Nitartha Digital Library
Tibetan
 
previousཡང་དག་གི་ཚིག་འགྲེལ་མདོར་བསྡུས།next

ཡང་དག་གི་ཚིག་འགྲེལ་མདོར་བསྡུས།

ཡང་དག་གྲུབ་པའི་ཚིག་འགྲེལ་མདོར་བསྡུས་བཞུགས་སོ། །བླ་མ་མཆོག་དང་དཔལ་ཆེན་པོ། །དབྱེར་མེད་ཞབས་ལ་གུས་བཏུད་ནས། །སྒྲུབ་ཐབས་ཡང་དག་གྲུབ་པ་ཡི། །ཚིག་འགྲེལ་མདོར་བསྡུས་བྲི་བར་བྱ། །འདི་འཆད་པ་ལ་དོན་བཞི་སྟེ། མཚན་དོན། འགྱུར་ཕྱག །གཞུང་དོན། མཇུག་དོན་ནོ། །དང་པོ། རྒྱ་གར་སྐད་དུ། སཾ་སིདྡྷི་མ་ཧཱ་ཤྲི་ཧེ་རུ་ཀ་ནོ་པི་ཀ་ནཱ་མ། བོད་སྐད་དུ། དཔལ་ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་ཡང་དག་གྲུབ་པ་ཞེས་བྱ་བ། ཞེས་པས་བསྟན་ཏེ། རྒྱལ་བ་ཀུན་གྱི་ཡེ་ཤེས་ཁྲོ་བོའི་གཟུགས་སུ་ཤར་བ་དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་ཕྱིན་ཅི་མ་ལོག་པར་བསྟན་པས་ན་ཡང་དག་པར་གྲུབ་པ་ཞེས་བྱ་བ་ཞེས་སོ། །གཉིས་པ། བདུད་བཞི་ལ་སོགས་པ་མི་མཐུན་པའི་ཕྱོགས་མཐའ་དག་བཅོམ་ཞིང་སྐུ་དང་ཡེ་ཤེས་ལ་སོགས་པའི་ཡོན་ཏན་མ་ལུས་པ་དང་ལྡན་པ་སྲིད་ཞིའི་མཐའ་ལས་འདས་པ། དོན་གཉིས་ཀྱི་དཔལ་མངའ་བ་མཁྱེེན་བརྩེ་རྨད་དུ་བྱུང་བའི་ཆོ་འཕྲུལ་ཆེན་པོས་ཁྲོ་བོའི་རྣམ་པ་བསྟན་ཏེ་བདུད་དང་ལོག་པར་འདྲེན་པ་མཐའ་དག་གི་སྙིང་ཁྲག་འཐུང་བར་མཛད་པ་དཔལ་བོ་ཆེན་པོ་ཡང་དག་ཧེ་རུ་ཀའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཞེས་སོ། །གསུམ་པ་ལ་སྒྲུབ་པའི་དམིགས་ཡུལ་དང་། སྒྲུབ་པའི་ཐབས་གཉིས་ལས། དང་པོ། ཡུལ་ཆོས་དབྱིངས་རང་བཞིན་གྱིས་དག་པའི་གནས་ལུགས་ཡང་དག་པ་ཉིད་ཡུལ་ཅན་ཡེ་ཤེས་ཀྱིས་མངོན་དུ་མཛད་པའི་ཚུལ་གྱིས་གྲུབ་པ་གང་ཞིག །དབྱིངས་ཡེ་གཉིས་སུ་མེད་པའི་བདག་ཉིད་གཅིག་པུ་ཉིད་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཟག་མེད་ཀྱི་བདེ་བ་ཆེན་པོ་ཀུན་འདུས་པ་ཡི་རང་བཞིན་ཡིན་ལ། ཆོས་ཉིད་མཉམ་པ་ཆེན་པོ་ལས་མི་གཡོ་བའི་རྣལ་འབྱོར་ཟབ་མོ་དེ་ལྟ་བུ་ལ་ཆོས་ལོངས་སྤྲུལ་པའི་སྐུ་གསུམ་རྫོགས་པར་མངའ་བ་རང་དོན་ཕུན་ཚོགས་དང་། མཁྱེན་བརྩེ་ཆེན་པོས་གསང་གསུམ་གྱི་རོལ་པ་ནམ་མཁའ་རབ་འབྱམས་ཀྱི་ཁམས་ཁྱབ་པར་འགྲོ་ཞིང་རྟག་ཏུ་གདུལ་བྱའི་དོན་མཛད་པ་སྒྱུ་མ་ལྟ་བུའི་རྣམ་རོལ་སྟོན་ཅིང་། བླང་དོར་མེད་པའི་ཆོས་ཉིད་ལ་མངའ་དབང་འབྱོར་བས། འདོད་ཡོན་མ་སྤངས་གྲོགས་སུ་ཁྱེར་བས། དམན་ལམ་ལ་ལྟོས་ན་བདེ་ཞིང་། དེ་ལྟར་སྤྱོད་ཀྱང་ཐ་མལ་གྱི་འཆིང་བ་དང་བྲལ་ཞིང་ལམ་དུ་གྱུར་པས་འཇིག་རྟེན་པ་ཀུན་ལས་མཆོག་ཏུ་གྱུར་ལ། མཐར་ཕྱིན་འགྱུར་མེད་མཆོག་གི་བདེ་བ་ལ་འགྲོ་ཀུན་འགོད་པའི་དཔལ་མངའ་བ་ནི་གཞན་དོན་ཕུན་ཚོགས་ཏེ། དེ་ལྟར་དོན་གཉིས་ཡོངས་སུ་རྫོགས་པ་དཔལ་ཆེན་པོ་རིགས་ཀུན་གྱི་ཁྱབ་བདག་གཅིག་པུར་གྱུར་པ་ལ་དམིགས་ནས་ལམ་བསྒྲུབ་པ་བྱ་བ་ཉིད་དོ། །གཉིས་པ། སྒྲུབ་པོ་དང་། དེས་ཇི་ལྟར་སྒྲུབ་ཚུལ་གཉིས། དང་པོ། རྡོ་རྗེ་ཐེག་པའི་ལམ་གྱི་གསང་བ་ཟབ་མོ་རྟོགས་ནུས་པའི་ཤེས་རབ་ཀྱིས་ནི། རང་རྒྱུད་ཀྱི་བློ་ཁ་ཕྱེ་བར་བྱས་ནས་སྔགས་ལ་མོས་པའི་གང་ཟག་དེ་ཡི་རྒྱུད་ངེས་པར་བརྟགས་ནས་གལ་ཏེ་བསྟན་པའི་སྣོད་དུ་གྱུར་པ་ཡིན་ན་དེ་ནི་ཇི་ལྟར་ས་གཞི་བཟང་པོ་ལོ་ཏོག་སོགས་ཀྱི་གཞི་རྟེན་ཡིན་པ་བཞིན་ཡོན་ཏན་གྱི་རྟེན་དུ་རུང་བ་དེ་ལ། དཔལ་ལྡན་བླ་མས་གསང་རྒྱུད་ཀྱི་མན་ངག་ཟབ་མོ་ངེས་པའི་དོན་གྱི་ལུང་འདི་ལྟ་བུར་བསྟན་པར་བྱ་ཞིང་། ལུས་བཅུད་དུ་བྱེད་པའི་སྣུམ་དང་འདྲ་བར་རྒྱུད་སྣུམ་པ་ཡི་ནི་དམ་ཚིག་སྟེ་རྩ་བ་དང་ཡན་ལག་གིས་བསྡུས་པ་དང་། མཉམ་ཉིད་བླང་དོར་མེད་པར་སྤྱོད་པའི་ཚུལ་གྱིས་གཙང་སྦྲ་ཁྱད་པར་ཅན་དང་། ལྟ་སྤྱོད་ཞན་པ་རྣམས་འཇིགས་པའི་གནས་སུ་གྱུར་པ་སྔགས་ཀྱི་བརྟུལ་ཞུགས་བསྙེན་སྒྲུབ་ལ་སྤྲོ་བ་ཅན་དེས། དམ་ཚིག་དང་གཙང་སྦྲ་བརྟུལ་ཞུགས་དེ་དག་གོམས་པར་བྱས་ནས་ཉམས་རྙེད་པ་ན་གདོད་ཚུལ་བཞིན་སྒྲུབ་པ་ཉམས་སུ་བླང་བར་བྱའོ། །དེ་ལྟ་མིན་པར་སྔགས་ཀྱི་སྤྱོད་པ་རྨད་བྱུང་ལ་ཡིད་སྤྲོ་བ་མེད་པས་བློ་ཞན་ཅིང་གསང་བ་ཟབ་མོའི་དོན་མི་ཤེས་པའི་ཤེས་རབ་ཆུང་བས་ནི། ཚུལ་འདི་འདྲ་བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་ཏེ། ཟབ་དོན་ལོག་པར་སྤྱོད་པས་ཚེ་འདིར་ཕུང་བར་བྱེད་ཅིང་ཕྱི་མ་དཔོན་སློབ་གཉིས་ཀ་དམྱལ་བར་བསྲེག་པས་ན། བཤད་མ་ཐག་པ་ལྟར་མཚན་ཉིད་དང་ལྡན་པ་དེ་བས་སམ་དེ་ལས་གཞན་དུ་གྱུར་པ་རྣམས་ལ་བསྟན་པ་ཉིད་དུ་བྱ་བ་མིན་ནོ། །ཞེས་སོ། །གཉིས་པ་ལ། སྔོན་འགྲོད་དངོས་གཞི་རྗེས་གསུམ། དང་པོ། ལྟ་སྤྱོད་ཕྲིན་ལས་དམ་ཚིག་བཞིའམ་གཙོ་བོ་དང་འཁོར་དང་གནས་དང་ཡོ་བྱད་ཕུན་སུམ་ཚོགས་པ་བཞི་དང་ལྡན་པར་བྱས་ནས། དངོས་གྲུབ་སྒྲུབ་པའི་རྫས་དང་སྒྲུབ་པའི་གནས་ས་གཞི་བརྟགས་ཤིང་ཆོ་ག་ཚུལ་བཞིན་བྱས་པ་དེར་སྒྲུབ་པ་ཚུལ་བཞིན་བརྩམ་པར་བྱའོ། །ཞེས་སོ། །གཉིས་པ་ལའང་། སྒྲུབ་པའི་སྟ་གོན་དང་། དངོས་གཞི་གཉིས། དང་པོ་ལ། འགལ་རྐྱེན་མཚམས་བཅད་པ། མཐུན་རྐྱེན་དཀྱིལ་འཁོར་བཞེངས་ཤིང་དབང་བསྐུར་བ་གཉིས། དང་པོ། འབྱུང་པོའི་ཚོགས་ལ་གཏོར་མ་བཏང་ནས་ཕྱི་མཚམས་བཅད་པ་དང་དམ་སྲི་མནན་པའི་སྒོ་ནས་བར་མཚམས་ཀྱང་བཅད་ལ། ཟབ་མོའི་དཀྱིལ་འཁོར་ལ་ལྟ་བར་མི་དབང་བ་ཀུན་མཚམས་བཅད་པ་གསང་བའི་དོན་གྱི་ལས་ཏེ་ནང་གི་མཚམས་བཅད་པ་རྣམས་ཚུལ་བཞིན་བྱའོ། །གཉིས་པ་ལ། དཀྱིལ་འཁོར་བཞེངས་པ་དང་། དེར་དབང་བསྐུ་བ་གཉིས། དང་པོ། དཀྱིལ་འཁོར་འབྲི་བའི་སྔོན་དུ་བྱ་བ་རྣམས་ལེགས་པར་གྲུབ་པ་དེ་ནས་བསྒྲལ་བྱ་དུར་ཁྲོད་ཀྱི་བདག་པོ་མ་ཏྲཾ་རུ་དྲ་དག །སྒྲོལ་བྱེད་འདའ་བ་མེད་པའི་ཕྱག་རྒྱ་སྟེ་ལྟ་སྒོམ་སྤྱོད་པ་ཁྱད་པར་ཅན་གྱི་ཆེ་བ་དང་ལྡན་པར་བྱས་ནས་ནི། ཅི་རིགས་སུ་ནི་གདུལ་ཐབས་ཀྱི་ཕྲིན་ལས་རྣམས་ཚུལ་བཞིན་བྱའོ། །དེ་ནས་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་འབྲི་བར་བྱ་སྟེ་དེ་ཡང་ནུབ་ཀྱི་ཕྱོགས་སུ་འདྲི་བའམ་ཡང་ན་དཀྱིལ་འཁོར་གྱི་སྒོ་ནུབ་ཏུ་ཕྱོགས་པའི་ཚུལ་གྱིས་བཤད་མ་ཐག་པ་དེ་བཞིན་དུ་ཅི་རིགས་སུ་ནི་དཀྱིལ་འཁོར་གྱི་ལས་བྱ་ཞིང་ཚད་དང་ལྡན་པར་བྱས་པ་དེ་ནི་དངོས་གྲུབ་བསྒྲུབ་པའི་གཞི་ཡིན་ནོ། །དེར་རྫས་དགོད་པ་ནི། ཁམ་ཕོར་ཞེས་པ་སྐབས་འདིར་ཐོད་པ་ལ་ཞི་ཁྲོ་གང་འདོད་ཀྱི་སྙིང་པོ་རི་མོར་བྲིས་པ་དགུ་དང་། ཐོད་སྣོད་དུ་ཞུན་ཆེན་གྱི་མར་མེ་དགུ་སྣང་བའི་འོད་དང་ཆས་པར་དཀྱིལ་འཁོར་དུ་གནས་སོ་སོར་དགྲམ་ལ། གཞན་ཡང་དཀྱིལ་འཁོར་གྱི་ཡོ་བྱད་དང་། དངོས་གྲུབ་ཀྱི་རྫས། མཆོད་རྫས་སྨན་རཀ་གཏོར་མ་ཉེར་སྤྱོད་སོགས། ཇི་ལྟར་འོས་པའི་རྫས་ཀྱིས་དལ་གྱི་མཐའ་མཛེས་པར་འཁོར་བར་བཞག་པར་བྱ་ཞིང་། ཏིང་འཛིན་གསལ་བ་སོགས་ཀྱི་ཆེད་དུ་ལྷའི་སྐུ་ལ་སོགས་པ་མིག་གི་རྟེན་དུ་ཡང་མངོན་པར་བཞག་པར་བྱའོ། །དེ་ནས་བྱིན་གྱིས་བརླབ་པར་བྱ་བ་ལ། ཆོས་ཀུན་རང་སེམས་དང་རང་སེམས་སྐྱེ་མེད་མཐའ་བྲལ་དུ་རྟོགས་པས་མི་དམིགས་པའི་ཆོས་ལ་བློ་བརྟན་ཅིང་གདིངས་སུ་གྱུར་པའི་མཉམ་ཉིད་ཀྱི་ཏིང་ངེ་འཛིན་དེས་ཐམས་ཅད་གཉིས་སུ་མེད་པར་བྱིན་གྱི་བརླབ་པ་དང་། ཆོས་ཉིད་ཅི་ཡང་མིན་པ་ལས་ཅིར་ཡང་སྣང་བའི་ཆོ་འཕྲུལ་མ་འགགས་པར་ཤར་བའི་ཡེ་ཤེས་མཆོག་ཏུ་གྱུར་པ་ཅན་གྱི་རྣལ་འབྱོར་པས་ཏིང་ངེ་འཛིན་གྱི་མཐུ་བྱིན་དང་ལྷག་མཐོང་གི་སྟོབས་ཀྱིས། གནས་དང་སྒྲུབ་པོ་ཡུམ་དང་སྒྲུབ་རྫས་ཐམས་ཅད་བསྐྱེད་རྫོགས་རྫོགས་ཆེན་གྱི་ཚུལ་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །གཉིས་པ་དབང་བསྐུར་བ། སློབ་མ་མཚན་ལྡན་བླ་མེད་བྱང་ཆུབ་ལ་ཡིད་ཆེས་ཀྱིས་རྟོགས་པའི་ངེས་པ་བརྟན་ཅིང་ཟབ་དོན་མཐོང་བའི་བློ་ཅན་དེ་དག་གི། རང་གི་སྲོག་ལུས་མན་ཆད་ནས་དངོས་པོ་ཕལ་པ་ཡན་ཆོད་ཀྱི་གང་ཕོངས་པའི་རྫས་ཀྱི་དངོས་པོ་རྣམས། ཇི་འབྱོར་ཇི་དགྱེས་ཀྱི་ཚུལ་དུ་བླ་མ་དམ་པ་ལ་ཐུགས་མཉེས་པར་བྱ་བའི་ཕྱིར་དབུལ་བར་བྱས་ནས། མཆོག་ཐུན་གྱི་དངོས་གྲུབ་ཐོབ་པར་འདོད་ཅིང་དེའི་ཆེད་དུ་དབང་ནོད་པར་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་ཉིད་དཔལ་ཁྲག་འཐུང་ཆེན་པོ་ཇི་ལྟ་བ་བཞིན་དུ་སྟན་དག་ལ་ཇི་བདེར་གནས་པར་བྱས་ནས། བརྒྱུད་པའི་བྱིན་རླབས་ཆེན་པོ་དང་ལྡན་པའི་སྒོ་ནས་རྡོ་རྗེའི་ཐེག་པ་ནས་ཇི་ལྟར་བསྟན་པའི་ཚུལ་དུ་དབང་དག་སྦྱིན་པར་བྱའོ། །དེ་ཡང་སློབ་དཔོན་གྱི་གཡོན་ཕྱོགས་སུ་གནས་པ་གཟུངས་མ་མཚན་ཉིད་དང་ལྡན་པ་ལ་འདུག་སྟགས་སོགས་ཚུལ་བཞིན་དུ་བྱས་ལ། ཇི་ལྟར་འདོད་པ་བཞིན་དུ་ཡུམ་ཀུན་ཏུ་བཟང་མོའམ་ཀྲོ་དྷཱི་ཤྭ་རི་མར་བློས་སྦྱར་བར་བྱས་པས་ལུས་སྐུར་བྱིན་གྱིས་བརླབས། ཡབ་ཡུམ་ལྷའི་རྣམ་པར་གསལ་བ་ཕན་ཚུན་མཉེས་པའི་ཐབས་སྣ་ཚོགས་ཀྱི་རྩོལ་བ་གར་མཁན་གྱི་ཚུལ་དང་འདྲ་བར་སྤྱོད་ཅིང་སྣང་ལ་རང་བཞིན་མེད་པ་སྒྱུ་མའི་རྣམ་པ་དང་མཚུངས་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ། དེ་ལས་ཡབ་ཡུམ་གྱི་སྐུའི་གནས་རྣམས་སུ་དཀྱིལ་འཁོར་གྱི་ལྷ་རྣམས་ཕན་ཚུན་མི་སྒྲིབ་ཅིང་རྣམ་པ་མ་འདྲེས་པར་འཇའ་ཚོན་བཞིན་དུ་གསལ་བར་བྱའོ། །དེ་ནས་ཐ་མལ་གྱི་འདོད་ཆགས་མ་སྤངས་རང་སར་དག