Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ལྔ་བཅུ་པ།


   
   
   
ངེས་དོན་སྙིང་པོའི་གནད་མདོར་བསྡུས་པ་རིན་པོ་ཆེའི་སྒྲོན་མེ།
   
   
   
   
   
   
   
   
   
   


 
previousངེས་དོན་སྙིང་པོའི་གནད་མདོར་བསྡུས་པ་རིན་པོ་ཆེའི་སྒྲོན་མེ།next

ངེས་དོན་སྙིང་པོའི་གནད་མདོར་བསྡུས་པ་རིན་པོ་ཆེའི་སྒྲོན་མེ།

ར ཏྣ དཱི བཾ ནུ ནི ས རྠ ག རྦྷ མ ཏྨ སཾ ཀྵི སྟ ན མ བི ཧ ར ཏི སྨ།
ངེས་དོན་སྙིང་པོའི་གནད་མདོར་བསྡུས་པ་རིན་པོ་ཆེའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། སེམས་ཀྱི་རང་བཞིན་འོད་གསལ་བ། །རང་བྱུང་ཟག་མེད་བདེ་བ་ཆེ། །བདེ་གཤེགས་སྙིང་པོ་ལ་བཏུད་ནས། །ངེས་དོན་སྙིང་པོ་མདོ་ཙམ་བཤད། །འདིར་ངེས་དོན་སྙིང་པོའི་གནད་མདོར་བསྡུ་ན། །གདོད་མའི་འོད་གསལ་བདེ་གཤེགས་སྙིང་པོ་ནི། །འཁོར་འདས་ཀུན་གྱི་སྤྱི་གཞིར་གནས་ཏེ། རང་གི་ངོ་བོ་ལ་གྲོལ་འཁྲུལ་གང་ཡང་མེད་མོད། །དེ་ཉིད་ངང་ངམ་རྩལ་ལས་རང་ངོ་རང་གིས་རིག་དང་མ་རིག་པའི་དབང་གིས་འཁོར་འདས་གཉིས་གསར་དུ་བྱུང་བ་སྟེ། རྒྱུད་རང་ཤར་ལས། ང་མེད་པ་ཡི་སྔོན་རོལ་དུ། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །ལམ་དང་འབྲས་བུ་ག་ལ་ཡོད། །ང་ལས་མ་བྱུང་གཅིག་ཀྱང་མེད། །ང་ནི་སྟོང་པ་ཆེན་པོའོ། །ཞེས་སོགས་དང་། པདྨ་དབང་ཆེན་བདེ་གཤེགས་སྤྱི་དྲིལ་ལས། །ཀུན་ནས་ཉོན་མོངས་འཁོར་བའི་ཆོས། །རྣམ་པར་བྱང་བ་མྱ་ངན་འདས། །རྩ་བ་སེམས་ཀྱི་ཆོས་ཉིད་འདུས། །སེམས་ནི་རང་བཞིན་འོད་གསལ་བ། །མ་མཛད་མ་བཅོས་ལྷུན་གྱིས་གྲུབ། །ཅེས་དང་། སྙིང་པོ་རབ་ཏུ་བསྟན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་དང་། དབུས་མཐའ་ལས། འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདི་གློ་བུར་བྱུང་བ་སྟེ། །ཞེས་དང་། དབུ་མ་ཆོས་དབྱིངས་བསྟོད་པ་ལས། །གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བར་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཉིད་དེ་ཡིན་ནོ། །ཞེས་དང་། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་གསུངས། འདིའི་ངོ་བོ་ནི། ཡེ་ནས་གནས་པ། འགྱུར་བ་མེད་པ། རང་བཞིན་གྱིས་འོད་གསལ་བ། སྣང་ཆ་ནས་གཟུགས་སྐུ་མཚན་དཔེའི་འབྱུང་ཁུང་དང་། སྟོང་ཆ་ནས་ཆོས་སྐུ་སྤྲོས་མཚན་གྱི་མཐའ་ཀུན་བྲལ་བར་ཡེ་ནས་གནས་པ་ཉིད། ཡོན་ཏན་ལྷུན་གྱིས་གྲུབ་པས་ནོར་བུ་དང་། གཞན་དུ་མི་འགྱུར་བས་ནམ་མཁའ་དང་། ཡེ་ནས་རླན་ཞིང་ཁྱབ་པས་ཆུའི་དཔེ་སོགས་རྒྱུད་བླ་མར་གསུངས་པ་དང་། རྫོགས་ཆེན་དུ་གཞིའི་མཚོན་དཔེ། སྟོང་ལ་ཁྱབ་པས་ནམ་མཁའ། དྲི་མ་མེད་པས་མན་ཤེལ། འགྱུར་བ་མེད་པས་རྡོ་རྗེ། བྱིན་རླབས་འབྱུང་བས་ནོར་བུ། གསལ་ལ་མི་འགགས་པས་ཉི་མ་ལྟ་བུ་སོགས་རྒྱུད་ནས་གསུངས་པ་དོན་གྱི་གནད་གཅིག་པས། འདིའི་རང་རྩལ་ལས་ཕྱིར་མ་གཡོས་པའི་ཚེ་འཁྲུལ་པའང་མིན་ལ་གྲོལ་བའང་མིན་པས་གཞི་ཙམ་དུ་གནས་སོ། །དེའི་རང་རྩལ་ཕྱིར་གཡོས་པའི་ཚེ་རང་ངོ་རང་གིས་མ་རིག་པས་གཞིའི་གནས་ཚུལ་དང་མི་མཐུན་པར་ཐག་པ་ལ་སྦྲུལ་དུ་འཁྲུལ་པ་བཞིན་བློ་གཟུང་འཛིན་ཅན་དུ་ཤར་དུས་སེམས་སམ་རྣམ་ཤེས་ཞེས་བྱ་སྟེ་འཁྲུལ་པ་ཡིན་ཞིང་། དེས་འཁོར་བའི་བག་ཆགས་ཐམས་ཅད་འཛིན་ཞིང་སྡུད་པའི་གཞི་བྱེད་ལ། རྩལ་དེས་རང་ངོ་རང་གིས་རིག་སྟེ། ཐག་པ་ལ་ཐག་པར་མཐོང་བ་བཞིན་ཕྱིན་ཅི་མ་ལོག་པར་ཆོས་ཉིད་ཀྱི་གནས་ཚུལ་ཇི་ལྟ་བ་དང་མཐུན་པར་ཤར་དུས་རིག་པའམ་ཡེ་ཤེས་ཞེས་བྱ་སྟེ། དེས་མ་རིག་པ་དང་འཁོར་བའི་བག་ཆགས་ཐམས་ཅད་འཇོམ་པར་བྱེད་ཅིང་རྣམ་པར་གྲོལ་བར་བྱེད་པ་སྟེ། མུ་ཏིག་ཕྲེང་བ་ལས། འདི་ན་སྣ་ཚོགས་སྣང་བ་ཀུན། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ག་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་ཉིད། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །སྦྲུལ་མཐོང་དེ་ཉིད་མཐོང་བས་བདེན། །ཐག་མཐོང་ཡང་དག་ཉིད་དུ་བདེན། །དཔེར་ན་ཐོ་ལ་བྱ་གནས་བཞིན། །བདེན་པ་གཉིས་ཀྱི་རང་བཞིན་ནི། །འཇིག་རྟེན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་འབྲེལ་བ་མེད། །སྟོང་པ་ཉིད་ཀྱི་དབྱིངས་ལ་ནི། །དེ་ཡི་ངོ་བོར་ཐམས་ཅད་གྲོལ། །ཞེས་དང་། རིན་ཆེན་སྤུངས་པ་ལས། འཁྲུལ་མ་མྱོང་པའི་མ་རིག་རྩད། །མ་རྟགས་ཡེ་ནས་ཆོད་ནས་འདུག །གང་དུ་འདི་ཀུན་སུས་མ་ཚོར། །ཞེས་དང་། ཀླུ་སྒྲུབ་ཀྱིས། འཁོར་བ་རྣམ་རྟོག་ཙམ་ཉིད་དེ། །རྣམ་རྟོག་མེད་པ་ཐར་པ་ཡིན། །ཞེས་གསུངས་སོ། །དེས་ན་སེམས་རྣམ་ཤེས་ཚོགས་བརྒྱད་ཆོས་ཅན་དང་། དེའི་རང་བཞིན་ནམ་ཆོས་ཉིད་ཀྱི་ཡེ་ཤེས་ཉིད་ཐ་སྙད་དུ་གཅིག་མ་ཡིན་ཏེ། སེམས་རྟོགས་པ་ཙམ་གྱིས་སེམས་ཀྱི་ཡེ་ཤེས་ཆོས་ཉིད་མི་རྟོགས་པ་དང་། ངོ་བོ་འཁྲུལ་མ་འཁྲུལ་དང་། གཟུང་འཛིན་ཡོད་མེད་སོགས་ཀྱི་ཁྱད་པར་ཡོད་པའི་ཕྱིར། དོན་དམ་པར་ཐ་དད་པ་མ་ཡིན་ཏེ། སེམས་ཀྱི་རང་བཞིན་ཡེ་ཤེས་ཡིན་པ་དང་། ཡེ་ཤེས་རྟོགས་དུས་སེམས་ཀྱང་དེ་ལས་ཐ་དད་དུ་མ་དམིགས་པ་དང་། ཡེ་ཤེས་རྟོགས་ཚེ་སེམས་རང་གྲོལ་དུ་འཆར་བ་སོགས་ཀྱི་ཕྱིར། དེས་ན་དེ་གཉིས་གཅིག་ཐ་དད་གང་དུའང་ཁས་ལེན་པར་མི་བྱ་སྟེ། ཀུན་གསལ་ལས། སེམས་དང་ཡེ་ཤེས་རྣམ་པ་གཉིས། །གཅིག་མིན་ཐ་དད་མ་ཡིན་ཏེ། །དབྱེ་བ་རབ་ཏུ་དཀའ་བའི་ཆོས། །སེམས་ནི་ཡེ་ཤེས་རྩལ་ཡིན་ཏེ། །སེམས་ཀྱི་གཞི་མ་ཡེ་ཤེས་ཡིན། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། སེམས་ཀྱི་རང་བཞིན་ཤེས་པས་ནི། །ཕྱིར་ཡང་ཡེ་ཤེས་འབྱུང་བར་འགྱུར། །ཞེས་དང་། ས་ཆེན་གྱིས་མཛད་པའི་དབང་བཞི་ངོ་སྤྲོད་ལས། རང་བྱུང་ཡེ་ཤེས་སྐྱེས་པ་ལ། །རྟོག་པ་ཀུན་ཀྱང་ཡེ་ཤེས་སུ། །ངོ་བོ་ཉིད་ཀྱིས་འཆར་བ་ཡིན། །བསྒོམ་དང་མ་སྒོམ་གཉིས་སུ་མེད། །རྣམ་རྟོག་ཆོས་ཀྱི་དབྱིངས་སུ་ཐིམ། །རྟོག་པའི་དབང་དུ་འགྲོ་མི་སྲིད། །ཅེས་དང་། རྗེ་མི་ལས། དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང་། །ཞེས་གསུངས། གཞན་ཡང་དགོངས་པ་ངེས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཡང་ཞུགས་པ་ཡིན། །ཞེས་བདེན་གཉིས་གཅིག་པ་དང་ཐ་དད་པ་ལ་སྐྱོན་བཞི་བཞི་གསུངས་པ་ལྟ་བུ་སྟེ། གཞི་འདི་ལ་ཡེ་ཤེས་སུ་བཞག་པའང་། ཆོས་དབྱིངས་སྣང་སྟོང་ཟུང་འཇུག་ཡིན་པས་ན་སྟོང་རྐྱང་ཙམ་མིན་པར་རིག་གདངས་ཀྱི་ཆ་ཡོད་པ་དང་། རང་གི་ངོ་བོ་འཁྲུལ་གྲོལ་ལས་འདས་པ་དེ་ལས་མ་གཡོས་པ་ན་མ་འཁྲུལ་ཙམ་གྱི་ཆ་ནས་བཞག་གི། གཞི་ལས་རྩལ་ཤར་ཟིན་པའི་ཡེ་ཤེས་ཀྱིས་ཇི་བཞིན་པར་རྟོགས་ནས་གྲོལ་ཟིན་པའི་ཡེ་ཤེས་དང་ནོར་བར་མི་བྱ་ཞིང་། དེ་བཞིན་དུ་གདོད་མའི་གཞི་དབྱིངས་དང་། མཐར་ཐུག་གི་ཀ་དག་གྲོལ་ས་གཉིས་ཀྱང་དབྱིངས་སྣང་སྟོང་ཟུང་འཇུག་རང་བཞིན་འགྱུར་མེད་ཀྱི་ཆ་ནས་དབྱེར་མེད་ཡིན་གྱི། ཐ་སྙད་དུ་སླར་འཁྲུལ་གཞི་བྱེད་མི་བྱེད་དང་། རང་རྩལ་ཤེས་རབ་རྫོགས་མ་རྫོགས་དང་། ལྷན་ཅིག་སྐྱེས་པའི་མ་རིག་པའི་ས་བོན་སྤངས་མ་སྤང་སོགས་ཀྱི་ཁྱད་པར་ཆེའོ། །དེའི་ཕྱིར་གཞི་གནས་ཀྱི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་། དེ་ལས་ཤར་བའི་ཡེ་ཤེས་སློབ་ལམ་གྱིས་བསྡུས་པ་དང་། མཐར་ཕྱིན་འབྲས་བུའི་ཡེ་ཤེས་སངས་རྒྱས་ཀྱི་མཁྱེན་པ་གསུམ་ཡང་ཐ་སྙད་དུ་གཅིག་མ་ཡིན་ལ། དོན་དམ་པར་ཐ་དད་མ་ཡིན་ཏེ། རྩ་བ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་སུ་གཅིག་པའི་ཕྱིར། དེས་ན་ལམ་གྱི་སྐབས་ལྟ་བ་འཁོར་འདས་སམ་གཞི་འབྲས་དབྱེར་མེད་དུ་ཁས་ལེན་པའང་ཐོག་མའི་སྤྱི་གཞི་ཙམ་གྱི་ངོས་ནས་མ་ཡིན་ཏེ། དེའི་ཚེ་གྲོལ་འཁྲུལ་གཉིས་ཀ་མེད་པའི་ཕྱིར་སུ་ཞིག་ལ་ལྟོས་ནས་དབྱེར་མེད་བརྗོད། འོ་ན་གང་སྙམ་ན། རྩལ་ལས་ཤར་ཟིན་མ་དག་འཁྲུལ་པའི་ཕུང་ཁམས་སྐྱེ་མཆེད་སོགས་ཀྱི་ཆོས་འདི་རྣམས་གནས་ཚུལ་དག་པར་རབ་འབྱམས་སངས་རྒྱས་ཀྱིས་ཇི་ལྟར་གཟིགས་པ་བཞིན་བདེན་གཉིས་དབྱེར་མེད་མཉམ་པ་ཆེན་པོར་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་གཏན་ལ་ཕབ་ནས་ངོ་བོ་དབྱེར་མེད་དུ་ཁས་ལེན་པ་ཡིན་པས་དེ་ལྟར་ཤན་ཕྱེད་པ་གལ་ཆེའོ། །མདོར་ན་སྒྱུ་འཕྲུལ་གསང་སྙིང་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིང་མེད་དེ། །བཅིང་བར་བྱ་བར་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡི། །ནན་གྱིས་མཁའ་ལ་མདུད་པ་འདོར། །བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛོད། །ཅེས་དང་། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །མི་མཐུན་བདེ་སྡུག་མྱོང་བར་འགྱུར། །རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་གསུངས་པ་བཞིན་གཞི་ཡེ་ནས་འཆིང་གྲོལ་མེད་པའི་གནས་ལུགས་ཟབ་མོ་ཉིད་གཏན་ལ་མ་ཕེབས་ན་རྣམ་གྲོལ་མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་མི་ནུས་པའི་ཕྱིར། དོན་གྱི་གནས་འདི་ལ་ངེས་དོན་གྱི་མདོ་རྒྱུད་བསྟན་བཅོས་ཐམས་ཅད་དགོངས་པ་མཐུན་པས་དེའི་ཚུལ་ནི་ད་ལྟ་རྩལ་ལས་ཤར་ཟིན་གྱི་འཁྲུལ་པའི་སྐབས་དྲི་མས་བསྒྲིབས་པའི་དུས་ཉིད་ནའང་གཞི་རང་གི་ངོ་བོ་ལ་ནི་དྲི་མ་མེད་པས་རང་བཞིན་རྣམ་དག་ཆེན་པོའམ་སེམས་ཀྱི་རང་བཞིན་འོད་གསལ་བ་ཞེས་བྱ་སྟེ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། པདྨ་འདམ་གྱིས་མ་གོས་ལྟར། །བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །གཟུང་འཛིན་དྲི་མ་གཞི་ལ་མེད། །དེ་ཕྱིར་རང་བྱུང་སྙིང་པོ་འདི། །སུས་ཀྱང་མ་བྱས་བཟོ་བཅོས་མིན། །རང་བྱུང་རིག་པའི་རྒྱལ་པོ་ཡིན། །ཞེས་དང་། རང་ཤར་ལས། འགྱུར་མེད་བྱང་ཆུབ་སེམས་ལ་འཁྲུལ་བ་ག་ལ་ཡོད། །འཁྲུལ་མེད་བྱང་ཆུབ་སེམས་ནི་འགྲོ་བ་ཡོངས་ལ་ཁྱབ། །བྱང་ཆུབ་སྙིང་པོ་སངས་རྒྱས་ཀུན་དང་མཉམ། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཅི་སྟེ་ནམ་མཁའ་ཉོན་མོངས་བྱ་བར་ནུས། །དེ་ལ་རྗེས་ཀྱང་བསྟན་པར་ནུས་སྲིད་ཀྱི། །རང་བཞིན་འོད་གསལ་རྫོགས་པའི་བྱང་ཆུབ་སེམས། །དེ་ནི་ནམ་ཡང་ཉོན་མོངས་བྱ་མི་ནུས། །ཞེས་དང་། མདོ་སྡེ་རྒྱན་ལས། སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་འདོད། །དེ་ནི་གློ་བུར་ཉེས་པས་མ་རུང་བྱས། །ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་དང་། རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་དང་། བསྟོད་པར། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་གསུངས། འདིའི་སྣང་ཆ་ནས་གཟུགས་སྐུའི་ཡོན་ཏན་དང་། སྟོང་ཆ་ནས་ཆོས་སྐུའི་ཡོན་ཏན་རྫོགས་པར་ལྡན་ཡང་། ད་ལྟ་སེམས་ཅན་གྱི་སྐབས་དྲི་མས་བསྒྲིབས་ཏེ་མངོན་སུམ་མི་སྣང་བའི་ཆ་ནས་ཁམས་སམ་རིགས་དང་། སངས་རྒྱས་པའི་ཚེ་དྲི་མ་མཐའ་དག་དང་བྲལ་དུས་བྱང་ཆུབ་ཅེས་བརྗོད་ཀྱང་། ངོ་བོ་སེམས་ཉིད་ཀྱི་ནུས་པ་རྫོགས་པར་སྣང་མི་སྣང་ཙམ་ལས་སྔར་མེད་གསར་སྐྱེར་འདོད་པ་ནི་མིན་ཏེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་དང་། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པ་ཆོས་ཉིད་དོ། །ཅེས་དང་། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ཆོས་སྐུ་རང་བྱུང་ཡེ་ཤེས་ལ། །རྒྱུ་རྐྱེན་མེད་པས་འདུས་བྱས་མེད། །ཅེས་དང་། འཁོར་ལོ་སྡོམ་པ་ལས། རང་བཞིན་ལྷུན་གྱིས་གྲུབ་པ་ལ། །རྒྱུ་དང་རྐྱེན་གྱིས་བསྐྱེད་པ་འཁྲུལ། །ཞེས་གསུངས། དེ་ལ་འཁོར་ཆོས་ལས་དང་ཉོན་མོངས་པ་རྣམས་རྟེན་པ་མེད་པའི་ཚུལ་གྱིས་བརྟེན་པ་ནི། ཉི་མཁའི་ངོས་སྤྲིན་བརྟེན་པ་ལྟར། །གཞི་ལ་མ་རེག་མ་འབྱར་ལ་དེའི་ངང་དུ་གནས་པ་སྟེ། དོན་ལ་རང་བཞིན་མེད་པས་རྟེན་བརྟེན་པར་མ་གྲུབ་བཞིན་བརྟེན་པར་བཏགས་པ་སྟེ། རྒྱུད་བླ་མར། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་བརྟེན། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་དང་། བསྟོད་པར། དྲི་མེད་ཉི་མ་ཟླ་བ་ཡང་། །སྤྲིན་དང་ཁུག་སྣ་དུ་བ་དང་། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་འགྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང་། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་འགྱུར། །ཞེས་གསུངས། མདོར་ན་རྩ་ཤེར་ལས། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་གསུངས་པ་བཞིན་དོན་དུ་མེད་སྣང་གློ་བུར་བ་ཟག་བཅས་ལས་ཉོན་སོགས་འཁོར་བའི་ཆོས་འདི་རྣམས་གང་ལས་བྱུང་ན། ཐོག་མེད་ནས་གཟུང་འཛིན་རྣམ་རྟོག་གི་སྤྲོས་པའི་བག་ཆགས་ལས་བྱུང་ཞིང་། སྤྲོས་པ་དེ་གང་ལས་བྱུང་ན་སེམས་ལས་བྱུང་། སེམས་ནི་ད་ལྟའི་སེམས་གཟུང་འཛིན་གྱི་རྣམ་པར་ཤར་བ་འདི་ཡིན་པས། འདི་གང་ལས་བྱུང་ན་གདོད་མའི་འོད་གསལ་ཆེན་པོའི་རྩལ་ལ་བདག་ཏུ་ཞེན་པ་ལས་བྱུང་ཞིང་། གདོད་མའི་འོད་གསལ་ཆེན་པོ་ནི་ཟུང་འཇུག་སྤྲོས་པ་དང་བྲལ་བས་གང་ལའང་མི་གནས་ཤིང་གང་ཡང་ཕྱོགས་སུ་ལྷུང་བ་མེད་པས། ཆོས་ཐམས་ཅད་དེའི་ངང་ལས་བྱུང་། ངང་དུ་གནས། དེའི་ངང་དུ་ཐིམ་པས་འཁྲུལ་པའི་ཕུ་ཐག་ཆོད་པ་འདི་རང་བཞིན་རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན་ལ། དེ་ཉིད་ཤིན་ཏུ་གསལ་བར་གོ་བདེར་བརྗོད་ན། ཡེ་ཐོག་གཞི་ཡི་གནས་ལུགས་སམ་འོད་གསལ་ནི་རྟོགས་ཟིན་འཁྲུལ་ཟིན་གཉིས་ཀ་མིན་པས་གཞི་དབྱིངས་ལུང་མ་བསྟན་ཞེས་བྱ་སྟེ་དཔེ་འཆི་བའི་འོད་གསལ་བཞིན་ནོ། །དེ་ཡང་སེམས་ཅན་རྣམས་འཆི་བའི་ཚེ་སྣང་གསུམ་མཐའི་ཉེར་ཐོབ་འོད་གསལ་ལ་ཐིམ་པའི་སྐབས་སུ་ཤར་བའི་འོད་གསལ་དེའི་རང་གི་ངོ་བོ་ནི་དྭངས་གསལ་སྒྲིབ་གཡོག་དང་བྲལ་བ་བསྟོན་གནམ་དྭངས་བ་ལྟ་བུ་སྟེ། དེའི་ཚེ་འཁྲུལ་སེམས་གཟུང་འཛིན་གྱི་ཀུན་རྟོག་རགས་ཕྲ་རྣམས་ནི་ཆོས་ཉིད་ཀྱི་རྩལ་གཞི་ཐིམ་དུ་སོང་བས་དེའི་དུས་ན་མེད་པའི་ཕྱིར་རོ། །འོན་ཀྱང་ཕལ་པ་རྣམས་ལ་ལམ་རྐྱེན་མེད་པས་འོད་གསལ་དེའི་རང་རྩལ་ཡེ་ཤེས་ནི་མ་ཤར་བས། ཡུལ་འོད་གསལ་ཡོད་ཀྱང་ཡུལ་ཅན་མེད་པས་སུ་ཞིག་གིས་ངོས་ཟིན། དེ་ལྟར་ངོས་མ་ཟིན་པའི་ཆ་ནས་སེམས་མེད་མུན་པའི་གནས་སྐབས་སམ་བརྒྱལ་བ་ཞེས་བྱ་སྟེ། འོད་གསལ་རང་གི་ངོ་བོ་ནི་ནག་ཐོམ་ལུང་མ་བསྟན་བརྒྱལ་བ་ལྟ་བུ་མིན་ནོ། །དེ་ལས་རིམ་པ་སྔོན་གྱི་བག་ཆགས་ཀྱི་དབང་གིས་སྣང་གསུམ་ཕྲ་བ་ནས་ཇེ་རགས་སུ་ཤར་ནས་བར་དོའི་ཡིད་ལུས་རྨི་ལམ་གྱི་སྣང་བ་ལྟར་འཆར་ཏེ། འདིས་སེམས་ཅན་རྣམས་གདོད་མའི་གཞི་ལས་འཁྲུལ་ཚུལ་མཚོན་ནུས། ཡང་ད་ལྟར་འོད་གསལ་ཟིན་པ་རྣམས་སྔར་བླ་མས་ངོ་སྤྲོད་པའི་སེམས་ཀྱི་ཆོས་ཉིད་རིག་སྟོང་རྗེན་པ་ལ་ཡང་ཡང་གོམས་པར་བྱས་པའི་ལམ་གྱི་འོད་གསལ་ལྟ་བུ་དེས། དེ་དུས་ཤར་བའི་གཞིའི་འོད་གསལ་མ་ལྟ་བུ་དེ་ངོས་ཟིན་ནས་བར་དོ་མེད་པར་ཡར་གྱི་ཟང་ཐལ་དུ་གྲོལ་བར་བྱེད་པ་དེ་འདིས་གདོད་མའི་གཞི་ལས་གཞི་སྣང་གཡོས་ཚེ་ཀུན་ཏུ་བཟང་པོའི་ཤེས་རབ་རང་བྱུང་གི་ཡེ་ཤེས་ཀྱིས་རང་ངོ་རང་གིས་རིག་སྟེ་གཞི་གནས་ལྷན་སྐྱེས་ཀྱི་མ་རིག་པ་བཅོམ་ནས་ནང་དབྱིངས་འོད་གསལ་ཆེན་པོ་ཀ་དག་གི་གྲོལ་སར་མངོན་པར་བྱང་ཆུབ་སྟེ་འགྲོ་བ་རྣམས་ལ་ཐོག་མའི་ལམ་སྟོན་པ་པོར་བྱུང་ཚུལ་ཡང་མཚོན་ནུས་ཤིང་། དེ་ལྟར་སེམས་ཡེ་ཤེས་སུ་གནས་གྱུར་པའམ་སེམས་འགག་པའི་སྤངས་པ་དེ་སླར་མི་ལྡོག་པ་ནི་བློ་གཉེན་པོའི་ངང་ཚུལ་དང་བྲལ་མི་རུང་བའི་ཕྱིར་དང་། དེ་ལ་ཟློག་བྱེད་ཀྱི་རྐྱེན་གཞན་མེད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་དང་། འཚེ་བ་མེད་དང་ཡང་དག་དོན། །རང་བཞིན་ལ་ནི་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་ཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་གསུངས་པ་བཞིན་ནོ། །གདོད་མའི་དབྱིངས་ལས་ཐུགས་རྗེའི་རྩལ་གཡོ་ཚུལ་ཡང་། ད་ལྟའི་རང་སེམས་ཀྱི་འཆར་སྒོ་སྣ་ཚོགས་པ་འདི་ལ་བྱུང་གནས་འགྲོ་གསུམ་གྱི་མཐའ་ལེགས་པར་བརྟགས་ན་གང་ནས་ཀྱང་མ་བྱུང་། གར་ཡང་མི་གནས། གང་དུའང་མི་འགྲོ་སྟེ་སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་ལས་བྱུང་ཞིང་། དེར་གནས། དེར་ཐིམ་པའི་ཚུལ་འདིས་ཤེས་ཏེ། སེམས་ཀྱི་ཆོས་ཉིད་ནི་ཡེ་ནས་འཆིང་གྲོལ་ལས་འདས་པའི་རང་བཞིན་མཉམ་པ་ཉིད་ངོ་བོ་དུས་གསུམ་འཕོ་འགྱུར་དང་བྲལ་བའི་ཟག་མེད་འདུས་མ་བྱས་འདི་ཡིན་པས་ན། ད་ལྟའི་རང་སེམས་སྐད་ཅིག་མ་འདིའི་སྟེང་ནས་འཁོར་འདས་གྲོལ་འཁྲུལ་ཐམས་ཅད་ཀྱི་ཕུག་ཆོད་དགོས་ཀྱི་དེ་ལས་གཞན་དུ་ཆོད་ཐབས་མེད་དོ། །དེས་ན་ད་ལྟ་ནས་སེམས་ཉིད་རྫོགས་པ་ཆེན་པོ་རིག་སྟོང་མཉམ་པ་ཉིད་ཀྱི་དོན་ངོས་ཟིན་པར་བྱས་ནས་ཡང་ཡང་གོམས་པར་བྱ་བ་ནི་ཅིས་ཀྱང་གལ་ཆེ་ཞིང་འདི་ཉིད་རྫོགས་རིམ་ཀུན་གྱི་བླ་མར་གྱུར་པའི་གནད་ཀྱང་དེ་ཡིན་ནོ། །མདོར་ན་ཀུན་བཟང་སྨོན་ལམ་ལས། སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ གཞི་གཅིག་ལམ་གཉིས་འབྲས་བུ་གཉིས༔ རིག་དང་མ་རིག་ཆོ་འཕྲུལ་ཏེ༔ ཞེས་དང་། ཀུན་གྱི་གཞི་ནི་འདུས་མ་བྱས༔ རང་བྱུང་ཀློང་ཡངས་བརྗོད་དུ་མེད༔ འཁོར་འདས་གཉིས་ཀའི་མིང་མེད་དོ༔ དེ་ཉིད་རིག་ནས་སངས་རྒྱས་ཏེ༔ མ་རིག་སེམས་ཅན་འཁོར་བར་འཁྱམས༔ ཞེས་དང་། ཀུན་ཏུ་བཟང་པོ་ང་ཡིས་ཀྱང༔ རྒྱུ་རྐྱེན་མེད་པར་གཞི་ཡི་དོན༔ དེ་ཉིད་གཞི་ལ་རང་བྱུང་རིག༔ ཕྱི་ནང་སྒྲོ་སྐུར་སྐྱོན་མ་བཏགས༔ དྲན་མེད་མུན་པའི་སྒྲིབ་མ་གོས༔ དེ་ཕྱིར་རང་སྣང་སྐྱོན་མ་གོས༔ ཞེས་དང་། དང་པོ་སེམས་ཅན་འཁྲུལ་པ་ཀུན༔ གཞི་ལ་རིག་པ་མ་ཤར་བས༔ ཅི་ཡང་དྲན་མེད་ཐོམ་མེ་བ༔ དེ་ཀ་མ་རིག་འཁྲུལ་པའི་རྒྱུ༔ དེ་ལ་ཧད་ཀྱིས་བརྒྱལ་བ་ལས༔ དངངས་སྐྲག་ཤེས་པ་ཟ་ཟི་འབྱུང༔ དེ་ལས་བདག་གཞན་དགྲ་འཛིན་སྐྱེས༔ བག་ཆགས་རིམ་བཞིན་བརྟས་པ་ལས༔ འཁོར་བ་ལུགས་སུ་འཇུག་པ་འབྱུང༔ ཞེས་སོགས་རྒྱས་པར་གསུངས་པ་བཞིན་ནོ། །མྱ་ངན་ལས་འདས་པའི་ཆོས་སྐུ་ཡེ་ཤེས་སོགས་ནི་ནམ་མཁའ་གོ་འབྱེད་དང་། ཉི་མ་ལ་ཟེར་བཞིན་འོད་གསལ་བའི་དབྱིངས་ལ་ནམ་ཡང་འབྲལ་མི་ཤེས་པའི་ཆོས་ཉིད་ཀྱི་ཚུལ་དུ་དབྱེར་མེད་པར་བརྟེན་ཏེ། རྒྱུད་བླ་མར། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱི་སྟོང་མ་ཡིན། །ཞེས་དང་། རང་ཤར་ལས། རང་རིག་སྒྲོན་མ་རང་སྣང་འོད་ཀྱི་ཡུལ། །རང་ལ་གནས་ཏེ་རང་གསང་ཐབས་ཀྱིས་ཆོད། །དུས་གསུམ་སངས་རྒྱས་དགོངས་པའི་མཆོག་དོན་ཡིན། །སངས་རྒྱས་ཀུན་དང་མི་གཡོ་མཉམ་པར་གནས། །ཞེས་དང་། ཀུན་སྨོན་ལས། རིག་པའི་གསལ་ཆ་མ་འགགས་པ༔ ངོ་བོ་གཅིག་ལ་ཡེ་ཤེས་ལྔ༔ ཡེ་ཤེས་ལྔ་པོ་སྨིན་པ་ལས༔ ཐོག་མའི་སངས་རྒྱས་རིགས་ལྔ་འབྱུང༔ དེ་ལས་ཡེ་ཤེས་མཐའ་རྒྱས་པས༔ སངས་རྒྱས་བཞི་བཅུ་རྩ་གཉིས་བྱུང༔ ཡེ་ཤེས་ལྔ་ཡི་རྩལ་ཤར་བས༔ ཁྲག་འཐུང་དྲུག་ཅུ་ཐམ་པ་བྱུང༔ དེ་ཕྱིར་གཞི་རིག་འཁྲུལ་མ་མྱོང༔ ཞེས་དང་། ཡེ་ཤེས་ཀློང་གི་རྒྱུད་ལས། རིག་པ་མ་བསླད་ཆོས་སྐུ་ཡིན། །རང་བཞིན་ངོ་བོ་ཉིད་ཀྱི་སྐུ། །རྒྱུ་རྐྱེན་མ་སྐྱེས་འགྱུར་བ་མེད། །འདུས་མ་བྱས་པའི་ནམ་མཁའ་འདྲ། །ཞེས་དང་། རྨད་བྱུང་ལས། སངས་རྒྱས་སྐུ་དང་ཡེ་ཤེས་ཞིང་ཁམས་དང་། །ཡེ་ཤེས་ཡོན་ཏན་ཕྲིན་ལས་ཇི་སྙེད་པ། །ཡེ་ཤེས་དེ་ཉིད་དེ་ལྟར་སྣང་བ་ཡིན། །གཞན་ནས་མ་ཡིན་དེ་ལྟར་ལྷུན་གྱིས་གྲུབ། །ཅེས་སོ། །མདོར་ན་འཕགས་པ་འདའ་དཀའ་ཡེ་ཤེས་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་དུ་མི་འཚོལ་བའི་འདུ་ཤེས་རབ་ཏུ་བསྐྱེད་པར་བྱའོ། །ཞེས་དང་། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་དངོས། །ཞེས་དང་། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། གསང་སྙིང་ལས། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །ཅེས་དང་། ཀུན་བྱེད་ལས། བྱང་ཆུབ་བྱང་ཆུབ་ང་ཡི་རང་བཞིན་ལས། །མ་བཅོལ་རང་བཞིན་ལྷུན་གྱིས་གྲུབ་པ་ནི། །རྒྱལ་བ་ཀུན་གྱི་སྙིང་པོ་སྐུ་གསུམ་སྟེ། །ང་ཡི་རང་བཞིན་མ་བཅོས་ཆོས་སྐུར་གྲུབ། །ང་ཡི་ངོ་བོ་མ་བཅོས་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་མངོན་ཕྱུང་སྤྲུལ་སྐུ་གསུམ། །བཙལ་ནས་གྲུབ་པའི་འབྲས་བུར་བསྟན་པ་མིན། །མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན། །ཞེས་གསུངས་པ་ལྟར་སངས་རྒྱས་སྐུ་གསུམ་ཡང་རང་རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་མ་བཙལ་ལྷུན་གྱིས་རྫོགས་པའི་བདག་ཉིད་དུ་བཞུགས་པ་སྟེ། གནས་ལུགས་ཡང་དག་པའི་དོན་ལ་དེ་ལྟར་ཡིན་ནོ། །འོན་ཀྱང་གང་ཟག་བློ་དམན་པ་རྣམས་ལ་དང་པོ་ནས་བསྟན་ན་བདག་ཏུ་ལྟ་བ་སོགས་ཀྱི་གཞིར་འགྱུར་བས་ན། རྒྱལ་བས་བཀའ་འཁོར་དང་པོར་བདེན་བཞི་སྤང་གཉེན་དུ་ལྟ་བས་གང་ཟག་གི་བདག་མེད་རྟོགས་པའི་སྒོ་ཙམ་ལས་ཀུན་གཞི་དང་བདེ་གཤེགས་སྙིང་པོའི་རང་བཞིན་སོགས་དངོས་སུ་མ་བསྟན་ཏེ་དགོངས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པར་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་བས། །ངས་འདི་བྱིས་པ་རྣམས་ལ་ཡོངས་མ་བསྟན། །ཞེས་དང་། དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱི་རོལ་དུ་གྱུར་པ་བྱིས་པ་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ལས་དང་པོ་པ་སྟོང་པ་ཉིད་ཀྱིས་སེམས་རྣམ་པར་གཡེངས་པའི་བྱང་ཆུབ་སེམས་དཔའ་རྣམས་ལགས་སོ། །ཞེས་དང་། ཐལ་འགྱུར་ལས། གནས་ལུགས་འདུག་ཚུལ་འདི་ལྟ་བུ། །བཤད་ན་ཉན་ཐོས་རང་སངས་རྒྱས། །རབ་ཏུ་སྐྲག་སྟེ་བརྒྱལ་བར་འགྱུར། །དེས་ན་མཆོག་ཏུ་གསང་བར་བྱ། །ཞེས་གསུངས། བར་པར་རྣམ་ཐར་གསུམ་ལྡན་གྱི་ཆོས་དབྱིངས་ངོ་བོ་སྟོང་ཕྱོགས་ནས་ཇི་ལྟ་བཞིན་སྟོན་པར་མཛད་དེ། དེ་ཡང་གནས་སྐབས་སུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་ཉིད་དོན་དམ་དང་། དེའི་སྣང་ཆ་རྟེན་འབྱུང་སྒྱུ་མ་ལྟ་བུའི་ཆོས་ལ་ཀུན་རྫོབ་ཏུ་བཞག་སྟེ་འཕགས་སློབ་ཀྱི་རྗེས་ཐོབ་ཀྱི་གཟིགས་དང་མཐུན་པར་བདེན་པ་གཉིས་སུ་དབྱེ་བར་མཛད་ཀྱང་། མཐར་ཐུག་ཤེར་མདོ་ནས་སྟོང་ཉིད་བཞི་སྦྱོར་དུ་གསུངས་པ་སོགས་ཀྱི་དགོངས་པ་སྣང་སྟོང་ཟུང་འཇུག་ཆོས་དབྱིངས་སྒྲོ་འདོགས་སོ་གཉིས་དང་བྲལ་བ། དམ་པའི་དོན་གྱི་བདེན་གཅིག་རྣམ་གྲངས་མ་ཡིན་པའི་དོན་དམ་འཕགས་སློབ་ཀྱི་མཉམ་བཞག་གི་གཟིགས་པ་མཐུན་པར་གཏན་ལ་ཕབས་ནས། དེའི་དོན་ལ་གཟུང་འཛིན་མེད་པའི་སེམས་ཀྱིས་མཉམ་པར་འཇོག་པར་གསུངས་ཏེ། མདོ་ལས། གཟུགས་ཀྱི་རང་བཞིན་གང་ཡིན་པ། །དེ་ནི་སྟོང་པ་ཉིད་བཞིན་དུ། །སྟོང་པ་ཉིད་ཀྱང་གཟུགས་སུ་བརྗོད། །རང་བཞིན་གདོད་ནས་མ་སྐྱེས་པའོ། །ཞེས་དང་། ཚིག་བྲལ་ངག་གི་ལམ་གྱིས་མི་མཚོན་པའི། །དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། །སེམས་དང་ཡིད་ཀྱི་རྒྱུ་བ་རྣམས་སྤངས་པ། །མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། །ཞེས་དང་། ཡུམ་ལ་བསྟོད་པར། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་དང་། མངོན་རྟོགས་རྒྱན་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་པར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་དང་། འདི་ལ་བསལ་བྱ་ཅིའང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་དང་། འཕགས་པ་ཀླུས། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་ཏེ། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་དང་། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མི་འགག་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞི་བ་ལྷས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་དང་། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས། དེ་ཡང་ཆོས་ཉིད་ཀྱི་རང་མཚན་ཇི་ལྟ་བ་མངོན་དུ་གཟིགས་པ་འཕགས་པའི་ས་ན་ཡིན་ཀྱང་། དེའི་དོན་སྤྱི་བསྒོམ་པ་ཚོགས་སྦྱོར་གྱི་སྐབས་སུའང་མེད་པ་ནི་མ་ཡིན་ཏེ། ཆོས་ཉིད་རང་གི་ངོ་བོ་སྤྲོས་བྲལ་གཉིས་སྣང་མེད་པའི་མཚན་ཉིད་ཅན་ཡིན་པ་དང་། དེ་གསར་བྱུང་མིན་པར་ཡེ་ནས་སེམས་ཀྱི་ཆོས་ཉིད་དུ་གནས་པའི་གནད་ཀྱིས། དེའི་དོན་སྤྱི་བློ་ལ་སྣང་བ་དཔེ་ནམ་མཁའི་གཟུགས་བརྙན་ཆུ་ལ་ཤར་བ་ལྟ་བུ་ཡིན་པས། བློ་ཡང་སྤྲོས་བྲལ་གཉིས་སྣང་མེད་པའི་རྣམ་པར་འཆར་བ་སྟེ། དེའང་རི་མོར་བྲིས་པ་དང་། ཆུ་ཟླ་དང་གནམ་ཟླའི་དཔེས་གོ་མྱོང་རྟོགས་གསུམ་གྱི་ཁྱད་པར་གསུངས་པ་བཞིན་སྔ་མ་གཉིས་ཅི་རིགས་སོ་སྐྱེའི་སར་ཡོད་དེ། འདི་ལ་མདོ་ལས་སྟོང་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པ་དང་སྔགས་སུ་དཔེ་ཡི་ཡེ་ཤེས་ཞེས་གསུངས་ཏེ་དོན་གཅིག་གོ། །དེ་ཙམ་གྱིས་སོ་སྐྱེའི་གང་ཟག་དེ་འཕགས་པར་ཐལ་བའི་ཉེས་པའང་མེད་དེ། ད་དུང་མཐོང་སྤང་གི་སྒྲིབ་པ་ལས་མ་གྲོལ་བའི་ཕྱིར། དཔེར་ན་ས་དང་པོའི་འཕགས་པ་དེ་སངས་རྒྱས་སུ་མི་འགྱུར་བ་ཡིན་ནོ། །དེ་ལྟར་བྱང་སེམས་བློ་ཆེ་བ་རྣམས་ཀྱིས་ལེགས་པར་རྟོགས་ཤིང་གོམས་པས། གཉེན་པོའི་ཡེ་ཤེས་དེ་ཉིད་ཀྱིས། སྤང་བྱ་གློ་བུར་དྲི་མ་རྣམས་ཀྱིས་སྤང་བའམ་བྲལ་བའི་སྟོབས་ཀྱིས་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་རྟོགས་ཤིང་། ཆོས་དབྱིངས་དེ་སྟོང་རྐྱང་མིན་པར་ཡེ་ནས་སྣང་སྟོང་ཟུང་དུ་འཇུག་པའི་གནད་ཀྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་རིགས་ཁམས་ཀྱི་ཡོན་ཏན་རྣམས་གོང་འཕེལ་གྱི་ཚུལ་དུ་དག་སར་ཞིང་དག་སྦྱོར་དང་སྲིད་ཞི་མཉམ་ཉིད་མཐར་ཐུག་སངས་རྒྱས་ཀྱི་སའི་སྐུ་དང་ཞིང་ཁམས་ཀྱི་བར་དུ་སྣང་བ་ཡིན་ནའང་། བློ་ཆུང་བ་རྣམས་ཀྱིས་དེ་ལྟར་མ་རྟོགས་ཤིང་སྙིང་པོའི་རང་བཞིན་རང་ལ་ཡོད་པར་མ་ཐོས་ནས། སྟོང་རྐྱང་རྣམ་གྲངས་པ་ཙམ་ལ་དོན་དམ་མཐར་ཐུག་ཏུ་བཟུང་བའི་དབང་གིས། སེམས་ཞུམས་སེམས་ཅན་དམན་ལ་བརྙས་པ་སོགས་ཀྱི་སྐྱོན་ལྔ་པོ་འཇུག་པས་མཉམ་པ་ཆེན་པོའི་དོན་གཏན་ལ་མི་ཕེབས་པས། སྐྱོན་དེ་རྣམས་སྤངས་པའི་ཕྱིར། འཁོར་ལོ་ཐ་མར་རང་བཞིན་སྐུ་དང་ཡེ་ཤེས་སོགས་སངས་རྒྱས་ཀྱི་ཆོས་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་ལས་བརྒལ་བའི་གཞལ་མེད་བསམ་མི་ཁྱབ་པའི་ཚོགས་རྣམས་འབྲལ་མི་ཤེས་པའི་ཆོས་ཉིད་ཀྱི་ཚུལ་དུ་རིགས་ཁམས་ལ་ད་ལྟ་སེམས་ཅན་གྱི་དུས་ནས་འཕེལ་འབྲི་མེད་པར་ས་འོག་གི་གཏེར་དང་བུམ་ནང་གི་སྒྲོན་མེ་སོགས་ཀྱི་དཔེས་གནས་ཚུལ་མཐར་ཐུག་པ་ཇི་བཞིན་པར་སྟོན་པར་མཛད་པ་ཡིན་ཏེ། རྒྱུད་བླ་མར། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས། །ཞེས་དྲིས་པའི་ལན་དུ། སེམས་ཞུམས་སེམས་ཅན་དམན་པ་བརྙས་པ་དང་། །ཡང་དག་མིན་འཛིན་ཡང་དག་ཆོས་ལ་བསྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤངས་དོན་དུ་གསུངས། །ཞེས་གསུངས། དེ་ལྟར་སྤངས་པས་ཡོན་ཏན་ཅི་ཞིག་ཐོབ་ན། རང་གཞན་གྱི་རྒྱུད་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པ་ཤེས་པས་རང་སེམས་ཞུམས་པ་བཟློག་ནས་ཐར་པ་སྒྲུབ་པ་ལ་དཀའ་བ་མེད་པར་ཤེས་པའི་སྤྲོ་བ་དང་། སེམས་ཅན་གཞན་ལ་བརྙས་པ་བཟློག་ནས་སྟོན་པ་བཞིན་དུ་ཐམས་ཅད་སངས་རྒྱས་སུ་མཉམ་པའི་གུས་པ་སྐྱེ་བ་དང་། ཡང་དག་པའི་དོན་སྐུ་དང་ཡེ་ཤེས་ཀྱི་དགོངས་པ་རང་ལ་གནས་པ་མི་ཤེས་པ་བཟློག་ནས་དོན་དམ་པའི་དབྱིངས་རྟོགས་པའི་ཤེས་རབ་དང་། གནས་ལུགས་དེ་ལྟར་ཤེས་པ་ཡོད་མེད་རྟག་ཆད་ཀྱི་སྒྲོ་སྐུར་བཟློག་ནས་དོན་དམ་པའི་དོན་རྟོགས་པའི་ཡེ་ཤེས་དང་། བདག་ཉིད་ལ་མཆོག་ཏུ་རློམ་པའི་ལྷག་པར་ཆགས་པ་བཟློག་ནས་བདག་གཞན་མཚུངས་པར་རྟོགས་ཏེ་གཞན་ལ་བྱམས་པ་ཆེན་པོ་སྐྱེ་བར་འགྱུར་ཏེ། སྔ་མ་ལས། སྤྲོ་དང་སྟོན་པ་བཞིན་གུས་དང་། །ཤེས་རབ་ཡེ་ཤེས་བྱམས་ཆེན་ཏེ། །ཆོས་ལྔ་སྐྱེ་ཕྱིར་དེ་ལས་ནི། །ཁ་ན་མ་ཐོ་མེད་མཚུངས་ལྟ། །སྐྱོན་མེད་ཡོན་ཏན་ལྡན་པ་དང་། །བདག་དང་སེམས་ཅན་མཚུངས་བྱམས་ལས། །སངས་རྒྱས་ཉིད་ནི་མྱུར་དུ་ཐོབ། །ཞེས་གསུངས། དེ་ལྟའི་ཡོན་ཏན་གྱི་ཆོས་རྒྱུད་ལ་སྐྱེས་ཏེ་མཉམ་པ་ཆེན་པོའི་དོན་རྟོགས་པས་རྫོགས་སྨིན་སྦྱང་བ་རྒྱ་མཚོ་ལྟ་བུ་ལ་འཇུག་ནུས་པའི་ཕྱིར། བདེ་གཤེགས་སྙིང་པོའི་སྒྲ་ཐོས་པ་ཙམ་གྱིས་ཀྱང་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མདོ་ལས་གསུངས་སོ། །འདི་ལ་ཁ་ཅིག་དྲང་དོན་དུ་འདོད་པ་ནི་རྣམ་པར་འཁྱམས་ཏེ། དེ་ལྟ་ན། སེམས་ཞུམས་པ་སོགས་ལྔ་པོ་སྐྱོན་དུ་མི་འགྱུར་ཞིང་སྤང་མི་ནུས་ཤིང་། གཉེན་པོའི་འཛིན་སྟང་ལྔ་པོ་འཆང་བའང་དོན་ལ་མི་གནས་པས་དགོས་པ་མེད་པ་དང་། རྒྱུད་བླའི་རང་ཚིག་དང་ཡང་དངོས་སུ་འགལ་བའི་ཕྱིར་རོ། །དེས་ན་སྙིང་པོའི་རང་བཞིན་མ་བསྟན་པ་དང་། གསལ་བར་མི་བསྟན་པ་དང་། རྫོགས་པར་བསྟན་པའི་ཆ་ནས་བཀའ་འཁོར་སྔ་མ་གཉིས་ལ་བླ་ན་མཆིས་པ། སྐབས་མཆིས་པ། དྲངས་པའི་དོན་རྩོད་པའི་གཞིར་གྱུར་པ་སོགས་དང་། ཕྱི་མ་དེ་ལས་ལྡོག་སྟེ། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་རྩོད་པའི་གཞིར་མ་གྱུར་པ་སོགས་ཀྱི་བསྔགས་པ་རྒྱ་ཆེར་གསུངས་པ་ཡིན་ནོ། །ཚུལ་དེ་ལྟར་མ་ཤེས་པར་བཀའ་འཁོར་གསུམ་གོ་བཟློག་དང་། དྲང་ངེས་ཀྱི་འཆད་ཚུལ་སྣ་ཚོགས་པ་ཞིག་བྱུང་མོད། འོ་སྐོལ་ནི་སངས་རྒྱས་རང་ཉིད་ཀྱིས་ཇི་ལྟར་བཞག་པ་ལས་འགོངས་ཏེ་སྨྲ་བར་མི་ནུས་པས། དེ་གང་སྙམ་ན། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་ར་ཎ་སི་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡོངས་སུ་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ། སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ་ཞེས་དང་། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། ཞེས་དང་། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པར་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ། ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ་ཞེས་དང་། སྔ་མ་གཉིས་ཀྱི་སྐབས་སུ་བླ་ན་མ་མཆིས་པ་སོགས་བཞི་དང་། ཕྱི་མ་ལ་བླ་ན་མ་མཆིས་པ་སོགས་ཀྱི་བསྔགས་པར་མཛད་དོ། །དེ་ལྟར་བསྔགས་པའང་འཁོར་ཐ་མའི་མདོ་ཡིན་ཚད་ལ་ནི་མ་ཡིན་ཏེ། སྙིང་པོའི་རང་བཞིན་གསལ་བར་བསྟན་པའི་མདོ་རྣམས་ཡིན་པར་ཀུན་མཁྱེན་མི་ཕམ་རིན་པོ་ཆེས་བཞེད་དོ། །དེ་ལྟ་བུའི་ཆོས་འཁོར་རིམ་པ་གསུམ་པོ་དག་གིས་གང་དུ་སྒྲིབ་བྱེད་གློ་བུར་པའི་དྲི་མ་རགས་པ་དང་། ཕྲ་བ་དང་། ཤིན་ཏུ་ཕྲ་བའི་ཚུལ་རྣམས་སྦྱོང་བྱེད་ཀྱི་ཐབས་རྒྱ་ཆེ་ཆུང་ལས། དོན་དུ་གཤེགས་སྙིང་གཅིག་པུའི་སྟེང་གི་དྲི་མ་སྦྱོང་བ་ལ་གསུམ་ཀ་མཐུན་ཞིང་། འདི་ལྟར་དང་པོས་མི་རྟག་པ་སོགས་ཀྱིས་འཁོར་བ་ལས་ཡིད་འབྱུང་ཞིང་མྱ་ངན་ལས་འདས་པའི་སྒོར་འཇུག་པའི་རྒྱུ་བྱེད། གཉིས་པས་གཞི་སྟོང་ཉིད། ལམ་མཚན་མེད། འབྲས་བུ་སྨོན་མེད་དེ་རྣམ་པར་ཐར་པའི་སྒོ་གསུམ་གྱི་འཇིག་རྟེན་པའི་མཚན་འཛིན་གྱི་གཉེན་པོར་འགྱུར་ཞིང་། གསུམ་པ་ཕྱིར་མི་ལྡོག་པའི་གཏམ་གྱིས་བདེ་བར་གཤེགས་པའི་ཚུལ་རྒྱ་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་དགོངས་པ་སྟེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟར་དཔེར་ན་ནོར་བུ་མཁན་མཁས་པས་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས། ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་བླངས་ཏེ། ལན་ཚྭའི་ཆུ་རྙོག་པོར་སྤངས་ནས་སྐྲའི་རེ་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་བཞིན་དེའི་འོག་ཏུ་སྨན་བཟང་པོའི་ཁུ་བས་སྤངས་ཏེ་རས་སྲབ་མོ། ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱོངས་ཏེ་དྲི་མ་དང་བྲལ་བ་ནི་བཻཌཱུརྻའི་རིགས་ཆེན་པོ་ཞེས་བརྗོད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་། ཡོངས་སུ་མ་དག་པའི་སེམས་ཅན་ལ་དང་པོ་མི་རྟགས་པ་དང་། སྡུག་བསྔལ་བ་སོགས་ཡིད་འབྱུང་བའི་གཏམ་གྱིས་འདུལ་བ་ལ་འཛུད་པར་མཛད་པ་དང་། དེའི་འོག་ཏུ་རྣམ་པར་ཐར་པ་གསུམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་པ་དང་། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞུགས་པར་གྱུར་ཅིང་ཆོས་ཉིད་རྟོགས་ན་ནི་བླ་ན་མེད་པའི་ཡོན་གནས་སོ། །ཞེས་གསུངས། གཞན་ཡང་། མྱ་ངན་ལས་འདས་པའི་མདོ་ལས། བུད་མེད་བུ་ཆུང་ངུ་ཁ་ཉགས་པ་གསོ་བའི་སྨན་བཏང་བའི་དཔེ་སྔོན་དུ་བཏང་ནས། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཡང་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་བདག་མེད་པའི་ནན་ཏན་སྟོན་ཏེ། དེ་ལ་ནན་ཏན་དུ་བྱས་པའི་བདག་ཅེས་བྱ་བའི་སེམས་མེད་དེ། ཡོངས་སུ་མྱ་ངན་ལས་བཟླའོ། །དེ་ལའང་འཇིག་རྟེན་རྒྱང་འཕན་པའི་ངན་པར་བལྟ་བ་བསལ་བའི་ཕྱིར། བདག་མེད་པའི་ཆོས་བསྒོམས་པས་ཡོངས་སུ་དག་པའི་ལུས་སུ་འབྱུང་བའི་ཕྱིར་ཇི་ལྟར་བུད་མེད་དེ་ལ་བུའི་ཕྱིར་མཁྲིས་པས་ནུ་མ་ལ་བསྐུས་པ་བཞིན་དུ། དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། སྟོང་པ་ཉིད་བསྒོམ་པའི་ཕྱིར་ཆོས་ཐམས་ཅད་ལ་བདག་མེད་ཅེས་གསུངས་སོ། །ཇི་ལྟར་བུད་མེད་དེས་ནུ་མ་ཕྱིས་བཀྲུས་ནས་བུ་བོས་ཏེ། ནུ་ཞོ་བླུད་དོ་ཞེས་བྱ་བ་ཇི་བཞིན་དུ། ངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཡང་དེ་དང་འདྲ་སྟེ། དགེ་སློང་ཁྱོད་མ་སྐྲག་པར། ཇི་ལྟར་བུ་ལ་མས་བོས་ཏེ། ནུ་ཞོ་བླུད་དོ་ཞེས་བྱ་བ་ཇི་བཞིན་དུ། ངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཡང་དེ་དང་འདྲ་སྟེ། དགེ་སློང་ཁྱོད་མ་སྐྲག་པར། ཇི་ལྟར་བུ་ལ་མས་བོས་ཏེ། ནུ་ཞོ་བགས་ཀྱིས་འཐུང་བ་བཞིན་དུ། དགེ་སློང་ཁྱོད་ཀྱང་བྱེ་བྲག་ཕྱེད་པར་གྱིས་ཤིག །གཞན་དུ་ཅི་ཡང་མེད་པའི་སྟོང་པ་ཉིད་བསྒོམས་པ་ལས་ནི། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་འབྱུང་བར་མི་འགྱུར་ཏེ། འབྲས་བུ་ནི་རྒྱུའི་རྗེས་སུ་བྱེད་པ་བཞིན་ནོ། །ཞེས་དང་། ངས་ཤེས་རབ་ཀྱ་ཕ་རོལ་ཏུ་ཕྱིན་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ནི། ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། གཞན་མུ་སྟེགས་ཅན་རྣམས་ཀྱིས་དངོས་པོ་ལ་མངོན་པར་ཞེན་པ། བདག་ཏུ་ལྟ་བ་ཅན་འདུ་ཤེས་ཀྱི་འཛིན་པས་བཅིངས་པ་རྣམས་ལ་ཕན་གདགས་པའི་ཕྱིར་གསུངས་ཀྱི། དེ་ཁོ་ན་ཉིད་དུ་ན། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་བཞིན་ཉིད་ཀྱི་དོན་ལྷུན་གྱིས་གྲུབ་པའི་ངོ་བོ་ཉིད་དུ་རིགས་པར་བྱའོ། །ཞེས་དང་། དགེ་སློང་དག །དཔེར་ན་སོས་ཀའི་དུས་ལ་བབས་པ་ན། སྐྱེ་བོ་དག་ཁྲུས་རས་བཅིངས་ཏེ། རང་གི་རྒྱན་དང་ཉེ་བར་སྤྱོད་པ་དག་གིས་ཚུལ་རྩེའོ། །དེ་ནས། དེར་གཅིག་གིས་རིགས་དང་ལྡན་པའི་ནོར་བུ་བཻཌཱུརྻ་ཆུའི་ནང་དུ་བཞག་པ་དང་། དེ་ནས་བཻ་ཌཱུརྱའི་དོན་དུ་དེ་དག་ཐམས་ཅད་རྒྱན་བཞག་ནས་ཆུ་ལ་ཞུགས་པར་གྱུར་ཏོ། །དེ་ནས་དེ་ན་ཡོད་པའི་གསེག་མའམ་གྱོ་མོ་དེ་དག་ལ་ནོར་བུའོ་སྙམ་ནས་དབྱུང་ངོ་། །ཕྱུང་ནས་རྫིང་བུའི་འགྲམ་དུ་བལྟས་པ་ནི་འདི་ནི་ནོར་བུ་ཡིན་ནོ་སྙམ་པའི་འདུ་ཤེས་རབ་ཏུ་འཇུག་གོ། །རྫིང་གི་ཆུ་དེ་ཡང་ནོར་བུའི་འོད་དང་འདྲ་བར་སྣང་ངོ་། །དེ་དག་དེ་ལྟར་སྣང་བའི་ཚུལ་མཐོང་ནས། ཨེ་མ་ཧོ་ནོར་བུའོ་སྙམ་པའི་འདུ་ཤེས་རབ་ཏུ་ཞུགས་སོ། །དེ་ནས་དེ་རྣམས་ལ་ཐབས་མཁས་ཤིང་ཡིད་གཞུངས་པ་གཅིག་གིས་ནོར་བུ་དེ་ཡང་དག་པར་རྙེད་པར་གྱུར་ཏོ། །དགེ་སློང་དག་དེ་བཞིན་དུ་ནོར་བུ་ལྟར་ཆོས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པ་ཁྱེད་རྣམས་ཀྱི་ཐམས་ཅད་མི་རྟག་པ་དང་། ཐམས་ཅད་སྡུག་བསྔལ་བ་དང་། ཐམས་ཅད་བདག་མེད་པ་དང་། ཐམས་ཅད་མི་སྡུག་པའོ། །ཞེས་འཛིན་པ་ཐམས་ཅད་ཀྱིས་བསྒོམ་པའི་བྱ་བ་མང་དུ་བྱས་ཤིང་། མང་དུ་བྱས་པ་ལ་བློ་ཉེ་བར་བཞག་པ་དེ་དག་ཐམས་ཅད་ནི་དོན་མེད་དོ། །དགེ་སློང་དག་དེའི་ཕྱིར་རྫིང་གི་གསེག་མ་དང་གྱོ་མོ་རྣམ་པར་གནས་པ་ལེན་པ་ལྟར་མི་འགྱུར་བར་ཁྱེད་ཅག་ཐབས་ལ་མཁས་པར་གྱིས་ཤིག །ཅེས་དང་། ཡང་། དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་སངས་རྒྱས་ཀྱི་རང་བཞིན་ཡོངས་སུ་དག་པ་མི་འགྱུར་མི་འཕོ་བར་སྟོན་ཏོ། །གལ་ཏེ་ཡོད་པར་སྨྲ་ན་མཁས་པ་ཤེས་རབ་ཅན་དག་ཆགས་པར་མི་རིགས། གལ་ཏེ་མེད་པར་སྨྲ་ན་བརྫུན་དུ་སྨྲ་བར་འགྱུར་རོ། །བུས་པ་མ་རབས་ནི་ཆད་པར་སྨྲ་ཞིང་། དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་མི་ཤེས་སོ། །གལ་ཏེ་སྡུག་བསྔལ་བར་སྨྲ་ན་ལུས་ལ་བདེ་བའི་རང་བཞིན་ཡོད་པ་མི་ཤེས་སོ། །བུས་པ་གླེན་པ་དག་ལུས་ཐམས་ཅད་མི་རྟག་གོ་སྙམ་སྟེ་རྫ་སོ་མ་བཏང་བ་དང་འདྲ་བར་འཛིན་ཏོ། །དེ་ལ་མཁས་པ་ཤེས་རབ་ཅན་དག་ནི་རྣམ་པར་ཕྱེ་སྟེ་ཐམས་ཅད་ཀྱིས་ཐམས་ཅད་དུ་མི་རྟག་པར་མི་སྨྲའོ། །དེ་ཅིའི་ཕྱིར་ན། བདག་གི་ལུས་འདི་ལ་སངས་རྒྱས་ཀྱི་རང་བཞིན་ཁོ་ན་ཡོད་པའི་ཕྱིར། བུས་པ་གླེན་པ་དག་སངས་རྒྱས་ཀྱི་ཆོས་ཐམས་ཅད་བདག་མེད་དོ་སྙམ་དུ་འཛིན་ཏེ། མཁས་པ་ཤེས་རབ་ཅན་དག་ནི་བདག་མེད་པ་བླ་དྭགས་བཏགས་པར་ཟད་དེ། བདེན་པ་མེད་པས་རྣམ་པར་ཕྱེའོ། །དེ་ལྟར་ཤེས་ནས་ཐེ་ཚོམ་མི་བསྐྱེད་དོ། །ཡང་དེ་བཞིན་གཤེགས་པའི་སྙིང་པོ་སྟོང་པར་སྨྲ་ན། བུས་པ་གླེན་པ་དག་གིས་ཐོས་ནས་ཆད་པའམ་མེད་པར་ལྟ་བ་སྐྱེའོ། །མཁས་པ་ཤེས་རབ་ཅན་དག་ནི་དེ་བཞིན་གཤེགས་པའི་རིགས་མི་འགྱུར་མི་འཕོ་བར་བྱེ་བྲག་དབྱེའོ། །གང་རྣམ་པར་གྲོལ་བ་སྒྱུ་མ་ལྟ་བུར་སྨྲ་ན་བུས་པ་གླེན་པ་དག་རྣམ་པར་གྲོལ་བ་རྣམས་ཀྱི་ཆོས་ཡིན་ནོ་སྙམ་དུ་འཛིན་ཏོ། །མཁས་པ་ཤེས་རབ་ཅན་རྣམ་པར་ཕྱེ་སྟེ་མིའི་ནང་ན་སེང་གེ་ལྟ་བུར་དེ་ལྟ་བུར་དེ་བཞིན་གཤེགས་པ་ཉག་གཅིག་ནི་རྟོགས་གནས་པ་མི་འགྱུར་མི་འཕོ་བར་བྱེད་དོ། །ཞེས་པ་ནས། ཆོས་ཐམས་ཅད་བདག་མེད་དེ་དེ་བཞིན་གཤེགས་པའི་སྙིང་པོ་ཡང་བདག་མེད་དོ་ཞེས་སྨྲས་ན། བུས་པ་གླེན་པ་དག་གཉིས་སུ་འཛིན་ཏོ། །མཁས་པ་ཤེས་རབ་ཅན་དག་ནི་རང་བཞིན་གཉིས་སུ་མེད་པར་རྟོགས་སོ། །བདག་དང་བདག་མེད་པར་རང་བཞིན་གྱིས་གཉིས་སུ་མེད་དོ། །དེ་བཞིན་གཤེགས་པའི་མདོ་འདི་དེ་ལྟར་དཔག་ཏུ་མེད་ཅིང་ཚད་མེད་མཐའ་ཡས་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔགས་པས། ངས་ཀྱང་ཡོན་ཏན་དང་ལྡན་པའི་མདོ་སྡེ་ཐམས་ཅད་ལས་རྒྱས་པར་གསུངས་སོ། །ཞེས་དང་། གཞན་ཡང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། སྟོང་གསུམ་དར་ཡུག་གི་དཔེ་སོགས་ཀྱིས་བསྟན་པས་མཚོན་ངེས་དོན་གྱི་མདོ་སྡེ་རྣམས་རྒྱ་ཆེར་གསུངས་ཤིང་། ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས། བྱང་ཆུབ་སེམས་དཔལ་སྒྲ་དབྱངས་སྙན་པས་གསོལ་བ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་མཐུན་ལགས་སམ། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ནི་མཐུན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་བསྟན་པ་ཇི་ཙམ་ཞིག་མཐུན། བཀའ་སྩལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་ཕྱིར་མི་ལྡོག་པའི་འཁོར་ལོར་མཐུན་ནོ། །ཞེས་གསུང་། དེའི་དོན་དངོས་ནི། རྒྱུད་བླ་མར། ཇི་ལྟར་མདོག་ངན་པདྨའི་ཁོང་གནས་པ། །མཚན་སྟོང་གིས་འབར་དེ་བཞིན་གཤེགས་པ་ནི། །དྲི་མེད་ལྷ་ཡི་མིག་ལྡན་མིས་མཐོང་ནས། །ཆུ་སྐྱེས་འདབ་མའི་སྦུབས་ནས་འབྱིན་བྱེད་པ། །དེ་བཞིན་བདེ་གཤེགས་མནར་མེད་གནས་ལ་ཡང་། །སངས་རྒྱས་སྤྱན་གྱི་རང་ཆོས་ཉེར་གཟིགས་ཏེ། །སྒྲིབ་མེད་ཕྱི་མའི་མུར་གནས་སྙིང་རྗེ་ཡི། །བདག་ཅན་སྒྲིབ་པ་ལས་ནི་གྲོལ་བར་མཛད། །ཅེས་སོགས་དཔེ་དགུས་རྒྱས་པར་གསུངས་པའི་དོན་ཤིང་རྟ་ཆེན་པོ་འཕགས་པ་ཐོག་མེད་ཀྱིས་རྒྱས་པར་བཀྲལ་བ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། །ཇི་ལྟར་སྤུན་པས་གཡོག་གྱུར་པ། །སོ་བ་འབྲས་བུར་མི་འདོད་ལྟར། །དེ་བཞིན་ཉོན་མོངས་ཀྱིས་གཡོག་པ། དེ་ནི་སངས་རྒྱས་ཞེས་མི་བཏགས། །ཇི་ལྟར་སྤུན་པ་ལས་གྲོལ་ནས། །འབྲས་བུ་སྣང་བར་འགྱུར་བ་ལྟར། །དེ་བཞིན་ཉོན་མོངས་ལས་གྲོལ་ན། །ཆོས་ཀྱི་སྐུ་ཉིད་རབ་ཏུ་གསལ། །ཆུ་ཤིང་སྙིང་པོ་མེད་དོ་ཞེས། །དེ་ཡི་འབྲས་བུ་སངས་རྒྱས་ཉིད། །ལུས་ཅན་ཀུན་ལ་བདུད་རྩིར་འགྱུར། །ཞེས་སོགས་བསྟོད་ཚོགས་རྣམས་ནས་གསལ་བར་བསྟན་པ་བཞིན་ནོ། །དེའི་ཕྱིར་རང་ལུགས་ཀུན་མཁྱེན་ཆེན་པོའི་བཞེད་པ་ནི། བཀའ་འཁོར་ཕྱི་མ་གཉིས་ཀའི་ངེས་དོན་མཐར་ཐུག་གི་ཟབ་གནད་གཅིག་པར་བློ་གཉིས་སྣང་གི་སྤྱོད་ཡུལ་ལས་འདས་པའི་དྲི་མ་མེད་འཕགས་པའི་ཡེ་ཤེས་ལམ་བདེན་ཟག་མེད་ཉིད་སྒྲ་ཇི་བཞིན་པར་ཞལ་གྱིས་བཞེས་ཏེ། ཤིང་རྟ་ཆེན་པོར། དྲང་དོན་དང་ངེས་དོན་གྱི་རྣམ་པར་བཞག་པ་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་དབྱིངས་རང་བཞིན་གྱིས་དག་པ་སེམས་ཉིད་འོད་གསལ་བའི་དགོངས་པ་ནི་རང་བཞིན་གྱིས་དག་ཅིང་འཕོ་འགྱུར་མེད་པ་སྐྱེ་འགག་གནས་གསུམ་ལས་འདས་པ་ནམ་མཁའི་ངོ་བོ་ནི་ངེས་པའི་དོན་ཡིན་ལ། དེ་སྟོན་པའི་བཀའ་དང་བསྟན་བཅོས་མ་ལུས་པ་ངེས་པའི་དོན་གྱི་ཁོངས་སུ་བསྡུའོ། །ཆོས་སྤྱན་སྣང་ཚད་ལ་སྐྱེ་བ་དང་། འགག་པ་དང་། འོང་བ་དང་། འགྲོ་བ་དང་། དག་པ་དང་། མ་དག་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའི་རིམ་པ་རྣམ་པ་སྣ་ཚོགས་པར་སྣང་བ་རྨི་ལམ་ལྟ་བུ་སྨྲ་བསམ་བརྗོད་པའི་རིམ་པས་གཞལ་ཞིང་སྒྲོ་བཏགས་ནས་བསྟན་པ་ཐམས་ཅད་དྲང་པའི་དོན་ཞེས་བྱའོ། །དེ་སྟོན་པའི་བཀའ་དང་བསྟན་བཅོས་ཐམས་ཅད་ཀུན་རྫོབ་ཀྱི་ནང་དུ་བསྡུའོ། །དཔེར་ན་སེམས་ཉིད་ནམ་མཁའ་ལྟ་བུ་ཞེས་སྨྲ་བརྗོད་དང་བསམ་པས་རློམས་པ་ནི་ཀུན་རྫོབ་ལ། དོན་དམ་པའི་གཤིས་གང་ཡིན་པ་དེ་ནི་ངེས་པའི་དོན་ཏེ་ཡང་དག་པ་བཞིན་ནོ། །ཞེས་བསྟོད་ཚོགས་དང་། ཏིང་རྒྱལ་སོགས་ཀྱི་ལུང་གིས་སྒྲུབ་པར་མཛད་པ་བཞིན་ཤེས་པར་བྱའོ། །འོ་ན་ཁྱི་ཕག་སོགས་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་སྟོབས་བཅུའི་ཡེ་ཤེས་ཡོད་དམ་སྙམ་ན། སྟོབས་བཅུའི་ཡོན་ཏན་དེའི་རྒྱུད་ཀྱི་གཤེགས་སྙིང་ལ་ཡེ་ནས་ཡོད་དེ། ཁམས་རང་གི་ཆོས་ཉིད་ཀྱི་ཡོན་ཏན་ཡིན་པས་ཁམས་ཡོད་ན་ཡོན་ཏན་ཡོད་མོད་ཀྱིས་དེ་མངོན་དུ་མི་འགྱུར་ཏེ། རལ་གྲི་ལ་གཅོད་པའི་བྱ་བ་ཡོད་ཀྱང་ཤུབ་ཏུ་ཆུད་པས་གཅོད་པའི་བྱ་བ་མངོན་གྱུར་དུ་མེད་པ་དང་། མེ་ལོང་ལ་གཟུགས་བརྙན་འཆར་རུང་གི་ཡོན་ཏན་ཡོད་ཀྱང་སྒྲོམ་དུ་བཅུག་པ་ལ་མངོན་དུ་མི་འཆར་བ་དང་འདྲ་སྟེ། རང་གཞན་གྱི་གང་ཟག་དེའི་རྒྱུད་ལ་ཡོད་པའི་སྒྲིབ་པས་ཁམས་ཀྱི་ཡོན་ཏན་མངོན་དུ་མི་སྣང་ཏེ། དེར་མ་ཟད་དེའི་རང་སེམས་ཀྱི་ཆོས་ཉིད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡོད་ཀྱང་མངོན་དུ་མི་འགྱུར་ཡོན་ཏན་ཅི་ལ་མངོན། དེའི་ཕྱིར་མངོན་གྱུར་དུ་མེད་པ་འདི་ལ་བསམ་ནས། སྟོབས་བཅུ་སྐྱེ་རུང་གི་རྒྱུ་ཙམ་ཡོད་ཀྱིས་དངོས་སུ་མེད་ཟེར་བ་ཡོད་པའང་དཔྱད་ཚུལ་དེའི་དབང་དུ་དེ་ལྟར་རུང་མོད། སྐྱེ་རུང་གི་རྒྱུ་དེ་འདུས་བྱས་ཀྱི་སེམས་སྐད་ཅིག་མའི་ཕྲེང་བ་འདི་ཡིན་ན་སེམས་ཡིན་ཚད་སྟོབས་བཅུ་སྐྱེ་རུང་དུ་སྒྲུབ་དཀའ་ལ། སྒྲིབ་གཉིས་བག་ཆགས་སྦྱང་སྟོབས་ཀྱིས་སེམས་ཉིད་རང་གིས་བྱེད་པ་ཡིན་ན། འདི་འདུས་མ་བྱས་ཀྱི་དབྱིངས་ཀྱི་ཡོན་ཏན་ཡིན་པས་སྨིན་པའི་རྒྱུར་མི་རུང་ངོ་། །འདི་ལྟ་བུའི་ཁམས་དེ་སྔགས་ཀྱི་སྐབས་སུ་གཉུག་སེམས་གསུངས་པ་དེ་ཡིན་ཏེ། གླང་ཆེན་རབ་འབོག་གི་རྒྱུད་ལས། སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཅེས་དང་། མཉམ་སྦྱོར་གྱི་འགྲེལ་པ་རོང་ཟོམ་ཆོས་བཟང་གིས་མཛད་པ་ལས། བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཞེས་གསུངས་ཏེ། རང་གི་སེམས་ཉིད་གདོད་ནས་རྣམ་པར་དག་པ་གང་ཡིན་པ་དེ་ནི་དུས་ཐམས་ཅད་དུ་བརྟན་པའི་ཕྱིར་རྡོ་རྗེ་སྟེ། དུས་གསུམ་གྱི་སངས་རྒྱས་ཀུན་གྱི་བདག་ཉིད་དེ་ཡིན་པས། དེ་བས་ན་དེ་ཉིད་དུ་སྦྱར་ན་དེ་ཉིད་ཡིན་པའི་ཕྱིར་དེ་གྲུབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །ཡིན་པ་ལ་སྒྲུབ་ཅི་དགོས་ཞེ་ན། འདི་ལྟར་མ་ཤེས་ཤིང་གོམས་པར་མ་གྱུར་པ་རྣམས། ཤེས་ཤིང་གོམས་པ་ཀློང་དུ་གྱུར་པ་ཙམ་ལ་དངོས་གྲུབ་ཐོབ་ཅེས་ཐ་སྙད་དུ་འཇོག་པ་མ་གཏོགས་པར། མ་ཐོབ་པར་བྱར་མེད་དོ་ཞེས་ཤེས་པར་བྱའོ། །བྱང་ཆུབ་ཀྱི་སེམས་ནི་འགྱུར་བ་མེད་པའི་དེ་བཞིན་ཉིད་དོ། །ཞེས་དང་། རྗེ་གཏེར་ཆེན་བླ་མས། ཀུན་ཁྱབ་འགྱུར་མེད་རྟག་བརྟན་རྡོ་རྗེའི་སེམས། །མཐའ་ཡས་དངོས་པོ་ཀུན་གྱི་ངོ་བོ་ཉིད། །ཅེས་དང་། ཆོས་རྗེ་ཞེ་ཆེན་པ་དྷརྨ་རཱ་ཛས། འཁོར་འདས་ཆོས་ཀུན་བྱེད་པོ་རང་གི་སེམས། །གཉིས་འཛིན་འཆིང་བའི་འཁྲུལ་སྣང་སྦུབས་རྒྱ་ལས། ཡེ་གྲོལ་བདེ་གཤེགས་སྙིང་པོ་འདུས་མ་བྱས། །ལྷུན་རྫོགས་དོན་གྱི་སངས་རྒྱས། ཞེས་གསུངས། འདི་རང་གི་ངོ་བོ་ཡེ་ནས་རྣམ་པར་ཤེས་པའི་ཆོས་ལས་འདས་པ་དང་། སྒྲིབ་པ་ཀུན་ལས་ངེས་པར་གྲོལ་བའི་གཉིས་མེད་ཡེ་ཤེས་ཀྱི་མཚན་ཉིད་ཅན་ཡིན་པས་འདི་མངོན་དུ་གྱུར་ན་འོད་གསལ་མངོན་དུ་གྱུར་པ་ཡིན་པས་དབུ་མའི་རིག་དཔྱད་དང་ཐབས་ལམ་སོགས་མཚན་བཅས་ཀྱི་ལམ་གཞན་གསར་དུ་སྣོན་མི་དགོས་ཏེ་སྦྱོར་རྫོགས་ཀྱི་ཉམས་ལེན་བཞིན་ནོ། །དེའི་ཕྱིར་དབང་རྣོན་ཨིནྡྲ་བྷོ་དྷི་ལྟ་བུ་གང་ཟག་ཅིག་ཅར་བ་དབང་དུས་སུ་གྲོལ་བའང་ཡོད་པ་ཡིན་ལ། སོ་སོར་རྟོག་པའི་ཤེས་རབ་ཅེས་པའང་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པར་རྟོགས་པ་ལ་བྱ་ཡི། རིགས་དཔྱད་མེད་དགག་ཙམ་དང་སེམས་ཙམ་པའི་རྣམ་ཤེས་རང་རིག་རང་གསལ་ཙམ་ནི་མ་ཡིན་ཏེ་དོན་དམ་བློའི་ཡུལ་དུ་བྱར་མེད་པར་གསུངས་པའི་ཕྱིར་རོ། །དེས་ན་གཉུག་སེམས་འོད་གསལ་དེ་ནམ་ཡང་རྒྱུན་ཆད་པ་མེད་ལ། ངོ་བོ་སྟོང་པས་དམིགས་མཚོན་གང་ཡང་མེད་ཀྱང་། སྟོང་ཡང་མིན་ཏེ་མཚན་མ་མེད་པའི་རང་འོད་གསལ་བ་ཡིན། སྒྲིབ་པ་མ་ཟད་པའི་སེམས་རྒྱུད་ཀྱི་གཤེགས་སྙིང་ལ་སྟོབས་བཅུའི་ཡེ་ཤེས་མངོན་གྱུར་དུ་མེད་པ་ནི་བདག་ཅག་ཀྱང་འདོད་མོད། བླ་མེད་ཆོས་ཀྱི་ཡོན་ཏན་དབྱིངས་དེ་ལ་མེད་པ་མིན་ཀྱང་། མངོན་དུ་འགྱུར་པ་ནི་སྒྲིབ་པ་ཡོད་པའི་ཕྱིར་ཏེ། ཐོག་མེད་གྱུར་པ་ཐ་མ་དང་ལྡན་པ། རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ནི། །ཐོག་མེད་སྦུབས་ཀྱིས་བསྒྲིབས་ཕྱིར་མི་མཐོང་སྟེ། །ཇི་ལྟར་གསེར་གྱི་གཟུགས་ནི་སྒྲིབ་པ་བཞིན། །ཞེས་དང་། བསྟོད་པར། ཇི་ལྟར་རིན་ཆེན་བཻ་ཌཱུརྱར། །དུས་རྣམས་ཀུན་ཏུ་འོད་གསལ་ཡང་། །རྡོ་ཡི་ནང་དུ་གནས་གྱུར་པ། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང་། །འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་འོད་གསལ་འགྱུར། །ཞེས་སོ། །འདིས་ཁྱི་རྒྱ་ལ་མཚན་དཔེ་ཡོད་མེད་སོགས་ཀྱི་ལོག་རྟོག་ཐམས་ཅད་ཀྱང་སེལ་ནུས་ཏེ། དེ་སྒྲིབ་དག་ཟིན་དང་ཡོན་ཏན་མངོན་གྱུར་གྱིས་སངས་རྒྱས་དངོས་མ་ཡིན་པའི་ཕྱིར་རོ། །གནས་ཚུལ་དབང་བཙན་དུ་བྱས་ན། ཁམས་རང་གི་ངོ་བོ་ལ་སངས་རྒྱས་ཀྱི་ཡོན་ཏན་དྲུག་ཅུ་རྩ་བཞི་པོ་སོགས་ཡེ་ལྡན་མིན་ན། དེ་འདྲའི་ཁམས་དེ་ཡོད་ཀྱང་སངས་རྒྱས་ཀྱི་རིགས་སུ་མི་འགྲུབ་སྟེ་སྟོང་རྐྱང་བཞིན། དེའི་ཕྱིར་ལུང་སྔ་མའི་འཕྲོར། །ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོབ་པར་འགྱུར། །ཁམས་མེད་ན་ནི་ལས་བྱས་ཀྱང་། །ཉོན་མོངས་འབའ་ཞིག་སྐྱེད་པར་བྱེད། །ཅེས་སོ། །འདི་ལ་ཁ་ཅིག་འདི་སྙམ་དུ། སྔོན་རྣལ་འབྱོར་བསྒོམ་པར་འདོད་པ་ཞིག་གིས་སློབ་དཔོན་ལ་ལུང་ནོད་དུ་ཕྱིན་པའི་ཚེ། སློབ་དཔོན་གྱིས་སྒོམ་ནུས་མི་ནུས་སད་པའི་ཕྱིར། ཁྱོད་ཀྱི་མགོ་ལ་མ་ཧེའི་རྭ་གཉིས་བསྒོམས་ཤིག་གསུངས་པས། དེས་དེ་བཞིན་ཉན་ཏེ་རང་གནས་སུ་བསྒོམས་པས། ཏིང་ངེ་འཛིན་གྲུབ་སྟེ་ཐོག་མར་ཀུན་བརྟགས་པའི་གཟུགས་ཡིད་ངོར་དངོས་སུ་གསལ་བ་དང་། མཐར་དབང་འབྱོར་བའི་གཟུགས་ཐོག་རེག་གི་རྣམ་པ་དངོས་སུ་བྱུང་བས། གཞན་ལ་སྦྲན་ནས་སྤོང་ཁང་གི་སྒོ་བཤིག་སྟེ་འགྲོ་དགོས་པར་བྱུང་བ་བཞིན་དོན་ལ་མེད་ཀྱང་བསྐྱེད་རིམ་བསྒོམ་པ་སོགས་ཀྱིས་མངོན་དུ་འགྱུར་རུང་བ་དང་། རང་གི་རྟོགས་པ་མ་ཡིན་ཡང་གཞན་གྱི་སྨོན་ལམ་གྱིས་ཀྱང་གྲུབ་སྟེ་ཐག་མཁན་རྒན་པོ་ལ་ཤིང་གི་ལྷ་མོས་དངོས་གྲུབ་བྱིན་པས་ལུས་མདུན་རྒྱབ་གཉིས་ཀར་བྱད་བཞིན་དང་རྐང་ལག་ཡོད་པར་གྱུར་པའི་ལོ་རྒྱུས་བཞིན། ལྷག་པའི་ལྷས་བྱིན་གྱིས་བརླབ་པ་ལས་ཀྱང་དེ་ལྟར་སྣང་དུ་རུང་བ་སོགས་ཀྱི་ཕྱིར། རྟེན་ཅིང་འབྲེལ་འབྱུང་གི་ནུས་པའི་མཐུ་ཙམ་ལས་དོན་ལ་ཡོད་མི་དགོས་སོ་སྙམ་ན། རྟེན་ཅིང་འབྲེལ་འབྱུང་གི་དབང་གིས་དེ་ལྟར་འབྱུང་བ་ནི་མི་འགལ་ཞིང་སྔགས་ཕྱི་རྒྱུད་རྣམས་སུ་ལྷ་བསྐྱེད་ཚུལ་དེ་དང་ཕྱོགས་མཐུན་ལྟ་བུར་གསུངས་པ་ཡོད་ཅིང་། དེར་མ་ཟད་ཀུན་བརྟག་གོམས་པའི་བསྐྱེད་རིམ་འཇིག་རྟེན་པའི་ལམ་དེ་འདྲ་ཕྱི་ནང་གཉིས་ཀར་ཡོད་དེ། མུ་སྟེགས་ཁ་ཅིག་གིས་ནམ་མཁའ་འདི་དངོས་པོར་བསྒོམ་པས་དབྱུག་པ་སོགས་ཀྱིས་བརྡུང་དུ་རུང་བ་དང་། བསྐྱེད་རིམ་ལ་གོམས་པ་དང་རིགས་སྔགས་ཀྱི་མཐུས་གཟུགས་གཞན་དུ་བསྒྱུར་བ་དང་། དངོས་པོ་སྤྲུལ་བསྒྱུར་བྱེད་པ་སོགས་དང་། དཀའ་བཟློག་མ་སོགས་ཀྱིས་བྱིན་གྱིས་བརླབས་པས་མིག་འཕྲུལ་སོགས་ཐུན་མོང་གི་གྲུབ་པ་ཐོབ་པ་དང་། རླུང་སེམས་ཙམ་གྱི་སྒྱུ་ལུས་དང་གྲོང་འཇུག་བྱེད་པ་སོགས་ཇི་སྙེད་པ་ཡོད་མོད། དེ་ཙམ་ནི་ཐར་པའི་རྒྱུར་འགྲོ་བའང་མ་ཡིན་ལ། སྔགས་ཕྱི་རྒྱུད་རྣམས་སུ་ཞུགས་པས་ཀྱང་རང་ལམ་དེས་འདོད་གཟུགས་ཀྱི་རིག་འཛིན་མངོན་དུ་བྱས་ཏེ། རྟེན་དེར་སྔགས་བླ་མེད་ལ་ཞུགས་ནས་གཟོད་ཕྱག་རྒྱ་ཆེན་པོ་མཆོག་ལ་སྦྱོར་དགོས་པར་གསུངས་པའི་གནད་ཀྱང་དེར་ཐུག་པས། འདིས་སྔགས་བླ་མེད་ནས་གསུངས་པའི་རྫོགས་རིམ་གྱི་ལྷ་སྐུ་ངང་སྒྱུ་འོད་སོགས་རྩོལ་མེད་དུ་འཆར་བའི་གནད་ལ་ཅིའང་གནོད་མི་ནུས་ཏེ། འདི་ནི་ཆོས་ཉིད་ཀྱི་རང་གདངས་འབའ་ཞིག་ལས་ཤར་དགོས་པའི་ཕྱིར། དེ་ལྟ་མ་ཡིན་ན། མཐར་ཐུག་རང་བཞིན་རྫོགས་པ་ཆེན་པོའི་གཞི་ཀ་དག་ལྷུན་གྲུབ་ཟུང་འཇུག་ཀྱང་མི་འགྲུབ་ལ། ཀུན་ཏུ་བཟང་པོ་ཡེ་ཐོག་གདོད་མའི་གྲོལ་གཞིར་མངོན་པར་བྱང་ཆུབ་པའི་ཚེ་ནང་གསལ་ཕྲ་བའི་ཡེ་ཤེས་གཏིང་གསལ་འགག་པ་མེད་པ་ལས་ཕྱིར་གསལ་རང་སྣང་ལོངས་སྐུའི་ཞིང་སྐུ་སོགས་ཀྱང་འཆར་མི་སྲིད་པར་འགྱུར་ཏེ། ཀུན་ཏུ་བཟང་པོས་དེའི་སྔོན་དུ་བསྐྱེད་རིམ་ཀུན་བརྟགས་ཀྱི་ལམ་སོགས་གང་ཡང་བསྒོམ་པར་མ་གསུངས་ཤིང་། གཞན་གྱིས་བྱིན་གྱིས་བརླབ་པ་སོགས་ཀྱང་མ་གསུངས་པའི་ཕྱིར། དེ་བཞིན་སེམས་ཅན་རྣམས་འཆི་བའི་ཚེ་འཆི་བའི་འོད་གསལ་དང་ཆོས་ཉིད་བར་དོའི་སྣང་བ་རྣམས་འཆར་བར་གསར་རྙིང་གི་རྒྱུད་སྡེར་གསུངས་ན། དེ་ནི་དེ་དག་གིས་སྔར་གོམས་པའི་སྟོབས་ཀྱིས་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་ལམ་མ་བསྒོམ་པའི་སེམས་ཅན་མི་སྲིད་པར་འགྱུར་ལ། ཡི་དམ་གྱི་ལྷའི་བྱིན་བརླབས་ལས་ཤར་བ་ཡང་མིན་ཏེ། ཡིན་ན་དེ་དག་དེའི་ཚེ་ཅིས་མི་གྲོལ། །དེས་ན་སྔགས་བླ་མེད་ཐུན་མོང་བ་ཕྲ་ཐིག་སོགས་དང་། ཐུན་མིན་སྦྱོར་རྫོགས་ཀྱི་ཉམས་ལེན་སྐབས་ཀ་དག་སྟོང་ཆེན་འོད་གསལ་གྱི་དོན་ལ་མཉམ་པར་བཞག་པས་མཁའ་སྣང་དུ་བ་མེ་ཁྱེར་སོགས་དང་འཇའ་ཐིག་ལྷ་སྐུར་སོགས་རྩོལ་མེད་དུ་འཆར་བ་འདི་ཐམས་ཅད་ཆོས་ཉིད་ཀྱི་རྩལ་འབའ་ཞིག་ལས་ཤར་བ་ཡིན་པ་ལ་སྨྱོན་མེད་ལ། དེ་ལྟ་ན་ཆོས་ཉིད་དེ་སྟོང་རྐྱང་མིན་པར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་དང་ཡེ་ནས་འདུ་འབྲལ་མེད་པ་འདིས་ཆོས་ཉིད་ཀྱི་རིག་པས་གྲུབ་པ་ཡིན་པས་སུས་ཀྱང་གཞིག་པར་མི་ནུས་སོ། །དེའི་ཕྱིར་ཀུན་གཟིགས་རོང་པས་རང་བྱུང་ཡེ་ཤེས་ཆེན་པོར། གསང་སྔགས་ཀྱི་ཚུལ་ལས་སྣང་བ་ཐམས་ཅད་རང་བྱུང་ཡེ་ཤེས་རང་སྣང་བའི་དཀྱིལ་འཁོར་དུ་འདོད་པ་འདི་ལ། རང་གི་གྲུབ་མཐའ་འཛིན་པ་ལ་ལ་དག །འདི་དག་ནི་གཉེན་པོའི་དོན་དུ་གསུངས་པ་ཡིན་ཏེ། མཚན་ཉིད་པ་མ་ཡིན་ནོ་ཞེའམ། ཀུན་བརྟགས་པ་དང་དབང་འབྱོར་བའི་གཟུགས་ཡིན་ཏེ་མཚན་ཉིད་པ་མ་ཡིན་ནོ་ཞེའམ། ལུང་དེའང་དགོངས་པའི་དབང་གིས་གསུངས་པ་ཡིན་ཏེ། གཟུ་བོར་གསུངས་པ་ཡིན་ནོ་ཞེས་དེ་སྐད་མ་ཟེར་ཅིག་ཅེས་དང་། གསང་སྔགས་ཀྱི་ཚུལ་ལས་ཇི་སྐད་གསུངས་པ་འདི་དག་ནི། མཚན་ཉིད་པར་གྲུབ་པ་ཡིན་ཏེ་ཡོངས་སུ་བརྟགས་པ་མ་ཡིན་ནོ། །དེའི་དབང་གིས་བཀའ་འདི་ཡང་གཟུ་བོར་གསུངས་པ་ཉིད་ཡིན་ཏེ། དགོངས་པའི་ཚིག་མ་ཡིན་ནོ། །ཞེས་སོགས་དང་། ཐེག་ཆེན་ཚུལ་འཇུག་ལས། ཐིག་ལེ་ཆེན་པོ་དྲུག་བཤད་པའི་སྐབས་སུ། ཆོས་ཉིད་ནི་འགྱུར་བ་མེད་པ། ཐིག་ལེ་ནི་སྤྲོས་པ་དང་བྲལ་བའི་དོན་ཏེ། སྣ་ཚོགས་པའི་ཆོས་ཀྱིས་རང་བཞིན་གཞན་དུ་འགྱུར་བའང་མེད་ལ། མཚན་མའི་སྤྲོས་པས་ཟིན་པའང་མེད། མཚན་མ་གསལ་ཞིང་དོར་པ་ཡང་མ་ཡིན་ཏེ། མཚན་མ་ཉིད་ཀྱི་ངོ་བོ་ཉིད་དེ་ལྟ་བུ་ཡིན་པས། ཆོས་ཉིད་ཀྱི་ཐིག་ལེ་ཞེས་བྱའོ། །དེ་ཉིད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་དབྱིངས་ཀྱི་ཐིག་ལེའོ། །དེ་བཞིན་དུ་དྲི་མ་ཐམས་ཅད་གདོད་ནས་དག་པས་དབྱིངས་རྣམ་པར་དག་པའི་ཐིག་ལེ། རང་བཞིན་གྱིས་འོད་གསལ་ཏེ་རང་བྱུང་གི་ཡེ་ཤེས་ཆེན་པོའི་ཐིག་ལེ། དེ་ལས་ཀུན་ཏུ་བཟང་པོའི་རོལ་པའི་རྒྱན་མི་འགོག་པས་ཀུན་ཏུ་བཟང་པོའི་ཐིག་ལེ། དེ་ལྟ་བུའི་དོན་དེ་ཡང་ད་གཟོད་བགྲོད་ཅིང་སྦྱང་བ་ལ་མི་ལྟོས་ཏེ་ཡེ་ནས་ལྷུན་གྱིས་གྲུབ་པས། ལྷུན་གྱིས་གནས་པའི་ཐིག་ལེའོ། །དེ་ལ་དང་པོ་གཉིས་ནི་སེམས་ཅན་གྱི་འཁྲུལ་པས་མ་བསླད་པའོ། །བར་མ་གསུམ་ནི་གཉེན་པོའི་ཐབས་ཀྱིས་མ་བཅོས་པའོ། །ཐ་མ་ནི་རྩོལ་བ་ལས་འདས་པར་ལ་བཟླ་བའོ། །འདི་དག་གིས་ཀྱང་བྱང་ཆུབ་སེམས་ཀྱི་རང་བཞིན་དང་། ཆེ་བ་དང་། གོལ་ས་བཅད་པ་རྣམས་བསྟན་པ་ཡིན་ལ། བྱང་ཆུབ་སེམས་ཀྱི་བཞག་ཐབས་ཀྱང་རྩོལ་བ་དང་བྲལ་བར་ལ་བཟླ་བ་དང་གདེང་ཆོད་པ་ཉིད་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །དེའི་ཕྱིར་གཞུང་ཁ་ཅིག་ཏུ་འཁོར་ལོ་བར་བ་ནས་གསུངས་པའི་ཆོས་དབྱིངས་སྟོང་ཉིད་ལ་སྙིང་པོའི་རང་བཞིན་གསུངས་ཀྱི་ཟག་མེད་ཀྱི་ཡོན་ཏན་རྣམས་དྲང་བའི་དོན་ཙམ་ལས་དོན་ལ་མེད་ཅེས་གསུངས་པའང་ཡོད་མོད། དེ་ནི་མདོ་ཕྱོགས་ཀྱི་གཞུང་ཁ་ཅིག་འཆད་པའི་ཚེ་བཤད་དུ་རུང་ཙམ་ཡིན་ཡང་འབྲས་བུ་གསང་སྔགས་ཀྱི་ཐེག་པ་དང་མཚམས་སྦྱོར་པའི་སྐབས་འདིར་ནི་དེ་ལྟར་སྦྱར་ནས་བཤད་མི་རུང་སྟེ། སྔགས་ཀྱི་སྒྱུ་འོད་སོགས་ཐབས་ཟབ་མོ་ལ་བརྟེན་ནས་ཡེ་ཤེས་འཆར་བའི་གནད་རྣམས་སྲོག་དང་བྲལ་བར་བྱས་པའི་ཕྱིར་རོ། །དེས་ན་ཆོས་དབྱིངས་འོད་གསལ་ལམ། རང་བྱུང་ཡེ་ཤེས་སམ། གཉུག་སེམས་འོད་གསལ་ལམ། བདེ་གཤེགས་སྙིང་པོ་ཞེས་པ་རྣམས་དོན་གཅིག་པས་འདི་སངས་རྒྱས་ཀྱི་རིགས་མཚན་ཉིད་པ་ཡིན། དེ་ཡང་སྒྲིབ་བཅས་ཀྱི་རྒྱུད་ལ་ཡོད་ཚེ་འཚང་རྒྱ་རུང་གི་རིགས་དང་། སངས་རྒྱས་ཚེ་མངོན་གྱུར་ཡིན་ཡང་། རང་གི་ངོ་བོ་འདུས་མ་བྱས་པའི་ཆོས་ཉིད་ཡིན་པས་སྔ་ཕྱི་སོགས་ཀྱི་ཁྱད་པར་གནས་ཚུལ་ལ་མེད་དེ་ངོ་བོ་འགྱུར་མེད་ཡིན་པས་སོ། །སྣང་ཚུལ་གྱི་དབང་དུ་བྱས་ན་གློ་བུར་གྱི་དྲི་མ་ཡོད་མེད་ཀྱིས་གནས་སྐབས་གསུམ་དུ་འགྱུར་ཏེ། རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་དང་། བསྟོད་པར། ཇི་ལྟར་སོ་གའི་དུས་སུ་ཆུ། །དྲོའོ་ཞེས་ནི་བརྗོད་པར་བྱེད། །དེ་ཉིད་གྲང་བའི་དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པ་ཡིན། །ཉོན་མོངས་དྲྭ་བས་གཡོགས་པ་ལ། །སེམས་ཅན་ཞེས་ནི་བརྗོད་པ་སྟེ། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱེད། །ཅེས་གསུངས། རྒྱུ་མཚན་དེའི་ཕྱིར་ངེས་དོན་བཀའ་འཁོར་ཕྱི་མ་འདི་ཉིད་གསུངས་པའི་རྗེས་ཐོབ་དེ་མ་ཐག་པར་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའང་འབྱུང་མ་རག་པའི་ཕྱིར། ཇི་ལྟར་མ་ཡི་སྔོན་དུ་དྲོད་འབྱུང་བ་ལྟར། ཆོས་དབྱིངས་འོད་གསལ་བསམ་མི་ཁྱབ་པའི་གནས་ལུགས་ཇི་ལྟ་བ་བཞིན་བསྟན་ཏེ། དེ་ཡང་བྲལ་གཞི། བྲལ་རྒྱུ། བྲལ་འབྲས་ཙམ་ལས་ཆོས་ཉིད་རང་གི་ངོ་བོ་དབང་བཙན་དུ་བྱས་ན་བསྐྱེད་བྱེད་ཀྱི་རྒྱུ་འབྲས་མཚན་ཉིད་པ་མིན་པར་བསྟན་པས། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་དང་ཡང་ལམ་གྱི་མཚམས་སྦྱོར་བླ་ན་མེད་པ་སྟེ། གོང་བཤད་བྲལ་གཞི་སོགས་གསུམ་པོ་དང་། རྡོ་རྗེ་ཐེག་པའི་ལུགས་ཀྱི་རྒྱུད་གསུམ་ཐབས་ཤེས་ཀྱིས་ཁྱད་པར་དུ་ཕྱེ་བ་ཙམ་ལས་ངོ་བོ་གཞི་འབྲས་དབྱེར་མེད་ཆེན་པོར་གནད་གཅིག་པས་ན། སྔོན་གྱི་གསར་རྙིང་གི་མཁས་གྲུབ་དམ་པ་རྣམས་ཀྱིས་མདོ་སྔགས་ཕྱི་ནང་སྦྱར་ཏེ་བཤད་པ་མཛད་པ་ཡིན་ཏེ། ཨོ་རྒྱན་ཆེན་པོས། གདོད་ནས་དག་པའི་རིག་པ་ནི། །ཡེ་ནས་ཆོས་སྐུར་གནས་པ་ལ། །དབུལ་པོའི་ཁྱིམ་གྱི་ས་འོག་ན། །གནས་པའི་ནོར་བུ་རིན་ཆེན་བཞིན། །ངོ་མ་ཤེས་པས་འཁོར་བར་འཁྲུལ། །ངོ་སྤྲོད་དེ་ངོ་ཤེས་པ་ནི། །ཆོས་དབྱིངས་ཡེ་ཤེས་རྟོགས་པ་སྟེ། །སངས་རྒྱས་ཞེས་སུ་གྲགས་པའོ། །ཞེས་དང་། ས་ཆེན་གྲགས་རྒྱལ་གྱི་ལམ་བཟང་ཚིགས་བཅད་མར། རང་སེམས་གདོད་ནས་སྤྲོས་བྲལ་རྒྱུ་རྒྱུད་དང་། །དབང་གི་ཡེ་ཤེས་ལམ་གྱི་ལྟ་བ་དང་། །ཉམས་མྱོང་སངས་རྒྱས་ས་ལ་ཁྱད་པར་མེད། །རྟོགས་པའི་ཁྱད་པར་ཟླ་བའི་དཔེ་ཡིས་བསྟན། །ཞེས་དང་། ལྟ་བ་འཁོར་འདས་དབྱེར་མེད་ལས། །རང་བཞིན་རྒྱུ་ལ་བསམ་ན་ལྷུན་གྲུབ་སྟེ། །མཐའ་ཡས་ཡོན་ཏན་ཚོགས་ནི་གནས་གྱུར་ཡིན། །དེས་ན་ལྷུན་གྲུབ་གནས་གྱུར་མི་འགལ་བ། །འདི་ནི་འབྲས་བུའི་འཁོར་འདས་དབྱེར་མེད་ཡིན། །ཞེས་དང་། ལམ་འབྲས་གཞུང་རྡོ་རྗེའི་ཚིག་རྐང་གི་འབྲེལ་པར། །ཀུན་གཞི་ཞེས་པ་ནི་ཐབས་ཀྱིས་ཟིན་པ་དང་མ་ཟིན་པའི་བྱེ་བྲག་གིས་འཁོར་འདས་གཉིས་ཀའི་གཞིར་གྱུར་པའོ། །རྒྱུ་ནི་འབྲས་བུ་སྐྱེ་རུང་གི་ནུས་པའི་མཐུ་ལ་བྱ། རྒྱུད་ནི་སེམས་ཅན་ནས་རྡོ་རྗེ་འཛིན་པའི་བར་དུ་སེམས་ཉིད་རིགས་པ་རྒྱུན་མི་འཆད་པའོ། །འཁོར་འདས་ཚང་བ་ནི། འཁོར་བའི་ཆོས་ཐམས་ཅད་མཚན་ཉིད་ཀྱི་ཚུལ་དུ་ཚང་། མྱ་ངན་ལས་འདས་པའི་ལམ་ཐམས་ཅད་ཡོན་ཏན་གྱི་ཚུལ་དུ་ཚང་། འབྲས་བུའི་ཆོས་ཐམས་ཅད་ནུས་མཐུའི་ཚུལ་དུ་ཚང་ངོ་། །འདི་ཉིད་ལ་རྩ་རྒྱུད་ཅེས་བྱ་སྟེ། ལུས་ལ་རྟེན་འབྲེལ་བསྒྲིགས་པས་རྟོགས་པར་བྱ་རྒྱུ་སེམས་ཀུན་གཞི་ཡིན་པས་སོ། །ཞེས་ཀུན་གཞི་རྩ་བའི་རྒྱུད། ལུས་ཐབས་ཀྱི་རྒྱུད། ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་དེ་རྒྱུད་གསུམ་དུ་རྣམ་པར་བཞག་སྟེ་གསུངས་པ་དང་། རྒྱལ་དབང་རང་བྱུང་ཞབས་ཀྱི་ཟབ་མོ་ནང་དོན་རང་འགྲེལ་དུ། དྲི་མེད་རྒྱལ་བའི་སྙིང་པོ་དང་། །མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་ལམ་ལ་གནས་པ་དང་། །དེ་བཞིན་གཤེགས་རྣམས་རིམ་པ་བཞིན། །གསུངས་ཕྱིར་དེ་དོན་རྟོགས་པར་བྱ། །ཞེས་བྱ་བ་སྨོས་ཏེ་འདི་མཆོག་ཏུ་རྟོགས་པར་དཀའ་བའི་རྡོ་རྗེ་ཐེག་པའི་བརྗོད་བྱ་སྟེ་བསམ་གྱིས་མི་ཁྱབ་པའི་གནས་བཞིས་འཁྱུད་པའི་སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་པ་ཡིན་ནོ། །དེ་ལ་རྡོ་རྗེ་ནི་འགྱུར་བ་མེད་པ་སངས་རྒྱས་ཡིན་ལ། དེའི་ལམ་དུ་འགྲོ་བ་ནི་ཐེག་པ་སྟེ། རྒྱལ་བའི་སྲས་རྣམས་དེར་ཕྱིན་པར་བྱེད་པའམ། ཡང་ན་མི་ཤིགས་པའི་སངས་རྒྱས་ཀྱི་སྙིང་པོ་ནི་འཁོར་འདས་ཐམས་ཅད་དེ་ལས་མི་གཡོ་བའི་གཞི་ཡིན་པས་རྡོ་རྗེ་ཐེག་པའོ། །གནས་ལུགས་འདི་ལ་དྲི་མ་ཐམས་ཅད་ཀྱིས་གོས་པ་མེད་པས་དྲི་མ་མེད་པའོ། །དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་པས་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱའོ། །འདི་ལ་གནས་སྐབས་གསུམ་དུ་འགྱུར་ཏེ་མ་དག་པ་དང་བཅས་པ་སེམས་ཅན་གྱི་གནས་སྐབས་དང་། མ་དག་པ་དང་དག་པ་གཉིས་ལྡན་པའི་བྱང་ཆུབ་སེམས་དཔའ་ལམ་པའི་གནས་སྐབས་དང་། ཤིན་ཏུ་རྣམ་པར་དག་པ་དེ་བཞིན་གཤེགས་པའི་གནས་སྐབས་ཏེ། དེ་ལྟར་རྣམ་པ་གསུམ་པོ་འདི་ལ་མིང་གི་ཐ་སྙད་ཀྱི་རྣམ་གྲངས་གཞི་དང་ལམ་དང་འབྲས་བུ་དང་། གཞི་རྒྱུད་དང་། ཐབས་རྒྱུད་དང་། འབྲས་བུའི་རྒྱུད་གསུམ་དང་། གཞི་དངོས་པོའི་གནས་ལུགས་དང་། ལམ་གྱི་རིམ་པ་དང་། འབྲས་བུ་སྐྱེ་བའི་རིམ་པ་ཞེས་བྱ་བ་ལ་སོགས་པ་སྔོན་གྱི་མཁས་གྲུབ་རྣམས་ཀྱིས་གསུངས་སོ། །ཞེས་སོགས་གནས་བཞི་དམ་པའི་ཡུལ་དུ་གྱུར་པ་ཕལ་གྱིས་བསམ་གྱིས་མི་ཁྱབ་པའི་ཚུལ་ནོར་བུའི་དཔེ་དང་བཅས་ཏེ་རྒྱས་པར་གསུངས་པ་དང་། ཀུན་མཁྱེན་ཆོས་རྗེས་ངེས་དོན་ཤིང་རྟ་ཆེན་མོར། འདིར་བཀའ་ཐ་མ་ལ་ཁམས་རང་བཞིན་གྱིས་དག་པ་ཡོན་ཏན་ཡེ་ལྡན་དུ་ཡོད་ལ། ལམ་ཉམས་སུ་བླང་དུས་ཡོན་ཏན་སྐྱེ་བ་ལྟར་སྣང་བ་ཁས་ལེན་པ་དང་། སྔགས་ལས་རང་བཞིན་གྱི་དཀྱིལ་འཁོར་འགྲོ་བ་ཀུན་ལ་གནས་པར་བསྟན་པ་གཉིས་ཁྱད་མེད་པས་གཞི་གཅིག་ལ། ལམ་ཡང་ཐབས་ཤེས་ཚོགས་གཉིས་སུ་གཅིག་པ་དང་། འབྲས་བུའང་སྐུ་དང་ཡེ་ཤེས་སུ་གཅིག་པས་སྔོན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་སོགས་པས་ཕྱི་ནང་དུ་བཤད་པ་མཛད་པ་ཡིན་ནོ། །ཞེས་དང་། རྗེ་གཏེར་ཆེན་བླ་མས། གཞི་རྒྱུད་བདེ་གཤེགས་སྙིང་པོའི་ཁམས། །ཐབས་རྒྱུད་ལམ་གྱི་ཡོངས་སྦྱོང་ནས། །འབྲས་རྒྱུད་སྐུ་བཞིར་མཚམས་སྦྱར་བའི། །བླ་མ་དེ་ལ་གུས་ཕྱག་འཚལ། །ཞེས་གསུངས། འོན་ཀྱང་འཁོར་ལོ་ཐ་མར་ཆོས་དབྱིངས་སམ་སྙིང་པོའི་རང་བཞིན་ཇི་ལྟ་བར་གཏན་ལ་ཕབས་ནས་བསྟན་ཀྱང་། དེ་མངོན་དུ་བྱེད་པའི་ཐབས་ཐུན་མོང་བ་རྒྱུ་ཚོགས་གཉིས་ལ་གོམས་སྟོབས་ཀྱིས་དུས་རིང་མོ་ཞིག་ནས་མངོན་དུ་བྱེད་པར་བསྟན་གྱི་ད་ལྟ་ནས་མངོན་དུ་བྱེད་པའི་ཐབས་ཐུན་མིན་རྣམས་མ་བསྟན་པས་ཐབས་ལ་རྨོངས་པའི་ཆ་ཡོད་དེ། ཨཱརྱ་དེ་ཝས་བདག་བྱིན་རླབས་ལས། བསྐལ་པ་བྱེ་བ་མཐའ་ཡས་སུ། །ཐོས་པའི་ཕ་རོལ་སོན་གྱུར་ཀྱང་། །བདག་བྱིན་བརླབ་ལས་ཕྱིར་ཕྱོགས་པས། །དེ་ཡིས་དེ་ཉིད་མཐོང་མི་འགྱུར། །ཞེས་བདག་བྱིན་བརླབ་དང་། དཀྱིལ་འཁོར་འཁོར་ལོའི་རིམ་པ་གཉིས་ཏེ་གསང་ཤེར་གྱི་ལམ་རང་ལུས་ཐབས་ལྡན་དང་། གཞན་ལུས་ཕོ་ཉའི་ལམ་སྟེ་མཚན་བཅས་ཀྱི་རྫོགས་རིམ་ཡིན་ལ། དེའི་རྟེན་དུ་བསྐྱེད་རིམ་དགོས་ཤིང་། དེ་ཐམས་ཅད་ཀྱང་སྨིན་བྱེད་དབང་དང་དམ་ཚིག་ལ་མ་བརྟེན་པར་སྒོམ་དུ་མི་རུང་བས་ན། དོན་ལ་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ལམ་རིམ་པ་གཉིས་ལ་མ་བརྟེན་པར། དབང་བཞི་པའི་ཡེ་ཤེས་ལྷན་ཅིག་སྐྱེས་པ་ཉིད་རྟོགས་མི་ནུས་པར་གསུངས་སོ། །རྒྱུ་མཚན་དེས་བྱང་སེམས་བློ་ཆེན་བརྩོན་ལྡན་རྣམས་ཀྱང་གྲངས་མེད་གསུམ་གྱི་དུས་ལ་ལྟོས་དགོས་ཤིང་། དེ་ཡང་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལས་ས་བཅུའི་བྱང་སེམས་ཆེན་པོ་རྣམས་ཀྱིས་ཀྱང་ཁམས་ཀྱི་ཡོན་ཏན་ཡེ་ལྡན་ཡིན་པར་གཟིགས་ཀྱི་མཐའ་དག་མངོན་གྱུར་དུ་ནི་གཟིགས་པ་མིན་པར་གསུངས་ཏེ། རྒྱུད་བླ་མའི་འགྲེལ་པར། སྤྲིན་མཐོང་མཁའ་ལ་ཉི་བཞིན་ཕྱོགས་གཅིག་བློ་གྲོས་ཅན། བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་རྣམ་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང་། །ཞེས་སོ། །སྤང་བྱའི་དྲི་མ་ལས་ཉོན་རྣམ་སྨིན་གྱི་ཕྲ་བ་གང་ཟད་ཕན་ཆད་སྤང་བྱ་གཏན་མེད་པ་ནི། མ་རིག་བག་ཆགས་ཀྱི་ས་དང་། ཟག་པ་མེད་པའི་ལས་དང་། ཡིད་ཀྱི་རང་བཞིན་གྱི་ཕུང་པོ་དང་། བསམ་མི་ཁྱབ་འགྱུར་གྱི་འཆི་འཕོ་བ་སྟེ་དེ་བཞི་པོ་ཡིན་ལ། དེ་ཐམས་ཅད་སྤངས་པ་ནི་སངས་རྒྱས་ཀྱི་ས་ཁོ་ན་ཡིན་ཏེ་ཉན་རང་སོགས་ལ་མི་སྲིད་དོ། །དེ་བཞི་པོ་སྤངས་ན་མཐར་ཐུག་གི་ཡོན་ཏན་སྟོབས་སོགས་སངས་རྒྱས་ཀྱི་ཚོ་ལྟ་བུ་མངོན་དུ་གྱུར་པ་ནི་དབྱིངས་ཀྱི་ཡོན་ཏན་ཉིད་མངོན་དུ་གྱུར་པ་ཡིན་པས། འདི་སངས་རྒྱས་ཀྱི་རིགས་ཁོ་ན་ཡིན་གྱི་ཉན་རང་སོགས་ཀྱི་མ་ཡིན་ཏེ། སངས་རྒྱས་ཀྱི་སའི་ཡོན་ཏན་དང་རྣམ་དབྱེར་མེད་པའི་ཕྱིར་རོ། །གལ་ཏེ་ཉན་རང་སོགས་ཀྱིས་ཀྱང་འདི་ལྟ་བུའི་ཁམས་ཡོད་པར་ཐོས་ཤིང་རྟོགས་ན་ནི་དེ་དག་ཀྱང་རིམ་གྱིས་སངས་རྒྱས་སུ་འགྱུར་ཏེ་མདོ་སྡེ་པད་དཀར་སོགས་ནས་གསུངས་པ་བཞིན་མཐར་ཐུག་ཐེག་གཅིག་ཏུ་སྒྲུབ་པའི་གནད་འདི་ལ་ཐུག་པའི་ཕྱིར་རོ། །མཐར་ཐུག་སངས་རྒྱས་ཀྱི་སར་རིག་པར་ཡེ་ཤེས་ཀྱི་སྟོབས་ལས་སྒྲིབ་གཉིས་བག་ཆགས་བཅས་ཟད་པའི་རྗེས་སུ་ཡེ་ཤེས་ཉིད་འགག་པ་མ་ཡིན་ཏེ། སྣང་བས་མུན་པ་ལོག་ཀྱང་སྣང་བ་མི་ལྡོག་པ་བཞིན་དུ། སྒྲིབ་གཉིས་དང་བྲལ་བའི་ཡེ་ཤེས་ནམ་མཁའ་དང་མཉམ་པའི་གནས་གྱུར་མཐར་ཐུག་སྟེ་ནམ་ཡང་ཟད་མི་ཤེས་སོ། །འོ་ན་རོང་ཟོམ་སོགས་ཀྱིས་ཡེ་ཤེས་མེད་པར་མ་གསུངས་སམ་སྙམ་ན། དེ་ནི་གཞན་བྱུང་གི་ཡེ་ཤེས་སློབ་ལམ་དུ་ཟག་མེད་གསར་ཐོབ་འདུས་བྱས་ཀྱི་ཆ་རྣམས་དེའི་ཚེ་འགག་ཟིན་པའམ་ཡུལ་ཡུལ་ཅན་ཐ་དད་དུ་འཛིན་པའི་སྤྲོས་པ་ཉེ་བར་ཞི་བའི་ཆ་ཙམ་ལ་དགོངས་ཀྱི་རང་བྱུང་གི་ཡེ་ཤེས་ནི་མེ ད་པར་མ་གསུངས་ཏེ། ཐེག་ཆེན་ཚུལ་འཇུག་ལས། དེ་བས་ན་སངས་རྒྱས་རང་གི་ངོ་བོ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཉིད་ཡིན་པར་ལུང་དང་རིག་པ་གཉིས་ཀས་མངོན་ནོ། །དེ་ལྟ་ན་སེམས་ཅན་དང་སངས་རྒྱས་ཀྱི་རང་བཞིན་མཉམ་སྟེ། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་འོད་གསལ་བའོ། །ཆོས་ཐམས་ཅད་ནི་ཡེ་ནས་མངོན་པར་རྫོགས་པའི་སངས་རྒྱས་པའོ། །གང་གིས་དོན་འདི་ལྟ་བུ་རྟོགས་ཏེ། བདག་དང་སངས་རྒྱས་དབྱེར་མེད་པའི་བློ་དང་ལྡན་ཞིང་ཕུང་པོ་ལྔ་སྒྱུ་མ་ཙམ་དུ་སྣང་བའང་དེ་བཞིན་གཤེགས་པ་ཉིད་ཡིན་པའི་བློ་དང་ལྡན་ན། ལམ་གྱི་མཆོག་ཡིན་ཏེ། གང་གིས་ཁྱད་པར་ཡོད་པར་མཐོང་བ་ནི་ལམ་གྱི་མཆོག་མ་ཡིན་ནོ། །ཞེས་སོགས་དང་། དེ་ཡང་འདི་ལྟར་མངོན་དུ་སངས་རྒྱས་པ་དེ་མཚན་ཉིད་ཇི་ལྟར་སངས་རྒྱས་ཞེ་ན། ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་གཞན་ལ་ལྟོས་པ་མེད་པར་རང་བྱུང་གི་ཡེ་ཤེས་རང་ཤར་བ་ཡིན་ལ། ཡེ་ཤེས་དེ་ཉིད་ཀྱང་མཚན་མ་ཐམས་ཅད་ལས་འདས་པ་སྟེ། བསྙད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །ཞེས་དང་། གདེང་ཆེན་པོ་གསུམ་ནི། མ་བྱས། མ་བཅོས་ལྷུན་གྱིས་གྲུབ་པའོ། །དེ་ལ་མ་བྱས་པ་ནི་སེམས་ཅན་འཁྲུལ་པས་ཇི་ལྟར་བསླད་ཀྱང་། སེམས་ཀྱི་རང་བཞིན་འགྱུར་བ་མེད་པའོ། །མ་བཅོས་པ་ནི། རྒྱལ་བ་རྣམས་ཀྱི་ཐབས་ཀྱིས་ཇི་ལྟར་བཅོས་ཀྱང་། བྱང་ཆུབ་སེམས་ཀྱི་ཡོན་ཏན་བོག་དབྱུང་དུ་མེད་པའོ། །ལྷུན་གྱིས་གྲུབ་པ་ནི་དེ་ལྟ་བས་ན་བགྲོད་ཅིང་སྦྱང་བ་ལས་འདས་པའོ། །འདིས་རྫོགས་པ་ཆེན་པོའི་དོན་མཐའ་དག་བསྡུས་སོ། །ཞེས་དང་། མན་ངག་རྩ་བ་གསུམ་ནི། ལུང་ལ་མ་བརྟེན་པའི་མན་ངག །རྒྱུ་ལས་མ་བྱུང་བའི་འབྲས་བུ། སེམས་ལས་མ་བྱུང་བའི་ཆོས་སོ། །དེ་ལ་བྱང་ཆུབ་ཀྱི་སེམས་ནི་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པས། བློ་ལ་བཅང་བའི་མན་ངག་དམ་པ་ཡིན་ཡང་། ལུང་གི་སྒྲ་ལ་བརྟེན་པའང་མ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ནི་རང་བཞིན་གྱིས་འོད་གསལ་བ་ཡིན་ཡང་། སེམས་ལས་བྱུང་བའི་ཆོས་ཤེས་རབ་དང་ཏིང་ངེ་འཛིན་དང་སྙིང་རྗེས་བསྡུས་པའང་མ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ནི་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཡང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་ལས་བསྒྲུབ་པའང་མ་ཡིན་ནོ། །ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་དང་རང་བྱུང་གི་ཡེ་ཤེས་དོན་གཅིག །ཁྱད་པར་དཀོན་ཅོག་འགྲེལ་ལས། སེམས་ཡེ་ཤེས་སུ་བསྐྱེད་པའི་སྐབས་ལྔ་ཀའང་གནས་གྱུར་པ་མེད་པའི་བྲལ་འབྲས་རང་བྱུང་གི་ཡེ་ཤེས་འབའ་ཞིག་ཏུ་གསུངས་པ་དང་། དམ་ཚིག་མདོ་རྒྱས་ལས་ཀྱང་། ཡེ་ཤེས་ཀྱི་དམ་ཚིག་སྐབས་སུ། །ས་ཆུ་མེ་རླུང་སྣོད་བཅུད་བཅས། །ཀུན་ཀྱང་རང་བཞིན་ཆོས་ཉིད་དོན། །ཆོས་ཉིད་དོན་ལས་གཞན་མེད་པས། །རང་བྱུང་ཡེ་ཤེས་གསལ་བའོ། །ཞེས་གསུངས་ཏེ། སྒྲིབ་པ་གདོད་ནས་དག་པས་རང་བྱུང་གི་ཡེ་ཤེས་སུ་འོད་གསལ་བ་སྟེ། འདི་ལྟ་བུ་ནི་ངེས་དོན་གྱི་མདོ་སྡེ་ལས་ཀྱང་གསུངས་ཏེ། དྲི་མ་མེད་པར་གྲགས་པའི་མདོ་ལས། གསོག་དང་། གསོབ་དང་། སྙིང་པོ་མེད་པ་ཡིན་ཡང་། བསོད་ནམས་གསོག་མ་ཡིན་པ་དང་། ཡེ་ཤེས་གསོབ་མ་ཡིན་པ་དང་། རང་བྱུང་གི་ཡེ་ཤེས་སུ་དབང་བསྐུར་བའི་སྙིང་པོ་མེད་པ་མ་ཡིན་པར་གསུངས་པ་དང་། གཞན་ཡང་སྡོང་པོ་བཀོད་པ་སོགས་མདོ་དུ་མ་ནས། ནམ་མཁའ་བཞིན་དུ་རང་བྱུང་གི་ཡེ་ཤེས་འཕོ་འགྱུར་མེད་པ་དང་། སོ་སོའི་སྐྱེ་བོའི་ཤེས་པའང་རང་བཞིན་གྱིས་རྣམ་པར་བྱང་བ་ཅན་དང་། དེ་བཞིན་གཤེགས་པའི་སྙིང་པོ་ཅན་དང་། ཟག་པ་མེད་པའི་སེམས་ཅན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་མོད་ཀྱི། དེ་དག་ཏུ་ནི་མཚན་མའི་ཆོས་ཀྱང་ཤས་ཆེར་འདོད་ལ། འདིར་སངས་རྒྱས་མ་རྒྱས་པའི་ཆོས་རྡུལ་ཙམ་ཡང་མི་འདོད་དོ། །ཞེས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་རང་བྱུང་གི་ཡེ་ཤེས་ཉག་གཅིག་ཏུ་བསྟན་པས་ཤེས་སོ། །དེས་ན་མདོ་ལས། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །ཡེ་ཤེས་ནམ་མཁའ་ལྟ་བུ་སྟེ། །དེ་བཞིན་གཤེགས་པ་ཡེ་ཤེས་སྐུ། །གཟུང་དུ་མེད་ཅིང་རེག་ཏུ་མེད། །ཅེས་དང་། ཇི་ལྟར་ནམ་མཁའ་མུ་མེད་ཅིང་། །ཚད་ཡོད་མ་ཡིན་མཐའ་ཡས་ལྟར། །དེ་བཞིན་ཡེ་ཤེས་ཆེན་པོ་ཡི། །མཐའ་ནི་དམིགས་པར་མི་འགྱུར་རོ། །ཞེས་དང་། འཇུག་པར། སེམས་འགག་པ་སྟེ་སྐུ་ཡིས་མངོན་སུམ་མཛད། །ཞེས་གསུངས་ཏེ་དེའི་ཚེ་སངས་རྒྱས་ཀྱི་ཡེ་ཤེས་སྒྲིབ་བྲལ་མངོན་འགྱུར་མཐར་ཐུག་པར་གྲུབ་པའི་ཕྱིར་རོ། །དེས་ན་བདེ་གཤེགས་སྙིང་པོའི་རང་བཞིན་ནི་ཚོགས་སོགས་སློབ་ལམ་དུ་དད་པས་དོན་སྤྱི་ཕྱོགས་རེ་ཙམ་འཇལ་བ་ལས་ཐམས་ཅད་རྟོགས་ནུས་པ་མ་ཡིན་ཏེ། སྙིང་པོའི་མདོར་གང་སོ་སོ་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་སྙིང་པོ་མཐོང་བ་མ་ཡིན་ནོ། །ཞེས་སོགས་དམུས་ལོང་གིས་མར་གྱི་ཁ་དོག་དྲིས་པ་དང་གླང་པོ་ཆེའི་མཚན་ཉིད་གཞལ་བ་སོགས་ཀྱི་དཔེས་བསྟན་པས་མཚོན་ཏེ། མདོར་ན་རྒྱུད་བླ་མ་ལས། རང་བྱུང་རྣམས་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིས། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་གསུངས་པ་བཞིན་ནོ། །དེ་ལྟ་ནའང་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པར་ནི། སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ལམ་བདག་བྱིན་རླབས་བསྒོམ་པ་སོགས་བསྐྱེད་རྫོགས་ཟབ་མོའི་ཐབས་མཁས་ཀྱི་མྱུར་ལམ་ལ་བརྟེན་ནས། ད་ལྟ་སོ་སྐྱེའི་ས་ནས་ཀྱང་ཡིད་ཆེས་སྐྱེ་ཞིང་མངོན་དུ་བྱར་ཡོད་པ་ནི་སྔགས་ཀྱི་ཁྱད་ཆོས་ཐུན་མིན་ཏེ། ཧེ་བཛྲ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་སྙེད་དེ། །བླ་མས་དུས་ཐབས་བསྟན་པ་དང་། །རང་གི་བསོད་ནམས་ལས་ཤེས་བྱ། །ཞེས་སོ། །རྒྱུ་མཚན་དེས་ཐབས་ཀྱི་ཐེག་པ་དང་འབྲས་བུའི་ཐེག་པར་གྲུབ་པ་ཡིན་ཏེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ཏེ། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས། དེ་ལྟར་ཐབས་ཀྱིས་ཁྱད་པར་དུ་འཕགས་པ་བཞིན་དུ་ལྟ་བས་ཀྱང་འཕགས་ཏེ། ཁ་ཅིག་གིས་ཡུལ་ཆོས་དབྱིངས་སྤྲོས་བྲལ་ཙམ་གྱི་ཆ་ལ་དགོངས་ནས་ཁྱད་པར་མེད་དུ་བརྗོད་ཀྱང་། ལྟ་བ་ནི་དེ་གཏན་ལ་འབེབས་བྱེད་ཡུལ་ཅན་གྱི་ངོས་ནས་འཇོག་དགོས་པའི་ཕྱིར། དོན་དམ་བདེ་བ་ཆེན་པོ་དང་། ཀུན་རྫོབ་སྐུ་དང་ཡེ་ཤེས་སུ་བལྟ་བ་སོགས་ཀྱིས་ཁྱད་པར་དུ་འཕགས་ཏེ། རོང་ཟོམ་པས། སྔགས་དང་མཚན་ཉིད་ཀྱི་གྲུབ་མཐའ་མཐུན་པ་ནི། དོན་དམ་སྤྲོས་བྲལ། ཀུན་རྫོབ་སྒྱུ་མར་འདོད་པ་སྤྱི་མཐུན། སྒྱུ་མ་ཙམ་ཉིད་སེམས་སྣང་ཡིན་པ་རྣལ་འབྱོར་སྤྱོད་པ་དང་མཐུན། སེམས་ཀྱི་ཚུལ་ཇི་ལྟར་འདོད་པ་བྱང་སེམས་གཅིག་པུར་སྨྲ་བ་དང་མཐུན། སྤྱོད་པས་གཞན་དོན་ལ་ཉམས་སུ་ལེན་པ་དང་། འབྲས་བུ་བླ་མེད་ཡེ་ཤེས་ཀྱང་མཐུན། སྔགས་སུ་སངས་རྒྱས་ཀྱི་ས་གསུམ་དང་བདུད་རྩི་འོད་སོགས་གསུངས་པ་ཡང་། མཚན་ཉིད་ལ་ཆོས་སྐུ་མཛད་པ་བཅས་དང་། སངས་རྒྱས་ཀྱི་ཆོས་ལྔ་ཞེས་གསུངས་པ་མཚུངས་པར་ཤེས་པར་བྱའོ། །ཅུང་ཟད་མི་མཐུན་པ་ནི། བདེན་གཉིས་དབྱེར་མེད། ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་འདོད་པ་དང་། སེམས་ཀྱི་རང་བཞིན་རང་བྱུང་ཡེ་ཤེས་སུ་འདོད་པ་དང་། ཆོས་ཐམས་ཅད་སངས་རྒྱས་པར་འདོད་པར་མི་མཐུན་ནོ། །འོ་ན་མདོ་ལས། སོ་སོའི་སྐྱེ་བོའི་ཤེས་པ་ཟག་པ་མེད་པའི་སེམས་དང་ལྡན་པ་དང་། རང་བྱུང་ཡེ་ཤེས་མི་འཇིག་པ་ཡོད་པར་གསུངས་པ་དང་། ཤཱཀྱ་ཐུབ་པའི་ཞིང་དག་པར་གསུངས་པ་དང་། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་ཉིད། སོགས་ཀྱི་མདོ་སྡེ་ལས་ཀྱང་བདེན་གཉིས་དབྱེར་མེད་དང་། རང་བྱུང་ཡེ་ཤེས་དང་། ཆོས་ཐམས་ཅད་རང་བཞིན་གྱིས་སངས་རྒྱས་སུ་གསུངས་པས་ཁྱད་པར་མི་རིགས་སྙམ་ན། དེ་ལྟར་གསུངས་པ་བདེན་ཏེ། ཁྱད་པར་འདི་དག་ཉན་ཐོས་དང་ཐུན་མོང་དུ་གྲགས་པའི་གཞུང་ལས་བྱེ་བྲག་ཕྱེ་སྟེ་གསུངས་པ་ཡིན་ལ། འདི་དང་སྔགས་ཅུང་ཟད་སྒོ་མཐུན་པ་ནི་འདོད་པ་ཉིད་དེ་ཐེག་པའི་བྱེ་བྲག་ཐམས་ཅད་ཐ་དད་དུ་མེད་དེ་བྱང་སེམས་ཀྱི་སྤྱོད་པ་རླབ་པོ་ཆེ་དང་། ཀུན་གཞིའི་རྣམ་ཤེས་ལྟ་བུ་ཐེག་ཆེན་དུ་གསུངས་པའི་ཁྱད་ཆོས་དག་ཀྱང་ཉན་ཐོས་ལུང་ལས་ས་བོན་ཙམ་གྲགས་པ་བཞིན་ནོ། །ཞེས་དང་། གསང་སྔགས་ཀྱི་གཞུང་ལ་གྲགས་པའི་ལྟ་བ་ནི། དོན་དམ་པར་སྐྱེ་འགགས་མེད་པར་འདོད་པ་དབུ་མ་དང་མཐུན་ལ། ཀུན་རྫོབ་ཏུ་ཕུང་ཁམས་སྐྱེ་མཆེད་སྒྱུ་མ་ཙམ་དུ་ལྟ་བའང་མཐུན་ནོ། །བྱེ་བྲག་ཏུ་ན། སྒྱུ་མའི་མཚན་ཉིད་དེ་དག་ཀྱང་། ཡོངས་སུ་དག་པའི་ལྷའི་མཚན་ཉིད་དུ་ལྟ་བ་དང་། བདེན་པ་གཉིས་ཀྱང་དབྱེར་མེད་པར་ལྟ་བས་ཁྱད་པར་དུ་བྱས་པའོ། །ཞེས་གསུངས་པས་མཚོན་ཞིབ་པར་ལྟ་བའི་བརྗེད་བྱང་དུ་གསལ་བར་བསྟན་པ་བཞིན་ནོ། །སྔགས་ཐུན་མིན་གྱི་ལྟ་བ་མདོ་ཙམ་ནི་འོག་ཏུ་འཆད་པར་འགྱུར་རོ། །དེ་ལྟ་བུའི་བླ་ན་མེད་པའམ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་རིགས་དེ་ལ་དབྱེ་ན། རྒྱུད་བླ་མར། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླང་བ་མཆོག་ཡིན་ནོ། །ཞེས་གསུངས་པས། རང་བཞིན་གནས་པའི་རིགས་དང་། སྒྲུབ་པའི་རིགས་གཉིས་ཀྱི། དང་པོ་ནི། མྱང་འདས་ལས། རིགས་ཀྱི་བུ། དེ་ལ་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་རང་བཞིན་གྱིས་ངོ་བོ་ཉིད་མེད་པ་ནི། རང་བཞིན་གྱིས་དག་པའི་སེམས་ཇི་ལྟར་སྣང་བ་མཚན་དང་དཔེ་བྱད་འབར་བའི་ཡོན་ཏན་གྱིས་བགོས་པ་དང་ཐ་དད་པར་མ་ཡིན་ཏེ། འོན་ཀྱང་སྣང་བ་དང་སྟོང་པའི་རང་བཞིན་གྱིས་རྣམ་པར་ཕྱེའོ། །ཞེས་གསུངས་པས། འདི་ལའང་དབྱེ་ན། ཆོས་ཉིད་རང་བཞིན་གྱིས་གནས་པའི་རིགས་དབྱིངས་ཟག་མེད་ངོ་བོ་ཉིད་སྐུའི་བྲལ་རྒྱུའམ་བྲལ་གཞི་ལྷུན་གྱིས་གྲུབ་པས་རིན་པོ་ཆེའི་སྐུ་ལྟ་བུ་དང་། ཆོས་ཅན་རང་བཞིན་གྱིས་གནས་པའི་རིགས་ལོངས་སྤྱོད་རྫོགས་སྐུའི་བྲལ་རྒྱུ་འཁོར་ལོས་བསྒྱུར་བ་ལྟ་བུ་དང་། དེའི་གཟུགས་བརྙན་སྣང་བ་སྤྲུལ་སྐུའི་བྲལ་རྒྱུ་གསེར་གྱི་གཟུགས་བརྙན་ལྟ་བུ་སྟེ། མཐར་ཕྱིན་འབྲས་བུའི་སྐུ་གསུམ་གྱི་འཆར་གཞིར་གྱུར་པའི་ཆ་ནས་ལྡོག་པས་གསུམ་དུ་འགྱུར་ནའང་། དོན་ལ་དེ་གསུམ་ངོ་བོ་དབྱེར་མེད་པའི་ཆོས་ཉིད་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཆེན་པོའི་ཡེ་ཤེས་ཆོས་ཀྱི་སྐུ་རང་བྱུང་འདུས་མ་བྱས་ཆེན་པོ་སྟེ། སྣང་སྟོང་ཐ་དད་དུ་དབྱེ་གཞི་ཟད་པའི་དབྱེར་མེད་ཆེན་པོ་ཡིན་པས། གོང་བཤད་ཀྱི་དཔེ་རྣམས་ཀྱིས་ཀྱང་ཕྱོགས་རེ་ཙམ་ལས་རྫོགས་པར་མཚོན་མི་ནུས་པས་དེ་བཞིན་གཤེགས་པ་ཉིད་དང་དཔེ་མཚུངས་པར། སྔ་མ་ལས། འཇིག་རྟེན་འདས་ཕྱིར་འཇིག་རྟེན་ན། །འདི་ལ་དཔེ་ནི་མ་དམིགས་པས། །དེ་བཞིན་གཤེགས་པ་ཉིད་དང་ཁམས། །འདྲ་བ་ཉིད་དུ་བསྟན་པ་ཡིན། །ཞེས་སོ། །འདི་ཉིད་སྒྲིབ་བྲལ་མངོན་དུ་གྱུར་དུས་ཐེག་ཆེན་གྱི་འགོག་བདེན་མཐར་ཐུག་པ་དག་པ་གཉིས་ལྡན་ངོ་བོ་ཉིད་སྐུ་ཡིན་ལ། སྒྲུབ་པའི་རིགས་ནི་དབྱིངས་ཡེའམ་ཆོས་ཉིད་དང་ཆོས་ཅན་རང་བཞིན་གྱི་གནས་པའི་རིགས་དེ་གཉིས་པོས་སད་པ་ལ་བརྟེན་ནས་དེའི་སྟེང་གི་དྲི་མ་གློ་བུར་བ་རྣམས་སེལ་བྱེད་སེམས་བསྐྱེད་པ་སོགས་གནས་སྐབས་སློབ་ལམ་གྱིས་བསྡུས་པའི་ཐབས་ཤེས་ཚོགས་གཉིས་ཟུང་འབྲེལ་ལ་སློབ་པ་སྟེ། སྡོང་པོ་བཀོད་པ་ལས། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་ཀྱི་རིགས་ཞེས་བྱ་བ་འདི་ནི་ཆོས་ཀྱི་དབྱིངས་ལྷུར་ལེན་པ་སྟེ། ནམ་མཁའ་ལྟར་ཡངས་པ་རང་བཞིན་གྱིས་འོད་གསལ་བ་མཐོང་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ལ་རྗེས་སུ་སློབ་པ་དག་གོ། །ཞེས་གསུངས། དེས་ན་སྔ་མ་ནི་བྲལ་གཞི་དང་། ཕྱི་མ་ནི་དེའི་སྟེང་གི་དྲི་མ་སེལ་བྱེད་ཀྱི་ལམ་མོ། །ལམ་བདེན་བྲལ་རྒྱུས་བསྡུས་པ་ཀུན་གཞི་ལ་བརྟེན་ཡང་དེས་ཐོབ་པའི་ཆ་བྲལ་འབྲས་རིགས་སམ་སྙིང་པོ་ལ་བརྟེན་པས་འགྱུར་བ་མེད་པའི་ཐར་པ་དམ་པའི་རྒྱུ་བྱེད་པར་གསུངས་སོ། །དེ་ལྟ་བུའི་རང་བཞིན་གནས་རིགས་དེ་ཡོད་པར་གང་གིས་ཤེས་ན། སྤྱིར་དུ་བ་ལས་མེ་བཞིན་རིགས་སད་པའི་རྟགས་ཀྱིས་རིགས་ཉིད་ཡོད་པར་རྗེས་སུ་དཔོག་སྟེ། རང་བཞིན་ཆོས་སྐུའི་རིགས་སད་པའི་རྟགས་ནི། འཇུག་པར། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་ཐོབ་བློའི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ། །ཞེས་སོ། །གཟུགས་སྐུ་ཆོས་ཅན་གྱི་རིགས་སད་པའི་རྟགས་ནི། མདོ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་སོ། །རིགས་དེ་སད་པའི་ཕན་ཡོན་ཡང་། །དེ་ཉིད་ལས། རིང་མོ་ཞིག་ནས་ངན་སོང་དུ། །སོང་ཡང་མྱུར་དུ་ཐར་བར་འགྱུར། །དེ་ནའང་སྡུག་བསྔལ་ཆུང་ངུ་མྱོང་། །སྐྱོ་བྱས་སེམས་ཅན་སྨིན་པར་བྱེད། །ཅེས་གསུངས་པས། རིགས་དེ་ལན་གཅིག་སད་ཕན་ཆད་ངན་སོང་དུ་མི་སྐྱེ་བ་དང་། གལ་ཏེ་སོང་ཡང་དར་གྱི་ཕོ་ལོངས་བརྡབ་པའི་ཡུན་ཙམ་གྱིས་ཐར་ཞིང་། དེར་ཡང་སྡུག་བསྔལ་ཆུང་བ་དང་། སྐྱོ་ཤས་དྲག་པོས་སེམས་ཅན་ཡང་སྨིན་པར་བྱེད་དེ། སྟོན་པ་ཉིད་དམྱལ་བར་ཤིང་རྟ་འདྲེན་པའི་གྱད་དུ་གྱུར་པའི་ཚེ། སྙིང་རྗེ་ཆེན་པོའི་རིགས་སད་པའི་རྐྱེན་གྱིས་མོད་ལ་ཐར་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་ཤིང་། དེ་ནས་འཕོས་ཏེ་འཛམ་གླིང་དུ་རྫ་མཁན་གྱི་བུ་ཁྱེའུ་སྣང་བྱེད་དུ་གྱུར་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱན་སྔར་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་གསུངས་པ་དང་། གཞན་ཡང་འཛའ་བོའི་བུ་མོ་སོགས་ཀྱི་སྐྱེས་རབས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་རིགས་འདི་འགྲོ་ལ་མེད་ན་གང་དག་ལ་སྡུག་བསྔལ་བྱུང་བས་དེ་དག་སྐྱོ་བར་ཡང་མི་འགྱུར་ལ། འགའ་ཞིག་འཁོར་འདས་ལ་བླང་དོར་བྱེད་པའི་བློ་ཡང་མི་འབྱུང་བར་རིགས་པ་དང་། ཐར་པ་འདོད་པའང་སེམས་ལ་འཆར་མི་སྲིད་པ་ལས། སུས་ཀྱང་མ་བསྟན་པར་སྐྱེ་བོ་འགའ་ལ། གཞན་སྡུག་བསྔལ་འབྱུང་བ་ལ་སྙིང་རྗེ་སྐྱེ་བ་དང་། སྡུག་བསྔལ་མྱོང་བས་ཡིད་འབྱུང་བ་སོགས་ཀྱང་ཐོག་མེད་ནས་ཆོས་ཁམས་དགེ་བའི་མཐུར་ཤེས་པར་བྱ་སྟེ། རྒྱུད་བླ་མར། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་བསྔལ་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། །དོན་གཉེར་སྨོན་པའང་མེད་པར་འགྱུར། །སྲིད་དང་མྱ་ངན་འདས་ལ་དེའི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ཡིན་གང་ཕྱིར་འདི། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་གསུངས། ཁྱད་པར་རྒྱུད་སྡེ་རྣམས་སུ་སྦས་དོན། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟོང་གསལ་འགགས་མེད་སྐུ་གསུམ་གྱི་རང་བཞིན་དུ་གནས་པའི། ཆོས་སྐུའི་རྟགས་ཆོས་ཐམས་ཅད་རང་བཞིན་སྟོང་པར་སྣང་བ་དང་། ལོངས་སྐུའི་རྟགས་མིག་ཡུལ་དུ་དབྱིངས་རིག་གི་རྟགས་བཅུ་འཆར་བ་དང་། སྤྲུལ་སྐུའི་རྟགས་ཚོགས་དྲུག་གི་ཡུལ་སྣང་གི་ནུས་པ་སོ་སོ་རང་འབྱིན་པ་གསུམ་བསླུ་བ་མེད་པའི་རྟགས་སུ་རང་བྱུང་ཞབས་ཀྱིས་གསུངས་པ་དང་། མཐར་ཐུག་ཀུན་བྱེད་ལས། ང་ཡི་རང་བཞིན་ཤེས་འདོད་པས། །དཔེ་ནི་ནམ་མཁའ་ལྟ་བུར་ལྟོས། །དོན་ནི་སེམས་ཉིད་སྐྱེ་བ་མེད། །རྟགས་ནི་རིག་པ་བྱང་ཆུབ་སེམས། །ཞེས་དཔེ་ནམ་མཁའ་དག་པ། དོན་སེམས་ཉིད་སྐྱེ་མེད། རྟགས་དྲན་རིག་སྣ་ཚོགས་སུ་གསལ་བ་སོགས། །དཔེ་དོན་རྟགས་གསུམ་གྱིས་མཚོན་ནས་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་དུ་ངོ་སྤྲད་ནས་རྩོལ་མེད་ཀྱི་ལམ་ལ་ད་ལྟ་ནས་གོམས་སུ་ཡོད་པ་ནི། ཐུན་མིན་མན་ངག་རྫོགས་པ་ཆེན་པོའི་ཁྱད་ཆོས་སོ། །གང་དུ་རིགས་མེད་པའམ་རིགས་ཆད་གསུངས་པ་ནི་རིགས་མདངས་པ་རྣམས་ལ་དམན་པ་ལ་དགག་སྒྲ་སྦྱར་བ་ཡིན་གྱིས། རང་བཞིན་གནས་རིགས་མེད་པའི་འགྲོ་བ་ནི་འགའ་ཡང་མེད་དེ། དེ་བཞིན་གཤེགས་པའི་སྙིང་པོའི་མདོར། ཀྱེ་རིགས་ཀྱི་བུ། འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་དང་། དཔལ་ཕྲེང་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །ཅེས་དང་། ཨིནྡྲ་བྷུ་ཏིས་ཡེ་ཤེས་སུ་གྲུབ་པ་ལས། སེམས་ཅན་ཀུན་གྱི་ཡིད་ཁྱབ་པར། །རྡོ་རྗེ་སེམས་དཔའ་རྟག་པར་བཞུགས། །དེ་ལྟར་ཤེས་པའི་རྣལ་འབྱོར་གྱིས། །དབང་པོ་གང་ལ་ཡང་བརྙས་མི་བྱ། །ཞེས་དང་། དཔལ་མཆོག་དང་པོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ནི་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་ནི་དེ་བཞིན་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་དང་། དཔལ་སྡོམ་པ་ལས། སངས་རྒྱས་རྣམས་ནི་བྱོན་གྱུར་ཏམ། མ་བྱོན་ན་ཡང་རྣམ་ཀུན་ཏུ། །རྒྱུན་ཆད་མེད་པའི་ཆོས་ཉིད་ནི། །འཕེལ་འགྲིབ་མེད་པའི་གནས་པ་ཡིན། །ཞེས་དང་། ཀུན་སྨོན་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། །ཀུན་གཞི་སངས་རྒྱས་ང་དང་མཉམ། །ཞེས་གསུངས་ཏེ། འདིའི་ཀུན་གཞི་ནི་སྦྱོར་བ་དོན་གྱི་ཀུན་གཞིའམ་ཀུན་གཞིའི་ཡེ་ཤེས་བདེ་གཤེགས་སྙིང་པོ་ཉིད་ཡིན་ཏེ། རྒྱན་སྟུག་པོར། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །ཅེས་དང་། ཇི་ལྟར་ཟླ་བ་སྐྱེ་འབྲི་བ། །མི་ཤེས་འགྲོ་བ་རྣམ་རྟོག་ཀྱང་། །ཟླ་བ་སྐྱེ་འབྲི་མེད་པ་བཞིན། །གླིང་དང་གླིང་དུ་རབ་ཏུ་སྣང་། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ལ། །བྱིས་པ་མི་ཤེས་འགྲོ་རྣམས་ཀྱིས། །རྟག་ཏུ་སྐྱེ་འབྲིར་རྣམ་རྟོག་སྟེ། །དེ་ནི་ཟག་མེད་སངས་རྒྱས་སོ། །ཞེས་དང་། ཟག་མེད་རང་ལུགས་རང་ཐོབ་ན། །དེ་དག་བརྟན་ཅིང་རྟག་པར་འགྱུར། །ཞེས་སོ། །དེས་ན་མཐར་གྱིས་རྣམ་གྲོལ་གྱི་འབྲས་བུ་མི་ཐོབ་པ་ནི་མ་ཡིན་ནོ། །དེས་ན་རྒྱུ་རིགས་དེ་གཉིས་སད་པ་ལ་བརྟེན་ནས་ཐེག་པ་ཆེན་པོའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། གཙོ་བོར་མཉམ་བཞག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གོམས་པས་ཆོས་སྐུ་ལ་སྒྲིབ་པའི་དྲི་མ་སེལ་ཞིང་། རྗེས་ཐོབ་ཏུ་སྙིང་རྗེ་སྒྱུ་མ་ལྟ་བུ་དང་འགྲོགས་ཏེ། ཐབས་ལ་མཁས་པས་ཚོགས་གཉིས་ལ་སྤྱོད་པས་གཟུགས་སྐུ་གཉིས་ལ་སྒྲིབ་པའི་དྲི་མ་བསལ་ནས། མཐར་ཐུག་བྲལ་འབྲས་ཟག་མེད་ཀྱི་ཡོན་ཏན་བསམ་མི་ཁྱབ་པས་འཁྱུད་པའི་དབྱིངས་ཀྱི་ངོ་བོ་ཉིད་སྐུའམ་གཞན་སྣང་གཟུགས་སྐུའི་འཆར་གཞི་ནམ་མཁའི་ཟླ་བ་ལྟ་བུ་སངས་རྒྱས་རང་སྣང་གི་སྐུ་གསུམ་པོ་གཞན་ནས་བཙལ་བ་མེད་པར་ཡེ་ཤེས་རང་ལ་སྣང་བར་བྱེད་པ་སྟེ། རྒྱུད་བླ་མར། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉིད་དང་མཁའ་བཞིན་གློ་བུར་གྱི། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོས་བསྒྲིབས་པ་ལས་ནི་བྲལ་གྱུར་པ། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་ནས་འཐོབ། །ཅེས་དང་། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། །གཞལ་མེད་གངྒའི་བྱེ་མ་ལས་འདས་པ། །དཔག་མེད་མཉམ་མེད་ཡོན་ཏན་རྣམས་དང་ལྡན། །དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། །བག་ཆགས་བཅས་པའི་ཉེས་ཀུན་གཏན་སྤངས་པའོ། །ཞེས་དང་། གསང་སྙིང་ལས། གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་སོ། །དེ་ལས་ཤར་བའི་གཟུགས་སྐུ་གཉིས་པོ་ནི་རྒྱུ་གདུལ་བྱའི་སྣོད་དག་པ་དང་། རྐྱེན་སྔོན་གྱི་ཐུགས་བསྐྱེད་དང་ཚོགས་གཉིས་ལ་གོམས་པའི་ལྷན་ཅིག་བྱེད་རྒྱུས་རང་བྱུང་ཟག་མེད་ཀྱི་ཡེ་ཤེས་ཉིད། དཔེ་ཆུ་ཟླའི་ཚུལ་དུ་གདུལ་བྱ་གཞན་སྣང་དུ་སྟོན་པའི་ཆ་ནས་སྨིན་འབྲས་སུ་བཞག་པ་སྟེ། སྔ་མ་ལས། སྣ་ཚོགས་དམ་ཆོས་འོད་ཟེར་སྣང་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་སྒྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུ་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་ཀྱང་དེ་ཡི་རང་བཞིན་མིན། །འཇིག་རྟེན་ཞི་བའི་ལམ་དུ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱ་མ་གཟུགས། །གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ། །ཞེས་དང་། གསང་སྙིང་ལས། ལོག་པར་རྟོག་བརྟག་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་པ་ལས། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་དང་། ཀླུ་སྒྲུབ་ཀྱིས། དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་གནས་གྱུར་པས། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་འབྱུང་ངོ་། །ཞེས་གསུངས་མདོར་ན་ཤིང་རྟ་ཆེན་མོར། སྐབས་འདིར་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལས་གདུལ་བྱ་ལ་མི་སྣང་བ་དབྱིངས་ཀྱི་སྐུ་གསུམ་ཆོས་སྐུ་ཉག་གཅིག་ཏུ་རོ་གཅིག་པ་ནང་དབྱིངས་ཕྲ་བའི་ཡེ་ཤེས་སུ་ཡོད་པ་དང་། དེའི་བྱིན་རླབས་དང་གདུལ་བྱའི་སྨོན་ལམ་ལས་ཕྱིར་གསལ་གཞན་སྣང་དུ་ཤར་བ་ཡེ་ཤེས་ཕྲིན་ལས་དག་པའི་གཟུགས་སྐུ་གཉིས་སྣང་བ་ནི་ནམ་མཁའི་ཟླ་བ་དང་ཆུ་ཟླ་ལྟར་ཤེས་པར་བྱའོ། །ཞེས་དང་། གྲུབ་མཐའ་མཛོད་ལས། རིགས་གཉིས་ལ་སངས་རྒྱས་སྐུ་གསུམ་ཡེ་ལྡན་དུ་ཡོད་པས། སངས་རྒྱས་ཀྱི་སའི་རྒྱས་འགྱུར་སྣང་ཆ་ལོངས་སྐུ་དང་། དེའི་སྟོང་ཆ་ཆོས་སྐུ་རང་བཞིན་གནས་རིགས་གཉིས་དབྱེར་མེད་པའི་བྱིན་རླབས་ལས། སྤྲུལ་སྐུ་གདུལ་བྱ་གཞན་སྣང་དུ་སྟོན་པ་འཁོར་བསྒྱུར་གྱི་གཟུགས་བརྙན་གསེར་རིར་ཤར་བའི་དཔེས་གསུངས་པ་བཞིན་ནོ། །དེ་ལྟར་མ་ཤེས་པ་རང་བཞིན་གནས་རིགས་མེད་དགག་སྟོང་རྐྱང་འདུས་མ་བྱས་དང་། རྒྱས་འགྱུར་ལམ་གྱི་གསར་སྐྱེ་འདུས་བྱས་ཁོ་ནར་ཞེན་པས་ནི། མཐར་ཐུག་གི་འབྲས་བུའི་སྐབས་སུ་སློབ་ལམ་གྱི་རྟོགས་པ་རྒྱུན་ཆད་པས་ཉན་ཐོས་ཀྱི་འགོག་པ་མར་མེ་ཤི་བའི་དཔེ་ལྟར་སྐུ་དང་ཡེ་ཤེས་སོགས་གང་ཡང་བཞག་ཏུ་མེད་པའི་ལུགས་འཛིན་པ་དེ་བྱུང་བ་ཡིན་ཞིང་། དེ་ལྟ་ན་ཐེག་ཆེན་འགོག་བདེན་གྱི་དྲི་ཙམ་ཡང་མི་བྲོ་སྟེ། གཞི་སྤྲོས་པའི་མཐར་ལྷུང་བ་དང་། ལམ་ཐེག་ཆེན་གྱི་ཚོགས་གཉིས་ལ་དགོས་པ་མེད་པ་དང་། འབྲས་བུ་ཐེག་གསུམ་གྱི་མྱང་འདས་ལ་ཁྱད་པར་མེད་པ་དང་། མཐར་ཐུག་འབྲས་ཆད་ཀྱི་གཡང་ལས་བརྒལ་མི་ནུས་པས་དོན་དམ་པའི་སྐྱབས་ཀྱང་རྙེད་པར་མི་འགྱུར་བས་ན། ཚུལ་དེ་ལ་དགོངས་ཏེ་ཀུན་མཁྱེན་ཆོས་རྗེས་ཡིད་བཞིན་རིན་པོ་ཆེའི་མཛོད་དུ། ཚུལ་འདི་མི་ཤེས་སྟོང་པ་ཕྱང་ཆད་པ། ཚིག་ཏུ་ཡོད་མེད་མཐའ་བྲལ་ཞེས་སྨྲ་ཡང་། །བྲལ་གཞི་མི་ཤེས་སྲིད་རྩེའི་ལྟ་བ་ཅན། །བསྟན་པ་འདི་ལས་ཕྱི་རོལ་གྱུར་པས་ན། །ནམ་མཁའི་ཡིད་ཅན་ཐལ་བས་བྱུག་ན་རུང་། །ཞེས་ལོག་པར་ལྟ་བ་ཕུར་བུ་པའི་ཁོངས་སུ་བསྡུ་བར་མཛད་པ་དང་། དོ་ཧ་ལས། མདའ་བསྣུན་ན་རེ་ནམ་མཁའི་ཡིད་ཅན་ལ། །ཐར་པ་ནམ་ཡང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །གལ་ཏེ་སློབ་ལམ་དུ་རྒྱུ་ཚོགས་གཉིས་ཀྱིས་སྔར་མེད་གསར་དུ་བསྐྱེད་དོ་སྙམ་ན། སངས་རྒྱས་ཆོས་སྐུའམ་ངོ་བོ་ཉིད་སྐུ་དང་ལོངས་སྐུ་འདུས་བྱས་དང་མི་རྟག་པར་འགྱུར་བས་དེ་ལྟ་ན། རྒྱུད་ཉི་ཚེ་བས་བསྡུས་པ་དང་། འགྱུར་བཅས་ཀྱི་ཟུག་རྔུ་མ་སྤངས་པ་དང་། མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་སྐུ་ཅན་མ་ཡིན་པ་དང་། རྡོ་རྗེའི་སྐུ་ལ་མི་རྟག་པར་བལྟས་པའི་ཉེས་པ་ཚད་མེད་པར་གསུངས་པས་མཚོན་སྐྱོན་མཐའ་ཡས་པའི་ཕྱིར་ཐེག་པ་ཆེན་པོའི་དོན་ལས་གཞན་དུ་གྱུར་པའོ། །དེའི་ཕྱིར་ཆོས་ཀྱི་དབྱིངས་རིན་པོ་ཆེའི་མཛོད་ལས། གང་གི་ཚེ་དག་པ་གཉིས་ལྡན་གྱི་བྱང་ཆུབ་བརྙེས་པ་དེའི་ཚེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་ཡེ་ཤེས་དང་སྣང་བ་ཐམས་ཅད་ཀྱང་། སངས་རྒྱས་ཉིད་ཀྱི་རིག་པ་ཀློང་དུ་ཕེབས་པའི་རང་སྣང་ཙམ་ལས་གཞན་དུ་གྲུབ་པ་མེད་དེ། སྐུ་དང་ཡེ་ཤེས་ཀྱི་སྣང་བ་དེ་དག་རང་ལ་ཡོད་པ་དེའི་ཚེ་མངོན་དུ་གྱུར་པ་ལས་གཞན་མེད་པའི་ཕྱིར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་བྱུང་བ་མ་ཡིན་ནམ་ཞེ་ན། སྨྲས་པ། ཚོགས་གཉིས་ནི་ཡེ་ནས་སྣང་བ་དང་སྟོང་པའི་ཡོན་ཏན་དུ་རྫོགས་ཟིན་པ་ལ་ལྷུན་གྲུབ་ཅེས་བརྗོད་དེ། གློ་བུར་དུ་བསགས་པ་དེ་ནི་དྲི་མ་སེལ་བྱེད་ཀྱི་རྐྱེན་གྱིས་ཆ་ཙམ་ལ་རྒྱུ་ཚོགས་གཉིས་ཞེས་བཏགས་པ་ཙམ་སྟེ། ནོར་བུ་དྲི་མས་གོས་པ་ཁྲུས་རས་དང་འདག་ཆལ་གྱིས་ཕྱི་བ་ལ་ནོར་བུ་མཐོང་བའི་རྒྱུར་བརྗོད་པ་བཞིན་ནོ། །དེའི་ཕྱིར་སྐུ་གསུམ་རང་བྱུང་ཡེ་ཤེས་ཀྱི་སྣང་བར་འདུས་ལ། རང་བྱུང་གི་ཡེ་ཤེས་སྐུ་གསུམ་ལ་སོགས་པའི་ཆོས་རྣམས་ཀྱི་འཆར་གཞིའམ་སྟོན་པར་གནས་ཏེ། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་ཀུན་གྱི་སྟོན་པ་གཅིག །ང་ཡི་རང་བཞིན་རྣམ་གསུམ་སྣང་བ་ལས། །སྟོན་པའི་གྲངས་ནི་རྣམ་པ་གསུམ་དུ་བྱུང་། །ཞེས་སོ། །ཞེས་གསུངས་པ་དང་། དེ་བཞིན་དུ་རོང་ཟོམ་པའི་མཉམ་སྦྱོར་འགྲེལ་བ་ལས། དེ་ཉིད་རང་བྱུང་ཡིན་ཏེ། རྒྱུ་དང་རྐྱེན་ལས་མ་བསྐྱེད་པའི་བཅོམ་ལྡན་འདས་སོ། །ཇི་ལྟར་ཞེ་ན། བྱང་ཆུབ་ཀྱི་སེམས་ནི་རིགས་དང་བཤེས་གཉེན་གྱི་སྟོབས་ཀྱིས་བསྐྱེད་པ་ཡིན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་མངོན་པར་བསྒྲུབ་པ་མ་ཡིན། འབྲས་བུའི་ངོ་བོ་བླ་ན་མེད་པའི་སེམས་དང་། ཐོག་མ་མེད་པའི་རིགས་ཀྱི་སེམས་དག་ཀྱང་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་དེ། ཐམས་ཅད་དུ་མི་ཕྱེད་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །ཀུན་ཏུ་བཟང་པོ་ཞེས་བྱའོ། །གང་ཡང་དེའི་དབང་དུ་མཛད་པའི་གཟུགས་ཀྱི་སྐུ་རྣམས་ལའང་དེ་སྐད་ཅེས་བྱའོ། །ཞེས་དང་། འདི་སྐད་དུ། སེམས་ཅན་ཀུན་གྱི་སེམས་གང་ནི། །རྡོ་རྗེ་ཞེས་སུ་བཤད་པ་ཡིན། །བརྟན་པའི་ཕྱིར་ནི་སེམས་དཔར་བརྗོད། །ཅེས་སོགས་གསུངས་པ་ལྟ་བུ་སྟེ། སེམས་ཉིད་ཐེག་པ་སྤྱི་ལ་གྲགས་པའི་དང་པོ་རིགས་ཀྱི་སེམས་ཀྱི་བདག་ཉིད་དང་། རིགས་དང་བཤེས་གཤེན་གྱི་སྟོབས་ལ་བརྟེན་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཐུག་པའི་རྒྱུ་ཡི་གནས་སྐབས་ཀྱི་སེམས་དང་། འབྲས་བུའི་ངོ་བོ་བླ་ན་མེད་པ་སངས་རྒྱས་ཀྱི་ས་ཡིས་བསྡུས་པ་རྣམས་གནས་ཡོངས་སུ་བསྒྱུར་བ་མེད་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ། རྡོ་རྗེ་སེམས་དཔའ་ནི་རང་གི་བདེ་བའོ། །རང་གི་བདེ་བ་ནི་སེམས་ཀྱི་མཚན་ཉིད་དོ། །སེམས་ཀྱི་མཚན་ཉིད་ནི་སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་པའོ། །ཞེས་གསུངས་པ་བཞིན་ཤེས་པར་བྱའོ། །དེས་ན་རིགས་གཉིས་ཀྱང་དབྱིངས་གཅིག་གི་སྣང་སྟོང་གི་ལྡོག་ཆས་ཕྱེ་བ་ཙམ་ལས་ངོ་བོའམ་རང་བཞིན་དབྱེར་མེད་ཟག་མེད་འདུས་མ་བྱས་ཆེན་ལ་བཞག་པ་འདི་ཀུན་མཁྱེན་ཆོས་རྗེའི་དགོངས་པ་རྨ་མེད་པ་ཡིན་ཏེ། ཤིང་རྟ་ཆེན་མོར། དེའང་རང་བཞིན་གྱིས་དག་ཅིང་ངོ་བོ་ཉིད་དྲི་མ་མེད་པའི་སེམས་ཉིད་སངས་རྒྱས་ཀྱི་ཡེ་ཤེས་དམ་པ་ཡེ་ནས་གནས་པའི་སེམས་ཀྱི་རང་བཞིན་འོད་གསལ་བའི་སྣང་ཆ་ལས་སངས་རྒྱས་གཟུགས་སྐུའི་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པ་དཔེ་དགུས་བསྟན་ཅིང་། སྟོང་ཆ་ལ་ཆོས་སྐུའི་ཡོན་ཏན་ནམ་མཁའ་ལྟ་བུའི་དཔེ་མདོ་དང་རྒྱུད་ཐམས་ཅད་ནས་བཤད་ལ། དེ་གཉིས་དབྱེར་མི་ཕྱེད་པ་ནི་ཐོག་མ་མེད་པའི་ཆོས་ཁམས་དགེ་བ་སྟེ། འགྱུར་བ་མེད་པས་རང་བཞིན་གནས་པའི་རིགས་དང་། དྲི་མ་སྦྱངས་ནས་ཡོན་ཏན་རྒྱས་པར་མངོན་པས་རྒྱས་འགྱུར་གྱི་རིགས་ཞེས་བཏགས་ཀྱང་། རྩ་བ་རང་རིག་པའི་ཡེ་ཤེས་འོད་གསལ་བའོ། །ཞེས་གསུངས། དེ་བཞིན་ཀུན་གཟིགས་རོང་ཟོམ་པའི་གསུངས། མཉམ་སྦྱོར་འབྲེལ་བའི་ལུང་གོང་དུ་དྲངས་པ་དང་། དམ་ཚིག་མདོ་རྒྱ་ལས། འདི་ལྟར་རྡོ་རྗེ་ལྟར་མི་ཤིགས་པ་ནི། ཐོག་མ་མེད་པའི་དུས་ཅན་གྱི་བྱང་ཆུབ་ཀྱི་སེམས་དང་། རིགས་དང་བཤེས་གཉེན་གྱི་སྟོབས་ལ་བསྟེན་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནས་བཟུང་སྟེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཐུག་གི་བར་དུ་དེའི་རྒྱུའི་གནས་སྐབས་ཀྱི་སེམས་དང་འབྲས་བུའི་ངོ་བོ་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་ཆོས་ཀྱི་སྐུ་མཛད་པ་དང་བཅས་པའི་སེམས་རྣམས་རང་བཞིན་བྱེ་བྲག་མེད་པས་རྡོ་རྗེ་ལྟར་མི་ཕྱེད་པ་ཀུན་ཏུ་བཟང་པོའི་སེམས་ཞེས་གཞི་ལམ་འབྲས་གསུམ་དབྱེར་མེད་པའི་རང་བྱུང་གི་ཡེ་ཤེས་ལ་བྱང་ཆུབ་ཀྱི་སེམས་སམ་རིགས་སུ་གསུངས་པས་མཚོན། ཆོས་ཀྱི་རྒྱལ་པོ་སྨིན་གླིང་པ་སྐུ་མཆེད་སོགས་སྔ་འགྱུར་གྱི་པཎ་གྲུབ་ཐམས་ཅད་ཀྱིས་ཚུལ་དེ་དང་མཐུན་པར་ཞལ་གྱིས་བཞེས་པ་ཤ་སྟག་སྟེ། ཞིབ་པར་རྗེ་ཐམས་ཅད་མཁྱེན་པ་འཇམ་དཔལ་དགྱེས་པའི་གསུང་བདེ་གཤེགས་སྙིང་པོའི་སྟོང་ཐུན་དང་གཞན་སྟོང་ཁས་ལེན་སེང་གེའི་ང་རོ། གཉུག་སེམས་སྒྲུབ་པ་ཡན་ལག་དང་བཅས་པ་ལས་ཤེས་པར་བྱ་ལ། དེ་དང་མཐུན་པར་འགྲོ་བའི་མགོན་པོ་ཨ་ཏི་ཤས་ཀྱང་། ཆོས་ཀྱི་དབྱིངས་ལ་ལྟ་བའི་གླུ་ལས། ཇི་ལྟར་སྦྲུམ་མའི་ལྟོ་ན་བུ། །ཡོད་ཀྱང་མཐོང་བ་མ་ཡིན་པ། །དེ་བཞིན་ཉོན་མོངས་ཀྱིས་གཡོག་པའི། །ཆོས་ཀྱི་དབྱིངས་ཀྱང་མཐོང་བ་ཡིན། །ཆོས་དབྱིངས་གང་ཕྱིར་བདག་མ་ཡིན། །བུད་མེད་མ་ཡིན་སྐྱེས་མ་ཡིན། །གཟུང་བ་ཀུན་ལས་རྣམ་གྲོལ་བ། །ཇི་ལྟར་འཛིན་པར་བརྟག་པར་བྱ། །མི་གཙང་མི་རྟག་སྡུག་བསྔལ་ཞེས། །བྱ་བ་གསུམ་པོས་སེམས་སྦྱོང་བྱེད། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྐད་གསུངས་པ་སྟེ། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་དང་། ཆོས་དབྱིངས་རང་བཞིན་ནམ་མཁའ་ཡི། །ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། །སྐྱེ་དང་རྒ་དང་གནས་པ་དང་། །འཇིག་པ་མེད་པ་འདུས་མ་བྱས། །སངས་རྒྱས་ཆོས་དབྱེར་མེད་པ་དང་། །དེ་རིགས་དེ་བཞིན་ཐོབ་པ་དང་། །བརྫུན་མེད་བསླུ་མེད་འཚེ་མེད་པ། །གདོད་ནས་རང་བཞིན་ཞི་ཉིད་དོ། །ཞེས་ཀུན་བརྟག་ལས་ཉོན་གྱིས་སྟོང་ཞིང་ཟག་མེད་ཀྱི་ཡོན་ཏན་དང་རྣམ་དབྱེར་མེད་པའི་ཆོས་དབྱིངས་སྣང་སྟོང་ཟུང་འཇུག་འདུས་མ་བྱས་ལ་རིགས་སུ་འཇོག་པ་མཛད་པ་དང་། ཏིལླི་པས་འོག་མིན་ནས་སྤྱན་དྲངས་པའི་བཀའ་ཡང་དག་པའི་ཚད་མ་ཞེས་མཁའ་འགྲོ་མའི་མན་ངག་ལས། ཇི་ལྟར་མར་མེ་བུམ་ནང་གནས། །ཕྱི་རོལ་དུ་ནི་སྣང་མི་འགྱུར། །བུམ་པ་དེ་ཉིད་བཅག་གྱུར་ན། །དེ་འོག་མར་མེའི་འོད་སྣང་འགྱུར། །དེ་བཞིན་བུམ་པ་རང་ལུས་ཉིད། །འོད་གསལ་མར་མེ་ལྟ་བུ་ཡིན། །བླ་མའི་ཞལ་གྱིས་ལེགས་བཅག་ན། །སངས་རྒྱས་ཡེ་ཤེས་གསལ་བར་འགྱུར། །ཞེས་དང་། ཏི་ལོས་ན་རོ་ལ་གནང་བའི་ཕྱག་ཆེན་གངྒ་མར། དཔེར