Nitartha Digital Library
Tibetan
 
previousཡང་དག་གི་མངོན་པར་རྟོགས་པ་འདི་བླ་མ།no next

ཡང་དག་གི་མངོན་པར་རྟོགས་པ་འདི་བླ་མ།

ཡང་དག་གི་མངོན་པར་རྟོགས་པ་འདི་བླ་མ་གན་པ་བ་རིན་ཆེན་རྒྱལ་མཚན་གྱིས་སྦྱར་བ་བཞུགས་སོ། །ས་ལུགས་ཡིན། བླ་མ་དང་རིག་འཛིན་རྣམས་དང་དཔལ་ཀུན་བཟངས་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཡང་དག་ཟླ་གམ་ནས་ཡེ་ཤེས་ཐིག་ལེའི་དོན་ལ་རྒྱུན་གྱི་ཉམས་ལེན་དང་། སྒྲུབ་པ་ཆེན་པོ་གཉིས་སོ། །དང་པོ་ལ་ཐོག་མར་མཆོད་སྫས་རྣམས་རཾ་ཞེས་བདག་གི་ཐུགས་ཁ་ནས་འོད་འཕྲོས། ལྷག་མཐོང་གི་མེས་མཆོད་རྫས་ལ་ཕོག། རྟོག་པའི་དྲི་མ་ཐམས་ཅད་བསྲེགས། ཡཾ་ཞེས་ཡེ་ཤེས་ཀྱི་རླུང་གིས་བག་ཆགས་ཀྱི་དྲི་མ་ཐམས་ཅད་གཏོར་སྦྱངས། ཁཾ་ཞེས་ཞི་གནས་ཀྱི་ཆུས་བཀྲུས་པར་བསམས་ལ། ཡཾ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ༴ མཆོད་པ་རྣམས་འདོད་ཡོན་ལྔ། དེ་ནས་ༀ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲིཿ ཞེས་བདུད་རྩི་དྲི་མ་མེད་པ་བྱང་ཆུབ་ཀྱི་སེམས། ༀ་ཨཱཿཧཱུྃ། མ་ཧཱ་བྷ་ལིནྟ་ས་མཱ་ཡ་ཏྲི་ཥྱ་ཧོཿ ཅེས་གཏོར་མ་འདོད་པའི་ཡོན་ཏན་ལྔ། ༀ་ཨཱཿཧཱུྃ། མ་ཧཱ་རཀྟ་ཛྭ་ལ་རྃ་མ་ཧཱ་ལ་ཧཱུྃ། ཅེས་རཀྟ་ཁྲག་གི་རྦ་རླབས་སུ་འཁྲུགས་པ་རྣམས་བྱིན་གྱིས་བརླབས་ནས། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་བསམ་དུ་མེད་དོ། །སེམས་ཉིད་ནམ་མཁའ་ཆེ་ཞེས་པ་ནི། ནམ་མཁའ་གང་དུ་ཡང་མ་གྲུབ་པ་ལྟར། སེམས་ཉིད་ཅིར་ཡང་མ་གྲུབ་པའི་ངང་ནས། ༀ་སརྦ་དྷརྨཱ་སྭ་བྷཱ་ཝ་བི་ཤུད་དྷོ་ཧཾ། ཞེས་ཀུན་གཞི་མ་བཅོས་པ་དབྱིངས་རང་བཞིན་རྣམ་པར་དག་པའོ། །ཀུན་དུ་སྣང་ནི་ཆོས་དབྱིངས་མ་གཡོས་པ་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་ཆེན་པོ་ཚད་མེད་པ་འབྱུང་བ། དེ་ཡང་ཕྱོགས་རིས་དང་ཁ་དོག་མེད་པས། ༀ་མ་ཧཱ་ཤཱུ་ཛྙ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ་ཧཾ། ཞེས་ཀུན་ལ་ཁྱབ་པའོ། །རྒྱུའི་ཏིང་ངེ་འཛིན་སེམས་ཉིད་སྐྱེ་བ་མེད་པའི་ངང་ནས། ཧཱུྃ་ཆུ་ཟླ་ལྟ་བུར་ཤར་བ་དེ་ཛྙཱ་ན་སཏྭ་བཛྲ་ཀྲོ་དྷ་ཧཱུྃ། ཞེས་ཡེ་ཤེས་སེམས་དཔའ་ཚོན་གང་པ་ཟླ་བ་གསལ་བ་ཤར་བ་ལྟ་བུའི་རྒྱུའི་ཧེ་རུ་ཀའོ། །སརྦ་ཏྲཾ་ཤཾ་མ་ཧཱ་རུ་ཀ་ཧཱུྃ་ཞེས་པས་སྐུ་བདེ་བའི་དབྱིངས་ཀྱི་སྨིན་འཚམས་ནས་གཞལ་ཡས་ཁང་བསྐྱེད་པའི་ས་བོན་རྣམས་འཕྲོས་ཏེ། ཨེཿཕྱི་ལྟར་ཀུན་ཏུ་བཟང་མོའི་རང་བཞིན་གྲུ་གསུམ། ནང་ལྟར་རང་གི་བྱང་ཁོག་སྟོང་ཉིད་ཀྱི་དབྱིངས། དེའི་ནང་དུ་ཡྃ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ངད་དང་ལྡན་པ༴ ཕྱི་ལྟར་དམ་ཚིག་སྒྲོལ་མའི་རང་བཞིན། ནང་ལྟར་ཁྱབ་བྱེད་རླུང་གིས་འདེགས་པ། རཾ་ལས་མེ་གྲུ་གསུམ་འབར་ཞིང་ཚ་བ། ཕྱི་ལྟར་གོས་དཀར་མོའི་རང་བཞིན། ནང་ལྟར་སྟེང་འོག་གི་དྲོད། ར་ལས་རཀྟའི་རྒྱ་མཚོ། ཕྱི་ལྟར་མཱ་མ་ཀིའི་རང་བཞིན་རྦ་རླབས་སུ་འཁྲུག་པ་ནང་ལྟར་རྩ་སྦུབས་ཀྱི་ཁྲག། བཾ་ལས་ཆུ་དང་གསེར་གྱི་ས་གཞ། ཕྱི་ལྟར་སྤྱན་མའི་རང་བཞིན། ནང་ལྟར་ཆུ་དང་ཤ་སྤགས། ཀེཾ་ལས་ཀེང་རུས་ཀྱི་རི་རབ། ཕྱི་ལྟར་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རང་བཞིན། ནང་ལྟར་རྒལ་ཚིགས་རུས་པའི་དུམ་ཁྲིགས་རྣམས་ཕྱི་སྣོད་ཀྱི་འཇིག་རྟེན་དང་རང་གི་འབྱུང་བ་ལྔ་གཉིས་ཡབ་ཡུམ་ལྔ། ཡེ་ཤེས་ལྔར་སྦྱང་གཞིའོ། །དེ་ནས་བྷྲཱུཾ་བྷེ་ཤ་བི་ཤུད་དྷེ་དྷརྨཱ་དྷཱ་ཏུ་ཙིཏྟ་ཨཿ ཞེས་ཡེ་ཤེས་སེམས་དཔའི་སྨིན་འཚམས་ནས་གཞལ་ཡས་ཁང་བསྐྱེད་པའི་ས་བོན་བྷྲུཾ་ག ཅིག་རི་རབ་ཀྱི་སྟེང་དུ་འཕྲོས་པས་ཕྱི་ལྟར་སྣོད་ཀྱི་འཇིག་རྟེན་དུར་ཁྲོད་ཀྱི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཐོད་རློན་གྱི་རྨང་གཞི་ལ་སྐམ་པོའི་རྩིག་པ་རིམ་པ་ལྔ། སྐམ་རློན་སྤེལ་མའི་ཕ་གུ་ལ་ཀེང་རུས་ཀྱི་དྲ་ཕྱེད་འཕྱང་པ། ལྕང་ལོ་ཅན་གྱི་མདའ་ཡབ་དང་པུ་ཤུས་བསྐོར་བ། སྒོ་བཞི་ལ་རོ་ལངས་བཞི་བཞི་བཏེག་པའི་ཐོད་པ་སྐམ་རློན་གྱི་རྟ་བབས་་བང་རིམ་བཞི་པ་རྒྱུ་མའི་ཟ་ར་ཚགས། ལྕང་ལོ་ཅན་གྱི་རྔ་གཡབ། ཟུར་རྣམས་ལ་ཞིང་ཆུང་གི་རྒྱན། ཐོད་སྐམ་གྱི་གདུགས་ཆོས་འཁོར། ནང་ན་རོ་ལངས་ཆེན་པོ་ཧ་ཧ་ཞེས་རྒོད་པའི་ཀ་བ་བརྒྱད་ཀྱིས་བཏེག་པའི་བམ་ཆེན་གྱི་གདུང་མ། ཞིང་ཆུང་གི་ལྕམ་དྲལ། འཇིམ་པ་ཆ་ཆེན་གྱི་ནག་ལེབ། ཐོད་པ་རིན་པོ་ཆེ་སྐམ་པོ་དགུ་ཚེགས་ཀྱི་ཏོག། ཕྱོགས་བཞིར་གཡང་གཞིའི་རྒྱལ་མཚན་ཐོད་པའི་ཏོག་ཅན་གཉིས་གཉིས། ནང་དུ་གཡང་གཞིའི་བླ་བྲེས། རྒྱུ་རློན་གྱི་ལྡ་ལྡི། ཙིད་ཏའི་དར་དཔྱངས། ཤ་ཆེན་གྱི་ལང་ལིང་། རཀྟའི་རྦ་ཀློང་འཁྲུག་པ། ཉི་ཟླའི་མཐོ་དཀར། ཕོ་བྲང་བྱང་སེམས་དཀར་དམར་གྱི་ཟླ་གམ་སྒོ་གཅིག་པ། ཕྱི་རོལ་གྱི་འདོད་ཡོན་གྱི་ས་གཞི་ནས་ལྷ་མོ་རྣམས་ཀྱིས་དབང་པོ་ལྔའི་མཆོད་པ་འབུལ་བ། ཕྱོགས་འཚམས་ན་མེ་དང་ཆུ་ཤིང་སྤྲིན་རོ་དང་རོ་ལངས་ཀེང་རུས་མེ་འབར་བ། ཤ་ཟ་དག་མཁའ་འགྲོ་ལྕེ་སྤྱང་ལ་སོགས་པ་རྣམས་འབྲུག་གི་སྒྲ་ལྟར་ལྡིར་བ། དབང་རྟེན་རྡོ་རྗེའི་ར་བ་ལས་འདོད་ཆགས་ཀྱི་མེ་འབར་བ། དོན་རྣམ་པར་སྣང་མཛད་ཀྱི་ངོ་བོ། ནང་ལྟར་ཙིད་ཏ་སྨུག་པོ་ཀུན་གཞི་རྟོག་མེད་ཀྱི་གཞལ་ཡས་ཁང་། སྲོག་པ་རྩའི་སྒོ་བཞི་པ། རྙིང་ཚིལ་དཀར་དམར་ཉི་ཟླའི་གདན། འབྱུང་པ་བཞིའི་རླུང་བཞི་བརྒྱུ་བ་སྒོ་བཞི། དབུ་མ་ཚངས་བུག་གི་མཐོངས་དཀར། དེ་ནི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཕོ་བྲང་ངོ་། །དེ་ནས་གཞལ་ཡས་ཁང་གི་འོག་ཏུ། ཏིང་ངེ་འཛིན་གྱི་མ་ཏྲང་མནན་པ་ནི། ཏ་ཐ་ཧཾ་བཛྲ་ནན་ཞེས་རྡོ་རྗེ་རྒྱ་གྲམ་གྱིས་མནན་པར་བསྒོམ། རྟེན་པ་ལྷ་བསྐྱེད་པ་ནི་ཉི་ཟླ་པད་མ་རུ་ཏྲ་ཕོ་མོའི་གདན་སྟེངས་སུ། ཛྙཱ་ན་སཏྭཱ་བཛྲ་ཀྲོ་དྷ་ཧཱུྃ་ཨཿ ཞེས་རྒྱུའི་ཧེ་རུ་ཀ་ཡེ་ཤེས་སེམས་དཔའ་སྐར་མདའི་ཚུལ་དུ་བབས་པ་ལས་འབྲས་བུའི་ཧེ་རུ་ཀ་བསྐྱེད་པ་ནི། བདེ་ཆེན་གསལ་བའི་ཕོ་བྲང་དུ། ཐབས་ཀྱི་བྱེ་བྲག་ཅིར་ཡང་བསྟན། གཉིས་མེད་འབྲས་བུས་རྒྱས་བཏབ་ནས། མི་འགྱུར་ཡུམ་གྱི་མཁའ་ནས་སྫོགས། །ཐིག་ལེ་རང་འབྱུང་མངོན་སངས་རྒྱས། སྣང་སྲིད་མ་བཅོས་ཧེ་རུ་ཀ །ཀུན་ལ་ཁྱབ་པའི་སྐུ་གཟུགས་ནི། ཀུན་བཟངས་རོལ་པ་ཆོས་ཀྱི་སྐུ། །ༀ་ཤྲཱི་བཛྲ་ཧེ་རུ་ཀ་ཀྲོ་དྷ་ཤྭ་རི་སྟྭཾ་ཧཱུྃ་ཕཊ། སེམས་ཉིད་རང་འབྱུང་ཡེ་ཤེས་ཤར། །མ་འགགས་ཡེ་ཤེས་སེམས་དཔའ་ཉིད། །དཔལ་ཆེན་ཡབ་ཡུམ་སྐུར་གྱུར་ཏེ། །ཞེས་ངག་ཏུ་བརྗོད་པས་དཔལ་ཆེན་པོའི་སྐུར་ལྷག་ཤར་བ་ནི། སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ། རྩ་ཞལ་མཐིང་ནག་ཁྲོས་པ་གཡས་དཀར་བ་གཙིགས་ཤིང་། གཡོན་དམར་བ་བཞད་པ། ཞལ་གསུམ་ཟླ་བའི་དཀྱིལ་འཁོར་ལྟར་ཟླུམ་ཞིང་། སྐྲ་ཁམ་ནག་གྱེན་དུ་བརྫེས་ནས་སྦྲུལ་དཀར་གྱིས་བཅིངས་པའི་རྩེ་ལ་མེ་འབར་ཞིང་འཚུབ་པ། རྐེད་པ་ནས་རླུང་གི་དཀྱིལ་འཁོར་ལྗང་ནག་འོད་དུ་འཕྲོ་བ་ལས་མེ་འོད་འབྱིན་པ། རྩ་བ་ནས་རཀྟའི་ཞམ་ཆུ་འབབ་པ། ཐོད་སྐམ་དང་ཉི་ཟླ་སྤེལ་ནས་དབུ་ལ་བརྒྱན་པ། སྨིན་མ་གློག་ལྟར་འཁྱུག་ཅིང་ཁྲོ་གཉེར་བསྡུས་པའི་སྫི་མ་ལྕགས་ཀྱུའི་འོད་ཟེར་འབར་བ། སྤྱན་དབུས་མ་གསུམ་སྡང་མིག་འབྲུ་ཚུགས་སུ་གཟིགས་ཤིང་མིག་སྤྲིན་དམར་བ། འབྲའུ་མཐིང་ནག་གྲུ་གསུམ་འབར་བ། གཡས་པ་གསུམ་ཉི་མའི་དཀྱིལ་འཁོར་ལྟར་དམར་ལ་སྡང་མིག་བགྲད་པ། གཡོན་གསུམ་ཟླ་བའི་དཀྱིལ་འཁོར་ལྟར་དཀར་ལ་དམར་བ། མཆེ་བ་བཅུ་གཅིག་ཟླ་ཚེས་ལྟར་གསལ་ལ་རྣོ་བ། ལྗགས་བདེ་ལ་འདྲིལ་བ་ཧཱུྃ་དང་ཕཊ་ཀྱི་རྐན་སྒྲ་སྒྲོག་པ། ཨག་ཚོམས་སེར་ནག་ཛའི་འོད་འཕྲོ་ཞིང་། ཤངས་ནས་རླུང་དམར་གྱི་ཚུབ་མ་ལྡང་བ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་མཁྱུད་པ། གཡས་ཀྱི་གཉིས་པ་ན་ཁ་ཊྭཱཾ་ག། གསུམ་པ་ན་རྔེ་ཆུང་སྒྲ་དང་བཅས་པ། གཡོན་གྱི་གཉིས་པ་ན་ཐོད་པ་ཁྲག་གིས་བཀང་པ། གསུམ་པ་ན་རྒྱུ་ཞགས། ཞབས་གཉིས་གྱད་ཀྱི་དོར་སྟབས་སུ་བགྲད་པ། གཉིས་བརྐྱང་བསྐུམ་དུ་བཞུགས་པ། དུར་ཁྲོད་ཀྱི་ཆས་དགུས་བརྒྱན་པ་ནི། སྟག་ལྤགས་ཀྱི་ཤམ་ཐབས། གཉིས་འཐུང་ལྤགས་པ་དང་གཡང་གཞིའི་སྟོད་གཡོགས། ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ། ཕྱག་ཞབས་སྦྲུལ་གྱིས་བརྒྱན་པ། སྨིན་འཚམས་སུ་ཐལ་ཆེན་གྱི་ཚོམ་བུ། ཞལ་གྱི་འཚོ་གཉིས་ཤངས་ཀྱི་རྩ་གཉིས་ལ་རཀ་ཏའི་ཐིག་ལེ། ཐུགས་ཁར་ཞག་གི་ཟོ་རིས། ཉི་ཟླ་གཉིས་ཀྱིས་སྙན་བརྒྱན་པའོ། །འབར་བའི་གར་དགུ་དང་ལྡན་པ། ཡེ་ཤེས་རོལ་པའི་སྐུར་གསལ་བ་ནི་ཡབ་ཏེ། སེམས་ཉིད་འབྱུང་གི་ཡུམ་ཀྲོ་ཏི་ཤྭ་རི་མཐིང་ཁ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དང་བཅས་པས་ཡབ་ལ་མཁྱུད་པ། གཡོན་བྷན་དྷ་ཁྲག་བཀང་ཡབ་ཀྱི་ཞལ་དུ་སྟོབ་པ། ཞབས་གཡོན་ཡབ་ལ་འཁྲིལ་ནས་གཡས་བརྐྱང་བ། རྡོ་རྗེ་པད་མ་མཉམ་པར་སྦྱོར་བ་ནི། རྟག་པ་ཐེར་ཟུག་མ་ཡིན་ཏེ། དབྱིངས་རང་བཞིན་གྱིས་གསལ་བའི་ཡུམ་འཛུམ་པའི་མདངས་དང་ལྡན་པའོ། །བ་སྤུ་རྣམས་རྡོ་རྗེ་ལས་ཡེ་ཤེས་ཀྱི་མེ་འབར་བའོ། །དཔྲལ་བར་ཟླ་བའི་སྟེང་དུ་སྐུ་རྡོ་རྗེ། མགྲིན་པར་པདྨའི་སྟེང་དུ་གསུང་རྡོ་རྗེ། ཐུགས་ཀར་ཉི་མའི་སྟེང་དུ་ཐུགས་རྡོ་རྗེ་སྐུ་གསུང་ཐུགས་ཀྱི ལྷ་གསུམ་རང་འོད་ཀྱི་རིག་མ་དང་སྦྱོར་བར་རང་རང་གི་ཕྱག་མཚན་དྲིལ་བུ་དང་བཅས་པའོ། །སྤྱི་བོར་བཛྲ་ཧེ་རུ་ཀ། འཚོགས་མར་བུད་དྷ་ཧེ་རུ་ཀ། རྣ་བ་གཡས་སུ་རད་ན་ཧེ་རུ་ཀ། ལྟག་པར་པད་མ་ཧེ་རུ་ཀ། རྣ་བ་གཡོན་དུ་ཀརྨཱ་ཧེ་རུ་ཀ་རྣམས་གཡས་རང་རང་གི་ཕྱག་མཚན། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཁྲག་མཐུང་རིགས་ལྔ་ལ་སྫོགས་པའོ། ཞལ་གཡས་ཀེ་རི་མ། གཡོན་པྲ་མོ་ཧ། ཕྱག་གཡས་དང་པོ་ཙི་རི་མ། གཡོན་དང་པོ་བཻ་ཏ་ལི། གཡས་བར་མ་པུཀྐ་སི། ཐ་མ་སྨ་ཤ་ན། གཡོན་བར་མ་གྷསྨ་རི། ཐ་མ་ཙཎྜ་ལི། སྒལ་ཚིགས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། དེའི་ཐུགས་ཀར་ཙི་ཏ་རིན་པོ་ཆེ་གུར་ཕུབ་པ་ལྟ་བུའི་ནང་དུ་སྙིང་ཚིལ་དཀར་པོ་ཟླ་བའི་གདན་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་ཚོན་གང་པའི་ཐུགས་ཁར་རིན་པོ་ཆེ་ཟུར་བརྒྱད་པ། སོར་གཅིག་དཀྱིལ་དུ་རྡོ་རྗེ་ནས་ཆེན་ཙམ་གྱི་ལྟེ་བ་ལ་སྲན་ཆུང་ཕྱེད་ཀས་ཙམ་གྱི་ཉི་མའི་སྟེང་དུ། ནས་ཆུང་ཙམ་གྱི་ཧཱུྃ་ལ་ཏིལ་འབྲུ་ཙམ་གྱི་རི་ལུས་བསྐོར་བའོ། །དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲང་པ་ནི། སེམས་ཉིད་ཡེ་ཤེས་སྐུར་གསལ་བ། སྤྱན་འདྲེན་གཤེགས་པ་མི་མངའ་ཡང་། ཡེ་ཤེས་སྒྱུ་མའི་ངང་ནས་གཤེག། །གཉིས་མེད་སྒྱུ་མའི་ངང་དུ་ཐིམ། །ༀ་ཤྲཱི་བཛྲ་ཧེ་རུ་ཀ་ཛྙཱ་ན་གར་ས་མ་མ་ཧཱ་པུ་ཀ་སཾ་ཧ་ར་ན་ཧཱུྃ་ཞེས་བརྗོད་ནས། ཡེ་ཤེས་སེམས་དཔའི་ཐུགས་ཁའི་ཧཱུྃ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་རང་གིས་བསྒོམས་པ་ལྟ་བུ་སྤྱན་དྲངས་ཏེ། ༀ་མ་ཧཱ་ཨ་ཀྲི་ཤྲཱི་ཧེ་རུ་ཀ་ཨ་ཨ། སྃ་ཧ་ར་ན་ཧཱུྃ། ཞེས་གཉིས་སུ་མེད་པར་བསྟིམས་ནས། དེ་བརྟན་པར་བཞུགས་སུ་གསོལ་བ་ནི། གསལ་ལ་མི་འགྱུར་ཆོས་ཀྱི་སྐུ། བསམ་མེད་ཆོས་སྐུ་ནམ་མཁའ་འདྲ། བརྗོད་མེད་རྣམ་ཤེས་གཟུགས་དང་བྲལ། འདུ་འབྲལ་མེད་པ་མཁའ་ལ་སྫོགས། །ༀ་ཤྲཱི་ཧེ་རུ་ཀ་དྷརྨཱ་དྷ་ཏུ་པྲ་བྷ་བ་མ་ཧཱ་པུ་ཀ་ཧཱུྃ། ཞེས་བརྗོད་ནས། ཡེ་ཤེས་པ་དང་དམ་ཚིག་པ་གཉིས་དབྱེར་མེད་ཆོས་ཀྱི་སྐུའོ། །ཕྱག་འཚལ་བ་ན། རྟོག་མེད་སྤྲོས་བྲལ་མཁའ་དབྱིངས་དག། སྐྱེ་མེད་རྡོ་རྗེ་སྐུ་གསུང་ཐུགས། །རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ། །འདུ་འབྲལ་མེད་ལ་ཕྱག་འཚལ་ལོ། །ཨ་ཏི་བུ་ཧོ། པྲ་ཏི་ཛཿཧོ། ཞེས་བརྗོད་ནས། གུས་དང་དགྱེས་པར་བྱེད་པ་པོ། །སྐུ་གཅིག་ཀུན་ལ་ཁྱབ་པ་སྐུ། །ཞལ་གསུམ་ཕྱག་དྲུག་ཧེ་རུ་ཀ །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྡོ་རྗེ་ཁ་ཊྭཱཾ་རྔེ་ཆུང་གཡས། །དྲིལ་བུ་ཐོད་ཁྲག་རྒྱུ་ཞགས་གཡོན། །ཡབ་ཡུམ་འདུ་འབྲལ་མེད་པར་འཁྲིལ། །མིང་དང་རྟོག་ལ་མི་གནས་པའི། །མི་གཡོ་བས་ན་སྐུ་ཡི་རྒྱ། །ཞེས་བརྗོད་ནས། ཡབ་ཡུམ་སྐུ་ཕྱག་རྒྱ་ཆེན་པོར་གསལ་བར་བསྒོམ་མོ། །དེ་ནས་མཆོད་པ་དབུལ་བ་ནི། །དང་པོ་ཕྱིའི་མཆོད་པ་རྣམས། ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༴ ༀ་ཨཱཿཧཱུྃ་པཱུ་ཙ་ཧ། ཞེས་བྱིན་གྱིས་བརླབས་ནས། ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥཱ་ར་ཎ་ས་མ་ཡེ་ཧཱུྃ། ཤྲཱི་བཛྲ་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་སྟྭཾ། ཨརྒྷྃ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། པཱ་ཏྱཾ༴ བཛྲ་པུཥྤ༴ དྷཱུ་པེ༴ ཨཱ་ལོ་ཀེ༴ གྷན་དྷེ༴ ནེ་བི་ཧ༴ ཤཔྟ་ཨཱཿཧཱུྃ་རྣམས་ཀྱི་ཕྱག་རྒྱ་དང་བཅས་པས། བླ་མ༴ ཕྱོགས་བཅུའི་སངས་རྒྱས༴ ལྷ་ཚོགས་རྣམས་ལ་མཆོད་ནས། ནང་གི་མཆོད་པ་ནི། རང་བྱུང་གདོད་ནས་དག་པ་ཡིས། རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། རིགས་ལྔ་དམ་ཚིག་ལྔ་ཡི་དངོས། དུག་ལྔ་སེལ་བའི་བདུད་རྩི་འདི། །རྒྱལ་བ་དགོངས་པའི་བླ་མ་ལ། རྣམ་དག་བདུད་རྩི་མཉེས་མཆོད་འབུལ། ཐུགས་རྗེ་བརྩེར་དགོངས་དངོས་གྲུབ་གསོལ། །ༀ་ན་མཿ སརྦ་ཏ་ཐཱ་ག་ཏ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁའི། ༀ་ཨཱཿ་ཧཱུྃ་ཞེས་འབུལ་བའོ། །རིག་འཛིན་རྒྱུད་པའི་བླ་མ་ལ། སྙན་ཁུང་རྒྱུད་པའི་བླ་མ་ལ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། དཔལ་ཆེན་ཚོགས་བདག་ཚོགས་ཀྱི་རྗེ། །ཁྲོ་རྒྱལ་ཁྲག་མཐུང་ཡབ་ཡུམ་ལ། ཁ་རྃ་གྱི་རྗེས་ལ། ༀ་ཨཱཿཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཅེས་ཁྱར་རོ། །ཀེ་རི་ལ་སོགས་མ་མོ་བརྒྱད། སིང་ང་ལ་སོགས་ཕྲ་མེན་བརྒྱད། རྟ་གདོང་ལ་སོགས་སྒོ་མ་བཞི། ཕྱི་རོལ་དབང་ཕྱུག་ཉི་ཤུ་བརྒྱད། རིག་འཛིན་མཆེད་དང་ལྕམ་དྲལ་ལ། །ལུས་སེམས་བསྐྱེད་བྱེད་ཕ་མ་ལ། །དམ་ཅན་ཆོས་སྐྱོང་བསྲུངས་མ་ལ། །རྒྱལ་བ་དགོངས་པའི་གནས་སུ་ཚིག་རམ་བཅུག་ལ་རིམ་པ་བཞིན་འབུལ་ལོ། །དེ་ནས་ༀ་ཨཱཿཧཱུྃ་ཅེས་རང་གི་གསུང་རྡོ་རྗེ་ལ་བཞག་གོ། །ཀ་ཡ་སི་ཏི་ༀ་སྨིན་འཚམས། ཝཀྐ་སི་ཏི་ཨཱཿ མགྲིན་པ། ཙི་ཏ་སི་ཏི་ཧཱུྃ་ཐུགས་ཁ་རྣམས་སུ་སྲིན་ལག་གཡོན་པ་བཞག་ནས་དངོས་གྲུབ་བླང་ངོ་། །རྟོག་མེད་སྤྲོས་བྲལ་མཁའ་དབྱིངས་དག །སྐྱེ་མེད་སྐུ་གསུང་ཐུགས་མངའ་བ། རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ། ཞི་ཁྲོ་རབ་འབྱམ་འཁོར་དང་བཅས། །སྟོང་ཉིད་དབྱིངས་ནས་ཐུགས་དམ་བསྐུལ། སྤྲུལ་པའི་དབྱིངས་ནས་གཤེགས་སུ་གསོལ། །དངོས་པོའི་མཚན་མར་གཟུང་དུ་མེད། །རྟོག་བྲལ་ཡིད་ཀྱི་མཆོད་པ་འདིས། །དགོངས་པ་ཟབ་མོའི་ཐུགས་དམ་བསྐོངས། །ཆོས་སྐུའི་དངོས་གྲུབ་སྩལ་དུ་གསོལ། །ༀ་ཤྲཱི་ཧེ་རུ་ཀ་ཨདྨྀ་ཏ་སརྦ་པཱུ་ཙ་ཁ་ཁ། ཁཱ་ཧི་ཅེས་བདུད་རྩི་དབུལ་ལོ། །རྨད་དུ་བྱུང་པའི་གཏོར་མ་དང་། འདོད་པའི་ཡོན་ཏན་རྣམ་ལྔ་པོ། །ཆོས་དབྱིངས་སྐྱེ་བ་མེད་དབྱིངས་ལས། ཇི་ལྟར་དམིགས་པ་བཞིན་དུ་འབུལ། །ༀ་ཤྲཱི་བཛྲ་ཧེ་རུ་ཀ་མ་ཧཱ་བ་ལིན་ཏ་པུ་ཀ་ཧཱུྃ། པཱུ་ཙ་ཁ་ཁ༴ ཁཱ་ཧི་ཅེས་གཏོར་མ་འབུལ། རཀྟ་དམར་གྱི་ཨརྒྷཾ་འདི། །དམ་སྫས་ཁྲག་ཆེན་ཆགས་པའི་དོན། །མ་བཅོས་དབྱིངས་སུ་དག་བྱའི་ཕྱིར། །དཔལ་ཆེན་ཁྲག་མཐུང་ཞལ་དུ་འབུལ། །ༀ་ཤྲཱི་བཛྲ་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་སྟྭཾ་ཛྭ་ལ་མ་ཧཱ་རཀྟ་ཁ་ཁ། ཁཱ་ཧི་ཞེས་རཀྟ་འབུལ་ལོ། །ཆོས་ཉིད་ལ་ཆོས་ཉིད་རོལ་ལོ། །བདེ་གཤེགས་མཉམ་ཉིད་ཐུགས་ཀྱི་ངང་། །མ་སྐྱེས་རྡོ་རྗེ་ཀུན་དུ་བཟང་། །ཐབས་མཁས་ཁྲོ་རྒྱལ་སྐུར་བསྟན་པ། །ཀུན་བཟངས་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །རྣམ་དག་སྐུ་ལ་ཆགས་མི་མངའ། །དགྱེས་མཛད་དཔལ་ཆེན་སྐུ་ལས་འཁྲིལ། ཤེས་རབ་གཉིས་མེད་བདེ་ཆེན་སྫོགས། །ཀྲོ་ཏི་ཤྭ་རི་ཕྱག་འཚལ་བསྟོད། །ཞེས་པ་དང་བསྟོད་པ་རྣམས་བྱས་ནས། དཔལ་ཆེན་ཡབ་ཡུམ་དགོངས་སུ་གསོལ། །ཁམས་གསུམ་ཆོས་ཉིད་དུར་ཁྲོད་ལ། །ཉོན་མོངས་དུག་གསུམ་ཐམས་ཅད་ནི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རོ། །ཙི་ཏ་མཁའ་མཉམ་རྒྱལ་པོ་ནི། །ཀུན་གཞི་མ་བཅོས་ཐིག་ལེ་ལ། །རང་བྱུང་ཡེ་ཤེས་སེམས་དཔའ་བཞུགས། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །དེ་ནི་ཟླ་གམ་གཅིག་པ་དང་། །ཡེ་ཤེས་མར་མེ་གཅིག་ཏུ་གསལ། །ཐབས་དང་ཤེས་རབ་གཉིས་མེད་པ། །འབྲས་བུ་སྐུ་གསུང་ཐུགས་སུ་ཤར། །དཔལ་ཆེན་ཡེ་ཤེས་སྐུར་གསལ་བ། །ཐིག་ལེ་ཆེན་པོ་ཡེ་ཤེས་སྐུ། །སེམས་ཉིད་མ་བཅོས་རང་བྱུང་གི། །འབྲས་བུ་སངས་རྒྱས་ཐོབ་པར་ཤོག །ཅེས་སྐྱེ་མེད་ཆོས་སྐུའི་སྨོན་ལམ་གདབ། །ལུས་དང་རྩ་སོགས་ཙ་ཏི་དང་། །ངག་དང་ཡིད་གསུམ་གསང་བ་ཡི། །སྐུ་གསུང་ཐུགས་ཀྱི་གསང་ཆེན་མཛོད། །ཀུན་གཞི་རང་བྱུང་ཡེ་ཤེས་ཤར། །དམན་པས་དེ་ལྟར་མ་རྟོགས་ཏེ། །དོན་དམ་གཉིས་མེད་ངང་དུ་གཤེགས། །སྣང་བ་ཐམས་ཅད་ལྷ་ཡི་སྐུ། །བརྗོད་པ་ཐམས་ཅད་སྔགས་ཀྱི་སྒྲ། །དྲན་རྟོག་ཐམས་ཅད་ཆོས་ཀྱི་སྐུ། །ཐམས་ཅད་ངོ་བོ་ཉིད་ཀྱི་སྐུར། །ཐབས་མཁས་གཉིས་སུ་མེད་པར་གཤེགས། །དམིགས་མེད་ཆོས་སྐུའི་གཤེགས