Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ལྔ་བཅུ་པ།


   
   
   
   
   
   
   
   
ཐེག་མཆོག་སྙིང་པོའི་དོན་ལ་དཔྱད་པ་དབྱར་རྔའི་སྒྲ་གསང་བཤད་སྒྲུབ།
   
   
   
   
   


 
previousཐེག་མཆོག་སྙིང་པོའི་དོན་ལ་དཔྱད་པ་དབྱར་རྔའི་སྒྲ་གསང་བཤད་སྒྲུབ།next

ཐེག་མཆོག་སྙིང་པོའི་དོན་ལ་དཔྱད་པ་དབྱར་རྔའི་སྒྲ་གསང་བཤད་སྒྲུབ།

མེ གྷ སྭ ར ནཱ མ ཡཱ ནོ ཏྟཾ གྷ རྦྷ ཨཱ རྠ བི ནྣཾ བི ཧ ར ཏི སྨ།
ཐེག་མཆོག་སྙིང་པོའི་དོན་ལ་དཔྱད་པ་དབྱར་རྔའི་སྒྲ་གསང་ཞེས་བྱ་བ་བཞུགས་སོ། །
ན་མ་སརྦ་གུ་རུ་དྷི་དེ་བ་བྷྱཿ རང་བཞིན་འོད་གསལ་གཉིས་མེད་རྡོ་རྗེའི་ཁམས། །རྡུལ་བྲལ་མངོན་བྱང་ཆུབ་ནས་ཆོས་འཁོར་གྱིས། །བདུད་འདུལ་འཕགས་པའི་ཚོགས་ལ་དབང་བསྒྱུར་བ། །ཐུབ་དབང་རིན་ཆེན་མཆོག་ལ་གུས་ཕྱག་འཚལ། །རྒྱལ་བ་དེ་དང་དགོངས་པ་མི་གཉིས་ཀྱང་། །རྣམ་པ་རྡོ་རྗེ་སློབ་དཔོན་ཚུལ་སྟོན་པ། །འཇིག་རྟེན་གསུམ་ན་སྣང་སྲིད་ཟིལ་གནོན་ཅེས། །གྲགས་ཆེན་སངས་རྒྱས་གཉིས་པ་དེ་ལ་འདུད། །གང་ཐུགས་འོད་རྡུལ་ཕྲ་མོས་ཀྱང་། །རྨོངས་པའི་རྒྱ་མཚོ་སྐེམ་པ་དང་། །ཟབ་གསང་ནོར་མཆོག་སྣང་མཛད་པ། །འཇམ་དཔལ་ཉིན་བྱེད་དབང་པོ་རྗེ། །རྒྱལ་ཚབ་མཁྱེན་རབ་མི་ཕམ་རྒྱལ། །གྲགས་སྙན་ཡིད་འོང་མཚོ་ལྟན་མས། །སྤེལ་ལེགས་ཨུཏྤལ་ཆར་འབེབ་པས། །བདག་ཅག་རྣམ་ཀུན་ཤིས་པར་མཛོད། །རྟོག་ལས་མི་རྟོག་ཡེ་ཤེས་མེས། །དངོས་ཀུན་རང་ཚུགས་ཞིག་པའི་འོད། །སྲོག་དང་བཅས་པའི་ཟེག་མ་ཙམ། །རྟོག་གེའི་ཚང་ཚིང་ནགས་སུ་སོང་། །འདིར་རྒྱལ་བ་བྱམས་མགོན་རིན་པོ་ཆེའི་ཆོས་འཁོར་གསུམ་པའི་དགོངས་འགྲེལ་བསྟན་བཅོས་ཆེན་པོ་རྒྱུད་བླ་མའི་དབུ་ཞབས་ཀྱི་ལུས་ལས་དོན་ནི་རྡོ་རྗེའི་གནས་བདུན་ཏེ། འདི་དག་སོ་སོ་རང་རིག་པའི་ཡེ་ཤེས་ལས་གཞན་ཐོས་བསམ་གྱི་ཤེས་པས་ཇི་བཞིན་གཅོད་པར་དཀའ་བའི་ཕྱིར་རྡོ་རྗེ་ཞེས་བརྗོད་དོ། །དེ་ལ་རྡོ་རྗེའི་གནས་བཞི་པ་དེ་བཞིན་གཤེགས་པའི་སྙིང་པོ་ནི་འགྲིབ་པ་མེད་པ་དང་འཕེལ་བ་མེད་པ་བསྟན་པའི་མདོ་ལས་གསུངས་ཏེ། ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་བ་འདི་ནི་སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དྭགས་སོ། །ཞེས་དང་། དེ་ལ་དེ་བཞིན་གཤེགས་པའི་སྙིང་པོ་དང་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ་ཞེས་བརྡ་སྤྲོད་པར་མཛད་དོ། །ཇི་སྐད་དུ། དག་པ་དྭངས་པ་འོད་གསལ་བ། །མི་འཁྲུག་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་དང་། དོན་དམ་པ་ལ་དགོངས་ནས་སྙིང་པོར་བསྟན་པ་སོགས་ཆོས་འཁོར་གཉིས་པའི་དུས་སུ་མང་དུ་གསུངས་པ་སྐབས་ཀྱི་གདུལ་བྱ་སོ་སོའི་བློ་དང་མཚམས་པའི་དབང་དུ་མཛད་དོ། །འདིར་ཡང་། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་། །ཞེས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་ཆོས་སྐུ་ཞེས་གསུངས་པ་བཞིན་ནོ། །མངོན་པའི་མདོར། ཐོག་མ་མེད་པའི་དུས་ཀྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་བ་ཀུན། །མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་དང་། རྒྱན་ལས། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །ཞེས་གསུངས་པའི་ཕྱིར། ཀཱ་ཡ་བསགས་པ་ལའོ། །ཞེས་ཀ་ཡའི་སྒྲས་དབྱིངས་དེ་བེམ་སྟོང་མ་ཡིན་པར་ཟག་མེད་ཀྱི་ཆོས་དུ་མའི་འབྱུང་གནས་སམ་རྟེན་དུ་གནས་པར་གསུངས་པ་ནི་ཐ་སྙད་ཀྱི་དབང་དུ་མཛད་དོ། །དེ་ལ་རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །ཞེས་པ་ལ་སོགས་པའི་དོན་ལ་དཔྱད་པ་དང་། རྒྱུ་མཚན་གསུམ་གྱིས་སྙིང་པོའི་དོན་བསྟན་པ་དངོས་ལ་དཔྱད་པ་དང་གཉིས། དང་པོ་ལ་གཞན་གྱི་ལུགས་བཤད་པ་དང་། རང་གི་ལུགས་བཤད་པ་དང་གཉིས་ལས་དང་པོ་ནི། འདི་ལ་རྒྱ་བོད་ཀྱི་མཁས་པ་སོ་སོ་རྗེས་འབྲང་དང་བཅས་ཀྱིས་འཆད་ཚུལ་མི་འདྲ་བ་མང་སྟེ། ཁ་ཅིག་ནི། ཆོས་འཁོར་རྣམ་པ་གསུམ་ཀའི་ངེས་དོན་ཇི་སྙེད་པ་རྣམས་བདག་མེད་གཉིས་སུ་འདུ་ལ། ཁམས་ཀྱི་ངོ་བོ་ལ་དཔྱད་ན་གང་ཟག་དང་ཆོས་ཀྱི་བདག་གམ་གཟུང་འཛིན་གཉིས་ཀྱིས་སྟོང་པར་བཞེད། སྟོང་ཚུལ་ཡང་སློབ་དཔོན་གཞན་གྱིས་བཞེད་པ་ལྟར་མེད་པར་དགག་པ་ཙམ་མ་ཡིན་པར་དབུས་མཐའ་ལས། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ཉིད་དེ་ལ་སྟོང་པ་ཉིད། །ཅེས་གསུངས་པ་ལྟར་མ་ཡིན་དགག་གི་སྟོང་ཚུལ་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་ལ་བདེར་གཤེགས་སྙིང་པོ་ཞེས་སྟོན་པར་བཞེད། དེ་ལ་ངེས་པའི་དོན་གྱི་རྡོ་རྗེ་ཞེས་གསུངས། རྗེས་དཔག་ཚད་མས་རྙེད་པའི་མེད་པར་དགག་པ་རྣམ་གྲངས་ཀྱི་སྟོང་ཉིད་ལ་སྙིང་པོར་འདོད་པ་ནི་ཆེས་མི་འཐད་གསུངས། སེམས་ཀྱི་རང་བཞིན་འོད་གསལ་བ་ལ་སྙིང་པོར་བཤད་པ་ནི། འཁོར་ལོ་ཕྱི་མ་གཉིས་དང་། སྔགས་རྒྱུད། རྒྱུད་བླ། མདོ་རྒྱན། ཆོས་དབྱིངས་བསྟོད་པ། བྱང་ཆུབ་སེམས་འགྲེལ་སོགས་ནས་གསལ་རྒྱས་བསྟན་ནོ། །ཀུན་གཞིའི་རྣམ་ཤེས་ལ་སྙིང་པོར་བཤད་པ་ནི་ལང་གཤེགས། རྒྱན་སྟུག །དཔལ་ཕྲེང་མདོ། རྡོ་རྗེ་གུར་ལ་སོགས་པ་ནས་མང་དུ་གསུངས་པ་ལྟར་རོ། །ཇི་སྐད་དུ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པ་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ཡོངས་མ་བསྟན། །ཞེས་གསུངས། སེམས་ཙམ་གྱིས་སློབ་དཔོན་རྣམས་ཀྱི་སྒྲ་ཅི་བཞིན་པར་ཞལ་གྱིས་བཞེས་པར་མཛད་དོ། །བོད་ཀྱི་མཁས་མཆོག་ཁ་ཅིག །སྙིང་པོའི་དོན་མཐའ་བྲལ་དུ་གཏན་ལ་ཕབ་ནས་ཟུང་འཇུག་ཏུ་ཉམས་སུ་ལེན་ཞེས་བཞེད། དེའི་སྲོལ་འཛིན་རྣམས་ལ་དབུ་མ་གཞན་སྟོང་པ་ཞེས་ཀྱང་གྲགས་སོ། །ཀུན་མཁྱེན་རོང་སྟོན་ཆེན་པོ་དབྱིངས་རིག་དབྱེར་མེད་ལ་སྙིང་པོར་བཞེད་དོ། །སྐྱེས་མཆོག་འདི་ནི་རྒྱལ་བ་བྱམས་མགོན་ཉིད་རང་གི་བསྟན་བཅོས་རྣམས་འགྲེལ་པའི་ཕྱིར་བསམ་བཞིན་བྱོན་ཏེ་མཐར་རོང་བྱམས་ཆེན་སྐུ་ལ་ཐིམ་ཞེས་ལོ་རྒྱུས་ཡོངས་གྲགས་འདུག་གོ། །གཉིས་པ་རང་ལུགས་བཤད་པ་ནི། འདིར་ལྟར་བུ་གནས་ལུགས་ཟབ་མོ་རྟོགས་ཤིང་སྒོམ་པ་ལ་ལུང་རིག་མན་ངག་དང་ལྡན་དགོས་པ་སྟེ། ཇི་སྐད་དུ། སཾ་བྷུ་ཊི་འམ་ཡང་དག་པར་སྦྱོར་བ་ལས། བསྟན་བཅོས་ཚད་མ་སློབ་དཔོན་དང་། །ལུང་གིས་རྗེས་འབྲང་དེ་ཉིད་རིག །གསང་དོན་དེ་ཉིད་དངོས་པོ་ཡང་། །གཅིག་ནས་གཅིག་རྒྱུད་ཤེས་པར་བྱ། །ཞེས་དང་། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབ་ཁོ་ན་ལས། །ཐབས་གཞན་བརྟེན་པའི་རྨོངས་རྣམས་རྙེད་པར་དཀའ། །ཞེས་གསུངས་པ་ལྟར། ལུང་རིག་མན་ངག་གིས་རྒྱུད་སྨིན་པའི་སྐལ་ལྡན་གཟུ་བོར་གནས་པའི་བློ་ཅན་རྣམས་ནི་འདི་ལྟར་བཞེད་དེ། རྣམ་དབྱེར་བཅས་པའི་སོགས་རྐང་པ་བཞིའི་དོན་ཁམས་ཀྱི་ངོ་བོ་ཡེ་ནས་བདེན་སྟོང་དུ་གནས་པ་དོན་དམ་དཔྱོད་པའི་བློས་སྤྲོས་བྲལ་དུ་གཏན་ལ་ཕབ་ཅིང་། དོན་ལ་མི་གནས་པ་བདག་གཉིས་སུ་འཛིན་པ་འཁྲུལ་སེམས་མ་རིག་པས་བསླད་པ་གློ་བུར་བ་སྤྲིན་ལྟ་བུ་དེ་ཡང་གཤིས་འོད་གསལ་ལ་དབྱེར་ཡོད་ཅིང་འབྲལ་དུ་རུང་བ་དེས་ཁམས་སྟོང་ངོ་ཞེས་ངོ་བོ་ལ་མ་གོས་པར་བསྟན་པས་སྒྲོ་འདོགས་པའི་མཐའ་སེལ་བ་དང་། དབྱིངས་རང་བྱུང་གི་ཡེ་ཤེས་ཉིད་དོན་ལ་ཡེ་ནས་ལྷན་ཅིག་དབྱེ་བ་མེད་པར་གནས་པ་སངས་རྒྱས་ཀྱི་ཆོས་སྟོབས་སོགས་ཡོན་ཏན་མཐའ་ཡས་པ་ཉི་མའི་འོད་ཟེར་ལྟ་བུ་དེས་ཁམས་མི་སྟོང་ངོ་ཞེས་སྐུར་འདེབས་ཀྱི་མཐའ་སེལ་བ་སྟེ། ངེས་དོན་མཐའ་བྲལ་དབུ་མ་ཆེན་པོའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པ་ནི་ཐ་སྙད་རྟེན་འབྲེལ་གྱི་དབང་དུ་བྱས་པ་སྟེ་གདུལ་བྱ་མཆོག་གི་སྐལ་པའི་ཁྱད་པར་དུ་མཛད་དོ། །སྒོམ་དོན་གྱི་དབང་དུ་མཛད་པ་ནི། འདི་ལ་བསལ་བྱ་སོགས་རྐང་པ་བཞིའི་དོན། རྒྱུ་མཚན་དེ་བས་ན་ཁམས་འདི་ལ་ཀུན་ཉོན་འཕྲལ་བྱུང་གི་དྲི་མ་རྣམས་རང་བཞིན་མེད་ཅིང་གཤིས་ལ་མ་ཞུགས་པས་ད་གཟོད་གསལ་དུ་བསལ་བར་བྱ་བ་ཅི་ཡང་མེད་དོ། །རྣམ་བྱང་གི་ཡོན་ཏན་ཐམས་ཅད་ཆོས་ཉིད་ཀྱི་གདངས་འགག་པ་མེད་པ་མེའི་ཚ་བ་ལྟར་རང་ཆས་སུ་ཡོད་པ་སྙིང་པོ་འདུས་མ་བྱས་པའི་ཡེ་ཤེས་ཀྱི་རང་བཞིན་དང་རོ་གཅིག་པའི་ཕྱིར། ད་གཟོད་གསལ་དུ་བཞག་པར་བྱ་བ་ཅུང་ཟད་མེད་དོ། །དེ་ལྟར་བསལ་བཞག་མེད་པའི་ཆོས་ཉིད་ཡང་དག་པའི་དོན་ལ་འཛིན་རྟོག་བྲལ་བའི་ཡེ་ཤེས་ཀྱིས་ཕྱིན་ཅི་མ་ལོག་པར་ཡང་དག་པར་བལྟ་སྟེ། ནང་གི་དམ་པ་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་རིག་པར་འགྱུར། །ཞེས་གསུངས་པས་ལྟ་བའི་གནས་ལུགས་ཟབ་མོ་དེ་མཐོང་བ་མེད་པའི་ཚུལ་གྱིས་ཡང་དག་པར་མཐོང་ན་རྣམ་པར་གྲོལ་བར་འགྱུར་ཏེ། གདོད་མའི་གྲོལ་གཞི་མཐར་ཐུག་པ་ཡིན་ཞིང་གྲོལ་འབྲས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་དབྱེར་མེད་པའི་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པར་འགྱུར་བའི་ཕྱིར་རོ། །དེ་ལ་ཚུལ་གཅིག་པའི་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་ཡེ་ཤེས་ཀྱི་སྒོ་ཞེས་གསུངས་སོ། །དེས་ན་མདོ་རྒྱུད་ཀུན་གྱི་གནད་དོན་མཐར་ཐུག་ཀུན་ཁྱབ་བདེ་གཤེགས་སྙིང་པོ་བརྗོད་བྱ་དོན་གྱི་རྒྱུད་རང་བྱུང་གི་ཡེ་ཤེས་ཉིད་སྐབས་འདིར་གསལ་བོར་སྟོན་པས་གཞུང་ལའང་རྒྱུད་བླ་མ་ཞེས་མཚན་བཏགས་པ་སྟེ། ཕྱོགས་ཀྱི་གླང་པོས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་སྦྱོར་བ་ཡིས། །གཞུང་དང་ལམ་ཡང་དེ་སྒྲ་ཡིན། །ཞེས་གསུངས་པ་ལྟ་བུའོ། །འདི་མདོ་སྔགས་ཀྱི་མཚམས་སྦྱོར་ཡིན་པས་འདིར་བསྟན་པ་རྣམས་སྒྲ་ཇི་བཞིན་དུ་འདོད་དགོས་སོ། །དཔེར་ན་དམིགས་པ་ཆེ་བ་སོགས་ཐེགས་ཆེན་གྱི་ཁྱད་ཆོས་བདུན་པོ་སྟོང་ཉིད་སྙིང་རྗེ་གཉིས་སུ་འདུ་ཞིང་མདོ་སྔགས་གཉིས་ཀའི་ཐུན་མོང་དུ་བཤད་པ་བཞིན་ནོ། །འཁོར་ལོ་དང་པོར་བསྟན་པའི་གང་ཟག་གི་བདག་མེད་པ་དང་། བར་བའི་སྐབས་སུ་ཆོས་ཀྱི་བདག་མེད་པར་བསྟན་པ་རྣམས་ངེས་དོན་ཕྱོགས་རེ་ཡིན་ཞིང་། ཐ་མའི་སྐབས་སུ་སྙིང་པོ་བསྟན་པའི་མདོ་རྣམས་སུ་ཡོད་མེད་ལེགས་པར་ཕྱེས་ནས་མཐར་བྲལ་གྱི་ཡེ་ཤེས་ཉིད་ངེས་དོན་མཐར་ཐུག་ཕྱིར་མི་ལྡོག་པ་ཞེས་གསུངས་སོ། །མདོ་མྱང་འདས་ལས། དཔེར་ན་ས་བོན་ལས་མྱུ་གུ་དང་འོ་མ་ཞོ་ཡོད་མེད་ཀྱི་དཔེ་ལས། སེམས་ཅན་ལའང་སངས་རྒྱས་ཀྱི་རང་བཞིན་ཡོད་ཅེས་སྨྲས་ན་ནི་ཞེན་པར་འགྱུར་ལ། མེད་ཅེས་སྨྲས་ན་ནི་རྫུན་དུ་འགྱུར་རོ་གསུངས་པ་རྟག་ཆད་དུ་འགྱུར་བའི་དོན་ཏེ། ཡོད་པ་ཐ་སྙད་དང་མེད་པ་བདེན་དངོས་མེད་པའི་དོན་དུ་གོ་དགོས་ཀྱི་གཞན་དུ་གྲངས་ཅན་པས་འདོད་པ་ལྟར་རོ། །དེའི་ཕྱིར་འཁོར་ལོ་ཐ་མའི་བརྗོད་བྱ་ཟབ་མོ་རྣམས་ཐེག་པ་མཐའ་དག་གིས་རྒྱུད་སྦྱངས་པའི་བྱང་སེམས་དབང་རྣོན་རྣམས་ལ་ཆེད་དུ་གདམས་པ་སྟེ། སངས་རྒྱས་ཉིད་ཀྱི་དགོངས་པ་ཉིད་ཀྱིས་འགྲེལ་བའི་མདོ་དགོངས་འགྲེལ་ལས་སྔར་ནི་བླ་ན་ཡོད་པ་རྩོད་པ་དང་བཅས་པ་འདིར་ནི་བླ་ན་མེད་པ་རྩོད་པ་མེད་པ་སོགས་གསུངས་པས་སྙིང་པོ་བསྟན་པའི་མདོ་རྣམས་ངེས་དོན་རྩོད་མེད་ཡིན་པར་གསལ་ལོ། །དེ་བཞིན་དུ་སོར་མོའི་ཕྲེང་བའི་མདོ་ལ་སོགས་པ་དང་། རྔ་བོ་ཆེའི་མདོ་ལས་འདི་ལྟར་གསུངས་ཏེ། འོད་སྲུང་གིས་གསོལ་བ། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ལ་ཡང་སྟོང་པ་ཉིད་ཀྱི་དོན་སྟོན་པའི་མདོ་མང་དུ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོང་པ་ཉིད་སྟོན་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་དགོངས་པ་ཅན་དུ་རིག་པར་བྱ་ལ། བླ་ན་མེད་པའི་མདོ་འདི་ལྟ་བུ་འདི་དག་ནི་དགོངས་པ་ཅན་མ་ཡིན་པ་རིག་བྱའོ། །ཞེས་མདོ་འདི་མྱང་འདས་སོགས་དང་བརྗོད་བྱ་འདྲའོ། །གཞན་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་དྲངས་ངེས་ཀྱི་དབྱེ་བ་བརྒྱད་པ་བཤད་པ་ལས། ཀུན་རྫོབ་སྒྲུབ་བྱེད་དྲང་དོན། དོན་དམ་སྒྲུབ་བྱེད་ངེས་དོན། ཚིག་འབྲུ་སྣ་ཚོགས་དྲང་དོན། ཟབ་ཅིང་རྟོགས་དཀའ་ངེས་དོན། ཞེས་གསུངས་པས། འཁོར་ལོ་ཐ་མས་བསྟན་དོན་འདི་ཁོ་ན་ངེས་དོན་ནོ། །དེ་ལ་སྐབས་འདིར་མི་འགྱུར་བའི་ཆོས་སྐུ། ཡང་དག་པའི་དབྱིངས། རྟག་བརྟན་གཡུང་དྲུང་། དོན་དམ་པའི་ཡོན་ཏན་སོགས་གདོད་ནས་རང་ཆས་སུ་བཞུགས་པའི་གྲུབ་མཐའ་ཐུན་མོང་མ་ཡིན་པ་རྣམས་རྩལ་དུ་བཏོན་ནས་གསུངས་སོ། །དེས་ན་སློབ་དཔོན་ཐོགས་མེད་རྗེས་འབྲང་བཅས་ཀྱིས་བཞེད་པ་ལྟར་འཁོར་ལོ་ཐ་མ་ངེས་དོན་མཐར་ཐུག་ཏུ་འདོད་དགོས་ཏེ། སློབ་དཔོན་འདི་དྲངས་ངེས་འབྱེད་པ་པོར་རྡོ་རྗེའི་ལུང་གིས་ཟིན་པའི་ཕྱིར། འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ཡི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲངས་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་གསུངས་སོ། །ཏིང་རྒྱལ་ལས། སྟོང་པ་བདེ་བར་གཤེགས་པས་བསྟན་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལ་སེམས་ཅན་སྐྱེས་བུ་གང་ཟག་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གསུངས་པའི་དོན་ནི་སྙིང་པོའི་ངོ་བོ་ཡང་སྟོང་པ་ཉིད་ལས་མ་འདས་ཤིང་སེམས་ཅན་སྐྱེས་བུ་གང་ཟག་སོགས་ནི་འཁོར་ལོ་དང་པོ་བདག་སྟོན་པ་ལྟ་བུ་རྣམས་དྲང་དོན་དུ་ཤེས་དགོས་པའི་དོན་ནོ། །བཀའ་བར་མཐའི་བརྗོད་བྱ་སྟོང་པ་ཉིད་ལ་སྙིང་པོ་དང་སྙིང་པོ་ཉིད་ཡོན་ཏན་གྱིས་མི་སྟོང་བར་བསྟན་པ་རྣམས་བདེན་གཉིས་དབྱེར་མེད་དུ་གནས་པར་འཐད་པས། འཕགས་པ་ཀླུ་ཐོགས་གཉིས་ཀྱི་དགོངས་པ་ཡང་འགལ་མེད་དུ་ཤེས་དགོས་ཏེ། གཞན་དུ་ན་ཆོས་དང་གང་ཟག་ལ་སྒྲོ་སྐུར་གྱི་ཉེས་པར་འགྱུར་བའི་ཕྱིར་རོ། །གཞི་ལ་ཡེ་ཤེས་འཇོག་པ་སྔགས་ཀྱི་ཁྱད་ཆོས་ཡིནཔས་མདོ་ལམ་དུ་དེ་མི་འཐད་སྙམ་ན། སྔགས་ཀྱི་ཟབ་དོན་རྣམས་མདོའི་སྦས་དོན་ཡིན་པས་རྩལ་དུ་བཏོན་ནས་བཤད་པ་མེད་ཀྱང་། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་ཡེ་ཤེས་ཡིན་པས་ན། །ཞེས་དང་། སེམས་ཀྱི་རང་བཞིན་ཤེས་པས་ན། །ཕྱིར་ཡང་ཡེ་ཤེས་འབྱུང་བར་འགྱུར། །སེམས་དང་སེམས་ཉིད་ཅེས་སོགས་མང་དུ་ཡོད་པས་འགལ་བ་མེད་དོ། །ལེགས་སྦྱར་སྐད་དུ་སྙིང་པོ་ལ་གརྦྷའི་སྒྲ་ཡོད་པས་ཤུན་པས་གཡོགས་པའི་སྙིང་པོ་དང་། སྠི་རའམ་སྭ་རའི་སྒྲ་བརྟན་པ་ལ་འཇུག་པས་དྲི་བཅས་ཀྱི་སྙིང་པོ་དེ་གློ་བུར་གྱི་སྒྲིབ་པའི་དབུས་ན་བརྟན་པར་ཡོད་པའི་ཕྱིར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དོ། །ཞེས་སོགས་དང་། རྡོ་རྗེ་གུར་ལས། ནམ་མཁའ་ཇི་སྲིད་མི་འཇིག་པ། །ནམ་མཁའ་ཇི་སྲིད་དེ་སྲིད་སེམས། །ཞེས་གསུངས་སོ། །ཧྲྀ་ད་ཡའི་སྒྲ་བཅུད་དམ་མཆོག་ལ་འཇུག་པས་དེ་བཞིན་ཉིད་དེ་ཆོས་ཀུན་གྱི་བཅུད་དམ་མཆོག་ཏུ་གྱུར་པ་སྟེ། སྤྱོད་འཇུག་ལས། གང་གིས་ཆོས་ཀྱི་གཙོ་བོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །ཞེས་དང་། རྒྱལ་བ་ཉིད་ཀྱིས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །ཅེས་གསུངས་སོ། །དེ་ལྟ་བུ་ཟབ་མོའི་ཆོས་ཀྱི་ཚུལ་གཅིག་པུ་དེ་ལ་མིང་གིས་བརྡ་མང་དུ་བསྟན་ཏེ། མདོ་ལས། ཤེས་རབ་ཕར་ཕྱིན། དོན་དམ་བདེན་པ། ཡང་དག་པའི་མཐའ། གནས་ལུགས། རང་བཞིན། འགྱུར་མེད་ཡོངས་གྲུབ། ཆོས་ཉིད། སེམས་ཉིད། ཆོས་ཀྱི་དབྱིངས། སྟོང་པ་ཉིད་ལ་སོགས་པ་དང་། སྔགས་ཀྱི་ཐེགས་པར་དང་པོའི་མགོན་པོ། ལྷན་ཅིག་སྐྱེས་པའི་ཡེ་ཤེས། རང་བྱུང་ཡེ་ཤེས། གཉུག་སེམས། མཁའ་ཁྱབ་མཁའ་ཡི་རྡོ་རྗེ། ཐིག་ལེ་ཆེན་པོ། དོན་གྱི་འོད་གསལ། ལྷག་པའི་དོན་དམ་བདེན་པ། རྫོགས་པ་ཆེན་པོ། ཕྱག་རྒྱ་ཆེན་པོ་སོགས་མང་དུ་ཡོད་དོ། །གཉིས་པ་རྒྱུ་མཚན་གསུམ་གྱིས་སྙིང་པོའི་དོན་བསྟན་པ་དངོས་ལ། རང་ལུགས་དང་། གཞན་ལུགས་མི་འཐད་པ་དང་། འཐད་པ་ལ་རྩོད་པ་སྤང་བའོ། །དང་པོ་ནི། འདིར་ངོ་བོ་སྟོང་པ་དང་རང་བཞིན་ཡོན་ཏན་ཡེ་ལྡན་གྱི་སྙིང་པོ་འགྲོ་རྒྱུན་ན་བཞུགས་པའི་སྒྲུབ་བྱེད་ནི། རྫོགས་སངས་སྐུ་ནི་སོགས་དང་། ཐོགས་མེད་ཀྱི་འགྲེལ་བར། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་ལ། །སངས་རྒྱས་རིགས་ལ་དེ་འབྲས་ཉེར་བཏགས་པས། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་བསྟན། །ཅེས་པའི་ཤྭ་ལོ་ཀ་གཉིས་ཀྱི་རྐང་པ་དང་པོ་གཉིས་དང་གཉིས་པ་གཉིས་ཏེ། བཞི་ཀས་རང་བཞིན་གནས་རིགས་བསྟན་ཏེ། རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཆོས་སྐུ་འདུས་མ་བྱས་ཡོན་ཏན་ཀུན་དང་ལྡན་པ་དེ་ཕྱིས་དྲི་མ་དང་བྲལ་བའི་ཚེ་གང་ཟག་རང་གི་རྒྱུད་ནས་བུམ་པ་བཅག་པའི་ནང་གི་མར་མེ་གསལ་བའམ། སྤྲིན་དང་བྲལ་བའི་ཉིན་འོད་འཕྲོ་བའི་ཚུལ་གྱིས་མངོན་དུ་གྱུར་པའི་ཕྱིར། ད་ལྟ་འཆིང་བ་ཀུན་ལྡན་གྱིས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་ཅེས་སྒྲུབ་བོ། །དེའི་ཕྱིར་རང་བཞིན་གནས་རིགས་འདུས་མ་བྱས་དང་སངས་རྒྱས་དང་སེམས་ཅན་དེ་བཞིན་ཉིད་དུ་དབྱེར་མེད་པར་གྲུབ་པའི་ཕྱིར་ཏེ་འཁོར་འདས་མཉམ་ཉིད་ཀྱི་གཏན་ཚིགས་སོ། །རྐང་པ་གསུམ་པ་གཉིས་ཀྱི་དོན། ནམ་ཞིག་ན་ཡེ་ཤེས་ཆོས་སྐུ་མངོན་དུ་གྱུར་པའི་གང་ཟག་ཡོད་ན་རྡོ་ལ་གསེར་དང་ཏིལ་ལ་སྣུམ་བཞིན་དུ་དང་པོ་ནས་སངས་རྒྱས་རུང་གི་རིགས་ཡོད་པར་ངེས་ཏེ། དྲི་མ་སྤང་རུང་དང་ཡོན་ཏན་འབྲས་མེད་ཀྱི་ཆོས་སྐུ་ཀུན་ལ་ཁྱད་མེད་དུ་ཡོད་པའི་ཕྱིར་ལུས་ཅན་ཀུན་རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གྲུབ་པོ་ཞེས་སོ། །རིགས་པ་འདིས་ཆོས་དབྱིངས་འདུས་མ་བྱས་པའི་རྒྱུ་རིགས་དེ་དྲི་མ་སྦྱངས་ནས་འཚང་རྒྱ་བ་ལ་མི་བསླུ་ཞིང་ཆུད་མི་ཟ་བའི་རྒྱུ་འབྲས་སུ་དཔོགས་པའོ། །དེ་ལྟར་ན་སངས་རྒྱས་ཀྱི་རྣམ་མཁྱེན་ཡེ་ཤེས་འདུས་མ་བྱས་དང་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་སྟེ་ལམ་དང་གྲུབ་མཐའ་དུ་མ་ཡོད་ཀྱང་མཐར་ཐུག་སེམས་ཀྱི་གནས་ལུགས་འདི་ཁོ་ན་རྟོགས་པ་ཡིན་ལ། དེ་ལ་དུ་མ་མེད་པས་གཅིག་པ་ཉིད་དེ་ཆུ་བོ་དུ་མ་རྒྱ་མཚོ་དང་རོ་གཅིག་ཏུ་འདུས་པ་བཞིན་ནོ། །རྒྱས་འགྱུར་རམ་ཡང་དག་བླང་པའི་རིགས་ཞེས་པ་སེམས་ཅན་གྱི་རྒྱུད་ན་ཐོགས་མ་མེད་པ་ནས་སེམས་བྱུང་གི་དགེ་བ་སོགས་ས་བོན་ཡོད་པ་འཕྲལ་བྱུང་གི་དགེ་བ་ཐོས་སོགས་ཀྱི་གསོས་བཏབ་སྟེ་རུས་པ་བརྟས་པ་འདུས་བྱས་ཏེ་རྒྱུ་རྐྱེན་བཞིན་ནོ། །ཁ་ཅིག་རྒྱས་འགྱུར་གྱི་རིགས་ཀྱང་གཞིར་གནས་ཡོད་དེ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་སྐུ་གསུམ་འབྱུང་རུང་དུ་གསུངས་པའི་ཕྱིར་ཟེར། འདིར་དེའི་རིགས་དེ་བཞིན་ཐོབ་པ་དང་། ཞེས་དྲི་བཅས་ཀྱི་རིགས་དེ་རང་གི་ངོ་བོའི་ལྡོག་པ་ནས་འགྱུར་བ་མེད་པ་བཟླ་བའི་ངོ་བོ་ལྟར་ཡིན་ཡང་དྲི་མས་དག་པའི་རིམ་པས་གསལ་སྣང་ཇེ་ཆེར་འཕེལ་ཞིང་གནས་ཡོངས་སུ་གྱུར་ཏེ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་འདུས་མ་བྱས་ཐོབ་པའི་དོན་ནོ། །དེ་ཡང་ཚེས་ཟླ་དང་ཉ་ཟླ་བཞིན་རྣམ་པའི་ལྡོག་པ་གཞན་གྱི་ངོས་ནས་འཇོག་དགོས་སོ། །སཾ་བྷུ་ཊི་ལས། སེམས་ཅན་ཡེ་ཤེས་སྤེལ་བའི་ཕྱིར། །ཐབས་ནི་སངས་རྒྱས་རྣམས་ཀྱིས་བསྟན། །ཞེས་ལམ་གྱི་ཐབས་ལ་བརྟེན་ནས་གཞིའི་ཡེ་ཤེས་རིམ་གྱིས་འཕེལ་བར་གསུངས་པ་ལྟར་རོ། །དེས་ན་ཆོས་དབྱིངས་རང་བཞིན་འདུས་མ་བྱས་པའི་རིགས་ལ་རྒྱུ་དང་འབྲས་བུ་ཆོས་སྐུ་ཞེས་བརྗོད་ཀྱང་བཏགས་པ་ཡིན་གྱི་སྐྱེད་བྱེད་དང་སྐྱེད་འབྲས་དངོས་མ་ཡིན་ཏེ་འདུས་བྱས་སུ་འགྱུར་བའི་ཕྱིར། ཆོས་ཉིད་ལ་དམིགས་ན་ཡོན་ཏན་སྐྱེ་བའི་ཆ་ནས་བཞག་སྟེ་དམིགས་རྐྱེན་བཞིན་ནོ། །འདིར། དག་རྒྱུ་གསུམ་ནི་རྐྱེན་ནོ། །ཞེས་ཁམས་ནི་ཟག་མེད་ཀྱི་ཆོས་ཀུན་འབྱུང་བའི་ས་བོན་ཡིན་པས་དཀོན་མཆོག་གསུམ་གྱི་རྒྱུ་ཡིན་ཏེ་དེ་དྲི་མས་དག་པ་ལས་དཀོན་མཆོག་གསུམ་འབྱུང་བའི་ཕྱིར། འོད་གསལ་བའི་ཁམས་དེ་ལམ་དུ་བྱས་ནས་སྒོམ་པ་བྲལ་རྒྱུ་དང་འབྲས་བུ་ཆོས་སྐུའི་ཡོན་ཏན་རྣམས་ཉི་མ་སྤྲིན་དང་བྲལ་བ་ལྟར་བྲལ་འབྲས་ཡིན་ནོ། །ཁམས་དེ་ཉིད་དག་པ་གཉིས་ལྡན་གྱི་ངོ་བོ་ཡོངས་སུ་རྟོགས་པའི་བྱང་ཆུབ་དང་ཡོན་ཏན་ཕྲིན་ལས་གསུམ་ནི་སེམས་ཅན་ལ་འབྲས་བུའི་ཆོས་སྐྱེད་པའི་རྐྱེན་ཡིན་ཏེ། རྒྱུ་ས་བོན་མེད་ན་རྐྱེན་འཇུག་པ་དོན་མེད་པའི་ཕྱིར། ས་བོན་མེད་པའི་གཞིར་ཆུ་ལུད་འཛོམས་པ་བཞིན་ནོ། །དེའི་ཕྱིར་སེམས་ཅན་གྱི་ཁམས་ལ་ཡོངས་སུ་དག་པར་བྱ་བའི་ཡོན་ཏན་དང་ལྡན་ན་