Nitartha Digital Library
Tibetan
 
previousལེགས་པར་བཤད་པ་མན་ངག་གི་བསྟན་བཅོས་ཟབ་མོ་སྡོམ་པའི་མཛོད།no next

ལེགས་པར་བཤད་པ་མན་ངག་གི་བསྟན་བཅོས་ཟབ་མོ་སྡོམ་པའི་མཛོད།

ལེགས་པར་བཤད་པ་མན་ངག་གི་བསྟན་བཅོས་ཟབ་མོ་སྡོམ་པའི་མཛོད་ཅེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། སུ་བྷ་ཥེ་ཏ་ཨུ་པ་དེ་ཤ་ཤཱ་སྟྲ་ནིམྣ་སམྦྷ་ར་གྷོ་ཥ་ནཱ་མ། བོད་སྐད་དུ། ལེགས་པར་བཤད་པ་མན་ངག་གི་བསྟན་བཅོས་ཟབ་མོ་སྡོམ་པའི་མཛོད་ཅེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྔོན་གོམས་ཚོགས་གཉིས་ཆུ་གཏེར་ལས་ཐོན་པའི། །མཁྱེན་བརྩེ་ཡེ་ཤེས་རྒྱས་པའི་ཟླ་གཞོན་གྱིས། །ཕན་བདེ་ཀུན་དགའི་བདུད་རྩི་མཆོག་རྩོལ་བ། །རྣམ་འདྲེན་བརྟན་པའི་འཁོར་ལོས་འགྲོ་འདི་སྐྱོངས། །མཐའ་གྲོལ་ལྟ་བའི་ལམ་མཆོག་མ་ནོར་བ། །ཟབ་རྒྱས་ཡིད་བཞིན་སྙིང་པོ་གཅིག་བསྡོམས་པའི། །མན་ངག་ལེགས་བཤད་བཻ་ཌཱུའི་བུམ་བཟང་ལས། །ཆོས་དཀར་བདུད་རྩིའི་དགའ་སྟོན་རྩོལ་ལ་སྤྲོ། །གང་ཞིག་འགྲོ་འདྲེན་སྟོན་པ་ཐུབ་དབང་དེ། །གདོད་ནས་ཆོས་སྐུའི་དབྱིངས་ལས་མ་གཡོས་ཀྱང་། །འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་བའི་ཕྱིར། །ལྷུན་གྲུབ་གཟུགས་སྐུའི་དཀྱིལ་འཁོར་ཕྱོགས་བཅུར་ཤར། །དེ་ཡང་གདུལ་བྱའི་མོས་པ་དང་མཐུན་པར། །སྤྲུལ་པའི་ཕྲིན་ལས་སྣང་བརྙན་སྣ་ཚོགས་ཀྱང་། །མཆོག་གི་སྤྲུལ་སྐུས་མི་འཇེད་འཇིག་རྟེན་འདིར། །སྙིགས་མའི་དུས་སུ་གདུལ་དཀའ་འདུལ་བའི་ཕྱིར། །དམ་པ་ཏོག་དཀར་ཐལ་དཀར་ཚུལ་གཤེགས་ནས། །རྒྱལ་པོའི་ཁབ་ཏུ་ཟས་གཙང་སྲས་སུ་ཞུགས། །ཟླ་བཅུ་རྫོགས་ནས་ལྟས་བཟང་དང་བཅས་ཏེ། །ཡུམ་གྱི་ལྷུམས་ནས་ལུམྦིའི་ཚལ་དུ་བལྟམས། །སྐྱེ་དགུའི་བདག་སོགས་མ་མ་སུམ་ཅུས་བསྐྱངས། །རིག་པའི་གནས་ལ་བསླབ་པའི་ཚུལ་མཛད་ཅིག །འཕོང་དང་སྒྱུ་རྩལ་ལ་སོགས་མཐར་ཕྱིན་ནས། །སྟོབས་རྩལ་མཐུ་ཡིས་ཤཱཀྱའི་གཞོན་ནུ་རྣམས། །ཡོངས་སུ་ཕམ་པས་ཤཱཀྱ་ཐུབ་པར་གྲགས། །བཙུན་མོ་དྲུག་ཁྲི་དང་བཅས་ཕོ་བྲང་དུ། །རྒྱལ་སྲིད་ཐབས་ཀྱིས་བསྐྱངས་ནས་ཉེར་དགུའི་ལོར། །ཁྱིམ་ནས་ངེས་པར་འབྱུང་ཞིང་རབ་ཏུ་བྱུང་། །ནཻ་རཉྫ་ནའི་འགྲམ་དུ་དཀའ་བ་སྤྱད། །བསམ་གཏན་ཏིང་འཛིན་མ་ལུས་རྫོགས་པར་མཛད། །དེ་ཚེ་ལྷ་རྣམས་ཀྱིས་ནི་བསྐུལ་བའི་མཐུས། །བྱང་ཆུབ་སྙིང་པོར་གཤེགས་ཚེ་ལེགས་སྐྱེས་མས། །ཡོལ་གོ་ཞོ་ཡིས་བཀང་སྟེ་ཕུལ་བ་བཞེས། །དེ་ཡི་སྟོབས་ཀྱིས་སྐུ་ལུས་གསེར་གྱི་མདོག །གྱུར་ཞིང་འཆི་མེད་དབང་པོ་བཀྲ་ཤིས་ཀྱིས། །རྩ་མཆོག་རྨ་བྱའི་མགྲིན་པ་ལྟར་ཕུལ་བ། །རྡོ་རྗེ་གདན་ལ་སྟན་དུ་མཛད་ནས་བཞུགས། །དེ་དུས་བདུད་སྡེ་བྱེ་བ་ཕམ་མཛད་ཅིང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་མཐར་མཛད་པས། །ཐོ་རེངས་མངོན་པར་རྫོགས་པར་སངས་རྒྱས་ནས། །བདུན་ཕྲག་བདུན་དུ་ཆོས་འཁོར་མ་གསུངས་བཞུགས། །དེ་ཚེ་ཚངས་དང་བརྒྱ་བྱིན་དད་པའི་བློས། །ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བའི་ཚེ། །དྲང་སྲོང་གནས་དང་བྱ་རྒོད་སྤུངས་རི་སོགས། །ལྷ་ཀླུ་མི་ཡི་གནས་བཅས་ཇི་སྙེད་ནས། །ཆོས་ཀྱི་འཁོར་ལོ་ཆེན་པོ་གསུམ་བསྐོར་ཏེ། །གདུལ་བྱའི་ཚོགས་རྣམས་ཡོངས་སུ་སྨིན་མཛད་ཅིང་། །ངོ་མཚར་ཆེན་པོའི་མཛད་པ་དང་བཅས་ཏེ། །རྩ་མཆོག་དྲུང་དུ་གཟུགས་སྐུའི་སྣང་བ་སྡུས། །དེ་ལྟར་བསོད་ནམས་ཆེན་པོས་འདུལ་བ་ལ། །སྐུ་མཆོག་མཛད་པ་བཅུ་གཉིས་སྟོན་པ་དང་། །གསུང་ཆོག་ཆོས་ཀྱི་ཕུང་པོས་འདུལ་བ་ལ། །མཐའ་ཡས་ཐེག་པའི་ཆོས་ཚུལ་སྣ་ཚོགས་མཛད། །ཐུགས་མཆོག་མངོན་པར་ཤེས་པས་འདུལ་བ་ལ། །འགྲོ་བའི་དབང་པོའི་བྱེ་བྲག་ཚུལ་བཞིན་མཁྱེན། །ཡོན་ཏན་ཕྲིན་ལས་དག་གིས་འདུལ་བ་ལ། །ཆོ་འཕྲུལ་སྣ་ཚོགས་འགྱེད་ཅིང་སྤྲོ་བསྡུ་སོགས། །སྲིད་པ་ཇི་སྲིད་བར་དུ་གནས་པར་སྟོན། །དེ་ལྟར་འདུལ་བ་བཞི་ཡིས་འགྲོ་བ་ཀུན། །སྲིད་མཚོའི་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ནས། །ཕན་བདེ་རིན་ཆེན་གླིང་དུ་ཁྲིད་མཛད་པའི། །དེད་དཔོན་སྙིང་རྗེའི་དབང་ཕྱུག་ཁྱེད་མིན་པར། །འཇིག་རྟེན་འདི་ན་མགོན་པོ་གཞན་མ་མཆིས། །དེ་ཡང་ཐེག་པའི་རྣམ་གྲངས་གསུངས་པ་ཀུན། །གང་ཟག་དབང་པོའི་བྱེ་བྲག་དང་མཐུན་པར། །བརྗོད་བྱའི་ཆོས་ཚུལ་སྣ་ཚོགས་མཐའ་མེད་ཀྱང་། །དོན་དུ་བསྡུ་ན་རྣམ་པ་བཞི་ཡིན་ཏེ། །འདུས་བྱས་མི་རྟག་དབུ་བ་རྡོས་པའི་ཚུལ། །ཟག་པ་སྡུག་བསྔལ་འཁོར་བའི་རང་བཞིན་ཅན། །ཆོས་ཀུན་དཔྱད་ན་སྟོང་ཞིང་བདག་མེད་པ། །ཇི་བཞིན་མཐོང་བའི་མྱང་འདས་ཞི་བའོ། །དེ་བཞིས་སྡེ་སྣོད་གསུམ་པོ་བསྡུས་པའི་ཕྱིར། །ལུང་དང་རྟོགས་པའི་ཆོས་ཚུལ་བླ་མེད་པ། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྙིང་པོར་གསུངས། །དེ་ཕྱིར་བསྟན་བྱ་ལུང་ལ་བཅུ་གཉིས་ཏེ། །མདོ་ཡི་སྡེ་དང་དབྱངས་སུ་བསྙད་པའི་སྡེ། །ལུང་བསྟན་ཚིགས་བཅད་ཆེད་དུ་བརྗོད་པའི་སྡེ། །གླིང་བཞིའི་སྡེ་དང་རྟོགས་པ་བརྗོད་པ་དང་། །དེ་ལྟར་བྱུང་དང་སྐྱེས་པ་རབས་ཀྱི་སྡེ། །ཤིན་ཏུ་རྒྱས་དང་རྨད་དུ་བྱུང་བའི་སྡེ། །གཏན་ལ་ཕབ་པའི་སྡེ་དང་བཅུ་གཉིས་སོ། །དེ་དག་བཀའ་བསྡུའི་ཚེ་ན་གསུམ་དུ་བསྡུས། །རྟོགས་པའི་ཆོས་ལ་རྣམ་པ་གསུམ་ཡིན་ཏེ། །ལམ་ལ་ཞུགས་མིན་རྒྱུད་ཀྱི་དགེ་སེམས་དང་། །སློབ་པ་ལམ་ལ་གནས་པའི་རྟོགས་པ་དང་། །མི་སློབ་ལམ་མཐར་ཕྱིན་པའི་རྟོགས་པའོ། །དེ་ལྟའི་ལུང་རྟོགས་ཆོས་ཀྱི་བརྗོད་བྱ་ནི། །གཏན་ལ་དབབ་བྱ་བདེན་པ་གཉིས་ཡིན་ཏེ། །ཀུན་རྫོབ་བདེན་དང་དམ་པའི་དོན་ཉིད་དེ། །དེ་ལ་ཀུན་རྫོབ་འཁྲུལ་བློ་བཅོས་མ་སྟེ། །ཚོགས་དྲུག་སྣང་བའི་ཡུལ་དང་བཅས་པ་ཡི། །འཁོར་བའི་ཆོས་ཚུལ་ཇི་སྙེད་ཐམས་ཅད་དང་། །ས་ཐོབ་གྱུར་ཀྱང་སེམས་དང་སེམས་བྱུང་ཀུན། །འགགས་མེད་སྣང་ཡུལ་མ་དག་གཟུགས་ལ་སོགས། །ཚོགས་དྲུག་སྣང་བཅས་སྤང་བྱར་གྱུར་ཏོ་ཅོག །གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་བོ། །དོན་ནས་སྤྲོས་པའི་མཐའ་དང་བྲལ་བ་ནི། །གཙོ་འཁོར་སེམས་ཀྱི་རྙོགས་པ་དང་བྲལ་བའི། །སྒྲ་ཚིག་རྫོགས་པའི་རྣམ་རྟོག་ལས་འདས་པའི། །ཟབ་ཞི་རང་བཞིན་རྣམ་པར་དག་པའི་དབྱིངས། །མི་རྟོགས་རང་རིག་ཡེ་ཤེས་སྤྱོད་ཡུལ་ཡིན། །དབྱེ་ན་ཀུན་རྫོབ་ལ་ཡང་ཡང་ལོག་གིས། །ཐ་སྙད་འཇིག་རྟེན་ཉིད་ལ་ལྟོས་ནས་བཞག །དེ་ཡང་བློ་འཁྲུལ་ལ་སྣང་སྐྲ་ཤད་ལྟར། །མེད་པ་གསལ་སྣང་ལོག་པའི་ཀུན་རྫོབ་དང་། །དབང་པོ་སྐྱོན་མེད་ཤེས་པ་མ་འཁྲུལ་པའི། །ཡུལ་དུ་གྱུར་པའི་སྣོད་བཅུད་ཇི་སྙེད་ཀུན། །སྣང་ངོར་བདེན་པས་ཡང་དག་ཀུན་རྫོབ་བོ། །ཡུལ་ལ་ལྟོས་ན་དོན་བྱེད་ནུས་པ་དང་། །དེ་ལས་ལྡོག་པའི་ཁྱད་པར་དག་གིས་དབྱེ། །འདི་ལ་ཁ་ཅིག་ཀུན་རྫོབ་ཐ་སྙད་དུ། །རང་གི་ངོ་བོས་གྲུབ་པར་འདོད་གྱུར་ཀྱང་། །ཐལ་འགྱུར་རིགས་པས་དེ་དག་སུན་ཕྱུང་སྟེ། །མ་འཁྲུལ་འཕགས་པའི་བློ་ལ་སྣང་ཡུལ་ཀུན། །ཡེ་ནས་མ་གྲུབ་རང་བཞིན་སྟོང་མོད་ཀྱང་། །ཐ་སྙད་ལ་ལྟོས་སྣ་ཚོགས་བཞག་པ་ཀུན། །སྒྱུ་མའི་དཔེ་བརྒྱད་ཚུལ་གྱིས་གཏན་ལ་འབེབས། །ངོ་བོ་གྲུབ་པའི་ཆོས་སུ་རྡུལ་ཙམ་མེད། །དེས་ན་སྟོང་དང་རྟེན་འབྱུང་དབྱེར་མེད་པར། །ཐ་སྙད་ཙམ་དུ་སྣང་བ་འགགས་མེད་དང་། །དཔྱད་ན་ཡེ་ནས་མ་གྲུབ་སྤྲོས་ཀུན་བྲལ། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་དབྱིངས་སུ་གཅིག །དེ་ཕྱིར་ངོ་བོ་ལྡོག་པ་གཅིག་དང་ནི། །ཐ་དད་གང་དུ་མ་གྲུབ་སྟོང་རྟེན་འབྱུང་། །ཟུང་འཇུག་འགལ་འདུ་བྲལ་བ་འདི་མཐོང་ན། །ཐབས་དང་ཐབས་བྱུང་གྱུར་པའི་གནད་དེ་རྟོགས། །ལ་ལས་བདེན་གཉིས་སྒྱུ་མའི་རང་བཞིན་དུ། །གནས་པར་འདོད་པའང་འཐད་པ་མ་ཡིན་ཏེ། །སྒྱུ་མ་སྐྱེ་འཇིག་བྱེད་པ་ཅི་བཞིན་དུ། །དོན་དམ་དེ་ཡང་སྐྱེ་འཇིག་ཉིད་ཐལ་བས། །ཀུན་མཁྱེན་ཡེ་ཤེས་འདུས་བྱས་ཉིད་དུ་གྱུར། །དེས་ན་བདེན་གཉིས་འཇལ་བྱེད་ཚད་མ་ཡིས། །འཇིག་རྟེན་བློ་ལ་ལྟོས་ནས་ཐ་སྙད་དུ། །སྣང་བ་སྣ་ཚོགས་འགོག་མེད་གཞལ་བར་བྱེད། །དེ་ཡང་རྒྱུ་ཡི་ཚོགས་རྣམས་ཚང་ན་ནི། །འབྲས་བུ་སྐྱེ་བའི་བྱ་བ་བྱེད་པ་དང་། འབྲས་བུ་དེ་ཡང་རྒྱུ་ལ་ལྟོས་པའི་ཕྱིར། །ཚད་མ་འདི་ཡིས་འཇུག་ལྡོག་ཤེས་པར་འགྱུར། །དེས་ན་གྲུབ་མཐའི་བྱེ་བྲག་ཇི་སྙེད་དང་། །འཇིག་རྟེན་འཇིག་རྟེན་འདས་པའི་བསླབ་བྱ་སོགས། །རྒྱུ་དང་འབྲས་བུའི་ཚུལ་ལ་ལྟོས་པ་ཀུན། །གནས་དང་གནས་མིན་ཚུལ་བཞིན་འབྱེད་པར་གྱུར། །དངོས་པོའི་ཆོས་ཉིད་རང་གི་ངོ་བོ་ཡི། །མཚན་གཞི་དག་ལ་མཚན་ཉིད་གཞལ་བྱེད་པས། །སྲ་གཤེར་ལ་སོགས་རང་རང་ངོ་བོ་ཡིས། །ཐུན་མིན་དོན་བྱེད་ནུས་པ་འགོག་མེད་ཡིན། །དེ་ལྟར་འཇལ་བྱེད་ཚད་མ་མངོན་རྗེས་ཀྱིས། །གཞལ་བའི་ཆོས་སུ་བསྒྲུབ་ལ་ཚུལ་གསུམ་གྱི། །གཏན་ཚིགས་རྒྱུ་འབྲས་དགག་སྒྲུབ་འགལ་འབྲེལ་གྱིས། །ཡོངས་སུ་དཔྱད་པས་ཐ་སྙད་ཚད་མ་རྙེད། །དོན་དམ་དཔྱོད་པའི་ཚད་མ་བློ་ཡིད་ཀྱིས། །སྣང་ཡུལ་བཀག་པའི་སྟོང་ཉིད་ལ་བརྟེན་ནས། །མཐར་ཐུག་སྤྲོས་བྲལ་ཡེ་ཤེས་རྟོགས་འགྱུར་ཞེས། །རང་རྒྱུད་ལུགས་ལ་དོན་དམ་གཉིས་ཡིན་ཀྱང་། །དཔྱད་ན་སྣང་བ་ཁེགས་པའི་སྟོང་རྐྱང་ནི། །ཀུན་རྟོག་བློ་ཡིས་དཔྱོད་པ་ཉིད་ཡིན་ཕྱིར། །དེ་ནི་ཀུན་རྫོབ་ཡིན་གྱི་དོན་དམ་མིན། །དེས་ན་མེད་པར་འཛིན་པའི་བློ་ཙམ་གྱིས། །གནས་ལུགས་དབུ་མའི་མཐར་ཐུག་མི་རྙེད་ཀྱང་། །འོན་ཀྱང་མཛུབ་མོས་ཟླ་བསྟེན་དེ་མཐོང་བཞིན། །ཐ་སྙད་བློ་ཡི་ཚད་མ་ལ་བརྟེན་ནས། །དམ་པའི་དོན་གྱི་བདེན་པ་གཞལ་བར་བྱེད། །རང་མཚན་ཉེ་བར་འཇལ་བྱེད་བློ་མིན་པས། །མཉམ་བཞག་མི་རྟོག་རང་རིག་ཡེ་ཤེས་ཀྱིས། །མཐའ་བྲལ་སྤྲོས་པའི་ཆུ་འཛིན་དང་བྲལ་བའི། །ཆོས་དབྱིངས་སྟོང་པའི་མཁའ་ལ་གཞལ་བར་བྱེད། །དེ་ཡི་ངོ་བོ་མིང་ཚིགས་དང་བྲལ་ཞིང་། །རྟོག་མཐོང་ཙམ་གྱི་ཆོས་སུ་མི་དམིགས་པས། །སོ་སྐྱེས་བློ་ཡི་སྤྱོད་ཡུལ་མ་ཡིན་ནོ། །དེ་ལྟར་བདེན་པ་གཉིས་ཀྱི་གནས་ཚུལ་ལ། །ཇི་བཞིན་མ་མཐོང་གཟུགས་འཛིན་ཞེན་པས་བསླད། །མིང་སྣང་སྟོང་པའི་ཆོས་ལ་ཡོད་པར་བཟུང་། །མ་རྟོགས་སོ་སྐྱེས་དག་ནི་འཁོར་བར་འཁྱམས། །གནས་ཚུལ་ཇི་བཞིན་འབྱེད་པའི་ཤེས་རབ་ཀྱིས། །ཆོས་རྣམས་སྟོང་དང་རྟེན་འབྱུང་དབྱེར་མེད་པར། །མཐར་འཛིན་སྤྲོས་པས་མ་བསླད་དབུ་མའི་ལམ། །ཡང་དག་ཐུགས་སུ་ཆུད་པ་འཕགས་པ་སྟེ། །ཐ་སྙད་ཆོས་ཚུལ་འཇིག་རྟེན་མཐུན་འཇུག་ཀྱང་། །གཉིད་པའི་སྐྱེ་བོ་རྨི་ལམ་གསལ་བ་ལ། །གཉིད་དང་བྲལ་བ་ཞིག་གིས་རྫུ་འཕྲུལ་གྱིས། །དེ་ཡི་རྨི་ལམ་དེ་ངོར་ཆོས་འཆད་ལྟར། །རང་ངོར་འཁྲུལ་པའི་གསལ་སྣང་མ་མཆིས་ཀྱང་། །འཇིག་རྟེན་མཐུན་འཇུག་ཡིན་པར་ཐུབ་པས་གསུངས། །འཕགས་པ་ལ་ཡང་ལམ་ལ་གོམས་སྟོབས་ཀྱིས། །ཁྱད་པར་དག་ལས་སངས་རྒྱས་མ་ཐོབ་པར། །མཉམ་རྗེས་གཉིས་སུ་མེད་པ་མ་མཆིས་ཀྱང་། །འོག་མ་དག་ལས་གོང་མ་རིམ་པར་འཕགས། །དེས་ན་ལམ་ལ་འཇུག་དོད་སྐྱེ་བོ་ཡིས། །བདེན་པ་གཉིས་ཀྱི་རང་བཞིན་དྲི་མེད་ལ། །མ་ནོར་ངེས་པའི་ཚད་མའི་མིག་བཟང་གིས། །གནས་དང་གནས་མིན་འཇུག་ལྡོག་ཚུལ་ཤེས་ན། །ཟབ་དང་རྒྱ་ཆེའི་ཆོས་ཚུལ་ཇི་སྙེད་ཀྱི། །དོན་ལ་རྨོངས་པའི་སྐྱོན་བྲལ་ཤེས་རབ་ཀྱིས། །བསམ་གྱིས་མི་ཁྱབ་ཡུལ་ལ་སྒྲོ་འདོགས་སེལ། །དོན་དམ་སྤྲོས་པའི་མཐའ་དང་བྲལ་བ་ཡི། །ཟུང་འཇུག་རྟོག་བྲལ་ཡེ་ནས་མངོན་དུ་འགྱུར། །དེ་ལྟར་ཟབ་རྒྱས་ཆོས་ཀྱི་ཤེས་རབ་ཀྱིས། །བདེ་གཤེགས་སྲས་བཅས་གཤེགས་པའི་ལམ་བཟང་ཉིད། །ཇི་བཞིན་མཐོང་ནས་མདོ་སྔགས་ཆོས་ཀྱི་ཚུལ། །རྙེད་དཀའི་དུས་སུ་རྙེད་ལ་བརྩོན་པར་གྱིས། །ལེགས་པར་བཤད་པ་མན་ངག་གི་བསྟན་བཅོས་ཟབ་མོ་སྡོམ་པའི་མཛོད་ཅེས་བྱ་བ་ལས་བདེན་གཉིས་ཀྱི་སྐབས་མདོར་བསྟན་པའི་ལེའུ་སྟེ་དང་པོའོ།། ༈ །།འདུས་བྱས་ཆོས་རྣམས་ཐམས་ཅད་མི་རྟག་པས། །སྐད་ཅིག་འཇིག་པའི་རང་བཞིན་ཁོ་ན་ལས། །འགྱུར་མེད་རྟག་པར་གནས་པའི་བདག་ཉིད་ཅན། །ཆ་མེད་རིགས་པས་བརྟགས་ན་འགའ་ཡང་མེད། །དེས་ན་ཕྱི་སྣོད་མི་རྟག་སྐྱེ་ཞིང་འཇིག །ནང་བཅུད་འགྲོ་བ་མི་རྟག་སྐྱེ་འཆི་ཅན། །དངོས་པོ་གང་ཡང་མི་རྟག་འགྱུར་བའི་ཆོས། །འདུས་བྱས་སྒྱུ་མའི་དཔེ་བཞིན་ཤེས་པར་བྱ། །སྐྱེ་བའི་སྣོད་ནི་ནམ་མཁའ་སྟོང་པ་ལ། །བརྟན་ནས་རླུང་ཆགས་བསྲུབ་བྱེད་ཀུན་ཁྱབ་དང་། །རྩུབ་འགྱུར་སྡུད་བྱེད་སྨིན་འབྱེད་རྣམ་དྲུག་གིས། །བསྲུབ་བརྡལ་གཏོར་སྡུད་ཆགས་པ་སོ་སོར་འབྱེད། །དེ་སྟེང་སྤྲིན་གྱི་སྙིང་པོ་ལས་བྱུང་བའི། །ཆར་གྱི་རྒྱུན་ལས་གསལ་དག་རྒྱ་མཚོ་ཆགས། །བསྲུབ་བྱེད་རླུང་གིས་ཆུ་དེ་རྣམས་བསྲུབ་པས། །སྟེང་དུ་ས་ཡི་དཀྱིལ་འཁོར་གྲུ་བཞི་ཆགས། །དེ་སྟེང་རི་རབ་ལྷུན་པོ་གྲུ་བཞི་པ། །ཕྱོགས་བཞི་རིན་ཆེན་བཞི་ལས་གྲུབ་པ་ལ། །བང་རིམ་བཞི་ལྡན་འོག་ནས་ཡར་རིམ་དུ། །རྡོ་རྗེ་ཅན་དང་རྣམ་སྤུངས་ཤེལ་འོད་འབར། །འཁོར་ལོ་རྣམ་པར་བརྩེགས་པ་ཞེས་བྱའོ། །དེ་ལ་གྲུ་བཞིའི་ཚུལ་དུ་རི་བདུན་གྱིས། །ལེགས་པར་བསྐོར་ཏེ་གཉའ་ཤིང་འཛིན་དང་ནི། །གཤོལ་མདའ་འཛིན་དང་སིང་ལྡེང་ཅན་ལྟ་སྡུག །རྟ་རྣ་རྣམ་འདུད་མུ་ཁྱུད་འཛིན་རི་རྣམས། །ནང་མའི་ཕྱེད་ཕྱེད་ཕྱི་མའི་གནམ་འཕང་སླེབས། །ཕྱི་མཐའི་འཁོར་ཡུག་རི་ནི་ལྕགས་ལས་གྲུབ། །མཐོ་དམན་མུ་ཁྱུད་འཛིན་རིའི་ཕྱེད་དུ་སླེབས། །རི་བདུན་བར་ན་རོལ་པའི་མཚོ་བདུན་ཞེས། །ཡན་ལག་བརྒྱད་ལྡན་ཆུ་ཡིས་གང་བ་ཡོད། །མུ་ཁྱུད་འཛིན་ནས་འཁོར་ཡུག་བ་ཚྭ་ཅན། །ཕྱི་ཡི་རྒྱ་མཚོར་གྲགས་པ་དེ་ཡོད་དོ། །དེ་བར་གླིང་བཞི་ཆུ་ལས་ཁད་མཐོ་སྟེ། །ལུས་འཕགས་ཟླ་གམ་འཛམ་གླིང་སོག་གའི་དབྱིབས། །བ་གླང་སྤྱོད་ཟླུམ་སྒྲ་མི་སྙན་གྲུ་བཞི། །གླིང་གཡོག་བརྒྱད་ནི་གཙོ་བོའི་གཡས་གཡོན་དུ། །ཆེ་ཆུང་གཙོ་བོའི་ཕྱེད་དུ་ཡོད་པར་ཆགས། །རི་གླིང་ཀུན་ཀྱང་ཆུ་ཡི་ནང་དུ་ནི། །དཔག་ཚད་བརྒྱད་ཁྲི་ནུབ་ཅིང་ས་གཞིར་གནས། །ཏི་སེའི་འོག་ནས་དཔག་ཚད་ཉི་ཁྲི་ན། །དམྱལ་བ་མནར་མེད་དེ་ཡི་སྟེང་ནས་ཡར ། །རིམ་པར་ཚ་བའི་དམྱལ་བ་ལྷག་བདུན་པོ། །དེ་དག་ས་གཞི་རི་རྣམས་ལྕགས་བསྲེག་ལ། །ལྗོན་ཤིང་རལ་གྲི་ཆུ་རྣམས་ཁྲོ་ཞུན་ནོ། །དེ་དང་འདབ་འབྱོར་གྲང་དམྱལ་བརྒྱད་པོ་ཡང་། །བརྩེགས་མར་ཚ་དམྱལ་བརྒྱད་ཐད་རིམ་བཞིན་གནས། །དེ་དག་ས་གཞི་གངས་ཀྱི་མཐར་ཆགས་ལ། །ཆུ་མཚོ་འཁྱག་རོམ་གྲང་བའི་ངད་ལྡན་ནོ། །ཉི་ཚེའི་གནས་ལ་ངེས་མེད་ཉེ་འཁོར་ནི། །ཚ་དམྱལ་འཁོར་གྱི་ཚུལ་དུ་གནས་པ་ཡིན། །ཡི་དྭགས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འོག །དཔག་ཚད་ལྔ་བརྒྱ་འདས་པ་རྩ་བའི་གནས། །ས་གཞིར་རླན་མེད་བྱེ་མའི་རང་བཞིན་ལ། །ལྗོན་ཤིང་སྐམ་པོ་ཆུ་ཀླུང་རྣག་དང་ཁྲག །ཡན་ལག་ངེས་མེད་ལྷ་མའི་ཁམས་སོགས་གནས། །དུད་འགྲོ་བྱིངས་གནས་རྒྱ་མཚོ་ཆེན་པོ་ལ། །རི་གླིང་བར་སོགས་ཆུ་ཡི་རང་བཞིན་ལས། །བཀོད་པ་ཐ་དད་གྲུབ་པ་མེད་མོད་ཀྱང་། །འཁྲུལ་བའི་ལས་སྣང་སྣ་ཚོགས་ཡོད་པར་བཤད། །ཁ་ཐོར་ལྷ་མའི་གནས་སོགས་ངེས་མེད་དོ། །མཐོ་རིས་མི་ཡི་གནས་ནི་གླིང་བཞི་དང་། །རྔ་ཡབ་མ་གཏོགས་གླིང་ཕྲན་གཞན་ཡང་ཡིན། །ལྷ་མིན་ལྷུན་པོའི་ཆུ་མཚམས་མན་ཆད་ཀྱི། །ཁོང་སེང་ནང་ནས་རིམ་པར་སྒྲ་གཅན་དང་། །དཀར་ཕྲེང་མགུལ་ཕྲེང་གནས་ཤིང་ཐགས་བཟང་རིས། །གསེར་གྱི་ས་གཞིའི་སྟེང་ལ་བརྟེན་ནས་གནས། །ལྷ་ཡི་གནས་ལའང་ས་ལ་བརྟེན་པ་ནི། །ལྷུན་པོའི་བང་རིམ་དང་པོར་གཞོང་ཐོགས་དང་། །གཉིས་པར་ཕྲེང་ཐོགས་གསུམ་ན་རྟག་མྱོས་གནས། །བཞི་པར་རྒྱལ་ཆེན་རིགས་བཞིའི་ལྷ་གནས་ཏེ། །སྐྱེད་ཚལ་ཁང་བཟང་ལ་སོགས་དཔག་མེད་ཅིང་། །ཤར་ཕྱོགས་ཡུལ་སྲུང་ལྷོ་ན་འཕགས་སྐྱེས་པོ། །ནུབ་ཏུ་སྤྱན་བཟང་བྱང་ན་རྣམ་ཐོས་སྲས། །མ་ཟད་གསེར་རི་དྭགས་ལའང་འདིའི་རིགས་གནས། །ཉི་ཟླ་སྐར་གསུམ་ལྷུན་པོའི་ཕྱེད་མཚམས་ནས། །གླིང་བཞིར་བགྲོད་ནས་དུས་ཚིགས་དང་བཅས་འགྲོ། །རི་རབ་རྩེ་ན་སུམ་ཅུ་རྩ་གསུམ་སྟེ། །ནོར་ལྷ་བརྒྱད་དང་དྲག་པོ་བཅུ་གཅིག་དང་། །ཉི་མ་བཅུ་གཉིས་ཐ་སྐར་བུ་གཉིས་གནས། །ལྷན་པོའི་ཕྱོགས་བཞིར་ཁང་བརྩེགས་བཞི་དང་ནི། །དབུས་ན་གྲོང་ཁྱེར་བལྟ་ན་སྡུག་པ་དང་། །དེ་ཡི་ཕྱོགས་བཞིར་ཚལ་བཞི་ཡོད་པ་ལ། །ས་གཞི་བཟང་པོ་བཞི་ཡིས་བསྐོར་བའོ། །བྱང་ཤར་མཚམས་ན་ཡོངས་འདུས་ས་བརྟོལ་ཤིང་། །ལྷོ་ནུབ་ཆོས་བཟང་ལྷ་ཡི་འདུན་ས་ཡོད། །གཞན་ཡང་དབང་པོའི་ཁྲི་སོགས་དཔག་མེད་གནས། །དེ་ཡི་སྟེང་ན་ནམ་མཁར་བརྟེན་པའི་ལྷ། །རིམ་པར་འཐབ་བྲལ་དགའ་ལྡན་འཕྲུལ་དགའ་དང་། །གཞན་འཕྲུལ་དབང་བྱེད་ཅེས་བྱའི་ལྷ་གནས་སོ། །དེ་སྟེང་གཟུགས་ཁམས་བསམ་གཏན་བཞི་རིམ་བཞིན། །ཚངས་རིས་མདུན་འདོན་ཚངས་ཆེན་འོད་ཆུང་དང་། །ཚད་མེད་འོད་དང་འོད་གསལ་དགེ་ཆུང་དང་། །ཚད་མེད་དགེ་དང་དགེ་རྒྱས་སྤྲིན་མེད་ལྷ། །བསོད་ནམས་སྐྱེས་དང་འབྲས་བུ་ཆེ་བ་དང་། །མི་ཆེ་མི་གདུང་ཤིན་མཐོང་གྱ་ནོམ་སྣང་། །འོག་མིན་དང་བཅས་གཟུགས་ཁམས་བཅུ་བདུན་ནོ། །འདི་དག་འོད་ཀྱི་ལུས་ལ་ཏིང་འཛིན་ཟས། །སྤྲུལ་པའི་ལོངས་སྤྱོད་འོད་ཀྱི་གཞལ་མེད་ཁང་། །དེ་སྟེང་གཟུགས་མེད་ནམ་མཁའ་མཐའ་ཡས་དང་། །རྣམ་ཤེས་མཐའ་ཡས་ཅི་ཡང་མེད་པ་དང་། །སྲིད་པའི་རྩེ་མོ་བཞི་ལ་གནས་མེད་དོ། །འོན་ཀྱང་ནམ་མཁའ་སྟོང་པ་རྟེན་དུ་བཤད། །དེ་ལྟར་ཆགས་པའི་བསྐལ་པ་རྫོགས་ཚད་ནི། །ཚེ་ལོ་གྲངས་མེད་ནས་བཟུང་མར་འགྲིབ་པར། །མནར་མེད་གནས་སུ་འགྲོ་གཅིག་སྐྱེ་ནའོ། །དེ་ཡི་ཡུན་ལ་བར་བསྐལ་ཉི་ཤུ་སྟེ། །འོག་ནས་སུམ་ཅུ་རྩ་གསུམ་རིམ་ཆགས་པ། །སྣོད་ཆགས་པ་ལ་བར་བསྐལ་གཅིག་ཡིན་ཞིང་། །དེ་ནས་བཅུ་དགུའི་ནང་བཅུད་ཆགས་པ་རྫོགས། །གནས་པའི་བསྐལ་པ་ཚེ་ལོ་དཔག་མེད་ནས། །བརྒྱད་ཁྲི་དེ་ནས་བཅུ་ཡི་བར་དུ་འགྲིབ། །ཡ་ཐོག་རིང་མོ་ཞེས་བྱ་འགྲིབ་བསྐལ་གཅིག །དེ་ནས་ཡར་ལ་བརྒྱད་ཁྲི་བར་སྐྱེ་ནས། །བཅུ་པར་མར་འགྲིབ་བར་བསྐལ་གཅིག་ཡིན་ལ། །དེ་འདྲ་བཅོ་བརྒྱད་འཕེལ་འགྲིབ་བར་ཁུག་གོ། །དེ་ནས་སྔར་བཞིན་ཡར་སྐྱེད་མར་འགྲིབ་ནི། །མ་ཐོག་རིང་མོ་ཞེས་བྱ་དེ་གསུམ་ཡུན། །བར་བསྐལ་ཉི་ཤུའི་ཚད་ཀྱིས་རྫོགས་པའོ། །འཇིག་པའི་བསྐལ་པ་གནས་རིས་འོག་མ་ནས། །ཡར་རིམ་སྟོང་ཞིང་འཛམ་གླིང་མི་ཞིག་གིས། །བསམ་གཏན་ཐོབ་པ་དེ་སྒྲས་རྐྱེན་བྱས་ནས། །གླིང་གཞན་གསུམ་པོས་བསམ་གཏན་དེ་བསྒོམ་པས། །བསམ་གཏན་དང་པོར་སྐྱེ་ཡང་བྱང་གླིང་པ། །རྣམ་སྨིན་སྒྲིབ་པས་འདོད་ཆགས་མ་བྲལ་བས། །འདོད་ལྷར་སྐྱེ་ལ་དེ་དྲུག་རིམ་བཞིན་དུ། །ཆོས་ཉིད་ཀྱིས་ཐོབ་བསམ་གཏན་དང་པོར་སྐྱེས། །དེ་ནས་ཡར་ལ་ཏིང་འཛིན་ཆེར་ཐོབ་ནས། །བསམ་གཏན་གཉིས་པར་སྐྱེས་ཚེ་འདོད་ཁམས་སྟོང་། །དེ་ནས་ཉི་མ་གཉིས་ནས་བདུན་གྱི་བར། །རིམ་པར་ཤར་བས་གླིང་བཞི་རི་རབ་ཀུན། །རབ་ཏུ་བསྲེག་ཅིང་འབར་བས་རྐྱེན་བྱས་ནས། །རྟོག་དཔྱོད་མཐུ་ལས་རང་སའི་མེ་འབར་དེས། །བསམ་གཏན་དང་པོའི་ཁང་སྟོང་བསྲེགས་པར་འགྱུར། །གཉིས་པར་གནས་པ་དག་ཀྱང་གསུམ་པར་སྐྱེ། །དེ་ཚེ་མཁའ་ལས་ཆར་བབས་ཆུས་འཇིག་པས། །བསམ་གཏན་གཉིས་པ་མན་ཆད་ཞིག་པར་འགྱུར། །གསུམ་པ་རྣམས་ཀྱང་བཞི་བའི་ལྷར་སྐྱེས་པས། །འཇིག་པ་མེད་ཅིང་ཏིང་འཛིན་ཁོ་ནས་མཚོ། །དེ་ཚེ་རླུང་གིས་ཕྱོགས་བཅུར་གཏོར་བ་ཡིས། །བསམ་གཏན་གསུམ་པ་མན་ཆད་ཞིག་འགྱུར་བས། །རྟེན་མེད་ནམ་མཁའ་གཅིག་ཏུ་གྱུར་པའོ། །དེ་ལྟར་མནར་མེད་གནས་སུ་སྐྱེས་པ་ནི། །ནམ་ཞིག་ཆད་ཚེ་འཇིག་པའི་ཐོག་མ་སྟེ། །དེ་ནས་ཁམས་སྟོང་གཉིས་པར་སྐྱེ་བའི་ཡུན། །བར་བསྐལ་བཅུ་དགུ་མཐར་འཇིག་བསྐལ་གཅིག་སྟེ། །བསྡོམས་པའི་ཉི་ཤུ་འཇིག་པའི་བསྐལ་བའོ། །སྟོངས་པའི་བསྐལ་པ་བར་བསྐལ་ཉི་ཤུའི་ཡུན། །འཇིག་རྟེན་མེད་པ་ནམ་མཁའ་སྟོང་པར་གནས། །དེ་ལྟར་ཆགས་གནས་འཇིག་སྟོངས་དེ་དག་གི། །བར་བསྐལ་དེ་སྙེད་བསྡོམ་པས་བསྐལ་ཆེན་ཏེ། །བར་བསྐལ་བརྒྱད་ཅུར་དེ་ཉིད་བརྗོད་ཕྱིར་རོ། །གོ་རིམ་ཡིད་བཞིན་མཛོད་ལས་ཐུན་མིན་དང་། །ཐུན་མོང་མངོན་པའི་གཞུང་ལས་ཤེས་པར་བྱ། །སྤྱིར་ཙམ་འཇིག་རྟེན་ཁམས་ལ་མཐའ་མེད་ཀྱང་། །འདིར་ནི་སྟོང་གསུམ་འཇིག་རྟེན་བཀོད་པའི་ཞིང་། །བྱེ་བ་ཕྲག་བརྒྱ་སྐྱེ་འཇིག་དུས་མཉམ་ཞིང་། །སངས་རྒྱས་གཅིག་གི་གདུལ་བྱ་ཡིན་པའི་ཕྱིར། །དེ་ཡི་བཀོད་པ་མདོ་ཙམ་བསྟན་པའོ། །ནང་བཅུད་རྣམས་ཀྱང་རྟག་པ་མ་ཡིན་ཏེ། །ཕྱི་སྣོད་ཆགས་པའི་རྗེས་སུ་སྲིད་རྩེ་ནས། །རིམ་པར་ལས་དབང་དག་ལས་མར་མར་དུ། །གནས་རིས་རྣམས་སུ་སེམས་ཅན་མཆེད་པ་སྟེ། །སྲིད་པ་དག་ནི་རྣམ་པ་ལྔ་ཡིན་ལ། །སྲིད་པ་བར་མ་དེ་རུ་མི་གཏོགས་ཀྱང་། །བག་ཆགས་དབང་གིས་སྔ་ཕྱིའི་གཟུགས་སུ་སྣང་། །སྐྱེ་གནས་བཞི་ལས་འགྲོ་བ་སོ་སོར་སྐྱེ། །མི་རྣམས་དང་པོའི་དུས་ན་ལྷ་ཡི་བུ། །འཛམ་བུ་གླིང་བར་འཕོས་པ་བརྫུས་སྐྱེས་ཏེ། །ཚེ་ལོ་གྲངས་མེད་ཐུབ་ཅིང་དེ་མཐུན་པར། །གླིང་གཞན་དུ་ཡང་མི་རྣམས་མཆེད་པར་གྱུར། །དེ་ཚེ་ཉོན་མོངས་རགས་པ་མ་མཆིས་ཀྱང་། །ལས་དབང་མཐུ་ལས་བག་ཆགས་ཆེས་ཆེར་འཕེལ། །དུས་ཀྱང་དེ་མཐུན་རིམ་གྱིས་འགྲིབ་གྱུར་པས། །ཚེ་ལོ་གྲངས་མེད་ནས་རིམ་བརྒྱད་ཁྲི་དང་། །དྲུག་ཁྲི་ཉི་ཁྲི་བཅུ་བའི་བར་དག་ཏུ། །ཚེ་དང་སྐྱེ་གནས་ལོངས་སྤྱོད་ལུས་ཚད་དང་། །ཡུལ་གྱི་ཡོན་ཏན་དང་བཅས་མར་མར་འགྲིབ། །བཅུ་པའི་ཚེ་ན་རྣམ་རྟོག་ཉོན་མོངས་རགས། །རྒྱལ་བའི་སྤྲུལ་པས་བརྟུལ་ཞུགས་ལྔ་བཤད་པས། །རིམ་བཞིན་མི་དགེ་སྤངས་པས་ཚེ་ལོ་འཕེལ། །ཉི་ཤུ་བཞི་བཅུ་བརྒྱ་དང་ཉིས་བརྒྱ་དང་། །ལྔ་བརྒྱ་སྟོང་དང་ཉིས་སྟོང་ལྔ་སྟོང་དང་། །ཉི་ཁྲི་བཞི་ཁྲི་བརྒྱད་ཁྲིའི་བར་དུ་འཕེལ། །ཡུལ་བཀོད་གཟུགས་འབྱོར་སྤྱོད་པའང་དེ་བཞིན་ནོ། །རྫོགས་ལྡན་འདས་ནས་ཚེ་ལོ་མར་འགྲིབ་དུས། །མི་དགེའི་མཐུ་ལས་ལས་སྣང་དམྱལ་བ་སོགས། །ངན་སོང་རྣམས་སུ་འགྲོ་བ་མཆེད་པར་འགྱུར། །ལུས་ཚད་ངན་འགྲོ་དག་ལ་ངེས་པ་མེད། །ལྷོ་གླིང་མི་རྣམས་ཚེ་ལོ་བརྒྱ་པའི་དུས། །ཁྲུ་བཞི་པ་ལ་ཕྱེད་ཀྱིས་ཆུང་བ་ཡོད། །དེ་བཞིན་ཤར་ནུབ་བྱང་གླིང་གསུམ་པོ་ནི། །སྔ་མ་དག་ལས་ཕྱི་མ་ཉིས་འགྱུར་འཕགས། །འདོད་ལྷ་དྲུག་པོ་རྒྱང་གྲགས་བཞི་ཆ་ནས། །ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད་པའོ། །གཟུགས་ཁམས་དག་ལ་ཚངས་རིས་དཔག་ཚད་ཕྱེད། །གོང་མ་གསུམ་པོ་ཕྱེད་ཕྱེད་དག་གིས་འཕགས། །ཚད་མེད་ཡན་ཆད་ཉིས་འགྱུར་ཉིས་འགྱུར་ཆེ། །སྤྲིན་མེད་བསྐྱེད་ལ་དཔག་ཚད་གསུམ་དོར་རོ། །ཚེ་ཚད་གཟུགས་ཁམས་རང་གི་ལུས་ཚད་ཀྱི། །གྲངས་དང་མཉམ་པའི་བསྐལ་པ་དེ་སྙེད་དེ། །འོན་ཀྱང་འོད་ཆུང་ཡན་ཆད་བསྐལ་ཆེན་ལ། །ཚངས་ཆེན་མན་ཆད་དེ་ཡི་ཕྱེད་ཀྱིས་བརྩི། །འདོད་ལྷ་རྒྱལ་ཆེན་བཞི་ཡི་ལྷ་རྣམས་ནི། །རང་ལོ་ལྔ་བརྒྱ་ཐུབ་ལ་གོང་མ་ནི། །སུམ་ཅུ་རྩ་གསུམ་སོགས་ལ་དེ་ཉིད་འགྱུར། །གཞན་འཕྲུལ་དབང་བྱེད་རང་ལོ་ཁྲི་དྲུག་སྟོང་། །མི་ལ་བྱང་གླིང་ཚེ་ལོ་སྟོང་ཐུབ་ངེས། །ནུས་དང་ཤར་གླིང་གཉིས་ལ་ཕྱེད་ཕྱེད་ཕྲི། །ལས་ཀྱི་ས་པ་འཕེལ་འགྲིབ་ངེས་མེད་དོ། །གཟུགས་མེད་ཁམས་ཀྱི་ནམ་མཁའ་མཐའ་ཡས་ནི། །ཚེ་ཚད་བསྐལ་ཆེན་སྟོང་ཕྲག་ཉི་ཤུ་ལ། །གོང་མ་གསུམ་པོ་རིམ་པར་ཉིས་འགྱུར་ལྷག །ལྷ་མིན་དག་ནི་རིགས་ལྔས་བསྡུས་པ་སྟེ། །ཕལ་ཆེར་ཚེ་དང་ལོངས་སྤྱོད་ལྷ་དང་འདྲ། །ངན་སོང་གསུམ་ལས་དམྱལ་བ་ཡང་སོས་ནི། །རང་ལོ་ལྔ་བརྒྱ་ཐུབ་ལ་ལྷག་མ་དྲུག །ཚ་བའི་བར་དུ་ཉིས་འགྱུར་ཉིས་འགྱུར་རོ། །རབ་ཏུ་ཚ་བ་བར་བསྐལ་ཕྱེད་ཡིན་ལ། །མནར་མེད་ཚེ་ནི་བར་བསྐལ་གཅིག་ཡིན་ནོ། །གྲངས་དམྱལ་བརྒྱད་ལ་ཆུ་བུར་ཅན་གྱི་ཚེ། །མ་ག་དྷཱ་ཡི་བྲེ་ལ་གཞལ་བ་ཡིས། །ཏིལ་ཁལ་བརྒྱད་ཅུའི་ནང་ནས་ལོ་བརྒྱ་ན། །ཏིལ་འབྲུ་རེ་ཕྱུང་ཟད་ནས་རྫོགས་པའོ། །དེ་བཞིན་ལྷག་བདུན་འོག་རིམ་ཉི་ཤུའི་འགྱུར། །ཡི་དྭགས་རྣམས་ནི་རང་ལོ་ལྔ་བརྒྱ་ཐུབ། །དུད་འགྲོ་ངེས་མེད་རིང་ཐུང་མང་དུ་ཡོད། །འོན་ཀྱང་འགྲོ་བའི་ཚེ་ཚད་དེ་དག་ལ། །སྒྲ་མི་སྙན་པ་མ་གཏོགས་དུས་མིན་དུ། །ལས་དབང་དག་གིས་འཆི་བ་ཡོད་པར་བཤད། །སྔོན་ཚེ་དུས་ན་འཁོར་ལོས་བསྒྱུར་རྒྱལ་ནི། །ཚེ་ལོ་བརྒྱད་ཁྲིའི་དུས་སུ་རྐྱེན་དབང་གིས། །མང་པོས་བསྐུར་བའི་རྒྱལ་པོ་ཐོག་མར་བྱུང་། །དེ་ཡི་བརྒྱུད་པ་རྒྱལ་པོ་སྡེ་ལྔ་སོགས། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་དཔག་མེད་བྱུང་། །དེ་ལ་སྔོན་ལས་མཐུ་ཡིས་མཆོག་དམན་དུ། །གསེར་དངུལ་ཟངས་ལྕགས་འཁོར་ལོ་བཞི་ཡོད་ལ། །དེ་མཐུན་རྒྱལ་པོའི་སྟོབས་ཀྱང་རིམ་བཞིན་དུ། །གླིང་བཞི་གསུམ་གཉིས་གཅིག་ལ་དབང་བསྒྱུར་རོ། །དབང་བསྒྱུར་ལ་ཡང་འཁོར་ལོའི་ཁྱད་པར་ཡོད། །དེ་ལྟར་སྟོབས་དང་མཚན་བཟང་གིས་བརྒྱན་ཅིང་། །བསོད་ནམས་ཡིད་བཞིན་ནོར་བུའི་ཆར་འབེབས་པས། །གླིང་བཞི་འགྲོ་བའི་ཁམས་ལ་དབང་བྱེད་པའི། །འཁོར་བསྒྱུར་དག་ཀྱང་མི་རྟག་ལོ་རྒྱུས་ཙམ། །དེ་བཞིན་སྟོན་པ་རྫོགས་པའི་སངས་རྒྱས་ཀྱང་། །ཚེ་ལོ་མར་འགྲིབ་དཔག་མེད་ནས་བཟུང་སྟེ། །བརྒྱ་པའི་བར་ལ་བཟང་པོའི་རིགས་སུ་འཁྲུངས། །མཚན་དཔེའི་རྒྱན་གྱིས་སྤྲས་པའི་རྡོ་རྗེའི་སྐུ། །ཕུན་སུམ་ཚོགས་མངའ་གསེར་རི་ལྷུན་པོ་ལྟར། །དགེ་མཚན་སྲིད་པའི་ཁྲོད་ན་གཞལ་མེད་ཀྱང་། །གདུལ་བྱའི་སྣང་ངོར་མྱ་ངན་འདས་ཚུལ་བསྟན། །འདི་གཉིས་ལྔ་བདོའི་དུས་སུ་མི་འབྱུང་སྟེ། །སེམས་ཅན་ཉོན་མོངས་ཆེ་ཞིང་བསོད་ནམས་ཆུང་། །ལེགས་པའི་ཀུན་སྤྱོད་དག་དང་བྲལ་ཕྱིར་རོ། །རང་སངས་རྒྱས་པ་རྣམས་ཀྱང་དེ་མཚུངས་ལ། །ཡར་སྐྱེ་མར་འགྲིབ་གཉིས་ཀར་འབྱུང་བ་ཡིན། །དེ་ལྟའི་སྣོད་བཅུད་འདི་དག་ཐམས་ཅད་ཀྱང་། །བྱེད་པ་པོ་ནི་གཞན་དག་སུ་ཡང་མེད། །སེམས་ཅན་འཁྲུལ་བའི་ལས་སྣང་ལས་བྱུང་ཞིང་། །རང་རང་རྒྱུ་རྐྱེན་དག་ལས་ཤར་བའོ། །དེ་ལྟར་བཀོད་པ་གཟུགས་སྣང་སྣ་ཚོགས་ནི། །རྡུལ་ཕྲན་རིགས་པས་དཔྱད་ན་མ་གྲུབ་སྟེ། །དཔག་ཚད་རྒྱང་གྲགས་གཞུ་འདོམ་ཁྲུ་དང་སོར། །ནས་འབྲུ་ཤིག་དང་སྲོ་མ་ཉི་ཟེར་རྡུལ། །གླང་ལུག་རི་བོང་རྡུལ་དང་ཆུ་ལྕགས་རྡུལ། །རྡུལ་ཕྲན་ཕྲ་རབ་ཆ་མེད་རང་བཞིན་ནོ། །ཚེ་དང་བསྐལ་པ་གྲངས་སུ་བརྩིས་པ་ཀུན། །རྟག་པར་མི་གནས་སྐད་གཅིག་རང་བཞིན་ཏེ། །བསྐལ་ཆེན་བར་བསྐལ་ལོ་དང་ཟླ་བ་ཞག །ཡུད་ཙམ་ཐང་གཅིག་དེ་ཡི་སྐད་ཅིག་གཅིག །དུས་མཐའི་སྐད་ཅིག་ཆ་མེད་བདག་ཉིད་དོ། །དེ་ལྟར་སྣོད་བཅུད་ཆེ་ཆུང་གྲངས་ཚད་དང་། །རྫོགས་ལྡན་སུམ་ལྡན་གཉིས་ལྡན་རྩོད་ལྡན་དང་། །བསྟན་པའི་གནས་ཚད་བཞི་སོགས་རྣམ་གྲངས་ཀུན། །ཐ་སྙད་འདི་ལ་བརྟེན་ནས་བརྟགས་པ་ཡིན། །དེ་ཕྱིར་གཞིགས་ཅིང་ཆ་མེད་ཕབ་པའི་ཚེ། །བདེན་གྲུབ་རྟག་པའི་ཆོས་གཅིག་མི་རྙེད་པས། །ཆ་མེད་ཙམ་ཡང་དཔྱད་ན་མ་གྲུབ་ཅིང་། །ཆོས་ཀུན་ཡེ་ནས་སྟོང་པའི་བདག་ཉིད་དོ། །དེ་ལྟར་སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན། །སྐད་གཅིག་མི་རྟག་འཇིག་པའི་ཆོས་ཅན་ཏེ། །དབུ་བ་རྡོས་འདྲ་སྒྱུ་མ་ཆུ་ཤིང་བཞིན། །མི་རྟག་མཐའ་བཞིས་བསྡུས་པ་ཤེས་པར་གྱིས། །དེས་ན་ད་ལྟའི་ལུས་ཀྱི་མེ་ཏོག་འདི། །གཅེས་སྤྲས་ཞེན་པས་འཆིང་ཡང་དབང་མེད་པར། །ནམ་ཞིག་འཆི་བདག་སེར་བས་བཅོམ་པ་ན། །མི་གཙང་རོ་ཞེས་བྱ་ཁྱིས་ཟ་བ་མཐོང་། །དགའ་བདེ་འབྱོར་བས་བརྒྱན་ཅིང་མངོན་མཐོ་ཡི། །ཡོན་ཏན་བདུན་གྱིས་ལེགས་པར་མཛེས་གྱུར་ཀྱང་། །མཁའ་ལ་དབང་པོའི་གཞུ་ལྟར་ཤི་བའི་འོག །ཐར་མེད་ངན་འགྲོའི་གཡང་སར་ལྷུང་བ་མང་། །ཚེ་ལ་ངེས་མེད་ནམ་འཆི་ཆ་མེད་པ། །མི་རྟག་གླིང་བཞིར་ཉི་ཟླ་བསྒྲོད་པའི་དཔེ། །དུས་རྣམས་ཀུན་ཏུ་སྣོད་པ་འོང་མེད་པས། །ངེས་འབྱུང་སྐྱོ་ཤས་བློ་སྣ་ཐུང་བར་མཛོད། །ཚོང་དུས་མགྲོན་ཁང་དག་ལ་ཕྱོགས་ཀྱི་མི། །སྣ་ཚོགས་འདོད་པས་འདུས་ཀྱང་གྱེས་པའི་དཔེས། །དགྲ་གཉེན་ལས་ཀྱིས་འདུས་ལ་ཆགས་སྡང་གིས། །རྟག་འཛིན་ཞེན་པའི་མདུད་པ་གྲོལ་བར་གྱིས། །ནམ་ཞིག་འཆི་བའི་དུས་ན་ལོངས་སྤྱོད་དང་། །གཉེན་གྲོགས་འདོད་པའི་ཡུལ་རྣམས་ཤུལ་ལྷ་གནས། །རང་ཉིད་གཅིག་པུར་འགྲོ་ཚེ་ཡིད་ཕམ་ཡང་། །དཔའ་རྩལ་དཔུང་གཉེན་སོགས་ཀྱི་ཕན་པ་མིན། །དེ་ཕྱིར་འདུས་བྱས་ཐམས་ཅད་མི་རྟག་པས། །སྐད་ཅིག་ཙམ་ཡང་ཐ་མལ་མི་སྡོད་ཅིག །ནམ་འཆི་ཆ་མེད་འཆི་རྐྱེན་ངེས་མེད་པར། །སྤྱོད་ལམ་ཀུན་ཏུ་མི་བརྗོད་དྲན་པར་བྱ། །ཤེས་པས་མི་ཆོག་རྟག་འཛིན་ལས་གྲོལ་ནས། །དགེ་ལ་རབ་བརྩོན་འཁོར་བ་འཁྲུལ་པར་མཐོང་། །ཡང་དག་ཐར་པའི་ལམ་དུ་འཇོག་འདོད་ཅིང་། །བཤེས་གཉེན་ལ་བརྟེན་གདམས་ངག་སྒོམ་པར་བྱ། །དེ་ལྟའི་མི་རྟག་འདི་ལ་བློ་ནང་ནས། །ངེས་འབྱུང་གཏིང་ནས་ཚུགས་པར་གྱུར་པ་ན། །མཐོ་རིས་བདེ་བར་འགྲོ་ཞིང་ལྷ་ཞལ་མཐོང་། །ཟག་མེད་ཐར་པའི་གླིང་དུ་ཕྱིན་པར་གསུངས། །ལེགས་པར་བཤད་པ་མན་ངག་གི་བསྟན་བཅོས་ཟབ་མོ་སྡོམ་པའི་མཛོད་ལས་འདུས་བྱས་མི་རྟག་པ་ལ་བསམ་པའི་ལེའུ་སྟེ་གཉིས་པའོ།། ༈ །།དེ་ལྟར་འདུས་བྱས་ཆོས་རྣམས་ཐམས་ཅད་ཀྱང་། །སྐད་ཅིག་མི་རྟག་འགྱུར་བའི་ཆོས་ཉིད་ཅན། །ཇི་བཞིན་མཐོང་བའི་མིག་བཟང་དང་ལྡན་ན། །ཟག་བཅས་སྡུག་བསྔལ་རང་བཞིན་ཚུལ་བཞིན་ཤེས། །མ་དག་འཇིག་རྟེན་སྡུག་བསྔལ་འབྱུང་བའི་རྟེན། །ནང་བཅུད་སྐྱེ་འགྲོ་སྡུག་བསྔལ་རང་བཞིན་ཅན། །ཁམས་གསུམ་འཁོར་བ་སྡུག་བསྔལ་དག་གིས་མནར། །རྒྱུ་རྐྱེན་མཐུ་ལས་སྡུག་བསྔལ་སྣ་ཚོགས་སོ། །དེ་ཕྱིར་འཇིག་རྟེན་འདི་རྣམས་འཁོར་བ་ན། །རྟག་ཏུ་སྡུག་བསྔལ་དག་ལས་མི་འདའ་སྟེ། །ཟག་བཅས་ཕུང་པོས་སྲིད་པར་ཉེར་ལེན་པས། །ཁྱབ་པ་འདུ་བྱེད་སྡུག་བསྔལ་ཞེས་བྱའོ། །མཐོ་རིས་དག་ནས་གཟུགས་དཔལ་འབྱོར་པ་སོགས། །འཁྲུལ་བློར་བདེ་བར་སྣང་ཡང་ཟག་བཅས་ཏེ། །མཐའ་མར་ངན་འགྲོ་སོགས་སུ་སྐྱེ་བའི་ཕྱིར། །དེ་ལ་འགྱུར་བའི་སྡུག་བསྔལ་ཞེས་གསུངས་སོ། ། ཚ་གྲང་བཀྲེས་སྐོམས་ནད་སོགས་ཀྱིས་མནར་ཞིང་། །ངན་འགྲོ་དང་ནི་མཐོ་རིས་གནས་ནའང་། །མི་འདོད་ཐོག་བབ་ངོ་བོའི་སྡུག་བསྔལ་བ། །སྡུག་བསྔལ་ཀྱི་ནི་སྡུག་བསྔལ་ཞེས་བྱའོ། །མདོར་ན་སྔ་མ་གཉིས་ནི་སྡུག་བསྔལ་ལ། །འགྲོ་བས་སྡུག་བསྔལ་ཡིན་པར་མ་ཤེས་ཤིང་། །ཕྱི་མ་ཤེས་ཤིང་གྲལ་བར་འདོད་པ་ཡིན། །གསུམ་པོ་ཟག་བཅས་ཕུང་ལྔས་བསྡུས་པའོ། །འདུ་བྱེད་སྡུག་བསྔལ་ཉེར་ལེན་ཕུང་པོའི་ཕྱིར། །གནས་སྐབས་བདེ་སྡུག་བཏང་སྙོམས་གང་གྱུར་ཀྱང་། །ཕྱི་མ་ཉེར་བར་ལེན་པའི་རྒྱུ་བྱེད་པས། །མ་འོངས་སྡུག་བསྔལ་ཀུན་གྱི་འབྱུང་གནས་ཏེ། །དུག་ཅན་ཟས་དང་གསོད་སར་འགྲོ་བ་ལྟར། །སྐྱེ་འགག་གནས་པ་ན་ཡང་མི་མངོན་གྱི། །འོན་ཀྱང་སྡུག་བསྔལ་གྱི་ནི་རྒྱུར་གྱུར་པས། །འཁོར་བ་འདི་ནི་ཁབ་ཀྱི་རྩེ་བཞིན་ནོ། །འཇིག་རྟེན་བདེ་བའི་རྣམ་པ་ཇི་སྣང་ཡང་། །རྟག་མི་ཐུབ་པར་ཐ་མ་འགྱུར་བའི་ཚེ། །སྔར་བདེ་དེ་ཉིད་ཡིད་གདུང་རྒྱུར་གྱུར་པ། །ཡིན་ཕྱིར་བུ་མ་བྱུང་ན་དེ་ཤི་བའི། །མྱ་ངན་དག་ཀྱང་འབྱུང་བ་མེད་བཞིན་ནོ། །དེས་ན་སྐྱེ་གནས་གཉིས་ལ་བདེ་གྱུར་ཀྱང་། །མཐར་རྒྱུན་འགག་པའི་དུས་ན་སྡུག་བསྔལ་བས། །སྟོན་དུས་སྤྲིན་དཀར་མཛེས་པའི་གཟུགས་དང་འདྲ། །དགའ་བདེ་དག་ལ་ཆགས་པའི་སྒོ་གསུམ་གྱིས། །ངན་འགྲོའི་སྡུག་བསྔལ་མང་པོའི་རྒྱུ་བསྒྲུབ་ཅིང་། །བདེ་ཆེན་ཐར་པའི་ལམ་ལ་འཇུག་པའི་གེགས། །ཉེས་པའི་དྲི་མ་ཟག་བདེ་ལྷུན་ལེན་མཚར། །ཇི་ལྟར་ངན་སོང་གནས་ན་སྡུག་བསྔལ་ནི། །ཤིན་ཏུ་བཟོད་དཀའ་དྲག་པོས་རབ་མནར་བ། །མཛེ་ནད་ཐོག་ཏུ་ཕོལ་མིག་བྱུང་བ་བཞིན། །མཐོ་རིས་ན་ཡང་སྐྱེ་རྒ་ན་འཆི་སོགས། །རྟག་ཏུ་སྡུག་བསྔལ་རང་བཞིན་ལས་མི་འདའ། །དེས་ན་སྐྱེ་གནས་དུས་ན་སྡུག་བསྔལ་ལ། །འགག་གམ་འགྱུར་བའི་ཚེ་ན་བདེ་བ་སྟེ། །མཚོན་གྱིས་བཏབ་པའི་ལུས་རྨ་སོས་བཞིན་ནོ། །དེ་ལྟར་འཁོར་བའི་སྡུག་བསྔལ་དེ་དག་ལ། །དབྱེ་ན་སྡུག་བསྔལ་བརྒྱད་དང་བཅུ་གཅིག་ལ། །རྣམ་གྲངས་དབང་གིས་སྣ་ཚོགས་བཤད་མོད་ཀྱི། །འོན་ཀྱང་སྔ་མ་གསུམ་དུ་མ་འདུས་མེད། །ངན་སོང་དམྱལ་བའི་སེམས་ཅན་ཡ་རེ་ང་། །ལྕགས་སྲེག་ས་གཞིས་རེག་པའི་དུག་གིས་གཟིར། །རྡོ་སྲེག་མཚོན་གྱི་ཟེགས་མས་འབིགས་བྱེད་ཅིང་། །འོད་བཀྲའི་ཡན་ལག་འབར་བས་བསྲེག་པར་བྱེད། །ཡང་སོས་ལྕགས་སྲེག་ས་གཞིར་ཕན་ཚུན་དུ། །མཚོན་གྱིས་མགོ་ལུས་འདྲལ་ནས་ཤི་བ་སོས། །ཐིག་ནག་ལྕགས་སྲེད་སོག་ལེ་འབར་བ་ཡིས། །ཐིག་བཏབ་སྟེང་དུ་བཤགས་ཤིང་སོ་སོར་བྲལ། །བསྡུས་འཇོམས་གཏུན་ཏུ་བརྡུང་ཞིང་རི་ཡིས་འཐག །ཤ་ཀུན་རྡུལ་ཕྲན་གཏོར་ཞིང་བརླག་པར་བྱེད། །ངུ་འབོད་ལྕགས་ཁྱིམ་འབར་བས་བསྲེག་བྱེད་ཅིང་། །སྲོག་ཆགས་འཇིགས་རུང་མང་པོའི་གནོད་པའང་བཅས། །ངུ་འབོད་ཆེན་པོ་ལྕགས་ཁང་ཉིས་རིམ་དུ། །རབ་ཏུ་སྲེག་ཅིང་ཁྲོ་ཞུན་འབར་བར་འཚོད། །ཚ་བ་ལྕགས་ཁྱིམ་འབར་བར་པགས་པ་རྒྱོང་། །ལྕགས་ཀྱི་གསལ་ཤིང་འབར་བས་འབིགས་པར་བྱེད། །རབ་ཏུ་ཚ་བ་ལྕགས་ཀྱི་ཟངས་ཆེན་དུ། །ཟངས་ཞུན་ཁོལ་མས་ལུས་ཀུན་རྡུལ་དུ་སྲེག །མནར་མེད་འབར་བའི་ཁྲི་མུན་འཇིགས་པའི་ནང་། །སོལ་ཕུང་རི་ལྟར་སྤུངས་པའི་དཀྱིལ་བཅུག་ནས། །ལས་མཁན་སྡུད་པའི་སྒྲ་ཆེན་སྒྲོགས་པ་ཡིས། །མེ་ཁྱིམ་གཅིག་ཏུ་འདྲེས་ལྟར་མི་མངོན་ཞིང་། །སྡུག་བསྔལ་བཟོད་ཐབས་མེད་པར་མྱོང་བ་དང་། །འཚེང་དང་གཤོག་དང་བརྡུངས་དང་འབིགས་པ་སོགས། །ཐུན་མོང་མིན་པའི་སྡུག་བསྔལ་དུ་མས་མནར། །ཉེ་འཁོར་ཕྱི་རོལ་ཕྱོགས་བཞིར་རོ་མྱགས་འདམ། །ཆུ་བོ་རབ་མེད་སྤུ་གྲིའི་ཐང་ཆེན་དང་། །རལ་གྲིའི་ཚལ་དང་ཤལ་མ་ལིའི་སྡོང་པོ། །བཞི་བཞིར་བསྡོམས་པའི་བཅུ་དྲུག་སྡུག་བསྔལ་ལོ། །གྲང་བའི་དམྱལ་བ་སེར་འཁྱག་ངད་ཀྱིས་གདུང་། །རབ་བསྒོས་སྐྱེས་ཀྱིས་གནས་ཀུན་འོག་ཏུ་ཚུད། །ཆབ་རོམ་སྒྲེམས་པའི་གནས་སུ་གཅེར་བུར་ཞུགས། །གྲང་ངར་བསིལ་བའི་འདམ་དུ་ཡིད་རབ་སྐྱོ། །ཆུ་བུར་ཅན་ནི་ཆུ་བུར་ཐོལ་ཐོལ་བྱུང་། །ལྷག་པར་རྡོལ་བ་དེ་ཉིད་རྨ་རུ་སོང་། །ཨ་ཆུ་ཟེར་ནས་སྨྲེ་སྔགས་རྒྱུན་མི་ཆད། །ཀྱི་ཧུད་ཤུགས་རིང་འདོན་ཅིང་ཚོར་བས་གཟིར། །སོ་འཐམ་པ་ལ་བརྗོད་པའི་སྒྲ་ཆེན་མེད། །ཨུཏྤལ་ལྟར་གས་ལྤགས་པ་བཞི་རུ་གས། །པད་མ་ལྟར་གས་ཤའུ་ཐོན་ནས་གས། །ཆེན་པོ་ལྟར་གས་པ་ནི་ལྷག་པར་འགས། །ལུས་ཀུན་རྩ་ཡི་དྲ་བས་འབྲེལ་ཙམ་ལ། །རྨ་ནང་སྲིན་བུ་མང་པོས་ཟ་བ་སོགས། །སྡུག་བསྔལ་ཕ་མཐའ་བྲལ་བ་མྱོང་བར་འགྱུར། །ཉི་ཚེ་བ་ནི་ངེས་མེད་ཐབ་དང་ནི། །སྒོ་དང་ཀ་བ་གཏུན་དང་ཐག་པ་སོགས། །དེའི་གཟུགས་སྣང་སྡུག་བསྔལ་མྱོང་བ་དང་། ཤིང་དང་རྡོ་ཡི་ནང་དུ་འཐུམ་སོགས་སོ། །ཡི་དྭགས་བྱིང་གནས་མཁའ་ལ་རྒྱུ་བ་སྟེ། །ཤིན་ཏུ་བཀྲེས་སྐོམས་འཚེ་བས་སྡུག་བསྔལ་བ། །ཕྱི་ཡི་སྒྲིབ་པ་བཟའ་བཏུང་མི་རྙེད་ཅིང་། །རྙེད་ཀྱང་མཐོང་བའི་སྐད་ཅིག་མོད་ལ་སྐམ། །ནང་གི་སྒྲིབ་ཅན་ཟས་སྐོམ་ཁར་མི་འགྲོ། །སོང་ཡང་མེ་འབར་གློ་སྙིང་བསྲེགས་པར་བྱེད། །སྒོས་ཁུར་ལུས་ལ་མང་པོས་ཟ་བ་དང་། །སྟོབས་ཆུང་དམན་པས་གདུང་སོགས་བསམ་མི་ཁྱབ། །གཞན་ཡང་ལོག་པའི་ལས་སྣང་བཞི་སོགས་ཀྱིས། །རྟག་ཏུ་སྡུག་བསྔལ་ཆུ་ཡི་སྒྲ་མི་ཐོས། །མཁའ་ལ་རྒྱུ་བ་བཙན་དང་རྒྱལ་པོ་དང་། །ཤི་འདྲེ་འབྱུང་པོ་མ་མོ་ཐེའུ་རང་སོགས། །རྟག་ཏུ་འཇིགས་སྐྲག་དང་བཅས་འདོད་དགུ་འཚོལ། །སྔགས་པས་གཟིར་སོགས་སྡུག་བསྔལ་དཔག་ཏུ་མེད། །དུད་འགྲོ་རྣམས་ལའང་གཅིག་གི་གཅིག་ཟ་ཞིང་། །འཚེ་དང་བཀོལ་སྤྱོད་གསོད་གཅོད་སྡུག་བསྔལ་མང་། །མི་རྣམས་ལ་ཡང་བདེ་བའི་སྐབས་མེད་དེ། །སྡུག་བསྔལ་ཆུ་བོ་བཞི་ཡི་རང་བཞིན་ལ། །གཉེན་བྲལ་འདོད་པས་འཕོངས་དང་མི་འདོད་མྱོང་། །འདོད་པ་ཐོག་ཏུ་མི་ཁེལ་ངལ་ཞིང་དུབ། །དགྲ་དང་འཚེ་བ་མང་ཞིང་སྒྲོ་བསྐུར་འདེབས། །ཕལ་ལེན་དྲིན་དུ་མི་གཟོ་གནོད་དང་བཅས། །ཆགས་སྡང་ཞེན་པས་གདུང་ཞིང་ཕྲག་དོག་སོགས། །རྟག་ཏུ་སྡུག་བསྔལ་རྒྱ་མཚོར་གནས་པའོ། །ལྷ་མིན་ཁྲོ་ཞིང་སྡང་བས་ཕན་ཚུན་རྩོད། །ལྷ་ཡི་དཔལ་འབྱོར་མ་བཟོད་ཀུན་ནས་འཁྲུགས། །མི་འདོད་ཐོག་བབ་མཚོན་གྱིས་གསོད་པ་སོགས། །བདེ་བའི་སྐབས་མེད་སྡུག་བསྔལ་སྣ་ཚོགས་སོ། །ལྷ་རྣམས་བདེ་སྐྱིད་ལ་ཆགས་རྣམ་པར་གཡེང་། །ནམ་ཞིག་འཆི་བའི་སྔ་ལྟས་ལྔ་ཤར་བས། །ཟླ་གྲོགས་བརྩེ་བས་སྤངས་ཤིང་ཉམ་ཐག་པར། །འཆི་འཕོ་ལྟུང་བའི་སྡུག་བསྔལ་སོགས་ཀྱིས་མནར། །དེ་ལྟར་རིགས་དྲུག་སྲིད་པའི་འཁོར་བ་རྣམས། །མེ་འོབས་མཚོན་རྩེ་མི་གཙང་ཁང་ལྟ་བུ། །རྟག་ཏུ་སྡུག་བསྔལ་ཆུ་མཚོ་མཐའ་ཡས་ཤིང་། །བདེ་བའི་སྐབས་མེད་ཟོ་ཆུན་ཁྱུད་མོ་བཞིན། །གཅིག་ནས་གཅིག་བརྒྱུད་འཁོར་བར་ཐོག་མཐའ་མེད། །དེ་ལྟར་སྣོད་བཅུད་བདེ་སྡུག་ཐམས་ཅད་ཀུན། །རྒྱུ་མེད་ངོ་བོ་ཉིད་ལས་བྱུང་མིན་ཏེ། །རང་གི་རིགས་འདྲ་སྔ་མ་སྔོན་སོང་ནས། །དེ་དང་མཐུན་པའི་འབྲས་བུ་འབྱུང་བའི་ཕྱིར། །དེས་ན་རྒྱུ་རྐྱེན་རྟེན་འབྲེལ་འགོག་མེད་དོ། །དེ་བཞིན་དབང་ཕྱུག་གཙོ་བོ་བདག་དུས་སོགས། །བྱེད་པོ་རྟག་པ་གཞན་ལས་བྱུང་མིན་ཏེ། །རྒྱུ་རྟག་པ་ཡིས་འབྲས་བུ་མི་བསྐྱེད་ཅིང་། །འདུས་བྱས་འབྱུང་ན་རྒྱུ་དེ་དེར་འགྱུར་རོ། །དེས་ན་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས། །སྣ་ཚོགས་འབྱུང་བ་རྟེན་ཅིང་འབྲེལ་འབྱུང་སྟེ། །ཕྱི་ཡི་རྟེན་འབྲེལ་རྒྱུ་དང་འབྲེལ་བ་དྲུག །ས་བོན་མྱུ་གུ་འདབ་མ་སྡོང་བུ་དང་། །སྦུ་གུ་སྙིང་པོ་མེ་ཏོག་འབྲས་བུ་རྣམས། །སྔ་ལས་ཕྱི་འབྱུང་ཉེར་ལེན་རྒྱུ་ཡིན་ནོ། །རྐྱེན་དང་འབྲེལ་བ་འབྱུང་ལྔ་དུས་དང་དྲུག །བརྟན་སྡུད་སྨིན་འཕེལ་གོ་འབྱེད་རིམ་པས་འགྱུར། །འདི་དག་ལྷན་ཅིག་བྱེད་རྐྱེན་འབྲས་འབྱུང་གྲོགས། །ནང་གི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཏེ། །བདག་ཏུ་འཛིན་པའི་ཀུན་རྟོག་མ་རིག་པ། །ཆགས་སྡང་གཏི་མུག་གིས་བསྐྱེད་ལས་གསུམ་གྱིས། །བདེ་སྡུག་གོང་མའི་ཡང་སྲིད་འདུ་བྱེད་དོ། །ཕྱི་མའི་སྐྱེ་གནས་འགྲོ་བ་རྣམ་ཤེས་ཏེ། །འཕེན་བྱེད་དང་ནི་འཕང་འབྲས་གཉིས་བཤད་ཀྱང་། །དོན་དུ་ཡང་སྲིད་འགྲུབ་བྱེད་ཡན་ལག་གཅིག །མིང་བཞི་གཟུགས་ཀྱི་ཡན་ལག་དེ་དག་གིས། །སྲིད་པའི་ལུས་ཀུན་འཛིན་ཅིང་ཉིང་མཚམས་སྦྱར། །དེ་ལས་ནང་གི་སྐྱེ་མཆེད་དྲུག་འབྱུང་བས། །མིང་གཟུགས་གནས་སྐབས་ཡོངས་སུ་རྫོགས་པའོ། །ཡུལ་དབང་ཤེས་གསུམ་འདུས་ནས་ཡོངས་གཅོད་པ། །དྲུག་ནི་རིག་པའི་ཡན་ལག་ཤེས་པར་བྱ། །བདེ་སྡུག་བཏང་སྙོམས་གསུམ་ལ་ལོངས་སྤྱོད་པ། །ཉེ་བར་འབྱུང་བ་ཚོར་བའི་ཡན་ལག་གོ། །ཚོར་བའི་རྒྱུ་ལས་ཡུལ་གྱི་རོ་མྱོང་བས། །དགའ་ཞིང་ཞེན་པས་ཡུལ་སྡུག་སྲེད་པ་སྟེ། །བདེ་སྡུག་བཏང་སྙོམས་གསུམ་གྱི་རང་བཞིན་ལ། །འདོད་གཟུགས་གཟུགས་མེད་སྲིད་པ་གསུམ་སོགས་སོ། །དེ་ལས་ཆེར་འཕེལ་འདོད་པ་དང་ལེན་ལ། །དངོས་སུ་སྦྱོར་བ་ལེན་པའི་ཡན་ལག་སྟེ། །བདག་ཏུ་སྨྲ་བ་ཉེར་ལེན་བཞིན་ཡིན་ནོ། །ཁམས་གསུམ་སྲིད་པ་ཕྱི་མ་གྲུབ་པའི་ལས། །མངོན་དུ་བྱེད་པ་སྲིད་པའི་ཡན་ལག་གོ། །སྡུག་བསྔལ་མྱོང་བའི་གཞི་གྱུར་ཡང་སྲིད་ཀྱི། །སྐྱེ་བ་ལེན་ཅིང་ལུས་ཀུན་རྫོགས་པ་དང་། །ཕུང་པོའི་རྒྱུར་འགྱུར་རྒ་བ་འགགས་ཚེ་ཤི། །དེ་ལྟའི་ཡན་ལག་དེ་དག་ལུགས་འབྱུང་དུ། །སྔ་མ་སྐྱེ་བས་ཕྱི་མ་རིམ་འབྱུང་ཞིང་། །དེ་དགག་པ་ན་ཕྱི་མ་མི་སྐྱེ་བས། །ཕན་ཚུན་འབྲེལ་པས་བརྟེན་འབྲེལ་ཞེས་བྱའོ། །དེ་ལ་སྔ་མ་གསུམ་ནི་འཕེན་བྱེད་དང་། །མིང་གཟུགས་སོགས་བཞི་འཕང་འབྲས་ཡན་ལག་ལ། །སྲེད་ལེན་སྲིད་པ་མངོན་པར་འགྲུབ་པ་དང་། །སྐྱེ་བ་རྒ་ཤི་མངོན་འགྲུབ་ཡན་ལག་གོ། །བཅུ་གཉིས་དེ་ལས་ལས་ཉོན་ལྔ་ནི་རྒྱུ། །ལྷག་མ་བདུན་ནི་འབྲས་བུ་སྡུག་བསྔལ་བ། །དེ་ལྟར་སྐྱེ་བ་གཉིས་སམ་གསུམ་ལ་རྫོགས། །ཡང་དུ་རྒྱུན་ཆགས་འགལ་མའི་འཁོར་ལོ་ལྟར། །སྲིད་པར་འཕྱན་པས་ཐོག་མཐའ་མ་མཆིས་སོ། །དེ་ཕྱིར་རྒྱུ་འབྲས་བསྐྱེད་པའི་སེམས་མེད་ཀྱང་། །རྟེན་འབྲེལ་ཁྱད་པར་ལྔ་ལྡན་དུ་འབྱུང་སྟེ། །རྒྱུ་འགགས་མྱུ་གུ་སྐྱེ་ཕྱིར་རྟག་པ་མིན། །སྲང་མདའི་མཐོ་དམན་བཞིན་འབྱུང་ཆད་པ་མིན། །ས་སྨྱུག་གཅིག་མིན་ཕྱིར་ན་འཕོས་མིན་པར། །ས་བོན་ཆུང་ངུས་འབྲས་བུ་ཆེན་པོ་འགྲུབ། །དེ་ཡང་གཞན་སྐྱེ་མ་ཡིན་རྒྱུ་མཐུན་ནོ། །དེ་ལྟར་ཕྱི་ནང་ཆོས་ཀུན་རང་རང་གི། །རྒྱུ་རྐྱེན་ལེགས་པར་ཚང་ན་སྐྱེ་འགྱུར་ཞིང་། །མ་ཚང་མི་འབྱུང་ཕྱིར་ན་བྱེད་པོ་གཞན། །གང་ཡང་མེད་ལ་རྟེན་ཅིང་འབྲེལ་འབྱུང་གིས། །སྣ་ཚོགས་སྣང་བ་འགོགས་མེད་འདི་མཐོང་ན། །རྒྱུ་འབྲས་དག་ལ་ནམ་ཡང་རྨོངས་མི་འགྱུར། །དེས་ན་འཁོར་བའི་སྡུག་བསྔལ་ཅིར་སྣང་ཡང་། །ཐམས་ཅད་རྒྱུ་ལས་མ་བྱུང་གང་ཡང་མེད། །རྒྱུ་དང་མ་འབྲེལ་བདེ་འབྲས་ཐོབ་འདོད་ཀྱང་། །འོད་ཟེར་སྤང་བའི་ཉི་དཀྱིལ་འདོད་བཞིན་ནོ། །དེ་ཕྱིར་རྒྱུ་ནི་ལས་ཉོན་གཉིས་ཡིན་ཏེ། །ལས་ལ་ཟག་བཅས་འཁོར་བའི་འབྲལ་བསྐྱེད་པ། །སེམས་ཀྱིས་བསམ་ཞིང་ལུས་ངག་འཇུག་པའི་ཕྱིར། །སེམས་པ་ཡིད་ཀྱི་ལས་དང་དེས་བསྐྱེད་པ། །བསམ་པ་ལུས་ངག་གི་ནི་ལས་གཉིས་སོ། །དེ་ལ་དགེ་དང་མི་དགེ་ལུང་མ་བསྟན། །རྣམ་པར་རིག་བྱེད་ལས་ཡིན་རིག་མིན་ནི། །སྡོམ་པ་དང་ནི་སྡོམ་མིན་བར་མའོ། །ཀུན་ནས་སློང་བྱེད་ཡིད་ཀྱི་བསམ་པ་རྒྱུ། །ལས་ལ་འཇུག་པ་ཚོགས་དྲུག་གྲོགས་ཡིན་པས། །དུས་ཀྱི་ཀུན་སློང་རྣམ་པ་གཉིས་ཡིན་ལ། །དགེ་བའི་ལས་ནི་མི་དགེ་སྤང་བ་སྟེ། །ངོ་བོ་དགེ་བའི་སེམས་བྱུང་བཅུ་གཅིག་ལ། །དེ་དང་མཚུངས་ལྡན་ཆོས་རྣམས་འབྲེལ་བ་དང་། །བག་ཆགས་རྗེས་འབྲེལ་ཀུན་སློང་དགེ་བ་དང་། །མྱ་ངན་འདས་པ་དོན་དམ་དགེ་བའོ། །དེ་དག་ཐོབ་ཚུལ་རྣམ་པ་བརྒྱད་ཡིན་ཏེ། །ཐོབ་དང་སྦྱོར་བ་མདུན་དུ་བྱས་པའི་དགེ། །ཕན་འདོག་པ་དང་ཡོངས་འཛིན་གཉེན་པོའི་དགེ། །ཉེ་བར་ཞི་དང་རྒྱུ་མཐུན་དགེ་བའོ། །དགེ་བ་བཅུ་ནི་གཞན་གནོད་སྤང་བ་དང་། །སྦྱིན་གཏོང་ཚངས་པར་སྤྱོད་ཅིང་དྲང་པོར་སྨྲ། །འཁོན་པ་སྡུམ་དང་ཆོས་མཐུན་ཚིག་བརྗོད་པ། །སྙན་པར་སྨྲ་ཞིང་གཏོང་སེམས་གོམས་པ་དང་། །བྱམས་བསྒོམ་ཡང་དག་ལྟ་ལ་གོམས་པ་སྟེ། །དགེ་བཅུས་མི་དགེ་བཅུ་པོ་སྤོངས་བ་ཡིན། །ཕན་ཡོན་ཁྱད་པར་དག་དང་ལྡན་པའོ། །རྟེན་གྱི་སྒོ་ནས་འགྲོ་ལ་ཁྱད་ཡོད་ཀྱང་། །གླིང་འདིར་བཅུ་པོ་རྙེད་དང་མངོན་འགྱུར་ཡོད། །དེ་ལ་ལུས་ངག་དགེ་བདུན་ལས་ཡིན་ལ། །ལམ་ཡང་ཡིན་ཞིང་ཡིད་ཀྱི་དགེ་བ་གསུམ། །ལས་ཀྱི་ལམ་ཡིན་མངོན་པར་འདུ་བྱེད་ཕྱིར། །མཐར་འབྲས་མཐོ་རིས་ཆེད་དུ་དམིགས་པ་ལ། །བསོད་ནམས་ཆ་མཐུན་བདེ་དཔལ་དག་ལ་སྤྱོད། །མྱ་ངན་འདས་བསྒྲུབ་ཐར་པ་ཆ་མཐུན་ཏེ། །ཐེག་པ་ཆེ་ཆུང་བསམ་པའི་ཁྱད་ཀྱང་ཡོད། །སྦྱོར་ལམ་དགེ་བ་ངེས་འབྱེད་ཆ་མཐུན་སྟེ། །ངེས་པར་འབྱེད་པ་མཐོང་ལམ་རྒྱུ་ཡིན་ནོ། །རྣམ་སྨིན་བདེ་འབྲས་བསམ་པ་ལྟར་བསྐྱེད་ཅིང་། །རྒྱུ་མཐུན་དག་ལ་གང་དུ་སྐྱེ་བ་དེར། །དགེ་བ་སྤྱོད་ལ་ལྷག་པར་དགའ་བ་དང་། །ཚེ་རིང་ནོར་མོང་གཟུགས་མཛེས་ལ་སོགས་བཅུ། །བདག་འབྲས་ས་ཕྱོགས་གཟི་མདངས་ཆེ་བ་དང་། །བསོད་ནམས་ཆེ་སོགས་ཡོན་ཏན་མང་ལྡན་ནོ། །མི་དགེ་བ་ནི་དུག་གསུམ་གྱིས་བསྐྱེད་དེ། །ངོ་བོ་དམིགས་བསལ་མ་གཏོགས་རྩ་ཉེ་ཉོན། །མཚུངས་ལྡན་ཐམས་ཅད་འབྲེལ་བའི་མི་དགེ་བ། །བག་ཆགས་རྗེས་སུ་འབྲེལ་དང་ཀུན་ནས་སློང་། །འཁོར་བ་དང་ནི་སྐྱེས་ཐོབ་མི་དགེ་བ། །དགེ་ལས་བཟློག་བརྩོན་སྦྱོར་དང་མདུན་དུ་བྱེད། །གནོད་པར་བྱེད་དང་སྡིག་འབྲས་ཡོངས་འཛིན་པ། །མི་མཐུན་ཕྱོགས་དང་ཆོས་ལ་བར་ཆོད་པའི། །མི་དགེ་བཅུ་ཡིས་རྣམ་སྨིན་ལོག་པར་བསྒྲུབ། །སྲིད་ཁམས་གོང་མ་གཉིས་ཀྱི་ཉོན་མོངས་ཀུན། །ཟག་མེད་ལ་སྒྲིབ་ལུང་མ་བསྟན་ཡིན་ཡང་། །མི་དགེ་མིན་ཏེ་རྣམ་སྨིན་མི་ནུས་ཕྱིར། །མི་དགེ་བཅུ་ནི་ཀུན་སློང་གསོད་འདོད་གྱིས། །གཞན་སྲོག་བཅད་དང་མ་བྱིན་འཇབ་བུས་ལེན། །མི་རུང་ཆོས་བཞིར་སྤྱོད་པ་ལོགས་པར་གཡེམ། །རྫུན་དུ་སྨྲ་ཞིང་ཕྲ་མས་མཛའ་བ་དབྱེ། །མི་སྙན་སྒྲོགས་ཤིང་ཚིག་ཀྱལ་བརྣབ་སེམས་དང་། །གནོད་པར་སེམས་དང་ལོག་པར་ལྟ་བའོ། །ལུས་ངག་ལས་བདུན་ལས་ཡིན་ལམ་ཡང་མིན། །ཡིད་ཀྱི་མི་དགེ་གསུམ་དེ་ལས་ཀྱི་ལམ། །ལས་ནི་འདུ་བྱེད་སེམས་དཔའ་ཡིན་པའི་ཕྱིར། །དེ་ཡི་འགྲོས་ཀྱིས་འགྲོ་ཞིང་འདུ་བྱེད་དོ། །དེ་དག་འདོད་ཁམས་ལ་ཡང་དམྱལ་བ་ན། །ཀྱལ་བ་ཚིག་རྩུབ་གནོད་སེམས་དག་ལས་གཞན། །ལྡན་པ་ཙམ་ལས་མངོན་དུ་གྱུར་བ་མེད། །སྒྲ་མི་སྙན་ན་ཡིད་ཀྱི་ལས་གསུམ་དང་། །ཚིག་ཀྱལ་དང་བཅས་གཞན་རྣམས་མངོན་འགྱུར་མེད། །འདོད་ཁམས་གཞན་ན་མི་དགེ་བཅུ་མངོན་ཡོད། །དེ་དག་ངོ་བོ་དུག་གསུམ་རང་བཞིན་ཏེ། །གསོད་པར་གནོད་སེམས་ཚིག་བརྩུབ་ཞེ་སྡང་ལས། །ལོག་གཡེམ་བརྩུབ་སེམས་མ་བྱིན་ལེན་ཆགས་པ། །ལོག་ལྟ་གཏི་མུག་གཞན་རྣམས་ཅི་རིགས་སོ། །དེ་ལ་སྒོ་གསུམ་ཉོན་མོངས་གང་རགས་པ། ཡོན་པོའི་ལས་དང་དེ་བཞིན་སྐྱོན་ཅན་དང་། །སྙིགས་མའི་ལས་སོགས་རྣམ་གྲངས་མང་ཡོད་ཀྱང་། །ངོ་བོ་དྲི་མ་གསུམ་གྱིས་མ་བསྐྱེད་མེད། །དེ་ཡང་གཞི་བསམ་སྦྱོར་བ་མཐར་ཐུག་ཚང་། །དེ་ཚེ་ལས་གང་ཡོངས་སུ་རྫོགས་པ་སྟེ། །གཞི་ནི་ཞེ་སྡང་ལས་གསུམ་སེམས་ཅན་ལ། །ཆགས་གསུམ་གཞི་ནི་ལོངས་སྤྱོད་ལོག་ལྟའི་གཞི། །མིང་གཟུགས་ཀྱིས་བསྡུས་ཕུང་པོ་ལྔ་ཡིན་ལ། །རྫུན་སོགས་བཞིའི་གཞི་སེམས་ཅན་དང་ནི་མིང་། །བསམ་པས་ཡུལ་དེར་བསམ་བཞིན་སྦྱོར་བ་དང་། །བརྩོམ་པ་མཐར་ཕྱིན་ཡོངས་སུ་རྫོགས་ནའོ། །གཞན་ལ་བགྱིད་བཅུག་པ་ཡང་དེ་དང་འདྲ། །དེ་ལས་བརྒྱད་པར་ཅིག་ཆར་འབྱུང་སྲིད་ཀྱང་། །ཡིད་ཀྱི་གསུམ་པོ་ལྷན་དུ་མི་འབྱུང་ངོ་། །ཚེ་འདིར་འཕགས་ལམ་སྐྱེ་བའི་གེགས་གྱུར་པ། །ཉེས་པ་ཤིན་ཏུ་ལྕི་བ་མཚམས་མེད་ལྔ། །ཕ་དང་མ་གསོད་དགྲ་བཅོམ་སྲོག་འཕྲོག་དང་། །སངས་རྒྱས་སྐུ་ལ་ངན་སེམས་ཁྲག་དབྱུང་བ། །དགེ་འདུན་འཁོར་ལོའི་དབྱེན་དང་ལྔ་ཡིན་ནོ། །དེ་དང་ཉེ་བ་དགྲ་བཅོམ་མ་ལ་སྤྱད། །བྱང་སེམས་ངེས་གནས་འཕགས་པ་སློབ་པ་གསོད། །དགེ་འདུན་འདུ་བའི་སྒོ་འཕྲོག་མཆོད་རྟེན་བཤིག །དེ་དག་མཚམས་མེད་དག་དང་ཆ་འདྲའོ། །མི་དགེ་བཅུ་ཡི་རྣམ་སྨིན་འབྲས་བུ་ནི། །ངན་སོང་དག་ཏུ་ལྟུང་ཞིང་སྡུག་བསྔལ་བ། །བྱེད་པ་རྒྱུ་མཐུན་སྔར་གོམས་སྡིག་ལ་དགའ། །མྱོང་བ་རྒྱུ་མཐུན་ཚེ་ཐུང་འབྱོར་པ་དབུལ། །ཁྱིམ་ཐབ་མི་སྲུན་སྐུར་པ་འདེབས་པ་མང་། །མཛའ་བོ་དང་དབྱེ་མི་སྙན་སྒྲ་ཐོས་དང་། །ཚིག་བརྗོད་མི་འཛིན་དུག་གསུམ་ཤས་ཆེའོ། །བདག་པོའི་འབྲས་བུ་ས་ཕྱོགས་གཟི་མདངས་ཆུང་། །སེར་བ་དང་ནི་ཆར་མོད་རྡུལ་འཁྲིགས་པ། །དྲི་མི་ཞིམ་དང་མཐོ་དམན་གཡང་ས་ཅན། །ཚ་སྒོ་ཅན་སོགས་དང་ནི་དུས་ལོག་པ། །འབྲས་བུ་ཕྲ་བ་རོ་ཁ་ཆུང་བའོ། །དེ་ཡང་རྒྱུ་ལས་རྫོགས་ཚུལ་ཆེ་ཆུང་གིས། །འབྲས་བུ་མྱོང་བ་དག་ཀྱང་དེ་བཞིན་ལ། །མཚམས་མེད་ལྔ་ནི་གཉེན་པོས་མ་བཅོམ་པར། །ཤི་ན་དེ་མ་ཐག་ཏུ་མནར་མེད་འགྲོ། །ཉེ་བ་ལྔ་ཡང་དེ་དང་འདྲ་བའོ། །ལོག་པར་ལྟ་བ་དད་པ་ལོག་པ་དང་། །སྒྲོ་བསྐུར་འདེབས་ཤིང་རྟག་ཆད་ལྟ་བ་སྟེ། །དེས་ནི་རྡོ་རྗེ་དམྱལ་བར་འཕེན་བྱེད་ཅིང་། །རྒྱུད་ལ་དགེ་གང་གནས་པར་མི་འགྱུར་རོ། །དེ་ལྟར་དགེ་སྡིག་གཉིས་ཀྱི་ལས་གང་དག །མྱོང་བའི་ཚུལ་ནི་རྣམ་པ་བཞི་ཡིན་ཏེ། །མཐོང་ཆོས་མྱོང་གྱུར་ལས་ནི་ཞིང་དང་ནི། །བསམ་པ་དྲག་པོས་བྱེད་དང་ལས་སྟོབས་ལྡན། །ཚེ་འདིར་སྨིན་པར་ངེས་པ་དེ་དག་གོ། །སྐྱེས་ནས་མྱོང་གྱུར་ལས་ནི་ཕྱི་མ་ན། །སྨིན་པར་ངེས་པ་མཚམས་མེད་ལྔ་ལས་སོགས། །ལན་གྲངས་གཞན་ལ་མྱོང་གྱུར་སྣ་ཚོགས་པ། །ཕན་ཆད་མྱོང་བའི་ལས་ཡིན་མ་ངེས་པ། །ལས་བསགས་གྱུར་ཀྱང་གཉེན་པོས་བཅོམ་པ་སྟེ། །རྣམ་པར་སྨིན་པ་འབྱིན་པར་མ་ངེས་སོ། །བྱས་ལ་བསགས་པའི་ལས་ནི་དྲུག་ཡིན་ཏེ། །ཀུན་སློང་དྲག་པོའི་བསམ་བཞིན་བྱེད་པ་དང་། །རྫོགས་པར་བྱས་དང་རྗེས་སུ་འགྱོད་མེད་པ། །ཡིད་རང་བ་དང་གཉེན་པོ་མེད་པ་དང་། །འབྲས་བུ་སྨིན་པའི་ནུས་པ་ཡོད་པའོ། །བྱས་ལ་མ་བསགས་ལས་ནི་དེ་དྲུག་པོ། །མ་ཚང་ཕྱིར་ན་འབྲས་སྨིན་མ་ངེས་པ། །འཕེན་རྫོགས་གནས་རིས་གང་དུ་སྐྱེ་བ་དང་། །བདེ་སྡུག་ཅི་ཙམ་མྱོང་བ་རྫོགས་པར་བྱེད། །དེ་དག་གཉིས་ཀ་བྱེད་དང་གང་རུང་གིས། །ལས་ཀྱི་དབྱེ་བ་ཡོད་པ་ཤེས་པར་བྱ། །མདོར་ན་དགེ་སྡིག་གང་ཡིན་ཞིང་དང་ནི། །བསམ་པ་དང་ནི་ནན་ཏན་རྒྱུན་བྱེད་སོགས། །ལས་སྟོབས་ཆེ་ཆུང་གཉིས་སུ་གྱུར་བའོ། །ལུང་མ་བསྟན་གྱི་ལས་ནི་སྣ་ཚོགས་པ། །དུག་གསུམ་ཡོད་མེད་གང་ཡང་མིན་པའི་སེམས། །རང་གར་ཞུགས་པའི་ལས་ནི་ཐམས་ཅད་དེ། །ངོ་བོ་ཁམས་དང་སྐྱེ་མཆེད་གཟུགས་ཅན་བརྒྱད། །མཚུངས་པར་ལྡན་པའི་ཡིད་དང་སྲོག་དབང་པོ། །བསྐལ་མཉམ་པ་དང་མིང་ཚིག་ཡི་གེ་དང་། །འབྲེལ་བས་ལུང་མ་བསྟན་ནི་སྡང་བ་དང་། །དྭངས་བ་གང་ཡང་མིན་པའི་སེམས་ཀྱི་ལས། །མིང་ཚིག་ཡི་གེ་དེ་དག་གིས་ཟིན་པའི། །སེམས་དང་སེམས་ལས་བྱུང་བའི་ཚོགས་རྣམས་དང་། །རྗེས་སུ་འབྲེལ་བ་བརྗོད་པའི་བག་ཆགས་དང་། །སེམས་དེའི་ཀུན་སློང་ལུས་དང་ངག་གི་ལས། །དོན་དམ་ནམ་མཁའ་བརྟག་མིན་འགོག་པའོ། །དེ་ལ་སྐྱེ་བས་ཐོབ་པའི་ལུང་མ་བསྟན། །དགེ་སྡིག་ཟག་བཅས་ཀྱི་ནི་རྣམ་སྨིན་དང་། །སྦྱོར་བ་ཉོན་མོངས་ཅན་དང་དགེ་བའི་སེམས། །གང་ཡང་མིན་པས་བསྐྱེད་པའི་སྤྱོད་ལམ་དང་། །བཟོ་དང་ཡི་གེ་འབྲི་བ་སོགས་ཇི་སྙེད། །ཉེ་བར་སྤྱོད་པ་སོ་སོར་བརྟག་པ་དང་། །ཉོན་མོངས་གང་ཡང་མིན་པར་སྤྱད་པའོ། །ཡོངས་སུ་འཛིན་པ་སྔར་གོམས་ཕྱིའི་རྫོགས་པ། །བཟོ་གནས་གོམས་པས་རི་མོ་ཤེས་པ་བཞིན། །ཉེ་བར་ཞི་བ་གཟུགས་ཁམས་གཟུགས་མེད་ན། །ཞི་གནས་ལྡན་ཕྱིར་འབྲས་བུ་མི་འབྱིན་ནོ། །གཉེན་པོ་སོ་སོར་མ་བརྟགས་སྨན་བསྟེན་ལྟར། །རྒྱུ་མཐུན་སྤྲུལ་པའི་སེམས་དང་ལྷན་ཅིག་སྐྱེ། །ཕན་འདོགས་ལུང་མ་བསྟན་གྱི་བྲན་སོགས་ལ། །སྡང་དང་དྭངས་བ་མེད་བཞིན་སྦྱིན་པ་བྱིན། །མདུན་དུ་བྱེད་པས་ལུང་མ་བསྟན་དང་བཅས། །རྣམ་པ་བཅུ་བཞི་བསྡུ་ན་བཞི་ཡིན་ཏེ། །རྣམ་སྨིན་ལས་སྐྱེད་སྤྱོད་ལམ་བཟོ་གནས་དང་། །སྤྲུལ་པའི་སེམས་སོ་དེ་དག་འདོད་པར་རྫོགས། །གཟུགས་ཀྱི་ཁམས་ན་བཟོ་གནས་མ་གཏོགས་ཡོད། །རིག་བྱེད་མིན་པའི་ལས་ནི་དངོས་མེད་ཀྱང་། །ཟིན་འབྱུང་གིས་བྱུང་རྒྱུན་ཆགས་ཡོད་པའོ། །དེ་ལ་སྡོམ་པ་སོ་སོར་ཐར་པ་དང་། །བསམ་གཏན་དང་ནི་ཟག་མེད་སྡོམ་པ་གསུམ། །སོ་ཐར་ཆོས་བཞིན་ཁས་བླང་ལས་ཐོབ་པ། །བསྙེན་པར་གནས་དང་དགེ་བསྙེན་ཕ་མ་གཉིས། །དགེ་སློབ་མ་དང་དགེ་ཚུལ་ཕ་མ་གཉིས། །དགེ་སློང་ཕ་མ་གཉིས་བཅས་རིགས་བརྒྱད་དོ། །དེ་དག་ཐོབ་པ་མི་ཉམས་བསྲུང་བ་ནི། །བསྙེན་གནས་དུས་ཁྲིམས་ཡན་ལག་བརྒྱད་པ་དང་། །དགེ་བསྙེན་ལའང་སྣ་གཅིག་སྣ་འགའ་བསྲུང་། །ཕལ་ཆེར་དང་ནི་ཡོངས་རྫོགས་བསྲུང་བ་དང་། །དགེ་ཚུལ་ཁྲིམས་ནི་རགས་པ་བཅུར་དྲིལ་བ། །དགེ་སློབ་དེ་སྟེང་རྩ་བའི་ཆོས་དྲུག་དང་། །རྗེས་མཐུན་དྲུག་སྲུང་དགེ་སློང་ཕ་རྣམས་ནི། །ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང་། །སྤང་ལྟུང་སུམ་ཅུ་ལྟུང་བྱེད་དགུ་བཅུ་དང་། །སོར་བཤགས་བཞི་དང་ཉེས་བྱས་བརྒྱ་བཅུ་གཉིས། །དགེ་སློང་མ་ལ་ཕམ་པ་བརྒྱད་ལ་སོགས། །སུམ་བརྒྱ་དྲུག་ཅུ་རྩ་བཞི་ཚུལ་བཞིན་དུ། །བསྲུང་དང་དགེ་སྦྱོང་ཆོས་བཞི་དང་ལྡན་ཅིང་། །སྦྱོང་པའི་ཡོན་ཏན་བཅུ་གཉིས་ལ་གནས་སོ། །གཏོང་བའི་དུས་ནི་བསྙེན་གནས་ཁས་བླང་བཞིན། །མཚན་འདས་ནས་གཏོང་དགེ་སློང་སོགས་གཞན་ནི། །ཇི་སྲིད་འཚོ་ཡི་མཐའ་སྟེ་ཤི་བ་དང་། །བསླབ་པ་ཕུལ་དང་དགེ་རྩ་ཆད་པ་དང་། །མཚན་གཉིས་ཅིག་ཆར་བྱུང་བ་སོགས་ཀྱིས་གཏོང་། །བསམ་གཏན་སྡོམ་པ་སྲིད་ཁམས་གོང་མ་ཡི། །ཐོབ་པའི་སྟོབས་ཀྱིས་དེ་ལས་མ་ཉམས་པར། །མི་དགེ་འཇུག་པ་ངང་གིས་ཁེགས་པ་སྟེ། །སྙོམས་འཇུག་ལས་ཉམས་པས་འཕོས་པས་གཏོང་ངོ་། །ཟག་མེད་སྡོམ་པ་འཕགས་ས་ཐོབ་སྟོབས་ཀྱིས། །མི་དགེ་བ་ལ་འཇུག་པ་གཏན་དུ་ལྡོག །སྡོམ་པ་མངོན་གྱུར་འདུ་ཤེས་མེད་མ་གཏོགས། །ཁམས་གཞན་ཀུན་ན་ཡོད་ཀྱང་བྱེ་སྨྲ་བས། །ཚངས་ཆེན་འཕགས་པ་སྐྱེ་བའི་གནས་མིན་པས། །ཟག་མེད་སྡོམ་པ་སྐྱེ་བ་མེད་པར་འདོད། །འོན་ཀྱང་བྱང་སེམས་འཕགས་སོགས་གཞན་དོན་དུ། །སྲིད་པའི་གནས་ལ་སྤངས་བླང་མེད་པའི་ཕྱིར། །སྐྱེ་བའི་གནས་ལ་ངེས་པ་མེད་པར་བཤད། །ཟག་མེད་སྡོམ་པ་གཏན་ཉམས་མེད་མོད་ཀྱང་། །དམན་ལས་འབྲས་ལས་གནས་སྐབས་ཉམས་ཚུལ་ཙམ། །དབང་པོ་རྟུལ་རྣོན་འཕོས་དང་གོང་མ་ཐོབ། །དེ་ཚེ་སྔ་གཏོང་ཕྱི་མ་ཐོབ་པར་བཤད། །ཡིད་ཀྱི་སྡོམ་པ་སེམས་པ་རྒྱུན་ཆགས་པ། །ས་བོན་དང་བཅས་ལུས་ངག་སྡོམ་ཐོབ་བྱེད། །བསམ་གཏན་ཟག་མེད་སྡོམ་པའང་དེ་རྗེས་འབྲང་། །དྲན་ཤེས་དག་ཀྱང་ཡིད་དབང་སྡོམ་པར་གསུངས། །སྡོམ་མིན་སྡོམ་སེམས་མེད་པར་ཤན་པ་སོགས། །བྱ་བར་དངོས་སུ་འཇུག་དང་ཁས་བླང་བས། །ཐོབ་ཅིང་གཏོང་བའི་དུས་ནི་གཉེན་པོས་ཟིན། །ཤི་དང་མཚན་གཉིས་འགྱུར་བས་གཏོང་བར་བཤད། །བར་སྡོམ་ཁས་བླང་དུས་བཞིན་དགེ་སྡིག་ལ། །འཇུག་ཐོབ་བར་མའི་དགེ་སྡིག་ངེས་མེད་པ། །ཐད་ཀ་ཐད་ཀར་དགེ་སྡིག་བྱེད་པ་སྟེ། །སྡོམ་པ་སྡོམ་མིན་གང་ཡང་མ་ཡིན་པར། །དུས་ཀྱི་རྣམ་པར་རིག་བྱེད་ལས་ཡིན་ནོ། །གཏོང་བ་ཁས་བླང་ལས་ལྡོག་བྱ་བ་ཆད། །བསམ་པའི་འཕེན་ཤུགས་ཆད་དང་འཚེ་འཕོས་པས། །གཏོང་སྟེ་དཔེར་ན་ཉ་རྒྱ་ཆད་བཞིན་ནོ། །དེ་ལྟའི་སྡོམ་དང་སྡོམ་མིན་མི་རྣམས་ན། །ཡོད་ཀྱང་ཟ་མ་མ་ནིང་མཚན་གཉིས་འགྱུར། །སྒྲ་མི་སྙན་པ་མ་གཏོགས་གཞན་རྣམས་སོ། །བར་སྡོམ་འདོད་པའི་ལྷ་དང་བསམ་གཏན་སྡོམ། །འདོད་གཟུགས་ལྷ་རྣམས་ལ་ཡོད་ཟག་མེད་ནི། །འདུ་ཤེས་མེད་པ་མ་གཏོགས་གཞན་པ་རྣམས། །ལས་དེ་དག་ནི་ཉོན་མོངས་ལས་བྱུང་སྟེ། །མྱུ་གུ་སྐྱེ་བའི་ས་བོན་ཅི་བཞིན་ནོ། །དེ་ནི་སྲིད་ལ་དགའ་ཞིང་དངོས་ཀུན་ཚོལ། །དེ་བཞིན་དུས་དང་སས་ཡང་ཆོས་ཚུལ་གྱིས། །ཀུན་ཏུ་འགྲོ་བའི་བདག་ཉིད་ཅན་ཡིན་པས། །དེ་དག་ཕྲ་བ་ནས་སྐྱེ་ཆེར་རྒྱས་ལ། །སྐྱེ་བའི་རྒྱུ་ནི་ཚུལ་མིན་ཡིད་བྱེད་དང་། །ཉོན་མོངས་བག་ཉལ་མ་སྤངས་སྐྱེ་ཡུལ་ཡོད། །དེ་ཚེ་སྐྱེ་བར་འགྱུར་ཞིང་བྱེད་ལས་ནི། །སེམས་རྒྱུད་ཀུན་ནས་མ་ཞི་བར་བྱེད་དོ། །དེ་ཡང་འཁོར་བར་ཟག་པར་བྱེད་པ་སྟེ། །ཕུང་པོ་ལྔར་དམིགས་བདག་ཏུ་ལྟ་བ་ལས། །རྩ་ཉོན་དང་ནི་ཉེ་ཉོན་རྒྱས་པར་འགྱུར། །དེ་ཡི་ཚུལ་ནི་ཕྲ་རྒྱས་ཀུན་འགྲོ་སྟེ། །སྡུག་ཀུན་བདེན་པ་མཐོང་བས་སྤང་བྱ་དགུ། །དེ་དག་མཚུངས་པར་ལྡན་པའི་མ་རིག་པ། །རྩ་ཉོན་གཞན་དང་མ་འདྲེས་མ་རིག་སྟེ། །རྣམ་པ་བཅུ་གཅིག་ཚུལ་གྱིས་དམིགས་པ་རྒྱས། །ཀུན་འགྲོ་མ་ཡིན་པ་རྣམས་རང་རང་གི། །རིས་གྱུར་ཡུལ་ལ་རྒྱས་ཀྱི་ཐམས་ཅད་མིན། །ལྟ་བ་དང་ནི་ཐེ་ཚོམ་མ་རིག་པ། །ཀུན་འགྲོ་ཡིན་ལ་གོང་མར་ཡང་དམིགས་ཀྱང་། །ལྷག་མ་རྣམས་ནི་དེ་ལྟར་མ་ཡིན་ནོ། །འགོག་ལམ་མཐོང་བས་སྤང་བྱ་དྲུག་པོ་ཡིས། །ཟག་མེད་ལ་ནི་དམིགས་པར་བྱེད་པའོ། །ཉོན་མོངས་མ་སྤང་བར་དུ་དེ་ཉིད་ལ། །སེམས་དང་སེམས་བྱུང་མཚུངས་པར་ལྡན་གྱུར་ཏེ། །འདོད་ཆགས་དག་ནི་ཁྲོ་དང་ཐེ་ཚོམ་ལས། །གཞན་པའི་ཉོན་མོངས་རྣམས་དང་མཚུངས་ལྡན་འབྱུང་། །ཁོང་ཁྲོ་ཐེ་ཚོམ་ཆགས་སྙེམས་ལྟ་དང་གསུམ། །ང་རྒྱལ་ལྟ་བ་ཁྲོ་དང་ཐེ་ཚོམ་ལ། །མཚུངས་པར་མི་ལྡན་ལྷག་མ་གཞན་རྣམས་ལྡན། །ཉེ་ཉོན་རྣམས་ཀྱང་ཕན་ཚུན་མཚུངས་མི་ལྡན། །རྒོད་རྨུག་བག་མེད་ལེ་ལོ་མ་དང་ལྔ། །ཉོན་མོངས་ཀུན་དང་མཚུངས་པར་ལྡན་དུ་རུང་། །མ་རིག་པའང་དེ་དང་མཚུངས་པ་ལ། །མ་འདྲེས་པ་ནི་རྨོངས་པས་མི་ཤེས་ཙམ། །ངོ་ཚ་ཁྲེལ་མེད་མི་དགེ་ཀུན་མཚུངས་ལྡན། །འདོད་ཆགས་འདོད་ཁམས་བསམ་གཏན་གཉིས་པའི་བར། །ཚོར་བ་བདེ་དང་ཡིད་བདེ་བཏང་སྙོམས་དང་། །མཚུངས་པར་ལྡན་ལ་བསམ་གཏན་གསུམ་པར་བདེ། །དེ་ཡན་བཏང་སྙོམས་དང་ལྡན་ཁོང་ཁྲོ་ནི། །སྡུག་བསྔལ་ཡིད་མི་བདེ་དང་བཏང་སྙོམས་གསུམ། །ང་རྒྱལ་བདེ་དང་ཡིད་བདེ་བཏང་སྙོམས་གསུམ། །མཚུངས་པར་ལྡན་པ་འདོད་ཆགས་དང་འདྲའོ། །འཇིག་མཐར་མཆོག་འཛིན་གཉིས་ཏེ་ལྟ་བ་བཞི། །ང་རྒྱལ་དང་མཚུངས་ལོག་ལྟ་འདོད་ཁམས་སུ། །ཡིད་བདེ་མི་བདེ་བཏང་སྙོམས་གསུམ་དང་ནི། །གོང་མ་གཉིས་ན་ཚོར་བ་གང་ཡོད་དང་། །མཚུངས་ལྡན་ཐེ་ཚོམ་བཏང་སྙོམས་ཡིད་མི་བདེ། །གོང་མ་གཉིས་ན་གང་ཡོད་དེ་དང་ལྡན། །མ་རིག་ས་གསུམ་ཚོར་བ་ཀུན་དང་ལྡན། །མ་འདྲེས་མ་རིག་ཐེ་ཚོམ་དང་འདྲའོ། །རྣམ་ཤེས་གོང་དང་ལྷན་གཅིག་འབྱུང་བ་ནི། །ཆགས་སྡང་རྨོངས་གསུམ་འདོད་པར་ཚོགས་དྲུག་དང་། །ཆགས་རྨོངས་གཉིས་ནི་གཟུགས་ཁམས་རྣམ་ཤེས་བཞི། །གཟུགས་མེད་ཡིད་ཀྱི་རྣམ་ཤེས་ཁོ་ན་དང་། །ཆགས་ཁྲོ་ང་རྒྱལ་འདོད་པར་དངོས་པོའི་ཕྱོགས། །གཅིག་ལ་དམིགས་ནས་འཇུག་སྟེ་ཐམས་ཅད་མིན། །གོང་མར་ཆགས་པ་ང་རྒྱལ་དེ་དང་འདྲ། །ལྷག་རྣམས་དངོས་པོ་ཀུན་ལ་འཇུག་རུང་ངོ་། །ང་རྒྱལ་ལྟ་བ་ཐེ་ཚོམ་པ་ཀུན་ན། །ཡིད་ཀྱི་རྣམ་ཤེས་ཁོ་ན་དང་ལྡན་ནོ། །ལམ་གྱི་སྤང་བྱ་ཚོགས་ལམ་ཐོབ་པའི་དུས། །ཟག་བཅས་འདུ་བྱེད་སྐྱོན་མཐོང་མངོན་ཞེན་སྤངས། །སྦྱོར་ལམ་སྒྲིབ་པའི་ས་བོན་ཉམས་སྨད་པས། །སོ་སོའི་སྐྱེ་བོའི་ཕོངས་དང་རྒུད་ལས་གྲོལ། །མཐོང་སྤང་ལྟ་དང་ལྟ་མིན་བཅུ་པོ་དེ། །བདེན་བཞིར་ཁྱད་མེད་འཇུག་པར་འདོད་པ་ན། །བཞི་བཅུ་གོང་མར་ཁྲོ་བ་མེད་པའི་ཕྱིར། །སོ་དྲུག་ཚན་གཉིས་དང་བཅས་བརྒྱ་བཅུ་གཉིས། །སྒོམ་སྤང་ཁམས་གསུམ་དག་ན་བཅུ་དྲུག་ལ། །ཁམས་དང་ས་དང་རྣམ་པའི་དབྱེ་བྲག་གིས། །སྐོར་དགུས་དབྱེ་བས་ལྔ་བཅུ་ང་བཞི་སྟེ། །འདོད་པར་ཀུན་དང་བསམ་གཟུགས་བརྒྱད་པོ་ལ། །ཁོང་ཁྲོ་མ་གཏོགས་ལྔ་རེ་སྐོར་དགུས་དབྱེ། །སུམ་བརྒྱ་དྲུག་ཅུ་བསྡོམ་པས་བཞི་བརྒྱ་དང་། །བཅུ་བཞི་དག་ནི་སྒོམ་པས་སྤང་བྱ་ཡིན། །དེ་ལྟའི་ཉོན་མོངས་དག་གིས་ཡང་དག་ལ། །ཀུན་ནས་སྒྲིབ་ཅིང་ཞེན་པས་བཅིང་བ་སྟེ། །སོ་སྐྱེས་སྡུག་བསྔལ་ཆུ་བོར་སྦྱོར་བྱེད་པའི། །འདོད་པའི་ཉོན་མོངས་དང་ནི་ཁམས་གོང་མར། །སྲིད་པའི་ཆུ་བོ་དེ་བཞིན་སྲིད་གསུམ་ན། །ལྟ་དང་མ་རིག་བཞི་ཡི་སྦྱོར་བའོ། །ཐེག་པར་བསླབ་ཀྱང་རྩོད་པས་ཉེར་ལེན་པ། །འདོད་པར་ལྷག་པར་ཞེན་དང་ལྟ་བར་ཞེན། །ཚུལ་བརྟུལ་མཆོག་འཛིན་བདག་སྨྲ་ཉེར་ལེན་བཞིས། །ཁྱིམ་པ་དང་ནི་རབ་བྱུང་མུ་སྟེགས་བྱེད། །དེ་བཞིན་བདག་མེད་སྨྲ་ལ་རྩོད་སོགས་སོ། །ཞི་གནས་བཏང་སྙོམས་ལམ་ལ་གནས་གྱུར་ཀྱང་། །ཀུན་རྟོག་ལམ་ལ་དཀྲིས་པར་བྱེད་པ་ནི། །རྨུགས་གཉིད་རྒོད་འགྱོད་ཕྲག་དོག་སེར་སྣ་དང་། །ངོ་ཚ་མེད་དང་ཁྲེལ་མེད་བརྒྱད་ཀྱིས་སོ། །གཡེང་བའི་རྒྱུ་ནི་ཟང་ཟིང་བསྒྲུབ་པ་དང་། །རྩོད་པ་ལེགས་པར་མི་སྒྲུབ་ཚུལ་མིན་རྟོག །ཚུལ་བརྟུལ་དྲག་པོས་སྡུག་བསྔལ་བ་དང་བཞི། །རབ་བྱུང་ལེགས་སྒྲུབ་ཞི་གནས་སེམས་རབ་འཛིན། །བཏང་སྙོམས་ལྔ་ལ་སྒྲིབ་བྱེད་འདོད་པར་འདུན། །གནོད་སེམས་རྨུགས་གཉིད་རྒོད་འགྱོད་ཐེ་ཚོམ་མོ། །ཐ་མའི་ཆ་དང་མཐུན་པའི་ཀུན་སྦྱོར་ནི། །འཇིག་ལྟ་མཆོག་འཛིན་གཉིས་དང་ཐེ་ཚོམ་དང་། །འདོད་འདུན་གནོད་སེམས་ལྔ་ཡི་གནོད་པར་སྦྱོར། །ལམ་ཞུགས་ཕྱིར་མི་འོང་བའི་གེགས་ཡིན་ནོ། །དེ་བཞིན་གོང་མའི་འདོད་ཆགས་གཉིས་དང་ནི། །རྒོད་རྨོངས་ང་རྒྱལ་ལྔ་ལ་གོང་མ་ཡི། །ཆ་དང་མཐུན་པའི་ཀུན་སྦྱོར་ཞེས་བྱ་ཞིང་། །འདི་སྤངས་པས་ནི་དགྲ་བཅོམ་ཐོབ་པར་བཤད། །དེ་བཞིན་ཐར་པར་སྒྲིབ་བྱེད་ཀུན་སྦྱོར་དགུ། །རྗེས་སུ་ཆགས་དང་ཁོང་ཁྲོ་ང་རྒྱལ་དང་། །མ་རིག་པ་དང་མཆོག་འཛིན་ཐེ་ཚོམ་དང་། །ཕྲག་དོག་སེར་སྣས་འཁོར་བར་ཀུན་དུ་སྦྱོར། །ལུས་ཀྱི་མདུད་པ་བཞི་ནི་བརྣབ་སེམས་དང་། །གནོད་སེམས་ཚུལ་བརྟུལ་མཆོག་འཛིན་མངོན་ཞེན་ནོ། །གཞན་ཡང་ཆུ་བོ་བཞི་དང་སྦྱོར་བཞི་དང་། །ཉེར་ལེན་བཞི་སོགས་རྣམ་གྲངས་དཔག་མེད་ཀྱང་། །བསྡུ་ན་འཆིང་བ་གསུམ་དུ་འདུ་གསུངས་པས། །དེ་གསུམ་བྲལ་བའི་གཉེན་པོ་སྒོམ་པ་གཅེས། །མདོར་ན་ཉོན་མོངས་སྒྲིབ་པ་ཇི་སྙེད་ཀུན། །གནས་ངན་ལེན་པ་བག་ཉལ་མ་སྤང་བར། །དེ་སྲིད་སྲིད་པའི་གནས་ངན་འདོར་མིན་པས། །ཉེས་ཚོགས་དྲི་མ་དག་ཀྱང་སྤང་མི་འགྱུར། །བག་ཉལ་འདོད་པའི་འདོད་ཆགས་ཁོང་ཁྲོ་དང་། །སྲིད་པའི་ཆགས་པ་ང་རྒྱལ་མ་རིག་པ། །ལྟ་བ་ཐེ་ཚོམ་བག་ཉལ་དང་བདུན་ནོ། །དེ་ཡང་རང་རྒྱུད་དྲི་མས་གོས་གྱུར་ན། །ལེགས་པའི་ཡོན་ཏན་མ་ལུས་འབྱུང་མིན་པས། །དྲི་མ་དེ་དང་བྲལ་བར་མི་བྱེད་ལ། །འབྲས་བུ་སྒྲིབ་ཀུན་བྲལ་བའི་གནས་མེད་དེ། །དྲི་མ་སྒྱུ་གཡོ་དང་ནི་རྒྱགས་པ་དང་། །འཚིག་པ་འཁོན་འཛིན་རྣམ་འཚེ་དྲུག་པོ་འདི། །གང་ལ་ཡོད་པའི་རྒྱུད་ཀྱང་དྲི་མར་བྱེད། །དེ་ལྟར་ཉོན་མོངས་ཕྲ་རྒྱས་ཇི་སྙེད་ཀུན། །འཁོར་བ་སྡུག་བསྔལ་གནས་སུ་སྦྱོར་བྱེད་ཅིང་། །ཡང་དག་ལྟ་ལ་སྒྲིབ་པས་ལོག་པའི་ཚུལ། །ཟག་བཅས་ཉོན་མོངས་འདུས་བྱས་རང་བཞིན་ཏེ། །རྩ་བ་དང་ནི་ཉེ་ཉོན་ངོ་བོ་ལ། །དེ་དང་འབྲེལ་བར་འབྱུང་བའི་སེམས་སེམས་བྱུང་། །དེ་ཡི་བདག་རྐྱེན་མིག་སོགས་མཚུངས་ལྡན་རྟེན། །ཁམས་གསུམ་དགེ་བ་ཟག་བཅས་ཟག་པས་བཅིང་། །དེ་དང་རྗེས་འབྲེལ་དེ་ཡི་གནས་ངན་ལེན། །རྗེས་སུ་མཐུན་པ་ཟག་པའི་དམིགས་པ་སྟེ། །དྲུག་པོ་འདི་དང་འབྲེལ་བའི་ཆོས་ཇི་སྙེད། །ཟག་བཅས་རང་བཞིན་ཡིན་པར་ཤེས་པར་བྱ། །དེ་ལྟར་ལས་དང་ཉོན་མོངས་ལ་རྟེན་ནས། །སྲིད་པའི་སྡུག་བསྔལ་རྒྱ་མཚོ་ཆེན་པོ་ལ། །རྟག་ཏུ་ཕྱིངས་ཤིང་སྡུག་བསྔལ་མི་ཟད་པས། །རྩ་བ་ལས་ཉོན་སྤང་བ་གནད་དུ་བཤད། །ས་ན་རྒྱུ་འབྲས་དག་ལ་སྤང་བླང་གི། །བློ་གྲོས་འཇུག་པའི་མིག་བཟང་དང་ལྡན་ན། །ཡང་དག་ཐར་པའི་ལམ་ལ་མི་རྨོངས་ཤིང་། །ཐམས་ཅད་མཁྱེན་པ་མྱུར་དུ་ཐོབ་པར་གསུངས། །ལེགས་པར་བཤད་པ་མན་ངག་གི་བསྟན་བཅོས་ཟབ་མོ་སྡོམ་པའི་མཛོད་ལས། ཟག་པ་སྡུག་བསྔལ་ཚུལ་བཤད་པའི་ལེའུ་སྟེ་གསུམ་པའོ།། ༈ །།དེ་ལྟར་རྒྱུ་རྐྱེན་ལས་ཉོན་ལ་བརྟེན་ནས། །འབྲས་བུ་སྲིད་པའི་ཁྲོད་ནས་སྡུག་བསྔལ་བ། །ཟག་བཅས་འཁོར་བའི་རང་བཞིན་འདི་དག་ལ། །ངེས་པར་བསམ་ནས་གཏན་གྱི་བདེ་བ་ཞིག །ད་ལྟ་དལ་འབྱོར་རྟེན་བཟང་ཐོབ་པའི་སྐབས། །ཅི་བཞིན་འགྲུབ་པའི་ཐབས་ལ་མ་འབད་ན། །ཕྱིས་ནས་མི་ལུས་རིན་ཆེན་རྙེད་དཀའ་ཞིང་། །དམ་ཆོས་ཚུལ་བཞིན་བསྒྲུབ་པ་དེ་བས་དཀོན། །དེ་ཕྱིར་ཐར་པའི་གྲུ་གཟིང་འདི་རྙེད་སྐབས། །དགེ་བའི་བཤེས་གཉེན་ཕྱི་ནང་གསང་གསུམ་གྱི། །མཚན་ཉིད་ཚང་ཞིང་ཡོན་ཏན་ནོར་གྱིས་མཛེས། །སློབ་མའི་རྒྱུད་དང་བསྟུན་པར་གདམས་ངག་གི། །སྙིང་པོའི་ཆོས་ཆར་འབེབ་མཁས་བླ་མ་ལས། །དད་གུས་དང་བའི་བློ་དང་མ་བྲལ་བར། །འདུ་ཤེས་བཞི་ཡི་སྒོ་ནས་ཚུལ་བཞིན་དུ། །མན་ངག་གདམས་པའི་བདུད་རྩི་བཏུང་བར་བྱ། །ལོག་པའི་བླ་མ་དང་ནི་སློབ་མ་དང་། །རང་ཁེངས་ང་རྒྱལ་ཆེ་ཞིང་ཕྲག་དོག་རྒོད། །ཆོས་བརྒྱད་དུག་གིས་གཟིར་ཞིང་རྙེད་པ་བསྒྲུབ། །དད་པ་མེད་ཅིང་ངོ་སྲུང་གཡོ་སྒྱུ་ཅན། །ཆོས་དྲེད་རྒྱུ་འབྲས་ལོག་སྤྱོད་བྱེད་ལ་སོགས། །ལོག་པའི་ཡུལ་ཅན་གཏན་དུ་སྤང་བྱ་སྟེ། །དེ་དང་འབྲེལ་ན་མནར་མེད་བསྒྲུབ་པའི་རྒྱུ། །དེས་ན་མཚན་ཉིད་ལྡན་པའི་བླ་སློབ་ཀྱིས། །དམ་ཚིག་ཚུལ་བཞིན་བསྲུང་ཞིང་བག་ཡོད་པར། །གདམས་ངག་གངས་སེང་དཀར་མོའི་འོ་མ་དེ། །རྒྱུད་བཟང་རིན་ཆེན་དང་པོའི་སྣོད་དུ་འཛིན། །གདམས་ངག་སྙིང་པོ་བདག་མེད་བསྒོམ་པ་སྟེ། །ཆགས་ཐོགས་རྩད་ནས་གཞིག་པའི་རྡོ་རྗེའི་ཆར། །ཟག་མེད་ཐར་པའི་ལམ་བཟང་བསྒྲོད་གཅིག་པུ། །གཏན་བདེ་ཀུན་མཁྱེན་ཡེ་ཤེས་འདི་ཉིད་དོ། །དེ་ལ་མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་པ་དང་ཡང་དག་ཉིད་རྟོགས་སོགས། །ཐེག་པའི་རྣམ་གྲངས་ཅི་སྙེད་མཆིས་པ་རྣམས། །དབང་པོ་བྱེ་བྲག་དག་ལས་བྱུང་བའོ། །དབང་པོའི་བཟང་ངན་རིགས་ལ་བརྟེན་པ་སྟེ། །རང་བཞིན་གནས་རིགས་བདེ་གཤེགས་སྙིང་པོ་ལས། །ངོ་བོ་འགྱུར་མེད་སྐྱེ་འགག་དང་བྲལ་བ། །རིག་སྟོང་ཟུང་འཇུག་རང་བྱུང་འདུས་མ་བྱས། །གདོད་ནས་སྐུ་དང་ཡེ་ཤེས་དབྱེར་མེད་པ། །རང་བཞིན་རྣམ་དག་ནམ་མཁའ་ལྟ་བུ་ལ། །བཟང་ངན་རྣམ་བཞག་གཏན་ནས་མ་མཆིས་ཀྱང་། །ས་འོག་གཏེར་དང་མཁའ་ལ་སྤྲིན་སོགས་བཞིན། །གློ་བུར་དྲི་མས་སྒྲིབ་པས་ཕལ་པ་ཡི། །བསམ་གྱིས་མི་ཁྱབ་མངོན་དུ་མི་སྣང་ཡང་། །ངོ་བོ་གཤིས་ལ་ཡེ་ནས་སྒྲིབ་མིན་པས། །དྲི་མ་སྲབ་ན་བྱེད་ལས་འཁོར་འདས་ལ། །སྤང་བླང་འཇུག་ལྡོག་འདོད་སོགས་འབྱུང་འགྱུར་བས། །འདི་ལ་རྒྱས་འགྱུར་རིགས་ཞེས་བྲལ་སྟོབས་ཀྱིས། །བཟང་ངན་དག་ལས་རིགས་ལྔར་དབྱེ་བའང་ཡོད། །དེ་ལ་རིགས་ཀྱི་དྲི་མ་བཞི་ཡིན་ཏེ། །ཐེག་པ་ཆེན་པོའི་ཆོས་ལ་ཁོང་ཁྲོ་བ། །དེ་བཞིན་བདག་ཏུ་ལྟ་དང་འཁོར་བར་འཇིགས། །གཞན་དོན་བསྒྲུབ་ལ་ལྟོས་པ་མེད་པའོ། །དྲི་མ་དག་བྱེད་དེ་ལས་ལྡོག་པ་སྟེ། །ཐེག་ཆེན་ལ་མོས་ལྷག་པའི་ཤེས་རབ་དང་། །ཏིང་ངེ་འཛིན་དང་སྙིང་བརྩེ་དང་བཞིའོ། །དེ་བཞི་ལྡན་ན་མོས་པ་ཆོས་འཕེལ་ཞིང་། །བྱང་ཆུབ་སེམས་ལྡན་ཕར་ཕྱིན་དྲུག་བསྒྲུབ་ཅིང་། །སྤང་བྱའི་སྐྱོན་མེད་གཞན་ཡང་སྨིན་པར་བྱེད། །དེ་བཞིན་སངས་རྒྱས་ཞིང་སྦྱོངས་མྱང་འདས་སོགས། །ཡོན་ཏན་མ་ལུས་མངོན་དུ་གྱུར་པའོ། །དེ་ལྟར་དྲི་མ་དག་དང་མ་དག་ལས། །ཐེག་པ་ཆེ་ཆུང་རྣམ་པར་གཞག་པ་ཡང་། །ལམ་གྱི་གཙོ་བོ་སེམས་བསྐྱེད་ཁྱད་པར་ཏེ། །དམན་པ་རང་འདོད་བློ་ཡིས་ཞི་བདེ་ཞིག །དོན་དུ་གཉེར་ཞིང་འཁོར་བར་ཡིད་སྐྱོ་ནས། །གཞན་དོན་ལྷུར་ལེན་དང་བྲལ་ཚོགས་བསགས་ཆུང་། །མཐར་འབྲས་གནས་སྐབས་འགོག་པར་གནས་པའོ། །ཐེག་པ་ཆེན་པོ་བདུན་གྱིས་ཁྱད་འཕགས་ཤིང་། །ཤེས་རབ་སྙིང་རྗེ་དང་བཅས་སྲིད་ཞི་ཡི། །མཐའ་བྲལ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དེ། །དེ་ལ་འབོགས་པའི་ཆོ་ག་ཡུལ་དག་པར། །ཡན་ལག་བདུན་པའི་སྒོ་ནས་དངོས་གཞི་ཡི། །སྡོམ་པ་ལེན་པར་བྱ་ཞིང་དེ་ཡི་ཚུལ། །ཟབ་མོ་ལྟ་དང་རྒྱ་ཆེན་སྤྱོད་སྲོལ་ལོ། །སེམས་བསྐྱེད་ངོ་བོ་སྨོན་འཇུག་གཉིས་ཡིན་ཏེ། །འདོད་པ་ལ་རྟེན་དངོས་སུ་འཇུག་པའོ། །དེ་ལ་རྒྱུ་ནི་རྣམ་པ་བཞི་ཡིན་ཏེ། །ཕུན་སུམ་ཚོགས་པའི་རིགས་དང་བླ་མས་ཟིན། །སྙིང་རྗེ་ཆེ་དང་དཀའ་སྤྱོད་ལ་མི་སྐྱོ། །དེ་བཞིན་རྐྱེན་ཀྱང་བྱང་ཆུབ་མོས་པ་དང་། །སངས་རྒྱས་ཐོབ་འདོད་ཐེག་ཆེན་གནས་ཕྱིར་དང་། །གཞན་དག་དགེ་ལ་འགོད་ཕྱིར་སེམས་བསྐྱེད་དོ། །སྟོབས་ནི་རང་གཞན་རྒྱུ་དང་སྦྱོར་བ་ཡིས། །ཚུལ་བཞིན་ལམ་ལ་འཇུག་ཅིང་སྤང་བྱ་ཡིས། །གནོད་པར་མི་ནུས་གཉེན་པོས་ཟིན་པ་སྟེ། །སྟོབས་ལྡན་རྒྱལ་པོས་གཡུལ་ངོར་སྲུང་བཞིན་ནོ། །མཚན་ཉིད་ལམ་ལ་གོམས་པའི་ཁྱད་པར་གྱིས། །བློ་སྟོབས་དག་གི་དབྱེ་ན་ཐོག་མར་རང་། །སངས་རྒྱས་ཐོབ་པར་བྱས་ནས་དེ་རྗེས་སུམ། །གཞན་དག་དེ་ལ་འགོད་པ་རྒྱལ་པོ་ལྟར། །རང་གཞན་ལྷན་ཅིག་བྱང་ཆུབ་ཐོབ་འདོད་པ། །མཉན་པ་ལྟ་བུའི་སེམས་བསྐྱེད་ཅེས་བྱ་ཞིང་། །སྔོན་ལ་ཁམས་གསུམ་སེམས་ཅན་བླ་མེད་ཀྱི། །གོ་འཕང་ལ་བཀོད་ཕྱི་ནས་རང་སངས་རྒྱས། །དེ་ལ་རྫི་བོ་ལྟ་བུའི་སེམས་བསྐྱེད་ཅེས། །ཤིན་ཏུ་བློ་སྟོབས་ཆེ་ཞིང་དཔེ་མེད་དོ། །གོང་མ་གཉིས་ཀྱང་བློ་སྟོབས་འབྲིང་པོ་དང་། །ཆུང་ངུའི་ཁྱད་པར་དག་གིས་འདོད་ཆེན་དང་། །ཡེ་ཤེས་དམ་པའི་སེམས་བསྐྱེད་ཅེས་བྱའོ། །རྣམ་པའི་དབྱེ་བ་ཉི་ཤུ་རྩ་གཉིས་ཏེ། །ས་གསེར་ཟླ་བ་མེ་དང་གཏེར་ཆེན་པོ། །རིན་ཆེན་འབྱུང་གནས་རྒྱ་མཚོ་རྡོ་རྗེ་དང་། །རི་རབ་སྨན་གྱི་རྒྱལ་པོ་མཛའ་ཆེན་དང་། །ནོར་བུ་ཉི་མ་དྲི་ཟའི་དབྱངས་སྙན་དག །རྒྱལ་པོ་དང་ནི་མཛོད་ཆེན་ལམ་པོ་ཆེ། །ཐེག་པ་དང་ནི་བཀོད་མ་ཀུན་དགའི་སྒྲ། །ཀླུང་ཆེན་རྒྱུན་དང་སྤྲིན་ཆེན་འདྲ་བ་ཡི། །ཉི་ཤུ་རྩ་གཉིས་རྒྱལ་སྲས་རྣམས་ཀྱི་ལམ། །བསམ་པ་དང་ནི་སྦྱོར་བ་འབྲས་བུ་དང་། །ཡོན་ཏན་དག་གི་ཆ་རྣམས་མི་ཟད་པས། །འདི་ལ་མི་ཟད་བརྒྱད་ཅུ་ཞེས་ཀྱང་གསུངས། །སེམས་བསྐྱེད་འདི་དག་གིས་ནི་བྱང་སེམས་ཀྱི། །ས་ལམ་མ་ལུས་ཡོངས་སུ་བསྡུས་པ་སྟེ། །དང་པོ་བཞི་ནི་མོས་སྤྱོད་དུ་འབྱུང་ལ། །ཕ་རོལ་ཕྱིན་དྲུག་ས་ལ་རིམ་བཞིན་དང་། །རིང་དུ་སོང་བར་ཐབས་མཁས་ལྔ་འབྱུང་བས། །བདུན་པོ་ལྷག་བསམ་དག་པའི་གནས་སྐབས་དང་། །བརྒྱད་པས་སྟོབས་ལ་ཉེར་སྟོན་ཚོགས་གཉིས་དང་། །ངེས་འབྱིན་བྱང་ཆོས་སོ་བདུན་ཞི་ལྷག་གོ། །ལེགས་པའི་བློ་གྲོས་སྨོན་ལམ་ལ་དབང་བས། །གདུལ་བྱ་མཐུན་པར་རིག་པ་བཞིས་ཆོས་འཆད། །འཆད་རྒྱུ་གཟུངས་སྤོབས་ངོ་བོ་སྡོམ་བཞིའོ། །བཅུ་པར་མངོན་ཤེས་དྲུག་ལ་མངའ་མཉེས་ཤིང་། །ཡེ་ཤེས་ཕར་ཕྱིན་ཐོབ་པས་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་སུ་མཛད་པ་བཅུ་གཉིས་སོགས། །སྟོན་པའི་ཐབས་ལ་མཁས་ཏེ་དག་ས་གསུམ། །རྣམ་པར་སྨིན་པའི་སེམས་བསྐྱེད་ཅེས་བྱ་ཞིང་། །འདི་གསུམ་མཉམ་པ་ཉིད་ལ་ཞུགས་པའི་ཕྱིར། །གཅིག་པུ་བསྒྲོད་པ་ཞེས་སུ་བརྗོད་པ་ཡིན། །སངས་རྒྱས་ས་ན་ལམ་མཐར་ཕྱིན་པ་སྟེ། །རྣམ་སྨིན་མཐར་ཐུག་སྒྲིབ་པ་སྤང་བའོ། །དེ་ལྟར་ལམ་ལ་གནས་པའི་རྒྱལ་སྲས་ཀྱིས། །ནག་པོའི་ཆོས་བཞི་དོར་ཞིང་རྩ་ལྟུང་བསྲུང་། །དཀར་པོའི་ཆོས་བཞི་དང་ལྡན་ཐབས་ཀྱིས་ཟིན། །མཁས་བྱའི་གནས་རྣམས་ཀུན་ལ་མི་རྨོངས་ཤིང་། །གཞན་ཕན་རིན་ཆེན་སེམས་དང་མི་འབྲལ་བ། །འདི་ནི་བྱང་ཆུབ་དམ་པའི་སྤྱོད་པའོ། །དེ་ལྟར་འགྲོ་ཕན་བླ་མེད་བྱང་ཆུབ་སེམས། །གང་གི་བསྒོམས་པའི་རྒྱལ་སྲས་དེ་དག་ཀྱང་། །མིང་དོན་གནས་འགྱུར་འཁོར་བའི་བཙོན་ལས་ཐར། །ཉེས་པའི་བུད་ཤིང་མ་ལུས་མྱུར་དུ་བསྲེགས། །ཡོན་ཏན་རིན་ཆེན་དུ་མས་རྟག་ཏུ་བརྒྱན། །ཐམས་ཅད་མཁྱེན་པའི་ས་རུ་དེ་འགྲོ་བས། །ལམ་མཆོག་ཕ་རོལ་ཕྱིན་པ་རབ་ཏུ་བསྔགས། །མདོར་ན་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཅིང་། །བདག་མེད་ཤེས་རབ་རྣོན་པོའི་རལ་གྲི་ཡིས། །བདག་ཏུ་འཛིན་པའི་ཞེན་པ་ཀུན་བཅོམ་ནས། །སྲིད་ཞིའི་མཐའ་དང་བྲལ་བ་རྒྱལ་བའི་ལམ། །དེ་ལ་རྟོགས་དང་མ་རྟོགས་ཁྱད་པར་གྱིས། །ཐེག་པའི་རྣམ་བཞག་མང་དུ་བྱུང་གྱུར་ཀྱང་། །རྒྱལ་སྲས་དམ་པས་དེ་དག་སུན་ཕྱུང་ནས། །བསྒྲོད་པ་གཅིག་པུའི་ལམ་ལ་གནས་པ་སྟེ། །མ་རྟོགས་སོ་སྐྱེས་འཇིག་རྟེན་དགེ་བ་བཅུ། །རྒྱུ་འབྲས་བསླུ་མེད་ལྷ་མིའི་བདེ་འབྲས་བསྐྱེད། །ཚངས་པའི་ཐེག་པ་བསམ་གཏན་ལ་བརྟེན་ནས། །ཚད་མེད་བཞི་བསྒོམ་འབྲས་བུ་དེ་ཉིད་དོ། །ལོག་པར་རྟོག་པ་གཞན་སྡེ་ཕྱི་རོལ་པ། །རང་རང་ལྟ་ལ་ཆགས་ནས་ཉེས་ཀུན་འཛིན། །འོད་སྲུང་རྫོགས་བྱེད་དང་ནི་གནག་ལྷའི་བུ། །ཡང་དག་རྒྱལ་བ་སྐྲ་ཡི་ལྭ་བ་ཅན། །ནོག་ཅན་གཉེན་གྱི་བུ་དང་སྡེ་དྲུག་པོས། །སྒྲོ་སྐུར་ཚིག་གིས་བསྟན་བཅོས་མང་བཤད་པ། །དེ་ལས་འཇིག་ཚོགས་ལྟ་བ་ཉི་ཤུ་སྟེ། །ཕུང་ལྔ་བདག་ཡིན་བདག་དེ་དེར་གནས་ལྔ། །བདག་ལས་དེ་བྱུང་དེ་ལ་བདག་དབང་བསྒྱུར། །བདག་ཏུ་རྟོག་པས་བདག་ཕུང་ལོག་པར་འཛིན། །དེ་བཞིན་ལྟ་བ་དྲུག་ཅུ་རེ་གཉིས་ལ། །རྟག་དང་ཆད་སྨྲ་འཇིག་མཐའ་ཡོད་མེད་སྨྲ། །ལྷ་མི་སྤོང་བ་རྒྱུ་མེད་སྨྲ་བ་སྟེ། །བཞི་བཞིར་དབྱེ་བའི་བཅུ་དྲུག་དེ་ཡི་སྟེང་། །རྒྱུ་མེད་སྨྲ་བ་གཉིས་ཏེ་བཅོ་བརྒྱད་པོ། །སྔོན་གྱི་མཐའ་ལ་བརྟེན་པ་ཞེས་བྱ་ཞིང་། །དེ་བཞིན་འདུ་ཤེས་ཡོད་སྨྲ་བཅུ་དྲུག་དང་། །མེད་སྨྲ་བརྒྱད་དང་གཉིས་མིན་འདུ་ཤེས་བརྒྱད། །ཆད་སྨྲ་བདུན་དང་མྱང་འདས་སྨྲ་བ་ལྔ། །བཞི་བཅུ་ཞེ་གཉིས་ཕྱི་མཐར་བརྟེན་པ་སྟེ། །འདི་ཀུན་འདོད་པའི་ཕྱོགས་ལྷུང་རང་ཆོས་སྒྲོགས། །རྟག་ཆད་མཐའ་རུ་ཞེན་ཅིང་ཀུན་ཏུ་སྨད། །རྒྱས་པར་དབྱེ་བ་སུམ་བརྒྱ་དྲུག་ཅུ་སྟེ། །ལོ་མ་ཅན་དང་རྒྱལ་དཔོགས་པ་ལ་སོགས། །བརྒྱ་དང་ཉི་ཤུ་དུས་གསུམ་གྱིས་ཕྱེ་བས། །ཚུལ་མི་ལྟ་ལ་ཞུགས་ཤིང་ལམ་ལོག་པར། །འཁོར་ལོ་ཡུག་ཏུ་འཕྱན་པ་ཤ་སྟག་གོ། །དེ་དག་སྡེ་ཚན་ཕྱེ་ན་མགོ་སྙོམས་བཅུ། །དེ་ལ་འབྱུང་བ་ལྔ་དང་ཆེན་པོས་ཕྱེ། །རྟག་པ་ཐེར་ཟུག་དགུ་ལ་བཅུ་གཅིག་རེ། །དེ་བཞིན་བསྙོན་སྨྲ་དྲུག་ལ་གསུམ་གྱིས་ཕྱེ། །བསམ་གཏན་དད་པ་བདུན་ལ་བཞི་བཞི་ཡི། །དབྱེ་བ་ཉེར་བརྒྱད་དང་བཅས་རྣམ་གྲངས་ཀྱིས། །ལྟ་བའི་འཆད་ཚུལ་ལ་ཡང་དཔེ་གསུམ་སོགས། །སྒྲོ་སྐུར་མང་དུ་བྱུང་ཡང་བསྡུ་ན་གཉིས། །རྟག་པའི་སློབ་དཔོན་ཤིང་ཀ་དུང་འཛིན་ལ། །རྒྱུར་ལྟ་བཞི་ནི་རང་བཞིན་བྱེད་པོ་དང་། །དབང་