་ན་ནམ་མཁའི་རང་བཞིན་ཁ་དོག་དབྱིབས་ལས་འདས། དཀར་ནག་དག་གིས་གོས་ཤིང་འགྱུར་བ་མེད། །དེ་བཞིན་རང་སེམས་སྙིང་པོ་ཁ་དོག་དབྱིབས་ལས་འདས། །དགེ་སྡིག་དཀར་ནག་ཆོས་ཀྱིས་གོས་པ་མེད། །བསྐལ་པའི་འཁོར་བས་སྒྲིབ་པར་མི་ནུས་སོ། །ཞེས་དང་། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་དེ་ཁོ་ན་ཉིད་བཅུ་པ་ཞེས་མངའ་བདག་མཻ་ཏྲི་པའི་གདམས་སྐོར་ལས། དེ་བཞིན་ཉིད་ནི་ཤེས་འདོད་པས། །རྣམ་བཅས་མ་ཡིན་རྣམ་མེད་མིན། །བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་དུ་གནས། །ཞེས་དང་། བྲམ་ཟེ་ཆེན་པོས་མངའ་བདག་མར་པ་ལ་གདམས་པའི་མགུར་ལས་ཀྱང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྒྱུན་ཆད་མེད་པ་གཉུག་མའི་སེམས། །གདོད་ནས་དག་པའི་དེ་བཞིན་ཉིད། །ནམ་མཁའ་ནམ་མཁའ་སྦྱོར་བ་མཐོང་། །ཞེས་དང་། རྗེ་མི་ལས་སྙི་བ་རིན་ཆེན་ལ་གནང་བའི་སྙན་བརྒྱུད་དངོས་པོ་གསལ་བྱེད་ལས། ལུས་ཅན་དག་ནི་ཀུན་ལ་ཡང་། །སྙིང་པོའི་དོན་འདི་གདོད་ནས་གནས། །དེས་ན་སེམས་ཅན་སངས་རྒྱས་རྒྱུ། །རྒྱུ་ལས་འབྲས་བུ་ཐེབས་པ་ལ། །གདོད་ནས་ཐེབས་ཀྱིས་ད་ལྟར་མིན། །ཞེས་སྤྱིར་བསྟན་ནས། བྱེ་བྲག་ངོམས་རྫོང་སྙན་བརྒྱུད་རྩ་བ་ཚེ་རིང་སྐོར་གསུམ་གྱི་ཞུས་ལན་རྡོ་རྗེའི་མགུར་ལས། དོན་དམ་བདེན་པའི་དབང་དུ་ནི། བགེགས་བས་སངས་རྒྱས་ཉིད་དུ་མེད། །ཅེས་སོགས་དང་། ཀུན་རྫོབ་བདེན་པའི་དབང་དུ་ནི། །འཁོར་བ་དང་ནི་མྱ་ངན་འདས། །ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། །ཞེས་གནས་སྐབས་སུ་རྣམ་གྲངས་པའི་བདེན་གཉིས་སོ་སོར་ཕྱེས་ནས། མཐར་ཐུག་ཏུ། ཡོད་པ་དངོས་པོར་སྣང་བ་དང་། །མེད་པ་སྟོང་པའི་ཆོས་ཉིད་གཉིས། །ངོ་བོ་དབྱེར་མེད་རོ་གཅིག་པས། །རང་རིག་གཞན་རིག་ཡོད་མིན་ཏེ། །ཐམས་ཅད་ཟུང་འཇུག་ཡངས་པ་ཡིན། །ཞེས་རྣམ་གྲངས་མིན་པའི་དོན་དམ་ཉིད་རྩལ་འདོན་དུ་མཛད་ནས། དེ་ལྟར་རྟོགས་པའི་མཁས་པ་ཡིན། །རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང་། །དེ་ལས་སྙིང་རྗེ་ཤུགས་འབྱུང་སྟེ། །སྟོབས་དང་མི་འཇིགས་གཟུངས་ལ་སོགས། །སངས་རྒྱས་ཡོན་ཏན་གང་ཡིན་པ། །ནོར་བུ་རིན་ཆེན་ཚུལ་དུ་བྱུང་། །དེ་རྣལ་འབྱོར་བདག་གི་རྟོགས་ཚད་ཡིན། །ཞེས་དྲི་མེད་འཕགས་པའི་ཡེ་ཤེས་ཀྱིས་གཟིགས་ཚུལ་སྒྲ་ཇི་བཞིན་པར་དྲང་ཐད་དུ་སྟོན་པར་མཛད་པ་དང་། ཞང་རིན་པོ་ཆེས་ལམ་མཆོག་མཐར་ཐུག་ཏུ། ངེས་དོན་མཐར་ཐུག་སྙིང་པོ་ཆོས་ཀྱི་སྐུ། །ངོ་བོ་ཉིད་ཀྱིས་རྣམ་དག་འོད་གསལ་དབྱིངས། །དུས་གསུམ་རྒྱལ་བ་བྱོན་རུང་མ་བྱོན་རུང་། །འཕགས་པའི་ཚོགས་ཀྱིས་རྟོགས་རུང་མ་རྟོགས་རུང་། །ཐུབ་པ་རྣམས་ཀྱིས་གསུངས་རུང་མ་གསུངས་རུང་། །དགོངས་འགྲེལ་མཁན་པོས་དཀྲོལ་རུང་མ་དཀྲོལ་རུང་། །ཆོས་ཉིད་འོད་གསལ་སྤྲོས་བྲལ་རྣམ་དག་འདི། །ཡེ་ནས་ལྷུན་གྲུབ་འཕེལ་འགྲིབ་མེད་པར་གནས། །ནམ་མཁའ་དག་ལ་འཇིག་རྟེན་ཆགས་འཇིག་གི། །མེ་ཡིས་བསྲེགས་དང་རླུང་གིས་གཏོར་ལ་སོགས། །བསྐལ་པ་དཔག་མེད་མང་པོར་གནོད་བྱས་ཀྱང་། །མཁའ་ལ་མི་གནོད་འཕེལ་འགྲིབ་མེད་པ་ལྟར། །ཉི་འོད་རབ་གསལ་སྤྲིན་གྱིས་རབ་བསྒྲིབས་པས། །མུན་པ་འཐིབས་དང་སྤྲིན་ཚོགས་ཡལ་བའི་ཚེ། །གསལ་བར་འགྱུར་བའི་འཕེལ་འགྲིབ་ལྟར་སྣང་གི། །ཉི་མའི་སྙིང་པོ་འཕེལ་དང་འགྲིབ་མི་སྲིད། །དེ་ལྟར་གནས་པའི་འགྱུར་མེད་ཆོས་སྐུ་འདི། །རང་གི་སེམས་ལས་མ་གཏོགས་གཞན་ན་མེད། །སྣ་ཚོགས་འཁོར་བ་མ་ལུས་སེམས་ལས་ཤར། །རང་སེམས་མ་རྟོགས་ཕྱིན་ལོག་འཁྲུལ་སྣང་གིས། །དཀྲུགས་པས་འཁོར་བའི་སྣོད་བཅུད་སྡུག་བསྔལ་འཕེལ། །རང་སེམས་ངེས་རྟོགས་མྱ་ངན་འདས་པ་ཡི། །ཡེ་ཤེས་མཐའ་ཡས་བདེ་བ་ཆེན་པོར་ཤར། །དེ་ཕྱིར་མ་ལུས་རང་གི་སེམས་ཉིད་ལས། །འཕྲོས་ཕྱིར་རང་གི་སེམས་ཉིད་ངོ་ཤེས་ན། །སེམས་ཅན་ཀུན་གྱི་ཆོས་ཉིད་ཤེས་པར་འགྱུར། །དེ་ཤེས་མྱ་ངན་འདས་སོགས་ཆོས་ཀུན་ཤེས། །ཆོས་ཀུན་ཡོངས་ཤེས་ཁམས་གསུམ་ཀུན་ལས་འདས། །གཅིག་ཤེས་པས་ན་ཆོས་ཀུན་མཁས་པར་འགྱུར། །ཞེས་དང་། རྒྱལ་དབང་རང་བྱུང་ཞབས་ཀྱིས་ནང་དོན་རང་འབྲེལ་དུ། ཆོས་ཀུན་དང་ཐེག་བསྡུས་ཀྱི་ལུང་གིས་རིགས་ཀྱི་དབྱེ་བ་རྒྱས་པར་བཤད་ནས། ཡང་རྒྱས་འགྱུར་གྱི་རིགས་དེ་གསར་དུ་བྱུང་བ་སྙམ་དུ་ཁ་ཅིག་སེམས་ན་དེ་ལྟ་མ་ཡིན་ཏེ་ཞེས་སོགས་ཀྱི་རང་བཞིན་གནས་རིགས་ཆོས་དབྱིངས་དང་། རྒྱས་འགྱུར་ཚོགས་བརྒྱད་དག་པའི་ཡེ་ཤེས་དེ་དབྱིངས་དང་ཡེ་ཤེས་གཉིས་སུ་གསལ་བར་བསྟན་ནས་དེ་གཉིས་ཀྱང་། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་རྣམ་དག་འདོད། །ཅེས་པ་དབུས་མཐའི་ལུང་གིས་རང་བཞིན་རྣམ་དག་ཏུ་སྒྲུབ་ཅིང་། གཞུང་ཆུང་གཉིས་ནས་ཀྱང་གསལ་བར་བསྟན་པ་བཞིན། རྗེ་བདུན་པས་ཀྱང་། ཡོན་ཏན་ཀྱི་ཆོས་དྲུག་ཅུ་རྩ་བཞི་དང་རྣམ་དབྱེར་མེད་པའི་དབྱིངས་སྟོང་ཉིད་ལ་རྣམ་མཆོག་གི་སྟོང་ཉིད་དུ་བཞེད་པ་དང་། སི་ཏུ་ཀུན་མཁྱེན་སོགས་ཀྱི་བཞེད་ཚུལ་བཀའ་བརྒྱུད་ཡོངས་ལ་གྲགས་པ་ལྟར་དང་། ཀྱེ་རྡོ་རྗེ་ལས། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱེས་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཕུང་པོ་ལྔ་དང་དབང་པོ་དྲུག །སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔ། །རང་བཞིན་གྱིས་ནི་རྣམ་པར་དག །ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ། །རང་ཉིད་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་གསུངས་པའི་དོན་རྒྱུད་གསུམ་ལ་དག་པ་གསུམ་གསུམ་སྦྱོར་ཏེ་འཆད་པའི་ཚུལ་ཡང་དོན་གྱིས་འདི་དང་གནད་གཅིག་སྟེ། རྗེ་བཙུན་རྩེ་མོས་མཛད་པའི་རྣམ་བཤད་ཉི་ཟེར་ལས། དེ་བཞིན་ཉིད་ལས་ནི་ཆོས་ཀྱི་སྐུའོ། །རང་རིག་པ་ལས་ནི་ལོངས་སྤྱོད་རྫོགས་པའོ། །ལྷ་སོ་སོ་ལས་ནི་སྤྲུལ་པའི་སྐུའོ། །ཡང་ན་དེ་བཞིན་ཉིད་ནི་དབྱིངས་ཡིན་ལ། །རང་རིག་པ་ནི་ཡེ་ཤེས་ཡིན་པས། དེ་གཉིས་ལས་ལྷ་སོ་སོའི་གཟུགས་ཀྱི་སྐུ་འབྱུང་ངོ་། །ཞེས་དང་། ཅི་གལ་ཏེ་དེ་ལྟར་འབྲས་བུའི་ཆོས་སྐུ་དང་གཟུགས་སྐུ་དབྱེར་མེད་པ་ཡིན་ལ། ལམ་གྱི་དུས་སུའང་དབྱེར་མེད་ཡིན་མོད། རྒྱུའི་རྒྱུད་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ནམ་མ་ཡིན། མ་ཡིན་ན་གྲོལ་བར་མི་འགྱུར་ལ། ཡིན་ན་ལམ་ལ་དོན་མེད་པར་འགྱུར་རོ་སྙམ་ན། དེ་ལ་རང་བཞིན་གྱིས་སངས་རྒྱས་ཀྱི་སྐུ་གནས་སོ་ཞེས་སྟོན་པ་ནི། ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །སོགས་ཀྱིས་དེ་བཞིན་གཤེགས་པའི་གཟུགས་སྐུ་དང་། མཆོག་ཏུ་བདེ་བ་གཟུགས་མེད་པ། །སོགས་ཀྱིས་ཆོས་ཀྱི་སྐུ་སྟེ་དེ་གཉིས་ཀའང་། འགྲོ་བ་ཀུན་ལ་ལྷན་ཅིག་སྐྱེས། །ཞེས་སེམས་ཅན་ལ་ལྷན་སྐྱེས་སུ་གནས་པ་དང་། འོན་ཀྱང་བག་ཆགས་ཕལ་ལས་སོ། །ཞེས་ད་ལྟ་གློ་བུར་གྱི་དྲི་མས་སྒྲིབ་པའི་དོན་དུ་གསུངས་པ་བཞིན། རྒྱུ་རྒྱུད་ཀྱི་དག་པ་གསུམ་གྱི་དབྱིངས་དེ་བཞིན་ཉིད་ཆོས་སྐུའི་བྲལ་རྒྱུ་རང་བཞིན་གནས་རིགས་དངོས་དང་། རང་རིག་པ་ཡེ་ཤེས་ལོངས་སྐུ་དང་། ལྷ་སྐུའི་དག་པ་སྤྲུལ་སྐུའི་བྲལ་རྒྱུ་ཡིན་པས་ཕྱི་མ་གཉིས་རྒྱས་འགྱུར་དང་དོན་གཅིག །དེས་ན་རྒྱུ་རྒྱུད་ཀྱི་གསུམ་པོ་རང་བཞིན་གྱིས་དག་པས་སོལ་བ་ལ་དཀར་པོའི་ནུས་པ་མེད་པ་ལྟར་སྦྱང་དུ་མི་རུང་བ་མ་ཡིན་པ་དང་། དེ་བཞིན་ཉིད་ལྟ་བ། གཞན་གཉིས་བསྐྱེད་རྫོགས་བསྒོམ་པ་སྟེ་ལམ་རྒྱུད་ཀྱི་གསུམ་པོའང་གནས་ཚུལ་དང་མཐུན་པར་རང་བཞིན་གྱིས་དག་པས་མུ་སྟེགས་བྱེད་ཀྱི་ལམ་ལྟར་དྲི་མ་སྦྱོང་མི་ནུས་པ་མ་ཡིན་པ་དང་། འབྲས་རྒྱུད་ཀྱི་སྐུ་གསུམ་རང་བཞིན་གྱིས་དག་པས་སྤང་བ་སླར་མི་ལྡོག་པ་ཆུ་ཁམས་གསེར་སོགས་གོང་སྨོས་དབུས་མཐའི་ལུང་གིས་སྒྲུབ་སྟེ་རྗེ་བཙུན་གྲགས་པས་རྣམ་འགྲེལ་དག་ལྡན་དུ་གསུངས་པ་དང་། ས་པཎ་གྱིས་རང་བཞེད་མཐར་ཐུག་བསྟོད་འགྲེལ་དུ། སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་དག་ཀྱང་སེམས་ཀྱི་མཚན་ཉིད་ལ་གློ་བུར་གྱི་དྲི་མས་བསྒྲིབས་པའི་ཚུལ་དང་། དྲི་མ་གློ་བུར་བ་ཡིན་པས་སྦྱང་དུ་རུང་བ་དང་། དེ་བསལ་བས་སངས་རྒྱས་སུ་འགྱུར་ཚུལ། དེའི་ཚེ་ཆོས་ཉིད་ལ་ལྟོས་ནས་གནས་འགྱུར་བ་མེད་པ་རིགས་ཚོགས་ཀྱི་དགོངས་པ་དང་། ཡོན་ཏན་སྣང་ཚུལ་ལ་ལྟོས་ནས་གནས་གྱུར་ཡོད་པ་བསྟོད་ཚོགས་ཀྱི་དགོངས་པ་སྟེ། དེ་གཉིས་གནད་ཀྱིས་མི་འགལ་བ་དང་། སངས་རྒྱས་ལ་ཡེ་ཤེས་མེད་པར་འདོད་པ་ཕྱོགས་སྔར་བཞག་ནས། རང་བཞེད་སངས་རྒྱས་ལ་ཡེ་ཤེས་མེད་པ་དང་། སྐུ་མེད་པ་མ་ཡིན་པ་དང་། དེ་གཉིས་དབྱེར་མེད་པར་གསུངས་པ་དང་། སྙེ་མོ་སྒོམ་ཆེན་གྱི་དྲིས་ལན་དུ། སེམས་སྟོང་པར་རྟོགས་པ་ལ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིར་བརྩི་མི་གཏུབ་ཉན་ཐོས་འགོག་པ་དང་མཚུངས། ཟུང་འཇུག་ཏུ་རྟོགས་པ་ལ་བརྩི་ན་བཞག་ཏུ་རུང་། སེམས་སྟོང་ཆ་རྐྱང་བར་དཀོན་མཆོག་གསུམ་མི་ཚང་། རིག་སྟོང་ཟུང་འཇུག་ལ་ས་བོན་ཚང་། ཟུང་འཇུག་གི་དོན་ལེགས་པར་རྟོགས་ན་མངོན་གྱུར་དུ་ཚང་བ་ཡིན། ཞེས་གསུངས་པས་མཚོན། སྤྲོས་བྲལ་དུ་གཏན་ལ་ཕབ་ནས་ཟུང་འཇུག་ཉམས་སུ་ལེན་པ། ཞེས་དང་། རྒྱུ་དུས་ཀྱི་ལྟ་བ་དུག་ཅན་དང་། འབྲས་དུས་ཀྱི་ལྟ་བ་དུག་མེད་ཅེས་སྔ་མ་ཐོས་བསམ་གྱིས་གཞལ་བའི་དཔྱད་སྟོང་སྤྲོས་བྲལ་ཙམ་སྟེ་དེས་གོ་མི་ཆོད་པར་ཕྱི་མ་བདེ་སྟོང་རིག་སྟོང་ཟུང་འཇུག་དབང་དང་རིམ་གཉིས་ལས་བྱུང་བ་སངས་རྒྱས་ཀྱི་སའི་ཡོན་ཏན་ཡེ་ཤེས་དང་ངོ་བོ་གཅིག་པར་བཞེད་པ་སོགས་དཔལ་ལྡན་ས་སྐྱ་པ་རྣམས་ལ་ཡོངས་སུ་གྲགས་པ་དང་། གཞན་ཡང་བདག་ཉིད་ཆེན་པོ་ཙོང་ཁ་པས་ཀྱང་སྔགས་ཀྱི་ཚུལ་ཁྲིམས་རྣམ་བཤད་སོགས་སུ། ཆོས་ཉིད་རང་བཞིན་གྱིས་དག་པ་རང་བཞིན་མེད་པའི་སྟོང་ཉིད་སྤྲོས་བྲལ་དང་། ཆོས་ཅན་གཟུགས་སོགས་ཕུང་ལྔ་རྣམ་སྣང་སོགས་སངས་རྒྱས་ལྔའི་བདག་ཉིད་དེ་རང་བཞིན་དུ་གསུངས་པ་སོགས་དང་། ཁྱད་པར་ལམ་གྱི་གཙོ་བོ་རྣམ་གསུམ་དུ། གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ཚེ་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། །སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་གནས་པ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་སྣང་སྟོང་ཟུག་འཇུག་རྣམ་གྲངས་མིན་པའི་དོན་དམ་ཉིད་རྩལ་འདོན་མཛད་པ་དང་། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་རི་ཆོས་ངེས་དོན་རྒྱ་མཚོར་གསུངས་པ་སོགས་ཀྱང་། གནས་སྐབས་སུ་སྣང་སྟོང་གཉིས་རྩལ་འདོན་ཆེ་ཆུང་དང་། བདེན་གཉིས་འཇོག་མཚམས་ཐ་དད་པ་སོགས་གྲུབ་མཐའི་ཞལ་བཞེས་ཕྲ་མོའི་ཁྱད་པར་ཙམ་ལས། དོན་ལ་བདེན་གཉིས་རོ་མཉམ་རྣམ་གྲངས་མིན་པའི་དོན་དམ་མཐར་ཐུག་བློ་བྲལ་ཡེ་ཤེས་ཆེན་པོའི་ཀློང་དུ། ཆོས་ཉིད་ཀྱི་བདེན་པ་གཟིགས་པའི་འཕགས་ཆེན་རྣམས་ཀྱི་དགོངས་པའི་གསང་མཛོད་ཆུ་དང་ལན་ཚྭ་བཞིན་དབྱེར་མེད་རོ་མཉམ་པས་མཚུར་མཐོང་བྱིས་བློས་གཞལ་བྱའི་ཡུལ་མིན་ཏེ། མགོ་བོ་ཨ་ཏི་ཤས། གང་ཕྱིར་དེ་ནི་རྒྱ་མཚོ་ལྟར། །སྒྲ་དང་དཔེ་དང་བློ་རྣམས་ཀྱིས། །གཏིང་དང་ཕ་རོལ་མི་རྙེད་པས། །དེ་ཕྱིར་རབ་ཏུ་ཟབ་པ་ཉིད། །ཅེས་དང་། ཆོས་ལ་སྐུར་པ་མི་འདེབས་ཤིང་། །གང་མོས་དེ་ལ་འདུན་པར་བྱ། །ཞེས་དང་། གཞན་ཡང་བདེ་མཆོག་ཉུང་ངུའི་རྒྱུད་དང་བྱམས་གཞུང་དང་། རིན་ཆེན་ཕྲེང་བ་སོགས་ལས་གསུངས་པའི་དོན་རྣམས་དྲན་པར་བྱས་ནས་བདག་ཉིད་ཀྱིས་བདག་ཉིད་སྲུང་བར་བྱེད་པ་འདི་ཤིན་ཏུ་གལ་ཆེ་བར་མངོན་ནོ། །དེའི་ཕྱིར་ཚིག་སྤྱི་སྦས་མཐར་གང་ལྟར་བཤད་ཀྱང་མི་འགལ་བས། དོན་གནད་མདོ་ཙམ་སྨོས་ན། སློབ་དཔོན་ལེགས་ལྡན་གྱིས་མཛད་པའི་དབུ་མའི་བསྟན་བཅོས་རིན་ཆེན་སྒྲོན་མར། དབུ་མ་ཕྲ་རགས་གཉིས་སུ་གསུངས་པ་ལྟར། རགས་པ་ཕྱིའི་དབུ་མ་ཐལ་རང་གི་སྐབས་སུ། འཁོར་ལོ་བར་པའི་བསྟན་བྱའི་གཙོ་བོ་གནས་སྐབས་སུ་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་དང་། ཀུན་རྫོབ་རྟེན་འབྱུང་གི་སྣང་བ་གཉིས་མི་འགལ་བར་གཏན་ལ་ཕབས་ནས། མཐར་ཐུག་རྣམ་གྲངས་མ་ཡིན་པའི་དོན་དམ་ལ་སྦྱོར་བར་མཛད་པ་ཡིན་ལ། ཕྲ་བ་ནང་གི་དབུ་མའི་སྐབས་དེ་ཉིད་གཞིར་བཞག་གི་སྟེང་དུ། འཁོར་ལོ་ཐ་མའི་བསྟན་དོན་རྟོགས་བྱ་ལྟ་བས་གཏན་ལ་འབེབས་པའི་ཡུལ་ཆོས་དབྱིངས་དེ་ཡང་མེད་དགག་ཕྱོགས་གཅིག་པའི་སྟོང་རྐྱང་ཙམ་མིན་པར་སྐུ་དང་ཡེ་ཤེས་ཀྱིས་བརྒྱན་པའི་སྣང་བ་དང་ཐ་མི་དད་པའི་རང་བྱུང་ཟག་མེད་འདུས་མ་བྱས་སུ་སྒྲུབ་པའི་ཁྱད་པར་ཙམ་སྟེ། གཉིས་ཀས་མཉམ་བཞག་ཏུ་བསལ་བཞག་དང་བྲལ་བའི་ཆོས་དབྱིངས་མཉམ་པར་འཇོག་པ་སྟེ་དེའི་ངོར་གཟུང་འཛིན་མཚན་མའི་སྤྲོས་པ་ཐ་དག་འགོག་པ་ལ་ཁྱད་པར་མེད་ལ། རྗེས་ཐོབ་ཏུ་སྔ་མས་སྟོང་ཉིད་ལ་དོན་དམ་དང་། སྣང་བ་ལ་ཀུན་རྫོབ་ཏུ་བཞག་སྟེ་བདེན་གཉིས་དབྱེ་བར་མཛད་ཅིང་། ཕྱི་མས་གནས་སྣང་མཐུན་མི་མཐུན་ལ་བདེན་གཉིས་འཇོག་པའི་ཁྱད་པར་རོ། །དེ་ཡང་སྔ་མ་གཏན་ལ་མ་ཕེབས་ན་ཕྱི་མ་ཉིད་གཏན་ལ་འབེབས་མི་ནུས་པས། ཐོག་མར་དབུ་མ་རིགས་ཚོགས་ཀྱི་དགོངས་པ་ཐལ་འགྱུར་བ་ལྟར། ཆོས་རྣམས་སྐྱེས་པ། མི་འགག་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་མྱ་ངན་ལས་འདས་པ། ཟུང་འཇུག་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་མཐར་ཐུག་རྣམ་གྲངས་མིན་པའི་དོན་དམ་ཉིད་གཏན་ལ་ཕེབས་པར་བྱ་ཞིང་། དེ་ཕེབས་པ་ན་བྱམས་གཞུང་དང་བསྟོད་ཚོགས་སོགས་ཀྱི་དགོངས་པ་ལྟར་སྐུ་དང་ཡེ་ཤེས་སོགས་ཟག་པ་མེད་པའི་ཆོས་རྣམས་ཀྱང་ཆོས་ཀྱི་དབྱིངས་དེ་དང་ངོ་བོ་ཐ་མི་དད་པའི་ཕྱིར་རང་བྱུང་འདུས་མ་བྱས་སུ་མི་འགྲུབ་པའི་གནས་མེད་ལ། ཆོས་དབྱིངས་སྣང་སྟོང་ཟུང་འཇུག་མི་འགལ་བའང་གོང་གིས་བདེན་གཉིས་དཔྱོད་པའི་མཐར་ཐུག་དཔྱོད་རིགས་ཀྱིས་གྲུབ། དེ་མ་གྲུབ་ན་ཐལ་འགྱུར་རང་ཡང་མི་འགྲུབ། དེ་ཉིད་ད་ལྟ་སེམས་ཅན་ལ་མི་སྣང་ཞིང་སངས་རྒྱས་ཀྱི་སར་མངོན་གྱུར་དུ་སྣང་བ་དང་། ད་ལྟའི་བག་ཆགས་འཁྲུལ་སྣང་འདི་སེམས་ཅན་ལ་སྣང་སངས་རྒྱས་དུས་མི་སྣང་བ་གཉིས་གཉིད་དུ་སོང་མ་སོང་གི་སྣང་བ་དང་། མ་སད་པ་དང་སད་དུས་ཀྱི་རྨི་ལམ་བཞིན་ཐ་སྙད་དུ་ཚད་མས་གྲུབ་པས་བདེན་གཉིས་འཇོག་མཚམས་ཕྱི་མ་འདི་ཡང་བདེ་བླག་ཏུ་ཤེས་ནུས། དེ་ལྟར་བདེན་མི་བདེན་སོགས་སུ་བཞག་པ་འདི་ཐ་དཔྱོད་ངོར་ཡིན་པས་དོན་དཔྱོད་ངོར་བདེན་གྲུབ་ཏུ་སྒྲུབ་པ་མིན་པའི་གནད་གཞན་སྟོང་ཁས་ལེན་དུ་གསུངས་པ་ལྟར་ཤེས་པར་བྱ་ལ། དེ་ལྟའི་ཚུལ་གྱིས་ཆོས་དབྱིངས་སྣང་སྟོང་ཟུང་འཇུག་རྣམ་གྲངས་མིན་པའི་དོན་དམ་འདི་ཉིད་མཐར་ཐུག་ཐེག་གཅིག་ཏུ་སྒྲུབ་པའི་གཞི་ཡིན་པས། འདི་ཉིད་སྔགས་སུ་ཨེ་ཝྃ་དང་། རྒྱུ་ཡི་རྒྱུད་དང་། རྡོ་རྗེའི་བདག་དང་། ཕྱག་རྒྱ་ཆེན་མོ་དང་། རྣམ་ཀུན་མཆོག་ལྡན་དང་། གཉུག་མའི་སེམས་དང་། རང་བྱུང་གི་ཡེ་ཤེས་སོགས་སུ་གསུངས་པ་ཡིན་པས། དེ་ལྟར་ཤེས་ན་འདི་ཉིད་ངེས་དོན་མཐར་ཐུག་ཏུ་གྲུབ་པ་ལ་སྨྱོན་དུ་མེད་པའི་ཕྱིར། ཚུལ་འདི་ནི་སྔགས་ཕྱི་རྒྱུད་རྣམས་སུ། བདག་གི་དེ་ཁོ་ན་ཉིད་དང་། དོན་དམ་མཚན་མ་མེད་པའི་བྱིན་བརླབས་རྡོ་རྗེ་དབྱིངས་ཀྱི་ལྷ་དང་། ནང་པར་མ་ཧཱའི་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བ་དང་། ཨ་ནུའི་དབྱིངས་ཡེ་དབྱེར་མེད་དང་། མཐར་ཐུག་རྫོགས་ཆེན་གྱི་ཀ་དག་ལྷུན་གྲུབ་ཟུང་འཇུག་གདོད་མ་གཞི་ཡི་བཞུགས་ཚུལ་གསུངས་པ་རྣམས་དང་དོན་གཅིག་པས། ཐོག་མར་འདི་ཉིད་གཏན་ལ་ཕེབས་པར་མི་འགྱུར་ཞིང་། འདི་ཉིད་ལེགས་པར་གོ་ན་ཕྱི་མ་རྣམས་ཀྱང་རིམ་བཞིན་གཏན་ལ་འབེབས་པ་ལ་དཀའ་བ་མེད་པའི་དཔྱོད་ཀྱི་མཐུ་ཐོབ་པར་འགྱུར་བས། ཚུལ་འདི་ལྟར་ཤེས་པ་ཅིས་ཀྱང་གལ་ཆེའོ། །དེའི་ཕྱིར་དོན་གྱི་གནད་འདི་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་། རྒྱལ་དབང་རང་བྱུང་ཞབས། ཀུན་མཁྱེན་དོལ་པོ་གསུམ་དགོངས་པ་མཐུན་པར་སྔོན་གྱི་དམ་པ་རྣམས་བཞེད་པ་ཉིད་དོན་ལ་གནས་པར་མཐོང་སྟེ། གསུམ་ཀས་འཁོར་ལོ་ཐ་མ་ངེས་དོན་མཐར་ཐུག་ཏུ་བཞེད་ཅིང་། སྔ་མ་གཉིས་ཀྱི་གསུང་ཅི་རིགས་སྔར་དྲངས་པས་ཤེས་ལ། ཀུན་མཁྱེན་དོལ་བོས་རི་ཆོས་ངེས་དོན་རྒྱ་མཚོར། དྲི་མ་སྦྱང་བའི་གཞི་བདེ་གཤེགས་སྙིང་པོ། དྲི་མ་སྦྱོང་བའི་ལམ་རྡོ་རྗེའི་རྣལ་འབྱོར། དྲི་མ་དག་པའི་གཞི་བྲལ་འབྲས་ཆོས་སྐུ་ཞེས་དང་། གང་ཞིག་ཆོས་རྣམས་ཀུན་གྱིས་དབེན་ཡང་ཟག་མེད་བགྲང་ཡས་ཆོས་ཀྱི་སྐུ། ཆོས་དང་གང་ཟག་བདག་དང་བྲལ་ཡང་དེ་བཞིན་ཉིད་བདག་དག་པའི་བདག །ཡོད་མེད་རྟག་ཆད་མཐའ་ལས་འདས་ཀྱང་བརྟག་བརྟན་གཡུང་དྲུང་ཉིད་དུ་བཞུགས། དངོས་རྣམས་ཀུན་གྱི་རང་བཞིན་མེད་ཀྱང་རང་བཞིན་འོད་གསལ་ལ་བཏུད་ནས། ཞེས་མཆོད་བརྗོད་དུ་གསུངས་པ་ལྟར། དོན་དམ་པ་སྟོང་པ་ཉིད་དང་བདག་མེད་པ་དང་། མཐའ་དང་བྲལ་བ་དང་། རང་བཞིན་མེད་པའི་སྤྲོས་བྲལ་མཉམ་པ་ཆེན་པོར་གཏན་ལ་ཕབ་ནས། དེ་ཉིད་ཟག་མེད་ཀྱི་ཡོན་ཏན་གྱི་ཆོས་རྣམས་དང་དབྱེར་མེད་པ་དང་། དེ་ལས་འཁོར་འདས་ཀྱི་ཆོས་ཀུན་འབྱུང་བའི་གཞིར་གྱུར་པ་དང་། རང་བཞིན་འགྱུར་མེད་ཀྱི་ཆ་ནས་ཆོས་ཀྱི་སྐུ་དང་དག་པའི་བདག་སོགས་ཀྱི་སྒྲས་ཐ་སྙད་དུ་བསྟན་པ་དང་། ཁྱད་པར་རིགས་ཀྱི་སྐབས། སྡུད་པའི་ལུང་། འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་ཉིད། །ད་ལྟར་དེ་བཞིན་ཉིད་གང་དགྲ་བཅོམ་དེ་བཞིན་ཉིད། །ཆོས་ཀུན་དེ་བཞིན་ཉིད་གང་རྒྱལ་བའི་དེ་བཞིན་ཉིད། །ཆོས་ཀུན་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་མེད། །ཅེས་དང་། འདི་ནི་ཆོས་གཏེར་མཆོག་དང་ཆོས་མཛད་དམ་པ་ཡིན། །སངས་རྒྱས་རིགས་ཡིན་འགྲོ་བའི་བདེ་དང་སྐྱིད་པའི་མཛོད། །འདས་དང་མ་བྱོན་ཕྱོགས་བཅུའི་འཇིག་རྟེན་མགོན་པོ་རྣམས། །དེ་དག་འདི་ལས་འཁྲུངས་ཀྱང་ཆོས་དབྱིངས་ཟད་མི་འགྱུར། །ཞེས་དྲངས་ཏེ་གཞི་འབྲས་ངོ་བོ་དབྱེར་མེད་པའི་ཤེར་ཕྱིན་དང་། འཁོར་ལོ་མཐའ་མར་རང་བཞིན་གནས་རིགས་སུ་གསུངས་པ་དོན་གཅིག་པར་བཞེད་པ་དང་། དཔལ་ལྡན་ཟླ་བས་མཛད་པའི་སྒྲོན་གསལ་དུ། རྒྱལ་བ་ཀུན་གྱི་གནས་ནི་སེམས་ཅན་ཐམས་ཅད་དེ་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས་མཚོན་མཐར་ཐུག་རྒྱུད་སྡེ་རྣམས་སུ་གསུངས་པའི་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་རྡོ་རྗེའི་རིགས་ཆེན་པོ་སྟེ་དེ་གཉིས་དབྱེར་མེད་པ་ལ་སྦྱང་གཞིར་བཞག་ནས། དེ་སྦྱོང་བའི་ལམ་རྒྱལ་བའི་ས་བོན་བཟང་པོ་ལས་བྱུང་བསོད་ནམས་ཚོགས་ལས་གང་འཁྲུངས་པ། ཞེས་དང་། བློ་བུར་གྱི་དྲི་མ་མཐའ་དག་བསལ་བའི་ཆེད་དུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ཚོགས་འཁོར་དང་བཅས་པ་སྒྲུབ་པ་ལ་བརྩོན་པ་གང་ཡིན་པ་ཞེས་ཐུན་མོང་དུ་སྐུ་གཉིས་ལ་སྒྲིབ་བྱེད་ཀྱི་དྲི་མ་སེལ་བའི་ཕྱིར་ལམ་ཚོགས་གཉིས་ལ་སློབ་དགོས་པ་དང་། ཐུན་མིན། རྡོ་རྗེའི་རྣལ་འབྱོར་སོགས་ལ་བརྟེན་ནས་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་རྩལ་འདོན་དུ་མཛད་དེ་རང་བཞིན་སྙིང་པོ་དྲིལ་ཏེ་གསུངས་པ། འདིར་གཉིས་མེད་ཡེ་ཤེས་ཞེས་པ་ལ། གང་དང་གང་གཉིས་སུ་མེད་ན། ཆོས་ཀྱི་དབྱིངས་དང་རང་བྱུང་གྱི་ཡེ་ཤེས་གཅིག་ཏུ་འདྲེས་ཤིང་རོ་མཉམ་པ་སྟེ། དེ་ཉིད་མཐར་ཐུག་གི་སྟོང་ཉིད་སྙིང་རྗེ་དང་། ཐབས་དང་ཤེས་རབ་དང་། བདེ་སྟོང་དབྱེར་མེད་ཟུང་འཇུག་རོ་གཅིག་པ་ཡང་ཡིན་ལ། མཐར་ཐུག་གནས་ལུགས་ཀྱི་ཤེས་དང་ཤེས་བྱ་གཅིག་པ་དང་། དབྱིངས་རིག་དབྱེར་མེད་རོ་གཅིག་པ་ཡང་ཡིན་ནོ། །དེ་ལྟ་བུའི་ཤེར་ཕྱིན་མཚན་ཉིད་པ་དེ་ནི། གཞི་ཤེར་ཕྱིན་དང་། འབྲས་བུའི་ཤེར་ཕྱིན་མཐར་ཐུག་པ་སྟེ་ངོ་བོ་དབྱེར་མེད་པའི་དེ་བཞིན་ཉིད་དོ། །དེ་མངོན་དུ་བྱེད་པའི་ལམ་དང་། དེ་སྟོན་པའི་གཞུང་ལ་ནི་བཏག་པ་ཙམ་སྟེ། དེ་བཞིན་དུ་དབུ་མ་ཆེན་པོ་དང་། ཕྱག་རྒྱ་ཆེན་པོ་དང་། ལྷན་ཅིག་སྐྱེས་སྦྱོར་དང་། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དང་། རྡོ་རྗེའི་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། བདེ་དགྱེས་དང་། གསང་འདུས་དང་། དུས་འཁོར་ལ་སོགས་པ། དེ་བཞིན་ཉིད་ཀྱི་རྣམ་གྲངས་སུ་གཏོགས་པ་ཇི་སྙེད་གསུངས་པ་རྣམས་ལ་ཡང་གཞུང་ལམ་གང་ཡིན་པ་བཏགས་པ་དང་། གཞི་དང་འབྲས་བུ་ངོ་བོ་དབྱེར་མེད་གང་ཡིན་པ་ཐམས་ཅད་མཚན་ཉིད་པ་ཉིད་དུ་གསུངས་ནས་ཏེ། འདི་ནི་མདོ་རྒྱུད་ཟབ་མོ་མཐར་ཐུག་པ་ཐམས་ཅད་ཀྱི་སྤྱི་འགྲེལ་ཆེན་པོ་དང་། རྡོ་རྗེའི་ཚིག་ཏུ་གསུངས་པ་ཐམས་ཅད་ཀྱི་མདུད་འགྲོལ་ཆེན་མོ་དང་། དགོངས་ཏེ་གསུངས་པའམ་དགོངས་ཆེན་ཟབ་མོ་ཐམས་ཅད་ཀྱི་དོན་འགྲེལ་ཆེན་པོ་ཡིན། འོན་ཀྱང་དེ་དག་དེ་ལྟར་ཚུལ་བཞིན་དུ་རྟོགས་པ་ལ། སྐྱོ་མ་སྔ་བཙན་གྱི་བག་ཆགས་སྤངས་ནས་སྟོན་པ་བཞི་དང་། ས་བཅུ་པ་རྣམས་ཀྱི་མན་ངག་ཟབ་མོ་ཉམས་སུ་མྱོང་བའི་སྒྲོན་མེ་བཟང་པོ་ལ་བརྟེན་དགོས་སོ། །དེའི་ཕྱིར་འཁོར་ལོ་ཕྱི་མ་གཉིས་དང་། རྡོ་རྗེ་ཐེག་པ་དོན་གཅིག་མོད་ཀྱི་ཉམས་སུ་ལེན་པ་ན། ལ་ཟློ་བ་ཆོས་ཉིད་ཟབ་མོ་ལ་འཁོར་ལོ་བར་པ་དང་མཐུན་པར་རྟོག་མེད་སྤྲོས་བྲལ་མཉམ་པར་བཞག་ནས། རྗེས་ཐོབ་ཤན་འབྱེད་པའི་ཚེ། ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ན་འཁོར་ལོ་ཐ་མ་དང་། རྡོ་རྗེ་ཐེག་པ་ལས་གསུངས་པ་བཞིན་ལེགས་པར་རྣམ་པར་ཕྱེ་སྟེ་ངོ་སྤྲད་ན་ཐེག་པ་ཆེན་པོའི་གསུང་རབ་ཐམས་ཅད་ཀྱི་དོན་ཟབ་མོ་ཉམས་སུ་ལེན་པ་ཚང་ལ་མ་ནོར་ཞིང་ཡོངས་སུ་དག་པར་འགྱུར་རོ། །ཞེས་གསུངས་སོ། །དོན་དམ་པར་ཆོས་དབྱིངས་ཟད་འཕེལ་མེད་པ་དང་། ཀུན་རྫོབ་གློ་བུར་གྱི་དྲི་མའང་དོན་ལ་ཡོད་མ་མྱོང་བས་ཟད་འཕེལ་མེད་པའི་ཆོས་ཉིད་མཉམ་པ་ཆེན་པོ་རྒྱལ་བའི་ཡུམ་གྱི་དགོངས་དོན་སྒྲ་ཇི་བཞིན་པར་བཞེད་པ་དང་། ཡང་འབྲས་བུའི་སྐབས་སུ། འདིར་གཞི་འབྲས་ངོ་བོ་དབྱེར་མེད་ཅེས་པའང་དོན་དམ་ཆོས་སྐུའི་དབང་དུ་བྱས་ཀྱི་ཀུན་རྫོབ་གཟུགས་སྐུའི་ནི་མ་ཡིན་ལ། ལམ་མི་དགོས་པ་ཡང་མ་ཡིན་ཏེ། མཉམ་བཞག་རྣམ་པར་མི་རྟོག་པའི་ཤེས་རབ་གང་ཡིན་པ་ཡེ་ཤེས་ཀྱི་ཚོགས་ཀྱིས་ཆོས་སྐུ་གདོད་ནས་བཞུགས་པའི་དྲི་མ་བྲལ་བར་བྱེད་ཅིང་། རྗེས་ཐོབ་སྒྱུ་མ་ལྟ་བུར་རྟོགས་པའི་ཡེ་ཤེས་དང་ལྡན་པ་བསོད་ནམས་ཀྱི་ཚོགས་ཀྱིས་གཞན་དོན་བརྡའི་སྐུ་བསྐྱེད་པའི་ཕྱིར་རོ། །ཞེས་གསུངས་ཏེ་རྒྱུད་བླའི་ལུང་སོགས་དྲངས་ནས་དེ་ལྟར་ལེགས་པར་ཤན་ཕྱེས་འདུག་པས། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་དང་འགལ་མིན་དང་། སྦྱོང་ཕྱོགས་སྤངས་པའི་ཧ་ཤང་གི་ལུགས་སུ་འགྱུར་མིན་སོགས་དཔྱད་པ་ནི་གཞི་མེད་པའི་སྐུར་འདེབས་ཙམ་སྟེ། བློ་དང་ལྡན་པ་རྣམས་ཀྱིས་འདིའི་ལུང་དོན་ལ་གཟུ་བོར་དཔྱད་པས་ཤེས་ནུས་སོ། །དེས་ན་ལེགས་པར་བརྟག་ན། རགས་པ་ཕྱིའམ་ཤེས་རབ་རྒྱུའི་དབུ་མ་ལ་བརྟེན་ནས་བདེན་གཉིས་ཀྱི་མཚན་ཉིད་ལེགས་པར་ཕྱེས་ཏེ་བདག་མེད་གཉིས་ཀྱི་དོན་གཏན་ལ་ཕབ་ནས་ངེས་པའི་ཤེས་པ་ཐེ་ཚོམ་གྱི་སྨག་དང་བྲལ་བ་སྐྱེས་པ་ན། མཉམ་བཞག་སྒོམ་པའི་ཚེ་ཕྲ་བ་ནང་ངམ་ཟུང་འཇུག་འབྲས་བུའི་དབུ་མ་གཉིས་མེད་ཡེ་ཤེས་ཆེན་པོའི་དོན་ལ་རིམ་གྱིས་སྦྱོར་ཞིང་གོམས་པར་བྱེད་པ་ལ། ངེས་དོན་གྱི་དབུ་མ་རྣམ་གཉིས་མཐར་ཐུག་གི་དགོངས་པར་མི་མཐུན་པ་ཅིའང་མེད་དེ། ཐལ་འགྱུར་བས་བློ་གཉིས་སྣང་ངམ་རྣམ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་རྣམ་གྲངས་པའི་དོན་དམ་ནི་གནས་སྐབས་སུ་འཇུག་པའི་སྒོ་ཙམ་ལས་མཐར་ཐུག་ཏུ་མི་བཞེད་ལ། སོ་སོ་རང་རིག་ཡེ་ཤེས་དམ་པའི་སྤྱོད་ཡུལ་དུ་གྱུར་པའི་ཟུང་འཇུག་རྣམ་གྲངས་མ་ཡིན་པའི་དོན་དམ་སྨྲ་བསམ་བརྗོད་མེད་ཤེས་རབ་ཕར་ཕྱིན་མཚན་ཉིད་པ་ཉིད། དམ་པའི་དོན་གྱི་བདེན་པ་གཅིག་པུར་གསུངས་ལ། དེ་བཞིན་གཞན་སྟོང་པས་ཀྱང་ཐ་དཔྱོད་ངོར། རྣམ་ཤེས་ཡུལ་དང་བཅས་པ་ནི་བསླུ་བ་བརྫུན་པ་ཀུན་རྫོབ་གློག་དང་སྤྲིན་ལྟ་བུ་སྟེ་དེའི་ངོར་མི་བདེན་ལ། ཡེ་ཤེས་ཡུལ་དང་བཅས་པ་ནི་རྟག་པ་བརྟན་པ་འཕོ་འགྱུར་མེད་པས་བསལ་བཞག་དང་བྲལ་བའི་ཆོས་ཉིད་ནི་མཐར་ཐུག་མི་བསླུ་བའི་དབང་གིས་དོན་དམ་པར་བཞག་ཅིང་སྒོམ་པས་ན་དོན་གྱིས་གནད་གཅིག་ཅིང་། གྲུབ་མཐའི་ཁས་ལེན་ཡོད་མེད་ཀྱང་། རང་ལུགས་ཀུན་མཁྱེན་ཆེན་པོའི་བཞེད་པ། ཐེག་ཆེན་འཕགས་པའི་མཉམ་བཞག་གི་ཡེ་ཤེས་སམ་དོན་དམ་ཉིད་ཡུལ་དུ་བྱེད་པའི་ཚེ་ན། དེའི་ངོར་མེད་དགག་དང་མ་ཡིན་དགག་གི་འཛིན་སྟངས་སོགས་སྤྲོས་པ་གང་ཡང་ཡོད་མི་སྲིད་པའི་ཕྱིར། ཟུང་འཇུག་སྤྲོས་བྲལ་མཉམ་པ་ཆེན་པོར་གྲུབ་མཐའི་ཁས་ལེན་གང་ཡང་བྱར་མེད་ལ། རྗེས་ཐོབ་ཐ་སྙད་ཡུལ་དུ་བྱེད་པའི་ཚེ་གཞི་ལམ་འབྲས་བུའི་རྣམ་བཞག་སོགས་ཚད་མའི་ལུང་ལས་ཇི་སྐད་གསུངས་པ་ལྟར་ཤན་ཕྱེས་ཏེ་གདོན་མི་ཟ་བར་ཁས་ལེན་པར་གསུངས་པའི་གནད་ཀྱང་གཉིས་ཀར་མི་འགལ་ཏེ། གཉིས་ཀས་དོན་དཔྱོད་དམ་མཉམ་བཞག་གི་ངོར་ཡོད་མེད་སོགས་ཀྱི་སྤྲོས་པའི་མཚན་རྟོགས་མཐའ་དག་བཀག་ནས་བསལ་བཞག་དང་བྲལ་བའི་སྤྲོས་བྲལ་མཉམ་པ་ཆེན་པོར་ལ་བཟླ་ཞིང་མཉམ་པར་འཇོག་པ་དང་། རྗེས་ཐོབ་ཀུན་རྫོབ་ཐ་དཔྱོད་ངོར་རང་རང་གི་གྲུབ་མཐའི་ཞལ་བཞེས་ཀྱི་བདེན་གཉིས་སོ་སོར་ཕྱེས་ཏེ་ཁས་ལེན་པའི་ཕྱིར་ནའོ། །དེ་བས་ན་དོན་ལ་རྟོན་པར་བྱ་ཡི། ཚིག་ཙམ་གྱི་རྗེས་སུ་འབྲངས་ཏེ། དགག་སྒྲུབ་ཀྱི་སྤྲོས་པས་ངལ་བར་མི་བྱའོ། །དེས་ན་སྣང་སྟོང་གང་རུང་རེའི་ཕྱོགས་སུ་ཞེན་ཅིང་བཟུང་བས་ནི་མཐར་འཛིན་གྱི་ལྟ་བ་ངན་པ་བཟློག་མི་ནུས་པས། ཆོས་དབྱིངས་སྣང་སྟོང་ཟུང་འཇུག་མཐར་ཐུག་རྣམ་གྲངས་མ་ཡིན་པའི་དོན་དམ་སྲིད་ཞི་མཉམ་ཉིད་དུ་ལེགས་པར་གཏན་ལ་འབེབས་དགོས་ཤིང་། དེ་ཉིད་གཏན་ལ་འབེབས་པའི་ཚུལ་ཡང་། ཡིད་བཞིན་མཛོད་ཀྱི་ལེའུ་བཅོ་བརྒྱད་པར་གསུངས་པ་ལྟར། ཐ་སྙད་དུ་སྣང་བ་ཀུན་རྫོབ་ཀྱི་ཆོས་ཀུན་དོན་ལ་མེད་ཀྱང་བག་ཆགས་འཁྲུལ་པའི་དབང་གིས་སྔོན་མེད་ཕྱིས་མེད་པར་འདིར་མེད་བཞིན་སྣང་བའི་འཁྲུལ་སྣང་སྟོང་གཟུགས་དྷ་དུ་རས་མྱོས་པའི་མིག་ལ་སྐྲ་ཤད་འཛག་པ་སོགས་སུ་སྣང་བ་བཞིན་དོན་ལ་ཡོད་མ་མྱོང་བས་སྣང་སྟོང་ཐ་དད་དུ་དབྱེ་བའི་གཞི་ཐད་ལ། དོན་དམ་རང་བཞིན་གྱིས་འོད་གསལ་བའི་སྐུ་དང་ཡེ་ཤེས་སོགས་ཀྱང་ཟག་པ་མེད་པའི་དབྱིངས་དང་སོ་སོ་མ་ཡིན་ཐ་མི་དད་པར་རང་བཞིན་ཡེ་ནས་མཉམ་པ་ཉིད་དུས་གསུམ་འཕོ་འགྱུར་དང་བྲལ་བས་ན་སྣང་སྟོང་ཐ་དད་དུ་དབྱེར་མེད་པའི་ཕྱིར། བློས་བཏགས་པའི་བདེན་པ་གཉིས་ཀྱང་མིང་ཙམ་ཚིག་ཙམ་སྟེ་དོན་ལ་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་དབྱེར་མེད་རྣམ་དག་ཆེན་པོའི་སྲིད་ཞི་མཉམ་ཉིད་དུ་ཤེས་པར་བྱ་སྟེ། ཀུན་རྫོབ་རྣམ་ཆད་རྣམ་དབྱེའི་ཡུལ་འདས་པས། །བཏགས་པའི་བདེན་གཉིས་འདས་ཕྱིར་སྤྲོས་ཀུན་ཞི། །བདེན་པ་དབྱེར་མེད་གྲུབ་དང་མ་གྲུབ་མེད། །དབྱིངས་ལ་སྣང་སྟོང་རང་བཞིན་གཉིས་མེད་པས། །བདེན་པ་དེ་ཡང་དབྱེར་མེད་ཅེས་སུ་བརྗོད། །ཅེས་སོ། །འདི་ལ་ཐ་སྙད་པའི་ཀུན་ཏུ་ཚད་མ་ལ་བརྟེན་ནས་གནས་སྣང་གི་དབང་གིས་བདེན་པ་གཉིས་སུ་བཞག་ན། འདི་ལྟར་འཁྲུལ་སྣང་འཁོར་བའི་ཆོས་རྣམས་ཀུན། །མི་བདེན་བསླུ་ཕྱིར་ཀུན་རྫོབ་བདེན་པ་ལགས། །ཟབ་ཞི་འོད་གསལ་མྱ་ངན་འདས་པའི་ཆོས། །འགྱུར་མེད་རང་བཞིན་དོན་དམ་བདེན་པར་འདོད། །ཅེས་གསུངས་པས། གོང་དུ་སྨོས་པའི་བདེན་གཉིས་དབྱེར་མེད་སྤྲོས་བྲལ་མཉམ་པ་ཆེན་པོར་གཏན་ལ་འབེབས་པ་ཉིད་སྔོན་དུ་བཏང་ནས། དེ་ལྟ་བུའི་གནས་ཚུལ་དང་སྣང་ཚུལ་ཀུན་ནས་མཐུན་པར་གྱུར་པའི་ཡུལ་དང་ཡུལ་ཅན་གཉིས་ཀ་དོན་དམ་དང་། གནས་སྣང་མ་མཐུན་པའི་ཡུལ་ཡུལ་ཅན་གཉིས་ཀ་ཀུན་རྫོབ་ཏུ་བཞག་སྟེ། འདི་ནི་ཐ་སྙད་དུ་བསླུ་མི་སླུའི་དབང་གིས་དེ་ལྟར་འཇོག་དགོས་ཏེ། དེ་ལྟར་མ་ཡིན་ན་དུང་དཀར་འཛིན་དང་སེར་འཛིན་གཉིས་ལའང་བདེན་རྫུན་དུ་བཞག་མི་ཤེས་པས་ཐ་སྙད་ཀྱི་རྣམ་བཞག་ཐམས་ཅད་འཁྲུགས་པར་འགྱུར་བས་སོ། །དེས་ན་གནས་སྣང་མཐུན་པའི་སྟོབས་ཀྱིས་ཐོབ་པའི་མྱང་འདས་ཀྱི་ཆོས་ཐམས་ཅད་དོན་དམ་ཡིན་ལ། མི་མཐུན་པའི་སྟོབས་ཀྱིས་བྱུང་བའི་འཁོར་བའི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་བཞག་ཏུ་རུང་སྟེ། ཐ་དཔྱོད་ཀྱིས་དཔྱད་ན་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་ལས་ཉོན་འཁྲུལ་པས་བསྐྱེད་པ་མིན་ཞིང་། ཡང་དག་པའི་ཡེ་ཤེས་ཀྱི་དབང་ལས་བྱུང་བ་དང་། སྒྲིབ་པས་བསླད་མ་ཞུགས་པའི་ཕྱིར་བདེན་ཞིང་མི་བསླུ་བར་གྲུབ་བོ། །འཁོར་བའི་ཆོས་རྣམས་ནི་དེ་ལས་ལྡོག་པས་བདེན་པར་མ་གྲུབ་ཅེས་བྱའོ། །འདིའི་བདེན་མི་བདེན་ནི་མི་བསླུ་བ་དང་བསླུ་བར་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་གྲུབ་པ་ཡིན་ནོ། །དེ་ལྟ་ན་གནས་སྣང་མཐུན་པར་གྱུར་པའི་ཡུལ་ཅན་ལ་ཡེ་ཤེས་ཞེས་བྱ་སྟེ་གཟུང་འཛིན་མེད་པས་སོ། །མི་མཐུན་པར་འཛིན་པ་ལ་རྣམ་ཤེས་ཞེས་བྱ་སྟེ་གཟུང་འཛིན་ཅན་ནོ། །གནས་སྣང་མཐུན་པའི་ཡུལ་ལ་ཚད་མའི་གནོད་པ་བསྟན་པས་ནམ་ཡང་ལྡོག་བྱེད་མེད་པས་བརྟན་པ་འཇིག་རྟེན་པའི་དཔེར་བྱས་ན་ཐག་པ་ལ་ཐག་པར་འཛིན་པའི་བློ་བཞིན་ནོ། །གནས་སྣང་མི་མཐུན་པའི་ཡུལ་ལ་ཚད་མས་གནོད་པ་མཐོང་ན་ལྡོག་སྟེ་ཐག་པ་ལ་སྦྲུལ་འཛིན་གྱི་བློ་བཞིན་མི་བརྟན་ནོ། །དེས་ན་བློ་གྲོས་མི་ཟད་པའི་མདོར། ཡེ་ཤེས་ནི་རྟག །རྣམ་ཤེས་ནི་མི་རྟག་གསུངས་པའི་དོན་ཡང་དེ་ཡིན་ནོ། །དེའི་ཕྱིར་དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་འདི་ཆོས་ཉིད་དང་ཐ་དད་མེད་པའི་དབང་གིས་རྟག་པར་གྲུབ་སྟེ། སྡོང་པོ་བཀོད་པ་ལས། འཇིག་རྟེན་ཁམས་མང་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང་། །ནམ་མཁའ་འཇིག་པར་མི་འགྱུར་པ། །རང་བྱུང་ཡེ་ཤེས་དེ་ཡིན་ནོ། །ཞེས་དང་། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །འགྱུར་བ་མེད་དང་འདུས་མ་བྱས། །རྡོ་རྗེ་ལྟ་བུའི་ཚིག་བརྗོད་ན། །རང་བྱུང་ཡེ་ཤེས་ཆེན་པོར་བཤད། །ཅེས་དང་། རྡོ་རྗེ་སྙིང་འགྲེལ་ལས། ཇི་ལྟར་བུམ་པ་ཞིག་གྱུར་ཀྱང་། །ནམ་མཁའ་ལ་ནི་འཇིག་པ་མེད། །དེ་བཞིན་སེམས་ནི་ཞིག་གྱུར་ཀྱང་། །ཡེ་ཤེས་ལ་ནི་འཇིག་པ་མེད། །ཅེས་དང་། འཕགས་པ་ཀླུས། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་གྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡིས་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེག །དེ་ཉིད་འོད་གསལ་མ་ཡིན་ནོ། །ཞེས་གསུངས། འདི་ཆོས་ཅན་ལྟོས་ནས་སྐྱེ་འགགས་ལྟར་སྣང་ན་ཡང་། དེ་རྣམ་ཤེས་འཁྲུལ་པ་ཅན་ལ་སྣང་ཚུལ་ཡིན་པས། དེས་ཆོས་ཉིད་མ་འཁྲུལ་བའི་གཤིས་ལུགས་དོན་དམ་པའི་གནོད་མི་ནུས་ཏེ། དཔེར་ན་སྣོད་ཀྱི་དབང་གིས་ནམ་མཁའ་འཕེལ་འགྲིབ་ལྟར་སྣང་ཡང་། དེས་ནམ་མཁའ་འདུས་བྱས་དང་མི་རྟག་པར་སྒྲིབ་མི་ནུས་པ་བཞིན་ནོ། །དེ་ལྟ་བུའི་ཆོས་ཉིད་དམ་ཡེ་ཤེས་རང་གི་ངོ་བོ་ལ། ཡེ་ནས་ཉེས་པའི་རྡུལ་གྱིས་མ་གོས་པས་གཙང་བ། རང་བཞིན་འཕོ་འགྱུར་མེད་པས་རྟག་པ། ནམ་ཡང་སྡུག་བསྔལ་གྱིས་ཟིལ་གྱིས་མི་ནོན་པས་བདེ་བས། འཁོར་འདས་ཀུན་ལ་ཁྱབ་ཅིང་བདག་བདག་མེད་ཀྱི་སྤྲོས་པ་ཉེ་བར་ཞི་བས་དམ་པའི་བདག་སྟེ། ཚུར་མཐོང་བྱིས་བློའི་ཡུལ་ལས་ཕ་རོལ་བསྐལ་དོན་དུ་གྱུར་པའི་ཡོན་ཏན་གྱི་ཆོས་བཞི་དང་ལྡན་ཏེ། མགོན་པོ་བྱམས་པས་རྒྱུད་བླ་མར། གཙང་བདག་བདེ་བ་རྟག་ཉིད་ཕྱིར། ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། ཞེས་དང་། མཚན་བརྗོད་ལས། རང་བཞིན་གྱིས་དག་དག་པའི་བདག །ཐོག་མ་མེད་ནས་སྤྲོས་མེད་བདག །ཅེས་གསུངས་པ་བཞིན་ནོ། །དེར་མ་ཟད་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པའི་དབང་གིས་དེ་ལས་ཤར་བའི་ཆོས་ཅན་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱི་ནང་གི་ཆོས་འདི་ཐམས་ཅད་ཀྱང་། གནས་ཚུལ་མཐར་ཐུག་པའི་དབང་དུ་བྱས་ན་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་ཡེ་ནས་སངས་རྒྱས་པའི་རང་བཞིན་མཉམ་པ་ཉིད་ལས་མི་གཡོས་ཏེ། མཐར་ཐུག་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་ཐམས་ཅད་དང་བྲལ་བས་དེ་ལྟར་གཟིགས་པའི་ཕྱིར། སྡོང་པོ་བཀོད་པ་ལས། གང་ཞིག་བདག་དང་སེམས་ཅན་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་དེ། །དེ་དག་བདེ་བར་གཤེགས་པའི་གསུངས། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་དཔའ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་དང་། གསང་འདུས་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། སངས་རྒྱས་ལྔ་ནི་རབ་ཏུ་གྲགས། །རྡོ་རྗེའི་སྐྱེ་མཆེད་རྣམ་ཉིད་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་སོགས་དང་། ཀུན་སྤྱོད་ལས། འགྲོ་བ་འདི་ཀུན་སངས་རྒྱས་ལྔའི་བདག་ཉིད། །ཅེས་དང་། དུས་འཁོར་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། ཞེས་དང་། གསང་སྙིང་ལས། ཨེ་མ་ཧོ་ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །སྲིད་པ་གསུམ་ནི་དག་པའི་ཞིང་། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཕུང་པོ་ལྔ་ཉིད་རྫོགས་སངས་རྒྱས། །ཐམས་ཅད་མཆོག་གི་སྙིང་པོ་བས། །གཞན་དུ་རྒྱལ་བས་ཆོས་མི་བཙལ། །ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལ་ཡང་རྒྱལ་བས་མི་བརྙེས་སོ། །ཞེས་གསུངས་སོ། །འོ་ན་སངས་རྒྱས་ཀྱིས་ཕུང་སོགས་སྡུག་ཀུན་གྱི་མཚན་གཞིར་ཡང་མ་གསུངས་སམ་སྙམ་ན། དེ་ནི་དགོས་པའི་དབང་གིས་ཏེ། ཇི་སྐད་དུ། བདག་གོ་ཞེས་ཀྱང་བསྟན་གྱུར་ལ། །བདག་མེད་ཅེས་ཀྱང་བསྟན་པར་གྱུར། །རྒྱལ་བ་རྣམས་ཀྱིས་དག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་གསུངས་པ་ལྟར། སངས་རྒྱས་ལ་བདག་རྟོག་མེད་ཀྱང་ང་དང་ང་ཡིར་གསུངས་པ་འཇིག་རྟེན་མཐུན་འཇུག་ཡིན་པ་དང་། ང་བདག་མེད་ཀྱང་བྱིས་པའི་ངོར་ཡོད་པ་ལྟར་གཟིགས་པ་མི་འགལ་བ་ཐེག་ཆེན་སྤྱི་ལ་གྲགས་པ་བཞིན་དུ། སྣང་སྲིད་སྐུ་དང་ཡེ་ཤེས་སུ་གཟིགས་ཀྱང་། སེམས་ཅན་མ་དག་པའི་འཁྲུལ་ངོར་སྡུག་ཀུན་ལྟར་སྣང་བ་མི་ཁེགས་པས་དེ་ལྟར་གཟིགས་ནས་ཚུལ་དེ་བཞིན་བསྟན་པ་མི་འགལ་ལོ། །དེ་བཞིན་དུ་སེམས་ཅན་སངས་རྒྱས་ཡིན་ན་སེམས་ཅན་དམྱལ་བར་སྡུག་བསྔལ་ཚེ་སངས་རྒྱས་ལ་སྡུག་བསྔལ་ཡོད་པ་ཐལ་བ་སོགས་ཀྱང་མི་འགྲུབ་སྟེ། དོན་དམ་པར་འཁོར་བ་མ་གྲུབ། ཀུན་རྫོབ་སྣང་ཚུལ་དུ་དེར་སྐྱེས་པ་དེ་སྒྲིབ་པ་དག་ཟིན་གྱི་སངས་རྒྱས་མ་ཡིན་པས། རང་རྒྱུད་ལྡན་གྱི་སྒྲིབ་པའི་དབང་གིས་འཁྲུལ་སྣང་རྨི་ལམ་ལྟ་བུར་མྱོང་བ་ཡིན་པའི་ཕྱིར་སྐྱོན་མེད་ལ། གནས་ཚུལ་དུ་སྡུག་བསྔལ་སོགས་མ་གྲུབ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ནི། །ངན་སོང་གནས་ཉིད་འོག་མིན་དགའ་ལྡན་གནས། །ཞེས་གསུངས། དེས་ན་མ་དག་འཁོར་བའི་སྣང་བ་ཐམས་ཅད་འཁྲུལ་སྣང་ཡིན་པས་དེའི་ངོར་སྣང་བ་ལྟར་མིན་ལ། དག་པ་མྱང་འདས་ཀྱི་སྐུ་དང་ཡེ་ཤེས་སོགས་ཀྱི་སྣང་བ་ཐམས་ཅད་མ་འཁྲུལ་པ་ཡིན་པས། འདི་གཉིས་ཁོ་ནས་ཐ་སྙད་ཚད་མའི་སྒྲུབ་ཚུལ་ཤེས་པར་བྱའོ། །དེ་ཡང་དམྱལ་སོགས་མ་དག་པའི་འཁོར་བའི་སྣང་བ་འདི་ཐམས་ཅད་སེམས་སྡིག་པ་ཅན་གྱི་དབང་གིས་རང་རང་གི་འཁྲུལ་ངོར་སྣང་བ་ནི། སྤྱོད་འཇུག་ལས། ལྕགས་བསྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་འདི་དག་ཅི་ལས་བྱུང་། །དེ་ཕྱིར་དེ་དག་ཐམས་ཅད་ནི། །སྡིགས་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སོ། །དག་པ་སངས་རྒྱས་ཀྱི་ཞིང་སྐུའི་བཀོད་པ་སོགས་ནི་རང་སེམས་དག་པའི་དབང་གིས་སྣང་བ་ཡིན་པར་མདོ་རྒྱུད་དགོངས་པ་མཐུན་ཞིང་། ཚངས་པ་རལ་པ་ཅན་དང་ཤཱ་རིའི་བུ་གཉིས་ཞིང་འདི་དག་མ་དག་ཏུ་རྩོད་པས་ཀྱང་ཤེས་ནུས་ལ། ཁྱད་པར་སྔགས་བླ་མེད་ཀྱི་རྒྱུད་སྡེ་རྣམས་སུ་ནང་གི་རྩ་རླུང་གི་ཐིག་ལེའི་ཁམས་དང་སེམས་ཉིད་དག་མ་དག་གིས་བྱུང་བར་གསུངས་པ་བཞིན་ཡིན་ལ། དེས་ན་ཆོས་ཐམས་ཅད་རང་སེམས་ཀྱི་རྟོག་པས་ཕར་བཏགས་པ་ཙམ་ལས་དོན་ལ་གྲུབ་པ་མེད་ཀྱང་། རྟོག་བཏགས་ཀྱི་ཡུལ་དེ་ཉིད་རང་རང་གི་བློ་ངོར་གནས་སྐབས་རྟེན་འབྱུང་གིས་དབང་གི་སྣང་བ་བསླུ་མེད་ཉིད་ལ་ཐ་སྙད་ཚད་གྲུབ་ཅེས་བྱ་སྟེ། ལས་མཐུན་པར་བསགས་ཤིང་བག་ཆགས་མཐུན་པར་སད་པའི་ད་ལྟ་རང་རེ་མི་ལྟ་བུ་ལ་མེ་ཉིད་ཚ་བར་སྣང་བ་འདི་ཚད་མས་གྲུབ་པས་སུས་ཀྱང་མེ་ཚ་བ་མིན་ཞེས་སྨྱོན་དུ་མེད་ལ། དེ་བཞིན་དགེ་སྡིག་སོགས་ཀྱང་འདྲ། དོན་དམ་པར་དེ་ལྟར་མཐའ་གཅིག་ཏུ་ཆད་པ་ནི་མེད་དེ། རི་དྭགས་མེ་ཡི་གཙང་སྦྲ་ཅན་སོགས་ལ་མེ་ཚ་བར་མི་སྣང་བའི་ཕྱིར་དང་། དབང་ཐོབ་པ་རྣམས་ཀྱིས་དངོས་པོ་སྤྲུལ་བསྒྱུར་སྣ་ཚོགས་པར་སྟོན་ནུས་པས་ཤེས་ལ། ལེགས་པར་བརྟགས་ན། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་སྣང་བ་ཡིན། །ཞེས་པ་ལྟར། རང་གི་ལུས་གཅིག་པུ་འདི་ལའང་། ནང་གི་སྲིན་བུ་དང་། ཕྱི་རོལ་གྱི་བྱ་རྒོད་དང་། འདོད་ལྡན་དང་། ཆགས་བྲལ་དང་། རང་གཞན་དགྲ་གཉེན་སོགས་དུ་མས་བལྟས་ན། གནས་དང་། བཟའ་བ་དང་། གཙང་བ་དང་། མི་གཙང་བ་དང་། བདག་གི་དང་། གཞན་གྱི་དང་། སྙིང་དུ་སྡུག་པ་དང་། མི་སྡུག་པ་དང་། བར་མ་སོགས་མཐོང་ཚུལ་དང་འཛིན་ཚུལ་ཐ་དད་པ་དང་། འཕགས་པ་རྣམས་ཀྱིས་གཟིགས་ན་ལུས་རང་བཞིན་གྱིས་གྲུབ་པ་མེད་པ་སོགས་དང་། མཐར་ཐུག་སངས་རྒྱས་ཀྱི་སར་གཟུགས་ཕུང་དག་པ་རྣམ་སྣང་གི་ངོ་བོར་གསུངས་པ་རྣམས་དེ་ལྟར་སྨྱོན་མེད་དུ་གྲུབ་པ་ཡིན་ཞིང་། དེ་ཡང་ལེགས་པར་བརྟགས་ན་ལུས་ཞེས་པའང་བཙལ་ན་མི་དམིགས་ཤིང་རྡུལ་ཕྲ་རབ་ཙམ་དུའང་གྲུབ་པ་མེད་པ་ནི་ད་ལྟར་ཡང་དཔྱད་པ་གནད་དུ་སོང་བས་ཤེས་ནུས་པ་འདིའི་ཕྱིར། དེ་ཉིད་གཞན་གྱི་ལུས་སོགས་ཕྱི་ནང་གི་ཆོས་ཐམས་ཅད་ལ་སྦྱར་བས་རང་བཞིན་མེད་པར་གཏན་ལ་འབེབས་ནུས་པས་ན། དོན་དམ་པར་དེ་ཐམས་ཅད་ཀྱང་རང་བཞིན་གྱིས་དབྱེ་བསལ་མེད་པར་ཆོས་ཉིད་མཉམ་པ་ཆེན་པོས་ཤེས་དགོས་ཀྱང་། ཐ་སྙད་དུ་ནི་ད་ལྟ་སེམས་ཅན་ཕལ་པ་ལ་སྣང་བ་ནི་མ་དག་འཁྲུལ་པའི་སྣང་བ་ཡིན་པས་དེའི་ངོར་སྣང་བ་ལྟར་མི་བདེན་ཞིང་། ལམ་བྱང་སེམས་ཀྱི་སྣང་བའང་ད་དུང་གོང་ནས་གོང་དུ་མཐོང་བ་རྣམ་པར་དག་རྒྱ་ཡོད་པའི་ཕྱིར་དེའི་ངོར་དབང་བཙན་དུ་མིན་ལ། མཐར་ཐུག་སངས་རྒྱས་ཀྱི་སའི་གཟིགས་པ་ལས་གོང་དུ་བོགས་དབྱུང་དུ་མེད་པའི་ཕྱིར་གནས་ཚུལ་མཐར་ཐུག་པར་གྲུབ་པས་དེ་ལྟར་ངེས་པར་བྱ་སྟེ། མདོར་ན་བརྗོད་མཐའ་བརྗོད་བྲལ། རྟོག་མཐའ་མི་རྟོག་པ། རྣམ་ཤེས་ཀྱི་མཐའ་ཡེ་ཤེས། ཆོས་ཅན་གྱི་མཐའ་ཆོས་ཉིད་ལ་ཐུག་པའི་ཕྱིར། རྟོགས་ཚོགས་ལྷར་དག་ཡེ་ཤེས་སུ་དག །ཡེ་ཤེས་ནི་གཟུང་འཛིན་མཚན་མའི་སྤྱོད་ཡུལ་ལས་འདས་པའི་ཕྱིར། རང་བཞིན་གཉུག་པའམ་སྒྲིབ་བྲལ་གྱི་ཕུང་ཁམས་སྐྱེ་མཆེད་རྣམས་ནི་གདོད་མ་ནས་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་ཕྱིར་རང་བཞིན་རྣམ་དག་ཆེན་པོར་གྲུབ་པ་ཡིན་ནོ། །འོ་ན་ལམ་སྒོམ་པ་ལ་དོན་མེད་དོ་སྙམ་ན་མ་ཡིན་ཏེ། སེམས་ཅན་རྣམས་ཀྱིས་དེ་ལྟར་མ་རྟོགས་པའི་དབང་གིས་འཁྲུལ་སྣང་རྨི་ལམ་ལྟ་བུ་འདི་གློ་བུར་དུ་བྱུང་ཞིང་དེ་ལྟར་ཞེན་པའི་འཁྲུལ་རྟོག་གི་བག་ཆགས་སྦྱོང་བའི་ཕྱིར་བསྐྱེད་རྫོགས་སོགས་ཀྱི་ལམ་བསྒོམ་པ་སྟེ། དེས་ན་ལམ་དང་འབྲས་བུའི་ཆོས་རྣམས་ལ་བདེན་པར་ཞེན་པས་ནི་མ་ཡིན་ཏེ། སྒྱུ་མ་མཁན་གྱིས་སྤྲུལ་པའི་དམག་གིས་ལམ་གྱི་འཇིགས་པ་སེལ་བར་བྱེད་པའམ་བད་ཀན་ཅན་གྱི་མིག་ནད་སྦྱོང་བ་བཞིན་ནོ། །དེའི་ཕྱིར་རྟོགས་བྱ་མཐར་ཐུག་པའི་དབང་དུ་བྱས་ན། ཀུན་རྫོབ་དང་དོན་དམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་དབྱེར་མེད་པར་ཡེ་ནས་སངས་རྒྱས་པའི་རང་བཞིན་སྤྲོས་བྲལ་དག་མཉམ་ཆེན་པོར་གཏན་ལ་ཕེབས་དགོས་ཀྱི། ཚུར་མཐོང་གི་བྱིས་བློས་ཕྱོགས་རེར་གཞལ་བའི་ཡོད་མེད་སྣང་སྟོང་དག་མ་དག་སོགས་གཉིས་ཆོས་ཀྱི་སྤྲོས་པ་གང་གི་ཕྱོགས་སུའང་ཞེན་ཅིང་ལྷུང་བར་མི་བྱའོ། །མདོར་ན། བཅོམ་ལྡན་འདས་ཀྱིས། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཚིག་ལ་མི་རྟོན་དོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པར་གསུངས་པ་བཞིན། ཤེས་བྱ་བདེན་གཉིས་ཀྱི་ཚུལ་ལ་ཕྱིན་ཅི་མ་ལོག་པར་ལུང་རིགས་མན་ངག་ཚད་མས་གཞལ་འབྲས། འོ་མ་ལས་མར་དང་། མར་ལས་ཉིང་ཁུ་བཞིན། དེ་བཞིན་གཤེགས་པའི་གསུང་རབ་མདོ་རྒྱུད་ཀྱི་དགོངས་པ་མཐའ་དག་སྙིང་པོ་གཅིག་ཏུ་བསྡུ་ཤེས་དགོས་པས། མཚན་ཉིད་རྒྱུའི་ཐེག་པའི་གྲུབ་མཐའི་རྩེ་མོ་ནི། བཀའ་འཁོར་བར་ཐ་གཉིས་ཀའི་ངེས་དོན་གྱི་བཅུད་བསྡུས་པ་རྒྱུད་བླ་སོགས་བྱམས་གཞུང་དང་འཕགས་པ་ཀླུས་བསྟོད་ཚོགས་སོགས་ནས་བསྟན་དོན་ཐེག་མཆོག་དབུ་མ་ཆེན་པོ་ཉིད་ཡིན་ལ། འབྲས་བུ་སྔགས་ཀྱི་སྐྱེལ་སོ་མཐར་ཐུག་འོད་གསལ་རྫོགས་པ་ཆེན་པོ་ཡིན་པས། དེ་གཉིས་དོན་གྱི་དགོངས་པ་གནད་གཅིག་ཏུ་འབབས་པའི་ཚུལ་ཡང་། ལང་ཀར་གཤེགས་པ་ལས། ཆོས་ལྔ་རང་བཞིན་གསུམ་དང་ནི། །རྣམ་པར་ཤེས་པ་ཚོགས་བརྒྱད་དང་། །བདག་མེད་དོན་ནི་རྣམ་གཉིས་པོར། །ཐེག་ཆེན་མཐའ་དག་བསྡུས་པ་ཡིན། །ཞེས་དང་། ཡུམ་བར་མ་ལས། བྱམས་པ། ཡོངས་སུ་བརྟགས་པའི་གཟུགས་གང་ཡིན་པ་དེ་ནི་རྫས་མེད་པར་བལྟའོ། །རྣམ་པར་བརྟགས་པའི་གཟུགས་གང་ཡིན་པ་དེ་རྣམ་པར་རྟོགས་པའི་རྫས་ཡོད་པར་བལྟ་ཡི་རང་དབང་དུ་འཇུག་པ་ནི་མ་ཡིན་ནོ། །ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ནི་རྫས་མེད་པའང་མ་ཡིན། ཡོད་པའང་མ་ཡིན། དོན་དམ་པས་རབ་ཏུ་ཕྱེ་བ་ཡིན་པར་བལྟ་བར་བྱའོ། །ཞེས་སོགས་གསུངས་པ་བཞིན། ཆོས་ཐམས་ཅད་རང་བཞིན་གསུམ་དུ་གཏན་ལ་ཕབས་པ་ལས། ཡོངས་གྲུབ་ཆོས་དབྱིངས་འགྱུར་མེད་བདེ་གཤེགས་སྙིང་པོའི་རང་བཞིན། སྟོང་ཆ་ཆོས་སྐུ། སྣང་ཆ་གཟུགས་སྐུ། མཁྱེན་ཆ་སྟོབས་སོགས་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མའི་གྲངས་ལས་འདས་པ་དང་རྣམ་དབྱེར་མེད་པར་གསུངས་པ་ནི། རྫོགས་ཆེན་གྱི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པའི་གཞི་གནས་ཀྱི་ཡེ་ཤེས་སྐུ་གསུམ་རང་ཆས་སུ་ཡོད་པར་གསུངས་པ་དང་དོན་གཅིག །དག་མ་དག་གི་རྟེན་འབྱུང་གཞན་དབང་སྒྱུ་མ་ལྟ་བུ་ནི། གཞི་སྣང་ལྷུན་གྲུབ་ཀྱི་རྩལ་ལས་གྲོལ་འཁྲུལ་གྱི་སྒོ་གཉིས་གསུངས་པའི་ཤིན་ཏུ་ཕྲ་བའི་རྟེན་འབྱུང་གི་རྩ་བར་དོན་གྱི་གནད་ཐུག །ཡང་དག་པ་མ་ཡིན་པའི་ཀུན་རྟོག་རྩ་བ་བདག་གཉིས་སུ་འཛིན་པ་དང་དེས་བསྐྱེད་པའི་འཁྲུལ་སྣང་འཁྲུལ་འཛིན་དང་བཅས་པ་མ་དག་གཞན་དབང་འཁོར་བའི་ཆོས་རྣམས་ནི་སྐྲ་ཤད་དང་ཟླ་བ་གཉིས་སྣང་བཞིན་གཞི་རྩ་མེད་པས་དོན་ལ་ཡོད་མ་མྱོང་བས་མཚན་ཉིད་ཆད་པའམ་མེད་པ་ཡིན་ལ། དེ་ལྟ་བུའི་འཁྲུལ་གཞི་འཁྲུལ་འཛིན་དང་བཅས་དབྱིངས་སུ་དག་པའི་སྟོང་གཞི་རྣམ་ཀུན་མཆོག་ལྡན་གྱི་རང་རྩལ་དག་པ་གཞན་དབང་སྐུ་དང་ཡེ་ཤེས་སོགས་གདོད་མ་གཞི་ཡི་གནས་ལུགས་ཆོས་ཉིད་མཉམ་པ་ཆེན་པོ་ལས་ཐ་མི་དད་པའི་ཕྱིར་མཐར་ཐུག་ཀ་དག་གི་གྲོལ་ས་དངོས་ཡིན་པ་དང་། ལམ་ཉམས་སུ་ལེན་ཚུལ་ཡང་། ཡང་དག་པའི་གནས་ལུགས་བསལ་བཞག་འཆིང་གྲོལ་ལས་འདས་པའི་དོན་གཉིས་གཏན་ལ་ཕབ་ནས་དེའི་ངང་གོམས་པར་བྱེད་པ་ལ་མཐུན་པ་ཡིན་ཏེ། རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ཀྱིས། །བྱོན་དང་འབྱོན་གྱུར་རྒྱལ་ཀུན་ཀྱིས། །བགྲོད་པ་གཅིག་པའི་ལམ་ཡིན་ཕྱིར། །རྒྱལ་སྲས་ཐུ་བོ་མཆོག་རྣམས་ཀྱང་། །གཅིག་ཏུ་བརྩོན་པས་རང་གིར་མཛད། །དེས་ན་བདག་གཞན་མཉམ་བརྗེ་ཡི། །རིམ་པར་སྨོན་འཇུག་སེམས་སྦྱངས་ནས། །མྱུར་ལམ་སྔགས་ཀྱི་མན་ངག་ལ། །བརྟེན་ནས་ཉམས་སུ་ལེན་པ་དང་། །ཁྱད་པར་དོན་དམ་བྱང་ཆུབ་སེམས། །སྒོམ་པའི་རིམ་པ་སེམས་ཕྱོགས་ཀྱི། །ཏནྟྲ་རྣམས་སུ་ཐུབ་དབང་གིས། །ཇི་ལྟར་གསུངས་བཞིན་བསྒོམ་པར་བྱ། །འདི་ཡི་ངེས་པའང་སེམས་ཀྱི་གསང་། །རང་བཞིན་གྱིས་ནི་འོད་གསལ་བ། །གང་ལ་སྣང་སྟོང་ཕྱོགས་གཉིས་ཀྱིས། །ཀ་དག་ལྷུན་གྲུབ་ཅེས་བརྗོད་ཡིན། །དེར་ཡང་ཆོས་ཅན་ཆོས་ཉིད་དང་། །ཟུང་དུ་འཇུག་པའི་དབྱེ་བ་ཡིས། །ངོ་བོ་རང་བཞིན་ཐུགས་རྗེ་ཞེས། །གཞི་གནས་ཡེ་ཤེས་གསུམ་དང་ནི། །དེ་དག་རེ་རེར་ངོ་བོ་དང་། །གདངས་དང་རྩལ་ནས་རྣམ་དབྱེ་བའི། །སྐུ་གསུམ་ངོ་སྤྲོད་དེར་ཡང་ནི། །གཞི་ལམ་འབྲས་དུས་གསུམ་གྱིས་དབྱེ། །དེ་ལས་ཡེ་གཞི་ཆོས་ཀྱི་དབྱིངས། །སྤྲོས་དང་བྲལ་བའི་ཀ་དག་ཡིན། །སྤྱི་གཞི་རྟེན་འབྱུང་སྒྱུ་མ་ལ། །གཞི་སྣང་ཆེན་པོར་ངོ་སྤྲོད་མཛད། །གང་ལ་རྣལ་འབྱོར་སྤྱོད་གཞུང་ལས། །ངོ་བོ་ཉིད་རྣམ་འབྱེད་པ་དང་། །སྡུག་དང་མི་སྡུག་རྣམ་འབྱེད་པའི། །རྟེན་ཅིང་འབྲེལ་འབྱུང་གཉིས་སུ་གསུངས། །ཚུལ་འདི་ལེགས་པར་ཤེས་གྱུར་ན། །ཕར་ཕྱིན་ཐེག་པའི་ཟབ་གནད་ཀུན། །ངེས་གསང་ཐེག་པ་འདིར་འདུ་ཞིང་། །ནང་འགལ་སྤྲོས་པ་ཀུན་ཆོད་གྱུར། །དེ་ཕྱིར་ཀུན་བརྟག་གཞན་དབང་དང་། །ཡོངས་སུ་གྲུབ་པར་གང་བརྗོད་པའི། །མཚན་ཉིད་གསུམ་གྱི་རྣམ་བཞག་དེར། །ཕན་ཚུན་སྦྱོར་བས་དོན་འདི་རྟོགས། །གང་ཕྱིར་དབུ་མའི་གཞུང་ལས་ཀྱང་། །ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མིན་ཞེས། །དེ་ཡི་སྒྲུབ་པའང་གསུངས་བར་མཛད། །འདི་ལས་མཚན་ཉིད་གསུམ་གྱི་གནད། །མཐའ་དག་རྒྱལ་ཚབ་མ་ཕམ་པས། །ལེགས་པར་བཤད་དང་མཐུན་པ་རུ། །གསུངས་ལས་རྣམ་བཞག་ལོག་པ་མེད། །དེ་ཡང་རྒྱལ་བའི་ཡུམ་ཉིད་ལས། །གཟུགས་སོགས་ཆོས་རྣམས་མཐའ་དག་ལ། །ཆོས་ཉིད་དང་ནི་ཀུན་བརྟག་དང་། །རྣམ་པར་བརྟགས་པས་གསུམ་གསུམ་དུ། །དབྱེ་བའི་དོན་འདི་ཉིད་ཡིན་ཕྱིར། །ཡུམ་དོན་ཚད་མར་འཛིན་རྣམས་ཀྱང་། །ཐ་སྙད་རྣམ་བཞག་འདི་ལས་གཞན། །བྱས་ན་དོན་ལས་རིང་བར་འགྱུར། འོན་ཏེ་བདེན་པའི་རྣམ་བཞག་ལ། །ཕྱི་མ་ཉིད་ནི་ཕྱི་མ་དང་། །གཞན་གཉིས་གཞན་དུ་བཞག་པ་ཡིན། །སྐབས་འདིའི་ཚུལ་ལ་ཕལ་ཆེར་རྩོད། །དེ་ཕྱིར་དབུ་མ་པ་རྣམས་ལ། །ཀུན་རྫོབ་འཇོག་ཚུལ་མཚུངས་མིན་ལས། །དོན་དམ་བདེན་པ་སྤྲོས་བྲལ་དུ། །འཆད་ལ་རྣམ་དབྱེ་ཡོད་མ་ཡིན། །གལ་ཏེ་དོན་དམ་སྤྲོས་བྲལ་ལས། །གཞན་ཡོད་ན་ནི་ལྟོས་བཞག་ཕྱིར། །གཅིག་དེ་དབུ་མའི་ཉིད་ཡིན་ན། །དེ་ཚེ་གཞན་དེ་མཐར་ལྟར་འགྱུར། །མདོར་ན་ཐུབ་པའི་གསུངས་རབས་ཀུན། །སྔ་མའི་སྦས་དོན་ཕྱི་མ་ཡིས། །གསལ་བར་བཤད་པ་ཉིད་ཡིན་པས། །གསལ་བར་བཤད་པ་ཉིད་ཡིན་པས། །ཐེག་པ་མཐོ་དམན་ཇི་སྙེད་ཀྱང་། །གཞུང་དང་མན་ངག་སྦས་དོན་གྱི། །རྣམ་པར་བཞག་ལས་གཞན་མེད་ཕྱིར། །དངོས་བསྟན་དོན་ལ་ཁྱད་ཆེ་ཡང་། །མཐར་ཐུག་དོན་ལ་ཁྱད་ཡོད་མིན། །དེ་སླད་འཕགས་ཡུལ་མཁས་པའི་གཞུང་། །ལ་ལར་ཁྱད་ཆེར་གསུངས་པ་དང་། །གཞན་དུ་ཁྱད་པར་མེད་བཤད་པ། །ཀུན་གྱི་དགོངས་གཞི་འདི་ཡིན་ཡང་། །གངས་རིའི་ལྗོངས་འདིར་དེ་འདྲ་བའི། །རྣམ་དབྱེ་ལེགས་པར་མ་ཕྱེད་བཞིན། །རང་ཕྱོགས་བསྒྲུབ་ཅིང་གཞན་གྱིས་ཕྱོགས། །དགག་ལ་ཁྱད་ཆོས་ཡིན་པར་རློམས། །དེ་བཞིན་བདེ་དང་གྲུབ་མཐའ་དང་། །སྔགས་ཀྱི་རིམ་གཉིས་དབྱེ་བསྡུ་སོགས། །ལེགས་པར་ཁོང་དུ་མ་ཆུད་བཞིན། །དགག་སྒྲུབ་བགྱིས་པ་དུ་མ་མཐོང་། །དེས་ན་ཚིག་ལ་མི་རྟོན་པར། །དོན་ལ་རྟོན་པའི་མན་ངག་གིས། །ཐུབ་གསུངས་མཐའ་དག་འགལ་མེད་དུ། །སྒྲུབ་པའི་ཚུལ་འདི་མཁྱེན་པར་མཛོད། །ཅེས་རྗེ་ཉིད་ཀྱི་རིགས་ཀྱི་བདག་པོ་གཅིག་པུ་གྲུབ་དབང་བྱང་ཆུབ་རྡོ་རྗེའི་ཡང་སྲིད་རིན་པོ་ཆེར་མདོ་རྒྱུད་དགོངས་པའི་ཟབ་གནད་ཐ་དག་སྙིང་པོར་བསྡུས་ཏེ་ཐུགས་བཅུད་གསང་བ་ཟབ་མོ་ཉིད་གདམས་པར་མཛད་པ་བཞིན་ནོ། །དེ་ལྟར་ལེགས་པར་གཏན་ལ་ཕེབས་ནས་གནས་ཚུལ་དང་མཐུན་པར་ལམ་ཉམས་སུ་ལེན་པ་ལའང་། རྒྱུ་འབྲས་ཐེག་པ་གཉིས་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་ཆེན་པོར་སེམས་ཉིད་སངས་རྒྱས་ཀྱི་རྒྱུ་ཙམ་དུ་བཟུང་ནས། འབྲས་བུ་སངས་རྒྱས་ཉིད་གདོད་ཐོབ་པར་བྱ་བའི་སླད་དུ། རིགས་དང་བཤེས་གཉེན་གྱི་སྟོབས་ལས། སྨོན་འཇུག་གི་སེམས་བསྐྱེད་ནས། མོས་བསྔོ་ཡི་རང་སོགས་ཐབས་ལ་མཁས་པས་ཕར་ཕྱིན་དྲུག་སོགས་ཚོགས་གཉིས་ཟུང་འབྲེལ་གྱི་ལམ་ལ་སློབ་པར་བྱེད་པ་ཡིན་ལ། འབྲས་བུ་གསང་སྔགས་ཀྱི་ཐེག་པར་ནི། སེམས་ཉིད་ད་ལྟ་ནས་སངས་རྒྱས་ཀྱི་ངོ་བོར་གནས་པ་ཉིད་དབང་གིས་སྨིན་