་ནས་ལྷན་སྐྱེས་བདེ་བའི་ཡེ་ཤེས་ཆེན་པོར་གསལ་བའི་ཕྱིར། ཡབ་ཡུམ་གྱི་སྐུའི་ལྷ་རྣམས་འཛུམ་པས་བལྟ་ཞིང་དགོད་པའི་མདངས་དང་ལྡན་པ་རྣམས་ཐུགས་རྗེ་ཡེ་ཤེས་ཀྱི་འོད་ཟེར་འབར་བ་དང་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་སྣ་ཚོགས་པ་ཀུན་ནས་འཁྲིགས་པའི་འོད་དང་ལྡན་པར་བཞུགས་པ་དང་། ཕན་ཚུན་རྗེས་སུ་ཆགས་པས་བལྟ་ཞིང་འོ་བྱས་པ་ལ་སོགས་ཀྱི་རྐྱེན་ལས་སྐུའི་གནས་དང་བྱང་ཆུབ་ཀྱི་སེམས་ལས་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་སྣ་ཚོགས་སུ་འཕྲོས་པས་དབྱིངས་ནས་ཞི་ཁྲོའི་ལྷ་ཚོགས་སྤྱན་དྲགས་ཏེ། ཡབ་རྣམས་ཡབ་ལ་ཐིམ་པས་རྡོ་རྗེ་རྒྱལ་པོ་དང་ཡུམ་རྣམས་ཡུམ་ལ་ཐིམ་པའི་གཟུངས་མ་ནི་རྡོ་རྗེ་རྒྱལ་མོ་ཀྲོ་དྷཱི་ཤྭ་རི་མའམ་ཀུན་ཏུ་བཟང་མོར་བྱིན་གྱིས་བརླབ་པར་བྱས་པ། ཡབ་ཡུམ་གཉིས་ཀྱི་མཁའ་གསང་བྱིན་གྱིས་བརླབས་ནས་བདེ་བའི་བརྡས་བསྐུལ་ཏེ་གཉིས་སུ་མེད་པར་སྦྱོར་བ་ཡིས་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁར་དབབ་ཅིང་དམིགས་པའི་སྤྲོ་བསྡུས་ཚུལ་བཞིན་བྱའོ། །དེ་ལྟ་བུའི་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དེ་བླང་བར་བྱས་ནས་ནི། བྱང་སེམས་དེ་དག་དེ་བཞིན་གཤེགས་པ་ཀུན་གྱི་ཡེ་ཤེས་དང་དབྱེར་མེད་པས་ན་དངོས་གྲུབ་ཐམས་ཅད་ཀྱི་ནང་ན་མཆོག་གམ་ཆེན་པོ་ཉིད་དུ་གྱུར་པས་ན། དེ་ལ་བརྟེན་ནས་དབང་དང་བྱིན་རླབས་ཀྱི་རིམ་པ་ཇི་ལྟར་འདོད་པར་དཔོན་སློབ་གཉིས་ཀས་ནན་ཏན་དུ་བྱའོ། །དེ་ནས་ལུས་དང་སྤྱོད་ལམ་ཡིད་དུ་འོང་ཞིང་མཚན་ཉིད་དང་ལྡན་པར་བཀྲ་ཤིས་པ་སྒྲུབ་པ་པོའི་རིགས་ཀྱི་ཡུམ་དེ་གོང་ལྟར་བྱིན་གྱིས་བརླབས་ནས། ཤེར་དབང་བསྐུར་བའི་སླད་དུ་སློབ་བུ་ལ་གཏད་ནས་སྦྱོར་ཐབས་དང་རླུང་སྦྱོར་གྱིས་བྱང་ཆུབ་ཀྱི་སེམས་དབབ་བཟློག་དགྲམ་པའི་ཚུལ་གྱིས་རང་བྱུང་ལྷན་སྐྱེས་ཀྱི་བདེ་བ་ངོས་ཟིན་པ་བྱའོ། །དེ་ནས་རིམ་པ་གཉིས་ཀྱིས་བསྡུས་པའི་མན་ངག་གི་གནད་ཟབ་མོ་རྣམས་སློབ་བུ་ལ་རྫོགས་པར་གདམས་ཤིང་སྦྱིན་པའི་སྒོ་ནས། བསྐྱེད་རྫོས་ཀྱི་དོན་ཀུན་དང་ཁྱད་པར་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཇི་བཞིན་ཉམས་སུ་མྱོང་བ་ནི། མཚོན་བྱ་དོན་གྱི་ལྷན་སྐྱེས་ངོ་འཕྲོད་པ་སྟེ་དབང་བཞི་པ་ཐོབ་པ་ཡིན་ནོ། །དེ་ལྟར་སྐྱེས་བུའི་ལུས་རྒྱན་གྱིས་མཛེས་པ་ལྟར་དབང་ཐོབ་པའི་ཡོན་ཏན་གྱིས་རྒྱུད་མཛེས་པ་ཅན་གྱི་སྒྲུབ་པོ་དེ་དག་གིས། སྒོ་གསུམ་གྱི་སྤྱོད་ལམ་དུལ་བའི་རྣམ་པས་ཁྲེལ་དང་བག་ཡོད་ཀྱི་སེམས་སུ་ཉེ་བར་བཞག་ནས་ནི། དམ་ཚིག་སྤྱི་དང་སྒྲུབ་པའི་དུས་སུ་གཉིད་ཆང་སྙོམས་ལས་ཀྱི་དབང་དུ་མ་སོང་བར་རྐྱེན་ཅི་བྱུང་ཡང་བསྲན་བཙུགས་ཏེ་བླ་མ་ལ་གུས་པ་དང་ཡི་དམ་དང་སྔགས་ཀྱི་ཉམས་ལེན་ལ་འབད་ཅིང་། དམ་རྫས་ཐམས་ཅད་ལ་བློ་ཐ་མལ་གྱི་ཁུ་འཁྲིག་སྤང་ཞིང་སྦྱོར་སྒྲོལ་གྱི་བརྟུལ་ཞུགས་ཟབ་མོ་དང་དུ་ལེན་པའི་དམ་ཚིག་ཆེན་པོས་བདེ་བར་གནས་པའི་སྒོ་ནས་གྲུབ་འབྲས་མངོན་དུ་བྱའོ། །གཉིས་པ་སྒྲུབ་པའི་དངོས་གཞི་ལ། ཞི་བར་སྒྲུབ་པ་དང་། ཁྲོ་བོར་སྒྲུབ་པ་གཉིས། དང་པོ་ལ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ། དེ་ལ་མཆོད་ཅིང་བསྙེན་པར་བྱ་བ་གཉིས། དང་པོ། སངས་རྒྱས་ཉིད་དུ་ཆོས་ཚེ་འདིར་བསྒྲུབ་པའི་ཕྱིར། སྐུ་གསུམ་གྱི་ས་ལ་གོམས་པར་བྱ་བའི་ཕྱིར་ཏིང་འཛིན་གསུམ་བསྒོམ་པར་བྱ་སྟེ། དང་པོར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་བརྗོད་དུ་མེད་པར་གནས་པ་ཉིད་ལ། དེ་དང་རྗེས་སུ་མཐུན་པར་ཡུལ་ཅན་ཡེ་ཤེས་ཀྱིས་ཀྱང་དམིགས་སུ་མེད་པའི་ཚུལ་གྱིས་སམ་དོན་གྱིས་དེ་བཞིན་ཉིད་བསྒོམ་པའི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །དེའི་རྗེས་སུ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་རྟོགས་པའི་ཡེ་ཤེས་དེ་ཉིད་རང་གིས་སྙིང་རྗེ་ཆེན་པོར་ཤར་བ་ཉིད་ཀྱིས། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་ཀུན་ལ་ཁྱབ་པར་སྣང་བའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །དེ་ནས་སྐྱེ་བ་མེད་པའི་རྒྱུའམ་གཞིའམ་ངང་ལས་མངོན་པར་གསལ་བའི། སེམས་ཀྱི་རང་བཞིན་ནི་ཡི་གེ་ཨ་དཀར་པོའི་རྣམ་པ་ཅན་གྱི་རྒྱུ་ཏིང་གི་ཡེ་ཤེས་སུ་གསལ་བར་བྱའོ། །དེ་ལྟར་ཏིང་འཛིན་རྣམ་པ་གསུམ་གྱི་ཆོ་འཕྲུལ་ལས་བདག་ཉིད་རྡོ་རྗེ་སེམས་དཔའི་སྐུར་གསལ་བའི་ཐུགས་ཀ་ནས་ཨེ་སོགས་སྤྲོས་པས་སྙིགས་མའི་འབྱུང་ལྔ་སྦྱངས་ཏེ་དྭངས