ཕྱུག་དང་ནི་དུས་རྒྱུར་ལྟ་བ་དང་། །ཆད་པའི་མཁན་པོ་བྷྲི་བ་ཧ་ཏི་ལ། །ཏརྐ་སྡེ་དྲུག་སེར་བུ་བོང་དེད་དང་། །རྩིག་ལྤགས་ཤ་ཟན་ཝ་མགོ་རེ་ཐོད་དང་། །འཇིག་རྟེན་རྒྱང་འཕེན་རྒྱུ་འབྲས་གཏན་མེད་པ། །ཕྱལ་བ་དོན་མེད་ཅེས་བྱའི་སྡེ་རྣམས་སོ། །མདོར་ན་དབང་ཕྱུག་ཁྱབ་འཇུག་ཚངས་པ་གསུམ། །ཕལ་ཆེར་ལྷ་རུ་འཛིན་ཅིང་དེ་བཞིན་དུ། །ཆོས་སུ་རིག་བྱེད་བཞི་སྨྲ་གྲུབ་མཐའ་ནི། །རྟག་ཆད་ལྟ་བ་རྟོག་གེ་སྡེ་ལྔ་སྟེ། །གྲངས་ཅན་པ་ནི་དྲང་སྲོང་སེར་སྐྱ་ཡི། །གཞུང་གི་རྗེས་འབྲངས་སློབ་དཔོན་གཉིས་ཡིན་ལ། །འདོད་པ་སྣོད་བཅུད་བྱེད་པོ་གཙོ་བོ་སྟེ། །རྒྱུ་ཡི་གཙོ་བོ་ཡོན་ཏན་ཆ་མཉམ་པ། །ཁྱད་པར་ལྔ་དང་ལྡན་པའི་བདག་ཉིད་ལ། །འབྲས་བུ་གཙོ་བོ་དེ་ལས་དེ་བྱུང་དུ། །ཉི་ཤུ་རྩ་བཞི་རང་བཞིན་ཆེན་པོ་དང་། །ང་རྒྱལ་དབང་པོ་བཅུ་གཅིག་དེ་ཙམ་ལྔ། །འབྱུང་བ་ཆེན་པོ་ལྔ་སྟེ་ཡོན་ཏན་ནོ། །བདག་ཅེས་ཤེས་རིག་སྐྱེས་བུ་གཙོ་བོ་ཡི། །ཀླང་ན་ལྐོག་ཆོས་ལྔ་ལྡན་ཚུལ་གནས་ཏེ། །དེ་ཉིད་ཉེར་ལྔ་མཐོང་ན་གྲོལ་གྱུར་ཀྱང་། །བྱིས་པས་མ་མཐོང་འཁྲུལ་བས་རྟག་ཏུ་འཁྱམས། །དེ་ཕྱིར་རྒྱུ་འབྲས་འདི་ཤེས་ལེགས་སོ་ཞེས། །སྨྲ་བ་མི་འཐད་རྫུན་པའི་ལུགས་ཡིན་ཏེ། །གཙོ་བོ་རྟག་པས་འབྲས་བསྐྱེད་མི་འཐད་ལ། །འདོད་ན་རང་བཞིན་འདུས་བྱས་ཉིད་དུ་གྱུར། །ཆེན་པོ་ལ་སོགས་རིམ་པར་བསྐྱེད་གྱུར་ན། །དེ་ཆ་བཅས་ཕྱིར་གཙོ་བོ་མི་རྟག་ལ། །ཅིག་ཅར་འབྱུང་ན་སྔར་འབྲས་དེ་ཉིད་ཀྱང་། །ཕྱི་ནས་ཡོད་པར་འགྱུར་སོགས་སྐྱོན་མང་དང་། །སྣོད་བཅུད་ཆགས་འཇིག་དུས་མཉམ་འབྱུང་བར་ཐལ། །ཡོན་ཏན་གསུམ་སོགས་ཆ་དང་བཅས་པའི་ཕྱིར། །གཙོ་བོ་གཅིག་པུ་ཞེས་བྱ་མི་རུང་ངོ་། །དེ་བཞིན་ཤེས་རིག་སྐྱེས་བུ་རྟག་གྱུར་ན། །ཡུལ་ལ་ལོངས་སྤྱོད་མི་འཐད་མྱོང་བའི་ཕྱིར། །སྤྱོད་ན་དེ་ཆ་བཅས་ཕྱིར་འདུས་བྱས་སོ། །རྒྱུ་འབྲས་ངོ་བོ་གཅིག་ན་ཐ་སྙད་ཀྱི། །རྣམ་བཞག་ཐམས་ཅད་འཐད་པ་མ་ཡིན་ཏེ། །ཀུན་དང་འགལ་སོགས་རིགས་པས་ཁེགས་ཕྱིར་རོ། །དེ་ཉིད་ཤེས་པས་གྲོལ་བར་མི་འགྱུར་ཏེ། །བདག་ལ་ཆགས་བཞིན་ཆགས་བྲལ་མི་འཐད་ལ། །དེ་མ་གྲོལ་བས་གྲོལ་བ་མི་སྲིད་དོ། །བྱེ་བྲག་པ་ནི་དྲང་སྲོང་གཟེགས་ཟན་གྱིས། །དྲིས་པའི་ཤེས་བྱ་ཚིག་གི་དོན་དྲུག་ཏུ། །སྨྲ་སྟེ་རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་དྲུག་པོ་དབྱེ་དང་བཅས། །སྣོད་བཅུད་བྱེད་པོ་དབང་ཕྱུག་རྟག་པ་དང་། །བདག་ནི་ཤེས་པ་མེད་ན་ནམ་མཁའ་ལྟར། །སྒྲ་རྟག་ནམ་མཁར་གནས་པར་འདོད་པ་ཡང་། །ཡང་དག་མ་ཡིན་བརྟག་ན་འགལ་བའི་ཕྱིར། །ཤེས་བྱ་ཚིག་གི་དོན་དྲུག་མི་འཐད་དེ། །དེ་དག་འབྲེལ་མེད་འདོད་པས་བྱས་པ་ཡིན། །ཕྱོགས་སོགས་རྟག་པའི་རྫས་ལྔ་མི་གྲུབ་སྟེ། །སྒྲ་བློ་སོགས་ཀྱི་རྟེན་དུ་སྨྲས་པའི་ཕྱིར། །འདོད་ན་མི་རྟག་འདུས་བྱས་ཉིད་གྱུར་ཏེ། །རྟེན་དང་རྟེན་པའི་རྟག་པ་མི་སྲིད་ལ། །རྡུལ་དང་འབྱུང་བཞི་ཕྱོགས་ཆ་བརྟགས་པ་ན། །རྫས་སུ་མི་གྲུབ་ཆ་དང་བཅས་སོགས་སོ། །དེ་ཕྱིར་རིགས་པ་འདི་ཡིས་ཡོན་ཏན་དང་། །ལས་སྤྱི་ལ་སོགས་འདོད་རྣམས་ཁེགས་པ་སྟེ། །དེ་དག་དེ་ལ་བརྟེན་པ་ཉིད་ཕྱིར་རོ། །གལ་ཏེ་རྟེན་མེད་ན་ཡང་བརྟེན་པ་རྣམས། །གཞན་དབང་ཉིད་ཀྱིས་གནད་པ་མི་འཐད་ལ། །དབང་ཕྱུག་རྟག་པ་མི་འཐད་གཞི་མ་གྲུབ། །དེ་ཕྱིར་སྣོད་བཅུད་བྱེད་པོ་མི་རུང་སྟེ། །བྱེད་པོ་རྟག་པས་སྣ་ཚོགས་བསྐྱེད་མི་ནུས། །ནུས་ན་རྒྱུ་ཡང་དེ་ཡི་ཆ་རུ་འགྱུར། །བདག་ཤེས་མེད་ན་བདེ་སྡུག་འཆིང་གྲོལ་སོགས། །རྣམ་བཞག་མི་འཐད་དེ་རྟག་གཞི་མ་གྲུབ། །དེ་བཞིན་ཡོན་ཏན་ལ་སོགས་དམ་བཅའ་ཀུན། །འགལ་བ་ཁོ་ནར་སྣང་བས་ཁེགས་པར་འགྱུར། །དེ་དྲུག་ཤེས་པའི་སྒོ་ནས་རྣམ་གྲོལ་ཉིད། །ཐོབ་པར་མི་རུང་གཙོ་བོ་ཇི་བཞིན་ནོ། །རྒྱལ་དཔོགས་པ་ཡིས་ཁྱབ་འཇུག་ལྷར་འཛིན་དང་། །སྣོད་བཅུད་ཐམས་ཅད་ཚངས་པས་སྤྲུལ་གྱུར་ཅིང་། །རྟག་པར་ཡོད་པའི་རིག་བྱེད་ཚད་མ་སྟེ། །སྙན་ངག་གིས་ནི་སྐྱེ་བོ་དགའ་བར་བྱེད། །སྲིད་སྲུང་པས་ནི་རང་སྡེ་རྒྱལ་བར་བྱེད། །མཆོད་སྦྱིན་གྱིས་ནི་འདི་ཕྱིའི་དོན་སྒྲུབ་ཅིང་། །ངེས་བརྗོད་རིག་བྱེད་ཚད་མས་མཆོག་གྲུབ་བོ། །འདི་དག་སྔར་ཡོད་ཚངས་པས་དྲན་ནས་བཤད། །དེ་བཞིན་ཡུལ་དང་ཁྲུས་ཀྱིས་དག་པ་དང་། །སྐུ་གསོད་སོགས་ཀྱིས་མཐོ་རིས་ཐོབ་པར་སྨྲ། །དེ་དག་ལོག་པའི་ལམ་སྟེ་ཁྱབ་འཇུག་སོགས། །སྐྱེས་ན་མི་རྟག་པས་ཁྱབ་མ་སྐྱེས་ན། །མོ་གཤམ་བུ་བཞིན་འགྱུར་ཏེ་བདེན་གྲུབ་ཏུ། །ཡོད་ལ་མ་སྐྱེས་པ་ཞིག་མི་སྲིད་དོ། །རིག་བྱེད་སྐྱེས་བུས་མ་བྱས་མི་འཐད་དེ། །ངག་ཚིག་བརྗོད་པ་གཞན་དང་མཚུངས་པའི་ཕྱིར། །རྟག་པར་ཡོད་པ་མི་འཐད་གཞི་མ་གྲུབ། །དྲན་ནས་བྱས་ན་རྟག་པར་ཡོད་པར་འགལ། །ཚངས་པའི་ངོ་བོ་རྟོག་པས་སྣོད་བཅུད་ཀུན། །སྤྲུལ་པ་མེད་དེ་གཙོ་བོའི་སྐབས་བཞིན་ནོ། །དངོས་ཀུན་རྒྱུ་མེད་པ་ལས་བྱུང་མིན་ཏེ། །སྐྱེ་ན་བུམ་སོགས་གཅིག་ན་ཡོད་པ་བཞིན། །ཐམས་ཅད་ན་ཡོད་དུས་གཅིག་ཡོད་པ་བཞིན། །རྟག་ཏུ་ཡོད་སོགས་དངོས་འགལ་སྣ་ཚོགས་སོ། །ཤེས་པ་རང་རིག་མིན་ན་མྱོང་མེད་པས། །ཐམས་ཅད་མུན་པ་བཞིན་དུ་འཐུམ་པར་འགྱུར། །གཡུལ་སོགས་ཆགས་སྡང་ལས་ཀྱིས་དག་མིན་ཏེ། །དེ་ཡིས་ངོ་བོ་མི་དགེ་ཡིན་ཕྱིར་རོ། །ཁྲུས་དང་ཡུལ་གྱིས་དག་པའང་མ་ཡིན་ཏེ། །དེ་ཉིད་མི་དགེ་རྒྱུད་དང་མི་འགལ་ཕྱིར། །རིག་བྱེད་གཞུང་ཀུན་གྲོལ་བྱེད་ཐབས་མིན་ཏེ། །ལོག་པའི་ཆོས་ཚུལ་ཆགས་སྡང་འདོད་པའི་གཏམ། །རིག་བྱེད་མཐའ་བས་ཁྱད་པར་དགུ་ལྡན་གྱིས། །བདག་ཆེན་དེའི་ངང་བཞག་ན་གྲོལ་འདོད་ཀྱང་། །རྟག་པ་གཅིག་པུ་ཤེས་པར་མི་རུང་ལ། །ཤེས་ན་སྔ་ཕྱིས་ཆ་བཅས་སྣ་ཚོགས་འགྱུར། །དེས་ན་མེད་ལ་ཡོད་པར་སྒོམ་པ་ལས། །གྲོལ་བར་མི་འགྱུར་ལོག་ཤེས་ཡིན་ཕྱིར་རོ། །རྒྱལ་བ་བ་ནི་ཚིག་རྒྱན་ལ་བརྟེན་ནས། །ཤེས་བྱ་ཚིག་གི་དོན་དགུར་སྨྲ་བ་སྟེ། །སྲོག་དང་ཟག་པ་སྡོམ་པ་ངེས་པར་རྒས། །འཆིང་དང་ལས་དང་སྡིག་པ་བསོད་ནམས་དང་། །ཐར་པ་མདོག་དབྱིབས་ཅན་དུ་སྨྲ་བ་ནི། །མི་འཐད་ཡང་དག་མིན་པའི་ལམ་ཡིན་ཏེ། །སྲོག་སེམས་གཅིག་མིན་རྒན་གཞོན་ཤེས་པ་ནི། །དུས་གཅིག་མི་འབྱུང་སེམས་རྒྱུད་གཅིག་པ་ཡི། །སྐྱེ་རྒྱུད་ཐ་དད་ཚེ་སྲོག་དེ་ཕྱིར་རོ། །ཤིང་སོགས་དག་ལ་སེམས་ཡོད་མ་ཡིན་ཏེ། །སྣང་དུ་རུང་བ་མ་དམིགས་པས་ཁེགས་ཤིང་། །དབང་ཤེས་མེད་ཀྱང་སྣ་ཚོགས་སྣང་བ་ཡང་། །རང་རང་རྒྱུ་རྐྱེན་ལ་ལྟོས་འགོག་མེད་དོ། །ཁབ་ལེན་རྡོ་ཡིས་ལྕགས་ལེན་ལ་སོགས་སོ། །ཡུལ་དུས་གྲངས་ཀྱི་དུ་མའི་རང་བཞིན་ནི། །གཅིག་པ་མི་སྲིད་སྲིད་ན་དེ་འགྱུར་ལ། །མེ་ལྔ་བརྟེན་དང་བརྟུལ་ཞུགས་སྣ་ཚོགས་ལས། །ཐར་པ་ཐོབ་མིན་སྟོབས་བཞི་མ་ཚང་ན། །སྡིག་པ་མི་འདགས་ཉོན་མོངས་མ་སྤང་ཕྱིར། །བཅིང་གྲོལ་བདག་རྟག་ཡོད་ན་གྲོལ་མིན་ཏེ། །བཅིང་དུས་གྲོལ་བ་རྫས་འགལ་གྲོལ་དུས་ན། །དགོས་པ་མེད་དེ་དེ་ཉིད་ཐོབ་ཟིན་ཏོ། །ཐར་པ་ཞེས་བྱ་ཐོབ་པའང་ཡོད་མིན་ཏེ། །རྟག་པས་སྔར་མེད་གསར་དུ་ཐོབ་མི་སྲིད། །དེ་ཉིད་དངོས་པོ་ཡིན་པ་གཞི་མ་གྲུབ། །མེད་ན་ཐོབ་བྱར་མི་རུང་འགལ་བའི་ཕྱིར། །ཚུལ་རོལ་མཛེས་པས་ཕུར་བུའི་གཞུང་སྨྲ་ཞིང་། །ཚེ་ལ་སྔ་ཕྱི་མེད་ཅིང་རྒྱུ་འབྲས་མེད། །མ་མཐོང་འགྲོ་བ་མེད་ལ་ཚད་མ་མེད། །ཐར་པ་གྲོལ་བ་མེད་པར་སྨྲ་བ་སྟེ། །བསྐྱེད་བྱ་སྐྱེད་བྱེད་རྒྱུ་ལ་བསྐུར་འདེབས་ཤིང་། །ངོ་བོ་ཉིད་རྒྱུར་འདོད་པས་ཆད་པར་ལྟ། །ལོག་ལམ་ནམ་མཁའི་རྗེས་སུ་འགྲོ་བ་སྟེ། །རང་གཞན་བསླུ་ཞིང་འཇིག་རྟེན་ལ་གནོད་ཕྱིར། །ཚེ་སྔ་ཡོད་དེ་སྐྱེ་སེམས་སྐད་གཅིག་མ། །སྔ་མ་སྔོན་སོང་རིགས་འདྲ་མཐུད་ལས་བྱུང་། །དེ་ཡི་ཉེར་ལེན་ཤེས་པ་ཡིན་པའི་ཕྱིར། །ས་སོགས་ཡིན་པ་མི་འཐད་དེ་བཞིན་དུ། །ཕྱི་མར་སྐྱེ་ལ་རྒྱུ་ཚོགས་ཚང་བ་ན། །གེགས་མེད་འབྱུང་བ་མངོན་སུམ་རིགས་པས་གྲུབ། །མ་མཐོང་མེད་ན་ཕན་ཆད་མ་མཐོང་བས། །དེ་དོན་སྟ་གོན་བྱེད་པ་མི་འཐད་ལ། །རང་གི་དོན་སྣོད་སོགས་ཀྱང་མེད་པར་འགྱུར། །དེ་དག་ཡུལ་དུས་གཞན་ནས་མཐོང་བའི་ཕྱིར། །མེད་པ་མི་འགྲུབ་ཞེ་ན་སྔ་ཕྱི་སོགས། །རྒྱུ་འབྲས་སྣ་ཚོགས་དག་ཀྱང་དེ་བཞིན་པས། །དམ་བཅའ་ཐམས་ཅད་འགལ་བར་གྱུར་པ་ཡིན། །ཚུལ་གསུམ་ཚང་བའི་ཚད་མ་འཁྲུལ་མི་སྲིད། །དོན་སྤྱི་དངོས་ཡུལ་བྱས་ཀྱང་རང་མཚན་ལ། །མི་བསླུའི་ཕྱིར་དང་རྗེས་དཔག་ཚད་མིན་ན། །ཁྱེད་ཀྱི་ཚིག་ལས་ཕ་རོལ་མེད་པ་སོགས། །རྗེས་སུ་དཔོག་པར་མི་རུང་དེ་ཕྱིར་རོ། །མངོན་སུམ་ཁོ་ནས་གཞལ་བྱ་ཀུན་བསྒྲུབ་ན། །འཇིག་རྟེན་ཕ་རོལ་མེད་པ་མངོན་སུམ་གྱིས། །མཐོང་བ་མེད་ཕྱིར་སྒྲུབ་བྱེད་མེད་པའོ། །དེ་ལྟའི་ལོག་པར་རྟོག་པའི་སྐྱེ་བོ་རྣམས། །རྟག་ཆད་ལྟ་ལ་ཞེན་ནས་བདག་འཛིན་གྱིས། །མདུད་པས་རབ་བཅིང་འཁོར་བར་འཁྱམས་འགྱུར་ཞིང་། །ཐར་མེད་སྡུག་བསྔལ་མྱོང་བ་སྙིང་རྗེའི་ཡུལ། །རང་སྡེ་ཐར་པའི་ལམ་ལ་འཇུག་འདོད་རྣམས། །རྒྱུ་འབྲས་ཚད་མར་འཛིན་ནས་དེ་ཤེས་ཤིང་། །དཀོན་མཆོག་རིན་ཆེན་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་ནམ་ཡང་བླང་བྱའི་ཡུལ་ཡིན་ཀྱང་། །ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད་པར་ལས། །བདག་མེད་རྟོགས་པའི་ཡེ་ཤེས་ཁྱད་ཡོད་དེ། །ཐེག་པ་ཆུང་ངུར་སྡེ་བ་བཅོ་བརྒྱད་ཀྱང་། །བསྡུ་ན་བྱེ་མདོ་གཉིས་ཏེ་འདོད་པ་ནི། །ཤེས་བྱ་གཞི་ལྔ་བརྩོམ་བྱེད་དོན་དམ་ལ། །དགྲ་བཅོམ་པ་ནི་མཐར་ཐུག་ཡིན་པར་སྨྲ། །དེ་ཡང་བཏག་ན་མི་འཐད་སྣོད་བཅུད་ཀུན། །དཔྱད་ན་གང་དུ་མ་གྲུབ་བཏགས་པ་ཙམ། །འཁྲུལ་བློར་སྣང་ཙམ་ཡིན་ཕྱིར་ངོ་བོས་སྟོང་། །རྣམ་རིག་མིན་པའང་གཟུགས་དངོས་མ་ཡིན་ཏེ། །རྒྱུན་ཆགས་འཕེལ་བའི་འདུ་བྱེད་ཙམ་ལ་བཏགས། །སེམས་དང་སེམས་བྱུང་དག་ཀྱང་སྐད་ཅིག་མའི། །རང་བཞིན་ཡིན་ཕྱིར་ཕྱི་ནང་གང་ནས་ཀྱང་། །ནམ་ཡང་མི་རྙེད་ཆ་མེད་ཙམ་མ་གྲུབ། །རིག་བྱ་རིག་བྱེད་མེད་པས་དོན་དམ་པར། །རང་རིག་མ་གྲུབ་འབྲེལ་བ་མེད་པའི་ཕྱིར། །གཞན་རིག་དག་ཀྱང་དེ་བཞིན་མི་གྲུབ་བོ། །འོན་ཀྱང་ཐ་སྙད་ཙམ་དུ་རང་རིག་ཉིད། །མེད་ན་མི་འཐད་བདེ་སོགས་མྱོང་མི་འགྱུར། །ཀུན་གཞི་མེད་ན་བག་ཆགས་རྟེན་མེད་ཕྱིར། །འཁོར་བར་འཇུག་ལྡོག་ལ་སོགས་མི་རུང་ངོ་། །མི་ལྡན་འདུ་བྱེད་གཟུགས་སེམས་གནས་སྐབས་ལ། །བརྟགས་པ་ཙམ་ལས་རྫས་སུ་མི་འགྲུབ་སྟེ། །གཅིག་དང་ཐ་དད་དུ་ནི་མེད་པའི་ཕྱིར། །འོ་ན་ཀུན་བཏགས་ཁོ་ན་ཡིན་ཞེ་ན། །རི་རྭ་བཞིན་དུ་མིང་ཙམ་དུ་ཟད་པས། །སེམས་ཀྱི་ཐོབ་པའི་ངོ་བོ་མེད་གྱུར་ན། །མྱ་ངན་འདའ་ཡང་འཁོར་བར་འཁྱམས་པར་ཐལ། །སེམས་ཉིད་འཁོར་བར་འཁྱམས་པའི་ཕྱིར་སོགས་དང་། །མི་རྟག་པ་ནི་ཤེས་བྱར་མི་གནས་ན། །བུམ་སོགས་ཐོ་བས་བཅོམ་མེད་རྟག་པར་འགྱུར། །འདུས་མ་བྱས་རྣམས་དགག་བྱ་མེད་པའི་ཆར། །བཏགས་པ་ཙམ་ལས་རྫས་སུ་མི་གྲུབ་སྟེ། །གྲུབ་ན་སྣང་དུ་རུང་ལ་དེ་མེད་ཕྱིར། །འགའ་ཞིག་ལས་བྱེད་འབྲས་བུ་མྱོང་བའི་བདག །ཕུང་པོ་དང་ནི་གཅིག་དང་ཐ་དད་མེད། །དེ་ཕྱིར་རྟག་དང་མི་རྟག་བརྗོད་མེད་པར། །འདོད་པ་མི་འཐད་ཕུང་གསུམ་མི་སྲིད་དེ། །གཅིག་དང་ཐ་དད་རྟག་དང་མི་རྟག་སོགས། །དངོས་སུ་འགལ་བས་གཉིས་བཅས་བསྒྲུབ་ཏུ་མེད། །མེ་ཡིན་བཞིན་དུ་ཆུ་ཡང་ཡིན་པ་ལྟར། །ལོག་རྟོག་འདོད་པའི་དམ་བཅའ་ནང་འགལ་ཅན། །མུ་སྟེགས་པ་ཡི་བརྗོད་དང་ཁྱད་མེད་པ། །དེ་འགོག་རིགས་པས་འདི་ཉིད་ཡང་ཁེགས་སོ། །དེ་ཡང་བྱེ་བྲག་སྨྲ་བས་བརྩོམ་བྱེད་ཀྱི། །རྡུལ་དང་སྐད་ཅིག་ཆ་མེད་དོན་དམ་དུ། །སྨྲ་བ་འདི་ཡང་དཔྱད་ན་མི་གྲུབ་སྟེ། །རགས་པ་རྩོམ་བྱེད་རྡུལ་རྣམས་འཕྲད་གྱུར་ན། །ཕྱོགས་གཅིག་ནས་སམ་ཐམས་ཅད་འཕྲད་དམ་ཅི། །གཅིག་གིས་འཕྲད་ན་ཆ་བཅས་ཉིད་ཐལ་ལ། །ཕྱོགས་ཀུན་འཕྲད་ན་གོང་བུ་ཉིད་ཀྱང་ནི། །རྡུལ་ཕྲན་ཙམ་དུ་ཐལ་ཏེ་འཕྲད་ཕྱིར་རོ། །མ་འཕྲད་པར་རྩོམ་བར་དང་བཅས་པའི་ཕྱིར། །སྣང་མུན་རྡུལ་གཞན་འཇུག་པའི་གོ་ཡོད་པས། །ཡུངས་འབྲུའི་ཚད་ལ་སྣོད་བཅུད་ཤོང་བར་འགྱུར། །རེག་ལ་མ་འབྱར་ཚུལ་དུ་རྩོམ་ཞེས་ན། །བར་མེད་ན་ནི་གཅིག་ཏུ་འབྱར་བར་ཐལ། །མ་རེག་པ་ན་བར་དང་བཅས་པའི་ཕྱིར། །སྣོད་བཅུད་ཐམས་ཅད་རྩོམ་པ་མི་སྲིད་ལ། །དེ་ལས་གཞན་པའི་ཕུང་གསུམ་མི་སྲིད་པས། །དམ་བཅའ་བརྗོད་པ་དངོས་འགལ་ཉིད་ཡིན་ནོ། །སྣང་བ་བློ་དང་ཡུལ་རྣམས་ལྐོག་གྱུར་ན། །གཞལ་བྱ་མངོན་དུ་གྱུར་ལ་དེ་ཉིད་ཀྱི། །རྣམ་དབྱེ་འཐད་པར་དཀའ་ལ་དེ་བཞིན་དུ། །ལྐོག་གྱུར་མེད་ཀྱང་ཡུལ་སྣང་རིག་པའི་ཕྱིར། །ཕྱི་དོན་བདེན་པར་གྲུབ་པ་མི་སྲིད་དོ། །དུས་ཅན་སྐད་ཅིག་མའང་བདེན་གྲུབ་ཏུ། །མེད་དེ་སྐད་ཅིག་དེ་ལ་སྔ་ཕྱི་ཡི། །སྐད་ཅིག་འཕྲད་ན་རིམ་མམ་ཅིག་ཆར་འཕྲད། །དང་པོ་ལྟར་ན་ཆ་དང་བཅས་པར་ཐལ། །སྐད་གཅིག་མཐུད་པའི་སྔ་ཕྱི་ཡོད་པའི་ཕྱིར། །གཉིས་པ་ལྟར་ན་བསྐལ་པའང་སྐད་ཅིག་ཏུ། །ཐལ་ཏེ་རྒྱུན་མེད་ཅིག་ཆར་འབྱུང་བའི་ཕྱིར། །འོ་ན་སྐད་ཅིག་སྔ་ཕྱི་མ་འཕྲད་པར། །འདོད་ན་སྐད་ཅིག་བར་དང་བཅས་པའི་ཕྱིར། །དུས་གཞན་གྱིས་ཀྱང་བར་ཆད་འགྱུར་སྲིད་པས། །དུས་གྲངས་བསྐལ་པའི་རྣམ་དབྱེ་མི་རུང་ངོ་། །དེ་བཞིན་དུ་ནི་སྐད་ཅིག་བར་མ་དེས། །ཐོག་མཐའི་སྐད་ཅིག་བར་དུ་ཆོད་དམ་ཅི། །ཆོད་ན་སྔ་ཕྱིར་ཕྱོགས་པའི་ཆ་གཉིས་ཐལ། །མཆོད་ན་ནི་རིང་བར་མི་ཤེས་ཏེ། །དུ་མ་མཐུད་པའི་སྔ་ཕྱི་མེད་ཕྱིར་རོ། །དུས་གསུམ་ད་ལྟར་རྫས་སུ་ཡོད་གྱུར་ཀྱང་། །འདས་དང་མ་འོངས་འགག་དང་མ་སྐྱེས་པས། །རེ་ཞིག་བསྐལ་ཏེ་མི་མཐོང་ཡིན་ཞེ་ན། །འགག་དང་མ་སྐྱེས་དངོས་པོ་ད་ལྟ་ཡོད། །དེ་ཚེ་ཐམས་ཅད་ད་ལྟ་བར་ཐལ་ཏེ། །དུས་གསུམ་དངོས་པོ་ད་ལྟ་ཡོད་པའི་ཕྱིར། །འདས་འགག་མཚན་ཉིད་ཙམ་དུ་ཡོད་ཞེ་ན། །བཏགས་པ་ཙམ་ལས་རྫས་སུ་མ་གྲུབ་སྟེ། །དུས་ཞེས་དངོས་པོར་བརྟེན་ནས་བརྟགས་པ་ལས། །རང་རྐྱ་ཐུབ་པའི་རྫས་སུ་གྲུབ་མེད་དོ། །ཐུབ་པས་མདོ་ལས་དེ་ལྟར་གསུངས་ཞེ་ན། །དེ་ནི་རང་དུས་ཉིད་ལ་དགོངས་པ་ལས། །རྫས་སུ་གྲུབ་པར་གསུངས་བ་མ་ཡིན་ལ། །དེ་ན་གཞན་སྡེས་འདོད་དང་ཁྱད་པར་མེད། །གྲངས་ཅན་སྐད་ཅིག་རང་བཞིན་མི་འདོད་པས། །ཁྱད་ཡོད་ཅེ་ན་སྐད་ཅིག་སྔ་ཕྱི་ལ། །བཏགས་པའི་རིགས་པས་ཁྱོད་ཀྱི་དམ་བཅའ་འཇིག །དེ་ཕྱིར་ཉན་རང་དེ་དག་ཀུན་ཉོན་ཙམ། །སྤང་བས་གང་ཟག་བདག་མེད་རྟོགས་གྱུར་ཀྱང་། །ཆོས་ཀྱི་བདག་མེད་རྫོགས་པར་སྒོམ་མེད་དེ། །ཆ་མེད་ཙམ་ལ་བདེན་པར་འཛིན་པའི་ཕྱིར། །འོན་ཀྱང་ཕུང་པོར་འཛིན་པའི་བདག་སྟོང་པར། །མ་རྟོགས་པ་ན་ཐར་པ་ཐོབ་མིན་པས། །དེ་ཙམ་ཐོབ་ཀྱང་རྫོགས་པར་རྟོགས་མིན་ཏེ། །ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནམ་མཁའ་བཞིན། །གལ་ཏེ་ཆོས་གཅིག་སྟོང་མཐོང་དེ་ཡི་ཚེ། །ཐམས་ཅད་མཐོང་བར་མི་འགྱུར་ཅིའི་ཕྱིར་ན། །དབང་རྣོན་རྒྱལ་སྲས་རྣམས་ཀྱིས་མཐོང་མོད་ཀྱང་། །འདིས་ནི་གང་ཟག་བདག་མེད་ཁོ་ན་ལ། །ཞེན་ཅིང་དབང་པོ་བརྟུལ་བས་རྟོགས་པར་དཀའ། །རང་རྒྱལ་རྣམས་ཀྱིས་རྟེན་འབྲེལ་ལ་བརྟེན་ནས། །རང་ལས་རང་སངས་རྒྱས་ཤིང་བདག་མེད་ཀྱང་། །རྡུལ་ཕྲན་ཆ་མེད་དེ་ཡང་སྟོང་མཐོང་བས། །བདག་མེད་ཕྱེད་གཉིས་རྟོགས་པར་མདོ་ལས་གསུངས། །དགྲ་བཅོམ་པ་ནི་མཐར་འབྲས་མ་ཡིན་ཏེ། །རིགས་ཀྱི་སྒྲིབ་པ་མཐའ་དག་མ་ཟད་ཅིང་། །སྤང་རྟོགས་མཐར་ཕྱིན་སངས་རྒྱས་ཐོབ་པའི་རྒྱུ། །ཚོགས་གཉིས་དག་ལ་གདོད་སློབ་དགོས་པའི་ཕྱིར། །སེམས་རྒྱུད་འགག་ཕྱིར་སྒྲིབ་པ་བྲལ་ཞེ་ན། །རྒྱུན་ཆད་མི་སྲིད་ཡིད་ལུས་སོགས་འཕེན་པའི། །རྒྱུ་ཚང་ཕྱིར་ན་མཐར་འབྲས་མ་ཡིན་ནོ། །མྱ་ངན་འདས་པ་ཕུང་སོགས་རྒྱུན་ཆད་པའི། །དངོས་མེད་རྐྱང་པ་དེ་ཡང་མ་ཡིན་ཏེ། །སྒྲིབ་ཀུན་མ་ཟད་དེ་ཚེ་མཐར་ཐུག་མིན། །རྫོགས་སངས་རྒྱས་ནི་འགྲོ་དོན་མ་རྫོགས་དང་། །ཡེ་ཤེས་འགག་པའི་རྒྱུ་མེད་དེ་ཡི་ཕྱིར། །རྒྱུན་ཆད་མི་སྲིད་རིགས་པས་གནོད་འགྱུར་རོ། །སེམས་ཙམ་པས་ནི་ངོ་བོ་ཉིད་གསུམ་གྱིས། །ཆོས་ཀུན་བཅིངས་ནས་གྲུབ་མཐའ་རྣམ་འཇོག་སྟེ། །སྣང་བ་ཐམས་ཅད་སེམས་སུ་འདོད་གྱུར་ཀྱང་། །གཟུང་འཛིན་གཉིས་སྟོང་ཤེས་པ་རང་གསལ་འདི། །དོན་དམ་འདོད་པ་ཞེན་པས་བཅིང་བ་སྟེ། །ཕྱི་དོན་མེད་ལ་ཤེས་པ་ཡོད་མི་སྲིད། །ཡོད་མེད་མཉམ་དགོས་ཕན་ཚུན་ལྟོས་པའི་ཕྱིར། །དེ་ཡོད་ན་ནི་གང་ཟག་བདག་དངོས་ཡོད། །འདོད་ན་བདག་འཛིན་སྒྲོག་ལས་ཐར་མི་འགྱུར། །གལ་ཏེ་བདག་ནི་ཕུང་སོགས་ནས་བཙལ་ཀྱང་། །མི་རྙེད་ཕྱིར་ན་རང་རིག་དང་མི་མཐུན། །ཞེ་ན་སེམས་དང་སེམས་བྱུང་དེ་བཞིན་ཏེ། །སྐད་ཅིག་རང་བཞིན་བཙལ་ན་མི་རྙེད་ཕྱིར། །ཀུན་གཞི་མ་གྲུབ་ཆ་དང་བཅས་པ་སྟེ། །དམིགས་པ་ས་བོན་རྣམ་སྨིན་ལ་སོགས་པ། །དུ་མའི་རང་བཞིན་སྐད་ཅིག་ཕྲེང་བའི་རྒྱུན། །ཉོན་ཡིད་དང་ནི་ཚོགས་དྲུག་ཕན་ཚུན་དུ། །ལྟོས་པ་རྟེན་འབྲེལ་ཙམ་གྱི་རང་བཞིན་ལས། །དོན་དུ་གྲུབ་པ་འགའ་ཡང་ཡོད་མ་ཡིན། །དེ་ལ་དོན་དུ་སྣང་བ་འདི་དག་ཀུན། །ཤེས་པ་ཉིད་དུ་བདེན་པར་ཡོད་ཅེ་ན། །གསལ་རིག་རྟགས་ཀྱིས་དོན་ཤེས་པར་མི་འགྲུབ། །བསྒྲུབ་བྱ་བསྒྲུབ་བྱེད་གཅིག་གིས་མི་འགྲུབ་ཅིང་། །ཤེས་པ་གསལ་རིག་ཏུ་ནི་གྲུབ་གྱུར་ན། །ཕྱི་དོན་རྫུན་པར་གྲུབ་ཀྱང་བདེན་ཤེས་དང་། །གཅིག་པར་མི་གྲུབ་གཟུགས་བརྙན་བྱེད་ཡིན་པ། །ཁེགས་ཀྱང་མེ་ལོང་ཡིན་པ་མི་གྲུབ་བཞིན། །ཐ་དད་པས་ན་ཡུལ་ཡང་ཡོད་འགྱུར་བས། །སྔ་མ་བརྗོད་པའི་དམ་བཅའ་འཇིག་པར་འགྱུར། །དེས་ན་ཀུན་རྫོབ་ཙམ་དུ་ཡོད་མཉམ་དང་། །དོན་དམ་པ་ན་མེད་མཉམ་ཤེས་པར་གྱིས། །ཇི་སྟེ་དོན་སྣང་ཤེས་པ་ཡིན་མོད་ཀྱང་། །གཟུང་འཛིན་སྣང་བའི་ཤེས་པ་ཐ་དད་དེ། །དཀར་སེར་གཉིས་བཞིན་གཉིས་སུ་བདེན་ཞེ་ན། །ཕྱི་དོན་རྫུན་བཞིན་ཤེས་པ་དེ་བཞིན་དང་། །བདེན་ན་དེ་ལྟར་དོན་དུའང་གྲུབ་པར་འགྱུར། །གཞན་ཡང་རྣམ་ཤེས་ལུས་ལས་ཕྱི་དོན་པར། །ཐལ་ཏེ་འཛིན་ཤེས་དག་དང་ཐ་དད་པའི། །ཕྱི་དོན་སྣང་བའི་ཤེས་པ་འདོད་པའི་ཕྱིར། །དེ་བཞིན་སེམས་ལ་ཁ་དོག་སོགས་ཡོད་ཅིང་། །སྣང་བའི་གྲངས་བཞིན་ཤེས་པ་མང་པོའི་རྒྱུད། །ཅིག་ཆར་གཅིག་ལ་སྲིད་པར་གྱུར་བ་སོགས། །རིགས་པའི་གནོད་པ་དཔག་མེད་འབྱུང་བར་འགྱུར། །ཡང་ན་རྣམ་པའི་གྲངས་བཞིན་ཤེས་པ་ཡང་། །དེ་སྙེད་ཡོད་པར་སྨྲ་ན་ཁྲ་མཐོང་སོགས། །སྣ་ཚོགས་དུས་གཅིག་མཐོང་བའི་རགས་སྣང་ཀུན། །རྒྱུན་ཆད་གྱུར་ཏེ་ཤེས་པ་ཐ་དད་ཅིང་། །ངོ་བོ་བདེན་གྲུབ་ཡིན་ཕྱིར་གཞན་རྟོགས་བཞིན། །སྣང་བ་སྣ་ཚོགས་ཤེས་པ་གཅིག་ཉིད་ལ། །སྣང་ཡང་ཤེས་གཅིག་རང་བཞིན་བདེན་ཞེ་ན། །དུ་མའི་ཐ་སྙད་ཐམས་ཅད་རྒྱུན་ཆད་དེ། །དུ་མར་སྣང་བ་དག་ལ་ཐ་དད་པའི། །འཇོག་བྱེད་གཞན་མེད་ཕྱིར་ན་གཅིག་བདེན་མིན། །གཞན་དུ་སྣང་ཡང་གཞན་དུ་བདེན་གྱུར་ན། །མེ་འབར་བའང་ཆུ་རུ་འགྱུར་བ་སོགས། །སྐྱོན་ཆེར་འབྱུང་བས་བདེན་པར་གྲུབ་པ་མེད། །གལ་ཏེ་སྣང་བ་དོན་ཤེས་གཉིས་མིན་ཀྱང་། །མ་རིག་པས་བསླད་མཁའ་ལ་སྐྲ་ཤད་ལྟར། །མེད་པ་གསལ་སྣང་ཡིན་པས་བདེན་ཤེས་ནི། །ཤེལ་གོང་དག་པ་བཞིན་དུ་ཡོད་ཞེ་ན། །གཟུགས་སོགས་དངོས་པོ་མེད་ན་བདེ་སྡུག་སོགས། །ཉམས་སུ་མྱོང་བའི་རང་རིག་ཇི་ལྟར་གྲུབ། །དོན་བྱེད་པས་ནི་དངོས་པོ་ཡིན་སྨྲ་ན། །དོན་བྱེད་མེད་པའི་གཟུགས་འཛིན་གཞན་མེད་པས། །གཟུགས་ལ་སོགས་ཀྱང་དངོས་པོ་གྲུབ་པར་འགྱུར། །དེ་ཉིད་རྡུལ་ཕྲན་རིགས་པས་ཁེགས་ཞེ་ན། །འོ་ན་བདེན་ཤེས་དག་ཀྱང་དུས་ཆ་ཡི། །དབྱེ་བས་དངོས་པོར་གྲུབ་པ་ཅུང་ཟད་མེད། །དེ་ཕྱིར་རྣམ་ཤེས་བརྒྱ་ཆར་དོན་དམ་དུ། །ཡོད་ཅིང་སངས་རྒྱས་ས་ན་མི་ལྡོག་པར། །འདོད་པ་དེ་ཡང་འདི་ཡིས་ཁེགས་པར་འགྱུར། །ཇི་སྟེ་ཚོགས་བདུན་ཤེས་པ་ཀུན་རྫོབ་སྟེ། །གནས་སྐབས་གློ་བུར་བདེན་པར་གྲུབ་མེད་ཀྱང་། །ཀུན་གཞིར་འཛིན་སྟངས་མི་མཐུན་མེད་པའི་ཕྱིར། །གཉུག་མའི་ཤེས་ཞེས་བདེན་པར་གྲུབ་ཅེ་ན། །སྣ་ཚོགས་པ་ཡི་དངོས་པོ་མི་གྲུབ་ན། །དེ་གཞིར་བཞག་པའི་ཀུན་གཞི་མི་འགྲུབ་སྟེ། །རེ་རེ་ནས་བསལ་རྩིས་པའི་གྲངས་བཞིན་ནོ། །དེས་ན་གནས་སྐབས་ཤེས་པ་མ་གྲུབ་བཞིན། །བརྟགས་ན་ཀུན་གཞིའི་ཤེས་པ་དེ་བཞིན་ཏེ། །ཤེས་པའི་མཚན་ཉིད་དེ་དག་མཐུན་པའི་ཕྱིར། །འོ་ན་གཟུང་འཛིན་ངོ་བོ་ཇི་ཞེ་ན། །གང་དུ་མ་གྲུབ་རང་བཞིན་སྟོང་བཞིན་དུ། །སྣ་ཚོགས་སྣང་བ་འཁྲུལ་བློར་འགོག་མེད་དེ། །དོན་ལ་མ་གྲུབ་མེད་པ་གསལ་སྣང་གི། །ཀུན་རྫོབ་རྣམ་བཞག་སྣ་ཚོགས་བཤད་པ་ཡིན། །གལ་ཏེ་ཐ་སྙད་ཙམ་དུ་མི་སྟོང་སྟེ། །དོན་བྱེད་པར་སྣང་དེ་ལ་བདེན་པའི་ཕྱིར། །དོན་དམ་དཔྱད་ན་གང་ཡང་མི་རྙེད་དེ། །ངོ་བོ་སྟོང་ཞིང་བདག་མེད་ཡིན་པའི་ཕྱིར། །སྣང་སྟོང་ཐ་དད་གཞི་གཅིག་མིན་ཞེ་ན། །སྣང་བ་མིན་པའི་སྟོང་ཉིད་མི་གྲུབ་སྟེ། །དེ་མེད་ན་ནི་དེ་ཡི་རྣམ་པའང་། །གཏན་ནས་མེད་ཕྱིར་ཐམས་ཅད་རི་རྭ་བཞིན། །ཀུན་རྫོབ་ཏུའང་མེད་པར་ཐལ་བར་འགྱུར། །སྟོང་ལས་ཐ་དད་སྣང་བ་མི་རྙེད་དོ། །དེ་ཉིད་དཔྱད་ན་ཡེ་ནས་མ་གྲུབ་ཕྱིར། །དོན་དམ་བཏགས་བྱའི་སྣང་ཡུལ་མི་རུང་ན། །རྟོགས་བྱའི་དོན་དུ་རུང་བ་མ་ཡིན་ཏེ། །གཞལ་བྱ་ཡིན་ན་རྣམ་པར་སྣང་དགོས་ལ། །དེ་མེད་ན་ནི་རྟོགས་སུ་མི་རུང་ངོ་། །སྣང་ལས་ཐ་དད་སྟོང་བསྒོམ་ལམ་མིན་ཏེ། །སྒྲིབ་པ་མི་སེལ་སྤྲོས་དང་བཅས་པའི་ཕྱིར། །ཕྱོགས་རེ་བ་ཡི་མཐའ་དང་འབྲལ་མི་འགྱུར། །ཀུན་རྫོབ་ཡང་ལོག་གཉིས་སུ་ཕྱེ་བ་ཡང་། །ཡང་དག་དོན་དུ་མཉམ་སྟེ་རྒྱུ་རྐྱེན་ལས། །སྐྱེས་ཤིང་ཡུལ་དུ་སྣང་བ་འདྲ་བ་ལ། །དཔྱད་ན་མ་གྲུབ་པའང་འདྲ་བའི་ཕྱིར། །དངོས་པོ་རང་མཚན་གྲུབ་པ་ཅིར་ཡང་མེད། །གཞན་སྐྱེ་འདོད་པའང་རང་སྐྱེ་དང་འདྲ་བས། །དཔྱད་ན་མི་གྲུབ་སྐྱེ་བ་མི་རྙེད་དོ། །ཐ་སྙད་ཙམ་དུ་གཞན་སྐྱེ་ཡིན་ཞེ་ན། །དེ་ལ་དཔྱད་ཚེ་གང་དུ་མི་རྙེད་ཀྱི། །གཞན་པའི་དོན་དམ་གཞན་སྐྱེ་ལ་སོགས་པ། །བཞག་རྒྱུ་མེད་ཕྱིར་དེ་ཉིད་གྲུབ་མི་འགྱུར། །དེ་ཡི་ངོ་བོ་དཔྱད་ན་མ་གྲུབ་པའི། །དོན་དམ་ཞེས་ཀྱང་ཡོད་པ་མ་ཡིན་ཏེ། །སྣང་བ་མེད་ན་དེ་ཡི་སྟོང་པའང་། །གྲུབ་པར་མི་འགྱུར་གཉིས་ཀ་བཏགས་པ་ཙམ། །དེས་ན་བདེན་པ་གཉིས་སུ་བཞག་པ་ཀུན། །བློ་ངོར་ཙམ་སྟེ་དོན་ལ་གྲུབ་མེད་པས། །མཉམ་ཉིད་སྤྲོས་པའི་མཐའ་དང་བྲལ་བ་ཡི། །བདག་མེད་རྟོགས་པའི་ཡེ་ཤེས་རྨད་དུ་བྱུང་། །བདེན་གཉིས་ངོ་བོ་དང་ནི་ལྡོག་ཆ་ལ། །གཅིག་དང་ཐ་དད་བྲལ་བའི་རིགས་པ་བཞིས། །སྣང་སྟོང་ཟུང་འཇུག་ཞེན་པའི་མཐའ་བྲལ་བས། །རང་བྱུང་ཡེ་ཤེས་རྒྱུད་ལ་སྐྱེ་བར་འགྱུར། །སྣང་སྲིད་ཆོས་ཀུན་རྟེན་ཅིང་འབྲེལ་འབྱུང་ཙམ། །དངོས་པོ་རྣམས་ནི་རྟེན་ནས་སྐྱེ་བ་དང་། །དངོས་མེད་དག་ཀྱང་རྟེན་ནས་བརྟགས་པའོ། །དེ་ལྟར་རྟེན་འབྲེལ་གྱིས་བསྡུས་ཆོས་ཐམས་ཅད། །རང་བཞིན་མེད་དེ་བརྟེན་ནས་འབྱུང་བའི་ཕྱིར། །མཐའ་བཞིའི་སྐྱེ་དང་གཅིག་དང་ཐ་དད་པའི། །ངོ་བོ་གྲུབ་པ་ཅུང་ཟད་མེད་པས་ན། །བདེན་མེད་སྒྱུ་མ་ལྟ་བུའི་ཚུལ་དེ་དག །རྟག་ཆད་སྤྲོས་པའི་མཐའ་དང་བྲལ་བ་ཡི། །གཏན་ཚིགས་ཆེན་པོ་ལྔ་ཡིས་གཏན་ལ་འབེབས། །དོན་དུ་སྣང་བའི་ཆོས་ཀུན་དངོས་དངོས་མེད། །གང་དུ་གྲུབ་པ་མེད་དེ་ཆུ་ཟླ་བཞིན། །གཅིག་དང་དུ་མ་བྲལ་བའི་བདག་ཉིད་ཕྱིར། །རང་དང་གཞན་དང་གཉིས་ཀ་རྒྱུ་མེད་ལས། །སྐྱེ་བ་མེད་པས་རྒྱུ་འབྲས་རྟེན་འབྲེལ་ཙམ། །གང་དུ་མི་རྙེད་དམིགས་པ་དང་བྲལ་བས། །སྐྱེ་བ་ཐུག་མེད་ཐམས་ཅད་ལས་སྐྱེ་སོགས། །སྐྱོན་བཞི་བྲལ་ཕྱིར་སྐྱེ་བས་སྟོང་པའོ། །རྒྱུ་ལས་འབྲས་བུ་ཡོད་མེད་སྐྱེ་བས་སྟོང་། །དཔེར་ན་དངོས་པོ་མེད་པའི་དོན་སྤྱི་བཞིན། །ཤེས་བྱའི་ཆོས་ཀུན་དངོས་པོར་མ་གྲུབ་སྟེ། །སྐད་གཅིག་མ་ནི་གཟོ་དུས་འགག་པའི་ཕྱིར། །དོན་བྱེད་ནུས་མིན་རིམ་གྱིས་མི་བྱེད་པས། །དངོས་པོར་གྲུབ་མེད་རང་བཞིན་སྟོང་པ་ཉིད། །འགག་མེད་སྣང་ཙམ་འདི་ཡང་གཟུགས་བརྙན་བཞིན། །དངོས་པོར་མེད་དེ་བརྟེན་ནས་འབྱུང་བའི་ཕྱིར། །དེས་ན་ཆོས་ཀུན་སྒྱུ་མའི་རྟ་གླང་སོགས། །སྣང་བའི་དུས་ནས་སྟོང་བཞིན་རྒྱུ་རྐྱེན་ལས། །སྣང་བ་བསླུ་མེད་འདི་ཡང་དེ་བཞིན་དུ། །དཔྱད་ན་གང་དུ་མ་གྲུབ་སྟོང་རྟེན་འབྱུང་། །ཅི་བཞིན་ངེས་བློས་སྤྱོད་ལམ་ཐམས་ཅད་དུ། །དམིགས་པའི་མཚན་འཛིན་སྤྲོས་པ་དང་བྲལ་བའི། །མཉམ་པ་ཉིད་ལ་ཚུལ་བཞིན་གནས་པར་གྱིས། །འོ་ན་ཐ་སྙད་སྣང་ཚུལ་ཅི་ཞེ་ན། །དེ་དག་བདག་གིས་འགོག་པ་མ་ཡིན་ཏེ། །ངོ་བོ་བདེན་པར་གྲུབ་པས་སྟོང་བཞིན་དུ། །སྣ་ཚོགས་སྣང་བ་འཁྲུལ་བློར་མི་བསླུ་བས། །ཐ་སྙད་རྣམ་བཞག་སྣ་ཚོགས་བྱུང་བ་ཡིན། །དེ་ཕྱིར་བདེན་པ་གཉིས་ཀྱི་མཚན་ཉིད་ནི། །བློ་ཡི་ཡུལ་ལ་མ་འདས་དཔྱད་མི་བརྗོད། །འཁྲུལ་ངོར་བདེན་ལ་ཀུན་རྫོབ་ཅེས་བྱ་ཞིང་། །དེ་ལ་འཇིག་རྟེན་ཐ་སྙད་དང་བསྟུན་ནས། །ཡོངས་སུ་བཞག་པའི་ཡུལ་སྣང་གཟུགས་ལ་སོགས། །ཚོགས་དྲུག་དབང་པོའི་སྤྱོད་ཡུལ་སྣ་ཚོགས་དང་། །དེ་ཡི་ཆོས་ཉིད་དམིགས་པ་ཉེར་ཞི་བ། །བློ་དང་མཚན་མ་ལས་འདས་དོན་དམ་བདེན། །གཉིས་ཀའང་དོན་ལ་སོ་སོར་སྒྲུབ་མེད་པས། །སྤྲོས་བྲལ་ཆོས་དང་ཆོས་ཉིད་དག་མཉམ་མོ། །ཟུང་འཇུག་མཐའ་བརྒྱད་བྲལ་བ་དབུ་མའི་ལམ། །ཚུར་རོལ་འཁོར་བ་ཕ་རོལ་མྱང་འདས་དང་། །སློབ་པའི་ལམ་གསུམ་གང་དུ་མི་དམིགས་པས། །ཟབ་ཞི་སྤྲོས་བྲལ་རང་བཞིན་འོད་གསལ་བ། །མཉམ་བཞག་རྣམ་པར་མི་རྟོག་ཡེ་ཤེས་ཡུལ། །མངོན་པར་བརྗོད་དུ་མེད་ཅིང་བསྟན་དུ་མེད། །སྒྲ་རྟོག་ཡུལ་ལས་འདས་ཤིང་བལྟར་མེད་པ། །གཉིས་སུ་མེད་པའི་ངང་དུ་རྟོགས་པ་ཡིན། །དེ་ཡི་ངོ་བོ་སྐྱེ་འགག་འགྲོ་འོང་མེད། །དེ་བཞིན་གནས་པའང་མེད་ཅིང་རབ་ཞི་བ། །མི་ཤིག་རྡོ་རྗེ་བརྗོད་བྲལ་ཆོས་ཀྱི་དབྱིངས། །རང་བཞིན་རྣམ་དག་ཡེ་ནས་རྟག་ཁྱབ་པ། །ནམ་མཁའ་ལྟ་བུའི་ཀློང་དུ་རོ་གཅིག་ཀྱང་། །བདག་འཛིན་སྤྲོས་པའི་མཚན་མ་མ་བྲལ་བར། །བསམ་གྱིས་མི་ཁྱབ་གནད་འདི་རྟོགས་མི་འགྱུར། །དེ་ཕྱིར་ལམ་གྱི་དབུ་མ་ཕར་ཕྱིན་དྲུག །ཐབས་མཁས་སྒོ་ནས་ཚུལ་བཞིན་ཉམས་ལེན་ཞིང་། །འོད་གསལ་ཡེ་ཤེས་ཟུང་འཇུག་བསྒོམ་པ་ཡིས། །སྒྲིབ་པའི་དྲི་མ་དྲུང་ནས་འབྱིན་པར་བྱེད། །དེ་ལ་སྒྲིབ་པའི་རྣམ་གྲངས་མཐའ་མེད་ཀྱང་། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཡི། །བདག་ཏུ་འཛིན་པའི་སྒྲིབ་པ་རྣམ་གཉིས་ལ། །མ་འདུས་པ་ཡི་ཕུང་གསུམ་མི་སྲིད་པས། །འཁོར་བར་འཁྱམས་པའི་རྒྱུ་ཡི་གཙོ་བོ་ནི། །ཆགས་སྡང་ལ་སོགས་ཉོན་མོངས་རྣམས་ཡིན་ལ། །དེ་རྣམས་མེད་ན་མི་འབྱུང་རྩ་བ་ནི། །འཇིག་ལྟ་ལྷན་སྐྱེས་ཡིན་ཕྱིར་གང་ཟག་གི། །བདག་ཏུ་འཛིན་པས་ཐང་བ་ལ་སྒྲིབ་ཅིང་། །ཇི་ལྟ་ཇི་སྙེད་ཆོས་ཀུན་ཇི་བཞིན་དུ། །མི་ཤེས་པ་ནི་ཆོས་རྣམས་རང་བཞིན་ལ། །རྨོངས་པའི་མ་རིག་ཕྲ་རགས་ཐམས་ཅད་ནི། །ཆོས་ཀྱི་བདག་འཛིན་རྩ་བ་ཅན་ཡིན་ཕྱིར། །ཀུན་ཤེས་ཐམས་ཅད་མཁྱེན་ལ་སྒྲིབ་པའོ། །དེ་ལ་བདག་ཏུ་འཛིན་པ་ལས་བྱུང་བའི། །སེར་སྣ་ཁྲིམས་འཆལ་ལ་སོགས་ཕྱིན་དྲུག་གིས། །མི་མཐུན་ཕྱོགས་སུ་གྱུར་པ་དེ་ཡོད་ན། །ཕ་རོལ་ཕྱིན་པའི་ལམ་ལ་འཇུག་མི་འགྱུར། །ཞུགས་ཀྱང་འཁོར་གསུམ་རྣམ་པར་རྟོག་པ་ཡི། །ཀུན་ནས་རྨོངས་ཞིང་ཞེན་པས་འཆིངས་བ་དང་། །བག་ཆགས་སྒྲིབ་པ་ཤིན་ཏུ་ཕྲ་མོ་ཡང་། །དོན་ཤེས་མངོན་གྱུར་དག་ལ་གེགས་བྱེད་པས། །བདག་འཛིན་འདི་གཉིས་ཟད་ན་སྒྲིབ་ཀུན་ལས། །གྲོལ་ཕྱིར་བདག་མེད་བསྒོམ་པ་རྒྱལ་བས་བསྔགས། །དེས་ན་གང་ཟག་བདག་མེད་རྟོགས་གྱུར་ན། །ཆགས་སྡང་ང་རྒྱལ་ལ་སོགས་འབྱུང་མིན་ཀྱང་། །བདག་འཛིན་ཡོད་ན་དེ་དག་ཡོད་ངེས་པས། །དེ་ལས་ལས་ལས་ཀྱང་ནི་སྐྱེ་བར་འགྱུར། །དེ་ལྟའི་འཛིན་པ་དེའང་ཤེས་རབ་ཀྱིས། །སྤང་བའི་ཚུལ་ནི་མཐོང་ལམ་ཐོབ་པའི་དུས། །ཆོས་ཉིད་མངོན་སུམ་བདེན་པ་གཟིགས་པའི་ཕྱིར། །ཀུན་ཏུ་བཏགས་པ་ཐམས་ཅད་སྤང་བ་ལ། །སྒོམ་ལམ་དུ་ནི་ལྷན་སྐྱེས་བྲལ་བར་བྱེད། །ཆོས་ཀྱི་བདག་འཛིན་མཐོང་ལམ་ནས་རྩམ་སྟེ། །རྒྱལ་སྲས་རྣམས་ཀྱིས་རིམ་པར་སྤང་གྱུར་ཀྱང་། །ས་བརྒྱད་སྐབས་སུ་ཆོས་ཉིད་སྣང་བ་ལ། །འབད་མེད་ཞུགས་པས་ངར་འཛིན་རྒྱུ་བ་ཡང་། །ཕྲ་མོ་ཟད་པས་ཉོན་མོངས་ཐམས་ཅད་སྤང་། །དེ་བར་སྒྲིབ་གཉིས་ལྷན་དུ་སྤང་བ་ཡིན། །དེ་ནས་དག་ས་གསུམ་ན་ཤེས་སྒྲིབ་ནི། །གཉིས་སྣང་བག་ཆགས་འབའ་ཞིག་སྤང་བའི་ཕྱིར། །ཆོས་ཀྱི་བདག་རྟོག་ཕྲ་མོ་འཇོམས་པར་བྱེད། །འོན་ཀྱང་སངས་རྒྱས་ཁོ་ན་མ་གཏོགས་པར། །ཆོས་ཀྱི་དབྱིངས་ལ་སྒྲིབ་པ་ཕྲ་མོས་ཀྱང་། །བར་མ་ཆོད་པ་མི་སྲིད་དེ་ཡི་ཕྱིར། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ལ་བརྟེན་ནས། །བག་ཆགས་ཕྲ་བ་བཅོམ་ནས་མཉམ་པ་ཉིད། །སྒྲིབ་བྲལ་ཀུན་མཁྱེན་ཡེ་ཤེས་མངོན་དུ་བྱེད། །དེ་ཕྱིར་མཐའ་བཞིའི་སྤྲོས་ཀུན་བྲལ་བ་ཡི། །མི་རྟོག་ཡེ་ཤེས་བསམ་བརྗོད་ལས་འདས་པའི། །ཤེས་རབ་ཕ་རོལ་ཕྱིན་འདི་རྒྱལ་བའི་ལམ། །མཐར་ཐུག་ལྟ་བའི་རྩེ་མོ་མཉམ་པ་ཉིད། །དེ་ཡི་དགོངས་དོན་ཇི་བཞིན་བཀྲལ་བ་ལ། །འཕགས་པ་ཀླུ་གྲུབ་ཟབ་མོ་དབུ་མའི་གཞུང་། །ཉིན་བྱེད་དབང་པོའི་དཀྱིལ་འཁོར་ཤར་བ་ལ། །གངས་ཅན་ཁྲོད་དུ་རོང་ཀློང་རྣམ་གཉིས་ཀྱིས། །ཆུ་འཛིན་གཞོན་ནུའི་སྨག་དང་བྲལ་བར་བྱེད། །གང་ཞིག་འདི་ན་ལ་ལས་སྟོང་རྐྱང་ཙམ། །རྨད་བྱུང་དབུ་མའི་མཐར་ཐུག་ཡིན་ནོ་ཞེས། །གྲུབ་མཐའི་གཞུང་གི་བཅོས་བསླད་སྣ་ཚོགས་ཀྱིས། །གཟུ་བོར་གནས་པའི་བློ་རྣམས་རིང་བར་བྱེད། །དེ་སྐད་དུ་ནི་ཀླུ་གྲུབ་ཡབ་སྲས་ཀྱིས། །རྒྱལ་བས་སྟོང་པ་ཉིད་གང་གསུངས་པ་ཀུན། །ལྟ་ཀུན་ངེས་པར་འབྱིན་པར་བྱ་བའི་ཕྱིར། །གང་དག་སྟོང་པ་ཉིད་ལ་ལྟ་ཉེས་པ། །དེ་དག་སྒྲུབ་རྒྱུ་མེད་པར་གསུངས་པ་ཡིན། །དེ་བཞིན་ཀུན་རྟོག་ཐམས་ཅད་སྤང་བའི་ཕྱིར། །སྟོང་པ་ཉིད་ཀྱི་བདུད་རྩི་བསྟན་མཛད་ལ། །གང་ཞིག་དེ་ལ་མངོན་པར་ཞེན་གྱུར་པ། །དེ་ཉིད་སྟོན་པ་འཇིག་རྟེན་མགོན་པོས་སྨད། །དེ་ཕྱིར་ཐར་པ་འདོད་པའི་མཁས་གང་གིས། །སྟོང་ཉིད་མཚན་མར་ལྟ་བ་ཡོངས་སུ་སྤོངས། །གལ་ཏེ་དེ་ལ་མངོན་པར་ཞེན་གྱུར་པ། །བླུན་པོ་མཁས་པའི་ང་རྒྱལ་ཅན་དག་ནི། །མནར་མེད་པར་ནི་སྤྱི་ཚུགས་འགྲོ་ཞེས་གསུངས། །དེ་ཕྱིར་ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་མིན་བདག་ཉིད་དུ་ཡང་མེད་པའི་ཕྱིར། །དངོས་དང་དངོས་མེད་ལ་སོགས་སྤྲོས་པ་ལས། །ངེས་པར་གྲོལ་བ་རྟོགས་པའི་དེ་ཁོ་ན། །འདི་ཉིད་དབུ་མར་མཁས་རྣམས་བཞེད་པ་ཡིན། །ལེགས་པར་བཤད་པ་མན་ངག་གི་བསྟན་བཅོས་ཟབ་མོ་སྡོམ་པའི་མཛོད་ལས། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་བཤད་པའི་ལེའུ་སྟེ་བཞི་པའོ།། ༈ །།དེ་ལྟར་བདག་མེད་རྟོག་པའི་ཤེས་རབ་ཀྱིས། །བདག་ཏུ་འཛིན་པའི་སྤྲོས་པ་ཞི་མཛད་པས། །སྒྲིབ་བྲལ་སྲིད་ཞིའི་མཐའ་ལ་མི་གནས་པའི། །མྱ་ངན་འདས་པ་ཞི་བ་དམ་པ་སྟེ། །རྒྱལ་བས་ཆོས་ཉིད་ལུས་མེད་རབ་ཞི་བ། །གཉིས་མེད་རང་བཞིན་མེད་པ་ཐུགས་ཆུད་ནས། །གཟུགས་སྐུ་བཟང་པོའི་མཚན་གྱིས་འབར་བ་ཡིས། །འགྲོ་བ་མ་ལུས་བཀང་ཞིང་སྟོན་པར་མཛད། །དེ་ལ་སངས་རྒྱས་ཟག་པ་མེད་པའི་སྐུ། །གདོད་ནས་རྣམ་དག་སྤྲོས་པའི་མཐའ་བྲལ་བ། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཆོས་ཀྱི་དབྱིངས། །གཟུགས་སྐུ་གཙང་བདེ་བདག་རྟག་མཐར་ཕྱིན་པ། །མཉམ་ཉིད་སྐུ་དང་ཡེ་ཤེས་རང་བཞིན་ལ། །བྲལ་བའི་ཡོན་ཏན་མངོན་དུ་གྱུར་པ་ནི། །ཆོས་ཀྱི་སྐུ་སྟེ་སྤངས་རྟོགས་མཐར་ཕྱིན་པ། །རིག་པའི་ངོ་བོ་ཟག་པ་མེད་པ་ཡི། །སྡེ་ཚན་ཉི་ཤུ་རྩ་གཅིག་བདག་ཉིད་དེ། །བྱང་ཆུབ་ཕྱོགས་ཀྱི་ཆོས་ཀུན་མཐར་ཕྱིན་ནས། །འབྲས་བུ་ཡེ་ཤེས་དམ་པར་གནས་གྱུར་པ། །དྲན་པ་ཉེ་བར་བཞག་པ་བཞི་ལ་སོགས། །རྣམ་པའི་དབྱེ་བ་སུམ་ཅུ་རྩ་བདུན་ནོ། །དེ་བཞིན་བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་ཚད་མེད་དག་ཀྱང་མཐར་ཕྱིན་པ། །ཀུན་མཁྱེན་ཡེ་ཤེས་གཅིག་བསྡུས་བསམ་མི་ཁྱབ། །གཟུགས་ཅན་གཟུགས་ལ་བལྟ་བའི་རྣམ་ཐར་དང་། །གཟུགས་མེད་གཟུགས་ལ་ལྟ་དང་སྡུག་པར་མོས། །གཟུགས་མེད་བཞི་དང་འགོག་པའི་རྣམ་ཐར་བརྒྱད། །བསམ་གཏན་ལ་བརྟེན་བསྒོམ་པ་མཐར་ཕྱིན་པ། །འབྲས་བུ་ཡེ་ཤེས་ཀྱིས་བསྡུས་བསམ་མི་ཁྱབ། །མཐར་གྱིས་གནས་པའི་སྙོམས་འཇུག་བསམ་གཏན་བཞི། །གཟུགས་མེད་བཞི་དང་འགོག་པའི་སྙོམས་འཇུག་སྟེ། །དགུ་བོ་སྒྲིབ་ལས་གྲོལ་ཤིང་མཐར་ཐུག་པ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཕྱི་ནང་གི། །རང་ལ་གཟུགས་སུ་འདུ་ཤེས་ཡོད་མེད་ལས། །གཟུགས་དབྱིབས་ཟིལ་གནོན་བཞི་དང་སྣོད་བཅུད་གཟུགས། །ཁ་དོག་ཟིལ་གནོན་བཞི་དང་བརྒྱད་པོ་ཡང་། །ཏིང་འཛིན་ལ་བརྟེན་བསྒྲུབ་པས་གཞན་ཟིལ་གནོན། །རང་ཡིད་མི་འཕྲོག་པར་བྱེད་ཁྱད་པར་རོ། །ཟད་པ་འབྱུང་བ་ལྔ་དང་ཁ་དོག་བཞི། །རྣམ་ཤེས་དང་བཅས་བསྒྲུབ་པས་སྣང་བ་གང་། །དམིགས་པ་དེ་ཉིད་དུ་ནི་སྣ་ཚོགས་སྣང་། །འདི་དག་སྤྲུལ་པ་འབྱོང་པའི་ལམ་ཞེས་བྱ། །དེ་བཞིན་ཉོན་མོངས་མེད་དང་སྨོན་ལམ་མཁྱེན། །ངོ་བོ་ཞི་ལྷག་གཉིས་ཀྱི་རང་བཞིན་ནོ། །ལྷ་ཡི་མིག་དང་ལྷ་ཡི་རྣ་བ་དང་། །སྔོན་གནས་དྲན་དང་གཞན་སེམས་ཤེས་པ་དང་། །རྫུ་འཕྲུལ་མཆོག་དང་ཟག་པ་ཟད་པ་ལྡན། །ཡོངས་སུ་དག་པས་བསམ་གཏན་ལ་བརྟེན་ནས། །ལུས་ལ་དབང་ཐོབ་བརྟེན་དང་དམིགས་པ་དང་། །འཇུག་པའི་ཐུགས་དང་དབང་འབྱོར་ཡེ་ཤེས་ཏེ། །ཡོངས་སུ་དག་པའི་ངོ་བོ་ཞི་ལྷག་གོ། །ཚེ་ལ་དབང་དང་སེམས་དང་ཡོ་བྱད་དབང་། །ལས་དང་སྐྱེ་བ་མོས་པ་སྨོན་ལམ་དང་། །རྫུ་འཕྲུལ་ཡེ་ཤེས་ཆོས་ལ་དབང་དང་བཅུ། །འདི་དག་ཕ་རོལ་ཕྱིན་པའི་འབྲས་བུར་བཤད། །སྟོབས་ནི་གནས་དང་གནས་མིན་མཁྱེན་པ་དང་། །རྣམ་སྨིན་མཁྱེན་དང་ཁམས་དང་མོས་པ་དང་། །དབང་པོ་ལམ་དང་བསམ་གཏན་སྔོན་གནས་མཁྱེན། །འཆི་འཕོ་སྐྱེ་བ་ཟག་ཟད་མཁྱེན་པའི་སྟོབས། །འདི་དག་གིས་ནི་སྒྲིབ་གཉིས་འཇོམས་པ་དང་། །བདུད་བཞི་བཅོམ་ཕྱིར་རྡོ་རྗེ་ལྟ་བུར་གསུངས། །མི་འཇིགས་བཞི་ནི་རང་དོན་སྤངས་རྟོགས་གཉིས། །ཕུན་ཚོགས་ཞལ་གྱིས་བཞེས་ལ་མི་འཇིགས་པ། །གཞན་དོན་ངེས་པར་འབྱུང་བའི་ལམ་སྟོན་དང་། །ལམ་དེའི་གེགས་ཀྱང་སྟོན་ལ་མི་འཇིགས་པ། །རྒོལ་བ་མེད་ཕྱིར་སེང་གེའི་སྒྲ་ཆེན་སྒྲོགས། །མ་འདྲེས་བཅོ་བརྒྱད་སྐུ་གསུང་ཐུགས་གསུམ་ལ། །འཁྲུལ་བ་ཅ་ཅོ་དྲན་པ་ཉམས་མི་མངའ། །དེ་བཞིན་མཉམ་པར་མ་བཞག་ཐུགས་མི་མངའ། །འདུ་ཤེས་སྣ་ཚོགས་མ་བརྟག་མི་མངའ་བས། །འདི་དྲུག་སྤྱོད་པས་བསྡུས་པ་ཞེས་བྱ་ཞིང་། །འདུན་པ་བརྩོན་འགྲུས་དྲན་དང་ཤེས་རབ་དང་། །རྣམ་པར་གྲོལ་བ་དབང་འབྱོར་ཡེ་ཤེས་དང་། །སོ་སོ་རང་རིག་ཡེ་ཤེས་གཟིགས་པ་རྣམས། །ཉམས་པ་མི་མངའ་རྟོགས་པས་བསྡུས་པ་ཡིན། །སྐུ་གསུང་ཐུགས་ལ་ཡེ་ཤེས་སྔོན་རྗེས་འགྲོ། །དུས་གསུམ་ཤེས་བྱར་ཆགས་ཐོགས་མི་མངའ་དྲུག །མཛད་པ་བསྡུས་དང་ཀུན་ཏུ་དོན་ཡོད་པ། །འདི་དག་ཐུབ་པའི་ལམ་འདྲེས་ཆོས་ཡིན་ནོ། །སྐྱོན་གྱི་རྣམ་པ་ཕྲ་མོ་མེད་པའི་ཕྱིར། །སྒོ་གསུམ་གཞན་ལ་བསྲུང་བ་ཅི་ཡང་མེད། །ཆགས་དང་སྡང་དང་གཉིས་ཀ་མེད་པ་ཡི། །དྲན་པར་ཉེར་བཞག་བསྙེལ་བ་མི་མངའ་བ། །བག་ཆགས་མ་ལུས་རྩད་ནས་གཞོམ་པ་དང་། །ཐུགས་རྗེ་ཆེན་པོས་འགྲོ་བ་ཕན་པར་མཛད། །ཤེས་བྱའི་རྣམ་པ་ཐམས་ཅད་ཅིག་ཆར་དུ། །མངོན་སུམ་མཁྱེན་པ་རང་བྱུང་ཡེ་ཤེས་ཏེ། །དེ་བཞིན་ཉིད་དང་གཉིས་སུ་མེད་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་སངས་རྒྱས་ཁོ་ནའོ། །དེ་ལྟར་ཉེར་གཅིག་གིས་ནི་ཐུབ་པ་ཡི། །མཁྱེན་པའི་ཡོན་ཏན་ཐམས་ཅད་བསྡུས་པས་ན། །རྟོགས་པ་ཡེ་ཤེས་ཆོས་སྐུ་ཚད་མེད་པ། །བསམ་གྱིས་མི་ཁྱབ་ལྷུན་གྱིས་གྲུབ་པའོ། །དེ་ལས་ཉི་མའི་འོད་ཟེར་ཇི་བཞིན་དུ། །སྣང་ཆའི་ཡོན་ཏན་མ་ལུས་རྫོགས་པ་ནི། །འདོད་དགུ་འབྱུང་བས་ཡིད་བཞིན་ནོར་བུ་བཞིན། །སྣང་ལ་དངོས་པོ་མེད་པས་འཇའ་ཚོན་ལྟར། །སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུ། །ལོངས་སྤྱོད་རྫོགས་སྐུ་ངེས་པ་ལྔ་ལྡན་ཏེ། །ཁམས་གསུམ་ལས་འདས་སྒྲིབ་ཀུན་བྲལ་བའི་ཡུལ། །ཕྱོགས་སུ་མ་ཆད་རང་སྣང་དག་པའི་ཞིང་། །འོག་མིན་ཆེན་པོར་སྟུག་པོ་བཀོད་པ་ན། །ལོངས་སྤྱོད་ཆེན་པོའི་རྣམ་པར་རྟག་བཞུགས་པ། །མཚན་དཔེའི་རྒྱན་གྱིས་སྤྲས་པའི་རྡོ་རྗེའི་སྐུ། །སྨིན་པའི་ཡོན་ཏན་མངོན་དུ་གྱུར་པའི་ཕྱིར། །སྐྱོན་བྲལ་དག་པའི་མཚན་མཆོག་འབར་བ་སྟེ། །ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲྭ་བ་ས་འབྲེལ་བ་དང་། །ཕྱག་དང་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང་། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡ་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་གྱི་མདོག་ལྡན་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་། །ཞལ་མཛོད་སྤུས་རྒྱན་རོ་སྟོད་སེང་གེའི་འདྲ། །འདི་ཡིད་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་ཡན་ལག་ལྔ་དང་ལྡན་པ་ཡི། །གསུང་དབྱངས་ཡན་ལག་དྲུག་ཅུའི་བདག་ཉིད་དེ། །འབྲས་བུའི་ཡོན་ཏན་གཉིས་དང་ངོ་བོ་བཞི། །སྐྱོན་མེད་གཉིས་དང་ནུས་པའི་ཡོན་ཏན་ལྔ། །བསླབ་པ་གསུམ་ལ་སྦྱོར་བའི་ཡོན་ཏན་བརྒྱད། །གདུལ་བྱའི་རྒྱུད་ཀུན་སིམ་པར་བྱེད་པ་གསུམ། །རྗེས་སུ་འཛིན་བཞི་ཤེས་པས་སྦྱོར་བ་གསུམ། །ཆེ་བའི་དཔེ་བཅུ་འདྲ་དང་གདུལ་བྱ་ལ། །ཕན་བྱེད་ཡོན་ཏན་བཅུ་དགུའི་དབྱངས་ལྡན་ནོ། །འགྲམ་པ་གངས་ཀྱི་སེང་གེ་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཐག་བཟང་ཚད་མཉམ་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚངས་པ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི། །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །སེན་མོ་ཟངས་ཀྱི་མདོག་དང་སྣུམ་པ་དང་། །མཐོ་དང་སོར་ཟླུམ་རྒྱས་པ་བྱིན་གྱིས་ཕྲ། །རྩ་མི་མངོན་དང་མདུད་པ་མེད་པ་དང་། །ལོང་བུ་མི་མངོན་ཞབས་མཉམ་གོམ་སྙོམས་འདོར། །སེང་གེ་གླང་ཆེན་ངང་པ་ཁྱུ་མཆོག་གི། །སྟབས་ཀྱིས་གཤེགས་དང་གཡས་ཕྱོགས་མཛེས་པར་གཤེགས། །དྲང་དང་འཁྲིལ་བག་ཆགས་དང་རིམ་པར་འཚམས། །བྱི་དོར་བྱས་འདྲ་གཙང་འཇམ་དག་པའི་སྐུ། །མཚན་གྱི་ཆ་ཤས་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་བ་དང་། །གོམ་སྙོམས་པ་དང་སྤྱན་གཉིས་རྣམ་པར་དག །གཞོན་ཤ་ཅན་ཉིད་ཞུམ་མེད་རྒྱས་པ་དང་། །ཤིན་ཏུ་གྲིམ་དང་ཡན་ལག་རྣམ་པར་དབྱེ། །གཟིགས་པ་སྒྲིབ་མེད་དག་པ་དཀུ་སྐེད་ཟླུམ། །སྐབས་ཕྱིན་མ་རྙོངས་པ་དང་ཕྱང་ངེ་བ། །ལྟེ་བ་ཟབ་དང་གཡས་སུ་འཁྱིལ་བ་དང་། །ཀུན་ནས་བལྟ་ན་སྡུག་དང་ཀུན་སྤྱོད་གཙང་། །སྨེ་བ་གནག་བག་མེད་དང་ཕྱག་འཇམ་པ། །ཕྱག་རིས་ཟབ་རིང་མདངས་ཡོད་ཞལ་མི་རིང་། །མཆུ་ནི་བིམྤ་ལྟར་དམར་ལྗགས་གཉེན་སྲབ། །དམར་དང་འབྲུག་གི་སྒྲ་ཉིད་གསུང་སྙན་འཇམ། །མཆེ་བ་ཟླུམ་རྣོ་དཀར་མཉམ་བྱིན་གྱིས་ཕྲ། །ཤངས་མཐོ་དག་པ་ཉིད་དང་སྤྱན་ཡངས་པ། །པདྨའི་འདབ་མ་འདྲ་དང་རྫི་མ་སྡུག །སྨིན་ཚུགས་རིང་དང་སྤུ་འཇམ་སྣུམ་མཉམ་པ། །ཕྱག་རིང་རྒྱས་དང་སྙན་མཉམ་ཉམས་པ་སྤངས། །དཔྲལ་བ་ལེགས་པར་དབྱེས་དང་དབྱེས་ཆེ་བ། །དབུ་རྒྱས་དབུ་སྐྲ་བུང་བ་ལྟར་གནག་དང་། །སྡུག་འཇམ་མ་འཛིང་མི་གཤོར་དྲི་ཞིམ་པ། །སྐྱེས་བུའི་ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་བེའུ་དང་འདྲ་གཡུང་དྲུང་འཁྱིལ་བ་སོགས། །བཀྲ་ཤིས་རི་མོས་བརྒྱན་ཅིང་མཛེས་པ་སྟེ། །འདི་དག་ཐུབ་པའི་དཔེ་བྱད་བཟང་པོའོ། །གང་གི་ཞལ་ནས་བླ་མེད་ཐེག་ཆེན་གྱི། །ཆོས་ཀྱི་ཁོར་ལོ་ཚད་མེད་ཡོངས་བསྐོར་བས། །ཁམས་གསུམ་འགྲོ་བའི་ནད་རྣམས་གསོ་མཛད་པའི། །བདུད་རྩིའི་གསུང་དབྱངས་རྒྱ་ཆེན་རྟག་ཏུ་འབྱུང་། །བསམ་མི་ཁྱབ་པའི་འཁོར་ནི་སེམས་དཔའ་ཆེ། །ས་བཅུའི་བར་ལ་གནས་པ་ཤ་སྟག་གོ། །ཐུགས་ནི་ཤེས་བྱའི་བུད་ཤིང་ཟད་པ་ཡི། །ཚོགས་བརྒྱད་དབྱིངས་སུ་ནུབ་པའི་ཡེ་ཤེས་ལྔ། །ཆོས་དབྱིངས་བརྗོད་བྲལ་རྟག་ཁྱབ་གཞིའི་ཡེ་ཤེས། །ཟུང་འཇུག་སྤྲོས་ཀུན་བྲལ་བ་ངོ་བོ་ཉིད། །མེ་ལོང་ཡེ་ཤེས་ཆོས་ལྔ་ལྡན་པ་སྟེ། །ཡུལ་དུས་རྣམ་པ་དམིགས་པ་རྒྱུན་མི་ཆད། །སྐུ་དང་ཡེ་ཤེས་ཀུན་གྱི་འཕྲོ་གཞིའི་ཕྱིར། །ཡེ་ཤེས་གཞན་གསུམ་གཟུགས་བརྙན་ཚུལ་དུ་འབྱུང་། །འཁོར་འདས་མཐའ་ལ་མི་གནས་མཉམ་པ་ཉིད། །ཐུགས་རྗེ་ཆེན་པོ་དང་ལྡན་གདུལ་བྱ་ཡི། །མོས་པ་དང་བསྟུན་སྤྲུལ་པ་སྣང་བར་བྱེད། །སོ་སོར་རྟོག་པའི་ཡེ་ཤེས་ཆོས་ཐམས་ཅད། །ཐོགས་པ་མེད་པར་སྟོན་ལ་མངའ་བརྙེས་པ། །ཏིང་འཛིན་གཟུགས་སོགས་དཔག་མེད་དང་ལྡན་པས། །ཇི་ལྟར་མཁྱེན་པའི་ཡེ་ཤེས་རྨོངས་པ་མེད། །དེ་ལྟར་ཇི་ལྟ་ཇི་སྙེད་མཁྱེན་པ་ཡི། །ཡེ་ཤེས་དམ་པ་གཞན་སྣང་སྟོན་པ་ལ། །དབང་འབྱོར་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས། །འགྲོ་ཀུན་སེམས་ཀྱི་གཞི་ལ་སྤྲུལ་པའི་གཟུགས། །སྣང་ནས་སྲིད་པ་ཇི་སྲིད་གནས་ཀྱི་བར། །ཕན་བདེ་སྣ་ཚོགས་སྟོན་ལ་འབད་མེད་པ། །བརྒྱ་བྱིན་རྔ་དང་སྤྲིན་ཆེན་ཚངས་པ་བཞིན། །ཉི་མ་ནོར་བུ་སྒྲ་བརྙན་ནམ་མཁའ་དང་། །ས་གཞི་ཇི་བཞིན་ཕྲིན་ལས་སྣ་ཚོགས་སོ། །སྤྲུལ་པ་ལ་ཡང་བྱང་ཆུབ་ཆེན་པོ་དང་། །འཇིག་རྟེན་མཐུན་འཇུག་བཟོ་དང་སྐྱེ་བ་དང་། །སྣ་ཚོགས་ལ་སོགས་སྤྲུལ་སྐུ་ཚད་མེད་པས། །འགྲོ་ཀུན་ཕན་བདེའི་གནས་ལ་འགོད་པ་ཡིས། །ལམ་མཐར་ཕྱིན་པ་འབྲས་བུ་མི་གནས་པའི། །མྱ་ངན་འདས་པ་མངོན་པར་མཛད་པའོ། །ལེགས་པར་བཤད་པ་མན་ངག་གི་བསྟན་བཅོས་ཟབ་མོ་སྡོམ་པའི་མཛོད་ལས། །འབྲས་བུ་མྱ་ངན་ལས་འདས་པའི་ལེའུ་སྟེ་ལྔ་པའོ།། ༈ །།ལྟ་བ་བཀའ་རྟགས་ཕྱག་རྒྱ་བཞི་ཡི་མཛོད། །ཚུལ་འདིར་བརྟེན་ན་ཟབ་རྒྱས་ཆོས་ཀྱི་སྒོ། །ཇི་བཞིན་བཀྲལ་ལ་བློ་གྲོས་མི་རྨོངས་བར། །ཡང་དག་ཐར་པའི་སྣང་བ་རྒྱས་པར་འགྱུར། །འདིས་བྱས་རྙེད་བཀུར་གྲགས་འདོད་མ་ཡིན་ཞིང་། །བསྟན་ལ་དད་ཅིང་དམ་ཆོས་བཟུང་བའི་ཕྱིར། །བག་ཆགས་འཇོག་ཕྱིར་ལྷ་མཆོག་མཉེས་པའི་ཕྱིར། །ལེགས་སྦྱར་དགེ་བས་གཞན་ལ་ཕན་གྱུར་ཅིག །བདག་གཞན་མ་ལུས་འདི་ནས་བྱང་ཆུབ་བར། །ཚེ་རབས་ཀུན་ཏུ་བློ་གྲོས་མཆོག་ལྡན་ཞིང་། །མཁྱེན་བརྩེ་ནུས་པའི་ཡོན་གྱིས་མངོན་པར་མཛེས། །མཁྱེན་རབ་བདག་པོའི་གོ་འཕང་འགྲུབ་གྱུར་ཅིག །རྒྱལ་སྲས་རྒྱལ་བའི་དབང་པོས་རྗེས་བཟུང་ནས། །བདུད་དང་བར་ཆད་ཀུན་ལས་རྣམ་རྒྱལ་ཞིང་། །ཐེག་པའི་དགའ་སྟོན་ཆོས་བཀྲའི་དགེ་མཚན་གྱིས། །ས་གསུམ་སྐྱེ་དགུའི་ཉོན་མོངས་གདུང་སེལ་ཤོག །ཅེས་ལེགས་པར་བཤད་པ་མན་ངག་གི་བསྟན་བཅོས་ཟབ་མོ་སྡོམ་པའི་མཛོད་ཅེས་བྱ་བ་འདི་ནི་གདན་ས་ཆེན་པོ་དཔལ་ཀཿཐོག་ཏུ་དགེ་རྩེ་པ་འགྱུར་མེད་བསྟན་པའི་རྣམ་རྒྱལ་གྱིས་རང་ལོ་ཉེར་བཞིའི་ལོར་བྲིས་པ་རྫོགས་སོ། །དགེའོ། །དགེའོ། དགེའོ། །སརྦ་མངྒ་ལཾ། །མ་རྟོགས་པ་དང་ལོག་པར་རྟོགས་པ་སོགས། །ནོངས་པ་ཅི་མཆིས་མཁས་པའི་སྤྱན་སྔར་བཤགས། །དགེ་བའི་དངོས་པོ་སྲིད་ན་ཡིད་ཅན་ཀུན། །འཁོར་མཚོའི་སྡུག་བསྔལ་ཀུན་ལས་གྲོལ་གྱུར་ཅིག །ཅེས་པའང་རྩོམ་པ་པོས་སོ།། །།


previousལེགས་པར་བཤད་པ་མན་ངག་གི་བསྟན་བཅོས་ཟབ་མོ་སྡོམ་པའི་མཛོད།no next