བསམ་གཏན་ཕྱི་མའི་རྒྱུད་དོན་རྣམ་པར་བཤད་པ་རིག་སྔགས་འཛིན་པའི་ཡིད་ཀྱི་འདོད་འཇོ།

བསམ་གཏན་ཕྱི་མའི་རྒྱུད་དོན་རྣམ་པར་བཤད་པ་རིག་སྔགས་འཛིན་པའི་ཡིད་ཀྱི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་གྷཱོ་ཥཱ་ཡ། རིགས་སྔགས་ཡོངས་ཀྱི་འཁོར་ལོས་སྒྱུར་མཆོག་དང་། །གསང་འཛིན་གསང་བའི་བདག་པོ་རྡོ་རྗེ་འཛིན། །འཇམ་དཔལ་དཔལ་དང་ལྡན་ལ་གུས་བཏུད་ནས། །བསམ་གཏན་ཕྱི་མའི་རྒྱུད་དོན་རྣམ་པར་བཤད། །དེ་ལ་འདིར་གསང་སྔགས་དང་རིགས་སྔགས་རྣམས་བསྒྲུབ་པའི་ཐབས་ཀྱི་མན་ངག་ཟབ་མོ་བསམ་གཏན་ཕྱི་མའི་རིམ་པར་ཕྱེ་བའི་རྒྱུད་འདི་འཆད་པ་ལ། མཚན་དོན། འགྱུར་ཕྱག །གཞུང་དོན། མཇུག་དོན་བཞི་ལས། དང་པོ། རྒྱ་གར་སྐད་དུ། དྷྱཱ་ནོ་ཏྟ་ར་པ་ཏྲ་ལ་ཀྲ་མ། དེ་ཉིད་བོད་སྐད་དུ་བསྒྱུར་ན། དྷྱཱ་ན་བསམ་གཏན་ཨུཏྟ་ར། བླ་མ་དང་ཕྱི་མ་སོགས་ལ་འཇུག་པ་ལས་སྐབས་འདིར་ཕྱི་མ། པ་ཊ་ལ་ཀྲ་མ། རིམ་པར་ཕྱེ་བ་ཞེས་གསུངས་ཏེ། བསམ་གཏན་ནི་རིག་སྔགས་བཟླ་བའི་ཚེ་སེམས་རྩེ་གཅིག་པའི་བསམ་གཏན་ཇི་ལྟར་བྱ་བ་གང་ཞིག །སྔགས་འགྲུབ་པའི་ཐབས་ཀྱི་གཙོ་བོར་གྱུར་པ་དེ་འདིར་བསྟན་ན་བསམ་གཏན་ཞེས་བྱ་ཞིང་། དེ་ལ་ཕྱི་མ་ཞེས་བྱ་བ་ནི། བྱ་སྤྱོད་གཙོར་གྱུར་རིགས་སྔགས་ཀྱི་རྒྱུད་རྣམ་པ་པོ་གསུངས་པ་དེ་དག་གི་མན་ངག་ལྟ་བུ་རྗེས་སུ་བསྟན་པ། འདི་ཉིད་རིག་སྔགས་ཀྱི་རྒྱུད་ཀུན་ལ་དགོས་ཤིང་སྙིང་པོར་གྱུར་པ་ཡིན་པའི་ཕྱིར་ཏེ། རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ཆེན་པོ་ལས། བཟླས་བརྗོད་ཀྱི་ཡན་ལག་རྣམས་ཀྱི་མིང་བཤད་ཀྱང་། དེའི་ཐབས་བསམ་གཏན་ཇི་ལྟར་བྱ་བའི་ཚུལ་སྐབས་དེ་གསལ་བར་མ་བསྟན་པ་དེ་ཉིད་འདིར་དངོས་སུ་གསལ་བར་སྟོན་པས་ན་དེ་སྐད་ཅེས་བྱའོ། །དེ་ལྟ་བུའི་དགོངས་དོན་ཡན་ལག་དང་བཅས་པ་གསལ་བར་བྱེད་པས་ན་རིམ་པར་ཕྱེ་བ་ཞེས་གསུངས་སོ། །གཉིས་པ་འགྱུར་ཕྱག་ནི། དཔལ་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལ་ལོ། །ཞེས་བསྟན་པ་སྔ་དར་གྱི་དུས་སུ་རྒྱུད་འདི་གངས་ཅན་པའི་སྐད་དུ་བསྒྱུར་བའི་ཚེ་སྤྲུལ་པའི་ལོ་པཎ་ཆེན་པོ་དེ་དག་གིས་འཇམ་དཔའ་རྡོ་རྗེ་རྣོན་པོ་ལ་ཕྱག་མཛད་པའོ། །གསུམ་པ་གཞུང་དོན་ལ། དགོས་པ་བསྟན་པ་དང་འབྲེལ་བར་གླེང་བསླང་བ་རྣམ་པར་དགོད་པ་དང་། བཤད་བྱ་གཞུང་གི་དོན་རྣམ་པར་བཤད་པ་གཉིས་ཀྱི། དང་པོ། གསང་སྔགས་རྒྱུད་ཀྱི་ཕྱོགས་ལ་ཡང་། །ཞེས་པ་ནས། བསམ་གཏན་གྱིས་ནི་རྒྱས་པར་བཤད། །ཅེས་པའི་བར་གྱིས་བསྟན་ཏེ། བཟླས་བརྗོད་ཀྱི་བསམ་གཏན་དང་རྣལ་འབྱོར་གྱི་མཚན་ཉིད་གང་ཞིག །རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཀྱི་མན་ངག་དམ་པར་གྱུར་པ་སྤང་གཉེན་ཕན་ཡོན་དང་བཅས་པ་འདི་ལྟ་བུ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ལས་ཚངས་པ་ས་ཡི་མེ་ཏོག་ཅེས་བྱ་བས་དངོས་སུ་ཐོས་པ་དེ་ཉིད། ཚངས་པ་མི་འཆི་བ་ཞེས་བྱ་བ་ལ་བསྟན་པར་འདོད་ནས་འདི་སྐད་དུ་སྨྲས་ཏེ། དོན་ཆེན་པོ་ལྡན་པ། གསང་སྔགས་རྒྱུད་ཀྱི་ཕྱོགས་ལ་ཡང་། གང་ཟག་གང་གི་བློ་ནི་མཆོག་ཏུ་མི་ཞེན་པ་སྟེ་དམ་པའི་མན་ངག་ལྡན་པར་ནན་ཏན་གྱིས་བརྟགས་ནས་གཏིང་དཔོག་པ་དང་མི་ལྡན་པར་གྱུར་དུ་ཟིན་ཀྱང་། སྔགས་ཀྱི་དོན་དེ་ཡང་རང་བློའི་ཕྱོགས་ཞེན་ཙམ་དུ་ཅི་དགར་བཟུང་ནས་དོན་མེད་ཀྱི་ངག་སྨྲ་བར་སྤྲོ་བ་ནི་དགོས་པ་ཅི་ཡང་མེད་པས་སྨྲ་བ་ངན་པ་དེ་དག་སྤང་བར་རིགས་ཏེ། དེ་དག་ལ་དེ་ལྟ་བུ། མ་སྨྲས་ན་ནི་མི་འཚོ་བ་ཉིད་དུ་གྱུར་པའམ་མ་སྨྲས་ཐབས་མེད་པ་ཅི་ཞིག་བྱུང་ཞེས་པ་དོན་ཏེ། སྔགས་ཀྱི་དགོངས་དོན་རྟོག་གེའི་རིགས་པ་སོགས་ཀྱིས་དཔྱད་ནས་ཆུད་ཟ་བའི་བཤད་པ་འཁྱམས་པོ་དེ་འདྲ་རང་བསླུས་གཞན་བསླུས་ཀྱི་རྒྱུར་འགྱུར་ཞིང་ཉེས་པ་ཆེ་བའི་ཕྱིར་རོ། །ཅིའི་ཕྱིར་སྔགས་རྒྱུད་ཀྱི་ཚིགས་ལ་དཔྱད་ནས་ཤེས་པར་བྱ་བའི་ཡུལ་མ་ཡིན་སྙམ་ན། གསང་སྔགས་ཀྱི་རྒྱུད་རྒྱ་མཚོ་ཆེན་པོ་ལྟ་བུ་འདིི་ནི། རྟོག་གེའི་ལམ་གྱི་དཔེ་ཡིས་ཉེ་བར་འཇལ་བ་དང་། མངོན་སུམ་གྱི་ཚད་མ་དང་། གཏན་ཚིགས་ཀྱི་རྟགས་སམ། དེ་ལས་རྗེས་སུ་དཔག་པ་འམ། མདོར་ན་མན་ངག་མེད་པར་རང་གི་རྣམ་པར་དཔྱད་པའི་ཤེས་རབ་ཀྱིས་རྟོགས་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་ཡང་དག་པའི་རྒྱུད་ཀྱི་ལུང་དང་། དམ་པའི་མན་ངག་གི་དོན་དང་ལྡན་པ་མེད་པར། གང་ཞིག་སྔགས་ཀྱི་དགོངས་དོན་དུ་རློམ་པའི་ལམ་གཞན་དུ་འཇུག་པ་དེ་དག །བསྐལ་པ་དག་ནི་བརྒྱ་རུ་འབད་ན་ཡང་། སྔགས་བཟླས་པ་སོགས་ཀྱི་ཐབས་ལས་དངོས་གྲུབ་མི་ཐོབ་བོ། །སྔགས་ཀྱི་ལུང་དང་དེ་དོན་གནད་དུ་འབྱོར་བའི་མན་ངག་མ་ལུས་པ། གང་ཟག་གང་གིས་ཡོངས་སུ་སྤངས་པ་དེ་དག་ལ། སྔགས་ཀྱི་གྲུབ་པ་ཉམས་སུ་མྱོང་བ་ལ་ལ་ཞིག་ཡོད་དམ་ཟེར་ན་དེ་ནི་མཐའ་གཅིག་ཏུ་མེད་པའོ་ཞེས་སྨྲོས་པར་བྱ་བ་ཡིན་ཏེ། དེ་ལྟ་བུ་མི་སྲིད་ཅེས་པའི་ཐ་ཚིག་གོ། །དེས་ན་གསང་སྔགས་ཀྱི་བདག་ཉིད་རྒྱ་མཚོ་ལྟར་ཆེ་བར་གྱུར་པ། དངོས་གྲུབ་སྣ་ཚོགས་ཀྱི་རླབས་ནི་རབ་ཏུ་འཁྲིགས་པ་ཅན། ཕལ་པའི་བློས་བསམ་གྱིས་མི་ཁྱབ་པའམ། བསམ་ཡས་ཤིང་གཏིང་མཐའ་ནི་དཔག་པར་དཀའ་བ་ཡི། དགོངས་དོན་ཟབ་མོ་རྟོགས་པར་ནུས་པ་གང་གིས་དེ་ལྟར་སྔགས་རྒྱུད་ཀྱི་དགོངས་དོན་ཚུལ་བཞིན་ལེགས་པར་བཤད་ན། སྨྲ་བ་ཐམས་ཅད་ཀྱི་ནང་ན་སྨྲ་བའི་མཆོག་ཏུ་གྱུར་པ་ཡིན་ཏེ། དོན་ཆེ་ཞིང་ཟབ་མོ་རྟོགས་པར་དཀའ་བའི་གནས་ལེགས་པར་བཀྲལ་བའི་ཕྱིར་རོ། །གལ་ཏེ་སྔགས་ཀྱི་གནད་དེ་ལྟར་མི་ཤེས་པ་ཞིག་ན། ཚངས་པ་མི་འཆི་བ་ཁྱོད་ཀྱིས་སྔགས་ཀྱི་དགོངས་གནད་ཟབ་མོ་ཇི་ལྟར་ཤེས་པ་དེ་སྨྲོས་ཤིག །གལ་ཏེ་ཁྱོད་སྔགས་ཀྱི་དགོངས་གནད་ཟབ་མོ་ཡང་དག་པར་སྨྲ་བར་མི་སྤྲོ་ན་ཚངས་པ་ས་ཡི་མེ་ཏོག་ང་ཡིས་རྡོ་རྗེ་འཛིན་པ་ཉིད་ལས་ཇི་ལྟར་ཐོས་པའི་དོན་བཤད་ཀྱིས་ང་ཡི་ཚིག་ལ་ཉོན། ཞེས་གླེང་བསླང་ནས། སླར་ཡང་སྨྲས་པ། བྱང་ཆུབ་ཀྱི་སེམས་དང་། བདག་དང་སྔགས་དང་བཟླས་བརྗོད་ཀྱི་དེ་ཉིད་གསུམ་གྱི་དོན་གལ་ཏེ་ལེགས་པར་ཤེས་ན་དངོས་གྲུབ་ཀྱི་སྣོད་དུ་འགྱུར་ལ། དེ་དག་ལེགས་པར་མི་ཤེས་ན། ཁྱོད་ཀྱིས་སྔགས་ལ་བརྟན་ནས་དངོས་གྲུབ་ཀྱང་ཅི་ཞིག་འཐོབ་སྟེ་མི་འཐོབ་བོ། །གཞན་ཡང་རིག་སྔགས་ལས་ནི་རིག་སྔགས་གྲུབ་པ་པོ་གཞན་ཡིན་ནམ། ཡང་ན་གཞན་མིན་པ་གཅིག་ཏུ་གྱུར་པ་གང་ཡིན་ཞེས་ཁྱོད་ལ་འདྲི་ན། གལ་ཏེ་དེ་གཉིས་གང་རུང་ཡིན་པར་སྨྲས་ན་ཅི་ཞིག་ཉེས་པར་འགྱུར་སྙམ་ན། གལ་ཏེ་རིག་སྔགས་དང་དེའི་གྲུབ་པ་པོ་ཞེས་བྱ་བ་གཞན་ཡིན་པར་གྱུར་ན་འབྲེལ་བ་མེད་པས་ནམ་ཡང་འགྲུབ་པར་མི་འགྱུར་རོ། །འོན་ཏེ་གཞན་མིན་པར་བསམ་ན། རིག་སྔགས་བཟུང་བ་ཙམ་གྱིས་གྲུབ་པ་ཉིད་དུ་འགྱུར་ཏེ། དེའི་རྒྱུ་མཚན་གལ་ཏེ་གཞན་མིན་པར་འདོད་པ་ཁྱོད་ཀྱི་ལྟར་ན་ཁྱོད་རིག་སྔགས་འཆང་བ་ཡིན་པས་དེའི་གྲུབ་པའང་དེ་དང་མཉམ་དུ་ཐ་མི་དད་པར་ཡོད་པས་ཁྱོད་རིག་སྔགས་གྲུབ་པ་ཉིད་གྱུར་ཟིན་པས་ནམ་མཁའ་ལ་སོགས་པར་ད་ལྟ་ཉིད་དུ་ཐོགས་པ་མེད་པར་སོང་ཞིག །གལ་ཏེ་རིག་སྔགས་དང་དེའི་ནུས་པ་གྲུབ་པ་ཐ་མི་དད་ཅིང་། གྲུབ་པ་ཉམས་སུ་མྱོང་བ་པོའང་རིག་སྔགས་དེ་འཛིན་པ་པོ་ལས་ཐ་དད་དུ་བྱ་བ་མེད་པའི་ཕྱིར། གྲུབ་ཟིན་པར་རིགས་པས་གྲུབ་ཀྱང་ནམ་མཁའ་ལ་འགྲོ་བ་སོགས་སྔགས་གྲུབ་པའི་ཡོན་ཏན་དངོས་སུ་སྣང་བ་དེ་སྟེ་མི་ནུས་པའམ་དེ་ལྟ་བུ་ཅི་ཡང་ཡོད་པ་མིན་ན། སྔགས་དང་དེ་ཡི་གྲུབ་པ་གཅིག་ཏུ་ཁས་བླངས་པ་འདི་ནི་རྫུན་ཚིག་ཏུ་ཟད་པའམ་གྱུར་པས་རིགས་པ་མི་ཤེས་པ་བ་ལང་རྫི་དང་ལྷན་ཅིག་ཅི་དགར་སྨྲོས་སུ་རུང་བ་ཙམ་ལས། རིགས་པའི་ལམ་ཤེས་པའི་མཁས་པ་ལ་སྨྲ་བར་བྱ་བའི་ཚིག་ཉིད་དུ་མི་འགྱུར་རོ་ཞེས་སྨྲས་སོ། །དེའི་ཚེ་ན་མི་འཆི་བ་ཚངས་པ་ཆེན་པོ་ཕ་མཆོད་ཅེས་བྱ་བ་དེ་ཉིད་ཀྱིས། རང་གི་བློས་ཡོངས་སུ་བསམ་ནས་ལན་གྱི་ཚིག་སྨྲས་པ་ནི། གང་འདིར་ཚངས་པ་ས་ཡི་མེ་ཏོག་འཆར་བྱེད་ཅེས་བྱ་བ། མི་མཇེད་ཀྱི་བདག་པོས་གང་ཇི་སྐད་སྨྲས་པ་དེ་བཞིན་དུ། རིག་སྔགས་དང་དེའི་གྲུབ་པ་གཞན་དུ་གྱུར་པས་ནི། རིག་སྔགས་དེ་ཉིད་ཟློས་པ་པོ་བདག་ལ་ནམ་ཡང་དངོས་གྲུབ་མེད་པ་དེ་ལྟར་འགྱུར་མོད་ཀྱི། རིག་སྔགས་ལས་དེ་ཡི་གྲུབ་པ་གཞན་མིན་ན་རིག་སྔགས་བཟླས་པ་ལས་བྱུང་བའི་དངོས་གྲུབ་དེ་ཉིད་རིགས་སྔགས་དེ་ཟློས་པ་པོ་བདག་ལ་གྲུབ་པ་ཉིད་ཡོད་དམ་སྙམ་སྟེ། ཅི་དེལྟར་གྱུར་ན་ཅི་ཞིག་ཉེས་ཏེ་ཉེས་པ་ཅི་ཡང་མེད་དོ་སྙམ་དུ་བདག་སེམས་ལ། འོན་ཏང་འདོད་པ་དེ་ལ་འགལ་བ་ཅི་ཞིག་ཡོད་ཅེས་སྨྲས་སོ། །དེ་ལ་ཚངས་པ་ས་ཡི་མེ་ཏོག་གིས་ལན་སྨྲས་པ། ཨེ་མའོ་ཚངས་པ་མི་འཆི་བ་ཁྱོད་ཀྱི་བློ་འདི་ལྟ་བུ་ནི། ཤིན་ཏུ་ཉེས་པའི་དྲི་མ་མེད་པ་དག་ཡིན་པར་བསམ་ནས་ཚིག་དེ་སྐད་སྨྲས་མོད་ཀྱི། ཤེས་རབ་གསལ་བ་དང་ལྡན་པ་ཚངས་པ་ས་ཡི་མེ་ཏོག་ངས་ཚུལ་འདི་ལ་གཞིག་ཅིང་བསམ་ན། ཚིག་རེ་རེ་ལ་