cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཞེ་བརྒྱད་པ།

གླེགས་བམ། ཚི༽

མི་ཕམ་འཇམ་དབྱངས་རྣམ་རྒྱལ། དྷརྨ་ཀིརྟིའི། ཀུན་བཟང་དཔལ་ལྡན། མཁྱེན་བརྩེའི་བློ་གྲོས།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

ངེས་ཤེས་རིན་པོ་ཆེའི་སྒྲོན་མེ།

ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་བཞུགས་སོ། །གང་ཡིད་ཐེ་ཚོམ་དྲྭ་བའི་སྦུབས་འཐུམས་པ། །འབྱེད་བྱེད་འཇམ་དཔལ་རྡོ་རྗེའི་མར་མེ་ནི། །སྙིང་ལ་ངེས་ཤེས་ཟབ་མོའི་ཚུལ་འཇུག་པ། །ལམ་བཟང་མཐོང་བའི་མིག་དེར་བདག་ཀྱང་དད། །ཀྱེ་མ་ཟབ་མོའི་གནས་ལུགས་ལ། །སྦྱོར་བྱེད་ངེས་ཤེས་རིན་པོ་ཆེ། །ཁྱོད་མེད་པས་ན་སྲིད་པ་འདི། །སྒྱུ་མའི་རྒྱར་ནི་འཐུམས་ཤིང་རྨོངས། །གཞི་ལམ་འབྲས་བུའི་ཆོས་རྣམས་ལ། །ངེས་པས་ཡིད་ཆེས་འདྲོང་བ་དང་། །ཐོས་པས་དད་པར་བྱེད་པ་གཉིས། །ལམ་དང་དེ་ཡི་གཟུགས་བརྙན་བཞིན། །རྨད་བྱུང་ཆོས་ཀྱི་ཟླ་བའི་གྲགས་པ་ནི། །ལེགས་བཤད་གསུང་གི་འོད་དང་ཆབ་ཅིག་པར། །ཐུབ་བསྟན་ལྷ་ལམ་ཡངས པོར་ཤར་བ་ཡིས། །ཐེ་ཚོམ་མུན་པ་ཐིབ་པོ་རྣམ་པར་འཇོམས། །ཐ་སྙད་དཔྱོད་པའི་ཚད་མ་ཡིས། །བླང་དོང་འཇུག་ལྡོག་མི་ནོར་ཞིང་། །ཁྱད་པར་བསྟན་དང་སྟོན་པ་ལ། །ཡིད་ཆེས་རྙེད་པའི་སྒོ་གཅིག་པུ། །ཚད་མའི་གཞུང་དང་གནས་ལུགས་དོན། །གཏན་འབེབས་དོན་དམ་རིག་ཤེས་ཀྱི། །ཚད་མ་དྲི་མེད་གསལ་བྱེད་པ། །ཐེག་མཆོག་དབུ་མ་རྣམ་པ་གཉིས། །ལེགས་པར་སྦྱངས་པའི་བློ་མིག་ཟུང་། །བགྲད་དེ་སྟོན་པས་བསྟན་པའི་ལམ། །དེར་ནི་གཞན་དྲིང་མི་འཇོག་པར། །ཡང་དག་ཞུགས་པ་དེ་ལ་བསྔགས། །དེ་ལྟར་སེམས་པའི་དྲང་སྲོང་ལ ། །ཐོལ་བྱུང་སྡོམ་བུ་པ་ཞིག་གིས། །རྟོག་གེའི་བརྒལ་བརྟག་བྱ་བའི་ཕྱིར། །དྲི་བ་བདུན་པོ་འདི་ལྟར་དྲིས། །གཞན་གྱི་རྗེས་སུ་ཟློས་ལ་མཁས་པས་ཅི། །རང་གི་རྣམ་པར་དཔྱོད་པ་བག་ཕོབ་ལ། །དྲིས་བའི་ལན་འདི་ཉེ་བར་ལྡོན་མཛོད་དང་། །ནང་གི་རྣམ་དཔྱོད་མཐོང་བ་བཞིན་དུ་གསལ། །མང་ཐོས་སྣ་ཞགས་རིང་དུ་བརྐྱང་ན་ཡང་། །ཁྲོན་པའི་ཆུ་ལྟར་ཟབ་པའི་ཆོས་ཀྱི་ཆུ། །མ་མྱོང་ད་རུང་མཁས་པའི་གྲགས་པ་ལ། །རེ་བ་རིགས་ངན་བཙུན་མོར་ཆགས་དང་འདྲ། །ལྟ་བ་དགག་གཉིས་གང་ལྟར་སྨྲ། །ཉན་རང་བདག་མེད་གཉིས་རྟོགས་སམ། །མཉམ་བཞག་འཛིན་སྟངས་ཡོད་དམ་མེད། །དཔྱད་ནས་བསྒོམ་མམ་བཞག་ནས་བསྒོམ། །བདེན་པ་གཉིས་ལས་གང་ཞིག་གཙོ། །མི་གཅིག་མཐུན་སྣང་བལྟ་བྱ་གང་། །དབུ་མར་ཁས་ལེན་ཡོད་དམ་མེད། །དེ་སྐད་སྟོང་ཉིད་ལས་བརྩམས་པའི། །ཟབ་མོའི་དྲི་བ་འདུན་པོ་འདིར། །ལུང་དང་བགལ་བ་མེད་བཞིན་དུ། །རིགས་པས་གྲུབ་པའི་ལན་ཐོངས་ཤིག །རྟོག་གེའི་ཚིག་ཕྲེང་ཚིར་མའི་མདུང་། །འབུམ་གྱིས་བསྣུབ་ཀྱང་མི་ཕིག་པ། །ཆེ་རྣམས་རྨོངས་པའི་དཀའ་གནད་ལ། །སྨྲ་བའི་ལྗགས་རིང་གློག་བཞིན་རྐྱོངས། །དེ་ལྟར་བློ་གྲོས་ཀྱིས་བསྐུལ་ངག་གི་རླུང་། །ཆུང་ངུར་གཡོས་པ་དེས་ཀྱང་དྲང་སྲོང་སྙིང་། །དུས་མཐའི་རླུང་གིས་རི་བཞིན་བསྒུལ་གྱུར་ནས། །མི་སྨྲའི་བརྟུལ་ཞུགས་དར་གཅིག་བཟུང་བའི་མཐར། །ཀྱེ་མ་བརྒྱ་ཕྲག་དཀའ་བའི་ཁུར་བརྟེན་ཅིང་། །ཡང་དང་ཡང་དཔྱད་བློ་གྲོས་རྣོན་པོའི་མེ། །བརྒྱུད་མར་ཆེས་ཆེར་སྦར་བ་དེས་ཀྱང་འདི། །སྐྱོན་བྲལ་ཁམས་སུ་བསྒྲུབ་པར་མི་ནུས་ན། །ལྷན་སྐྱེས་སྤོབས་པའི་བློ་ནུས་ཞན་གྱུར་ཅིང་། །ཡུན་རིང་སྦྱངས་པའི་ཁུར་ཀྱང་མ་བཟུང་བ། །དམན་པ་བདག་གིས་སྨྲ་བ་ག་ལ་ཞེས། །འཇམ་པའི་དབྱངས་ལ་གདུང་བའི་ཤུགས་ཀྱིས་བོས། །དེ་ཚེ་དེ་ཡི་མཐུ་ལས་ཡིན་སྙམ་པའི། །ཡིད་ལ་ཐོ་རེང་དུས་ཀྱི་སྣང་བ་ལྟར། །སྤོབས་པའི་གོ་སྐབས་ཅུང་ཟད་ཐོབ་པའི་མོད། །ལེགས་གསུང་དོན་བཞིན་རིགས་པས་དཔྱད་དེ་སྨྲས། །དགེ་ལྡན་ལྟ་བ་མེད་དགག་ཟེར། །གཞན་རྣམས་མ་ཡིན་དགག་ཏུ་སྨྲ། །སྔ་འགྱུར་རིང་ལུགས་གང་ཞེ་ན། །ཟུང་འཇུག་ཡེ་ཤེས་ཆེན་པོའི་ངོར། །མེད་ཅེས་དགག་བྱ་བཀག་ཤུལ་གྱི། །མེད་རྐྱང་དང་ནི་མ་ཡིན་ཞེས། །བཀག་ཤུལ་ཆོས་གཞན་ཅི་ཞིག་འཕེན། །དེ་གཉིས་བློ་ཡིས་བརྟག་པ་ཙམ། །དོན་ལ་གཉིས་ཀར་ཁས་མི་ལེན། །དགག་སྒྲུབ་གཉིས་དང་བྲལ་བ་ཡི། །བློ་འདས་གདོད་མའི་ཆོས་ཉིད་ཡིན། །སྟོང་ཚུལ་ཁོ་ནར་བསམས་ནས་ནི། །དྲི་ན་མེད་དགག་ཉིད་ཡིན་ཏེ། །འཕགས་ཡུལ་དཔལ་ལྡན་ཟླ་བ་དང་། །བོད་ན་རོང་ཟོམ་ཆོས་བཟང་གཉིས། །དགོངས་པ་གཅིག་དང་དབྱངས་གཅིག་གིས། །ཀ་དག་སྟོང་པ་ཆེན་པོ་བསྒྲུབས། །ཆོས་འདི་ཀ་ནས་དག་པའམ། །གདོད་ནས་རང་བཞིན་མེད་པའི་ཕྱིར། །བདེན་པ་གཉིས་ཆར་མ་སྐྱེས་པས། །མེད་ཅེས་བརྗོད་ལ་ཅི་ཞིག་ཚོམ། །ཀ་བ་ཀ་ནས་དག་པ་ཡི། །ཤུལ་ན་མི་སྟོང་ཅུང་ཟད་མེད། །ཀ་བ་མེད་ཅེས་མ་བཀག་ན། །ཀ་བ་མིན་ཞེས་ཅི་ཞིག་ཡིན། །ཀ་བ་ཁེག་པའི་སྟོང་པ་དང་། །ཤུལ་ན་ལུས་པའི་སྣང་བ་གཉིས། །སྟོང་དང་མ་སྟོང་ཟུང་འཇུག་ཏུ། །མི་རུང་སྲད་བུ་སྒྲིམ་པ་བཞིན། །ཀ་བ་ཀ་བས་མི་སྟོང་དང་། །ཆོས་ཉིད་ཀ་བས་སྟོང་ངོ་ཞེས། །སྟོང་གཞི་བཞག་ནས་གཞན་སྟོང་པ། །ཚིག་དང་དོན་གྱི་གཞན་སྟོང་གཉིས། །ཨེ་མ་དེས་དེ་མ་སྟོངས་ན། །སྟོང་གཞི་མི་སྟོང་ལྷག་མར་ལུས། །གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས། །ལུང་དོན་རིགས་པར་བཅས་ལས་འགལ། །ཀ་བ་ཀ་བའི་བདེན་གྲུབ་གཉིས། །གཅིག་ན་གཅིག་ཁེག་གཅིག་ཀྱང་ཁེག །གཞན་ན་ཀ་བ་མ་ཡིན་པའི། །བདེན་གྲུབ་ཁེག་ཀྱང་ཀ་བ་ནི། །གང་གིས་མི་སྟོང་དཔྱད་བཟོད་འགྱུར། །བདེན་གྲུབ་ཡོད་མ་མྱོང་བའི་ཕྱིར། །གཅིག་དང་ཐ་དད་མི་དགོས་ན། །བདེན་གྲུབ་མེད་ཀྱང་སོ་སྐྱེའི་ངོར། །བུམ་པ་བདེན་པར་འཛིན་པའི་ཕྱིར། །མི་སྟོང་བུམ་པའི་ཕ་རོལ་ན། །བདེན་པར་གྲུབ་རྒྱུ་སུ་ཞིག་ཡིན། །དགག་བྱའི་སྣང་ཚུལ་ངེས་སོ་ལོ། །བདེན་གྲུབ་སོགས་ཀྱི་ཁྱད་པར་གང་། །དགག་བྱར་སྦྱར་ནས་སྟོན་པ་ནི། །རང་རྒྱུད་གཞུང་ལ་གྲགས་མོད་ཀྱང་། །དོན་དམ་དཔྱོད་པའི་དབང་དུ་ན། །དེ་སྦྱར་བ་ལ་དགོས་པ་ཅི། །སྟོང་ན་ཀུན་རྫོབ་ཙམ་དུ་ཡང་། །ཀ་བ་མེད་པ་ལྟར་སེམས་ནས། །ཚིག་འཁྲིའི་དོགས་པས་འདི་བྱས་ཀྱང་། །ཚིག་འཁྲིའི་འགལ་བ་འདི་ལ་ཆེ། །ཀུན་རྫོབ་ཙམ་དུ་ཀ་བ་ནི། །ཡོད་ཅེས་བྱས་པས་མི་ཆོག་པར། །དེས་དེ་མི་སྟོང་ཅི་ལ་ཟེར། །དེ་གཉིས་དོན་གཅིག་ཡིན་ཟེར་ན། །མ་ཡིན་ཀ་བ་ཡོད་ཅེས་དང་། །ཀ་བར་ཀ་བ་ཡོད་ཅེས་པ། །མི་མཚུངས་ཕྱི་མ་རྟེན་བརྟེན་པར། །དོན་གྱི་ཁས་བླངས་སོང་བ་བཞིན། །དོན་དམ་ཀ་བ་མི་དམིགས་ན། །ཀ་བ་ཀ་བས་མི་སྟོང་ཅི། །ཀུན་རྫོབ་ཀ་བ་ཀ་བས་ཞེས། །ལན་གཉིས་བརྗོད་པ་བརྡའ་ལ་རྨོངས། །རང་ནི་རང་གིས་མི་སྟོང་ན། །རང་ཡོད་བཞིན་དུ་གཞན་གྱིས་སྟོང་། །དགག་བྱ་གཞན་དུ་མེད་གྱུར་ན། །རང་གིས་མི་སྟོང་ཁས་ལེན་འགལ། །སྤྱིར་ན་གཞན་གྱིས་སྟོང་པ་དེས། །སྟོང་གོ་ངེས་པར་མི་ཆོད་དེ། །རྟ་ལ་བ་ལང་མ་གྲུབ་ཀྱང་། །རྟ་དེ་སྟོང་བར་ག་ལ་ངེས། །རྟ་མཐོང་དེ་ཡིས་བ་ལང་ལ། །ཅི་ཞིག་ཕན་ཏེ་ཅི་ཞིག་གནོད། །དེ་ཕྱིར་མི་སྟོང་མྱང་འདས་དང་། །འཁོར་བའང་ཆོས་དང་ཆོས་ཉིད་དུ། །མི་རུང་སྣང་སྟོང་ཟུང་འཇུག་དང་། །སྲིད་ཞི་མཉམ་ཉིད་འདི་ལ་མེད། །ཆུ་ཟླ་ཟླ་བ་མིན་ནོ་ཞེས། །གནམ་ཟླས་སྟོང་དང་ཆུ་ཟླ་རང་། །སྣང་དེ་ཟུང་འཇུག་ཡིན་ན་ཀོ། །ཟུང་འཇུག་རྟོགས་པ་སུས་ཀྱང་བླ། །བ་ལང་རྟ་མིན་ཀུན་གྱིས་ཤེས། །བ་ལང་སྣང་བར་མངོན་སུམ་མཐོང་། །དེ་རྟོགས་ངོ་མཚར་ཆེའོ་ཞེས། །བདག་ཉིད་ཆེན་པོ་ཇི་སྟེ་གསུངས། །དེས་ན་རང་གི་ལུགས་ལ་ནི། །ཆུ་ཟླ་བརྟགས་ན་ཆུ་ཟླ་ཉིད། །ཅུང་ཟད་མི་རྙེད་མེད་བཞིན་དུ། །ཆུ་ཟླ་སྣང་བར་མངོན་སུམ་ཚེ། །མེད་དགག་ཡིན་ཀྱང་སྣང་རུང་བ། །སྟོང་དང་ཡོད་པ་སོ་སྐྱེའི་བློར། །འགལ་ཡང་འདིར་ནི་མངོན་སུམ་དུ། །ཟུང་འཇུག་འདི་ལ་རྨད་བྱུང་ཞེས། །ངོ་མཚར་ཚིག་གིས་མཁས་རྣམས་བསྔགས། །སྟོང་པའི་ངོས་ནས་གཞལ་བ་ན། །མི་སྟོང་ཅུང་ཟད་ཡོད་མིན་ཕྱིར། །མེད་ཅེས་མཐའ་གཅིག་སྨྲར་གཏུབ་ཀྱང་། །མེད་དེའི་མེད་ཚུགས་མ་ཤོར་བཞིན། །སྣང་བ་འགག་མེད་ཉིད་དུ་ཤར། །སྣང་དེའི་སྣང་ཚུགས་མ་ཤོར་བཞིན། །གཞི་མེད་སྟོང་པ་ཆེན་པོར་གནས། །དེ་ལ་འདི་སྟོང་འདིས་སྟོང་དང་། །འདི་སྣང་འདི་སྟོང་དབྱེ་བ་ཞིག །ནམ་ཡང་རྙེད་པ་མེད་པ་ལ། །ཁོ་ཐག་ནང་ནས་ཆོད་པའི་ཚེ། །དོན་ཚོལ་མཁན་པོ་དོན་མེད་པས། །ཡིད་ཆད་སྐྱེ་བ་མེད་ཀྱི་རྟིང་། །ཡིད་བདེ་ཐོབ་པ་ངོ་མཚར་ཆེ། ༈ །འགའ་ཞིག་ཉན་རང་དགྲ་བཅོམ་པས། །ཆོས་ཀྱི་བདག་མེད་མ་རྟོགས་ཟེར། །ཕུང་པོར་ང་ཙམ་འཛིན་པའི་བདག །མ་ཁེག་དེ་སྲིད་དེའི་ནུས་པའི། །ཉོན་མོངས་སྤོང་བ་མེད་པ་དང་། །བདག་དེའང་ཕུང་པོ་ལ་བརྟེན་ནས། །བརྟགས་ཙམ་ངར་འཛིན་ལྷན་སྐྱེས་ཀྱི། །ཡུལ་ཡིན་དེ་དང་བུམ་སོགས་ལ། །སྟོང་གཞིའི་དབྱེ་བ་མ་གཏོགས་པ། །སྟོང་ཚུལ་ཁྱད་པར་འགའ་མེད་དེ། །ཆོས་དང་གང་ཟག་སོ་སོར་ཡང་། །རང་བཞིན་གྲུབ་པས་སྟོང་ཕྱིར་རོ། །དེ་ལྟར་ལུང་དང་རིགས་པས་ཀྱང་། །མངོན་སུམ་གྲུབ་ལས་བརྒལ་ནས་སུ། །ཉན་རང་ཆོས་བདག་མ་རྟོགས་ཞེས། །སྨྲ་བ་དམ་བཅའ་ཙམ་དུ་ཟད། །དེ་ལ་ཁ་ཅིག་ཐལ་ཆེས་ནས། །ཐེག་གསུམ་མཐོང་ལམ་གཅིག་པ་དང་། །རྟོགས་པ་མཐོ་དམན་མེད་པར་འདོད། །ཤེར་ཕྱིན་སྔགས་སོགས་མདོ་རྒྱུད་གཞུང་། །ཀུན་ཀྱང་དྲང་བའི་དོན་དུ་འགྲེལ། །དེ་ལ་དམན་ལམ་སྔོན་སོང་བའི། །ཐེག་ཆེན་མཐོང་ལམ་ཐོབ་སོགས་ཚེ། །སྤང་བྱ་ཅུང་ཟད་མེད་སོགས་སྐྱོན། །རིགས་པས་གནོད་པ་ཟློག་མེད་འབབ། །གཞན་ཡང་རྟོགས་བྱ་རྟོགས་གྱུར་ཀྱང་། །སྤང་བྱ་སྤོང་བར་གྲོགས་དགོས་ཟེར། །མ་རྟོགས་རྟོགས་པར་ཁས་བླང་འགལ། །རྟོགས་ན་སྤང་བྱ་མི་སྤོང་འགལ། །ཉི་མ་ཤར་ཡང་མུན་པའི་དཔུང་། །འཇོམས་པ་གཞན་ལ་ལྟོས་པ་མཚར། །ཁ་ཅིག་ཉན་རང་རང་རྒྱུད་ཀྱི། །ཕུང་པོ་ལྔ་པོ་སྟོང་རྟོགས་ཀྱང་། །ཆོས་གཞན་བདག་མེད་མི་རྟོགས་ཟེར། །ཕུང་པོ་ལྔ་པོ་སྟོང་རྟོགས་ན། །འདུས་མ་བྱས་ཙམ་མ་གཏོགས་པའི། །མ་རྟོགས་དངོས་གཞན་ཅི་ཞིག་ཡོད། །དེས་ན་རང་ལུགས་གང་ཡིན་ན། །དཔལ་ལྡན་ཟླ་བའི་རང་འགྲེལ་ལས། །ཉོན་མོངས་སྤངས་ཕྱིར་ཉན་རང་ལ། །རྒྱལ་བས་གང་ཟག་བདག་མེད་དང་། །ཤེས་སྒྲིབ་སྤངས་ཕྱིར་རྒྱལ་སྲས་ལ། །ཆོས་བདག་མེད་པ་རྫོགས་པར་བསྟན། །འོ་ན་ཉན་རང་གཉིས་པོ་ལ། །སྟོང་ཉིད་རྟོགས་པ་ཡོད་དོ་ཞེས། །སྨྲས་པ་ཇི་ལྟར་ཡིན་ཞེ་ན། །ཉན་རང་དེ་དག་ཀུན་ཉོན་ཙམ། །སྤངས་ཕྱིར་གང་ཟག་མེད་སྒོམ་གྱི། །ཆོས་ཀྱི་བདག་མེད་རྫོགས་པར་ནི། །སྒོམ་པ་མེད་ཅེས་གསུངས་བ་བཞིན། །ཀློང་ཆེན་རབ་འབྱམས་ཞལ་སྔ་ནས། །སྔོན་གྱི་སློབ་དཔོན་ཐམས་ཅད་ནི། །ཡོད་དང་མེད་ཅེས་རྩོད་ན་ཡང་། །རང་བཞེད་སྔོན་གྱི་ཉན་རང་ལ། །ཅི་རིགས་སྣང་ཡང་དགྲ་བཅོམ་པ། །འཐོབ་ལ་ཕུང་པོར་འཛིན་པའི་བདག །སྟོང་པར་མ་རྟོགས་ཐར་མིན་པས། །དེ་ཙམ་རྟོགས་པ་ཡོད་ན་ཡང་། །བདག་མེད་རྫོགས་པར་རྟོགས་པ་མེད། །ཡུངས་འབྲུ་སྲིན་གྱིས་ཟོས་པ་ཡི། །ནང་གི་མཁའ་བཞིན་ཉན་རང་གི །བདག་མེད་ཆུང་ངུར་གསུང་པ་སྟེ། །དེ་ཕྱིར་དམན་ལ་དགག་པའི་སྒྲས། །ཆོས་བདག་མ་རྟོགས་ཅེས་བཞེད་གསུང་། །འདི་ནི་ཕུལ་བྱུང་ལེགས་བཤད་དེ། །འདི་དང་མཚུངས་པ་གཞན་མ་མཆིས། །དཔེར་ན་རྒྱ་མཚོ་ཆེན་པོའི་ཆུ། །ཧུབ་གང་བཏུང་ཡང་རྒྱ་མཚོ་དེ། །མ་བཏུང་ཞེས་སུ་མི་རུང་ལྟར། །ཆོས་ཀྱི་བྱེ་བྲག་ང་ཙམ་པོ། །བདག་མེད་མཐོང་ཕྱིར་སྟོང་མཐོང་འདོད། །ཧུབ་གཅིག་འཐུང་བས་རྒྱ་མཚོའི་ཆུ། །རྫོགས་པར་ཁོང་དུ་མ་སོང་ལྟར། །མཐའ་དག་ཤེས་བྱའི་རང་བཞིན་ཀུན། །སྟོང་པར་རྟོགས་པ་མེད་པའི་ཕྱིར། །བདག་མེད་རྫོགས་པར་མ་མཐོང་འདོད། །གལ་ཏེ་ཆོས་གཅིག་སྟོང་མཐོང་ན། །ཐམས་ཅད་མི་མཐོང་ཅི་ཞེ་ན། །དེ་གས་ལུང་རིགས་མན་ངག་གིས། །བརྟགས་ན་དེ་ལྟར་མཐོང་མོད་ཀྱི། །རེ་ཞིག་ཉན་ཐོས་རིགས་ཅན་རྣམས། །གང་ཟག་མེད་ཙམ་ཁོ་ན་ལ། །ཞེན་པས་མཐའ་གཞན་རྟོགས་དཀའ་སྟེ། །བུམ་པ་བརྟགས་པར་འདོད་རྣམས་ཀྱང་། །རྡུལ་ཕྲན་རྫས་སུ་འདོད་པ་བཞིན། །གལ་ཏེ་བུམ་པ་བཏགས་པར་ནི། །རྟོགས་པའི་བློ་དེས་རྡུལ་ལ་ཡང་། །དཔྱད་ན་རྟོགས་པར་རིགས་མོད་ཀྱི། །རེ་ཞིག་མ་རྟོགས་དེ་བཞིན་ནོ། །རག་པའི་གཞི་དང་ཆ་མེད་རྡུལ། །འགལ་བར་སྣང་ཡང་དེ་དག་ལ། །རེ་ཞིག་ལུང་དང་མན་ངག་གིས། །དབེན་ཕྱིར་མི་འགལ་གྲུབ་མཐའ་སྒྲུབ། །དེ་བཞིན་སེམས་ཙམ་དག་གིས་ཀྱང་། །གཟུང་བ་མེད་ན་འཛིན་པ་ཡང་། །ཅི་ཕྱིར་མི་རྟོགས་རང་རྒྱུད་པས། །དོན་དམ་བདེན་མེད་རིག་པ་དེས། །ཐ་སྙད་དུ་ཡང་རང་མཚན་གྱིས། །གྲུབ་པ་མེད་པར་ཅིས་མ་རྟོགས། །དེས་ན་ཐམས་ཅད་ཐལ་འགྱུར་བ། །འབའ་ཞིག་ཉིད་དུ་ཁྱོད་ལ་ཐལ། །ཉན་རང་ཐེག་པ་ཆེན་པོ་ལ། །སྐུར་ཞིང་སྨོད་པའང་ག་ལ་སྲིད། །དེས་ན་གཅིག་གི་རང་བཞིན་ཉིད། །ཀུན་ལ་མཉམ་ཉིད་ཡིན་ན་ཡང་། །ཕྱི་དང་ནང་གི་རྐྱེན་གྱི་ཚོགས། །མ་ཚངས་དེ་སྲིད་རྟོགས་པ་བུལ། །སྤྱིར་ན་དབང་རྣོན་རང་སྟོབས་ཀྱིས། །རྟོགས་པ་ཡོད་ཀྱི་རྟུལ་པོ་ཡིས། །རང་གི་དེ་མ་ཐག་ཏུ་ཡང་། །ངེས་པར་རྟོགས་པའི་ཁྱབ་པ་མེད། །ནམ་ཞིག་ཅིས་ཀྱང་རྟོགས་ངེས་ཏེ། །བསྐལ་པ་སྟོང་ཕྲག་བཅུ་ཡི་མཐར། །འགོག་པའི་དབྱིངས་ལས་དགྲ་བཅོམ་པ། །ལྡང་སྟེ་ཐེག་ཆེན་འཇུག་པར་གསུངས། །ཚུལ་བཞིན་ཐེག་ཆེན་ཞུགས་པས་ཀྱང་། །གྲངས་མེད་བསྐལ་པར་གོམས་དགོས་ན། །ཉན་ཐོས་ཞི་བདེ་དོན་གཉེར་བས། །བསྐལ་པ་སྟོང་ཕྲག་དེ་ཙམ་ལ། །བདག་མེད་མཐའ་དག་མ་རྟོགས་པའི། །གནས་སྐབས་མི་སྲིད་ཅི་ལ་འགྱུར། །ས་ཐོབ་རྣམས་ལའང་ཆོས་ཀྱི་དབྱིངས། །ཇེ་བས་ཇེ་གསལ་རྫོགས་མིན་ནམ། །ཚོགས་བསག་གྲོགས་དང་རིག་པའི་སྒོ། །མཐའ་ཡས་ཚུལ་དང་བྱང་སེམས་ཀྱི། །སྤྱོད་པ་ཡོངས་བསྔོའི་རྐྱེན་ཚང་ན། །ངེས་པར་རྫོགས་པར་རྟོགས་འགྱུར་ཏེ། །ཐབས་ལ་མཁས་པའི་རྐྱེན་ཚང་བས། །སྔགས་ཀྱི་མྱུར་དུ་རྟོགས་བ་བཞིན། །རྟག་བདག་སྤངས་ཀྱང་ལྷན་སྐྱེས་ཀྱི། །ངར་འཛིན་ཕུང་པོར་བརྟེན་ནས་འཇུག །དེ་ཕྱིར་ཕུང་པོར་འཛིན་ཡོད་པ། །དེ་སྲིད་ངར་འཛིན་ཡོད་གསུང་དོན། །གདགས་བཞི་ཕུང་པོ་ཡོད་གྱུར་ཅིང་། །དེར་འཛིན་སེམས་པ་ཡོད་ཇི་སྲིད། །བདག་ཏུ་གདགས་པའི་རྒྱུ་ཚང་བས། །འབྲས་བུ་བདག་འཛིན་མི་ལྡོག་གསུང་། །གང་ཕྱིར་རྟག་བདག་སྤངས་ཀྱང་ནི། །གདགས་གཞིར་བརྟེན་ནས་བཏགས་པའི་བདག །ལྷན་སྐྱེས་ཞེན་ཡུལ་མ་བཀག་ཕྱིར། །ངར་འཛིན་སྐྱེ་ལ་གེགས་མེད་ཉིད། །དེ་ཕྱིར་ཉོན་མོངས་སྤང་བ་ལ། །ཕུང་སོགས་སྟོང་པར་རྟོགས་དགོས་ཞེས། །འཆད་པ་ལུང་འདིའི་དོན་མིན་ཏེ། །འདི་དོན་འདི་བཞིན་ཟླ་བས་བཀྲལ། །བཏགས་པའི་ང་ཙམ་ཤེས་གྱུར་ན། །ངར་འཛིན་ལྡོག་ལ་དེས་ཆོག་སྟེ། །ཐག་པ་མེད་པར་མ་ཤེས་ཀྱང་། །སྦྲུལ་འཛིན་སྦྲུལ་མེད་མཐོང་བས་ལྡོག །མཐར་ནི་ངེས་པར་རྟོགས་དགོས་ཏེ། །ཆོས་ཀུན་དེ་ཉིད་གཅིག་ཡིན་ཅིང་། །དེ་ཉིད་མཐོང་བའི་ཚུལ་གཅིག་པས། །མཐར་ཐུག་ཐེག་གཅིག་འགྲུབ་པ་ཡི། །རིགས་པ་ཀླུ་སྒྲུབ་ཡབ་སྲས་སྨྲ། །གལ་ཏེ་ཁྱོད་ཀྱི་ལུགས་ལྟར་ན། །དེ་ཉིད་ཉན་རང་མཐོང་ཟིན་པས། །རིགས་པ་དེ་ཡིས་ཐེག་གཅིག་ཏུ། །ཅི་ཞིག་འགྲུབ་སྟེ་དམ་བཅའ་ཙམ། །འདིར་ནི་ཟུང་འཇུག་ཡེ་ཤེས་གང་། །མཐར་ཐུག་གཟིགས་པ་དེ་ཁོ་ན། །དེ་བཞིན་ཉིད་གཅིག་དེ་ཡིན་ཏེ། །འཕགས་ཀུན་དེ་ལ་གཞོལ་ཞིང་འབབ། །དེས་ན་ཚུལ་འདི་ལེགས་རྟོགས་ན། །ཀླུ་སྒྲུབ་ལུགས་དང་བྱམས་པ འི་གཞུང་། །ཕན་ཚུན་བུ་ར མ་སྦྲང་རྩི་བཞིན། །ལྷན་ཅིག་ཡི་གས་བདེར་འཇུ་ཡི། །གཞན་དུ་མི་འཕྲོད་ཟས་བཞིན་དུ། །ཁོང་ན་མི་བདེའི་སྐྲན་གྱུར་ཚེ། །ལུང་རིགས་གཙགས་བུ་རྣོན་པོ་བརྒྱ། །གདེངས་ཤིང་འདེབས་ལ་ཡིད་གཏིང་སྡར། །ལྟ་བའི་དངོས་གཞི་སྐྱོང་བའི་དུས། །ཁ་ཅིག་ཅིར་ཡང་མི་འཛིན་ཟེར། །ཅིར་ཡང་མི་འཛིན་ཞེས་བའི་དོན། །ལེགས་པར་རྟོགས་དང་ལོག་རྟོག་གཉིས། །དང་པོ་མཐའ་བཞིའི་སྤྲོས་བྲལ་ཏེ། །འཕགས་པའི་ཡེ་ཤེས་ཀྱི་མདུན་ན། །གང་ཡང་གནས་པ་མེད་མཐོང་བས། །འཛིན་སྟངས་ངང་གིས་ཞིག་པ་སྟེ། །སྟོང་གསལ་མཁའ་ལ་ལྟ་དང་མཚུངས། །གཉིས་པ་དྲན་མེད་ཧ་ཤང་ལུགས། །མ་དཔྱད་ཙེ་ནེར་བཞག་པ་ཡིས། །ལྷག་མཐོང་གསལ་བའི་ཆ་མེད་པར། །མཚོ་གཏིང་རྡོ་བཞིན་ཐ་མལ་གནས། །དཔེར་ན་ཅི་ཡང་མེད་ཅེས་པ། །དབུ་མས་མེད་པར་མཐོང་བ་དང་། །གཟུགས་མེད་མེད་པར་མོས་པ་ལྟར། །ཚིག་ཙམ་མཚུངས་པ་འདི་དག་ཀྱང་། །དོན་ལ་མི་མཚུངས་གནམ་ས་བཞིན། །དེ་ལྟར་མཐའ་བཞི་སྤྲོས་བྲལ་ལ། །མཐའ་བཞི་གང་དུའང་མི་འཛིན་ན། །མཐའ་བཞི་ལས་འདས་འཛིན་སྟངས་ཞིག །མེད་པས་འཛིན་སྟངས་མེད་པར་འདོད། །གལ་ཏེ་འཛིན་སྟངས་མེད་ཅེས་པས། །བླུན་པོ་ཁ་ཅིག་དང་པོ་ནས། །ཅིར་མི་འཛིན་པར་ལྷོད་དོ་ལོ། །འགྲོ་ཀུན་ཐ་མལ་ཀློད་ཆེས་པས། །ཁམས་གསུམ་འཁོར་བར་གཏན་འཁྱམས་ན། །ད་དུང་བཀླགས་ཏེ་བསྐུལ་མི་དགོས། །གལ་ཏེ་དེ་དག་མི་ཤེས་བཞིན། །བདག་ཅག་རང་ངོ་ཤེས་ཟེར་ན། །དོན་དམ་རང་ངོ་ཤེས་པ་ལ། །བདེན་སྟོང་ཕུ་ཐག་ཆོད་པ་དགོས། །འཁྲུལ་སྣང་བདག་དང་གཞན་ནོ་ཞེས། །སུས་ཀྱང་ཤེས་ལ་སྒོམ་ཅི་དགོས། །གལ་ཏེ་སེམས་ལ་མདོག་དབྱིབས་དང་། །བྱུང་གནས་འགྲོ་ས་བརྟག་པའི་ཚེ། །མ་མཐོང་སྟོང་བར་རྟོགས་ཤེ་ན། །ཆོས་ཚུལ་ཤིན་ཏུ་ཟབ་པ་སྟེ། །འདི་ལའང་གོལ་ས་ཤིན་ཏུ་ཆེ། །སེམས་ནི་གཟུགས་ཅན་མ་ཡིན་པས། །སུས་ཀྱང་མདོག་སོགས་མཐོང་མི་སྲིད། །མ་མཐོང་ཙམ་ལ་སྟོང་པ་ཉིད། །ངོ་འཕྲོད་སྙམ་ན་ཤིན་ཏུ་གོལ། །ལན་བརྒྱར་བརྟག་ཀྱང་མི་ཡི་མགོར། །ཕྱུགས་ཀྱི་རཱ་ཅོ་མཐོང་མི་སྲིད། །དེ་མ་མཐོང་བས་དེ་སྟོང་པར། །རྟོགས་སོ་ཞེ་ན་སུས་ཀྱང་སླ། །དེས་ན་རིགས་པའི་དཔྱད་པ་དེས། །གནས་ལུགས་ཐིག་པོ་ཞིག་མཐོང་ན། །སེམས་དེ་སྒྱུ་མ་ལྟ་བུ་ལ། །ངོ་བོ་བདེན་མེད་གཏིང་ནས་རིག །དེ་ཚེ་ཐད་ཀའི་ནམ་མཁའ་ལ། །བལྟས་པ་བཞིན་དུ་རང་གི་སེམས། །འགྱུ་བཞིན་པ་ཡང་སྟོང་པ་ཡི། །ངེས་ཤེས་ཁོ་ཐག་ཆོད་པ་དགོས། །ཡང་ནི་ཁྱོད་ཀྱི་སེམས་དེ་ནི། །མེད་པ་མཁའ་འདྲ་ཞིག་འདུག་གམ། །སྣ་ཚོགས་ཤེས་པ་གང་ཡིན་ཟེར། །སྐད་ཅིག་མི་སྡོད་གཡོ་བའི་སེམས། །སུ་ལའང་ཡོད་ཕྱིར་ཤེས་པ་ཞིག །འདུག་པར་སུས་ཀྱང་ངེས་པར་སྨྲ། །དེ་ནས་ཡོད་པ་མ་ཡིན་ལ། །མེད་པའང་མིན་པའི་སེམས་དེ་ནི། །འོད་གསལ་ཆོས་སྐུ་ཡིན་ནོ་ཟེར། །དེས་ཀྱང་ངོ་འཕྲོད་རློམ་པ་བཅས། །ཐོས་པ་མང་པོ་མ་བྱས་ཀྱང་། །གཅིག་ཤེས་ཀུན་གྲོལ་ཤེས་སོ་ལོ། །རྫོགས་ཆེན་ཡོད་མིན་མེད་མིན་ནི། །མཐའ་བཞིའི་སྤྲོས་དང་བྲལ་བ་ཡིན། །ཁྱོད་ཀྱི་འདི་ནི་ལེགས་བརྟགས་ན། །ཡོད་པར་སྨྲ་རུ་མི་བཏུབ་ཅིང་། །མེད་པར་ཡང་ནི་སྨྲར་མེད་པ། །དོན་དུ་ཡོད་མེད་གཉིས་ཡིན་ནམ། །ཡང་ན་གཉིས་ཀ་མིན་པའི་མུ། །གང་རུང་ཞིག་ལས་མ་འདས་པར། །སེམས་དེ་ཡོད་མིན་མེད་མིན་གྱི། །གཞི་རུ་ཞེ་ལ་བརྣག་ཀྱིན་གདའ། །དེ་ནི་བསམ་མི་ཁྱབ་པའི་བདག །དེ་དང་མིང་གི་རྣམ་གྲངས་ལས། །དོན་ལ་འདོད་ཚུལ་ཁྱད་པར་མེད། །སེམས་དང་དེ་ལས་གཞན་གྱི་ཆོས། །ཀུན་ཀྱང་བདེན་མེད་ངེས་པའི་སྟེང་། །སྣང་བ་རྟེན་འབྱུང་དུ་ཤར་བས། །ཡིན་མིན་བསམ་བརྗོད་ལས་འདས་པ། །མཐའ་བཞིའི་སྤྲོས་དང་བྲལ་བའི་གནད། །གཏད་མེད་ཟང་མ་ཐལ་བྱུང ངོ་། །འདི་ནི་ཡིན་མིན་གཉིས་བྲལ་ཞེས། །བློ་ཡི་མདུན་ན་འབེམ་བཞིན་གནས། །བདག་གཞན་དངོས་འཛིན་འདིར་བརྟེན་ནས། །སྲིད་པའི་ཆུ་བོ་བརྒྱུད་མར་འཇུག །འདི་དག་ཟློག་པའི་གཉེན་པོ་ནི། །བདག་མེད་པ་ཡི་འཛིན་སྟངས་ཡིན། །དེ་ཡང་མེད་ཚུལ་མ་ཤེས་པར། །མེད་པར་མོས་པས་མི་ཕན་ཏེ། །ཐག་ཁྲར་སྦྲུལ་དུ་འཁྲུལ་པ་ལ། །སྦྲུལ་མེད་སྙམ་བས་མི་ཕན་ཀྱང་། །མེད་ཚུལ་མཐོང་ན་སྤངས་པ་བཞིན། །དེ་ཕྱིར་དཔྱད་པས་རྟོགས་བྱས་ནས། །དཔྱད་ཙམ་ཉིད་དུ་མི་བཞག་པར། །ཐོག་མེད་དངོས་ཞེན་གོམས་ཆེས་པས། །ཡང་ཡང་འཛིན་སྟངས་བཅས་ཏེ་བསྒོམ། །བདག་མེད་གོམས་པས་བདག་ལྟ་བ། །དྲུང་ནས་འབྱིན་ཕྱིར་འདི་དགོས་ཞེས། །དོན་གཟིགས་དུ་མས་ནན་ཏན་བསྒྲུབས། །དང་པོའི་ལས་ཅན་འཇུག་པའི་སྒོ། །གོལ་འཆུག་མེད་པ་འདི་ཡིན་ན། །དང་པོ་ནས་དེ་སྤོང་ཞེས་པ། །བདུད་ཀྱི་གསང་ཚིག་བཀྱེ་བ་ཡིན། །འཛིན་སྟངས་དེས་དྲངས་བདེན་སྟོང་ལ། །ངེས་ཤེས་མཆོག་ཏུ་འདྲོངས་བའི་ཚེ། །ད་གདོད་མེད་འཛིན་ཙམ་པོ་ནི། །གནས་ལུགས་མཐར་ཐུག་མ་ཡིན་པས། །སྒྲོ་འདོགས་སོ་གཉིས་བྲལ་བ་ཡི། །སྤྲོས་བྲལ་སྟོང་པ་ཆེན་པོ་བསྒོམ། །བདེན་སྟོང་ཕུ་ཐག་ཆོད་གྱུར་ནས། །སྟོང་པ་རྟེན་འབྱུང་ཤར་བ་ཡི། །སྣང་སྟོང་ཅིར་ཡང་མི་འཛིན་ལ། །མེ་ཡི་ཁ་ནས་དག་པའི་གསེར། །ཇི་བཞིན་ཡིད་ཆེས་རུང་མོད་ཀྱི། །གཞན་དུ་ཆེས་ཆེར་ཟབ་པའི་གནད། །འཕགས་བོད་མཁས་གྲུབ་ཆེ་རྣམས་ཀྱིས། །ཡུན་རིང་འབད་དེ་རྟོགས་པའི་དོན། །ཀྱེ་མ་བླུན་པོས་ཡུད་ཙམ་ལ། །རྟོགས་པར་སྨྲ་ལ་ཐེ་ཚོམ་གཡོ། །དངོས་གཞི་སྣང་སྲིད་འཁོར་འདས་ཀུན། །ཡོད་མེད་ལས་འདས་དོན་གྱི་གཤིས། །ཡོད་མེད་ཅིར་ཡང་མ་གྲུབ་ན། །ཕྱོགས་རེར་འཛིན་པ་སྤྲོས་དང་བཅས། །དེ་ཕྱིར་རིགས་པས་རྣམ་དཔྱད་ཚེ། །ཅིར་ཡང་གྲུབ་པ་མ་མཐོང་བས། །ཅིར་ཡང་འཛིན་པ་ག་ལ་སྐྱེ། །འོན་ཀྱང་མཐའ་བཞིའི་སྤྲོས་བྲལ་ཚུལ། །དཔྱད་པས་དྲངས་པའི་ངེས་ཤེས་ལས། །རང་བྱུང་འོད་གསལ་ཤེས་རབ་ཀྱི། །ལྷག་མཐོང་མར་མེ་བཞིན་དུ་གསལ། །དེ་དང་རྣམ་པ་འགལ་བ་ཡི། །མཐའ་བཞིའི་བློ་ངན་མུན་པའི་སྨག །དྲུང་འབྱིན་གཉེན་པོ་འདི་ཡིན་པས། །ནམ་བསྒོམ་ངེས་ཤེས་སྐྱེ་བ་དགོས། །མཐའ་བཞིའི་སྤྲོས་པ་ཅིག་ཅར་དུ། །ཁེག་པ་བློ་འདས་གཉུག་མའི་དབྱིངས། །སོ་སོའི་སྐྱེ་བོའི་ས་ཉིད་ན། །ཅར་ཕོག་ཚུལ་གྱིས་མཐོང་དཀའ་བས། །མཐའ་བཞིའི་སྤྲོས་པ་རེས་འཇོག་ཏུ། །འགོག་པ་ཐོས་བསམ་ལྟ་བའི་ལུགས། །དེ་ལ་ཇི་ཙམ་གོམས་པ་བཞིན། །ངེས་ཤེས་ཇེ་བས་ཇེ་གསལ་ནས། །ཕྱིན་ལོག་སྒྲོ་འདོགས་བསྣུབ་བྱས་པའི། །བློ་གྲོས་ཡར་ཟླ་ལྟ་བུར་འཕེལ། །ཅིར་ཡང་མི་འཛིན་ལྟ་ངན་ལ། །དངོས་པོ་ཅིར་ཡང་མ་གྲུབ་པའི། །ངེས་ཤེས་སྐྱེ་བ་ག་ལ་ཡོད། །དེས་ན་སྒྲིབ་པ་སྤོང་མི་ནུས། །དེ་ཕྱིར་འདི་གཉིས་ཁྱད་པར་ཡང་། །དུ་བའི་རྟགས་ལས་མེ་བཞིན་དུ། །སྤང་རྟོགས་བོག་སྐྱེད་ཚུལ་ལས་ཤེས། །གང་ཕྱིར་བླུན་བསྒོམ་ཐ་མལ་པ། །སྤངས་དང་རྟོགས་པའི་རྒྱུ་མིན་ལ། །ཡོན་ཏན་སྐྱེ་བའི་གེགས་ཡིན་ཕྱིར། །རྒྱ་ཇ་ཚགས་ལ་དྲངས་པ་བཞིན། །ལུང་རྟོགས་འགྲིབ་ཅིང་ཉོན་མོངས་འཕེལ། །ཁྱད་པར་རྒྱུ་འབྲས་ཡིད་ཆེས་ཆུང་། །ཡང་དག་ལྟ་བའི་མིག་ལྡན་ན། །སྔར་མེད་ལུང་དང་ཉམས་རྟོགས་འབར། །སྟོང་མཐོང་དེ་ཡི་ཡོན་ཏན་ལས། །རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་ལ། །ཡིད་ཆེས་ཉོན་མོངས་ཆུང་བར་འགྱུར། །དཔྱད་པས་ངེས་ཤེས་དྲངས་བའི་ངང་། །རྩེ་གཅིག་བཞག་པའི་ཏིང་འཛིན་ལ། །མ་མཐོང་མཐོང་བ་དམ་པའི་དོན། །མཐོང་དོན་ཕྱོགས་སུ་མ་ལྷུང་བས། །ཅིར་ཡང་བཟུང་བ་མེད་མོད་ཀྱི། །ལྐུགས་པས་བུ་རམ་མྱོང་བ་ལྟར། །ཡིད་ཆེས་གོམས་པའི་རྣལ་འབྱོར་ལ། །སྐྱེ་ཡི་དཔྱད་པ་ཁོ་ན་མིན། ༈ །ཐེག་མཆོག་ལྟ་བ་བསྒོམ་པ་ལ། །དཔྱད་དང་འཇོག་པ་གང་འཐད་ན། །ལ་ལས་མི་དཔྱད་བཞག་སྟེ་བསྒོམས། །དཔྱད་པས་དོན་ལ་བསྒྲིབས་པས་ན། །མ་དཔྱད་སྦོམ་པོར་ཞོག་དང་ཟེར། །ལ་ལས་དཔྱད་པ་ཁོ་ན་བྱེད། །དཔྱད་པ་དང་བྲལ་བསྒོམ་པ་ནི། །གཉིད་དུ་སོང་ལྟར་མི་ཕན་པས། །ནམ་ཡང་དཔྱད་པ་དགོས་སོ་ཟེར། །སྒོམ་པ་དཔྱད་འཇོག་མཐའ་གཅིག་ཏུ། །ཕྱོགས་རེར་འཛིན་པ་མི་རུང་སྟེ། །མ་དཔྱད་པ་ཡི་འཇོག་སྒོམ་ཕལ། །ཞི་གནས་ཙམ་ཞིག་འགྲུབ་སྲིད་ཀྱང་། །བསྒོམས་པས་ངེས་ཤེས་མི་སྐྱེ་བས། །ཐར་ལམ་མིག་གཅིག་ངེས་ཤེས་ཉིད། །སྤངས་ནས་སྒྲིབ་པ་བསལ་མི་ནུས། །ཆོས་ཀྱི་རང་བཞིན་མ་ཤེས་ན། །ཅི་ཞིག་བསྒོམས་ཏེ་ཐ་མལ་གྱི། །རྣམ་རྟོག་བསྒོམས་པས་ཅི་ལ་ཕན། །མིག་མེད་ལམ་དུ་ཞུགས་པ་བཞིན། །ཐོག་མེད་འཁྲུལ་པའི་བག་ཆགས་ཀྱིས། །རང་བཞིན་ལོག་པར་ཞེན་གྱུར་པ། །ཐབས་ཚུལ་རིགས་པ་བརྒྱ་དག་གིས། །འབད་དེ་མ་བརྟག་རྟོགས་པར་དཀའ། །གང་ཕྱིར་འཁྲུལ་སྣང་ཞེན་པ་དང་། །ཡང་དག་དོན་མཐོང་འགལ་བས་ན། །ཆེས་གོམས་སྲིད་པའི་སྨག་རུམ་འདིར། །དེ་ཉིད་སྣང་བ་རྙེད་པར་དཀའ། །སྔོན་ནས་སྦྱངས་བའི་ལས་ཀྱི་འཕྲོ། །སྨིན་དང་བླ་མའི་བྱིན་རླབས་ལས། །བྱུང་གནས་འགྲོ་འོང་ཙམ་བརྟགས་པས། །བདེན་སྟོང་ངེས་པ་སྲིད་མོད་ཀྱི། །དེ་འདྲ་བརྒྱ་ལམ་རེས་འགའ་སྟེ། །ཀུན་གྱིས་དེ་ལྟར་རྟོགས་མི་ནུས། །ཀ་དག་གདར་ཤ་ཆོད་པ་ལ། །ཐལ་འགྱུར་ལྟ་བ་མཐར་ཕྱིན་དགོས། །སྤྲོས་བྲལ་ཙམ་གྱི་ཆ་ནས་ནི། །དེ་གཉིས་ཁྱད་པར་མེད་དོ་གསུང་། །སྟོང་པར་ཞེན་པ་བཟློག་ཕྱིར་དུ། །སྔགས་ལས་བདེ་བ་ཆེན་པོ་བསྟན། །བདེ་སྟོང་གཉིས་སུ་མེད་པའི་དབྱིངས། །ཡུལ་དང་ཡུལ་ཅན་བྲལ་བ་ཡི། །ཚུལ་གྱིས་ཉམས་སུ་མྱོང་བར་བྱེད། །སྣང་དང་གསལ་དང་རིག་པ་གསུམ། །བདེ་བ་དེ་ཡི་རྣམ་གྲངས་ཡིན། །སྣང་ཆ་གཟུགས་ཀྱི་སྐུ་འདིས་ནི། །སྲིད་པ་ཇི་སྲིད་ཕན་བདེ་ཡིས། །འགྲོ་ཀུན་སྐྱོབས་པར་མཛད་པས་ན། །མཐར་ཐུག་སྙིང་རྗེའི་རང་བཞིན་ཉིད། །དེ་ཕྱིར་རང་བཞིན་ཉིད་ཀྱིས་ཀྱང་། །སྲིད་ཞིར་མི་གནས་ཡེ་ཤེས་ཆེ། །གཞི་ལ་ཇི་ལྟར་བཞུགས་པ་ལྟར། །བདེ་སྟོང་ལམ་གྱི་ཨེ་ཝཾ་གྱིས། །བསྒྲུབས་པས་ཚེ་འདི་ཉིད་ལ་ཡང་། །ཟུང་འཇུག་འབྲས་བུ་མངོན་དུ་འགྱུར། །གཞི་ལམ་འབྲས་གསུམ་དོན་དུ་ན། །མི་ཕྱེད་རྡོ་རྗེའི་ཐེག་པ་ཡི། །འབྲས་བུ་བཞི་པའི་དབང་གི་ལམ། །རིག་སྟོང་རང་བྱུང་ཡེ་ཤེས་ཉིད། །ཁོ་ན་རྩལ་དུ་བཏོན་གྱུར་པ། །འོད་གསལ་རྡོ་རྗེ་རྩེ་མོའི་ལུགས། །མཐར་ཐུག་ཐེག་པའི་སྐྱེལ་སོ་ཡིན། །ཇི་སྲིད་ངེས་ཤེས་མ་སྐྱེས་པར། །ཐབས་དང་དཔྱད་པས་ངེས་ཤེས་དྲང་། །ངེས་ཤེས་སྐྱེས་ན་དེའི་ངང་དུ། །ངེས་ཤེས་ཉིད་དང་མ་བྲལ་བསྒོམས། །ངེས་ཤེས་མར་མེ་ལྟ་བུའི་རྒྱུན། །ཡང་དག་མིན་རྟོག་སྣུབ་བྱེད་པ། །དེ་ལ་རྟག་ཏུ་ནན་ཏན་བྱ། །བྲལ་ན་སླར་ཡང་དཔྱད་པས་དྲངས། །དང་པོར་དཔྱད་པ་གལ་ཆེ་སྟེ། །དཔྱད་པ་བཟང་པོས་མ་དྲངས་ན། །ངེས་ཤེས་བཟང་པོ་ག་ལ་སྐྱེ། །ངེས་ཤེས་བཟང་པོ་མ་སྐྱེས་ན། །སྒྲོ་འདོགས་ངན་པ་ག་ལ་ནུབ། །སྒྲོ་འདོགས་ངན་པ་མ་ནུབ་ན། །ལས་རླུང་ངན་པ་ག་ལ་འགག །ལས་རླུང་ངན་པ་མ་འགག་ན། །འཁོར་བ་ངན་པ་ག་ལ་སྤོང་། །འཁོར་བ་ངན་པ་མ་སྤང་ན། །སྡུག་བསྔལ་ངན་པ་ཅི་ལ་འཛད། །འཁོར་དང་མྱ་ངན་འདས་པ་ལ། །དོན་དུ་བཟང་ངན་ཡོད་མ་ཡིན། །བཟང་ངན་མེད་པར་མཉམ་ཉིད་དུ། །རྟོགས་པ་ངེས་ཤེས་བཟང་པོ་ཡིན། །ངེས་ཤེས་བཟང་པོས་འཁོར་བ་འདི། །སྤངས་ནས་མྱང་འདས་མ་བསྒྲུབས་པས། །འགལ་བ་ལྟར་སྣང་ཚིག་གི་དོན། །མི་འགལ་ལམ་གྱི་གལ་མདོ་སྟེ། །ལྟ་སྤྱོད་མན་ངག་གནད་གསང་འདི། །དཔྱད་དེ་དོན་གྱི་རོ་མྱོངས་ཤིག །བར་དུ་དཔྱད་འཇོག་སྤེལ་དགོས་ཏེ། །དཔྱད་ན་ངེས་ཤེས་སྐྱེ་འགྱུར་ཞིང་། །མ་དཔྱད་ཐ་མལ་ཞེན་གྱུར་ཚེ། །དཔྱད་ཅིང་དཔྱད་ཅིང་ངེས་ཤེས་དྲངས། །ངེས་ཤེས་སྐྱེས་ན་དེ་གའི་དང་། །མ་ཡེངས་རྩེ་གཅིག་ཉིད་དུ་བསྒོམས། །ངེས་ཤེས་དང་ནི་སྒྲོ་འདོགས་ཡིད། །ཕན་ཚུན་འགལ་བ་ཉིད་ཀྱི་ཕྱིར། །དཔྱད་པས་སྒྲོ་འདོགས་སུན་བྱུང་བས། །ངེས་ཤེས་གོང་ནས་གོང་དུ་སྤེལ། །ཐ་མར་དཔྱད་པས་མ་དྲངས་ཀྱང་། །ངེས་ཤེས་ངང་གིས་སྐྱེ་བ་ན། །དེ་གའི་ངང་དུ་འཇོག་པ་ལས། །དཔྱད་པས་གྲུབ་ཟིན་བསྒྲུབ་ཅི་དགོས། །ཐག་པར་སྦྲུལ་མེད་རྟོགས་པ་ན། །ངེས་ཤེས་དེ་གས་སྦྲུལ་འཛིན་ལྡོག །ད་རུང་སྦྲུལ་ནི་མེད་དོ་ཞེས། །ཡང་ཡང་དཔྱད་ཟེར་བླུན་མིན་ནམ། །འཕགས་ལམ་རྟོགས་པ་མངོན་གྱུར་ཚེ། །ད་རུང་དཔྱོད་པས་མི་བསྒོམས་ཏེ། །མངོན་སུམ་རྟོགས་ལ་རྒྱུ་མཚན་གྱི། །ཡིད་དཔྱོད་སྦྱོར་བ་ཅི་ཞིག་དགོས། །གལ་ཏེ་དཔྱད་པ་དང་བྲལ་ཚེ། །དོན་མཐོང་རྟོགས་པ་མི་འགྲུབ་ན། །འཕགས་དང་རྒྱལ་བའི་ཡེ་ཤེས་དང་། །འཇིག་རྟེན་གནོད་མེད་ཤེས་པ་ཡིས། །བཟུང་རྣམས་ཁྱོད་ལ་ཕྱིན་ཅི་ལོག །ཉིད་དུ་ཐལ་ཏེ་དེ་དག་ནི། །རྟོགས་ཟིན་ཡིན་ཕྱིར་དེ་དག་ལ། །རང་དུས་དཔྱད་པ་མེད་པའི་ཕྱིར། །མཐའ་བཞིའི་སྤྲོས་དང་བྲལ་བ་ཡི། །ངེས་ཤེས་ཁྱད་པར་ཅན་གྱི་ངོར། །འདི་དང་འདིའོ་སྙམ་པ་ཡི། །དམིགས་གཏད་དཔྱོད་པ་སྐབས་མི་ཐོབ། །གང་ཚེ་དཔྱོད་པའི་མཚན་འཛིན་དེས། །དར་གྱི་སྲིན་བུ་ཇི་བཞིན་དུ། །རྟོག་པ་དེ་ཡིས་དེ་བཅིངས་ནས། །ཡང་དག་དོན་ཇི་བཞིན་མི་མཐོང་། །ངེས་ཤེས་ཁྱད་པར་ཅན་འདིས་ནི། །ཡིན་ལུགས་སྒྲིབ་པའི་སྨག་བསལ་ཚེ། །གཉུག་མ་དོན་གྱི་འོད་གསལ་ངང་། །དེ་ཉིད་མ་ནོར་མཐོང་བ་གང་། །སོ་སོ་རང་གི་ཡེ་ཤེས་ཏེ། །སེམས་བྱུང་ཤེས་རབ་ག་ལ་ཡིན། །ཤེས་རབ་ཡུལ་ནི་འདིའོ་ཞེས། །རྣམ་པར་འབྱེད་ཅིང་དེར་རྟོག་ལ། །གང་ཕྱིར་ཡུལ་དང་ཡུལ་ཅན་དང་། །སྣང་སྟོང་རེ་རེ་གང་དུའང་། །མི་དམིགས་མཉམ་པའི་ཡེ་ཤེས་འདི། །སེམས་དང་སེམས་ལས་བྱུང་བ་ཡི། །མཚན་ཉིད་ཅན་དུ་གནས་མ་ཡིན། །དེ་ཕྱིར་དཔྱད་བས་དྲང་བ་ཡི། །ངེས་ཤེས་མཆོག་ལ་མཉམ་བཞག་པའི། །ཤེས་རབ་དྲི་མ་མེད་པའི་རྒྱུས། །འབྲས་བུ་ཟུང་འཇུག་ཡེ་ཤེས་ཐོབ། །ལྟ་བ་གཏན་ལ་ཕབ་པ་དང་། །ངེས་པའི་གྲུབ་མཐའ་སྒྲུབ་བྱེད་པ། །ཤན་འབྱེད་སོ་སོར་རྟོགས་པ་ཡི། །ཤེས་རབ་དྲི་མེད་ཚད་མ་ཡིན། །དེས་དྲངས་པ་ཡི་ངེས་ཤེས་ཀྱི། །ལམ་ནས་ཡིན་ལུགས་གཤིས་ཕེབ་པའི། །མཉམ་བཞག་ཡེ་ཤེས་གང་ཡིན་པ། །ཐེག་ཆེན་ལམ་གྱི་དངོས་གཞི་དེ། །འདི་དང་ལྡན་ན་ཟུང་འཇུག་གི །གོ་འཕང་ཚེ་འདིར་སྟེར་བའི་ཕྱིར། །ཐེག་པ་ཡིན་ལ་ཆེན་པོའང་ཡིན། །རྒྱུད་སྡེ་བཞི་ཡི་ལུགས་ལྟར་ན། །བླ་མེད་ཚིག་དབང་ལམ་འདི་ནི། །ཡེ་ཤེས་མཐར་ཐུག་ཡིན་མོད་ཀྱི། །ལོགས་སུ་ཐེག་པར་མ་བཞག་ཀྱང་། །དཔེར་ན་མཉམ་ཉིད་ཡེ་ཤེས་སྐུ། །རྩལ་དུ་བཏོན་ནས་འཆད་པ་ཡི། །དཔལ་ལྡན་དུས་ཀྱི་འཁོར་ལོ་ལ། །རྒྱུད་ཀྱི་མཐར་ཐུག་བཞེད་པ་བཞིན། །བླ་མེད་རྒྱུད་སྡེའི་ནང་ནས་ཀྱང་། །དབང་བཞིའི་ལམ་གྱི་ཡེ་ཤེས་གང་། །རྩལ་དུ་བཏོན་ནས་འཆད་པ་འདི། །རྒྱུད་སྡེ་ཀུན་གྱི་དགོངས་པའི་མཐིལ། །ལན་གྲངས་བཅུ་དྲུག་བཞུས་པའི་གསེར། །ཤིན་ཏུ་དག་པ་དེ་བཞིན་དུ། །ཐེག་གཞན་གྲུབ་མཐས་དཔྱད་པ་ཡིས། །ཇེ་བས་ཇེ་དག་འདིར་མཐར་ཕྱིན། །དེ་ཕྱིར་ཤེས་རབ་དྲི་མེད་ཀྱིས། །ཚད་མས་འདི་དོན་གྲུབ་པའི་ཚུལ། །རྒྱུད་དང་དགོངས་པ་འགྲེལ་ཀུན་དང་། །ཆོས་བཟང་རིགས་པས་རྣམ་དཔྱད་ལ། །བསམ་ན་བདུད་ཀྱི་ཡུལ་ལས་འདས། །མི་འཕྲོས་ཤེས་རབ་སྨིན་པར་བྱེད། །འོན་ཀྱང་ལྟ་བའི་དངོས་གཞི་ནི། །སྣང་སྟོང་ཕྱོགས་རེར་འཛིན་པ་སོགས། །སེམས་དང་སེམས་བྱུང་སྤྱོད་ཡུལ་དུ། །འདི་དོན་སྟོན་པར་བྱེད་པ་ནི། །བརྗོད་མིན་བརྗོད་བྱར་བྱས་པའི་ཕྱིར། །མཁས་པའི་དགོངས་པ་ཉིད་དང་འགལ། །གང་ཕྱིར་ཨ་ཏི་ཡོ་ག་ནི། །སྣང་སྟོང་བསམ་གྱིས་མི་ཁྱབ་པའི། །ཡེ་ཤེས་ཡིན་སླད་མ་དག་པའི། །སེམས་ལས་འདས་པ་ཁོ་ནའི་ཕྱིར། །འདི་ལ་ཀ་དག་སྟོང་པའི་ཆ། །གཏན་འབེབས་ཁྲེགས་ཆོད་ལྟ་བ་དང་། །ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི། །རང་བཞིན་གཏན་ལ་འབེབས་པ་ལ། །ནང་གསལ་གཞོན་ནུ་བུམ་པའི་སྐུར། །ཡིད་ཆེས་འོད་གསལ་ཐོད་རྒལ་གཉིས། །གཉིས་ཀའང་སོ་སོར་དབྱེར་མེད་དེ། །ཀ་དག་ལྷུན་གྲུབ་ཟུང་འཇུག་གི །ཡེ་ཤེས་ཆེན་པོ་ཁོ་ན་ཡིན། །རྒྱུད་སྡེ་གཞན་ན་མི་ཤིགས་པའི། །ཡེ་ཤེས་ཏི་ལ་ཀ་ཞེས་པ། །འདི་དང་མིང་གི་རྣམ་གྲངས་ཙམ། །འདིར་ནི་ཤིན་ཏུ་གསལ་པོར་བསྟན། །རྫོགས་ཆེན་སེམས་སྡེའི་མན་ངག་རེར། །མཁས་གྲུབ་སོ་སོའི་ཉམས་བཞེས་པས། །ཕྱག་ཆེན་ལམ་འབྲས་ཞི་བྱེད་དང་། །ཟུང་འཇུག་དབུ་མ་ཆེན་པོ་སོགས། །མཚན་གྱི་རྣམ་གྲངས་སོ་སོར་གྲགས། །དོན་ལ་སེམས་ལས་འདས་པ་ཡི། །ཡེ་ཤེས་ཡིན་ཕྱིར་ཀུན་ཀྱང་མཉམ། །སངས་རྒྱས་གྲུབ་ཐོབ་དགོངས་པ་ནི། །གཅིག་ཅེས་མཁས་ཀུན་མགྲིན་གཅིག་སྨྲ། །ལ་ལས་རང་ལུགས་རྫོགས་པ་ཆེ། །ཕྱག་ཆེན་སོགས་ལས་འཕགས་སོ་ཟེར། །མ་རྟོགས་ལམ་གྱི་ཐ་སྙད་མེད། །རྟོགས་ན་དགོངས་པ་གཅིག་པ་ལ། །རིགས་པས་འཐད་པའི་དབྱེ་བ་མེད། །དེ་བཞིན་བླ་མེད་རྒྱུད་ཀུན་གྱི། །བཞི་པའི་དབང་གི་ཡེ་ཤེས་ཀུན། །རྫོགས་པ་ཆེན་པོ་དབྱེ་བ་མེད། །འོན་ཀྱང་དེ་དག་ཐམས་ཅད་ཀྱི། །འབྱུང་གནས་རྫོགས་ཆེན་རྒྱུད་སྡེ་ལ། །སེམས་ཀློང་མན་ངག་སྡེས་ཕྱེ་བའི། །ཟབ་རྒྱས་ཁྱད་པར་འཕགས་པའི་གནད། །མན་ངག་ཐོར་བུའི་ཉམས་ལེན་པ། །གཞན་ལ་མ་གྲགས་མང་ཡོད་པར། །ཁྱད་ཆོས་ཡིན་ཞེས་སྨྲ་ཅི་དགོས། །དེ་ལ་རྫོགས་ཆེན་མཐར་ཐུག་པ། །ཟབ་ཞི་འོད་གསལ་འདུས་མ་བྱས། །སངས་རྒྱས་ཡེ་ཤེས་ཡིན་ན་ཡང་། །འདིར་ནི་གནས་སྐབས་ལམ་དག་ཏུ། །ཡེ་ཤེས་དེ་དང་རྗེས་མཐུན་པ། །དཔེ་དང་དོན་གྱི་ཟུང་འཇུག་རྣམས། །རི་མོར་བྲིས་པའི་ཟླ་བ་དང་། །ཆུ་ཟླ་ནམ་མཁའི་ཟླ་བ་བཞིན། །རིམ་པས་གཅིག་གིས་གཅིག་འདྲེན་པས། །རང་བྱུང་ཟག་མེད་ཡེ་ཤེས་གང་། །རང་གི་བློ་ནུས་དང་བསྟུན་ཏེ། །ཉམས་སུ་ལེན་པ་ཡོད་ཉིད་ཕྱིར། །དཔེར་ན་འཕགས་ལམ་ཡེ་ཤེས་གང་། །ཐོབ་ཕྱིར་རྗེས་མཐུན་བསྒོམ་པ་བཞིན། །ཆོས་ཉིད་ཟུང་འཇུག་ཡེ་ཤེས་ཆེ། །མངོན་སུམ་གཏན་ལ་ཕེབ་པ་ན། །ཡིད་དཔྱོད་འཛིན་པའི་ལྟ་བ་ཀུན། །ངེས་པར་ནུབ་ནས་སྤྲོས་བྲལ་མཐོང་། །དེ་ཕྱིར་སྐབས་ཤན་མ་ཕྱེད་པར། །འཛིན་སྟངས་ཡོད་མེད་ཕྱོགས་གཅིག་ཏུ། །སྨྲ་ལ་སྐྱོན་དང་ལེགས་ཆ་སྟེ། །ཟླ་བའི་འཕེལ་འགྲིབ་བཞིན་དུ་གནས། །འདི་ནི་ངེས་པའི་ལུང་བཞིན་དུ། །རིགས་པའི་ཚུལ་གྱིས་གྲུབ་པ་ཡིན། ༈ །བདེན་པ་གཉིས་ལས་གང་གཙོ་ན། །ཁ་ཅིག་དོན་དམ་གཙོ་ཆེར་འདོད། །ཀུན་རྫོབ་འཁྲུལ་པའི་སྣང་བ་ཞེས། །སྤང་བྱར་རྟོགས་ཤིང་དོན་དམ་པ། །མ་འཁྲུལ་ཡིན་པས་དོན་དམ་དེར། །ལྟ་བ་རྣམ་དག་ཡིན་ནོ་ཟེར། །ཀུན་རྫོབ་མ་འཁྲུལ་བདེན་གྱུར་ན། །དོན་དམ་སྟོང་པར་མི་རུང་ཕྱིར། །དེ་སྐད་དུ་ནི་གསུངས་མོད་ཀྱི། །ཀུན་རྫོབ་སྤངས་པའི་ཕ་རོལ་ན། །དོན་དམ་འགའ་ཡང་མི་གྲུབ་སྟེ། །དེ་གཉིས་ཐབས་དང་ཐབས་བྱུང་ཉིད། །བརྟག་བྱའི་དངོས་ལ་མ་བརྟེན་པར། །དེ་ཡི་དངོས་མེད་ཡོད་མིན་ཏེ། །དེས་ན་དངོས་དང་དངོས་མེད་པ། །གཉིས་ཀ་རྟེན་འབྲེལ་ཙམ་དུ་མཚུངས། །གལ་ཏེ་སྟོང་པར་ཞེན་པ་དེས། །སྣང་བ་རྣམ་པར་བཅད་གྱུར་ན། །སྟོང་པ་རྟེན་འབྱུང་དུ་ཤར་བའི། །ཀླུ་སྒྲུབ་ལུགས་བཟང་རྙོག་མར་བྱས། །སྟོང་མཐོང་དེ་ཡི་ལམ་གོམས་ནས། །སྟོང་དབྱིངས་འབའ་ཞིག་རྟོགས་ན་ནི། །འཕགས་པའི་མཉམ་བཞག་སྟོང་པ་ཉིད། །དངོས་པོའི་འཇིག་རྒྱུར་ཁྱོད་ལའང་ཐལ། །དེ་ཕྱིར་གདོད་ནས་སྟོང་ན་ཡང་། །སྟོང་སྣང་རིས་སུ་མ་ཆད་པས། །སྟོང་པ་ཁོ་ན་གཙོ་ཆེ་ཞེས། །འཛིན་པ་མཐར་ཐུག་དོན་མི་མཁས། །ལ་ལས་དོན་དམ་ཕར་བཅད་ནས། །ཀུན་རྫོབ་ཙམ་གྱི་ངོས་ནས་ནི། །རྒྱུད་སྡེའི་ལྟ་བ་མཐོ་ད མན་བྱེད། །དོན་དམ་སྟོང་པས་མ་ཟིན་པའི། །ཀུན་རྫོབ་རང་ཉིད་ལྟ་བ་ཡི། །མཐོ་དམན་བྱེད་ཆོས་སུ་མི་འཐད། །དོན་དམ་གདེང་དང་མི་ལྡན་པར། །ཀུན་རྫོབ་ལྷ་རུ་བསྒོམ་པ་ཙམ། །མོས་པ་ཙམ་ཡིན་ལྟ་བ་མིན། །མུ་སྟེགས་རིག་སྔགས་འགའ་ཞིག་ཀྱང་། །བཟླ་ཚེ་རང་ཉིད་གཞན་དུ་མོས། །ལ་ལས་ཀུན་རྫོབ་གལ་ཆེ་སྟེ། །བདེན་གཉིས་ཟུང་དུ་འཇུག་དགོས་ཟེར། །ཡང་ཡང་ཀུན་རྫོབ་ཕྱོགས་ལ་བསྔགས། །ཟུང་འཇུག་ལྟ་བ་སྐྱོང་དུས་ན། །ཟུང་འཇུག་དོར་ནས་མེད་རྐྱང་འཛིན། །བཤད་པ་བཟང་པོ་མ་ཡི་རྗེས། །ཉམས་ལེན་བུ་ཆུང་སླེབ་མ་ནུས། །དེས་ན་སྔ་འགྱུར་རིང་ལུགས་འདིར། །གཞི་ལམ་འབྲས་བུའི་ཆོས་སྐད་ལ། །རྟག་དང་མི་རྟག་བདེན་གཉིས་སོགས། །རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཡི། །ཟུང་འཇུག་ཁོ་ནའི་གྲུབ་མཐའ་སྐྱོང་། །ཀུན་རྫོབ་དང་ནི་དོན་དམ་པ། །ཡ་བྲལ་རེ་རེའི་སྟེང་དུ་ནི། །གཞི་ལམ་འབྲས་བུ་བཞག་མི་ནུས། །གཞི་ལམ་འབྲས་བུ་གསུམ་ཆར་དུའང་། །འདི་སྤང་འདི་བླང་དབྱེ་བ་མེད། །ཀུན་རྫོབ་སྤངས་པའི་ཕ་རོལ་ན། །དོན་དམ་མེད་ལ་དོན་དམ་པ། །སྤངས་པའི་ཀུན་རྫོབ་གཞན་མེད་ཉིད། །གང་སྣང་སྟོང་པས་ཁྱབ་པ་དང་། །གང་སྟོང་སྣང་བས་ཁྱབ་པ་སྟེ། །སྣང་ན་མི་སྟོང་མི་སྲིད་ཅིང་། །སྟོང་དེའང་མ་སྣང་མི་གྲུབ་ཕྱིར། །དངོས་དང་དངོས་མེད་གཉིས་པོ་ཡང་། །སྟོང་གཞིར་བྱས་ནས་སྟོང་དགོས་ཕྱིར། །སྣང་ཀུན་བཏགས་པ་ཙམ་ཞིག་ལ། །སྟོང་པའང་བློ་ཡིས་བཏགས་པ་ཙམ། །རིག་པས་དཔྱད་པས་ངེས་ཤེས་ལ། །འདི་གཉིས་ཐབས་དང་ཐབས་བྱུང་སྟེ། །གཅིག་ཡོད་ན་ནི་གཅིག་མེད་པ། །མི་སྲིད་འདུ་འབྲལ་མེད་པར་གནས། །དེ་ཕྱིར་སྣང་དང་སྟོང་པ་དག །སོ་སོའི་ཆར་ནི་ཤེས་ན་ཡང་། །དོན་དུ་ནམ་ཡང་དབྱེ་བ་མེད། །དེ་ཕྱིར་ཟུང་འཇུག་ཅེས་བརྗོད་དོ། །གནས་ལུགས་མཐོང་བའི་ངེས་ཤེས་ནི། །གང་མཐར་ལྷུང་བ་མེད་ཕྱིར་རོ། །ཡང་དག་དཔྱོད་པའི་ཤེས་རབ་ངོར། །སྣང་དང་སྟོང་པ་འདི་གཉིས་པོ། །ཡོད་མཉམ་མེད་མཉམ་ངོ་བོ་གཅིག །ལྡོག་པ་ཐ་དད་དབྱེ་བར་འདོད། །དེ་ཡང་དང་པོའི་ལས་ཅན་ལ། །དགག་བྱ་འགོག་བྱེད་ལྟ་བུར་སྣང་། །དེ་ཚེ་གཅིག་ཏུ་འདྲེས་པ་མེད། །ནམ་ཞིག་སྟོང་པའི་རང་བཞིན་ནི། །སྣང་བར་འཆར་ལ་ཡིད་ཆེས་ཐོབ། །དེ་ཡང་གདོད་ནས་སྟོང་པ་དང་། །སྣང་བ་འདི་དག་སྟོང་པ་ཡིས། །སྟོང་བཞིན་སྣང་ལ་སྣང་བཞིན་དུ། །སྟོང་མཐོང་ངེས་ཤེས་སྐྱེ་བ་ཉིད། །འདི་ནི་མདོ་རྒྱུད་མན་ངག་གི །ལམ་ཟབ་ཀུན་གྱི་རྩ་བ་སྟེ། །ཐོས་བསམ་སྒྲོ་འདོགས་ཆོད་པའི་དོན། །ཡང་དག་ལྟ་བ་འཁྲུལ་མེད་ཡིན། །གནད་དེ་ཇེ་བས་ཇེ་ཟབ་ཏུ། །རྟོགས་པས་ཀུན་རྫོབ་སྣང་བ་ཡང་། །རང་མཚན་ཞེན་པ་རིམ་སྤོང་བས། །རྒྱུད་སྡེའི་ཐེག་རིམ་དེ་ལྟར་སྣང་། །ཡིད་ཀྱིས་མོས་བསྒོམ་ཙམ་ཞིག་དང་། །སྣོད་བཅུད་ལྷར་སྣང་ངེས་ཤེས་ཀྱིས། །ལྟ་བ་གདེངས་སུ་གྱུར་པ་གཉིས། །མཚུངས་པའི་གོ་སྐབས་མི་སྲིད་དེ། །དབུ་མས་ཆོས་རྣམས་བདེན་སྟོང་དུ། །ངེས་པ་གང་དེ་ལྟ་ཡིན་ལ། །བྲམ་ཟེའི་ནད་ལ་སྔགས་འདེབས་ཚེ། །ནད་མེད་མོས་པ་ལྟ་མིན་བཞིན། །དོན་དམ་གནས་ལུགས་རྟོགས་པ་ཡིས། །ཀུན་རྫོབ་ལྷ་རུ་ཡིད་ཆེས་ཀྱི། །གཞན་དུ་འཁྲུལ་པའི་སྣང་ཚུལ་ལ། །གནས་ནས་ལྷ་རུ་ཇི་ལྟར་འགྲུབ། །གཟུང་འཛིན་འཁྲུལ་སྣང་འདི་མིན་པའི། །འཁོར་བ་ཞེས་བྱ་གཞན་དུ་མེད། །དེ་སྤོང་ལམ་གྱི་དབྱེ་བ་རྣམས། །དོན་དམ་ཁོ་ནའི་ངོས་ནས་མིན། །དོན་དམ་ཚུལ་གཅིག་ཉིད་ཡིན་ཕྱིར། །ཆོས་ཅན་ཀུན་རྫོབ་སྣང་བའི་ཆ། །དོན་དམ་གཤིས་སུ་མཐོང་གོམས་ཀྱི། །བློ་ནུས་ལ་བརྟེན་བྱ་བ་དང་། །ཆ་མཉམ་རྣལ་འབྱོར་བླ་མེད་བསྟན། །དེས་ན་བདེན་གཉིས་སོ་སོ་ཡིས། །རྒྱུད་སྡེའི་མཐོ་དམན་མི་འབྱེད་ཀྱང་། །བདེན་གཉིས་ཟུང་དུ་འཇུག་པ་ལ། །ཅི་ཙམ་ཡིད་ཆེས་ཐོབ་པ་བཞིན། །ཉམས་ལེན་དེ་ཡི་རྗེས་སུ་འབྲང་། །དེ་ཕྱིར་བླ་མེད་རྡོ་རྗེའི་ཐེག །ཚེ་གཅིག་གྲོལ་བ་སྟེར་བའི་ལམ། །མ་ནོར་ཇི་བཞིན་ཉམས་ལེན་ན། །མི་གཅིག་འགྲོ་བས་ཐ་དད་པར། །མཐོང་བའི་ཆུ་ཡིས་དཔེ་བཞིན་དུ། །དག་པའི་གཟིགས་པ་ལ་བརྟེན་ནས། །སྣང་སྲིད་གཞིར་གཞེངས་དཀྱིལ་འཁོར་དུ། །སུ་ཞིག་ཡིད་མི་ཆེས་པར་འགྱུར། །གལ་ཏེ་དེ་ལྟར་མ་ཤེས་ནས། །འཁོར་བའི་རང་བཞིན་མ་དག་པ། །འདོད་བཞིན་ལྷ་རུ་བསྒོམས་པས་ཀྱང་། །ངན་སྐྱུགས་བུམ་པར་དྲི་བཟང་གིས། །བྱུགས་པ་དང་འདྲར་སེམས་པ་དེས། །ཀྱེ་མ་མཉམ་ཉིད་རྡོ་རྗེའི་ཐེག །སྒོམ་པ་རི་མོའི་མར་མེ་བཞིན། །སྣང་ཚུལ་མ་དག་པར་སྣང་ཡང་། །དེ་ནི་འཁྲུལ་པས་གྲུབ་པའི་མཐའ། །གནས་ཚུལ་ཡང་དག་གཟིགས་པའི་དོན། །མི་ཕྱེད་རྡོ་རྗེའི་གྲུབ་མཐར་སྨྲ། །སྣོད་བཅུད་དག་པའི་རྟེན་བརྟེན་པར། །མིན་ནོ་སྙམ་དུ་ལྟ་བཞིན་དུ། །ཡིན་ནོ་སྙམ་པའི་སྒོམ་པ་གང་། །འགལ་འདུའི་རང་རྟགས་ངོམས་པ་ལ། །ལམ་དེ་ལམ་གྱི་གཟུགས་བརྙན་ཉིད། །སོལ་བ་བཀྲུས་པས་མི་དཀར་བཞིན། །མིན་ཀྱང་ཡིན་སྙམ་བཅོས་སྒོམ་གྱིས། །འབྲས་བུ་ཐོབ་པར་འགྱུར་ན་ནི། །བདེན་སྟོང་ངེས་ཤེས་མེད་བཞིན་དུ། །མུ་སྟེགས་ཉི་མ་པ་རྣམས་ཀྱིས། །སྣང་བ་སྤངས་པས་སྟོང་པ་སོགས། །བསྒོམས་པས་ཉོན་མོངས་སྤོང་བར་འགྱུར། །བྱ་སྤྱོད་བླ་མེད་རྒྱུད་སྡེ་ལ། །ལྟ་བའི་མཐོ་དམན་མེད་གྱུར་ན། །སྣང་སྲིད་དག་མཉམ་རྟོགས་པ་ཡི། །ལྟ་བ་གདེངས་སུ་གྱུར་བཞིན་དུ། །བདག་དང་ལྷ་ལ་བཟང་ངན་དང་། །གཙང་དང་མི་གཙང་སོ་སོར་ནི། །མ་མཐོང་བཞིན་དུ་དབྱེ་བ་ནི། །རང་གིས་རང་ལ་གནོད་པར་ཟད། །ཡང་ན་རྒྱུད་སྡེ་འོག་མ་བཞིན། །བླང་དོར་ཉིད་དུ་ཞེན་བཞིན་དུ། །བླ་མེད་སྦྱོར་སྒྲོལ་ཤ་ཆང་སོགས། །བླང་དོར་མཉམ་པ་ཉིད་སྤྱོད་པ། །མ་རྟོགས་ཐོ་ཅོའི་སྤྱོད་པ་ཞེས། །སྨད་པར་གྱུར་པ་དེ་མིན་ནམ། །ཇི་ལྟར་ཇི་ལྟར་གནས་ལུགས་དོན། །མཐོང་བའི་ངེས་ཤེས་ལྟ་བར་བརྗོད། །ལྟ་བས་ཇི་ལྟར་ཐག་བཅད་པ། །དེ་བཞིན་སྒོམ་དང་སྤྱོད་པས་སྐྱོང་། །ཐེག་པ་ལྟ་བའི་མཐོ་དམན་གྱིས། །འབྱེད་ཕྱིར་དགུར་མ་ངེས་ཤེས་ན། །ནང་པའི་གྲུབ་མཐའ་དམའ་ཤོས་ནས། །མཐར་ཕྱིན་རྡོ་རྗེ་རྩེ་མོའི་བར། །སྡེ་ཚན་དགུ་ཡི་གྲངས་སུ་ནི། །འཇོག་པའི་རྒྱུ་མཚན་ཡོད་ཕྱིར་ཏེ། །ཐེག་པ་མཐོ་དམན་མང་ཡོད་ཀྱང་། །གསུམ་སོགས་དགོས་པས་བཞག་བཞིན་ནོ། །དེས་ན་ནང་གི་ཡེ་ཤེས་སྟོབས། །ཇི་ལྟ་ཇི་ལྟར་སྟོབས་འཕེལ་བ། །དེ་ལྟ་དེ་ལྟར་སྣོད་བཅུད་རྣམས། །དག་དང་མ་དག་སོ་སོར་མཐོང་། །དེ་ཕྱིར་སྣང་སྟོང་དབྱེར་མེད་གཞི། །བདེན་གཉིས་དབྱེར་མེད་ཚུལ་གྱིས་རྟོགས། །ལམ་དེ་ཇི་བཞིན་གོམས་པ་ལས། །སྐུ་གཉིས་ཟུང་འཇུག་ཡེ་ཤེས་ཐོབ། ༈ །ཆུ་གཅིག་འགྲོ་བ་སོ་སོ་ལ། །མི་གཅིག་དངོས་པོར་སྣང་བའི་ཚེ། །ལ་ལས་ཐུན་མོང་བལྟ་བྱ་དེ། །ཆུ་ཡིན་དེ་མཐོང་ཡུལ་ཅན་རྣམས། །ཀུན་ཀྱང་ཚད་མ་ཡིན་ཞེས་ཟེར། །ཆུ་ལ་རང་བཞིན་འགའ་ཡོད་ན། །ཚད་མ་ཚད་མིན་མི་སྲིད་ཅིང་། །སོ་སོའི་ཡུལ་སྣང་ཐུན་མིན་ན། །ཀ་བུམ་མཐོང་བའི་བློ་བཞིན་དུ། །ཐུན་མོང་བལྟ་བྱ་མི་སྲིད་འགྱུར། །ལ་ལས་རླན་གཤེར་ཙམ་ཡིན་ཟེར། །ཐུན་མོང་སོ་སོར་རླན་གཤེར་ཙམ། །མ་ལོག་ཡོད་ན་རླན་གཤེར་ལ། །མི་གཅིག་མཐོང་སྣང་མང་བྱུང་ཞིང་། །གཅིག་མཐོང་གཅིག་ལ་མེད་པ་ཡི། །ཆུ་དང་རྣག་སོགས་གཞི་དེ་གང་། །གཞན་ཡང་ནམ་མཁའ་མཐའ་ཡས་པར། །རླན་གཤེར་གཞི་རུ་ག་ལ་འགྱུར། །རླན་གཤེར་ཆུ་དང་གཅིག་ཡིན་ན། །རྣག་སོགས་ཉིད་དུ་སྣང་མི་རུང་། །ཆུ་ལ་སོགས་ལས་ཐ་དད་དུ། །རླན་གཤེར་ཅི་ཡང་དམིགས་པ་མིན། །མི་གཅིག་མཐོང་སྣང་སོ་སོ་ལ། །ཐུན་མོང་བལྟ་བྱ་མི་སྲིད་ཅིང་། །ཐུན་མོང་མཐུན་པའི་དངོས་པོ་ལ། །སོ་སོར་སྣང་བ་མི་སྲིད་ཕྱིར། །ལྟོས་ནས་བཞག་པ་ཙམ་ཞིག་ལས། །དཔྱད་པའི་གཞི་ཞིག་ཁས་ལེན་ན། །གནས་ལུགས་ཡིན་པར་གྲུབ་དགོས་པས། །གང་ལྟར་བརྟགས་ཀྱང་མི་འཐད་ཉིད། །ཐུན་མོང་བལྟ་བྱ་མེད་གྱུར་ན། །སེམས་ཙམ་བཞིན་དུ་ཡུལ་མེད་པར། །ཤེས་ཉིད་ཡུལ་དུ་ཁས་ལེན་དགོས། །དེ་ནི་འཐད་པ་མ་ཡིན་ཏེ། །ཡུལ་མེད་བཞིན་དུ་འཛིན་པ་ཡང་། །དོན་ལ་མེད་པར་འདྲ་བ་ལ། །ཟུང་འཛིན་གཉིས་པོའང་ཀུན་རྫོབ་ཏུ། །སྣང་བར་མཉམ་ཕྱིར་གང་སྣང་བ། །དེ་ལ་བརྟགས་ནས་གཟུང་འཛིན་གཉིས། །ཡོད་མེད་ཕྱེ་བ་མི་འཐད་དེ། །ཡུལ་སྣང་ཡོད་ཀྱང་རྫུན་པ་ལྟར། །འཛིན་པ་སྣང་ཡང་མ་གྲུབ་ཕྱིར། །སྣང་ཙམ་ཐུན་མོང་བལྟ་བྱ་ནི། །མཐུན་པར་སྣང་དང་མི་སྣང་གཞིར། །ཡོད་པར་གྲུབ་ཕྱིར་དེ་མེད་པར། །མི་རུང་ཟློས་གར་མཐོང་སོགས་བཞིན། །ཡོད་ཙམ་འདི་ལས་མ་གཏོགས་པའི། །ཡོད་པ་གཞན་ནས་མི་སྲིད་པས། །འདི་མེད་ན་ནི་སྣང་བ་ཀུན། །མི་སྣང་ནམ་མཁའ་ལྟ་བུར་འགྱུར། །ཕྱི་དང་ནང་གི་རྐྱེན་གྱི་ནི། །དོན་དངོས་ཇི་བཞིན་མི་མཐོང་བ། །སྒྱུ་མའི་སྔགས་ཀྱིས་ཤིང་བུ་ལ། །རྟ་དང་གླང་པོར་སྣང་བ་བཞིན། །དེ་ཕྱིར་ཐུན་མོང་བལྟ་བྱ་ནི། །འདི་ཞེས་ངེས་པར་བཞག་མི་རུང་། །དེས་ན་རང་གི་ལུགས་ལ་ནི། །སྣང་སྟོང་རིས་སུ་མ་ཆད་པའི། །གཞི་ཉིད་ཅིར་ཡང་མ་གྲུབ་པ། །གང་སྣང་ཀུན་ལ་མཉམ་པའི་ཕྱིར། །དངོས་གཅིག་སྣ་ཚོགས་པར་ཡང་སྣང་། །གང་ལ་སྣང་སྟོང་རུང་བ་ན། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྣང་སྟོང་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། །འོ་ན་ཚད་མ་ཚད་མིན་གྱི། །རྣམ་དབྱེའང་འཐད་པ་མེད་ཅེ་ན། །གང་སྣང་དེ་ཉིད་གཞན་ཉིད་དུ། །མ་སྣང་དེ་ཕྱིར་ཚུལ་མཐོང་དེས། །གཞལ་བྱ་མི་གྲུབ་མ་ཡིན་ཏེ། །གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་པ། །གཅིག་དང་ཐ་དད་བྱར་རུང་བའི། །ཚད་མ་གྲུབ་པ་ཉིད་ཀྱི་ཕྱིར། །དེ་ཕྱིར་ལྟོས་ཏེ་ཚད་མ་ཉིད། །གྲུབ་ཀྱི་རང་དབང་ཆོས་རྣམས་ནི། །ཚད་མས་གྲུབ་པ་མ་ཡིན་ཏེ། །གྲུབ་ན་གནས་ལུགས་ཉིད་དུ་ཐལ། །ཆུ་གཅིག་པོ་ཡང་རང་འཛིན་གྱིས། །ཚད་མས་གྲུབ་ཀྱང་ལྟོས་མེད་དུ། །རང་དབང་ཁོ་ནས་གྲུབ་མིན་ཏེ། །དོན་དམ་དཔྱོད་པས་མི་གྲུབ་ཅིང་། །ཡི་དྭགས་ངོར་ཡང་གྲུབ་མི་འགྱུར། །རང་འཛིན་ཡུལ་ལ་མངོན་སུམ་དང་། །རྗེས་དཔག་ཚད་མས་ངེས་པ་ན། །དེ་ཡུལ་འཇུག་ལྡོག་མི་བསླུའི་ཕྱིར། །ཚད་མ་དོན་མེད་མ་ཡིན་ནོ། །དཔེར་ན་ཆུ་གཅིག་ལ་ཞེས་པ། །མི་ཡི་མཐོང་བ་ལ་ལྟོས་ནས། །བཞག་སྟེ་ལྷ་ལ་ལྟོས་ན་ནི། །བདུད་རྩི་གཅིག་ལ་བལྟ་གཞིར་འཛིན། །ཆུ་ལ་རྣག་ཆུ་བདུད་རྩི་རུ། །མཐོང་ཚེ་གསུམ་ཀ་ཚོགས་མིན་ལ། །དེ་གསུམ་གཅིག་ཀྱང་ཚད་མིན་ན། །དེ་ལས་དངོས་པོ་གཞན་ཞིག་ཏུ། །མཐོང་བ་ཚད་མས་སྒྲུབ་མི་ནུས། །མཐོང་དོན་གསུམ་ཀ་མེད་འགྱུར་བས། །མི་མཐོང་ཆུ་འདི་ཆུ་མིན་ན། །གཞན་ཞིག་ཆུ་རུ་མི་འཐད་པས། །ཆུ་ཞེས་བྱ་བ་གཏན་མེད་འགྱུར། །དེ་ལྟའི་ལུགས་ལའང་ཚད་མ་ཡི། །རྣམ་བཞག་འཐད་པར་མི་འགྱུར་རོ། །དེ་ཕྱིར་འཕྲལ་གྱི་འཁྲུལ་རྒྱུ་ཡིས། །མ་བསླད་དབང་པོའི་ཡུལ་དེ་ཉིད། །ཚད་མ་ཡིན་པར་བསྒྲུབ་དགོས་ཏེ། །ཆུ་དང་སྨིག་རྒྱུར་ཆུར་སྣང་བཞིན། །དེས་ན་གནས་སྐབས་ཡི་དྭགས་ཉིད། །ལས་ཀྱི་སྒྲིབ་པས་ཆུ་གཙང་མ། །རྣག་ཏུ་སྣང་ཡང་སྐྱོན་སོལ་ན། །ད་གདོད་ཆུ་རུ་སྣང་བའི་ཕྱིར། །ལྟོས་ནས་མིས་མཐོང་ཚད་མ་དང་། །གཞན་པ་རྐྱེན་གྱིས་བསྒྱུར་བའི་ཕྱིར། །རེ་ཞིག་ཆུ་ནི་ཚད་མར་བསྒྲུབས། །མཐར་ཐུག་རིག་པས་དཔྱད་པས་ན། ། དེ་ཀུན་བག་ཆགས་སྣང་བ་སྟེ། །གཞན་དུ་ཆུ་ཉིད་དག་པ་ཡི། །ཞིང་དང་སྐུ་ཡང་སྣང་བའི་ཕྱིར། །མི་ཡིས་མཐོང་བ་དེ་ཁོ་ན། །མཐའ་གཅིག་ཚད་མར་རུང་མ་ཡིན། །དེས་ན་སྒྲིབ་རྐྱེན་ཇེ་དག་པས། །མཐོང་བ་འོག་མ་ལ་ལྟོས་ནས། །གོང་མ་གོང་མ་ཚད་མ་རུ། །ཁས་བླང་བ་ནི་འཐད་པ་ཉིད། །མཐར་ཐུག་དེ་ཁོ་ན་ཉིད་ནི། །གཅིག་ལས་མེད་ཕྱིར་དེ་ཁོ་ན། །མཐོང་བའི་ཚད་མའང་གཅིག་ཡིན་ཏེ། །ཚད་མ་གཉིས་པ་མི་སྲིད་དོ། །གནས་ལུགས་བདེན་གཅིག་ཟུང་འཇུག་སྟེ། །ཚད་མ་རང་བྱུང་ཡེ་ཤེས་ཉིད། །སྤང་བྱ་མ་རིག་གཅིག་པུ་ལས། །མེད་ཕྱིར་རིག་དང་མ་རིག་ཙམ། །དེ་ཕྱིར་ཚད་མའི་ཚུལ་འདི་ཡིས། །སྣང་ཀུན་རང་བཞིན་ལྷར་སྒྲུབ་པ། །སྔ་འགྱུར་རིང་ལུགས་ཁོ་ན་སྟེ། །ཀུན་མཁྱེན་རོང་ཟོམ་པཎྜི་ཏའི། །ལེགས་བཤད་སེང་གེའི་ང་རོ་ཡིན། །གཞན་ན་ལུགས་འདི་ཚུལ་བཞིན་དུ། །སྨྲ་བ་མེད་པས་འདི་ཡི་ཐད། །གང་ལྟར་ཁས་བླང་འགལ་བར་མཐོང་། །དེ་ལ་ཐུན་མོངས་བལྟ་བྱ་དེ། །སྣང་སྟོང་རེ་རེ་མི་རུང་སྟེ། །གལ་ཏེ་སྟོང་པ་ཙམ་ཡིན་ན། །འགྲོ་བ་སུ་ཡང་རུང་ལ་ཡང་། །མཁའ་ཡང་བུམ་པར་སྣང་འགྱུར་ཞིང་། །བུམ་པ་མཁའ་ལྟར་སྣང་མི་འགྱུར། །སྣང་བ་དང་བྲལ་སྟོང་པ་ཙམ། །བལྟ་བྱར་རུང་ན་ཅི་མི་སྣང་། །དངོས་རྣམས་རྟག་ཏུ་ཡོད་པའམ། །མེད་པར་ཐལ་ཏེ་རྒྱུ་མེད་ལ། །ཇི་སྐད་བརྗོད་ཀུན་འདི་ལ་མཚུངས། །སྟོང་པའི་གནས་སྐབས་ཡིན་བཞིན་དུ། །སྣང་མེད་དེ་གཉིས་འགལ་བའི་ཕྱིར། །མ་སྟོང་པ་ཞིག་ཡོད་ན་ནི། །སྟོང་ཙམ་སྣང་གཞིར་བཞག་དང་འགལ། །འོ་ན་ཁྱོད་ཀྱི་གོང་དུ་ནི། །སྟོང་སྣང་མི་འགལ་ཅི་ཞེ་ན། །འདིར་ནི་མཐོང་དོན་ཐ་སྙད་པའི། །ཚད་མའི་རྣམ་བཞག་སྐབས་ཡིན་པས། །དེའི་ངོར་ཡོད་མེད་འགལ་བ་སྟེ། །དངོས་གཅིག་སྟེང་གི་བདེན་པ་གཉིས། །མི་འགལ་ཡེ་ཤེས་ཡུལ་ཡིན་ཕྱིར། །གལ་ཏེ་སྟོང་པ་དང་བྲལ་བའི། །སྣང་ཙམ་སྣང་གཞིར་མི་རུང་སྟེ། །སྣང་དེ་གང་ལྟར་སྣང་བ་ཡིན། །འདི་ཞེས་རིས་སུ་མ་ཆད་པའི། །སྣང་བ་བསམ་པར་མི་ནུས་ཕྱིར། །སྣང་གཞིར་འགྲུབ་པ་མ་ཡིན་ཏེ། །ཤེས་བྱེད་ཚད་མས་མ་མཐོང་བཞིན། །ཡོད་ཅེས་དམ་བཅའ་ཙམ་དུ་ཟད། །གང་སྣང་རིས་སུ་ཆད་གྱུར་ན། །དེ་ལས་གཞན་དུ་སྣང་མི་རུང་། །མི་སྟོང་སྣང་བ་ཡིན་ཕྱིར་ཡང་། །དེ་ཉིད་རིགས་པས་དཔྱད་བཟོད་འགྱུར། །ཆུ་རྣག་བདུད་རྩི་སོགས་ཀྱི་གཞི། །དེ་གསུམ་གང་ཡིན་ཀྱང་འགལ་ཏེ། །གལ་ཏེ་ཆུ་དེ་རྣག་ཡིན་ན། །ཆུ་རུ་སྣང་བ་ཇི་ལྟར་འགྱུར། །གལ་ཏེ་རྣག་མིན་ཆུ་ཡིན་ན། །རྣག་སོགས་གཞན་དུ་ཅི་ལ་སྣང་། །ཡི་དྭགས་ཡུལ་དུ་སྣང་དེ་ཡང་། །ཆུ་ཡིན་ཞེ་ན་རྣག་སྣང་ཡང་། །མེད་པར་ཁས་བླང་ཉིད་དུ་ཐལ། །གང་ཕྱིར་རང་ལ་སྣང་དེ་ལས། །སྣང་གཞི་ལོགས་སུ་ཡོད་མིན་ཏེ། །ཡོད་ན་ཐ་དད་དུ་འགྱུར་ཕྱིར། །ཀ་བུམ་གཅིག་གཞི་གཅིག་མིན་བཞིན། །དེས་ན་སྣང་སྟོང་ཟུང་འཇུག་གམ། །བདེན་སྟོང་སྣང་བ་ཙམ་ཞིག་དེ། །རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཡི། །ཟུང་འཇུག་རོ་མཉམ་ཆེན་པོ་རུ། །ཆོས་ཀུན་གདོད་ནས་མཉམ་པའི་ཕྱིར། །མཉམ་ཉིད་རྫོགས་པ་ཆེན་པོ་རུ། །གྲུབ་དོན་གཏན་ལ་ཕབ་བྱས་ནས། །ཚུལ་དེ་གོམས་པའི་ལམ་གྱི་སྐབས། །དག་པའི་གཟིགས་པ་ལ་བརྟེན་ནས། །མ་དག་སྣང་བ་རང་གྲོལ་བའི། །སྣང་སྲིད་དག་པའི་ཆོས་སྐུ་ཞེས། །ཡིད་ཆེས་རྡོ་རྗེའི་ལུང་དོན་འབྱོར། །ངེས་ན་སྒྱུ་འཕྲུལ་དྲྭ་བ་ལས། །ཕུང་ལྔ་སྒྱུ་མ་ལྟ་བུ་ཡི། །སྣང་བ་རིས་སུ་མ་ཆད་པ། །དེ་ཉིད་དག་པའི་ལྷ་སྣང་ཞེས། །དགོངས་པའི་དོན་ལ་ཡིད་ཆེས་ཉིད། །འདི་ལྟར་རྣག་འཛིན་ལས་ཟློག་ཚེ། །འཁྲུལ་བར་རྟོགས་ཤིང་དེ་གོམས་པས། །དེ་ལ་ཆུ་རུ་སྣང་བ་ཉིད། །དག་པའི་རྒྱལ་སྲས་ཆེན་པོ་ཡིས། །ཆུ་ཡི་རྡུལ་རེར་གྲངས་མེད་ཞིང་། །མཐོང་ཞིང་ཆུ་དེ་མཱ་མ་ཀིར། །མངོན་སུམ་སྣང་བ་ཉིད་དུ་འགྱུར། །མཐར་ཐུག་སྒྲིབ་གཉིས་སྤང་བའི་སར། །ཟུང་འཇུག་རོ་མཉམ་ཆེན་པོར་གཟིགས། །དེ་ཕྱིར་དག་པའི་གཟིགས་པ་ནི། །སྒྲིབ་པ་མ་ལུས་སྤངས་པའི་ཕྱིར། །དངོས་པོའི་གནས་ཚུལ་མ་ནོར་པ། །དེ་ཡིས་མཐོང་བ་ཁོ་ན་ལས། །གཞན་དུ་ཡོད་པ་མ་ཡིན་ན། །དེ་ཉིད་མཐར་ཐུག་ཚད་མ་རུ། །བཟུང་སྟེ་འ དི་ཀུན་གདོད་ནས་ཀྱང་། །དག་པའི་ཆོས་སྐུར་གནས་སོ་ཞེས། །དམ་བཅའ་གྲུབ་པའི་རྩེ་མོ་རུ། །རིགས་པའི་མིག་ལྡན་རྣམས་ལ་གྲུབ། །དེ་ལྟ་ན་ཡང་ཐེག་པ་དེ། །ངོ་མཚར་འོད་ཟེར་སྟོང་མངའ་བས། །དམན་པའི་ཡིད་ཅན་འབྱུང་པོའི་བྱ། །ཕལ་ཆེར་ལོང་བ་ལྟ་བུར་གྱུར། །དེ་ལ་མཐར་ཐུག་མཉམ་ཉིད་དབྱིངས། །ལྷ་སྣང་ཁོ་ནར་སྣང་ངོ་ཞེས། །ཕྱོགས་གཅིག་སྒྲུབ་པར་མི་ནུས་ཀྱང་། །རང་བཞིན་གདོད་ནས་དག་པ་ཡི། །དབྱིངས་དང་སྣང་ཆ་ཡེ་ཤེས་སྐུ། །འདུ་འབྲལ་མེད་ཕྱིར་སྣང་བའི་ཆ། །གདོད་ནས་ལྷ་རུ་དག་པ་ལ། །གནས་ལུགས་དཔྱད་པས་ཀྱང་མི་གནོད། །གང་ཕྱིར་སྒྲིབ་གཉིས་སྤངས་པ་ཡི། །སྣང་སྟོང་ཟུང་འཇུག་དབྱིངས་དེ་ནི། །མཐར་ཐུག་དེ་ཁོ་ན་ཉིད་ཡིན། །དེ་ལས་གཞན་དུ་གང་ལྟར་དུ། །རྟོགས་ཀྱང་མཐར་ཐུག་དོན་མིན་ཏེ། །སྒྲིབ་གཉིས་ཟད་པར་མ་སྤངས་པས། །གནས་སྣང་རྣམ་ཀུན་མི་མཐུན་ཕྱིར། །གནས་སྐབས་ལམ་གྱི་སྣང་བ་ལ། །མིག་སྐྱོན་དག་པའི་རབ་རིབ་བཞིན། །ཡུལ་ཅན་དྲི་མས་དག་པ་ལས། །ཡུལ་ཀྱང་དེ་བཞིན་དག་མཐོང་སྟེ། །ཡུལ་ཅན་དག་ཀྱང་ལོགས་ཤིག་ན། །ཡུལ་དེ་མ་དག་མེད་པའི་ཕྱིར། །དེ་ལྟ་ན་ཡང་གང་ཟག་གཅིག །འཚང་རྒྱ་དེ་ཚེ་མ་དག་དངོས། །གཞན་ལ་མི་སྣང་མི་འགྱུར་ཏེ། །རང་སྣང་སྒྲིབ་པས་རང་བསྒྲིབས་ཕྱིར། །དེས་ན་ཡུལ་དང་ཡུལ་ཅན་རྣམས། །རང་བཞིན་གདོད་ནས་དག་ན་ཡང་། །གློ་བུར་དྲི་མས་བསྒྲིབས་པའི་ཕྱིར། །དྲི་མ་སྦྱང་ལ་འབད་པར་བྱ། །སྦྱང་བྱའི་དྲི་མ་རྣམས་ཀྱང་ནི། །རང་གི་ངོ་བོས་དག་པ་ལས། །ལོགས་ཤིག་མ་དག་པ་མིན་པས། །རང་བཞིན་འོད་གསལ་མཉམ་པ་ཉིད། །དེ་ལྟར་སྣང་ཚུལ་སྣ་ཚོགས་པ། །མ་རྟོགས་དུས་ན་སོ་སོར་འཛིན། །བྱིས་པ་གང་ལ་སེམས་ཆགས་པ། །དེ་ནི་བྱིས་པ་རྨོངས་པ་སྟེ། །རྨོངས་པ་དེ་ཡིས་འཆིང་བར་བྱེད། །རྟོགས་ན་ཀུན་ཀྱང་རོ་མཉམ་གྱི། །ངང་དུ་འབྲས་བུའི་བཙན་ས་ཟིན། །དུས་གསུམ་དུས་མེད་གཉུག་མའི་ཀློང་། །རང་བྱུང་ཡེ་ཤེས་རྒྱལ་བར་འགྱུར། །དག་མཉམ་ཆེན་པོ་ཁས་ལེན་པའི། །ཚུལ་འདི་ལེགས་པར་གྲུབ་པ་སྟེ། །སྣང་སྟོང་ཅིར་ཡང་མ་གྲུབ་པས། །ཅིར་ཡང་རུང་ལ་ཅིར་ཡང་སྣང་། །དེ་ལས་གཞན་དུ་གང་བཏགས་པ། །ཅིར་ཡང་མི་རུང་ཅིར་མི་སྣང་། །ཚུལ་འདིའི་ཡིད་ཆེས་རྙེད་པའི་སྒོ། །སྟོང་དང་རྟེན་འབྱུང་ལམ་ཡིན་ཏེ། །སྣང་སྟོང་འདི་ལ་ངེས་ཤེས་ན། །བྲི་གང་བྲལ་བའི་དཀྱིལ་འཁོར་དུ། །སྲིད་པ་སྟོང་དང་མི་སྟོང་སོགས། །ཆོས་ཉིད་བསམ་གྱིས་མི་ཁྱབ་ལ། །ཟབ་མོའི་བཟོད་པ་ཁོང་ནས་སྐྱེ། །རྡུལ་གཅིག་ཁྱོན་ལ་རྡུལ་སྙེད་ཞིང་། །མཐོང་ཞིང་སྐད་ཅིག་ཡུན་ལ་ཡང་། །བསྐལ་བར་སྣང་སྟེ་དངོས་པོ་རྣམས། །བདེན་སྟོང་སྒྱུ་མའི་ངེས་ཤེས་ཀྱིས། །སངས་རྒྱས་སྤྱོད་ཡུལ་ཉིད་ལ་འཇུག །དེ་ཕྱིར་རང་སྣང་རིས་མེད་དང་། །རྒྱ་ཆད་ཕྱོགས་ལྷུང་བྲལ་བ་དང་། །གཞི་དབྱིངས་བསམ་གྱིས་མི་ཁྱབ་དང་། །ཆོས་ཉིད་ཅིར་ཡང་མ་གྲུབ་དང་། །སྣང་སྟོང་ཟུང་དུ་འཇུག་པ་སོགས། །གྲུབ་མཐའི་ཆོས་སྐད་ཙམ་འདིའི་དོན། །ལོ་བརྒྱར་བསྒྲིམས་ཏེ་བསམ་བྱས་ཀྱང་། །སྔོན་གོམས་སྨིན་པའི་རྒྱུ་མེད་ན། །བློ་ཆེན་སྦྱངས་པ་མི་དམན་མོད། །ཐུགས་སུ་ཆུད་པ་མ་ཡིན་ནོ། །དེ་ཕྱིར་གྲུབ་མཐའ་མཐའ་དག་གི །གཏིང་ཕུག་གང་དུ་གཞོལ་བ་ཡི། །བརྒྱ་ཕྲག་ཆོས་ཀྱི་ལེགས་བཤད་ཀླུང་། །འབབ་པའི་མཚོ་ཆེན་འདི་རྨད་བྱུང་། །སྣང་ཚུལ་གཞན་རྣམས་མ་ངེས་ཤིང་། །འགྱུར་བ་དག་དང་བཅས་ཏེ་སྣང་། །མཐར་ཕྱིན་ཟུང་འཇུག་ཡེ་ཤེས་ནི། །བསླུ་མེད་དོན་གཟིགས་འགྱུར་བ་མེད། ༈ །སྤྲོས་བྲལ་དབུ་མ་ཆེན་པོ་ལ། །ཁས་ལེན་ཡོད་མེད་དཔྱད་པའི་ཚེ། །སྔ་རབས་པ་རྣམས་མགྲིན་གཅིག་ཏུ། །དབུ་མའི་རང་ལུགས་ཡིན་མིན་དང་། །ཡོད་མེད་ལ་སོགས་ཅིར་ཡང་ནི། །མེད་ཕྱིར་ཁས་ལེན་མེད་པར་འདོད། །རང་གཞུང་རྣམས་ལས་ལམ་འབྲས་དང་། །རྟེན་འབྱུང་གྲུབ་མཐའི་རྣམ་བཞག་ཀུན། །ཁས་བླང་རང་ལུགས་ཡོད་བཞིན་དུ། །ཐ་སྙད་ཐམས་ཅད་གཞན་ངོ་ལ། །སྐྱེལ་བ་ཚིག་དོན་གཉིས་ཀར་འགལ། །ཀློང་ཆེན་རབ་འབྱམས་འདི་སྐད་དུ། །དབུ་མར་ཁས་ལེན་ཡོད་མེད་ལ། །སྔ་རབས་པ་རྣམས་ཕྱོགས་རེར་འཛིན། །ལུགས་རེར་སྐྱོན་ཡོན་གཉིས་རེ་གནས། །དེས་ན་རང་གིས་བཞེད་པ་ལ། །དོན་དམ་གནས་ལུགས་གཞལ་བའི་ཚེ། །གཤིས་ལ་ཅིར་ཡང་མ་གྲུབ་ལྟར། །ཁས་ཀྱང་ཅི་ཞིག་ལེན་པར་བྱེད། །དེ་ཕྱིར་གྲུབ་མཐའ་གནས་ལུགས་ཀྱི། །ཁས་ལེན་ཡིན་ཕྱིར་རྩོད་སོགས་ཚེ། །གཤིས་བཞིན་ཁས་ལེན་ཅི་ཡང་མེད། །རྗེས་ཐོབ་ལམ་འབྲས་གྲུབ་པའི་མཐའ། །ཇི་ལྟར་ཇི་སྙེད་རྣམ་བཞག་རྣམས། །མ་འདྲེས་སོ་སོར་ཁས་ལེན་འདོད། །ཕྱིན་ཆད་ཚུལ་འདི་སྨྲ་ཤེས་ན། །ཁོ་བོའི་ལེགས་བཤད་མཐུ་ཡིན་གསུངས། །དེར་བརྟེན་གངས་ཅན་མཁས་པ་འགས། །རང་ལུགས་ཁས་ལེན་ཡོད་པའི་ཕྱོགས། །ཁོ་ན་ཡང་ཡང་ཆེས་ཆེར་བསྒྲུབས། །དེ་ཡང་སྐབས་ཤན་མ་ཕྱེས་ན། །གཤིས་དོན་ཅིར་ཡང་མ་གྲུབ་ཕྱིར། །མཐའ་གཅིག་ཁས་ལེན་ཡོད་པའང་དཀའ། །དབུ་མ་རང་གི་ལུགས་ཞེས་པ། །དབུ་མའི་གྲུབ་མཐའ་མཐར་ཐུག་དོན། །ཇི་ལྟར་གཞལ་ཉིད་ཡིན་དགོས་ཏེ། །དེ་ལས་གཞན་པ་རང་ལུགས་མིན། །ཅི་སླད་དབུ་མ་རང་གིས་ནི། །གཞལ་ན་དེ་མ་གྲུབ་ཕྱིར་རོ། །དེས་ན་དེས་ཁས་བླངས་ཡིན་ན། །རང་དབང་དཔྱད་ནས་ཁས་བླང་བར། །རིགས་པས་འཕུལ་ནུས་ཉིད་ཀྱི་ཕྱིར། །ཁས་བླངས་པ་དེ་དོན་དམ་པར། །གྲུབ་ཅིང་དཔྱད་བཟོད་ཉིད་དུ་འགྱུར། །རང་ལུགས་ཁས་ལེན་མ་ཡིན་ན། །རང་ལ་ཁས་ལེན་ཡོད་པ་འགལ། །རང་ལ་དཔྱད་དང་མ་དཔྱད་པའི། །ཁས་ལེན་གཉིས་ནི་ཡོད་གྱུར་ཅིང་། །གཉིས་ཀ་ངེས་པར་བདེན་གྱུར་ན། །རང་ལུགས་ཞེས་པ་དེ་གཉིས་པོ། །རེ་རེ་ཡིན་ནམ་གཉིས་ཀ་ཡིན། །རེ་རེ་ཡིན་ན་གཅིག་ཤོས་འགལ། །ཡོད་པ་ཁས་བླངས་མ་ཡིན་ལ། །མེད་པར་ཁས་ནི་བླངས་གྱུར་ན། །ཡོད་ཅེས་བྱ་བའི་ཁས་ལེན་ནི། །ཀུན་རྫོབ་ཏུ་ཡང་མི་རུང་སྟེ། །མེད་པ་ཁོ་ན་ཁས་བླང་ཕྱིར། །གཉིས་ཀར་རང་གི་ཁས་བླངས་ན། །དཔྱད་མི་བཟོད་པ་བསལ་ནས་སུ། །རིགས་པས་གནོད་མེད་ཁས་ལེན་པ། །མིན་ཕྱིར་གཉིས་ཀ་དཔྱད་བཟོད་འགྱུར། །དེ་ལྟ་ན་ཡང་དེ་གཉིས་པོ། །ཚོགས་པ་སྲིད་པ་མ་ཡིན་ཏེ། །ཚོགས་ན་དཔྱད་པས་རྟོགས་ན་ཡང་། །མ་དཔྱད་དུས་བཞིན་ཡོད་རྟོག་ཉིད། །ཡོད་ཕྱིར་དཔྱད་པས་ཅི་ཞིག་ཕན། །ཀུན་རྫོབ་དཔྱད་གྲུབ་རིགས་མ་ཡིན། །དགག་བྱ་བཅད་པའི་མེད་དགག་ལས། །ལྷག་པའི་གནས་ལུགས་མེད་གྱུར་ན། །འཛིན་སྟངས་དེ་ལ་སྣང་བའི་ཆ། །སྐབས་མི་ཐོབ་ཕྱིར་མཐའ་གཅིག་ཏུ། །ལྟ་སྒོམ་སྤྱོད་པའི་སྐབས་ཀུན་ཀྱང་། །མེད་པར་ལྟ་བའི་ཡིད་ཅན་དུ། །ཅི་ཕྱིར་མི་འགྱུར་གནས་ལུགས་དང་། །རྗེས་མཐུན་ནམ་ཡང་གོམས་དགོས་ཕྱིར། །དེས་ན་ཀུན་མཁྱེན་བཞེད་པ་བཞིན། །རང་ལུགས་འདི་ལྟར་ཤེས་པར་བྱ། །དབུ་མ་མཚན་ཉིད་པ་ཡིན་ན། །ཟུང་འཇུག་དབུ་མ་ཆེན་པོའམ། །སྤྲོས་བྲལ་དབུ་མ་ཡིན་དགོས་ཏེ། །འཕགས་པའི་མཉམ་བཞག་ཡེ་ཤེས་དང་། །རྗེས་སུ་མཐུན་པར་གཏན་ཕབས་ནས། །ཡོད་མེད་ལ་སོགས་མཐའ་རྣམས་ཀུན། །ཉེར་ཞིའི་རང་བཞིན་ཡིན་ཕྱིར་རོ། །སྟོང་པ་འབའ་ཞིག་ཡུལ་བྱེད་པའི། །ལམ་དེ་བདེན་གཉིས་ཕྱོགས་གཅིག་ལ། །ལྟུང་ཕྱིར་ཉི་ཚེའི་ལྟ་བ་དེ། །ཟུང་འཇུག་དང་ནི་སྤྲོས་བྲལ་མིན། །ཟུང་འཇུག་ཡོད་དང་མེད་པའམ། །སྣང་དང་སྟོང་པ་མཉམ་ཉིད་ཀྱང་། །འདི་ནི་དོན་དམ་སྟོང་པའི་དབྱིངས། །འབའ་ཞིག་ཡུལ་ཅན་ཡིན་ཕྱིར་རོ། །སྤྲོས་པ་ཡོད་མེད་ལ་སོགས་པའི། །དམིགས་པའི་རྣམ་པ་ཐམས་ཅད་དེ། །འདི་ནི་མེད་པའི་སྤྲོས་པ་དང་། །མ་བྲལ་དེ་ལ་དམིགས་པའི་ཕྱིར། །དེས་ན་དབུ་མ་ཆེན་པོའི་ངོར། །ཁས་ལེན་ཅི་ཡང་ཡོད་མིན་ཏེ། །དེ་ཡིས་སྣང་སྟོང་མཉམ་ཉིད་དུ། །རྟོགས་སླད་ཡོད་མེད་ཡིན་མིན་སོགས། །དགག་སྒྲུབ་སྤྲོས་ཀུན་བྲལ་བས་ན། །གནས་ལུགས་དོན་བཞིན་ཆོས་ཀུན་ཀྱང་། །ཁས་བླང་རིགས་པས་མི་གྲུབ་ཕྱིར། །གང་དུ་ཁས་ནི་ལེན་མི་བྱེད། །དེ་ལྟར་གནས་ལུགས་མཐར་ཐུག་དོན། །ཁས་ལེན་མེད་ཀྱང་སྣང་ཚུལ་ལ། །ཐ་སྙད་བདེན་གཉིས་སོ་སོར་ཡང་། །ཁས་བླང་ཡོད་དེ་དེ་གཉིས་ཀྱང་། །བདེན་གཉིས་དབྱེར་མེད་གནས་ལུགས་ལ། །ལྟོས་ན་སོ་སོའི་སྣང་ཚུལ་ཙམ། །དབྱེར་མེད་དོན་མཐོང་ཡེ་ཤེས་ལ། །ལྟོས་ན་ཚད་མ་གཉིས་པོ་ཡང་། །ཉི་ཚེའི་གནས་ཡིན་དེ་གཅིག་གིས། །བདེན་གཉིས་འཛིན་པ་མི་སྲིད་ཕྱིར། །དེས་ན་ཐ་སྙད་དོན་དམ་གྱི། །ཚད་མ་གཉིས་པོ་ཤེས་རབ་སྟེ། །བུམ་སོགས་དེ་གཉིས་ཀྱིས་གཞལ་ན། །ངོ་བོ་གཉིས་ནི་རྙེད་ན་ཡང་། །གཅིག་ཚེ་གཅིག་ནི་ཡོད་མིན་པས། །སོ་སྐྱེའི་བློ་ལ་བདེན་པ་གཉིས། །རེས་འཇོག་ཚུལ་ལས་མི་སྣང་ཕྱིར། །སོ་སོ་གཞལ་བའི་ཁས་ལེན་གཉིས། །ཡོད་པ་ཉིད་དུ་གྲུབ་པ་ཡིན། །འོ་ན་ཁས་ལེན་ཡོད་མེད་དང་། །བདེན་གཉིས་ཁས་ལེན་ནང་འགལ་ཚུལ། །གོང་དུ་གཞན་ལ་ཇི་བརྗོད་པ། །རང་ལའང་མཚུངས་པར་ཐལ་ཞེ་ན། །ངེད་ཀྱིས་ཁྱད་པར་ཕྱེས་ནས་སུ། །ཤན་འབྱེད་ལམ་གྱི་དབུ་མ་དང་། །དངོས་གཞི་མཉམ་བཞག་དབུ་མ་གཉིས། །རགས་དང་ཕྲ་བའམ་རྒྱུ་འབྲས་སམ། །རྣམ་ཤེས་ཡེ་ཤེས་གནས་སྐབས་ཀྱི། །དབུ་མ་ཆེ་ཆུང་ཁྱད་ཕྱེས་ནས། །བཤད་ཕྱིར་སྐྱོན་དེ་ག་ལ་འཇུག །དེས་ན་དབུ་མ་ཆེན་པོ་ལ། །ཁས་ལེན་མེད་པ་རང་གི་ལུགས། །མཐར་ཐུག་དེ་ཡིན་རྗེས་ཐོབ་ལ། །བདེན་གཉིས་སོ་སོར་སྣང་བའི་ཚེ། །བདེན་གཉིས་སོ་སོའི་ཚད་མ་ཡིས། །གཞལ་བའི་དགག་སྒྲུབ་ཐམས་ཅད་ཀྱང་། །ལོག་རྟོག་རེ་རེ་དགག་པའི་ཆེད། །ཡིན་གྱི་གཤིས་ལ་དགག་སྒྲུབ་ཏུ། །ཁས་བླང་གང་ཡང་མེད་པའི་ཕྱིར། །གཤིས་ལ་བདེན་པ་གཉིས་པོ་ཡང་། །རིས་སུ་ཆད་པ་ཡོད་མེད་པས། །ཁས་ལེན་གཉིས་པོ་གང་ལྟར་ཡང་། །བདེན་པར་གྲུབ་པ་མེད་པའི་ཕྱིར། །གཉིས་ཀར་ཡང་ནི་ཁས་བླངས་ཀྱང་། །སྣང་ཚུལ་ཙམ་གྱི་དབང་ཕྱིར་དང་། །གནས་སྐབས་གཉིས་ཀ་སོ་སོ་ན། །བདེན་དེ་འགལ་བ་མེད་པའི་ཕྱིར། །དཔྱད་བཟོད་ལ་སོགས་སྐྱོན་མི་འབབ། །དངོས་པོའང་དཔྱད་པར་མི་བཟོད་དེ། །དངོས་མེད་ཀྱང་ནི་དཔྱད་མི་བཟོད། །མཐར་ཐུག་གཉིས་ཀ་མཚུངས་པ་ལ། །གནས་སྐབས་ལྟོས་ཏེ་བཏགས་པ་ཙམ། །མ་བརྟགས་གྲགས་པས་ཡོད་ཙམ་དེ། །སྣང་ཚུལ་ཡིན་གྱིས་གནས་ཚུལ་མིན། །བདེན་མེད་དཔྱོད་པའི་རིག་ཤེས་ཀྱིས། །མཐོང་བ་གནས་ཚུལ་དོན་དམ་འདོད། །དེ་ཡང་ཀུན་རྫོབ་ལ་ལྟོས་པའི། །དོན་དམ་ཡིན་གྱི་མཐར་ཐུག་ལ། །ལྟོས་ན་དོན་དམ་རྣམ་གྲངས་ཙམ། །གནས་སྣང་ཕན་ཚུན་འགལ་བ་ན། །བདེན་གཉིས་ཐ་དད་སྐྱོན་བཞི་འབབ། །གནས་སྣང་ཕན་ཚུན་གཞན་མིན་ན། །བདེན་གཉིས་གཅིག་པའི་སྐྱོན་བཞིས་གནོད། །ཚུལ་དེས་སངས་རྒྱས་སེམས་ཅན་ཀྱང་། །གནས་ཚུལ་སྣང་ཚུལ་ཙམ་ཡིན་གྱི། །རྒྱུ་འབྲས་ཉིད་དུ་འདོད་པ་ནི། །ཐེག་པ་ཆུང་ངུར་ཤེས་པར་བྱ། །གནས་སྣང་གཅིག་དང་ཐ་དད་དུ། །ཁས་བླངས་མེད་ཕྱིར་སེམས་ཅན་ནི། །སངས་རྒྱས་ཡིན་ན་སྣང་རུང་དང་། །ལམ་དང་སྒྲུབ་པ་དོན་མེད་དང་། །རྒྱུ་ལ་འབྲས་གནས་ཁས་ལེན་སོགས། །རིགས་པས་གནོད་པ་རྣམ་ཀུན་མེད། །གནས་ཚུལ་གང་ཡིན་སྒྲིབ་པ་ཡིས། །བསྒྲིབས་ཕྱིར་ཉེ་བར་མི་སྣང་བས། །ལམ་ལ་འབད་པར་བྱེད་པ་ནི། །རང་གཞན་གཉིས་ཀས་འདོད་པ་ཉིད། །བདེན་གཉིས་འགལ་བ་མེད་པའི་ཕྱིར། །ཡོད་དང་མེད་ཅེས་ལྟ་བ་ཡི། །ཁས་ལེན་གཉིས་པོའང་ཇི་ལྟར་འགལ། །ཕན་ཚུན་གཅིག་པའང་མིན་པའི་ཕྱིར། །ཁས་བླང་གཉིས་ཀྱི་རྣམ་པར་བཞག །དེ་ཕྱིར་ཇི་སྲིད་བདེན་པ་གཉིས། །སོ་སོར་སྣང་བ་དང་བཅས་པའི། །སེམས་ཀྱི་འཇུག་པ་ཡོད་ཀྱི་བར། །དེ་གཉིས་རྣམ་ཀུན་སྟོབས་མཚུངས་པས། །མཐའ་གཅིག་ཁས་ལེན་ཡོད་མིན་ཏེ། །མེད་ཅེས་བདེན་སྟོང་ངེས་པ་དང་། །ཡོད་ཅེས་སྣང་ཆ་ངེས་པ་གཉིས། །རེས་འཇོག་ཚད་མ་གཉིས་ཀྱིས་ནི། །གཞལ་ཚེ་སོ་སོས་རྙེད་དོན་ནམ། །མཐོང་དོན་བདེན་པ་གཉིས་ཞེས་བརྗོད། །དེ་གཉིས་གཅིག་དང་ཐ་དད་པ། །མིན་ཕྱིར་དེ་གཉིས་མཐའ་གཅིག་ཏུ། །གཅིག་སྤང་གཅིག་ནི་བཟུང་མི་རུང་། །དེ་གཉིས་ལ་དཔྱོད་ཤེས་རབ་ཀྱིས། །ཁས་ལེན་སོ་སོར་ཕྱེ་སྟེ་དཔེར། །མཐར་ཐུག་ཆོས་སྐུ་འཐོབ་པའི་ཚེ། །སེམས་དང་སེམས་བྱུང་མ་ལུས་པ། །ཐ་སྙད་དབང་དུ་འགག་ཅེས་བྱ། །དམ་པའི་དོན་དུ་འགག་པའང་མེད། །མདོ་དང་བསྟན་བཅོས་གཞུང་ཀུན་ན། །དགག་སྒྲུབ་རྣམ་པ་ཇི་སྙེད་པ། །ལ་ལ་དོན་དམ་ཁས་ལེན་ཏེ། །ལ་ལ་ཀུན་རྫོབ་དབང་དུ་གསུངས། །དོན་དམ་ཁོ་ནའི་དབང་དུ་ན། །ལམ་དང་སངས་རྒྱས་སེམས་ཅན་སོགས། །མེད་ཅེས་སྨྲ་བར་རུང་མོད་ཀྱི། །ཀུན་རྫོབ་ཉིད་ལ་ལྟོས་མེད་དུ། །དེ་གཅིག་ཁོ་ནར་མི་འགྱུར་ཏེ། །མེད་ཀྱང་འཁོར་འདས་སྣང་ཆ་ཀུན། །སྣང་བར་མངོན་སུམ་གྲུབ་པའི་ཕྱིར། །ཐ་སྙད་ཚད་མའི་དབང་བྱས་ནས། །ལམ་དང་སངས་རྒྱས་སེམས་ཅན་སོགས། །ཡོད་ཅེས་བརྗོད་པར་རིགས་མོད་ཀྱི། །དོན་དམ་ཉིད་ལ་ལྟོས་མེད་དུ། །དེ་གཅིག་ཁོ་ནར་མི་འགྱུར་ཏེ། །ཡོད་ཀྱང་དེ་ལྟར་མ་གྲུབ་པར། །དཔྱད་པ་ཚད་མས་ངེས་པའི་ཕྱིར། །དེས་ན་དེ་གཉིས་ནམ་དུ་ཡང་། །གཅིག་མེད་གཅིག་ཡོད་སྲིད་མ་ཡིན། །གཉིས་ཀ་སྟོབས་མཚུངས་བདེན་གྱུར་ཚེ། །དངོས་པོ་མི་སྟོང་འགྱུར་ཞེ་ན། །གཉིས་ཀའང་རང་བཞིན་མ་གྲུབ་དང་། །ཡུལ་གཉིས་དོན་གྱིས་ཐ་དད་པ། །མ་ཡིན་སྣང་བ་དེའི་ངོ་བོ། །སྟོང་ཕྱིར་མི་སྟོང་ག་ལ་ཡིན། །གཉིས་ཀ་མཚུངས་བར་སྣང་དེའི་ཕྱིར། །སྟོང་པར་གྲུབ་སྟེ་སྣང་མེད་ན། །སྟོང་པའང་ཅི་ཡིས་ཤེས་པར་འགྱུར། །དེས་ན་གཉིས་ཀ་མི་འགལ་བར། །ཕན་ཚུན་རྒྱུ་འབྲས་སུ་འཆར་ཞིང་། །གཅིག་ཡོད་གཅིག་ལ་ངེས་ཤེས་ན། །ནམ་ཡང་འདུ་འབྲལ་མེད་པའམ། །གང་ལ་གང་གིས་མ་ཁྱབ་པ། །མེད་ཕྱིར་གང་ལྟར་གཞལ་ཀྱང་བདེན། །སྣང་བ་སྟོང་པར་ཤེས་པ་ཡིས། །སྣང་བ་བདེན་པ་མེད་པར་རྟོགས། །སྟོང་པ་སྣང་བར་ཤེས་ན་ཡང་། །སྟོང་པ་བདེན་པར་ཡོད་མི་རྟོགས། །དེ་ཕྱིར་འདུ་འབྲལ་མེད་མཐོང་ཚེ། །བདེན་པར་ནམ་ཡང་སླར་མི་ལྡོག །གང་སྣང་དེ་ཡི་གནས་ལུགས་ནི། །སྟོང་པ་ཡིན་ཕྱིར་འདུ་འབྲལ་མེད། །སྣང་བ་སྤང་བའི་ཕ་རོལ་ཏུ། །སྟོང་པ་ཡན་གར་མི་འགྲུབ་ཕྱིར། །དེས་ན་ཇི་སྲིད་རེས་འཇོག་གིས། །བདེན་གཉིས་བསྒོམ་པ་ཤེས་རབ་སྟེ། །གཉིས་སྣང་འཁོར་བའི་སྐབས་འདི་ན། །སེམས་དང་སེམས་བྱུང་གཡོ་བ་ཡིས། །ཡེ་ཤེས་ཉེ་བར་མི་སྣང་ཕྱིར། །དཔྱད་པའི་ཤེས་རབ་དྲི་མེད་གཉིས། །སྤང་བླང་མེད་པར་གཟུང་བྱ་སྟེ། །གང་ཚེ་གཅིག་མ་ཚང་གྱུར་ན། །དེ་གཉིས་ལས་བྱུང་ཟུང་འཇུག་གི །ཡེ་ཤེས་ངེས་པར་མི་སྐྱེ་སྟེ། །གཙུབས་ཤིང་གཙུབས་སྟན་གང་རུང་དང་། །བྲལ་བའི་མེ་ནི་འབྱུང་མིན་བཞིན། །དེས་ན་ཐབས་དང་སྟོང་པ་ཉིད། །ཡ་བྲལ་ཡང་དག་ལམ་མིན་ཞེས། །རྒྱལ་དང་བརྒྱུད་འཛིན་གྱིས་གསུངས་ཕྱིར། །རྒྱུ་གཉིས་འདི་སྤང་ཡེ་ཤེས་ཆེ། །སྐྱེེ་བའི་ཐབས་གཞན་མི་སྲིད་དེ། །ཡེ་ཤེས་རང་གི་ངོ་བོ་ནི། །བསམ་བརྗོད་འདས་ཕྱིར་བརྡའ་ཐབས་དང་། །ཚིག་ཙམ་དག་གིས་མཚོན་པ་ལས། །དངོས་སུ་བསྟན་པར་མི་ནུས་པས། །སྔགས་སུ་ཚིག་དབང་ཞེས་གསུངས་ཏེ། །རྡོ་རྗེ་སྙིང་པོའི་རྒྱུད་སོགས་སུ། །ཚིག་དང་ཐབས་ཀྱི་སྒོ་ནས་བསྟན། །འཇིག་རྟེན་འདས་པའི་ཡེ་ཤེས་ཏེ། །དེ་ལྟར་གཞན་ལ་མ་ལྟོས་པར། །གཟུང་བར་ནུས་པ་མ་ཡིན་པའི། །བདེན་གཉིས་ལམ་གྱི་དབུ་མ་བསྟན། །བདེན་གཉིས་ཚུལ་གྱིས་དཔྱད་པའི་འབྲས། །ཟུང་འཇུག་ཉིད་དུ་གྲུབ་ནུས་པ། །དེས་ན་བདེན་གཉིས་གཏན་འབེབས་ཚེ། །སྣང་སྟོང་དགག་བྱ་འགོག་བྱེད་ཀྱི། །ཚུལ་དུ་རེས་འཇོག་ལྟ་བུར་བསྟན། །དེ་འབྲས་ཟུང་འཇུག་ཡེ་ཤེས་ཉིད། །རྒྱུད་སྡེར་རྣམ་གྲངས་དུ་མས་བསྟན། །དེས་ན་དབུ་མའི་ལུགས་ཐམས་ཅད། །བདེན་གཉིས་ཚུལ་གྱིས་རྣམ་པར་བཞག །བདེན་པ་གཉིས་ལ་མ་བརྟེན་པར། །ཟུང་འཇུག་ཁོང་དུ་ཆུད་མི་འགྱུར། །རྒྱལ་བས་ཇི་སྙེད་གསུངས་པ་ཡང་། །བདེན་པ་གཉིས་ལ་ཡང་དག་བརྟེན། །དེ་ཕྱིར་བདེན་གཉིས་སོ་སོ་ཡི། །ཁས་ལེན་དང་བཅས་དབུ་མ་དེ། །འབྲས་མིང་རྒྱུ་ལ་བཏགས་པ་ཡི། །རེས་འཇོག་དབུ་མ་ཆུང་ངུ་ཡིན། །ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །དགག་བྱ་བཅད་པའི་མེད་དགག་ཙམ། །དེ་ལ་ལྟོས་ན་མེད་ཅེས་པའི། །ཁས་ལེན་ཀྱང་ནི་ཡོད་པ་ཡིན། །རྒྱུའམ་ལམ་གྱི་དབུ་མ་དེས། །བདེན་གཉིས་ཇི་ལྟར་ཁས་བླངས་པ། །གཉིས་ཀ་རང་གི་ལུགས་ཡིན་གྱི། །དོན་དམ་རང་ལུགས་བྱས་ནས་སུ། །ཀུན་རྫོབ་གཞན་ངོར་སྐྱེལ་བ་མིན། །ཡིན་ན་རང་ལུགས་དོན་དམ་པ། །རྐྱང་རྐྱང་པོ་རུ་གྱུར་ནས་ཀྱང་། །གཞི་ལམ་འབྲས་བུའི་སྣང་བ་ཀུན། །འཁྲུལ་བ་སྤང་བྱ་ཁོ་ན་ཞེས། །སྐུར་པ་འདེབས་ཤིང་མཐར་ཕྱིན་ཚེ། །སྒྲིབ་བྲལ་དབྱིངས་སྟོང་འབའ་ཞིག་ཙམ། །ལྷག་མར་ལུས་ནས་མཁྱེན་གཉིས་སོགས། །མེད་འདོད་ཉན་རང་རང་ལམ་གྱི། །ལྷག་མེད་མྱང་འདས་འདོད་ཇི་བཞིན། །འདིར་ཡང་མར་མེ་རྒྱུན་ཆད་དང་། །དོན་ཁྱད་མེད་ཕྱིར་ཟུང་འཇུག་དབྱིངས། །མེད་པར་སྐུར་འདེབས་ནམ་མཁའ་དང་། །འདྲ་བའི་ཡིད་ཅན་ཤཱཀྱ་ཡི། །བསྟན་པའི་རྐུན་པོ་དམ་པའི་ཆོས། །འཇིག་པའི་སྐྱེས་བུར་རྒྱལ་བས་གསུངས། །རིགས་པས་ཀྱང་ནི་དེ་འདྲའི་ལུགས། །ཡོད་ལ་མེད་པར་སྐུར་བའི་ཚུལ། །ཡིན་པར་ངེས་ཤེས་རྡོ་རྗེའི་མེས། །ལྟ་ངན་རི་བོ་བརླག་པར་ནུས། །དེས་ན་དབུ་མའི་གཞུང་ཀུན་ཏུ། །ཤེས་རབ་རྒྱུ་ཡི་དབུ་མ་ཉིད། །རིགས་པས་དཔྱད་ཅིང་མ་གྲུབ་པར། །འབྲས་བུ་ཟུང་འཇུག་མི་གྲུབ་ཕྱིར། །བདེན་པ་གཉིས་ཀྱི་ཚུལ་དུ་ནི། །རིགས་པས་གཏན་ལ་ཕབ་ན་ཡང་། །འབྲས་བུ་བདེན་པ་དབྱེར་མེད་དུ། །གྲུབ་པ་རྒྱུ་འབྲས་ཐེག་པའི་བཅུད། །དེ་ཕྱིར་ཡེ་ཤེས་དེ་དག་ནི། །རེས་འཇོག་ཚུལ་གྱིས་མཐའ་གཉིས་ལ། །མི་གནས་བློ་ལས་འདས་པའི་ཕྱིར། །དབུ་མ་ཡིན་ལ་ཆེན་པོའང་ཡིན། །ཇི་སྲིད་རེས་འཇོག་ཚུལ་གྱིས་ནི། །ཡེ་ཤེས་དེ་ལ་མ་རེག་པར། །རྒྱལ་བ་ཀུན་གྱི་དགོངས་པའི་མཐིལ། །མཐར་ཐུག་དབུ་མ་ཆེན་པོ་མིན། །གཙུབས་ཤིང་གཙུབས་པའི་མེ་བཞིན་དུ། །བདེན་གཉིས་ཤེས་རབ་དྲི་མེད་ཀྱིས། །དྲངས་པ་ཟུང་འཇུག་ཡེ་ཤེས་ཆེ། །ཡོད་མེད་ཡིན་མིན་ལ་སོགས་པ། །མཐའ་བཞིའི་སྤྲོས་ཀུན་ཉེར་ཞི་བའི། །འཕགས་པའི་མཉམ་བཞག་ཡེ་ཤེས་ཉིད། །ཟུང་འཇུག་འབྲས་བུའི་དབུ་མར་བཞག །བདེན་གཉིས་ཕྱོགས་སུ་མ་ལྷུང་བ། །དེ་ལ་རྗེས་ཐོབ་ཤེས་རབ་ཀྱིས། །སྣང་སྟོང་ཟུང་དུ་འཇུག་པ་ཞེས། །བརྡའ་ཙམ་སྒོ་ནས་བཞག་མོད་ཀྱི། །མཉམ་བཞག་ཡེ་ཤེས་ཆེན་པོའི་ངོར། །སྣང་དང་སྟོང་དང་ཟུང་འཇུག་གི །ངོ་བོར་དམིགས་སུ་ཡོད་མ་ཡིན། །སྣང་བ་ཐ་སྙད་ཚད་མའི་ཡུལ། །སྟོང་པ་དོན་དམ་དཔྱོད་པའི་ཡུལ། །ཟུང་འཇུག་དེ་གཉིས་འདྲེས་པའི་ཆ། །དེ་རྣམས་སྒྲ་རྟོག་ཡུལ་ཡིན་ཕྱིར། །དེ་ལས་འདས་པའི་མཉམ་བཞག་ནི། །སོ་སོ་རང་གི་ཡེ་ཤེས་ཙམ། །སྣང་བཅས་སྣང་མེད་ལ་སོགས་ཀྱང་། །དེ་བཞིན་རིག་པས་མི་འགྲུབ་བོ། །དེས་ན་ཇི་སྲིད་རེས་འཇོག་གི །བདེན་གཉིས་བསྒོམ་པ་ཤེས་རབ་སྟེ། །ནམ་ཞིག་རེས་འཇོག་མེད་པར་ཡང་། །ཟུང་འཇུག་ཡེ་ཤེས་ཐོབ་པའི་ཚེ། །ཕུང་པོ་དགག་བྱ་རྣམ་དཔྱད་ཀྱིས། །བཅད་པའི་མེད་དགག་སྟོང་རྐྱང་ལས། །འདས་ཏེ་འགོག་དང་དགག་བྱ་ཡི། །ཚུལ་དུ་སོ་སོར་མི་སྣང་བ། །སྣང་ཆ་ཐབས་ཀྱི་རྣམ་པ་དང་། །ལྡན་པ་རྣམ་ཀུན་མཆོག་ལྡན་གྱི། །སྟོང་ཉིད་སྤྲོས་བྲལ་ཆེན་པོ་དང་། །ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་སོགས། །མཚན་གྱི་རྣམ་གྲངས་མང་མངའ་བ། །སེམས་འདས་ཡེ་ཤེས་ཡིན་པའི་ཕྱིར། །རྟོག་པ་གཞན་གྱིས་བསམ་མི་ཁྱབ། །དེ་ནི་སྒྲ་རྟོག་ཡུལ་མིན་ཕྱིར། །མེད་དགག་མ་ཡིན་དགག་སོགས་དང་། །ཐ་དད་དང་ནི་སྣང་སྟོང་སོགས། །རིས་སུ་ཆད་པ་མེད་པ་སྟེ། །རྒྱ་ཆད་ཕྱོགས་ལྷུང་བྲལ་བས་ན། །ཁས་ལེན་ཡོད་མེད་ལས་འདས་ཀྱང་། །ཨེ་ཝཾ་ཟུང་དུ་ཞུགས་པ་ཡི། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །དེ་ལྟར་ཁས་ལེན་ལས་འདས་པའི། །སྒྲོ་སྐུར་དང་བྲལ་དམ་པའི་དོན། །དབྱིངས་རིག་འདུ་འབྲལ་མེད་པའི་ཚུལ། །འདི་ཞེས་མཚོན་བརྗོད་མེད་པར་འདོད། །འོན་ཀྱང་བསམ་མིན་བྱེད་པོ་ལྟར། །སུ་ཡིས་རྟོགས་མེད་མ་ཡིན་ཏེ། །དྲི་མེད་རིག་པས་དཔྱད་པ་ཡིས། །རབ་དྲང་སོ་སོ་རང་རིག་པའི། །རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱི། །ངེས་ཤེས་ཆོས་ཀྱི་མར་མེ་ནི། །ཐེ་ཚོམ་སྨག་དང་བྲལ་བ་དག །མངོན་སུམ་སྣང་བ་ཡོད་ཕྱིར་རོ། །མདོ་ལམ་ཐབས་དང་ཤེས་རབ་གཉིས། །གཅིག་ལ་གཅིག་གིས་རྩིས་ཟིན་པར། །བྱེད་ཀྱི་འདིར་ནི་ཐབས་ཤེས་ཉིད། །འདུ་འབྲལ་མེད་པར་རྟོགས་གོམས་ཉིད། །སྤྲོས་བྲལ་དབུ་མ་ཆེན་པོ་དང་། །འོད་གསལ་རྫོགས་པ་ཆེན་པོ་གཉིས། །དོན་གཅིག་མིང་གི་རྣམ་གྲངས་ཏེ། །དེ་ལས་ལྷག་པའི་ལྟ་བ་མེད། །གང་ཕྱིར་སྣང་སྟོང་རེས་འཇོག་ཏུ། །འཛིན་མེད་མཐའ་བཞིའི་སྤྲོས་པ་དང་། །བྲལ་ཕྱིར་དེ་ལས་གཞན་གྱུར་ན། །སྤྲོས་དང་བཅས་པ་ཉིད་ཕྱིར་རོ། །འོན་ཀྱང་མདོ་ལས་ཟུང་འཇུག་དོན། །དཔྱད་བས་གཏན་ལ་ཕབ་པ་ཉིད། །སྔགས་སུ་རང་གི་རིག་དབྱིངས་སུ། །ཐད་ཀར་མྱོང་བས་གྲུབ་པ་ཡིན། །དེ་ཕྱིར་དབུ་མ་ཞེས་པ་ཡང་། །བདེན་གཉིས་སོ་སོར་དཔྱོད་པ་ཡི། །ཤེས་རབ་ལམ་གྱི་དབུ་མ་དང་། །དེས་དྲངས་བདེན་གཉིས་རོ་གཅིག་པའི། །ཟུང་འཇུག་འབྲས་བུའི་དབུ་མ་གཉིས། །རྒྱུ་འབྲས་མདོ་སྔགས་ལྟ་བ་སྟེ། །སྔ་མ་ཤེས་རབ་ཆ་ཡིན་ལ། །ཕྱི་མ་ཡེ་ཤེས་ཁོ་ན་ཡིན། །དེ་ཕྱིར་ཕྱི་མ་འདི་ལ་ནི། །ཆེན་པོའི་སྒྲ་ཡིས་ཁྱད་དུ་བསྔགས། །གནས་ལུགས་ལ་ཡང་དེ་བཞིན་དུ། །དངོས་པོ་སྟོང་པའི་གནས་ལུགས་དང་། །བདེན་གཉིས་དབྱེར་མེད་གནས་ལུགས་གཉིས། །མིང་གཅིག་ན་ཡང་དོན་ལ་ནི། །ཁྱད་པར་གནམ་ས་བཞིན་དུ་མཆིས། །དེ་བཞིན་ཆོས་ཉིད་ཆོས་དབྱིངས་དང་། །སྟོང་ཉིད་སྤྲོས་བྲལ་འགོག་པའི་མཐའ། །དོན་དམ་ལ་སོགས་སྒྲ་མཚུངས་ཀྱང་། །མཐར་ཐུག་དང་ནི་ཉི་ཚེ་བའི། །ཁྱད་པར་ཆེ་ཕྱིར་སྐབས་སོ་སོར། །ཕྱེ་ནས་མ་ནོར་བཤད་བྱ་སྟེ། །སེནྡྷ་པ་ཡི་སྒྲ་བཞིན་ནོ། །དེ་ལྟར་ཟབ་མོའི་དྲི་བ་བདུན། །ཟབ་རྒྱས་དོན་ཅན་ཚིག་རྣམས་ཀྱིས། །བཀྲོལ་ཚེ་དྲི་བ་པོ་དེ་ཡང་། །གུས་བཅས་ངག་གིས་འདི་སྐད་དུ། །ཀྱེ་མ་ཁྲོན་པའི་ཆུ་ལ་རུས་སྦལ་བཞིན། །གཞན་གཞུང་ཆོས་ཀྱི་རྒྱ་མཚོ་ཆེན་པོའི་འཇིངས། །མ་མཐོང་རང་བཞེད་ཁྲོན་པས་དྲེགས་པའི་རོ། །མྱང་ལྡན་བདག་ཅག་ཁེངས་པ་གཏམ་འདིས་བསྙིལ། །རོང་ཀློང་ཞེས་གྲགས་འཇམ་དཔལ་དགྱེས་པའི་གར། །འཕགས་མཆོག་ཐུགས་ཀྱི་རྒྱ་མཚོ་ཆེན་པོ་ན། །སྣ་ཚོགས་ནོར་བུའི་ཆོས་མཛོད་མང་མངའ་བ། །དེ་སྤངས་གཞན་ལུགས་འཆིང་བུར་རེ་རྣམས་འཁྲུལ། །ཆོས་བཟང་རིག་པས་རྣམ་དཔྱད་བསམ་པ་ཅན། །རྟག་ཏུ་བདུད་ཀྱི་བར་ཆད་བྱེད་པ་མེད། །དེ་ཕྱིར་རིག་ལམ་སེང་གེའི་སྒྲ་བོ་ཆེ། །བསྒྲགས་པས་མཚོ་སྐྱེས་བསྟན་པའི་རང་ལུགས་ཀྱི། །ཁྱད་པར་མཆོག་ལ་ཡིད་ཆེས་རྙེད་གྱུར་ཅིང་། །ཕྱོགས་རེས་དྲེགས་པའི་གཞན་ཕྱོགས་སུན་འབྱིན་པ། །མི་འཕྲོག་ཤེས་རབ་རལ་གྲིའི་ཡུ་བ་ལ། །བརྟེན་པའི་གོ་སྐབས་གཞན་ལ་སྦྱིན་པར་མཛོད། །ཆོས་ཚུལ་ཐོས་པ་བདུད་རྩིའི་མཚོ་འདྲ་ལ། །ཟབ་མོའི་དོན་གང་དེ་ཡི་ནོར་བུ་བཞིན། དེ་དག་གང་ན་གནས་ཀྱང་བླང་བྱ་སྟེ། །ལྟར་སྣང་གང་ཟག་རྗེས་སུ་འབྲང་མི་བྱ། །མང་ཐོས་མང་དུ་སྨྲ་བས་ཀྱང་མིན་ལ། །སྐྱེས་སྦྱང་ཟབ་ཟབ་ལྟར་སྣང་དཔྱད་པས་ཀྱང་། །མི་ཕིགས་ཟབ་དོན་ས་འོག་གཏེར་འདྲ་བ། །གང་གིས་འདི་འཛིན་བློ་ལྡན་ཉིད་དུ་ཤེས། །བློ་གཏེར་འབུམ་ཕྲག་ནོར་བུའི་སྣོད་ཉིད་དུ། །བདག་བློ་ཟབ་ཡངས་རྒྱ་མཚོ་ཆེར་བསྒྲུབས་པའི། །གདམས་པའི་ལེགས་བྱས་སློང་བའི་དུས་རིག་ནས། །ཀླུ་དབང་དཔལ་གྱི་རྒྱ་མཚོར་དགའ་བཞིན་འཐུངས། །གང་ལས་བབས་པའི་ལེགས་བཤད་ཆུ་ཀླུང་གིས། །རྣམ་དཔྱོད་བློ་ཡི་རྒྱ་མཚོ་ཁྱོན་ཡངས་པར། །ངེས་རྟོགས་དེ་ཡི་འབྱུང་གནས་ཀླུ་དབང་ནི། །རིག་འཛིན་བརྒྱུད་པའི་ཞལ་ལུང་ཉིད་དུ་རྟོགས། །མཁའ་མཐའ་ཧུབ་ཀྱིས་འདྲེན་ཅིང་ཟོས་པའི་བཅུད། །སྙིང་ལ་ཀུན་ཕན་བདུད་རྩིའི་དཔྱིད་ཉིད་དུ། །ལེན་པའི་མཐུ་ཆེན་བློ་ལ་ཐོབ་མཛད་པའི། །ངོ་མཚར་ཆོས་ཀྱི་མར་མེ་གསལ་བར་མཛོད། །དེ་སྐད་ཟེར་ཞིང་གུས་བཏུད་ཚེ། །དྲང་སྲོང་དེ་ཡིས་དེ་ལ་ཡང་། །ཟབ་མིན་ཟབ་རྒྱས་སུ་བསྒྲུབས་པ། །གོང་གི་དོན་བསྡུས་འདི་ལྟར་གདམས། །ཆོས་མཆོག་སེང་གེའི་འོ་མ་ནི། །བློ་གྲོས་སྣོད་བཟང་ཁོ་ནས་འཛིན། །གཞན་དུ་འབད་ཀྱང་མི་གནས་ལྟར། །འདི་ཤོངས་སྣོད་ནི་འདི་ཡིན་ནོ། །ཨ་ནི་མ་སྐྱེས་ཆོས་ཀྱི་སྒོ། །ར་ནི་རྡུལ་དང་བྲལ་བའི་སྒོ། །པ་ནི་དོན་དམ་སྣང་བའི་སྒོ། །ཙ་ནི་འཆི་འཕོ་སྐྱེ་བ་མེད། །ན་ནི་མིང་དང་བྲལ་བ་ཉིད། །དྷཱིཿནི་བློ་གྲོས་ཟབ་མོའི་སྒོ། །སྒོ་དྲུག་དེ་དག་རེ་རེ་ཡང་། །བདེན་གཉིས་ཚུལ་གྱིས་དམིགས་ནས་སུ། །སྒྱུ་མའི་ཏིང་འཛིན་བསྒྲུབས་བྱས་ན། །མཐའ་མེད་རྒྱ་མཚོ་ཆེན་པོའི་ཆུ། །ཧུབ་ཀྱིས་ལྟོ་བ་འདྲེན་ནུས་པའི། །སྙིང་གའི་ནོར་བུ་དྲི་མེད་ལ། །གཟུངས་སྤོབས་བློ་ཡི་དཔལ་དུ་འབར། །མཐའ་བཞིའི་སྤྲོས་པ་ཁེགས་པའི་ངེས་ཤེས་ཀྱི། །ལམ་ནས་ཡིན་ལུགས་གཤིས་སུ་སོན་པ་ཡི། །བློ་ལས་འདས་པ་འོད་གསལ་གཉུག་མའི་དབྱིངས། །འཇམ་དཔལ་རྫོགས་པ་ཆེན་པོའི་ངང་དུ་ཞོག །མཐའ་བྲལ་ལྟ་བའི་རྒྱལ་པོ་ཡངས་པའི་ཀློང་། །མཉམ་པར་བཞག་པའི་བདེན་དོན་མཐོང་བ་ལས། །མཐའ་བཞིའི་བློ་ངན་མུན་པའི་སྣང་བ་ཀུན། །ངང་གིས་འགགས་པའི་འོད་གསལ་ཉི་མ་འཆར། །གཟུར་གནས་དཔྱོད་པ་དྲང་སྲོང་སྟེ། །ཐོལ་བྱུང་རྟོག་པ་ལྡོམ་བུ་བ། །དེ་དེས་དྲིས་ལན་ཚུལ་གྱིས་ནི། །དཀའ་གནས་རྒྱལ་སྲིད་གྲངས་ལྡན་བཤད། །བློ་ཆུང་རྟོག་གེ་བདག་འདྲ་ཡིས། །ཤིན་ཏུ་ཟབ་ཅིང་བརླིང་བའི་དོན། །བློ་ཆེན་འཕགས་པའི་ཐུགས་ནས་ཀྱང་། །བླངས་པ་བཞིན་དུ་འདི་ན་བཀོད། །དེ་སྐད་སྨྲས་པའི་ལེགས་བཤད་ཆོས་ཀྱི་ཆར། །རྒྱལ་སྲས་བྱེ་བས་བགྲོད་ཅིང་དགའ་བཞིན་གྱིས། །མཉན་པས་དོན་ཆེན་ཐོབ་པར་སེམས་པ་ཡིས། །དྲིས་ལ་ཡི་རངས་བདུད་རྩིའི་གོ་སྐབས་དབྱེ། །དེ་ཕྱིར་དེ་བས་དེ་ལྟར་ཡང་དང་ཡང་། །ཟབ་རྒྱས་དོན་སེམས་དུ་མའི་དོན་དུ་ཡང་། །ཡིད་ཀྱི་མེ་ལོང་ངོས་ལ་ཇི་ཤར་བཞིན། །རྩེད་འཇོའི་རོལ་པས་དྷཱིཿམིང་ཅན་གྱིས་སྤེལ། །བདེ་གཤེགས་ཆོས་ཚུལ་ཟབ་མོ་ནམ་མཁའི་མཐའ། །རྣམ་པ་ཀུན་ཏུ་བརྗོད་པར་མི་ནུས་ཀྱང་། །ངེས་ཤེས་རིན་པོ་ཆེ་ཡི་སྒྲོན་མེ་འདིར། །བརྟེན་ན་ཐེག་མཆོག་ལམ་བཟང་རྙེད་པར་ནུས། །མངྒལཾ།། །།

ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་བསྡུས་དོན་པདྨ་དཀར་པོ།

ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་བསྡུས་དོན་པདྨ་དཀར་པོ་བཞུགས། བསམ་གྱིས་མི་ཁྱབ་མཉམ་པ་ཉིད་ཀྱི་སྐུ། །ཡེ་ཤེས་སེམས་དཔའ་འཇམ་པའི་རྡོ་རྗེའི་གར། །འཇམ་དབྱངས་བླ་མའི་ཞབས་པད་ལ་བཏུད་དེ། །ངེས་ཤེས་རིན་ཆེན་སྒྲོན་མའི་བསྡུས་དོན་སྤེལ། །དེ་ལ་འདིར་སྟོང་པ་ཉིད་ལས་བརྩམས་པའི་ཟབ་མོ་ཤིན་ཏུ་རྟོགས་པར་དཀའ་བའི་གནད་ཉིན་མོར་བྱེད་པ་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་འདི་འཆད་པ་ལ་གསུམ། ཐོག་མར་དགེ་བ་ཀླད་དོན། བར་དུ་དགེ་བ་གཞུང་དོན། ཐ་མར་དགེ་བ་མཇུག་དོན་ནོ། །དང་པོ་ལ་གཉིས། མཚན་བསྟན་པ། མཆོད་པར་བརྗོད་པའོ། །དང་པོ། ངེས་ཤེས་རིན་པོ་ཆེའི༴ གཉིས་པ། གང་ཡིད་ཐེ་ཚོམ༴ གཉིས་པ་ལ་བཞི། གླེང་གཞིའི་སྒོ་ནས་མདོར་བསྟན། སོ་སོར་ཕྱེ་སྟེ་རྒྱས་པར་བཤད། ཡི་རངས་ཤིང་བསྡུས་ཏེ་གདམས་པ་ཇི་ལྟར་བསྟན་པའི་དོན་བསྡུ་བའོ། །དང་པོ་ལ་བཞི། ཚད་མ་གཉིས་དང་བྲལ་བའི་སྐྱོན། ལམ་ཡང་དག་དང་དེའི་གཟུགས་བརྙན་གྱི་ཁྱད་པར། ཡང་དག་ལམ་དང་དེར་ཞུགས་ལ་བསྔགས་པ། དྲི་ལན་ཚུལ་གྱིས་བསྟན་ཚུལ་བཤད་པའོ། །དང་པོ། ཀྱེ་མ་ཟབ་མོའི༴ གཉིས་པ། གཞི་ལམ་འབྲས་བུའི༴ གསུམ་པ། རྨད་བྱུང་ཆོས༴ བཞི་པ། དེ་ལྟར་སེམས་པའི༴ གཉིས་པ་སོ་སོར་ཕྱེ་སྟེ་རྒྱས་བཤད་ལ་དྲི་ལན་གྱི་རིམ་པ་ལྟར་བདུན་ལས། དྲི་ལན་དང་པོ་ལྟ་བ་མཐར་ཐུག་མེད་དགག་དང་མ་ཡིན་དགག་གང་ཐད་བསྟན་པ་ལ་གཉིས། གཞན་ལུགས་བརྗོད་ཅིང་རང་ལུགས་བཞག་པ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ། དགེ་ལྡན་ལྟ་བ༴ གཉིས་པ་ལ་གཉིས། མི་འཐད་པ་གཞན་ལུགས་དགག །འཐད་ལྡན་རང་ལུགས་བཞག་པའོ། །དང་པོ་ལ་གཉིས། གཞན་གྱི་མེད་དགག་མ་ཡིན་དགག་ཏུ་འགྱུར་ཞིང་ཚིག་དང་དོན་གྱིས་གཞན་སྟོང་ལ་ཟུང་འཇུག་མི་རུང་བར་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ། ཀ་བ་ཀ་ནས༴ གཉིས་པ་ལ་གཉིས། ལུང་རིགས་ཁས་བླངས་དང་འགལ་བ། ཟུང་འཇུག་མི་རུང་བར་བསྟན་པའོ། །དང་པོ། ཨེ་མ་དེས༴ གཉིས་པ་སྤྱིར་ན་གཞན༴ གཉིས་པ། དེས་ན་རང་གི་ལུགས། དྲི་ལན་གཉིས་པ་ཉན་རང་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་རྟོགས་སམ་མ་རྟོགས་གང་འཐད་ལ་གསུམ། གཞན་ལུགས་དགག །རང་ལུགས་བཞག །དེས་ན་བྱམས་ཀླུ་དགོངས་པ་གཅིག་ཏུ་བསྟན་པའོ། །དང་པོ། འགའ་ཞིག་ཉན་རང་༴ གཉིས་པ་ལ་གསུམ། དཔལ་ལྡན་ཟླ་བས་ཇི་ལྟར་བསྟན་ཚུལ། རང་ལུགས་ཀློང་ཆེན་ཞབས་ཀྱིས་དེ་ལྟར་བཞེད་ཚུལ། དེ་ལ་དོགས་པ་གསལ་ཏེ་མཐར་ཐུག་ཆོས་ཀྱི་བདག་མེད་རྟོགས་དགོས་ཚུལ་བསྟན་པའོ། །དང་པོ། དེས་ན་རང་ལུགས་སུ། གཉིས་པ། ཀློང་ཆེན་རབ་འབྱམས༴ གསུམ་པ་ལ་གསུམ། སྤྱིར་བསྟན་པ་དང་། བྱེ་བྲག་ལུགས་དོན་ལེགས་པར་བཀྲལ་ཏེ་འཁྲུལ་བ་བསལ་བ། དེ་ཁོ་ན་ཉིད་མཐོང་བས་ཐེག་གཅིག་འགྲུབ་ཚུལ་གསུངས་པ་གཞན་ལ་མི་འཐད་ཅིང་རང་ལ་འཐད་ཚུལ་བསྟན་པའོ། །དང་པོ། གལ་ཏེ་ཆོས་གཅིག༴ གཉིས་པ། རྟག་བདག་སྤངས་ཀྱང་། གསུམ་པ། མཐར་ནི་ངེས་པར་གསུམ་པ། དེས་ན་ཚུལ་འདི༴ དྲི་ལན་གསུམ་པ་མཉམ་བཞག་འཛིན་སྟངས་ཡོད་མེད་གང་འཐད་ལ་གཉིས་ཀའང་ལེགས་པར་ཕྱེ་སྟེ་བསྟན་པ་ལ་བཞི། ཅིར་ཡང་མི་འཛིན་པ་དང་། བདག་མེད་དུ་འཛིན་པ་དང་། ལོག་རྟོགས་བླུན་སྒོམ་དང་ཡང་དག་པའི་སྒོམ་གྱི་ཁྱད་པར་དང་། བསྒོམ་པའི་སྟོབས་ཀྱིས་འཛིན་སྟངས་ཀུན་གཞིག་དགོས་ཚུལ་ལོ། །དང་པོ་ལ་གཉིས། ལེགས་པར་རྟོགས་པ་དང་ལོག་པར་རྟོག་པ་གཉིས་ཡོད་པ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ། ལྟ་བའི་དངོས་གཞི༴ གཉིས་པ། དེ་ལྟར་མཐའ་བཞི༴ གཉིས་པ་ལ་གཉིས། དང་པོའི་ལས་ཅན་རིམ་གྱིས་པའི་བསྒོམ་ཚུལ་སྤྱིར་བསྟན་པ་དང་། ཐོས་བསམ་ལྟ་བའི་ལུགས་ཀྱི་བསྒོམ་ཚུལ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ལ་གསུམ། བདག་མེད་ཡང་དག་པར་ཤེས་པའི་འཛིན་སྟངས་དགོས་ཚུལ། མེད་འཛིན་དེ་ཡང་ཕྱིས་ནམ་སྤངས་དགོས་ཚུལ། དངོས་གཞི་འཛིན་སྟངས་ཀུན་བྲལ་དུ་བསྟན་པའོ། །དང་པོ། བདག་གཞན་དངོས་འཛིན༴ གཉིས་པ་འཛིན་སྟངས་དེས་དྲངས། གསུམ་པ། དངོས་གཞི་སྣང་སྲིད༴ གཉིས་པ། འོན་ཀྱང་མཐའ་བཞིའི༴ གསུམ་པ། དེ་ཕྱིར་འདི་གཉིས༴ བཞི་པ། དཔྱད་པས་ངེས་ཤེས༴ དྲི་ལན་བཞི་པ་དཔྱད་འཇོག་གང་འཐད་ལ་གསུམ། གཞན་ལུགས་བརྗོད་པ་དང་། རང་ལུགས་སོ་སོར་ཕྱེ་སྟེ་བསྟན་པ། དོན་བསྡུ་བའོ། །དང་པོ། ཐེག་མཆོག་ལྟ་བ༴ གཉིས་པ་ལ་གསུམ། སྤྱིར་བསྟན་པ། རིམ་པས་བྱེ་བྲག་ཏུ་བསྟན་པ། དེ་ལ་ལོག་རྟོག་བསལ་ཏེ་ལམ་མཆོག་བསྒྲུབ་པའོ། །དང་པོ། བསྒོམ་པ་དཔྱད་འཇོག །གཉིས་པ། དང་པོ་དཔྱད་པ༴ གསུམ་པ་ལ་ལྔ། ལོག་རྟོག་བསལ་ཏེ་དཔྱོད་ཤེས་ཀྱི་འཛིན་སྟངས་ཀུན་དང་བྲལ་བའི་མཉམ་བཞག་ཡེ་ཤེས་ཉིད་ཐེག་ཆེན་ལམ་གྱི་དངོས་གཞི་ཐེག་པ་དང་། ཆེན་པོའང་ཡིན་པར་བསྟན་པ། ཚུལ་དེས་ཨ་ཏི་ཡོ་ག་རྒྱུད་ཀྱི་མཐར་ཐུག་དང་ཐེག་པའི་རྩེ་མོར་བསྟན་པ་དེ་ཉིད་གང་གིས་གཏན་ལ་འབེབ་བྱེད་གཞན་ལས་མཆོག་ཏུ་བསྟན་པ། མདོ་རྒྱུད་མན་ངག་གི་བསྟན་དོན་མཐར་ཐུག་ཐམས་ཅད་འོད་གསལ་རྫོགས་པ་ཆེན་པོར་དབྱེ་བ་མེད་ཅིང་དེ་ཉིད་ཀུན་གྱི་འབྱུང་གནས་སུ་བསྟན་པ། ཡེ་ཤེས་དེ་ཉིད་སོ་སོ་སྐྱེ་བོས་རྗེས་མཐུན་པ་བསྒོམ་དུ་ཡོད་ཚུལ་བསྟན་པའོ། །དང་པོ། གལ་ཏེ་དཔྱད་པ༴ གཉིས་པ། རྒྱུད་སྡེ་བཞི་ཡི༴ གསུམ་པ། འོན་ཀྱང་ལྟ་བའི༴ བཞི་པ། རྫོགས་ཆེན་སེམས་སྡེའི༴ ལྔ་པ། དེ་ལ་རྫོགས་ཆེན༴ གསུམ་པ། དེ་ཕྱིར་སྐབས་ཤན། དྲི་ལན་ལྔ་པ་བདེན་པ་གཉིས་ལས་གང་གཙོ་ལ་གཉིས། གཞན་ལུགས་དགག །རང་ལུགས་བཞག་པའོ། །དང་པོ། བདེན་པ་གཉིས་ལས༴ གཉིས་པ་ལ་བཞི། བདེན་གཉིས་ཟུང་འཇུག་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་མདོ་རྒྱུད་མན་ངག་ཟབ་ལམ་ཀུན་གྱི་དགོངས་པ་འཁྲུལ་མེད་དུ་བསྟན་པ། ཚུལ་དེ་རྟོགས་པའི་གནད་ལས་རྒྱུད་སྡེའི་དབྱེ་བ་བསྟན་པ། དེ་ལ་ལོག་རྟོག་བསལ་བ། དོན་བསྡུ་བའོ། །དང་པོ། དེས་ན་སྔ་འགྱུར༴ གཉིས་པ། གནད་དེ་ཇེ་བས༴ གསུམ་པ་ལ་གསུམ། འཁོར་བའི་རང་བཞིན་མ་དག་པར་འདོད་པའི་ལོག་རྟོག་བསལ་བ། རྒྱུད་སྡེ་ལ་ལྟ་བའི་མཐོ་དམན་མེད་པར་འདོད་པའི་ལོག་རྟོག་བསལ་བ། ལྟ་བའི་དབང་གིས་ཐེག་དགུར་འཇོག་པའི་རྒྱུ་མཚན་བསྟན་པའོ། །དང་པོ། གལ་ཏེ་དེ་ལྟར༴ གཉིས་པ། བྱ་སྤྱོད་རྣལ་འབྱོར༴ གསུམ་པ། ཇི་ལྟ་ཇི་ལྟར༴ བཞི་པ། དེས་ན་ནང་གི༴ དྲི་ལན་དྲུག་པ་སྣང་བ་མི་གཅིག་པར་མཐོང་བའི་ཐུན་མོང་གི་བལྟ་བྱ་གང་འཐད་ལ་གཉིས། གཞན་ལུགས་དགག །རང་རང་ལུགས་བཞག་པའོ། །དང་པོ། ཆུ་གཅིག་འགྲོ་བ༴ གཉིས་ལ་གསུམ། ཐུན་མོང་དུ་སྤྱིར་བསྟན། དག་མཉམ་དབྱེར་མེད་ཆེན་པོར་བྱེ་བྲག་ཏུ་བསྟན་པ། བསམ་གྱིས་མི་ཁྱབ་པའི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་གཉིས། སྣང་སྟོང་ཟུང་འཇུག་མཉམ་པ་ཉིད་དུ་བསྟན་པ་དང་། དེ་ལ་ཚད་མ་ཚད་མིན་མི་འཐད་པའི་རྩོད་པ་སྤངས་པའོ། །དང་པོ། དེས་ན་རང་གི་ལུགས༴ གཉིས་པ་ལ་གསུམ། རང་ལུགས་ལ་མངོན་རྗེས་ཀྱི་ཚད་མ་གྲུབ་ཅིང་། དོན་མེད་མ་ཡིན་པར་བསྟན་པ། གཞན་ལ་ཚད་མའི་རྣམ་བཞག་མི་འཐད་པར་བསྟན་པ། དེ་ཕྱིར་ཚད་མར་བསྒྲུབ་པའོ། །དང་པོ། འོ་ན་ཚད་མ༴ གཉིས་པ། དེས་ན་ཆུ་གཅིག༴ གསུམ་པ་ལ་གསུམ། གནས་སྐབས་གཉིས་སུ་བཞག་པ། མཐར་ཐུག་གཅིག་ཏུ་བསྒྲུབ་པ། དེ་ཕྱིར་དག་པ་ཆེན་པོ་བསྒྲུབ་པ་ཐུན་མོང་མིན་པའོ། །དང་པོ་ལ་གཉིས། མ་དག་ཚུལ་རོལ་མཐོང་བའི་ཐ་སྙད་ཚད་མ། དག་པའི་གཟིགས་པ་ལ་བརྟེན་པའི་ཐ་སྙད་ཚད་མའོ། །དང་པོ། དེ་ཕྱིར་འཕྲལ་གྱི༴ གཉིས་པ། མཐར་ཐུག་རིགས་པས༴ གཉིས་པ། མཐར་ཐུག་དེ་ཁོ༴ གསུམ་པ། དེ་ཕྱིར་ཚད་མའི༴ གཉིས་པ། དག་མཉམ་དབྱེར་མེད་ཆེན་པོར་བྱེ་བྲག་ཏུ་བསྟན་པ་ལ་གསུམ། ཐུན་མོང་གི་བལྟ་བྱ་སྣང་སྟོང་རེ་རེར་མི་རུང་བར་བསྟན་པ། ཟུང་འཇུག་དག་མཉམ་བདེན་པ་དབྱེར་མེད་དུ་བསྟན་པ། དག་མཉམ་ཆེན་པོར་གྲུབ་པའི་ཚུལ་དང་ངེས་པའི་ཡོན་ཏན་ནོ། །དང་པོ། དེ་ལ་ཐུན་མོང་༴ གཉིས་པ་ལ་གསུམ། གཞི་གནས་ཚུལ་སྣང་སྟོང་ཟུང་འཇུག་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་མཐར་ཐུག་པ་གནས་སྣང་རྣམ་ཀུན་མཐུན་པའི་དག་མཉམ་བདེན་པ་དབྱེར་མེད་དུ་བསྟན་པ། ལམ་སྣང་ཚུལ་དག་དང་མ་དག་པར་གནས་སྣང་མི་མཐུན་པར་སྣ་ཚོགས་སུ་སྣང་ཚུལ། དེ་ལྟར་མ་རྟོགས་པ་དང་རྟོགས་པའི་སྐྱོན་ཡོན་འབྲས་བུ་བསྟན་པའོ། །དང་པོ་ལ་གསུམ། དོན་དམ་དུ་མཉམ་པ་ཆེན་པོར་བསྟན་པ་དང་། ཀུན་རྫོབ་ཏུ་དག་པ་ཆེན་པོར་བསྒྲུབ་པ། མཐར་ཐུག་དབྱིངས་ཡེ་བདེན་པ་དབྱེར་མེད་ཟུང་འཇུག་ཏུ་བསྟན་པའོ། །དང་པོ། དེས་ན་སྣང་སྟོང་༴ གཉིས་པ། ཚུལ་དེ་གོམས་པའི༴ གསུམ་པ། དེ་ལ་མཐར་ཐུག༴ གཉིས་པ། དེ་ལས་གཞན་དུ། གསུམ་པ། དེ་ལྟར་སྣང་ཚུལ༴ གསུམ་པ། དག་མཉམ་ཆེན་པོར་གྲུབ་པའི་ཚུལ་དང་ངེས་པའི་ཡོན་ཏན་ནི། དག་མཉམ་ཆེན་པོར༴ གསུམ་པ་བསམ་གྱིས་མི་ཁྱབ་པར་བསྟན་ཅིང་དོན་བསྡུ་བ་ནི། དེ་ཕྱིར་རང་སྣང་༴ དྲི་ལན་བདུན་པ་སྤྲོས་བྲལ་དབུ་མ་ཆེན་པོ་ལ་ཁས་ལེན་ཡོད་མེད་གང་འཐད་ལ་བཞི། ཁས་ལེན་མེད་པའི་ལུང་དགག་པ། ཁས་ལེན་ཡོད་མེད་སོ་སོར་ཕྱེ་བའི་ཀློང་ཆེན་ཞབས་ཀྱི་བཞེད་པ་དགོད་པ། དེར་བརྟེན་ཁས་ལེན་ཡོད་པའི་ཕྱོགས་ཆེས་ཆེར་བསྒྲུབ་པའི་གཞན་ལུགས་དགག་པ། ཀློང་ཆེན་ཞབས་ཀྱི་རྗེས་སུ་འབྲང་སྟེ་རང་ལུགས་རྒྱས་པར་བསྟན་པའོ། །དང་པོ། སྤྲོས་བྲལ་དབུ་མ༴ གཉིས་པ། ཀློང་ཆེན་རབ་འབྱམས་གསུམ་པ། དེར་བརྟེན་གངས་ཅན༴ བཞི་པ་ལ་གསུམ། རང་ལུགས་ལ་སོ་སོར་ཕྱེ་སྟེ་བཞག་པ། དེ་ལ་རྩོད་པ་སྤང་བ། ཚུལ་དེས་མདོ་སྔགས་ཀྱི་ལམ་གནད་བསྟན་པའོ། །དང་པོ་ལ་གསུམ། མཉམ་རྗེས་སམ་རྒྱུ་འབྲས་ཀྱི་དབུ་མ་གཉིས་སུ་བསྟན་པ། དེས་ན་གནས་ལུགས་དབུ་མ་ཆེན་པོའི་ངོར་ཁས་ལེན་མེད་པར་བསྟན་པ། སྣང་ཚུལ་ལ་ཐ་སྙད་བདེན་གཉིས་སོ་སོར་ཁས་ལེན་ཡོད་པར་བསྟན་པའོ། །དང་པོ། དེས་ན་ཀུན་མཁྱེན༴ གཉིས་པ། དེས་ན་དབུ་མ༴ གསུམ་པ། དེ་ལྟར་གནས་ལུགས༴ གཉིས་པ་ལ་བཞི། རང་ལ་མཚུངས་པའི་རྩོད་སྤང་། གཉིས་ཀ་སྟོབས་མཚུངས་བདེན་པའི་རྩོད་སྤང་། བདེན་པ་གཉིས་སུ་ཕྱེ་སྟེ་ཁས་ལེན་དང་བཅས་པ་བསྟན་པའི་དགོས་འབྲས་བསྟན་པ། རྒྱུའམ་ལམ་གྱི་དབུ་མའི་ཁས་ལེན་དེ་ཡང་དོན་དམ་རང་ལུགས་སུ་བྱས་ནས་ཀུན་རྫོབ་གཞན་ངོར་སྐྱེལ་ནས་ལུང་རིགས་ཀྱིས་གནོད་ཚུལ་བསྟན་པའོ། །དང་པོ་ལ་གསུམ། རྩོད་པ་དགོད་པ། དེ་སྤངས་པ། ལུང་ལས་དགག་སྒྲུབ་ཇི་སྙེད་པས་བསྟན་ཚུལ་གྱི་སྒོ་ནས་མི་འགལ་བར་དོན་བསྡུ་བའོ། །དང་པོ། འོ་ན་ཁས་ལེན༴ གཉིས་པ་ལ་གསུམ། རྣམ་ཤེས་དང་ཡེ་ཤེས་སམ་མཉམ་རྗེས་སམ་གནས་སྣང་གི་གནས་སྐབས་ཀྱི་ཁྱད་པར་ཕྱེས་ཏེ་བསྟན་པས་གཤིས་ལ་ཁས་ལེན་མེད་པའི་ཕྱིར་ན་སྣང་ཚུལ་ལ་ཡོད་མེད་ཀྱི་ཁས་ལེན་གཉིས་ཡོད་ཀྱང་དཔྱད་གཟོད་ལ་སོགས་པའི་སྐྱོན་རང་ལ་མེད་པར་བསྟན་པ། ཚུལ་དེས་ལོག་རྟོག་གཞན་ཁེགས་པར་བསྟན་པ། རང་ལ་བདེན་གཉིས་ཁས་ལེན་ནང་འགལ་གྱི་སྐྱོན་མེད་པར་བསྟན་པའོ། །དང་པོ། ངེད་ཀྱི་ཁྱད་པར༴ གཉིས་པ། ཚུལ་དེས་སངས་རྒྱས༴ གསུམ་པ། བདེན་གཉིས་འགལ་བ། གསུམ་པ་ལུང་ལས་དགག་སྒྲུབ་ཇི་སྙེད་བསྟན་ཚུལ་གྱི་སྒོ་ནས་མི་འགལ་བར་དོན་བསྡུ་བ་ནི། མདོ་དང་བསྟན་བཅོས༴ གཉིས་པ་གཉིས་ཀ་སྟོབས་མཚུངས་བདེན་པའི་རྩོད་སྤང་ནི། གཉིས་ཀ་སྟོབས༴ གསུམ་པ་བདེན་པ་གཉིས་སུ་ཕྱེ་སྟེ་ཁས་ལེན་དང་བཅས་པ་བསྟན་པའི་དགོས་འབྲས་བསྟན་པ་ནི། རྒྱུ་གཉིས་འདི་སྤང་༴ བཞི་པ་རྒྱུའམ་ལམ་གྱི་དབུ་མའི་ཁས་ལེན་དེ་ཡང་དོན་དམ་རང་ལུགས་སུ་བྱས་ནས་ཀུན་རྫོབ་གཞན་ངོར་སྐྱེལ་ན་ལུང་རིགས་ཀྱིས་གནོད་ཚུལ་བསྟན་པ་ནི། རྒྱུའམ་ལམ་གྱི༴ གསུམ་པ་ཚུལ་དེས་མདོ་སྔགས་ཀྱི་ལམ་གནད་བསྟན་པ་ལ་གསུམ། མདོ་སྔགས་ཀྱི་ལམ་གནད་ཐུན་མོང་དུ་སྤྱིར་བསྟན་པ། མདོ་སྔགས་ཀྱི་ལམ་གནད་དང་ལྟ་བའི་ཁྱད་པར་བྱེ་བྲག་ཏུ་བསྟན་པ། ཚུལ་དེས་གཞན་ཡང་མཚོན་ཚུལ་བསྟན་པའོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ། དེས་ན་དབུ་མའི༴ གཉིས་པ། གཙུབ་ཤིང་གཙུབ་པའི། གསུམ་པ། མདོ་ལས་ཐབས་དང་། གཉིས་པ། འོན་ཀྱང་མདོ་ལས། གསུམ་པ། གནས་ལུགས་ལ་ཡང་༴ གསུམ་པ་ཡི་རངས་ཤིང་བསྡུས་ཏེ་གདམས་པ་ལ་གསུམ། ཡི་རངས་ཤིང་གུས་པས་བསྟོད་ཅིང་ངོ་མཚར་ཆོས་ཀྱི་སྒྲོན་མེ་གཞན་ལ་གསལ་བར་མཛད་པར་བསྐུལ་ཞིང་གསོལ་བ་གདབ་པ། ཆོས་མཆོག་འཛིན་ཅིང་ཤོང་བའི་སྣོད་བསྟན་པ། བསྡུས་ཏེ་སྙིང་པོའི་གདམས་དངོས་སོ། །དང་པོ། དེ་ལྟར་ཟབ་མོའི༴ གཉིས་པ། དེ་སྐད་ཟེར་ཞིང་༴ གསུམ་པ། ཨ་ནི་མ་སྐྱེས༴ བཞི་པ་ཇི་ལྟར་བསྟན་པའི་དོན་བསྡུ་བ་ནི། གཟུང་གནས་དཔྱོད་པ། གསུམ་པ་ཐ་མར་དགེ་བ་འཇུག་དོན་ལ་གསུམ། ལྷག་བསམ་ཤེས་རབ་ཀྱིས་གོ་ཕྱེས། གཞན་ཕན་སྙིང་རྗེས་ཇི་ལྟར་བརྩམས་པའི་མཛད་བྱང་། ཚུལ་འདིར་བརྟེན་ན་ཐེག་མཆོག་ལམ་བཟང་རྙེད་པར་བསྟན་པས་བརྟེན་པར་གདམས་པའོ། །དང་པོ། དེ་སྐད་སྨྲས༴ གཉིས་པ། དེ་ཕྱིར་དེ་བས༴ གསུམ་པ། བདེ་གཤེགས་ཆོས་ཚུལ༴ སྨྲས་པ། དེ་ལྟར་ཤིན་ཏུ་ཟབ་ཅིང་རྟོག་དཀའི་གནས། །སྐྱེས་སྦྱངས་བློ་དམན་བདག་འདྲའི་ཡུལ་མིན་ཀྱང་། །བདག་ཡིད་གཞུང་འདིར་འདྲིས་ཤིང་གོམས་ཕྱིར་དང་། །གཞན་གྱིས་བསྐུར་ཕྱིར་ཕན་པའི་སེམས་ཀྱིས་བྲིས། །དེ་ལྟ་ན་ཡང་དངོས་བསྟན་ཚིག་གི་དོན། །ཇི་བཞིན་རྟོགས་པའི་བློ་ནུས་ཡོད་མིན་ན། །ཚིག་ནུས་དང་ནི་ཤུགས་བསྟན་ལྟ་ཡང་ཅི། །རང་མཐོང་བྱིས་པའི་ཐལ་རྩེད་ཁོ་ནར་ཟད། །དེ་ཕྱིར་ཟབ་དོན་གནས་འདི་དོན་གཉེར་འགའ། །སྲིད་འདིར་མཆིས་གང་འཇམ་དབྱངས་བླ་མ་ཉིད། །བརྟེན་ཏེ་བསྡུས་དོན་ལ་སོགས་ཟབ་རྒྱས་ཀྱི། །བདུད་རྩིའི་སྒོ་དབྱེ་འགྲོ་འདིར་སྣང་བར་མཛོད། །ཉེས་པ་གང་མཆིས་ལྷ་དང་བླ་མར་བཤགས། །ལེགས་པ་གང་མཆིས་བསྟན་འགྲོར་སྨན་གྱུར་ཅིག །དེ་སྐད་ཀུ་སུ་ལུ་པ་ས་མནྟ། །དྷརྨ་ཀིརྟིའི་སྨོན་པ་ཛ་ཡན་ཏུ། །མངྒ་ལམ།། །།

ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་ཚིག་གི་དོན་གསལ་བའི་འགྲེལ་ཆུང་བློ་གྲོས་སྣང་བའི་སྒོ་འབྱེད།

ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་ཚིག་གི་དོན་གསལ་བའི་འགྲེལ་ཆུང་བློ་གྲོས་སྣང་བའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། སྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱའི་ཏོག །རྒྱལ་སྲས་བརྒྱད་དང་རྒྱན་དྲུག་མཆོག་གཉིས་དང་། །མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་སོགས། །འཕགས་བོད་དམ་པའི་ཚོགས་རྣམས་དད་བརྒྱས་བསྙེན། །སྡེ་གསུམ་ཀློང་དགུའི་ཤིང་རྟ་ཀློང་ཆེན་པ། །སྔ་འགྱུར་བསྟན་པའི་རྒྱལ་མཚན་འཇིགས་མེད་གླིང་། །ཡོངས་རྫོགས་བསྟན་པའི་མངའ་བདག་ཆོས་ཀྱི་དབང་། །ཡབ་སྲས་བརྒྱུད་པར་བཅས་པ་རྒྱལ་གྱུར་ཅིག །རྒྱལ་བའི་ཡེ་ཤེས་མཚན་དཔེར་ཤར་བའི་ལྷ། །འཇམ་པའི་རྡོ་རྗེ་ངུར་སྨྲིག་གར་གྱི་རོལ། །ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་མི་ཕམ་པ། །སྨྲ་བའི་ཉི་མ་སྙིང་གི་པདྨོར་རོལ། །ཡུན་རིང་སྦྱང་བའི་དཀའ་བ་ཁུར་བཟོད་པའི། །ལྔ་རིགས་སྨྲ་བའི་མཁས་པར་ཆེར་གྲགས་ཀྱང་། །ཟབ་མོའི་གནས་འདིར་རྟོག་དཀའ་རབ་གཟིགས་ནས། །ཇི་བཞིན་སྨྲ་བའི་སྤོབས་པ་བསྐྱུངས་གྲགས་ན། །སྒྲ་ཚད་སྙན་ངག་སྡེབས་སྦྱོར་མ་བྱང་ཞིང་། །སྐྱེས་སྦྱངས་བློ་གྲོས་དམན་པ་བདག་འདྲ་ཡིས། །ཟབ་དོན་སྨྲ་བའི་སྤོབས་པ་མ་མཆིས་ཀྱང་། །དེ་ལྟ་ན་ཡང་རྔ་དང་དབྱུག་གུ་བཞིན། །བློ་གྲོས་དམན་པར་གྱུར་ཀྱང་རྟོགས་དཀའི་གནས། །གཞུང་འདིར་བསྟན་ན་ཡང་དག་མཐོང་བའི་མིག །དྲི་མེད་བདེ་བླག་ཉིད་དུ་འབྱེད་པའི་ཕྱིར། །ཕན་པའི་སེམས་ཀྱིས་ཚིག་དོན་གསལ་བར་བྱ། །རྒྱལ་བ་མཆོག་དང་རྒྱལ་སྲས་མཆོག་རྣམས་ཀྱང་། །མ་ཧཱ་གུ་རུ་བློ་ལྡན་མཆོག་སྲེད་རྩལ། །རྩ་གསུམ་དམ་ཅན་རྒྱལ་མཚོའི་བདེན་མཐུ་ཡིས། །འདི་ཡིས་བསྟན་འགྲོར་སྨན་པར་བྱིན་གྱིས་རློབས། དེ་ལ་འདིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་ཉིད་མཚན་དཔེའི་གཟུགས་སྐུར་ཤར་བ་འཇམ་པའི་རྡོ་རྗེ་རྗེ་བཙུན་མ་ཧཱ་གུ་རུ་བློ་ལྡན་མཆོག་སྲེད་རྩལ་དང་རྣམ་དབྱེར་མ་མཆིས་པའི་ཁྱབ་བདག་རྒྱལ་བ་གཉིས་པ་ཀུན་མཁྱེན་འཇམ་དབྱངས་བླ་མ་ཉིད་སྐུ་ན་ཤིན་ཏུ་གཞོན་པའི་དུས་སུ་ཟབ་པ་དང་རྒྱ་ཆེ་བའི་དོན་ཟབ་ཅིང་ཤིན་ཏུ་རྟོགས་པར་དཀའ་བའི་གནས་རབ་ཏུ་གསལ་བར་བྱེད་པའི་གཞུང་བཟང་སྡེབས་སྦྱོར་གྱིས་སྤྲོས་པ་སྤང་བ་གང་ཤར་ལྷུག་པར་སྟན་གཅིག་ཏུ་བརྩམ་པར་མཛད་པའི་ལེགས་བཤད་འདི་བཤད་པ་ལ་གསུམ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐར་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ལ་གཉིས། མཚན་བསྟན་པ་དང་། མཆོད་པར་བརྗོད་པའོ། །དང་པོ། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་བཞུགས་སོ་ཞེས་པས་བསྟན་ཏེ། གཞུང་བཟང་འདི་ལ་ལེགས་པར་བརྟེན་ན་ཟབ་པ་དང་རྒྱ་ཆེ་བའི་དོན་ཤིན་ཏུ་རྟོགས་པར་དཀའ་བའི་གནས་ཟབ་མོའི་དེ་ཁོ་ན་ཉིད་ལ་སྒྲོ་བསྐུར་ཀུན་དང་བྲལ་བའི་ངེས་པའི་ཤེས་པ་ཐེ་ཚོམ་གྱི་སྨག་ཐམས་ཅད་དང་བྲལ་བའི་ཡིད་ཆེས་ཕྱིར་མི་ལྡོག་པ འི་བློ་མིག་ཡང་དག་པ་རང་རྒྱུད་ལ་བདེ་བླག་ཏུ་བསྐྱེད་པའི་ཕྱིར་དཔེར་ན་མུན་པ་སེལ་ཞིང་མཐོང་བའི་སྣང་བ་སྦྱིན་པའི། རིན་པོ་ཆེའི་སྒྲོན་མེ་རིན་ཐང་དང་བྲལ་བ་ལྟ་བུ་འདི་ན་བཞུགས་སོ་ཞེས་དཔེ་དོན་ཟུང་དུ་འབྲེལ་བའི་སྒོ་ནས་མཚན་དུ་བཏགས་པའོ། །གཉིས་པ། གང་ཡིད་ཐེ་ཚོམ་སོགས་ཤྭ་ལོ་ཀ་གཅིག་གིས་བསྟན་ཏེ། ལུང་རིགས་ཟབ་མོའི་དེ་ཉིད་དོན་དུ་གཉེར་བའི་གང་ཟག་གང་གི་ཡིད་ཟབ་པ་དང་རྒྱ་ཆེ་བའི་དོན་ཟབ་མོ་རྟོགས་པར་དཀའ་བའི་གནས་ལ་ཡིད་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་གྱི་ན་བའི་སྦུབས་སུ་འཐུམས་ནས་ལུང་རིགས་དང་མི་འགལ་བའི་དོན་འདི་ཡོན་ནོ་ཞེས་གཅིག་ཏུ་ཐག་ཆོད་མེད་པར་ཁས་ལེན་ཅི་བྱ་གཏོལ་མེད་དུ་འཕྱན་པ་ལས་ཟབ་རྒྱས་ཀྱི་དེ་ཉིད་སོ་སོར་འགྱེད་ཅིང་རྟོགས་པར་བྱེད་པའི་བདེན་གཉིས་དཔྱོད་པའི་ཚད་མ་དྲི་མ་མེད་པའི་མཁྱེན་རབ་འཇམ་དཔལ་རྡོ་རྗེའི་མར་མེ་མཆོག་ཏུ་འབར་བ་གྱུར་པ་འདི་ནི་ཟབ་རྒྱས་ཀྱི་དེ་ཉིད་ཟབ་མོ་གསལ་བར་བྱེད་པ་དབང་རྣོན་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱི་སྙིང་ལ་ཟབ་རྒྱས་ཀྱི་དོན་ལ་སྒྲོ་བསྐུར་དང་ཡིད་གཉིས་ཀུན་དང་བྲལ་བའི་ངེས་པའི་ཤེས་པ་ཟབ་མོའི་ཚུལ་སུས་ཀྱང་མི་འཕྲོག་པ་རྣམ་པར་དག་པ་བདེ་བླག་ཏུ་འདྲེན་ཅིང་འཇུག་པར་བྱེད་པ་ཡང་དག་པའི་ཚད་མ་གཉིས་ལམ་བཟང་པོ་བདེན་པ་གཉིས་ཀྱི་གནས་ལུགས་ཡང་དག་པར་མཐོང་བའི་མིག་ཏུ་གྱུར་པ་དེར་བསྟན་བཅོས་རྩོམ་པའི་བདག་ཉིད་ཀྱང་རབ་ཏུ་དད་དོ་ཞེས་མཆོད་པར་བརྗོད་པའོ། །ཀྱང་སྒྲས་ཟབ་རྒྱས་ཀྱི་དེ་ཉིད་ཟབ་མོ་མཐོང་བར་འདོད་པས་ཚད་མའི་མིག་བཟང་དད་པས་བསྐྱེད་དགོས་པར་བསྟན་ཏོ། །གཉིས་པ་བར་དུ་དགེ་བ་གཞུང་དོན་ལ་བཞི། གླིང་གཞིའི་སྒོ་ནས་མདོར་བསྟན་པ། སོ་སོར་ཕྱེ་སྟེ་རྒྱས་པར་བཤད་པ། ཡི་རངས་ཀྱིས་བསྔགས་པ་བརྗོད་ཅིང་དོན་བསྡུས་ཏེ་གདམས་པ་ཇི་ལྟར་བསྟན་པའི་དོན་བསྡུ་བའོ། །དང་པོ་ལ་བཞི། ཚད་མ་གཉིས་དང་བྲལ་བའི་སྐྱོན། ལམ་ཡང་དག་དང་དེའི་གཟུགས་བརྙན་གྱི་ཁྱད་པར། ལམ་ཡང་དག་དང་དེར་ཞུགས་པ་ལ་བསྔགས་པ། དྲི་ལེན་ཚུལ་གྱིས་ཇི་ལྟར་བསྟན་ཚུལ་བཤད་པའོ། །དང་པོ། ཀྱེ་མ་ཟབ་མོའི་སོགས་ཤྭ་ལོ་ཀ་གཅིག་གིས་བསྟན་ཏེ། ཀྱེ་མའོ་ཐ་སྙད་དང་དོན་དམ་པའི་ཟབ་མོའི་གནས་ལུགས་མ་ནོར་བར་རྟོགས་པ་ལ་ཡང་དག་པར་སྦྱོར་བར་བྱེད་པའི་བདེན་གཉིས་དཔྱོད་པའི་ཚད་མ་གཉིས་ཀྱིས་དྲངས་པའི་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་ལྟ་བུར་གྱུར་པ་ཁྱོད་ཉིད་རང་རྒྱུད་ལ་མ་བསྐྱེད་ཅིང་མེད་པས་ན་སྲིད་པ་འདི་ན་ཐོས་བསམ་བསྒོམ་པ་ཕལ་ཆེར་གནས་ལུགས་ཟབ་མོའི་དོན་ལ་ཐེ་ཚོམ་གྱི་སྒྱུ་མའི་རྒྱར་ནི་འཐུམས་ཤིང་བླང་དོར་ཁས་ལེན་ལ་རྨོངས་པར་གྱུར་པའི་སྐྱོན་འདི་བྱུང་བའོ། །གཉིས་པ། གཞི་ལམ་འབྲས་བུའི་སོགས་ཚིག་བཅད་གཅིག་གིས་བསྟན་ཏེ། རྒྱུ་འབྲས་སམ་མདོ་སྔགས་ཀྱི་ཐེག་པ་གང་ལ་ཞུགས་ཀྱང་། གཞི་སྣང་སྟོང་ངམ་སྟོང་དང་རྟེན་འབྱུང་། ལམ་ཐབས་ཤེས་སམ་ཚོགས་གཉིས། འབྲས་བུའི་ཆོས་ནི་སྐུ་གཉིས་ལ་སོགས་པ་ཡི་བསྡུས་པའི་ཆོས་རྣམས་ལ་རང་གིས་ལུང་རིགས་ཚད་མའི་ལམ་ནས་དྲངས་བའི་ངེས་པས་ཡིད་ཆེས་སུ་ཀྱང་མི་འཕྲོག་པ་རང་རྒྱུད་ལ་འདྲོང་བ་དང་གཞན་ལས་ཐོས་པས་དད་པར་བྱེད་པ་ཙམ་ལས་ངེས་པས་ཡིད་ཆེས་རང་རྒྱུད་ལམ་འདྲོང་བ་གཉིས་ནི་ལམ་དངོས་དང་དེ་ཡི་གཟུགས་བརྙན་བཞིན་ཏེ་ལམ་ཡང་དག་དང་ལྟར་སྣང་བའོ། །གསུམ་པ། རྨད་བྱུང་ཆོས་ཀྱི་སོགས་ཚིགས་བཅད་བཞིས་བསྟན་ཏེ། རྒྱན་འགྲེལ་དུ། དོན་དམ་མཁའ་ལྟར་ཞི་བའི་ཐུགས་བརྙེས་པས། །དཔལ་ལྡན་ཟླ་བ་འཇིག་རྟེན་གསུམ་ན་མཛེས། །ཐ་སྙད་འཇའ་ལྟར་མ་འདྲེས་གསལ་གཟིགས་པས། །ཆོས་ཀྱི་གྲགས་པས་ས་ཆེན་འདིར་ཁྱབ་ཀྱང་། །ཞེས་གསུངས་པའི་དོན་བཞིན། ཡོན་ཏན་རྨད་དུ་བྱུང་བའི་སློབ་དཔོན་དཔལ་ཆོས་ཀྱི་གྲགས་པ་དང་དེ་ཁོ་ན་ཉིད་གསལ་བར་མཛད་པ་དཔལ་ལྡན་ཟླ་བའི་གྲགས་པ་ནི་ཚད་མ་དང་དབུ་མའི་ལེགས་པར་བཤད་པའི་གསུང་གི་འོད་ཟེར་དང་ཆབ་གཅིག་པར་སྟོན་མཆོག་ཐུབ་པའི་དབང་པོའི་བསྟན་པའི་ལྷ་ལམ་སྟེ་ནམ་མཁའ་ཡངས་པོར་ཤར་བ་སྟེ་བྱོན་པ་ཡིས་ཚད་མ་གཉིས་ཀྱིས་ཟབ་རྒྱས་ཀྱི་དོན་ལ་ཐེ་ཚོམ་གྱི་མུན་པ་ཐིབས་ཕོ་མ་ལུས་པ་རྣམ་པར་འཇོམས་པར་མཛད་དེ་དེ་ཡང་རྒྱ་ཆེ་བ་ཐ་སྙད་ཀྱི་དེ་ཁོ་ན་ཉིད་དཔྱོད་པའི་ཚད་མ་ཡང་དག་པ་ཡིས་ཐ་སྙད་ཀྱི་ཚུལ་ཡང་དག་པར་གསལ་བར་བྱས་པས་ཐ་སྙད་ཀྱི་བླང་དོར་འཇུག་ལྡོག་མི་ནོར་ཞིང་མི་འཁྲུལ་བ་དང་། ཁྱད་པར་དུ་བསྟན་པ་ཡང་དག་པའི་འཇུག་ངོག་ཚད་མ་དང་སྟོན་པ་ཐམས་ཅད་མཁྱེན་པ་ཡང་དག་པའི་སྐྱེས་བུ་ཚད་མ་ཡིན་པ་ལ་འགྲོ་བ་ལྷ་དང་བཅས་པ་སུས་ཀྱང་མི་འཕྲོག་པའི་ཡིད་ཆེས་མཆོག་ཏུ་གྱུར་པ་རྙེད་པའི་སྒོ་གཅིག་པུ་པར་གྱུར་པ་ཚད་མའི་གཞུང་དང་གནས་ལུགས་ཟབ་མོ་སྤྲོས་བྲལ་སྟོང་པ་ཉིད་ཀྱི་དོན་གཏན་ལ་འབེབས་བྱེད་དོན་དམ་དཔྱོད་པའི་རིག་ཤེས་ཀྱི་ཚད་མ་དྲི་མ་མེད་པ་གང་གི་གནས་ལུགས་ཟབ་མོའི་ཡིན་ལུགས་ཇི་བཞིན་གསལ་བ་བྱེད་པ་ཐེག་མཆོག་དབུ་མ་ཆེན་པོའི་གཞུང་དང་རྣམ་པ་གཉིས་པོ་འདི་ཁོ་ན་ལམ་གྱི་སྙིང་པོ་ཡང་དག་པ་མཐོང་བའི་མིག་མཆོག་ཏུ་གྱུར་པ་ཡིན་ལ། དེའི་ཕྱིར་བདེན་གཉིས་དཔྱོད་པའི་ཚད་མ་གཉིས་ཀྱིས་ལེགས་པར་སྦྱང་བའི་བློ་གྲོས་ཀྱི་མིག་མཆོག་དང་ཕུལ་དུ་གྱུར་པ་བཟུང་སྟེ་གཉིས་ཟུམ་པ་མེད་པར་བགྲད་དེ་སྟོན་པ་ཐམས་ཅད་མཁྱེན་པས་ལེགས་པར་བསྟན་པའི་ལམ་ཟབ་པ་དང་རྒྱ་ཆེ་བའི་ལམ་ཡང་དག་དང་ལམ་དེར་ནི་གཞན་དྲིང་མི་འཇོག་པར་ཏེ་སུས་ཀྱང་གཞན་དུ་དྲང་མི་ཐུབ་པས་ཡང་དག་པར་ཚུལ་བཞིན་ཞུགས་པའི་གང་ཟག་དམ་པ་དེ་ལ་མཆོག་ཏུ་མོས་ཤིང་བསྔགས་པས་བསྟོད་དོ། །བཞི་པ། དེ་ལྟར་སེམས་པའི་སོགས་ཚིགས་བཅད་བཅུ་དང་རྐང་པ་གསུམ་གྱིས་བསྟན་ཏེ། གོང་དུ་བཤད་པ་དེ་ལྟར་སེམས་པའི་རྣམ་པར་དཔྱོད་པའི་བློ་གྲོས་གཟུ་བོར་གནས་པའི་དྲང་སྲོང་ཆེན་པོ་ལ། རང་གར་ཐོལ་གྱིས་བྱུང་བའི་རྣམ་དཔྱོད་ཀྱི་རྟོག་པ་ལྡོམ་བུ་པ་ཞིག་གིས་ཤིན་ཏུ་རྟོགས་པར་དཀའ་བ་ཟབ་མོའི་གནས་ལ་རྟོག་གེའི་བརྒལ་ཞིང་བརྟག་པར་བྱ་བའི་ཕྱིར་ཟབ་པའི་དྲི་བ་འོག་ནས་འབྱུང་བ་བདུན་པོ་འདི་ལྟར་དྲིས་ཏེ་འདི་དང་འདི་ཡི་ལན་རྣམས་ནི་མཁས་པ་གཞན་གྱི་སྔར་ཡང་དང་ཡང་དུ་བསྟན་པའི་རྗེས་སུ། སླར་དེ་ཁོ་ན་བསྐྱར་ཟློས་སམ་རྗེས་བརྗོད་ཙམ་ཤེས་པ་ལ་འདི་ནི་མཁས་པའོ་ཞེས་བསྟོད་བསྔགས་ཅི་ཞིག་བགྱི་སྟེ་དགོས་འབྲས་མེད་ལ། དེ་ལྟར་མ་ཡིན་པར་རྟོགས་དཀའ་ཟབ་མོའི་གནས་ལ་རང་གི་རྣམ་པར་དཔྱོད་པ་ཡང་དག་པར་གཟུ་བོར་གནས་ཤིང་བག་ཕོབ་སྟེ་ཞིབ་མའི་བློ་གྲོས་ཀྱིས་ཚུལ་བཞིན་དཔྱོད་ལ་གང་དྲིས་པའི་ལན་འདི་རྣམས་ལུང་རིགས་ཚད་མས་གྲུབ་པ་དེ་དང་དེ་ཉེ་བར་ལྡོན་པར་མཛོད་ཅིག་དང་། ད་བཟོད་ངག་གི་འབྲས་རྟགས་དེ་དང་དེས་ནང་གི་རྣམ་པར་དཔྱོད་པའི་བློ་གྲོས་མཁས་བླུན་ཇི་འདྲ་བ་དེ་བཞིན་མངོན་སུམ་མཐོང་བ་བཞིན་དུ་གསལ་ཞིང་ངེས་པར་འགྱུར་གྱིས། གཞན་དུ་གཞུང་མང་དུ་ཐོས་ཤིང་དགག་སྒྲུབ་ཀྱི་སྣ་ཞགས་རིང་དུ་བརྐྱངས་ནས་མཁས་པར་གྲགས་ཤིང་སྙེམས་པར་གྱུར་ན་ཡང་ཇི་ལྟར་ཁྲོན་པའི་ཆུ་མིག་ཆུང་ངུ་ལ་གནས་པའི་རུས་སྦལ་གྱིས་ཕྱིས་སུ་རྒྱ་མཚོ་ཆེན་པོ་མཐོང་བའི་དཔེ་ལྟར་རང་རང་གིས་ཇི་ལྟར་མཐོང་བའི་ཚུར་མཐོང་ཙམ་གྱིས་ཁེངས་ཤིང་ཚུར་མཐོང་གི་ཡུལ་ལས་འདས་པས་ཤིན་ཏུ་རྟོགས་པར་དཀའ་བའི་གནས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཆོས་ཀྱི་ཆུ་རྒྱ་མཚོ་ཆེན་པོ་ལྟར་ཟབ་ཅིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་གཞན་དང་གཞན་མང་པོ་རྣམས་མ་མཐོང་མ་ཐོས་མ་མྱོང་བས་སེམས་མི་ཞུམ་པར་མ་ཟད་ད་དུང་མདོ་རྒྱུད་ཀྱི་དོན་ཟབ་མོ་ལ་མཁས་པའི་གྲགས་པ་ལ་རེ་ཞིང་ཆགས་པས་དགག་སྒྲུབ་ལྟར་སྣང་བ་སྣ་ཚོགས་རང་གར་སྤྲོ་བ་ནི་དཔེར་ན་རིགས་ངན་གྱིས་རྒྱལ་པོའི་བཙུན་མོར་ཆགས་པས་ལོག་པར་གཡེམ་བར་བྱས་ན་སྲོག་དང་བྲལ་བའི་ཕུང་ཁྲོལ་ཆེན་པོ་འབྱུང་བ་དང་འདྲ་སྟེ་ཟབ་མོའི་ཆོས་སྤངས་པའི་རྒྱུས་རང་དང་གཞན་རྣམས་མནར་མེད་པའི་དམྱལ་བ་ཆེན་པོར་བསྐལ་བ་ནས་བསྐལ་པའི་བར་དུ་འབར་ཞིང་རབ་ཏུ་འབར་བའི་སྡུག་བསྔལ་བར་འགྱུར་བས་བདག་ལེགས་སུ་འདོད་པ་དག་གིས་བག་ཡོད་པར་བྱོས་ཤིག །དོན་གྱི་གནས་ཟབ་མོ་གང་འདྲི་ན་འདི་ལྟར་མཁས་དབང་དམ་པ་རྣམས་ཀྱིས་གྲུབ་མཐའི་ཞལ་འཛིན་དང་། ལུང་དང་རིགས་པའི་བློས་གྲོས་ཀྱི་གཤོག་རྩལ་འགྲན་པའི་ཕྱིར་ཕན་ཚུན་བརྒལ་རྟགས་ཀྱིས་དགག་སྒྲུབ་སྣ་ཚོགས་དགོས་དབང་གིས་རྒྱ་ཆེར་མཛད་ན་ཡང་ལུང་རིགས་མན་ངག་དང་མི་འགལ་བའི་ཞལ་བཞེས་སྐྱོན་མེད་ཅིག་གང་ལའང་དཀའ་བར་སྣང་བའི་གནས་འདི་འདྲི་སྟེ། མཐར་ཐུག་ལྟ་བ་མཁས་དབང་ལ་ལས་མེད་དགག་དང་ལ་ལས་མ་ཡིན་དགག་ཏུ་གསུངས་པ་གཉིས་ལས་གང་ལྟར་སྨྲ་བ་གནས་ལུགས་མཐར་ཐུག་གི་དོན་དུ་གནས་ཤིང་ལུགས་རིགས་དང་མི་འགལ་བར་གང་འཐད་ཅེས་པ་དང་། དེ་བཞིན་དུ་ཉན་རང་དགྲ་བཅོམ་པས་ཆོས་དང་གང་ཟག་གི་བདག་མེད་གཉིས་རྟོགས་སམ་མ་རྟོགས་པར་སྨྲ་བ་གང་འཐད་དང་། གནས་ལུགས་ཀྱི་དོན་ལ་མཉམ་པར་བཞག་པའམ་འཇོག་ཚེ་འཛིན་སྟངས་ཡོད་དམ་མེད་པ་གང་ལྟར་སྨྲ་བ་འཐད་ཅེས་དང་། བསྒོམ་པ་ལའང་དཔྱད་ནས་བསྒོམ་མམ་མི་དཔྱད་པར་བཞག་ནས་བསྒོམ་པར་སྨྲ་བ་ལ་དང་། བདེན་པ་གཉིས་ལས་གང་ཞིག་ཀུན་རྫོབ་བམ་དོན་དམ་གཙོ་བོར་སྨྲ་བ་ལ་དང་། ཆུ་ལྟ་བུ་གཅིག་ལ་རིགས་དྲུག་གི་འགྲོ་བས་མཐོང་བ་མི་གཅིག་པ་དྲུག་ཏུ་སྣང་བ་དེ་ལ་མཐུན་སྣང་གི་བལྟ་བྱ་ཐུན་མོང་པ་ཡོད་དམ་མེད་གང་ལྟར་སྨྲ་བ་ལ་དང་། དབུ་མར་རང་ལུགས་ཀྱི་ཁས་ལེན་ཡོད་དམ་མེད་པར་སྨྲ་བ་ལུང་རིགས་དང་མི་འགལ་བར་གང་ཞིག་འཐད་ཅེས་དེ་སྐད་གནས་ལུགས་སྟོང་པ་ཉིད་ལས་བརྩམས་པའི་ཟབ་མོའི་དོན་ཅན་གྱི་དྲི་བ་བདུན་པོ་འདིར་ལུང་དང་འགལ་བ་མེད་པར་ལུང་གི་དོན་བཞིན་དུ་དངོས་སྟོབས་ཀྱི་རིགས་པས་གྲུབ་པའི་ལན་ཡང་དག་པ་ཐོངས་ཤིག །དེ་ལས་གཞན་དུ་རིགས་པས་མ་གྲུབ་པའི་ལན་གྱིས་ངལ་བས་ཅི་ཞིག་བྱ། ཞེས་སོ། །དེ་ལྟར་རྟོག་གེའི་ཐལ་དག་གི་ཚིག་གི་འཕྲེང་བ་ལྟར་སྣང་གི་རིགས་པ་ཚེར་མའི་མདུང་ལྟ་བུ་འབུམ་གྱིས་གཅིག་ཆར་བསྣུན་ཀྱང་ཅུང་ཟད་ཙམ་ཡང་མི་ཕིག་པ་སྟེ། དགག་སྒྲུབ་གང་ཡང་མི་ནུས་པས་མཁས་པར་གྲགས་པའི་ཆེ་བའམ་ཆེན་པོ་རྣམས་ཀྱང་རྨོངས་ཤིང་འཁྲུལ་བར་གྱུར་ནས་ཇི་བཞིན་རྟོགས་པར་མི་ནུས་པར་མི་ནུས་པའི་ཟབ་དོན་དཀའ་བའི་གནད་འདི་ལ། ལུང་རིགས་ཚད་མས་གྲུབ་པའི་ལན་སྨྲ་བའི་ལྗགས་མི་ཐུང་བར་རིང་པོ་གློག་འགྱུ་བ་བཞིན་མྱུར་བ་རྐྱོངས་ལ་ལ ན་ཐོངས་ཤིག་ཅེས་དེ་ལྟར་རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས་རབ་ཏུ་བསྐུལ་པའི་ངག་གི་རླུང་ཅུང་ཟད་དམ་ཆུང་ངུར་གཡོས་ཏེ་དྲིས་པ་དེས་ཀྱང་གཟུ་བོར་གནས་པའི་དྲང་སྲོང་གི་སྙིང་དུས་མཐའི་རླུང་གིས་རི་བོ་བསྐྱོད་པ་བཞིན་དུ་བསྒུལ་བར་གྱུར་ནས་ལན་གྱི་ཁྱད་པར་གང་ཡང་མི་སྨྲའི་བརྟུལ་ཞུགས་ཅུང་ཟད་དམ་དལ་གཅིག་བཟུང་བ་སྟེ་ཅི་བྱ་གཏོལ་མེད་དུ་ཅུང་ཟད་གྱུར་པའི་མཐར་འདི་ལྟར་ཀྱེ་མའོ་ཡུན་རིང་སྦྱང་བརྩོན་གྱི་འབད་པ་བརྒྱ་ཕྲག་དུ་མའི་བཀའ་བའི་ཁུར་རྟག་ཏུ་བརྟེན་ཅིང་ཡང་དང་ཡང་དུ་རྣམ་པར་དཔྱད་པའི་བློ་གྲོས་རྣོན་པོའི་མེ་བར་ཆད་པ་རྒྱུན་མར་ཆེས་ཆེར་སྦར་བའི་མཁས་པ་ཆེན་པོར་གྱུར་པ་དེ་དང་དེས་ཀྱང་དྲི་བ་འདི་རྣམས་ལ་ལུང་རིགས་གང་དང་ཡང་མི་འགལ་བར་ཚད་མས་གྲུབ་པའི་ལན་གྱི་ཁྱད་པར་སྐྱོན་ཐམས་ཅད་དང་བྲལ་བའི་ཁས་ལེན་གསེར་ཞུན་མ་ལྟ་བུའི་ཁམས་སུ་བསྒྲུབ་པར་མ་ནུས་པ་འདི་ལྟར་ཡིན་ན། སྔོན་སྦྱང་གི་ལྷན་ཅིག་སྐྱེས་པའི་སྤོབས་པའི་བློ་ཡི་ནུས་པ་ཞན་པར་གྱུར་ཅིང་། དེ་ལྟར་འབད་པ་ཆེན་པོས་ཡུན་རིང་སྦྱང་པའི་དཀའ་བའི་ཁུར་བརྒྱ་ཕྲག་དག་ཀྱང་མ་བཟུང་བ་དམན་པ་བདག་གིས་འདི་ལ་ལན་གྱི་ཁྱད་པར་ཁས་ལེན་སྐྱོན་མེད་ཅིག་སྨྲ་བ་ག་ལ་ནུས་ཞེས་ལྷག་པའི་ལྷ་མཆོག་རྗེ་བཙུན་འཇམ་པའི་དབྱངས་ལ་སྙིང་ནས་དད་པས་གདུང་བའི་ཤུགས་ཀྱིས་བོས་ཤིང་གསོལ་བ་བཏབ་པ་དེ་ཡི་ཚེ་ན་ལྷག་པའི་ལྷ་དེ་ཡི་བྱིན་རླབས་ཀྱི་མཐུ་ལས་བྱུང་བ་ཡིན་སྙམས་པ་སྟེ་ལྷག་པའི་ལྷའི་བྱིན་རླབས་སྙིང་ལ་ཞུགས་པའི་སྟོབས་ཀྱིས་ཡིད་ལ་ཐོ་རང་ནམ་ལང་པའི་དུས་ཀྱི་མངོན་སུམ་སྐྱོན་མེད་ཀྱི་སྣང་བ་ལྟར་ལན་གྱི་ཁྱད་པར་ཁས་ལེན་སྐྱོན་བྲལ་ལུང་རིགས་ཚད་མས་གྲུབ་པ་ཐེ་ཚོམ་གྱི་སྨག་ཐམས་ཅད་དང་བྲལ་བ་སྨྲ་ནུས་པའི་སྤོབས་པའི་གོ་སྐབས་ཡང་བ་ཅུང་ཟད་ཐོབ་པའི་འཕྲལ་ཏེ་དེ་མ་ཐག་ཏུ་ལེགས་པར་གསུངས་པའི་མདོ་རྒྱུད་མན་ངག་གི་དགོངས་དོན་ཇི་ལྟ་བ་བཞིན་དུ་དངོས་སྟོབས་ཀྱི་རིགས་པ་ཡང་དག་པས་དཔྱད་དེ་འདི་ལྟར་སྨྲས་པ་ཡིན་ནོ་ཞེས་སོ། །གཉིས་པ་སོ་སོར་ཕྱེ་སྟེ་རྒྱས་པར་བཤད་པ་ལ་དྲི་ལན་མདོར་བསྟན་པ་ལྟར་བདུན་ལས། དྲི་ལན་དང་པོ་ལྟ་བ་མཐར་ཐུག་མེད་དགག་དང་མ་ཡིན་དགག་ཏུ་འདོད་པ་གང་འཐད་བསྟན་པ་ལ་གཉིས། གཞན་ལུགས་བརྗོད་ཅིང་རང་ལུགས་བཞག་པ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ། དགེ་ལྡན་ལྟ་བ་སོགས་ཚིགས་བཅད་ལྔ་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ལ་སྤྱིར་དེ་བཞིན་གཤེགས་པའི་སྙིང་པོ་རང་གི་ངོ་བོས་མི་སྟོང་བར་གྱུར་ན་ཕྱི་རོལ་པའི་རྟག་བདག་དང་ཁྱད་པར་མེད་པས་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་དུ་བསྟན་པ་དང་། འོད་གསལ་བའི་ཡེ་ཤེས་ཀྱང་མེད་པས་སྟོང་པ་ཕྱང་ཆད་ནམ་མཁའ་ལྟ་བུར་གྱུར་ན་གཅེར་བུ་པ་དང་ཁྱད་པར་མེད་པས་འོད་གསལ་བའི་ཡེ་ཤེས་འདུས་མ་བྱས་པར་བསྟན་པས་སྟོན་པའི་བཀའ་བར་ཐ་ངེས་པའི་ལུང་གིས་ངོ་བོ་སྟོང་པ་དང་རང་བཞིན་གསལ་བར་བསྟན་པ་དང་། དེའི་དགོངས་འགྲེལ་ཀྱང་། རྒྱལ་ཚབས་ཆེན་པོ་བྱམས་པས། རྒྱན་དང་རྒྱུད་བླ་སོགས་དང་། དཔལ་ལྡན་ཀླུས་རིགས་ཚོགས་དང་བསྟོད་ཚོགས་ཀྱིས་ལེགས་པར་བསྟན་པ་དག་ལ་འཕགས་ཡུལ་དུ་དཔལ་ལྡན་ཀླུའི་དབུ་མ་རྩ་བ་ཤེས་རབ་སོགས་རིགས་ཚོགས་ཀྱི་དགོངས་པ་སངས་རྒྱས་བསྐྱང་དང་ལེགས་ལྡན་འབྱེད་དང་། དཔལ་ལྡན་ཟླ་བས་སོ་སོར་བཀྲལ་ཞིང་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་དང་དེའི་དབང་གིས་ཐ་སྙད་དུ་རང་མཚན་གྱིས་གྲུབ་སོགས་ཞལ་གྱིས་བཞེས་མི་བཞེས་ཀྱི་ཁྱད་པར་ལ་ཕན་ཚུན་དགག་སྒྲུབ་སྣ་ཚོགས་མཛད་ཅིང་དེར་བསྟེན་བོད་འདིར་ཡང་དབུ་མ་ཐལ་རང་ཞེས་ཆེས་མི་མཐུན་པ་ཞིག་ཏུ་གོ་ཞིང་མཁས་མཆོག་རྣམས་ཀྱིས་དབུ་མ་རང་བརྒྱུད་པའི་སྟོང་ཉིད་མ་ཡིན་དགག་ཏུ་སོང་བའི་འགལ་འདུའང་བསྟན་ལ། དཔལ་ལྡན་ཟླ་བའི་དབུ་མ་འཇུག་པ་རྩ་འགྲེལ་གྱི་དགོངས་པ་འགྲེལ་བ་པོ་གངས་ཅན་གྱི་མཁས་མཆོག་རྣམས་ཀྱང་ཕན་ཚུན་དཔལ་ལྡན་ཟླ་བའི་དགོངས་པ་ལོན་མ་ལོན་ཞེས་དགག་སྒྲུབ་སྣ་ཚོགས་པར་མཛད་པ་དང་། དེ་བཞིན་དུ་རྒྱལ་ཚབ་ས་ཆེན་པོ་བྱམས་པའི་རྒྱུད་བླ་མ་སོགས་ཀྱི་དགོངས་པ་འགྲེལ་པ་པོ་གངས་ཅན་གྱི་མཁས་མཆོག་རྣམས་ཀྱང་ཕན་ཚུན་དགག་སྒྲུབ་སྣ་ཚོགས་པ་སྤྲོ་བར་གྱུར་ན་ཡང་། གཟུ་བོར་གནས་པའི་བློས་དོན་ལ་རྟོན་པའི་རིགས་ལམ་དྲི་མ་མེད་པས་གནད་ཀྱི་དགོངས་དོན་ཉམས་སུ་བསྟར་ན་རྒྱལ་བའི་ཕྲིན་ལས་གདུལ་བྱའི་དབང་གིས་སོ་སོའི་དགོངས་གནད་རེ་རྩལ་བཏོན་མཛད་པའི་ཐ་སྙད་ཀྱི་ཞལ་བཞེས་ཅུང་ཟད་མི་འདྲ་བ་ཙམ་ལས་དོན་ལ་རྒྱ་བོད་གྲུབ་ཐོབ་དགོངས་པ་གཅིག་ཟེར་བ་ལྟར་མཐར་ཐུག་གི་དགོངས་པ་དབུ་མ་ཆེན་པོ་སྤྲོས་བྲལ་མཉམ་པ་ཉིད་དུ་དབྱེ་བསྲི་མེད་པར་གཅིག་ཏུ་གཞོལ་ཞིང་འབབ་པའི་ཚུལ་རྗེ་འཇམ་དབྱངས་བླ་མས་དབུ་མ་རྒྱན་འགྲེལ་དང་བདེ་གཤེགས་སྙིང་པོའི་སྟོང་ཐུན་སེང་གེའི་ང་རོ་སོགས་ལེགས་པར་བཀྲལ་ཟིན་པའི་ལུང་རིགས་ཟབ་མོའི་དགོངས་གནད་རང་གིས་ཉམས་སུ་བསྟར་བ་ལས་འདིར་བསྐྱར་ཟློས་སུ་མ་བྱས་ལ། དེས་ན་ཐ་སྙད་ཀྱི་ཞལ་བཞེས་ཅུང་ཟད་ཙམ་མི་འདྲ་བ་རེ་རང་གཞན་སུ་ལའང་ཡོད་པ་དེར་མི་འཐད་པའི་ཀླན་ཀ་དོན་ལ་མི་གནས་པ་ལྟ་ཅི་དོན་ལ་གནས་ནའང་དེ་ཙམ་གྱིས་ལྟ་ལོག་དང་ཆོས་ལོག་ཏུ་མི་འགྱུར་ཏེ། ཚིག་ལ་མི་རྟོན་དོན་ལ་རྟོན་དགོས་པར་གསུང་པའི་ཕྱིར། དེ་ལྟ་ནའང་རང་གཞན་སུ་ཡིན་ཀྱང་གཞན་ཟེར་རྗེས་བརྗོད་ཀྱི་བྲག་ཆར་མ་སོང་བར་ཡང་དག་པའི་རིགས་ལམ་གྱིས་ཐ་སྙད་སྐྱོན་མེད་པ་ཞིག་ལ་འཇུག་པ་གལ་ཆེ་སྟེ། ཇི་སྐད་དུ། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་སྟེ། ཞེས་གསུངས་པས་སོ། །དེས་ན་ཚུལ་འདི་དང་འདྲའི་སྒོ་ནས་དྲི་ལན་ཐམས་ཅད་ཀྱི་སྐབས་སུའང་གཟུ་བོར་གནས་པའི་བློས་ལོག་པར་མི་ལྟ་བར་ཡང་དག་པའི་དོན་ཉིད་འཚོལ་བ་ནི་མཁས་པ་རྣམས་ཀྱིས་སྙིང་ནོར་དམ་པར་རྣལ་འབྱོར་དུ་བྱ་བ་ཁོ་ནའོ། །དངོས་དོན་ལ་གངས་ཅན་ལ་མངོན་པར་མཐོ་བ་རི་བོ་དགེ་ལྡན་པ་སོགས་སྔ་ཕྱིར་བྱོན་པའི་མཁས་མཆོག་ཕལ་ཆེ་བ་ཞིག་དབུ་མའི་ལྟ་བ་མཐར་ཐུག་པ་དགག་བྱ་བདེན་གྲུབ་བཅད་པའི་སྟོང་ཉིད་མེད་དགག་ཏུ་འདོད་དགོས་ཟེར་བ་དང་། གཞན་སྔ་ཕྱིར་བྱོན་པའི་མཁས་མཆོག་ལ་ལ་རྣམས་གནས་ལུགས་མཐར་ཐུག་དོན་དམ་པ་ཉིད་གཉིས་སྣང་འཁོར་བའི་ཆོས་ཀྱི་སྟོང་པས་སྟོང་ཉིད་མ་ཡིན་དགག་ཏུ་སྨྲ་བ་དང་། སྔ་འགྱུར་གྱི་རང་ལུགས་གཞན་དང་མ་འདྲེས་པའི་ཁས་ལེན་གང་ཡིན་ཞེ་ན། གནས་ལུགས་མཐར་ཐུག་པ་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་སྤྲོས་བྲལ་མཉམ་པ་ཉིད་དམ་ཟུང་འཇུག་ཡེ་ཤེས་ཆེན་པོའི་དོར་མེད་དགག་ཅེས་བྱ་བ་བདེན་གྲུབ་ལ་སོགས་པ་བཀག་ཤུལ་གྱི་མེད་རྐྱང་ངམ་སྟོང་བ་ཕྱང་ཆད་དམ་སྟོད་རྐྱང་དང་ནི་མ་ཡིན་དགག་ཡིན་ཞེས་དགག་བྱ་བཀག་ཤུལ་དུ་ཆོས་ཉིད་ལ་སོགས་པ་ཆོས་གཞན་ཅི་ཞིག་འཕེན་ཏེ། དེ་གཉིས་ཀ་བློ་ཡིས་གཞན་སེལ་བའི་སྒོ་ནས་བརྟགས་པ་ཙམ་ལས་རང་གི་ངོ་བོས་མ་གྲུབ་པའི་ཕྱིར་ན་གཤིས་ལུགས་མཐར་ཐུག་པའི་དོན་ལ་མཁས་ལེན་ཐམས་ཅད་དང་བྲལ་བས་མེད་དགག་དང་མ་ཡིན་དགག་གཉིས་ཀར་ཁས་མི་ལེན་ཏེ། གནས་ལུགས་མཐར་ཐུག་པ་ནི་དགག་པ་མེད་དགག་དང་སྒྲུབ་པ་མ་ཡིན་དགག་ལ་སོགས་པའི་གཉིས་ཆོས་ཐམས་ཅད་དང་བྲལ་བ་ཡི་བློ་འདས་སྨྲ་བསམ་བརྗོད་མེད་སོ་སོ་རང་རིགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གདོད་མའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ནའང་གནས་སྐབས་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་གཏན་ལ་འབེབ་ཚུལ་ཁོ་ནར་བསམ་ནས་ནི་མེད་དགག་དང་མ་ཡིན་དགག་གང་ཡིན་ཞེས་དྲི་ན་མེད་དགག་ཉིད་ཡིན་ཞེས་ཁས་ལེན་ཏེ་འཕགས་ཡུལ་གྱི་དཔལ་ལྡན་ཟླ་བ་གྲགས་པ་དང་བོད་ན་ཀུན་མཁྱེན་རོང་ཟོམ་ཆོས་བཟང་གཉིས་ཐུགས་ཀྱི་དགོངས་པ་གཅིག་དང་གསུང་གི་དབྱངས་གཅིག་གིས་འཁོར་འདས་ཀྱིས་བསྡུས་པའི་ཆོས་སོ་ཅོག་ཀུན་གདོད་མ་ནས་དག་པས་ཀ་དག་སྟོང་པ་ཆེན་པོ་ལུང་དང་རིགས་པས་བསྒྲུབས་པར་མཛད་པ་བཞིན་དུ་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་ཐམས་ཅད་ཀ་ནས་དག་པའམ་གདོད་མ་ནས་རང་བཞིན་གྱིས་མ་གྲུབ་པའམ་མེད་པའི་ཕྱིར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཆར་མཐའ་བཞི་ལས་མ་སྐྱེས་པས་ན་མེད་ཅེས་བརྗོད་པ་ལ་ཅི་ཞིག་ཚོམ་སྟེ་ཐེ་ཚོམ་ཅི་ཡང་མི་དགོས་ཏེ་མདོ་ལས་གཟུགས་མེད་སྒྲ་མེད་སོགས་གཟུགས་ནས་རྣམ་མཁྱེན་གྱི་བར་མེད་པའམ་སྟོང་པར་གསུངས་བཞིན་ནོ། །གཉིས་པ་ལ་གཉིས། མི་འཐད་པ་གཞན་ལུགས་དགག་པ། འཐད་ལྡན་རང་ལུགས་བཞག་པའོ། །དང་པོ་ལ་གཉིས། གཞན་གྱི་མེད་དགག་ཀྱང་མ་ཡིན་དགག་ཏུ་འགྱུར་ཞིང་ཚིག་དང་དོན་གྱི་གཞན་སྟོང་ལ་ཟུང་འཇུག་མི་རུང་བར་མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པའོ། །དང་པོ། ཀ་བ་ཀ་ནས་སོགས་ཚིགས་བཅད་གསུམ་གྱིས་བསྟན་ཏེ། དེ་ལ་འདིར་ངོ་བོ་སྟོང་པའི་དབང་དུ་བྱས་ནས་སྤྲོས་བྲལ་མེད་དགག་དང་། རང་བཞིན་འོད་གསལ་བའི་དབང་དུ་བྱས་ན་ངོ་བོ་སྟོང་པའི་དབྱིངས་དང་འདུ་འབྲལ་མེད་པའི་སྐུ་དང་ཡེ་ཤེས་སོགས་དབྱིངས་ཡེ་གཉིས་སུ་མེད་པའི་འདུ་མ་བྱས་པའི་རང་གདངས་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀྱི་ཡོན་ཏན་བླ་ན་མེད་པ་རྣམས་ཀྱང་རྗེས་ཐོབ་ཤན་འབྱེད་པའི་ཚེ་དེ་ལྟར་ཁས་ལེན་ཅིང་། འདོད་པ་ལ་གནོད་བྱེད་མེད་ཅིང་སྒྲུབ་བྱེད་ཡོད་པའི་ཕྱིར་མི་འཐད་པ་སྤུ་ཙམ་མེད་པར་མ་ཟད་བླ་ན་མེད་པའི་ཡོན་ཏན་ཀྱང་བདེ་བླག་ཉིད་དུ་ཐོབ་པར་འགྱུར་རོ། །འོ་ན་ཇི་ལྟར་ཞེ་ན། དོན་དམ་མཐར་ཐུག་དཔྱོད་པའི་རིགས་པ་གང་ཇི་སྙེད་པས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཅན་གང་ལ་དོན་དམ་དང་བདེན་གྲུབ་སོགས་ཀྱི་དགག་བྱའི་ཁྱད་པར་སྦྱར་ནས་དེ་ཁོ་ན་འགོགས་ཀྱི་གཞན་ཆོས་ཅན་གྱིས་སྣང་བ་འདི་འགོག་ན་འགོག་ཀྱང་མི་ནུས་ལ་ཐ་སྙད་ལ་བསྐུར་པ་བཏབ་པ་སོགས་ཀྱི་སྐྱོན་ཡང་ཆེའོ་ཞེས་དབུ་མ་རང་རྒྱུད་པའི་རྣམ་གྲངས་པའི་དོན་དམ་བདེན་སྟོང་མེད་དགག་ཙམ་ཁོ་ན་ཟབ་མོ་དབུ་མའི་ལྟ་བ་མཐར་ཐུག་ཏུ་ཞལ་གྱིས་བཞེས་ཤིང་རྩལ་འདོན་གྱིས་བསྒྲུབ་ན་མི་འཐད་དེ། དཔལ་ལྡན་ཟླ་བས། ཐ་སྙད་བདེན་པ་རིག་པའི་དཔྱད་བཟོད་དུ་ཐལ་བ་དང་། དོན་དམ་པའི་སྐྱེ་བ་མི་ཁེགས་བར་ཐལ་བ་དང་། འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བའི་སྐྱོན་གསུམ་གསུངས་པ། བཟློག་མེད་དུ་འབབ་ཅིང་ཀུན་མཁྱེན་ཀློང་ཆེན་པས་ཡིད་བཞིན་མཛོད་དུ། རང་རྒྱུད་འོག་མའི་བྱེ་བྲག་སློབ་དཔོན་དཔལ་སྦས་སོགས་སྣང་སྟོང་ཐ་དད་དུ་འདོད་པ་དག་གི་ལུགས་དགག་པའི་སྐབས་སུ། སྣང་བ་མ་ཡིན་པའི་སྟོང་པ་བདེན་པ་གཉིས་ཆར་མི་སྲིད་པ་དང་། རྟོགས་བྱར་མི་རུང་བ་དང་ཐ་དད་དུ་གྱུར་ན་སྤང་གཉེན་དུ་མི་འཐད་དེ། དགྲ་ལ་ཞེ་སྡང་སྐྱེས་པ་ལ་ནམ་མཁའ་སྟོང་པར་ཤེས་པས་མི་ཕན་པ་ལྟར་གཞི་རྫུན་སྣང་ལ་ཞེན་ནས་ལོགས་སུ་སྟོང་པར་ཤེས་པས་ཅི་ཡང་མི་ཕན་པས་དེ་འདྲའི་སྟོང་པ་དེ་རྟོགས་པ་ལ་དགོས་པ་མེད་པར་འགྱུར་བའི་རིགས་པ་གང་གསུངས་པ་བཞིན་ནོ། །ཏིང་འཛིན་རྒྱལ་པོ་ལས་ཀྱང་། སུ་དག་བུ་མོར་འདུ་ཤེས་གནས། །དེ་དག་འདོད་ཆགས་རབ་ཏུ་འཕེལ། །འདུ་ཤེས་དག་ནི་རྣམ་བཤིག་ན། །འདོད་ཆགས་གྱིས་ནི་གོས་མི་འགྱུར། །ཞེས་གསུངས་པ་བཞིན་ཡིན་པས་འདིར་ཡང་ཆོས་ཅན་གྱི་སྣང་བ་ཀ་བ་ལ་སོགས་པ་རང་རང་གི་ངོ་བོ་ཀ་ནས་ཏེ་ཡེ་ནས་སྟོང་པའམ། དག་པ་ཡི་རང་བཞིན་ཡིན་པའི་ཕྱིར་དེ་ལྟར་རིགས་པས་གཏན་ལ་ཕབ་པའི་ཤུལ་ན་གང་མི་སྟོང་པ་ཅུང་ཟད་ཀྱང་ནམ་ཡང་ལུས་པ་མེད་ལ། གལ་ཏེ་ཡོད་ན་དེའི་རིགས་པས་དཔྱད་བཟོད་དུ་འགྱུར་བ། དེས་ན་གནས་ལུགས་མཐར་ཐུག་དཔྱོད་པའི་རིགས་པས་ཆོས་ཅན་ཀ་བ་རང་ཉིད་མེད་ཅེས་མ་བཀག་ན་སྟེ་མི་འགོགས་པ་ཀ་བ་བདེན་གྲུབ་མིན་ཞེས་བརྗོད་པས་འགོགས་མི་ནུས་པའི་ཆོས་ཅན་གྱི་ཀ་བ་འདི་ཅི་ཞིག་ཡིན་ཏེ་མི་འཐད་ལ། དེ་ལྟར་ན་བདེན་གྲུབ་ཀྱི་ཀ་བ་ཁེག་པས་བདེན་པའི་སྟོང་པ་ཉིད་དང་མི་ཁེག་པར་ཤུལ་ན་ལུས་པའི་སྣང་བ་ཡི་ཀ་བ་ཞིག་སྟེ་སྟོང་པ་དང་མི་སྟོངས་པའི་ཐ་དད་པ་དེ་གཉིས་མེ་དང་ཚ་བ་ལྟ་བུ་སྣང་སྟོང་དབྱེར་མེད་དམ་ཟུང་འཇུག་ཏུ་མི་རུང་སྟེ་དཔེར་ན་སྲད་བུ་དཀར་ནག་བསྒྲིལ་བ་ཟུང་འཇུག་གམ་དབྱེར་མེད་མིན་པ་བཞིན་ནོ། །དེས་ན་ཆོས་ཅན་གྱི་ཀ་བ་ཀ་བས་ཏེ་ག་པ་རང་གིས་མི་སྟོང་བར་དགག་བྱ་བདེན་གྲུབ་གཞན་གྱིས་སྟོང་པར་འདོད་པ་དང་ཆོས་ཉིད་ཆོས་ཉིད་རང་གིས་མི་སྟོང་བར་གཞན་ཀ་བས་སྟོང་ངོ་ཞེས་སྟོང་གཞི་ཀ་བ་དང་ཆོས་ཉིད་བཞག་ནས་བདེན་གྲུབ་དང་ཀ་བ་ལ་སོགས་པ་གཞན་གྱིས་སྟོང་པར་འདོད་པ་དག་ནི་ཚིག་གི་གཞན་སྟོང་དང་དོན་གྱི་གཞན་སྟོང་གཉིས་ཀ་ལའང་སྣང་བ་དང་སྟོང་པ་ཆོས་ཅན་དང་ཆོས་ཉིད་དུ་མི་རུང་བ་དང་དེ་བཞིན་དུ་སྣང་སྟོང་དབྱེར་མེད་དམ་ཟུང་འཇུག་དང་མཉམ་པ་ཉིད་དང་སྤྲོས་བྲལ་མི་རུང་བའི་རིགས་པའི་གནོད་པ་ཐུན་མོང་དུ་བཟློག་མེད་དུ་འབབས་སོ། །གཉིས་པ་ལ་གཉིས། ལུང་རིགས་ཁས་བླང་དང་འགས་པ། ཟུང་འཇུག་སོགས་མི་རུང་བར་བསྟན་པའོ། །དང་པོ། ཨེ་མ་དེས་དེ་སོགས་ཚིགས་བཅད་བཅུ་དང་རྐང་པ་གཅིག་གིས་བསྟན་ཏེ། འདི་ལ་ལུང་དང་རིགས་པ་དང་ཁས་བླང་དང་འགལ་བ་གསུམ་རིམ་པར་ཨེ་མ་ཀ་བ་དང་ཆོས་ཉིད་ལ་སོགས་དེ་དང་དེས་ཀ་བ་དང་ཆོས་ཉིད་ལ་སོགས་པ་རང་རང་གི་ངོ་བོས་དེ་དང་དེ་མ་སྟོང་པའམ་མི་སྟོང་བར་དགག་བྱ་བདེན་གྲུབ་ལ་སོགས་པ་ཁོ་ནས་སྟོང་པ་ཡིན་ན་སྟོང་གཞི་ཀ་བ་དང་ཆོས་ཉིད་ལ་སོགས་པ་མི་སྟོང་བར་ལྷག་མར་ལུས་ཏེ་རང་རང་གི་ངོ་བོས་གྲུབ་པར་འགྱུར་ཏེ། དེ་ལྟར་ན་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་སོགས་གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པར་གསུངས་པའི་ཡུམ་རྒྱས་འབྲིང་སོགས་ངེས་དོན་གྱི་ལུང་དོན་དང་འགལ་ཞིང་རིགས་པར་བཅས་པ་ལས་ཀྱང་འགལ་ཏེ། ཇི་ལྟར་འགལ་ན། ཆོས་ཅན་ཀ་བ་ལ་སོགས་པ་དང་དགག་བྱ་ཀ་བའི་བདེན་གྲུབ་ལ་སོགས་པ་དེ་གཉིས་ངོ་བོ་གཅིག་གམ་ཐ་དད་གང་ཡིན། དང་པོ་ལྟར་ངོ་བོ་གཅིག་ཡིན་ནོ་ཞེ་ན། དགག་བྱ་བདེན་གྲུབ་ལ་སོགས་པ་གཅིག་ཤོས་ཁེག་པས་ཆོས་ཅན་ཀ་བ་ལ་སོགས་པ་གཅིག་ཤོས་ཀྱང་ཁེག་པར་འགྱུར་ཏེ་དེ་གཉིས་གཅིག་ཡིན་པའི་ཕྱིར་དཔེར་ན་མེ་ཉིད་མེད་པས་ཚ་བ་ཡང་མེད་པར་འགྱུར་བ་བཞིན་ནོ། །དེས་ན་བདེན་གྲུབ་འགོགས་ཀྱི་ཀ་བ་མི་འགོགས་ཞེས་པ་དོན་མེད་དོ། །གཉིས་པ་ལྟར་ངོ་བོ་གཞན་ཡིན་ནོ་ཞེ་ན། ཆོས་ཅན་ཀ་བ་ལ་སོགས་པ་རང་རང་མ་ཡིན་པའི་དགག་བྱ་གཞན་བདེན་གྲུབ་ཅེས་པ་ལ་སོགས་པ་དེ་ཁེག་ཀྱང་། ཆོས་ཅན་ཀ་བ་ལ་སོགས་པ་རང་རང་གི་ངོ་བོ་ནི་དོན་དམ་དཔྱོད་པའི་རིགས་པ་གང་གིས་མི་སྟོང་བར་དཔྱད་བཟོད་པས་བདེན་གྲུབ་ཏུ་འགྱུར་བ་ལ་སོགས་པའི་སྐྱོན་ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་ལ་སོགས་པ་གོང་དུ་ཇི་སྐད་བསྟན་པ་བཞིན་ནོ། །ཁོ་ན་རེ་བདེན་གྲུབ་ཐ་སྙད་དུ་ཡང་ཡོད་མ་མྱོང་བའི་ཕྱིར་ན་འདི་ལྟར་དེ་གཉིས་གཅིག་དང་ཐ་དད་གང་ཡིན་ཞེས་དཔྱོད་མི་དགོས་སོ་ཞེ་ན། དེ་མི་འཐད་དེ་དོན་ལ་བདེན་པར་གྲུབ་པ་ཞིག་མེད་ཀྱང་སོའི་སྐྱེའི་ངོར་བུམ་པ་ལ་སོགས་པ་བདེན་པ་འཛིན་པ་ཡོད་པའི་ཕྱིར་དེ་ལྟར་ངེས་པར་དཔྱད་དགོས་སོ། །དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་དགག་བྱའི་ངོས་འཛིན་ཀྱང་དོན་དམ་དཔྱོད་པའི་རིགས་པས་དཔྱོད་བཟོད་ཀྱི་མི་སྟོང་པའི་བུམ་པའམ་འགོག་མི་ནུས་པའི་བུམ་པའི་ཕ་རོལ་ཏེ་གཞན་ལོགས་ཤིག་ན་དགག་བྱ་བདེན་པར་གྲུབ་རྒྱུ་དཔྱད་མི་བཟོད་པ་སུ་ཞིག་ཡིན་ཏེ་ཡན་གར་དུ་མེད་པའི་ཕྱིར་ན་དགག་བྱའི་སྣང་ཚུལ་ཀྱང་གཞན་དག་གི་ངོས་མ་ཟིན་ལ། ཁྱེེད་ཅག་ཁོ་ནས་ངོས་ཟིན་པས་ངེས་སོ་ལོ་སྟེ་ཞེས་མ་རངས་པའོ། །འོན་ཀྱང་བདེན་པར་གྲུབ་པ་སོགས་ཀྱི་ཁྱད་པར་གང་ཞིག་དགག་བྱར་སྦྱར་བའམ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་ནས་སྟོན་པ་ནི་བདེན་གཉིས་སོ་སོར་ཕྱེ་ནས་ཚང་མ་སོ་སོས་རྙེད་དོན་སོ་སོར་འཆད་པ་དབུ་མ་རང་རྒྱུད་པའི་གཞུང་ལ་ཆེས་གྲགས་ཤིང་གྲུབ་མོད་ཀྱང་འདིར་དོན་དམ་དཔྱད་པའི་རིགས་པའི་དབང་དུ་བྱས་ན་ཡང་ཀ་བ་དང་བུམ་པ་ལ་སོགས་པ་དེས་དེ་མི་སྟོང་ཞེས་པ་དེ་སྦྱར་བ་ལ་དགོས་ནུས་ཀྱི་འཐད་པ་ཅི་ཞིག་ཡོད་དེ་མེད་དོ། །གལ་ཏེ་བུམ་པ་བུམ་པས་སམ་ཀ་བ་ཀ་བས་སྟོང་པར་འགྱུར་ན་ཁྱོད་ཀུན་རྫོབ་ཐ་སྙད་ཙམ་དུ་ཡང་ཀ་བ་དང་བུམ་པ་ལ་སོགས་པ་དེ་དག་མེད་པ་ལྟར་ཞེས་གཏན་མེད་ལྟ་བུར་འགྱུར་བར་སེམས་ནས་ཐ་སྙད་ལ་བསྐུར་བ་འདེབས་པ་ལ་སོགས་པའི་ཚིག་འཁྲིའི་དོགས་པས་ཀ་བ་ཀ་བས་མི་སྟོང་ཞེས་ལ་སོགས་པ་འདི་སྦྱར་བར་བྱས་ཀྱང་ཚིགས་འཁྲིའི་འགལ་བ་བཟློག་ཏུ་མེད་པ་འདི་ལ་ལྷག་པར་ཆེ་སྟེ། ཇི་ལྟར་ན་ཀུན་རྫོབ་ཙམ་སྟེ་མ་བརྟགས་མ་དཔྱད་པའི་ཐ་སྙད་ཙམ་དུ་ཀ་བ་ནི་ཡོད་ཅེས་བརྗོད་པར་བྱས་པས་མི་ཆོག་པར་ཀ་བ་དེས་ཀ་བ་དེ་མི་སྟོང་ངོ་ཞེས་ཅི་ལ་ཟེར་ཏེ་འཆད་འགྱུར་ལྟར་མི་འཐད་དོ། །དེ་གཉིས་དོན་གཅིག་ཡིན་པས་མི་འཐད་པ་མེད་དོ་ཟེར་ན་དེ་གཉིས་དོན་གཅིག་མ་ཡིན་ཏེ། འདི་ལྟར་ཀ་བ་ཡོད་ཅེས་བརྗོད་པ་དང་ཀ་བར་ཏེ་ཀ་བ་ལ་ཀ་བ་ཡོད་ཅེས་བརྗོད་པ་གཉིས་མི་མཚུངས་ཏེ་ཕྱི་མ་ཀ་བ་ལ་ཞེས་རྟེན་དང་ཀ་བ་ཡོད་ཅེས་བརྟན་པར་དོན་གྱིས་ཁས་བླངས་སུ་སོང་བ་དཔེར་ན་རྟེན་ཀ་བ་གཞན་ལ་བརྟེན་པ་ཀ་བ་གཞན་བརྟེན་པར་ཁས་བླངས་བ་བཞིན་ནོ། །གཞན་ཡང་དེས་དེ་མི་སྟོང་ཞེས་པ་འདི་བདེན་པ་གཉིས་ཆར་མི་འཐད་དོ། །ཇི་ལྟར་ན། དོན་དམ་པར་དོན་དམ་དཔྱོད་པས་དཔྱད་བཟོད་ཀྱི་ཀ་བ་མི་དམིགས་པའམ་ཡོད་པ་མིན་པས་སྟོང་བར་གྱུར་ན་ཀ་བ་དེ་ཀ་བས་མེ་སྟོང་ཞེས་ཅི་སྟེ་བརྗོད་པ་འདི་ལ་དགོས་ནུས་ཅི་ཡང་མེད་པས་དོན་མེད་དུ་འགྱུར་ལ། ཀུན་རྫོབ་ཏུ་ནའང་ཀ་བ་ཀ་བས་ཞེས་ལན་གཉིས་བརྗོད་པ་འདི་བརྡ་ཐ་སྙད་ལ་རྨོངས་ཤིང་དོན་དང་འགལ་བའོ། །ཁས་བླངས་བ་དང་ཡང་འགལ་ཏེ། ཀ་བ་ལ་སོགས་པ་རང་རང་རྣམས་ནི་རང་གིས་ཏེ་རང་རང་གི་ངོ་བོས་མི་སྟོང་པར་འགྱུར་ན་རང་རང་གི་ངོ་བོ་ཡོད་བཞིན་དུ་བདེན་གྲུབ་སོགས་དགག་བྱ་གཞན་དང་གཞན་གྱི་སྟོང་པས་གཞན་སྟོང་དུ་ཁས་མི་ལེན་པར་རང་སྟོང་དུ་ཁས་ལེན་པ་འགལ་ཞིང་། ཀ་བ་ལ་སོགས་པའི་སྣང་བ་འདི་ལས་དགག་བྱ་གཞན་ཐ་དད་དུ་མེད་པས་རང་རང་ངོ་བོས་སྟོང་བར་གྱུར་ན་ཀ་བ་ཀ་བ་རང་གིས་མི་སྟོང་བར་ཁས་ལེན་པའང་འགལ་བ་ཡིན་ནོ། །གཉིས་པ་ནི། སྤྱིར་ན་གཞན་གྱིས་སོགས་ཚིགས་བཅད་བཞི་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། སྤྱིར་རྒོལ་སྔ་ཕྱི་སོགས་གྲུབ་མཐའ་སྨྲ་བ་སུ་ལྟར་ན་ཡང་ཆོས་ཅན་ཀ་བ་དང་ཆོས་ཉིད་མྱང་འདས་སོགས་རང་རང་གིས་མི་སྟོང་བར་དགག་བྱ་བདེན་གྲུབ་དང་འཁོར་བ་སོགས་གཞན་དང་གཞན་གྱིས་སྟོང་བར་གྱུར་དེ་དང་དེས་ཀ་བ་ལ་སོགས་པའི་ཆོས་ཅན་དེ་དང་དེ་སྟོང་པའི་གོ་ངེས་པར་མི་ཆོད་དེ། དེ་དག་ཆོས་ཅན་དང་དེའི་ཆོས་ཉིད། སྣང་བ་དང་། དེའི་སྟོང་ཉིད་མ་ཡིན་ཏེ་ཐ་དད་པ་ཉིད་ཡིན་པའི་ཕྱིར། དཔེར་ན་རྟ་ཉིད་བ་ལང་མིན་ལ་བ་ལང་རྟ་ཉིད་མ་ཡིན་པས་མངོན་སུམ་མ་འཁྲུལ་བས་མཐོང་བའི་རྟ་ལ་རྟ་དེ་ཉིད་ལས་གཞན་བ་ལང་ཞིག་རྟ་དེའི་སྟེང་དུ་མ་མཐོང་བས་ཐ་སྙད་དུ་ཡང་མ་གྲུབ་པས་བ་ལང་དེས་རྟ་དེ་སྟོང་པར་ཤེས་ཀྱང་དེས་རྟ་དེ་སྟོང་ཉིད་ཡིན་པར་ག་ལ་ངེས་ཏེ་ངེས་མི་ནུས་ཏེ། རྟ་ཉིད་ཡོད་པ་དང་བ་ལང་གང་མེད་པ་གཉིས་ཆོས་ཅན་དང་ཆོས་ཉིད། རྟེན་འབྱུང་དང་སྟོང་པ། ཐབས་དང་ཐབས་བྱུང་ཉིད་མ་ཡིན་ཏེ་འབྲེལ་མེད་ཐ་དད་ཡིན་པའི་ཕྱིར་ན་དེ་གཉིས་ལ་སྟོང་རྟེན་འབྱུང་ངམ་སྣང་སྟོང་དབྱེར་མེད་དམ་ཟུང་འཇུག་དོན་ཅི་ཡང་མི་བྱེད་དོ། །དེས་ན་རྟ་ཉིད་མཐོང་བ་དེ་ཡིས་ཀྱང་བ་ལང་སྟོང་པར་མཐོང་བ་ལ་ཅི་ཞིག་ཕན་ཏེ་མི་མཐོང་བ་ལང་ཅི་ཞིག་གནོད་དེ་ཕན་གནོད་ཅི་ཡང་མི་བྱེད་དོ། །དེ་ཡི་ཕྱིར་ན་རང་གིས་ངོ་བོས་མི་སྟོང་པའི་མྱང་འདས་ལ་སོགས་དང་། འཁོར་བ་ལ་སོགས་པས་དེ་དང་དེ་སྟོང་པའང་ཆོས་ཅན་དང་ཆོས་ཉིད་དུ་མི་རུང་སྟེ་རྟ་ཉིད་བ་ལང་གིས་སྟོང་པའམ་བུམ་པ་དང་རང་རི་རྭ་བཞིན་ནོ། །དེའི་ཕྱིར་དེ་གཉིས་སྣོང་བ་དང་སྟོང་པ་དབྱེར་མེད་དམ་ཟུང་འཇུག་དང་། སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་གཉིས་མཉམ་པ་ཉིད་ལུགས་འདི་ལ་མི་རུང་བས་མེད་དེ་དཔེར་ན་ཡོད་པའི་རྟ་དང་བ་ལང་མེད་པའམ་བུམ་པ་དང་རི་བོ་གི་རྭ་གཉིས་ཟུང་འཇུག་དང་མཉམ་ཉིད་ཀྱི་དོན་མེད་པ་བཞིན་ནོ། །དེ་ལ་ཡང་ཆུ་ཟླ་ཉིད་ཟླ་བ་དངོས་མིན་ནོ་ཞེས་གནམ་ཟླས་སྟོང་པ་དང་ཆུ་ཟླ་རང་སྣང་བ་དེ་གཉིས་ཟུང་འཇུག་ཡིན་ན་ཀོ་སྟེ། དེ་འདྲའི་སྣང་སྟོང་ཟུང་འཇུག་ཉིད་རྟོགས་པ་མཁས་བླུན་སུས་ཀྱང་སླ་སྟེ་བླུན་པོ་བ་ལང་རྫིས་ཀྱང་རྟོགས་པར་འགྱུར་ལ་བ་ལང་རྟ་མིན་པའམ་རྟས་སྟོང་པར་མཁས་བླུན་ཀུན་གྱིས་ཤེས་ཤིང་བ་ལང་སྣང་བར་མངོན་སུམ་དུ་ཡང་མཁས་བླུན་ཀུན་གྱིས་མཐོང་བར་གྱུར་ན་དེ་འདྲའི་སྟོང་པ་དང་རྟེན་འབྱུང་དེ་རྟོགས་པ་ལ་ངོ་མཚར་ཆེའོ་ཞེས་བསྔགས་བརྗོད་སངས་རྒྱས་བཅོམ་ལྡན་འདས་བདག་ཉིད་ཆེན་པོས་ཇི་སྟེ་གསུང་སྟེ་གསུངས་མི་རིགས་སོ། །གཉིས་པ་འཐད་ལྡན་རང་ལུགས་བཞག་པ་ནི། དེས་ན་རང་གི་སོགས་ཚིགས་བཅད་ལྔ་དང་རྐང་པ་གསུམ་གྱིས་བསྟན་ཏེ། ཇི་སྐད་བསྟན་པ་དེས་ན་སྔ་འགྱུར་པ་རང་གི་ལུགས་མ་འཁྲུལ་པ་ལ་ནི་ཆུ་ཟླ་ཡི་སྣང་བ་དེ་ཉིད་ལ་རིགས་པས་བརྟགས་ན་ཆུ་ཟླ་དེ་ཉིད་ཕྱི་ནང་གཞན་སོགས་གང་དུའང་རང་གི་ངོ་བོ་ཅུང་ཟད་ཙམ་དུ་ཡང་མི་རྙེད་པས་མེད་པའམ་སྟོང་བཞིན་དུ་ཆུ་ཟླ་ཉིད་སྣང་བར་མངོན་སུམ་ཏུ་མཐོང་བའི་ཚེ་ན་ཆུ་ཟླ་ཉིད་ཡོད་མེད་ལ་སོགས་པའི་སྤྲོས་པ་ཀུན་དང་བྲལ་བའི་མེད་དགག་ཡིན་ཀྱང་རྟེན་འབྱུང་འགགས་པ་མེད་པས་སྣང་རུང་བ་དེ་འདྲའི་སྟོང་བ་དང་སྣང་བའམ་ཡོད་པ་གཉིས་མེ་དང་ཚ་བ་བཞིན་དུ་རྣམ་དབྱེར་མེད་པ་སོ་སྐྱེའི་བློར་མ་ཤོང་བས་འགལ་བ་ལྟར་སྣང་ན་ཡང་འདིར་ནི་མངོན་སུམ་དུ་སྟོང་དང་རྟེན་འབྱུང་ངམ་སྣང་སྟོང་གཉིས་མི་འགལ་བར་མ་ཟད་མེ་དང་ཚ་བ་བཞིན་དུ་དབྱེར་མེད་དམ་ཟུང་འཇུག་ཏུ་མཐོང་བ་འདི་ལ་ཨེ་མ་ཧོ་རྨད་བྱུང་བས་ཀྱང་འདི་རྨད་བྱུང་བའོ་ཞེས་ཤིན་ཏུ་ངོ་མཚར་བའི་ཚིག་གིས་མཁས་པ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཐུགས་ཀྱི་སྲས་མཆོག་དང་བཅས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྔགས་འོས་མཆོག་ལ་བསྔགས་བརྗོད་ཀྱང་ཆེར་མཛད་པ་ཡིན་ནོ། །དེ་འདྲའི་གནས་ལུགས་སྣང་སྟོང་དབྱེར་མེད་དམ་ཟུང་འཇུག་གི་ངོ་བོར་ཆོས་ཀུན་གདོད་ནས་གནས་པའི་ཕྱིར་ངོ་བོ་སྟོང་པའི་ངོས་ནས་གཏན་ལ་ཕབས་པའམ་གཞལ་བ་ན་འཁོར་འདས་ཀྱིས་བསྡུས་པའི་ཆོས་སོ་ཅོག་ཀུན་ལ་རང་གི་ངོ་བོས་མི་སྟོང་བ་གང་ཅུང་ཟད་ཙམ་དུ་གྲུབ་པ་ཡོད་པ་མིན་པ་དེའི་ཕྱིར་ན་ཆོས་ཐམས་ཅད་མེད་ཅེས་སམ་སྟོང་པ་ཉིད་ཡིན་ནོ་ཞེས་མཐའ་གཅིག་ཏུ་སྨྲར་བཏུབ་ཀྱང་དེ་ལྟ་ནའང་མེད་པའམ་སྟོང་པ་དེའི་མེད་ཚུགས་སམ་སྟོང་ཚུགས་མ་ཤོར་བཞིན་དུ་རྟེན་འབྱུང་གི་སྣང་བ་སུས་ཀྱང་འགོག་ཏུ་མེད་པ་ཉིད་དུ་རང་ཤར་བས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་ན་ཡང་སྣང་བ་དེའི་སྣང་ཚུགས་དེ་སྣང་བའི་སྣང་ཚུལ་མ་ཤོར་བཞིན་དུ་གཞི་མེད་རྩ་བ་དང་བྲལ་བའི་སྟོང་པ་ཆེན་པོར་ཡེ་ནས་གནས་པ་སྟེ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་གསུངས་པ་བཞིན་དུ། མེ་དང་ཚ་བ་ཆུ་དང་རླན་ལྟར་རྣམ་དབྱེར་མེད་པའི་ཟུང་འཇུག་མཉམ་པ་ཉིད་སྣང་སྟོང་རིས་སུ་མ་ཆད་པས་སྤྲོས་པ་དང་བྲལ་བའི་གནས་ལུགས་དེ་ལ་ཀ་བ་དང་མྱང་འདས་ལ་སོགས་པའི་ཆོས་ཅན་འདི་སྟོང་བ་དང་བདེན་གྲུབ་ལ་སོགས་པའི་དགག་བྱ་འདིས་སྟོང་བ་དང་འདི་ནི་སྣང་བ་འདི་ནི་སྟོང་པའོ་ཞེས་པ་ལ་སོགས་པའི་གཉིས་ཆོས་ཀྱི་དབྱེ་བ་ཞིག་ནམ་ཡང་རྙེད་པ་མེད་པ་སྤྲོས་ཀུན་བྲལ་བའི་སྣང་སྟོང་རིས་སུ་མ་ཆད་པ་ལ་ངེས་ཤེས་ཀྱི་ཁོ་ཐག་ནང་ནས་ཆོད་པའི་ཚེ་ན་གནས་ལུགས་མཐར་ཐུག་རྟོགས་པ་དོན་དུ་གཉེར་ཞིང་ཚོལ་བའི་མཁན་པོ་མཁས་པ་རྣམས་ལ་སྟོད་ན་སྣང་མི་རུང་སྣང་ན་སྟོང་མི་རུང་ངོ་སྙམ་དུ་སྣང་སྟོང་འགལ་བར་འཛིན་པ་ལ་སོགས་པ་དོན་མེད་པའི་ལོག་པར་རྟོག་པས་གནས་ལུགས་མཐར་ཐུག་གི་དོན་ཟབ་མོ་རྟོགས་པར་དཀའ་བའི་གནས་ཟབ་མོ་ལ་ཡིད་ཆད་པའི་ཡིད་མུག་སྐྱེ་བ་མེད་ཀྱི་སྟེང་སྟེ་མེད་པར་མ་ཟད་སླར་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་ལ་ངེས་ཤེས་ཀྱི་ཁོ་ཐག་ནང་ནས་ཆོད་པས་ཡིད་བདེ་བླ་ན་བྲལ་བ་ཐོབ་པ་ཉིད་ཤིན་ཏུ་ངོ་མཚར་ཆེ་སྟེ་སྔ་འགྱུར་རིག་འཛིན་བརྒྱུད་པའི་རང་ལུགས་བཟང་པོའི་འབྲས་རྟགས་ཡང་དག་པའོ། །ཞེས་སོ། །དེ་ལྟར་ན་སྤྱིར་མདོ་རྒྱུད་མན་ངག་ཟབ་མོའི་གསང་ཚིག །བོད་སྔ་ཕྱིའི་མཁས་པའི་ཞལ་བཞེས། གསང་སྔགས་གསར་རྙིང་གི་བཀའ་སྲོལ་ནང་གི་བྱེ་བྲག་མི་འདྲ་བ་དུ་མའི་ཐ་སྙད། ལྟ་སྒོམ་སྤྱོད་པའི་ཆོས་སྐད། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་རྣམ་བཞག་སྣ་ཚོགས་པ་འདི་སྙེད་ཅིག་དར་ཞིང་བཞུགས་པའི་ནང་པ་སངས་རྒྱས་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་བསྟན་པ་འདི་ལ་རང་གཞན་སུས་ཀྱང་འགལ་འདུར་མི་རྟོག་པར་གདུལ་བྱའི་ཁམས་དབང་དང་བསམ་པ་བཞིན་རྒྱལ་བའི་ཕྲིན་ལས་འགོགས་པ་མེད་པར་གང་ལ་གང་འདུལ་དུ་རང་ཤར་བ་ལ་དད་པས་ཡིད་ཆེས་པར་བྱས་ཏེ་རྟོགས་པར་བྱ་དགོས་ཏེ། མགོན་པོ་བྱམས་པས། རང་བྱུང་རྣམས་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་ཉིད། །ཅེས་གསུངས་པ་ལྟར། དད་པས་ལེགས་པར་ཞུགས་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དྲང་ངེས་ལྡེམ་དགོངས། སྔགས་རྡོ་རྗེའི་ཐེག་པར་མཐའ་དྲུག་ཚུལ་བཞིའི་སྒོ་ནས་བསྟན་པ་རྣམས་ངང་པས་ཆུ་ལས་འོ་མ་བཞིན་དོན་ལ་རྟོན་པས་གནས་སྐབས་དང་། མཐར་ཐུག་གི་དགོངས་གནད་ཇི་བཞིན་ཉམས་སུ་བསྟར་བས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང་། གཞུང་ལུགས་ཐམས་ཅད་གདམས་པར་འཆར་བའི་བཤད་སྒྲུབ་ནི་མང་དུ་ཐོས་པའི་མཁས་པ་རྣམས་ཀྱིས་ཉམས་ལེན་ཐུགས་དམ་གྱིས་སྙིང་ནོར་དུ་བགྱི་འོས་དམ་པར་སྐྱེས་པས་ཆོས་དང་གང་ཟག་གཞན་ལ་ཞེན་ལྟ་དང་ཕྱོགས་ཞེན་རང་མཐོང་གི་སྡང་ཞུགས་མི་བྱ་ཞིང་། དེ་ལྟར་ན་ཡང་སྔོན་ལས་བཙན་པོས་རང་རང་དང་པོ་ཉིད་ནས་གསར་རྙིང་གང་ལ་འཕྲད་པའི་ཆོས་དང་གང་ཟག་ལ་ལོག་པར་མི་བལྟ་བར་བཤད་པ་དང་བསྒྲུབ་པའི་བཀའ་སྲོལ་སུན་མི་འབྱིན་པར་རང་ནུས་གང་ཡོད་ཀྱིས་བཟུང་ཞིང་བསྐྱང་ན་འདི་ཕྱིར་དགེ་ཞིང་བསྟན་འགྲོ་ལ་ཕན་པ་འབྱུང་ཞིང་དོན་གཉིས་ཀྱི་འབྱོར་བའི་དམ་པ་ཡང་དག་པར་འགྱུར་ལ། གཞན་དུ་དམ་ཚིག་ཉམས་པའི་ཆད་པ་མི་ཟད་པས་འདི་ཕྱིར་ཕུང་ཁྲོལ་མཐའ་ཡས་པར་འགྱུར་རོ། །དེས་ན་རིགས་པའི་གནས་ཆེན་ལྔ་ལ་སོགས་པར་སྐྱེས་སྦྱང་གི་བློ་གྲོས་ཆེ་ཞིང་། ཉམས་མྱོང་གི་དྲོད་ཚད་རྙེད་པས་བླ་མ་ལྷག་པའི་ལྷས་མངོན་སུམ་རྗེས་སུ་བཟུང་ཞིང་ལུང་བསྟན་ལེགས་པར་ཐོབ་པའི་མཁས་གྲུབ་དམ་པ་རྣམས་ཀྱིས་བསྟན་འགྲོར་སྨན་ངེས་ཀྱིས་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་དགག་སྒྲུབ་ཀྱི་རྩོད་རིགས་དོན་ལྡན་སུ་ལ་ཡོད་ཀྱང་རང་གཞན་གྱི་མཁས་པ་སུ་ཡང་དེ་ལ་ལོག་པར་མི་ལྟ་བར་གཟུ་བོར་གནས་པས་དགོངས་གནད་ལེགས་པར་འཚོལ་པར་བྱས་ན་བློ་གྲོས་ཟབ་མོའི་གསོས་སུ་འགྱུར་བས་ཕན་པ་མཆོག་ལས་གནོད་པ་ཅི་ཡང་མེད་ལ། དེ་ལྟར་མ་ཡིན་པར་གལ་ཏེ་རང་གར་སྡང་ཞུགས་ཀྱིས་སུན་ཅི་ཕྱིན་དང་སྒྲོ་བསྐུར་ཅི་ཐོན་བྱས་ན་ཅི་ཡང་མི་ཤེས་པའི་བླུན་པོ་བ་ལང་རྫི་ཡན་ཆད་ཀྱང་རི་བོང་ཅལ་འགྲོགས་ཀྱིས་དེའི་རབ་མདར་བསྙགས་ནས་ཡང་དག་པའི་ཆོས་དང་གང་ཟག་ལ་ལོག་པར་ལྟ་བས་བསྐུར་འདེབས་ཀྱི་ཉེས་པ་ཤིན་ཏུ་ཆེ་བས་གཞན་ཕུང་ཁྲོལ་ཆེན་པོར་སྦྱོར་ཞིང་རང་ཡང་དམ་པའི་རྣམ་ཐར་ལས་རིང་ཞིང་སྨྲ་ལ་དགའ་བའི་ཕུང་ཁྲོལ་གྱིས་ཟིན་ཅིང་ནང་ཆ་མངོན་པ་ཡིན་ཏེ། རྒྱལ་བ་སྲས་དང་བཅས་པའི་གསུངས་ལས་ཀྱང་རིང་ཞིང་ཤིན་ཏུ་མི་རུང་བ་ཞིག་སྟེ། ཇི་ལྟར་ན་བདག་ཅག་གི་སྟོན་པ་མཆོག་གི་མདོ་སྡེ་དགོངས་པ་ངེས་འགྲེལ་ལས་ཆོས་འཁོར་གསུམ་ལས་རིམ་པར་ཐ་མ་ལ་མཆོག་ཏུ་བསྟོད་ཅིང་བསྔགས་པ་དང་། དང་པོ་དང་བར་པ་གཉིས་ལ་སུན་འབྱིན་གྱི་སྨད་པར་མཛད་པ་ལ་སོགས་པ་སྡེ་སྣོད་གསུམ་པོར་དགག་སྒྲུབ་ཅི་རིགས་པས་བསྟན་པར་མཛད་པ་དང་། རྡོ་རྗེའི་ཐེག་པ་ལའང་རྒྱུད་སྡེ་གོང་འོག་ནང་གི་དབྱེ་བ་དང་བཅས་པའི་ཁྱད་པར་དང་དགག་སྒྲུབ་སྣ་ཚོགས་པས་གསལ་བར་བསྟན་པ་དང་། བསྲེགས་བཅད་བརྡར་བས་གསེར་བཞིན་དུ་ལེགས་པར་བརྟགས་ཏེ་བླངས་དགོས་པ་དང་། ཡང་དག་པར་བརྟགས་པའི་ཕན་ཡོན་ཀྱང་མཐའ་ཡས་པ་དག་གསུངས་ཤིང་། བརྟགས་ཚུལ་ཀྱང་མགོན་པོ་བྱམས་པའི་མན་ངག་ལས། བརྒལ་ལེན་གྱི་སྒོ་ནས་བརྟགས་པར་གསུངས་པ་དང་། དེ་ལྟར་བརྟགས་པ་ན་གཞན་ལ་གནོད་པར་གྱུར་ཀྱང་ཉེས་པ་མེད་པ་ཡང་། དཔལ་ལྡན་ཟླ་བས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །ཉེས་པ་མེད་པར་མ་ཟད་དེ་ལྟ་བུའི་ཚུལ་འདི་ཆོས་བསྲུང་བའང་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། དེ་ལ་ཆོས་སྲུང་བ་གང་ཞེ་ན། འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས་ལ་སྨོད་པ་རྣམས་ཆོས་དང་མཐུན་པར་ཚར་གཅོད་པའོ། །ཞེས་དང་། ཆོས་འཛིན་པའང་ཡིན་པར། ནམ་མཁའ་མཛོད་ཀྱིས་ཞུས་པ་ལས། རྒྱལ་བའི་བྱང་ཆུབ་མཚན་ཉིད་གང་བརྙེས་པ། །ཆོས་ཀྱི་མཚན་ཉིད་དེ་ཉིད་ཡང་འཛིན་ཅིང་། །གང་གི་རྡུལ་མེད་མཐའ་འདི་རབ་ཤེས་པ། །དེ་ནི་སངས་རྒྱས་ཀུན་གྱི་ཆོས་འཛིན་ཡིན། །ཞེས་དང་། དེ་ལྟར་ཆོས་བཟུང་བ་དེ་ནི་སངས་རྒྱས་ལ་བྱས་པ་བཟོ་བ་དང་། བསོད་ནམས་ཚད་མེད་པའང་ཐོབ་སྟེ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པའི་མདོ་ལས། འདི་ལྟར་རྒྱལ་བའི་ཆོས་ཀྱིས་ཉེར་གནས་ཤིང་། །ཆས་ཀྱིས་ངེས་པར་འབྱུང་གི་ཟང་ཟིན་མིན། །དེ་བས་གང་ཞིག་བདེ་གཤེགས་ཆོས་འཛིན་པ། །དེ་ནི་སངས་རྒྱས་ཀུན་ལ་བྱས་པ་བཟོ། །ཞེས་དང་། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། ཇི་ལྟར་བསྐལ་བ་བྱེ་བ་སྟོང་བརྗོད་ཀྱང་། །སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར། །དེ་བཞིན་གཤེགས་ཀྱི་དམ་ཆོས་འཛིན་པ་ཡི། །བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ། །ཞེས་གསུངས་པས་སོ། །དེའི་ཕྱིར་འཕགས་བོད་ཀྱི་མཁས་དབང་དག་གིས་དགོས་དབང་གིས་རྣམ་པར་དཔྱོད་པའི་དགག་སྒྲུབ་ཇི་སྙེད་པར་བཞུགས་པ་གང་ལ་ཡང་ལོག་པར་མི་རྟོག་པར་བློ་གཟུར་བོར་གནས་པས་དགོངས་གནད་ལེགས་པར་བཙལ་བས་རང་གི་རྣམ་དཔྱོད་ཀྱི་རྩལ་རྫོགས་ཤིང་མདོ་རྒྱུད་ངེས་དོན་གྱི་དགོངས་དོན་ཟབ་མོ་ཉམས་སུ་བསྟར་བས་ཡོན་ཏན་གྱི་ལུས་ཟུང་བརྟས་ཏེ་བསྟན་འགྲོའི་གསོས་སྨན་ཆེན་པོར་འགྱུར་བའི་དམ་པའི་རྣམ་ཐར་ཉམས་འོག་ཏུ་ཆུད་པར་འགྱུར་བས་ན་འདིར་ཡང་ད་ལྟར་བཞུགས་ཤིང་སླད་ནས་འབྱོན་པ་རྣམས་ལ་སྙིང་ནས་དེ་ལྟར་གསོལ་བ་ཡང་ཡང་འདེབས་པ་ལགས་ན་ཆོས་མཐུན་སྤྲང་པོའི་ངག་ལས་ཀྱང་བླང་བར་འོས་ཕྱིར་ཕྱོགས་དུས་ཀྱི་མཁས་པ་རྣམས་ཀྱིས་ཐུགས་དམ་སྙིང་ནོར་དུ་བཅིངས་ཏེ་དགག་པ་དང་སྒྲུབ་པའི་ཚུལ་གྱིས་བརྟགས་པ་འདི་དང་གཞན་འོག་མ་འོག་མ་ལ་སོགས་པ་ལའང་ཐུགས་དམ་རྒྱུད་བསྐུལ་དུ་དང་ལེན་མཛད་ནས་བག་ཡོད་པ་རྣལ་འབྱོར་དུ་བྱའོ་ཞེས་གོང་འོག་ཀུན་གྱི་བར་གྱི་གསལ་བྱེད་དུ་བསྟན་པ་འདི་དག་བསྙེལ་བ་མེད་པར་ཐུགས་ལ་བཅིངས་ཏེ་བལྟ་ཞིང་ཉམས་སུ་ལེན་པར་ཞུ་བའོ། །རང་སྟོང་གཞན་སྟོང་ཕན་ཚུན་ཆེར་རྩོད་ཀྱང་། །སྣང་སྟོང་ཕྱོགས་སུ་ལྷུང་ན་སུ་ལའང་སྐྱོན། །སྣང་སྟོང་མི་འགལ་ཟུང་འཇུག་གྲུབ་མཐའི་མཆོག །འདི་འཛིན་ཕྱོགས་ལས་རྣམ་པར་རྒྱལ་མིན་ནམ། །ཞེས་ཀྱང་སྨྲས་སོ། །དྲི་ལན་གཉིས་པ་ཉན་རང་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་རྟོགས་པའམ་མ་རྟོགས་པ་གང་འཐད་ལ་གསུམ། མི་འཐད་པ་དགག་པ། འཐད་ལྡན་རང་ལུགས་བཞག་པ། དེས་ན་བྱམས་ཀླུ་དགོངས་པ་གཅིག་ཏུ་བསྟན་པའོ། །དང་པོ། འགའ་ཞིག་ཉན་རང་སོགས་ཚིགས་བཅད་དགུ་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ལ་སྔ་རབས་པ་འགའ་ཞིག་གིས་ཉན་རང་དགྲ་བཅོམ་པས་གང་ཟག་གི་བདག་མེད་པ་ཙམ་རྟོགས་ཀྱི་ཆོས་ཀྱི་བདག་མེད་པའི་སྟོང་པ་ཉིད་མ་རྟོགས་སོ་ཞེས་ཟེར་བ་ནི་མི་འཐད་དེ། ཇི་ལྟར་ན་ཕུང་པོ་མ་བརྟགས་མ་དཔྱད་པར་བརྟེན་ནས་བཏགས་པའི་ང་ཙམ་དུ་འཛིན་པའི་བདག་དེ་ནི་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཡིན་ལ་དེ་མ་ཁེག་པ་དེ་སྲིད་དུ་དེའི་ཡུལ་ཅན་ངར་འཛིན་ལྷན་སྐྱེས་ཀྱང་མི་ཁེག་ལ་དེ་མ་ཁེག་ན་དེའི་ནུས་པས་ཆགས་སོགས་ཉོན་མོངས་པ་སྤོངས་བ་མེད་པས་ལས་དེས་ཐར་བ་ཙམ་ཡང་འཐོབ་པར་མི་ནུས་པ་དང་། བདག་དེའང་ཕུང་པོ་ལ་མ་བརྟགས་མ་དཔྱད་པར་བརྟེན་ནས་འབྱུང་བའམ་བཏགས་པ་ཙམ་དེ་ཉིད་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཡིན་ལ་དེ་དང་ཡན་ལག་ལ་སོགས་པའི་ཚོགས་པ་དང་ལྟོ་ལྡིར་ཞབས་ཞུམ་པ་སོགས་ལ་བརྟེན་ནས་འབྱུང་བའམ་བཏགས་པའི་ཕུང་པོ་དང་བུམ་པ་ལ་སོགས་པའི་ཆོས་རྣམས་ལ་བརྟེན་ནས་བཏགས་པའི་སྟོང་གཞིའི་ཆོས་ཅན་གྱི་དབྱེ་བ་ཙམ་མ་གཏོགས་པར་ཆོས་དང་གང་ཟག་གི་བདག་རང་རང་གི་ངོ་བོས་གྲུབ་པ་མེད་པས་སྟོང་ཚུལ་ལ་ཁྱད་པར་འགའ་ཡང་མེད་པས་སྟོང་པ་ཉིད་དེ་ཆོས་དང་གང་ཟག་གི་བདག་གཉིས་ཀ་ལ་སོ་སོར་ཡང་ཡང་དག་པའི་རིགས་པས་དཔྱད་ན་རང་བཞིན་གྱིས་གྲུབ་པ་མེད་པས་སྟོང་པ་ཉིད་ཡིན་པའི་ཕྱིརརོ། །དེས་ན་ཤིང་དང་ཤ་བ་བཞིན་བདག་གཉིས་སྤྱི་དང་བྱེ་བྲག་དང་། བདག་མེད་གཉིས་ཀྱང་སྤྱི་དང་བྱེ་བྲག་ཙམ་དུ་ཤེས་པར་བྱའོ། །ཞེས་གསུངས། དེ་ལྟར་ཡིན་པར་རྒྱལ་བའི་ཡུམ་ལས་ཤེས་རབ་ཀྱི་ཕ་ཏུ་རོལ་ཕྱིན་པ་སྲས་བཞི་བསྐྱེད་པའི་ཡུམ་ཡིན་པས་དེ་ལ་བསླབ་པར་བྱ་བར་གསུངས་པ་དང་། ཀླུ་སྒྲུབ་ཡབ་སྲས་ཀྱིས་ཇི་སྲིད་ཕུང་པོར་འཛིན་ཡོད་པར་དེ་སྲིད་དུ་དེ་ལ་ངར་འཛིན་ཡོད་པ་དང་དེ་ཡོད་ན་ལས་ཉོན་གྱིས་དབང་གིས་འཁོར་བར་སྐྱེ་བར་འགྱུར་བ་དང་། ཡུལ་བདག་མེད་མཐོང་བས་སྲིད་པའི་ས་བོན་སྤངས་ནས་ཐལ་བ་ཐོབ་པར་གསུངས་པའི་ལུང་རྣམས་དང་། བརྟེན་ནས་བརྟགས་པའམ་རྟེན་འབྱུང་གི་ཆོས་དེ་སྟོང་པ་ཉིད་དུ་མ་རྟོགས་ན་ཕྱི་རོལ་བའི་ཆགས་བྲལ་བཞིན་དུ་སླར་ཉོན་མོངས་པ་སྐྱེ་བར་འགྱུར་བ་དང་སྲིད་པ་ལས་མི་གྲོལ་ཞིང་བརྟེན་ནས་བཏགས་པའམ་རྟེན་འབྱུང་རང་བཞིན་མེད་པས་སྟོང་ཉིད་རྟོགས་ན་རྣམ་པར་གྲོལ་བའི་ཐར་བ་ཐོབ་པའི་ཞི་སྒོ་གཉིས་སུ་མེད་པར་སྒྲུབ་པའི་རིགས་པ་དང་བཅས་པས་ཀྱང་མངོན་སུམ་བསྙོན་དུ་མེད་པར་གྲུབ་པ་ལས་བརྒལ་ནས་སུ་ཉན་རང་དགྲ་བཅོམ་པས་བརྟེན་ནས་བཏགས་པའི་སྟོང་པ་ཉིད་མ་རྟོགས་ཞེས་མཐའ་གཅིག་ཏུ་སྨྲ་བ་རྣམས་ནི་དམ་བཅའ་བ་ཙམ་དུ་ཟད་དེ་ལུང་རིགས་ཀྱིས་སྒྲུབ་བྱེད་མེད་པས་སོ། །ཡང་དེ་ལ་ཕྱི་རབས་པ་ཁ་ཅིག་ཧ་ཅང་ཐལ་ཆེས་པ་དག་ཐེག་པ་གསུམ་ཆར་གྱི་མཐོང་ལམ་སྤང་རྟོགས་མཉམ་པས་གཅིག་པ་དང་། ཉན་རང་བྱང་སེམས་འཕགས་པ་གསུམ་ཆར་ལྟ་བ་བདག་མེད་གཉིས་རྟོགས་པས་རྟོགས་པ་ལ་མཐོ་དམན་མེད་པར་འདོད་ཅིང་དེ་དང་འགལ་བ་ཐེག་གསུམ་གྱི་མཐོང་ལམ་སྤང་རྟོགས་མི་འདྲ་བ་དང་རྟོགས་པའི་ལྟ་བ་མཐོ་དམན་ཡོད་པ་གསུངས་པའི་ཤེར་ཕྱིན་དང་སྔགས་རྡོ་རྗེའི་ཐེག་པ་ལ་སོགས་པ་མདོ་དང་རྒྱུད་སྡེའི་གཞུང་དུ་མ་ཀུན་ཀྱང་དྲང་བའི་དོན་དུ་འགྲེལ་ཞིང་འཆད་པ་དག་ཤིན་ཏུ་མི་འཐད་དེ། ཇི་ལྟར་ན་དེ་ལ་དམན་པ་ཉན་རང་གི་ལམ་སྔོན་དུ་སོང་བའི་དགྲ་བཅོམ་པ་སླར་ཐེག་ཆེན་དུ་ཞུགས་ནས་བསྐལ་པ་གྲངས་མེད་ལ་སོགས་པར་ཚོགས་གཉིས་བསགས་ཏེ་མཐོང་ལམ་གྱི་ཡེ་ཤེས་ཐོབ་པ་དང་ས་ནས་སར་འཕར་བའི་སྒོམ་ལམ་གྱི་ཡེ་ཤེས་ཐོབ་པ་ལ་སོགས་པའི་ཚེ་ན་ཉོན་སྒྲིབ་ནི་སྤངས་ཟིན་ལ་ཤེས་སྒྲིབ་ནི་མ་དག་ས་བདུན་དུ་མི་སྤོང་བར་ཁས་བླངས་པའི་ལུགས་ལ་སྤང་བྱ་ཅུང་ཟད་དམ་ཕྲ་བའང་མེད་པ་དང་། དེ་མེད་པས་རྟོགས་པའི་ཡེ་ཤེས་དེ་ལ་དགོས་ནུས་མེད་པ་དང་། གྲངས་མེད་ཀྱི་ཚོགས་གཉིས་དོན་མེད་པར་འགྱུར་བ་དང་། ཐེག་པ་མཆོག་དམན་དང་ལམ་ཟབ་མི་ཟབ་དབང་པོ་རྣོ་བརྟུལ་དྲངས་ངེས་སོགས་གོ་བཟློག་པ་ལ་སོགས་པའི་འགལ་འདུའི་སྐྱོན་གྱི་ཕུང་པོ་ཆེན་པོའི་རིགས་པས་གནོད་པ་ལན་གྱི་བཟློག་ཏུ་མེད་པ་ཐོག་ལྟར་དུ་འབབ་པར་འགྱུར་བ་དང་། སྐྱོན་གཞན་ཡང་རྟོགས་བྱ་བདག་མེད་གཉིས་ཇི་བཞིན་རྟོགས་པར་གྱུར་ཀྱང་རྟོགས་པའི་ཡེ་ཤེས་དེས་སྤང་བྱ་ཤེས་སྒྲིབ་སྤོང་བར་གྲོགས་བསོད་ནམས་ཀྱི་ཚོགས་མཐའ་ཡས་པའི་བརྒྱན་དགོས་པས་ན་དོན་མེད་དུ་མི་འགྱུར་རོ་ཟེར་ན་ཡང་མི་འཐད་དེ། དམན་ལམ་སྔོན་སོང་དེས་རྟོགས་བྱ་བདག་མེད་གཉིས་ཇི་ལྟར་བ་བཞིན་མ་རྟོགས་པར་གྱུར་ན་དེ་རྟོགས་པར་རང་གིས་ཁས་བླང་བ་དང་འགལ་བ། གལ་ཏེ་དེ་རྟོགས་པར་གྱུར་ན་དེས་སྤང་བྱ་མི་སྤོང་བ་ཡང་འགལ་ཏེ། གཉེན་པོ་ཡེ་ཤེས་ཀྱིས་སྤང་བྱ་མི་སྤོང་ན་གཞན་སྲིད་པ་གསུམ་ན་སྤང་བྱ་སྤོང་བའི་གཉེན་པོ་མི་སྲིད་དེ། དཔེར་ན་ཉི་མ་སྤྲིན་དང་བྲལ་བ་ཡང་དག་པ་ཤར་ཡང་མུན་པའི་དཔུང་འཇོམས་པ་ལ་གྲོགས་སྒྲོན་མེ་སོགས་གཞན་ལ་ལྟོས་དགོས་པར་ཁས་ལེན་པ་འདི་ནི་ངོ་མཚར་ཆེ་སྟེ་བཞད་གད་ཀྱི་གནས་སོ། །ཡང་དེ་ལ་ཕྱི་རབས་ཁ་ཅིག་ཉན་ཐོས་དགྲ་བཅོམ་པས་རང་རྒྱུད་ཀྱི་ཕུང་པོ་ལྔ་པོ་སྟོང་ཉིད་དུ་རྟོགས་པར་གྱུར་ཀྱང་དེ་ལས་ཆོས་གཞན་བདག་མེད་དམ་སྟོང་པ་ཉིད་དུ་མི་རྟོགས་སོ་ཞེས་ཟེར་བ་ཡང་མི་འཐད་དེ། ཇི་ལྟར་ན་འདུས་བྱས་ཀྱི་ཆོས་ཐམས་ཅད་ཕུང་པོ་ལྔར་འདུས་པས་ཕུང་པོ་ལྔ་པོ་སྟོང་པ་ཉིད་དུ་རྟོགས་པར་གྱུར་ན་དེ་ལས་གཞན་ནམ་མཁའ་སོགས་འདུས་མ་བྱས་པ་ཙམ་ཞིག་མ་གཏོགས་པའི་ཆོས་སྟོང་པ་ཉིད་དུ་མ་རྟོགས་པའི་དངོས་པོ་གཞན་ཅི་ཞིག་ཡོད་དེ་མེད་ལ་མཁའ་སོགས་འདུས་མ་བྱས་ནི། ཇི་སྐད་དུ། ནམ་མཁའ་མོ་གཤམ་བུ་དང་མཚུངས་ཞེས་པ་ལྟར་ཐ་སྙད་དུ་ཡང་མ་གྲུབ་ན་དོན་དམ་པར་ལྟ་ཅི། དེས་ན་རིགས་པར་སྨྲ་བས་བརྟག་བྱར་ཡང་མི་མཛད་པས་སྟོང་པར་རྟོགས་སླ་བ་དང་། ཉན་ཐོས་མདོ་སྡེ་པ་རང་གིས་ཀྱང་འདུས་མ་བྱས་རྣམས་བཏགས་པ་ཙམ་ལས་དངོས་པོར་མེད་པར་འདོད་པས་ཀྱང་གནོད་དོ། །གཉིས་པ་ལ་གསུམ། དཔལ་ལྡན་ཟླ་བས་ཇི་ལྟར་བསྟན་ཚུལ། རང་ལུགས་ཀློང་ཆེན་ཞབས་ཀྱིས་དེ་ལྟར་བཞེད་ཚུལ། དེ་ལ་དོགས་པ་བསལ་ཏེ་མཐར་ཐུག་ཆོས་ཀྱི་བདག་མེད་ངེས་པར་རྟོགས་དགོས་ཚུལ་བསྟན་པའོ། །དང་པོ། དེས་ན་རང་ལུགས་སོགས་ཚིགས་བཅད་གསུམ་དང་རྐང་པ་གཅིག་གིས་བསྟན་ཏེ། དེས་ན་སྔ་འགྱུར་རང་ལུགས་འཁྲུལ་བ་དང་བྲལ་བ་ཉིད་གང་ཡིན་ཞེ་ན། དཔལ་ལྡན་ཟླ་བའི་དབུ་མ་འཇུག་པ་རང་འགྲེལ་དུ་ཞི་སྒོ་གཉིས་སུ་མེད་པའི་སྟོང་པ་ཉིད་རྟོགས་དགོས་པར་ལུང་རིགས་ཀྱིས་སྒྲུབ་བསྒྲུབ་ནས་སླར་སྟོང་ཉིད་དེའི་རབ་ཏུ་དབྱེ་བ། བདག་མེད་འདི་ནི་འགྲོ་བ་རྣམ་གྲོལ་ཕྱིར། ཞེས་པའི་ཐད་ཀྱི་འཇུག་པར་རང་འགྲེལ་ལས་ཉན་རང་དང་བྱང་སེམས་ཀྱིས་རྟོགས་པའི་སྟོང་ཉིད་ཀྱི་རབ་དབྱེ་འདི་ལྟར་བསྟན་ཏེ་ཉོན་མོངས་པའི་སྒྲིབ་པ་སྤང་བའི་ཕྱིར་ཉན་རང་རྣམས་ལ་རྒྱལ་བས་གང་ཟག་གི་བདག་མེད་པའི་སྟོང་ཉིད་བསྟན་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཐམས་ཅད་སྟོང་པའམ་བདག་མེད་པ་རྫོགས་པར་བསྟན་པར་མཛད་ལ་ཞེས་གསུངས་སོ། །འོ་ན་ཉན་རང་གཉིས་པོ་ལ་སྔར་སྟོང་པ་ཉིད་རྟོགས་པ་ཡོད་དོ་ཞེས་ལུང་དང་རིགས་པ་གང་སྨྲས་པ་དེ་ཇི་ལྟར་ཡིན་ཞེ་ན། ཅེས་རང་གཞུང་ལ་རང་གིས་དོགས་པ་བསླངས་ཏེ་བསལ་བ་ཉན་རང་དེ་དག་རང་འབྲས་དགྲ་བཅོམ་པ་དོན་དུ་གཉེར་བས་དེ་འཐོབ་པ་ལ་གཙོ་བོར་སྒྲིབ་པའི་ཀུན་ནས་ཉོན་མོངས་པ་སྟེ་ཉོན་སྒྲིབ་ཙམ་སྤངས་དགོས་པའི་ཕྱིར་དེའི་རྩ་བ་ངར་འཛིན་ལྷན་སྐྱེས་ཀྱི་གང་ཟག་གི་བདག་དེ་མེད་པའི་སྟོང་པ་ཉིད་རྟོགས་ཤིང་སྒོམ་གྱི་གཞན་ཆ་མེད་གཉིས་སོགས་ཆོས་ཀྱི་བདག་མེད་པའི་སྟོང་པ་ཉིད་རྫོགས་པར་ནི་རྟོགས་ཤིང་སྒོམ་པ་མེད་ཅེས་པ་དང་སྟོང་ཉིད་བཅུ་དྲུག་པོ་ཐེག་ཆེན་ཐུན་མོང་མིན་པར་བཤད་པས་རང་བཞེད་རང་གིས་གསལ་བར་བཀྲལ་ཏེ་གསུངས་པ་བཞིན་དུ་ཤེས་པར་བྱ་བ་ཁོ་ན་ལས་གཞན་དུ་རྟོགས་པར་མི་བྱའོ། །གཉིས་པ་ཀློང་ཆེན་རབ་འབྱམས་སོགས་ཚིགས་བཅད་དྲུག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དཔལ་ལྡན་ཟླ་བས་ཇི་ལྟར་བཞེད་པ་དེ་བཞིན་དུ་རྒྱལ་བའི་དབང་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཞལ་སྔ་ནས་འདི་ལྟར་སྔོན་གྱི་སློབ་དཔོན་མཁས་པ་ཐམས་ཅད་ནི་ཉན་རང་ལ་ཆོས་ཀྱི་བདག་མེད་པ་ཡོད་དང་མེད་ཅེས་ཕན་ཚུན་རྩོད་པར་མཛད་ན་ཡང་ཁོ་བོ་རང་གིས་བཞེད་པ་ནི་སྔོན་གྱི་ཉན་རང་རྣམས་ལ་དབང་པོ་རྣོ་བརྟུལ་ཅི་རིགས་པ་ཡོད་པར་སྣང་ན་ཡང་རང་འབྲས་དགྲ་བཅོམ་པ་ཉིད་འཐོབ་པ་ལ། ཕུང་པོར་བརྟེན་ནས་བཏགས་པ་ངའོ་སྙམ་དུ་འཛིན་པའི་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པའི་བདག་རང་བཞིན་གྱིས་གྲུབ་པ་མེད་པའི་སྟོང་བར་མ་རྟོགས་པ་དེ་སྲིད་དུ་རང་འབྲས་ཐར་བ་དེ་ཉིད་འཐོབ་པ་མིན་པས་བརྟེན་ནས་བཏགས་པའི་རྟེན་འབྱུང་ངར་འཛིན་ལྷན་སྐྱེས་ཀྱི་བདག་རང་བཞིན་མེད་པའི་སྟོང་པ་ཉིད་དེ་ཙམ་ཞིག་རྟོགས་པ་ཡོད་པས་དགྲ་བཅོམ་པ་ཐོབ་ན་ཡང་ཆ་མེད་གཉིས་སོགས་ཆོས་ཐམས་ཅད་བདག་མེད་པའི་སྟོང་པ་ཉིད་རྫོགས་པར་རྟོགས་པ་མེད་དེ། དཔེར་ན་ཆུང་ངུ་ཡུངས་འབྲུ་སྲིན་གྱིས་ཟོས་ཤིང་ཕུག་པ་ཡི་ནང་གི་ནམ་མཁའ་བཞིན་དུ་ཉན་རང་གི་བདག་མེད་རྟོགས་པའི་སྟོང་ཉིད་ཆུང་ངུར་མདོ་ལས་གསུངས་པ་སྟེ་དེ་ཡི་ཕྱིར་ན་སྟོང་ཉིད་རྟོགས་པ་དམན་པ་ལ་དགག་པའི་སྒྲས་སྟོང་པ་ཉིད་མ་རྟོགས་ཞེས་བཞེད་པར་ཡིད་བཞིན་རིན་པོ་ཆེའི་མཛོད་འགྲེལ་དུ་གང་གསུངས་པ་འདི་ནི་སྔོན་ཆད་མ་བྱུང་བས་ཕུལ་དུ་བྱུང་བའི་ལེགས་པར་བཤད་པ་ཉིད་དེ་འདི་དང་མཚུངས་པའི་ལེགས་པར་བཤད་པ་གཞན་གཅིག་ཀྱང་རང་གཞན་སུ་ལའང་མ་མཆིས་ཏེ། དཔེར་ན་རྒྱ་མཚོ་ཆེན་པོའི་ཆུ་ལས་ཧུབ་གང་ཙམ་ཞིག་བཏུང་ན་ཡང་དེ་ཙམ་གྱིས་རྒྱ་མཚོ་ཆེན་པོའི་ཆུ་ནི་མ་བཏུང་ངོ་ཞེས་སུ་ཁས་ལེན་དུ་མི་རུང་བར་ལྟར་ཆོས་ཀྱི་བྱེ་བྲག་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ང་ཙམ་པོ་སྟོང་པའམ་བདག་མེད་པར་མཐོང་བའི་ཕྱིར་སྟོང་པ་ཉིད་མཐོང་བར་འདོད་དགོས་ལ་འོན་ཀྱང་རྒྱ་མཚོའི་ཆུ་ཧུབ་གཅིག་བཏུང་བས་རྒྱ་མཚོའི་ཆུ་ཡོངས་སུ་རྫོགས་པར་ཁོང་དུ་མ་སོང་བ་ལྟར་དུ་མཐའ་དག་ཤེས་བྱའི་རང་བཞིན་མ་ལུས་པ་ཀུན་སྟོང་པར་རྟོགས་པ་མེད་པའི་ཕྱིར་ན་བདག་མེད་དམ་སྟོང་པ་ཉིད་རྫོགས་པར་མ་མཐོང་ཞེས་འདོད་དགོས་སོ། །གསུམ་པ་ལ་གསུམ། སྤྱིར་བསྟན་པ་དང་། བྱེ་བྲག་ལུང་དོན་ལེགས་པར་བཀྲལ་ཏེ་འཁྲུལ་བ་བསལ་བ། དེ་ཁོ་ན་ཉིད་མཐོང་བས་ཐེག་གཅིག་འགྲུབ་ཚུལ་གསུངས་པ་གཞན་ལ་མི་འཐད་ཅིང་རང་ལ་འཐད་ཚུལ་བསྟན་པའོ། །དང་པོ། གལ་ཏེ་ཆོས་གཅིག་སོགས་ཚིགས་བཅད་བཅུ་གསུམ་དང་རྐང་པ་གཅིག་གིས་བསྟན་ཏེ། དཔེར་ན་འདམ་བུ་གཅིག་ཁོང་སྟོང་དུ་མཐོང་ན་འདམ་བུ་ཐམས་ཅད་ཁོང་སྟོང་དུ་མཐོང་བ་ལྟར་འདིར་ཡང་གལ་ཏེ་ཆོས་གཅིག་ཅེས་གང་ཟག་གི་བདག་སྟོང་ཉིད་དུ་མཐོང་ཞིང་རྟོགས་ན་ཆོས་གཞན་ཐམས་ཅད་སྟོང་ཉིད་དུ་མཐོང་ཞིང་རྟོགས་རིགས་ན་ཡང་ཆོས་གཞན་ཐམས་ཅད་སྟོང་པ་ཉིད་དུ་མི་མཐོང་ཞེས་པ་འདི་ཅི་ཞེ་ན། དེ་ལྟར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་དེ་གས་རང་བཞིན་མེད་པར་སྟོན་པའི་ངེས་པའི་ལུང་དང་ཡང་དག་པའི་རིགས་པ་དང་ཟབ་མོའི་མན་ངག་གིས་བརྟན་ས་ཤིང་མཐོང་བ་དོན་དུ་གཉེར་ན་ཆོས་གཅིག་སྟོང་བར་མཐོང་བ་དེ་ལྟར་ཆོས་གཞན་ཐམས་ཅད་སྟོང་པ་ཉིད་དུ་མཐོང་མོད་ཀྱི། འོན་ཀྱང་རེ་ཞིག་དམན་པ་ཉན་ཐོས་ཀྱི་རིགས་ཅན་རྣམས་ནི་རང་ཉིད་འཁོར་བར་སྐྲག་ནས་ཞི་བདེའི་ཐར་བ་ཙམ་ཞིག་དོན་དུ་གཉེར་བས་གང་ཟག་གི་བདག་མེད་ཙམ་ཁོ་ན་རྟོགས་པ་ལ་དོན་དུ་གཉེར་ཞིང་ཞེན་པས་བསྒོམ་གྱི་མཐའ་གཞན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་དོན་དུ་མི་གཉེར་བས་རྟོགས་པར་དཀའ་སྟེ། དཔེར་ན་བུམ་པ་བཏགས་པར་ཏེ་བཏགས་ཡོད་དུ་འདོད་པ་ཉན་ཐོས་པ་རྣམས་ཀྱིས་ཀྱང་རྡུལ་ཕྲན་ཏེ་ཕྲ་རྡུལ་བཏགས་ཡོད་དུ་མི་འདོད་པར་རྫས་སུ་ཡོད་པར་འདོད་པ་བཞིན་ཡིན་ལ་གལ་ཏེ་ཉན་ཐོས་རྣམས་ཀྱིས་བུམ་པ་བཏགས་པར་ནི་སྟེ་བཏགས་ཡོད་ཙམ་དུ་རྟོགས་པའི་བློ་རིགས་དེས་ཕྲ་རྡུལ་ལ་ཡང་ལེགས་པར་དཔྱད་ན་བརྟགས་ཡོད་ཙམ་དུ་རྟོགས་པ་རིགས་མོད་ཀྱི་དེ་ལྟ་ནའང་རེ་ཞིག་ཕྲ་རྡུལ་བཏགས་ཡོད་དུ་མ་རྟོགས་པར་རྫས་ཡོད་དུ་འཛིན་གྱི་རྫས་ཀྱིས་སྟོང་པར་མཐོང་མི་དགོས་པ་དེ་བཞིན་དུ་ཆོས་གཅིག་སྟོང་པར་མཐོང་ཡང་ཆོས་ཐམས་ཅད་སྟོང་པར་མཐོང་དགོས་པ་མིན་ནོ། །དེར་མ་ཟད་རགས་པའི་གཞི་ཆ་བཅས་བཏགས་ཡོད་དང་ཆ་མེད་ཀྱི་རྡུལ་རྫས་ཡོད་བདེན་གྲུབ་དག་དངོས་སུ་འགལ་བར་སྣང་ན་ཡང་ད་དུང་འགལ་འདུའི་དངོས་པོ་དེ་དག་ལ་རེ་ཞིག་ཏུ་ཕྲ་རྡུལ་རང་བཞིན་མེད་པར་སྟོན་པའི་ངེས་པའི་ལུང་དང་ཟབ་མོའི་མན་ངག་གིས་དབེན་ཅིང་མེད་པའི་ཕྱིར་མི་འགལ་བའི་གྲུབ་མཐའ་བཟུང་ནས་བསྒྲུབས་པར་བྱེད་དོ། །དེ་བཞིན་དུ་དེ་ལྟར་མ་ཡིན་པར་ཆོས་གཅིག་སྟོང་པར་མཐོང་བས། ཆོས་ཐམས་ཅད་སྟོང་ཉིད་དུ་ངེས་པར་རྟོགས་དགོས་ན། ཐེག་ཆེན་སེམས་ཙམ་པ་དག་གིས་ཀྱང་གཟུང་བ་རང་བཞིན་མེད་པའི་སྟོང་པ་ཉིད་དུ་རྟོགས་ན་བློ་དེས་འཛིན་པ་ཡང་རང་བཞིན་མེད་པའི་སྟོང་པ་ཉིད་དུ་ཅི་ཡི་ཕྱིར་མི་རྟོགས་ཏེ་རྟོགས་དགོས་པ་དང་། དབུ་མ་རང་རྒྱུད་པས་ཀྱང་དོན་དམ་པར་ཆོས་ཐམས་ཅད་བདེན་གྲུབ་མེད་པའི་སྟོང་པ་ཉིད་དུ་རྟོགས་པའི་རིགས་པ་དེས་ཐ་སྙད་དུ་ཡང་རང་མཚན་གྱིས་གྲུབ་པ་མེད་པས་སྟོང་པ་ཉིད་ཡིན་པར་ཅིས་མི་རྟོགས་ཏེ་རྟོགས་དགོས་པར་འགྱུར་ཏེ། དེས་ན་གྲུབ་མཐའ་སྨྲ་བ་དེ་ཐམས་ཅད་དབུ་མ་ཐལ་འགྱུར་བ་འབའ་ཞིག་གམ་ཁོ་ན་ཉིད་དུ་ཁྱོད་ལ་ཐལ་བར་འགྱུར་ལ། དེ་ལྟར་ན་ཉན་རང་རྣམས་ཀྱིས་ཐེག་པ་ཆེན་པོ་ཡུམ་རྒྱས་འབྲིང་སོགས་ལ་སངས་རྒྱས་ཀྱི་བཀའ་མ་ཡིན་པ་ལ་སོགས་པས་བསྐུར་པ་འདེབས་ཤིང་སྨོད་པའང་ག་ལ་སྲིད་དེ་མི་སྲིད་པར་འགྱུར་རོ། །རྒྱུ་མཚན་དེས་ན་ཆོས་གཅིག་གི་རང་བཞིན་ཆོས་ཀྱི་དབྱིངས་ཉིད་ཆོས་ཀུན་ལ་མཉམ་པ་ཉིད་ཡིན་པས་རྣམ་དབྱེར་མེད་ན་ཡང་ཕྱི་དང་ནང་གི་ཡོངས་འཛིན་ལ་སོགས་པའི་རྐྱེན་གྱི་ཚོགས་པ་ཇི་ལྟར་བ་བཞིན་མ་ཚང་བ་དེ་སྲིད་དུ་ཆོས་ཐམས་ཅད་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་མཉམ་པ་ཆེན་པོར་རྟོགས་པ་བུལ་བ་ཡིན་པས་ན་རེ་ཞིག་དེ་ལྟར་རྟོགས་པ་མི་འགྱུར་ཏེ། སྤྱིར་ན་དབང་པོའི་ཁྱད་པར་ལས་དབང་པོ་ཤིན་ཏུ་རྣོན་པོས་རང་སྟོབས་ཀྱིས་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་རྟོགས་པ་ཡོད་ཀྱི་དབང་པོ་རྟུལ་པོ་ཡིས་གཞན་ལ་མི་ལྟོས་པ་རང་གིས་དེ་མ་ཐག་ཏུ་ཡང་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་ངེས་པར་རྟོགས་པའི་ཁྱབ་པ་མེད་ཀྱང་ནམ་ཞིག་ན་ཅིས་ཀྱང་སྟོང་པ་ཉིད་རྟོགས་པར་ངེས་ཏེ་ཉན་རང་དགྲ་བཅོམ་པ་རྣམས་ཕུང་པོ་ལྷག་མེད་དུ་འགོག་པའི་དབྱིངས་སུ་ཞུགས་ནས་བསྐལ་པ་སྟོང་ཕྲག་བཅུ་ཡི་མཐར་དེ་བཞིན་གཤེགས་པས་བསྐུལ་ཏེ་འགོག་པའི་དབྱིངས་དེ་ལས་སླར་དགྲ་བཅོམ་པ་རྣམས་ལྡང་སྟེ་གཟོད་ཐེག་པ་ཆེན་པོར་འཇུག་པར་དམ་ཆོས་པདྨ་དཀར་པོ་ལས་གསུངས་པས་སོ། །གཞན་ཡང་དབང་རྣོན་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ཕྱི་ནང་གི་ཡོངས་འཛིན་ཚང་བས་ཚུལ་ཇི་ལྟ་བ་བཞིན་དུ་ཐེག་པ་ཆེན་པོར་ཡང་དག་པར་ཞུགས་པས་ཀྱང་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་སྣང་སྟོང་མཉམ་པ་ཆེན་པོ་བདག་མེད་མཐའ་དག་རྟོགས་པ་ལ་གྲངས་མེད་པའི་བསྐལ་པར་ཐབས་མཁས་དང་བཅས་པར་འབད་པ་ཆེན་པོས་གོམས་དགོས་ན་ཉན་ཐོས་རང་དོན་ཞི་བདེ་དོན་དུ་གཉེར་བས་མི་ཚེ་གསུམ་ལ་སོགས་པའམ་འགོག་པའི་དབྱིངས་སུ་བསྐལ་པ་སྟོང་ཕྲག་བཅུ་ལ་ཞུགས་པས་དུས་ཐུང་ངུ་དེ་ཙམ་ལ་བདག་མེད་མཐའ་དག་གམ་སྤྲོས་ཀུན་བྲལ་བའི་སྟོང་ཉིད་སྣང་སྟོང་མཉམ་པ་ཆེན་པོ་རྫོགས་པར་མ་རྟོགས་ཤིང་གཟོད་རྟོགས་དགོས་པའི་གནས་སྐབས་ཞིག་མི་སྲིན་པར་ཅི་ལ་འགྱུར་ཏེ་ཤིན་ཏུ་སྲིད་པ་འགྱུར་རོ། །དེ་མ་ཟད་ཐེག་ཆེན་འཕགས་པ་ས་ཐོབ་རྣམས་ལའང་རྫོགས་སྨིན་སྦྱངས་པའི་སྟོབས་ཀྱིས་ས་ནས་སར་ཆོས་ཀྱི་དབྱིངས་སྒྲིབ་པ་ལས་གྲོལ་བའི་མཐོང་བ་ཇེ་བས་ཇེ་གསལ་དུ་གོང་ནས་གོང་དུ་རྫོགས་པའང་ཡོད་པ་མིན་ནམ་སྟེ་ཡོད་ན་ཉན་རང་དགྲ་བཅོམ་པ་ལྟ་ཅི་སྨོས་སོ། །དེ་ལྟར་རྟོགས་པ་ལ་ཡང་སྦྱིན་པ་དང་ཚུལ་ཁྲིམས་སོགས་ཚོགས་མཐའ་ཡས་པ་བསགས་པའི་གྲོགས་དང་གཏན་ཚིགས་ཆེན་པོ་ལྔ་ལ་སོགས་པའི་རིགས་པའི་སྒོ་མཐའ་ཡས་པའི་ཚུལ་ཟབ་མོ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫོགས་སྨིན་སྦྱང་བ་སོགས་ཀྱི་སྤྱོད་པ་དང་ཡོངས་བསྔོའི་རྐྱེན་ཕན་ཚུན་ཚོགས་པ་མ་ཚང་མེད་པར་ལེགས་པར་ཚང་ན་ངེས་པར་དུས་ཐུང་ངུའི་སྣང་སྟོང་དབྱེར་མེད་སྤྲོས་བྲལ་མཉམ་པ་ཆེན་པོ་རྫོགས་པར་རྟོགས་པར་འགྱུར་ཏེ། དཔེར་ན་རྡོ་རྗེ་ཐེག་པའི་ཐབས་ལ་མཁས་པའི་རྐྱེན་ཕུན་སུམ་ཚོགས་པ་ཚང་བས་ཉེ་ལམ་ཟབ་མོ་སྔགས་ཀྱིས་གནས་ལུགས་ཟབ་མོ་ཉིད་བདེ་མྱུར་དུ་རྟོགས་པ་ཡོད་པ་བཞིན་ནོ། །གཉིས་པ། རྟག་བདག་སྤངས་ཀྱང་སོགས་ཚིགས་བཅད་ལྔས་བསྟན་ཏེ། རིན་ཆེན་ཕྲེང་བ་ལ་སོགས་པའི་ལུང་དོན་ཇི་ལྟར་བཀྲལ་ན་ཕུང་པོ་ལ་རྟེན་ནས་བརྟགས་པ་ཙམ་གྱི་སྟོང་པར་ཁོང་དུ་མ་ཆུད་པར་ཕུང་པོ་ཉིད་ནི་ངེས་པར་ཡོད་ཀྱི་ཕུང་པོ་འདི་ལ་དབང་བྱེད་པའམ་བདག་པོར་གྱུར་པའི་བདག་རྟག་གཅིག་རང་དབང་ཅན་ཕྱི་རོལ་པས་ཀུན་ཏུ་བརྟགས་པའི་རྟག་པའི་བདག་དེ་འདྲ་མེད་པར་ཤེས་ནས་སྤངས་པར་གྱུར་ཀྱང་དེས་ངར་འཛིན་ཕྲ་བ་མི་སྤོང་སྟེ་འཁོར་རྩ་ལྷན་སྐྱེས་ཀྱི་བདག་འཛིན་ནམ་ངར་འཛིན་གྱི་ཕུང་པོ་རིལ་པོར་འཛིན་པ་ལ་བརྟེན་ནས་འཇུག་པའམ་སྐྱེ་བར་འགྱུར་བ་དེའི་ཕྱིར་ཇི་སྲིད་ཕུང་པོར་འཛིན་པ་ཡོད་པ་དེ་སྲིད་དུ་དེ་ལ་ངར་འཛིན་ཡོད་པར་གསུང་བའི་ལུང་གི་དོན་ནི་འདི་ལྟར་བདག་ངོ་བོས་གྲུབ་པ་མེད་པའི་སྟོང་པ་ཉིད་མ་མཐོང་བར་དུ་རྟག་བདག་སྤངས་ཀྱང་རུང་། གདགས་བཞི་རང་རྒྱུད་ཀྱི་ཕུང་པོ་ཡོད་པར་གྱུར་ཅིང་དེར་རིལ་པོར་འཛིན་པའི་སེམས་པ་ཡོད་པ་ཇི་སྲིད་དུ་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པའི་བདག་ཏུ་གདགས་པའི་རྒྱུ་གེགས་མེད་པ་ཚང་བས་འབྲས་བུ་ངར་འཛིན་ལྷན་སྐྱེས་སམ་བདག་འཛིན་ལྷན་སྐྱེས་དེ་མི་ལྡོག་བར་གསུངས་པ་ཡིན་ཏེ། གང་ཕྱིར་རྟག་པའི་བདག་མེད་པར་ཤེས་ནས་སྤང་བར་གྱུར་ཀྱང་ལྷན་སྐྱེས་ཀྱི་ངར་འཛིན་སྤངས་མི་ནུས་པ་ནི་གདགས་གཞིར་ཏེ་ཕུང་པོར་རིལ་པོར་འཛིན་པ་ལ་བརྟན་ནས་བཏགས་པའི་ངའམ་བདག་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དེ་མ་བཀག་པའི་ཕྱིར་ངར་འཛིན་དེ་སྐྱེ་བ་ལ་གེགས་བརྟེན་ནས་བཏགས་པའི་བདག་མེད་དམ་སྟོང་ཉིད་རྟོགས་པ་མེད་པ་ཉིད་ཡིན་པས་སོ། །དེ་སྐད་དུ་ཡང་། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པར། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཀྱང་ནི་སྐྱེ་བ་ཡིན། །ཞེས་སོ། །དེ་ཡི་ཕྱིར་ན་ཐར་པ་ཙམ་ལ་སྒྲིབ་པའི་ཉོན་མོངས་པ་སྤོང་བ་ལ་ཕུང་སོགས་ཆོས་ཐམས་ཅད་སྟོང་བར་ཇི་ལྟ་བ་བཞིན་དུ་ངེས་པར་རྟོགས་དགོས་སོ་ཞེས་འཆད་པ་དག་གིས་ལུང་འདིའི་དོན་ཇི་བཞིན་དུ་བཀྲལ་བ་མིན་ཏེ། ལུང་དེ་ཡི་དོན་ཇི་སྐད་བཤད་པ་འདི་བཞིན་དཔལ་ལྡན་ཟླ་བས་ལེགས་པར་བཀྲལ་བ་ཡིན་པས་གཞན་དུ་རྟོགས་པར་མི་བྱ་སྟེ། ཇི་ལྟར་ན། འཇུག་པ་ལས། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤངས་ཤིང་། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེ་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ། །དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །རང་ཁྱིམ་རྩིག་པུག་སྤྲུལ་གནས་མཐོང་བཞིན་དུ། །འདི་ལ་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱི་གནམ་པོར་གྱུར་ཉིད་དོ། །ཞེས་སོ། །དེའི་ཕྱིར་ཉོན་མོངས་སྐྱོན་གྱི་རྩ་བ་འཁོར་རྩའི་བདག་གམ་ངར་འཛིན་ལྷན་སྐྱེས་དེ་སྤོང་དགོས་པ་ཡང་། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིག །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་གསུངས་ཤིང་། དེས་ན་ཕུང་པོ་ལ་བརྟེན་ནས་བཏགས་པའི་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པའི་ང་ཙམ་མམ་བདག་དེ་དངོས་པོ་གྲུབ་པ་མེད་པའམ་སྟོང་པ་ཉིད་དུ་ཤེས་པར་གྱུར་ན་འཁོར་བའི་རྩ་བ་ལྷན་སྐྱེས་ཀྱི་ངར་འཛིན་ཉོན་མོངས་པའི་སྐྱོན་རྣམས་ཀྱི་འབྱུང་གནས་དེ་ལྡོག་ཅིང་སྤང་བ་ལ་དེས་ཆོག་སྟེ་ཕུང་སོགས་སྟོང་བར་རྟོགས་མི་དགོས་ཏེ་དཔེར་ན་ཐག་པ་མཐོང་བ་ལ་བརྟེན་ནས་སྦྲུལ་དུ་འཁྲུལ་བས་སྦྲུལ་དུ་འཛིན་པ་ལ་གདགས་གཞི་ཐག་པ་རང་ཉིད་ཇི་ལྟ་བ་བཞིན་དུ་སྟོང་པའམ་མེད་པར་མ་ཤེས་ཀྱང་སྦྲུལ་འཛིན་དེ་ནི་ཡུལ་སྦྲུལ་ཉིད་མེད་པར་མཐོང་བས་ལྡོག་པར་འགྱུར་བ་བཞིན་ནོ། །དེ་ལྟར་ན་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པའི་བདག་དེ་སྟོང་པར་རྟོགས་པས་ཉོན་མོངས་སྤངས་པས་ཉན་རང་གི་ཐར་པ་དགྲ་བཅོམ་པ་ཐོབ་པར་ལུང་རིགས་ཀྱིས་ཡང་དག་པར་གྲུབ་པས་གཞན་དུ་རྟོགས་པར་མི་བྱའོ། །གསུམ་པ། མཐར་ནི་ངེས་པར་སོགས་ཚིགས་བཅད་གསུམ་དང་རྐང་པ་གཅིག་གིས་བསྟན་ཏེ། ཆོས་ཐམས་ཅད་བདག་མེད་པའི་ཆོས་དབྱིངས་དེ་བཞིན་ཉིད་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཆེན་པོ་ཇི་ལྟ་བ་དེ་བཞིན་དུ་མཐར་ནི་ཉན་རང་གིས་ཀྱང་ངེས་པར་རྟོགས་དགོས་ཏེ། འཁོར་འདས་ཀྱི་བསྡུས་པའི་ཆོས་རྣམས་ཀུན་གྱི་ཆོས་དབྱིངས་དེ་བཞིན་ཉིད་ལ་རྣམ་དབྱེར་མེད་པས་གཅིག་ཡིན་ཅིང་དེ་ཉིད་མཐོང་བའི་ཡུལ་ཅན་ཡེ་ཤེས་ཀྱི་ཚུལ་ལའང་རྣམ་དབྱེར་མེད་པས་གཅིག་ཡིན་པས་མཐར་ཐུག་ཐེག་པ་གཅིག་ཉིད་དུ་འགྲུབ་པ་ཡི་རིགས་པའི་གནད་དམ་པ་འདི་ཉིད་ཀླུ་སྒྲུབ་ཡབ་སྲས་སྨྲ་སྟེ། དཔལ་ལྡན་ཟླ་བས། གང་ཕྱིར་འདི་ན་དེ་ཉིད་ཤེས་ལས་དྲི་མ་མཐའ་དག་སེལ་བ་ནི། ལྷུར་བྱེད་གཞན་མེད་ཆོས་རྣམས་དེ་ཉིད་རྣམ་འགྱུར་དབྱེ་ལའང་བསྟེན་མིན་ཞིང་། དེ་ཉིད་ཡུལ་ཅན་བློ་གྲོས་འདི་ཡང་ཐ་དད་འགྱུར་བ་མ་ཡིན་ལ། དེ་ཡི་ཕྱིར་ན་ཁྱོད་ཀྱིས་འགྲོ་ལ་ཐེག་པ་མི་མཉམ་དབྱེར་མེད་བསྟན། ཞེས་ལེགས་པར་གསུངས་པ་ཡིན་ན་གལ་ཏེ་ཁྱོད་ཀྱི་འདོད་པའི་ལུགས་འདི་ལྟར་ན་རྣམ་དབྱེར་བྲལ་བའི་ཆོས་ཀྱི་དབྱིངས་དེ་ཉིད་ཉན་རང་དགྲ་བཅོམ་པ་རྣམས་ཀྱིས་སྔར་ནས་མཐོང་ཟིན་ཡིན་པས་སྔར་མ་མཐོང་བར་ད་ག ཟོད་དེ་དག་གིས་དེ་ཉིད་མཐོང་བའི་རིགས་པ་དེ་ཡིས་མཐར་ཐུག་ཐེག་པ་གཅིག་ཏུ་ཅི་ཞིག་འགྲུབ་སྟེ་སྒྲུབ་བྱེད་མེད་པས་དམ་བཅའ་བ་ཙམ་སྟེ་སྒྲུབ་བྱེད་མེད་བཞིན་དུ་བསྒྲུབ་བྱ་འགྲུབ་ན་གང་ཡང་འགྲུབ་པར་འགྱུར་བས་ཤིན་ཏུ་མི་འཐད་ལ་འཐད་ལྡན་གྱི་རང་ལུགས་འདིར་ནི་ཆོས་དབྱིངས་དེ་བཞིན་ཉིད་ནི་ངོ་བོས་མི་སྟོང་བས་རྟག་པའམ་སྟོང་པ་ཕྱོགས་ཆད་ཀྱང་མ་ཡིན་པས་སྣང་སྟོང་ངམ་དབྱིངས་ཡེ་ཟུང་དུ་འཇུག་པའི་ཡེ་ཤེས་གང་ཞིག་མཐར་ཐུག་པ་ཇི་ལྟ་བ་དེ་བཞིན་དུ་གཟིགས་པ་དེ་ཁོ་ན་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རྣམ་དབྱེར་མེད་པས་གཅིག་ཅེས་པ་དེ་ཡིན་ཏེ་འཕགས་པ་ཀུན་ཀྱང་དངོས་སམ་བརྒྱུད་ནས་ཆོས་ཀྱི་དབྱིངས་དེ་ལ་གཞོལ་ཞིང་འབབ་པས་མཐར་ཐུག་པར་འགྱུར་བ་ལས་གཞན་དུ་མེད་པའི་གནད་ཀྱིས་དེ་ཉིད་རྟོགས་པས་ཐེག་པ་གཅིག་ཏུ་སྒྲུབ་པ་ཤིན་ཏུ་ནི་འཐད་པ་དང་བཅས་པ་ཁོ་ནའོ། །གསུམ་པ། དེས་ན་ཚུལ་འདི་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དེས་ན་གོང་དུ་ཇི་སྐད་བཤད་པའི་ཚུལ་འདི་ལྟར་ལེགས་པར་རྟོགས་པར་གྱུར་ན་ངེས་པ་དོན་གྱི་བཀའ་དང་དགོངས་འགྲེལ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་བཟང་དབུ་མ་རྩ་འཇུག་དང་། རྒྱལ་ཚབ་བྱམས་པའི་གཞུང་བཟང་ཤེར་ཕྱིན་ནས་ཇི་སྐད་བསྟན་པ་རྣམས་ནང་འགལ་བའི་ཉེས་པའི་ཆ་ཕྲ་བ་ཙམ་ཡང་མེད་པར་རྟོགས་པས་ཕན་ཚུན། དཔེར་ན་བུ་རམ་དང་སྦྲང་རྩི་རོ་གཅིག་པས་སྤང་བླང་མེད་པར་ཡིད་བདེ་བར་འབབ་པ་བཞིན་དུ་གཅིག་སྤང་གཅིག་བསྒྲུབ་མི་དགོས་པར་ལྷན་ཅིག་ཡིད་གས་བདེར་ཏེ་བདེ་བར་འཇུ་ཡི་སྟེ་དགོངས་པ་གཅིག་ཏུ་རྟོགས་པས་ཡིད་ཆས་བདེ་བླག་ཏུ་སྐྱེ་ཡི། དེ་ལས་གཞན་དུ་བཀྲལ་བ་དག །དཔེར་ན་མི་འཕྲོད་པའི་ཟས་ཟོས་པ་ཁོང་སྐྲན་གསོ་མེད་དུ་གྱུར་པ་བཞིན་དུ་ངེས་པ་དོན་གྱི་མདོ་རྒྱུད་དང་དབུ་མ་རྩ་འཇུག་དང་ཤེར་ཕྱིན་གྱི་དགོངས་དོན་ཕན་ཚུན་འགལ་འདུར་རྟོག་པས་གཅིག་སྤང་གཅིག་བསྒྲུབ་པས་ཁོང་ན་མི་བདེའི་སྐྲན་ཆེན་པོས་ཤིན་ཏུ་སྦོས་པར་གྱུར་པའི་ཚེ་དེ་ལ་མདོ་རྒྱུད་བསྟན་བཅོས་ཟབ་མོའི་ལུང་དང་ཡང་དག་པའི་རིགས་པ་ཟབ་མོའི་གཙགས་བུ་རྣོན་པོ་བརྒྱ་ཕྲག་དུ་མ་ལྷན་ཅིག་གདེངས་ཤིང་འདེབས་པར་གཟས་པ་ལ་ཡིད་གཏིང་ནས་སྡར་ཞིང་མི་བཟོད་པར་ཆོས་དང་གང་ཟག་ལ་ལོག་པར་ལྟ་བས་བསྐུར་འདེབས་ཀྱི་ངག་གི་ཅ་ཅོ་སྣ་ཚོགས་བས་ཤིན་ཏུ་ཕུང་ཁྲོར་ཆེན་འགྱུར་བས་བག་ཡོད་པ་རྣལ་འབྱོར་དུ་བྱ་བ་ཁོ་ནའོ། །ངེས་པའི་མདོ་རྒྱུད་བསྟན་བཅོས་ནང་འགལ་བའི། །ལུང་རིགས་བགྲོད་དཀར་འཕྱན་པའི་འཕྱང་མོ་ཉུག །འདི་ཚུལ་འདི་བཞིན་སྨྲ་བའི་རྟ་བདུན་དབང་། །ལུང་རིགས་མཁའ་ལ་རང་དབང་འབྱོར་མིན་ནམ། །ཞེས་ཀྱང་སྨྲས་སོ། །དྲི་ལན་གསུམ་པ་མཉམ་བཞག་འཛིན་སྟངས་ཡོད་མེད་གང་འཐད་ལ་གཉིས་ཀའང་ལེགས་པར་ཕྱེ་སྟེ་བསྟན་པ་ལ་བཞི། ཅིར་ཡང་མི་འཛིན་པ་དང་། བདག་མེད་དུ་འཛིན་པ་དང་། ལོག་རྟོག་བླུན་སྒོམ་དང་ཡང་དག་པའི་སྒོམ་གྱི་ཁྱད་པར་དང་། བསྒོམ་པའི་སྟོབས་ཀྱིས་འཛིན་སྟངས་ཀུན་གཞིག་དགོས་ཚུལ་ལོ། །དང་པོ་ལ་གཉིས། ལེགས་པར་རྟོགས་པ་དང་ལོག་པར་རྟོག་པ་གཉིས་ཡོད་པ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ལྟ་བའི་དངོས་གཞི་སོགས་ཚིགས་བཅད་བཞི་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལ་གནས་ལུགས་ལྟ་བའི་དངོས་གཞི་ལ་མཉམ་པར་བཞག་སྟེ་སྐྱོང་བའི་དུས་ན་ཁ་ཅིག་ཡོད་མེད་ལ་སོགས་པ་གང་ཅིར་ཡང་མི་འཛིན་ཏེ་འཛིན་དུ་མི་རུང་ངོ་ཞེས་ཟེར་བ་འདི་ལ་ལེགས་པར་བརྟགས་ན་གང་ཅིར་ཡང་མི་འཛིན་པ་བཞག་དགོས་ཞེས་པའི་དོན་འདི་ཉིད་ལ་ལེགས་པར་རྟོགས་པས་ཡང་དག་པ་དང་ལོག་པར་རྟོག་པས་འཁྲུལ་བ་དང་གཉིས་ཡོད་པ་ལས་དང་པོ་ནི་ཡོད་པ་དང་མེད་པ་ལ་སོགས་པ་མཐའ་བཞིའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་སྣང་སྟོང་ཟུང་འཇུག་རང་བྱུང་གི་ཡེ་ཤེས་བསམ་བརྗོད་ལས་འདས་པ་སྟེ་གཉིས་སྣང་ནུབ་པའི་འཕགས་པའི་མཉམ་བཞག་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་མདུན་ནམ་ངོས་ན་སྟོང་དང་མི་སྟོང་ཡོད་པ་དང་མེད་པ་ལ་སོགས་པའི་སྤྲོས་པ་གང་ཡང་གནས་པ་མེད་པ་ཉིད་ཇི་ལྟ་བར་ཡང་དག་པར་མཐོང་བས་ཡོད་མེད་ལ་སོགས་པའི་འཛིན་སྟངས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཆུ་ལ་ཆུ་བཞག་པ་བཞིན་དུ་རང་གི་ངང་གིས་ཞིག་ནས་མེད་པ་སྟེ་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་མཐོང་བ་དཔེ་གཞན་གྱིས་བསྙད་པར་ནུས་པ་མིན་པས་ནམ་མཁའ་ལ་ལྟ་བ་དང་མཚུངས་ཞེས་ཕྱོགས་ཙམ་མཚོན་པའི་དཔེར་ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་སོགས་མདོ་ལས་བསྟན་པ་བཞིན་ནོ། །གཉིས་པ་ཅི་ཡང་དྲན་མེད་ཐོ་མེ་བ་ཧ་ཤང་གི་ལུགས་ཏེ། གནས་ལུགས་སྤྲོས་བྲལ་མཉམ་པ་ཉིད་ཇི་ལྟ་བཞིན་དུ་གཏན་ལ་ཕེབས་པར་མ་དཔྱད་ཅིང་མ་རྟོགས་པར་རང་གར་ཅི་ཡང་ཡིད་ལ་མི་བྱེད་དོ་ཞེས་པའི་འཛིན་སྟངས་ཀྱིས་དྲན་མེད་ཐོ་མེ་བར་ཙན་ནེར་བཞག་པ་ཡིས་ངོ་བོ་སྟོང་པའི་རང་བཞིན་ལྷག་མཐོང་གསལ་བའི་ཡེ་ཤེས་ཀྱི་མཁྱེན་ཆ་མེད་པར་དཔེར་ན་མཚོ་གཏིང་ཟབ་མོར་རྡོ་འཕང་བ་བཞིན་དུ་ཅི་ཡིན་འདི་ཡིན་མེད་པར་གྱུར་ནས་རང་གི་ཤེས་རྒྱུད་སྔར་ལས་བཟང་དུ་མི་འགྲོ་བར་ཐ་མལ་པར་གནས་པར་གྱུར་ནས་ཆགས་སྡང་རྨོངས་སོགས་ཞི་བར་འགྱུར་བ་དང་། བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་རྒྱུ་འབྲས་ལ་ཡིད་ཆེས་སྙིང་ནས་སྐྱེ་བ་སོགས་ལ་མ་རྟགས་ཀྱི་ཡོན་ཏན་ཅི་ཡང་མི་འབྱུང་བ་ནི་ལོག་པར་རྟོག་པའོ། །དེ་ཡང་དཔེར་ན་ཅི་ཡང་མེད་ཅེས་པ་འདི་ལ་དབུ་མས་སྤྲོས་པ་ཅི་ཡང་མེད་པར་མཐོང་བ་དང་གཟུགས་མེད་ཀྱིས་ཅི་ཡང་མེད་པར་མོས་པ་གཉིས་ཚིག་ཙམ་ཞིག་མཚུངས་ཀྱང་དོན་གཏན་ནས་མི་མཚུངས་པ་ལྟར་ཅི་ཡང་མི་འཛིན་ཞེས་པའི་ཚིག་ཙམ་མཚུངས་པ་ཞེས་འདྲ་བ་འདི་དག་ཀྱང་དོན་ལ་མི་མཚུངས་ཞེས་མི་འདྲ་བ་སྟེ་ལེགས་པར་རྟོགས་པ་དང་ལོག་པར་རྟོག་པས་མཆོག་དམན་གྱིས་ཁྱད་པར་གནམ་དང་ས་བཞིན་དུ་ཤིན་ཏུ་ཐ་དད་པ་ཡིན་པས་ལེགས་པར་ཤན་འབྱེད་དགོས་སོ། །གཉིས་པ། དེ་ལྟར་མཐའ་བཞི་སོགས་ཚིགས་བཅད་བཅུ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་ཡུལ་ཆོས་ཀྱི་དབྱིངས་ཡོད་མེད་ལ་སོགས་པའི་མཐའ་བཞིའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྣང་སྟོང་ཟུང་འཇུག་མཉམ་པ་ཆེན་པོ་ལ་ཡུལ་ཅན་ཡེ་ཤེས་ཀྱིས་དེ་བཞིན་དུ་མཐའ་བཞི་པོ་གང་དུའང་མི་འཛིན་པར་ཤིན་ཏུ་ཕྲ་བའི་གཉིས་སྣང་ཐམས་ཅད་ནུབ་སྟེ་གཉིས་སུ་མེད་པར་གྱུར་ན་མཐའ་བཞི་པོ་དེ་ལས་འདས་པའམ་དེ་མ་ཡིན་པའི་འཛིན་སྟངས་གཞན་ཞིག་གཏན་ནས་མི་སྲིད་ཅིང་མེད་པས་འཛིན་སྟངས་ཐམས་ཅད་མེད་པས་ཅི་ཡང་མི་འཛིན་པར་འདོད་པ་འདི་ནི་ཡང་དག་པའོ། །གཞན་དུ་གལ་ཏེ་འཛིན་སྟངས་ཅི་ཡང་མེད་ཅེས་པའི་དོན་ཉིད་དེ་ལྟར་ཡང་དག་པར་མ་རྟོགས་པས་བླུན་པོ་ཁ་ཅིག་མན་ངག་གི་གནད་དམ་ལུང་རིགས་ཀྱིས་དཔྱད་པ་མེད་པར་དང་པོ་ནས་གང་དུའང་འཛིན་དུ་མི་རུང་བས་ཅིར་ཡང་མི་འཛིན་པར་ཐ་མལ་དུ་ལྷོད་དོ་ལོ་ཞེས་ཤིན་ཏུ་མི་འཐད་པས་མ་རངས་པའོ། །ཇི་ལྟར་ན་ཐོག་མ་མེད་པའི་དུས་ནས་འགྲོ་བ་འདི་ཀུན་ལུང་རིགས་མན་ངག་དོན་དུ་མི་གཉེར་བར་རང་གར་ཐ་མལ་དུ་ཀློད་ཤིན་ཏུ་ཆེས་པས་ཁམས་གསུམ་འཁོར་བར་གཅིག་ནས་གཅིག་ཏུ་བརྒྱུད་དེ་གཏན་དུ་འཁྱམས་པར་གྱུར་པ་ཡིན་ན་ད་རུང་ཡང་ལྷོད་དགོས་སོ་ཞེས་བཀླགས་པའམ་བསྣན་ཏེ་སླར་བསྐུལ་མི་དགོས་ཤིང་བསྐུལ་དུ་ཡང་མི་རུང་ངོ་། །ཡང་གལ་ཏེ་དེ་དག་ལུང་རིགས་མན་ངག་དང་བྲལ་བས་གནས་ལུགས་ཀྱི་དོན་མི་ཤེས་ཤིང་མ་མཐོང་བཞིན་དུ་བདག་ཅག་རང་གི་གནས་ལུགས་རང་ངོ་ཤེས་པས་རྟོགས་ལྡན་ཡིན་ནོ་ཞེས་ཟེར་ན། གནས་ལུགས་དོན་དམ་པའི་རང་ངོ་ཤེས་ཤིང་རྟོགས་པ་ལ་ལུང་རིགས་མན་ངག་གང་རུང་གིས་ཕྱི་ནང་གི་ཆོས་ཀུན་རང་རང་གི་ངོ་བོས་གདོད་ནས་སྟོང་པས་བདེན་པའི་སྟོང་པ་ཉིད་ཡིན་པ་ལ་ཕུ་ཐག་གཏིང་ནས་ཆོད་པ་ཞིག་ངེས་པར་དགོས་ན་དེ་ལྟ་མ་ཡིན་པར་རང་གར་འཁྲུལ་བའི་སྣང་བ་ལ་འདི་ནི་བདག་དང་འདི་ནི་གཞན་ཡིན་ནོ་ཞེས་བླུན་པོ་བ་ལང་རྫི་ཡན་ཆད་སུམ་ཡང་བདག་ཉིད་རང་ངོ་ཤེས་པ་ལ་འབད་པས་སྒོམ་ཅི་ཞིག་དགོས་ཏེ་མི་དགོས་པས་སྒོམ་པ་དོན་མེད་དོ། །གཞན་ཡང་གལ་ཏེ་རང་གིས་སེམས་འདི་ཉིད་ལ་དཀར་པོ་ལ་སོགས་ཁ་དོག་གི་མདོག་དང་གྲུ་བཞི་སོགས་དབྱིབས་དང་། དང་པོ་བྱུང་ས་བར་དུ་གནས་ས་ཐ་མལ་འགྲོ་ས་ལ་བརྟག་པའི་ཚེ་དེ་དག་ཅི་ཡང་མ་མཐོང་བས་སེམས་ཀྱི་གནས་ལུགས་སྟོང་པར་རྟོགས་སོ་ཞེ་ན་ཡང་འདི་ནི་འཁོར་འདས་ཀྱི་ཆོས་ཀུན་གྱི་གནས་ལུགས་གཏན་ལ་འབེབས་པའི་ཚུལ་ཤིན་ཏུ་ཟབ་པའི་མན་ངག་གི་གནད་དམ་པ་ཆོད་ཆེ་བ་སྟེ་འདི་ལའང་ལེགས་པར་མ་བརྟག་ན་གོལ་ས་ཤིན་ཏུ་ཆེ་བར་སྣང་སྟེ། ཇི་ལྟར་ན་སེམས་འདི་ནི་དབྱིབས་དང་ཁ་དོག་སོགས་གཟུགས་ཅན་གྱི་དངོས་པོ་མ་ཡིན་པས་ནམ་མཁའི་བླུན་སུས་ཀྱང་དབྱིབས་དང་མདོག་ལ་སོགས་པར་མཐོང་བ་མི་སྲིད་པས་དེ་དག་མ་མཐོང་བ་དེ་ཙམ་ལ་གནས་ལུགས་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་ངོ་འཕྲོད་པའམ་རྟོགས་སོ་སྙམ་ན་ཤིན་ཏུ་གོལ་བ་ཡིན་ཏེ། དཔེར་ན་ལན་གཅིག་མ་ཡིན་པར་ལན་བརྒྱར་ཡང་ནས་ཡང་དུ་བརྟག་ཀྱང་མི་ཡི་མགོར་བ་ལ་སོགས་ཕྱུགས་ཀྱི་རྭ་ཅོ་ཡོད་པ་མ་ཡིན་པས་སུས་ཀྱང་དེ་ཡོད་པར་མཐོང་མི་སྲིད་ལ་དེ་མ་མཐོང་བས་མིའི་མགོ་བོ་དེ་སྟོང་པ་ཉིད་ཡིན་པར་རྟོགས་སོ་ཞེ་ན་དེ་ལྟ་ན་སྟོང་པ་ཉིད་སུས་ཀྱང་རྟོགས་པར་སླ་བས་བླུན་པོ་བ་ལང་རྫི་ཡང་འབད་མི་དགོས་པར་སྟོང་ཉིད་ཟབ་མོ་རྟོགས་ནས་གྲོལ་བར་ཐལ་བ་ལ་སོགས་པའི་སྐྱོན་དུ་འགྱུར་བས་ཤིན་ཏུ་མི་འཐད་པའི་ལོག་པར་རྟོགས་པའོ། །དེས་ན་སེམས་ཀྱི་ཁང་བུ་བཤིག་པ་སེམས་ལ་དབྱིབས་དང་ཁ་དོག་བྱུང་གནས་འགྲོ་གསུམ་སོགས་ལ་བརྟགས་པའི་རིགས་པའི་དཔྱད་པ་དེས་སེམས་ཀྱི་གནས་ལུགས་སྐྱོན་མེད་པའི་ཡང་དག་པ་ཐིག་པོ་ཞིག་མཐོང་བར་གྱུར་པ་ཡིན་ན་རང་གི་སེམས་དེ་ནི་སྣང་ཙམ་འགགས་པ་མེད་པས་སྒྱུ་མ་ལྟ་བུ་ལ་ངོ་བོ་ཡེ་སྟོང་བདེན་པ་མེད་པས་རིག་སྟོང་དབྱེར་མེད་པར་གཏིང་ནས་རིག་ཅིང་རྟོགས་པ་དེ་ཡི་ཚེ་རང་གི་ཐད་ཀའི་མདུན་གྱི་ནམ་མཁའ་ལ་བལྟས་པས། ཅི་ཡང་མ་མཐོང་བ་མེད་པ་བཞིན་དུ་རང་གི་སེམས་འདི་ནི་ཅིར་ཡང་མཐོང་བ་མེད་པས་སྟོང་བཞིན་པ་འདི་འགྱུར་བར་སྣང་བ་དང་། འགྱུ་བཞིན་པ་འདི་ཡང་སྤྲོས་པ་དང་བྲལ་བའི་སྟོང་པ་ཡི་ངེས་པའི་ཤེས་པ་ཐེ་ཚོམ་སྤུ་ཙམ་མེད་པས་ཁོ་ཐག་ནང་ནས་ཆོད་པས་སྟོང་དང་རྟེན་འབྱུང་ངམ་གསལ་སྟོང་ངམ་རིག་སྟོང་དབྱེར་མེད་པ་གཅིག་རྟོགས་དགོས་སོ་ཞེས་སོ། །ད་དུང་ཡང་ནི་ཁྱོད་ཉིད་ཀྱི་སེམས་ཞེས་པ་དེ་ནི་ཅི་ཡང་མེད་པ་ནམ་མཁའ་དང་འདྲ་བ་ཞིག་ཡིན་པར་འདུག་གམ་ཡང་ན་སྣ་ཚོགས་ཤེས་པ་ཞིག་ལས་གང་ཡིན་ཟེར་ཞེས་འདྲི་ན། ཅི་ཡང་མེད་པ་ནམ་མཁའ་དང་འདྲ་བ་ཞིག་མ་ཡིན་པར་སྣ་ཚོགས་པ་འཆར་བའི་ཤེས་པ་གསལ་ཞིང་རིག་པ་ཞིག་ཡིན་ནོ་སྙམ་ན་སྐད་ཅིག་གིས་མི་སྡོད་པས་གཡོ་ཞིང་འགྱུ་བའི་སེམས་གསལ་རིག་གི་ངོ་བོ་ཞིག་སུ་ལའང་ཡོད་པའི་ཕྱིར་ན་རང་རང་སོ་སོའི་རྒྱུད་ན་དེ་འདྲེའི་རིག་པའམ་ཤེས་པ་ཞིག་ཡོད་པའམ་འདུག་པར་མཁས་བླུན་སུས་ཀྱང་རང་སེམས་དེ་རང་གིས་མཐོང་ནས་ངེས་པར་རྟོགས་པར་སྨྲ་ན་དེ་ཙམ་གྱིས་སེམས་ཀྱི་གནས་ལུགས་རིགས་སྟོང་དབྱེར་མེད་སྤྲོས་པ་དང་བྲལ་བའི་ངོ་བོ་ཡང་དག་པར་མཐོང་བ་ཡིན་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་ལ། གལ་ཏེ་དེ་ཙམ་མིན་པར་དེ་བས་སེམས་གསལ་རིགས་ངོ་བོ་དེ་ལ་བརྟགས་པས་དབྱིབས་དང་ཁ་དོག་སོགས་མེད་པས་ཡོད་པ་མ་ཡིན་ལ་འགྱུ་བ་གསལ་ཞིང་རིག་པའི་ངོ་བོར་ཡོད་པས་ཕྱང་ཆད་ནམ་མཁའ་དང་འདྲ་བའི་མེད་པའང་མིན་པའི་སེམས་ཀྱི་ངོ་བོ་དེ་ནི་གནས་ལུགས་རྫོགས་པ་ཆེན་པོ་འོད་གསལ་ཆོས་ཀྱི་སྐུ་ཡིན་ལ། དེ་མཐོང་བ་ནི་འོད་གསལ་ཆོས་ཀྱི་སྐུ་མཐོང་བ་ཡིན་ནོ་ཞེས་ཟེར་ནས་རང་གིས་ཐུགས་དམ་དུ་མཛད་ཅིང་གཞན་ལ་དེ་ངོ་སྤྲོད་པར་མཛད་པ་དེས་ཀྱང་འོད་གསལ་ཆོས་ཀྱི་སྐུ་ངོ་འཕྲོད་དོ་ཞེས་རང་མངོན་པར་རློམ་པ་དང་བཅས་པས་གཞི་ལམ་འབྲས་བུའི་ཆོས་ཀུན་མེད་ཅེས་བསྐུར་བ་འདེབས་ཤིང་མདོ་རྒྱུད་ཀྱི་གཞུང་ལ་ཐོས་པ་སློབ་གཉེར་མང་པོ་རང་ཉིད་ཀྱིས་མ་བྱས་པར་མ་ཟད་དགྲ་ལྟར་བལྟས་ཀྱང་གཅིག་ཤེས་ཀུན་གྲོལ་གྱི་འོད་གསལ་རྫོགས་པ་ཆེན་པོ་གྱི་སྐུ་མཐོང་བའམ་ཤེས་སོ་ལོ་སྟེ་ཤིན་ཏུ་མི་འཐད་པས་ལོ་ཞེས་མ་རངས་པའོ། །ཇི་ལྟར་མི་འཐད་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་རིག་སྟོང་ངམ་གསལ་སྟོང་དབྱེར་མེད་དམ་ཟུང་འཇུག་འོད་གསལ་རྫོགས་པ་ཆེན་པོ་ཆོས་ཀྱི་སྐུ་ཉིད་ནི་ངོ་བོ་སྟོང་པ་ཡིན་པས་ཡོད་པ་མིན་ཞིང་རང་བཞིན་འོད་གསལ་ཞིང་ཐུགས་རྗེ་ཀུན་ཁྱབ་ཀྱི་རིག་པའམ་ཡེ་ཤེས་ཡིན་པས་མེད་པ་མིན་པ་དེ་ནི་ཡོད་མེད་ལ་སོགས་མཐའ་བཞིའི་སྤྲོས་པ་ཐམས་ཅད་དང་བྲལ་བ་བསམ་བརྗོད་ལས་འདས་པ་ཉིད་ཡིན་ལ་ཁྱོད་ཀྱི་མཐོང་ཞིང་བསྒོམ་པའི་སེམས་ངོ་འདི་ལ་ནི་ལེགས་པར་བརྟགས་ཤིང་དཔྱད་ན་དབྱིབས་དང་ཁ་དོག་སོགས་མེད་པས་ཡོད་པར་སྨྲ་རུ་མི་བཏུབ་ཅིང་འགྱུ་བ་གསལ་རིག་ཏུ་ཡོད་པས་མེད་པར་ཡང་ནི་སྨྲར་མེད་པ་སྟེ་དོན་དུ་ཁྱོད་ཀྱི་མཐོང་བའི་སེམས་ངོ་དེ་ནི་གསལ་རིག་གི་ངོ་བོར་ཡོད་པ་ཡིན་པ་དང་དབྱིབས་དང་ཁ་དོག་སོགས་ཀྱི་ངོ་བོར་མེད་པ་ཡིན་པས་གཉིས་ཡིན་ནམ་སྟེ་གཉིས་ཡིན་གྱི་གཞིའམ་ཡང་ན་གསལ་རིག་གི་ངོ་བོར་མེད་པ་མིན་པ་དང་དབྱིབས་སོགས་ཀྱི་ངོ་བོར་ཡོད་པ་མིན་པས་གཉིས་ཀ་མིན་པའི་མུ་སྟེ་གཉིས་མིན་གྱི་གཞི་གང་རུང་ཞིག་ལས་རྣམ་པ་ཀུན་དུ་མ་འདས་པར་སེམས་དེ་ནི་ཡོད་མིན་མེད་མིན་གྱི་གཞི་རུ་ཡོད་པ་ཉིད་དུ་ཞེ་ལ་མཆོག་ཏུ་བརྣག་ཀྱིན་ཡོད་པར་གདའ་བས་ཁྱད་ཀྱིས་བསྒོམ་པའི་སེམས་ངོ་དེ་ནི་ཕྱི་རོལ་པ་དག་གིས་ཡོད་མེད་ལ་སོགས་པའི་བསམ་གྱིས་མི་ཁྱབ་པའི་བདག་ཆེན་པོར་འདོད་པ་དེ་དང་འདི་གཉིས་མིང་གི་རྣམ་གྲངས་མི་འདྲ་བས་ཐ་དད་པ་ཙམ་ལས་དོན་གྱི་ངོ་བོ་ལ་འདོད་ཚུལ་ཐ་དད་པས་ཁྱད་པར་ཅི་ཡང་མེད་པ་ཉིད་དོ། །མདོར་ན་རང་གི་སེམས་འདི་ཉིད་དང་སེམས་དེ་ལས་གཞན་གྱི་ཆོས་སུ་སྣང་བ་འཁོར་འདས་ཀྱིས་བསྡུས་པ་ཀུན་ཀྱང་རང་རང་གི་ངོ་བོས་ཡེ་གདོད་མ་ནས་སྟོང་པས་བདེན་མེད་དུ་རྟོགས་ཤིང་ངེས་པའི་སྟེང་དུ་འཁོར་འདས་ཀྱི་སྣང་བར་རབ་འབྱམས་མུ་མཐའ་མེད་པར་རྟེན་འབྱུང་འགགས་མེད་དུ་རང་ཤར་བས་སྟོང་དང་རྟེན་འབྱུང་ངམ་གསལ་སྟོང་དབྱེར་མེད་དམ་ཟུང་དུ་འཇུག་པའི་གནས་ལུགས་ཡོད་མེད་ཡིན་མིན་ལ་སོགས་པར་སེམས་ཀྱིས་བསམ་པ་དང་ངག་གིས་བརྗོད་པ་ཐམས་ཅད་ལས་འདས་པ་མཐའ་བཞིའི་སྤྲོས་པ་མ་ལུས་པ་ཀུན་དང་བྲལ་བའི་གནད་ཟབ་མོ་མཐོང་བས་ཡོད་མེད་ལ་སོགས་པའི་འཛིན་སྟངས་ཀྱི་དམིགས་གཏད་ཅི་ཡང་མེད་པའི་རིག་སྟོང་དབྱེར་མེད་ཟང་མ་ཐལ་བྱུང་རྗེན་པར་མཐོང་ངོ་ཞིག་མཐོང་བ་དེ་ལ་འཛིན་སྟངས་ཅི་ཡང་མེད་པས་ཅིར་ཡང་མི་འཛིན་པ་ཞེས་ཡང་དག་པའོ། །དེ་ལྟ་མ་ཡིན་པར་ཁྱོད་ཀྱིས་བསྒོམ་པའི་སེམས་ངོ་འདི་ནི་གོང་དུ་བཤད་པ་ལྟར་ཡིན་མིན་གཉིས་བྲལ་བ་ཞིག་ཡིན་ཞེས་བློ་ཡི་མདུན་ནས་དམིགས་གཏད་ཀྱི་གཞི་ཞིག་འཕེན་བཞིན་དུ་གནས་ཤིང་མི་འདོར་བར་འཛིན་ཏོ་ཞེས་འཛིན་སྟངས་ཡོད་བཞིན་དུ་ཅིར་ཡང་མི་འཛིན་ཞེས་ལོག་པར་རྟོག་པའོ། །གཉིས་པ་ལ་གཉིས། དང་པོའི་ལས་ཅན་རིམ་གྱིས་པའི་བསྒོམ་ཚུལ་སྤྱིར་བསྟན་པ་དང་། ཐོས་བསམ་ལྟ་བའི་ལུགས་ཀྱི་བསྒོམ་ཚུལ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ལ་གསུམ། བདག་མེད་གཉིས་ཡང་དག་པར་ཤེས་པའི་འཛིན་སྟངས་དགོས་ཚུལ། མེད་འཛིན་དེ་ཡང་ཕྱི་ནས་སྤང་དགོས་ཚུལ། དངོས་གཞི་འཛིན་སྟངས་ཀུན་བྲལ་དུ་བསྟན་པའོ། །དང་པོ། བདག་གཞན་དངོས་འཛིན་སོགས་ཚིགས་བཅད་ལྔས་བསྟན་ཏེ། འཁོར་བའི་སེམས་ཅན་རྣམས་ཐོགས་མེད་ནས་དང་པོ་ང་ཞེས་བདག་ལ་ཞེན་ཅིང་བདག་གི་འདི་ཞེས་དངོས་ལ་ཆགས་པས་བདག་དང་བདག་གི་བ་སོགས་གཞན་དུ་རྟོག་ཅིང་ཞེན་པའི་དངོས་པོར་འཛིན་པ་འདིར་བརྟེན་ནས་སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་ཆུ་བོར་ཡང་ནས་ཡང་དུ་རྒྱུད་མར་འཇུག་ཅིང་འཁོར་བ་ཡིན་པས་ན་དངོས་འཛིན་འདི་དག་བཟློག་ཅིང་སྤོང་བར་བྱེད་པའི་གཉེན་པོ་ནི་གནས་ལུགས་བདག་མེད་པ་ཇི་བཞིན་རྟོགས་པ་ཡི་འཛིན་སྟངས་དོན་མཐུན་ཉིད་ཡིན་ལ། དེ་ལ་ཡང་དག་པའི་རིགས་པའི་ལམ་གྱིས་བདག་མེད་པའི་ཚུལ་ཇི་ལྟ་བ་བཞིན་དུ་མ་ཤེས་པར་རང་གར་བདག་མེད་པར་མོས་པས་ཏེ་མོས་པ་ཙམ་གྱིས་བདག་འཛིན་བཟློག་པ་ལ་ཅི་ཡང་མི་ཕན་ཏེ་དཔེར་ན་རྐྱེན་གྱི་དབང་གིས་ཐག་ཁྲ་ལ་སྦྲུལ་ཉིད་དུ་འཁྲུལ་བ་ལས་འཇིགས་ཤིང་སྐྲག་པ་ལ་འདི་ན་སྦྲུལ་དངོས་མེད་དོ་སྙམ་དུ་མོས་པས་འཇིགས་སྐྲག་ལ་ཅི་ཡང་མི་ཕན་ཀྱང་སྣང་བ་ལ་སོགས་པའི་རྐྱེན་ལ་བརྟེན་ནས་ཚུལ་བཞིན་བརྟག་པས་ཐག་ཁྲ་ཙམ་ཉིད་ལས་སྦྲུལ་དངོས་མེད་པའི་ཚུལ་ཇི་བཞིན་དུ་མཐོང་བར་གྱུར་ན་སྦྲུལ་གྱི་འཇིགས་སྐྲག་རྩ་བ་ནས་སྤངས་ནུས་པ་དེ་ཇི་ལྟ་བ་བཞིན་ནོ། །དེ་ཡི་ཕྱིར་ན་རིགས་ལམ་ཡང་དག་པས་ཚུལ་བཞིན་དཔྱད་པས་དང་པོ་ཉིད་དུ་བདག་མེད་པའི་གནས་ལུགས་རྟོགས་པར་བྱས་ནས་དཔྱད་པ་ཙམ་ཁོ་ནས་ཆོག་པར་མི་འཛིན་པའམ། དེ་ཙམ་ཉིད་དུ་མི་བཞག་པར་ཐོག་མ་མེད་པ་ནས་བདག་གཞན་དུ་རྟོག་པའི་དངོས་ཞེན་ལ་ཤིན་ཏུ་གོམས་ཆེས་པས་དེ་བཟློག་པར་དཀའ་བས་ཡང་ནས་ཡང་དུ་དེའི་དངོས་གཉེན་བདག་མེད་པའི་འཛིན་སྟངས་དོན་མཐུན་དང་བཅས་ཏེ་བསྒོམ་པ་ནི་ཤིན་ཏུ་གལ་ཆེ་སྟེ། བདག་མེད་པའི་གནས་ལུགས་ཇི་བཞིན་རྟོགས་ཤིང་གོམས་པས་འཁོར་བའི་རྩ་བ་བདག་ཏུ་ལྟ་བ་ཉིད་རྩ་བ་དྲུང་ནས་འབྱིན་ཅིང་སྤང་བའི་ཕྱིར་བདག་མེད་པའི་འཛིན་སྟངས་དོན་མཐུན་འདི་ཉིད་གལ་ཆེ་བས་ཅིས་ཀྱང་དགོས་ཞེས་གནས་ལུགས་ཀྱིི་དོན་ཇི་བཞིན་གཟིགས་པའི་དམ་པ་དུ་མས་ཡང་ཡང་ནན་ཏན་དུ་བསྒྲུབས་པར་མཛད་ཅིང་དང་པོའི་ལས་ཅན་ནམ་རིམ་གྱིས་པའི་གང་ཟག་ལས་དང་པོ་བ་ཐར་ལམ་ཡང་དག་པ་ལ་འཇུག་པའི་སྒོ་གོལ་ས་དང་འཆུགས་ཅུང་ཟད་རྩལ་ཡང་མེད་པ་ནི་བདག་མེད་པར་རྟོགས་པའི་འཛིན་སྟངས་འདི་ཁོ་ན་ཡིན་ནོ་ལས་དང་པོ་པ་ཉིད་ཀྱི་དུས་ནས་ཀྱང་དེ་ངེས་པར་སྤོང་དགོས་ཞེས་པ་འདི་ནི་བདུད་ཀྱི་གསང་ཚིག་ཐར་འདོད་ཀྱི་གང་ཟག་བསླུ་ཕྱིར་བཀྱེ་བ་ཡིན་པས་རིམ་གྱི་པའི་གང་ཟག་ལས་དང་པོ་པས་ཉན་པར་ཡང་མི་འོས་ན་ནན་ཏན་གྱིས་ཉམས་སུ་ལེན་པར་མི་འོས་པ་ལྟ་ཡང་ཅི་སྨོས་པས་བག་ཡོད་པར་བྱའོ། །གཉིས་པ། འཛིན་སྟངས་དེས་དྲངས་སོགས་ཚིགས་བཅད་བཞིའི་བསྟན་ཏེ། ཆོས་ཀུན་བདག་མེད་པའི་འཛིན་སྟངས་དོན་མཐུན་དེས་དྲང་སྟེ་འཁོར་འདས་ཀྱི་ཆོས་ཀུན་གདོད་མ་ནས་རང་རང་གི་ངོ་བོས་སྟོང་བས་བདེན་པས་སྟོང་པ་ཉིད་ཡིན་པ་ལ་ངེས་ཤེས་སུས་ཀྱང་མི་འཕྲོག་པ་མཆོག་ཏུ་གྱུར་པ་འདྲོངས་པའི་ཚེ་གདོད་གཞན་སེལ་གྱི་མེད་དགག་སྟོང་རྐྱང་ཙམ་པོ་པ་རྣམ་པར་རྟོག་པའི་གཟུགས་བརྙན་དེ་ནི་ཆོས་ཀུན་གྱི་གནས་ལུགས་མཐར་ཐུག་ཡང་དག་པ་མ་ཡིན་པས་དེར་འཛིན་པ་མེད་པར་འཛིན་པའི་མཐའ་ཤིན་ཏུ་ཕྲ་བའང་སྤངས་ཏེ་སྒྲོ་འདོགས་སོ་གཉིས་པོ་ཐམས་ཅད་དང་བྲལ་བ་ཡི་སྤྲོས་པའི་མཐའ་ཐམས་ཅད་ཀུན་དང་བྲལ་བའི་སྟོང་པ་ཉིད་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཆེན་པོ་དེ་ཉིད་གཏན་ལ་ཕབ་སྟེ་སྒོམ་དགོས་སོ། །དེ་ལྟར་ན་ཆོས་ཀུན་གདོད་མ་ནས་མ་སྐྱེས་པས་ངོ་བོས་སྟོང་པས་བདེན་པས་སྟོང་བར་ཕུ་ཐག་གཏིང་ནས་ཆོད་པས་ངེས་ཤེས་མཆོག་ཏུ་གྱུར་པ་འདྲོངས་ནས་སླར་ཡང་སྟོད་པ་དེ་ཉིད་རྟེན་འབྱུང་གི་སྣང་བ་འགགས་མེད་དུ་རང་ཤར་བ་ཡི་ངེས་ཤེས་བསྐྱེད་ཅིང་། དེ་ནས་སྟོང་རྟེན་འབྱུང་དབྱེར་མེད་དམ་ཟུང་འཇུག་ཏུ་ངེས་པར་གྱུར་ཏེ་མཐར་སྣང་སྟོང་གང་གི་ཕྱོགས་སུ་ཅིར་ཡང་མི་འཛིན་པས་སྤྲོས་བྲལ་མཉམ་པ་ཆེན་པོའི་དོན་ཉིད་ལ་མེ་ཡི་ཁ་ནས་ལན་གྲངས་དུ་མར་སྦྱངས་ཤིང་དག་པའི་གསེར་གཙོ་མ་ཇི་ལྟ་བ་དེ་བཞིན་དུ་འདི་ལ་མཆོག་ཏུ་ཡིད་ཆེས་སྐྱེ་བར་རུང་མོད་ཀྱི་དེ་ལས་གཞན་དུ་ཆེས་ཆེར་ཟབ་པའི་གནས་ལུགས་སྣང་སྟོང་དབྱེར་མེད་སྤྲོས་བྲལ་མཉམ་པ་ཆེན་པོའི་གནད་དམ་པ་འཕགས་བོད་ཀྱི་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེ་བའམ་ཆེན་པོ་རྣམས་ཀྱིས་ཡུན་རིང་བརྩོན་པས་ཆེར་འབད་དེ་རྟོགས་པར་བྱ་དགོས་པའི་དོན་ཟབ་མོ་དེ་ཉིད་ཀྱེ་མ་དེང་དུས་བླུན་པོས་ཀྱང་འབད་རྩོལ་མི་དགོས་པར་ཡུད་ཙམ་ཞིག་ལ་ཇི་བཞིན་རྟོགས་པར་སྨྲ་བ་འདི་ལ་བདེན་ནམ་མི་བདེན་སྙམ་པའི་ཐེ་ཚོམ་གཡོ་བར་འགྱུར་བས་ཡིད་ཆེས་སྐྱེ་བར་དཀའ་བ་ཞིག་གོ། །གསུམ་པ། དངོས་བཞི་སྣང་སྲིད་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། གནས་ལུགས་ལྟ་བའི་དངོས་གཞི་མཐར་ཐུག་པ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཀུན་གདོད་མ་ནས་ཡོད་མེད་ལ་སོགས་པ་གཉིས་ཆོས་ཀྱི་སྤྲོས་པ་ཀུན་ལས་འདས་པ་དོན་གྱི་གཤིས་ལུགས་ཡིན་པས་དེ་ལ་ཡོད་མེད་ལ་སོགས་པའི་སྤྲོས་པ་ཅི་ཡང་མ་གྲུབ་པས་ན་དེ་ལ་སྣང་སྟོང་ཕྱོགས་རེར་རྟོག་ཅིང་འཛིན་པ་ནི་སྤྲོས་པ་དང་བཅས་པར་འགྱུར་རོ། །དེ་ཡི་ཕྱིར་ན་མཐར་ཐུག་དཔྱོད་པའི་རིག་པས་འཁོར་འདས་ཀྱི་ཆོས་ཀུན་ལ་གཤིས་ལུགས་ཆོས་ཀྱི་དབྱིངས་བཞིན་དུ་ཡང་དག་པར་རྣམ་པར་དཔྱད་ཅིང་གཏན་ལ་ཕབ་པའི་ཚེ་ཡོད་མེད་ལ་སོགས་པའི་གཉིས་ཆོས་ཀྱི་མཐའ་ཡི་སྤྲོས་པ་ཅི་ཡང་གྲུབ་པ་མེད་པས་ཅིར་ཡང་མ་མཐོང་པས་ཆོས་ཀྱི་དབྱིངས་ཉིད་ལ་ཅིར་ཡང་འཛིན་པའི་སྤྲོས་པ་ཞིག་ག་ལ་སྐྱེ་བ་གནས་མེད་ཅིང་སྐབས་མེད་པ་ཡིན་པས་འཛིན་སྟངས་ཀུན་དང་བྲལ་བ་ཉིད་ཡིན་ནོ། །གཉིས་པ། འོན་ཀྱང་མཐའ་བཞིའི་སོགས་ཚིགས་བཅད་ལྔ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། འཁོར་འདས་ཀྱི་ཆོས་ཀུན་གདོད་ནས་སྤྲོས་པ་ཀུན་དང་བྲལ་བས་མཐར་འཛིན་སྐྱེ་བའི་གནས་མེད་མོད་འོན་ཀྱང་སྐལ་ལྡན་འགའ་ལས་ཀུན་གྱིས་དེ་ལྟར་འབད་མེད་དུ་རྟོགས་པར་དཀའ་བས་ན་ཡོད་མེད་ལ་སོགས་པའི་མཐའ་བཞིའི་སྤྲོས་པ་ཀུན་དང་བྲལ་བའི་ཚུལ་ཉིད་ཇི་ལྟར་རྟོགས་ཤིང་སྒོམ་ན། འདི་ལྟར་ཡོད་མེད་ལ་སོགས་མཐའ་བཞི་སོ་སོར་གནས་ལུགས་དཔྱད་པའི་རིགས་པས་དྲངས་པའི་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་ལ་ངེས་ཤེས་མཆོག་ཏུ་སྐྱེས་པ་ལས་རང་བྱུང་གདོད་མའི་གནས་ལུགས་འོད་གསལ་བ་མཐོང་བའི་ཤེས་རབ་ཀྱི་ལྷག་མཐོང་གི་ཡེ་ཤེས་མར་མེ་འོད་འབར་ཞིང་གསལ་བ་བཞིན་དུ་འོད་གསལ་བ་ཉིད་སྐྱེ་བར་འགྱུར་ལ་ལྷག་མཐོང་དེ་དང་རྣམ་པ་ཤིན་ཏུ་འགལ་བ་ཡི་ཡོད་མེད་ལ་སོགས་པའི་མཐའ་བཞིའི་འཛིན་པའི་བློ་ངན་མུན་པའི་སྨག་རུམ་འཐུག་པོར་དྲུང་ནས་འབྱིན་ཅིང་སྤོང་བར་བྱེད་པའི་གཉེན་པོ་ལྷག་མཐོང་གི་ཡེ་ཤེས་འདི་ཉིད་ཡིན་པས་དུས་ནམ་ཡང་སྒོམ་པ་ནི་ངེས་ཤེས་དང་མ་བྲལ་བས་ངེས་ཤེས་མཆོག་ཏུ་སྐྱེ་བ་ཞིག་ངེས་པར་དགོས་ཀྱི་གཞན་དུ་མཐའ་བཞིའི་སྤྲོས་པ་ཐམས་ཅད་ཀུན་དུས་ཅིག་ཆར་ཉིད་དུ་ཁེགས་ནས་མེད་པ་བློ་ལས་འདས་པའི་ཆོས་ཉིད་གཉུག་མའི་དབྱིངས་རིག་སྟོང་དབྱེར་མེད་བསམ་བརྗོད་ལས་འདས་པའི་ཡེ་ཤེས་ཉིད་འཆིང་བ་ཀུན་ལྡན་གྱི་སོ་སོའི་སྐྱེ་བོའི་ས་ཐ་མལ་པའི་དུས་འདི་ཉིད་ན་ཅིག་ཆར་རམ་ཅར་ཕོག་གི་ཚུལ་གྱིས་ཇི་ལྟ་བ་བཞིན་དུ་ཐམས་ཅད་ཀུན་གྱིས་དེ་ལྟར་མཐོང་བ་དཀའ་བས་ན། དང་པོའི་ལས་ཅན་རྣམས་ཀྱིས་མཐའ་བཞིའི་སྤྲོས་པ་རྣམས་རིམ་གྱིས་སམ་རེས་འཇོག་ཏུ་འགོག་པར་བྱེད་པ་ཐོས་བསམ་གྱི་སྒོ་ནས་གཏན་ལ་ཕབ་པའི་ལྟ་བའི་གནས་ལུགས་བསྒོམ་པའི་ཚུལ་ལུགས་ཡང་དག་པ་ཡིན་ལ་དེ་ཉིད་ལ་ཅི་ཙམ་དུ་གོམས་པ་དེ་ཙམ་བཞིན་དུ་ཅིར་ཡང་མ་གྲུབ་པས་མཐའ་དང་བྲལ་བའི་གནས་ལུགས་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་ཀྱི་ལྟ་བ་ལ་ངེས་ཤེས་ཟབ་མོ་ཇེ་བས་ཇེ་གསལ་གོང་འཕེལ་ཉིད་དུ་གྱུར་ནས་ཡོད་པ་དང་མེད་པ་ལ་སོགས་པའི་ཕྱིན་ཅི་ལོག་གི་སྒྲོ་འདོགས་བཞིའམ་བརྒྱད་དམ་སོ་གཉིས་པོ་རིམ་པར་བསྣུབ་པར་བྱས་པས་གནས་ལུགས་རྟོགས་པའི་བློ་གྲོས་ཡར་ངོའི་ཟླ་བ་ལྟ་བུར་འཕེལ་ཏེ་སྤང་རྟོགས་ཀྱི་ཡོན་ཏན་གོང་ནས་གོང་དུ་གསར་དུ་རྒྱ་ཆེར་སྐྱེ་བར་འགྱུར་རོ། །གཞན་དུ་གནས་ལུགས་ཀྱི་ལྟ་བ་ཇི་བཞིན་མ་རྟོགས་ཤིང་ངེས་ཤེས་མེད་པས་བླུན་པོས་རང་གར་ཅི་ཡང་མི་འཛིན་པའི་སྟོང་ལྟས་རྒྱུ་འབྲས་དང་ཚོགས་གཉིས་སོགས་ཁྱད་དུ་གསོད་པའི་ལྟ་ངན་ལ་ཅི་ཙམ་གོམས་ཀྱང་ཕྱི་ནང་གི་དངོས་པོ་མཐའ་དག་གདོད་ནས་ཅིར་ཡང་མ་གྲུབ་པའི་གནས་ལུགས་སྣང་སྟོང་དབྱེར་མེད་སྤྲོས་བྲལ་མཉམ་པ་ཉིད་ལ་ངེས་ཤེས་བཟང་པོ་སྐྱེ་བ་ག་ལ་ཡོད་དེ་མེད་དོ། །དེ་མེད་པས་ལྷག་མཐོང་གི་ཡེ་ཤེས་འབྱུང་བ་གནས་མེད་ཅིང་སྐབས་མེད་པ་དེས་ན་ཡོད་མེད་ལ་སོགས་པའི་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་སྒྲིབ་པ་རྣམས་སྤོང་མི་ནུས་པས་སྤང་རྟོགས་ཀྱི་ཡོན་ཏན་གང་ཅུང་ཟད་ཀྱང་སྐྱེ་བར་མི་འགྱུར་རོ། །གསུམ་པ། དེ་ཕྱིར་འདི་གཉིས་སོགས་ཚིགས་བཅད་གསུམ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཕྱིར་མཁས་པས་ཡང་དག་པར་རྟོགས་པའི་བསྒོམ་པ་དང་བླུན་པོས་ལོག་པར་རྟོག་པ་ཡི་བསྒོམ་པ་འདི་གཉིས་མི་འདྲ་བའི་ཁྱད་པར་ཡང་དཔེར་ན་དུ་བའི་རྟགས་ཡང་དག་ལས་ལྐོག་གྱུར་གྱི་མེ་ཡོད་པར་དཔོག་པ་ལ་མི་འཁྲུལ་བ་བཞིན་དུ་སྤངས་དང་རྟོགས་པའི་ཡོན་ཏན་གོང་ནས་གོང་དུ་འཕེལ་ཞིང་བོག་སྐྱེད་པའི་ཚུལ་ལུས་ངག་གི་འབྲས་བུའི་རྟགས་ལས་མི་འཁྲུལ་བར་ཤེས་ནུས་ཏེ། རྒྱུ་མཚན་གང་གི་ཕྱིར་ན་བླུན་བསྒོམ་ལོག་པར་རྟོག་པས་རྣམ་རྟོག་ཐ་མལ་བ་ལ་ཅི་ཙམ་བསྒོམ་ཀྱང་སྤངས་དང་རྟོགས་པའི་ཡོན་ཏན་སྐྱེ་བའི་རྒྱུ་མིན་ལ་དེར་མ་ཟད་སྤངས་རྟོགས་ཀྱི་ཡོན་ཏན་སྐྱེ་བའི་གེགས་སུའང་ཆེ་བ་ཡིན་པའི་ཕྱིར། དཔེར་ན་རྒྱ་ཇ་ཚགས་ལ་དྲངས་ན་སྙིང་པོ་ཟག་ཅིང་སྙིགས་མ་ལུས་པ་བཞིན་དུ་ལུང་དང་རྟོགས་པའི་ཡོན་ཏན་འགྲིབ་ཅིང་ཆགས་སྡང་སོགས་ཉོན་མོངས་པ་ཆེར་འཕེལ་ཞིང་ཆེ་བར་འགྱུར་བ་དང་ཁྱད་པར་དུ་དགེ་སྡིག་རྒྱུ་འབྲས་བསླུ་མེད་ལ་ཡིད་ཆེས་ཆུང་བར་གྱུར་ནས་དགེ་སྡིག་རྒྱུ་འབྲས་ལ་མི་འཛེམས་པས་དགེ་བ་འགྲིབ་ཅིང་ཉོན་མོངས་པ་འཕེལ་བར་འགྱུར་བ་དང་། དེ་ལྟར་མ་ཡིན་པར་མཁས་པས་ཡང་དག་པར་རྟོགས་པའི་ལྟ་བའི་མིག་མཆོག་དང་ལྡན་ན་རང་རྒྱུད་ལ་སྔར་མེད་པའི་ཐོས་སོགས་ལུང་གི་ཡོན་ཏན་དང་ཉམས་རྟོགས་ཀྱི་ཡོན་ཏན་གོང་འཕེལ་དུ་འབར་ཞིང་སྐྱེ་བར་འགྱུར་བ་དང་ཁྱད་པར་དུའང་ཟབ་མོ་སྟོང་པ་ཉིད་མཐོང་བ་དེ་ཡི་ཡོན་ཏན་ལས་སྟོང་ཉིད་ཡིན་པའི་གནད་ཀྱི་རྟེན་འབྱུང་འགགས་པ་མེད་པའི་དགེ་སྡིག་རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པ་ཉིད་ལ་སུས་ཀྱང་མི་ལྡོག་པའི་ཡིད་ཆེས་ཆེ་བར་གྱུར་ནས་ལས་རྒྱུ་འབྲས་ལ་བླང་དོར་ཤིན་ཏུ་ཕྲ་བ་ནས་བགྱིད་ཅིང་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་པས་བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ངམ་ངམ་ཤུགས་ཀྱིས་སྐྱེས་ཏེ་ཚོགས་གཉིས་ཀྱི་དགེ་བ་འཕེལ་ཞིང་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་འགྲིབ་ཅིང་ཆུང་བར་འགྱུར་བ་ནི་སྟོང་ཉིད་རྟོགས་པའི་འབྲས་རྟགས་ཡང་དག་པ་ཉིད་ཡིན་ནོ། །བཞི་པ། དཔྱད་པས་ངེས་ཤེས་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དེ་ལྟར་ཟབ་མོའི་ལུང་གི་སྣང་བ་ལ་བརྟེན་ཏེ་ཡང་དག་པའི་རིགས་པས་དཔྱད་པས་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་ལ་ཐེ་ཚོམ་གྱི་སྨག་དང་བྲལ་བའི་ངེས་ཤེས་བཟང་པོ་མཆོག་ཏུ་དྲངས་པའི་ངེས་ཤེས་དེ་ཀའི་རང་དུ་གཞན་དུ་མི་ཡེངས་བར་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཏིང་ངེ་འཛིན་བཟང་པོའི་རྟོགས་པ་ལ་ཅི་ཡང་མ་མཐོང་བས་མཐོང་བ་དམ་པའི་དོན་ཉིད་དེ་མཐོང་དོན་སྣང་སྟོང་ལ་སོགས་པ་གང་གི་ཕྱོགས་སུ་མ་ལྷུང་བས་སྣང་སྟོང་སོགས་ཅིར་ཡང་བློས་བཟུང་བ་མེད་མོད་ཀྱི་དེ་ལྟ་ནའང་ལྐུག་པས་བུ་རམ་གྱི་རོ་མྱོང་བ་ན་འདི་ཞེས་སྨྲར་མི་བཏུབ་ཅིང་རང་ཡིད་ཆེས་པ་ལྟར་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་མ་མཐོང་མཐོང་བ་དམ་པའི་དོན་ལ་ཡིད་ཆེས་ཤིང་ཡང་ཡང་སྒོམས་པའམ་བསྒོམ་པའི་རྣལ་འབྱོར་པ་ལ་སྐྱེ་ཡི་རིགས་པས་དཔྱད་པ་ཁོ་ནས་དེ་ལྟར་སྐྱེ་བ་མིན་པས་ན་ཆོས་ཉིད་ཀྱི་གནས་ལུགས་དངོས་བསྒོམ་པའི་སྟོབས་ཀྱིས་རྟོགས་པར་འགྱུར་བས་ན་བསྒོམ་པ་ཉིད་ལ་འབད་པར་བྱའོ་ཞེས་སོ། །གནས་ལུགས་དོན་ལ་མཉམ་པར་འཇོག་པ་ན། འཛིན་སྟངས་དགོས་དང་མི་དགོས་ཆེར་སྨྲ་ཡང་། །གང་ལའང་ལེགས་པར་རྟོགས་དང་ཉེས་པར་རྟོག །ཤན་འབྱེད་བློ་གྲོས་དྲི་མེད་མཆོག་གི་དཔྱིད། །ཅེས་ཀྱང་སྨྲས་སོ། །དྲི་ལེན་བཞི་པ་བསྒོམ་པ་དཔྱད་འཇོག་གང་འཐད་ལ་གསུམ། གཞན་ལུགས་བརྗོད་པ་དང་། རང་ལུགས་སོ་སོར་ཕྱེ་སྟེ་བསྟན་པ། དོན་བསྡུ་བའོ། །དང་པོ། ཐེག་མཆོག་ལྟ་བ་སོགས་ཚིག་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། ཐེག་མཆོག་ངེས་དོན་ཟབ་མོའི་ལྟ་བ་བསྒོམ་པ་ལ་རིགས་པས་དཔྱད་པ་ཁོ་ནས་བསྒོམ་པ་དང་མ་དཔྱད་པར་འཇོག་པའམ་བཞག་སྟེ་བསྒོམ་པ་གཉིས་གང་འཐད་ཅེ་ན། ལ་ལས་ཆོས་གང་ལ་ཡང་སྟོང་མི་སྟོང་སོགས་རིགས་པས་ཅི་ཡང་མི་དཔྱད་པར་མཉམ་པར་བཞག་སྟེ་བསྒོམ་དགོས་ཀྱི་དཔྱད་པས་གནས་ལུགས་ཟབ་མོའི་དོན་མཐོང་བ་ལ་སྒྲིབ་པར་འགྱུར་བ་ཡིན་པས་ན་མ་དཔྱད་པར་རང་གར་སྦོམ་པོར་ཞོག་དང་མན་ངག་གི་གནད་ཡིན་ནོ་ཞེས་ཟེར་བ་དང་། ཡང་ལ་ལས་ཆོས་གང་ལ་ཡང་སྟོང་བར་རིགས་པས་དཔྱད་པ་ཁོ་ན་ཡང་བྱེད་དགོས་ཀྱི་རིགས་པས་དཔྱད་པ་དང་བྲལ་བའི་བསྒོམ་པ་ནི་གཉིད་དུ་སོང་བ་ལྟར་ཅི་ཡིན་འདི་ཡིན་མེད་པའི་བསྒོམ་པས་ཅི་ཡང་མི་ཕན་པས་དུས་ནམ་དུ་ཡང་རིགས་པས་དཔྱད་པ་ཁོ་ན་དགོས་ཀྱི་དཔྱད་པ་དང་བྲལ་བས་སྟོང་ཉིད་མི་རྟོགས་སོ་ཞེས་ཟེར་རོ། །གཉིས་པ་ལ་གསུམ། སྤྱིར་བསྟན་པ་དང་། རིམ་པས་བྱེ་བྲག་ཏུ་བསྟན་པ། དེ་ལ་ལོག་རྟོག་བསལ་ཏེ་ལམ་མཆོག་ཏུ་བསྒྲུབ་པའོ། །དང་པོ། བསྒོམ་པ་དཔྱད་འཇོག་སོགས་ཚིགས་བཅད་བཅོ་ལྔ་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ལ་ཐེག་མཆོག་ལྟ་བ་ཇི་ལྟར་བསྒོམ་པ་ལ་དཔྱད་པ་དང་འཇོག་བསྒོམ་འདི་གཉིས་ལ་མཐའ་གཅིག་ཏུ་ཕྱོགས་རེར་ཁོ་ནར་ཞེན་པས་འཛིན་པར་མི་རུང་སྟེ་སྟོང་པ་ཉིད་ཡང་དག་པའི་རིགས་པས་གཏན་ལ་མ་དབབ་ཅིང་མ་དཔྱད་པ་ཡི་སྦོམ་པོར་འཇོག་པའི་སྒོམ་པ་ཕལ་ཆེར་གྱིས་ལེགས་ན་ཞི་གནས་ཙམ་ཞིག་སྟེ་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་ཙམ་རེ་འགྲུབ་སྲིད་ཀྱང་དེ་ལ་ཅི་ཙམ་བསྒོམ་པས་ཀྱང་སྟོང་པ་ཉིད་ལ་ངེས་ཤེས་ཅུང་ཟད་ཙམ་ཡང་མི་སྐྱེ་བའམ་སྐྱེ་བར་མི་འགྱུར་བས་ཐར་ལམ་ཡང་དག་པ་ཉིད་མཐོང་བའི་མིག་གཅིག་པུར་གྱུར་པ་སྟོང་པ་ཉིད་ལ་ངེས་ཤེས་སྐྱེས་པ་ཉིད་ཡིན་ལ་དེ་སྤང་ནས་ལྷག་མཐོང་གི་ཡེ་ཤེས་རང་རྒྱུད་ལ་མི་སྐྱེ་བས་ཕྱིན་ཅི་ལོག་གི་སྒྲིབ་པ་གང་ཡང་བསལ་མི་ནུས་པས་ཐར་པ་ཙམ་ཡང་མི་འཐོབ་སྟེ་ཆོས་ཀྱི་རང་བཞིན་སྟོང་པ་ཉིད་རིགས་པ་ཡང་དག་པས་དཔྱད་པས་གཏན་ལ་མ་དབབ་ཅིང་མ་ཤེས་ན་སྟོང་པ་ཉིད་ཅི་ཞིག་བསྒོམ་སྟེ་རང་གར་ཐ་མལ་གྱི་རྣམ་རྟོག་གཅིག་ཡང་ཡང་བསྒོམ་པར་བྱས་པས་སྒྲིབ་པ་སྤོང་བ་དང་རྟོགས་པའི་ཡེ་ཤེས་སྐྱེ་བ་ལ་ཅི་ལ་ཕན་ཏེ་ཐར་ལམ་གྱི་མིག་ཉིད་མི་རྙེད་ཅིང་མེད་པས་དཔེར་ན་མིག་གཉིས་མེད་པ་ལམ་དུ་ཞུགས་པས་ལམ་ཡང་དག་པར་མི་རྙེད་པ་བཞིན་ནོ། །དེས་ན་ཐོག་མ་མེད་པ་ནས་བདག་དང་གཞན་དུ་འཛིན་པས་འཁྲུལ་བའི་བག་ཆགས་ཆེས་གོམས་པའི་སྟོབས་ཀྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་བྲལ་སྟོང་པ་ཉིད་ལས་གོལ་ཏེ་བདག་ཏུ་ལྟ་བ་དང་རྟག་པར་ལྟ་བ་ལ་སོགས་པའི་ཕྱིན་ཅི་ལོག་པར་ཞེན་པར་གྱུར་པའི་དངོས་པོར་འཛིན་པ་འདི་དག་ལ་ཐབས་ཚུལ་ཡང་དག་པའི་རིགས་པ་མི་འདྲ་བའི་སྒོ་བརྒྱ་ཕྲག་དག་གིས་འབད་དེ་དཔྱད་ཅིང་མ་བརྟག་ན་སྤྲོས་བྲལ་སྟོང་པ་ཉིད་དུ་རྟོགས་པར་དཀའ་སྟེ། གང་གི་ཕྱིར་ན་འཁྲུལ་བའི་སྣང་བ་ལ་དངོས་པོར་ཞེན་པ་དང་འཁྲུལ་སྣང་སྟོང་པར་ཤེས་པས་ཡང་དག་པའི་དོན་མཐོང་བ་དག་ཕན་ཚུན་སྣང་མུན་ལྟར་འགལ་བས་ན་ཐོག་མེད་ནས་ཆེས་ཆེར་གོམས་པའི་སྲིད་པའི་སྨག་རུམ་འཐུག་པོ་འདིར་དེ་ཁོ་ན་ཉིད་སྤྲོས་བྲལ་སྟོང་པ་ཉིད་མཐོང་བའི་སྣང་བ་ཡང་དག་པ་ཤིན་ཏུ་རྙེད་པར་དཀའ་བས་སོ། །འོན་ཀྱང་སྔོན་ནས་ལམ་ཡང་དག་པ་ལ་ལེགས་པར་སྦྱང་བའི་ལས་ཀྱི་འཕྲོ་སད་ཅིང་རྒྱུད་སྨིན་ཟིན་པ་དང་རྟོགས་ལྡན་བླ་མའི་བྱིན་རླབས་ཟབ་མོ་སྙིང་ལ་འཕོས་པ་ལས་རང་གི་སེམས་ཀྱི་བྱུང་ས་དང་གནས་ས་དང་འགྲོ་འོང་མེད་པ་ཙམ་ཡང་དག་པར་བརྟག་ཅིང་དཔྱད་པས་ཆོས་ཀུན་གདོད་ནས་སྤྲོས་ཀུན་བྲལ་བས་བདེན་པས་སྟོང་པ་ཉིད་ལ་ངེས་ཤེས་བཟང་པོ་སུས་ཀྱང་མི་འཕྲོག་པ་སྐྱེ་བ་སྲིད་མོད་ཀྱི་སྐལ་པ་བཟང་པོའི་གང་ཟག་དེ་འདྲ་བ་རྒྱ་ལམ་ན་སྲིད་མཐའ་མ་བཀག་པས་རེས་འགའ་ཙམ་སྟེ། གང་ཟག་མཆོག་དམན་མེད་པར་ཀུན་གྱིས་དེ་ལྟར་སྤྲོས་ཀུན་བྲལ་བའི་སྟོང་པ་ཉིད་དུ་རྟོགས་པར་མི་ནུས་སོ། །དེ་ལྟར་འཁོར་འདས་ཀྱི་ཆོས་ཀུན་ཀ་ནས་དག་པས་སྤྲོས་བྲལ་སྟོང་ཉིད་ཆེན་པོར་ཐེ་ཚོམ་མེད་པས་གདར་ཤ་གཏིང་ནས་ཆོད་པ་ལ་དབུ་མའི་མཐར་ཐུག་ཐལ་འགྱུར་བའི་ལྟ་བ་མཐར་ཕྱིན་པ་ཞིག་དགོས་ལ་ཡུལ་ཆོས་ཀྱི་དབྱིངས་རང་གི་ངོ་བོ་སྟོང་པ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ཞིག་ཡིན་པ་ཙམ་གྱི་ཆ་ནས་བསྐྲུན་ན་ནི་རྫོགས་ཆེན་ཀ་དག་དང་ཐལ་འགྱུར་བའི་སྟོང་པ་ཉིད་སྤྲོས་བྲལ་དེ་གཉིས་ལ་ཁྱད་པར་ཅི་ཡང་མེད་དོ་ཞེས་ཡུལ་ཆོས་ཀྱི་དབྱིངས་ངོ་བོས་སྟོང་པའི་ཆ་ནས་གསུངས་སོ། །འོན་ཀྱང་ངོ་བོ་སྟོང་བར་ཏེ་སྟོང་པ་ཕྱང་ཆད་དུ་འཛིན་ཅིང་ཞེན་པ་བཟློག་པའི་ཕྱིར་དུ་གསང་སྔགས་རྡོ་རྗེའི་ཐེག་པ་ལས་བདེ་བ་ཆེན་པོའི་ཡེ་ཤེས་སམ་འོད་གསལ་བའི་ཡེ་ཤེས་སམ་རིག་པར་རང་བྱུང་གི་ཡེ་ཤེས་འགྱུར་བ་མེད་པ་ཉིད་གསལ་བར་བསྟན་ཏེ། དེ་ལྟར་བདེ་བའི་ཡེ་ཤེས་དང་སྟོང་པའི་དབྱིངས་གཉིས་སུ་བྱར་མེད་པའི་ཆོས་ཀྱི་དབྱིངས་ཟུང་འཇུག་མཉམ་པ་ཆེན་པོ་ཡུལ་དང་ཡུལ་ཅན་གཉིས་སྣང་གི་འཛིན་པ་ཐམས་ཅད་དང་བྲལ་བ་ཡི་ཚུལ་གྱིས་མངོན་སུམ་དུ་ཉམས་སུ་མྱོང་བར་བྱེད་པ་ནི་སྔགས་རྡོ་རྗེའི་ཐེག་པའི་ཁྱད་ཆོས་བླ་ན་མེད་པའོ། །དེ་ཕྱིར་འགགས་པ་མེད་པའི་ལྷུན་གྲུབ་ཀྱི་སྣང་བ་རང་བཞིན་གྱིས་འོད་གསལ་བ་དང་རིག་པ་རང་བྱུང་ཡེ་ཤེས་གསུམ་བདེ་བ་ཆེན་པོའི་ཡེ་ཤེས་འདུས་མ་བྱས་པ་དེ་ཡི་མིང་གི་རྣམ་གྲངས་ཙམ་ཡིན་གྱི་དོན་ལ་ཐ་དད་མེད་པ་ཉིད་དོ། །དེས་ན་འགགས་པ་མེད་པའི་སྣང་བའི་ཆ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པ་གཟུགས་ཀྱི་སྐུ་འདིས་ནི་སྲིད་པ་འཁོར་བ་ཇི་སྲིད་མ་སྟོང་པ་དེ་སྲིད་དུ་གནས་སྐབས་ཀྱི་ཕན་པ་དང་མཐར་ཐུག་གི་བདེ་བ་ཡིས་ཕྱོགས་དང་རིས་མེད་པའི་འགྲོ་བ་ཀུན་དུས་རྟག་ཏུ་རྒུད་པ་ཀུན་ལས་སྐྱོབས་པར་མཛད་པ་ཡིན་པས་ན་འབྲས་བུའི་མཐར་ཐུག་བདེ་བ་ཆེན་པོའམ་ཐུགས་རྗེ་ཆེན་པོའི་བདག་ཉིད་དམ་དམིགས་པ་མེད་པའི་སྙིང་རྗེའི་རང་བཞིན་དུ་གྱུར་པ་ཉིད་ཡིན་ནོ། །དེ་ཡི་ཕྱིར་ན་རང་བཞིན་ནམ་ངོ་བོ་ཉིད་ཀྱིས་ཀྱང་སྲིད་ཞིར་གང་དུའང་མི་གནས་པའི་སྟོང་དང་སྙིང་རྗེའམ་བདེ་སྟོང་དབྱེར་མེད་དམ་ཟུང་འཇུག་གི་ཡེ་ཤེས་ཆེ་བའམ་ཆེན་པོ་འདུས་མ་བྱས་པ་ཉིད་གཞི་ལ་བྲི་གང་དང་བྲལ་བར་ཇི་ལྟར་བཞུགས་པ་དེ་ལྟར་བདེ་སྟོང་ལམ་གྱི་ངོ་བོ་སྟོང་པའི་དབྱིངས་ཨེ་དང་རང་བཞིན་གསལ་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཝཾ་གྱིས་ཏེ་བདེ་སྟོང་ཟུང་འཇུག་གམ་དབྱེར་མེད་པའི་ཡེ་ཤེས་ཀྱིས་བསྒྲུབ་པས་སྙིགས་དུས་ཀྱི་ཚེ་ཐུང་འདི་ཉིད་ལའང་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་འབྲས་བུ་མངོན་དུ་འགྱུར་བ་ཡིན་ནོ། །དེ་ལྟར་ན་གཞི་དང་ལམ་དང་འབྲས་བུ་གསུམ་ཆར་ངེས་པའི་དོན་ཉིད་དུ་ན་གཉིས་སུ་དབྱེར་མི་ཕྱེད་པའི་ཟུང་འཇུག་རྡོ་རྗེའི་ཐེག་པ་ཡི་མཐར་ཐུག་གི་འབྲས་བུ་དབང་བཞི་པའམ་བཞི་པའི་དབང་གི་ལམ་རིག་སྟོང་དབྱེར་མེད་རང་བྱུང་གི་ཡེ་ཤེས་འོད་གསལ་བ་དེ་ཉིད་རྒྱུད་གཞན་ཆེན་པོ་རྣམས་སུའང་གབ་ཅིང་སྦས་པ་ཉིད་མ་གབ་མ་སྦས་པར་དེ་ཁོ་ན་ཤིན་ཏུ་གསལ་བར་རྩལ་དུ་བཏོན་ནས་སྟོན་པར་གྱུར་པ་འོད་གསལ་སྙིང་པོ་རྡོ་རྗེ་རྩེ་མོའི་རང་ལུགས་འདི་ནི་མཐར་ཐུག་ཐེག་པ་ཐམས་ཅད་པའི་སྐྱེལ་སོ་ཡིན་པས་གཞན་དང་ཐུན་མོང་མ་ཡིན་པའི་འབྲས་བུའི་ཐུས་ཀ་བླ་ན་མེད་པའོ། །དེས་ན་དང་པོ་ཇི་སྲིད་གནས་ལུགས་སྣང་སྟོང་དབྱེར་མེད་སྤྲོས་པ་དང་བྲལ་བའི་མཉམ་པ་ཉིད་ལ་ངེས་པའི་ཤེས་པ་ཐེ་ཚོམ་དང་བྲལ་བ་མ་སྐྱེས་ཀྱི་བར་དུ་ཐབས་སྣ་ཚོགས་དང་རིགས་པ་ཡང་དག་པས་ཚུལ་བཞིན་དཔྱད་པས་ངེས་ཤེས་བཟང་པོ་དྲང་དགོས་ལ་ངེས་ཤེས་ཡང་དག་པར་སྐྱེས་པར་གྱུར་ན་ངེས་ཤེས་དེ་ཡི་ངང་དུ་གཞན་དུ་མི་ཡེངས་པར་ངེས་ཤེས་དེ་ཉིད་དང་མ་བྲལ་བར་རྩེ་གཅིག་ཏུ་བསྒོམ་པས་ངེས་ཤེས་བཟང་པོ་ཇེ་བས་ཇེ་གསལ་མར་མེ་འོད་གསལ་བ་ལྟ་བུའི་རྒྱུན་གོང་ནས་གོང་དུ་འཕེལ་ནས་ཡང་དག་པ་མིན་པའི་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་གཉིས་ཆོས་ཀྱི་རྟོག་པ་ཕྲ་རགས་ཐམས་ཅད་བསྣུབ་པར་བྱེད་པ་དེ་ཉིད་ལ་དུས་རྟག་ཏུ་རྩོན་པས་ནན་ཏན་གྱིས་འབད་པར་བྱ་དགོས་ལ། ངེས་ཤེས་དང་ནམ་བྲལ་ན་སླར་ཡང་དཔྱད་པས་ངེས་ཤེས་དེ་ཉིད་དྲངས་ཏེ་བསྒོམ་པར་བྱ་དགོས་སོ། །གཉིས་པ། དང་པོ་དཔྱད་པ་སོགས་ཚིགས་བཅད་བཅུ་དང་རྐང་པ་གསུམ་གྱིས་བསྟན་ཏེ། རིམ་གྱིས་གང་ཟག་གིས་དང་པོ་ཟབ་མོའི་ལུང་གི་སྣང་བ་ལ་བརྟེན་པའི་རིགས་པ་ཡང་དག་པས་འཁོར་འདས་ཀྱི་ཆོས་ཀུན་སྣང་སྟོང་དབྱེར་མེད་དམ་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་དུ་གཏན་ལ་དབབ་པའི་དཔྱད་པ་གལ་ཆེ་སྟེ། ཇི་ལྟར་ན་རང་རང་གིས་ལུང་རིགས་ཀྱིས་དཔྱད་པ་བཟང་པོས་ཡང་ཡང་མ་དྲང་ན་གནས་ལུགས་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་ལ་ངེས་ཤེས་བཟང་པོ་རང་རྒྱུད་ལ་ག་ལ་སྐྱེ་སྟེ་སྐྱེ་མི་ནུས་ལ། ངེས་ཤེས་བཟང་པོ་དེ་རང་རྒྱུད་ལ་ལེགས་པར་མ་སྐྱེས་ན་བདག་དང་གཞན་དུ་དངོས་པོར་རྟོག་པ་སོགས་སྒྲོ་འདོགས་ངན་པ་སྣ་ཚོགས་ལ་འདི་དག་ག་ལ་ནུབ་སྟེ་ནུབ་མི་ཐུབ་ལ། སྒྲོ་འདོགས་ངན་པ་དེ་རྣམས་མ་ནུབ་ན་འཁྲུལ་པའི་ལས་རླུང་ངན་པ་སྣ་ཚོགས་པ་འདི་དག་ག་ལ་འགག་སྟེ་འགག་མི་ཐུབ་ལ། ལས་རླུང་ངན་པ་དེ་རྣམས་མ་འགག་ན་འཁོར་བའི་སྣང་བ་ངན་པ་སྣ་ཚོགས་པ་འདི་རྣམས་ག་ལ་སྤང་སྟེ་སྤང་མི་ཐུབ་ལ། འཁོར་བའི་སྣང་བ་ངན་པ་སྣ་ཚོགས་པ་འདི་རྣམས་མ་སྤང་ན་སྡུག་བསྔལ་གྱིས་མནར་བ་ངན་པ་འདི་རྣམས་ཅི་ལ་འཛད་དེ་འཛད་པར་མི་ནུས་སོ། །འོ་ན་ངེས་ཤེས་བཟང་པོ་དེ་ཅི་ཞེ་ན་སྲིད་པ་འཁོར་བ་དང་ཞི་བ་མྱང་ངན་ལས་འདས་པ་ལ་ངེས་པའི་དོན་དུ་གནས་ལུགས་ཡེ་གདོད་མ་ནས་བཟང་ངན་ཅུང་ཟད་ཙམ་ཡང་ཡོད་པ་མ་ཡིན་པ་དེ། དེ་བཞིན་དུ་བཟང་ངན་ཅུང་ཟད་ཙམ་ཡང་མེད་པར་འཁོར་འདས་དབྱེར་མེད་མཉམ་པ་ཉིད་དུ་ཡང་དག་པར་རྟོགས་པ་ཡི་ངེས་ཤེས་ཐེ་ཚོམ་གྱི་སྨག་ཐམས་ཅད་དང་བྲལ་བ་ནི་བཟང་པོ་ཉིད་ཡིན་ལ། དེ་ལྟ་ན་ངེས་ཤེས་བཟང་པོས་འཁོར་བ་ངན་པ་འདི་སྤང་ནས་གཟོད་མྱང་འདས་བཟང་པོ་ཞིག་གཞན་ནས་མ་སྒྲུབས་པས་སྤང་བླང་མེད་པས་མཉམ་པ་ཉིད་ལ་འཁོར་བ་སྤང་བའི་མྱང་འདས་ཐོབ་པར་སྣང་བ་འགལ་བ་ལྟར་སྟོན་པ་སྣང་བའི་ཚིག་གི་དོན་འདི་ཉིད་ཀྱང་ཅུང་ཟད་ཙམ་ཡང་མི་འགལ་སྟེ་སྣང་ཚུལ་འཁོར་འདས་སུ་སྣང་ཡང་གནས་ཚུལ་ལ་བསལ་བཞག་གམ་སྤང་བླང་མེད་པས་འཁོར་འདས་དབྱེར་མེད་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པ་ཉིད་ནི་ལམ་གྱི་གནད་གལ་མདོ་སྟེ་དེས་ན་ལྟ་བ་བསལ་བཞག་གམ་སྤང་བླང་མེད་འཁོར་འདས་དབྱེར་མེད་མཉམ་པ་ཉིད་དང་སྤྱོད་པ་བླང་དོར་དང་བྲལ་བ་ནི་མན་ངག་གི་གནད་གསང་ཟབ་མོ་འདི་ལེགས་པར་དཔྱད་དེ་དོན་གྱི་རོ་ཚུལ་བཞིན་དུ་ཉམས་སུ་མྱོང་བར་གྱིས་ཤིག་ཅེས་གདམས་པར་མཛད་དོ། །བར་དུ་ཚུལ་བཞིན་ལེགས་པར་དཔྱད་པ་དང་དེས་དྲང་བའི་ངེས་ཤེས་བཟང་པོའི་ངང་ལ་མཉམ་པར་འཇོག་པ་དག་སྤེལ་དགོས་དཔྱད་ན་གནས་ལུགས་སྤྲོས་བྲལ་མཉམ་པ་ཉིད་ལ་ངེས་ཤེས་བཟང་པོ་སྐྱེ་བར་འགྱུར་ཞིང་མ་དཔྱད་ན་ཐ་མར་དངོས་པོར་འཛིན་ཅིང་ཞེན་པར་གྱུར་པའི་ཚེ་ན་སླར་ཡང་ལེགས་པར་དཔྱད་ཅིང་དཔྱད་ཅིང་གནས་ལུགས་ཟབ་མོའི་དོན་ལ་ངེས་ཤེས་དྲངས་དགོས་ཏེ་ངེས་ཤེས་བཟང་པོ་ཡང་དག་པར་སྐྱེས་པར་གྱུར་ན་ངེས་ཤེས་དེ་གའི་དང་དུ་མ་ཡེངས་པར་རྩེ་གཅིག་ཉིད་དུ་མཉམ་པར་བཞག་སྟེ་བསྒོམས་དགོས་ཏེ་གནས་ལུགས་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་ཀྱི་ངེས་ཤེས་དང་ནི་བདག་གཞན་དང་ཡོད་མེད་ལ་སོགས་པའི་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་ཀྱི་ཡིད་གཉིས་སྣང་མུན་ལྟར་ཕན་ཚུན་ཤིན་ཏུ་འགལ་བར་གྱུར་པ་ཉིད་ཀྱི་ཕྱིར་ཟབ་མོའི་རིགས་པ་ཡང་དག་པས་དཔྱད་པས་སྒྲོ་འདོགས་ཀྱི་རྟོག་པ་ཐམས་ཅད་སུན་བྱུང་བས་སྣང་སྟོང་དབྱེར་མེད་སྤྲོས་བྲལ་མཉམ་པ་ཉིད་རྟོགས་པའི་ངེས་ཤེས་བཟང་པོ་གང་ནས་གོང་དུ་སྤེལ་དགོས་པས་སོ། །ཐ་མར་རིགས་པའི་དཔྱད་པས་ཡང་དང་ཡང་དུ་མ་དྲངས་ཀྱང་ངེས་ཤེས་བཟང་པོ་ངང་གིས་སྐྱེ་བར་གྱུར་པ་ན་ངེས་ཤེས་དེ་གའི་ངང་དུ་གཞན་དུ་མི་ཡེངས་པར་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ལས་སླར་ཡང་རིགས་པས་དཔྱད་པས་ལེགས་པར་གྲུབ་ཟིན་པའི་དོན་དེ་ཉིད་ཡང་དང་ཡང་དུ་བསྐྱལ་ཏེ་བསྒྲུབས་པས་ངལ་བ་ཅི་ཞིག་དགོས་ཏེ། དཔེར་ན་ཐག་པར་སྦྲུལ་མེད་པར་ཇི་ལྟ་བ་བཞིན་དུ་རྟོགས་པ་ན་སྦྲུལ་མེད་པར་ངེས་པས་ངེས་ཤེས་དེ་གས་སྦྲུལ་འཛིན་ལྷག་མེད་དུ་ལྡོག་པར་གྱུར་ན་ད་དུང་ཡང་སྦྲུལ་ནི་འདིར་མེད་དོ་ཞེས་ཡང་ཡང་རིགས་པས་དཔྱད་དགོས་སོ་ཞེས་ཟེར་བ་ནི་བློ་གྲོས་བླུན་མིན་ནམ་སྟེ་བློ་གྲོས་བླུན་པའི་འབྲས་རྟགས་སོ། །གཞན་ཡང་འཕགས་ལམ་གྱི་རྟོགས་པ་སྤྲོས་བྲལ་མཉམ་པ་ཉིད་མངོན་སུམ་དུ་གྱུར་པའི་ཚེ་ན་ད་དུང་ཡང་རིགས་པས་དཔྱད་པས་མི་སྒོམས་ཏེ་མངོན་སུམ་དུ་རྟོགས་པ་སོ་སོ་རང་རིག་པའི་ཡེ་ཤེས་ཉིད་ལ་རྒྱུ་མཚན་གྱིའམ་རྟགས་ལ་བརྟེན་པའི་ཡིད་དཔྱོད་ཀྱི་གཏན་ཚིགས་སྦྱོར་བ་ཅི་ཞིག་དགོས་ཏེ་དགོས་པ་ཅི་ཡང་མེད་དེ་དཔེར་ན་མངོན་སུམ་མ་འཁྲུལ་བས་མེ་ཉིད་མཐོང་བ་ལ་དུ་བའི་རྟགས་སྦྱོར་བྱེད་པ་ཤིན་ཏུ་འཁྲུལ་བ་བཞིན་ནོ། །གསུམ་པ་ལ་ལྔ། ལོག་རྟོག་བསལ་ཏེ་དཔྱོད་ཤེས་ཀྱི་འཛིན་སྟངས་ཀུན་དང་བྲལ་བའི་མཉམ་བཞག་ཡེ་ཤེས་ཉིད་ཐེག་ཆེན་ལམ་གྱི་དངོས་གཞི་ཐེག་པ་དང་ཆེན་པོའང་ཡིན་པར་བསྟན་པ། ཚུལ་དེས་ཨ་ཏི་ཡོ་ག་རྒྱུད་ཀྱི་མཐར་ཐུག་དང་ཐེག་པའི་རྩེ་མོར་བསྟན་པ། དེ་ཉིད་གཏན་ལ་འབེབ་པར་བྱེད་པ་གང་ཞིག་གཞན་ལས་མཆོག་ཏུ་བསྟན་པ། མདོ་རྒྱུད་མན་ངག་གི་བསྟན་དོན་མཐར་ཐུག་ཐམས་ཅད་འོད་གསལ་རྫོགས་པ་ཆེན་པོར་དབྱེ་བ་མེད་ཅིང་དེ་ཉིད་ཀུན་གྱིས་འབྱུང་གནས་སུ་བསྟན་པ། ཡེ་ཤེས་དེ་ཉིད་སོ་སོའི་སྐྱེ་བོས་རྗེས་མཐུན་པ་བསྒོམ་དུ་ཡོད་ཚུལ་བསྟན་པའོ། །དང་པོ། གལ་ཏེ་དཔྱད་པ་སོགས་ཚིགས་བཅད་བཅུ་གཅིག་གིས་བསྟན་ཏེ། གོང་དུ་རིམ་པས་བསྟན་པ་དེ་ལྟར་མ་ཡིན་པར་གལ་ཏེ་རྣམ་པ་ཀུན་དུ་དཔྱད་པ་དང་བྲལ་བའི་ཚེ་གནས་ལུགས་དོན་དམ་པ་ཡང་དག་པར་མཐོང་ཞིང་རྟོགས་པ་ཉིད་ནམ་ཡང་མི་འགྲུབ་པ་དེ་ལྟ་ཡིན་ན་འཕགས་པ་རྣམས་ཀྱི་མཉམ་བཞག་གི་ཡེ་ཤེས་དང་རྒྱལ་བའི་ཡེ་ཤེས་ཐམས་ཅད་མཁྱེན་པ་དང་གཞན་འཇིག་རྟེན་གནོད་མེད་ཀྱི་ཤེས་པ་སྟེ་འཁྲུལ་རྒྱུའི་མ་སླད་པ་དེ་ཡིས་ཏེ་དེ་དང་དེ་ཡིས་རང་ཡུལ་གྱི་གཟུང་བ་ཡང་དག་པ་རང་མཚན་རྣམས་ཁྱོད་ལ་ཕྱིན་ཅི་ལོག་གི་གཟུང་བ་ཉིད་དུ་ཐལ་བར་འགྱུར་ཏེ། གང་ཕྱིར་མངོན་སུམ་དེ་དག་ནི་རང་ཡུལ་ཇི་ལྟ་བ་བཞིན་དུ་རྟོགས་ཟིན་པ་ཡིན་པའི་ཕྱིར་ན་དེ་དག་ལ་རང་དུས་དེ་དང་དེ་ཉིད་ན་ཡིད་རྟོག་གིས་དཔྱད་པ་མེད་པའི་ཕྱིར་ཏེ་དཔྱད་པ་དང་བྲལ་ན་དོན་དམ་མི་རྟོགས་པར་ཁས་བླང་བས་སོ། །དེ་ཡི་ཕྱིར་ན་མཐའ་བཞིའི་སྤྲོས་པ་མ་ལུས་པ་ཀུན་དང་བྲལ་བ་ཟུང་འཇུག་མཉམ་པ་ཉིད་ཇི་བཞིན་རྟོགས་པ་ཡི་ངེས་ཤེས་ཤིན་ཏུ་གསལ་བ་ཁྱད་པར་ཅན་གྱི་ངོར་འདི་དང་འདིའོ་སོགས་སུ་སྙམ་པ་ཡི་དམིགས་གཏད་ཀྱི་དཔྱོད་པ་ཤིན་ཏུ་ཕྲ་བ་ཡང་གནས་དང་སྐབས་མི་ཐོབ་པས་དམིགས་གཏད་ཐམས་ཅད་དང་བྲལ་བ་ཡིན་ནོ། །གང་གི་ཚེ་ཡིད་རྟོག་གིས་དཔྱད་པས་སྟོང་དང་མི་སྟོང་བར་འཛིན་པའི་མཚན་འཛིན་དེས་དར་གྱི་སྲིན་བུ་རྣམས་ཀྱིས་རང་གི་རང་ཉིད་བཅིངས་པ་ཇི་ལྟ་བ་བཞིན་དུ་ཡིད་རྟོག་གིས་དཔྱོད་པའི་འཛིན་པ་དེ་ཡིས་གནས་ལུགས་འཛིན་སྟངས་ཐམས་ཅད་དང་བྲལ་བའི་མཉམ་བཞག་ཡེ་ཤེས་དེ་བཅིངས་ཏེ་སྒྲིབ་པར་བྱས་ནས་གནས་ཚུལ་ཡང་དག་པའི་དོན་ཇི་ལྟ་བ་བཞིན་དུ་མི་མཐོང་བར་འགྱུར་རོ། །དེས་ན་མཐའ་བཞིའི་སྤྲོས་པ་དང་བྲལ་བའི་སྣང་སྟོང་དབྱེར་མེད་མཉམ་པ་ཉིད་ཀྱི་ངེས་ཤེས་ཁྱད་པར་ཅན་སྐྱེས་པ་འདིས་ནི་ཡིན་ལུགས་སམ་གནས་ལུགས་ལ་སྒྲིབ་པའི་སྒྲོ་འདོགས་ཀྱི་སྨག་ཐམས་ཅད་བསལ་བའི་ཚེ་ཆོས་ཀྱི་དབྱིངས་རང་བྱུང་གཉུག་མ་དོན་གྱི་ཡེ་ཤེས་འོད་གསལ་བའི་ངང་དེ་ཉིད་མ་ནོར་བ་ཇི་ལྟ་བ་བཞིན་དུ་མཐོང་བ་གང་ཡིན་པ་དེ་ནི་གཉིས་སྣང་ཐམས་ཅད་དང་བྲལ་བའི་འཕགས་པའི་མཉམ་བཞག་སོ་སོ་རང་གིའམ་རང་རིག་པའི་ཡེ་ཤེས་ཏེ་དེ་ནི་སེམས་བྱུང་ཤེས་རབ་གཟུང་འཛིན་ཅན་དེ་ག་ལ་ཡིན་ཏེ་མིན་ནོ། །འོ་ན་དེ་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། སེམས་བྱུང་ཤེས་རབ་ཀྱིས་རང་ཡུལ་རྣམས་ལ་ནི་འདི་དང་འདིའོ་ཞེས་སོ་སོར་རྣམ་པར་འབྱེད་ཅིང་དེ་དང་དེ་ལ་དམིགས་ཅིང་རྟོག་པ་ཡིན་ལ་གང་ཕྱིར་གཟུགས་ལ་སོགས་པའི་ཡུལ་དང་། དེ་དང་དེར་འཛིན་པའི་ཡུལ་ཅན་དང་སྣང་བ་དང་སྟོང་པ་རེ་རེ་གང་དུའང་མི་དམིགས་པའམ་མི་རྟོག་པར་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་དུ་རྟོགས་པའི་འཕགས་པའི་མཉམ་བཞག་གི་ཡེ་ཤེས་འདི་ནི་སེམས་དང་སེམས་ལས་བྱུང་བ་ཡི་མཚན་ཉིད་གཟུང་འཛིན་ཅན་དུ་རྣམ་པ་ཀུན་ཏུ་གནས་པ་མ་ཡིན་ཏེ་ཞེས་མདོར་ན་འཛིན་སྟངས་ཡོད་མེད་ཀྱི་ཁྱད་པར་ཅན་དུ་རྟོགས་པར་བྱའོ། །དེ་ཕྱིར་ཡང་དག་པའི་དཔྱད་པས་ལེགས་པར་དྲངས་པ་ཡི་སྤྲོས་ཀུན་བྲལ་བའི་མཉམ་པ་ཉིད་ལ་ངེས་ཤེས་མཆོག་ཏུ་གྱུར་པ་ལ་མཉམ་པར་བཞག་པའི་ཤེས་རབ་རྣམ་པར་དག་པའི་དྲི་མ་མེད་པའི་རྒྱུས་སམ་རྒྱུ་དེས་འབྲས་བུ་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་རྟོགས་པའི་ཡེ་ཤེས་ཉིད་ཐོབ་པར་འགྱུར་རོ། །དེས་ན་གནས་ཚུལ་ལམ་གནས་ལུགས་ཀྱི་ལྟ་བ་ཇི་བཞིན་གཏན་ལ་ཕབ་པར་བྱེད་པ་དང་ངེས་པའི་གྲུབ་མཐའ་གང་ཞིག་སྒྲུབ་པར་བྱེད་པ་ནི་ཆོས་རྣམས་ལ་རང་མཚན་དང་སྤྱི་མཚན་ངོ་བོ་དང་རང་བཞིན་སྣང་བ་དང་སྟོང་པ་ཡོད་པ་དང་མེད་པ་ལ་སོགས་པར་གཏན་ལ་འབེབ་ཅིང་ཤན་འབྱེད་པར་བྱེད་པའི་སོ་སོར་ཡང་དག་པར་རྟོགས་པ་ཡི་ཤེས་རབ་འཁྲུལ་བའི་དྲི་མ་མེད་པའི་ཚད་མ་ཉིད་ཡིན་ལ་གནས་ལུགས་སྣང་སྟོང་དབྱེར་མེད་སྤྲོས་བྲལ་མཉམ་པ་ཉིད་ཀྱི་དོན་གྱི་དོན་ལ་ཤེས་རབ་དྲི་མ་མེད་པ་དེས་ལེགས་པར་དྲང་པ་ཡི་ངེས་ཤེས་ཁྱད་པར་ཅན་གྱི་ལམ་ཡང་དག་པ་བསྒོམ་པ་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་ཡིན་ལུགས་སམ་གནས་ལུགས་ཆོས་ཀྱི་དབྱིངས་གཉུག་མ་དོན་གྱི་འོད་གསལ་བའི་གཤིས་སུ་ཕེབ་པའམ་སོན་པའི་འཕགས་པའི་མཉམ་བཞག་གཉིས་སྣང་ཐམས་ཅད་ནུབ་པའི་ཡེ་ཤེས་གང་ཡིན་པ་དེ་ནི་ངེས་དོན་ཐེག་པ་ཆེན་པོའི་ལམ་གྱི་དངོས་གཞི་ཡང་དག་པ་ཉིད་དེ་འདི་དང་ཡང་དག་པར་ལྡན་ན་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྙིགས་དུས་ཀྱི་ཚེ་ལུས་འདིར་བདེ་མྱུར་དུ་སྟེར་བའི་ཕྱིར་ན་འདི་ཉིད་ཐེག་པའི་ནང་ནས་ཐེག་པ་མཆོག་ཉིད་ཡིན་ལ་དེ་དང་མཉམ་པ་གཞན་མེད་པས་ཆེན་པོའང་ཡིན་ནོ། །གཉིས་པ། རྒྱུད་སྡེ་བཞི་ཡི་སོགས་ཚིགས་བཅད་ལྔ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། ཚུལ་དེ་ལྟར་ན་གསང་སྔགས་ཀྱི་རྒྱུད་སྡེ་དེ་ལ་བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་བླ་མེད་དང་བཞི་རུ་དབྱེ་བ་ཡི་ལུགས་ལྟར་ན་ཡང་བླ་ན་མེད་པའི་རྒྱུད་རྣམས་ཀྱི་ཚིག་དབང་སྟེ་དབང་བཞི་པའི་ལམ་གྱི་དངོས་གཞི་འདི་ནི་དོན་གྱི་འོད་གསལ་ཟུང་འཇུག་གི་ཡེ་ཤེས་མཐར་ཐུག་པ་ཉིད་ཡིན་མོད་ཀྱི་དེ་ལས་ལོག་སུ་ཐེག་པའི་རྩེ་མོ་གཞན་ཞིག་ཡིན་པར་མ་བཞག་ཀྱང་རྒྱུད་གང་ལས་དེ་ཉིད་རྩལ་དུ་བཏོན་ནས་བསྟན་དོན་ལ་གནས་པས་བཞག་དགོས་སོ། །དཔེར་ན་འཁོར་འདས་ཀྱི་ཆོས་ཀུན་མཉམ་པ་ཉིད་ཀྱི་ཡེ་ཤེས་འགྱུར་མེད་བདེ་བ་ཆེན་པོའི་སྐུ་ཉིད་རྩལ་དུ་བཏོན་ནས་གསལ་བར་འཆད་པ་ཡི་གཉིས་མེད་ཀྱི་རྒྱུད་དཔལ་ལྡན་དུས་ཀྱི་འཁོར་ལོ་ཉིད་ལ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོའམ་རྒྱུད་ཀྱི་མཐར་ཐུག་ཡིན་པར་བཞེད་ཅིང་བཞག་པ་བཞིན་དུ་རྒྱུད་ཀྱི་མཐར་ཐུག་དང་ཐེག་པའི་རྩེ་མོར་ལོགས་སུ་བཞེད་ཅིང་འཇོག་དགོས་ཏེ། བླ་ན་མེད་པའི་ནང་རྒྱུད་མ་ཧཱ་ཨ་ནུ་ཨ་ཏི་སྟེ་ཡོ་ག་གསུམ་ལས་ཨ་ཏིའི་སེམས་ཀློང་མན་ངག་གི་སྡེའི་ནང་ནས་ཀྱང་དབང་བཞིའི་ཞེས་དབང་བཞི་པ་ཚིག་དབང་རིན་པོ་ཆེའི་ལམ་གྱི་ཡེ་ཤེས་རིག་སྟོང་དབྱེར་མེད་རང་བྱུང་གི་ཡེ་ཤེས་ཟུང་འཇུག་འདུས་མ་བྱས་པ་གང་ཞིག་མ་གབ་མ་སྦས་པར་རྩལ་དུ་བཏོན་ནས་ཤིན་ཏུ་གསལ་བར་བསྟན་ཅིང་འཆད་པ་ཨ་ཏི་ཡོ་གའི་མན་ངག་སྡེའི་རྒྱུད་འདི་ཉིད་ནི་རྒྱུད་སྡེ་བླ་ན་མེད་པ་ཀུན་གྱི་མཐར་ཐུག་གི་དགོངས་པའི་མཐིལ་སྐྱེལ་སོ་ཡིན་ཏེ། དཔེར་ན་ལན་གྲངས་བཅུ་དྲུག་བར་དུ་བཞུས་པའི་གསེར་གཙོ་མ་ཤིན་ཏུ་རྣམ་པར་དག་པ་དེ་བཞིན་དུ་འོག་མའི་ཐེག་པ་གཞན་ཀུན་གྱི་གྲུབ་མཐའ་ལུང་རིག་མན་ངག་གིས་དཔྱད་པ་ཡིས་ཇེ་བས་ཇེ་དག་གམ་ཇེ་གསལ་དུ་བསྟན་པས་རིག་སྟོང་དབྱེར་མེད་རང་བྱུང་གི་ཡེ་ཤེས་ཇི་བཞིན་པ་དེ་ཉིད་ཨ་ཏི་ཡོ་གའི་རྒྱུད་འདིར་ཡང་དག་པར་མཐར་ཕྱིན་པ་ཁོ་ན་ཡིན་པའི་ཕྱིར་འདི་ནི་རྒྱུད་ཐམས་ཅད་ཀྱི་མཐར་ཐུག་པ་དང་ཐེག་པ་ཐམས་ཅད་ཀྱི་རྩེ་མོར་ལེགས་པར་གྲུབ་པ་ཡིན་པར་སྨོས་ཅི་དགོས་སོ། །དེ་ཕྱིར་ཟབ་མོའི་ཤེས་རབ་དྲི་མེད་ཀྱི་ཚད་མས་རིག་སྟོང་ཟུང་འཇུག་རང་བྱུང་གི་ཡེ་ཤེས་འོད་གསལ་འདུས་མ་བྱས་པ་འདི་ཡི་དོན་ཉིད་ཡང་དག་པར་གྲུབ་པའི་ཚུལ་གསང་སྔགས་བླ་ན་མེད་པས་ཀྱང་ནང་རྒྱུད་ཡོ་ག་གསུམ་གྱི་རྒྱུད་དང་དེ་དག་གི་དགོངས་པ་འགྲེལ་བ་མན་ངག་དང་བཅས་པ་ཀུན་དང་པཎྜི་ཏ་ཆེན་པོ་ཀུན་མཁྱེན་རོང་ཟོམ་ཆོས་བཟང་གི་ཡང་དག་པའི་རིགས་པ་སུས་ཀྱང་མི་འཕྲོག་པས་རྣམ་པར་དཔྱད་པའི་ལུང་རིགས་མན་ངག་རྣམས་ལ་ཚུལ་བཞིན་དུ་བསམ་ན་བདུན་དང་ཕས་ཀྱི་རྒོལ་བའི་ཡུལ་ལས་འདའ་ཞིང་སུས་ཀྱང་གླགས་ཕྲ་བ་ཙམ་ཡང་མི་རྙེད་དེ་སུས་ཀྱང་མི་འཕྲོག་པའི་ཤེས་རབ་ཟབ་མོ་ཡོངས་སུ་སྨིན་པར་བྱེད་པའི་མཚན་ཉིད་དང་ཡང་དག་པར་ལྡན་པས་སོ། །རྒྱལ་ཚབ་བྱམས་པས་མདོ་སྡེ་རྒྱན་ལས་ཀྱང་། ཆོས་བཟང་རིགས་པས་རྣམ་དཔྱད་སོགས་ཡོངས་སྨིན་གྱི་མཚན་ཉིད་ཇི་སྐད་བསྟན་པ་འདིས་པཎྜི་ཏ་འདི་ཉིད་ཤིན་ཏུ་གསལ་བར་ལུང་བསྟན་པར་ཡང་རིག་པར་བྱའོ། །གསུམ་པ། འོན་ཀྱང་ལྟ་བའི་སོགས་ཚིགས་བཅད་ལྔ་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལྟར་གནས་ལུགས་མཐར་ཐུག་གི་ལྟ་བའི་དངོས་གཞི་རིགས་སྟོང་ཟུང་འཇུག་རང་བྱུང་གི་ཡེ་ཤེས་བསལ་བཞག་དང་བྲལ་བར་མདོ་རྒྱུད་ངེས་དོན་ཟབ་མོ་རྣམས་ལས་ཡང་དག་པར་བསྟན་མོད་ཀྱི་འོན་ཀྱང་དེ་ལྟར་མ་རྟོགས་ནས་གནས་ལུགས་ལྟ་བའི་དངོས་གཞི་མཐར་ཐུག་སྣང་སྟོང་དབྱེར་མེད་སྤྲོས་བྲལ་མཉམ་པ་ཉིད་དེ་ནི་སྣང་བ་དང་སྟོང་པ་ཕྱོགས་རེར་འཛིན་པ་སོགས་གཟུང་འཛིན་ཅན་གྱི་སེམས་དང་སེམས་ལས་བྱུང་བའི་གཉིས་སྣང་གི་སྤྱོད་ཡུལ་ཅན་དུ་གནས་ལུགས་ཀྱི་ལྟ་བའི་དངོས་གཞི་མཐར་ཐུག་སེམས་ལས་འདས་པའི་ཡེ་ཤེས་སྨྲ་བསམ་བརྗོད་བྲལ་འདི་ཡི་དོན་ཉིད་ལུང་རིགས་ཀྱིས་བཀྲལ་ཞིང་སྟོན་པར་བྱེད་པ་རྣམས་ཀྱིས་ནི་བརྗོད་པར་བྱ་བ་མིན་པ་ཉིད་བརྗོད་བྱར་བྱས་པའི་ཕྱིར་ན་དོན་གཟིགས་མཁས་པའི་དབང་པོ་རྣམས་ཀྱི་དགོངས་པ་ཡང་དག་པ་ཉིད་དང་ཤིན་ཏུ་འགལ་བ་ཞིག་ཡིན་ཏེ། གང་ཕྱིར་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཡི་ལྟ་བ་འདི་ནི་སྣང་བ་དང་སྟོང་པ་ཡོད་པ་དང་མེད་པ་སོགས་གང་དུའང་བསམ་གྱིས་མི་ཁྱབ་པའི་རིགས་སྟོང་དབྱེར་མེད་རང་བྱུང་གི་ཡེ་ཤེས་ཉིད་ཡིན་སླད་ཐ་མལ་མ་དག་པའི་གཟུང་འཛིན་ཅན་སེམས་དང་སེམས་ལས་འདས་པ་ཁོ་ནའི་སྟེ་ཁོ་ན་ཡིན་པའི་ཕྱིར་རོ། །གནས་ལུགས་མཐར་ཐུག་རིག་སྟོང་དབྱེར་མེད་རང་བྱུང་གི་ཡེ་ཤེས་འདི་ཉིད་ལ་ཡང་ངོ་བོ་ཡེ་ནས་དག་པས་ཀ་དག་སྟོང་བའི་ཆ་ཇི་བཞིན་པ་གཏན་ལ་འབེབ་པ་ལ་ཁྲེགས་ཆོད་ཀྱིི་ལྟ་བ་དང་རང་བཞིན་ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ཡང་དག་པར་གཏན་ལ་འབེབ་པ་ལ་དབྱིངས་ནང་གསལ་ལྷུན་གྲུབ་འདུས་མ་བྱས་པའི་གཞོན་ནུ་བུམ་པའི་སྐུར་སུས་ཀྱང་ལྡོག་ཏུ་མེད་པར་ཡིད་ཆེས་པ་མངོན་སུམ་མཐོང་བའི་འོད་གསལ་ཐོད་རྒལ་དང་གཉིས་ཡིན་ལ་དེ་གཉིས་ཀའང་ཐ་དད་མེད་པས་སོ་སོར་དབྱེར་མེད་དེ་ངོ་བོ་ཀ་དག་གི་དབྱིངས་དང་རང་བཞིན་ལྷུན་གྱིས་གྲུབ་པའི་འོད་གསལ་ཟུང་འཇུག་གི་ཡེ་ཤེས་འདུས་མ་བྱས་ཆེན་པོ་ཁོ་ན་ཡིན་ནོ། །རྒྱུད་སྡེ་ཆེན་པོ་གཞན་ལས་ཀྱང་མི་ཤིག་པའི་ཡེ་ཤེས་ཏི་ལ་ཀ་ཞེས་པ་ལ་སོགས་པ་ཡང་ལྷུན་གྲུབ་གཞོན་ནུ་བུམ་སྐུ་འདི་དང་མིང་གི་རྣམ་གྲངས་ཙམ་ལས་དོན་ལ་ཐ་དད་མ་མཆིས་མོད་ཀྱི་འོན་ཀྱང་རྫོགས་ཆེན་ཨ་ཏི་ཡོ་ག་འདིར་ནི་གབ་སྦས་མེད་པར་ཆེས་ཤིན་ཏུ་གསལ་བོར་བསྟན་ཅིང་གཏན་ལ་ཕེབ་པར་མཛད་པས་ན་འདི་ནི་རྒྱུད་དང་ཐེག་པ་གཞན་ཐམས་ཅད་ལས་མཆོག་ཉིད་དུ་བསྟན་ནོ། །བཞི་པ། རྫོགས་ཆེན་སེམས་སྡེའི་སོགས་ཚིགས་བཅད་དྲུག་གིས་བསྟན་ཏེ། དེ་ལ་འོད་གསལ་རྫོགས་པ་ཆེན་པོ་ཡི་སེམས་ཀློང་མན་ངག་གི་སྡེ་གསུམ་ལས་སེམས་སྡེའི་མན་ངག་འཐོར་བུའི་གནད་རེར་མཁས་ཤིང་གྲུབ་པའི་དབང་ཕྱུག་སོ་སོའི་ཐུགས་ཉམས་སུ་བཞེས་པ་རྣམས་ལ་བཀའ་བརྒྱུད་པ་སོགས་ཀྱི་ཕྱག་རྒྱ་ཆེན་པོ་དང་། ས་སྐྱས་ལམ་འབྲས་དམ་པའི་ཞི་བྱེད་དང་། དབུ་མ་པས་ཟུང་འཇུག་གམ་སྤྲོས་བྲལ་དབུ་མ་ཆེན་པོ་སོགས་མཚན་གྱི་རྣམ་གྲངས་མི་འདྲ་བར་སོ་སོར་གྲགས་མོད་ཀྱང་དོན་ལ་ཡང་དག་པ་དེ་དག་ནི་སེམས་དང་སེམས་ལས་བྱུང་བ་ལས་འདས་པ་ཡི་རང་བྱུང་འོད་གསལ་བའི་ཡེ་ཤེས་ཉིད་ཡིན་པའི་ཕྱིར་དེ་དག་ཀུན་ཀྱང་མཉམ་པ་སྟེ་བཟང་ངན་མེད་པའོ། །དེས་ན་སངས་རྒྱས་རྣམས་དང་གྲུབ་ཐོབ་ཐམས་ཅད་དགོངས་པ་ནི་གཅིག་ཡིན་ནོ་ཞེས་མཁས་གྲུབ་ཀུན་མགྲིན་གཅིག་ཏུ་སྨྲ་ཞིང་གསུང་བར་མཛད་པ་ཡང་ཚུལ་དེ་ལྟ་བུ་ལ་དགོངས་པ་ཡིན་ནོ། །གཞན་ཡང་ལ་ལས་རང་གི་ལུགས་འོད་གསལ་རྫོགས་པ་ཆེའམ་ཆེན་པོ་ནི་གཞན་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ལས་ཁྱད་པར་དུ་འཕགས་སོ་ཞེས་ཟེར་ནའང་། དེ་ལྟར་སེམས་ལས་འདས་པའི་ཡེ་ཤེས་དེ་ཉིད་ཇི་ལྟ་བ་བཞིན་དུ་མ་རྟོགས་ན་ནི་གནས་ལུགས་ཆོས་ཀྱི་དབྱིངས་ཟུང་འཇུག་སྤྲོས་པ་དང་བྲལ་བའི་ཡེ་ཤེས་མཉམ་པ་ཉིད་དངོས་སུ་མཐོང་བའི་ལམ་གྱི་ཐ་སྙད་ཡང་དག་པ་ཉིད་མེད་ལ་རྟོགས་པར་གྱུར་ན་ནི་སེམས་ལས་འདས་པའི་ཡེ་ཤེས་སུ་དགོངས་པ་གཅིག་ཡིན་པ་ལ་རིགས་པ་ཡང་དག་པས་འཐད་པ་དང་བཅས་པའི་དབྱེ་བ་མི་འདྲ་བ་འདི་དང་འདིའོ་ཞེས་བརྗོད་དུ་མེད་དོ། །དེ་བཞིན་དུ་སྔགས་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ཀུན་གྱི་བཞི་བའི་དབང་གིའམ་དབང་བཞི་པའི་ཡེ་ཤེས་དོན་གྱི་འོད་གསལ་ཡང་དག་པ་ཐམས་ཅད་ཀུན་རིག་སྟོང་འོད་གསལ་རྫོགས་པ་ཆེན་པོར་འདུ་བས་དབྱེ་བ་མེད་དོ། །འོན་ཀྱང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཡེ་ཤེས་དེ་དག་ཐམས་ཅད་ཀྱི་འབྱུང་གནས་ཡེ་ཤེས་ཐམས་ཅད་ཀྱི་སྤྱི་གཟུགས་རིག་སྟོང་དབྱེར་མེད་ཟུང་འཇུག་གི་ཡེ་ཤེས་ཉིད་གབ་སྦས་མེད་པར་ཤིན་ཏུ་རྩལ་དུ་བཏོན་པར་མཛད་པའི་རྫོགས་པ་ཆེན་པོའི་རྒྱུད་སྡེ་ལ་ཡང་ཕྱི་སེམས་སྡེ་ནང་ཀློང་སྡེ་གསུང་བ་མན་ངག་གི་སྡེས་ཕྱེ་བའི་ཟབ་རྒྱས་ཀྱི་ཁྱད་པར་དུ་མས་འཕགས་པའི་གནད་ནི་ཞལ་ནས་སྙན་དུ་བརྒྱུད་པའི་མན་ངག་ཟབ་མོ་ཐོར་བུས་ཉམས་ལེན་ཕྱག་ཆེན་པ་སོགས་གཞན་ལའང་མིང་ཙམ་མ་གྲགས་པ་མང་པོ་ཡོད་པས་ན་འདི་ནི་ཁྱད་ཆོས་ཡིན་ཞེས་གསང་འཐོན་དུ་སྨྲ་ཅི་དགོས་ཏེ་མི་དགོས་སོ། །ལྔ་པ། དེ་ལ་རྫོགས་ཆེན་སོགས་ཚིགས་བཅད་བཞི་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལ་རིག་སྟོང་དབྱེར་མེད་པའི་འོད་གསལ་རྫོགས་པ་ཆེན་པོ་རང་བྱུང་གི་ཡེ་ཤེས་མཐར་ཐུག་པ་གང་ཞིག་ཟབ་ཞི་སྤྲོས་པ་ཀུན་དང་བྲལ་བའི་འོད་གསལ་འདུས་མ་བྱས་པ་ཉིད་སངས་རྒྱས་ཀྱི་ཡེ་ཤེས་དངོས་ཡིན་ན་ཡང་རང་ལུགས་འདིར་ནི་སོ་སོ་སྐྱེ་བོ་འཆིང་བ་ཀུན་ལྡན་གྱིས་གནས་སྐབས་སུ་ཡང་རྫོགས་པ་ཆེན་པོའི་མན་ངག་གི་ལམ་དག་ཏུ་སངས་རྒྱས་ཀྱི་ཡེ་ཤེས་དངོས་དེ་དང་རྗེས་སུ་མཐུན་པ་དཔེ་ཡི་ཡེ་ཤེས་དང་དོན་གྱི་ཡེ་ཤེས་དང་ཟུང་འཇུག་གི་ཡེ་ཤེས་རྣམས་ཏེ་གསུམ་པོ་ནི་དཔེར་ན་རི་མོར་བྲིས་པའི་ཟླ་བ་དང་ཆུ་ནང་གི་ཟླ་བ་དང་ནམ་མཁའ་ཟླ་བ་དངོས་བཞིན་དུ་ཡེ་ཤེས་དེ་དག་རིམ་པས་གཅིག་གིས་གཅིག་འདྲེན་ཅིང་མངོན་དུ་གྱུར་པ་ཡིན་པས་ན་རྒྱུ་རྐྱེན་རྩོལ་སྒྲུབ་ལས་འདས་པས་རང་བྱུང་ཟག་པ་མེད་པའི་ཡེ་ཤེས་གང་ཞིག་གང་ཟག་རང་རང་གི་བློ་ཡི་ནུས་པ་དང་བསྟུན་ཏེ་ཚུལ་ཇི་ལྟ་བ་བཞིན་དུ་ཉམས་སུ་ལེན་པ་ཡང་དག་པ་ཡོད་པ་ཉིད་ཡིན་པའི་ཕྱིར་ཏེ་དཔེར་ན་མདོ་ལམ་དུ་ཡང་སྤྲོས་པ་ཐམས་ཅད་དང་བྲལ་བ་འཕགས་པའི་ཡེ་ཤེས་གང་ཞིག་ཐོབ་པར་བྱ་བའི་ཕྱིར་དང་རྗེས་སུ་མཐུན་པ་སོ་སོའི་སྐྱེ་བོའི་ས་ཉིད་དུ་བསྒོམ་དུ་ཡོད་པ་བཞིན་ནོ། །དེས་ན་སྤྲོས་ཀུན་བྲལ་བའི་ཆོས་ཉིད་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེ་བའམ་ཆེན་པོ་མངོན་སུམ་དུ་ཡང་དག་པར་གཏན་ལ་ཕེབ་ཅིང་བསྒོམ་པར་བྱས་པ་ན་སྟོང་དང་མི་སྟོང་ལ་སོགས་པའི་ཡིད་དཔྱོད་ཀྱི་འཛིན་པའི་གཉིས་ཆོས་ཀྱི་ལྟ་བ་རགས་པ་ཐམས་ཅད་ཀུན་རིམ་པས་དེས་བར་ནུབ་ནས་སྤྲོས་པ་དང་བྲལ་བའི་རང་བྱུང་གི་ཡེ་ཤེས་ཉིད་རྗེན་པར་མཐོང་བར་འགྱུར་བ་ཡིན་ནོ། །གསུམ་པ། དེ་ཕྱིར་སྐབས་ཤན་སོགས་ཚིགས་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡི་ཕྱིར་ན་གོང་དུ་ཇི་སྐད་བཤད་པ་ལྟར་སྐབས་ཀྱི་ཤན་སོ་སོར་མ་ཕྱེད་པར་མཉམ་བཞག་ལ་འཛིན་སྟངས་ཡོད་དགོས་ཞེས་དང་མེད་དགོས་ཞེས་ཕྱོགས་སམ་མཐའ་གཅིག་ཏུ་འདི་ཁོ་ནའོ་ཞེས་སྨྲ་བ་ལ་སྐྱོན་གྱི་ཆ་རེ་དང་ལེགས་པའི་ཆ་རེ་ཡོད་པ་དཔེར་ན་ཟླ་བའི་འཕེལ་འགྲིབ་ཀྱི་སྐྱོན་ཡོན་བཞིན་དུ་གནས་པས་མི་འཐད་ཅིང་རང་ལུགས་སོ་སོར་ཕྱེ་སྟེ་བཤད་པ་འདི་ནི་མདོ་རྒྱུད་ཀྱི་ངེས་པའི་ལུང་གི་བསྟན་དོན་ཇི་ལྟ་བ་བཞིན་དུ་འཁྲུལ་པའི་དྲི་མ་མེད་པའི་རིགས་པའི་ཚུལ་གྱིས་ཡང་དག་པར་གྲུབ་པ་ཉིད་ཡིན་ནོ། །ཐེག་མཆོག་ལྟ་བ་བསྒོམ་པ་དཔྱད་འཇོག་ཏུ། །ཕྱོགས་རེར་འཛིན་ལ་སྐྱོན་དང་ལེགས་ཆ་རེ། །ཉེས་པའི་སྐྱོན་བྲལ་ཇི་བཞིན་ཤན་འབྱེད་པའི། །ལུང་རིགས་ཉི་མ་ཐེག་མཆོག་ལྟ་བའི་མིག །ཅེས་ཀྱང་སྨྲས་སོ། །དྲི་ལེན་ལྔ་པ་བདེན་པ་གཉིས་ལས་གང་གཙོ་ལ་གཉིས། གཞན་ལུགས་དགག །རང་ལུགས་བཞག་པའོ། །དང་པོ། བདེན་པ་གཉིས་ལས་སོགས་ཚིགས་བཅད་བཅུ་གཅིག་དང་རྐང་པ་གཉིས་ཀྱི་བསྟན་ཏེ། དེ་ལ་བདེན་པ་གཉིས་ལས་ཀུན་རྫོབ་བམ་དོན་དམ་གང་ཞིག་གཙོ་ཆེ་ཞེ་ན། སྣང་སྟོང་དབྱེར་མེད་མཉམ་པ་ཆེན་པོ་ཐུགས་སུ་མ་ཆུད་པར་སྟོང་པར་ཐུགས་ཞེན་ཆེ་བ་ཁ་ཅིག་སྟོང་ཉིད་དོན་དམ་པ་ཉིད་གཙོ་ཆེར་ཞེས་འདོད་དེ། འདི་ལྟར་སྣང་བ་ཀུན་རྫོབ་རྣམས་ནི་འཁྲུལ་བའི་སྣང་བ་ཁོ་ན་ཡིན་ནོ་ཞེས་སྤང་བྱར་རྟོག་ཅིང་འཛིན་ལ་སྟོང་ཉིད་དོན་དམ་པ་ནི་མ་འཁྲུལ་པ་ཡང་དག་པ་ཉིད་ཡིན་པས་དོན་དམ་པ་དེང་ལྟ་བ་ནི་རྣམ་པར་དག་པ་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། ཇི་ལྟར་ན་སྣང་བ་ཀུན་རྫོབ་རྣམས་མ་འཁྲུལ་བར་སྣང་བ་ལྟར་བདེན་པར་གྲུབ་པར་གྱུར་ན་དེ་དོན་དམ་པ་སྟོང་པ་ཉིད་ཡིན་པར་ཡང་མི་རུང་བའི་ཕྱིར་ཀུན་རྫོབ་འཁྲུལ་བའི་སྣང་བའོ་ཞེས་དེ་སྐད་དུ་ནི་གསུངས་པ་ཡིན་མོད་ཀྱི་འོན་ཀྱང་སྣང་བ་ཀུན་རྫོབ་འདི་སྤང་བའི་ཕ་རོལ་ཏེ་སྣང་བ་དེ་ལས་གཞན་ན་དེའི་སྟོང་པ་དོན་དམ་པ་ཞེས་པ་ཡན་གར་དུ་འགའ་ཅུང་ཟམ་ཙམ་ཡང་མི་འགྲུབ་སྟེ། དེ་གཉིས་ལས་ཀུན་རྫོབ་ཐབས་དང་། དོན་དམ་ཐབས་ལས་བྱུང་བ་ཉིད་ཡིན་ཏེ། གང་བརྟགས་བྱའི་དངོས་པོ་ཀ་བ་ལ་སོགས་པའི་སྣང་བ་ཀུན་རྫོབ་ཉིད་ལ་མ་བརྟེན་པར་དེ་ཡི་དངོས་མེད་དམ་སྟོང་ཉིད་དོན་དམ་པ་ཡན་གར་དུ་ཡོད་པ་མིན་ཏེ་དེས་ན་དངོས་པོ་དང་དངོས་པོ་མེད་པ་དེ་གཉིས་ཀ་ཡང་རྟེན་འབྲེལ་ཙམ་དུ་མཚུངས་པས་རྟེན་འབྲེལ་ཉིད་ཡིན་ཏེ་དངོས་པོ་རྣམས་བརྟེན་ནས་སྐྱེས་པ་དང་དངོས་མེད་བརྟེན་ནས་བརྟགས་པ་ཡིན་པས་སོ། །གལ་ཏེ་སྣང་བ་ཉིད་ལས་སྟོང་པ་ལོགས་སུ་མེད་པ་དེ་ལྟ་མ་ཡིན་པར་སྟོང་ཉིད་དོན་དམ་པར་གཙོ་ཆེ་ཞེས་སྟོང་པར་ཞེན་ཅིང་འཛིན་པ་དེས་སྣང་བ་རྣམ་པར་བཅད་པའམ་སྤང་བར་གྱུར་པ་ཞིག་ཡིན་ན་ངོ་བོ་སྐྱེ་བ་མེད་པའི་སྟོང་པ་ཉིད་ཡིན་པའི་གནད་ཀྱིས་སྣང་བ་འགགས་པ་མེད་པའི་རྟེན་འབྱུང་དུ་རང་ཤར་བས་སྣང་སྟོང་དབྱེར་མེད་རྟག་ཆད་ཐམས་ཅད་དང་བྲལ་བའི་ཟབ་མོ་དབུ་མའི་ལྟ་བ་དཔལ་ལྡན་ཀླུ་སྒྲུབ་ཀྱི་ལུགས་བཟང་སྣང་སྟོང་ཡ་མ་བྲལ་བ་ཉིད་ཕྱིན་ཅི་ལོག་གི་རྟོག་པས་དཀྲུགས་ཤིང་རྙོགས་མར་བྱས་པ་ཡིན་ལ། དེ་ལྟའི་སྣང་བ་ལས་གཞན་པའི་དོན་དམ་སྟོང་པར་མཐོང་བ་དེ་ཡིས་ལམ་དེ་ལ་ནན་ཏན་དུ་གོམས་པར་བྱས་ནས་མཐར་ཆོས་ཐམས་ཅད་སྟོང་པའི་དབྱིངས་ཕྱང་ཆད་འབའ་ཞིག་ཉིད་དུ་རྟོགས་ཏེ་དེའི་ངང་དུ་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པར་གྱུར་ཏེ་གཉིས་སྣང་ཐམས་ཅད་ནུབ་པའི་ཚེ་ན་ནི་འཕགས་པའི་མཉམ་བཞག་གཉིས་སྣང་ཐམས་ཅད་ནུབ་པའི་སྟོང་པ་ཉིད་ནི་སྣང་བའི་དངོས་པོའི་སྟེ་དངོས་པོ་རྣམས་ཀྱི་འཇིག་རྒྱུར་ཁྱོད་ལའང་ཐལ་བར་འགྱུར་ཏེ། དཔེར་ན་བུམ་པའི་འཇིག་རྒྱུ་ཐོ་བཞིན་ནོ། །གཞན་ཡང་དེ་འདྲའི་གཞན་སེལ་གྱི་སྟོང་པ་ཕྱང་ཆད་ཁོ་ན་ལ་གཉིས་སྣང་ནུབ་པར་མི་སྲིད་ཅིང་སྲིད་ན་ཡང་ཆད་སྟོང་དུ་གྱུར་པའི་སྐྱོན་ལ་སོགས་པའང་གསུངས་སོ། །དེ་ཡི་ཕྱིར་ན་ཆོས་ཀུན་ཡེ་གདོད་མ་ནས་རང་རང་ངོ་བོས་སྟོང་པ་ཉིད་ཡིན་ན་ཡང་སྣང་བ་རྟེན་འབྱུང་འགགས་པ་མེད་པར་རང་ཤར་བས་སྟོང་རྟེན་འབྱུང་འབྲལ་མི་ཤེས་པས་དབྱེར་མེད་དམ་ཟུང་འཇུག་ཉིད་ཡིན་པའི་གནད་ཀྱིས་གང་སྣང་བ་དེ་ཉིད་སྟོང་པ་དང་གང་སྟོང་བ་དེ་ཉིད་སྣང་བ་སྟེ་སྣང་བ་དང་སྟོང་པ་སོ་སོར་རིས་སུ་མ་ཆད་པ་མེ་དང་ཚ་བ་བཞིན་དུ་རྣམ་དབྱེར་མེད་པར་ཡེ་ནས་གནས་པ་ཉིད་ཡིན་པས་ན་སྟོང་པ་ཉིད་དོན་དམ་པ་ཁོ་ན་གཙོ་ཆེའོ་ཞེས་འཛིན་པ་དེ་དག་ནི་གནས་ལུགས་མཐར་ཐུག་སྣང་སྟོང་དབྱེར་མེད་ཀྱི་དོན་ལ་མི་མཁས་པ་རིག་པར་བྱའོ། །གཞན་ཡང་སྣང་སྟོང་དབྱེར་མེད་གནད་དམ་པ་འདི་མ་རྟོགས་པ་ལས་དོན་དམ་སྟོང་པའི་དབྱིངས་ཕར་བཅད་ནས་ཏེ་དེ་ལ་མི་ལྟོས་པའི་སྣང་བ་ཡན་གར་བ་ལྷར་བསྒོམ་པ་སོགས་ཐབས་ཀུན་རྫོབ་ཁོ་ན་ཙམ་གྱི་ངོས་ནས་ནི་མདོ་དང་སྔགས་ཀྱི་རྒྱུད་སྡེའི་ལྟ་བ་རྣམས་མཐོ་དམན་དུ་བྱེད་པར་འདོད་པ་ཡང་དོན་དམ་པ་སྟོང་པས་མ་ཟིན་པས་ཐབས་ཀུན་རྫོབ་པ་རང་ཉིད་ཁོ་ནས་མདོ་སྔགས་རྒྱུད་སྡེ་གོང་འོག་གི་ལྟ་བ་ཡི་མཐོ་དམན་གྱི་ཁྱད་པར་བྱེད་ཆོས་སུ་བཤད་པ་འདི་ཡང་མི་འཐད་དེ། ཇི་ལྟར་ན་སྟོང་པའི་དབྱིངས་དང་སྣང་བའི་ཡེ་ཤེས་ཡེ་ནས་འདུ་འབྲལ་མེད་པའི་གནད་ཀྱི་སྣང་བ་ལྷར་ཡེ་ནས་དག་པ་ཉིད་ཡིན་པས་ལྷར་བསྒོམ་པ་དོན་དང་ལྡན་གྱི་གཞན་དུ་དོན་དམ་སྟོང་པའི་དབྱིངས་ཀྱི་གདེངས་དང་མི་ལྡན་པའམ་དེས་མ་ཟིན་པར་སྣང་བ་ཀུན་རྫོབ་པ་འཁྲུལ་བ་རང་ལྷ་རུ་བསྒོམ་པ་ཙམ་ནི་ལྷ་མིན་པ་ལ་ཡིན་པར་མོས་པ་ཙམ་ཡིན་གྱི་གནས་ལུགས་དང་མཐུན་པའི་ལྟ་བ་ཡང་དག་པ་ནི་མིན་ཏེ། དཔེར་ན་མུ་སྟེགས་ཕྱེད་ཀྱི་རིག་སྔགས་འགལ་ཞིག་ཀྱང་བཟླ་བའི་ཚེ་རང་ཉིད་རང་མིན་པ་གཞན་དུ་མོས་ནས་བཟླ་དགོས་པར་འདོད་པ་བཞིན་ནོ། །ཡང་ལ་ལས་རྟེན་འབྲེལ་གྱི་སྣང་བ་ཀུན་རྫོབ་ཉིད་ཤིན་ཏུ་གལ་ཆེ་སྟེ། ཅིའི་ཕྱིར་ཞེ་ན། གནས་ལུགས་སྣང་སྟོང་བདེན་གཉིས་ཟུང་དུ་འཇུག་པ་ཞིག་དགོས་སོ་ཞེས་ཟེར་ནས་ཡང་ནས་ཡང་དུ་ཀུན་རྫོབ་རྟེན་འབྲེལ་སྣང་བའི་ཕྱོགས་ལ་ཐུགས་ཞེན་གྱིས་ཧ་ཅང་ཐལ་ཆེས་ཏེ་དོན་དམ་དཔྱོད་པའི་རིགས་པ་གང་གིས་ཀྱང་སྣང་བ་འགོག་མི་རུང་སྟེ། འགོག་ན་ཐ་སྙད་ལ་བསྐུར་པ་བཏབ་ཅིང་ཆད་པའི་ལྟ་བར་འགྱུར་བ་སོགས་སྐྱོན་ཆེ་ཞིང་འགོག་ཀྱང་མི་ནུས་ཞེས་བསྔགས་ཤིང་བསྒྲུབ་ནས་དང་པོ་ལྟ་བ་གཏན་ལ་ཕབ་པར་མཛད་ན་ཡང་། ཉམས་ལེན་དངོས་གཞི་སྣང་སྟོང་ཟུང་འཇུག་གམ་དབྱེར་མེད་ལྟ་བ་སྐྱོང་ཞིང་བསྒོམ་པའི་དུས་ན་ཟུང་འཇུག་གི་ཉམས་ལེན་དོར་བའམ་སྤང་ནས་མེད་རྐྱང་ངམ་མེད་འཛིན་ལ་ཐུགས་བརྩེ་གཏོད་ཅིང་ཉམས་ལེན་གྱི་གནད་དུ་མཛད་པ་འདི་ཡང་དང་པོ་སྣང་སྟོང་བདེན་གཉིས་དབྱེར་མེད་དམ་ཟུང་འཇུག་ཏུ་གཏན་ལ་འབེབ་དགོས་ཞེས་པའི་བཤད་པ་གནས་ལུགས་དང་མཐུན་པའི་བཟང་པོ་མ་ལྟ་བུ་དེ་ཡི་རྗེས་སུ་དངོས་གཞིའི་ཉམས་ལེན་སྣང་སྟོང་དབྱེར་མེད་ཀྱི་བུ་ཆུང་གིས་སླེབ་པར་མ་ནུས་པས་སྣང་སྟོང་ལ་བྲལ་གྱི་སྒོམ་པ་འདི་ཡང་གནས་ལུགས་མཐར་ཐུག་གི་ཉམས་ལེན་མ་ཡིན་པས་མི་འཐད་པར་འགྱུར་རོ། །གཉིས་པ་རང་ལུགས་བཞག་པ་ལ་བཞི། བདེན་གཉིས་ཟུང་འཇུག་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་མདོ་རྒྱུད་མན་ངག་ཟབ་མོའི་ལམ་ཀུན་གྱི་དགོངས་པ་འཁྲུལ་མེད་ཡིན་པར་བསྟན་པ། ཚུལ་དེ་ཉིད་རྟོགས་པའི་གནད་ལས་རྒྱུད་སྡེའི་དབྱེ་བ་བསྟན་པ། དེ་ལ་ལོག་རྟོག་བསལ་བ། དོན་བསྡུ་བའོ། །དང་པོ། དེས་ན་སྔ་འགྱུར་སོགས་ཚིགས་བཅད་བཅུ་གཉིས་ཀྱིས་བསྟན་ཏེ། བདེན་པ་གཉིས་ཀྱི་རང་བཞིན་གཞི་ལམ་འབྲས་བུའི་ཆོས་ཀུན་ལ་སྣང་སྟོང་ངམ་བདེན་པ་གཉིས་ལ་རྩིས་ཆེ་ཆུང་རྒྱུ་བཟང་ངན་དགག་སྒྲུབ་བླང་དོར་གྱི་སྣང་སྟོང་ཡ་བྲལ་དུ་སོང་ན་གནས་ལུགས་དང་འགལ་བས་མི་འཐད་པ་དེས་ན་སྔ་འགྱུར་བའི་གྲུབ་མཐའ་རང་ལུགས་ཡང་དག་པ་འདིར་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་སོགས་གཞི་དང་། བྱང་ཕྱོགས་སོ་བདུན་དང་ཕྱིན་དྲུག་སོགས་ལམ་དང་། བྲལ་སྨིན་གྱི་ཡོན་ཏན་འབྲས་བུའི་ཆོས་སྐད་དམ་ཐ་སྙད་གང་ལ་ཡང་རྟག་དང་མི་རྟག་སྣང་སྟོང་བདེན་གཉིས་སོགས་རྒྱ་གང་དུ་མ་ཆད་ཕྱོགས་གང་དུ་མ་ལྷུང་བའམ་བྲལ་བ་ཡི་སྣང་སྟོང་བདེན་གཉིས་དབྱེར་མེད་དམ་ཟུང་འཇུག་ཁོ་ནའི་རང་གི་གྲུབ་མཐའ་བསྐྱངས་ཏེ་འཇོག་པ་ཡིན་པས་འདི་ལས་གཞན་དུ་སྣང་བ་ཀུན་རྫོབ་དང་ནི་སྟོང་པ་དོན་དམ་པ་ཡ་བྲལ་བ་སྣང་སྟོང་རེ་རེའི་སྟེང་དུ་ནི་གཞི་དང་ལམ་དང་འབྲས་བུ་ཡི་རྣམ་བཞག་ཐམས་ཅད་སྐྱོན་མེད་ཅིག་འཇོག་མི་ནུས་པས་གཞི་ལམ་འབྲས་བུ་གསུམ་ཆར་གང་དང་གང་དུའང་སྣང་སྟོང་བདེན་པ་འདི་གཉིས་ལ་རྩིས་ཆེ་ཆུང་གིས་འདི་སྤང་བྱ་དང་འདི་བླང་བྱའོ་ཞེས་བཟང་ངན་གྱི་དབྱེ་བ་མེད་པས་མགོ་མཉམ་དུ་ཡེ་ནས་གནས་པས་ན་བླང་དོར་དུ་ལྟ་བ་མི་འཐད་དེ། སྣང་བ་ཀུན་རྫོབ་འདི་དང་སྤང་པའི་ཕ་རོལ་ལམ་གཞན་ཞིག་ན་སྟོང་བ་དོན་དམ་པ་ཡང་མེད་པས་མི་རྙེད་ལ། སྟོང་པ་དོན་དམ་པ་སྤང་བའི་ཕ་རོལ་ན་ཀུན་རྫོབ་གཞན་ཞིག་མེད་པ་ཉིད་ཡིན་པའི་ཕྱིར་ཏེ། དཔེར་ན་མེ་ཉིད་སྤང་བའི་ཚ་བ་དང་ཚ་བ་སྤང་བའི་མེ་ཉིད་མེད་པ་བཞིན་ནོ། །དེས་ན་གཞི་ལམ་འབྲས་བུའི་བསྡུས་པའི་ཆོས་གང་སྣང་བ་དེ་ལ་སྟོང་བས་ཁྱབ་པ་དང་གང་སྟོང་པ་དེ་ལ་སྣང་བས་ཁྱབ་པ་གྲུབ་སྟེ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་རྒྱལ་བའི་ཡུམ་ལས་གསུངས་པའི་ཕྱིར། མེ་དང་ཚ་བ་བཞིན་ནོ། །དེ་གང་གི་ཕྱིར་ན་མཆོག་གི་དོན་གཟིགས་དམ་པ་རྣམས་ཀྱིས། སྣང་དེ་ཅིའི་ཕྱིར་སྟོང་པའི་ཕྱིར། སྟོང་དེ་ཅིའི་ཕྱིར་སྣང་བའི་ཕྱིར། ཞེས་གསུངས་པ་བཞིན་ཆོས་གང་སྣང་ན་དེ་རང་གི་ངོ་བོས་ཡེ་ནས་མི་སྟོང་བ་ཞིག་ཡིན་མི་སྲིད་ཅིང་གལ་ཏེ་སྲིད་ན་དེ་འབའ་ཞིག་མ་གཏོགས་པ་གཞན་ཕྱོགས་དུས་ཀྱིས་བསྡུས་པའི་ཤེས་བྱ་གཅིག་ཀྱང་མི་སྲིད་དེ། འདི་ལྟར་རྟག་མཐའ་བཟུང་སྟེ་ཤེས་བྱའི་ཁོང་ན་གཅིག་བདེན་ཞིག་སྲིད་ན་ཆ་མེད་གཅིག་ཡིན་དགོས་པས་གལ་ཏེ་རྡུལ་ཕྲ་རབ་ལྟ་བུ་ཆ་མེད་གཅིག་བདེན་པར་གྲུབ་པར་ཡོད་པར་གྱུར་ན་ཕྱོགས་དུས་ཀྱི་ཤེས་པ་གང་ཇི་སྙེད་པས་དེ་འབའ་ཞིག་དམིགས་དགོས་པ་དང་། ཕྱོགས་དུས་ཀྱིས་བསྡུས་པའི་འཁོར་འདས་ཀྱི་ཆོས་གཅིག་ཀྱང་མི་སྣང་བར་དེ་འབའ་ཞིག་སྣང་དགོས་པ་དང་། མཐར་དེ་ཡུལ་དུ་བྱེད་པའི་ཡུལ་ཅན་གྱི་ཤེས་པ་ཡང་མི་སྲིད་ཅིང་དེ་རང་གི་ངོ་བོ་ལ་ཡང་སྣང་མི་སྣང་དང་ཕྲ་རྡུལ་ཡིན་མིན་གྱི་ཆ་ཡང་མི་སྲིད་པ་ཞིག་དགོས་པས་ཕྱང་ཆད་ནམ་མཁའ་ལྟ་བུ་འབའ་ཞིག་མ་གཏོགས་འཁོར་འདས་ཀྱི་སྣང་སྟོང་ཐ་སྙད་ཐམས་ཅད་ཤེས་བྱ་ལ་མི་སྲིད་པར་ངེས་པར་རྒྱུན་ཆད་དེ་གཏན་མེད་དུ་འབྱུང་དགོས་ནའང་དེ་ལྟར་མ་ཡིན་པར་འཁོར་འདས་ཀྱི་སྣང་རྟོག་བསླུ་མེད་ཀྱི་ཐ་སྙད་འགོག་ཏུ་མེད་པར་ཆེས་བཀྲ་བ་འདི་ཉིད་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པའི་གནད་ཀྱིས་རང་སྣང་བ་ཡིན་པར་ཤེས་པར་བྱའོ། །སྟོང་པ་ཉིད་དེའང་མི་སྣང་བའམ་སྣང་བ་མེད་ན་མི་གྲུབ་པ་ཡིན་པའི་ཕྱིར་ན་ཀུན་མཁྱེན་ཆོས་རྗེས། སྣང་བ་མ་ཡིན་པའི་སྟོང་པ་བདེན་པ་གཉིས་ཆར་མི་སྲིད་པ་དང་རྟོགས་བྱར་མི་རུང་བ་ལ་སོགས་པར་གསུངས་ཤིང་། ཇི་སྐད་དུ་མགོན་པོ་ཀླུས་ཀྱང་། །གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བས། །དེ་ལ་ཐམས་ཅད་རུང་མི་འགྱུར། །ཞེས་དང་། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པར། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། གང་ཞིག་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུངས་མཆོག་ཅེས་སོགས་གསུངས་པ་ཡིན་ནོ། །དེའི་ཕྱིར་དངོས་དང་དངོས་མེད་གཉིས་པོ་ཡང་ཆོས་ཅན་ནམ་སྟོང་གཞིར་བྱས་ནས་རང་རང་ངོ་བོས་སྟོང་དགོས་པའི་ཕྱིར་ན་གང་སྣང་བའི་དངོས་པོ་འདི་ཀུན་བརྟེན་ནས་སྐྱེ་ཤིང་སྣང་བ་རྨི་ལམ་གྱི་བུ་སྣང་ལྟར་དེ་དང་དེར་བཏགས་པ་ཙམ་ཞིག་ལས་དོན་ལ་གྲུབ་པ་མེད་ལ། དངོས་མེད་སྟོང་བའང་བརྟེན་ནས་བརྟགས་པ་རྨི་ལམ་གྱི་བུ་ཤི་བ་ལྟར་བློ་ཡིས་བཏགས་པ་ཙམ་ལས་གྲུབ་པ་མེད་པས་དེ་ལྟར་སྣང་བ་སྟོང་པ་དངོས་དང་དངོས་མེད་སྣང་བཏགས་ཀྱི་རྟེན་འབྲེལ་འདི་ལ་གནས་ལུགས་དཔྱོད་པའི་རིགས་པ་ཡང་དག་པས་དཔྱད་པ་ཟབ་མོས་དྲངས་པའི་སྣང་སྟོང་དབྱེར་མེད་པའི་ངེས་ཤེས་ཟབ་མོ་ལ་སྣང་བ་ཐ་སྙད་བདེན་པ་དང་སྟོང་པ་དོན་དམ་བདེན་པ་འདི་གཉིས་སྣང་བ་ཐབས་དང་སྟོང་པ་ཐབས་ལས་བྱུང་བ་ཉིད་དུ་འཆར་ཞིང་མཐོང་སྟེ། དེའི་ཕྱིར་དེ་གཉིས་ལས་གང་གཅིག་ཤོས་ཡོད་པར་གྱུར་ན་ནི་གཅིག་ཤོས་དེ་ཡང་མེད་པ་ཉིད་མི་སྲིད་པས་ཆུ་དང་བརླན་ལྟར་ཡེ་ནས་འདུ་འབྲལ་མེད་པར་གནས་པས་སོ་སོར་བྱར་མེད་པ་དེ་ཡི་ཕྱིར་ན་གཞི་ལམ་འབྲས་གསུམ་གང་ལ་ཡང་སྣང་བ་དང་དེའི་སྟོང་པ་ཉིད་དག་སོ་སོའི་ཆར་ནི་གཉིས་འཛིན་ཅན་གྱིས་ཤེས་ཤིང་རྟོག་ན་ཡང་གནས་ལུགས་ཀྱི་དོན་དུ་ནམ་ཡང་སོ་སོར་དབྱེ་བ་ཡེ་ནས་མེད་པ་དེ་ཡི་ཕྱིར་ན་སྣང་སྟོང་འདི་གཉིས་སྲད་བུ་དཀར་ནག་བསྒྲིལ་བ་དང་གཅིག་རྗེས་སུ་གཅིག་བྱུང་བ་ལྟ་བུ་མ་ཡིན་པར་མེ་དང་ཚ་བ་ལྟར་དབྱེར་མེད་པ་ཡིན་ལ་དེ་མཚོན་པའི་བརྡར་ཐ་སྙད་དུ་མདོ་དང་རྒྱུད་སྡེར་སྟོང་རྟེན་འབྱུང་ངམ་ཐབས་ཤེས་སམ་སྣང་སྟོང་ཟུང་འཇུག་ཅེས་བརྗོད་དེ། དེ་ཡང་ལྷ་ཡི་བུ་རབ་རྩལ་སེམས་ཀྱི་ཞུས་པའི་མདོ་ལས། ཤེས་རབ་དང་ནི་ཐབས་ཤེས་པ། །དེ་གཉིས་ཀུན་ཏུ་འདྲེས་གྱུར་ཅིང་། །གཉིས་ཀ་ཟུང་དུ་འཇུག་འགྱུར་ན། །དེས་ནི་དམ་པ་རྟོགས་པ་འགྱུར། །ཞེས་གསུངས་པས་སོ། །དེ་ལྟར་སྣང་སྟོང་དབྱེར་མེད་པའི་གནས་ལུགས་ཡང་དག་པ་མཐོང་བའི་ངེས་ཤེས་ཟབ་མོ་ནི་སྣང་སྟོང་གང་གི་མཐར་ལྷུང་བ་མེད་པའི་ཕྱིར་སྣང་སྟོང་སོ་སོའི་ཕྱོགས་སུ་ལྷུང་བའི་ངེས་ཤེས་ནི་གནས་ལུགས་མཐར་ཐུག་དང་མཐུན་པའི་ངེས་ཤེས་སུ་མི་འགྱུར་རོ། །དེས་ན་གནས་ལུགས་ཡང་དག་པར་དཔྱོད་པའི་ཤེས་རབ་ཟབ་མོའི་ངོར་གང་སྣང་བ་དང་དེའི་སྟོང་པ་ཉིད་འདི་གཉིས་པོ་ཡོད་ན་ཡོད་མཉམས་དང་། མེད་ན་མེད་མཉམས་ཡིན་པས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་གྱིས་དབྱེ་བར་འདོད་ཅིང་། དེ་ཡང་དང་པོའི་ལས་ཅན་གྱི་གང་ཟག་རྣམས་ལ་སྣང་སྟོང་འདི་གཉིས་དགག་བྱ་དང་འགོག་བྱེད་ལྟ་བུར་སོ་སོར་སྣང་བར་འགྱུར་ལ་དེ་ཚེ་སྣང་སྟོང་གཉིས་གཅིག་ཏུ་འདྲེས་པ་མེད་པས་ད་དུང་གཅིག་ཏུ་འདྲེས་པའི་སྣང་སྟོང་ཟུང་འཇུག་མཐོང་བ་མ་ཡིན་ནོ། །དེས་ན་གང་སྣང་བའི་ཆོས་ཀུན་གདོད་ནས་སྟོང་ཞིང་སྟོང་པའི་གནད་ཀྱིས་རྟེན་འབྱུང་དུ་རང་འཆར་བར་ངེས་ཤེས་བསྐྱེད་པ་དང་། དེས་ན་སྣང་སྟོང་དབྱེར་མེད་དམ་ཟུང་འཇུག་དང་། སྤྲོས་བྲལ་དང་མཉམ་པ་ཉིད་དེ་དབུ་མའི་ལྟ་རིམ་བཞིན་རང་རྒྱུད་ལ་རིམ་པར་བསྐྱེད་ཅིང་འབྱུང་དགོས་པ་ཡིན་ལ། དེའི་ཕྱིར་ནམ་ཞིག་ན་ཆོས་ཀུན་ཡེ་ནས་སྟོང་པའི་རང་བཞིན་ཉིད་ནི་རང་གསལ་བའམ་སྣང་བར་འཆར་བ་ལ་ཡིད་ཆེས་ཐོབ་སྟེ་སུས་ཀྱང་མི་འཕྲོག་པའི་ངེས་ཤེས་ཟབ་མོ་འཐོབ་ལ། དེ་ཡང་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་ནས་ཏེ་ཡེ་ནས་སྟོང་པ་ཉིད་ཡིན་པའི་གནད་ཀྱིས་རྟེན་འབྱུང་དུ་རང་སྣང་བ་ཡིན་པ་དང་སྣང་བ་འདི་དག་རྟེན་འབྱུང་ཡིན་པའི་གནད་ཀྱིས་སྟོང་པ་ཡིས་ཏེ་ཡེ་སྟོང་དེའི་རང་བཞིན་ཡིན་པས་ན་སྟོང་བཞིན་དུ་སྣང་ལ་སྣང་བཞིན་དུ་སྟོང་པར་མཐོང་བས་སྣང་སྟོང་ཟུང་འཇུག་གི་ངེས་ཤེས་མཆོག་ཏུ་སྐྱེ་བར་འགྱུར་བ་ཉིད་ཡིན་ལ། དེ་ལྟར་གནས་ལུགས་སྣང་སྟོང་ཟུང་འཇུག་ཏུ་སྣང་བ་འདི་ནི་ངེས་དོན་གྱི་མདོ་དང་རྒྱུད་སྡེ་དང་མན་ངག་གི་ལམ་ཟབ་མོ་ཀུན་གྱི་རྩ་བའམ་སྙིང་པོ་སྟེ་ཐོས་བསམ་ཡང་དག་པའི་ལམ་གྱིས་གནས་ལུགས་ལ་སྒྲོ་འདོགས་ཐམས་ཅད་ལེགས་པར་ཆོད་པའི་དོན་ཡང་དག་པའི་ལྟ་བ་འཁྲུལ་བའི་དྲི་མ་མེད་པ་ཉིད་ཡིན་ནོ། །གཉིས་པ། གནད་དེ་ཇེ་བས་སོགས་ཚིག་བཅད་དགུ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། གོང་དུ་ཇི་སྐད་བསྟན་པའི་བདེན་གཉིས་སམ་སྣང་སྟོང་ཟུང་འཇུག་མཉམ་པ་ཆེན་པོར་མཐོང་བའི་གནད་དེ་གོང་ནས་གོང་དུ་ཇེ་བས་ཇེ་ཟབ་ཏུ་ཇི་བཞིན་རྟོགས་ཤིང་གོམས་པས་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་དང་གཉིས་སུ་མེད་པའི་ཀུན་རྫོབ་ཀྱི་སྣང་བ་གང་ཇི་སྙེད་པ་ལ་ཡང་རང་མཚན་ཐ་མལ་གྱི་ཞེན་པ་རིམ་གྱིས་སྤོང་བར་འགྱུར་བས་དབྱིངས་སྣང་ཡེ་ཤེས་ལྷར་ཡེ་ནས་དག་པའི་གནས་ཚུལ་ཡང་དག་པ་གནས་སྣང་མཐུན་པའི་སྣང་བ་གོང་འཕེལ་དུ་དག་པའི་སྟོབས་ཀྱིས་རྒྱུད་སྡེའི་ཐེག་པའི་ལྟ་རིམ་གྱིས་ཁྱད་པར་དེ་ལྟར་སྣང་བ་ཡིན་ཏེ་མདོར་ན་སྣང་སྟོང་ངམ་དབྱིངས་ཡེ་གཉིས་སུ་མེད་པར་ཟུང་དུ་ཆུབ་པའི་གནད་མཐོང་གོམས་ཀྱི་ཁྱད་པར་ལས་དབྱིངས་དང་གཉིས་སུ་མེད་པའི་གནད་ཀྱིས་སྣོད་བཅུད་ཡེ་ནས་ལྷར་དག་པའི་དག་མཉམ་གྱི་ལྟ་བའི་མཐོང་བ་དག་ཚུལ་གྱིས་རྒྱུད་སྡེ་རིན་པོ་ཆེའི་མཐོ་དམན་གྱི་དབྱེ་བ་འཇོག་གི་གཞན་དུ་སྣོད་བཅུད་ཀྱི་སྣང་བ་མིན་པ་ལ་ལྷར་མོས་པའི་ཁྱད་པར་ལས་རྒྱུད་སྡེའི་མཐོ་དམན་དུ་མི་འབྱེད་ལ། དེའི་ཕྱིར་ན་སྣོད་བཅུད་ཀྱི་སྣང་བ་ཡེ་ནས་ལྷ་མ་ཡིན་པ་ལ་ཡིད་ཀྱིས་ལྷ་དང་དཀྱིལ་འཁོར་དུ་མོས་པས་བསྒོམ་པ་ཙམ་ཞིག་དང་། ཡེ་ནས་སྣོད་བཅུད་དག་པའི་ལྷར་སྣང་བའི་ངེས་ཤེས་ཀྱི་ལྟ་བ་མཐོང་གོམས་ཀྱིས་གདེངས་སུ་གྱུར་པ་གཉིས་གནམ་ས་བཞིན་ཡིན་པས་མཚུངས་པའི་གོ་སྐབས་རྣམ་པ་ཀུན་ཏུ་མི་སྲིད་དེ་དཔེར་ན་དབུ་མས་ཆོས་རྣམས་ཡེ་ནས་རང་བཞིན་གྱིས་སམ་བདེན་པའི་སྟོང་པ་ཉིད་དུ་ངེས་པ་གང་ཡིན་པ་དེ་ནི་དབུ་མའི་ལྟ་བ་ཡིན་ལ་བྲམ་ཟེས་ནད་པ་རྣམས་ལ་སྔགས་འདེབས་པའི་ཚེ་ན་ནད་མེད་པར་ཡིད་ཀྱིས་མོས་པ་དབུ་མའི་ལྟ་བ་མིན་པ་བཞིན་ནོ། །དེས་ན་ཚུལ་མཐོང་གི་སྤྱོད་ཡུལ་ལས་འདས་པའི་སྣང་སྟོང་ངམ་དབྱིངས་ཡེ་གཉིས་སུ་མེད་པའི་དོན་དམ་ཟབ་མོའི་གནས་ལུགས་ཇི་བཞིན་རྟོགས་པ་ཡིས་ཀུན་རྫོབ་ཀྱི་སྣང་བ་གང་ཇི་སྙེད་པ་ཡེ་ནས་དག་པའི་ལྷ་རུ་སུས་ཀྱང་མི་འཕྲོག་པའི་ཡིད་ཆེས་ཀྱི། དེ་ལས་གཞན་དུ་ཚུལ་མཐོང་འཁྲུལ་བའི་ཀུན་རྫོབ་ཀྱི་སྣང་ཚུལ་འདི་ཁོ་ན་ལ་གནས་ནས་སྣོད་བཅུད་ལྷ་རུ་ཇི་ལྟར་འགྲུབ་སྟེ་མི་སྲིད་དོ། །དེའི་ཕྱིར་གཟུང་འཛིན་འཁྲུལ་བའི་སྣང་བ་འདི་ཉིད་མིན་པའི་འཁོར་བ་ཞེས་བྱ་བ་ངན་པ་ཞིག་གཞན་དུ་གྲུབ་པ་མེད་ལ། འཁོར་བ་དེ་སྤོང་བར་བྱེད་ལམ་མཐོ་དམན་གྱི་དབྱེ་བ་ཇི་སྙེད་པ་རྣམས་ཀྱང་དོན་དམ་སྟོང་ཉིད་ཁོ་ནའི་ངོས་ནས་འཇོག་ནུས་པ་མིན་ཏེ། དོན་དམ་སྟོང་པའི་དབྱིངས་དེ་ཚུལ་གཅིག་ཉིད་ཡིན་པའི་ཕྱིར་དབྱེ་བར་མི་ནུས་པས་མཐོ་དམན་གྱི་དབྱེ་བ་མེད་དོ། །འོ་ན་ཅི་ཞེ་ན། ཆོས་ཅན་ཀུན་རྫོབ་ཀྱི་སྣང་བ་འོད་གསལ་བའི་ཆ་ཇི་སྙེད་པ་འདི་ཀུན་ཆོས་ཉིད་དོན་དམ་པ་དབྱིངས་རྣམས་པར་དག་པའི་གཤིས་སུ་སོན་པའི་སྣང་སྟོང་ངམ་དབྱིངས་ཡེ་ཟུང་དུ་འཇུག་པའི་གནད་མཐོང་གོམས་ཀྱི་བློ་གྲོས་ཀྱི་ནུས་པ་གོང་འཕེལ་དུ་སྣང་བ་ལྷར་ཇི་ལྟར་དག་པའི་ཚུལ་གྱི་རིམ་པ་ལ་བརྟེན་ནས་བྱ་བ་ཡི་རྒྱུད་དང་ཆ་མཉམ་སྤྱོད་རྒྱུད་དང་རྣལ་འབྱོར་རྒྱུད་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ་རྒྱུད་སྡེ་རིན་པོ་ཆེའི་དབྱེ་བ་བཞིའམ་དྲུག་ཏུ་བསྟན་པ་ཡིན་ནོ། །དེས་ན་སྣང་སྟོང་བདེན་པ་གཉིས་སོ་སོ་བའམ་རེ་རེ་རྐྱང་པ་ཡིས་རྒྱུད་སྡེའི་མཐོ་དམན་འཇོག་པ་གང་དག་མི་འཐད་པས་མི་འབྱེད་ཀྱང་ཇི་ལྟར་ན་སྣང་སྟོང་ངམ་དབྱིངས་ཡེ་དབྱེར་མེད་དམ་བདེན་གཉིས་ཟུང་དུ་འཇུག་པ་ཡི་གནས་ལུགས་ཟབ་མོའི་ལྟ་བ་ལ་ཅི་ཙམ་མཐོང་གོམས་ཀྱི་ཡིད་ཆེས་ཟབ་མོ་ཅི་ཙམ་ཐོབ་པ་ཡི་ལྟ་བའི་ཁྱད་པར་དེ་ཙམ་བཞིན་དུ་ལམ་ཉམས་ལེན་གྱི་བསྒོམ་པ་དང་སྤྱོད་པའི་ཁྱད་པར་གྱི་གནད་རྣམས་ཀྱང་དེ་ཡི་རྗེས་སུ་འབྲང་བ་ཡིན་པས་དེ་ཙམ་གྱིས་རྒྱུད་སྡེའི་མཐོ་དམན་གྱི་ཁྱད་པར་འབྱེད་པ་ཡིན་ནོ། །དེ་ཡི་ཕྱིར་ན་སངས་རྒྱས་ལས་ཀྱང་འཕྲད་པར་དཀའ་བའི་གསང་སྔགས་བླ་ན་མེད་པའི་རྡོ་རྗེའི་ཐེག་པ་རིན་པོ་ཆེ་སྙིགས་དུས་ཀྱི་ཚེ་ལུས་གཅིག་གིས་གྲོལ་བ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བདེ་མྱུར་དུ་སྟེར་བའི་ལམ་ཟབ་མོ་མ་ནོར་བ་ཇི་བཞིན་ཉམས་སུ་ལེན་པར་བཞེད་ན་སེམས་ཅན་གྱི་རྒྱུད་ཀྱི་ཁྱད་པར་ལས་བལྟ་བྱ་ཆུ་ལྟ་བུ་གཅིག་ལ་མཐོང་བ་མི་གཅིག་པ་རིགས་དྲུག་གི་འགྲོ་བས་ཁྲོ་ཆུ་དང་རྣག་དང་གནས་ཁང་དང་ཆུ་དང་བདུད་རྩི་དང་རྣལ་འབྱོར་བས་མ་མ་ཀི་ལ་སོགས་པ་མི་འདྲ་བ་ཐ་དད་པར་མཐོང་བའི་ཆུ་ཡི་དཔེ་ཇི་ལྟ་བ་བཞིན་དུ་རྒྱུད་དག་པའི་འཕགས་པ་ཆེན་པོས་ཇི་ལྟར་གཟིགས་པ་ལ་བརྟེན་པའི་ཀུན་ཏུ་ཐ་སྙད་པའི་ཚད་མའི་སྒོ་ནས་སྣོད་བཅུད་ཀྱི་སྣང་བ་ཡེ་ནས་དག་པ་རབ་འབྱམས་སྣང་སྲིད་གཞིར་བཞེངས་ཀྱི་ལྷ་སྔགས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གྲུབ་ཅིང་བསྒྲུབ་པ་ལ་སྐལ་བ་དང་ལྡན་པ་སུ་ཞིག་ཡིད་མི་ཆེས་པར་འགྱུར་ཏེ་ཤིན་ཏུ་ཡིད་ཆེས་སུས་ཀྱང་བཟློག་ཏུ་མེད་པ་སྐྱེ་བར་འགྱུར་རོ། །གསུམ་པ་དེ་ལ་ལོག་རྟོག་བསལ་བ་ལ་གསུམ། འཁོར་བའི་རང་བཞིན་མ་དག་པར་འདོད་པའི་ལོག་རྟོག་བསལ་བ། རྒྱུད་སྡེ་ལ་ལྟ་བའི་མཐོ་དམན་མེད་པར་འདོད་པའི་ལོག་རྟོག་བསལ་བ། ལྟ་བའི་དབང་གིས་ཐེག་དགུར་འཇོག་པའི་རྒྱུ་མཚན་བསྟན་པའོ། །དང་པོ། གལ་ཏེ་དེ་ལྟར་སོགས་ཚིགས་བཅད་ལྔ་དང་རྐང་པ་གསུམ་གྱིས་བསྟན་ཏེ། གལ་ཏེ་སྣོད་བཅུད་སྣང་གྲགས་རིགས་གསུམ་ཡེ་ནས་དག་པ་ལྷ་སྔགས་ཡེ་ཤེས་སུ་གྲུབ་པར་གོང་དུ་བསྟན་པ་དེ་ལྟར་མ་ཤེས་ནས་སྡུག་བདེན་འཁོར་བའི་རང་བཞིན་ལས་ཉོན་ཀུན་འབྱུང་གི་འབྲས་བུ་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་སྣོད་བཅུད་སྣང་ཚུལ་མ་དག་པར་སྣང་བ་དེ་ལྟར་དོན་ལའང་མ་དག་པར་འདོད་བཞིན་དུ་སྣང་བ་ཐམས་ཅད་དག་པའི་རྟེན་དང་བརྟན་པའི་ལྷ་རུ་བསྒོམས་པས་ལྷ་དང་དཀྱིལ་འཁོར་དུ་གྲོལ་བར་འདོད་ཀྱང་འདོད་པའི་གྲུབ་འབྲས་མངོན་དུ་མི་འབྱིན་ཏེ་དཔེར་ན་རང་ལུས་ངན་སྐྱུག་གི་བུམ་པར་འདྲ་བ་ཡི་དམ་བདེ་དགྱེས་འཇིགས་གསང་སོགས་སུ་བསྒོམ་པ་དྲི་བཟང་གིས་ལེགས་པར་བྱུགས་པ་དང་འདྲར་ཏེ་འདྲ་བར་སྣོད་བཅུད་ལྷ་དང་དཀྱིལ་འཁོར་མིན་པ་ལ་ལྷ་དང་དཀྱིལ་འཁོར་དུ་ཡིན་ནོ་སྙམ་དུ་བསྒོམས་པ་རྡོ་རྗེ་ཐེག་པའི་ཁྱད་ཆོས་སུ་སེམས་ཤིང་འདོད་པ་དེས་ཀྱེ་མ་འཁོར་འདས་དབྱེར་མེད་མཉམ་པ་ཉིད་མི་ཕྱེད་པའི་རྡོ་རྗེ་ཐེག་པའི་ལྟ་བ་དང་བསྐྱེད་རྫོགས་ཀྱི་སྒོམ་པ་ཐམས་ཅད་རི་མོའི་མར་མེ་བཞིན་དུ་གཟུགས་བརྙན་ཙམ་དུ་བས་པར་འགྱུར་རོ། །དེས་ན་སྣོད་བཅུད་ཀྱི་ཆོས་གང་ཇི་སྙེད་པ་གནས་ཚུལ་ཡང་དག་པའི་དོན་ལ་ལྷ་དང་དཀྱིལ་འཁོར་དུ་ཡེ་ཤེས་གནས་སུ་ཟིན་ཀྱང་དེ་ལྟར་མ་རྟོགས་པའི་ཚུལ་མཐོང་བྱིས་པས་ཀུན་ཏུ་ཐ་སྙད་པའི་ངོར་གནས་སྣང་མི་མཐུན་པར་སྣང་ཚུལ་ལ་མ་དག་པར་སྣང་ན་ཡང་སྣང་དུས་ཉིད་ནས་ཡེ་ནས་དག་པ་ཆེན་པོར་གནས་པར་མ་མཐོང་བ་དེ་ནི་ཚུར་མཐོང་མ་དག་པ་འཁྲུལ་བས་གྲུབ་པའི་མཐའ་ཉིད་ཡིན་ལ། འཕགས་པའི་གཟིགས་པ་ལ་བརྟེན་པའི་ཀུན་ཏུ་ཐ་སྙད་པའི་ཚད་མའི་ངོར་སྣོད་བཅུད་ཀྱི་གནས་ཚུལ་སྟོང་པའི་དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་ལྷ་དང་དཀྱིལ་འཁོར་དུ་སྣང་བ་གནས་སྣང་མཐུན་པ་ཇི་ལྟ་བ་བཞིན་དུ་འཕགས་ཆེན་རྣམས་ཀྱིས་ཡང་དག་པར་གཟིགས་པའི་དོན་ཉིད་གང་གིས་མི་བྱེད་པའི་རྡོ་རྗེའི་ཐེག་པའི་གྲུབ་པའི་མཐར་སྨྲ་ཞིང་མཆོག་ཏུ་འདོད་པ་ཡིན་ནོ། །དེའི་ཕྱིར་སྣོད་བཅུད་ཐམས་ཅད་ཡེ་ནས་ལྷའི་དཀྱིལ་འཁོར་དུ་དག་པའི་རྟེན་དང་བརྟེན་པར་མིན་ནོ་སྙམ་དུ་མ་དག་པར་ལྟ་བཞིན་དུ་དག་པ་ལྷའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་ཡིན་ནོ་སྙམས་པའི་སྒོམ་པ་གང་ཡིན་པ་དེ་གཉིས་སྣང་མུན་ལྟར་འགལ་འདུའི་རང་རྟགས་ཤིན་ཏུ་གསལ་བར་ངོམས་པ་ཡི་ལམ་དེ་ནི་རྡོ་རྗེ་ཐེག་པའི་ལམ་གྱི་གཟུགས་བརྙན་ལས་ཀྱང་གཟུགས་བརྙན་ཉིད་ཡིན་ཏེ་དེ་ལྟར་ཅི་ཙམ་འབད་པས་བསྒོམ་པར་བྱས་ཀྱང་མཐར་འབྲས་སྣོད་བཅུད་ལྷ་དང་དཀྱིལ་འཁོར་དུ་དག་པའམ་གྲོལ་བ་ཉིད་མི་ཐོབ་སྟེ། དཔེར་ན་སོལ་བ་ནག་པོ་འབད་པའི་ཅི་ཙམ་བཀྲུས་པས་ཀྱང་མི་དཀར་བའམ་དཀར་བར་མི་འགྱུར་བ་བཞིན་ནོ། །གལ་ཏེ་སྣོད་བཅུད་ཡེ་ནས་ལྷར་དག་པ་ཉིད་མིན་ཀྱང་ལྷ་ཡིན་ནོ་སྙམས་པས་བཅོས་མའི་བསྒོམ་པ་དེ་ཙམ་གྱིས་འབྲས་བུ་སྣོད་བཅུད་ལྷར་དག་པའམ་གྲོལ་བ་ཐོབ་པར་འགྱུར་ན་ནི་དོན་དམ་དཔྱོད་པའི་རིགས་ལམ་གྱིས་ངོ་བོས་སམ་བདེན་པའི་སྟོང་པ་ཉིད་ལ་ངེས་ཤེས་ཅི་ཡང་མེད་བཞིན་དུ་ཕྱི་རོལ་མུ་སྟེགས་ཉི་མ་པ་རྣམས་ཀྱིས་སྣང་བ་སྤངས་པའམ་མེད་པས་སྟོང་པ་སོགས་བསྒོམ་པས་ཀྱང་རང་བཞིན་ནམ་བདེན་པས་སྟོང་པ་ཉིད་ཡང་དག་པར་མཐོང་སྟེ་ཉོན་མོངས་པ་སྤོང་བར་འགྱུར་རིགས་དགོས་པས་ཤིན་ཏུ་མི་འཐད་པ་ཞིག་གོ། །གཉིས་པ། བྱ་སྤྱོད་བླ་མེད་སོགས་ཚིགས་བཅད་གསུམ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལ་རྡོ་རྗེ་ཐེག་པ་བྱ་བ་སྤྱོད་པ་རྣལ་འབྱོར་བླ་ན་མེད་པ་སོགས་རྒྱུད་སྡེ་བཞིའམ་དྲུག་ལ་གནས་ལུགས་མཐོང་བའི་ལྟ་བའི་མཐོ་དམན་ཅི་ཡང་མེད་པར་གྱུར་ན་ཤིན་ཏུ་མི་འཐད་པའི་སྐྱོན་གཉིས་ཏེ། དེ་ཇི་ལྟར་ན་སྣང་སྲིད་ཐམས་ཅད་ཡེ་ནས་བཟང་ངན་གཉིས་ཆོས་དང་བྲལ་བའི་དག་མཉམ་ཆེན་པོར་རྟོགས་པ་ཡི་ལྟ་བ་ལ་གོམས་པ་གདེངས་དུ་གྱུར་པའི་རྣལ་འབྱོར་པ་མཆོག་ཡིན་བཞིན་དུ་བདག་དམ་ཚིག་པ་དང་ལྷ་ཡེ་ཤེས་པ་ལ་བཟང་ངན་དང་། གཙང་བ་དང་མི་གཙང་བ་སོགས་འདོད་ཡོན་ལ་བླང་དོར་སོ་སོར་ནི་གནས་ལུགས་ལ་མེད་པས་མ་མཐོང་བཞིན་དུ་བླང་དོར་མེད་པ་ལ་བླང་དོར་གྱི་དབྱེ་བ་སྣ་ཚོགས་པས་ངལ་བ་དང་དུ་ལེན་ན་རང་གི་རང་ལ་ཤེས་བཞིན་དུ་བླང་དོར་སྣ་ཚོགས་པས་དོན་མེད་པར་སྡུག་བསྔལ་གྱིས་གནོད་པ་བྱེད་པར་ཟད་དོ། །ཡང་ན་བྱ་རྒྱུད་སོགས་རྒྱུད་སྡེ་འོག་མ་བཞིན་དུ་བདག་དང་ལྷ་ལ་བཟང་ངན་དང་གཙང་སྨེ་སོགས་བླང་དོར་ཡོད་པ་ཉིད་དུ་སོ་སོར་ཞེན་ཅིང་ཆགས་བཞིན་དུ་བླ་ན་མེད་པའི་རྒྱུད་ཀྱི་དག་མཉམ་གྱི་དགོངས་སྤྱོད་ཟབ་མོ་སྦྱོར་སྒྲོལ་དང་ཤ་ཆང་སོགས་བླང་དོར་མེད་པར་མཉམ་པ་ཉིད་ཡིན་ཅེས་འདོད་ཡོན་ལ་རང་གར་སྤྱོད་པར་བྱེད་ན་བླ་ན་མེད་པའི་དག་མཉམ་བླང་དོར་མེད་པའི་དགོངས་སྤྱོད་ཟབ་མོ་ཉམས་འོག་དུ་མ་ཆུད་བཞིན་དུ་དེ་ལྟར་སྤྱོད་པ་ནི་མ་རྟོགས་ཐོ་ཅོའི་སྤྱོད་པ་ཞེས་མདོ་རྒྱུད་ཀུན་ནས་རྒྱལ་བས་ཡང་ཡང་སྨད་པར་འགྱུར་བ་དེ་མིན་ནམ་སྟེ་ཡིན་ནོ། །གསུམ་པ། ཇི་ལྟ་ཇི་ལྟར་སོགས་ཚིགས་བཅད་གསུམ་གྱིས་བསྟན་ཏེ། དེ་ལ་ཇི་ལྟ་ཇི་ལྟར་གནས་ལུགས་སྣང་སྟོང་ངམ་དག་མཉམ་དབྱེར་མེད་ཟུང་འཇུག་དོན་ཇེ་བས་ཇེ་ཟབ་གོང་འཕེལ་དུ་མཐོང་བའི་རིམ་པའི་ངེས་ཤེས་ཟབ་མོ་ལྟ་བར་བརྗོད་ཅིང་འདོད་ལ་ལྟ་བས་ཇི་ལྟར་ཇི་ལྟར་གཏན་ལ་ཕབ་ཅིང་ཐག་བཅད་པ་དེ་དང་དེ་བཞིན་དུ་བསྒོམ་པས་ཉམས་སུ་བླང་བ་དང་སྤྱོད་པས་ལ་དོར་ཞིང་སྐྱོང་དགོས་པ་ཡིན་ལ་དེས་ན་ཐེག་པ་གོང་འོག་གི་རིམ་པ་ནི་ལྟ་བའི་མཐོ་དམན་གྱིས་འབྱེད་དགོས་པ་ཡིན་པའི་ཕྱིར་གཞན་དུ་བསམ་པར་མི་བྱའོ། །དེ་ལྟ་ནའང་ཐེག་པའི་རིམ་པ་དགུར་མ་ངེས་སོ་ཤེ་ན། དེ་ནི་ཤིན་ཏུ་ངེས་ཏེ། ཇི་ལྟ་ན་ནང་བའི་གྲུབ་མཐའ་ཀུན་ལས་དམའ་ཤོས་ཉན་ཐོས་ཀྱི་ཐེག་པ་ནས་མཐར་ཕྱིན་རྡོ་རྗེ་རྩེ་མོའི་ཨ་ཏི་ཡོ་གའི་ཐེག་པའི་བར་སྡེ་ཚན་དགུ་ཡི་གྲངས་སུ་ནི་འཇོག་པའི་རྒྱུ་མཚན་ཡང་དག་པ་དང་དབང་པོ་རབ་འབྲིང་ཐ་གསུམ་རེ་རེ་ལའང་དབང་པོ་ཐ་མའི་ཐ་མ་ཐ་མའི་འབྲིང་ཐ་མའི་རབ་སོགས་གསུམ་གསུམ་དུ་དབྱེ་བ་ལ་སོགས་པ་ཡོད་པའི་ཕྱིར་ཡིན་ཏེ། དཔེར་ན་ཐེག་པ་མཐོ་དམན་དང་དབྱེ་བསྡུ་མང་དུ་ཡོད་ཀྱང་ཐེག་པ་གསུམ་ལ་སོགས་པར་གདུལ་བྱའི་ཁམས་དབང་མོས་པ་སོགས་ལ་ལྟོས་ཏེ་དགོངས་པས་བཞག་པ་ཇི་ལྟ་བ་དེ་བཞིན་དུ་ཡིན་ནོ་ཞེས་སོ། །བཞི་པ་དོན་བསྡུ་བ་ནི། དེས་ན་ནང་གི་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། གོང་དུ་ཇི་སྐད་བསྟན་པ་དེས་ན་བདེན་གཉིས་ཟུང་འཇུག་གི་གནས་ལུགས་དག་པ་ཆེན་པོ་མཐོང་བའི་ནང་གི་ཡེ་ཤེས་ཀྱི་སྟོབས། ཇི་ལྟ་ཇི་ལྟར་སྟོབས་འཕེལ་བར་གྱུར་བ་དེ་ལྟ་དེ་ལྟར་སྣོད་བཅུད་རྣམས་གནས་སྣང་མཐུན་པར་དག་པར་མཐོང་བ་དང་ནང་གི་ཡེ་ཤེས་ཀྱི་སྟོབས་ཅི་ཙམ་ཞེན་པ་དེ་ཙམ་དུ་གནས་སྣང་མི་མཐུན་པ་མ་དག་པར་མཐོང་བ་སྟེ་དེ་ལྟར་དག་པ་དང་མ་དག་པར་སོ་སོར་མཐོང་བ་ཡིན་ལ། དེ་ཡི་ཕྱིར་སྣང་སྟོང་ཡེ་ནས་འདུ་འབྲལ་སྤང་བས་དབྱེར་མེད་དམ་ཟུང་འཇུག་ཏུ་གནས་པ་གཞི་ཡིན་ལ། གཞི་དེ་བདེན་གཉིས་ཟུང་འཇུག་དབྱེར་མེད་པའི་ཚུལ་གྱིས་ཇི་ལྟ་བ་བཞིན་དུ་རྟོགས་པ་ལམ་ཡིན་ལ། ལམ་དེ་ཇི་བཞིན་གོམས་པ་མཐར་ཕྱིན་པ་ལས་ཆོས་གཟུགས་ཀྱི་སྐུ་གཉིས་ཟུང་འཇུག་མཐར་ཐུག་གི་ཡེ་ཤེས་མཆོག་ཉིད་ཐོབ་པར་གྱུར་པ་ནི་འབྲས་བུ་ཡང་དག་པའོ། །སྟོང་དེ་ཅིའི་ཕྱིར་རང་བཞིན་སྣང་བའི་ཕྱིར། སྣང་དེ་ཅིའི་ཕྱིར་ངོ་བོས་སྟོང་པའི་ཕྱིར། །སྣང་སྟོང་ཡེ་ནས་འདུ་འབྲལ་སྣང་པའི་ཕྱིར། །ཟུང་འཇུག་འདི་ལས་གཞན་གང་གཙོ་ཞེས་བྱ། །ཞེས་ཀྱང་སྨྲས་སོ། །དྲི་ལན་དྲུག་པ་སྣང་བ་གཅིག་ཉིད་མི་གཅིག་པར་མཐོང་བའི་ཐུན་མོང་གི་བལྟ་བྱ་གང་འཐད་ལ་གཉིས། མི་འཐད་པ་གཞན་ལུགས་སོ་སོར་དགག །འཐད་ལྡན་རང་ལུགས་བཞག་པའོ། །དང་པོ། ཆུ་གཅིག་འགྲོ་བ་སོགས་ཚིགས་བཅད་བཅུ་བཞིས་བསྟན་ཏེ། འདི་ལྟར་སྣང་བའི་ཆུ་གཅིག་ལ་རིགས་དྲུག་གི་འགྲོ་བ་ལས་སྣང་མི་གཅིག་པ་སོ་སོ་ལ་ཁྲོ་ཆུ་དང་རྣག་ལ་སོགས་པ་མི་གཅིག་པའི་དངོས་པོར་སྣང་བའི་ཚེ་ན་དེ་ལ་ལ་ལས་ཐུན་མོང་གི་བལྟ་བྱ་ཡོད་པར་འདོད་པ་སྟེ་དེ་གང་ཞེ་ན་ཆུ་ཉིད་ཡིན་ལ་དེ་མཐོང་བའི་ཡུལ་ཅན་རྣམས་ཀུན་ཀྱང་ཚད་མ་ཡིན་ཞེས་ཟེར་བ་ཡང་མི་འཐད་དེ། ཆུ་ལ་རང་བཞིན་གྱིས་གྲུབ་པའི་བལྟ་བྱ་ཐུན་མོང་པ་འགའ་ཞིག་ཚད་མས་གྲུབ་པ་ཡོད་ཅིང་རིགས་དྲུག་གི་འགྲོ་བས་དེ་དང་དེ་མཐོང་ཞིང་ཡུལ་ཅན་རྣམས་ཚད་མ་ཡིན་ན་ཆུ་གཙང་མ་ལ་རྣག་ཏུ་མཐོང་བ་ལ་སོགས་པའི་རིགས་དྲུག་གིས་མཐོང་བ་སོ་སོ་པ་ལ་ཚད་མ་དང་ཚད་མིན་གྱི་དབྱེ་བ་མེད་པས་འཁྲུལ་བ་ཞིག་གཏན་ནས་མི་སྲིད་ཅིང་། གལ་ཏེ་སོ་སོའི་ཡུལ་སྣང་རྣག་དང་ཆུ་སོགས་རང་རང་ལ་གང་སྣང་བ་དེ་གཞན་དང་ཐུན་མོང་མིན་པར་གྱུར་ན་ཀ་བ་དང་བུམ་པ་གཉིས་མཐོང་བའི་བློ་ལ་ཐུན་མོང་བའི་བལྟ་བྱ་མེད་པ་བཞིན་དུ་ཐུན་མོང་གི་བལྟ་བྱ་མི་སྲིད་པར་འགྱུར་བས་བལྟ་བྱ་ཐུན་མོང་པ་ཞིག་ཡོད་ཅེས་པ་འདི་མི་འགྲུབ་བོ། །ཡང་ལ་ལས་ཐུན་མོང་གི་བལྟ་བྱ་རླན་གཤེར་ཙམ་ཞིག་ཡིན་ནོ་ཟེར་བ་ཡང་མི་འཐད་དེ། རིགས་དྲུག་གི་འགྲོ་བ་ཐུན་མོང་དུ་རང་རང་སོ་སོར་རླན་གཤེར་ཙམ་མ་ལོག་པར་བལྟ་བ་ཡོད་ཅིང་དེ་མཐོང་བ་ཡིན་ན། དེ་འདྲའི་ཐུན་མོང་གི་རླན་གཤེར་ཙམ་དེ་ལ་རིགས་དྲུག་གི་འགྲོ་བས་ཆུ་རྣག་སོགས་མི་གཅིག་པའི་མཐོང་སྣང་མི་འདྲ་བ་མང་དུ་བྱུང་ཞིང་ཕན་ཚུན་གཅིག་གི་མཐོང་བ་དེ་ཉིད་གཅིག་ཤོས་ལ་སྣང་ནས་མཐོང་བ་མེད་པ་ཡི་ཆུ་དང་རྣག་ལ་སོགས་པར་སྣང་བ་དེ་ལས་གཞན་པའི་སྣང་གཞི་རླན་གཤེར་དེ་གང་ཞིག་ཡིན་ཏེ་དེ་འདྲ་བ་ཞིག་མི་སྲིད་དོ། །གཞན་ཡང་གཟུགས་མེད་ནམ་མཁའ་མཐའ་ཡས་པར་རླན་གཤེར་ཙམ་དེ་ཉིད་གང་སྣང་བ་ཐམས་ཅད་ནམ་མཁའ་འབའ་ཞིག་ཏུ་སྣང་བའི་གཞི་རུ་ག་ལ་འགྱུར་ཏེ་མི་འགྱུར་རོ། །གཅིག་དང་ཐ་དད་དུ་བརྟགས་ན་ཡང་ཐུན་མོང་གི་བལྟ་བྱ་རླན་གཤེར་ཙམ་དེ་ཆུ་ཉིད་དང་གཅིག་ཡིན་ན་དེ་ཉིད་ཆུ་ཁོར་ནར་སྣང་བ་ལས་རྣག་ལ་སོགས་པ་གཞན་པ་ཉིད་དུ་རྣམ་པ་ཀུན་ཏུ་སྣང་མི་རུང་སྟེ་དེ་ཆུ་ཉིད་དུ་སྣང་བའི་ཕྱིར་དཔེར་ན་ཆུ་ཉིད་ལ་ཆུར་སྣང་ཞིང་དམིགས་པ་བཞིན་ནོ། །གལ་ཏེ་རླན་གཤེར་དེ་ཆུ་ལ་སོགས་པ་ལས་གཞན་ཐ་དད་དུ་ཡོད་པར་གྱུར་ན་རླན་གཤེར་ཙམ་དེ་ཉིད་ཅི་ཡང་དམིགས་པ་མིན་ཏེ་ཆུ་ལ་སོགས་པ་གཞན་སྣང་ཞིང་དམིགས་པའི་ཕྱིར་དཔེར་ན་ཆུ་ཉིད་དམིགས་པ་གཞན་དམིགས་པ་མ་ཡིན་པ་བཞིན་ནོ། །དེ་ཕྱིར་ཆུ་དང་རྣག་སོགས་མི་གཅིག་པའི་མཐོང་སྣང་མི་འདྲ་བ་སོ་སོ་བ་ལ་ཐུན་མོང་གི་བལྟ་བྱ་འདིའོ་ཞེས་གཅིག་ཏུ་གྲུབ་པ་ཞིག་མི་སྲིད་ཅིང་ཐ་སྙད་དུའང་ཐུན་མོང་དུ་མཐུན་པར་སྣང་བའི་དངོས་པོ་གཅིག་ཉིད་ལ་མི་འདྲ་བ་སོ་སོར་སྣང་བ་སྣ་ཚོགས་པ་ཡང་མི་སྲིད་པའི་ཕྱིར་ཏེ་དཔེར་ན་ཀ་བུམ་སོགས་མི་འདྲ་བར་སོ་སོར་སྣང་བ་ལ་ཐུན་མོང་གི་བལྟ་བྱ་ཞིག་མི་སྲིད་ཅིང་ལས་སྣང་མཐུན་པའི་མི་རྣམས་ལའང་ཐུན་མོང་དུ་མཐུན་པར་སྣང་བའི་ཆུ་གཅིག་ཉིད་ལ་ཆུ་རུ་སྣང་བ་ལས་རྣག་ལ་སོགས་པར་མི་འདྲ་བར་སོ་སོར་སྣང་བ་ཡང་མི་སྲིད་པ་བཞིན་ནོ། །དེས་ན་ཕན་ཚུན་ལྟོས་ནས་ཆུ་དང་རྣག་ལ་སོགས་པ་མཐོང་བ་མི་གཅིག་པར་རྣམ་པར་བཞག་པ་ཙམ་ཞིག་ལས་གཞན་དུ་རིགས་པས་དཔྱད་པའི་ཆུ་དང་རླན་གཤེར་སོགས་ཐུན་མོང་གི་བལྟ་གཞིའམ་བལྟ་བྱ་ཞིག་ཁས་ལེན་པར་བྱེད་ན་དེ་གནས་ལུགས་དོན་དམ་པ་ཡིན་པར་གྲུབ་དགོས་པས་དེ་ལྟར་ན་དེ་རིགས་པས་དཔྱད་བཟོད་དུ་གྲུབ་པ་ལ་སོགས་པར་འགྱུར་བས་གང་ལྟར་བརྟགས་པའམ་མཁས་བླང་ཀྱང་མི་འཐད་པ་ཉིད་དུ་འགྱུར་རོ། །གལ་ཏེ་མཐུན་པར་སྣང་བའི་ཐུན་མོང་གི་བལྟ་བྱ་ཞིག་གཏན་ནས་མེད་པར་གྱུར་ན་སེམས་ཙམ་པའི་འདོད་པ་བཞིན་དུ་གཟུགས་ལ་སོགས་པའི་ཡུལ་ཕྱི་དོན་དུ་གྲུབ་པ་མེད་པར་ནང་ཤེས་པ་ཉིད་བག་ཆགས་ཀྱི་དབང་གིས་གཟུགས་ལ་སོགས་པའི་ཡུལ་སྣང་གཟུང་རྣམ་དུ་སྣང་བར་ཁས་ལེན་དགོས་ན་ཡང་། དེ་ནི་ཡང་དག་པར་འཐད་པ་མ་ཡིན་ཏེ་ཡུལ་དོན་ལ་གྲུབ་པ་མེད་པ་དེ་བཞིན་དུ་ནང་འཛིན་པ་སེམས་དེ་ཡང་དོན་ལ་གྲུབ་པ་མེད་པར་འདྲ་བའམ་མཉམ་པ་ཡིན་ལ་གཟུང་འཛིན་གཉིས་པོའང་ཐ་སྙད་ཀུན་རྫོབ་ཙམ་དུ་སྣང་བར་ཡང་མཉམ་པ་ཡིན་པའི་ཕྱིར་ན་གང་སྣང་བ་དེ་ལ་དོན་དམ་དཔྱོད་པའི་རིགས་པས་བརྟགས་ན་གཟུང་འཛིན་གཉིས་ལས་འཛིན་པ་ཡོད་ལ་བཟུང་བ་མེད་དོ་ཞེས་དོན་ལ་སོ་སོར་ཕྱེ་བ་འདི་མི་འཐད་དེ་ཇི་ལྟར་ན་ཐ་སྙད་དུ་གཟུགས་ལ་སོགས་པ་ཡུལ་སྣང་གཟུང་བར་སྣང་བ་ཡོད་ཀྱང་དོན་དུ་གྲུབ་པ་མེད་པས་རྫུན་པ་ཡིན་པ་དེ་ལྟར་འཛིན་པར་སྣང་ཡང་དཔྱད་ན་མ་གྲུབ་པས་རྫུན་པ་ཡིན་པའི་ཕྱིར་རོ། །དེས་ན་ཤེར་མདོ་ལས། ཡུལ་སེམས་གཉིས་མཚུངས་པར་བཀག་ཅིང་མངོན་པའི་ཆོས་ལས་མཚུངས་པར་ཡོད་ཅེས་གསུངས་པ་ཡིན་ནོ། །གོང་དུ་ཇི་སྐད་བསྟན་པ་དེ་ཕྱིར་སྣང་སྟོང་རིས་སུ་མ་ཆད་པས་རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་སྣང་ཙམ་ཐུན་མོང་གི་བལྟ་བྱ་ནི་མི་དང་ལྷ་ལ་སོགས་པར་ཆུ་དང་བདུད་རྩི་ལ་སོགས་པ་མཐུན་པར་སྣང་བ་དང་མི་སྣང་བའི་གཞིར་ཡོད་པར་གྲུབ་ཕྱིར་དེ་མེད་པར་འདོད་དུ་མི་རུང་སྟེ། དཔེར་ན་མ་བརྟགས་མ་དཔྱད་པའི་སྣང་ཙམ་གྱི་ཟློས་གར་མཁན་ཐ་སྙད་དུ་ཡོད་ན་ལྷ་ལ་སོགས་པའི་ཟློས་གར་གྱི་རྣམ་འགྱུར་མི་འདྲ་བ་སྣ་ཚོགས་པ་མཐོང་བར་རུང་བ་དང་མེད་ན་མི་རུང་བ་ལ་སོགས་པ་བཞིན་ནོ། །དེ་ཡང་སྣང་སྟོང་རིས་སུ་མ་ཆད་པའི་ཡོད་ཙམ་འདི་ཁོ་ན་ལས་མ་གཏོགས་པའི་ཡོད་པ་གཞན་ཞིག་ནས་ཀྱང་གྲུབ་པ་མི་སྲིད་པས་མེད་ལ་སྣང་སྟོང་རིས་སུ་མ་ཆད་པའི་སྣང་ཙམ་འདི་ཉིད་གལ་ཏེ་མེད་པར་གྱུར་ན་ནི་ཐ་སྙད་ཀྱི་སྣང་བ་འདི་ཀུན་གཏན་ནས་མི་སྣང་བར་ཐམས་ཅད་ནམ་མཁའ་འབའ་ཞིག་ལྟ་བུར་ཅི་ཡང་མེད་པར་འགྱུར་དགོས་པས་དེ་ནི་ཤིན་ཏུ་མི་འཐད་དོ། །དེ་ལྟ་ན་ཡང་ཕྱི་དང་ནང་གི་འཁྲུལ་བའི་རྐྱེན་སྣ་ཚོགས་ཀྱིས་ནི་དོན་གྱི་གནས་ཚུལ་དངོས་ཇི་ལྟ་བ་བཞིན་དུ་མི་མཐོང་བར་རྣམ་པར་གཞན་དང་གཞན་དུ་ཕྱིན་ཅི་ལོག་ཏུ་མཐོང་བར་འགྱུར་བ་དཔེར་ན་སྒྱུ་མའི་སྔགས་བཏབས་པའི་སྟོབས་ཀྱིས་ཤིང་བུ་སོགས་ལ་དེ་དང་དེར་མི་མཐོང་བར་རྟ་དང་གླང་པོ་ཆེ་ལ་སོགས་པར་སྣང་ཞིང་མཐོང་བ་བཞིན་ནོ། །དེ་ཕྱིར་མཐུན་པར་སྣང་བའི་ཐུན་མོང་གི་བལྟ་བྱ་ནི་འདི་ཁོ་ནའོ་ཞེས་དཔྱད་པའི་གཞི་ཞིག་ངེས་པར་བཞག་ཏུ་མི་རུང་ངོ་ཞེས་སོ། །གཉིས་པ་ལ་གསུམ། ཐུན་མོང་དུ་སྤྱིར་བསྟན་པ། དག་མཉམ་དབྱེར་མེད་ཆེན་པོར་བྱེ་བྲག་ཏུ་བསྟན་པ། བསམ་གྱིས་མི་ཁྱབ་པའི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་གཉིས། སྣང་སྟོང་ཟུང་འཇུག་མཉམ་པ་ཉིད་དུ་བསྟན་པ་དང་། དེ་ལ་ཚད་མ་དང་ཚད་མིན་མི་འཐད་པའི་རྩོད་པ་སྤང་བའོ། །དང་པོ། དེས་ན་རང་གི་ལུགས་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། ཇི་སྐད་བསྟན་པ་དེས་ན་འཐད་ལྡན་རང་གི་ལུགས་ལ་ནི་རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་སྣང་སྟོང་རིས་སུ་མ་ཆད་པའི་གཞི་སྣང་སྟོང་དབྱེར་མེད་མཉམ་པ་ཉིད་རང་གི་ངོ་བོ་སྟོང་དང་མི་སྟོང་ལ་སོགས་པའི་སྤྲོས་པ་ཅིར་ཡང་མ་གྲུབ་པ་དེ་ཉིད་གང་ཅིར་སྣང་བ་ཐམས་ཅད་ཀུན་ལ་མཉམ་པ་ཡིན་པའི་ཕྱིར་དངོས་པོ་གཅིག་ཉིད་དངོས་པོ་སྣ་ཚོགས་པར་ཡང་སྣང་བར་ཤིན་ཏུ་རུང་ཞིང་འཐད་དེ། གང་ལ་སྣང་སྟོང་མི་འགལ་བར་རིས་སུ་མ་ཆད་པས་སྣང་སྟོང་དབྱེར་མེད་ཉིད་རུང་བའམ་འཐད་པ་ཡིན་ན་དེ་ལ་སྣང་དང་མི་སྣང་ཚད་མ་དང་ཚད་མིན་ཐུན་མོང་གི་བལྟ་བྱ་ལ་སོགས་པའི་ཐ་སྙད་ཐམས་ཅད་རུང་པར་ཆེས་འཐད་པར་འགྱུར་ལ། གང་ལ་སྣང་སྟོང་དབྱེར་མེད་འགལ་བར་རྟོག་པས་མི་རུང་བ་དེ་ལ་སྣང་དང་མི་སྣང་སོགས་ཐ་སྙད་ཐམས་ཅད་རུང་བར་མི་འགྱུར་ཏེ་ཐ་སྙད་ཐམས་ཅད་རྒྱུན་ཆད་པས་ཆེས་མི་འཐད་དོ། །གཉིས་པ་ལ་གསུམ། རང་ལུགས་ལ་མངོན་རྗེས་ཀྱི་ཚད་མ་གྲུབ་ཅིང་དོན་མེད་མ་ཡིན་པར་བསྟན་པ། གཞན་ལ་ཚད་མའི་རྣམ་བཞག་མི་འཐད་པར་བསྟན་པ། དེ་ཕྱིར་ཚད་མར་བསྒྲུབ་བའོ། །དང་པོ། འོ་ན་ཚད་མ་སོགས་ཚིགས་བཅད་ལྔ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། འོ་ན་གང་སྣང་ཀུན་ལ་མཉམ་པ་ཉིད་ཡིན་པ་དེའི་ཕྱིར་ཚད་མ་དང་ཚད་མིན་གྱི་རྣམ་དབྱེའང་འཐད་པ་མེད་པར་འགྱུར་ཅེ་ན། ཚུལ་མཐོང་གི་ཤེས་པ་འཕྲལ་གྱིས་འཁྲུལ་རྒྱུས་མ་བསླད་པའི་ངོར་ཆུ་ལ་སོགས་པ་གང་སྣང་བ་དེ་ཉིད་རྣག་ལ་སོགས་པ་གཞན་པ་ཉིད་དུ་མ་སྣང་བའམ་མི་སྣང་བ་དེ་ཡི་ཕྱིར་ན་ཚུལ་མཐོང་གི་ཤེས་པ་འཁྲུལ་རྒྱུས་མ་བསླད་པ་དེས་ཡུལ་གཞལ་བྱ་རང་མཚན་མི་འགྲུབ་པ་མ་ཡིན་པས་ཤིན་ཏུ་འགྲུབ་པར་འགྱུར་ཏེ། གང་གི་ཕྱིར་ཆུ་ལ་སོགས་པའི་དངོས་པོར་གང་སྣང་བ་ཀུན་རང་བཞིན་གྱིས་རང་མིན་གཞན་ཐམས་ཅད་ལས་ལོག་པའི་སྲ་གཤེར་སོགས་རང་རང་གི་ངོ་བོ་ཐུན་མོང་མ་ཡིན་པ་ལ་གནས་པ་ཉིད་ཡིན་པས་དེ་ལ་ལྡོག་པའི་སྒོ་ནས་གཅིག་དང་ཐ་དད་ལ་སོགས་པའི་རྣམ་དབྱེ་བྱར་རུང་བའི་གཞལ་བྱ་རང་མཚན་དང་དེ་ཡང་དག་པར་འཇལ་བའི་ཚད་མ་བསླུ་མེད་དུ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེ་ཡི་ཕྱིར་ན་གཞལ་བྱ་དང་འཇལ་བྱེད་ཕན་ཚུན་ལྟོས་ཏེ་གཞལ་བྱ་གཞལ་བའི་ཚད་མ་ཉིད་གྲུབ་ཀྱི་ལྟོས་པ་མེད་པར་རང་དབང་ཁོ་ནས་ཆོས་རྣམས་ལ་ནི་གཞལ་བྱ་དང་འཇལ་བྱེད་ཚད་མས་གྲུབ་པར་འཇོག་པ་ཉིད་མ་ཡིན་ཏེ། གལ་ཏེ་རང་དབང་ཁོ་ནས་གྲུབ་པར་གྱུར་ན་གནས་ལུགས་དཔྱད་བཟོད་ཉིད་དུ་ཐལ་བར་འགྱུར་རོ། །དེས་ན་ཆུ་གཅིག་པོ་ལ་ཞེས་པ་དེ་ཡང་འཁྲུལ་རྒྱུས་མ་བསླད་པས་ཆུ་རང་འཛིན་གྱིས་ཚད་མས་བསླུ་མེད་དུ་གྲུབ་ཀྱང་དེར་ལྟོས་མེད་དུ་རང་དབང་ཁོ་ནས་གྲུབ་པ་ཉིད་མིན་ཏེ། འདི་ལྟར་དོན་དམ་དཔྱོད་པས་དཔྱད་བཟོད་མེད་པས་ཆུ་ཚད་མས་མི་འགྲུབ་ཅིང་ཡི་དྭགས་ཀྱི་ཤེས་ངོར་ཡང་ཆུ་དེ་ཚད་མས་གྲུབ་པར་མི་འགྱུར་བའི་ཕྱིར་རོ། །དེ་ཕྱིར་ལྟོས་ཏེ་ཆུ་སོགས་རང་སོགས་རང་འཛིན་གྱི་ཡུལ་གཞལ་བྱ་རྣམས་ལ་འཁྲུལ་རྒྱུས་མ་བསླད་པས་མངོན་སུམ་ཚད་མ་དང་། རྟགས་ཡང་དག་གིས་རྗེས་དཔག་ཚད་མས་དྲངས་པའི་ངེས་པ་ན་དེ་ཡི་ཡུལ་རྣམས་ལ་ཚད་མས་ཇི་ལྟར་བཅད་པ་དེ་ལྟར་བླང་དོར་འཇུག་ལྡོག་གང་དོན་ལ་དེ་ལྟར་བསླུ་བ་མེད་པའམ་མི་བསླུ་བའི་ཕྱིར་ཏེ་དེས་ན་ཚད་མ་ལེགས་པར་གྲུབ་ཅིང་དེས་ཇི་ལྟར་བཅད་པ་ལྟར་བསླུ་བ་མེད་པས་དེ་བསྟན་པ་དོན་མེད་པ་མ་ཡིན་ནོ། །དེའི་ཤུགས་ཀྱིས་ལྡོག་ཕྱོགས་ཚད་མིན་འཁྲུལ་བ་ཉིད་དུ་ཡང་བསྟན་ནོ། །གཉིས་པ། དེས་ན་ཆུ་གཅིག་སོགས་ཚིགས་བཅད་གསུམ་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེས་ན་ཆུ་གཅིག་ལ་ཞེས་པ་དེ་ཡང་རང་འཛིན་མི་ཡི་མཐོང་བ་འཁྲུལ་རྒྱུས་མ་བསླད་པའི་ཚད་མ་ཁོ་ན་ལ་ལྟོས་ནས་ཚད་མས་གྲུབ་པའི་ཆུ་བལྟ་གཞིར་བཞག་སྟེ་གཞན་ལྷ་ཉིད་ལ་ལྟོས་ན་ནི་ཚད་མས་གྲུབ་པའི་བདུད་རྩི་གཅིག་ཉིད་ལ་བལྟ་གཞིར་འཛིན་དགོས་ཀྱི་གཞན་ཆུ་དང་རྣག་ལ་བལྟ་གཞིར་མི་འཛིན་ལ་དེ་ལྟར་མ་ཡིན་པར་གང་ཡང་ཚད་མས་གྲུབ་པ་མེད་ན་ཆུ་ཕོར་པ་གང་ལྟ་བུ་ལ་ཡི་དྭགས་ཀྱིས་རྣག་དང་མིས་ཆུ་དང་ལྷས་བདུད་རྩི་རུ་མཐོང་བར་གྱུར་པའི་ཚེ་དེ་གསུམ་ཀ་གཞི་གཅིག་པོ་དེ་ལ་ཚངས་ཞིང་ཚོགས་པ་ཡོད་པ་མིན་ལ་དེ་གསུམ་པོ་ལས་གཅིག་ཀྱང་ཚད་མས་གྲུབ་པའི་བལྟ་གཞི་མིན་ན་དེ་གསུམ་མ་ཡིན་པ་ལས་དངོས་པོ་གཞན་དང་གཞན་ཞིག་ཏུ་མཐོང་བ་འདིའོ་ཞེས་ཚད་མས་སྒྲུབ་མི་ནུས་པས་བལྟ་གཞི་གཏན་གནས་མེད་པར་འགྱུར་བས་མཐོང་དོན་རྣག་ལ་སོགས་པ་གསུམ་ཀ་མེད་པར་འགྱུར་བས། དེ་ལྟར་ན་མིས་མཐོང་བའི་ཆུ་འདི་ཡང་ཆུ་ཉིད་མིན་པར་གྱུར་ན་དེ་ལས་གཞན་ཞིག་ཆུ་རུ་མཐོང་བ་འདིའོ་ཞེས་འཐད་པ་སྒྲུབ་ཏུ་མེད་པས་མི་འཐད་པ་ཁོ་ན་ཡིན་པས་ཆུ་ཞེས་བྱ་བ་གཏན་མེད་དུ་ཐལ་བར་འགྱུར་རོ། །དེ་ལྟའི་ལུགས་དེ་ལའང་ཐ་སྙད་པའི་ཚད་མ་ཡི་རྣམ་པར་བཞག་པ་ཀུན་གཏན་ནས་འཐད་པར་མི་འགྱུར་དེ་ལ་དེ་ལྟར་ན་ཚད་མིན་གྱི་རྣམ་བཞག་རྣམས་ཀྱང་མི་འཐད་པས་བླང་དོར་འཇུག་ལྡོག་ཐམས་ཅད་དོན་མེད་པར་འགྱུར་རོ། །གསུམ་པ་གསུམ། གནས་སྐབས་གཉིས་སུ་བཞག་པ། མཐར་ཐུག་གཅིག་ཏུ་བསྒྲུབ་པ། དེ་ཕྱིར་དག་པ་ཆེན་པོར་བསྒྲུབ་པ་ཐུན་མོང་མིན་པའོ། །དང་པོ་ལ་གཉིས། མ་དག་ཚུར་རོལ་མཐོང་བའི་ཐ་སྙད་ཚད་མ། དག་པའི་གཟིགས་པ་ལ་བརྟེན་པའི་ཐ་སྙད་ཚད་མའོ། །དང་པོ། དེ་ཕྱིར་འཕྲལ་གྱི་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཕྱིར་ཕྱི་ནང་གི་འཕྲལ་གྱི་འཁྲུལ་རྒྱུ་ཡིས་མ་བསླད་པའི་དབང་པོའི་ཡུལ་དུ་སྣང་བའི་དངོས་པོ་དེ་ཉིད་ཚད་གྲུབ་བམ་རང་མཚན་ཡིན་པ་རེ་ཞིག་ཚུར་མཐོང་དེའི་ངོར་བསྒྲུབ་དགོས་ཏེ་དཔེར་ན་དབང་ཤེས་ལ་ཆུ་ཉིད་ཆུ་དང་སྨིག་རྒྱུར་ཆུར་སྣང་བ་ལ་ཆུར་སྣང་བའི་ཤེས་པ་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པས་མ་འཁྲུལ་བའི་ཤེས་པ་ཚད་མ་དང་སྨིག་རྒྱུར་ཆུར་སྣང་བའི་ཤེས་པ་འཁྲུལ་རྒྱུས་བསླད་པས་འཁྲུལ་བའི་ཤེས་པ་ཚད་མིན་དང་། དེ་གཉིས་ཡུལ་ཡང་ཐ་སྙད་དུ་ཆུ་ལ་རང་མཚན་ཡོད་པ་དང་སྨིག་རྒྱུ་ལ་རང་མཚན་མེད་པའི་ཁྱད་པར་བཞིན་དུ་ཤེས་པར་བྱའོ། །དེས་ན་གནས་སྐབས་སུ་ཡི་དྭགས་ཉིད་ལ་སྔོན་ལས་ཀྱི་སྒྲིབ་པ་ངན་པས་མི་རྣམས་ཀྱིས་མཐོང་བའི་ཆུ་གཙང་མ་ཉིད་ལ་རྣག་ཏུ་སྣང་ཡང་སྔོན་གྱི་ལས་ངན་པའི་སྐྱོན་ནམ་སྒྲིབ་པ་དེ་ཉིད་བྲལ་བའམ་སེལ་བར་གྱུར་བ་ན་ད་གདོད་དམ་ད་གཟོད་མི་རྣམས་བཞིན་དུ་ཆུ་རུ་སྣང་ཞིང་མཐོང་བའི་ཕྱིར་དེ་ལ་ལྟོས་ནས་རེ་ཞིག་མིས་ཆུར་མཐོང་བ་དེ་ཉིད་ཚད་མ་དང་གཞན་པ་ཡི་དྭགས་ལ་ལས་ཀྱི་སྒྲིབ་པ་ངན་པའི་སྐྱོན་གྱིས་བསྒྱུར་བས་རྣག་ཏུ་མཐོང་བའི་ཕྱིར་རེ་ཞིག་ཚུར་མཐོང་དེའི་ངོར་ཆུ་ཉིད་ནི་ཚད་མར་བསྒྲུབས་པ་ཡིན་ནོ། །དེ་བཞིན་དུ་ཆུ་དང་བཅུད་རྩི་ལ་སོགས་པ་ལའང་འདྲའོ། །གཉིས་པ། མཐར་ཐུག་རིག་པས་སོགས་ཚིགས་བཅད་གཉིས་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། གནས་ཡོངས་སུ་གྱུར་པས་ཐ་སྙད་ཀྱི་གནས་ཚུལ་མཐར་ཐུག་པ་ཇི་བཞིན་མཐོང་བའི་དག་པའི་གཟིགས་པ་ལ་བརྟེན་པའི་ཚད་མའི་རིགས་པས་དཔྱད་པ་ན་མ་དག་ཚུར་རོལ་མཐོང་བའི་སྣང་བ་ཆུ་དང་རྣག་ལ་སོགས་པ་དེ་དག་ཀུན་ཀྱང་བག་ཆགས་འཁྲུལ་བའི་དབང་གིས་སྣང་བ་སྟེ། དེ་ལས་གཞན་དུ་བག་ཆགས་འཁྲུལ་སྣང་སྤངས་བས་གནས་ཡོངས་སུ་གྱུར་པའི་འཕགས་མཆོག་རྣམས་ལ་མི་རྣམས་ཀྱི་མཐོང་བའི་ཆུ་འདི་ཉིད་དག་པ་ཡིས་སངས་རྒྱས་ཀྱི་ཞིང་ཁམས་དང་ཡུམ་ཆེན་མ་མ་ཀི་ཡི་སྐུར་ཡང་སྣང་ཞིང་མཐོང་བའི་ཕྱིར་ན་མི་ཡིས་མཐོང་བ་ཡི་ཆུ་དེ་ཁོ་ན་གཞན་ལ་ལྟོས་པ་མེད་པར་མཐའ་གཅིག་ཏུ་ཚད་མར་མི་འགྲུབ་པས་བསྒྲུབ་ཏུ་རུང་བ་མ་ཡིན་ལ་དེས་ན་སྔོན་ལས་ངན་པའི་བག་ཆགས་འཁྲུལ་པའི་སྒྲིབ་པའི་རྐྱེན་མ་དག་པ་རྣམས་ཇེ་དག་པས་ཞེས་ཇེ་དག་ཇེ་དག་ཏུ་ཅི་ཙམ་སོང་བ་དེ་ཉིད་དུ་མཐོང་བ་འོག་མ་འོག་མ་ལ་ལྟོས་ནས་མཐོང་བ་གོང་མ་གོང་མ་ཚད་མ་རུ་ཁས་བླང་བ་འདི་ཉིད་ནི་ཐ་སྙད་དཔྱོད་པའི་རིགས་པས་གྲུབ་ཅིང་གནོད་པ་མེད་པས་འཐད་པ་ཡང་དག་པ་ཉིད་ཡིན་ནོ། །གཉིས་པ་མཐར་ཐུག་གཅིག་ཏུ་བསྒྲུབ་པ་ནི། མཐར་ཐུག་དེ་ཁོ་ན་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། གནས་ལུགས་མཐར་ཐུག་ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་ནི་བདེན་གཉིས་དབྱེར་མེད་དམ་ཟུང་འཇུག་གཅིག་ལས་གཉིས་སུ་མེད་པའི་ཕྱིར་དེ་ཁོ་ན་ཉིད་ཇི་བཞིན་མཐོང་བའི་ཚད་མའང་མཐར་ཐུག་པ་གཉིས་སུ་མེད་པས་གཅིག་ཉིད་ཡིན་ཏེ་ཚད་མ་མཐར་ཐུག་གཉིས་པ་ཞིག་མི་སྲིད་པས་མེད་དོ། །དེ་ཕྱིར་གནས་ལུགས་མཐར་ཐུག་བདེན་པ་གཅིག་པུ་དག་མཉམ་ཟུང་འཇུག་སྟེ། དེ་ཇི་ལྟ་བ་བཞིན་དུ་གཟིགས་པའི་ཚད་མ་ཡང་རང་བྱུང་གི་ཡེ་ཤེས་རྣམ་པ་ཐམས་ཅད་མཁྱེན་པ་གཅིག་པུ་ཉིད་ལས་གཞན་དུ་མེད་ལ་གནས་ལུགས་དེ་ཉིད་མཐོང་བ་ལ་སྒྲིབ་པའི་སྤང་བྱ་གང་ཇི་སྙེད་པ་ཡང་མ་རིག་པ་སྟེ་རྨོངས་པའི་རང་བཞིན་གཅིག་པུ་ལས་མེད་པའམ་མ་འདས་པའི་ཕྱིར་ན་སངས་རྒྱས་དང་སེམས་ཅན་རིག་པ་དང་མ་རིག་པ་ཙམ་དུ་སྔ་འགྱུར་གྱི་རྒྱུད་དང་མན་ངག་རྣམས་སུ་བསྟན་པ་ཉིད་ཤིན་ཏུ་ཟབ་མོའི་དོན་ངེས་པའི་སྙིང་པོ་མཐར་ཐུག་ཡང་དག་པའོ། །གསུམ་པ་དེའི་ཕྱིར་དག་པ་ཆེན་པོར་བསྒྲུབ་པ་ཐུན་མོང་མ་ཡིན་པ་ནི། དེ་ཕྱིར་ཚད་མའི་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། ཇི་སྐད་བསྟན་པ་དེ་ཕྱིར་དག་པའི་གཟིགས་པ་ལ་བསྟེན་པའི་ཐ་སྙད་ཚད་མའི་ཚུལ་འདི་ཡིས་ཕྱི་ནང་གི་སྣང་བ་འདི་ཐམས་ཅད་ཀུན་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཞིང་དང་ལྷར་བསྒྲུབ་པ་འདི་ནི་སྔ་འགྱུར་རྡོ་རྗེ་ཐེག་པའི་རང་ལུགས་ཟབ་ཟབ་མོ་ཁོ་ན་སྟེ། དེ་ཉིད་ཇི་ལྟ་བ་བཞིན་དུ་གཟིགས་ཤིང་ལེགས་པར་སྟོན་པར་མཛད་པའི་ཀུན་མཁྱེན་རོང་ཟོམ་མ་ཧ་པཎྜི་ཏ་ཡི་སྣང་བ་ལྷ་བསྒྲུབ་ལ་སོགས་པའི་ལེགས་པར་བཤད་པ་སེང་གེའི་ང་རོ་ལྟ་བུ་རྣམས་ཀྱིས་མཚོན་ཏེ། ཀུན་མཁྱེན་ཀློང་ཆེན་པ་ལ་སོགས་པའི་སྔ་འགྱུར་བའི་ཀུན་རྫོབ་ཏུ་དག་པ་ཆེན་པོར་བསྒྲུབ་པའི་ལུང་རིགས་མན་ངག་རྣམས་ནི་འགྲན་ཟླ་ཀུན་དང་བྲལ་བས་གཞན་དང་ཐུན་མོང་མ་ཡིན་པ་ཁོ་ན་ཡིན་ལ། དེ་ལས་གཞན་ན་ཀུན་རྫོབ་ཏུ་དག་པ་ཆེན་པོར་བསྒྲུབ་པའི་ཚུལ་ལུགས་འདི་ཉིད་ཚུལ་བཞིན་དུ་སྨྲ་བ་མེད་པས་དག་པ་ཆེན་པོར་བསྒྲུབ་ཚུལ་འདི་ཡི་ཐད་གང་ལྟར་ཁས་བླང་ཀྱང་འགལ་བར་མཐོང་བས་ན་རྒྱུད་དོན་ཟབ་མོ་ཇི་བཞིན་དུ་རྟོགས་པས་དབེན་པ་ཉིད་དོ། །གཉིས་པ་དག་མཉམ་དབྱེར་མེད་ཆེན་པོར་བྱེ་བྲག་ཏུ་བསྟན་པ་ལ་གསུམ། ཐུན་མོང་གི་བལྟ་བྱ་སྣང་སྟོང་རེ་རེས་མི་རུང་བསྟན་པ། ཟུང་འཇུག་དག་མཉམ་པ་བདེན་པ་དབྱེར་མེད་དུ་བསྟན་པ། དག་མཉམ་ཆེན་པོར་གྲུབ་པའི་ཚུལ་དང་ངེས་པའི་ཡོན་ཏན་ནོ། །དང་པོ། དེ་ལ་ཐུན་མོང་སོགས་ཚིགས་བཅད་བཅུ་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལ་ཐུན་མོང་གི་བལྟ་བྱ་ཞེས་པ་དེ་ཉིད་སྣང་བ་དང་སྟོང་པ་སོ་སོ་བ་རེ་རེས་མི་རུང་སྟེ་མི་འཐད་ལ་དེའི་རྒྱུ་མཚན་རྒྱས་པར་བསྟན་པ། གལ་ཏེ་ཐུན་མོང་གི་བལྟ་བྱ་ཞེས་པ་དེ་ཉིད་སྣང་བ་དང་སྟོང་པ་སོ་སོ་བ་རེ་རེས་མི་རུང་སྟེ་མི་འཐད་ལ་དེའི་རྒྱུ་མཚན་རྒྱས་པར་བསྟན་པ། གལ་ཏེ་ཐུན་མོང་གི་བལྟ་བྱ་ཅི་ཡང་མེད་པས་སྟོང་པ་རྐྱང་པ་ཙམ་ཡིན་ན་འགྲོ་བ་མི་ལ་སོགས་པ་སུ་ཡང་རུང་ལ་ཡང་ཅི་ཡང་མེད་པའི་ནམ་མཁའ་ཡང་དོན་བྱེད་ནུས་པའི་བུམ་པ་ལ་སོགས་པར་སྣང་བར་འགྱུར་ཞིང་བུམ་པ་ལ་སོགས་པ་དོན་བྱེད་པའི་དངོས་པོ་རྣམས་ཀྱང་ནམ་མཁའ་ལྟར་ཅི་ཡང་མེད་པས་མི་སྣང་བར་འགྱུར་དགོས་ལ་དེའི་ཕྱིར་སྣང་བ་དང་བྲལ་བའི་ཅི་ཡང་མེད་པས་སྟོང་པ་ཙམ་ཐུན་མོང་གི་བལྟ་བྱར་རུང་ཞིང་ཆུ་ལ་སོགས་པར་སྣང་ན་མོ་གཤམ་གྱི་བུ་དང་ནམ་མཁའི་མེ་ཏོག་ལ་སོགས་པ་ཐུན་མོང་གི་བལྟ་བྱར་རུང་ཞིང་ཆུ་ལ་སོགས་པ་ཐམས་ཅད་དུ་ཅི་ཡི་ཕྱིར་མི་སྣང་སྟེ་སྣང་དགོས་ལ། དེ་ལྟར་ན་དངོས་པོ་རྣམས་ཕྱོགས་དུས་གཅིག་ན་ཡོད་པ་ལྟར་ཕྱོགས་དུས་ཐམས་ཅད་ན་རྟག་ཏུ་ཡོད་པའམ། ཡང་ན་ཕྱོགས་དུས་གཅིག་ན་མེད་པ་ལྟར་ཕྱོགས་དུས་ཐམས་ཅད་ན་མེད་པར་ཐལ་བར་འགྱུར་ཏེ། དངོས་པོ་རྣམས་རྒྱུ་མེད་དུ་འདོད་པ་ལ་ཇི་སྐད་བརྗོད་པའི་སྐྱོན་ཀུན་འདི་ལ་ཡང་འཇུག་པར་མཚུངས་པས་སོ། །གཞན་ཡང་ཅི་ཡང་མེད་པའི་སྟོང་པའི་གནས་སྐབས་དངོས་མེད་དེ་ཉིད་ཡིན་བཞིན་དུ་ཆུ་ལ་སོགས་པའི་སྣང་བའི་དངོས་པོ་ཡིན་པའང་མེད་དེ། ཅིའི་ཕྱིར་ན་དེ་གཉིས་ཕན་ཚུན་འགལ་བའི་ཕྱིར་རོ། །གལ་ཏེ་ངོ་བོས་མ་སྟོང་པ་ཡི་སྣང་བ་ཐུན་མོང་གི་བལྟ་བྱ་ཞིག་ཡོད་པར་གྱུར་ན་ནི་ཅི་ཡང་མེད་པས་སྟོང་ཉིད་ཙམ་ཐུན་མོང་གི་བལྟ་བྱའམ། སྣང་གཞིར་བཞག་པའི་རང་ཚིག་དང་འགལ་བ་ཡིན་པས་མི་འཐད་པ་ཁོ་ན་རོ། །འོ་ན་ཁྱོད་ཀྱི་གོང་དུ་རང་ལུགས་ལ་ནི་སྟོང་པ་ཉིད་དང་རྟེན་འབྱུང་གི་སྣང་བ་གཉིས་མི་འགལ་བར་ཟུང་འཇུག་གམ་དབྱེར་མེད་དུ་བསྟན་པ་དེ་ཅི་ཞེ་ན། འདིར་ནི་གཉིས་ཆོས་ཀྱི་སྣང་བ་ཚུ་རོལ་མཐོང་པའི་དོན་ལ་དཔྱད་པའི་ཀུན་ཏུ་ཐ་སྙད་པའི་ཚད་མའི་རྣམ་བཞག་གི་སྐབས་ཡིན་པས་ན་དེའི་ངོར་དངོས་པོ་གཅིག་ཉིད་ཡོད་པ་དང་མེད་པ་གཉིས་འགལ་བ་སྟེ། ཕན་ཚུན་སྤང་བས་གཉིས་ཀ་ཡིན་པ་མི་སྲིད་དོ། །གོང་དུ་ཇི་སྐད་བསྟན་པའི་དངོས་པོ་གཅིག་གི་སྟེང་གི་སྣང་སྟོང་བདེན་པ་གཉིས་མེ་དང་ཚ་བ་བཞིན་དུ་མི་འགལ་བར་བསྟན་པ་ནི་འཕགས་པའི་ཡེ་ཤེས་གཉིས་སྣང་མེད་པའི་ཡུལ་ཡིན་པའི་ཕྱིར་དེ་གཉིས་ཀྱི་ཤན་ལེགས་པར་བྱེད་