གང་ཟག་གི་བདག་མེད་ནི་ཉན་ཐོས་རྣམས་གྲོལ་བའི་ཕྱིར་བསྟན་ལ། བྱང་སེམས་རྣམས་ཐམས་ཅད་མཁྱེན་པ་འཐོབ་པའི་ཕྱིར་གཉིས་ཀ་བསྟན་ཏོ། །ཉན་རང་གིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་མཐོང་མོད་ཀྱི། དེ་ལྟ་ནའང་དེ་དག་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པར་སྒོམ་པ་མེད་དེ། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་སྤོང་བའི་ཐབས་ཙམ་ཞིག་ནི་ཡོད་དོ། །དེ་དག་ལ་གང་ཟག་གི་བདག་མེད་པ་མ་ལུས་པར་སྒོམ་པ་ནི་ཡོད་པར་རྣམ་པར་བཞག་གོ། །ཞེས་གསུངས་པའི་ལུང་འདིས་ཉན་རང་ལ་ཆོས་བདག་མེད་རྫོགས་པར་རྟོགས་པ་མེད་པའང་ངེས་ནུས་ཏེ། ཆོས་བདག་མེད་རྫོགས་པར་རྟོགས་པ་མིན་ཚེ་ཉོན་མོངས་མི་སྤོང་ན། ཉན་ཐོས་ཀྱིས་ཀྱང་དེ་རྫོགས་པར་མ་བསྒོམས་ན་ཉོན་མོངས་ག་ལ་སྤོང་སྟེ། དེ་གཉིས་འགྲོ་ལྡོག་མཚུངས་སོ། །རིགས་པའང་གང་ཟག་གི་བདག་མེད་པ་ཙམ་ཁོ་ནས་ཉོན་མོངས་སྤོང་ཚུལ་རྣམ་འགྲེལ་དང་རིགས་ཚོགས་ཀྱིས་བསྟན་པ་ལྟར་རྒྱ་ཆེ་ཞིང་། ཆོས་བདག་མེད་མ་རྫོགས་ནའང་དེ་རྟོགས་པ་ཡོད་པར་རྣམ་བདུན་ཤིང་རྟའི་རིགས་པ་སོགས་ཀྱིས་གྲུབ་ཅིང་། དེ་གོམས་པས་གསལ་སྣང་རབ་ཀྱང་འབྱུང་བར་གྲུབ་བོ། །དེའང་ཚོགས་མཐའ་ཡས་པ་སོགས་མདོར་ན་ཐབས་ཁྱད་པར་ཅན་གྱི་རྒྱུ་མ་ཚང་ན་རྟོགས་པ་ཁྱད་པར་ཅན་མི་སྐྱེ་བར་ངེས་ཤིང་། གང་དུ་རྒྱུ་ཚང་བ་ལ་ས་དང་པོའི་ཡེ་ཤེས་སོགས་རྟོགས་པ་ཁྱད་པར་ཅན་སྐྱེ་ཞིང་། དེ་སྐྱེས་པའི་ཚེ་དེའི་ངོས་སྐལ་གྱི་སྤང་བྱའང་མེད་པར་ཤེས་པར་བྱ་ལ། སྤང་བྱ་དང་བྲལ་ན་དེའི་ངོས་སྐལ་གྱི་ཡོན་ཏན་ཀྱང་རྫོགས་པ་སྟེ། དེ་གསུམ་རྣམ་པ་ཀུན་ཏུ་རྗེས་སུ་འགྲོ་ལྡོག་མཚུངས་པ་ཡིན་ངེས་ཀྱི། དེ་ལྟར་མིན་ན་དེའི་ནང་གི་གང་རུང་ཡོད་ལ་གང་རུང་མེད་པ་སོགས་མུ་ཇི་སྙེད་པ་སྲིད་བར་འགྱུར་ལ། དེ་ལྟར་ན་སྤང་བྱ་ཐམས་ཅད་སྤངས་ལ་རྟོགས་བྱ་མཐའ་དག་མ་རྟོགས་པ་སོགས་མུ་རྣམས་སོ་སོ་ནས་སྲིད་པར་སྨྲ་བའི་རྒོལ་བ་ལ། དངོས་སྟོབས་ཀྱི་རིགས་པའི་ལམ་ནས་དགག་པ་ཡང་དག་བསྟན་དུ་མེད་པར་འགྱུར་བས་ན་དེ་ལྟར་ཁས་ལེན་པ་དཀའ་འོ། །མདོར་ན་ཉན་རང་ལ་ཆོས་བདག་མེད་རྫོགས་པར་རྟོགས་པ་ཡོད་ན་བཀའ་དང་དགོངས་འགྲེལ་མཐའ་དག་གི་ལུང་དང་། རིགས་པ་བརྒྱ་ཕྲག་གིས་གནོད་པ་འདའ་དཀའ་ཞིང་། ཐེག་པ་ཆེ་ཆུང་གི་མཐོང་ལམ་སོགས་ལམ་དང་འབྲས་བུའི་ཡོན་ཏན་ནི་ཉི་མ་དང་མེ་ཁྱེར་ལ་གསལ་མི་གསལ་གྱི་ཁྱད་བཞིན་དུ་མཆིས་ན། དེ་དག་གང་ལ་བརྟེན་པ་རྟོགས་པ་ཡེ་ཤེས་འོད་ལྟ་བུ་ལ་ཁྱད་ཞུགས་པ་ཤེས་པར་བྱའོ། །དེ་ལྟར་རིགས་པའི་གནད་ཙམ་བསྟན་པས་བློ་ལྡན་རྣམས་ལ་ཆོག་གི། ཞེན་ལྟ་ཅན་ནི་འཁྲུད་དཀའ་འོ། །སྤྱིར་འདི་རིགས་སྐོར་ཐེག་གསུམ་ལམ་གྱི་འགྲོས་ཆེ་བ་ཡིན་ཅིང་། ཚུལ་དེ་ལ་ཤིང་རྟ་ཆེན་པོ་གཉིས་ལ་སོགས་པའི་དགོངས་པ་འགལ་བ་ལྟ་བུར་འཛིན་དགོས་ན་ཡིད་ལ་ཟུག་རྔུ་ལྟར་མཆི་ཞིང་། གང་ཅི་ལའང་ཤིང་རྟ་ཆེན་པོ་རྣམས་ཀྱི་དགོངས་པའི་གནད་འབྲས་ཆན་ལ་མངར་གསུམ་གྱི་ཕྱེ་བཏབ་པ་བཞིན་ལྷན་ཅིག་ཡི་གས་བདེ་བར་འཇུ་བ་བྱུང་ཞིང་། གཞན་ལ་ཟེར་འདོད་ཀྱི་འགྲམ་ཆུ་མི་ལྡང་ལ། གཞན་མཐོང་གི་ཡིད་སྨོན་ཡང་མི་དགོས་པར། རང་མལ་ན་རང་བློ་བདེ་བ་ཞིག་བྱུང་ན་ཐོས་བསམ་པ་དག་ལ་རྙེད་པའི་མཆོག་ཞིག་སྟེ། གཞན་དག་སུ་མ་མགུ་ཡང་ཞེ་བློ་བདེ། ཞེས་པ་བཞིན་ནོ། །ཀྭ་ཡེ། མཁན་སློབ་ཆོས་གསུམ་གྱི་རྗེས་འཇུག་སྔ་འགྱུར་པ་རྣམས། རྒྱལ་བའི་བཀའ་དྲི་མེད་དང་། རྒྱན་དྲུག་རྗེས་འབྲངས་དང་བཅས་པའི་གཞུང་བཟང་པོ་སྔ་འགྱུར་འདི་ཙམ་གདའ་བས། ཐོས་བསམ་དེ་ལ་བྱས་པས་ཆོག་གི །གཞན་ཟེར་རྗེས་བརྗོད་ལ་དགའ་བ་ཙམ་གྱིས་ཅི་བྱ་སྟེ། བླ་མ་དང་ལྷག་པའི་ལྷ་དང་དམ་པའི་གཞུང་གི་སྣང་བ་དང་རྟག་ཏུ་འགྲོགས་པར་མཛོད་ཅིག །གཉིས་པ་ཀུན་རྫོབ་དོན་བྱེད་ནུས་སྣང་དུ་ཁས་བླངས་པའི་ཕན་ཡོན། རྒྱུ་དང་འབྲས་བུའི་དངོས་པོ་ནི། །ཀུན་རྫོབ་ཏུ་ནི་མ་བཟློག་པས། །ཀུན་ནས་ཉོན་མོངས་རྣམ་བྱང་སོགས། །རྣམ་པར་གཞག་པ་འཁྲུགས་པ་མེད། །ཅེས་གསུངས་ཏེ། དེ་ལ་དངོས་སྨྲ་བ་རྣམས་ན་རེ། རང་བཞིན་མེད་ན། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཁྱད་པར་དང་། དེ་བཞིན་དུ་དགེ་མི་དགེ །ལས་རྒྱུ་འབྲས། རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་འབྱུང་ལྡོག །རྗེས་སུ་དཔགས་བྱ་དང་དཔོགས་བྱེད་དང་། རྟགས་ལས་རྟགས་ཅན་གྱི་བློ་འབྱུང་བ་ལྟ་བུ་བསྐྱེད་བྱ་སྐྱེད་བྱེད་སོགས་ཤེས་བྱ་རྒྱུ་འབྲས་སོ་སོའི་མཚན་ཉིད་མ་འདྲེས་པར་གཞག་ཏུ་མི་རུང་ངོ་སྙམ་པ་ལ་སོགས་པའི་ཀླན་ཀ་ངན་པའི་ཡིད་དང་སྨྲ་བ་ཐམས་ཅད་བསལ་ནས་རྒྱུ་འབྲས་འཐད་པར་བསྟན་པའི་ཚིགས་སུ་བཅད་པ་འདི་གསུངས་སོ། །དེའང་སྐྱེད་བྱེད་རྒྱུ་དང་བསྐྱེད་བྱ་འབྲས་བུའི་དངོས་པོ་དོན་བྱེད་ནུས་ཀྱི་སྣང་བ་འགོག་མེད་འདི་ནི། ཀུན་རྫོབ་ཙམ་དུ་ཡོད་པ་ནི་མ་བཟློག་པར་ཐ་སྙད་ཀྱི་ཚད་མས་དེ་ལྟར་གཞལ་ནས་འཇོག་པ་ཡིན་པས་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་སོགས་ཀྱི་རྒྱུ་འབྲས་རྗེས་སུ་འགྲོ་ལྡོག་གི་ཚུལ་རྣམ་པར་གཞག་པ་ཀུན་སོ་སོ་རང་གི་མཚན་ཉིད་མ་ཉམས་པར་གནས་ཀྱི་རང་བཞིན་མེད་པར་བསྟན་པས་ཀུན་རྫོབ་ཀྱི་མཚན་ཉིད་དེ་དག་འཁྲུགས་ཤིང་འཆོལ་བར་གྱུར་པ་ནི་ཅུང་ཟད་ཀྱང་མེད་དོ་ཞེས་སོ། །འོ་ན་དངོས་པོ་རྣམས་ཀྱི་མཚན་ཉིད་གྲ་མ་ཉམས་པར་འཇོག་ནུས་ན་ཁོ་བོ་ཅག་དང་འདོད་པ་གཅིག་པར་འགྱུར་རོ་སྙམ་ན། ཁྱེད་ཅག་འདི་ལྟར་སྣང་བ་ལྟར་དོན་དམ་པར་གྲུབ་པར་འདོད་པས། དེ་ལྟར་ན་རྡུལ་ཕྲ་རབ་ནས་རྣམ་པར་ཤེས་པ་ལ་ཐུག་གི་བར་གཅིག་པའམ་དུ་མའི་རང་བཞིན་དུ་སྒྲུབས་ལ། སྔར་བརྗོད་པ་རྣམས་ཀྱི་ལན་ཐོབས་ཤིག་དང་དེ་ཚེ་རིགས་པས་གནོད་མེད་དུ་འགྲུབ་ནུས་ན། ཁོ་བོ་ཅག་དང་ཁྱོད་མཐུན་པར་འགྱུར་ཏེ། དངོས་པོ་འདི་དག་དོན་དམ་པར་ཡང་བརྫུན་པ་མ་ཡིན་པ་མི་བསླུ་བའི་ཆོས་ཅན་ནོ། །ཞེས་བདག་ཅག་ཀྱང་ཁས་ལེན་ཏོ། །ཡང་ན། ཁོ་བོ་ཅག་གིས་ཇི་སྐད་བསྟན་པའི་རིགས་པའི་རྗེས་སུ་ཞུགས་ལ་འདི་སྣང་ཡང་བརྫུན་པར་ཁས་ལོངས་དང་འུ་བུ་ཅག་མཐུན་ནོ། །གཞན་དུ་ཇི་ལྟར་དོན་གཅིག་པ་ཡིན་ཞེས་སྨྲ་བར་ནུས་པ་མ་ཡིན་ནོ། །དེ་ལྟར་རང་བཞིན་སྟོང་པ་ལ་ངེས་པ་རྣལ་མ་ཞིག་འདྲོངས་ན་རྒྱུ་དང་འབྲས་བུ་ལ་ཡིད་ཆེས་མི་ལྡོག་པ་ཞིག་སྐྱེ་ངེས་པ་ཡིན་ནོ། །དེ་ལྟར་མ་ཡིན་པར་རྒྱུ་དང་འབྲས་བུ་མི་འཐད་པ་འདྲ་བའི་ཚུལ་དུ་གོ་ན། དེ་དབུ་མ་ནས་བཤད་པའི་སྟོང་པ་ཉིད་ནི་མ་ཡིན་ཏེ། ཆད་ལྟ་ལ་སྟོང་པའི་མིང་གིས་བཏགས་པའི་ལམ་ཡིན་པར་ཤེས་ནས་རིང་དུ་སྤང་བར་བྱའོ། །ཇི་སྐད་དུ་སློབ་དཔོན་ཀླུས། རྣམ་པར་དབེན་དོན་མི་ཤེས་ལ། །ཐོས་པ་ཙམ་ལ་འཇུག་བྱེད་ཅིང་། །གང་དག་བསོད་ནམས་མི་བྱེད་པ། །སྐྱེས་བུ་ཐ་ཤལ་དེ་དག་བརླག །ལས་ཀྱི་འབྲས་བུ་ཡོད་པ་དང་། །འགྲོ་བ་དག་ཀྱང་ཤིན་ཏུ་བརྗོད། །དེ་ཡི་རང་བཞིན་ཡོངས་ཤེས་དང་། །སྐྱེ་བ་མེད་པ་དག་ཀྱང་བསྟན། །འཇིག་རྟེན་དབང་དུ་རྒྱལ་བ་རྣམས། །ང་དང་ང་ཡི་ཞེས་གསུངས་ལྟར། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་བཞིན་དགོངས་པའི་དབང་གིས་གསུངས། །ཞེས་སོ། །གཞན་ཡང་སྟོང་པ་ཉིད་ཤིན་ཏུ་ཟབ་པས་བལྟ་དཀའ་ཞིང་། བློ་གྲོས་ཆུང་བ་རྣམས་གོ་བ་ཕྱིན་ཅི་ལོག་ཏུ་གྱུར་ན་ཕུང་བར་འགྱུར་བའི་ཚུལ་མང་དུ་གསུངས་པ་བཞིན་ནོ། །གསུམ་པ་ལ། ཚོགས་རྣམ་དག་འབྱུང་བར་མདོར་བསྟན། །དེའི་ཚུལ་རྒྱས་པར་བཤད་པ་གཉིས། །དང་པོ། འདི་ལྟར་རྒྱུ་དང་འབྲས་བུ་ཡི། །ཆོས་འདི་རྣམ་པར་བཞག་པས་ན། །ཚོགས་རྣམས་དྲི་མ་མེད་པ་ཡང་། །གཞུང་འདི་ཉིད་ལ་རུང་བ་ཡིན། །ཞེས་གསུངས་ཏེ། འདི་ལྟར་རང་བཞིན་མེད་པའི་ཚུལ་གྱི་རྒྱུ་དང་འབྲས་བུ་ཡི། ཆོས་འདི་རྣམ་པར་བཞག་པས་ན། སྦྱིན་སོགས་བསོད་ནམས་ཀྱི་ཚོགས་རྣམས་ཀྱང་ཀུན་རྨོངས་ཀྱི་དྲི་མ་མེད་པའི་ཡེ་ཤེས་ཀྱི་ཚོགས་དང་ཟུང་དུ་འབྲེལ་བའི་ལམ་རྣམ་པར་དག་པ་ཡང་། གཞུང་འདི་ལྟ་བུ་ཉིད་ལ་རུང་བ་ཡིན་གྱི། གཞན་དངོས་པོར་སྨྲ་བ་སོགས་ལ་ནི་མ་ཡིན་ནོ། །དེའང་དོན་དམ་པར་རང་བཞིན་མེད་ཀྱང་ཀུན་རྫོབ་སྣང་ཆའི་རྟེན་འབྲེལ་བསླུ་བ་མེད་པའི་ཡིན་ཚུལ་ཤེས་ནས་ལམ་ལ་སློབ་པ་ནི་དངོས་པོའི་གནས་ལུགས་ལ་ཕྱིན་ཅི་ལོག་གིས་བློ་བསླད་པ་མེད་པས་ན་རྣམ་པར་དག་པ་ཉིད་དུ་འགྱུར་བ་ཡིན་ནོ། །དེ་ལ་དམིགས་པ་ཅན་རྣམས་ན་རེ། སྦྱིན་པ་གང་ཞིག་ཕན་གདགས་དང་། །མཆོད་པའི་ཕྱིར་ཡང་སྦྱིན་བྱེད་པ། །དེ་ནི་ཤིན་ཏུ་དད་པར་བྱེད། །མཐོང་མེད་གནས་པས་མ་ཡིན་ནོ། །མེད་པའི་ཕྱིར་ནི་མི་དམིགས་སམ། །འོན་ཏེ་ཡུལ་མིན་ཕྱིར་རམ་ཅི། །མེད་ན་བསོད་ནམས་འཇིག་པར་འགྱུར། །ངལ་བའི་དོན་ཡང་མེད་པར་འགྱུར། །གསུམ་ཆར་རྒྱལ་བས་གཟིགས་པས་ན། །དེ་བས་ཡུལ་མིན་མ་ཡིན་ནོ། །རང་གི་སེམས་དང་སེམས་བྱུང་གང་། །དེ་དག་རང་གིས་རིག་པར་བྱེད། །ཅེས་སྦྱིན་པ་ནི་ཕན་འདོགས་པའམ་མཆོད་པའི་སེམས་ཀྱིས་ཡུལ་དམིགས་ནས་སྦྱིན་པ་ནི་ཤིན་དུ་དྭང་བ་བསྐྱེད་ཀྱི། ཡུལ་མ་དམིགས་པས་མ་ཡིན་ནོ། །དེ་ལ་ཡུལ་མེད་ནས་མ་དམིགས་ན་ནི་བྱང་སེམས་རྣམས་སེམས་ཅན་གྱི་དོན་དུ་ངལ་བའང་དོན་མེད་དེ་སེམས་ཅན་རྣམས་མེད་པའི་ཕྱིར་རོ། །ཡུལ་མ་ཡིན་པའང་མིན་ཏེ། སྦྱིན་པོ་སྦྱིན་བྱ་ལེན་པོ་གསུམ་ཆར་དེ་བཞིན་གཤེགས་པས་གཟིགས་པའི་ཕྱིར་རོ། །གཞན་ཡང་སྦྱིན་བྱ་བུ་ལ་སོགས་པ་དང་། ལེན་པོ་དང་གཏོང་པོ་དག་གི་རང་གི་སེམས་དང་སེམས་བྱུང་དག་རང་གིས་རིག་པར་བྱེད་ན་དེ་ཇི་ལྟར་ཡུལ་མིན་ཞེས་རྒོལ་བ་དེ་དག་ལ་སྙིང་པོ་ཅིའང་མེད་དེ། ཀུན་རྫོབ་ཏུ་རྒྱུ་འབྲས་ཀྱི་རྟེན་འབྲེལ་མེད་ཅེས་དགག་པ་མ་ཡིན་ན། གསུམ་ཆར་རྒྱལ་བས་གཟིགས་པ་དང་། རང་རིག་ཅེས་པའང་ཀུན་རྫོབ་ཏུ་ཡིན་གྱི། དོན་དམ་པར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་དེ་དག་ག་ལ་ཡོད་དོ། །གཉིས་པ་ལ། རྒྱུ་འབྲས་རྗེས་སུ་འགྲོ་ལྡོག་ཡིན་པའི་དཔེ་སྤྱིར་བསྟན་པ། ལྟ་བ་རྣམ་དག་གིས་ཟིན་མ་ཟིན་གྱི་རྒྱུ་འབྲས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། རྣམ་པར་དག་པའི་རྒྱུ་ལས་ནི། །འབྲས་བུ་རྣམ་པར་དག་པ་འབྱུང་། །ཡང་དག་ལྟས་བྱུང་ཚུལ་ཁྲིམས་ཀྱི། །ཡན་ལག་ལ་སོགས་རྣམ་དག་བཞིན། །དེ་བཞིན་རྣམ་དག་མ་ཡིན་ལས། །འབྲས་བུ་རྣམ་དག་མ་ཡིན་འབྱུང་། །ལོག་ལྟའི་སྟོབས་ལས་བྱུང་བ་ཡི། །ལོག་པར་གཡེམས་ལ་སོགས་པ་བཞིན། །ཞེས་གསུངས་ཏེ། འབྲས་བུ་ཐམས་ཅད་ནི་རྒྱུའི་རྗེས་སུ་འགྲོ་བ་དང་། ལྡོག་པ་དང་། མཐུན་པར་བྱེད་པས་ན། རྒྱུ་རྣམ་པར་དག་མ་དག་གི་འབྲས་བུའང་རྣམ་པར་དག་མ་དག་ཏུ་འགྱུར་བ་ཡིན་ཏེ། དེའང་རྣམ་པར་དག་པའི་རྒྱུ་ལས་ནི། འབྲས་བུའང་རྣམ་པར་དག་པ་འབྱུང་སྟེ། དཔེར་ན་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་ཡོད་པར་ལྟ་བ་འཇིག་རྟེན་པའི་ཡང་དག་པར་ལྟ་བ་ལས་བྱུང་བའི་སྲོག་མི་གཅོད་པ་སོགས་ཚུལ་ཁྲིམས་ཀྱི་ཡན་ལག་དང་། དེ་བཞིན་དུ་བག་ཡོད་ཀྱི་ཡན་ལག་ལ་སོགས་པའང་རྣམ་པར་དག་པ་ཉིད་དུ་འགྱུར་བ་བཞིན་དང་། རྒྱུ་ལྟ་བུའི་རྗེས་སུ་འབྲས་བུ་ཚུལ་ཁྲིམས་ཀྱི་ཡན་ལག་སོགས་ཀྱང་འབྲངས་ནས་རྣམ་པར་དག་པ་དེ་བཞིན་དུ། གལ་ཏེ་རྒྱུ་རྣམ་དག་མ་ཡིན་པ་ཞིག་ན་དེ་ལས། འབྲས་བུ་དག་ཀྱང་རྣམ་དག་མ་ཡིན་པ་འབྱུང་སྟེ། དཔེར་ན་ལས་འབྲས་མེད་པར་ལྟ་བ་ལོག་ལྟའི་སྟོབས་ལས་བྱུང་བ་ཡི་ལོག་པར་གཡེམས་པ་ལ་སོགས་པའི་མི་དགེ་བ་སྤྱོད་པ་བཞིན་ནོ། །གཉིས་པ། ཚད་མའི་གནོད་པ་ཡོད་པས་ན། །དངོས་པོར་དམིགས་པ་ཡོད་པ་ནི། །སྨིག་རྒྱུ་ལ་སོགས་ཤེས་པ་བཞིན། །ཕྱིན་ཅི་ལོག་པར་ཡོངས་སུ་རྟོག །དེ་ཕྱིར་དེ་མཐུས་བྱུང་བ་ཡི། །ཕ་རོལ་ཕྱིན་པ་སྒྲུབ་པ་ཀུན། །བདག་དང་བདག་གིར་ལོག་པ་ལས། །བྱུང་བ་བཞིན་དུ་སྟོབས་ཆུང་ངོ་། །དངོས་པོར་དམིགས་པ་མེད་པ་ལས། །བྱུང་བ་འབྲས་བུ་ཆེན་པོ་སྟེ། །རྒྱས་པའི་རྒྱུ་ལས་བྱུང་བའི་ཕྱིར། །ས་བོན་གྲུང་པོའི་མྱུག་སོགས་བཞིན། །ཞེས་གསུངས་ཏེ། གོང་དུ་འབྲས་བུ་རྣམ་པར་དག་མི་དག་རྒྱུ་ལ་རག་ལས་པའི་ཚུལ་སྤྱིར་བསྟན་ནས། སྐབས་སུ་བབས་པ་དངོས་པོར་དམིགས་པ་ཅན་གྱི་སྦྱིན་སོགས་ཚོགས་རྣམ་དག་མ་ཡིན་ཞིང་། དངོས་པོར་དམིགས་པ་མེད་པའི་སྦྱིན་སོགས་ལ་སྤྱད་པ་ཚོགས་རྣམ་དག་ཡིན་པར་སྟོན་ལ། དེའང་ཅིའི་ཕྱིར་དངོས་པོར་དམིགས་པས་ཚོགས་མི་དག་སྙམ་ན། འདི་ལྟར་ཡང་དག་པའི་རིགས་པས་དཔྱད་ན། ཚད་མའི་གནོད་པ་ཡོད་པས་ན་དངོས་པོར་ཡོད་པ་མ་ཡིན་ལ། དངོས་པོ་མེད་བཞིན་དུ་དངོས་པོར་དམིགས་པ་ཡོད་པ་ཅན་ནི། ཕྱིན་ཅི་ལོག་གི་རྟོག་པས་བསླད་པ་སྟེ། དཔེར་ན་སྨིག་རྒྱུ་ལ་ཆུར་ཤེས་པ་དང་མགལ་མེ་ལ་འཁོར་ལོར་འཛིན་པ་ལ་སོགས་པའི་ཤེས་པ་བཞིན་དུ་ཡུལ་གྱི་གནས་ཚུལ་ཕྱིན་ཅི་ལོག་པར་ཡོངས་སུ་རྟོག་པ་ཡིན་ནོ། །དེ་ལྟར་དངོས་པོར་འཛིན་པ་ལོག་ཤེས་ཡིན་པ་དེ་ཡི་ཕྱིར་ན། དངོས་འཛིན་གྱི་ལྟ་བ་དེ་ཡི་མཐུ་ལས་བྱུང་བ་ཡི་སྦྱིན་སོགས་ཕ་རོལ་ཕྱིན་པ་སྒྲུབ་པ་ཀུན་ཀྱང་དངོས་པོའི་རང་བཞིན་ལ་སྒྲིབ་པར་བྱེད་པ་ཕྱིན་ཅི་ལོག་གི་རྟོག་པས་བསླད་པས། དཔེར་ན་མུ་སྟེགས་རྣམས་ཀྱིས་བདག་མེད་པ་ལ་བདག་དང་བདག་གིར་བཟུང་སྟེ་ལོག་པར་ཞེན་པའི་འཇིག་ཚོགས་ལྟ་བ་ལ་གནས་བཞིན་པ་ལས་བྱུང་བའི་དཀའ་ཐུབ་ལ་སོགས་པ་རྫོགས་བྱང་གི་ཡན་ལག་ཡང་དག་པའི་ལམ་དུ་མི་རུང་བ་བཞིན་དུ། དངོས་ཞེན་ཅན་གྱིས་ལམ་བསྒྲུབས་པ་འདིའང་ནོར་བའི་བློ་ཡི་དབང་དུ་སོང་ནས་སྟོབས་ཆུང་ངོ་། །དེ་ལས་བཟློག་སྟེ་དངོས་པོར་དམིགས་པ་མེད་པ་ལས་བྱུང་བ་སྦྱིན་སོགས་ནི་མཐར་ཐུག་གི་འབྲས་བུ་ཆེན་པོ་སངས་རྒྱས་ཉིད་སྦྱིན་པར་བྱེད་པ་སྟེ། དངོས་པོའི་ཡིན་ཚུལ་མ་ནོར་བའི་ཡེ་ཤེས་ཀྱི་དབང་དུ་བྱས་པས་ན། འབྲས་བུ་སྨིན་དུ་རུང་བའམ། རྒྱས་པར་བྱེད་པའི་རྒྱུ་རྣམ་དག་ལས་བྱུང་བའི་ཕྱིར། དཔེར་ན་ས་བོན་གྲུང་པོ་སྟེ། སྐྱོན་མ་ཞུགས་པའི་མྱུ་གུ་དང་སྙེ་མ་ལ་སོགས་པ་བཞིན་ནོ། །ཞེས་སོ། །དེ་ལ་བདག་ཏུ་དམིགས་བཞིན་དུ་རྫོགས་བྱང་དོན་གཉེར་གྱི་དགེ་བ་རྣམས་ཀྱང་རྣམ་མཁྱེན་གྱི་རྒྱུར་འགྱུར་བ་སྲིད་ཀྱང་། བརྒྱུད་ནས་འགྱུར་བ་ཙམ་ཡིན་གྱི་དངོས་སུ་ནི་མ་ཡིན་ཏེ། དངོས་སུ་བདག་ལྟ་དང་མ་བྲལ་བཞིན་དུ་ཐར་ལམ་རྣལ་མ་མི་འབྱུང་བ་ཡིན་ལ། དེ་མི་འབྱུང་བའི་གནད་ཀྱང་ཕྱིན་ཅི་ལོག་གི་ལྟ་བས་བསླད་པའི་ཕྱིར་རོ། །དེས་ན་རང་འགྲེལ་ལས། དེ་མ་ཐག་ཏུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་མི་འགྱུར་ཞེས་དེ་མ་ཐག་པའི་དོན་བར་དུ་གཞན་བརྒྱུད་དགོས་པའི་དོན་ཏོ། །དེས་ན་མཆོད་དང་ཕན་གདགས་པར་འདོད་པས་གང་སྦྱིན་པ་དེའང་འཁོར་གསུམ་དག་པར་བྱིན་ན་དེ་ཉིད་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཡི་རང་བའི་གནས་སུ་འགྱུར་ཏེ། ཕྱིན་ཅི་མ་ལོག་པར་ཤེས་ཤིང་ཚུལ་བཞིན་ཞུགས་པ་གཏི་མུག་མེད་པའི་དགེ་བའི་རྩ་བ་ཡིན་པའི་ཕྱིར་རོ། །དེ་ཡང་། ཆོས་ཡང་དག་པར་སྡུད་པ་ལས། བཅོམ་ལྡན་འདས་ཆོས་ཐམས་ཅད་མི་མཐོང་བ་ནི་ཡང་དག་པར་མཐོང་བའོ། །ཞེས་དང་། རྒྱལ་བའི་ཡུམ་སུམ་བརྒྱ་པ་ལས། རབ་འབྱོར་འདི་ཇི་སྙམ་དུ་སེམས། །ཤར་ཕྱོགས་ཀྱི་ནམ་མཁའ་ཚད་གཟུང་བར་སླའམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །ཞེས་བྱ་བ་ནས། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་མི་གནས་པར་ཡོངས་སུ་མི་གནས་པར་སྦྱིན་པ་གཏོང་བ་དེའི་བསོད་ནམས་ཀྱི་ཕུང་པོའང་ཚད་གཟུང་བར་སླ་བ་མ་ཡིན་ནོ། །ཞེས་བྱ་བའི་བར་དུ་གསུངས་སོ། །ཡང་དེ་ཉིད་ལས། རབ་འབྱོར་འདི་ལྟ་སྟེ། དཔེར་ན་མིག་དང་ལྡན་པའི་མི་ཞིག་མུན་པར་ཞུགས་ན་ཅིའང་མི་མཐོང་བ་དེ་བཞིན་དུ་གང་དངོས་པོར་ལྟུངས་པའི་སྦྱིན་པ་ཡོངས་སུ་གཏོང་བའི་བྱང་ཆུབ་སེམས་དཔར་བལྟའོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན་ནམ་ལངས་ཏེ་ཉི་མ་ཤར་ནས་མིག་དང་ལྡན་པའི་མིས་གཟུགས་རྣམ་པ་སྣ་ཚོགས་དག་མཐོང་བ་དེ་བཞིན་དུ་གང་དངོས་པོར་མ་ལྷུངས་པས་སྦྱིན་པ་ཡོངས་སུ་གཏོང་བའི་བྱང་ཆུབ་སེམས་དཔར་བལྟའོ། །ཞེས་གསུངས་སོ། །གཉིས་པ་བདེན་གཉིས་དེ་འདྲ་བའི་ཚུལ་ལ་བསྔགས་པའི་དོན་བསྡུ་བ་ལ། ཚུལ་གཉིས་ཤིང་རྟའི་སྲོལ་རྣམ་པར་གཞག་པ་དང་། དེ་ལ་བསྔགས་པ་གཉིས། དང་པོ་ལ་ཐ་སྙད་ཀྱི་དེ་ཁོ་ན་ཉིད་རྣམ་པར་གཞག་པ་དང་། ཚུལ་གཉིས་ཟུང་དུ་འབྲེལ་བའི་ལམ་རྣམ་པར་གཞག་པ་གཉིས། དང་པོ། རྒྱུ་དང་འབྲས་བུར་གྱུར་པ་ཡང་། །ཤེས་པ་འབའ་ཞིག་ཁོ་ན་སྟེ། །རང་གིས་གྲུབ་པ་གང་ཡིན་པ། །དེ་ནི་ཤེས་པར་གནས་པ་ཡིན། །ཞེས་གསུངས་ཏེ། འོ་ན་དེ་ལྟར་རྒྱུ་དང་འབྲས་བུར་གྱུར་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྣང་ཚུལ་དེ་དག་སེམས་དང་སེམས་བྱུང་ཙམ་གྱི་བདག་ཉིད་ཁོ་ནའམ། ཅི་སྟེ་ཕྱིའི་བདག་ཉིད་ཡིན་ཞེ་ན། །དེ་ལ་སློབ་དཔོན་ལེགས་ལྡན་བྱེད་ལ་སོགས་པ་ནི་ཕྱིའི་བདག་ཉིད་དུ་བཞེད་དེ། མདོ་ལས་སེམས་ཙམ་ཞེས་གསུངས་པ་བྱེད་པ་པོ་དང་ཟ་བ་པོ་དགག་པའི་ཆེད་ཡིན་ནོ། །ཞེས་གསུངས་ཀྱང་། དེ་ལས་གཞན་པ་གཞུང་འདིར་ནི། རྒྱུ་དང་འབྲས་བུར་གྱུར་པ་ཡང་། ཤེས་པ་འབའ་ཞིག་ཁོ་ན་མ་གཏོགས་ཕྱི་རོལ་གྱི་དོན་གུད་ན་མེད་པར་འདོད་པ་སྟེ། ཤེས་པ་རང་གིས་གསལ་པོར་ཉམས་སུ་མྱོངས་པས་གྲུབ་པ་གང་ཡིན་པ་དེ་ནི་ཤེས་པར་གནས་པ་ཡིན་གྱི་གཞན་དུ་མི་འཐད་དོ། །དེ་ལ་གང་སྣང་ཞིང་ཤེས་པ་དེ་དག་ཤེས་པ་རང་གིས་མྱོང་བ་དང་ཐ་མི་དད་ཀྱི། རང་གིས་གསལ་པོར་མྱོངས་བས་གྲུབ་པའི་ངོ་བོ་དེ་སྤངས་ནས། དོན་གཞན་དེ་ཉིད་རྟོག་པའི་ཚུལ་ནམ་ཡང་མི་སྲིད་དེ། གལ་ཏེ་སྲིད་ན་གསལ་རིག་དང་བྲལ་བཞིན་རྟོག་དགོས་ལ། གསལ་རིག་དང་བྲལ་ན་ཤེས་པ་ཉིད་དུ་མི་རུང་ཞིང་། དེ་ལྟ་བས་ན་ཤེས་པ་ནི་མེད་ལ་དོན་གསལ་བ་ནི་ཡོད་པ་ཞིག་མི་རུང་བས། གང་མྱོང་བ་ཐམས་ཅད་ཤེས་པ་ཉིད་ཡིན་པར་གྲུབ་སྟེ། རྨི་ལམ་དང་སྒྱུ་མ་ལ་སོགས་པའི་གཟུགས་བཞིན་ནོ། །གལ་ཏེ་གཟུགས་ལ་སོགས་པའི་ཕྱི་རོལ་གྱི་དོན་རྣམས་རྣམ་ཤེས་ལས་གུད་དུ་ཡོད་པར་ཆུག་ནའང་། མིག་ལ་སོགས་པ་བཞིན་དུ་དུས་མཉམ་པ་དང་མི་མཉམ་པའི་ཚེ་ནའང་འབྲེལ་བའི་རྒྱུ་མེད་པས་མངོན་སུམ་གྱིས་གྲུབ་པར་མི་འགྱུར་རོ། །དེ་བས་ན་སྔོ་སོགས་མྱོང་བ་ནི་ཤེས་པ་དང་ཐ་དད་མ་ཡིན་པའི་ངོ་བོ་མྱོང་སྟེ། རྨི་ལམ་ལ་སོགས་པའི་གཟུགས་མྱོང་བ་བཞིན་ནོ། །གལ་ཏེ་རྣམ་པ་མྱོང་བ་ནི་ཤེས་པ་ཡིན་དགོས་ཀྱང་། རྣམ་པ་དེ་གཏོད་བྱེད་ཀྱི་ཕྱི་དོན་ཡོད་དགོས་པར་རྗེས་སུ་དཔགས་སོ་སྙམ་ན། དེ་ལྟར་ན་ཕྱི་དོན་རྡུལ་ཕྲ་མོ་ལ་སོགས་པ་མེད་པར་ཡང་རྗེས་སུ་དཔགས་པའི་ཕྱིར་དེ་ཡོད་པར་མི་འཐད་དེ། ཡོད་པར་དཔགས་པའི་ལུགས་ལའང་མངོན་སུམ་དུ་ནི་མི་འགྲུབ་པའི་ལྐོག་གྱུར་ལ་རྗེས་དཔགས་ཙམ་ཡིན་ལ། ཕྱི་དོན་མེད་པའི་རྗེས་དཔགས་དང་མངོན་སུམ་མྱོང་བ་སེམས་རང་གིས་གྲུབ་པ་ཙམ་ནི་ཤིན་ཏུ་སྟོབས་དང་ལྡན་པས་ཕྱོགས་གཞན་གྱིས་འཕྲོག་པར་མི་ནུས་སོ། །དེ་ལྟར་བྱས་ན་རྒྱན་སྟུག་པོ་བཀོད་པ་དང་། དགོངས་པ་ངེས་འགྲེལ། ལང་ཀར་གཤེགས་པ་ལ་སོགས་པའི་མདོ་རྣམས་དང་ཡང་མཐུན་པ་ཡིན་ནོ། །དེས་ན་རྗེས་ཐོབ་ཤན་འབྱེད་པའི་ཚེ་དབུ་མ་པ་ལ་ཐ་སྙད་དུ་ཕྱི་དོན་འདོད་པ་དང་མི་འདོད་པ་གཉིས་ལས་མཐའ་གཞན་སེལ་བ་ཡིན་ནོ། །གཉིས་པ། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དངོས་མེད་ཤེས་པར་བྱ། །ཚུལ་འདིར་བརྟེན་ནས་དེ་ལ་ཡང་། །ཤིན་ཏུ་བདག་མེད་ཤེས་པར་བྱ། །ཞེས་གསུངས་ཏེ། སྣང་ཚོད་པ་འདི་ཀུན་སེམས་ཙམ་ལས་ཕྱི་རོལ་དོན་དུ་མེད་པར་ཤེས་པའི་ཚུལ་ལ་ནི་བརྟེན་ནས་སུ། ཕྱི་རོལ་གྱི་དོན་དངོས་མེད་དུ་ཤེས་པར་བྱ་ཞིང་། དེ་ནས་ཚུལ་འདིར་ཇི་སྐད་བཤད་པའི་གཅིག་དང་དུ་མར་བྲལ་བའི་གཏན་ཚིགས་ལ་བརྟེན་ནས་སེམས་དེ་ལ་ཡང་། ཤིན་ཏུ་བདག་མེད་པ་མཐའ་ཐམས་ཅད་སྤངས་པ་སྤྲོས་བྲལ་དབུ་མའི་ཚུལ་ཉིད་དུ་ཤེས་པར་བྱའོ། །དེ་ལྟར་ན་འཇིག་རྟེན་ལས་འདས་པའི་ལེའུ་ལས། ཀྱེ། རྒྱལ་བའི་སྲས་ཁམས་གསུམ་པོ་ནི་སེམས་ཙམ་དུ་རྟོགས་ཏེ། དུས་གསུམ་ཡང་སེམས་དང་མཚུངས་པར་རྟོགས་སོ། །སེམས་དེའང་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་དོ། །ཞེས་བསྟན་པ་འདི་ལེགས་པར་བཤད་པར་འགྱུར་ཏེ། ཕྱོགས་དུས་ཀྱི་སྣང་བ་ཐམས་ཅད་སེམས་སུ་ཤེས་ཤིང་། སེམས་དེའང་སྐྱེ་བ་དང་འཇིག་པའི་མཐའ་དང་། ད་ལྟ་གནས་པའི་མཚན་ཉིད་དབུས་མེད་པར་མཐའ་བྲལ་དུ་ཤེས་པའི་ཕྱིར་རོ། །ཆོས་ཡང་དག་པར་སྡུད་པ་ལས་ཀྱང་། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཀུན་བརྟགས་པའི་སྙིང་པོ་སྟེ། སེམས་ཙམ་དུ་བས་པ། རྫས་མ་མཆིས་པ། སྒྱུ་མ་ལྟ་བུ་རྩ་བ་མ་མཆིས་པའོ། །ཞེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། འདི་ལྟར་སེམས་དེ་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ། །ཞེས་གསུངས་སོ། །གཉིས་པ་དེ་ལ་བསྔགས་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ། ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། །རིགས་པའི་སྲབ་སྐྱོགས་འཇུ་བྱེད་པ། །དེ་དག་དེ་ཕྱིར་ཇི་བཞིན་དོན། །ཐེག་པ་ཆེན་པོ་པ་ཉིད་འཐོབ། །ཅེས་གསུངས་ཏེ། དེ་ལྟར་ཐ་སྙད་སེམས་ཙམ་གྱི་ཚུལ་དང་། དོན་དམ་དབུ་མའི་ཚུལ་ཏེ། ཚུལ་དེ་གཉིས་ཟུང་དུ་འབྲེལ་བའི་ལམ་ཤིང་རྟ་ཆེན་པོ་ལ་ཞོན་ནས་སུ། བདེན་གཉིས་དཔྱོད་པའི་ཚད་མ་ཤེས་རབ་དྲི་མེད་ཀྱི་རིགས་པའི་སྲབ་སྐྱོགས་མི་གཏོང་བར་འཇུ་བར་བྱེད་པ་དེ་དག །རྨད་དུ་བྱུང་བའི་ཚུལ་བཟང་པོ་ལ་གནས་པ་དེ་ཉིད་ཀྱི་ཕྱིར། ཇི་བཞིིན་དོན་དང་ལྡན་པའི་ཐེག་པ་ཆེན་པོ་པ་ཞེས་པའི་མིང་ཉིད་འཐོབ་པ་ཡིན་ནོ། །དེ་ལ་སངས་རྒྱས་ཀྱི་ཐེག་པ་ཆེན་པོ་ནི་གཉིས་ཏེ། ཟབ་པ་དང་རྒྱ་ཆེ་བའོ། །དེ་དག་སྟོན་པར་བྱེད་པའང་དབུ་སེམས་ཀྱི་གཞུང་ལུགས་སྟོན་པར་བྱེད་པའི་བཀའ་རྣམས་སོ། །དེ་དག་གི་དགོངས་པ་འགྲེལ་པའང་ཀླུ་སྒྲུབ་དང་ཐོགས་མེད་དེ་ཤིང་རྟ་རྣམ་པ་གཉིས་ཀྱི་ལམ་སྲོལ་དྲི་མ་མེད་པའོ། །ལམ་དེ་དག་ཀྱང་རང་རང་གིས་གང་འདོད་པ་ཉིད་རྩལ་དུ་བཏོན་ཏེ་ཕྱོགས་བཅད་པ་ལྟ་བུ་ནི་མ་ཡིན་ཏེ། སངས་རྒྱས་ཀྱི་བཀའ་ཟབ་མོའི་ཆ་དང་། རྒྱ་ཆེ་བའི་ཆ་གཉིས་གསལ་བར་བྱས་པ་ཙམ་མོ། །དེས་ན་དེ་དག་གི་དགོངས་པ་ཟུང་གཅིག་ཏུ་ཆུད་ན། བཅོམ་ལྡན་འདས་ཀྱིས་ཐ་སྙད་ཀུན་རྫོབ་བདེན་པའི་རྣམ་གཞག་ཀུན་ཉོན་དང་རྣམ་བྱང་གིས་བསྡུས་པ་ཇི་སྙེད་བཀའ་སྩལ་པའི་མཐར་ཐུག་པ་སེམས་ཙམ་གྱི་ཚུལ་རྟོགས་པ་ལ་རག་ལས་ཤིང་། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་རང་བཞིན་སྤྲོས་བྲལ་ཆེན་པོར་གཏན་ལ་འབེབས་པ་མཐར་ཐུག་དབུ་མ་ལ་ཐུག་པའི་ཕྱིར་ན། ཟབ་པ་དང་རྒྱ་ཆེ་བའི་ཕྱོགས་རིས་སུ་ཆད་པ་མེད་པའི་ཐེག་པ་ཆེན་པོ་ལ་ཞུགས་པ་ཡིན་ནོ། །དེས་ན་ཚུལ་གཉིས་ཤིང་རྟ་ཆེན་པོའི་གཞུང་མཁའ་དང་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བ་ཉིད་ཕྱོགས་རིས་སུ་མ་ཆད་པར་རྫོགས་པར་ཁོང་དུ་བསྐྱིལ་བ་ནི་རྒྱ་གར་དུའང་དཀོན་ན་བོད་དུ་ལྟ་ཅི་སྨོས། དེས་ན་འཕགས་ཡུལ་ཉིད་ན་ཤིང་རྟའི་ལུགས་སྲོལ་སོ་སོ་བ་སྐྱོང་བ་དེའི་ཚེ་ན། སློབ་དཔོན་འདི་ཉིད་ཀྱིས་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་ཐེག་པ་ཆེན་པོའི་ཁྱད་ཆོས་མེད་དུ་མི་རུང་བ་ཡིན་པས་ཚུལ་གཉིས་ཤིང་རྟའི་ལམ་སྲོལ་གཞུང་གཅིག་ཏུ་བསྐྱིལ་བ་འདི་ནི་གཞན་ལས་ཆེས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་བས་ན་ཚུལ་འདི་ལྟ་བུའི་གཞུང་བཟུང་བ་ནི། དཔེར་ན་ཤིང་རྟ་བཟང་པོ་ལ་ཞོན་པ་ལྟ་བུའོ། །དེའང་ཤིང་རྟ་དང་ཇི་ལྟར་འདྲ་ན། སྤྱིར་ཐེག་པ་ནི་བཞོན་པ་དང་འདྲ་སྟེ། དེ་ལ་གནས་ན་རང་འདོད་པའི་འབྲས་བུ་ལ་ཕྱིན་པར་བྱེད་པ་ཡིན་ལ། དེ་ལས་ཐེག་པ་ཆེན་པོ་ནི། ཇི་སྐད་དུ། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། ཞེས་གསུངས་པ་ལྟར། མཁའ་འདྲ་ཟབ་པ་སྟོང་ཉིད་ཉི་ཤུ་དང་། གཞལ་མེད་ཁང་འདྲ་བ་རྒྱ་ཆེ་བའི་བཀོད་པས་མངོན་པར་མཛེས་པ་ནི་ཐེག་པ་ཆེན་པོ་ཞེས་གསུངས་པ་དེ་བཞིན་དུ་འདིར་ཡང་བཞོན་པ་གཞན་ལས་འཕགས་ཤིང་། ཆེན་པོ་ལ་འོས་པ། དཀའ་བ་མེད་པ། འབྱོར་བའི་ཁྱད་པར་དུ་མ་དང་བཅས་ཏེ་འགྲོ་བ་སོགས་ཀྱིས་ཤིང་རྟའི་ཚུལ་དང་འདྲ་བར། ཕྱོགས་རེ་རེ་འཛིན་པ་ལས་འཕགས་ཤིང་། ཟབ་ཅིང་རྒྱ་ཆེ་བ་གཉིས་ཀའི་བློ་ལྡན་ཆེན་པོ་ལ་འོས་པ། བདེན་གཉིས་ཀྱི་དེ་ཁོ་ན་ཉིད་ཟུང་དུ་ཆུད་པས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་དཀའ་བ་མེད་པ། ཐ་སྙད་ཀྱི་ཚད་མ་དང་དོན་དམ་པའི་ཚད་མ་སྟེ་རིགས་པའི་རྣམ་པ་ཚད་མེད་པའི་དགའ་བདེའི་འབྱོར་བ་ཆེན་པོ་དང་བཅས་ཏེ་གནས་པ་སོགས་ཡིན་པའི་ཕྱིར་ན་ཤིང་རྟ་དང་འདྲའོ། །དེ་འདྲ་བའི་གཞུང་ལ་གནས་པའི་ཚེ་ནའང་རིགས་པ་ཚད་མས་གཞུང་གི་དོན་ཉམས་སུ་བསྟར་དགོས་པ་ཡིན་ཏེ། རང་འགྲེལ་ལས། དེ་ལ་ལུང་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔགས་པ་དང་བྲལ་བ་ནི་དད་པས་རྗེས་སུ་འབྲངས་པ་དག་ཀྱང་ཤིན་ཏུ་ཡོངས་སུ་ཚིམ་པར་མི་འགྱུར་ཞེས། གཞུང་དེ་ཉིད་ལ་དད་པས་མི་མོས་པ་དག་ལྟ་ཅི་སྨོས། དད་པའི་སྒོ་ནས་ལུང་དེ་ལ་རྗེས་སུ་ཞུགས་ཀྱང་རིགས་པ་དང་བྲལ་ན་དེའི་དོན་རང་གི་ཉམས་སུ་བསྟར་བའི་ངེས་པ་རྙེད་ནས་ཡོངས་སུ་ཚིམ་པར་མི་འགྱུར་ཏེ། ཟས་དང་རིན་པོ་ཆེ་སྣ་ཚོགས་པ་ཞེན་པས་བཅིངས་ཀྱང་དེ་དག་ལོངས་སྤྱོད་མ་ཤེས་པ་ལྟ་བུའོ། །དེས་ན་ཤིང་རྟ་འདྲེན་པའི་རྟ་དེ་ཉིད་ཁ་ལོ་གང་དུ་སྒྱུར་བ་སྲབ་སྐྱོགས་ལ་རག་ལས་པ་བཞིན་དུ། དངོས་སྟོབས་ཀྱི་རིགས་པས་གང་གྲུབ་པ་དེ་ཉིད་ལས་གཞན་དུ་དྲང་མི་ནུས་པར་ལམ་དེ་དང་དེར་ངེས་ཤེས་ཀྱིས་འཇུག་པས་ན། ཐ་སྙད་དང་དོན་དམ་ལ་དཔྱོད་པའི་རིགས་པའི་སྲབ་སྐྱོགས་གཡས་གཡོན་གཉིས་ལ་འཇུ་བར་བྱེད་པ་དེ་ནི། ཟབ་ཅིང་རྒྱ་ཆེ་བའི་དོན་ལ་ཚད་མ་གཉིས་ཀྱི་ངེས་པས་འཇུག་པ་ཡིན་པས་ཐེག་པ་ཆེན་པོ་པ་ཞེས་པའི་མིང་དོན་དང་ལྡན་པ་ཐོབ་སྟེ། ཐེག་པ་ཆེན་པོ་ནི་ཟབ་ཅིང་རྒྱ་ཆེ་བ་གཉིས་ལྡན་ཡིན་ལ། དེ་ལ་མོས་པ་ཙམ་མིན་པར་ཚད་མ་གཉིས་ཀྱི་སྒོ་ནས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ན། གང་ཐེག་ཆེན་དེ་དང་ལྡན་པ་ལ་བདག་སྒྲ་སྦྱར་ཏེ་ཐེག་ཆེན་པ་ཞེས་སོ། །དེས་ན་འཐད་པ་དང་བྲལ་བའི་ལུགས་ཀྱང་ཞེན་ལྟས་འཛིན་པ་དང་། འཐད་ལྡན་གཞན་གྱི་ལུགས་ལ་སུན་ཅི་ཕྱིན་བྱས་ན་བསྟན་པ་ཉིད་ལ་ཕངས་པའི་སེམས་སུ་མ་བྱས་པར་གྱུར་པས་ན་དངོས་སྟོབས་ཀྱི་རིགས་པ་དྲི་མེད་དང་ལྡན་པའི་སྒོ་ནས་བསྟན་པའི་རྗེས་སུ་ཞུགས་པའི་བློ་ལྡན་རྣམས་ཀྱིས་ནི། བསྟན་པ་ཉིད་ཀྱི་དབང་དུ་བྱས་ཏེ་རྣམ་པར་དཔྱོད་པ་དྲང་པོས་ཚུལ་བཞིན་དཔྱད་པར་བྱ་སྟེ། དེ་ལྟར་ན། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཅེས་པ་ལ་སོགས་པ་བཞིན་ཡིན་ཞིང་ཆོས་སྲུང་བ་དང་གཟུང་བའི་མཆོག་དམ་པར་འགྱུར་རོ། །གཉིས་པ་ཚུལ་གཉིས་ཀྱི་ལམ་དེ་ལ་བསྔགས་པ་ལ། ཀུན་གྱི་ཐུན་མོང་མིན་པའི་ཡོན་ཏན་དང་། དེ་ལ་བརྟེན་ནས་དཀར་ཆོས་གཞན་སྐྱེ་བའི་ཡོན་ཏན་གཉིས། དང་པོ། ཁྱབ་དང་དབང་ལ་སོགས་མ་མྱངས། །དཔག་ཏུ་མེད་པར་གནས་པའི་རྒྱུ། །འཇིག་རྟེན་སྤྱི་བོར་གྱུར་པས་ཀྱང་། །ཤིན་ཏུ་མྱངས་པ་མ་ཡིན་པ། །ཡང་དག་བདུད་རྩི་དག་པ་འདི། །ཐུགས་རྗེ་དག་པའི་རྒྱུ་ཅན་གྱི། །དེ་བཞིན་གཤེགས་པ་མ་གཏོགས་པ། །གཞན་གྱི་ལོངས་སྤྱོད་མ་ཡིན་ནོ། །ཞེས་གསུངས་ཏེ། དེ་ལྟ་བུའི་ཚུལ་གཉིས་པོ་དེ་ནི་གཞན་གྱི་སྤྱོད་ཡུལ་ཐུན་མོང་བ་མ་ཡིན་ཏེ། འདི་ལྟར་འཇིག་རྟེན་ན་ཆེ་ཞིང་བློ་གྲོས་གསལ་བར་གྱུར་པ། ཁྱབ་འཇུག་དང་དབང་ཕྱུག་དང་། ཚངས་པ་དང་སེར་སྐྱ་ལ་སོགས་པས་ཕྱོགས་ཙམ་ཡང་མ་མྱངས་པ་ཡིན་ལ། དེར་མ་ཟད་ཡོན་ཏན་གྱི་མཐའ་བློས་དཔག་ཏུ་མེད་པར་གནས་པར་བྱེད་པའི་རྒྱུ་འདི་ནི། འཇིག་རྟེན་པ་ཀུན་གྱི་སྤྱི་བོར་གྱུར་པ་འཇིག་རྟེན་འདས་པའི་ལམ་ཅན་ཉན་རང་འཕགས་པ་རྣམས་ཀྱིས་ཀྱང་། ཤིན་ཏུ་མྱངས་པ་མ་ཡིན་པ། ཡང་དག་པའི་གནས་ལུགས་མ་ནོར་བ་བདེན་པ་གཉིས་ཀྱི་བདུད་རྩི་སྐྱོན་མཐའ་དག་གིས་དག་པ་འདི་ནི། འགྲོ་བ་ཀུན་ལ་བརྩེ་བའི་ཐུགས་རྗེ་ཆེན་པོ་སྒྲིབ་གཉིས་ཀྱི་དྲི་མས་ཡོངས་སུ་དག་པའི་རྒྱུ་ཅན་གྱི། དེ་བཞིན་གཤེགས་པ་འབའ་ཞིག་མ་གཏོགས་པ། གཞན་གྱི་ལོངས་སྤྱོད་དུ་འགྱུར་བ་མ་ཡིན་ནོ། །ཞེས་སོ། །དེ་ལ་རྣམ་དོར་ཏེ་ཚངས་པ་དང་། ཁྱབ་འཇུག་གམ་ནོར་ལྷའི་བུ་དང་། མིག་མི་བཟང་ངམ་དབང་ཕྱུག་ལ་སོགས་པས་ཚུལ་གཉིས་ཀྱང་བཤད་པའི་ཕྱིར་འདི་དང་འདྲའོ་སྙམ་ན་མ་ཡིན་ཏེ། དེ་དག་གིས་བཤད་པ་ཉི་ཚེ་བའི་སྟོང་པ་ཡིན་པའི་ཕྱིར་རོ། །འདི་ལྟར་རྣམ་འདོར་གྱིས་བཤད་པ་རྣམ་རིག་ཙམ་གྱི་ཚུལ་ནི། བདུད་རྩིའི་ཐིགས་པ་གསང་བ་ལས་བསྟན་པ། རྣམ་རིག་ཙམ་ནི་རྟག་ཏུ་རྣམ་པར་དག །འདི་ལྟར་སངས་རྒྱས་རྟག་ཏུ་གྲོལ་བ་ཡིན། །བླང་དང་དོར་བ་མེད་ཅེས་རབ་བརྟགས་ལ། །ཚངས་པ་མྱ་ངན་མེད་པར་རྟག་གནས་བྱོས། །ཞེས་དོན་གྱི་རྣམ་རིག་ཙམ་གྱི་རང་བཞིན་གྱི་བདག་ཚངས་པ་མྱ་ངན་མེད་པའམ། རྣམ་པར་གྲོལ་བ་རྟག་པའི་འབྲས་བུ་དེ་དོན་དུ་གཉེར་བྱ་ཡིན་ལ། ལམ་ནི། རྣམ་རིག་ཙམ་གྱི་རང་བཞིན་དེ་ནི་རྟག་ཏུ་རང་བཞིན་གྱིས་དག་པ་དང་། མ་རིག་པའི་གཉིད་དང་བྲལ་བའི་སངས་རྒྱས་པ་དང་། འདོད་ཆགས་སོགས་ཀྱི་འཆིང་བ་ལས་གྲོལ་བ་ཡིན་ཏེ། དེ་དག་ནི་དོན་དམ་ཡིན་ལ། མ་རིག་པ་དང་ཆགས་སོགས་གློ་བུར་བ་ཡིན་པའི་ཕྱིར་རོ། །དེས་ན་འདི་ལས་མ་གཏོགས་པའི་བླང་དོར་ཅིའང་མེད་པར་བརྟགས་པའམ་ཤེས་པར་བྱས་ནས་བསྒོམ་པར་བྱའོ། །ཞེས་བཤད་དོ། །གཞན་ཡང་དེའི་ཕྱོགས་སུ་གཏོགས་པ་སེར་སྐྱའི་གཞུང་ནི། ཡོན་ཏན་རྣམས་ཀྱི་རང་བཞིན་མཆོག །མཐོང་བའི་ལམ་དུ་འགྲོར་མ་ཡིན། །མཐོང་བའི་ལམ་དུ་གང་གྱུར་དེ། །སྒྱུ་མ་ལྟ་བུར་ཤིན་ཏུ་གསོག །ཅེས་རྡུལ་མུན་སྙིང་སྟོབས་མཉམ་པའི་གཙོ་བོ་ནི་མིག་སོགས་ཀྱིས་མཐོང་བའི་ལམ་དུ་མི་འགྱུར་བའི་རང་བཞིན་ནམ་གཙོ་བོ་དོན་དམ། མཐོང་བའི་ལམ་དུ་འགྱུར་བའི་གཟུགས་ལ་སོགས་པ་རྣམ་འགྱུར་ཐམས་ཅད་བརྫུན་པ་སྒྱུ་མ་ལྟ་བུའོ། །ཞེས་དང་། བདག་ཤེས་རིག་གི་སྐྱེས་བུ་ཙམ་མཐར་ཐུག་གི་འབྲས་བུར་འདོད་དོ། །གསང་བ་པ་དག་ནི། ཕྱི་ནང་གི་དངོས་པོ་ཐམས་ཅད་ཤེས་པ་རྟག་པ་གཅིག་ཁོ་ནའི་རང་བཞིན་དུ་བལྟ་སྟེ། དེ་དག་གི་གཞུང་ལས། བུམ་པ་ལ་སོགས་ཞིག་པ་ན། །བུམ་པའི་ནམ་མཁའ་ལ་སོགས་པ། །ཇི་ལྟར་ནམ་མཁར་འདུ་འགྱུར་བ། །དེ་བཞིན་སྲོག་ཀྱང་བདག་འདིར་འདུ། །གཟུགས་དང་འབྲས་བུར་རབ་བརྗོད་པ། །དེ་དང་དེར་ནི་ཐ་དད་ཀྱང་། །ནམ་མཁའ་ལ་ནི་ཐ་དད་མེད། །དེ་བཞིན་སྲོག་ཀྱང་ངེས་པ་ཡིན། །ཞེས་པ་ལ་སོགས་པ་ལྟར། །གཟུགས་ཞེས་པ་ཕྱིའི་གཟུགས་ལ་སོགས་པ་དང་། འབྲས་བུ་ནི་ནང་གི་ལུས་ཏེ། དེ་ལྟར་ཕྱི་ནང་གི་སྣང་བ་སྣ་ཚོགས་པ་དག་ཀྱང་ནམ་མཁའི་ངང་དུ་མ་འདུས་པ་མི་སྲིད་ཅིང་། ནམ་མཁའ་ལ་ཐ་དད་མེད་པ་ལྟར། སྲོག་གམ་བདག་ཆེན་པོ་དེའི་ངང་དུ་གཅིག་པར་འདོད་ཅིང་། དག་དང་མ་དག་སྣ་ཚོགས་སུ་སྣང་བ་ནི་མེད་བཞིན་འཁྲུལ་བ་ཐག་པ་ལ་སྦྲུལ་འཛིན་དང་། རྨི་ལམ་ལྟ་བུའོ་ཞེས་ཟེར་ཞིང་། བདག་ནི་བདེན་པར་རྟོག་གྱུར་པས། །གང་ཚེ་ཀུན་ཏུ་མི་རྟོག་པ། །དེ་ཚེ་ཡིད་ནི་མེད་འགྱུར་ཏེ། །གཟུང་བ་མེད་པས་དེ་འཛིན་མེད། །ཅེས་དང་། རིག་བྱེད་མཐའ་ལ་ངེས་རྣམས་ཀྱིས། །རྨི་ལམ་སྒྱུ་མ་ཇི་འདྲ་དང་། །དྲི་ཟའི་གྲོང་ཁྱེར་ཇི་འདྲ་མཐོང་། །དེ་ལྟར་འཇིག་རྟེན་འདི་དག་མཐོང་། །འགོག་པ་མེད་ཅིང་སྐྱེ་བ་མེད། །བཅིང་བ་མེད་ཅིང་སྒྲུབ་པ་མེད། །ཐར་འདོད་མེད་ཅིང་ཐར་པ་མེད། །འདི་ནི་དོན་དམ་ཉིད་ཡིན་ནོ། །ཆགས་དང་འཇིགས་དང་ཁྲོ་བྲལ་བ། །རིག་བྱེད་མཐར་ཕྱིན་ཐུབ་རྣམས་ཀྱིས། །སྤྲོས་པ་ཉེར་ཞི་གཉིས་མེད་པའི། །རྣམ་པར་མི་རྟོག་འདི་མཐོང་ངོ་། །ཞེས་ཟེར་ལ། འདི་དག་ཐམས་ཅད་ནི་མདོར་བསྡུས་ན་རྣམ་པར་རིག་པ་ཙམ་གྱི་རང་བཞིན་གྱི་རྟག་བདག་སྨྲ་བ་ལས་མ་འདས་པས་མི་འཐད་པར་གོང་དུ་བསྟན་ཟིན་ལ། སྒྱུ་མ་ལྟ་བུ་དང་། རྣམ་པར་མི་རྟོག་པ་ལ་སོགས་པ་ཇི་སྐད་བརྗོད་པ་དེ་བདེ་བར་གཤེགས་པའི་གསུང་རབ་སྤྲོས་པའི་དྲི་མ་ཐམས་ཅད་དང་བྲལ་བ་ལ་དེ་ལྟར་འོང་བ་འཐད་ཀྱི། དེ་དག་གི་ལུགས་ལ་དེ་ལྟར་བརྗོད་ཀྱང་རང་གི་གྲུབ་མཐའ་སུན་འབྱིན་པ་ཙམ་དུ་ཟད་དོ། །ཡང་ཁྱབ་འཇུག་གིས་བཤད་པ་དབུ་མའི་ལུགས་ནི། ཞག་ལྔ་པ་ལས། མིང་ཙམ་ལས་ནི་རབ་འདས་ཤིང་། །དངོས་དང་དངོས་མེད་རྣམ་པར་སྤངས། །འབྱུང་དང་བསྡུ་ལས་ངེས་གྲོལ་བ། །དེ་ནི་ནོར་ལྷའི་བུ་ཞེས་བྱ། །དངོས་ལ་དངོས་ཉིད་ཡོད་མ་ཡིན། །དངོས་མེད་ལ་ཡང་དངོས་ཉིད་མེད། །དངོས་དང་དངོས་མེད་རྣམ་གྲོལ་བ། །གང་དེ་ཤེས་དེ་རིག་བྱེད་རིག །ཅེས་རིག་བྱེད་དམ་ཚངས་པའམ་ནོར་ལྷའི་བུ་བདག་དམ་པ་དེ་ནི་ཐ་སྙད་ཀྱི་མིང་ཙམ་ལས་ཀྱང་འདས་ཤིང་། གཟུགས་ལ་སོགས་པའི་དངོས་དང་། དེ་མེད་པའི་དངོས་མེད་གཉིས་ཀ་སྤངས་པ། འབྱུང་བ་སྐྱེ་བ་དང་བསྡུ་བ་སྟེ་འཇིག་པ་ལས་གྲོལ་བའི་རྟག་པ་ཡིན་ནོ། །དེས་ན་ཐ་སྙད་ལས་འདས་པ་དེའི་རང་བཞིན་ལས་མ་གཏོགས་པའི་གཟུགས་ལ་སོགས་པའི་དངོས་པོ་ལ་དངོས་ཉིད་མེད་དེ་དེ་བརྫུན་པའི་ཕྱིར་རོ། །དངོས་པོ་མ་གྲུབ་ན་དེ་ལ་ལྟོས་པའི་དངོས་མེད་ཀྱང་མེད་ལ། དེ་ལྟར་དངོས་དངོས་མེད་གཉིས་དང་བྲལ་བའི་བདག་དམ་པ་དེ་ཤེས་པ་ནི་རིག་བྱེད་དམ་ཚངས་པ་ཤེས་པ་ཡིན་ནོ་ཞེའོ། །ཡང་མིག་མི་བཟང་གིས་བཤད་པ་དབུ་མའི་ཚུལ་ནི། ཞི་བའི་མཛེས་པ་སྦྱར་བའི་གཞུང་གི་ཕ་དང་བུའི་སྦྱར་བ་ལས། བུ་གཅིག་ཚངས་པ་མཆོག་ཏུ་བདེན། །རིག་པའི་དབང་ཕྱུག་མུ་མཐའ་ཡས། །འབའ་ཞིག་ཡོད་པ་ཉིད་སྨྲ་བ། །དེ་ཡང་ཞགས་པར་རབ་ཏུ་བརྗོད། །ཅེས་བུ་གཅིག་ཅེས་བོས་ནས། ཚངས་པ་དེ་ཁོ་ན་མཆོག་ཏུ་བདེན་གྱི་གཞན་ཐམས་ཅད་བརྫུན་པའོ། །གང་དེ་ནི་རིག་པའི་དབང་ཕྱུག་ཡིན་ཅིང་ཐམས་ཅད་ལ་ཁྱབ་པའི་མུ་མཐའ་ཡས་པའོ། །དེ་ལྟ་མོད་ཀྱི་སྐྱེ་བོ་གང་གིས་དེ་འབའ་ཞིག་ཡོད་པ་ཉིད་དུ་སྨྲ་ཞིང་། དེ་ལ་ཇི་ཙམ་ཡོད་དོ་སྙམ་དུ་མངོན་པར་ཞེན་པ་དེ་ཙམ་དུ་དེའང་འཆིང་བའི་རྒྱུ་ཡིན་པའི་ཕྱིར་ཞགས་པ་དང་འདྲ་བས་ཞགས་པར་རབ་ཏུ་བརྗོད་དོ། །ཞེས་སོ། །ལུགས་དེ་དག་ཀྱང་མཐའ་དང་བྲལ་བ་སྐད་དུ་འཆད་ཀྱང་། མཐར་གཏུགས་ན་བདག་གམ་ཚངས་པ་སོགས་བློ་ཡི་གཏད་སོ་ཞིག་ལ་མུ་བརྟེན་ནས་ཡོད་པས་དབུ་མའི་ཚུལ་ག་ལ་ཡིན་ཏེ་རྒྱས་པར་བཀག་ཟིན་ཏོ། །དེས་ན་རྫོགས་པ་ཆེན་པོ་ཤིན་ཏུ་ཟབ་མོའི་མཐར་ཐུག་པ་ཡིན་སླད་རྟོགས་དཀའ་བས་ན། ཐོས་བསམ་གྱི་གནས་ལུགས་ལ་སྒྲོ་འདོགས་ཆོད་པ་མཐར་ཕྱིན་པའམ། ཟབ་མོའི་མན་ངག་གི་གནད་དང་ལྡན་པར་མ་གྱུར་པའི་བླུན་སྒོམ་གྱིས་བསྒོམས་པ་ཕལ་ཆེ་བ་འདི་དང་འདྲ་བར་འགྱུར་ཉེ་སྟེ། ཀ་དག་ལ་ངེས་པ་མ་རྙེད་པར་ཡོད་པའང་མིན་ལ་མེད་པའང་མིན་པའི་གཞི་ཞིག་སྙིང་ལ་བརྣག་པ་ཙམ་གྱིས་ནི་གར་ཡང་མི་ཕྱིན་ཏེ། དེ་འདྲ་བའི་ཡོད་མེད་གཉིས་ཀྱིས་སྟོང་པའི་སྟོང་གཞི་ལོགས་སུ་ངོ་བོས་གྲུབ་པར་བཟུང་ན། དེའི་མིང་ལ་བསམ་མི་ཁྱབ་པའི་བདག་གམ། ཚངས་པའམ། ཁྱབ་འཇུག་གམ། དབང་ཕྱུག་གམ། ཡེ་ཤེས་སོགས་ཇི་བཏགས་ཀྱང་མིང་ཙམ་ལས་དོན་འདྲ་བ་ཡིན་ནོ། །མཐའ་བཞིའི་སྤྲོས་བྲལ་གྱི་གནས་ལུགས་སོ་སོ་རང་གིས་རིག་པར་བྱ་བའི་འོད་གསལ་རྫོགས་པ་ཆེན་པོ་ནི་དེ་འདྲ་བ་ཞིག་ཡིན་ཚོད་མི་གདའ་བས་ཡང་དག་པའི་ལམ་དང་སྟོན་པ་ལ་བརྟེན་པ་གལ་ཆེའོ། །དེས་ན་ཚིག་ཙམ་ལ་སྒྱུ་མ་ལྟ་བུ་དང་། དངོས་པོ་མེད་པ་དང་། སྤྲོས་བྲལ་སོགས་ཟེར་ཡང་། རིགས་པས་དྲངས་པའི་ངེས་ཤེས་ཕུ་ཐག་ཆོད་པའི་སྒོ་ནས་ཉི་ཚེ་བའི་སྟོང་པ་མུ་སྟེགས་རྣམས་ཀྱི་བླ་ན་འཕགས་པའི་དེ་བཞིན་གཤེགས་པའི་སྟོང་པ་ཉིད་ཀྱི་ཚུལ་མ་ཤེས་ན་ཅིའང་མི་ཕན་ལ། ཤེས་ན་སངས་རྒྱས་ཀྱིས་གང་གསུངས་པ་འདི་ནི་ཁྱབ་འཇུག་ལ་སོགས་པ་དེ་དག་གིས་ཅུང་ཟད་ཀྱང་མ་མྱངས་ཏེ། དེ་དག་གིས་རྣམ་རིག་དང་དབུ་མའི་ལུགས་བཤད་པ་ནི་མིང་ཙམ་དུ་ཤེས་པར་འགྱུར་རོ། །དེ་ལྟར་ཕྱི་ནང་གི་གྲུབ་མཐའ་འདི་ཚིག་ཙམ་གྱིས་ཕྱེ་མི་ནུས་པར་ཟབ་མོའི་གནད་གནམ་ས་ལྟར་མི་མཚུངས་པ་ཡོད་པས། ཇོ་བོ་རྗེས་ཀྱང་ཁོང་བོད་དུ་བྱོན་རྗེས་ད་ལྟ་རྒྱ་གར་ན་ཕྱི་ནང་གི་གྲུབ་མཐའ་ཕྱེ་ནུས་པ་དཀའ་གསུངས་པ་ལྟར། བོད་དུའང་བནྡེ་དང་བོན་པོ་ཡང་དེ་དང་འདྲའོ། །དེ་ལྟར་ཕྱི་རོལ་པའི་འདོད་པའི་གཞུང་གི་ཚིགས་བཅད་ཅུང་ཟད་རང་འགྲེལ་ན་བཀོད་པ་ཀ་མ་ལ་ཤཱི་ལའི་དཀའ་འགྲེལ་གྱིས་བཤད་པ་ལྟར་འདིར་མདོར་བསྡུས་སུ་བཀོད་པའོ། །དེ་དག་གིས། ཁྱབ་དང་དབང་ལ་སོགས་མ་མྱངས། །ཞེས་པའི་དོན་བཤད་ཟིན་ཏོ། །དེ་ནས་དཔག་ཏུ་མེད་པར་གནས་པའི་རྒྱུ་ཞེས་པ་ཐ་སྙད་ཀྱིས་དཔག་ཏུ་མེད་པ་སྟེ། ཇི་ལྟར་དཔག་ཏུ་མེད་ན་དེ་བཞིན་གཤེགས་པའི་འོད་ཟེར་གཅིག་དང་། བ་སྤུའི་བུ་ག་གཅིག་ལའང་ཕྱོགས་འདི་ཙམ་ཞེས་པའི་ཚད་དང་། དུས་འདི་ཙམ་དུའོ་ཞེས་པའི་ཚད་གཟུང་མི་ནུས་པ་ཆོས་ཀྱི་དབྱིངས་དང་མཉམ་པར་འཇུག་པའོ། །དེ་ལྟ་བུའི་དཔག་ཏུ་མེད་པའི་ཆོས་ཉིད་དེ་ལྟ་བུ་ལ་གནས་པར་བྱེད་པའི་རྒྱུ་ནི་ཆོས་ཀྱི་དབྱིངས་དང་རྗེས་སུ་མཐུན་པ་བདེན་གཉིས་ཟུང་དུ་འཇུག་པའི་དབུ་མའི་ཚུལ་ལ་གནས་པས་སོ། །དེའང་དཔེར་ན་ཕྱོགས་གཅིག་གི་དབང་དུ་བྱས་ན། དེ་བཞིན་གཤེགས་པ་དུས་དཔག་ཏུ་མེད་པ་འཁོར་བ་ཇི་སྲིད་དུ་བཞུགས་པར་བྱེད་པའི་རྒྱུ་ནི། སྲིད་ཞི་མཉམ་ཉིད་དུ་རྟོགས་པའི་ཤེར་ཕྱིན་འདི་ཡིན་པ་བཞིན་ནོ། །དེས་ན་ཟླ་བའི་འོད་ཟེར་ལྟར་དག་པ་བདག་མེད་པ་གཉིས་ཀྱི་རང་བཞིན་ཉི་ཚེ་བ་མ་ཡིན་པའི་སྟོང་པ་ཉིད་ཀྱི་བདུད་རྩི་འདི་སྔོན་གྱི་ཚེ་སྐྱོབ་པ་བཅོམ་ལྡན་འདས་ཉིད་ཀྱིས་ཤིན་ཏུ་གསོལ་ཏེ། རྒྱུ་དེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཤེས་རབ་དང་ཐུགས་རྗེའི་རྡུལ་ཕྲ་རབ་འདུས་པའི་སྐུ། སྒྲིབ་པ་གཉིས་ཀྱི་ཕུང་པོ་མ་ལུས་པ་དང་བྲལ་བ། སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་འཁོར་བ་ཇི་སྲིད་དུ་བཞུགས་པ་སྟེ། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི །ཆེད་དུ་བྱ་བ་འདི་ཤེས་བྱ། །ཞེས་གསུངས་པ་བཞིན་ནོ། །དེའང་ཉོན་མོངས་པའི་བག་ཆགས་དེ་ལས་ཕྲ་བ་མེད་པའི་མཐར་ཐུག་པ་ལྟ་བུ་མ་རིག་བག་ཆགས་ཀྱི་ས་དང་། ལས་དང་ཕུང་པོ་སྡུག་བསྔལ་གྱི་རྩ་བ་གཏན་ནས་ཡོངས་ཟད་དུ་བྱེད་པ་ལ། ཟག་མེད་ཀྱི་ལས་དང་། ཡིད་ཀྱི་རང་བཞིན་གྱི་ལུས་དང་། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་དག་ཀྱང་ལོག་པས་ཕྱོགས་དུས་མཉམ་པ་ཉིད་ཡེ་ཤེས་ཀྱི་སྐུ་སྐྱེ་འགག་དང་རྟག་མི་རྟག་ཡོད་མེད་ལ་སོགས་པའི་མཐའ་ཐམས་ཅད་སྤངས་པའི་སངས་རྒྱས་འབའ་ཞིག་འགྲུབ་པའོ། །ཅིའི་ཕྱིར་ཡང་དག་པའི་ལམ་ལ་བདུད་རྩི་ཞེས་བརྗོད་སྙམ་ན། གཏན་དུ་འཆི་བ་མེད་པའི་རང་བཞིན་དུ་བྱེད་པས་དེ་སྐད་དུ་བརྗོད་དེ། དེའང་བདུད་རྩི་འབའ་ཞིག་མ་གཏོགས་རྙོག་མའི་བསྲེ་བསླད་མེད་པས་ཡོངས་སུ་དག་པ་ལ་བདུད་རྩི་དག་པ་ཞེས་བྱའོ། །དེ་ལ་ཁ་ཅིག་འདི་སྙམ་དུ། དཔག་ཏུ་མེད་པར་གནས་པའི་རྒྱུ། །ཞེས་པའི་ཚིག་རྐང་འདི། ཡང་དག་བདུད་རྩི་ཞེས་སོགས་ཀྱི་ཚིག་རྐང་འདིའི་གོང་དུ་བཀོད་ན་འགྱུར་མི་བདེའམ་སྙམ་ན། སྔོན་གྱི་ལོ་པཎ་ཆེན་པོ་རྣམས་ནི་བསམ་བཞིན་སྤྲུལ་པའི་གང་ཟག་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཡིན་པས་ཚིག་འདི་དག་གི་གོ་རིམ་ཙམ་ལའང་ནུས་པ་ཞིག་འདོན་རྒྱུ་ཡོད་པས་དེ་ལྟར་བསྒྱུར་བ་སྟེ། དེའང་དུས་ལྟ་བུ་ལ་མཚོན་ན་སངས་རྒྱས་ནི་སྲིད་པ་ཇི་སྲིད་པར་འཁོར་བར་བཞུགས་ལ། ཉན་རང་གིས་དེ་མི་ནུས་ཏེ། མི་ནུས་པའི་རྒྱུ་མཚན་ཡང་སྲིད་ཞི་མཉམ་ཉིད་དུ་རྟོགས་པའི་ཤེས་རབ་མེད་པས་འཁོར་བ་ལ་འཇིགས་པ་དང་། ཞི་བ་ལ་དགའ་བའི་ཡིད་དང་ལྡན་པས་ཡིན་ལ། གཞན་ཡང་བསམ་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་རྫོགས་པར་བརྙེས་མི་ནུས་པ་ཐམས་ཅད་བདེན་གཉིས་ཟུང་འཇུག་དབུ་མའི་ཚུལ་འདི་ལྟ་བུ་མ་ཤེས་པས་ལེན་པ་ཡིན་ནོ། །ཞེས་པ་སོགས་ཀྱི་ཚིག་གི་ནུས་པ་ཁོངས་ནས་འདོན་པའི་ཆེད་ཡིན་ནོ། །དེ་ལྟར་ན་འཇིག་རྟེན་པའི་སྤྱི་བོར་གྱུར་པ་ཉན་རང་དག་གིས་ཀྱང་མ་མྱངས་ན། འཇིག་རྟེན་པ་ཚངས་དབང་ཁྱབ་འཇུག་ལ་སོགས་པས་ལྟ་ཅི་སྨོས་ཞེས། འདིར་ཤིན་ཏུ་རབ་ཏུ་སོགས་བསྔགས་པའི་ཡུལ་ཁོ་ན་ལ་སྦྱོར་དགོས་པ་མ་ཡིན་ཏེ། བརྗོད་བྱ་གང་ལ་སྦྱར་བ་དེ་ཉིད་ལྷག་པར་བརྣན་པའི་དོན་ཡིན་ནོ། །ཐུགས་རྗེ་དག་པ་ཞེས་སོགས་ཀྱི་ཐུགས་རྗེ་ནི་འགྲོ་བ་ཀུན་ལ་བརྩེ་བ་ཆེན་པོས་ཉིད་ཀྱིས་ཇི་ལྟར་གཟིགས་པའི་ལམ་སྟོན་པ་ཡིན་ལ། ཐུགས་རྗེ་ཆེན་པོ་དེའང་གཟིགས་པ་རབ་རིབ་ཀྱི་དྲི་མ་མཐའ་དག་དང་བྲལ་བ་ནི་དག་པའོ། །དེ་ལྟ་བུའི་ཐུགས་རྗེ་ཆེན་པོ་ཡོངས་སུ་དག་པའི་རྒྱུ་སྔོན་དུ་སོང་བ་ཅན་ནམ་འབྲས་བུ་ནི་དེ་བཞིན་གཤེགས་པ་ཡིན་ལ་དེ་ཁོ་ནས་བདེན་གཉིས་ཀྱི་བདུད་རྩི་འདི་གསོལ་ཏོ། །ཞེས་སོ། །དེ་ལ་མཁས་པ་རྣམས་ཀྱིས་གང་བཤད་པ་དངོས་སྟོབས་ཀྱི་རིགས་པ་དང་འབྲེལ་པ་ཁོ་ན་ཡིན་པས། འདིར་ཡང་ཚིག་འདི་ཉིད་ཀྱི་ནུས་པས་དེ་བཞིན་གཤེགས་པ་ཉིད་ཀྱིས་གཞན་ལ་ལམ་སྟོན་པའི་བརྩེ་བ་འདི་དང་། གཟིགས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱིས་བསྟན་པའི་ལམ་དྲི་མ་མེད་པ་འདི་ལྟ་བུ་ནི། བདེན་གཉིས་མ་ནོར་བའི་ཚུལ་ལ་ཡང་དག་པར་ཞུགས་པའི་རྒྱུ་སྔོན་དུ་སོང་བ་ཡིན་པས། ཡང་དག་པའི་ཚུལ་གཉིས་པོ་འདི་སངས་རྒྱས་ཉིད་ལས་གཞན་གྱི་ཡུལ་མིན་པར་འབྲས་བུའི་རྟགས་ཀྱིས་རྗེས་སུ་དཔོགས་པ་ལ་སོགས་པའི་དོན་ཆེས་མང་པོ་ཞིག་བསྟན་པ་ཡིན་མོད་ཀྱི། ཚིག་འདི་རྣམས་སྒྲོམས་ཆེ་བས་ཞིབ་ཏུ་ནུས་པ་བཏོན་ཏེ་བཤད་ན་ཡིག་ཚོགས་ལྕི་བར་འགྱུར་བས་མ་སྨོས་སོ། །གཉིས་པ་ལ། སེམས་ཅན་ལ་སྙིང་རྗེ་དང་། སྟོན་པ་ལ་གུས་པ་སྐྱེ་བའི་ཕན་ཡོན་གཉིས། དང་པོ། དེ་ཕྱིར་ལོག་པར་བསྟན་པ་ཡིན། །གྲུབ་མཐར་འཆེལ་བའི་བློ་ཅན་ལ། །དེ་ལུགས་རྗེས་འཇུག་བློ་ཅན་རྣམས། །སྙིང་རྗེ་ཉིད་ནི་རབ་ཏུ་སྐྱེ། །ཞེས་གསུངས་ཏེ། དེ་ལྟར་དེ་བཞིན་གཤེགས་པ་ལས་གཞན་གྱིས་ལམ་འདི་སྟོན་མི་ནུས་པ་དེ་ཡི་ཕྱིར་ཕྱི་རོལ་པའི་སྟོན་པ་རྣམས་ཀྱིས་ལམ་ཡང་དག་པ་མ་ཡིན་པ་ལོག་པར་བསྟན་པ་ཡི་གྲུབ་མཐར་ཞེན་པའམ་འཆེལ་བའི་བློ་ཅན་རྣམས་ལ། དེ་བཞིན་གཤེགས་པ་དེ་ཡི་ལུགས་དམ་པའི་རྗེས་སུ་འཇུག་པའི་བློ་ཅན་རྣམས་ནི། ཀྱེ་མ་ལམ་འདོད་པ་གང་དག་ལམ་ལོག་པར་གྱུར་པ་འདི་དག་སྙིང་རེ་རྗེ་སྙམ་དུ་སྙིང་རྗེ་ཤུགས་དྲག་པོ་ཉིད་ནི་རབ་ཏུ་སྐྱེ་བ་ཡིན་ནོ། །དེ་ལ་འདི་ལྟར་གཞན་གྱི་ལུགས་ལ་བརྟགས་ན། ཉི་མའི་འོད་ཟེར་ཤིན་ཏུ་རྣོ་བ་དག །ཁ་བའི་དུམ་བུ་ལ་སྒྲིབ་པ་མེད་པར་བབས་པ་བཞིན་དུ། ཕ་རོལ་པོའི་འདོད་པ་གཏིང་མི་ཚུགས་པར་མཐོང་ཞིང་། ལྟ་བ་དེས་དེ་དག་བསླུས་པར་ཤེས་ནས་བརྩེ་བ་འཕེལ་ཞིང་། དེས་མཚོན་ཏེ་རང་གིས་དེ་ཁོ་ན་ཉིད་གཏན་ལ་ཕེབས་པ་ན་གཞན་ཡང་དག་པའི་ལམ་དང་བྲལ་བས་སྲིད་པ་ན་ཡང་ཡང་སྐྱེ་ཞིང་མགོན་མེད་པ་རྣམས་ལའང་སྙིང་རྗེ་ཆེན་པོ་མི་མཐུན་པའི་ཕྱོགས་ཆུང་ངུ་དང་ཡང་མ་འདྲེས་པ་ངང་གིས་སྐྱེ་ཞིང་ཚད་མེད་པར་འཕེལ་བར་འགྱུར་ཏེ། སྙིང་རྗེ་ཆེན་པོའི་རྒྱུ་བདག་གཞན་མཉམ་པ་ཉིད་དུ་རྟོག་ཅིང་གཞན་རྨོངས་པའི་སྡུག་བསྔལ་ལ་གནས་པ་མཐོང་བ་དང་། སྙིང་རྗེའི་གེགས་ཀུན་ནས་མནར་སེམས་པ་སོགས་ཀྱི་གཞིར་གྱུར་པ་བདག་རྟོག་གི་དྲི་མ་བྲལ་བའི་ཕྱིར། རྒྱུ་ཚང་ཞིང་གེགས་མེད་པའི་རིགས་པས་ཀྱང་གྲུབ་བོ། །དེ་ལ་སྙིང་རྗེའི་རིགས་ཀྱི་གཞི་བཟུང་ནས་འགྲོ་བ་རྣམས་ཁུར་དུ་ཁྱེར་བ། རང་དོན་ཡིད་བྱེད་དང་མཚན་མའི་དམིགས་པའི་དྲི་དང་བྲལ་བ་ལ། དེ་བཞིན་གཤེགས་པའི་བསྟན་པ་སྙིང་རྗེའི་རིགས་ཀྱི་ཁྱིམ་ཁས་ལེན་པ། སྐྱེས་བུའི་ལྗིད་ཁྱེར་བ་ཡང་དག་པའི་བརྩེ་བ་ཅན་ཞེས་བྱའོ། །དེ་ལྟར་ན་གཞན་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ལྡན་པ་གང་གིས། སྡུག་བསྔལ་དང་དེའི་རྒྱུ་འཕེལ་བར་མཐོང་ན་སྙིང་རྗེ་ལྷག་པར་འཕེལ་ཏེ་བུད་ཤིང་བསྣན་པའི་མེ་བཞིན་ནོ། །དེ་འང་དོན་དམ་པའི་ཆོས་ལ་སྡང་བ་རྣམས་ནི་སྡུག་བསྔལ་གྱི་རྒྱུའི་མཆོག་ལ་གནས་པ་སྟེ། འདི་ལྟར་ཉ་དང་བྱ་ལ་སོགས་པ་གསོད་པ་སོགས་ནི་བདག་དང་གཞན་གྱི་དགྲ་ཆེན་པོ་མ་ཡིན་ཏེ། དེ་དག་ནི་མ་བསད་ཀྱང་རླུང་གིས་བསྐྱོད་ནས་ཆུའི་ཆུ་བུར་ལྟར་ཤིན་ཏུ་མི་རྟག་པ། བདག་ལ་ཕན་པ་ཅུང་ཟད་ཀྱང་མི་ནུས་པའི་ལུས་རྣག་ཅན། གྲངས་ཡོད་པ་ཞིག་གསོད་པར་ཟད་ལ། དོན་དམ་པའི་ཆོས་ལ་སྡང་བ་དག་ནི། འཁོར་བ་ཇི་སྲིད་བར་བཞུགས་པ། བདག་གཞན་གྱི་དོན་ཕུན་སུམ་ཚོགས་པས་མཛེས་པ། གྲངས་ལས་འདས་པའི་རྒྱལ་བ་དང་འབྲེལ་བའི་ཆོས་ཀྱི་སྐུ་ལ་གནོད་པ་སྟེ། ཆོས་སྐུ་དེའི་ས་བོན་དེ་ཁོ་ན་ཉིད་ལ་མོས་པ་ལ་གནོད་པར་ཞུགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དམ་པའི་ཆོས་སྤངས་པའི་རྣམ་སྨིན་ཤིན་ཏུ་མི་བཟད་པ་རྣམ་པ་མང་དུ་མདོ་སྡེ་ལས་བརྗོད་དོ། །དེ་སྐད་དུའང་སློབ་དཔོན་ཀླུས། ཤིན་ཏུ་རྒྱ་ཆེ་རབ་ཟབ་ལ། །སྒྱིད་ལུག་ཤིན་ཏུ་མ་སྦྱངས་པ། །བདག་གཞན་དགྲ་དག་གཏི་མུག་གིས། །ད་ལྟར་ཐེག་པ་ཆེ་ལ་སྨོད། །ཅེས་གསུངས་པ་ལ་སོགས་པ་བཞིན་ནོ། །དེས་ན་རིགས་དང་བློ་མ་སྦྱངས་པའི་གང་ཟག་རྣམས་ཇི་ལྟ་ཇི་ལྟར་ཟབ་པའི་ཐེག་པ་ཆེན་པོ་ལ་དེ་ལྟ་དེ་ལྟར་སྐྲག་ཅིང་སྨོད་པ་ཡིན་ཏེ། མདོ་ལས། རང་ཉིད་ཀྱི་ཉམས་དང་སྦྱར་བའི་ཤེར་ཕྱིན་ལྟར་སྣང་ལ་བརྟེན་ནས། ཟབ་ཅིང་དཔགས་པར་དཀའ་བའི་ཤེར་ཕྱིན་ལ་འདི་སངས་རྒྱས་ཀྱི་བསྟན་པ་མིན་ནོ་ཞེས་སོགས་སུན་འབྱིན་པ་མང་དུ་འབྱུང་བར་གསུངས་ལ། མདོ་སྡེ་རྒྱན་ལས། དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན། །གྲོགས་པོ་དམན་པ་དག་གིས་ཡོངས་བསྐོར་བ། །ཟབ་ཅིང་རྒྱ་ཆེ་ལེགས་པར་བཤད་པའི་ཆོས། །འདི་ལ་གལ་ཏེ་མོས་མེད་གྲུབ་པ་ཡིན། །ཞེས་གསུངས་པ་ལྟར་ཟབ་པའི་རྒྱུ་མཚན་ཉིད་ཀྱིས་བློ་ཡུལ་དུ་མ་གྱུར་ནས་ཐེག་ཆེན་ལ་སྡང་བ་རྣམས་ལ་སྙིང་རྗེ་ཆེན་པོས་རྗེས་སུ་བཟུང་བའི་ཐབས་མི་འདོར་བར་བྱའོ། གཉིས་པ། བློ་ནོར་ལྡན་པས་ལུགས་གཞན་ལ། །ཇི་ལྟར་སྙིང་པོ་མེད་མཐོང་བ། །དེ་ལྟར་དེ་དག་སྐྱོབ་པ་ལ། །གུས་པ་ཤིན་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་ཏེ། འཕགས་ནོར་གྱི་ཕུལ་དུ་གྱུར་པ་བློ་ཤེས་རབ་ཀྱི་ནོར་དང་ལྡན་པས་བསྟན་པ་འདི་ལས་ཕྱི་རོལ་ཏུ་གྱུར་པའི་ལུགས་གཞན་ལ་ཇི་ལྟར་སྙིང་པོ་མེད་པ་མཐོང་བ་དེ་ལྟར་བློ་ལྡན་སྐལ་བཟང་དེ་དག །ལམ་འདི་ནི་བཅོམ་ལྡན་འདས་ཁོ་ནས་བསྟན་ཏོ་སྙམ་དུ། བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱོབ་པ་ཉིད་ལ། གུས་པ་ཤིིན་ཏུ་སྐྱེ་བར་འགྱུར་ཏེ། ཚ་བས་ཇི་ལྟ་ཇི་ལྟར་གདུང་བ་དེ་ཙམ་དུ་བསིལ་བའི་ཆུ་ལ་དགའ་བ་འཕེལ་བ་བཞིན་ནོ། །དེའང་འདི་ལྟར་གཞན་གྱི་ལུགས་ནི་རིགས་ངན་བླུན་པོའི་སྐྱེ་བོ་ལའང་གྲགས་པའི་ཡུལ་རགས་པ་ལའང་འཁྲུལ་པར་མཐོང་ལ། དེ་བཞིན་གཤེགས་པའི་གསུང་རབ་ཐོག་མ་དང་བར་དང་ཐ་མར་དགེ་བ། གསེར་བཟང་པོ་ལྟ་བུར་བསྲེགས་པ་དང་བཅད་པ་དང་བདར་བ་དང་འདྲ་བའི་མངོན་སུམ་དང་རྗེས་དཔགས་དང་། རང་གི་ཚིག་རྣམས་ཀྱིས་གནོད་པར་མ་གྱུར་པའི་དཔྱད་གསུམ་གྱིས་དག་པ་དེ་ནི་ཤིན་ཏུ་ཐིབ་པོ་དང་ལྡན་པའི་འཁོར་བ་ན་མ་འདྲེས་པའི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་ལ་ཅུང་ཟད་ཀྱང་འཁྲུགས་པའམ་རྙོག་པ་མེད་པར་མཐོང་ནས། མི་དང་ལྷ་ཡུལ་བའི་གཙོ་བོ་མཐའ་དག་གི་ཅོད་པན་གྱི་ཕྲེང་བས། ཞབས་པདྨ་གཉིས་མཛེས་པར་བྱས་པ་དང་ལྡན་པའི་འཇིག་རྟེན་གྱི་བླ་མ་སངས་རྒྱས་བཅོམ་ལྡན་འདས་ལ་བདག་ཤེས་པ་སུ་ཞིག་དོན་དམ་པར་མངོན་པར་མ་ཞེན་པའི་ཚུལ་གྱིས་སྒྲུབ་པ་སྙིང་པོར་བྱེད་པའི་དད་པ་ཅི་ཕྱིར་མི་བསྐྱེད་དེ་བསྐྱེད་པར་རིགས་སོ། །དེ་ལྟར་ན་ཡང་དག་པའི་ལྟ་བ་དེ་ལས་སེམས་ཅན་ལ་སྙིང་རྗེ་སྐྱེ་ཞིང་། སྙིང་རྗེ་དེ་ལའང་སེམས་ཅན་ཙམ་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའི་སྙིང་རྗེ་གསུམ་གྱི་ནང་ནས་གཙོ་བོར་གྱུར་པ་དམིགས་པ་མེད་པའི་སྙིང་རྗེ་འབྱུང་བ་ཡིན་ཞིང་། ལམ་དེ་ཉིད་སྟོན་པའི་སངས་རྒྱས་ལ་གུས་པ་སྐྱེས་པ་དེ་ལའང་། དང་འདོད་ཡིད་ཆེས་གསུམ་ཡོད་པའི་ནང་ནས་རྒྱལ་པོ་ལྟ་བུ་ཡིད་ཆེས་ཀྱི་དད་པ་སྐྱེ་བས་གཞན་གཉིས་ཀྱང་འཁོར་གྱི་ཚུལ་དུ་འབྱུང་ངོ་། །མི་ལྡོག་པའི་དད་པ་ནི་ཡིད་ཆེས་པ་མི་མཐུན་ཕྱོགས་ཀྱིས་འཕྲོག་མི་ནུས་པའི་ཁྱད་པར་ཙམ་ཡིན་ནོ། །དེ་ལྟར་ན་དཀར་པོའི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་དད་པ་དང་སྙིང་རྗེ་ཡིན་པས། དེ་རེ་རེ་ཡོད་ན་རྣམ་བྱང་གི་ཆོས་ཐམས་ཅད་ཀྱང་འབྱུང་བར་གསུངས་པ་ཡིན་ཏེ། ཤེས་བྱ་སྲིད་ཞི་གཉིས་ལ་དམིགས་པའི་བློ་ཡིན་ནོ་ཅོག་གི་ནང་ན། སྲིད་པ་ལ་དམིགས་པ་ལ་སྙིང་རྗེ་ལས་བཟང་བ་གཞན་མེད་ཅིང་། ཞི་བ་ལ་དམིགས་པའི་བློ་ལ་དད་པ་ལས་བཟང་བ་མེད་ལ། དེ་གཉིས་ཡོད་པར་གྱུར་ན། དེ་གཉིས་ཟུང་དུ་འབྲེལ་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འབྱུང་སྟེ། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་གཅིག་མ་ཞེས་གྲགས་པ་ཡིན་ནོ། །དེ་ལྟ་བུའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད་ནི། དོན་དམ་བྱང་ཆུབ་ཀྱི་སེམས་མཚན་ཉིད་པ་རྟོགས་པའི་གང་ཟག་ལ་ནམ་ཡང་འབྲལ་མི་ཤེས་སུ་འབྱུང་སྟེ། དེས་དངོས་པོའི་གནས་ཚུལ་མ་ནོར་བ་མཐོང་བ་ན། རང་དོན་ཡིད་བྱེད་ཀྱི་དྲི་མ་དང་བྲལ་ཏེ། གནས་ཚུལ་ལ་རྨོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་གནས་ལུགས་མངོན་སུམ་མཛད་པའི་སངས་རྒྱས་འཐོབ་འདོད་ཀྱི་བསམ་པ་ནམ་ཡང་ལྡོག་པ་མི་སྲིད་ལ། དོན་དམ་པར་ནི་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་པོ་ངོ་བོ་འདུ་འབྲལ་མེད་པར་གནས་པ་ཉིད་གཏན་ལ་འབེབས་པ་ནི་སྔགས་ཀྱི་རྒྱུད་སྡེ་རྣམས་ནས་འབྱུང་ངོ་། །དེ་ལྟར་ན་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པས་ས་དང་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ། རང་དོན་དུ་ཆོས་ཀྱི་སྐུ་དང་། གཞན་དོན་དུ་གཟུགས་ཀྱི་སྐུ་སྟེ། སྐུ་གཉིས་ཟུང་དུ་འཇུག་པ་བརྙེས་ནས། ནམ་མཁའ་ཇི་སྲིད་དུ་ཕྲིན་ལས་རྒྱུན་མི་འཆད་པ་འབད་རྩོལ་མེད་བཞིན་པར་ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་བཞིན་དུ་འགྲོ་བ་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་དགོས་པ་ཡིད་བཞིན་དུ་སྩོལ་བ་ཡིན་ནོ། །དེའང་སྐུ་གཉིས་པོ་གཙོ་ཆེ་ཆུང་གི་སྒོ་ནས་རང་དོན་གཞན་དོན་ཞེས་བཞག་ཀྱང་། དོན་དུ་ངོ་བོ་ཟུང་འཇུག་འབྲལ་མི་ཤེས་པའི་ཡེ་ཤེས་ཀྱི་སྐུ་ཡིན་ནོ། །དེའང་རང་འགྲེལ་ལས། ཡང་དག་ཤེས་ཚོལ་སྔོན་བཏང་སྟེ། །དོན་དམ་རྣམ་པར་ངེས་གྱུར་ནས། །ལྟ་ངན་ཐིབ་གནས་འཇིག་རྟེན་ལ། །སྙིང་རྗེ་ཀུན་ཏུ་བསྐྱེད་ནས་སུ། །འགྲོ་དོན་བྱེད་པར་དཔའ་གྱུར་པ། །བྱང་ཆུབ་བློ་རྒྱས་མཁས་པ་ནི། །བློ་དང་སྙིང་རྗེས་བརྒྱན་པ་ཡིས། །ཐུབ་པའི་བརྟུལ་ཞུགས་ཡང་དག་སྤྱོད། །ཅེས་སྔོན་དུ་དེ་ཁོ་ན་ཉིད་གཏན་ལ་ཕེབས་ནས་དེས་སྙིང་རྗེ་ཆེན་པོ་དྲངས་ཏེ་རྫོགས་བྱང་ལ་འཇུག་པ་དང་། ཡང་། གང་དག་དད་པས་རྗེས་འབྲང་བ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས། །ཐུབ་པའི་བརྟུལ་ཞུགས་མངོན་བྱས་ཏེ། །དེ་ནི་ཡང་དག་ཤེས་ཚོལ་བརྩོན། །ཞེས་གསུངས་པ་ལྟར་སྔོན་དུ་སྙིང་རྗེས་དྲངས་པས་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། བྱང་ཆུབ་དོན་གཉེར་ལ་མེད་དུ་མི་རུང་བ་ཡང་དག་པའི་དེ་ཁོ་ན་ཉིད་ཚོལ་བར་ཞུགས་པའི་ཚུལ་གཉིས་ཡོད་ལ། གང་ལྟར་ཡང་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ནི་དངོས་པོའི་ཆོས་ཉིད་ཀྱིས་ཕན་ཚུན་གཅིག་གྲོགས་སུ་གཅིག་འོང་ཞིང་མི་འབྲལ་བ་ཡིན་ནོ། །བ ཞི་པ་མཇུག་དོན་ལ། སློབ་དཔོན་གང་གིས་མཛད་པའི་མཛད་བྱང་དང་། ལོ་པཎ་གང་གིས་བསྒྱུར་བའི་འགྱུར་བྱང་གཉིས། དང་པོ། དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ། སློབ་དཔོན་ཞི་བ་འཚོ་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། འཕགས་པ་ངག་གི་དབང་ཕྱུག་གི་ཞབས་ཀྱི་པདྨ་རྙོག་པ་མེད་པའི་ཟེའུ་འབྲུ་སྤྱི་བོས་ལེན་པས་མཛད་པ། ཞེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གྲུབ་པའི་མཐའ་དང་། དེས་མཚོན་ཏེ་རིག་བྱེད་ཀྱི་གནས་རྒྱ་མཚོ་ལྟ་བུ་ཚད་མེད་པ་དག་ལ་ལྷག་མ་ཅུང་ཟད་ཀྱང་མེད་པར་མཁྱེན་པ་དང་། རྗེ་བཙུན་འཇམ་པའི་དབྱངས་དངོས་ལས་ཆོས་གསན་པར་བསྟན་པའོ། །རྫོགས་སོ་ཞེས་པ་གཞུང་མ་ཚང་བ་མེད་པའི་དོན་ཏོ། །གཉིས་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་སྟེ་ལྷ་དབང་བྱང་ཆུབ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་ཚིག་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་ཞིང་། སླར་ཡང་ཚིག་དོན་གྱི་ཆ་ལ་དག་ཐེར་མཛད་ནས་ཞུས་ཏེ་འཆད་ཉན་གྱི་སྒོ་ནས་གཏན་ལ་ཕབ་པའོ། །ཞེས་སོ། །འདི་ལ་རྗེ་ཙོང་ཁ་པས་ཚིགས་བཅད་ལྷུག་གཉིས་ཀ་རྩ་བར་བཞེད་པ་ནི། འགྲེལ་པ་འདིའང་ཤིང་རྟ་ཆེན་པོ་རང་གི་གསུང་ཤིན་ཏུ་དོན་གྱི་མྱང་བྱ་ཕུལ་དུ་བྱུང་བ་ཞིག་ཡོད་པས་རྩ་འགྲེལ་ལྷན་དུ་འཆད་ཉན་བྱུང་ན་ལེགས་པས་རྩ་བ་ཡིན་ནོ་ཞེས་གསུངས་ནའང་དོན་གྱི་འགལ་བ་མེད་པ་སོགས་བདག་ཉིད་ཆེན་པོ་དེས་བསྟན་པ་ཐུགས་ལ་གཞག་པའི་དགོས་པ་ཁྱད་པར་བ་ཡོད་པར་གདོན་མི་ཟ་ཡང་། སྤྱིར་ནི་དོན་རེས་འགའ་ཚིགས་བཅད་ཀྱིས་བསྟན་པའམ། རེས་འགའ་ཚིག་ལྷུག་པས་བསྟན་པ་ལྟ་བུའི་སྤེལ་མ་མ་ཡིན་པར། རྩ་བ་ཚིགས་བཅད་ཀྱི་དོན་དེ་སླར་ཡང་འགྲེལ་པས་བཀྲོལ་ཏེ་བཤད་པ་ཁོ་ན་ཡིན་པ་འདི་ལྟར་ལགས་སོ། །དེས་ན་འདིར་རང་འགྲེལ་ཉིད་འགྲེལ་པའི་ལུགས་སུ་བྱས་ན་ཚིག་ཤིན་ཏུ་མང་བས་གཞན་དག་འཇུག་དཀའ་བའི་ཕྱིར་འགྲེལ་པའི་ཚིག་འབྲུ་གཉེར་བ་མ་ཡིན་ཀྱང་། དོན་དུ་འགྲེལ་བའི་གནད་ཀུན་གསལ་པོར་བཀྲོལ་ཡོད་པས། འདི་ལ་བརྟེན་ཏེ་འགྲེལ་པ་ཉིད་ཀྱི་ཚིག་གི་ནུས་པ་རྣམས་ཀྱང་མྱོང་ནུས་པས། སླར་ཡང་རང་འགྲེལ་དང་དཀའ་འགྲེལ་གཉིས་ལའང་བལྟ་བར་བྱས་ན་ལེགས་སོ། །ད་ནི་གོང་གི་ས་བཅད་གཉིས་པ་ནི། དེ་ལྟར་ཡོན་ཏན་གྱི་ཁྱད་པར་དུ་མས་འཕགས་པའི་གཞུང་འདི་ཆོས་ཅན། རྣམ་པར་འགྲེལ་ཞིང་བཤད་པ་ལ་དགོས་པ་ཡོད་དེ། ཐུན་མོང་དང་ཐུན་མོང་མིན་པའི་ཕན་ཡོན་གྱི་ཁྱད་པར་འཐོབ་པའི་ཕྱིར། དཔེར་ན་ཡིད་བཞིན་གྱི་ནོར་བུ་བྱི་དོར་བྱས་པ་བཞིན་ནོ། །དེ་ལ་ཐུན་མོང་དུ་འདི་ལྟར་སངས་རྒྱས་ཀྱི་བཀའི་དགོངས་པ་དྲི་མ་མེད་པ་དེ་དག་རིགས་པའི་ལམ་ནས་དྲངས་ཏེ་ངེས་པ་སྐྱེ་བའི་ཚུལ་འདི་ལྟ་བུས་བཟུང་ན། ཚུལ་གཉིས་ཀྱིས་བསྡུས་པའི་ཐེག་པ་ཆེན་པོ་མཐའ་དག་བཟུང་བའི་ཕན་ཡོན་ལ་རེ་བ་ཡང་དག་བྱར་ཡོད་དེ། ཆོས་གཟུང་བའི་མཆོག་ནི་རྟོགས་པའི་ཆོས་ཡིན་ལ། དེ་འཛིན་པ་ནི་ཇི་ལྟ་བ་བཞིན་དུ་རང་གིས་རྟོགས་ནས་ཉམས་སུ་ལེན་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ལྟར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ཕྱིན་ཅི་ལོག་ཏུ་རྟོག་པ་ཐམས་ཅད་རིགས་པ་དྲི་མ་མེད་པས་བསལ་ནས། རང་གིས་རྟོགས་པ་ལྟར་གཞན་ལ་སྟོན་པར་བྱེད་པ་དེའི་ཕན་ཡོན་ཀྱང་། ཏིང་འཛིན་རྒྱལ་པོ་ལས། ཏིང་འཛིན་འདི་ནི་སུ་དག་སྟོན་བྱེད་པ། །དེ་ནི་ནམ་ཡང་བྱང་ཆུབ་ཐེ་ཚོམ་མེད། །བསོད་ནམས་ཕུང་པོ་མཆོག་དང་གང་ལྡན་ཞིང་། །གང་ལ་ཚད་མེད་བསམ་གྱིས་མི་ཁྱབ་པ། །འཇིག་རྟེན་སློབ་དཔོན་སངས་རྒྱས་རྣམ་པར་འདྲེན། །རང་བྱུང་ཐུགས་རྗེ་ཆེན་པོ་མ་གཏོགས་པ། །དེ་ཡི་འོག་ཏུ་སེམས་ཅན་སུ་དག་ཀྱང་། །སྟོང་ཆེན་འདི་ན་བསོད་ནམས་ཕུང་པོ་དང་། །མཚུངས་མེད་བསམ་གྱིས་མི་ཁྱབ་ཡེ་ཤེས་ཀྱིས། །མཉམ་པར་གྱུར་པ་ནམ་ཡང་ཡོད་མེད་དོ། །ཞེས་པ་ལ་སོགས་པས་མཚོན་ཏེ་ཤེས་པར་བྱའོ། །ཐུན་མོང་མ་ཡིན་པའི་དབང་དུ་ན། རྗེ་བཙུན་འཇམ་པའི་དབྱངས་དང་ངོ་བོ་ཐ་མི་དད་པའི་ཤིང་རྟ་ཆེན་པོ་འདིས། སུས་ཀྱང་གདུལ་བར་དཀའ་བའི་རང་རེ་བོད་ཡུལ་རྒྱལ་བསྟན་གྱི་སྣང་བ་དཀར་པོས་ཁྱབ་པར་མཛད་པའི་སྨོན་ལམ་དང་། ཐུགས་རྗེའི་རྟེན་འབྲེལ་གྱིས་རང་ཅག་རྣམས་ལ་ལྷག་པར་བྱིན་རླབས་འཇུག་པ་དང་། ཁྱད་པར་དུ་གཞུང་ཚིག་ཚོགས་ཉུང་ཡང་རིགས་པ་རྣོ་ལ་ཆོད་ཆེ་བ་ཕྱོགས་གཅིག་ཏུ་སྣང་བ་འདི་འདྲ་རྒྱ་གཞུང་གཞན་ནའང་དཀོན་པར་འདུག་པ་ནི་མང་དུ་བརྗོད་པས་ཅི་བྱ་སྟེ། གསེར་གྱི་མདངས་དང་བུ་རམ་གྱི་རོ་བཞིན་དུ་གཞུང་མང་ཐོས་ཟབ་རྒྱས་ཀྱི་བློ་ཅན་རྣམས་ལ་མངོན་སུམ་གྲུབ་པ་འདི་ལྟར་ལགས་པས་བློ་གྲོས་ཀྱི་སྒོ་མྱུར་དུ་འབྱེད་པའི་ཕྱིར་དང་། མགོན་པོ་དེའི་བཀའ་དྲིན་རྗེས་སུ་དྲན་ནས་དྲིན་གཟོ་བ་ལ་སོགས་པའི་དགོས་པའང་ཡོད་དོ། །དེ་སྐད་དུའང་དཔལ་ས་སྐྱ་པཎྜི་ཏས། སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་སཾ་བྷ་ཝ། །བློ་གསལ་དབང་པོ་པདྨའི་ངང་ཚུལ་སོགས། །སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །ཞེས་དང་། རྗེ་ཙོང་ཁ་བ་ཆེན་པོས། འཇམ་དཔལ་དབྱངས་ཀྱིས་རྗེས་བཟུང་བས། །རང་གཞན་གྲུབ་མཐའི་ཕ་རོལ་སོན། །ཟབ་མོའི་དོན་ལ་མངའ་བརྙེས་པ། །དཔལ་ལྡན་ཞི་བ་འཚོ་ལ་འདུད། །མགོན་དེས་གངས་ཅན་ཁྲོད་འདིར་རྒྱལ་བའི་བསྟན། །ཐོག་མར་ལེགས་པར་བཙུགས་ཚེ་ཀླུ་སྒྲུབ་ལུགས། །ཕྱོགས་འདིར་དར་བའི་རྟེན་འབྲེལ་ལེགས་བསྒྲིགས་པས། །ད་དུང་དུ་ཡང་ཟབ་མོ་དབུ་མ་ལ། །མོས་པའི་ཕྱོགས་འཛིན་རྒྱུན་མི་ཆད་པར་བྱུང་། །དེ་ཕྱིར་མཁས་པའི་དབང་པོ་དེ་ཡི་གཞུང་། །བདག་ཅག་རྣམས་ཀྱིས་མི་ཉམས་སྤེལ་བ་ནི། །བཀའ་དྲིན་གཟོ་བའི་མཆོད་པ་བླ་མེད་ཡིན། །རྣམ་དཔྱོད་ནམ་མཁའི་ཁྱོན་ལྟར་མཐའ་ཡས་ཤིང་། །དམིགས་མེད་བརྩེ་བའི་སྟོབས་ནི་ཤུགས་དྲག་པས། །ཡོངས་སུ་དྲངས་པའི་གཞུང་མཆོག་དབུ་མའི་རྒྱན། །འདི་ཡི་རིགས་པའི་དགའ་སྟོན་མྱངས་པ་ན། །སྐྱེ་བ་མང་པོར་རིགས་པའི་ལམ་དུ་ནི། །ངལ་བ་མང་བྱས་སྒྲུབ་དང་སུན་འབྱིན་ལ། །ལེགས་པར་བྱང་བའི་རྒོལ་བ་མཁས་མང་གི །གཙུག་ན་གཙུག་རྒྱན་ནོར་བུ་ལྟར་མཐོ་བས། །སྨྲ་བ་ངན་པའི་ཚོགས་རྣམས་མཐར་མཛད་པ། །འཕགས་པའི་ཡུལ་ནའང་ཆེས་དཀོན་འདི་འདྲ་ནི། །བོད་ཀྱི་རྗེ་རྒྱལ་བཙན་པོས་སྤྱན་འདྲོངས་པ། །ཨེ་མ་བདག་ཅག་བོད་འབངས་སྐལ་བཟང་ཞེས། །ཡིད་ནི་རྨད་བྱུང་བདེ་ལ་རོལ་པ་ཡིས། །ཡོངས་སུ་བསྐྱོད་པས་གཞན་གྱི་དབང་གྱུར་པས། །ཞེས་སོགས་བསྔགས་པ་རྣམས་ནི་བསྔགས་པའི་ཡུལ་མཆོག་གི་ཡོན་ཏན་མཁྱེན་པ་ནི་བསྔགས་པ་པོ་རང་ཉིད་རྣམ་ཐར་མཆོག་ལ་གནས་པའི་འབྲས་རྟགས་ཡིན་ཏེ། རིན་པོ་ཆེའི་རིན་ཐང་ནི་འབྱོར་ལྡན་ཤེས་རབ་དང་ལྡན་པ་འབའ་ཞིག་གིས་ཤེས་པ་བཞིན་ནོ། །གཞན་ཡང་བཀའ་ཆེམས་ཀྱི་ཡི་གེ་རྙིང་པ་རྣམས་ནས་མཁན་ཆེན་གྱི་ལུགས་ལ་ཡིད་ཆེས་ཤིང་འཛིན་པ་ཡོད་པ་དེ་སྲིད་དུ་གངས་ཅན་ན་བསྟན་པའི་སྣང་བ་མི་ནུབ་པར་གསུངས་པ་དང་། མཁྱེན་བརྩེ་ནུས་པའི་བདག་ཉིད་མཁན་ཆེན་བྱང་ཆུབ་སེམས་དཔའ་རང་ཉིད་ཀྱི་ཞལ་གདམས་མཆོག་གླིང་གཏེར་བྱོན་ལས་ཀྱང་། སྟོན་པའི་བསྟན་པ་རིན་ཆེན་འདི༔ གངས་ཅན་ལྗོངས་སུ་ངས་གསལ་བས༔ བདག་གི་རྗེས་སུ་ཞུགས་ནས་ཀྱང༔ སྟོན་པའི་བསྟན་པ་མཆོག་ཏུ་ཟུངས༔ ལྷ་ཅིག་ཁྲི་སྲོང་ལྡེའུ་བཙན་དང༔ རྗེ་བཙུན་པདྨ་སཾ་བྷ་ཝ༔ ཁོ་བོ་བོ་དྷི་སཏྭ་ཡིས༔ བཀའ་ཁྲིམས་བཅས་པ་ཇི་བཞིན་དུ༔ ཚེ་དང་ལྡན་རྣམས་བྱ་དགོས་སོ༔ རྒྱལ་བའི་བསྟན་པ་ཉམས་དམའ་ཞིང ༔ ཚེ་དང་ལྡན་པ་ཉམ་ཐག་ན༔ སྟོན་པའི་ཐུགས་རྗེ་བསྐུལ་བར་གྱིས༔ ང་ལ་གསོལ་བ་ཡང་ཡང་ཐོབ༔ ཕྱི་ལྟར་འདུལ་ཁྲིམས་ལེགས་པར་བསྲུང༔ ནང་ལྟར་བྱང་ཆུབ་སེམས་འབྱོངས་ནས༔ གསང་བ་སྔགས་ཀྱི་གྲུབ་པ་བརྙེས༔ ལྕང་ལོ་ཅན་དུ་མངོན་འཚང་རྒྱ༔ གསང་བའི་བདག་པོར་དབྱེར་མེད་ཅིང༔ སྤྲུལ་པས་བོད་ཀྱི་བསྟན་པ་སྐྱོང༔ དེ་ཕྱིར་བྱིན་རླབས་ངེས་པར་འཇུག༔ སྤྱིར་ནི་རྒྱལ་བའི་སྐུ་གསུང་ཐུགས༔ ལེགས་པར་བཞེངས་ལ་བཀུར་སྟི་བྱ༔ རྟེན་འབྲེལ་བདག་གི་སྐུ་བཞེངས་ནས༔ བཀའ་ཆེམས་བསྒྲགས་ལ་སེམས་བསྐྱེད་བྱ༔ མདུན་གྱི་ནམ་མཁར་སྤྱན་དྲངས་ལ༔ ཕྱག་འཚལ་མཆོད་བསྟོད་གསོལ་འདེབས་ན༔ རྣམ་དག་ཚུལ་ཁྲིམས་ལེགས་པར་འགྱུར༔ རང་གི་སྙིང་གར་གསལ་བསྒོམས་པས༔ བྱང་ཆུབ་སེམས་མཆོག་འབྱོངས་པར་འགྱུར༔ དབྱེར་མེད་སྐུ་ཡི་ང་རྒྱལ་བཟུང༔ དངོས་གྲུབ་ཐོབ་ཅིང་དགེ་འདུན་འདུ༔ ཞེས་པ་ལ་སོགས་པ་བཞིན་དུ་དུས་མཐར་རྒྱལ་བསྟན་ལ་ཕན་པའི་རྟེན་འབྲེལ་སོགས་དགོས་པའི་མཆོག་དུ་མ་ཡོད་པ་ཡིན་ནོ། །འདིར་སྨྲས་པ། ཐེག་མཆོག་ཁང་བཟངས་ཡངས་པར་ཟབ་གསལ་བློ་ཡི་སྨིན་ལེགས་མ། །གཞུང་མང་རྒྱན་གྱིས་ཉེར་མཛེས་ལྷག་བསམ་ཟུར་མིག་གཡོ་བཞིན་དུ། །བདེན་གཉིས་རིགས་པའི་རྒྱུད་མངས་རྣམ་དཔྱོད་སོར་མོས་བསྣུན་ནས་ཀྱང་། ལེགས་བཤད་མགྲིན་པའི་གླུ་དབྱངས་འཇམ་མགོན་དགྱེས་པའི་ཆེད་དུ་སྤེལ། ཀྱེ་མ་བོད་གཞུང་ཚིག་མང་དོན་ཆུང་ཚེགས་ཆེ་ཇི་ཙམ་སྦྱངས་ཀྱང་ཐེ་ཚོམ་རྒྱ། བཀྲོལ་ལ་ནུས་པ་མི་རྣོ་རྣམས་ལ་ཡུན་རིང་འབད་ནས་གཞུང་མཆོག་འདི་ལྟ་བུ། །སྤོབས་པའི་མཆོག་སྦྱིན་ཡིད་གཉིས་གཅོད་ལ་འཇམ་དབྱངས་ཕྱག་གི་རལ་གྲི་ལྟར་རྣོ་བ། གུས་པས་མི་འཛིན་དེ་དག་སྐལ་པ་ཅི་ཞིག་གྱུར་སྙམ་བདག་ནི་ཡིད་སྐྱོ་འཕེལ། དེ་ཕྱིར་རྙེད་དང་གྲགས་པའི་བློ་མེད་པར། །བླ་མའི་བཀའ་དང་ལྷག་བསམ་བཟང་པོ་དང་། །མཆོག་དང་མཆོག་གི་བསྟན་ལ་གུས་པ་ཡིས། །རིགས་པའི་ལམ་མཆོག་རིགས་པའི་ཚུལ་གྱིས་བཀྲལ། །རྒྱལ་བའི་ཆོས་ཚུལ་ནམ་མཁའི་མཐའ་ལྟ་བུ། །སློབ་པའི་འཕགས་རྣམས་ཀྱིས་ཀྱང་གཞལ་དཀའ་ན། །བྱིས་པའི་བློ་ཅན་བདག་གིས་སྨོས་ཅི་འཚལ། །དེ་ཕྱིར་ནོངས་པར་གྱུར་ན་མཐོལ་ཞིང་བཤགས། །ལུང་བཟང་རིན་ཆེན་སྣང་བ་ལ་བརྟེན་ནས། །རིགས་པའི་འདྲེན་བྱེད་གསལ་པོར་བགྲད་བྱས་པས། །ཚུལ་ལུགས་བཟང་པོ་མཐོང་ནས་གང་སྦྱར་བའི། །ལེགས་བྱས་སྟོན་ཀའི་ཟླ་འདྲ་དྲི་མེད་དེས། །སོ་སོ་ཡང་དག་རིག་པ་བཞི་ཡི་སྒོ། །རིགས་པའི་གཞུང་བཟང་ཟབ་མོ་འདི་ལྟ་བུ། །རང་གིས་རྟོགས་ནས་གཞན་ལ་འདོམས་པ་ལ། །སྨྲ་བའི་སེང་གེའི་བརྟུལ་ཞུགས་འགྲུབ་གྱུར་ཅིག །གང་གིས་གཞུང་འདི་འཆད་ཉན་ཀློག་པ་ཡི། །སྙིང་ལ་འཇམ་དཔལ་དགྱེས་པའི་འོད་ཞུགས་ནས། །མཁན་ཆེན་ཆོས་ཀྱི་རྒྱལ་པོའི་རིང་ལུགས་གང་། །མི་ཉམས་ཕྱོགས་དུས་ཀུན་ཏུ་སྤེལ་གྱུར་ཅིག །གྲུབ་མཐའ་ཀུན་གྱི་གནད་གསང་འབྱིན་བྱེད་ཅིང་། །ཕྲ་ཞིང་ཟབ་མོའི་དོན་ཀུན་རྗེན་པར་སྟོན། །རིགས་ལམ་འདི་འདྲའི་ཚུལ་དང་གང་གི་བློ། །མཚུངས་པར་སྦྱོར་པ་སྨྲ་བའི་སེང་གེ་ཡིན། །གཞུང་བཟང་ནོར་བུའི་རྒྱན་མཆོག་འདི་མཐོང་ན། །རྣམ་མང་བསྟོད་པའི་འུད་ལྡན་གཞན་གྱི་གཞུང་། །བྱིས་པའི་སྙེམས་པ་སྤེལ་བྱེད་མཆིང་བུའི་རྒྱན། །བཟང་པོར་རློམས་པའི་ཞེ་འདོད་ཅིས་མི་ལྷོད། །སྙིང་གི་པདྨོ་རབ་ཏུ་བཞད་པར་མཁན་ཆེན་མཆོག་དང་འཇམ་པའི་དབྱངས། །དབྱེར་མེད་ཞལ་གྱི་གཟི་བྱིན་བྱེ་བས་རྨོངས་པའི་མུན་པ་མཐར་བྱས་ཏེ། །མཁའ་ཁྱབ་འགྲོ་ལ་གཅིག་ཏུ་བརྩེ་བས་མཁའ་བཞིན་རྟག་ཏུ་སྲིད་པ་འདིར། །མཁའ་འདྲ་དྲི་མེད་ཟབ་མོའི་ཆོས་ཀྱི་རྒྱལ་རྔ་མཆོག་ཏུ་བརྡུང་གྱུར་ཅིག །མི་བཟད་དུས་ཀྱི་སྙིགས་མ་ཉི་འོད་ནུབ་པའི་སྨག་བཞིན་ཆེས་ཆེར་འཁྲིགས་ན་ཡང་། རྒྱལ་དང་རྒྱལ་སྲས་ཐུགས་བསྐྱེད་སྤྲིན་མེད་མཁའ་ལ་ཟླ་བ་བྱེ་བ་ལྟར་གསལ་ནས། །བཀའ་དང་བཀའ་ཡི་དགོངས་འགྲེལ་དྲི་མ་མེད་རྣམས་བཤད་དང་སྒྲུབ་པའི་ཕྲིན་ལས་ཀྱིས། །བསྟན་དང་འགྲོ་བའི་དགེ་ལེགས་སྣང་བ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་གྱུར་ཅིག །ཅེས་དབུ་མ་རྒྱན་གྱི་གཞུང་རྣམ་པར་བཤད་པ་འདིའང་གོང་དུ་ཇི་སྐད་སྨོས་པ་ལྟ་བུས་མཚོན་ཏེ་དགོས་པའི་དབང་དུ་མ་གཟིགས་ནས། མཁན་སློབ་ཆོས་གསུམ་གྱི་ཐུགས་རྗེ་གཅིག་ཏུ་བསྡུས་པ་མཁས་ཤིང་གྲུབ་བརྙེས་ཐམས་ཅད་ཀྱི་རྒྱལ་པོ། མཁྱེན་མཆོག་ཟུར་ཕུད་ལྔ་པ་ཉིད་ངུར་སྨྲིག་འཛིན་པའི་དགེ་སློང་གི་གཟུགས་སུ་རྣམ་པར་རོལ་པ། བདག་ཅག་གི་འདྲེན་མཆོག་མཚུངས་མེད་ཚད་མེད་པའི་བཀའ་དྲིན་གྱི་མངའ་བདག་མཚན་བརྗོད་པར་དཀའ་བ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་སྙན་པའི་བ་དན་སྲིད་པར་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས། རྒྱ་བོད་ཀྱི་འགྲེལ་པའི་ཡིག་ཆ་རྣམས་གནང་ནས་ཞིབ་ཏུ་ལྟོས་ལ་འགྲེལ་བཤད་ཅིག་གྱིས་ཞེས་པའི་རྡོ་རྗེའི་བཀའ་ལུང་སྤྱི་བོར་ཕེབས་པ་གུས་པས་དང་དུ་བླངས་པའི་མོད། ཤིན་ཏུ་ཕྲ་བའི་གཞུང་ལུགས་འདི་ལྟ་བུ་ལ་འགྲེལ་བ་རྩོམ་པའི་ནུས་པ་ནི་དམན་པ་བདག་ལྟ་བུ་ལ་མེད་ནའང་། རྗེ་བཙུན་བླ་མའི་བྱིན་རླབས་ཀྱིས་ཅུང་ཟད་འདྲི་བའི་སྤོབས་པ་སྐྱེས་པའི་ཚེ། སྔ་འགྱུར་གྱི་རིང་ལུགས་པ་ཆེན་པོ་པདྨའི་མཚན་གྱིས་ཀྱང་ནན་ཏན་དུ་བྲིས་ཤིག་པའི་གསུང་གནང་བས་ཀྱང་བརྩོན་པ་བསྐྱེད་དེ། རང་ལོ་སོ་གཅིག་པ་རབ་ཚེས་མེ་བྱིའི་བགྲང་བྱ་གསར་དུ་ཤར་བའི་ནག་པ་ཟླ་བའི་ཚེས་གསུམ་ལ་མགོ་བརྩམས་ནས། སྔ་ཐུན་རྣམས་སུ་བརྒྱུད་མར་བྲིས་ཏེ་ཟླ་བ་དེ་ཉིད་ཀྱི་ཚེས་ཉེར་བཞི་ལ་རྫོགས་པར་བགྱིད་པ་པོ་ནི། རྗེ་མཚུངས་མེད་མཁྱེན་བརྩེའི་དབང་པོ་དེ་ཉིད་ཀྱི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་མཐུ་ལས་བློ་གྲོས་ཀྱི་འཇུག་པ་ཅུང་ཟད་ཐོབ་ཅིང་། གཞན་ཡང་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་དབང་ཆེན་དགྱེས་རབ་རྡོ་རྗེ་དང་། གནས་ལྔ་རིག་པའི་པཎྜི་ཏ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་དང་། རྒྱལ་སྲས་མཁས་པའི་ཁྱུ་མཆོག་འཇིགས་མེད་ཆོས་ཀྱི་དབང་པོ་སོགས་དམ་པ་དུ་མའི་བཀའ་དྲིན་གྱིས་བསྐྱངས་པས་རྒྱལ་བསྟན་ལ་དད་པའི་སྣང་བ་ཅུང་ཟད་ཐོབ་པ། རིག་བྱེད་ཀྱི་བཏགས་མིང་དུ་འཇམ་དཔལ་དགྱེས་པའི་རང་མདངས་མཚོ་བྱུང་བཞད་པའི་གེ་སར་དུ་འབོད་པ་བདག་གིས་བྲིས་ཤིང་། སླར་ཡང་སྐྱབས་རྗེ་དམ་པ་ཉིད་ལས་དག་སྣང་ཉེ་བརྒྱུད་ཀྱི་བཤད་ལུང་ཟབ་མོ་ལེགས་པར་ནོས་ནས། དེ་མ་ཐག་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཆེན་པོ་བཀྲ་ཤིས་ཀྱི་གྲངས་ལ་ཞག་ཉེར་གཅིག་གི་རིང་དུ་བཤད་ཁྲིད་བགྱིས་པའི་སྐབས་སུ་ཅུང་ཟད་ཞུས་དག་ཏུ་བྱས་པ་འདིས། རྒྱལ་བ་ཉི་མའི་གཉེན་གྱི་རིང་ལུགས་ཡང་དག་པའི་རིགས་ལམ་སེང་གེའི་སྒྲ་བོ་ཆེ་འཇིག་རྟེན་གྱི་ཁམས་ཀུན་ན་རྟག་ཏུ་ཁྱབ་པར་བསྒྲགས་པས། བདུད་དང་། མུ་སྟེགས་དང་། ཀླ་ཀློ་ལ་སོགས་པ་ཕ་རོལ་གྱི་རྒོལ་བའི་སྤོབས་པ་མ་ལུས་པ་ལྷག་མེད་དུ་བཅོམ་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ན་རྒྱལ་ཞིང་རྒྱས་པའི་རྟེན་འབྱུང་དུ་གྱུར་ཅིག །མངྒ་ལཾ།། །།ༀ་སྭ་སྟི། སྲས་བཅས་རྒྱལ་བའི་མཁྱེན་རབ་འཇམ་པའི་དབྱངས། །ངུར་སྨྲིག་འཛིན་པའི་གཟུགས་སུ་རྣམ་རོལ་པས། །ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་ལེགས་འཛུགས་པ། །མཁན་ཆེན་ཆོས་ཀྱི་རྒྱལ་པོ་རྒྱལ་གྱུར་ཅིག ༡ །གང་དེའི་རྣམ་དཔྱོད་མཚོ་ཆེན་ལས་འོངས་པ། །ལེགས་བཤད་ཉི་མ་བརྒྱ་པའི་སྣང་བ་ཡིས། །སྲིད་པའི་སྨག་རུམ་གཏན་དུ་ཟད་བྱེད་པའི། །གཞུང་ལུགས་རྒྱལ་བསྟན་མཛེས་པའི་རྒྱན་གཅིག་གང་། ༢ །མཁས་ཤིང་གྲུབ་བརྙེས་བྱེ་བའི་བློ་གྲོས་ཀྱིས། །ཡང་ཡང་བཟུང་བྱས་རིག་ལམ་སེང་གེའི་སྒྲ། །རྒྱུན་མར་བསྒྲགས་པས་འཕགས་བོད་འཛིན་མའི་ཁྱོན། །ཀུན་དགའི་དཔལ་དང་ལྡན་པར་གྱུར་མོད་ཀྱི། ༣ །དུས་ཀྱི་དབང་གིས་འཆད་དང་ཉན་པའི་སྒོ། །རེ་ཞིག་ངལ་བསོས་བཞིན་དུ་གྱུར་ན་ཡང་། །རིགས་གསུམ་སེམས་དཔའི་རྣམ་ཐར་གཅིག་བསྡུས་པ། །སྙིགས་མའི་རྒུད་པ་ཀུན་སེལ་བསྟན་འགྲོའི་མགོན། ༤ །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་གྲགས་པའི། །སྙན་པའི་བ་དན་སྲིད་ན་མངོན་མཐོ་བ། །གང་གི་ཐུགས་བསྐྱེད་ཟབ་མོའི་བྱིན་རླབས་དང་། །དགྱེས་པའི་གསུང་གི་སྣང་བ་ལ་བརྟེན་ནས། ༥ །མདོ་སྔགས་བསྟན་པ་ཡོངས་སུ་རྫོགས་པ་ཡི། །བཤད་དང་སྒྲུབ་པའི་ལམ་སྲོལ་དྲི་མེད་པ། །སྔོན་གྱི་དུས་བཞིན་སླར་ཡང་གསལ་བ་ན། །ད་གདོད་ཐུབ་བསྟན་བདུད་རྩིའི་མྱོང་བ་ཤེས། ༦ །ཐེག་མཆོག་དབུ་མ་ཆེན་པོའི་རིགས་པའི་གནད། །གཞུང་བཟང་འདི་འདྲའི་ཚུལ་ལ་བརྟེན་ནས་སུ། །ཐེ་ཚོམ་སྨག་དང་བྲལ་བར་ངེས་བྱེད་པའི། །བློ་ལྡན་བློ་ཡི་སྣང་བ་འཕེལ་བྱའི་ཕྱིར། ༧ །ཟབ་མོ་དབུ་མའི་རྒྱན་གྱི་གཞུང་ཉིད་ལ། །གསལ་ཞིང་གོ་བདེར་བཤད་པའི་འགྲེལ་པ་འདིའི། །འཛད་མེད་ཆོས་ཚར་སྦར་གྱི་བཀོད་པ་ཡང་། །མཚུངས་མེད་དཔལ་ལྡན་བླ་མའི་ཕྲིན་ལས་ལགས། ༨ །འདི་ཡི་དགེ་བས་ས་གསུམ་འགྲོ་བ་ཀུན། །ཟབ་ཅིང་རྒྱ་ཆེའི་ཤེས་རབ་གཏེར་གྲོལ་ནས། །བདེ་བར་གཤེགས་པའི་ཆོས་མཛོད་མ་ལུས་པ། །འཆད་ཉན་རྩོམ་པས་འཇིག་རྟེན་མཛེས་གྱུར་ཅིག ༩ །ཐུབ་བསྟན་ཡོངས་སུ་རྫོགས་པའི་ལུས་སྟོབས་རྒྱས། །རིགས་ལམ་རྣོ་དབལ་འཁོར་ལོའི་སྣ་ཞགས་ཅན། །ལེགས་བཤད་འཆི་མེད་བཞོན་པ་འདིར་བརྟེན་ནས། །རྒྱལ་བསྟན་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག ༡༠ །ཅེས་པའང་སྤར་བྱང་སྨོན་ཚིག་བཅས་རྗེ་བླ་མའི་བཀའ་ཡི་སྣང་བས་སྐྱོང་བ་འཇམ་དཔལ་དགྱེས་པས་བྲིས་པ་དགེའོ།། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།

བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྒོམ་རིམ་རབ་གསལ་ཉི་མ།

བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྒོམ་རིམ་རབ་གསལ་ཉི་མ་ཞེས་བྱ་བ་བཞུགས་སོ། །བདེར་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། །ཕྱག་འོས་ཀུན་ལའང་གུས་པར་ཕྱག་འཚལ་ཏེ། །བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི། །ལུང་བཞིན་མདོར་བསྡུས་ནས་ནི་བརྗོད་པར་བྱ། །དེ་ལ་བཞི། གང་འཇུག་པ་པོ་རྟེན་གྱི་གང་ཟག །གང་གིས་འཇུག་པའི་བསམ་པ། ཚུལ་ཇི་ལྟར་འཇུག་པའི་སྦྱོར་བ། དེ་ལྟར་ཞུགས་པའི་འབྲས་བུའོ། །དང་པོ་རྟེན་གྱི་གང་ཟག་ནི་དལ་འབྱོར་ཐོབ་ཅིང་དད་དང་སྙིང་རྗེ་ལྡན་པའོ། །གཉིས་པ་བསམ་པ་སེམས་བསྐྱེད་པ་འདི་ལ་སྨོན་འཇུག་གཉིས། དང་པོ་ནི། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པས་གཞན་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བསམ་པ། གཉིས་པ་འཇུག་པ་ནི། རྒྱལ་བའི་སྲས་ཀྱི་བསླབ་བྱ་ལ་སློབ་པར་དམ་བཅའ་པ། དེ་ལྟ་བུའི་སེམས་བསྐྱེད་དེ་རང་རྒྱུད་ལ་བཟུང་བར་བྱ་བ་ལ་བླ་མ་ལས་ལེན་ན་དབུ་སེམས་གང་རུང་གི་ཆོ་ག་ལྟར་བྱ། འདིར་སྡོམ་པ་རང་ཉིད་ཀྱིས་བླང་བའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ། དང་པོ་སྦྱོར་བ་ལ་གསུམ། ཕན་ཡོན་གྱི་བྲོད་པ་བསྐྱེད་པ་སྤྱོད་འཇུག་ལེའུ་དང་པོ་ལྟར་བྱ། ཚོགས་བསགས་པ་ཡན་ལག་བདུན་པ་བྱ་བའི་དང་པོ་ཚོགས་ཞིང་རྒྱལ་བ་སྲས་བཅས་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་ལྷན་གཅིག་ཏུ་རྒྱལ་བ་སྲས་བཅས་ཀྱི་ཡོན་ཏན་རྗེས་སུ་དྲན་པ་དང་བཅས་ཡན་ལག་བདུན་པ་འབུལ་བར་བསམ་ལ། དང་པོ་མཆོད་པའི་ཡན་ལག །མེ་ཏོག་བདུག་སྤོས་མར་མེ་ཆུ་གཙང་གི་ཡོན་ཆབ་བཟའ་བཏུང་སྣ་ཚོགས་པའི་ཞལ་ཟས་ལ་སོགས་ཅི་འབྱོར་བའི་མཆོད་པ་དངོས་སུ་བཤམས། རིན་པོ་ཆེའི་རི་བོ་ཡིད་དུ་འོང་བའི་ནགས་ཚལ། དབེན་ཞིང་ཉམས་དགའ་བའི་ས་ཕྱོགས་སོགས་ཕྱོགས་བཅུའི་འཇིག་རྟེན་ན་ཡོད་པ་རྣམས་བློས་བླང་ནས་འབུལ་བ་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་གཉིས་པོ་རིན་ཆེན་སེམས་དེ་སོགས་ཀྱིས་འབུལ། རྒྱལ་དང་དེ་སྲས་སོགས་ཀྱིས་རང་གི་སྒོ་གསུམ་བྲན་དུ་འབུལ་བའི་མཆོད་པ། ཁྲུས་ཀྱི་ཁང་པ་སོགས་ཀྱིས་ཡིད་ཀྱི་སྤྲུལ་པའི་མཆོད་པ། དེ་ལས་གཞན་ཡང་སོགས་ཀྱིས་སྨོན་ལམ་སྟོབས་ཀྱི་མཆོད་པ། ཇི་ལྟར་འཇམ་དབྱངས་སོགས་ཀྱིས་བླ་ན་མེད་པའི་མཆོད་པ། ཡོན་ཏན་རྒྱ་མཚོ་སོགས་ཀྱིས་བསྟོད་པ་དབྱངས་ཀྱི་མཆོད་པ། དུས་གསུམ་བཞུགས་སོགས་ཀྱིས་གུས་པ་ཕྱག་གི་མཆོད་པ་དང་བརྒྱད་པོ་ཚིག་རྗེས་དོན་དྲན་སྙིང་ཐག་པ་ནས་བྱ། དེ་དག་ཀྱང་ཞིང་དག་པ་དཀོན་མཆོག་གསུམ་གྱི་སྤྱན་སྔར། དངོས་པོ་དག་པ་སྡིག་པ་དང་མ་འདྲེས་ཤིང་སེར་སྣས་མ་བཅིང་པ། བསམ་པ་དག་པ་ལན་དང་རྣམ་སྨིན་ལ་རེ་བ་མེད་པའི་སེམས་ཀྱིས་འབུལ་བའོ། །གཉིས་པ་སྐྱབས་སུ་འགྲོ་བ། ཡུལ་ཁྱད་པར་ཅན་ཐེག་ཆེན་ཐུན་མོང་མ་ཡིན་པའི་དཀོན་མཆོག་གསུམ་ལ། བསམ་པ་ཁྱད་པར་ཅན་སེམས་ཅན་ཐམས་ཅད་ཀྱི་དོན་དུ། དུས་རྫོགས་པའི་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་སྙམས་པས་བྱང་ཆུབ་སྙིང་པོ་སོགས་ལན་གསུམ་བྱ། གསུམ་པ་སྡིག་པ་བཤགས་པ་ཕྱོགས་རྣམས་སོགས་ཀྱིས་བཤགས་ཡུལ་ལ་མཁྱེན་པར་གསོལ་ཏེ་སྔར་བྱས་ཀྱི་སྡིག་པ་ལ་ཁོང་དུ་དུག་སོང་བ་ལྟ་བུ། རྟེན་དཀོན་མཆོག་གསུམ་ལ་དུག་ནད་གསོ་བའི་སྨན་པ་ལྟ་བུ། གཉེན་པོ་དམ་པའི་ཆོས་ལ་སྨན་ལྟ་བུ། ཕྱིན་ཆད་ནི་བྱེད་པའི་སྡོམ་སེམས་ལ་ལུས་ཟུང་གསོ་བའི་བཅུད་ལེན་བདུད་རྩི་ལྟ་བུའི་འདུ་ཤེས་དང་བཞི་བསྐྱེད་ནས། ཐོག་མ་མེད་ལྡན་སོགས་ཀྱིས་སུན་འབྱིན་པའི་སྟོབས། དེ་བས་རྒྱལ་བ་སོགས་རྟེན་གྱི་སྟོབས། ཐ་མལ་ནད་ཀྱིས་སོགས་ཀྱིས་གཉེན་པོ་ཀུན་སྤྱོད་ཀྱི་སྟོབས། འདི་ནི་བཟང་པོ་ཞེས་རྐང་པ་གཉིས་ཀྱིས་སྡོམ་པའི་སྟོབས་རྣམས་སྙིང་ཐག་པ་ནས་བྱའོ། །བཞི་པ་རྗེས་སུ་ཡི་རང་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་རྩ་འབྲས་བུ་དང་བཅས་པ་ཀུན་ལ་སྙིང་ཐག་པ་ནས་དགའ་ཞིང་རྗེས་སུ་ཡི་རང་བ་དང་བཅས། སེམས་ཅན་ཀུན་གྱི་སོགས། ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། བདུན་པ་བསྔོ་བ་རྣམས་ཕྱོགས་རྣམས་སོགས་ཀྱི་ཚིག་དོན་དྲན་པར་བྱ། དེ་ནས་བློ་སྦྱངས་བ་ལུས་དང་དེ་བཞིན་སོགས་ཀྱིས་རང་གི་ལུས་ལོངས་སྤྱོད་དུས་གསུམ་བསགས་པའི་དགེ་བ་དང་བཅས་པ་སེམས་ཅན་གྱི་དོན་བསྒྲུབ་པའི་ཕྱིར་དུ་ཕངས་པ་མེད་པར་བསྔོས་ཏེ་གནས་སྐབས་དང་མཐར་ཐུག་ཀུན་ཏུ་འགྲོ་བའི་ཉེར་འཚོ་བླ་ན་མེད་པའི་རྒྱུ་སྙིང་ཐག་པ་ནས་སྨོན་པ་ལ་བློ་སྦྱངས། གཉིས་པ་དངོས་གཞི་དགོངས་གསོལ་སྔོན་དུ་འགྲོ་བས་ཇི་ལྟར་སྔོན་གྱི་སོགས་ལན་གསུམ་གྱིས་སྨོན་འཇུག་སྟབས་གཅིག་ཏུ་བླང་། གསུམ་པ་མཇུག་ལ། དེང་དུ་བདག་སོགས་ཀྱི་རང་དགའ་བ་བསྒོམ། བདག་གི་དེ་རིང་སོགས་ཀྱིས་གཞན་དགའ་བ་སྒོམ་དུ་གཞུགས། དེ་དག་གི་རྗེས་སུ་བྱང་ཆུབ་སེམས་མཆོག་སོགས་ཀྱིས་སྨོན་ལམ་ཡང་བྱའོ། །དེས་བསམ་པ་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་བཟུང་བ་དེ་སོང་། གསུམ་པ་ཚུལ་ཇི་ལྟར་འཇུག་པའི་སྦྱོར་བ་ལ་ཉམས་ལེན་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུ་བས་དེ་དག་གི་ངོ་བོ་རིམ་པ་བཞིན། ཁྱད་ཆོས་བཞི་དང་ལྡན་པའི་གཏོང་སེམས། སྤོངས་སེམས། མི་འཁྲུག་པའི་སེམས། སྤྲོ་བའི་སེམས། མི་གཡེང་བའི་སེམས། ཆོས་རབ་ཏུ་རྣམ་པར་འབྱེད་པ་རྣམས་ཡིན། ཁྱད་ཆོས་བཞི་ནི། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང་། རྣམ་པར་མི་རྟོག་ཡེ་ཤེས་ལྡན། འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། སེམས་ཅན་ཡོངས་སྨིན་བྱེད་རྣམ་གསུམ། ཞེས་གསུངས། མི་མཐུན་པའི་ཕྱོགས་ནི་རིམ་པ་བཞིན་སེར་སྣ། ཚུལ་འཆལ། ཁོང་ཁྲོ། ལེ་ལོ། རྣམ་གཡེང་། ཤེས་འཆལ་དྲུག །སེམས་ཅན་གྱི་འདོད་པ་ཡོངས་སུ་རྫོགས་ཚུལ་ནི། སྦྱིན་པས་ལོངས་སྤྱོད་སོགས་སྦྱིན། ཚུལ་ཁྲིམས་ཀྱིས་ཡིད་དྭངས་བར་བྱེད། བཟོད་པས་གནོད་པ་དང་དུ་ལེན། བརྩོན་འགྲུས་ཀྱིས་དགོས་པའི་གྲོགས་བྱེད། བསམ་གཏན་གྱིས་རྫུ་འཕྲུལ་དང་མངོན་ཤེས་ཀྱིས་འདུན་པར་བྱེད། ཤེས་རབ་ཀྱིས་བླང་དོར་གྱི་གནས་སྟོན་པར་བྱེད། དེ་དག་གིས་འདོད་པ་ཡོངས་སུ་རྫོགས་པར་བྱས་ཏེ་དངོས་སམ་བརྒྱུད་ནས་ཉན་ཐོས་རང་རྒྱལ་རྫོགས་པའི་བྱང་ཆུབ་གསུམ་གང་རུང་ལ་འགོད་པ་སེམས་ཅན་ཡོངས་སྨིན་བྱེད་པ་ཡིན། དེ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་དེ་དག་ཀྱང་སེམས་སྦྱོང་བའི་སྤྱོད་པ་ལ་འདུ་བའི་ཚུལ། དང་པོ་སྦྱིན་པ་ནི་རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད་མ་བཏང་བའི་ཉེས་དམིགས། བཏང་བའི་ཕན་ཡོན། གཏོང་དགོས་པའི་རྒྱུ་མཚན་སོགས་བསམ་ནས་སྙིང་ཐག་པ་ནས་གཏོང་སེམས་སྦྱོང་བ་དེ་ཡིན། གཉིས་པ་ཚུལ་ཁྲིམས་ལ་སྲུང་བྱེད་ཐབས་དང་། དེས་ཇི་ལྟར་བསྲུང་ཚུལ་གཉིས། དང་པོ་སྲུང་བྱེད་ཀྱི་ཐབས་ལ་འཇུག་ལྡོག་གི་གནས་ལ་གཟོབ་པའི་བག་ཡོད། བླང་དོར་མི་བརྗེད་པའི་དྲན་པ། སྒོ་གསུམ་གྱི་གནས་སྐབས་ལ་བརྟགས་པའི་ཤེས་བཞིན་དང་གསུམ། གཉིས་པ་དེས་ཇི་ལྟར་སྲུང་ཚུལ། དང་པོ་དྲན་པས་བླང་དོར་མི་བརྗེད་པར་བྱས་ཏེ་ཤེས་བཞིན་གྱིས་རང་གི་ལུས་ངག་ཡིད་གསུམ་གྱི་གནས་སྐབས་ལ་བརྟག་ནས་བསྒྲུབ་བྱ་དགེ་བའི་ཕྱོགས་དང་དུ་མི་ལེན་པ་དང་། སྤང་བྱ་མི་དགེ་བ་ལ་འཇུག་འདོད་ཀྱི་བསམ་པ་ནམ་སྐྱེས་ངོ་ཤེས་པར་བྱ། དེའི་ཚེ་བག་ཡོད་ཀྱིས་དགེ་བའི་ཕན་ཡོན་དྲན་ནས་དང་དུ་བླང་ཞིང་། ཉེས་སྤྱོད་མི་དགེ་བའི་ཕྱོགས་ཀྱི་ཉེས་དམིགས་དྲན་ནས་སྤང་བར་བྱ་བ་ལ་བསླབ། དེ་དག་གི་རྒྱུ་ཡང་ལས་འབྲས་ལ་ཡིད་ཆེས་པ་ཡིན་པས་རྒྱལ་བའི་བཀའ་འཁྲུལ་བ་མེད་པའི་རྗེས་སུ་འབྲང་སྟེ་ཡིད་ཆེས་བསྐྱེད། དེ་ནས་མི་དགེ་བ་བྱས་ན་ངན་སོང་དུ་འགྲོ་ངེས། ངན་སོང་དུ་སྐྱེས་ན་སྡུག་བསྔལ་འདི་ལྟ་བུ་ཡོད་པས། གཞན་དོན་ལྟ་ཅི་རང་དོན་ཡང་མི་འགྲུབ་སྙམས་དུ་འཁོར་བའི་སྡུག་བསྔལ་དྲན་པ་འདི་སྙིང་ནས་རྒྱུད་ལ་སྐྱེ་ངེས་བྱ། བསྲུང་བྱ་རྣམ་གྲངས་མང་ཡང་སྨོན་སེམས་ཀྱི་མི་མཐུན་ཕྱོགས་སེམས་ཅན་བློས་བཏང་བ། ཉན་རང་གི་སར་སེམས་བསྐྱེད་པ། ནག་པོའི་ཆོས་བཞི་སྤང་པ་གསུམ་གཙོ་བོར་སྲུང་། ནག་པོའི་ཆོས་བཞི་ནི། མཆོད་འོས་བསླུ་དང་འགྱོད་མེད་འགྱོད་པ་བསྐྱེད། །དམ་པར་སྐུར་འདེབས་འགྲོ་ལ་གཡོ་སྒྱུས་སྤྱོད། །ནག་པོའི་ཆོས་བཞི་སྤངས་ཤིང་ལྡོག་པ་ནི། །དཀར་པོའི་ཆོས་བཞི་ཡིན་པས་ཀུན་ཏུ་སྤྱད། །ཅེས་གསུངས། མཐུན་ཕྱོགས་འབྲས་བུ་རྫོགས་པའི་བྱང་ཆུབ་དང་དེའི་རྒྱུ་བྱང་ཆུབ་ཀྱི་སྤྱོད་པ་ལ་སྙིང་ཐག་པ་ནས་མོས་པ། གཞན་གྱི་དགེ་བ་གང་བྱེད་ཀུན་ལ་སྙིང་ནས་སྤྲོ་བས་ཡི་རང་། དེ་དག་གི་དགེ་རྩ་གཞན་དོན་རྫོགས་བྱང་དུ་བསྔོ་བ་སྟེ། ཐེག་ཆེན་གྱི་བསྒོམ་ལམ་གསུམ་པོ་འདི་ཁོ་ན་ཉམས་སུ་བླངས། འཇུག་སྡོམ་གྱི་མི་མཐུན་ཕྱོགས་སྤྱིར་གཞན་གནོད་གཞིར་བཅས་སྤོངས་པ་དང་། ཁྱད་པར་ཉེས་དམིགས་ཆེ་ཤོས། དཀོན་མཆོག་གི་དཀོར་ཕྲོག་པ། བྱང་སེམས་ལ་སྐུར་བ་འདེབས་པ། ཆོས་སྤོང་གི་ལས་བྱེད་པ་སོགས་སྲོག་དང་བསྡོས་ཏེ་བསྲུང་། མཐུན་ཕྱོགས་དགེ་རྩ་ཕྲ་མོ་ཚུན་ཆད་ཁྱད་དུ་མི་གསོད་པར་དམ་པ་གསུམ་གྱིས་ཟིན་པར་ཉམས་སུ་བླང་བར་བྱའོ། །གསུམ་པ་བཟོད་པའི་ཕ་རོལ་ཕྱིན་པ་ལ། བཟོད་པའི་ཡུལ་བདག་ལ་བརྙས་པ་བྱེད་པ་དང་། ཚིག་རྩུབ་སྨྲ་བ། ལྐོག་ཏུ་མི་སྙན་སྨྲ་བ། སྡུག་བསྔལ་བྱེད་པ་དང་བཞི། བདག་གི་བླ་མ་དང་མཛའ་བཤེས་སོགས་ལ་དེ་ལྟར་བཞི་བྱེད་པ་དང་། བདག་གི་དགྲ་དང་མི་མཐུན་པའི་ཕྱོགས་ལ་བདེ་བ་བྱེད་པ། རྙེད་བཀུར་བྱེད་པ། བསྟོད་པ། སྙན་པར་སྨྲ་བ་བཞི་སྟེ་མི་འདོད་པ་བཅུ་གཉིས། དེ་དག་ལས་ལྡོག་པ་འདོད་པ་བཅུ་གཉིས་ཀྱི་གེགས་བྱེད་པ་སྟེ་བཟོད་པའི་ཡུལ་ཉི་ཤུ་རྩ་བཞིའོ། །དེ་དག་རེ་རེ་བཞིན་ཡང་རྒྱུ་མཚན་དང་རྒྱུ་དེ་དག་ལས་བྱུང་བའི་སྡུག་བསྔལ་གྱིས་མི་སྐྱོ་བ་སྡུག་བསྔལ་དང་ལེན། བྱེད་པ་པོ་གང་ཟག་ལ་མི་ཁྲོ་བ་གནོད་བྱེད་ལ་ཅི་མི་སྙམ་པ་སྟོང་ཉིད་ཟབ་མོའི་དོན་ལ་བློ་འཇོག་པ་དང་གསུམ་གསུམ་གྱིས་བཟོད་པར་བྱེད་པའི་ནང་ཚན་བཟོད་པའི་རྣམ་གྲངས་བདུན་ཅུ་རྩ་གཉིས་ལ་གོམ་པར་བྱེད་པའོ། །དེ་ཡང་རྒྱུ་མཚན་གསུམ་གྱིས་སྡུག་བསྔལ་དང་དུ་ལེན་ཏེ། སྡུག་བསྔལ་ལ་བརྟེན་ནས་བདག་གི་སྡིག་པ་འཛད་པས་སྡུག་བསྔལ་སྡིག་པའི་ཕྱག་མར་ཤེས་ནས་དང་དུ་བླང་། སྡུག་བསྔལ་ལ་བརྟེན་ནས་འཁོར་བ་ལ་ངེས་འབྱུང་སེམས་ཅན་ལ་སྙིང་རྗེ། དགེ་སྡིག་ལ་བླང་དོར་སོགས་སྐྱེ་བས་སྡུག་བསྔལ་དགེ་བའི་བསྐུལ་མར་ཤེས་ནས་དང་དུ་བླང་། སྡུག་བསྔལ་གྱིས་ང་རྒྱལ་གྱི་མགོ་གནོན། ཕྲག་དོག་གི་ཟུར་བཅོམ་འདོད་ཆགས་ཀྱི་དབལ་འཇོམས། དངོས་གྲུབ་ཀྱི་སྣ་འདྲེན་པས་སྡུག་བསྔལ་སེམས་ཀྱི་རྒྱན་དུ་ཤེས་ནས་དང་དུ་བླང་། རྒྱུ་མཚན་གསུམ་གྱིས་གནོད་བྱེད་ལ་ཅི་མི་སྙམ་པའི་བཟོད་པ་སྒོམ་སྟེ། སེམས་ཅན་རྨོང་པ་ཉོན་མོངས་ཀྱིས་དབང་དུ་གྱུར་ནས་རང་ལའང་གནོད་པ་བྱེད་ན་གཞན་ལ་ལྟ་ཅི་སྨོས་སྙམ་དུ་གནོད་བྱེད་སྙིང་རྗེའི་ཡུལ་དུ་བལྟས་ནས་བཟོད་པར་བྱ། དེའང་རང་གི་སྔོན་བྱས་ཀྱི་ལས་དང་འཕྲལ་གྱི་སྤྱོད་ལམ་མི་བཟོབ་པས་བདག་ལ་གནོད་བྱེད་རྣམས་བྱུང་བ་ཡིན་སྙམ་དུ་ལེ་ལེན་ཐམས་ཅད་རང་ལ་བདའ་ཞིང་བཟོད་པ་སྒོམ། དགྲ་ལ་བརྟེན་ནས་བདག་གི་བཟོད་པའི་ཚོགས་རྫོགས་ཤིང་བྱང་ཆུབ་སྤྱོད་པའི་གྲོགས་སུ་འགྱུར་བས་ཕན་འདོགས་པའི་བཤེས་སུ་བསམ་ནས་བཟོད་པར་བྱའོ། །རྒྱུ་མཚན་གསུམ་གྱིས་ཆོས་ཟབ་མོ་ལ་ངེས་པར་བསམ་ནས་བཟོད་པ་སྒོམ་སྟེ། དོན་དམ་སྟོང་ཉིད་སྤྲོས་བྲལ་ལ་བསམ་ན་གནོད་བྱ་གནོད་བྱེད་རང་བཞིན་མེད་པ་ལ་བསམ་ནས་བཟོད་པ་སྒོམ། ཀུན་རྫོབ་རྟེན་འབྲེལ་སྒྱུ་མ་ལ་བསམ་ན་ཐམས་ཅད་རྐྱེན་གྱིས་བསྐུལ་བས་གནོད་བྱེད་དང་སྡུག་བསྔལ་རང་དབང་མེད་པ་ལ་བསམ་ནས་བཟོད་པ་སྒོམ། ཟུང་འཇུག་རང་གི་སེམས་ཉིད་ལ་བསམ་ན་ཁོང་ཁྲོ་གཞི་མེད་རྩ་བྲལ་དུ་དག་པ་ལ་བསམ་ནས་བཟོད་པ་སྒོམ་པར་བྱའོ། །བཞི་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། མི་མཐུན་ཕྱོགས་ལེ་ལོ་གསུམ་སྤང་བ། མཐུན་ཕྱོགས་སྟོབས་དྲུག་བསྐྱེད་པ་གཉིས་ལས། དང་པོ་མི་རྟག་པའི་ལྕགས་ཀྱིས་བསྐུལ་ཏེ་སྦྱོར་བ་མེད་པའི་ལེ་ལོ་སྤང་། དམ་པའི་ཆོས་ཀྱི་དགའ་བ་ལ་བསམ་ནས་བྱ་བ་ངན་ཞེན་གྱི་ལེ་ལོ་སྤང་། རང་གི་སེམས་གཟེང་བསྟོད་དེ་སྒྱིད་ལུག་གི་ལེ་ལོ་སྤང་ངོ་། །གཉིས་པ་སྟོབས་དྲུག་ནི། དགེ་བའི་ཕན་ཡོན་དང་སྡིག་པའི་ཉེས་དམིགས་ལ་བསམ་ནས་ཆོས་ལ་མོས་པ་བསྐྱེད་པ་སྦྱོར་བ་མོས་པའི་དཔུང་། སྙིང་སྟོབས་ཀྱི་དམ་བཅའ་བརྟན་པོས་བརྩམ་པའི་དགེ་རྩ་མཐར་དབྱུང་བ་དངོས་གཞི་བརྟན་པའི་དཔུང་། འདི་ལ་གསུམ། འཇིག་རྟེན་ན་ཉི་མ་ཤར་བ་ལ་དཔེ་བྱས་ཏེ། བར་ཆད་གཞན་དབང་དུ་མི་གཏོང་བར་རྐྱེན་གྱིས་བརྫི་བ་མེད་པ་དང་། ཉི་མ་གཅིག་པུར་རྒྱུ་བ་ལ་དཔེར་བྱས་ཏེ་བདག་ཉིད་གཅིག་པུ་གཞན་ལ་མི་ལྟོས་པར་བདུད་སྡེ་ཕམ་པར་བྱས་ནས་རྫོགས་པའི་བྱང་ཆུབ་བསྒྲུབ་པ་དང་། ཉི་མ་ཀུན་ལ་སྣང་བ་ལྟར་བྱང་ཆུབ་སེམས་དཔའི་ཡེ་ཤེས་སྙིང་རྗེ་སྨོན་པ་གསུམ་གྱིས་རང་ཉིད་འགྲོ་བའི་ཉེར་འཚོར་བྱིན་གྱིས་བརླབས་ཏེ་མཁའ་མཉམ་གྱི་འགྲོ་དོན་དང་དུ་བླང་བ་དང་གསུམ་ལས་ཀྱི་ང་རྒྱལ། བདག་ཉིད་མཆོག་ཏུ་བལྟས་ཏེ་ལྟུང་བ་ཕྲ་རག་གིས་མ་གོས་པར་བྱ་བ་ནུས་པའི་ང་རྒྱལ། ཉོན་མོངས་རྣམས་དམན་པར་བལྟས་ཏེ་མི་མཐུན་ཕྱོགས་ཁྱད་དུ་གསོད་པ་ཉོན་མོངས་པའི་ང་རྒྱལ་དང་གསུམ་མོ། །རང་གི་ལེགས་བྱས་དགེ་རྩ་སྒྲུབ་པ་ལ་མཆོག་ཏུ་དགའ་བར་བསམ་ནས་རྣམ་སྨིན་ལ་རེ་བ་མེད་པར་སྤྲོ་བ་དང་དུ་བླང་བ་ཁྱད་པར་དགའ་བའི་དཔུང་། རང་ཉིད་སྟོབས་ཉམས་པ་དང་ཧ་ཅང་སྐྱོ་བར་གྱུར་པ་ན་སླར་བྱའི་དོན་དུ་རེ་ཞིག་དོར་བགེགས་སེལ་དོར་བའི་དཔུང་། དྲན་པ་དང་ཤེས་བཞིན་གྱི་སྒོ་ནས་ཉོན་མོངས་འཇོམས་པའི་བྱ་བ་ལྷུར་བླང་ནས་སྤང་བྱ་འཇོམས་པ་ལྷུར་ལེན་གྱི་སྟོབས། རང་གི་སྒོ་གསུམ་ལ་དབང་བསྒྱུར་ཏེ་བག་ཡོད་ཀྱི་གཏམ་དྲན་པས་བསླབ་བྱ་ཀུན་ལ་རང་དབང་གིས་སློབ་པ་དབང་བསྒྱུར་གྱི་སྟོབས་དང་སྟོབས་དྲུག་གོ། །ལྔ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསམ་གཏན་གྱི་མི་མཐུན་ཕྱོགས་སྤངས་པ་དང་། ཞི་གནས་ཀྱི་དམིགས་པ་ཡིད་ལ་བྱ་བ་གཉིས། དང་པོ་མི་མཐུན་ཕྱོགས་སྤང་བ་ལ་གཉིས། འཇིག་རྟེན་སྤང་བ་དང་། རྣམ་རྟོག་དོར་བ་གཉིས། དང་པོ་འཇིག་རྟེན་སྤང་བ་ནི། རང་གི་ཕ་མ། གཉེན་བཤེས། འཁོར་གཡོག་ལ་སོགས་ནང་སེམས་ཅན་གྱི་ཚོགས་ལ་ཆགས་ནས་དེ་དག་གི་དབང་དུ་གྱུར་ན་རང་གི་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པར་མི་འགྱུར་བས་དེ་དག་དང་འབྲེལ་འདྲིས་འདུ་འཛི་ཐམས་ཅད་སྤངས་ཏེ་དགོན་པ་དབེན་པ་ལ་སོགས་པར་རང་ཉིད་གཅིག་པུར་གནས། དེར་ཡང་རྙེད་པ་དང་བཀུར་སྟི། བསྟོད་པ་དང་སྙན་གྲགས། འཕྲལ་དགོས་ཀྱི་ཡོ་བྱད་སོགས་ལ་ཆགས་ནས་དེ་དག་དོན་དུ་གཉེར་ན་ཡང་དག་པའི་ལམ་ལ་བར་དུ་གཅོད་པས་ཐམས་ཅད་ལ་རེ་དོགས་བཅད་དེ་གང་བྱུང་དེས་ཆོག་ལ་བསླབ། གཉིས་པ་རྣམ་རྟོག་དོར་བ་ནི། ལུས་དབེན་པར་གནས་ཤིང་ཧ་ཅང་ཡོ་བྱད་སོགས་དོན་དུ་མི་གཉེར་ཡང་སེམས་འདོད་པའི་དབང་དུ་གྱུར་ན་བསམ་གཏན་རྣལ་མ་རྒྱུད་ལ་མི་སྐྱེ་ཞིང་སེམས་མཉམ་པར་འཇོག་མི་ནུས་པས་དེ་དག་སྤང་དགོས། ཁྱད་པར་གོང་མའི་ཏིང་ངེ་འཛིན་ཁྱད་པར་ཅན་ཐོབ་པ་ལ་འདོད་པའི་འདོད་ཆགས་ལ་བློ་ལོག་པ་འདི་གལ་ཆེ་བས་རྒྱུ་བསྒྲུབ་པར་དཀའ་བ། ངོ་བོ་མི་གཙང་བ་ཡིན་པ། འབྲས་བུ་གནོད་པ་མང་བ་ལ་སོགས་ལ་བསམ་ནས་ཡུལ་བུད་མེད་ཀྱི་སྲེད་པ་ལས་བློ་ལོག་ངེས་བྱ། གཞན་ཡང་ཆོས་བརྒྱད་ཚེ་འདི་སྒྲུབ་པའི་རྣམ་རྟོག་ཐམས་ཅད་དགྲ་ལྟར་བལྟས་ཏེ་ཞེ་འདོད་ངན་པའི་རྟོག་ངན་ཇི་ཙམ་སྐྱེས་ཀྱང་དེ་དག་གི་ཉེས་དམིགས་ཡུན་རིང་དུ་བསམ་ནས་རང་ལ་རང་གི་ཁྲེལ་བཏབ་སྟེ་སྙིང་ཐག་པ་ནས་སྤང་བར་བྱའོ། །གཉིས་པ་དངོས་གཞི་བསམ་གཏན་བསྒོམ་པ་ལ། སྒོམ་ཚུལ་མང་ཡང་འདིར་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་གཉིས། བདག་གཞན་མཉམ་པ་བསྒོམ་པ་དང་། བདག་གཞན་བརྗེ་བ་བསྒོམ་པ་གཉིས། དང་པོ་ནི། བདག་དང་སེམས་ཅན་ཐམས་ཅད་བདེ་བ་འདོད་མཉམ་དུ་གཅིག་སྡུག་བསྔལ་མི་འདོད་མཉམ་པ་ལ་བདག་གཅིག་པུ་བསྲུང་ཞིང་གཞན་མི་བསྲུང་བ་ནི་རིགས་པ་མ་ཡིན་པས་བདག་གཞན་མཉམ་པར་སྒོམ་དགོས་ཏེ། བདག་དང་གཞན་དུ་མཉམ་པ་ནི། དང་པོ་ཉིད་དུ་འབད་དེ་བསྒོམ། བདེ་དང་སྡུག་བསྔལ་མཉམ་པས་ན། ཐམས་ཅད་བདག་བཞིན་བསྲུང་བར་བྱ། ཞེས་གསུངས་པ་ལྟར་ཐོག་མར་བདག་གཞན་མཉམ་པའི་བྱང་ཆུབ་སེམས་བསྒོམ་མོ། །དེའི་ཚུལ་འདི་ལྟར་དགོས་ཏེ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདག་གིས་ཕ་མ་གཉེན་ཚོར་མ་གྱུར་པ་གང་ཡང་མེད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། མ་ཡི་གྲངས་མཐའ་རྒྱ་ཤུགས་ཚིག་གུ་ཙམ། །རིལ་བུར་དྲིལ་ཀྱང་ས་ཡིས་ལ ང་མ་ཡིན། །ཞེས་གསུངས་པ་ལ་སོགས་པའི་ལུང་དང་རིགས་པས་སེམས་ཅན་ཐམས་ཅད་རང་གི་ཉེ་དུར་ཐག་བཅད་ལ། དེ་ནས་བཟུང་བདག་ལ་བདེ་བ་སྐྱེས་པ་ན་སེམས་ཅན་ཐམས་ཅད་བདག་གི་བདེ་བ་དང་བདེ་བའི་རྒྱུ་འདི་ལྟ་བུ་དང་ལྡན་པར་གྱུར་ཅིག་ཅེས་ཞེ་ཐག་པ་ནས་བསྒོམ། ཡང་བདག་ལ་སྡུག་བསྔལ་ཞིག་སྐྱེས་པ་ན་བདག་དང་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་འདི་ལྟ་བུ་དང་བྲལ་བར་གྱུར་ཅིག་སྙམ་དུ་སྙིང་གི་ཁོང་རུས་པའི་གཏིང་ནས་བསྒོམ། དེའི་ཚེ་བསམ་པ་ལ་གེགས་འདི་ལྟ་བུ་སྐྱེ་སྲིད་དེ། བདག་གི་སྡུག་བསྔལ་སེལ་བ་གཞན་ལ་མི་རེ། གཞན་གྱིས་སྡུག་བསྔལ་བསལ་བ་བདག་གིས་མི་འགྲུབ་སྙམ་པ་ཉན་ཐོས་ཀྱི་བློ་སྐྱེ་ན། སྤྱོད་འཇུག་ལས། མ་འོངས་པ་ཡི་སྡུག་བསྔལ་ཡང་། །གནོད་མི་བྱེད་ན་ཇི་ལྟར་བསྲུང་། །ཞེས་གསུངས་པ་ལྟར་རང་ཉིད་ཀྱིས་ནང་པར་ཕན་ཆད་ཀྱི་ནད་མེད་པ་དང་ཟས་གོས་ལ་སོགས་ཐོབ་པའི་འབད་པ་ཇི་སྟེ་བྱེད། བདག་སྐད་ཅིག་གིས་འགགས་ནས་དེ་ཕན་ཆད་གཞན་དུ་འགྱུར་བའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་མ་རིག་པའི་བག་ཆགས་ཀྱིས་ནང་པར་ཕན་ཆད་ཀྱང་བདག་ཡིན་ནོ་སྙམ་ན་འཁྲུལ་ཏེ། སྤྱོད་འཇུག་ལས། བདག་གིས་དེ་ནི་མྱོང་སྙམ་པའི། །རྣམ་པར་རྟོག་པ་ལོག་པ་སྟེ། །འདི་ལྟར་སྐྱེ་བའང་གཞན་ཉིད་ལ། །འཆི་བ་ཡང་ནི་གཞན་ཞིག་ཡིན། །ཞེས་གསུངས་པ་ལྟར་རོ། །དཔེར་ན་བླུན་པོ་དག་འབབ་ཆུ་འདིས་ན་ནིང་ངའི་གོས་ཁྱེར་རོ་སྙམ་པ་དང་ནང་པར་ཆུ་འདི་བརྒལ་ལོ་སྙམ་དུ་སེམས་མོད་ཀྱང་། ན་ནིང་གོས་ཁྱེར་བའི་ཆུ་དེ་ཡང་གཞན་ཡིན་ལ། ནང་པར་བརྒལ་བའི་ཆུ་དེ་ཡང་གཞན་ཡིན་ནོ། །དེ་བཞིན་དུ་འདས་པའི་སེམས་ཀྱང་བདག་མ་ཡིན་ལ། མ་འོངས་པའི་སེམས་ཀྱང་བདག་མ་ཡིན་པར་གཞན་ཡིན་ནོ། །དེ་ལ་འདི་སྙམ་དུ་མ་འོངས་པའི་སེམས་ད་ལྟར་གྱི་བདག་མ་ཡིན་ཡང་བདག་གི་སེམས་ཀྱི་རྒྱུན་ཡིན་ནོ་སྙམ་པའི་སེམས་ཀྱིས་རང་དོན་སྒྲུབ་པོ་ཞེ་ན། སེམས་ཅན་གཞན་བདག་མ་ཡིན་ཡང་བདག་གི་སེམས་ཅན་ཡིན་ནོ་སྙམ་པའི་འདུ་ཤེས་ཀྱིས་གཞན་གྱི་དོན་ལ་འཇུག་པར་བྱའོ། །གལ་ཏེ་མགོ་གང་གི་ཁ བ་སྦུག་སྙམས་པའི་ཚུལ་གྱིས་རང་རང་གི་དོན་ལ་འབད་ཀྱིས། ཕན་ཚུན་གཅིག་གི་དོན་གཅིག་གིས་བསྒྲུབ་མི་ནུས་སོ་སྙམས་ན། སྤྱོད་འཇུག་ལས། རྐང་པའི་སྡུག་བསྔལ་ལག་པས་མིན། །ཞེས་གསུངས་པ་ཡང་རྐང་པ་ལ་ཚེར་མ་ཟུག་པ་ཡང་ལག་པས་ཅི་སྟེ་འདོན། དེ་བཞིན་དུ་མིག་ཏུ་རྡུལ་སོང་བ་ལག་པས་དང་། བུ་ཚའི་དོན་ཕ་མ་དང་། ཁར་ཟས་འཛུད་པ་ལག་པ་ལ་སོགས་པ་ཡང་རང་རང་གི་དོན་བྱེད་དགོས་པར་འགྱུར་ཏེ་ཧ་ཅང་ཐལ་ལོ། །མདོར་ན་ཕན་ཚུན་གཅིག་གིས་གཅིག་གི་དོན་མ་བྱས་པར་རང་རང་གི་དོན་བསྒྲུབ་དགོས་ན་འགྲུབ་པ་ཤིན་ཏུ་དཀའོ། །དེས་ན་དེ་ལྟར་ཤེས་པར་བྱས་ལ་སེམས་ཅན་གྱི་དོན་ལ་འཇུག་པར་བྱའོ། །གཉིས་པ་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡང་། སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་གསུངས་པ་ལྟར་བདག་གི་བདེ་བ་སེམས་ཅན་ལ་སྦྱིན། སེམས་ཅན་གྱི་སྡུག་བསྔལ་བདག་གིས་བླང་ངོ་། །དེའི་དམིགས་པ་ཡང་། དམན་སོགས་བདག་ཏུ་བྱས་པ་དང་། །གཞན་ཉིད་དུ་ནི་བདག་བྱས་ནས། །རྣམ་རྟོག་མེད་པའི་སེམས་ཀྱིས་སུ། །ཕྲག་དོག་འགྲན་སེམས་ང་རྒྱལ་བསྒོམ། །ཞེས་གསུངས་པའི་དོན་ནི། རང་ལས་དམའ་བའི་གནས་སུ་དགྲ་བཞག །དགྲའམ་གཞན་མཐོན་པོའི་གནས་སུ་རང་བཞག་ལ་རང་མཐོ་བ་དེ་ལ་དགྲ་དམའ་བ་དེས་ཕྲག་དོག་སྒོམ་དུ་གཞུག །བསྒོམ་དེ་ཚར་བ་ན་འདི་ལྟ་བུའི་བསྒོམ་པའི་བསམ་པ་འབྱུང་སྟེ། རང་མཐོན་པོར་བསྒོམ་གཞན་དམའ་བར་བསྒོམ་པར་དེས་རང་ལ་ཕྲག་དོག་བྱས་པར་བསྒོམ་པ་ལ་ཡང་འདི་ལྟ་བུའི་སྡུག་བསྔལ་འབྱུང་ན་གཞན་ལ་ཕྲག་དོག་བྱེད་པ་གལ་འཐད་ཅེས་ཕྲག་དོག་རང་ཞི་བར་འགྱུར་རོ། །དེ་བཞིན་དུ་བདག་དང་མཉམ་པ་ལ་བལྟས་ནས་འགྲན་སེམས་སྒོམ་པ་ཡང་བདག་དང་མཉམ་པའི་དགྲའི་གནས་སུ་རང་ཉིད་བཞག་རང་གི་གནས་སུ་དགྲ་དེ་བཞག་ལ་དགྲ་དེས་ཕྱོགས་མཐའ་དག་གི་སྒོ་ནས་བདག་ལ་འགྲན་པར་བསྒོམ་མོ། །བསྒོམ་དེ་གྲོལ་ན་འདི་ལྟ་བུའི་བསམ་པ་འབྱུང་སྟེ། རང་དགྲར་བསྒོམ་ནས་གཞན་གྱིས་གནོད་པ་དང་འགྲན་སེམས་བྱས་པར་བསྒོམ་པ་ལ་ཡང་འདི་ལྟ་བུའི་སྡུག་བསྔལ་འབྱུང་ན། གཞན་ལ་གནོད་པ་དང་འགྲན་སེམས་བྱར་ག་ལ་རུང་སྙམ་ནས་འགྲན་སེམས་རང་བཞིར་འགྱུར་རོ། །ཡང་དེ་བཞིན་ང་རྒྱལ་བསྒོམ་པ་ཡང་རང་བས་དམའ་བའི་གནས་སུ་བདག་ཉིད་བཞག །རང་གི་གནས་སུ་རང་བས་དམའ་བ་དེ་བཞག་ལ་གཞན་མཐོ་བ་དེས་རང་དམའ་བ་དེ་ལ་རིགས་དང་ཡོན་ཏན་ལ་སོགས་པའི་སྒོ་ནས་ང་རྒྱལ་བྱེད་དུ་གཞུགས། བསྒོམ་དེ་ཚར་བ་ན་བདག་ལ་གཞན་གྱིས་ང་རྒྱལ་བསྒོམ་པ་ན་འདི་ལྟ་བུའི་སྡུག་བསྔལ་འབྱུང་ན་དེའི་ཕྱིར་བདག་གི་གཞན་ལ་ང་རྒྱལ་བྱར་ག་ལ་རུང་སྙམ་དུ་ང་རྒྱལ་ངོ་བོ་ཉིད་ཀྱིས་ཞི་བར་འགྱུར་རོ། །འདི་དག་གི་དོན་ཞིབ་ཏུ་སྤྱོད་འཇུག་ནས་ཇི་ལྟར་འབྱུང་བ་བཞིན་ཉམས་སུ་བླང་བར་བྱའོ། །དེ་ཙམ་བསྒོམ་པར་མི་ནུས་པས་བསྡུས་ཏེ་བསྒོམ་པར་འདོད་ན། རིན་ཆེན་ཕྲེང་བ་ལས། བདག་ལ་དེ་དག་སྡིག་སྨིན་ཞིང་། །བདག་བདེ་མ་ལུས་དེར་སྨིན་ཤོག །ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་། །གང་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །དེ་སྐད་བརྗོད་པའི་བསོད་ནམས་འདི། །གལ་ཏེ་དེ་ནི་གཟུགས་ཅན་འགྱུར། །གངྒའི་བྱེ་མ་སྙེད་ཀྱིས་ནི། །འཇིག་རྟེན་ཁམས་སུ་ཤོང་མི་འགྱུར། །འདི་ནི་བཅོམ་ལྡན་འདས་ཀྱིས་གསུངས། །གཏན་ཚིག་ཀྱང་ནི་འདི་ལ་སྣང་། །ཞེས་བྱ་བ་དང་། སྤྱོད་འཇུག་ལས། འགྲོ་བའི་སྡུག་བསྔལ་གང་ཅིའང་རུང་། །དེ་ཀུན་བདག་ལ་སྨིན་གྱུར་ཅིག །བྱང་ཆུབ་སེམས་དཔའི་དགེ་བ་ཡིས། །འགྲོ་བ་བདེ་ལ་སྤྱོད་པར་ཤོག །ཅེས་བྱ་བའི་དོན་སྒོམ་ཞིང་ངག་ཏུའང་བརྗོད་པར་བྱའོ། །དེ་ལྟར་བདག་གཞན་མཉམ་པ་རྗེ་སྒོམ་ཚུལ་ནི། འཇམ་དབྱངས་ས་པཎ་གྱི་གསུང་ལས་བྱུང་བ་ལྟར་བཀོད་པ་ཡིན་ལ། འགྲེལ་པ་རྣམས་ལས་འདི་དང་སྒོམ་ཚུལ་ཅུང་མི་འདྲ་ཙམ་སྣང་ཡང་རང་གིབློ་ལ་གང་བདེ་ལྟར་བསྒོམས་པར་བྱའོ། །དྲུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། ཤེས་རབ་ཀྱི་ངོ་བོ་ངོས་བཟུང་བ་དེ་ཡུལ་བདག་མེད་ལ་འཇུག་པའོ། །དང་པོ་ཤེས་རབ་ཀྱི་ངོ་བོ་ནི། མཉམ་བཞག་གི་དུས་སུ་ཆོས་ཐམས་ཅད་སྟོང་ཉིད་དུ་ཤེས་པ་དང་། རྗེས་ཐོབ་ཏུ་སྒྱུ་མ་དང་རྨི་ལམ་ལྟར་བདེན་མེད་དུ་ཤེས་པ་ཉིད་ཤེས་རབ་ཀྱི་ངོ་བོ་ཡིན་ནོ། །གཉིས་པ་དེ་ཡུལ་བདག་མེད་ལ་འཇུག་པ་ནི། གང་ཟག་གི་བདག་མེད་དང་། ཆོས་ཀྱི་བདག་མེད་བསྒོམ་པའོ། །དང་པོ་ནི་རྨོངས་པ་རྣམས་ལས་བསོག་པ་པོ་དང་འབྲས་བུ་མྱོང་བ་པོ་བདག་གམ་གང་ཟག་གམ་སྐྱེས་བུའམ་སེམས་ཅན་ལ་སོགས་པར་གདགས་པའི་གཞི་དེ་ཀ་ལུས་ངག་ཡིད་གསུམ་དང་གཅིག་པ་ཡིན་ནམ། ཐ་དད་པ་ཞིག་ཡིན་ནམ། བེམ་པོ་ཞིག་ཡིན་ནམ། ཤེས་པ་ཞིག་ཡིན་ནམ། རྟག་པ་ཞིག་ཡིན་ནམ། མི་རྟག་པ་ཞིག་ཡིན་ནམ་སྙམ་པ་ལ་སོགས་རིགས་པ་དུ་མས་བརྟགས་ཤིང་དཔྱད་པ་བློ་འཁྲུལ་པའི་དབང་གིས་བདག་མེད་ལ་བདག་དང་། གཞན་མེད་ལ་གཞན་དུ་བཟུང་བ་མ་གཏོགས་དོན་རང་ངོས་ནས་གྲུབ་པའི་བདག་གམ་སེམས་ཅན་ཅུང་ཟད་ཀྱང་མེད་པར་ཐག་བཅད་དོ། །གཉིས་པ་ཆོས་ཀྱི་བདག་མེད་སྒོམ་པ་དྲན་པ་ཉེ་བར་བཞག་པ་བཞི་ལས། དང་པོ་ལུས་དྲན་པ་ཉེ་བར་བཞག་པ་ནི། འདི་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱང་རང་གི་སེམས་ལ་སྣང་ཞིང་སེམས་ཀྱིས་བཏགས་པ་མ་གཏོགས་ཅུང་ཟད་ཀྱང་མེད་ལ། སེམས་དེ་ཉིད་ཀྱང་ལུས་ལ་བརྟེན། ལུས་ཀྱི་དབང་དུ་གྱུར་པ་ཡིན་པས་ན་ལུས་ལ་བརྟགས་པར་བྱ་སྟེ་ལུས་ཞེས་བྱ་བ་དེ་ཡན་ལག་ཚོགས་པ་འདི་དག་དང་གཅིག་གམ་ཐ་དད་དམ་ལུས་དེ་དང་པོ་གང་ནས་བྱུང་བ་ཡིན། བར་དུ་ད་ལྟ་གར་གནས། མཐར་གར་འགྲོ་སོགས་བརྟགས་ལ་ལུས་རང་བཞིན་མེད་པའི་དོན་ལ་མཉམ་པར་བཞག །ཡང་ལུས་ལ་ཞེན་པ་སྐྱེས་ན་རང་གཞན་གྱི་ལུས་མི་གཙང་བ་སྒྱུ་མ་ལྟ་བུ་སོགས་སུ་བསྒོམ་ལ་ལུས་ཀྱི་ཞེན་པ་སྤང་ངོ་། །གཉིས་པ་ཚོར་བ་དྲན་པ་ཉེ་བར་བཞག་པ་ནི། ཚོར་བ་བདེ་སྡུག་འདི་དག་ནི་སྲེད་ལེན་སོགས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་སེམས་དང་གཅིག་གམ་ཐ་དད་ལ་སོགས་པ་ལ་བརྟགས་ལ་ཚོར་བ་རང་བཞིན་མེད་པའི་དོན་སྒོམ་ཞིང་གཞན་ཚོར་བ་ཐམས་ཅད་སྡུག་བསྔལ་དང་སྙིང་པོ་མེད་པ་ལ་སོགས་པར་སྒོམ་པར་བྱའོ། །གསུམ་པ་སེམས་དྲན་པ་ཉེ་བར་བཞག་པ་ནི། ཚོགས་དྲུག་གིས་བསྡུས་པའི་སེམས་རྣམ་པར་ཤེས་པའི་རིགས་རྒྱུན་འདི་ཉིད་སྔ་ཕྱི་དང་བཟང་ངན་ལ་སོགས་པ་དུ་མར་སྣང་བ་འདི་རྣམས་གཅིག་པ་ཞིག་ཡིན་ནམ། ཐ་དད་པ་ཞིག་ཡིན་ནམ། དགའ་དང་མི་དགའ། དད་དང་མ་དད། ཆོས་དང་ཆོས་མིན། དགའ་སྡུག་ཆགས་སྡང་ལ་སོགས་པར་སྣང་བའི་སེམས་འདི་དག་གཅིག་ཡིན་ནམ། ཐ་དད་པ་ཞིག་ཡིན་ལ་སོགས་པར་བརྟགས། གཅིག་ཡིན་ན་སེམས་གཅིག་ལ་དགའ་སྡུག་དང་ཆགས་སྡང་ལ་སོགས་དུ་མར་སྣང་བའི་རྒྱུ་ཅི་ཡིན་བརྟགས། དེ་དག་གནས་སྐབས་རྐྱེན་གྱི་དབང་གིས་བྱུང་བ་ཡིན་སྙམ་ན། རྐྱེན་ཅུང་ཟད་ཀྱིས་ཀྱང་མ་བསྒྱུར་ཞིང་ཡུལ་གང་དང་མ་འཕྲད་པའི་སེམས་རང་གི་ངོ་བོ་ཇི་ལྟ་བུ་ཞིག །དེ་ཡོད་པ་ཞིག་གམ། མེད་པ་ཞིག་གམ། རྟག་པ་ཞིག་གམ། མི་རྟག་པ་ཞིག་སྙམ་པ་ལ་སོགས་པ་དུ་མས་ཡང་དང་ཡང་དུ་བརྟགས་ལ་སེམས་གཞི་མེད་རྩ་བྲལ་དུ་གཏན་ལ་ཕབ་བོ། །བཞི་པ་ཆོས་དྲན་པ་ཉེ་བར་བཞག་པ་ནི། དེ་ལྟར་ལུས་ཚོར་སེམས་གསུམ་ལས་གཞན་པའི་འདུ་ཤེས་དང་འདུ་བྱེད་འདུས་མ་བྱས་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱང་རྒྱུ་རྐྱེན་རྟེན་འབྲེལ་ལས་སྐྱེས་པའི་ཕྱིར་ན་རང་བཞིན་བདེན་པར་མ་གྲུབ་པའི་སྟོང་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་གཏན་ལ་ཕབ་ནས་ཀུན་རྫོབ་སྒྱུ་མ་རྨི་ལམ་ལྟ་བུའི་རོལ་པས་ཆགས་བདུན་སྤང་བའི་སྤྱོད་པ་རྒྱ་མཚོ་ལ་བསླབ་ཅིང་། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པར་ཤེས་པས་གང་ལ་ཡང་ཞེན་པ་མེད་པར་ཉམས་སུ་བླང་ངོ་། །འགྲོ་བའི་སྡུག་བསྔལ་སྨན་གཅིག་བུ། བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་པ་འདིའང་ཨ་བུ་ཧྲལ་པོས་སྨྲས་སོ། །དགེའོ།། །།བཀྲ་ཤིས།།

ཆོས་ཀྱི་སྡོམ་བཞི་སྟོན་པ་དྲི་མ་མེད་པའི་གཏམ།

ཆོས་ཀྱི་སྡོམ་བཞི་སྟོན་པ་དྲི་མ་མེད་པའི་གཏམ་ཀུན་མཁྱེན་ཀློང་ཆེན་པས་མཛད་པ་བཞུགས་སོ། །ཆོས་ཀྱི་སྡོམ་བཞི་སྟོན་པ་དྲི་མ་མེད་པའི་གཏམ་བཞུགས་སོ། །ཆོས་ཀྱི་སྡོམ་བཞི་དྲི་མ་མེད་པའི་གཏམ། །བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལེགས་པའི་ཡོན་ཏན་དམ་པས་རབ་བརྒྱན་ཞིང་། །ཉེས་པའི་ཆུ་གཏེར་ཀུན་ལས་འདས་པའི་མཐར། །དོན་གཉིས་མཛད་པའི་ཕྲིན་ལས་རབ་རྫོགས་ནས། །མྱ་ངན་འདའ་སྟོན་དེ་ལ་ཕྱག་འཚལ་ལོ། །ཇི་ལྟར་འཕགས་པ་བ་གླང་བདག་བཞིན་དུ། །ཆོས་ཀྱི་སྡོམ་བཞི་རབ་ཏུ་དབྱེ་བ་ཡིས། །འདུས་པའི་ཚོགས་ལ་སྙིང་ནས་བསྐུར་བའི་ཚིག །བསྙན་པའི་བཀའ་མཆིད་ལགས་ཀྱིས་གསན་པར་ཞུ། །རབ་དཀར་དགེ་ཚོགས་འོད་ཟེར་སྟོང་འཕྲོ་ཞིང་། །རང་གཞན་དོན་གཉིས་འབྱོར་བའི་སྙིན་པོ་ཅན། །དལ་འབྱོར་རིན་ཆེན་ཕོ་བྲང་ཆེན་པོ་ནས། །དད་ལྡན་སྐྱེ་བོ་རྣམས་ལ་ལེགས་སྨྲས་པ། །འདི་ལྟར་ནོར་འཛིན་དག་ན་སྣང་བ་ཡི། །ཕུན་ཚོགས་དེ་ཡང་བརྟེན་པ་མ་ཡིན་ལ། །སྐྱེས་པ་འཆི་ཞིང་འདུས་པ་འབྲལ་བས་ན། །མི་རྟག་སྐྱོ་ཤས་བློ་སྣ་ཐུང་བར་མཛོད། །འགྲོ་དྲུག་ནང་ནས་མི་ཡི་ལུས་རྙེད་དཀོན། །དེ་བས་དམ་པ་རྣམས་དང་འཕྲད་པ་དཀོན། །དེ་བས་ཆོས་ཐོབ་པ་དང་སྤྱོད་པ་དཀོན། །དེ་བས་ཟབ་དོན་སྙིང་པོའི་དོན་མཐོང་དཀོན། །དལ་འབྱོར་རྙེད་དཀའི་གྲུ་ཆེན་ཐོབ་དུས་འདིར། །རབ་ཟབ་བླ་མའི་མན་ངག་གྲུ་གཟིངས་ཀྱིས། །སྡུག་བསྔལ་རྒྱ་མཚོ་བརྒལ་ལ་བརྩོན་པར་མཛོད། །རིང་པོར་མི་ཐོགས་བྱང་ཆུབ་མཆོག་སངས་རྒྱས། །གལ་ཏེ་ལེ་ལོས་ཐར་ལམ་མ་སྙོགས་ན། །ཕྱིས་ནས་གར་འགྲོ་བདག་གིས་ཇི་ལྟར་ཤེས། །དེ་དུས་བཅོས་སུ་ཡོད་པ་མ་ལགས་ཀྱི། །ད་ལྟ་ཉིད་དུ་བརྩོན་པའི་སྟོབས་བསྐྱེད་ཅིག །བདག་ཅག་ཚེ་ནི་གཡོ་བའི་སྤྲིན་དང་འདྲ། །ལུས་ནི་གཡར་པོ་བཞིན་ཏེ་ལྟོས་མེད་ལ། །འཆི་བདག་མི་སྡོད་ནུབ་རིའི་གྲིབ་མ་འདྲ། །སྐད་ཅིག་མི་སྡོད་འཇིག་པའི་ཆོས་ཅན་དུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་མཛོད། །ཀྱེ་མ་གྲོགས་དག་དེང་ནས་མ་འབད་ན། །ཚེ་འདིའི་སྣང་བ་ནུབ་ཚེ་ཇི་ལྟར་བྱ། །ཆ་མེད་ཡུལ་དེར་རྒྱུས་མེད་འགྲོ་དུས་ན། །གཅིག་པུ་གྲོགས་མེད་སྐྱབས་དང་མགོན་མེད་ལ། །གཉེན་དང་བཤེས་མེད་སུས་ཀྱང་འཕན་པ་མེད། །དེ་དུས་རང་སྣང་བག་ཆགས་དགེ་སྡིག་འབྲང་། །སྔར་བསགས་ལས་ཀྱིས་ཕྱི་མའི་སྣང་བ་འཆར། །སུས་ཀྱང་བསྒྱུར་མེད་དགེ་སྡིག་འབྲས་བུ་མྱོང་། །དེ་བས་ད་ལྟར་དགེ་ལ་བརྩོན་པར་མཛོད། །ཇི་ལྟར་ནམ་ཟླ་དུས་བཞིའི་འགྱུར་ལྡོག་བཞིན། །བདག་ཅག་ཚེ་འགྲོ་ནམ་ཡང་ཡིད་བརྟན་མེད། །དེང་འཆི་སང་འཆི་ངེས་པ་མ་མཆིས་པས། །ད་ལྟར་ཉིད་དུ་ཆོས་ལ་བརྩོན་པར་རིགས། །སྙིང་པོ་མེད་པའི་ལུས་འདི་འཇིག་ཅིང་འདོར། །སྐྱེས་པའི་ཐ་མ་ཡིན་ཏེ་འཆི་བས་ན། །དལ་ཞིང་འབྱོར་པས་བརྒྱན་པའི་ཚེ་འདི་ལ། །ཐར་པའི་ལམ་བཟང་སྙེགས་ལ་བརྩོན་པར་མཛོད། །ད་ལྟའི་ས་སྟེང་འགྲོ་བ་འདི་དག་ཀྱང་། །ལོ་བརྒྱའི་ནང་དུ་ལུས་པ་འགའ་མེད་ལ། །གློ་བུར་ནད་རྐྱེན་ཚེ་ལ་ངེས་མེད་པས། །སྙིང་ནས་མི་རྟག་འཆི་བ་བསམ་པར་རིགས། །འཁོར་བའི་རྒྱ་མཚོ་གཏིང་མཐའ་དཔག་ཡས་ཤིང་། །འཆི་བས་འཇིག་པའི་སྐྱེ་བ་ཕ་མཐའ་ཡས། །གང་དུ་སྐྱེས་ཀྱང་སྡུག་བསྔལ་ཆུ་བཞིས་རྩེན། །དེ་ལས་མཐར་ཕྱིན་བརྩོན་པའི་སྟོབས་སྐྱེད་ཅིག །ཚེ་འདི་སྤྲིན་དང་འདྲ་སྟེ་མི་བསྟན་གཡོ། །ལུས་ནི་ལྦུ་བ་འདྲ་སྟེ་འཇིག་ཏུ་ཉེ། །འདིར་ཚོགས་མགྲོན་པོ་འདྲ་སྟེ་འགྱེས་ལ་ཁད། །ཐམས་ཅད་རྨི་ལམ་འདྲ་སྟེ་སྙིང་པོ་མེད། །འདུས་བྱས་ཆོས་ལ་ཡིད་བརྟན་འགའ་མེད་པས། །བརྩོན་པའི་སེམས་ཀྱིས་སྙིང་པོའི་དོན་སྒྲོམས་ཤིག །ཚེ་འདི་རྨི་ལམ་སྒྱུ་མའི་སྣང་བ་ལ། །མི་མཁས་བདེན་པར་བཟུང་བས་བྱིས་པ་འཁྲུལ། །སྤྲུལ་པས་འགྲོ་བ་བསླུ་ཞེས་རྟོགས་བྱས་ནས། །སྙིང་པོའི་དོན་ལ་དེང་ནས་བརྩོན་པར་རིགས། །དལ་འབྱོར་སྙིང་པོ་ལྡན་པའི་ལུས་འདི་ཡང་། །མི་རྟག་མྱུར་འགྲོ་ཉི་མའི་དཀྱིལ་འཁོར་འདྲ། །འཆི་བདག་མི་སྡོད་ནུབ་རིའི་གྲིབ་མ་བཞིན། །འཇིག་རྟེན་ཕྱི་མའི་སྣང་བ་འཆར་དུ་ཉེ། །གྲོགས་དག་རྟག་འཛིན་ལེ་ལོའི་སེམས་བོར་ལ། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག །བདག་ནི་མལ་གྱི་ཐ་མ་དེར་འདུག་ནས། །འཆི་བའི་དུས་བབས་འབྱུང་བཞིའི་བསྡུ་ཚུལ་དང་། །བར་དོའི་སྣང་བ་སྣ་ཚོགས་ཤར་བའི་ཚེ། །ནོར་དང་གཉེན་བཤེས་སྒྱུ་མའི་གྲོགས་ལ་སོགས། །འཇིག་རྟེན་ཆོས་ཀྱིས་སྟོངས་པའི་སྐབས་མེད་ན། །བདག་གིས་ཅི་བྱེད་དེ་དུས་སུ་ལ་རེ། །དེ་བས་ད་ལྟ་དམ་པའི་ཆོས་མཛོད་ཅིག །གང་དུ་ཕྱིན་ནས་སླར་ལོག་མི་འགྱུར་བ། །འཆི་བདག་ཁྱིམ་དེར་བདག་ཅག་འགྲོ་དགོས་ན། །འཇིགས་བྲལ་ཉག་གཅིག་སྐྱབས་དང་དཔུང་གཉེན་མཆོག །འདི་ཕྱིར་ཕན་པ་དམ་པའི་ཆོས་ལས་མེད། །སྙིང་ནས་འཆི་བ་བསམ་ཏེ་ཆོས་མཛོད་ཅིག །མདོར་ན་འབབ་ཆུ་གྱ་གྱུར་ལྟུང་བ་དང་། །ནུབ་རིའི་གྲིབ་མ་མི་སྡོད་འོང་བ་དང་། །ཉིན་མཚན་སྐད་ཅིག་ཐང་ཅིག་འགྱུར་བའི་དཔེས། །ཚེ་ལ་ལོང་མེད་འཆི་བ་དྲན་བྱས་ལ། །དེ་རིང་ཉིད་ནས་ཆོས་ལ་བརྩོན་པར་མཛོད། །དེ་རིང་མི་རྟག་སང་དུ་འགྱུར་བས་ཀྱང་། །རང་གི་ཚེ་འགྲོ་སྐད་ཅིག་གཡོ་བ་སྟེ། །ངེས་པར་འཆི་ཞེས་གཏིང་ནས་དྲན་བྱ་ཞིང་། །ཚེ་ལ་ལོང་མེད་བློ་སྣ་བསྟུང་བྱས་ལ། །ད་ལྟ་ཉིད་དུ་དམ་པའི་ཆོས་མཛོད་ཅིག །ནམ་ཡང་བདེ་མེད་འཁོར་བ་སྦྲུལ་གདུག་གླིང་། །རྒྱལ་པོའི་བཙོན་ར་འདྲ་བར་རྟོགས་ནས་ནི། །སེམས་ཉིད་དོན་ལ་གོམས་པའི་དབང་འབྱོར་བས། །གདོད་མའི་ཟད་སར་གཏན་སྲིད་ཟིན་པར་མཛོད། །གྲོགས་དག་གཅིག་ཏུ་དགེ་ལ་བརྩོན་པ་དང་། །ཐོས་པའི་དོན་བཞིན་ཉམས་སུ་ལོན་པ་ཡིས། །འཆི་བའི་ཚེ་ན་མི་འཇིགས་གདེང་དང་ལྡན། །སྤྲོ་དགའི་སེམས་ཀྱིས་གཏན་སྲིད་ཟིན་པར་མཛོད། །གྲོགས་དག་སྐྱེས་པ་གང་ཡིན་འཆི་བ་སྟེ། །སང་དང་བདག་གི་ཚེ་ཟད་དུས་འདི་གཉིས། །སྔོན་ལ་གང་འབྱུང་ངེས་པ་མེད་དོ་ཞེས། །སྙིང་ནས་བསམས་ཏེ་རྟག་ཏུ་ཆོས་མཛོད་ཅིག །རི་བདུན་གླིང་བཞི་ཐལ་བར་མི་ལུས་ཤིང་། །དུས་མཐའི་རླུང་གིས་སྟོང་པའི་སྐབས་ཡོད་ལ། །འགྲོ་ཀུན་མི་རྟག་སྒྱུ་མའི་རང་བཞིན་དུ། །ནམ་ཞིག་འགྱུར་ཞེས་ངེས་པར་རྟོགས་བྱས་ནས། །སྙིང་ནས་ཞི་བའི་ཆོས་ལ་བརྩོན་པར་མཛོད། །རྙེད་དཀའི་དལ་འབྱོར་ཐོབ་ཀྱང་མི་རྟག་ལ། །ལྷན་ཅིག་འདུས་པའི་གྲོགས་ཀྱང་འབྲལ་བས་ན། །ཚེ་འདིར་མ་ཆགས་ཕྱི་མ་རྒྱུན་རིང་བས། །ད་ལྟ་ཉིད་དུ་དམ་པའི་ཆོས་མཛོད་ཅིག །ཚངས་དང་བདེ་འབྱུང་འཇིག་རྟེན་དབང་པོའི་དགྲ། །དྲག་པོ་ཐ་སྐར་ཉིན་མོར་བྱེད་རྣམས་ཀྱང་། །འཆི་བདག་གནས་ལས་ཐར་པའི་སྐབས་མེད་ལ། །ཡིད་འོང་རྡོ་རྗེའི་སྐུ་ཡང་མི་རྟག་ན། །ལྦུ་བ་རྡོལ་འདྲ་ལུས་འདི་ཅིས་མི་འཇིག །དེས་ཀྱང་གཅིག་ཏུ་བརྩོན་པའི་སྟོབས་བསྐྱེད་ལ། །མི་རྟག་འཆི་བ་བསམ་ནས་ཆོས་མཛོད་ཅིག །འདུས་བྱས་མི་རྟག་པའི་ཚོམས་ཏེ་དང་པོའོ།། །།དགེ་ལེགས་སྙན་པའི་ཕོ་བྲང་ཆེན་པོ་ནས། །དད་ལྡན་སྐྱེ་བོ་རྣམས་ལ་ཡང་སྨྲས་པ། །ཟག་བཅས་ཆོས་རྣམས་རང་བཞིན་སྡུག་བསྔལ་ཏེ། །སྡུག་བསྔལ་འགྱུར་དང་འདུ་བྱེད་སྡུག་བསྔལ་གསུམ། །སྣོད་བཅུད་སྲིད་གསུམ་བདེ་བའི་གོ་སྐབས་མེད། །སེམས་དམྱལ་ཡི་དྭགས་བྱོལ་སོང་ལྷ་མིན་དང་། །ལྷར་བཅས་མི་ཡི་འཇིག་རྟེན་མ་ལུས་ཀུན། །དགེ་སྡིག་ལས་ཀྱིས་ཟོ་ཆུའི་ཁྱུད་མོ་འདྲ། །མཐོ་རིས་ཐོབ་ཀྱང་ངན་འགྲོར་ལྷུང་བས་ན། །འཁོར་བའི་གྲོང་ནས་ཐར་པའི་ཐབས་འཚལ་ལོ། །རང་བཞིན་སྡིག་ལ་གོམས་པའི་རྒྱུ་འབྲས་ཅན། །རང་སྣང་ལོག་པས་དམྱལ་བའི་འཇིག་རྟེན་ན། །དུས་མཐའི་མེ་ཆེན་འབར་བས་ཆེས་ལྷག་པས། །ལས་ཀྱི་མེ་ལྕེ་གཅིག་ཏུ་གྱུར་པ་ཡིན། །ཕྱི་ནང་ལུས་ཀྱི་ཤ་ཀུན་ཚིག་གྱུར་ལ། །གཤིན་རྗེའི་སྐྱེས་བུས་དྲག་ཏུ་གཟིར་བ་ལས། །མི་བཟོད་མཚོན་དང་བྲག་རིས་སྡུག་བསྔལ་ཞིག །ཁ་གཅིག་ལྕགས་ཀྱི་ཁང་པར་བསྲེགས་གྱུར་ལ། །ཐོ་ལུམ་འབར་བས་ལུས་ནང་ཞུགས་གྱུར་ཅིག །ལ་ལ་ལྕགས་ཀྱི་བྱེ་ཚན་འབར་བ་དང་། །ཁྲོ་ཆུ་ཁོལ་མས་མི་བཟོད་སྡུག་བསྔལ་ལོ། །གཞན་དག་འབར་བའི་གསལ་ཤིང་རྩེར་འདུག་ཅིང་། །ཁྲག་དང་ཞག་གིས་ས་ཕྱོགས་ཁྱབ་པར་བྱེད། །ཁ་ཅིག་ཐིག་ནག་བསྡུས་འཇོམས་ངུ་འབོད་ཅིང་། །ངུ་འབོད་ཆེ་དང་ཚ་བས་རབ་ཚ་ཞིང་། །ལ་ལ་མནར་མེད་ལྕགས་ཁྱིམ་འབར་བ་རུ། །ལུས་པོ་བརྒྱངས་པ་ལྕགས་ཀྱི་ཕུར་བུས་འདེབས། །ཁ་ཅིག་མེ་ཡི་ཐོ་བས་འཇོམས་བྱེད་ཅིང་། །སྤུ་གྲིའི་ལམ་སོགས་མཚན་གྱིས་སྡུག་བསྔལ་ལོ། །ལ་ལ་ཐལ་ཚན་ཆུ་བོར་བྱིང་གྱུར་ཅིང་། འདབ་བཟང་མཆུ་ཡིས་ཀླད་པ་འགེམས་པར་བྱེད། །ལ་ལ་ཟངས་ཆེན་ཁོལ་མར་འཚོད་བྱེད་ཅིང་། །ཚ་བའི་སྡུག་བསྔལ་ཤིན་ཏུ་མི་བཟད་དོ། །ལ་ལ་མཚོན་ཆའི་རི་ལ་ཤ་ཀུན་འཐོར། །མདག་མེ་འབར་བས་ཡུན་རིང་སྡུག་བསྔལ་ལོ། །དེ་བཞིན་གྲངས་བས་ཉམ་ཐག་སེམས་དམྱལ་ཡང་། །ཆུ་བུར་ཅན་དང་ཆུ་བོར་རྡོལ་བ་ཅན། །ཨ་ཆུ་ཀྱི་ཧུད་སོ་ཐམ་པདྨ་ཅན། །པདྨ་ཆེ་ལྟར་གས་པས་སྡུག་བསྔལ་ཞིང་། །བུ་ཡུག་ལངས་པས་རབ་ཏུ་སྤྲེབས་གྱུར་ལ། །ཤིན་ཏུ་ཉམ་ཐག་སྡུག་བསྔལ་ཕ་མཐའ་ཡས། །གཤིན་རྗེའི་འཇིག་རྟེན་དག་ནའང་བདེ་བ་མེད། །བཀྲེས་སྐོམ་མེ་ཆེན་འབར་བས་ལུས་གདུང་ཡང་། །བར་གྱི་བསྐལ་པར་ཟས་སྐོམ་སྒྲས་མི་ཐོས། །སོས་ཀའི་ཟླ་བ་བསིལ་བའི་འོད་ཟེར་ཀྱང་། །མེ་ལྕེ་འབར་བས་རབ་ཏུ་ཚ་བ་བཞིན། །དགུན་རྣམས་ཉི་མ་བསིལ་བས་གདུང་བར་བྱེད། །སྨན་ཤིང་མེ་ཏོག་ཆུ་ཀླུང་བཟང་པོ་ཡང་། །མཐོང་བས་སྐམ་ལ་རྣག་ཁྲག་ཉིད་དུ་འབབ། །ལྟོ་བ་ཡངས་ཤིང་རྐང་ལག་ཤིན་ཏུ་ཕྲ། །ཟས་སྐོམ་མི་ཆུད་ཆུད་ནའང་འབར་བའི་མེས། །གློ་སྙིང་བསྲེག་ཅིང་མེ་ལྕེ་ཆར་འབབ་བོ། །ཁ་ཅིག་ལས་ཀྱི་རྫུ་འཕྲུལ་མཐུ་ཆེ་ཡང་། །ཀུན་ཏུ་འཁྱམས་ཤིང་གནོད་པའི་སྦྱོར་བ་ཅན། །ནད་གཏོང་མདངས་འཕྲོག་ཚེ་ལ་བར་དུ་གཅོད། །ངན་སོང་ཉིད་ལས་ཐར་པའི་སྐབས་མེད་དོ། །དེ་ནས་བྱོལ་སོང་དག་གི་འཇིག་རྟེན་ན། །གླེན་ཞིང་གཏི་མུག་གཅིག་གིས་གཅིག་ཟ་ཞིང་། །བསད་བཅད་དག་དང་བཀོལ་སྤྱོད་ལས་ཀྱིས་མནར། །བཀྲེས་སྐོམ་ནད་དང་འཚེ་བའི་འཇིགས་པས་ཉེན། །མི་རྣམས་ལ་ཡང་བདེ་བའི་སྐབས་མེད་དེ། །སྐྱེ་རྒ་ན་འཆི་འ ཐབ་རྩོད་དབུལ་ཕངས་དང་། །འདོད་པས་མི་ངོམས་བསགས་དང་བསྲུང་ལ་སོགས། །བྱམས་པའི་གཉེན་བྲལ་དགྲ་དང་འཕྲད་པར་དོགས། །འཚོལ་སྐྱོང་འཚེ་དང་ཡིད་མི་བདེ་བ་དང་། །འདོད་པ་མ་གྲུབ་མི་འདོད་ཐོག་ཏུ་འབབ། །སྣ་ཚོགས་སྡུག་བསྔལ་མང་པོས་སོ་སོར་མནར། །ལྷ་མིན་འཐབ་རྩོད་དུ་མས་སྡུག་བསྔལ་ཏེ། །གཡུལ་ངོར་ཤིང་རྟ་ཆག་དང་རྣམ་པར་དཀྲུགས། །རི་རབ་འཕངས་པས་ནོན་པས་ལུས་འདར་ཞིང་། །རྒྱ་མཚོ་འཁྲུགས་པའི་འཚོལ་བའི་སྒྲ་སྐད་དང་། །བྲག་རི་ཉིལ་བས་སྟོང་གསུམ་གཡོ་བ་བཞིན། །མཚོན་ཆའི་འཁོར་ལོས་རྡུལ་ཕྲལ་བཞིན་དུ་བཅོམ། །དུས་མཐའི་མེ་རླུང་འཁྲུགས་ལས་འཐོར་བ་བཞིན། །སྙིང་ཡང་འགས་པས་གསོན་དུ་རེ་བ་མེད། །ཞེ་སྡང་དགྲ་བོས་རང་གི་སེམས་བསྲེག་ཅིང་། །འཐབ་རྩོད་དྲག་པོས་ཕྱི་རོལ་རྣམ་པར་འགྱུར། །དེ་བཞིན་རང་གི་སྡེ་ཡང་རབ་ཏུ་འཁྲུག །རྒྱུན་དུ་རྩོད་པས་བདེ་བའི་སྐབས་མེད་དོ། །རྒྱལ་ཆེན་བཞི་དང་སུམ་ཅུ་རྩ་གསུམ་ནའང་། །བག་མེད་འདོད་པས་གཡེངས་ཤིང་མི་དགེ་ལ། །ལྷ་མིན་འཚེ་ཞིང་གཡུལ་ངོར་སྡུག་བསྔལ་ལོ། །བདེ་མང་སྤྱོད་ཀྱང་རྨི་ལམ་སད་པ་ལྟར། །འཆི་བའི་ཚེ་ན་ཡུན་ཐུང་ངོམས་པ་མེད། །མེ་ཏོག་ཉམས་དང་རྙིང་ལ་ཉམས་མི་དགའ། །ཕྱི་མའི་གནས་མཐོང་ལུས་ལ་དྲི་མི་ཞིམ། །གྲོགས་ཀྱིས་སྤོང་དང་འདུ་ཤེས་འཁྲུགས་པ་སྟེ། །ལྷ་ཡི་ཞག་བདུན་བར་དུ་སྡུག་བསྔལ་བ། །ངན་སོང་སྡུག་བསྔལ་ལས་ཀྱང་ཆེས་ལྷག་གོ། །མཚེ་མ་དགའ་ལྡན་འཕྲུལ་དགའ་གཞན་འཕྲུལ་བྱེད། །འདོད་པས་མི་ངོམས་བག་མེད་ལྷུང་བ་སྟེ། །སླར་ཡང་ངན་སོང་གནས་སུ་འབབ་འཚལ་ལོ། །ཚངས་རིག་ལ་སོགས་བསམ་གཏན་གནས་བཅུ་གཉིས། །བསམ་གཏན་བདེ་བས་སྔ་མའི་གནས་ཟད་དེ། སླར་ཡང་ངན་སོང་དག་ཏུ་ལྷུང་འགྱུར་ཞིང་། །གཟུགས་མེད་བཞི་ཡང་ཞི་གནས་གཅིག་གིས་ནི། །བསྐལ་པ་ལ་གནས་དེ་ཡང་ལམ་ཟད་ཚེ། །ངན་འགྲོའི་གནས་སུ་འཇུག་པར་ཐུབ་པས་གསུངས། །མདོར་ན་ཁམས་གསུམ་འཁོར་བའི་གྲོང་ཁྱེར་ན། །སྡུག་བསྔལ་ཉིད་གསུམ་བརྒྱད་ཀྱིས་སྡུག་བསྔལ་ཞིང་། །བདེ་བའི་སྐབས་མེད་མེ་ཡི་འོབས་དང་འདྲ། །ད་རེས་ཚེ་འདིར་སྲིད་མཚོ་མ་བརྒལ་ན། །ཕྱི་ནས་ཅིར་འགྱུར་བདག་གིས་ཇི་ལྟར་བྱ། །དེ་བས་འཁོར་བའི་རང་བཞིན་སྡུག་བསྔལ་ལ། །སྙིང་ནས་སྐྱོ་བས་རང་གཞན་ཐར་བྱའི་ཕྱིར། །དེ་རིང་ཉིད་ནས་ངེས་པར་འབད་པར་བྱ། །ད་ལྟའི་ཚ་གྲང་བཀྲེས་སྐོམ་ཅུང་ཟད་ལའང་། །བདག་གིས་མི་བཟོད་སྨྲེ སྔགས་འབྱིན་བྱེད་ན། །འཁོར་བ་ངན་སོང་སྡུག་བསྔལ་མི་བཟོད་པ། །དྲག་ལ་རྒྱུན་རིང་བདག་གིས་ཇི་ལྟར་བཟོད། །དེ་བས་ཆོས་ལ་དཀར་ཐུབ་གུས་མཛོད་ལ། །དད་དང་ངོ་ཚ་ཁྲེལ་ཡོད་ཤེས་པ་དང་། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་ཆེན་པོས། །སྲིད་པའི་ཆུ་གཏེར་བརྒལ་ལ་བརྩོན་པར་མཛོད། །དེང་ནས་བདག་གིས་བརྩོན་པར་མ་བྱས་ན། །ཚེ་རབས་གཞན་དུ་བདེ་འགྲོའང་མི་ཐོབ་ན། །བྱང་ཆུབ་ལམ་ལ་འཛེགས་པ་སྨོས་ཅི་དགོས། །དམ་པ་རྣམས་ལས་ཟབ་མོའི་ཆོས་ཐོས་ཏེ། །ངེས་དོན་སྙིང་པོ་དམ་པས་འབྱོར་དུས་འདིར། །ཐར་པའི་ལམ་ལ་ཁ་ལོ་སྒྱུར་བར་མཛོད། །དལ་འབྱོར་དབང་པོ་བརྩོན་པའི་ཡལ་འདབ་ཅན། །ཕ་རོལ་ཕྱིན་དྲུག་གོ་མཚན་བཟང་པོས་མཛེས། །ཐབས་དང་ཤེས་རབ་སྟོབས་ཆེན་རྐང་འགྲོས་ཅན། །བསོད་ནམས་ཡེ་ཤེས་དཔུང་གིས་ལེགས་བསྐོར་ཏེ། །ཉོན་མོངས་དགྲ་ཆེན་འཇོམས་ལ་བརྩོན་པར་མཛོད། །གང་དུ་ཐུབ་པས་ཟག་པ་མེད་ཞི་བ། །ཉེར་བསྟེན་འཕགས་པའི་ནོར་བདུན་ལྡན་པ་ཡིས། །ཞི་བའི་གནས་སུ་བསམ་གཏན་སྒོམ་པར་མཛོད། །ས་དང་ལམ་རྣམས་མ་ལུས་རབ་རྫོགས་ནས། །སྡུག་བསྔལ་རྒྱལ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །སྡུག་བསྔལ་ཤེས་བྱ་ཀུན་འབྱུང་རབ་སྤང་ཕྱིར། །ལམ་ཉིད་བསྟེན་པས་འགོག་པ་ཐོབ་པར་འགྱུར། །རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་པ་ཡིས། །སྲིད་པའི་གྲོང་ལས་མྱ་ངན་འདས་ཞིང་འགྲོ། །དེ་ཕྱིར་འཁོར་བའི་སྡུག་བསྔལ་ཤེས་བྱས་ཏེ། །དེ་ཉིད་སྤང་ཕྱིར་བརྩོན་པའི་སྟོབས་སྐྱེས་ཅིག །བློ་ཡིས་དབྱེ་བས་ཐེག་པ་གསུམ་དག་ལས། །གང་ལ་མོས་པའི་བྱང་ཆུབ་བསྒྲུབ་པར་བྱ། །གྲོགས་དག་ཁྱེད་ཀྱིས་ཐེག་མཆོག་འདིར་ཞུགས་ལ། །སྙིང་རྗེའི་རང་བཞིན་སྟོང་པའི་བློ་མངའ་བས། །འཁོར་བའི་རྒྱ་མཚོ་ཆེ་ལས་སྒྲོལ་བར་མཛོད། །ཟག་པ་དང་བཅས་པ་སྡུག་བསྔལ་བའི་ཚོམས་ཏེ་གཉིས་པའོ།། །།སེམས་ཉིད་མ་བཅོས་ཕོ་བྲང་ཆེན་པོ་ནས། །དད་ལྡན་སྐྱེ་བོ་རྣམས་ལ་ཡང་སྨྲས་པ། །འདི་ལྟར་འཁོར་འདས་སྣང་ཞིང་སྲིད་པ་ཡི། །ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་དེ། །མ་བཅོས་གཉུག་མའི་དོན་གྱི་གནས་ལུགས་ཉིད། །གཞི་ལམ་འབྲས་བུ་གསུམ་གྱིས་མཚོན་པར་བྱ། །གཞི་ཡི་ཆོས་རྣམས་སྣང་སྟོང་མཐའ་བྲལ་ཏེ། །མུ་བཞི་ལས་འདས་གཉིས་སྣང་བྲལ་བཞིན་དུ། །སྣང་ཚུལ་རྐྱེན་གྱིས་ཅིར་ཡང་སྣང་བ་དེ། །བསྡུ་ན་འཁོར་འདས་གཉིས་སྣང་ཆུ་ཟླའི་ཚུལ། །དག་དང་མ་དག་རྒྱུ་འབྲས་རྟེན་འབྲེལ་ཙམ། །ལས་འབྲས་ཀུན་རྫོབ་ཆོས་རྣམས་སྣ་ཚོགས་སྣང་། །དེ་ཉིད་ངོར་བྱས་དགེ་སྡིག་བླང་དོར་བྱེད། །ས་དང་ལམ་དང་རྣམ་དབྱེའི་རྣམ་པ་ཅན། །གློ་བུར་དྲི་བཅས་ཁམས་དང་ཆོག་བརྒྱད་དང་། །ཏིང་འཛིན་གཟུགས་སྤྲིན་ཡེ་ཤེས་སྙིང་པོ་ཅན། །སོ་སོར་མ་འདྲེས་ཇི་སྙེད་མཁྱེན་པའི་ཡུལ། །དེ་ཉིད་གཟིགས་པ་རྣམས་ཀྱིས་ལེགས་པར་གསུངས། །སྣང་དེའི་རང་བཞིན་གདོད་ནས་མ་སྐྱེས་ཏེ། །སྒྱུ་མ་ཆུ་ཟླ་གཉིས་མེད་སྤྲུལ་པ་འདྲ། །དྲི་ཟའི་གྲོང་བཞིན་མིག་ཡོར་བྲག་ཅའི་སྒྲ། །རྨི་ལམ་སྨིག་རྒྱུའི་རང་བཞིན་སྙིང་པོ་མེད། །ཇི་ལྟར་སྣང་ཞིང་རྫུན་ལ་དངོས་མེད་དེ། །མ་སྐྱེས་གདོད་ནས་དག་པར་ཤེས་པར་བྱ། །སྣང་བཞིན་སྟོང་ལ་སྟོང་བཞིན་སྣང་བ་སྟེ། །སོ་སོ་མ་ཡིན་གཅིག་མིན་གཉིས་མེད་མིན། །དེ་ལས་གཞན་མིན་སྤྲོས་པའི་མཐའ་ལས་འདས། །རྟོག་གེའི་ཚུལ་མིན་དབུ་མའི་རང་བཞིན་ནི། །འདི་ཞེས་མི་མཚོན་སྤྲོས་པ་ཀུན་དང་བྲལ། །སྐྱེ་མེད་འགག་མེད་འོང་མེད་འགྲོ་བ་མེད། །རྟག་མིན་ཆད་མིན་ཐ་དད་དོན་གཅིག་མིན། །དུས་གསུམ་དུས་མེད་འཁོར་འདས་སྟོང་པའི་ཚུལ། །དོན་དམ་རྟེན་འབྲེལ་སྣང་སྟོང་མཐའ་ལས་འདས། །གྲུབ་པའི་མཐའ་སྟོང་ཁམས་ལེན་ཀུན་དང་བྲལ། །དམ་བཅའ་མེད་ཅིང་ཚོགས་ཆོས་རྗེས་འགྲོས་དབེན། །སྟོང་པའི་རང་བཞིན་ཉིད་དུའང་རང་བཞིན་མེད། །བདག་དང་བདག་མེད་མ་ཡིན་དཔེ་ལས་འདས། །དོན་དམ་གཟིགས་པས་ཇི་བཞིན་ལེགས་པར་གསུངས། །དེ་ཕྱིར་གང་སྣང་དེ་ཉིད་སྤྲོས་ལས་འདས། །རང་བཞིན་གཉིས་མེད་གཉུག་མའི་གནས་ལུགས་ཉིད། །གཞི་ཡི་ཆོས་སུ་ལེགས་པར་མཁྱེན་པར་མཛོད། །ལམ་གྱི་ཆོས་ལ་ལྟ་སྒོམ་སྤྱོད་པ་གསུམ། །ལྟ་བའི་ཆོས་ཉིད་མཐའ་དབུས་ཕྱོགས་ལྷུང་བྲལ། །རང་བཞིན་གདོད་ནས་དག་པའི་གཞི་དེ་ནི། རང་གི་ལེགས་སྨོན་སྔོན་སྦྱངས་བསོད་ནམས་དང་། །བླ་མའི་བྱིན་རླབས་ཞུགས་ལས་ལེགས་རྟོགས་ཏེ། །མཁའ་ལ་ཉི་ཤར་མུན་ནག་སངས་བ་བཞིན། །ཡིན་མིན་ཡིད་དཔྱོད་སྒྲོ་འདོགས་ཀུན་དང་བྲལ། །གཞི་ཉིད་དངོས་པོ་ཀུན་གྱི་གནས་ལུགས་ཏེ། །དེ་ཉིད་བློ་ཡིན་ལེགས་རྟོགས་ལྟ་བ་ཡིན། །དེ་ཡང་གང་ཤར་སྣང་སྟོང་ཆོས་ཉིད་དེ། །སྤང་བླང་དགག་སྒྲུབ་རེ་དོགས་མེད་པའི་ངང་། །ཆེད་འཛིན་གཟའ་གཏད་བྲལ་ན་རྟོགས་པ་ཡིན། །རྟོགས་པའི་དོན་དང་དུས་ཀུན་མ་བྲལ་བར། །འཛིན་མེད་རྒྱལ་པོ་ཕྱོགས་རིས་མེད་པ་ན། །ཡང་རབ་དབང་པོ་ལྟ་ཐོག་ཉིད་ནས་གྲོལ། །གང་ཤར་རྒྱལ་པོ་ལྷུན་རྫོགས་བློ་བདེའོ། །མདོ་ན་གཞི་ཉིད་རྟོགས་པ་ལྟ་བ་སྟེ། །ཡིན་མིན་ཐེ་ཚོམ་སོམ་ཉི་ཡིད་དཔྱོད་བྲལ། །བློ་ཡིས་མ་བཅོས་གཉེན་པོས་བཅོས་མི་དགོས། །གང་སྣང་ཉིད་ནས་ནས་ཤར་སྤྲོས་དང་བྲལ། །བཟོ་མེད་རང་བབས་རིག་པ་སྐད་ཅིག་མ། །ཤུགས་འབྱུང་རང་གྲོལ་ཟང་ཐལ་ལྟ་བའི་དོན། །ཕྱི་རབས་རྣལ་འབྱོར་ཀུན་གྱི་མཁྱེན་པ་མཛོད། །སྒོམ་པའི་དོན་ལ་རབ་འབྲིང་ཐ་མ་གསུམ། །ཡང་རབ་སྒོམ་མེད་ལྟ་ཐོག་ཉིད་ནས་གྲོལ། །བཅོས་ཤིང་བསྒྱུར་མེད་རང་བབས་གནས་པ་ཡིན། །འབྲིང་རྣམས་མཉམ་པའི་རང་བཞིན་ཤེས་པས་གྲོལ། །ཐག་པའི་རང་བཞིན་ཤེས་པས་སྦྲུལ་འཇིགས་མེད། །གང་ཤར་གཟུགས་འཛིན་སྐད་ཅིག་མཚང་རིག་ན། །མ་ཡེངས་དྲན་པས་སྤང་གཉེན་ཀུན་ལས་གྲོལ། །གཉིས་མེད་རང་བཞིན་མཉམ་པའི་ངང་གནས་སོ། །ཐ་མས་ལུས་སེམས་ཁོང་གློད་མཉམ་པར་བཞག །རི་བོ་རྒྱ་མཚོ་རིག་པ་ཅོག་གཞག་དང་། །སེམས་ཉིད་མ་བཅོས་གཟུང་འཛིན་བྲལ་བར་བཞག །སྔ་ཕྱིའི་དྲན་བསམ་སྐྱེས་བསུ་མི་བྱེད་ཅིང་། །ད་ལྟར་ཤེས་པ་བཟོ་མེད་ལྷུག་པར་བཞག །དྭངས་ལ་མི་གཡོ་རྒྱ་མཚོ་ལྟ་བུ་དང་། །ཡངས་ལ་མི་རྟོགས་སྤྲིན་མེད་ནམ་མཁའ་དང་། །བརྟན་ལ་མི་གཡོ་རི་རྒྱལ་ལྟ་བུར་ཞོག །དེ་ལྟར་གོམས་པས་གནས་པའི་ཏིང་འཛིན་ནི། །ཕྱི་ནང་གཟུགས་འཛིན་སྤྲོས་པའི་མཐའ་བྲལ་ཞིང་། །ཇི་ཙམ་བཞག་པ་དེ་ཙམ་མཉམ་པར་གནས། །དེ་ལས་མཉམ་ཞིང་དང་པོའི་ཏིང་འཛིན་ནི། །རྣམ་རྟོག་ཞི་ལ་གསལ་སྣང་མི་འགག་ཅིང་། །དྭངས་པའི་ཆ་ལས་མངོན་ཤེས་སྤྱན་རྣམས་འཆར། །ཐམས་ཅད་མ་སྐྱེས་ནམ་མཁའི་དོན་དུ་མཐོང་། །དེ་ལས་རང་བཞིན་དག་པའི་ཏིང་འཛིན་ནི། །སྤྱོད་ལམ་ཀུན་ཏུ་མཉམ་གཞག་མི་གཡོ་ཞིང་། །སྣ་ཚོགས་སྣང་བ་རྨི་ལམ་སྒྱུ་མར་རྟོགས། །རང་རིག་སྟོང་གསལ་མཐའ་དབུས་མེད་པ་དང་། །ཉོན་མོངས་རང་གྲོལ་དགག་སྒྲུབ་འཁྲུལ་པ་ཞིག །བདེན་མེད་ངང་ནས་གཏད་མེད་ཆེན་པོར་སྤྱོད། །འདི་ལྟར་རྟོགས་ཏེ་སྒོམ་པའི་རྣལ་འབྱོར་པ། །སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ་བ་ཡིས། །མཐའ་ཡས་འགྲོ་ལ་ཕན་པ་དཔག་མེད་འགྲུབ། །རྗེས་སྣང་རྨི་ལམ་སྒྱུ་མར་ཤེས་པར་བྱ། །མདོར་ན་སྟོང་དང་སྙིང་རྗེ་མ་བྲལ་བ། །རྟོགས་པའི་ངང་ལ་གནས་པ་སྒོམ་པར་གསུངས། །ཕྱི་རབས་རྣལ་འབྱོར་རྣམས་ཀྱིས་མཁྱེན་པར་མཛོད། །སྤྱོད་པའི་དོན་ཡང་འདི་ལྟར་རྣམ་པ་གསུམ། །ཐུན་མོང་མཆོག་དང་བླ་ན་མེད་པའོ། །དང་པོ་ཐུན་མོང་སྤྱོད་པ་བསྟན་པ་ནི། །བསྟན་པའི་སྒོར་ཞུགས་ཐོས་བསམ་རྣམ་དག་བྱ། །མི་དགེ་དོན་ཞིང་དགེ་ལ་བརྩོན་པ་དང་། །སྙིང་རྗེ་བྱང་སེམས་བསླབ་གསུམ་བརྟུལ་ཞུགས་བསྲུང་། །མཁས་ཤིང་དེས་ལ་ང་རྒྱལ་མེད་པ་དང་། །ཀུན་དང་གོ་བསྟུན་མཐའ་གཅིག་མི་གནས་ཤིང་། །རང་རྒྱུད་དུལ་ལ་བློ་སྣ་ཐུང་བ་དང་། །ཀུན་དང་མི་མཐུན་འཇིག་རྟེན་ཕ་རོལ་གཉེར། །ཚེ་འདིའི་ཆེ་ཐབས་བྱ་བཞག་བྲེལ་བ་བསྐྱུང་། །ཀུན་ལས་ཁྱད་འཕགས་རང་སྤྱོད་གཙང་བ་དང་། །ཤེས་རབ་དྲི་མེད་ཚིག་དོན་ཀུན་ལ་མཁས། །གཅིག་ཏུ་མི་རྟག་འཆི་ཆོས་བསྒྲུབ་པར་མཛོད། །དེ་ལྟར་མཛད་ན་འདི་ཕྱི་བདེ་བ་ཐོབ། །མཆོག་གི་སྤྱོད་པ་བླང་དོར་མེད་པ་ཡིས། །ཆོས་ཉིད་དོན་ལ་སྒྱུ་མའི་རྩལ་སྦྱང་ཞིང་། །ཚོགས་དྲུག་ལྷུག་པ་མ་བཅོས་རྣལ་མ་ལ། །འདི་ཞེས་མི་འཛིན་བློ་ཡི་མདུད་པ་བོར། །ཕྱོགས་རིས་མ་སྤྱོད་ཤུགས་འབྱུང་ཟང་ཀ་མ། །བུ་ཆུང་སྨྱོན་པ་རྒན་པོའི་ངང་ཚུལ་ཅན། །མ་བཅོས་ཐོག་བབས་ཁོང་ཡངས་བློ་བདེའོ། །ཆོས་ཉིད་རྣལ་མ་མ་བཅོས་གཉུག་མའི་ངང་། །རྣལ་འབྱོར་སྤྱོད་པ་མ་བཅོས་གང་ཤར་བསྐྱང་། །གཏད་མེད་གཟུང་འཛིན་བྲལ་བའི་རིག་པ་ལ། །འདི་ཞེས་འཛིན་པས་མ་བསླད་སོ་མར་ཞོག །གང་བབས་རང་བྱུང་ཤར་གྲོལ་འཛིན་མེད་ལ། །རྟོག་པའི་འཕྲོ་མཐུད་མ་བྱེད་ཡན་དུ་ཆུག །ཡེ་གྲོལ་ཅོག་གཞག་རང་གྲོལ་ཆེན་པོ་ལ། །ཡིད་དཔྱོད་སྒོམ་པས་མ་བསླད་གང་བདེར་ཐོང་། །གཉིས་མེད་སེམས་ཀྱི་གླང་པོ་ཡན་པ་ལ། །དམིགས་གཏད་ཞེན་པའི་ལྕགས་ཀྱུས་མ་འདེབས་ཤིག །ཇི་སྲིད་སྤང་གཉེན་འཛིན་པའི་སེམས་ཡོད་པར། །གྲོལ་བའི་ཐབས་མེད་འཁོར་བ་དེ་རང་ཉིད། །གྲང་ལ་འཛིན་མེད་གཟའ་གཏད་བྲལ་བ་ན། དེ་ལ་ཆོས་མེད་ཐེག་པའི་ཞེ་འདོད་མེད། །རང་བྱུང་ལྷུན་གྲུབ་ཆེན་པོའོ་དགོངས་པར་ཕྱིན། །སྒྱུ་མར་མི་གནས་སྒྱུ་མར་སྤྱོད་པར་བྱ། །བླ་ན་མེད་པའི་སྤྱོད་པ་ཆེན་པོ་ནི། །དུར་ཁྲོད་ལུང་སྟོང་ཚོང་འདུས་ལ་སོགས་སུ། །མི་གཙང་ངོ་ཚ་རྣམ་པར་བྲལ་བ་ཡིས། །བརྟུལ་ཞུགས་སྤྱོད་ཅིང་དགག་སྒྲུབ་སྟེང་དུ་དབབ། །དུག་ལྔ་མ་སྤངས་རང་བྱུང་ཆེན་པོའི་ངང་། །འདི་བྱས་མེད་པའི་སྤྱོད་པ་ཚད་གཟུང་མེད། །གང་ཤར་དེ་སྤྱོད་རང་ཤར་ཟང་ཀ་མ། །རང་བཞིན་སྨྱོན་པའི་བརྟུལ་ཞུགས་འཛིན་པ་ཡིས། །ཆོས་ཉིད་དོན་ལ་སྣ་ཚོགས་རྩལ་སྦྱོང་བྱ། །ཉམས་དང་དགའ་བྲོད་འཇིགས་པའི་ཐོག་རྒྱུག་གིས། །གང་ཤར་འཛིན་མེད་ལྟ་བའི་རྩལ་སྤྱོད་བྱ། །ཁ་ཏཱི་རུས་པའི་རྒྱན་རྣམས་ཡོངས་རྫོགས་པས། །དཔའ་བོའི་ཆས་བརྒྱད་མཁའ་འགྲོའི་སྨྱོ་སྤྱོད་བྱ། །འདིས་ནི་མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །བགེགས་དང་ལོག་འདྲེན་བར་ཆད་ཞི་བ་དང་། །ནད་གདོན་མི་མཐུན་རྐྱེན་རྣམས་རང་སར་གྲོལ། །ཚེ་འདི་ཉིད་ལ་བདེ་ཆེན་མཁའ་སྤྱོད་འགྲོ། །མདོར་ན་མ་ཆགས་སྒྱུ་མའི་ངང་ཚུལ་ཅན། །ཆོས་ཉིད་ངང་ནས་འཕོ་འགྱུར་མེད་པར་སྦྱང་། །ཕྱི་རབས་རྣལ་འབྱོར་རྣམས་ཀྱིས་མཁྱེན་པར་མཛོད། །གང་གང་བློ་ཡིས་བཏགས་པའི་ཆོས་རྣམས་ཀུན། །རང་རང་ངོ་བོས་སྟོང་སྟེ་ཆུ་ཟླའི་གཟུགས། །སྣང་སྣང་འདྲ་ཡང་རང་བཞིན་མེད་པས་ན། །ཡང་ཡང་མ་སྐྱེས་སྒྱུ་མའི་རྩལ་སྦྱང་མཛོད། །ཐམས་ཅད་སྟོང་ཞིང་བདག་མེད་པའི་ཚོམས་ཏེ་གསུམ་པའོ།། །།གཞི་རྫོགས་གཉུག་མའི་ཕོ་བྲང་ཆེན་པོ་ནས། །དད་ལྡན་སྐྱེ་བོ་རྣམས་ལ་ཡང་སྨྲས་པ། །ཆོས་སྐུ་རྒྱལ་པོར་གཏན་སྲིད་ཟིན་པ་ནི། །མྱ་ངན་འདས་པ་མཆོག་ཏུ་ཞི་བའི་ཆོས། །གདོད་མའི་ཟད་ས་ལེགས་པར་མཁྱེན་འཚལ་ལོ། །གཞི་ཉིད་ལྟ་སྒོམ་སྤྱོད་པ་མཐར་ཕྱིན་ནས། །རང་དོན་ཆོས་སྐུ་གཞན་དོན་གཟུགས་སྐུ་གཉིས། །ནོར་བུ་བཞིན་དུ་ཕྲིན་ལས་ལྷུན་གྱིས་གྲུབ། །དེ་ཚེ་རྟོག་པ་ཆོས་སྐུ་ནམ་མཁའ་འདྲ། །བྲི་མེད་འཕེལ་མེད་ཟབ་ཞི་སྤྲོས་དང་བྲལ། །དེ་ལས་གཟུགས་སྐུ་ཉི་ཟླའི་དཀྱིལ་འཁོར་ནི། །གདུལ་བྱའི་སྣོད་དང་མཚམས་པར་ཆུ་ཟླ་བཞིན། །ངེས་པའི་དོན་ལོན་ཉི་མའི་དཀྱིལ་འཁོར་དང་། །མ་དག་འགྲོ་དང་སར་གནས་དག་པའི་དོན། །རང་བཞིན་ལྷུན་གྲུབ་བྱ་རྩོལ་མེད་པར་འབྱུང་། །སྲིད་པ་ཇི་སྲིད་ཕྲིན་ལས་རྒྱུན་མི་འཆད། །འདི་ནི་དུས་གསུམ་རྒྱལ་བའི་རང་བཞིན་ཏེ། །འོག་མིན་གནས་སུ་མངོན་པར་བྱང་ཆུབ་བོ། །གནས་སྐབས་མཐར་ཐུག་དོན་གཉིས་འབྱོར་པ་ཡི། །གཞི་ལས་དེ་བཞིན་ཉིད་ཀྱི་འབྲས་བུ་ནི། །ཕྱི་རབས་རྣལ་འབྱོར་རྣམས་ཀྱིས་མཁྱེན་པར་མཛོད། །མྱ་ངན་ལས་འདས་པ་ཞི་བའི་ཚོམས་ཏེ་བཞི་པའོ།། །།དྲི་མེད་འོད་ཟེར་མཁའ་ལ་ཤར་བ་ཡིས། །དད་ལྡན་སྐྱེ་བོའི་པད་ཚབ་རྒྱས་བྱས་ཀྱང་། །ད་ནི་མི་སྡོད་ནུབ་རིའི་རྩེར་ལྷུང་བས། །གྲོགས་དག་ངེས་འབྱུང་བློ་སྣ་ཐུང་བར་མཛོད། །དགེ་བ་དེ་ཡིས་སྲིད་པའི་འགྲོ་བ་ཀུན། །སྡུག་བསྔལ་ཆུ་གཏེར་བརྒལ་དཀའ་རབ་བསྒྲལ་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་གནས། །བདེ་ཆེན་ས་ལ་ཕྱམ་གཅིག་འགྲོ་བ་ཤོག །སྔོན་གྱི་ཆོས་རྒྱལ་དམ་པས་བསྟེན་པའི་རི། །གངས་རི་ཐོད་དཀར་ཨོ་རྒྱན་རྫོང་གནས་སུ། །ཆོས་ཀྱི་སྡོམ་བཞི་དྲི་མེད་གཏམ་འདི་བྱས། །དད་ལྡན་སྐྱེ་བོའི་ཚོགས་རྣམས་དགའ་བར་མཛོད། །ཆོས་ཀྱི་སྡོམ་བཞི་དྲི་མ་མེད་པའི་གཏམ་ཞེས་བྱ་བ། །མང་དུ་ཐོས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། །གངས་རི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་ཞེས་བྱ་བའི་དབེན་གནས་སུ། །དཔྱིད་གསུམ་བསིར་བུའི་གནམ་གཡོགས་འཛིན་པའི་ཚེ་ལེགས་པར་སྦྱར་བ་ཡོངས་སུ་རྫོགས་སོ། །སརྦ་མངྒ་ལཾ།། །།

སེམས་དང་ཡེ་ཤེས་བརྟག་པའི་མན་ངག

སེམས་དང་ཡེ་ཤེས་བརྟག་པའི་མན་ངག་ཅེས་བྱ་བ་བཞུག་སོ། །སེམས་དང་ཡེ་ཤེས་ཀྱི་དྲི་ལན་ཞེས་བྱ་བཞུགས། སེམས་དང་ཡེ་ཤེས་བརྟག་པའི་མན་ངག་ཅེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་ཐུགས་གཉིས་མེད་ཆུ་གཏེར་དག་པའི་དབྱིངས། །སེམས་དང་སེམས་བྱུང་རྙོག་པ་རབ་ཞི་ཞིང་། །མཁྱེན་བརྩེའི་གཏིང་མཐའ་དཔག་གིས་མི་ལང་བའི། །རྒྱ་བ་རྒྱ་མཚོ་སྲས་བཅས་སྤྱི་བོས་མཆོད། །ཆོས་ཚུལ་བརྒྱད་ཁྲི་བཞི་སྟོང་སྙིང་པོའི་དོན། །མདོ་དང་རྒྱུད་སྡེའི་དགོངས་པ་མ་ནོར་བར། །སེམས་དང་ཡེ་ཤེས་རྣམ་པ་གཉིས་སུ་འདུས། །དེ་དོན་བརྟགས་ནས་སྒོམ་པའི་རིམ་པ་བྲི། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ཡང་། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་རྣམ་གྲངས་ལས། གཙོ་བོར་ལས་དང་པོ་པ་དང་བློ་ཅུང་ཟད་དམན་པ་རྣམས་འཇུག་པ་ལ་དགོངས་ཏེ། སྤང་གཉེན་གྱི་རིམ་པས་ཉམས་སུ་ལེན་པའི་ཐབས་གསལ་བར་གསུངས་ཤིང་། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་རྣམ་གྲངས་ལས། གཙོ་བོར་ཅུང་ཟད་སྦྱངས་པ་དང་དབང་པོ་འབྲིང་པོ་རྣམས་འཇུག་པའི་རིམ་པ་ལ་དགོངས་ཏེ། ངོ་བོ་ཉིད་མེད་པའི་རྣམ་གྲངས་ཀྱི་གཉེན་པོ་ལ་བདག་ཏུ་འཛིན་པ། རྣམ་པ་སྐྱེ་བ་མེད་པར་གསུངས། བཀའ་ལ་མ་ངེས་པ་དོན་གྱི་ཆོས་ཀྱི་རྣམ་གྲངས་ལས། གཙོ་བོར་ཡོངས་སུ་རྫོགས་པའི་ཐེག་པ་རྣམས་དང་དབང་པོ་རྣོན་པོ་རྣམས་འཇུག་པའི་རིམ་པས་གཤིས་ལ་ཇི་ལྟར་གནས་པའི་རྣམ་གྲངས་རྒྱ་ཆེར་གསུངས་ཏེ། དང་པོས་འཁོར་བའི་མཚན་ཉིད་སྤང་བྱ་ལས་ལྡོག་པའི་ལམ་བསྟན་བར་པས་སྤང་བྱ་ལས་འཛིན་པའི་རང་བཞིན་ངོ་བོ་མེད་པས་ཤེས་སྒྲིབ་སྤང་བར་བསྟན། ཐ་མས་ཡིན་ལུགས་སྙིང་པོར་བསྟན་ཏེ། དབང་པོའི་རིམ་པ་དང་། འཇུག་ཚུལ་གྱི་གོ་རིམ་ལ་བརྟེན་ནས་གསུངས་པ་རྣམས་ཀྱི་དོན་གསལ་བར་ཕྱེ་ནས་ཉམས་སུ་བླང་བ་ལས། འདིར་དང་པོ་དྲི་མ་དང་བཅས་པས་མ་དག་པའི་གནས་སྐབས་དང་། ལམ་གྱིས་སྦྱངས་པས་དྲི་མ་རིམ་པ་བཞིན་དུ་དག་པས་མ་དག་པར་དག་པའི་གནས་སྐབས་དང་། དྲི་མ་ཐམས་ཅད་དང་བྲལ་བ་ཤིན་ཏུ་རྣམ་དག་གི་གནས་སྐབས་རྣམ་པ་གསུམ་ལ་ལྟོས་ནས། གཞི་དང་། ལམ་དང་། འབྲས་བུའི་རིམ་པ་རྣམས་རེ་ཞིག་གསལ་བར་མཛད་པ་ནི། བཀའ་ཐ་མའི་རིམ་པ་བཞིན་བརྗོད་པ་ལས། རྒྱུད་བླ་མར། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་ཏེ། སེམས་ཅན་པའི་དུས་ཀྱི་འོད་གསལ་བའི་ཡེ་ཤེས་རང་ལ་ཡོད་པ་ནི་གཞིའོ། །བྱང་ཆུབ་སེམས་དཔའི་དུས་ཀྱི་ཚོགས་སྦྱོར་མཐོང་སྒོམ་བཞི་ནི་ལམ་མོ། །དེ་བཞིན་གཤེགས་པའི་དུས་ཀྱི་སྟོབས་སོགས་ཀྱི་ཡོན་ཏན་དེ་མཐར་ཕྱིན་པ་ནི་འབྲས་བུའོ། །དེ་ཡང་སེམས་ཅན་པའི་སེམས་ཉིད་འོད་གསལ་བ་ནི་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཡིན་པས་ཆོས་ཁམས་དགེ་བ་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཉིད་འོད་གསལ་བ་ཞེས་བྱའོ། །འདིར་དང་པོ་གཞིའི་དོན་བཤད་པ་ནི། ཡེ་ནས་འོད་གསལ་བའི་ཆོས་ཉིད་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་སྟོང་པའི་ངོས་ནས་དངོས་པོ་དང་མཚན་མ་གང་དུའང་མ་གྲུབ་ཅིང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པ་གང་དུའང་མ་ཆད་པས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ། གསལ་བའི་ངོས་ནས་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ཡེ་ལྡན་དུ་ལྷུན་གྱིས་གྲུབ་ཅིང་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་ལྟ་བུ། དེ་གཉིས་ཀའང་འདུ་འབྲལ་མེད་པའི་ཆོས་ཉིད་དུ་ཡེ་ནས་གནས་པ་ནི། སྙིང་པོ་རབ་ཏུ་བསྟན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་བ་ཀུན། །མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་དང་། མདོ་སྡེ་རྒྱན་ལས། སྔ་མ་ཕྱི་མ་ཁྱད་མེད་ཀྱང་། །དེ་བཞིན་ཉིད་ནི་དག་གྱུར་པ། །ཞེས་དང་། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་དེ་བཞིན་ཉིད། །ཅེས་པ་དང་། རིན་པོ་ཆེ་རྒྱ་མཚོའི་རྒྱུད་ལས། ཡེ་ནས་འོད་གསལ་བདེ་གཤེགས་སྙིང་པོ་ནི། །ནོར་བུ་བཞིན་དུ་ཡོན་ཏན་མ་ལུས་རྫོགས། །དྲི་མེད་མཁའ་དང་ཉི་མའི་དཀྱིལ་འཁོར་བཞིན། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཉིད། །ཅེས་པ་ལ་སོགས་པའོ། །དེ་ལྟར་འོད་གསལ་བའི་ཡེ་ཤེས་ནི་གདོད་མའི་གཞིར་ལྟ་བས་གཏན་ལ་དབབ་པའོ། །དེང་སང་ནི་དགེ་བའི་བཤེས་གཉེན་ཕལ་དང་། སྒོམ་ཆེན་ཀུན་མཐུན་པར། སྟོང་ཀྱང་ཅི་ཡང་མེད་པ་ལ་གཞི་བྱེད་པ་ནི་སྙིང་པོའི་དོན་གྱི་དགོངས་པ་དང་མི་མཐུན་ཏེ། ཅིའང་མེད་པའི་གཞི་ཉམས་སུ་བླངས་པས་འབྲས་བུ་སངས་རྒྱས་ཡོན་ཏན་ཐམས་ཅད་དང་ལྡན་པ་མི་འབྱུང་སྟེ་གཞི་ལམ་འབྲས་བུ་གསུམ་འཛོལ་བའི་ཕྱིར་རོ། །སངས་རྒྱས་དེ་ནི་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་བྲལ་བའི་འབྲས་བུ་མངོན་དུ་གྱུར་པ་ཞིག་ཡིན་པའི་ཕྱིར་རོ། །དེས་ན་སྲིད་རྩེའི་ལྟ་བ་དང་དེ་དག་མཐུན་པར་སྣང་ངོ་། །འདིར་ནི་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་འོད་གསལ་བ་ཉིད་གཞིར་འདོད་པ་ཡིན་ནོ། །གཞི་དེ་ལྟ་བུའི་ངང་ལས་ཡིན་ལུགས་ངོ་མ་ཤེས་པས་མ་རིག་པར་གྱུར་ཏེ། དེ་ལས་གཟུང་འཛིན་དུ་འཁྲུལ་ནས་ཁམས་གསུམ་དུ་འཁོར་བར་སྒྱུར་འཕྲུལ་དྲྭ་བའི་རྒྱུད་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། རང་གི་རྣམ་རྟོག་ལས་ཀྱིས་འཁྲུལ། །ཞེས་སོ། །དེའང་གནས་ལུགས་མ་ཤེས་པ་རྩ་བའི་མ་རིག་པ་སྟེ། དང་པོའི་འཁྲུལ་པ་བསྐྱེད་པའི་གཞིའམ་ས་བོན་ནམ་རྟེན་གཞིར་འགྱུར་པའི་ངང་ལས། གཉིས་སུ་འཛིན་པའི་ཀུན་རྟོག་ལངས་པ་ནི་ཀུན་ཏུ་བརྟགས་པའི་མ་རིག་པ་སྟེ། དེ་གཉིས་ལས་སེམས་ཅན་ཐ་མ་ངན་སོང་གསུམ་དང་། འབྲིང་མི་དང་། མཆོག་ལྷ་རྣམས་སོ་སོའི་སྣང་བ་མི་འདྲ་བ་ཐ་དད་དུ་ཤར་ནས་ཀུན་གཞི་ལ་བག་ཆགས་སྣ་ཚོགས་སུ་བཞག་པའི་ནུས་པས་འཁོར་བ་མཐོ་དམན་དུ་ཟོ་ཆུའི་ཁྱུད་མོ་བཞིན་རང་སྣང་བདེ་སྡུག་སོ་སོར་སྤྱོད་པ་ནི། སྡུད་པ་ལས། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། ཞེས་སོ། །དེ་ལྟར་ཁམས་གསུམ་སོ་སོར་བརྒྱུད་ཀྱང་བདེ་བར་གཤེགས་པའི་སྙིང་པོ་ནི་ངན་དུ་མ་སོང་བར་སེམས་ཅན་ཐམས་ཅད་ལ་ཁྱབ་བྱེད་དུ་གནས་ཏེ། དཔལ་ཕྲེང་གི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་པ་བཞིན་ནོ། །དེའང་སེམས་ཅན་པའི་དུས་ན་བདེ་བར་གཤེགས་པའི་སྙིང་པོ་དེ། སེམས་ཀྱིས་བསྒྲིབས་ཏེ་དྲི་མ་དང་བཅས་པར་གནས་པ་ནི། སྒྱུ་འཕྲུལ་དྲྭ་བ་ལས། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །རྟག་ཏུ་རང་བཞིན་དྲི་མ་མེད། །དེ་བཞིན་སེམས་ཀྱི་སྒྲིབ་པའི་ཁམས། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཞེས་པ་དང་། རྒྱུད་བླ་མ་ལས། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་ས་ཡི་གཏེར་ནི་ཡོད་གྱུར་ལ། །མི་དེས་ངོ་མ་ཤེས་ཤིང་གཏེར་དེ་ཡང་། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བསལ་དང་བཞག་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ཉིད། །རྣམ་པ་ཀུན་ཏུ་སྐྱེ་རྒུ་འདིས་མྱོང་ངོ་། །ཞེས་པ་ལྟར་རོ། །དེ་ཡང་བདེ་བར་གཤེགས་པའི་སྙིང་པོ་ནི་ཉི་མའི་དཀྱིལ་འཁོར་ལྟ་བུ་ཡིན་ལ། ཀུན་གཞི་བག་ཆགས་དང་བཅས་པ་ཁམས་གསུམ་པོའི་རྒྱུད་ཀྱིས་བསྡུས་པའི་སེམས་སེམས་བྱུང་ཐམས་ཅད་སྤྲིན་དང་འདྲ་བ་ཡིན་ནོ། །མཁས་པར་རློམ་པའི་བླུན་པོ་ཁ་ཅིག་སེམས་སེམས་བྱུང་སྒྲིབ་པར་མི་འཐད་དེ་སེམས་བསྐྱེད་པའི་ཕྱིར་དང་། སེམས་ཉིད་འོད་གསལ་བ་ཁམས་ཡིན་པའི་ཕྱིར་རོ། །དེས་ན་སེམས་རྟོག་མེད་བྱང་ཆུབ་ཀྱི་ཡན་ལག་ཏིང་ངེ་འཛིན་དུ་འདོད་དོ་ཟེར་བ་ནི་མདོ་རྒྱུད་ཀྱི་དགོངས་པ་མ་ལོན་པའི་རྣམ་འགྱུར་ཡིན་ཏེ། སེམས་བསྐྱེད་པའང་འཁོར་བའི་གནས་སྐབས་ན་བླང་དོར་དུ་བྱེད་པའི་རྟོག་པ་མིན་ནམ། ཡིན་ན་ནི་མཐར་ཐུག་འགག་དགོས་ལ། སེམས་ཉིད་ལ་ཟེར་ན་ནི་བསྐྱེད་བྱ་བསྐྱེད་བྱེད་གཉིས་མེད་པས་མི་འགྲུབ་པའི་ཕྱིར་འོས་པ་མ་ཡིན་ནོ། །སེམས་དང་སེམས་ཉིད་སོ་སོའི་ཕྱོགས་མ་ཕྱེད་པར་སྣང་སྟེ། སེམས་ནི་ཁམས་གསུམ་པའི་རྒྱུད་ཀྱི་རྟོག་པ་དང་དཔྱོད་པ་ཆ་དང་བཅས་པས་སྒྲོ་བཏགས་འཁྲུལ་པའི་རྣམ་པ་འཛིན་བྱེད་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་ཡིན་ཏེ། དབུ་མ་བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་སོ། །སེམས་ཉིད་ནི་བདེ་བར་གཤེགས་པའི་སྙིང་པོ་འོད་གསལ་བའི་ཡེ་ཤེས་ཏེ། དེའང་སེམས་འགགས་ཤིང་མ་མཆིས་པའི་ཚེ་སེམས་ཉིད་འོད་གསལ་བའི་ཡེ་ཤེས་སོ་སོ་རང་གིས་རིག་པ་ལ་སྣང་བ་ཡིན་ནོ། །ཡུམ་བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་པ་ཡིན་ནོ། །སངས་རྒྱས་ཀྱིས་ན་སེམས་ཆེན་པོ་ཡོད་དེ་ཞེ་ན་དེ་ནི་ཡེ་ཤེས་ཆེན་པོ་ལ་ཟེར་ཏེ། རྒྱུད་ལས་ཉོན་མོངས་པ་ཆེན་པོ་ཉིད་ཡེ་ཤེས་སུ་བཤད་པ་དང་རྣམ་པ་མཐུན་ནོ། །མདོར་བསྡུ་ན་ཁམས་གསུམ་པའི་སེམས་སེམས་བྱུང་ཆ་དང་བཅས་པ་ཐོག་མ་མེད་པ་ནས་བརྒྱུད་པའི་བག་ཆགས་ཅན་སྒྲིབ་པ་གཉིས་ཀྱི་ངོ་བོ་འཛིན་ཅིང་། བསྐྱེད་པར་བརྟེན་པས་སྤང་བྱ་ཡིན་ཞིང་དགག་དགོས་པར་བཤད་པ་ཡིན་ནོ། །དེ་ཡང་སེམས་ཉིད་འོད་གསལ་བའི་ངང་ལ་བརྟེན་པ་མེད་པའི་ཚུལ་གྱིས་ད་ལྟ་བརྟེན་པ་ནི་ནམ་མཁའ་ལ་སྤྲིན་ལྡིང་བ་ལྟར་འདོད་དེ། རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་ནི་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་བརྟེན། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་ལ་རབ་གནས་པས། །སེམས་ཀྱི་རིགས་པས་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་སོ། །རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་པའང་ཚུལ་དེ་དང་མཐུན་ཏེ། སེམས་ཀྱི་རང་བཞིན། སེམས་ཀྱི་ཆོས་ཉིད། སེམས་ཉིད། དབྱིངས་རང་བཞིན་གྱིས་དག་པ། དོན་དམ་པའི་གནས་ལུགས་རྣམས་དོན་གཅིག་ཡིན་པའི་ཕྱིར་རོ། །སེམས་དེ་ཡང་ཁམས་གསུམ་གྱི་དབྱེ་བས་རྟོག་མེད་རྩེ་གཅིག་པ་དང་། གསལ་བ་ཙམ་དང་། རྟོག་བཅས་ཀྱི་གནས་སྐབས་གསུམ་མོ། །དེའང་སེམས་ལ་བརྟེན་ཅིང་བག་ཆགས་ཀྱིས་འཁྲུལ་པར་སྣང་བ་འཁོར་བའི་ཆོས་འདི་དག་མི་བདེན་པ། བསླུ་བ། བྱིས་པ་འདྲིད་པ། གསོག །གསོབ། ཡ་མ་བརླ། སྙིང་པོ་མེད་པ། ལྦུ་བ་རྡོས་བ། ཆུ་ཤིང་། སྒྱུ་མ། མིག་ཡོར་ལ་སོགས་པ་དཔེ་བརྒྱད་ཀྱིས་བསྟན་ཏེ། ར་རི། འལ་འོལ། མེད་བཞིན་སྣང་བ། སྣང་དུས་ཉིད་ནས་རང་བཞིན་མེད་པ། བློས་དཔྱད་མི་བཟོད་པ། ཀུན་རྫོབ་འཁྲུལ་པའི་ངོར་སྣང་ཙམ་དྷ་དུ་ར་ཟོས་པའི་སྣང་བ་དང་འདྲ་བར། བར་སྐབས་སུ་གཟུང་འཛིན་ལ་བདེན་པར་ཞེན་པའི་མཐུས་སྣང་བར་ཤེས་པར་བྱའོ། །འོད་གསལ་བའི་སྙིང་པོ་ནི། དོན་དམ་པའི་བདེན་པ། རྟག་པ། བརྟན་པ། འཕོ་འགྱུར་མེད་པ། རབ་ཏུ་ཞི་བ། མི་བསླུ་བ། ཐོག་མ་མེད་པ་ནས་ཐ་མའི་བར་གཞི་ཇི་བཞིན་པ་ཡེ་ཤེས་ཀྱི་ངོ་བོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་། སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་ཀྱི་དྲི་མས་མ་གོས་མི་གོས་གོས་ས་མེད་པའི་རང་བཞིན་མཉམ་པ་ཉི་མའི་དཀྱིལ་འཁོར་སྒྲིབ་པ་མེད་པ་ལྟ་བུར་ཤེས་པར་བྱའོ། །དོན་གཉིས་པ་ལམ་ཉམས་སུ་བླང་བ་ནི། དེ་ལྟར་སངས་རྒྱས་ཀྱི་སྙིང་པོ་རང་ལ་ཡོད་པར་རྟོགས་ནས་དེའི་ངང་དུ་སྒོམ་པ་སྟེ། དེའང་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་སེམས་བསྐྱེད་ནས་བསྒོམས་ལ། སྔགས་ཀྱིས་དེའི་སྟེང་དུ་དབང་གིས་སྨིན་པར་བྱས་ཏེ་གདམས་པས་གྲོལ་བར་བྱེད་པའོ། །འདིར་ངོ་བོ་གཅིག་ཏུ་ཉམས་སུ་ལེན་ཚུལ་མདོ་དང་མཐུན་ཏེ། དེ་ཡང་སྟན་བདེ་བ་ལ་འདུག་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་དེ། གང་ལ་མོས་པའི་ལྷར་སྐད་ཅིག་གིས་གསལ་བཏབ་པའི་རྗེས་ལ། རྣམ་སྣང་གི་ཆོས་བདུན་དང་ལྡན་པས་གང་ལའང་མི་རྟོག་ཅིང་ཅི་ལའང་མི་འཛིན་ཡུལ་སྣང་ཐོག་ཏུ་བློས་མ་བཟུང་བའི་རིག་པ་སལ་ལེ་སིང་ངེ་ཝལ་ལེ་བའི་ངང་ལ་མཉམ་པར་བཞག་པ་ནི། འོད་གསལ་བའི་དོན་ལ་འཇོག་པ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོག་ཅིར་ཡང་མ་འཛིན་ཅིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཤོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ལགས། །ཞེས་པ་དང་། ཧེ་རུ་ཀ་གལྤོ་ལས། བསམ་དུ་མེད་དེ་སེམས་ཉིད་ནམ་མཁའ་ཆེ། །སེམས་ཉིད་ནམ་མཁའ་བསམ་པ་ཀུན་བྲལ་བྲལ། །བསམ་དུ་མེད་པའི་སེམས་ཉིད་ནམ་མཁའ་ནི། །ནམ་མཁའ་མི་དམིགས་པ་ཡང་དམིགས་སུ་མེད། །ཅེས་སོ། །དེ་ཡང་དེའི་ཚེ་སེམས་དང་སེམས་བྱུང་ཐམས་ཅད་འགགགས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་སོ་རང་རིག་པའི་ངོ་བོར་གནས་པ་སྟེ། ལུང་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོ། །དེའང་དོན་དམ་པའི་བདེན་པ་ནི་སེམས་བློའི་ཡུལ་ལས་འདས་པ་ཞེས་པའང་ཚུལ་དེ་ལ་ཟེར་གྱི། སེམས་འགགས་ཤིང་བློ་ལས་འདས་པའི་དུས་ན་ཡེ་ཤེས་རང་ལ་གནས་པ་དེ་ནི་ཆོས་ཉིད་དེ་སྤྲིན་དང་བྲལ་བས་ཉི་མ་གསལ་བ་བཞིན་ནོ། །དེ་ལྟར་མཉམ་པར་འཇོག་པ་ལ་དྭངས་སྙིགས་ཕྱེད་པའི་བོགས་འབྱིན་དུ་ནམ་མཁའ་སྤྲིན་མེད་པའི་ཚེ་ཉི་མ་ལ་རྒྱབ་ཕྱོགས་པར་འདུག་སྟེ། མིག་ནམ་མཁའི་དཀྱིལ་ལམ་ངོས་དེར་བལྟས་པས་ཤེས་པ་དྭངས་ལ་རྟོག་མེད་འབྱུང་ངོ་། །དེའི་ཚེ་སེམས་འགགས་པས་ཕྱི་རོལ་སྣང་ཡུལ་ལ་དངོས་པོ་ངོས་བཟུང་དུ་འཛིན་པ་དང་། ནང་སེམས་དངོས་པོ་ངོས་བཟུང་དུ་འཛིན་པ་གཉིས་དམིགས་པ་མེད་པས་དངོས་པོ་དང་དངོས་པོ་མེད་པ་ལ་མི་རྟོག་པ་ན། དེ་གཉིས་ལས་གཞན་དུ་འཛིན་པའི་ཕུང་པོ་གསུམ་པ་དམིགས་པ་མེད་པ་ཞི་བ་སྟེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པ་རབ་ཏུ་ཞི། །ཞེས་པ་དང་། མཚན་བརྗོད་ལས། སོ་སོ་རང་རིག་མི་གཡོ་བ། །ཞེས་པ་དང་། དོ་ཧ་ལས། ཆུ་དང་མར་མེ་རང་གསལ་གཅིག་པུར་ཞོག །ཅེས་དང་། ཏོག་རྩེ་པས། སེམས་ཀྱིས་བསྒོམ་པ་སྒོམ་མ་ཡིན། །མི་སྒོམ་པའང་སྒོམ་པ་མིན། །སྒོམ་དང་མི་སྒོམ་ལས་འདས་པ། །ཡིད་ལ་མེད་དོ་ཕྱག་རྒྱ་ཆེ། །ཞེས་གསུངས་པའི་དོན་ཏེ། དེའི་ཚེ་སེམས་འགགས་པའི་དོན་རིག་པ་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པ་སྟེ། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་པའི་ཟུར་གཅིག་ཡིན་ནོ། །དེ་ཡང་ཏིང་ངེ་འཛིན་ཡང་དག་པ་ཞིག་ཡིན་ན། ཀུན་གཞི་དང་ཀུན་བཞིའི་རྣམ་ཤེས་ཀྱི་སེམས་དང་། ཡིད་ཤེས་དང་། སྒོ་ལྔའི་རྣམ་པར་ཤེས་པ་ཐམས་ཅད་དང་བྲལ་བའི་རིག་པའི་ངང་ལས་མི་གཡོ་བར་འབྱུང་སྟེ། དཀོན་མཆོག་བརྩེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་ལེའུ། སེམས་དང་ཡིད་དང་རྣམ་པར་ཤེས་པ་ཐམས་ཅད་དང་བྲལ་བ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ། ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བསྒོམས་པས་ཉམས་བདེ་བ། གསལ་བ། མི་རྟོག་པ་གསུམ་ངང་གིས་འབྱུང་ཞིང་གཞན་ཡང་ཚད་མེད་དེ། མདོ་གདམས་ངག་འབོག་པའི་རྒྱལ་པོ་ལས། བསམ་དུ་མེད་པའི་ཆོས་ཉིད་ལས། །བསམ་དུ་མེད་པའི་བློ་བཞག་ན། །ཕྱོགས་རིས་མེད་པའི་ཉམས་མྱོང་སྐྱེ། །ཞེས་སོ། །དེའང་ཏིང་ངེ་འཛིན་འདི་ཉིད་ཁམས་གསུམ་པའི་སེམས་དང་བྲལ་བའི་ཚུལ་ནི། གཟུགས་མེད་ན་རྟོག་མེད་རྩེ་གཅིག་པ་སྣང་ཡུལ་མེད་པ་ཡིན་ལ། འདི་ནི་རྣམ་རྟོག་མེད་ཀྱང་ཡུལ་སྣང་ལ་མི་འགོག་པ་དང་། རྩེ་གཅིག་པའི་འཛིན་པ་མེད་པའོ། །གཟུགས་ཀྱི་སེམས་ནི་ཡུལ་སྣང་བ་ཡིན་ཡང་རྟོག་དཔྱོད་ཀྱི་ཆ་དང་བཅས་པ་དང་། རྟོག་དཔྱོད་མེད་ཅིང་བསམ་གཏན་གྱི་དགའ་བས་བརྒྱན་ཀྱང་འཛིན་པ་ལས་མ་འདས་པ་སྟེ། མཐའ་མ་ཆོད་པས་བློའི་ཡུལ་ལས་མ་འདས་པ་དང་། འདོད་པའི་སེམས་ནི་གཙོ་བོར་རྟོག་དཔྱོད་དང་བཅས་པ་སྟེ། འདིར་ནི་མི་རྟོག་པའི་ཡེ་ཤེས་ཡིན་པ་དང་། གཞན་ཡང་ཁམས་གསུམ་སོ་སོའི་ཏིང་ངེ་འཛིན་དེ་ནི་སེམས་ཀྱི་སྣང་ཡུལ་བག་ཆགས་དང་བཅས་པས། གནས་ལུགས་ཀྱི་རང་བཞིན་མ་ཤེས་པ་བཞིན་དུ་གནས་ལ། འདིར་ནི་རང་བཞིན་འོད་གསལ་བའི་གཞིའི་ངོ་བོ་རྟོགས་པ་དང་། སེམས་བསྐྱེད་པས་ཟིན་པ་དང་། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ལ་སོགས་པའི་ཁྱད་པར་དུ་མ་དང་བཅས་པའོ། །དེ་ཡང་བསམ་གཏན་བཞི་དང་གཟུགས་མེད་པ་བཞི་ཡང་གཉིས་ཏེ། འཛིན་པ་འཁོར་བའི་སེམས་ཀྱིས་བསྡུས་པ་ནི་འདིར་འགག་དགོས་ལ། འཇིག་རྟེན་ལས་འདས་པའི་བསམ་གཏན་གཟུགས་མེད་ནི་ཡང་དག་པའི་ཡེ་ཤེས་ཡིན་པའི་ཕྱིར་བླང་བར་བྱ་བ་ཡིན་ནོ། །དེ་ལྟར་ན་འོད་གསལ་བའི་ཡེ་ཤེས་རིམ་གྱིས་གོམས་པ་ལས། ས་དང་ལམ་ཐམས་ཅད་གོང་ནས་གོང་དུ་བགྲོད་ཅིང་། སྤྱན་དང་མངོན་པར་ཤེས་པ་ལ་སོགས་པ་རང་ཆས་སུ་ཡོད་པ་རྣམས་འཆར་བ་ནི། ཆུ་དྭངས་པ་ལ་གཟུགས་བརྙན་ངང་གིས་འཆར་བ་བཞིན་ནོ། །དོན་གསུམ་པ་འབྲས་བུ་ནི། དེ་ལྟར་གཞི་ཤེས་ནས་ལམ་བསྒོམས་པས་ཁམས་ལ་སྒྲིབ་པའི་སེམས་སེམས་བྱུང་གི་དྲི་མ་ཆ་དང་བཅས་པ་དག་ནས། ས་བཅུ་རྒྱུན་གྱི་ཐ་མར་རྡོ་རྡོ་ལྟ་བུའི་ཏིང་ངེ་འཛིན་གྱི་རྗེས་ལ་སངས་རྒྱས་ཀྱི་ཡེ་ཤེས་འཆར་བ་ནི་ཁམས་ཉིད་དྲི་མ་མཐའ་དག་དང་བྲལ་བས་བྱང་ཆུབ་ཏུ་གནས་འགྱུར་བ་ཞེས་བྱའོ། །དེའི་ཚེ་ཆོས་ཀྱི་སྐུ་འོད་གསལ་བ་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་སེམས་འགག་པའི་འགོག་པ་དམ་པ་མངོན་དུ་མཛད་དོ། །འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་སོ། །སྐུ་དེ་ཡང་རྣམ་པ་གསུམ་སྟེ། ཆོས་ཀྱི་སྐུ་རང་བཞིན་གྱིས་འོད་གསལ་བ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ངེས་པ་ལྔ་ལྡན་དང་། སྤྲུལ་པའི་སྐུ་གདུལ་བྱ་སོ་སོའི་མོས་པ་ལྟར་གང་ལ་གང་འདུལ་དུ་སྣང་བ་སྟེ། ཡིད་བཞིན་གྱི་ནོར་བུ་ལྟར་ཡོན་ཏན་ལྷུན་གྱིས་གྲུབ་པ། འཁོར་བ་ཇི་སྲིད་བར་འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་འབྱུང་བ་འདི་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཀྱི་སྐུ་ལ་སྣང་ཞིང་མངོན་དུ་མཛད་པ་ནི། དེ་ཉིད་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་སོ། །དེའང་སངས་རྒྱས་པའི་ཚེ་སེམས་དང་སེམས་བྱུང་འགགས་ཀྱང་། ཡེ་ཤེས་མི་འགག་པས་བེམས་སྟོང་ནམ་མཁའ་ལྟ་བུ་མ་ཡིན་ཏེ། སྤངས་པའི་ཡོན་ཏན་སྒྲིབ་པ་ཐམས་ཅད་དང་བྲལ་ཞིང་། རྟོགས་པའི་ཡོན་ཏན་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པའི་རིག་པ་བཞི་དང་། དབང་བཅུ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་མཁྱེན་རབ་དང་ཐུགས་རྗེས་སེམས་ཅན་གྱི་དོན་མཛད་ཅིང་། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་ནི་ཁམས་ལ་ཡོན་ཏན་ཡེ་ལྡན་དུ་ཡོད་པའི་ནུས་པ་མངོན་དུ་གྱུར་པ་སྟེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་དང་། །མཁྱེན་དང་བརྩེ་དང་ནུས་པ་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་སོ། །མདོར་ན་འོད་གསལ་བའི་ཁམས་ཀྱི་ནུས་པ་རྫོགས་པའི་བྱང་ཆུབ་ཅེས་བྱ་བ་ནི་འབྲས་བུའོ། །འདི་དག་གི་རྣམ་པར་བཞག་པ་རྒྱས་པ་ནི། ཁོ་བོས་བྱས་པའི་བསྟན་བཅོས་ངེས་དོན་ཤིང་རྟ་ཆེན་པོར་བལྟ་བར་བྱའོ། །དེ་ལྟར་གཞི་ལམ་འབྲས་བུའི་དོན་བསྡུས་པ། ཅུང་ཟད་གསལ་བར་བྱས་པའི་དགེ་བ་དེས། །མ་ལུས་འགྲོ་དོན་འོད་གསལ་དོན་རྟོགས་ནས། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །བློ་གྲོས་ཆུ་གཏེར་ཡངས་པའི་མཚོ་གླིང་ན། །བསླབ་གསུམ་ཀླུ་དབང་རིན་ཆེན་གདེང་ཀས་མཛེས། །ཆོས་དཀར་ཡོན་ཏན་གྲགས་པ་བཟང་པོ་ཅན། །བསྟན་པའི་གསལ་བྱེད་ཡུན་དུ་གནས་གྱུར་ཅིག །ལུང་རིག་མན་ངག་སྙིང་པོའི་བཅུད་བསྡུས་ཏེ། །ཇི་ལྟར་སྤོབས་བཞིན་གསལ་བར་བྱས་པ་དེས། །མ་ལུས་འགྲོ་ཀུན་ཐར་པའི་ལམ་བགྲོད་དེ། །དཔལ་ལྡན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །དམ་པ་ཁྱེད་དང་མཇལ་བར་སྤྲོ་ན་ཡང་། །དུས་དང་གནས་ཀྱིས་ཅུང་ཟད་བསྐལ་བར་གྱུར། །ཕྱི་དུས་ཡོན་ཏན་འབྱོར་པས་ཡོངས་གང་བའི། །དག་པའི་ཞིང་དུ་ལྷན་ཅིག་མཇལ་བར་སྨོན། །དམ་པ་ཁྱེད་ཀྱིས་དྲིས་པའི་ལན་འདི་ནི། །རྟོགས་དཀའི་གནས་ཏེ་འོན་ཀྱང་ཆ་ཤས་ཙམ། །ཇི་ལྟར་ནུས་ཤིང་ཁོ་བོས་ངེས་པའི་གནས། །ཡི་གེར་བཀོད་ནས་ཕྱག་ཏུ་གུས་པས་འབུལ། །སེམས་དང་ཡེ་ཤེས་བརྟག་པའི་མན་ངག་ཅེས་བྱ་བ། གངས་རི་ཐོད་དཀར་ནས་ཆོས་སྨྲ་བའི་བསམ་གཏན་པ་ཚུལ་ཁྲིམས་བློ་གྲོས་ཀྱིས། སློབ་དཔོན་ཆོས་གྲགས་བཟང་པོའི་ཕྱག་ཏུ་ཕུལ་བ། ཕྱོགས་དུས་གནས་སྐབས་ཐམས་ཅད་དུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཕུན་སུམ་ཚོགས་པར་མངའ་དབང་འབྱོར་ཞིང་། འགྲོ་བ་ཐམས་ཅད་ཀྱི་དཀར་པོ་འཕེལ་བས་ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག་ཏུ་འབད་པ་མེད་པར་ཕྱིན་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