་པའོ། །ༀ་ནི་དཔལ་ཆེན་འབར་བ་སེང་གེའི་བརྗིད། །མ་ཚོགས་སྤྲིན་དང་སྐར་མདའ་འཕྲོ། །ཧཱུྃ་ཆེན་ཉི་ཟླའི་ཚོགས་རྒྱུན་འདྲ། །མ་ནོར་རེ་བསྐོང་མཁའ་ལ་འགྲོ། །ༀ་ནི་ཡེ་ཤེས་ལྔ་དང་ལྡན། །རུ་ནི་འབར་སྲོག་ཆགས་སྡང་འཇོམས། །ལུ་ནི་ཀུན་བཟངས་ཡུམ་གྱི་མཚལ། །ཧཱུྃ་ནི་ཡེ་ཤེས་ཚད་མེད་བཞི། །བྷྱོ་ནི་གནས་བསྒྱུར་མ་རུ་བཤད། །ཧཱུྃ་ནི་བྱིན་བརླབས་སྡུད་བྱེད་པ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། །ཅེས་འཛབ་བཟླས་ནས། རུ་ལུ་འདི་ལྟར་ཡ་མཚན་ཆེ། །རུ་ལུས་རྟོགས་པ་གོང་དུ་འཕེལ། །རུ་ལུས་དངོས་གྲུབ་མ་ལུས་སྟེར། །ཅེས་ཆེ་བའི་ཡོན་ཏན་བརྗོད་ནས། ༀ་དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས། །ཡེ་ཤེས་མཚོན་གང་རིན་པོ་ཆེ། །ཐུགས་ཀྱི་སྙིང་པོ་འབྲུ་བརྒྱད་འཕྲོ། །འོད་ཟེར་གསལ་བར་ཀུན་ལ་ཁྱབ། །ཅེས་པའི་དོན་རྣམས་བསམས་ལ་འཛབ་འབུལ་བའོ། །དེ་ནས་ཚོགས་ལ་སྤྱན་དྲང་བ། བསང་སྦྱང། བྱིན་གྱིས་བརླབ་ཅིང་འབུལ་ལོ། །ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ལ། །མ་མོ་མཁའ་འགྲོ་ཚོགས་དང་བཅས། །ཀུན་བཟངས་མཆོད་སྤྲིན་མཆོག་ཏུ་འབུལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ༀ་བཛྲ་ས་མ་ཡ་ཧཱུྃ་ཛཿ ཞེས། དཔལ་ཆེན་པོ་ཡབ་ཡུམ་ལ་མ་མོ་མཁའ་འགྲོས་བསྐོར་བ་སྤྱན་དྲང་ངོ་། །དེ་ནས་གཏོར་མ་བས། བྱིན་གྱིས་བརླབས་ནས། བླ་མེད་མཆོག་གི་མཆོད་པ་འདི། །ཡེ་ཤེས་ལྔ་ཡི་འཁོར་ལོ་འཕྲོས། །འདོད་པའི་ཡོན་ཏན་ལྔ་ཡིས་བརྒྱན། །དམ་ཚིག་གསང་བའི་མཆོད་པར་བཞེས། །དེ་ནས་རིམ་པ་གསུམ་དུ་ཕྱེ་བའི་དང་པ། དམ་ཚིག་སྒྲུབ་སྫས་ཆེན་པོ་འདི། །བདག་དང་མཉམ་པའི་ཚོགས་ལ་འབུལ། །ཐམས་ཅད་ལོངས་སྤྱོད་ལྔ་དང་ལྡན། །ཆོས་ཉིད་ངང་ལ་ཆོས་ཉིད་རོལ། །ཨ་ལ་ལ་ཧོ། བཞེངས་སུ་གསོལ། །རོལ་དུ་གསོལ། ཞེས་འབུལ་ལོ། །གཉིས་པ་ལུས་ངག་ཡིད་གསུམ་སྡིག་པ་རྣམས། །གཏི་མུག་དབང་གིས་བྱས་པ་དག །འགྱོད་པའི་སེམས་དང་བཅས་པ་ཡི། །ལྷ་ཚོགས་ཁྱེད་ལ་མཐོལ་ལོ་བཤགས། །ཅེས་འབུལ་བ་དང་། ཡི་གེ་བརྒྱ་པ་བཟླས་ལ་གཤེགས་སུ་གསོལ། །གསུམ་པ་ལ། ༀ་རཾ་ཛྭ་ལ་རཾ་ཧཱུྃ་ཧ་ཧེ་ཕཊ་ཞེས་དྲག་པོའི་ལྷ་ཚོགས་བསྐྱེད་པ་ནི། ཀྲོ་ཏ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་ཛཿཧཱུྃ་བཾ་ཧོཿ ཞེས་དགུག། ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། ཆེ་གེ་མོ་སརྦ་དུཥྚན་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས། ཕུར་པས་གདབ། སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་མཚོན་གྱིས་བཏུབ། ཆར་ཕབ་ནས། བླ་མ་ལ་ནི་བརྙས་བྱེད་དང་། དངོས་གྲུབ་བར་ཆད་བྱེད་པ་དང་། །དམ་ཚིག་གཉན་པ་དྲལ་བྱེད་པ། །གནོད་བྱེད་མ་ལུས་ཞལ་དུ་སྟབ། །ཞེས་བརྗོད་དོ། །ཧོ་དགོངས་སུ་གསོལ། །བདག་ཅག་རྡོ་རྗེ་སློབ་དཔོན་དང་། །མཆེད་དང་ལྕམ་དྲལ་མ་ལུས་པ། །ཞལ་ཟས་ཚོགས་ལ་རོལ་བ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་གསོལ། །ཨ་ལ་ལ་ཧོ་བཞེས་སུ་གསོལ། རོལ་དུ་གསོལ། ཨ་ཧོ་སི་ཏི་ཧོ་ཞེས་ཚོགས་ལ་རོལ་ནས། ལྷག་མ་ལ་ཨ་ེབྷྲུཾ་ཧཱུཾ་ཧ་ཧེ་ཕཊ། དབང་ཕྱུག་བྲན་དང་བྲན་མོའི་ཚོགས། ཉི་ཤུ་རྩ་བརྒྱད་འཁོར་དང་བཅས། དམ་ཚིག་ལ་གནས་གནས་འདིར་གཤེགས་། ལྷག་མའི་མཆོད་པ་བཞེས་སུ་གསོལ། ༀ་ཨ་ར་ལི་ཧྲིཾ་ཧྲིཾ༴ བཛྲ་ཌཱ་ཀི་ལོ་ཀ་ཌཱ་ཀི་ནི་ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས་ལ། ཧེ་བྷ་ཝཱན་ཤུད་དྷ་ཀྵེ་ཏྲི་པྲ་ཏི་གཱ་རུ་སྟྭཾ་བྷ་ཀ་ཡ་ཧཱུྃ་ཕཊ། ཅེས་བྱ་ཁྱུང་གི་ཕྱག་རྒྱས་ཟིལ་གྱིས་མནན། ༀ་བཛྲ་བན་དྷ་བན་དྷ་མུ་ཀ་ཨ་ཀཪྵ་ཡ། ཨ་ཀཪྵ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། ཧ་ཧ་ཧི་ཧི་ༀ་ཧྲཱྀཿད་ཡ་ཧཱུྃ། ཞེས་པས་དབང་དུ་བསྡུས་ནས༴ ག་རུ་ཀྲོ་ཏ། ཨུ་ཙི་ཏ་བ་ལིན་ཏ་བྷཀྵ་སི་བྷཱུ་ཏ་ཀྵེ་ཏྲི་པྲ་ཏི་ཛཿ ཧོ། ཅེས་ཁ་ཆུས་བྲན་ལ། བྷྱོ། དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད། རྒྱལ་པོ་མོ་དང་བློན་པོ་མོ། །བྲན་མོ་ཡང་བྲན་འཁོར་དང་བཅས། །དཔལ་ཆེན་ཁྲག་མཐུང་སྤྱན་སྔ་རུ། །ཁས་བླངས་དམ་བཅས་མནའ་བོར་བ། །དམ་ཚིག་མ་འདའ་ཕྲིན་ལས་མཛོད། །ཧེ་རུ་ཀ་ས་མཱ་ཡ་སརྦ་དུཥྚན་ཧཱུྃ་ཕཊ། དཔལ་ཆེན་པོའ་ིའཁོར་ན་གནས་པའི་ལྷག་མ་ལ་དབང་པ་རྣམས་མཉེས་ཤིང་ཚིམ་པར་གྱུར་ཅིག །ཅེས་པ་ལྷག་མའི་ཆོ་གའོ། །བདག་ཅག་མཆེད་དང་ལྕམ་དྲལ་གྱིས། །རྩ་བ་ཡན་ལག་དམ་ཚིག་དང་། བག་མེད་ཚུལ་གྱིས་འགལ་བ་རྣམས། །འགྱོད་པའི་སེམས་ཀྱིས་མཐོལ་ཞིང་བཤགས། །ཅེས་ལན་གསུམ་གྱིས་བཤགས་པར་བྱའོ། །བཀའ་བཞིན་བསྒྲུབ་པའི་འབྲས་བུ་ནི། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་གསོལ། །གཅད་བཏུབ་ལུས་ལ་མི་འབྱུང་བར། །གཟི་མདངས་ཉི་འོད་བཞིན་དུ་ཤོག །ཅེས་སྨོན་ལམ་བཏབ་ནས། གཏོར་མའི་འགྲོན་རྣམས་ཡ་ཧི་གྷཙྪ་ཅེས་བཤེགས། བསྟན་མ་བསྐྱང་། དཀྱིལ་འཁོར་བསྡུས་ནས་རྗེས་མི་མངོན་པ་དང་། དུས་ཐམས་ཅད་དུ་སྤྱོད་ལམ་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །སྒྲུབ་པ་ཆེན་པོའི་ལག་ལེན་ལ་ལོགས་སུ་གསོལ། ། གསང་སྔགས་སྔ་འགྱུར་ཐེག་པའི་མཆོག །ཡང་དག་སྒྲུབ་པའི་ཉམས་ལེན་འདི། །རིག་འཛིན་ཧཱུྃ་ཀར་སྒྲུབ་གཞུང་བཞིན། །རྗེས་འབྲང་སྔགས་འཆང་བདག་གིས་སྦྱར། །དགེ་བ་སེམས་ཅན་དོན་དུ་བསྔོ། །ཆུ་ཕོ་སྤྲེའུའི་ལོ་ཟླ་བ་བཅུ་པའི་ཚེས་བཅུ་གཅིག་གི་སྐར་མ་ཐ་སྐར་གྱི་ཉིན་པར་གན་པའི་དབེན་གནས་སུ་རིན་ཆེན་རྒྱལ་མཚན་གྱིས་སྦྱར་བ་སྫོགས་སྭོ།། །།བྱ་བྲལ་རྒོད་ཚང་པ་ཡིས་བྲིས།། །།


previousཡང་དག་གི་མངོན་པར་རྟོགས་པ་འདི་བླ་མ།no next