པ་གཅེས་སོ། །གཉིས་པ་སྟོང་པ་ལས་རིས་སུ་ཆད་པའི་སྣང་བ་ཁོ་ནས་མི་རུང་བ་ནི་གལ་ཏེ་རང་གི་ངོ་བོས་སྟོང་པ་དང་བྲལ་བའི་མི་སྟོང་པའི་སྣང་བ་ཙམ་ཞིག་ཐུན་མོང་གི་བལྟ་བྱའི་སྣང་གཞིར་མི་རུང་སྟེ། ཇི་ལྟར་ན་མི་སྟོང་བའི་ཐུན་མོང་གི་སྣང་གཞི་དེ་ཉིད་ཆུ་རྣག་བདུད་རྩི་ལ་སོགས་པའི་སྣང་བ་རྣམས་ལས་གང་ལྟར་སྣང་བ་ཡིན་ཞེས་བརྟགས་ན་འདི་ལྟར་སྣང་བ་ཡིན་ནོ་ཞེས་སོ་སོར་རིས་སུ་མ་ཆད་པའི་སྣང་བ་ཞིག་སུས་ཀྱང་བསམ་པར་མི་ནུས་པའི་ཕྱིར་བསམ་བརྗོད་ལས་འདས་པས་ཤིན་ཏུ་མི་འཐད་དོ། །དེའི་ཕྱིར་ཐུན་མོང་གི་སྣང་གཞི་ནི་མི་སྟོང་བའི་སྣང་བ་ཙམ་ཞིག་ཡོད་ཅེས་པ་འདི་ཉིད་འགྲུབ་པ་མ་ཡིན་ཏེ་ཅིའི་ཕྱིར་ན་ཤེས་བྱེད་ཀྱི་ཚད་མས་ཏེ་ཚད་མ་གང་གིས་མ་མཐོང་བཞིན་དུ་དེ་འདྲའི་སྣང་གཞི་ཡོད་ཅེས་སྒྲུབ་བྱེད་མེད་པའི་དམ་བཅའ་ཙམ་དུ་ཟད་པས་རྣམ་པ་ཀུན་ཏུ་མི་འགྲུབ་པ་ཁོ་ནའོ། །སྐྱོན་གཞན་ཡང་ཆུ་རྣག་སོགས་གང་སྣང་བ་དེ་ཉིད་མི་སྟོང་བར་རིས་སུ་ཆད་པར་གྱུར་ན་ནི་ཆུ་སོགས་གང་ལྟར་སྣང་བ་དེ་ལས་རྣག་སོགས་གཞན་དུ་རྣམ་པ་ཀུན་ཏུ་སྣང་མི་རུང་ཞིང་། དེ་ཉིད་མི་སྟོང་བ་བདེན་གྲུབ་ཀྱི་སྣང་བ་ཡིན་པའི་ཕྱིར་ན་ཡང་སྣང་བ་དེ་ཉིད་དོན་དམ་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་འགྱུར་བ་ལ་སོགས་པ་དང་། གཞན་ཡང་ཆུ་དང་རྣག་དང་བདུད་རྩི་སོགས་ཀྱི་ཐུན་མོང་གི་སྣང་གཞི་ཉིད་ནི་ཆུ་ལ་སོགས་པ་དེ་གསུམ་སོ་སོ་བ་གང་ཡིན་ཀྱང་འགལ་བ་སྟེ་འདི་ལྟར་གལ་ཏེ་ཆུ་རུ་སྣང་བ་དེ་ཡི་སྣང་གཞི་རྣག་ཉིད་དུ་གྲུབ་པ་ཡིན་ན་དེ་ཉིད་ཆུ་རུ་སྣང་བར་ཇི་ལྟར་འགྱུར་ཏེ། མེ་ཉིད་ཆུ་རུ་སྣང་བར་མི་འགྱུར་བ་བཞིན་ནོ། །གལ་ཏེ་ཆུ་རུ་སྣང་བའི་གཞི་དེ་ཉིད་རྣག་ཉིད་མིན་པར་ཆུ་ཉིད་མིན་པར་ཆུ་ཉིད་ཡིན་པར་གྲུབ་ན་ནི། ཆུ་ཉིད་ཆུར་སྣང་བ་ལས་རྣག་ལ་སོགས་པ་གཞན་དུ་ཅི་ལ་སྣང་སྟེ་སྣང་མི་རིགས་ཏེ། ཆུ་ཉིད་མེ་ལ་སོགས་པ་གཞན་པ་ཉིད་དུ་སྣང་མི་རུང་བ་བཞིན་ནོ། །གལ་ཏེ་ཡི་དྭགས་ཀྱི་མཐོང་བའི་ཡུལ་དུ་གང་སྣང་བ་དེ་ཡང་ཆུ་འདི་ཉིད་ཡིན་ནོ་ཞེ་ན། དེ་ལྟར་ན་ཡི་དྭགས་ལ་རྣག་སྣང་དེ་ཡང་མེད་པར་ཁས་བླང་བ་ཉིད་དུ་ཐལ་བ་འགྱུར་བས་མི་འཐད་པར་འགྱུར་རོ། །མདོར་ན་གང་ཕྱིར་རིགས་དྲུག་གི་འགྲོ་བ་རང་རང་སོ་སོ་ལ་གང་ཆུ་ལ་སོགས་པ་ཐུན་མིན་གྱི་སྣང་བ་དེ་དང་དེ་ལས་སྣང་གཞི་ལོགས་སུ་ཅི་ཡང་ཡོད་པ་མིན་ཏེ་གལ་ཏེ་ཡོད་པར་གྱུར་ན་གང་སྣང་བ་དང་དེའི་སྣང་གཞི་ཐ་དད་དུ་འགྱུར་བའི་ཕྱིར་མི་འཐད་དེ། དཔེར་ན་ཀ་བ་དང་བུམ་པ་གཉིས་ཕན་ཚུན་གཅིག་གཞི་གཅིག་ཤོས་ཉིད་མིན་པ་བཞིན་ནི། དེས་ན་གང་སྣང་བ་དེ་ལས་གཞན་དུ་སྣང་གཞི་ལོགས་སུ་ཐ་དད་པ་ཉིད་མེད་པར་རིགས་པར་བྱའོ། །གཉིས་པ་ལ་གསུམ། གཞི་གནས་ཚུལ་སྣང་སྟོང་ཟུང་འཇུག་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་མཐར་ཐུག་པ་གནས་སྣང་རྣམ་ཀུན་མཐུན་པའི་དག་མཉམ་བདེན་པར་དབྱེར་མེད་དུ་བསྟན་པ། ལམ་སྣང་ཚུལ་དག་དང་མ་དག་པར་གནས་སྣང་མི་མཐུན་པར་སྣ་ཚོགས་སུ་སྣང་ཚུལ། དེ་ལྟར་མ་རྟོགས་པ་དང་རྟོགས་པའི་སྐྱོན་ཡོན་འབྲས་བུ་བསྟན་པའོ། །དང་པོ་ལ་གསུམ། དོན་དམ་དུ་མཉམ་པ་ཆེན་པོར་བསྟན་པ་དང་། ཀུན་རྫོབ་ཏུ་དག་པ་ཆེན་པོར་བསྒྲུབ་པ་དང་། མཐར་ཐུག་དབྱིངས་ཡེ་བདེན་པ་དབྱེར་མེད་ཟུང་འཇུག་ཏུ་བསྟན་པའོ། །དང་པོ། དེས་ན་སྣང་སྟོང་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། གོང་དུ་ཇི་སྐད་བསྟན་པ་དེས་ན་ཆོས་ཀུན་གདོད་ནས་སྣང་སྟོང་རིས་སུ་མ་ཆད་པའི་ཟུང་འཇུག་གམ་རང་གི་ངོ་བོས་བདེན་པའམ་གྲུབ་པ་མེད་པའི་སྟོང་པའི་དབྱིངས་དང་འདུ་འབྲལ་མེད་པའི་སྣང་བ་ཙམ་ཞིག་དེ་རྒྱ་གང་དུ་མ་ཆད་ཕྱོགས་གང་དུ་ལྷུང་བ་དང་བྲལ་བ་ཡི་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་རོ་མཉམ་ཆེན་པོ་རུ་འཁོར་འདས་ཀྱི་ཆོས་ཀུན་ཡེ་གདོད་མ་ནས་མཉམ་པ་ཆེན་པོར་གནས་པའི་ཕྱིར་ན་དེ་ལྟར་མཉམ་པ་ཉིད་རང་བྱུང་གི་ཡེ་ཤེས་འོད་གསལ་རྫོགས་པ་ཆེན་པོ་རུ་གདོད་ནས་གྲུབ་པའི་དོན་དེ་ཉིད་རྟོག་གེའི་རིགས་པས་མ་དཀྲུགས་པར་ངེས་པའི་མདོ་རྒྱུད་ཟབ་མོའི་ལུང་རིགས་ཀྱིས་གཏན་ལ་ཕབ་པར་བྱས་ནས་གནས་ལུགས་བསལ་བཞག་མེད་པར་མཉམ་པར་འཇོག་པ་ནི་མཉམ་ཉིད་རྫོགས་པ་ཆེན་པོ་སྟེ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྤྲོས་བྲལ་དབུ་མ་ཆེན་པོ་ཡང་ཡིན་ནོ། །གཉིས་པ། ཚུལ་དེ་གོམས་པའི་སོགས་ཚིགས་བཅད་བརྒྱད་དང་རྐང་པ་གཅིག་གིས་བསྟན་ཏེ། གོང་དུ་ཇི་སྐད་བསྟན་པའི་ཚུལ་དེ་ལ་ཇི་བཞིན་གོམས་པར་བྱེད་པའི་ལམ་གྱི་གནས་སྐབས་སུ་ཡང་དང་པོར་དག་པའི་གཟིགས་པ་ལ་བརྟེན་པའི་རིགས་པ་ཚད་མའི་ལམ་ནས་ཕྱི་དང་ནང་གི་དངོས་པོ་མ་དག་པའི་སྣང་བ་འདི་ཐམས་ཅད་ཡེ་ནས་དག་པའི་ཡེ་ཤེས་ཆེན་པོར་རང་གྲོལ་བའི་སྣང་སྲིད་རྣམ་པར་དག་པའི་ཆོས་ཀྱི་སྐུ་ཉིད་ཡིན་ནོ་ཞེས་ཡིན་པ་ལ་ཡིན་པར་ངེས་པའི་ཡིད་ཆེས་པ་ནི། བསླུ་བ་མེད་པའི་རྡོ་རྗེའི་ལུང་རྒྱུད་ཀྱི་དགོངས་པའི་དོན་ལ་ཡང་དག་པར་འབྱོར་ཞིང་གྲུབ་པ་རྒྱུད་དོན་དང་ཤིན་ཏུ་མཐུན་ཏེ་དེས་ན་སྒྱུ་འཕྲུལ་དྲ་བ་གཉིས་སུ་མེད་པའི་རྒྱུད་ལས་ཕུང་པོ་ལྔ་སྣང་ལ་རང་བཞིན་མེད་པའི་སྒྱུ་མ་ལྟ་བུ་ཡི་སྣང་བ་ཕྱོགས་དང་རིས་སུ་མ་ཆད་པ་དེ་ཉིད་ཡེ་ནས་རྣམ་པར་དག་པའི་ཞིང་དང་ལྷར་སྣང་བ་ཡིན་ནོ་ཞེས་གང་གསུང་བའི་དགོངས་པའི་དོན་ཟབ་མོ་ལ་ཡིད་ཆེས་ཕྱིར་མི་ལྡོག་པ་ཉིད་ཡང་དག་པར་སྐྱེ་བར་འགྱུར་ཏེ། འདི་ལྟར་ཡི་དྭགས་ཀྱི་འགྲོ་བ་རྣམས་ཆུ་གཙང་མ་འདི་ཡང་རྣག་ཏུ་མཐོང་བའི་ལས་ངན་གྱི་སྒྲིབ་པ་རྣམས་དག་པའི་སྟོབས་ཀྱིས་རྣག་སྣང་དང་རྣག་འཛིན་ལས་བཟློག་པའམ་ལོག་པའི་ཚེ་ན་གཟོད་ཆུ་ཉིད་ལ་ཆུར་སྣང་ཞིང་། མཐོང་བར་གྱུར་པས་ན་རྣག་སྣང་དང་རྣག་འཛིན་དེ་ཡང་ཕྱིན་ཅི་ལོག་གི་མཐོང་བ་འཁྲུལ་བའི་སྣང་བར་རྟོགས་ཤིང་དེ་བཞིན་དུ་གནས་སྣང་མི་མཐུན་པར་སྣང་ཚུལ་མ་དག་པར་གང་མཐོང་བ་དེ་ཉིད་འཁྲུལ་བར་རྟོགས་ཤིང་གནས་ཚུལ་ཡེ་ནས་དག་པ་ཆེན་པོ་ལྷའི་དཀྱིལ་འཁོར་དུ་རྟོགས་ཤིང་དེ་ཉིད་ལ་ཚུལ་བཞིན་དུ་གོམས་པར་བྱས་པས་དེ་ལ་ཆུ་གཙང་མ་རུ་སྣང་བ་འདི་ཉིད་ཀྱང་ལས་སྒྲིབ་རབ་ཏུ་དག་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིས་ཆུ་དེ་ཡི་རྡུལ་ཕྲ་རབ་རེ་རེར་ཡང་གྲངས་མེད་པའི་སངས་རྒྱས་ཀྱི་དག་པའི་ཞིང་ཁམས་སུ་མཐོང་ཞིང་ཆུ་དེ་ཡུམ་ཆེན་མ་མ་ཀིར་མངོན་སུམ་དུ་མཐོང་ཞིང་སྣང་ནས་རོལ་པའི་བྱ་བ་བྱེད་ཅིང་བདེ་སྟོང་གི་ཡེ་ཤེས་ཆེན་པོའི་གྲོགས་ཉིད་དུ་འགྱུར་བ་ཡིན་ལ། ཤིན་ཏུ་རྣམ་པར་དག་པ་མཐར་ཐུག་པ་སྒྲིབ་གཉིས་བག་ཆགས་ཕྲ་བ་ཡང་ཤིན་ཏུ་དག་པའམ་སྤངས་པའི་སངས་རྒྱས་ཀྱི་སར་དག་མཉམ་ཟུང་འཇུག་རོ་མཉམ་ཆེན་པོར་གཟིགས་པ་གང་ཞིག་བྲི་གང་དང་བྲལ་བར་གནས་སྣང་རྣམ་པ་ཀུན་ཏུ་མཐུན་པས་དག་པ་ཆེན་པོར་རྟག་ཏུ་མཐོང་བར་འགྱུར་བའོ། །དེ་ཡི་ཕྱིར་ན་ཤིན་ཏུ་རྣམ་པར་དག་པའི་སངས་རྒྱས་ཀྱི་གཟིགས་པ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་པའི་ཕྱིར་དངོས་པོའི་གནས་ཚུལ་ཡང་དག་པར་མཐར་ཐུག་ཇི་བཞིན་མ་ནོར་བ་ཉིད་ནི་སངས་རྒྱས་དེ་ཡིས་མཐོང་བ་དེ་ཁོ་ན་ལས་གཞན་དུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་ན་དེ་ཉིད་ཁོ་ན་མཐར་ཐུག་གི་ཚད་མ་རུ་བཟུང་སྟེ་ཕྱི་ནང་གི་སྣང་གི་སྣང་བ་མ་དག་པ་འདི་ཐམས་ཅད་ཀུན་ཡེ་གདོད་མ་ནས་ཀྱང་ཤིན་ཏུ་དག་པའི་ཡེ་ཤེས་ཆོས་ཀྱི་སྐུར་གནས་སོ་ཞེས་དམ་བཅའ་བ་གང་ཞིག་གྲུབ་པའི་རྩེ་མོ་རུ་ཟབ་མོའི་ལུང་དང་རིག་པའི་བློ་གྲོས་ཀྱི་མིག་མཆོག་དང་ལྡན་པ་རྣམས་ལ་ཤིན་ཏུ་གྲུབ་ཅིང་གསལ་བ་ཡིན་གྱི་རྟོག་གེ་གཞན་གྱི་སྤྱོད་ཡུལ་ནི་མ་ཡིན་ནོ། །དེ་ལྟར་ན་ཡང་གཞན་དང་ཐུན་མོང་མ་ཡིན་པའི་ཟབ་མོའི་ཐེག་པ་མཆོག་དེ་ནི་ཐེག་པ་ཐམས་ཅད་ཀྱི་རྩེ་མོ་ངོ་མཚར་རྨད་དུ་བྱུང་བའི་འོད་ཟེར་གྱིས་འོད་ཟེར་འབུམ་ཕྲག་སྟོང་དུ་མངའ་བས་ཤིན་ཏུ་གསལ་བའི་འོད་ཟེར་འབུམ་དུ་བརྡལ་བའི་ཉི་མ་ལྟ་བུ་འདི་ལ་དམན་པའི་ཡིད་ཅན་ལུང་རིགས་ཟབ་མོའི་བློ་གྲོས་ཀྱི་མིག་དང་བྲལ་བའི་འབྱུང་པོའི་བྱ་ལྟ་བུ་ཕལ་ཆེར་ཟབ་མོའི་དོན་མཐོང་བ་ལ་ལོང་བ་ལྟ་བུར་འགྱུར་བས་ན་གོང་དུ་ཇི་སྐད་བསྟན་པ་དེ་ཉིད་རྟོགས་པར་མ་གྱུར་ཏོ། །གསུམ་པ། དེ་ལ་མཐར་ཐུག་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལ་ཤིན་ཏུ་མཐར་ཐུག་པ་གཉིས་སུ་མེད་པའི་མཉམ་པ་ཉིད་ཀྱི་དབྱིངས་དེ་ཉིད་གཞན་གང་དུའང་མི་སྣང་བར་ལྷ་སྣང་ཁོ་ནར་སྣང་ངོ་ཞེས་ཕྱོགས་གཅིག་གམ་མཐའ་གཅིག་ཏུ་བསྒྲུབ་པར་མི་ནུས་ཀྱང་དོན་ལ་མ་དག་པའི་སྣང་བ་གང་ཇི་སྙེད་པ་ཐམས་ཅད་རང་གྲོལ་བའི་རང་བཞིན་ཡེ་གདོད་མ་ནས་ཤིན་ཏུ་རྣམ་པར་དག་པ་ཡི་དབྱིངས་ཀ་དག་ཆེན་པོ་དང་རང་བཞིན་འོད་གསལ་བའི་སྣང་ཆ་ཡེ་ཤེས་ཆོས་ཀྱི་སྐུ་གཉིས་ཡེ་ནས་ཟུང་འཇུག་འདུ་འབྲལ་མེད་པའི་ཕྱིར་སྣང་བའི་ཆ་གང་ཇི་སྙེད་པ་ཡེ་གདོད་མ་ནས་ཡེ་ཤེས་ཀྱི་ལྷ་རུ་དག་པ་ལ་གནས་ལུགས་དཔྱད་པའི་རིགས་པས་ཀྱང་མི་གནོད་དེ་གང་གི་ཕྱིར་ན་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་ཤིན་ཏུ་སྤངས་བའམ་ཤིན་ཏུ་དག་པ་ཡི་སྣང་སྟོང་ཟུང་དུ་འཇུག་པའི་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་དེ་ནི་མཐར་ཐུག་གི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ས་ལམ་སྣང་ཚུལ་དག་དང་མ་དག་པར་གནས་སྣང་མི་མཐུན་པར་སྣ་ཚོགས་སུ་སྣང་ཚུལ་ནི། དེ་ལས་གཞན་དུ་སོགས་ཚིགས་བཅད་ལྔ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། གཟིགས་པ་ཤིན་ཏུ་དག་པའི་སངས་རྒྱས་ཀྱིས་ཇི་ལྟར་གཟིགས་པ་དེ་ཁོ་ན་ལས་གཞན་དུ་སུས་གང་ལྟར་དུ་བརྟགས་ཀྱང་དེ་ནི་དབྱིངས་ཡེ་གཉིས་སུ་མེད་པའི་མཐར་ཐུག་གི་དོན་ཡང་དག་པ་ཉིད་མིན་ཏེ་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཟད་པར་མ་སྤངས་པས་གནས་ཚུལ་དང་སྣང་ཚུལ་རྣམ་པ་ཀུན་ཏུ་མི་མཐུན་པ་ཡིན་པའི་ཕྱིར་རོ། །དེས་ན་གནས་སྐབས་སུ་རྣལ་འབྱོར་བའི་ལམ་གྱི་སྣང་བ་གང་ལ་དཔེར་ན་མིག་གི་སྐྱོན་ཅི་ཙམ་པ་དག་པའི་རིམ་པས་རབ་རིབ་ཀྱི་སྣང་བ་དེ་ཙམ་ཉིད་དུ་དག་པར་འགྱུར་བ་བཞིན་དུ་ཡུལ་ཅན་སྒྲིབ་པའི་དྲི་མས་ཅི་ཙམ་ཅི་ཙམ་དག་པ་ལས་དེ་ཙམ་དེ་ཙམ་ཉིད་དུ་ཡུལ་ཀྱང་དེ་བཞིན་དུ་དག་པ་ཉིད་དུ་མཐོང་བར་འགྱུར་བ་སྟེ་ཡུལ་ཅན་དྲི་མས་དག་ཀྱང་ད་དུང་དེ་ལས་ལོགས་ཤིག་ན་ཡུལ་དེ་མ་དག་པའམ་མ་དག་པའི་ཡུལ་ཞིག་མེད་པའི་ཕྱིར་དག་པ་ཁོ་ནའོ། །དེས་ན་ཡུལ་དང་ཡུལ་ཅན་གྱི་དག་པ་གཉིས་སུ་མེད་པར་རིགས་པ་བྱའོ། །དེ་ལྟ་ན་ཡང་གང་ཟག་གཅིག་གིས་མ་དག་འཁྲུལ་བའི་སྣང་བ་མ་ལུས་པ་དག་ནས་འཚང་རྒྱ་བའམ་སངས་རྒྱས་པར་གྱུར་བ་དེ་ཡི་ཚེ་ན་གཞན་སུ་ལ་ཡང་མ་དག་པའི་དངོས་པོ་གཅིག་ཀྱང་མི་སྣང་བར་འགྱུར་དགོས་སོ་ཞེ་ན། སངས་རྒྱས་པ་པོ་དེ་ལས་གཞན་པ་དག་ལ་མ་དག་པའི་དངོས་པོ་མི་སྣང་བར་མི་འགྱུར་ཏེ་རང་རང་གི་སྣང་བ་མ་དག་པའི་སྒྲིབ་པས་རང་རང་ལ་སྒྲིབས་པའི་ཕྱིར་ན་མ་དག་པར་སྣང་ཞིང་མཐོང་བར་འགྱུར་རོ། །དེས་ན་གནས་ཚུལ་ཡང་དག་པ་ལ་ཡུལ་དང་ཡུལ་ཅན་རྣམས་ཀྱི་རང་བཞིན་ཡེ་གདོད་མ་ནས་སྒྲིབ་པས་གོས་མ་མྱོང་བས་ཤིན་ཏུ་རྣམ་པར་དག་ན་ཡང་རང་སྣང་འཁྲུལ་བའི་གློ་བུར་གྱི་དྲི་མས་རང་རང་ལ་སྒྲིབ་པའི་ཕྱིར་ན་མཁྲིས་ནད་ཅན་གྱིས་དུང་བཞིན་དུ་དག་པར་མི་མཐོང་བས་དྲི་མ་དེ་སྦྱང་བའི་ཐབས་ལ་འབད་པར་བྱ་དགོས་ལ། སྤྱང་བྱའི་དྲི་མ་གློ་བུར་བ་དེ་རྣམས་ཀྱང་ནི་ཡེ་ནས་རང་རང་གི་ངོ་བོས་རྣམ་པར་དག་པ་ལས་ལོགས་ཤིག་ན་སྦྱང་བྱའི་དྲི་མ་མ་དག་པ་ཉིད་གྲུབ་པ་མིན་པས་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པའི་འོད་གསལ་མཉམ་པ་ཉིད་དུ་གནས་པ་ཉིད་ཤེས་པར་བྱའོ། །གསུམ་པ་དེ་ལྟར་མ་རྟོགས་པ་དང་རྟོགས་པའི་སྐྱོན་ཡོན་འབྲས་བུ་བསྟན་པ་ནི། དེ་ལྟར་སྣང་ཚུལ་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ལྟར་སྣང་ཚུལ་གནས་དོན་ལུས་ལ་སོགས་པ་ཡུལ་དང་ཡུལ་ཅན་མི་འདྲ་བ་སྣ་ཚོགས་པ་ཉིད་རང་བཞིན་མཉམ་པ་ཆེན་པོར་མ་རྟོགས་པའི་དུས་ན་གནས་དོན་ལུས་སོགས་སྣ་ཚོགས་པ་སོ་སོར་འཛིན་པས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གང་ལ་སེམས་ཆགས་ཤིང་ཞེན་པ་དེ་ནི་བྱིས་པ་རྣམས་རང་སྣང་ལ་གཞན་དུ་འཁྲུལ་བས་རྨོངས་པ་སྟེ་རྨོངས་པ་དེ་ཡིས་དར་གྱི་སྲིན་བུ་ལྟར་རང་གིས་རང་ཉིད་འཆིང་བར་བྱེད་དོ། །གལ་ཏེ་སྣང་ཚུལ་སྣ་ཚོགས་པ་རང་སྣང་གི་རང་བཞིན་མཉམ་པ་ཆེན་པོར་རྟོགས་ཤིང་གོམས་པར་གྱུར་ན་འཁོར་འདས་ཀྱི་ཆོས་ཀུན་ཀྱང་ཟུང་འཇུག་རོ་མཉམ་གྱི་ངང་དུ་མཐར་ཐུག་གི་འབྲས་བུའི་བཙན་ས་ཟིན་ཏེ་དུས་གསུམ་གྱི་འཛིན་པ་བྲལ་བས་དུས་བཞི་མཉམ་པ་ཉིད་དུས་གསུམ་དུས་མེད་འོད་གསལ་གཉུག་མའི་ཀློང་ཆེན་པོར་རྒྱུ་ལས་མ་བསྐྱེད་རྐྱེན་ལ་མ་བྱུང་བས་རང་བྱུང་གི་ཡེ་ཤེས་ཐམས་ཅད་མཁྱེན་པའི་རྒྱལ་བར་ཏེ་ཡེ་ཤེས་ཆོས་ཀྱི་སྐུ་ཉིད་བརྙེས་པར་འགྱུར་རོ། །གསུམ་པ་དག་མཉམ་ཆེན་པོར་གྲུབ་པའི་ཚུལ་དང་ངེས་པའི་ཡོན་ཏན་ནི། དག་མཉམ་ཆེན་པོར་སོགས་ཚིགས་བཅད་བཞི་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་ཆོས་ཀུན་དག་མཉམ་ཆེན་པོར་ཡེ་ནས་གནས་པར་ཁས་ལེན་པའི་ཟབ་མོའི་ཚུལ་འདི་ཉིད་ལེགས་པར་རྟོགས་ཤིང་གྲུབ་པ་སྟེ་གྲུབ་པར་གྱུར་པ་ན་དེ་ལ་སྣང་བ་དང་སྟོང་པ་ཉིད་ཅེས་ཅིར་ཡང་མ་གྲུབ་པས་རང་རང་གི་ངོ་བོས་སྟོང་པ་ཡིན་པའི་གནད་ཀྱིས་སྟོང་དང་མི་སྟོང་འཁོར་བ་དང་འདས་པ་སོགས་ཅིར་ཡང་རུང་ཞིང་འཐད་པར་འགྱུར་ལ། དེ་ལྟར་ན་དག་པ་དང་མ་དག་པ་སོགས་འཁོར་འདས་ཀྱི་སྣང་བ་རྟེན་འབྱུང་འགགས་མེད་པས་ཅིར་ཡང་སྣང་དུ་རུང་ཞིང་ཆེས་འཐད་པ་ཡིན་ལ། དེ་ལས་གཞན་དུ་རང་གི་ངོ་བོས་མི་སྟོང་པའི་རྟག་པ་དང་སྣང་བ་མེད་པའི་སྟོང་པ་ཕྱང་ཆད་ཀྱི་མཐའ་བྲལ་སོགས་གང་བརྟགས་པ་དེ་ལ་སྟོང་དང་མི་སྟོང་སོགས་ཅིར་ཡང་མི་རུང་བར་འགྱུར་ཞིང་འཁོར་འདས་ཀྱི་སྣང་བ་རབ་འབྱམས་འགགས་པ་མེད་པས་རྟེན་འབྱུང་འདི་དག་ཅིར་ཡང་མི་སྣང་བས་གཏན་མེད་དུ་འགྱུར་ལ། དེ་ལྟར་ན་སྟོང་དང་རྟེན་འབྱུང་གཉིས་སུ་མེད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ལེགས་པར་གསུང་པ་ཉིད་དང་ཤིན་ཏུ་འགལ་བར་འགྱུར་བའོ། །དེ་ཡི་ཕྱིར་ན་བདེན་པ་དབྱེར་མེད་དག་མཉམ་ཆེན་པོར་བསྒྲུབ་པའི་ཚུལ་ཟབ་མོ་འདིའི་ཡིད་ཆེས་ཕྱིར་མི་ལྡོག་པ་སྙིང་ལ་རྙེད་པའི་སྒོ་གཅིག་པུ་པར་གྱུར་པ་ནི་སྟོང་དང་རྟེན་འབྱུང་འགལ་བ་མེད་པའི་ཟུང་འཇུག་གི་ལམ་མཆོག་འདི་ཁོ་ན་ཡིན་ཏེ། དེས་ན་སྣང་སྟོང་དབྱེར་མེད་དམ་ཟུང་འཇུག་འདི་ལ་ངེས་པའི་ཤེས་པ་ཐེ་ཚོམ་གྱི་སྨག་ཐམས་ཅད་དང་བྲལ་བ་སྐྱེས་ཤིང་གོམས་པར་གྱུར་ན། ཆོས་ཀུན་གདོད་ནས་དག་མཉམ་ཆེན་པོར་བྲི་གང་དང་བྲལ་བའི་རྒྱལ་བའི་དཀྱིལ་འཁོར་ཉིད་དུ་རང་གྲོལ་བ་ལ་སྲིད་པ་འཁོར་བ་སྟོང་དང་མི་སྟོང་དག་དང་མ་དག་པ་སོགས་ཆོས་ཉིད་དག་མཉམ་ཟུང་འཇུག་ཆེན་པོ་ཕལ་པའི་བློས་བསམ་གྱི་མི་ཁྱབ་པའི་དོན་ཉིད་ལ་ཟབ་མོའི་བཟོད་པ་མཆོག་ཏུ་གྱུར་པ་ཁོང་ནས་སྐྱེ་བར་འགྱུར་རོ། །དེའི་ཚེ་རྡུལ་ཕྲ་རབ་གཅིག་གི་ཁྱོན་ལ་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་རྟེན་བརྟེན་པ་དང་བཅས་པ་མཐོང་ཞིང་དུས་མཐའི་སྐད་ཅིག་གཅིག་གི་ཡུན་ལ་ཡང་གྲངས་མེད་ཀྱི་བསྐལ་བར་སྣང་ཞིང་མཐོང་བ་ལ་སོགས་པ་སྟེ་སྣང་བའི་དངོས་པོ་རྣམས་གདོད་ནས་བདེན་སྟོང་སྣང་ལ་རང་བཞིན་མེད་པའི་སྒྱུ་མའི་ངེས་ཤེས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་ཟབ་མོ་ཉིད་ལ་ལེགས་པར་འཇུག་པར་འགྱུར་རོ། །གསུམ་པ་བསམ་གྱིས་མི་ཁྱབ་པར་བསྟན་ཅིང་དོན་བསྡུ་བ་ནི། དེ་ཕྱིར་རང་སྣང་སོགས་ཚིགས་བཅད་བཞི་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཕྱིར་ཆོས་ཀུན་ཡེ་ནས་སྣང་སྟོང་དག་མཉམ་པ་བདེན་པ་དབྱེར་མེད་དམ་ཟུང་འཇུག་ཏུ་གནས་པའི་དོན་དེ་མཚོན་པའི་བརྡར་རང་སྣང་རིས་སུ་མ་ཆད་པས་རིས་མེད་ཅེས་པ་དང་། རྒྱ་ཆད་ཕྱོགས་ལྷུང་ཀུན་དང་བྲལ་བ་ཞེས་དང་། གཞི་དབྱིངས་བསམ་གྱིས་མི་ཁྱབ་དང་། ཆོས་ཉིད་སྟོང་མི་སྟོང་སོགས་ཀྱི་སྤྲོས་པ་ཅིར་ཡང་གྲུབ་པ་ཞེས་དང་། མེ་དང་ཚ་བ་བཞིན་དུ་སྣང་སྟོང་དབྱེར་མེད་དམ་ཟུང་དུ་འཇུག་པ་ཞེས་པ་ལ་སོགས་པ་གྲུབ་མཐའི་ཆོས་སྐད་ཟབ་མོ་དེ་ཙམ་པ་འདིའི་དོན་ཡང་ལོ་བརྒྱར་བསྒྲིམས་ཏེ་ཡང་ཡང་བསམ་པར་བྱས་ཀྱང་རང་རྒྱུད་ལ་ཟབ་མོའི་དོན་ལ་སྔོན་གོམས་ཆེར་ཡོད་པ་མིན་པས་སམ་སྔོན་གོམས་ཀྱི་རྒྱུ་མེད་ན་ད་ལྟ་བློ་ཤེས་རབ་ཆེན་པོ་བརྩོན་པས་སྦྱངས་པ་ཡང་མི་དམན་པ་རབ་ཏུ་བཟང་པོ་ཡོད་མོད་ཀྱང་ཇི་བཞིན་ཐུགས་སུ་ཆུད་པ་ནི་མ་ཡིན་པས་ཡང་དག་པར་དགོངས་པར་མི་འགྱུར་ཏེ། འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱི་ཐུགས་སུ་ཆུད་མི་འགྱུར་ཞེས་གསུངས་པ་བཞིན་ནོ། །དེ་ཕྱི་མདོ་རྒྱུད་ཀྱི་གྲུབ་མཐའ་ཟབ་མོ་གང་ཇི་སྙེད་པ་མཐའ་དག་གི་དགོངས་པའི་གཏིང་ཕུག་གང་དུ་དབབ་ཅིང་གཞོལ་བ་ཡི་བརྒྱ་ཕྲག་དམ་པའི་ཆོས་ཀྱི་ལེགས་བཤད་ཟབ་མོའི་ཆུ་ཀླུང་གི་བཅུད་ཐམས་ཅད་འབབ་པའི་མཚོ་ཆེན་པོ་སྣང་སྟོང་ཟུང་འཇུག་མཐར་ཐུག་དག་མཉམ་བདེན་པ་དབྱེར་མེད་དུ་གནས་པ་འདི་ནི་ངོ་མཚར་བས་ཀྱང་ཆེས་ངོ་མཚར་རྨད་དུ་བྱུང་བ་ཁོ་ནའོ། །དེ་ལྟར་གནས་ལུགས་མཐར་ཐུག་གནས་སྣང་རྣམ་ཀུན་མཐུན་པ་དེ་ལས་སྣང་ཚུལ་གཞན་དག་པ་དང་མ་དག་པར་གང་སྣང་བ་རྣམས་ནི་རེ་འགའ་བས་གཅིག་ཏུ་མ་ངེས་ཤིང་མི་རྟག་པ་འབྱུང་ཞིང་བསླུ་བ་དག་དང་བཅས་ཏེ་སྣང་ལ། སྒྲིབ་པ་མཐའ་དག་སྤང་བའི་གནས་ལུགས་ཇི་ལྟ་བ་བཞིན་དུ་མཐར་ཕྱིན་པ་མངོན་དུ་གྱུར་པའི་དག་མཉམ་བདེན་པ་དབྱེར་མེད་ཟུང་འཇུག་གི་ཡེ་ཤེས་ནི་འགྱུར་བ་མེད་པས་འདུས་མ་བྱས་བསླུ་བ་མེད་པའི་དོན་གཉིས་སུ་མེད་པར་གཟིགས་པའི་རང་བྱུང་གི་ཡེ་ཤེས་གནས་སྣང་རྣམ་ཀུན་ཤིན་ཏུ་མཐུན་པས་འགྱུར་ན་མེད་པ་ཉིད་ཡིན་ནོ། །ཨེ་མ་འདི་ལས་གཞན་དུ་གང་བརྟགས་པའི། །དམ་བཅའི་འབྲས་བུ་མངོན་དུ་འབྱིན་མིན་ལ། །རྒྱ་ཆད་ཕྱོགས་བྲལ་ཟུང་འཇུག་གང་རུང་བར། །ཐམས་ཅད་རུང་བར་གཅིག་ཤེས་ཀུན་གྲོལ་ལགས། །ཞེས་ཀྱང་སྨྲས་སོ། །དྲི་ལན་བདུན་པ་སྤྲོས་བྲལ་དབུ་མ་ཆེན་པོ་ལ་ཁས་ལེན་ཡོད་མེད་གང་འཐད་ལ་བཞི། ཁས་ལེན་མེད་པའི་ལུགས་དགག་པ། ཁས་ལེན་ཡོད་མེད་སོ་སོར་ཕྱེ་བའི་ཀློང་ཆེན་ཞབས་ཀྱི་ཀྱིས་བཞེད་པ་འགོད་པ་དེར་བརྟེན་ཁས་ལེན་ཡོད་པའི་ཕྱོགས་ཆེས་ཆེར་བསྒྲུབ་པའི་གཞན་ལུགས་དགག་པ། ཀློང་ཆེན་ཞབས་ཀྱི་རྗེས་སུ་འབྲང་སྟེ་རང་ལུགས་རྒྱས་པར་བསྟན་པའོ། །དང་པོ། སྤྲོས་བྲལ་དབུ་མ་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། ཟུང་འཇུག་རབ་ཏུ་མི་གནས་པའི་སྤྲོས་བྲལ་དབུ་མ་ཆེན་པོ་ཐལ་འགྱུར་བ་ལ་རང་ལུགས་ལ་ཁས་ལེན་ཡོད་དམ། མེད་ཅེས་དཔྱད་པའི་ཚེ་བོད་སྔ་རབས་པའི་མཁས་པ་ཕལ་ཆེ་བ་རྣམས་མགྲིན་གཅིག་ཏུ་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མའི་རང་ལུགས་ལ་འདི་ཡིན་འདི་མིན་དང་ཡོད་མེད་ལ་སོགས་པའི་སྤྲོས་པ་གང་ཅིར་ཡང་ནི་མེད་པའི་ཕྱིར་རྣམ་པ་ཀུན་ཏུ་ཅིར་ཡང་ཁས་ལེན་མེད་པར་འདོད་པ་ཡང་མི་འཐད་དེ། འདི་ལྟར་དཔལ་ལྡན་ཟླ་བའི་རང་གཞུང་དབུ་མ་འཇུག་པ་རྩ་འགྲེལ་རྣམས་ལས་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་རྟེན་འབྲེལ་དང་ལམ་ས་བཅུ་དང་འབྲས་བུ་སྟོབས་བཅུ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་ཉིད་དང་བཅས་པ་སྣང་ཙམ་བསླུ་མེད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་གྲུབ་མཐའི་རྣམ་པར་བཞག་པ་ཀུན་ཁས་བླང་བའི་རང་ལུགས་གསལ་བོར་ཡོད་བཞིན་དུ་ཁས་ལེན་རྣམ་ཀུན་མེད་ཅེས་མངོན་སུམ་དུ་བསྙོན་ནས་གཞི་དང་ལམ་དང་འབྲས་བུ་ལ་སོགས་པའི་ཐ་སྙད་ཀྱི་རྣམ་བཞག་ཐམས་ཅད་གཞན་ངོ་ཁོ་ན་ལ་འཇོག་ཅིང་སྐྱེལ་བ་དེ་ནི་དཔལ་ལྡན་ཟླ་བའི་རང་གཞུང་གི་རྗོད་བྱེད་ཀྱི་ཚིག་དང་། བརྗོད་བྱའི་དོན་གཉིས་གར་འགལ་བ་འདུ་བའི་ཕྱིར་དེ་ལྟར་མ་ཡིན་ནོ། །གཉིས་པ། ཀློང་ཆེན་རབ་འབྱམས་སོགས་ཚིགས་བཅད་བཞིས་བསྟན་ཏེ། རྒྱལ་བ་གཉིས་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་བཟང་པོའི་ཞལ་ནས་འདི་སྐད་དུ་དཔལ་ལྡན་ཟླ་བའི་རང་ལུགས་ཀྱི་དབུ་མར་ཏེ་དབུ་མ་ཐལ་འགྱུར་བ་ལ་ཐ་སྙད་ཀྱི་རྣམ་བཞག་ཁས་ལེན་ཡོད་དམ་མེད་གང་ཡིན་དཔྱད་པ་ལ། གངས་ཅན་པའི་སྔ་རབས་ཀྱི་མཁས་པ་ཕལ་ཆེར་རྣམས་ཡོད་མེད་ཕྱོགས་རེར་འཛིན་ཏེ་འདི་ལྟར་བ་ཚབ་བུ་བཞིའི་ཡ་གྱལ་ཚིགས་དོན་གཉིས་ཀར་མཁས་པ་རྨ་བྱ་བྱང་བརྩོན་གྱིས་ཁས་ལེན་ཡོད་པར་འདོད་པ་དང་། མཁས་མཆོག་གཙང་བ་ནི་ཁས་ལེན་མེད་པར་འདོད་པ་ལ་ཡང་དཔྱད་ན་ལུགས་གཉིས་པོ་དེ་རེ་རེར་ཡང་སྐྱོན་ཡོན་གྱི་ཆ་གཉིས་རེ་གནས་ཤིང་ཡོད་པས་ལེགས་པར་མ་ཕྱེད་པའོ། །དེས་ན་སྐྱོན་ཐམས་ཅད་དང་བྲལ་བའི་རང་གི་བཞེད་པ་ལ་ནི་འཕགས་པའི་མཉམ་བཞག་ཡེ་ཤེས་དང་རྗེས་སུ་མཐུན་པར་དོན་དམ་པའི་གནས་ལུགས་ཇི་བཞིན་གཞལ་བ་མཉམ་བཞག་ལ་ཟློ་བའི་ཚེ་གཤིས་ལུགས་ཆོས་ཀྱི་དབྱིངས་ལ་ཡིན་མིན་ཡོད་མེད་ལ་སོགས་པའི་སྤྲོས་པ་ཅིར་ཡང་མ་གྲུབ་པ། དེ་ལྟར་ཁས་ཀྱང་ཡོད་མེད་ལ་སོགས་པ་ཅི་ཞིག་ལེན་པར་བྱེད་དེ་ཁས་ལེན་ཅི་ཡང་མེད་པ་ཉིད་ཡོན་ནོ། །དེ་ཕྱིར་རང་གི་གྲུབ་མཐའ་ཞེས་པ་གནས་ལུགས་མཐར་ཐུག་གི་དོན་རང་རང་གིས་མི་ལྟ་གཞལ་བ་དེ་ཉིད་ཡིན་པས་ཡོད་མེད་སོགས་གང་དུ་ཁས་བླངས་ཀྱང་གནས་ལུགས་ཀྱི་ཁས་ལེན་ཡིན་པའི་ཕྱིར་མཉམ་བཞག་ཡེ་ཤེས་ཡུལ་དུ་བྱེད་པ་དང་གཞན་ལ་བརྩོད་པ་ལ་སོགས་པའི་ཚེ་གཤིས་སམ་གནས་ལུགས་ཡོད་མེད་ལ་སོགས་པའི་སྤྲོས་མཚན་ཤིན་ཏུ་ཕྲ་བ་ཡང་མེད་པའི་ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་ཡོད་དང་མེད་སྟོང་དང་མི་སྟོང་སོགས་ཀྱི་ཁས་ལེན་ཅི་ཡང་མེད་པ་ཉིད་དོ། །ལམ་རྗེས་ཐོབ་པ་ཐ་སྙད་ཡུལ་དུ་བྱེད་པའི་ཚེ་གཞི་ལམ་འབྲས་བུར་བཅས་པའི་གྲུབ་པའི་མཐའ་ཇི་ལྟ་ཇི་སྙེད་ཀྱི་རྣམ་པར་བཞག་པ་ཡང་དག་པའི་ལུང་ལས་ཇི་ལྟར་བསྟན་པ་རྣམས་མ་འཁྲུགས་ཤིང་མ་འདྲེས་པར་སོ་སོར་ཁས་ལེན་དགོས་པར་ཁོ་བོས་འདོད་ལ། ཕྱིན་ཆད་ཁས་ལེན་མི་ལེན་གྱི་ཚུལ་འདི་ལྟར་དམ་བཅའ་ཞིང་སྨྲ་ཤེས་ན་ཁོ་བོས་ལེགས་པར་བཤད་པ་ཡིད་བཞིན་མཛོད་ཀྱི་འགྲེལ་ཆེན་པདྨ་དཀར་པོའི་མཐུ་ཡིན་པར་བལྟའོ་ཞེས་གསུངས་སོ། །གསུམ་པ། དེར་བསྟེན་གངས་ཅན་སོགས་ཚིགས་བཅད་བཅུ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་ཁས་ལེན་ཡོད་པའི་ཕྱོགས་དེར་བརྟེན་པའི་གངས་ཅན་གྱི་མཁས་པ་འགའ་དང་འགས་དབུ་མ་ཐལ་འགྱུར་བའི་རང་ལུགས་ལ་དཔྱད་ན་བདེན་གྲུབ་ཀྱི་ཁས་ལེན་མེད་ཀྱང་མ་དཔྱད་མ་བརྟགས་འཇིག་རྟེན་གྲགས་པའི་ཐ་སྙད་ཁས་ལེན་ཡོད་པའི་ཕྱོགས་ཁོ་ན་ལུང་དང་རིགས་པ་ཡང་དང་ཡང་དུ་རྩལ་དུ་བཏོན་ནས་ཆེར་ཆེར་བསྒྲུབས་པར་མཛད་པ་ཡང་ལེགས་པར་མ་ཕྱེད་དེ། ཇི་ལྟར་ན་དེ་ཡང་མཉམ་རྗེས་ཀྱི་དབུ་མ་ཕྲ་བ་དང་རགས་པ་ལ་སོགས་པའི་སྐབས་ཤན་སོ་སོར་ལེགས་པར་མ་ཕྱེས་པར་རྣམ་ཀུན་ཁས་ལེན་ཡོད་པར་བསྒྲུབ་ན་གཤིས་དོན་གནས་ལུགས་ཆོས་ཀྱི་དབྱིངས་ལ་ཡོད་མེད་ལ་སོགས་པའི་སྤྲོས་པ་ཅིར་ཡང་མ་གྲུབ་པའི་ཕྱིར་ན་དབུ་མ་ཐལ་འགྱུར་བའི་རང་ལུགས་ལ་མ་བརྟགས་འཇིག་རྟེན་གྲགས་པའི་ཐ་སྙད་ཐམས་ཅད་མཐའ་གཅིག་ཏུ་ཁས་ལེན་ཡོད་པའང་འགྲུབ་པར་ཤིན་ཏུ་དཀའ་སྟེ། འདི་ལྟར་དབུ་མ་ཐལ་འགྱུར་བ་རང་གི་ལུགས་ཞེས་པ་དབུ་མའི་གྲུབ་པའི་མཐས་གནས་ལུགས་མཐར་ཐུག་པའི་དོན་རིགས་པས་ཇི་ལྟར་གཞལ་བ་གནོད་པ་མེད་པ་ཉིད་ཡིན་དགོས་ཏེ། དེ་ལས་གཞན་པ་དག་གིས་ཐ་སྙད་ཀྱི་ཁས་ལེན་རྣམས་ནི་རིགས་པས་གནོད་པ་ཡོད་པས་རང་ལུགས་མིན་ཏེ་དེ་ཅི་ཡི་སླད་དུ་ཞེ་ན། དབུ་མ་ཐལ་འགྱུར་བ་རང་གིས་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་གཞལ་ན་གཞན་ལུགས་ཀྱི་ཐ་སྙད་གང་ཁས་བླངས་བ་དེ་དག་དེ་ལྟར་མ་གྲུབ་པའི་ཕྱིར་རོ། །དེས་ན་ཐལ་འགྱུར་བ་དེས་རང་ལུགས་ཀྱི་ཐ་སྙད་ཁས་བླངས་བ་ཡིན་ན་དེ་ཉིད་དོན་དམ་དཔྱོད་པའི་རིགས་པས་ཀྱང་གཞལ་ན་གྲུབ་པར་རང་དབང་ཅན་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ནས་ཁས་བླངས་བར་རིགས་པ་ཡང་དག་པས་འཕུལ་ནུས་པ་དེ་ཉིད་ཀྱི་ཕྱིར་དེས་གང་ཁས་བླངས་པ་ཡི་མ་བརྟགས་གྲགས་པའི་ཐ་སྙད་དེ་ཡང་དོན་དམ་པར་བདེན་པར་གྲུབ་ཅིང་དོན་དམ་དཔྱོད་པའི་རིགས་པས་དཔྱད་བཟོད་ཉིད་དུ་འགྱུར་ཏེ། འདི་ལྟར་ཐལ་འགྱུར་བ་རང་གིས་དབུ་མ་རང་རྒྱུད་པ་ལ་བརྗོད་པ་ཐ་སྙད་བདེན་པ་རིགས་པས་དཔྱོད་བཟོད་དུ་ཐལ་བ་དང་དོན་དམ་པའི་སྐྱེ་བ་མི་ཁེགས་པ་དང་། འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བའི་སྐྱོན་གསུམ་རང་ལ་ཡང་མཚུངས་པར་འབབ་པས་སོ། །གལ་ཏེ་མ་བརྟགས་གྲགས་པའི་ཁས་ལེན་དེ་ཐལ་འགྱུར་བ་རང་ལུགས་ཀྱི་ཁས་ལེན་མ་ཡིན་ནོ་ཞེ་ན། རང་ལུགས་ལ་འཇིག་རྟེན་རྒན་པོའི་ཇི་ལྟར་ཁས་བླང་བ་ལྟར་ཁས་ལེན་ཡོད་པ་ཡིན་ཞེས་པའི་རང་ཚིག་དང་འགལ་བ་མ་ཡིན་ནམ། གཞན་ཡང་རང་ལ་དོན་དམ་དཔྱོད་པའི་རིགས་པས་དཔྱད་ན་བདེན་གྲུབ་མེད་ཅེས་པ་དང་མ་དཔྱད་འཇིག་རྟེན་རྒན་པོར་གྲགས་པའི་ཐ་སྙད་ཐམས་ཅད་གནོད་མེད་དུ་ཡོད་ཅེས་པའི་ཁས་ལེན་གཉིས་ནི་ཡོད་པར་གྱུར་ཅིང་དེ་གཉིས་ཀ་ངེས་པར་བདེན་པའམ་ཡང་དག་པར་གྱུར་ན་དབུ་མའི་རང་ལུགས་ཞེས་པ་དེ་གཉིས་པོ་ལས་རེ་རེ་ཡིན་ནམ་འོན་ཏེ་གཉིས་ཀ་ཡིན། དེ་ལྟར་གང་རུང་རེ་རེ་ནས་རང་ལུགས་ཡིན་ནོ་ཞེ་ན་གཅིག་ཤོས་རང་ལུགས་སུ་འཐད་པ་མ་ཡིན་ཏེ་དངོས་འགལ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡོད་ཅེས་པ་རང་ལུགས་ཀྱི་ཁས་བླངས་བ་མ་ཡིན་ལ་མེད་པར་ཁས་ནི་བླངས་བར་གྱུར་པ་ནི་རང་ལུགས་ཡིན་ནོ་ཞེ་ན། དེ་ལྟ་ན་ཡོད་ཅེས་བྱ་བའི་ཁས་ལེན་ནི་རང་ལུགས་ལ་མ་བརྟགས་འཇིག་རྟེན་གྲགས་པའི་ཀུན་རྫོབ་ཙམ་དུ་ཡང་མི་རུང་སྟེ་མེད་པ་ཁོ་ན་རུང་ལུགས་ཁས་བླང་ཡིན་པའི་ཕྱིར་ནའོ། །གཉིས་པ་ལྟར་ཡོད་མེད་གཉིས་ཀ་རང་གི་ལུགས་ཡིན་པས་ཁས་བླངས་བ་ཡིན་ནོ་ཞེ་ན། ཆོས་གང་ཡང་རིགས་པས་དཔྱད་མི་བཟོད་པ་དེ་ཁས་མི་ལེན་པའམ་བསལ་ནས་སུ་རིགས་པས་གནོད་པ་མེད་པས་དཔྱད་བཟོད་པའམ་སྐྱོན་མེད་པ་དེ་ཁས་ལེན་པ་ཡིན་པའི་ཕྱིར་ཡོད་མེད་གཉིས་ཀ་རིགས་པས་དཔྱད་བཟོད་དུ་འགྱུར་རོ། །དེ་ལྟ་ན་ཡང་རིགས་པས་དཔྱད་པས་སྟོང་པའམ་མེད་པ་དང་མ་དཔྱད་པའི་སྣང་བའམ་ཡོད་པ་སྟེ། དེ་གཉིས་པོ་ལྷན་ཅིག་ཏུ་དངོས་པོ་གཅིག་ལ་འདུ་ཞིང་ཚོགས་པ་འཇིག་རྟེན་ན་སྲིད་པ་མ་ཡིན་ཏེ། གལ་ཏེ་ཚོགས་ན་དོན་དམ་དཔྱོད་བྱེད་ཀྱིས་དཔྱད་པས་མེད་པའམ་སྟོང་བར་རྟོགས་པའི་ཚེ་ན་ཡང་མ་དཔྱད་འཇིག་རྟེན་རྒན་པོའི་དུས་བཞིན་དུ་དངོས་པོ་དེ་ཉིད་ཡོད་ཅིང་དེར་འཛིན་གྱི་ཡོད་རྟོག་དེ་ཉིད་ཡོད་དགོས་པའི་ཕྱིར་ན་དོན་དམ་དཔྱོད་པས་ཡོད་རྟོག་ལྡོག་མི་ཐུབ་པས་དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་དཔྱད་པས་ཅི་ཞིག་ཕན་ཏེ་དཔྱད་པ་དོན་མེད་དུ་འགྱུར་ཞིང་དེར་མ་ཟད་ཀུན་རྫོབ་མ་བརྟགས་འཇིག་རྟེན་གྲགས་པའི་ཡོད་པ་དེ་ཡང་དོན་དམ་དཔྱད་པའི་རིགས་པས་དཔྱད་བཟོད་དུ་ཡང་གྲུབ་པར་འགྱུར་ན་དེ་རིགས་ཤིང་འཐད་པ་མ་ཡིན་ཏེ་ཤེས་བྱའི་ཁོང་ན་དོན་དམ་དཔྱོད་པའི་རིགས་པས་དཔྱད་བཟོད་པའི་ཆོས་གང་ཡང་མི་སྲིད་པའི་ཕྱིར་ནའོ། །གཞན་ཡང་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྙེད་དོན་དགག་བྱ་བདེན་གྲུབ་བཅད་པའི་མེད་དགག་སྟོང་རྐྱང་དེ་ལས་ལྷག་པའི་གནས་ལུགས་ཀྱི་ལྟ་བ་མཐར་ཐུག་པ་ཞིག་མེད་པར་གྱུར་ན་དེ་ཉིད་མངོན་དུ་གྱུར་པའི་ཚེ་ན་མེད་དགག་སྟོང་རྐྱང་དེ་ཁོ་ན་འཛིན་པའི་འཛིན་སྟངས་དེ་ལ་གང་སྣང་བའི་ཆ་ཅུང་ཟད་ཀྱང་འཛིན་པའི་སྐབས་རྣམ་པ་ཀུན་ཏུ་མི་ཐོབ་པའི་ཕྱིར་གང་སྣང་བའི་ཆ་ཐམས་ཅད་སྟོང་རྐྱང་མེད་པ་ཁོ་ནའི་དབྱིངས་སུ་རྒྱས་གདབ་པས་ན་མཐའ་གཅིག་ཏུ་ལྟ་བ་དང་སྒོམ་པ་དང་སྤྱོད་པའི་གནས་སྐབས་ཐམས་ཅད་ཀུན་ཀྱང་མེད་པར་ཏེ། མེད་པ་ཁོ་ནར་ལྟ་བའི་ཡིད་ཅན་དུ་རྩི་ཡི་ཕྱིར་མི་འགྱུར་ཏེ། འདི་ལྟར་གནས་ལུགས་གཏན་ལ་ཕབ་པའི་ལྟ་བ་དང་རྗེས་སུ་མཐུན་པ་ཉིད་ནམ་དུ་ཡང་གོམས་པའང་བསྒོམ་དགོས་པའི་ཕྱིར་རང་སྤྱོད་པ་ཡང་ལྟ་སྒོམ་གྱི་རྗེས་སུ་འབྲངས་དགོས་པས་སོ། །བཞི་པ་ལ་གསུམ། རང་ལུགས་ལ་སོ་སོར་ཕྱེ་སྟེ་བཞག་པ། དེ་ལ་རྩོད་པ་སྤོང་བ། ཚུལ་དེས་མདོ་སྔགས་ཀྱི་ལམ་གནད་བསྟན་པའོ། །དང་པོ་ལ་གསུམ། མཉམ་རྗེས་སམ་རྒྱུ་འབྲས་ཀྱི་དབུ་མ་གཉིས་སུ་བསྟན་པ། དེས་ན་གནས་ལུགས་དབུ་མ་ཆེན་པོའི་ངོར་ཁས་ལེན་མེད་པར་བསྟན་པ། སྣང་ཚུལ་ལ་ཐ་སྙད་བདེན་གཉིས་སོ་སོར་ཁས་ལེན་ཡོད་པར་བསྟན་པའོ། །དང་པོ། དེས་ན་ཀུན་མཁྱེན་སོགས་ཚིགས་བཅད་ལྔ་དང་རྐང་པ་གཅིག་གིས་བསྟན་ཏེ། དེས་ན་ཀུན་མཁྱེན་རྒྱལ་བ་གཉིས་པ་ཀློང་ཆེན་པས་ཇི་ལྟར་བཞེད་པ་བཞིན་དུ་སྔ་འགྱུར་གྱི་རང་ལུགས་རྙོགས་པའི་དྲི་མ་མེད་པ་ནི་འདི་ལྟར་ཤེས་པར་བྱ་སྟེ། ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་ཐལ་འགྱུར་མཚན་ཉིད་པ་རྟོག་གེས་རྙོགས་དང་བྲལ་བ་ཞིག་ཡིན་ན་སྣང་སྟོང་ཟུང་དུ་འཇུག་པའི་དབུ་མ་ཆེན་པོའམ་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབུ་མ་ཆེན་པོ་ཉིད་ཡིན་དགོས་ཏེ། དེ་ནི་འདི་ལྟར་ཐེག་ཆེན་འཕགས་པའི་མཉམ་བཞག་གཉིས་སྣང་མེད་པའི་ཡེ་ཤེས་དང་རྗེས་སུ་མཐུན་པར་དོན་དམ་མཐར་ཐུག་དཔྱོད་པའི་རིགས་པ་ཡང་དག་གིས་གཏན་ལ་ཕབ་ནས་ཡོད་མེད་རྟག་ཆད་ལ་སོགས་པའི་མཐའ་རགས་པ་དང་ཤིན་ཏུ་ཕྲ་བ་རྣམས་མ་ལུས་པ་ཀུན་ཉེར་ཞི་བའམ་ཉེར་ཞིའི་རང་བཞིན་བདེན་གཉིས་ཟུང་འཇུག་གི་གནས་ལུགས་ཡིན་པའི་ཕྱིར་རོ། །དེ་ལས་གཞན་དུ་དགག་བྱ་བདེན་གྲུབ་བཅད་པའི་སྟོང་པ་མེད་དགག་འབའ་ཞིག་ཡུལ་དུ་བྱེད་པའི་ལམ་དེ་ཉིད་སྣང་སྟོང་བདེན་གཉིས་ཟུང་འཇུག་གི་ཕྱོགས་གཅིག་སྟོང་པའི་མཐའ་ལ་ལྷུང་བའི་ཕྱིར་ལྟ་བ་ཉི་ཚེ་བའམ་ཉི་ཚེའི་ལྟ་བ་དེ་ནི་ལྟ་བ་མཐར་ཐུག་སྣང་སྟོང་ཟུང་འཇུག་དང་ནི་སྤྲོས་ཀུན་བྲལ་བའི་ལྟ་བ་མཐར་ཐུག་པ་ཉིད་ནི་མིན་ཏེ། ལྟ་བ་མཐར་ཐུག་པ་ནི་སྣང་སྟོང་ཟུང་དུ་འཇུག་པའི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཉིད་ནི་ཡོད་པ་དང་མེད་པའམ་སྣང་བ་དང་སྟོང་པ་ཟུང་འཇུག་མཉམ་པ་ཉིད་ཡིན་དགོས་ཀྱང་ཉི་ཚེའི་ལྟ་བ་འདི་ནི་དོན་དམ་མེད་དགག་སྟོང་པའི་དབྱིངས་འབའ་ཞིག་གམ་ཁོ་ནའི་ཡུལ་ཅན་ཡིན་པས་སྤྲོས་པ་ཐམས་ཅད་དང་མ་བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་སྤྲོས་པ་ཞེས་པ་ནི་ཡོད་པ་དང་མེད་པ་སྟོང་དང་མི་སྟོང་པ་ལ་སོགས་པའི་དམིགས་པའི་རྣམ་པ་གཟུང་འཛིན་ཅན་གང་ཇི་སྙེད་པ་ཐམས་ཅད་དེ་སྤྲོས་པ་ཉིད་ཡིན་པས་འདི་ནི་སྟོང་པའམ་མེད་པའི་སྤྲོས་པ་དང་མ་བྲལ་བའི་མེད་དགག་དེ་ལ་དམིགས་པའི་ཕྱིར་ན་རྣམ་པར་རྟོག་པས་གཞན་སེལ་སེམས་ཀྱི་སྤྱོད་ཡུལ་གྱི་ལྟ་བ་ཉི་ཚེ་བ་ཡིན་ནོ། །གཉིས་པ། དེས་ན་དབུ་མ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དེས་ན་གནས་ལུགས་ཟུང་འཇུག་སྤྲོས་བྲལ་དབུ་མ་ཆེན་པོའི་ངོར་བྱས་ན་དགག་པ་དང་སྒྲུབ་པའི་ཁས་ལེན་ཅི་ཡང་རྣམ་པ་ཀུན་ཏུ་ཡོད་པ་མིན་ཏེ། དབུ་མ་ཆེན་པོའི་རྣལ་འབྱོར་པ་དེ་ཡིས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྣང་སྟོང་ཟུང་དུ་འཇུག་པའི་སྤྲོས་བྲལ་མཉམ་པ་ཉིད་དུ་རྟོགས་པའི་སླད་དེ་དོན་གྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཟུང་འཇུག་ཆོས་ཀྱི་དབྱིངས་ཡོད་མེད་ཡིན་མིན་ལ་སོགས་དགག་སྒྲུབ་ཀྱི་སྤྲོས་པ་ཐམས་ཅད་ཀུན་དང་བྲལ་བས་སམ་བྲལ་བ་ཡིན་པས་ན་གནས་ལུགས་ཟུང་འཇུག་སྤྲོས་པ་ཐམས་ཅད་དང་བྲལ་བའི་དོན་ཉིད་ཇི་ལྟ་བ་བཞིན་དུ་འཁོར་འདས་ཀྱི་ཆོས་ཀུན་ཀྱང་ཟུང་འཇུག་སྤྲོས་པ་དང་བྲལ་བས་ཡོད་མེད་སོགས་གང་དང་གང་ཁས་བླངས་པ་དེ་དང་དེ་གནས་ལུགས་མཐར་ཐུག་དཔྱོད་པའི་རིགས་པས་དེ་ལྟར་མི་འགྲུབ་པའི་ཕྱིར་ཡོད་པ་དང་མེད་པ་སྟོང་པ་དང་མི་སྟོང་བ་སྣང་བ་དང་མི་སྣང་བ་སོགས་གང་དུ་ཡང་ཁས་ནི་ལེན་པར་མི་བྱེད་དོ། །དེས་ན་དབུ་མ་ཐལ་འགྱུར་བའི་རང་ལུགས་ལ་མཉམ་བཞག་ལ་ཟློ་བའི་ཚེ་ཁས་ལེན་མེད་དོ་ཞེས་གྲུབ་ཅིང་ཤེས་པར་བྱའོ། །གསུམ་པ། དེ་ལྟར་གནས་ལུགས་སོགས་ཚིགས་བཅད་བཞི་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལྟར་མཉམ་བཞག་ལ་ཟློ་བའི་ཚེ་ཆོས་ཐམས་ཅད་གནས་ལུགས་སྣང་སྟོང་དབྱེར་མེད་པའི་ཟུང་འཇུག་གི་དབྱིངས་མཐར་ཐུག་པའི་དོན་ནམ་གཤིས་ལ་གཉིས་ཆོས་ཐ་སྙད་ཀྱི་སྤྲོས་པ་ཅི་ཡང་མེད་པས་ཁས་ལེན་མེད་པར་གྲུབ་ཀྱང་རྗེས་ཐོབ་ཤན་འབྱེད་པའི་ཚེ་གནས་སྐབས་སྣང་ཚུལ་ལ་ཐ་སྙད་ཙམ་དུ་བདེན་པ་གཉིས་ཀ་སོ་སོར་ཡང་ཀུན་རྫོབ་ཏུ་ཡོད་ལ་དོན་དམ་དུ་མེད་ཅེས་པའི་ཁས་བླང་ཡོད་དེ་ཁས་ལེན་ཅན་དེ་འདྲའི་ཐ་སྙད་ཀྱི་བདེན་པ་གཉིས་ཀྱང་བདེན་གཉིས་དབྱེར་མེད་ཟུང་འཇུག་གི་གནས་ལུགས་ལ་ལྟོས་ན་བདེན་གཉིས་སོ་སོའི་སྣང་ཚུལ་མི་འགོགས་པའི་ཐ་སྙད་ཙམ་ཞིག་ཡིན་ལ། བདེན་གཉིས་དབྱེར་མེད་པའི་གནས་ལུགས་ཀྱི་དོན་ཇི་ལྟ་བར་མཐོང་ཡེ་ཤེས་ལ་ལྟོས་ན་བདེན་གཉིས་དཔྱོད་པའི་ཚད་མ་གཉིས་པོ་དེ་ཡང་ཉི་ཚེ་བའི་ཚད་མའམ་ཉི་ཚེའི་གནས་ཡིན་ཏེ་ཚད་མ་དེ་གང་རུང་གཅིག་གིས་བདེན་གཉིས་ཅིག་ཆར་འཛིན་པ་མི་སྲིད་པའི་ཕྱིར་རོ། །དེས་ན་ཐ་སྙད་དཔྱོད་བྱེད་དང་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་གཉིས་པོ་སེམས་བྱུང་ཤེས་རབ་སྟེ། བུམ་པ་ལ་སོགས་པའི་དངོས་པོ་ཀུན་ཚད་མ་དེ་གཉིས་ཀྱིས་སོ་སོར་དཔྱད་ཅིང་གཞལ་བ་ན། ཇི་སྐད་དུ་དབུ་མ་འཇུག་པ་ལས། དངོས་ཀུན་ཡང་དག་རྫུན་པར་མཐོང་བ་ཡི། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཞེས་གསུངས་པ་ལྟར། རྫུན་པ་དང་ཡང་དག་པའི་ངོ་བོ་སྣང་བ་དང་སྟོང་པ་གཉིས་ནི་རྙེད་ཅིང་རྟོགས་པར་གྱུར་ན་ཡང་ཚད་མ་དེ་གཉིས་ཡུལ་སོ་སོ་བ་ཡིན་པས་གང་རུང་གཅིག་གིས་རང་ཡུལ་དེ་གཞལ་ཞིང་རྟོགས་པའི་ཚེ་གཅིག་ཤོས་ཀྱང་གཞལ་ཞིང་རྟོགས་པ་ནི་ཡོད་པ་མིན་པས་ཚད་དེ་གཉིས་གང་ཡིན་ཀྱང་རུང་བདེན་གཉིས་ཅིག་ཆར་མི་གཞལ་ཞིང་མི་རྟོགས་པས་སོ་སྐྱེའི་བློ་གཉིས་སྣང་ཅན་དེ་ལ་བདེན་པ་གཉིས་རེས་འཇོག་གི་ཚུལ་དུ་སོ་སོར་སྣང་བ་ལས་ཅིག་ཆར་དུ་མི་སྣང་བའི་ཕྱིར་ན་ཚད་མ་གཉིས་སོ་སོས་ཇི་ལྟར་གཞལ་བའི་རྙེད་དོན་ཡོད་མེད་ཀྱི་ཁས་ལེན་གཉིས་ཀྱང་ཡོད་པ་ཉིད་དུ་གྲུབ་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ལ་བཞི། རང་ལ་མཚུངས་པའི་རྩོད་སྤང་། གཉིས་ཀ་སྟོབས་མཚུངས་ལྡན་པའི་རྩོད་སྤང་། བདེན་པ་གཉིས་སུ་ཕྱེ་སྟེ་ཁས་ལེན་དང་བཅས་པ་བསྟན་པའི་དགོས་འབྲས་བསྟན་པ། རྒྱུ་འམ་ལམ་གྱི་དབུ་མའི་ཁས་ལེན་དེ་ཡང་དོན་དམ་རང་ལུགས་སུ་བྱས་ནས་ཀུན་རྫོབ་གཞན་ངོར་སྐྱེལ་ན་ལུང་རིགས་ཀྱིས་གནོད་ཚུལ་བསྟན་པའོ། །དང་པོ་ལ་གསུམ། རྩོད་པ་དགོད་པ། དེ་སྤང་བ། ལུང་ནས་དགག་སྒྲུབ་ཇི་སྙེད་པ་བསྟན་ཚུལ་གྱི་སྒོ་ནས་མི་འགལ་བར་དོན་བསྡུ་བའོ། །དང་པོ། འོ་ན་ཁས་ལེན་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། འོ་ན་དེ་ལྟར་ཁས་ལེན་ཡོད་མེད་དང་བདེན་གཉིས་ཀྱི་ཁས་ལེན་ནང་འགལ་བའི་ཚུལ་གྱི་སྐྱོན་གོང་དུ་རང་གིས་གཞན་ལ་ཇི་སྙེད་བརྗོད་པ་ཡི་སྐྱོན་དེ་དག་རང་ལའང་མཚུངས་པར་ཐལ་ཞེ་ན་ཞེས་རྩོད་པའོ། །གཉིས་པ་རྩོད་པ་དེ་སྤང་བ་ལ་གསུམ། རྣམ་ཤེས་དང་ཡེ་ཤེས་སམ་མཉམ་རྗེས་སམ་གནས་སྣང་གི་སྐབས་ཀྱི་ཁྱད་པར་ཕྱེས་ཏེ་བསྟན་པས་གཤིས་ལ་ཁས་ལེན་མེད་པའི་ཕྱིར་ན་སྣང་ཚུལ་ལ་ཡོད་མེད་ཀྱི་ཁས་ལེན་གཉིས་ཡོད་ཀྱང་དཔྱད་བཟོད་ལ་སོགས་པའི་སྐྱོན་རང་ལ་མེད་པར་བསྟན་པ་དང་། ཚུལ་དེས་ལོག་རྟོག་གཞན་ཡང་ཁེགས་པར་བསྟན་པ། རང་ལ་བདེན་གཉིས་ཁས་ལེན་ནང་འགལ་གྱི་སྐྱོན་མེད་པར་བསྟན་པའོ། །དང་པོ། ངེད་ཀྱི་ཁྱད་པར་སོགས་ཚིགས་བཅད་བཅུས་བསྟན་ཏེ། དེ་ལ་ངེད་ཀྱིས་འདི་ལྟར་སྐབས་ཀྱི་ཁྱད་པར་ལེགས་པར་ཕྱེས་ནས་སུ་རྗེས་ཐོབ་ཤན་འབྱེད་ལམ་གྱི་དབུ་མ་དང་དངོས་གཞི་འཕགས་པའི་མཉམ་བཞག་ཟུང་འཇུག་ཡེ་ཤེས་ཀྱི་དབུ་མ་ཆེན་པོ་གཉིས་རིམ་པར་རགས་པ་བརྡའི་དབུ་མ་དང་། ཕྲ་བ་ཆོས་ཉིད་ཀྱི་དབུ་མའམ་རྒྱུ་དང་འབྲས་བུའི་སམ་རྣམ་ཤེས་ཀྱི་སྤྱོད་ཡུལ་དང་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་གནས་སྐབས་ཀྱི་དབུ་མ་ཆེ་ཆུང་གི་ཁྱད་ལེགས་པར་ཕྱེས་ནས་ཕྲ་བ་ཆོས་ཉིད་ཀྱི་དབུ་མའམ་ཟུང་འཇུག་འབྲས་བུའི་དབུ་མའམ་མཉམ་བཞག་ཡེ་ཤེས་ཀྱི་དབུ་མའམ་ཆེན་པོར་ཁས་ལེན་མེད་པར་བསྟན་པ་དང་། རགས་པ་སེམས་ཀྱི་སྤྱོད་ཡུལ་རྗེས་ཐོབ་ཤན་འབྱེད་རྒྱུའམ་ལམ་གྱི་དབུ་མར་ཁས་ལེན་ཡོད་པར་བཤད་པའི་ཕྱིར་ན་གོང་དུ་ཐ་སྙད་པའི་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་ལ་སོགས་པའི་སྐྱོན་གསུམ་གཞན་ལ་གང་བརྗོད་པ་དེ་དག་རང་ལ་ག་ལ་འཇུག་སྟེ་མི་འཇུག་ཅེས་མདོར་བསྟན་ནས་དེ་རྒྱས་པར་བསྟན་པ་དེས་ན་མཉམ་བཞག་ཡེ་ཤེས་ཟུང་འཇུག་འབྲས་བུའི་དབུ་མ་ཆེན་པོ་ལ་ཡོད་མེད་སོགས་གཉིས་ཆོས་ཀྱི་ཁས་ལེན་ཅི་ཡང་མེད་པར་ཇི་སྐད་བསྟན་པ་དེ་ཉིད་རང་གི་ལུགས་གནས་ལུགས་མཐར་ཐུག་བདེན་པ་དབྱེར་མེད་དེ་ཡིན་མོད་ཀྱང་དེ་ལྟ་ནའང་ལམ་རྗེས་ཐོབ་ཤན་འབྱེད་རྒྱུའམ་ལམ་གྱི་དབུ་མ་ལ་སྣང་སྟོང་བདེན་པ་གཉིས་སོ་སོར་སྣང་བའི་ཚེ་སྣང་བ་ལྟར་བདེན་གཉིས་དཔྱོད་པའི་རིགས་པ་སོ་སོའི་ཚད་མ་ཡིས་གཞལ་བའི་དགག་པ་མེད་པ་སྟོང་པ་དང་སྒྲུབ་པ་ཡོད་པ་སྣང་བ་སྟེ་བདེན་པ་གཉིས་སོ་སོ་ལ་ལྟོས་པའི་བདེན་གྲུབ་མེད་པ་དང་ཐ་སྙད་དུ་ཡོད་པའི་ཁས་ལེན་ཐམས་ཅད་ཀྱང་རིམ་པར་སྒྲོ་འདོགས་དང་བསྐུར་འདེབས་ཀྱི་ལོག་རྟོག་རེ་རེ་དགག་པའི་ཆེད་དུ་ཡིན་གྱི་གཤིས་སམ་གནས་ལུགས་ཟུང་འཇུག་འབྲས་བུའི་དབུ་མ་བདེན་གཉིས་དབྱེར་མེད་དགག་སྒྲུབ་བསལ་བཞག་ལས་འདས་པ་ལ་བདེན་པ་གཉིས་སོ་སོར་ལ་ལྟོས་པའི་དགག་སྒྲུབ་ཏུ་ཁས་བླངས་པ་གང་ཡང་མེད་པའི་ཕྱིར་གཤིས་གནས་ལུགས་མཐར་ཐུག་བདེན་པ་དབྱེར་མེད་ཟུང་འཇུག་མཉམ་པ་ཉིད་ལ་བདེན་པ་གཉིས་པོ་ཡང་སོ་སོར་རིས་སུ་ཆད་པ་ཡང་ཡེ་མེད་པས་ཡོད་མེད་ཀྱི་ཁས་ལེན་དགག་སྒྲུབ་གཉིས་པོ་གང་ལྟར་ཡང་རང་གི་ངོ་བོས་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་ན་དགག་སྒྲུབ་ཀྱི་ཁས་ལེན་ཅི་ཡང་མེད་པར་ཤེས་པར་བྱའོ། །དེས་ན་མཉམ་རྗེས་ཀྱི་དབུ་མའི་ཁྱད་ལེགས་པར་ཕྱེས་ནས་མཉམ་བཞག་ལ་བཟློ་བའི་ཚེ་གཤིས་ལ་སྤྲོས་པ་མེད་པས་ཁས་ལེན་མེད་པ་རང་ལུགས་མཐར་ཐུག་ཏུ་བསྟན་པའི་གནས་ཀྱིས་རྗེས་ཐོབ་ཤན་འབྱེད་པའི་ཚེ་བདེན་པ་གཉིས་ལ་ལྟོས་པའི་དགག་སྒྲུབ་གཉིས་ཀར་ཡང་གང་དང་གང་ནི་ཁས་བླང་བར་གྱུར་ཀྱང་ཐ་སྙད་སྣང་ཚུལ་ཀུན་རྫོབ་ཙམ་གྱི་དབང་དུ་བྱས་ཏེ་ཁས་བླང་བ་ཡིན་པའི་ཕྱིར་དང་། གནས་སྐབས་སུ་བདེན་གཉིས་སོ་སོར་དཔྱོད་པའི་ཚད་མ་སོ་སོས་རྙེད་དོན་དགག་སྒྲུབ་གཉིས་ཀ་སོ་སོ་ན་རེ་ཞིག་ཇི་ལྟར་བཅད་པ་དེ་ལྟར་བདེན་དེ་ཚད་མ་སོ་སོ་དང་འགལ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་རང་ལུགས་མཐར་ཐུག་པ་ཉིད་མ་ཡིན་པས་ན་ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་ལ་སོགས་པའི་སྐྱོན་གསུམ་པོ་གང་ཡང་རང་ལ་མི་འབབ་སྟེ་སྣང་བའི་དངོས་པོའང་བརྟེན་ནས་སྐྱེས་པའི་ཕྱིར་དོན་དམ་དཔྱོད་པའི་རིགས་པས་དཔྱད་ན་མི་བཟོད་དེ་གཅིག་དང་དུ་མ་བྲལ་ཞིང་རྟེན་འབྲེལ་ཡིན་པས་སོ། །དངོས་མེད་ཀྱང་ནི་ལྟོས་ནས་བཏགས་པའི་ཕྱིར་རིགས་པས་དཔྱད་པ་མི་བཟོད་དེ་ལྟོས་པ་དང་རྟེན་འབྲེལ་ཡིན་པས་སོ། །དེའི་ཕྱིར་མཐར་ཐུག་གི་དོན་ལ་དགག་སྒྲུབ་པ་མ་སྟོང་དང་མི་སྟོང་པ་གཉིས་ཀ་དཔེར་ན་རྨི་ལམ་གྱི་བུ་དང་དེ་ཤི་བ་ཇི་ལྟ་བ་བཞིན་ཐ་སྙད་གཞིར་མ་གྲུབ་པར་མཚུངས་པ་ལ་གནས་སྐབས་ཀྱི་དགག་སྒྲུབ་གཉིས་བདེན་གཉིས་སོ་སོ་ལ་ལྟོས་ཏེ་ཐ་སྙད་དུ་སྣང་ཚུལ་མི་འགོག་པས་བཏགས་པ་ཙམ་ཞིག་ཡིན་ཏེ། དེ་ཡང་མ་བརྟགས་འཇིག་རྟེན་གྲགས་པའི་ཡོད་ཙམ་དེ་སྣང་ཚུལ་ཐ་སྙད་དུ་ཡོད་པ་ཡིན་གྱི་གནས་ཚུལ་དོན་དམ་དུ་ཡོད་པ་མིན་ལ། བདེན་མེད་དོན་དམ་དཔྱོད་པའི་རིགས་ཤེས་ཀྱིས་མཐོང་བའི་སྟོང་བ་གནས་ཚུལ་དོན་དམ་དུ་འདོད་པ་དེ་ཡང་སྣང་ཚུལ་ཀུན་རྫོབ་ཀྱི་ཟླ་ལ་ལྟོས་པའི་དོན་དམ་ཡིན་གྱི་གནས་ལུགས་མཐར་ཐུག་བདེན་པ་དབྱེར་མེད་ལ་ལྟོས་ན་དོན་དམ་རྣམ་གྲངས་པ་ཙམ་མམ་མཐུན་པའི་དོན་དམ་ཞེས་དོན་དམ་མཐར་ཐུག་པ་ཉིད་མ་ཡིན་པ་དེ་ཡང་ཐ་སྙད་ཀྱི་ཁོངས་སུ་གཏོགས་སོ། །གཞན་ཡང་གལ་ཏེ་དེ་འདྲའི་བདེན་པ་གཉིས་པོ་དེ་ཡང་གནས་ཚུལ་དང་སྣང་ཚུལ་ཐ་དད་པས་ཕན་ཚུན་འགལ་བ་ཉིད་ཡིན་ན་བདེན་གཉིས་ཐ་དད་དུ་འདོད་པ་ལ་ཡང་སྐྱོན་བཞི་འབབ་པར་མདོ་སྡེ་དགོང་པ་ངེས་འགྲེལ་ལས་གསུང་པའི་དོན། འདི་ལྟར་དོན་དམ་མངོན་སུམ་དུ་རྟོགས་ཀྱང་ཀུན་རྫོབ་དེར་དེར་མ་འདུས་པས་ལོགས་སུ་དམིགས་པའི་ཕྱིར་མྱང་འདས་མི་ཐོབ་པ་དང་། ཀུན་རྫོབ་དང་ཐ་དད་པའི་དོན་དམ་པའི་བདེན་པ་དེ་ཀུན་རྫོབ་བདེན་པའི་ཆོས་ཉིད་མ་ཡིན་པར་འགྱུར་ཏེ་བུམ་པ་སྣམ་བུའི་ཆོས་ཉིད་མ་ཡིན་པ་བཞིན་ནོ། །བདེན་གཉིས་ཐ་དད་པའི་ཕྱིར་ཀུན་རྫོབ་ཀྱི་བདག་རབ་ཏུ་མ་གྲུབ་པ་ཙམ་དོན་དམ་པའི་བདེན་པ་ནི་མ་ཡིན་པར་འགྱུར་ཏེ། བུམ་པ་རབ་ཏུ་མ་གྲུབ་པ་ཙམ་སྣམ་བུ་མ་ཡིན་པ་བཞིན་ནོ། །དོན་དམ་བདེན་པ་རྟོགས་ནས་མྱང་འདས་ཐོབ་པའི་དུས་ནའང་ཀུན་རྫོབ་དེ་བས་ལོགས་སུ་དམིགས་པས་ཀུན་ནས་ཉོན་མོངས་པར་ཡང་འགྱུར་བས་སྐྱེས་བུ་གཅིག་གི་རྒྱུད་ལ་ཀུན་ཉོན་དང་རྣམ་བྱང་དུས་གཅིག་ལ་འཇུག་པ་མི་འགལ་བར་འགྱུར་བ་དང་བཞིའོ། །ཡང་གལ་ཏེ་དེ་འདྲའི་བདེན་གཉིས་གནས་སྣང་ཕན་ཚུན་གཞན་མིན་པས་གཅིག་པ་ཉིད་ཡིན་ན་བདེན་གཉིས་གཅིག་པའི་སྐྱོན་ཡང་བཞིས་གནོད་པར་མདོ་དེ་ལས་གསུངས་པ་ནི། སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ཀུན་རྫོབ་མཐོང་བའི་ཕྱིར་དོན་དམ་ཡང་མཐོང་བར་འགྱུར་བ་དང་། ཀུན་རྫོབ་ལ་བརྟེན་ནས་ཟག་པ་འཕེལ་བ་ལྟར་དོན་དམ་ལ་བརྟེན་ནས་ཀྱང་ཟག་པ་འཕེལ་བར་ཐལ་བ་དང་། དོན་དམ་ལ་དབྱེ་བ་མེད་པ་ལྟར་ཀུན་རྫོབ་ལའང་དབྱེ་བ་མེད་པར་ཐལ་བར་དང་། ཀུན་རྫོབ་ཇི་ལྟར་མཐོང་བ་དང་ཐོས་པ་ལས་བཙལ་བར་བྱ་མི་དགོས་པ་བཞིན་དོན་དམ་ཀྱང་དེ་ལྟར་འགྱུར་བ་སྟེ་བཞིའོ། །དེས་ན་གནས་སྣང་གཅིག་ཐ་དད་དུ་ཁས་བླང་བར་མི་བྱ་སྟེ། མདོ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་སེམས་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་གསུངས་པས་སོ། །གཉིས་པ་ཚུལ་དེས་ལོག་རྟོག་གཞན་ཁེགས་པར་བསྟན་པ། ཚུལ་དེས་སངས་རྒྱས་སོགས་ཚིགས་བཅད་གསུམ་དང་རྐང་བ་གཉིས་ཀྱིས་བསྟན་ཏེ། གོང་དུ་གནས་སྣང་གཅིག་ཐ་དད་གང་དུ་ཡང་ཁས་མི་ལེན་པའི་ཚུལ་དེས་འདིར་སངས་རྒྱས་དང་སེམས་ཅན་ཀྱང་གནས་ཚུལ་དང་སྣང་ཚུལ་ཙམ་ཡིན་གྱི་སེམས་ཅན་རྒྱུ་དང་སངས་རྒྱས་འབྲས་བུ་ཉིད་དུ་འདོད་པ་ནི་ཐེག་པ་དམན་པ་ཆུང་ངུར་ཤེས་པར་བྱ་དགོས་སོ། །དེས་ན་གནས་སྣང་གཉིས་གཅིག་དང་ཐ་དད་གང་དུ་ཡང་ཁས་བླངས་བ་མེད་པའི་ཕྱིར་ན་སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ན་མཚན་དཔེས་བརྒྱན་པའི་སངས་རྒྱས་ཉིད་དུ་སྣང་རུང་དུ་ཡོད་དགོས་པ་དང་། ལམ་སྒོམ་པ་དང་སྒྲུབ་པ་ཐམས་ཅད་དོན་མེད་འབའ་ཞིག་ཏུ་འགྱུར་དགོས་པ་དང་། རྒྱུ་ལ་འབྲས་བུ་གནས་ན་ཟན་ཟ་བ་མི་གཙང་བ་ཟ་བར་ཁས་ལེན་དགོས་པ་ལ་སོགས་པའི་རིགས་པས་གནོད་པ་རྣམ་པ་ཀུན་ཏུ་རང་ལུགས་འདི་ལ་མེད་དེ། སེམས་ཅན་གྱི་གནས་ཚུལ་སངས་རྒྱས་གང་ཡིན་པ་དེ་ཡང་སེམས་ཅན་རྣམས་རང་སྣང་གློ་བུར་གྱི་སྒྲིབ་པ་ཡིས་རང་རང་སྒྲིབ་པའི་ཕྱིར་ན་སངས་རྒྱས་ཉིད་དུ་སྣང་རུང་མ་ཡིན་པས་སངས་རྒྱས་སུ་ཉེ་བར་མི་སྣང་བས་གློ་བུར་གྱི་སྒྲིབ་པ་དེ་དང་བྲལ་བའི་དོན་དུ་ལམ་སྒོམ་པ་དང་། སྒྲུབ་པ་ལ་འབད་པར་བྱེད་དགོས་པ་ནི་རང་གཞན་གཉིས་ཀས་འདོད་དགོས་པ་ཉིད་དེ་ཁྱོད་རང་གིས་ཀྱང་སེམས་ཅན་རྣམས་རང་བཞིན་གྱིས་རྣམ་པར་དག་པར་ཁས་བླང་ཀྱང་ལམ་རྩོལ་བྱེད་དགོས་པར་འདོད་པ་མ་ཡིན་ནམ་དེ་འདྲའི་སྨྲ་བ་འབྲེལ་མེད་ཀྱིས་ཅི་ཞིག་བྱ་སྟེ་དགོས་འབྲས་མེད་དོ། །གསུམ་པ་རང་ལ་བདེན་གཉིས་ཁས་ལེན་ནང་འགལ་གྱི་སྐྱོན་མེད་པར་བསྟན་པ། བདེན་གཉིས་འགལ་བ་སོགས་ཚིགས་བཅད་དྲུག་གིས་བསྟན། རང་ལུགས་ལ་མེ་དང་ཚ་བ་བཞིན་དུ་སྣང་སྟོང་བདེན་པ་གཉིས་ཕྱོགས་སུ་ལྷུང་བའི་འགལ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་ན་ཐ་སྙད་དུ་ཡོད་ཅེས་པ་དང་དོན་དམ་དུ་མེད་ཅེས་ལྟ་བ་ཡི་ཁས་ལེན་དེ་གཉིས་པོའང་ཇི་ལྟར་འགལ་ཏེ་མི་འགལ་བ་ཁོ་ནའོ། །དེ་མ་ཟད་སྣང་སྟོང་བདེན་པ་གཉིས་པོ་ཕན་ཚུན་གཅིག་པའང་མིན་པའི་ཕྱིར་ན་ཀུན་རྫོབ་ཏུ་ཡོད་དོན་དམ་དུ་མེད་ཅེས་པའི་ཁས་བླང་གཉིས་ཀྱི་རྣམ་པར་བཞག་པའང་ཤིན་ཏུ་འཐད་པ་ཉིད་ཡིན་ནོ། །དེ་ཕྱིར་ཇི་སྲིད་སྣང་སྟོང་བདེན་པ་འདི་གཉིས་སྣང་སྟོང་སོ་སོར་སྣང་བ་དང་བཅས་པའི་སེམས་ཀྱི་འཇུག་པ་ཐམས་ཅད་དབྱིངས་སུ་མ་ནུབ་པར་ཇི་སྲིད་ཡོད་ཀྱི་བར་དེ་སྲིད་དུ་སྣང་སྟོང་བདེན་པ་དེ་གཉིས་ཕན་ཚུན་ལྟོས་ཏེ་བཞག་པ་ཙམ་ཡིན་པའི་ཕྱིར་ན་གཅིག་ཡོད་གཅིག་མེད་མི་སྲིད་པས་སྣང་སྟོང་གཉིས་པོ་ཡོད་མཉམ་མེད་མཉམ་ཡིན་པས་རྣམ་པ་ཀུན་ཏུ་སྟོབས་མཚུངས་པ་ཉིད་ཡིན་པས་ན་གཅིག་ཡོད་གཅིག་མེད་ཅེས་མཐའ་གཅིག་ཁོ་ནར་ཁས་ལེན་པ་མིན་ཏེ། གཅིག་ཏུ་བྲལ་ལ་སོགས་པའི་རེགས་པས་དངོས་ཀུན་བདེན་པར་གྲུབ་པ་མེད་ཅེས་བདེན་སྟོང་གདར་ཤ་ཆོད་པས་ངེས་པ་དང་། ཀུན་ཏུ་ཐ་སྙད་པའི་རིགས་པས་མ་བརྟགས་འཇིག་རྟེན་གྲགས་པའི་ཐ་སྙད་ལས་རྒྱུ་འབྲས་ཚེ་སྔ་ཕྱི་སོགས་བསླུ་མེད་དུ་ཡོད་ཅེས་རྟེན་ཅིང་འབྲེལ་འབྱུང་གི་སྣང་ཆ་ངེས་པ་གཉིས་རེས་འཇོག་གམ་རིམ་གྱིས་བདེན་གཉིས་དཔྱོད་པའི་ཚད་མ་གཉིས་ཀྱིས་ནི་ཕྱི་ནང་གི་དངོས་པོ་ཀུན་གཞལ་བའི་ཚེ་ན་ཚད་མ་གཉིས་པོ་རང་རང་སོ་སོས་རྙེད་དོན་ནམ་མཐོང་དོན་དེ་ལ་སྣང་སྟོང་ངམ། ཀུན་རྫོབ་དང་དོན་དམ་སྟེ་བདེན་པ་གཉིས་ཞེས་ཐ་སྙད་ཙམ་དུ་བརྗོད་དོ། །བདེན་པ་དེ་གཉིས་ངོ་བོ་གཅིག་པ་དང་ཐ་དད་པ་ཡང་མིན་པའི་ཕྱིར་ན་སྣང་སྟོང་བདེན་པ་དེ་གཉིས་ཕན་ཚུན་མི་ལྟོས་པའི་མཐའ་གཅིག་ཏུ་གང་རུང་གཅིག་སྤང་ནས་གཅིག་ཤོས་ཉིད་ནི་ཟུང་དུ་མི་རུང་སྟེ་དཔེར་ན་མེ་ལ་མི་ལྟོས་པའི་ཚ་བ་ཚ་བ་ལ་མི་ལྟོས་པའི་མེར་བཟུང་དུ་མི་རུང་བ་བཞིན་ནོ། །དེས་ན་བདེན་པ་དེ་གཉིས་ལ་སོ་སོར་དཔྱོད་པའི་ཚད་མ་སེམས་བྱུང་ཤེས་རབ་ཀྱིས་སྣང་སྟོང་ཡོད་མེད་ཁས་ལེན་སོ་སོར་ཕྱེ་སྟེ་སྨྲ་བའི་དཔེར་བརྗོད་ན། འབྲས་བུའི་མཐར་ཐུག་སེམས་དང་སེམས་བྱུང་གི་གཉིས་སྣང་མཐའ་དག་འགག་པའི་ཡེ་ཤེས་ཆོས་ཀྱི་སྐུ་ཐོབ་པའི་ཚེ་ན་སེམས་དང་སེམས་བྱུང་གི་གཉིས་སྣང་མ་ལུས་པ་ཐ་སྙད་དབང་དུ་འགག་ཅེས་ཁས་ལེན་བྱ་དགོས་པ་དང་གནས་ལུགས་དམ་པའི་དོན་ཉིད་དུ་གདོད་ནས་དག་པས་འགག་པའང་མེད་དོ་ཞེས་ཁས་ལེན་བྱ་དགོས་པ་དེ་བཞིན་ནོ། །གསུམ་པ་ལུང་ལས་དགག་སྒྲུབ་ཇི་སྙེད་བསྟན་ཚུལ་གྱི་སྒོ་ནས་མི་འགལ་བར་དོན་བསྡུ་བ་ནི། མདོ་དང་བསྟན་བཅོས་སོགས་ཚིགས་བཅད་ལྔས་བསྟན་ཏེ། རྒྱལ་བའི་བཀའ་ཡུམ་ཤེར་ཕྱིན་དང་བདེན་པ་གཉིས་སོགས་དང་སྙིང་པོ་བསྟན་པའི་མདོ་ལ་སོགས་པ་དང་བསྟན་བཅོས་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རིགས་པའི་ཚོགས་དང་ཆོས་དབྱིངས་བསྟོད་པ་ལ་སོགས་པ་དང་། རྒྱལ་ཚབ་ས་བཅུའི་སེམས་དཔའ་ཆེན་པོས་ཤེར་ཕྱིན་དང་རྒྱུད་བླ་མ་ལ་སོགས་པའི་གཞུང་ཀུན་ན་དགག་པ་དང་སྒྲུབ་པའི་རྣམ་པ་ཇི་སྙེད་ཅིག་གང་བསྟན་པ་དེ་དག་ལས་ལ་ལ་གནས་ལུགས་དོན་དམ་པའི་དབང་དུ་བྱས་ནས་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་སྟོང་པའམ་མེད་པར་ཁས་ལེན་པར་གསུངས་ཏེ་ལ་ལ་ཐ་སྙད་སྣང་ཚུལ་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཡོད་པར་གསུངས་པ་སྟེ། དེ་ཡང་གནས་ལུགས་དོན་དམ་པ་ཁོ་ནའི་དབང་དུ་བྱས་ན་ལམ་ལྔ་ས་བཅུ་དང་སངས་རྒྱས་དང་སེམས་ཅན་ལ་སོགས་པ་མདོར་ན་གཞི་ལམ་འབྲས་བུས་བསྡུས་པའི་ཆོས་ཐམས་ཅད་གདོད་ནས་དག་པས་སྟོང་པའམ་མེད་ཅེས་སོམ་ཉི་མི་དགོས་པར་སྨྲ་བར་རུང་མོད་ཀྱི་འོན་ཀྱང་ཐ་སྙད་སྣང་ཚུལ་ཀུན་རྫོབ་ཉིད་ལ་རྣམ་པ་ཀུན་ཏུ་ལྟོས་མེད་དུ་མེད་པའམ་སྟོང་པ་དེ་གཅིག་པུ་ཁོ་ནར་མི་འགྱུར་ཏེ་མེད་པའམ་སྟོང་པ་ཉིད་ཡིན་ཀྱང་སྣང་ཚུལ་རྟེན་འབྱུང་འགགས་པ་མེད་པས་གཞི་ལམ་འབྲས་བུས་བསྡུས་པའི་ཆོས་འཁོར་འདས་ཀྱི་སྣང་བའི་ཆ་འདི་ཀུན་སྣང་བར་མངོན་སུམ་བསླུ་མེད་ཉིད་དུ་གྲུབ་ཅིང་ཡོད་པའི་ཕྱིར་རོ། །སྣང་ཚུལ་ཐ་སྙད་ཚད་མའི་དབང་དུ་བྱས་ནས་ས་ལམ་དང་སངས་རྒྱས་དང་སེམས་ཅན་ལ་སོགས་པ་གཞི་ལམ་འབྲས་བུའི་སྣང་བ་རབ་འབྱམས་ཐམས་ཅད་མངོན་སུམ་སྣང་བ་ཡོད་ཅེས་ཐེ་ཚོམ་མེད་པར་བརྗོད་པར་རིགས་མོད་ཀྱི་འོན་ཀྱང་གནས་ལུགས་སྟོང་པ་དོན་དམ་པ་ཉིད་ལ་རྣམ་པ་ཀུན་ཏུ་ལྟོས་མེད་དུ་ཡོད་པའམ་སྣང་བ་དེ་གཅིག་པུ་ཁོ་ནར་མི་འགྱུར་ཏེ། སྣང་བ་རབ་འབྱམས་ཐམས་ཅད་མངོན་སུམ་གྱིས་ཡོད་པ་ཉིད་ཡིན་ཀྱང་དོན་ལ་དེ་ལྟར་མ་གྲུབ་པས་སྟོང་པ་ཉིད་ཡིན་པར་དོན་དམ་དཔྱོད་པའི་ཚད་མས་ངེས་ནུས་པའི་ཕྱིར་རོ། །དེས་ན་ཡོད་མེད་དམ་སྣང་སྟོང་ངམ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དེ་གཉིས་དུས་ནམ་དུ་ཡང་ཆུ་དང་བརླན་བཞིན་དུ་གཅིག་མེད་ན་གཅིག་ཤོས་ཀྱང་ཡོད་པ་སྲིད་པ་མ་ཡིན་ཞིང་དེ་བཞིན་དུ་གཅིག་ཡོད་ན་གཅིག་ཤོས་ཀྱང་མེད་པ་མི་སྲིད་པར་ཤེས་པར་བྱ་བ་ཉིད་གནད་ཀྱི་དོན་ཏོ། །གཉིས་པ་གཉིས་ཀ་སྟོབས་མཚུངས་བདེན་པའི་རྩོད་སྤང་ནི། གཉིས་ཀ་སྟོབས་མཚུངས་མེད་སོགས་ཚིགས་བཅད་བཅུས་བསྟན་ཏེ། བདེན་གཉིས་དཔྱོད་པའི་ཚད་མ་སོ་སོས་རྙེད་དོན་སྣང་སྟོང་ངམ་བདེན་པ་གཉིས་གྲུབ་ཀ་སྟོབས་མཚུངས་པའམ་མགོ་མཉམ་པས་བདེན་པ་སྟེ་ཡང་དག་པར་གྱུར་ཚེ། དེ་ལྟར་ན་དངོས་པོ་ཀུན་རྫོབ་པ་རྣམས་མི་སྟོང་པར་དོན་དམ་པར་འགྱུར་རོ་ཞེ་ན། བདེན་པ་གཉིས་ཀའང་ཡེ་གདོད་མ་ནས་རང་བཞིན་གྱི་མ་གྲུབ་པས་སྟོང་པ་ཉིད་དུ་མཉམ་པའམ་མཚུངས་པ་ཡིན་པ་དང་། སྣང་བ་ཀུན་རྫོབ་དང་སྟོང་པ་དོན་དམ་པའི་ཡུལ་གཉིས་པོ་རང་བཞིན་གྱིས་སམ་དོན་གྱིས་ཐ་དད་དུ་གྲུབ་པ་ཉིད་མ་ཡིན་པས་ན་གང་སྣང་བ་དེའི་ངོ་བོ་སྟོང་པ་ཡིན་པའི་ཕྱིར་ན་དངོས་པོ་རྣམས་མི་སྟོང་བ་ག་ལ་ཡིན་ཏེ་མ་ཡིན་ལ། བདེན་པ་གཉིས་ཀ་མཚུངས་པར་སྣང་བ་དེའི་ཕྱིར་ན་ཡང་སྣང་སྟོང་བདེན་པ་གཉིས་ཀའང་མཚུངས་པར་སྟོང་བར་ངེས་པར་གྲུབ་པ་ཡིན་ཏེ། གང་སྣང་བ་ཉིད་མེད་ན་དེ་སྟོང་བའང་ཡིན་པར་ཅི་ཡིས་ཤེས་པར་འགྱུར་ཏེ་མི་འགྱུར་བ་ཁོ་ན་སྟེ། གང་མ་སྣང་བ་དེ་སྟོང་པར་ཡང་རྟོགས་སུ་མི་རུང་བའི་ཕྱིར་རོ། །དེས་ན་སྣང་སྟོང་གཉིས་ཀ་ཕན་ཚུན་མི་འགལ་བར་མ་ཟད་ཕན་ཚུན་རྒྱུ་འབྲས་སུ་སྟེ་སྟོང་པ་རྟེན་འབྱུང་དང་། རྟེན་འབྱུང་སྟོང་པར་འཆར་ཞིང་སྣང་སྟོང་གང་རུང་གཅིག་ཡོད་ཚེ་གཅིག་ཤོས་ཀྱང་མེ་དང་ཚ་བ་བཞིན་འབྲལ་མི་ཤེས་པར་ཡོད་པ་ལ་གཏིང་ནས་ངེས་པའི་ཤེས་པ་ནམ་སྐྱེས་པར་གྱུར་པ་དེའི་ཚེ་ན་སྣང་སྟོང་གཉིས་དུས་ནམ་ཡང་ཡེ་ནས་འདུ་འབྲལ་མེད་པའི་དོན་ལ་ཐེ་ཚོམ་གྱི་དྲྭ་བ་མ་ལུས་པ་ཆོད་པའོ། །དེའི་ཕྱིར་སྣང་སྟོང་གཉིས་གང་ལ་གང་གིས་ཕན་ཚུན་མ་ཁྱབ་པ་མེད་པའི་ཕྱིར་གང་སྣང་བ་དེ་སྟོང་པ་ཉིད་ཡིན་པས་ཁྱབ་ལ་གང་སྟོང་པ་དེ་སྣང་བ་ཡིན་པས་ཁྱབ་པས་ན་སྣང་སྟོང་གཉིས་གང་ལྟར་གཞལ་ཀྱང་འགལ་བ་མེད་པས་དེ་ལྟར་བལྟར་བདེན་ཏེ་གང་སྣང་བ་དེ་སྟོང་པ་དང་། སྟོང་པ་དེ་སྣང་བའི་ཕྱིར་ཏེ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་གསུངས་སོ། །དེ་ཡང་གཟུགས་ལ་སོགས་པའི་སྣང་བ་འདི་རང་སྟོང་པར་ཤེས་པ་ཡིས་སྣང་བ་ཉིད་བདེན་པར་གྲུབ་པ་མེད་པར་སྟོང་པར་རྟོགས་པ་དང་། སྟོང་པ་ཉིད་གཟུགས་སོགས་སུ་སྣང་བར་རམ་སྣང་བ་ཡིན་པར་ཤེས་ན་ཡང་སྟོང་པ་ཉིད་རང་བདེན་དངོས་སུ་གྲུབ་པར་ཡོད་པ་མི་རྟོག་སྟེ་ཞེས་མི་འཛིན་པས་སྟོང་པའང་བདེན་མེད་དུ་རྟོགས་པར་འགྱུར་བ་དེ་ཡི་ཕྱིར་སྣང་སྟོང་འདུ་འབྲལ་མེད་པའི་ཟུང་འཇུག་ཏུ་མཐོང་བའི་ཚེ་ན་སྣང་སྟོང་གཉིས་བདེན་དངོས་སུ་གྲུབ་པར་དུས་ནམ་ཡང་སླར་མི་ལྡོག་སྟེ་ཞེས་དུས་ནམ་ཡང་བདེན་དངོས་སུ་ཐ་དད་པར་མི་འགྱུར་བས་དེར་འཛིན་པར་ཡང་མི་འགྱུར་རོ། །དེ་ལྟར་འདུ་འབྲལ་མེད་ཡང་གཟུགས་ལ་སོགས་པ་གང་སྣང་བ་དེ་དང་དེ་ཡི་གནས་ལུགས་ནི་སྟོང་པ་ཉིད་ཡིན་པའི་ཕྱིར་ན་ཡེ་ནས་སྟོང་པ་ཉིད་འདུ་འབྲལ་མེད་པ་ཉིད་ཡིན་ལ། གཟུགས་ལ་སོགས་པ་གང་སྣང་བ་དེ་སྤང་བའི་ཕ་རོལ་ལམ་གཞན་དུ་སྟོང་པ་ཉིད་འདིའོ་ཞེས་ཡན་གར་དུ་ཅུང་ཟད་ཙམ་ཡང་མི་འགྲུབ་ཅིང་མེད་པའི་ཕྱིར་ན་གདོད་ནས་སྣང་བ་དང་འདུ་འབྲལ་མེད་པ་ཉིད་ཡིན་ཏེ། མདོར་ན་ཡེ་ནས་གང་སྣང་བ་དེ་སྟོང་པ་དང་འདུ་འབྲལ་མེད་པ་དང་གང་སྟོང་བའང་སྣང་བ་ཉིད་དང་འདུ་འབྲལ་མེད་པ་དབྱེར་མེད་དམ་ཟུང་འཇུག་ཏུ་བསྟན་ཏོ། །སྣང་སྟོང་བདེན་པ་གཉིས་པོ་འདུ་འབྲལ་མེད་པས་མགོ་མཉམ་པའམ་མཚུངས་པ་དེས་ན་ཇི་སྲིད་བདེན་གཉིས་སོ་སོར་དཔྱོད་པའི་ཚད་མ་གཉིས་རེས་འཇོག་གིས་རྙེད་དོན་བདེན་པ་གཉིས་སོ་སོར་བསྒོམ་པ་སེམས་བྱུང་ཤེས་རབ་སྟེ་གཟུང་འཛིན་ཅན་སེམས་བྱུང་ཤེས་རབ་ཡིན་ལ་གཟུང་འཛིན་གཉིས་སྣང་ཅན་འཁོར་བའི་གནས་སྐབས་འདི་ན་སེམས་དང་སེམས་བྱུང་གི་གཡོ་བ་གཟུང་འཛིན་གྱི་རྣམ་པར་རྟོག་པའི་སྒྲིབ་པ་ཡིས་གཟུང་འཛིན་གཉིས་སྣང་གི་རྣམ་པར་རྟོག་པའི་སྤྲོས་པ་ཤིན་ཏུ་ཕྲ་བ་དང་ཡང་བྲལ་བའི་གཉིས་སུ་མེད་པའི་ཡེ་ཤེས་འོད་གསལ་བ་ཉིད་ཉེ་བར་མི་སྣང་ཞིང་རྟོགས་པར་མི་ནུས་པའི་ཕྱིར་ན་ཇི་སྐད་བསྟན་པའི་སྣང་སྟོང་བདེན་པ་གཉིས་ལ་སོ་སོར་དཔྱད་པའི་ཤེས་རབ་འཁྲུལ་པའི་དྲི་མ་མེད་པའི་ཚད་མ་གཉིས་གཅིག་སྤང་གཅིག་བླང་མེད་པར་མགོ་མཉམ་དུ་བཟུང་བ་བྱ་དགོས་པ་སྟེ། དེའི་རྒྱུ་མཚན་འདི་ལྟར་གང་གི་ཚེ་བདེན་གཉིས་དཔྱོད་པའི་ཚད་མ་གཉིས་ལས་གང་རུང་གཅིག་མ་ཚང་བའམ་མེད་པར་གྱུར་ན་རྒྱུ་བདེན་གཉིས་དཔྱོད་པའི་ཚད་མ་དེ་གཉིས་ལས་ལེགས་པར་བྱུང་བའི་འབྲས་བུ་གཉིས་སུ་མེད་པའི་ཟུང་འཇུག་གི་ཡེ་ཤེས་ཉིད་ངེས་པར་མི་སྐྱེ་ཞིང་མི་འབྱུང་སྟེ་རྒྱུ་མ་ཚང་བའི་ཕྱིར་དཔེར་ན་གཙུབས་ཤིང་དང་གཙུབས་གཏན་གྱི་ཤིང་གཉིས་ལས། གང་རུང་དང་བྲལ་བའི་མེ་ནི་ཡང་དག་པར་འབྱུང་བ་མིན་པ་བཞིན་ནོ། །དེས་ན་ཐབས་སྣང་བའི་ཆ་དང་། ཤེས་རབ་སྟོང་པ་ཉིད་ཀྱི་ཆ་ཡ་བྲལ་ཏེ་ཕྱོགས་སོ་སོར་ལྷུང་བ་དག་ཐབས་ཤེས་ཟུང་འཇུག་ཡང་དག་པའི་ལམ་ཉིད་མིན་ནོ་ཞེས་རྒྱལ་བ་མཆོག་གིས་མདོ་རྒྱུད་དང་བརྒྱུད་འཛིན་མཁས་གྲུབ་རྣམས་ཀྱི་བསྟན་བཅོས་མཆོག་རྣམས་ལས་ཡང་དང་ཡང་དུ་གསུངས་པར་མཛད་པ་ཡིན་ནོ། །གསུམ་པ་བདེན་པ་གཉིས་སུ་ཕྱེ་སྟེ་ཁས་ལེན་དང་བཅས་པ་བསྟན་པའི་དགོས་འབྲས་བསྟན་པ་ནི། རྒྱུ་གཉིས་འདི་སྤངས་སོགས་ཚིགས་བཅད་བརྒྱད་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེས་ན་རྒྱུ་བདེན་གཉིས་དཔྱོད་པའི་ཚད་མ་འདི་གཉིས་མ་ཚོགས་པར་གང་རུང་སྤངས་པའམ་བྲལ་ན་འབྲས་བུ་གཉིས་སུ་མེད་པའི་ཟུང་འཇུག་གི་ཡེ་ཤེས་ཆེ་སྟེ་ཆེན་པོ་རང་རྒྱུད་ལ་སྐྱེ་ཞིང་འབྱུང་བའི་ཐབས་སམ་རྒྱུ་གཞན་ཅི་ཡང་མི་སྲིད་པས་རྒྱུ་དེ་ལ་བརྟེན་དགོས་པ་ཡིན་ལ། དེ་ལྟ་ནའང་ཟབ་ཞི་སྤྲོས་པ་དང་བྲལ་བའི་ཟུང་འཇུག་ཡེ་ཤེས་རང་གི་ངོ་བོ་ནི་གཉིས་སྣང་གི་བློོ་གང་གིས་བསམ་པ་དང་ངག་གི་བརྗོད་པའི་ཡུལ་ལས་འདས་པའི་ཕྱིར་ན་གནས་ལུགས་ངོ་སྤྲོད་ཀྱི་བརྡ་ཐབས་སྣ་ཚོགས་དང་ཚིག་ཙམ་དག་གིས་མཚོན་པར་བྱས་ཏེ་སྟོན་པར་བྱེད་པ་ནི་དཔེར་ན་མཛུབ་མོས་ཟླ་བ་སྟོན་པར་བྱེད་པར་ཇི་ལྟ་བ་བཞིན་ལས་ཡེ་ཤེས་རང་གི་ངོ་བོ་དངོས་སུ་ལྗེན་ཅེར་དུ་སུས་ཀྱང་བསྟན་པར་མི་ནུས་པས་ན་གསང་བསྔགས་སུ་གནས་ལུགས་ཀྱི་ཡེ་ཤེས་ངོ་སྤྲོད་པའི་བརྡ་ཐབས་མན་ངག་དེ་ལ་ཚིག་དབང་རིན་པོ་ཆེ་ཞེས་བརྡ་ཐ་སྙད་ཀྱིས་གསུངས་ཏེ། རྡོ་རྗེའི་སྙིང་པོའི་རྒྱུད་ལ་སོགས་པ་ཟབ་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་ཡང་དབྱིངས་ཡེ་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་ཚིག་དང་བརྡ་ཐབས་སྣ་ཚོགས་ཀྱི་སྒོ་ནས་བསྟན་བར་མཛད་པ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཟབ་ཞི་སྤྲོས་པ་དང་བྲལ་བའི་ཟུང་འཇུག་འོད་གསལ་བ་དེ་ཉིད་དེ་ལྟར་བརྡ་ཐབས་དང་ཚིག་གཞན་ལ་མ་ལྟོས་པར་རང་གི་ངོ་བོ་འདིའོ་ཞེས་ལྗེན་ཅེར་དུ་གཉིས་སྣང་ཅན་གྱིས་བློ་གང་གིས་ཀྱང་དངོས་སུ་གཟུང་བར་ནུས་པ་མ་ཡིན་པས་ན་བདེན་གཉིས་དཔྱོད་པའི་ཚད་མ་ལམ་གྱི་དབུ་མ་ཉིད་བསྟན་པ་ཡིན་ལ། དེ་ལྟར་ལམ་གྱི་དབུ་མ་བདེན་གཉིས་རེས་འཇོག་གི་ཚུལ་གྱིས་དཔྱད་ཅིང་བསྒོམ་པའི་འབྲས་བུ་དངོས་གཞི་མཉམ་བཞག་གི་དབུ་མ་བདེན་གཉིས་དབྱེར་མེད་ཟུང་འཇུག་གི་ཡེ་ཤེས་མངོན་སུམ་ཉིད་དུ་གྲུབ་ཅིང་མཐོང་བར་ནུས་པ་དེས་ན་བདེན་པ་གཉིས་ཀྱི་གནས་ལུགས་སམ་ཡིན་ལུགས་ཚད་མ་གཉིས་ཀྱིས་གཏན་ལ་འབེབ་པའི་ཚེ་ན་སྣང་སྟོང་བདེན་པ་གཉིས་ལས་སྣང་བ་ཀུན་རྫོབ་དགག་བྱ་དང་སྟོང་པ་དོན་དམ་འགོག་བྱེད་ཀྱི་ཚུལ་དུ་བདེན་པ་གཉིས་རེས་འཇོག་ལྟ་བུར་བསྟན་པར་མཛད་པ་ཡིན་པ་དེ་ཡི་འབྲས་བུ་བདེན་གཉིས་དབྱེར་མེད་བསལ་བཞག་དང་བྲལ་བའི་ཟུང་འཇུག་གི་ཡེ་ཤེས་ཉིད་རྡོ་རྗེ་ཐེག་པའི་རྒྱུད་སྡེར་བདེ་བ་ཆེན་པོ། ཕྱག་རྒྱ་ཆེན་པོ། རྫོགས་པ་ཆེན་པོ་སོགས་པ་མཚན་གྱི་རྣམ་གྲངས་དང་བརྡ་ཐབས་དུ་མས་བསྟེན་པར་མཛད་དོ། །དེས་ན་གནས་ལུགས་གཏན་ལ་དབབ་པའི་དབུ་མའི་གཞུང་ལུགས་མང་པོ་དང་། བསྟན་བཅོས་ཇི་སྙེད་པ་ཐམས་ཅད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱི་ཚུལ་གྱིས་གཏན་ལ་ཕར་ཅིང་རྣམ་པར་བཞག་པར་མཛད་པ་ཡིན་ཏེ། འདི་ལྟར་སྣང་སྟོང་སོགས་བདེན་པ་གཉིས་དཔྱོད་པའི་ཚད་མ་གཉིས་ལ་ཡང་དག་པར་མ་བརྟེན་པར་བདེན་གཉིས་དབྱེར་མེད་ཟུང་དུ་འཇུག་པའི་ཡེ་ཤེས་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་མི་འགྱུར་ཏེ་མི་རྟོགས་པས་ན། ཀུན་མཁྱེན་རྒྱལ་བས་ཆོས་ཀྱི་སྒོ་གང་ཇི་སྙེད་ཅིག་གསུངས་པ་ཡང་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་དང་དམ་པའི་དོན་གྱི་བདེན་པ་སྟེ་བདེན་པ་དེ་གཉིས་པོ་ལ་ཡང་དག་པར་བརྟེན་པ་ཁོ་ན་ཡིན་ནོ། །དེ་ཡི་ཕྱིར་ན་བདེན་པ་གཉིས་སོ་སོ་རུ་དཔྱད་པ་ཡི་ཚད་མ་ཡོད་མེད་ཀྱི་ཁས་ལེན་དང་བཅས་པ་དེ་ལ་ལམ་གྱི་དབུ་མ་ཞེས་བརྗོད་དེ། འབྲས་བུའི་དབུ་མ་མཉམ་བཞག་ཡེ་ཤེས་ཀྱི་མིང་རྒྱུ་ཉིད་ལ་བརྟགས་པ་ཡིས་བདེན་གཉིས་རེས་འཇོག་རྒྱུའམ་ལམ་གྱི་དབུ་མ་ཆུང་ངུ་ཞེས་བརྗོད་པ་ཡིན་ནོ། །དེ་ལ་ཡང་ཐ་སྙད་ཀུན་རྫོབ་ཏུ་ཡོད་ཅེས་པའི་ཁས་ལེན་ཡོད་པར་མ་ཟད། དོན་དམ་དུ་ཡང་དོན་པ་ཉིད་ན་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་དོན་དམ་དཔྱོད་བྱེད་ཀྱིས་རྣམ་པར་དཔྱད་པའི་སྟོང་པ་ཉིད་དགག་བྱ་བདེན་གྲུབ་སེལ་བའམ་བཅད་པའི་མེད་པར་དགག་པ་རྐྱང་བ་ཙམ་ཉིད་ཡིན་པས་དགག་བྱ་དེ་ལ་ལྟོས་ནས་བདེན་གྲུབ་བམ་དོན་དམ་པར་མེད་ཅེས་པའི་ཁས་ལེན་ཀྱང་ནི་ངེས་པར་ཡོད་པ་ཡིན་ནོ། །བཞི་པ་རྒྱུའམ་ལམ་གྱི་དབུ་མའི་ཁས་ལེན་དེ་ཡང་དོན་དམ་རང་ལུགས་སུ་བྱས་ནས་ཀུན་རྫོབ་གཞན་ངོར་སྐྱེལ་ནས་ལུང་རིགས་ཀྱིས་གནོད་ཚུལ་བསྟན་པ་ནི། རྒྱུའམ་ལམ་གྱི་སོགས་ཚིགས་བཅད་དྲུག་གིས་བསྟན་ཏེ། དེ་ལྟར་རྒྱུའམ་ལམ་གྱི་དབུ་མ་དེས་བདེན་གཉིས་སོ་སོར་དཔྱད་པའི་ཚད་མས་དངོས་པོ་རྣམས་དོན་དམ་པར་སྟོང་པའམ་མེད་དོ་ཞེས་པ་དང་། ཐ་སྙད་ཀུན་རྫོབ་ཙམ་དུ་སྣང་བའམ་ཡོད་ཞེས་བདེན་པ་གཉིས་སོ་སོ་ལ་ལྟོས་ཏེ་ཇི་ལྟར་ཁས་བླང་པ་དེ་གཉིས་ཀའང་དབུ་མ་པ་དང་དེ་རང་གི་ལུགས་ཉིད་ཡིན་གྱི་གཞན་དུ་དོམ་དམ་པར་མེད་པའམ་སྟོང་པར་ཁས་ལེན་པ་རང་ལུགས་སུ་བྱས་ནས་ཀུན་རྫོབ་ཏུ་ཡོད་ཅེས་པའི་ཁས་ལེན་རྣམས་གཞན་འཇིག་རྟེན་རྒན་པོའི་ངོར་འཇོག་པའམ་སྐྱེལ་བ་འདི་འཐད་ཅིང་རིགས་པ་མིན་ཏེ། གལ་ཏེ་ཡིན་ན་དེ་འདྲའི་དབུ་མ་དེ་ཡི་རང་ལུགས་དེ་དོན་དམ་པ་སྟོང་པ་ཕྱང་ཆད་རྐྱང་རྐྱང་པོ་ཁོ་ན་རུ་གྱུར་ནས་ཀྱང་གཞི་ལམ་འབྲས་བུའི་སྣང་བ་ཀུན་རྫོབ་ཐམས་ཅད་ཀུན་མེད་པ་ལ་ཡོད་པར་འཛིན་པས་འཁྲུལ་བའི་སྣང་བ་སྤང་བྱ་ཁོ་ན་ཡིན་པས་མེད་དོ་ཞེས་གཞི་ལམ་འབྲས་བུའི་སྣང་བ་ཐམས་ཅད་ལ་སྐུར་བ་མི་བཟད་པ་འདེབས་ཤིང་དེ་འདྲའི་ལམ་དེ་མཐར་ཕྱིན་ཏེ་སངས་རྒྱས་པའི་ཚེ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་དབྱིངས་དེ་ཡང་སྣང་སྟོང་ཡ་བྲལ་བས་སྟོང་པ་ཕྱང་ཆད་འབའ་ཞིག་ཙམ་ལྷག་མར་ལུས་པའམ་ཆད་སྟོང་ནམ་མཁའ་ལྟ་བུར་གྱུར་ནས་འབྲས་ཆོས་ཀྱི་ཡོན་ཏན་མཁྱེན་པ་གཉིས་སོགས་ཅི་ཡང་མེད་པར་འདོད་པ་ཁྱོད་ནི་ཐེག་དམན་པས་ཉན་རང་རང་ལམ་གྱིས་ཕུང་པོ་ལྷག་མ་མེད་པར་བུད་ཤིང་ཟད་པའི་མེ་བཞིན་དུ་ཅི་ཡང་མེད་པས་མྱང་འདས་སམ། མྱ་ངན་ལས་འདས་པར་འདོད་པ་ཇི་ལྟ་བ་བཞིན་དུ་དེ་འདྲའི་དབུ་མའི་རང་ལུགས་འདོད་པ་འདིར་ཡང་ཐེག་ཆེན་གྱི་མྱང་འདས་མངོན་པར་རྫོགས་པར་སངས་རྒྱས་ཀྱང་མཁྱེན་གཉིས་ཀྱི་ཡེ་ཤེས་སོགས་འབྲས་ཆོས་ཀྱི་ཡོན་ཏན་རྣམས་སྣུམ་ཟད་པས་མར་མེ་རྒྱུན་ཆད་པ་ལྟར་ཅི་ཡང་མེད་པར་འགྱུར་ན་ཐེག་དམན་པས་འདོད་པ་དང་དོན་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པའི་ཕྱིར་ན་ཤིན་ཏུ་མི་འཐད་ཅིང་དེར་མ་ཟད་ཟུང་འཇུག་གི་དབྱིངས་སམ་སྣང་སྟོང་གཉིས་སུ་མེད་པའི་འབྲས་ཆོས་ཀྱི་ཡེ་ཤེས་མེད་པར་སྐུར་བ་ཤིན་ཏུ་མི་བཟད་པ་འདེབས་པས་ཆད་སྟོང་ནམ་མཁའ་དང་འདྲ་བའི་ཡིད་ཅན་ཁྱོད་ནི་མཉམ་མེད་ཤཱཀྱ་སེང་གེ་ཡི་བསྟན་པའི་སྙིང་པོ་སྣང་སྟོང་ཟུང་འཇུག་གི་རྐུན་པོ་ངེས་དོན་ཟབ་མོའི་དམ་པའི་ཆོས་འཇིག་པར་བྱེད་པའི་སྐྱེས་བུར་ཀུན་མཁྱེན་རྒྱལ་བས་མདོ་རྒྱུད་དུ་མ་ནས་གསལ་བར་གསུངས་པའི་ལུང་རྣམས་ཀྱིས་ཤིན་ཏུ་ཕམ་པར་བྱས་ཤིང་ཡང་དག་པའི་རིགས་པས་ཀྱང་ནི་སྟོང་བདེན་གཉིས་འགལ་བར་རྟོག་པས་སྣང་སྟོང་ཡ་བྲལ་བའི་སྟོང་པ་ཕྱང་ཆད་དེ་འདྲའི་རང་ལུགས་འདོད་པ་དག་ཐ་སྙད་ཡང་དག་པའི་ཚད་མའི་རྙེད་དོན་ཡོད་པ་ལ་མེད་པར་ཤིན་ཏུ་སྐུར་བའི་ཚུལ་ཅན་ཡིན་པར་བདེན་གཉིས་དཔྱོད་པའི་ཚད་མ་ཡང་དག་པའི་ལམ་གྱིས་ངེས་ཤེས་མི་ཤིག་པའི་རྡོ་རྗེའི་མེས་སྣང་སྟོང་ཡ་བྲལ་ཞིང་སྐུར་འདེབས་ཕྱང་ཆད་སྟོང་པའི་ལྟ་ངན་གྱི་རི་བོ་རྩ་སྤུར་བཞིན་དུ་བསྲེགས་ནས་ལྷག་མེད་དུ་བརླག་པར་ནུས་པས་ན་རིགས་པས་གནོད་པ་བཟློག་མེད་དུ་འབབ་པར་ཤེས་པར་བྱའོ། །གསུམ་པ་ཚུལ་དེས་མདོ་སྔགས་ཀྱི་ལམ་གནད་བསྟན་པ་ལ་གསུམ། མདོ་སྔགས་ཀྱི་ལམ་གནད་ཐུན་མོང་དུ་སྤྱིར་བསྟན་པ། མདོ་སྔགས་ཀྱི་ལམ་གནད་དང་ལྟ་བའི་ཁྱད་པར་བྱེ་བྲག་ཏུ་བསྟན་པ། ཚུལ་དེས་གཞན་ཡང་མཚོན་ཚུལ་བསྟན་པའོ། །དང་པོ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ། དེས་ན་དབུ་མའི་སོགས་ཚིགས་བཅད་བཞིས་བསྟན་ཏེ། དེས་ན་གནས་ལུགས་གཏན་ལ་དབབ་པའི་དབུ་མའི་གཞུང་བཀའ་དང་བསྟན་བཅོས་ཀུན་ཏུ་སྣང་སྟོང་བདེན་པ་གཉིས་ལ་སོ་སོར་དཔྱོད་པའི་ཚད་མས་དྲངས་པའི་ཤེས་རབ་རྒྱུ་ཡི་དབུ་མ་ཉིད་རིགས་པས་ཚུལ་བཞིན་དུ་དཔྱད་ཅིང་ཡང་དག་པར་མ་གྲུབ་པར་གྱུར་པ་དེ་སྲིད་དུ་ཟུང་འཇུག་འབྲས་བུའི་དབུ་མའམ་འབྲས་བུའི་མཉམ་བཞག་གི་ཡེ་ཤེས་བདེན་གཉིས་ཟུང་དུ་འཇུག་པ་ཉིད་མི་འགྲུབ་པའི་ཕྱིར་ན་རེ་ཞིག་དངོས་པོའི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྣང་སྟོང་བདེན་པ་གཉིས་ཀྱི་ཚུལ་དུ་ནི་བདེན་གཉིས་དཔྱོད་པའི་རིགས་པ་ཡང་དག་པས་གཏན་ལ་ཕབ་པར་མཛད་ན་ཡང་འབྲས་བུ་གནས་ལུགས་བདེན་པ་དབྱེར་མེད་དམ་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་དུ་གྲུབ་ཅིང་རྟོགས་པ་ནི་རྒྱུ་དང་འབྲས་བུ་མདོ་སྔགས་ཀྱི་ཐེག་པའི་དགོངས་བཅུད་ཟབ་མོའི་གནད་དམ་པ་ཡིན་པར་ཤེས་པར་བྱའོ། །དེ་ཡི་ཕྱིར་ན་འཕགས་པའི་མཉམ་བཞག་ཟུང་འཇུག་གི་ཡེ་ཤེས་དེ་དང་རྗེས་སུ་མཐུན་པར་གཏན་ལ་དབབ་ཅིང་བསྒོམ་པ་དེ་དག་གིས་ནི་བདེན་གཉིས་རེས་འཇོག་གི་བསྒོམ་པའི་ཚུལ་གྱིས་མཐའ་གཉིས་རིམ་གྱིས་སྤང་བའི་ཚུལ་གྱིས་མཐའ་གང་ལ་ཡང་མི་གནས་པས་བློ་ལས་འདས་པའི་ཟུང་འཇུག་གི་ཡེ་ཤེས་སུ་ལ་ཟློ་བའི་ཕྱིར་ན་དབུ་མ་ཡིན་ལ་ཆེན་པོའང་ཡིན་ནོ། །དེ་ལྟ་ན་ཇི་སྲིད་རེས་འཇོག་གི་བདེན་གཉིས་བསྒོམ་པའི་ཚུལ་གྱིས་ནི་ནམ་ཞིག་རེས་འཇོག་དང་བྲལ་བའི་ཟུང་འཇུག་གི་ཡེ་ཤེས་དེ་ལ་དངོས་སུ་མ་རེག་པར་དེ་སྲིད་དུ་རྒྱལ་བ་ཀུན་གྱི་དགོངས་པའི་བཅུད་དམ་མཐིལ་མཐར་ཐུག་པའི་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་དབུ་མ་ཆེན་པོ་རང་མིན་ནོ། །གཉིས་པ། གཙུབས་ཤིང་གཙུབས་པའི་སོགས་ཚིགས་བཅད་བཅུ་བཞི་དང་རྐང་པ་གཅིག་གིས་བསྟན་ཏེ། དཔེར་ན་གཙུབས་ཤིང་དང་གཙུབས་བརྟེན་གྱི་ཤིང་གཉིས་ཡ་མ་བྲལ་བར་གཙུབས་པའི་སྟོབས་ལས་བྱུང་བའི་མེ་ཡིས་རང་གང་ལས་བྱུང་བའི་ཤིང་གཉིས་ཀྱང་ལྷག་མེད་དུ་བསྲེག་པ་བཞིན་དུ་སྣང་སྟོང་བདེན་གཉིས་སོ་སོར་དཔྱོད་པའི་ཚད་མ་གཉིས་ཀྱི་ཤེས་རབ་དྲི་མ་མེད་པ་ཟུང་དུ་ཚོགས་པའི་སྟོབས་ཀྱིས་བྱུང་བའམ་དྲངས་པ་ཡི་བདེན་གཉིས་སམ་སྣང་སྟོང་གཉིས་སུ་མེད་པར་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱིས་མེས་ཡོད་པ་དང་མེད་པ་ཡིན་པ་དང་མིན་པ་ལ་སོགས་པ་མཐའ་བཞིའི་སྤྲོས་པ་གཉིས་སྣང་གི་རྒྱུ་བ་མཐའ་དག་མ་ལུས་པ་ཀུན་ཉེ་བར་ཞི་བའི་འཕགས་པའི་མཉམ་བཞག་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ལ་བདེན་གཉིས་ཟུང་འཇུག་ཆེན་པོ་འབྲས་བུའི་དབུ་མར་ཞེས་ཐ་སྙད་དུ་བརྗོད་ཅེས་བཞག་པ་ཡིན་ལ་དེ་འདྲའི་བདེན་པ་གཉིས་སྣང་སྟོང་སོ་སོའི་ཕྱོགས་སུ་མ་ལྷུང་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་དེ་ལ་རྗེས་ཐོབ་ཤན་འབྱེད་པའི་ཤེས་རབ་ཀྱིས་བདེན་གཉིས་སམ་ཐབས་ཤེས་སམ་དབྱིངས་ཡེའམ། སྣང་སྟོང་ཟུང་དུ་འཇུག་པ་ཞེས་མིང་ངམ་བརྡ་ཙམ་གྱིས་སྒོ་ནས་ཐ་སྙད་དུ་རྣམ་པར་བཞག་ཅིང་བསྟན་མོད་ཀྱི་དངོས་སུ་ན་སྒྲ་རྟོག་གི་ཡུལ་ལས་འདས་པའི་འཕགས་པའི་མཉམ་བཞག་གཉིས་སུ་མེད་པའི་ཟུང་འཇུག་ཡེ་ཤེས་ཆེན་པོའི་ངོར་སྣང་བ་དང་སྟོང་བ་དང་ཟུང་འཇུག་གི་ངོ་བོ་ནི་འདི་དང་འདི་ཞེས་སོ་སོར་ཅི་ཡང་དམིགས་སུ་ཡོད་པ་མ་ཡིན་ཏེ་སྣང་བ་ཀུན་རྫོབ་ཐ་སྙད་དཔྱོད་པའི་ཚད་མའི་ཡུལ་ལམ་རྙེད་དོན་དང་། སྟོང་པ་དོན་དམ་དཔྱོད་པའི་ཚད་མའི་ཡུལ་ལམ་རྙེད་དོན་དང་། ཟུང་འཇུག་སྣང་སྟོང་དེ་གཉིས་རྣམ་དབྱེར་མེད་པས་འདྲེས་པའི་ཆ་ཡིན་ལ། དེ་རྣམས་ནི་གཞན་སེལ་གྱི་སྒྲ་དང་རྟོག་པའི་ཡུལ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡི་ཕྱིར་ན་སྒྲ་རྟོག་གི་ཐ་སྙད་དེ་དག་ལས་འདས་པའི་འཕགས་པའི་མཉམ་གཞག་དངོས་ནི་སོ་སོ་རང་གི་རིག་པ་གཉིས་སུ་མེད་པའི་ཡེ་ཤེས་ཙམ་ཉིད་ལས་མཉམ་བཞག་སྣང་བཅས་དང་སྣང་མེད་ལ་སོགས་པའི་ཐ་སྙད་ཐམས་ཅད་ཀྱང་སྣང་སྟོང་སོ་སོའི་ཕྱོགས་སུ་ཆད་ཅིང་སྒྲ་རྟོག་གི་ཡུལ་ཡིན་པའི་ཕྱིར་ན་གང་དུ་ཇི་སྐད་བསྟན་པ་དེ་བཞིན་དུ་འཕགས་པའི་མཉམ་བཞག་གི་ཡེ་ཤེས་ཆེན་པོའི་ངོར་རིགས་པས་ཡང་དག་པར་མི་འགྲུབ་བོ་སྟེ་འགྲུབ་པར་མི་འགྱུར་རོ། །དེས་ན་ཇི་སྲིད་སྣང་སྟོང་སོ་སོར་སྣང་བ་དང་བཅས་པའི་རེས་འཇོག་གི་བདེན་པ་གཉིས་ཡང་དག་པར་བསྒོམ་པ་ནི་གཉིས་སྣང་ཅན་སེམས་བྱུང་ཤེས་རབ་སྟེ་ནམ་ཞིག་ན་རེས་འཇོག་གི་བདེན་པ་གཉིས་བསྒོམ་པ་མེད་པར་ཡང་འཕགས་པའི་མཉམ་བཞག་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་མངོན་སུམ་དུ་མཐོང་བའམ་ཐོབ་པའི་ཚེ་ན་ཕུང་པོ་དང་ཁམས་ལ་སོགས་པའི་དགག་བྱ་རྣམས་དོན་དམ་རྣམ་པར་དཔྱད་པའི་ཚད་མ་རྣམས་ཀྱིས་རང་བཞིན་མེད་པར་བཅད་པའམ་གཏན་ཕབ་པའི་མེད་དགག་སྣང་བ་སྤང་བའི་སྟོང་རྐྱང་ཆུ་ཤིང་ལྟ་བུ་སྙིང་པོ་མེད་ལས་ཡང་དག་པར་འདས་ཏེ་སྟོང་པ་འགོག་བྱེད་དང་སྣང་བ་དགག་བྱ་ཡི་ཚུལ་དུ་སྣང་སྟོང་གཉིས་རིས་ཆད་དུ་སོ་སོར་མི་སྣང་བར་གཉིས་སྣང་ཐམས་ཅད་ནུབ་ན་ཡང་སྣང་ཆ་འགགས་པ་མེད་པའི་ཐབས་ཀྱི་རྣམ་པ་ཀུན་དང་ལྡན་པ་ཡི་རྣམ་པ་ཀུན་གྱི་མཆོག་ལྡན་གྱི་སྟོང་ཉིད་སྤྲོས་བྲལ་ཆེན་པོ་ཞེས་དང་། སྤྲོས་བྲལ་དབུ་མ་ཆེན་པོ་ཞེས་དང་། བདེན་གཉིས་དབྱེར་མེད་དམ་ཟུང་འཇུག་ཞེས་དང་། སྣང་སྟོང་ཟུང་འཇུག་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་དང་། འོད་གསལ་རྫོགས་པ་ཆེན་པོ་སོགས་མཚོན་བྱེད་བརྡའམ་མཚན་གྱི་རྣམ་གྲངས་མང་པོ་མངའ་བ་ཡི་ཟུང་འཇུག་གཉིས་སུ་མེད་པའི་གནས་ལུགས་དེ་སེམས་དང་སེམས་བྱུང་ལས་འདས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པའི་ཕྱིར་ན་གཟུང་འཛིན་གཉིས་སྣང་ཅན་གྱི་སེམས་སམ་རྟོགས་པ་གཞན་རྣམས་ཀྱིས་ཏེ་རྟོག་པ་གང་གིས་ཀྱང་བསམ་གྱིས་མི་ཁྱབ་པ་སྟེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན་ཞེས་གསུངས་པ་ལྟ་བུའོ། །བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དེ་ནི་སྒྲ་དང་རྟོག་པ་གང་གི་ཡུལ་མིན་པའི་ཕྱིར་མེད་དགག་སྣང་བ་སྤང་བའི་སྟོང་པ་ཕྱང་ཆད་དང་མ་ཡིན་དགག་རང་གི་ངོ་བོས་མི་སྟོང་པའི་སྣང་བ་རྟག་པ་དང་། སྣང་སྟོང་སོ་སོ་བ་བློས་ཟུང་དུ་སྦྱར་བའི་ཐ་གུ་དཀར་ནག་བསྒྲིལ་བ་ལྟ་བུའི་ཟུང་འཇུག་ལ་སོགས་པ་དང་གཅིག་དང་ཐ་དད་པ་དང་ནི། སྣང་བ་དང་སྟོང་པ་ལ་སོགས་གང་གི་ཕྱོགས་སུ་ལྟུང་བའམ་རིས་སུ་ཆད་པ་མེད་པ་སྟེ། རྒྱ་གང་དུ་མ་ཆད་ཕྱོགས་གང་དུའང་མ་ལྷུང་བས་སྤྲོས་པ་ཐམས་ཅད་དང་བྲལ་བ་གཉིས་སུ་མེད་པའི་ཡེ་ཤེས་རང་བཞིན་གྱིས་འོད་གསལ་བས་ན་མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། ཅེས་གསུངས་པ་ལྟ་བུའོ། །དེ་ནི་ཁས་ལེན་ཡོད་མེད་དམ་ཡོད་མེད་སྣང་སྟོང་ལ་སོགས་པའི་ཁས་ལེན་ཐམས་ཅད་ལས་འདས་ཀྱང་ཅི་ཡང་དྲན་མེད་ཐོམ་མེ་བ་གཉིད་ཐུག་དང་བརྒྱལ་བ་ལ་སོགས་པ་ལྟ་བུ་མ་ཡིན་པར་མཐར་འཛིན་གྱི་ལྟ་བ་ངན་པའི་སྨག་ཐམས་ཅད་སེལ་ནུས་པའི་ཆོས་ཀྱི་དབྱིངས་ཨེ་ཝཾ་སྟེ་སྟོང་པའི་ཡེ་ཤེས་དབྱིངས་དང་གསལ་བའི་ཡེ་ཤེས་བདེ་བ་ཆེན་པོ་གཉིས་འདུ་འབྲལ་མེད་པས་དབྱེར་མེད་ཟུང་དུ་ཞུགས་པ་ཡི་རང་བྱུང་གི་ཡེ་ཤེས་རྣལ་འབྱོར་པ་རྣམས་ཀྱི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་མེད་པའི་ཚུལ་གྱིས་མཐོང་ཞིང་གནས་པ་མེད་པའི་ཚུལ་གྱིས་གནས་ཤིང་སྣང་བ་མེད་པའི་ཚུལ་གྱིས་སྣང་བ་སྟེ། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་ཡོད་མེད་ཡིན་མིན་སྟོང་དང་མི་སྟོང་ལ་སོགས་པའི་ཁས་ལེན་ཐམས་ཅད་ལས་འདས་པའི་གནས་ལུགས་སྣང་སྟོང་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ཉིད་རང་གི་ངོ་བོས་མི་སྟོང་བར་སྒྲོ་འདོགས་པ་དང་དབྱིངས་དང་གཉིས་སུ་མེད་པའི་འོད་གསལ་བའི་ཡེ་ཤེས་ཀྱི་སྣང་བ་ཉིད་མེད་པར་སྐུར་པ་འདེབས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་དམ་པའི་དོན་ཟུང་འཇུག་གཉིས་སུ་མེད་པའི་འོད་གསལ་བའི་ཡེ་ཤེས་ཀྱི་སྣང་བ་ཉིད་མེད་པར་སྐུར་པ་འདེབས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་དམ་པའི་དོན་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་དབྱིངས་དང་རིག་པའམ་དབྱིངས་དང་ཡེ་ཤེས་ཡེ་ནས་འདུ་འབྲལ་མེད་པའི་གནས་ཚུལ་ཟབ་མོ་དེ་ཁོ་ན་ཉིད་རང་གི་ངོ་བོ་ནི་ལྗེན་ཅེར་དུ་འདི་ཞེས་རྟགས་གཏན་ཚིགས་དཔེ་དང་སྒྲ་རྟོག་གང་གིས་མཚོན་ཞིང་བརྗོད་དུ་མེད་པས་ཤིན་ཏུ་སྨྲ་བསམ་བརྗོད་པ་ལས་འདས་པར་འདོད་པའོ། །དེ་ལྟ་ནའང་འོན་ཀྱང་ཕྱི་རོལ་པའི་འདོད་པའི་བསམ་མིན་གྱི་བྱེད་པོ་ལྟར་གང་ཟག་སུ་ཡིས་ཀྱང་རྟོགས་སུ་མེད་པ་ཉིད་ནི་མ་ཡིན་ཏེ། འདི་ལྟར་དྲི་མ་མེད་པའི་ལུང་གི་སྣང་བ་ལ་བརྟེན་ཏེ། རིགས་པ་དྲི་མ་མེད་པས་དཔྱད་པ་ཡིས་རབ་ཏུ་དྲངས་པའི་འཕགས་པའི་མཉམ་བཞག་ཟུང་འཇུག་གཉིས་སུ་མེད་པའི་ངོ་བོ་རྣལ་འབྱོར་པ་རྣམས་ཀྱི་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པའི་དག་པའི་ཡེ་ཤེས་ཀྱིས་ངེས་པའི་ཤེས་པ་ཆོས་ཀྱི་དབྱིངས་སྣང་སྟོང་འདུ་འབྲལ་མེད་པས་བསལ་བཞག་མེད་པའི་གནས་ལུགས་ཉིད་ཇི་ལྟ་བར་གསལ་བར་བྱེད་པའི་མར་མེ་ནི་ཐེ་ཚོམ་གྱི་སྨག་ཐམས་ཅད་དང་བྲལ་བ་དག་རྣལ་འབྱོར་པ་རྣམས་ལ་མངོན་སུམ་དུ་སྣང་བ་ཉིད་ཡོད་པའི་ཕྱིར་རོ། །གསུམ་པ་ནི། མདོ་ལམ་ཐབས་དང་སོགས་ཚིགས་བཅད་གསུམ་གྱིས་བསྟན་ཏེ། མདོ་ལམ་ནས་ཐབས་སྣང་བའི་ཆ་དང་ཤེས་རབ་སྟོང་པའི་ཆ་གཉིས་ཕན་ཚུན་གཅིག་ལ་གཅིག་གི་རྩིས་ཟིན་པའི་རྒྱས་གདབ་པས་འདུ་འབྲལ་མེད་པར་བྱེད་ཀྱི་རྡོ་རྗེའི་ཐེག་པ་སྔགས་ཀྱི་ལམ་ཟབ་མོ་འདིར་ནི་ཐབས་སྣང་བ་དང་ཤེས་རབ་སྟོང་པ་ཉིད་གཉིས་ཡེ་ནས་འདུ་འབྲལ་མེད་པར་མངོན་སུམ་མྱོང་བས་རྟོགས་ཤིང་གོམས་པར་བྱེད་པའི་ཁྱད་པར་ཙམ་ཉིད་ལས་དོན་རང་གི་ངོ་བོ་སྣང་སྟོང་ཟུང་དུ་ཞུགས་པའི་སྤྲོས་བྲལ་དབུ་མ་ཆེན་པོ་དང་དབྱིངས་ཡེ་གཉིས་སུ་མེད་པའི་འོད་གསལ་རྫོགས་པ་ཆེན་པོ་གཉིས་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་སུ་དོན་གཅིག་ལ་མཚོན་བྱེད་ཀྱི་མཚན་ནམ་མིང་གི་རྣམ་གྲངས་ཙམ་ཡིན་ཏེ། དེ་ལས་ལྷག་པའམ་མཆོག་ཏུ་འཕགས་པའི་ལྟ་བ་གཞན་མེད་དེ་གང་གི་ཕྱིར་ན་སྣང་སྟོང་བདེན་གཉིས་རེས་འཇོག་ཏུ་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་མིན་ལ་སོགས་པའི་འཛིན་སྟོངས་ཅི་ཡང་མེད་པས་མཐའ་བཞིའི་སྤྲོས་པ་ཀུན་དང་བྲལ་བའི་ཕྱིར་ཏེ་འཛིན་སྟངས་ཀུན་དང་བྲལ་བ་དེ་ལས་གཞན་དུ་གྱུར་པའི་ལྟ་བ་ཞིག་གལ་ཏེ་ཡོད་པར་གྱུར་ན་དེ་ཉིད་འཛིན་སྟང་གི་སྤྲོས་པ་དང་བཅས་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །གཉིས་པ། མདོ་སྔགས་ཀྱི་ལམ་གནད་དང་ལྟ་བའི་ཁྱད་པར་བྱེ་བྲག་ཏུ་བསྟན་པ་ནི། འོན་ཀྱང་མདོ་ལས་སོགས་ཚིགས་བཅད་ཕྱེད་དང་ལྔས་བསྟན་ཏེ། དེ་ལྟར་ན་མདོ་སྔགས་ཀྱི་ལྟ་བ་ཉིད་ཆོས་ཀྱི་དབྱིངས་སྣང་སྟོང་ཟུང་འཇུག་སྤྲོས་པ་དང་བྲལ་བར་དོན་གཅིག་ནའང་། འོན་ཀྱང་མདོ་ལས་བདེན་གཉིས་སམ་སྣང་སྟོང་ངམ་ཐབས་ཤེས་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་དོན་གང་ཞིག་བདེན་གཉིས་དཔྱོད་པའི་གཏན་ཚིགས་ཀྱིས་དཔྱད་པས་རྗེས་དཔག་གིས་གཏན་ལ་ཕབ་ཅིང་བསྒོམ་པ་ཉིད་རྡོ་རྗེའི་ཐེག་མཆོག་གསང་བ་བླ་ན་མེད་པའི་སྔགས་ལུགས་སུ་རྣལ་འབྱོར་པ་རྣམས་ཀྱིས་སོ་སོ་རང་རང་གི་རིགས་པའི་ཡེ་ཤེས་ཀྱི་དབྱིངས་སུ་འདུ་འབྲལ་མེད་པའི་ཟུང་འཇུག་གི་ཡེ་ཤེས་ཉིད་ཐད་ཀར། སྐད་ཅིག་གིས་བཙན་ཐབས་སུ་ཉམས་སུ་མྱོང་བས་མངོན་སུམ་གྱིས་གྲུབ་པ་ཡིན་པས་ཆེས་ཟབ་ཅིང་ཁྱད་པར་དུ་འཕགས་པ་ཉིད་ཡིན་ནོ། །དོན་དེ་ཡི་ཕྱིར་ན་ཡང་སྣང་སྟོང་བདེན་གཉིས་ཟུང་དུ་འཇུག་པའི་དབུ་མ་ཞེས་པ་འདི་ལ་ཡང་བདེན་གཉིས་སོ་སོར་དཔྱོད་པ་ཡི་ཚད་མ་སེམས་བྱུང་ཤེས་རབ་རྒྱུའམ་ལམ་གྱི་དབུ་མ་དང་། ཚད་མ་གཉིས་པོ་དེས་དྲངས་པ་ཡི་སྣང་སྟོང་བདེན་པ་གཉིས་རྣམ་དབྱེར་མེད་པར་རོ་གཅིག་པའི་དངོས་གཞི་འཕགས་པའི་མཉམ་བཞག་གི་ཡེ་ཤེས་ཟུང་འཇུག་འབྲས་བུའི་དབུ་མ་དང་གཉིས་པོ་ཡང་རིམ་པར་རྒྱུ་དང་འབྲས་བུའམ་རྣམ་ཤེས་དང་ཡེ་ཤེས་ཀྱི་གནས་སྐབས་ཡིན་ལ། དེ་བཞིན་དུ་མདོ་དང་སྔགས་ཀྱི་ལྟ་བ་སྟེ་ཞེས། མདོ་སྔགས་ཀྱི་ལྟ་བའི་ཁྱད་པར་ཡང་རྗེས་དཔག་དང་མངོན་སུམ་མམ་རྣམ་ཤེས་དང་ཡེ་ཤེས་ཀྱི་གནས་སྐབས་སམ་རྒྱུ་དང་འབྲས་བུའི་ཚུལ་གྱིས་སྔ་མ་ལས་ཕྱི་མ་གོང་ནས་གོང་དུ་ཁྱད་པར་འཕགས་པ་སྟེ། སྔ་མ་གཉིས་སྣང་ཅན་སེམས་བྱུང་ཤེས་རབ་ཀྱི་ཆ་ཡིན་ལ་ཕྱི་མ་སེམས་ལས་འདས་པའི་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་ཡིན་པས་སོ། །དེ་ཡི་ཕྱིར་ན་ཕྱི་མ་འདི་ལ་ནི་སྟོང་ཉིད་སྤྲོས་བྲལ་ཆེན་པོ་དང་། ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་དང་། འོད་གསལ་རྫོགས་པ་ཆེན་པོ་སོགས་ཆེན་པོའི་སྒྲ་ཡིས་སྔ་མ་ལས་ཁྱད་པར་དུ་འཕགས་པར་བསྔགས་ཤིང་བསྟན་པར་མཛད་པ་ཡིན་ནོ། །གསུམ་པ་ཚུལ་དེས་གཞན་ཡང་མཚོན་པའི་ཚུལ་བསྟན་པ་ནི། གནས་ལུགས་ལ་ཡང་ཚིགས་བཅད་གསུམ་གྱིས་བསྟན་ཏེ། དེ་ཕྱིར་མདོ་རྒྱུད་བསྟན་བཅོས་ལས་གནས་ལུགས་ཞེས་གང་ཇི་སྙེད་ཅིག་གསུངས་པ་ལ་ཡང་གོང་དུ་དབུ་མ་ལ་ཡང་གཉིས་སུ་དབྱེ་བར་བྱས་པ་དེ་བཞིན་དུ་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་སྣང་བའི་དངོས་པོ་ཀུན་སྟོང་པའི་གནས་ལུགས་མེད་དགག་དང་། སྣང་སྟོང་བདེན་གཉིས་དབྱེར་མེད་པའི་གནས་ལུགས་ཟུང་འཇུག་གི་ཡེ་ཤེས་གཉིས་ལ་གནས་ལུགས་ཞེས་བརྗོད་བྱེད་ཀྱི་མིང་གཅིག་ཡིན་ན་ཡང་བརྗོད་བྱའི་དོན་ལ་ནི་ངོ་བོ་སྟོང་པའི་དབྱིངས་དང་ཡེ་ནས་འདུ་འབྲལ་མེད་པའི་རང་བཞིན་གསལ་བའི་སྣང་བ་ཉིད་སྤང་བའི་སྟོང་པ་ཕྱང་ཆད་དང་། མ་སྤང་བའི་སྣང་སྟོང་ཟུང་འཇུག་གི་ཁྱད་པར་གནམ་དང་ས་ཡི་མཐོ་དམན་བཞིན་དུ་མཆིས་ཤིང་ཡོད་པ་ཉིད་ཡིན་ནོ། །དེ་བཞིན་དུ་ཆོས་ཉིད་དེ་བཞིན་ཉིད་ཅེས་པ་ལ་ཡང་དངོས་པོ་སྟོང་པའི་ཆོས་ཉིད་མེད་དགག་དང་། བདེན་གཉིས་དབྱེར་མེད་པའི་ཆོས་ཉིད་ཟུང་འཇུག་གི་ཡེ་ཤེས་གཉིས་དང་། ཆོས་ཀྱི་དབྱིངས་ཞེས་པ་ལའང་དངོས་པོ་སྟོང་པའི་མེད་དགག་དང་བདེན་གཉིས་དབྱེར་མེད་པའི་ཟུང་འཇུག་གི་ཆོས་དབྱིངས་གཉིས་དང་། སྟོང་ཉིད་ལའང་སྟོང་ཉིད་མེད་དགག་དང་སྟོང་ཉིད་ཟུང་འཇུག་གཉིས་དང་། སྤྲོས་བྲལ་ལའང་སྟོང་པ་ཕྱང་ཆད་དམ་སྟོང་རྐྱང་སྤྲོས་བྲལ་དང་། བདེན་གཉིས་དབྱེར་མེད་དམ་སྣང་སྟོང་ཟུང་འཇུག་གི་སྤྲོས་བྲལ་གཉིས་དང་། འགོག་པའི་མཐའ་ལའང་མེད་དགག་སྟོང་རྐྱང་དང་། སྣང་སྟོང་ཟུང་འཇུག་གི་འགོག་པ་གཉིས་དང་། དོན་དམ་ལའང་མེད་དགག་རྣམ་གྲངས་པ་དང་། ཟུང་འཇུག་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་དང་། སོགས་པའི་སྒྲས་མྱང་འདས་དང་། འདུས་མ་བྱས་དང་། ངོ་བོ་ཉིད་སྐུ་དང་། ཆོས་དབྱིངས་ཡེ་ཤེས་སོགས་ལའང་མེད་དགག་སྟོང་རྐྱང་གི་དང་། སྣང་སྟོང་ཟུང་འཇུག་གི་སྟེ་གཉིས་རེ་གཉིས་རེ་ཡོད་ཀྱང་རྗོད་བྱེད་ཀྱི་མིང་དམ་སྒྲ་གཅིག་ཉིད་མཚུངས་པར་འཇུག་ཀྱང་བརྗོད་བྱའི་དོན་ལ་མེད་དགག་སྟོང་རྐྱང་དང་སྣང་སྟོང་ཟུང་འཇུག་གི་ཁྱད་པར་རམ་མཐར་ཐུག་པ་དང་ནི་ཉི་ཚེ་བའི་ཁྱད་པར་གནམ་སའི་མཐོ་དམན་བཞིན་དུ་ཤིན་ཏུ་ཆེ་བའི་ཕྱིར་ན་རྒྱུ་དང་འབྲས་བུའམ། རགས་པ་དང་ཕྲ་བའམ། རྗེས་ཐོབ་དང་མཉམ་བཞག་གམ། རྣམ་ཤེས་དང་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་སྐབས་སོ་སོར་ཕྱེ་ནས་ལུང་རིགས་དྲི་མ་མེད་པའི་སྒོ་ནས་མ་ནོར་མ་འཁྲུལ་བར་ལེགས་པར་བཤད་པར་བྱ་སྟེ། དཔེར་ན་སིནྡྷ་པ་ཡི་སྒྲ་གནས་སྐབས་སོ་སོ་ལ་ལྟོས་ནས་འཇུག་པས་དེ་ལྟར་གོ་དགོས་སོ། །དཔེར་ན་སིནྡྷ་པ་འོན་ཅིག་ཅེས་པ་ཡང་དམག་ལ་འགྲོ་ཚེ་ཤིང་རྟ་དང་། ཆུ་ལ་བརྒལ་ཚེ་གྲུ་ལ་འཇུག་ཅིང་གོ་དགོས་པ་ལ་སོགས་པ་བཞིན་ནོ། །མཉམ་རྗེས་ཤན་མ་འབྱེད་པའི་ཁས་ལེན་གྱི། སོ་མ་ཉིའི་དྲྭ་བར་འཕྱན་པའི་རྨོངས་པའི་སྨག །དཔྱིས་འབྱིན་ཡེ་ཤེས་ཉི་མ་ལམ་མེ་བ། རྡོ་རྗེའི་རིག་སྔགས་མཆོག་འདི་ཨེ་མ་ཧོ། ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་ཡི་རངས་ཤིང་བསྡུས་ཏེ་གདམས་པ་ལ་གསུམ། ཡི་རངས་ཤིང་གུས་པས་བསྟོད་ཅིང་ངོ་མཚར་ཆོས་ཀྱི་སྒྲོན་མེ་གཞན་ལ་གསལ་བར་མཛད་པར་བསྐུལ་ཞིང་གསོལ་བ་གདབ་པ། ཆོས་མཆོག་འཛིན་ཅིང་ཤོད་པའི་སྣོད་བསྟན་པ། བསྡུས་ཏེ་སྙིང་པོའི་གདམས་པ་དངོས་སོ། །དང་པོ། དེ་ལྟར་ཟབ་མོའི་སོགས་ཚིགས་བཅད་བཅུས་བསྟན་ཏེ། དེ་ལྟར་ཤིན་ཏུ་རྟོགས་པར་དཀའ་བའི་དོན་ཟབ་མོའི་གནས་ལ་ཇི་སྐད་བསྟན་པའི། དྲི་བ་རྣམ་པ་བདུན་པོ་ཟབ་རྒྱས་སམ་ཟབ་པ་དང་རྒྱ་ཆེ་བའི་དོན་ཅན་རྣམས་དེ་ལྟར་ལུང་རིགས་དྲི་མ་མེད་པས་ལེགས་པར་བཤད་པའི་ཚིག་རྣམས་ཀྱིས་ཡང་དག་པར་བཀྲོལ་བའི་ཚེ་ན་ཐོལ་བྱུང་སྡོམ་བུ་པའི་དྲི་བ་པོ་དེ་ཡང་ཟབ་མོ་ཤིན་ཏུ་རྟོགས་པར་དཀའ་བའི་གནས་བདུན་པོའི་དོན་ལ་ངེས་པའི་ཤེས་པ་ཐེ་ཚོམ་གྱི་སྨག་དང་བྲལ་བར་གྱུར་ཏེ་དགའ་མགུ་ཡི་རང་ནས་ལུས་གུས་པ་དང་བཅས་ཏེ་ངག་གིས་འདི་སྐད་དུ་ཀྱེ་མ་ཞེས་སྐྱོ་བའི་ཉམས་ཀྱིས་དཔེར་ན་ཁྲོན་པའི་ཆུ་མིག་ཆུང་ངུ་ལ་གནས་པའི་རུས་སྦལ་གྱིས་ཆུ་མིག་ཆུང་ངུ་དེ་རྒྱ་མཚོ་ཆེན་པོར་བརློམས་པས་མཆོག་ཏུ་སྙེམས་པས་ཁེངས་པར་གྱུར་པ་ཡང་གཟོད་རྒྱ་མཚོ་ཆེན་པོ་མཐོང་བས་བསྙིལ་ཞིང་བརྒྱལ་ཏེ་ཤི་བར་གྱུར་པ་བཞིན་དུ་རང་ལ་མ་གྲགས་པའི་གཞན་གཞུང་མདོ་རྒྱུད་ཟབ་མོའི་ཆོས་ཀྱི་ཚུལ་རྒྱ་མཚོ་ཆེན་པོའི་འཇིངས་ལྟ་བུ་རང་གིས་ཇི་བཞིན་མ་མཐོང་ཞིང་མ་རྟོགས་པར་རང་གཞུང་ཚུར་མཐོང་གི་བཞེད་པ་ཁྲོན་པའི་ཆུ་མིག་ལྟ་བུ་མཆོག་ཏུ་རློམས་ཤིང་སྙེམས་པས་དྲེགས་པའི་རོ་རབ་ཏུ་མྱོང་བ་དང་ལྡན་པའི་བདག་ཅག་རྣམས་ཀྱི་མཆོག་ཏུ་རློབས་པའི་ཁེངས་པ་ཁྱེད་གསུངས་ངོ་མཚར་ཟབ་མོའི་གཏམ་འདིས་རྨང་མེད་དུ་བསྙིལ་བར་མཛད་པ་འདི་ནི་ཤིན་ཏུ་ཡི་རངས་ཤིང་གུས་པའི་གནས་མཆོག་ཏུ་གྱུར་པའོ། །དེ་ཕྱིར་ཤིན་ཏུ་ཟབ་པ་དང་རྒྱ་ཆེ་བས་ངོ་མཚར་གཏམ་གྱི་འབྱུང་གནས་ཀུན་མཁྱེན་གཉིས་པ་རོང་ཟོམ་མ་ཧཱ་པཎྜི་ཏ་ཆོས་བཟང་དང་རྒྱལ་བའི་དབང་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཞེས་མཚན་སྙན་གྱི་གདུགས་དཀར་པོ་ས་གསུམ་ན་མངོན་པར་མཐོ་ཞིང་གྲགས་པ་རྗེ་བཙུན་ངག་གི་དབང་པོ་ངུར་སྨྲིག་གར་གྱིས་རོལ་པར་བསྟན་པའི་འཇམ་དཔལ་དགྱེས་པའི་ཟློས་གར་འཕགས་མཆོག་རྣམ་པ་གཉིས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོའི་ཀློང་ན། ཐུན་མོང་མ་ཡིན་པའི་མདོ་རྒྱུད་སྣ་ཚོགས་པའི་ངེས་དོན་ཟབ་མོའི་ནོར་བུའི་ཆོས་མཛོད་རབ་ཏུ་མང་པོ་བསམ་གྱིས་མི་ཁྱབ་པ་མངའ་བ་ལས་ལེགས་པར་འཁྲུངས་པའི་ཆོས་ཚུལ་ཟབ་མོའི་དགོངས་འགྲེལ་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་ད་ལྟར་མངོན་སུམ་དུ་བཞུགས་པ་དེ་དག་རྣམས་སྤངས་ནས་དེ་དག་ལ་བསྐྲུན་ན་གཞན་གྱི་གཞུང་ལུགས་ནོར་བུ་འཆིང་བུར་རེ་ཞིང་མཆོད་པ་བརློམས་པ་རྣམས་འཁྲུལ་བའི་གཞན་དབང་གིས་ཐུན་མོང་མིན་པའི་ངེས་དོན་ཟབ་མོའི་ནོར་བུ་རིན་པོ་ཆེ་མཆོག་གི་བགོ་སྐལ་ལས་རེ་ཞིག་རང་རང་ཕྱི་བཤོལ་དུ་གྱུར་པ་ནི་ཀྱེ་མ་འོ་དམན་པའི་གནས་ལ་ཕྱིན་པའོ། །དེས་ན་བདེན་པ་གཉིས་ཀྱི་ཆོས་ཀྱི་ཚུལ་ཤིན་ཏུ་བཟང་པོར་བདེན་གཉིས་དཔྱོད་པའི་ཚད་མ་ཡང་དག་པའི་རིགས་པས་རྣམ་པར་དཔྱད་པས་ངེས་པའི་ཤེས་པ་ཐེ་ཚོམ་གྱི་སྨག་ཐམས་ཅད་དང་བྲལ་བ་མཆོག་ཏུ་རྙེད་པའི་བསམ་པ་ཅན་ནམ་བློ་གྲོས་ཅན་ལུང་དང་རིགས་པ་ཟབ་མོ་ལ་དབང་འབྱོར་བ་རྣམས་ནི་དུས་རྟག་ཏུ་མདོ་རྒྱུད་ངེས་དོན་ཟབ་མོ་ལས་བློ་ཕྱིར་བཟློག་པའི་བདུད་དང་ཕས་ཀྱི་རྒོལ་བ་གང་གིས་ཀྱང་མི་ཚུགས་ཤིང་བར་ཆད་བྱེད་པ་མེད་པས་གཡུལ་ལས་མཆོག་ཏུ་རྣམ་པར་རྒྱལ་ཏེ་ལོག་སྨྲ་ཚར་གཅོད་པ་དང་། སྐལ་ལྡན་རྗེས་སུ་འཛིན་པ་ལ་གཞན་ལས་མཆོག་ཏུ་འཕགས་ཤིང་འགྲན་ཟླ་ཀུན་དང་བྲལ་བ་ཁོ་ན་ཡིན་ནོ། །དེ་ཡི་ཕྱིར་ན་ཚུར་མཐོང་བྱིས་པའི་རི་དྭགས་སུས་ཀྱང་བཟོད་པར་དཀའ་བའི་མདོ་རྒྱུད་ཟབ་མོའི་བདེན་གཉིས་དཔྱོད་པའི་རིགས་ལམ་སེང་གེའི