དེ་ཡོངས་སུ་སྦྱོངས་པའི་ལས་བྱེད་པ་འཐད་པ་ཡིན་ནོ། །དེ་ལ་དགོངས་ནས་བྱང་ཆུབ་སེམས་དཔའི་ས་བཅུ་པོ་རྣམས་སུ་ས་ལེ་སྦྲམ་གྱི་ཡོངས་སུ་སྦྱོང་བའི་དཔེ་དང་། མ་དག་པའི་ནོར་བུ་བཻ་ཌཱུརྱ་སྦྱོང་བའི་དཔེར་མཛད་ནས་གསུངས་སོ། །གཞན་དུ་ན་གསེར་གྱི་ཁམས་མེད་པའི་རྡོ་ཕལ་བ་སྦྱོང་བ་ལྟར་དོན་མེད་དེ། ཆོས་དབྱིངས་བསྟོད་པ་ལས། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་ནི་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་པས། །ཉོན་མོངས་ངལ་བ་ཙམ་དུ་ཟད། །ཅེས་གསུངས་པའི་ཕྱིར། དེ་ལྟར་ན་བདེན་གཉིས་ཟུང་འཇུག་ཆེན་པོ་སྤྲོས་པ་ཀུན་དང་བྲལ་བ་སོ་སོར་རང་རིག་གི་སྤྱོད་ཡུལ་རྣམ་གྲངས་མ་ཡིན་པའི་སྟོང་པ་ཉིད་དེ་སངས་རྒྱས་ཀྱི་རིགས་མཚན་ཉིད་པ་ཡིན་པ་ཐེག་ཆེན་གྱི་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ལས་གསུངས་ཤིང་། པདྨ་རྩེ་མོ་ལས། དྲི་མེད་དབྱིངས་ཀྱི་རང་བཞིན་ནི། །སྐུ་གསུམ་ཡེ་ཤེས་གཞི་དང་བཅས། །གང་ཚེ་དག་པ་དེ་ཉིད་དུ། །རང་གསལ་མངོན་དུ་འཆར་བ་དང་། །ཞེས་དང་། གྲུབ་ཐོབ་རྣམས་ཀྱི་དགོངས་དོན་ཡང་དག་པ་སྟེ། འཕགས་པ་ཀླུས། བདེར་གཤེགས་སེམས་ལས་སངས་རྒྱས་འབྱུང་། །རང་སེམས་དེ་ལ་ཕྱག་འཚལ་ལོ། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། དཔལ་ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱིས་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་ཐམས་ཅད་རབ་སྟེར་བའི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁམས་ཀྱི་ངོ་བོ་མི་སྟོང་པའི་བདེན་དངོས་སུ་འདོད་ན་ནི་རྟག་ལྟ་ཡིན་པས་ཉེས་ཏེ། མདོ་ལས་དངོས་པོ་འདུ་ཤེས་ཅན་ལ་ཐར་བ་མེད་ཅེས་དང་། རྩ་ཤེས་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་མི་རུང་འགྱུར། །ཞེས་གསུངས་པའི་ཕྱིར། རང་གི་ངོ་བོ་མི་སྟོང་ན་དོན་གཞན་གྱིས་སྟོང་པས་སྟོང་གོ་མི་ཆོད་དེ། ངོ་བོ་བདེན་པར་ཞེན་པ་གློ་བུར་གྱིས་དྲི་མ་ཡིན་པའི་ཕྱིར་དེ་མ་སྤངས་ན་གློ་བུར་གྱིས་སྟོང་ཞེས་པ་ཚིག་ཙམ་དུ་ཟད་དོ། །ཁམས་ཀྱི་ངོ་བོ་ལ་དཔྱད་ན། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་རྩ་ཤེས་ལས་བཤད་པ་ལྟར་རོ། །འོ་ན་དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་སྐྱེ་བའམ་རྒ་བའམ་འཆི་འཕོ་བ་མ་ལགས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་སྟེ། རྟག་པ་བརྟན་པ་གཡུང་དྲུང་ངོ་ཞེས་གསུངས་སོ་ཞེ་ན། ཁམས་ཀྱི་ངོ་བོ་མཐའ་གཅིག་ཏུ་བདེན་དངོས་རྟག་པ་བཟུང་བ་དང་མི་འདྲ་སྟེ། མདོ་དེ་ལས། བདག་གིས་སྙིང་པོ་བསྟན་པ་དེ་མུ་སྟེགས་པས་བདག་བསྟན་པ་དང་མི་འདྲ་ཞེས་གསུངས་པས། མུ་སྟེགས་པས་བདག་ནི་རྟག་མི་རྟག་གི་ཟླས་ཕྱེས་པའི་རྟག་དངོས་རང་མཚན་པ་ཡིན་ལ། འདི་ནི་རྟག་མི་རྟག་གི་མཐའ་དང་བྲལ་བ་རྟག་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ་སྟེ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དེ་ཐེག་ཆེན་གྱི་བདེན་པ་སྒྲོ་འདོགས་སོ་གཉིས་དང་བྲལ་བར་བཤད་པ་ལྟར་རོ། །ཡང་ཁམས་ཀྱི་ངོ་བོ་དཔྱད་མཐའ་སྟོང་པའི་མེད་ཀྱང་ཙམ་དང་མྱང་འདས་དེ་ལྟར་དུ་འདོད་པ་ནི་ཆད་ལྟར་ཡིན་པར་གསུངས་ཏེ། མདོ་མྱང་འདས་ལས། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་གང་གི་ཚེ་བཙལ་ཀྱང་ཅི་ཡང་མི་རྙེད་པ་སྟེ། ཅི་ཡང་མེད་པ་ཞེས་བྱ་བ་ནི། གཅེར་བུ་པ་རྣམས་ལ་ཡང་ཡོད་མོད་ཀྱི། ཐ་བ་ནི་དེ་ལྟ་བུ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་སྟོང་པ་ཉིད་ནི་བློས་བཅོས་ནས་བཞག་པ་ཙམ་མོ། །འོ་ན་སྟོང་པ་ཉིད་ལ་སྙིང་པོ་གསུངས་པ་ཇི་ལྟར་ཞེ་ན། སྙིང་པོའི་ངོ་བོ་རང་བཞིན་གྱིས་སྟོང་པ་ཉིད་བསྟན་པ་ཡིན་གྱི། རི་བོ་གི་རྭ་ལྟར་ཅང་མེད་མ་ཡིན་ཏེ། གཟུགས་སྟོང་པའོ་ཞེས་པས་གཟུགས་ཀྱི་རང་བཞིན་སྟོང་པ་ཉིད་བསྟན་པ་ལས་གཟུགས་སྣང་ཡང་མེད་ཅེས་མ་བཀག་པའི་ཕྱིར། དེ་བཞིན་དུ་སེམས་ཀྱི་རང་བཞིན་སྟོང་པ་ཉིད་བསྟན་གྱི་ཡེ་ཤེས་མེད་ཅེས་མ་བཀག་པའི་ཕྱིར་ཏེ། བདེན་དངོས་མེད་པར་བཀག་ཀྱང་མེད་བཞིན་སྣང་བའི་ཐ་སྙད་འགོག་པ་མི་སྲིད་དེ། དོན་དམ་པར་མ་གྲུབ་པར་བསྟན་པས་སྙིང་པོའི་ཡོན་ཏན་གཏན་མེད་དུ་འདོད་ན་ཆོས་ཐམས་ཅད་གཏན་མེད་དུ་འདོད་དགོས་ཏེ། དོན་དམ་པར་གང་ཡང་མ་གྲུབ་པའི་ཕྱིར། འཕགས་པ་ཀླུས། སྟོང་པ་ཉིད་ནི་སྟོན་པའི་མདོ། རྒྱལ་བས་ཇི་སྙེད་གསུངས་པ་སྟེ། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་གསུངས་སོ། །གལ་ཏེ་སྙིང་པོའི་དོན་དེ་མེད་པ་ཁོ་ན་ཡིན་ན་མེད་མཐའ་མ་ཁེགས་པའི་ཕྱིར་ཡོད་པའི་རྣམ་བཞག་ཐམས་ཅད་ཆད་དོ། །དེས་ན་དབྱིངས་ངེས་དོན་ཡོད་ན་ཡེ་ཤེས་ངེས་དོན་ཀྱང་ཡོད་དགོས་པ་རིགས་པས་གྲུབ་སྟེ། མདོ་སྔགས་ཀྱིས་བརྗོད་བྱ་མཐར་ཐུག་དབྱིངས་དང་ཡེ་ཤེས་གཉིས་ཡིན་ཅིང་། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་དང་། སངས་རྒྱས་ཉིད་ཀྱི་སྙིང་པོ་ཡང་བདེན་སྟོང་གི་ཡེ་ཤེས་ཡིན་ཏེ། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཅེས་གསུངས་པའི་ཕྱིར། ཆོས་ཀྱི་དབྱིངས་དེ་ཡེ་ཤེས་ངེས་དོན་གྱི་ཡུལ་ཡིན་ཏེ་དོན་དམ་པར་དཔྱད་ན་དོན་དམ་བདེན་པ་དེ་སངས་རྒྱས་ཀྱི་ཡུལ་ལས་ཀྱང་འདས་པར་བཤད་ཀྱང་ཐ་སྙད་དུ་རྟོགས་བྱར་ཡོད་པ་ལྟར། ཡེ་ཤེས་ཀྱང་དེ་བཞིན་དུ་འདོད་དགོས་ཀྱི་གཞན་དུ་ན་རྟོགས་བྱེད་མེད་པར་འགྱུར་བའི་ཕྱིར་རོ། །གཉིས་པ་གཞན་ལུགས་མི་འཐད་པར་བཤད་པ་ནི། ཁ་ཅིག་ན་རེ། འདིར་སེམས་ཅན་རྣམས་ལ་སེམས་ཞུམ་པ་ལ་སོགས་པའི་ཉེས་པ་ལྔ་སྤོང་བའི་ཕྱིར་སྙིང་པོ་ཡོད་ཅེས་བསྟན་པས་ཡོན་ཏན་གྱིས་མི་སྟོང་པར་བཤད་པ་སོགས་དྲང་དོན་ཡིན་པས་སྒྲ་ཇི་བཞིན་དུ་ཁས་མི་ལེན་ཞེས་དང་། འགོས་ལོ་སོགས་རྗེས་འབྲང་བཅས་ན་རེ། རྫོགས་སངས་སྐུ་ནི་འཕྲོ་ཞེས་དང་། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཞེས་སངས་རྒྱས་ཀྱི་ཡེ་ཤེས་དངོས་ཡིན་ལ་སེམས་ཅན་གྱིས་སྙིང་པོ་བཏགས་པ་དང་། དེ་བཞིན་ཉིད་དབྱེར་མེད་དང་། རང་བཞིན་དྲི་མེད་ཅེས་པ་སངས་རྒྱས་དང་སེམས་ཅན་གཉིས་ཀ་ལ་ཁྱབ་པས་གཉིས་ཀ་ཡིན་ལ། རིགས་ཡོད་ཅེས་དང་། སངས་རྒྱས་རིགས་ལ་དེ་འབྲས་ཉེར་བཏགས་ཅེས་པ་སེམས་ཅན་གྱིས་སྙིང་པོ་དངོས་དང་། སངས་རྒྱས་བཏགས་པ་ཡིན་ནོ་ཞེས་གསུངས། འགོས་ལོ་ཆེན་པོའི་གསུངས་དེ་དགོངས་པ་ཅན་དུ་སྣང་ཡང་རྗེས་སུ་སྒྲ་ཇི་བཞིན་སྨྲ་བ་དེ་ལ་བཤད་པ། དོན་བདེན་སྟོང་ལ་དགོངས་པས་ཡོན་ཏན་ཡོད་པ་ཁས་མི་ལེན་ན་མཚུངས་ཆོས་ཅན་གྱི་དཔེ་དགུ་པོ་ཡང་ནང་ན་སྒྲིབ་བྱ་མེད་པས་སྒྲིབ་བྱེད་པདྨ་སྟོང་པ་ལ་སོགས་པ་ཁོ་ན་ལས་སྙིང་པོ་དང་ལྡན་པ་ཉིད་དུ་ཁམས་ལེན་མི་རིགས་སོ། །འདིར་སྙིང་པོ་བསྟན་པ་ནི་ངེས་པའི་དོན་ལ་འཇུག་པའི་དགོས་དབང་གིས་དྲང་པོར་དགོངས་པ་སྟེ་དོན་དངོས་ལ་དགོངས་པའི་དྲང་དོན་ཅེས་བྱ་སྟེ། སྤྱོད་འཇུག་ལས། འདི་ནི་འཐད་པ་དང་བཅས་པ། །ལག་བཟང་གིས་ནི་ཞུས་པ་ལས། །དམན་མོས་སེམས་ཅན་དོན་གྱི་ཕྱིར། །དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས། །ཞེས་སེམས་བསྐྱེད་ཀྱི་ཕན་ཡོན་བསྟན་ནས་ཐེག་པ་ཆེན་པོ་ལ་ཁ་དྲངས་བ་ལྟར་འཁོར་ལོ་གསུམ་གྱི་ཆེད་དུ་བྱ་བའི་གདུལ་བྱ་རྣམས་རིམ་གྱིས་གོང་མར་དྲངས་དགོས་ཏེ་འཁོར་ལོ་གསུམ་པའི་གོང་ན་དྲངས་བྱར་མེད་པའི་ཕྱིར་རོ། །སངས་རྒྱས་འབྱུང་རུང་གི་རྒྱུ་ཟག་མེད་ཀྱི་ཆོས་དང་ལྡན་པའི་རིགས་མཚན་ཉིད་པ་མེད་པར་ས་རྡོ་སོགས་ལའང་ཁྱབ་པས་བདེན་སྟོང་ཙམ་ལ་དྲངས་པས་སེམས་ཅན་ལ་དགའ་བའི་ཁྱད་པར་ཅི་ཞིག་ཐོབ་སྟེ་ལག་སྟོང་བཅིངས་པས་བྱིས་པ་བྲིད་པ་བཞིན་ནོ། །དེ་ལྟར་ན་སེམས་ཞུམ་པ་འོས་ཏེ་རྒྱུ་མེད་པའི་ཕྱིར། སེམས་ཅན་ལ་བརྙས་པས་ཉེས་པ་ཅི་འབྱུང་ས་རྡོ་སོགས་ལ་བརྙས་པ་བཞིན་ནོ། །སེམས་ཅན་གྱི་རང་བཞིན་བདེན་སྟོང་ལ་རིགས་སུ་བྱས་པས་སངས་རྒྱས་རུང་ངོ་སྙམ་ན། སེམས་ཅན་ཆོས་ཅན། སངས་རྒྱ་རུང་བ་ཡིན་ཏེ། བདེན་མེད་ཡིན་པའི་ཕྱིར་ཞེས་འགོད་ན། ས་རྡོ་སོགས་ལའང་རྟགས་ཏེ་འཇུག་པས་མ་ངེས་པའི་གཏན་ཚིགས་དེས་སྒྲུབ་མི་ནུས་སོ། །ས་རྡོ་སོགས་ལ་སེམས་མེད་ལ་སེམས་ཅན་ལ་སེམས་ཡོད་པས་སྙིང་པོ་བདེན་སྟོང་ལ་དམིགས་ཤིང་ལམ་རྐྱེན་ཚོགས་གཉིས་ཀྱིས་ཟིན་ན་འབྲས་བུའི་ཡོན་ཏན་རྣམས་བཟོད་འབྱུང་རུང་ངོ་ཞེ་ན། ཟིན་བྱེད་ལམ་རྐྱེན་དེ་སངས་རྒྱས་པ་ལས་ཟིན་བྱའི་རིགས་ནི་མི་ཡིན་ཏེ་བདེན་སྟོང་ལ་འགྱུར་བ་མེད་པའི་ཕྱིར། རྐྱེན་ཚོགས་ན་འབྲས་བུ་འབྱུང་རུང་གི་རྒྱུ་དེ་ས་བོན་གྲུང་པོ་ལྟར་ནུས་པ་དང་ལྡན་པ་ཞིག་དགོས་ཀྱི། ནུས་མེད་སྟོང་རྐྱང་ཙམ་ལ་རྐྱེན་གྱིས་ཅི་ཡང་སྐྱེད་མི་ནུས་ཏེ་ནམ་མཁའ་བཞིན་ནོ། །སེམས་སེམས་བྱུང་ནི་ཡེ་ཤེས་སུ་མི་འདོད་ལ་དེ་དག་སྤང་བྱར་བྱས་ནས་དེ་དག་གི་རང་བཞིན་སྟོང་པ་འདུས་མ་བྱས་ལ་ཡེ་ཤེས་སྐྱེ་བ་མི་སྲིད་དོ། །དྲི་མ་མེད་པར་གྲགས་པའི་མདོ་ལས། འཕགས་པ་འཇམ་དཔལ་གྱིས། དགོན་དུང་གི་ཕྱོགས་སུ་ཨུཏྤ་ལ་སོགས་དྲི་མཆོག་རྣམས་མི་སྐྱེད་པ་བཞིན་འདུས་མ་བྱས་ཐོག་པའི་སེམས་ཅན་ལ་སངས་རྒྱས་ཀྱི་ཆོས་རྣམས་མི་སྐྱེ་བ་དང་། ནམ་མཁའ་ལ་ས་བོན་སྐྱེ་བ་མི་སྲིད་པའི་དཔེ་བསྟན་ནས་གསུངས་པ་ལྟར་རོ། །དེས་ན་སེམས་ཀྱིས་སྣང་ཙམ་ལ་དམིགས་བཅས་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་རང་བཞིན་མེད་པ་ལ་དམིགས་མེད་ཡེ་ཤེས་ཀྱི་ཚོགས་བསགས་པ་དེ་ཐུགས་ལ་འཐད་ན། དམིགས་མེད་ལ་དམིགས་པའི་ཡེ་ཤེས་དེ་སེམས་ཅན་རང་ལ་ལྷན་སྐྱེས་སུ་ཡོད་པ་ཞིག་བྱུང་བ་མ་ཡིན་པར་སྔར་མེད་གསར་སྐྱེ་འདོད་ན། རྣམ་ཤེས་སྔར་མེད་གསར་སྐྱེས་ཡང་ཡོད་པར་འགྱུར་རོ། །སངས་རྒྱས་དངོས་ཀྱི་ཡེ་ཤེས་སེམས་ཅན་ལ་འཕྲོ་བ་དེ་དྲི་བཅས་ཀྱི་རིགས་སུ་འདོད་པ་མི་འཐད་དེ། འདིར་སེམས་ཅན་གྱི་ཁམས་དྲི་བཅས་འཆད་པའི་སྐབས་ཡིན་ལ་དྲི་མ་མེད་པ་སངས་རྒྱས་ཀྱི་ཡེ་ཤེས་མ་ཡིན་ནོ། །གལ་ཏེ་ཡིན་ན་དྲི་མ་དགུ་པོ་ཡང་སངས་རྒྱས་ཀྱི་ཡེ་ཤེས་སྒྲིབ་བྱེད་དུ་བཞེད་རིགས་སོ། །མདོ་སྡེ་རྒྱན་ལས། དེ་བཞིན་ཤེས་བྱ་ཐམས་ཅད་ལ། །རྒྱལ་བའི་ཡེ་ཤེས་ཅིག་ཆར་སྣང་། །ཞེས་དང་། ཚད་མ་ལས། མཁྱེན་པའི་སྐད་ཅིག་གཅིག་ལ་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་པས། ས་རྡོ་སོགས་དངོས་པོ་དམན་པ་ཐམས་ཅད་ལའང་བདེར་གཤེགས་སྙིང་པོའི་ཁྱབ་པའི་ཕྱིར་བརྙས་སོགས་བྱས་ན་ཉེས་པ་འབྱུང་བར་འོས་སོ། །དེའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ཡུལ་ཤེས་བྱ་ཐམས་ཅད་ལ་ཁྱབ་ཅིང་དེ་ལ་རིགས་སུ་མི་འཇོག་ཅིང་ཤེས་བྱ་ཐམས་ཅད་སངས་རྒྱ་བའི་རྒྱུ་མཚན་ཡང་མེད་དོ། །ཁོ་ན་རེ། སངས་རྒྱས་ཀྱི་ཡེ་ཤེས་སེམས་ཅན་ལ་ཁྱབ་ཅིང་དེ་བཞིན་དུ་ཕྲིན་ལས་འཇུག་པའི་ཕྱིར་དོན་ཡོད་དོ་ཞེ་ན། འོ་ན་ཕྲིན་ལས་ཀྱང་སེམས་ཅན་གྱི་རིགས་སུ་འགྱུར་ཏེ་རྒྱལ་བའི་ཕྲིན་ལས་ཀྱི་འཇུག་པ་རྒྱུན་མི་ཆད་པའི་ཕྱིར། དེ་བས་ན་དེ་དངོས་པོ་གཞན་ལ་ཁྱད་པའི་ཡེ་ཤེས་ཆོས་སྐུ་དེ་ཀ་བུམ་སོགས་ཀྱི་རིགས་སུ་མི་འཇོག་པ་བཞིན་དུ་སེམས་ཅན་གྱི་ཁམས་མཁྱེན་པའི་ཡེ་ཤེས་ཀྱང་དེའི་རིགས་མཚན་ཉིད་པ་ཡིན་པ་མི་འཐད་པར་ཤེས་པར་བྱའོ། །འདིར་སེམས་ཅན་ལ་རང་བཞིན་དུ་གནས་པའི་རིགས་སམ་རྒྱུ་བཤད་པ་ཡིན་ལ། འགྲོ་བའི་ཁམས་སྣ་ཚོགས་མཁྱེན་ནས་དེ་དང་མཐུན་པའི་ཕྲིན་ལས་འཇུག་པ་ནི་སེམས་ཅན་རང་ལ་ལྷན་སྐྱེས་སུ་ཡོད་པའི་རིགས་མངོན་དུ་འགྱུར་བའི་རྐྱེན་ཡིན་གྱི་རྒྱུ་མ་ཡིན་ནོ། །གཞན་ཡང་མདོ་སྡེ་རྒྱན་ལས། གང་ཕྱིར་སེམས་ཅན་མིར་གྱུར་པ། །ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་སངས་རྒྱས་ཐོབ་དེའི་ཕྱིར། །ཞུམ་པ་དང་དུ་བླང་མི་བྱ། །ཞེས་གསུངས་པ་དང་། སྤྱོད་འཇུག་བརྩོན་ལེར། སྲིན་བུ་པད་མ་ཡན་ཆད་ཆོས་ལ་བརྩོན་པའི་སྟོབས་བསྐྱེད་ན་སངས་རྒྱས་ཐོབ་པར་གསུངས་པ་དང་། མ་འོངས་པར་འཚར་མི་རྒྱ་བའི་སེམས་ཅན་གཅིག་ཀྱང་མི་སྲིད་པས། དེ་དག་གི་སྒོ་ནས་སེམས་ཞུམ་པ་ལ་སོགས་པའི་ཉེས་པ་སྤོང་ཞིང་སྤྲོ་བ་སྐྱེད་པར་བྱས་ན། འདི་ལྟར་བུ་ཐུན་མོང་མ་ཡིན་པའི་དཔེ་དུ་མས་སྙིང་པོ་སྒྲུབ་ཅིག་དགོས་ཏེ། དེ་ཡང་དྲང་དོན་ཡིན་པར་འདོད་པའི་ཕྱིར། གལ་ཏེ་སེམས་ཅན་ཐམས་ཅད་ངེས་པར་འཚང་རྒྱ་རུང་བར་བཤད་པས་ཉེས་པ་དེ་དག་མི་སྤང་ན། ད་ལྟ་སྙིང་པོ་དྲི་མ་དང་བཅས་པ་འཚང་རྒྱ་བར་ནི་མི་འདོད་ལ། དྲི་མ་སྦྱངས་ནས་གཟོད་འཚང་རྒྱ་བར་བཤད་པས་ཀྱང་ཉེས་པ་དེ་དག་མི་སྤོང་ཞིང་ལས་སྒྲུབ་པ་ལ་སྤྲོ་བ་མི་བསྐྱེད་པར་མཚུངས་པར་འགྱུར་རོ། །རྣམ་བཞག་འདི་དག་རང་རྒྱུད་ཀྱི་ཡེ་ཤེས་མ་རྟོགས་པས་རྫོགས་སངས་སྐུ་ནི་འཕྲོ་ཕྱིར་ཞེས་པའི་རྟགས་ལ་ཐེ་ཚོམ་ཟོས་ནས་འདི་ལྟར་སྨྲས་པར་མངོན་ནོ། །འདི་འདྲ་རྟེན་ལ་རབ་གནས་བྱེད་ཚེ་ཡེ་ཤེས་ཕབ་པ་ལྟ་བུ་འགྲོ་བའི་ཁམས་སུ་འཇོག་པ་བས་ཀྱང་འདི་ལྟ་བུའི་ཚུལ་གྱིས་སེམས་ཅན་ལ་སྤྲོ་བ་སྐྱེད་ཅིང་བརྙས་སོགས་སྤངས་ནས་གུས་པ་བྱས་ན་ལེགས་ཏེ། རྒྱུ་ལས། རྡོ་ཤིང་འདྲ་འབག་ལ་སོགས་པའི། །གཟུགས་བརྙན་ཡོངས་སུ་རྫོགས་པ་དང་། །རས་དང་ཚོན་ལ་སོགས་པ་ཡི། །གཟུགས་བརྙན་ཡོངས་སུ་རྫོགས་པ་ལ། །བྱིན་རླབས་ཡེ་ཤེས་དབབ་བྱས་ནས། །ལྷ་ཡིན་ཟེར་ནས་མཆོད་སོགས་ཏེ། །བཅོས་མ་ལ་སོགས་དེ་ལྟ་ན། །ཕུང་སོགས་ཡེ་ནས་སངས་རྒྱས་ལ། །ཅི་ཡི་ཕྱིར་ན་མཆོད་མི་བྱེད། །ཅེས་གསུངས་པའི་ཕྱིར་མེའི་ཚ་བ་ལྟར་སེམས་ཅན་རང་གི་གནས་ལུགས་གཞན་ལ་རག་མ་ལས་པའི་རང་བཞིན་ཏེ། རྩ་ཤེས་ལས། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་ཡོད་མ་ཡིན། །ཞེས་སོ། །སྔགས་སུ་སེམས་ཅན་སངས་རྒྱས་བསྒྲུབ་པའི་རྒྱུ་ཡང་བདེར་གཤེགས་སྙིང་པོ་འདི་ཁོ་ན་ཡིན་ཞིང་གཞུང་འདིའི་སྙིང་པོ་བསྟན་པ་དང་དགོངས་པ་གཅིག་གོ། །ཇི་སྐད་དུ། འདུས་པའི་རྒྱུད་ཕྱི་མ་དང་། རྡོ་རྗེ་རྩེ་མོ་ལས། རྒྱུད་ནི་རྒྱུན་ཆགས་ལ་བརྗོད་དེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་གསུངས་པ་ལྟར་སེམས་ཅན་གྱི་ཁམས་དྲི་བཅས་ཀྱི་ཡེ་ཤེས་ཉིད་ཡེ་ནས་རྒྱུན་ཆགས་སུ་གནས་པ་འཁོར་བ་རྒྱུ་རྒྱུད་དང་། ལམ་ཞུགས་ཐབས་རྒྱུད་དང་། འབྲས་བུ་བྱང་ཆུབ་སོགས་གཞན་རྣམས་མྱ་ངན་ལས་འདས་པའི་རྒྱུད་དེ་བླ་མའམ་ཕྱི་མའོ། །གཞུང་འདི་མདོ་དགོངས་འགྲེལ་གཞན་དང་མི་འདྲ་བས་འདིར་རྒྱུད་ལུང་འདྲེན་པ་ལ་སྐབས་སུ་བབས་པའི་སྐྱོན་མེད་དོ། །གསུམ་པ་རང་ལུགས་འཐད་པ་ལ་རྩོད་སྤོང་ནི། ཡང་ཁོ་ན་རེ། སངས་རྒྱས་ཀྱི་རིགས་ལ་འབྲས་བཏགས་ནས་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་མ་སྨྲས་སམ་ཞེ་ན། ཡིན་མོད་ཀྱང་སེམས་ཅན་ལ་ད་ལྟ་ནས་སྐུ་དང་ཡེ་ཤེས་དངོས་སུ་ཡོད་ན་སངས་རྒྱས་ཡིན་གྱི་སེམས་ཅན་མ་ཡིན་ལ། རྒྱུ་ལ་འབྲས་བུའི་མིང་གིས་བཏགས་ནས་སངས་རྒྱས་ཞེས་འདོད་ན་སེམས་ལ་ཡེ་ཤེས་ཞེས་བཏགས་ནས་ཁས་བླངས་ཀྱང་མཆོག་པ་ཅི་ཡོད་དེ། གཞན་རྒྱུད་ཀྱི་ཡེ་ཤེས་གཞན་རྒྱུད་དུ་འཇོག་པ་དང་མི་འདྲ་བའི་ཕྱིར་རོ། །ཚུར་མཐོང་གི་སྣང་ངོར་སྐུ་དང་ཡེ་ཤེས་བཏགས་པར་སོང་ཡང་དོན་གྱི་གནས་ཚུལ་ལ་གདགས་གཞི་ཡོན་ཏན་ཡོད་པས་ཡིན་གྱི། གཞི་མེད་ལ་བཏགས་པ་མ་ཡིན་ཏེ། དཔེར་ན་ཁམས་ཡོད་པའི་རྡོ་བ་ལ་ས་ལེ་སྦྲམ་དུ་བཏགས་ཀྱང་རྡོ་དངོས་གསེར་མ་ཡིན་ཡང་གསེར་ལས་གཞན་ན་གསེར་མེད་དེ་བཞུས་ན་གསེར་དངོས་འབྱུང་བའི་ཕྱིར་རོ། །ན་རེ། ཁྱོད་ཀྱི་རང་བཞིན་གནས་རིགས་དེ་སེམས་ཅན་ཁོ་ན་ལས་ཡུལ་གཞན་ལ་མ་ཁྱབ་པས་ཆོས་ཀྱི་དབྱིངས་རིས་སུ་ཆད་པར་ཐལ་ལོ་ཞེ་ན། སྐྱོན་མེད་དེ། ཉེ་བ་འཁོར་གྱིས་ཞུས་པ་ལས། སྣ་ཚོགས་མཛེས་དགའ་མེ་ཏོག་ཁ་ཕྱེ་ཞིང་། །གསེར་གྱི་ཁང་བཟང་འབར་བ་ཡིན་འོང་བ། །འདི་ན་དེ་དག་བྱེད་པོ་འགའ་ཡང་མེད། །དེ་དག་རྟོག་པའི་དབང་གིས་བཞག་པ་སྟེ། །རྟོག་པའི་དབང་གིས་འཇིག་རྟེན་ཉེ་བར་བརྟགས། །ཞེས་དང་། ཡབ་སྲས་འཇལ་བའི་མདོར། ནོར་བུ་རིན་ཆེན་རར་བཞིན་ཡོངས་དག་པ། །གོས་ཀྱི་དྲུང་བཞག་སྣ་ཚོགས་ཚོན་དུ་འགྱུར། །དེ་བཞིན་རང་བཞིན་ཡོངས་དག་ཆོས་རྣམས་ཀྱང་། །ལོག་པའི་རྣམ་པར་རྟོགས་པས་དེ་ལྟར་འགྱུར། །ཞེས་གསུངས་པས། སེམས་ཀྱི་དབང་གིས་ཡུལ་བྱུང་བ་ལས་ཡུལ་གྱི་དབང་གིས་སེམས་བྱུང་བ་མ་ཡིན་ཞིང་། གློ་བུར་བའི་ཡུལ་སྣང་རྣམས་སེམས་ཀྱི་ཡུལ་ཞེས་ཐ་དད་པར་ཐ་སྙད་བཏགས་ཀྱང་དོན་དུ་སེམས་ལས་གཞན་དུ་གྲུབ་པ་མེད་པ་ཐེག་ཆེན་ཀུན་གྱིས་བཞེད་དེ། འཕགས་པ་ཀླུ་སྒྲུབ་ཀྱིས། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །ཞེས་དང་། སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀུན། །སྡིག་སེམས་ཡིན་པར་ཐུབ་པས་གསུང་། །ཞེས་དང་། དཔལ་ལྡན་ཟླ་གྲགས་ཀྱིས། ཨུཏྤལ་ལ་རྩ་ཐ་མ་ལས། ལོ་མ་ལ་སོགས་རྒྱུན་འབྱུང་ལྟར། །དེ་བཞིན་སེམས་རྫས་མེད་པ་ཡང་། །ཆོས་རྣམས་ཀུན་གྱི་རྩ་བའོ། །ཞེས་གསུངས་པའི་ཕྱིར་དབྱིངས་ཀྱི་གནས་རིགས་དེ་ཉིད་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ཡིན་ནོ། །གཞན་ཡང་སེམས་ཅན་ལ་ཡེ་ཤེས་མེད་ན་ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། ཞེས་གསུངས་པ་ཇི་ལྟར་འགྲེལ། དེ་ནི་ཟག་པ་མེད་པ་སངས་རྒྱས་ཀྱི་ཡེ་ཤེས་སོ་ཟེར་ན། མ་ཡིན་ཏེ་ཟག་མེད་ཅེས་པ་གློ་བུར་གྱི་དྲི་མ་གཤིས་ལ་མ་ཞུགས་པའི་རང་བཞིན་རྣམ་དག་སྟེ་དྲི་བཅས་བདེན་སྟོང་གི་ཤེས་པ་བསྟན་ཏེ། བདག་འཛིན་གཉིས་པོ་གློ་བུར་གྱི་དྲི་མ་དང་བདག་མེད་གཉིས་གནས་ལུགས་སྙིང་པོར་འདོད་ན་དེ་རྟོགས་བྱེད་ཀྱི་ཡེ་ཤེས་ཀྱང་དབྱིངས་དང་རོ་གཅིག་ཏུ་ཡོད་པར་འདོད་རིགས་སོ། །དེ་ནི་དཔེར་ན་སྦྲང་རྩི་མངར་བ་རོ་གཅིག་པ་ལྟར་ནམ་ཞིག་དྲི་མ་དག་པའི་སྟོང་པ་ཉིད་དང་རོ་གཅིག་པའི་ཤེས་རིག་ཟབ་མོ་ཉམས་སུ་མྱོང་བྱར་ཡོད་པ་ཡིན་གྱི། དེ་ལས་གཞན་དུ་ན་སེམས་ཅན་སངས་རྒྱས་ཚེ་སངས་རྒྱས་གཞན་གྱི་ཡེ་ཤེས་ཉམས་སུ་མྱོང་བར་ཐལ་བའི་སྨྲ་བ་དེ་འདྲ་ཡ་མཚན་པའི་གནས་སོ། །སེམས་ཅན་གྱི་ཁམས་མེད་དགག་རང་གི་ངོ་བོ་ལ་མཁྱེན་པའི་ཆ་ཙམ་ཡང་མེད་པར་འདོད་ན་ཕྱིས་སུ་སངས་རྒྱས་པའི་དུས་སུ་ཡང་ཅི་ཡང་མི་མཁྱེན་པར་འགྱུར་རོ། །སངས་རྒྱས་དུས་རྣམ་མཁྱེན་འདོད་ན་སྔར་མཁྱེན་ཆ་མེད་པར་མ་གྲུབ་སྟེ་དྲི་བཅས་ཀྱི་ཤེས་པ་གནས་གྱུར་ཏེ་རྣམ་མཁྱེན་དུ་སོང་བར་གསལ་ལོ། །ཤེས་ན་མི་ཤེས་འཇིག་པར་ཐལ། །ཞེས་པ་དང་ཚུལ་མཚུངས་སོ། །ཁ་ཅིག་ན་རེ། སེམས་ཅན་རྣམས་ད་ལྟ་ནས་སངས་རྒྱས་པའི་རང་བཞིན་དུ་ཡོད་ན་སྒྲིབ་པ་བསལ་ནས་ཤེས་བྱ་ཐམས་ཅད་ཅིའི་ཕྱིར་མི་མཁྱེན་ཞེ་ན། ཁྱོད་ནི་གནས་ཚུལ་སངས་རྒྱས་པའི་རང་བཞིན་ཡང་ཁས་བླངས་སྣང་ཚུལ་སྒྲིབ་པ་བསལ་རྒྱུད་ཡང་ཁས་བླངས་ནས་སྨྲ་བ་ལ་ལན་མང་དུ་ཡོད་ཀྱང་དེ་ལྟར་ཡིན་དུ་ཆུག་མོད། འོ་ན་སེམས་ཅན་ཐམས་ཅད་བདག་མེད་གཉིས་ཀྱི་རང་བཞིན་དུ་ཡོད་ན་བདག་འཛིན་བསལ་ནས་བདག་མེད་ཀྱི་གནས་ལུགས་ཅིའི་ཕྱིར་མི་མཁྱེན་ཏེ་མཚུངས་པའི་ཕྱིར། འདི་ནི་བུམ་ནང་གི་མར་མེ་ལའང་འོད་ཡོད་པས་མུན་པ་བསལ་ནས་སྣང་བ་ཅིའི་ཕྱིར་མི་སྟོན་ཟེར་བ་བཞིན་ནོ། །ཡང་སེམས་ཅན་རྒྱུ་དང་སངས་རྒྱས་འབྲས་བུ་ཡིན་ན་རྒྱུ་ལ་འབྲས་གནས་དགག་བྱེད་ཟན་ཟ་མི་གཙང་ཟའི་རིགས་པས་གནོད་དོ་ཞེ་ན། མི་མཚུངས་ཏེ། གྲངས་ཅན་པས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་གཉིས་ལྷན་ཅིག་ཏུ་ཡོད་པར་འདོད་པ་ལ་སྣང་རུང་མི་དམིགས་པས་ཁེགས་པ་དང་ཟན་དང་མི་གཙང་གཉིས་རང་བཞིན་གཅིག་ཏུ་སོང་བའི་སྐྱོན་དེ་ཡོད་ལ། འདི་ལ་དེ་འདྲའི་གནོད་པ་མི་སྲིད་དེ། རྣམ་ཤེས་དང་ཡེ་ཤེས་ཆོས་ཅན་དང་ཆོས་ཉིད་ཀྱི་ཁྱད་པར་དང་གནས་ཚུལ་སངས་རྒྱས་ཀྱང་སྣང་ཚུལ་ལ་འཁྲུལ་བའི་སེམས་ཅན་སྲིད་པའི་དབང་དུ་བྱས་ནས་བཤད་པ་དང་། རྒྱུ་འབྲས་སུ་བསྟན་པ་ཡང་ས་མྱུག་ལྟར་མིན་པ་གོང་དུ་བསྟན་ཟིན་ཏོ། །ཁྱོད་ལྟར་ན་ཡང་ཆོས་ཅན་ཀ་བུམ་སོགས་ལ་ཆོས་ཉིད་བདེན་སྟོང་གནས་པ་དང་། ཆོས་དང་གང་ཟག་གི་བདག་འཛིན་གྱི་བློ་གཉིས་ཐབས་སམ་རྒྱུ་དང་བདག་མེད་རྟོགས་པའི་རིག་པ་གཉིས་ཐབས་བྱུང་ངམ་འབྲས་བུ་ཞེས་འདོད་དགོས་ཏེ། འཕགས་པ་ཀླུས། ཐ་སྙད་བདེན་པ་ཐབས་སུ་འགྱུར་བ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་ཐབས་ལས་ཐབས་བྱུང་སོགས་རྒྱུ་འབྲས་ཀྱི་ཐ་སྙད་དེ་འདྲ་མང་དུ་ཡོད་པའི་ཕྱིར་དེ་ལའང་རྒྱུ་ལ་འབྲས་གནས་ཀྱི་རིགས་པས་གནོད་པ་སྟོན་དགོས་སོ། །འདིར་སེམས་ཅན་གྱི་ཁམས་བདེར་གཤེགས་སྙིང་པོ་ཆོས་དབྱིངས་སྟོང་པའི་སྙིང་པོ་ཅན་དུ་ཐེག་ཆེན་མདོ་སྔགས་ཀུན་གྱི་ཟབ་གནད་མཐར་ཐུག་ཏུ་དགོངས་འགྲེལ་མཁན་པོ་ཚད་ཐུབ་རྣམས་ཀྱིས་ཞལ་གྱི་བཞེས་པ་ལ་ཤེས་རབ་འཆལ་བའི་རྟོག་གེའི་རིག་ལོག་སྟོན་པའི་གནས་ཤིག་རྙེད་ན། དེ་ལ་སྟོན་པ་དང་བསྟན་པ་ཚད་མས་གྲུབ་པ་མི་སྲིད་པར་འགྱུར་རོ། །ཡང་སྨྲས་པ། སེམས་ཅན་གྱི་གཞི་ན་མ་འཁྲུལ་པའི་ཡེ་ཤེས་ཡོད་ན་རྣམ་ཤེས་མ་རིག་པ་འཁྲུལ་བའང་ཡོད་པས་སྤང་གཉེན་གཉིས་སྣང་མུན་ཡུན་རིང་འགྲོགས་པ་ལྟ་བུའི་སྐྱོན་དོ་ཞེ་ན། སྤྱིར་ཡེ་ཤེས་ཡིན་ན་སྤང་བྱའི་དངོས་གཉེན་གྱི་ཡེ་ཤེས་ཡིན་མི་དགོས་ཏེ། འདིར་གཏེར་ལ་སོགས་པ་དཔེ་དགུས་བསྟན་པ་ལྟར་དྲི་མས་བསྒྲིབས་པའི་སྦུབས་ན་དངོས་སུ་མི་མངོན་པའི་ཡེ་ཤེས་ལ་སྙིང་པོ་རྗོད་ཀྱི་དྲི་མས་དག་པའི་ཡེ་ཤེས་བཤད་པ་མ་ཡིན་པའི་ཕྱིར། གཞུང་དུ་གློ་བུར་གྱི་དྲི་མ་མ་དག་པ་སེམས་ཅན་དང་། དག་མ་དག་གཉིས་དང་ལྡན་པ་ལམ་ཞུགས་བྱང་སེམས་དང་། ཤིན་ཏུ་དག་པ་དེ་བཞིན་གཤེགས་པ་ཞེས་གསུངས་པ་མ་མཐོང་བར་ཟད་དོ། །ཁྱེད་རང་ལུགས་ལ་ཉན་རང་དགྲ་བཅོམ་རྣམས་ལ་བདག་མེད་གཉིས་རྟོགས་ཀྱི་ཡེ་ཤེས་ཡོད་པ་ཤེས་སྒྲིབ་མ་རིགས་པ་དང་བསྐལ་པ་དུ་མར་འགྲོགས་པར་འདོད་པར་འདོད་པ་ལ་ལ་སྣང་མུན་འགྲོགས་པའི་སྐྱོན་དེ་མེད་ན་འདི་ལ་དེ་བས་ཀྱང་སྐྱོན་ཅུང་ཟད་མེད་དོ། །ཡང་འདི་ལྟར་སྨྲ་སྟེ། ཁྱོད་ཀྱི་ལུགས་འདིར་སངས་དང་སེམས་ཅན་ལ་གཞི་མཐུན་གྱི་སེམས་ཡོད་པར་ཐལ་བ་བཟློག་ཏུ་མེད་དོ་ཞེ་ན། ཏེ་བོར་བཟློག་ཏུ་ཡོད་དོ། །སེམས་ཀྱི་ཆོས་ཉིད་སྙིང་པོ་དང་ཆོས་ཅན་རྣམ་ཤེས་གཉིས་གཅིག་ཐ་དད་གང་དུའང་ཁས་ལེན་མེད་དེ། དགོངས་པ་ངེས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོགས་པ། །དེ་དག་ཚུལ་མིན་ལྟར་ལ་ཞུགས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །ཁྱོད་རང་གིས་རྣམ་མཁྱེན་ཡེ་ཤེས་འདུས་བྱས་སུ་འདོད་པ་དེ་ངོ་བོ་ཆོས་ཉིད་དང་ཐ་དད་དུ་འདོད་ན་སོ་སོར་རྟག་ཆད་དུ་འགྱུར་ལ། གཅིག་ཏུ་འདོད་ན་ཆོས་ཉིད་འདུས་བྱས་སུ་འགྱུར་བའམ་ཡང་ན་ཡེ་ཤེས་འདུས་མ་བྱས་སུ་འགྱུར་རོ། །དེ་བཞིན་དུ་འདིར་ཡང་སེམས་དང་སེམས་ཉིད་གཅིག་ཏུ་འདོད་ན་སུ་ཡང་ཐར་བ་མེད་དེ། འཁྲུལ་སེམས་སྤངས་ནས་མ་འཁྲུལ་བའི་སྙིང་པོ་སེམས་ཉིད་རྟོགས་བྱ་ཐ་དད་མེད་པའི་ཕྱིར། ཡང་ན་སུ་ཡང་འཁྲུལ་མི་སྲིད་དེ་འཁྲུལ་སེམས་མཐོང་བ་དེ་མ་འཁྲུལ་པའི་སེམས་ཉིད་མཐོང་བ་ཡིན་པའི་ཕྱིར་རོ། །ཐ་དད་དུ་འདོད་ན་ཆོས་ཅན་ལ་བརྟེན་ནས་ཆོས་ཉིད་རྟོགས་པ་མེད་ལ། ཆོས་ཉིད་དང་བྲལ་བའི་ཆོས་ཅན་ཡང་རང་བཞིན་གྱིས་གྲུབ་པར་འགྱུར་བས་ནམ་ཡང་མེད་པར་མི་འགྱུར་ཏེ། ཇི་སྐད་དུ། རང་བཞིན་མེད་པ་ལས་ལྡོག་ན། །རང་བཞིན་ཉིད་དུ་རབ་གྲུབ་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །རྣམ་ཤེས་ཡོད་ན་ཡེ་ཤེས་ཡོད་དེ་རྣམ་ཤེས་ཡེ་ཤེས་དངོས་མིན་ཡང་། ཡེ་ཤེས་ཉིད་རྣམ་ཤེས་ལས་གཞན་མ་ཡིན་པའི་ཕྱིར། ཀུན་རྫོབ་དང་དོན་དམ་བཞིན་ནོ་ཞེས་དང་སེམས་ཀྱི་ས་བོན་ལས་སེམས་འབྱུང་བ་བཞིན་དུ་ཡེ་ཤེས་ཀྱི་ས་བོན་ལས་ཡེ་ཤེས་འབྱུང་བར་འདོད་དོ། །ཇི་སྐད་དུ། མིག་ལ་སོགས་དང་ཡུལ་རྣམས་ཀྱང་། །ཡེ་ཤེས་ལྔ་པོ་ཉིད་དག་སྟེ། །ཞེས་གསུངས། གཞན་ཡང་འདི་ལྟར། གནས་ཚུལ་ཆོས་ཉིད་ལས་གཡོ་བ་མེད་བཞིན་སྣང་ཚུལ་འཁྲུལ་པའི་སྡུག་བསྔལ་མུ་མེད་པ་སེམས་ཅན་གྱི་ལྡོག་པ་དང་། ལམ་རྐྱེན་ཚོགས་བསགས་ཀྱིས་གློ་བུར་འཁྲུལ་པའི་ཆ་ཟད་པར་སྤངས་ནས་དག་པ་གཉིས་ལྡན་གྱི་བདེ་བ་མུ་མེད་པ་སངས་རྒྱས་ཀྱི་ལྡོག་པ་དམིགས་བཞིན་དུ་གཞི་མཐུན་ཞེས་གང་ལ་སྨྲ། དེའི་ཕྱིར་སེམས་ཅན་གྱི་ཁམས་ལ་སངས་རྒྱས་ཀྱི་ཡོན་ཏན་ཡོད་ན་གཞི་མཐུན་གྱི་ཐལ་བ་སོ་ན་གནས་སོ་ཞེས་གྱི་ནར་སྨྲ་བ་དག་དེ་ལྟར་ཤེས་པར་གྱིས་ཤིག །ཁྱོད་ཀྱིས་ཡང་ན་དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། ཞེས་པས། སངས་རྒྱས་གློ་བུར་གྱི་དྲི་མ་དག་པས་ཀྱང་མྱ་ངན་ལས་འདས་པ་དང་སེམས་ཅན་རང་བཞིན་གྱིས་མྱ་ངན་ལས་འདས་པ་གཉིས་བཤད་པ་ལ་ཐལ་བ་འཕེན་ནམ། དྲི་བཅས་ཀྱི་ཡེ་ཤེས་དང་དྲི་མ་མེད་པའི་ཡེ་ཤེས་ནི་དག་མ་དག་གི་ལྡོག་པའི་ཕྱེ་བ་བཤད་ཟིན་ཏོ། །འདི་ནི་ཐལ་འགྱུར་བས་སེམས་ཅན་རང་བཞིན་གྱིས་མྱ་ངན་ལས་འདས་པར་བཤད་པའི་དོན་མ་གོ་བ་དངོས་སྨྲ་བས། གལ་ཏེ་སེམས་ཅན་མྱ་ངན་འདའ། །འཁོར་བ་ཀུན་རྫོབ་དེ་ལྟ་ན། །སངས་རྒྱས་ཀྱང་ནི་འཁོར་འགྱུར་བས། །བྱང་ཆུབ་སྤྱོད་པས་ཅི་ཞིག་བྱ། །ཞེས་སྐྱོན་འཕེན་པ་དང་འདྲའོ། །ཡང་རྟོག་གེ་འབར་བ་དག་གིས་སྨྲས་པ། རྣམ་མཁྱེན་གྱི་ཡེ་ཤེས་འདུས་མ་བྱས་རྟག་པར་འདོད་ན་ཡུལ་འདུས་བྱས་ཀྱི་ཆོས་རྣམས་སྐད་ཅིག་མའི་གོ་རིམ་མཁྱེན་པ་མི་འཐད་དེ། རྟག་པ་ལ་གོ་རིམ་མེད་པའི་ཕྱིར་ཞེའོ། །དེ་ལ་བཤད་པ། སངས་རྒྱས་ཉིད་འདུས་མ་བྱས་པའི་ཡེ་ཤེས་ཀྱི་སྐུ་ཅན་རྟག་པ་དམ་པའི་རང་བཞིན་ཡིན་པ་སོགས་མྱང་འདས་ཀྱི་མདོ་སོགས་ལས་མང་དུ་གསུངས་པ་རྣམས་ཡི་གེ་མང་བའི་ཕྱིར་འདིར་མི་འདྲེན་ལ། སངས་རྒྱས་ཉིད་ཀྱིས་ཤེས་བྱ་མཁྱེན་ཚུལ་གྱི་ལུང་མང་ཡང་མདོར་བསྡུ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཆོས་ཀུན་མཉམ་པ་ཉིད་མཉམ་པར། །རང་བྱུང་བས་ནི་རྗེས་སུ་རྟོགས། །དེ་ཕྱིར་ཡང་དག་མངོན་སངས་རྒྱས། །དེ་བཞིན་གཤེགས་པ་གཟིགས་པ་མཉམ། །ཞེས་དང་། འཇུག་པ་ལས། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། །དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེ་ཡི་ཕྱིར། །རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ན། །མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་གསུངས་པ་ལྟར། གཟུང་འཛིན་གྱི་དྲི་མ་མཐའ་དག་ཟད་ཅིང་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་ཤེས་བྱ་ཀུན་དང་རོ་མཉམ་ཞིང་སྐྱེ་འགག་དང་བྲལ་བའི་ངང་ནས་གནས་ལུགས་བདག་མེད་གཉིས་གཟིགས་པ་དང་སྔ་ཕྱི་མེད་པར་ཆོས་ཅན་ཐམས་ཅད་ཀྱང་མ་འདྲེས་ཡོངས་རྫོགས་མཁྱེན་གྱི། སྔ་མ་ལ་རིམ་ཅན་མེད་པས་ཕྱི་མའང་ཅིག་ཆར་དུ་གཟིགས་པ་སྟེ་སྔ་ཕྱིའི་རིམ་པ་མེད་དོ། །དཔེར་ན་མེ་ལོང་གཅིག་ལ་སྣ་ཚོགས་ཀྱི་གཟུགས་བརྙན་ཤར་བའི་ཚུལ་དུ་གཟིགས་པའི་ཡེ་ཤེས་འདུས་བྱས་མ་བྱས་སོགས་སྤྲོས་པའི་མཐའ་དང་བྲལ་བ་རང་བྱུང་གི་ཡེ་ཤེས་ཆེན་པོ་ཞེས་བྱ་སྟེ། སངས་རྒྱས་ཉིད་ཀྱི་ཁྱད་ཆོས་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར་ཚུལ་མཐོང་གི་ཡུལ་ཤེས་པའི་ཤེས་པ་སྐད་ཅིག་མ་དེ་འདྲ་སངས་རྒྱས་ལ་མི་འཇོག་གོ། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར་གདོད་མའི་དབྱིངས་དང་དབྱེར་མེད་པའི་ཡེ་ཤེས་འདུས་མ་བྱས་ལ་འདོད་དོ། །གཞི་ན་ཡེ་ནས་མེད་པ་ལམ་གྱིས་གསར་དུ་བྱས་པའི་ཡེ་ཤེས་ཡིན་ན་འདུས་བྱས་ལས་འོས་མེད་ལ། དེ་ལྟར་ན་རང་བྱུང་གི་ཡེ་ཤེས་མ་ཡིན་པ་དང་། སྐད་ཅིག་གི་འཇིག་ཅིང་མི་བརྟན་པས་བསླུ་བ་ཅན་དུ་འགྱུར་བའི་ཕྱིར། དམ་པའི་དོན་དུ་མི་སླུ་བའི། སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་གསུངས་པ་དང་འགལ་ལོ། །འདིར་མི་གནས་པའི་མྱ་ངན་ལས་འདས་པ་དང་འགོག་པ་ཡང་དག་པ་དང་། དོན་དམ་པའི་བདེན་པ་རྣམས་དོན་གཅིག་པའི་ཕྱིར་དེ་ལ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་འདུ་ཤེས་པ་ནི་སྤྲོས་པའི་འཆིང་བ་སྟེ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་མཐོང་བའི་གེགས་སུ་བཤད་དོ། །རྩ་ཤེས་ལས། གང་དག་སངས་རྒྱས་སྤྲོས་འདས་ཤིང་། །ཟད་པ་མེད་ལ་སྤྲོས་བྱེད་པ། །སྤྲོས་པས་ཉམས་པ་དེ་ཀུན་གྱིས། །དེ་བཞིན་གཤེགས་པ་མི་མཐོང་ངོ་། །ཞེས་དང་། གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་འདས་པ་འདུས་བྱས་འགྱུར། །དངོས་པོ་འདུས་བྱས་མ་ཡིན་ལ། །འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །དེའི་ཕྱིར་དང་པོ་སྟོང་པ་ཉིད་ཀྱི་དོན་དེ་བློ་དང་བློས་བཞག་པའི་བཅོས་མ་མ་ཡིན་པ་དང་། རང་གི་ངོ་བོ་ཉིད་ནས་ཞི་བ་ཆོས་ཅན་ཐམས་ཅད་ཀྱི་རང་བཞིན་ལས་གཞན་མ་ཡིན་པར་ཤེས་པས་མྱ་ངན་ལས་འདས་པ་ཤེས་ཏེ། རྒྱུད་ལས། གང་དག་སྟོང་ཉིད་མི་ཤེས་པ། །དེ་ཡིས་མྱ་ངན་འདས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པས་སྟོང་ཉིད་ཤེས་པར་གྱིས། །ཞེས་གསུངས་པའི་ཕྱིར། འདུས་བྱས་དངོས་པོ་མ་ཡིན་པ། །འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བཟློག་སྟེ་བཏོན་ན་མཚུངས་པར་མི་འགྱུར་རམ། ཡང་མཁས་པར་གྲགས་པ་ཁ་ཅིག །ཀུན་རྫོབ་སྐྱེ་འཇིག་བྱེད་པས་དེའི་རང་བཞིན་དོན་དམ་མི་འཇིག་པ་ལྟར་ཡེ་ཤེས་སྐྱེ་འཇིག་བྱེད་པས་དེའི་ངོ་བོ་ཆོས་དབྱིངས་འདུས་བྱས་སུ་མི་འགྱུར་རོ་ཞེ་ན། སངས་རྒྱས་ཀྱི་གདམས་གཞི་ཆོས་དབྱིངས་འབའ་ཞིག་ཏུ་མི་འཐད་པ་གོང་དུ་བཤད་ལ། ཚུར་མཐོང་གི་སྣང་ངོའི་བུམ་པའི་གནས་སྣང་གི་དཔེ་དེ་སྤྲོས་པ་ཀུན་ཞི་བ་གཉིས་སུ་མེད་པའི་ཡེ་ཤེས་མངའ་བ་ལ་མི་འཐད་དོ། །ཁོ་བོ་ཅག་སེམས་ཀྱི་སྐྱེ་འཇིག་གི་གནས་ལུགས་འདུས་མ་བྱས་ཀྱི་ཡེ་ཤེས་མི་འགྱུར་བར་འདོད་པས་སངས་རྒྱས་ཉིད་ཡེ་ཤེས་འདུས་མ་བྱས་ཀྱི་སྐུ་ཅན་ཞེས་བྱའོ། །ཡང་འཕགས་པའི་གང་ཟག་རྣམས་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་སླད་དུའོ་ཞེས་གསུངས་པའི་དོན་གང་ཡིན། དེའི་ངོ་བོ་བདེན་སྟོང་ལ་གསུངས་སོ། །བདེན་སྟོང་ཙམ་ཡུལ་ཀུན་ལ་ཁྱབ་པས་ཤེས་བྱ་ཐམས་ཅད་ནི་འདུས་མ་བྱས་ཀྱིས་ཕྱེ་ཞེས་ཅིའི་ཕྱིར་མ་གསུངས། མ་ཡིན་ཏེ། འདུས་མ་བྱས་མངོན་དུ་རྟོགས་པས་སོ་ཞེ་ན། འོ་ན་དེ་རྟོགས་པའི་གཉིས་མེད་ཀྱི་ཡེ་ཤེས་རང་བྱུང་འདུས་མ་བྱས་པ་དེ་འཕགས་པའི་ཕྱེ་ཆོས་ཡིན་པར་གྲུབ་བོ། །འདུས་མ་བྱས་སྟོང་རྐྱང་ཙམ་རྟོགས་པས་འཕགས་པར་འཇོག་ན། ནམ་མཁའ་མཐོང་བས་ཀྱང་འཕགས་པར་འགྱུར་རོ། །དེས་ན་སོ་སོ་རང་རིག་པའི་ཡེ་ཤེས་དབྱིངས་དང་རོ་མཉམ་པ་རྟོགས་པ་འཕགས་པའི་ཕྱེ་ཆོས་ཡིན་པར་འདོད་རིགས་སོ། །ཡང་ཁ་ཅིག །མཁྱེན་པའི་སྐད་ཅིག་གཅིག་ལ་ནི། །ཞེས་སོགས་གསུངས་པས་ཡེ་ཤེས་སྐད་ཅིག་མ་འདུས་བྱས་སུ་གྲུབ་ཅེ་ན། དེ་ནི་གཞན་གྱི་སྐད་ཅིག་མའི་ཡུད་ཙམ་ལ་མཁྱེན་པའི་དོན་ཡིན་ནོ། །གལ་ཏེ་མིན་ན་སྐད་ཅིག་དང་པོ་ལ་ཤེས་བྱ་ཐམས་ཅད་མཁྱེན་ནས་སྐད་ཅིག་ཕྱི་མ་རྣམས་ཀྱིས་ཅི་ཞིག་མཁྱེན། སྐད་ཅིག་མའི་རྒྱུན་གྱིས་མཁྱེན་ནོ་སྙམ་ན་མ་ཡིན་ཏེ། རྟོགས་ཟིན་རྟོགས་པའི་རིག་པ་སྟེ་རྣམ་མཁྱེན་ཚང་མིན་དུ་འགྱུར་རོ། །གཞན་ཡང་རྣམ་མཁྱེན་འདུས་བྱས་མི་རྟག་པར་འདོད་ན། གང་མི་རྟག་པ་ནི་སྡུག་བསྔལ་བའོ། །ཞེས་གསུངས་པས་གནོད་དོ། །ཁོ་ན་རེ། མི་གནོད་དེ་དག་པའི་ཞིང་དང་ས་ལམ་རྣམས་འདུས་བྱས་ཡིན་ཡང་སྡུག་བསྔལ་མ་ཡིན་པའི་ཕྱིར་འདུས་བྱས་ཡིན་ན་སྡུག་བསྔལ་ཡིན་པས་མ་ཁྱབ་ཅེས་བབ་ཅོལ་དུ་སྨྲའོ། །མ་གྲུབ་སྟེ། དཀོན་མཆོག་བརྩེགས་པ་ལས། བདེ་བ་ཅན་ན་སྡུག་བསྔལ་གསུམ་ལས་དང་པོ་གཉིས་མེད་ཀྱང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡོད་དེ་མི་རྟག་པ་ཡོད་པའི་ཕྱིར་ཞེས་དང་ལོངས་སྐུ་ཆེན་པོའི་ཞིང་ཁམས་སྡུག་པོ་བཀོད་པ་ལས་གཞན་དབང་ཕྱུག་ཆེན་པོའི་ཞིང་སོགས་བསམ་གྱིས་མི་ཁྱབ་པ་ཐམས་ཅད་འདུས་བྱས་མི་རྟག་པར་གསུངས་སོ། །འཕགས་པའི་རྗེས་ཐོབ་སྡུག་བདེན་དང་མི་འགལ་ཞིང་། མ་དག་ས་བདུན་མན་ཆད་ཐེག་དམན་གྱིས་འཇིགས་པ་དང་། དག་པ་གསུམ་མན་ཆད་ཤེས་སྒྲིབ་ཀྱིས་འཇིགས་པ་ཡོད་པ་སོགས་སྡུག་བསྔལ་དུ་གཏོགས་པའི་ཕྱིར་རོ། །ལར་ཐེག་པ་མཆོག་གིས་བློ་ལ་སྦྱངས་བ་ཐུན་མོང་གི་ལམ་ལ་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་མ་ཡིན་ཞེས་རྟོག་གེ་སྨྲ་བའི་ནང་དུ་ཟབ་དོན་སྙིང་པོའི་གཏམ་སོགས་བགྲོ་གླེང་དང་རྩོད་པ་བྱེད་པ་འོས་མིན་ཏེ་སྣོད་དུ་མ་གྱུར་པའི་ཕྱིར་དོན་མེད་པའི་སྟེང་ཉེས་པར་འགྱུར་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། འདུ་འཛིའི་ནང་དུ་གསང་བ་ཡི། །ཆོས་དང་མ་རྫོགས་སེམས་ཅན་དང་། །རྡོ་རྗེའི་ཚིག་ལ་རྩོད་པ་དག །སྔགས་པ་དམ་ཚིག་ཉམས་བྱེད་པས། །འབད་དེ་ཀུན་ཏུ་མི་བྱའོ། །ཞེས་གསུངས་པ་དང་ཚུལ་འདྲ་བའི་ཕྱིར་རོ། །དེ་ལྟ་བུའི་ཟབ་དོན་མཐར་ཐུག་སྙིང་པོ་འདི་སོ་སོ་སྐྱེ་བོའི་སྒྲ་རྟོག་གིས་ཇི་བཞིན་ངེས་པར་མི་ནུས་ཏེ། མདོ་དགོངས་འགྲེལ་ལས། སོ་སོར་རང་རིག་ཚད་མེད་སྤྱོད་ཡུལ་ནི། །རྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེའི་ཡུལ་ལས་འདས་པའོ། །ཞེས་གསུངས་པའི་ཕྱིར། དེའི་རྒྱུ་མཚན་ཡང་འཕགས་པ་ས་དང་པོ་ནས་སོ་སོ་རང་རིག་སྟེ་རང་བྱུང་གི་ཡེ་ཤེས་ཐོབ་པས་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་འདི་མཐོང་བའི་ཕྱིར་རོ། །འོ་ན་རྗེས་དཔག་གི་རིག་པས་ཇི་བཞིན་མི་རྟོགས་ན་སྤྲོས་པ་འགོག་པའི་རྟགས་རྣམས་མི་འཐད་ཅེ་ན། རྟོག་གེའི་རྗེས་སུ་དཔག་པས་རང་བཞིན་ཡང་དག་པར་མི་རྟོག་ཀྱང་ལྡོག་ཕྱོགས་ཀྱི་སྒྲོ་འདོགས་མངོན་གྱུར་རགས་པ་སེལ་ནུས་པའི་ཕྱིར་རྟགས་དོན་མེད་དུ་མི་འགྱུར་ཏེ། སྒྲ་རྟོག་གི་བློ་རྣམས་གཞན་སེལ་ཡིན་པའི་ཕྱིར། དབུ་མ་སྙིང་པོ་ལས། དེས་ནི་རྗེས་སུ་དཔག་པའི་ཡུལ། །དེ་ཉིད་ཡིན་པར་མི་འགྲུབ་ཀྱང་། །དེ་ཉིད་ཤེས་པ་མི་མཐུན་ཕྱོགས། །གང་ཡིན་དེ་ནི་སེལ་བར་བྱེད། །ཅེས་སོ། །རྡོ་རྗེའི་གནས་ཟབ་མོ་འདི་སུ་ཡང་རུང་བས་རྟོགས་སླ་བ་ཞིག་ཡོད་ན། མདོ་ལས་སངས་རྒྱས་ཉག་གཅིག་ལས་ས་བཅུའི་འཕགས་པས་ཀྱང་ཇི་བཞིན་མི་མཐོང་ན། གཞན་སོ་སྐྱེ་དང་ཉན་རང་རྣམས་ཀྱིས་ལྟ་ཅི་སྨོས་ཅིའི་ཕྱིར་གསུངས། སྔོན་འཕགས་ཡུལ་དུ་སློབ་དཔོན་ཕྱོགས་གླང་སོགས་ཀྱིས་བྱམས་ཆོས་གཞན་རྣམས་མང་བཤད་མཛད། རྒྱུད་བླ་མ་འདི་སློབ་མ་བཟང་ཤོས་ཁ་ཤས་ལ་ལྐོག་ཆོས་སུ་སྙན་བརྒྱུད་བྱས་ནས་རེ་ཞིག་འདིའི་སྣོད་དཀོན་པར་དགོངས་ཏེ་དཔེ་བམ་གཏེར་དུ་སྦས་སོ། །ཕྱིས་སུ་མངའ་བདག་མེ་ཏྲི་པས་མཆོད་རྟེན་ཞིག་གི་བུག་པ་ནས་འོད་འབྱུང་བ་གཟིགས་ཏེ་ཅི་ཡོད་སྙོམས་པའི་བཙལ་ནས་རྙེད་པས་དར་བར་མཛད་ཅེས་གྲགས། ལྷ་མོ་དཔལ་ཕྲེང་གི་མདོ་ལས་ཡོན་ཏན་བཤད་པའི་སྐབས་སུ། སངས་རྒྱས་ཉིད་ཀྱི་ཡོན་ཏན་ནི་སོ་སོའི་སྐྱེ་བོ་རྣམས་ལ་ཡང་དང་པོ་ཉིད་ནས་རྣམ་པར་དབྱེ་བ་མེད་པར་གནས་པའི་ཆོས་ཡིན་ལ། ཕྱིས་དྲི་མ་བསལ་བས་ཐོབ་པ་ཡང་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་སྟེ། གང་གི་ཕྱིར་གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་འགའ་ཡང་མེད་དོ། །འོན་ཀྱང་འདུ་ཤེས་ཀྱི་འཛིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལས་ནི་ཐམས་ཅད་མཁྱེན་པའི་རང་བྱུང་གི་ཡེ་ཤེས་ཐོགས་པ་མེད་པར་རབ་ཏུ་འབྱུང་ངོ་། །ཞེས་དང་། མདོ་ཕལ་པོ་ཆེ་ལས་ཀྱང་། སྟོང་གསུམ་དར་ཡུག་ཆེན་པོའི་དཔེས་སེམས་ཅན་ལ་རྒྱལ་བའི་ཡེ་ཤེས་ཡོད་པ་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་གསུངས་སོ། །དེས་ན་རྒྱལ་བའི་ཡུམ་ལས། ལྷའི་བུ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ་མཚན་ཉིད་མེད་པའི་དབྱིངས་དེ་ནི་དེ་བཞིན་དུ་གནས་སོ། །མཚན་ཉིད་མེད་པའི་དབྱིངས་ཇི་ལྟ་བཞིན་དུ་གནས་པ་དེ་ནི་དེ་བཞིན་གཤེགས་པས་མ་ནོར་བར་མངོན་པར་སངས་རྒྱས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ཡེ་ནས་མ་སྐྱེས་པ་དང་མ་འགག་པ་དང་། མྱ་ངན་ལས་འདས་པའོ། །ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་ན་ནི་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་སོ། །དེ་ལྟར་ཡང་ཕྱིན་ཅི་ལོག་ཏུ་ཡུན་རིང་པོར་གོམས་པས་གནས་ལུགས་བདག་མེད་གཉིས་ཀྱི་རང་བཞིན་བདེ་བར་གཤེགས་པའི་སྙིང་པོ་ལྷན་སྐྱེས་སུ་ཡོད་པ་དེ་མི་མཐོང་བར་དོན་ལ་མེད་པ་བདག་གཉིས་སུ་སྣང་བའི་འཁྲུལ་པ་གློ་བུར་ལ་བདེན་པར་སྤྱོད་པ་ནི་མུན་པ་ལས་ཀྱང་མུན་པ་ཆེན་པོ་ཞེས་བྱ་སྟེ། མདོ་སྡེ་རྒྱན་ལས། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་གསུངས་པའི་ཕྱིར། རང་ལ་ད་ལྟ་ཡེ་ཤེས་མངོན་པར་ཡོད་པ་མ་མཐོང་བ་ཙམ་གྱིས་མེད་པ་མི་འགྲུབ་པའི་ཕྱིར། ལུང་ལ་ཡིད་ཆེས་ཏེ་དང་པོ་དད་པ་བསྒྲུབ་པར་བྱ་དགོས་སོ། །མདོ་ལས། གང་ཞིག་ང་ཡི་ཚིག་ལ་ཡིད་ཆེས་ཏེ། །རྒྱལ་བའི་ཡེ་ཤེས་ཕུང་པོ་དབང་བྱས་ཤིང་། །སངས་རྒྱས་ཉིད་ཀྱིས་མཁྱེན་ཅེས་ཚིག་ཏུ་བརྗོད། །བདག་གི་བདེན་པའི་ཚིག་ལ་ཡིད་ཆེས་མཛོད། །ཅེས་གསུངས་པ་ལྟར། འདི་ལྟ་བུ་ཟབ་མོའི་ཆོས་དང་སངས་རྒྱས་ལ་ཐེ་ཚོམ་མེད་པའི་དད་པ་དང་ལྡན་པས་རྟོགས་པར་གསུངས་ཏེ། ཐར་པའི་རྒྱུ་ལ་མཐའ་ཡས་ཀྱང་དད་པ་རྩ་བར་བསྟན་པ་ནི་དམ་པའི་ཆོས་སྣང་བའི་སྒོ་སྟེ་གཙོ་ཆེ་བར་དགོངས་ལ་དད་པ་མེད་ན་སངས་རྒྱས་དང་དེས་ཆོས་ལ་སྐུར་བ་འདེབས་སོ། །དད་པ་ཡོད་ཀྱང་ཤེས་རབ་ཡང་དག་པ་མེད་ན་ཆོས་ཀྱི་རང་བཞིན་ཅི་བཞིན་མི་ཤེས་པས་སྒྲོ་འདོགས་པ་ལ་སོགས་པའི་ཤེས་རབ་འཆལ་བའི་ཉེས་པར་འགྱུར་རོ། །ལྷག་བསམ་བརྟེན་པའི་མདོ་ལས། ཤཱ་རིའི་བུ་དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ། །ཞེས་དང་། འདིར་ཡང་། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱི་རྟོགས་བྱ་ཡིན། །ཞེས་གསུངས་སོ། །དེ་ལ་དགོངས་ནས་འཕགས་པ་ཀླུ་སྒྲུབ་ཀྱིས། དད་ཅན་ཉིད་ཕྱིར་ཆོས་ལ་བརྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་གསུངས་སོ། །མཁས་པ་བློ་སྦྱངས་པ་དག་གིས་ཡང་དག་པར་རྟོགས་ལ་གཞན་ནི་ཡོད་མེད་སྣ་ཚོགས་ཀྱི་གཞིར་རྟོག་པས་འཁྲུལ་བར་འགྱུར་ཏེ། དཀོན་མཆོག་བརྩེགས་པ་ལས། ཆོས་དབྱིངས་རྣམ་པ་ཐམས་ཅད་དུ། །འགྱུར་མེད་མཁསཔའི་སྐྱེ་བོས་རྟོགས། །བྱིས་པ་རྣམས་ནི་དེ་ལ་འཁྲུལ། །བློ་སྦྱངས་པས་ནི་ཡང་དག་རྟོགས། །ཞེས་གསུངས་སོ། །གཞན་ཡང་། ལང་ཀར་གཤེགས་པ་ལས། དངོས་པོ་མེད་ཅིང་དམིགས་སུ་མེད། །ཐམས་ཅད་སྟོང་པ་གནས་མེད་པ། །སྤྲོས་པ་རྣམས་ལས་ཡང་དག་འདས། །བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན། །ཞེས་དང་། ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བའི་སེམས་དེ་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །ཞེས་གསུངས་པ་ལྟར་ཐེག་ཆེན་གྱི་མདོ་རྣམས་སུ་སྙིང་པོ་འདི་ལ་བྱང་ཆུབ་དང་བྱང་ཆུབ་ཀྱི་སེམས་དང་། བྱང་ཆུབ་ཀྱི་སྙིང་པོ་ཞེས་ཀྱང་གསུངས་པ་འདི་ཉིད་མངོན་དུ་གྱུར་པ་དང་མ་གྱུར་པ་ལས་སངས་རྒྱས་དང་སེམས་ཅན་ཞེས་རྗོད་ཀྱི། གཞན་གྱི་ཡེ་ཤེས་གཞན་གྱི་རྒྱུད་ལ་འཕོས་ནས་བྱང་ཆུབ་པ་ནི་མ་ཡིན་པ་ཤེས་པར་བྱའོ། །འཕགས་མཆོག་ཀླུས། བྱང་ཆུབ་རིང་མིན་ཉེ་བའང་མིན། །འགྲོ་མིན་འོང་བ་མ་ཡིན་ཏེ། །ཉོན་མོངས་གྱུར་མིན་འདི་ཉིད་ལས། །མཐོང་བ་དང་ནི་མ་མཐོང་མིན། །ཞེས་དང་། མདོ་སྡེ་རྒྱན་ལས། དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་ངེས་དོན་བདེར་གཤེགས་སྙིང་པོ་དེ་ཉིད་ལུང་རིག་མན་ངག་གིས་ཇི་ལྟར་བསྒྲུབས་པ་རྣམས་དོན་ལ་གནས་ཀྱང་། རྒྱུ་བསགས་པ་རྣམས་ནི་ཅུང་ཟད་ཐོས་པས་དོན་འགྲུབ་སྟེ། དགེ་འདུན་སྲུངས་ཀྱིས་ཆོས་བསྟན་པ་ལ་དྲང་སྲོང་རྣམས་ཀྱིས་ཕག་ཉན་བྱས་པས་འབྲས་བུ་ཐོབ་པ་བཞིན་ནོ། །སྔོན་སྦྱངས་དམན་པ་རང་རེ་ལས་དང་པོ་པ་ཚུལ་མིན་ཡིད་བྱེད་གོམས་པ་དག་ནི་ཡོད་མེད་སོ་སོར་བསྟན་ན་རྟག་ཆད་དུ་འཛིན་ལ། ཟུང་འཇུག་ཏུ་སྨྲས་ན་ཡོད་མེད་གཉིས་ལྷན་ཅིག་བསྒྲིལ་བ་ལྟ་བུ་ལས་དོན་གྱི་བབ་དང་མཐུན་པ་ཞིག་འོང་དཀའ་བའི་ཕྱིར། ཕུང་ལྔའི་གཟེབ་ཏུ་ཡེ་ཤེས་བཙལ་བས་མི་རྙེད་དེ་ཐ་སྙད་ནི་རྣམ་ཤེས་དབང་བཙན་པའི་གནས་ལུགས་དང་མི་མཐུན་ལ་དོན་དམ་དཔྱོད་ངོར་ནི་ཅི་ཡང་གྲུབ་པ་མེད་པའི་ཕྱིར་ངལ་བ་ཡིན་ནོ། །དེ་བས་ན་དང་པོ་ཐུན་མོང་གི་ལམ་ཡན་ཆད་ནས་ཐོས་པ་མང་དགོས་ཏེ། ཇི་སྐད་དུ། མི་འཇིག་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ་ཆོས་རྣམས་རྣམ་པར་འབྱེད་པའོ། །དབང་ཆུང་བ་རྣམས་ཀྱི་ཐ་མ་ནི་འདི་ལྟ་སྟེ་གང་ཐོས་པ་ཉུང་བའོ། །ཞེས་དང་། གང་མང་དུ་ཐོས་པ་ནི་རིའམ་རྒྱ་མཚོ་ལྟར་ང་རྒྱལ་ཆེའོ། །ཞེས་ཀྱང་གསུངས་ཏེ་དེ་ལ་ཚིག་གི་ང་རྒྱལ་ཙམ་སྤང་བྱ་སླ་སྟེ་ཟས་དུག་པ་བཞིན་དོན་གྱི་སྨན་མྱང་བས་སེལ་ལ། དོན་གྱི་ང་རྒྱལ་ནི་སྤང་བྱ་ཕྲ་སྟེ་སྨན་དུག་ཏུ་གྱུར་པ་བཞིན་ཡིན་པས་ཡོན་ཏན་སྐྱེ་བའི་གེགས་ང་རྒྱལ་བཅོམ་ཞིང་སྙིང་རྗེ་བྱང་ཆུབ་སེམས་ཀྱི་གྲོགས་སུ་བྱས་ནས་ཐོས་སོགས་ཀྱིས་སེམས་ལས་སུ་རུང་བར་བྱའོ། །རྣམ་བཤད་རིག་པ་ལས། རྒྱུ་གསུམ་དག་གིས་ལྤགས་པ་ལས་སུ་རུང་བར་འགྱུར་ཏེ་སྣུམ་བསྐུ་བ་དང་མཉེ་བ་དང་བསྲོ་བ་རྣམས་ཀྱིས་སོ། །དེ་བཞིན་དུ་སེམས་ཀྱང་ཐོས་པ་དང་བསམ་པ་དང་སྒོམ་པ་རྣམས་ཀྱིས་སོ། །ཞེས་དང་། དཔེར་ན་རྡོ་ཐལ་མེས་བསྲེག་ཆུས་འཇིག་པ་བཞིན། བག་ལ་ཉལ་བའི་ཉོན་མོངས་པའི་རྡོ་ཤེས་རབ་ཀྱི་མེས་བསྲེག་ཏིང་ངེ་འཛིན་གྱི་ཆུས་སྤང་ན་འཇིག་གོ་གསུངས། མེ་ལྟ་བུའི་ཤེས་རབ་ཀྱང་ཐོས་པ་ལས་འབྱུང་ལ་ཐོས་པའི་དོན་མ་ཤེས་ན་ཚིག་གི་ཁུར་ཐོགས་ཀྱང་དོན་མངོན་པར་མི་ཐོབ་སྟེ། ཁྱེའུའི་མགུལ་དུ་གཏེར་གྱི་ཁ་བྱང་བཏགས་པ་དང་འདྲའོ། །ཚིག་ནི་དོན་མཚོན་བྱེད་དེ་མུན་ཁང་གི་གསེར་སྒྲོན་མེས་འཚོལ་བ་ལྟར་རོ། །དེས་ན་ཐོས་པ་ལས་དོན་དང་དོན་ལག་ལེན་དུ་ཐེག་པ་གལ་ཆེ་སྟེ། མེལ་ཚེ་བ་སོ་སོར་མི་རྟོག་པ་ནི་མ་ཉལ་ཞེས་ཟེར་བཞིན་དུ་ཆོམ་པོས་བཅོམ་མོ། །དེ་བཞིན་དུ་སྒྲ་ཙམ་ལ་བརྩོན་པའི་མང་དུ་ཐོས་པ་སོ་སོར་མི་རྟོག་པ་ཡང་ཉོན་མོངས་པའི་དགྲ་རྣམས་ཀྱིས་བཅོམ་མོ། །སོ་སོར་རྟོག་པ་དེ་ཡང་དོན་ཤེས་པ་ལས་འབྱུང་བས་དོན་གཟུང་བར་བྱའོ། །དེ་བཞིན་དུ་རོལ་མོ་མཁན་རྐུན་པོའི་འཇིགས་ནས་མི་ཉལ་བར་བྱ་བའི་ཕྱིར་གླུ་ལེན་བཞིན་དུ་བཅོམ་པ་ལྟར། ཆོས་འཆད་ཉན་གླུ་ལེན་པ་ལྟ་བུ་བྱེད་བཞིན་དུ་ཉོན་མོངས་པས་བཅོམ་མོ། །གཞན་ཡང་དཀོན་མཆོག་བརྩེགས་པ་ལས། མི་ཞིག་རྒྱ་མཚོས་ཁྱེར་བ་སྐོམ་བཞིན་དུ་ཤི་བ་ལྟར། ཁ་ཅིག་ཆོས་མང་པོ་ལ་བསླབ་སྟེ་ཀུན་ཆུབ་པར་བྱས་ཀྱང་དུག་གསུམ་ལ་སྲེད་པ་མི་སེལ་བ་དེ་དག་ཆོས་ཀྱི་རྒྱ་མཚོས་ཁྱེར་ལ། ཉོན་མོངས་པས་སྐོམ་པས་འཆི་བའི་དུས་བྱེད་པར་འགྱུར་ཏེ་ངན་འགྲོར་འགྲོ་བར་འགྱུར་རོ། །ཞེས་གསུངས། དྲག་ཤུལ་ཅན་གྱིས་ཞུས་པ་ལས། གལ་ཏེ་མང་དུ་ཐོས་པ་དལ་བ་ཕུན་སུམ་ཚོགས་པ་འདི་རྙེད་ནས་རྙེད་པ་ལ་སོགས་པ་ལ་ཆགས་པའི་སེམས་མི་སྦྱོངས་ན་དེ་ལྷ་དང་བཅས་པའི་འཇིག་རྟེན་ལ་བསླུ་བ་གཅིག་པུར་འགྱུར་རོ། །ཞེས་གསུངས་སོ། །ཚིག་གི་ཐ་སྙད་ན་ཡམ་མང་པོ་བསམ་ཞིང་ཤེས་པ་བཀྲ་ཡས་པ་ནི་དོན་དངོས་དང་འགལ་བ་ལ་མཆོག་ཏུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ཏེ་ཤེས་འཆལ་དུ་གྱུར་པས་རང་རིག་འོད་གསལ་སྙིང་པོ་ལ་སྒྲིབ་པ་གཟུང་འཛིན་རྟོག་པའི་རྒྱུ་བྱེད་པར་གསུངས་པ་དང་། ཐོས་དོན་ཉམས་སུ་མ་བླང་བའི་ཁ་བཤད་ཙམ་ནི་ཉེས་པ་ཅན་གྱི་སྨྲ་བ་སྟེ། ལྷག་བསམ་བསྐུལ་བ་ལས། ཐོས་པས་བརྒྱགས་ནས་གུས་པར་མི་འགྱུར་ཏེ། །རྣམ་པར་འགྱེད་པའི་སྨྲ་བ་རྣམས་ལ་ཆགས། །བརྗེད་པར་འགྱུར་ཞིང་ཤེས་བཞིན་མེད་པར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། །ཞེས་སོགས་མང་དུ་གསུངས་ནས། ཡུན་རིང་དུས་ནས་སྨྲ་ལ་དགའ་བས་ན། །དེས་ནི་བདག་ཉིད་དགའ་བ་མི་ཐོབ་སྟེ། །ཚིག་གང་དགའ་བ་མཐའ་ཡས་ཐོབ་འགྱུར་བ། །ཚིག་གཅིག་ཙམ་ཞིག་བསམས་ཀྱང་མཆོག་ཡིན་ནོ། །ཞེས་དང་། ཡང་དེ་ལས་ཚིག་རྗེས་འབྲང་བ་དང་། དོན་རྗེས་འབྲང་བའི་དཔེ། བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པའི་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤང་སྟེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤིག །ཞེས་དང་། ཇོ་བོ་རྗེས། ཐོས་པས་མི་ཤེས་སྒོམ་པས་ཤེས། །ཞེས་གསུངས་སོ། །དེའི་ཕྱིར་ན། ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་ཏེ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་གྱིས། །རིག་པ་བརྒྱ་དག་གིས་ནི་གཟུང་བར་མཛད། །ཅེས་དང་། ཤེར་ཕྱིན་ལས། རབ་ཏུ་བཙལ་ན་མི་དམིགས་ཆོས། །སེམས་ལ་དངོས་པོར་མི་སྣང་བས། །ཆོས་ཉིད་ལེགས་པར་ཤེས་པ་ཡི། །བློ་ལྡན་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར། འཁྲུལ་པའི་སེམས་སེམས་བྱུང་ཡུལ་དང་བཅས་པ་ཡང་དག་པའི་ལུང་དང་གཅིག་ཏུ་བྲལ་ལ་སོགས་པའི་རིགས་པ་དུ་མས་ཚུལ་བཞིན་དུ་དཔྱད་དེ་གཏན་ལ་ཕབ་ན། སྣང་ཙམ་ལས་དོན་དམ་པར་བདེན་དངོས་ཀྱི་རྣམ་པ་ཅི་ཡང་གྲུབ་པ་མེད་པའི་ངེས་པ་མི་སྐྱེ་མི་སྲིད་ལ། དེ་ཡང་དམིགས་གཏད་ཅན་གྱི་སྒོམ་པ་གཞན་དང་མི་འདྲ་བས་སྲིད་རྩ་ཧྲུལ་པོར་བྱེད་པར་བཤད་དོ། །ལྷའི་བུས་ཞུས་པ་ལས། ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆེན་བརྗེད་ངེས་པ་གང་མཉམ་པར་བཞག་པའི་རྣམ་གྲངས་ཡོད་དམ། ལྷའི་བུ་ཡོད་དེ་བྱང་ཆེན་གང་ལ་ལ་རྨི་ལམ་དུ་ཡང་དོན་དམ་པར་རྫས་དང་ངོ་བོ་དང་དངོས་པོའི་སེམས་མི་སྐྱེ་བ་དེ་ནི་མི་དམིགས་པའི་ཚུལ་གྱིས་ཤིན་ཏུ་མཉམ་པར་བཞག་པར་འགྱུར་རོ། །ཞེས་གསུངས་པས། བདེན་ཞེན་མ་སྤངས་ན་བརྗེད་པ་མེད་པར་མཉམ་པར་བཞག་ཀྱང་གཡེང་བ་དང་འདྲའོ། །གཞན་ཡང་། མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ་ཞེས་བདེན་འཛིན་གྱི་རྣམ་པར་རྟོག་པ་ལ་སོགས་པ་ལ་ཉོན་མོངས་པ་ཞེས་སྤང་བྱའི་གཙོ་བོར་གསུངས་པ་དང་། དབུ་མ་སྙིང་པོ་ལས། སེམས་དང་སེམས་བྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །དེ་དག་འཆིང་བའི་རྒྱུ་ཉིད་དུ། །ཞེས་ཁམས་གསུམ་གྱིས་བསྡུས་པའི་སྒྲོ་བཏགས་ཀྱི་རྟོག་པ་སྣ་ཚོགས་པ་རྣམས་དང་། བརྒྱད་སྟོང་དོན་བསྡུས་ལས། དངོས་དངོས་མེད་དང་སྒྲོ་འདོགས་དང་སྐུར་འདེབ་གཅིག་དང་ཐ་དད་ངོ་བོ་ཉིད་དང་ཁྱད་པར། མིང་ཇི་ལྟ་བ་བཞིན་དོན་དང་དོན་ཇི་ལྟ་བ་བཞིན་མིང་དུ་རྟོག་པ་སྟེ་རྣམ་གཡེང་གི་རྟོག་པ་བཅུ་གསུངས་པ་དང་། མདོ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྷུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པ་འབྱུང་། །ཞེས་དང་། སེམས་རང་དབང་དུ་གནས་སུ་མི་བཏུབ་པའི་གཉིད་འགྱོད་རྟོག་དཔྱོད་དེ་གཞན་འགྱུར་བཞི་ལས་རྟོག་དཔྱོད་མང་བ་དངོས་གཞི་ཐོབ་པའི་གེགས་སུ་གསུངས་པས་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་ཕྱིར་རྣམ་རྟོག་ཐམས་ཅད་སྤངས་ནས་སྒོམ་པ་དངོས་ལ་འཇུག་པར་བྱའོ། །དེའི་ཕྱིར་མདོ་སྡེ་རྒྱན་ལས། གལ་ཏེ་མ་ཐོས་པ་ཡང་སྒོམ་འཇུག་འགྱུར་ན་བསྟན་པ་དོན་མེད་འགྱུར། །གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་སྒོམ་པ་དོན་མེད་འགྱུར། །དེ་ལྟར་བདེ་བར་གཤེགས་པའི་བསྟན་པ་དེ་ཡང་དོན་མེད་མིན། །དེ་ལྟར་རྣལ་འབྱོར་ཅན་གྱི་སྒོམ་པ་དེ་ཡང་དོན་མེད་མིན། །ཞེས་དང་། འདུལ་བ་ལས། གདམས་ངག་མེད་པར་བསམ་གཏན་བྱེད་ན་འགལ་ཚབ་ཅན་དུ་འགྱུར་རོ། །ཞེས་གསུངས་པས་བརྒྱུད་ལྡན་གྱི་བླ་མ་བྱིན་རླབས་ཅན་གྱི་གདམས་ངག་ཐོབ་ན་མཆོག་ཏུ་འགྱུར་ཏེ། རྒྱང་རིང་པོའི་འབོད་སྐད་ལས་ཚིག་དོན་ཇི་བཞིན་ངེས་དཀའ་བ་ལྟར། སྒྲ་ཚིག་མང་པོ་ལ་ཡུན་རིང་ངལ་བ་ལས་གནས་ལུགས་མི་རྟོག་པའི་ཡེ་ཤེས་བདེ་བླག་ཏུ་ངེས་པ་ནི་བླ་མའི་མན་ངག་ལ་རག་ལས་པའི་ཕྱིར་ཟབ་པ་ཡིན་ཏེ་སྔར་ཡང་བཤད་དོ། །མི་རྟོག་པའི་ཡེ་ཤེས་དངོས་མོས་སྤྱོད་ན་མེད་ཀྱང་དེ་དང་རྗེས་མཐུན་པ་ཡོད་དེ། ཚོགས་ལམ་ན་གོ་བ་སྤྱིའི་འོད་གསལ་སྦྱོར་ལམ་ན་མྱོང་བ་དཔེའི་འོད་གསལ་མཐོང་ལམ་ན་རྟོགས་པ་དོན་གྱི་འོད་གསལཞེས་བྱ་བ་དང་། ཆོས་དབྱིངས་བསྟོད་པ་ལས། མར་ངོའི་བཅུ་བཞིའི་ཟླ་བའི་དཔེས་མོས་པའི་སྤྱོད་པ་རྣམས་ལ་ཡང་འོད་གསལ་ཆོས་སྐུ་ཅུང་ཟད་སྣང་བར་གསུངས་སོ། །དེས་ན་དོན་དེ་དག་ཁོང་དུ་ཆུད་པར་བྱས་ནས་སོ་སོས་སྐྱེ་བོའི་ལྟ་བ་ནི་རྗེས་དཔག་གིས་དོན་སྤྱི་ལ་དམིགས་ནས་སྐྱོང་དགོས་པས་གོང་དུ་བཤད་པའི་དཔྱད་མཐས་སྟོང་པའི་ངེས་པ་དེ་ལ་འདྲིས་པའི་དངོས་པོ་ཞེས་བརྗེད་པ་མེད་པར་ཡང་ཡང་གོམས་དགོས་པས་སེམས་བྱུང་གི་དྲན་པ་འདས་པའི་ཡུལ་ཅན་དང་དྲན་པས་ཟིན་མ་ཟིན་བརྟག་པའི་བྱ་ར་བ་ལྟ་བུ་ད་ལྟའི་ཡུལ་ཅན་ཤེས་བཞིན་དང་མི་འབྲལ་བའི་སྒོ་ནས་རང་བཞིན་མེད་པའི་འཛིན་སྟངས་འདི་གལ་ཆེ་སྟེ། འདོད་པའི་སར་མ་ཕྱིན་པར་དུ་ལམ་དང་སྐྱེལ་མ་འདོར་དུ་མི་རུང་བ་བཞིན་དང་ཡེ་ནས་ཡོད་འཛིན་གོམས་པའི་དངོས་གཉེན་སོ་སོར་རྟོག་པའི་ཤེས་རབ་ཡིན་ལ། སྤང་བྱ་དང་འགལ་བའི་འཛིན་རྟོག་དེ་ཉིད་ཡོད་ཚེ་མི་མཐུན་ཕྱོགས་ཟིལ་གྱིས་མནན་ནས་མི་སྐྱེ་བའི་ཕྱིར་རོ། །དེ་ཡང་གོ་བ་ལ་བརྟེན་ནས་དཔྱད་སྒོམ་གྱི་དུས་སུ་རང་བཞིན་མེད་པའི་དོན་སྤྱི་བློ་ལ་སྣང་ཙམ་ལས་ངེས་པ་མེད་ཀྱང་རིང་དུ་གོམས་པས་ངེས་ཤེས་ཕུ་ཐག་ཆོད་པ་སྐྱེ་ལ། དེ་ནས་ལྟ་བའི་དཔྱད་སྒོམ་ཤུགས་ཆུང་ངུར་འགྱུར་བས་མི་རྟོག་པར་འཇོག་པ་དང་སྤེལ་མར་བྱ་དགོས་གསུངས། དེས་ན་རྩུབས་ཤིང་གརྩུབས་པའི་དཔེ་ལྟར་རྟོག་པ་ལ་བརྟེན་ནས་རེས་འཇོག་མེད་པར་སྒོམ་པ་རྒྱུན་བསྲིང་ན་མྱུར་དུ་རྟོག་མེད་མངོན་སུམ་གྱི་གསལ་སྣང་སྐྱེ་སྟེ། སློབ་དཔོན་དཔའ་བོས། རྒྱུན་མི་འཆད་པའི་རྣལ་འབྱོར་གྱིས། །བསམ་གཏན་བསྒྲུབ་ལ་བརྩོན་པར་བྱ། །ཡང་དང་ཡང་དུ་ངལ་བསོས་ན། །བརྩུབས་པའི་མེ་འབྱིན་མི་འགྱུར་ཏེ། །རྣལ་འབྱོར་ཚུལ་ལའང་དེ་བཞིན་དུ། །ཁྱབ་པར་མ་ཐོབ་བཏང་མི་བྱ། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་ཚུལ་གྱིས་གནས་ལུགས་ལ་གོམས་ཆ་ཐོན་པས་ཕྱི་ནང་གི་སྣང་རྟོག་ཐམས་ཅད་བརྟན་པ་མེད་པ་གཟུགས་བརྙན་གྱི་རྣམ་པའི་ཉམས་ཀྱང་འཆར་རོ། །དེའི་ཚེ་སྤྱོད་འཇུག་ལས། ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །ཞེས་མེད་འཛིན་གྱི་རྟོག་པ་དེ་སྤང་བྱར་བཤད་པས་བུད་ཤིང་ཟད་པའི་མེ་བཞིན་རང་འགགས་སུ་འགྱུར་ཏེ། སོ་སོ་རང་རིག་མི་རྟོག་པའི་ཡེ་ཤེས་ཀྱིས་གནས་ལུགས་མངོན་སུམ་དུ་གྱུར་པ་ལ་རྟོག་པའི་ཞེན་ཡུལ་མི་འཐད་པའི་ཕྱིར། སྔར་ཐོས་བསམ་གྱིས་དཔྱད་པའི་རྟོག་པ་ནི་སྐབས་དེར་མི་སྲིད་དོ། །འདིར་ཁ་ཅིག་གིས་རང་བློ་ལ་མ་ལྟོས་པར་ཐུན་མོང་མ་ཡིན་པའི་མན་ངག་ཅན་བློ་རབ་ཁ་ཅིག་གི་སྒོམ་པ་ལ་འགྲེན་ཏེ། དང་པོ་ཉིད་ནས་རྟོག་མེད་དུ་འཇོག་དགོས་ཀྱི་རྟོག་པ་བསྒོམས་པས་བློ་དེའི་རྒྱུན་རྟོག་མེད་དུ་འགྱུར་བ་མི་འཐད་ཅེའོ། །འོ་ན་བློ་ཡུལ་ལ་འཇུག་ཚུལ་ལ་རྟོག་པ་སེལ་བའི་སྒོ་ནས་དང་རྟོག་མེད་སྣང་བའི་སྒོ་ནས་འཇུག་པ་ཡིན་པས། དེ་ལྟ་ན་རྟོག་མེད་ཁོ་ན་སྒོམ་པ་ལས་རྟོག་པ་ཅི་ཙམ་གོམས་པར་བྱས་ཀྱང་ཡུལ་གྱི་དོན་མངོན་སུམ་གསལ་བར་སྣང་བ་མི་སྲིད་པར་ཁས་ལེན་དགོས་སོ། །སློབ་དཔོན་ཆོས་ཀྱི་གྲགས་པས། མི་གཙང་ཟད་པར་ས་ལ་སོགས། །ཡང་དག་མིན་པའང་བསྒོམས་པ་ཡི། །སྟོབས་ཀྱིས་སྤྲུལ་པ་རྟོག་མེད་དང་། །གསལ་བར་སྣང་བ་ཅན་དུ་མཐོང་། །ཞེས་གསུངས་པ་དང་ཡང་འགལ་ལོ། །འང་གི་སྒྲུས་ཡང་དག་པ་མ་ཟད་ཅེས་བསྡུའོ། །འདི་འདྲ་སྔོན་དུས་ཧྭ་ཤང་གི་གྲུབ་མཐའ་ཅིག་ཅར་བའི་ལམ་དང་ཡིད་བྱེད་བཀག་ཅིང་། སྤྲིན་དཀར་ནག་གཉིས་ཀས་ནམ་མཁའ་སྒྲིབ་པའི་དཔེས་དགེ་སྡིག་གཉིས་ཀྱང་དོན་མཐོང་བ་ལ་སྒྲིབ་པར་བཤད་པས། ལས་དང་པོ་པ་རྣམས་ཆད་ལྟར་གོལ་བར་མཁྱེན་ནས་སློབ་དཔོན་ཀཱ་ཤཱི་དང་། གཉན་དཔལ་དབྱངས། རྦ་ཡེ་ཤེས་དབང་པོ་སོགས་ཀྱིས་ཚར་བཅད་ཟིན་ཏོ། །ཡང་རྟོག་གེ་ལ་གཅེས་སྤྲས་ཀྱིས་འབྲལ་མི་ཕོད་པ་ཁ་ཅིག །ཆོས་ཉིད་མངོན་སུམ་མཐོང་ཡང་ངེས་ཤེས་ཀྱི་འཛིན་སྟངས་གལ་ཆེ་ཞེས་སྨྲའོ། །འདིའང་དཔྱད་པར་བྱ་སྟེ། གང་ཡང་བསྒོམ་བྱའི་དོན་དེའི་རང་མཚན་ཡུལ་དུས་གཞན་དང་མ་འདྲེས་པར་གསལ་བར་ཤར་ཡང་རྟོག་མེད་དུ་མི་འདོད་ན། ཕྱི་རོལ་བས་དབང་ཤེས་རྟོག་པར་འདོད་པ་དེ་བཀག་ནས་དེའི་ངོར་རྟོག་མེད་དུ་སྒྲུབ་དཀའ་བར་འགྱུར་རོ། །ཚད་མ་མདོར། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་། །ཞེས་གསུངས་པ་ལྟར། སྟོང་ཉིད་དོན་སྤྱིའི་རྣམ་པ་རྟོག་ངོར་ཤར་བ་དེ་ཉིད་ཡུན་རིང་དུ་གོམས་པས་གོམས་ཡུལ་གསལ་བར་མཐོང་བ་རྣལ་འབྱོར་མངོན་སུམ་ལ་ཐུག་གོ། །དེ་སྒྲུབ་པའི་རྟགས་ཀྱི་མཐུན་དཔེ་ལུང་སྔ་མ་ལས། འདོད་འཇིགས་མྱ་ངན་གྱིས་བརླབས་དང་། །ཀུན་པོ་རྨི་སོགས་ཀྱིས་བསླད་པས། །མདུན་ན་གནས་པ་བཞིན་དུ་ནི། །ཡང་དག་མིན་པའང་མཐོང་བར་འགྱུར། །ཞེས་གསུངས་པའི་ཤེས་བྱེད་ཀྱིས་ཚུལ་མཚུངས་པར་སྒྲུབ་ནུས་སོ། །ཆོས་ཉིད་རྟོག་གེའི་མི་འགྲུབ་པ་གོང་དུའང་བཤད་ལ། ཚད་མ་ཀུན་བཏུས་སུ། གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་ལ་ཁྲིད་ན། །ཐུབ་པའི་བསྟན་ལས་ཆེས་བསྲིང་ཉམས་པར་བྱས་པ་ཡིན། །ཞེས་དང་། ཀཱ་མ་ཤཱི་ལས། དམ་པའི་དོན་གྱི་རྟོག་པ་ལའང་། །མཁས་པས་དེར་ནི་གནས་མི་བྱ། །དགེ་བའམ་མི་དགེ་བ་ཡི་ཡང་། །རྟོག་ལ་བྱེ་བྲག་ཅི་ཞིག་ཡོད། །རྟེན་གྱི་དབྱེ་བ་ལ་བརྟེན་པའི། །མེ་སྲེག་ཉིད་དུ་བྱེ་བྲག་མེད། །ཙན་དན་གྱི་ནི་མེ་ཡིས་ཀྱང་། །རེག་པ་ཙམ་གྱིས་བསྲེག་པ་ཉིད། །རྣམ་པར་རྟོག་པ་ཆུང་ངུ་ཡང་། །ཐམས་ཅད་ཉིད་དུ་སྤང་བར་བྱ། །ཞེས་སོགས་ལུང་མང་ངོ་། །དེའི་རྗེས་སུ་སྨྲ་བ་ལ། འོ་ན་ཆད་ལྟའོ་ཞེས་ཁ་ཅིག་ཐག་ཐག་རྒོད་ཀྱང་རང་བློ་སྐྱོན་དུ་གྱུར་པ་ལ་རྒོད་རིགས་མོད། གཞན་གྱི་ཡོན་ཏན་ལ་བལྟས་ནས་རྒོད་ཁུལ་བྱེད་པ་ནི་དེ་བས་ཀྱང་བཞད་གད་ཀྱི་གནས་ཏེ། ས་པཎ་གྱིས། སྤྲེའུ་རྒན་རྣམས་ཀྱིས་མི་བཟུང་ནས། །མཇུག་མ་མེད་ཅེས་བཞད་གད་བྱེད། །ཙི་ཏའི་ཡུལ་དུ་ཕྱིན་པ་ཡི། །རྐང་གཉིས་པ་ལ་མིར་མི་བརྩི། །ཞེས་གསུངས་པ་ཇི་ལྟ་བ་བཞིན་ནོ། །སྔོན་ཕ་དམ་པས་རང་བྱུང་ལྷན་སྐྱེས་ཀྱི་ཡེ་ཤེས་སྒྲུབ་རྒྱུད་སྙིང་པོའི་བསྟན་པ་རྒྱ་ནག་ཏུ་སྤེལ་ཚེ། རྒྱ་ནག་པས་ཙུང་མེན་ནམ་ཙི་འན་མེ་ཞེས་དོན་བརྒྱུད་པའམ་རིམ་གྱིས་པ་ཟེར། ཡུལ་དེའི་ཐོས་པ་བ་དག་གིས་ཆད་ལྟ་བ་ཞེས་འདོགས་པ་ལྟར་རོ། །འདི་སངས་རྒྱས་བསྐྱང་དང་གཅིག་ཅེས་གླེང་། གང་ལྟར་ཡང་ཀླུ་སྒྲུབ་ཀྱི་སློབ་མ་ཚེ་ལ་དབང་བའི་གྲུབ་ཐོབ་ཅིག་གོ། །གཞན་ཡང་། རྩ་ཤེས་སུ། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕོང་བར་འགྱུར། །ཞེས་སོགས་དང་། སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོགས་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང་། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་གསུངས་སོ། །ནམ་ཞིག་དྲན་རྟོག་ལས་འདས་ཏེ་དབྱིངས་དང་ཡེ་ཤེས་ཆོས་ཉིད་གཅིག་ཏུ་འདྲེས་པའི་རྣལ་འབྱོར་གྱི་ས་ལ་ཕྱིན་ཚེ་དྲན་རིག་འོད་གསལ་ཆེན་པོ་ཞེས་བྱ་སྟེ། ཡུམ་ལས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ནམ་མཁའ་ལྟ་བུའོ། །ཞེས་དང་། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ལས། གང་ཆོས་ཐམས་ཅད་ལ་མི་དྲན་ཞིང་ཡིད་ལ་མི་བྱེད་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་བཀའ་སྩལ་བའི་དྲན་པའོ། །གང་དྲན་པ་དེ་ལ་གནས་པ་དེ་ནི་མཚན་མ་ཐམས་ཅད་ལ་མི་གནས་པའོ། །ཞེས་སོགས་དང་། གང་ཡིད་ལ་བྱེད་པ་ནི་མི་དགེ་བའོ། །ཞེས་ཀྱང་གསུངས་པས་དྲན་རྩོལ་མེད་པ་ནམ་མཁའི་དབྱིངས་ལྟ་བུར་འཇོག་པའོ། །དེ་ཡང་བྱིང་ཉམས་ལྟར་ཐོམ་མེ་བ་མ་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། སེམས་དང་ཡིད་དང་རྣམ་པར་ཤེས་པ་ཐམས་ཅད་དང་བྲལ་ཡང་ཏིང་ངེ་འཛིན་གྱི་གནས་ཀྱང་འདོར་བ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་བྱུང་ལྷུན་གྱིས་གྲུབ་པ་དེ་ཡེ་ནས་དབྱིངས་ཀྱི་གདངས་མཁྱེན་ཆ་འགག་མེད་དུ་ཡོད་པ་ཉིད་ས་བོན་ལས་མྱུ་གུ་མཐོང་བའམ། ཚེས་ཀྱི་ཟླ་བ་ལྟར་གསལ་སྣང་གོང་འཕེལ་དུ་སོང་བ་ཡིན་ནམ། སྔར་མེད་པ་ཞིག་ཐོས་སོགས་ཀྱིས་བསྐྱེད་ནས་གསར་དུ་བྱུང་བ་ཡིན་སྙམ་པའི་ཐེ་ཚོམ་དང་རྩོད་པ་ཐམས་ཅད་ངང་གིས་ཞི་བར་འགྱུར་རོ། །ཞེས་རྡོ་རྗེའི་གནས་འདིར་མོས་པ་ལམ་བྱེད་འདོད་པ་དག་གི་ཆེད་དུ་ཞར་བྱུང་དུ་བཀོད་པའོ། །དེ་ལྟར་དགག་བཞག་གི་རྣམ་པ་དག་གི་སྐྱེས་མཆོག་སྔ་མ་རྣམས་ལ་ཞུས་པ་མིན་ཏེ་ཆོས་ཀྱི་སྤྱན་ལྡན་རྣམས་ནི་དགོས་པའི་དབང་གིས་དགོངས་པ་ཅན་གྱི་གསུང་སྲིད་པའི་ཕྱིར་རོ། །གཞན་དུ་གོང་མའི་རྗེས་ཟློས་མི་འཁྱོལ་བཞིན་དུ་སྙིང་ནད་འབའ་ཞིག་གིས་ཆོས་དང་གང་ཟག་ལ་སྒྲོ་སྐུར་འདོད་ནས་འཆལ་གཏམ་གྱིས་རྒོོལ་ཁུལ་བྱེད་པ་དག་ལའོ། །སྨྲས་པ། ངེས་དོན་རྒྱ་མཚོའི་སྙིང་པོ་ཟེར་བརྒྱ་པ། །ཆོས་དབྱིངས་འཆི་མེད་ཀློང་ནས་རང་ཤར་བས། །མེ་ཁྱེར་མུན་པར་གྱུར་དང་ལྷན་ཅིག་ཏུ། །དགའ་སྟོན་རྒྱལ་རྔ་བཟང་པོ་འདི་བརྡུང་ངོ་། །དུས་གསུམ་རྒྱལ་བའི་ཆོས་འཁོར་ཇི་སྙེད་པའི། །བརྗོད་བྱ་མཐར་ཐུག་སྙིང་པོ་འདི་ཁོ་ན། །རྒྱལ་བ་ཉིད་ལས་ཇི་བཞིན་འཕགས་པས་ཀྱང་། །བསམ་པར་དཀའ་ན་གཞན་གྱིས་ལྟ་ཅི་སྨོས། །ཟུང་འཇུག་འོད་གསལ་འདི་ལ་ཕྱོགས་ཞེན་པས། །སྒྲོ་སྐུར་ལྟ་བ་མཆོག་འཛིན་ལམ་ངན་ལ། །ངལ་བའི་བྱིས་རྣམས་རང་བྱུང་ཡེ་ཤེས་དངོས། །རྙེད་པའི་རེ་བ་སྲིད་མཐའ་མ་ཁེགས་ཙམ། །གསང་ཆེན་དཀྱིལ་འཁོར་ཞུགས་ནས་ཤེས་འཆལ་གྱི། །དུག་འཐུང་གཉེན་པོས་མ་ཆུན་ཕྲག་དོག་གི། །དགྲ་སྟས་ཐར་པའི་ལྗོན་པ་བཏུབ་པའི་རྡུལ། །འགམ་གྱིན་མིའུ་ཐུང་ཟོལ་གྱིས་ལྷ་གྲལ་རྒྱུག །ང་རྒྱལ་དབུགས་ཀྱི་གང་བའི་མགོ་འཕང་ཅན། །ཐེ་ཚོམ་སྙིང་ལ་བཅིངས་ནས་སྒྲོགས་འགྲོས་བཅས། །ཚུལ་མིན་ལམ་ལ་འཁྱོགས་ཤིང་ངལ་བཞིན་རྒྱུ། །དོན་ཆེན་བཟོད་པའང་སྒྱུ་མའི་རྣམ་ཐར་ཡིན། །གཟུགས་དང་ལང་ཚོས་དམན་ཡང་མཁྱེན་པའི་གདངས། །མཐོན་པོའི་སྐལ་བར་སོན་པའི་གྲགས་ཆ་ཡིས། །ཟླ་བའི་དཔལ་ཡང་འགྲན་པའི་སྨ་ཕབ་ན། །སྤྱི་བརྡོལ་མུན་པས་ཁེངས་རྣམས་ལྟ་ཡང་ཅི། །དོན་འདི་བྱིས་བློའི་ཡུལ་ལས་རིང་འདས་ཀྱང་། །ཡང་དག་ལུང་རིག་མན་ངག་ལྡེ་མིག་གིས། །རྡོ་རྗེ་གསང་སྒོ་དབྱེ་ལ་འཁྲུལ་ཤེས་པས། །སྦས་པར་བཞུགས་པའི་དབྱར་ངོ་མཇལ་འཚལ་ལོ། །ཆུ་ཟླའི་རྣམ་རོལ་བཞིན་དུ་དངོས་རྣམས་ལ། །བདེན་པར་མེད་དང་བདེན་མེད་སྣང་བ་གཉིས། །དབྱེར་མེད་ཕྱོགས་ལྷུང་བྲལ་བ་བདེན་གཉིས་གཤིས། །ངེས་པའི་བློ་ལ་གང་ཡང་གྲོགས་སུ་འཆར། །དངོས་སྣང་རྟོག་པའི་དབང་གྱུར་སྒྱུ་མའི་ཚུལ། །མེད་བཞིན་སྣང་བ་རྟེན་ཅིང་འབྲེལ་འབྱུང་ལ། །ཡོད་མེད་བརྟག་ནས་རྒྱུ་འབྲས་ཞེན་བློ་ཅན། །གང་གི་ངེས་དོན་གཡོ་ཟོལ་ཚིག་ཏུ་གྱེར། །དབྱིངས་ཀྱི་ངང་ན་རྒྱུ་འབྲས་སྤྲོས་མེད་ཀྱང་། །བླང་དོར་འཇིག་རྟེན་ཚུལ་བཞིན་དཔྱོད་བྱེད་ཀྱི། །ཤེས་རབ་སྤྱན་ལྡན་འཕགས་ལའང་མཛའ་ལགས་ན། །ཅི་སླད་དཔང་པོ་ཉིད་དུ་མི་འཛིན་ནམ། །དེ་བས་དད་པའི་ཁམས་དང་དངོས་མཐུན་པའི། །གང་གི་བྱིན་ཆེན་འཁྲིགས་པའི་ཆར་ཟིམ་གྱིས། །ལེགས་པར་བཀྲུས་པའི་མངོན་རྟོགས་སྒེག་པའི་ཆོས། །ནང་གི་ཡིད་ལ་མཛའ་བའི་དཔལ་དུ་འགྱུར། །སྲིན་བྱ་རྒན་པོ་ཁྲོ་མིག་ཅེ་རེ་ཡིས། །ཉིན་མཐོང་ཟོལ་གྱིས་ཧོང་སྒྲ་ལྷུང་རེ་སྒྲོགས། །དགྲ་ཟླ་བྱུང་བ་སྟུག་པ་འཐོར་བཞིན་འབྲོ། །དེ་བས་མུན་ཁུང་ཉལ་ན་རང་ལུགས་བཙན། །དུས་གསུམ་ལེགས་བྱས་སྣང་བ་མཆིས་སོ་འཚལ། །རྒྱལ་བས་ཡོངས་བསྔོ་མཁྱེན་པ་རྗེས་དྲན་ཏེ། །དེ་བཞིན་འཁོར་གསུམ་ཞེན་པའི་དུག་སྤངས་ནས། །སྨོན་མེད་ངང་ནས་སྙིང་རྗེས་འགྲོ་ལ་བསྔོ། །སྤོབས་པའི་གཏེར་བརྒྱད་ཐོབ་པའི་ལུང་རིག་གི། །དབྱར་རྔའི་ལོག་པར་འཁྱམས་པའི་ས་ཀུ་རྩི། །མུན་པའི་དབྱིངས་སུ་སྦས་པའི་རྒྱང་གྲགས་ཀྱི། །མུ་ཁྱུད་གླིང་བཞིར་འཁོར་བས་མཛེས་གྱུར་ཅིག །རྨད་བྱུང་ཐེག་པའི་མཆོག་རྩེ་རྡོ་རྗེ་ཆོས། །གང་ལ་མཉམ་པར་བཞག་པའི་དཔལ་ཐོབ་ནས། །སྣ་ཚོགས་ལམ་གྱི་བསྔགས་པས་མི་འཕྲོག་པས། །ཉེ་ལམ་སྲིད་མཐར་འབར་བའི་གསོས་སུ་ཤོག །དབུགས་ཅན་འགྲོ་བ་ཡོངས་ཀྱི་རབ་དགའི་དཔྱིད། །དམ་ཆོས་ཟླ་བ་བདུད་རྩིའི་སྙིང་པོ་ཅན། །གདུང་སེམས་རྨོངས་པའི་དགྲ་ཟླ་གཅིག་པུ་དེ། །འགོག་མེད་སྲིད་པའི་མཐར་ཡང་སྣང་གྱུར་ཅིག །ཅེས་པ་འདིའང་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ནམ་བསོད་ཆོས་མིང་པས་བྲག་ལྷ་རྫོང་འཆི་མེད་རི་ཁྲོད་ཡོན་ཏན་ཀུན་འབྱུང་དགའ་བའི་ཚལ་ནས་ཐུན་མཚམས་ཁ་ཤས་སུ་བྲིས་པའོ། ༈ །ༀ་སྭ་སྟི། ཐེག་མཆོག་ངེས་དོན་སྙིང་པོ་དབུ་མའི་ལམ། །གསལ་ཞིང་གོ་བདེ་ལེགས་པར་བཤད་པ་འདི། །འཛད་མེད་ཆོས་ཆར་བདུད་རྩི་འབུམ་འབྱིན་པས། །རྣམ་དཔྱོད་ཀུ་མུད་འཛུམ་པའི་ཟླ་བ་གསར། །དཔལ་གྱི་མིང་གིས་སྤར་དུ་བཀོད་པའི་དགེས། །འབྲེལ་ཐོགས་ཀུན་བཅས་འགྲོ་ཀུན་ཐེག་མཆོག་གི། །ལམ་ཞུགས་བྱང་ཆུབ་སྙིང་པོ་མྱུར་ཐོབ་ནས། །སྡུག་ཀུན་འཁོར་བའི་རྒྱ་མཚོ་སྟོང་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་དཱ་ཀ་ལྱ་ཎཾ་བྷ་ཝན་ཏུ།། །།


previousཐེག་མཆོག་སྙིང་པོའི་དོན་ལ་དཔྱད་པ་དབྱར་རྔའི་སྒྲ་གསང་བཤད་སྒྲུབ།next