་མའི་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་ཡེ་ཤེས་ཀྱི་མེ་འོད་འབར་བས་ཀུན་ཏུ་ཁྱབ་པར་བསྒོམས་ལ། བདག་ཉིད་ཀྱི་ཐུགས་ཀའམ་སྨིན་མཚམས་སུ་སྟོང་པ་ཉིད་དང་ཚེ་དང་མཚོན་ཆ་དང་གཙུག་ཏོར་འཁོར་བསྒྱུར་དང་། གཞལ་ཡས་ཁང་སོགས་ཀྱི་ས་བོན་དུ་གྱུར་པས་ན་ཅིར་ཡང་འགྱུར་བའི་ཡིག་འབྲུ་བྷྲཱུྃ་སྨུག་ནག་གཅིག་བསམ་ལ། བྷྲཱུྃ་ལས་འོད་ཟེར་གྱི་ཚུལ་དུ་བྷྲཱུྃ་ཕྲ་མོ་གྲངས་མེད་སྤྲོས་ནས་ཀྱང་སྣོད་བཅུད་ཀུན་ཡེ་ཤེས་ཀྱི་འོད་ཟེར་གསལ་བར་བྱས་ཏེ། སེམས་ཅན་གྱི་ཁམས་མ་ལུས་པར་སྙིང་རྗེས་མཐའ་དབུས་མེད་པར་ཁྱབ་པར་བྱས་ཏེ། དེའི་རྟགས་སུ་འོད་ཟེར་སྨུག་ནག་ཏུ་ཆི་ལེར་གསལ་དེ། མ་མོ་མཁའ་འགྲོ་ལ་ཕོག་པས་རིགས་ཀྱི་གཙོ་བོར་མཐོང་ནས་རེ་ཞིང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་རྣམས་ལ་ཕོག་པས་མཆོད་པས་མཉེས་ཤིང་རིམ་པ་ལྟར་སྤུན་གྲོགས་དང་སྲས་ཀྱི་དམ་པར་གཟིགས་ཤིང་དམ་པའི་ཚུལ་དུ་དགོངས། སླར་འོད་ཟེར་དེ་དག་འདུས་ནས་ཀྱང་བྷྲཱུྃ་ཉིད་འོད་དུ་ཞུ་བ་ལས་ཡིད་བཞིན་གྱི་ནོར་བུ་ཚོན་གང་བ་ཞིག་ཏུ་གྱུར། དེ་ལས་ཀྱང་སྤྲོ་བསྡུ་སྔར་བཞིན་བྱས་པས་རིན་ཆེན་སྣ་ལྔ་ལས་གྲུབ་པ་མཆོག་ཏུ་མཛེས་པའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ལྡན་པ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པའི་གནས་སུ། གཙོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པ། འགྲོ་བ་ཀུན་ཡོངས་སུ་སྐྱོབས་པའི་ཐུགས་རྗེ་ཆེ་དང་ལྡན་པ་ཡི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་ཚོམ་བུ་ལྔ་ལ་སོགས་པའི་སྒྱུ་འཕྲུལ་དྲྭ་བའི་འཁོར་རམ་རོལ་པ་འཕྲོ་བའི་ལྷ་རྣམས། དཔལ་རྡོ་རྗེ་སེམས་དཔའ་སྐུ་ལྔ་ཡེ་ཤེས་ལྔ་ཡོངས་སུ་གྲུབ་པས་རྒྱུད་དུ་བསྟན་པའི་ལུང་ཇི་ལྟ་བ་བཞིན་དུ། སྐུ་མདོག་སོ་སོར་གསལ་བ་ཡི། སྐུ་ཕྱག་ཆེན་སོགས་ཕྱག་རྒྱ་བཞི་དང་དར་དང་རིན་པོ་ཆེ་སོགས་རྒྱན་དང་སྐྱིལ་ཀྲུང་སོགས་བཞུགས་ཙུལ་དང་ཞི་བའི་ཚུལ་དགུ་སོགས་སྐུའི་ཉམས་ཀྱི་ཆ་ལུགས་དག་ཀྱང་མ་ནོར་བར་ཤེས་པར་བྱས་ལ། རྣལ་འབྱོར་པའི་བློའི་རྩལ་དང་སྦྱར་ཏེ་མ་ཧཱ་ཡོ་ག་ལྟར་རིམ་གྱིས་བསྐྱེད་པའམ་ཨ་ནུ་ཡོ་ག་ལྟར་དབྱིངས་ཡེ་དབྱེར་མེད་ཀྱི་ངང་ནས་སྙིང་པོ་བརྗོད་པ་ཙམ་གྱི་ལྷར་རྫོགས་པའམ་རྫོགས་པ་ཆེན་པོ་ལྟར་ཡེ་ནས་བདེན་པ་དབྱེར་མེད་གྲུབ་བསམ་བྲལ་བའི་རང་བཞིན་དུ་གྲུབ་པའི་ལྷའི་དཀྱིལ་འཁོར་དག་ཏུ་རྟོགས་པའི་ཚུལ་གྱིས་བསྒོམ་པར་བྱའོ། །གཉིས་པ། དེ་ལྟར་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་ཞིང་བསྟིམས་ནས། ཕྱི་ནང་གསང་བའི་ཚུལ་གྱིས་ཞི་བའི་མཆོད་པས་མཉེས་པ་དག་ཏུ་བྱ་བ་ནི། དཔལ་ཆེན་པོའི་དངོས་གྲུབ་ལ་བསྙེན་པར་བྱེད་པ་སྔགས་ཀྱི་བཟླས་བརྗོད་དམ་བསྙེན་པའི་དོན་དུ་ཚུལ་དེ་དག་བྱ་བ་ཡིན་ནོ། །དེས་ན་ཛཔྲ་ཁང་དབྱེ་ཞིང་བདག་མདུན་ལས་འོད་ཟེར་སྤྲོ་བསྡུའི་དམིགས་པ་བཅས་ཞི་བའི་སྙིང་པོ་བཟླ་ཞིག་ཐུན་མཐར་མཆོད་བསྟོད་དངོས་གྲུབ་བླང་བ་རྣམས་བྱའོ། །གཉིས་པ། ཁྲོ་བོར་སྒྲུབ་པ་ལ། སྒྲུབ་པ་དངོས་དང་། སྒྲུབ་པ་ཆེན་པོས་དངོས་གྲུབ་བླང་བ་གཉིས། དང་པོ་ལ། ཞི་བ་ཁྲོ་བོར་གནས་བསྒྱུར་བ། སྤྱན་དྲངས་ཞིང་མཆོད་པ་འབུལ་བ། བསྙེན་པ་དབུལ་བ། ཐུགས་དམ་བསྐུལ་ཞིང་མཉེས་པར་བྱ་པ་བཞི། དང་པོ། དེ་ལྟར་ཞི་བར་བསྙེན་པ་སྔོན་དུ་སོང་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དམ་པ་གང་ཞིག་རྣལ་འབྱོར་པའི་ཤེས་རབ་ཀྱི་རྩལ་གྱིས་མྱུར་དུ་བླང་བའི་ཕྱིར་ཁྲོ་བོའི་དཀྱིལ་འཁོར་སྒྲུབ་པ་བརྩམ་པ་བྱ་སྟེ། སྒྲུབ་པ་པོ་རྣམས་ལྷ་རྣམས་དང་རྗེས་སུ་མཐུན་པའི་ཕྱིར་ཐེག་པ་འོག་མ་ལས་དོན་རྟགས་གཉིས་ཀའི་སྒོ་ནས་ལྷག་པའི་རྟགས་གླང་པོའི་ཀོ་རློན་སོགས་དུར་ཁྲོད་ཀྱི་རྒྱན་རྣམ་པ་བརྒྱད་ཀྱིས་ཀུན་ནས་མཚན་པར་བྱས་ནས་སྒྲུབ་པ་ལ་འཇུག་པར་བྱའོ། །དེ་ཡང་རང་ཉིད་མི་བསྐྱོད་པའི་ཡེ་ཤེས་ཀྱི་སྤྱན་གྱིས་སྲིད་པ་གསུམ་ལ་གཟིགས་པས་ཞི་བས་མི་འདུལ་བ་རྣམས་ཁྲོ་བོས་འདུལ་བར་གཟིགས་ནས་ཡེ་ཤེས་ཀྱི་ལྟ་བ་དྲག་པོས་བསྐྱོད་དེ། ཆོས་ཉིད་ཅི་ཡང་མ་ཡིན་པ་ལས་ཅི་ཡང་སྣང་བའི་ཕྱིར། སྔ་མ་ཞི་བའི་སྐབས་ཀྱི་འབྱུང་ལྔ་རི་རབ་གཞལ་ཡས་ཁང་གདན་དང་བཅས་པ་ལས་ནི་གནས་བསྒྱུར་ཏེ། དྲག་པོའི་འབྱུང་བ་རིམ་བརྩེགས་རི་རབ་ཀྱི་སྟེང་དུ་དུར་ཁྲོད་ཀྱི་གཞལ་ཡས་ཁང་འཇིགས་སུ་རུང་བའི་གནས་སམ་ས་རབ་ཏུ་བརྟག་པར་བྱའོ། །དེ་ནས་མི་བསྐྱོད་པ་ཡབ་ཡུམ་ནི་ཁྲོ་བོར་གནས་གྱུར་ཏེ་ཡབ་ཡེ་ཤེས་ལྔ་འདུས་པའི་བདག་ཉིད་བཛྲ་ཧེ་རུ་ཀ་དང་དབྱིངས་ཀྱི་ཡུམ་དམ་ཚིག་ཆེན་པོ་ཀྲོ་དྷཱི་ཤྭ་རི་མར་གསལ་བ་ཡིས་གཉིས་སུ་མེད་པའི་སྦྱོར་བ་བརྩམ་པར་བྱ་སྟེ། ཡབ་ཡུམ་གྱི་མཁའ་དབྱིངས་པདྨོ་དང་རིན་ཆེན་ལ་ཨཾ་དང་ༀ་ལྡན་པར་བྱས་ནས། འདོད་ཡོན་མ་སྤངས་གྲོགས་སུ་ཁྱེར་བས་ཉན་ཐོས་སོགས་ཀྱི་ལམ་ལ་ལྟོས་ནས་བདེ་ལ་ཉེས་པས་མ་གོས་པས་འཇིག་རྟེན་ལས་མཆོག་ཏུ་གྱུར་པའི་ལམ་མངོན་དུ་བྱ་བའི་ཕྱིར་སྒྱུ་མའི་ཏིང་འཛིན་ལ་གནས་ནས་སྦྱོར་བའི་བརྡས་བསྐུལ་བས་བདེ་བ་མཚོན་པའམ་གསལ་བར་བྱས་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུས་ཀྱི་རྩ་གནས་ནས་གཡོ་ཞིང་འབྱུང་བ་དེ་ཡུམ་མཁར་ཕབ་པ། རང་རིག་ཡེ་ཤེས་ཀྱི་ངོ་བོ་ལྷག་པ་བྱང་ཆུབ་ཀྱི་སེམས་དེ་ལས་འོད་ཀྱི་འཕྲོ་འདུ་འབར་ཞིང་། བདེ་བའི་རང་བཞིན་ཅན་རང་འོད་ཇི་བཞིན་པ་མ་ཉམས་པའི་བྱང་ཆུབ་སེམས་དེ་ཆོས་ཉིད་ཡུམ་གྱི་མཁའ་ལ་གསལ་ཞིང་དག་ལ་འབར་བ་དེ་དག་ནི། དྭངས་པའི་མཁའ་ལ་སྒྲིབ་པའི་དྲི་མ་མེད་པའི་ཉི་མའི་འོད་བས་ཀྱང་འཚེར་བའི་རྣམ་པ་གནས་ལ་དེའི་འོད་ཟེར་གྱི་རྩེ་ལ་མཆོད་པའི་སྤྲིན་རབ་འབྱམས་ཀྱིས་རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས། ཡང་བྱང་ཆུབ་ཀྱི་སེམས་དཀར་ལ་འཚེར་བ་དེ་ནི་དུས་ཀུན་ཏུ་གཟུང་འཛིན་གྱི་དྲི་མ་རྣམ་པར་དག་པ་སྟེ། ཇི་ལྟར་ན་ཁམས་གསུམ་འདིའི་སྣོད་བཅུད་འོད་ཀྱིས་སྦྱངས་ནས་དག་པའི་རྟེན་བརྟེན་པར་བྱས་དེ་ལས་ཀྱང་རབ་ཏུ་འདས་ནས་ཀྱང་། ཕྱོགས་བཅུའི་འཇིག་རྟེན་ནམ་མཁའི་མཐའ་ཀླས་པ་མ་ལུས་པ་བྱང་ཆུབ་སེམས་ཀྱི་རོལ་པའི་སྙིང་རྗེས་རབ་ཏུ་ཁྱབ་པར་བྱས་ཏེ། ཕན་གདགས་པར་འདོད་པ་བྱ་བ་སེམས་ཅན་དེ་དག་ལ་གནས་སྐབས་དང་གཏན་གྱི་བདེ་བར་རེ་བ་བསྐངས་ཏེ་རབ་ཏུ་མཉེས་པར་བྱས། སླར་ཡང་བྱང་ཆུབ་ཀྱི་སེམས་ལས་ཡེ་ཤེས་ཀྱི་མེ་ལོང་བསྐལ་པའི་མེ་དཔུང་འཁྲིགས་པ་བཞིན་དུ། འབར་བའི་ཁྲོ་བོའི་སྤྲུལ་པ་མང་པོས་འཇིག་རྟེན་གྱི་ཁམས་བཀང་བས་དྲེགས་པ་ཅན་ཀུན་བསྒྲལ་ཞིང་འཁོར་རྣམས་དཔལ་བཀོད་སྟེ་བྲན་དུ་བྱས་པར་བསམ་ལ། སླར་འོད་ཟེར་ཁྲོ་ཚོགས་དང་བཅས་པ་ཡུམ་མཁར་འདུས་ནས་ཐོག་མའི་སྤྲོ་གཞི་བྱང་ཆུབ་སེམས་ཀྱི་གོང་བུའི་གཟུགས་ལ་གཟུད་ཅིང་དབྱེར་མེད་པ་ལས་ས་བོན་གྱི་ཡིག་འབྲུའི་ཚོགས་སུ་གྱུར་པ་ཕྱིར་སྤྲོས་ཏེ་འཁོར་གྱི་ལྷ་རྣམས་ལ་ཐིམ་པ་ལས། སོ་སོ་གནས་གྱུར་ནས་ཁྲོ་བོ་འབར་བའི་འཁོར་གྱི་ཚོགས་ཀ་རི་བརྒྱད་ལ་སོགས་པར་རྣམ་པར་བསམ་པར་བྱའོ། །དེ་དག་གི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ལ་སོགས་པ་དག་ཀྱང་སྔར། གྲུབ་པས་བསྟན་པའི་ལུང་བཞིན་དུ། །ཞེས་སོགས་ཀྱི་དོན་བཞིན་རྒྱུད་དང་མན་ངག་གི་དགོངས་པ་བཞིན་དུ་རིམ་གྱིས་སམ་ཅིག་ཆར་གསལ་གདབ་པ་བྱའོ། །གཉིས་པ། དབྱིངས་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། དམ་ཚིག་པ་ལ་བསྟིམ་ཞིང་དབྱེར་མེད་དུ་བཞུགས་པར་བསམ་པ་དང་སླར་ཡང་དངོས་གྲུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ་བ་དང་མཉམ་ཉིད་རོལ་པ་ཆེན་པོའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་ལས་མི་གཡོ་བས་ན་བར་དུ་གཅོད་པ་ཀུན་ཞལ་དུ་བསྟན་པ་དང་། སྔོན་གྱི་ཐུགས་དམ་བཞིན་དུ་དངོས་གྲུབ་སྩོལ་པའི་དམ་ཚིག་བསྐུལ་བ་དང་དབང་ཕྱུག་མ་ལ་སོགས་པ་གདུག་པ་ཅན་གྱི་འཁོར་དབང་དུ་བསྡུས་ཏེ་ཟིལ་གྱིས་གནོན་པར་བྱེད་པ་དང་གདུལ་བྱ་གཉེན་པོ་དང་རྟོགས་པ་དོན་གྱི་ཕྱག་བྱེད་པ་དང་། རྡོ་རྗེའི་གར་ལ་སོགས་པ་བདེ་སྟོང་གི་མཆོད་པ་འབུལ་བ་དང་མཆོད་པ་དེ་དག་ཆུད་མི་ཟ་བར་ཡང་ནས་ཡང་དུ་བསྟབས་པ་དང་སླར་ཡང་བཟའ་བ་དང་བཏུང་བ་དག་དབྱིངས་སུ་རོལ་ཞིང་སྟོབ་པས་དགྱེས་རྒུར་གྱུར་པ་རྣམས་ནི། སྒྲུབ་ཐབས་ཀྱི་ཟབ་དོན་རྣམས་ཀྱི་ཚུལ་རིག་ཅིང་བསྒྲུབ་པ་ལ་གོམས་པའི་དབང་གིས་ཕྲིན་ལས་ལ་ཐོགས་པ་མེད་པར་གོམས་པ་ཀློང་དུ་གྱུར་པའི་བློ་དང་ལྡན་པ་དག་གིས། ཆོ་གའི་རིམ་པ་རྒྱས་པ་བསྡུས་སོགས་ཅི་རིགས་སུ་ནི་བློས་བརྟག་པར་བྱའོ། །གསུམ་པ། དོན་དང་ལས་ཀྱི་བསྙེན་པ་ལ་འཇུག་པར་འདོད་པར་བསྙེན་ཅིང་སྒྲུབ་པར་གནང་བའི་དབང་གོང་དུ་ཇི་སྐད་བསྟན་པ་བཞིན་ཐོབ་པར་བྱས་ནས། མན་ངག་གང་བསྟན་ན་ཡིད་ཀྱིས་བསྒོམ་པར་བྱ་བ་དང་ངག་གི་དབྱངས་སུ་བཟླས་པར་བྱ་བ་ནི་དཔལ་ཆེན་པོའི་ཡེ་ཤེས་སྔགས་ཀྱི་ཡི་གེ་རུ་ལུ་འབྲུ་བརྒྱད་ཀྱི་རྣམ་པར་ཤར་བ་ཚུལ་བཞིན་བསྟན་པར་བྱས་ལ། ཇི་སྐད་བསྟན་པ་ལྟར་བསྐྱེད་རྫོགས་གྱི་རིམ་པས་བསྒོམ་པ་དང་། སྔགས་ཀྱི་ཡི་གེ་སྒྲ་སྒྲོགས་པའི་དབྱངས་ལ་སོགས་པ་དྲུག་གིས་བཟླས་པ་དང་། རིལ་ལུ་སྤྱི་དང་བྱེ་བྲག་ཤེས་པ་བྱ་བའི་དོན་བཞིན་དགོངས་པ་གནད་དུ་བསྐྱལ་བའི་སྒོ་ནས། བསྒོམ་པའི་རྒྱུད་གསལ་བར་ཅི་ནུས་སུ་བྱ་ཞིང་། གལ་པོ་དང་འཇིག་རྟེན་འདས་མདོ་ལ་སོགས་པ་ལས་བསྙེན་པའི་ལུང་ཇི་ལྟར་བསྟན་པ་བཞིན་དུ་བརྩོན་པར་བྱེད་པ་ལ་འབད་པར་བྱ་སྟེ། བསྙེན་སྒྲུབ་ཡན་ལག་བཞིའི་རིམ་པས་དུས་གྲངས་མཚན་མའི་བསྙེན་པ་རྫོགས་པར་བྱའོ། །བཞི་པ་ལ། སྤྱི་བྱེ་བྲག་གཉིས་ལས། དང་པོ། དེ་ལྟར་བསྙེན་པ་བྱས་པའི་ཐུན་གྱི་རྗེས་རྣམས་སུ། རྡོ་རྗེ་ཐེག་པའི་དམ་ཚིག་དངོས་གྲུབ་འགྲུབ་པའི་ཐབས་མཆོག་གི་རང་བཞིན་ཅན་སྦྱོར་བའི་བྱང་སེམས་དང་བསྒྲལ་བའི་རཀྟ་སོགས་བདུད་རྩི་ལྔ་དང་ཛ་གད་དང་ཤ་ཆེན་ལ་སོགས་བྷནྡྷའི་ནང་དུ་བསྲེས་པའི་མཆོད་པ་དག་དབུལ་ཞིང ། ནམ་གུང་ལ་རོལ་མོའི་སྒྲ་དང་བཅས་དཀྱིལ་འཁོར་གྱི་ལྷ་རྣམས་ཐུགས་དམ་བསྐུལ་བའི་དོན་དང་ལྡན་པའི་ཚིག་དབྱངས་སྙན་པོའི་འགྱུར་བ་ཉིད་ཀྱིས་བསྒྲུབ་བྱའི་ལྷ་དེ་དག་མཉེས་པར་བྱ་ཞིང་། གཙོ་བོ་ནས་བརྩམ་སྟེ་འཁོར་མཁའ་འགྲོ་གིང་དང་ལངྐ་འབར་མ་དང་བཅས་པ་དང་བཅས་པའི་མཆོད་པ་རྫོགས་པར་བྱས་ནས་ནི་ཐུན་བསྡུའོ། །གཉིས་པ། སྦྱོར་སྒྲོལ་གྱི་མཆོད་པ་བྱེ་བྲག་ཏུ་བཤད་པ་ལ། གཞུང་གི་ཚིག་གཅིག་སྦྱོར་སྒྲོལ་གྱི་ལུང་སོ་སོར་སྦྱར་དགོས་པའི་དང་པོ་བདག་དོན་ལྷུན་གྲུབ་སྦྱོར་བའི་ལུང་ལྟར་བཤད་ན། དོན་དམ་དམིགས་མེད་ཀྱི་དབྱིངས་ལ་གོམས་པའི་ཡེ་ཤེས་ཀྱི་སྟོབས་ཀྱི་གདིང་ཡོད་པ་ཅན་གྱི། རང་ཉིད་དཔལ་ཆེན་པོའི་སྐུ་མཆོག་འབར་བའི་ཚུལ་དུ་བསམ་ལ། དངོས་གྲུབ་སྒྲུབ་པའི་རྫས་གསང་བའི་དེ་དག་བརྟག་ཅིང་ཀྲོ་དྷཱི་ཤྭ་རི་མར་བྱིན་གྱིས་བརླབས་པར་བྱ་སྟེ། གཟུགས་མའི་སྒོ་གསུམ་པོའི་ཁམས་གསུམ་ལ་ཁྲག་སྟེ་ཆགས་པར་བྱ་བའི་རང་བཞིན་དུ་དམིགས་པར་བྱས་ནས་ནི། ཕྱི་དུར་ཁྲོད་བརྒྱད་ནང་ལུས་གནས་བརྒྱད་གསང་བ་ཚོགས་བརྒྱད་དེ་ཕྱི་ནང་གསང་བའི་དུར་ཁྲོད་ཀུན་ཏུ་མཁའ་འགྲོ་ཀ་རི་བརྒྱད་ཀྱི་རྣམ་པ་གསལ་བཏབ་ལ་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བས་ཀུན་ནས་ཁྱབ་པར་བསམ་པར་བྱ་ཞིང་། ཡུམ་གྱི་མཁའ་ཡི་དངོས་པོ་ནི་པདྨ་ཨ་ཡིག་གིས་མཚན་པ་རུ་བྱིན་གྱིས་བརླབས་ནས། ཡབ་ཀྱི་གསང་བ་ཧཱུྃ་དང་བཅས་པའི་རིན་ཆེན་གྱི་རྡོ་རྗེ་རྩེ་ལྔར་བསྒོམ་པ་ཉིད་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་གསལ་བར་ཤར་བ་དང་། ཕན་ཚུན་མཉམ་པར་སྦྱོར་བས་བྱང་ཆུབ་ཀྱི་སེམས་སྤྱི་བོ་ལ་སོགས་པའི་གནས་ནས་གཡོ་ཞིང་བདེ་བའི་རང་སྒྲ་དང་བཅས་པ་ཉིད་ཀྱི་འོད་ཟེར་དཀར་དམར་དུ་འཕྲོ་ཞིང་ཀུན་ཏུ་ཁྱབ་པ་དེ། རང་ཉིད་ཀྱིས་མཆོད་པ་དང་ཕན་གདགས་པར་མོས་པའི་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་ཐུགས་ལ་ཕོག་པས་བདེ་ཆེན་གྱི་ངང་དུ་མཉེས་པར་བསམ་ནས། འཁོར་འདས་ཐམས་ཅད་བདེ་ཆེན་གྱི་ངང་དུ་སྦྱངས་པའི་བྱིན་རླབས་དྭངས་བཅུད་ཐམས་ཅད་འོད་ཟེར་གྱི་རྣམ་པར་འདུས་ཏེ་སྤྲོ་གཞི་ཐོག་མའི་གཟུགས་ཡུམ་གྱི་མཁའ་ན་གནས་པའི་བྱང་སེམས་དཀར་དམར་ལ་གཟུང་ཅིང་ཐིམ་པས་མུ་ཏིག་ལྟར་གསལ་བར་བསམ་ལ། དེ་ལྟ་བུའི་བྱང་སེམས་དེ་ཕྱག་མཚན་རྡོ་རྗེ་ལ་སོགས་པ་དང་གསུང་སྙིང་པོ་འབྲུ་བརྒྱད་དང་དེར་མ་ཟད་སྐུ་ཕྲ་མོ་དག་གི་རྣམ་པར་གསལ་བའི་འཕྲོ་འདུ། བརྟན་པར་རེད་ནས་ཡུམ་གྱི་མཁའ་ལ་བཞག་པར་བྱ་སྟེ། དེ་ལྟར་ཕྱག་མཚན་ལ་སོགས་པའི་རྣམ་པར་འཕྲོས་པས་རྒྱལ་བ་ཐམས་ཅད་ཀྱི་གསང་བ་གསུམ་གྱི་བྱིན་རླབས་བསྡུ་བ་དང་འགྲོ་བ་ཀུན་གྱི་སྒོ་གསུམ་གྱི་སྒྲིབ་པ་སྦྱང་ཞིང་བརྟན་གཡོའི་དྭངས་མ་སྡུད་པར་བྱེད་པའི་རྣམ་པས། འཁོར་འདས་ཀྱི་དཔལ་ཡོན་བསྐྱོད་ཅིང་བསྒུལ་བའི་རང་བཞིན་ཅན་ཀུན་འདུས་པ་ཡིས། དམ་རྫས་དེས་ཀྱང་མཆོད་དང་དངོས་གྲུབ་ལེན་པ་སོགས་རྣལ་འབྱོར་པས་ཅི་ལྟར་འདོད་པ་བཞིན་དུ་སྤྲོ་བའི་ལས་ཀུན་བྱེད་དེ་འདོད་དགུར་གྱུར་པའི་རིན་པོ་ཆེ་ཞེས་བྱའོ། །གཉིས་པ། གཞན་དོན་ལྷུན་གྲུབ་སྒྲོལ་བའི་ལུང་ལྟར་བཤད་ན། ཆོས་ཐམས་ཅད་ཆོས་ཉིད་དམིགས་སུ་མེད་པའི་རང་བཞིན་ལ་ཏིང་འཛིན་སྟོབས་སུ་གྱུར་པ་ཉིད་ཀྱི་གདེང་དང་ལྡན་པ་ཅན་གྱིས། ཐུགས་རྗེ་ཆེན་པོས་ཐབས་ལ་མཁས་པས་དཔལ་ཧེ་རུ་ཀའི་སྐུ་མཆོག་འཇིགས་བྱེད་འབར་བའི་ཚུལ་ཅན་འཁོར་དང་བཅས་པ་ཉིད་དུ་བསམ་ལ། ཞིང་གི་དངོས་པོ་སྒྲུབ་པའི་རྫས་དེ་དག་བསྒྲལ་བའི་རྫས་སུ་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ཡང་བསྒྲལ་བྱའི་དངོས་པོ་ནི་བསྲེགས་གཏོར་སྦྱངས་ཏེ་སྟོང་པའི་ངང་ལས་སེམས་ཉིད་ཡི་གེ་ཨ་རྒྱུ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབ་པར་བྱས་ནས་གནས་པ་ན། གསལ་བའི་ཚད་ཀྱང་ནོར་བུ་ལས་ཇི་འདོད་འབྱུང་བ་ལྟར་སེམས་ཀྱི་རང་བཞིན་རིན་ཆེན་དེ་ལས་ཀྱང་ཇི་ལྟར་དམིགས་པ་བཞིན་དངོས་སུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་གསལ་བར་ཤར་ཞིང་འདོད་དགུར་བསྒྱུར་དུ་རུང་བས་སེམས་ལས་སུ་རུང་བ་དང་། བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོ་ཞིང་ཁྱབ་པས། གཉིས་མེད་ཀྱི་བདེ་བ་ལ་མོས་པའི་ཚུལ་གྱིས་ཁ་སྦྱོར་དང་ལྡན་པར་བཞུགས་པ་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་པའི་ཐུགས་ལ་ཕོག་པས་མཆོད་ཅིང་མཉེས་པར་བསམ་ནས། སླར་འོད་དེ་དག་འདུས་ཏེ་སྔར་ལྟར་ཐ་མལ་པའི་གཟུགས་སམ་ཐོག་མའི་གཟུགས་སུ་བསམ་པ་དེ་ལ་གཟུད་པར་བྱའོ། །དེ་ནས་ལམ་རྒྱུད་ལྔར་སྐྱེ་བའི་རྒྱུན་གཏན་དུ་གཅོད་པའི་ཕྱིར་གནས་ལྔར་རིགས་ལྔའི་ཕྱག་མཚན་དང་སྙིང་པོ་དཔའ་བོ་འབྲུ་ལྔ་ཕྲ་མོ་གསལ་བས་རྒྱུད་ལྔའི་ས་བོན་སྲེག་སྦྱངས་བྱས་ཏེ་རིགས་ལྔ་སོ་སོའི་སྐུ་ཕྲ་མོ་དག །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་གསལ་ཞིང་བརྟན་པར་གྲུབ་པའམ་རེད་ནས། མས་ནས་ཡར་རིགས་ལྔའི་སྐུ་རྣམས་གཅིག་ལ་གཅིག་ཐིམ་ཞིང་བསྡུ་བའི་སྦྱོར་བས་གནས་སྦྱོང་ཞིང་རྣམ་པར་ཤེས་པ་རྡོར་སེམས་ཀྱི་རྣམ་པར་འོག་མིན་ན་བཞུགས་པའི་ཞི་ཁྲོའི་ལྷ་ཚོགས་ཡབ་ཡུམ་ཐབས་ཤེས་སུ་འབྲེལ་བའི་སྦྱོར་མཚམས་ཀྱི་མཁའ་ལ་བསྟིམ་ནས་དེ་བཞིན་གཤེགས་པའི་སྲས་སུ་བཞག་པར་བྱའོ། །དེ་ལྟར་བསྒྲལ་བའི་ཐབས་ཟབ་མོ་དང་ལྡན་པར་བྱས་ན་ཏིང་ངེ་འཛིན་གྱི་མཐུས་བསྐུལ་བའི་རང་བཞིན་ཅན་བདེ་བར་གཤེགས་པ་འཁོར་དང་བཅས་པ་ཀུན་འདུས་པ། དེས་ཀྱང་བསྒྲལ་བྱ་འཁོར་བ་ནས་མྱང་འདས་སུ་གནས་སྤོར་བའམ་སྤྲོ་བའི་ཕྲིན་ལས་རྣམས་བྱེད་པས་ན་ལྷག་པར་ཡང་གནས་སྤོར་ནུས་ལ། དེ་ལྟ་བུ་ཐབས་ཀྱིས་བསྒྲལ་བའི་ཕུང་པོའི་དངོས་པོ་དག་ཀྱང་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་པའི་རྫས་སུ་བསྔོ་བར་བྱའོ། །གཉིས་པ། སྒྲུབ་པ་ཆེན་པོས་དངོས་གྲུབ་བླང་བ་ལ། དངོས་གྲུབ་ཀྱི་མཚན་མ་བརྟགས་པ། དེ་ནས་སྒྲུབ་ཆེན་བརྩམས་སྟེ་དངོས་གྲུབ་བླང་བའོ། །དང་པོ། དངོས་གྲུབ་ཐོབ་པ་ལ་བར་ཆད་བྱེད་པའི་བགེགས་ཆེན་པོ་གང་དག་བྱུང་བ་ཡང་། སྐྱེ་མེད་ཀྱི་ངང་ལས་སྐྱེ་བའི་ཆོ་འཕྲུལ་དཔལ་ཆེན་པོར་གསལ་བའི་ཏིང་འཛིན་གཡོ་མེད་ཀྱི་གདིང་དང་ལྡན་པ་འཇིགས་པ་མེད་པའི་སེམས་སུ་གནས་པ་ཉིད་ཀྱིས་ཅི་རིགས་སུ་དུས་དྲུག་ཏུ་རྒྱུ་བའི་ཉུལ་ལེ་བསྐྲད་པ་ལ་སོགས་པས་བཟློག་པར་བྱའོ། །དངོས་གྲུབ་སྦྱིན་པར་མཛད་པའི་ཡེ་ཤེས་ལྷའི་གཟུགས་ཅན་ནམ་མཚན་མ་བྱུང་བ་ལ་ཡང་། དངོས་གྲུབ་ཐོབ་ན་ཅི་མ་རུང་སྙམ་དུ་རེ་བ་དང་མི་ཐོབ་པར་བར་ཆད་དུ་དོགས་པ་དང་ཐོབ་པར་འགྱུར་རོ་སྙམ་དུ་དགའ་བ་ཡི་སེམས་དང་། གཞན་ཡང་ཐེ་ཚོམ་ལ་སོགས་པ་རྣམ་རྟོག་སྣ་ཚོགས་སྐྱེ་བས་དངོས་གྲུབ་ལ་བར་ཆད་དུ་བྱེད་སྲིད་པས་རེ་དོགས་ལ་སོགས་པ་དེ་ལྟ་བུ་ངན་པའི་དོན་ཅན་གྱི་སེམས་མི་དབྱུང་བར་བྱ་སྟེ། མཉམ་པའི་ལྟ་བས་ཟིལ་གྱིས་མནན་པར་བྱའོ། །དེ་ཡང་ཕན་བྱེད་ཀྱི་ལྷ་དང་གནོད་པར་བྱེད་པ་བགེགས་རྣམ་པ་གཉིས་པོ། གང་ཡིན་མ་ངེས་པའི་མཚན་མ་འདི་ལྟར་གཟུགས་སུ་སྣང་བ་དང་སྒྲ་རུ་གྲགས་པ་དང་དྲི་བསྣམ་པ་དང་ནི། རྣམ་པ་གསུམ་པོར་བསྟན་ཏེ་བྱུང་བ་ན། བློ་འཁུ་འཕྲིག་གི་དོགས་པ་དང་བཅས་པའི་སེམས་སྤངས་ཏེ། ཐབས་དང་བློ་གྲོས་ཀྱིས་བཟང་ངན་གྱི་བྱེ་བྲག་མ་ནོར་བ་ཉིད་དུ་ནི་ཤེས་པར་བྱ་དགོས་ཤིང་། ཕྱིའི་མཚན་མ་ཙམ་ལ་གཙོ་བོའི་མི་འདོན་པར་རྣལ་འབྱོར་པ་ནང་གི་ཉམས་ཟབ་མོ་ཉིད་ཀྱི་ཕྱག་རྒྱ་སྟེ་མི་འཆུག་པར་བྱ་བའི་གནད་ཀྱི་རྒྱས་རང་གིས་བསྒྲུབ་བྱའི་དོན་གྲུབ་བམ་མ་གྲུབ་སད་པར་བྱས་ནས་ངོས་ཟིན་པར་བྱའོ། །གལ་ཏེ་རང་དོན་གྲུབ་པ་དངོས་གྲུབ་ཀྱི་མཚན་མ་མིན་པར་བགེགས་ཀྱི་མཚན་མ་ཡིན་ན་ནི་བར་དུ་གཅོད་པའི་འབྱུང་པོ་དེ་དག་ལིངྒ་ལ་དགུག་བསྟིམ་བྱས་ཕུར་བུས་གདབ་ལ་ཁྲོ་བོ་རོལ་པའི་བྲོས་གཟིར་ཞིང་བསྐལ་པའི་བར་དུ་ལྡང་མེད་དུ་མནན་པར་བྱའོ། །གཉིས་པ། རྡོ་རྗེ་སེམས་དཔའ་མཆོག་གི་སྟོན་པས་ཧེ་རུ་ཀ་གལྤོ་སོགས་ལས་དུས་གྲངས་མཚན་མའི་བསྙེན་པ་གསུམ་གྱི་ཚུལ་བསྟན་པའི་ལུང་བཞིན་དུ། བསྒྲུབ་པའི་ཞག་གྲངས་ཀྱི་དུས་ནི་བརྟག་སྟེ་ཚད་ལ་ཕྱིན་པའམ། དུས་མ་ངེས་ཀྱང་གྲུབ་པའི་མཚན་མ་བརྟན་པོར་བྱུང