སྒྲ་བོ་ཆེ་ཇི་སྐད་བསྟན་པ་རབ་ཏུ་བསྒྲགས་པས་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་སམ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་བསྟན་པའི་རིང་ལུགས་སྔ་འགྱུར་གྱི་མདོ་རྒྱུད་ཟབ་མོའི་ཁྱད་པར་མཆོག་ལ་གཞན་དྲིངས་མི་འཇོག་པས་ཡིད་ཆེས་ཟབ་མོ་རྙེད་པར་གྱུར་ཅིང་རང་མཐོང་གི་མདོ་རྒྱུད་དགོངས་འགྲེལ་ཕྱོགས་རེས་ཁེངས་ཤིང་དྲེགས་པས་མཆོག་ཏུ་བསྙེམས་པས་གཞན་ཕྱོགས་ཀྱི་གྲུབ་མཐར་སུན་འབྱིན་སྤྲོ་བར་བྱེད་པ་གཞན་དག་སུས་ཀྱང་མི་བཟློག་པའམ་མི་འཕྲོག་པའི་ཚད་མ་བདེན་གཉིས་དཔྱོད་པའི་ཤེས་རབ་ཀྱི་རལ་གྲིའི་ཡུ་བ་མཆོག་ལ་ཡང་དག་པར་བརྟེན་པའི་སྐལ་བ་བཟང་པོའི་གོ་སྐབས་གཞན་པ་དེ་དག་ལ་གནང་ཞིང་སྦྱིན་པར་མཛོད་ཅིག་དང་། ཟབ་མོའི་ཆོས་ཀྱི་ཕོངས་རྒུད་དང་བྲལ་ཞིང་མདོ་རྒྱུད་ངེས་དོན་མཆོག་ལ་ངེས་པ་རྙེད་པའི་སྐལ་བཟང་དམ་པར་འགྱུར་རོ། །དེས་ན་མདོ་སྔགས་ཀྱི་ཆོས་ཚུལ་ཐུན་མོང་པ་མང་དུ་ཐོས་པ་རོ་བཅུད་ཞིམ་མངར་ལྡན་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་དང་འདྲ་བའི་ཐུན་མོང་མ་ཡིན་པའི་མདོ་རྒྱུད་ཟབ་མོའི་དགོངས་དོན་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི་བདུད་རྩིའི་རྒྱ་མཚོ་དེ་ཡི་ཡང་སྙིང་པོར་གྱུར་པ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་བཞིན་དུ་གནས་པ་དེ་དག་རང་དང་གཞན་གྱི་གང་ཟག་གི་སྙིང་ན་ངེས་པར་གནས་ཤིང་བཞུགས་པར་གྱུར་ན་དེ་ཉིད་ལྟར་སྣང་ལ་མཆོག་དམན་བཟང་ངན་ཅི་འདྲར་སྣང་ཡང་རུང་རང་མཐོང་གིས་སྙེམས་པ་མེད་པར་འབད་རྩོལ་བརྒྱ་ཕྲག་དག་གིས་གུས་པ་མཆོག་གིས་བླང་བར་བྱ་སྟེ། ཟབ་མོའི་དོན་གྱིས་དབུལ་ན་གང་ཟག་སུ་ཡང་ལྟར་སྣང་ཅི་ཙམ་བཟང་ཡང་མི་ཕན་པས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་དགོས་པའི་ཕྱིར་ན་གྲགས་སྙན་གྱིས་རྗེས་སུ་འབྲང་བར་མི་བྱ་བར་ངེས་དོན་ཟབ་མོའི་དོན་ལ་རྟོན་པས་བརྩོན་པས་འབད་པ་རྣལ་འབྱོར་དུ་བྱ་དགོས་སོ། །དེ་ཡི་ཕྱིར་ན་ཐུན་མོང་མ་ཡིན་པའི་མདོ་རྒྱུད་ངེས་དོན་ཟབ་མོའི་དགོངས་དོན་ཉིད་ཐུན་མོང་གི་མདོ་སྔགས་རིགས་གནས་དང་བཅས་པ་མང་དུ་ཐོས་ཤིང་ལུང་རིགས་མང་དུ་སྨྲ་བས་ཀྱང་རང་གར་རྟོགས་པ་མིན་ལ་དེར་མ་ཟད་སྔོན་བསགས་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་ཞིང་ད་ལྟར་སྦྱངས་བརྩོན་མི་དམན་པས་བློ་གྲོས་ཟབ་ཟབ་མོ་ལྟར་སྣང་བ་རྣམས་ཀྱིས་གཏན་ཚིགས་ཀྱིས་དཔྱད་པས་ཀྱང་མི་རིགས་པའམ་མི་རྟོགས་པའི་ངེས་པའི་མདོ་རྒྱུད་ཟབ་མོའི་དགོངས་དོན་ས་འོག་ན་གནས་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་བཟང་པོ་དང་འདྲ་བ་ལྟར་སྣང་ཇི་འདྲར་གནས་ཀྱང་གང་ཟག་གང་གིས་འདི་ཉིད་རང་གིས་འཛིན་ཅིང་གཞན་ལ་སྤེལ་བ་དེ་ནི་ཚོགས་བསགས་སྒྲིབ་པ་དག་པའི་བློ་གྲོས་མཆོག་དང་ལྡན་པས་གཞན་ལས་ཁྱད་པར་དུ་འཕགས་པའི་སྐྱེས་བུ་དམ་པ་ཉིད་དུ་འབྲས་བུའི་རྟགས་ཀྱིས་ཤེས་ཤིང་རྟོགས་ནུས་པའི་ཕྱིར་ན་དུས་རྟག་ཏུ་དེ་ལ་གུས་པ་མཆོག་གིས་བརྟེན་ཅིང་མཉེས་པར་བྱས་ཏེ་གདམས་པའི་བདུད་རྩི་རབ་ཏུ་མྱོང་བར་བྱ་དགོས་སོ། །དེས་ན་མདོ་རྒྱུད་སྙིང་པོའི་དགོངས་དོན་ཟབ་མོ་ཇི་བཞིན་རྟོགས་པའི་བློ་གྲོས་ཀྱི་གཏེར་ཟབ་མོ་འབུམ་ཕྲག་ནོར་བུའི་སྣོད་མཆོག་ཉིད་དུ་ཕྱོགས་རེར་ཞེན་པའི་བདག་གི་བློ་འདི་ཡང་ཟབ་ཅིང་ཡངས་པ་རྒྱ་མཚོ་ཆེན་པོའམ་ཆེར་བསྒྲུབས་པའི་ཟབ་མོའི་གདམས་པའི་ལེགས་བྱས་མཆོག་སློང་བའི་དུས་ལ་བབ་པར་རིགས་ནས་ཀླུ་ཡི་དབང་པོ་བློ་གྲོས་མཆོག་གི་མཐུ་དཔལ་གྱི་བྱུང་བའི་ཟབ་རྒྱས་ཀྱི་གདམས་པའི་རྒྱ་མཚོར་གུས་པ་ཆེན་པོས་དགའ་མགུ་ཡི་རངས་བཞིན་དུ་ལེགས་པར་འཐུངས་ཤིང་ཚིམ་པར་བྱའོ། །གང་གི་ཐུགས་གཉིས་སུ་མེད་པའི་བློ་གྲོས་ཟབ་མོའི་མཐུ་ལས་བབས་པའི་ལེགས་པར་བཤད་པའི་ཟབ་རྒྱས་ཀྱི་གདམས་པ་ཆུ་ཀླུང་བཟང་པོ་དག་གིས་དེ་ཉིད་གང་ལས་བྱུང་བའི་རྣམ་པར་དཔྱོད་པའི་བློ་གྲོས་ཟབ་ཅིང་རྒྱ་ཆེ་བ་ཡི་རྒྱ་མཚོ་ཟབ་ཅིང་ཁྱོན་ཡངས་པར་ངེས་པར་རྟོགས་པར་འགྱུར་ལ། དེ་འདྲའི་བློ་གྲོས་མཆོག་རྒྱ་མཚོ་ཆེན་པོ་ལྟ་བུ་དེ་ཡི་འབྱུང་གནས་ཀླུ་ཡི་དབང་པོའམ་རྒྱལ་པོ་ལྟ་བུ་ནི་སྔ་འགྱུར་རིག་འཛིན་བརྒྱུད་པའི་ཞལ་ལུང་མདོ་རྒྱུད་མན་ངག་ཟབ་མོ་ཉིད་དུ་ངེས་པར་རྟོགས་པར་ཡང་འགྱུར་རོ། །དེ་ན་ཐུན་མོང་མིན་པའི་མདོ་རྒྱུད་མན་ངག་ཟབ་མོའི་དགོངས་དོན་ནམ་མཁའ་ལྟ་བུ་ཕ་མཐའ་དང་བྲལ་བ་བློ་གྲོས་ཆེན་པོའི་ཧུབ་ཀྱིས་ཏེ་ཧུབ་གཅིག་གིས་སྐད་ཅིག་ཉིད་དུ་འདྲེན་ཅིང་ཟོས་པའི་དགོངས་བཅུད་ཟབ་མོ་སྙིང་ལ་ཀུན་དུ་ཕན་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོའི་དཔྱིད་དཔལ་ཉིད་དུ་ལེན་པའི་མཐུ་ཆེན་པོ་བློ་ལ་མྱུར་དུ་ཐོབ་པར་མཛད་པའི་ངོ་མཚར་རྨད་བྱུང་བ་ཐུན་མོང་མ་ཡིན་པའི་མདོ་རྒྱུད་མན་ངག་ཟབ་མོའི་ཆོས་ཀྱི་སྒྲོན་མེ་བཟང་པོ་མཆོག་ཏུ་འབར་བ་སྐལ་བཟང་དམ་པ་རྣམས་ལ་གསལ་ཞིང་སྣང་བར་མཛོད་ཅིག་ཅེས་བསྐུལ་ཞིང་གསོལ་བ་གདབ་པའོ། །གཉིས་པ། དེ་སྐད་ཟེར་ཞིང་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། གོང་དུ་བསྟན་པ་དེ་སྐད་ཟེར་ཞིང་གུས་པ་མཆོག་གིས་བཏུད་དེ་གནས་པའི་ཚེ་གཟུ་བོར་གནས་པའི་དྲང་སྲོང་མཆོག་དེ་ཡིས་དྲི་བ་པོ་དེ་ལ་ཡང་བློ་གྲོས་ཆུང་ཞིང་ཟབ་པ་མིན་པ་ཉིད་བློ་གྲོས་ཆེ་ཞིང་ཟབ་རྒྱས་སུ་བསྒྲུབ་པར་བྱེད་པ་གོང་དུ་ཇི་སྐད་བསྟན་པ་དག་གི་དོན་རྣམས་བསྡུས་ནས་འདི་ལྟར་གདམས་ཏེ། དེ་ལ་ཡང་དང་པོ་ཆོས་མཆོག་མདོ་རྒྱུད་ཟབ་མོ་སེང་གེའི་འོ་མ་ལྟ་བུ་འདི་ནི་བློ་གྲོས་ཟབ་མོའི་སྣོད་བཟང་པོ་རིན་ཆེན་གསེར་སྣོད་མཆོག་ལྟ་བུ་ཁོ་ནས་འཛིན་ཅིང་སྣོད་གཞན་ཕལ་པ་གང་དུ་ཇི་ལྟར་འབད་ཀྱང་མི་གནས་པར་སྣོད་ཀྱང་འཆགས་ལ་བཅུད་ཀྱང་ཟག་ནས་ཆུད་ཟ་བ་ལྟར་བློ་གྲོས་དམན་པ་དག་གིས་ཇི་ལྟར་འབད་ཀྱང་མདོ་རྒྱུད་མན་ངག་ཟབ་མོའི་དོན་བློ་ལ་མི་ཤོང་ཞིང་མི་རྟོགས་པས་འཛིན་པར་མི་ནུས་པས་ཆུད་གཟན་པར་འགྱུར་ལ། ཆོས་མཆོག་མདོ་རྒྱུད་མན་ངག་ཟབ་མོའི་དོན་འདི་ཤོང་ཞིང་འཛིན་པའི་སྣོད་ནི་བློ་གྲོས་བཟང་པོ་ཟབ་ཅིང་རྒྱ་ཆེ་བ་འདི་ཁོ་ན་ཡིན་ནོ། །གསུམ་པ་བསྡུས་ཏེ་སྙིང་པོའི་གདམས་པ་དངོས་ནི། ཨ་ནི་མ་སྐྱེས་སོགས་ཚིགས་བཅད་ལྔ་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ལ་གོང་གི་དོན་ཇི་ལྟར་བསྡུས་ཏེ་གདམས་ན། མདོ་རྒྱུད་ཐམས་ཅད་ཀྱི་གནད་དྲིལ་བའི་མན་ངག་ཟབ་འདི་ལ། ཨ་ཞེས་པའི་ཡི་གེ་འདི་ནི་སྐྱེ་བ་མེད་པས་མེད་དགག་ཡིད་བཞིན་དུ་རང་སྣང་བ་སྟེ། དེས་ན་བདེན་པ་གཉིས་ཆར་མི་སྐྱེ་བར་བསྟན་པས་སྐྱེ་བ་མེད་པའི་སྒོ་མཚོན་བྱེད་ཡིན་པས་མ་སྐྱེས་པའི་ཆོས་ཀྱི་སྒོ་ཞེས་བྱའོ། །དེ་བཞིན་དུ་ར་ཞེས་པ་འདི་ནི་རྡུལ་མེད་པས་མཉམ་པ་ཉིད་རྟོགས་པ་ལ་རང་དོན་དུ་སྲིད་པ་དང་ཞི་བ་ལ་དགའ་བའི་ཡིད་ཀྱི་ཆགས་རྡུལ་མེད་པར་འཇུག་དགོས་པའི་སྒོ་མཚོན་བྱེད་ཡིན་པས་རྡུལ་དང་བྲལ་བའི་སྒོ་ཞེས་བྱའོ། །པ་ཞེས་པ་འདི་ནི་མཉམ་བཞག་ཡང་དག་པ་ལ་འཛིན་སྟངས་ཅི་ཡང་མེད་ཀྱང་དྲན་མེད་མུན་པ་འཐུམས་པོ་ལྟ་བུ་ལྷག་མཐོང་གི་སྣང་བ་དང་བྲལ་བའང་མིན་པས་དོན་དམ་མཐར་ཐུག་མཐོང་བའི་སྒོ་མཚོན་བྱེད་ཡིན་པས་དོན་དམ་སྣང་བའི་སྒོ་ཞེས་བྱའོ། །ཙ་ཞེས་པ་འདི་ནི་དཔྱད་པ་ཡང་དག་པས་མཐའ་བཞིའི་སྤྲོས་པ་ཉེ་བར་ཞི་བའི་ངེས་ཤེས་ཟབ་མོས་དྲངས་པའི་མཉམ་པར་འཇོག་པ་ཁྱད་པར་ཅན་ཡིན་པས་རྣམ་པར་རྟོག་པའི་འགྱུར་བའམ་བློས་བྱས་ཀྱི་འཆི་འཕོ་མེད་པར་མཉམ་པ་ཉིད་ཆོས་ཀྱི་སྐུར་གནས་པའི་སྒོ་མཚོན་བྱེད་ཡིན་པས་འཆི་འཕོ་སྐྱེ་བ་མེད་པའི་སྒོ་ཞེས་བྱའོ། །ན་ཞེས་པ་འདི་ནི་བདེན་པ་གཉིས་ལ་གཙོ་ཆེ་ཆུང་རྣམ་པ་ཀུན་ཏུ་མེད་དེ་སྣང་སྟོང་གཉིས་འབྲལ་མི་ཤེས་པའི་ཕྱིར་མེ་དང་ཚ་བ་བཞིན་ནོ། །དེ་གཉིས་ཐ་སྙད་དུ་ནི་མགོ་མཉམ་སྟེ་ཐ་སྙད་སྒྲ་རྟོག་གི་ཡུལ་ཡིན་པས་སོ། །དོན་དམ་པར་དེ་གཉིས་དབྱེར་མེད་པའི་གནས་ལུགས་ནི་སྒྲ་རྟོགས་གི་ལམ་ལས་འདས་པ་ན་མིང་དང་བྲལ་ཏེ་བསམ་གྱིས་མི་ཁྱབ་པར་སྟོན་པའི་སྒོ་མཚོན་བྱེད་ཡིན་པས་མིང་དང་བྲལ་བ་ཉིད་ཀྱི་སྒོ་ཞེས་བྱའོ། །དྷཱི་ཞེས་པ་འདི་ནི་དེ་འདྲའི་སྣང་སྟོང་བདེན་པ་དབྱེར་མེད་པའི་དོན་ཟབ་མོ་ཉིད་ཆོས་ཅན་རྡུལ་ཕྲན་ལྟ་བུ་གཅིག་གི་སྟེང་དུ་ད་ལྟ་ནས་གཏན་ལ་ཕབ་སྟེ་ཆོས་ཐམས་ཅད་མཉམ་པ་ཉིད་ཚུར་མཐོང་ལས་འདས་པའི་དོན་ཟབ་མོ་ཤེས་ཤིང་རྟོགས་ན་ཡང་མཐུན་སྣང་གི་བལྟ་བྱའི་སྣང་བ་ལ་དཔྱད་དེ། དེ་དཔེར་བཟུང་ན། དོན་དམ་སྤྲོས་བྲལ་ཁས་ལེན་མེད་པའི་ཚུལ་དང་། ཐ་སྙད་ཁས་ལེན་ཡོད་པའི་ཚུལ་དང་། དེ་གཉིས་མི་འགལ་བར་སྦྱར་ནས་ཐ་སྙད་ཀྱི་ཁས་ལེན་ཚུལ་མཐོང་གི་རྣམ་བཞག་ཕར་ཕྱིན་ཐེག་པ་ནས་སྔགས་རྡོ་རྗེ་ཐེག་པའི་བར་དུ་ཤེས་པའི་སྒོའམ་མཚན་བྱེད་ཡིན་པས་བློ་གྲོས་ཟབ་མོའི་སྒོ་ཞེས་བྱའོ། །དེ་ལ་དྲི་བ་དང་པོ་དངོས་གཞི་སྣང་སྟོང་ཟུང་འཇུག་གི་ཚུལ། གཉིས་པས་དེ་ཉན་རང་སོགས་ཀྱི་སྤྱོད་ཡུལ་མིན་པས་ཟབ་པར་བསྟན་ནོ། །གསུམ་པས་ཟུང་འཇུག་དེ་ཇི་ལྟར་སྒོམ་ཚུལ། བཞི་པས་བསྒོམ་པ་དེ་རྒྱུད་ལ་ཇི་ལྟར་སྐྱེད་ཚུལ། ལྔ་པས་ཟབ་མོའི་རྟོགས་པ་རྒྱུད་ལ་སྐྱེས་པའི་ངོར་བདེན་གཉིས་ཇི་ལྟར་འཆར་ཚུལ་དང་། དྲུག་པ་དེའི་ངོར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཆར་ཚུལ་གཉིས། བདུན་པས་རང་གིས་རྟོགས་པ་བཞིན་གཞན་ལ་ཟབ་མོའི་ལྟ་བ་འདོམས་ཚུལ་བསྟན་ཏོ། །དེ་ལྟར་རྒྱལ་བས་གསུང་བའི་རྒྱུ་འབྲས་ཐེག་པའི་མདོ་འགགས་ཐམས་ཅད་དེར་འདུས་པ་ཡིན་པས་འདིའི་གནད་དོན་ཚུལ་བཞིན་དུ་ཤེས་པར་གྱུར་ན་མདོ་སྔགས་རྒྱ་མཚོའི་འགགས་མདུད་ཁྲོལ་པས་རང་གིས་རྟོགས་པ་དང་གཞན་ལ་འདོམས་པའི་སྤོབས་པའི་གཏེར་ཆེན་པོ་བརྒྱད་ཀྱི་སྒོ་འབྱེད་པ་ཡིན་ནོ། །དེས་ན་ཡི་གེའི་སྒོ་རེ་རེ་ལས་ཕྱོགས་དུས་ཀྱིས་བསྡུས་པའི་ཆོས་ཚུལ་ཚད་མེད་པ་གོ་ཞིང་རྟོགས་པ་ནི་བརྡའ་ཞེས་བྱ་བ་ཡིན་ལ། དོན་གཅིག་ལས་བརྩམས་ཏེ་དོན་ཀུན་བསྐལ་བ་ནས་བསྐལ་པར་བརྗོད་ཀྱང་ཟད་པར་མི་འགྱུར་བས་བློ་གྲོས་མི་ཟད་པའང་ཡིན། དོན་གཅིག་གི་ནང་དུ་ཆོས་ཀུན་འདུ་ཞིང་དོན་གཅིག་གིས་ཀྱང་ཆོས་ཀུན་སྟོན་པར་ནུས་པ་ནི་ཆོས་ཀྱི་གཏེར་འདོན་པའང་ཡིན། ཡི་གེ་གཅིག་གི་ནང་དུ་ཡི་གེ་ཀུན་བསྡུ་ཞིང་མཉམ་པ་ཉིད་དུ་ངེས་པའང་ཡིན་ལ་ཐམས་ཅད་བསྡོམས་ནས་མཉམ་པ་ཉིད་ཟུང་འཇུག་གི་ཡེ་ཤེས་གཅིག་ཉིད་གཏན་ལ་ཕབས་པའང་ཡིན་ནོ། །དེ་ནི་ཆོས་ཀྱི་གཏེར་འདོན་པའི་མན་ངག་ཟབ་མོ་ཡང་ཡིན་ཏེ་ཡི་གེའི་སྒོ་ཨ་ལ་སོགས་པ་དྲུག་པོ་དེ་དག་རེ་རེར་ཡང་བདེན་པ་གཉིས་གཉིས་ཀྱི་ཚུལ་གྱིས་སྣང་སྟོང་བདེན་གཉིས་དབྱེར་མེད་ཟུང་འཇུག་སྐྱེ་འགགས་དང་བྲལ་བར་དམིགས་ནས་སུ་སྟེ། འདི་ལྟར་ཡི་གེ་ཨ་ལྟ་བུ་རྗོད་བྱེད་དང་མ་སྐྱེ་བས་ལྟ་བུ་བརྗོད་བྱའི་དོན་དག་ཀྱང་གདོད་མ་ནས་སྐྱེ་བ་མེད་པ་ཡིན་པས་མཉམ་པ་ཉིད་ཡིན་ལ་མཉམ་པ་ཉིད་ཀྱི་མཉམ་པ་ཉིད་ལ་བརྗོད་དུ་མེད་དེ་ནམ་མཁའ་ལ་ནམ་མཁས་རི་མོ་བྲིས་པ་བཞིན་ཏེ། དེ་ལྟ་ནའང་བརྗོད་མེད་བརྗོད་པ་ཀུན་གྱི་རྒྱུ་མཆོག་ཡིན་པས་བསྐལ་པ་ནས་བསྐལ་བར་བརྗོད་ཀྱང་ཆོས་ཀྱི་དབྱིངས་ལ་བྲི་གང་ངམ་ཟད་འཕེལ་ཡོང་ཡེ་མེད་ཅིང་ཆོས་ཐམས་ཅད་བརྗོད་པ་ཙམ་དུ་ཤེས་པ་ནི་དོན་དམ་པར་དམིགས་པའི་སྒོ་དང་། དེ་བཞིན་དུ་བརྗོད་བྱེད་ར་དང་བརྗོད་བྱ་རྡུལ་དང་བྲལ་བ། བརྗོད་བྱེད་པ་དང་བརྗོད་བྱ་དོན་དམ་འོད་གསལ། བརྗོད་བྱེད་ཙ་དང་བརྗོད་བྱ་འཆི་འཕོ་མེད་པ། བརྗོད་བྱེད་ན་དང་བརྗོད་བྱ་མིང་དང་བྲལ་བ། དྷཱིཿལྟ་བུ་བརྗོད་བྱེད་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཟབ་མོ་ལྟ་བུ་བརྗོད་བྱའི་དོན་དེ་དག་ཀྱང་རེ་རེ་བཞིན་དུ་རྗོད་བྱེད་དང་བརྗོད་བྱ་གཉིས་སྐྱེ་བ་མེད་པས་མཉམ་པ་ཉིད་ཡིན་པས་གང་གིས་གང་ཞིག་བརྗོད་དེ་རྗོད་དུ་མེད་པར་ཡེ་ནས་གནས་པའི་གནད་ཀྱིས་བསྐལ་བར་བརྗོད་ཀྱང་བྲི་གང་བྲལ་བའི་ཆོས་ཀྱི་དབྱིངས་ཟད་འཕེལ་མེད་ཅིང་། ཆོས་ཐམས་ཅད་མིང་ངམ་བརྗོད་པ་ཙམ་དུ་ཤེས་པ་ནི་དོན་དམ་པར་དམིགས་པའི་སྒོའོ། །དེ་ལྟར་མཉམ་པ་ཉིད་ལས་མ་གཡོས་མི་གཡོ་གཡོ་བར་མི་འགྱུར་བཞིན་དུ་ཨ་ལས་གྱུར་པའི་ཡི་གེ་སྐྱེ་གནས་ཨ་ཉིད་མགྲིན་རྐན་སྤྱི་བོ་མཆུའི་གནས་ལྔར་བྱེད་རྩོལ་གྱིས་བསྒྱུར་བའི་ངོར་སྣང་བ་ཡིན། མཆན། ལྔ་པ་ཅན་ཨ་ར་པ་ཙ་སོགས་འདི་དག་དང་ཡི་གེ་གཞན་རྣམས་ཀྱིས་ཀྱང་། ཀུན་བྱང་གིས་བསྡུས་པའི་ཆོས་ཀུན་ཤེས་ཤིང་གོ་བར་བྱེད་པ་ནི་རྟེན་འབྱུང་བསླུ་མེད་ཙམ་སྟེ། ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོ་འཕྲུལ་ཆེན་པོ་ཀུན་ཏུ་ཉེ་བར་སྟོན་པའོ་ཞེས་ཤེས་པ་ཀུན་རྫོབ་ལ་དམིགས་པའི་སྒོ་སྟེ། དེ་གཉིས་དབྱེར་མེད་ཟུང་དུ་ཆུད་པ་ཡི་ངང་ནས་བློ་གྲོས་ཀྱི་གཏེར་ལ་སོགས་པའི་སྤོབས་པའི་གཏེར་ཆེན་པོ་བརྒྱད་ཀྱི་སྒོ་མྱུར་དུ་འབྱེད་པའི་རྒྱུ་སྒྱུ་མའི་སྟེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་བསྒྲུབ་པར་བྱས་ན་མདོ་རྒྱུད་མན་ངག་ཟབ་ཅིང་རྒྱ་ཆེ་བ་ཕ་མཐའ་མེད་པའི་རྒྱ་མཚོ་ཆེན་པོའི་ཆུ་ཉིད་བློ་གྲོས་ཟབ་མྱུར་གྱི་ཧུབ་ཀྱིས་ཏེ་ཧུབ་གཅིག་གིས་ལྟོ་བར་འདྲེན་ནུས་པའི་སྙིང་གའི་ནོར་བུ་གཉིས་སུ་མེད་པའི་ཡེ་ཤེས་དྲི་མ་མེད་པ་ལ་གཟུངས་དང་སྤོབས་པ་བློ་ཡི་དཔལ་ཕུན་སུམ་ཚོགས་པ་ཉིད་དུ་རབ་ཏུ་འབར་བར་འགྱུར་རོ། །དེ་ལྟར་སྣང་སྟོང་ཟུང་འཇུག་ཟབ་མོའི་དོན་ལ་རང་བྱན་ཆུད་པའི་སྒོ་ནས་མཐའ་བཞིའི་སྤྲོས་པ་ཐམས་ཅད་ཁེགས་པའི་ཟབ་མོའི་ངེས་ཤེས་ཀྱི་ལམ་ནས་ཆོས་ཐམས་ཅད་ཀྱི་ཡིན་ལུགས་ཇི་ལྟ་བ་བཞིན་གཤིས་སུ་སོན་པ་ཡི་གནས་ལུགས་སེམས་དང་སེམས་བྱུང་གི་བློ་ལས་རབ་ཏུ་འདས་པ་ཡི། དབྱིངས་ཡེ་གཉིས་སུ་མེད་པའི་འོད་གསལ་གཉུག་མའི་དབྱིངས་ངེས་པ་དོན་གྱི་འཇམ་དཔལ་རིག་སྟོང་དབྱེར་མེད་འོད་གསལ་རྫོགས་པ་ཆེན་པོའི་ངང་དུ་མ་བཅོས་པར་མཉམ་པར་ཞོ་གཅིག་དང་། མཐའ་བྲལ་ལྟ་བའི་རྒྱལ་པོ་རིག་སྟོང་དབྱེར་མེད་འོད་གསལ་རྫོགས་པ་ཆེན་པོ་ཀུན་མཉམ་ཡངས་པའི་ཀློང་ཆེན་པོར་ཇི་བཞིན་མཉམ་པར་བཞག་པའི་བདེན་དོན་འོད་གསལ་རྫོགས་པ་ཆེན་པོའི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལས་ཡོད་མེད་ལ་སོགས་པའི་མཐའ་བཞིའི་འཛིན་སྟངས་ཀྱི་བློ་ངན་མུན་པའི་སྣང་བ་ཐམས་ཅད་ཀུན་ངང་གིས་དྭངས་ཤིང་འགགས་པའི་འོད་གསལ་བའི་མཁྱེན་གཉིས་ཡེ་ཤེས་ཀྱི་ཉི་མ་ཁོང་ནས་འཆར་བར་གྱུར་ཏེ་ཇི་ལྟ་དང་ཇི་སྙེད་ཀྱི་དགོངས་པ་ཡེ་ཤེས་ཀྱི་ཀློང་རྡོལ་ཏེ་མགྲིན་པའི་རྩ་འཁོར་གསུངས་ཡི་གེའི་འཁོར་ལོའི་སྤྲིན་དུ་དྭངས་པས་འཆད་རྩོད་རྩོམ་པ་གང་ལ་ཡང་ཐོགས་པ་མེད་པས་སུས་ཀྱང་མི་འཕྲོག་པའི་རྣམ་དཔྱོད་འགྲན་ཟླ་ཐམས་ཅད་དང་བྲལ་བ་ལ་དབང་འབྱོར་བར་གདོན་མི་ཟ་བ་ཁོ་ན་ཡིན་ནོ། །བཞི་པ་ཇི་ལྟར་བསྟན་པའི་དོན་བསྡུ་བ་ནི། གཟུང་གནས་དཔྱོད་པ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། གང་ལ་འདྲི་བའི་གནས་བརྩོམ་པ་པོ་རང་གི་བློ་ཕྱོགས་སུ་མ་ལྷུང་བའི་གཟུར་གནས་ཏེ་གཟུ་བོར་གནས་པའི་རྣམ་པར་དཔྱོད་པ་དྲང་པོ་ཉིད་མཁས་པའི་དྲང་སྲོང་ཆེན་པོ་ཉིད་དུ་བཀོད་པ་སྟེ། གང་གིས་འདྲི་བ་པོ་ཡང་རང་གི་བློ་ཟབ་མོའི་གནས་ལ་འགལ་འདུའི་དོགས་པ་ཐོལ་བྱུང་གི་རྣམ་པར་རྟོག་པ་དེ་ཉིད་སྡོམ་བུ་པ་རྟོག་གེའི་བརྒལ་བརྟགས་བྱེད་པ་པོར་བཀོད་དེ་བརྗོད་ནས། དྲང་སྲོང་དེ་ལ་སྡོམ་བུ་པ་དེས་དྲིས་ཤིང་བརྒལ་ལན་གྱིས་ཚུལ་གྱིས་ནི་ཤིན་ཏུ་རྟོགས་པར་དཀའ་བའི་གནད་ཟབ་མོ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱི་གྲངས་དང་ལྡན་པ་རབ་ཏུ་གསལ་བས་ལེགས་པར་བཤད་པ་ཡིན་ནོ། །དེ་ཡང་བློ་གྲོས་ན་ཚོད་མ་སྨིན་པས་ཆུང་བ་རྟོག་གེ་བ་བདག་འདྲ་ཡིས་སྐྱེས་སྦྱངས་བློ་མཆོག་མངའ་བར་གྲགས་པའི་ཆེན་པོ་རྣམས་ཀྱང་སོམ་ཉིའི་དྲ་བར་འཕྱན་པའི་གནས་ཤིན་ཏུ་ཟབ་ཅིང་རྟོགས་པར་དཀའ་བ་རྟོག་གེའི་རིགས་མདུང་འབུམ་གྱིས་མི་ཕིགས་པའི་རབ་ཏུ་བརླིང་བའི་དོན་དེ་རྣམས་བློ་གྲོས་ཆེན་པོ་མངའ་བའི་འཕགས་པའི་གང་ཟག་མཆོག་རྣམས་ཀྱིས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཟབ་པ་དང་རྒྱ་ཆེ་བའི་མཁྱེན་པའི་གཏེར་གསང་བ་ཟབ་མོ་ནས་ཀྱང་ཡང་དག་པར་བླང་པ་ཇི་ལྟར་བ་བཞིན་ཏུ་གཟུར་གནས་དམ་པ་ཡོངས་ཀྱི་དཔྱིད་དཔལ་དུ་འདི་ན་ལེགས་པར་བཀོད་པར་བྱས་པ་ཡིན་ནོ། །གསུམ་པ་ཐ་མར་དགེ་བ་འཇུག་གི་དོན་ལ་གསུམ། ལྷག་བསམ་ཤེས་རབ་ཀྱིས་གོ་ཕྱེས་པ་དང་། གཞན་ཕན་སྙིང་རྗེས་ཇི་ལྟར་བརྩམ་པའི་མཛད་བྱང་དང་། ཚུལ་འདིར་བརྟན་ན་ཐེག་པ་མཆོག་གི་ལམ་བཟང་རྙེད་པས་བརྟེན་པར་གདམས་པའོ། །དང་པོ། དེ་སྐད་སྨྲས་པ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། དེ་སྐད་ཟབ་དོན་ཡང་དག་པར་སྨྲས་པའི་ལེགས་པར་བཤད་པའི་འབྲུག་སྒྲ་སྙན་པར་སྒྲོགས་པ་དང་བཅས་པའི་ཆོས་ཀྱི་ཆར་རབ་ཏུ་བཟང་པོ་འབབ་པར་རྒྱལ་བའི་སྲས་པོ་མཁས་མཆོག་བྱེ་བས་ཟབ་མོའི་དགོངས་དོན་ཡང་དག་པར་བགྲོད་པའམ་རྟོགས་པར་འདོད་ཅིང་ཡིད་དད་པས་དགའ་བཞིན་གྱིས་མཉན་ཅིང་སེམས་པས་དོན་ཆེན་པོ་ཐོབ་པར་སེམས་པའི་ལྷག་པའི་བསམ་པ་ཡིས་གང་ཞིག་དྲིས་པ་རྣམས་ལ་དགའ་སྤྲོ་ཡི་རངས་པའི་ཚུལ་གྱིས་ལན་གྱི་ཁྱད་པར་ཟབ་མོའི་ཆོས་ཀྱི་བདུད་རྩིའི་ཆར་ཆེན་པོའི་གོ་སྐབས་འདི་ཉིད་ལེགས་པར་དབྱེ་བར་བྱས་སོ། །གཉིས་པ། དེ་ཕྱིར་དེ་བས་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། གང་མདོ་རྒྱུད་ཟབ་མོའི་དགོངས་དོན་ཇི་བཞིན་རྙེད་པའི་ལམ་དངོས་ཡང་དག་པར་མཐོང་བའི་མིག་ཏུ་གྱུར་པ་བདེན་པ་གཉིས་ཀྱི་དེ་ཁོ་ན་ཉིད་དཔྱོད་པའི་ཚད་མའི་ལམ་ནས་ངེས་པའི་ཤེས་པ་ཟབ་མོ་ཐེ་ཚོམ་གྱི་སྨག་ཐམས་ཅད་དང་བྲལ་བ་ཉིད་དགོངས་པ་ཡིན་པ་དེ་ཡི་ཕྱིར་ན་ཚད་མ་དང་བྲལ་ན་ངེས་ཤེས་ཟབ་མོ་མི་རྙེད་པས་ལམ་གྱི་གཟུགས་བརྙན་དུ་འགྱུར་བ་དེ་ལྟ་བས་ན། དཔལ་ཆོས་ཀྱི་གྲགས་པ་དང་དཔལ་ལྡན་ཟླ་བའི་རིང་ལུགས་བཞིན་བདེན་གཉིས་སོ་སོར་དཔྱོད་པའི་ཚད་མ་དང་མཐར་ཐུག་བདེན་གཉིས་དབྱེར་མེད་ཟུང་འཇུག་ངེས་པའི་ཚད་མའི་མིག་བཟང་པོ་དཔྱད་གསུམ་གྱིས་སྦྱངས་ཤིང་བགྲད་དེ་མདོ་རྒྱུད་ཟབ་མོའི་གནས་ལ་གཞན་དྲིང་མི་འཇོག་པར་ཡང་དག་པར་བཞུགས་དགོས་པའི་ཚུལ་དེ་ལྟར་ཡང་དང་ཡང་དུ་མདོ་རྒྱུད་ཟབ་རྒྱས་ཀྱི་དོན་རྟོགས་པར་འདོད་ཅིང་སེམས་པའི་བློ་ལྡན་གཟུ་བོར་གནས་པའི་སྐལ་བཟང་དུ་མའི་དོན་དུ་ཡང་ཟབ་རྒྱས་ཀྱི་དོན་ལ་ཇི་བཞིན་རྟོག་པའི་ཡིད་ཀྱི་མེ་ལོང་དྲི་མ་མེད་པའི་ངོས་ལ་ཇི་ལྟར་ཤར་བ་བཞིན་དུ་རྣམ་དཔྱོད་བློ་ཡི་རྩེད་འཇོའི་རོལ་བས་དྷཱིཿམིང་ཅན་གྱིས་ཏེ་བློ་གྲོས་དྲི་མེད་ཀྱིས་ལེགས་པར་ཡང་དག་པར་སྤེལ་བའོ། །གསུམ་པ། བདེ་གཤེགས་ཆོས་ཚུལ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀའ་མདོ་རྒྱུད་ཀྱི་ཆོས་ཚུལ་ཟབ་མོ་ནམ་མཁའི་མཐའ་དང་མཉམ་པ་ཇི་སྙེད་པ་ཐམས་ཅད་རྣམ་པ་ཀུན་ཏུ་སྒྲ་རྟོག་གི་བརྗོད་པར་མི་ནུས་ཤིང་ཟད་པར་ཡང་མི་འགྱུར་ཀྱང་མདོ་རྒྱུད་ཟབ་མོའི་གནད་ལ་ངེས་པའི་ཤེས་པ་ཟབ་མོ་ཐེ་ཚོམ་གྱི་སྨག་ཐམས་ཅད་དང་བྲལ་བའི་སྣང་བ་མཆོག་ཏུ་གསལ་བར་བྱེད་པའི་རིན་པོ་ཆེ་ཡི་སྒྲོན་མེ་འདིར་ཡང་དག་པར་བརྟེན་ན་མདོ་རྒྱུད་ཐེག་མཆོག་ཟབ་མོའི་ལམ་བཟང་པོ་རང་གིས་ཇི་བཞིན་དུ་བདེ་བླག་ཏུ་རྙེད་ཅིང་རྟོགས་ནས་གཞན་ལ་ནོར་འཁྲུལ་མེད་པར་སྟོན་པར་ནུས་པས་ན་གཟུ་བོར་གནས་པའི་བློ་ཅན་ཆོས་ཀྱི་སྤྱན་ལྡན་སྐལ་བཟང་མཁས་པའི་ཚོགས་ཀྱིས་ལེགས་པར་བསྟེན་པར་མཛོད་ཅིག་ཅེས་ཡང་དག་པར་གདམས་པར་མཛད་པའོ། །སླར་རྗེ་ཉིད་ཀྱི་གཟིགས་གནང་མཛད་པའི་ཞལ་བྱང་ནི། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་འདི་རང་ལོ་ཤིན་ཏུ་གཞོན་ཞིང་སློབ་གཉེར་གསར་བུ་བའི་དུས་ཞིག་ན་འཕྲལ་དུ་ཡིད་ལ་ཤར་རྩོམ་སྟན་གཅིག་པར་བྲིས་པ་ཡིན་མོད། དོན་ལ་འགལ་བ་མེད་ཅིང་གོ་རྒྱུ་གནད་ཅན་འདུག་པས་མ་བཅོས་པར་དེ་གར་བཞག་པ་ཡིན་ནོ་ཞེས་མི་ཕམ་པས་རང་ལོ་ང་བདུན་པར་སྨྲས་དགེའོ། །ཞེས་པས་ཚིག་གི་སྡེབས་སྦྱོར་ལྷུར་མ་བླང་བར་དོན་ལ་རྟོན་པར་བྱས་པ་ཡིན་ནོ་ཞེས་ཚིག་ལ་མི་རྟོན་དོན་ལ་རྟོན་པར་གདམས་པའི་ཤུགས་ཀྱིས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་དང་། དོན་ལ་ཡང་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་དང་། ངེས་དོན་ལ་ཡང་རྣམ་ཤེས་ཀྱི་སྤྱོད་ཡུལ་ལ་མི་རྟོན་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་རྟོན་པར་གདམས་པར་མཛད་པ་འདི་ནི་མཁས་པ་ཡོངས་ཀྱི་ཐུགས་ཀྱིས་བརྣག་བྱ་གཡར་དམ་དུ་བྱ་བའི་གདམས་པ་ཕུན་སུམ་ཚོགས་པ་ཞིག་ལགས་སོ། །འདིར་སྨྲས་པ། གང་ཡང་མདོ་རྒྱུད་ཟབ་མོའི་ལུང་རིགས་དག །ལེགས་པར་ཤན་མ་འབྱེད་པའི་གཉིད་འཐུག་པོར། །འཕྱན་པར་གྱུར་གང་བཙན་ཐབས་སློང་བྱེད་པ། །འཇམ་དབྱངས་རྣམ་པར་རྒྱལ་བའི་འབྲུག་སྒྲ་ཉིད། ༡ །ཁྱོད་མེད་པས་ན་རྟོགས་དཀའ་ཟབ་མོ་འདིར། །སྐྱེས་སྦྱངས་བློ་གྲོས་ཟབ་ཟབ་ལྟར་སྣང་ཡང་། །ལུང་རིགས་འབུམ་ཕྲག་རྡོ་རྗེའི་ཁུར་ལྕི་བས། །སོམ་ཉིའི་དཔྱང་ཐག་དམ་པོས་གཉིད་དུ་ཡུར། ༢ །སྐལ་བཟང་མཁས་པའི་མདུན་སར་རབ་གྲགས་པའི། །མདོ་རྒྱུད་གྲུབ་མཐའི་ལུང་རིགས་མན་ངག་དག །ཕྱོགས་རེར་ཞེན་པས་ཕན་ཚུན་འཐེན་ཁྱེར་གྱིས། །རྩོད་པའི་དྲྭ་བར་ཆུད་པའི་འཕྱང་མོ་ཉུག ༣ །མངོན་སུམ་མཆོད་ཅེས་འཇམ་པའི་རྡོ་རྗེ་ཡིས། །ཡེ་ཤེས་ཕྱག་གི་རལ་གྲིའི་དབང་བསྐུར་ཞིང་། །དབུགས་དབྱུང་གསུང་གི་སྣང་དང་ཆབ་གཅིག་པར། །ངེས་ཤེས་རིན་ཆེན་སྒྲོན་མེ་མཆོག་ཏུ་འབར། ༤ །ཆོས་སྤྱན་ལྡན་ལ་ཉིན་མོའི་སྣང་བ་བཞིན། །ཟབ་དོན་མངོན་སུམ་མཐོང་བའི་དཔྱིད་དཔལ་དེ། །གང་ལ་གཟན་པར་གྱུར་ཀྱང་རང་སྐྱོན་ཉིད། །འདི་ཡི་སྐྱོན་དུ་བསྒྱུར་བའི་ཅི་ཞིག་རུང་། ༥ །དེང་དུས་སྙིགས་མའི་གཞན་དབང་ཆེར་བདོ་བས། །གཟུ་བོར་མི་གནས་བྱིས་པའི་རང་མཐོང་གིས། །ཆགས་སྡང་སྙེམས་པ་མཐོ་བས་སྤྱི་བརྡོལ་གྱིས། །ཆོས་དང་གང་ཟག་མཆོག་ལའང་སྐྱོན་འདོགས་བྱེད། ༦ །ཡུལ་དུས་གང་ཟག་དམན་པ་བདག་འདྲ་ཡིས། །འཆད་རྩོད་རྩོམ་མིན་དུས་མིན་བདག་གིས་འཚལ། །དེ་ལྟ་ན་ཡང་འཁོར་ལོའི་མགོན་པོ་ཡི། །བཀའ་ཡིས་གནང་བསྐུལ་དོན་ལྡན་མཐོང་ཕྱིར་དང་། ༧ །བདག་ཡིད་གོམས་ཕྱིར་གཞན་དག་བསྐུལ་ཕྱིར་དང་། །ཕན་པའི་སེམས་ཕྱིར་ཚིགས་གསལ་འདི་བྱས་སོ། །ཟབ་ཕྱིར་དངོས་བསྟན་ཙམ་ཡང་རྟོགས་མིན་ན། །ཚིག་ནུས་དང་ནི་ཤུགས་བསྟན་ལྟ་ཡང་ཅི། ༨ །དེ་ཕྱིར་རང་མཐོང་བྱིས་པས་མ་རྟོགས་པས། །མ་ཚང་མ་འབྲེལ་མི་དགོས་ལ་སོགས་པའི། །ཉེས་པ་གང་མཆིས་རྩ་གསུམ་སྲུང་མ་དང་། །ཆོས་སྤྱན་ལྡན་ལ་འཆགས་ཀྱི་དག་ཚངས་སྩོལ། ༩ །འདིས་མཚོན་དུས་གསུམ་དགེ་ཚོགས་ཅི་མཆིས་པ། །བསྟན་འཛིན་ཞབས་བརྟན་དགེ་འདུན་སྡེ་འཕེལ་ཞིང་། །བཤད་སྒྲུབ་བསྟན་པ་རྟག་ཏུ་དར་རྒྱས་ཏེ། །སྣོད་བཅུད་རྫོགས་ལྡན་འབྱོར་བའི་རྒྱུ་རུ་བསྔོ། ༡༠ །བདག་ཀྱང་དེང་ནས་བྱང་ཆུབ་མཆོག་གི་བར། །འཇམ་པའི་དབྱངས་ཀྱིས་མངོན་སུམ་རྗེས་བཟུང་ནས། །བདུད་བཞིའི་གཡུལ་ལས་རྟག་ཏུ་རྣམ་རྒྱལ་ཏེ། །རྒྱལ་བ་ཀུན་གྱི་དམ་ཆོས་འཛིན་གྱུར་ཅིག ༡༡ །འདི་དང་གང་འབྲེལ་འཇམ་པའི་དབྱངས་ཉིད་ཀྱིས། །བྱིན་རླབས་རྗེས་བཟུང་ཚེ་རིང་ནད་མེད་ཅིང་། །ངེས་དོན་སྙིང་པོའི་ལམ་བཟང་མཐོང་གྱུར་ཏེ། །ཕྱོགས་དུས་ཀུན་ཏུ་འཛིན་སྐྱོང་སྤེལ་གྱུར་ཅིག ༡༢ །མཁའ་ཁྱབ་ཞིང་གི་རྒྱལ་བ་སྲས་བཅས་དང་། །རབ་འབྱམས་རྩ་གསུམ་རྒྱ་མཚོའི་བདེན་མཐུ་ཡིས། །ཇི་ལྟར་སྨོན་པ་འགྲུབ་པའི་མཐུན་གྱུར་དང་། །ཕྱོགས་དུས་ཀུན་ཏུ་དགེ་བའི་བཀྲ་ཤིས་སྩོལ། ༡༣ །དེ་ལྟར་མདོ་རྒྱུད་གྲུབ་མཐའི་ཟབ་ཁྱད། །ཉམས་ལེན་བསྒོམ་པའི་གནད་གསང་ཁས་ལེན་ཤན་འབྱེད་གྱི་གསང་ལམ་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་འདི་རང་ཆུང་ནས་མཇལ་ཞིང་མོས་པས་ཞུགས་ཀྱང་ངེས་པའི་དོན་གྱིས་དབུལ་ན་ཡང་། གངས་ཅན་ན་མངོན་པར་མཐོ་བའི་མ་གྷ་དྷ་གཉིས་པར་གྲགས་པའི་ཤར་རྒྱལ་བ་ཀཿཐོག་རྡོ་རྗེའི་གདན་གྱི་གནྡྷོ་ལའི་བསྟན་པ་བཤད་སྒྲུབ་ལས་གསུམ་གྱིས་གཞིར་བཞེས་སུ་མཛད་པའི་མཁྱེན་བརྩེ་ནུས་པའི་གཏེར་ཆེན་སི་ཏུ་རིན་པོ་ཆེས་གསལ་དུ་བསྐྲུན་པའི་རྒྱུད་སྡེ་ལྷ་ཁང་ཐུབ་བསྟན་བཤད་སྒྲུབ་ནོར་བུའི་ལྷུན་པོར་རྗེ་ཉིད་ཀྱི་བདག་རྐྱེན་ལས་གཞུང་མང་རབས་ཀྱི་བཤད་པ་བགྱིད་ཚེ་གཞུང་འདི་འཆད་སྐབས། བཀའ་དྲིན་མཚུངས་བྲལ་བླ་མ་རིན་པོ་ཆེ་ཐུབ་བསྟན་རྒྱལ་མཚན་འོད་ཟེར་གྱི་ཞལ་སྔ་ནས་བཤད་ལུང་ལེགས་པར་མནོས་ཤིང་བསྡུས་དོན་ཞིག་ཀྱང་བཀའ་བསྐུལ་གནང་། ཁྱད་པར་ཕྱིས་སུ་ཡང་གདན་ས་རིན་པོ་ཆེ་དེར་ཀུན་མཁྱེན་སངས་རྒྱས་གཉིས་པ་རྗེ་འཇམ་དབྱངས་བླ་མའི་བཀའ་ཡི་བསྡུ་བའི་ཐུགས་སྩོལ་གནང་བའི་བདག་རྐྱེན་མཆོག་གིས་དཔལ་དུས་ཀྱི་འཁོར་ལོ་དང་། འདི་ཀ་སོགས་ཀྱི་བཤད་ལུང་ཕུལ་སྐབས། བདག་ཅག་གི་བཀའ་དྲིན་གསུམ་ལྡན་འཁོར་ལོའི་མགོན་པོ་མདོ་སྔགས་བསྟན་པ་ཡོངས་ཀྱི་རྒྱལ་མཚན་སྔ་འགྱུར་བསྟན་པའི་སྲོག་ཤིང་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན། ༧འཇམ་མགོན་སི་ཏུ་རིན་པོ་ཀུན་གཟིགས་ཆོས་ཀྱི་རྒྱ་མཚོ་ཞེས་སྙན་པའི་བ་དན་སྲིད་ན་མངོན་པར་མཐོ་བ་གང་གིས་བཀྲ་ཤིས་པའི་ལྷ་རེག །གསང་བ་སྔགས་ཀྱི་ནང་གི་དམ་ཚིག་གི་རྟེན་མཆོག །དཀྱིལ་འཁོར་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་དང་དྲིལ་བུ། རྡོ་རྗེའི་ལང་ཚོ་བསྒྲུབ་པའི་རིན་པོ་ཆེའི་རིལ་བུ་དང་བྲི་གཞི་ཤོག་བུ་བཅས་བཀའ་ལུང་གསེར་གྱི་ཅོད་པན་སྤྱི་བོར་ཡང་ཡང་རྩལ་གནང་ཉིད། རྟེན་འབྲེལ་གྱི་དགོངས་གནད་ཆེ་བར་མོས་ཤིང་རང་ཡང་མཆོག་གི་བསྟན་བཅོས་ཀྱིས་བསྟན་རྒྱུན་སྲིད་མཐར་སྤེལ་བའི་ས་བོན་བཟང་པོ་རྩོམས་པའི་སྐལ་བཟང་དུ་བགྱིད་པའི་དད་མོས་ལེགས་མཐོང་དང་། གཞན་ཡང་ལུང་རིགས་སྨྲ་བའི་ཆོས་ཀྱི་སྤྱན་ལྡན་དུ་མས་བཀའ་ཡི་བསྐུལ་ངོར་ཆུད་གསན་མ་ཕོད་པར་སྐྱེས་སྦྱང་བློ་གྲོས་ལྡན་ལ་འདི་འདྲས་ཅི་ཡང་མི་མཁོ་བས་ན་རྗེ་ཀུན་མཁྱེན་འཇམ་དབྱངས་བླ་མའི་ལེགས་བཤད་སོགས་མཁས་པའི་རིགས་ལམ་ཟབ་མོ་རྣམས་བསྡུ་ཞིང་མདོ་རྒྱུད་ཟབ་མོའི་ལུང་སྦྱར་མང་དུ་འབྲི་བར་བྱས་ན། ཡི་གེ་མང་དུ་དོགས་ནས་རྒྱས་སྤྲོས་དང་ཚིག་གི་སྡེབས་སྦྱོར་བསྐྱུངས་ནས་རང་འདྲའི་སྐལ་མཉམ་ལས་དང་པོ་པ་ཤེས་བརྩོན་ཞན་པའི་རིགས་རྣམས་ལ་ཚིག་དོན་གསལ་བའི་འབྲུ་འགྲེལ་གོ་ཅི་བདེ་གཙོ་བོར་བྱས་ན་བློ་གྲོས་སྣང་བའི་སྒོ་འབྱེད་དུ་ཅུང་ཟད་ཕན་དུ་རེ་བའི་སེམས་ཀྱིས་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ཨོ་རྒྱན་བསྟན་འཛིན་ནོར་བུ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཀོང་སྤྲུལ་རིན་པོ་ཆེ། ཀུན་མཁྱེན་འཇམ་དབྱངས་མི་ཕམ་རྣམ་རྒྱལ་རྒྱ་མཚོ་སོགས་མཁས་ཤིང་གྲུབ་པའི་དབང་ཕྱུག་མང་པོའི་ཞབས་རྡུལ་རེག་པའི་སློབ་འབངས་ཡོངས་ཀྱི་ཐ་ཤལ་ཤཱཀྱའི་བཙུན་གཟུགས་རྨོངས་བརྟུལ་གྱི་ན་བ་ཚེ་རབས་ཀུན་ཏུ་ཨོ་རྒྱན་པདྨའི་བྲན་དུ་སྨོན་པའི་ཡིད་ཅན་ཀུན་བཟང་དཔལ་ལྡན་ནམ་ཐུབ་བསྟན་ཀུན་བཟང་ཆོས་གྲགས་དུ་འབོད་པས། དཔལ་སྤྲུལ་རིན་པོ་ཆེའི་གདན་སའི་མཐིལ་དཀར་ཆུང་རི་ཁྲོད་དབེན་གནས་དམ་པའི་ཡོན་ཏན་ཕུན་སུམ་ཚོགས་པར་རིག་འཛིན་འཆི་མེད་གྲུབ་པའི་ཆོས་སྒར་ཐུབ་བསྟན་བཤད་སྒྲུབ་གླིང་དུ་ཨོ་རྒྱན་སངས་རྒྱས་གཉིས་པ་གངས་ལྗོངས་བོད་ཡུལ་དབུས་སུ་བྱོན་ཏེ་མདོ་སྔགས་ཀྱི་ཆོས་འཁོར་བསྐོར་བའི་ཚེས་བཅུའི་དུས་མཆོད་དང་བཅས་པར་རྫོགས་པར་བགྱིས་པ་འདིས་ཀྱང་ཕྱོགས་དུས་ཀུན་ཏུ་རིས་མེད་པའི་བསྟན་འགྲོ་ལ་སྨན་པར་བསླུ་བ་མེད་པའི་བླ་མ་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཐུགས་བསྐྱེད་དང་སྨོན་ལམ་བདེན་པ་ཆེན་པོའི་མཐུས་བྱིན་གྱིས་བརླབས་པར་མཛད་དེ་དར་ཞིང་རྒྱས་ལ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཤུབྷཾ། སརྦ་མངྒ་ལཾ།།

ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་འགྲེལ་ཆུང་ཟབ་དོན་སྣང་བའི་འཆར་སྒོ་ཡིད་དཔྱོད་ཚིག་གི་མེ་ལོང།

ག མྦྷི རཱ ཪྠ ཿ ཨཱ ལོ ཀ སྱ ཨུ ད ཡ མུ ཁྱ མ ན བི ཙཱ ར བ ཙ སྱ ཨཱ ད ཪྴ ནཱ མ ནི ཛྙཱ ནཾ ར ཏྣ སྱ དི པཱཾ སྱ བི ཧར ཏི སྨ།
ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་འགྲེལ་ཆུང་ཟབ་དོན་སྣང་བའི་འཆར་སྒོ་ཡིད་དཔྱོད་ཚིག་གི་མེ་ལོང་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་ཤྲི་ཀུ་མ་ར་ཡེ། རྣམ་འདྲེན་ལྷ་མའི་སྟོན་པ་ཤཱཀྱའི་ཏོག །རྒྱལ་སྲས་བརྒྱད་དང་གནས་བརྟེན་བརྒྱད་གཉིས་སྡེ། །ཤིང་རྟ་མཆོག་གཉིས་འཛམ་གླིང་རྒྱན་ཆེན་དྲུག །སྟོན་མཆོག་བརྒྱུད་འཛིན་བཅས་ལ་དད་བརྒྱས་བསྙེན། །མཁན་སློབ་ཆོས་རྒྱལ་པཎ་ཆེན་བི་མ་ལ། །བཻ་རོ་ཀ་ཅོག་ཞང་དང་གཉག་གནུབས་ཟུར། །ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀཿཐོག་པ། །ཡབ་སྲས་བརྒྱུད་པར་བཅས་པ་རྒྱལ་གྱུར་ཅིག །སྨྲ་བའི་སེང་གེ་ཀུན་མཁྱེན་མི་ཕམ་རྗེ། །པཎ་ཆེན་བླ་མ་བྱམས་མགོན་སྣང་བའི་གཏེར། །མཁན་ཆེན་རྣམ་གསུམ་མཆོག་སྤྲུལ་མ་ཏིའི་མཚན། །གྲུབ་མཆོག་དབང་པོ་རྣམས་ལ་ཕྱག་བྱས་ཏེ། །ཟབ་ལམ་གདམས་པའི་དེ་ཉིད་སྦྱིན་པའི་དཔལ། །ངེས་ཤེས་རིན་པོ་ཆེ་ཡི་སྒྲོན་མེ་ཞེས། །ལེགས་བཤད་ནོར་བུའི་སྣང་བ་འབུམ་འཇོ་བའི། །ཚུལ་འདིར་དང་བའི་ཡིད་ཀྱིས་འཇུག་པར་བྱ། །དེ་ལ་འདིར་ཁྱབ་བདག་རྒྱལ་བ་གཉིས་པ་ཀུན་མཁྱེན་འཇམ་དབྱངས་བླ་མ་མི་ཕམ་རྣམ་པར་རྒྱལ་བ་ཉིད་སྐུ་ན་ཤིན་ཏུ་གཞོན་པའི་དུས་སུ་ཟབ་ཅིང་རྒྱ་ཆེ་བའི་དོན་གྱི་དཀའ་གནད་གསལ་བར་བྱེད་པའི་གཞུང་བཟང་སྡེབ་སྦྱོར་གྱི་སྤྲོས་པ་སྤང་བ་གང་ཤར་སྟན་གཅིག་ཏུ་བརྩམ་པར་མཛད་པའི་ལེགས་བཤད་རྨད་དུ་བྱུང་བ་ཉིད་འཆད་པ་ལ་གསུམ། ཐོག་མར་དགེ་བ་ཀླད་ཀྱི་དོན་བསྟན་བཅོས་ལ་འཇུག་པའི་ཡན་ལག །བར་དུ་དགེ་བ་གཞུང་གི་དོན་བསྟན་བཅོས་ཀྱི་དངོས་དོན་བསྟན་པ། ཐ་མར་དགེ་བ་མཇུག་གི་དོན་བསྟན་བཅོས་རྫོགས་པའི་བྱ་བའོ། །དང་པོ་ལ་གཉིས། མཚན་བསྟན་པ་དང་། མཆོད་པར་བརྗོད་པའོ། །དང་པོ། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་བཞུགས་སོ་ཞེས་པས་བསྟན་ཏེ། གཞུང་བཟང་འདི་ལ་ལེགས་པར་བརྟེན་ན་ཟབ་པ་དང་རྒྱ་ཆེ་བའི་དོན་ཤིན་ཏུ་རྟོགས་པར་དཀའ་བའི་གནས་ཟབ་མོའི་དེ་ཁོ་ན་ཉིད་ལ་སྒྲོ་སྐུར་ཀུན་དང་བྲལ་བའི་ངེས་པའི་ཤེས་པ་ཐེ་ཚོམ་གྱི་སྨག་ཐམས་ཅད་དང་བྲལ་བའི་ཡིད་ཆེས་ཀྱི་བློ་མིག་ཡང་དག་པར་རང་རྒྱུད་ལ་བདེ་བླག་ཏུ་སྐྱེད་པའི་ཕྱིར་དཔེར་ན་མུན་པ་སེལ་ཞིང་སྣང་བ་སྦྱིན་པའི་རིན་པོ་ཆེའི་སྒྲོན་མེ་རིན་ཐང་དང་བྲལ་བ་ལྟ་བུ་འདི་ན་བཞུགས་སོ་ཞེས་དཔེ་དོན་ཟུང་དུ་འབྲེལ་བའི་སྒོ་ནས་མཚན་དུ་བཏགས་པའོ། །གཉིས་པ་ནི། གང་ཡིད་ཐེ་ཚོམ་སོགས། ཤྭ་ལོ་ཀ་གཅིག་གིས་བསྟན་ཏེ། ལུང་རིགས་ཟབ་མོའི་དེ་ཁོ་ན་ཉིད་དུ་གཉེར་བའི་གང་ཟག་གང་ཞིག་ཟབ་པ་དང་རྒྱ་ཆེ་བའི་དོན་རྟོགས་པར་དཀའ་བའི་གནས་ལ་འཇུག་པའི་ཡིད་ཀྱི་བློ་གྲོས་ཡིན་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་གྱི་དྲྭ་བའི་སྦུབས་སུ་འཐུམས་ནས་གཅིག་ཏུ་ཐག་ཆོད་མེད་པར་ཁས་ལེན་ཅི་བྱ་གཏོལ་མེད་དུ་འཕྱན་པ་ལས་དངོས་སུ་འབྱེད་ཅིང་ཟབ་རྒྱས་ཆོས་ཀྱི་དེ་ཉིད་མངོན་སུམ་དུ་རྟོགས་པར་བྱེད་པའི་མཁྱེན་རབ་འཇམ་དཔལ་རྡོ་རྗེའི་མར་མེ་མཆོག་ཏུ་འབར་བ་ནི། རྡུལ་བྲལ་ཟག་པ་མེད་པ་སོ་སོ་རང་རིག་པའི་ཡེ་ཤེས་ངེས་པ་དོན་གྱི་འཇམ་དཔལ་གཞོན་ནུ་ཡིན་ལ། དེ་ཉིད་ཕྱིན་ཅི་མ་ལོག་པར་དབང་རྣོན་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱི་སྙིང་ལ་གསལ་བར་འཆར་བའི་ཐབས་ནི་ཡིད་གཉིས་དང་སྒྲོ་སྐུར་ཀུན་དང་བྲལ་བའི་ངེས་པའི་ཤེས་པ་ཟབ་མོའི་ཚུལ་སུས་ཀྱང་མི་འཕྲོག་པའི་རྣམ་པར་དག་པ་འདྲེན་ཅིང་འཇུག་པར་བྱེད་པ་ཡང་དག་པའི་ཚད་མ་གཉིས་ནས་བདེན་གཉིས་ཟུང་དུ་འཇུག་པའི་ལམ་བཟང་པོ་གསལ་བར་མཐོང་བའི་ཚད་མའི་མིག་ཏུ་གྱུར་པ་དེར་རག་ལས་པར་མཐོང་ནས་བསྟན་བཅོས་རྩོམ་པ་པོ་བདག་ཉིད་ཀྱང་རབ་ཏུ་དད་དོ་། །ཞེས་མཆོད་པར་བརྗོད་པའོ། །འདི་ནི་བརྗོད་བྱའི་དོན་དང་མཐུན་པར་བསྔགས་པ་སྟེ་ཤེས་བྱ་བདེན་གཉིས་ཀྱི་དོན་ཚུལ་གཉིས་ཀྱིས་ཕྱིན་ཅི་མ་ལོག་པར་ངེས་པའི་ཤེས་པ་ལ་བརྟེན་ནས་ཡུལ་དང་ཡུལ་ཅན་གྱི་གཉིས་སྣང་གི་སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་དང་གཉིས་སུ་མེད་པའི་ཡེ་ཤེས་ཉིད་མཐོང་བ་ལ་ཕྱག་མཛད་པས། དེ་ནི་འཕགས་མཆོག་ཀླུ་སྒྲུབ་ཀྱིས། །ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་ངང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་གསུངས་པ་ལྟར་ཡིན་ལ། དེའང་དབྱེ་ན་འཇམ་དཔལ་ཞེས་པས་གཞི་ལམ་འབྲས་བུའི་དེ་ཉིད་དང་རྡོ་རྗེ་ཞེས་པས་དེ་གསུམ་དབྱེར་མི་ཕྱེད་པར་བསྟན་ཏོ། །ཀྱང་སྒྲས་ཟབ་རྒྱས་ཀྱི་དེ་ཉིད་ཟབ་མོ་མཐོང་བར་འདོད་པས་ཚད་མའི་མིག་བཟང་དད་པས་སྐྱེད་དགོས་པར་ཡང་བསྟན་ཏོ། །གཉིས་པ་བར་དུ་དགེ་བ་གཞུང་གི་དོན་བསྟན་བཅོས་དངོས་ཀྱི་དོན་རྣམ་པར་དབྱེ་བ་ལ་གསུམ། ཚད་མའི་འཇུག་ཡུལ་ལེགས་པར་མཐོང་བའི་ཕྱིར་ཤིང་རྟའི་ལམ་སྲོལ་སྤྱིར་བསྟན་ཏེ་གཞི་བཟུང་བ། ཚད་མའི་བློ་གྲོས་གསལ་བར་སྒྲུབ་པའི་ཕྱིར་བརྗོད་བྱའི་ཡན་ལག་རྒྱས་པར་བཤད་དེ་བྱེ་བྲག་ཏུ་དབྱེ་བ། ཚད་མའི་རྟོགས་པ་རྒྱུད་ལ་སྐྱེད་པའི་ཕྱིར་གཟུངས་སྤོབས་སྒྲུབས་པའི་སྒོ་ལ་གདམས་ཏེ་མཇུག་བསྡུ་བའོ། །དང་པོ་ལ་གསུམ། ངེས་ཤེས་མེད་པའི་སྐྱོན་དང་ལམ་ཡང་ལོག་གི་ཤན་འབྱེད་བསྟན་པ། ངེས་ཤེས་གང་ལས་སྐྱེ་བ་ཚད་མའི་ལམ་སྲོལ་ངོས་བཟུང་བ། དེ་ལ་ངེས་པར་ཞུགས་པའི་བློ་མཆོག་མངའ་བ་རྣམས་ལ་བསྔགས་པའོ། །དང་པོ། ཀྱེ་མ་ཟབ་མོའི་སོགས་ཤྭ་ལོ་ཀ་གཉིས་ཀྱིས་བསྟན་ཏེ། ཀྱེ་མའོ་ཐ་སྙད་དང་དོན་དམ་པའི་ཟབ་མོའི་གནས་ལུགས་མ་ནོར་བར་རྟོགས་པ་ལ་ཡང་དག་པར་སྦྱོར་བར་བྱེད་པའི་བདེན་གཉིས་དཔྱོད་པའི་ཚད་མས་དྲང་བའི་ངེས་ཤེས་རིན་པོ་ཆེ་ཡི་སྒྲོན་མེ་ལྟ་བུར་གྱུར་པ་ཁྱོད་ཉིད་རང་རྒྱུད་ལ་མ་སྐྱེད་ཅིང་མེད་པས་ན་སྲིད་པ་འདི་ན་གང་ཟག་ཕལ་ཆེ་བ་གནས་ལུགས་ཡང་དག་པའི་དོན་ལ་ཐོས་བསམ་སྒོམ་པའི་ངེས་པ་དང་བྲལ་ནས་ཐེ་ཚོམ་གྱི་སྒྱུ་མའི་རྒྱར་ནི་འཐུམས་ཤིང་བླང་དོར་མཁས་ལེན་ལ་རྨོངས་པར་གྱུར་པའི་སྐྱོན་འདི་བྱུང་བ་ཡིན་ལ། དེས་ན་མདོ་སྔགས་ཀྱི་ཐེག་པ་ལ་གང་ལ་ཞུགས་ཀྱང་གཞི་སྣང་སྟོང་ངམ་སྟོང་དང་རྟེན་འབྱུང་། ལམ་ཐབས་ཤེས་སམ་ཚོགས་གཉིས། འབྲས་བུ་སྐུ་གཉིས་སམ་མཁྱེན་གཉིས་ལ་སོགས་པས་བསྡུས་པའི་ཆོས་རྣམས་ལ་རང་གིས་ལུང་རིགས་ཚད་མའི་ལམ་ནས་དྲངས་པའི་ངེས་པའི་ཡིད་ཆེས་སུས་ཀྱང་མི་འཕྲོགས་པ་རྒྱུད་ལ་འདྲོང་བ་དང་གཞན་ལས་ཐོས་པས་དད་པར་བྱེད་པ་ཚིག་ཙམ་ལ་བརྟེན་ཞིང་ངེས་པ་མ་འདྲོང་བ་གཉིས་ནི་ལམ་དངོས་དང་དེ་ཡི་གཟུགས་བརྙན་བཞིན་དུ་ཡང་དག་དང་ལྟ་སྣང་གི་ཁྱད་པར་ཡོད་པའོ། །གཉིས་པ། རྨད་བྱུང་ཆོས་ཀྱི་སོགས་ཚིགས་བཅད་གསུམ་གྱིས་བསྟན་ཏེ། ཐ་སྙད་ཚད་མའི་ཚུལ་དང་དོན་དམ་དབུ་མའི་ཚུལ་གཉིས་དངོས་སྟོབས་ཀྱི་རིགས་པས་ཇི་ལྟ་བ་བཞིན་དུ་གཏན་ལ་དབབ་པས་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་དགོངས་པ་མཐར་ཐུག་གསལ་བར་མཛད་པའི་རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པ་དང་མཁྱེན་པའི་གཏེར་ཆེན་དཔལ་ལྡན་ཟླ་བའི་གྲགས་པ་ཟུང་ནི་འོད་དཀར་ཅན་གྱི་གཟུགས་སུ་བཀོད་པ་སྟེ། མཚན་ཉིད་འཛིན་པའི་ཆོས་ཀྱང་ཡིན་ལ་དེའི་དངོས་མིང་དུའང་གྲངས་པའི་ཕྱིར་རོ། །དེས་ན་སློབ་དཔོན་དེ་གཉིས་ཀྱིས་ཚད་མ་དང་དབུ་མའི་གཞུང་གི་ལེགས་པར་བཤད་པའི་གསུང་གི་འོད་ཟེར་གྱི་སྣང་བ་དང་ཆབ་གཅིག་པར་སྟོན་མཆོག་ཐུབ་པའི་དབང་པོའི་ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ཅན་གྱི་བསྟན་པའི་ལྷ་ལམ་སྟེ་ནམ་མཁའ་ཡངས་པོར་ཤར་བ་སྟེ་བྱོན་པ་ཡིས་བདེན་པ་གཉིས་ཀྱི་གནས་ལུགས་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་མུན་པ་ཐིབ་པོ་མ་ལུས་པ་རྣམ་པར་འཇོམས་པར་མཛད་ཅིང་ཤིང་རྟའི་ལམ་སྲོལ་གསལ་བར་བྱས་པ་ཡིན་ལ། དེ་ཡང་གསུང་གི་འོད་ཀྱིས་ཇི་ལྟར་གསལ་ན། དཔལ་ཆོས་ཀྱི་གྲགས་པས། རྒྱ་ཆེ་བ་ཐ་སྙད་ཀྱི་དེ་ཁོ་ན་ཉིད་དཔྱོད་པའི་ཚད་མ་དྲི་མ་མེད་པ་དངོས་པོའི་སྟོབས་ལས་གྲུབ་པ་ཡིས་ཐ་སྙད་ཀྱི་སྣང་ཚུལ་ཡང་དག་པར་གསལ་བར་བྱས་པས་ཐ་སྙད་ཀྱི་བླང་ངོར་ལ་འཇུག་ལྡོག་མི་ནོར་ཞིང་མི་འཁྲུལ་པ་དང་། ཁྱད་པར་དུ་བསྟན་པ་ཡང་དག་པའི་འཇུག་ངོགས་ཚད་མ་དང་སྟོན་པ་ཐམས་ཅད་མཁྱེན་པ་ཡང་དག་པའི་སྐྱེས་བུ་ཚད་མ་ཡིན་པར་སྒྲུབས་པ་ལ་འགྲོ་བ་ལྷ་དང་བཅས་པ་སུས་ཀྱང་མི་འཕྲོག་པའི་ཡིད་ཆེས་མཆོག་ཏུ་གྱུར་པ་རྙེད་པའི་སྒོ་གཅིག་པུ་བར་གྱུར་པ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་པར་འགྲེལ་བ་ལ་སོགས་པའི་ཚད་མའི་གཞུང་དང་། དཔལ་ལྡན་ཟླ་བའི་ཞབས་ཀྱིས་གནས་ལུགས་ཟབ་མོ་སྤྲོས་བྲལ་སྟོང་པ་ཉིད་ཀྱི་དོན་རིགས་པའི་ལམ་ནས་གཏན་ལ་འབེབས་བྱེད་དོན་དམ་དཔྱོད་པའི་རིགས་ཤེས་ཀྱི་ཚད་མ་དྲི་མ་མེད་པས་གནས་ལུགས་ཟབ་མོའི་དེ་ཉིད་ཇི་བཞིན་དུ་གསལ་བར་བྱེད་པ་འཇུག་པ་རྩ་འགྲེལ་ལ་སོགས་པའི་ཐེག་མཆོག་དབུ་མའི་གཞུང་དང་རྣམ་པ་གཉིས་ཀྱིས་བསྟན་པའི་ལྷ་ལམ་གསལ་བར་མཛད་པ་ཡིན་པས་འདི་གཉིས་ཁོ་ན་ལམ་གྱི་སྙིང་པོ་ཡང་དག་པར་མཐོང་བའི་མིག་ཏུ་གྱུར་པ་ཡིན་ལ། དེའང་སྔ་མ་ཚུལ་བཞིན་དུ་ངེས་ན། དེ་ལས་གནས་ཡོངས་གྱུར་གྱི་ཚད་མ་ལ་ངེས་པར་འཇུག་ཅིང་མཐར་ཐུག་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ཀྱང་ཚེགས་མེད་པར་རྟོགས་པ་དང་། ཕྱི་མ་ལེགས་པར་ངེས་ན། རྣམ་གྲངས་མིན་པའི་དོན་དམ་ཚུལ་བཞིན་དུ་མཐོང་ཞིང་མཐར་ཐུག་ངོ་བོ་ཀ་དག་གི་ཡེ་ཤེས་ལའང་བདེ་བླག་ཏུ་འཇུག་པར་འགྱུར་རོ། །གསུམ་པ་ལེགས་པར་སྦྱངས་པའི་སོགས་ཤྭ་ལོ་ཀ་གཅིག་གིས་བསྟན་ཏེ། དེ་ལྟར་བདེན་གཉིས་དཔྱོད་པའི་ཚད་མ་གཉིས་ཀྱིས་ལེགས་པར་སྦྱངས་པའི་བློ་གྲོས་ཀྱི་མིག་མཆོག་དང་ཕུལ་དུ་གྱུར་པ་ཟུང་སྟེ་གཉིས་པོ་ཟུམ་པ་མེད་པར་བགྲད་དེ་སྟོན་པ་ཐམས་ཅད་མཁྱེན་པས་ལེགས་པར་བསྟན་པའི་ལམ་ཟབ་ཅིང་རྒྱ་ཆེ་བ་དེར་ནི་གཞན་དྲིང་མི་འཇོག་པར་ཏེ་སུས་ཀྱང་གཞན་དུ་དྲང་མི་བཏུབ་པས་ཡང་དག་པར་ཚུལ་བཞིན་དུ་ཞུགས་པའི་གང་ཟག་དམ་པ་དེ་ལ་མཆོག་ཏུ་མོས་ཤིང་བསྔགས་པས་བསྟོད་དོ། །གཉིས་པ་ཚད་མའི་བློ་གྲོས་གསལ་བར་སྒྲུབས་པའི་ཕྱིར་བརྗོད་བྱའི་ཡན་ལག་རྒྱས་པར་བཤད་དེ་བྱེ་བྲག་ཏུ་དབྱེ་བ་ལ་གསུམ། ལྡོམ་བུ་པས་དྲིས་པའི་ཚུལ་གྱིས་གླེང་བསླངས་ཏེ་བརྗོད་བྱའི་ལུས་དོན་རྣམ་པར་བཞག་པ། དྲང་སྲོང་གི་ལན་གྱི་ཚུལ་དུ་སོ་སོའི་ཡན་ལག་རྒྱས་པར་སྤྲོས་ཏེ་དངོས་དོན་གཏན་ལ་དབབ་པ། དྲི་བ་པོ་གུས་པའི་ཚུལ་གྱིས་བསྟན་པ་མཆོག་ལ་བསྔགས་ཤིང་ངོ་མཚར་ཆོས་ཀྱི་སྒྲོན་མེ་གཞན་ལ་གསལ་བར་བསྐུལ་བའོ། །དང་པོ། དེ་ལྟར་སེམས་པའི་སོགས་ཚིགས་བཅད་བཅུ་དང་རྐང་པ་གསུམ་གྱིས་བསྟན་ཏེ། གོང་དུ་བཤད་པའི་དེ་ལྟར་ས ེམས་པའི་རྣམ་པར་དཔྱོད་པའི་བློ་གྲོས་གཟུ་བོར་གནས་པའི་དྲང་སྲོང་ཆེན་པོའི་གཟུགས་སུ་བཀོད་པ་དེ་ལ། རང་གར་ཐོལ་གྱིས་བྱུང་བའི་རྣམ་དཔྱོད་ཀྱི་རྟོག་པ་ཤར་བ་ནི་ལྡོམ་བུ་པ་ཞིག་གི་ཚུལ་དུ་བཀོད་ནས་དེ་ཡིས་རྟོགས་པར་དཀའ་བ་ཟབ་མོའི་གནས་ལ་རྟོག་གེའི་བརྒལ་ཞིང་བརྟག་པར་བྱ་བའི་ཕྱིར་དྲི་བ་བདུན་པོ་འོག་ནས་འབྱུང་བ་འདི་ལྟར་དྲིས་ཏེ་དེ་ཡང་འདི་དང་འདི་ཡི་ལན་རྣམས་མཁས་པ་གཞན་གྱི་སྔར་ནས་ཡང་ཡང་བསྟན་པའི་རྗེས་སུ་དེ་ཉིད་སླར་ཡང་བསྐྱར་ཟློས་སམ་རྗེས་བརྗོད་ཙམ་བྱས་པ་ལ་མཁས་པ་རྣམས་ཀྱིས་བསྔགས་པའི་གནས་སུ་ཅི་ཞིག་ཏུ་མཐོང་སྟེ་བསྔགས་འོས་མིན་ལ། དེ་ལྟར་མ་ཡིན་པར་རྟོགས་པར་དཀའ་བ་ཟབ་མོའི་གནས་འདི་དག་ལ་རང་གི་རྣམ་པར་དཔྱོད་པ་ཡང་དག་པར་གཟུ་བོར་གནས་ཤིང་བག་ཕོབ་སྟེ་ཞིབ་མོའི་བློ་གྲོས་ཀྱིས། ཚུལ་བཞིན་དུ་དཔྱོད་ལ་གང་ཞིག་དྲིས་པའི་ལན་འདི་རྣམས་ལུང་རིགས་ཚད་མ་དང་ལྡན་པའི་སྒོ་ནས་ཉེ་བར་ལྡོན་པར་མཛོད་ཅིག་དང་། ད་གཟོད་ངག་གི་འབྲས་རྟགས་དེ་ལས་ནང་གི་རྣམ་པར་དཔྱོད་པའི་བློ་གྲོས་དེ་ཡང་མངོན་སུམ་མཐོང་བ་བཞིན་དུ་གསལ་བར་འགྱུར་བས་བསྔགས་ཤིང་རྗོད་པའི་ཡུལ་དུའང་འགྱུར་རོ། །དེ་ལས་གཞན་དུ་གཞུང་ཚོགས་མང་དུ་ཐོས་པས་ལུས་བསྒྱིངས་ཤིང་དགག་སྒྲུབ་ཀྱི་སྣ་ཞགས་རིང་དུ་བརྐྱངས་ནས་མཁས་པར་གྲགས་ཤིང་སྙེམས་པར་གྱུར་ན་ཡང་། ཤིན་ཏུ་ཟབ་པའི་ཁྲོན་པའི་ཆུ་མིག་ལ་བཏུང་བར་མི་ནུས་པ་བཞིན་ཏེ་དཔེ་ཉིད་ཀྱང་རྩལ་གྱིས་བཤད་ན་ཁྲོན་པ་ཆུང་ངུ་ལ་གནས་པའི་རུས་སྦལ་གྱིས་ཕྱིས་སུ་རྒྱ་མཚོ་ཆེན་པོ་མཐོང་ནས་ཤི་བ་ལྟར་རང་རང་གིས་ཇི་ལྟར་མཐོང་བའི་ཚུར་མཐོང་གི་ཡུལ་ལ་དགག་སྒྲུབ་ཕྱོགས་རེ་ངེས་པ་ཙམ་གྱིས་ཁེངས་ཤིང་། དེ་ལས་འདས་པས་ཤིན་ཏུ་རྟོགས་པར་དཀའ་བའི་གནས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཆོས་ཀྱི་རྣམ་གྲངས་རྒྱ་མཚོ་ཆེན་པོའི་ཆུ་ལྟར་ཚད་མེད་ཅིང་མཐའ་ལས་འདས་པའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་གཞན་དང་གཞན་དག་མཐོང་ཐོས་སུ་མ་གྱུར་པས་དོན་གྱི་གནད་ཀྱང་ཚུལ་བཞིན་དུ་མ་མྱོང་བར་རང་གི་སྤྱོད་ཡུལ་མིན་པ་ལ་སེམས་མི་ཞུམ་པར་མ་ཟད་ད་དུང་མདོ་རྒྱུད་ཟབ་མོ་རྣམས་ལ་མཁས་པའི་གྲགས་པ་དང་སྙན་པ་ལ་རེ་ཞིང་ཆགས་ཏེ་ཁེང་བས་དཔེར་ན་རིགས་ངན་གདོལ་པའི་བུ་ཞིག་རྒྱལ་པོ་མངའ་ཐང་དང་དར་བའི་བཙུན་མོར་ཆགས་པ་དང་འདྲ་སྟེ་དེ་འདྲའི་དབང་ཐང་མེད་པའི་ཕྱིར་རོ། །དེར་ཡང་མ་ཟད་དགག་སྒྲུབ་ལྟར་སྣང་གི་ཚིག་ཚོགས་རང་གར་སྤྲོ་བ་ནི་རིགས་ངན་དེ་ཡང་གཡེམ་ལ་ཞུགས་ན་སྲོག་དང་བྲལ་བའི་ཕུང་ཁྲོལ་ཆེན་པོ་འབྱུང་བ་བཞིན་དུ་ཟབ་མོའི་ཆོས་རྣམས་སྤངས་པའི་རྒྱུ་ལས་རང་བཞན་དུ་མ་མནར་མེད་དམྱལ་བ་ཆེན་པོར་བསྐལ་བ་ནས་བསྐལ་པའི་བར་དུ་འབར་ཞིང་བསྲེགས་པའི་གནས་སུ་འགྱུར་བས་བདག་ལེགས་སུ་འདོད་པ་དག་གིས་བག་ཡོད་པར་བྱོས་ཤིག །དོན་གནད་ཟབ་མོ་གང་ཞིག་འདྲི་ན་འདི་ལྟར་མཁས་དབང་དམ་པ་རྣམས་ཀྱིས་གྲུབ་མཐའི་ཞལ་འཛིན་དང་། ལུང་དོན་འགྲེལ་ཚུལ་དང་། བློ་གྲོས་ཀྱི་གཤོག་རྩལ་འགྲན་པའི་ཕྱིར་ཕན་ཚུན་བརྒལ་བརྟགས་ཀྱི་དགག་སྒྲུབ་སྣ་ཚོགས་ཞིག་དགོས་དབང་གིས་རྒྱ་ཆེར་མཛད་ཀྱང་ལུང་རིགས་མན་ངག་དང་མི་འགལ་བའི་ཞལ་བཞེས་སྐྱོན་མེད་ཅིག་གང་ལའང་དཀའ་བར་སྣང་བའི་གནས་འདི་དག་འདྲི་སྟེ། མཐར་ཐུག་གི་ལྟ་བ་མཁས་དབང་ལ་ལས་མེད་དགག་དང་ལ་ལས་མ་ཡིན་དགག་ཏུ་གསུངས་པ་གཉིས་ལས་གང་ལྟར་སྨྲ་བ་ལུང་དང་རིགས་པས་གྲུབ་པ་ཡིན་ཞེས་དང་། དེ་བཞིན་དུ་ཉན་རང་དགྲ་བཅོམ་པས་ཆོས་དང་གང་ཟག་གི་བདག་མེད་གཉིས་ཀ་རྟོགས་སམ་མ་རྟོགས་པར་སྨྲ་བ་གང་འཐད་དང་། གནས་ལུགས་ཀྱི་དོན་ལ་མཉམ་པར་བཞག་པའམ་འཇོག་པའི་ཚེ་འཛིན་སྟངས་ཡོད་དམ་མེད་པ་གང་ལྟར་འཐད་དང་། སྒོམ་པ་ལའང་དཔྱད་ནས་སྒོམ་མ མ་དཔྱད་པ་མེད་པར་བཞག་ནས་བསྒོམ་པ་གང་འཐད་དང་། བདེན་པ་གཉིས་ལ་ཀུན་རྫོབ་དང་དོན་དམ་གང་ཞིག་གཙོ་བོར་སྨྲ་བ་འཐད་དང་། ཆུ་ལྟ་བུ་གཅིག་ལ་རིགས་དྲུག་གི་འགྲོ་བས་མཐོང་བ་མི་གཅིག་པ་དྲུག་ཏུ་སྣང་བ་དེ་ལ་མཐུན་སྣང་གི་བལྟ་བྱ་ཐུན་མོང་པ་ཡོད་མེད་གང་འཐད་དང་། དབུ་མ་ཆེན་པོར་རང་ལུགས་ཀྱི་ཁས་ལེན་ཡོད་དམ་མེད་པར་སྨྲ་བ་དག་ལས་སུ་ལ་ལུང་རིགས་ཀྱིས་སྒྲུབ་བྱེད་རྣམ་པར་དག་པ་ཡོད་ཅིང་སྒྲུབ་ཚུལ་ཇི་ལྟར་ཡིན་ཞེས་དེ་སྐད་གནས་ལུགས་སྟོང་པ་ཉིད་ལས་བརྩམས་པའི་ཟབ་མོའི་དོན་ཅན་གྱི་དྲི་བ་བདུན་པོ་འདིར་བདེ་བར་གཤེགས་པའི་ལུང་ཚད་མ་དང་འགལ་བ་མེད་པར་ལུང་དོན་བཞིན་དུ་དངོས་སྟོབས་ཀྱི་རིགས་པས་གྲུབ་པའི་ལན་གྱི་ཁྱད་པར་ཡང་དག་པར་ཐོངས་ཤིག །ལུང་བཞིན་རིགས་པས་མ་གྲུབ་པའི་ལན་གྱིས་དགོས་པ་མེད་དོ། །དེ་ལྟར་རྟོག་གེའི་ངག་དང་ཐལ་བའི་ཚིག་གི་ཕྲེང་བ་ལྟར་སྣང་གི་རིགས་པ་ཚེར་མའི་མདུང་དང་འདྲ་བ་འབུམ་གྱིས་ཅིག་ཆར་དུ་བསྣུན་ཀྱང་ཅུང་ཟད་ཙམ་ཡང་མི་ཕིག་པའམ་མི་ཤིག་པ་སྟེ་དགག་སྒྲུབ་གང་ཡང་མི་ནུས་པས་དེ་སྔོན་མཁས་པར་གྲགས་པའི་ཆེ་བའམ་ཆེན་པོ་རྣམས་ཀྱང་རྨོངས་ཤིང་འཁྲུལ་བར་གྱུར་ནས་ཇི་བཞིན་དུ་རྟོགས་པའི་སྨྲ་བ་དཀོན་ཞིང་དཀའ་བའི་གནད་ཟབ་མོ་འདི་དག་ལ། ལུང་རིགས་ཚད་མས་གྲུབ་པའི་ལན་གྱི་ཁྱད་པར་སྨྲ་བའི་ལྗགས་རྩེ་མི་ཐུང་བར་རིིང་པོ་གློག་བཞིན་དུ་མྱུར་བར་རྐྱོངས་ལ་ལན་གདབ་པར་མཛོད་ཅིག་ཅེས། དེ་ལྟར་རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས་རབ་ཏུ་བསྐུལ་བའི་ངག་གི་རླུང་ཅུང་ཟད་དམ་ཆུང་ངུར་གཡོས་ཏེ་དྲིས་པ་དེས་ཀྱང་གཟུ་བོར་གནས་པའི་དྲང་སྲོང་དེ་ཡི་སྙིང་དཔེར་ན་དུས་མཐའི་རླུང་གིས་རི་བོ་བསྐྱོད་པ་བཞིན་དུ་བསྒུལ་བར་གྱུར་ནས་ལན་གྱི་རྣམ་པ་གང་ཡང་མི་སྨྲ་བའི་བརྟུལ་ཞུགས་དར་ཅིག་བཟུང་བ་སྟེ་ཅི་བྱ་གཏོལ་མེད་དུ་ཅུང་ཟད་གྱུར་པའི་མཐར། འདི་ལྟར་ཀྱཻ་མའོ་ཡུན་རིང་སྦྱོང་བརྩོན་གྱི་འབད་པ་བརྒྱ་ཕྲག་དུ་མའི་དཀའ་བའི་ཁུར་ཆེན་རྟག་ཏུ་བརྟེན་ཅིང་ཡང་དང་ཡང་དུ་རྣམ་པར་དཔྱད་པའི་བློ་གྲོས་རྣོན་པོའི་མེ་ཉིད་བར་ཆད་པ་མེད་པར་བརྒྱུད་མར་ཆེས་ཆེར་སྦར་བའི་མཁས་པ་ཆེན་པོར་གྱུར་པ་དེ་དང་དེས་ཀྱང་དྲི་བ་འདི་རྣམས་ལ་ཚད་མས་གྲུབ་པའི་ལན་གྱི་ཁྱད་པར་སྐྱོན་ཐམས་ཅད་དང་བྲལ་བའི་ཁས་ལེན་གསེར་ཞུན་མ་ལྟ་བུའི་ཁམས་སུ་བསྒྲུབ་པར་མ་ནུས་པ་འདི་ལྟར་ཡིན་ན། སྔོན་སྦྱང་གི་ལྷན་ཅིག་སྐྱེས་པ་སྤོབས་པའི་བློ་ཡི་ནུས་པ་ཞན་པར་གྱུར་ཅིང་། ད་ལྟར་འབད་པ་ཆེན་པོས་ཡུན་རིང་སྦྱང་བའི་དཀའ་བའི་ཁུར་བརྒྱ་ཕྲག་དག་ཀྱང་མ་བཟུང་བ་དམན་པ་བདག་གིས་འདི་དག་ལ་ལན་གྱི་ཁྱད་པར་སྐྱོན་མེད་ཅིག་སྨྲ་བ་ག་ལ་ནུས་ཞེས། ལྷག་པའི་ལྷ་མཆོག་རྗེ་བཙུན་འཇམ་པའི་དབྱངས་ལ་སྙིང་ནས་དད་པ་དྲག་པོས་གདུང་བའི་ཤུགས་ཀྱིས་བོས་ཤིང་གསོལ་བ་ཏབ་པ་དེ་ཡི་ཚེ་ན་ལྷག་པའི་ལྷ་དེ་ཡི་བྱིན་རླབས་ཀྱི་མཐུ་ལས་བྱུང་བ་ཡིན་ནམ་སྙམ་པ་སྟེ་ལྷག་པའི་ལྷའི་བྱིན་རླབས་སྙིང་ལ་ཞུགས་པའི་སྟོབས་ཀྱིས་གཟུར་གནས་དཔྱོད་པའི་ཡིད་ཀྱི་ཤེས་རབ་ལ་དཔེར་ན་ཐོ་རངས་ནམ་ལངས་པའི་དུས་ཀྱི་མངོན་སུམ་སྐྱོན་མེད་ཀྱི་སྣང་བ་ལྟར་ལན་གྱི་ཁྱད་པར་ཁས་ལེན་སྐྱོན་བྲལ་ལུང་རིགས་ཚད་མས་གྲུབ་པ་སོམ་ཉི་ཐམས་ཅད་དང་བྲལ་བ་སྨྲ་བར་ནུས་པའི་སྤོབས་པའི་གོ་སྐབས་ཡངས་པ་ཅུང་ཟད་ཐོབ་པའི་འཕྲལ་ཏེ། དེ་མ་ཐག་ཏུ་ལེགས་པར་གསུངས་པའི་བཀའ་ལུང་དྲི་མ་མེད་པ་མདོ་རྒྱུད་མན་ངག་གི་དགོངས་དོན་ཇི་ལྟ་བ་བཞིན་དུ་དངོས་སྟོབས་ཀྱི་རིགས་པ་ཡང་དག་པས་དཔྱད་དེ་འདི་ལྟར་སྨྲས་པ་ཡིན་ནོ། །ཞེས་སོ། །གཉིས་པ་ལ་དྲིས་པའི་རིམ་པ་ལྟར་ལན་གྱི་རྣམ་པར་བཞག་པ་ལའང་བདུན་ལས། དྲི་ལན་དང་པོ་ལྟ་བ་དགག་གཉིས་གང་ལྟར་སྨྲ་བའི་ལན་ལ་གཉིས། གཞན་ལུགས་བརྗོད་ཅིང་རང་ལུགས་ཀྱི་ལྟ་བའི་ངོ་བོ་ངོས་བཟུང་བ། དེ་ཡི་དགོངས་དོན་ལུང་དང་རིགས་པའི་ལམ་ནས་དགག་སྒྲུབ་ཀྱིས་གཏན་ལ་དབབ་པའོ། །དང་པོ། དགའ་ལྡན་ལྟ་བ་སོགས་ཚིགས་བཅད་ལྔ་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ལ་སྤྱིར་སྟོན་མཆོག་བུ་རམ་ཤིང་པས་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོའི་གནས་ལུགས་གསལ་བར་མཛད་པའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གདུལ་བྱའི་བློ་དང་མཐུན་པར་བསྐོར་བ་སྟེ། ཇི་སྐད་དུ། བསོད་ནམས་མ་ཡིན་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་སྟེ། །ཐ་མས་ལྟ་གཞི་ཀུན་བཟློག་པར། །གང་གིས་ཤེས་ཏེ་མཁས་པ་ཡིན། །ཞེས་གསུངས་པ་ལྟར། འཁོར་ལོ་དང་པོར་མཚོན་ཚུལ་གྱིས་བསྟན་པ་ཙམ་ལས་རྩལ་དུ་བཏོན་ནས་མ་གསུངས་ལ། བཀའ་བར་བ་ལས་ནི་འདི་ལྟར་བདེ་གཤེགས་སྙིང་པོ་རང་གི་ངོ་བོས་མི་སྟོང་བར་གྱུར་ན་ཕྱི་རོལ་པའི་རྟག་བདག་དང་ཁྱད་པར་མེད་པས་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་དུ་བསྟན་པ་དང་། བཀའ་ཐ་མ་ལས་ནི་འོད་གསལ་བའི་ཡེ་ཤེས་ཀྱང་མེད་པར་ཕྱང་ཆད་ནམ་མཁའ་ལྟ་བུ་གྱུར་ན་གཅེར་བུ་པ་དང་ཁྱད་པར་མེད་པས་འོད་གསལ་བའི་ཡེ་ཤེས་འདུས་མ་བྱས་པར་བསྟན་པས་ངོ་བོ་སྟོང་པ་དང་རང་བཞིན་གསལ་བ་གཉིས་སོ་སོའི་རྣམ་པར་བཞག་པ་རྩལ་དུ་བཏོན་ནས་བཀའ་སྩལ་བ་ཡིན་ལ། དེ་ཡི་དགོངས་འགྲེལ་ཡང་། དཔལ་ལྡན་ཀླུ་ཡི་དབང་པོས་བར་བའི་དགོངས་པ་རིགས་ཚོགས་དང་ཐ་མའི་དགོངས་པ་བསྟོད་ཚོགས་ཀྱིས་བཀྲལ་ཞིང་ཁྱད་པར་དངོས་བསྟན་སྟོང་ཉིད་གཙོ་བོར་བྱས་ཏེ་ཟབ་མོ་ལྟ་བའི་ལམ་སྲོལ་གསལ་བར་ཕྱེས་ཤིང་། དེའི་རྗེས་སུ་དབུ་མ་རྩ་བ་སོགས་ཀྱི་དགོངས་པ་སངས་རྒྱས་བསྐྱང་དང་ལེགས་ལྡན་འབྱེད་དཔལ་ལྡན་ཟླ་བ་སོགས་ཀྱིས་སོ་སོར་བཀྲལ་ཞིང་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་མ་སྦྱར་དང་དེའི་དབང་གིས་ཐ་སྙད་ལ་རང་མཚན་གྱིས་གྲུབ་པ་ཞལ་གྱིས་བཞེས་མི་བཞེས་སོགས་ཀྱི་ཁྱད་པར་ལ་ཕན་ཚུན་དགག་སྒྲུབ་སྣ་ཚོགས་མཛད་ཅིང་། དེ་ལ་བརྟེན་ནས་བོད་འདིར་ཡང་དབུ་མ་ཐལ་རང་ཞེས་ཆེས་མི་མཐུན་པ་ཞིག་ཏུ་གོ་ཞིང་མཁས་མཆོག་ལ་ལས་དབུ་མ་རང་རྒྱུད་པའི་སྟོང་ཉིད་མ་ཡིན་དགག་ཏུ་སོང་བའི་འགལ་འདུའང་བསྟན་ལ། འཇུག་པ་རྩ་འགྲེལ་དང་སྤྱོད་འཇུག་ཤེས་རབ་ལེའུ་སོགས་ཀྱི་དགོངས་པ་འགྲེལ་བ་པོ་གངས་ཅན་གྱི་མཁས་པ་རྣམས་ཀྱང་ཕན་ཚུན་ཟླ་བ་དང་ཞི་བ་ལྷའི་དགོངས་པ་ལོན་མ་ལོན་སོགས་ཀྱིས་དགག་སྒྲུབ་སྣ་ཚོགས་པར་མཛད་པ་དང་། རྒྱལ་ཚབ་མི་ཕམ་མགོན་པོས་བར་བའི་དགོངས་པ་རྒྱན་དང་། ཐ་མའི་དགོངས་པ་རྒྱུད་བླ་མ་སོགས་ཀྱིས་བཀྲལ་ཞིང་ཤིང་རྟ་ཐོགས་མེད་ཀྱིས་དེ་གཉིས་ཀྱི་རྣམ་བཤད་དང་ས་སྡེ་སོགས་མཛད་ནས་ཤུགས་བསྟན་ལམ་གྱི་མངོན་རྟོགས་དང་སྙིང་པོའི་ཆོས་ཉིད་སོགས་གཙོ་བོར་བྱས་ཏེ་རྒྱ་ཆེན་སྤྱོད་པའི་ལམ་སྲོལ་གསལ་བར་ཕྱེས་ཤིང་། དེ་དག་གི་དགོངས་དོན་ལ་ཐུན་མོང་བ་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་དང་ཐུན་མོང་མིན་པ་ཀུན་བརྟགས་དང་ཡོངས་གྲུབ་གཉིས་ཀྱི་རྣམ་པར་བཞག་པ་སོགས་འཆད་ཚུལ་མང་དུ་བྱུང་ཞིང་ཐ་སྙད་ཀྱི་དེ་ཁོ་ན་ཉིད་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱིས་གསལ་བར་མཛད་པ་ཡིན་ལ་དེ་བཞིན་དུ་ལྗོངས་འདིར་ཡང་རྒྱུད་བླ་མ་སོགས་ཀྱི་དགོངས་པ་དྲང་ངེས་སོ་སོར་འགྲེལ་ཚུལ་མ་མཐུན་པའི་དབང་གིས་ཕན་ཚུན་དགག་སྒྲུབ་སྣ་ཚོགས་པ་སྤྲོ་བར་གྱུར་ན་ཡང་། གཟུ་བོར་གནས་པའི་བློས་དོན་ལ་རྟོན་པའི་རིགས་ལམ་དྲི་མ་མེད་པས་གནད་ཀྱི་དགོངས་དོན་ཉམས་སུ་བསྟར་ན་རྒྱལ་བའི་ཕྲིན་ལས་གདུལ་བྱའི་དབང་གིས་སོ་སོའི་དགོངས་གནད་རེ་རྩལ་འདོན་མཛད་པའི་ཐ་སྙད་ཀྱི་ཞལ་བཞེས་ཅུང་ཟད་མི་འདྲ་བ་ཙམ་ལས་དོན་ལ་རྒྱ་བོད་པཎ་གྲུབ་དགོངས་པ་གཅིག་ཟེར་བ་ལྟར་མཐར་ཐུག་གི་དགོངས་པ་དབུ་མ་ཆེན་པོ་སྤྲོས་བྲལ་མཉམ་པ་ཉིད་དུ་དབྱེ་བསྲི་མེད་པར་གཅིག་ཏུ་གཞོལ་ཞིང་འབབ་པ་ཡིན་ལ། དེ་ཡི་ཚུལ་རྒྱས་པ་ནི། རྗེ་འཇམ་དབྱངས་བླ་མས་དབུ་མ་རྒྱན་གྱི་འགྲེལ་བཤད། སྙིང་པོའི་སྟོང་ཐུན་སེང་གེའི་ང་རོ། གཞུང་སྤྱིའི་དཀའ་གནད་རིན་པོ་ཆེའི་ཟ་མ་ཏོག་ལ་སོགས་པ་ས་གསུམ་ན་རྙེད་པར་དཀའ་བ་རྣམས་ལས་ཤེས་པར་བྱ་དགོས་ལ། དེས་ན་དོན་གྱི་གནད་ལ་འགལ་བ་མེད་ན་ཐ་སྙད་ཀྱི་ཞལ་བཞེས་མི་འདྲ་བ་ཙམ་གྱིས་ཆོས་དེ་ལྟ་ལོག་དང་ཆོས་མིན་དུ་མི་འགྱུར་ཏེ་ཚིག་ལ་མི་རྟོན་དོན་ལ་རྟོན་དགོས་པར་གསུངས་པའི་ཕྱིར། དེ་ལྟའང་རང་གཞན་སུ་ཡིན་ཀྱང་གཞན་ཟེར་རྗེས་བརྗོད་ཀྱི་བྲག་ཆར་མ་སོང་བར་ཡང་དག་པའི་རིགས་ལམ་གྱིས་ཐ་སྙད་སྐྱོན་མེད་པ་ཞིག་ལ་འཇུག་པ་གལ་ཆེ་སྟེ། ཇི་སྐད་དུ། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་གསུངས་སོ། །དེས་ན་ཚུལ་འདི་དང་འདི་འདྲའི་སྒོ་ནས་དྲི་ལན་ཐམས་ཅད་ཀྱི་སྐབས་སུའང་གཟུ་བོར་གནས་པའི་བློས་ལེགས་པར་དཔྱད་དེ་ལོག་པར་མི་ལྟ་བར་ཡང་དག་པའི་དོན་ཉིད་ཚོལ་བ་ལ་འབད་པ་ནི་མཁས་པ་རྣམས་ཀྱིས་སྙིང་ནོར་དམ་པར་རྣལ་འབྱོར་དུ་བྱ་བ་ཁོ་ནའོ། །དངོས་དོན་ལ་གངས་ཅན་ན་མངོན་པར་མཐོ་བ་རི་བོ་དགའ་ལྡན་པ་སོགས་སྔ་ཕྱིར་བྱོན་པའི་མཁས་མཆོག་ཕལ་ཆེ་བ་ཞིག་གིས་དབུ་མའི་ལྟ་བ་མཐར་ཐུག་པ་དགག་བྱ་བདེན་གྲུབ་བཅད་པའི་སྟོང་ཉིད་མེད་དགག་ཏུ་འདོད་དགོས་ཞེས་ཟེར་བ་དང་། གཞན་སྔ་ཕྱིར་བྱོན་པའི་མཁས་མཆོག་ལ་ལ་རྣམས་གནས་ལུགས་མཐར་ཐུག་དོན་དམ་པ་ཉིད་གཉིས་སྣང་འཁོར་བའི་ཆོས་ཀྱི་སྟོང་པས་སྟོང་ཉིད་མ་ཡིན་དགག་ཏུ་སྨྲ་བ་ཡིན་ལ། འོ་ན་སྔ་འགྱུར་གྱི་རང་ལུགས་གཞན་དང་མ་འདྲེས་པའི་ཁས་ལེན་གང་ཡིན་ཞེ་ན། གནས་ལུགས་མཐར་ཐུག་པ་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་སྤྲོས་བྲལ་མཉམ་པ་ཉིད་དམ་ཟུང་འཇུག་ཡེ་ཤེས་ཆེན་པོའི་ངོར་མེད་དགག་ཅེས་བྱ་བ་དགག་བྱ་བདེན་གྲུབ་བཀག་ཤུལ་གྱི་མེད་རྐྱང་ངམ་སྟོང་པ་ཕྱང་ཆད་དང་ནི་མ་ཡིན་དགག་ཞེས་དགག་བྱ་བཀག་ཤུལ་དུ་ཆོས་ཉིད་ལ་སོགས་པ་ཆོས་གཞན་ཅི་ཞིག་འཕེན་ཏེ། དེ་གཉིས་ཀ་བློ་ཡིས་གཞན་སེལ་བའི་སྒོ་ནས་བརྟགས་པ་ཙམ་ལས་རང་གི་ངོ་བོས་མ་གྲུབ་པའི་ཕྱིར་ན་གཤིས་ལུགས་མཐར་ཐུག་པའི་དོན་ལ་ཁས་ལེན་ཐམས་ཅད་དང་བྲལ་བ་ཡིན་པས་མེད་དགག་དང་མ་ཡིན་དགག་གཉིས་ཀར་ཁས་མི་ལེན་ཏེ། གནས་ལུགས་རང་གི་ངོ་བོ་མཐར་ཐུག་པ་ནི་དགག་པ་མེད་དགག་དང་སྒྲུབ་པ་མ་ཡིན་དགག་ལ་སོགས་པའི་གཉིས་ཆོས་ཐམས་ཅད་དང་བྲལ་བ་ཡི་བློ་འདས་སྨྲ་བསམ་བརྗོད་མེད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གདོད་མའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ནའང་གནས་སྐབས་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་གཏན་ལ་འབེབ་ཚུལ་ཁོ་ནར་བསམ་ནས་ནི་མེད་དགག་དང་མ་ཡིན་དགག་གང་ཡིན་ཞེས་དྲི་ན་མེད་དགག་ཉིད་དུ་ཁས་ལེན་དགོས་པ་ཡིན་ཏེ་འཕགས་པའི་ཡུལ་དུ་དཔལ་ལྡན་ཟླ་བ་གྲགས་པ་དང་བོད་ཀྱི་ལྗོངས་ན་ཀུན་མཁྱེན་རོང་ཟོམ་ཆོས་བཟང་གཉིས་ཐུགས་ཀྱི་དགོངས་པ་གཅིག་དང་གསུང་གི་དབྱངས་གཅིག་གིས་འཁོར་འདས་ཀྱིས་བསྡུས་པའི་ཆོས་སོ་ཅོག་ཐམས་ཅད་གདོད་མ་ནས་དག་པས་ཀ་དག་སྟོང་པ་ཆེན་པོ་ལུང་དང་རིགས་པས་བསྒྲུབ་པར་མཛད་པ་བཞིན་དུ་སྤྲོས་བྲལ་མེད་དགག་ཆེན་པོར་འདོད་པ་ཡིན་པས་འདི་ལྟར་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་ཐམས་ཅད་ཀ་ནས་དག་པའམ་གདོད་མ་ནས་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཆར་མཐའ་བཞི་ལས་མ་སྐྱེས་པས་ན་མེད་ཅེས་བརྗོད་པ་ལ་ཅི་ཞིག་ཚོམ་སྟེ་ཐེ་ཚོམ་ཅི་ཡང་མི་དགོས་པ་མདོ་ལས་གཟུགས་མེད་སྒྲ་མེད་སོགས་གཟུགས་ནས་རྣམས་མཁྱེན་གྱི་བར་ལ་ཁྱད་པར་གང་ཡང་མ་སྦྱར་བར་མེད་པར་གསུངས་པ་བཞིན་ནོ། །གཉིས་པ་ལ་གཉིས། མི་འཐད་པ་གཞན་ལུགས་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་དགག་པ། འཐད་ལྡན་རང་ལུགས་ལུང་རིགས་ཚད་མའི་སྒོ་ནས་སྒྲུབས་ཚུལ་བསྟན་པའོ། །དང་པོ་ལ་གཉིས། གཞན་གྱིས་མེད་དགག་མ་ཡིན་དགག་ཏུ་འགྱུར་ཞིང་ཟུང་འཇུག་མི་རུང་བས་ཚིག་དང་དོན་གྱི་གཞན་སྟོང་དུ་འགྱུར་ཚུལ་བསྟན་པ། དེ་གཉིས་ལ་མི་འཐད་པའི་གནོད་པ་སོ་སོར་བཤད་པའོ། །དང་པོ་ཀ་བ་ཀ་ནས་སོགས་ཚིགས་བཅད་གསུམ་གྱིས་བསྟན་ཏེ། དེ་ལ་འདིར་ངོ་བོ་སྟོང་པའི་དབང་དུ་བྱས་ན་སྤྲོས་བྲལ་མེད་དགག་ཏུ་འདོད་པ་དང་། རང་བཞིན་འོད་གསལ་བའི་དབང་དུ་བྱས་ན་སྟོང་པའི་དབྱིངས་དང་འདུ་འབྲལ་མེད་པའི་སྐུ་དང་ཡེ་ཤེས་སོགས་དབྱིངས་ཡེ་གཉིས་སུ་མེད་པ་འདུས་མ་བྱས་པའི་རང་གདངས་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀྱི་ཡོན་ཏན་བླ་ན་མེད་པ་ཇི་སྐད་གསུངས་པ་རྣམས་ཀྱང་དེ་བཞིན་དུ་འདོད་པ་ནི་རྗེས་ཐོབ་ཤན་འབྱེད་པའི་སྐབས་ཀྱི་ཁས་ལེན་ཡིན་པས་གནོད་བྱེད་གང་ཡང་མེད་ཅིང་སྒྲུབ་བྱེད་རྣམ་པར་དག་པ་ཡོད་པའི་ཕྱིར་མི་འཐད་པ་སྤུ་ཙམ་མེད་པར་མ་ཟད་ཡོན་ཏན་ཕུལ་དུ་བྱུང་བ་ཡང་བདེ་བླག་ཏུ་ཐོབ་པར་འགྱུར་རོ། །དེ་ལས་གཞན་དུ་དོན་དམ་དཔྱོད་པའི་རིགས་པ་ཇི་སྙེད་པས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཅན་གང་ལའང་དོན་དམ་དང་བདེན་གྲུབ་སོགས་ཀྱི་དགག་བྱའི་ཁྱད་པར་སྦྱར་ནས་དེ་ཁོ་ན་འགོགས་ཀྱི་གཞན་ཆོས་ཅན་གྱི་སྣང་བ་རྣམས་ནི་འགོགས་ཀྱང་མི་ནུས་ལ་འགོག་ནའང་ཐ་སྙད་ལ་སྐུར་བ་བཏབ་པ་སོགས་ཀྱི་སྐྱོན་ཡང་ཆེའོ་ཞེས་རྣམ་གྲངས་པའི་དོན་དམ་བདེན་སྟོང་མེད་དགག་ཙམ་ཁོ་ན་ཟབ་མོ་དབུ་མའི་ལྟ་བ་མཐར་ཐུག་ཏུ་ཞལ་གྱིས་བཞེས་ཤིང་རྩལ་འདོན་མཛད་ན། དཔལ་ལྡན་ཟླ་བས། རང་རྒྱུད་པ་ལ། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ། དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་བ། འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བའི་སྐྱོན་གསུམ་གསུངས་པ་བཟློག་མེད་དུ་འབབ་ཅིང་། ཀུན་མཁྱེན་ཆོས་རྗེས། ཡིད་བཞིན་མཛོད་དུ། རང་རྒྱུད་འོག་མའི་བྱེ་བྲག་སློབ་དཔོན་དཔལ་སྦས་སོགས་སྣང་སྟོང་ཐ་དད་དུ་འདོད་པ་དག་གི་ལུགས་དགག་པའི་སྐབས་སུ། སྣང་བ་མ་ཡིན་པའི་སྟོང་པ་བདེན་པ་གཉིས་ཆར་མི་སྲིད་པ་དང་། དེ་ཉིད་རྟོགས་བྱར་མི་རུང་བ་དང་། ཐ་དད་དུ་གྱུར་ན་སྤང་གཉེན་དུའང་མི་འཐད་དེ་རྫུན་སྣང་ལ་ཞེན་ནས་ཆགས་སྡང་ལ་སོགས་སྐྱེས་པ་ལོགས་སུ་སྟོང་པར་ཤེས་པས་ཅི་ཡང་མི་ཕན་པས་དེ་འདྲའི་རྟོགས་པ་ལ་དགོས་པ་ཅི་ཡང་མེད་པའི་རིགས་པ་གང་གསུངས་པ་བཞིན་ནོ། །ཏིང་འཛིན་རྒྱལ་པོ་ལས་ཀྱང་། སུ་དག་བུ་མོར་འདུ་ཤེས་གནས། །དེ་དག་འདོད་ཆགས་རབ་ཏུ་འཕེལ། །འདུ་ཤེས་དག་ནི་རྣམ་བཤིག་ན། །འདོད་ཆགས་ཀྱིས་ནི་གོས་མི་འགྱུར། ཞེས་གསུངས་པ་བཞིན་ཡིན་པས། འདིར་ཡང་ཆོས་ཅན་གྱི་སྣང་བ་ཀ་པ་ལ་སོགས་པར་རང་རང་གི་ངོ་བོ་ཀ་ནས་ཏེ་ཡེ་ནས་སྟོང་པའམ་དག་པ་ཡི་རང་བཞིན་ཡིན་པའི་ཕྱིར་དེ་ལྟར་རིགས་པས་གཏན་ལ་དབབ་པའི་ཤུལ་ན་མི་སྟོང་པ་ཅུང་ཟད་ཙམ་ཡང་ལུས་པ་མེད་ལ། གལ་ཏེ་ཡོད་ན་དེ་ཉིད་རིགས་པས་དཔྱད་བཟོད་དུ་འགྱུར་བ་དེས་ན་མཐར་ཐུག་དཔྱོད་པའི་རིགས་པས་ཆོས་ཅན་ཀ་བ་རང་ཉིད་མེད་ཅེས་མ་བཀག་ན་སྟེ་མི་འགོགས་པར་ཀ་བ་བདེན་གྲུབ་མིན་ཞེས་བརྗོད་པས་འགོགས་མི་ནུས་པའི་ཆོས་ཅན་གྱི་ཀ་བ་འདི་ཅི་ཞིག་ཡིན་ཏེ་ནམ་ཡང་མི་འཐད་ལ། དེ་ལྟར་ན་བདེན་གྲུབ་ཀྱི་ཀ་བ་ཁེགས་པའི་བདེན་པའི་སྟོང་པ་ཉིད་དང་མི་ཁེགས་པར་ཤུལ་ན་ལུས་པའི་སྣང་བ་ཡི་ཀ་བ་ཞིག་སྟེ་སྟོང་པ་དང་མི་སྟོང་པའི་ངོ་བོ་ཐ་དད་དུ་གྱུར་བ་དེ་གཉིས་མེ་དང་ཚ་བ་ལྟར་སྣང་སྟོང་དབྱེར་མེད་དམ་ཟུང་འཇུག་ཏུ་མི་རུང་སྟེ་དཔེར་ན་སྲད་བུ་དཀར་ནག་བསྒྲིལ་བ་ཟུང་འཇུག་གམ་དབྱེར་མེད་མིན་པ་བཞིན་ནོ། །དེས་ན་ཆོས་ཅན་གྱི་ཀ་བ་ཀ་བས་ཏེ་ཀ་བ་རང་ཉིད་རང་གིས་མི་སྟོང་པར་དགག་བྱ་བདེན་གྲུབ་གཞན་གྱིས་སྟོང་པར་འདོད་པ་དང་ཆོས་ཉིད་ཆོས་ཉིད་རང་གིས་མི་སྟོང་བར་གཞན་ཀ་བ་སོགས་གཉིས་སྣང་འཁོར་བའི་ཆོས་ཀྱིས་སྟོང་ངོ་ཞེས་སྟོང་གཞི་ཀ་བ་དང་ཆོས་ཉིད་བཞག་ནས་བདེན་གྲུབ་དང་ཀ་བ་ལ་སོགས་པ་གཞན་གྱིས་སྟོང་པར་འདོད་པ་དག་ནི་སྔ་མ་ཚིག་གི་གཞན་སྟོང་དང་ཕྱི་མ་དོན་གྱི་གཞན་སྟོང་དུ་འགྱུར་ལ་དེ་གཉིས་གང་ལའང་སྣང་བ་དང་སྟོང་པ་ཆོས་ཅན་དང་ཆོས་ཉིད་དུ་མི་རུང་བ་དང་དེ་བཞིན་དུ་བདེན་གཉིས་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་སོགས་རྣམ་པ་ཀུན་ཏུ་མི་རུང་བའི་རིགས་པས་གནོད་པ་ཐུན་མོང་དུ་བཟློག་པ་མེད་པར་འབབ་པ་ཡིན་ནོ། །གཉིས་པ་ལ་གཉིས། ཚིག་གི་གཞན་སྟོང་ལ་ལུང་རིགས་ཁས་བླང་དང་འགལ་བའི་སྐྱོན་གསུམ་བསྟན་པ། དོན་གྱི་གཞན་སྟོང་ལ་སྟོང་གོ་མི་ཆོད་ཅིང་ཆོས་དང་ཆོས་ཉིད་སོགས་མི་རུང་བས་འགལ་སྐྱོན་བསྟན་པའོ། །དང་པོ། ཨེ་མ་དེས་དེ་སོགས་ཚིགས་བཅད་བཅུ་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་འཁོར་འདས་ཀྱི་ཆོས་འདི་ཐམས་ཅད་མིང་དང་རྟོགས་པས་ཕར་བཏགས་ཙམ་ཞིག་བསྙོན་མེད་དུ་ཡོད་པས། ཐལ་འགྱུར་བ་རང་གི་ལུགས་ཀྱི་ལྟ་བ་མཐར་ཐུག་འཇོག་པའི་ཚེ་ཡང་རྟེན་འབྱུང་གི་རྣམ་བཞག་འདི་རྣམས་འཁྲུལ་ངོ་འབའ་ཞིག་ཏུ་སྐྱེལ་མི་དགོས་པར་དངོས་གནས་ལའང་ཚད་གྲུབ་ཏུ་བཞག་ཆོག་སྟེ་ཐ་སྙད་ཚད་མ་ཡིན་པའི་ཕྱིར་ཞེས་སོགས་ཀྱིས་དགག་བྱ་ངེས་པའི་གནད་འདི་གལ་ཆེ་བར་ནན་གྱི་སྒྲུབ་ནས་སྣང་བ་ལིང་ལིང་གི་དངོས་པོ་རངས་སར་བཞག་སྟེ་དགག་བྱ་བདེན་གྲུབ་ཞེས་པའི་རྭ་རེང་ངེ་བ་ཞིག་ཏུ་འདོད་པ་ལ་ལུང་རིགས་ཁས་བླང་དང་འགལ་བའི་སྐྱོན་འདི་ལྟར་ཡོད་དེ། ཨེ་མ་ཀ་བ་དང་གཟུགས་ལ་སོགས་པ་དེ་དང་དེས་ཀ་བ་དང་གཟུགས་ལ་སོགས་པ་རང་གི་ངོ་བོ་དེ་དང་དེ་མ་སྟོང་པའམ་མི་སྟོང་བར་དགག་བྱ་བདེན་གྲུབ་ལ་སོགས་པ་ཁོ་ནས་སྟོང་པ་ཡིན་ན་སྟོང་གཞི་ཀ་བ་དང་གཟུགས་ལ་སོགས་པ་མི་སྟོང་པར་ལྷག་མར་ལུས་ཏེ་རང་རང་གི་ངོ་བོས་གྲུབ་པར་འགྱུར་ལ། དེ་ལྟར་ན་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་སོགས་གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པར་གསུངས་པའི་ཡུམ་རྒྱས་འབྲིང་སོགས་ངེས་པ་དོན་གྱི་ལུང་དང་དེའི་དགོངས་འགྲེལ་དབུ་མ་འཇུག་པ་སོགས་ཀྱི་བསྟན་དོན་དང་དངོས་སུ་འགལ་ཞིང་། དེ་ཉིད་རིགས་པ་རྣམ་པར་དག་པས་སྒྲུབ་ཚུལ་དང་བཅས་པ་ལས་ཀྱང་འགལ་ཏེ། འདི་ལྟར་ཆོས་ཅན་ཀ་བ་ལ་སོགས་པ་དང་དགག་བྱ་ཀ་བའི་བདེན་གྲུབ་ལ་སོགས་པ་དེ་གཉིས་ངོ་བོ་གཅིག་གམ་ཐ་དད་གང་ཡིན། དང་པོ་ལྟར་ངོ་བོ་གཅིག་ཡིན་ནོ་ཞེ་ན། དགག་བྱ་བདེན་གྲུབ་ལ་སོགས་པ་གཅིག་ཤོས་ཁེག་པས་ཆོས་ཅན་ཀ་བ་ལ་སོགས་པ་གཅིག་ཤོས་ཀྱང་ཁེག་པར་འགྱུར་ཏེ་དེ་གཉིས་གཅིག་ཡིན་པའི་ཕྱིར་དཔེར་ན་མེ་ཉིད་མེད་པས་ཚ་བའང་མེད་པ་བཞིན་ནོ། །དེས་ན་བདེན་གྲུབ་འགོགས་ཀྱིས་ཀ་བ་མི་འགོགས་ཞེས་པ་དོན་མེད་དོ། །གཉིས་པ་ལྟར་ངོ་བོ་གཞན་ཡིན་ནོ་ཞེས་ཆོས་ཅན་ཀ་བ་ལ་སོགས་པ་རང་རང་མ་ཡིན་པའི་དགག་བྱ་གཞན་བདེན་གྲུབ་ཅེས་པ་དེ་ཁེག་ཀྱང་ཆོས་ཅན་ཀ་བ་ལ་སོགས་པ་རང་གི་ངོ་བོ་ནི་དོན་དམ་དཔྱོད་པའི་རིགས་པ་གང་གིས་ཀྱང་མི་སྟོང་པར་དཔྱད་བཟོད་པས་བདེན་གྲུབ་ཏུ་འགྱུར་ལ་དེ་ལྟར་ན་ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་ལ་སོགས་པའི་སྐྱོན་གོང་དུ་བསྟན་པ་བཞིན་ནོ། །ཁོ་ན་རེ་བདེན་གྲུབ་ཐ་སྙད་དུའང་ཡོད་མ་མྱོང་པའི་ཕྱིར་ན་དེ་གཉིས་འདི་ལྟར་གཅིག་དང་ཐ་དད་གང་ཡིན་ཞེས་དཔྱད་མི་དགོས་སོ་ཞེ་ན་ཡང་དོན་ལ་འཁོར་འདས་ཀྱི་ཆོས་གང་ཡང་བདེན་པར་གྲུབ་པ་ཞིག་མེད་ཀྱང་སོ་སྐྱེའི་ངོར་ཀ་བ་དང་བུམ་པ་ལ་སོགས་པ་བདེན་པར་འཛིན་པ་ཡོད་པའི་ཕྱིར་དེ་ལྟར་ངེས་པར་དཔྱད་དགོས་ཏེ་ཨཱརྱ་དྷེ་ཝས། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ཡིན། །ཡུལ་ལ་བདག་མེད་མཐོང་ནས་ནི། །སྲིད་པའི་ས་བོན་ལྡོག་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེས་ན་དབུ་མ་ཐལ་འགྱུར་པའི་ལུགས་ཀྱི་དགག་བྱའི་ངོས་འཛིན་ཀྱང་དོན་དམ་དཔྱོད་པའི་རིགས་པས་དཔྱད་བཟོད་ཀྱི་མི་སྟོང་པའི་བུམ་པའམ་འགོག་མི་ནུས་པའི་བུམ་པའི་ཕ་རོལ་ཏེ་གཞན་ལོགས་ཤིག་ན་དགག་བྱ་བདེན་པར་གྲུབ་རྒྱུ་དཔྱད་མི་བཟོད་པ་སུ་ཞིག་ཡིན་ཏེ་ཡན་གར་དུ་མེད་པའི་ཕྱིར་ན་དགག་བྱའི་སྣང་ཚུལ་ཀྱང་གཞན་དག་གིས་ངོས་མ་ཟིན་ལ་ཁྱེད་ཅག་ཁོ་ནས་ངོས་ཟིན་པར་ངེས་སོ་ལོ་ཞེས་མ་རངས་པའི་ཚིག་གོ། །འོན་ཀྱང་བདེན་པར་གྲུབ་པ་སོགས་ཀྱི་ཁྱད་པར་གང་ཞིག་དགག་བྱར་སྦྱར་བའམ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་ནས་སྟོན་པ་ནི་བདེན་གཉིས་སོ་སོར་ཕྱེས་ནས་ཚད་མ་སོ་སོའི་རྙེད་དོན་སོ་སོར་འཆད་པ་དབུ་མ་རང་རྒྱུད་པའི་གཞུང་ལ་ཆེས་གྲགས་ཤིང་གྲུབ་མོད་ཀྱང་འདིར་དོན་དམ་པའི་གནས་ལུགས་མཐར་ཐུག་དཔྱོད་པའི་རིགས་པས་དབང་དུ་བྱས་ན་ཀ་བ་དང་བུམ་པ་ལ་སོགས་པ་དེས་དེ་མི་སྟོང་ཞེས་པ་དེ་སྦྱར་བ་ལ་དགོས་ནུས་ཀྱི་འཐད་པ་ཅི་ཞིག་ཡོད་ཅེས་ཅི་ཡང་མེད་དེ། དང་པོ་ནས་མཐའ་བཞིའི་སྤྲོས་བྲལ་དུ་གཏན་ལ་འབེབས་པའི་ཕྱིར། རྩོད་བཟློག་ལས། གང་ཚེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པ་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །སྒྲུབ་པའམ་དགག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཞེས་གསུངས་པ་བཞིན་ནོ། །གལ་ཏེ་བུམ་པ་བུམ་པས་སམ་ཀ་བ་ཀ་བས་སྟོང་པར་གྱུར་ན་ཀུན་རྫོབ་ཐ་སྙད་ཙམ་དུ་ཡང་ཀ་བ་དང་བུམ་པ་ལ་སོགས་པ་དེ་དག་མེད་པ་ལྟར་ཞེས་གཏན་མེད་ལྟ་བུར་འགྱུར་བར་སེམས་ནས་ཐ་སྙད་ལ་སྐུར་པ་འདེབས་པ་སོགས་པའི་ཚིག་འཁྲིའི་དོགས་པས་ཀ་བ་ཀ་བས་མི་སྟོང་ཞེས་པ་ལ་སོགས་པ་འདི་སྦྱར་བར་བྱས་ཀྱང་ཚིག་འཁྲིའི་འགལ་བ་བཟློག་ཏུ་མེད་པ་འདི་ལ་ལྷག་པར་ཆེ་སྟེ། ཇི་ལྟར་ན་ཀུན་རྫོབ་ཙམ་སྟེ་མ་བརྟགས་མ་དཔྱད་པའི་ཐ་སྙད་ཙམ་དུ་ཀ་བ་ནི་ཡོད་ཅེས་བརྗོད་པར་བྱས་པས་མི་ཆོག་པར་ཀ་བ་དེས་ཀ་བ་དེ་མི་སྟོང་ངོ་ཞེས་ཅི་ལ་ཟེར་ཏེ་འཆད་འགྱུར་ལྟར་མི་འཐད་དོ། །དེ་གཉིས་དོན་གཅིག་ཡིན་པས་མི་འཐད་པ་མེད་དོ་ཟེར་ན་དེ་གཉིས་དོན་གཅིག་མ་ཡིན་ཏེ། འདི་ལྟར་ཀ་བ་ཡོད་ཅེས་བརྗོད་པ་དང་ཀ་བ་ལ་ཀ་བ་ཡོད་ཅེས་བརྗོད་པ་གཉིས་མི་མཚུངས་པས་ཕྱི་མ་ཀ་བ་ལ་ཞེས་རྟེན་དང་ཀ་བ་ཡོད་ཅེས་བརྟེན་པར་དོན་གྱིས་ཁས་བླངས་སུ་སོང་བ་དཔེར་ན་རྟེན་ཀ་བ་གཞན་ལ་བརྟེན་པ་ཀ་བ་གཞན་ཞིག་བརྟེན་པར་ཁས་བླངས་པ་བཞིན་ནོ། །གཞན་ཡང་དེས་དེ་མི་སྟོང་ཞེས་པ་འདི་བདེན་པ་གཉིས་ཆར་མི་འཐད་དོ། །དོན་དམ་པར་དོན་དམ་དཔྱོད་པས་དཔྱད་བཟོད་ཀྱི་ཀ་བ་ལ་སོགས་པ་འཁོར་འདས་ཀྱི་ཆོས་གང་ཡང་མ་དམིགས་པའམ་ཡོད་པ་མིན་ན་ཀ་བ་དེས་ཀ་བ་དེ་མི་སྟོང་ཞེས་པ་འདི་ཅི་སྟེ་བརྗོད་དེ་འདི་ལ་དགོས་ནུས་ཅི་ཡང་མེད་ལ། ཀུན་རྫོབ་ཏུའང་ཀ་བ་ཀ་བས་ཞེས་ལན་གཉིས་བརྗོད་པ་འདི་ནི་བརྡ་དང་ཐ་སྙད་ལ་རྨོངས་ཤིང་དོན་དང་འགལ་བ་ཙམ་ལས་དགོས་དོན་ཅི་ཡང་མེད་དོ། །རང་གི་ཁས་བླངས་དང་ཡང་འགལ་ཏེ། ཀ་བ་ལ་སོགས་པ་རང་རང་རྣམས་ནི་རང་གིས་ཏེ་རང་རང་གི་ངོ་བོས་མི་སྟོང་པར་གྱུར་ན་རང་གི་ངོ་བོ་ཡོད་བཞིན་དུ་བདེན་གྲུབ་སོགས་དགག་བྱ་གཞན་དང་གཞན་གྱིས་སྟོང་པས་གཞན་སྟོང་དུ་ཁས་མི་ལེན་པར་རང་སྟོང་དུ་ཁས་ལེན་པ་འགལ་ཞིང་ཀ་བ་ལ་སོགས་པའི་སྣང་བ་འདི་ལས་དགག་བྱ་གཞན་ཐ་དད་དུ་མེད་པས་རང་རང་ངོ་བོས་སྟོང་པར་གྱུར་ན་ཀ་བ་ཀ་བ་རང་གིས་མི་སྟོང་པར་ཁས་ལེན་པའང་འགལ་བ་ཡིན་པའི་ཕྱིར་རོ། །གཉིས་པ། སྤྱིར་ན་གཞན་གྱིས་སོགས་ཚིགས་བཅད་བཞི་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། སྤྱིར་རྒོལ་སྔ་ཕྱི་སོགས་གྲུབ་མཐའ་སྨྲ་བ་སུ་ལྟར་ན་ཡང་ཆོས་ཉིད་མྱང་འདས་ལ་སོགས་པ་རང་རང་གིས་མི་སྟོང་པར་དགག་བྱ་འཁོར་བ་ལ་སོགས་པ་གཞན་གྱིས་སྟོང་པར་གྱུར་པ་དེས་ཆོས་ཉིད་ལ་སོགས་པ་རང་གི་ངོ་བོས་སྟོང་པར་གྱུར་པའི་གོ་ངེས་པར་མི་ཆོད་དེ། དེ་དག་ཆོས་ཅན་དང་དེའི་ཆོས་ཉིད། སྣང་བ་དང་དེའི་སྟོང་ཉིད་མ་ཡིན་པར་ཐ་དད་པ་ཡིན་པའི་ཕྱིར། དཔེར་ན་རྟ་ཉིད་བ་ལང་མིན་ལ་བ་ལང་རྟ་ཉིད་མ་ཡིན་པས་མངོན་སུམ་མ་འཁྲུལ་པས་མཐོང་བའི་རྟ་དེ་ཉིད་ཡོངས་གཅོད་དུ་གྲུབ་པ་ལ་དེ་ཡི་སྟེང་དུ་གཞན་བ་ལང་ཞིག་མ་མཐོང་བས་མ་གྲུབ་པར་ཤེས་ཀྱང་བ་ལང་རྣམས་གཅོད་ལ་ཁེགས་པ་ཙམ་དེས་རྟ་དེ་ཡང་རང་གི་ངོ་བོས་སྟོང་ཉིད་ཡིན་པར་ག་ལ་ངེས་ཏེ། དེ་གཉིས་འབྲེལ་མེད་ཐ་དད་ཡིན་པའི་ཕྱིར་ཏེ་དེ་གཉིས་ཆོས་ཅན་དང་ཆོས་ཉིད། རྟེན་འབྱུང་དང་སྟོང་པ། ཐབས་དང་ཐབས་བྱུང་གང་ཡང་མ་ཡིན་པས་སྟོང་རྟེན་འབྱུང་ཟུང་འཇུག་དང་སྣང་སྟོང་དབྱེར་མེད་ཀྱི་དོན་ཅི་ཡང་མེད་པས་སོ། །དེས་ན་རྟ་ཉིད་མཐོང་བ་དེ་ཡིས་ཀྱང་བ་ལང་སྟོང་པར་མཐོང་བ་ལ་ཅི་ཞིག་ཕན་ཏེ་མི་མཐོང་བ་ལའང་ཅི་ཞིག་གནོད་དེ་ཕན་གནོད་ཅི་ཡང་མི་བྱེད་དོ། །དེ་ཡི་ཕྱིར་ན་རང་གི་ངོ་བོས་མི་སྟོང་པའི་མྱང་འདས་ལ་སོགས་པ་དང་། རང་གི་ངོ་བོས་སྟོང་པའི་འཁོར་བ་ལ་སོགས་པའང་ཆོས་ཅན་དང་ཆོས་ཉིད་དུ་མི་རུང་སྟེ་རྟ་ཉིད་པ་ལང་གིས་སྟོང་པའམ་བུམ་པ་དང་རི་རྭ་ལ་ཆོས་ཅན་དང་ཆོས་ཉིད་ཀྱི་དོན་མེད་པ་བཞིན་ནོ། །དེའི་ཕྱིར་དེ་གཉིས་སྣང་བ་དང་སྟོང་པ་དབྱེར་མེད་དམ་ཟུང་འཇུག་དང་། སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་གཉིས་མཉམ་པ་ཉིད་དུ་གསུངས་པ་དེ་ཉིད་ལུགས་འདི་ལ་མི་རུང་བས་རྣམ་པ་ཀུན་ཏུ་མེད་དེ་དཔེར་ན་ཡོད་པའི་རྟ་དང་མེད་པའི་བ་ལང་ངམ་བུ མ་པ་དང་རི་རྭ་ལ་ཟུང་འཇུག་དང་མཉམ་པ་ཉིད་ཀྱི་དོན་མེད་པ་བཞིན་ནོ། །དེ་ཡང་འདི་ལྟར་ཆུ་ཡི་ཟླ་བ་མངོན་སུམ་དུ་སྣང་བ་ལ་འདི་ཉིད་ནམ་མཁའི་ཟླ་བ་དངོས་མིན་ནོ་ཞེས་གནམ་ཟླས་སྟོང་པ་དང་ཆུ་ཟླ་རང་ཉིད་གསལ་བར་སྣང་བ་དེ་གཉིས་ཟུང་འཇུག་ཡིན་ན་ཀོ་སྟེ་ཡིན་ན་ནི། དེ་འདྲའི་སྣང་སྟོང་ཟུང་འཇུག་དེ་ཉིད་རྟོགས་པ་མཁས་བླུན་སྲས་ཀྱང་སླ་བས་བླུན་པོ་བ་ལང་རྫིས་ཀྱང་རྟོགས་པར་འགྱུར་ལ་བ་ལང་རྟ་མིན་པའམ་རྟས་སྟོང་པར་མཁས་བླུན་ཀུན་གྱིས་ཤེས་ཤིང་བ་ལང་སྣང་བར་མངོན་སུམ་དུ་ཡང་མཁས་བླུན་ཀུན་གྱིས་མཐོང་བར་གྱུར་པ་ཡིན་ན་དེ་འདྲའི་རྟོགས་པ་དེ་ལ་མཆོག་ཏུ་ངོ་མཚར་ཆེའོ་ཞེས་པའི་བསྔགས་བརྗོད་རྨད་དུ་བྱུང་བ་བདག་ཉིད་ཆེན་པོ་སངས་རྒྱས་དང་བཅས་པས་ཅི་སྟེ་གསུངས་ཏེ་གསུངས་མི་རིགས་སོ། །གཉིས་པ་དེས་ན་རང་གི་སོགས་ཚིགས་བཅད་ལྔ་དང་རྐང་པ་གསུམ་གྱིས་བསྟན་ཏེ། ཇི་སྐད་བསྟན་པ་དེས་ན་སྔ་འགྱུར་བ་རང་གི་ལུགས་འཁྲུལ་བའི་དྲི་མ་དང་བྲལ་བའི་ཁས་ལེན་རྣམ་པར་དག་པ་ལ་ནི་དཔེར་ན་ཆུ་ཡི་ཟླ་བའི་སྣང་བ་དེ་ལ་རིགས་པ་ཡང་དག་གིས་བརྟགས་ཤིང་དཔྱད་ན་ཆུ་ཟླ་དེ་ཉིད་ཕྱི་ནང་གཞན་སོགས་གང་དུའང་རང་གི་ངོ་བོ་ཅུང་ཟད་ཙམ་ཡང་མི་རྙེད་པས་མེད་པ་ཡིན་བཞིན་དུ་རྣམ་པ་ཆུ་ཟླ་ཉིད་དུ་སྣང་བར་མངོན་སུམ་དུ་མཐོང་བའི་ཚེ་ཆུ་ཟླ་དེ་ཡོད་མེད་ལ་སོགས་པའི་སྤྲོས་པ་ཀུན་དང་བྲལ་བའི་མེད་དགག་ཡིན་ཀྱང་རྟེན་འབྱུང་འགགས་པ་མེད་པས་སྣང་དུ་རུང་བ་དེ་ལྟར་དུ་སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་འདི་ཐམས་ཅད་རང་གི་ངོ་བོས་སྟོང་པ་དང་། རང་བཞིན་སྣང་བའམ་ཡོད་པ་གཉིས་ཡེ་ནས་རྣམ་དབྱེར་མེད་པ་མེ་དང་ཚ་བ་བཞིན་དུ་གནས་པ་དེ་ཉིད་སོ་སྐྱེའི་བློར་མ་ཤོང་བས་འགལ་བ་ལྟར་སྣང་ན་ཡང་འདིར་ནི་མངོན་སུམ་ཉིད་དུ་སྟོང་དང་རྟེན་འབྱུང་ངམ་སྣང་སྟོང་གཉིས་མི་འགལ་བར་མ་ཟད་ཆུ་དང་རླན་བཞིན་དབྱེར་མེད་དམ་ཟུང་འཇུག་ཏུ་མཐོང་བ་འདི་ལ་ཨེ་མ་ཧོ་རྨད་དུ་བྱུང་བའོ་ཞེས་ངོ་མཚར་བའི་ཚིག་གིས་མཁས་པ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཐུགས་ཀྱི་སྲས་མཆོག་དང་བཅས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྔགས་པའི་མེ་ཏོག་རྒྱ་ཆེར་འཐོར་ཞིང་ཆེད་དུ་བརྗོད་པ་ཡིན་ཏེ། མདོ་ལས། ཚིག་བྲལ་དག་གི་ལམ་གྱིས་མི་མཚོན་པས། །དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། །སེམས་དང་ཡིད་ཀྱི་རྒྱུ་བ་རྣམ་སྤངས་པ། །མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། །ཞེས་དང་། འཕགས་མཆོག་ཀླུས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བརྟེན་པ་གང་། ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་སོགས་བསྔགས་འོས་མཆོག་ལ་བསྔགས་བརྗོད་ཀྱང་ཆེ་ཐང་དུ་མཛད་པ་ཡིན་ནོ། །དེ་ལྟར་གནས་ལུགས་ཟུང་འཇུག་གི་ངོ་བོར་ཆོས་ཀུན་གདོད་ནས་གནས་པའི་ཕྱིར་ངོ་བོ་སྟོང་པའི་ངོས་ནས་གཞལ་བའམ་གཏན་ལ་དབབ་ན་འཁོར་འདས་ཀྱིས་བསྡུས་པའི་ཆོས་སོ་ཅོག་ཀུན་ལ་རང་གི་ངོ་བོས་མི་སྟོང་པ་ཅུང་ཟད་ཙམ་དུ་གྲུབ་པ་ཡོད་པ་མིན་པ་དེའི་ཕྱིར་ཆོས་ཐམས་ཅད་མེད་ཅེས་སམ་སྟོང་པ་ཉིད་ཡིན་ནོ་ཞེས་མཐའ་གཅིག་ཏུ་སྨྲར་གཏུབ་ཀྱང་། དེ་ལྟ་ནའང་མེད་པའམ་སྟོང་པ་དེའི་མེད་ཚུགས་སམ་སྟོང་ཚུགས་མ་ཤོར་བཞིན་དུ་རྟེན་འབྱུང་གི་སྣང་བ་སུས་ཀྱང་འགོག་ཏུ་མེད་པ་ཉིད་དུ་རང་ཤར་བ་ཡིན་ལ། སྣང་ཚུལ་ལ་ཅིར་ཡང་འཆར་དུ་རུང་བས་རྟེན་འབྱུང་གི་སྣང་ཆ་ནས་གཞལ་ན་སྣང་བ་དེའི་སྣང་ཚུགས་སམ་སྣང་ཚུལ་མ་ཤོར་བཞིན་དུ་གཞི་མེད་རྩ་བ་དང་བྲལ་བའི་སྟོང་པ་ཆེན་པོར་ཡེ་ནས་གནས་པས་དབྱིངས་ཡེ་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པ་ཉིད་དེ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །རྒྱུ་མཚན་དེས་ན་ཟུང་འཇུག་མཉམ་ཉིད་ཆེན་པོ་སྣང་སྟོང་རིས་སུ་མ་ཆད་པས་སྤྲོས་པ་ཀུན་དང་བྲལ་བའི་གནས་ལུགས་དེ་ལ་ཀ་བ་དང་མྱང་འདས་ལ་སོགས་པའི་ཆོས་ཅན་དང་ཆོས་ཉིད་འདི་སྟོང་ཞེས་པ་དང་། བདེན་གྲུབ་དང་འཁོར་བ་ལ་སོགས་པ་དགག་བྱ་འདི་དང་འདིས་སྟོང་ཞེས་པ་དང་འདི་ནི་སྣང་བ་ཀུན་རྫོབ་ཀྱི་ཆོས་སོ་འདི་ནི་སྟོང་པ་དོན་དམ་པའི་ཆའོ་ཞེས་པ་ལ་སོགས་པའི་གཉིས་ཆོས་ཀྱི་དབྱེ་བ་ཞིག་ནམ་ཡང་རྙེད་པ་མེད་པ་སྤྲོས་ཀུན་བྲལ་བའི་སྣང་སྟོང་རིས་སུ་མ་ཆད་པ་ལ་ངེས་ཤེས་ཀྱི་ཁོ་ཐག་ནང་ནས་ཆོད་པར་གྱུར་པའི་ཚེ་ན་གནས་ལུགས་མཐར་ཐུག་གི་རྟོགས་པ་དོན་དུ་གཉེར་ཞིང་ཚོལ་བ་ལ་འབད་པའི་མཁན་པོ་མཁས་པ་རྣམས་ལ་སྟོང་ན་སྣང་མི་རུང་སྣང་ན་སྟོང་མི་རུང་སྙམ་དུ་སྣང་སྟོང་འགལ་བར་འཛིན་པ་ལ་སོགས་དོན་མེད་པའི་ཐེ་ཚོམ་དང་ལོག་པར་རྟོག་པས་ཟབ་དོན་རྟོགས་པར་དཀའ་བའི་གནས་ལ་སྒྱིད་ལུགས་ཤིང་ཡི་ཆད་པའམ་ཡི་མུག་སྐྱེ་ཞིང་གཞན་ལ་འགྲམ་ཆུ་ལྡང་བ་མེད་པར་མ་ཟད་ཡིད་ཆེས་ཀྱི་སྟེང་དུ་སླར་ཡང་སྣང་སྟོང་མཉམ་པ་ཉིད་ཀྱི་གནས་ཚུལ་མཐོང་ནས་ཚོང་པ་ཁེ་སྤོགས་གྲུབ་པ་ལྟར་ཡིད་བདེ་བླ་ན་བྲལ་བ་ཐོབ་པར་ངེས་པ་འདི་ནི་ཤིན་ཏུ་ངོ་མཚར་ཆེ་ཞིང་མཆོག་དང་ཕུལ་དུ་གྱུར་པ་སྟེ་སྔ་འགྱུར་རིག་འཛིན་བརྒྱུད་པའི་རང་ལུགས་བཟང་པོའི་འབྲས་རྟགས་རྣམ་པར་དག་པའོ། །དེ་ལྟར་ན་མདོ་རྒྱུད་མན་ངག་ཟབ་མོའི་གསང་ཚིག །གངས་ལྗོངས་སྔ་ཕྱིའི་མཁས་པ་རྣམས་ཀྱི་ཞལ་བཞེས། གསང་སྔགས་གསར་རྙིང་གི་བཀའ་སྲོལ་དུ་མའི་ཐ་སྙད། ལྟ་སྒོམ་སྤྱོད་པའི་ཁས་ལེན་དང་ཆོས་སྐད་ཀྱི་ཁྱད་པར། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་རྣམ་བཞག་སྣ་ཚོགས་པ་འདི་སྙེད་ཅིག་དར་ཞིང་བཞུགས་པའི་ནང་པ་སངས་རྒྱས་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་བསྟན་པ་རིན་པོ་ཆེ་འདི་ལ་རང་གཞན་སུས་ཀྱང་འགལ་འདུར་མི་རྟོག་པར་གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པར་རྒྱལ་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པར་འགོགས་པ་མེད་པར་དུས་སུ་སྨིན་པའི་དབང་གིས་གང་ལ་གང་འདུལ་དུ་རང་ཤར་བར་མཐོང་ནས། དད་ཅིང་གུས་པས་ཡིད་ཆེས་པར་བྱས་ཏེ་ཚུལ་བཞིན་དུ་རྟོགས་དགོས་པར། མགོན་པོ་བྱམས་པས། རང་བྱུང་རྣམས་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་ཉིད། །ཅེས་གསུངས་པ་ལྟར། དད་པས་ལེགས་པར་ཞུགས་ཏེ་གཟུ་བོར་གནས་པའི་བློ་གྲོས་ཀྱིས། རྒྱུ་མཚན་ཉིད་ཀྱི་ཐེག་པ་དྲང་ངེས་ལྡེམ་དགོངས། སྔགས་རྡོ་རྗེའི་ཐེག་པར་མཐའ་དྲུག་ཚུལ་བཞིའི་སྒོ་ནས་བསྟན་པ་ཐམས་ཅད་དད་པས་ཆུ་ལས་འོ་མ་བཞིན་དུ་ཚིག་ལ་མི་རྟོན་དོན་ལ་རྟོན་པས། གནས་སྐབས་དང་མཐར་ཐུག་གི་དགོངས་གནད་ཇི་བཞིན་དུ་ཉམས་སུ་བསྟར་བས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང་། གཞུང་ལུགས་མཐའ་དག་གདམས་པར་འཆར་བའི་བཤད་སྒྲུབ་ནི་མང་དུ་ཐོས་པའི་མཁས་པ་རྣམས་ཀྱིས་ཉམས་སུ་ལེན་པའི་སྙིང་པོ། ཐུགས་དམ་གྱི་མཐིལ་དང་སྙིང་ནོར་དུ་བགྱི་བར་འོས་པའི་མཁས་བཙུན་དམ་པ་རྣམས་ཀྱི་བཟང་པོའི་བཞེད་སྲོལ་རྨ་མེད་པ་ཡིན་པས། ཆོས་དང་གང་ཟག་གཞན་ལ་ཞེན་ལྟ་དང་རང་མཐོང་གིས་སྡང་ཞུགས་མི་བྱ་ཞིང་། རང་ཉིད་སྔོན་ལས་བཙན་པོས་དང་པོ་ཉིད་ནས་གསར་རྙིང་གང་ལ་འཕྲད་པའི་ཆོས་དང་གང་ཟག་ལ་སུན་འབྱིན་དང་ལོག་པར་མི་ལྟ་བར་བཤད་པ་དང་སྒྲུབ་པའི་བཀའ་སྲོལ་ལ་རང་ནུས་གང་ཡོད་ཀྱིས་བཟུང་ཞིང་བསྐྱང་སྟེ་དོན་གཉེར་བྱས་ན་བསྟན་འགྲོ་ལ་ཕན་པ་འབྱུང་ཞིང་དོན་གཉིས་ཀྱི་འབྱོར་པའི་དཔལ་དང་ལྡན་པར་འགྱུར་ལ། དེ་ལས་གཞན་དུ་རང་གར་སྡང་ཞུགས་ཀྱིས་སུན་ཅི་ཕྱིན་དང་སྒྲོ་སྐུར་ཅི་ཐོན་བྱས་ན་ཅི་ཡང་མི་ཤེས་པའི་བླུན་པོ་བ་ལང་རྫི་ཡན་ཆད་ཀྱང་རི་བོང་ཅལ་སྒྲོགས་ཀྱིས་དེའི་ར་མདར་བསྙགས་ནས་ཡང་དག་པའི་ཆོས་དང་གང་ཟག་ལ་ལོག་པར་ལྟ་ཞིང་སྐུར་འདེབས་ཀྱི་ཉེས་པ་ཤིན་ཏུ་ཆེ་བས་གཞན་རྣམས་ཕུང་ལ་སྦྱོར་ཞིང་རང་ཡང་དམ་པའི་རྣམ་ཐར་ལས་རིང་བ་དང་། མདོ་ལས་གསུངས་པའི་སྨྲ་ལ་དགའ་བའི་ཉེས་པས་ཀྱང་ཟིན་ནས་ནང་ཆ་མངོན་པ་ཡིན་ཏེ། དམ་ཚིག་ཉམས་པའི་ཆད་པ་མི་བཟད་པས་ཕོག་ནས་འདི་ཕྱིར་ཕུང་ཁྲོལ་མཐའ་ཡས་པར་འགྱུར་བའི་ཕྱིར་རོ། །དེས་ན་རིགས་པའི་གནས་ཆེན་ལྔ་ལ་སོགས་པར་སྐྱེས་སྦྱང་གི་བློ་གྲོས་ཆེ་ཞིང་ཉམས་མྱོང་གི་དྲོད་ཚད་རྙེད་པས་བླ་མ་ལྷག་པའི་ལྷས་མངོན་སུམ་རྗེས་སུ་བཟུང་ཞིང་ལུང་བསྟན་ལེགས་པར་ཐོབ་པའི་མཁས་གྲུབ་དམ་པ་རྣམས་ཀྱིས་བསྟན་འགྲོར་སྨན་པར་ངེས་པའི་མཁས་པའི་བྱ་བ་འཆ ད་རྩོད་རྩོམ་གསུམ་གྱི་དགག་སྒྲུབ་ཀྱི་རྩོད་རིགས་དོན་ལྡན་སུ་ལ་ཡོད་ཀྱང་། རང་གཞན་སུས་ཀྱང་དེ་ལ་ལོག་པར་མི་ལྟ་བར་དགོངས་གནད་ལེགས་པར་ཚོལ་བར་བྱས་ན་བློ་གྲོས་ཟབ་མོའི་གསོས་སུ་འགྱུར་བས་ཕན་པ་མཆོག་ལས་གནོད་པ་ཅི་ཡང་མེད་དེ། བདག་ཅག་གི་སྟོན་མཆོག་གིས་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ཆོས་འཁོར་གསུམ་ལས་རིམ་པར་ཐ་མ་ལ་མཆོག་ཏུ་བསྔགས་ཤིང་། དང་པོ་དང་བར་གཉིས་ལ་སུན་འབྱིན་གྱི་སྨད་པར་མཛད་པ་ལ་སོགས་པ་སྡེ་སྣོད་གསུམ་པོར་དགག་སྒྲུབ་ཅི་རིགས་པས་བསྟན་པར་མཛད་པ་དང་། རྡོ་རྗེའི་ཐེག་པ་ལའང་རྒྱུད་སྡེ་གོང་འོག་ནང་གི་དབྱེ་བ་དང་བཅས་པའི་ཁྱད་པར་དང་དགག་སྒྲུབ་སྣ་ཚོགས་པས་གསལ་བར་བྱས་པ་དང་། བསྲེགས་བཅད་བརྡར་བས་གསེར་བཞིན་དུ་ལེགས་པར་བརྟགས་ཏེ་བླངས་དགོས་པ་དང་། ཡང་དག་པར་བརྟགས་པའི་ཕན་ཡོན་ཀྱང་མཐའ་ལས་འདས་པར་གསུངས་ཤིང་། བརྟགས་ཚུལ་ཀྱང་མགོན་པོ་བྱམས་པའི་མན་ངག་ལས། གོ་རིམ་རིག་པ་སྔ་ཕྱི་དག །མི་འགལ་བ་ནི་གཉིས་ལས་སོ། །ཞེས་བརྒལ་ལན་གྱི་སྒོ་ནས་བརྟག་པར་གསུངས་པ་ཡིན་པས། དེ་ལྟར་བརྟགས་ནས་གཞན་ལ་གནོད་པར་གྱུར་ཀྱང་ཉེས་པ་མེད་པར་ཡང་། ཇི་སྐད་དུ། ཆོས་འདི་རྫོགས་པའི་སངས་རྒྱས་ཀྱིས། །རྩོད་པའི་ཆེད་དུ་མ་བསྟན་ཏེ། །དེ་ལྟའང་མ་ཡི་བུད་ཤིང་བཞིན། །འདི་ཡི་ཕས་ཀྱི་རྒོལ་བ་སྲེག །ཞེས་དང་། དཔལ་ལྡན་ཟླ་བས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་གྱུར་ན་ཉེས་པ་མེད། །ཞེས་སོ། །ཉེས་པ་མེད་པར་མ་ཟད་དེ་ལྟ་བུའི་ཚུལ་འདི་ཆོས་སྲུང་བའང་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། དེ་ལ་ཆོས་སྲུང་བ་གང་ཞེ་ན། འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས་ལ་སྨོད་པ་རྣམས་ཆོས་དང་མཐུན་པར་ཚར་གཅོད་པའོ། །ཞེས་དང་། ཆོས་འཛིན་པའང་ཡིན་པར། །ནམ་མཁར་མཛོད་ཀྱིས་ཞུས་པ་ལས། །རྒྱལ་བའི་བྱང་ཆུབ་མཚན་ཉིད་གང་བརྙེས་པ། །ཆོས་ཀྱི་མཚན་ཉིད་དེ་ཉིད་ཡང་འཛིན་ཅིང་། །གང་གིས་རྡུལ་མེད་མཐའ་འདི་རབ་ཤེས་པ། །དེ་ནི་སངས་རྒྱས་ཀུན་གྱི་ཆོས་འཛིན་ཡིན། །ཞེས་དང་། ཆོས་བཟུང་བ་དེ་ནི་སངས་རྒྱས་ལ་བྱས་པ་བཟོ་བའང་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པའི་མདོ་ལས། འདི་ལྟར་རྒྱལ་བའི་ཆོས་ཀྱིས་ཉེར་གནས་ཤིང་། །ཆོས་ཀྱིས་ངེས་པར་འབྱུང་གིས་ཟང་ཟིང་མིན། །དེ་བས་གང་ཞིག་བདེ་གཤེགས་ཆོས་འཛིན་པ། །དེ་ནི་སངས་རྒྱས་ཀུན་ལ་བྱས་པ་གཟོ། །ཞེས་སོ། །དེ་དག་ལ་བརྟེན་ནས་བསོད་ནམས་ཚད་མེད་པའང་ཐོབ་སྟེ། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། ཇི་ལྟར་བསྐལ་བ་བྱེ་བ་སྟོང་བརྗོད་ཀྱང་། །སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར། །དེ་བཞིན་གཤེགས་ཀྱི་དམ་པའི་ཆོས་འཛིན་པའི། །བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ། །ཞེས་གསུངས་པས་སོ། །དེའི་ཕྱིར་འཕགས་བོད་ཀྱི་ཡུལ་དུ་བྱོན་པའི་མཁས་དབང་དམ་པ་དག་གིས་དགོས་པའི་དབང་གིས་རྣམ་པར་དཔྱོད་པའི་དགག་སྒྲུབ་ཇི་སྙེད་ཅིག་བཞུགས་པ་གང་ལའང་ལོག་པར་མི་རྟོག་པར་བློ་གཟུ་བོར་གནས་པས་དགོངས་གནད་ལེགས་པར་བཙལ་ན། རང་གི་རྣམ་དཔྱོད་ཀྱི་རྩལ་རྫོགས་ཤིང་མདོ་རྒྱུད་ངེས་དོན་གྱི་དགོངས་གནད་ཟབ་མོ་ཉམས་སུ་བསྟར་ཞིང་ཡོན་ཏན་གྱི་ལུས་ཟུང་བཏབ་སྟེ་བསྟན་འགྲོའི་གསོས་སྨན་ཆེན་པོར་འགྱུར་བར་ངེས་པའི་དམ་པའི་རྣམ་ཐར་ཉམས་འོག་ཏུ་ཆུད་པར་འགྱུར་བས་ན། འདིར་ཡང་ད་ལྟར་བཞུགས་ཤིང་སླད་ནས་འབྱོན་པ་རྣམས་ལ་སྙིང་ནས་གསོལ་བ་ཡང་ཡང་འདེབས་པ་ལགས་ན་ཆོས་མཐུན་སྤྲང་པོའི་ངག་ལས་ཀྱང་བླང་བར་འོས་ཕྱིར་ཕྱོགས་དུས་ཀྱི་མཁས་པ་རྣམས་ཀྱིས་ཐུགས་དམ་སྙིང་ནོར་དུ་བཅིངས་ཏེ་དགག་པ་དང་སྒྲུབ་པའི་ཚུལ་གྱིས་བརྟགས་པ་འདི་དང་གཞན་འོག་མ་འོག་མ་ལའང་ཐུགས་དམ་རྒྱུད་བསྐུལ་དུ་དང་ལེན་མཛད་ནས་བག་ཡོད་པ་རྣལ་འབྱོར་དུ་བྱའོ། །ཞེས་གོང་འོག་ཀུན་གྱི་བར་གྱི་གསལ་བྱེད་ལྟ་བུར་བསྟན་པ་འདི་དག་བསྙེལ་བ་མེད་པར་ཐུགས་ལ་བཅིངས་ཏེ་བལྟ་ཞིང་ཉམས་སུ་ལེན་པར་ཞུ་བའོ། །རང་སྟོང་གཞན་སྟོང་ཕན་ཚུན་ཆེར་རྩོད་ཀྱང་། སྣང་སྟོང་ཕྱོགས་སུ་ལྷུང་ན་སུ་ལའང་སྐྱོན། སྣང་སྟོང་མི་འགལ་ཟུང་འཇུག་གྲུབ་མཐའི་མཆོག །འདི་འཛིན་ཕྱོགས་ལས་རྣམ་པར་རྒྱལ་མིན་ནམ། །ཞེས་ཀྱང་སྨྲས་སོ། །འདི་རྣམས་རྗེ་མཁན་ཆེན་བླ་མའི་ལེགས་གསུང་དོན་ཡང་ཟབ་ལ་ཚིག་ཀྱང་སྙན་པས་རྟོག་གེའི་ཚིག་ཕྲེང་བརྒྱུས་པ་ལ་སྙིང་པོ་མེད་པས་དེ་རྣམས་ཁོ་ན་བྲིས་པ་ཡིན་ནོ། །དྲི་ལན་གཉིས་པ་ཉན་རང་འཕགས་པས་བདག་མེད་གཉིས་ཀ་རྟོགས་སམ་མ་རྟོགས་གང་འཐད་ཀྱི་ལན་ལ་གསུམ། མི་འཐད་པ་གཞན་ལུགས་ལུང་རིགས་ཚད་མའི་སྒོ་ནས་སོ་སོར་དགག་པ། འཐད་ལྡན་རང་ལུགས་ཤིང་རྟའི་བཞེད་གཞུང་བཞིན་དུ་གསལ་བར་སྒྲུབས་པ། ཚུལ་འདི་ལེགས་པར་རྟོགས་ན་ཀླུ་དང་བྱམས་པ་དགོངས་གནད་གཅིག་ཏུ་བསྟན་པའོ། །དང་པོ། འགའ་ཞིག་ཉན་རང་སོགས་ཚིགས་བཅད་དགུ་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ལ་སྔ་རབས་ཀྱི་མཁས་པ་འགའ་ཞིག་གིས་ཉན་རང་དགྲ་བཅོམ་པས་གང་ཟག་གི་བདག་མེད་པ་ཙམ་རྟོགས་ཀྱི་ཆོས་ཀྱི་བདག་མེད་སྟོང་པ་ཉིད་ནི་མ་རྟོགས་ཏེ་དེ་ལྟར་ན་ཐེག་ཆེན་བསྟན་པ་དོན་མེད་དུ་འགྱུར་བ་ལ་སོགས་པའི་སྐྱོན་དམིགས་པའི་ཕྱིར་རོ། །ཞེས་ཟེར་བ་ནི་མི་འཐད་དེ། ཇི་ལྟར་ན་ཕུང་པོ་ལྔ་པོར་མ་བརྟགས་མ་དཔྱད་པར་བརྟེན་ནས་བཏགས་པའི་ང་ཙམ་དུ་འཛིན་པའི་བདག་དེ་ནི་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཡིན་ལ་དེ་མ་ཁེག་པ་དེ་སྲིད་དུ་དེའི་ཡུལ་ཅན་ངར་འཛིན་ལྷན་སྐྱེས་ཀྱང་མི་ཁེགས་ལ་དེ་མ་ཁེགས་ན་དེའི་ནུས་པས་ཆགས་སོགས་ཉོན་མོངས་པ་རྣམས་སྤོངས་པ་མེད་པས་ལམ་དེས་ཐར་བ་ཙམ་ཡང་ཐོབ་པར་མི་ནུས་པ་དང་། བདག་དེའང་ཕུང་པོ་ལ་མ་བརྟགས་མ་དཔྱད་པར་བརྟེན་ནས་འབྱུང་བའམ་བཏགས་པ་ཙམ་སྟེ་དེ་ཉིད་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཡིན་པས། ཕུང་པོའི་ཚོགས་པ་ལ་བརྟེན་ནས་བཏགས་པའི་གང་ཟག་གི་བདག་དེ་དང་། ཡན་ལག་ལ་སོགས་པའི་ཚོགས་པ་དང་། ལྟོ་ལྡིར་ཞབས་ཞུམ་ལ་སོགས་པའི་རྣམ་པ་ལ་བརྟེན་ནས་བཏགས་པའམ་འབྱུང་བའི་ཕུང་པོ་དང་བུམ་པ་ལ་སོགས་པའི་ཆོས་ཀྱི་བདག་དང་དེ་གཉིས་ལ་བརྟེན་ནས་བཏགས་པའི་སྟོང་གཞིའི་ཆོས་ཅན་གྱི་དབྱེ་བ་ཙམ་མ་གཏོགས་པར་ཆོས་དང་གང་ཟག་རང་གི་ངོ་བོས་གྲུབ་པ་མེད་པས་སྟོང་ཚུལ་ལ་ཁྱད་པར་འགའ་ཡང་མེད་པར་སྟོང་པ་ཉིད་དེས་ཆོས་དང་གང་ཟག་གི་བདག་གཉིས་ཀ་སོ་སོར་ཡང་རིགས་པ་ཡང་དག་པས་དཔྱད་ན་རང་བཞིན་གྱིས་གྲུབ་པ་མེད་པས་སྟོང་པ་ཉིད་དུ་མཚུངས་པ་ཡིན་པའི་ཕྱིར་རོ། །དེས་ན་ཤིང་དང་ཤ་བ་བཞིན་དུ་བདག་གཉིས་སྤྱི་དང་བྱེ་བྲག་དང་། བདག་མེད་གཉིས་ཀྱང་སྤྱི་དང་བྲེ་བྲག་ཙམ་དུ་ཤེས་པར་བྱའོ། །ཞེས་གསུངས། དེ་ལྟར་ཡིན་པར་རྒྱལ་བའི་ཡུམ་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྲས་བཞི་བསྐྱེད་པའི་ཡུམ་ཡིན་པས་དེ་ལ་བསླབ་པར་བྱ་བར་གསུངས་པ་དང་། ཀླུ་སྒྲུབ་ཡབ་སྲས་ཀྱིས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །སོགས་དང་། ཡུལ་ལ་བདག་མེད་མཐོང་ན་ནི། །ཞེས་པ་ལ་སོགས་པའི་ལུང་དང་། བརྟེན་ནས་བཏགས་པའམ་རྟེན་འབྱུང་གི་ཆོས་དེ་སྟོང་པ་ཉིད་དུ་མ་རྟོགས་ན་ཕྱི་རོལ་བའི་ཆགས་བྲལ་བཞིན་དུ་སླར་ཉོན་མོངས་པ་སྐྱེ་བར་འགྱུར་ཞིང་སྲིད་པ་ལས་མི་གྲོལ་བ་དང་བརྟེན་ནས་བཏགས་པའམ་རྟེན་འབྱུང་གི་དེ་ཉིད་རྟོགས་ན་རྣམ་པར་གྲོལ་པའི་ཐར་པ་ཐོབ་པས་སྟོང་ཉིད་ཞི་སྒོ་གཉིས་སུ་མེད་པར་སྒྲུབས་པའི་རིགས་པ་དང་བཅས་པས་ཀྱང་མངོན་སུམ་བསྙོན་མེད་དུ་གྲུབ་པ་ལས་བརྒལ་ནས་སུ། ཉན་རང་དགྲ་བཅོམ་པས་བརྟེན་ནས་བཏགས་པའི་སྟོང་པ་ཉིད་མ་རྟོགས་ཞེས་མཐའ་གཅིག་ཏུ་སྨྲ་བ་རྣམས་ནི་དམ་བཅའ་བ་ཙམ་དུ་ཟད་དེ་ལུང་རིགས་ཀྱིས་སྒྲུབ་བྱེད་མེད་པས་ཕྱིར་རོ། །ཡང་དེ་ལ་ཕྱི་རབས་ཀྱི་བདག་ཉིད་ཆེན་པོ་ཁ་ཅིག་ཧ་ཅང་ཐལ་ཆེས་ནས་ཐེག་པ་གསུམ་ཆར་གྱི་མཐོང་ལམ་སྤང་རྟོགས་མཉམ་པས་གཅིག་པ་དང་ཉན་རང་བྱང་སེམས་འཕགས་པ་གསུམ་ཆར་ལྟ་བ་བདག་མེད་གཉིས་ཀ་རྫོགས་པར་རྟོགས་པས་རྟོགས་པ་ལ་མཐོ་དམན་རྡུལ་ཙམ་ཡང་མེད་པར་འདོད་ཅིང་དེ་དང་འགལ་བ་ཐེག་གསུམ་གྱི་མཐོང་ལམ་སྤང་རྟོགས་མི་འདྲ་བ་དང་རྟོགས་པའི་ལྟ་བ་ལ་མཐོ་དམན་ཡོད་པར་གསུངས་པའི་ཤེར་ཕྱིན་དང་སྔགས་རྡོ་རྗེའི་ཐེག་པ་ལ་སོགས་པ་མདོ་དང་རྒྱུད་སྡེའི་གཞུང་ངེས་དོན་དུ་གསལ་བར་གྲུབ་པ་ཀུན་ཀྱང་དྲང་བའི་དོན་དུ་འགྲེལ་ཞིང་འཆད་པ་དེ་དག་ལ། མཁས་པ་གཞན་དག་གིས་བརྒལ་པ་དེ་ལྟར་ན་དམན་པ་ཉན་རང་གི་ལམ་སྔོན་དུ་སོང་བའི་དགྲ་བཅོམ་པ་དག་སླར་ཐེག་ཆེན་དུ་ཞུགས་ནས་བསྐལ་པ་གྲངས་མེད་པ་ལ་སོགས་པར་ཚོགས་གཉིས་བསགས་ཏེ་མཐོང་ལམ་གྱི་ཡེ་ཤེས་ཐོབ་པ་དང་ས་ནས་སར་འཕར་བའི་སྒོམ་ལམ་གྱི་ཡེ་ཤེས་ཐོབ་པ་ལ་སོགས་པའི་ཚེ་ན་ཉོན་སྒྲིབ་ནི་སྤངས་ཟིན་ལ་ཤེས་སྒྲིབ་ནི་མ་དག་ས་བདུན་དུ་མི་སྤོང་བར་འདོད་པས་ན། སྤང་བྱ་ཅུང་ཟད་དམ་ཕྲ་བ་ཡང་མེད་པ་དང་། དེ་མེད་པས་རྟོགས་པའི་ཡེ་ཤེས་དེ་ལ་དགོས་ནུས་མེད་པ་དང་། གྲངས་མེད་ཀྱི་ཚོགས་གཉིས་དོན་མེད་པར་འགྱུར་བ་དང་། ཐེག་པ་མཆོག་དམན་དང་ལམ་ཟབ་མི་ཟབ་དབང་པོ་རྣོ་རྟུལ་དང་དྲང་ངེས་གོ་བཟློག་པ་ལ་སོགས་པའི་འགལ་འདུའི་སྐྱོན་གྱི་ཕུང་པོ་འགལ་བའི་ཁུར་ཆེན་གྱི་རིགས་པས་གནོད་པ་ཇི་སྙེད་བརྗོད་པ་ཀུན་ཀྱང་ལན་གྱིས་བཟློག་ཏུ་མེད་པར་ཐོག་ལྟར་དུ་འབབ་པར་འགྱུར་བ་ཡིན་ལ། སྐྱོན་གཞན་ཡང་རྟོགས་བྱ་བདག་མེད་གཉིས་ཇི་ལྟ་བ་བཞིན་དུ་རྟོགས་པར་གྱུར་ཀྱང་རྟོགས་པའི་ཡེ་ཤེས་དེས་སྤང་བྱ་ཤེས་སྒྲིབ་སྤོང་བར་བྱེད་པ་ལ་གྲོགས་བསོད་ནམས་ཀྱི་ཚོགས་མཐའ་ཡས་པས་བརྒྱན་ནས་སྒྲུབ་དགོས་པས་ས་དང་པོ་ནས་ཤེས་སྒྲིབ་སྤང་བས་བར་ཆད་མེད་ལམ་སོགས་མཚན་ཉིད་པར་འདོད་པ་ཞིག་ཀྱང་ཡོད། མཆན། ཡེ་ཤེས་ཀྱི་ཚོགས་ལ་ཡང་ཡང་མཉམ་པར་བཞག་ཅིང་བསོད་ནམས་ཀྱི་ཚོགས་སྦྱིན་དང་ཚུལ་ཁྲིམས་སོགས་གོང་ནས་གོང་དུ་འཕེལ་བ་ལ་ཆད་མེད་ལམ་སོགས་ལམ་མཚན་ཉིད་པ་འཇོག་ཏུ་མེད་ཅིང་ཡེ་ཤེས་དེས་ས་བརྒྱད་པའི་ཤེས་སྒྲིབ་སྤང་ནུས་ཀྱི་གཉེན་པོའི་ནུས་པ་མཐུ་བརྟས་པར་འགྱུར་བས་དོན་མེད་དུ་མི་འགྱུར་རོ་ཞེས་ཟེར་ན་ཡང་མི་འཐད་དེ། དམན་ལམ་སྔོན་སོང་དེས་རྟོགས་བྱ་བདག་མེད་གཉིས་ཇི་ལྟ་བ་བཞིན་དུ་མ་རྟོགས་པར་གྱུར་ན་དེ་རྟོགས་པར་རང་གིས་ཁས་བླང་བ་དང་འགལ་ལ། གལ་ཏེ་ཇི་བཞིན་དུ་རྟོགས་ནས་རྟོགས་པ་ལ་མཐོ་དམན་མེད་པར་གྱུར་ན་དེས་སྤང་བྱ་མི་སྤོང་བ་ཡང་འགལ་བ་ཡིན་ཏེ་གཉེན་པོའི་ཡེ་ཤེས་ཀྱིས་སྤང་བྱ་མི་སྤོང་ན་གཞན་སྲིད་པ་གསུམ་ན་སྤང་བྱ་སྤོང་ནུས་ཀྱི་གཉེན་པོ་མི་སྲིད་པའི་ཕྱིར་ཏེ། དཔེར་ན་ཉི་མ་སྤྲིན་དང་བྲལ་བ་ཡང་དག་པར་ཤར་ཡང་མུན་པའི་དཔུང་བསལ་བའམ་འཇོམས་པ་ལ་ནི་གྲོགས་སྒྲོན་མེ་སོགས་གཞན་ལ་ལྟོས་དགོས་པར་ཁས་ལེན་པ་དང་མཚུངས་པས་འདི་ནི་ཆེས་ངོ་མཚར་བ་ཞིག་སྟེ་བཞད་གད་ཀྱི་གནས་སོ། །ཡང་ཕྱི་རབས་ཀྱི་མཁས་པ་ཁ་ཅིག་གིས་ཉན་རང་དགྲ་བཅོམ་པས་རང་རྒྱུད་ཀྱི་ཕུང་པོ་ལྔ་པོ་སྟོང་ཉིད་དུ་རྟོགས་པ་ཡུམ་དང་དབུ་མའི་བསྟན་བཅོས་རྣམས་དང་འཇུག་པ་ལེའུ་དང་པོའི་དགོངས་དོན་ཡིན་ཀྱང་། ལེའུ་དྲུག་པར་དེ་ཉིད་ནང་སྟོང་པ་ཉིད་དུ་བསྡུས་ནས་གཞན་རྣམས་ཐེག་ཆེན་ཐུན་མིན་གྱི་རྟོགས་རིགས་སུ་བཤད་པས་གཟུགས་ལ་སོགས་པའི་ཆོས་གཞན་ཐམས་ཅད་བདག་མེད་སྟོང་པ་ཉིད་དུ་མི་རྟོགས་སོ་ཞེས་ཟེར་བའང་མི་འཐད་དོ། །ཇི་ལྟར་ན་འདུས་བྱས་ཀྱི་ཆོས་གཟུགས་ལ་སོགས་པ་ཕྲ་བའམ་རགས་པ། ངན་པའམ་གྱ་ནོམ་ལ་སོགས་པ་ཐམས་ཅད་སྤུངས་པའི་དོན་གྱི་ཕུང་པོ་ལྔར་འདུས་པར་མངོན་པའི་མདོ་དང་མཛོད་སོགས་ལས་གསལ་བར་བསྟན་པ་ལྟར་ཕུང་པོ་ལྔ་པོ་སྟོང་པ་ཉིད་དུ་རྟོགས་པར་གྱུར་ན་དེ་ལས་གཞན་ནམ་མཁའ་ལ་སོགས་པ་འདུས་མ་བྱས་པ་ཙམ་ཞིག་མ་གཏོགས་པའི་ཆོས་སྟོང་པ་ཉིད་དུ་མ་རྟོགས་པའི་དངོས་པོ་གཞན་ཅི་ཞིག་ཡོད་དེ་ཅི་ཡང་མེད་ལ། འཇུག་པ་རྩ་འགྲེལ་སོགས་ཀྱི་དགོངས་པའང་མིན་ཏེ། སྟོང་ཉིད་བཅུ་དྲུག་པོ་ཐེག་ཆེན་ཐུན་མོང་མིན་པར་དངོས་སུ་གསུང་པའི་ཕྱིར་དང་། རྒྱན་དང་ཡང་འགལ་ཏེ་ཉན་ཐོས་ཀྱི་རྟོགས་རིགས་བཤད་པའི་ཀུན་ཤེས་ཀྱི་མདོ་འཆད་པ་རྣམས་དང་དངོས་སུ་འགལ་བར་མ་ཟད། རང་རྒྱལ་གྱི་སྐབས་སུ་གཟུང་དོན་རྟོག་པ་སྤོང་ཕྱིར་དང་། འཛིན་པ་མི་སྤོང་ཕྱིར་དང་ནི། ཞེས་གསུངས་ན་རང་རྒྱུད་ཀྱིས་ཟིན་པའི་ཕུང་པོ་ལྔ་པོ་སྟོང་ཉིད་དུ་རྟོགས་ན་འཛིན་པ་སྤོང་པར་གྲུབ་པ་ལ་སོགས་པའི་ཕྱིར་རོ། །གཞན་ཡང་མཁའ་སོགས་འདུས་མ་བྱས་པ་ནི། ཇི་སྐད་དུ། ནམ་མཁའ་མོ་གཤམ་བུ་དང་མཚུངས། །ཞེས་པ་ལྟར་ཐ་སྙད་དུའང་མ་གྲུབ་ན་དོན་དམ་པར་ལྟ་ཅི། དེས་ན་རིགས་པར་སྨྲ་བས་བརྟགས་བྱར་ཡང་མི་མཛད་པས་ན་རྟོགས་པར་སླ་བ་དང་། ཉན་ཐོས་མདོ་སྡེ་བ་རང་གིས་ཀྱང་འདུས་མ་བྱས་རྣམས་བཏགས་པ་ཙམ་ལས་དངོས་པོ་མེད་པར་འདོད་པས་ཀྱང་གནོད་དོ། །གཉིས་པ་ལ་གཉིས། ཉན་རང་འཕགས་པའི་རྟོགས་རིགས་ཀྱི་ངོ་བོ་ལུང་རིགས་ཚད་མ་དང་མཐུན་པར་སྤྱིར་བཤད་པ། དེ་ཉིད་གཏན་ལ་འབེབ་པའི་འཕགས་པ་ཡབ་སྲས་ཀྱི་ལུང་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས། ཤིང་རྟའི་ལམ་སྲོལ་བཞིན་དུ་རྟོགས་པ་རང་གི་མཚན་ཉིད་ངོས་བཟུང་བ། དེ་ཉིད་ཚད་མར་སྒྲུབ་ཕྱིར་ལུང་དང་རིགས་པས་འཐད་ཚུལ་གསལ་བར་བསྟན་པའོ། །དང་པོ་ལ་གསུམ། འཕགས་ཡུལ་དཔལ་ལྡན་ཟླ་བས་ཇི་ལྟར་བསྟན་ཚུལ། བོད་འདིར་ཀུན་མཁྱེན་ཆོས་རྗེས་དེ་ལྟར་བཞེད་ཚུལ། དེ་ཉིད་ཤིང་རྟ་མཆོག་གཉིས་ཀྱི་དགོངས་པར་རིགས་པས་སྒྲུབ་པའོ། །དང་པོ། དེས་ན་རང་ལུགས་སོགས་ཚིགས་བཅད་གསུམ་དང་རྐང་པ་གཅིག་གིས་བསྟན་ཏེ། དེས་ན་སྔ་འགྱུར་རང་ལུགས་འཁྲུལ་བ་དང་བྲལ་བ་གང་ཉིད་ཡིན་ཞེ་ན། དཔལ་ལྡན་ཟླ་བའི་ཞབས་ཀྱིས་འཇུག་པ་ལེའུ་དང་པོ་རྩ་འགྲེལ་དང་དྲུག་པའི་གང་ཟག་བདག་མེད་ཀྱི་སྐབས་སུ་ཉན་རང་གིས་ཀྱང་ཞི་སྒོ་གཉིས་སུ་མེད་པའི་སྟོང་པ་ཉིད་ཇི་བཞིན་དུ་རྟོགས་དགོས་པར་ལུང་དང་རིགས་པས་རྒྱ་ཆེར་བསྒྲུབས་ནས་སླར་སྟོང་ཉིད་དེའི་རབ་ཏུ་དབྱེ་བ། བདག་མེད་འདི་ནི་འགྲོ་བ་རྣམས་དགྲོལ་ཕྱིར་ཞེས་པའི་ཐད་ཀྱི་རང་འགྲེལ་ལས། ཉན་རང་དང་བྱང་སེམས་ཀྱིས་རྟོགས་པའི་སྟོང་ཉིད་ཀྱི་རབ་དབྱེ་འདི་ལྟར་བསྟན་ཏེ་ཉོན་མོངས་པའི་སྒྲིབ་པ་སྤང་བའི་ཕྱིར་ཉན་རང་རྣམས་ལ་རྒྱལ་བས་གང་ཟག་གི་བདག་མེད་པའི་སྟོང་ཉིད་བསྟན་པ་དང་། ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཐམས་ཅད་སྟོང་པའམ་བདག་མེད་པ་རྫོགས་པར་བསྟན་པར་མཛད་ལ་ཞེས་གསུངས་ཤིང་། འོ་ན་ཉན་རང་གཉིས་པོ་ལ་སྔར་སྟོང་པ་ཉིད་རྟོགས་པ་ཡོད་དོ་ཞེས་ལུང་དང་རིགས་པ་གང་སྨྲས་པ་དེ་རྣམས་ཇི་ལྟར་ཡིན་ཞེ་ན་ཞེས། རང་གཞུང་ལ་རང་གིས་དོགས་པ་བསླངས་ཏེ་བསལ་བ་ཉན་རང་དེ་དག་རང་འབྲས་དགྲ་བཅོམ་པ་དོན་དུ་གཉེར་བས་དེ་ཐོབ་པར་བྱེད་པ་ལ་གཙོ་བོར་ཀུན་ནས་ཉོན་མོངས་པའི་སྒྲིབ་པ་ཙམ་སྤངས་དགོས་པར་གྲུབ་པའི་ཕྱིར་དེའི་རྩ་བ་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་གང་ཟག་གིབདག་དེ་མེད་པའི་སྟོང་པ་ཉིད་རྟོགས་ནས་སྒོམ་གྱི་གཞན་ཆ་མེད་གཉིས་སོགས་ཆོས་ཀྱི་བདག་མེད་པའི་སྟོང་པ་ཉིད་རྫོགས་པར་ནི་རྟོགས་ཤིང་སྒོམ་པ་མེད་ཅེས་གསལ་བར་བསྟན་ཅིང་སྟོང་ཉིད་ཉི་ཤུ་པོ་ཐམས་ཅད་ཐེག་ཆེན་ཐུན་མོང་མིན་པར་བཤད་པས་རང་བཞེད་རང་གིས་ལེགས་པར་བཀྲལ་ཏེ་གསུངས་པ་བཞིན་དུ་ཤེས་པར་བྱ་བ་ཁོ་ན་ཡིན་གྱི་གཞན་དུ་རྟོགས་པར་མི་བྱའོ། །གཉིས་པ་ཀློང་ཆེན་རབ་འབྱམས་སོགས་ཚིགས་བཅད་གསུམ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དཔལ་ལྡན་ཟླ་བས་ཇི་ལྟར་གསུངས་པ་དེ་བཞིན་དུ་རྒྱལ་བའི་དབང་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཞལ་སྔ་ནས་འདི་ལྟར་སྔོན་གྱི་སློབ་དཔོན་མཁས་པ་ཐམས་ཅད་ནི། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་དང་མེད་ཅེས་ཕན་ཚུན་རྩོད་པར་མཛད་ན་ཡང་ཁོ་བོ་རང་གིས་བཞེད་པ་ནི་སྔོན་སྟོན་པ་ཞལ་བཞུགས་དུས་ཀྱི་ཉན་ཐོས་རྣམས་ལའང་བདག་ཡོད་མེད་སྨྲ་བ་གཉིས་བྱུང་བ་སོགས་དང་ཕྱིས་སུ་ཡང་བྱེ་མདོ་སོགས་གྲུབ་མཐའ་འཛིན་པ་སྡེ་བདུན་དང་མདོ་སྡེའི་རྗེས་སུ་འབྲང་བ་མང་ཞིག་བྱུང་བ་དང་རང་རྒྱལ་ལའང་བསེ་རུ་དང་ཚོགས་ན་སྤྱོད་པ་ལ་སོགས་དབང་པོ་རྣོ་རྟུལ་ཅི་རིགས་པར་ཡོད་པ་ལུང་ལས་གསལ་བར་སྣང་ནའང་དོན་ལ་དེ་དག་གིས་རང་འབྲས་དགྲ་བཅོམ་པ་ཉིད་ཐོབ་པ་ལ་ནི་ཕུང་པོར་བརྟེན་ནས་བཏགས་པའི་ངའོ་སྙམ་དུ་འཛིན་པའི་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པའི་བདག་དེ་རང་བཞིན་གྱིས་གྲུབ་པ་མེད་པའི་སྟོང་ཉིད་ཡིན་པར་མ་རྟོགས་པ་དེ་སྲིད་དུ་རང་འབྲས་ཐར་བ་དེ་ཉིད་ཐོབ་པ་མིན་པས་བརྟེན་ནས་བཏགས་པའི་རྟེན་འབྱུང་ངར་འཛིན་ལྷན་སྐྱེས་ཀྱི་བདག་རང་བཞིན་མེད་པའི་སྟོང་པ་ཉིད་དེ་ཙམ་ཞིག་ཇི་བཞིན་དུ་རྟོགས་པ་ཡོད་པས་དགྲ་བཅོམ་ཐོབ་པར་གྱུར་པ་ཡིན་ན་ཡང་ཆ་མེད་གཉིས་སོགས་ཆོས་ཐམས་ཅད་བདག་མེད་པའི་སྟོང་པ་ཉིད་རྫོགས་པར་རྟོགས་པ་མེད་དེ། དཔེར་ན་ཆུང་ངུ་ཡུང་འབྲུ་སྲིན་གྱིས་ཟོས་ཤིང་ཕུག་པ་ཡི་ནང་གི་ནམ་མཁའ་བཞིན་དུ་ཉན་རང་གི་བདག་མེད་རྟོགས་པའི་སྟོང་ཉིད་ཆུང་ངུར་མདོ་ལས་གསུངས་པ་སྟེ་དེ་ཡི་ཕྱིར་ན་སྟོང་ཉིད་རྟོགས་པ་ཡོད་ཀྱང་ཆུང་ངུར་གྱུར་པ་ལ་དགོངས་ནས་དམན་པ་ལ་དགག་པའི་སྒྲས་ཆོས་ཀྱི་བདག་མེད་སྟོང་པ་ཉིད་མ་རྟོགས་ཞེས་བཞེད་པ་ཡིན་པར་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོར་གསུངས་པ་ཡིན་ནོ། །གསུམ་པ། འདི་ནི་ཕུལ་བྱུང་སོགས་ཚིགས་བཅད་གསུམ་གྱིས་བསྟན་ཏེ། འདི་འདྲའི་ལུང་རིགས་ཚད་མས་གྲུབ་པའི་བཞེད་པ་ནི་སྔོན་ཆད་སུ་ཡང་མ་བྱུང་བས་ཕུལ་དུ་བྱུང་བའི་ལེགས་པར་བཤད་པ་ཉིད་དེ་འདི་དང་མཚུངས་པའི་ངེས་པ་དོན་གྱི་བཀའ་དང་ཤིང་རྟའི་དགོངས་པ་གསལ་བར་བྱེད་པ་གཅིག་ཀྱང་རང་གཞན་སུ་ལའང་མ་མཆིས་ཏེ། དཔེར་ན་རྒྱ་མཚོ་ཆེན་པོའི་ཆུ་ལས་ཧུབ་གང་ཙམ་ཞིག་བཏུང་ན་ཡང་དེ་ཙམ་གྱི་རྒྱ་མཚོ་ཆེན་པོའི་ཆུ་ནི་མ་བཏུང་ངོ་ཞེས་སུ་ཁས་ལེན་དུ་མི་རུང་བ་ལྟར་ཆོས་ཀྱི་བྱེ་བྲག་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ང་ཙམ་པོ་དེ་ཉིད་སྟོང་པའམ་བདག་མེད་པར་མཐོང་བའི་ཕྱིར་ན་སྟོང་པ་ཉིད་མཐོང་བར་འདོད་དགོས་པས་རིན་ཆེན་ཕྲེང་བ་ལས། ཇི་ལྟར་མིག་ནི་འཁྲུལ་བ་ཡིས། །འགལ་མེའི་འཁོར་ལོ་འཛིན་བྱེད་པ། །ཞེས་སོགས་ནས། རྒྱུ་མེད་པ་ཡི་མེ་བཞིན་དུ། །གནས་མེད་ལེན་མེད་མྱ་ངན་འདས། །ཞེས་པའི་བར་ཚིགས་བཅད་དགུ་དང་། བསྟོད་པར་ཡང་། མི་རྟག་སྡུག་བསྔལ་སྟོང་པ་ཞེས། །བྱ་བ་གསུམ་པོས་སེམས་སྦྱོང་བྱེད། །མཆོག་ཏུ་སེམས་ནི་སྦྱོང་བྱེད་པའི། །ཆོས་ནི་རང་བཞིན་མེད་པ་ཡིན། །ཞེས་སོགས་རྒྱ་ཆེར་སྒྲུབ་པ་དང་། རྣམ་འགྲེལ་ལས་ཀྱང་། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན་ཞེས་སོགས་གསུངས་པ་བཞིན་ནོ། །འོན་ཀྱང་རྒྱ་མཚོའི་ཆུ་ལ་ཧུབ་གཅིག་བཏུང་བས་རྒྱ་མཚོ་ཆེན་པོའི་ཆུ་ཡོངས་སུ་རྫོགས་པར་ཁོང་དུ་མ་སོང་བ་ལྟར་དུ་མཐའ་དག་ཤེས་བྱའི་རང་བཞིན་མ་ལུས་པ་ཀུན་སྟོང་པར་རྟོགས་པ་མེད་པའི་ཕྱིར་ན་ཆོས་ཀྱི་བདག་མེད་དམ་སྟོང་པ་ཉིད་རྫོགས་པར་མ་མཐོང་བར་འདོད་དགོས་པས། རྒྱན་ལས། ཆེར་འོས་སེམས་བསྐྱེད་སྤང་བའི་སྐྱེ་བོ་དག །གཞན་དོན་སེམས་དང་དེ་ཡི་ཐབས་རྙེད་དང་། །དགོངས་ཆེན་དོན་དང་དེ་ཉིད་མཆོག་མཐོང་བས། །བདེ་བ་དེ་སྤངས་ཞི་བར་འགྲོ་བར་འགྱུར། །ཞེས་སོགས་རྣམ་གྲངས་དུ་མས་སྒྲུབ་པ་དང་སློབ་དཔོན་གྱིས། ཁྱོད་ཀྱིས་ཐེག་པ་ཆེན་པོ་ལས། རང་གི་ཆོས་ལ་བདག་མེད་རྟོགས། །དེ་བཞིན་བློ་དང་ལྡན་རྣམས་ལ། །ཐུགས་རྗེའི་དབང་གིས་སྟོན་པར་མཛད། །ཅེས་སོགས་གསུངས་པ་བཞིན་ནོ། །གཉིས་པ་ལ་གཉིས། གནས་སྐབས་རྫོགས་པར་མ་རྟོགས་པའི་འཐད་སྒྲུབས་གྲུབ་མཐའི་ངེས་འབྱེད་དང་བཅས་པ། མཐར་ཐུག་རྫོགས་པར་རྟོགས་པའི་ལུང་དོན་རིགས་པས་སྒྲུབ་ཚུལ་དང་བཅས་པའོ། །དང་པོ། གལ་ཏེ་ཆོས་གཅིག་སོགས་ཚིགས་བཅད་བརྒྱད་དང་རྐང་པ་གསུམ་གྱིས་བསྟན་ཏེ། དཔེར་ན་འདམ་བུ་གཅིག་ཁོང་སྟོང་དུ་མཐོང་ན་འདམ་བུ་ཐམས་ཅད་ཁོང་སྟོང་དུ་མཐོང་བ་ལྟར་འདིར་ཡང་གལ་ཏེ་ཆོས་གཅིག་ཅེས་གང་ཟག་གི་བདག་སྟོང་པ་ཉིད་དུ་མཐོང་ཞིང་རྟོགས་ན། ཆོས་གཞན་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་མཐོ་ཞིང་རྟོགས་རིགས་ན་ཡང་ཆོས་གཞན་ཐམས་ཅད་སྟོང་པ་ཉིད་དུ་མི་མཐོང་བ་ལ་རིགས་པས་འཐད་པ་ཅི་ཞིག་ཡོད་ཞེ་ན། འཐད་པ་ཤིན་ཏུ་ཡོད་དེ། ཉན་རང་དེ་གས་ཏེ་དེ་དག་རྣམས་ཀྱིས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་མེད་པར་སྟོན་པ་ངེས་པའི་ལུང་དང་དེ་ལྟར་དཔྱོད་པའི་ཡང་དག་པའི་རིགས་པ་དང་ཟབ་མོའི་མན་ངག་དག་གིས་ཚུལ་བཞིན་ཏུ་བརྟགས་ཤིང་མཐོང་བ་དོན་དུ་གཉེར་ན་ཆོས་གཅིག་སྟོང་པར་མཐོང་བ་དེ་ལྟར་ཆོས་གཞན་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་མཐོང་བར་འགྱུར་མོད་ཀྱི། འོན་ཀྱང་རེ་ཞིག་དམན་པ་ཉན་ཐོས་ཀྱི་རིགས་ཅན་རྣམས་ནི་རང་ཉིད་འཁོར་བར་སྒྲགས་ནས་ཞི་བདེའི་ཐར་བ་ཙམ་ཞིག་ཐོབ་པར་འདོད་ནས་གང་ཟག་གི་བདག་མེད་ཙམ་ཁོ་ན་རྟོགས་ཤིང་ཉོན་མོངས་སྤངས་པའི་ལམ་ལ་ཞེན་པས་སྒོམ་པ་དང་རང་རྒྱལ་གྱི་རིགས་ཅན་རྣམས་ཀྱང་རང་དོན་དུ་ཞི་བདེའི་འབྲས་བུ་ཐོབ་པར་འདོད་པས་སྟོན་པ་སངས་རྒྱས་དང་ཉན་ཐོས་རྣམས་ལས་གང་ཟག་གི་བདག་མེད་དང་རྟེན་ཅིང་འབྲེལ་འབྱུང་ལུགས་འབྱུང་ལྡོག་གི་ལམ་སོགས་སྟོན་པས་ཐེག་དམན་གྱི་སྡེ་སྣོད་ཙམ་ལ་བསྐལ་པ་བརྒྱ་ཡི་བར་སོགས་སུ་ཚོགས་ལམ་དུ་གོམས་པས་མཐར་རང་འབྲས་བྱང་ཆུབ་ཐོབ་པ་ཡིན་པས་མཐའ་གཞན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་དོན་དུ་མི་གཉེར་བས་ཤིན་ཏུ་རྟོགས་པར་དཀའ་སྟེ་དཔེར་ན་བུམ་པ་བཏགས་པར་ཏེ་བཏགས་ཡོད་དུ་འདོད་པ་ཉན་ཐོས་པ་རྣམས་ཀྱིས་ཀྱང་རྡུལ་ཕྲན་ཏེ་ཕྲ་རྡུལ་བཏགས་ཡོད་དུ་མི་འདོད་པར་རྫས་སུ་ཡོད་པར་འདོད་པ་བཞིན་ཡིན་ནོ། །གལ་ཏེ་ཉན་ཐོས་རྣམས་ཀྱིས་ཀྱང་བུམ་པ་བཏགས་པར་ནི་ཞེས་བཏགས་ཡོད་ཙམ་དུ་རྟོགས་པའི་བློ་རིགས་དེས་ཕྲ་རྡུལ་ལ་ཡང་ལེགས་པར་དཔྱད་ན་བཏགས་ཡོད་ཙམ་དུ་རྟོགས་པར་རིགས་པ་ཡིན་མོད་ཀྱི་དེ་ལྟ་ནའང་རེ་ཞིག་ཕྲ་རྡུལ་བཏགས་ཡོད་དུ་མ་རྟོགས་པར་རྫས་ཡོད་ཀྱིས་སྟོང་པར་མཐོང་མི་དགོས་པ་དེ་བཞིན་དུ་ཆོས་གཅིག་སྟོང་པར་མཐོང་ཡང་ཆོས་ཐམས་ཅད་སྟོང་པར་མཐོང་དགོས་པ་མིན་ནོ། །དེར་མ་ཟད་རགས་པའི་གཞི་ཆ་བཅས་བཏགས་ཡོད་དང་ཆ་མེད་ཀྱི་ཕྲ་རྡུལ་རྫས་ཡོད་བདེན་གྲུབ་དག་དོན་ལ་དངོས་སུ་འགལ་བར་སྣང་བ་ཡིན་ན་ཡང་འགལ་འདུའི་དངོས་པོ་ཡིན་པར་མ་རྟོགས་ནས་ཉན་རང་དེ་དག་ལ་རེ་ཞིག་ཏུ་ཕྲ་རྡུལ་རང་བཞིན་མེད་པར་སྟོན་པའི་ངེས་པའི་ལུང་དང་མན་ངག་ཟབ་མོ་དག་གིས་དབེན་ཅིང་མེད་པའི་ཕྱིར་ན་མི་འགལ་བའི་གྲུབ་མཐའ་བཟུང་ནས་རང་གི་རིགས་པས་ཀྱང་སྣང་གཞི་མེད་ན་སྣང་བ་རྣམས་ཀྱང་སྣལ་མ་མེད་པའི་སྣམ་བུ་བཞིན་དུ་འགྱུར་བ་སོགས་ཀྱིས་སྒྲུབ་པ་ལ་འབད་པར་བྱེད་དོ། །དེ་བཞིན་དུ་དེ་ལྟར་མ་ཡིན་པར་ཆོས་གཅིག་སྟོང་པར་མཐོང་བས་ཆོས་ཀུན་སྟོང་པ་ཉིད་དུ་རྟོགས་པར་འགྱུར་ན་ཐེག་ཆེན་སེམས་ཙམ་པ་དག་གིས་ཀྱང་གཟུང་བ་དང་འཛིན་པའི་སྣང་བ་ཀུན་བརྟགས་རྣམས་རང་བཞིན་མེད་པའི་སྟོང་པ་ཉིད་དུ་རྟོགས་པ་ཡིན་ན་བློ་དེས་འཛིན་པའི་ངོ་བོ་ཤེས་པ་རང་རིག་རང་གསལ་ཡང་རང་བཞིན་མེད་པའི་སྟོང་པ་ཉིད་དུ་ཅི་ཡི་ཕྱིར་མི་རྟོགས་ཏེ་རྟོགས་དགོས་པ་དང་། དབུ་མ་རང་རྒྱུད་པས་ཀྱང་དོན་དམ་པར་ཆོས་ཐམས་ཅད་བདེན་གྲུབ་མེད་པའི་སྟོང་པ་ཉིད་དུ་རྟོགས་པའི་རིགས་པ་དེས་ཐ་སྙད་དུ་ཡང་རང་མཚན་གྱིས་གྲུབ་པ་མེད་པས་སྟོང་པ་ཉིད་ཡིན་པར་ཅིས་མི་རྟོགས་ཏེ་རྟོགས་པར་འགྱུར་ལ། དེ་ལྟར་འགྱུར་བ་དེས་ན་གྲུབ་མཐའ་སྨྲ་བ་དེ་དག་ཐམས་ཅད་དབུ་མ་ཐལ་འགྱུར་བ་འབའ་ཞིག་གམ་ཁོ་ན་ཉིད་དུ་ཁྱོད་ལ་ཐལ་བར་འགྱུར་རོ། །དེ་ལྟར་གྱུར་ན་ཉན་རང་རྣམས་ཀྱིས་ཐེག་པ་ཆེན་པོ་ཡུམ་རྒྱས་འབྲིང་སོགས་ལ་སངས་རྒྱས་ཀྱི་བཀའ་མ་ཡིན་པས་ལ་སོགས་པ་སྐུར་བ་འདེབས་ཤིང་སྨོད་པའང་ག་ལ་སྲིད་དེ་དགོངས་དོན་ཚུལ་བཞིན་དུ་ལོངས་པའི་ཕྱིར། དེ་འདྲ་མེད་བཞིན་དུ་རྒྱན་དང་སྤྱོད་འཇུག་སོགས་ལས་ཐེག་ཆེན་བཀའ་སྒྲུབ་བསྟན་པ་རྣམས་ཀྱང་སྐྱོན་མེད་ལ་སྐྱོན་འགལ་དུ་ཟད་པས་མི་འཐད་པར་འགྱུར་རོ། །རྒྱུ་མཚན་དེས་ན་ཆོས་གཅིག་གི་རང་བཞིན་ཆོས་ཀྱི་དབྱིངས་ཉིད་ཆོས་ཀུན་ལ་མཉམ་པ་ཉིད་ཡིན་པས་རྣམ་དབྱེར་མེད་ན་ཡང་ཕྱི་དང་ནང་གི་ཡོངས་འཛིན་ལ་སོགས་པའི་རྐྱེན་གྱི་ཚོགས་པ་ཇི་ལྟ་བ་བཞིན་དུ་མ་ཚང་བ་དེ་སྲིད་དུ་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་ཆོས་ཀྱི་དབྱིངས་མཉམ་པ་ཆེན་པོར་རྟོགས་པའི་ཡེ་ཤེས་ཚུལ་བཞིན་དུ་སྐྱེ་བར་འགྱུར་བ་ཤིན་ཏུ་བུལ་བ་ཡིན་པས་རེ་ཞིག་རྟོག་པར་མི་འགྱུར་ཏེ། སྤྱིར་ན་དབང་པོའི་ཁྱད་པར་ལས་དབང་པོ་ཤིན་ཏུ་རྣོན་པོས་རང་སྟོབས་ཀྱིས་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་རྟོགས་པ་ཡོད་མོད་ཀྱི། དབང་པོ་རྟུལ་པོ་ཡིས་ཀྱང་དེ་ལྟར་གཞན་ལ་མི་ལྟོས་པར་རང་གི་བློ་སྟོབས་ཁོ་ནས་དེ་མ་ཐག་ཏུ་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་ཡང་དག་པར་ངེས་པར་རྟོགས་པར་འགྱུར་བའི་ཁྱབ་པ་མེད་པས་ཚུལ་འདི་ནི་ཤིན་ཏུ་འཐད་པ་དང་བཅས་པ་ཁོ་ན་ཡིན་ནོ། །གཉིས་པ་ནམ་ཞིག་ཅེས་ཀྱང་སོགས་ཚིགས་བཅད་བཞི་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། འོན་ཀྱང་ཉན་རང་དེ་རྣམས་ཀྱིས་ནམ་ཞིག་ན་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་སྣང་སྟོང་མཉམ་ཉིད་ཆེན་པོ་ཅིས་ཀྱང་ཡོངས་སུ་རྫོགས་པ་རྟོགས་པར་འགྱུར་བ་ནི་ངེས་པ་ཡིན་ཏེ། ཉན་རང་དགྲ་བཅོམ་པ་རྣམས་ཕུང་པོ་ལྷག་མ་མེད་པ་འགོག་པའི་དབྱིངས་སུ་ཞུགས་ནས་བསྐལ་པ་སྟོང་ཕྲག་བཅུ་ཡི་བར་དུ་གནས་ལ་དེ་ཡི་མཐར་དེ་བཞིན་གཤེགས་པ་རྣམས་ཀྱིས། འདི་ལྟར་མྱ་ངན་འདས་པར་གང་བསྟན་པ་འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང་། ཁྱོད་ནི་ད་དུང་མྱ་ངན་ཡོངས་མ་འདས། །སངས་རྒྱས་ཐེག་པ་མཆོག་འདི་བཙལ་བར་གྱིས། །ཞེས་པ་ལ་སོགས་པས་བསྐུལ་ཏེ་འགོག་པའི་དབྱིངས་དེ་ལས་སླར་དགྲ་བཅོམ་པ་རྣམས་ལྡང་སྟེ་གཟོད་ཐེག་པ་ཆེན་པོར་འཇུག་པ་ཡིན་པར་དམ་ཆོས་པདྨ་དཀར་པོ་ལས་གསུངས་ཤིང་དེ་ནས་ཐེག་ཆེན་ཚོགས་ལམ་ཆུང་ངུ་ནས་ཞུགས་ཏེ་མཐར་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་བརྙེས་པར་འགྱུར་བས་དགྲ་བཅོམ་པ་མང་ཞིག་སངས་རྒྱས་སུ་ལུང་བསྟན་པ་བཞིན་ནོ། །འདི་ལྟར་རིགས་པས་ཀྱང་འཐད་དེ་དབང་རྣོན་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ཕྱི་ནང་གི་ཡོངས་འཛིན་ཚང་བས་ཚུལ་ཇི་ལྟ་བ་བཞིན་དུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པས་ཀྱང་སྟོང་ཉིད་སྤྲོས་བྲལ་ཆེན་པོ་བདག་མེད་མཐའ་དག་རྟོགས་པ་ལ་གྲངས་མེད་པའི་བསྐལ་བར་ཐབས་མཁས་དང་བཅས་པས་འབད་པ་ཆེན་པོས་གོམས་དགོས་པ་ཡིན་ན། ཉན་ཐོས་དང་རང་རྒྱལ་རང་དོན་ཞི་བདེ་ཁོ་ན་དོན་དུ་གཉེར་བས་བསྐལ་པ་སྟོང་ཕྲག་བཅུ་པོ་དེ་ཙམ་ལ་འགོག་པའི་དབྱིངས་སུ་ཞུགས་ཀྱང་དུས་ཀྱི་ཡུན་ཐུང་ངུ་དེ་ཙམ་ལ་བདག་མེད་མཐའ་དག་གམ་སྤྲོས་ཀུན་བྲལ་བའི་སྟོང་ཉིད་སྣང་སྟོང་མཉམ་ཉིད་ཆེན་པོ་རྫོགས་པར་མ་རྟོགས་ཤིང་། ད་གཟོད་རྟོགས་དགོས་པའི་གནས་སྐབས་ཞིག་མི་སྲིད་པར་ཅི་ལ་འགྱུར་ཏེ་ཤིན་ཏུ་སྲིད་པར་འགྱུར་རོ། །དེར་མ་ཟད་ཐེག་ཆེན་འཕགས་པ་ས་ཐོབ་རྣམས་ལའང་རྫོགས་སྨིན་སྦྱངས་པའི་སྟོབས་ཀྱིས་ས་ནས་སར་ཆོས་ཀྱི་དབྱིངས་སྒྲིབ་པ་ལས་གྲོལ་བའི་མཐོང་བ་ཇེ་བས་ཇེ་གསལ་དུ་གོང་ནས་གོང་དུ་རྫོགས་ཤིང་འཕེལ་བ་ཡོད་པ་མིན་ནམ་སྟེ་ཡོད་ན་ཉན་རང་དགྲ་བཅོམ་པ་ལ་ལྟ་ཅི་སྨོས་སོ། །དེ་ལྟར་རྟོགས་པ་དེའང་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་བསོད་ནམས་ཀྱི་ཚོགས་མཐའ་ཡས་པ་བསགས་པའི་གྲོགས་དང་དབུ་མའི་གཏན་ཚིགས་ཆེན་པོ་ལྔ་ལ་སོགས་པ་རིགས་པའི་སྒོ་མཐའ་ཡས་པའི་སྒྲུབ་ཚུལ་ཟབ་མོ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫོགས་སྨིན་སྦྱང་བ་སོགས་ཀྱི་སྤྱོད་པ་དང་ཡོངས་བསྔོའི་རྐྱེན་རྣམས་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པར་ལེགས་པར་ཚང་ན་ངེས་པར་དུས་ཡུན་ཐུང་ངུས་ཀྱང་སྣང་སྟོང་དབྱེར་མེད་སྤྲོས་བྲལ་མཉམ་པ་ཆེན་པོ་ཡོངས་སུ་རྫོགས་པར་རྟོགས་པར་འགྱུར་ཏེ། དཔེར་ན་རྡོ་རྗེ་ཐེག་པའི་ཐབས་ལ་མཁས་པའི་རྐྱེན་ཕུན་སུམ་ཚོགས་པ་རྣམས་ཚང་བས་ཉེ་ལམ་ཟབ་མོ་སྔགས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱིས་གནས་ལུགས་ཟབ་མོ་བདེ་མྱུར་ཉིད་དུ་རྟོགས་པ་ཡོད་པ་བཞིན་ནོ། །གཉིས་པ་ལ་གཉིས། ཉན་རང་གི་སྟོང་ཉིད་རྟོགས་པར་གསུངས་པའི་ལུང་དོན་འཁྱོགས་འཁྲུལ་མེད་པར་རིགས་པས་གསལ་བར་བསྟན་པ། མཐར་ཐུག་ཐེག་གཅིག་ཏུ་གསུངས་པའི་ལུང་དོན་རང་ལ་འཐད་ཅིང་གཞན་ལ་མི་འཐད་པར་བསྟན་པའོ། །དང་པོ། རྟག་བདག་སྤངས་ཀྱང་སོགས་ཚིགས་བཅད་ལྔས་བསྟན་ཏེ། དེ་ཡང་མདོ་ལས། བདག་ཅེས་བྱ་བ་བདུད་ཀྱི་སེམས། །ཁྱོད་ནི་ལྟ་བར་གྱུར་པ་ཡིན། །འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །འདི་ལ་སེམས་ཅན་ཡོད་མ་ཡིན། །ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་ལྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམ་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་གསུངས་པ་ལྟར་བརྟེན་ནས་བཏགས་པ་ཙམ་གྱི་སྟོང་པ་ཉིད་ཁོང་དུ་མ་ཆུད་པར་ཕུང་པོ་ཉིད་ནི་ངེས་པར་ཡོད་ཀྱི་ཕུང་པོ་འདི་ལ་དབང་བྱེད་པའི་བདག་པོར་གྱུར་པའི་བདག་རྟག་གཅིག་རང་དབང་ཅན་ཕྱི་རོལ་པས་ཀུན་ཏུ་བཏགས་པའི་རྟག་བདག་དེ་འདྲ་མེད་པར་ཤེས་ནས་སྤངས་པར་གྱུར་ཀྱང་དེས་ངར་འཛིན་ཕྲ་བ་མི་སྤོང་སྟེ་འཁོར་རྩ་ལྷན་སྐྱེས་ཀྱི་བདག་འཛིན་ནམ་ངར་འཛིན་དེ་ཡིས། ཕུང་པོ་ལ་ཡུལ་དུས་ཀྱི་ཆ་མ་ཕྱེ་བར་རིལ་པོར་འཛིན་པ་ལ་བརྟེན་ནས་ངའོ་སྙམ་པའི་བློ་འཇུག་པའམ་སྐྱེ་བར་འགྱུར་བ་ཡིན་ལ། དེའི་ཕྱིར་སློབ་དཔོན་འཕགས་པས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་གསུངས་པའི་དོན་ནི་འདི་ལྟར་བདག་ངོ་བོས་གྲུབ་པ་མེད་པའི་སྟོང་ཉིད་མ་མཐོང་བར་དུ་རྟག་བདག་སྤང་ཀྱང་རུང་གདགས་གཞི་རང་རྒྱུད་ཀྱི་ཕུང་པོ་ཡོད་པར་གྱུར་ཅིང་། དེར་རིལ་པོར་འཛིན་ཅིང་ཞེན་པའི་སེམས་པ་ཡོད་པ་ཇི་སྲིད་དུ་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པའི་བདག་ཏུ་གདགས་པའི་རྒྱུ་ཚོགས་ཚང་ཞིང་གེགས་བྱེད་པ་མེད་པས་འབྲས་བུ་ངར་འཛིན་ལྷན་སྐྱེས་སམ་བདག་འཛིན་ལྷན་སྐྱེས་དེ་ནི་མི་ལྡོག་པས་ཕུང་པོར་འཛིན་པ་སྤངས་དགོས་པར་གསུངས་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། དེ་ལྟར་མེ་ལོང་བརྟེན་ནས་སུ། །རང་བཞིན་གཟུགས་བརྙན་སྣང་མོད་ཀྱི། །དེ་ནི་ཡང་དག་ཉིད་དུ་ན། །ཅུང་ཟད་ཀྱང་ནི་ཡོད་མིན་པ། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ངར་འཛིན་པ་ནི་དམིགས་པར་འགྱུར། །རང་གི་བཞིན་གྱི་གཟུགས་བརྙན་བཞིན། །ཡང་དག་ཉིད་དུ་དེ་འགའ་འང་མེད། །ཞེས་གསུངས་པའི་ཕྱིར་རོ། །གང་གི་ཕྱིར་ན་རྟག་པའི་བདག་དེ་མེད་པར་ཤེས་ནས་སྤངས་པར་གྱུར་ཀྱང་ལྷན་སྐྱེས་ཀྱི་ངར་འཛིན་སྤང་མི་ནུས་པའི་རྒྱུ་མཚན་ནི་འདི་ལྟར་གདགས་གཞིར་ཏེ་གདགས་གཞི་ཕུང་པོ་ལ་ཡུལ་དུས་ཀྱི་ཆ་མ་ཕྱེ་བར་རིལ་པོར་འཛིན་པ་ལ་བརྟེན་ནས་བཏགས་པའི་ངའམ་བདག་ཙམ་པོ་དེ་ནི་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཡིན་པས། དེ་མ་བཀག་པའི་ཕྱིར་ན་ངར་འཛིན་སྐྱེ་བ་ལ་གེགས་སུ་གྱུར་པ་བརྟེན་ནས་བཏགས་པའི་བདག་མེད་དམ་སྟོང་ཉིད་རྟོགས་པ་མེད་པས་ཡིན་པར་རིགས་པ་ཡང་དག་པས་ཀྱང་གྲུབ་པ་ཉིད་དོ། །དེས་ན་རིན་ཆེན་ཕྲེང་བ་ལས། ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་འགལ་མེ་ཡི། །དཀྱིལ་འཁོར་ལྟ་བུ་ཕན་ཚུན་དུ། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །དེ་ནི་རང་བཞིན་གཉིས་ཀ་དང་། །དུས་གསུམ་ཉིད་དུའང་མ་མཐོང་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་ཡང་། །ཞེས་སོ། །དེ་ཡི་ཕྱིར་ན་ཐར་པ་ཙམ་ལ་སྒྲིབ་པའི་ཉོན་མོངས་པ་ས་བོན་དང་བཅས་པ་སྤོང་བར་བྱེད་པ་ལ་ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པར་ཇི་ལྟ་བ་བཞིན་དུ་ངེས་པར་རྟོགས་དགོས་པ་ཡིན་ནོ། །ཞེས་འཆད་པ་དེ་དག་གིས་ནི་སློབ་དཔོན་གྱི་ལུང་འདིའི་དོན་ཇི་ལྟ་བ་བཞིན་དུ་བཀྲལ་བ་མིན་ཏེ། ལུང་དེ་ཡི་དོན་ཇི་སྐད་བཤད་པ་འདི་བཞིན་དུ་དཔལ་ལྡན་ཟླ་བས་གསལ་ཞིང་ལེགས་པར་བཀྲལ་བ་ཡིན་ཏེ། འཇུག་པ་ལས། གང་ཕྱིར་ཐུབ་པས་བདག་དེ་ས་ཆུ་མེ། །རླུང་དང་རྣམ་ཤེས་ནམ་མཁའ་ཞེས་བྱ་བ། །ཁམས་དྲུག་དང་ནི་མིག་སོགས་རེག་པ་ཡི། །རྟེན་དྲུག་དག་ལ་བརྟེན་ནས་ཉེར་བསྟན་ཞིང་། །སེམས་དང་སེམས་བྱུང་ཆོས་རྣམས་ཉེར་བཟུང་ནས། །དེས་གསུངས་དེ་ཕྱིར་དེ་ནི་དེ་རྣམས་དང་། །དེ་ཉིད་མ་ཡིན་ཚོགས་ཙམ་ཉིད་མིན་ཏེ། །དེ་ཕྱིར་ངར་འཛིན་བློས་དེ་རྣམས་ལ་མིན། །བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང་། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེ་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ། །དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱི་གནམ་པོར་གྱུར་ཉིད་དོ་ཞེས་སོ། །དེས་ན་ཉོན་མོངས་པའི་སྐྱོན་གྱི་རྩ་བ་འཁོར་རྩའི་བདག་གམ་ངར་འཛིན་ལྷན་སྐྱེས་དེ་སྤོང་དགོས་པར་ཡང་། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་བ་ཡིས་བདག་ནི་འགོག་པར་བྱེད། །ཞེས་གསུངས་སོ། །རྒྱུ་མཚན་དེ་ལྟ་བུས་ན་ཕུང་པོ་ལ་བརྟེན་ནས་བཏགས་པའི་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པའི་ང་ཙམ་མམ་བདག་དེ་དངོས་པོར་གྲུབ་པ་མེད་པའམ་སྟོང་པ་ཉིད་དུ་ཤེས་ཤིང་ཚུལ་བཞིན་དུ་སྒོམ་པར་བྱས་པས་གསལ་བར་རབ་གྱི་མཐར་ཐུག་ནས་བདག་མེད་པའི་གནས་ལུགས་མངོན་སུམ་དུ་མཐོང་བར་གྱུར་ན། ང་ཡིར་འཛིན་པ་དང་ཉོན་མོངས་པའི་སྐྱོན་རྣམས་ཀྱི་འབྱུང་གནས་སུ་གྱུར་པའི་འཁོར་བའི་རྩ་བ་ལྷན་སྐྱེས་ཀྱི་ངར་འཛིན་ཆ་དང་བཅས་པ་ཐམས་ཅད་བདག་མེད་རྟོགས་པའི་ཡེ་ཤེས་རྡོ་རྗེས་བཅོམ་ཤིང་གཏན་དུ་ལྡོག་སྟེ་ཉོན་མོངས་པ་ས་བོན་དང་བཅས་པ་རིམ་བཞིན་སྤངས་ནས་རྒྱུན་ཞུགས་ནས་དགྲ་བཅོམ་པའི་བར་ཐོབ་པར་འགྱུར་བས། རྡོ་རྗེ་གཅོད་པ་ལས་ཀྱང་། རབ་འབྱོར་འདི་ཅི་སྙམ་དུ་སེམས། རྒྱུན་དུ་ཞུགས་པ་འདི་སྙམ་དུ་བདག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ་སྙམ་དུ་སེམས་སམ། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་གང་ལའང་ཞུགས་པ་མ་མཆིས་པའི་སླད་དུ་སྟེ་དེས་ན་རྒྱུན་དུ་ཞུགས་པ་ཞེས་བགྱིའོ། །ཞེས་དང་། བཅོམ་ལྡན་འདས་གལ་ཏེ་རྒྱུན་དུ་ཞུགས་པ་དེ་འདི་སྙམ་དུ་བདག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ་སྙམ་དུ་སེམས་པར་གྱུར་ན་དེ་ཉིད་དེ་ཡི་བདག་ཏུ་འཛིན་པར་འགྱུར་བ་ལགས་སོ། །སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པར་འགྱུར་ལགས་སོ། །ཞེས་པ་ནས་འབྲས་གནས་ཕྱི་མ་གསུམ་ལའང་དེ་བཞིན་དུ་གསུངས་སོ། །དེ་བཞིན་དུ་རང་རྒྱལ་རྣམས་ཀྱང་སྲིད་པ་ཐམ་པའི་སྐབས་སུ་དུར་ཁྲོད་ཀྱི་རུས་གོང་ལ་སོགས་པའི་རྐྱེན་ལས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དགོངས་དོན་ཚུལ་བཞིན་དུ་རྟོགས་ནས་ལམ་བཞི་སྟན་ཐོག་གཅིག་ཏུ་མངོན་པར་བྱས་ཏེ་རྟེན་འབྲེལ་གྱི་རྟོགས་པ་གསལ་ཞིང་ཟབ་པས་གཟུངས་དོན་རྟོག་པ་སྤོང་བར་ཡང་གྲུབ་བོ། །དེས་ན་ཉན་རང་དེ་དག་གིས་རང་འབྲས་ཐོབ་པ་ལ་རྟོགས་རིགས་དེ་ཁོ་ནས་ཆོག་པས། དཔལ་ལྡན་ཀླུས། སྐྱེས་པ་ཤེས་པས་འཇིག་པ་ཤེས། །འཇིག་པ་ཤེས་པས་མི་རྟག་ཤེས། །མི་རྟག་ཉིད་ལ་འཇུག་ཤེས་པས། །དམ་པའི་ཆོས་ཀྱང་རྟོགས་པར་འགྱུར། །གང་དག་རྟེན་ཅིང་འབྲེལ་འབྱུང་བ། །སྐྱེ་དང་འཇིག་པ་རྣམ་སྤང་བར། །ཤེས་པར་གྱུར་པ་དེ་དག་ནི། །ལྟར་གྱུར་སྲིད་པའི་རྒྱ་མཚོ་བརྒལ། །ཞེས་དང་། འཇུག་པར་ཡང་། གང་ལ་རྟག་ཏུ་འགྲོ་རྣམས་ངར་འཛིན་བློ། །རབ་ཏུ་འབྱུང་ཞིང་དེ་ཡི་གང་ཡིན་དེར། །ང་ཡིར་འཛིན་བློ་འབྱུང་བའི་བདག་དེ་ནི། །མ་བརྟགས་གྲག་པར་གཏི་མུག་ལས་ཡིན་ནོ། །གང་ཕྱིར་བྱེད་པོ་མེད་ཅན་ལས་མེད་པ། །དེ་ཕྱིར་བདག་གི་བདག་མེད་པར་ཡོད་མིན། །དེ་ཕྱིར་བདག་དང་བདག་གིས་སྟོང་ལྟ་ཞིང་། །རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར། །ཞེས་སོ། །དེ་ལས་གཞན་ཐེག་ཆེན་ནས་བཤད་པའི་ཆོས་ཀྱི་བདག་མེད་རྫོགས་པར་རྟོགས་པ་འཕགས་པ་ཡབ་སྲས་ཀྱི་དགོངས་པར་འཆད་པ་ནི་ཤིན་ཏུ་མི་འཐད་པ་ཞིག་སྟེ་རིགས་ཚོགས་དང་འཇུག་པ་སོགས་དང་དངོས་སུ་འགལ་བའི་ཕྱིར་རོ། །དེས་ན་རང་དོན་དུ་ཞི་བདེ་ཙམ་གྱི་ཐར་པ་ཐོབ་པ་ལ་ཕུང་པོ་ལྔ་དུ་མ་དང་སྐད་ཅིག་གི་ཚུལ་གྱིས་མི་བདེན་པར་མཐོང་ནས་རྣམ་བདུན་ཤིང་རྟའི་རིགས་པས་གང་ཟག་གི་བདག་མེད་ཇི་ལྟ་བར་རྟོགས་པ་ཁོ་ནས་འགྲུབ་པས་ན་གཞན་ཕུང་སོགས་ཆོས་ཐམས་ཅད་ཐེག་ཆེན་ནས་བཤད་པ་ལྟར་སྟོང་པར་རྟོགས་མི་དགོས་དེ་དཔེར་ན་ཐག་པ་མཐོང་བ་ལ་བརྟེན་ནས་རྐྱེན་གྱི་དབང་གིས་འཁྲུལ་ཏེ་སྤྲུལ་དུ་འཛིན་པ་ལ་གདགས་གཞི་ཐག་པ་རང་ཉིད་ཇི་ལྟ་བ་བཞིན་དུ་སྟོང་པའམ་མེད་པར་མ་ཤེས་ཀྱང་སྦྲུལ་འཛིན་དེ་ནི་ཡུལ་ཐག་པ་དེའི་དཀར་ནག་ལ་སོགས་པའི་རྣམ་པ་གསལ་ནས་སྦྲུལ་དུ་འཁྲུལ་བ་སྐྱེད་པའི་ཆ་མ་གྲུབ་ཅིང་སྦྲུལ་ཉིད་མེད་པར་མངོན་སུམ་དུ་མཐོང་བས་ལྡོག་པར་འགྱུར་བ་ལྟར་དུ་ཡིན་པས་ལུང་རྣམས་ལས། འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང་མི་གཡོ་བ་འདི་ཉིད་རིག་སྟེ་ཞེས་སོགས་གསུངས་པ་བཞིན་ནོ། །གཞན་ཡང་ཉན་རང་ལ་ཆོས་ཀྱི་བདག་མེད་སྟོང་ཉིད་རྟོགས་པ་མེད་པར་རང་ལམ་གྱིས་འབྲས་བུ་མི་ཐོབ་ན། དབུ་མ་ཐེག་གསུམ་ཐུན་མོང་བའི་ལམ་དུ་འགྱུར་བ་སོགས་སྐྱོན་མང་ངོ་། །གཉིས་པ། མཐར་ནི་ངེས་པའི་སོགས་ཚིགས་བཅད་གསུམ་དང་རྐང་པ་གཅིག་གིས་བསྟན་ཏེ། ཆོས་ཐམས་ཅད་བདག་མེད་པའི་གནས་ལུགས་ཆོས་དབྱིངས་དེ་བཞིན་ཉིད་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཆེན་པོ་ཇི་ལྟ་བ་དེ་བཞིན་དུ་མཐར་ནི་ཉན་རང་དེ་དག་གིས་ཀྱང་ངེས་པར་རྟོགས་དགོས་ཏེ། མདོ་ལས། འོད་སྲུང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ན་མྱ་ངན་ལས་འདས་པ་ཡིན་ལ། དེ་ཡང་གཅིག་ཡིན་གྱི་གཉིས་དང་གསུམ་ནི་མ་ཡིན་ནོ། །ཞེས་གསུངས་པས། འཁོར་འདས་ཀྱི་བསྡུས་པའི་ཆོས་རྣམས་ཀུན་གྱི་ཆོས་དབྱིངས་དེ་བཞིན་ཉིད་ལ་རྣམ་དབྱེར་མེད་པས་གཅིག་ཡིན་ཅིང་དེ་ཉིད་སྒྲིབ་པ་ཕྲ་མོས་ཀྱང་མ་གོས་པར་ཤིན་ཏུ་གསལ་བར་མཐོང་བའི་ཡུལ་ཅན་གྱི་གཟིགས་ཚུལ་ལའང་རྣམ་དབྱེར་མེད་པར་གཅིག་ཡིན་པས་མཐར་ཐུག་ཐེག་པ་གཅིག་ཉིད་དུ་འགྲུབ་པ་ཡི་རིགས་པའི་གནད་དམ་པ་འདི་ཉིད་འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱི་སྨྲ་བ་བླ་ན་མེད་པ་སྟེ། སློབ་དཔོན་གྱིས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཀྱིར། །གཙོ་བོར་ཐེག་དབྱེར་མ་མཆིས་ཀྱང་། །ཁྱོད་ཀྱི་ཐེག་པ་གསུམ་བསྟན་པ། །སེམས་ཅན་རྣམས་ནི་བཞུགས་ཕྱིར་རོ། །ཞེས་དང་། དཔལ་ལྡན་ཟླ་བས། གང་ཕྱིར་འདི་ན་དེ་ཉིད་ཤེས་ལས་དྲི་མ་མཐའ་དག་སེལ་བ་ནི། ལྷུར་བྱེད་གཞན་མེད་ཆོས་རྣམས་དེ་ཉིད་རྣམ་འགྱུར་དབྱེ་ལའང་བསྟེན་མིན་ཞིང་། དེ་ཉིད་ཡུལ་ཅན་བློ་གྲོས་འདི་ཡང་ཐ་དད་འགྱུར་བ་མ་ཡིན་པ། དེ་ཡི་ཕྱིར་ན་ཁྱོད་འགྲོ་ལ་ཐེག་པ་མི་མཉམ་དབྱེར་མེད་བསྟན། ཞེས་ལེགས་པར་གསུངས་པ་ཡིན་ན། གལ་ཏེ་ཁྱོད་ཀྱི་འདོད་པའི་ལུགས་འདི་ལྟར་ན་རྣམ་དབྱེར་བྲལ་བའི་ཆོས་ཀྱི་དབྱིངས་དེ་ཉིད་ཉན་རང་དགྲ་བཅོམ་པ་རྣམས་ཀྱིས་སྔར་ནས་མཐོང་ཟིན་པ་ཡིན་པས་སྔར་མ་མཐོང་བར་ད་གཟོད་དེ་དག་གིས་དེ་ཉིད་མཐོང་བའི་རིགས་པ་དེ་ཡིས་མཐར་ཐུག་ཐེག་པ་གཅིག་ཏུ་ཅི་ཞིག་འགྲུབ་སྟེ་སྒྲུབ་བྱེད་མེད་པའི་དམ་བཅའ་ཙམ་དུ་འགྱུར་ཏེ། སྒྲུབ་བྱེད་མེད་ཀྱང་བསྒྲུབ་བྱ་འགྲུབ་ན་གང་ཡང་འགྲུབ་པར་འགྱུར་ལ། ཚད་མས་གྲུབ་པའི་རང་ལུགས་འདིར་ནི་གསལ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་གང་ཞིག་མཐར་ཐུག་པ་ཇི་ལྟ་བ་བཞིན་དུ་གཟིགས་པ་དེ་ཁོ་ན་ཉིད་ལ་ཡུལ་དང་ཡུལ་ཅན་གྱི་སྤྲོས་པ་སོགས་གང་ཡང་མ་གྲུབ་པས་ཆོས་དབྱིངས་དེ་བཞིན་ཉིད་ལ་རྣམ་དབྱེར་མེད་པས་གཅིག་ཅེས་སུ་གསུངས་པ་དེ་ལ་ཐེག་པ་རྣམས་མཐར་ཕྱིན་པར་གྱུར་པ་ཡིན་ཏེ། དབྱིངས་དེ་ནི་ངོ་བོས་མི་སྟོང་པས་རྟག་པ་དང་སྟོང་པ་ཕྱང་ཆད་ཀྱང་མ་ཡིན་པར་ཟུང་འཇུག་གདོད་མའི་ཆོས་ཉིད་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་ཡིན་པས་ཉན་རང་བྱང་འཕགས་ཀུན་ཀྱང་དངོས་སམ་བརྒྱུད་ནས་དེ་ལ་གཞོལ་ཞིང་འབབ་པས་མཐར་ཐུག་པར་གྱུར་པ་ལས་གཞན་གང་ཡང་མེད་པའི་གནད་ཀྱིས་དེ་ཉིད་རྟོགས་པས་མཐར་ཐུག་གཅིག་ཏུ་སྒྲུབ་པ་འདི་ཉིད་ཤིན་ཏུ་འཐད་པ་དང་བཅས་པ་ཁོ་ན་ཡིན་ནོ། །གསུམ་པ་དེས་ན་ཚུལ་འདི་སོགས་ཚིག་བཅད་གཉིས་ཀྱིས་བསྟན་ཏེ། དེས་ན་གོང་དུ་བཤད་པའི་ཚུལ་འདི་ལྟར་ལེགས་པར་རྟོགས་པར་གྱུར་ན་ངེས་པ་དོན་གྱི་བཀའ་དང་དེའི་དགོངས་འགྲེལ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་དབུ་མ་རྩ་འཇུག་ལ་སོགས་པ་དང་། རྒྱལ་ཚབ་བྱམས་པའི་གཞུང་བཟང་རྒྱན་རྣམ་གཉིས་སོགས་ནས་ཇི་སྐད་བསྟན་པ་རྣམས་ལ་ནང་འགལ་གྱི་ཉེས་ཆ་ཕྲ་བ་ཙམ་ཡང་མེད་པར་རྟོགས་པས། ཕན་ཚུན་དཔེར་ན་བུ་རམ་སྦྲང་རྩི་རོ་གཅིག་པས་སྤང་བླང་མེད་པར་ཡིད་ལ་བདེ་བར་འབབ་པ་བཞིན་དུ་གཅིག་སྤང་གཅིག་སྒྲུབ་མི་དགོས་པར་ལྷན་ཅིག་ཡི་གར་དེར་ཏེ་བདེ་བ་འཇུ་ཡི་སྟེ་དགོངས་པ་གཅིག་ཏུ་རྟོགས་པས་ཡིད་ཆེས་བདེ་བླག་ཏུ་སྐྱེ་བར་འགྱུར་གྱི། དེ་ལས་གཞན་དུ་བཀྲལ་བ་དག་ནི་དཔེར་ན་མི་འཕྲོད་པའི་ཟས་ཟོས་པས་ཁོང་སྐྲན་གསོ་མེད་དུ་གྱུར་པ་བཞིན་དུ་ངེས་པ་དོན་གྱི་མདོ་རྒྱུད་དང་དབུ་མ་རྩ་འཇུག་དང་ཤེར་ཕྱིན་སོགས་ཀྱི་དགོངས་དོན་ཕན་ཚུན་འགལ་འདུར་རྟོགས་པས་གཅིག་སྤང་གཅིག་སྒྲུབ་ཏུ་དགོས་པས་ཁོང་ན་མི་བདེའི་སྐྲན་ཆེན་པོ་ལྟ་བུས་ཤིན་ཏུ་སྤོས་པར་གྱུར་པའི་ཚེ་དེ་ལ་མདོ་རྒྱུད་བསྟན་བཅོས་ཟབ་མོའི་ལུང་དང་ཡང་དག་པའི་རིགས་པ་ཕྱོགས་རེར་མ་སོང་བ་སྣ་ཚོགས་ཀྱི་གཙག་བུ་གཅིག་རྣོ་གཉིས་རྣོ་ལྟ་བུ་བརྒྱ་ཕྲག་དུ་མ་ལྷན་ཅིག་གདེངས་ཤིང་འདེབས་པར་གཟས་པ་ལ་ཡིད་གཏིང་ནས་སྔར་ཞིང་མི་བཟོད་པའི་དབང་གིས་ཆོས་དང་གང་ཟག་ལ་ལོག་པར་ལྟ་བས་སྐུར་འདེབས་ཀྱི་ངག་གི་ཅ་ཅོ་སྣ་ཚོགས་པས་གདུང་ཞིང་ཤིན་ཏུ་ཕུང་ཁྲོལ་ཆེན་པོར་འགྱུར་བར་ངེས་པས་བག་ཡོད་པར་བྱའོ། །ངེས་པའི་མདོ་རྒྱུད་བསྟན་བཅོས་ནང་འགལ་བའི། ལུང་རིགས་བགྲོད་དཀར་འཕྱན་པའི་འཕྱང་མོ་ཉུག །འདི་ཚུལ་འདི་བཞིན་སྨྲ་བའི་རྟ་བདུན་དབང་། །ལུང་རིགས་མཁའ་ལ་རང་དབང་འབྱོར་མིན་ནམ། ཞེས་ཀྱང་སྨྲས་སོ། །དྲིས་ལན་གསུམ་པ་མཉམ་བཞག་འཛིན་སྟངས་ཡོད་མེད་གང་འཐད་ཀྱི་ལན་ལ་གསུམ། མཉམ་བཞག་འཛིན་སྟངས་མེད་པར་བཞེད་པའི་ཤན་འབྱེད་གོལ་སྒྲིབ་བསལ་བའི་གཏན་ཚིག་དང་བཅས་པ། འཛིན་སྟངས་ཡོད་མེད་གཉིས་པོ་ལམ་གྱི་སྦྱོར་དངོས་སུ་སྒྲུབ་པའི་མཉམ་བཞག་གི་འཇུག་ཚུལ་འཁྲུལ་མེད་དུ་བསྟན་པ། མཐར་ཐུག་ངེས་ཤེས་ཀྱིས་དྲངས་པའི་སྒོམ་སྟོབས་ལས་འཛིན་སྟངས་ཀུན་དང་བྲལ་བའི་མཉམ་བཞག་ཡེ་ཤེས་ཀློང་དུ་འགྱུར་ཚུལ་ལོ། །དང་པོ་ལ་གཉིས། འཛིན་སྟངས་མེད་པར་གསུང་བའི་ཡང་ལོག་གི་འདོད་ཚུལ་ངོས་བཟུང་བ། ཡང་དག་པའི་དོན་ཉིད་གསལ་བར་རྟོགས་ཕྱིར་གོལ་སྒྲིབ་ཀྱི་འཁྲུལ་ཆ་རིགས་པས་བསལ་བའོ། །དང་པོ་ལའང་གཉིས། ལེགས་པར་རྟོགས་པ་མཐའ་བྲལ་འཕགས་པའི་ཡེ་ཤེས་སུ་བསྟན་པ། ལོག་པར་རྟོག་པ་ཐ་མལ་འཁྲུལ་ཤེས་སོར་བཞག་ཏུ་བསྟན་པའོ། །དང་པོ། ལྟ་བའི་དངོས་གཞི་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ལ་གནས་ལུགས་ལྟ་བའི་དངོས་གཞི་ལ་མཉམ་པ་བཞག་སྟེ་སྐྱོང་བའི་དུས་ཁ་ཅིག་ཡོད་མེད་ལ་སོགས་པ་གང་ཅིར་ཡང་མི་འཛིན་དེ་འཛིན་དུ་མི་རུང་ངོ་ཞེས་ཟེར་བ་འདི་རིགས་པ་ཡང་དག་པས་ལེགས་པར་བརྟགས་ན་ཅིར་ཡང་མི་འཛིན་ཞེས་པའི་དོན་དེ་ཉིད་ལེགས་པར་རྟོགས་པས་ཡང་དག་པ་ཞིག་དང་ལོག་པར་རྟོག་ནས་འཁྲུལ་བར་འཕྱན་པ་ཞིག་དང་གཉིས་སུ་ཡོད་པས་དང་པོ་ནི་ཡོད་པ་དང་མེད་པ་ལ་སོགས་པ་མཐའ་བཞིའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་དབྱིངས་སྣང་སྟོང་ཟུང་འཇུག་རང་བྱུང་གི་ཡེ་ཤེས་ཚུལ་བཞིན་དུ་རྟོགས་ནས་བསམ་བརྗོད་མཐའ་དག་ལས་འདས་པ་ཡིན་ཏེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་པ་ལྟར་གཉིས་སྣང་ནུབ་པའི་འཕགས་པའི་མཉམ་བཞག་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་མདུན་ན མ་ངོས་ན་སྟོང་དང་མི་སྟོང་ཡོད་པ་དང་མེད་པ་ལ་སོགས་པའི་སྤྲོས་པ་གང་ཡང་གནས་པ་མེད་པར་མངོན་སུམ་དུ་མཐོང་བས་ཡོད་མེད་ལ་སོགས་པའི་འཛིན་སྟངས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཆུ་ལ་ཆུ་བཞག་པ་བཞིན་དུ་རང་གི་ངང་གིས་ཞིག་ནས་མེད་པར་གྱུར་བ་སྟེ། སྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་མཐོང་བ་དེ་གཞན་གྱིས་བསྙད་པར་མི་ནུས་པས་ནམ་མཁའ་དྭངས་བའི་དབྱིངས་ལ་ལྟ་བ་དང་མཚུངས་པ་ཉིད་དེ། རྒྱལ་ཡུམ་སྡུད་པ་ལས་ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བརྟགས་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་གསུངས་པ་བཞིན་ནོ། །གཉིས་པ། གཉིས་པ་དྲན་མེད་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། ཅིར་ཡང་མི་འཛིན་པའི་དོན་ལ་ལོག་པར་རྟོག་པས་གཉིས་པ་ལྟ་བའི་ངེས་ཤེས་དང་བྲལ་ནས་དྲན་མེད་ཐོ་མེ་བའི་ཚུལ་དུ་འཇོག་པར་འདོད་པ་ནི། གནས་ལུགས་མ་མཐོང་བཞིན་དུ་བྱར་མེད་དུ་འཇོག་པ་ཧ་ཤང་གི་ལུགས་དང་མཚུངས་ཏེ་འདི་ལྟར་གནས་ལུགས་སྤྲོས་བྲལ་མཉམ་པ་ཉིད་ཇི་ལྟ་བ་བཞིན་དུ་གཏན་ལ་ཕེབས་བར་མ་དཔྱད་ཅིང་མ་རྟོགས་པར་རང་གར་ཅི་ཡང་ཡིད་ལ་མི་བྱེད་དོ་ཞེས་འཛིན་སྟངས་ཀྱིས་དྲན་མེད་ཐོ་མེ་བའི་ཚུལ་དུ་རྩོལ་མེད་དུ་ཙེན་ནེར་བཞག་པ་ཡིས་ངོ་བོས་སྟོང་པའི་རང་བཞིན་ལྷག་པར་མཐོང་བས་གསལ་བའི་ཡེ་ཤེས་ཀྱི་མཁྱེན་ཆ་མེད་པར་དཔེར་ན་མཚོ་གཏིང་ཟབ་མོར་རྡོ་འཕང་བ་བཞིན་དུ་ཇི་ཡིན་འདི་ཡིན་མེད་པར་གྱུར་ནས་ཤེས་རྒྱུད་སྔར་ལས་བཟང་དུ་མི་འགྲོ་བར་ཐ་མལ་དུ་གནས་པ་ནི་ཆགས་སྡང་ལ་སོགས་པའི་གཉེན་པོར་མི་འགྱུར་ཞིང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་རྒྱུ་འབྲས་ལ་ཡིད་ཆེས་སྙིང་ནས་སྐྱེ་བ་སོགས་ལམ་རྟགས་ཀྱི་ཡོན་ཏན་གང་ཡང་མི་འབྱུང་བས་ལོག་རྟོག་འཁྲུལ་ཤེས་སོར་བཞག་ཙམ་སྟེ། ལམ་གྱི་རྣལ་འབྱོར་གང་ཡང་མིན་ནོ། །དེ་ཡང་དཔེར་ན་ཅི་ཡང་མེད་པ་འདི་ལ། དབུ་མས་སྤྲོས་པ་ཅི་ཡང་མེད་པར་རིགས་པས་མཐོང་བ་དང་གཟུགས་མེད་ཀྱིས་ཅི་ཡང་མེད་པར་མོས་པས་སྒོམ་པ་གཉིས་ཚིག་ཙམ་ཞིག་མཚུངས་ཀྱང་དོན་ལ་གཏན་ནས་མི་མཚུངས་པ་ལྟར་ཅིར་ཡང་མི་འཛིན་ཞེས་པའི་ཚིག་ཙམ་མཚུངས་པའམ་འདྲ་བ་འདི་དག་ཀྱང་དོན་ལ་རྣམ་པ་ཀུན་ཏུ་མི་མཚུངས་པས་མི་འདྲ་བ་སྟེ་མཆོག་དམན་གྱི་ཁྱད་པར་གནམ་དང་ས་བཞིན་དུ་མཆིས་ཤིང་ཤིན་ཏུ་ཐ་དད་པ་ཡིན་པས་ལེགས་པར་ཤན་འབྱེད་དགོས་སོ། །གཉིས་པ་ལ་གཉིས། ངོ་བོ་སྟོང་ཆ་ལ་གོལ་ས་བསལ་ཕྱིར་ལ་བཟླ་བའི་མན་ངག་རིགས་པས་བསྟན་པ། རང་བཞིན་རིག་ཆ་ལ་སྒྲིབ་པ་སྤོང་ཕྱིར་ཤན་འབྱེད་ཀྱི་འགགས་དོན་གནད་དུ་དྲིལ་བའོ། །དང་པོ་དེ་ལྟར་མཐའ་བཞིའི་སོགས་ཚིགས་བཅད་དགུ་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ལྟར་ཡུལ་ཆོས་ཀྱི་དབྱིངས་ཡོད་མེད་ལ་སོགས་པའི་མཐའ་བཞིའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྣང་སྟོང་ཟུང་འཇུག་མཉམ་པ་ཆེན་པོ་ལ་ཡུལ་ཅན་ཡེ་ཤེས་ཀྱིས་ཀྱང་དེ་བཞིན་དུ་མཐའ་བཞི་པོ་གང་དུའང་མི་འཛིན་པར་ཤིན་ཏུ་ཕྲ་བའི་གཉིས་སྣང་ཐམས་ཅད་ནུབ་སྟེ་གཉིས་སུ་མེད་པར་གྱུར་ན་མཐའ་བཞི་པོ་དེ་ལས་འདས་པའམ་དེ་མ་ཡིན་པའི་འཛིན་སྟངས་གཞན་ཞིག་གཏན་ནས་མེད་ཅིང་མི་སྲིད་པས་འཛིན་སྟངས་མཐའ་དག་མེད་པར་འདོད་པ་ཡིན་པས་འདི་ནི་ཅིར་ཡང་མི་འཛིན་ཞེས་པའི་དོན་ཚུལ་བཞིན་དུ་གཏན་ལ་ཕེབས་པ་ཡིན་ནོ། །དེ་ལས་གཞན་དུ་གལ་ཏེ་འཛིན་སྟངས་ཅི་ཡང་མེད་ཅེས་བརྗོད་པའི་ཚིག་དེས་དོན་དེ་ཉིད་ཡང་དག་པར་མ་རྟོགས་པས་བླུན་པོ་ཁ་ཅིག་མན་ངག་གི་གནད་མ་ལུང་རིགས་ཀྱིས་དཔྱད་པ་མེད་པར་དང་པོ་ནས་གང་དུའང་འཛིན་དུ་མི་རུང་བས་ཅིར་ཡང་མི་འཛིན་པར་ཐ་མལ་དུ་ལྷོད་པ་ཞིག་དགོས་པ་ཉིད་དོ་ཞེས་སྨྲ་བ་ནི་ཤིན་ཏུ་མི་རིགས་པས་ལོ་ཞེས་མ་རངས་པའོ། །ཇི་ལྟར་མི་འཐད་ན། ཐོག་མ་མེད་པའི་དུས་ན་འགྲོ་བ་འདི་ཀུན་ལུང་རིགས་མན་ངག་དོན་དུ་མི་གཉེར་བར་རང་གར་ཐ་མལ་དུ་ཀློད་ཤིན་ཏུ་ཆེས་པས་ཁམས་གསུམ་འཁོར་བར་གཅིག་ནས་གཅིག་ཏུ་བརྒྱུད་དེ་གཏན་དུ་འཁྱམས་པར་གྱུར་པ་འདི་ལྟར་ཡིན་ན་ད་དུང་ལྷོད་དགོས་སོ་ཞེས་བཀླགས་པའམ་བསྣན་ཏེ་བསྐུལ་དུ་ཅི་ཞིག་དགོས་ཏེ་མི་དགོས་ཤིང་བསྐུལ་ཡང་མི་རུང་ངོ་། །ཡང་གལ་ཏེ་སེམས་ཅན་དེ་དག་ལུང་རིགས་མན་ངག་དང་བྲལ་བས་གནས་ལུགས་ཀྱི་རང་ངོ་མི་ཤེས་ཤིང་མ་མཐོང་བའི་དབང་གིས་ཟོ་ཆུན་གྱི་རྒྱུན་བཞིན་དུ་འཁོར་བ་ཡིན་མོད། བདག་ཅག་གིས་ནི་གནས་ལུགས་ཟབ་མོའི་རང་གི་ངོ་བོ་ཚུལ་བཞིན་དུ་ཤེས་པས་རྟོགས་ལྡན་རྣལ་འབྱོར་གྱི་དབང་ཕྱུག་ཡིན་པས་ལྷོད་དེ་བཞག་པས་དོན་གྲུབ་བོ་ཟེར་ན། གནས་ལུགས་དོན་དམ་པའི་རང་ངོ་ཤེས་ཤིང་རྟོགས་པ་ལ་ལུང་རིགས་མན་ངག་གང་རུང་གིས་ཕྱི་ནང་གི་ཆོས་ཀུན་རང་རང་གི་ངོ་བོས་གདོད་ནས་སྟོང་པས་བདེན་པའི་སྟོང་པ་ཉིད་ཡིན་པ་ལ་ཕུ་ཐག་གཏིང་ནས་ཆོད་པ་ཞིག་ངེས་པར་དགོས་ཀྱི་དེ་ལྟ་མ་ཡིན་པར་རང་གར་འཁྲུལ་བའི་སྣང་བ་ལ་འདི་ནི་བདག་དང་འདི་ནི་གཞན་ཡིན་ནོ་ཞེས་བླུན་པོ་བ་ལང་རྫི་ཡན་ཆད་སུས་ཀྱང་བདག་ཉིད་རང་ངོ་ཤེས་པ་ཡིན་ན། དེ་ལ་འབད་པ་སྣ་ཚོགས་པས་མཉམ་པར་བཞག་སྟེ་སྒོམ་ཡང་ཅི་ཞིག་དགོས་ཏེ་སྒོམ་པ་དོན་མེད་དུ་འགྱུར་རོ། །གལ་ཏེ་དེ་ལྟར་མ་ཡིན་པར་རང་གི་སེམས་འདི་ལ་དཀར་པོ་ལ་སོགས་པ་ཁ་དོག་གི་མདོག་དང་གྲུ་བཞི་ལ་སོགས་པ་དབྱིབས་དང་དང་པོ་བྱུང་ས་བར་དུ་གནས་ས་ཐ་མ་འགྲོ་ས་ལ་བརྟག་པའི་ཚེ་དེ་དག་ཅི་ཡང་མ་མཐོང་བ་ཡིན་པས་གནས་ལུགས་སྟོང་པར་རྟོགས་པ་ཡིན་ནོ་ཞེ་ན་ཡང་འདི་ནི་འཁོར་འདས་ཀྱི་ཆོས་ཀུན་གྱི་གནས་ལུགས་གཏན་ལ་འབེབས་པའི་མན་ངག་གི་འཆད་ཚུལ་ཤིན་ཏུ་ཟབ་པའི་གནད་དམ་པ་རྟོགས་དཀའ་ལ་ཆོད་ཆེ་བ་སྟེ་འདི་ལའང་ལེགས་པར་མ་བརྟགས་ན་གོལ་ས་ཤིན་ཏུ་ཆེ་བར་སྣང་སྟེ། ཇི་ལྟར་ན་སེམས་འདི་ནི་དབྱིབས་དང་ཁ་དོག་སོགས་གཟུགས་ཅན་གྱི་དངོས་པོ་མ་ཡིན་པས་ན་མཁས་བླུན་སུས་ཀྱང་དབྱིབས་དང་མདོག་ལ་སོགས་པར་མཐོང་བ་མི་སྲིད་པས་དེ་དག་མ་མཐོང་བ། དེ་ཙམ་ལ་གནས་ལུགས་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་ངོ་འཕྲོད་པའམ་རྟོགས་པ་ཡིན་ནོ་སྙམ་ན་ཤིན་ཏུ་གོལ་བ་ཡིན་ཏེ་དཔེར་ན་ལན་གཅིག་མ་ཡིན་པར་ལན་བརྒྱར་ཡང་ནས་ཡང་དུ་བརྟགས་ཀྱང་མི་ཡི་མགོར་བ་ལང་ལ་སོགས་ཕྱུགས་ཀྱི་རྭ་ཅོ་ཡོད་པ་མིན་པས་མཐོང་བ་མི་སྲིད་ལ་རྭ་ཅོ་དེ་མ་མཐོང་བས་མིའི་མགོ་བོ་དེ་ཉིད་སྟོང་པ་ཉིད་ཡིན་པར་རྟོགས་སོ་ཞེ་ན་སྟོང་ཉིད་སུས་ཀྱང་རྟོགས་པར་སླ་བས་བླུན་པོ་བ་ལང་རྫི་ཡང་སྟོང་ཉིད་འབད་མེད་དུ་རྟོགས་ནས་གྲོལ་བར་ཐལ་བ་ལ་སོགས་པའི་སྐྱོན་དང་བཅས་པའོ། །དེས་ན་སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་ལ་བརྟེན་ནས་སེམས་ལ་དབྱིབས་དང་ཁ་དོག་བྱུང་གནས་འགྲོ་གསུམ་སོགས་ལ་བརྟགས་པའི་རིགས་པའི་དཔྱད་པ་དེས། སེམས་ཀྱི་ཆོས་ཉིད་ཆོས་དབྱིངས་དེ་བཞིན་ཉིད་ཀྱི་གནས་ལུགས་སྐྱོན་མེད་པའི་ཡང་དག་པ་ཐིག་པོ་ཞིག་མཐོང་བར་གྱུར་པ་ཡིན་ན། རང་གི་སེམས་དེ་ནི་སྣང་ཙམ་འགགས་པ་མེད་པས་སྒྱུ་མ་ལྟ་བུ་ལ་ངོ་བོ་ཡེ་སྟོང་བདེན་པ་མེད་པས་རིག་སྟོང་དབྱེར་མེད་ཆེན་པོར་གཏིང་ནས་རིག་ཅིང་རྟོགས་པར་འགྱུར་ལ། དེ་ཡི་ཚེ་རང་གི་ཐད་ཀའི་མདུན་གྱི་ནམ་མཁའ་ལ་པ་ལྟས་པས་ཅི་ཡང་མཐོང་བ་མེད་པ་བཞིན་དུ་རང་གི་སེམས་ཉིད་ཅི་ཡང་མཐོང་བ་མེད་པར་ཡེ་སྟོང་རྩ་བ་དང་བྲལ་བས་སྟོང་པ་ཡིན་བཞིན་དུ་དེ་ཉིད་རྣམ་པ་འགྱུ་བར་སྣང་བ་དང་། འགྱུ་བཞིན་པའི་རྣམ་པ་འདི་ཡང་ངོ་བོ་སྤྲོས་པ་དང་བྲལ་བའི་སྟོང་པ་ཡི་བདག་ཉིད་ཅན་དུ་ངེས་པའི་ཤེས་པ་ཐེ་ཚོམ་ཐམས་ཅད་དང་བྲལ་ནས་ཁོ་ཐག་ནང་ནས་ཆོད་ཅིང་སྟོང་རྟེན་འབྱུང་ངམ་གསལ་སྟོང་ངམ་རིག་སྟོང་གཉིས་སུ་མེད་པའི་གནས་ལུགས་ཡང་དག་པར་རྟོགས་པ་ཞིག་ངེས་པར་དགོས་པ་ཡིན་ནོ། །གཉིས་པ། ཡང་ནི་ཁྱོད་ཀྱི་སོགས་ཚིགས་བཅད་བརྒྱད་དང་རྐང་པ་གཅིག་གིས་བསྟན་ཏེ། ད་དུང་ཡང་ནི་ཁྱོད་ཉིད་ཀྱི་སེམས་ཞེས་པ་དེ་ནི་ཅི་ཡང་མེད་པ་ནམ་མཁའ་དང་འདྲ་བ་ཞིག་ཡིན་པར་འདུག་གམ་ཡང་ན་སྣ་ཚོགས་ཤེས་པ་གསལ་རིག་ཞིག་ལས་གང་ཡིན་ཟེར་ཞེས་འདྲི་ན། ཅི་ཡང་མེད་པ་ནམ་མཁའ་ལྟ་བུ་ཞིག་མ་ཡིན་པར་སྣ་ཚོགས་འཆར་བའི་ཤེས་པ་རྩེ་གཅིག་ཏུ་གནས་པའམ་སྐད་ཅིག་ཏུའང་མི་སྡོད་པས་གཡོ་ཞིང་འགྱུ་བའི་སེམས་གསལ་རིག་ཅན་འདི་སེམས་ཅན་གྱི་དངོས་པོ་སུ་ལའང་ཡོད་པའི་ཕྱིར་ན་རང་རང་སོ་སོའི་རྒྱུད་ན་དེ་འདྲའི་རིག་པའམ་ཤེས་པ་ཞིག་ཡོད་པའམ་འདུག་པར་མཁས་བླུན་སུས་ཀྱང་མཐོང་བས་དེ་ཉིད་རང་ངོ་རང་གིས་མཐོང་བ་ཡིན་པར་ངེས་པར་སྨྲ་ན། དེ་ཙམ་གྱིས་སེམས་ཀྱི་གནས་ལུགས་རིག་སྟོང་དབྱེར་མེད་སྤྲོས་པ་དང་བྲལ་བའི་ངོ་བོ་ཡང་དག་པར་མཐོང་བ་ག་ལ་ཡིན་ཏེ་མིན་ལ། གལ་ཏེ་དེ་ཙམ་མིན་པར་དེ་ནས་སེམས་གསལ་རིག་གི་ངོ་བོ་དེ་ལ་བརྟགས་པས་དབྱིབས་དང་ཁ་དོག་སོགས་མེད་པས་ཡོད་པ་མ་ཡིན་ལ་འགྱུ་བའམ་གནས་པ་གསལ་རིག་གི་ངོ་བོར་ཡོད་པས་ཕྱང་ཆད་ནམ་མཁའ་ལྟ་བུའི་མེད་པའང་མིན་པའི་སེམས་ཀྱི་ངོ་བོ་དེ་ཉིད་གནས་ལུགས་རྫོགས་པ་ཆེན་པོ་འོད་གསལ་ཆོས་ཀྱི་སྐུ་ཡིན་ལ། དེ་མཐོང་བ་ནི་འོད་གསལ་ཆོས་སྐུའི་མཐོང་བ་ཡིན་ནོ་ཞེས་ཟེར་ནས་དེ་ལྟར་མཐོང་བ་དེས་ཀྱང་འོད་གསལ་ཆོས་སྐུ་ངོ་འཕྲོད་པ་ཡིན་ནོ་ཞེས་རང་ཡང་མངོན་པར་རློམ་པ་དང་བཅས་པས་ཐུགས་དམ་དུ་མཛད་ཅིང་གཞན་ལའང་ངོ་སྤྲོད་པར་བྱེད་པ་དག་གིས་གཞི་ལམ་འབྲས་བུའི་ཆོས་ཀུན་མེད་ཅེས་སྐུར་བ་འདེབས་ཤིང་མདོ་རྒྱུད་ཀྱི་གཞུང་ལ་ཐོས་པ་སློབ་གཉེར་མང་པོ་མ་བྱས་བར་མ་ཟད་དགྲ་ལྟར་བལྟས་ཀྱང་གཅིག་ཤེས་ཀུན་གྲོལ་གྱི་འོད་གསལ་རྫོགས་པ་ཆེན་པོའི་ཡེ་ཤེས་ཆོས་ཀྱི་སྐུ་མཐོང་བའམ་ཤེས་སོ་ལོ་ཞེས་ཤིན་ཏུ་མི་འཐད་པས་མ་རངས་བའོ། །ཇི་ལྟར་མི་འཐད་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་རིག་སྟོང་ཟུང་འཇུག་འོད་གསལ་རྫོགས་པ་ཆེན་པོའི་རང་ལུགས་ཀྱི་ཆོས་སྐུའི་རང་བྱུང་གི་ཡེ་ཤེས་ནི་རིག་པ་རང་གི་ངོ་བོ་ཡེ་སྟོང་སྤྲོས་པ་དང་བྲལ་བ་ཡིན་པས་ཡོད་པ་མིན་ཞིང་རང་བཞིན་འོད་གསལ་ལྷུན་གྲུབ་གདལ་ཁྱབ་ཆེན་པོའི་ཡེ་ཤེས་ཡིན་པས་མེད་པ་མིན་ལ་དེ་གཉིས་དབྱེ་བ་མེད་པའི་ཐུགས་རྗེ་ཀུན་ཁྱབ་ཟང་ཐལ་རིག་པ་རྗེན་པ་ནི་ཡོད་མེད་ལ་སོགས་པའི་མཐའ་བཞིའི་སྤྲོས་པ་ཐམས་ཅད་དང་བྲལ་བ་བསམ་བརྗོད་ལས་འདས་པ་གཉུག་སེམས་དོན་གྱི་ཡེ་ཤེས་ཡིན་ལ། །ཁྱོད་ཀྱི་མཐོང་ཞིང་སྒོམ་པའི་སེམས་ངོ་འདི་ནི་ལེགས་པར་བརྟགས་ཤིང་དཔྱད་ན་དབྱིབས་དང་ཁ་དོག་སོགས་མེད་པས་ཡོད་པར་སྨྲ་རུ་མི་བཏུབ་ཅིང་འགྱུ་བ་གསལ་རིག་ཏུ་ཡོད་པས་མེད་པར་ཡང་ནི་སྨྲར་མེད་པ་སྟེ་དོན་དུ་གསལ་རིག་གི་ངོ་བོར་ཡོད་པ་ཡིན་པ་དང་དབྱིབས་དང་ཁ་དོག་སོགས་ཀྱི་ངོ་བོར་མེད་པ་ཡིན་པས་གཉིས་ཡིན་ནམ་སྟེ་གཉིས་ཡིན་གྱི་གཞིའམ་ཡང་ན་གསལ་རིག་གི་ངོ་བོ་མེད་པ་མིན་པ་དང་དབྱིབས་སོགས་ཀྱི་ངོ་བོར་ཡོད་པ་མིན་པས་གཉིས་ཀ་མིན་པའི་མུ་སྟེ་གཉིས་མིན་གྱི་གཞི་གང་རུང་ཞིག་ལས་རྣམ་པ་ཀུན་ཏུ་མ་འདས་པར་སེམས་དེ་ནི་ཡོད་མིན་མིད་མིན་གྱི་གཞི་རུ་ཡོད་པ་ཞིག་ཏུ་ཞེ་ལ་མཆོག་ཏུ་བརྣག་ཅིང་ཞེན་གྱིན་གདའ་བས་སེམས་ངོ་དེ་ནི་ཕྱི་རོལ་གསང་བ་པ་དག་གིས་ཡོད་མེད་ལ་སོགས་པར་བསམ་གྱིས་མི་ཁྱབ་པའི་བདག་ཆེན་པོར་འདོད་པ་དེ་དང་འདི་གཉིས་མིང་གི་རྣམ་གྲངས་མི་འདྲ་བ་ཙམ་ལས་དོན་གྱི་ངོ་བོ་ལ་འདོད་ཚུལ་ཐ་དད་པར་ཁྱད་པར་ཅི་ཡང་མེད་པ་ཉིད་དོ། །དེས་ན་གནད་ཀྱི་དོན་ལ་རང་གི་སེམས་འདི་ཉིད་དང་སེམས་དེ་ལས་གཞན་གྱི་ཆོས་སུ་སྣང་བ་འཁོར་འདས་ཀྱིས་བསྡུས་པ་ཀུན་ཀྱང་རང་རང་གི་ངོ་བོས་ཡེ་གདོད་མ་ནས་སྟོང་པས་བདེན་མེད་དུ་རྟོགས་ཤིང་ཚུལ་བཞིན་དུ་ངེས་པའི་སྟེང་དུ་འཁོར་འདས་ཀྱི་སྣང་བ་རབ་འབྱམས་མུ་མཐའ་མེད་པར་རྟེན་འབྱུང་འགགས་མེད་དུ་རང་ཤར་བས་སྟོང་དང་རྟེན་འབྱུང་དབྱེར་མེད་དམ་གསལ་སྟོང་ཟུང་དུ་འཇུག་པའི་གནས་ལུགས་ཡོད་མེད་ཡིན་མིན་ལ་སོགས་པར་སེམས་ཀྱིས་བསམ་པ་དང་ངག་གིས་བརྗོད་པ་ཐམས་ཅད་ལས་འདས་པ་མཐའ་བཞིའི་སྤྲོས་པ་མ་ལུས་པ་ཀུན་དང་བྲལ་བའི་གནད་དོན་ཟབ་མོ་ཡང་དག་པར་མཐོང་བས་ཡོད་མེད་ལ་སོགས་པའི་འཛིན་སྟངས་ཀྱི་དམིགས་གཏན་ཅི་ཡང་མེད་པའི་རིག་སྟོང་དབྱེར་མེད་ཟང་མ་ཐལ་བྱུང་ངོ་ཞེས་ཟང་ཐལ་རིག་པ་རྗེན་པ་ཡེ་གྲོལ་ཁྱབ་པ་རང་དག་གི་ངོ་བོ་མཐོང་ནས་འཛིན་སྟངས་ཅི་ཡང་མེད་པར་མཉམ་པར་བཞག་པ་ནི་ཅིར་ཡང་མི་འཛིན་པའི་དོན་ཡང་དག་པ་ཡིན་ནོ། །དེ་ལྟ་མ་ཡིན་པར་ཁྱོད་ཀྱིས་སྒོམ་པའི་སེམས་ངོ་འདི་ནི་གོང་དུ་བཤད་པ་ལྟར་ཡིན་མིན་གཉིས་དང་བྲལ་བ་ཞིག་ཡིན་ཞེས་བློ་ཡི་མདུན་ན་དམིགས་གཏད་ཀྱི་གཞི་ཞིག་འབེན་བཞིན་དུ་གནས་ཤིང་མི་འདོར་བར་འཛིན་ཏོ་ཞེས་འཛིན་སྟངས་ཡོད་བཞིན་ཅིར་ཡང་མི་འཛིན་ཞེས་ལོག་པར་རྟོག་པ་ཁོ་ནའོ། །གཉིས་པ་ལ་གཉིས། དང་པོའི་ལས་ཅན་རིམ་གྱིས་པས་ཇི་ལྟར་སྒོམ་པ་ལམ་གྱི་རིམ་པའི་གཞི་འཛུགས་པ། དེ་ལ་ནོར་འཁྲུལ་ལེགས་པར་བསལ་ཕྱིར་ཤན་འབྱེད་རིག་པའི་འཕྱོངས་བཤད་པའོ། །དང་པོ་ལ་གསུམ། ཐོག་མར་ཐོས་པའི་ཤེས་རབ་ཀྱིས་སྤྲོས་བྲལ་མེད་དགག་གི་དོན་ལ་འཛིན་སྟངས་དང་བཅས་ཏེ་ཇི་ལྟར་སྒོམ་ཚུལ། བར་དུ་བསམ་པའི་ཤེས་རབ་ཀྱི་ཟུང་འཇུག་སྤྲོས་བྲལ་ཆེན་པོའི་དོན་ལ་ངེས་པའི་འཛིན་སྟངས་དང་བཅས་ཏེ་ཡང་ཡང་མཉམ་པར་འཇོག་ཚུལ། དངོས་གཞི་བསྒོམ་པའི་ཤེས་རབ་ལ་བརྟེན་ནས་སྤྲོས་བྲལ་བློ་འདས་ཆེན་པོའི་དོན་ལ་འཛིན་སྟངས་ཀུན་བྲལ་དུ་ཇི་ལྟར་གནས་པའི་ཚུལ་ལོ། །དང་པོ། བདག་གཞན་དངོས་འཛིན་སོགས་ཚིགས་བཅད་ལྔས་བསྟན་ཏེ། འཁོར་བའི་སེམས་ཅན་མཐའ་དག་དང་པོ་རང་ཞེས་བདག་ལ་ཞེན་ཅིང་བདག་གི་འདི་ཞེས་དངོས་ལ་ཆགས་པས་བདག་དང་བདག་གི་བ་སོགས་གཞན་དུ་རྟོག་ཅིང་ཞེན་པའི་དངོས་པོར་འཛིན་པ་འདིར་བརྟེན་ནས་སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་ཆུ་བོར་ཡང་ནས་ཡང་དུ་བརྒྱུད་མར་འཇུག་ཅིང་འཁོར་བ་ཡིན་པས་ན་དངོས་འཛིན་འདི་དག་བཟློག་ཅིང་སྤོང་བར་བྱེད་པའི་གཉེན་པོ་ནི་གནས་ལུགས་བདག་མེད་པ་ཡི་དོན་ཇི་བཞིན་དུ་རྟོགས་པ་ཡིས་འཛིན་སྟངས་དོན་མཐུན་དེ་ཉིད་ཡིན་ལ། དེ་ཡང་ཡང་དག་པའི་རིགས་པའི་ལམ་གྱིས་བདག་མེད་པའི་གནས་ཚུལ་ཇི་ལྟར་ཡིན་པ་ཚུལ་བཞིན་དུ་མ་ཤེས་པར་རང་གར་བདག་མེད་པར་མོས་པས་ཏེ་མོས་པ་ཙམ་གྱིས་བདག་འཛིན་བཟློག་པ་ལ་ཅི་ཡང་མི་ཕན་ཏེ། དཔེར་ན་རྐྱེན་གྱི་དབང་གིས་ཐག་ཁྲལ་སྦྲུལ་ཉིད་དུ་འཁྲུལ་བ་ལས་འཇིགས་ཤིང་སྐྲག་པ་སྐྱེ་བ་ལ་འདི་ན་སྦྲུལ་དངོས་མེད་དོ་སྙམ་དུ་མོས་པས་འཇིགས་སྐྲག་སེལ་བ་ལ་ཅི་ཡང་མི་ཕན་ཀྱང་སྣང་བ་ལ་སོགས་པའི་རྐྱེན་ལ་བརྟེན་ནས་ཚུལ་བཞིན་བརྟགས་པས་ཐག་ཁྲ་ཙམ་ལས་སྦྲུལ་དངོས་མེད་པའི་ཡིན་ཚུལ་ཇི་བཞིན་དུ་མཐོང་བར་གྱུར་ན་སྦྲུལ་གྱི་འཇིགས་སྐྲག་རྩ་བ་ནས་སྤངས་ནུས་པ་ཇི་ལྟ་བ་དེ་བཞིན་ནོ། །དེ་ཡི་ཕྱིར་ན་རིགས་ལམ་ཡང་དག་པར་ཚུལ་བཞིན་དུ་དཔྱད་པས་དང་པོ་ཉིད་དུ་བདག་མེད་པའི་གནས་ལུགས་ཚུལ་བཞིན་དུ་རྟོགས་པར་བྱས་ནས་དེ་ནས་དཔྱད་པ་ཙམ་ཁོ་ནས་ཆོག་པར་མི་འཛིན་པའམ་དེ་ཙམ་ཉིད་དུ་མི་བཞག་པར་ཐོག་མ་མེད་པ་ནས་བདག་གཞན་དུ་རྟོགས་པའི་དངོས་ཞེན་ལ་ཤིན་ཏུ་གོམས་ཆེས་པར་དེ་ཉིད་བཟློག་པར་དཀའ་བས་ཡང་ནས་ཡང་དུ་དེའི་དངོས་གཉེན་བདག་མེད་ལྟ་བ་ངེས་ཤེས་ཀྱི་འཛིན་སྟངས་དོན་མཐུན་དང་བཅས་ཏེ་མཉམཔར་བཞག་ཅིང་སྒོམ་པ་ནི་ཤིན་ཏུ་གལ་ཆེ་བ་ཉིད་དེ། འདི་ལྟར་བདག་མེད་པའི་གནས་ལུགས་ཇི་བཞིན་པར་རྟོགས་ཤིང་གོམས་པས་འཁོར་བའི་རྩ་བ་བདག་ཏུ་ལྟ་བ་ཉིད་དྲུང་ནས་འབྱིན་ཅིང་སྤོང་བར་བྱེད་པའི་ཕྱིར་ན་བདག་མེད་ཀྱི་འཛིན་སྟངས་དོན་མཐུན་འདི་ཉིད་ཅིས་ཀྱང་དགོས་སོ་ཞེས་གནས་ལུགས་ཀྱི་དོན་ཇི་བཞིན་དུ་གཟིགས་པའི་དམ་པ་དུ་མས་ནན་ཏན་དུ་སྒྲུབ་པར་མཛད་པ་ལྟར་ཡིན་པས་གལ་ཤིན་ཏུ་ཆེ་ལ་དང་པོའི་ལས་ཅན་ནམ་རིམ་གྱིས་པའི་གང་ཟག་ལས་དང་པོ་བ་རྣམས་ཐར་ལམ་ལ་འཇུག་པའི་སྒོ་ཡང་དག་པ་གོལ་ས་དང་འཆུགས་ས་ཅུང་ཟད་ཙམ་ཡང་མེད་པ་ནི་བདག་མེད་པར་རྟོགས་པའི་འཛིན་སྟངས་དོན་མཐུན་ལ་གོམས་པ་འདི་ཁོ་ན་ཡིན་ན། ལས་དང་པོ་བ་ཉིད་ཀྱི་གནས་སྐབས་ནས་ཀྱང་དེ་ཉིད་ངེས་པར་སྤོང་ལ་རང་གར་འཇོག་པ་དགོས་ཞེས་སྨྲ་ཞིང་སྟོན་པ་འདི་ནི་ཐར་འདོད་ཀྱི་གང་ཟག་བསླུ་བའི་ཕྱིར་བདུད་ཀྱི་གསང་ཚིག་རྔམ་པོ་ཆེ་བཀྱེ་བ་ཡིན་པས་རིམ་གྱིས་པའི་གང་ཟག་ལས་དང་པོ་པས་ཉན་པར་ཡང་མི་འོས་ན་ནན་ཏན་གྱིས་ཉམས་སུ་ལེན་མི་འོས་པར་ལྟ་ཡང་ཅི་སྨོས་པས་བག་ཡོད་པར་བྱའོ། །གཉིས་པ་འཛིན་སྟངས་དེས་དྲང་སོགས་ཚིགས་བཅད་བཞིས་བསྟན་ཏེ། ཆོས་ཀུན་བདག་མེད་པའི་འཛིན་སྟངས་དོན་མཐུན་དེས་དྲང་སྟེ་འཁོར་འདས་ཀྱི་ཆོས་ཀུན་གདོད་མ་ཉིད་ནས་རང་རང་གི་ངོ་བོས་སྟོང་པས་བདེན་པས་སྟོང་པ་ཉིད་ཡིན་པ་ལ་ངེས་ཤེས་སུས་ཀྱང་མི་འཕྲོག་པ་མཆོག་ཏུ་གྱུར་པ་འདྲོངས་པའི་ཚེ་ན། ད་གདོད་གཞན་སེལ་གྱི་མེད་དགག་སྟོང་རྐྱང་ཙམ་པོ་བ་རྣམ་པར་རྟོག་པའི་གཟུགས་བརྙན་དེ་ནི་ཆོས་ཀུན་གྱི་གནས་ལུགས་མཐར་ཐུག་ཡང་དག་པ་མ་ཡིན་པས་དེར་ཡང་འཛིན་པ་མེད་པར་འཛིན་པའི་མཐའ་ཤིན་ཏུ་ཕྲ་བའང་སྤངས་ཏེ་སྒྲོ་འདོགས་སོ་གཉིས་པོ་ཐམས་ཅད་དང་བྲལ་བ་ཡི་སྤྲོས་པ་ཀུན་དང་བྲལ་བའི་སྟོང་པ་ཉིད་སྣང་སྟོང་ཟུང་འཇུག་མཉམ་ཉིད་ཆེན་པོ་དེ་ཉིད་གཏན་ལ་ཕབ་ཅིང་ཡང་དག་པར་མཉམ་པར་བཞག་སྟེ་སྒོམ་པར་བྱ་དགོས་སོ། །དེ་ལྟར་ན་ཆོས་ཀུན་གདོད་མ་ནས་མ་སྐྱེས་པར་ངོ་བོས་སྟོང་པས་བདེན་སྟོང་ཡིན་པར་ཕུ་ཐག་གཏིང་ནས་ཆོད་ཅིང་ངེས་ཤེས་མཆོག་ཏུ་གྱུར་པ་འདྲོངས་ནས་སླར་ཡང་སྟོང་པ་དེ་ཉིད་རྟེན་འབྱུང་གི་སྣང་བ་འགགས་མེད་ཉིད་དུ་རང་ཤར་བ་ཡི་ཟུང་འཇུག་གི་དོན་ལ་ངེས་ཤེས་ཡང་དག་པ་བསྐྱེད་དེ་གོམས་པར་གྱུར་པ་ལ་བརྟེན་ནས་མཐར་སྣང་བ་དང་སྟོང་པའི་ཕྱོགས་གང་དུའང་ཅིར་ཡང་མི་འཛིན་པས་སྤྲོས་བྲལ་མཉམ་པ་ཆེན་པོའི་དོན་ཇི་ལྟ་བར་རྟོགས་པར་སྨྲ་བ་དེ་ཉིད་ལ་ནི་དཔེར་ན་མེ་ཡི་ཁ་ནས་ལན་གྲངས་དུ་མར་སྦྱངས་ཤིང་དག་པའི་གསེར་བཙོ་མ་ཇི་ལྟ་བ་བཞིན་དུ་ཡིད་ཆེས་མཆོག་ཏུ་གྱུར་པ་སྐྱེ་བར་རུང་མོད་ཀྱི། དེ་ལས་གཞན་དུ་ཆེས་ཆེར་ཟབ་པའི་གནས་ལུགས་སྣང་སྟོང་དབྱེར་མེད་སྤྲོས་བྲལ་མཉམ་པ་ཆེན་པོའི་གནད་དམ་པ་འཕགས་བོད་ཀྱི་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེ་བའམ་ཆེན་པོ་རྣམས་ཀྱིས་ཡུན་རིང་པོའི་བར་དུ་བརྩོན་པ་ཆེན་པོས་འབད་དེ་རྟོགས་པར་བྱ་དགོས་པའི་དོན་ཕུལ་དུ་བྱུང་བ་དེ་ཉིད་ཀྱེ་མ་དེང་གི་དུས་སུ་བླུན་པོས་ཀྱང་འབད་མི་དགོས་པར་ཡུད་ཙམ་ཞིག་ལ་ཇི་བཞིནདུ་རྟོགས་པར་སྨྲ་བ་འདི་ལ་བདེན་ནམ་མི་བདེན་སྙམ་དུ་ཐེ་ཚོམ་གཡོ་བར་འགྱུར་བས་ཡིད་ཆེས་སྐྱེ་བར་དཀའ་བ་ཞིག་གོ། །གསུམ་པ། དངོས་གཞི་སྣང་སྲིད་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། གནས་ལུགས་ལྟ་བའི་དངོས་གཞི་མཐར་ཐུག་པ་ནི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཀུན་གདོད་མ་ནས་ཡོད་མེད་ལ་སོགས་པ་གཉིས་ཆོས་ཀྱི་སྤྲོས་པ་ཀུན་ལས་འདས་པ་དོན་གྱི་གཤིས་ལུགས་མངོན་དུ་གྱུར་པ་ཡིན་པས་དེ་ལ་ཡོད་མེད་ལ་སོགས་པའི་སྤྲོས་པ་ཅིར་ཡང་མ་གྲུབ་པ་ཡིན་ན་དེ་ལ་སྣང་སྟོང་ལ་སོགས་པ་ཕྱོགས་རེར་རྟོག་ཅིང་འཛིན་པ་ཐམས་ཅད་ནི་སྤྲོས་པ་དང་བཅས་པར་འགྱུར་ལ། དེ་ཡི་ཕྱིར་ན་མཐར་ཐུག་དཔྱོད་པའི་རིགས་པས་འཁོར་འདས་ཀྱི་ཆོས་མ་ལུས་པ་ཀུན་ལ། གཤིས་ལུགས་ཆོས་ཀྱི་དབྱིངས་བཞིན་དུ་ཡང་དག་པར་རྣམ་པར་དཔྱད་ཅིང་གཏན་ལ་དབབ་པའི་ཚེ་ཡོད་མེད་ལ་སོགས་པའི་གཉིས་ཆོས་ཀྱི་མཐའ་ཡི་སྤྲོས་པ་གང་ཅིར་ཡང་གྲུབ་པ་མ་མཐོང་བས་ཆོས་ཀྱི་དབྱིངས་སྤྲོས་བྲལ་མཉམ་པ་ཆེན་པོ་ཇི་བཞིན་དུ་གསལ་བར་མཐོང་བ་ལ་ཡུལ་ཅན་བློ་ཡིས་ཅིར་ཡང་འཛིན་པའི་སྤྲོས་པ་ཞིག་ག་ལ་སྐྱེ་སྟེ་སྐྱེ་བ་གནས་མེད་ཅིང་སྐབས་མེད་པ་ཡིན་པས་འཛིན་སྟངས་ཀུན་དང་བྲལ་བའི་མཉམ་བཞག་གི་ཡེ་ཤེས་མཐར་ཐུག་པ་གཏན་ལ་ཕེབས་པ་ཡིན་ནོ། །གཉིས་པ་ལ་གཉིས། རྟོགས་དོན་ལྟ་བའི་ཤན་འབྱེད་སྤངས་རྟོགས་ཀྱི་བོགས་སྐྱེད་ལས་དབྱེ་བར་བསྟན་པ། སྒོམ་པའི་མངོན་རྟོགས་ཀྱི་ཤན་འབྱེད་སྐྱོན་ཡོན་འཕེལ་འགྲིབ་ལས་དབྱེ་ཚུལ་བསྟན་པའོ། །དང་པོ། འོན་ཀྱང་མཐའ་བཞིའི་སོགས་ཚིགས་བཅད་ལྔ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། འཁོར་འདས་ཀྱི་ཆོས་ཀུན་གདོད་ནས་སྤྲོས་པ་ཀུན་དང་བྲལ་བས་མཐར་འཛིན་སྐྱེ་བའི་གནས་མེད་མོད། འོན་ཀྱང་སྐལ་ལྡན་འགའ་ལས་ཀུན་གྱིས་དེ་ལྟར་འབད་མེད་དུ་རྟོགས་པར་དཀའ་བས་ན་ཡོད་མེད་ལ་སོགས་པའི་མཐའ་བཞིའི་སྤྲོས་པ་ཀུན་དང་བྲལ་བའི་གནས་ལུགས་རྟོགས་པའི་ཚུལ་ནི། དང་པོ་ཐོས་བསམ་ཡང་དག་པ་ལ་བརྟེན་ནས་ཡོད་མེད་ལ་སོགས་པ་མཐའ་བཞི་སོ་སོར་དཔྱད་པའི་རིགས་པས་ཚུལ་བཞིན་དུ་དྲངས་པའི་མཐའ་བྲལ་སྣང་སྟོང་ཟུང་འཇུག་གནས་ལུགས་མཉམ་པ་ཉིད་ལ་ངེས་ཤེས་མཆོག་ཏུ་གྱུར་པ་སྐྱེས་པར་གྱུར་ན། དེ་ལ་གོམས་ཤིང་བློ་གྲོས་ལས་སུ་རུང་བ་ལས་ནི་རང་བྱུང་གདོད་མའི་གནས་ལུགས་འོད་གསལ་ཆེན་པོ་ཡང་དག་པར་མཐོང་བའི་ཤེས་རབ་ཀྱི་ལྷག་མཐོང་གི་ཡེ་ཤེས་མར་མེ་འོད་འབར་ཞིང་གསལ་བའི་བཞིན་དུ་མཆོག་ཏུ་གསལ་ཞིང་དག་པ་ཕྱིན་ཅི་མ་ལོག་པ་ཉིད་སྐྱེ་བར་འགྱུར་ལ། ལྷག་མཐོང་དེ་དང་རྣམ་པ་ཤིན་ཏུ་འགལ་བ་ཡི་ཡོད་མེད་ལ་སོགས་པའི་མཐའ་བཞིའི་སྤྲོས་པ་ལ་འཛིན་ཅིང་ཞེན་པའི་བློ་ངན་མུན་པའི་སྨག་རུམ་འཐུག་པོ་མཐའ་དག་དྲུང་ནས་འབྱིན་ཅིང་སྤོང་བར་བྱེད་པའི་གཉེན་པོ་དངོས་ནི་ལྷག་མཐོང་གི་ཡེ་ཤེས་འདི་ཁོ་ན་ཡིན་པས་ནམ་ཡང་སྒོམ་པ་ངེས་ཤེས་དང་མ་བྲལ་བ་གལ་ཆེ་བས་ངེས་ཤེས་མཆོག་ཏུ་སྐྱེ་བ་ཞིག་ངེས་པར་དགོས་ཀྱི་གཞན་དུ་མཐའ་བཞིའི་སྤྲོས་པ་ཐམས་ཅད་ཀུན་དུས་ཅིག་ཆར་ཉིད་དུ་ཁེག་ནས་མེད་པ་བློ་ལས་འདས་པའི་ཆོས་ཉིད་གཉུག་མའི་ཆོས་དབྱིངས་རིག་སྟོང་དབྱེར་མེད་བསམ་བརྗོད་ལས་འདས་པའི་ཡེ་ཤེས་དེ་ཉིད་འཆིང་བ་ཀུན་ལྡན་གྱི་སོ་སོའི་སྐྱེ་བོའི་ས་ཐ་མལ་བའི་དུས་འདི་ཉིད་ན་ཅིག་ཆར་རམ་ཅར་ཕོག་གི་ཚུལ་གྱིས་ཇི་ལྟ་བ་བཞིན་དུ་མཐོང་བར་དཀའ་བས་ན་དང་པོའི་ལམ་ཅན་རྣམས་ཀྱིས་མཐའ་བཞིའི་སྤྲོས་པ་རྣམས་རིམ་གྱིས་སམ་རེས་འཇོག་ཏུ་འགོག་པར་བྱེད་པ་འདི་ནི་ཐོས་བསམ་གྱི་སྒོ་ནས་གཏན་ལ་ཕབ་པའི་ལྟ་བའི་གནད་དོན་ཚུལ་བཞིན་དུ་སྒོམ་པའི་ལུགས་སྲོལ་རྨད་དུ་བྱུང་བ་ཡིན་པས་དེ་ལ་ཅི་ཙམ་གོམ་པ་དེ་བཞིན་དུ་ཅིར་ཡང་མ་གྲུབ་པས་མཐའ་དང་བྲལ་བའི་གནས་ལུགས་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་ཀྱི་ལྟ་བ་ལ་ངེས་ཤེས་ཟབ་མོ་ཇེ་བས་ཇེ་གསལ་དང་གོང་ནས་གོང་འཕེལ་དུ་གྱུར་ནས་ཡོད་པ་དང་མེད་པ་ལ་སོགས་པའི་ཕྱིན་ཅི་ལོག་གི་སྒྲོ་འདོགས་བཞིའམ་བརྒྱད་དམ་སོ་གཉིས་པོ་རིམ་པར་བསྣུབ་པར་བྱས་ནས་གནས་ལུགས་རྟོགས་པའི་བློ་གྲོས་ཡར་ངོའི་ཟླ་བ་ལྟ་བུར་འཕེལ་ཏེ་སྤང་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་གསར་དུ་རྒྱ་ཆེར་སྐྱེ་བར་འགྱུར་ལ། གཞན་དུ་གནས་ལུགས་ཀྱི་ལྟ་བ་ཇི་བཞིན་མ་རྟོགས་ཤིང་ངེས་ཤེས་མེད་པས་བླུན་པོས་རང་གར་ཅིར་ཡང་མི་འཛིན་པའི་སྟོང་པར་ལྟ་བས་རྒྱུ་འབྲས་དང་ཚོགས་གཉིས་སོགས་ཁྱད་དུ་གསོད་པའི་ལྟ་བ་ངན་པ་ལ་ཇི་ཙམ་གོམས་ཀྱང་ཕྱི་ནང་གི་དངོས་པོ་མཐའ་དག་གདོད་ནས་ཅིར་ཡང་མ་གྲུབ་པའི་གནས་ལུགས་སྣང་སྟོང་དབྱེར་མེད་སྤྲོས་བྲལ་མཉམ་པ་ཉིད་ལ་ངེས་ཤེས་བཟང་པོ་སྐྱེ་བ་ག་ལ་ཡོད་དེ་མེད་དོ། །དེ་མེད་པས་ལྷག་མཐོང་གི་ཡེ་ཤེས་འབྱུང་བ་གནས་མེད་ཅིང་སྐབས་མེད་པ་དེས་ན་ཡོད་མེད་ལ་སོགས་པའི་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་སྒྲིབ་པ་རྣམས་སྤོང་བར་མི་ནུས་པས་སྤང་རྟོགས་ཀྱི་ཡོན་ཏན་གང་ཅུང་ཟད་ཀྱང་སྐྱེ་བར་མི་འགྱུར་རོ། །གཉིས་པ། དེ་ཕྱིར་འདི་གཉིས་སོགས་ཚིགས་བཅད་གསུམ་དང་རྐང་པ་གཉིས་ཀྱི་བསྟན་ཏེ། དེ་ཕྱིར་མཁས་པས་ཡང་དག་པར་རྟོགས་པའི་སྒོམ་པ་དང་བླུན་པོས་ལོག་པར་རྟོག་པའི་སྒོམ་པ་འདི་གཉིས་མི་འདྲ་བའི་ཁྱད་པར་ཡང་དཔེར་ན་དུ་བའི་རྟགས་ཡང་དག་ལས་ལྐོག་གྱུར་གྱི་མེ་ཡོད་པར་དཔོག་པ་ལ་མི་འཁྲུལ་བཞིན་དུ་སྤངས་དང་རྟོགས་པའི་ཡོན་ཏན་གོང་ནས་གོང་དུ་འཕེལ་ཞིང་བོག་སྐྱེད་ཡོད་པའི་ཚུལ་གྱི་ལུས་ངག་གི་འབྲས་བུའི་རྟགས་ལས་མི་འཁྲུལ་བར་ཤེས་ནུས་ཏེ། རྒྱུ་མཚན་གང་གི་ཕྱིར་ན་བླུན་སྒོམ་ལོག་པར་རྟོག་པས་རྣམ་རྟོག་ཐ་མལ་པ་ལ་ཅི་ཙམ་སྒོམ་ཀྱང་སྤངས་དང་རྟོགས་པའི་ཡོན་ཏན་སྐྱེ་བའི་རྒྱུ་མིན་ལ། དེར་མ་ཟད་སྤང་རྟོགས་ཀྱི་ཡོན་ཏན་སྐྱེ་བའི་གེགས་སུའང་ཆེ་བ་ཡིན་པའི་ཕྱིར། དཔེར་ན་རྒྱ་ཇ་ཚགས་ལ་དྲངས་ན་སྙིང་པོ་ཟག་ཅིང་སྙིགས་མ་ལུས་པ་བཞིན་དུ་ལུང་དང་རྟོགས་པའི་ཡོན་ཏན་འགྲིབ་ཅིང་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་ཆེས་ཆེར་འཕེལ་བར་འགྱུར་བ་དང་། ཁྱད་པར་དུ་དགེ་སྡིག་རྒྱུ་འབྲས་བསླུ་མེད་ལ་ཡིད་ཆེས་ཆུང་བར་གྱུར་ནས་དགེ་སྡིག་རྒྱུ་འབྲས་ལ་མི་འཛེམས་པས་དགེ་བ་འགྲིབ་ཅིང་ཉོན་མོངས་པ་འཕེལ་བར་འགྱུར་བ་ཡིན་ལ། དེ་ལྟར་མ་ཡིན་པར་མཁས་པས་ཡང་དག་པར་རྟོགས་པའི་ལྟ་བའི་མིག་མཆོག་དང་ལྡན་ན་རང་རྒྱུད་ལ་སྔར་མེད་པའི་ཐོས་སོགས་ལུང་གི་ཡོན་ཏན་ཉམས་རྟོགས་ཀྱི་ཡོན་ཏན་གོང་འཕེལ་དུ་འབར་ཞིང་སྐྱེ་བར་འགྱུར་བ་དང་། ཁྱད་པར་དུའང་ཟབ་མོ་སྟོང་པ་ཉིད་མཐོང་བ་དེ་ཡི་ཡོན་ཏན་ལས་སྟོང་ཉིད་ཡིན་པའི་གནད་ཀྱིས་རྟེན་འབྱུང་འགགས་པ་མེད་པའི་དགེ་སྡིག་རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པ་ཉིད་ལ་སུས་ཀྱང་མི་འཕྲོག་པའི་ཡིད་ཆེས་སྐྱེ་བར་གྱུར་ནས་ལས་རྒྱུ་འབྲས་ལ་བླང་དོར་ཤིན་ཏུ་ཕྲ་བ་ནས་བགྱིད་ཅིང་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་པས་བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ངམ་ངམ་ཤུགས་ཀྱིས་སྐྱེས་ཏེ་ཚོགས་གཉིས་ཀྱི་དགེ་བ་གོང་དུ་འཕེལ་ཞིང་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་ཆུང་ཞིང་འགྲིབ་པར་འགྱུར་བ་ནི་སྟོང་ཉིད་རྟོགས་པའི་འབྲས་རྟགས་ཡང་དག་པ་ཉིད་དོ། །གསུམ་པ། དཔྱད་པས་ངེས་ཤེས་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དེ་ལྟར་ཟབ་མོའི་ལུང་གི་སྣང་བ་ལ་བརྟེན་ནས་ཡང་དག་པའི་རིགས་པས་དཔྱད་པས་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་ལ་ཐེ་ཚོམ་གྱི་སྨག་དང་བྲལ་བའི་ངེས་ཤེས་བཟང་པོ་མཆོག་ཏུ་དྲངས་པར་བྱས་པའི་ངེས་ཤེས་དེ་ཀའི་ངང་ལ་གཞན་དུ་མི་ཡེངས་བར་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་ཟབ་མོ་ལ་གོམས་པར་བྱས་ནས་མཐར་རྟོགས་པ་ཀློང་དུ་གྱུར་ནས་སྤྲོས་པ་གང་ཡང་མ་མཐོང་བས་མཚན་མའི་དམིགས་པ་ཐམས་ཅད་ཞི་ཞིང་དེ་ཉིད་གནས་ལུགས་ཚུལ་བཞིན་དུ་མཐོང་བ་དམ་པའི་དོན་དུ་གསུངས་པ་གང་དེ་ཇི་ལྟ་བར་མངོན་དུ་གྱུར་པས་མཐོང་དོན་དེ་ཡང་སྣང་སྟོང་ལ་སོགས་པ་གང་གི་ཕྱོགས་སུའང་མ་ལྷུང་བ་ཡིན་པས་སྣང་སྟོང་སོགས་ཅིར་ཡང་བློས་བཟུང་བ་མེད་མོད་ཀྱི་དེ་ལྟར་ནའང་ལྐུགས་པས་བུ་རམ་གྱི་རོ་མྱོང་བ་ན་འདི་ཞེས་སྨྲར་མི་བཏུབ་ཀྱང་རང་ལ་ཡིད་ཆེས་ཐོབ་ཏུ་ཡོད་པ་ལྟར་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་ཉིད་ཆེན་པོ་མ་མཐོང་མཐོང་བ་དམ་པའི་དོན་ལ་ཡིད་ཆེས་གསལ་བར་འབྱུང་བ་ནི། གནས་ལུགས་ལ་མཉམ་པར་བཞག་པའི་སྒོམས་པའམ་སྒོམ་པའི་རྣལ་འབྱོར་ཡང་དག་པ་ལ་བརྟེན་ནས་སྐྱེ་ཡི་རིགས་པས་དཔྱད་པ་ཁོ་ནས་དེ་ལྟར་སྐྱེ་བ་མིན་པས་ཆོས་ཉིད་ཀྱི་གནས་ལུགས་དངོས་སྒོམ་པའི་སྟོབས་ཀྱིས་རྟོགས་པར་འགྱུར་བས་ན་སྒོམ་པ་ཉིད་ལ་འབད་པར་བྱའོ། །གནས་ལུགས་དོན་ལ་མཉམ་པར་འཇོག་པ་ན། །འཛིན་སྟངས་དགོས་དང་མི་དགོས་ཆེར་སྨྲ་ཡང་། །གང་ལའང་ལེགས་པར་རྟོགས་དང་ཉེས་པར་རྟོག །ཤན་འབྱེད་བློ་གྲོས་དྲི་མེད་མཆོག་གི་དཔྱིད། །ཅེས་ཀྱང་སྨྲས་སོ། །དྲི་ལན་བཞི་པ་བསྒོམ་པ་དཔྱད་འཇོག་གང་འཐད་ཀྱི་ལན་ལ་གསུམ། ཕྱོགས་རེར་སོང་བ་གཞན་གྱི་ལུགས་མི་འཐད་པར་བསྟན་པ། གཉིས་ཀ་དགོས་པ་རང་གི་ལུགས་ལུང་རིགས་མན་ངག་གིས་སྒྲུབ་ཚུལ་བསྟན་པ། དེ་གཉིས་ཀྱི་སྐྱོན་ཡོན་ངོས་བཟུང་བའི་ཚུལ་གྱིས་དོན་བསྡུ་བའོ། །དང་པོ། ཐེག་མཆོག་ལྟ་བ་སོགས་ཚིགས་བཅད་བཞིས་བསྟན་ཏེ། ཐེག་མཆོག་ངེས་དོན་ཟབ་མོའི་ལྟ་བ་ཡང་དག་པར་བསྒོམ་པ་ལ་རིགས་པས་དཔྱད་པ་ཁོ་ནས་སྒོམ་པ་དང་མ་དཔྱད་པར་འཇོག་པའམ་བཞག་སྟེ་སྒོམ་པ་གཉིས་གང་འཐད་ཅེ་ན། ལ་ལས་ཆོས་གང་ལའང་སྟོང་མི་སྟོང་སོགས་རིགས་པས་ཅི་ཡང་མི་དཔྱད་པར་མཉམ་པར་བཞག་སྟེ་བསྒོམ་དགོས་ཀྱི་རྣམ་རྟོག་གི་དཔྱད་པས་གནས་ལུགས་ཟབ་མོའི་དོན་མཐོང་བ་ལ་བསྒྲིབས་པར་འགྱུར་བ་ཡིན་པས་ན་མ་དཔྱད་པར་རང་གར་སྤོམ་པོར་ཞོག་དང་དེ་ཁོ་ན་མན་ངག་གི་གནད་དམ་པ་ཡིན་ནོ་ཞེས་ཟེར་བ་དང་། ཡང་ལ་ལས་ཆོས་གང་ལའང་སྟོང་པ་ཉིད་དུ་རིགས་པས་དཔྱད་པ་ཁོ་ན་ཡང་ཡང་བྱེད་དགོས་ཀྱི་རིགས་པས་དཔྱད་པ་དང་བྲལ་བའི་བསྒོམ་པ་ནི་གཉིད་དུ་སོང་བ་ལྟར་ཅི་ཡིན་འདི་ཡིན་མེད་པར་བསྒོམ་པས་ཅི་ཡང་མི་ཕན་པས་དུས་ནམ་དུ་ཡང་རིགས་པས་དཔྱད་པ་ཁོ་ན་དགོས་ཀྱི་དཔྱད་པ་དང་བྲལ་བས་སྟོང་པ་ཉིད་མི་རྟོགས་སོ། །ཞེས་ཟེར་རོ། །དེ་ལ་བསྒོམ་པ་ཡང་དག་པའི་དོན་ལ་དཔྱད་པ་དང་འཇོག་པ་འདི་ཉིད་གང་རུང་ལ་མཐའ་གཅིག་ཏུ་ཞེན་ནས་ཕྱོགས་རེར་ཁོ་ནར་འཛིན་པར་སྒྲུབ་ཏུ་མི་རུང་སྟེ་སྟོང་པ་ཉིད་རིགས་པ་ཡང་དག་པས་གཏན་ལ་མ་དབབ་ཅིང་མ་དཔྱད་པ་ཡི་སྤོམ་པོར་འཇོག་པའི་བསྒོམ་པ་ཕལ་ཆེར་གྱིས་ལེགས་ན་ཞི་གནས་ཙམ་ཞིག་སྟེ་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་ཙམ་རེ་འགྲུབ་སྲིད་ཀྱང་། དེ་ལ་འབད་དེ་བསྒོམ་པས་སྟོང་པ་ཉིད་ལ་ངེས་ཤེས་ཅུང་ཟད་ཙམ་ཡང་མི་སྐྱེ་བའམ་སྐྱེ་བར་མི་འགྱུར་བས་ན། ཐར་ལམ་ཡང་དག་པ་ཉིད་མཐོང་བའི་མིག་གཅིག་པུར་གྱུར་པ་ནི་སྟོང་པ་ཉིད་ལ་ངེས་ཤེས་ལེགས་པར་སྐྱེས་པ་ཉིད་ཡིན་ན་དེ་སྤང་ནས་ལྷག་མཐོང་གི་ཡེ་ཤེས་རྒྱུད་ལ་མི་སྐྱེ་བས་ཕྱིན་ཅི་ལོག་གི་སྒྲིབ་པ་གང་ཡང་བསལ་མི་ནུས་པའི་ཕྱིར་ཐར་པ་ཙམ་ཡང་མི་ཐོབ་ལ། དེ་ཡི་ཕྱིར་དང་པོ་དཔྱད་དེ་རྟོགས་དགོས་ཀྱང་མཐར་རྟོགས་པ་ཀློང་དུ་གྱུར་པ་ནའང་དཔྱད་པས་གྲུབ་ཟིན་སྒྲུས་པ་ལ་དགོས་པ་གང་ཡང་མེད་ཅིང་འཇོག་པ་ཉིད་དུ་འཐད་པས་དེ་ལྟར་ཤན་ལེགས་པར་ཕྱེད་དེ་རྟོགས་པར་བྱ་དགོས་ཏེ། དཔེར་ན་མིག་གི་རབ་རིབ་སེལ་བའི་ཆེད་དུ་མིག་སྨན་བསྐུ་དགོས་ཀྱང་རབ་རིབ་སངས་པ་ནའང་བསྐུ་བ་དོན་མེད་པ་བཞིན་ཏེ། དཔལ་ལྡན་ཟླ་བས། སོ་སོའི་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །མི་རྟོག་རྣལ་འབྱོར་པ་ནི་གྲོལ་འགྱུར་བས། །རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་ཏེ། །རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་གསུངས། །ཞེས་སོ། །གཉིས་པ་ལ་གཉིས། སྒོམ་པ་ཡང་དག་ལ་དཔྱད་འཇོག་གཉིས་ཀ་དགོས་ཤིང་གང་ཞིག་བསྒོམ་པ་མདོ་སྔགས་ལམ་གྱི་ཟབ་དོན་མདོར་བསྟན་པ། དེ་ཉིད་གསལ་བར་མཐོང་ཕྱིར་ཐབས་དང་བསྒོམ་དོན་ཟབ་མོའི་ཚད་མའི་ལམ་དང་བརྒྱུད་པའི་བཀའ་སྲོལ་ལྟར་རྒྱས་པར་བཤད་པའོ། །དང་པོ། ཆོས་ཀྱི་རང་བཞིན་སོགས་ཚིགས་བཅད་བཅུ་གཉིས་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། ཐེག་མཆོག་ངེས་དོན་ཟབ་མོའི་བསྒོམ་པ་ཡང་དག་པ་ལ་ནི། ཐོག་མར་ཆོས་ཐམས་ཅད་ཀྱི་ནི་གནས་ལུགས་རང་བཞིན་སྟོང་པ་ཉིད་རིགས་པ་རྣམ་པར་དག་པས་ཚུལ་བཞིན་དུ་དཔྱད་ནས་གཏན་ལ་འབེབས་པ་དགོས་ཀྱི། དེ་ལྟར་མ་ཤེས་ན་གནས་ལུགས་སྟོང་ཉིད་ཟབ་མོ་ཅི་ཞིག་བསྒོམ་སྟེ་སྒོམ་དུ་མེད་ལ། སྒྲིབ་པ་སྤོང་བ་དང་རྟོགས་པའི་ཡེ་ཤེས་སྐྱེ་བ་ལ་རང་གར་ཐ་མལ་གྱི་རྣམ་རྟོག་གཅིག་ཉིད་ཡང་ནས་ཡང་དུ་སྒོམ་པར་བྱས་པས་ཅི་ལ་ཕན་ཏེ་ཐར་ལམ་གྱི་སྣང་བ་ཅུང་ཟད་ཀྱང་མི་རྙེད་པས། དཔེར་ན་མིག་གཉིས་མེད་པ་ལམ་དུ་ཞུགས་ན་ལམ་ཡང་དག་པ་མི་རྙེད་པ་བཞིན་ནོ། །དེས་ན་འདི་ལྟར་ཐོག་མ་མེད་པ་ནས་བདག་དང་གཞན་དུ་འཛིན་པས་འཁྲུལ་བའི་བག་ཆགས་ཆེས་ཆེར་གོམས་པའི་སྟོབས་ཀྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་བྲལ་སྟོང་པ་ཉིད་ལས་གོལ་ཏེ་བདག་ཏུ་ལྟ་བ་དང་མཚན་མར་ལྟ་བ་ལ་སོགས་པའི་སྒོ་ནས་ཕྱིན་ཅི་ལོག་པར་ཞེན་པར་གྱུར་པའི་དབང་གིས་དངོས་པོར་འཛིན་པ་ཨ་འཐས་སུ་སོང་བ་འདི་ལ་ཐབས་ཚུལ་ཡང་དག་པའི་རིག་པ་མི་འདྲ་བའི་སྒོ་བརྒྱ་ཕྲག་དག་གིས་འབད་དེ་དཔྱད་ཅིང་མ་བརྟགས་ན་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངོ་བོ་ཚུལ་བཞིན་དུ་རྟོགས་པར་དཀའ་སྟེ། གང་གི་ཕྱིར་ན་འཁྲུལ་བའི་སྣང་བ་ལ་དངོས་པོར་ཞེན་པ་དང་། འཁྲུལ་སྣང་སྟོང་པར་ཤེས་པས་ཡང་དག་པའི་དོན་མཐོང་བ་དག་ཕན་ཚུན་སྣང་མུན་ལྟར་འགལ་བར་གྱུར་པས་ན་ཐོག་མེད་ནས་ཆེས་ཆེར་གོམས་པའི་སྲིད་པའི་སྨག་རུམ་འཐུག་པོ་འདིར། དེ་ཁོ་ན་ཉིད་སྤྲོས་བྲལ་སྟོང་པ་ཉིད་མཐོང་བའི་སྣང་བ་ཡང་དག་པ་ཞིག་ཤིན་ཏུ་རྙེད་པར་དཀའ་བས་སོ། །འོན་ཀྱང་སྔོན་ནས་ལམ་ཡང་དག་པ་ལེགས་པར་སྤྱད་པའི་ལས་ཀྱི་འཕྲོ་བཟང་པོ་སད་ཅིང་རྒྱུད་ལེགས་པར་སྨིན་ཟིན་པའི་སྐལ་ལྡན་མཆོག་དང་། རྟོགས་ལྡན་བླ་མའི་བྱིན་རླབས་ཟབ་མོ་སྙིང་ལ་འཕོས་པ་ལས་ནི་རང་གི་སེམས་ཀྱི་བྱུང་ས་དང་གནས་ས་དང་འགྲོ་འོང་མེད་པ་ཙམ་ཡང་དག་པར་བརྟགས་ཤིང་དཔྱད་པར་བྱས་པས་ཆོས་ཀུན་གདོད་ནས་སྤྲོས་ཀུན་བྲལ་བས་བདེན་པས་སྟོང་པ་ཉིད་ལ་ངེས་ཤེས་བཟང་པོས་སུས་ཀྱང་མི་འཕྲོག་པ་སྐྱེ་ནས་གནས་ལུགས་ཇི་བཞིན་དུ་གཏན་ལ་ཕེབས་པར་གྱུར་ནས་གྲོལ་བ་ཅིག་ཅར་དུ་ཐོབ་པར་འགྱུར་བའང་སྲིད་མོད་ཀྱི་སྐལ་བ་བཟང་པོའི་གང་ཟག་དེ་འདྲ་བརྒྱ་ལམ་ན་སྲིད་མཐའ་མ་བཀག་པས་རེས་འགའ་ཙམ་སྟེ་གང་ཟག་མཆོག་དམན་མེད་པར་ཀུན་གྱིས་དེ་ལྟར་སྤྲོས་ཀུན་བྲལ་བའི་སྟོང་པ་ཉིད་རྟོགས་པར་མི་ནུས་སོ། །དེས་ན་ཐེག་མཆོག་རྫོགས་པ་ཆེན་པོའི་རང་ལུགས་ཀྱི་འཁོར་འདས་ཀྱི་ཆོས་ཀུན་ཀ་ནས་དག་པའི་སྤྲོས་བྲལ་བློ་འདས་ཆེན་པོར་ཐེ་ཚོམ་ཅུང་ཟད་ཙམ་ཡང་མེད་པར་གདར་ཤ་གཏིང་ནས་ཆོད་པར་བྱེད་པ་ལ། དབུ་མའི་མཐར་ཐུག་ཐལ་འགྱུར་བའི་ལྟ་བ་ཡེ་སྟོང་སྤྲོས་བྲལ་ཆེན་པོར་དཔྱད་པ་མཐར་ཕྱིན་པ་ཞིག་དགོས་ཏེ། ཡུལ་ཆོས་དབྱིངས་རང་གི་ངོ་བོ་སྟོང་པ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་པ་ཙམ་གྱི་ཆ་ནས་བསྐྲུན་ན་ནི་རྫོགས་ཆེན་གྱི་ཀ་དག་དང་ཐལ་འགྱུར་བའི་སྤྲོས་བྲལ་དེ་གཉིས་ལ་ཁྱད་པར་ཅི་ཡང་མེད་དོ་ཞེས་ཡུལ་ཆོས་དབྱིངས་ངོ་བོས་སྟོང་པའི་ཆ་ནས་གསུངས་པའི་ཕྱིར་རོ། །འོན་ཀྱང་ངོ་སྤྲོད་སོགས་ཀྱི་ཐབས་ཟབ་མོའི་གནད་ལས་རྟོགས་པའི་ཡེ་ཤེས་ཡང་དག་པར་སྐྱེ་བ་ལ་ནི་ཁྱད་པར་ཡོད་དེ། ངོ་བོ་སྟོང་པར་རམ་སྟོང་པ་ཕྱང་ཆད་དུ་འཛིན་ཅིང་ཞེན་པ་བཟློག་པའི་ཕྱིར་དུ་གསང་སྔགས་རྡོ་རྗེའི་ཐེག་པ་ལས་ནི་བདེ་བ་ཆེན་པོའི་ཡེ་ཤེས་སམ་འོད་གསལ་བའི་ཡེ་ཤེས་སམ་རིག་པ་རང་བྱུང་གི་ཡེ་ཤེས་འགྱུར་བ་མེད་པ་ཉིད་གསལ་བར་བསྟན་ཏེ། དེ་ལྟར་བདེ་བའི་ཡེ་ཤེས་དང་སྟོང་པའི་དབྱིངས་གཉིས་ཡེ་ནས་གཉིས་སུ་དབྱེར་མེད་པའི་ཆོས་ཀྱི་དབྱིངས་ཟུང་འཇུག་མཉམ་པ་ཆེན་པོ་ཡུལ་དང་ཡུལ་ཅན་གཉིས་སྣང་གི་འཛིན་པ་ཐམས་ཅད་དང་བྲལ་བ་ཡི་ཚུལ་གྱིས་མངོན་སུམ་དུ་ཉམས་སུ་མྱོང་བར་བྱེད་པ་ནི་རྡོ་རྗེའི་ཐེག་པ་སྤྱི་དང་མཐར་ཕྱིན་པར་རྩལ་དུ་བཏོན་པ་ནི་ཨ་ཏི་ཡོ་ག་ཁོ་ནའི་ཁྱད་ཆོས་བླ་ན་མེད་པའོ། །དེ་ཡི་ཕྱིར་དབུ་མ་ཆེན་པོའི་སྐབས་སུ་འགགས་པ་མེད་པའི་སྣང་བ་དང་། ཕྱག་རྒྱ་ཆེན་པོ་ལས་ནི། རང་བཞིན་འོད་གསལ་གྱི་ཡེ་ཤེས་དང་། རྫོགས་པ་ཆེན་པོའི་སྐབས་སུ་རིག་པ་རང་བྱུང་གི་ཡེ་ཤེས་གསུམ་དུ་བསྟན་པ་དེའང་བདེ་བ་ཆེན་པོའི་ཡེ་ཤེས་འདུས་མ་བྱས་པ་དེ་ཡི་མཚན་གྱི་རྣམ་གྲངས་ཙམ་ཡིན་དོན་གྱི་ངོ་བོ་ལ་ཐ་དད་མེད་པ་ཉིད་དོ། །དེས་ན་འགགས་པ་མེད་པའི་སྣང་ཆ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པ་གཟུགས་ཀྱི་སྐུ་འདིས་ནི་སྲིད་པ་འཁོར་བ་ཇི་སྲིད་མ་སྟོང་པ་དེ་སྲིད་དུ་གནས་སྐབས་ཀྱི་ཕན་པ་དང་མཐར་ཐུག་གི་བདེ་བ་ལ་འགོད་པའི་ཕྲིན་ལས་མཐའ་དང་བྲལ་བ་ཡིས་ཕྱོགས་དང་རིས་མེད་པའི་གདུལ་བྱ་དག་པ་དང་མ་དག་པའི་འགྲོ་བ་ཀུན་དུས་རྟག་པ་རྒྱུན་གྱི་འཁོར་ལོར་རྒུད་པ་མཐའ་དག་ཀུན་ལས་སྐྱོབས་པར་མཛད་པ་ཡིན་པས་ན་མཐར་ཐུག་གི་བདེ་བ་ཆེན་པོ་དེ་ཉིད་ཐུགས་རྗེ་ཆེན་པོའི་བདག་ཉིད་དམ་དམིགས་པ་མེད་པའི་སྙིང་རྗེའི་རང་བཞིན་ཅན་དུ་གྱུར་པ་ཉིད་ཡིན་ནོ། །དེ་ཡི་ཕྱིར་ན་རང་བཞིན་ནམ་ངོ་བོ་ཉིད་ཀྱིས་ཀྱང་སྲིད་ཞིར་ཏེ་སྲིད་ཞིའི་མཐའ་གང་དུའང་མི་གནས་པའི་སྟོང་དང་སྙིང་རྗེ་དབྱེར་མེད་དམ་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེ་བའམ་ཆེན་པོ་འདུས་མ་བྱས་པ་ཉིད་གཞི་ལ་བྲི་གང་དང་བྲལ་བར་ཇི་ལྟར་བཞུགས་པ་དེ་ལྟར་བདེ་སྟོང་ལམ་གྱི་ངོ་བོ་སྟོང་པའི་དབྱིངས་ཨེ་དང་རང་བཞིན་འོད་གསལ་བདེ་བ་ཆེན་པོ་ཡེ་ཤེས་ཝཾ་གྱིས་ཏེ་བདེ་སྟོང་ཟུང་འཇུག་གམ་དབྱེར་མེད་ཀྱི་ཡེ་ཤེས་ཀྱིས་སྒྲུབས་པས་སྙིགས་དུས་ཀྱི་ཚེ་ཐུང་འདི་ཉིད་ལ་ཡང་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕར་འབྲས་བུ་བླ་ན་མེད་པ་དེ་ཉིད་མངོན་དུ་འགྱུར་བ་ཡིན་ནོ། །དེ་ལྟར་ན་གཞི་ལམ་འབྲས་བུ་གསུམ་ཆར་ངེས་པའི་དོན་ཉིད་དུ་ན་ཐ་དད་པར་དབྱེར་མི་ཕྱེད་པའི་ཟུང་འཇུག་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཐབས་མཆོག་རྡོ་རྗེའི་ལེགས་པ་ཡི་བརྗོད་བྱ་ཟབ་མོ་མཐར་ཐུག་གི་འབྲས་བུ་དབང་བཞི་པའམ་བཞི་པའི་དབང་གི་ལམ་མཆོག་རིག་སྟོང་དབྱེར་མེད་རང་བྱུང་གི་ཡེ་ཤེས་དེ་ཉིད་རྒྱུད་གཞན་ཆེན་པོ་རྣམས་སུའང་གབ་ཅིང་སྦས་པ་ཉིད་དུ་གྱུར་ཀྱང་མ་གབ་མ་སྦས་པར་དེ་ཁོ་ན་ཤིན་ཏུ་གསལ་བར་རྩལ་དུ་བཏོན་ནས་སྟོན་པར་གྱུར་པ་ནི་ཐེག་མཆོག་འོད་གསལ་སྙིང་པོ་ཨ་ཏི་རྡོ་རྗེ་རྩེ་མོའི་རང་ལུགས་སྡེ་གསུམ་རྫོགས་པ་ཆེན་པོ་ཁོ་ནར་ངེས་པའི་ཕྱིར་ན་འདི་ནི་མཐར་ཐུག་ཐེག་པ་མ་ལུས་པའི་སྐྱེལ་སོ་ཕུལ་དང་མཆོག་ཏུ་གྱུར་པ་ཡིན་པས་གཞན་དང་ཐུན་མོང་མ་ཡིན་པའི་འབྲས་བུའི་ཐུས་ཀ་བླ་ན་མེད་པ་ཉིད་དུ་མཐོང་ནས་ཇི་བཞིན་དུ་གཏན་ལ་ཕེབས་པ་ཞིག་དགོས་སོ། །གཉིས་པ་ལ་གཉིས། གང་གིས་སྒོམས་ཤིང་རྟོགས་པ་ཐབས་མཆོག་ལམ་གྱི་ངོ་བོ་སྤྱིར་བསྟན་པ། གང་ཞིག་སྒོམ་ཞིང་རྟོགས་པ་བླ་མེད་ཐེག་མཆོག་རྒྱལ་པོའི་དགོངས་དོན་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ལ་གསུམ། ཐོག་མར་ལམ་མཆོག་ངེས་ཤེས་བཟང་པོ་འདྲེན་ཕྱིར་ཟབ་དོན་རིགས་པས་དཔྱད་དེ་ཇི་ལྟར་སྒོམ་ཚུལ། བར་དུ་ངེས་ཤེས་ཟབ་མོ་གོང་དུ་འཕེལ་ཞིང་སྒྲོ་འདོགས་སེལ་ཕྱིར་དཔྱད་འཇོག་སྤེལ་མར་བྱས་ཏེ་ལེགས་པར་སྒོམ་ཚུལ། ཐ་མར་ངེས་ཤེས་ངང་གིས་གསལ་ཞིང་འཕགས་པའི་རྟོགས་རིགས་ཐོབ་ཚེ་བཞག་ནས་སྒོམ་གྱི་དཔྱད་པ་དོན་མེད་པར་བསྟན་པའོ། །དང་པོ། ཇི་སྲིད་ངེས་ཤེས་སོགས་ཚིགས་བཅད་བདུན་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ལ་ལམ་གྱི་འདྲེན་པ་མཆོག་ཏུ་གྱུར་པ་ནི་ངེས་ཤེས་ཡིན་པས་དང་པོར་ཇི་སྲིད་གནས་ལུགས་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་ལ་ངེས་པའི་ཤེས་པ་ཐེ་ཚོམ་དང་བྲལ་བ་མ་སྐྱེས་ཀྱི་བར་དུ་ཐབས་སྣ་ཚོགས་དང་རིགས་པ་མང་པོས་ཚུལ་བཞིན་དུ་དཔྱད་པས་ངེས་ཤེས་བཟང་པོ་དྲངས་དགོས་ལ་ངེས་ཤེས་ཡང་དག་པར་སྐྱེས་བར་གྱུར་ན་ངེས་ཤེས་དེའི་ངང་དུ་གཞན་ལ་མི་ཡེངས་པར་ངེས་ཤེས་དེ་ཉིད་དང་མ་འབྲལ་བའི་ཚུལ་གྱིས་རྩེ་གཅིག་ཏུ་སྒོམ་པ་ལ་བརྩོན་པར་བྱ་ཞིང་། དེ་ལྟར་སྒོམ་པས་ངེས་ཤེས་བཟང་པོ་ཇེ་བས་ཇེ་གསལ་དུ་གྱུར་ནས་མར་མེ་འོད་གསལ་བ་ལྟ་བུའི་སྒོ་ནས་རྒྱུན་ཆད་པ་མེད་པར་གོང་ནས་གོང་དུ་འཕེལ་ན། དེ་ཁོ་ནས་ཡང་དག་པ་མིན་པར་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་གཉིས་ཆོས་ཀྱི་རྟོག་པ་ཕྲ་རགས་ཐམས་ཅད་བསྣུབ་པར་བྱེད་པ་ཡིན་པས་དེ་ཉིད་ལ་དུས་རྟག་ཏུ་བརྩོན་པ་དྲག་པོས་ནན་ཏན་གྱིས་འབད་པར་བྱ་བ་ཁོ་ན་གལ་ཆེ་ལ། ངེས་ཤེས་དེ་དང་ནམ་བྲལ་ན་ཡང་སླར་ཡང་དཔྱད་པས་དེ་ཉིད་དྲངས་བར་བྱས་ཏེ་སྒོམ་པར་བྱ་དགོས་སོ། །དེས་ན་རིམ་གྱིས་གང་ཟག་གིས་དང་པོར་ཟབ་མོའི་ལུང་གི་སྣང་བ་ལ་བརྟེན་ནས་རིགས་པ་མང་དག་པས་འཁོར་འདས་ཀྱི་ཆོས་ཀུན་སྣང་སྟོང་དབྱེར་མེད་དམ་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་དུ་གཏན་ལ་དབབ་པའི་དཔྱད་པ་ཁོ་ན་གལ་ཆེ་སྟེ། ཇི་ལྟར་ན་རང་རང་གིས་ལུང་རིགས་ཚད་མའི་དཔྱད་པ་བཟང་པོས་ཡང་ཡང་མ་དྲངས་ན་གནས་ལུགས་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་ལ་ངེས་ཤེས་བཟང་པོ་རང་གི་རྒྱུད་ལ་ག་ལ་སྐྱེ་སྟེ་སྐྱེ་མི་ནུས་ལ། ངེས་ཤེས་བཟང་པོ་དེ་ཉིད་ལེགས་པར་མ་སྐྱེས་ན་བདག་དང་གཞན་དུ་དངོས་པོར་རྟོག་པ་སོགས་ཀྱི་སྒྲོ་འདོགས་ངན་པ་སྣ་ཚོགས་པ་འདི་དག་ག་ལ་ནུབ་སྟེ་ནུབ་པར་མི་འགྱུར་ལ། སྒྲོ་འདོགས་ངན་པ་དེ་རྣམས་མ་ནུབ་ན་འཁྲུལ་བའི་གཡོ་བསྐྱེད་པས་ལས་རླུང་ངན་པ་སྣ་ཚོགས་པ་འདི་དག་ག་ལ་འགགས་ཏེ་འགགས་མི་ནུས་ལ། ལས་རླུང་ངན་པ་དེ་རྣམས་མ་འགག་ན་འཁོར་བའི་སྣང་བ་ངན་པ་སྣ་ཚོགས་པ་འདི་རྣམས་ག་ལ་སྤོང་སྟེ་སྤང་མི་ནུས་ལ། འཁོར་བའི་སྣང་བ་ངན་པ་ཇི་སྙེད་པ་འདི་རྣམས་མ་སྤང་ན་སྡུག་བསྔལ་གྱི་རྣམ་གྲངས་ངན་པ་འདི་རྣམས་ཅི་ལ་འཛད་དེ་འཛད་པར་མི་ནུས་སོ། །འོ་ན་ངེས་ཤེས་བཟང་པོ་དེ་ཅི་ལྟ་བུ་ཞེ་ན། སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པ་གཉིས་ལ་ངེས་པའི་དོན་དུ་ཡེ་ནས་བཟང་ངན་མེད་པར་མཉམ་པ་ཉིད་དུ་གནས་པ་ཡིན་པས་གནས་ལུགས་ཆོས་ཀྱི་དབྱིངས་ལ་ཁྱད་པར་ཅུང་ཟད་ཙམ་ཡང་ཡོད་པ་མ་ཡིན་པས་དེ་བཞིན་དུ་བཟང་ངན་ཅུང་ཟད་ཙམ་ཡང་མེད་པར་འཁོར་འདས་དབྱེར་མེད་སྤྲོས་བྲལ་མཉམ་པ་ཉིད་དུ་ཡང་དག་པར་རྟོགས་པ་ཡི་ངེས་ཤེས་ཐེ་ཚོམ་གྱི་སྨག་ཐམས་ཅད་དང་བྲལ་བ་ནི་བཟང་པོ་ཡིན་ལ། དེ་ལྟ་ན་ངེས་ཤེས་བཟང་པོས་འཁོར་བ་ངན་པ་འདི་ཉིད་སྤངས་ནས་མྱང་འདས་བཟང་པོ་གཞན་ཞིག་མ་སྒྲུབས་པས་སྤང་བླངས་མེད་པར་མཉམ་པ་ཉིད་དུ་རྟོགས་པ་ཡིན་ཅིང་དེ་ཡང་སྣང་ཚུལ་ལ་འཁོར་བ་སྤང་ནས་མྱང་འདས་ཐོབ་བར་སྣང་བས་ན་འཁོར་འདས་གཉིས་ལ་བཟང་ངན་མེད་པར་མཉམ་པ་ཉིད་དུ་བསྟན་པ་འདི་དང་འགལ་བ་ལྟར་སྟོན་པར་སྣང་བའི་ཚིག་གི་དོན་འདི་ཉིད་ལའང་ཅུང་ཟད་ཀྱང་མི་འགལ་བའི་གནད་དོན་ཟབ་མོ་ཡོད་དེ། འདི་ལྟར་སྣང་ཚུལ་ལ་འཁོར་འདས་སུ་སྣང་ཡང་གནས་ཚུལ་ལ་བསལ་བཞག་གམ་སྤང་བླང་མེད་པར་འཁོར་འདས་དབྱེར་མེད་མཉམ་པ་ཉིད་དུ་ལྷུན་གྱི་གྲུབ་པ་ཉིད་ནི་ལམ་གྱི་གནད་དམ་གལ་མདོ་མཆོག་ཏུ་གྱུར་པ་སྟེ། དེས་ན་ལྟ་བ་བསལ་བཞག་མེད་པར་འཁོར་འདས་དབྱེར་མེད་མཉམ་པ་ཉིད་དང་སྤྱོད་པ་བླང་དོར་བྱ་རྩོལ་དང་བྲལ་བར་གསུངས་པས་མན་ངག་གི་གནད་གསང་ཟབ་མོ་འདི་ཉིད་ལེགས་པར་དཔྱད་དེ་དོན་གྱི་རོ་མཆོག་ཟབ་མོ་ཚུལ་བཞིན་དུ་ཉམས་སུ་མྱོང་བར་གྱིས་ཤིག་ཅེས་གདམས་པར་མཛད་དོ། །གཉིས་པ་བར་དུ་དཔྱད་འཇོག་སོགས་ཚིགས་བཅད་གཉིས་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། བར་དུ་ཚུལ་བཞིན་ལེགས་པར་དཔྱད་པ་དང་དེས་དྲངས་པའི་ངེས་ཤེས་བཟང་པོའི་ངང་ལ་མཉམ་པར་འཇོག་པ་གཉིས་པོ་སྤེལ་མའི་ཚུལ་དུ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཀ་དགོས་ཏེ། དཔྱད་ན་གནས་ལུགས་སྤྲོས་བྲལ་མཉམ་པ་ཉིད་ལ་ངེས་ཤེས་བཟང་པོ་སྐྱེ་བར་འགྱུར་ཞིང་། མ་དཔྱད་པས་ཐ་མར་དངོས་པོར་འཛིན་ཅིང་ཞེེན་པར་གྱུར་པའི་ཚེ་ན་སླར་ཡང་ལེགས་པར་དཔྱད་ཅིང་དཔྱད་ཅིང་གནས་ལུགས་ཟབ་མོའི་དོན་ལ་ངེས་ཤེས་ལེགས་པར་དྲངས་ནས་ངེས་ཤེས་བཟང་པོ་ཡང་དག་པར་སྐྱེས་པར་གྱུར་ན་ངེས་ཤེས་དེ་གའི་ངང་དུ་གཞན་དུ་མ་ཡེངས་པར་རྩེ་གཅིག་ཉིད་དུ་མཉམ་པ་བཞག་སྟེ་སྒོམ་དགོས་ཏེ་གནས་ལུགས་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་ཀྱི་ངེས་ཤེས་དང་ནི་བདག་གཞན་དང་ཡོད་མེད་ལ་སོགས་པར་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་ཡིད་རྟོག་གཉིས་སྣང་མུན་ལྟར་ཕན་ཚུན་ཤིན་ཏུ་འགལ་བར་གྱུར་པ་ཉིད་ཀྱི་ཕྱིར་ན་ཟབ་མོའི་རིགས་པ་ཡང་དག་པས་དཔྱད་པས་སྒྲོ་འདོགས་ཀྱི་རྟོག་པ་ཐམས་ཅད་སུན་ཕྱུང་བར་བྱེད་པས་སྣང་སྟོང་དབྱེར་མེད་སྤྲོས་བྲལ་མཉམ་པ་ཉིད་རྟོགས་པའི་ངེས་ཤེས་བཟང་པོ་གོང་ནས་གོང་དུ་སྤེལ་བར་བྱེད་དགོས་སོ། །གསུམ་པ་ལ་གཉིས། དངོས་དང་། དེ་ལ་ལོག་རྟོག་བསལ་ཏེ་དཔྱོད་ཤེས་ཀྱི་འཛིན་སྟངས་ཀུན་དང་བྲལ་བའི་མཉམ་བཞག་ཡེ་ཤེས་ཉིད་ཐེག་ཆེན་ལམ་གྱི་དངོས་གཞི་ཐེག་པ་དང་ཆེན་པོའང་ཡིན་པར་བསྟན་པའོ། །དང་པོ། ཐ་མར་དཔྱད་པས་སོགས་ཚིགས་བཅད་གསུམ་གྱིས་བསྟན་ཏེ། ཐ་མར་རིགས་པས་དཔྱད་པས་ཡང་དང་ཡང་དུ་མ་དྲངས་ཀྱང་ངེས་ཤེས་བཟང་པོ་ངང་གིས་སྐྱེ་བར་གྱུར་པ་ན་ངེས་ཤེས་དེ་གའི་ངང་དུ་གཞན་ལ་མི་ཡེངས་པར་རྩེ་གཅིག་ཏུ་མཉམ་པ་འཇོག་ཅིང་སྒོམ་པ་ལས་སླར་ཡང་རིགས་པས་དཔྱད་པས་ལེགས་པར་གྲུབ་ཟིན་པའི་དོན་དེ་ཉིད་ཡང་དང་ཡང་དུ་བསྐྱར་ཏེ་སྒྲུབས་པས་ངལ་བ་ཅི་ཞིག་དགོས་ཏེ། དཔེར་ན་ཐག་པར་སྦྲུལ་མེད་པར་ཇི་ལྟ་བ་བཞིན་དུ་རྟོགས་པ་ན། སྦྲུལ་མེད་པར་ངེས་པའི་ངེས་ཤེས་དེ་གས་སྦྲུལ་འཛིན་ལྷག་མེད་དུ་ལྡོག་པར་གྱུར་ན་ད་དུང་ཡང་སྦྲུལ་ནི་འདིར་མེད་དོ་ཞེས་ཡང་ཡང་རིགས་པས་དཔྱད་དགོས་ཞེས་ཟེར་བ་ནི་བློ་གྲོས་བླུན་མིན་ནམ་སྟེ་བླུན་པའི་འབྲས་རྟགས་སོ། །གཞན་ཡང་འཕགས་ལམ་གྱི་རྟོགས་པ་སྤྲོས་བྲལ་མཉམ་པ་ཉིད་མངོན་སུམ་དུ་གྱུར་པའི་ཚེ་ན་ད་དུང་ཡང་རིགས་པས་དཔྱད་པས་མི་སྒོམ་ཏེ་མངོན་སུམ་དུ་རྟོགས་པ་སོ་སོ་རང་རིག་པའི་ཡེ་ཤེས་ལ་རྒྱུ་མཚན་གྱིའམ་རྟགས་ལ་བརྟེན་པའི་ཡིད་དཔྱོད་ཀྱི་གཏན་ཚིགས་སྦྱོར་བ་ཅི་ཞིག་དགོས་ཏེ་དགོས་པ་ཅི་ཡང་མེད་པས་དཔེར་ན་མངོན་སུམ་མ་འཁྲུལ་བས་མི་ཉིད་མཐོང་བ་ལ་དུ་བའི་རྟགས་སྦྱོར་བྱེད་པ་ཤིན་ཏུ་འཁྲུལ་པ་བཞིན་ནོ། །གཉིས་པ་གལ་ཏེ་དཔྱད་པས་སོགས་ཚིགས་བཅད་བཅུ་གཅིག་གིས་བསྟན་ཏེ། གོང་དུ་རིམ་པས་བསྟན་པ་དེ་ལྟར་མ་ཡིན་པར་གལ་ཏེ་རྣམ་པ་ཀུན་ཏུ་དཔྱད་པ་དང་བྲལ་བའི་ཚེ་གནས་ལུགས་དོན་དམ་བདེན་པ་ཡང་དག་པར་མཐོང་ཞིང་རྟོགས་པ་ཉིད་ནམ་ཡང་མི་འགྲུབ་པ་དེ་ལྟར་ཡིན་ན། འཕགས་པ་རྣམས་ཀྱི་མཉམ་བཞག་གི་ཡེ་ཤེས་དང་རྒྱལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་མཁྱེན་པ་དང་། གཞན་འཇིག་རྟེན་གནོད་མེད་ཀྱི་ཤེས་པ་སྟེ་འཁྲུལ་རྒྱུས་མ་བསླད་པའི་མངོན་སུམ་དེ་དང་དེ་ཡིས་རང་ཡུལ་གཟུང་བ་ཡང་དག་པ་རང་མཚན་རྣམས་ཁྱོད་ལ་ཕྱིན་ཅི་ལོག་གི་བཟུང་བ་ཉིད་དུ་ཐལ་བར་འགྱུར་ཏེ། གང་ཕྱིར་མངོན་སུམ་དེ་དག་ནི་རང་ཡུལ་ཇི་ལྟ་བ་བཞིན་དུ་རྟོགས་ཟིན་པ་ཡིན་པའི་ཕྱིར་ན་དེ་དག་ལ་རང་དུས་དེ་དང་དེ་ཉིད་ན་ཡིད་རྟོག་གིས་དཔྱད་པ་མེད་པའི་ཕྱིར་ཏེ་དཔྱད་པ་དང་བྲལ་ན་དོན་དམ་མི་རྟོགས་པར་ཁས་བླང་པས་སོ། །དེ་ཡི་ཕྱིར་ན་མཐའ་བཞིའི་སྤྲོས་པ་མ་ལུས་པ་ཀུན་དང་བྲལ་བ་ཟུང་འཇུག་མཉམ་པ་ཉིད་ཇི་བཞིན་དུ་རྟོགས་པ་ཡི་ངེས་ཤེས་ཤིན་ཏུ་གསལ་བ་ཁྱད་པར་ཅན་གྱི་ངོར་ནི། འདི་དང་འདིའོ་སོགས་སུ་སྙམ་པ་ཡི་དམིགས་གཏད་ཀྱི་དཔྱོད་པ་ཤིན་ཏུ་ཕྲ་བ་ཡང་གནས་དང་སྐབས་མི་ཐོབ་པས་དམིགས་གཏད་ཐམས་ཅད་དང་བྲལ་བ་ཡིན་ནོ། །གང་གི་ཚེ་ཡིད་རྟོག་གི་དཔྱོད་པས་སྟོང་དང་མི་སྟོང་ལ་སོགས་པར་འཛིན་པའི་མཚན་འཛིན་དེས་དཔེར་ན། དར་གྱི་སྲིན་བུ་རྣམས་ཀྱིས་རང་གིས་རང་ཉིད་བཅིངས་པ་ཇི་ལྟ་བ་བཞིན་དུ་ཡིད་རྟོག་གིས་དཔྱོད་པའི་འཛིན་པ་དེ་ཡིས་གནས་ལུགས་འཛིན་སྟངས་ཐམས་ཅད་དང་བྲལ་བའི་མཉམ་བཞག་ཡེ་ཤེས་དེ་བཅིངས་ཏེ་སྒྲིབ་པར་བྱས་ནས་གནས་ཚུལ་ཡང་དག་པའི་དོན་ཇི་ལྟ་བ་བཞིན་དུ་མི་མཐོང་བར་འགྱུར་རོ། །དེས་ན་སྤྲོས་བྲལ་མཉམ་པ་ཉིད་ཀྱི་ངེས་ཤེས་ཁྱད་པར་ཅན་སྐྱེས་པ་འདིས་ནི་ཡིན་ལུགས་སམ་གནས་ལུགས་ལ་སྒྲིབ་པའི་སྒྲོ་འདོགས་ཀྱི་སྨག་ཐམས་ཅད་བསལ་བའི་ཚེ་ན་ཆོས་ཀྱི་དབྱིངས་རང་བྱུང་གཉུག་མ་དོན་གྱི་ཡེ་ཤེས་འོད་གསལ་བའི་ངང་མདངས་དེ་ཉིད་མ་ནོར་བར་ཇི་ལྟ་བ་བཞིན་དུ་མཐོང་བ་གང་ཡིན་པ་དེ་ནི་གཉིས་སྣང་ཐམས་ཅད་དང་བྲལ་བའི་འཕགས་པའི་མཉམ་བཞག་སོ་སོ་རང་གིའམ་རང་རིག་པའི་ཡེ་ཤེས་ཡིན་ཏེ། དེ་ནི་སེམས་བྱུང་ཤེས་རབ་གཟུང་འཛིན་ཅན་དེ་དག་ག་ལ་ཡིན་ཏེ་མིན་ནོ། །འོ་ན་དེ་གཉིས་ཀྱི་ཁྱད་པར་ཅི་ཞེ་ན་སེམས་བྱུང་ཤེས་རབ་ཀྱིས་རང་ཡུལ་རྣམས་ལ་འདི་ནི་འདིའོ་ཞེས་སོགས་སོ་སོར་རྣམ་པར་འགྱེད་ཅིང་དེ་དང་དེ་ལ་དམིགས་ཤིང་རྟོགས་པ་ཡིན་ལ། གང་ཕྱིར་གཟུགས་ལ་སོགས་པའི་ཡུལ་དང་དེ་དང་དེར་འཛིན་པའི་ཡུལ་ཅན་དང་སྣང་བ་དང་སྟོང་པ་རེ་རེ་གང་དུ་ཡང་མི་དམིགས་པའམ་མི་རྟོག་པར་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་དུ་རྟོགས་པས་འཕགས་པའི་མཉམ་བཞག་གི་ཡེ་ཤེས་འདི་ནི་སེམས་དང་སེམས་ལས་བྱུང་བ་ཡི་མཚན་ཉིད་གཟུང་འཛིན་ཅན་དུ་རྣམ་པ་ཀུན་ཏུ་གནས་པ་མ་ཡིན་ཏེ་ཞེས་མདོར་ན་འཛིན་སྟངས་ཡོད་མེད་ཀྱི་ཁྱད་པར་ཅན་དུ་རྟོགས་པར་བྱའོ། །དེ་ཕྱིར་ཡང་དག་པའི་དཔྱད་པས་ལེགས་པར་དྲངས་པ་ཡི་སྤྲོས་ཀུན་བྲལ་བའི་མཉམ་པ་ཉིད་ལ་ངེས་ཤེས་མཆོག་ཏུ་གྱུར་པ་འདྲོངས་ནས། དེ་ལ་མཉམ་པར་བཞག་པའི་ཤེས་རབ་རྣམ་པར་དག་པ་དྲི་མ་མེད་པའི་རྒྱུས་སམ་རྒྱུ་དེས་འབྲས་བུ་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་རྟོགས་པའི་ཡེ་ཤེས་དངོས་ཉིད་ཐོབ་པར་འགྱུར་རོ། །དེས་ན་གནས་ཚུལ་ལམ་གནས་ལུགས་ཀྱི་ལྟ་བ་ཇི་བཞིན་དུ་གཏན་ལ་ཕབ་པར་བྱེད་པ་དང་། ངེས་པའི་གྲུབ་མཐའ་ཕྱིན་ཅི་མ་ལོག་པ་སྒྲུབ་པར་བྱེད་པ་ནི་ཆོས་རྣམས་ལ་རང་མཚན་དང་སྤྱི་མཚན་ངོ་བོ་དང་རང་བཞིན་སྣང་བ་དང་སྟོང་པ་ཡོད་པ་དང་མེད་པ་ལ་སོགས་པར་གཏན་ལ་འབེབས་ཤིང་ཤན་འབྱེད་པར་བྱེད་པའི་སོ་སོར་ཡང་དག་པར་རྟོགས་པ་ཡི་ཤེས་རབ་འཁྲུལ་བའི་དྲི་མ་མེད་པའི་ཚད་མ་ཉིད་ཡིན་ལ། གནས་ལུགས་མཉམ་པ་ཉིད་ཀྱི་དོན་ལ་ཤེས་རབ་དྲི་མ་མེད་པ་དེས་ལེགས་པར་དྲངས་པའི་ངེས་ཤེས་ཁྱད་པར་ཅན་གྱི་ལམ་ཡང་དག་པར་སྒོམ་པ་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་ཡིན་ལུགས་སམ་གནས་ལུགས་ཆོས་ཀྱི་དབྱིངས་གཉུག་མ་དོན་གྱི་འོད་གསལ་བའི་གཤིས་སུ་ཕེབས་པའམ་སོན་པའི་འཕགས་པའི་མཉམ་བཞག་གཉིས་སྣང་ཐམས་ཅད་ནུབ་པའི་ཡེ་ཤེས་གང་ཡིན་པ་དེ་ནི་ངེས་དོན་ཐེག་པ་ཆེན་པོའི་ལམ་གྱི་དངོས་གཞི་ཡང་དག་པ་ཉིད་དོ། །འདི་དང་ཡང་དག་པར་ལྡན་ན་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྙིགས་དུས་ཀྱི་ཚེ་ལུས་འདིར་བདེ་མྱུར་དུ་སྟེར་བའི་ཕྱིར་ན་འདི་ཉིད་ཐེག་པའི་ནང་ནས་ཐེག་པ་བླ་ན་མེད་པ་ཡིན་ལ། དེ་དང་མཉམ་པ་གཞན་མེད་པས་མཆོག་དང་ཆེན་པོའང་ཡིན་ནོ། །གཉིས་པ་ལ་གསུམ། ཐེག་མཆོག་རྫོགས་པ་ཆེན་པོའི་ལུགས་ཀྱི་ཟབ་ཅིང་རྒྱ་ཆེ་བའི་རང་བྱུང་རིག་པའི་ཡེ་ཤེས་གསལ་བར་བསྟན་པ། དེ་ཉིད་ཀུན་གྱི་འབྱུང་གནས་སུ་གྱུར་པས་སྒྲུབ་བརྒྱུད་གཞན་གྱི་བསྟན་དོན་མཐར་ཐུག་ཐམས་ཅད་རྫོགས་ཆེན་སེམས་སྡེའི་མན་ངག་ཏུ་མཉམ་ཞིང་དབྱེ་བ་མེད་ཚུལ། ཡེ་ཤེས་དེ་ཉིད་སོ་སོའི་སྐྱེ་བོའི་ས་ནས་ཀྱང་རྗེས་མཐུན་པར་སྒོམ་དུ་ཡོད་པར་བསྟན་པའོ། །དང་པོ་ལ་གཉིས། གཉིས་མེད་རྒྱུད་སྡེའི་དགོངས་དོན་རྒྱ་ཆེ་བ་བཀའ་མའི་ལུགས་ཀྱི་དབང་བཞི་པའི་ཡེ་ཤེས་འཁྲུལ་མེད་ཚད་མའི་ལམ་ནས་སྤྱིར་སྒྲུབས་པ། མན་ངག་ཐིག་ལེ་གསང་སྐོར་གྱི་དགོངས་དོན་ཟབ་མོ་གཏེར་མའི་ལུགས་ཀྱི་ཐུན་མོང་མིན་པའི་ཡེ་ཤེས་ཇི་ལྟར་སྒྲུབས་ཚུལ་ཁྱད་པར་དུ་བསྟན་པའོ། །དང་པོ། རྒྱུད་སྡེ་བཞི་ཡི་སོགས་ཚིགས་བཅད་ལྔ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། ཚུལ་དེ་ལྟར་ན་གསང་སྔགས་ཀྱི་རྒྱུད་སྡེ་དེ་ལ་བྱ་སྤྱོད་རྣལ་འབྱོར། རྣལ་འབྱོར་བླ་མེད་དང་བཞི་རུ་དབྱེ་བ་ཡི་ལུགས་ལྟར་ན་ཡང་བླ་ན་མེད་པའི་རྒྱུད་རྣམས་ཀྱི་ཚིག་དབང་སྟེ་དབང་བཞི་པའི་ལམ་གྱི་དངོས་གཞི་འདི་ནི་དོན་གྱི་འོད་གསལ་ཟུང་འཇུག་གི་ཡེ་ཤེས་མཐར་ཐུག་པ་ཡིན་མོད་རྒྱུད་གང་ལས་དེ་ཉིད་རྩལ་དུ་བཏོན་ནས་བསྟན་པ་ཙམ་གྱི་སྒོ་ནས་རྒྱུད་དེ་ལོགས་སུ་ཐེག་པའི་རྩེ་མོ་གཞན་ཞིག་ཡིན་པར་མ་བཞག་ཀྱང་དོན་ལ་གནས་པས་བཞག་དགོས་ཏེ་དཔེར་ན་འཁོར་འདས་ཀྱི་ཆོས་ཀུན་མཉམ་ཉིད་ཀྱི་ཡེ་ཤེས་འགྱུར་མེད་བདེ་བ་ཆེན་པོའི་སྐུ་ཉིད་རྩལ་དུ་བཏོན་ནས་གསལ་བར་འཆད་པ་ཡི་གཉིས་མེད་ཀྱི་རྒྱུད་མཆོག་དཔལ་ལྡན་དུས་ཀྱི་འཁོར་ལོ་ཉིད་ལ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོའམ་མཐར་ཐུག་ཡིན་པར་བཞེད་ཅིང་བཞག་པ་བཞིན་དུ་རྒྱུད་ཀྱི་མཐར་ཐུག་དང་ཐེག་པའི་རྩེ་མོར་ལོགས་སུ་འཇོག་དགོས་སོ། །དེས་ན་གསང་སྔགས་བླ་ན་མེད་པའི་ནང་གི་རྒྱུད་སྡེའི་མ་ཧཱ་ཨ་ནུ་ཨ་ཏི་སྟེ་གསང་མཆོག་ཡོ་ག་གསུམ་གྱི་ནང་ནས་ཀྱང་དབང་བཞིའི་ཞེས་དབང་བཞི་པ་ཚིག་དབང་རིན་པོ་ཆེའི་ལམ་གྱི་ཡེ་ཤེས་རིག་སྟོང་རང་བྱུང་ཡེ་ཤེས་ཟུང་འཇུག་འདུས་མ་བྱས་གང་ཉིད་མ་གབ་མ་སྦས་པར་རྩལ་དུ་བཏོན་ནས་ཤིན་ཏུ་གསལ་བར་བསྟན་ཅིང་འཆད་པ་ཐེག་མཆོག་ཨ་ཏི་ཡོ་གའི་སེམས་ཕྱོགས་ཀྱི་རྒྱུད་སྡེ་ཆེན་པོ་འདི་རྣམས་ནི། རྒྱུད་སྡེ་བླ་ན་མེད་པ་ཀུན་གྱི་མཐར་ཐུག་གི་དགོངས་པའི་མཐིལ་དང་སྐྱེལ་སོ་དམ་པ་ཡིན་ཏེ། དཔེར་ན་ལན་གྲངས་བཅུ་དྲུག་གི་བར་དུ་བཞུས་པའི་གསེར་བཙོ་མ་ཤིན་ཏུ་རྣམ་པར་དག་པ་དེ་བཞིན་དུ་འོག་མའི་ཐེག་པ་གཞན་ཀུན་གྱི་གྲུབ་མཐའ་ལུང་རིགས་མན་ངག་གིས་དཔྱད་པ་ཡིས་ཇེ་བས་ཇེ་དག་གམ་ཇེ་གསལ་དུ་བསྟན་པས་རིག་སྟོང་དབྱེར་མེད་རང་བྱུང་གི་ཡེ་ཤེས་ཇི་བཞིན་པ་ཉིད་ཨ་ཏི་ཡོ་གའི་རྒྱུད་འདིར་ཡང་དག་པར་མཐར་ཕྱིན་པ་ཁོ་ན་ཡིན་པས་འདི་ནི་རྒྱུད་ཐམས་ཅད་ཀྱི་མཐར་ཐུག་དང་ཐེག་པ་ཐམས་ཅད་ཀྱི་རྩེ་མོར་ལེགས་པ་གྲུབ་པ་ཡིན་ནོ། །དེ་ཕྱིར་ཟབ་མོའི་ཤེས་རབ་དྲི་མེད་ཀྱི་ཚད་མས་རིག་སྟོང་ཟུང་འཇུག་རང་བྱུང་གི་ཡེ་ཤེས་འོད་གསལ་འདུས་མ་བྱས་པ་འདི་ཡི་དོན་ཉིད་ཡང་དག་པ་གྲུབ་པའི་ཚུལ་ནི། བཀྲ་ཤིས་དུས་ཚོད་འཛིན་པ་ཁུ་བྱུག་གི་རྒྱུད་དང་། ཡོན་ཏན་རྩལ་ཆེན་རྫོགས་པའི་རྒྱུད་ལ་སོགས་པ་བཟླ་བ་རྒྱལ་པོའི་སྐར་དང་། ནམ་མཁའ་ཀློང་ཡངས་ཡེ་ཤེས་གཏིང་རྫོགས། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་སོགས་ཤན་འབྱེད་པ་བྲམ་ཟེའི་སྐོར་དང་། གབ་པ་འཁོར་ལོའི་སྐོར། རིག་པ་གནད་ལ་འབེབས་པ་སྒོམ་པའི་སྐོར། ཆོས་ཉིད་མ་བུ་སྤྲད་པ་རྫོང་ཕྲེང་གི་སྐོར། ལྟ་བ་མཐའ་དབུས་མེད་པར་སྟོན་པ་ཀུན་བྱེད་རྒྱལ་པོ་ལ་སོགས་པ་རྒྱུད་ཐ་མའི་སྐོར་སོགས་རང་གྲོལ་མངོན་སུམ་སྟོན་པ་མན་ངག་གི་སྐོར་གྱི་རྒྱུད་སྡེ་རྣམས་དང་། དེ་དག་གི་དགོངས་པ་འགྲེལ་པའང་འཕགས་ཡུལ་དུ་ཡང་སྤྲུལ་དགའ་རབ་རྡོ་རྗེས་ལ་ཤན་ལྟ་བའི་མེ་ལོང་། པྲ་ཁྲིད་ཉམས་རིམ་བཞི་པ། བསམ་གཏན་ཉམས་ཀྱི་སྒྲོན་མ། ཀློང་རབ་འབྱམས་རྒྱལ་པོའི་རྒྱུད་འགྲེལ་སོགས་ནས་རྒྱ་གར་མཁས་པ་ཉེར་གཅིག་གིས་གསུངས་པ་རྣམས་དང་། བོད་འདིར་ཡང་། རྒྱལ་དབང་པདྨ་ཀཱ་རས། ལ་བཟླ་བའི་རྒྱུད་སྡེ་རྣམས་དང་རྩ་རྒྱུད་གསང་བ་སྙིང་པོའི་མན་ངག་གི་ལེའུ་སོགས་ལ་བརྟེན་ནས་མན་ངག་ལྟ་བའི་ཕྲེང་བ་སོགས་རྒྱལ་པོ་ཁྲི་སྲོང་འབངས་རིགས་ཉེར་བཞི། ཡེར་པའི་གྲུབ་ཐོབ། ཆུ་བོ་རིའི་སྒོམ་གྲྭ་པ་སོགས་ལ་གདམས་པའི་བོད་ཡུལ་སྤྱི་གྲགས་ཀྱི་སྐོར་དང་། རྒྱལ་བ་ཀཿཐོག་པ་ཆེན་པོས། ཐེག་པའི་སྤྱི་མཛོད་ཆེན་པོ། རྟོགས་ལྡན་ཤཱཀྱ་རྡོ་རྗེས་ཀུན་འདུས་རིག་པའི་སྒྲོན་མེ་སོགས་རྒྱུད་ཀྱི་དགོངས་འགྲེལ་ངོ་མཚར་བ་རྣམས་དང་། བྲམ་ཟེ་དང་མན་ངག་སྐོར་གྱི་ཆོས་སྡེ་གཉིས་ལའང་། ལོ་ཆེན་བཻ་རོ་ཙ་ན་དང་། རྒྱལ་མོ་གཡུ་སྒྲ་སྙིང་པོའི་བཀའ་དྲིན་ལས་རིམ་བཞིན་བརྒྱུད་དེ། ཨ་དོན་བཅོ་བརྒྱད་འགྲེལ་བ་བཅོ་བརྒྱད་ཀྱིས་གཏན་ལ་དབབ་པ་སོགས་དང་གསང་བདག་སྒྲོ་ཕུག་པས་ཀུན་བྱེད་རྒྱལ་པོའི་འགྲེལ་བ། རོག་ཤེས་རབ་འབྱུང་གནས་ཀྱིས་ཁོག་དོན་སྣང་བའི་འོད་ཟེར། ཀུན་མཁྱེན་དམ་པ་རིན་པོ་ཆེས། རྫོགས་པ་ཆེན་པོ་བསམ་གཏན་སྤྱི་འགྲེལ། གཞི་ལམ་འབྲས་བུའི་སྤྱི་བཅིངས་ཆེན་མོ། ཡིག་ཆུང་གནད་ཀྱི་མན་ངག་ཚན་བུ་སྣ་ཚོགས། འདྲ་མཐུན་ཁྱད་པར་ངང་པའི་རྒྱལ་པོ་སོགས་ཚིག་ཉུང་ལ་དོན་ཟམ་ཅིང་རྒྱ་ཆེ་བ་རྣམས་དང་། ཆོས་རྗེ་གཙང་བ་ཆེན་པོ་ནས། ལྟ་སྒོམ་སྤྱོད་པའི་དོན་གསལ། བྱ་བྲལ་ནམ་མཁའ་རྡོ་རྗེས་ཁམས་ལུགས་རྫོགས་པ་ཆེན་པོའི་ཁྲིད་ཡིག་སོགས་བཀའ་སྲོལ་རྨད་དུ་བྱུང་བ་མང་ཞིག་བཞུགས་ཤིང་། དེ་ལས་བརྒྱུད་པའི་བཀའ་བབ་ལའང་། བླ་ཆེན་དགེ་བ་རབ་གསལ་ནས་བརྒྱུད་པའི་ཁམས་ལུགས། ཨ་རོ་ཡེ་ཤེས་འབྱུང་གནས་ནས་བརྒྱུད་པའི་ཨ་རོ་ལུགས། ཉང་བན་ནས་ཟུར་ལ་བརྒྱུད་པའི་ཉང་ལུགས། རོང་བན་ནས་རོང་ཟོམ་ལ་བརྒྱུད་པའི་རོང་ལུགས་སོགས་རིག་འཛིན་བརྒྱུད་པའི་ལུགས་ཟབ་མོའི་མན་ངག་གིས་འཆད་ཚུལ་གཞན་དང་མ་འདྲེས་པ་ཀུན་དང་། ཁྱད་པར་དུ་པཎྜི་ཏ་ཆེན་པོ་ཀུན་མཁྱེན་རོང་ཟོམ་ཆོས་བཟང་གིས་ཚད་མ་ཡང་དག་པའི་རིགས་པ་སུས་ཀྱང་མི་འཕྲོག་པའི་རྣམ་པར་དཔྱོད་པའི་ལུང་རིགས་མན་ངག་ཟབ་མོའི་བསྟན་དོན་རྣམས་ལ་ཚུལ་བཞིན་དུ་བསམ་པར་བྱས་ན་བདུད་དང་ཕས་ཀྱི་རྒོལ་བའི་ཡུལ་ལས་འདའ་ཞིང་སུས་ཀྱང་གླགས་ཕྲ་བ་ཙམ་ཡང་མི་རྙེད་པར་གང་གིས་ཀྱང་མི་འཕྲོག་པའི་ཤེས་རབ་ཟབ་མོ་ཡོངས་སུ་སྨིན་པར་བྱེད་པའི་མཚན་ཉིད་དང་ཡང་དག་པར་ལྡན་པ་ཡིན་པས་དེ་ལ་གོམས་པར་བྱའོ། །རྒྱལ་ཚབ་བྱམས་པས་མདོ་སྡེ་རྒྱན་ལས་ཀྱང་། ཆོས་བཟང་རིགས་པས་རྣམ་དཔྱད་བསམ་པ་ཅན། །རྟག་ཏུ་བདུད་ཀྱི་བར་ཆད་བྱེད་པ་མེད། །ཁྱད་པར་རྙེད་དང་གཞན་གྱི་ཕྱོགས་སུན་འབྱིན། །མི་འཕྲོག་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །ཞེས་ཡོངས་སྨིན་གྱི་མཚན་ཉིད་ཇི་སྐད་བསྟན་པ་འདིས་པཎྜི་ཏ་འདི་ཉིད་ཤིན་ཏུ་གསལ་བར་ལུང་བསྟན་པར་ཡང་རིག་པར་བྱའོ། །གོང་དུ་བཤད་པའི་སེམས་ཕྱོགས་རྫོགས་པ་ཆེན་པོ་འདི་ལ་ཡོངས་སུ་གྲགས་པའི་སེམས་ཀློང་གཉིས་ཀའང་འདུ་སྟེ། ལ་བཟླ་བའི་རྒྱུད་ལ་ཀློང་རབ་འབྱམས་རྒྱལ་པོའི་རྒྱུད་སོགས་ཡོད་ཅིང་། བྲམ་ཟེ་ལའང་རྩ་བའི་རྒྱུད་དང་མན་ངག་གི་རྒྱུད་གཉིས་ལས་ཡེ་ཤེས་གསང་སྒྲོན་ལ་སོགས་མན་ངག་གི་རྒྱུད་དུ་བཞུགས་པ་དང་། མན་ངག་གི་སྐོར་ལའང་བརྒྱུད་པ་ཐ་མལ། རྒྱུད་སྡེའི་སྐོར་དང་། སེམས་སྡེ། ཀློང་སྡེ། དབང་སྡེ། བསམ་བསྟན་གྱི་སྡེའི་སྐོར་དང་ལྔར་གསུངས་པས་གསལ་ལོ། །སྙན་རྒྱུད་རྡོ་རྗེ་ཟམ་པའང་ཡེ་ཤེས་གསང་བ་ལ་བརྟེན་པས་ཀློང་སྡེའི་མན་ངག་གི་འཆད་ཚུལ་ཟུར་བ་ཞིག་ཡིན་ནོ། །དོན་འདི་དག་ལ་ཀུན་མཁྱེན་ཆོས་རྗེས་བསྐྱེད་རྫོགས་ལ་མི་ལྟོས་པར་སེམས་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་ཞེས་བཞེད་དོ། །གཉིས་པ། འོན་ཀྱང་ལྟ་བའི་སོགས་ཚིགས་བཅད་ལྔ་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལྟར་གནས་ལུགས་མཐར་ཐུག་ལྟ་བའི་དངོས་གཞི་རིག་སྟོང་ཟུང་འཇུག་རང་བྱུང་གི་ཡེ་ཤེས་བསལ་བཞག་དང་བྲལ་བ་མདོ་རྒྱུད་ངེས་དོན་ཟབ་མོ་རྣམས་ལས་ཡང་དག་པར་བསྟན་མོད་ཀྱི། འོན་ཀྱང་དེ་ལྟར་ཚུལ་བཞིན་དུ་རྟོགས་ནས་མངོན་དུ་གྱུར་པའི་གནས་ལུགས་ལྟ་བའི་དངོས་གཞི་མཐར་ཐུག་པ་ནི་རིག་སྟོང་དབྱེར་མེད་བློ་འདས་སྨྲ་བསམ་བརྗོད་མེད་ཀྱི་ཡེ་ཤེས་མཆོག་ཉིད་ཡིན་པས་དེ་ཉིད་སྣང་བ་དང་སྟོང་པ་ཕྱོགས་རེར་འཛིན་པ་སོགས་གཟུང་འཛིན་ཅན་གྱི་སེམས་དང་སེམས་ལས་བྱུང་བའི་གཉིས་སྣང་གི་སྤྱོད་ཡུལ་ཅན་དུ་ལྟ་བའི་དངོས་གཞི་འདི་ཡི་དོན་ཉིད་ལུང་རིགས་ཀྱིས་བཀྲལ་ཞིང་སྟོན་པར་བྱེད་པ་རྣམས་ཀྱིས་ནི་སེམས་ལས་འདས་པའི་བརྗོད་པར་བྱ་བ་མིན་པ་ཉིད་བརྗོད་བྱར་བྱས་པ་ཡིན་པའི་ཕྱིར་རྒྱུད་དོན་ཚུལ་བཞིན་དུ་གཟིགས་པས་ཟབ་མོའི་མན་ངག་ལ་མཁས་ཤིང་དོན་ལ་མངའ་དབང་འབྱོར་པའི་གྲུབ་པའི་དབང་པོ་རྣམས་ཀྱི་དགོངས་པ་ཡང་དག་པ་ཉིད་དང་ཤིན་ཏུ་འགལ་བར་གྱུར་པ་ཡིན་ཏེ། གང་ཕྱིར་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཡི་ལྟ་བ་འདི་ནི་སྣང་བ་དང་སྟོང་པ་ཡོད་པ་དང་མེད་པ་ལ་སོགས་གང་དུའང་བསམ་གྱིས་མི་ཁྱབ་པའི་རིག་སྟོང་དབྱེར་མེད་རང་བྱུང་གི་ཡེ་ཤེས་མཆོག་ཉིད་ཡིན་སླད། ཐ་མལ་མ་དག་པའི་གཟུང་འཛིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་ཀུན་ལས་འདས་པ་ཁོ་ནའི་སྟེ་ཁོ་ན་ཡིན་པའི་ཕྱིར་རོ། །དེས་ན་གནས་ལུགས་མཐར་ཐུག་རང་བྱུང་གི་ཡེ་ཤེས་དེ་ཉིད་གསལ་བར་སྟོན་པའི་མན་ངག་གི་རྒྱུད་སྡེའི་ཡང་ཟབ་ཐིག་ལེ་གསང་སྐོར་གྱི་དགོངས་དོན་ཟབ་མོ་འདི་ཉིད་ལའང་ངོ་བོ་ཡེ་ནས་དག་པ་ཀ་དག་སྟོང་པའི་ཆ་ཉིད་ཇི་བཞིན་པར་གཏན་ལ་འབེབས་པར་བྱེད་པ་ལ་བཟླ་བ་ཁྲེགས་ཆོད་ཀྱི་ལྟ་བ་དང་། རང་གསལ་ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ཡང་དག་པར་གཏན་ལ་འབེབས་པ་ལས་དབྱིངས་ནང་གསལ་སྒྲིབ་བྲལ་འདུས་མ་བྱས་པ་གཞོན་ནུ་བུམ་པའི་སྐུར་སུས་ཀྱང་ལྡོག་ཏུ་མེད་པར་ཡིད་ཆེས་མངོན་སུམ་དུ་མཐོང་བའི་རྒྱ་ཆེ་བ་འོད་གསལ་ཐོད་རྒལ་གྱི་ལྟ་བ་དང་གཉིས་ཡིན་ལ། དེ་གཉིས་ཀའང་ཐ་དད་མེད་པས་སོ་སོར་དབྱེར་མེད་དེ་ངོ་བོ་ཀ་དག་གི་དབྱིངས་དང་རང་བཞིན་ལྷུན་གྲུབ་ཀྱི་འོད་གསལ་ཟུང་དུ་འཇུག་པའི་ཐུགས་རྗེ་ཀུན་ཁྱབ་རང་བྱུང་གི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པས་འདུས་མ་བྱས་པ་ཆེན་པོ་ཉིད་དེ་འདི་ནི་མན་ངག་གསང་བ་སྙིང་ཏིག་གི་མཐའ་གྲོལ་ཡོངས་རྫོགས་ཀྱི་ལྟ་བ་མཐར་ཕྱིན་པ་ཁོ་ན་ཡིན་ནོ། །དེར་མ་ཟད་རྒྱུད་སྡེ་ཆེན་པོ་གཞན་ལས་ཀྱང་མི་ཤིག་པའི་ཡེ་ཤེས་ཏི་ལ་ཀ་ཞེས་པ་ལ་སོགས་པར་མཚོན་ཙམ་དུ་གསུངས་པ་ཡང་ལྷུན་གྲུབ་གཞོན་ནུ་བུམ་སྐུ་འདི་དང་མིང་གི་རྣམ་གྲངས་ཙམ་ལས་དོན་ལ་ཐ་དད་མ་མཆིས་མོད་ཀྱི། འོན་ཀྱང་ཡང་གསང་བླ་ན་མེད་པའི་མན་ངག་སྡེའི་རྒྱུད་སྡེ་ཟབ་མོ་འདིར་ནི་གབ་སྦས་མེད་པར་ཆེས་ཤིན་ཏུ་གསལ་བོར་བསྟན་ཅིང་གཏན་ལ་ཕེབ་པར་མཛད་པས་ན་འདི་ནི་རྒྱུད་དང་ཐེག་པ་གཞན་ཐམས་ཅད་ལས་མཆོག་དང་ཕུལ་དང་རབ་དང་རྩེ་མོར་གྱུར་པ་ཉིད་དོ། །དེ་ཡང་སྙིང་ཏིག་མ་བུའི་ཆོས་ཡོངས་སུ་རྫོགས་པ་རྣམས་ནི་པཎྜི་ཏ་ཆེན་པོ་བི་མ་མི་ཏྲའི་བཀའ་དྲིན་ལས་གངས་ལྗོངས་དཔལ་གྱི་རི་ལ་བསོད་ནམས་ཀྱིས་མགྲོན་དུ་བོས་པ་ཡིན་ཞིང་། འདི་ལའང་ནང་གསེང་དུ་དབྱེ་ན། ཕྱི་འཁྲུལ་གཞི་རྩིས་ཀྱི་སྐོར་དང་། ནང་བཤད་ཏིག་སྤྲོས་པའི་སྐོར་དང་། སྣ་ཚོགས་ཐབས་ཀྱི་སྐོར་སོགས་བདུན་དུ་གསུངས་ལ། དེའང་ནང་བཤད་ཏིག་སྤྲོས་པའི་སྐོར་ནི། རྒྱུད་བཅུ་བདུན་བསྟན་པ་སྲུང་བའི་རྒྱུད་དང་བཅོ་བརྒྱད། རྒྱ་ཆེ་བ་མན་ངག་བརྒྱ་བཅུ་དགུ་སོགས་ལྡང་མས་གཏེར་ནས་བྱོན་པ་རྣམས་ཡིན་ལ། དེ་དག་གི་དོན་འགྲེལ་ཀུན་མཁྱེན་ཆེན་པོས་གསུངས་རབ་མཛོད་ཆེན་བདུན་དང་། ངལ་བསོ་སྐོར་གསུམ་སོགས་དང་། ཀུན་མཁྱེན་འཇིགས་བྲལ་གླིང་པས་ཡོན་ཏན་རིན་པོ་ཆེའི་མཛོད་ལ་སོགས་པ་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བསྟན་པ་མཐའ་དག་ཡིན་ནོ། །མངོན་སུམ་འོད་གསལ་གྱི་སྐོར་སོགས་བྱེ་བྲག་ཏུ་བསྟན་པ་ནི་གུ་རུ་མཚོ་སྐྱེས་རྡོ་རྗེས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་ལྷ་ལྕམ་པདྨ་གསལ་ལ་གདམས་པ་ལས་འབྲེལ་གྱི་གཏེར་ནས་བྱོན་པ་མཁའ་འགྲོ་སྙིང་ཏིག་དང་། གོང་དུ་བཤད་པའི་མན་ངག་བརྒྱ་བཅུ་དགུ་བི་མ་ལའི་ཟབ་པ་པོད་བཞི་དང་བཅས་པ་ལྕེ་བཙུན་ཆེན་པོས་གཏེར་ནས་བྱོན་པ་བི་མ་སྙིང་ཏིག་དང་། དེ་དག་ལ། ཀུན་མཁྱེན་སྔ་མས་ཡང་ཏིག་རྣམ་གསུམ་དང་ཀུན་མཁྱེན་ཕྱི་མས་སྙིང་ཏིག་གི་ཁྲིད་ཡིག་ཆེན་མོ་སོགས་བཞུགས་པའོ། །འདི་ཉིད་ལ་ཀུན་མཁྱེན་ཆོས་རྗེས་ཡེ་ཤེས་རང་སྣང་བའི་ངོ་བོར་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་ཞེས་ཕྱོགས་བཅུའི་མུན་པ་སེལ་བར་གསུངས་སོ། །འདི་ལ་གདམས་སྐོར་གཞན་ཡང་། གཏེར་ཆེན་གུ་རུ་ཆོས་དབང་གིས་ཡང་ཏི་སངས་རྒྱས་མཉམ་སྦྱོར། མཉམ་མེད་རྡོ་རྗེ་གླིང་པས་ལྟ་བ་ཀློང་ཡངས། ལྷ་བཙུན་མཁའ་འགྲོ་དབང་ཕྱུག་གིས། རིག་འཛིན་སྲོག་སྒྲུབ། འགྲོ་མགོན་དུང་མཚོ་རས་པས་ཡང་ཏི་གསེར་གྱི་འབྲུ་གཅིག །བྱང་བ་རིག་འཛིན་ཆེན་པོས་རྫོགས་ཆེན་དགོངས་པ་ཟང་ཐལ། འདྲེན་མཆོག་ཀརྨ་གླིང་པས་ཞི་ཁྲོ་དགོངས་པ་རང་གྲོལ། མཆོག་སྤྲུལ་མི་འགྱུར་རྡོ་རྗེས་གནམ་ཆོས་ཐུགས་ཀྱི་གཏེར་ཁ། ཆོས་རྒྱལ་གཏེར་བདག་གླིང་པས་ཨ་ཏི་ཟབ་དོན་སྙིང་པོ། རིག་འཛིན་འཇིགས་མེད་གླིང་པས་ཀློང་ཆེན་སྙིང་གི་ཐིག་ལེ། འཇམ་དབྱངས་མཁྱེན་རྩེའི་དབང་པོས་ལྕེ་བཙུན་སྙིང་ཐིག་ལ་སོགས་པ་ཆོས་སྡེ་མང་ཞིག་བྱོན་པ་ཡིན་ནོ། །དེ་ལས་ཀློང་ཆེན་སྙིང་ཏིག་གི་བསྟན་པ་འདིས་ནི་གངས་ལྗོངས་འཛིན་མའི་ཐ་གྲུ་མཐའ་དག་ཟླུམ་པོར་བཅིངས་ཏེ་འཇིག་རྟེན་ཡོངས་ཀྱི་སྒྲོན་མ་དམ་པར་བཞུགས་ཤིང་མན་ངག་ཡང་གསང་བླ་མེད་སྙིང་ཏིག་རྡོ་རྗེ་སྙིང་པོའི་བསྟན་པ་གཞིར་བཞེངས་སུ་བྱས་པས་བཀའ་དྲིན་གཞལ་ལས་འདས་པའོ། །འདིར་བཀའ་གཏེར་རྫོགས་པ་ཆེན་པོའི་རྣམ་བཞག་ཉུང་ངུ་ཞིག་བསྟན་པ་འདི་ནི། བདག་ཅག་གི་བླ་མ་དམ་པ། བྱམས་ཆེན་ཐུགས་རྗེའི་གཏེར་མཛོད་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཀུན་གཟིགས་མ་ཧཱ་པཎྜི་ཏ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་བཤད་སྒྲུབ་བསྟན་པའི་ཉི་མ་དཔལ་བཟང་པོ་གང་གི་ཞལ་ལུང་བདུད་རྩིའི་ཆ་ཤས་བློ་ཡི་དབུལ་བ་སེལ་བའི་ནོར་བུ་ལགས་སོ། །གཉིས་པ་རྫོགས་ཆེན་སེམས་སྡེའི་སོགས་ཚིགས་བཅད་དྲུག་གིས་བསྟན་ཏེ། དེ་ལ་འོད་གསལ་རྫོགས་པ་ཆེན་པོ་ལ་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་སྡེ་གསུམ་ལས་སེམས་སྡེའི་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་སྒྲུབ་པའི་མན་ངག་ཐོར་བུའི་ཉམས་ལེན་གྱི་གནད་རེ་རེར་མཁས་ཤིང་གྲུབ་པའི་དབང་ཕྱུག་སོ་སོའི་རྩལ་དུ་བཏོན་ནས་ཐུགས་ཉམས་སུ་བཞེས་པ་རྣམས་ལས། བཀའ་རྒྱུད་པ་སོགས་ཀྱི་ཕྱག་རྒྱ་ཆེན་པོ་དང་། ཆོས་རྗེས་ས་སྐྱ་པས་ལམ་འབྲས་བུ་དང་བཅས་པ། མཉམ་མེད་དམ་པ་སངས་རྒྱས་ཀྱིས། དམ་ཆོས་སྡུག་བསྔལ་ཞི་བྱེད་དང་མ་ཅིག་ཡེ་ཤེས་མཁའ་འགྲོས་ཟབ་དོན་གཅོད་ཀྱི་གདམས་སྐོར། ཇོ་བོ་བཀའ་གདམས་པ་རྣམས་ཟུང་འཇུག་དབུ་མ་ཆེན་པོ་སོགས་མཚན་གྱི་རྣམ་གྲངས་མི་འདྲ་བ་སོ་སོར་གྲགས་མོད་ཀྱང་དོན་ལ་དེ་ལྟར་ཕྱིན་ཅི་མ་ལོག་པར་རྟོགས་པར་གྱུར་ན་ལམ་གང་ནས་སྒྲུབས་ཀྱང་སེམས་དང་སེམས་ལས་བྱུང་བ་ལས་འདས་པ་ཡི་རང་བྱུང་འོད་གསལ་བའི་ཡེ་ཤེས་ཉིད་དུ་རྣམ་དབྱེར་མེད་པ་ཡིན་པའི་ཕྱིར་ན་ཀུན་ཀྱང་མཉམ་པ་ཉིད་དེ་བཟང་ངན་གང་ཡང་མེད་དོ། །དེས་ན་སངས་རྒྱས་རྣམས་དང་། གྲུབ་ཐོབ་ཐམས་ཅད་དགོངས་པ་ནི་གཅིག་ཡིན་ནོ་ཞེས་མཁས་གྲུབ་ཀུན་གྱིས་མགྲིན་གཅིག་ཏུ་སྨྲ་ཞིང་གསུང་པར་མཛད་པ་ཡང་ཚུལ་དེ་ལྟ་བུ་ལ་དགོངས་པར་གྲུབ་བོ། །གཞན་ལ་ལས་རང་ལུགས་འོད་གསལ་རྫོགས་པ་ཆེན་པོ་ནི་གཞན་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ལས་ཁྱད་པར་དུ་འཕགས་སོ་ཞེས་ཟེར་ནའང་། དེ་ལྟར་སེམས་ལས་འདས་པའི་ཡེ་ཤེས་དེ་ཉིད་ཇི་ལྟ་བ་བཞིན་དུ་མ་རྟོགས་ན་ནི་གནས་ལུགས་ཆོས་ཀྱི་དབྱིངས་ཟུང་འཇུག་སྤྲོས་པ་དང་བྲལ་བའི་ཡེ་ཤེས་མཉམ་པ་ཉིད་དངོས་སུ་མཐོང་བའི་ལམ་གྱི་ཐ་སྙད་ཡང་དག་པ་ཉིད་མེད་ལ་དེ་ཉིད་ཇི་བཞིན་དུ་རྟོགས་པར་གྱུར་ན་སེམས་ལས་འདས་པའི་ཡེ་ཤེས་སུ་དགོངས་པ་གཅིག་ཏུ་གྱུར་པ་ལ་རིགས་པ་ཡང་དག་པས་འཐད་པ་དང་བཅས་པའི་ཕྱིར་ན་དབྱེ་བ་བཟང་ངན་མི་འདྲ་བ་འདི་དང་འདིའོ་ཞེས་བརྗོད་དུ་མེད་དོ། །དེ་བཞིན་དུ་སྔགས་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ཀུན་གྱི་བཞི་པའི་དབང་གིའམ་དབང་བཞི་པའི་ཡེ་ཤེས་དོན་གྱི་འོད་གསལ་ཡང་དག་པ་ཀུན་ཀྱང་རིག་སྟོང་ཟུང་འཇུག་འོད་གསལ་རྫོགས་པ་ཆེན་པོར་འདུ་བས་དབྱེ་བ་གང་ཡང་མེད་དོ། །འོན་ཀྱང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཡེ་ཤེས་དེ་དག་ཐམས་ཅད་ཀྱི་འབྱུང་གནས་ཡེ་ཤེས་ཐམས་ཅད་ཀྱི་སྤྱི་གཟུགས་ཟུང་འཇུག་རང་བྱུང་གི་ཡེ་ཤེས་ཁོ་ན་གབ་སྦས་མེད་པར་རྩལ་དུ་བཏོན་པར་མཛད་པའི་རྫོགས་པ་ཆེན་པོའི་རྒྱུད་སྡེ་ལ་ཡང་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེས་ཕྱེ་བའི་ཟབ་རྒྱས་ཀྱི་ཁྱད་པར་དུ་མས་འཕགས་པའི་གནད་དོན་ཞལ་ནས་སྙན་དུ་བརྒྱུད་པའི་མན་ངག་ཟབ་མོ་ཐོར་བུས་ཉམས་སུ་ལེན་པ་ཡི་ཚུལ་ཤིན་ཏུ་གསལ་བ་གཞན་པ་སུ་ལའང་མིང་ཙམ་མ་གྲགས་པ་མང་པོ་ཡོད་པས་ན་འདི་ནི་ཁྱད་ཆོས་ཡིན་ཞེས་གསང་ཐོན་དུ་སྨྲ་བར་ཅི་ཞིག་དགོས་ཞེས་མི་དགོས་ཏེ། གསེར་རིའི་དབུས་ན་ལྷུན་པོ་བཞིན་ནོ། །གསུམ་པ། དེ་ལ་རྫོགས་ཆེན་སོགས་ཚིགས་བཅད་བཞི་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལ་རིག་སྟོང་དབྱེར་མེད་འོད་གསལ་རྫོགས་པ་ཆེན་པོ་རང་བྱུང་གི་ཡེ་ཤེས་མཐར་ཐུབ་པ་ཟབ་ཞི་སྤྲོས་པ་དང་བྲལ་བའི་འོད་གསལ་འདུས་མ་བྱས་པ་ཉིད་ནི་སངས་རྒྱས་ཀྱི་ཡེ་ཤེས་དངོས་ཉིད་ཡིན་ན་ཡང་ཐེག་མཆོག་རྫོགས་པ་ཆེན་པོའི་རང་ལམ་འདིར་ནི། མཚན་ལྡན་གྱི་བླ་མས་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་ངག་ཟབ་མོ་ལ་བརྟེན་ནས་མོས་གུས་ཕུན་སུམ་ཚོགས་པའི་སྐལ་ལྡན་སློབ་མས་འཆིང་བ་ཀུན་ལྡན་སོ་སོའི་སྐྱེ་བོའི་གནས་སྐབས་སུ་ཡང་རྫོགས་པ་ཆེན་པོའི་མན་ངག་གི་ལམ་གནད་དག་ལ་ཚུལ་བཞིན་དུ་ཞུགས་ནས་སངས་རྒྱས་ཀྱི་ཡེ་ཤེས་དངོས་དེ་དང་རྗེས་སུ་མཐུན་པར་དང་པོ་མན་ངག་ཟབ་མོའི་ངོ་སྤྲོད་ལ་བརྟེན་ནས་དཔེ་ཡི་ཡེ་ཤེས་དང་། དེ་ལ་གོམས་པས་དོན་གྱི་ཡེ་ཤེས་དང་མཐར་ཕྱིན་ནས་ཟུང་འཇུག་གི་ཡེ་ཤེས་གསུམ་པོ་རྣམས་ལ་དཔེར་ན་རི་མོར་བྲིས་པའི་ཟླ་བ་དང་ཆུ་ནང་གི་ཟླ་བ་དང་ནམ་མཁའི་ཟླ་བ་དངོས་བཞིན་དུ་ཡེ་ཤེས་དེ་དག་རིམ་པས་གཅིག་གིས་གཅིག་འདྲེན་ཅིང་མངོན་དུ་གྱུར་པ་ཡིན་པས་ན་རྒྱུ་རྐྱེན་རྩོལ་སྒྲུབ་ལས་འདས་པའི་རང་བྱུང་ཟག་པ་མེད་པའི་ཡེ་ཤེས་གང་དེ་རང་གི་བློ་སྟོབས་ཀྱི་ནུས་པ་དང་བསྟུན་ཏེ་ཚུལ་ཇི་ལྟ་བ་བཞིན་དུ་ཉམས་སུ་ལེན་པ་ཡང་དག་པར་ཡོད་པ་ཉིད་ཡིན་པའི་ཕྱིར་ཏེ། དཔེར་ན་མདོ་ལམ་དུའང་སྤྲོས་པ་དང་བྲལ་བའི་འཕགས་པའི་ཡེ་ཤེས་གང་ཉིད་ཐོབ་པར་བྱ་བའི་ཕྱིར་དུ་དེ་ཉིད་རིགས་པས་གཏན་ལ་དབབ་སྟེ་རྗེས་སུ་མཐུན་པ་སོ་སོའི་སྐྱེ་བོའི་ས་ཉིད་ནས་ཀྱང་སྒོམ་དུ་ཡོད་པ་བཞིན་ནོ། །དེས་ན་སྤྲོས་ཀུན་བྲལ་བར་ཆོས་ཉིད་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེ་བའམ་ཆེན་པོ་མངོན་སུམ་དུ་ཡང་དག་པར་གཏན་ལ་ཕེབ་ཅིང་སྒོམ་པར་བྱས་པ་ན། སྟོང་དང་མི་སྟོང་ལ་སོགས་པའི་ཡིད་དཔྱོད་ཀྱི་འཛིན་པའི་གཉིས་ཆོས་ཀྱི་ལྟ་བ་རགས་པ་ཐམས་ཅད་ཀུན་རིམ་པས་ངེས་པར་ནུབ་ནས་སྤྲོས་པ་དང་བྲལ་བའི་རང་བྱུང་གི་ཡེ་ཤེས་ཉིད་རྗེན་པར་མཐོང་བར་འགྱུར་བ་ཡིན་ནོ། །གསུམ་པ། དེ་ཕྱིར་སྐབས་ཤན་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡི་ཕྱིར་ན་གོང་དུ་ཇི་སྐད་བཤད་པ་ལྟར་སྐབས་ཀྱི་ཤན་སོ་སོར་མ་ཕྱེད་པར་སྒོམ་པ་ལ་འཛིན་སྟངས་དང་བཅས་པའི་དཔྱད་པ་ཡོད་པ་ཞིག་ངེས་པར་དགོས་ཟེར་བ་དང་། དཔྱོད་པའི་འཛིན་སྟངས་མེད་པར་འཇོག་སྒོམ་ཁོ་ན་དགོས་ཞེས་ཕྱོགས་སམ་མཐའ་གཅིག་ཏུ་འདོད་ཅིང་སྨྲ་བ་ལ་སྐྱོན་གྱི་ཆ་རེ་དང་ལེགས་པའི་ཆ་རེ་ཡོད་པ་དཔེར་ན་ཟླ་བའི་འཕེལ་འགྲིབ་ཀྱི་སྐྱོན་ཡོན་བཞིན་དུ་གནས་པ་ཡིན་པས་མི་འཐད་ཅིང་། རང་ལུགས་སོ་སོར་ཕྱེ་སྟེ་བཤད་པ་འདི་ནི་མདོ་རྒྱུད་ཀྱི་ངེས་པའི་ལུང་གི་བསྟན་དོན་ཇི་ལྟ་བ་བཞིན་དུ་འཁྲུལ་བའི་དྲི་མ་མེད་པར་རིག་པའི་ཚུལ་གྱིས་ཡང་དག་པར་གྲུབ་པ་ཉིད་ཡིན་ནོ། །ཐེག་མཆོག་ལྟ་བ་སྒོམ་པ་དཔྱད་འཇོག་ཏུ། །ཕྱོགས་རེར་འཛིན་ལ་སྐྱོན་དང་ལེགས་ཆ་རེ། །ཉེས་པའི་སྐྱོན་བྲལ་ཇི་བཞིན་ཤན་འབྱེད་པའི། །ལུང་རིགས་ཉི་མ་ཐེག་མཆོག་ལྟ་བའི་མིག །ཅེས་ཀྱང་སྨྲས་སོ། །དྲི་ལན་ལྔ་པ་བདེན་པ་གཉིས་ལས་གང་ཞིག་གཙོ་བའི་ལན་ལ་གཉིས། ཕྱོགས་སུ་ལྷུང་བ་གཞན་གྱི་ལུགས་ལ་ལུང་རིགས་ཟབ་མོས་གནོད་པ་ཇི་ལྟར་འབྱུང་ཚུལ། བདེན་གཉིས་ཟུང་དུ་འཇུག་པ་རང་གི་ལུགས་ལ་འཁྲུལ་མེད་ཚད་མའི་ལམ་སྲོལ་ཇི་ལྟར་འཐད་པའི་ཚུལ་ལོ། །དང་པོ། བདེན་པ་གཉིས་ལ་སོགས་ཚིགས་བཅད་བཅུ་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལ་བདེན་པ་གཉིས་ལ་གང་ཞིག་གཙོ་ཆེ་བར་སྨྲ་བ་ལ་ལུང་རིགས་ཀྱིས་སྒྲུབ་ཚུལ་ཇི་ལྟར་ཡོད་ཅེ་ན། སྣང་སྟོང་དབྱེར་མེད་མཉམ་པ་ཆེན་པོ་ཐུགས་སུ་མ་ཆུད་པར་སྟོང་པར་ཐུགས་ཞེན་ཆེ་བ་ཁ་ཅིག་སྟོང་པ་ཉིད་དོན་དམ་པ་ཉིད་གཙོ་ཆེར་འདོད་པ་ཡིན་ཏེ། འདི་ལྟར་སྣང་བ་ཀུན་རྫོབ་རྣམས་ནི་འཁྲུལ་བའི་སྣང་བ་ཁོ་ན་ཡིན་ནོ་ཞེས་སྤང་བྱར་རྟོགས་ཤིང་འཛིན་ལ་སྟོང་ཉིད་དོན་དམ་པ་ནི་མ་འཁྲུལ་པ་ཡང་དག་པ་ཉིད་ཡིན་པས་དོན་དམ་པ་དེར་ལྟ་བ་ནི་རྣམ་པར་དག་པ་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། ཇི་ལྟར་ན་སྣང་བ་ཀུན་རྫོབ་རྣམས་མ་འཁྲུལ་བར་སྣང་བ་ལྟར་བདེན་པར་གྲུབ་པར་གྱུར་ན་དེ་དོན་དམ་པ་སྟོང་པ་ཉིད་ཡིན་པར་ཡང་མི་རུང་བའི་ཕྱིར་ན་ཀུན་རྫོབ་འཁྲུལ་བའི་སྣང་བའོ། །ཞེས་དེ་སྐད་དུ་ནི་གསུངས་པ་ཡིན་མོད་ཀྱི། འོན་ཀྱང་སྣང་བ་ཀུན་རྫོབ་འདི་སྤང་བའི་ཕ་རོལ་ཏེ་སྣང་བ་དེ་ལས་གཞན་ན་དེའི་སྟོང་པ་དོན་དམ་ཞེས་པ་ཡན་གར་དུ་འགའ་ཅུང་ཟད་ཙམ་ཡང་མི་འགྲུབ་སྟེ་དེ་གཉིས་ལས་ཀུན་རྫོབ་ཐབས་དང་དོན་དམ་ཐབས་ལས་བྱུང་བ་ཉིད་ཡིན་པས་ན། གང་བརྟགས་བྱའི་དངོས་པོ་ཀ་བ་ལ་སོགས་པའི་སྣང་བ་ཀུན་རྫོབ་ཉིད་ལ་མ་བརྟེན་པར་དེ་ཡི་དངོས་མེད་དམ་སྟོང་ཉིད་དོན་དམ་པར་ཡན་གར་དུ་ཡོད་པ་མིན་ཏེ། དེས་ན་དངོས་པོ་དང་དངོས་པོ་མེད་པ་དེ་གཉིས་ཀ་ཡང་རྟེན་འབྲེལ་ཙམ་དུ་མཚུངས་པས་རྟེན་འབྲེལ་ཉིད་ཡིན་ཏེ། དངོས་པོ་རྣམས་བརྟེན་ནས་སྐྱེས་པ་དང་། དངོས་མེད་རྣམས་བརྟན་ནས་བཏགས་པ་ཡིན་པས་སོ། །གལ་ཏེ་སྣང་བ་ཉིད་ལས་སྟོང་པ་སོགས་སུ་མེད་པ་དེ་ལྟ་མ་ཡིན་པར་སྟོང་ཉིད་དོན་དམ་པ་གཙོ་ཆེ་ཞེས་སྟོང་པར་ཞེན་ཅིང་འཛིན་པ་དེས་སྣང་བ་རྣམ་པར་བཅད་པའམ་སྤང་བར་གྱུར་པ་ཞིག་ཡིན་ན། ངོ་བོ་སྐྱེ་བ་མེད་པའི་སྟོང་པ་ཉིད་ཡིན་པའི་གནད་ཀྱིས་སྣང་བ་འགགས་པ་མེད་པའི་རྟེན་འབྱུང་དུ་རང་ཤར་བས་སྣང་སྟོང་དབྱེར་མེད་རྟག་ཆད་ཐམས་ཅད་དང་བྲལ་བའི་ཟབ་མོ་དབུ་མའི་ལྟ་བ་དཔལ་ལྡན་ཀླུ་སྒྲུབ་ཀྱི་ལུགས་བཟང་སྣང་སྟོང་ཡ་མ་བྲལ་བ་ཉིད་ཕྱིན་ཅི་ལོག་གི་རྟོག་པས་དཀྲུགས་ཤིང་རྙོགས་མར་བྱས་པ་ཡིན་ལ། དེ་ལྟའི་སྣང་བ་ལས་གཞན་པའི་དོན་དམ་སྟོང་པར་མཐོང་བ་དེ་ཡིས་ལམ་དེ་ལ་ནན་ཏན་དུ་གོམས་པར་བྱས་ནས་མཐར་ཆོས་ཐམས་ཅད་སྟོང་པའི་དབྱིངས་ཕྱང་ཆད་འབའ་ཞིག་ཉིད་དུ་རྟོགས་ཏེ་དེའི་ངང་དུ་ཡུལ་དང་ཡུལ་ཅན་གྱི་གཉིས་སྣང་ཐམས་ཅད་ནུབ་པའི་ཚེ་ན་ནི་འཕགས་པའི་མཉམ་བཞག་གཉིས་སྣང་ཐམས་ཅད་ནུབ་པའི་སྟོང་པ་ཉིད་ནི་སྣང་བ་དངོས་པོའི་སྟེ་དངོས་པོ་རྣམས་ཀྱི་འཇིག་རྒྱུར་ཁྱོད་ལའང་ཐལ་བར་འགྱུར་ཏེ་དཔེར་ན་བུམ་པའི་འཇིག་རྒྱུ་ཐོ་བ་བཞིན་ནོ། །གཞན་ཡང་དེ་འདྲའི་གཞན་སེལ་གྱི་སྟོང་པ་ཕྱང་ཆད་ཁོ་ན་ལ་གཉིས་སྣང་ནུབ་པར་མི་སྲིད་ཅིང་སྲིད་ནའང་ཆད་སྟོང་དུ་འགྱུར་བའི་སྐྱོན་ལ་སོགས་པའང་གསུངས་སོ། །དེ་ཡི་ཕྱིར་ན་ཆོས་ཀུན་ཡེ་གདོད་མ་ནས་རང་རང་ངོ་བོས་སྟོང་པ་ཉིད་ཡིན་ན་ཡང་སྣང་བ་རྟེན་འབྱུང་འགགས་པ་མེད་པར་རང་ཤར་བས་སྟོང་རྟེན་འབྱུང་འབྲལ་མི་ཤེས་པས་དབྱེར་མེད་དམ་ཟུང་འཇུག་ཉིད་ཡིན་པའི་གནད་ཀྱིས་གང་སྣང་བ་དེ་ཉིད་སྟོང་པ་དང་གང་སྟོང་པ་དེ་ཉིད་སྣང་བ་སྟེ་སྣང་བ་དང་སྟོང་པ་སོ་སོར་རིས་སུ་མ་ཆད་པ་མེ་དང་ཚ་བ་བཞིན་དུ་རྣམ་དབྱེར་མེད་པར་ཡེ་ནས་གནས་པ་ཉིད་ཡིན་པས་ན། སྟོང་པ་ཉིད་དོན་དམ་པ་ཁོ་ན་གཙོ་ཆེའོ་ཞེས་འཛིན་པ་དེ་དག་ནི་གནས་ལུགས་མཐར་ཐུག་སྣང་སྟོང་དབྱེར་མེད་ཀྱི་དོན་ལ་མི་མཁས་པར་གསལ་བ་ཡིན་ནོ། །ཡང་སྣང་སྟོང་དབྱེར་མེད་ཀྱི་གནད་དམ་པ་འདི་མ་རྟོགས་པ་ལ་ལས་དོན་དམ་སྟོང་པའི་དབྱིངས་ཕར་བཅད་ནས་ཏེ་དེ་ལ་མི་ལྟོས་པར་སྣང་བ་ཡན་གར་པ་ལྷར་སྒོམས་པ་སོགས་ཐབས་ཀུན་རྫོབ་ཁོ་ན་ཙམ་གྱི་ངོས་ནས་ནི། མདོ་སྔགས་ཀྱི་ལྟ་བ་དང་། སྔགས་ཕྱི་ནང་གི་རྒྱུད་སྡེའི་ལྟ་བ་རྣམས་མཐོ་དམན་དུ་བྱེད་པར་འདོད་པ་འདི་ཡང་མི་འཐད་དེ། འདི་ལྟར་དོན་དམ་པ་སྟོང་པས་མ་ཟིན་པས་ཐབས་ཀུན་རྫོབ་པ་རང་ཉིད་ཁོ་ནས་མདོ་སྔགས་རྒྱུད་སྡེ་གོང་འོག་གི་ལྟ་བ་ཡི་མཐོ་དམན་གྱི་ཁྱད་པར་བྱེད་ཆས་སུ་མི་འཐད་པའི་ཕྱིར་ཏེ། ཇི་ལྟར་ན། སྟོང་པའི་དབྱིངས་དང་སྣང་བའི་ཡེ་ཤེས་ཡེ་ནས་འདུ་འབྲལ་མེད་པའི་གནད་ཀྱིས་སྣང་བ་ལྷར་ཡེ་ནས་དག་པར་གནས་པའི་ལྷ་སྒོམ་པ་དོན་དང་ལྡན་པ་ཡིན་གྱི་གཞན་དུ་དོན་དམ་སྟོང་པའི་དབྱིངས་ཀྱི་གདེངས་དང་མི་ལྡན་པའམ་དེས་མ་ཟིན་པར་སྣང་བ་ཀུན་རྫོབ་འཁྲུལ་བ་རང་གི་ངོ་བོ་མ་དག་པར་ལྟ་བཞིན་དུ་རྣམ་པ་ལྷ་རུ་སྒོམ་པ་ཙམ་ནི་ལྷ་མིན་པ་ལ་ཡིན་པར་མོས་པ་ཙམ་ཡིན་གྱི་གནས་ལུགས་དང་མཐུན་པའི་ལྟ་བ་ཡང་དག་པ་ཉིད་མིན་པས་ན། དཔེར་ན་མུ་སྟེགས་བྱེད་ཀྱི་རིགས་སྔགས་འཛིན་པ་འགའ་ཞིག་ཀྱང་སྔགས་བཟླ་བའི་ཚེ་རང་ཉིད་རང་མིན་པ་གཞན་དུ་མོས་ནས་བཟླ་དགོས་པར་འདོད་པ་བཞིན་ནོ། །ཡང་ལ་ལས་རྟེན་འབྲེལ་གྱི་སྣང་བ་ཀུན་རྫོབ་ཉིད་གལ་ཆེ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། གནས་ལུགས་སྣང་སྟོང་བདེན་གཉིས་ཟུང་དུ་འཇུག་པ་ཞིག་དགོས་སོ་ཞེས་ཟེར་ནས་ཡང་ནས་ཡང་དུ་ཀུན་རྫོབ་རྟེན་འབྲེལ་སྣང་བའི་ཕྱོགས་ལ་ཐུགས་ཞེན་གྱིས་ཧ་ཅང་ཐལ་ཆེས་ཏེ་དོན་དམ་དཔྱོད་པའི་རིགས་པ་གང་གིས་ཀྱང་སྣང་བ་འགོག་མི་རུང་སྟེ། འགོག་ན་ཐ་སྙད་ལ་སྐུར་པ་བཏབ་ཅིང་ཆད་པའི་ལྟ་བར་འགྱུར་བ་སོགས་སྐྱོན་ཆེ་ཞིང་འགོག་ཀྱང་མི་ནུས་ཞེས་བསྔགས་ཤིང་སྒྲུབ་ནས་དང་པོ་ལྟ་བ་གཏན་ལ་ཕབ་པར་མཛད་ནའང་། ཉམས་ལེན་དངོས་གཞི་སྣང་སྟོང་ཟུང་འཇུག་གམ་དབྱེར་མེད་ཀྱི་ལྟ་བ་སྐྱོང་ཞིང་སྒོམ་པའི་དུས་ན་ཟུང་འཇུག་གི་ཉམས་ལེན་དོར་བའམ་སྤང་ནས་མེད་རྐྱང་ངམ་མེད་འཛིན་ལ་ཐུགས་རྩེ་གཏོད་ཅིང་ཉམས་ལེན་གྱི་གནད་དུ་མཛད་པ་འདི་ཡང་དང་པོ་སྣང་སྟོང་བདེན་གཉིས་དབྱེར་མེད་དམ་ཟུང་འཇུག་ཏུ་གཏན་ལ་འབེབས་དགོས་ཞེས་པའི་བཤད་པ་བཟང་པོ་གནས་ལུགས་མཐུན་པའི་མ་ལྟ་བུ་དེ་ཡི་རྗེས་སུ་དངོས་གཞིའི་ཉམས་ལེན་སྣང་སྟོང་དབྱེར་མེད་ཀྱི་བུ་ཆུང་གིས་སླེབ་པར་མ་ནུས་པས་སྣང་སྟོང་ཡ་བྲལ་གྱི་སྒོམ་པ་འདི་ཡང་གནས་ལུགས་མཐར་ཐུག་གི་ཉམས་ལེན་མ་ཡིན་པས་ཕྱོགས་ལྷུང་ཅན་དུ་འགྱུར་རོ། །གཉིས་པ་ལ་གསུམ། ཐེག་མཆོག་དབུ་མ་ཆེན་པོའི་སྐབས་སུ་བདེན་པ་གཉིས་ལ་གཙོ་ཕལ་མེད་པར་ཟུང་འཇུག་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ལྟ་བ་སྒྲུབ་ཚུལ་སྤྱིར་བསྟན་པ། ཐབས་མཆོག་སྔགས་ཀྱི་ཐེག་པའི་སྐབས་སུ་དག་མཉམ་གཉིས་ལ་མཆོག་དམན་མེད་པར་ཟུང་འཇུག་རྡོ་རྗེའི་ལམ་གྱི་ལྟ་བར་སྒྲུབས་ཚུལ་བྱེ་བྲག་ཏུ་བཤད་པ། ལྟ་བའི་ཁྱད་པར་གྱི་དབང་གིས་ཐེག་དགུར་འཇོག་པའི་རྒྱུ་མཚན་བསྟན་ཏེ་སྐབས་ཀྱི་དོན་བསྡུ་བའོ། །དང་པོ། དེས་ན་སྔ་འགྱུར་སོགས་ཚིགས་བཅད་བཅུ་གཉིས་ཀྱིས་བསྟན་ཏེ། བདེན་པ་གཉིས་ཀྱི་རང་བཞིན་གཞི་ལམ་འབྲས་བུའི་ཆོས་ཀུན་ལ་སྣང་སྟོང་ངམ་སྟོང་རྟེན་འབྱུང་གཉིས་ལ་གཙོ་ཆེ་ཆུང་རྒྱུ་བཟང་ངན་དབྱེ་ནས་དགག་སྒྲུབ་བླང་དོར་གྱི་སྣང་སྟོང་ཡ་བྲལ་དུ་སོང་ན་གནས་ལུགས་དང་འགལ་བར་གྱུར་པ་དེས་ན་སྔ་འགྱུར་གྱི་རང་ལུགས་གྲུབ་མཐའ་རྣམ་པར་དག་པ་འདིར་ནི། ཕུང་ཁམས་སྐྱེ་མཆེད་སོགས་གཞི་དང་། བྱང་ཕྱོགས་སོ་བདུན་དང་ཕྱིན་དྲུག་སོགས་ལམ་དང་། བྲལ་སྨིན་གྱི་ཡོན་ཏན་འབྲས་བུའི་ཆོས་སྐད་དམ་ཐ་སྙད་གང་ལ་ཡང་རྟག་དང་མི་རྟག་སྣང་སྟོང་བདེན་གཉིས་སོགས་རྒྱ་གང་དུ་ཡང་ཆད་པ་དང་ཕྱོགས་གང་དུ་ཡང་ལྷུང་བ་བྲལ་བ་སྟེ་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཡི་སྣང་སྟོང་བདེན་གཉིས་དབྱེར་མེད་དམ་ཟུང་འཇུག་ཁོ་ནའི་རང་གི་གྲུབ་མཐའ་བསྐྱངས་ཏེ་འཇོག་པ་ཡིན་པས་འདི་ལས་གཞན་དུ་སྣང་བ་ཀུན་རྫོབ་དང་ནི་སྟོང་པ་དོན་དམ་པ་ཡ་བྲལ་རེ་རེའི་སྟེང་དུ་ནི། གཞི་དང་ལམ་དང་འབྲས་བུ་ཡི་རྣམ་པར་བཞག་པ་གང་ཡང་སྐྱོན་མེད་ཅིག་འཇོག་མི་ནུས་པའི་ཕྱིར་ན་གཞི་ལམ་འབྲས་བུ་གསུམ་ཆར་གང་དང་གང་དུའང་བདེན་པ་གཉིས་ལ་རྩིས་ཆེ་ཆུང་བྱས་ནས་འདི་ནི་སྤང་བྱ་དང་འདི་ནི་བླང་བྱའོ་ཞེས། བཟང་ངན་གྱི་དབྱེ་བ་ཅུང་ཟད་ཀྱང་མེད་པར་མགོ་མཉམ་དུ་ཡེ་ནས་གནས་པས་ན་བླང་དོར་དུ་ལྟ་བ་མི་འཐད་དེ། སྣང་བ་ཀུན་རྫོབ་འདི་ཉིད་སྤངས་པའི་ཕ་རོལ་ལམ་གཞན་ཞིག་ན་སྟོང་པ་དོན་དམ་པ་གང་ཡང་མེད་པས་མི་རྙེད་ལ། སྟོང་པ་དོན་དམ་པ་སྤངས་པའི་ཕ་རོལ་ན་ཀུན་རྫོབ་གཞན་ཞིག་རྣམ་པ་ཀུན་ཏུ་མེད་པ་ཉིད་ཡིན་པས་དཔེར་ན་མེ་ཉིད་སྤང་བའི་ཚ་བ་དང་ཚ་བ་སྤང་བའི་མེ་ཉིད་མེད་པ་བཞིན་ནོ། །དེས་ན་གཞི་ལམ་འབྲས་བུས་བསྡུས་པའི་ཆོས་གང་ཡང་སྣང་བ་དེ་ལ་སྟོང་པས་ཁྱབ་པ་དང་གང་སྟོང་པ་དེ་ལ་སྣང་བས་ཁྱབ་པ་ཡང་དག་པར་གྲུབ་སྟེ། སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །ཞེས་རྒྱལ་བའི་ཡུམ་ལས་གསུངས་པས་མེ་དང་ཚ་བ་བཞིན་ནོ། །དེ་གང་གི་ཕྱིར་ན། མཆོག་གི་དོན་གཟིགས་པའི་དམ་པ་རྣམས་ཀྱིས། སྣང་དེ་ཅིའི་ཕྱིར་སྟོང་པའི་ཕྱིར། སྟོང་དེ་ཅིའི་ཕྱིར་སྣང་བའི་ཕྱིར། ཞེས་གསུངས་པ་བཞིན་ཆོས་གང་སྣང་ན་དེ་ཉིད་རང་གི་ངོ་བོས་མི་སྟོང་པ་ཞིག་མི་སྲིད་ཅིང་གལ་ཏེ་སྲིད་ན་དེ་འབའ་ཞིག་མ་གཏོགས་པ་གཞན་ཕྱོགས་དུས་ཀྱིས་བསྡུས་པའི་ཤེས་བྱ་གཅིག་ཀྱང་མི་སྲིད་དེ། འདི་ལྟར་བརྟགས་མཐའ་བཟུང་སྟེ་ཤེས་བྱའི་ཁོང་ན་གཅིག་བདེན་ཞིག་སྲིད་ན་ཆ་མེད་གཅིག་ཡིན་དགོས་ལ། གལ་ཏེ་རྡུལ་ཕྲ་རབ་ལྟ་བུ་ཆ་མེད་གཅིག་བདེན་པར་གྲུབ་པ་ཡོད་ན་ཕྱོགས་དུས་ཀྱི་ཤེས་པ་གང་ཇི་སྙེད་པས་དེ་འབའ་ཞིག་དམིགས་དགོས་པ་དང་། ཕྱོགས་དུས་ཀྱིས་བསྡུས་པའི་འཁོར་འདས་ཀྱི་ཆོས་གཅིག་ཀྱང་མི་སྣང་བར་དེ་འབའ་ཞིག་སྣང་དགོས་པ་དང་། མཐར་དེ་ཡུལ་དུ་བྱེད་པའི་ཡུལ་ཅན་གྱི་ཤེས་པའང་མི་སྲིད་ཅིང་དེ་རང་གི་ངོ་བོ་ལའང་སྣང་མི་སྣང་དང་ཕྲ་རྡུལ་ཡིན་མིན་གྱི་ཆ་ཡང་མི་སྲིད་པ་ཞིག་དགོས་པས་ཕྱང་ཆད་ནམ་མཁའ་ལྟ་བུ་འབའ་ཞིག་མ་གཏོགས་འཁོར་འདས་ཀྱི་སྣང་རྟོག་ཐ་སྙད་ཐམས་ཅད་ཤེས་བྱ་ལ་མི་སྲིད་པར་ངེས་པར་རྒྱུན་ཆད་དེ་གཏན་མེད་དུ་འགྱུར་དགོས་ནའང་དེ་ལྟར་མ་ཡིན་པར་འཁོར་འདས་ཀྱི་སྣང་རྟོག་བསླུ་མེད་ཀྱི་ཐ་སྙད་འགོག་ཏུ་མེད་པར་ཆེས་བཀྲ་བ་འདི་ཉིད་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པའི་གནད་ཀྱིས་རང་སྣང་བ་ཡིན་པར་ཤེས་པར་བྱའོ། །སྟོང་པ་ཉིད་དེའང་མི་སྣང་བའམ་སྣང་བ་མེད་པ་ཞིག་མི་གྲུབ་པ་ཡིན་པའི་ཕྱིར་ན་ཀུན་མཁྱེན་ཆོས་རྗེས། སྣང་བ་མ་ཡིན་པའི་སྟོང་པ་བདེན་པ་གཉིས་ཆར་མི་སྲིད་པ་དང་རྟོགས་བྱར་མི་རུང་བ་ལ་སོགས་པར་གསུངས་ཤིང་། མགོན་པོ་ཀླུས་ཀྱང་། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། །ཞེས་དང་། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། གང་ཞིག་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །ཞེས་སོགས་གསུངས་པ་ཡིན་ནོ། །དེའི་ཕྱིར་དངོས་དང་དངོས་མེད་གཉིས་པོ་ཡང་ཆོས་ཅན་ནམ་སྟོང་གཞིར་བྱས་ནས་རང་རང་ངོ་བོས་སྟོང་དགོས་པའི་ཕྱིར་ན། གང་སྣང་བའི་དངོས་པོ་འདི་དག་བརྟེན་ནས་སྐྱེ་ཞིང་སྣང་བ་རྨི་ལམ་གྱི་བུ་སྣང་ལྟར་དེ་དང་དེར་བཏགས་པ་ཙམ་ཞིག་ལས་དོན་ལ་གྲུབ་པ་མེད་ལ། དངོས་མེད་སྟོང་པའང་བརྟེན་ནས་བཏགས་པ་རྨི་ལམ་གྱི་བུ་ཤི་བ་ལྟར་བློ་ཡིས་བཏགས་པ་ཙམ་ལས་གྲུབ་པ་མེད་པས་དེ་ལྟར་སྣང་བ་དང་སྟོང་པ་དངོས་དང་དངོས་མེད་སྣང་བཏགས་ཀྱི་རྟེན་འབྲེལ་འདི་ལ་གནས་ལུགས་དཔྱོད་པའི་རིགས་པ་ཡང་དག་པས་དཔྱད་པ་ཟབ་མོས་དྲངས་པའི་སྣང་སྟོང་དབྱེར་མེད་པའི་ངེས་ཤེས་ཟབ་མོ་ལ་སྣང་བ་ཐ་སྙད་བདེན་པ་དང་། སྟོང་པ་དོན་དམ་བདེན་པ་འདི་གཉིས་སྣང་བ་ཐབས་དང་སྟོང་པ་ཐབས་བྱུང་ཉིད་དུ་འཆར་ཞིང་མཐོང་སྟེ། དེའི་ཕྱིར་དེ་གཉིས་ལས་གང་གཅིག་ཤོས་ཡོད་པར་གྱུར་ན་ནི་གཅིག་ཤོས་དེའང་མེད་པ་ཉིད་དུ་མི་སྲིད་པས་ཆུ་དང་རླན་ལྟར་ཡེ་ནས་འདུ་འབྲལ་མེད་པར་གནས་པ་ཡིན་པས་སོ་སོར་བྱར་མེད་པ་དེ་ཡི་ཕྱིར་ན་གཞི་ལམ་འབྲས་གསུམ་གང་ལའང་སྣང་བ་དང་དེའི་སྟོང་པ་དག་སོ་སོའི་ཆར་ནི་གཉིས་འཛིན་ཅན་གྱིས་ཤེས་ཤིང་རྟོགས་ན་ཡང་གནས་ལུགས་ཀྱི་དོན་དུ་ནམ་ཡང་སོ་སོར་དབྱེ་བ་ཡེ་ནས་མེད་པ་དེ་ཡི་ཕྱིར་ན་སྣང་སྟོང་འདི་གཉིས་སྲད་བུ་དཀར་ནག་བསྒྲིལ་བ་དང་གཅིག་རྗེས་སུ་གཅིག་བྱུང་བ་ལྟ་བུ་མ་ཡིན་པར་མེ་དང་ཚ་བ་ལྟར་དབྱེར་མེད་པ་ཡིན་ལ། དེ་མཚོན་པའི་བརྡར་ཐ་སྙད་དུ་མདོ་དང་རྒྱུད་སྡེར་སྟོང་རྟེན་འབྱུང་ངམ་ཐབས་ཤེས་སམ་སྣང་སྟོང་ཟུང་འཇུག་ཅེས་བརྗོད་དེ། ལྷ་ཡི་བུ་རབ་རྩལ་སེམས་ཀྱིས་ཞུས་པའི་མདོ་ལས། ཤེས་རབ་དང་ནི་ཐབས་ཤེས་པ། །དེ་གཉིས་ཀུན་ཏུ་འདྲེས་གྱུར་ཅིང་། །གཉིས་ཀ་ཟུང་དུ་འཇུག་གྱུར་ན། །དེས་ནི་དམ་པ་རྟོགས་པར་འགྱུར། །ཞེས་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཀུན་རྫོབ་དང་ནི་དོན་དམ་དག །རྟོག་པ་གཉིས་པ་རྣམ་པར་བྲལ། །གང་དུ་ཡང་དག་འདྲེས་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་བཤད། །ཞེས་གསུངས་སོ། །དེ་ལྟར་སྣང་སྟོང་དབྱེར་མེད་པའི་གནས་ལུགས་ཡང་དག་པར་མཐོང་བའི་ངེས་ཤེས་ཟབ་མོ་ནི། སྣང་སྟོང་གང་གིའང་མཐར་ལྷུང་བ་མེད་པའི་ཕྱིར་སྣང་སྟོང་ཕྱོགས་རེར་ལྷུང་བའི་ངེས་ཤེས་ནི་གནས་ལུགས་མཐར་ཐུག་དང་མཐུན་པའི་ངེས་ཤེས་སུ་མི་འགྱུར་རོ། །དེས་ན་གནས་ལུགས་ཡང་དག་པར་དཔྱོད་པའི་ཤེས་རབ་ཟབ་མོའི་ངོར་གང་སྣང་བ་དང་དེའི་སྟོང་པ་ཉིད་འདི་གཉིས་པོ་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་ཡིན་པས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་གྱིས་དབྱེ་བར་འདོད་ཅིང་། དེ་ཡང་དང་པོའི་ལས་ཅན་གྱི་གང་ཟག་རྣམས་ལ་སྣང་སྟོང་འདི་གཉིས་དགག་བྱ་དང་འགོག་བྱེད་ལྟ་བུར་སོ་སོར་སྣང་བར་འགྱུར་ལ། དེ་ཚེ་སྣང་སྟོང་གཉིས་པོ་གཅིག་ཏུ་འདྲེས་པ་མེད་པས་ད་དུང་ཟུང་འཇུག་ཇི་བཞིན་པར་མཐོང་བ་མ་ཡིན་པས་འདི་ལྟར་སྣང་བའི་ཆོས་ཀུན་གདོད་ནས་སྟོང་ཞིང་སྟོང་པའི་གནད་ཀྱིས་རྟེན་འབྱུང་དུ་རང་འཆར་བར་ངེས་ཤེས་ཡང་དག་པར་བསྐྱེད་པ་དང་། དེ་ནས་སྣང་སྟོང་དབྱེར་མེད་ཟུང་འཇུག་དང་། དེ་ནས་སྤྲོས་བྲལ་དང་། མཉམ་པ་ཉིད་དེ་དབུ་མའི་ལྟ་རིམ་བཞི་པོ་རང་རྒྱུད་ལ་རིམ་གྱིས་བསྐྱེད་ཅིང་འབྱུང་དགོས་པ་ཡིན་ལ། དེའི་ཕྱིར་ནམ་ཞིག་ན་ཆོས་ཀུན་ཡེ་ནས་སྟོང་པའི་རང་བཞིན་ཉིད་ནི་རང་གསལ་བའམ་སྣང་བར་འཆར་བ་ལ་ཡིད་ཆེས་ཐོབ་སྟེ་སུས་ཀྱང་མི་འཕྲོག་པའི་ངེས་ཤེས་ཟབ་མོ་ཐོབ་ལ། དེ་ཡང་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་ནས་ཏེ་ཡེ་ནས་སྟོང་པ་ཉིད་ཡིན་པའི་གནད་ཀྱིས་རྟེན་འབྱུང་འགགས་པ་མེད་པར་རང་སྣང་བ་དང་། གང་སྣང་བ་འདི་དག་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་ཡིན་པའི་གནད་ཀྱིས་སྟོང་པ་ཉིད་དུ་ཡེ་ནས་གནས་པ་ཡིས་ན་གཞི་དང་རྩ་བ་བྲལ་བའི་རང་བཞིན་ཡིན་པས་སྟོང་བཞིན་དུ་སྣང་ལ་སྣང་བཞིན་དུ་སྟོང་པར་མཐོང་བས་སྣང་སྟོང་ཟུང་འཇུག་གི་ངེས་ཤེས་གང་གིས་ཀྱང་མི་འཕྲོག་པར་སྐྱེ་བར་གྱུར་ན་ཟབ་མོ་དབུ་མའི་ལྟ་བ་མཐར་ཕྱིན་པ་ཉིད་ཡིན་ལ། དེ་ལྟར་གནས་ལུགས་སྣང་སྟོང་ཟུང་འཇུག་ཏུ་སྣང་བ་འདི་ནི་ངེས་པ་དོན་གྱི་མདོ་དང་རྒྱུད་སྡེ་མན་ངག་གི་ལམ་ཟབ་མོ་ཀུན་གྱི་རྩ་བའམ་སྙིང་པོར་གྱུར་པ་སྟེ་ཐོས་བསམ་ཡང་དག་པའི་ལམ་གྱིས་གནས་ལུགས་ལ་སྒྲོ་འདོགས་ཐམས་ཅད་ལེགས་པར་ཆོད་པའི་དོན་ཡང་དག་པའི་ལྟ་བ་འཁྲུལ་བའི་དྲི་མ་མེད་པ་ཉིད་ཡིན་ནོ། །གཉིས་པ་ལ་གཉིས། དངོས་དང་། དེ་ལས་གཞན་དུ་འདོད་ཅིང་རྒྱུད་སྡེ་ལ་ལྟ་བའི་མཐོ་དམན་མེད་ན་དངོས་སྟོབས་རིགས་པས་ཇི་ལྟར་གནོད་ཚུལ་བསྟན་པའོ། །དང་པོ། གནད་དེ་ཇེ་བས་སོགས་ཚིགས་བཅད་དགུ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། གོང་དུ་ཇི་སྐད་བཤད་པའི་བདེན་གཉིས་ཟུང་འཇུག་མཉམ་པ་ཆེན་པོར་མཐོང་བའི་ལམ་གྱི་འདྲེན་པ་ལྟ་བ་རྣམ་པར་དག་པའི་གནད་དེ་ཉིད་གོང་ནས་གོང་དུ་ཇེ་བས་ཇེ་ཟབ་ཏུ་རྟོགས་ཤིང་གོམས་པས་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་དང་གཉིས་སུ་མེད་པའི་ཀུན་རྫོབ་ཀྱི་སྣང་བ་གང་ཇི་སྙེད་པ་རྣམས་ལ་ཡང་ཐ་མལ་རང་མཚན་གྱི་ཞེན་པ་རིམ་གྱིས་སྤོང་ཞིང་དབྱིངས་སྣང་ལྷ་དང་ཡེ་ཤེས་སུ་དག་པས་གནས་སྣང་མཐུན་པའི་སྣང་བ་གོང་འཕེལ་དུ་གྱུར་པའི་རྗེས་ཀྱི་ངེས་ཤེས་ཀྱི་སྟོབས་ལས་རྒྱུད་སྡེའི་ཐེག་པའི་ལྟ་རིམ་གྱི་ཁྱད་པར་དེ་ལྟར་སྣང་བ་ཡིན་པས་སྣང་སྟོང་ཟུང་དུ་ཆུབ་པའི་གནད་ལ་མཐོང་གོམས་ཀྱི་ཁྱད་པར་ལས། དབྱིངས་དང་གཉིས་སུ་མེད་པའི་སྣོད་བཅུད་ཡེ་ནས་ལྷར་དག་པའི་དག་མཉམ་གྱི་ལྟ་བ་གོང་ནས་གོང་དུ་འཕགས་རིམ་གྱིས་རྒྱུད་སྡེ་ཕྱི་ནང་མཐོ་དམན་གྱི་དབྱེ་བ་འཇོག་པ་ཡིན་གྱི། གཞན་དུ་སྣོད་བཅུད་ཀྱི་སྣང་བ་ལྷ་དང་ཡེ་ཤེས་སུ་གནས་པ་མིན་ཀྱང་ལྷར་མོས་པའི་ཁྱད་པར་ཙམ་ལས་རྒྱུད་སྡེའི་ཁྱད་པར་མཐོ་དམན་དུ་འབྱེད་མི་ནུས་པའི་ཕྱིར་ན། སྣོད་བཅུད་ཀྱི་སྣང་བ་ཡེ་ནས་ལྷ་མ་ཡིན་པ་ལ་ཡིད་ཀྱིས་ལྷ་དང་དཀྱིལ་འཁོར་དུ་མོས་པས་བསྒོམ་པ་ཙམ་ཞིག་དང་། ཡེ་ནས་སྣོད་བཅུད་ད ག་པའི་ལྷར་སྣང་བའི་ངེས་ཤེས་ཀྱི་ལྟ་བ་མཐོང་གོམས་ཀྱི་གདེང་དུ་གྱུར་པ་གཉིས་ཁྱད་པར་གནམ་ས་མཆིས་པས་མཚུངས་པའི་གོ་སྐབས་རྣམ་པ་ཀུན་ཏུ་མི་སྲིད་པ་ཉིད་དེ་དཔེར་ན་དབུ་མས་ཆོས་རྣམས་ཡེ་ནས་བདེན་པས་སྟོང་པའི་སྟོང་ཉིད་དུ་ངེས་ཤེས་སྐྱེས་པ་གང་ཡིན་པ་དེ་ནི་དབུ་མའི་ལྟ་བ་ཡིན་ལ། སྔགས་མཁན་བྲམ་ཟེས་ནད་པ་རྣམས་ལ་སྔགས་འདེབས་པའི་ཚེ་ན་ནད་མེད་པར་ཡིད་ཀྱིས་མོས་པ་དབུ་མའི་ལྟ་བ་མིན་པ་བཞིན་ནོ། །དེས་ན་ཚུར་མཐོང་གི་སྤྱོད་ཡུལ་ལས་འདས་པའི་སྣང་སྟོང་ངམ་དབྱིངས་ཡེ་གཉིས་སུ་མེད་པའི་དོན་དམ་ཟབ་མོའི་གནས་ལུགས་ཇི་བཞིན་དུ་རྟོགས་པ་ཡིས་ཀུན་རྫོབ་ཀྱི་སྣང་བ་གང་ཇི་སྙེད་པ་ཡེ་ནས་དག་པའི་ལྷ་རུ་སུས་ཀྱང་མི་འཕྲོག་པའི་ཡིད་ཆེས་མཆོག་ཏུ་གྱུར་པ་ཐོབ་ཀྱི། དེ་ལས་གཞན་དུ་ཚུར་མཐོང་འཁྲུལ་བའི་ཀུན་རྫོབ་ཀྱི་སྣང་ཚུལ་འདི་ཁོ་ན་ལ་གནས་ནས་སྣོད་བཅུད་ལྷ་རུ་ཇི་ལྟར་འགྲུབ་སྟེ་འགྲུབ་མི་སྲིད་དོ། །དེའི་ཕྱིར་གཟུང་འཛིན་འཁྲུལ་བའི་སྣང་བ་འདི་ཉིད་མིན་པའི་འཁོར་བ་ཞེས་བྱ་བ་ངན་པ་ཞིག་གཞན་དུ་གྲུབ་པ་མེད་ལ། འཁོར་བ་དེ་ཉིད་སྤོང་བར་བྱེད་པའི་ལམ་མཐོ་དམན་གྱི་དབྱེ་བ་ཇི་སྙེད་པ་རྣམས་ཀྱང་དོན་དམ་སྟོང་ཉིད་ཁོ་ནའི་ངོས་ནས་འཇོག་པར་ནུས་པ་མིན་ཏེ། དོན་དམ་སྟོང་པའི་དབྱིངས་དེ་ཚུལ་གཅིག་ཉིད་ཡིན་པའི་ཕྱིར་ན་དེ་ལ་མཐོ་དམན་གྱི་དབྱེ་བ་མེད་དོ། །དེས་ན་ཆོས་ཅན་ཀུན་རྫོབ་ཀྱི་སྣང་བ་གསལ་བའི་ཆ་ཇི་སྙེད་པ་འདི་ཀུན་ཆོས་ཉིད་དོན་དམ་པའི་དབྱིངས་རྣམ་པར་དག་པའི་གཤིས་སུ་སོན་པའི་སྣང་སྟོང་ངམ་དབྱིངས་ཡེ་ཟུང་དུ་འཇུག་པའི་གནད་ལ་མཐོང་སྒོམ་གྱི་བློ་གྲོས་ཇེ་གསལ་དུ་སོང་ཞིང་ནུས་པ་གོང་འཕེལ་དུ་གྱུར་པས་ཁྱད་པར་དམན་མཆོག་ལ་བརྟེན་ནས་བྱ་བ་ཡི་རྒྱུད་དང་ཆ་མཉམ་སྤྱོད་རྒྱུད་དང་རྣལ་འབྱོར་ཕྱི་པའི་རྒྱུད་དང་ནང་པ་བླ་ན་མེད་པའི་རྒྱུད་དེ་རྒྱུད་སྡེ་རིན་པོ་ཆེའི་དབྱེ་བ་བཞིའམ་དྲུག་ཏུ་བསྟན་པ་ཡིན་ནོ། །དེས་ན་སྣང་སྟོང་བདེན་པ་གཉིས་པོ་སོ་སོ་བའམ་རེ་རེ་རྐྱང་པ་ཡི་རྒྱུད་སྡེའི་ཐེག་རིམ་གྱི་མཐོ་དམན་མི་འབྱེད་པའམ་འབྱེད་མི་ནུས་ཀྱང་། དབྱིངས་ཡེ་དབྱེར་མེད་དམ་བདེན་གཉིས་ཟུང་དུ་འཇུག་པ་ཡི་གནས་ལུགས་ཟབ་མོའི་དེ་བཞིན་ཉིད་ལ་ཅི་ཙམ་མཐོང་གོམས་ཀྱི་ཡིད་ཆེས་ཐོབ་པས་ལྟ་བའི་ངེས་ཤེས་གོང་དུ་འཕེལ་བ་དང་གདེང་དུ་གྱུར་པའི་ཁྱད་པར་བཞིན་དུ་ལམ་ཉམས་ལེན་གྱི་སྒོམ་པ་དང་དེའི་གྲོགས་སྤྱོད་པའི་གནད་ཀྱི་ཁྱད་པར་རྣམས་ཀྱང་ལྟ་བ་དེ་ཡི་རྗེས་སུ་འབྲང་བ་ཁོ་ན་ཡིན་པས་རྒྱུད་སྡེའི་ཁྱད་པར་ཐམས་ཅད་འཁྲུལ་བ་མེད་པར་ངེས་པར་གྲུབ་པ་ཡིན་ནོ། །དེ་ཡི་ཕྱིར་ན་སངས་རྒྱས་ལས་ཀྱང་འཕྲད་པར་དཀའ་བའི་གསང་སྔགས་བླ་ན་མེད་པའི་རྡོ་རྗེའི་ཐེག་པ་རིན་པོ་ཆེ་སྙིགས་དུས་ཀྱི་ཚེ་ལུས་གཅིག་གིས་གྲོལ་བ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བདེ་མྱུར་དུ་སྟེར་བའི་ལམ་ཟབ་མོ་མ་ནོར་བ་ཇི་བཞིན་དུ་ཉམས་སུ་ལེན་པར་བཞེད་ན་སེམས་ཅན་གྱི་རྒྱུད་ཀྱི་ཁྱད་པར་ལས་བལྟ་བྱ་ཐུན་མོང་བ་ཆུ་ལྟ་བུ་གཅིག་ལ་མཐོང་བ་མི་གཅིག་པ་རིགས་དྲུག་གི་འགྲོ་བས་ཁྲོ་ཆུ་དང་རྣག་དང་། གནས་ཁང་དང་ཆུ་དང་། བདུད་རྩི་དང་རྣལ་འབྱོར་པས་མ་མཱ་ཀཱི་ལ་སོགས་པ་མི་འདྲ་བ་ཐ་དད་པར་མཐོང་བའི་ཆུ་ཡི་དཔེ་ཇི་ལྟ་བ་བཞིན་དུ་རྒྱུད་དག་པའི་འཕགས་པ་ཆེན་པོའི་ཇི་ལྟར་གཟིགས་པ་ལ་བརྟེན་པའི་ཀུན་ཏུ་ཐ་སྙད་པའི་ཚད་མའི་སྒོ་ནས་སྣོད་བཅུད་ཀྱི་སྣང་བ་ཡེ་ནས་དག་པར་རབ་འབྱམས་སྣང་སྲིད་གཞིར་བཞེངས་ལྷ་སྔགས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གྲུབ་ཅིང་བསྒྲུབས་པ་ལ་སྐལ་བ་དང་ལྡན་པ་སུ་ཞིག་ཡིད་ཆེས་པར་མི་འགྱུར་ཏེ་ཤིན་ཏུ་ཡིད་ཆེས་སུས་ཀྱང་བཟློག་ཏུ་མེད་པ་སྐྱེ་བར་འགྱུར་རོ། །གཉིས་པ་ལ་གཉིས། ཚུལ་དེ་ངེས་པར་མ་ཤེས་ན་རྨད་བྱུང་རྡོ་རྗེ་ཐེག་པའི་ལམ་མཆོག་གཟུགས་བརྙན་ཙམ་དུ་འགྱུར་ཚུལ་བསྟན་པ། རྒྱུད་སྡེ་ལ་ལྟ་བའི་མཐོ་དམན་མེད་ན་སྔགས་ཕྱི་ནང་གི་རིམ་པ་གོང་འོག་དངོས་འགལ་དུ་འགྱུར་བར་བསྟན་པའོ། །དང་པོ། གལ་ཏེ་དེ་ལྟར་སོགས་ཚིགས་བཅད་ལྔ་དང་རྐང་པ་གསུམ་གྱིས་བསྟན་ཏེ། གལ་ཏེ་སྣོད་བཅུད་སྣང་གྲགས་རིགས་གསུམ་ཡེ་ནས་དག་པ་ལྷ་སྔགས་ཡེ་ཤེས་སུ་གྲུབ་པར་གོང་དུ་བསྟན་པ་དེ་ལྟར་མ་ཤེས་ནས་སྡུག་བདེན་འཁོར་བའི་རང་བཞིན་ལས་ཉོན་ཀུན་འབྱུང་གི་འབྲས་བུ་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་སྣོད་བཅུད་སྣང་ཚུལ་མ་དག་པར་སྣང་བ་དེ་ལྟར་དོན་ལའང་མ་དག་པར་འདོད་ཅིང་ལྟ་བཞིན་དུ་སྣང་བ་ཐམས་ཅད་དག་པའི་རྟེན་དང་བརྟེན་པའི་ལྷ་རུ་སྒོམས་པས་ལྷ་དང་དཀྱིལ་འཁོར་དུ་གྲོལ་བར་འདོད་ཀྱང་འདོད་པའི་གྲུབ་འབྲས་མངོན་སུམ་མི་འབྱིན་ཏེ་དཔེར་ན་རང་ལུས་ངན་སྐྱུག་གི་བུམ་པར་འདྲ་བ་ཡི་དམ་བདེ་དགྱེས་འཇིགས་གསང་སོགས་སུ་སྒོམ་པ་དྲི་བཟང་གིས་ལེགས་པར་བྱུགས་པ་དང་འདྲར་ཏེ་འདྲ་བར་སྣོད་བཅུད་ལྷ་དང་དཀྱིལ་འཁོར་མིན་པ་ལ་ལྷ་དང་དཀྱིལ་འཁོར་དུ་ཡིན་ནོ་སྙམ་དུ་སྒོམ་པ་རྡོ་རྗེ་ཐེག་པའི་ཁྱད་ཆོས་སུ་སེམས་ཤིང་འདོད་པ་དེས་ན་ཀྱེ་མ་འཁོར་འདས་དབྱེར་མེད་མཉམ་པ་ཉིད་མི་ཕྱེད་པའི་རྡོ་རྗེའི་ཐེག་པའི་ལྟ་བ་དང་བསྐྱེད་རྫོགས་ཀྱི་སྒོམ་པ་ཐམས་ཅད་རི་མོའི་མར་མེ་བཞིན་དུ་གཟུགས་བརྙན་ཙམ་དུ་བས་པར་འགྱུར་རོ། །དེས་ན་སྣོད་བཅུད་ཀྱི་ཆོས་གང་ཇི་སྙེད་པ་གནས་ཚུལ་ཡང་དག་པའི་དོན་ལ་ལྷ་དང་དཀྱིལ་འཁོར་དུ་ཡེ་ནས་གནས་སུ་ཟིན་ཀྱང་དེ་ལྟར་མ་རྟོགས་པའི་ཚུར་མཐོང་བྱིས་པས་ཀུན་ཏུ་ཐ་སྙད་པའི་ངོར་གནས་སྣང་མི་མཐུན་པར་སྣང་ཚུལ་ལ་མ་དག་པར་སྣང་ན་ཡང་སྣང་དུས་ཉིད་ནས་ཡེ་ནས་དག་པ་ཆེན་པོར་གནས་པ་མ་མཐོང་བ་དེ་ནི་ཚུར་མཐོང་མ་དག་པ་འཁྲུལ་བས་གྲུབ་པའི་མཐའ་ཉིད་ཡིན་ལ། འཕགས་པའི་གཟིགས་པ་ལ་བརྟེན་པའི་ཀུན་དུ་ཐ་སྙད་པའི་ཚད་མའི་ངོར་ནི་སྣོད་བཅུད་ཀྱི་གནས་ཚུལ་སྟོང་པའི་དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་ལྷ་དང་དཀྱིལ་འཁོར་དུ་སྣང་བ་གནས་སྣང་མཐུན་པ་ཇི་ལྟ་བ་བཞིན་དུ་འཕགས་ཆེན་རྣམས་ཀྱིས་ཡང་དག་པར་གཟིགས་པའི་དོན་ཉིད་གང་གིས་ཀྱང་མི་ཕྱེད་པའི་རྡོ་རྗེའི་ཐེག་པའི་གྲུབ་པའི་མཐར་སྨྲ་ཞིང་མཆོག་ཏུ་འདོད་པ་འདི་ནི་ལུང་རིགས་ཚད་མས་གྲུབ་པ་ཡིན་པས་དེ་ལྟ་བུ་ཞིག་ངེས་པར་དགོས་སོ། །དེའི་ཕྱིར་སྣོད་བཅུད་ཐམས་ཅད་ཡེ་ནས་ལྷའི་དཀྱིལ་འཁོར་དུ་དག་པའི་རྟེན་དང་བརྟེན་པར་མིན་ནོ་སྙམ་དུ་མ་དག་པར་ལྟ་བཞིན་དུ་དག་པ་ལྷའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡིན་ནོ་སྙམ་པའི་སྒོམ་པ་གང་ཡིན་པ་དེ་གཉིས་སྣང་མུན་ལྟར་འགལ་འདུའི་རང་རྟགས་ངོམས་པའི་ལྟ་སྒོམ་རིག་པ་དང་རྐང་པར་ཤིན་ཏུ་མ་འབྲེལ་བ་ཡི་ལམ་དེ་ནི། རྡོ་རྗེ་ཐེག་པའི་ལམ་གྱི་གཟུགས་བརྙན་ལས་ཀྱང་གཟུགས་བརྙན་ཉིད་ཡིན་ཏེ་དེ་ལྟར་ཅི་ཙམ་འབད་པས་སྒོམ་པར་བྱས་ཀྱང་མཐར་འབྲས་སྣོད་བཅུད་ལྷ་དང་དཀྱིལ་འཁོར་དུ་དག་པའམ་གྲོལ་བ་ཉིད་མི་ཐོབ་སྟེ། དཔེར་ན་སོལ་བ་ནག་པོ་འབད་པས་ཅི་ཙམ་བཀྲུས་པས་ཀྱང་མི་དཀར་བའམ་དཀར་བར་མི་འགྱུར་བ་བཞིན་ནོ། །གལ་ཏེ་སྣོད་བཅུད་ཡེ་ནས་ལྷར་དག་པ་ཉིད་མིན་ཀྱང་ལྷ་ཡིན་ནོ་སྙམ་དུ་བཅོས་མའི་སྒོམ་པ་དེ་ཙམ་གྱིས་འབྲས་བུ་སྣོད་བཅུད་ལྷར་དག་པའམ་གྲོལ་བ་ཐོབ་པར་འགྱུར་ན་ནི་དོན་དམ་དཔྱོད་པའི་རིགས་ལམ་གྱིས་ངོ་བོས་སམ་བདེན་པས་སྟོང་པ་ཉིད་ལ་ངེས་ཤེས་ཅི་ཡང་མེད་བཞིན་དུ་ཕྱི་རོལ་མུ་སྟེགས་ཉི་མ་པ་རྣམས་ཀྱིས་སྣང་བ་སྤངས་པའམ་མེད་པས་སྟོང་པ་སོགས་ལ་སྒོམ་པས་ཀྱང་རང་བཞིན་མེད་པ་ཡང་དག་པར་མཐོང་སྟེ་ཉོན་མོོངས་པ་སྤོང་བར་འགྱུར་དགོས་པས་རིགས་པས་ཤིན་ཏུ་མི་འཐད་པ་ཞིག་གོ། །གཉིས་པ། བྱ་སྤྱོད་བླ་མེད་སོགས་ཚིགས་བཅད་གསུམ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལ་རྡོ་རྗེ་ཐེག་པ་བྱ་བ་སྤྱོད་པ་རྣལ་འབྱོར་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་སྡེ་བཞིའམ་དྲུག་ལ་གནས་ལུགས་མཐོང་བའི་ལྟ་བའི་མཐོ་དམན་ཅི་ཡང་མེད་པར་གྱུར་ན་ཤིན་ཏུ་མི་འཐད་པའི་སྐྱོན་གཉིས་ཏེ། ཇི་ལྟར་ན་སྣང་སྲིད་ཐམས་ཅད་ཡེ་ནས་བཟང་ངན་གཉིས་ཆོས་དང་བྲལ་བའི་དག་མཉམ་ཆེན་པོར་རྟོགས་པ་ཡི་ལྟ་བ་ལ་གོམས་པ་གདེང་དུ་གྱུར་པའི་རྣལ་འབྱོར་མཆོག་ལ་གནས་བཞིན་དུ་བདག་དམ་ཚིག་པ་དང་ལྷ་ཡེ་ཤེས་པ་ལ་བཟང་ངན་དང་གཙང་བ་དང་མི་གཙང་བ་སོགས་འདོད་ཡོན་ལ་བླང་དོར་སོ་སོར་འབྱེད་པ་ནི་གནས་ལུགས་ལ་མ་མཐོང་བཞིན་དུ་དབྱེ་བ་སྣ་ཚོགས་པས་ངལ་བ་དང་དུ་ལེན་པ་ཡིན་ན་རང་གིས་རང་ལ་ཤེས་བཞིན་དུ་དོན་མེད་པར་སྡུག་བསྔལ་གྱི་གནོད་པ་བྱེད་པར་ཟད་དོ། །ཡང་ན་བྱ་སྤྱོད་སོགས་རྒྱུད་སྟེ་འོག་མ་བཞིན་དུ་བདག་དང་ལྷ་ལ་བཟང་ངན་དང་གཙང་སྨེ་སོགས་བླང་དོར་ཡོད་པ་ཉིད་དུ་ཞེན་ཅིང་ཆགས་བཞིན་དུ་བླ་ན་མེད་པའི་རྒྱུད་ཀྱི་དག་མཉམ་གྱི་དགོངས་སྤྱོད་ཟབ་མོ་སྦྱོར་སྒྲོལ་དང་ཤ་ཆང་སོགས་བླང་དོར་མེད་པར་མཉམ་པ་ཉིད་དུ་འདོད་ཡོན་ལ་རང་གར་སྤྱོད་པར་བྱེད་ན། དག་མཉམ་དབྱེར་མེད་ཀྱི་དགོངས་སྤྱོད་ཟང་མོ་ཉམས་འོག་ཏུ་མ་ཆུད་བཞིན་དུ་དེ་ལྟར་སྤྱོད་པས་ན་མ་རྟོགས་ཐོ་ཅོའི་སྤྱོད་པ་ཞེས་མདོ་རྒྱུད་ཀུན་ནས་རྒྱལ་བས་ཡང་ཡང་སྨན་པར་གྱུར་པ་དེ་ཉིད་མིན་ནམ་སྟེ་ཡིན་ནོ། །གསུམ་པ། ཇི་ལྟ་ཇི་ལྟར་སོགས་ཚིགས་བཅད་ལྔས་བསྟན་ཏེ། དེ་ལ་ཇི་ལྟ་ཇི་ལྟར་གནས་ལུགས་སྣང་སྟོང་ངམ་དག་མ ཉམ་དབྱེར་མེད་ཟུང་འཇུག་གི་དོན་ཉིད་ཇེ་བས་ཇེ་ཟབ་གོང་འཕེལ་དུ་མཐོང་བའི་བློ་ཡི་རིམ་པའི་རྗེས་ཀྱི་ངེས་ཤེས་ཀྱི་ཁྱད་པར་ལ་ནི་ལྟ་བར་བརྗོད་ཅིང་བཞག་པ་ཡིན་ལ། ལྟ་བས་ཇི་ལྟ་ཇི་ལྟར་ཐག་བཅད་ཅིང་གཏན་ལ་ཕབ་པ་དེ་དང་དེ་བཞིན་བསྒོམས་པས་ཉམས་སུ་བླང་བ་དང་སྤྱོད་པས་ལ་དོར་ཞིང་སྐྱོང་དགོས་པ་ཡིན་པས་ཐེག་པའི་ཁྱད་པར་ནི་གཙོ་བོར་ལྟ་བས་འབྱེད་པ་ཁོ་ན་ཡིན་ནོ། །འོ་ན་ཐེག་པ་གོང་འོག་གི་རིམ་པ་ནི་ལྟ་བའི་མཐོ་དམན་གྱི་འབྱེད་དགོས་པ་ཡིན་པའི་ཕྱིར་ཐེག་རིམ་དགུར་མ་ངེས་སོ་ཞེ་ན། དེ་ནི་ཤིན་ཏུ་ངེས་ཏེ། ཇི་ལྟར་ན་ནང་པའི་གྲུབ་མཐའ་ཀུན་ལས་དམའ་ཤོས་ཉན་ཐོས་ཀྱི་ཐེག་པ་ནས་མཐར་ཕྱིན་རྡོ་རྗེ་རྩེ་མོའི་ཨ་ཏི་ཡོ་གའི་བར་ཐེག་པའི་སྡེ་ཚན་དགུ་ཡི་གྲངས་སུ་ནི་འཇོག་པའི་རྒྱུ་མཚན་ཡང་དག་པ་དབང་པོ་རབ་འབྲིང་ཐ་གསུམ་རེ་རེ་ལའང་དབང་པོ་ཐ་མའི་ཐ་མ་སོགས་གསུམ་གསུམ་དུ་དབྱེ་བ་ལ་སོགས་པ་ཡོད་པའི་ཕྱིར་ན་ཤིན་ཏུ་ངེས་ཏེ། དཔེར་ན་ཐེག་པ་མཐོ་དམན་དང་དབྱེ་བསྡུ་མང་དུ་ཡོད་ཀྱང་ཐེག་པ་གསུམ་ལ་སོགས་པར་གདུལ་བྱའི་ཁམས་དབང་མོས་པ་སོགས་ལ་ལྟོས་ཏེ་དགོས་པས་བཞག་པ་ཇི་ལྟ་བ་དེ་བཞིན་དུ་ཡིན་ནོ། །དེས་ན་བདེན་གཉིས་ཟུང་འཇུག་གི་གནས་ལུགས་དག་མཉམ་ཆེན་པོ་མཐོང་བའི་ནང་གི་ཡེ་ཤེས་ཀྱི་སྟོབས་ཇི་ལྟ་ཇི་ལྟར་སྟོབས་ཤུགས་འཕེལ་བར་གྱུར་པ་དེ་ལྟ་དེ་ལྟར་སྣོད་བཅུད་རྣམས་གནས་སྣང་མཐུན་པར་དག་པ་མཐོང་བ་དང་། ནང་གི་ཡེ་ཤེས་ཀྱི་སྟོབས་ཞན་པ་དེ་ལྟར་མ་དག་པར་མཐོང་བ་སྟེ་དག་པ་དང་མ་དག་པར་སོ་སོར་མཐོང་བས་བློ་རིགས་ཀྱི་མཆོག་དམན་ལ་ལྟོས་ནས་ངེས་ལེགས་ཀྱི་ཐེག་པའི་ཁྱད་པར་ཡང་དེ་ལྟར་རིམ་པ་དགུར་སྣང་བས། གསང་བ་སྒྲ་རྒྱུད་ལས། དབང་པོ་གསུམ་ནི་རབ་འབྲིང་ཐ། །དེས་ནི་ཐེག་གསུམ་འདུ་ཤེས་བྲལ། །དེ་ལས་གསུམ་གསུམ་རབ་དབྱེ་བས། །དགུ་སྟེ་ཐེག་དགུ་དབང་པོའི་གནད། །ཞེས་གསུངས་པ་ཡིན་ལ། དེ་ཡི་ཕྱིར་ན་སྣང་སྟོང་ཡེ་ནས་འདུ་འབྲལ་སྤང་བས་དབྱེར་མེད་དམ་ཟུང་འཇུག་ཏུ་གནས་པ་གཞི་ཡིན་ལ། གཞི་དེ་བདེན་གཉིས་ཟུང་འཇུག་དབྱེར་མེད་པའི་ཚུལ་གྱིས་ཇི་ལྟ་བ་བཞིན་དུ་རྟོགས་པ་ལམ་ཡིན་ལ། ལམ་དེ་ཇི་བཞིན་དུ་གོམས་པ་མཐར་ཕྱིན་པ་ལས་ཆོས་གཟུགས་ཀྱི་སྐུ་གཉིས་ཟུང་འཇུག་མཐར་ཐུག་གི་ཡེ་ཤེས་མཆོག་ཉིད་ཐོབ་པར་གྱུར་པ་ནི་འབྲས་བུ་ཡང་དག་པའོ། །སྟོང་དེ་ཅིའི་ཕྱིར་རང་བཞིན་སྣང་བའི་ཕྱིར། སྣང་དེ་ཅིའི་ཕྱིར་ངོ་བོས་སྟོང་པའི་ཕྱིར། སྣང་སྟོང་ཡེ་ནས་འདུ་འབྲལ་སྤང་བའི་ཕྱིར། ཟུང་འཇུག་འདི་ལས་གཞན་གང་གཙོ་ཞེས་བྱ། ཞེས་ཀྱང་སྨྲས་སོ། །དྲི་ལན་དྲུག་པ་མི་གཅིག་ཐུན་མོང་བ་ལྟ་བྱ་གང་ལྟར་འཐད་ཀྱི་ལན་ལ་གཉིས། མི་འཐད་པ་གཞན་ལུགས་དངོས་སྟོབས་རིགས་པ་ཚད་མས་གསལ་བར་དགག་པ། འཐད་ལྡན་རང་ལུགས་ལུང་རིགས་མན་ངག་ཟབ་མོས་ལེགས་པར་སྒྲུབ་པའོ། །དང་པོ། ཆུ་གཅིག་འགྲོ་བ་སོགས་ཚིགས་བཅད་བཅུ་བཞིས་བསྟན་ཏེ། འདི་ལྟར་སྣང་བའི་ཆུ་གཅིག་ལ་རིགས་དྲུག་གི་འགྲོ་བ་ལས་སྣང་མི་གཅིག་པ་སོ་སོ་ལ། ཐེག་བསྡུས་ལས། ཡི་དྭགས་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས་པ་ལྟར། ཁྲོ་ཆུ་དང་རྣག་ལ་སོགས་པ་མི་གཅིག་པའི་དངོས་པོར་སྣང་བའི་ཚེ་ན་དེ་ལ་ལ་ལས་ཐུན་མོང་གི་བལྟ་བྱ་ཡོད་དེ། གང་ཞེ་ན་ཆུ་གཙང་མ་ཉིད་ཡིན་ལ་ཆུ་དེ་མཐོང་བའི་ཡུལ་ཅན་རྣམས་ཀུན་ཀྱང་ཚད་མ་ཡིན་ནོ་ཞེས་ཟེར་ནི་མི་འཐད་དེ། མི་ལ་སྣང་བའི་ཆུ་འདི་ལ་རང་བཞིན་གྱིས་གྲུབ་པའི་བལྟ་བྱ་རིགས་དྲུག་པོ་ལ་ཐུན་མོང་དུ་གྱུར་པ་འགའ་ཞིག་ཚད་མས་གྲུབ་པ་ཡོད་ཅིང་རིགས་དྲུག་གི་འགྲོ་བས་ཀྱང་དེ་དང་དེ་ཉིད་མཐོང་བ་ཡིན་ལ་ཡུལ་ཅན་རྣམས་ཀྱང་ཚད་མ་ཡིན་ན་ཆུ་གཙང་མ་ལ་རྟག་ཏུ་མཐོང་བ་ལ་སོགས་པའི་རིགས་དྲུག་གིས་མཐོང་བ་སོ་སོ་བ་ལ་ཚད་མ་དང་ཚད་མིན་གྱི་དབྱེ་བ་མེད་པར་འགྱུར་བས་འཁྲུལ་བའི་སྣང་བ་ཞིག་གཏན་ནས་མི་སྲིད་ཅིང་། གལ་ཏེ་སོ་སོའི་ཡུལ་སྣང་རྣག་དང་ཆུ་སོགས་རང་རང་ལ་གང་སྣང་བ་དེ་གཞན་དང་ཐུན་མོང་མིན་པར་གྱུར་ན་ཀ་བ་དང་བུམ་པ་གཉིས་མཐོང་བའི་བློ་ལ་ཐུན་མོང་གི་བལྟ་བྱ་མེད་པ་བཞིན་དུ་ཐུན་མོང་གི་བལྟ་བྱ་མི་སྲིད་པར་འགྱུར་བས་བལྟ་བྱ་ཐུན་མོང་བ་མི་འགྲུབ་བོ། །ཡང་ལ་ལས་ཐུན་མོང་གི་བལྟ་བྱ་རླན་གཤེར་ཙམ་ཞིག་ཡིན་ནོ་ཞེས་ཟེར་བའང་མི་འཐད་དེ། རིགས་དྲུག་གི་འགྲོ་བ་ལ་ཐུན་མོང་དུ་རང་རང་སོ་སོར་རླན་གཤེར་ཙམ་ཞིག་མ་ལོག་པར་བལྟ་བྱར་ཡོད་ཅིང་དེ་མཐོང་བ་ཡིན་ན། དེ་འདྲའི་ཐུན་མོང་གི་རླན་གཤེར་ཙམ་དེ་ལ་རིགས་དྲུག་གི་འགྲོ་བས་ཆུ་རྣག་སོགས་མི་གཅིག་པའི་མཐོང་སྣང་མི་འདྲ་བ་མང་དུ་འབྱུང་ཞིང་ཕན་ཚུན་གཅིག་གི་མཐོང་བ་དེ་ཉིད་གཅིག་ཤོས་ལ་སྣང་ཞིང་མཐོང་བ་མེད་པ་ཡི་ཆུ་དང་རྣག་ལ་སོགས་པར་སྣང་བ་དེ་ལས་གཞན་པའི་སྣང་གཞི་རླན་གཤེར་དེ་གང་ཞིག་ཡིན་ཏེ་དེ་འདྲ་བ་ཞིག་མི་སྲིད་དོ། །གཞན་ཡང་གཟུགས་མེད་ནམ་མཁའ་མཐའ་ཡས་པར་རླན་གཤེར་ཙམ་དེ་ཉིད་གང་སྣང་བ་ཐམས་ཅད་ནམ་མཁའ་འབའ་ཞིག་ཏུ་སྣང་བའི་གཞི་རུ་ག་ལ་འགྱུར་ཏེ་མི་འགྱུར་རོ། །གཅིག་དང་ཐ་དད་དུ་བརྟགས་ན་ཡང་ཐུན་མོང་གི་བལྟ་བྱ་རླན་གཤེར་ཙམ་དེ་ཆུ་ཉིད་དང་གཅིག་ཡིན་ན། དེ་ཉིད་ཆུ་ཁོ་ནར་སྣང་བ་ལས་རྣག་ལ་སོགས་པ་གཞན་པ་ཉིད་དུ་རྣམ་པ་ཀུན་ཏུ་སྣང་མི་རུང་སྟེ་ཆུ་ཉིད་ལས་གཞན་དུ་མེད་པས་སོ། །གལ་ཏེ་རླན་གཤེར་དེ་ཆུ་ལ་སོགས་པ་ལས་གཞན་ཐ་དད་དུ་གྱུར་པ་ཡིན་ན་ཚད་མས་དམིགས་དགོས་པ་ལ་རླན་གཤེར་ཞེས་ཆུ་ལས་ཡན་གར་བ་ཞིག་ཅི་ཡང་དམིགས་པ་མིན་པས་ནམ་ཡང་མི་སྲིད་དེ། སྣང་རུང་ཚད་མས་མ་དམིགས་པས་སོ། །དེ་ཕྱིར་ཆུ་དང་རྣག་སོགས་མི་གཅིག་པའི་མཐོང་སྣང་མི་འདྲ་བ་སོ་སོ་བ་ལ་ཐུན་མོང་གི་བལྟ་བྱ་འདིའོ་ཞེས་མཐའ་གཅིག་ཏུ་རང་དབང་གིས་གྲུབ་པ་ཞིག་མི་སྲིད་ཅིང་། ཐ་སྙད་དུའང་ཐུན་མོང་དུ་མཐུན་པར་སྣང་བའི་དངོས་པོ་གཅིག་ཉིད་ལ་མི་འདྲ་བ་སོ་སོར་སྣང་བ་སྣ་ཚོགས་པ་ཡང་མི་སྲིད་པར་འགྱུར་བའི་ཕྱིར་ན་ཕན་ཚུན་ལྟོས་ནས་ཆུ་དང་རྣག་ལ་སོགས་པ་མཐོང་བ་མི་གཅིག་པར་རྣམ་པར་བཞག་པ་ཡིན་ཀྱང་སྣང་ཙམ་ཞིག་མཐུན་པར་སྣང་བ་དང་མི་སྣང་བའི་གཞི་རུ་ཁས་བླང་བ་ལ་འགལ་བ་མེད་ཀྱི། དེ་ལས་གཞན་དུ་རིགས་པས་དཔྱད་པའི་ཆུ་དང་རླན་གཤེར་སོགས་ཐུན་མོང་གི་བལྟ་གཞིའམ་བལྟ་བྱ་ཞིག་ཁས་ལེན་པར་བྱེད་ན་དེ་གནས་ལུགས་དོན་དམ་པ་ཡིན་པར་གྲུབ་དགོས་ཤིང་དེ་ལྟར་ན་རིགས་པས་དཔྱད་བཟོད་ལ་སོགས་པའི་སྐྱོན་དུ་འགྱུར་བས་གང་ལྟར་བརྟགས་པའམ་ཁས་བླང་ཀྱང་མི་འཐད་པ་ཉིད་དུ་འགྱུར་རོ། །ཡང་གལ་ཏེ་མཐུན་པར་སྣང་བའི་ཐུན་མོང་གི་བལྟ་བྱ་ཞིག་གཏན་ནས་མེད་པར་གྱུར་ན་སེམས་ཙམ་པའི་འདོད་པ་བཞིན་དུ་གཟུགས་ལ་སོགས་པའི་ཡུལ་ཕྱི་དོན་དུ་གྲུབ་པ་མེད་པར་ནང་ཤེས་པ་ཉིད་བག་ཆགས་ཀྱི་དབང་གིས་གཟུགས་ལ་སོགས་པའི་ཡུལ་གཟུང་རྣམ་དུ་སྣང་བར་ཁས་ལེན་དགོས་ན་ཡང་། དེ་ནི་ཡང་དག་པར་འཐད་པ་མ་ཡིན་ཏེ། ཡུལ་གཟུང་བ་བེམས་པོ་ཉིད་དོན་ལ་གྲུབ་པ་མེད་པ་དེ་བཞིན་དུ་ནང་འཛིན་པ་སེམས་དེ་ཡང་དོན་ལ་གྲུབ་པ་མེད་པར་འདྲ་བའམ་མཉམ་པ་ཡིན་ལ། གཟུང་འཛིན་གཉིས་པོའང་ཐ་སྙད་ཀུན་རྫོབ་ཙམ་དུ་སྣང་བར་ཡང་མཉམ་པ་ཡིན་པའི་ཕྱིར་ན་གང་སྣང་བ་ཀུན་རྫོབ་དེ་ལ་དོན་དམ་དཔྱོད་པའི་རིགས་པས་བརྟགས་ནས་གཟུང་འཛིན་གཉིས་ལས་འཛིན་པ་ཡོད་ལ་གཟུང་བ་མེད་དོ་ཞེས་དོན་ལ་སོ་སོར་ཕྱེ་བ་འདི་ནི་མི་འཐད་པ་ཉིད་དེ། གཟུགས་ལ་སོགས་པ་ཡུལ་སྣང་གཟུང་བར་སྣང་བ་ཡོད་ཀྱང་དོན་དུ་གྲུབ་པ་མེད་པས་རྫུན་པ་ཡིན་པ་ལྟར་འཛིན་པར་སྣང་བའི་ཤེས་པ་རང་རིག་རང་གསལ་འདི་ཡང་དཔྱད་ན་མ་གྲུབ་པས་རྫུན་པ་ཡིན་པའི་ཕྱིར་རོ། །དེས་ན་འཇུག་པ་ལས། དེ་དག་ཤེས་རབ་ཚུལ་མདོར་སངས་རྒྱས་ཀྱིས། །མཚུངས་པར་སྤང་ཞིང་མངོན་པའི་ཆོས་ལས་གསུངས། །ཞེས་སོ། །གོང་དུ་ཇི་སྐད་བསྟན་པ་དེ་ཕྱིར་སྣང་སྟོང་རིས་སུ་མ་ཆད་པས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་མི་སྣང་བ་ལས་ལོག་པའི་སྣང་བ་ཙམ་གྱི་ཐུན་མོང་གི་བལྟ་བྱ་ནི་མི་དང་ལྷ་ལ་སོགས་པར་ཆུ་དང་བདུད་རྩི་ལ་སོགས་པ་མཐུན་པར་སྣང་བ་དང་མི་སྣང་བའི་གཞིར་བསྙོན་མེད་དུ་ཡོད་པར་གྲུབ་པའི་ཕྱིར་ཁས་བླང་དགོས་ཀྱི་དེ་མེད་པར་འདོད་དུ་མི་རུང་སྟེ། དཔེར་ན་མ་བརྟགས་མ་དཔྱད་པའི་སྣང་ཙམ་གྱི་ཟློས་གར་མཁན་ཐ་སྙད་ཡོད་ན་ལྷ་ལ་སོགས་པའི་ཟློས་གར་གྱི་རྣམ་འགྱུར་མི་འདྲ་བ་སྣ་ཚོགས་པ་མཐོང་བར་རུང་བ་དང་མེད་ན་མི་རུང་བ་ལ་སོགས་པ་བཞིན་ནོ། །དེ་ཡང་སྣང་སྟོང་རིས་སུ་མ་ཆད་པའི་ཡོད་ཙམ་འདི་ཁོ་ན་ལས་མ་གཏོགས་པའི་ཡོད་པ་གཞན་ཞིག་གང་ནས་ཀྱང་གྲུབ་པ་མི་སྲིད་པས་སྣང་སྟོང་རིས་སུ་མ་ཆད་པའི་སྣང་ཙམ་འདི་ཉིད་གལ་ཏེ་མེད་པར་གྱུར་ན་ནི་ཐ་སྙད་ཀྱི་སྣང་བ་འདི་ཀུན་གཏན་ནས་མི་སྣང་བར་ཐམས་ཅད་སྟོང་ཆད་ནམ་མཁའ་ལྟ་བུར་ཅི་ཡང་མེད་པ་འབའ་ཞིག་ཏུ་འགྱུར་དགོས་ན་དེ་ལྟར་མ་ཡིན་པར་སྣང་བ་སྣ་ཚོགས་ཤིན་ཏུ་བཀྲ་བས་སོ། །འོན་ཀྱང་ཕྱི་དང་ནང་གི་འཁྲུལ་བའི་རྐྱེན་སྣ་ཚོགས་ཀྱིས་རང་སྣང་སྒྲིབ་ནས་འཁྲུལ་སྣང་གི་བག་ཆགས་སད་པའི་མཐུ་ལས་ནི་དོན་དམ་ཟུང་འཇུག་གི་གནས་ཚུལ་དངོས་སུ་ཇི་ལྟ་བ་བཞིན་དུ་མི་མཐོང་བར་རྣམ་པ་གཞན་དང་གཞན་དུ་ཕྱིན་ཅི་ལོག་ཏུ་མཐོང་བར་འགྱུར་བ། དཔེར་ན་སྒྱུ་མའི་སྔགས་བཏབ་པའི་སྟོབས་ཀྱིས་ཤིང་བུ་སོགས་ལ་དེ་དང་དེར་མི་མཐོང་བར་རྟ་དང་གླང་པོ་ཆེ་ལ་སོགས་པར་སྣང་ཞིང་མཐོང་བ་བཞིན་ནོ། །དེ་ཕྱིར་མཐུན་པར་སྣང་བའི་ཐུན་མོང་གི་བལྟ་བྱ་ནི་འདི་ཁོ་ནའོ་ཞེས་དཔྱད་པའི་གཞི་ཞིག་ངེས་པར་བཞག་ཏུ་མི་རུང་ངོ་། །གཉིས་པ་ལ་གསུམ། གཞལ་བྱེད་བསླུ་མེད་ཚད་མའི་ལམ་གྱི་འཇུག་རིམ་ངེས་པ་ཟབ་མོ་རིགས་པའི་ལྡེའུ་མིག་སྤྱིར་བསྟན་པ། གཞལ་བྱ་ཐུན་མོང་བལྟ་བྱའི་སྐབས་དོན་གསལ་བར་སྟོན་པ་རང་ལུགས་གྲུབ་མཐའི་མཛོད་ཁང་བྱེ་བྲག་ཏུ་དབྱེ་བ། དེ་ཉིད་ཚུལ་བཞིན་སྟོན་པ་སྔ་འགྱུར་མདོ་རྒྱུད་ཆོས་ཀྱི་ཆེ་བར་ཆེད་དུ་བརྗོད་དེ་དོན་བསྡུ་བའོ། །དང་པོ་ལ་གཉིས། བརྗོད་བྱའི་དོན་གྱི་ངོ་བོ་ཟུང་འཇུག་མཉམ་པ་ཉིད་ཀྱི་རང་བཞིན་ངོས་བཟུང་བ། དེ་ལ་ཚད་མ་ཚད་མིན་མི་འཐད་པའི་རྩོད་པ་སྤང་སྟེ་ཚད་མ་གསལ་བར་སྒྲུབ་པའོ། །དང་པོ། དེས་ན་རང་གི་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། ཇི་སྐད་བསྟན་པ་དེས་ན་འཐད་ལྡན་རང་གི་ལུགས་ལ་ནི་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་སྣང་སྟོང་རིས་སུ་མ་ཆད་པའི་གཞི་ཡི་གནས་ལུགས་ཟུང་འཇུག་མཉམ་པ་ཉིད་ཀྱི་ཆོས་དབྱིངས་རང་གི་ངོ་བོ་སྟོང་དང་མི་སྟོང་ལ་སོགས་པའི་སྤྲོས་པ་ཅིར་ཡང་མ་གྲུབ་པ་དེ་ཉིད་གང་ཅིར་སྣང་བ་ཐམས་ཅད་ཀུན་ལ་མཉམ་པར་གནས་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཡིན་པའི་ཕྱིར་ན་དངོས་པོ་གཅིག་ཉིད་དངོས་པོ་སྣ་ཚོགས་པར་ཡང་སྣང་བར་ཤིན་ཏུ་རུང་ཞིང་འཐད་པར་གྲུབ་པ་ཉིད་དེ། དེས་ན་གང་ལ་སྣང་སྟོང་མི་འགལ་བར་རིས་སུ་མ་ཆད་པས་ཟུང་འཇུག་མཉམ་པ་ཉིད་འདི་ལུང་རིགས་ཚད་མ་དང་བཅས་པས་རུང་བའམ་འཐད་པར་གྱུར་པའི་གྲུབ་མཐའ་ཡིན་ན། དེ་ལ་སྣང་དང་མི་སྣང་ཚད་མ་དང་ཚད་མིན་ཐུན་མོང་གི་བལྟ་བྱ་ལ་སོགས་པའི་ཐ་སྙད་ཐམས་ཅད་ཇི་ལྟ་བར་ཁས་ལེན་དུ་རུང་བར་ཆེས་ཤིན་ཏུ་འཐད་པར་འགྱུར་ལ། གང་ལ་སྣང་སྟོང་ཟུང་འཇུག་མི་རུང་བར་སྣང་སྟོང་གཉིས་པོ་འགལ་བར་རྟོག་པ་དེ་ལ་སྣང་དང་མི་སྣང་སོགས་ཐ་སྙད་ཐམས་ཅད་རུང་བར་མི་འགྱུར་ཏེ་ཐ་སྙད་ཡང་དག་པ་ཐམས་ཅད་ནུབ་པར་འགྱུར་རོ། །གཉིས་པ་ལ་གསུམ། རང་ལུགས་ལ་མངོན་རྗེས་ཀྱི་ཚད་མ་གྲུབ་ཅིང་དོན་མེད་མིན་ཚུལ། དེ་ལས་གཞན་དུ་འདོད་ན་ཚད་མའི་རྣམ་བཞག་མེད་ཚུལ། ཚད་མས་ཇི་ལྟར་སྒྲུབ་ཚུལ་ཟབ་དོན་ཐུན་མོང་མིན་པ་ཁྱད་པར་དུ་བསྟན་པའོ། །དང་པོ། འོ་ན་ཚད་མ་སོགས་ཚིགས་བཅད་དྲུག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། འོ་ན་སྣང་སྟོང་ཟུང་འཇུག་ཡིན་ན་གང་སྣང་ཀུན་ལ་མཉམ་པ་ཉིད་ཡིན་པའི་ཕྱིར་ན་ཚད་མ་དང་ཚད་མིན་གྱིས་རྣམ་པར་དབྱེ་བའང་འཐད་པ་མེད་པར་འགྱུར་རོ་ཞེ་ན། ཚུར་མཐོང་གི་ཤེས་པ་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་ངོར་ཆུ་ལ་སོགས་པའི་གང་སྣང་བ་དེ་ཉིད་རྣག་ལ་སོགས་པ་གཞན་པ་ཉིད་དུ་མ་སྣང་བའམ་མི་སྣང་བ་དེ་ཡི་ཕྱིར་ན་ཚུར་མཐོང་གི་ཤེས་པ་འཁྲུལ་རྒྱུས་མ་བསླད་པ་དེས་གཞལ་བྱ་རང་མཚན་མི་འགྲུབ་པ་མ་ཡིན་པས་ཤིན་ཏུ་འགྲུབ་པར་འགྱུར་ཏེ། གང་གི་ཕྱིར་ཆུ་ལ་སོགས་པའི་དངོས་པོར་གང་སྣང་བ་ཀུན་ཀྱང་རང་བཞིན་གྱིས་རང་མིན་གཞན་ཐམས་ཅད་ལས་ལོག་པའི་སྲ་གཤེར་དྲོ་སོགས་རང་རང་གི་ངོ་བོ་ཐུན་མོང་མ་ཡིན་པ་ལ་གནས་པ་ཉིད་ཡིན་པས་དེ་ལ་ལྡོག་པའི་སྒོ་ནས་གཅིག་དང་ཐ་དད་ལ་སོགས་པའི་རྣམ་དབྱེ་བྱར་རུང་བའི་གཞལ་བྱ་རང་མཚན་དང་དེ་ཡང་དག་དག་པར་འཇལ་བའི་ཚད་མ་བསླུ་མེད་དུ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེ་ཡི་ཕྱིར་ན་གཞལ་བྱ་གཞལ་བྱེད་ཚད་མས་གྲུབ་པ་དེ་ཡང་གོང་འོག་ལ་ལྟོས་ཏེ་གཞལ་བྱ་གཞལ་བའི་ཚད་མ་ཉིད་དུ་གྲུབ་ཀྱི་ལྟོས་པ་མེད་པར་རང་དབང་ཁོ་ནས་ཆོས་རྣམས་ལ་ནི་གཞལ་བྱ་དང་འཇལ་བྱེད་ཚད་མས་གྲུབ་པར་འཇོག་པ་ཉིད་མ་ཡིན་ཏེ། རང་དབང་གིས་གྲུབ་པ་ཡིན་ན་གནས་ལུགས་དང་དཔྱད་བཟོད་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་མི་ལ་སྣང་བའི་ཆུ་གཅིག་པོ་དེ་ཡང་རང་འཛིན་འཁྲུལ་རྒྱུས་མ་བསླད་པ་རྣམས་ཀྱིས་ཚད་མས་བསླུ་མེད་དུ་གྲུབ་པ་ཡིན་ཀྱང་གཞན་ལ་ལྟོས་མེད་དུ་རང་དབང་ཁོ་ནས་གྲུབ་པ་ཉིད་ནི་མིན་ཏེ། འདི་ལྟར་དོན་དམ་དཔྱོད་པས་དཔྱད་བཟོད་མེད་པས་ཆུ་ཉིད་ཚད་མས་མི་འགྲུབ་ཅིང་། ཡི་དྭགས་ཀྱི་ཤེས་ངོར་ཡང་ཆུ་དེ་ཚད་མས་གྲུབ་པར་མི་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ལྟོས་ཏེ་ཆུ་སོགས་རང་འཛིན་གྱི་ཡུལ་གཞལ་བྱ་རྣམས་ལ་འཁྲུལ་རྒྱུས་མ་བསླད་པས་མངོན་སུམ་ཚད་མ་དང་། རྟགས་ཡང་དག་གིས་རྗེས་དཔག་ཚད་མས་དྲངས་པའི་ངེས་པ་གཞལ་བྱ་ལ་མི་འཁྲུལ་བ་ཡོད་ན་དེ་ཡི་ཡུལ་རྣམས་ལ་ཚད་མས་ཇི་ལྟར་བཅད་པ་དེ་ལྟར་བླང་དོར་འཇུག་ལྡོག་གང་ལ་ཡང་མི་བསླུ་བའམ་བསླུ་བ་མེད་པ་ཡིན་པའི་ཕྱིར་ན་གནས་སྐབས་ལྟོས་ཏེ་ཚད་མ་ལེགས་པར་གྲུབ་ཅིང་དཔེ་བཅད་པ་ལྟར་དོན་ལའང་བསླུ་བ་མེད་པས་དེ་ལྟར་བསྟན་པ་དོན་མེད་དུ་གྱུར་པ་མ་ཡིན་ནོ། །དེའི་ཤུགས་ཀྱིས་ལྡོག་ཕྱོགས་ཚད་མིན་འཁྲུལ་བ་ཉིད་དུའང་བསྟན་ནོ། །དེས་ན་ཆུ་གཅིག་ལ་ཞེས་པ་དེ་ཡང་རང་འཛིན་མི་ཡི་མཐོང་བ་འཁྲུལ་རྒྱུས་མ་བསླད་པའི་ཚད་མ་ཁོ་ན་ལ་ལྟོས་ནས་ཚད་མས་གྲུབ་པའི་ཆུ་དེ་བལྟ་གཞིར་བཞག་སྟེ་མཐོང་བ་འོག་མ་ལ་ལྟོས་ན་ཚད་མ་དང་། གོང་མ་ལ་ལྟོས་ན་ཚད་མིན་དུ་འཐད་པ་ཡིན་གྱི། དེ་ལས་གཞན་ལྷ་ཡི་འགྲོ་བ་ལ་ལྟོས་ན་ནི་རང་འཛིན་གྱིས་ཆད་མས་གྲུབ་པའི་བདུད་རྩི་གཅིག་ཉིད་ལ་བལྟ་གཞིར་འཛིན་དགོས་ཀྱི་ཆུ་སོགས་གཞན་ལ་བལྟ་གཞིར་མི་འཛིན་པ་སོགས་ཐམས་ཅད་ལ་ཤེས་པར་བྱའོ། །གཉིས་པ། ཆུ་ལ་རྣག་ཆུ་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལྟར་ལྟོས་ཏེ་ཚད་མར་འཇོག་ན་ཚད་མའི་རྣམ་བཞག་འཐད་པ་ཡིན་གྱི། དེ་ལས་གཞན་དུ་འདོད་ན་ཆུ་ཕོར་བ་གང་ལྟ་བུ་ལ་ཡི་དྭགས་ཀྱིས་རྣག་དང་མིས་ཆུ་དང་ལྷས་བདུད་རྩི་རུ་མཐོང་བར་གྱུར་པའི་ཚེ་ན་དེ་གསུམ་ཀ་གཞི་གཅིག་པོ་དེ་ལ་ལྟོས་མེད་དུ་ཚང་ཞིང་རང་དབང་གིས་ཚོགས་ནས་ཚད་མས་གྲུབ་པ་ནི་སྲིད་པ་མིན་ལ། དེ་གསུམ་པོ་ལས་གཅིག་ཀྱང་ཚད་མས་གྲུབ་པའི་བལྟ་གཞི་མིན་ན་དེ་གསུམ་མ་ཡིན་པར་དེ་ལས་དངོས་པོ་གཞན་ཞིག་ཏུ་མཐོང་བ་འདི་ནི་ཆུ་ལ་སོགས་པའོ་ཞེས་རྣམ་པ་ཀུན་ཏུ་ཚད་མས་སྒྲུབས་པར་མི་ནུས་པའི་ཕྱིར་ན་མཐོང་དོན་རྣག་ལ་སོགས་པ་གསུམ་ཀ་གཏན་མེད་དུ་ཐལ་བར་འགྱུར་པས། མིས་མཐོང་བའི་ཆུ་འདི་ཡང་ཆུ་ཉིད་མིན་པ་དེ་ལྟར་གྱུར་ན་དེ་ལས་དངོས་པོ་གཞན་ཞིག་ཆུ་རུ་མཐོང་བ་དང་སྒྲུབ་པ་མི་འཐད་པ་ཁོ་ན་ཡིན་པས་ཆུ་ཞེས་བྱ་བ་གཏན་མེད་དུ་ཐལ་བར་འགྱུར་ལ། དེ་ལྟའི་ལུགས་ལའང་ཐ་སྙད་པའི་ཚད་མ་ཡི་རྣམ་པར་བཞག་པ་ཀུན་ཀྱང་གཏན་ནས་འཐད་པར་མི་འགྱུར་བ་དང་དེའི་ལྡོག་ཕྱོགས་ཚད་མིན་ཀྱང་མི་རུང་ཞིང་མཐར་བླང་དོར་འཇུག་ལྡོག་ཐམས་ཅད་དོན་མེད་པར་འགྱུར་རོ། །གསུམ་པ་ལ་གཉིས། འཇལ་བྱེད་ཚད་མའི་ངོ་བོ་ཇི་ལྟར་གཞལ་བའི་གཏན་ཚིགས་དང་བཅས་པ། དེ་ཉིད་སྔ་འགྱུར་རང་ལུགས་ཁོ་ན་ཡིན་གྱི་གཞན་ལ་མེད་པའི་ཁྱད་ཆོས་སུ་བསྟན་པའོ། །དང་པོ་ལ་གཉིས། གནས་སྐབས་གནས་སྣང་གཉིས་ལ་གཞལ་བའི་ཚད་མའི་རིགས་པ་གཉིས་སུ་བསྟན་པ། མཐར་ཐུག་ཟུང་འཇུག་གཟིགས་པའི་ཚད་མ་མཆོག་ཉིད་རང་བྱུང་ཡེ་ཤེས་གཅིག་ཏུ་སྒྲུབ་པའོ། །དང་པོ་ལ་གཉིས། མ་དག་ཚུར་རོལ་མཐོང་བའི་ཀུན་ཏུ་ཐ་སྙད་པའི་ཚད་མ། དག་པའི་གཟིགས་པ་ལ་བརྟེན་པའི་གནས་ཡོངས་སུ་གྱུར་པའི་ཚད་མའོ། །དང་པོ། དེ་ཕྱིར་འཕྲལ་གྱི་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཕྱིར་ཕྱི་ནང་གི་འཕྲལ་གྱི་འཁྲུལ་རྒྱུ་ཡིས་མ་བསླད་པའི་དབང་པོའི་ཡུལ་དུ་སྣང་བའི་དངོས་པོ་དེ་ཉིད་ཚད་གྲུབ་བམ་རང་མཚན་ཡིན་པར་རེ་ཞིག་ཚུར་མཐོང་དེའི་ངོར་བསྒྲུབ་དགོས་ཏེ། དཔེར་ན་དབང་ཤེས་ལ་ཆུ་ཉིད་ཆུ་རུ་སྣང་བ་དང་སྨིག་རྒྱུ་ལ་ཆུར་སྣང་བ་གཉིས་ལས་ཆུ་ལ་ཆུར་སྣང་བའི་ཤེས་པ་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པས་མ་འཁྲུལ་བའི་ཤེས་པ་ཚད་མ་དང་། སྨིག་རྒྱུར་ཆུར་སྣང་བའི་ཤེས་པ་འཁྲུལ་རྒྱུས་བསླད་པས་འཁྲུལ་པའི་ཤེས་པ་ཚད་མིན་དང་། དེ་གཉིས་ཀྱི་ཡུལ་ཡང་ཐ་སྙད་དུ་ཆུ་ལ་རང་མཚན་ཡོད་པ་དང་སྨིག་རྒྱུ་ལ་རང་མཚན་མེད་པའི་ཁྱད་པར་བཞིན་དུ་ཤེས་པར་བྱའོ། །དེས་ན་གནས་སྐབས་ཡི་དྭགས་ཉིད་ལ་སྔོན་ལས་ཀྱི་སྒྲིབ་པ་ངན་པས་མི་རྣམས་ཀྱིས་མཐོང་བའི་ཆུ་གཙང་མ་ཉིད་ལ་རྣག་ཏུ་སྣང་ཡང་སྔོན་ལས་ངན་པའི་སྐྱོན་ནམ་སྒྲིབ་པ་དེ་ཉིད་བྲལ་བའམ་སེལ་བར་གྱུར་ན་ད་གདོད་དམ་ད་གཟོད་མི་རྣམས་བཞིན་དུ་ཆུ་རུ་སྣང་ཞིང་མཐོང་བའི་ཕྱིར་དེ་ལ་ལྟོས་ནས་རེ་ཞིག་མིས་ཆུར་མཐོང་བ་དེ་ཉིད་ཚད་མ་དང་། གཞན་པ་ཡི་དྭགས་ལ་ལས་ཀྱི་སྒྲིབ་པ་ངན་པའི་སྐྱེེན་གྱིས་བསྒྱུར་བས་རྣག་ཏུ་མཐོང་བའི་ཕྱིར་རེ་ཞིག་ཚད་མིན་དུ་བཞག་སྟེ་དེ་ལྟར་ཚུང་མཐོང་བའི་ངོར་ཆུ་ཉིད་ནི་ཚད་མར་སྒྲུབ་པ་ཡིན་ནོ། །དེ་བཞིན་དུ་བདུད་རྩི་ལ་སོགས་པ་ལའང་འདྲའོ། །གཉིས་པ། མཐར་ཐུག་རིགས་པས་སོགས་ཚིགས་བཅད་གཉིས་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། གནས་ཡོངས་སུ་གྱུར་བས་ཐ་སྙད་ཀྱི་གནས་ཚུལ་མཐར་ཐུག་པ་ཇི་བཞི་མཐོང་བའི་དག་པའི་གཟིགས་པ་ལ་བརྟེན་པའི་ཚད་མའི་རིགས་པས་དཔྱད་པ་ན་མ་དག་ཚུར་རོལ་མཐོང་བའི་སྣང་བ་ཆུ་དང་རྣག་ལ་སོགས་པ་དེ་དག་ཀུན་ཀྱང་བག་ཆགས་འཁྲུལ་བའི་དབང་གིས་སྣང་བ་སྟེ། དེ་ལས་གཞན་དུ་བག་ཆགས་འཁྲུལ་སྣང་སྤངས་པས་གནས་ཡོངས་སུ་གྱུར་པའི་འཕགས་མཆོག་རྣམས་ལ་མི་རྣམས་ཀྱི་མཐོང་བའི་ཆུ་འདི་ཉིད་དག་པ་ཡི་སངས་རྒྱས་ཀྱི་ཞིང་ཁམས་དང་ཡུམ་ཆེན་མཱ་མ་ཀཱིའི་སྐུར་ཡང་སྣང་ཞིང་མཐོང་བའི་ཕྱིར་ན་མི་ཡིས་མཐོང་བ་ཡི་ཆུ་དེ་ཁོ་ན་གཞན་ལ་ལྟོས་པ་མེད་པར་མཐའ་གཅིག་ཏུ་ཚད་མར་མི་འགྲུབ་པས་བསྒྲུབ་ཏུ་རུང་བ་མ་ཡིན་ལ། དེས་ན་སྔོན་ལས་ངན་པའི་བག་ཆགས་འཁྲུལ་བའི་སྒྲིབ་སྐྱེན་མ་དག་པ་རྣམས་ཇེ་བས་ཇེ་དག་ཏུ་གྱུར་པའི་རིམ་པ་བཞིན་དུ་མཐོང་བ་ཇེ་བཟང་ཇེ་བཟང་དུ་འགྱུར་བ་ཡིན་པས་མཐོང་བ་འོག་མ་འོག་མ་ལ་ལྟོས་ནས་མཐོང་བ་གོང་མ་གོང་མ་ཚད་མ་རུ་ཁས་བླང་བ་འདི་ཉིད་ནི་ཐ་སྙད་དཔྱོད་པའི་རིགས་པས་གྲུབ་ཅིང་གནོད་པ་མེད་པས་ཤིན་ཏུ་འཐད་པ་ཡང་དག་པ་ཉིད་ཡིན་ནོ། །གཉིས་པ། མཐར་ཐུག་དེ་ཁོ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། གནས་ལུགས་མཐར་ཐུག་ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་ནི་བདེན་གཉིས་དབྱེར་མེད་དམ་ཟུང་འཇུག་གཅིག་ལས་གཉིས་སུ་མེད་པའི་ཕྱིར་དེ་ཁོ་ན་ཉིད་ཇི་བཞིན་མཐོང་བའི་ཚད་མའང་མཐར་ཐུག་པ་གཉིས་སུ་མེད་པས་གཅིག་ཉིད་ཡིན་ཏེ་ཚད་མ་མཐར་ཐུག་གཉིས་པ་ཞིག་རྣམ་པ་ཀུན་ཏུ་མི་སྲིད་དོ། །དེ་ཕྱིར་གནས་ལུགས་མཐར་ཐུག་བདེན་པ་དམ་པ་གཅིག་པུ་ཟུང་འཇུག་དག་མཉམ་དབྱེར་མེད་སྤྲོས་བྲལ་མཉམ་ཉིད་ཆེན་པོ་སྟེ། དེ་ཉིད་ཇི་ལྟ་བ་བཞིན་དུ་གཟིགས་པའི་ཚད་མ་མཐར་ཐུག་པའང་རང་བྱུང་གི་ཡེ་ཤེས་རྣམ་པ་ཐམས་ཅད་མཁྱེན་པ་གཅིག་པུ་ཉིད་ལས་གཞན་དུ་མེད་ལ་གནས་ལུགས་དེ་ཉིད་མཐོང་བ་ལ་སྒྲིབ་པའི་སྤང་བྱ་གང་ཇི་སྙེད་པ་ཡང་མ་རིག་པ་སྟེ་རྨོང་པའི་རང་བཞིན་གཅིག་པུ་ལས་མེད་པའམ་མ་འདས་པའི་ཕྱིར་ན་སངས་རྒྱས་དང་སེམས་ཅན་ནི་རིག་པ་དང་མ་རིག་པ་གཉིས་ཀྱི་ཁྱད་པར་ཙམ་དུ་སྔ་འགྱུར་གྱི་རྒྱུད་དང་མན་ངག་རྣམས་སུ་བསྟན་པ་ཉིད་ཤིན་ཏུ་ཟབ་མོའི་དོན་ངེས་པའི་སྙིང་པོ་མཐར་ཐུག་ཡང་དག་པའོ། །གཉིས་པ། དེ་ཕྱིར་ཚད་མའི་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། ཇི་སྐད་བསྟན་པ་དེ་ཕྱིར་དག་པའི་གཟིགས་པ་ལ་བརྟེན་པའི་ཐ་སྙད་ཚད་མའི་འདི་ཡིས་ཕྱི་ནང་གི་སྣང་བ་འདི་ཐམས་ཅད་ཀུན་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཞིང་དང་ལྷར་བསྒྲུབ་པ་འདི་ནི་སྔ་འགྱུར་རྡོ་རྗེ་ཐེག་པའི་རང་ལུགས་ཟབ་མོ་ཁོ་ན་སྟེ། དེ་ཉིད་ཇི་ལྟ་བ་བཞིན་དུ་གཟིགས་ཤིང་ལེགས་པར་སྟོན་པར་མཛད་པའི་ཀུན་མཁྱེན་རོང་ཟོམ་མ་ཧཱ་པཎྜི་ཏའི་ཞལ་སྔ་ནས་བརྩལ་བའི་སྣང་བ་ལྷར་སྒྲུབ་རིགས་པ་ཚད་མའི་སྒོ་ནས་གསལ་བར་བསྟན་པ་ལ་སོགས་པའི་ལེགས་པར་བཤད་པ་སེང་གེའི་ང་རོ་ལྟ་བུ་རྣམས་ཀྱིས་མཚོན་ཏེ། ཀུན་མཁྱེན་ཀློང་ཆེན་པ་ལ་སོགས་པའི་སྔ་འགྱུར་བ་རྣམས་ཀྱིས་ཀུན་རྫོབ་ཏུ་དག་པ་ཆེན་པོར་བསྒྲུབ་པ་དང་མཐར་ཐུག་ཏུ་དབྱེར་མེད་ཆེན་པོར་བསྒྲུབ་པའི་ལུང་རིགས་མན་ངག་རྣམས་ནི་འགྲན་ཟླ་ཀུན་དང་བྲལ་བས་གཞན་དང་ཐུན་མོང་མ་ཡིན་པ་ཁོ་ན་ཡིན་ལ་དེ་ལས་གཞན་ན་ཀུན་རྫོབ་ཏུ་དག་པ་ཆེན་པོར་སྒྲུབ་པ་དང་མཐར་ཐུག་ཟུང་འཇུག་འོད་གསལ་ཆེན་པོར་སྒྲུབས་པའི་ཚུལ་ལུགས་བཟང་པོ་འདི་ཉིད་ཚུལ་བཞིན་དུ་སྨྲ་བ་གཅིག་ཀྱང་མེད་པས་དག་པ་དང་དབྱེར་མེད་ཆེན་པོར་སྒྲུབ་ཚུལ་འདི་ཡི་ཐད་ནས་གང་ལྟར་ཁས་བླང་ནས་སྒྲུབ་པར་བྱས་ཀྱང་ལུང་རིགས་མན་ངག་ཟབ་མོ་དང་འགལ་བར་གྱུར་པ་ཁོ་ནར་མཐོང་བས་ན་རྒྱུད་དོན་ཟབ་མོ་ཇི་བཞིན་དུ་རྟོགས་པས་དབེན་པ་ཉིད་དོ། །གཉིས་པ་ལ་གཉིས། ཐུན་མོང་གི་བལྟ་བྱ་སྣང་སྟོང་ཕྱོགས་རེར་གྱུར་ན་དངོས་སྟོབས་རིགས་པ་ཚད་མས་ཇི་ལྟར་གནོད་ཚུལ། ཟུང་འཇུག་གཞི་འབྲས་དབྱེར་མེད་དག་མཉམ་སྤྲོས་པ་དང་བྲལ་བར་ལུང་རིགས་མན་ངག་ཚད་མས་གསལ་བར་གྲུབ་པའི་ཚུལ་ལོ། །དང་པོ། དེ་ལ་ཐུན་མོང་སོགས་ཚིགས་བཅད་བཅུ་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལ་ཐུན་མོང་གི་བལྟ་བྱ་ཞེས་པ་དེ་ཉིད་སྣང་བ་དང་སྟོང་པ་སོ་སོ་བ་རེ་རེས་མི་རུང་སྟེ་སོ་སོ་ལ་རྒྱུ་མཚན་རྒྱས་པར་བསྟན་པ་འདི་དག་གིས་གནོད་པའི་ཕྱིར་རོ། །གལ་ཏེ་ཐུན་མོང་གི་བལྟ་བྱ་ཞེས་པ་ཅི་ཡང་མེད་པས་སྟོང་པ་རྐྱང་པ་ཙམ་ཡིན་ན་འགྲོ་བ་མི་ལ་སོགས་པ་སུ་ཡང་རུང་ལ་ཡང་ཅི་ཡང་མེད་པའི་ནམ་མཁའ་བེམས་སྟོང་ཕྱང་ཆད་པ་ཡང་དོན་བྱེད་ནུས་པའི་དངོས་པོ་བུམ་པ་ལ་སོགས་པར་སྣང་བར་འགྱུར་ཞིང་བུམ་པ་ལ་སོགས་པ་དོན་བྱེད་ནུས་པའི་དངོས་པོ་རྣམས་ཀྱང་དངོས་མེད་ནམ་མཁའ་ལྟར་ཅི་ཡང་མེད་པར་མི་སྣང་བར་འགྱུར་དགོས་ལ། དེའི་ཕྱིར་སྣང་བ་དང་བྲལ་བའི་ཅི་ཡང་མེད་པས་སྟོང་པ་ཙམ་ཐུན་མོང་གི་བལྟ་བྱར་རུང་ཞིང་ཆུ་ལ་སོགས་པར་སྣང་ན། མོ་གཤམ་གྱི་བུ་དང་ནམ་མཁའི་མེ་ཏོག་ལ་སོགས་པ་ཐུན་མོང་གི་བལྟ་བྱར་རུང་ཞིང་ཆུ་ལ་སོགས་པ་ཐམས་ཅད་དུ་ཅི་ཡི་ཕྱིར་མི་སྣང་སྟེ་སྣང་དགོས་ལ། དེ་ལྟར་ན་དངོས་པོ་རྣམས་ཕྱོགས་དུས་གཅིག་ན་ཡོད་པ་ལྟར་ཕྱོགས་དུས་ཐམས་ཅད་ན་རྟག་ཏུ་ཡོད་པའམ། ཡང་ན་ཕྱོགས་དུས་གཅིག་ན་མེད་པ་ལྟར་ཕྱོགས་དུས་ཐམས་ཅད་ན་མེད་པར་ཐལ་བར་འགྱུར་ཏེ་དངོས་པོ་རྣམས་རྒྱུ་མེད་དུ་འདོད་པ་ལ་ཇི་སྐད་བརྗོད་པའི་སྐྱོན་ཀུན་འདི་ལའང་མཚུངས་པར་འཇུག་པས་སོ། །གཞན་ཡང་ཅི་ཡང་མེད་པའི་སྟོང་པའི་གནས་སྐབས་དངོས་མེད་དེ་ཉིད་ཡིན་བཞིན་དུ་ཆུ་ལ་སོགས་པ་སྣང་བའི་དངོས་པོ་ཡིན་པའང་རྣམ་པ་ཀུན་ཏུ་མེད་དེ་ཅིའི་ཕྱིར་ན་དེ་གཉིས་ཕན་ཚུན་འགལ་བའི་ཕྱིར་རོ། །གལ་ཏེ་ངོ་བོས་མ་སྟོང་པ་ཡི་སྣང་བ་ཐུན་མོང་གི་བལྟ་བྱ་ཞིག་ཡོད་པར་གྱུར་ན་ནི་ཅི་ཡང་མེད་པས་སྟོང་ཉིད་ཙམ་ཐུན་མོང་གི་བལྟ་བྱའམ་སྣང་གཞིར་བཞག་པའི་རང་ཚིག་དང་འགལ་བ་ཡིན་པས་མི་འཐད་པ་ཁོ་ནའོ། །འོ་ན་ཁྱོད་ཀྱི་གོང་དུ་རང་ལུགས་ལ་ནི་སྟོང་པ་ཉིད་དང་རྟེན་འབྱུང་གི་སྣང་བ་གཉིས་མི་འགལ་བར་ཟུང་འཇུག་གམ་དབྱེར་མེད་བསྟན་པ་དེ་ཅི་ཞེ་ན། འདིར་ནི་གཉིས་ཆོས་ཀྱི་སྣང་བ་ཚུར་རོལ་མཐོང་བའི་དོན་ལ་དཔྱད་པའི་ཀུན་ཏུ་ཐ་སྙད་པའི་ཚད་མའི་རྣམ་བཞག་འཇོག་པའི་སྐབས་ཡིན་པས་ན། དེའི་ངོར་དངོས་པོ་གཅིག་ཉིད་ཡོད་པ་དང་མེད་པ་གཉིས་འགལ་བ་སྟེ་ཕན་ཚུན་སྤང་བས་གཉིས་ཀ་ཡིན་པ་མི་སྲིད་དོ། །གོང་དུ་ཇི་ལྟར་བསྟན་པའི་དངོས་པོ་གཅིག་གི་སྟེང་གི་སྣང་སྟོང་བདེན་པ་གཉིས་མེ་དང་ཚ་བ་བཞིན་དུ་མི་འགལ་བར་བསྟན་པ་ནི་འཕགས་པའི་ཡེ་ཤེས་གཉིས་སྣང་མེད་པའི་ཡུལ་ཡིན་པའི་ཕྱིར་དེ་གཉིས་ཀྱི་ཤན་ལེགས་པར་ཕྱེད་པ་གཅེས་སོ། །ཡང་གལ་ཏེ་རང་གི་ངོ་བོས་སྟོང་པ་དང་བྲལ་བའི་མི་སྟོང་པའི་སྣང་བ་རིས་སུ་ཆད་པ་ཙམ་ཞིག་ཁོ་ན་ཐུན་མོང་གི་བལྟ་བྱའི་སྣང་གཞིར་མི་རུང་སྟེ། ཇི་ལྟར་ན་མི་སྟོང་པ་ཐུན་མོང་གི་སྣང་གཞི་དེ་ཉིད་ཆུ་རྣག་བདུད་རྩི་ལ་སོགས་པའི་སྣང་བ་རྣམས་ལས་གང་ལྟར་སྣང་བ་ཡིན་ཞེས་བརྟགས་ན་འདི་ལྟར་སྣང་བ་ཡིན་ནོ་ཞེས་སོ་སོར་རིས་སུ་མ་ཆད་པའི་སྣང་བ་ཞིག་སུས་ཀྱང་བསམ་པར་མི་ནུས་པའི་ཕྱིར་བསམ་བརྗོད་ལས་འདས་པས་ཤིན་ཏུ་མི་འཐད་དོ། །དེའི་ཕྱིར་ཐུན་མོང་གི་བལྟ་བྱའམ་སྣང་གཞིར་ནི་མི་སྟོང་པའི་སྣང་བ་ཙམ་ཞིག་ཡོད་ཅེས་པ་འདི་ཉིད་གྲུབ་པ་མ་ཡིན་ཏེ། ཅིའི་ཕྱིར་ན་ཤེས་བྱེད་ཚད་མས་ཏེ་ཚད་མ་གང་གིས་མ་མཐོང་བཞིན་དུ་དེ་འདྲའི་སྣང་གཞི་ཡོད་ཅེས་སྒྲུབ་བྱེད་མེད་པའི་དམ་བཅའ་ཙམ་དུ་ཟད་པས་རྣམ་པ་ཀུན་ཏུ་མི་འགྲུབ་པ་ཁོ་ནའོ། །སྐྱོན་གཞན་ཡང་ཆུ་རྣག་སོགས་གང་སྣང་བ་དེ་ཉིད་མི་སྟོང་བར་རིས་སུ་ཆད་པར་གྱུར་ན་ནི་ཆུ་སོགས་གང་ལྟར་སྣང་བ་དེ་ལས་རྣག་སོགས་གཞན་དུ་རྣམ་པ་ཀུན་ཏུ་སྣང་མི་རུང་ཞིང་། དེ་ཉིད་མི་སྟོང་བ་བདེན་གྲུབ་ཀྱི་སྣང་བ་ཡིན་པའི་ཕྱིར་ན་ཡང་སྣང་བ་དེ་ཉིད་དོན་དམ་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་འགྱུར་བ་ལ་སོགས་པ་དང་། གཞན་ཡང་ཆུ་དང་རྣག་དང་བདུད་རྩི་སོགས་ཀྱི་ཐུན་མོང་གི་སྣང་གཞི་ཉིད་ནི་ཆུ་ལ་སོགས་པ་དེ་གསུམ་སོ་སོ་བ་གང་ཡིན་ཀྱང་འགལ་བ་ཡིན་ཏེ་འདི་ལྟར་གལ་ཏེ་ཆུ་རུ་སྣང་བ་དེ་ཡི་སྣང་གཞི་རྣག་ཉིད་དུ་གྲུབ་པ་ཡིན་ན་དེ་ཉིད་ཆུ་རུ་སྣང་བར་ཇི་ལྟར་འགྱུར་ཏེ། སྣང་གཞི་རྣམ་ཡིན་པའི་ཕྱིར། མེ་ཉིད་ཆུར་སྣང་བར་མི་འགྱུར་བ་བཞིན་ནོ། །གལ་ཏེ་ཆུ་ཡི་སྣང་གཞི་དེ་ཉིད་རྣག་ཉིད་མིན་པར་ཆུ་རང་ཉིད་ཡིན་པར་གྲུབ་ན་ནི། རྣག་ལ་སོགས་པ་གཞན་དུ་ཅི་ལ་སྣང་སྟེ། སྣང་གཞི་ཆུ་ཡིན་པའི་ཕྱིར། ཆུ་ཉིད་མེ་ལ་སོགས་པར་སྣང་དུ་མི་རུང་བ་བཞིན་ནོ། །གལ་ཏེ་ཡི་དྭགས་ཀྱི་མཐོང་བའི་ཡུལ་དུ་གང་སྣང་བ་དེ་ཡང་ཆུ་འདི་ཉིད་ཡིན་ནོ་ཞེ་ན། དེ་ལྟར་ན་ཡི་དྭགས་ལ་རྣག་སྣང་དེ་ཡང་མེད་པར་ཁས་བླང་བ་ཉིད་དུ་ཐལ་བར་འགྱུར་བས་མི་འཐད་པར་གསལ་ལོ། །མདོར་ན། གང་ཕྱིར་རིགས་དྲུག་གི་འགྲོ་བ་རང་རང་སོ་སོ་ལ་ཆུ་ལ་སོགས་པ་ཐུན་མིན་གྱི་སྣང་བ་དེ་དང་དེ་ལས་སྣང་གཞི་ལོགས་སུ་ཐ་དད་པ་ཅི་ཡང་ཡོད་པ་མིན་ཏེ་གལ་ཏེ་ཡོད་པར་གྱུར་ན་གང་སྣང་བ་དེ་དང་དེའི་སྣང་གཞི་ཐ་དད་དུ་འགྱུར་བའི་ཕྱིར་ཐུན་མོང་གི་བལྟ་བྱའི་དོན་མེད་དེ། དཔེར་ན་ཀ་བ་དང་བུམ་པ་གཉིས་ཕན་ཚུན་གཅིག་གི་སྣང་གཞིར་གཅིག་ཤོས་འཇོག་ཏུ་རུང་བ་མིན་པ་བཞིན་ནོ། །དེས་ན་གང་སྣང་བ་དེ་ལས་གཞན་དུ་སྣང་གཞི་ལོགས་སུ་ཐ་དད་པ་ཉིད་མེད་པར་རིག་པར་བྱའོ། །གཉིས་པ་ལ་གསུམ། གཞི་ཡི་གནས་ཚུལ་མཐར་ཐུག་པ་གནས་སྣང་རྣམ་ཀུན་མཐུན་པའི་དག་མཉམ་དབྱེར་མེད་ཆེན་པོར་རིགས་པས་སྒྲུབ་པ། ལམ་ལ་གོམས་པས་གནས་སྣང་མི་མཐུན་པའི་བག་ཆགས་རིམ་གྱིས་སྦྱངས་ཏེ་དུས་མེད་གཉུག་མའི་ཀློང་དུ་བཙན་ས་འཛིན་ཚུལ། མཐར་འབྲས་བསམ་མི་ཁྱབ་པའི་ཆོས་ཉིད་ལ་བཟོད་པ་སྐྱེས་ཏེ་རྒྱལ་བའི་སྐྱོད་ཡུལ་ཐོབ་ཀྱང་གཞན་གྱིས་རྟོགས་པར་དཀའ་བའི་ཚུལ་ལོ། །དང་པོ་ལ་གསུམ། དོན་དམ་དུ་ཟུང་འཇུག་རོ་མཉམ་ཆེན་པོར་སྒྲུབ་པ། ཀུན་རྫོབ་ཏུ་སྣང་སྲིད་རྣམ་དག་ཆེན་པོར་སྒྲུབ་པ། མཐར་ཐུག་ཏུ་དབྱེར་མེད་བློ་བྲལ་ཆེན་པོར་སྒྲུབ་པའོ། །དང་པོ། དེས་ན་སྣང་སྟོང་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། གོང་དུ་ཇི་སྐད་བསྟན་པ་དེས་ན་ཆོས་ཀུན་གདོད་ནས་སྣང་སྟོང་རིས་སུ་མ་ཆད་པའི་ཟུང་འཇུག་གམ་རང་གི་ངོ་བོས་བདེན་པར་གྲུབ་པ་མེད་པའི་སྟོང་པའི་དབྱིངས་དང་འདུ་འབྲལ་མེད་པའི་སྣང་བ་ཙམ་ཞིག་དེ་རྒྱ་ཆད་དང་ཕྱོགས་ལྷུང་བྲལ་བ་སྟེ་རྒྱ་གང་དུའང་མ་ཆད་ཕྱོགས་གང་དུའང་མ་ལྷུང་བ་ཡི་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་རོ་མཉམ་ཆེན་པོ་རུ་འཁོར་འདས་ཀྱི་ཆོས་ཀུན་ཡེ་གདོད་མ་ནས་མཉམ་ཉིད་ཆེན་པོར་གནས་པའི་ཕྱིར་ན་དེ་ལྟར་མཉམ་པ་ཉིད་རང་བྱུང་གི་ཡེ་ཤེས་འོད་གསལ་རྫོགས་པ་ཆེན་པོ་རུ་གདོད་ནས་གྲུབ་པའི་དོན་དེ་ཉིད་རྟོག་གེའི་རིགས་པས་མ་དཀྲུགས་པར་ངེས་པའི་མདོ་རྒྱུད་ཟབ་མོའི་ལུང་རིགས་ཀྱིས་གཏན་ལ་ཕབ་པར་བྱས་ནས་གནས་ལུགས་བསལ་བཞག་མེད་པར་མཉམ་པར་འཇོག་པ་ནི་མཉམ་ཉིད་རྫོགས་པ་ཆེན་པོ་སྟེ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྤྲོས་བྲལ་དབུ་མ་ཆེན་པོའང་ཡིན་ནོ། །གཉིས་པ། ཚུལ་དེ་གོམས་པའི་སོགས་ཚིགས་བཅད་བརྒྱད་དང་རྐང་པ་གཅིག་གིས་བསྟན་ཏེ། གོང་དུ་ཇི་སྐད་བཤད་པའི་ཚུལ་དེ་ལ་ཇི་བཞིན་དུ་གོམས་པར་བྱེད་པའི་ལམ་གྱི་གནས་སྐབས་སུ་ཡང་དང་པོར་དག་པའི་གཟིགས་པ་ལ་བརྟེན་པའི་རིགས་པ་ཚད་མའི་ལམ་ནས་ཕྱི་དང་ནང་གི་དངོས་པོ་མ་དག་པའི་སྣང་བ་འདི་ཐམས་ཅད་ཡེ་ནས་དག་པའི་ཡེ་ཤེས་ཆེན་པོར་རང་སར་གྲོལ་བའི་སྣང་སྲིད་རྣམ་པར་དག་པའི་ཆོས་ཀྱི་སྐུ་ཉིད་ཡིན་ནོ་ཞེས་ཡིན་པ་ལ་ཡིན་པར་ངེས་པའི་ཡིད་ཆེས་པ་ནི་བསླུ་བ་མེད་པའི་རྡོ་རྗེའི་རྒྱུད་ཀྱི་ལུང་གི་དགོངས་དོན་ལ་ཡང་དག་པར་འབྱོར་ཞིང་གྲུབ་པ་ཡིན་པས་རྒྱུད་དོན་ཇི་བཞིན་དུ་རྟོགས་པ་ཡིན་ལ། དེས་ན་གསང་བ་སྒྱུ་འཕྲུལ་དྲྭ་བ་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་ལས་ཕུང་པོ་ལྔ་སྣང་ལ་རང་བཞིན་མེད་པའི་སྒྱུ་མ་ལྟ་བུ་ཡི་སྣང་བ་ཕྱོགས་དང་རིས་སུ་མ་ཆད་པ་དེ་ཉིད་ཡེ་ནས་རྣམ་པར་དག་པའི་སངས་རྒྱས་ཀྱི་ཞིང་དང་ལྷར་སྣང་བ་ཡིན་ནོ་ཞེས་གང་གསུང་བའི་དགོངས་པའི་དོན་ཟབ་མོ་ལ་ཡིད་ཆེས་ཕྱིར་མི་ལྡོག་པ་ཉིད་ཡང་དག་པར་སྐྱེ་བར་འགྱུར་ཏེ། འདི་ལྟར་ཡི་དྭགས་ཀྱི་འགྲོ་བ་རྣམས་ལ་ཆུ་གཙང་མ་འདི་ཡང་རྣག་ཏུ་མཐོང་བའི་རྣག་ཉིད་ཡིན་པར་འཛིན་མོད། འགའ་ཞིག་གིས་བདག་ཅག་ལ་སྣང་བའི་རྣག་འདི་ལས་ངན་གྱིས་སྒྲིབ་པའི་སྣང་བ་ཡིན་གྱི་གཞན་མི་སོགས་ལས་དག་པ་ལ་ཆུ་ཉིད་དུ་སྣང་ངོ་ཞེས་སྒྲུབ་པ་རྗེས་སུ་ཐོས་ཏེ་རྣག་འཛིན་ལས་བཟློག་ཚེ། རྣག་སྣང་མ་ལོག་ཀྱང་འཁྲུལ་བའི་སྣང་བ་ཡིན་པར་རྟོགས་ཤིང་དེ་ནས་ལས་སྒྲིབ་སྦྱོང་བ་ལ་འབད་ཅིང་གོམས་པར་བྱས་པས་རྣག་སྣང་གི་སྒྲིབ་པ་དག་པའི་ཚུར་མཐོང་དེ་ལ་ཆུ་རུ་སྣང་བ་ཡིན་ལ། དེ་བཞིན་དུ་གནས་སྣང་མི་མཐུན་པའི་དབང་གིས་སྣང་ཚུལ་མ་དག་པར་གང་མཐོང་བ་དེ་དག་འཁྲུལ་བར་རྟོགས་ཤིང་གནས་ཚུལ་ཡེ་ནས་དག་པ་ཆེན་པོ་ལྷའི་དཀྱིལ་འཁོར་དུ་ཤེས་ཤིང་གནས་སྣང་མི་མཐུན་པར་སྣང་བའི་ལས་ཀྱི་བག་ཆགས་སྦྱང་བའི་ལམ་ལ་འབད་ཅིང་གོམས་པར་བྱས་པས་ཆུ་རུ་སྣང་བ་འདི་ཉིད་ཀྱང་། ལས་སྒྲིབ་རབ་ཏུ་དག་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིས་ནི་ཆུ་དེ་ཡི་རྡུལ་ཕྲ་རབ་རེར་ཡང་གྲངས་མེད་པའི་སངས་རྒྱས་ཀྱི་དག་པའི་ཞིང་ཁམས་སུ་མཐོང་ཞིང་ཆུ་དེ་ཉིད་ཀྱང་ཡུམ་ཆེན་མཱ་མ་ཀཱིར་མངོན་སུམ་དུ་མཐོང་ཞིང་སྣང་ནས་རོལ་བའི་བྱ་བ་བྱེད་ཅིང་བདེ་སྟོང་གི་ཡེ་ཤེས་ཆེན་པོའི་གྲོགས་ཉིད་དུ་འགྱུར་བ་ཡིན་ལ། མཐར་ཐུག་སྒྲིབ་པ་གཉིས་པོ་བག་ཆགས་ཕྲ་བ་དང་བཅས་མ་ལུས་པ་ཤིན་ཏུ་དག་པའམ་རྣམ་པར་སྤངས་པའི་འབྲས་བུ་སངས་རྒྱས་ཀྱི་སར་དག་མཉམ་ཟུང་འཇུག་རོ་མཉམ་ཆེན་པོར་གཟིགས་པ་ཡིན་པས་དེ་ཉིད་ནི་བྲི་གང་དང་བྲལ་བའི་གནས་སྣང་རྣམ་ཀུན་མཐུན་པའི་གཟིགས་པ་ཤིན་ཏུ་ཚད་མའོ། །དེ་ཡི་ཕྱིར་ན་ཤིན་ཏུ་རྣམ་པར་དག་པའི་སངས་རྒྱས་ཀྱི་གཟིགས་པ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་ཟད་པར་སྤངས་པའི་ཡེ་ཤེས་ཀྱིས་གཟིགས་པ་ཡིན་པའི་ཕྱིར་དངོས་པོའི་གནས་ཚུལ་ཡང་དག་པ་མཐར་ཐུག་ཇི་བཞིན་མ་ནོར་བ་ཉིད་ནི་སངས་རྒྱས་དེ་ཡིས་མཐོང་བ་ཁོ་ན་ཉིད་ལས་གཞན་དུ་ཅུང་ཟད་ཙམ་ཡང་ཡོད་པ་མ་ཡིན་པར་ཚད་མ་མཐར་ཐུག་གིས་གྲུབ་པ་ཡིན་ན། དེ་ཉིད་ཁོ་ན་མཐར་ཐུག་གི་ཚད་མ་རུ་ངེས་པར་བཟུང་སྟེ་ཕྱི་ནང་གི་སྣང་བ་མ་དག་པ་འདི་ཐམས་ཅད་ཀུན་ཡེ་གདོད་མ་ནས་ཀྱང་ཤིན་ཏུ་དག་པའི་གནས་ལུགས་ཡེ་ཤེས་ཆོས་ཀྱི་སྐུར་བྲི་གང་དང་བྲལ་བར་གནས་སོ་ཞེས་དམ་བཅའ་བ་གང་ཞིག་ཡང་དག་པར་གྲུབ་པའི་རྩེ་མོ་མཐར་ཕྱིན་པར་རུ་ཟབ་མོའི་ལུང་དང་རིགས་པའི་བློ་གྲོས་ཀྱི་མིག་མཆོག་དང་ལྡན་པ་རྣམས་ལ་ཤིན་ཏུ་གྲུབ་ཅིང་གསལ་བ་ཡིན་གྱི་རྟོག་གེ་གཞན་གྱི་སྤྱོད་ཡུལ་མ་ཡིན་ནོ། །དེ་ལྟ་ན་ཡང་ཐུན་མོང་མིན་པའི་ཟབ་མོའི་རྒྱུད་ཀྱི་ཐེག་པ་གསང་མཆོག་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་དེ་ནི། ཐེག་པ་ཀུན་གྱི་རྩེ་མོ་ངོ་མཚར་རྨད་དུ་བྱུང་བའི་ཆེ་བ་བརྒྱད་ལ་སོགས་པ་འོད་ཟེར་འབུམ་ཕྲག་སྟོང་དུ་མངའ་བས་གཟི་ལྡན་ཉི་མའི་དཀྱིལ་འཁོར་འོད་གསལ་བ་ལྟ་བུ་འདི་ལ་དམན་པའི་ཡིད་ཅན་ལུང་རིགས་ཟབ་མོའི་བློ་གྲོས་ཀྱི་མིག་དང་བྲལ་བའི་འབྱུང་པོའི་བྱ་ལྟ་བུ་ཕལ་ཆེར་རྒྱུད་ཀྱི་ཟབ་དོན་མཐོང་བ་ལ་ལོང་བ་ལྟ་བུར་གྱུར་པ་ཡིན་པས་རྒྱུད་ཀྱི་དགོངས་དོན་ཟབ་མོ་ཇི་བཞིན་དུ་མ་ལྷོངས་ནས་གཞན་དང་གཞན་དུ་འཆད་པ་དེ་བྱུང་བ་ཡིན་ནོ། །གསུམ་པ། དེ་ལ་མཐར་ཐུག་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལ་ཤིན་ཏུ་མཐར་ཐུག་པ་གཉིས་སུ་མེད་པའི་མཉམ་པ་ཉིད་ཀྱི་དབྱིངས་དེ་ཉིད་གཞན་གང་དུའང་མི་སྣང་བར་དག་པ་ལྷ་ཡི་སྣང་ཆ་ཁོ་ནར་སྣང་ངོ་ཞེས་ཕྱོགས་གཅིག་གམ་མཐའ་གཅིག་ཏུ་བསྒྲུབ་པར་མི་ནུས་མོད་ཀྱང་དོན་ལ་མ་དག་པའི་སྣང་བ་གང་ཇི་སྙེད་པ་ཐམས་ཅད་ཡེ་ནས་གྲོལ་བའི་རང་བཞིན་གདོད་མ་ཉིད་ནས་ཤིན་ཏུ་རྣམ་པར་དག་པ་ཡི་དབྱིངས་ཀ་དག་མཐའ་བྲལ་ཆེན་པོ་དང་རང་བཞིན་འོད་གསལ་བའི་སྣང་ཆ་ཡེ་ཤེས་ཆོས་ཀྱི་སྐུ་གཉིས་ཡེ་ནས་ཟུང་འཇུག་འདུ་འབྲལ་མེད་པ་དབྱེ་གཞི་ཟད་པའི་དབྱེར་མེད་ཆེན་པོར་གནས་པའི་ཕྱིར་ན་དེ་ཡི་སྣང་བའི་རྒྱུ་རྣམས་གསེར་དང་གསེར་གྱི་ཁ་དོག་བཞིན་དུ་གདོད་ནས་ཡེ་ཤེས་ཀྱི་ལྷ་རུ་དག་པ་ལ་གནས་ལུགས་དཔྱད་པའི་རིགས་པས་ཀྱང་མི་གནོད་དེ། གང་གི་ཕྱིར་ན་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་ཤིན་ཏུ་སྤངས་པའམ་ཤིན་ཏུ་དག་པ་ཡི་སྣང་སྟོང་ཟུང་འཇུག་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་བློ་ཡི་སྤྱོད་ཡུལ་དང་བྲལ་བ་དེ་ནི་མཐར་ཐུག་གི་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་ཡིན་པའི་ཕྱིར་རོ། །གཉིས་པ། དེ་ལས་གཞན་དུ་སོགས་ཚིགས་བཅད་བདུན་དང་རྐང་པ་གསུམ་གྱིས་བསྟན་ཏེ། གཟིགས་པ་ཤིན་ཏུ་དག་པའི་སངས་རྒྱས་ཀྱི་གཟིགས་པ་དེ་ཁོ་ན་ལས་གཞན་དུ་སེམས་ཅན་དང་ལམ་པ་དག་གིས་གང་ལྟར་དུ་བརྟགས་ཀྱང་དེ་ནི་དབྱིངས་ཡེ་གཉིས་སུ་མེད་པའི་མཐར་ཐུག་གི་དོན་ཡང་དག་པ་ཉིད་མིན་ཏེ་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཟད་པར་མ་སྤངས་པས་གནས་ཚུལ་དང་སྣང་ཚུལ་རྣམ་པ་ཀུན་ཏུ་མི་མཐུན་པ་ཡིན་པའི་ཕྱིར་རོ། །དེས་ན་གནས་སྐབས་སུ་རྣལ་འབྱོར་པའི་ལམ་གྱི་སྣང་བ་ལའང་། དཔེར་ན་མིག་གི་སྐྱོན་ཅི་ཙམ་དག་པའི་རིམ་པས་རབ་རིབ་ཀྱི་སྣང་བ་དེ་ཙམ་ཉིད་དུ་དག་པར་འགྱུར་བ་བཞིན་དུ་ཡུལ་ཅན་སྒྲིབ་པའི་དྲི་མས་ཅི་ཙམ་ཅི་ཙམ་དག་པ་སྟོབས་སུ་གྱུར་པ་ལས་དེ་ཙམ་དེ་ཙམ་ཉིད་དུ་ཡུལ་ཀྱང་དེ་བཞིན་དུ་དག་པ་ཉིད་དུ་མཐོང་བར་འགྱུར་བ་ཡིན་ཏེ་ཡུལ་ཅན་དྲི་མས་དག་ཀྱང་ད་དུང་དེ་ལས་ལོགས་ཤིག་ན་ཡུལ་དེ་ལ་མ་དག་པར་ལུས་པ་ཞིག་རྣམ་པ་ཀུན་ཏུ་མེད་པའི་ཕྱིར་ན་དག་པ་ཁོ་ན་ཡིན་ནོ། །དེས་ན་ཡུལ་དང་ཡུལ་ཅན་གྱི་དག་པ་གཉིས་སུ་མེད་ཅིང་ཐ་དད་མེད་པའོ། །དེ་ལྟ་ན་ཡང་གང་ཟག་གཅིག་གིས་མ་དག་འཁྲུལ་བའི་སྣང་བ་མ་ལུས་པ་དག་ནས་འཚང་རྒྱ་བའམ་སངས་རྒྱས་པར་གྱུར་པ་དེ་ཡི་ཚེ་ན་གཞན་སུ་ལ་ཡང་མ་དག་པའི་དངོས་པོ་གཅིག་ཀྱང་མི་སྣང་བར་འགྱུར་དགོས་སམ་སྙམ་ན། རང་ངོར་ཡུལ་ཅན་དག་པས་ཡུལ་ཀུན་ཀྱང་དག་པ་ཁོ་ནར་མཐོང་ཡང་དེ་ལས་གཞན་པ་དག་ལ་མ་དག་པའི་དངོས་པོ་མི་སྣང་བར་རྣམ་པ་ཀུན་ཏུ་མི་འགྱུར་ཏེ་སེམས་ཅན་རང་རང་གི་སྣང་བ་མ་དག་པའི་སྒྲིབ་པས་རང་རང་ལ་སྒྲིབས་པའི་ཕྱིར་ན་མ་དག་པར་སྣང་ཞིང་མཐོང་བར་འགྱུར་རོ། །དེས་ན་གནས་ཚུལ་ཡང་དག་པ་ལ་ཡུལ་དང་ཡུལ་ཅན་རྣམས་ཀྱི་རང་བཞིན་ཡེ་གདོད་མ་ནས་སྒྲིབ་པས་གོས་མ་མྱོང་བས་ཤིན་ཏུ་རྣམ་པར་དག་ན་ཡང་རང་སྣང་འཁྲུལ་བའི་གློ་བུར་གྱི་དྲི་མས་རང་རང་ལ་སྒྲིབ་པའི་ཕྱིར་ན་མཁྲིས་ནད་ཅན་གྱིས་དུང་སེར་བཞིན་དུ་དག་པར་མི་མཐོང་བས་དྲི་མ་དེ་སྦྱང་བའི་ཐབས་ལ་འབད་པར་བྱ་དགོས་ལ། སྦྱང་བྱའི་དྲི་མ་གློ་བུར་བ་དེ་རྣམས་ཀྱང་ནི་ཡེ་ནས་རང་རང་གི་ངོ་བོས་རྣམ་པར་དག་པ་ལས་ལོགས་ཤིག་ན་སྦྱང་བྱའི་དྲི་མ་མ་དག་པ་ཞིག་གྲུབ་པ་མིན་པས་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པའི་འོད་གསལ་མཉམ་པ་ཉིད་དུ་གནས་པ་ཡིན་ནོ། །དེ་ལྟར་སྣང་ཚུལ་གནས་དོན་ལུས་ལ་སོགས་པ་ཡུལ་དང་ཡུལ་ཅན་མི་འདྲ་བ་སྣ་ཚོགས་པ་ཉིད་རང་བཞིན་མཉམ་པ་ཆེན་པོར་མ་རྟོགས་པའི་དུས་ན་གནས་དོན་ལུས་སོགས་སྣ་ཚོགས་པ་སོ་སོར་སྣང་ཞིང་འཛིན་པ་ཡིན་པས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡུལ་སྣང་གང་ལ་སེམས་ཆགས་ཤིང་ཞེན་པ་དེ་ནི་བྱིས་པ་རྣམས་རང་སྣང་ལ་གཞན་དུ་འཁྲུལ་བའི་རྨོངས་པ་མ་རིག་པ་སྟེ་རྨོངས་བ་དེ་ཡིས་དར་གྱི་སྲིན་བུ་ལྟར་རང་གིས་རང་ཉིད་འཆིང་བར་བྱེད་དོ། །གལ་ཏེ་སྣང་ཚུལ་སྣ་ཚོགས་པ་དེ་དག་གི་རང་བཞིན་རང་སྣང་མཉམ་པ་ཆེན་པོར་རྟོགས་ཤིང་གོམས་པར་གྱུར་ན་འཁོར་འདས་ཀྱི་ཆོས་ཀུན་ཀྱང་ཟུང་འཇུག་རོ་མཉམ་གྱི་ངང་དུ་མཐར་ཐུག་གི་འབྲས་བུའི་བཙན་ས་ཟིན་ཏེ་དུས་གསུམ་གྱི་འཛིན་པ་དང་བྲལ་བས་དུས་བཞི་མཉམ་པ་ཉིད་དུས་གསུམ་དུས་མེད་འོད་གསལ་གཉུག་མའི་ཀློང་ཆེན་པོར་རྒྱུ་ལས་མ་བསྐྱེད་རྐྱེན་ལས་མ་བྱུང་བས་རང་བྱུང་གི་ཡེ་ཤེས་ཐམས་ཅད་མཁྱེན་པའི་རྒྱལ་བར་ཏེ་ཡེ་ཤེས་ཆོས་ཀྱི་སྐུ་ཉིད་བརྙེས་པར་འགྱུར་རོ། །གསུམ་པ། དག་མཉམ་ཆེན་པོར་སོགས་ཚིགས་བཅད་བདུན་གྱིས་བསྟན་ཏེ། དེ་ལྟར་ཆོས་ཀུན་དག་མཉམ་ཆེན་པོར་ཡེ་ནས་གནས་པར་ཁས་ལེན་པའི་ཟབ་མོའི་ཚུལ་འདི་ཉིད་མཐར་ཐུག་གཟིགས་པས་ལེགས་པར་རྟོགས་ཤིང་ཚད་མ་མཆོག་གིས་གྲུབ་པར་གྱུར་པ་སྟེ་འདི་ལྟར་དག་པའི་སྣང་བ་དང་ཆོས་ཉིད་སྟོན་པ་ཉིད་དུའང་ཅིར་ཡང་མ་གྲུབ་པས་རང་རང་གི་ངོ་བོས་སྟོང་པ་ཡིན་པའི་གནད་ཀྱིས་འཁོར་བ་དང་མྱང་འདས་དག་དང་མ་དག་སོགས་ཅིར་ཡང་ཁས་ལེན་དུ་རུང་ཞིང་ཤིན་ཏུ་འཐད་དེ་ཆོས་ཉིད་ཅིར་ཡང་མ་གྲུབ་པ་ལས་ཅིར་ཡང་འཆར་བ་ཡིན་ལ་དེ་ལྟར་འཁོར་བ་དང་མྱང་འདས་གནས་ཚུལ་དང་སྣང་ཚུལ་ལ་སོགས་པ་རྟེན་འབྱུང་འགགས་པ་མེད་པས་རོལ་པ་ཅིར་ཡང་སྣང་དུ་རུང་ཞིང་མི་བསླུ་བ་དང་ཕན་ཚུན་མི་འཆོལ་བར་གྲུབ་ཀྱི། དེ་ལས་གཞན་དུ་རང་གི་ངོ་བོས་མི་སྟོང་པའི་རྟག་པ་དང་སྣང་བ་མེད་པའི་སྟོང་པ་ཕྱང་ཆད་ཀྱི་མཐའ་བྲལ་སོགས་གང་དང་གང་བརྟགས་པ་དེ་ལ་སྟོང་པ་དང་རྟེན་འབྱུང་དག་དང་མ་དག་སོགས་ཅིར་ཡང་མི་རུང་བར་འགྱུར་ཞིང་འཁོར་འདས་ཀྱི་སྣང་བ་རབ་འབྱམས་འགགས་མེད་རྟེན་ཅིང་འབྲེལ་འབྱུང་འདི་དག་ཅིར་ཡང་མི་སྣང་བས་གཏན་མེད་དུ་འགྱུར་བར་ངེས་ལ། དེ་ལྟར་ན་སྟོང་དང་རྟེན་འབྱུང་གཉིས་སུ་མེད་པར་ལེགས་པར་གསུངས་པའི་བཀའ་དང་དགོངས་འགྲེལ་ཀུན་དང་འགལ་བར་འགྱུར་རོ། །དེའི་ཕྱིར་ཟུང་འཇུག་དག་མཉམ་ཆེན་པོར་བསྒྲུབ་པའི་ཚུལ་ཟབ་མོ་འདིའི་ཡིད་ཆེས་ཕྱིར་མི་ལྡོག་པ་སྙིང་ལ་རྙེད་པའི་སྒོ་གཅིག་པུ་པར་གྱུར་པ་ནི་སྟོང་དང་རྟེན་འབྱུང་འགལ་བ་མེད་པར་རྟོགས་པའི་ལམ་མཆོག་འདི་ཉིད་ཁོ་ན་ཡིན་ཏེ་དེས་ན་སྣང་སྟོང་དབྱེར་མེད་དམ་ཟུང་འཇུག་འདི་ལ་ངེས་པའི་ཤེས་པ་ཐེ་ཚོམ་གྱི་སྨག་ཐམས་ཅད་དང་བྲལ་བ་སྐྱེས་ཤིང་གོམས་པར་གྱུར་ན། ཆོས་ཀུན་གདོད་ནས་མཉམ་པ་ཆེན་པོར་བྲི་གང་དང་བྲལ་བའི་རྒྱལ་བའི་དཀྱིལ་འཁོར་ཉིད་དུ་རང་གྲོལ་བ་ཡིན་པས་དེ་ལྟར་སྲིད་པ་འཁོར་བ་སྟོང་པ་དང་མི་སྟོང་དག་པ་དང་མ་དག་ལ་སོགས་པའི་ཐ་སྙད་ཀྱི་གཉིས་ཆོས་ཀུན་གྱི་མཐའ་དང་བྲལ་བའི་ཆོས་ཉིད་དག་མཉམ་ཟུང་འཇུག་ཆེན་པོ་ཕལ་བའི་བློས་བསམ་གྱིས་མི་ཁྱབ་པའི་དོན་དམ་ཉིད་ལ་ཟབ་མོའི་བཟོད་པ་མཆོག་ཏུ་གྱུར་པ་ཁོང་ནས་སྐྱེ་བར་འགྱུར་རོ། །དེའི་ཚེ་རྡུལ་ཕྲ་རབ་གཅིག་གི་ཁྱོན་ལའང་རྡུལ་རྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མཐོང་ཞིང་དུས་མཐའི་སྐད་ཅིག་གཅིག་གི་ཡུན་ལ་ཡང་གྲངས་མེད་ཀྱི་བསྐལ་པར་སྣང་ཞིང་མཐོང་བ་ལ་སོགས་པ་སྟེ་སྣང་བའི་དངོས་པོ་རྣམས་ནི་གདོད་ནས་བདེན་པས་སྟོང་པ་ཡིན་པས་སྣང་ལ་རང་བཞིན་མེད་པའི་སྒྱུ་མའི་ངེས་ཤེས་ཀྱིས་རྫོགས་པའི་སངས་རྒྱས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་ཟབ་མོ་ཉིད་ལ་ལེགས་པར་འཇུག་པར་འགྱུར་རོ། །དེ་ལྟ་བུའི་ཕྱིར་ན་ཆོས་ཀུན་ཡེ་ནས་སྣང་སྟོང་དག་མཉམ་བདེན་པ་དབྱེར་མེད་དམ་ཟུང་འཇུག་ཏུ་གནས་པའི་དོན་དེ་མཚོན་པའི་བརྡར་ངེས་པ་དོན་གྱི་མདོ་རྒྱུད་ཐུན་མོང་མིན་པ་རྣམས་ལས་རང་སྣང་རིས་སུ་མ་ཆད་པས་རིས་མེད་ཀྱི་དགོངས་པ་ཞེས་དང་། རྒྱ་ཆད་ཕྱོགས་ལྷུང་ཀུན་དང་བྲལ་བ་ཞེས་དང་། གཞི་དབྱིངས་བསམ་གྱིས་མི་ཁྱབ་པ་དང་། ཆོས་ཉིད་སྤྲོས་པ་ཅིར་ཡང་མ་གྲུབ་པ་དང་། སྣང་སྟོང་དབྱེར་མེད་ཟུང་དུ་འཇུག་པ་ཞེས་པ་ལ་སོགས་པ་རང་ལུགས་གྲུབ་མཐའི་ཆོས་སྐད་ཟབ་མོའི་བརྗོད་ཚུལ་ཙམ་འདིའི་དོན་ཡང་ལོ་བརྒྱར་བསྒྲིམས་ཏེ་ཡང་ཡང་བསམ་པར་བྱས་ཀྱང་རང་རྒྱུད་ཟབ་མོའི་དོན་ལ་སྔོན་ནས་གོམས་པ་ཆེས་ཆེར་བྱས་པའི་ལས་འཕྲོ་བཟང་པོ་དུས་སུ་སྨིན་པའི་དངོས་རྒྱུ་སད་པ་མེད་ན་ད་ལྟ་ཤེས་རབ་ཀྱི་བློ་གྲོས་ཆེན་པོ་དང་བརྩོན་པས་སྦྱངས་པ་ལའང་མི་དམན་པ་རབ་ཏུ་བཟང་པོ་ཡོད་མོད་ཀྱང་ཇི་བཞིན་དུ་ཐུགས་སུ་ཆུད་པ་མ་ཡིན་པས་ཡང་དག་པར་དགོངས་པར་མི་འགྱུར་ཏེ། འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱི་ཐུགས་སུ་ཆུད་མི་འགྱུར། ཞེས་གསུངས་པ་བཞིན་ནོ། །གསུམ་པ། དེ་ཕྱིར་གྲུབ་མཐའ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དེ་ཕྱིར་མདོ་རྒྱུད་ཀྱི་གྲུབ་མཐའ་ཟབ་མོ་གང་ཇི་སྙེད་པ་མཐའ་དག་གི་དགོངས་པའི་གཏིང་ཕུག་གང་དུ་འབབ་ཅིང་གཞོལ་བ་ཡི་བརྒྱ་ཕྲག་དམ་པའི་ཆོས་ཀྱི་ལེགས་བཤད་མང་པོའི་ཆུ་ཀླུང་དལ་གྱིས་འབབ་པའི་རྒྱུན་ཐམས་ཅད་འཁྱིལ་ཞིང་རྫོགས་པའི་ཕ་མཐའ་དང་བྲལ་བའི་རྒྱ་མཚོ་ཆེན་པོའི་ཆུ་གཏེར་ལྟ་བུའི་སྔ་འགྱུར་བསྟན་པའི་ཕྱི་མོ་ལྟ་སྤྱོད་རྣམ་པར་དག་པ་འདི་ནི་ངོ་མཚར་བས་ཀྱང་ཆེས་ངོ་མཚར་རྨད་དུ་བྱུང་བ་ཁོ་ན་ཡིན་ནོ། །དེ་ལྟར་གནས་ལུགས་མཐར་ཐུག་གནས་སྣང་རྣམ་ཀུན་མཐུན་པ་དེ་ལས་སྣང་ཚུལ་གཞན་པ་དག་དང་མ་དག་ལ་སོགས་པ་ཕྱོགས་རེར་སོང་བ་ཀུན་དང་དེ་དག་སྒྲུབ་པའི་ཚུལ་དང་བཅས་པ་རྣམས་ནི་ཚད་མའི་ལམ་ནས་ཡིད་ཆེས་སྐྱེད་དུ་མེད་པས་མ་ངེས་ཤིང་རིགས་པས་གནོད་པ་མཐོང་ན་མི་བརྟན་པས་འགྱུར་བ་དག་དང་བཅས་ཏེ་ས་ཟིན་མེད་པའི་སྣང་ཚུལ་ཙམ་གྱི་ཁས་ལེན་ཡིན་ལ། སྒྲིབ་པ་མཐའ་དག་སྤང་བའི་གནས་ལུགས་ཇི་ལྟ་བ་བཞིན་དུ་མཐར་ཕྱིན་ཅིང་མངོན་དུ་གྱུར་པའི་དག་མཉམ་བདེན་པ་དབྱེར་མེད་ཟུང་འཇུག་རང་བྱུང་གི་ཡེ་ཤེས་ནི་འགྱུར་མེད་འདུས་མ་བྱས་པའི་རང་བཞིན་བསླུ་མེད་ཚད་མས་གྲུབ་པའི་དོན་དམ་གཉུག་མའི་ཆོས་ཉིད་ཚུལ་བཞིན་དུ་གཟིགས་པའི་ཡུལ་དང་ཡུལ་ཅན་གྱི་སྤྲོས་པ་ཀུན་དང་བྲལ་བའི་གནས་སྣང་རྣམ་ཀུན་མཐུན་པས་འབྲས་བུའི་ཚད་མ་ཡིན་ཞིང་དེ་ལྟར་སྒྲུབ་པ་ཀུན་ཀྱང་མཐར་ཐུག་དཔྱོད་པའི་རིགས་པས་འགྲུབ་པས་འགྱུར་བ་མེད་པར་ཡང་དག་པའི་ཁས་ལེན་ཡིན་ནོ། །ཨེ་མ་འདི་ལས་གཞན་དུ་གང་བརྟགས་པའི་དམ་བཅའི་འབྲས་བུ་མངོན་དུ་འབྱིན་མིན་ལ། རྒྱ་ཆད་ཕྱོགས་བྲལ་ཟུང་འཇུག་གང་རུང་བར། ཐམས་ཅད་རུང་བར་གཅིག་ཤེས་ཀུན་གྲོལ་ལགས། ཞེས་ཀྱང་སྨྲས་སོ། །དྲི་ལན་བདུན་པ་སྤྲོས་བྲལ་དབུ་མ་ཆེན་པོར་ཁས་ལེན་ཡོད་མེད་གང་འཐད་ཀྱི་ལན་ལ་བཞི། ཁས་ལེན་མེད་པར་འདོད་པ་རང་གཞུང་རྣམས་དང་དངོས་སུ་འགལ་ཚུལ། ཁས་ལེན་ཡོད་མེད་སོ་སོར་ཕྱེ་བ་ཀུན་མཁྱེན་ཆེན་པོའི་བཞེད་པ་འགོད་པ། དེར་བརྟེན་ཁས་ལེན་ཡོད་པར་ཆེས་ཆེར་སྒྲུབ་པ་དངོས་སྟོབས་རིགས་པའི་སྒོ་ནས་གསལ་བར་འགོག་ཚུལ། ཀུན་མཁྱེན་ཆོས་རྗེའི་རྗེས་སུ་འབྲང་སྟེ་དབུ་མའི་རང་ལུགས་རྒྱས་པར་བཤད་པའོ། །དང་པོ། སྤྲོས་བྲལ་དབུ་མ་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། ཟུང་འཇུག་རབ་ཏུ་མི་གནས་པའི་སྤྲོས་བྲལ་དབུ་མ་ཆེན་པོ་ཐལ་འགྱུར་བ་ལ་རང་ལུགས་ཀྱི་ཁས་ལེན་ཡོད་དམ་མེད་ཅེས་དཔྱད་པའི་ཚེ། བོད་སྔ་རབས་ཀྱི་མཁས་པ་ཕལ་ཆེ་བ་རྣམས་མགྲིན་གཅིག་ཏུ་དབུ་མ་ཐལ་འགྱུར་བའི་རང་ལུགས་ལ་འདི་ཡིན་དང་འདི་མིན་དང་། ཡོད་མེད་ལ་སོགས་པའི་སྤྲོས་པ་གང་ཅིར་ཡང་ནི་མེད་པའི་ཕྱིར་རྣམ་པ་ཀུན་ཏུ་ཅིར་ཡང་ཁས་ལེན་མེད་པར་འདོད་པ་མི་འཐད་དེ། འདི་ལྟར་དཔལ་ལྡན་ཟླ་བའི་རང་གཞུང་དབུ་མ་འཇུག་པ་རྩ་འགྲེལ་ལ་སོགས་པ་རྣམས་ལས་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་རྟེན་འབྲེལ་དང་ལམ་སོ་སོའི་སྐྱེ་བོའི་ཆོས་གསུམ་འཕགས་པའི་ས་བཅུ་དང་འབྲས་བུ་སྐུ་གསུམ་དང་སྟོབས་བཅུ་ལ་སོགས་པ་ཡོན་ཏན་དང་བཅས་པ་སྣང་ཙམ་བསླུ་མེད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་གྲུབ་མཐའི་རྣམ་པར་བཞག་པ་ཀུན་ལ་ཁས་བླང་བའི་རང་ལུགས་གསལ་པོར་ཡོད་བཞིན་དུ་ཁས་ལེན་རྣམ་ཀུན་མེད་ཅེས་མངོན་སུམ་དུ་བསྙོན་ནས་གཞི་དང་ལམ་དང་འབྲས་བུ་ལ་སོགས་པའི་ཐ་སྙད་ཀྱི་རྣམ་བཞག་ཐམས་ཅད་གཞན་ངོ་ཁོ་ན་ལ་འཇོག་ཅིང་སྐྱེལ་བ་དེ་ནི་དཔལ་ལྡན་ཟླ་བའི་རང་གཞུང་གི་རྗོད་བྱེད་ཀྱི་ཚིག་བརྗོད་བྱའི་དོན་གཉིས་གར་འགལ་བ་འདུ་བའི་ཕྱིར་དེ་ལྟར་འདོད་དུ་རུང་བ་མ་ཡིན་ནོ། །གཉིས་པ། ཀློང་ཆེན་རབ་འབྱམས་སོགས་ཚིགས་བཅད་བཞིས་བསྟན་ཏེ། རྒྱལ་བ་གཉིས་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་བཟང་པོའི་ཞལ་སྔ་ནས་འདི་སྐད་དུ་དཔལ་ལྡན་ཟླ་བའི་རང་ལུགས་ཀྱི་དབུ་མར་ཏེ་དབུ་མ་ཐལ་འགྱུར་བ་ལ་ཐ་སྙད་ཀྱི་རྣམ་བཞག་ཁས་ལེན་ཡོད་དམ་མེད་པ་གང་ཡིན་དཔྱད་པ་ལ། གངས་ཅན་སྔ་རབས་ཀྱི་མཁས་པ་ཕལ་ཆེར་རྣམས་ཡོད་མེད་ཕྱོགས་རེར་འཛིན་ཏེ་འདི་ལྟར་བ་ཚབ་བུ་བཞིའི་ཡ་གྱལ་ཚིག་དོན་གཉིས་གར་མཁས་པ་རྨ་བྱ་ཕྱང་བརྩོན་གྱིས་ཁས་ལེན་ཡོད་པར་འདོད་པ་དང་། མཁས་མཆོག་གཙང་བ་ནི་ཁས་ལེན་མེད་པར་འདོད་པ་ལའང་དཔྱད་ན་ལུགས་གཉིས་པོ་དེ་རེ་རེར་ཡང་སྐྱོན་དང་ཡོན་ཏན་གྱི་ཆ་གཉིས་རེ་གནས་ཤིང་ཡོད་པས་ལེགས་པར་མ་ཕྱེད་པའོ། །དེས་ན་སྐྱོན་ཐམས་ཅད་དང་བྲལ་བའི་རང་གི་བཞེད་པ་ལ་ནི་འཕགས་པའི་མཉམ་བཞག་ཡེ་ཤེས་དང་རྗེས་སུ་མཐུན་པར་དོན་དམ་པའི་གནས་ལུགས་ཇི་བཞིན་དུ་གཞལ་བ་མཉམ་བཞག་ལ་ཟློ་བའི་ཚེ་གཤིས་ལུགས་ཆོས་ཀྱི་དབྱིངས་ལ་ཡིན་མིན་ཡོད་མེད་ལ་སོགས་པའི་སྤྲོས་པ་ཅིར་ཡང་མ་གྲུབ་པ་དེ་ལྟར་ཁས་ཀྱང་ཡོད་མེད་ལ་སོགས་ལ་ཅི་ཞིག་ལེན་པར་བྱེད་དེ་ཁས་ལེན་ཅི་ཡང་མེད་པ་ཉིད་དོ། །དེ་ཕྱིར་རང་གི་གྲུབ་མཐའ་ཞེས་པ་གནས་ལུགས་མཐར་ཐུག་གི་དོན་ཉིད་རང་གིས་རིགས་པས་ཇི་ལྟར་གཞལ་ནས་གནོད་མེད་དུ་གྲུབ་པ་དེ་ཉིད་རང་ལུགས་ཀྱི་ཁས་ལེན་ཡིན་པར་འཇོག་དགོས་པ་ཡིན་པའི་ཕྱིར་མཉམ་བཞག་ཡེ་ཤེས་ཡུལ་དུ་བྱེད་པ་དང་གཞན་དང་རྩོད་པ་ལ་སོགས་པའི་ཚེ་གཤིས་སམ་གནས་ལུགས་ཡོད་མེད་ལ་སོགས་པའི་སྤྲོས་མཚན་ཤིན་ཏུ་ཕྲ་བའང་མེད་པའི་ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་ཡོད་དང་མེད། སྟོང་དང་མི་སྟོང་སོགས་ཀྱི་ཁས་ལེན་ཅི་ཡང་མེད་པ་ཉིད་དོ། །ལམ་རྗེས་ཐོབ་ཐ་སྙད་པ་ཡུལ་དུ་བྱེད་པའི་ཚེ་གཞི་ལམ་འབྲས་བུར་བཅས་པའི་གྲུབ་པའི་མཐའ་ཇི་ལྟ་ཇི་སྙེད་ཀྱི་རྣམ་པར་བཞག་པ་ཡང་དག་པའི་ལུང་ལས་ཇི་སྐད་བསྟན་པ་རྣམས་མ་འཁྲུགས་ཤིང་མ་འདྲེས་པར་སོ་སོར་ཁས་ལེན་དགོས་པར་ཁོ་བོས་འདོད་ལ། ཕྱིན་ཆད་ཁས་ལེན་མི་ལེན་གྱི་ཚུལ་འདི་ལྟར་དམ་བཅའ་ཞིང་སྨྲ་ཤེས་པ་བྱུང་ན་ཁོ་བོས་ལེགས་པར་བཤད་པ་འགྲེལ་ཆེན་པདྨ་དཀར་པོའི་མཐུ་ཡིན་པར་བལྟའོ་ཞེས་གསུངས་སོ། །གསུམ་པ། དེར་བརྟེན་གངས་ཅན་སོགས་ཚིགས་བཅད་བཅུ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་རྗེས་ཐོབ་ཤན་འབྱེད་ཀྱི་འཇོག་ཚུལ་དེ་དང་གཞན་ཡང་ཁས་ལེན་ཡོད་པར་གསུངས་པའི་ཕྱོགས་དེ་དང་དེར་བརྟེན་པའི་གངས་ཅན་གྱི་མཁས་པ་འགའ་དང་འགས། དབུ་མ་ཐལ་འགྱུར་བའི་རང་ལུགས་ལ་དཔྱད་ན་བདེན་གྲུབ་མེད་པས་བདེན་གྲུབ་ཀྱི་ཁས་ལེན་མེད་ཀྱང་མ་དཔྱད་མ་བརྟགས་པའི་འཇིག་རྟེན་གྲགས་པའི་ཐ་སྙད་ཀྱི་ཁས་ལེན་ཡོད་པའི་ཕྱོགས་ཁོ་ན་ལུང་དང་རིགས་པས་ཡང་དང་ཡང་དུ་རྩལ་དུ་བཏོན་ནས་ཆེས་ཆེར་བསྒྲུབ་པར་མཛད་པའང་ལེགས་པར་མ་ཕྱེད་པ་སྟེ། ཇི་ལྟར་ན་དེ་ཡང་མཉམ་རྗེས་ཀྱི་དབུ་མ་ཕྲ་བ་དང་རགས་པ་ལ་སོགས་པའི་སྐབས་ཤན་སོ་སོར་ལེགས་པར་མ་ཕྱེས་པར་རྣམ་ཀུན་ཁས་ལེན་ཡོད་པར་སྒྲུབ་ན་གཤིས་དོན་གནས་ལུགས་ཆོས་ཀྱི་དབྱིངས་ལ་ཡོད་མེད་ལ་སོགས་པའི་སྤྲོས་པ་ཅིར་ཡང་མ་གྲུབ་པའི་ཕྱིར་ན་དབུ་མ་ཐལ་འགྱུར་བའི་རང་ལུགས་ལ་མ་བརྟགས་འཇིག་རྟེན་གྲགས་པའི་ཐ་སྙད་ཐམས་ཅད་མཐའ་གཅིག་ཏུ་ཁས་ལེན་ཡོད་པའང་འགྲུབ་པ་ཤིན་ཏུ་དཀའ་སྟེ། འདི་ལྟར་དབུ་མ་ཐལ་འགྱུར་བ་རང་གི་ལུགས་ཞེས་པ་དབུ་མའི་གྲུབ་པའི་མཐའ་གནས་ལུགས་མཐར་ཐུག་གི་དོན་རིགས་པས་ཇི་ལྟར་གཞལ་བ་གནོད་པ་མེད་པ་ཉིད་ཡིན་དགོས་ཏེ། དེ་ལས་གཞན་པ་ཐ་སྙད་ཀྱི་ཁས་ལེན་རྣམས་ནི་རིགས་པས་གནོད་པ་ཡོད་པས་རང་ལུགས་མིན་ཏེ། ཅི་ཡི་སླད་དུ་ཞེ་ན། དབུ་མ་ཐལ་འགྱུར་བ་རང་གིས་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་གཞལ་ན་ཐ་སྙད་ཀྱི་ཁས་ལེན་དེ་དག་དེ་ལྟར་མ་གྲུབ་པའི་ཕྱིར་རོ། །དེས་ན་ཐལ་འགྱུར་བ་དེས་རང་ལུགས་ཀྱི་ཁས་བླང་ཡིན་ན་དེ་ཉིད་དོན་དམ་དུ་གྲུབ་པས་རང་དབང་ཅན་དོན་དམ་དཔྱོད་རིགས་ཀྱིས་དཔྱད་ནས་ཀྱང་གནོད་མེད་དུ་མཐོང་བའི་ཁས་བླང་ཡིན་པར་རིགས་པ་ཡང་དག་པས་འཕུལ་ནུས་པ་དེ་ཉིད་ཀྱི་ཕྱིར་ན་དེས་ཁས་བླངས་པ་ཡི་མ་བརྟགས་གྲགས་པའི་ཐ་སྙད་དེ་ཡང་རང་ལུགས་ཀྱི་ཁས་ལེན་ཡིན་པས་དོན་དམ་པར་བདེན་པར་གྲུབ་ཅིང་དོན་དམ་དཔྱོད་པའི་རིགས་པས་དཔྱད་བཟོད་ཉིད་དུ་འགྱུར་ཏེ། དེས་ན་རང་རྒྱུད་པ་ལ་བརྗོད་པ་ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ། དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་བ། འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བའི་སྐྱོན་གསུམ་པོ་རང་ལ་ཡང་མཚུངས་པར་འབབ་སོ། །གལ་ཏེ་མ་བརྟགས་གྲགས་པའི་ཁས་ལེན་དེ་ཐལ་འགྱུར་བ་རང་ལུགས་ཀྱི་ཁས་ལེན་མ་ཡིན་ནོ་ཞེ་ན། རང་ལུགས་ལ་འཇིག་རྟེན་རྒན་པོའི་ཇི་ལྟར་བཞག་པ་ལྟར་ཁས་ལེན་ཡོད་པ་ཡིན་ཞེས་པའི་རང་ཚིག་དང་དངོས་འགལ་དུ་འགྱུར་བས་མི་འཐད་དོ། །གཞན་ཡང་གལ་ཏེ་རང་ལ་དོན་དམ་དཔྱོད་པའི་རིགས་པས་དཔྱད་ནས་བདེན་གྲུབ་མེད་པ་དང་མ་དཔྱད་འཇིག་རྟེན་གྲགས་པའི་ཐ་སྙད་ཐམས་ཅད་གནོད་མེད་དུ་ཡོད་པའི་ཁས་ལེན་གཉིས་ནི་ཡོད་པར་གྱུར་ཅིང་དེ་གཉིས་ཀ་ངེས་པར་བདེན་པའམ་ཡང་དག་པར་གྱུར་ན་དབུ་མའི་རང་ལུགས་ཞེས་པ་དེ་གཉིས་པོ་ལས་རེ་རེ་ཡིན་ནམ་འོན་ཏེ་གཉིས་ཀ་ཡིན། གལ་ཏེ་གང་རུང་རེ་རེ་ནས་རང་ལུགས་ཡིན་ནོ་ཞེ་ན་གཅིག་ཤོས་རང་ལུགས་སུ་མི་འཐད་དེ་དངོས་འགལ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡོད་ཅེས་པ་རང་ལུགས་ཀྱི་ཁས་བླང་མ་ཡིན་ལ། མེད་པར་ཁས་ནི་བླང་བར་གྱུར་པ་དེ་ཉིད་རང་ལུགས་ཡིན་ནོ་ཞེ་ན། དེ་ལྟར་ན་ཡོད་ཅེས་བྱ་བའི་ཁས་ལེན་ནི་རང་གི་ལུགས་ལ་མ་བརྟགས་འཇིག་རྟེན་གྲགས་པའི་ཀུན་རྫོབ་ཙམ་དུ་ཡང་མི་རུང་སྟེ་མེད་པ་ཁོ་ན་རང་ལུགས་སུ་ཁས་བླང་བའི་ཕྱིར་རོ། །གལ་ཏེ་རེ་རེ་མ་ཡིན་པར་ཡོད་མེད་གཉིས་ཀ་རང་གི་ལུགས་ཀྱི་ཁས་བླང་བ་ཡིན་ནོ་ཞེ་ན། ཆོས་གང་ཡང་རིགས་པས་དཔྱད་མི་བཟོད་པ་དེ་ཁས་མི་ལེན་པའམ་བསལ་ནས་སུ་རིགས་པས་གནོད་པ་མེད་པར་དཔྱད་བཟོད་པས་སྐྱོན་མེད་ཅིག་ཁས་ལེན་པ་ཡིན་པའི་ཕྱིར་ཡོད་མེད་གཉིས་ཀ་རིགས་པས་དཔྱད་བཟོད་དུ་ཐལ་བར་འགྱུར་རོ། །དེ་ལྟ་ན་ཡང་རིགས་པས་དཔྱད་པའི་སྟོང་པ་དང་མ་དཔྱད་པའི་སྣང་བ་དེ་གཉིས་པོ་ལྷན་ཅིག་ཏུ་དངོས་པོ་གཅིག་ལ་འདུ་ཞིང་ཚོགས་པ་འཇིག་རྟེན་ན་སྲིད་པ་མ་ཡིན་ཏེ། གལ་ཏེ་ཚོགས་ན་དོན་དམ་དཔྱོད་བྱེད་ཀྱིས་དཔྱད་པས་མེད་པའམ་སྟོང་པར་རྟོགས་པའི་ཚེ་ན་ཡང་མ་དཔྱད་འཇིག་རྟེན་རྒན་པོའི་དུས་བཞིན་དུ་དངོས་པོ་དེ་ཉིད་ཡོད་པ་ཉིད་ཀྱང་ཡིན་པས་དེར་འཛིན་གྱི་ཡོད་རྟོག་ཉིད་ཀྱང་བཟློག་མི་ཐུབ་པར་ཡོད་དགོས་པའི་ཕྱིར་ན་དོན་དཔྱོད་ཀྱི་རིགས་པའི་དཔྱད་པས་ཅི་ཞིག་ཕན་ཏེ་འཁྲུལ་རྟོག་སྤོང་བ་ལ་ཅི་ཡང་མི་ཕན་པའི་དཔྱད་པ་དོན་མེད་དུ་འགྱུར་བའི་ཕྱིར་རོ། །དེར་མ་ཟད་ཐལ་འགྱུར་བ་རང་གི་ལུགས་ལ་བདེན་པ་གཉིས་ཀྱི་ཁས་ལེན་དེ་ཡང་གྲུབ་པ་མིན་ཏེ། འདི་ལྟར་ཀུན་རྫོབ་མ་བརྟགས་འཇིག་རྟེན་གྲགས་པའི་ཡོད་པ་དེ་ཡང་རང་ལུགས་ཡིན་ན་དེ་དོན་དམ་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་གྲུབ་པ་ཞིག་དགོས་ཀྱང་དེ་ལྟར་རིགས་ཤིང་འཐད་པ་མ་ཡིན་པའི་ཕྱིར་ཏེ་ཤེས་བྱའི་ཁོང་ན་དོན་དམ་དཔྱོད་པའི་རིགས་པས་དཔྱད་བཟོད་ཀྱི་ཆོས་གང་ཡང་མི་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་དོན་དམ་པ་དགག་བྱ་བདེན་གྲུབ་བཅད་པའི་མེད་དགག་སྟོང་རྐྱང་དེ་ལས་ལྷག་པའི་གནས་ལུགས་མཐར་ཐུག་པ་ཞིག་མེད་པར་གྱུར་ན་དེ་ཉིད་མངོན་དུ་བྱེད་པའི་ལམ་ལ་ཞུགས་ཚེ་མེད་དགག་སྟོང་རྐྱང་ཁོ་ན་འཛིན་པའི་འཛིན་སྟངས་དེ་ལ་གང་སྣང་བའི་ཆ་ཞིག་གནས་ལུགས་ལ་ཡོད་མ་མྱོང་བའི་སྣང་ཕྱོགས་ཀྱི་འཛིན་སྟངས་འཇུག་པ་སྐབས་མི་ཐོབ་ཅིང་མི་སྲིད་པའི་ཕྱིར་ན་སྣང་ཆ་ཐམས་ཅད་སྟོང་རྐྱང་མེད་དགག་གི་དབྱིངས་སུ་རྒྱས་གདབ་པས་མཐའ་གཅིག་ཏུ་ལྟ་བ་དང་སྒོམ་པ་དང་སྤྱོད་པའི་གནས་སྐབས་ཀུན་ཀྱང་མེད་པར་ཏེ་མེད་པ་ཁོ་ནར་ལྟ་བའི་ཡིད་ཅན་དུ་ཅི་ཡི་ཕྱིར་མི་འགྱུར་ཏེ། འདི་ལྟར་གནས་ལུགས་དང་རྗེས་སུ་མཐུན་པར་ལྟ་བས་གཏན་ལ་དབབ་ཅིང་སྒོམས་པས་དུས་ནམ་སྒོམ་ཡང་ལྟ་བ་དང་མཐུན་པར་བསྒོམས་དགོས་པ་དང་སྤྱོད་པའང་ལྟ་སྒོམ་གྱི་རྗེས་སུ་འབྲང་བར་ངེས་པའི་ཕྱིར་རོ། །བཞི་པ་ལ་བཞི། གནས་སྐབས་དབུ་མའི་གྲུབ་མཐའ་གཏན་ལ་དབབ་ཚེ་ཁས་ལེན་ཡོད་མེད་གཉིས་སུ་རིགས་པས་སྒྲུབ་པ། མཐར་ཐུག་རྟོགས་པའི་དངོས་གཞི་ཐོབ་ཚེ་ཁས་ལེན་ཡོད་མེད་ལ་སོགས་པའི་སྤྲོས་མཐའ་ཀུན་དང་བྲལ་བར་བསྟན་པ། དེ་ཉིད་རྟོགས་པར་བྱེད་པའི་ཐེག་རིམ་ངེས་པ་མདོ་སྔགས་ལྟ་བའི་ལམ་ཁྱད་སྒྲུབ་པ། དབུ་མ་ལ་ཇི་སྐད་བཤད་པའི་ཚུལ་དེས་གནས་ལུགས་སོགས་གཞན་ཡང་མཚོན་པར་བསྟན་པའོ། །དང་པོ་ལ་གཉིས། མཉམ་བཞག་འཕགས་པའི་ཡེ་ཤེས་གཞལ་ཞིང་གཞན་དང་རྩོད་པའི་སྐབས་སུ་གཤིས་ཀྱི་གནས་ལུགས་བཞིན་དུ་ཁས་ལེན་ཅི་ཡང་མེད་ཚུལ། རྗེས་ཐོབ་ལམ་འབྲས་གྲུབ་མཐའ་འཇོག་ཅིང་བདེན་གཉིས་གཞལ་བའི་སྐབས་སུ་ཐ་སྙད་སྣང་ཚུལ་བཞིན་དུ་ཁས་ལེན་ཡོད་པར་སྒྲུབ་པའོ། །དང་པོ་ལ་གཉིས། སྤྲོས་བྲལ་འབྲས་བུའི་དབུ་མ་གཏན་ལ་དབབ་ཚེ་གཞལ་བྱ་ཁས་ལེན་ཀུན་དང་བྲལ་བའི་ཆོས་ཉིད་གཤིས་ཀྱི་རང་བཞིན་ངོས་བཟུང་བ། དེ་ཉིད་དངོས་དང་མཐུན་པར་གཞལ་བས་ཁས་ལེན་མེད་པར་གྲུབ་པའི་རྒྱུ་མཚན་རིགས་པས་བསྟན་པའོ། །དང་པོ། དེས་ན་ཀུན་མཁྱེན་སོགས་ཚིགས་བཅད་ལྔ་དང་རྐང་པ་གཅིག་གིས་བསྟན་ཏེ། དེས་ན་ཀུན་མཁྱེན་རྒྱལ་བ་གཉིས་པ་ཀློང་ཆེན་རབ་འབྱམས་བཟང་པོའི་ཇི་ལྟར་བཞེད་པ་བཞིན་དུ་སྔ་འགྱུར་གྱི་རང་ལུགས་རྙོགས་པའི་དྲི་མ་མེད་པ་ནི་འདི་ལྟར་ཤེས་པར་བྱ་སྟེ། ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་ཐལ་འགྱུར་མཚན་ཉིད་པ་རྟོག་གེས་རྙོགས་དང་བྲལ་བ་ཞིག་ཡིན་ན་སྣང་སྟོང་ཟུང་དུ་འཇུག་པའི་དབུ་མ་ཆེན་པོའམ་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབུ་མ་ཆེན་པོ་ཉིད་ངེས་པར་ཡིན་དགོས་ཏེ་དེ་ནི་འདི་ལྟར་ཐེག་ཆེན་འཕགས་པའི་མཉམ་བཞག་གཉིས་སྣང་མེད་པའི་ཡེ་ཤེས་དང་རྗེས་སུ་མཐུན་པར་དོན་དམ་མཐར་ཐུག་དཔྱོད་པའི་རིགས་པ་ཡང་དག་གིས་གཏན་ལ་ཕབ་ནས་ཡོད་མེད་རྟག་ཆད་ལ་སོགས་པའི་མཐའ་རགས་པ་དང་ཕྲ་བ་ཤིན་ཏུ་ཕྲ་བ་རྣམས་མ་ལུས་པ་ཀུན་ཉེ་བར་ཞི་བའམ་ཉེར་ཞིའི་རང་བཞིན་བདེན་གཉིས་ཟུང་འཇུག་གི་གནས་ལུགས་ཡིན་པའི་ཕྱིར་རོ། །དེ་ལས་གཞན་དུ་དགག་བྱ་བདེན་གྲུབ་བཅད་པའི་སྟོང་པ་མེད་དགག་འབའ་ཞིག་ཡུལ་དུ་བྱེད་པའི་ལམ་དེ་ཉིད་སྣང་སྟོང་བདེན་གཉིས་ཟུང་འཇུག་གཤིས་ཀྱི་གནས་ཚུལ་མ་ཡིན་པར་ཕྱོགས་གཅིག་སྟོང་པའི་མཐའ་ལ་ལྷུང་བའི་ཕྱིར་ལྟ་བ་ཉེ་ཚེ་བའམ་ཉེ་ཚེའི་ལྟ་བ་ཡིན་པས་དེ་ནི་སྣང་སྟོང་ཟུང་འཇུག་དང་ནི་སྤྲོས་ཀུན་བྲལ་བའི་ལྟ་བ་མཐར་ཐུག་རྣམ་པ་ཀུན་ཏུ་མིན་ཏེ། འདི་ལྟར་སྣང་སྟོང་ཟུང་དུ་འཇུག་པའི་ལྟ་བ་སྤྲོས་པ་ཀུན་དང་བྲལ་བ་ནི་ཡོད་པ་དང་མེད་པའམ་སྣང་བ་དང་སྟོང་པ་དབྱེར་མེད་པའི་ཆོས་ཀྱི་དབྱིངས་མཉམ་ཉིད་ཡིན་དགོས་ཀྱང་ཉི་ཚེའི་ལྟ་བ་འདི་ནི་དོན་དམ་མེད་དགག་སྟོང་པའི་དབྱིངས་འབའ་ཞིག་གམ་ཁོ་ནའི་ཡུལ་ཅན་ཡིན་པས་སྤྲོས་པ་ཐམས་ཅད་དང་མ་བྲལ་བའི་ཕྱིར་རོ། །དེ་ལྟར་གྲུབ་སྟེ་སྤྲོས་པ་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་སྟོང་པ་དང་སྣང་བ་ལ་སོགས་པའི་མཚན་མར་དམིགས་པའི་རྣམ་པ་གཟུང་འཛིན་ཅན་གང་ཇི་སྙེད་པ་ཐམས་ཅད་ཡིན་པས་དེ་ཐམས་ཅད་དང་མ་བྲལ་ན་ཟུང་འཇུག་རབ་ཏུ་མི་གནས་པའི་སྤྲོས་བྲལ་དབུ་མ་ཆེན་པོ་མིན་པས་འདི་ནི་སྟོང་པའམ་མེད་པའི་སྤྲོས་པ་དང་མ་བྲལ་བར་མེད་དགག་དེ་ལ་དམིགས་པའི་ཕྱིར་ན་རྣམ་པར་རྟོག་པའི་གཞན་སེལ་གྱི་སྤྱོད་ཡུལ་ལྟ་བ་ཉི་ཚེ་བར་གྲུབ་བོ། །གཉིས་པ། དེས་ན་དབུ་མ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དེས་ན་གནས་ལུགས་ཟུང་འཇུག་སྤྲོས་བྲལ་དབུ་མ་ཆེན་པོའི་ངོར་བྱས་ན་དགག་དང་སྒྲུབ་པའི་ཁས་ལེན་གྱི་སྤྲོས་པ་ཅི་ཡང་རྣམ་པ་ཀུན་ཏུ་ཡོད་པ་མིན་ཏེ། དབུ་མ་ཆེན་པོར་གནས་པའི་རྣལ་འབྱོར་པ་དེ་ཡིས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྣང་སྟོང་ཟུང་དུ་འཇུག་པའི་སྤྲོས་བྲལ་མཉམ་པ་ཉིད་དུ་རྟོགས་པའི་སླད་དེ་དོན་གྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཟུང་འཇུག་ཆོས་ཀྱི་དབྱིངས་ཡོད་མེད་ཡིན་མིན་ལ་སོགས་པའི་དགག་སྒྲུབ་ཀྱི་སྤྲོས་པ་ཐམས་ཅད་ཀུན་དང་བྲལ་བས་སམ་བྲལ་བ་ཡིན་པས་ན་གནས་ལུགས་ཟུང་འཇུག་སྤྲོས་པ་མཐའ་དག་དང་བྲལ་བའི་དོན་ཉིད་ཇི་ལྟ་བ་བཞིན་དུ་འཁོར་འདས་ཀྱི་ཆོས་ཀུན་ཀྱང་ཟུང་འཇུག་སྤྲོས་པ་དང་བྲལ་བར་གནས་པས་ཡོད་མེད་སོགས་གང་དང་གང་དུ་ཁས་བླང་བ་དེ་དང་དེ་ཉིད་གནས་ལུགས་མཐར་ཐུག་དཔྱོད་པའི་རིགས་པས་དེ་དང་དེ་ལྟར་མི་འགྲུབ་པའི་ཕྱིར་ཡོད་པ་དང་མེད་པ་སྟོང་པ་དང་མི་སྟོང་བ་སྣང་བ་དང་མི་སྣང་བ་སོགས་གང་དུ་ཡང་ཁས་ནི་ལེན་པར་མི་བྱེད་དོ། །དེས་ན་དབུ་མ་ཐལ་འགྱུར་བའི་རང་ལུགས་ལ་མཉམ་བཞག་ལ་ཟློ་བའི་ཚེ་ཁས་ལེན་མེད་པར་ཤེས་པར་བྱའོ། །གཉིས་པ་ལ་གཉིས། ཤན་འབྱེད་རྒྱུ་ཡི་དབུ་མ་གཏན་ལ་འབེབས་ཚེ་ཁས་ལེན་ཡོད་པར་སྒྲུབ་པའི་ཚད་མའི་བློ་དང་གཞལ་བྱ་གཉིས་ཀྱི་རང་བཞིན་ངོས་བཟུང་བ། དེ་ལ་མི་འཐད་པའི་རྩོད་པ་སྤོང་ཞིང་ལན་གྱི་ཚུལ་དུ་དངོས་སྟོབས་རིགས་པའི་ལམ་གྱིས་གསལ་བར་སྒྲུབ་པའོ། །དང་པོ། དེ་ལྟར་གནས་ལུགས་སོགས་ཚིགས་བཅད་བཞི་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལྟར་མཉམ་བཞག་ལ་ཟློ་བའི་ཚེ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཟུང་འཇུག་ཆོས་ཀྱི་དབྱིངས་ཉིད་གཏན་ལ་ཕབ་པའི་མཐར་ཐུག་གི་དོན་ལ་གཤིས་ལ་གཉིས་ཆོས་ཀྱི་སྤྲོས་པ་ཅིར་ཡང་མེད་པས་ཁས་ལེན་མེད་པར་གྲུབ་ཀྱང་། རྗེས་ཐོབ་ཤན་འབྱེད་པའི་ཚེ་གནས་སྐབས་སྣང་ཚུལ་ལ་ཐ་སྙད་ཙམ་དུ་བདེན་པ་གཉིས་ཀ་སོ་སོར་ཡང་ཀུན་རྫོབ་ཏུ་ཡོད་ལ་དོན་དམ་དུ་མེད་ཅེས་པའི་ཁས་བླང་ཡོད་དེ་འོན་ཀྱང་དེ་འདྲའི་ཁས་ལེན་ཅན་གྱི་བདེན་པ་གཉིས་ཀྱང་བདེན་གཉིས་དབྱེར་མེད་ཟུང་འཇུག་གི་གནས་ལུགས་ལ་ལྟོས་ན་བདེན་གཉིས་སོ་སོའི་སྣང་ཚུལ་གནས་སྣང་གི་རྣམ་པ་མི་འགོག་པས་ཐ་སྙད་ཀྱི་གཞལ་བྱ་ཙམ་ཞིག་ཡིན་གྱི། གཤིས་ཀྱི་གནས་ལུགས་མ་ཡིན་ལ། བདེན་གཉིས་དབྱེར་མེད་ཆོས་ཉིད་དོན་དམ་པ་ཇི་ལྟ་བར་མཐོང་བའི་ཚད་མའི་ཡེ་ཤེས་མཐར་ཐུག་པ་ལ་ལྟོས་ན་བདེན་གཉིས་དཔྱོད་པའི་ཚད་མ་གཉིས་པོ་དེ་ཡང་ཉི་ཚེ་བའི་ཚད་མའམ་ཉི་ཚེའི་གནས་ཀྱི་འཇལ་བྱེད་ཙམ་ཡིན་ཏེ་ཚད་མ་དེ་གང་རུང་གཅིག་གིས་བདེན་གཉིས་ཅིག་ཆར་འཛིན་པ་མི་སྲིད་པའི་ཕྱིར་རོ། །དེས་ན་ཐ་སྙད་དཔྱོད་བྱེད་དང་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་གཉིས་པོ་སེམས་བྱུང་ཤེས་རབ་སྟེ་བུམ་པ་ལ་སོགས་པའི་དངོས་པོ་ཀུན་ཚད་མ་དེ་གཉིས་ཀྱིས་སོ་སོར་དཔྱད་ཅིང་གཞལ་བ་ན། ཇི་སྐད་དུ། དབུ་མ་འཇུག་པ་ལས། དངོས་ཀུན་ཡང་དག་རྫུན་པར་མཐོང་བ་ཡི། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཞེས་གསུངས་པ་ལྟར། རྫུན་པ་དང་ཡང་དག་པའི་ངོ་བོ་སྣང་བ་དང་སྟོང་པ་གཉིས་ནི་རྙེད་ཅིང་རྟོགས་པར་གྱུར་ན་ཡང་ཚད་མ་དེ་གཉིས་ཡུལ་སོ་སོ་བ་ཡིན་པས་གང་རུང་གཅིག་གིས་རང་ཡུལ་དེ་གཞལ་ཞིང་རྟོགས་པའི་ཚེ་གཅིག་ཤོས་ཀྱང་གཞལ་ཞིང་རྟོགས་པ་ནི་ཡོད་པ་མིན་པས་ཚད་མ་དེ་གཉིས་གང་ཡིན་ཀྱང་རུང་བདེན་གཉིས་ཅིག་ཆར་མི་གཞལ་ཞིང་མི་རྟོགས་པས་སོ་སྐྱེའི་བློ་གཉིས་སྣང་ཅན་ལ་བདེན་པ་དེ་གཉིས་རེས་འཇོག་གི་ཚུལ་དུ་སོ་སོར་སྣང་བ་ལས་ཅིག་ཆར་དུ་མི་སྣང་བའི་ཕྱིར་ན་ཚད་མ་གཉིས་སོ་སོས་ཇི་ལྟར་གཞལ་བའི་རྙེད་དོན་ཡོད་མེད་ཀྱི་ཁས་ལེན་གཉིས་ཀྱང་ཡོད་པ་ཉིད་དུ་གྲུབ་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ལ་གཉིས། ཁས་ལེན་ཡོད་མེད་དང་བདེན་གཉིས་ནང་འགལ་གྱི་སྐྱོན་རང་ལ་མཚུངས་པར་ཐལ་བའི་རྩོད་སྤང་། གཉིས་ཀ་སྟོབས་མཚུངས་སུ་གྱུར་ན་དངོས་ཀུན་མི་སྟོང་བར་ཐལ་བའི་རྩོད་པ་སྤང་བའོ། །དང་པོ་ལ་གཉིས། རྩོད་པ་དགོད་པ། དེ་སྤང་བའོ། །དང་པོ། འོ་ན་ཁས་ལེན་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། འོ་ན་དེ་ལྟར་ཁས་ལེན་ཡོད་མེད་དང་བདེན་གཉིས་ཀྱི་ཁས་ལེན་ནང་འགལ་བའི་ཚུལ་གྱིས་སྐྱོན་གོང་དུ་རང་གིས་གཞན་ལ་ཇི་སྙེད་བརྗོད་པ་དེ་དག་ཐམས་ཅད་རང་ལའང་མཚུངས་པར་ཐལ་ལོ་ཞེ་ན་ཞེས་རྩོད་པའོ། །གཉིས་པ་ལ་གཉིས། ཁས་ལེན་ཡོད་མེད་ནང་འགལ་གྱི་རྩོད་པ་ཇི་ལྟར་སྤོང་ཚུལ་གྱི་ལན་དང་། བདེན་པ་གཉིས་པོ་ནང་འགལ་གྱི་རྩོད་པ་ཇི་ལྟར་སྤོང་བའི་ལན་ནོ། །དང་པོ་ལ་གསུམ། སྐབས་ཀྱི་ལ་ཤན་ཕྱེས་པས་ཁས་ལེན་ཡོད་མེད་ནང་འགལ་དང་དཔྱད་བཟོད་ཀྱི་སྐྱོན་རང་ལ་མེད་ཚུལ། ཁས་ལེན་ཅན་གྱི་བདེན་གཉིས་ལྟོས་ཏེ་འཇོག་ཅིང་གནས་སྣང་ཡིན་པས་གཅིག་དང་ཐ་དད་བྲལ་ཚུལ་ལུང་གིས་སྒྲུབ་པ། ཚུལ་དེས་གྲོལ་འཁྲུལ་གཉིས་ཀྱང་གནས་སྣང་དུ་འདོད་པས་རིགས་པས་གནོད་པ་མེད་པར་ཚད་མར་གྲུབ་པའི་ཚུལ་ལོ། །དང་པོ། ངེད་ཀྱི་ཁྱད་པར་སོགས་ཚིགས་བཅད་བདུན་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ལ་ངེད་ཀྱིས་འདི་ལྟར་སྐབས་ཀྱི་ཁྱད་པར་ཕྱེས་ནས་སུ་རྗེས་ཐོབ་ཤན་འབྱེད་ལམ་གྱི་དབུ་མ་དང་དངོས་གཞི་འཕགས་པའི་མཉམ་བཞག་ཟུང་འཇུག་ཡེ་ཤེས་ཀྱི་དབུ་མ་གཉིས་རིམ་པར་རགས་པ་བརྡའི་དབུ་མ་དང་། ཕྲ་བ་ཆོས་ཉིད་ཀྱི་དབུ་མ་འམ་རྒྱུ་དང་འབྲས་བུའི་སམ་རྣམ་ཤེས་ཀྱི་སྤྱོད་ཡུལ་དང་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་གནས་སྐབས་ཀྱི་དབུ་མ་ཆེ་ཆུང་གི་ཁྱད་ལེགས་པར་ཕྱེས་ནས་ཕྲ་བ་ཆོས་ཉིད་ཀྱི་དབུ་མའམ། ཟུང་འཇུག་འབྲས་བུའི་དབུ་མའམ། མཉམ་བཞག་ཡེ་ཤེས་ཀྱི་དབུ་མ་ཆེན་པོར་ཁས་ལེན་མེད་པར་བསྟན་པ་དང་། རགས་པ་བརྡ་ཡི་དབུ་མའམ། ཤན་འབྱེད་ལམ་གྱི་དབུ་མའམ། རྗེས་ཐོབ་ཤེས་རབ་རྒྱུ་ཡི་དབུ་མར་ཁས་ལེན་ཡོད་པར་བཤད་པའི་ཕྱིར་ན་གོང་དུ་གཞན་ལ་ཁས་ལེན་ནང་འགལ་དང་རིགས་པས་དཔྱད་བཟོད་དང་རེ་རེ་བའམ་གཉིས་ཚོགས་ལ་འགལ་སྐྱོན་ཇི་ལྟར་བརྗོད་པ་དེ་དག་ག་ལ་འཇུག་སྟེ་སྐབས་སོ་སོར་ཕྱེད་པ་ལ་འཇུག་ཐབས་མེད་པ་དེས་ན་འདི་ལྟར་མཉམ་བཞག་ཡེ་ཤེས་ཟུང་འཇུག་འབྲས་བུའི་དབུ་མ་ཆེན་པོ་ལ་ཡོད་མེད་སོགས་གཉིས་ཆོས་ཀྱི་ཁས་ལེན་ཅི་ཡང་མེད་པར་ཇི་སྐད་བསྟན་པ་དེ་ཉིད་རང་གི་ལུགས་ཀྱི་གྲུབ་མཐའ་ཡིན་པས་མཐར་ཐུག་དེ་ལྟར་འདོད་པ་ཡིན་ཀྱང་། ལམ་རྗེས་ཐོབ་རྒྱུ་ཡི་དབུ་མ་གཉིས་སྣང་ཅན་གྱི་ཤེས་རབ་ལ་སྣང་སྟོང་བདེན་པ་གཉིས་པོའི་རང་ལྡོག་སོ་སོར་སྣང་བའི་ཚེ་སྣང་བ་ལྟར་དུ་བདེན་གཉིས་དཔྱོད་པའི་རིགས་པ་སོ་སོའི་ཚད་མ་ཡིས་གཞལ་བའི་དགག་པའི་རྣམ་པ་མེད་དང་མ་ཡིན་པར་དགག་པ་དང་སྒྲུབ་པའི་རྣམ་པ་ཡོད་དང་ཡིན་པར་སྒྲུབ་པ་ཇི་སྙེད་པ་ཐམས་ཅད་ཀྱང་སྒྲོ་འདོགས་དང་སྐུར་འདེབས་ཀྱི་ལོག་རྟོག་རེ་རེ་དགག་པའི་ཆེད་དུ་བསྟན་པ་ཡིན་པས་ཁས་ལེན་གཉིས་པོ་ཡོད་པ་ཡིན་གྱི་གཤིས་ཀྱི་གནས་ལུགས་བདེན་གཉིས་ཟུང་འཇུག་དགག་སྒྲུབ་བསལ་བཞག་ལས་འདས་པ་ལ་དགག་སྒྲུབ་ཏུ་ཁས་བླང་བའི་སྤྲོས་པ་གང་ཡང་མེད་པའི་ཕྱིར་ན་གཤིས་ཀྱི་གནས་ལུགས་མཉམ་པ་ཉིད་ལ་སྣང་སྟོང་བདེན་པ་གཉིས་པོ་ཡང་སོ་སོར་རིས་སུ་ཆད་པ་ཡོང་ཡེ་མེད་པར་གནས་པས་དགག་སྒྲུབ་ཀྱི་ཁས་ལེན་གཉིས་པོ་གང་ལྟར་ཡང་རང་གི་ངོ་བོས་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་ན་དགག་སྒྲུབ་ཀྱི་ཁས་ལེན་ཅི་ཡང་མེད་པར་ཤེས་པར་བྱའོ། །དེ་ལྟ་ནའང་རྗེས་ཐོབ་ཐ་སྙད་ཡུལ་དུ་བྱེད་པའི་ཚེ་བདེན་པ་གཉིས་ལ་ལྟོས་པའི་དགག་སྒྲུབ་གཉིས་གར་ཡང་གང་དང་གང་ནི་ཁས་བླང་བར་གྱུར་ཀྱང་ཐ་སྙད་སྣང་ཚུལ་ཀུན་རྫོབ་ཙམ་གྱི་དབང་དུ་བྱས་ཏེ་ཁས་ལེན་ཡིན་པའི་ཕྱིར་དང་། གནས་སྐབས་སུ་བདེན་གཉིས་སོ་སོར་དཔྱོད་པའི་ཚད་མ་སོ་སོས་རྙེད་དོན་དགག་སྒྲུབ་གཉིས་ཀ་སོ་སོ་ན་ཇི་ལྟར་བཅད་པ་དེ་ལྟར་རེ་ཞིག་བདེན་དེ་སྣང་ཚུལ་ཙམ་ལ་འགལ་བ་མེད་ཅིང་ཚད་གྲུབ་ཡིན་པའི་ཕྱིར་དང་། དེ་ཡང་རང་ལུགས་མཐར་ཐུག་པ་ཉིད་མ་ཡིན་པས་ན་ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་ལ་སོགས་པའི་སྐྱོན་གསུམ་པོ་གང་ཡང་རྣམ་པ་ཀུན་ཏུ་མི་འབབ་སྟེ་འདུས་བྱས་སྣང་བའི་དངོས་པོའང་བརྟེན་ནས་སྐྱེས་པའི་རྟེན་འབྲེལ་ཡིན་ཞིང་གཅིག་དང་དུ་མ་བྲལ་བའི་ཕྱིར་དོན་དམ་དཔྱོད་པའི་རིགས་པས་དཔྱད་པར་མི་བཟོད་དེ། ཇི་སྐད་དུ། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པར། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པར། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །སྟོང་པ་དངོས་མེད་ཀྱང་ནི་བརྟེན་ནས་བཏགས་པའི་འདུས་བྱས་རྟེན་འབྲེལ་ཡིན་པའི་ཕྱིར་རིགས་པས་དཔྱད་པར་མི་བཟོད་དེ། དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་སོ། །དེའི་ཕྱིར་མཐར་ཐུག་གི་དོན་ལ། དགག་སྒྲུབ་བམ་སྟོང་སྣང་གཉིས་ཀ་དཔེར་ན་རྨི་ལམ་གྱི་བུ་དང་དེ་ཤི་བ་ཇི་ལྟ་བ་བཞིན་དུ་ཐ་སྙད་གཞིར་མ་གྲུབ་པར་མཚུངས་པ་ལ་གནས་སྐབས་དགག་སྒྲུབ་གཉིས་བདེན་གཉིས་སོ་སོ་ལ་ལྟོས་ཏེ་ཐ་སྙད་དུ་སྣང་ཚུལ་མི་འགོག་པས་བཏགས་པ་ཙམ་ཞིག་ཡིན་ཏེ། དབུ་མ་ཤེས་རབ་ལ་འཇུག་པར། དགག་སྒྲུབ་གཉིས་ཀ་དགག་འབའ་ཞིག །དངོས་ལ་དགག་སྒྲུབ་གང་ཡང་མེད། །ཅེས་སོ། །གཉིས་པ། མ་བརྟགས་གྲགས་པའི་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་མ་བརྟགས་འཇིག་རྟེན་གྲགས་པའི་ཡོད་ཙམ་དེ་ཡང་སྣང་ཚུལ་ཐ་སྙད་དུ་ཡོད་པ་ཡིན་གྱི་གནས་ཚུལ་དོན་དམ་དུ་ཡོད་པ་མིན་ལ། བདེན་མེད་དོན་དམ་དཔྱོད་པའི་རིགས་ཤེས་ཀྱིས་མཐོང་བའི་སྟོང་པ་གནས་ཚུལ་དོན་དམ་དུ་འདོད་པ་དེ་ཡང་སྣང་ཚུལ་ཀུན་རྫོབ་ཀྱི་ཟླ་ལ་ལྟོས་པའི་དོན་དམ་ཡིན་གྱི་གནས་ལུགས་མཐར་ཐུག་བདེན་པ་དབྱེར་མེད་ལ་ལྟོས་ན་དོན་དམ་རྣམ་གྲངས་པ་ཙམ་མམ་མཐུན་པའི་དོན་དམ་ཞེས་དོན་དམ་མཐར་ཐུག་པ་ཉིད་མ་ཡིན་པས་དེ་ཡང་ཐ་སྙད་ཀྱི་ཁོངས་སུ་གཏོགས་སོ། །གལ་ཏེ་དེ་འདྲའི་བདེན་པ་གཉིས་པོ་དེ་ཡང་གནས་ཚུལ་དང་སྣང་ཚུལ་ཐ་དད་པས་ཕན་ཚུན་འགལ་བ་ཉིད་ཡིན་ན་བདེན་གཉིས་ཐ་དད་དུ་འདོད་པ་ལ་སྐྱོན་བཞི་ཡོད་པར་མདོ་སྡེ་དགོངས་པ་ངེས་འགྲེལ་ལས་གསུངས་པ་རྣམས་འབབ་པར་འགྱུར་ཏེ། དོན་དམ་མངོན་སུམ་དུ་རྟོགས་ཀྱང་ཀུན་རྫོབ་ལོགས་སུ་དམིགས་པའི་ཕྱིར་དོན་དམ་རྟོགས་ནས་མྱང་འདས་མི་ཐོབ་པར་ཐལ་བ་དང་། ཀུན་རྫོབ་ལས་ཐ་དད་པའི་དོན་དམ་ཡིན་པའི་ཕྱིར་དེ་སྣང་བའི་ཆོས་ཉིད་མ་ཡིན་པར་ཐལ་བ་དང་། བདེན་གཉིས་ངོ་བོ་ཐ་དད་པའི་ཕྱིར་ཀུན་རྫོབ་རབ་ཏུ་མ་གྲུབ་པ་ཙམ་དོན་དམ་མ་ཡིན་པར་ཐལ་བ་དང་། མྱང་འདས་ཐོབ་པའི་དུས་ནའང་ཀུན་རྫོབ་ལོགས་སུ་དམིགས་པའི་ཕྱིར་གང་ཟག་གཅིག་གི་རྒྱུད་ལ་ཀུན་ཉོན་དང་རྣམ་བྱང་གཉིས་དུས་གཅིག་ལ་འཇུག་པར་ཐལ་བའི་སྐྱོན་དང་བཞིའོ། །ཡང་གལ་ཏེ་དེ་འདྲའི་བདེན་པ་གཉིས་པོ་གནས་སྣང་ཕན་ཚུན་གཞན་མིན་པར་གཅིག་པ་ཉིད་ཡིན་ན་ཡང་བདེན་གཉིས་གཅིག་པའི་སྐྱོན་བཞིས་གནོད་པར་ཡང་དེ་ལས་གསུངས་ཏེ། སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ཀུན་རྫོབ་མཐོང་བ་ལྟར་དོན་དམ་ཡང་མཐོང་བར་ཐལ་བ་དང་། ཀུན་རྫོབ་ལ་བརྟེན་ནས་ཟག་པ་འཕེལ་བ་ལྟར་དོན་དམ་ལ་བརྟེན་ནས་ཀྱང་ཟག་པ་འཕེལ་བར་ཐལ་བ་དང་། དོན་དམ་ལ་དབྱེ་བ་མེད་པ་ལྟར་ཀུན་རྫོབ་ལའང་དབྱེ་བ་མེད་པར་ཐལ་བ་དང་། ཀུན་རྫོབ་ཇི་ལྟར་མཐོང་ཐོས་ལས་གཞན་དུ་བཙལ་མི་དགོས་པ་ལྟར་དོན་དམ་ཡང་དེ་ལྟར་འགྱུར་བར་ཐལ་བ་དང་བཞིའོ། །དེས་ན་གནས་སྣང་གཅིག་དང་ཐ་དད་དུ་ཁས་བླང་བར་མི་བྱ་སྟེ། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་སེམས་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་གསུངས་སོ། །གསུམ་པ། ཚུལ་དེས་སངས་རྒྱས་སོགས་ཚིགས་བཅད་གསུམ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། གོང་དུ་གནས་སྣང་གཅིག་ཐ་དད་གང་དུའང་ཁས་མི་ལེན་པའི་ཚུལ་དེས་སངས་རྒྱས་དང་སེམས་ཅན་གཉིས་ཀྱང་གནས་ཚུལ་དང་སྣང་ཚུལ་ཙམ་ལ་གསུངས་པ་ཡིན་གྱི་སེམས་ཅན་རྒྱུ་དང་སངས་རྒྱས་འབྲས་བུ་ཉིད་དུ་འདོད་པ་ནི་ཐེག་པ་དམན་པ་ཆུང་ངུར་གྲགས་པའི་འདོད་ཚུལ་ཡིན་པས་རང་ལུགས་མིན་པར་ཤེས་པར་བྱ་དགོས་སོ། །དེས་ན་རང་ལུགས་ལ་གནས་སྣང་གཉིས་གཅིག་དང་ཐ་དང་གང་དུ་ཡང་ཁས་བླང་བ་མེད་པའི་ཕྱིར་ན་སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ན་མཚན་དཔེས་བརྒྱན་པའི་སངས་རྒྱས་ཉིད་དུ་སྣང་རུང་ཡོད་པར་འགྱུར་བ་དང་། ལམ་སྒོམ་པ་དང་སྒྲུབ་པ་ཐམས་ཅད་དོན་མེད་འབའ་ཞིག་ཏུ་འགྱུར་བ་དང་། རྒྱུ་ལ་འབྲས་བུ་གནས་པ་ཡིན་པས་ཟན་ཟ་མི་གཙང་ཟ་བར་ཁས་ལེན་དགོས་པ་ལ་སོགས་པའི་རིགས་པས་གནོད་པ་རྣམ་པ་ཀུན་ཏུ་མེད་དེ། སེམས་ཅན་གྱི་གནས་ཚུལ་སངས་རྒྱས་གང་ཡིན་པ་དེ་ཡང་སེམས་ཅན་རྣམས་རང་སྣང་གློ་བུར་གྱི་སྒྲིབ་པ་ཡིས་རང་སྒྲིབ་པའི་ཕྱིར་ན་སངས་རྒྱས་ཉིད་དུ་སྣང་རུང་མ་ཡིན་པས་སངས་རྒྱས་སུ་ཉེ་བར་མི་སྣང་བ་ཡིན་པས་གློ་བུར་གྱི་སྒྲིབ་པ་དེ་དང་བྲལ་བའི་དོན་ལམ་སྒོམ་པ་དང་སྒྲུབ་པ་ལ་འབད་པར་བྱེད་དགོས་པ་ནི། རང་གཞན་གཉིས་ཀས་འདོད་དགོས་པ་ཉིད་དེ་ཁྱོད་རང་གིས་ཀྱང་སེམས་ཅན་རྣམས་རང་བཞིན་གྱིས་རྣམ་པར་དག་པས་ཁས་བླངས་ཀྱང་ལམ་ལ་འབད་རྩོལ་བྱེད་དགོས་པར་འདོད་པ་མ་ཡིན་ནམ་དེ་འདྲའི་སྨྲ་བ་འབྲེལ་མེད་ཀྱིས་ཅི་ཞིག་བྱ་སྟེ་དགོས་འབྲས་མེད་དོ། །གཉིས་པ་ལ་གཉིས། རེས་འཇོག་ཚད་མ་གཉིས་ཀྱིས་རྙེད་དོན་བདེན་པ་གཉིས་སུ་ནང་འགལ་མེད་པར་སྒྲུབ་ཚུལ་རིགས་པས་བསྟན་པ། ལུང་ལས་དགག་སྒྲུབ་ཇི་སྙེད་བསྟན་པ་ཀུན་ཀྱང་བདེན་གཉིས་ཀྱི་གཞལ་ཚུལ་ཡིན་པས་ཕན་ཚུན་མི་འགལ་བར་ཁྱབ་མཉམ་དུ་གྲུབ་པའི་ཚུལ་ལོ། །དང་པོ། བདེན་གཉིས་འགལ་བ་སོགས་ཚིགས་བཅད་དྲུག་གིས་བསྟན་ཏེ། རང་ལུགས་ལ་མེ་དང་ཚ་བ་བཞིན་དུ་སྣང་སྟོང་བདེན་པ་གཉིས་ལ་ཕྱོགས་སུ་ལྷུང་བའི་འགལ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་ན་ཐ་སྙད་དུ་ཡོད་ཅེས་པ་དང་དོན་དམ་དུ་མེད་ཅེས་ལྟ་བ་ཡི་ཁས་ལེན་དེ་གཉིས་པོའང་ཇི་ལྟར་འགལ་ཏེ་མི་འགལ་བ་ཁོ་ནའོ། །དེར་མ་ཟད་སྣང་སྟོང་བདེན་པ་གཉིས་པོ་ཕན་ཚུན་གཅིག་པའང་མིན་པའི་ཕྱིར་ན་ཀུན་རྫོབ་ཏུ་ཡོད་དོན་དམ་དུ་མེད་ཅེས་པའི་ཁས་བླང་གཉིས་སུ་ཐ་སྙད་ཀྱི་རྣམ་པར་བཞག་པའང་ཤིན་ཏུ་འཐད་པ་ཉིད་ཡིན་ནོ། །དེ་ཡི་ཕྱིར་ཇི་སྲིད་སྣང་སྟོང་བདེན་པ་འདི་གཉིས་སྣང་སྟོང་སོ་སོར་སྣང་བ་དང་བཅས་པའི་སེམས་ཀྱི་འཇུག་པ་ཐམས་ཅད་དབྱིངས་སུ་མ་ནུབ་པར་མི་སྲིད་ཡོད་ཀྱི་བར་དེ་སྲིད་དུ་སྣང་སྟོང་བདེན་པ་དེ་གཉིས་ཕན་ཚུན་ལྟོས་ཏེ་བཞག་པ་ཙམ་ཡིན་པའི་ཕྱིར་ན་གཅིག་ཡོད་གཅིག་མེད་མི་སྲིད་པར་ཡོད་མཉམ་མེད་མཉམ་ཡིན་པས་རྣམ་པ་ཀུན་དུ་སྟོབས་མཚུངས་སུ་སྣང་བ་ཡིན་པས་གཅིག་ཡོད་ན་གཅིག་མེད་ཅེས་མཐའ་གཅིག་ཁོ་ནར་ཁས་ལེན་ཡོད་པ་མིན་ཏེ། གཅིག་དུ་བྲལ་ལ་སོགས་པའི་རིགས་པས་དངོས་ཀུན་བདེན་པར་གྲུབ་པ་མེད་ཅེས་བདེན་སྟོང་གདར་ཤ་ཆོད་པས་ངེས་པ་དང་། ཀུན་ཏུ་ཐ་སྙད་པའི་རིགས་པས་མ་བརྟགས་འཇིག་རྟེན་གྲགས་པའི་ཐ་སྙད་ལས་རྒྱུ་འབྲས་ཚེ་སྔ་ཕྱི་སོགས་བསླུ་མེད་དུ་ཡོད་ཅེས་རྟེན་ཅིང་འབྲེལ་འབྱུང་གི་སྣང་ཆ་ངེས་པ་གཉིས་རེས་འཇོག་གམ་རིམ་གྱིས་བདེན་གཉིས་དཔྱོད་པའི་ཚད་མ་གཉིས་ཀྱིས་ནི་ཕྱི་ནང་གི་དངོས་པོ་ཀུན་གཞལ་བའི་ཚེ་ན་ཚད་མ་གཉིས་པོ་རང་རང་སོ་སོའི་རྙེད་དོན་ནམ་མཐོང་དོན་དེ་ལ་སྣང་སྟོང་ངམ་ཀུན་རྫོབ་དང་དོན་དམ་སྟེ་བདེན་པ་གཉིས་ཞེས་ཐ་སྙད་ཙམ་དུ་བརྗོད་དོ། །བདེན་པ་དེ་གཉིས་ངོ་བོ་གཅིག་པ་དང་ཐ་དད་པ་ཡང་མིན་པའི་ཕྱིར་ན་སྣང་སྟོང་བདེན་པ་དེ་གཉིས་ཕན་ཚུན་མི་ལྟོས་པར་མཐའ་གཅིག་ཏུ་གང་རུང་གཅིག་སྤང་ནས་གཅིག་ཤོས་ཉིད་ནི་བཟུང་དུ་མི་རུང་སྟེ་དཔེར་ན་མེ་ལ་མི་ལྟོས་པའི་ཚ་བ་ཚ་བ་ལ་མི་ལྟོས་པའི་མེ་གཟུང་དུ་མི་རུང་བ་བཞིན་ནོ། །དེས་ན་བདེན་པ་དེ་གཉིས་ལ་སོ་སོར་དཔྱོད་པའི་ཚད་མ་སེམས་བྱུང་ཤེས་རབ་ཀྱིས་སྣང་སྟོང་ཡོད་མེད་སོགས་གཞལ་བའི་སྐབས་སུ་ཁས་ལེན་གཉིས་པོ་སོ་སོར་ཕྱེ་སྟེ་སྨྲ་བའི་དཔེར་བརྗོད་ན། འབྲས་བུའི་མཐར་ཐུག་སྐྱེ་འགག་མེད་པའི་ཆོས་ཉིད་མངོན་དུ་བྱས་ཏེ་གཉིས་སྣང་མཐའ་དག་འགག་པའི་ཡེ་ཤེས་ཆོས་ཀྱི་སྐུ་ཐོབ་པར་གྱུར་པའི་ཚེ་ན་སེམས་དང་སེམས་བྱུང་གི་གཉིས་སྣང་མ་ལུས་པ་ཐམས་ཅད་ཐ་སྙད་ཀུན་རྫོབ་ཀྱི་དབང་དུ་འགག་ཅེས་ཁས་ལེན་བྱ་དགོས་པ་དང་། གནས་ལུགས་དོན་དམ་པའི་དོན་ཉིད་དུ་གདོད་ནས་དག་པས་འགག་པའང་མེད་དོ་ཞེས་ཁས་ལེན་བྱ་དགོས་པ་བཞིན་ནོ། །གཉིས་པ། མདོ་དང་བསྟན་བཅོས་སོགས་ཚིགས་བཅད་ལྔས་བསྟན་ཏེ། རྒྱལ་བའི་བཀའ་ཡུམ་ཤེར་ཕྱིན་དང་བདེན་པ་གཉིས་སོགས་དང་སྙིང་པོ་བསྟན་པའི་མདོ་ལ་སོགས་པ་དང་བསྟན་བཅོས་ཆེན་པོ་རིགས་པའི་ཚོགས་དང་བསྟོད་པའི་ཚོགས། མངོན་རྟོགས་རྒྱན་དང་རྒྱུད་བླ་མ་ལ་སོགས་པའི་གཞུང་ཀུན་ན་དགག་པ་དང་སྒྲུབ་པའི་རྣམ་པ་ཇི་སྙེད་ཅིག་བསྟན་པ་དེ་དག་རྣམས་ཀྱང་ལ་ལ་གནས་ལུགས་དོན་དམ་པའི་དབང་དུ་བྱས་ནས་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་སྟོང་པའམ་མེད་པར་ཁས་ལེན་པར་གསུངས་པ་ཡིན་ཏེ། ལ་ལ་ནི་ཐ་སྙད་སྣང་ཚུལ་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཡོད་པར་གསུངས་པ་སྟེ། དེ་ཡང་འདི་ལྟར་གནས་ལུགས་དོན་དམ་པ་ཁོ་ནའི་དབང་དུ་བྱས་ན་ལམ་ལྔ་ས་བཅུ་དང་སངས་རྒྱས་དང་སེམས་ཅན་ལ་སོགས་པ་མདོར་ན་གཞི་ལམ་འབྲས་བུས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་དག་པས་སྟོང་པའམ་མེད་ཅེས་སོམ་ཉི་མི་དགོས་པར་སྨྲ་བར་རུང་མོད་ཀྱི། འོན་ཀྱང་ཐ་སྙད་སྣང་ཚུལ་ཀུན་རྫོབ་ཉིད་ལ་ལྟོས་པ་མེད་པར་རྣམ་པ་ཀུན་ཏུ་མེད་པའམ་སྟོང་པ་དེ་གཅིག་ཁོ་ནར་མི་འགྱུར་ཏེ་དོན་ལ་བདེན་པ་གཉིས་ཆར་མ་སྐྱེས་པས་མེད་པ་ཡིན་ཀྱང་སྣང་ཚུལ་རྟེན་འབྱུང་འགགས་པ་མེད་པའི་འཁོར་འདས་ཀྱི་སྣང་བའི་ཆ་འདི་ཀུན་གསལ་བར་རང་རང་ལ་སྣང་བར་མངོན་སུམ་བསླུ་མེད་ཀྱིས་གྲུབ་ཅིང་ཡོད་པའི་ཕྱིར་རོ། །ཡང་སྣང་ཚུལ་ཐ་སྙད་ཚད་མའི་དབང་དུ་བྱས་ནས་ས་ལམ་དང་སངས་རྒྱས་དང་སེམས་ཅན་ལ་སོགས་པ་གཞི་ལམ་འབྲས་བུའི་སྣང་བ་རབ་འབྱམས་ཐམས་ཅད་མངོན་སུམ་བསྙོན་མེད་དུ་ཡོད་ཅེས་ཐེ་ཚོམ་མེད་པར་བརྗོད་པར་རིགས་མོད་ཀྱི། འོན་ཀྱང་གནས་ལུགས་སྟོང་པ་དོན་དམ་པ་ཉིད་ལ་ལྟོས་པ་མེད་པར་རྣམ་པ་ཀུན་ཏུ་ཡོད་པའམ་སྣང་བ་དེ་གཅིག་ཁོ་ནར་མི་འགྱུར་ཏེ་སྣང་ཚུལ་རྟེན་འབྱུང་གི་སྣང་ཆ་འགགས་མེད་དུ་དོན་བྱེད་ནུས་པར་སྣང་བའི་ཡོད་པ་ཡིན་ཀྱང་དོན་ལ་དེ་ལྟར་མ་གྲུབ་པས་སྟོང་པ་ཉིད་ཡིན་པར་དོན་དམ་དཔྱོད་པའི་ཚད་མས་ཡང་དག་པར་ངེས་ནུས་པའི་ཕྱིར་རོ། །དེས་ན་སྣང་སྟོང་བདེན་པ་དེ་གཉིས་དུས་ནམ་དུ་ཡང་ཆུ་དང་རླན་བཞིན་དུ་གཅིག་མེད་ན་གཅིག་ཤོས་ཡོད་པ་ཉིད་དང་རྣམ་པ་ཀུན་ཏུ་སྲིད་པ་མ་ཡིན་ཞིང་གཅིག་ཡོད་ན་གཅིག་ཤོས་ཀྱང་མེད་པ་མི་སྲིད་པར་འགལ་མེད་གནད་གཅིག་ཏུ་ཤེས་པ་ནི་ཤེས་བྱའི་ཁོང་ན་གལ་ཆེ་བར་ཤེས་དགོས་པ་ཞིག་ཡིན་ནོ། །གཉིས་པ་ལ་གཉིས། རྩོད་པ་དགོད་པ་དང་། དེ་སྤང་བའོ། །དང་པོ། གཉིས་ཀ་སྟོབས་མཚུངས་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། འོ་ན་བདེན་གཉིས་དཔྱོད་པའི་ཚད་མ་སོ་སོས་རྙེད་དོན་སྣང་སྟོང་བདེན་པ་གཉིས་ཀ་སྟོབས་མཚུངས་པའམ་མགོ་མཉམ་པར་བདེན་པར་གྱུར་པ་དེ་ལྟར་ཡིན་པའི་ཚེ་ན་ཀུན་རྫོབ་སྣང་བའི་དངོས་པོ་ཐམས་ཅད་མི་སྟོང་པར་དོན་དམ་དུ་གྲུབ་པར་འགྱུར་རོ་ཞེ་ན་ཞེས་རྩོད་པའོ། །གཉིས་པ་དེ་སྤང་བའི་ལན་ལ་གསུམ། དེ་གཉིས་ཡེ་ཤེས་རྟོགས་པའི་བློ་ཡི་འཇུག་རིམ་ཡིན་པས་བདེན་དངོས་མེད་ཅིང་སྣང་སྟོང་ཐབས་ཤེས་ཟུང་འབྲེལ་དུ་གྲུབ་ཚུལ། དེ་ལྟར་བཞག་པའི་དགོས་འབྲས་བསྟན་ཅིང་ཚུལ་དེ་མདོ་རྒྱུད་ལམ་གྱི་ཟབ་གནད་ཡིན་པས་རྒྱལ་བའི་བཀའ་ཡང་དེ་ལྟར་ངེས་ཚུལ། ལམ་གྱི་དབུ་མའི་ཁས་ལེན་གཉིས་ཀ་རང་ལུགས་ཡིན་གྱི་དོན་དམ་རང་ལུགས་སུ་བྱས་ནས་ཀུན་རྫོབ་གཞན་ངོར་སྐྱེལ་ན་ལུང་རིགས་ཚད་མས་གནོད་ཚུལ་བསྟན་པའོ། །དང་པོ། གཉིས་ཀའང་རང་བཞིན་སོགས་ཚིགས་བཅད་དགུ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀའང་ཡེ་གདོད་མ་ནས་རང་བཞིན་གྱིས་མ་གྲུབ་པས་སྟོང་པ་ཉིད་དུ་མཉམ་པའམ་མཚུངས་པ་ཡིན་པ་དང་། གཞལ་བྱའི་ཡུལ་སྣང་བ་དང་སྟོང་པ་གཉིས་པོ་རང་བཞིན་གྱིས་སམ་དོན་གྱིས་ཐ་དད་པར་གྲུབ་པ་ཉིད་ཀྱང་མ་ཡིན་པར་གང་སྣང་བ་དེའི་ངོ་བོ་ཡེ་ནས་སྟོང་པ་ཉིད་དུ་ཆུ་དང་རླན་ལྟར་འབྲལ་མེད་དུ་གནས་པར་གྲུབ་པའི་ཕྱིར་ན་དངོས་པོ་རྣམས་མི་སྟོང་པར་བདེན་གྲུབ་ཏུ་འགྱུར་བ་ག་ལ་ཡིན་ཏེ་མ་ཡིན་ལ། བདེན་པ་གཉིས་ཀ་མཚུངས་པར་སྣང་བ་དེའི་ཕྱིར་ན་ཡང་སྣང་བའི་ངོ་བོ་སྟོང་པར་གྲུབ་སྟེ་སྣང་བ་དེ་ཉིད་མེད་ན་ངོ་བོས་སྟོང་པའང་ཅི་ཡིས་ཤེས་པར་འགྱུར་ཏེ་ཤེས་བྱེད་མེད་པའི་ཕྱིར་རོ། །དེས་ན་སྣང་སྟོང་གཉིས་ཀ་ཕན་ཚུན་མི་འགལ་བར་མ་ཟད་ཕན་ཚུན་རྒྱུ་འབྲས་སུ་སྟེ་སྟོང་པ་རྟེན་འབྱུང་དང་རྟེན་འབྱུང་སྟོང་པར་འཆར་ཞིང་། སྣང་སྟོང་གང་རུང་གཅིག་ཡོད་ཚེ་གཅིག་ཤོས་ཀྱང་མེ་དང་ཚ་བ་བཞིན་དུ་འབྲལ་མི་ཤེས་པར་ཡོད་པ་ལ་གཏིང་ནས་ངེས་པའི་ཤེས་པ་སྐྱེས་པར་གྱུར་ན་སྣང་སྟོང་གཉིས་པོ་དུས་ནམ་ཡང་འདུ་འབྲལ་མེད་པར་ཡེ་ནས་ཟུང་དུ་འཇུག་པའི་དོན་ལ་ཐེ་ཚོམ་གྱི་དྲྭ་བ་མ་ལུས་པ་མཐའ་དག་ཆད་དེ་ཡང་དག་པར་རྟོགས་པའོ། །དེའི་ཕྱིར་སྣང་སྟོང་གཉིས་པོ་གང་ལ་ཡང་གང་གིས་མ་ཁྱབ་པ་མེད་པའི་ཕྱིར་གང་སྣང་བ་དེ་སྟོང་པ་ཉིད་ཡིན་པས་ཁྱབ་ལ་གང་སྟོང་པ་དེ་ཡང་སྣང་བ་ཡིན་པས་ཁྱབ་པས་སྣང་སྟོང་གང་ལྟར་གཞལ་ཀྱང་འགལ་བ་མེད་པར་བདེན་ཏེ་སྣང་བ་དེ་ཉིད་སྟོང་པ་དང་སྟོང་པ་དེ་ཉིད་སྣང་བར་གྲུབ་པའི་ཕྱིར། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་གཟུགས་ལ་སོགས་པའི་སྣང་བ་འདི་ཉིད་རང་སྟོང་ཡིན་པར་ཤེས་པ་ཡིས་སྣང་བ་དེ་ཉིད་བདེན་པར་གྲུབ་པ་མེད་པར་སྟོང་ཉིད་དུ་རྟོགས་པར་འགྱུར་ལ། སྟོང་པ་ཉིད་དེ་ཡང་གཟུགས་སོགས་སུ་སྣང་བ་ཡིན་པར་ཤེས་ན་ཡང་སྟོང་པ་ཉིད་བདེན་པར་གྲུབ་པའི་ཡོད་པ་ཡིན་པར་མི་རྟོག་སྟེ་སྟོང་པ་ཉིད་དུ་མ་བདེན་པའི་གནད་ཀྱིས་སྣང་བ་ཡིན་པར་མཐོང་ལ། དེ་ཡི་ཕྱིར་སྣང་སྟོང་ཡེ་ནས་འདུ་འབྲལ་མེད་པའི་ཟུང་འཇུག་མཐོང་བའི་ཚེ་ན་སྣང་སྟོང་གཉིས་བདེན་དངོས་སུ་གྲུབ་བར་དུས་ནམ་ཡང་སླར་མི་ལྡོག་སྟེ་གང་སྣང་བ་དེ་ཡི་གནས་ལུགས་ནི་ཡེ་ནས་སྟོང་པ་ཉིད་ཡིན་ཞིང་གང་སྟོང་པ་དེ་ཡི་རང་བཞིན་རང་སྣང་བར་གྲུབ་པའི་ཕྱིར་ན་འདུ་འབྲལ་མེད་པར་མཐོང་གི་ཐ་དད་དུ་དམིགས་པ་མི་སྲིད་པའི་ཕྱིར་དང་། གཟུགས་ལ་སོགས་པ་གང་སྣང་བ་དེ་སྤང་བའི་ཕ་རོལ་ལམ་གཞན་དུ་སྟོང་པ་ཉིད་འདིའོ་ཞེས་ཡན་གར་དུ་ཅུང་ཟད་ཙམ་ཡང་མི་འགྲུབ་ཅིང་མེད་པའི་ཕྱིར་རོ། །སྣང་སྟོང་བདེན་པ་གཉིས་པོ་འདུ་འབྲལ་མེད་པར་མགོ་མཉམ་པར་མཚུངས་པ་དེས་ན་ཇི་སྲིད་བདེན་གཉིས་སོ་སོར་དཔྱོད་པའི་ཚད་མ་གཉིས་པོ་རེས་འཇོག་གིས་རྙེད་དོན་བདེན་པ་གཉིས་སོ་སོར་སྒོམ་པ་ནི་སེམས་བྱུང་ཤེས་རབ་སྟེ་གཟུང་འཛིན་ཅན་གྱི་སྒོམ་ཚུལ་ཡིན་ལ། དེ་ཡང་འདི་ལྟར་གཉིས་སྣང་ཅན་གྱི་འཁོར་བའི་གནས་སྐབས་འདི་ན་སེམས་དང་སེམས་བྱུང་གི་གཡོ་བ་གཟུང་འཛིན་གྱི་རྣམ་པར་རྟོག་པའི་སྒྲིབ་པ་ཡིས་གཟུང་འཛིན་གཉིས་སྣང་གི་སྤྲོས་པ་དང་བྲལ་བའི་གཉིས་སུ་མེད་པའི་ཡེ་ཤེས་རང་བཞིན་འོད་གསལ་བ་ཉིད་ཉེ་བར་མི་སྣང་ཞིང་རྟོགས་པར་མི་ནུས་པའི་ཕྱིར་ན་ཇི་སྐད་བསྟན་པའི་བདེན་པ་གཉིས་ལ་སོ་སོར་དཔྱད་པའི་ཤེས་རབ་འཁྲུལ་བའི་དྲི་མ་མེད་པའི་ཚད་མ་གཉིས་ལ་གཅིག་སྤང་གཅིག་བླང་མེད་པར་མགོ་མཉམ་དུ་བཟུང་བར་བྱ་དགོས་ཏེ། དེ་ཡི་རྒྱུ་མཚན་དེ་ལྟར་སྒོམ་པ་གང་གི་ཚེ་ན་ཚད་མ་གཉིས་ལས་གང་རུང་གཅིག་མ་ཚང་བའམ་མེད་པར་གྱུར་ན་རྒྱུ་བདེན་གཉིས་དཔྱོད་པའི་ཚད་མ་དེ་གཉིས་ལས་ལེགས་པར་བྱུང་བའི་འབྲས་བུ་གཉིས་སུ་མེད་པའི་ཟུང་འཇུག་གི་ཡེ་ཤེས་ཉིད་ངེས་པར་མི་སྐྱེ་ཞིང་མི་འབྱུང་སྟེ་རྒྱུ་མ་ཚང་བའི་ཕྱིར་ན། དཔེར་ན་གཙུབས་ཤིང་གཙུབས་རྟེན་གྱི་ཤིང་གཉིས་ལས་གང་རུང་དང་བྲལ་བའི་མེ་ནི་ཡང་དག་པར་འབྱུང་བ་མིན་པ་བཞིན་ནོ། །དེས་ན་ཐབས་སྣང་བའི་ཆ་དང་ཤེས་རབ་སྟོང་པ་ཉིད་ཀྱི་ཆ་གཉིས་ཡ་བྲལ་ཏེ་ཕྱོགས་སུ་ལྷུང་བར་གྱུར་ན་ཐབས་ཤེས་ཟུང་འཇུག་གི་ཡང་དག་པའི་ལམ་ཉིད་མིན་ནོ་ཞེས་རྒྱལ་བ་མཆོག་གིས་མདོ་རྒྱུད་དང་བརྒྱུད་འཛིན་མཁས་གྲུབ་ཀུན་གྱིས་བསྟན་བཅོས་རྣམས་ལས་ཡང་དང་ཡང་དུ་གསུངས་པར་མཛད་པ་ཡིན་ནོ། །གཉིས་པ། རྒྱུ་གཉིས་འདི་སྤང་སོགས་ཚིགས་བཅད་བརྒྱད་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེས་ན་རྒྱུ་བདེན་གཉིས་དཔྱོད་པའི་ཚད་མ་འདི་གཉིས་མ་ཚོགས་པར་གང་རུང་སྤངས་པའམ་བྲལ་ན་འབྲས་བུ་ཟུང་འཇུག་གི་ཡེ་ཤེས་ཆེ་སྟེ་ཆེན་པོ་རང་རྒྱུད་ལ་སྐྱེ་ཞིང་འབྱུང་བའི་རྒྱུའམ་ཐབས་གཞན་ཅི་ཡང་མི་སྲིད་པས་རྒྱུ་དེ་ལ་བརྟེན་དགོས་པ་ཡིན་ཏེ། འདི་ལྟར་ཟབ་ཞི་སྤྲོས་པ་དང་བྲལ་བའི་ཟུང་འཇུག་གི་ཡེ་ཤེས་རང་གི་ངོ་བོ་ནི་གཉིས་སྣང་གི་བློ་གང་གིས་བསམ་པ་དང་ངག་གི་བརྗོད་པའི་ཡུལ་ལས་འདས་པའི་ཕྱིར་ན་གནས་ལུགས་ངོ་སྤྲོད་ཀྱི་བརྡ་ཐབས་སྣ་ཚོགས་དང་ཚིག་ཙམ་དག་གིས་མཚོན་པར་བྱས་ཏེ་མཛུབ་མོས་ཟླ་བ་བཞིན་དུ་སྟོན་པར་བྱེད་པ་ལས་ཡེ་ཤེས་རང་གི་ངོ་བོ་དངོས་སུ་རྗེན་ཅེར་དུ་སུས་ཀྱང་བསྟན་པར་མི་ནུས་པས་ན་གསང་སྔགས་ཐེག་པའི་སྐབས་སུ་ངོ་སྤྲོད་ཀྱི་བརྡ་ཐབས་དང་རྡོ་རྗེའི་ཚིག་གིས་མཚོན་པ་དེ་ལ་དབང་བཞི་པའམ་ཚིག་དབང་རིན་པོ་ཆེ་ཞེས་པའི་ཐ་སྙད་ཀྱིས་གསུངས་ཏེ། འོད་གསལ་རྡོ་རྗེ་སྙིང་པོའི་རྒྱུད་ལ་སོགས་པ་ཐིག་ལེ་གསང་སྐོར་གྱི་རྒྱུད་སྡེ་ཟབ་མོ་རྣམས་སུ་ཚིག་དང་བརྡ་ཐབས་ཀྱི་སྒོ་སྣ་ཚོགས་ནས་མཚོན་ཏེ་དབྱིངས་དང་རིག་པ་ཟུང་འཇུག་གི་ངོ་སྤྲོད་ཀྱི་ངེས་གསང་མང་པོས་བསྟན་པར་མཛད་པ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཟབ་ཞི་སྤྲོས་པ་དང་བྲལ་བའི་ཟུང་འཇུག་འོད་གསལ་བ་དེ་ཉིད་དེ་ལྟར་ཚིག་དང་བརྡ་ཐབས་གཞན་ལ་མ་ལྟོས་པར་རང་གི་ངོ་བོ་འདིའི་ཞེས་རྗེན་ཅེར་དུ་གཉིས་སྣང་ཅན་གྱི་བློ་གང་གིས་ཀྱང་དངོས་སུ་གཟུང་བར་ནུས་པ་མ་ཡིན་པས་ན་བདེན་གཉིས་དཔྱོད་པའི་ཚད་མ་ལམ་གྱི་དབུ་མ་ཉིད་བསྟན་པ་ཡིན་ལ། དེ་ལྟར་ལམ་གྱི་དབུ་མ་བདེན་གཉིས་རེས་འཇོག་གི་ཚུལ་གྱིས་དཔྱད་ཅིང་སྒོམ་པའི་འབྲས་བུ་དངོས་གཞི་མཉམ་བཞག་གི་དབུ་མ་བདེན་གཉིས་དབྱེར་མེད་ཟུང་འཇུག་གི་ཡེ་ཤེས་མངོན་སུམ་ཉིད་དུ་གྲུབ་ཅིང་མཐོང་བར་ནུས་པ་དེས་ན་བདེན་པ་གཉིས་ཀྱི་གནས་ལུགས་སམ་ཡིན་ལུགས་ཚད་མ་གཉིས་ཀྱིས་གཏན་ལ་འབེབས་པའི་ཚེ་ན་སྣང་སྟོང་བདེན་པ་གཉིས་ལས་སྣང་བ་ཀུན་རྫོབ་དགག་བྱ་དང་སྟོང་པ་དོན་དམ་འགོག་བྱེད་ཀྱི་ཚུལ་དུ་བདེན་པ་གཉིས་པོ་རེས་འཇོག་ལྟ་བུར་བསྟན་པར་མཛད་པ་ཡིན་ལ། དེ་ཡི་འབྲས་བུ་བདེན་གཉིས་དབྱེར་མེད་བསལ་བཞག་དང་བྲལ་བའི་ཟུང་འཇུག་གི་ཡེ་ཤེས་དེ་ཉིད་རྡོ་རྗེ་ཐེག་པའི་རྒྱུད་སྡེར་བདེ་བ་ཆེན་པོ། ཕྱག་རྒྱ་ཆེན་པོ། རྫོགས་པ་ཆེན་པོ་ལ་སོགས་པ་མཚན་གྱི་རྣམ་གྲངས་དང་མཚོན་ཚུལ་དུ་མས་བསྟན་པར་མཛད་དེ་དོན་ལ་ཁྱད་པར་མེད་དོ། །དེས་ན་གནས་ལུགས་གཏན་ལ་དབབ་པས་དབུ་མའི་གཞུང་ལུགས་བཀའ་དང་བསྟན་བཅོས་ཇི་སྙེད་པ་ཐམས་ཅད་དུ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱི་ཚུལ་གྱིས་གཏན་ལ་ཕབ་ཅིང་རྣམ་པར་བཞག་པ་ཡིན་ཏེ། འདི་ལྟར་བདེན་པ་གཉིས་དཔྱོད་པའི་ཚད་མ་གཉིས་ལ་ཡང་དག་པར་མ་བརྟེན་པར་བདེན་གཉིས་དབྱེར་མེད་ཟུང་དུ་འཇུག་པའི་ཡེ་ཤེས་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་མི་འགྱུར་བས་ན། ཀུན་མཁྱེན་རྒྱལ་བས་ཆོས་སྒོ་གང་ཇི་སྙེད་ཅིག་གསུངས་པ་མ་ལུས་པ་ཡང་། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་པོ་དེ་ལ་ཡང་དག་པར་བརྟེན་པ་ཁོ་ན་ཡིན་ནོ། །དེ་ཡི་ཕྱིར་ན་བདེན་པ་གཉིས་པོ་སོ་སོ་རུ་དཔྱད་པ་ཡི་ཚད་མ་ཡོད་མེད་ཀྱི་ཁས་ལེན་དང་བཅས་པ་དེ་ལ་ལམ་གྱི་དབུ་མ་ཞེས་བརྗོད་དེ། འབྲས་བུའི་དབུ་མ་མཉམ་བཞག་ཡེ་ཤེས་ཀྱི་དངོས་མིང་རྒྱུ་ལ་བཏགས་པ་ཡི་སྒོ་ནས་བདེན་གཉིས་རེས་འཇོག་རྒྱུའམ་ལམ་གྱི་དབུ་མ་ཆུང་ངུ་ཞེས་བརྗོད་པ་ཡིན་ནོ། །དེ་ལ་ཐ་སྙད་ཀུན་རྫོབ་ཏུ་ཡོད་ཅེས་པའི་ཁས་ལེན་ཡོད་པར་མ་ཟད་དོན་དམ་དུའང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དོན་དམ་དཔྱོད་བྱེད་ཀྱིས་རྣམ་པར་དཔྱད་པའི་སྟོང་པ་ཉིད་དགག་བྱ་བདེན་གྲུབ་སེལ་བའམ་བཅད་པའི་མེད་པར་དགག་པ་རྐྱང་པ་ཙམ་ཉིད་ཡིན་པས་དགག་བྱ་དེ་ལ་ལྟོས་ནས་བདེན་གྲུབ་བམ་དོན་དམ་པར་མེད་ཅེས་པའི་ཁས་ལེན་ཀྱང་ནི་ངེས་པར་ཡོད་པ་ཡིན་ནོ། །གསུམ་པ། རྒྱུའམ་ལམ་གྱི་སོགས་ཚིགས་བཅད་དྲུག་གིས་བསྟན་ཏེ། དེ་ལྟར་རྒྱུའམ་ལམ་གྱི་དབུ་མ་དེས་བདེན་གཉིས་སོ་སོར་དཔྱད་པའི་ཚད་མས་དངོས་པོ་རྣམས་དོན་དམ་པར་སྟོང་པའམ་མེད་དོ་ཞེས་པ་དང་ཐ་སྙད་ཀུན་རྫོབ་ཙམ་དུ་སྣང་བའམ་ཡོད་དོ་ཞེས་བདེན་པ་གཉིས་སོ་སོ་ལ་ལྟོས་ཏེ་ཇི་ལྟར་ཁས་བླང་བ་དེ་གཉིས་ཀ་ཡང་དབུ་མ་པ་དེ་ཡི་རང་གི་ལུགས་ཉིད་ཡིན་གྱི། གཞན་དུ་དོན་དམ་པར་མེད་པའམ་སྟོང་པ་ཉིད་དུ་ཁས་ལེན་པ་རང་ལུགས་སུ་བྱས་ནས་སུ་ཀུན་རྫོབ་ཏུ་ཡོད་ཅེས་པའི་ཁས་ལེན་རྣམས་གཞན་འཇིག་རྟེན་རྒན་པོའི་ངོར་འཇོག་པའམ་སྐྱེལ་བ་འདི་ཉིད་འཐད་ཅིང་རིགས་པ་མིན་ཏེ། གལ་ཏེ་ཡིན་ན་དེ་འདྲའི་དབུ་མ་པ་དེ་ཡི་རང་ལུགས་ནི་དོན་དམ་པ་སྟོང་པ་ཕྱང་ཆད་རྐྱང་རྐྱང་པོ་ཁོ་ན་རུ་གྱུར་ནས་ཀྱང་གཞི་ལམ་འབྲས་བུའི་སྣང་བ་ཀུན་རྫོབ་ཐམས་ཅད་ཀུན་མེད་པ་ལ་ཡོད་པར་འཛིན་པས་འཁྲུལ་བའི་སྣང་བ་སྤང་བྱ་ཁོ་ན་ཡིན་པས་ཅི་ཡང་མེད་དོ་ཞེས་གཞི་ལམ་འབྲས་བུའི་སྣང་བ་ཐམས་ཅད་ལ་སྐུར་པ་མི་བཟད་པ་འདེབས་ཤིང་དེ་འདྲའི་ལམ་དེ་མཐར་ཕྱིན་ཏེ་སངས་རྒྱས་པའི་ཚེ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་དབྱངས་དེ་ཡང་སྣང་སྟོང་ཡ་བྲལ་བས་སྟོང་པ་ཕྱང་ཆད་འབའ་ཞིག་ཙམ་ལྷག་མར་ལུས་པའམ་ཆད་སྟོང་ནམ་མཁའ་ལྟ་བུར་གྱུར་ནས་འབྲས་ཆོས་ཀྱི་ཡོན་ཏན་མཁྱེན་པ་གཉིས་སོགས་ཅི་ཡང་མེད་པར་འདོད་པ་དེ་ནི་ཐེག་དམན་པས་ཉན་རང་རང་ལམ་གྱི་འབྲས་བུ་ཕུང་པོ་ལྷག་མ་མེད་པར་བུད་ཤིང་ཟད་པའི་མེ་བཞིན་དུ་མྱང་འདས་སམ་མྱ་ངན་ལས་འདས་པར་འདོད་པ་ཇི་ལྟ་བ་བཞིན་དུ་དེ་འདྲའི་དབུ་མའི་རང་ལུགས་འདོད་པ་འདིར་ཡང་ཐེག་ཆེན་གྱི་མྱང་འདས་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་འབྲས་ཆོས་ཀྱི་ཡོན་ཏན་ཐམས་ཅད་སྣུམ་ཟད་པས་མར་མེ་རྒྱུན་ཆད་པ་ལྟར་ཅི་ཡང་མེད་པར་གྱུར་ནས་ཐེག་དམན་པས་ལྷག་མེད་མྱང་འདས་དང་དོན་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པའི་ཕྱིར་ན་སྣང་སྟོང་ཟུང་དུ་འཇུག་པའི་དབྱིངས་མངོན་དུ་གྱུར་པའི་མཁྱེན་གཉིས་སོགས་འབྲས་ཆོས་ཀྱི་ཡོན་ཏན་ཅི་ཡང་མེད་པར་སྐུར་པ་ཤིན་ཏུ་མི་བཟད་པ་འདེབས་པས་ཆད་སྟོང་ནམ་མཁའ་དང་འདྲ་བའི་ཡིད་ཅན་དེ་ནི་མཉམ་མེད་ཤཱཀྱ་སེང་གེ་ཡི་བསྟན་པའི་སྙིང་པོ་སྣང་སྟོང་ཟུང་འཇུག་གི་རྐུན་པོ་ངེས་དོན་ཟབ་མོའི་དམ་པའི་ཆོས་འཇིག་པར་བྱེད་པའི་སྐྱེས་བུར་ཀུན་མཁྱེན་རྒྱལ་བས་མདོ་རྒྱུད་དུ་མ་ནས་གསལ་བར་གསུངས་པའི་ལུང་རྣམས་ཀྱིས་ཤིན་ཏུ་ཕམ་པར་བྱས་ཤིང་ཡང་དག་པའི་རིགས་པས་ཀྱང་ནི་སྣང་སྟོང་བདེན་གཉིས་འགལ་བར་རྟོག་པས་སྣང་སྟོང་ཡ་བྲལ་བའི་སྟོང་པ་ཕྱང་ཆད་དེ་འདྲའི་རང་ལུགས་འདོད་པ་དག་ཐ་སྙད་ཡང་དག་པའི་ཚད་མས་རྙེད་དོན་ཡོད་པ་ལ་མེད་པར་ཤིན་ཏུ་སྐུར་བའི་ཚུལ་ཅན་ཡིན་པར་བདེན་གཉིས་དཔྱོད་པའི་ཚད་མ་ཡང་དག་པའི་ལམ་གྱིས་ངེས་ཤེས་མི་ཤིག་པའི་རྡོ་རྗེའི་མེས་སྣང་སྟོང་ཡ་བྲལ་ཞིང་སྐུར་བ་འདེབས་པའི་ཕྱང་ཆད་སྟོང་པའི་ལྟ་ངན་གྱི་རི་བོ་རྩ་སྦུར་བཞིན་དུ་བསྲེག་ནས་ལྷག་མེད་དུ་བརླག་པར་ནུས་པས་ན་རིགས་པས་གནོད་པ་བཟློག་མེད་དུ་འབབ་པར་ཤེས་པར་བྱའོ། །གཉིས་པ་ལ་གསུམ། ཐབས་བྱུང་འཕགས་ལམ་རྟོགས་པའི་ཡེ་ཤེས་ཟུང་འཇུག་དབུ་མ་ཆེན་པོའི་རང་བཞིན་ངོས་བཟུང་བ། དེ་ཉིད་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་བློ་འདས་སྨྲ་བསམ་བརྗོད་མེད་ཡིན་པར་ལུང་རིགས་ཀྱིས་སྒྲུབ་པ། དེ་ཡང་སོ་སོ་རང་གི་རིག་པར་གསལ་སྣང་ཐོབ་ནས་རྗེས་ཀྱི་ངེས་པ་མཆོག་ཏུ་འདྲེན་པས་བསམ་མིན་གྱི་བྱེད་པོ་ལྟར་མིན་པར་བསྟན་པའོ། །དང་པོ། དེས་ན་དབུ་མའི་སོགས་ཚིགས་བཅད་ལྔ་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེས་ན་གནས་ལུགས་གཏན་ལ་དབབ་པའི་དབུ་མའི་གཞུང་བཀའ་དང་བསྟན་བཅོས་ཀུན་ཏུ་སྣང་སྟོང་བདེན་པ་གཉིས་ལ་སོ་སོར་དཔྱོད་པའི་ཚད་མས་དྲངས་པའི་ཤེས་རབ་རྒྱུ་ཡི་དབུ་མ་ཉིད་རིགས་པས་ཚུལ་བཞིན་དུ་དཔྱད་ཅིང་ཡང་དག་པར་མ་གྲུབ་པར་གྱུར་པ་དེ་སྲིད་དུ་ཟུང་འཇུག་འབྲས་བུའི་དབུ་མའམ་འབྲས་བུ་ཟུང་འཇུག་གི་ཡེ་ཤེས་དངོས་ཉིད་མི་འགྲུབ་པའི་ཕྱིར་ན་རེ་ཞིག་དངོས་པོའི་ཆོས་ཐམས་ཅད་སྣང་སྟོང་བདེན་པ་གཉིས་ཀྱི་ཚུལ་དུ་ནི་བདེན་གཉིས་དཔྱོད་པའི་རིགས་པ་ཡང་དག་པས་གཏན་ལ་ཕབ་པར་མཛད་ན་ཡང་འབྲས་བུ་གནས་ལུགས་བདེན་པ་དབྱེར་མེད་དམ་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་དུ་གྲུབ་ཅིང་རྟོགས་པ་ནི་རྒྱུ་དང་འབྲས་བུ་མདོ་སྔགས་ཀྱི་ཐེག་པའི་དགོངས་བཅུད་ཟབ་མོ་མཐར་ཐུག་གི་གནད་དམ་པ་ཡིན་པར་ཤེས་པར་བྱའོ། །དེ་ཡི་ཕྱིར་ན་འཕགས་པའི་མཉམ་བཞག་ཟུང་འཇུག་གི་ཡེ་ཤེས་རྡུལ་དང་བྲལ་བ་དེ་དག་གི་ངོ་བོ་དངོས་ནི་ལམ་གྱི་དབུ་མའི་སྐབས་སུ་རེས་འཇོག་ཏུ་དཔྱོད་ཅིང་སྒོམ་པའི་ཚུལ་གྱིས་མཐའ་གཉིས་རིམ་པར་སྤང་བ་ལྟ་བུར་མ་ཡིན་པར་མཐའ་གཉིས་སམ་བཞིའམ་བརྒྱད་དམ་སོ་གཉིས་པོ་མཐའ་དག་ཅིག་ཆར་དུ་སྤང་ནས་དགག་སྒྲུབ་གང་ལ་ཡང་མི་གནས་པས་བློ་ལས་འདས་པའི་ཟུང་འཇུག་གི་ཡེ་ཤེས་ཉིད་དུ་ལ་ཟློ་བའི་ཕྱིར་ན་དབུ་མ་ཡིན་ལ་ཆེན་པོའང་ཡིན་ནོ། །དེ་ལྟར་ན་ཇི་སྲིད་རེས་འཇོག་གི་བདེན་གཉིས་སྒོམ་པའི་ཚུལ་གྱིས་ནི་ནམ་ཞིག་རེས་འཇོག་དང་བྲལ་བའི་ཟུང་འཇུག་གི་ཡེ་ཤེས་དེ་ལ་དངོས་སུ་མ་རེག་པར་དེ་སྲིད་དུ་རྒྱལ་བ་ཀུན་གྱི་དགོངས་པའི་བཅུད་དམ་མཐིལ་དུ་གྱུར་པ་མཐར་ཐུག་གི་དབུ་མ་ཟུང་འཇུག་ཡེ་ཤེས་ཆེན་པོ་དངོས་ཉིད་མིན་ཏེ། དཔེར་ན་གཙུབས་ཤིང་གཙུབས་རྟེན་གྱི་ཤིང་གཉིས་ཡ་མ་བྲལ་བར་མྱུར་དུ་གཙུབས་པའི་སྟོབས་ལས་བྱུང་བའི་མེ་ཡིས་རང་གང་ལས་བྱུང་བའི་ཤིང་གཉིས་ཀྱང་ལྷག་མེད་དུ་བསྲེགས་པ་བཞིན་དུ་སྣང་སྟོང་བདེན་གཉིས་སོ་སོར་དཔྱོད་པའི་ཚད་མ་གཉིས་ཀྱི་ཤེས་རབ་དྲི་མ་མེད་པ་ཟུང་དུ་ཚོགས་པ་ལ་གོམ་པའི་སྟོབས་ཀྱིས་བྱུང་བའམ་དྲངས་པ་ཡི་བདེན་གཉིས་སམ་སྣང་སྟོང་གཉིས་སུ་མེད་པར་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་མེས་ཡོད་པ་དང་མེད་པ་ཡིན་པ་དང་མིན་པ་ལ་སོགས་པའི་མཐའ་བཞིའི་སྤྲོས་པ་གཉིས་སྣང་གི་རྒྱུ་བ་མ་ལུས་པ་མཐའ་དག་ཀུན་ཉེ་བར་ཞི་བའི་འཕགས་པའི་མཉམ་བཞག་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ལ་བདེན་གཉིས་ཟུང་འཇུག་མཐར་ཐུག་འབྲས་བུའི་དབུ་མར་ཐ་སྙད་དུ་བརྗོད་དེ་བཞག་པར་མཛད་པ་ཡིན་པའི་ཕྱིར་རོ། །གཉིས་པ། བདེན་གཉིས་ཕྱོགས་སུ་སོགས་ཚིགས་བཅད་བཅུ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་སྣང་སྟོང་བདེན་པ་གཉིས་པོ་སོ་སོའི་ཕྱོགས་སུ་མ་ལྷུང་བར་འགལ་མེད་ཟུང་དུ་འཇུག་པ་དེ་ལ་རྗེས་ཐོབ་ཤན་འབྱེད་པའི་ཤེས་རབ་ཀྱིས་གཞལ་ནས་སྣང་བ་ཀུན་རྫོབ་བདེན་པ་དང་སྟོང་པ་དོན་དམ་བདེན་པ་དང་། བདེན་གཉིས་ཟུང་དུ་འཇུག་པ་མཐའ་བྲལ་དབུ་མ་ཆེན་པོ་ཞེས་མིང་ངམ་བརྡ་ཙམ་གྱི་སྒོ་ནས་རྣམ་པར་བཞག་ཅིང་བསྟན་མོད་ཀྱི་དངོས་སུ་ན་སྒྲ་རྟོག་གི་ཡུལ་ལས་འདས་པས་འཕགས་པའི་མཉམ་བཞག་གཉིས་སུ་མེད་པའི་ཟུང་འཇུག་ཡེ་ཤེས་ཆེན་པོའི་ངོར་སྣང་བ་དང་སྟོང་པ་དང་ཟུང་འཇུག་གི་ངོ་བོ་ནི་འདི་དང་འདི་ཞེས་སོ་སོར་ཅི་ཡང་དམིགས་སུ་ཡོད་པ་མ་ཡིན་ཏེ། སྣང་བ་ཀུན་རྫོབ་ནི་ཐ་སྙད་དཔྱོད་པའི་ཚད་མའི་ཡུལ་ལམ་རྙེད་དོན་དང་། སྟོང་པ་རང་བཞིན་མེད་པ་ནི་དོན་དམ་དཔྱོད་པའི་ཚད་མའི་ཡུལ་ལམ་རྙེད་དོན་དང་། ཟུང་འཇུག་གཉིས་སུ་མེད་པ་ནི་དེ་གཉིས་རྣམ་དབྱེར་མེད་པར་འདྲེས་པའི་ཆ་ལ་བཞག་པ་ཡིན་པས། དེ་རྣམས་ནི་གཞན་སེལ་གྱི་སྒྲ་དང་རྟོག་པའི་ཡུལ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡི་ཕྱིར་ན་སྒྲ་རྟོག་གི་ཐ་སྙད་དེ་དག་ལས་འདས་པའི་འཕགས་པའི་མཉམ་བཞག་དངོས་ནི་སོ་སོ་རང་གི་རིག་པ་གཉིས་སུ་མེད་པའི་ཡེ་ཤེས་ཙམ་དུ་བཞག་སྟེ་སྤྲོས་པ་ཐམས་ཅད་དང་བྲལ་བར་གྱུར་པས་མཉམ་བཞག་སྣང་བཅས་དང་སྣང་མེད་ལ་སོགས་པའི་ཐ་སྙད་ཐམས་ཅད་ཀྱང་སྣང་སྟོང་སོ་སོའི་ཕྱོགས་སུ་ཆད་ཅིང་སྒྲ་རྟོག་གི་ཡུལ་ཡིན་པའི་ཕྱིར་ན་གོང་དུ་ཇི་སྐད་བསྟན་པ་དེ་བཞིན་དུ་འཕགས་པའི་མཉམ་བཞག་གི་ཡེ་ཤེས་ཆེན་པོའི་ངོར་རིགས་པས་ཡང་དག་པར་མི་འགྲུབ་བོ་སྟེ་འགྲུབ་པར་མི་འགྱུར་རོ། །དེས་ན་ཇི་སྲིད་སྣང་སྟོང་སོ་སོར་སྣང་བ་དང་བཅས་པའི་རེས་འཇོག་གི་བདེན་པ་གཉིས་པོ་ཡང་དག་པར་སྒོམ་པ་ནི་གཉིས་སྣང་ཅན་སེམས་བྱུང་ཤེས་རབ་སྟེ་ནམ་ཞིག་ན་རེས་འཇོག་གིས་བདེན་པ་གཉིས་སྒོམ་པ་མེད་པར་ཡང་འཕགས་པའི་མཉམ་བཞག་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་མངོན་སུམ་དུ་མཐོང་བའམ་ཐོབ་པའི་ཚེ་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་དགག་བྱ་རྣམས་དོན་དམ་རྣམ་པར་དཔྱད་པའི་ཚད་མ་རྣམས་ཀྱིས་རང་བཞིན་མེད་པར་བཅད་པའམ་གཏན་ལ་དབབ་པའི་མེད་དགག་སྣང་བ་སྤང་བའི་སྟོང་རྐྱང་ཆུ་ཤིང་ལྟ་བུ་སྙིང་པོ་མེད་པ་ལས་ཡང་དག་པར་འདས་ཏེ་སྟོང་པ་འགོག་བྱེད་དང་སྣང་བ་དགག་བྱ་ཡི་ཚུལ་དུ་སྣང་སྟོང་རིས་ཆད་དུ་སོ་སོར་མི་སྣང་བར་གཉིས་སྣང་ཐམས་ཅད་ནུབ་ན་ཡང་སྣང་ཆ་འགགས་པ་མེད་པའི་ཐབས་ཀྱི་རྣམ་པ་ཀུན་དང་ལྡན་པ་ཡི་རྣམ་པ་ཀུན་གྱི་མཆོག་ལྡན་གྱི་ཡེ་ཤེས་སྟོང་ཉིད་སྤྲོས་བྲལ་ཆེན་པོ་དངོས་ཉིད་མངོན་དུ་གྱུར་པ་ཡིན་པས་རིགས་ལྡན་འཇམ་དཔལ་གྲགས་པས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པས། །སྟོང་ཉིད་དེ་དང་འདྲ་མ་ཡིན། །ཞེས་གསུངས་པ་དང་། ཟུང་འཇུག་དབུ་མ་ཆེན་པོ། ལྷན་སྐྱེས་ཕྱག་རྒྱ་ཆེན་པོ། འོད་གསལ་རྫོགས་པ་ཆེན་པོ་སོགས་མཚོན་བྱེད་ཀྱི་བརྡའམ་མཚན་གྱི་རྣམ་གྲངས་མང་པོ་མངའ་བ་ཡི་བདག་ཉིད་སེམས་དང་སེམས་བྱུང་མཐའ་དག་ལས་འདས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཆོས་ཉིད་ཀུན་ཁྱབ་ཆེན་པོ་ཡིན་པའི་ཕྱིར་ན་གཟུང་འཛིན་གཉིས་སྣང་ཅན་གྱི་སེམས་སམ་ཀུན་ཏུ་རྟོག་པ་གཞན་གྱིས་ཏེ་རྟོག་པ་གང་གིས་ཀྱང་བསམ་གྱིས་མི་ཁྱབ་པ་སྟེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དེ་ནི་སྒྲ་དང་རྟོག་པ་གང་གིའང་ཡུལ་མིན་པའི་ཕྱིར་ན་མེད་དགག་སྣང་བ་སྤང་བའི་སྟོང་པ་ཕྱང་ཆད་དང་མ་ཡིན་དགག་རང་གི་ངོ་བོས་མི་སྟོང་པར་དགག་བྱ་གཞན་གྱིས་སྟོང་པ་དང་བདེན་པའི་གཉིས་སྣང་མེད་ཀྱང་ཡུལ་དང་ཡུལ་ཅན་དུ་རྣམ་པར་བཞག་པ་སོགས་དང་། བདེན་པ་གཉིས་ངོ་བོ་ཐ་དད་དང་ནི་སྣང་སྟོང་འདྲེས་པའི་ཟུང་དུ་འཇུག་སོགས་སྤྲོས་པའི་མཚན་མ་ཀུན་དང་བྲལ་ཞིང་གང་གི་ཕྱོགས་སུ་ལྷུང་བའམ་རིས་སུ་ཆད་པ་མེད་པ་སྟེ་རྒྱ་གང་དུ་མ་ཆད་ཕྱོགས་གང་དུའང་མ་ལྷུང་བས་ཤེས་བརྗོད་འཇུག་པའི་ཐ་སྙད་ཐམས་ཅད་དང་བྲལ་བ་གཉིས་སུ་མེད་པའི་ཡེ་ཤེས་རང་བཞིན་གྱིས་འོད་གསལ་བས་ན། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། ཅེས་གསུངས་པ་ལྟ་བུའོ། །དེ་ནི་སྣང་དང་སྟོང་པ་ཁས་ལེན་ཡོད་མེད་ལ་སོགས་པའི་སྤྲོས་མཚན་ཀུན་ལས་འདས་ཀྱང་ཅི་ཡང་དྲན་མེད་ཐོམ་མེ་བ་གཉིད་འཐུག་དང་བརྒྱལ་བ་ལ་སོགས་པ་ལྟ་བུ་མ་ཡིན་པར་མཐར་འཛིན་གྱི་ལྟ་བ་ངན་པའི་སྨག་ཐམས་ཅད་སེལ་བར་ནུས་པའི་ཆོས་ཀྱི་དབྱིངས་ཨེ་ཝཾ་སྟེ་སྟོང་པའི་ཡེ་ཤེས་དབྱིངས་དང་གསལ་བའི་ཡེ་ཤེས་བདེ་བ་ཆེན་པོ་འདུ་འབྲལ་མེད་པས་དབྱེར་མེད་དམ་ཟུང་དུ་ཞུགས་པ་ཡི་རང་བྱུང་གི་ཡེ་ཤེས་གང་དེ་རྣལ་འབྱོར་པ་རྣམས་ཀྱི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་མེད་པའི་ཚུལ་གྱིས་མཐོང་ཞིང་གནས་པ་མེད་པའི་ཚུལ་གྱིས་གནས་པ་དང་སྣང་བ་མེད་པའི་ཚུལ་གྱིས་རང་སྣང་བ་སྟེ། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ཡོད་མེད་ཡིན་མིན་སྟོང་དང་མི་སྟོང་ལ་སོགས་པའི་ཁས་ལེན་ཐམས་ཅད་ལས་འདས་པའི་གནས་ལུགས་སྣང་སྟོང་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ཉིད་རང་གི་ངོ་བོས་མི་སྟོང་པར་སྒྲོ་འདོགས་པ་དང་དབྱིངས་དང་གཉིས་སུ་མེད་པའི་འོད་གསལ་བའི་ཡེ་ཤེས་ཀྱི་སྣང་བ་ཉིད་མེད་པར་སྐུར་བ་འདེབས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་དམ་པའི་དོན་ཟུང་འཇུག་སྐྱེ་འགག་མེད་པའི་ཡེ་ཤེས་དབྱིངས་དང་རིག་པ་ཡེ་ནས་འདུ་འབྲལ་མེད་པའི་གནས་ཚུལ་ཟབ་མོ་དེ་ཁོ་ན་ཉིད་རང་གི་ངོ་བོ་ལ་ནི་རྗེན་ཅེར་དུ་འདི་ཞེས་རྟགས་དང་གཏན་ཚིགས་དཔེ་དང་སྒྲ་རྟོག་གང་གིས་ཀྱང་མཚོན་ཞིང་བརྗོད་དུ་མེད་པས་ཤིན་ཏུ་སྨྲ་བསམ་བརྗོད་པ་ལས་ལས་འདས་པར་འདོད་པ་ཡིན་ནོ། །གསུམ་པ། འོན་ཀྱང་བསམ་མིན་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དེ་ལྟར་སྤྲོས་པ་ཀུན་ལས་འདས་པ་ཡིན་མོད་ཀྱི་འོན་ཀྱང་ཕྱི་རོལ་པའི་འདོད་པའི་བསམ་མིན་གྱི་བྱེད་པོ་ལྟར་གང་ཟག་སུ་ཡིས་ཀྱང་རྟོགས་སུ་མེད་པ་ཉིད་ནི་མ་ཡིན་ཏེ། འདི་ལྟར་དྲི་མ་མེད་པའི་ལུང་གི་སྣང་བ་ལ་བརྟེན་ཏེ་ཚད་མར་གྱུར་པའི་རིགས་པ་ཡང་དག་པས་དཔྱད་པ་ཡིས་རབ་ཏུ་དྲངས་པའི་འཕགས་པའི་མཉམ་བཞག་ཟུང་འཇུག་གཉིས་སུ་མེད་པའི་ངོ་བོ་རྣལ་འབྱོར་བ་རྣམས་ཀྱིས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ངེས་པའི་ཤེས་པ་ཆོས་ཀྱི་དབྱིངས་སྣང་སྟོང་ཟུང་འཇུག་བསལ་བཞག་མེད་པའི་གནས་ལུགས་ཉིད་ཇི་ལྟ་བར་གསལ་བར་བྱེད་པའི་མར་མེ་འོད་འབར་བའི་སྣང་བ་ནི་ཐེ་ཚོམ་གྱི་སྨག་ཐམས་ཅད་དང་བྲལ་བ་དག་རྣལ་འབྱོར་པ་རྣམས་ལ་མངོན་སུམ་དུ་སྣང་བ་ཡོད་པ་ཉིད་ཀྱི་ཕྱིར་རོ། །གསུམ་པ། མདོ་ལམ་ཐབས་དང་སོགས་ཚིགས་བཅད་དྲུག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་མདོ་མཚན་ཉིད་རྒྱུ་ཡི་ཐེག་པའི་ལམ་གྱི་སྐབས་སུ་ཐབས་སྣང་བའི་ཆ་དང་ཤེས་རབ་སྟོང་པའི་ཆ་གཉིས་ཕན་ཚུན་གཅིག་ལ་གཅིག་གིས་རྩིས་ཟིན་པའི་རྒྱས་གདབ་རེས་འཇོག་གི་ཚུལ་གྱིས་འདུ་འབྲལ་མེད་པར་བྱེད་ཀྱི་རྡོ་རྗེའི་ཐེག་པའི་ལམ་མཆོག་འབྲས་བུ་སྔགས་ཀྱི་རང་ལུགས་འདིར་ནི་ཐབས་སྣང་བ་དང་ཤེས་རབ་སྟོང་པ་ཉིད་གཉིས་ཡེ་ནས་འདུ་འབྲལ་མེད་པར་དག་མཉམ་ཟུང་འཇུག་གི་ཚུལ་གྱིས་མངོན་སུམ་དུ་རྟོགས་ཤིང་གོམས་པར་བྱེད་པའི་ཁྱད་པར་ཉིད་ལས་རྟོགས་པ་རང་གི་ངོ་བོ་ལ་སྣང་སྟོང་ཟུང་དུ་འཇུག་པའི་སྤྲོས་བྲལ་དབུ་མ་ཆེན་པོ་དང་། དབྱིངས་རིག་གཉིས་མེད་འོད་གསལ་རྫོགས་པ་ཆེན་པོ་གཉིས་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་སུ་དོན་ལ་རྣམ་དབྱེར་མེད་པས་གཅིག་པ་ཡིན་ཞིང་དེ་ཉིད་མཚོན་བྱེད་ཀྱི་མཚན་ནམ་མིང་གི་རྣམ་གྲངས་ཐ་དད་པ་ཙམ་ཡིན་ཏེ། དེ་ལས་ལྷག་པའམ་མཆོག་ཏུ་འཕགས་པའི་ལྟ་བ་གཞན་མེད་དེ་གང་གི་ཕྱིར་ན་སྣང་སྟོང་བདེན་གཉིས་རེས་འཇོག་ཏུ་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་མིན་ལ་སོགས་པའི་འཛིན་སྟངས་ཅི་ཡང་མེད་པས་མཐའ་བཞིའི་སྤྲོས་པ་ཀུན་དང་བྲལ་བའི་ཕྱིར་ཏེ་འཛིན་སྟངས་ཀུན་དང་བྲལ་བ་དེ་ལས་གཞན་དུ་གྱུར་པའི་ལྟ་བ་ཞིག་གལ་ཏེ་ཡོད་པར་གྱུར་ན་དེ་ཉིད་འཛིན་སྟངས་ཀྱི་སྤྲོས་དང་བཅས་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །འོན་ཀྱང་མདོ་ལས་བདེན་གཉིས་སམ་སྣང་སྟོང་ངམ་ཐབས་ཤེས་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་དོན་གང་དེ་བདེན་གཉིས་དཔྱོད་པའི་གཏན་ཚིགས་ཀྱིས་དཔྱད་པས་རྗེས་དཔག་གིས་གཏན་ལ་ཕབ་ཅིང་སྒོམ་པ་ཉིད་ཡིན་ལ། རྡོ་རྗེའི་ཐེག་པ་གསང་སྔགས་ནང་གི་རྒྱུད་སྡེའི་ལུགས་སུ་རྣལ་འབྱོར་པ་རྣམས་ཀྱིས་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱི་དབྱིངས་སུ་འདུ་འབྲལ་མེད་པའི་ཟུང་འཇུག་གི་ཡེ་ཤེས་ཉིད་ཐད་ཀར་སྐད་ཅིག་གིས་བཙན་ཐབས་སུ་ཉམས་སུ་མྱོང་བས་མངོན་སུམ་གྱིས་གྲུབ་པ་ཡིན་པས་ལྟ་བ་ལ་ཁྱད་པར་ཤིན་ཏུ་ཡོད་པ་ཡིན་ནོ། །དོན་དེ་ཡི་ཕྱིར་ན་མཐའ་ལ་མི་གནས་པས་དབུ་མ་ཞེས་བརྗོད་པ་འདི་ལ་ཡང་བདེན་གཉིས་སོ་སོར་དཔྱོད་པ་ཡི་ཚད་མ་སེམས་བྱུང་ཤེས་རབ་རྒྱུའམ་ལམ་གྱི་དབུ་མ་རེས་འཇོག་གི་ཚུལ་དུ་མཐའ་ལ་མི་གནས་པ་དང་། ཚད་མ་གཉིས་པོ་དེས་དྲངས་པའི་སྣང་སྟོང་བདེན་པ་གཉིས་པོ་རྣམ་དབྱེར་མེད་པར་རོ་གཅིག་ཏུ་གྱུར་པའི་དངོས་གཞི་འཕགས་པའི་མཉམ་བཞག་རང་རིག་པའི་ཡེ་ཤེས་ཟུང་འཇུག་འབྲས་བུའི་དབུ་མ་ཅིག་ཆར་དུ་མཐའ་བཞིའི་སྤྲོས་པ་ཁེགས་ནས་མཐའ་དབུས་གང་ལའང་མི་གནས་པ་གཉིས་པོ་རིམ་པར་རྒྱུ་དང་འབྲས་བུའམ་རྣམ་ཤེས་དང་ཡེ་ཤེས་ཀྱི་གནས་སྐབས་ཡིན་ལ། དེ་བཞིན་དུ་མདོ་དང་སྔགས་ཀྱི་ལྟ་བ་ལའང་ཁྱད་པར་དེ་ལྟར་དུ་རྣམ་པར་བཞག་སྟེ། སྔ་མ་རྒྱུ་ཡི་དབུ་མའམ་མདོ་ལམ་གྱི་ལྟ་བ་ནི་རྗེས་དཔག་གི་ངེས་ཤེས་གཉིས་སྣང་ཅན་སེམས་བྱུང་ཤེས་རབ་ཀྱི་ཆ་ཡིན་ལ། ཕྱི་མ་འབྲས་བུའི་དབུ་མ་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་སམ་གསང་སྔགས་ཀྱི་ལྟ་བ་ནི་སེམས་ལས་འདས་པའི་ཟུང་འཇུག་གཉིས་སུ་མེད་པར་མངོན་སུམ་དུ་གསལ་སྣང་ཐོབ་པའི་ཡེ་ཤེས་ཀྱི་རྗེས་ཀྱི་ངེས་པ་ཁོ་ན་ཡིན་པའི་ཁྱད་པར་ཡོད་དོ། །དེ་ཡི་ཕྱིར་ཕྱི་མ་འདི་ལ་ནི་སྟོང་ཉིད་སྤྲོས་བྲལ་ཆེན་པོ། ལྷན་སྐྱེས་ཕྱག་རྒྱ་ཆེན་པོ། འོད་གསལ་རྫོགས་པ་ཆེན་པོ་སོགས་ཆེན་པོའི་སྒྲ་ཡིས་སྔ་མ་ལས་ཁྱད་པར་དུ་འཕགས་པར་བསྔགས་ཤིང་བསྟན་པར་མཛད་པ་ཡིན་ནོ། །བཞི་པ། གནས་ལུགས་ལ་ཡང་སོགས་ཚིགས་བཅད་གསུམ་གྱིས་བསྟན་ཏེ། དེ་ཕྱིར་མདོ་རྒྱུད་བསྟན་བཅོས་རྣམས་ལས་གནས་ལུགས་ཞེས་གང་ཇི་སྙེད་ཅིག་གསུངས་པ་ཡང་གོང་དུ་དབུ་མ་ལ་གཉིས་སུ་དབྱེ་བར་བྱས་པ་དེ་བཞིན་དུ་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་སྣང་བའི་དངོས་པོ་ཀུན་སྟོང་པའི་གནས་ལུགས་མེད་དགག་དང་། སྣང་སྟོང་བདེན་གཉིས་དབྱེར་མེད་པའི་གནས་ལུགས་ཟུང་འཇུག་གི་ཡེ་ཤེས་གཉིས་ལ་གནས་ལུགས་ཞེས་རྗོད་བྱེད་ཀྱི་མིང་གཅིག་ཡིན་ན་ཡང་བརྗོད་བྱའི་དོན་ལ་ནི་ངོ་བོ་སྟོང་པའི་དབྱིངས་དང་ཡེ་ནས་འདུ་འབྲལ་མེད་པའི་རང་བཞིན་གསལ་བའི་སྣང་བ་ཉིད་སྤང་བའི་སྟོང་པ་ཕྱང་ཆད་དང་། མ་སྤང་བའི་སྣང་སྟོང་ཟུང་འཇུག་གི་ཁྱད་པར་གནམ་དང་ས་ཡི་མཐོ་དམན་བཞིན་དུ་མཆིས་ཤིང་ཡོད་པ་ཉིད་ཡིན་ནོ། །དེ་བཞིན་དུ་ཆོས་ཉིད་དེ་བཞིན་ཉིད་ཅེས་པ་ལའང་དངོས་པོ་སྟོང་པའི་ཆོས་ཉིད་མེད་དགག་དང་། བདེན་གཉིས་དབྱེར་མེད་པའི་ཆོས་ཉིད་ཟུང་འཇུག་གི་ཡེ་ཤེས་གཉིས་དང་། ཆོས་ཀྱི་དབྱིངས་ཞེས་པ་ལའང་དངོས་པོ་སྟོང་པ་མེད་དགག་དང་། ཟུང་འཇུག་གི་ཆོས་དབྱིངས་གཉིས་དང་། སྟོང་ཉིད་ལའང་སྟོང་ཉིད་མེད་དགག་དང་། སྟོང་ཉིད་ཟུང་འཇུག་གཉིས་དང་། སྤྲོས་བྲལ་ལའང་སྟོང་རྐྱང་མེད་དགག་གི་སྤྲོས་བྲལ་དང་། དབྱེར་མེད་ཟུང་འཇུག་གི་སྤྲོས་བྲལ་གཉིས་དང་། འགོག་པ་ཡང་དག་པའི་མཐའ་ལའང་མེད་དགག་སྟོང་རྐྱང་དང་། སྣང་སྟོང་ཟུང་འཇུག་གི་འགོག་པ་གཉིས་དང་། དོན་དམ་ལའང་མེད་དགག་རྣམ་གྲངས་པ་དང་། ཟུང་འཇུག་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་དང་། སོགས་པའི་སྒྲས་མྱང་འདས་དང་། འདུས་མ་བྱས་དང་། ངོ་བོ་ཉིད་སྐུ་དང་། ཆོས་དབྱིངས་ཡེ་ཤེས་སོགས་ལའང་མེད་དགག་སྟོང་རྐྱང་གི་ཆ་དང་། སྣང་སྟོང་ཟུང་འཇུག་གི་ཆ་གཉིས་རེ་གཉིས་རེ་ཡོད་པས་རྗོད་བྱེད་ཀྱི་མིང་ངམ་སྒྲ་གཅིག་ཉིད་མཚུངས་པར་འཇུག་པ་ཡིན་ཀྱང་བརྗོད་བྱའི་དོན་ལ་སྣང་སྟོང་ཟུང་འཇུག་དང་སྟོང་རྐྱང་མེད་དགག་གི་དབྱེ་བ་མཐར་ཐུག་པ་དང་ནི་ཉི་ཚེ་བའི་ཁྱད་པར་ལྷུན་པོ་དང་རི་ཕྲན་བཞིན་དུ་ཤིན་ཏུ་ཆེ་བའི་ཕྱིར་ན་རྒྱུ་དང་འབྲས་བུའམ། རགས་པ་དང་ཕྲ་བའམ། རྗེས་ཐོབ་དང་མཉམ་བཞག་གམ། རྣམ་ཤེས་དང་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་སྐབས་དོན་གང་ཞིག་ཡིན་པ་མ་འདྲེས་སོ་སོར་ཕྱེ་ནས་ལུང་རིགས་དྲི་མ་མེད་པའི་སྒོ་ནས་མ་ནོར་མ་འཁྲུལ་བར་ལེགས་པར་བཤད་པར་བྱ་སྟེ། དཔེར་ན་སེནྡྷུ་པ་འོན་ཅིག་ཅེས་བརྗོད་པ་ཡི་སྒྲ་དེ་ཉིད་དམག་ལ་འགྲོ་བའི་ཚེ་ཤིང་རྟ་དང་། ཆུ་བརྒལ་བའི་ཚེ་གྲུ་དང་། ཟས་བྱེད་པའི་ཚེ་ལན་ཚྭ་ལ་འཇུག་པ་ལ་སོགས་པ་ཡིན་པས་གནས་སྐབས་སོ་སོ་ལ་ལྟོས་ནས་སྐབས་དོན་གང་ལ་བབ་པའི་རྗོད་བྱེད་དུ་གོ་ནས་དོན་ལ་ཕན་ཚུན་མ་འཆོལ་བར་ཤེས་དགོས་པ་ཇི་ལྟ་བ་བཞིན་དུ་ཡིན་ནོ། །མཉམ་རྗེས་ཤན་མ་འབྱེད་པའི་ཁས་ལེན་གྱི། །སོམ་ཉིའི་དྲྭ་བར་འཕྱན་པའི་རྨོངས་པའི་སྨག །དཔྱིས་འབྱིན་ཡེ་ཤེས་ཉི་མ་ལམ་མེ་པ། །རྡོ་རྗེའི་རིག་སྔགས་མཆོག་འདི་ཨེ་མ་ཧོ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་དྲི་བ་པོ་གུས་པའི་ཚུལ་གྱིས་བསྟན་པ་མཆོག་ལ་བསྔགས་ཤིང་ངོ་མཚར་ཆོས་ཀྱི་སྒྲོན་མེ་གཞན་ལ་གསལ་བར་བསྐུལ་བ་ནི། དེ་ལྟར་ཟབ་མོའི་སོགས་ཚིགས་བཅད་བཅུས་བསྟན་ཏེ། དེ་ལྟར་ཤིན་ཏུ་རྟོགས་པར་དཀའ་བའི་དོན་ཟབ་མོའི་གནས་ལས་བརྩམ་པའི་དྲི་བ་བདུན་པོ་རྣམས་ཟབ་རྒྱས་སམ་ཟབ་པ་དང་རྒྱ་ཆེ་བའི་དོན་ཅན་ཤིན་ཏུ་གསལ་བར་ལུང་རིགས་དྲི་མ་མེད་པས་ལེགས་པར་བཤད་པའི་ཚིག་གི་རྗོད་བྱེད་རྣམས་ཀྱིས་ཡང་དག་པར་བཀྲོལ་བའི་ཚེ་ན་དྲི་བ་པོ་ཐོལ་བྱུང་ལྡོམ་བུ་པ་དེ་ཡང་ཟབ་མོ་ཤིན་ཏུ་རྟོགས་པར་དཀའ་བའི་གནས་བདུན་པོའི་དོན་ལ་ངེས་པའི་ཤེས་པ་ཐེ་ཚོམ་གྱི་སྨག་དང་བྲལ་བར་གྱུར་ཏེ་དགའ་མགུ་ཡི་རང་ནས་ལུས་གུས་པ་དང་བཅས་ཏེ་ངག་གིས་འདི་སྐད་དུ། ཀྱེ་མ་ཞེས་སྐྱོ་བའི་ཉམས་ཀྱིས་དཔེར་ན་ཁྲོན་པའི་ཆུ་མིག་ཆུང་ངུ་ལ་གནས་པའི་རུས་སྦལ་གྱིས་ཆུ་མིག་ཆུང་ངུ་དེ་རྒྱ་མཚོ་ཆེན་པོར་རློམ་པས་མཆོག་ཏུ་སྟེམས་ཤིང་ཁེངས་པར་གྱུར་པ་ཡང་གཟོད་རྒྱ་མཚོ་ཆེན་པོ་མཐོང་བས་བསྙིལ་ཞིང་བརྒྱལ་ཏེ་ཤི་བར་གྱུར་པ་བཞིན་དུ་རང་ལ་མ་གྲགས་པའི་གཞན་གཞུང་མདོ་རྒྱུད་ཟབ་མོའི་ཆོས་ཀྱིས་ཚུལ་ཟབ་ཅིང་རྒྱ་ཆེ་བ་རྒྱ་མཚོ་ཆེན་པོའི་འཇིངས་ལྟ་བུ་རྣམས་ཇི་བཞིན་དུ་མ་མཐོང་ཞིང་མ་རྟོགས་པར་རང་གཞུང་ཚུར་མཐོང་གི་བཞེད་པ་ཁྲོན་པའི་ཆུ་མིག་ལྟ་བུར་མཆོག་ཏུ་རློམ་པས་སྙེམས་ཤིང་དྲེགས་པའི་རོ་ལ་མྱོང་ཞེན་དང་ལྡན་པ་བདག་ཅག་རྣམས་ཀྱིས་རློམས་སེམས་ཀྱི་ཁེངས་པ་ཆ་དང་བཅས་པ་ཁྱེད་གསུང་ངོ་མཚར་ཟབ་མོའི་གཏམ་འདིས་རྨང་མེད་དུ་བསྙིལ་བར་མཛད་པས་ན་འདི་ནི་ཤིན་ཏུ་ཡི་རང་ཞིང་གུས་པའི་གནས་མཆོག་ཏུ་གྱུར་པར་མཐོང་ངོ་། །དེ་ཕྱིར་ཤིན་ཏུ་ཟབ་པ་དང་རྒྱ་ཆེ་བའི་ངོ་མཚར་གཏམ་གྱི་འབྱུང་གནས་ཀུན་མཁྱེན་གཉིས་པ་རོང་ཟོམ་མ་ཧཱ་པཎྜི་ཏ་ཆོས་ཀྱི་བཟང་པོ་དང་རྒྱལ་བའི་དབང་པོ་ཀུན་གཟིགས་ཀློང་ཆེན་རབ་འབྱམས་ཞེས་མཚན་སྙན་གྱི་གདུགས་དཀར་པོ་ས་གསུམ་ན་མངོན་པར་མཐོ་ཞིང་གྲགས་པ་རྗེ་བཙུན་ངག་གི་དབང་པོ་ངུར་སྨྲིག་གར་གྱིས་རོལ་པར་བསྟན་པའི་འཇམ་དཔལ་དགྱེས་པའི་ཟློས་གར་འཕགས་མཆོག་རྣམ་པ་གཉིས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་ཡི་ཀློང་ན་ལུང་རིག་མན་ངག་ཟབ་མོའི་ཐུན་མོང་མ་ཡིན་པའི་དཔལ་ལ་རོལ་ཞིང་འཁྱིལ་བའི་རྩལ་ལས་ལེགས་པར་འཁྲུངས་པའི་ཆོས་ཚུལ་ཟབ་མོའི་དགོངས་འགྲེལ་ངེས་དོན་མདོ་རྒྱུད་སྣ་ཚོགས་པའི་ཟབ་ཅིང་རྒྱ་ཆེ་བའི་ངེས་གསང་ཐམས་ཅད་དངོས་སྟོབས་ཚད་མའི་ལམ་ནས་གསལ་བར་སྟོན་ཅིང་འདོད་རྒུའི་སྣང་བ་ཡིད་བཞིན་དུ་འཇོ་བའི་རྨད་བྱུང་ལྷ་ཡི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུའི་ཆོས་མཛོད་དམ་པ་རབ་ཏུ་མང་པོ་བསམ་གྱིས་མི་ཁྱབ་པ་ལ་མངའ་དབང་བསྒྱུར་བ་རྣམས་ཀྱིས་མཚོན་ཏེ་སྔ་འགྱུར་ལུང་རྟོགས་ཀྱི་བསྟན་པ་བླ་ན་མེད་པ་ད་ལྟར་མངོན་སུམ་དུ་བཞུགས་པ་དེ་དག་སྤང་ནས་དེ་དག་ལ་བསྐྲུན་ན་གཞན་གྱི་གཞུང་ལུགས་ནོར་བུ་འཆིང་བུར་རེ་ཞིང་མཆོད་པར་རློམ་པ་རྣམས་ནི་འཁྲུལ་བའི་གཞན་དབང་གིས་ཟིན་ནས་ཐུན་མོང་མ་ཡིན་པའི་ངེས་དོན་ཟབ་མོའི་ནོར་བུ་རིན་པོ་ཆེ་མཆོག་གི་བགོ་སྐལ་ལས་རེ་ཞིག་རང་རང་ཕྱི་བཤོལ་དུ་གྱུར་པ་ནི་ཀྱེ་མ་འོ་དམན་པའི་གནས་ལ་ཕྱིན་པའོ། །དེས་ན་བདེན་པ་གཉིས་ཀྱི་ཆོས་ཚུལ་ཤིན་ཏུ་བཟང་པོར་བདེན་གཉིས་དཔྱོད་པའི་ཚད་མ་ཡང་དག་པའི་རིགས་པས་རྣམ་པར་དཔྱད་པས་ངེས་པའི་ཤེས་པ་ཐེ་ཚོམ་གྱི་སྨག་ཐམས་ཅད་དང་བྲལ་བ་མཆོག་ཏུ་རྙེད་པའི་བསམ་པ་ཅན་ནམ་བློ་གྲོས་ཅན་ལུང་དང་རིགས་པ་ཟབ་མོ་ལ་དབང་འབྱོར་བ་རྣམས་ནི། དུས་རྟག་ཏུ་མདོ་རྒྱུད་ངེས་དོན་ཟབ་མོ་ལས་བློ་ཕྱིར་བཟློག་པའི་བདུད་དང་ཕལ་གྱི་རྒོལ་བ་གང་གིས་ཀྱང་མི་ཚུགས་ཤིང་བར་ཆད་བྱེད་པ་མེད་པས་གཡུལ་ལས་མཆོག་ཏུ་རྣམ་པར་རྒྱལ་ཏེ་ལོག་སྨྲ་ཚར་གཅོད་པ་དང་། སྐལ་ལྡན་རྗེས་སུ་འཛིན་པ་ལ་གཞན་ལས་མཆོག་ཏུ་འཕགས་ཤིང་འགྲན་ཟླ་ཀུན་དང་བྲལ་བ་ཁོ་ན་ཡིན་ནོ། །དེ་ཡི་ཕྱིར་ན་ཚུར་མཐོང་བྱིས་པའི་རི་དྭགས་སུས་ཀྱང་བཟོད་པར་དཀའ་བའི་མདོ་རྒྱུད་ཟབ་མོའི་ངེས་གསང་བདེན་གཉིས་དཔྱོད་པའི་རིགས་ལམ་སེང་གེའི་སྒྲ་བོ་ཆེ་ཇི་སྐད་བསྟན་པ་རབ་ཏུ་བསྒྲགས་པས་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་སམ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་བསྟན་པའི་རང་ལུགས་སྔ་འགྱུར་གྱི་མདོ་རྒྱུད་ཟབ་མོ་ཁྱད་པར་འཕགས་པས་ཐུན་མོང་མིན་པར་མཆོག་ཏུ་གྱུར་པ་རྣམས་ལ་གཞན་དྲིང་མི་འཇོག་པར་ཡིད་ཆེས་ཟབ་མོ་རྙེད་པར་གྱུར་ཅིང་། རང་མཐོང་གིས་མདོ་རྒྱུད་དགོངས་འགྲེལ་ཕྱོགས་རེས་ཁེངས་ཤིང་དྲེགས་པས་མཆོག་ཏུ་སྙེམས་ནས་འཛིན་པའི་གཞན་ཕྱོགས་ཀྱི་གྲུབ་མཐའ་སྨྲ་བ་མཐའ་དག་རིགས་པ་ཚད་མས་སུན་འབྱིན་པར་བྱེད་པ་སུས་ཀྱང་མི་བཟློག་པའམ་མི་འཕྲོག་པའི་ཚད་མ་བདེན་གཉིས་དཔྱོད་པའི་ཤེས་རབ་ཀྱི་རལ་གྲིའི་ཡུ་བ་མཆོག་ལ་ཡང་དག་པར་བརྟེན་པའི་སྐལ་བ་བཟང་པོའི་གོ་སྐབས་འདི་ཉིད་གཞན་དོན་གཉེར་གཟུ་བོར་གནས་པའི་བློ་ལྡན་རྣམས་ལ་གནང་ཞིང་སྦྱིན་པར་མཛོད་ཅིག་དང་། ཟབ་མོའི་ཆོས་ཀྱི་ཕོངས་རྒུད་དང་བྲལ་ཞིང་མདོ་རྒྱུད་ངེས་དོན་མཆོག་ལ་ངེས་པ་རྙེད་པའི་སྐལ་བཟང་དམ་པར་འགྱུར་རོ། །དེས་ན་མདོ་སྔགས་ཀྱི་ཆོས་ཚུལ་ཐུན་མོང་དུ་གྱུར་པ་རྣམས་ནི་ཐོས་བསམ་སྒོམ་པ་གསུམ་གྱིས་རོ་བཅུད་ཞིམ་མངར་དང་ལྡན་པ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དང་འདྲ་བ་ཡིན་པས་དེ་རྣམས་ལ་ཞུགས་ཤིང་མྱོང་བར་གྱུར་ཀྱང་ཐུན་མོང་མ་ཡིན་པའི་མདོ་རྒྱུད་ཟབ་མོའི་དགོངས་དོན་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི་བདུད་རྩིའི་རྒྱ་མཚོ་དེ་ཡི་ཡང་སྙིང་པོར་གྱུར་པ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་བཞིན་དུ་གནས་པ་ཡིན་པས་དེ་དག་རང་དང་གཞན་གྱི་གང་ཟག་གང་གི་སྙིང་ན་ངེས་པར་གནས་ཤིང་བཞུགས་པར་མཐོང་ན་དེ་ཉིད་ལྟར་སྣང་ལ་མཆོག་དམན་བཟང་ངན་ཅི་འདྲར་སྣང་ཡང་རུང་སྟེ་རང་མཐོང་གིས་སྙེམས་པ་མེད་པར་འབད་རྩོལ་བརྒྱ་ཕྲག་དག་གི་སྒོ་ནས་གུས་པ་མཆོག་གིས་བླང་བར་བྱ་སྟེ། ཟབ་མོའི་དོན་གྱིས་དབུལ་ན་གང་ཟག་སུ་ཡང་ལྟར་སྣང་ཅི་ཙམ་དུ་བཟང་ཡང་ཕན་པར་མི་འགྱུར་བས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་དགོས་པར་གསུང་པའི་ཕྱིར་གྲགས་སྙན་ཙམ་གྱིས་རྗེས་སུ་འབྲང་བར་མི་བྱ་བར་ངེས་དོན་ཟབ་མོའི་དོན་ལ་རྟོན་པས་བརྩོན་ཞིང་འབད་པ་རྣལ་འབྱོར་དུ་བྱ་དགོས་པ་ཡིན་ནོ། །དེ་ཡི་ཕྱིར་ན་ཐུན་མོང་མ་ཡིན་པའི་མདོ་རྒྱུད་ངེས་དོན་ཟབ་མོའི་དགོངས་དོན་ཟབ་ཅིང་རྒྱ་ཆེ་བ་རྣམས་ནི་ཐུན་མོང་གི་མདོ་སྔགས་རིགས་གནས་དང་བཅས་པ་མང་དུ་ཐོས་ཤིང་ལུང་རིགས་ལྡན་པས་གྲུབ་མཐའ་མང་དུ་སྨྲ་བས་ཀྱང་ཚུལ་བཞིན་དུ་རྟོགས་པ་མིན་ལ། དེར་ཡང་མ་ཟད་སྔོན་བསགས་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་ཞིང་ད་ལྟར་སྦྱང་བརྩོན་མི་དམན་པས་བློ་གྲོས་ཟབ་ཅིང་ཟབ་པ་ལྟར་སྣང་བ་རྣམས་ཀྱིས་གཏན་ཚིགས་རིགས་པའི་ཚོགས་ཀྱིས་དཔྱད་པར་བྱས་པས་ཀྱང་མི་ཕིགས་པའམ་མི་རྟོགས་པས་ཚུར་མཐོང་གི་སྤྱོད་ཡུལ་ལས་འདས་པའི་ཟབ་དོན་ས་འོག་གནས་པའི་ཡིད་བཞིན་དགོས་འདོད་ཀུན་འབྱུང་གི་གཏེར་མཛོད་འཛད་མེད་ནོར་བུའི་བང་ཁྱིམ་དང་འདྲ་བར་ཀུན་གྱི་མཐུན་སྣང་དུ་གྲུབ་པ་ཡིན་སླད། ལྟར་སྣང་ཅི་འདྲར་སྣང་ཡང་གང་ཟག་གང་གིས་འདི་ཉིད་ཡང་དག་པར་རྟོགས་དེ་རང་གིས་འཛིན་ཅིང་གཞན་ལ་སྤེལ་བ་དེ་ནི་ཚོགས་བསགས་སྒྲིབ་པ་དག་པའི་བློ་གྲོས་མཆོག་དང་ལྡན་པ་གཞན་ལས་ཁྱད་པར་དུ་འཕགས་པས་སྐྱེས་བུ་དམ་པ་ཉིད་དུ་འབྲས་བུའི་རྟགས་ཀྱིས་འཁྲུལ་བ་མེད་པར་ཤེས་ཤིང་རྟོགས་ནུས་པའི་ཕྱིར་ན་དུས་རྟག་ཏུ་དེ་ལ་གུས་པ་མཆོག་གིས་བརྟེན་ཅིང་མཉེས་པར་བྱས་ཏེ་གདམས་པའི་བདུད་རྩི་མྱོང་བར་བྱ་དགོས་སོ། །དེས་ན་མདོ་རྒྱུད་སྙིང་པོའི་དགོངས་དོན་ཟབ་མོ་ཇི་བཞིན་རྟོགས་པའི་བློ་གྲོས་ཀྱི་གཏེར་ཟབ་མོ་འབུམ་ཕྲག་ནོར་བུའི་སྣོད་མཆོག་ཉིད་དུ་ཕྱོགས་རེར་ཞེན་པའི་བདག་གི་བློ་འདི་ཡང་ཟབ་ཅིང་ཡངས་པ་རྒྱ་མཚོ་ཆེན་པོའམ་ཆེར་སྒྲུབས་པའི་ཟབ་མོའི་གདམས་པའི་ལེགས་བྱས་རྨད་དུ་བྱུང་བ་སློང་བའི་དུས་ལ་བབ་པར་རིག་ནས་ཀླུ་ཡི་དབང་པོ་བློ་གྲོས་ཕུལ་དུ་གྱུར་པའི་དཔལ་གྱི་རྩལ་ལས་བྱུང་བའི་ཟབ་རྒྱས་གདམས་པའི་རྒྱ་མཚོར་གུས་པ་ཆེན་པོས་དགའ་མགུ་ཡི་རང་བཞིན་དུ་ལེགས་པར་འཐུང་ཞིང་རོལ་བར་བྱའོ། །གང་གི་ཐུགས་གཉིས་སུ་མེད་པའི་བློ་གྲོས་ཟབ་མོའི་མཐུ་ལས་བབས་པའི་ལེགས་པར་བཤད་པའི་ཟབ་རྒྱས་ཀྱི་གདམ་པ་ཆུ་ཀླུང་བཟང་པོ་དག་གིས། དེ་ཉིད་གང་ལས་བྱུང་བའི་རྣམ་པར་དཔྱོད་པའི་བློ་གྲོས་ཟབ་ཅིང་རྒྱ་ཆེ་བ་ཡི་རྒྱ་མཚོ་ཆེན་པོའི་རྒྱ་ཁྱོན་ཟབ་ཡངས་ཕ་མཐའ་དང་བྲལ་བར་ངེས་པར་རྟོགས་ཤིང་། དེ་འདྲའི་བློ་མཆོག་རྒྱ་མཚོ་ལྟ་བུ་དེ་ཡི་འབྱུང་གནས་ཀླུ་ཡི་དབང་པོའམ་རྒྱལ་པོ་ལྟ་བུ་ནི་སྔ་འགྱུར་རིག་འཛིན་བརྒྱུད་པའི་ཞལ་ལུང་མདོ་རྒྱུད་མན་ངག་ཟབ་མོ་ཉིད་དུ་ངེས་པར་རྟོགས་པར་གྱུར་ཏོ། །དེས་ན་ཐུན་མིན་མདོ་རྒྱུད་མན་ངག་ཟབ་མོའི་དགོངས་དོན་ནམ་མཁའ་ལྟར་ཕ་མཐའ་དང་བྲལ་བ་གང་ཉིད་བློ་གྲོས་ཆེན་པོའི་ཧུབ་ཀྱིས་ཏེ་ཧུབ་གཅིག་གིས་སྐད་ཅིག་ཉིད་དུ་འདྲེན་ཅིང་ཟོས་པའི་དགོངས་བཅུད་ཟབ་མོ་སྙིང་ལ་ཀུན་ཏུ་ཕན་པའི་བདུད་རྩིའི་རྒྱ་མཚོའི་དཔྱིད་དཔལ་ཉིད་དུ་ལེན་པའི་མཐུ་རྩལ་ཆེན་པོ་ཚུལ་འདིར་སྦྱང་བརྩོན་གྱིས་ཞུགས་པའི་བློ་ལ་ངེས་པར་མྱུར་དུ་ཐོབ་པར་མཛད་པའི་ཕྱིར་ན་ངོ་མཚར་རྨད་དུ་བྱུང་བ་ཐུན་མིན་མདོ་རྒྱུད་མན་ངག་ཟབ་མོའི་ཆོས་ཀྱི་མར་མེ་བཟང་པོ་མཆོག་ཏུ་འབར་བ་འདི་ཉིད་སྐལ་བཟང་དམ་པ་རྣམས་ལ་གསལ་ཞིང་སྣང་བར་མཛོད་ཅིག་ཅེས་བསྐུལ་ཞིང་གསོལ་བཏབ་པའོ། །གསུམ་པ། དེ་སྐད་ཟེར་ཞིང་སོགས་ཚིགས་བཅད་བདུན་དང་རྐང་པ་གཅིག་གིས་བསྟན་ཏེ། གོང་དུ་ཇི་སྐད་བསྟན་པ་དེ་སྐད་ཟེར་ཞིང་གུས་པ་མཆོག་གིས་བཏུད་དེ་གནས་པའི་ཚེ། གཟུ་བོར་གནས་པའི་དྲང་སྲོང་མཆོག་དེ་ཡིས་དེ་ལ་ཡང་བློ་གྲོས་ཆུང་ཞིང་ཟབ་པ་མིན་པ་ཉིད་བློ་གྲོས་ཆེ་ཞིང་ཟབ་རྒྱས་སུ་སྒྲུབ་པ་བྱེད་པ་གོང་དུ་ཇི་སྐད་བསྟན་པ་དག་གི་དོན་རྣམས་བསྡུས་ཏེ་འདི་ལྟར་གདམས་ཏེ། དེ་ལ་དང་པོ་ཆོས་མཆོག་མདོ་རྒྱུད་ཟབ་མོ་སེང་གེའི་འོ་མ་ལྟ་བུ་འདི་ནི་བློ་གྲོས་ཟབ་མོའི་སྣོད་བཟང་པོ་རིན་ཆེན་གསེར་སྣོད་ལྟ་བུ་ཁོ་ནས་འཛིན་ཅིང་སྣོད་གཞན་ཕལ་བ་གང་དུ་ཇི་ལྟར་འབད་ཀྱང་མི་གནས་པར་སྣོད་ཀྱང་ཆག་ལ་བཅུད་ཀྱང་ཟག་ནས་ཆུད་ཟ་བ་ལྟར་བློ་གྲོས་དམན་པ་དག་གིས་ཇི་ལྟར་འབད་ཀྱང་མདོ་རྒྱུད་མན་ངག་ཟབ་མོའི་དགོངས་དོན་བློ་ལ་མི་ཤོང་ཞིང་མི་རྟོགས་པས་འཛིན་པར་མི་ནུས་པར་ཆུད་གཟན་པར་འགྱུར་ལ། ཆོས་མཆོག་མདོ་རྒྱུད་མན་ངག་ཟབ་མོའི་དོན་འདི་ཤོང་ཞིང་འཛིན་པའི་སྣོད་ནི་བློ་གྲོས་བཟང་པོ་ཟབ་ཅིང་རྒྱ་ཆེ་བ་འདི་ཁོ་ན་ཡིན་ནོ། །འོ་ན་དེ་ལྟ་བུའི་བློ་གྲོས་བཟང་པོ་གང་གིས་སྒྲུབ་ན། གོང་གི་དོན་རྣམས་བསྡུས་ཏེ་གཟུངས་སྤོབས་ཟབ་མོ་སྒྲུབ་པའི་སྒོ་ལ་འཇུག་པའི་ཐབས་ཀྱི་གདམས་ངག་གནད་དུ་དྲིལ་ནས་ཉམས་སུ་ལེན་པ་ནི་མན་ངག་གི་ཡང་ཟབ་དམ་པ་ཡིན་ཏེ། འདི་ལྟར་ཨ་ཞེས་པའི་ཡི་གེ་འདི་ནི་སྐྱེ་བ་མེད་པས་མེད་དགག་ཡིན་བཞིན་དུ་རང་སྣང་བ་སྟེ། དེས་ན་བདེན་པ་གཉིས་ཆར་མི་སྐྱེ་བར་བསྟན་པས་སྐྱེ་བ་མེད་པའི་སྒོ་མཚོན་བྱེད་ཡིན་པས་མ་སྐྱེས་པའི་ཆོས་ཀྱི་སྒོ་ཞེས་བྱའོ། །དེ་བཞིན་དུ་ར་ཞེས་པ་འདི་ནི་རྡུལ་མེད་པས་མཉམ་པ་ཉིད་དུ་རྟོགས་པ་ལ་རང་དོན་དུ་སྲིད་པ་དང་ཞི་བ་ལ་དགའ་བའི་ཡིད་ཀྱི་ཆགས་རྡུལ་མེད་པར་འཇུག་དགོས་པའི་སྒོ་མཚོན་བྱེད་ཡིན་པས་རྡུལ་དང་བྲལ་བའི་སྒོ་ཞེས་བྱའོ། །པ་ཞེས་པ་འདི་ནི་མཉམ་བཞག་ཡང་དག་པ་ལ་འཛིན་སྟངས་ཅི་ཡང་མེད་ཀྱང་དྲན་མེད་མུན་པ་འཐུམས་པོ་ལྟ་བུ་ལྷག་མཐོང་གི་སྣང་བ་དང་བྲལ་བའང་མིན་པས་དོན་དམ་མཐར་ཐུག་མཐོང་བའི་སྒོ་མཚོན་བྱེད་ཡིན་པས་དོན་དམ་སྣང་བའི་སྒོ་ཞེས་བྱའོ། །ཙ་ཞེས་པ་འདི་ནི་དཔྱད་པ་ཡང་དག་པས་མཐའ་བཞིའི་སྤྲོས་པ་ཉེ་བར་ཞི་བའི་ངེས་ཤེས་ཟབ་མོས་དྲངས་པའི་མཉམ་པར་འཇོག་ཚུལ་ཁྱད་པར་ཅན་ཡིན་པས་རྣམ་པར་རྟོག་པའི་འགྱུར་བའམ་བློས་བྱས་ཀྱི་འཆི་འཕོ་མེད་པར་མཉམ་པ་ཉིད་ཆོས་ཀྱི་སྐུར་གནས་པའི་སྒོ་མཚོན་བྱེད་ཡིན་པས་འཆི་འཕོ་སྐྱེ་བ་མེད་པའི་སྒོ་ཞེས་བྱའོ། །ན་ཞེས་པ་འདི་ནི་བདེན་པ་གཉིས་ལ་གཙོ་ཆེ་ཆུང་རྣམ་པ་ཀུན་ཏུ་མེད་དེ་སྣང་སྟོང་གཉིས་འབྲལ་མི་ཤེས་པའི་ཕྱིར་མདང་ཆ་བ་བཞིན་ནོ། །དེ་གཉིས་ཐ་སྙད་དུ་ནི་མགོ་མཉམ་སྟེ་ཐ་སྙད་སྒྲ་རྟོག་གི་ཡུལ་ཡིན་པས་སོ། །དོན་དམ་པར་དེ་གཉིས་དབྱེར་མེད་པའི་གནས་ལུགས་ནི་སྒྲ་རྟོག་གི་ལམ་ལས་འདས་པས་ན་མིང་དང་བྲལ་ཏེ་བསམ་གྱིས་མི་ཁྱབ་པར་སྟོན་པའི་སྒོ་མཚོན་བྱེད་ཡིན་པས་མིང་དང་བྲལ་བ་ཉིད་ཀྱི་སྒོ་ཞེས་བྱའོ། །དྷཱི་ཞེས་པ་འདི་ནི་དེ་འདྲའི་སྣང་སྟོང་བདེན་པ་དབྱེར་མེད་པའི་དོན་ཟབ་མོ་ཉིད་ཆོས་ཅན་རྡུལ་ཕྲན་ལྟ་བུ་གཅིག་གི་སྟེང་དུ་ད་ལྟ་ནས་གཏན་ལ་ཕབ་སྟེ་ཆོས་ཐམས་ཅད་མཉམ་པ་ཉིད་ཚུར་མཐོང་ལས་འདས་པའི་དོན་ཟབ་མོ་ཤེས་ཤིང་རྟོགས་ན་ཡང་། མཐུན་སྣང་གི་བལྟ་བྱའི་སྣང་བ་ལ་དཔྱད་དེ། དེ་དཔེར་བཟུང་ནས། སྣང་བ་དེ་ལ་དོན་དམ་སྤྲོས་བྲལ་གྱི་དབང་དུ་ཁས་ལེན་མེད་པའི་ཚུལ་དང་། ཐ་སྙད་སྣང་ཚུལ་ཙམ་དུ་བདུད་རྩི་དང་ཆུ་སོགས་ལ་ཁས་ལེན་ཡོད་པའི་ཚུལ་དང་དེ་གཉིས་མི་འགལ་བར་སྦྱར་ནས་ཐ་སྙད་ཀྱི་ཁས་ལེན་ཚུར་མཐོང་གི་རྣམ་བཞག་ཕར་ཕྱིན་ཐེག་པ་ནས་རྡོ་རྗེ་ཐེག་པའི་བར་དུ་ཤེས་པའི་སྒོ་མཚོན་བྱེད་ཡིན་པས་བློ་གྲོས་ཟབ་མོའི་སྒོ་ཞེས་བྱའོ། །དེ་ལྟར་ན་རྒྱལ་བས་གསུང་པའི་རྒྱུ་འབྲས་ཐེག་པའི་མདོ་འགགས་ཐམས་ཅད་དེར་འདུས་པ་ཡིན་པས་འདིའི་གནད་དོན་ཚུལ་བཞིན་དུ་ཤེས་པར་གྱུར་ན་མདོ་སྔགས་རྒྱ་མཚོའི་འགགས་མདུད་ཁྲོལ་བ་ཡིན་པས་རང་གིས་རྟོགས་པ་དང་གཞན་ལ་འདོམས་པའི་སྤོབས་པའི་གཏེར་ཆེན་པོ་བརྒྱད་ཀྱི་སྒོ་འབྱེད་པ་ཡིན་ནོ། །དེས་ན་ཡི་གེའི་སྒོ་རེ་རེ་ལས་ཕྱོགས་དུས་ཀྱིས་བསྡུས་པའི་ཆོས་ཚུལ་ཚད་མེད་པ་གོ་ཞིང་རྟོགས་པར་བྱེད་པ་ནི་བརྡ་མི་ཟད་པ་ཞེས་བྱ་བ་ཡིན་ལ། དོན་གཅིག་ལས་བརྩམས་ཏེ་དོན་བསྐལ་བ་ནས་བསྐལ་བར་བརྗོད་ཀྱང་མཐར་ཕྱིན་པར་མི་འགྱུར་བས་དོན་མི་ཟད་པའང་ཡིན་ལ། ཡི་གེ་གཅིག་གི་ནང་དུའང་ཡི་གེ་ཀུན་འདུ་ཞིང་ཆོས་སྒོ་ཚད་མེད་པར་སྟོན་ནུས་པ་དང་། དོན་གཅིག་གི་ནང་དུའང་ཆོས་ཀུན་འདུ་ཞིང་དོན་གཅིག་གིས་ཀྱང་ཆོས་ཀུན་སྟོན་པར་ནུས་པ་ནི་བརྡ་དོན་གཉིས་ཀ་མི་ཟད་པ་ཡིན་ལ། དེ་དག་ཀུན་ཀྱང་ཐ་སྙད་དུ་འགགས་པ་མེད་ཅིང་རྟེན་འབྲེལ་ཟབ་མོ་རྟག་ཆད་དང་བྲལ་བར་རྟོགས་ཤིང་། ཐམས་ཅད་བསྡོམས་ནས་མཉམ་པ་ཉིད་ཟུང་འཇུག་གི་ཡེ་ཤེས་གཅིག་ཉིད་གཏན་ལ་ཕབ་ཅིང་རྟོགས་པ་ཡིན་པས་བློ་གྲོས་མི་ཟད་པའང་ཡིན་ནོ། །ཚུལ་འདི་ནི་ཆོས་ཀྱི་གཏེར་འདོན་པའི་མན་ངག་ཟབ་མོ་ཡང་ཡིན་ཏེ་ཡི་གེའི་སྒོ་ཨ་ལ་སོགས་པ་དྲུག་པོ་དེ་དག་རེ་རེར་ཡང་བདེན་པ་གཉིས་གཉིས་ཀྱི་ཚུལ་གྱིས་སྣང་སྟོང་བདེན་གཉིས་དབྱེར་མེད་ཟུང་འཇུག་སྐྱེ་འགག་དང་བྲལ་བར་དམིགས་ནས་སུ་སྟེ། འདི་ལྟར་ཡི་གེ་ཨ་ལྟ་བུ་རྗོད་བྱེད་དང་མ་སྐྱེས་པ་ལྟ་བུ་བརྗོད་བྱའི་དོན་དག་ཀྱང་གདོད་མ་ནས་སྐྱེ་བ་མེད་པས་མཉམ་པ་ཉིད་ཡིན་ལ་མཉམ་པ་ཉིད་ཀྱིས་མཉམ་པ་ཉིད་ལ་བརྗོད་དུ་མེད་དེ་ནམ་མཁའ་ལ་ནམ་མཁས་རི་མོ་བྲིས་པ་བཞིན་ཏེ། དེ་ལྟ་ནའང་བརྗོད་མེད་བརྗོད་ཀུན་གྱི་རྒྱུ་མཆོག་ཡིན་པས་བསྐལ་པ་ནས་བསྐལ་བར་བརྗོད་ཀྱང་ཆོས་ཀྱི་དབྱིངས་ལ་བྲི་གང་ངམ་ཟད་འཕེལ་ཡོང་ཡེ་མེད་ཅིང་ཆོས་ཐམས་ཅད་བརྗོད་པ་ཙམ་དུ་ཤེས་པ་དེ་ནི་དོན་དམ་པར་དམིགས་པའི་སྒོ་དང་། དེ་བཞིན་དུ་རྗོད་བྱེད་ར་དང་བརྗོད་བྱ་རྡུལ་དང་བྲལ་བ། རྗོད་བྱེད་པ་དང་བརྗོད་བྱ་དོན་དམ་འོད་གསལ། རྗོད་བྱེད་ཙ་དང་བརྗོད་བྱ་འཆི་འཕོ་མེད་པ། རྗོད་བྱེད་ན་དང་བརྗོད་བྱ་མིང་དང་བྲལ་བ། རྗོད་བྱེད་དྷཱིཿདང་བརྗོད་བྱ་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཉིད་དེ་ཚིག་དོན་དེ་དག་རེ་རེ་བཞིན་དུ་ཡང་རྗོད་བྱེད་དང་བརྗོད་བྱ་གཉིས་སྐྱེ་བ་མེད་པས་མཉམ་པ་ཉིད་ཡིན་པས་གང་གིས་གང་ཞིག་བརྗོད་དེ་བརྗོད་དུ་མེད་པར་ཡེ་ནས་གནས་པའི་གནད་ཀྱིས་བསྐལ་བར་བརྗོད་ཀྱང་བྲི་གང་བྲལ་བའི་ཆོས་ཀྱི་དབྱིངས་ལ་ཟད་འཕེལ་མེད་ཅིང་། ཆོས་ཐམས་ཅད་མིང་ངམ་བརྗོད་པ་ཙམ་དུ་ཤེས་པ་ནི་དོན་དམ་པར་དམིགས་པའི་སྒོའོ། །དེ་ལྟར་མཉམ་པ་ཉིད་ལས་མ་གཡོས་མི་གཡོ་གཡོ་བར་མི་འགྱུར་བཞིན་དུ་ཨ་ལས་གྱུར་པའི་ཡི་གེ་སྐྱེ་ཨ་ཉིད་མགྲིན་རྐན་སྤྱི་བོ་སོ་མཆུའི་གནས་ལྔར་བྱེད་རྩོལ་གྱིས་བསྒྱུར་བའི་ངོར་སྣང་བ་ཡིན། མཆན། གནས་ལྔ་པ་ཅན་ཨ་ར་པ་ཙ་སོགས་འདི་དག་དང་ཡི་གེ་གཞན་རྣམས་ཀྱིས་ཀྱང་། ཀུན་བྱང་གིས་བསྡུས་པའི་ཆོས་ཀུན་ཤེས་ཤིང་གོ་བོར་བྱེད་པ་ནི་རྟེན་འབྱུང་བསླུ་མེད་ཙམ་སྟེ། ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོ་འཕྲུལ་ཆེན་པོ་ཀུན་ཏུ་ཉེ་བར་སྟོན་པའོ་ཞེས་ཤེས་པ་ན་ཀུན་རྫོབ་ལ་དམིགས་པའི་སྒོ་སྟེ། དེ་གཉིས་དབྱེར་མེད་ཟུང་དུ་ཆུད་པའི་ངང་ནས་བློ་གྲོས་ཀྱི་གཏེར་ལ་སོགས་པའི་སྤོབས་པའི་གཏེར་ཆེན་པོ་བརྒྱད་ཀྱི་སྒོ་མྱུར་དུ་འབྱེད་པའི་རྒྱུ་སྒྱུ་མའི་སྟེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་བསྒྲུབ་པར་བྱས་ནས་མདོ་རྒྱུད་མན་ངག་ཟབ་ཅིང་རྒྱ་ཆེ་བ་ཕ་མཐའ་མེད་པའི་རྒྱ་མཚོ་ཆེན་པོའི་ཆུ་ཉིད་བློ་གྲོས་ཟབ་མྱུར་གྱི་ཧུབ་ཀྱིས་ཏེ་ཧུབ་གཅིག་གིས་ལྟོ་བར་འདྲེན་ཅིང་ཆུབ་པར་ནུས་པའི་སྙིང་གའི་ནོར་བུ་གཉིས་སུ་མེད་པའི་ཡེ་ཤེས་དྲི་མ་མེད་པ་ལ་གཟུངས་དང་སྤོབས་པའི་བློ་ཡི་དཔལ་ཕུན་སུམ་ཚོགས་པ་ཉིད་དུ་རབ་ཏུ་འབར་བར་འགྱུར་རོ། །དེ་ལྟར་སྣང་སྟོང་ཟུང་འཇུག་ཟབ་མོའི་དོན་ལ་རང་བྱན་ཆུད་པའི་སྒོ་ནས་མཐའ་བཞིའི་སྤྲོས་པ་ཐམས་ཅད་ཁེགས་པའི་ཟབ་མོའི་ངེས་ཤེས་ཀྱི་ལམ་ནས་ཆོས་ཐམས་ཅད་ཀྱི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་གཤིས་སུ་སོན་པ་ཡི་གནས་ལུགས་སེམས་དང་སེམས་བྱུང་གི་བློ་ལས་རབ་ཏུ་འདས་པ་ཡི་དབྱིངས་ཡེ་གཉིས་སུ་མེད་པའི་འོད་གསལ་གཉུག་མའི་དབྱིངས་ངེས་པ་དོན་གྱི་འཇམ་དཔལ་རིག་སྟོང་དབྱེར་མེད་འོད་གསལ་རྫོགས་པ་ཆེན་པོའི་ངང་དུ་མ་བཅོས་པར་མཉམ་པར་ཞོག་ཅིག་དང་མཐའ་བྲལ་ལྟ་བའི་རྒྱལ་པོ་རིག་སྟོང་དབྱེར་མེད་བློ་བྲལ་རྫོགས་པ་ཆེན་པོ་ཀུན་མཉམ་ཡངས་པའི་ཀློང་ཆེན་པོར་ཇི་བཞིན་མཉམ་པར་བཞག་པའི་བདེན་དོན་མཐར་ཐུག་ཡིད་དཔྱོད་ལས་འདས་པའི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལས་ཡོད་མེད་ལ་སོགས་པའི་མཐའ་བཞིའི་འཛིན་སྟངས་ཀྱི་བློ་ངན་མུན་པའི་སྣང་བ་ཐམས་ཅད་ཀུན་དང་གིས་དྭངས་ཤིང་འགགས་པའི་འོད་གསལ་བའི་མཁྱེན་གཉིས་ཡེ་ཤེས་ཀྱི་ཉི་མ་ཁོང་ནས་འཆར་བར་འགྱུར་ཞིང་ཇི་ལྟ་ཇི་སྙེད་ཀྱི་དགོངས་པའི་ཡེ་ཤེས་ཀློང་རྡོལ་རེ་མགྲིན་པའི་རྩ་འཁོར་གསུང་ཡི་གེ་འཁོར་ལོའི་སྤྲིན་དུ་དེངས་ནས་འཆད་རྩོད་རྩོམ་པ་གང་ལའང་ཐོགས་པ་མེད་པར་སུས་ཀྱང་མི་འཕྲོག་པའི་རྣམ་དཔྱོད་འགྲན་ཟླ་ཐམས་ཅད་དང་བྲལ་བ་ལ་དབང་འབྱོར་བར་གདོན་མི་ཟ་བ་ཁོ་ན་ཡིན་ནོ། །གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་བསྟན་བཅོས་རྫོགས་པའི་བྱ་བ་ལ་གསུམ། བསྟན་བཅོས་ཇི་ལྟར་བྱུང་བའི་གླེང་གཞིའི་མངོན་བརྗོད་བརྩམས་པའི་དགོས་པ་དང་བཅས་པ། ལྷག་བསམ་ཤེས་རབ་ཀྱིས་གོ་ཕྱེས་ཤིང་གཞན་ཕན་སྙིང་རྗེས་ཇི་ལྟར་བརྩམ་པའི་མཛད་བྱང་། ཚུལ་འདིར་བརྟེན་ན་ཐེག་པ་མཆོག་གི་ལམ་བཟང་རྙེད་པར་ངེས་པས་བརྟེན་པར་གདམས་པའོ། །དང་པོ། གཟུར་གནས་དཔྱོད་པ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། གང་ལ་དྲི་བའི་གནས་རྩོམ་པ་པོ་རང་གི་བློ་གྲོས་ཕྱོགས་སུ་མ་ལྷུང་བའི་གཟུར་གནས་ཏེ་གཟུ་བོར་གནས་པའི་རྣམ་པར་དཔྱོད་པ་དྲང་པོ་ཉིད་མཁས་པའི་དྲང་སྲོང་ཆེན་པོ་ཉིད་དུ་བཀོད་པ་སྟེ། གང་གིས་དྲི་བ་པོ་ཡང་རང་གི་བློ་ཟབ་མོའི་གནས་ལ་འགལ་འདུའི་དོགས་པ་ཐོལ་བྱུང་དུ་ཤར་བས་རྣམ་པར་རྟོག་པའི་ཉིད་ལྡོམ་བུ་པ་རྟོག་གེའི་བརྒལ་བརྟགས་བྱེད་པ་པོར་བཀོད་དེ་བརྗོད་ནས་དྲང་སྲོང་དེ་ལ་ལྡོམ་བུ་པ་དེས་དྲིས་ཤིང་བརྒལ་ལན་གྱི་ཚུལ་གྱིས་ནི་ཤིན་ཏུ་རྟོགས་པར་དཀའ་བའི་གནད་ཟབ་མོ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱི་གྲངས་དང་ལྡན་པ་རབ་ཏུ་གསལ་བར་ལེགས་པར་བཤད་པ་ཡིན་ནོ། །དེ་ཡང་བློ་གྲོས་ན་ཚོད་མ་སྨིན་པས་ཆུང་བ་རྟོག་གེ་བ་བདག་འདྲ་ཡིས་སྐྱེས་སྦྱང་བློ་མཆོག་མངའ་བར་གྲགས་པའི་ཆེན་པོ་རྣམས་ཀྱང་སོམ་ཉིའི་དྲྭ་བར་འཕྱན་པའི་གནས་ཤིན་ཏུ་ཟབ་ཅིང་རྟོགས་པར་དཀའ་བ་རྟོག་གེའི་རིགས་མདུང་འབུམ་གྱིས་མི་ཕིགས་པའི་རབ་ཏུ་བརླིང་བའི་དོན་དེ་རྣམས་བློ་གྲོས་ཆེན་པོ་མངའ་བའི་འཕགས་པའི་གང་ཟག་མཆོག་རྣམས་ཀྱིས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཟབ་པ་དང་རྒྱ་ཆེ་བའི་མཁྱེན་པའི་གཏེར་མཛོད་དམ་པ་ཉིད་ནས་ཀྱང་ཡང་དག་པར་བླང་བ་ཇི་ལྟ་བ་བཞིན་དུ་གཟུར་གནས་དམ་པ་ཡོངས་ཀྱི་དཔྱིད་དཔལ་དུ་འདི་ན་ལེགས་པར་བཀོད་པར་བྱས་པ་ཡིན་ནོ། །གཉིས་པ། དེ་སྐད་སྨྲས་པའི་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དེ་སྐད་ཟབ་དོན་ཡང་དག་པར་སྨྲས་པའི་ལེགས་པར་བཤད་པའི་འབྲུག་སྒྲ་སྙན་པར་སྒྲོགས་པ་དང་བཅས་པའི་ཆོས་ཀྱི་ཆར་རབ་ཏུ་བཟང་པོ་འབབ་པ་འདི་ཡང་རྒྱལ་བའི་སྲས་པོ་མཁས་མཆོག་གྲངས་མེད་བྱེ་བས་རྟོགས་ཤིང་རོལ་བར་བྱ་བའི་ཟབ་མོའི་དགོངས་བཅུད་དམ་པ་བགྲོད་པ་གཅིག་པའི་ལམ་གནད་སྙིང་པོར་གྱུར་པ་ཡིན་ཅིང་དེ་འདྲའི་ཟབ་རྒྱས་ཆོས་ཀྱི་ཚུལ་ལ་ཡིད་ཆེས་ཀྱི་དད་པས་དགའ་བཞིན་གྱིས་མཉན་པར་བྱས་པས་གནས་སྐབས་མཐར་ཐུག་གི་དོན་གཉིས་ཕུན་སུམ་ཚོགས་པའི་ལམ་དང་འབྲས་བུའི་ཡོན་ཏན་རྒྱ་ཆེན་པོ་ཐོབ་པར་སེམས་པའི་ལྷག་པའི་བསམ་པ་རྨ་མེད་པ་ཡིས་ཀུན་ནས་བསླང་སྟེ། གང་ཞིག་དྲིས་པ་རྣམས་ལ་དགའ་སྤྲོ་ཡི་རངས་བའི་ཚུལ་གྱིས་ལན་གྱི་ཁྱད་པར་ཟབ་དོན་ཆོས་ཀྱི་བདུད་རྩིའི་སྨན་ཆར་ཡངས་པའི་གོ་སྐབས་འདི་ཉིད་གསལ་ཞིང་ལེགས་པར་དབྱེ་བར་བྱས་པ་ཡིན་ནོ། །གང་མདོ་རྒྱུད་ཟབ་མོའི་དགོངས་དོན་ཇི་བཞིན་རྙེད་པའི་ལམ་དངོས་ཡང་དག་པར་མཐོང་བའི་མིག་ཏུ་གྱུར་པ་བདེན་པ་གཉིས་ཀྱི་དེ་ཁོ་ན་ཉིད་དཔྱོད་པའི་ཚད་མའི་ལམ་ནས་ངེས་པའི་ཤེས་པ་ཟབ་མོ་ཐེ་ཚོམ་གྱི་སྨག་ཐམས་ཅད་དང་བྲལ་བ་ཉིད་དགོས་པ་དེ་ཡི་ཕྱིར་ན་ཚད་མ་དང་བྲལ་ན་ངེས་ཤེས་ཟབ་མོ་མི་རྙེད་པས་ལམ་གྱི་གཟུགས་བརྙན་དུ་འགྱུར་བ་དེ་ལྟ་བས་ན། དཔལ་ཆོས་ཀྱི་གྲགས་པ་དང་དཔལ་ལྡན་ཟླ་བའི་རང་ལུགས་བཞིན་བདེན་གཉིས་སོ་སོར་དཔྱོད་པའི་ཚད་མ་དང་མཐར་ཐུག་བདེན་གཉིས་དབྱེར་མེད་ཟུང་འཇུག་ངེས་པའི་ཚད་མའི་མིག་བཟང་པོ་དཔྱད་གསུམ་གྱིས་སྦྱངས་ཤིང་བགྲད་དེ་མདོ་རྒྱུད་ཟབ་མོའི་གནས་ལ་གཞན་དྲིང་མི་འཇོག་པར་ཡང་དག་པར་འཇུག་དགོས་པ འི་ཚུལ་དེ་ལྟར་ཡང་དང་ཡང་དུ་མདོ་རྒྱུད་ཟབ་རྒྱས་ཀྱི་དོན་མཆོག་རྟོགས་པར་འདོད་ཅིང་དོན་དུ་གཉེར་བར་སེམས་པའི་བློ་ལྡན་གཟུ་བོར་གནས་པའི་སྐལ་བཟང་དུ་མའི་དོན་དུ་ཡང་དག་པར་དམིགས་ཏེ་ཟབ་རྒྱའི་ཆོས་ཀྱི་གཟུགས་བརྙན་ཀུན་གསལ་ཡིད་ཀྱི་མེ་ལོང་དྲི་མ་མེད་པའི་ངོས་ལ་ཇི་ལྟར་ཤར་བ་བཞིན་དུ་རྣམ་དཔྱོད་བློ་ཡི་རྩེད་འཇོའི་རོལ་པས་དྷཱིཿམིང་ཅན་གྱིས་ཏེ་བློ་གྲོས་དྲི་མེད་ཀྱིས་ལེགས་པར་སྤེལ་ཞིང་བྲིས་པར་མཛད་པ་ཡིན་ནོ། །གསུམ་པ། བདེ་གཤེགས་ཆོས་ཚུལ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀའ་མདོ་རྒྱུད་ཀྱི་ཆོས་ཚུལ་ཟབ་མོ་ནམ་མཁའི་མཐའ་དང་མཉམ་པ་ཇི་སྙེད་པ་ཐམས་ཅད་རྣམ་པ་ཀུན་ཏུ་སྒྲ་དང་རྟོག་པས་བརྗོད་པར་མི་ནུས་ཤིང་ཟད་པར་ཡང་མི་འགྱུར་མོད་ཀྱང་ཟབ་མོའི་གནད་ལ་ངེས་པའི་ཤེས་པ་ཐེ་ཚོམ་གྱི་སྨག་ཐམས་ཅད་དང་བྲལ་བའི་སྣང་བ་མཆོག་ཏུ་གསལ་བར་བྱེད་པ་རིན་པོ་ཆེ་ཡི་སྒྲོན་མེ་འདིར། ཡང་དག་པར་བརྟེན་པར་བྱས་ན་མདོ་རྒྱུད་ཐེག་མཆོག་ཟབ་མོའི་ལམ་བཟང་པོ་རང་གིས་ཇི་བཞིན་དུ་བདེ་བླག་ཏུ་རྙེད་ཅིང་རྟོགས་ནས་གཞན་ལ་ནོར་འཁྲུལ་མེད་པར་སྟོན་པར་ནུས་པས་ན་གཟུ་བོར་གནས་པའི་བློ་ཅན་ཆོས་ཀྱི་སྤྱན་ལྡན་སྐལ་བཟང་མཁས་པའི་ཚོགས་ཀྱིས་ལེགས་པར་བརྟེན་པར་མཛོད་ཅིག་ཅེས་ཡང་དག་པར་གདམས་པར་མཛད་པའོ། །སླར་རྗེ་ཉིད་ཀྱིས་གཟིགས་གནང་མཛད་པའི་ཞལ་བྱང་ནི། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་འདི་རང་ལོ་ཤིན་ཏུ་གཞོན་ཞིང་སློབ་གཉེར་གསར་བུ་པའི་དུས་ཞིག་ན་འཕྲལ་དུ་ཡིད་ལ་ཤར་རྩོམ་སྟན་གཅིག་པར་བྲིས་པ་ཡིན་མོད་དོན་ལ་འགལ་བ་མེད་ཅིང་གོ་རྒྱུ་གནད་ཅན་འདུག་པས་མ་བཅོས་པར་དེ་ཀར་བཞག་པ་ཡིན་ནོ་ཞེས་མི་ཕམ་པས་རང་ལོ་ང་བདུན་པར་སྨྲས་པ་དགེའོ། །ཞེས་པས་ཚིག་གི་སྡེབ་སྦྱོར་ལྷུར་མ་བླང་བར་དོན་ལ་རྟོན་པར་བྱས་པ་ཡིན་ནོ་ཞེས་ཚིག་ལ་མི་རྟོན་དོན་ལ་རྟོན་པར་གདམས་པའི་ཤུགས་ཀྱིས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་དང་། དོན་ལའང་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་དང་། ངེས་དོན་ལའང་རྣམ་ཤེས་ཀྱི་སྤྱོད་ཡུལ་ལ་མི་རྟོན་པར་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་རྟོན་པར་གདམ་པར་མཛད་པ་འདི་ནི་མཁས་པ་ཡོངས་ཀྱི་ཐུགས་ཀྱིས་བརྣག་བྱ་གཡར་དམ་དུ་བྱ་བའི་གདམས་པ་ཕུན་སུམ་ཚོགས་པ་ཞིག་ལགས་སོ། །སླར་སྨྲས་པ། རྨད་བྱུང་ངེས་དོན་ཟབ་མོའི་འཕྲུལ་གྱི་སྒོ། །འཁྲུལ་མེད་ལུང་རིགས་ཚད་མའི་ལེགས་འདྲེན་པས། །ཐབས་མཆོག་ངེས་ཤེས་ནོར་བུའི་འོད་སྣང་འདི། །བློ་ལྡན་བློ་ཡི་དཔལ་དུ་ཤར་བ་བཞིན། །མདོ་རྒྱུད་གྲུབ་མཐའི་ལུང་རིགས་མན་ངག་གནད། །ཐེ་ཚོམ་དྲྭ་བར་ཆུད་པའི་རྩོད་རིགས་བརྒྱ། །སྔོན་མེད་ལེགས་བཤད་མཐོན་མཐིང་རལ་གྲི་ཡིས། །གཅོད་འདི་འཇམ་དཔལ་རྡོ་རྗེའི་ཕྲིན་ལས་གར། །དེ་སླད་སྐྱེས་སྦྱང་བློ་གྲོས་དམན་ན་ཡང་། །ཟབ་དོན་ངེས་གསང་མཆོག་གི་དགོངས་པའི་བཅུད། །ཡིད་ཀྱི་དཔྱིད་དུ་འགུགས་པའི་སྐལ་བཟང་ལ། །སེམས་ནས་དང་བའི་ཚུལ་གྱིས་འཇུག་ཁུལ་བྱས། །དེ་འདྲ་ན་ཡང་བློ་གྲོས་སྣང་བའི་སྒོ། །ངེས་འབྱེད་དོན་གཟིགས་འཕགས་པའི་དགོངས་གནད་དང་། །སོ་སྐྱེས་ཡིད་དཔྱོད་ཚིག་གི་རི་མོ་གཉིས། །གསེར་དང་ར་གན་མཉམ་པར་སུ་ཞིག་ལེན། །འོན་ཀྱང་དམ་པའི་ཞལ་སྐྱེམས་ཚད་མའི་ལུང་། །རྗེས་འབྲེལ་གཟུ་བོའི་བློ་ཡིས་ལེགས་དཔྱད་ནས། །སྨྲས་ཕྱིར་རི་དྭགས་རོ་ལས་གླ་རྩི་བཞིན། །བློ་སྐྱོན་རྙོག་མས་སྦག་པ་མེད་དམ་སྙམ། །འདི་ན་དལ་འབྱོར་དཔལ་གྱིས་ཉེར་འཁྱུད་པའི། །དྲི་མེད་རྒྱལ་བསྟན་མཇལ་བའི་དཔྱོད་ལྡན་རྣམས། །གཏན་གྱི་འདུན་མ་མ་ནོར་དམ་པའི་ལམ། །གང་འདིར་ཐོས་བསམ་སྒོམ་པས་འཇུག་མཛོད་ཀྱེ། །ཚུལ་འདི་མཁན་ཆེན་མཆོག་གི་ལེགས་གསུངས་ལ། །བརྟེན་ནས་དགོངས་དོན་སོར་བཞག་བྱས་ན་ཡང་། །མ་རྟོགས་བྱིས་བློས་འཁྲུལ་ཆ་གང་མཆིས་ཀུན། །རྩ་གསུམ་ལྷ་དང་ཆོས་སྤྱན་ལྡན་ལ་འཆགས། །འདིས་མཚོན་དུས་གསུམ་བསགས་པའི་ལེགས་ཚོགས་རྣམས། །ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །བཤད་སྒྲུབ་འཁོར་ལོ་གསུམ་གྱི་མངའ་ཐང་གིས། །ཕྱོགས་མཐར་ཁྱབ་ཅིང་རྒྱས་པའི་རྒྱུ་རུ་བསྔོ། །དེ་ཡི་མཐུ་ལས་མཁའ་ཁྱབ་ཡིད་ཅན་ཀུན། །ཟབ་མོའི་ལམ་འདིར་ངེས་པ་མཆོག་རྙེད་ནས། །ཐེག་གསུམ་བདུད་རྩིའི་སྨན་ཆར་ལ་རོལ་ཏེ། །དོན་གཉིས་འབྱོར་བས་མངོནཔར་མཛེས་གྱུར་ཅིག །བདག་ཀྱང་དེངས་ནས་བྱང་ཆུབ་མཆོག་གི་བར། །ལེགས་བཤད་འདི་དང་ནམ་ཡང་མི་འབྲལ་ཞིང་། །ཟབ་རྒྱས་མདོ་སྔགས་ཆོས་ཚུལ་མ་ལུས་པར། །འཇུག་པའི་ཞི་ལྷག་ཟུང་འབྲེལ་ཐོབས་པར་ཤོག །འདི་དང་གང་འབྲེལ་འཇམ་པའི་དབྱངས་ཉིད་ཀྱིས། །བྱིན་བརླབས་རྗེས་བཟུང་ཚེ་རིང་ནད་མེད་ཅིང་། །ངེས་དོན་སྙིང་པོའི་ལམ་བཟང་མཐོང་གྱུར་ཏེ། །ཕྱོགས་དུས་ཀུན་ཏུ་འཛིན་སྐྱོང་སྤེལ་གྱུར་ཅིག །མཁའ་ཁྱབ་ཞིང་གི་རྒྱལ་བ་སྲས་བཅས་དང་། །རབ་འབྱམས་རྩ་གསུམ་རྒྱ་མཚོའི་བདེན་མཐུ་ཡིས། །ཇི་ལྟར་སྨོན་པ་འགྲུབ་པའི་མཐུན་འགྱུར་དང་། །ཕྱོགས་དུས་ཀུན་ཏུ་དགེ་བའི་བཀྲ་ཤིས་རྩོལ། །ཅེས་པ་འདི་ཡང་སྐུ་སྐྱེས་ཐུབ་བསྟན་མཁས་བཙུན་བློས་གྲོས་གང་གིས་གཞུང་འདི་ཉིད་ཐུགས་ལ་འཛིན་ཅིང་ནན་ཏན་སྙིང་པོར་བྱེད་པ། ཟླ་བ་བཅུ་གཉིས་སུ་སྒྲུབ་པའི་རྣལ་འབྱོར་ལ་དམ་བཅའ་མཛད་ཅིང་། འཆི་ངེས་ཀྱི་སྲོག་བསླུ་བདུན་སོགས་ལེགས་བྱས་དགེ་བའི་སྐྱེས་དང་། གཞན་ཡང་བཀྲ་ཤིས་པའི་ལྷ་རེག །རིན་ཆེན་གཉིས་པའི་མེ་ཏོག་ངོ་མཚར་བའི་རྟགས་ཅན། རང་ལ་དུས་སུ་མཁོ་བའི་ཤར་རྒྱལ་མོ་རོང་གི་ཆུ་ཤོག་ཡུག་གྲངས་སོགས་དངོས་པོའི་རྫས་དང་བཅས་ཏེ་དོན་གཉེར་སྤྲོ་བའི་གསུང་གིས་ལན་མང་དུ་སྙིང་ནས་བསྐུལ་བ་ལྡོག་ཏུ་མ་ནུས་ནས། སྐྱབས་གཅིག་འཁོར་ལོའི་མགོན་པོ། རིས་མེད་བསྟན་པའི་མངའ་བདག །མཁས་བཙུན་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ཀཱཿཐོག་མ་ཧཱ་པཎྜི་ཏ། ༧བྱམས་ཆེན་ཏཱ་ཡི་སི་ཏུ་རིན་པོ་ཆེ་དང་། རྩོད་བྲལ་རིག་སྔགས་འཆང་བ། མཁྱེན་བརྩེ་ནུས་པའི་གཏེར་ཆེན། སྐྱབས་མགོན་འབྲེལ་ཚད་དོན་ལྡན། སྟོབས་བཅུའི་རྒྱལ་ཐབས་ལ་མངའ་དབང་བརྙེས་པའི། ༧གྲུབ་དབང་བྱམས་པ་ཆོས་འཛིན་རིན་པོ་ཆེ་ཟུང་གི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་སྐལ་བཟང་ཐོབ་ཅིང་། གཞན་ཡང་སྤོབས་པའི་གཏེར་བརྒྱད་གྲོལ་བའི་ཀུན་མཁྱེན་པདྨ་བི་ཛ། སྔ་འགྱུར་བསྟན་པའི་སྲོག་ཤིང་ཀུན་བཟང་ཆོས་ཀྱི་གྲགས་པ། འོད་གསལ་རིག་པའི་གཏེར་མཛོད་ངག་དབང་རྡོ་རྗེ་གཟི་བརྗིད། མདོ་རྒྱུད་ལེགས་བཤད་ཀྱི་འབྱུང་གནས་ཐུབ་བསྟན་དུལ་བའི་སྡེ། འཇམ་དབྱངས་སྤྲུལ་པའི་ཟློས་གར་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་སོགས་དམ་པ་དུ་མའི་བཀའ་དྲིན་གྱིས་འཚོ་བའི་རྨོངས་རྟུལ་བཙུན་གཟུགས་ཐུབ་བསྟན་མཁྱེན་བརྩེའི་བློ་གྲོས་ཞེས་བྱ་བའི་གདོལ་སྤྱོད་སྙོམ་ལས་མཁན་དེས། གསེར་སྨད་དབང་ཤར་ཆོས་སྡེའི་གཡས་ལུང་། སྐྱེ་མེད་རང་ཤར་སློང་གི་ཡང་དབེན། བཀྲ་ཤིས་ཉིན་མོར་བྱེད་པའི་སྤང་ལྗོངས། ལྷུན་གྲུབ་པདྨ་ཆོས་སྡིངས་ཀྱི་རི་མགུལ། །མཐིང་མདོག་མིག་སྨན་ཐིག་ལེའི་ལྡིང་ཁང་། གཙུག་ལག་ནོར་བུ་རྒྱས་པའི་དགའ་བའི་ཚལ་དུ་དུས་ཚེས་དགེ་བར་བྲིས་པ་འདིས་ཀྱང་སྔ་འགྱུར་རྡོ་རྗེ་སྙིང་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལམ།། །།