ཡང་ནི་མི་འཐད་པའི་སྐྱོན་གྱིས་རྙོགས་པ་བཞིན་དུ་མཐོང་སྟེ། འདི་ལྟར་ཁྱོད་ཀྱིས་སྔགས་ལས་གྲུབ་པ་གཞན་དུ་གྱུར་པས་ཁྱོད་ལ་དངོས་གྲུབ་མེད་ཅིང་། གཞན་མིན་པའི་སྔགས་ནི་དངོས་གྲུབ་ཀྱི་རྒྱུ་ཡིན་པར་རིགས་ཤིང་འཐད་པའི་ཕྱིར་སྔགས་དང་གྲུབ་པ་གཞན་མིན་པ་ལས་སྔགས་གྲུབ་པར་འདོད་དོ་ཞེས་སྨྲ་བ་ན། ཚིག་དེ་འདྲ་སྨྲ་བ་ནི་སྨྱོན་པ་ཉིད་ནི་ཡིན་པར་འགྱུར་ཏེ། གོང་དུ་བཤད་པ་ལྟར་སྔགས་དང་དེའི་གྲུབ་པ་གཞན་མིན་པས་ན་སྔགས་གཟུང་བ་ཙམ་གྱིས་གྲུབ་པར་གྱུར་ཏེ་མེ་བཟུང་བས་བསྲེག་པ་དངོས་སུ་སྣང་བ་དང་ཚུལ་མཚུངས་པར་འགྱུར་རོ། །སྔགས་བཟུང་ཡང་གྲུབ་པ་མི་སྣང་ན་དེ་གཅིག་ཡིན་པར་ཡང་ཇི་ལྟར་སྨྲ་རིགས་ཏེ་སྔགས་ཡོད་ཀྱང་གྲུབ་པ་མེད་པས་ཐ་མི་དད་ཀྱི་གཅིག་ལ་གཅིག་ཡོད་པ་དང་གཅིག་མེད་པའི་ཁྱད་པར་ཇི་ལྟར་རུང་། དེས་ན་གཅིག་ཏུའང་གྲུབ་པ་མེད་པར་འགྱུར་ཏེ་སྔགས་དང་དེ་གྲུབ་པ་ཐ་དད་དུ་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་ཚངས་པ་མི་འཆི་བས་སྨྲས་པ། འགྲོ་བའི་བདག་པོ་ཞེས་ཚངས་པ་ཆེན་པོ་ས་ཡི་མེ་ཏོག་ཉིད་ལ་བོས་ནས་ཇི་ལྟར་ན་གསང་སྔགས་དང་རིགས་སྔགས་རྣམས་ལས་དངོས་གྲུབ་མི་བསླུ་བར་ཡོད་པར་ཁས་འཆེ་བ། ཡེ་ཤེས་ཀྱི་སྒྲོན་མར་གྱུར་པ་ཁྱོད་ཀྱིས། བདག་ལ་ཇི་ལྟར་ཕན་པ་བཤད་དུ་གསོལ་ཞེས་ཞུས་སོ། །དེ་ལ་ཚངས་པ་ཆེན་པོ་ས་ཡི་མེ་ཏོག་གིས་སྨྲས་པ། བདག་གིས་རྣམ་པར་དཔྱད་ན་ནི། རིག་སྔགས་ལས་དེའི་གྲུབ་པ་ཉིད་གཞན་ནམ་མི་གཞན་པ་ཡང་མིན་ཅིང་། དེ་ལྟར་གཞན་མིན་དང་མི་གཞན་པ་ཡང་མ་ཡིན་པས་ན། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར། སྔགས་ལས་དངོས་གྲུབ་ཐོབ་པ་ཡོད་ལ། བདག་ནི་སྔགས་དེ་ཉིད་སྒྲུབ་པ་པོ་རང་གིས་ཡིད་ལ་ཞེན་པར་བསམས་ཏེ་ཡང་ཡང་གོམས་པ་ལས་ནམ་ཞིག་ནུས་པ་མཐུ་ཅན་དུ་གྱུར་ནས་དངོས་གྲུབ་འཐོབ་པར་འདོད་དེ། རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་གིས་སྣང་བའི་ཆོས་ཉིད་མཐའ་གཞན་དུ་བརྟག་པར་དཀའ་ཡང་བསླུ་བ་མེད་པར་སྣང་ཞིང་དོན་བྱེད་པ་ཉིད་དུ་འདོད་དོ། །དེ་ལྟར་གོམས་པ་ལས་དངོས་གྲུབ་འབྱར་བའི་འཐད་པ་བརྗོད་པ། ཤེས་བྱ་ཐམས་ཅད་ཀྱི་ནང་ན་བླ་ན་མེད་པ་གང་ཡིན་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་རང་གིས་ལམ་གོམས་པ་ལས་འཐོབ་པར་འགྱུར་ན་གསང་སྔགས་ལས་ཀྱི་ཆོ་ག་ཁྱད་པར་ཅན་འདི་དག་གིས་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་འཐོབ་ཏུ་ཡོད་པ་ཅི་ཞིག་སྨོས་ཏེ་སྨོས་མི་དགོས་སོ། །དེ་ཡང་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དང་། ལྷ་ཡི་དེ་ཁོ་ན་ཉིད་དང་། བདག་གི་དེ་ཁོ་ན་ཉིད། སངས་རྒྱས་ཀྱིས་རྒྱུད་རྣམས་སུ་གསུངས་པ་འདི་ཇི་ལྟ་བ་ནི། གནས་རྟེན་ཏེ་འཇིག་རྟེན་པའི་ལྷ་ཆེན་པོ་སོགས་ཀྱིས་བཤད་པའི་རྒྱུད་དང་རིག་བྱེད་སོགས་གཞུང་གཞན་ལ་མེད་པར་གྱུར་པ་དེ་ཡིས་ནི། སངས་རྒྱས་ཀྱིས་གསུངས་པའི་སྔགས་ཀྱི་ཆོ་ག་འདི་ལྟ་བུ་འཇིག་རྟེན་གསུམ་ན་མཚུངས་པ་མེད་པར། ཚངས་པ་ས་ཡི་མེ་ཏོག་བདག་གིས་རྟོགས་སོ། །སྐབས་འདིར་བིཥྚ་བཾ་ཞེས་པ་གནས་རྟེན་ཏེ། འགྲོ་བ་དང་སྲིད་པ་གནས་རྟེན་རྣམས་འཇིག་རྟེན་གྱི་མིང་གི་རྣམ་གྲངས་སུ་བཤད་པའི་གནས་རྟེན་དེ་ཡིན་འདྲ་སྙམ་མོ། །དེ་ལྟར་གླེང་བསླང་པའི་ཚིག་སྔ་མ་ལས་ཕྱི་མའི་ཚིག་ཏུ་འཕྲོས་པ་བྱས་པ་ལས། ཚངས་པ་ཆེན་པོ་མི་འཆི་བ་ཞེས་བྱ་བ་སྔགས་ཀྱི་དངོས་གྲུབ་འདོད་པ་སྐལ་པ་ཆེན་པོ་པ་དེས། བྱ་རྒྱུད་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ཀྱི་ཕྱོགས་གཅིག་བཟླས་བརྗོད་ཀྱི་མན་ངག་བསམ་གཏན་ཕྱི་མ་འདི་ནི་ཉན་པར་བྱེད་པར་གྱུར་ཏོ། །དེ་ནས་ཚངས་པ་ཆེན་པོ་མི་འཆི་ཕ་མཆོད་དེ་ཉིད་ཀྱིས་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་སྔར་ཉན་པ་ལ། ཚངས་པ་ཆེན་པོ་ས་ཡི་མེ་ཏོག་འཆར་ཕྱེད་པས། རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ཀྱི་མན་ངག །སྔགས་བཟླ་ཚུལ་གྱི་བསམ་གཏན་གྱིས་ནི་བརྒྱན་པར་བྱས་པ་འདི་ཉིད་བཤད་དོ། །ཞེས་འདི་ཡན་ཆད་ཚིག་ཁ་གསལ་བས་འགྲེལ་པ་མི་དགོས་པར་དགོངས་ནས་སངས་རྒྱས་གསང་བའི་འགྲེལ་བར་མ་བཤད་ལ་འགྲེལ་བ་གཞན་ཡང་མ་མཐོང་མོད། ཚིག་གི་འབྲུ་གནོན་ཅུང་ཟད་འདིར་བགྱིས་པ་ཡིན་ལ་ཧ་ཅང་ནོར་དོགས་ཆེན་པོ་མི་སྣང་ཡང་ཅུང་ཟད་རེས་ཚིག་སྦྱར་ཚུལ་ལ་སྐྱེད་འདོན་རྒྱུ་འདྲ་མཐོང་ན་མཁས་པ་དག་གིས་དེ་ལྟར་མཛད་འཚལ་ལོ། །གཉིས་པ་བཤད་བྱ་གཞུང་གི་དོན་ལ། དགོས་པ་བསྟན་ཅིང་ཡིད་ཆེས་པའི་ལོ་རྒྱུས་བཅས་བཤད་པར་དམ་བཅས་པ་དང་། བཤད་བྱ་དངོས་བཤད་པ་གཉིས། དང་པོ། དེ་ནས་ཡེ་ཤེས་ཀུན་རྫོགས་པ། །ཞེས་པ་ནས། རྟག་ཏུ་རྒྱུན་དུ་སྦྱོར་བར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་གླེང་བསླང་བའི་རྗེས་ཐོག །དེ་ནས་འཕགས་པའི་ཡེ་ཤེས་ཆེན་པོ་ཀུན་ནས་རྫོགས་པ་ཉིད་དུ་བྱེད་པ་ནི་རིག་སྔགས་ཡིན་ལ། རིག་སྔགས་དང་གསང་སྔགས་དེ་ཉིད་སྒྲུབ་པའི་ཐབས་ཆེན་པོ་ཉིད་དུ་གྱུར་པ་གང་དེ་ནི། འདི་ལྟར་བསམ་གཏན་ལྡན་པའི་ཡིད་ཀྱི་ལས་ཕྲ་བ་འདི་ཉིད་སྟོན་པ་མཚུངས་པ་མེད་པ་དེ་བཞིིན་གཤེགས་པས་གསུངས་ཤིང་། ལྷ་ཆེན་པོ་སོགས་ཀྱིས་བཤད་པའི་བཟླས་བརྗོད་ཀྱི་ཚུལ་རྣམས་ལས་འཕགས་པའི་གདམས་པ་གང་ཞིག །བདག་གི་དེ་ཁོ་ན་ཉིད་ལ་དམིགས་པ་སོགས་བསམ་གཏན་ཁྱད་པར་ཅན་གྱིས་ཀྱང་ཤིན་ཏུ་བརྒྱན་པ་དང་། སྲོག་རྩོལ་བསྡམ་པ་སོགས་ལྷའི་རྣལ་འབྱོར་དུ་བྱེད་པའི་ཐབས་ནི་ཀུན་ཏུ་རྫོགས་པར་བསྟན་པ། དེ་ཉིད་ཀྱི་སྒོ་ནས་ལུས་སེམས་ཀྱི་སྡུག་བསྔལ་དང་། དེའི་རྒྱུ་སྡིག་པ་མ་ལུས་པ་སེལ་བ་སྟེ། དེ་ལྟ་བུའི་ཐབས་འདི་ཉིད་གསང་འཛིན་དཔའ་བོ་ཕྱག་ན་རྡོ་རྗེའི་ཞལ་ནས་ཚངས་པ་ས་ཡི་མེ་ཏོག་བདག་ལ་དངོས་སུ་གསུངས་པའོ། །ཚུལ་འདི་དང་ལྡན་པར་བྱས་པའི་ཡོན་ཏན་གྱི་ཁྱད་པར་ནི་འཁོར་བའི་སྐྱེ་བ་དང་འཆི་བ་འཇིག་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་གནོད་སྦྱོར་གྱིས་ཡུལ་དུས་ཀུན་ཏུ་མི་ཚུགས་ཤིང་། རང་གི་སེམས་དབང་དུ་གྱུར་ནས་བརྟན་པར་བྱེད་པ་སྟེ། དེ་ལྟར་འཇིག་རྟེན་འདི་དང་ཕ་རོལ་ཏུ་ཡོན་ཏན་གྱི་འབྲས་བུས་དེ་ལྟ་བུ་དག་བྱེད་པར་གནས་པར་འགྱུར་རོ། །ཐབས་གོང་བཤད་དེ་ལས་རིགས་གསུམ་གྱི་དཀྱིལ་འཁོར་ཆེན་པོ་རྣམས་དང་། ལ་སོགས་པའི་སྒྲས་དེ་ཡི་རིགས་སུ་གཏོགས་པ་རྣམས་འབྱུང་ཞིང་། འབྲས་བུ་འཐོབ་པར་བྱེད་པ་དང་། མདོར་ན་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་གང་འདོད་པའི་དོན་ནི་རྗེ ས་སུ་སྒྲུབ་པར་ནུས་སོ། །དེ་ལྟར་ཐབས་ཀྱི་ཡོན་ཏན་བསྟན་ནས་དེ་ཉིད་བཤད་པར་དམ་བཅའ་བ་ནི། ཆོ་གའམ་བྱ་བ་གང་དང་གང་དག་གིས་བཟླས་བརྗོད་དང་མིང་གནས་སོགས་བསམ་གཏན་གྱི་ལས་སམ་བྱ་བ་ལ། གང་ཇི་ལྟར་གནས་པ་ཡི་ཚུལ་དེ་ནི། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ནས། དེ་དག་མ་ལུས་བདག་གིས་བཤད་པར་བྱའོ། །ཞེས་སོ། །དེ་ལ་འོག་ཏུ། རིག་སྔགས་དེ་ཉིད་མ་ལུས་དང་། ཞེས་སོགས་ཚིགས་སུ་བཅད་པའི་དོན་བཞིན། དེ་ཉིད་གསུམ་ལེགས་པར་ཤེས་ཤིང་། དེའི་དོན་ལ་རྩེ་གཅིག་མཉམ་པར་བཞག་པའི་བསམ་གཏན་དང་ལྡན་པར་གྱུར་ན་དངོས་གྲུབ་ཚེགས་མེད་པར་ཐོབ་པར་ངེས་པའི་ཕྱིར། ཐོག་མར་དེ་ལྟ་བུའི་བསམ་གཏན་གྱི་བསྔགས་པ་བརྗོད་པ། གསང་སྔགས་བསམ་གཏན་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། གསང་སྔགས་དེ་ཡི་བསམ་གཏན་ཞེས་བྱ་བ། སྣོད་མིན་ལ་མཆོག་ཏུ་གསང་བ་རྒྱུད་སོ་སོ་ན་ཡང་སྙིང་པོ་ལྟ་བུར་གྱུར་པའི་མན་ངག་འདི་འདྲ་གསལ་པོར་མ་བསྟན་ཅིང་སྦས་པར་གྱུར་པ་འདི་ནི་རྒྱལ་བ་ཉིད་ཀྱིས་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ཀྱི་ཕྱོགས་གཅིག་བསམ་གཏན་ཕྱི་མ་འདིར་མ་སྦས་པར་ཡང་དག་པར་གསུངས་པ་ཡིན་ལ། སྒོ་གསུམ་ཉེས་པ་མེད་པར་དྲང་པོར་སྲོང་བའི་དྲང་སྲོང་གང་ཞིག །ཁྲུས་དང་གཙང་སྦྲ་སྦྱང་བ་སོགས་ཀྱི་དཀའ་ཐུབ་ཆེན་པོ་ཅན་དེ་དག་གི་ཡང་། སྔགས་བཟླས་པའི་བསམ་གཏན་གྱི་ཐབས་དེ་དག་མེད་ན་སྔགས་བཟླས་པ་ལ་ཆེར་བརྩོན་ཀྱང་མི་འགྲུབ་པ་ཡིན་ན་ཕལ་པ་མ་བསྡམ་པ་དག་གིས་ལྟ་ཅི་སྨྲོས་ཏེ་མི་འགྲུབ་བོ། །གསང་སྔགས་ཚུལ་བཞིན་སྒྲུབ་པའི་ཐབས་དང་ལྡན་པ་བདག་ཉིད་ལྷར་བསྒོམ་པའི་རྣལ་འབྱོར་ཅན་དེ་རྣམས་ཀྱིས། གསང་སྔགས་ཀྱི་བཟླས་བརྗོད་གང་ཞིག །དཔེར་ན་མེ་འབར་བ་དང་འདྲ་བ་སྒྲིབ་གཉིས་ཀྱི་བུད་ཤིང་སྲེག་པར་བྱེད་ཅིང་། བྱིན་རླབས་ཀྱི་ཚ་དབལ་ཆེ་ཞིང་རྣོ་བ་ཉིད་དུ་གྱུར་པས་སྐྱེ་བ་ད ང་འཆི་བ་སོགས་ཀྱི་སྡུག་བསྔལ་འཇིག་པར་བྱེད་པ་འདི་ལྟ་བུ་ནི་རྡོ་རྗེ་ཅན་གྱིས་སྔོན་བདག་ལ་གསུངས་སོ། །རྒྱུ་མཚན་དེ་བས་ན། དེ་འདིར་གསང་སྔགས་ཀྱི་བསམ་གཏན་གང་ཞིག་གསལ་བར་སྣང་ཞིང་། དེས་ཡིད་ལ་རེ་བའི་འབྲས་སུ་སྩོལ་བས་རང་སེམས་ཡོངས་སུ་ཚིམ་པར་བྱ་བའམ། ཡང་ན་བསམ་གཏན་གྱི་བདེ་བས་རང་རྒྱུད་ཡོངས་སུ་ཚིམ་པར་བྱ་བ་བསམ་གཏན་མེ་ལྟ་བུ་དེ་དག་ལ། སྔགས་ཀྱི་དངོས་གྲུབ་འདོད་པ་དག་གིས་ནི། ཉི་མ་རེ་རེ་བཞིན་རྟག་པར་རྒྱུན་ཏུ་སྦྱོར་བར་བྱ་སྟེ། འདོད་པའི་འབྲས་བུ་མངོན་དུ་གྱུར་གྱི་བར་བརྩོན་པ་མི་གཏོང་བར་བྱའོ། །དེ་ལྟར་བཟླས་བརྗོད་ཀྱི་བསམ་གཏན་ལ་བསྔགས་པ་སྔོན་དུ་བཏང་ནས། བསམ་གཏན་དངོས་བཤད་པ་ལ། དེ་ཉིད་གསུམ་སྤྱིར་བསྟན་པ་དང་། བཟླས་བརྗོད་ཀྱི་དེ་ཉིད་བྱེ་བྲག་ཏུ་བཤད་པ་གཉིས་ཀྱི་དང་པོ་ལ། དངོས་དང་། དོན་བསྡུ་བ་གཉིས། དང་པོ། ལྷ་ཡི་སྐུ་ཡི་གནས་དེ་ལ། །ཞེས་པ་ནས། བཟླས་བརྗོད་གཞན་དུ་མི་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། འདི་དག་གི་སྤྱི་དོན་མདོར་བསྡུས་སྔོན་དུ་བརྗོད་ན་གོ་བདེ་བས་དེ་བཤད་པ་ལ། གཞུང་འདིར་གོང་དུ། རྣལ་འབྱོར་ཐབས་ནི་ཀུན་བསྟན་པ། །ཞེས་གསུངས་པ་བཞིན་དུ་མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་ཞིང་མྱུར་བར་བསྒྲུབ་པའི་ཐབས་ནི་མདོར་བསྡུས་ན་གཉིས་ཏེ། གཙོ་བོ་བཟླས་བརྗོད་ཀྱི་ཡན་ལག་དང་། དེའི་གྲོགས་སུ་ངེས་པར་དགོས་པ་དབང་ནོད་པ་དང་དམ་ཚིག་བཟུང་བ་སྔོན་དུ་སོང་ནས། གཙང་སྦྲ་དང་སྦྱིན་སྲེག་མཆོད་པ་སོགས་ལས་ཀྱི་བྱ་བ་སྣ་ཚོགས་མ་ཉམས་པར་ཉམས་སུ་ལེན་པ་ཡིན་ནོ། །ལམ་དངོས་ནི་དེ་ཉིད་གསུམ་གྱིས་བསྡུས་ཏེ། དང་པོ་བསྒྲུབ་བྱ་རིག་སྔགས་ཀྱི་དེ་ཁོ་ན་ཉིད་ནི། འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཀྱི་སྐུ་དེ་བཞིན་གཤེགས་པའམ། དེའི་སྲས་ཀྱི་ཐུ་བོའི་ཚུལ་དུ་སྟོན་པ། འཇམ་དཔལ་ལམ། སྤྱན་རས་གཟིགས་སམ། ཕྱག་ན་རྡོ་རྗེ་འཛིན་པ་ལྟ་བུ་ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་ཉིད་རྣམ་པར་རྟགས་ཀྱི་ཕྱག་རྒྱར་ཤར་བའི་སྐུ་ཡི་དབྱིབས་དང་། རིག་སྔགས་ཀྱི་སྒྲ་དང་། ཕྱག་རྒྱ་ཨུཏྤལ་ལ་སོགས་པའི་རྣམ་པར་སྣང་བ་ལ་བརྗོད་དོ། །བསམ་བྱ་ལྷ་ཡི་རང་བཞིན་དེ་ལ་དབྱེ་ན། གཟུགས་ཀྱི་ལྷ་དང་། སྒྲའི་ལྷ་དང་། དོན་དམ་པའི་ལྷ་དང་གསུམ། དང་པོ་ལའང་སྤྱན་སོགས་ཡན་ལག་རྣམས་ཀྱི་ཆ་དང་ལྡན་པའི་ཡན་ལག་ཅན་གྱི་སྐུ་དང་། དེའི་ཕྱག་རྒྱ་འཁོར་ལོ་དང་རྡོ་རྗེ་ལ་སོགས་པ་གཉིས་སུ་ཡོད་ཅིང་། སྒྲ་ཡི་ལྷ་ལ་སྒྲ་གདངས་དང་། ཡི་གེའི་གཟུགས་ཀྱིས་རྣམ་པར་ཕྱེ་བ་གཉིས། དང་པོ་སྒྲར་བརྗོད་པའི་ཡི་གེ་ལའང་། སྒྲ་གདངས་ཙམ་ལ་དམིགས་པའི་ཡིད་བཟླས་དང་། ཤུབ་བཟླས། ཡིག་འབྲུ་རེ་རེ་ལ་སེམས་པའི་རྟོགས་པ་དང་གསུམ་མོ། །དོན་དམ་པའི་ལྷ་ལ། ཆོས་ཀྱི་དབྱིངས་དང་དེ་ལ་དམིགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་གཉིས་སོ། །སྒྲུབ་པ་པོ་བདག་གི་དེ་ཁོ་ན་ཉིད་ནི། འདི་ལྟར་འཁོར་བར་བདེ་སྡུག་མྱོང་བ་པ་དང་། རྣམ་པར་གྲོལ་བ་འཐོབ་པའི་རྟེན་དུ་གྱུར་བ་ནི་ཕུང་པོ་ལྔའི་བདག་ཉིད་ཅན་འདི་ལས་གཞན་དུ་མེད་ལ། ཕུང་པོ་ལྔ་པོ་ནི་དུ་མ་ཚོགས་པ་དང་སྐད་ཅིག་མར་འབྱུང་བའི་རྒྱུན་ཙམ་ཡིན་གྱི། འདི་ལ་བདག་ཅེས་བྱ་བ་ངོ་བོས་སྒྲུབ་པ་གང་ཡང་མེད་མོད། རྟེན་ཅིང་འབྲེལ་བར་འབྱུང་བའི་སྣང་བ་ལ་སྐུར་བ་གདབ་ཏུ་མི་རུང་བ་སྒྱུ་མ་ལྟ་བུ་འདི་ཙམ་ལ་བདག་གི་དེ་ཁོ་ན་ཉིད་ཀྱི་ཐ་སྙད་བྱ་ཞིང་། ཡང་དག་པར་དཔྱད་ན་ཚོགས་པ་དང་རྒྱུན་རྫས་སུ་མེད་ལ། ཆོས་སོ་སོ་བ་ཚོགས་པ་ལ་ཡན་ལག་ཅན་ཞེས་པ་བཏགས་པ་ཙམ་ལས་རྫས་སུ་མ་གྲུབ་ཅིང་། ཡན་ལག་རྣམས་ཀྱང་རྡུལ་ཕྲ་རབ་དང་སྐད་ཅིག་མའི་ཆར་ཡང་གྲུབ་པ་མེད་པས་གཞི་རྩ་དང་བྲལ་བཞིན་རྟེན་འབྱུང་གི་སྣང་བ་ཆུ་ཟླ་ལྟ་བུ་འགོག་པ་མེད་པ་ཡིན་པས། བདག་དེ་ནི་གཟུགས་སོགས་ཀྱི་རྣམ་པ་གང་དུའང་མི་འབྱེད་དེ་ཤེས་པར་བྱར་མེད་ལ། བདག་དེས་གཟུགས་སོགས་ལ་དམིགས་ཤིང་འབྱེད་པའང་རྣམ་པར་སྤངས་པས། ཕུང་པོ་བདག་མིན། དེ་དག་ཕན་ཚུན་ཏུ་ལྡན་པ་མིན། བདག་གིས་ཕུང་པོ་ལ་དབང་བསྒྱུར་བའང་མིན་པས། བདག་ཏུ་འདོགས་པའི་ཀུན་རྟོག་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་གྲོལ་བ་ཡན་ལག་མེད་པའམ་ཡན་ལག་རྣམ་པར་གྲོལ་བ་ཞེས་བྱའོ། །གལ་ཏེ་རྣམ་པར་ཤེས་པས་ཡུལ་ཐམས་ཅད་ལ་ལོངས་སྤྱོད་ཅིང་དེ་དང་དེའི་ཐ་སྙད་བྱེད་པས་ན་བདག་རྣམ་ཤེས་ཙམ་ཡིན་ནོ་སྙམ་ན། ཀུན་ཏུ་རྟོག་པའི་བག་ཆགས་ཀྱི་དབང་གིས་རྨི་ལམ་ལྟར་གཟུང་འཛིན་དུ་སྣང་བའི་དུས་ན། ལོངས་སྤྱོད་བྱ་དང་སྤྱོད་བྱེད་དུ་སྣང་མོད་ཀྱི། སེམས་དེའི་རང་གི་ངོ་བོར་གྲུབ་པ་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཡང་ཕྱི་ནའང་མེད་ནང་ནའང་མེད། དབྱིབས་དང་ཁ་དོག་སོགས་ཆོས་གང་གི་རྣམ་པར་ཡང་གྲུབ་པ་མེད་པས་སེམས་དེ་ནི་དེ་བཞིན་གཤེགས་པའི་སྤྱན་ལྔས་ཀྱང་བལྟ་བར་བྱར་མེད་པ་ཕྲ་བ་རྟོགས་དཀའ་བ་རང་བཞིན་གྱིས་སྟོང་པ་ཡིན་པས་མདོར་ན་བདག་དང་ཕུང་པོ་དང་རྣམ་རིག་གི་སྤྲོས་པ་ཀུན་ལས་འདས་པ་ཡིན་ནོ། །འགྲེལ་པ་ལས་བདག་གི་དེ་ཁོ་ན་ཉིད་ནི་རིགས་པས་དཔྱད་པའི་སྟོང་པ་ཙམ་ལ་མི་བྱའི། བདག་གི་དེ་ཁ་ོན་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་དེ་ཐོབ་ན་སངས་རྒྱས་སུ་འགྱུར་བས་དེར་འཛིན་གསུངས། མདོར་ན་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་ཆོས་ལས་འདས་ཏེ་སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བཞུགས་ཚུལ་གཏན་ལ་ཕབས་ན། བདག་གི་དེ་ཁོ་ན་ཉིད་ཀྱང་དེ་ཡིན་ལ་དོན་དམ་པའི་ལྷ་ཡང་དེ་ཚུལ་གཅིག་སྟེ་ཆོས་ཐམས་ཅད་ཀྱི་གནས་ལུགས་དང་དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱའོ། །ཚུལ་དེ་ལ་མཉམ་པར་བཞག་ན་མཚན་མེད་ཀྱི་རྣལ་འབྱོར་ཀྱང་ཡིན་ནོ། །དེའི་ཕྱིར་སློབ་དཔོན་གྱི་འགྲེལ་པར་བདག་གི་དེ་ཁོ་ན་ཉིད་ནི། བདག་དང་ཕུང་པོ་རྣམ་རིག་གི་སྤྲོས་པ་ལས་འདས་པའམ་ཡན་ལག་མེད་པ་ཞེས་སྤྱིར་བསྟན་ནས། བྱེ་བྲག་ཏུ། དམིགས་པ་གཟུགས་སོགས་མེད་པ། དམིགས་བྱེད་ཀྱི་རྣམ་པ་མེད་པ། མི་གཡོ་བ། རབ་ཏུ་འོད་གསལ་བ། རང་རིག་པས་གསལ་བར་རྗེས་སུ་མྱོང་བ་སྟེ་མཚན་ཉིད་ལྔའམ་དྲུག་ལྡན་དུ་གསུངས་སོ། །དེ་ལྟ་བུའི་བདག་གི་དེ་ཁོ་ན་ཉིད་གཏན་ལ་ཕབས་ནས་དེ་ལ་བློ་བཞག་པར་བྱ་ཞིང་། དེའི་རྗེས་སུ་ལྷའི་རང་བཞིན་དུ་བསྒོམ་པ་ནི་ཀྲྀ་ཡ་ལྷ་དྲུག་ཅེས་གྲགས་པ་སྟེ། དང་པོ་སྟོང་པའི་ལྷ་ནི། བདག་དང་ལྷའི་དེ་ཉིད་རྣམ་པར་མི་རྟོག་པའི་དབྱིངས་སུ་རོ་གཅིག་ཅིང་ཁྱད་མེད་པས་བདག་དང་ལྷ་རང་བཞིན་གཅིག་པའི་ངེས་ཤེས་སམ་ང་རྒྱལ་དུ་བྱའོ་ཞེས་གསུངས་ཏེ་སྣང་བ་མེད་པའི་ཏིང་ངེ་འཛིན་ནོ། །དེའི་ངང་ལས་ལྷ་གང་ཡིན་གྱི་སྔགས་ཀྱི་ཡི་གེའི་སྒྲ་གདངས་ཙམ་ནམ་མཁའ་ལས་གྲགས་པར་བསམ་པ་སྒྲའི་ལྷའོ། །གདངས་དེ་ལས་སྔགས་ཀྱི་ཡི་གེའི་གཟུགས་ཀྱི་རྣམ་པར་ནམ་མཁའ་ལ་སྣང་བ་ནི་ཡི་གེའི་ལྷའོ། །དེ་ནས་གཟུགས་ཀྱི་ལྷ་མངོན་དུ་རྫོགས་པར་བྱ་བའི་ཕྱིར། བདག་གི་དེ་ཁོ་ན་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པའི་སྟེང་དུ་ལྷའི་ངོ་བོ་སྔགས་ཀྱི་ཡི་གེ་དེ་དག་འདུས་ཏེ། དག་པའི་དངུལ་ཆུ་གསེར་གྱི་ཕྱེ་མ་ལ་ཞེན་པ་ལྟར་འདྲེས་པ་ལས་བདག་དང་ལྷ་གཉིས་སུ་མེད་པ་གཅིག་ཏུ་གྱུར་པའི་རང་བཞིན་ལས་འོད་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་པ་སོགས་ཀྱི ས་སྒོ་ནས་ལྷག་པའི་ལྷའི་གཟུགས་གང་ཡིན་པ་གསལ་ཞིང་དེ་ལྟར་ཡིན་པའི་ང་རྒྱལ་བྱ་བ་ནི་གཟུགས་ཀྱི་ལྷའོ། །དེ་ནས་དེའི་མཚོག་མ་དང་སྤྱི་གཙུག་སོགས་སུ་ལྷ་གང་ཡིན་པའི་རིགས་ཀྱི་ཕྱག་རྒྱས་བཏབ་པས་བརྟན་ཞིང་བྱིན་གྱིས་རློབས་པ་ནི་ཕྱག་རྒྱའི་ལྷའོ། །དེ་ནས་དེ་ལྟ་བུའི་ལྷ་དེའི་སྐུ་དང་ཡན་ལག་གི་ཆ་ཤས་རེ་རེ་ནས་ཀྱང་གསལ་བཏབ་ལ་དེའི་མཚན་མ་ལ་སེམས་བཟུང་ཞིང་འདི་དང་འདི་ལྟ་བུ་ཞེས་བརྟག་པ་ལ་རྒྱུན་དུ་སེམས་བཞག་པ་ནི། རྟོག་པའི་ལྷའམ་ཀུན་རྫོབ་ཀྱི་སྐུའམ་མཚན་མའི་ལྷ་ཞེས་བྱའོ། །དེ་ལྟ་བུའི་མཚན་བཅས་ལྷའི་རྣལ་འབྱོར་གྱི་བསམ་གཏན་དེ་ཉིད་སྲོོག་རྩོལ་བསྡམ་པའི་སྦྱོར་བས་གཅུན་ནས་བསྒོམ་པས། མཐར་རྩོལ་བ་མེད་པར་རྟོག་པ་དང་བྲལ་ཏེ་མངོན་དུ་གསལ་བ་ན་ཏིང་ངེ་འཛིན་ལ་གནས་པ་ཡིན་ནོ། །དེ་ལྟར་ལྷ་སྐུའི་རྣལ་འབྱོར་དང་ལྡན་པའི་སྒོ་ནས་བཟླས་བརྗོད་བྱེད་པ་ལ། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ནི་ཡན་ལག་བཞི་དང་ལྡན་པ་སྟེ། གཞུང་གི་དཀྱུས་སུ་འཆད་པར་འགྱུར་རོ། །ད་ནི་གཞུང་གི་ཚིག་དོན་བཤད་པར་བྱ་སྟེ། འདི་ལྟར་རིག་སྔགས་ཀྱི་བཟླས་བརྗོད་བྱེད་པར་འདོད་པས། རང་གིས་གང་བསྒྲུབ་པར་བྱ་བའི་ལྷ་ཡི་སྐུ་དངོས་སུ་དམིགས་པའམ་སྐུ་དེ་ཡི་གནས་སམ་རྟེན་རི་མོར་བྲིས་པ་ལ་སོགས་པ་དེ་ལ། སྔགས་བཟླ་བའི་དང་པོ་ཁོ་ནར་མེ་ཏོག་ལ་སོགས་པའི་མཆོད་པ་བྱས་ནས་ནི་ཞེས་