་བ་ན། འདོད་དོན་དངོས་སུ་གྲུབ་པའི་ཕྱིར་སྒྲུབ་པ་ཆེན་པོ་ཕྱི་ནང་གསང་བའི་ཚུལ་དུ་བརྩམ་པར་བྱའོ། །དེ་ཡང་བསྒྲུབ་པར་བྱ་བ་རྡོ་རྗེ་དངོས་གྲུབ་དམ་པ་ཉིད་ཉི་མ་ནུབ་ཅིང་དམར་ཐག་ཆད་ནས་ནི། སྐྱ་རིང་འཆར་བའི་བར་གྱི་མཚན་མོའི་ཐུན་དེ་དག་ཏུ་དངོས་གྲུབ་ལེན་པའི་ཚོགས་བསྒྲུབ་པར་བྱ་དགོས་པས། སྨན་རཀ་སྦྲེང་ཞིང་དངོས་གྲུབ་ཀྱི་རྫས་ལ་ཧཱུྃ་གི་དབྱངས་དང་བཅས་པའི་ཏིང་ངེ་འཛིན་གྱིས་ཐུགས་དམ་བསྐུལ་ཞིང་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་ཅིང་མཆོད་པའི་རིམ་པ་ཉིད་ཀྱིས་དགྱེས་པའི་སྒོ་ནས། སྣང་སྲིད་ལྷའི་དཀྱིལ་འཁོར་འོད་དུ་ཞུ་བ་རྫས་ལ་ཐིམ་པའི་ཚུལ་གྱིས་དངོས་གྲུབ་བསྡུས་ཏེ་ཡི་གེ་གསུམ་གྱི་རྣམ་པར་རྡོ་རྗེ་ལྕེས་མྱོང་བས་རང་ཉིད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ། ཐོབ་པར་བྱས་པ་དེ་དང་རྗེས་སུ་འབྲེལ་བར་སློབ་མ་གཞན་ལའང་དངོས་གྲུབ་ཀྱི་རྫས་དེ་རྒྱུད་བྱིན་གྱིས་བརླབ་པ་དང་དངོས་གྲུབ་ཐོབ་པར་དབང་བསྐུར་བར་བྱའོ། །གསུམ་པ་རྗེས་ནི། སྒྲུབ་པའི་གཏོར་མ་ལ་དངོས་གྲུབ་བླང་ལ་ལྷག་མ་ཆ་གསུམ་དུ་བགོས་པའི་དང་པོ་ལ་སྦྱིན་སྲེག་བྱ་བ་དང་བར་མ་ལ་ཧེ་རུ་ཀ་ལས་ཀྱི་བཟླས་པ་བྱ་ཞིང་མཁའ་འགྲོ་བསྐྱང་། གསུམ་པ་མི་ཟད་པའི་གཏེར་དུ་སྦར་བར་བྱའོ། །དེ་ནས་ཏིང་ངེ་འཛིན་དང་གཟུགས་བརྙན་གྱི་དཀྱིལ་འཁོར་བསྡུ་བ་དང་། སྨོན་ལམ་གདབ་ཅིང་བཀྲ་ཤིས་བརྗོད། དལ་བསྡུ་པས་མ་སྲིང་མཁའ་འགྲོ་རྣམས་དབྱིངས་སུ་གཤེགས་པ་སླར་བརྟེན་ཅིང་དགའ་བའི་ཕྱིར་རུ་ལུ་གར་གྱི་བྲོ་བརྡུང་སྟེ་གླུ་དང་རྩེད་འཇོ་བྱ། དགེ་བའི་རྩ་བ་བསྔོ་ཞིང་མཆེད་ནང་ཕན་ཚུན་དང་ཀུན་གྱིས་སློབ་དཔོན་དང་དཀྱིལ་འཁོར་ལྷ་ལ་མ་དག་པ་བཤགས་པ་དང་གཏང་རག་བཏང་། དེ་ནས་ཞི་བ་དང་ཁྲོ་བོ་གང་བྱེད་པའི་རྒྱུན་གྱི་ཏིང་ངེ་འཛིན་ལ་ནན་ཏན་བྱ་ཞིང་། བསྙེན་སྒྲུབ་བྱས་པས་མཚོན་དུས་གསུམ་གྱི་ལེགས་བྱས་ཐམས་ཅད་ཀུན་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་ཧེ་རུ་ཀའི་གོ་འཕང་དམ་པ་ཐོབ་པའི་ཕྱིར་བསྔོ་བར་བྱའོ། །བཞི་པ། མཛད་བྱང་འགྱུར་བྱང་ནི། སྒྲུབ་པ་ཆེན་པོ་ཡང་དང་པར་གྲུབ་པ་ཞེས་བྱ་བ་གྲུབ་པའི་སློབ་དཔོན་ཆེན་པོ་བཛྲ་ཧཱུྃ་ཀཱ་རའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །ཞེས་དང་། བོད་ཀྱི་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་ལུང་གིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ། རྒྱ་གར་གྱི་མཁན་པོ་ཧཱུྃ་ཀཱ་ར་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་གནུབས་ནམ་མཁའི་སྙིང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་སོ། །བླ་མའི་བཀའ་བཞིན་ཚུལ་འདི་དག །རྣམ་པར་བཤད་པའི་དགེ་བ་ཡིས། །དོན་གཉིས་ལྷུན་གྲུབ་དཔལ་ཆེན་པོར། །འགྲོ་ཀུན་མྱུ་བ་ཉིད་གྱུར་ཅིག །ཅེས་པ་འདི་ནི་ཡོངས་རྫོགས་བསྟན་པའི་མངའ་བདག་རིག་འཛིན་གྱི་རྒྱལ་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་རྒྱུད་ཀྱི་ཆོས་སྡེར་བཞུགས་པ་བཞིན་རྗེ་དེ་ཉིད་ཀྱིས་ལམ་འདིའི་སྨིན་གྲོལ་བཤད་ལུང་བཅས་སྩལ་ཞིང་བཀའ་ཡིས་གནང་བ་བྱིན་པའི་དོན་ལྟར་མི་ཕམ་འཇམ་དབྱངས་རྣམ་པར་རྒྱལ་བས་བྲིས་པ་ཕྱོགས་ཐམས་ཅད་དགེ་ལེགས་ཀྱི་སྣང་བས་ཁྱབ་པར་གྱུར་ཅིག་གུ། སརྦ་མངྒ་ལཾ།། ༈ །།ཡང་དག་ཐུགས་ཀྱི་བཀའ་བབ་རིག་འཛིན་ཧཱུྃ་ཀཱ་རའི་རྒྱ་གཞུང་ལ་ཀུན་འདུས་ཀྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་མན་ངག་གབ་པ་ཕྱུང་། འཁྲུག་པ་བསྡེབས། མ་ཚང་བ་ཁ་སྐོང་བ་བཅས་མཛད་པའི་ཡང་དག་གྲུབ་པའི་གཞུང་རྩ་བ་འདི་ཉིད་དང་། གསང་འགྲེལ་ཆེན་པོ་བཅས་འཇམ་དབྱངས་དངོས་བྱོན་རྗེ་ཁྲི་སྲོང་ལྡེའུ་བཙན་སོགས་སྐལ་ལྡན་རྗེ་འབངས་བདུན་ལ་མནོག་ཆོས་སུ་སྩལ་བ་འདི་ཉིད། དུས་ཕྱིས་སུ་ཆོས་རྒྱལ་རྣམ་འཕྲུལ་བཀའ་བབས་བདུན་ལྡན་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ལ་རྗེས་དྲན་དག་སྣང་སྙན་བརྒྱུད་ཀྱི་བཀའ་བབས་པས་བརྒྱུད་གསུམ་གྱི་བྱིན་རླབས་དང་ལྡན་ཞིང་དཔེ་རྙིང་མ་དག་པའི་སྐྱོན་བྲལ་འདི་ལ་འཇམ་མགོན་མི་ཕམ་རིན་པོ་ཆེས་མཆན་དུ་བཏབ་པས་གོ་བདེ་དོན་གསལ་བ་ཡིན་པ་མ་ཟད་གསང་འགྲེལ་ཆེན་པོའི་སྙིང་པོ་དོན་འདུས་ཀྱི་གསེར་ཆོས་ལགས་པས་སྔ་འགྱུར་བསྟན་པའི་རྗེས་འཇུག་ཕྱི་རབས་པ་ཀུན་གྱིས་ཐུགས་ཀྱི་ཏི་ཀར་བཟུང་བར་འཚལ་ལོ། །མངྒ་ལཾ།། །།


previousཡང་དག་གི་ཚིག་འགྲེལ་མདོར་བསྡུས།next