དོན་རྣམ་པར་ངེས་པ་ཤེས་རབ་རལ་གྲི་མཆན་བཅས།

དོན་རྣམ་པར་ངེས་པ་ཤེས་རབ་རལ་གྲི་མཆན་བཅས་བཞུགས་སོ། །གྲུབ་མཐའ་བསྟན་པ་ལུང་ཚད་མ་འཁྲུལ་པ་ལྡན་པ་མིན། །ནོར་བ་ཐམས་ཅད་རྣམ་པར་སྟོན་པ་མངོན་སུམ་ཚད་མ་སྤངས། །དོན་སྒྲུབ་ཚུལ་རྗེས་དཔག་ཚད་མ་གསུམ་ཚུལ་གསུམ་ཚང་བས་ཐེ་ཚོམ་མེད་པའི་བློ། དེ་དག་གི་ངོ་བོ་ཡིན་པས་འཇམ་དཔལ་མཁྱེན་པའི་གཏེར་ལ་འདུད། །སྟོང་ཉིད་ཟབ་དོན་དམ་ཅིང་ས་དང་ཕར་ཕྱིན་སོགས་རྒྱ་ཀུན་རྫོབ་ཆེ་བས་རྟོགས་དཀའ་བ། །བདེ་བར་གཤེགས་པའི་ཐེག་ཆེན་གྱི་བསྟན་པའི་བདུད་རྩི་ནི། །སྐལ་ལྡན་གང་གིས་མྱང་བར་འདོད་པ་ལ། །བློ་གྲོས་སྐྱེད་པའི་ལེགས་བཤད་ཀྱི་སྣང་བ་རྣམ་པར་སྦྱིན། །པར་བྱའོ། །སངས་རྒྱས་རྣམས་ཀྱིས་ཆོས་ཇི་སྙེད་བསྟན་པ། །ཐམས་ཅད་བརྗོད་བྱ་བདེན་པ་གཉིས་ལ་ཡང་དག་བརྟེན། །ཏེ་གང་ཞེ་ན་འཇིག་རྟེན་པ་ཀུན་རྫོབ་ཀྱི་བདེན་པ་དང་། །འཇིག་རྟེན་ལས་འདས་པ་དམ་པའི་དོན་གྱི་བདེན་པའོ། །དེ་ཡང་བདེན་གཉིས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་ཏུ་རྟོག་པ་ལས་ལྷག་པའི་རྟོགས་པ་གཞན་ཅི་ཡང་མི་སྲིད་པས་ཐེག་པའི་རིམ་པ་བཞིན་བདེན་གཉིས་དངོས་པོའི་གནས་ཚུལ་ཇེ་ཟབ་ཏུ་རྟོགས་པ་ཤེས་པར་བྱའོ། །གཞལ་བྱ་བདེན་པ་གཉིས་ཀྱི་རང་བཞིན་གནས་ལུགས་ལ། །འཇལ་བྱེད་མ་ནོར་བར་ཚུལ་བཞིན་ངེས་པའི་བློས་འཇུག་ན། །སྐྱོན་གྱི་དྲི་མེད་ཐ་སྙད་དང་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་རྣམ་གཉིས་ཀྱི། །མིག་བཟང་མཆོག་ཏུ་བསྒྲུབ་པར་བྱ། །ཇི་ལྟར་འཇིག་རྟེན་ན་སྣང་བ་འདི་དག་ནི། །རྒྱུ་རྐྱེན་ལ་རྟེན་ཅིང་འབྲེལ་འབྱུང་ཚུལ་གྱིས་སྐྱེ། །རྒྱུ་རྐྱེན་ལ་ལྟོས་པ་མེད་གང་ནམ་མཁའ་ཡི། །པདྨོ་བཞིན་ཏུ་སྤྱོད་ཡུལ་དུ་སྣང་མི་འགྱུར། །ས་བོན་ཆུ་ལུད་དྲོད་གཤེར་ལྟ་བུ་རྒྱུ་ཡི་ཚོགས་པ་ཚང་བས་ནི། །མྱུ་གུ་ལྟ་བུ་འབྲས་བུ་སྐྱེད་པའི་བྱ་བ་བྱེད། །ཇི་སྙེད་འབྲས་བུའི་བདག་ཉིད་ཀུན། །རང་རང་རྒྱུ་ལ་ལྟོས་པ་ཉིད། །དེ་མེད་ན་མི་འབྱུང་བའི་ཕྱིར་རོ། །དེས་ན་བྱ་བ་བྱེད་པ་རྒྱུ་དང་ལྟོས་པ་འབྲས་བུ་དག །རྒྱུ་དེས་འབྲས་བུ་དེ་བསྐྱེད་པ་དང་འབྲས་བུ་དེ་རྒྱུ་དེ་ལ་ལྟོས་པ། གནས་དང་དེས་དེ་མི་བསྐྱེད་པ་དང་དེ་དེ་ལ་མི་ལྟོས་པ་གནས་མིན་ཚུལ་ཤེས་པས། །འཇིག་རྟེན་ན་བྱ་བ་ལ་འཇུག་དང་ལྡོག་པར་བྱེད་པས་ན། །འཇིག་རྟེན་གྱི་བཟོ་སོགས་དང་ནི་ཕྱི་ནང་གི་གྲུབ་པའི་མཐའ། །ཀུན་ཀྱང་བྱ་བྱེད་དང་ལྟོས་པ་དེ་ཡི་རྩ་བ་ཅན། །ཡིན་ནོ། །དེ་ཕྱིར་རིགས་པ་གཉིས་སོ། །དེས་ནི་འཇིག་རྟེན་དང་། །འཇིག་རྟེན་འདས་པའི་བསླབ་བྱ་བསྡུས། །རྟེན་འབྱུང་ཚུལ་གྱིས་གང་སྐྱེས་པའི། །ཆོས་ཀུན་རང་རང་ངོ་བོ་ཡིས། །གཞན་དང་རང་མཚན་ཐུན་མིན་གནས་པའི་མཚན་ཉིད་ཅན། །སྲ་གཤེར་དྲོ་སོགས་ཐ་སྙད་ཀྱི། །ཆོས་ཉིད་འདི་ལ་སུས་ཀྱང་དེ་མ་ཡིན་ཞེས་ཐ་སྙད་དུ་བསྙོན་དུ་མེད། །བུམ་པ་ལྟ་བུའི་ཆོས་གཅིག་ལ་ཡང་ཆོས་སྣ་ཚོགས། །ཡིན་དང་ཡོད་སོགས་སྒྲུབ་དང་མིན་དང་མེད་སོགས་སེལ་བའི་ཐ་སྙད་ཀྱི། །རྣམ་གཞག་ཤིན་ཏུ་མཐའ་ཡས་དོན། །རང་རང་ལ་གཞན་གྱིས་མ་བྱས་པར་ངོ་བོ་ཉིད་ཀྱིས་གནས། །བུམ་པ་ལྟ་བུ་མངོན་སུམ་གྱིས་ནི་ཡོངས་གཟུང་དོན། །གང་ལ་བྱ་བ་མི་རྟག་སྐྱེ་ལྡན་ལ་སོགས་པ་ལྡོག་པའི་སྒོ་ནས་ནི། །རྣམ་པར་བཏགས་ཏེ་ཐ་དད་ལྟ་བུའི་ཆོས། །སུ་སྒྲ་དོན་འདྲེས་འཛིན་གྱི་རྟོག་བཅས་ཡིད་ཀྱིས་ཕྱེ་ཞིང་སྦྱོར། །འགལ་འབྲེལ་ཡུལ་ཡུལ་ཅན་དངོས་པོའི་རྫས་ཡོད་དང་རྫས་དེ་ལས་ལྡོག་པས་བཏགས། །ཡོད་རྣམ་པ་གཉིས་ཀྱི་ཚུལ་ལས་ནི། །ཤེས་བྱ་རྣམས་ཀྱང་རྟོགས་བྱ་སྟེ། །དེ་ལས་སྤྲོས་པའི་རྣམ་གཞག་དགག་སྒྲུབ་སྣང་སེལ་མཚན་མཚོན་སོགས་མང་། །དེ་ལྟར་བྱ་བྱེད་རྒྱུ་ལྟོས་པ་འབྲས་ཆོས་ཉིད་ངོ་བོའི་ཆོས། །དེ་རྣམས་ལ་དོན་དམ་དཔྱོད་བྱེད་ཀྱིས། ཡང་དག་ཉིད་དུ་རྣམ་བརྟགས་ན། །བྱ་བ་བྱེད་པ་སྐྱེད་པར་བྱེད་པ་རྒྱུ་ཉིད་ཀྱང་མི་དམིགས་ཤིང་། །ལྟོས་ནས་སྐྱེ་བ་འབྲས་བུ་དག་ཀྱང་མེད། །ཆོས་ཉིད་རང་རང་གི་ངོ་བོར་སྣང་བ་ཡང་། །གཞན་གྱིས་མ་ཡིན་པར་ངོ་བོ་ཉིད་ཀྱིས་སྟོང་པ་ནི། །བྱ་བ་བྱེད་པ་རྒྱུ་མཚན་མ་ལྟོས་པ་འབྲས་བུ་སྨོན་པ་ཆོས་ཉིད་ངོ་བོ་ཉིད་མེད་པའི་རྣམ་ཐར་གསུམ་ལྡན་ཆོས་ཀྱི་དབྱིངས། །དེ་ནི་དོན་དམ་པ་ཡི་ཆོས་ཉིད་ཀྱི་རིགས་པ་ཉིད་དོ། །ཐ་སྙད་དུ་བྱ་བ་བྱེད་དང་ལྟོས་པ་ཡང་། །དངོས་པོའི་རང་རང་གི་ཆོས་ཉིད་ཡིན་པས་ན། །རིགས་པའི་མཐའ་ནི་ཆོས་ཉིད་ལ། །ཐུག་ནས་དེ་ཕྱིན་ཆད་རྒྱུ་མཚན་ཚོལ་དུ་མེད། །སྟེ་དངོས་པོའི་ཆོས་ཉིད་ཡིན་པས་མེའི་ཚ་བ་བཞིན་ནོ། །གོང་དུ་བཤད་པ་དེ་ལྟར་བདེན་གཉིས་ཆོས་ཉིད་ལ། །རྗེས་སུ་མཐུན་པར་རིགས་པས་གང་གཞལ་བ། །དེ་ནི་དངོས་པོའི་སྟོབས་ཤུགས་ལས་གྲུབ་པས་ན། །འཐད་པ་སྒྲུབ་པའི་རིགས་པ་ཡིན། །ཇི་ལྟར་སྣང་བའི་ཚུལ་ཀུན་རྫོབ་དང་ཇི་ལྟར་གནས། །པའི་གནས་ཚུལ་དོན་དམ་པ་དེའི་རང་གི་ངོ་བོ་མངོན་སུམ་མམ། །རྟགས་མངོན་པར་སྣང་བ་ལ་བརྟེན་ནས། །མི་བསླུ་བར་དོན་གཞན་ལ་རྗེས་སུ་དཔག་སྟེ་ངེས་པར་བྱེད་པའོ། །དབང་ཡིད་མངོན་སུམ་སྐབས་སྤྱིར་དབང་ཡིད་ཀྱི་མངོན་སུམ་གྱི་ངོ་བོ་ངོས་བཟུང་བ་ཡིན་གྱི་མངོན་སུམ་ཚད་མ་ཁོ་ནར་བཤད་པ་མིན་ལ། ཚད་མ་ནི་གོང་དུ་མ་འཁྲུལ་ཞེས་པ་དེ་སྦྱར་བས་ཁྱད་པར་དུ་ཕྱེ་ལ་ཤེས་པར་བྱའོ། །མངོན་སུམ་ཉིད་ནི་རྣམ་པ་བཞི། །མ་འཁྲུལ་པ་གྲུར་ཞུགས་པ་ལྟ་བུས་མ་འཁྲུལ་པ་དབང་པོ་དང་མྱོས་པ་ལྟ་བུས་མ་འཁྲུལ་བ་ཡིད་དང་རང་རིག །རྣལ་འབྱོར་དང་བཅས་པ་དེ་ཡི་ཡུལ། །ནི་དོན་སྤྱི་ཙམ་མིན་པར་དོན་རང་མཚན་སྣང་ཕྱིར་རྟོག་པ་གསུམ་ལས་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མེད་པའོ། །གལ་ཏེ་མངོན་སུམ་དེ་དག་མེད་པ་ན། །དུ་བ་སོགས་མི་སྣང་བས་ན་རྟགས་མེད་པས་དེ་ཕྱིར་རྗེས་དཔག་མེད། །ཅིང་དེ་མེད་ལ་གཞན་ཡང་རྒྱུ་ས་བོན་ལས་མྱུ་གུ་སྐྱེ་དང་མཐར་དེ་འགག་པ་སོགས། །འཇིག་རྟེན་ན་སྣང་ཚོད་འདི་ཀུན་མཐོང་མི་སྲིད་ལ། །མི་སྲིད་པ་དེ་ལྟ་ན་ནི་དེ་དག་མེད་པའི་སྣང་ཚོད་པ་དེ་ཉིད་ཀྱི། །སྟོང་སོགས་རྟགས་གང་ལ་བརྟེན་ནས་ཤེས། །ཏེ་ཐབས། འཇིག་རྟེན་ན་སྣང་བའི་ཐ་སྙད་བདེན་པ་འདི་ལ་ལ་ནི་མ་བརྟེན་པར། །ཐབས་དེ་ལས་བྱུང་བའི་དམ་པའི་དོན་སྟོང་པ་ཉིད་ནི་རྟོགས་པར་མི་འགྱུར། །བའི་ཕྱིར་རོ། །མིག་སོགས་དབང་ལྔ་ལས་སྐྱེས་བློ་རྣམ་ཤེས་གང་གིས། །གཟུགས་སོགས་རང་ཡུལ་གསལ་བར་ཉམས་མྱོང་བ། །དབང་པོའི་མངོན་སུམ་ཡིན་ལ་དེ་མེད་ན། །ལོང་སོགས་བཞིན་ཏུ་ཕྱི་རོལ་གྱི་དོན་མི་མཐོང་། །ཡིད་དབང་ལས་སྐྱེས་ཕྱི་གཟུགས་སོགས་དང་། རྨི་ལམ་ནང་གཉིས་ཀའི་ཡུལ། །གསལ་བར་གཅོད་དེ་ངེས་པ་ཡིད་མངོན་སུམ། །དེ་མེད་ཕྱི་ནང་གི་ཆོས་ཀུན་ཐུན་མོང་དུ། །ཤེས་པའི་རྣམ་རིག་མེད་པར་འགྱུར། །དོན་དམ་པའི་ངོ་བོ་མངོན་སུམ་དུ་འཇལ་བ་འཕགས་པའི་མཉམ་བཞག་ཡེ་ཤེས་ལྟ་བུ། དོན་དམ་པ་རྗེས་དཔག་གིས་འཇལ་བརྟེན་འབྱུང་གི་རིགས་པས་བདག་མེད་སྒྲུབ་པ་ལྟ་བུ། ཐ་སྙད་པའི་ངོ་བོ་མངོན་སུམ་འཇལ་བ་ཨུཏྤལ་གྱི་སྔོན་པོ་མིག་ཤེས་ཀྱིས་བཅོད་པ་ལྟ་བུ། ཐ་སྙད་ཀྱི་དོན་ལ་རྗེས་སུ་དཔག་པ་མངོན་སུམ་སྣང་བས་དུ་བ་ལས་མེ་དཔོགས་པ་ལྟ་བུའོ། །རྣལ་འབྱོར་གྱི་བླ་མས་བསྟན་པའི། ལུང་བཞིན་ལེགས་པར་བསྒོམས་པ་ཡི། །མཐར་ཐུགས་བདག་མེད་པའི་དོན་དང་སྟོང་གཉིས་གསུམ་དང་གྲངས་མེད་མཐོང་བ་སོགས་རང་ཡུལ་གསལ་བར་མྱོང་བ། །རྣལ་འབྱོར་མངོན་སུམ་དེ་མེད་ན། །གང་ཟག་ཕལ་པའི་ཡུལ་འདས་པ་རྣལ་འབྱོར་པའི་ཡུལ་གྱི་དོན་མི་མཐོང་། །མིག་དབང་གིས་མངོན་སུམ་མྱོང་བས་གཟུགས་ལ་ནི། །དུང་སེར་པོ་སྒྲོ་འདོགས་པ་ལྟ་བུའི། སྒྲོ་འདོགས་གཅོད་པ་ཇི་ལྟ་བ། །རང་སེམས་ལ་ཡང་ཉམས་སུ་མྱོང་བའི་སྒོ་ནས་གཞན་ལ་མི་ལྟོས་པར་སྒྲོ་འདོགས་གཅོད་པ་དེ་ཡོད་ན། །དེ་རང་རིག་གིས་མ་ཤེས་པར། དེ་ལ་ཤེས་མཁན་གཞན་ཡོད་ན་དེ་ལའང་ཤེས་མཁན་གཞན་ཡོད་དགོས་པ་སོགས་ཐུག་མེད་འགྱུར། །ཏེ་དུས་མཉམ་པ་དང་མི་མཉམ་པའི་ཤེས་པའང་གཞན་གང་ཡོད་ཀྱང་ཐུག་མེད་དུ་འགྱུར་རོ། །དེ་ཕྱིར་ཤེས་པ་ནི་ཤིང་རྟ་དང་རྩིགས་པ་སོགས་ལས་བཟློག་སྟེ། གསལ་རིག་ངོ་བོ་ཉིད་དུ་གྱུར་པ་ཡིས། །ཕྱི་རོལ་གྱི་ཡུལ་ཤེས་པ་བཞིན་ཏུ་རང་ཉིད་ཀྱང་། །རང་གཞན་ལ་ལྟོས་པ་མེད་པར་རང་ལ་རང་གསལ་བ། །འདི་ལ་རང་རིག་ཅེས་སུ་བརྗོད། །མངོན་སུམ་གཞན་གསུམ་གྱིས་ཉམས་མྱོང་གང་། །ལ་མངོན་སུམ་ཡིན་པ་ཉིད་དུ་ངེས་བྱེད་པ། །རང་རིག་ལས་ཡིན་པས་དེ་མེད་ན། །ཚུལ་གཞན་གང་གིས་མངོན་སུམ་དེ་འགྲུབ་མི་འགྱུར། །ཏེ་སྔོན་པོ་མིག་ཤེས་ཀྱིས་གྲུབ་ན་མིག་ཤེས་མངོན་རྗེས་གང་གིས་གྲུབ། མངོན་སུམ་གྱིས་གྲུབ་ན་མངོན་སུམ་དབང་དོན་དུས་མཉམ་མི་མཉམ་གཉིས་ཀ་མི་འཐད་རྗེས་དཔག་གིས་གྲུབ་ན་དེ་མེད་དེ་མངོན་སུམ་མེད་པས་སོ། །རྗེས་དཔག་ནི་མངོན་སུམ་མྱོང་བའི་རྟགས་ལ་བརྟེན་ནས་སྐྱེ་བས་མངོན་སུམ་གྱི་རྩ་བ་ཅན། །ཡིན་ལ། མངོན་སུམ་དེ་ནི་རང་རིག་ཉིད་ཀྱིས་ངེས། །ཏེ་མངོན་སུམ་དུ་བཞག་དགོས་པས་འཁྲུལ་རྒྱུས་མ་འཁྲུལ་པའི་བློ་ཡི་ཉམས་མྱོང་རང་རིག་ལ། །མཐར་ཐུག་ནས་དེ་ནས་སྒྲུབ་བྱེད་གཞན་དུ་ཚོལ་དུ་མེད། །དེ་ཕྱིར་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་བྲལ་ཞིང་དབང་ཡིད་མ་འཁྲུལ་བའི། །དང་རང་རིག་རྣལ་འབྱོར་བཅས་པ། མངོན་སུམ་དག་ལ་བརྟེན་ནས་སུ། །མངོན་དུ་གྱུར་པའི་ཆོས་བུམ་པ་ལྟ་བུ་ལ་སོགས་པ་རྣམས་ལ། །རྟག་པ་ལ་སོགས་པའི་སྒྲོ་འདོགས་རྣམ་པར་སེལ་བར་བྱེད། །ཡུལ་རྣམས་བུམ་པ་ལ་སོགས་པ་དོན་གྱི་སྤྱི་ཙམ་བློས་བཟུང་ནས། །མིང་བུམ་པ་ཞེས་པའི་སྒྲ་དེ་དང་འདྲེས་པ་ལྟར་བསྲེས་ཏེ་རྣམ་པར་རྟོག་བྱེད་པ། །དེ་ནི་རྟོག་བཅས་ཀྱི་ཡིད་ཡིན་ལ་དེ་དག་གིས། །འཇིག་རྟེན་ན་དགག་སྒྲུབ་ཀྱི་ཐ་སྙད་སྣ་ཚོགས་རྒྱས་པར་བྱེད། །བརྡ་མི་ཤེས་པའི་བྱིས་པ་ཆུང་ངུ་དང་དུད་འགྲོ་ལྟ་བུའི་སྐྱེ་བོས་ཀྱང་། །བློ་ལ་དོན་གྱི་སྤྱི་ཙམ་སྣང་བ། །དེ་མིང་མ་ཤེས་ཀྱང་བསྲེས་ན། མིང་དང་འདྲེས་རུང་གི་རྟོག་པ་དེས། །དོན་རྣམས་ལ་འཇུག་པ་དང་ལྡོག་པར་བྱེད་པ་ཡིན། །སྟེ་དེ་དག་མེ་ལ་འགྲོས་པ་དང་ཆུ་ལ་སྙེགས་པ་བཞིན་ནོ། །སྒྲ་དོན་འདྲེས་འཛིན་གྱི། རྟོག་བཅས་ཡིད་ནི་མེད་པ་ན། །ཕར་དགག་པ་དང་ཚུར་སྒྲུབ་པའི་ཐ་སྙད་ཀུན་འཇིག་རྟེན་ན་མེད་ཕྱིར། །དེས་དོན་རྗེས་སུ་དཔག་པ་དང་འཇུག་ལྡོག་གི་བསླབ་པའི་གནས། །གང་ཡང་སུ་ལའང་བསྟན་པར་མི་ནུས་སོ། །རྟོག་པས་མ་འོངས་དོན་གཉེར་དང་འདས་པའི་རྟོག་པ་སོགས། །ཀྱིས་ད་ལྟ་མངོན་གྱུར་མིན་པའང་བློས་འཇལ་ཞིང་སྒྲུབ། །པ་ཡིན་ལ་རྟོག་བཅས་ཀྱི་རྗེས་དཔག་མེད་གྱུར་ན། །རྟགས་ལ་བརྟེན་ནས་བཟང་ངན་དང་བླང་དོར་བྱེད་པ་ཐམས་ཅད་མེད་པས་ཐམས་ཅད་བཙས་མ་ཐག་པའི་བྱིས་པ་བཞིན་དོན་གང་ཡང་མི་ཤེས་པ་འབའ་ཞིག་ཏུ་འགྱུར། །རྟགས་དུ་བ་ལྟ་བུ་གང་ལ་བརྟེན་ནས་བསྒྲུབ་བྱ་མེ་ལྟ་བུ་གང་གོ་ནུས། །པ་དེ་ནི་རྟགས་ཡིན་ལ་དེ་ཡང་ཕྱོགས་ཀྱི་ཆོས་སུ་གྲུབ་པ་དང་། །བསྒྲུབ་བྱ་དེ་རྟགས་དེའི་རྗེས་སུ་འགྲོ་བ་དང་བསྒྲུབ་བྱ་དེ་ལྡོག་ན་རྟགས་དེ་ལྡོག་པའི་ཁྱབ་པ་སྟེ། །ཚུལ་གསུམ་ཚད་ན་བསྒྲུབ་བྱ་འགྲུབ་པ་ལ་འཁྲུལ་པ་མེད། །མངོན་རྗེས་ཚད་མས་བཞི་པོ་གང་རུང་བ་གཏན་ལ་ཕབ་པའི། །རྟགས་དེ་ལས་དབང་པོ་ལ་སོགས་པའི། ལྐོག་ཏུ་གྱུར་པ་འགའ། །ཞིག་རྗེས་སུ་དཔོག་སྟེ་ངེས་པར་བྱེད་པ་ཡིན་ན་དེ་ཡང་། །བདག་གཅིག་དང་དེ་བྱུང་གང་རུང་གི་འབྲེལ་བའི་དབང་གིས་བསྒྲུབ་བྱ་གང་། །ཞིག་འགྲུབ་པ་དེ་བྱུང་གི་འབྲེལ་བས་འབྲས་བུས་རྒྱུ་བསྒྲུབ་པ་འབྲས་བུའི་རྟགས་དང་བདག་གཅིག་འབྲེལ་གྱི་སྒོ་ནས་རང་བཞིན་གྱི་རྟགས། །གཉིས་དང་སྣང་རུང་། མི་དམིགས་པའམ་འགལ་ཟླ་དམིགས་པས། །དགག་བྱ་གང་ཞིག་འགོག་པ་མ་དམིགས་པའི་རྟགས། །དེ་ལྟར་རྟགས་རིགས་ཐམས་ཅད་བསྡུ་ན་གསུམ་པོ་དེ་དག་ཏུ་གནས། །དོན་དམ་དཔྱོད་བྱེད་ཀྱི་མཐར་ཐུག་དབུ་མ་དང་སྔགས་ལས་ཀྱང་གསུངས་པའི་རིགས་པས་ཀྱང་དཔྱད་ན། ཡང་དག་ཏུ་ན་འཁོར་འདས་ལ་སོགས་པ་འདི་ལྟར་སྣང་བ་ཀུན། །ཡེ་ནས་རྣམ་དབྱེར་མེད་པའི་མཉམ་པ་ཉིད་ཡིན་པའི་ཕྱིར་དང་། །ཐ་སྙད་དཔྱོད་བྱེད་ཀྱི་མཐར་ཐུག་པ་རྡོ་རྗེ་ཐེག་པ་ནས་གསུངས་པའི་རིགས་པས་དཔྱད་ན། རྒྱུད་དག་པ་ན་སྣོད་བཅུད་དག་པ་འབའ་ཞིག་ཏུ་མཐོང་བས། །དེ་ཐམས་ཅད་གནས་ཚུལ་ལ་དག་པའི་རང་བཞིན་ཅན་དུ་གནས། །སོ། །དངོས་པོ་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བ་སྟེ། །དངོས་མེད་རྒྱུ་རྐྱེན་ལས་མ་སྐྱེས་པ་ཙམ་ལ་དགག་བྱ་རྣམ་པར་བཅད་པ་ཙམ་ལ་བརྟེན་ནས་བཏགས་པ་ཡིན། །པས་དེ་ཕྱིར་བུམ་པ་ལྟ་བུའི་དངོས་པོ་དང་བུམ་པ་བཀག་པའི་སྟོང་པ་ལྟ་བུ་དངོས་མེད་པ། །གཉིས་ཀ་གནས་ལུགས་ལ་མ་གྲུབ་པས་རང་གི་ངོ་བོ་ཉིད་ཀྱིས་སྟོང་། །མཐར་ཐུག་གི་གནས་ལུགས་དོན་དེ་ཁོ་ན་ཉིད་ཀྱི་ལ་སྟོང་གཞི་བུམ་པ་ལྟ་བུ་དང་། །དེ་བཅད་པའི་སྟོང་པ་གཉིས་རང་མཚན་ཐ་དད་དུ་མེད་པས། །སྣང་བ་བུམ་པ་ལྟ་བུ་དང་དེ་མ་གྲུབ་པའི་སྟོང་པ་གཉིས་པོ་དབྱེར་མེད་པར་སྣང་དུས་ནས་སྟོང་ལ་སྟོང་དུས་ནས་སྣང་བ་ཡིན་ཅིང་དེ་སྒྲ་རྟོག་གི་ཡུལ་མིན་པས་མིང་ཚིག་དང་རྟགས་ལ་སོགས་པ་གང་གིས་ཀྱང་བརྗོད་པ་དང་བྲལ། །འོ་ན་སུས་རྟོགས་ན་རྣལ་འབྱོར་བའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རིག་པར་བྱའོ། །བ་འཇིག་རྟེན་ན་སྒྲུབ་པའི་རྣམ་པ་ཇི་སྙེད་པ། །ཡོད་སྒྲུབ་དང་ཡིན་པར་སྒྲུབ་ལ་འདུ། །དགག་པའི་རྣམ་པ་ཇི་སྙེད་པ། །མེད་དགག་ཤུལ་དུ་ཆོས་གཞན་མི་འཕེན་པ་དང་མ་ཡིན་དགག་ཤུལ་དུ་ཆོས་གཞན་འཕེན་པས་བསྡུས། །མངོན་སུམ་སོགས་མི་བསླུ་བའི་ཚད་མ་ལ་བརྟེན་ནས་མི་འཐད་པ་དགག་པ་དང་འཐད་པ་སྒྲུབ་པར་བྱེད་ཀྱི། །རྣམ་གཞག་ཚུལ་བཞིན་ངེས་པར་བྱས་པར་རང་དོན་རྗེས་དཔག་སྔོན་དུ་སོང་ནས། །གཞན་ལའང་རིགས་པ་དེ་དང་མཐུན་པར། །རང་ལུགས་འཐད་པ་སྒྲུབ་དང་གཞན་ལུགས་མི་འཐད་པ་སུན་འབྱིན་པའི་གཞན་དོན་རྗེས་དཔག་སྨྲ་བར་བྱེད། །གཞན་ལུགས་སུན་འབྱིན་ལ་ནི་ཚུལ་གསུམ་པའི། །གཏན་ཚིགས་རང་དོན་རྗེས་དཔག་ལྟར་རང་རྒྱུད་དུ་འགོད་པ་དང་། །ཚུལ་གསུམ་མ་ཚང་ཡང་ཕ་རོལ་གྱི་ཁས་བླངས་དེ་རྟགས་སུ་བཀོད་པ་ལ་བརྟེན་ནས། །ཐལ་བའི་ངག་གིས་ཕ་རོལ་དེ་སུན་འབྱིན་པའི་སུན་འབྱིན་ཡང་དག་པའོ། །ཚུལ་རོལ་མཐོང་བའི་ཐ་སྙད་ལ་ཡང་གནས་ཚུལ་དང་སྣང་ཚུལ་དག །མི་མཐུན་པར་སྣང་བ་ཡོད་པའི་ཕྱིར། །མ་དག་ཚུ་རོལ་མཐོང་བ་འཇིག་རྟེན་དང་། །དག་པ་འཕགས་པའི་གཟིགས་པ་ལ་བརྟེན་པའི། །ཀུན་ཏུ་ཐ་སྙད་ཚད་མ་གཉིས། །ཡོད་དེ་དེ་གཉིས་དཔེར་ན་རང་ཡུལ་ཙམ་མཐོང་བའི་མི་དང་རང་ཡུལ་དང་སྔ་མ་གཉིས་ཀ་མཐོང་བའི་ལྷ་ཡི་མིག་བཞིན་ནོ། །ཚད་མ་དེ་གཉིས་ཀྱི་ནི་སོ་སོར་མི་འཁྲུལ་བའི་ཁྱད་པར་ཡང་། །ངོ་བོ་དང་རྒྱུ་དང་འབྲས་བུ་དང་ལས་ཀྱིས་ཐ་དད་དུ་དབྱེ། །དང་པོའི་ངོ་བོ་ཡུལ་ཤེས་བྱ་ཉི་ཚེའི་བ་དོན་ལ་མི་བསླུའི་བ་བློ། །འོ། །རྒྱུ་དབང་པོ་སོགས་ཀྱི་རང་ཡུལ་དེ་མངོན་སུམ་ལ་སོགས་པས་ཚུལ་བཞིན་ཏེ་དངོས་པོའི་གནས་ཚུལ་ལྟར་ཕྱིན་ཅི་མ་ལོག་པར་བཟུང་བ་ལས་རྟོག་མེད་མིག་ཤེས་ཀྱིས་རང་ཡུལ་སྔོན་པོ་ཚུལ་བཞིན་བཟུང་བ་དང་རྟོག་བཅས་ཡིད་ཤེས་ཀྱིས་དུ་བའི་རྟགས་ལས་མེ་ཡོད་དུ་འཛིན་པ་ལྟ་བུའོ། །སྐྱེ། །འོ། །བྱེད་ལས་ཚུར་མཐོང་གི་ཡུལ་ལ་ཐེ་ཚོམ་གྱི་སྒྲོ་འདོགས་སེལ། །བའོ། །འབྲས་བུ་སྐབས་སུ་བབས་པའི་དོན་དེ་མ་ནོར་བར་ཡོངས་སུ་འཛིན་པའོ། །གཉིས་པའི་ངོ་བོ་ཤེས་བྱ་རྒྱ་ཆེ་བ་ཡི་ཡུལ་ལ་མི་བསླུ་བའི་ཡུལ་ཅན་གྱི་ཡེ་ཤེས་ནི། །རྗེས་ཐོབ་ཀྱི་ཡུལ་ཅན་ཡིན་པས་དེའི་རྒྱུ་ནི་ཇི་ལྟའི་ཆོས་ཉིད་ལ་དམིགས་པའི་རྗེས་ལས་སྐྱེ། །བའོ། །བྱེད་ལས་ཚུལ་མཐོང་གི་བློས་བསམ་མི་ཁྱབ་པའི་ཡུལ་ལ་ཐེ་ཚོམ་གྱི་སྒྲོ་འདོགས་སེལ། །བའོ། །འབྲས་བུ་ཤེས་བྱ་ཇི་སྙེད་པ་མཁྱེན་པའི་འབྲས་བུ་ཅན་ནོ། །དོན་དམ་ལ་ཡང་སྐྱེ་མེད་འགག་མེད་ལྟ་བུས་རྣམ་གྲངས་པ་དང་། །སྤྲོས་པ་ཐམས་ཅད་དང་བྲལ་བའི། རྣམ་གྲངས་མིན་པའི་ཚུལ་གཉིས་ཀྱིས། །ཤེས་བྱ་དེ་འཇལ་བ་ལ་དོན་དམ་དཔྱོད་བྱེད་ཀྱི། །ཚད་མ་དེ་ཡང་གཉིས་སུ་འགྱུར། །རོ། །ཚད་མ་བཞི་པོ་དེ་སྔ་མ་ལ་བརྟེན་ཕྱི་མར་འཇུག །མིག་སྐྱོན་རབ་རིབ་ལ་སོགས་པ་དག་པར་བྱེད་པའི་ཚུལ་བཞིན་དུ། །ཆོས་ཐམས་ཅད་ལ་ལྟ་བའི་ཚད་མའི་མིག་ནི་རྣམ་སྦྱངས་ཏེ། །ཐ་སྙད་དཔྱོད་བྱེད་ཀྱི་མཐར་ཐུག་དག་དང་དོན་དམ་དཔྱོད་བྱེད་ཀྱི་མཐར་ཐུག་མཉམ་པའི་དོན་མཐོང་བྱ། །སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མེད་པའི་དབང་ཡིད་དང་རྟོག་བཅས་ཀྱི་སེམས། །ནི་དཔེར་ན་དབང་ཤེས་རྟོག་མེད་ཟླ་གཉིས་མཐོང་བ་དང་ཡིད་ཤེས་རྟོག་མེད་རྨི་ལམ་དང་རྟོག་བཅས་ཐག་པ་ལ་སྤྲུལ་དུ་འཁྲུལ་བ་བཞིན། །དེ་རྣམས་ལ་འཁྲུལ་བའི་ཆ་དང་ཟླ་གཅིག་ཉིན་སྣང་ཐག་པར་འཛིན་པ་ལྟར་མ་འཁྲུལ་བའི་ཆ་ཡང་ཡོད་ཕྱིར། །མི་བསླུ་བ་དང་བསླུ་བའི་སྒོ་ནས་ཚད་མ་དང་ཚད་མིན་གྱི་རྣམ་གཞག་གྲུབ། །གལ་ཏེ་ཚད་མ་ཚད་མིན་གཏན་ནས་མེད་གྱུར་ན། །འཁྲུལ་པའི་ཕྱིར་རྫུན་པ་དང་མ་འཁྲུལ་བའི་ཕྱིར་བདེན། །པ་སོ་སོར་རྣམ་པར་དབྱེ་བ་གཏན་ནས་མི་སྲིད་པས། །ཕྱི་རོལ་པ་རྫུན་པ་དང་ནང་པ་བདེན་པའང་མི་སྲིད་པས། གྲུབ་པའི་མཐའ་རྣམས་ཀྱང་ནི་ཡོད་མི་སྲིད། །དོན་དམ་པ་དཔྱད་ན་མ་གྲུབ་པས་སོ་སྙམ་ན་དོན་དམ་དཔྱོད་བྱེད་ཀྱིས་ཡང་དག་པ་དེ་ཁོ་ན་ཉིད་དུ་དཔྱད་བྱས་ན། །མངོན་སུམ་དང་རྗེས་དཔག་གི་ཚད་དང་ཚད་མིན་དགག་བྱ་སྒྲུབ་བྱ་ཡུལ་ཡུལ་ཅན་སོགས། །ཀྱིས་རྣམ་གཞག་ཇི་ལྟ་ཇི་ལྟ་བར། །སྤྲོས་པ་གང་ཡིན་པ་དེ་དག་དེ་ལྟ་དེ་ལྟར་ཡང་། །རང་རང་གི་ངོ་བོ་ཉིད་ཀྱིས་སྟོང་པར་གྲུབ་པ། །དེ་ཕྱིར་ཡོད་མེད་གཉིས་ཡིན་གཉིས་མིན་གྱི་སྤྲོས་པ་ཀུན་བྲལ་ཉིད། །ནི་དཔེར་ན་མེ་ཡི་ཚ་བ་ཇི་བཞིན་ཏུ། །ཐ་སྙད་ཀྱི་སྤྲོས་པ་ཀུན་ལ་ཁྱབ་བྱེད་དུ་གནས། །དེས་ན་བུམ་པ་ལྟ་བུའི་སྣང་དང་དེ་མེད་པའི་སྟོང་པ་ནི། །ནམ་ཡང་འབྲལ་བ་མེད་པར་ཆོས་ཀུན་ལ་གནས་པས། །སྣང་བ་དེ་ཐབས་དང་སྟོང་པ་དེ་ཐབས་བྱུང་ཉིད་ཡིན་སླད། །ཐ་སྙད་ལྟ་བུ་གཅིག་བཀག་ནས་ཅིག་ཤོས་དོན་དམ་ལྟ་བུ་སྒྲུབ་པ་དང་དོན་དམ་བཀ ག་ནས་ཐ་སྙད་ཁོ་ན་སྒྲུབ་མི་ནུས། །པས་སྣང་སྟོང་དབྱེར་མེད་ཡིན་ནོ། །མི་དགོས་སོ་སྙམ་ན་ཚད་མ་དང་ཚད་མིན་གྱི་ཡིན་མིན་མ་དཔྱད་པར། །ཐལ་འགྱུར་བའི་ལུགས་ལྟར་འཇིག་རྟེན་ན་མཐོང་བ་ཙམ་ཀུན་རྫོབ་དུ་ཁས་བླངས་པ་ཞིག་གིས། །དོན་དམ་ཉིད་ལ་འཇུག་ཅེ་ན། །དེ་ལྟར་དོན་དམ་ལ་འཇུག་པ་ནི་བཀག་པ་མེད་མོད་ཀྱི། །ས་བོན་འདི་ལས་མྱུ་གུ་འདི་འབྱུང་བར་མཐོང་བ་ལ་སོགས་པ་ནི། །འཇིག་རྟེན་པ་ཡི་མངོན་སུམ་ཡིན་ལ། །དེ་ལ་བརྟེན་དོན་སྐྱེ་མེད་སོགས་དཔོག་པ་དེ་རྗེས་སུ་དཔག་པ་ཡིན་པའི་ཕྱིར། །དེ་ལའང་ཚད་མ་དང་ཚད་མིན་གྱི་མིང་མ་བཏགས་ཀྱང་དོན་ཚད་མ་དང་ཚད་མིན་མི་སྤོང་། །སྟེ་སྤང་མི་ནུས་སོ། །གྲངས་ལ་རྩོད་སྤོང་ཐ་སྙད་ཚད་མ་ལ་དག་མ་དག་གི་ཚད་མ་གཉིས་མེད་ན། །དག་པའི་ཚད་མ་ལོགས་སུ་མེད་པས་མ་དག་པའི་ཚད་མ་ལྟར་དག་པའི་གཟིགས་པ་རྫུན་བར་འགྱུར་ཞིང་། །མ་དག་པ་མཐོང་བའི་དུང་ལ་ཡང་། །དཀར་པོ་དང་སེར་པོ་བདེན་པ་དང་རྫུན་པའི་རྣམ་གཞག་མི་འཐད་དོ། །དོན་དམ་དཔྱོད་བྱེད་ལ་གཉིས་མེད་པར་རྣམ་གྲངས་པའི་དོན་ཙམ་ཡིན་ན། །མེད་པར་དགག་པའི་སྟོང་པ་ལམ་གྱིས་བདེན་གཉིས་ཟུང་འཇུག་དུ་གནས་པ་མི་ཤེས་ཤིང་། །དོན་དམ་མེད་པ་ཙམ་སོགས་ཀྱང་སྤྲོས་པ་ཡིན་པས་སྤྲོས་པའི་མཐར་ལྷུང་ལ། །དེ་སྤྲོས་པ་ཡིན་པའི་ཕྱིར་དེ་ཡང་དངོས་པོ་དཔྱད་པའི་རིགས་པ་རང་གིས་རང་ཉིད་ཀྱང་འཇིག །སྟེ་ཚུགས་མི་ཐུབ་བོ། །དེ་ཁོ་ན་ཉིད་དུ་ནི་གཞལ་བྱ་ཀུན་རྫོབ་མ་གྲུབ་ཅིང་། །འཇལ་བྱེད་ཀྱི་བློ་རྣམ་ཤེས་ཚོགས་བདུན་དང་རང་རིག་ཀྱང་། །དཔྱད་ན་མ་གྲུབ་པས་སྣང་སྟོང་དབྱེར་མེད་ཆུ་ཟླ་འདྲ། །བདེན་གཉིས་མཐར་ཐུག་ན་བདེན་པ་དབྱེར་མེད་པའི། །བདེན་གཅིག་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཉིད་མྱང་འདས་དང་ཡང་དག་པའི་མཐའ། །ཡིན་པས། ཆོས་ཀུན་དེ་ལ་དེ་ལས་བོགས་དབྱུང་དུ་མེད་པར་མཐར་ཐུག་པའི་ཕྱིར། །ཤེས་བྱེད་ཀྱི་བློ་དང་ཤེས་བྱ་ཡུལ་དབྱེར་མེད་པའི་སྐུ། །དེ་ནི་ཡེ་ཤེས་ཀྱི་སྐུ་ཡིན་པས་དེ་ཡི་ཡེ་ཤེས་ཀྱི་སྣང་བ་ལ་མཐའ་དབུས་བྲལ། །དེ་ལྟར་ཟབ་ཅིང་རྒྱ་ཆེ་བ་རིགས་པའི་ལམ་ན་ལྟ་བའི། །ཤེས་རབ་ཀྱི་མིག་བཟང་བགྲད་ནས་སུ། །བདེ་བར་གཤེགས་དང་དེ་ཡི་སྲས། །བྱང་སེམས་བློ་གྲོས་ཆེ་རྣམས་ལམ་གང་ནས་ནི། །གཤེགས་པའི་ལམ་བཟང་དེ་ཉིད་ཀྱིས་ངེས་པར་མཐོང་བྱ་སྟེ། །འདི་ན་མདོ་སྔགས་ཐེག་པའི་ཚུལ། །རྙེད་དཀའ་བ་རང་གི་བསོད་ནམས་ཀྱིས་དུས་སུ་རྙེད་པ་ལ། །རང་རྒྱུད་ལ་དེའི་རོ་མྱོང་བ་མེད་པའི་འབྲས་བུ་མེད་པར་མ་བྱེད་ཅིག །འདི་ལྟར་རིགས་པ་རྣམ་བཞི་དང་། །ལྡན་པ་བློ་གྲོས་སྣང་བ་ཅན། །གཞན་གྱི་རྗེས་སུ་སྨྲ་བ་ལ་སོགས་པའི་གཞན་དྲིང་ལ་མི་འཇོག་པ་རང་གི་རྣམ་དཔྱོད་ཀྱི་མཐུ་དེས། །རིགས་པ་རྣམ་བཞི་དེ་ལ་བརྟེན་ནས་རྟོན་པ་བཞི་ནི་ངེས་པར་སྐྱེད། །པར་བྱེད་དོ། །དེ་འདྲའི་རང་སྟོབས་ཀྱིས་དཔྱོད་པའི་བློ་དང་མི་ལྡན་ན། །མིག་མེད་དམིགས་བུར་བརྟེན་པ་བཞིན། །འཇིག་རྟེན་ན་གྲགས་པ་ཙམ་གྱི་ཕྱིར་དང་ཚིག་ཙམ་འཛིན་པའི་ཕྱིར་དང་ཕྱི་མ་གཉིས་རྟོགས་སླའི་རྒྱུ་མཚན་ཙམ་གྱི་ཕྱིར། །གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་སོགས་ཀྱི་རྟོན་པ་བཞི་ལས་གོ་བཟློག་སྟེ་ཆོས་ལ་མི་རྟོན་གང་ཟག་ལ་འགྱུར། །དོན་ལ་མི་རྟོན་ཚིག་ལ་ངེས་དོན་ལ་མི་རྟེན་དྲང་དོན་ལ་དོན་རང་མཚན་མཐོང་བའི་ཡེ་ཤེས་ལ་མི་རྟོན་དོན་སྤྱི་མཐོང་བའི་རྣམ་ཤེས་ལ་རྟོན་པར་དེས་ན་གང་ཟག་དག་ལ་ནི། །མི་རྟོན་ཆོས་ལ་བརྟོན་བྱ་སྟེ། །ཡང་དག་རིགས་པས་གྲུབ་པའི་ལམ། །སྨྲས་པ་དེས་གྲོལ་གྱི་སྨྲ་པོས་མིན། །ཏེ་གང་གིས་རིགས་པས་གྲུབ་པའི་ལམ་ཡང་དག་པ་ལེགས་པར་སྨྲས་པ་ན། །སྨྲ་པོ་ཚུལ་བཟང་ངན་སོགས་ཇི་ཞིག་ལྟར་ཀྱང་རུང་། །སྟེ་བདེ་གཤེགས་ཉིད་ཀྱང་གདུལ་བྱ་འདུལ་བའི་དབང་གིས། །བཤན་པ་སོགས་སུ་སྤྲུལ་པ་བཞིན། །གལ་ཏེ་ཐེག་ཆེན་དོན་སོགས་ལས། །འགལ་བར་བསྟན་ན་སྨྲ་བ་པོ། །ལྟར་སྣང་སྤྱོད་ཚུལ་སོགས་བཟང་ཡང་རང་ལ་མི་ཕན་ཏེ། །བདུད་ཀྱིས་སྤྲུལ་པའི་སངས་རྒྱས་མཚན་དཔེ་དང་སྤྱོད་ལམ་ཕུན་སུམ་ཚོགས་པས་ཐེག་ཆེན་ལས་བཟློག་པ་སོགས་ཀྱི་ཆོས་སྟོན་པ་བཞིན། །ཆོས་ལ་ཐོས་བསམ་བྱེད་པ་ནའང་། །རྗོད་བྱེད་ཀྱི། ཚིག་ལ་མི་རྟོན་བརྗོད་བྱའི་དོན་ལ་བརྟོན། །དོན་རྟོགས་ན་ནི་ཚིག་གི་ལམ། །སྡེབ་སྦྱོར་བཟང་ངན་སོགས་ཇི་ལྟར་བརྗོད་ཀྱང་འགལ་བ་མེད། །དེ་དོན་རྟོགས་པའི་སླད་དུ་སྐྱེས་བུའི་བརྗོད་འདོད་ཀྱིས། །བརྡ་སྦྱར་བ་སྐབས་ཀྱི་དོན་གྱིས་གོ་བྱ་དེར་གོ་ན། །ཕྱིར་ཞིང་ཚིག་གི་སྤྲོས་པ་རྣམས། །ལྷུར་ལེན་གླང་རྙེད་ནས་ད་དུང་གླང་ཚོལ་བའི་ཕྱིར་རྗེས་ཚོལ་བ་དང་མཚུངས། །ཚིག་ལ་འཆེལ་ནས་ཚིག་སྤྲོས་ན། །རྣམ་རྟོག་མ་ཟད་པར་དུ་ཚིག་ཟད་མེད་འཕེལ། །ལ་དེས་གོ་བྱའི་དོན་ལས་ཕྱི་ཕྱིར་གཡེལ་ཞིང་མི་རྟོགས་པར་འགྱུར་བས། །བྱིས་པ་རྣམས་རང་ཉིད་ཚིག་གིས་ངལ་བའི་རྒྱུ། །ཙམ་དུ་ཟད་དོ། །ཤིང་འོ་ཞེས་པའི་ཚིག་གཅིག་ལའང་། །ཡུལ་སོགས་དུས་རྣམ་པ་ཕྱེ་ན་ཟད་པ་མེད། །མོད་དེ་ཙམ་གྱིས་ཀྱང་གོ་བྱའི་ཤིང་དེ་སྐབས་དོན་གྱིས་གོ་ན། །སྒྲ་བརྗོད་པ་ཡི་དགོས་པ་དེར་ཟད་དོ། །མཛུབ་མོས་ཟླ་བ་བསྟན་པ་ན། །བྱིས་པས་ཟླ་བ་ལ་མི་ལྟ་བར་མཛུབ་མོ་ཉིད་ལ་ལྟ། །བ་ལྟར་ཚིག་ཙམ་ལ་ཞེན་བླུན་པོ་དག །དོན་ལ་མི་དཔྱོད་པར་ཚིག་གི་དོན་ཤེས་སྙམ་ནས་ཚིག་ཁོ་ན་ལ་དཔྱོད་ན་ཡང་ཤེས་དུས་དཀའ། །དོན་ལ་རྣམ་པར་འཇུག་པ་ན། །རྒྱལ་བས་གསུངས་པའི་དྲང་དོན་ངེས་དོན་གྱི་དབྱེ་བ་ཤེས་བྱས་ནས། །དྲང་བའི་དོན་ལ་ཡིད་མི་རྟོན་པར། །ངེས་པའི་དོན་ལ་བརྟོན་བྱ་སྟེ། །ཀུན་མཁྱེན་ཉིད་ཀྱིས་གདུལ་བྱའི་ཡུལ་དང་འདུལ་ཐབས་སོགས་ཀུན་མཁྱེན་ནས། །གདུལ་བྱའི་རིགས་ཁམས་དང་རྣོ་རྟུལ་སོགས་དབང་པོ་དང་མོས་པ་བསམ་པ་དང་རྗེས་སུ་མཐུན་པར་འདིས་རྣམ་མཁྱེན་དུ་རིམ་གྱིས་བགྲོད་པའི་ཕྱིར་ཐེག་པའི་རིམ་པ་ནི། །བྱེ་སྨྲ་ནས་རྡོ་རྗེ་ཐེག་པ་བླ་མེད་ཀྱི་བར་སྐས་ཀྱི་གདང་བུ་བཞིན་ཏུ་བསྟན། །ཕུང་པོ་སོགས་དགོངས་གཞི་གང་ལ་དགོངས་ནས་སུ། །ལྡེམ་དགོངས་པའི་བཞི་དང་དགོངས་པ་བཞི་སྟེ་བརྒྱད་ལྟ་བུ། །སྒྲ་ཇི་བཞིན་བཟུང་བ་ལ་ཚད་མ་ཡིས། །གནོད་བྱར་གང་དེ་གསུང་པ་ལ་དགོས་པ་ཡོད་པའི་ཕྱིར་གསུངས་པ་ཡང་། །ཡོད་ཕྱིར་བྱེ་སྨྲ་ལ་སོགས་པའི་གྲུབ་མཐའ་བཞི་དང་ནི། །མཐར་ཕྱིན་རྡོ་རྗེ་ཐེག་པའི་བར། །འོག་པ་འོག་མས་མ་རྟོགས་པའི་ཆ་གང་ཡིན། །པ་གོང་མ་གོང་མས་གསལ་བར་བྱས་པ་ཡི། །ཉེས་པ་ཟད་པའི་རྒྱལ་བའི་ལུང་བཞིན་གོང་ནས་གོང་དུ་རྟོགས་བྱའམ་མྱང་བྱ་ཆེ་བར་རིགས་པས་ཆེས་གྲུབ་པར། །མཐོང་ནས་དྲང་བའི་དོན་མ་ཡིན་པ་ངེས་པའི་དོན་འཛིན་པ། །དཔེར་ན་ཆུ་ལས་འོ་མ་འབྱེད་ངང་པ་བཞིན། །དུ་བློ་གྲོས་མཆོག་ཅན་དེ་རྒྱལ་གསུང་གི་རྒྱ་མཚོར་རོལ། །པར་ནུས་སོ། །ཟབ་མོ་རྡོ་རྗེའི་ཐེག་པ་ཡང་། །སྒྲ་ཇི་བཞིན་ཡིན་མིན་སོགས་མཐའ་དྲུག་ཚིག་དོན་སོགས་ཚུལ་བཞིས་མི་སྣང་བར་རྒྱས་བཏབ་པ། །རྡོ་རྗེ་ཐེག་པ་མན་ངག་གི་ལམ་ཡིན་པས་བླ་མ་བརྒྱུད་པའི་མན་ངག་དང་འགྲོགས་པའི། །སྐྱོན་གྱི་དྲི་མ་མེད་པའི་རྣམ་དཔྱོད་རིགས་པ་བཞི་སོགས་ཀྱི་རིགས་པས་གཏན་ལ་ཕབ། །པ་དང་སྣང་སྲིད་ཀྱི་ཆོས་ཀུན་སྣང་བ་ལྷ་དང་ཡུལ་ཅན་ཡེ་ཤེས་སུ་སྒྲུབ་པའི་སྒོ་ནས་ཡེ་ནས་དག་པ་དང་། །འཁོར་འདས་མཉམ་ཉིད་ཆེན་པོ་དབུ་མའི་གཏན་ཚིགས་ལ་སོགས་པའི་སྒོ་ནས་སྒྲུབ་པ་གཉིས་ཟུང་དུ་འཇུག་པ། །སྟེ་ཡང་དག་ཚད་མ་གཉིས་ཀྱིས་ནི། །གཏན་ལ་དབབ་ནས་སྙེད་པའི་དཔྱད་དོན་གང་ཡིན། །པ་དེ་ཡང་ཀུན་རྫོབ་སྒྱུ་ལུས་ལ་མཚོན་ན་དེ་ལས་ཀྱང་སྒྱུ་མ་ལྟ་བུར་གསངས་པ་ཕ་རོལ་ཕྱིན་དང་ལྷ་སྐུ་སྒྱུ་མ་ལྟ་བུ་སོགས་བསྐྱེད་པ་དང་། །རླུང་སེམས་ཀྱི་ལྷ་སྐུ་སྒྱུ་མ་ལྟ་བུ་སོགས་རྫོགས་པ་དང་རྫོགས་པ་ལྷུན་གྲུབ་ཀྱི་རིག་གདངས་ལྟ་བུ་ཆེན་པོ་ཡི། །ཚུལ་དུ་རིམ་པར་ཚིག་དོན་སྤྱི་དོན་སྤས་དོན་མཐར་ཐུག་གི་དོན་གྱི། །དོན་དམ་འོད་གསལ་ལ་མཚོན་ན་འོད་གསལ་ཙམ་ཕར་ཕྱིན་ལས་ཀྱང་བསྟན་པས་ཚིག་དོན་བསྐྱེད་རིམ་འོད་གསལ་དུ་ཞུགས་པ་ལྟ་བུ་སྤྱི་དོན་རྫོགས་རིམ་གྱི་སྟོང་བཞིས་དྲངས་པའི་འོད་གསལ་སྦས་དོན་ནོ། །རིམ་པ་གཉིས་པའི་གཉིས་པ་ཆོས་ཐམས་ཅད་ཡེ་ནས་སྟོང་པའི་གདོད་མའི་གནས་ལུགས་རྟོགས་པ་དབང་བཞི་པའི་ཡེ་ཤེས་ཀ་དག་གི་རྟོགས་པ་མཐར་ཐུག་གི་དོན་ནོ། །གནད་ལ་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་བསྟན་པ་དང་འགལ་མེད་འཇུག་པ་ཡིས། །མདོ་སྡགས་ཀྱི་དོན་ལ་གཞན་དྲིང་མི་འཇོག་པར་ངེས་པའི་གདིང་སུས་ཀྱང་འཕྲོག་ཏུ་མེད་པ་ཐོབ་པ། །བློ་ལྡན་མཆོག་དེ་རྒྱལ་བའི་གདུང་འཚོབ་པའི་སྲས། །ཐེག་གསུམ་གང་ནས་བསྟན་ཀྱང་འཛད་མེད་ཀྱི་ཆོས་གཏེར་ཆེན་པོ་འཆང་བ་ཡི། །ལུང་རྟོགས་རྒྱལ་བའི་བསྟན་པའི་མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་ཉིད་དུ་གྱུར་བ་ཡིན། །ནོ། །ངེས་དོན་རང་གི་ཇི་ལྟར་རྟོགས་པ་དེ་ཉམས་སུ་ལེན་པ་ན། །སྒྲ་དང་རྟོག་པའི་རྗེས་སུ་འབྲངས་པ་གཟུང་བ་ཡུལ་དང་འཛིན་པ་སེམས། །ཀྱི་རང་བཞིན་ཅན་གྱི་རྣམ་པར་ཤེས་ལ་མི་རྟོན་པར། །གཟུང་འཛིན་གཉིས་མེད་ཡེ་ཤེས་ཉིད་ལ་བརྟོན། །པར་བྱའོ། །སྟོང་མི་སྟོང་གཉིས་ཡིན་གཉིས་མིན་སོགས་དམིགས་པ་ཅན་གྱི་བདག་ཉིད་ནི། །ཕྱི་རོལ་དུ་གཟུང་བ་དང་ནང་དུ་འཛིན་པའི་རང་བཞིན་ཅན་གྱི་སེམས། །འཁྲུལ་པ་ཡིན་པས་དེ་དེས་གང་དམིགས་པ་དེ་ནི་ཇི་ལྟར་དམིགས་པ་དེ་ལྟར་རྫུན། །ཏེ་དཔྱོད་མི་བཟོད་པས་སོ། །དཔེ་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་དོན་ལ་དངོས་སུ་སྦྱོར་མི་ནུས་པས་མི་རེག །དེའི་རྒྱུ་མཚན་དངོས་པོར་དམིགས་དང་དེ་བཀག་པའི་དངོས་མེད་དམིགས། །དང་དངོས་དངོས་མེད་གཉིས་སུ་དམིགས་དང་གཉིས་མིན་དམིགས། །པ་སོགས་ཇི་ལྟར་དམིགས་ཀྱང་སེམས་ཀྱི་གཡོ་བ་ཡོད་པས་དམིགས་པ་སྟེ། །དམིགས་པས་དངོས་མེད་དང་དངོས་པོ་སོགས་གང་བཟུང་ཡང་བདུད་ཀྱིས་ནི། །སྤྱོད་ཡུལ་ཡིན་ཞེས་མོད་འཇམ་དཔལ་རྣམ་པར་རོལ་པ་སོགས་ལས་གསུངས། །དངོས་པོ་དགག་དང་དངོས་མེད་སྒྲུབ་པ་ལྟ་བུ་སོགས་དགག་རྟོག་སྒྲུབ་རྟོག་གང་གིས་ཀྱང་། །དམིགས་པ་ཡིད་འཛིན་སྟངས་འཇིག་པར་བྱེད། མི་ནུས་ལ། །ཆོས་ཉིད་དེ་ལ་ཆོས་གང་ཡང་བསལ་བ་དང་ཆོས་གང་ཡང་སྒྲུབ་པའམ་བཞག་ཏུ་མེད་པར་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ནུབ་པའི་ཚུལ་གྱིས་མཐོང་ན་དམིགས་པའམ་སྤྲོས་པ་ལས་གྲོལ། བ་ཡིན་ནོ། །གནས་སྐབས་དེར་དམིགས་བྱ་གཟུང་བ་དང་དམིགས་བྱེད་འཛིན་པ་ཀུན་དང་བྲལ་བས་ཐམས་ཅད་མེད་པ་ཡིན་ཀྱང་། །བེམས་སྟོང་མ་ཡིན་པར་རང་བྱུང་གི་ཡེ་ཤེས་དེ་རང་ལ་ཤར་པས་ཤེས་པའི་རང་བཞིན་ཅན་གྱི་འོད་གསལ། །བ་ཡོད་མེད་སོགས་མཐའ་བཞིའི་སྤྲོས་པ་ཀུན་རང་བཞིན་གྱིས་ཁེགས་པ། །འདི་ནི་ཡེ་ཤེས་མཆོག་ཏུ་རྒྱལ་བས་གསུངས། །ཉི་མའི་གཟུགས་ལ་དམུས་ལོང་བཞིན། །ཚུར་མཐོང་གི་བྱིས་པས་དེ་སྔོན་ཆོས་ཉིད་དེ་མཐོང་མ་མྱོང་། །བས་དོན་ཇི་ཙམ་གྱིས་སྟོང་པ་སོགས་ཇི་ལྟར་བསམས་ཀྱང་ཆོས་ཉིད་དེ་ཡིད་ཆེས་པའི་བློས་མི་ཤེས་པས། །དེའི་སྟོབས་ཀྱིས་བྱིས་པ་རྣམས་ནི་སྤྲོས་པ་ཀུན་བྲལ་གྱི་ཆོས་ཉིད་དེ་ལ་འཇུག་མི་ནུས་པར་སྐྲག་པ་སྐྱེ། །འོན་ཀྱང་རྒྱལ་བས་གསུངས་པའི་ངེས་དོན་ཡང་དག་པའི་ལུང་དང་ནི། །བདག་ཉིད་ཆེན་པོ་རྣམས་ཀྱིས་བསྟན་པའི་ཁས་ལེན་ཀུན་དང་བྲལ་བ་མཐའ་ཀུན་འགོག་པའི་རིགས་པ་དང་། །མན་ངག་བརྒྱུད་པ་ཅན་གྱི་བླ་མའི་མན་ངག་དང་དེ་ལ་མོས་གུས་བཅོས་མིན་སྐྱེས་པའི་སྟོབས་ལས་ནི། །དམུས་ལོང་གི་མིག་ཐོབ་པ་བཞིན་ཏུ་ཡེ་ཤེས་དེ་སོ་སྐྱེའི་སྐབས་སུ་རྗེས་སུ་མཐུན་པའི་བཟོད་པའམ་དཔེའི་ཡེ་ཤེས་ཀྱི་ཚུལ་དུ་དང་བདེན་པ་མཐོང་བའི་སྐབས་མངོན་སུམ་དུ་རང་ལ་སྣང་། །བས་ངེས་ཤེས་ཁྱད་པར་ཅན་སྐྱེ་ལ། དེ་ཚེ་དེ་བཞིན་གཤེགས་པ་ཡི། །ཆོས་ཀྱི་བདུད་རྩིའི་རོ་མྱོང་བའི། །ཡིད་ཆེས་ཀྱི་དད་པས་སྙིང་ལ་ཆོས་ཉིད་མཐོང་བའི་དགའ་བ་རྒྱས་པའི་མིག །ཆུ་བུར་གྱི་མིག་མ་ཡིན་པ་ཡེ་ཤེས་ཀྱི་སྤྱན་དེས་བདེ་གཤེགས་ཀྱི་ཡེ་ཤེས་སྐུར་ཏེ་ཆོས་སྐུ་ལ་གཏོད་ཅིང་ལྟ་བར་བྱེད། །དོ། །སྐབས་འདིར་ནི་འཁོར་འདས་བདེ་སྡུག་བཟང་ངན་ལ་སོགས་པའི་ཆོས་རྣམས་མ་ལུས་པ། །ཐ་སྙད་དུ་དབྱེར་མེད་པ་མཉམ་པ་ཉིད་དུ་རྟོགས་པ་མཐར་ཕྱིན་པས། །མིང་ཚིག་ལ་སོགས་པས་བརྗོད་དུ་མེད་པའི་ངེས་པར་ཤེས་པའི་གདིང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མི་བརྫི་བ་ཐོབ་ཀྱང་། །གང་ལས་བརྩམས་ཏེ་བསྟན་ཀྱང་འཛད་པ་མེད་པའི་ཐེག་པ་གསུམ་གྱི་ཆོས་མཛོད་མ་ལུས་པ་བརྗོད་ལ་མཁས། །བདེན་གཉིས་ཀྱི་གནས་ཚུལ་ལ་ཐོས་བསམ་སྒོམ་པས་མཁས་པར་བྱས་པས། །མཐར་བདེན་གཉིས་ཟུང་དུ་འཇུག་པའི་དོན་རང་གིས་མཐོང་བ་མེད་པའི་ཚུལ་དུ་མཐོང་པའི་ཚེ། །འབྲས་ལ་སོགས་པའི་སྙིང་པོའི་ཐོབ་པ་ཕྱིར་དུ་ཕྱིའི་སྤུན་པ་ཕྲ་མོ་ནས་རིམ་གྱིས་སེལ་བ་ལྟར། །སངས་རྒྱས་ཀྱི་བསྟན་པའི་ཐར་པ་ཐོབ་པའི་ཐབས་ཀུན་མཐར་ཐུག་བདེན་གཉིས་ཟུང་འཇུག་དེ་ལ་གཞོལ་བར་ཤེས། །ཏེ་དེ་དག་གིས་རྟོགས་བྱ་ཆོས་དབྱིངས་གཅིག་ཡིན་ལ་དེ་རྟོགས་པ་མཐར་ཐུག་གཅིག་ལས་མེད་པས་སོ། །དེ་ཕྱིར་བདེ་གཤེགས་གདུལ་བྱ་རྣམས་ཁམ་དབང་ལ་སོགས་པ་དང་མཐུན་པར་རིམ་གྱིས་འདུལ་བའི་ཐབས་མཁྱེན་ཞིང་། །དེས་བསྟན་པའི་ཐབས་ཀུན་རྣམ་མཁྱེན་ལ་མཐར་གཞོལ་ཞིང་འབབས་པས་ཡང་དག་པའི་ལམ་མོ་ཞེས། །སྟོན་དང་དེ་ཡི་བསྟན་པ་ལ། །བདུད་བྱེ་བ་ཕྲག་བརྒྱས་ཡིད་འཕྲོག་པའི་ཡིད་ཆེས་ཕྱིར་ལྡོག་པ་མེད་པར་སྐྱེ། །ངོ་བོ་ཉིད་ཀྱིས་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པས་ན་སྲིད་ཞིར་མི་གནས་པའི་རང་བྱུང་གི་ཡེ་ཤེས་སམ་ཤེར་ཕྱིན་མཚན་ཉིད་པའི་ཡེ་ཤེས་མཆོག་དེ་ཐོབ་པས། །སྲིད་དང་ཞི་མཐའ་ཆེད་དུ་དགག་མི་དགོས་པར་ངང་གིས་གྲོལ། །ལ་དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་འབད་རྩོལ་མེད་པར་སྙིང་རྗེ་ཆེན་པོའི་རྒྱུན། །ཕྱོགས་དང་དུས་ཀྱི་མུ་མཐར་ཁྱབ། །པར་སྐྱེའོ། །དེ་ལྟར་བདེན་གཉིས་ཆོས་ཀྱི་ཚུལ། །མ་ནོར་བར་གཏན་ལ་འབེབས་པའི་རིགས་པ་བཞིས་ལེགས་པར་བསམས་པའི། །བྱེད་ལས་རྟོན་པ་རྣམ་བཞི་དང་། །ལྡན་པའི་རྒྱུ་མཆོག་དྲི་མེད་ལས། །འབྲས་བུ་ཟབ་མོའི་ཡེ་ཤེས་ཀྱི། །སྣང་བ་རྣམ་པར་རྒྱས་པ་ན། །གདོད་མའི་རིག་པའི་དབྱིངས་སུ་ཕལ་པས་མ་རྟོགས་པར་རྒྱས་བཏབ་པའི། །པ་ལྟ་བུར་གྱུར་སྤོབས་པའི་གཏེར་ཆེན་བརྒྱད་གྲོལ་ཏེ། །སྔོན་ཆད་ཐོས་དང་བསམས་པའི་གཞུང་། །ནམ་ཡང་བརྗེད་པ་མེད་པ་དྲན་པའི་གཏེར།༡ །དྲན་པས་བཟུང་བ་དེ་དང་དེའི་རྟོགས་དཀའ་བ་ཟབ་པ་སྟོང་པ་ཉིད་དང་ས་ལམ་སོགས་རྒྱ་ཆེའི་དོན། །ཤེས་རབ་ཀྱིས་རབ་ཏུ་འབྱེད་པའི་བློ་གྲོས་ཀྱི་གཏེར།༢ །མདོ་དང་རྒྱུད་སྡེའི་རྟོགས་བྱའི་དོན་མཐའ་དག །ཁོང་དུ་ཆུད་པ་རྟོགས་པའི་གཏེར།༣ །ཐོས་པའི་རྣམ་པ་མ་ལུས་པ། །གཟུངས་ཀྱི་སྒོ་བཞི་ཐོབ་པས་ནམ་ཡང་མི་བརྗེད་པ་གཟུངས་ཀྱི་གཏེར།༤ །དོན་དང་མཐུན་པའི་ལེགས་པར་བཤད་པས་འགྲོ་བ་ཀུན། །ཡིད་ཚིམ་པར་བྱེད་པ་སྤོབས་པའི་གཏེར།༥ །དམ་པའི་ཆོས་ཀྱི་རིན་ཆེན་མཛོད། །སྐལ་ལྡན་ལ་རྗེས་སུ་འདོམས་པ་དང་། ཕས་རྒོལ་རིགས་པས་ཚར་གཅོད་པའི་སྒོ་ནས་ཡོངས་སུ་སྲུང་བ་ཆོས་ཀྱི་གཏེར།༦ །རང་ཉིད་འཚང་རྒྱ་བ་དང་དེས་ཆོས་སྟོན་པ་དང་དེ་ལས་དགེ་འདུན་འབྱུང་བའི་ངེས་པས་དཀོན་མཆོག་གསུམ་གྱི་གདུང་འཚོབ་པས་རིགས་རྒྱུན་ནི། །མི་གཅོད་པ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་གཏེར།༧ །ཐོས་བསམ་གྱིས་གཏན་ལ་བབ་པའི་ཆོས་དེ་ཉམས་སུ་བླངས་པས། སྐྱེ་མེད་མཉམ་པའི་ཆོས་ཉིད་ལ། །བཟོད་པ་ཐོབ་པ་སྒྲུབ་པའི་གཏེར།༨ །འདིར་དྲན་པ་བློ་གྲོས་རྟོགས་པ་གཟུངས་བཞི་ནི་སྤོབས་པའི་རྒྱུ་ཡིན་ལ་ཆོས་ཀྱི་གཏེར་ལ་སོགས་པ་ནི་སྤོབས་པའི་འབྲས་བུ་སྟེ་དེ་བརྒྱད་ཀའི་སྤྱི་མིང་དུ་སྤོབས་པ་ཞེས་གསུངས་པ་ནི་དྲན་པ་ལ་སོགས་པ་དང་ལྡན་པ་ལས་གང་ལའང་མི་འཇིགས་པའི་སྤོབས་པ་སྐྱེ་ལ་སྤོབས་པས་ཆོས་སྲུང་བ་ལ་སོགས་པ་འབྱུང་བས་དེ་དག་གི་གཙོ་བོ་སྤོབས་པ་ཡིན་པའི་ཕྱིར་སྤོབས་པའི་གཏེར་བརྒྱད་ཅེས་བྱའོ། །དེ་ལྟར་ཐོབ་ནས་མི་འབྲལ་ཞིང་རེ་རེར་ཡང་ཕ་མཐའ་ཚད་མེད་པའི་མི་ཟད་པའི། །གཏེར་ཆེན་བརྒྱད་ལ་དབང་འབྱོར་གང་། །སྲས་བཅས་རྒྱལ་བས་དེ་ནི་སྐྱེས་བུ་དམ་པ་རྒྱལ་བའི་སྲས་མཆོག་གོ་ཞེས་བསྔགས་བཞིན་ཏུ། །དང་རིག་པ་འཛིན་པ་མྱུར་དུ་འཇིག་རྟེན་གསུམ་གྱི་མགོན་པོར་འགྱུར། །རོ། །ཚད་མར་གྱུར་པ་འགྲོ་ལ་ཕན་པར་བཞེད་པ་རྒྱལ་བའི་གསུང་། །རྣམ་པ་ཐམས་ཅད་པ་ནི་རིགས་པའི་ལམ་དང་མི་འགལ་བ་ཐ་སྙད་དང་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་དག་གིས་ཕྱི་རོལ་གྱི་གྲུབ་མཐའ་སོགས་ལས་ཆེས་ཁྱད་པར་དུ་འཕགས་པར་གྲུབ་པས་ན། །དཔལ་ཆོས་ཀྱི་གྲགས་པ་དང་ཀླུ་སྒྲུབ་ལ་སོགས་པའི་བདེན་གཉིས་དཔྱོད་པའི་གཞུང་ལ་སོགས་པ་ཚད་མའི་ལམ་ནས་སྟོན་པ་དང་དེས་བསྟན་པའི་ལམ་དེ་ལ་མཆོག་ཏུ་དད་པའི་ངེས་ཤེས་བསྐྱེད་པས། ཚད་མའི་གསུང་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཁས་པར་གྲགས་པ་དང་ཉན་རང་བྱང་སེམས་ལ་སོགས་པས་ཀྱང་ཇི་བཞིན་མ་མཁྱེན་པའི་ཆོས་ཀྱི་བདུད་རྩི་དག་གི་བདེན་པའི་འབྲས་བུ་བླ་ན་མེད་པ་དེ་མཐོང་། །ངོ་། །རང་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་མཁྱེན་པས་གཟིགས་པ་ཤིན་ཏུ་རྣམ་པར་དག་ཅིང་། །གཞན་སྡུག་བསྔལ་ལས་སྐྱོབ་པའི་ཐུགས་རྗེ་ཆེན་པོའི་མཐར་སོན་པ། །ཤཱཀྱའི་སྐྱེས་མཆོག་བདེ་བར་གཤེགས་པས་གདུལ་བྱ་རྣམས་ལ་ཐེག་པ་གསུམ་གྱི་ལམ་བསྟན་ནས། །བདག་གིས་གང་བརྙེས་བདུད་རྩིའི་རོ། །འདི་དག་རིགས་པ་བཞི་དང་ནི། །རྟོན་བཞིའི་སྒོ་ནས་མྱོང་ཤིག་ཅེས། །མདོ་རྒྱུད་རྣམས་ནས་ཡང་དང་ཡང་དུ་གསུངས་ནས་ཉིད་ཀྱིས་བརྙེས་པའི་བདུད་རྩིའི་བགོ་བཤའ་འཇིག་རྟེན་འདིར་མཛད་ནས་སྐལ་བཟང་གི་སྐྱེ་བོ་དུ་མ་ཞིག་གིས་ཀྱང རོ་དེ་མྱོངས་བར་གྱུར་ཀྱང་། །སྙིགས་མ་ལྔ་དང་ཁྱད་པར་ཉོན་མོངས་པ་དང་ལྟ་བའི་སྙིགས་མའི་དབང་གིས་རྩོད་པའི་དུས་དེང་སང་ན། །དེ་ལས་བཟློག་སྟེ་རིགས་པ་བཞིའི་ལམ་ནས་ངེས་སྐྱེས་མི་སྐྱེད་པ་དང་སྟོན་བཞི་ཕྱིན་ཅི་ལོག་པའི་ཚུལ་གྱིས་ནི། །ཐུབ་པའི་བསྟན་པའི་རོ་མཆོག་གྱ་ནོམ་པ་མྱོང་དཀའ་བར། །གཟུ་བོའི་བློ་ཡིས་མཐོང་ནས་གཞན་ལ་ཕན་འདོད་ཀྱི་ལྷག་པའི་བསམ་པ་དང་། །ཤིན་ཏུ་འབྱུང་བར་དཀོན་པའི་བསྟན་པ་རིན་པོ་ཆེ་ལ་ཤེས་ནས་དད་པས་མཆོག་ཏུ་གུས་པའི་བློས། །གོང་དུ་བཤད་པའི་ཉིང་དགོས་ཁྱད་པར་ཅན་དེ་རྣམས་དང་ལྡན་པའི་རྒྱུ་མཚན་ལས་འདི་ལྟར་བསམ་པ་ལས་བྱུང་བའི། །ཤེས་རབ་དྲི་མའི་སྐྱོན་མེད་པ་སྐལ་བཟང་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་སྐྱེད་པའི་ཚུལ། །ལམ་ཐབས་ཅུང་ཟད་དེ་གཞུང་ཉུང་ཡང་བརྗོད་བྱ་རྒྱ་ཆེ་བ་འདི་བརྗོད་ཅིང་བརྩམས་པའི་དགེ་བ་མཐའ་ཡས་པ་དེ་ཡིས། །ནམ་མཁའི་མཐས་གདུགས་ཀྱི་འགྲོ་བ་འདི་ཀུན་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའི་གོ་འཕང་རིང་པོར་མི་ཐོགས་པར་མྱུར་དུ་འགྲུབ་པར་ཉིད་གྱུར་ཅིག །འཇམ་དཔལ་སྨྲ་བའི་ཉི་མར་རྩེ་གཅིག་ཡིད་ལ་བགྱིས་ཏེ་མངོན་པར་ཁ་ཕྱོགས་པའི། །སྙིང་གི་ཆུ་སྐྱེས་དད་པ་གསུམ་གྱིས་དྲངས་པའི་བྱིན་རླབས་ཀྱི་ཉི་ཟེར་རྣོན་པོས་ཕྱེས་པས་ཅི་ཡང་བཞད་པ་ན། བློ་གྲོས་ཀྱི་འདབ་མ་བརྒྱ་ཕྲག་ལས་འཐོན་པའི་ལེགས་བཤད་སྦྲང་རྩིའི་རྡུལ་དམར་ཉིལ་གྱིས་ཕྱུར་བ་འདིས། །ཐུབ་པའི་གསུང་གི་རོ་མཆོག་མྱོང་བར་འདོད་པའི་སྐལ་བཟང་བུང་བའི་ཚོགས་ཀྱིས་གསུང་རབ་དགོངས་འགྲེལ་བཅས་ཀྱི་དགོངས་པ་ཇི་བཞིན་དུ་རྟོགས་པའི་དགའ་སྟོན་སྲིད་པའི་མཐར་ཐུག་མི་འཛད་པར་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག །ཅེས་པ་འདི་ནི་སྔ་ནས་བྲི་འདུན་ཡོད་པ་བཞིན། ཉེ་ཆར་མཁས་པ་ལྷག་བསམ་རྒྱལ་མཚན་གྱིས་བསྐུལ་ནས་ས་སྐྱོང་གི་ལོ་ཧོར་ཟླ་གསུམ་པའི་ཉེར་དགུའི་ཉིན་གཅིག་ལ་འཇམ་དཔལ་དགྱེས་པས་བྲིས་པ་མངྒ་ལཾ། ཤོ་ལོ་ཀ་བརྒྱ་དང་བཞི་ཡོད་དོ། །དགེའོ། ༈ །ཁོ་བོས་ལེགས་བཤད་འདི་དག་མཐོང་གྱུར་ན། །ཐེ་ཚོམ་ཆེ་ཕྲ་སྣ་ཚོགས་རང་བཀྲོལ་ནས། །དོན་ལ་རྣམ་ངེས་བློ་གྲོས་རབ་གསལ་སྐྱེ། །མི་ཟད་སྤོབས་པའི་གཏེར་ཆེན་རྙེད་པར་འགྱུར། །མེ་རྟ་ཟླ་༤ཚེས་༤ལའོ།། །།མངྒ་ལཾ། །ཟུར་མང་དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད་ནས་ཡོན་སྦྱར་ཏེ་སྤར་དུ་སྒྲུབ་པ་དགེ་ལེགས་འཕེལ། །བཀྲ་ཤིས། དགེའོ།།

དོན་རྣམ་པར་ངེས་པ་ཤེས་རབ་རལ་གྲིའི་ས་བཅད།

༈ དོན་རྣམ་པར་ངེས་པ་འདི་འཆད་པ་ལ། རྗོད་བྱེད་ཀྱི་མཚན། བརྗོད་བྱ་སྟོན་པ་གཞུང་། ཡོངས་སུ་རྫོགས་པ་མཇུག་དོན་གསུམ། གཞུང་ལ། དང་པོར་དགེ་བ་རྩོམ་པའི་ཡན་ལག །བར་དུ་དགེ་བ་བརྩམ་བྱའི་དོན། ཐ་མར་དགེ་བ་མཇུག་གི་དོན་གསུམ། དང་པོར་མཆོད་བརྗོད། དམ་བཅའ་གཉིས་ཚིགས་བཅད་རེ་རེས་སོ། །གཉིས་པ་ལ། གཞལ་བྱ་བདེན་གཉིས། འཇལ་བྱེད་རིགས་པ་གཉིས་བཤད། དེ་ལྟར་གཞལ་བའི་འབྲས་བུ་བསྟན་པ་གསུམ། དང་པོ། སངས་རྒྱས་རྣམས་ཀྱིས༴ གཉིས་པ་ལ། རིགས་པ་གཉིས་སུ་མདོར་བསྟན། རིགས་པ་བཞིས་རྒྱས་པར་བཤད་པ་གཉིས། དང་པོ། བདེན་པ་གཉིས་ཀྱི༴ གཉིས་པ་ལ། འཇལ་བྱེད་རིགས་པ་བཞི། དེའི་བྱེད་ལས་རྟོན་པ་བཞི། འབྲས་བུ་སྤོབས་པའི་གཏེར་ཆེན་བརྒྱད་བཤད་པའོ། །དང་པོ་ལ། རིགས་པ་སྔ་མ་གསུམ་བཤད། འཐད་སྒྲུབ་བཤད་པའོ། །དང་པོ་ལ། སྣང་བ་རྟེན་འབྲེལ་དུ་སྤྱིར་བསྟན། དེའི་རྒྱུ་འབྲས་ངོ་བོ་ཉིད་ཀྱི་རིགས་པ་བྱེ་བྲག་ཏུ་བཤད། དེ་གསུམ་མཐུན་པར་དོན་བསྡུ་བའོ། །དང་པོ། ཇི་ལྟར་སྣང་བ༴ གཉིས་པ་ལ་བྱ་བྱེད་དང་ལྟོས་པའི་རིགས་པ་བཤད། ཆོས་ཉིད་ཀྱི་རིགས་པ་བཤད་པ་གཉིས། དང་པོ་ལ། དངོས་དང་། དེའི་དགོས་པ་གཉིས། དང་པོ། རྒྱུ་ཡི་ཚོགས་པ༴ གཉིས་པ། དེས་ན་རྒྱུ་དང་༴ གཉིས་པ་ཆོས་ཉིད་རིགས་པ་ལ། སྣང་བ་ཀུན་རྫོབ་ཀྱི་སྒོ་ནས་བཤད། སྟོང་པ་དོན་དམ་གྱི་སྒོ་ནས་བཤད་པ་གཉིས། དང་པོ་ལ། དངོས་དང་། དེ་ཡི་རྣམ་པར་བཞག་པ་གཉིས། དང་པོ། རྟེན་འབྱུང་ཚུལ་གྱིས༴ གཉིས་པ། ཆོས་གཅིག་ལ་ཡང་༴ གཉིས་པ་དོན་དམ་གྱི་སྒོ་ནས་བཤད་པ། དེ་ལྟར་རྒྱུ་འབྲས༴ གསུམ་པ་དོན་བསྡུ། བྱ་བ་བྱེད་དང་༴ གཉིས་པ་འཐད་སྒྲུབ་ལ། མདོར་བསྟན། རྒྱས་བཤད། དང་པོ། དེ་ལྟར་བདེན་གཉིས༴ གཉིས་པ་ལ། མངོན་སུམ་གྱིས་འཐད་སྒྲུབ། རྗེས་སུ་དཔག་པའི་འཐད་སྒྲུབ་གཉིས། དང་པོ་ལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ། དོན་བསྡུ་བ་གསུམ། དང་པོ། མངོན་སུམ་ཉིད་ནི༴ གཉིས་པ་ལ། དབང་པོ། ཡིད། རྣལ་འབྱོར། རང་རིག་བཞི། དང་པོ། དབང་པོ་ལྔ་ལས་སྐྱེས༴ གཉིས་པ། ཡིད་དབང་ལས་སྐྱེས༴ གསུམ་པ། ལུང་བཞིན་ལེགས་པར༴ བཞི་པ། མངོན་སུམ་མྱོང་བས༴ གསུམ་པ་དོན་བསྡུ། རྗེས་དཔག་མངོན་སུམ༴ གཉིས་པ་རྗེས་དཔག་ལ། ངོ་བོ། དབྱེ་བ། རྩོད་སྤང་ངོ་། །དང་པོ་ལ། བློ་གང་གིས་རྗེས་སུ་དཔག་པ། རྟགས་གང་ལས་རྗེས་སུ་དཔག་པ། ཚུལ་ཇི་ལྟར་རྗེས་སུ་དཔག་པ་གསུམ། དང་པོ། ཡུལ་རྣམས་དོན་གྱི༴ གཉིས་པ། གང་ལ་བརྟེན་ནས༴ གསུམ་པ་ལ། གཞལ་བྱའི་སྒོ་ནས་གསུམ་དུ་བཞག་པ། སྒྲུབ་ཚུལ་གྱི་སྒོ་ནས་བཞིར་བཞག་པ། འཇུག་ཚུལ་གྱི་སྒོ་ནས་གཉིས་སུ་བཞག་པའོ། །དང་པོ། ཡང་དག་དུ་ན༴ གཉིས་པ། སྒྲུབ་པའི་རྣམ་པ༴ གསུམ་པ། ཚད་མ་ལ་བརྟེན༴ གཉིས་པ། དབྱེ་བ་ལ། དངོས་དང་། དོན་བསྡུ་གཉིས། དང་པོ་ལ། ཐ་སྙད་པའི་ཚད་མ་དང་། དོན་དམ་དཔྱོད་བྱེད་ཀྱི་ཚད་མའི་དབྱེ་བ་གཉིས། དང་པོ། ཐ་སྙད་ལ་ཡང་༴ གཉིས་པ། དོན་དམ་ལ་ཡང་༴ གཉིས་པ། སྔ་མ་ལ་བརྟེན༴ གསུམ་པ་རྩོད་སྤོང་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ་ལ། མི་སྲིད་པ་དང་། མ་གྲུབ་པ་དང་། མི་དགོས་པའི་རྩོད་སྤོང་གསུམ། དང་པོ། རྟོག་པ་མེད་དང་༴ གཉིས་པ། ཡང་དག་ཉིད་དུ༴ གསུམ་པ། ཚད་མ་ཚད་མིན༴ གཉིས་པ་ལ། ཐ་སྙད་དཔྱོད་བྱེད་ལ། དོན་དམ་དཔྱོད་བྱེད་ལ་རྩོད་པ་སྤང་། མཐུན་པར་དོན་བསྡུ་བ་གསུམ། དང་པོ། ཐ་སྙད་ཚད་མ༴ གཉིས་པ། དོན་དམ་དཔྱོད་བྱེད། གསུམ་པ། གཞལ་བྱ་ཀུན་རྫོབ་བདེན་པ། གཉིས་པ། དེའི་བྱེད་ལས་སྟོན་པ་བཞི་ལ། སྤྱིར་བསྟན། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། དེ་ལྟར་ཟབ་ཅིང་། གཉིས་པ་ལ། གང་ཟག་ལ་མི་རྟོན་ཆོས་ལ་སྟོན་པ་བཞི་པོ་རིམ་པར། དེས་ན་གང་ཟག༴ ཆོས་ལ་ཐོས་བསམ༴ དོན་ལ་རྣམ་པར༴ དཔེ་དོན་དུ་རྣམས་སུ༴ སོགས་ཀྱིས་བསྟན། གསུམ་པ་འབྲས་བུ་སྤོབས་པའི་གཏེར་བརྒྱད་བཤད་པ་ལ། དེ་ལྟར་བདེན་གཉིས་སོགས་ཀྱིས་བསྟན། གསུམ་པ་དེ་ལྟར་གཞལ་བའི་འབྲས་བུ། ཚད་མར་གྱུར་པ། གསུམ་པ་ཐ་མར་དགེ་བ་འཇུག་དོན་ལ། ཚུལ་ཇི་ལྟར་བརྩོམ་པ། དེ་དག་གི་དགེ་བ་བསྔོ་བ་གཉིས། དང་པོ། གཟིགས་པ་ཤིན་ཏུ༴ གཉིས་པ། འདིར་ལྟར་བསམ་པ༴ གསུམ་པ། འཇུག་ཡོངས་སུ་རྫོགས་པའི་དོན། འཇམ་དཔལ་སྨྲ་བའི་ཉི་མ་ཞེས་སོགས། མཛད་བྱང་དང་བཅས་པའོ། །མི་ཕམ་པས་བྲིས་པ་མངྒ་ལམ།།