པར་བྱས་ཏེ། དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས་ནས། གནས་ཚུལ་ཡང་དག་དང་མཐུན་པར་བསྐྱེད་རྫོགས་ཀྱི་ལམ་བསྒོམ་པ་སྟེ། གལ་པོ་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་ཡིས། །སེམས་ཅན་སངས་རྒྱས་རྒྱུ་རུ་ཤེས། །འབྲས་བུ་སྔགས་ཀྱི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་ཉིད་དུ་བསྒོམ། །ཞེས་སོ། །སྔགས་ལའང་བྱ་སྤྱོད་སོགས་ཕྱི་རྒྱུད་རྣམས་སུ། སྔར་མདོ་ལས་བཤད་པའི་བདེན་གཉིས་དབྱེར་མེད་ལ་ངེས་ཤེས་ཆེར་སོང་བས། དོན་དམ་པར་བདག་དང་ལྷ་གཉིས་ཐ་དད་དུ་མ་གྲུབ་ཀྱང་། ཀུན་རྫོབ་ཏུ་ཡོངས་སུ་དག་པའི་ལྷ་དང་གཉིས་རྗེ་ཁོལ་ལམ་སྤུན་གྲོགས་སོགས་སུ་བལྟས་ཏེ། སྐུ་གསུང་ཐུགས་ཀྱི་མཚན་མ་ཅི་རིག་པ་ཡིད་ལ་བྱེད་ཅིང་སྒྲུབ་པས། བདག་གི་རྒྱུད་བྱིན་གྱིས་རློབ་ཅིང་དངོས་གྲུབ་གཉིས་ཐོབ་པར་བྱེད་པའི་ངེས་ཤེས་ཁྱད་པར་ཅན་གྱི་ལྟ་བ་ལ་བརྟེན་པ་སྟེ། དེ་ཡང་ཀུན་གཟིགས་རོང་པས་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་ཏནྟྲ་ལས་ཇི་སྐད་བསྟན་པའི་དོན། གསང་སྔགས་ཀྱི་སྐབས་འདིར་ཐ་མལ་གྱི་མངོན་རྗེས་ལས་འདས་པའི། ཡིད་ཆེས་པའི་ལུང་དང་མན་ངག་དམ་པ་ལ་བརྟེན་ཏེ་སྐྱེས་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བཅད་པའི་དོན། ཕན་ཚུན་ལ་ལྟོས་པ་དང་། བྱ་བ་བྱེད་པ་དང་། ཆོས་ཉིད་ཀྱི་རིགས་པ་རྣམས་དང་མི་འགལ་བའི་ཀུན་མཁྱེན་གྱི་ཚད་མ་གསུམ་གསུངས་ཏེ། དེ་ཡང་ཆོས་ཉིད་རྟོགས་པར་བྱ་བའི་ཕྱིར་ཐབས་ཀྱི་མཚན་མ་སྣ་ཚོགས་སུ་བརྟགས་པ་རྣམས་ལ་ནི་རྣམ་པར་སྨིན་པའི་ལྷ་ཞེས་བྱ། ཆོས་ཉིད་རྟོགས་པ་ནི་འབྲས་བུའི་ངོ་བོའི་ལྷ་ཞེས་བྱ་སྟེ། ཆོས་ཉིད་དང་ཆོས་ཉིད་ཐོབ་པར་བྱེད་པ་ལ་མི་བསླུ་བ་ཐམས་ཅད་ནི་ཚད་མར་གྲུབ་པས། སྐུ་གསུང་ཐུགས་སུ་སྦྱོར་བའི་དམ་ཚིག་གིས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གྲུབ་པར་བྱེད་པ་འདི་ཡང་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡིན་པའི་ཕྱིར་ཆོས་ཉིད་ཀྱི་ཆོས་ཉིད་སྟོན་པར་བྱེད་པ་ཡིན་ནོ། །དེ་ལྟར་ངེས་པར་བྱས་ནས། འཇུག་པའི་སྒོ་ཆུ་དབང་སོགས་ཀྱིས་སྨིན་པར་བྱས་ཏེ། སྤྱོད་པ་ཁྲུས་དང་གཙང་སྦྲར་གནས་ཤིང་། བདག་དང་། ལྷ་དང་། བཟླས་བརྗོད་དང་། བསམ་གཏན་གྱི་དེ་ཁོ་ན་ཉིད་སོགས་ལ་བརྟེན་ཏེ། བདག་གི་སྒོ་གསུམ་དག་པ་ལ། དག་པ་ལྷའི་སྐུ་གསུང་ཐུགས་ཀྱི་མཚན་མས་རྒྱས་བཏབ་སྟེ་བསྒོམས་ཤིང་སྒྲུབ་པས། ཐུན་མོང་གི་གྲུབ་པ་འདོད་གཟུགས་ཀྱི་རིག་འཛིན་སོགས་དང་། ཐུན་མོང་མ་ཡིན་པ་མཐར་ཐུག་གི་འབྲས་བུ་མི་ཚེ་བཅུ་དྲུག་གམ་བདུན་སོགས་ནས་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་བཞིན་དུ། རིགས་གསུམ་རིགས་བཞི་སོགས་རིགས་ཀྱི་གཙོ་བོ་གང་ཡིན་པ་དང་གཉིས་སུ་མེད་པར་བྱང་ཆུབ་པར་བྱེད་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་ཏེ། རྒྱུད་ལས། དཔེར་ན་རྩུབ་བསྟན་བརྟེན་ནས་སུ། །གཙུབ་ཤིང་ཙུབ་པར་བྱེད་གྱུར་ན། །མི་ཡི་རྩོལ་བ་བྱེད་རྒྱུ་ལས། །སྟོབས་དང་ལྡན་པའི་མེ་འབྱུང་ངོ་། །དེ་བཞིན་སྔགས་དང་ཕྱག་རྒྱ་ལྟ། །གསུམ་ནི་འདུས་པར་གྱུར་པ་ལས། །ཆེན་པོ་བདག་ནི་འབྱུང་འགྱུར་ཏེ། །བྱུང་བས་ཡིད་ལ་གང་བསམ་པའི། །ལས་རྣམས་བྱེད་པར་འགྱུར་བ་ཡིན། །ཞེས་གསུངས། འདི་ལ་མཐར་ཕྱིན་འབྲས་བུའི་ཡེ་ཤེས་ཉིད་ཀྱི་ཚུལ་དུ་ཤར་བ་ཅི་རིགས་པ་ལམ་དུ་བྱེད་པའི་ཆ་ནས་འབྲས་བུ་ལམ་བྱེད་ཀྱི་ཚུལ་ཡོད་པས་མདོ་ལམ་ལས་འཕགས་ཤིང་མྱུར་ལམ་ཡིན་ནོ། །ཐབས་ཀྱི་ཐེག་པའམ་སྔགས་བླ་མེད་ནང་རྒྱུད་སྡེ་གསུམ་དུ་ནི། དེ་ལས་ཀྱང་མཉམ་པ་ཆེན་པོའི་དོན་ལ་ངེས་ཤེས་ཁྱད་པར་དུ་གྱུར་པས། དོན་དམ་དུ་མ་ཟད་ཀུན་རྫུབ་ཏུའང་མི་གཉིས་པའི་བསམ་སྤྱོད་དང་ལྡན་པ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་ལས་འདས་པའི་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་ལྟ་བས་གཏན་ལ་ཕབས་ནས། དབང་བཞིས་སྨིན་པར་བྱ། མཉམ་པའི་དམ་ཚིག་ལ་གནས་པས། གནས་སྐབས་བཞིའི་འཁྲུལ་པ་དག་བྱེད་ཀྱི་ལམ་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམས་ཤིང་། སྤྱོད་པ་གང་ལའང་གཙང་དམེ་བླང་དོར་དགག་སྒྲུབ་དང་བྲལ་བར་ལམ་དུ་ཁྱེར་བ་སྟེ། མདོར་ན་མཉམ་པ་ཆེན་པོའི་དགོངས་སྤྱོད་ཀྱིས་ལམ་དང་འབྲས་བུའི་ཆོས་ཀུན་ལ་བཟླས་པས་མཐར་འབྲས་ལ་ཚེ་འདིའམ་བར་དོ་སོགས་སུ་སྦྱོང་བར་བྱེད་པ་ཡིན་ཏེ། སྒྱུ་འཕྲུལ་ལམ་རིམ་ལས། བླ་མེད་ཐེག་པའི་ནང་དུ་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་དང་། རྡོ་རྗེ་གསང་བའི་རྒྱུད་ལས། བླ་མེད་སྔགས་ཀྱི་དངོས་གྲུབ་གང་། །ཤིན་ཏུ་བརྩོན་པས་གང་སྒྲུབ་པ། །ཚེ་འདི་ཉིད་ལ་སངས་རྒྱས་ཏེ། །གདུལ་བྱའི་ཞིང་དུ་མཛད་པ་སྟོན། །གྲངས་མེད་རྡོ་རྗེ་འཆང་རྣམས་ཀྱི། །ཟབ་མོའི་ལམ་མཐར་ཐུག་པའོ། །ཞེས་སོགས་གསུངས་པ་བཞིན་ནོ། །དེ་ལའང་བསྐྱེད་རྫོགས་རྣམ་པ་གསུམ་གྱི། །བསྐྱེད་པ་མ་ཧཱ་ཡོ་ག་པས་ནི། སེམས་ཉིད་དབྱིངས་དང་ཡེ་ཤེས་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པར་མཉམ་པ་དང་། དེ་ལས་ཤར་བའི་ཀུན་རྫོབ་ཕུང་ཁམས་སྐྱེ་མཆེད་སོགས་གསུམ་ཡོངས་རྫོགས་ལྷ་ཡི་འཁོར་ལོ་དང་སྐུ་དང་ཡེ་ཤེས་སུ་ཡེ་ནས་རྣམ་པར་དག་པས་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་གཏན་ལ་འབེབས་ཏེ། དེ་ཡང་ངེས་དོན་གྱི་མདོ་སྡེ་ཟབ་མོ་རྣམས་སུ་ཡེ་ཤེས་ཀྱིས་བརྒྱན་པའི་ཆོས་དབྱིངས་སྤྲོས་བྲལ་ལ་བྲལ་གཞིར་གསུངས་ཀྱང་། དེ་ཉིད་ཐོས་བསམ་གྱིས་དོན་སྤྱི་གཏན་ལ་འབེབས་པ་ཙམ་ལས་ད་ལྟ་ནས་མངོན་དུ་བྱར་མེད་ལ། སྔགས་སུ་དབང་དང་རིམ་པ་གཉིས་ཀྱི་མཐུ་ལས་སྐྱེས་པའི་སོ་སོ་རང་རིག་པའི་ཡེ་ཤེས་སེམས་བྱུང་སེམས་པའི་མཚན་ཉིད་ལས་འདས་པའི་ཡུལ་ཅན་ཟབ་མོས་མངོན་སུམ་རང་ཐོག་ཏུ་འབེབས་པས་ཁྱད་པར་ཤིན་ཏུ་ཆེའོ། །དེའི་ཚུལ་ཡང་སྒྱུ་འཕྲུལ་རྩ་རྒྱུད་ལས། རྟོགས་པ་བཞི། དག་པ་གསུམ་མཉམ་པ་བཞི། བདག་ཉིད་ཆེན་པོའི་གཏན་ཚིག་རྣམས་སུ་གསུངས་ཏེ། དང་པོ། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་དང་ཡེ་ཤེས་ཀྱི་རང་སྣང་ཙམ་སྟེ་དོན་དམ་པར་རྩ་བ་རང་བྱུང་གི་ཡེ་ཤེས་སུ་རྒྱུ་གཅིག་པ་དང་། དེ་ལས་ཤར་བའི་ཀུན་རྫོབ་ཀྱི་ཆོས་རྣམས་ཀྱང་དེའི་ངང་ཚུལ་ལས་མ་འདས་པས། དཔེ་ཡིག་འབྲུའི་ཚུལ་གྱིས་སྐུ་དང་ཡེ་ཤེས་སུ་སྣང་བ་དང་། །བདེན་པ་དེ་གཉིས་ངོ་བོ་དབྱེར་མེད་པར་ཕན་ཚུན་གཅིག་གི་གཅིག་བྱིན་གྱིས་བརླབས་ཏེ་ངོ་བོ་ཐ་མི་དད་པར་གནས་པ་དང་། དེ་ལྟའི་གནས་ལུགས་ཟབ་མོ་དེ་ཐ་སྙད་ཀྱི་བློས་སྤྱོད་ཡུལ་དང་བྲལ་བར་རང་རིག་པའི་ཡེ་ཤེས་ཀྱིས་མངོན་དུ་བྱེད་པ་སྟེ། རྒྱུད་དེ་ཉིད་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོར་ཆེ། །ཞེས་སོ། །གཉིས་པ། སྣོད་འབྱུང་བ་ལྔ་ཡུམ་ལྔ། བཅུད་ཕུང་པོ་ལྔ་བདེ་གཤེགས་རིགས་ལ། རྒྱུད་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་ཡེ་ནས་རྣམ་པར་དག་པ་ཡིན་ཏེ། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། ཞེས་སོ། །གསུམ་པ། སྤྲོས་པ་ཕྱོགས་རེ་ཆོད་པ་རྣམ་གྲངས་པ་དང་། མཐའ་དག་ཆོད་པ་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཀ་རང་བཞིན་མ་གྲུབ་ཙམ་གྱིས་ཕྱེ་བས་དོན་དམ་གཉིས་ཀ་རང་བཞིན་མ་གྲུབ་ཙམ་གྱིས་ཕྱེ་བས་དོན་དམ་ཙམ་དུ་མཉམ་པ་དང་། སྣང་ལ་དོན་བྱེད་ནུས་པ་ཡང་དག་དང་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་གཉིས་ཀ་ངོ་བོ་སྣང་ཙམ་ལ་བརྟགས་ན་དབྱེན་པའི་ཕྱིར་ཀུན་རྫོབ་ཏུ་མཉམ་པ་ནི་ཐུན་མོང་གི་མཉམ་པ་གཉིས་དང་། ཡེ་ནས་དང་ཡེ་ཤེས་གཉིས་སུ་མེད་པའི་གནས་ལུགས་ཡིན་པའི་ཕྱིར། རྣམ་གྲངས་པ་དང་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཀའང་ལྷག་པའི་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པར་མཉམ་པ་དང་། ཡང་དག་དང་ལོག་པའི་ཀུན་རྫོབ་གཉིས་ཀའང་གནས་ཚུལ་དུ་ཡེ་ནས་དག་པའི་ཕྱིར་ལྷག་པའི་ཀུན་རྫོབ་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་མཉམ་པ་ནི་ལྷག་པའི་མཉམ་པ་གཉིས་བཅས་བཞི་སྟེ། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་སོ། །བཞི་པ་ནི། འཁོར་འདས་ཀྱི་ཆོས་རྣམས་སྣང་ལུགས་ནས་དུ་མར་སྣང་ཡང་། གནས་ལུགས་བདག་ཉིད་ཆེན་པོ་རང་བྱུང་གི་ཡེ་ཤེས་ཉག་གཅིག་ཏུ་ངེས་ཏེ། མཐར་ཐུག་དཔྱོད་རིགས་ཀྱིས་དེ་ལྟར་གྲུབ་པའི་ཕྱིར། རང་བྱུང་ཡེ་ཤེས་གནས་མེད་སྣང་། ཞེས་གསུངས་སོ། །དེ་ལྟར་གནས་ཚུལ་ལ་དག་པ་རབ་འབྱམས་ལྷ་ཡི་འཁོར་ལོར་ཡེ་གདོད་མ་ནས་གནས་ཀྱང་། སྣང་ཚུལ་འཁྲུལ་པ་ཅན་ལ་དེ་ལྟར་སྣང་མ་ནུས་པས། ཇི་ལྟར་མིག་ནད་ཅན་གྱི་མིག་གི་སྐྱོན་སྦྱོང་བ་བཞིན་དུ། འཁྲུལ་པ་དེ་སྦྱོང་བར་བྱེད་པའི་ཐབས་གཙོ་བོར་བསྐྱེད་རིམ་ཡན་ལག་དང་བཅས་པ་སྒོམ་པ་ནི་རྣལ་འབྱོར་ཆེན་པོའམ་མ་ཧཱ་ཡོ་གའི་ལུགས་ཏེ། དེ་ཡང་བསྒོམ་བྱའི་ལྷ་རྡོ་རྗེ་སེམས་དཔའ་ལྟ་བུ་དེ་ནི། རྡོ་རྗེ་སྟོང་པ་ཉིད་དང་། སེམས་དཔའ་ཡེ་ཤེས་ཆེན་པོ་ཟུང་དུ་འཇུག་པ་སྟེ། གོང་དུ་སྨོས་པའི་གཞི་འབྲས་རོ་གཅིག་པའམ་དབྱེར་མེད་པའི་དབྱིངས་ཡེ་སྣང་སྟོང་ཟུང་དུ་འཇུག་པའི་གཉུག་མའི་སེམས་ཆོས་ཉིད་མཉམ་པ་ཉིད་ཆེན་པོ་དེ་ཉིད་ཡིན་ལ། དེ་ནི་རིགས་དང་དཀྱིལ་འཁོར་ཀུན་གྱི་སྤྲོ་གཞི་སྟེ། དེའི་སྣང་ཆ་ཟག་མེད་ཀྱི་ཡོན་ཏན་རྣམས་སུ་གང་འདུལ་མཚན་མ་རྟགས་ཀྱི་ཕྱག་རྒྱ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོར་ཡེ་ནས་ཤར་བའམ་གནས་པའི་དོན་ལ། དེ་ལྟར་རྟོགས་པའི་ངེས་ཤེས་ཀྱི་ལྟ་བས་ཟིན་པས། མར་འཆི་བར་སྐྱེ་གསུམ་གྱི་རྟོག་པ་དག་ཅིང་། ཡར་སྐུ་གསུམ་གྱི་འབྲས་བུ་གཞི་ལ་རྫོགས་པ་དང་། ལམ་གོང་མའི་སྨིན་བྱེད་དུའང་འགྱུར་བའི་ཕྱིར། གནས་ཚུལ་ཡང་དག་པའི་དོན་དང་མཐུན་པར། འོད་གསལ་སྟོང་པ་ཆེན་པོ། །སྒྱུ་ལུས་སྙིང་རྗེ་སྒྱུ་མ། ཟུང་འཇུག་ཕྱག་རྒྱ་གཅིག་སྤྲོས་སོགས། གསལ་བརྟན་དག་གསུམ་ཚང་བའི་བསྐྱེད་རིམ་ཡན་ལག་དང་བཅས་པ་ལ་བསླབ་པ་སྟེ། འདི་ལ་བསྐྱེད་རིམ་གཙོ་བོར་སྨོས་ཀྱང་གོང་སྨོས་ལྟར་ལྟ་དགོངས་ཐབས་ཤེས་ཟབ་མོས་ཁྱད་པར་བྱས་པའི་ཕྱིར་བསྐྱེད་རྫོགས་ཞེས་རིམ་པ་གཉིས་ཀྱི་ཟླས་དྲངས་པའི་བསྐྱེད་རིམ་ཙམ་ནི་མ་ཡིན་ཏེ་ངོ་བོ་ཟུང་འཇུག་གི་ལྷ་སྐུར་གྲུབ་པའི་ཕྱིར་དོན་ལ་བསྐྱེད་རྫོགས་དབྱེར་མེད་རྫོགས་རིམ་གྱི་ལྷ་སྐུར་འགྱུར་བས། འདི་ལྟ་བུའི་ལམ་ངེས་རྫོགས་མཐར་ཕྱིན་པ་ལས་ཟག་མེད་ལ་དངོས་སུ་སྦྱོར་ནུས་པར་རིགས་པའི་གནོད་བྱེད་མེད་དེ་ངོ་བོ་ཟུང་འཇུག་གི་ལམ་དུ་གྲུབ་པའི་ཕྱིར་རོ། །འདིས་སྦྱང་བྱ་ཐ་མལ་འཁྲུལ་འཛིན་གྱི་ཞེན་རྟོག་བག་ཆགས་དང་བཅས་དང་སྦྱང་ནས། སྦྱངས་འབྲས་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱེད་པ་ཡིན་ཏེ། སྒྱུ་འཕྲུལ་རྔམས་གློང་ལས། སྲིད་གསུམ་ཡེ་ནས་དག་པའི་རང་བཞིན་ལ། །བདག་ཏུ་རྟོག་པའི་སྲིད་རྩའི་ཉེས་དམིགས་ཀྱིས། །ཡུན་རིང་དུས་ནས་འཁྱམས་པའི་འགྲོ་བ་རྣམས། །ཡེ་ནས་དོན་གྱི་སངས་རྒྱས་ཡིན་མོད་ཀྱང་། །རྨོངས་པའི་དབང་གིས་འཁོར་བའི་འཁོར་ལོར་འཁྱམས། །ལོག་རྟོག་ཉིད་ནས་དངོས་མེད་བྱང་ཆུབ་སེམས། །འཁྲུལ་འཁོར་ཉིད་ཀྱང་མི་ཟད་རྒྱན་དུ་ཆེ། སྙིག་མ་ལྔ་ཉིད་བདེ་ལྡན་གནས་སུ་དག །ཕུང་པོ་ལྔ་ཉིད་མངོན་པར་རྫོགས་པའི་སྐུ། །སྲིད་རྩའི་ཉེས་དམིགས་བྱང་ཆུབ་སྙིང་པོར་གནས། །ཕྱི་ནང་སྣོད་བཅུད་ཡབ་ཡུམ་ངང་དུ་གསལ། །ཞེས་དང་། གསང་སྙིང་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་དང་། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་བསྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་དམ་ལྷུན་གྱིས་གྲུབ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདའ་བར་མི་མཛད་དམ་ཚིག་མཆོག །གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡིན། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འདས་དང་ད་ལྟར་བྱུང་བ་ཡི། །རྒྱལ་བའི་དཀྱིལ་འ ཁོར་མ་ལུས་པ། །བསྙེན་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །འབྱུང་དང་མ་འོངས་ཐམས་ཅད་ཀྱང་། །འདི་ཡིས་ལྷུན་གྱིས་འགྲུབ་པར་འགྱུར། །འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །འདི་ལས་གསང་བའི་ངེས་དོན་མེད། །བཙལ་ཡང་རྒྱལ་བས་མི་བརྙེས་སོ། །ཞེས་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡེ་ནས་སངས་རྒྱས་པའི་རང་བཞིན་ཉིད། ལམ་ཐོས་བསམ་བསྒོམ་གསུམ་གྱིས་གཏན་ལ་ཕབ་ནས་མཉམ་པ་ཉིད་ཀྱི་དོན་ལ་རྟོགས་གོམས་ཀྱི་སྦྱོར་བས་མཐར་འབྲས་ལ་དངོས་སུ་སྦྱོར་བ་ལ་མི་བསླུ་བའི་གཏན་ཚིག་ཕན་ཡོན་དགོས་ཆེད་སོགས་གསལ་བར་བསྟན་པ་བཞིན་ནོ། །རྫོགས་པ་ཨ་ནུ་ཡོ་གས་ནི། དབྱིངས་སྟོང་ཉིད་ཀུན་ཏུ་བཟང་མོའི་དཀྱིལ་འཁོར་དང་། ཐབས་བདེ་བ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་གཉིས་དབྱེར་མེད་པ་ནི་སྲས་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡིན་པས། དེ་ཉིད་རིགས་དང་དཀྱིལ་འཁོར་གྱི་ཁྱབ་བདག་ཏུ་ངེས་པའི་བདེ་སྟོང་གི་ལྟ་བ་ཞེས། དོན་ལ་རང་བྱུང་ཟག་མེད་བདེ་བ་ཆེན་པོ་ཞེས་པ་ཡེ་ནས་བདེ་སྟོང་འདུ་འབྲལ་སྤང་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ཡིན་ལ་དེ་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་ཅིང་རྗེས་སུ་སོང་བས་སྣང་སྲིད་ཡེ་ནས་སངས་རྒྱས་པར་གཏན་ལ་ཕབས་ནས། གཙོ་བོར་ཤེས་རབ་རྫོགས་པའི་རིམ་པ་ཁམས་འཇུ་འདུལ་སོགས་ཀྱི་ཐབས་ལ་བརྟེན་ནས། ཐབས་བྱུང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་དང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཟུང་དུ་འཇུག་པའི་ཡེ་ཤེས་འོད་གསལ་ནམ་མཁའི་གཟུགས་བསམ་མི་ཁྱབ་པ་ཉིད་ལམ་དུ་བྱེད་པ་སྟེ། དེ་ཡང་དབྱིངས་ཡེ་གཉིས་མེད་བདེ་ཆེན་བྱང་ཆུབ་ཀྱི་སེམས་ངོ་བོ་རྡུལ་དང་སྐད་ཅིག་མའི་ཆོས་ལས་འདས་པའི་ཡེ་ཤེས་ནམ་མཁའི་གཟུགས་ཅན་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་གྱིས། བརྟན་གཡོ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་ཅིང་ཐམས་ཅད་དེའི་རང་བཞིན་ལས་མ་འདས་པ་ནི། ཀུན་སྤྱོད་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་བྱེད་དོ། །ཞེས་དང་། ཀྱེ་རྡོ་རྗེ་ལས། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མི་ཡིན་ནོ། །དམྱལ་བ་ཡི་དྭགས་བྱོལ་སོང་དང་། །ལྷ་དང་ལྷ་མིན་མི་རྣམས་དང་། །བཤང་བའི་སྲིན་བུ་སོགས་ཀྱིས་ཀྱང་། །བདེ་བ་གང་ཕྱིར་མི་ཤེས་པ། །རྟག་ཏུ་རང་བཞིན་བདེ་བ་ཅན། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཅེས་སོ། །ཁྱད་པར་མི་ཡི་རྟེན་ཅན་ཁམས་དྲུག་ལྡན་གྱི་རྡོ་རྗེ་ལུས་ཀྱི་རྩ་ཐིག་རླུང་གསུམ་ལ་ཁྱབ་བྱེད་ཆོས་ཉིད་ཀྱི་ཚུལ་དུ་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་བཞུགས་ཏེ། རང་ཤར་ལས། ལུས་ལ་ཡེ་ཤེས་ཆེན་པོ་ཁྱབ། །ཏིལ་འབྲུ་ལ་ནི་མར་བཞིན་དུ། །ལུས་ཀྱི་བཀྲག་མདངས་གཟི་བརྗིད་རྣམས། །ཡེ་ཤེས་བརླན་གྱིས་ཁྱབ་པར་བྱེད། །ཅེས་སོ། །འདི་ལ་ཡེ་ཤེས་ཀྱི་དབུ་མ་དང་། །ཡེ་ཤེས་ཀྱི་རླུང་། ཡེ་ཤེས་ཀྱི་ཐིག་ལེ་ཞེས་ཕྲ་བའི་སྒོ་གསུམ་རྡོ་རྗེ་གསུམ་དུ་སྒྲུབ་པའི་གཞི་སྟེ། གང་ལ་གནད་དུ་བསྣུན་བྱའི་གཞི་ནི། འོད་གསལ་གཉུག་མའི་ཆོས་ཉིད་འགྱུར་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཉིད་ཡིན་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། ལུས་ཅན་སྙིང་ལ་གང་གནས་པ། རང་བྱུང་ཡེ་ཤེས་ཟག་མེད་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། དཔེ་ཆུང་རང་གནས་ལས། མི་ཤིགས་ཐིག་ལེ་ཡེ་ཤེས་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །གཅིག་དང་དུ་མ་རྣམས་སྤངས་པ། །སྣ་ཚོགས་སྣང་ལ་མཚོན་དུ་མེད། །ཅེས་དང་། རིམ་ལྔ་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེས་བུ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་དང་། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོགས་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་ཏེ། དེ་ཡང་ཆོས་རྣམས་ལ་སྟོང་ཉིད་ཀྱིས་ཁྱབ་ཅིང་། །ཀུན་རྫོབ་ལ་བརྟེན་ནས་དོན་དམ་སྟོང་ཉིད་གཏན་ལ་འབེབས་ཀྱང་། སྟོང་ཉིད་འདུས་བྱས་སུ་མི་འགྱུར་བ་བཞིན། ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་དངོས་པོ་ཀུན་ལ་ཁྱབ་ཅིང་། ལུས་ཐམས་ལྡན་གྱི་ལམ་སོགས་ཀྱིས་མངོན་དུ་བྱེད་རུང་ཀྱང་། ཡེ་ཤེས་དེ་ཉིད་དེ་ལས་གསར་དུ་སྐྱེས་པ་ནི་མིན་ནོ། །འདི་ལ་རྒྱུད་སྡེ་གོང་འོག་སོགས་ཀྱི་ཁྱད་པར་གྱིས་སྐུ་དང་ཐིག་ལེ་སོགས་སྣ་ཚོགས་བཤད་པ་ཡོད་ཀྱང་དོན་ལ་གནད་གཅིག་སྟེ་ཟག་མེད་རང་བྱུང་གི་ཡེ་ཤེས་འབའ་ཞིག་ཡིན། བདེ་བ་ཆེན་པོ་ཞེས་པའང་འགྱུར་བཅས་ཀྱི་ཟུག་ངུ་དང་བྲལ་བའི་རང་བྱུང་ཟག་མེད་ཀྱི་བདེ་བ་དང་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་བརྗོད་བྲལ་ལྷན་ཅིག་སྐྱེས་འདུས་མ་བྱས་ཆེན་ཉིད་ལ་བརྗོད་ཀྱི་ཚོར་བདེ་འགྱུར་བ་ཅན་ནི་མིན་ཏེ། ཨིནྡྲ་བོ་དྷིས། དབང་པོ་གཉིས་སྦྱོར་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲ། །དེ་ནི་བདེ་ཆེན་དེ་ཉིད་དུ། །རྒྱལ་བ་མཆོག་གིས་མ་གསུངས་སོ། །ཞེས་དང་། བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག །ཅེས་གསུངས། དེས་ན་དོན་དམ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་དང་། ཀུན་རྫོབ་མཚན་མའི་རྩ་ཐིག་རླུང་གསུམ་རྟེན་བརྟེན་པའམ་ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་དུ་འབྲེལ་བའི་དབང་གིས། ཕྱིའི་བསྐྱེད་རིམ་སྤྲོས་རྩོལ་སོགས་ལ་མ་ལྟོས་པར། ནང་རྡོ་རྗེའི་ལུས་ཀྱི་རྩ་རླུང་གི་བྱེད་བཅིང་སོགས་རང་ལུས་ཐབས་ལྡན་དང་གཞན་ལུས་ཕོ་ཉའི་ལམ་གང་རུང་ལ་བརྟེན་ནས་གནད་དུ་བསྣུན་པས། རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་རླུང་དབུ་མར་ཐིམ་པས་སེམས་འགག་པའི་ཡེ་ཤེས་དཔེ་དོན་གྱིས་འོད་གསལ་མངོན་དུ་བྱེད་པ་སྟེ། དེའི་ཚེ་རང་བཞིན་བརྒྱད་བཅུའི་ཀུན་རྟོག་བཞོན་པ་དང་བཅས་པ་མཐའ་དག་ཐིམ་པའི་འོད་གསལ་བའི་དབྱིངས་རིག་གདངས་མ་འགགས་པའི་བདག་ཉིད་ཅན་ནི། སེམས་དང་ཡེ་ཤེས་ཀྱི་ཟླས་ཕྱེ་བས་ཡེ་ཤེས་ཡིན་གྱི་སེམས་མ་ཡིན་ལ། ཡེ་ཤེས་དེ་ཉིད་ལ་ཡང་ཡང་གོམས་པས་ནང་གི་ས་ལམ་བགྲོད་དེ། མཐར་མ་དག་རླུང་སེམས་ཀྱི་ཆ་དཀར་དམར་རླུང་གི་བྱེད་པ་སྣང་གསུམ་འཕོ་སྒྲིབ་ཕྲ་བ་བཅས་འདོད་ཆགས་ཆེན་པོའི་ལམ་གྱིས་སྦྱང་ནས། ཐོག་མར་གང་ལས་བྱུང་བའི་གཞི་འགྱུར་མེད་བདེ་བ་ཆེན་པོའི་དབྱིངས་སུ་དག་པའམ་ཐིམ་ནས། འབྲས་བུ་གསུང་རྡོ་རྗེ་དང་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་ཉིད་མངོན་དུ་བྱེད་པ་ཡིན་ཏེ། དུས་འཁོར་ལས། གང་དུ་འཇིག་རྟེན་གསུམ་པོ་མཐའ་དག་སྣང་འགྱུར་མི་ཡི་བདག་པོ་སླར་ཡང་གང་དུ་ཐིམ་པའོ། །ཞེས་དང་། མདོའི་དོན་བསྡུས་ལས། ཕྱི་ནང་བྱེ་བྲག་ཇི་སྙེད་པའི། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས། །ཇི་བཞིན་ངང་དུ་ཡེ་གནས་པས། །ཤེས་པར་བྱ་བ་རྒྱུད་དོན་ཡིན། །ཞེས་དང་། ཐིག་ལེ་མཆོག་གི་རྒྱུད་ལས། འོད་གསལ་བ་ཡི་སེམས་ཉིད་ནི། །དབྱིངས་དང་ཡེ་ཤེས་དབྱེར་མེད་པར། །བདེ་བར་ཆེ་དེ་སུས་སྒོམ་པ། །འབྲས་བུ་ཚེ་འདིར་མངོན་འཚང་རྒྱ། །ཞེས་གསུངས་པ་བཞིན་ནོ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་གས་ནི། བྱ་བྲལ་ལྷུན་རྫོགས་ཀྱི་ལྟ་བ་ཞེས། །གཤིས་གང་དུའང་མ་གྲུབ་ལ། གང་ལྟར་ཡང་འཆར་བའི་གཞི་མ་འགགས་པའི་རིག་པ། ངོ་བོ་སྟོང་། རང་བཞིན་གསལ། ཐུགས་རྗེའི་རྩལ་མ་འགག་པའི་ཆོས་ཉིད། ཡེ་སངས་རྒྱས་པའི་མགོན་པོ་རང་ཆས་སུ་ཡེ་ལྡན་པ་སྟེ། ངོ་བོའི་ངོས་ནས་འཁོར་འདས། བཅིང་གྲོལ་མཐའ་དབུས། དག་མ་དག་སོགས་གཉིས་ཆོས་ཀྱི་སྤྲོས་པའི་མཐའ་ཀུན་དང་བྲལ་བས་མཐའ་བྲལ་ཙམ་དུའང་བཞག་ཏུ་མེད་ལ། རང་བཞིན་གྱི་ངོས་ནས་སྐུ་དང་ཡེ་ཤེས་སོགས་ཡོད་པའི་ཐ་སྙད་དུ་མ་དང་ལྡན་པ། ཐུགས་རྗེའི་ངོས་ནས་རིག་རྩལ་སྣ་ཚོགས་ཀྱི་འཆར་གཞི་དང་སྒོ་འབྱེད་པ། དེ་དག་ཀྱང་གཅིག་ཐ་དད་སོགས་གྲུབ་མཐའི་ཞེན་རྟོག་གི་སྤྱོད་ཡུལ་ལས་འདས་པའི་རང་བཞིན་མཐའ་གྲོལ་ཀློང་ཡངས་ཆེན་པོར་ཡེ་ནས་གནས་སོ། །དེ་ཡང་མ་དག་འཁྲུལ་པའི་སྣང་བ་རྣམས་ནི་རྨི་ལམ་དང་འདྲ་བས། ངོ་བོ་མེད་པ་རྟེན་མེད་པ། གདོད་ནས་ཡོད་མ་མྱོང་ལ། མ་འཁྲུལ་བའི་ཡེ་ཤེས་སམ་བདེ་བར་གཤེགས་པའི་སྙིང་པོ་ནི། རྟག་པ། བརྟན་པ་འཕོ་འགྱུར་མེད་པ། དྲི་མ་ཡེ་ནས་སངས་ཤིང་ཡོན་ཏན་ཡེ་ནས་རྒྱས་པའི་འདུས་མ་བྱས་ལྷུན་གྲུབ་ཆེན་པོ། ཚུ་རོལ་མཐོང་བའི་བློས་བསམ་གྱིས་མི་ཁྱབ་པ། དཔེ་ཉི་མཁའ་ལྟ་བུ་སྟེ། དེ་ལྟར་རྟོགས་ན་མངལ་གྱི་གྲོང་ཁྱེར་རྒྱུན་བཅད་ནས་ཁམས་གསུམ་དུ་མི་ལྡོག་པས་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་གསུངས་ཏེ། དོན་ལ་གོང་སྨོས་རང་བྱུང་ཟག་མེད་ཀྱི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པ་ཡེ་ནས་སྐུ་གསུམ་གྱི་ངོ་བོར་ལྷུན་གྱིས་གྲུབ་པས། དེའི་རྩལ་ལས་ཤར་བའི་རོལ་པ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ནམ་དཀྱིལ་འཁོར་ལས་མ་འདས་པ་ཡིན་ཏེ། ཀུན་བྱེད་ལས། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་སྐུ་ཡི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་སྣང་ཞིང་གནས་པའི་ཆོས་རྣམས་ཀུན། །སྐྱེ་བ་མེད་པའི་ཆོས་དབྱིངས་ངང་ལ་བཀོད། །ཇི་ལྟར་གྲགས་ཤིང་གནས་པའི་ཆོས་རྣམས་ཀུན། །སྐྱེ་མེད་དབྱིངས་ལས་ཚིག་གི་གསུང་དུ་བཀོད། །སྙིང་པོ་བརྗོད་དུ་མེད་པའི་གསུང་ལ་འདུས། །དེ་ཡང་ཀུན་བྱེད་རྒྱལ་པོའི་བཀོད་པ་ཡིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་རིག་པའི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་དྲན་རིག་རྟོག་པ་ཐམས་ཅད་ཀུན། །མ་སྐྱེས་ཀུན་བྱེད་ཉིད་ཀྱི་དོན་དུ་རིག །ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཉིད་ནི། །མ་བཅོས་རྣལ་དུ་བཞག་པའི་དཀྱིལ་འཁོར་གསུམ། །མ་བཀོད་དུས་གཅིག་རྫོགས་པའི་དོན་རྟོགས་པས། །ལྷུན་གྲུབ་སྙིང་པོའི་དོན་ལ་འཇུག་པར་བྱེད། །ཅེས་སོ། །དེས་ན་ད་ལྟའི་རིག་པ་རང་གནས་ཀྱི་བསམ་གཏན་སྐྱོན་ཡོན་གྲུབ་བསལ་ལས་འདས་པའི་ཆོས་ཉིད་མཉམ་པ་ཆེན་པོ་འདི། བློས་བྱས་དང་ཡིད་དཔྱོད་དུ་མ་སོང་བར། བླ་མའི་ཐུགས་རྗེ་དང་། རང་གི་དད་མོས། གདམས་ངག་གི་ཟབ་ཁྱད་ལ་བརྟེན་ནས་མངོན་སུམ་དུ་ངོ་འཕྲོད་པར་བྱས་ཏེ། དེ་ཉིད་ཀུན་བཟང་ཆོས་སྐུའི་དགོངས་པར་ཐག་བཅད་རང་གྲོལ་སྤངས་གཉེན་དང་བྲལ་བར་གདེངས་བཅས། ཚོགས་དྲུག་གི་ཡུལ་སྣང་གང་ལའང་དགག་སྒྲུབ་སྤང་གཉེན་དང་བྲལ་བར་ལམ་དུ་ཁྱེར་བས། ཕྱི་ཆོས་ཅན་ལ་བལྟས་པས་འཁྲུལ་སྣང་རྟེན་མེད་དུ་སྣང་བ་སྒྱུ་མའི་དཔེ་བརྒྱད་དུ་རྟོགས་ནས་དགག་སྒྲུབ་དང་ཞེན་འཛིན་བྲལ། ནང་ཆོས་ཉིད་ལ་བལྟས་པས་རོ་མཉམ་གྲུབ་བསལ་མེད་པ་ནམ་མཁའ་ལྟར་རྟོགས་ནས་སྤྲོས་བྲལ་ཆོས་ཟད་ཀྱི་ངང་དུ་རེ་དོགས་ཀྱི་འཛིན་པ་ཞིག །གསང་བ་རིག་པ་ལ་བལྟས་པས་སྟོང་གསལ་འགག་མེད་ཆེན་པོ་ཆོས་སྐུ་ལྷུན་གྲུབ་ཏུ་རྟོགས་ནས་རྩོལ་སྒྲུབ་བཅོས་བསླད་དང་བྲལ་ཏེ། དེའི་ཚེ་ཐེག་པ་གཞན་གྱིས་མི་མཐོང་བའི་དོན་མཐོང་བས། དཔེ་རི་རབ་ཀྱི་རྩེར་ཕྱིན་པས་གླིང་བཞི་དུས་གཅིག་ལ་མཐོང་བ་དང་འདྲ་བའི་ཕྱིར་རི་བོ་ཅོག་བཞག་གི་སྒོམ་པ་ཞེས་བྱ་སྟེ། སྔ་མ་ལས། ཀྱེ། ང་ནི་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །ང་ལ་སྒྲོ་སྐུར་བྱ་བའི་ཡུལ་མེད་པས། །གང་ལའང་སེམས་པར་མ་བྱེད་སྒོམ་མ་བྱེད། །སྒོ་གསུམ་མ་བཅོས་ཇི་བཞིན་ལྷུག་པར་ཞོག །ཇི་ལྟར་ཤར་ཡང་རང་བཞིན་ངང་གིས་གྲོལ། །སྐྱེ་མེད་ནམ་མཁའ་ལྟ་བུར་ཕྱོགས་འདས་པས། །རང་བཞིན་རྫོགས་པ་ཆེན་པོར་ཤེས་པར་གྱིས། །ཞེས་དང་། མ་བཅོས་རྣལ་མ་ཀུན་གྱི་ཆོས་ཉིད་ཡིན། །ཆོས་ཉིད་ལས་ནི་སངས་རྒྱས་གུད་ན་མེད། །སངས་རྒྱས་མིང་དུ་བཏགས་པ་བླ་དྭགས་ཡིན། །ཆོས་ཉིད་བྱ་བ་གཞན་མེད་རང་སེམས་ཏེ། །རང་སེམས་མ་བཅོས་ཆོས་ཀྱི་སྐུ་རུ་བཤད། །མ་བཅོས་པ་ལ་ཡེ་ནས་སྐྱེ་མེད་པས། །སྐྱེ་མེད་དོན་ལ་བཙལ་ཞིང་སྒྲུབ་ཏུ་མེད། །བཙལ་ཞིང་སྒྲུབ་པས་བྱར་མེད་འགྲུབ་མི་འགྱུར། །ཞེས་དང་། ཐལ་འགྱུར་ལས། རང་བཞིན་དག་པ་ཆེན་པོའི་མཐའ། །ཆོས་རྣམས་རང་སར་བཞག་པ་སྟེ། །སྣང་ཤེས་ཆོས་ཉིད་ཟུང་འཇུག་པས། །ཡེ་གྲོལ་ཅོག་བཞག་ཉིད་ལ་ཐུག །དགོངས་པ་བློ་ལས་འདས་པ་དང་། །མཚན་བཅས་རང་སར་དག་པ་དང་། །སྟོང་དང་དངོས་པོའི་མཐའ་གྲོལ་དང་། །འབྱུང་ཟད་རྟོག་པ་མེད་པ་དང་། །བློ་ཟད་ཡིད་ལས་འདས་པའོ། །ཞེས་གསུངས། ཐབས་དེས་གྲུབ་པའི་དགོངས་པ་ནི་ཁམས་གསུམ་ཡོངས་གྲོལ་ཞེས་བྱ་སྟེ། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས་བལྟས་ན། སྣང་སྲིད་འཁོར་འདས་ཐམས་ཅད་ལ་མ་གྲོལ་བ་གཅིག་ཀྱང་མེད་དེ། དང་པོ་འཁྲུལ་མ་མྱོང་། ད་ལྟ་འཁྲུལ་བ་གཞི་ལ་མི་གནས། ཐ་མ་འཁྲུལ་མི་སྲིད་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལྟར་རྟོགས་ཐོག་ཏུ་བཞག་པས། དགག་སྒྲུབ་དང་རེ་དོགས་སྤང་གཉེན་གཟུང་འཛིན་གྱིས་བསྡུས་པའི་མཚན་རྟོག་རང་སར་དེང་ནས། ཆོས་ཟད་ཡེ་གྲོལ་གྱི་དགོངས་པར་གནས་ཏེ། དེའི་ཚེ་འཁྲུལ་པ་དོན་ལ་མེད་པར་རྟོགས་པས་འཁོར་བ་སྤང་དུ་མེད་པས་བློ་བདེ། ཆོས་ལ་ཕྱོགས་རིས་མེད་པས་གྲུབ་མཐའི་འཁྲུལ་པ་ཞིག་སྟེ་ཆོས་སུ་འཛིན་ཞེན་མེད་པས་བློ་བདེ། ཚིག་གིས་དོན་ཐོག་ཏུ་མི་ཕེབས་པས་ཡིད་དཔྱོད་ཚིག་ཕྱིར་འབྲངས་ཀྱང་སངས་མི་རྒྱ་བར་ཤེས་ཏེ། ཐ་སྙད་ཚིག་ལ་གདེང་དུ་མི་འཛིན་པས་བློ་བདེ་བ་གསུམ་ཁོངས་ནས་འཆར་བ་ཡིན་ཏེ། མདོར་ན་ཀུན་བྱེད་ལས། བྱར་མེད་འདི་ལ་གང་གནས་པ། །ལུས་ནི་གང་ཟག་ལྷ་མི་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །ཞེས་གསུངས། དེ་ལྟར་བཞག་པས་མ་དག་རླུང་སེམས་ཀྱི་འགྱུ་བ་མཐའ་དག་རང་འགགས་སུ་སོང་ནས་ཡེ་གྲོལ་བདེ་གཤེགས་སྙིང་པོའི་རང་བཞིན་ཆོས་ཟད་མིང་མེད་ཆེན་པོ་ཀ་དག་བློ་འདས་རིག་སྟོང་ཐུགས་རྡོ་རྗེ་ཆོས་སྐུའི་དགོངས་པ་མངོན་དུ་གྱུར་ཏེ་ད་ལྟ་ཉིད་ནས་ལྷུན་མཉམ་བདེ་བ་ཆེན་པོའི་ས་ལ་ཕྱིན་པར་བྱེད་པ་གནད་ཀྱི་མེ་བཙའ་ལྟ་བུ་སྟེ། ཀུན་བྱེད་ལས། དེ་ཕྱིར་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང་། །སྒྲ་ལ་མ་དགའ་དོན་ཉིད་རྟོགས་པར་གྱིས། །གང་གིས་དེ་ལ་རྟོགས་པ་སྐྱེས་མ་ཐག །ཀུན་བྱེད་རྒྱལ་པོའི་དྲོན་ལ་དབང་འབྱོར་འགྱུར། །ཞེས་སོ། །དེ་ཡང་ཐབས་ལམ་པ་ལྟར་རྩ་རླུང་གི་བྱེད་བཅིང་སོགས་ལ་བརྟེན་ནས་རགས་རླུང་དབུ་མར་བསྟིམ་སྟེ། རང་བཞིན་བརྒྱད་ཅུའི་ཀུན་རྟོག་འགོག་པ་སོགས་ཀྱི་རྩོལ་བ་ལ་ལམ་ལྟོས་པར། གྲོལ་ལམ་བླ་མའི་མན་ངག་གིས་རང་གནས་ཀྱི་ཡེ་ཤེས་ད་ལྟ་ནས་མངོན་སུམ་དུ་ངོ་སྤྲོད་དུ་ཡོད་པ་ནི་རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་ཁྱད་ཆོས་ཏེ། ཞིབ་པར་སེམས་དང་རིག་པ། ཀུན་གཞི་དང་ཆོས་སྐུའི་དབྱེ་བ་སོགས་རྫོགས་པ་ཆེན་པོའི་རྒྱུད་གཞུང་རྣམས་དང་ཁྱད་པར་ཀུན་མཁྱེན་ཆེན་པོའི་གསུང་རབ་ལས་རྟོགས་པར་བྱ་ཞིང་། དོན་ལ་རྫོགས་ཆེན་གྱི་རིག་ངོ་འཁྱུག་མེད་འཕྲོད་ན་སྔགས་ལམ་གྱི་དཔེ་ཡི་འོད་གསལ་སྐྱེས་པ་ཡིན། འདི་ཉིད་མངོན་སུམ་ཡིན་ཕྱིར་དོན་གྱི་ཡེ་ཤེས་དངོས་སུ་བཞེད་པ་ཡོད་ཀྱང་། རང་ལུགས་ཀུན་མཁྱེན་ཆེན་པོ་ནི། དོན་གྱི་ཡེ་ཤེས་དངོས་མཐོང་ལམ་ཡིན་པས་དེ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་མངོན་དུ་གྱུར་དུ་ཡོད་དགོས་པའི་ཕྱིར། འདིར་མངོན་སུམ་གྱིས་མཐོང་བ་ཡིན་ཡང་ད་དུང་མཐོང་སྤང་གི་དྲི་མའི་སྦུབ་ལས་མ་གྲོལ་བའི་ཕྱིར་དོན་གྱི་འོད་གསལ་དངོས་མ་ཡིན་ལ། དཔེའི་འོད་གསལ་དུ་བཞེད་དོ། །དེ་ཉིད་ལ་གོམས་པས་དོན་གྱི་ཡེ་ཤེས་བཙན་ཐབས་སུ་འདྲེན་པས་ཟུང་འཇུག་འཕགས་པའི་ས་ལ་སྦྱོར་བར་བྱེད་པ་སྟེ། དེ་ཡང་སྣང་ཚུལ་དུ་མ་དག་རླུང་སེམས་ཀྱི་གཡོ་བ་སྟོབས་སུ་གྱུར་ཏེ། རིག་པ་རང་གནས་ཀྱི་ཡེ་ཤེས་བཞོན་པ་དང་བཅས་པ་བག་ལ་ཞ་བའི་ཚུལ་གྱིས་མངོན་དུ་མ་གྱུར་པའི་གཞི་སེམས་ཅན་དང་། གཉེན་པོ་ཡེ་ཤེས་ཉིད་ངོས་ཟིན་ཏེ་རྣམ་ཤེས་དང་ཡེ་ཤེས་ཀྱི་བྱེད་པ་འདྲེས་པའི་སྐབས་སུ་ལམ་རྣལ་འབྱོར་པ་དང་། མ་དག་རླུང་སེམས་ཀྱི་འགྱུ་ཆ་མཐའ་དག་དང་བྲལ་ཏེ་ཡེ་ཤེས་དང་ཡེ་རླུང་གི་བྱེད་པ་འབའ་ཞིག་ཏུ་གྱུར་པ་ནི་འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་པར་བཞག་སྟེ། འདིའི་ལུགས་ཁ། ཆོས་ཉིད་དང་། རྩལ་དང་། རོལ་པ་གསུམ། ཐ་སྙད་དུ་གཅིག་མ་ཡིན་ཏེ། ཆོས་ཉིད་ནི། ངོ་བོ་སྟོང་། རང་བཞིན་གསལ། ཐུགས་རྗེའི་འཆར་ཚུལ་མ་འགགས་པའི་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་ལ། དེའི་རྩལ་ཡེ་ཤེས་སུ་ཤར་དུ། དེ་ལས་རོལ་པ་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་སོགས་དང་། རྩལ་མ་རིག་འཁྲུལ་སེམས་སུ་ཤར་དུས། དེ་ལས་རོལ་པ་སེམས་ཅན་གྱི་ཕུང་ཁམས་སྐྱེ་མཆེད་སོགས་འཁོར་བའི་ཆོས་རྣམས་སྣང་བ་ཡིན་པས། དེ་ལྟ་ན་སྣང་བ་དང་སྣང་ཡུལ། རྩལ་དང་རོལ་པ། ཀུན་གཞི་དང་ཆོས་སྐུ། གཞི་ལམ་འབྲས་གསུམ་སོགས་སོ་སོར་ཕྱེས་ཏེ་ཐ་སྙད་ཀྱི་རྣམ་བཞག་རྣམས་ཞིབ་མོར་བྱེད་དགོས། དོན་དམ་པར་ཐ་དད་དུ་མ་ཡིན་ཏེ། རོལ་པ་ནི་མེད་སྣང་སྟོང་གཟུགས་སྒྱུ་མའི་དཔེ་བརྒྱད་ལྟ་བུ་དོན་ལ་ཡོད་མ་མྱོང་ལ། རྩལ་ནི་ཤར་གྲོལ་རྗེས་མེད་ངོ་བོ་ངོས་བཟུང་དང་བྲལ་བ་ནམ་མཁའི་བྱ་རྗེས་ལྟ་བུ། ཆོས་ཉིད་བྱང་ཆུབ་ཀྱི་སེམས་ནི་ངོ་བོ་བསམ་བརྗོད་ལས་འདས་པའི་མཐའ་ཟད་མིང་མེད་སྤྲོས་བྲལ་མཉམ་པ་ཆེན་པོ་ཡིན་པས། གཅིག་ཐ་དད་དུ་དབྱེ་བའི་གཞི་མེད་དོ། །དེས་ན་སྣང་སེམས་རོ་མཉམ་གདོད་ནས་ཀ་དག་ཡེ་གྲོལ་ཆེན་པོར་ཤེས་པར་བྱ་སྟེ་གྲུབ་མཐའ་འོག་མའི་ཞེ་འདོད་དང་བསྲེ་བར་མི་བྱ་སྟེ། མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་བའང་ཅི། །དེ་ཕྱིར་འཁྲུལ་པ་གདོད་ནས་དག །ཅེས་དང་། ཐལ་འགྱུར་ལས། རང་སེམས་གྲོལ་བ་ཞེས་བྱ་བ། གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་བཀྲོལ་བ་མེད་པའི་སེམས། །གཞི་ནས་རྫོགས་པའི་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པའི་སྟོང་གསལ་གནས། །རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱིས་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་བརྩོན་འགྲུས་མེད། །གདེང་གིས་གྲོལ་བས་འབད་རྩོལ་མེད། །དེ་ལ་གདེང་གིས་གྲོལ་བ་བཤད། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །ངང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། །ཞེས་གསུངས། འོན་ཀྱང་། ལྟ་བ་ཡེ་གྲོལ་དུ་རྟོགས་ཀྱང་སྒོམ་པ་ཡིན་ཐོག་ཏུ་མ་བཞག་ན་གཟུང་འཛིན་གྱི་འཁྲུལ་པ་མི་ཆོམས་ཤིང་མ་བསྒོམས་པར་སངས་རྒྱས་པའི་ལམ་ནི་རྡོ་རྗེ་འཆང་གིས་ཀྱང་མ་བསྟན་པར་གསུངས་པ་བཞིན། ལས་དང་པོ་པས་དབེན་པ་བརྟེན་ཏེ་རྩེ་གཅིག་ཏུ་ཉམས་སུ་ལེན་པར་བྱ་བ་གལ་ཆེ། གནས་ལུགས་རྟོགས་མ་རྟོགས་ཀྱི་ཚད་འཛིན་པ་ཡོད་མེད་དུ་གསུངས་པ་བཞིན་ཞེན་མེད་འཛིན་མེད་གང་ཤར་སྤང་བླང་དང་བྲལ་བར་འགགས་སྡོམས། དད་མོས་སྙིང་རྗེ་བསྐྱེད་རྫོགས་ཟུང་དུ་འཇུག་པས་འཁྲུལ་པ་ཡེ་ཤེས་སུ་དག་པའི་ལམ་གནད་དུ་གང་འགྲོ་ལ་བརྩོན་པར་བྱ་དགོས་སོ། །འདི་ལའང་གཞི་ཀ་དག་གི་ཉམས་ལེན་སེམས་ཀློང་སོགས་སུ། རང་བྱུང་ཟག་མེད་ཀྱི་དབྱིངས་ཀྱི་ཡོན་ཏན་སྐུ་དང་ཡེ་ཤེས་སོགས་བལྟར་མི་མངོན་པའི་ཆོས་ཉིད་ཀྱི་ཚུལ་དུ་བཞུགས་པའི་རིག་སྟོང་ཆོས་ཟད་རྗེན་པའི་གཤིས་ལུགས་འཆིང་གྲོལ་ལས་འདས་པ་ཉིད་ལམ་དུ་བྱེད་ཀྱི། ད་ལྟ་ནས་ཆོས་ཉིད་འོད་གསལ་བའི་རྟགས་སྣང་རྣམས་མངོན་སུམ་ལམ་དུ་བྱེད་པ་མིན་པས། གང་ཟག་བློ་ཆུང་བ་ཁ་ཅིག་ལ་ཡིད་དཔྱོད་དང་གཤིས་ཤོར་གྱི་གོལ་ས་འབྱུང་བའི་ཉེན་ཡོད་ལ། ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ཡང་གསང་མན་ངག་སྙིང་ཐིག་གི་དགོངས་པ་སྒོ་ཡུལ་རླུང་རིག་སོགས་ཀྱི་གནད་ཟབ་མོ་ལ་བརྟེན་ནས། ཡེ་ཤེས་རིན་པོ་ཆེའི་གསང་མཛོད་ཕྱེས་ཏེ་ཆོས་ཉིད་ཡིད་དཔྱོད་དུ་མ་སོང་བར། མངོན་སུམ་འོད་གསལ་གྱི་རྟགས་སྣང་བཞིའི་ཡེ་ཤེས་ལམ་དུ་བྱས་པས། དབང་རྣོན་སྐལ་པ་མཆོག་དང་ལྡན་པ་རྣམས་ཟླ་དྲུག་སོགས་ཀྱིས་རང་སྣང་ལོངས་སྐུའི་ཞིང་ཁམས་གཏན་ལ་ཕེབས་ཤིང་མཐར་ཕྱིན་གཞོན་དུ་བུམ་སྐུར་གྲོལ་ཏེ་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་པར་གསུངས་པས་ན། རིགས་ཁམས་ཆོས་ཉིད་འོད་གསལ་བའི་ཡེ་ཤེས་ངེས་པ་ཇི་ཙམ་སྐྱེས་པ་དེ་ཙམ་དུ། དེ་ཉིད་མངོན་དུ་བྱེད་པའི་ལམ་མམ་ཐབས་ཇི་ཟབ་ཏུ་སོང་བ་ཡིན་ཏེ་མཐར་ཕྱིན་པ་ནི་རང་བཞིན་རྫོགས་པ་ཆེན་པོའི་ལམ་འབའ་ཞིག་ཡིན་པས་འདི་ནི་རྫོགས་རིམ་ཀུན་གྱི་མཐར་ཐུག་པའམ་བླ་མར་གྱུར་པ་ཡིན་ནོ། །མདོར་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་རྟོགས་པ་ནི་ལྟ་བ། རྟོག་ཚོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་ཡེ་ནས་ལྷུན་གྱིས་གྲུབ་པར་གནས་པའི་དོན་ལ་བློ་མ་བཅོས་པར་འཇོག་པ་ནི་སྒོམ་པ། ལྟ་སྒོམ་ཟུང་དུ་འབྲེལ་བའི་སྒོ་ནས་སྣང་གྲགས་ཀྱི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་ལོངས་སྤྱོད་པ་ནི་སྤྱོད་པ། སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་ཤེས་ཏེ་དེ་ལས་མི་འདའ་བ་ནི་དམ་ཚིག །དེ་མངོན་དུ་གྱུར་པ་ནི་འབྲས་བུ་ཡིན་པས་ན། དེ་ལྟར་ལྟ་སྒོམ་སྤྱོད་འབྲས་སོགས་ཀྱི་ཆོས་རྣམས་དོན་ལ་དབྱེར་མི་ཕྱེད་པར་ཉམས་སུ་ལེན་པ་ནི་འབྲས་བུ་ལམ་དུ་བྱེད་པ་ཞེས་གསང་སྔགས་ནང་རྒྱུད་བསྐྱེད་རྫོགས་རྣམ་པ་གསུམ་གྱི་བསྟན་བྱའི་སྙིང་པོ་ཡིན་ལ། དེ་ཡང་དག་པ་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་ནས། མ་དག་པ་འཁོར་བའི་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་སོགས་དང་། བར་མ་རྣལ་འབྱོར་པའི་ཉམས་ཀྱི་སྣང་བས་བསྡུས་པ་ཇི་ལྟར་སྣང་བའི་ཆོས་འདི་ཐམས་ཅད་ལ། དོན་དམ་དཔྱོད་བྱེད་ཀྱི་ཚད་མས་གཞལ་ན། རྒྱུ་རྐྱེན་ལས་མ་སྐྱེས་པའི་ཕྱིར་དང་། དུས་གློ་བུར་དུ་མ་བྱུང་བའི་ཕྱིར་དང་། བྱེད་པོས་མ་བྱས་པའི་ཕྱིར་དང་། སྐྱེས་པའི་དངོས་པོ་འདི་འདྲ་ཞེས་མ་དམིགས་པའི་ཕྱིར་དོན་དམ་སྐྱེ་བར་མེད་པར་མཉམ་ཞིང་། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་གཞལ་ན། ཀུན་རྫོབ་སྣང་ཙམ་པོ་འདི་ལས་མཐུན་པར་བསགས་པའི་འགྲོ་བ་རྣམས་ལ་མཐུན་སྣང་དུ་གྲུབ་པའི་ཕྱིར་དང་། སྣང་ཙམ་པོ་འདི་མེད་ན་དོན་དམ་ཤེས་བྱེད་ཀྱང་མེད་ཀྱང་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་དང་། སྣང་བ་འདི་ཐམས་ཅད་མཁྱེན་པའི་ཕྱག་གིས་ཀྱང་མ་ཁེགས་པར་སྣང་འདུག་པའི་ཕྱིར་དང་། རང་རིག་པའི་རྩལ་ཐམས་ཅད་དུ་མ་འགགས་པར་རང་སྣང་བའི་ཕྱི་རོལ་བ་འགགས་པ་མེད་པར་མཉམ་ལ། མཐར་ཐུག་བདེན་གཉིས་དབྱེར་མེད་དུ་དཔྱོད་པའི་ཚད་མས་གཞལ་ན། དེ་གཉིས་ལ་རང་བཞིན་བཟང་ངན་མེད་པའི་ཕྱིར་དང་། ངོ་བོ་དབྱེར་མེད་པའི་ཕྱིར་དང་། འདུག་ས་ཐ་མི་དད་པའི་ཕྱིར་དང་། དུས་སྔ་ཕྱི་མེད་པའི་ཕྱིར་དབྱེར་མེད་བསམ་ཡུལ་ལས་འདས་པར་མཉམ་པས་ན། དག་མ་དག་སོགས་གཉིས་ཆོས་ཀྱི་སྤྲོས་པ་ཐམས་ཅད་བློས་བཏགས་པ་ཙམ་ལས། ཡུལ་རང་གི་ངོས་ནས་གྲུབ་པ་ཅུང་ཟད་ཀྱང་མེད་པས། འཁོར་འདས་ཀྱི་ཆོས་ཀུན། སྣང་ན་སྣང་མཉམ། བདེན་ན་བདེན་མཉམ། རྫུན་ན་རྫུན་མཉམ། ཐམས་ཅད་སྤྲོས་བྲལ་མཉམ་པ་ཆེན་པོ་ལས་མི་འདའ་བས་གང་ལའང་དགག་སྒྲུབ་ཞེན་འཛིན་མེད་པར་རང་སར་བཞག་པས་གང་སྣང་ཡེ་ཤེས་ཀྱི་རོལ་པར་འཆར་བའི་གནད་དེ་ཡིན་པས། དེ་ལྟར་མ་ཤེས་པར་གཟུང་འཛིན་གྱི་བློས་དགག་སྒྲུབ་ཏུ་ཞེན་ན་གང་གིས་ཀྱང་འཁྲུལ་གཞི་བྱེད་དེ་ཐོག་མའི་འོད་གསལ་ཆེན་པོའི་རྩལ་ལ་བདག་ཏུ་ཞེན་པས་སེམས་ཅན་རྣམས་འཁྲུལ་པ་བཞིན་ནོ། །དེ་བཞིན་དུ་ཡ་ཀི་སངས་རྒྱས་ཀྱི་གསུང་ནས། མ་ཀི་འགྲོ་དྲུག་གི་བརྗོད་པའི་བར། ཡང་དག་པའི་དོན་དང་ལྡན་པའི་ཆོས་དང་། ཕྱིན་ཅི་ལོག་གྲུབ་མཐའ་ངན་པའི་གཏམ་དང་། བར་མ་ལུང་མ་བསྟན་གྱི་རིགས་སོགས་ཇི་ལྟར་གྲགས་པ་འདི་ཐམས་ཅད་ཀྱང་། དོན་དམ་པར་བྲག་ཅའི་སྒྲ་བཞིན་ཕྱི་ནང་གང་དུའང་བཙལ་ན་མི་རྙེད་དེ་རང་བཞིན་སྐྱེ་བ་མེད་པར་མཉམ་ལ་ཀུན་རྫོབ་ཏུ་མིང་ཚིག་ཡི་གེ་སོགས་ཀྱི་རྣམ་པར་ཤར་ཞིང་བརྡའ་སྤྲོད་པ་སོགས་ཀྱི་ནུས་པ་མ་འགགས་པར་ཡང་མཉམ་ལ། དེ་ལྟར་གྲགས་པའི་དུས་ཉིད་ནའང་རང་བཞིན་གྱིས་སྐྱེ་བ་མེད་ལ། སྐྱེ་བ་མེད་བཞིན་མིང་ཚིག་བརྗོད་པའི་ངོ་བོ་སྣང་བས་ན། ལོག་པར་བརྟགས་ན་སྒྲ་ཐམས་ཅད་གྲགས་སྟོང་བརྗོད་མེད་ཡི་གེའི་རང་བཞིན་ལས་མ་འདས་པས་དེ་ལྟར་ཤེས་ན་གང་གིས་ཀྱང་མི་འཆིང་ཞིང་སྒྲ་གྲགས་བརྗོད་པ་ཐམས་ཅད་སྔགས་ཀྱི་བཟླས་པ་ལས་མི་འདའ་འོ། །དེ་ལྟར་མ་ཤེས་པར་རང་མཚན་དུ་ཞེན་ན་གང་གིས་ཀྱང་འཆིང་སྟེ། དཔེར་ན་དྲག་སྔགས་རང་མཚན་པར་བཟླས་པས་ལོག་པར་གོལ་བའི་ཚུལ་གསུངས་པ་བཞིན་ནོ། །དེ་བཞིན་དུ་ཡིད་ཀྱི་ཡུལ་དུ། དག་པ་ལྷ་སྐུའི་གསལ་སྣང་སོགས་བསྐྱེད་རྫོགས་ཀྱི་སེམས་འཛིན་དང་། མ་དག་པ་ཉོན་མོངས་དུག་ལྔ་དུག་གསུམ་རྩ་བ་བདག་ཏུ་འཛིན་པ་སོགས་ཏེ། བར་མ་དགེ་མི་དགེ་ལུང་མ་བསྟན་གྱི་འགྱུ་དྲན་གྱི་རྟོག་པ་ཅི་དང་ཅི་ཤར་ཡང་རྩ་བ་སེམས་ཉིད་གཅིག་པུའི་རང་རྩལ་ལས་མ་འདས་ཤིང་སེམས་ནི་དང་པོ་འབྱུང་བས་སྟོང་། བར་དུ་གནས་པས་སྟོང་། མཐར་འགགས་པས་སྟོང་སྟེ། དུས་གསུམ་སྐྱེ་འགགས་སོགས་ཀྱི་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་མཉམ་པ་ཆེན་པོ་ཡིན་ལ། སྤྲོས་བྲལ་སྟོང་ཉིད་དེའི་རང་རྩལ་ལས་མ་འགགས་པར་ཤར་བའི་ཕྱིར། ཤར་བའི་དུས་ན་མཉམ་ཤར། གནས་པའི་དུས་ན་མཉམ་གནས། གྲོལ་བའི་དུས་ན་མཉམ་གྲོལ་ཏེ། ཐམས་ཅད་བཟང་ངན་མེད་པར་ཆོས་ཉིད་མཉམ་པ་ཆེན་པོའི་ཀློང་དུ་རང་གྲོལ་བས་གཤིས་ལ་འཕོ་འགྱུར་དང་བྲི་གང་བསལ་བཞག་བྲལ་བའི་གནད་ཀྱིས། གང་ཤར་ཡང་སྤང་བླང་དགག་སྒྲུབ་བྲལ་བར་རང་སར་བཞག་པས་གཉེན་པོ་གཞན་མི་དགོས་པར་རང་གིས་རང་གྲོལ་ཏེ་ཀུན་ཀྱང་ཡེ་ཤེས་ཆེན་པོར་འཆར་བ་ཡིན་པས། དེ་ལྟར་མ་ཤེས་པར་གང་ལའང་མཚན་མར་ཞེན་ན་འཆིང་བར་འགྱུར་ཏེ། བསྐྱེད་རིམ་རང་རྒྱུད་པར་བཟུང་བས་རུ་ཏྲ་སོགས་སུ་གོལ་བ་དང་། ཐབས་ལམ་རང་མཚན་པར་ཞེན་པས་མངལ་གྱི་སྲིན་བུར་སྐྱེ་བ་སོགས་རྒྱུད་སྡེ་རྣམས་ནས་གསུངས་པ་བཞིན་ནོ། །དེས་ན་སྣང་གྲགས་རྟོག་ཚོགས་ཀྱིས་བསྡུས་པའི་ཆོས་གང་ལའང་སྤང་བླང་དགག་སྒྲུབ་དང་བྲལ་བར་ཆོས་ཉིད་མཉམ་པའི་དོན་ལ་གདེང་བཅས་ཏེ་དེའི་ངང་ལས་མི་གཡོ་བར་བྱ་བ་ནི་མཉམ་བཞག་ཏུ་ལ་བཟླ་བའི་ཚུལ་ཡིན་ལ། རྗེས་ཐོབ་སྤྱོད་པས་ཤན་འབྱེད་པའི་སྐབས་སུ་ནི། ཇི་སྲིད་གཟུང་འཛིན་གྱི་འཁྲུལ་རྟོག་དབྱིངས་སུ་མ་དག་པའི་བར་དུ། ཀུན་རྫོབ་ལས་དང་ལས་ཀྱི་འབྲས་བུ་སོགས་བསླུ་མེད་དུ་ཡོད་པས། འཛིན་མེད་སྒྱུ་མ་ལྟ་བུའི་རྩིས་ཟིན་པའི་ངང་ནས་ཐབས་ཤེས་ཟུང་དུ་འཇུག་པའི་ལམ་ཆེན་གྱི་དགེ་རྩ་དམ་པ་གསུམ་ལྡན་དུ་སྒྲུབ་པ་སོགས་བླང་དོར་ཚུལ་བཞིན་བྱ་བ་ལས་སྟོང་སྟ་ཧད་པོས་ཁྱད་དུ་མི་གསོད་པ་ནི་ཅིས་ཀྱང་གལ་ཆེ་སྟེ་ཨོ་རྒྱན་དུས་གསུམ་མཁྱེན་པས་ཀྱང་རྗེས་སུ་གདམས་པར་མཛད་པ་བཞིན་ནོ། །དེའི་ངོར་ནི་སངས་རྒྱས་ཀྱི་སྐུ་གཟུགས་རྩིག་ངོས་ལ་བྲིས་པ་ཚུན་ཆད་སེམས་ཅན་དམན་པ་དུད་འགྲོ་ཡན་གང་གི་མིག་ལམ་དུ་སྣང་བ་དང་། གཟུངས་སྔགས་ཁྱད་པར་ཅན་དང་སངས་རྒྱས་ཀྱི་མཚན་སོགས་རྣ་བར་ལན་གཅིག་ཐོས་པ་དང་། དཀོན་མཆོག་གསུམ་ལ་དྭངས་བའི་སེམས་སྐད་ཅིག་མ་སྐྱེས་ཏེ། སྐྱབས་འགྲོ་ཚིག་གཅིག་བརྗོད་པའམ། ཐལ་མོ་ཡ་གཅིག་གདེང་བའམ། མེ་ཏོག་གཅིག་ནམ་མཁར་འཐོར་བ་ཡན་ཆོད་རྣམ་གྲོལ་གྱི་འབྲས་བུ་ལས་ཕྱིར་མི་ལྡོག་པར་མདོ་རྒྱུད་བསྟན་བཅོས་ཚད་མའི་ལུང་ལས་འབྱུང་བ་བཞིན་ཀུན་ལ་དག་སྣང་སྦྱང་ཞིང་ངེས་ཤེས་བསྐྱེད། ཆོས་ཉིད་བསམ་མི་ཁྱབ་པའི་དོན་དྲན་པའི་ངང་ནས་ཆོས་དང་གང་ཟག་ལ་སྐུར་པ་མི་གདབ་གཙོ་བོར་རང་རྒྱུད་ཀྱི་མ་དག་འཁྲུལ་པའི་སྣང་བ་འདི་སྦྱོང་བའི་ཐབས་ལ་བརྩོན་པར་བྱའོ། །དེས་ན་རང་བཞིན་རྫོགས་རིགས་གདོད་མའི་འོད་གསལ་ཆེན་པོ་འཆིང་གྲོལ་ལས་འདས་པ་ནི་བྲལ་གཞི། དེའི་སྟེང་གི་སྒྲིབ་བྱེད་ཀྱི་དྲི་མ་མེད་སྣང་བློ་བུར་བ་རྣམས་ནི་བྲལ་བྱ། དེ་སེལ་བྱེད་གཉེན་པོ་ལམ་བདེན་གྱི་ཆར་གཏོགས་འཁོར་དང་བཅས་པ་ནི་བྲལ་རྒྱུའམ་བྲལ་བྱེད། མཐར་ཐུག་སྒྲིབ་པ་མཐའ་དག་དང་བྲལ་ནས་གཞི་ལ་གནས་པའི་ཡོན་ཏན་ཐ་དད་མངོན་སུམ་དུ་གྱུར་ཏེ་དག་པ་གཉིས་ལྡན་མཐར་ཐུག་པ་སངས་རྒྱས་རང་སྣང་གི་སྐུ་གསུམ་ཞིང་ཁམས་མཛད་པ་ཕྲིན་ལས་དང་བཅས་པ་ཡེ་ཤེས་ཀྱི་རོལ་པ་ཚད་མེད་པ་ནི་བྲལ་བའི་འབྲས་བུ་སྟེ། འདིའི་སྐབས་སུ་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་དབྱིངས་སུ་དག་པས་སློབ་ལམ་གྱི་ཐོབ་པ་ཆད་དེ་ལམ་བདེན་ཆད་ཀྱང་། རང་བཞིན་འོད་གསལ་སྒྲིབ་བྲལ་གྱི་སེམས་ཆེན་པོའམ་ཟག་པ་མེད་པའི་ཡེ་ཤེས་མཐར་ཐུག་པ་མངོན་དུ་གྱུར་པས་ཡུལ་ཡུལ་ཅན་ཐ་དད་དུ་འཛིན་པའི་ཞེན་རྟོག་ཕྲ་མོ་ཙམ་ཡང་མི་མངའ་མོད་ཀྱི། མཉམ་ཉིད་ཕྱོགས་ལྷུང་བྲལ་བའི་མཁྱེན་པའི་ཡེ་ཤེས་སྐད་ཅིག་མ་གཅིག་གིས། དུས་གསུམ་གྱི་ཤེས་བྱ་མཐའ་དག་ཅིག་ཅར་དུ་གཟིགས་ཤིང་། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་རྒྱུན་ཆད་མེད་པས་ཇི་སྲིད་འཁོར་བའི་མཐའ་མ་རྫོགས་ཀྱི་བར་དུ། རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་གདུལ་བྱའི་ཡུལ་ལ་རྩོལ་མེད་དུ་འཇུག་པས་ལུས་ཅན་མཐའ་དག་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་དཔལ་ལ་འགོད་པར་མཛད་པ་ནི་གནས་གྱུར་མཐའ་ཐུག་པ་ཐོབ་པའི་དབང་གིས་སོ། །འདིའི་གནས་གྱུར་ཀྱང་། སྒྲིབ་བྱེད་མཐའ་དག་དང་བྲལ་བའི་ཡེ་ཤེས་ཟག་པ་མེད་པ་ཉིད་ཇི་བཞིན་པར་མངོན་དུ་གྱུར་པའི་ཆ་ཙམ་ལ་བརྗོད་ཀྱི། ཐེག་པ་འགོ་མ་པ་རྣམས་འདོད་པའི་གནས་གྱུར་མཚན་ཉིད་པ་ནི་མིན་ཏེ། དུས་གསུམ་འཕོ་འགྱུར་དང་བྲལ་བའི་ཆོས་ཉིད་བསམ་མི་ཁྱབ་པའི་རང་བཞིན་རང་བྱུང་བསམ་མེད་ཀྱི་ཡེ་ཤེས་འདུས་མ་བྱས་ཀྱིས་ཁྱད་པར་དུ་བྱས་པའི་ཕྱིར། དེས་ན་སངས་རྒྱས་ཀྱི་མཁྱེན་བརྩེ་ནུས་གསུམ་སོགས་ཡེ་ཤེས་བསམ་མི་ཁྱབ་པ་ནི་ཆོས་ཀྱི་དབྱིངས་དང་ཐ་མི་དད་པར་དབྱེར་མེད་རོ་མཉམ་པས་ནམ་ཡང་རྒྱུན་ཆད་པ་མི་སྲིད་ལ། མཁྱེན་བརྩེ་ནུས་གསུམ་གྱི་ཕྲིན་ལས་གང་ལ་འཇུག་པའི་ཡུལ་གདུལ་བྱ་སེམས་ཅན་གྱི་ཁམས་ལའང་མཐའ་མེད་པའི་ཕྱིར། དེ་མ་ཟད་ཀྱི་བར་དུ་གང་འདུལ་ཞིང་སྐུའི་བཀོད་པ་དང་ཡེ་ཤེས་ཡོན་ཏན་མཛད་པ་ཕྲིན་ལས་ཀྱི་མཐའ་རྫོགས་པར་མི་འགྱུར་བས་ན་མཐའི་ཚད་དང་རྣམ་པའི་གྲངས་དང་དུས་སམ་ཡུན་འདི་ཙམ་ཞེས་སུས་ཀྱང་ཚད་བཟུང་དུ་མེད་དེ་ཆོས་ཀྱི་དབྱིངས་དང་སེམས་ཅན་གྱི་ཁམས་ཇི་ཙམ་གནས་པ་དེ་ཙམ་མོ། །དེའི་ཕྱིར་དབུ་མ་འཇུག་པར། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་བཞིན་དུ་རྣམ་མི་རྟོག །འགྲོ་སྒྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་གསུངས། རྡོ་རྗེའི་གནས་འདི་ནི་ཕལ་གྱི་བསམ་གྱིས་མི་ཁྱབ་ཅིང་རྟོགས་དཀའ་བའི་གནས་སངས་རྒྱས་རང་ཉིད་ཀྱིས་མཁྱེན་པའི་སྤྱོད་ཡུལ་ཏེ། རྒྱུད་བླ་མས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །ཞེས་སོ། །དེས་ན་སངས་རྒྱས་དང་སེམས་ཅན། འཁོར་བ་དང་མྱང་འདས། དག་མ་དག་ལ་སོགས་པའི་གཉིས་ཆོས་ཀྱི་སྤྲོས་པ་མཐའ་ཡས་ཤིང་མུ་མེད་པར་སྣང་བ་འདི་ཐམས་ཅད། དོན་ལ་ཆོས་དབྱིངས་མཉམ་པ་ཆེན་པོའི་ཀློང་ལས་ནམ་ཡང་མ་གཡོས། མི་གཡོ། གཡོ་བར་མི་འགྱུར་བས་ན། གང་ལའང་དགག་སྒྲུབ་སྤང་བླང་རེ་དོགས་ཞེན་འཛིན་སོགས་ཀྱིས་བསླད་མི་གཞུག་པར། རང་བྱུང་གདོད་མའི་གཤིས་ལུགས། ཡེ་ནས་འཆིང་གྲོལ་ལས་འདས་པའི་དོན་ལ་ཡིད་ཆེས། ཐག་ཆོད། བརྟན་པ་ཐོབ་པར་བྱ་བ་ནི། ངེས་དོན་གྱི་མདོ་རྒྱུད་མན་ངག་ཀུན་གྱི་བསྟན་དོན་ཟབ་གནད་སྙིང་པོ་གཅིག་ཏུ་དྲིལ་ཏེ། ཀློང་རབ་འབྱམས་རྒྱལ་པོའི་རྒྱུད་ལས། འཁོར་འདས་ཀུན་ལ་དབང་བསྒྱུར་ཀྱང་། །མཉམ་པའི་དོན་ལས་གཡོས་པ་མེད། །ཐམས་ཅད་ཀུན་ཏུ་བཟང་པོར་གཅིག །ཅེས་དང་། ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུས་ཀྱང་བཅོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་ལྷུན་གྱིས་གྲུབ། །ཅེས་དང་། སྒྱུ་འཕྲུལ་རྒྱས་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་དང་། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་གཏོགས་ཅིར་ཡང་མ་བསམས་ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་ནི་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པ་ཡིན། །ཞེས་སོ། །དེ་ལྟར་རྟོགས་པའི་དགོས་ཆེད་དམ་ཕན་ཡོན་ཡང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཡང་ཟབ་ལྟ་བའི་མཐར་ཐུག་འདི་ཤེས་པས། །གོལ་གྲིབ་ལས་གྲོལ་རྟག་ཆད་ཀུན་དང་བྲལ། །བསྒྲུབ་པ་དོན་ཡོད་མྱུར་དུ་འཚང་རྒྱ་ཞིང་། །མདོ་རྒྱུད་ཀུན་ལ་ལྟ་བའི་མིག་དང་ལྡན། །དེ་ཕྱིར་གནས་ལུགས་འོད་གསལ་མཁྱེན་པར་མཛོད། །ཅེས་རྗེས་སུ་གདམས་པར་མཛད་པ་བཞིན་ནོ། །སྨྲས་པ། གདོད་མའི་འོད་གསལ་བདེ་གཤེགས་སྙིང་པོ་ནི། །ངོ་བོ་སྟོང་པས་རྟག་པའི་མཐའ་ལས་གྲོལ། །རང་བཞིན་འོད་གསལ་ཆད་པའི་མུ་དང་བྲལ། །གང་ལའང་མི་གནས་གཉིས་མེད་མཉམ་པ་ཉིད། །དེ་ཡི་ངང་ལས་འཁོར་འདས་བཀོད་པའི་སྤྲིན། །བསམ་གྱིས་མི་ཁྱབ་མཁའ་ཡི་མུ་མཉམ་ཡང་། །དོན་ལ་གཉིས་མེད་མཉམ་ཉིད་ཆོས་སྐུར་གྲུབ། །ཆོས་སྐུའི་ཀློང་དུ་དགག་སྒྲུབ་སྤང་ལེན་ཅི། །འཁོར་བ་མིང་མེད་འཁྲུལ་གཞི་ཀ་ནས་དག །ཡེ་ཤེས་རང་གསལ་དུས་གསུམ་འགྱུར་བ་མེད། །སྲིད་ཞི་རོ་མཉམ་བསལ་བཞག་བྲི་གང་བྲལ། །དེ་ཚུལ་ཤེས་རྣམས་ཐེག་པ་མཆོག་ལ་སྦྱོར། །དེ་ཕྱིར་རིག་འཛིན་བརྒྱུད་པའི་མན་ངག་བཞིན། །དོན་གནས་སྙིང་པོ་མདོ་ཙམ་བརྗོད་པར་བྱས། །འདི་ལ་ནོངས་གྱུར་གང་མཆིས་འཕགས་ལ་བཤགས། །དགེ་བས་རང་གནས་ཡེ་ཤེས་མངོན་བྱེད་ཤོག །འདི་ལྟར་སྨྲ་བའང་བླ་མའི་དྲིན་ཡིན་པས། །སྐྱེ་ཀུན་བླ་མ་མཆོག་དང་མི་འབྲལ་བར། །དེའི་གསུང་ཟབ་རྒྱས་ཆོས་མཛོད་ཀུན་འཛིན་ཞིང་། །གཞན་ལ་སྟོན་པའི་སྐལ་བཟང་ཐོབ་གྱུར་ཅིག །རྒྱལ་བ་རིག་འཛིན་བརྒྱུད་པའི་བདེན་བྱིན་གྱིས། །ངེས་གསང་བསྟན་མཆོག་སྲིད་མཐར་ཆེར་རྒྱས་ཤིང་། །འགྲོ་ཀུན་ཐེག་མཆོག་ལམ་བཟང་འདིར་ཞུགས་ཏེ། །ཀུན་ཀྱང་རྣམ་མཁྱེན་གྲོང་ཁྱེར་མཛེས་བྱེད་ཤོག །བཀྲ་ཤིས་གང་ཞིག་ལྷན་སྐྱེས་བདེ་བ་ཆེ། །ཤེས་རབ་རང་བྱུང་སྒྲོན་མེ་འཇམ་པའི་དཔལ། །ལུས་ཅན་ཀུན་གྱི་སྙིང་ལ་རྟག་གནས་པའི། །བདེན་པ་དེ་ཡིས་དུས་ཀུན་ཤིས་གྱུར་ཅིག །ཅེས་པའང་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་འཇམ་མགོན་རྣམ་གསུམ་གྱི་ཞབས་ཀྱི་ཆུ་སྐྱེས་སྤྱི་བོར་ལེན་པའི་ཞེ་ཆེན་བན་རྒན་འགྱུར་མེད་པདྨ་རྣམ་རྒྱལ་ལམ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་རང་ལོ་ང་བཞི་པ་ཤིང་བྱི་གནམ་ལོ་གསར་འཆར་གྱི་དུས་ཚེས་དགེ་བར་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་ལྷག་པའི་ལྷའི་བསྙེན་མཚམས་ལ་གནས་པའི་ཐུན་གསེང་དུ་བྲིས་པ་སྟེ། འདིས་ཀྱང་སྙིང་པོའི་ལམ་བཟང་གསལ་ཞིང་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །།


previousངེས་དོན་སྙིང་པོའི་གནད་མདོར་བསྡུས་པ་རིན་པོ་ཆེའི་སྒྲོན་མེ།next