དེས་མཚོན་ནས་གཙང་སྦྲ་ལ་གནས་ཤིང་བདག་གནས་ཡོ་བྱད་བསྲུང་ཕྱིར་མཚམས་བཅད་པ། ཚོགས་ཞིང་སྤྱན་དྲངས་པ་སྡིག་པ་བཤགས་པ་ལུས་དབུལ་བ་སོགས་ཆོ་གའི་སྦྱོར་བ་རྣམས་ཤུགས་ཀྱིས་བསྟན་པ་ཉིད་དུ་ཤེས་པར་བྱའོ། །དེ་ནས་བཟླས་པའི་རྣལ་འབྱོར་གྱི་ཕྱིར། བདེ་བའི་སྟན་ལ་སྐྱིལ་ཀྲུང་ལ་སོགས་པའི་གནས་བཅས་ཏེ་འདུག་ཅིང་། ཞེས་སམ། ཡང་ན་དམིགས་པ་ལ་རྩེ་གཅིག་ཏུ་བྱེད་པའི་རྣལ་འབྱོར་གྱི་གནས་བཅས་པའམ་བཟུང་ཞིང་ཞེས་སོ། །སྒྲུབ་བྱེད་ཀྱི་ཐབས་ཤེས་པའི་ཤེས་རབ་ཅན་སྒྲུབ་པ་པོ་དེས། བདེ་བར་བཤེགས་པ་ཉིད་རང་གི་མདུན་དུ་བསམ་ནས་ནི། བཟླས་པ་སོགས་ལས་ཀྱི་སྦྱོར་བ་ཐམས་ཅད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྱའོ། །དེའི་རྗེས་སུའམ་ཕྱི་ནས་བདག་གི་དེ་ཁོ་ན་ཉིད་མིག་སོགས་ཡན་ལག་གི་ཆོས་སུ་གདགས་པ་ཀུན་ལས་རྣམ་པར་གྲོལ་བའི་ཕྱིར་ན་དེ་ཉིད་ཡུལ་གཟུགས་སུ་མི་འབྱེད་པའམ་མི་དམིགས་ཤིང་། ཡུལ་ཅན་བློས་གཟུགས་སོགས་ཆོས་སུ་འཛིན་པའམ་འབྱེད་པའི་རྣམ་པ་སྤངས་ཏེ་གཟུང་འཛིན་མེད་པ་འཇིག་རྟེན་པའི་ཤེས་པ་ཡུལ་མིན་པ་ཕྲ་ལ་རྟོགས་དཀའ་བ་སྟེ་རྣམ་པར་ཤེས་པའི་ངོ་བོ་ཙམ་དུའང་མི་དམིགས་པ། སྤྲོས་པ་དང་བྲལ་བར་རང་བཞིན་འོད་གསལ་བ་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་སོ་སོ་རང་རིག་པའི་ཤེས་རབ་ཀྱིས་རྟོགས་ནས་དེའི་ངང་དུ་མཉམ་པར་བཞག་སྟེ། རྒོད་པ་སོགས་ཀྱིས་མི་གཡོ་བར་གནས་ཀྱང་། རྨུག་པ་སོགས་དང་བྲལ་བས་གསལ་བ་སྟེ་མཚན་ཉིད་དྲུག་ལྡན་དེ་ལྟ་བུའི་དོན་དེ་ནི། སྒྲུབ་པ་པོའི་བློ་ཡི་དཔྱོད་པ་སྟེ་སོ་སོ་རང་རིག་པའི་ཤེས་རབ་ཀྱི་མདུན་ན་གནས་པ་རང་ཉམས་སུ་བསྟར་བའི། བདག་གི་དེ་ཁོ་ན་ཉིད་འདི་འདྲར་བློ་བཞག་ནས་ནི། དེའི་རྗེས་སུ་ལྷའི་དེ་ཁོ་ན་ཉིད་དམ་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་རྣམ་པར་ཤེས་པས་བསྒོམ་པར་བྱ་བ་ནི་གོང་ལྷ་དྲུག་ཏུ་བསྟན་པ་བཞིན་ནོ། །དེ་ལྟར་ལྷར་སྣང་ལ་སེམས་བསྡམ་ནས་བཞག་པས་མཐར་རྩོལ་བ་མེད་པར་རྟོག་མེད་དུ་གསལ་བའི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ་ཞེས་སོ། །སེམས་བསྡམ་པའི་ཚུལ་བཟླས་བརྗོད་ཀྱི་ཡན་ལག་དང་བཅས་པ་རྒྱས་པར་གསུངས་པ། སྲོག་རླུང་དང་རྩོལ་བ་དྲན་པ་སྟེ་དེ་གཉིས་རབ་ཏུ་བསྡམ་པ་ནི་སྲོག་རྩོལ་བསྡམ་པ་ཞེས་བྱ་བ་ཡིན་ལ། དེ་དང་ལྡན་པའི་སྒོ་ནས་བཟླས་བརྗོད་བྱའོ་ཞེས་སོ། །རྒྱུད་གཞན་རྣམ་སྣང་མངོན་བྱང་ལས་ཀྱང་། སྲོག་ཅེས་བྱ་བ་རླུང་དུ་བཤད། རྩོལ་པ་དྲན་པ་ཞེས་བྱའོ། །དེ་གཉིས་བསྡམ་པར་བྱས་ནས་སུ། བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཞེས་གསུངས་པ་ལྟར་སྲོག་ནི་རྣམ་རྟོག་གཡོ་བའི་བཞོན་པ་རླུང་ཡིན་ཏེ། འདི་ལྟར་མིག་དང་རྣ་བ་སོགས་དབང་པོའི་སྒོ་དང་། མཚན་མ་དང་བུ་ག་སྐྲ་དང་བ་སྤུའི་མཐར་ཐུག་པར་རྒྱུ་བ་རྣམས་རུས་སྦལ་གྱི་ལུས་བསྐུམ་ཞིང་ལྕེ་ཡིས། ཆུ་འཇིབ་པའི་ཚུལ་ལྟར་ནང་དུ་བསྡུས་ཏེ་རླུང་འབྱིན་འཇུག་དེ་དག་རང་སར་དགག་པ་དང་། རྩོལ་བ་ནི་སྐབས་འདིར་དྲན་པ་སྟེ་སེམས་ཀྱི་འབད་རྩོལ་སྣ་ཚོགས་གཡོ་བ་དེ་ཉིད་བཀག་ནས་གང་ལ་དམིགས་པ་དེ་ཉིད་ལས་གཞན་དུ་མི་གཡོ་བར་བསྡམ་པར་བྱ་བ་སྟེ། དེ་ལྟ་བུའི་ཕྱིར་སྲོག་རྩོལ་བསྡམ་པ་ཞེས་བྱའོ། །སྐབས་གཞན་དུ་སྲོག་སྟེ་རླུང་གི་གཡོ་བ་རྩོལ་བས་བཀག་པ་དང་། རླུང་རང་གནས་སུ་བཅིང་པས་འཆི་བ་མེད་པའི་སྲོག་རྩོལ་སྡོམ་པར་བྱེད་པ་ལ་སྲོག་རྩོལ་དུ་བཤད་པ་ཡོད་ཀྱང་། སྐབས་འདིར་གོང་ལྟར་ཤེས་པར་བྱའོ། །ཚུལ་དེ་དང་ལྡན་པའི་སྒོ་ནས་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་བཤད་པ། སྔགས་ཀྱི་ཡི་གེའི་ཕྲེང་བའི་སྒྲ་དང་། བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་རྣམ་པར་དག་པ་དང་། གཞི་དང་པོ་མདུན་གྱི་དེ་བཞིན་གཤེགས་པའི་སྐུ་ལ་དམིགས་པ་གཞོོལ་བ་དང་དེ་བརྟན་པར་གྱུར་པ་ན་གསང་སྔགས་མི་འགྱུར་བའི་གཞི་ཞེས་བྱ་སྟེ། གཞི་གཞན་ལའང་བརྟན་པར་གྱུར་ནས་གསང་སྔགས་མི་འགྱུར་བའི་གཞི་ཞེས་སྦྱར་ཏེ་ཤེས་པར་བྱའོ། །ཡང་ན་གསང་སྔགས་མི་འགྱུར་བའི་གཞི་ཞེས་མར་སྦྱར་ནའང་རུང་སྟེ་གཞི་ཕྱི་མ་འདི་རང་ཉིད་ལྷའི་རྣམ་པར་བསྒོམ་པ་ཡིན་ལ། བདག་གི་དེ་ཁོ་ན་ཉིད་ཀྱང་དེ་ཡིན་ནོ། །གསང་སྔགས་མི་འགྱུར་ཞེས་བར་གྱི་གསལ་བྱེད་ཀྱི་ཚིག་དེ་དོན་ལ་ཡན་ལག་བཞི་པོ་དུས་གཅིག་གསལ་ཞིང་བརྟན་པར་གྱུར་པ་ལ་གསང་སྔགས་མི་འགྱུར་བའི་གཞི་ཞེས་བཤད་དོ། །དེ་ལྟར་སྔགས་ཀྱི་སྒྲ་དང་། བྱང་ཆུབ་སེམས་ཟླ་དཀྱིལ་དང་། བདག་མདུན་ལྷའི་རྣམ་པར་བསྒོམ་པའི་གཞི་གཉིས་ཏེ་ཡན་ལག་བཞི་པོ་དེ་དང་ལྡན་ན་ཡན་ལག་མ་ཉམས་པའི་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ཡིན་པས། དེ་ལྟ་བུའི་ཚུལ་དུ་གསང་སྔགས་ཉིད་ཡིད་བཟླས་སམ་ཤུབ་བུར་ཅི་ནུས་སུ་བཟླས་པ་བྱ་དགོས་སོ། །དེ་ཡང་རྣམ་སྣང་མངོན་བྱང་ལས། ཡི་གེ་དང་ནི་ཡི་གེ་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་པ། །ཤིན་ཏུ་བསྡམ་པའི་ཡིད་ལ་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་སྒྲ་ཞེས་བྱ་བ་ཡིན། །གཞི་ནི་རང་གི་ལྷ་གཞག་པ། །རང་གི་ལུས་ཀྱི་གནས་ལ་བྱ། །གཞི་གཉིས་པ་ནི་རྫོགས་སངས་རྒྱས། །རྐང་གཉིས་མཆོག་ཏུ་ཤེས་པར་བྱ། །ཟླ་བའི་དཀྱིལ་འཁོར་རྣམས་དག་པ། །སྔགས་པས་དེ་ལ་གནས་པར་བསམ། །ཡི་གེ་རྣམས་ནི་གོ་རིམ་བཞིན། །དེ་ཡི་དབུས་སུ་ལེགས་པར་དགོད། །སླར་སྡུད་པ་ཡི་ཚིག་གིས་ནོན། །སྲོག་དང་རྩོལ་བ་རྣམ་པར་སྦྱངས། །ཞེས་གསུངས་པ་ལྟར་རྒྱུད་དག་ལས་སྔར། ངག་གི་བཟླས་བརྗོད་མེད་པར་བསམ་གཏན་གྱི་སྒོ་ནས་སྔགས་འགྲུབ་པ་དང་། རྣལ་འབྱོར་ཐར་བ་ཐོབ་པར་གསུངས་ན་ཡང་། ཡན་ལག་གང་ལ་དམིགས་ནས་བཟླས་བརྗོད་བྱ་བ་དང་། ཡིད་བཟླས་དང་ཤུབ་བཟླས་བྱེད་ཚུལ་སོགས་གསལ་པོར་མ་བསྟན་པ་རྒྱུད་འདིར་གསལ་བར་བསྟན་པའི་བསམ་གཏན་གྱི་ཕྱི་མ་ཞེས་མཚན་དུ་ཐོགས་པའང་ཡིན་ནོ། །དེ་ཡང་རང་ལྷའི་རྣལ་འབྱོར་དུ་གསལ་བའི་ཟློས་པ་པོས་རང་གི་མདུན་དུ་བཞུགས་པའི་དེ་བཞིན་གཤེགས་པའི་ཐུགས་ཀར་བྱང་ཆུབ་སེམས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་རྣམ་པར་དག་པ་ལ་བཀོད་པའི་གསང་སྔགས་ཀྱི་ཡི་གེའི་ཕྲེང་བ་ལ་དམིགས་ནས་སྲོག་རྩོལ་བསྡམས་ཏེ་བཟླ་བར་བྱ་བ་ཡིན་ནོ། །དེ་ལྟར་སྒྲ་དང་སེམས་དང་བདག་དང་ལྷའི་གཞི་བཞི་པོ་འདི་ནི་དངོས་གྲུབ་འབྱུང་བའི་གཞི་ཡིན་པས་གཞི་བཞི་ཞེས་བྱ་ལ། བདག་གི་གཞི་ཞེས་བརྗོད་པ་ནི་སེམས་དང་སེམས་བྱུང་སོགས་ཕུང་པོའི་ཆོས་འདི་དག་སེམས་ཅན་ཕལ་པ་རྣམས་ཀྱིས་བདག་དང་གཞན་ཏུ་རྟོག་པའི་གཞི་ཡིན་ལ། འདིར་བདག་གཞན་ལྷའི་ངོ་བོས་དངོས་གྲུབ་འབྱུང་བའི་གཞི་ཉིད་དུ་གྱུར་པ་ལ་བྱའོ། །འདི་བཞི་དང་ལྡན་པའི་ཏིང་ངེ་འཛིན་དང་མ་བྲལ་ན་སྔགས་ཀྱི་ཡན་ལག་མ་ཉམས་ལ། བྲལ་ན་ཉམས་པ་ཡིན་ནོ། །ཡན་ལག་སྔ་མ་གསུམ་མདུན་གྱི་ལྷའི་གཞིར་བསྒོམ་པའི་དམིགས་པ་མ་བཏང་བ་དང་། བདག་གི་གཞི་ལ་ང་རྒྱལ་མ་བཏང་བར་གཞི་བཞི་དུས་གཅིག་གསལ་བའི་ངང་དུ་གནས་པར་བྱ་ཞེས་གསུངས། གལ་ཏེ་ངལ་བར་གྱུར་ན་བདག་དང་མདུན་གྱི་ལྷ་དང་སྔགས་ཀྱི་དམིགས་པ་བཏང་སྟེ། བདག་གི་ལུས་ཐ་མལ་བར་བསམ་པས་ལྡང་ལ་ངལ་སོས་པར་གྱིས་ཤིག །ཅེས་གསུངས་ཏེ། དམིགས་པ་གཏོང་ཚུལ་ནི། མདུན་གྱི་ཡི་གེའི་ཡིག་འབྲུའི་དབྱིབས་ལ་སེམས་པས། སྒྲ་གདངས་ལ་དམིགས་པ་བཏང་ངོ་། །ཡི་གེའི་དམིགས་པ་བཏང་སྟེ་ཟླ་དཀྱིལ་ཙམ་དང་། དེ་བཏང་སྟེ་དེ་བཞིན་གཤེགས་པའི་སྐུ་ཙམ་དང་། དེ་བཏང་སྟེ་རང་ལྷའི་སྐུར་གསལ་བ་དེའི་ཐུགས་ཀའི་སྒྲ་དང་ཡིག་འབྲུ་དང་ཟླ་བ་དང་ལྷ་སྐུ་དང་། རྣམ་པར་མི་རྟོག་པའི་ངོ་བོ་ཡེ་ཤེས་ཀྱི་སྐུ་དང་། མཚན་མ་མེད་པ་ཆོས་ཀྱི་སྐུ་ཆོས་དབྱིངས་དམིགས་པ་མེད་པ་ལ་རིམ་བཞིན་དམིགས་པས་སྔ་མ་སྔ་མ་བཏང་སྟེ་སྤྲོས་པ་དང་བྲལ་བའི་ངང་དར་གཅིག་བཞག་ལ། དེའི་ངང་ལས་བདག་ཐ་མལ་བ་རྣམ་སྨིན་གྱི་ལུས་སུ་གནས་པའི་རྣམ་པར་ལྡང་ལ་སྒྱུ་མ་ལ་སོགས་པའི་ཚུལ་དུ་ལྟ་ཞིང་ངལ་བསོ་བར་བྱའོ། །མདོར་ན་ཇི་སྲིད་བཟླས་པ་བྱེད་པ་དེ་སྲིད་དུ། བསམ་གཏན་དང་ལྡན་པར་བཟླ་དགོས་པས། ཡིད་རྣམ་པར་མི་རྟོག་པའི་བདག་ཉིད་བྱང་ཆུབ་ཀྱི་སེམས་ཟླ་བ་དྲི་མ་མེད་པའི་དཀྱིལ་འཁོར་དུ་སྣང་བ་ལ་དམིགས་པ་ཤིན་ཏུ་གོམས་པའི་གསལ་སྣང་སྐྱེ་ཞིང་མི་འགྱུར་བ་དེ་ནི་གསང་སྔགས་ཀྱི་ཕྲེང་བའི་ཡི་གེར་ལྡན་པ་བསྒོམ་པ་དེ་ཉིད། དངོས་གྲུབ་རྩོལ་བའི་གཞི་མདུན་དུ་བསྒོམ་པའི་སངས་རྒྱས་ཀྱི་སྐུ་ཉིད་ཀྱི་ཐུགས་ཀར་བསྒོམ་པ་ལས་དངོས་གྲུབ་ནོད་པའི་གཞི་གྱུར་པ་བདག་ལྷའི་སྐུར་བསྒོམ་པའི་ཐུགས་ཀར་ཡང་དེ་བཞིན་དུ་བསྒོམ་པ་ཡིན་ཏེ། རང་གི་ལྷའི་གསང་སྔགས་ཀྱི་ཕྲེང་བ་དེ་དག་གང་དུ་གནས་ཤིང་འགོད་པའི་གཞི་ཉིད་ཀྱི་ཕྱིར་དུ་ནི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ག ང་དུ་བརྟག་པ་ཡིད་ཀྱི་རང་བཞིན་རྣམ་པར་དག་པ་བྱང་ཆུབ་སེམས་ཀྱིས་བདག་ཉིད་ཅན་དེ་ནི་ནན་ཏན་དུ་བསམ་པར་བྱའོ། །ཞེས་ཚིགས་བཅད་འདིས་བདག་མདུན་གཉིས་ཀའི་ཐུགས་ཀར་ཟླ་བ་དང་སྔགས་ཕྲེང་འགོད་པ་ལ་དམིགས་པར་བསྟན་ཏོ། །དེ་ཡང་མ་ཡེངས་པར་ནན་ཏན་དུ་བྱ་དགོས་པས་མིག་སོགས་དབང་པོའི་སྒོ་ནས་རྒྱུ་བའི་རླུང་ཐམས་ཅད། རང་གི་ལུས་ཀྱི་ནང་དུ་སླར་སྡུད་པ་ཡིས་ཕྱིར་མི་འཕྲོ་ཞིང་མི་གཡོ་བར་བཀུག་ནས་ནི། སྲོག་རླུང་དང་རྩོལ་བ་ཡིད་ཀྱི་འགྱུ་དྲན་གཉིས་ཀ་མི་འཕོ་བར་གཅིག་ཏུ་བསྡམ་པའི་ཡིད་ནི། གསང་སྔགས་ཀྱི་ཚུལ་ཤེས་ཤིང་རིག་པས་སྔགས་ཀྱི་ཡི་གེ་ལ་དམིགས་པ་མ་ཡེངས་པར་སྦྱར་བར་བྱ་སྟེ། དེ་ལྟར་འབྱུང་འཇུག་གི་རླུང་དང་དབང་པོའི་བྱེད་པ་དང་སེམས་ཀྱི་དྲན་རྩོལ་སྣ་ཚོགས་རྩེ་གཅིག་མི་འཕྲོ་བར་བསྡམ་པ་དེ་ལ་ངག་ཏུ་བརྗོད་པ་དབྱངས་ཀྱིས་བཟླས་ཏེ་མི་འོང་པས། ཡིད་ཀྱི་བཟླས་བརྗོད་འབའ་ཞིག་བརྩམ་པར་བྱའོ། ། སྲོག་རྩོལ་བསྡམ་པ་སོགས་འདི་ཉིད་ཀྱིས་ནི་ཆོ་ག་དང་མ་བྲལ་བ་ཡིས། ཡང་ན་ཅུང་ཟད་ལྷོད་པའི་ཚུལ་དུ་ཤུབ་བུར་བཟླ་བ་བྱ་ཡང་རུང་མོད་དེ། འོན་ཀྱང་ཡིད་བཟླས་ནི་མཆོག་ཡིན་ནོ། །དེ་ཕྱིར་སྔགས་རིགས་དངོས་གྲུབ་འདོད་པ་ཡིས། བཤད་མ་ཐག་པའི་ཚུལ་དེ་ལས་ངག་ཏུ་བརྗོད་པའི་བཟླས་བརྗོད་གཞན་དུ་མི་བྱའོ། །མདོར་ན་སྲོག་རྩོལ་བསྡམ་ཞིང་དབང་པོའི་སྒོ་ནས་ཤེས་པ་ཡན་པར་མི་བཏང་བར། མིག་ཟིམ་བུ་ལྟ་སྟངས་ཅུང་ཟད་ལྷོད་དེ་མདུན་གྱི་གཞི་སོགས་གསུམ་ལ་རྩེ་གཅིག་དམིགས། བར་བར་སྣའི་རླུང་གཏོང་པ་ན་རང་ལུས་ལྷ་ཉིད་དུ་བལྟ། ཇི་སྲིད་བཟླས་པ་གྲོལ་གྱི་བར་དེ་ལྟར་བྱ་ཞིང་། རླུང་ཕྱིར་འབྱིན་ཚེ་མདུན་གྱི་ལྷ་ཡི་ཐུགས་ཀར་ཟླ་བ་དང་སྔགས་ཕྲེང་བཅས་པ་མི་འགྱུར་བ་ལ་དམིགས། ནང་དུ་རྔུབ་ཚེ་བདག་གི་དེ་གསུམ་ལ་དམིགས་པ་གཙོ་ཆེར་བྱ་བ་རེས་མོས་བྱ་ཞིང་། དེ་ལྟ་བུའི་ངང་དུ་གནས་པ་ལ་ཡིད་ཀྱི་དག་པ་ཞེས་བྱ་སྟེ། ཆགས་སོགས་ཉོན་མོངས་པ་མ་ལང་བའི་དག་པ་དང་། དམིགས་ཡུལ་གསལ་ལ་ནག་ནོག་མེད་པས་ན་དག་པ་དེ་ལྟ་བུ་ལ་མཉམ་པར་བཞག་པར་བྱ་ཞིང་། བཟླས་པ་གཏང་ཚེ་བདག་ལ་ངལ་གསོ་བ་སྔར་བཤད་པ་བཞིན་བྱའོ། །མདུན་གྱི་ལྷ་དེ་རང་གི་ཚད་ལས་ཅུང་མཐོ་བར་བསམ་ཞེས་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་གསུངས་སོ། །གཉིས་པ་དོན་བསྡུ་བ། རིག་སྔགས་དེ་ཉིད་མ་ལུས་དང་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། རིག་སྔགས་ཀྱི་དེ་ཁོ་ན་ཉིད་ལྷ་དྲུག་གི་ཚུལ་དུ་བསྒོམ་པའི་རིམ་པ་མ་ལུས་དང་། བདག་གི་དེ་ཁོ་ན་ཉིད་རང་བཞིན་མ་གྲུབ་ལ་སྣང་ཙམ་ལྷ་ཡི་སྐུ་རང་རིག་འོད་གསལ་གྱི་ངོ་བོ་ཅན་དུ་བསྒོམ་པའི་ཆོ་ག་དང་། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ཡན་ལག་བཞི་དང་ལྡན་པ། མཆོག་གི་དོན་དེ་ཉིད་རྣམ་པ་གསུམ་པོ་འདི་ལེགས་པར་ཤེས་ན། སྔགས་སྒྲུབ་པར་བྱེད་པའི་མིས་ནི་དངོས་གྲུབ་ཐོབ་པར་འགྱུར་བ་ལ་སོམ་ཉི་མེད་དོ། །གཉིས་པ་བཟླས་བརྗོད་ཀྱི་ཡན་ལག་བྱེ་བྲག་ཏུ་བཤད་པ་ལ། བཟླས་བརྗོད་ཀྱི་དེ་ཉིད་གསུམ་བཤད་པ་དང་། རིག་སྔགས་ཉེ་བ་སོགས་ཀྱི་ཚུལ་བཤད་པ་གཉིས། དང་པོ་ལ། བཟླས་པ་བྱེད་པའི་གནས་བསྟན་པ་དང་། བཟླས་པའི་བསམ་གཏན་གྱི་མན་ངག་དེ་ཉིད་གསུམ་བཤད་པ་གཉིས། དང་པོ། དབེན་པའི་སྐྱེད་མོས་ཚལ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། བཟླས་པ་བྱེད་པའི་གནས་ནི་སྐྱེ་བོས་དབེན་པའི་སྐྱེད་མོས་ཚལ་དང་ཆུ་བོའི་ངོགས་རི་ཡི་ཕུག་དང་རི་བོར་དང་ནགས་ཚལ་སོགས་མཚན་ཉིད་ལྡན་པའི་གནས་གང་དུ། རབ་ཏུ་བྱུང་བ་དང་རིག་སྔགས་ཀྱི་བརྟུལ་ཞུགས་ལ་གནས་སམ། གསོ་སྦྱོང་སོགས་སྡོམ་པ་ཡིས་རྒྱུད་བསྡམ་པའི་སྔགས་སྒྲུབ་པ་པོ་བཟླས་བརྗོད་ཀྱི་བསམ་གཏན་བྱེད་ཅིང་གནས་པར་བྱའོ། །གཉིས་པ་ལ་ལམ་དངོས་དང་། དེའི་ཡན་ལག་བཤད་པ་གཉིས། དང་པོ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ། །གསང་སྔགས་མེར་གནས་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། སྔགས་ངག་ཏུ་བརྗོད་པའི་བཟླས་པ་མེད་པར་བསམ་གཏན་གྱི་སྒོ་ནས་གྲུབ་ཚུལ་གསུངས་པ། གསང་སྔགས་མེར་གནས་པ་སྒོམ་པས་འདོད་པའི་དངོས་གྲུབ་སྟེར་བ་དང་སྒྲ་གནས་ཀྱིས། ཏིང་ངེ་འཛིན་གྱི་རྣལ་འབྱོར་སྟེར་བར་དྲན་ཏེ་འདི་གཉིས་མངོན་པར་འདོད་པའི་དངོས་གྲུབ་འགྲུབ་པའི་ཐབས་ཁྱད་ཡིན་ལ། སྒྲ་མཐར་དམིགས་ན་ཐར་པ་སྟེར་བ་ཉིད་དེ། འདི་དག་ནི་སྔགས་བཟླ་བའི་བསམ་གཏན་གྱི་དེ་ཉིད་གསུམ་པོ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ་ནང་གི་དབྱེ་བ་སོ་སོ་ཡོད་ཀྱང་སྤྱིར་བསྡོམས་ཏེ། མི་འབྱེད་ལས་བྱུང་ཞེས་པ་ནས་། བློ་གྲོས་ཞི་བ་བརྟན་པར་སྤྱད། ཅེས་པའི་བར་གྱིས་བསྟན་ཏེ། དབང་ཤེས་ཀྱིས་མི་འབྱེད་པ་ཡིད་དེ། དེ་ལས་བྱུང་བ་སེམས་དང་སེམས་བྱུང་གི་དངོས་པོ་རྣམས། བློ་གྲོས་ཅན་གྱིས་ནི་བདག་གི་དེ་ཁོ་ན་ཉིད་གཉིས་སུ་མེད་པ་ལའམ། དེ་ལྟར་མིན་ནའང་ནང་དུའང་ཡིད་ཉིད་ལ་བསྡུས་ཏེ་བསྡམས་པས་ཀུན་ནས་དཀྲིས་པ་མི་འབྱུང་བའོ། །དེ་ནས་སྔགས་པ་དེ་བདག་གཉིས་ཀྱི་སྤྲོས་པའི་ཡན་ལག་ཀུན་ལས་འདས་པ་སྣང་བ་མེད་པའི་ཡེ་ཤེས་ལ་གནས་པར་བྱས་ནས། བསམ་གཏན་གྱི་སྤྱོད་ཡུལ་གང་ལའང་ཞེན་པ་མེད་པར་བསམ་པའམ་བསྒོམ་པར་བྱའོ། །འདི་ནི་བསྒོམ་པ་རྣམས་ཀྱི་སྔོན་དུ་འགྲོ་བ་དང་། གནས་སྐབས་ཀུན་ཏུ་ཡང་འཇུག་པ་ཡིན་ནོ། །དེ་ལ་སྒྲ་གནས་ཞེས་པ་ལ་སོགས་པ་གསུམ་པོ་དེ་ཅི་ལྟ་བུ་ཞེ་ན། བཤད་པ། སྒྲ་ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེ་ཕྲེང་བར་སྦྱར་བ་ཡི་སྒྲ་གདངས་རྟོག་ངོར་སྣང་བ་དེ་ཡིན་ལ། སྔགས་ཀྱི་ཡི་གེ་རྣམས་བརྒྱུས་ལ་སྟེ་གཅིག་གི་རྗེས་སུ་གཅིག་འབྲེལ་ཞིང་། མི་འགྱུར་བ་རྣམས་ཞེས་པ་བར་མ་ཆད་པར་གསལ་སྣང་བརྟན་པའོ། །དེ་དཔེར་ན་དྲིལ་བུའི་སྒྲ་བཞིན་བར་མ་ཆད་པར་བརྒྱུད་མར་སྔགས་ཀྱི་ཡི་གེའི་སྒྲ་གདངས་འབྱུང་བ་ལ་སེམས་གཏད་ནས། སྔགས་ཀྱི་སྒྲ་དེ་ལྷའི་ངོ་བོར་ཤེས་པར་བྱ་ཞིང་། སྔགས་ཀྱི་སྒྲ་གདངས་ཡིད་ངོར་སྣང་བ་དེ་ཡིད་ལ་ཞེན་པར་གྱུར་པའི་ཚུལ་གྱིས་སེམས་པ་ན། སྒྲ་གནས་ཀྱི་བསམ་གཏན་ཞེས་བྱའོ། །མེར་གནས་ནི་ཐུགས་ཀར་མེ་ཡི་ནང་ནས་སྔགས་ཀྱི་སྒྲ་དེ་འབྱུང་ཞིང་། མེ་དེས་སྔགས་འབྲུ་ལ་གནོད་པ་སོགས་མེད་པར་ཞི་བ་སྟེ། སྔགས་འབྲུའི་ཚིག་རྣམས་ཆད་ལྷག་མེད་པར་དག་པ་དང་། སོ་སོའི་རང་སྒྲ་གསལ་བར་ཟུར་ཕྱིན་པའི་ཡན་ལག་དང་ལྡན་པ་དེ་ལྟ་བུ། སྲོག་དང་རྩོལ་བའང་ནང་དུ་བསྡུས་ཏེ་བདག་གི་དེ་ཁོ་ན་ཉིད་དུ་བཀག་པའི་བདག་ཉིད་དུ་གྱུར་པའི་རྣལ་འབྱོར་བས། གཉིད་སོགས་ཞུམ་རྨུག་སྤངས་ནས་ནི་རྩེ་གཅིག་ཏུ་རྣམ་པར་བསམ་པར་བྱའོ། །སླར་ཡང་དེའི་ཚུལ་གསལ་བར་གསུངས་པ། བདག་གི་སྙིང་གར་གནས་པའི་ཕྲ་བ་ནི། ཞེས་རྣམ་པར་མི་རྟོག་པའི་གཟུགས་བརྙན་ཐོག་རེག་མེད་ཅིང་གོ མ་རྡུག་པའི་ཕྱིར་རགས་པའི་དགོས་པ་མེད་པས་སོ། །དེ་གང་ཞེ་ན། དྭང་ཞིང་འོད་གསལ་བ་དྲི་མེད་ཟླ་བའི་དཀྱིལ་འཁོར་ཏེ། ཟླ་དཀྱིལ་དེ་ཡིན་ན་མི་གནོད་ཅིང་ཟུག་རྔུ་མེད་ལ་ཡིད་དུ་འོང་བའི་རང་བཞིན་ཅན་ཡིན་པས་ན་རབ་ཏུ་ཞི་བ་ཡི་མེ་ལྕེ་རབ་ཏུ་འོད་བཟང་བ་བསམ་ནས། མི་འགྱུར་པ་སྔགས་ཀྱི་ཡི་གེའི་གཞི་ཡིག་འབྲུ་རྣམས་ནི་དེར་བཞག་ནས། གཡེང་བ་སོགས་ཀྱིས་སྐྱོན་མེད་པར་བདེ་བར་འདུག་ནས། མེ་ལ་གནས་པའི་སྔགས་ཀྱི་སྒྲ་གདངས་བསམ་པར་བྱ་ཞེས་སོ། །མམ་ཞེས་པ་འདམ་ངའི་དོན་ཏེ། དེ་ལྟར་མེ་ཡི་ནང་ན་གནས་པའི་སྔགས་ཀྱི་སྒྲ་གདངས་ཡིད་ཀྱིས་བསམ་ནས་ཡིད་བཟླས་བྱ་བའམ། ཡང་ན་ལྷའི་ཐུགས་ཀར་མི་འགྱུར་བ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་དཀྱིལ་ལ་སྔགས་ཀྱི་ཡི་གེ་བཞག་པ་ནི་གཟུགས་མི་སྒོམ་གྱི་སྔགས་ཀྱི་སྒྲ་ཉིད་འབའ་ཞིག་བསམ་པར་བྱའོ། །ངག་ཏུ་བརྗོད་པ་མེད་པར་སྔགས་ཀྱི་སྒྲ་ལ་དམིགས་པའི་བསམ་གཏན་ནི་འབའ་ཞིག་བྱས་པ་ཉིད་ཀྱིས་ཀྱང་ལྷ་དང་མི་སོགས་བརྟན་གཡོའི་དངོས་པོ་ཀུན་ལ་གནས་པ་དམ་པའི་དཔལ་ཏེ་དཔལ་བཟང་པོ་ཇི་སྙེད་ཡོད་པ་དེ་རྣམས་སྒྲུབ་པའི་སྐྱེས་བུས་མཚོན་པས་བུད་མེད་སོགས་གང་ཡིན་དེས་ཐོབ་པར་འགྱུར་རོ། །ཞེས་དངོས་གྲུབ་ཅི་འདོད་པ་འགྲུབ་ཅེས་པའི་ཐ་ཚིག་གོ། །དེ་ལྟར་སྲོག་རྩོལ་བསྡམ་སྟེ་མེར་གནས་ཀྱི་བསམ་གཏན་བསྒོམ་པས་བཀྲེས་པས་མི་ཉེས་པ་སོགས་མཚན་མ་འབྱུང་ཞིང་ཤིན་ཏུ་སྦྱང་བ་ཐོབ་ནས་རང་གང་བསམ་གྱི་འབྲས་བུ་ཐོབ་པའི་བར་དུ་བརྩོན་པར་བྱའོ། །འདི་ལྟ་བུའི་བཟླས་བརྗོད་ཀྱི་བསམ་གཏན་ནི་ཁྱད་པར་འཕགས་པའི་མན་ངག་ཡིན་ཏེ། ཚུལ་འདི་དང་ལྡན་ན། སེམས་ཀྱི་བཞོན་པར་གྱུར་པའི་རྟ་དང་འདྲ་བ་རླུང་དང་ཞོན་བྱེད་སེམས་གཉིས་ཀ་ལྷན་ཅིག་བཅིངས་པའི་སྲོག་རྩོལ་བསྡམ་པའི་བཟླས་པའི་ཏིང་འཛིན་ཁྱད་པར་ཅན་མྱུར་དུ་འགྲུབ་པ་དེ་ལྟ་བུ་བཟླས་པ་གཞན་གྱིས་མི་ནུས་ལ། ཡན་ལག་བཞི་དང་ལྡན་པའི་བཟླས་བརྗོད་འདི་ལྷ་དང་སྔགས་དང་དེ་ཁོ་ན་ཉིད་ཀྱི་རྣམ་པ་ལམ་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་པས་དངོས་གྲུབ་མྱུར་དུ་འཐོབ་ཅིང་ལམ་གྱི་རྟོགས་པ་མྱུར་དུ་སྐྱེད་པ་ཡིན་ཞིང་། མེར་གནས་པ་དང་སྒྲ་ཡི་བསམ་གཏན་དག་ཀྱང་སྔགས་ཀྱི་སྟོབས་བསྐྱེད་པ་ཡིན་པས་ཐུན་རྣམས་སུ་ཅི་རིགས་བྱའོ་ཞེས་གསུངས། གསུམ་པ་སྒྲ་མཐའི་བསམ་གཏན་ནི། སྒྲ་མཐའ་ཞེས་པ་སྒྲ་ཡལ་བ་སྟེ། ཡལ་བའི་གནས་ནི་རང་བཞིན་རྣལ་མ་ཆོས་སྐུའི་གནས་སོ། །དེ་ལ་གནས་དང་། དེ་མངོན་པར་བྱེད་པ་དང་། རང་བཞིན་ཡོངས་སུ་བཏང་བ་གསུམ་གྱིས་སྔགས་ཀྱི་སྒྲར་སྣང་བའི་རྟོག་པ་གཏོང་སྟེ། གནས་ནི་གཟུགས་ཀྱི་ཡན་ལག་གི་ཡིག་འབྲུར་དམིགས་པ་བཏང་བའོ། །མངོན་བྱེད་ནི་ཡིད་བཟླས་དང་ཤུབ་བཟླས་ཀྱི་སྒྲའོ། །རང་བཞིན་ནི་སྒྲར་སྣང་བ་བཏང་བའོ། །དེ་ལྟ་བུའི་དོན་དེ་ཉིད་བསྟན་པའི་ཕྱིར་གསུངས་པ། སྒྲའི་གནས་སུ་གྱུར་པའམ་བཟླས་བརྗོད་འབྱུང་བའི་གཞི་ལྟོས་པ་དང་བཅས་པའི་ཡན་ལག་ཏུ་གྱུར་པར་སྣང་བ་སྔགས་པའི་ལུས་ལྷར་བསྒོམ་པ་སོགས་ཀྱི་ལྟོས་བཅས་ཅི་རྩོལ་བ་ཐམས་ཅད་དང་། ཤུབ་བུར་བརྗོད་པའི་སྔགས་ཀྱི་སྒྲ་ཞེས་བྱ་བ་དང་། ཡིད་ཀྱི་ངོར་སྣང་བའི་བཟླས་པ་དང་། སྔགས་ཀྱི་སྒྲར་སྣང་བའི་ཚིག་རྣམས་སྣང་མེད་ཆོས་ཀྱི་དབྱིངས་ལ་དམིགས་པ་བཏང་ནས་རྣམ་པར་དག་པ་ནི་རིག་སྔགས་དབང་པོ་སྟེ་སྔགས་ཀྱི་རྒྱལ་པོ་ཡིན་ལ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དམ་ཆོས་ཀྱི་དབྱིངས། སྤྲོས་པའི་མཚན་མའམ་ཡན་ལག་ཐམས་ཅད་སྤངས་པ་འདི་ནི་སྔགས་སོགས་ཆོས་ཀུན་གྱི་དེ་ཁོ་ན་ཉིད་དུ། རྒྱལ་བས་མཁྱེན་ཅིང་ཐུགས་སུ་ཆུད་པའོ། །དེ་བསྒོམ་པས་སྒྲིབ་པ་གཉིས་ལས་གྲོལ་བར་བྱེད་དོ། །ལྟོས་བཅས་ཞེས་པའི་དོན་སླར་ཡང་བཤད་པ་སླར་སྡུད་དང་། དཀའ་ཐུབ་དང་ཡན་ལག་བཞི་དང་ལྡན་པའི་བསམ་གཏན་དང་། སྲོག་རྩལ་བསྡམ་པ་དང་། དཀྱིལ་འཁོར་འབྲི་བ་དང་མཆོད་པ་དང་སྦྱིན་སྲེག་སོགས་ཆོ་གའི་བྱ་བ་ཐམས་ཅད་དང་། བདག་གི་དེ་ཉིད་གཏན་ལ་འབེབས་པའི་ཕྱིར་ཤེས་རབ་ཀྱིས་དཔྱད་པ་བྱེད་པ་སོགས། མདོར་ན་རྣམ་པར་ཤེས་པ་སྣ་ཚོགས་པའི་རྩོལ་བ་ལ་གནས་པའི་སྔགས་པ་རྣམས་ནི་རེ་ཤིག་སྟེ་དེའི་ཚེ་དེའི་དུས་ན་ལྟོས་པ་དང་བཅས་པའོ། །དེ་ལྟར་ལྟོས་བཅས་སམ་མཚན་བཅས་ཀྱི་རྣལ་འབྱོར་ལ་བརྩོན་པའི་ཚེ་ན་སྒོ་གསུམ་རབ་ཏུ་བསྡམ་པ་ཉོན་མོངས་པའི་གཉེན་པོའི་དཀའ་ཐུབ་ཆེན་པོ་རྒྱུན་ཆགས་ཤིང་མ་ཉམས་པ་དང་ལྡན་པར་བྱས་ཏེ། བདག་གི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཆོས། རང་རྒྱུད་ལ་བསྐྱེད་པའི་ཐབས་རིག་སྔགས་ཀྱི་བརྟུལ་ཞུགས་མཆོག་དང་ལྡན་པ། སླར་སྡུད་པ་སོགས་སྔགས་ཀྱི་ཡན་ལག་ཐམས་ཅད་ལ་ལྟོས་པ་དང་བཅས་པ་ནི། གཟུགས་སོགས་ཕྱི་རོལ་ཡུལ་གྱི་འཆིང་བ་ལས་རྣམ་པར་གྲོལ་ཞིང་ལྷའི་བྱིན་གྱིས་རླབས་ནས་སྔགས་གྲུབ་པར་འགྱུར་བས། ལྷ་སྐུའི་རྣམ་པའི་ཡན་ལག་གམ་ཆ་ཤས་སམ་སྤྲོས་པ་དང་བཅས་པའི་རྣམ་པར་སྣང་བ། མཚན་བཅས་ཀྱི་ཏིང་ངེ་འཛིན་ལ་ནན་ཏན་དུ་འབད་པར་བྱའོ། །དེ་ལྟར་ནའང་མཚན་བཅས་ཀྱི་སྣང་བ་འདི་དག་རྣམ་པར་རྟོག་པ་དང་བཅས་པ་ཡང་དག་པའི་དོན་མི་གསལ་བའོ། །སྔགས་སྒྲུབས་པ་ལམ་ལ་བརྩོན་པ་དེས་མཆོག་འགྲུབ་པའི་སླད་དུ། ལྟོས་བཅས་ཀྱི་གནས་སྐབས་དེར་ཡང་བརྟུལ་ཞུགས་ཏེ་ཡི་དམ་དུ་གོམས་པར་རེ་ཤིག་བྱས་ནས་ནི་དྲོད་རྙེད་པ་ན། ཡང་དག་པའི་དོན་མི་གསལ་བ་སྤང་གཉེན་ནམ་བླང་བ་དང་དོར་བའི་གཉིས་འཛིན་གྱི་དབང་གིས། དོགས་པའི་འདུ་ཤེས་ཀྱི་བདག་ཉིད་ཅན་འཇིག་རྟེན་པའི་ཆོས་ལས་མ་འདས་ཤིང་། འཇིག་རྟེན་ལས་འདས་པ་ཡང་དག་པའི་ཆོས་ལ་ལྟོས་ན་སྨད་པ་ཡི་བསམ་གཏན་འབའ་ཞིག་གམ་གཅིག་པུ་ལ་མངོན་པར་ཞེན་ཅིང་རློམས་པ་དེ་ལྟ་བུ་ཡིད་ལ་མི་བྱེད་པའི་སྒོ་ནས་རབ་ཏུ་བསྡམ་པའམ་སྤངས་ནས། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་མ་འགག་པ་མཐའ་བཞིའི་སྤྲོས་པ་དང་བྲལ་བའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཆོས་ཀྱི་དབྱིངས་ལ་མཉམ་པར་བཞག་སྟེ་མཚན་མེད་ཀྱི་བསམ་གཏན་བྱེད་པ་ནི་བློ་གྲོས་ཞི བ་ཞེས་བྱ་སྟེ། མཚན་འཛིན་གྱི་འདུ་ཤེས་སྣ་ཚོགས་དང་སྒྲིབ་གཉིས་ཀྱི་མུན་པ་ཞི་བ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་འོད་གསལ་བ་ཡིན་པས། དེ་ལས་གཞན་དུ་མི་འགྱུར་བར་བརྟན་པ་ཉིད་སྤྱད་པར་བྱའོ། །ཞེས་འདིས་མཚན་མེད་ཀྱི་རྣལ་འབྱོར་བསྟན་ཏོ། །དེ་ལྟར་མཚན་བཅས་ཐབས་ཀྱི་རྣལ་འབྱོར་གྱིས་འོག་མིན་པའི་བར་གྱི་དངོས་གྲུབ་ཅི་འདོད་པ་བདེ་མྱུར་དུ་བསྒྲུབ་པའི་སྒོ་ནས་འཇིགས་དང་སྡུག་བསྔལ་ཕྲལ་དུ་དབུགས་དབྱུང་ཞིང་བདེ་བའི་རྟེན་ལས་བྱང་ཆུབ་ཀྱི་རིགས་དང་ལྡན་པའི་སྒྲུབ་པ་པོ་སྐལ་པ་ཆེན་པོར་གྱུར་པ་དེས། མཚན་མེད་ཀྱི་རྣལ་འབྱོར་ལ་གོམས་པས་རྣམ་པར་གྲོལ་བ་མངོན་དུ་བྱེད་ཅིང་། ཡང་དག་པའི་དོན་དུ་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་ཟུང་དུ་ཞུགས་པ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་རང་བཞིན་འོད་གསལ་བའི་ཡེ་ཤེས་ཆེན་པོ་ལམ་དུ་བྱས་པ་ལ་བརྟེན་ནས་མི་གནས་པའི་འབྲས་བུ་སྐུ་གཉིས་ཟུང་འཇུག་གི་སངས་རྒྱས་ཉིད་མངོན་དུ་བྱེད་པར་འགྱུར་རོ། །གཉིས་པ་ལམ་གྱི་ཡན་ལག་ནི། ཁུ་བ་བཤང་གཅི་སོགས་ནས། རབ་ཏུ་གསང་བ་གསུངས་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། འདི་ལ་ནང་གསེས་སུ་གཙང་སྦྲ་བྱ་བ། གཞན་ལ་གནོད་པ་སྤང་པ། བརྟུལ་ཞུགས་མ་ཉམས་པར་བྱ་བ་གསུམ་གྱི་དང་པོ། སྔགས་འགྲུབ་པ་ནི་རྒྱུ་རྐྱེན་རྟེན་འབྲེལ་ལ་ལྟོས་པའི་ཕྱིར། སྔགས་བསྒྲུབ་པའི་ཡན་ལག་གི་སྤང་བླང་རྣམས་ཀྱང་མ་འཆོལ་བར་སྤྱད་དགོས་ཏེ། ཁུ་བ་འབྱིན་པ་དང་། བཤང་བ་དང་། གཅི་བ་འདོར་བ་དག་དང་ནི། བཟའ་བ་སོགས་མི་གཙང་བ་དང་འབག་པ་དག་དང་ནི་འོག་རླུང་རྒྱུ་བ་ལའང་ལྷར་བསྒོམ་མ་བསྒོམ་གྱི་སྐབས་ཀུན་དུའང་སེམས་ཡན་པར་བྱས་ནས་བབ་བབ་ཏུ་མི་བྱ་བར་བག་ཡོད་པའམ། དོགས་པ་ཡི་ནི་གཟུངས་ཏེ་དྲན་ཤེས་མ་ཉམས་པ་རྒྱུན་ཆགས་པའི་སྒོ་དེ་ཉིད་ཀྱིས་ཀྱང་། དབེན་པར་གཙང་སྦྲ་ལ་གནས་པ་བརྩམ་པར་བྱ་སྟེ་གཙང་སྦྲ་མེད་པ་ནི་བྱ་རྒྱུད་ཀྱི་ཚུལ་དང་འགལ་བར་འགྱུར་རོ། །གཉིས་པ། ལམ་སྲང་དང་། ཁྲོན་པ་དང་། ཆུ་མིག་ལུམ་དང་། གྲོང་དང་གནག་ལྷས་དག་ལ་ཡང་། ངག་དང་ལུས་དང་ཡིད་ཀྱིས་སྤང་བ་ནི། སེམས་ཅན་གནོད་པ་མི་དགེ་བཅུ་པོ་ཀུན་མི་སྤྱད་དེ་སྤྱད་ན་དེ་དག་སྔགས་འགྲུབ་པའི་འགལ་རྐྱེན་ཡིན་པས་སོ། །གསུམ་པ་སྔགས་འགྲུབ་པའི་མཐུན་རྐྱེན། མེར་གནས་སོགས་བསམ་གཏན་དང་ནི་ཡན་ལག་བཞི་ལྡན་གྱི་བཟླས་བརྗོད་དང་། གསང་སྔགས་གྲུབ་པར་བྱ་བ་ཡི་ཆེད་དུ་མཆོད་པ་དང་ཚོགས་བསགས་པ་སོགས་དང་། སྦྱིན་སྲེག་བྱ་བ་དང་དཀྱིལ་འཁོར་དུ་དབང་བསྐུར་བ་སོགས་ཀྱི་ལས་ཐམས་ཅད་དང་། སྔགས་བསྒྲུབ་པའི་གནས་སམ་ཡུལ་བརྟག་པ་དང་། ས་བསླང་བ་དང་། བྱི་དོར་བྱ་ཚེ་ལྷའི་ང་རྒྱལ་བྱ་བ་སོགས་མདོར་ན་ཡུལ་གྱི་བ་རྣམས་ལ་ཡང་བརྟུལ་ཞུགས་འདི་དང་འདི་ལྟ་བུ་དགོས་ཞེས་གསུངས་པ་གང་ཡིན་པ་དེ་ཡི་གནས་གང་དུ་བྱ་བའམ་གནས་སྐབས་དང་། བཟླས་པའི་གྲངས་ལ་སོགས་པའི་ཚད་རྣམས་ཀྱང་། སྔོན་གྱི་ཚེ་ནི་བདག་ཚངས་པ་ས་ཡི་མེ་ཏོག་ཉིད། འབའ་ཞིག་ལ་མཐུ་སྟོབས་ཆེན་པོ་དཔལ་རྡོ་རྗེ་འཛིན་གྱི་ལྷས། གཞན་ལ་རབ་ཏུ་གསང་བ་འདི་དག་ཞལ་ནས་དངོས་སུ་གསུངས་ཤིང་གདམས་པ་ཡིན་གྱི་རང་བཟོ་མ་ཡིན་ནོ། །ཞེས་སོ། །སྐབས་འདིར་ཡུལ་གྱི་བྱ་བའམ་གནས་ཀྱི་བྱ་བ་ཞེས་གསུངས་པ་འདི་སྡོད་གནས་ཁོ་ནར་མ་ཟད་འཇུག་ལྡོག་གི། གནས་སམ་ཡུལ་གོང་དུ་མ་འདུས་པ་ཐམས་ཅད་ལ་གོ་ཡང་ཆོག་འདྲ་སྙམ་མོ། །གཉིས་པ་སྔགས་ཉེ་བ་སོགས་ཀྱི་ཚུལ་བཤད་པ་ལ། མདོར་བསྟན་ཏེ་བཤད་པར་དམ་བཅའ་བ་དང་། དེའི་རྒྱས་པར་བཤད་པ་གཉིས། དང་པོ། ཉེར་གྱུར་མངོན་དུ་ཕྱོགས་པ་དང་། ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། དེ་ལྟར་བསམ་གཏན་དང་བཟླས་བརྗོད་ཉིད་བརྩོན་པས་བསྒྲུབས་པས་གསང་སྔགས་ཀྱི་ལྷ་དེས་སྒྲུབ་པ་པོ་བྱིན་གྱིས་བརླབ་རུང་བར་མཁྱེན་ནས་སྤྱན་དྲངས་རུང་མ་དྲངས་རུང་དེའི་དྲུང་དུ་བྱོན་པ་ནི་སྔགས་དང་། ཉེར་གྱུར་ཏེ་ཉེ་བར་གྱུར་པ་དང་། སྔགས་ཀྱི་ལྷ་དེ་ཉིད་རང་གི་གནས་དེར་མདུན་ན་བཞུགས་བཞིན་རང་ལ་སྤྱན་རས་ཀྱིས་འཚོ་བ་ནི་ལྷ་མངོན་དུ་ཕྱོགས་པ་དང་། གསང་སྔགས་ཀྱི་དངོས་གྲུབ་མངོན་དུ་སྟེར་བར་འགྱུར་བ་དང་། མི་འགྲུབ་པར་གཡེལ་ཞིང་གཞན་དུ་ཕྱོགས་པ་ཡི་མཚན་ཉིད་གང་ཡིན་པ་དེ་ཀུན་ཚངས་པ་ཁྱོད་ལ་བཤད་པར་བྱའོ་ཞེས་ཞལ་གྱིས་བཞེས་ནས། གཉིས་པ་རྒྱས་བཤད་ལ། ཉེ་བར་གྱུར་པ་དང་གཞན་དུ་ཕྱོགས་པའི་རྒྱུ་བཤད་པ་དང་། ཉེ་བ་སོགས་ཀྱི་མཚན་ཉིད་བཤད་པ་གཉིས། དང་པོ། གསང་སྔགས་ལ་སོགས་ནས། གཞན་དུ་ཕྱོགས་ཞེས་པའི་བར་གྱིས་བསྟན་ཏེ། འདི་ལ་ནང་གསེས་སུ་ལྷ་ཉེ་བའི་རྒྱུ་དང་། གཞན་དུ་ཕྱོགས་པའི་རྒྱུ་གཉིས་ཡོད་དེ། དེ་ཡང་ལྷ་མངོན་དུ་ཉེ་ཞིང་ཕྱོགས་པ་ཞེས་པ་ཅི་ལྟ་བུ་ཞེ་ན་གསང་སྔགས་དང་ལ་སོགས་པའི་སྒྲས་རིག་སྔགས་དང་ལྡན་པའི་རིག་སྔགས་ཀྱི་ཁྲོ་བོ་མང་པོ་ཀུན་ཞེས་པའི་སྒྲས། རིག་སྔགས་ཀྱི་གཙོ་བོ་དཀྱིལ་འཁོར་གྱི་ལྷ་དེ་ཉིད་ལ་དེའི་རིགས་སུ་གཏོགས་པའི་རིག་སྔགས་ཀྱི་ཁྲོ་བོ་ཁྲོ་མོ་མངག་གཞུག་ཕོ་མོ་དང་བཅས་པ་ཐམས་ཅད་གཙོ་བོ་རྒྱལ་བའི་སྐུ་ལ་མངོན་དུ་ཕྱོགས་པར། བསམ་གཏན་གྱི་བདེ་བས་ངོམས་ཕྱིར་རྟག་ཏུ་གནས་པ་ཡིན་ནོ། །དེ་ཕྱིར་སྒྲུབ་པ་པོས་ནམ་རིག་སྔགས་ཀྱི་བརྟུལ་ཞུགས་མངོན་དུ་བྱེད་པའི་ཚེ་རང་གི་མདུན་དུ་དེ་བཞིན་གཤེགས་པའི་སྐུ་བསམ་ལ། རིག་སྔགས་དང་གསང་སྔགས་དང་ཁྲོ་བོ་ཁྲོ་མོ་མངག་གཞུག་ཕོ་མོ་སོགས་ནམ་མཁའི་དབྱིངས་ཁྱབ་པར་ཡུད་ཙམ་བསམ་ཞིང་། རང་ཉིད་ཀྱང་ལྷའི་གཟུགས་ཀྱིས་དེ་རྣམས་ཀྱི་དབུས་སམ་ཁྲོད་ན་འདུག་ཅིང་སྔགས་ཀྱི་བརྟུལ་ཞུགས་གྲུབ་པར་བྱིན་གྱིས་བརླབ་པར་བསམ་པར་བྱའོ། །དེ་ལ་རིག་སྔགས་ནི་རིག་པ་ཡེ་ཤེས་ཉིད་སྔགས་ཀྱི་གཟུགས་སུ་ཤར་བའི་ཐབས་ཀྱི་ཆ་དང་། གསང་སྔགས་ནི་ཡུལ་ཆོས་ཀྱི་དབྱིངས་ཉིད་མཚན་མར་སྣང་བ་ཡུམ་མམ་ཤེས་རབ་ཀྱི་ཆ་ཡིན་ཞིང་། ཕན་ཚུན་ཟུང་དུ་འབྲེལ་བའི་ཕྱིར་རིག་སྔགས་ནི་ལྷ་མོའི་གཟུགས་དབྱིབས་དང་། དེ་སྟོན་པའི་སྒྲ་དང་ཕྱག་རྒྱ་སོགས་ཡིན་ལ། གསང་སྔགས་ནི་དེ་ལས་བཟློག་སྟེ་ཕོ་ཡི་དབྱིབས་སོགས་སུའང་གསུངས་སོ། །སྔགས་དེ་དག་རྣམ་མེད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གནས་པ་དོན་གྱི་སྔགས་སམ་དོན་དམ་བདེན་པ་དང་། དེའི་བྱིན་རླབས་རྟགས་སུ་ཤར་བ་སྔགས་དང་ཕྱག་རྒྱ་སོགས་རྟགས་ཀྱི་སྔགས་སམ་ཀུན་རྫོབ་བདེན་པ་ཞེས་བྱ་ཞིང་བདེན་གཉིས་དབྱེར་མེད་དུ་གནས་པ་ནི་མཐར་ཐུག་གི་སྔགས་སོ། །དེ་ལྟར་ཤེས་པར་བྱས་ནས། རིག་སྔགས་ཀྱི་ལྷ་འཁོར་དང་བཅས་པ་དེའི་མདུན་དུ་བདག་གནས་ནས། སྔ་དྲོ་དང་ཉིན་གུང་ཕྱི་དྲོ་ཡི་དུས་གསུམ་དུ་ནི་སྔར་བཤད་པའི་ཡིད་ཀྱི་ལས་ཕྲ་མོ་བསམ་གཏན་བྱ་བ་འདི་གསང་སྔགས་སྒྲུབ་པ་ལ་བརྩོན་པའམ་བརྟུན་པ་དེ་ཡིས་ཚངས་པ་ཞེས་བོས་ནས་རྟག་ཏུ་རིག་པར་བྱ་བ་ཞེས་ཉམས་སུ་ལེན་དགོས་པ་ཡིན་ཏེ། སྔགས་ཉེ་ཞིང་ཕྱོགས་པའི་རྒྱུའི་གཙོ་བོ་འདི་ཡིན་པའི་ཕྱིར་ནའོ། །དེར་མ་ཟད་ཡན་ལག་བཅུ་ཡི་ཆོ་ག་ལས་མ་འདས་པར་རྟག་ཏུ་རིག་པར་བྱ་བའང་ཡིན་ནོ། །ཡན་ལག་བཅུ་ནི། བདག་དང་། རིག་སྔགས་དང་། བཟླས་བརྗོད་ཀྱི་དེ་ཉིད་གསུམ་དང་། མེར་གནས། སྒྲར་གནས། སྒྲ་མཐའི་བསམ་གཏན་གསུམ་དང་། སྒྲུབ་པ་ལ་འཇུག་པའི་ཆོ་ག །སྦྱིན་སྲེག་གི་ཆོ་ག །དབང་བསྐུར་བའི་ཆོ་ག །གནས་ཀྱི་བྱ་བའི་ནན་ཏན་ཏེ་བཅུ་པོ་དེ་ལས་སྐབས་སུ་གང་བབ་པ་ལ་ནན་ཏན་དུ་བྱ་ཞིང་། དེ་དང་ལྷན་ཅིག་ལྷའི་རྣལ་འབྱོར་གྱི་མཚན་ཉིད་རིག་སྔགས་ཀྱི་བརྟུལ་ཞུགས་དེ་མངོན་དུ་བྱའོ། །ཞེས་གསུངས་ཏེ། ལྷའི་རྣལ་འབྱོར་བྱ་བ་ལ་གསང་སྔགས་ལས་བྱུང་བའི་ལས་ཀྱི་བྱེ་བྲག་སྦྱོར་བའི་མཚན་ཉིད་མདོར་བསྡུ་ན་བཅུ་པོ་དེ་ཙམ་དུ་ཟད་པ་ཡིན་ནོ། །དེ་ལྟར་ཡན་ལག་བཅུ་དང་ལྡན་པར་བཟླས་པའི་བསམ་གཏན་ལ་འབད་པ་འདི་དག་སྔགས་ཉེ་ཞིང་མངོན་དུ་ཕྱོགས་ལ་དངོས་གྲུབ་རྩོལ་བའི་རྒྱུ་ཡིན་པས་ནན་ཏན་དུ་བྱའོ། །སྔགས་གཡེལ་ཞིང་གཞན་དུ་ཕྱོགས་པའི་རྒྱུ་ནི། མ་དད་པ་དང་། སྙོམ་ལས་སུ་གྱུར་པ་དང་། བཀྲེས་སྐོམ་གྱིས་ཟིལ་གནོན་ནས་བསྒྲུབ་མི་ནུས་པ་ཡང་དེ་བཞིན་ཏེ། གཞན་ནད་ལ་སོགས་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །རྣམ་རྟོག་འཕྲོ་ཞིང་རྒོད་པ་དང་འགྱོད་པ་མྱ་ངན་སོགས་ཡིད་ཀྱི་གདུང་བ་དང་། སྔགས་སམ་སྔགས་ཀྱི་འབྲས་བུའམ་སྔགས་ཀྱི་ལས་ལ་ཐེ་ཚོམ་ཟ་བ་དང་། བཟླས་བརྗོད་དང་བསམ་གཏན་ལ་ཡིད་རྩེ་གཅིག་ཏུ་མི་ཞེན་པ་དང་། སྒོ་གསུམ་དྲན་ཤེས་ཀྱིས་བསྡམ་པ་དག་ནི་བཤིག་སྟེ་ཐ་མལ་དུ་གནས་པ་དང་། ཅལ་ཅོལ་གྱི་གཏམ་ལ་རབ་ཏུ་དད་ཅིང་མང་དུ་སྨྲ་བ་དང་། མི་བྱ་བ་སྟེ་བྱ་མི་རུང་བ་ལ་འཇུག་པ་དང་། ཕྱིའི་རྐྱེན་གདོན་རིགས་ལོག་འདྲེན་གྱིས་ནི་རྒྱུད་བརླམས་པ་དང་། དེའི་དབང་གིས་ཀུན་རྟོག་ངན་པ་འཁྲུག་ཅིང་། རྨི་ལམ་ངན་པ་རྣམས་ཀྱང་མཐོང་བ་དང་། སེམས་ཅན་དག་ལ་གནོད་པའི་ལས་བྱེད་པ་དང་། ལྷ་རྣམས་ལ་ནི་མ་དད་ཅིང་ཡོངས་སུ་སྨོད་པ་དང་། འདི་དང་འདི་ལྟ་བུའི་བྱ་བ་རྣམས་སྒྲུབ་པ་པོ་སྔགས་བཟླ་བ་ལ་བརྩོན་པ་ཡི་ཆོ་ག་ལ་འཇུག་པ་གང་གི་ཚེ་འདི་དག་བྱེད་པ་ན། རྟག་ཏུ་ནད་སོགས་ཀྱིས་འཚེ་བ་འབྱུང་བར་འགྱུར་ཞིང་། གསང་སྔགས་ནི་དེ་ལས་གཞན་དུ་ཕྱོགས་པར་འགྱུར་ཏེ། འདི་ལྟར་མི་འདོད་པའི་བག་ཆགས་བསླད་ནས་ཡ་ང་བ་མ་སྤང་བར་ལས་དང་ཉོན་མོངས་ཀྱི་མཐུས་སྔགས་ཀྱི་བྱིན་རླབས་ཀྱི་སྐལ་བ་ལ་གེགས་བྱེད་པ་དག་འབྱུང་བ་ཡིན་པས། བློ་དང་ལྡན་པ་དག་གིས་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཉེས་པ་དེ་དག་ཅི་ནུས་སུ་གཞིལ་བར་བྱ་དགོས་ཏེ། གསང་སྔགས་མི་འགྲུབ་པའི་གེགས་ནི། རང་གི་སྔོན་ལས་མི་དགེ་བ་དང་། རྣམ་རྟོག་ངན་པ་དང་། སྐྱེ་བོས་སྡང་བ་དང་ནད་སོགས་རྣམ་སྨིན་ངན་པ་གསུམ་དུ་འདུ་ལ། ལས་ཀྱི་གེགས་བྱེད་པ་ཞི་ཕྱིར་བདག་མེད་པའི་བསམ་གཏན་བསྒོམ་པ་དང་བཟླས་པ་དང་སྦྱིན་སྲེག་སོགས་གཉེན་པོ་ལ་འབད་པར་བྱའོ། །སྔགས་བཟླས་ཀྱང་མ་དད་པ་སོགས་རང་རྒྱུད་ཀྱི་རྣམ་རྟོག་ངན་པས་གེགས་བྱས་ན་རྒྱུ་མ་ཚང་བའི་ཕྱིར་སྔགས་མི་འགྲུབ་སྟེ་རང་སྐལ་པ་དམན་པའི་ཕྱིར་རོ། །དེ་ལྟ་ནའང་རྣམ་རྟོག་ངན་པ་རྣམས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སུན་འབྱིན་པ་དང་། མཚང་ཕུག་བཏོལ་ཏེ་རང་བཞིན་མེད་པར་འདུལ་བར་བྱ་ཞིང་། གཡེང་བས་སེམས་ལས་སུ་མི་རུང་བ་ནི་ཏིང་ངེ་འཛིན་ལ་བརྩོན་པས་གདུལ་བར་བྱའོ། །སྐྱེ་བོས་སྡང་བ་སོགས་ལ་ཐབས་ཇི་ལྟར་རིགས་པས་སྤངས་ཏེ་བསམ་གཏན་གྱི་ཚེར་མ་མེད་པར་བྱ་ཞིང་། སྒྱིད་མ་ལུག་པར་དད་པ་བརྟན་པོས་སྔགས་བསྒྲུབ་ནས་དད་པས་གསོལ་བ་འདེབས་པ་དང་། སྙིང་རྗེའི་སེམས་ཀྱིས་སྨོན་ལམ་རྒྱ་ཆེན་པོ་ལེགས་པར་བགྱིས་ན་རིམ་གྱིས་གེགས་ཀུན་ཟད་ནས་དངོས་གྲུབ་ཐོབ་པར་འགྱུར་རོ། །གཉིས་པ་ལྷ་ཉེ་བ་སོགས་ཀྱི་མཚན་ཉིད་བཤད་པ་ནི། གང་ཞིག་ཞི་བར་འདུག་པ་དང་། ཞེས་པ་ནས། དབང་དུ་གྱུར་པ་རྟག་པར་རོ། །ཞེས་པའི་བར་གྱིས་བསྟན་ཏེ་འདི་ལ་འང་ནང་གི་དབྱེ་བ་ཡོད་མོད། དེ་དག་ཚིག་གི་དོན་བཤད་པས་རྟོགས་པར་འགྱུར་རོ། །དེ་ཡང་བཟླས་བརྗོད་དང་བསམ་གཏན་བྱེད་པ་གང་ཞིག་སེམས་ལས་སུ་རུང་ཞིང་། དུག་གསུམ་དང་རྒྱགས་པ་སོགས་མ་ལངས་པར་སྒོ་གསུམ་རབ་ཏུ་ཞི་བར་འདུག་པ་དང་། བཟླས་པའི་བསམ་གཏན་ལ་བརྩོན་པས་རྣམ་པར་ཤེས་པ་སྔགས་ཀྱི་སྒྲ་ཡི་ངོ་བོ་གྱུར་པ་ཞེས། སྒྲ་ལ་སེམས་ཀྱིས་དམིགས་པ་ཙམ་རྒྱང་ཆད་དུ་སྣང་བ་ལྟ་བུ་མིན་པར་དམིགས་དང་སེམས་འདྲེས་ནས་སེམས་ཉིད་སྔགས་ཀྱི་རྣམ་པར་སྣང་བའི་གསལ་སྣང་བར་མ་ཆད་པ་ལས་མི་གཡོ་བར་གྱུར་པ་ན། དེ་ཡི་ཚེ་སྒྲུབ་པ་པོ་སྔགས་པ་དེ་ནི་བསྒྲུབ་པར་བྱ་བའི་གསང་སྔགས་ལ་ཉེ་བར་གྱུར་ཏེ་ལྷ་མངོན་དུ་ཕྱོགས་པའང་ཐོབ་བོ། །ཡེ་ཤེས་ཀྱི་ལྷ་ལ་ཉེ་བར་གྱུར་པའམ་བསྙེན་པ་དང་། རིང་བར་གྱུར་བའམ་བསྲིང་བ་མི་མངའ་མོད་ཀྱི་རང་གི་ལས་ཀྱི་སྐལ་བ་དང་། སེམས་ཀྱི་དབང་གིས་ཉེ་རིང་དུ་སྣང་བར་འགྱུར་རོ། །གཞན་ཡང་དབང་པོ་སོགས་ལྷ་དང་། སྲིན་པོ་སོགས་ལྷ་མིན་གྱི་སེམས་ཅན་ནི། དབང་ཕྱུག་དང་ལྡན་ཅིང་མཁྱེན་པའི་ཡེ་ཤེས་འཇུག་པ་མངའ་བ་རྣམས་གང་གིས་མཐོང་ན་མི་འདོད་པ་ཞི་བ་དང་ཕན་པ་སྐྱེ་བར་འགྱུར་བ་དེ་ནི་སྒྲུབ་པ་པོས་མངོན་དུ་གྱུར་པ་སྟེ་དངོས་སུ་མཐོང་བ་དང་ཞེས་སོ། །འདི་ལ་ལྷ་སོགས་དེ་ལྟ་བུ་མཐོང་ན་སྔགས་མངོན་དུ་གྱུར་པ་ཞེས་སྦྱར་ཀྱང་རུང་མོད། རྩ་བའི་ཚིག་ནུས་ལྟར་ན་འདི་ལྟར་བཤད་པ་བདེ་བར་འདྲའོ། །གཞན་མིའི་རྒྱལ་པོ་དང་ནི་འབྱོར་ལྡན་ཕྱུག་པོ་རྣམས་དང་། སྐྱེ་བོ་དང་བུད་མེད་དགེ་བ་སྟེ་སྐལ་པ་བཟང་པོ་རྣམས་རང་གི་དབང་དུ་གྱུར་ཅིང་རང་ལ་ཡིད་མངོན་དུ་ཕྱོགས་པས་པུས་མོ་འཛུགས་ཤིང་སྤྱི་བོས་འདུད་པའང་ཕྱིའི་མཚན་མ་སྟེ་སྔགས་མངོན་ཕྱོགས་པའི་རྟགས་སོ། །སྔགས་པ་དེ་ལ་བློ་གྲོས་སམ་ཤེས་པའང་སྔར་མེད་པ་སྐྱེ་བར་འགྱུར་ཞིང་སྔར་མ་ཐོས་པའི་དོན་ལྟ་བུ་ཡང་བདེ་བླག་ཏུ་ཤེས་པར་འགྱུར་བ་ཡིད་ཀྱི་ཡོན་ཏན་དང་། སྐད་ཅིག་དག་ལ་རང་གི་ལུས་ལས་ནི། བར་བར་མེ་བཞིན་འོད་འབྱུང་བའམ་འབར་བར་འགྱུར་བ་ནི་ནང་གི་མཚན་མའོ། །བར་སྣང་སོགས་ལས་ཡིད་དུ་འོང་བའི་གླུ་དང་སིལ་སྙན་གྱི་སྒྲ་རྣམས་དང་། ལྷ་རྣམས་ཀྱིས་ནི་གཏམ་སྨྲ་བར་ཡང་། ལྷ་མངོན་དུ་ཕྱོགས་པའི་སྔགས་པ་ཡིས་དེ་དག་རྟག་ཏུ་ཐོས་པར་འགྱུར་བ་ཕྱིའི་མཚན་མའོ། །དེ་ལྟར་གསང་སྔགས་ཀྱི་ལྷ་ནི་མངོན་དུ་ཕྱོགས་པའི་སྒྲུབ་པ་པོ་ནི་མཐུ་ཆེན་པོ། བློ་གྲོས་ཅན་བརྩོན་པ་དྲག་པོའི་སྒོ་ནས་དཀའ་ཐུབ་འགྲུབ་པ་དེ་ཡིས། གསང་སྔགས་མངོན་དུ་ཕྱོགས་པ་ལས་མ་ཉམས་ཤིང་དངོས་གྲུབ་ཐོབ་པའི་ཆེད་དུ། བཟླས་པ་དང་བསམ་གཏན་ལ་ཀུན་དུ་ཞེན་པའི་དུས་རྟག་ཏུ་བྱ་སྟེ། སྔགས་མངོན་དུ་ཕྱོགས་པའི་གནས་ཐོབ་ན། གནས་སྐབས་སུ་ནམ་མཁར་རྒྱུ་བ་སྟེ་ལྷ་ཉིད་དུ་མངོན་པའི་གནས་ཐོབ་སྟེ། ཇི་ལྟར་ན་རང་གི་ལུས་ལྷ་གཞོན་ནུར་འགྱུར་ཞིང་། སྒོ་གསུམ་པོ་ཕུན་སུམ་ཚོགས་པའི་ཡོན་ཏན་ཅན། བདེ་ཞིང་སྐྱིད་པའི་དབང་ཕྱུག་གི་ཡོན་ཏན་མང་པོ་ཐོབ་སྟེ། དེ་ལས་མི་ཉམས་པར་རྟག་ཏུ་ལོངས་སྤྱོད་པ་ཉིད་དུ་གྱུར་ཀྱང་། གང་ཞིག་གཏི་མུག་གི་དབང་གིས་འདོད་པའི་འཆིང་བས་མ་མྱོས་པ་དེ་ནི་སྔགས་རིག་པ་ཞེས་བྱ་ཞིང་། དེ་ལ་གསང་སྔགས་བསྒྲུབ་པའི་འབྲས་བུ་མ་ལུས་པ། ཡེ་ཤེས་དང་དབང་ཕྱུག་ཕུན་སུམ་ཚོགས་པས་བརྒྱན་པ་ཡང་ཐོབ་ལ། སྒྲུབ་པ་པོ་དེ་ཉིད་འདོད་པའི་ཡོན་ཏན་དང་ལྡན་པའི་དགའ་བས་མྱོས་པ་དང་ལྡན་པའི་ལྷ་ཡི་གནས་ནི་མི་ཡི་གནས་ལས་མཆོག་ཏུ་གྱུར་བར་འགྲོ་བར་འགྱུར་རོ། །དེ་ལྟར་ནའང་སྔགས་རིག་པ་དེ། རང་གི་མཐུ་ཡེ་ཤེས་པས་རྒྱུད་གསལ་བར་གྱུར་པའི་ཕྱིར་བག་མེད་པར་འདོད་པས་མྱོས་ནས་སྔགས་ཀྱི་བརྩོན་པ་གཏོང་བར་མི་འགྱུར་རོ། །དེ་ལྟར་གནས་སྐབས་སུ་ལུས་སེམས་བདེ་ཞིང་སྐྱིད་པའི་དབང་ཕྱུག་ལ་ལོངས་སྤྱོད་བཞིན། སྔགས་ཀྱི་ལམ་ལ་བརྩོན་པ་མ་བཏང་བར་བྱས་པའི་མཐར་ཐུག་གི་འབྲས་བུ་ནི། སངས་རྒྱས་རྡོ་རྗེ་ལྟ་བའི་སྐུ་ཅན་གྱི་གསང་བའི་མཆོག་སྐུ་གསུང་ཐུགས་ཀྱི་འབྱོར་པ་མི་ཟད་པ། དག་ཅིང་ཚངས་པ་མཆོག་གི་གོ་འཕང་འཁོར་བའི་ཉེས་པའི་སྐྱོན་མེད་པ་གང་ཡིན་པ། རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་ཚད་མེད་པ་གང་ཞིག་ཐོབ་ནས། གཏན་བདེར་འགྱུར་བ་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་རྒྱལ་བ་བཞིན་དུའོ། །དེའི་ཕྱིར་སྔགས་སྒྲུབ་པ་ནི་ཕན་ཡོན་དང་དགོས་པ་ཤིན་ཏུ་ཆེ་བའི་ཕྱིར་ན། སྔགས་བསྒྲུབ་པ་ལ་གཅིག་ཏུ་སྤྲོ་ཞིང་ལུས་སེམས་སྟོབས་དང་ལྡན་པར་ནི། བཟླས་བརྗོད་དང་བསམ་གཏན་དཀའ་ཐུབ་ཀྱི་གནས་ལ་བརྩོན་པ་བརྟེན་པའི་མིས་གསང་སྔགས་ཀྱི་རང་བཞིན་མེ་ལྟ་བུ་ཡིས་ནི། སྔོན་གྱི་ཚེ་རབས་བརྒྱུད་མ་ནས་བྱས་པའི་སྡིག་པ་ཐམས་ཅད་བསྲེག་པར་བྱའོ། །དེ་ཡང་སྔོན་གྱི་ཚེ་རབས་རྣམས་སུ་བྱས་པའི་མི་དགེ་བ་དང་ཉོན་མོངས་པའི་དབང་གིས་ཕལ་ཆེར་སྔགས་བསྒྲུབ་ན་ཡང་སེམས་ལས་རུ་མི་རུང་བ་དང་། ནད་དང་གདོན་སོགས་རྐྱེན་སྣ་ཚོགས་པས་གེགས་བྱེད་པ་འབྱུང་ན་ཡང་། སྔགས་ལ་བརྩོན་པ་མ་བཏང་ན་སྡིག་པ་རྣམས་ཀྱང་རིམ་པས་བྱང་བར་འགྱུར་ལ། བསམ་གཏན་ལ་བརྩོན་པ་ལུས་སེམས་ཤིན་ཏུ་སྦྱང་བ་འཐོབ་པར་འགྱུར་ཏེ། འདི་ལྟར་གནས་དང་ཁ་ཟས་དང་གྲང་བ་ཆར་དང་རླུང་དང་ཚ་བ་རྣམས་ལ་ལུས་ཀྱིས་བཟོད་ཅིང་སེམས་ཀྱིས་ཅི་མི་སྙམ་པར་ནམ་ཞིག་འགྱུར་ན་དེ་ཡི་ཚེ་སྔགས་བསྒྲུབ་པའི་ལས་ཀྱི་འབྲས་བུ་ཆུད་མི་ཟ་བར་ཉམས་སུ་མྱོང་བར་ངེས་པར་འགྱུར་རོ། །འདི་ནི་གཙོ་བོར་ལུས་ཀྱི་ངང་བརྟན་པར་གྱུར་པའི་ཡོན་ཏན་ནོ། །ཡིད་ཀྱི་ཡོན་ཏན་སྔགས་ཟླ་བའི་ཚེ་བཟླ་བྱའི་སྔགས་ཀྱི་སྒྲའམ་ཡང་ན་ལྷའི་གཟུགས་ལའང་གང་བརྩོན་པའམ་དམིགས་པའི་ཚེ་ན་ནི་མི་རྨོངས་པ་སྟེ་རང་བྱན་ཚུད་པའི་ཤེར་ཏིང་གསལ་བ་ན་སྔགས་ཉེ་བར་གྱུར་པ་དེ་ཤེས་པར་བྱའོ། །སྔགས་ལ་བརྩོན་པའི་དཀའ་ཐུབ་ཅན་གྱིས་ཕྱི་དང་ནང་གི་ཉེ་བར་འཚེ་བའི་གནོད་པ་སྤངས་ཏེ་དེ་དག་གིས་མི་གནོད་ལ། སྒྲུབ་པ་པོ་གང་ཞིག་མཐོང་བ་ཙམ་གྱིས་ནི། མི་དང་མི་མིན་སྦྲུལ་དང་གཅན་གཟན་སོགས་སེམས་ཅན་ཐམས་ཅད་བྱམས་པར་འགྱུར་བ་དེ་ནི་དངོས་གྲུབ་ཉེ་བར་འགྱུར་བ་ཡིན་ནོ། །གཞན་ཐམས་ཅད་བྱམས་པས་ན་དེ་ལ་འགལ་བར་བྱེད་པའི་བགེགས་རྣམས་ཐམས་ཅད་ཀྱང་རྣམ་པར་སྤངས་ཏེ་མི་འབྱུང་བ་ཡིན་ནོ། །དེ་ལྟ་ན་བསྲུང་བ་སོགས་མི་དགོས་སམ་ཞེ་ན། བདེ་བ་དང་ནི་སྡུག་བསྔལ་གྱི་ལས་སྣང་གི་མཐའ་ལ་སྤྱོད་པ་དང་། བདེ་བ་ལ་འདོད་པ་དང་སྡུག་བསྔལ་ལ་ཁྲོ་བ་དང་། དགྲ་སོགས་ཀྱིས་འཇིགས་པ་དང་ནད་དང་འཆི་བ་དང་གནོད་པ་སྣ་ཚོགས་པ་དག་གི་རྒྱུ་ནི་ནང་རང་གི་རྒྱུད་ཀྱི་བག་ཆགས་ཡིན་ལ་དེ་ནི་སྔགས་པ་གང་ཞིག་གནས་སྐབས་སུ་གནོད་པ་སྣ་ཚོགས་དང་བྲལ་བ་རྣམས་ལའང་ཡོད་པས། གནོད་པ་སྲུང་ཞིང་བསལ་བའི་ལས་ལ་བརྩོན་པ་ནི་དགོས་པ་ཡོད་དོ། །ནང་གི་རྒྱུ་དེ་རྐྱེན་དང་ཕྲད་ན་བར་དུ་གཅོད་པའི་བགེགས་དང་གེགས་སུ་གྱུར་པ་འབྱུང་སྲིད་པའི་ཕྱིར་རོ། །ནམ་ཞིག་སྔགས་ཤིན་ཏུ་ཉེ་བར་གྱུར་པ་དེའི་ཚེ་ན། ད་ལྟའི་དུས་ཚོད་དང་ཡུལ་དང་བྱ་བའི་ཁྱད་པར་དང་། སྔོན་གྱི་ལས་ཆོས་མིན་གྱི་འབྲས་བུ་སྨིན་པ་ལ། དེ་ཚེ་སྔགས་པ་ཅུང་ཟད་ཀྱང་མི་ལྟོས་སོ། །རིག་སྔགས་ཉེར་གྱུར་འདོད་པ་སྟེ་ཉེ་བར་གྱུར་ནས་རིག་སྔགས་གྲུབ་འདོད་པ་སྟེ་གྲུབ་ཏུ་ཆ་བ་དང་རལ་གྲི་སོགས་ཀྱི་དངོས་གྲུབ་པ་དང་ནི་དེ་བཞིན་དུ་མཆོག་ཐོབ་པ་དེ་ཡི་ཚེ་ན་སྔར་ཉེས་པ་སྟོང་དག་བྱས་པ་ཡིན་ན་ཡང་། བཟོད་པར་འགྱུར་བར་དོགས་པ་མེད་དེ། སྐབས་འདིར་དངོས་གྲུབ་ཐོབ་པ་ལ་སྔར་གྱི་ཉེས་པས་ཅུང་ཟད་གཡོ་བར་མི་ནུས་སོ། །དེ་ལྟར་ན་སྔོན་གྱི་ལས་དང་ད་ལྟའི་དུས་སོགས་རྐྱེན་རྣམས་ཀྱིས་དངོས་གྲུབ་ཐོབ་པའི་ཚོགས་པ་ཚང་པ་ལ་གེགས་བྱེད་པ་ཡིན་ནའང་རིག་སྔགས་ཉེ་ཞིང་དངོས་གྲུབ་ཀྱི་ཚོགས་པ་ཚང་ནས་ནུས་པ་མཐུ་ཅན་ཐོགས་མར་གྱུར་པའི་ཚེ་སྔགས་ཀྱི་ནུས་པ་མཐུ་ཆེ་བས་སུས་ཀྱང་བརྫི་མི་ནུས་ཏེ། ནོར་བུ་འབད་པས་བཙལ་བ་རྙེད་པར་གྱུར་ན་འདོད་པ་ཅི་དགར་བྱིན་པ་ལྟ་བུ་ཡིན་པས་གཞན་ལ་ལྟོས་པ་མེད་པའི་ཕྱིར་སྔགས་ཉེ་བའི་མཚན་མ་བརྟན་པོ་ཐོབ་པ་ན་སྒྲུབ་པ་བརྩམ་པར་བྱ་སྟེ་དུས་ལ་ལྟོས་པ་མེད་དོ། །དངོས་གྲུབ་ཐོབ་པ་དེ་ཡང་། རིགས་ལས་བྱུང་བའི་དངོས་གྲུབ་དང་རྫས་ལས་བྱུང་བའི་དངོས་གྲུབ་གཉིས་སུ་དབྱེ་བ་ཡོད་དོ། །རིགས་ལས་བྱུང་བ་ཞེས་པ་དངོས་གྲུབ་ཀྱི་རྫས་ལ་མ་བརྟེན་པར་ཡང་། མངོན་ཤེས་སམ་ལྷ་སོགས་དང་སྐལ་བ་མཉམ་པའི་དངོས་གྲུབ་ཐོབ་པ་ལ་སོགས་པ་ནི་ལྷ་ཉིད་ལས་ཐོབ་པས་རིགས་བྱུང་ཞེས་བྱ་ལ། རལ་གྲི་དང་མིག་སྨན་སོགས་གྲུབ་པ་ནི་རྫས་ལས་བྱུང་བ་ཡིན་པ་དང་། གཞན་ཡང་བཅུད་ཀྱིས་ལེན་པའི་སྨན་གྱིས་ཡང་ནི་ལུས་ཅན་ལ། གསང་སྔགས་ཉེ་བར་གྱུར་པ་དང་སྔགས་མངོན་དུ་གྲུབ་པ་ནི། གྲུབ་པ་རབ་འབྲིང་ཐ་མ་གང་གྲུབ་ཀྱང་། དེ་དང་ལྟར་སྔགས་པས་སྤྱད་དུ་བྱུང་བའི་ཚུལ་གྱིས་རང་དབང་དུ་གྱུར་པར་བྱེད་ཅིང་རྟག་པར་ལོངས་སྤྱོད་པར་འགྱུར་རོ། །བཞི་པ་མཇུག་གི་དོན་ནི་བསམ་གཏན་ཕྱི་མ་རིམ་པར་ཕྱེ་བ་རྫོགས་སོ། །ཤྭ་ལོ་ཀ་ལྔ་བཅུ་རྩ་གསུམ་མོ་ཞེས། བོད་སྐད་དུ་བསྟན་པ་སྔ་དར་གྱི་དུས་སུ་བསྒྱུར་བའོ། །བསམ་གཏན་ཕྱི་མའི་རྒྱུད་ཀྱི་དོན་རྒྱ་ཆེར་བཤད་པ་མཁས་ཤིང་དངོས་གྲུབ་བརྙེས་པའི་སློབ་དཔོན་སྔགས་ཕྱི་རྒྱུད་ཀྱི་ཤིང་རྟ་ཆེན་པོ་སངས་རྒྱས་གསང་བས་མཛད་པ་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱིས་འགྱུར་བ་ཉིད་ལ་བརྟེན་ནས་འགྲེལ་པ་རིགས་སྔགས་འཛིན་པའི་ཡིད་ཀྱི་འདོད་འཇོ་ཞེས་བྱ་བ་འདི་ཉིད་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཞེས་བྱ་བས་རབ་ཚེས་མེ་ལུག་ཆུ་སྟོད་ཟླ་བའི་ཚེས་ཉི་ཤུ་ལ་མགོ་བརྩམ་ནས་ཕྱི་ཉིན་ཉེར་གཅིག་པའི་སྔ་དྲོར་གྲུབ་པར་བྱས་པ་འདིས་སྔགས་སྒྲུབ་པ་རྣམས་ཀྱི་རེ་བ་ཡིད་བཞིན་དུ་སྐོང་བ་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་རྣམ་གཉིས་ཀྱི་དཔལ་སྦྱིན་པར་གྱུར་ཅིག །རིག་སྔགས་བཟླས་བརྗོད་བྱེད་པར་འདོད་པ་ལ། །ཐབས་འདི་རེ་བ་ཡིད་བཞིན་སྐོང་བ་ཡི། །རིན་ཆེན་དབང་གི་རྒྱལ་པོ་ལས་ལྷག་པས། །སྔགས་འཛིན་རྣམས་ཀྱི་སྙིང་དབུས་དགའ་སྟོན་མཛོད། །ཅེས་སྨྲས་སོ།། །།མངྒ་ལཾ།། ༈ །།མེ་གླང་ལོར་སྐྱབས་རྗེ་མཁྱེན་སྦྲུལ་རིན་པོ་ཆེས་འདི་དག་སྤར་དུ་བཀོད་དགོས་པའི་བཀའི་ཅོད་པན་སྤྱི་བོར་འཆང་སྟེ། ངེས་སྒྲོན། བསམ་མཆན་བཅས་འཕྲུལ་སྤར་སྒྲོས་གཙང་ལེགས་པར་བགྱིས་པའི་བསོད་ནམས་དཔག་ཡས་ག ང་དེས་བསྟན་པ་མཆོད་ཡོན་ཟུང་གི་ཞབས་པད་བརྟན་ཅིང་། མཛད་འཕྲིན་སྣང་བ་དཀར་པོས་ཡོངས་སུ་སྐྱོང་བས་འགྲོ་རྣམས་བདེ་དགའི་དཔལ་གྱིས་འཚོ་བ་དང་། བདག་ཀྱང་སྐྱེ་བའི་ཕྲེང་བར་རྒྱལ་བའི་ཆོས་མཛོད་འཛིན་སྐྱོང་སྤེལ་ལ་ནམ་ཡང་མི་ངལ་བ་འདི་ལྟར། མི་ཕམ་འཇམ་པའི་དབྱངས་ཀྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཅེས་སྤར་དཔོན་བླ་མིང་ཏིང་འཛིན་ཆོས་གྲགས་ཀྱིས་དགེ་རྩ་དང་འབྲེལ་བའི་སྨོན་ལམ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ། དགེ་འོ། །སརྦ་མངྒ་ལཾ།། །།