cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ང་གསུམ་པ།

གླེགས་བམ། འི༽

ཨོ་རྒྱན་གྱི་སློབ་དཔོན་པདྨ་ཀ་ར།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

དཔལ་ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་ཡང་དག་གྲུབ་པ་ཞེས་བྱ་བའི་གསང་འགྲེལ་ཆེན་པོ།

མ ཧཱ ཤྲཱི ཧེ རུ ཀ སྱ ནཱོ པི ཀ ས མྱ ཀྶི དྡྷ ནཾ ཧཱ གུ ཧྱ ཊཱི ཀ ནཱ མཱ སྟི། །
དཔལ་ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་ཡང་དག་གྲུབ་པ་ཞེས་བྱ་བའི་གསང་འགྲེལ་ཆེན་པོ་བཞུགས་སོ། །
འདི་ལ་དོན་གསུམ་སྟེ། ཀླད་དོན། གཞུང་དོན། མཇུག་དོན་ནོ། །ཀླད་ལ་གསུམ། མཚན་བསྟན་པ། ཕྱག་འཚལ་བ། བཤད་པར་དམ་བཅའ་བའོ། །མཚན་ལ་གཉིས། རྒྱ་གར་དང་བོད་སྐད་དོ། །རྒྱ་གར་སྐད་དུ། མ་ཧཱ་ཤྲཱི་ཧེ་རུ་ཀ་ནོ་པི་ཀ་སནྱཀ྄་སིདྡྷི་ནཱ་མ་མ་ཧཱ་གུ་ཧྱ་ཊཱིཀ྄ །བོད་སྐད་དུ། རྟོགས་པ་བདག་གི་དང་ཐུགས་རྗེ་གཞན་གྱི་དཔལ་ཉོན་མོངས་པ་ཁྲག་དང་འདྲ་བ་རྟོགས་ན་ཡེ་ཤེས་སུ་འཐུང་བའི་གོང་ན་གཞན་མེད་པས་ཆེན་པོའི་མཆོག་ཐུན་མོང་གི་སྒྲུབ་ཐབས། ཆོས་ཉིད་ཡང་དག་པ་རང་ལ་རང་ཆས་སུ་གྲུབ་པ་ཞེས་བྱ་བ་གབ་པ་དང་སྦས་པའི་གསང་བ་དེའི་དོན་འགྲེལ་པ་ཆེན་པོ། ཕྱག་འཚལ་བ་ནི། བདུད་བཞི་བཅོམ་ཡེ་ཤེས་ལྔ་དང་ལྡན་གཉིས་མེད་དུ་འདས་པའི་ཞི་བའི་ལྷ་བཞི་བཅུ་རྩ་གཉིས་ཁྲོ་བོའི་ལྷ་ལྔ་བཅུ་རྩ་བརྒྱད་དབྱེར་མེད་འབར་བའི་ལྷ་ཚོགས་མང་བ་ལ་ལུས་ངག་ཡིད་གསུམ་མོས་པ་དང་གུས་པས་ཕྱག་འཚལ་ལོ། །ཞེ་སྡང་གདུག་པ་སྟེ་ཞེ་སྡང་མ་སྤངས་གནས་སུ་དག་པ་བཛྲ་ཧེ་རུ་ཀས་ལུས་ངག་ཡིད་གསུམ་ཁྲོ་བོའི་ཆ་ལུགས་ཅན་རུ་ཏྲ་འཁོར་བཅས་རྣམས་གཞོམ་པའི་ཕྱིར། །ཀུན་ཏུ་བཟང་པོའི་ཤེས་རབ་ཀྱི་ཐུགས་རྗེ་མ་འགགས་པར་ཐབས་ཀྱིས་ཁྲོ་རྒྱལ་དཔལ་ཆེན་པོ་མཆོག་ཏུ་སྤྲུལ་ནས། །སྤྱིར་ཕྲིན་ལས་བཞི་ལས་བྱེ་བྲག་ཏུ་དྲག་པོའི་ཐབས་ཀྱིས་གདུག་པ་ཅན་རུ་ཏྲ་ལྟ་བུ་འཇོམས་པར་མཛད་པ། །རྟོགས་པ་བདག་ཐུགས་རྗེ་གཞན་གྱི་དཔལ་གོང་ན་གཞན་མེད་པས་ཆེན་པོ་ཧེ་ནི་ཆོས་སྐུ་མཚོན་དང་བྲལ་རུ་ནི་ལོངས་སྐུ་ཆེན་པོ་ཀ་ནི་ཕྲིན་ལས་སྤྲུལ་པ་སྟེ་དོམ་སྐུ་གསུམ་ལ་ཕྱག་འཚལ་ལོ། །བཤད་པར་དམ་བཅའ་བ་ནི། གདུལ་བྱ་འགྲོ་བའི་མགོན་པོ་རྡོ་རྗེ་སེམས་དཔའ་སྟེ། །གདུལ་བྱ་སྐྱོང་བ་པོས་ནི་ཆེད་དུ་བསྟན་ཏེ་རྣམ་པར་གསུངས་པའི། །རྒྱུད་འཇིག་རྟེན་ལས་འདས་མདོ་ཆེན་པོ་དང་། །ཧེ་རུ་ཀ་ཡི་གལ་པོ་ལས་བསྡུས་བསྡུས་ནས། །སྒྲུབ་ཐབས་རྩ་བ་འགྲེལ་པ་ལག་ཏུ་བླངས་པའི་ཆོ་ག་རྒྱ་ཆེན་པོ་འདི། །བླ་མ་གོང་མ་གོང་མའི་ལུང་གིས་བཤད་པར་བྱའོ། །རྒྱུད་ལས་བསྡུས་པའི་རྩ་བ་འདི་དགོས་འདོད་ཚང་བས་དཔེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲའོ། །དཔེར་ན་ཟབ་པས་མཚོ་དང་འདྲ་གསལ་བས་ན་མིག་དང་འདྲ་བ་གསལ་བར་སྟོན་པ་སྐར་ཁུང་ལྟ་བུ་སྟེ། །རྗོད་བྱེད་ཚིག་ཏུ་ཉུང་ལ་བརྗོད་བྱ་ལ་དོན་ཆེན་པོར་སྟོན་པ་ཀུན་གྱི་གཞི་མ། །བསྐྱེད་པ་མ་ཧཱ་རྫོགས་པ་ཨ་ནུ་རྫོགས་ཆེན་ཨ་ཏི་རྣམ་གསུམ་གཞི་མ་རུ། །ཡང་དག་གྲུབ་པའི་རྩ་བ་ཐེག་པ་དམན་པ་ལ་གསང་བ་རྒྱ་ཆེ་བའི་འགྲེལ་པ་འདི། །རྒྱུད་འདུས་མདོའམ་གལ་པོ་ཆེའམ་སངས་རྒྱས་མཉམ་སྦྱོར་ལ་སོགས་བསྐྱེད་རྫོགས་གསུམ་ལ་སྣང་བའི་རྗོད་བྱེད་ཚིག་བརྗོད་བྱ་དོན་རྣམས། །མ་ལུས་པར་འགྲེལ་པ་འདིར་བསྡུས་ནས་གདམས་ངག་ཏུ་བསྒྲིགས་ཏེ། །བདག་འདྲ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་དོན་དུ་བརྩམ་པ་ཡིན། ༈ །གཞུང་དོན་ལ་གཉིས། སྤྱིར་བཤད་ཐབས་མན་ངག་གི་སྤྱི་ཁོག་ཏུ་བསྟན་པ་དང་། བྱེ་བྲག་ཏུ་བསྟན་པ་སྟེ། དང་པོ་ནི། མདོར་ན་ཡང་དག་གྲུབ་པ་ལ། །མཐའ་དྲུག་གཞི་དམ་ཚིག །ཐབས་ལྟ་བ། ཉམས་སུ་ཏིང་ངེ་འཛིན། ལ་དོར་སྤྱོད་པ། གོམས་པ་དབང་། དོན་མན་ངག་གིས་རྫོགས་པར་བྱ་བ་ལ། །ཡོ་བྱད་གཉིས་ཤེས་རབ་དང་ཏིང་ངེ་འཛིན་དུ་དབྱེ་བའམ་ཐབས་དང་ཤེས་རབ་གཉིས་ལ་ལོངས་སྤྱོད་པས། །དཀྱིལ་འཁོར་དགུ་ཡིས་གཏན་ལ་དབབ། །རང་བཞིན་གྱི་དཀྱིལ་འཁོར་དང་གཅིག །མཚམས་ཀྱི་དལ་དང་གཉིས། གཟུགས་བརྙན་གྱི་དལ་དང་གསུམ། མཆོད་རྫས་ལ་བརྟེན་པའི་དལ་དང་བཞི། དབང་བསྐུར་བའི་དལ་དང་ལྔ། ཏིང་ངེ་འཛིན་གྱི་དལ་དང་དྲུག །ལྷུན་གྱིས་གྲུབ་པའི་དལ་དང་བདུན། ཐུགས་ཀྱི་ཕྲིན་ལས་ཀྱི་དལ་དང་བརྒྱད། དངོས་གྲུབ་བླང་བའི་དལ་དང་དགུའོ། །སྐབས་སྦྱོར་བཅོ་བརྒྱད་པར་མཚམས་བཟུང་། །དཔལ་ཆེན་པོའི་རང་བཞིན་བསྟན་པའི་སྐབས་དང་གཅིག །ལུང་བསྟན་པ་སློབ་མའི་སྐབས་དང་གཉིས། སྒྲུབ་པ་པོ་རྣམས་ཀྱི་བརྟུལ་ཞུགས་ཀྱི་ཁྱད་པར་དང་དམ་ཚིག་བསྟན་པའི་སྐབས་དང་གསུམ། སློབ་མ་སྣོད་དང་མི་ལྡན་པ་ལ་སློབ་དཔོན་གྱིས་བསྟན་ན་གཉིས་ཀ་དམྱལ་བར་འགྲོ་བའི་སྐབས་དང་བཞི། ཡོ་བྱད་དང་རྫས་དང་ས་གཞི་བརྟགས་པའི་སྐབས་དང་ལྔ། ཕྱི་ནང་གི་མཆོད་པ་བྱ་ཞིང་མཚམས་བཅད་དང་མ་ཏྲཾ་མནན་པའི་སྐབས་དང་དྲུག །དཀྱིལ་འཁོར་བྲི་ཞིང་རྫས་བཀོད་དེ་མཆོད་རྫས་བྱིན་གྱིས་བརླབས་པའི་སྐབས་དང་བདུན། སློབ་དཔོན་མཉེས་པར་བྱས་ནས་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་སྐབས་དང་བརྒྱད། རིགས་ཀྱི་ཡུམ་བརྟེན་ཅིང་བྱིན་གྱིས་བརླབ་ཅིང་སྦྱོར་བའི་ལུང་བསྟན་པ་དང་དགུ། སློབ་དཔོན་གྱིས་སློབ་མ་སྣོད་དང་ལྡན་པ་ལ་ཕྱི་ནང་གསང་བ་གསུམ་གྱི་དབང་སྦྱིན་པའི་སྐབས་དང་བཅུ། སློབ་མས་སྒྲུབ་པའི་དམ་ཚིག་ལ་གནས་ཤིང་བསྙེན་སྒྲུབ་གཞུང་བཞིན་དུ་བྱ་བའི་སྐབས་དང་བཅུ་གཅིག །ཉེ་བའི་བསྙེན་པའི་ཕྱིར་ཞི་བའི་དཀྱིལ་འཁོར་ཏིང་ངེ་འཛིན་རྣམ་གསུམ་ལ་སོགས་པ་བསྐྱེད་རྫོགས་ཀྱི་ཆོ་ག་བྱ་བའི་སྐབས་དང་བཅུ་གཉིས། སྒྲུབ་པ་བྱ་བའི་ཕྱིར་ཁྲོ་བོའི་ལྷ་བསྐྱེད་པའི་ཐབས་ཁྱད་པར་དུ་བསྟན་པའི་སྐབས་དང་བཅུ་གསུམ། ཡེ་ཤེས་ཀྱི་ཧེ་རུ་ཀ་སྤྱན་དྲངས་ཤིང་མཆོད་པའི་ཆོ་ག་བསྟན་པའི་སྐབས་དང་བཅུ་བཞི། སྒྲུབ་རྫས་བསྒྲལ་བའི་མན་ངག་བསྟན་པའི་སྐབས་དང་བཅོ་ལྔ། བར་ཆད་ཀྱི་བགེགས་ཉམས་ཀྱི་ཕྱག་རྒྱས་བསད་ཅིང་ཟིལ་གྱིས་མནན་པའི་སྐབས་དང་བཅུ་དྲུག །དངོས་གྲུབ་བླང་ཞིང་སྒྲུབ་པ་ཆེན་པོའི་དུས་བསྟན་པའི་སྐབས་དང་བཅུ་བདུན། དགེ་བའི་རྩ་བ་བསྔོ་བར་བསྟན་པའི་སྐབས་དང་བཅོ་བརྒྱད་དོ། །ལུང་དགུ་དང་བཅས་ལུང་དགུ་ནི། ལྟ་བ་ཡང་དག་མ་ནོར་བར་གཏན་ལ་དབབ་པའི་ལུང་དང་གཅིག །སྒྲུབ་པ་རྫས་ཀྱི་ལུང་དང་གཉིས། དུར་ཁྲོད་བདག་པོ་མ་ཏྲཾ་མནན་པའི་ལུང་དང་གསུམ། དམ་རྫས་དང་མཆོད་པ་བྱིན་གྱིས་བརླབས་པའི་ལུང་དང་བཞི། དམ་ཚིག་དབང་གི་ལུང་དང་ལྔ། ཡི་གེ་འཁོར་ལོ་བསྙེན་པའི་ལུང་དང་དྲུག །ཐུགས་རྗེས་ཁམས་གསུམ་བསྒྲལ་བའི་ལུང་དང་བདུན། མཛད་པ་ཕྲིན་ལས་ཀྱི་ལུང་དང་བརྒྱད། བགེགས་ཆེན་མནན་པའི་ལུང་དང་དགུའོ། །མན་ངག་གི། འཆད་ཐབས་རྒྱན་ལྔས་སྤྱི་ཁོག་བསྟན། ༈ །དམིགས་པའི་ཡུལ་དང་སྒྲུབ་པར་བྱེད་པའི་ཐབས། །གྲུབ་པའི་འབྲས་བུ་ཡིན་ཏེ་རྣམ་པ་གསུམ། །བསྡུས་པའི་དོན་ནི་ཡིན་པར་འདོད། ༈ །དེ་ལ། འདི་ཉམས་སུ་ལེན་པའི་གང་ཟག་སྐྱེས་བུ་བློ་དང་ལྡན་པ་དག་ནི། ཅི་དང་ཅིའི་བྱ་བ་ཐམས་ཅད་ལ། ཤེས་བཞིན་གྱི་རྟོག་པ་སྔོན་དུ་གཏོང་བའི་བདག་ཉིད་ཅན་ཡིན་ཏེ། མཐའ་དྲུག །ཡོ་བྱད་གཉིས། དལ་དགུ། སྐབས་སྦྱོར་བཅོ་བརྒྱད། ལུང་དགུ་སྟེ། དོན་གོང་མ་ལྔས་ནི་མན་ངག་གི་མཛེས་པར་བྱེད་པའི་རྒྱན། དང་འདྲ། བཤད་ཐབས་ཀྱི་ཡན་ལག་མན་ངག་གི་སྤྱི་ཁོག་ཙམ་དུ་ཤེས་པར་བྱ་སྟེ། དགོས་མི་དགོས་ཅི་རིགས་སུ་བརྟག་པར་བྱའོ། །བྱེ་བྲག་ཏུ་བསྟན་ན་གསུམ། དམིགས་པ། སྒྲུབ་པ། གྲུབ་པའི་འབྲས་བུ་སྟེ་འོག་མའི་དོན་གསུམ་པོས་འདི་ལྟར། བསྒྲུབ་པར་བྱ་བའམ་དམིགས་པར་བྱ་བའི་ཡུལ་ནི་གང་། ལ་དམིགས། སྒྲུབ་པར་བྱེད་པའི་ཐབས་ནི་གང་། གིས་ཅི་ལྟར་སྒྲུབ། བསྒྲུབས་པའི་འབྲས་བུ་ནི་གང་ཞིག་ཐོབ་སྙམ་པ་ལ། དེ་གསུམ་མདོར་བསྟན་ན། ༈ དམིགས་པར་བྱ་བའི་ཡུལ་ནི། ཞི་བ་དཔལ་རྡོ་རྗེ་སེམས་དཔའ་དེ་ཉིད་ཁྲོས་པ་དཔལ་ཆེན་པོའི་རང་བཞིན་ནོ། །སྒྲུབ་པར་བྱེད་པའི་ཐབས་ནི་རྣམ་པ་གཉིས་ཏེ། ཐབས་ཀྱི་ཡན་ལག་དང་། ཐབས་ཀྱི་ངོ་བོའོ། །བསྒྲུབས་པའི་འབྲས་བུ་ནི། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྐུ་གསུམ་དང་ལྡན་པའི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་དེ་ཉིད་ལས། གདུལ་བྱ་ཁྲོ་བོ་ལ་མོས་པ་ལ་དཔལ་ཆེན་པོའི་རང་བཞིན་དུ་བསྟན་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པའོ། །རྒྱས་པར་བཤད་ན། དང་པོ། དེ་ལ་ཐོག་མར་དམིགས་པར་བྱ་བའི་ཡུལ། དཔལ་རྡོ་རྗེ་སེམས་དཔའ་དཔལ་ཁྲག་འཐུང་ཆེན་པོའི་རང་བཞིན་སྟེ་ཇི་ལྟ་བུ་ཞིག་གི་སྒོ་ནས་གྲུབ་སྙམ་པ་ལ། ཡང་དག་གྲུབ་པ། ཞེས་བྱ་བ་ནས། བདེ་མཆོག་བདེ། ཞེས་བྱ་བ་ཡན་ཆད་ཀྱི་ཚིག་བཞི་པོ་འདི་ལ། ཁ་ཏ་ཁ་ལུ། ཅེས་པའི་སྒྲས། ལན་གཉིས་སུ་བཤད་ཐབས་དཀྱུས་གཅིག་ལ་ཚིག་ཟུར་གཉིས་པར་སྟོན་ཏེ། བདག་གཞན་གྱི་དོན་མཐར་ཕྱིན་པར་དམིགས་པར་བྱ་བ་དང་། དཀྱིལ་འཁོར་དྲུག་གི་ངོ་བོར་རིལ་པོར་སངས་རྒྱས་པར་བསྟན་པའོ། ༡༽ །དེ་ལ་བདག་གཞན་གྱི་དོན་མཐར་ཕྱིན་པར་བསྟན་པའི་ཕྱིར་ན། ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཞེས་བྱ་བ་གསུངས་ཏེ། དེ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྒོ་ནས་ཡང་དག །ཅེས་གསུངས་ཏེ། དེ་ལ་བློ་བུར་གྱི་སྒྲིབ་པ་སྤྲིན་དང་འདྲ་བ་དྭངས་ཤིང་བྱང་བར་བྱས་ཏེ། ནམ་མཁའི་དབྱིངས་དག་པ་དང་འདྲ་བས་ན་ཡང་དག །ཅེས་བྱའོ། །དེ་རྟོགས་པའི་སྒོ་ནས་གྲུབ་པ། ཞེས་གསུངས་ཏེ། རིག་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དོན་རྟོགས་པ་ལ་གྲུབ་པ། ཞེས་བྱའོ། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་གྱུར་པ་ལ་གཅིག་པུ་ཉིད། ཅེས་བྱའོ། །དེ་ནི་ཕྱོགས་བཅུ་ན་བཞུགས་ཤིང་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཆོས་ཀྱི་ལོངས་སྤྱོད་དང་སྐྱིད་པ་མ་ལུས་པ་ཉམས་སུ་མྱོང་བ་ཀུན་གྱི་རང་བཞིན་ཡིན་པར་བསྟན་པའི་སྒོ་ནས། སངས་རྒྱས་བདེ་ཆེན་ཀུན་འདུས་པ། །ཞེས་གསུངས་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མཉམ་པ་ཉིད་ལ་སྙོམས་པར་ཞུགས་ཤིང་། དེ་ལས་མི་གཡོ་བས་རྣལ་འབྱོར་ཟབ་མོ། །ཞེས་གསུངས་པ་ཡིན་ནོ། །ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་སྐུ་གསུམ་རྫོགས་པར་མངའ་བའི་སྒོ་ནས་སྐུ་གསུམ་རྫོགས། ཞེས་གསུངས་སོ། །ཡེ་ཤེས་དང་ཐུགས་རྗེས་གཞན་དོན་ནམ་མཁའི་ཁམས་སུ་ཁྱབ་པར་འགྲོ་ཞིང་དོན་མཛད་པར་སྟོན་པའི་ཕྱིར་མཁའ་འགྲོ། ཞེས་གསུངས་པ་ཡིན་ནོ། །རྒྱུ་རྐྱེན་ལས་སྐྱེས། མཐུན་པར་སྣང་། དོན་བྱེད་ནུས། བརྟགས་ན་དབེན་པའི་ཕྱིར་སྒྱུ་མ། ཞེས་གསུངས་སོ། །དེ་ལྟར་ཡང་ཅིས་མངོན་ན། རྒྱུད་ལས། མི་རྟོག་དབྱིངས་ལས་ཐུགས་རྗེའི་ཆགས་པས་བཞེངས། །ཅིས་འདུལ་དེར་སྣང་ཡིད་བཞིན་རིན་ཆེན་སྐུ། །གདུལ་བྱ་ཐབས་ཀྱི་སྤྱོད་པས་ཀུན་འདུལ་ཡང་། །བཏགས་པ་ཙམ་སྣང་བརྗོད་མེད་ཆོས་ཀྱི་དབྱིངས། །ཞེས་འབྱུང་སྟེ། ཆོས་ཀྱི་དབྱིངས་སྐྱེ་བ་མེད་པའི་རྒྱུ་ལས་ཐུགས་རྗེ་རྐྱེན་གྱིས་བསྐྱེད་པས་ནི། རྒྱུ་རྐྱེན་ལས་སྐྱེས་ཞེས་བྱ། ཇི་ལྟར་འདུལ་བ་དེ་ལྟར་སྣང་བས། མཐུན་པར་སྣང་ཞེས་བྱ། གདུལ་བྱ་ཐབས་ཀྱི་སྤྱོད་པས་རེ་འདོད་སྐོང་བས་ནི། དོན་བྱེད་ནུས་ཞེས་བྱ། བཏགས་པ་ཙམ་དུ་སྣང་གིས། ཡང་དག་པར་ན་སྐུ་གསུང་ཐུགས་ཀྱི་ངོ་བོ་ལ་བརྗོད་དུ་མེད་པས་ནི། བརྟགས་ན་དབེན་ཞེས་བྱའོ། །ཉན་ཐོས་ལ་ལྟོས་ན། གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་མི་སྤོང་བར་སྤྱོད་པས་བདེ་ལ། ལྷ་ཆེན་པོ་རུ་ཏྲ་ལ་ལྟོས་ན། དེ་ལྟར་སྤྱོད་ཀྱང་ཉོན་མོངས་པའི་མཚན་མས་མི་གོས་པས་ན་མཆོག་གོ། །ཀློང་དུ་གྱུར་པའི་གདེངས་དང་ལྡན་པས་ནི་བདེ་བའོ། །དོན་བསྡུས་པ། མདོར་ན། དཔལ་རྡོ་རྗེ་སེམས་དཔའ་དེ་ཉིད། དཔལ་ཁྲག་འཐུང་ཆེན་པོར་གསལ་བས། ཆོས་ཀྱི་དབྱིངས་ཡེ་ཇི་བཞིན་ཡང་དག་པ་དེ། རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་ཏེ། གྲུབ་པ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་གྱུར་པ། གཅིག་པུ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་རང་བཞིན། ཆོས་ཉིད་མཉམ་པ་ཉིད་ཀྱི་རྣལ་འབྱོར་ལ་སྙོམས་པར་ཞུགས་ཤིང་། དེ་ལས་མི་གཡོ་བས་སྐུ་གསུམ་རྫོགས་པར་མངའ་བས། ཉིད་ཀྱི་དོན་ཕུན་སུམ་ཚོགས་པར་ལྷུན་གྱིས་གྲུབ་ལ། ཡེ་ཤེས་དང་ཐུགས་རྗེས་འཁོར་བ་མ་སྟོངས་ཀྱི་བར་དུ། ནམ་མཁའི་མཐའ་གཏུགས་པའི་སེམས་ཅན་གྱི་རྗེས་སུ་ཁྱབ་པར་འགྲོ་ཞིང་། སྐུ་གསུང་ཐུགས་སྒྱུ་མ་ལྟ་བུས། འདོད་པའི་ཡོན་ཏན་ལྔ་ལ་ཞེན་ཅིང་སྤྱོད་པ་རྣམས་ལ་ཐབས་དེ་ཉིད་ཀྱིས་འདུལ་ཞིང་། དེ་ཉིད་ཀྱང་འདོད་པའི་ཡོན་ཏན་ལྔའི་བདེ་བ་མཆོག་ལ་སྤྱོད་ཅིང་ཉོན་མོངས་པའི་མཚན་མས་མི་གོས་པར་གཞན་གྱི་དོན་མཐར་ཕྱིན་པར་མཛད་པ་དེ་ལྟ་བུ་ལ་དམིགས་སོ། །ཞེས་བྱ་བའི་དོན་ཏོ། ༢༽ །དེ་ལ་དཀྱིལ་འཁོར་དྲུག་གི་ངོ་བོར་རིལ་སངས་རྒྱས་པ་ནི་གང་སྙམ་པ་ལ། ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཞེས་བྱ་བ་གསུངས་པ་ལ། དོན་གཉིས་ཏེ། སེམས་ཅན་དང་། སངས་རྒྱས་སོ། །སེམས་ཅན་ལ། ཤེས་པ་དང་། ཕུང་པོ་དང་། ཉོན་མོངས་པ་དང་། ཡུལ་རང་རྒྱུད་དུ་སྣང་ངོ་། །དེ་ལ་ཤེས་པ་ནི། རྣམ་ཤེས་ཚོགས་བརྒྱད། མིག་གི་རྣམ་ཤེས། རྣ་བའི༴ སྣ་ཡི༴ ལྕེ་ཡི༴ ལུས་ཀྱི༴ ཀུན་གཞིའི༴ ཉོན་མོངས་པ་ཅན་གྱི༴ ཡིད་ཀྱི་རྣམ་ཤེས་སོ། །དེ་ཉིད་ཕུང་པོ་ལྔ་སྟེ། གཟུགས་ཀྱི་ཕུང་པོ། འདུ་ཤེས༴ ཚོར་བ༴ རྣམ་ཤེས༴ འདུ་བྱེད་ཀྱི་ཕུང་པོའོ། །ཉོན་མོངས་པ་ལྔ་ཞེ་སྡང་། གཏི་མུག །ང་རྒྱལ། འདོད་ཆགས། ཕྲག་དོག་དང་བཅས་ནས་སྣང་ངོ་། །ཡུལ་ནི་འབྱུང་བ་ཆེན་པོ་ལྔའོ། །ནམ་མཁའ། ས། ཆུ། མེ། རླུང་། དེ་ལྟ་བས་ན་གཟུང་འཛིན་དུ་རང་ཀ་མར་གྱུར་པའོ། །དེ་ལ་སངས་རྒྱས་ཀྱི་དགོངས་པ་ནི། སེམས་ཅན་ལས་ལོགས་ནས་མི་འཚོལ་ཏེ། ཡུལ་སེམས་ཅན་ཉིད་རང་གྲོལ་དུ་འགྲོ་བ་རིགས་དྲུག་རྫོགས་པའི་སངས་རྒྱས་སུ་བསྟན་ཏེ། དེ་ལ་ཡང་དག་ཞེས་བྱ། རྣམ་ཤེས་ལས་སེམས་ཅན་གྱི་ལུས་ཀྱི་རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། སྣང་བ་ཐམས་ཅད་ཡང་དག་པའི་ཆོས་ཉིད་ལས་མ་གཡོས་པའི་ངང་ལས། གཟུགས་སྣང་ཐམས་ཅད་རྣམ་པར་སྣང་མཛད་དེ་གཏི་མུག་རང་བྱུང་ཆེན་པོ་ཡེ་ཤེས་ཀྱི་སྐུར་གསལ་ཙམ་ན་ཡང་དག་ཞེས་བྱའོ། །དེ་ཡང་རྒྱུད་ལས། ལུས་ཀྱི་རྣམ་ཤེས་གཟུགས་ཕུང་རྣམ་སྣང་མཛད། །གཏི་མུག་རང་བྱུང་ཡང་དག་བཅོམ་ལྡན་འདས། །ཞེས་གསུངས་སོ། །གྲུབ་པ་ཞེས་བྱ་བ། སེམས་ཅན་གྱི་རྣམ་ཤེས་ན། སེམས་ཅན་ཀུན་གྱི་ཀུན་གཞིའི་རྣམ་པར་ཤེས་པ་མེ་ལོང་ལྟ་བུའི་ཡེ་ཤེས་དེ། དབྱིངས་དེ་ཉིད་ལ་དངོས་པོ་མེད་ཀྱང་། རང་བཞིན་གྱི་འོད་གསལ་ཞིང་ཁྱབ་པར་རྟོགས་ནས། ཆོས་ཀྱི་སྐུར་རྟོགས་ནས་སེམས་སོ་མ་ཡིན་པར་རྣམ་པར་ཤེས་པའི་ཕུང་པོ་རྡོ་རྗེ་སེམས་དཔའ་སྟེ། ཉོན་མོངས་པ་ན། ཞེ་སྡང་རང་བྱུང་ཆེན་པོ་ཡེ་ཤེས་ཀྱི་སྐུར་གསལ་བ་ལ་གྲུབ་པ་ཞེས་བྱའོ། །དེ་ཡང་རྒྱུད་ལས། ཀུན་གཞིའི་རྣམ་ཤེས་མི་བསྐྱོད་རྡོ་རྗེ་སེམས། །ཞེ་སྡང་རང་བྱུང་གྲུབ་པ་བཅོམ་ལྡན་འདས། །ཞེས་གསུངས་སོ། །གཅིག་པུ་ཉིད། །ཞེས་བྱ་བ། རྣམ་ཤེས་ན། སེམས་ཅན་གྱི་ཉོན་མོངས་པའི་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དབྱིངས་མ་འགགས་པ་རང་བྱུང་གི་རིག་པ་ཡིན་ལ། དེ་སྤྲོས་པ་དང་བྲལ་ཏེ་ཆོས་ཀྱི་སྐུ་གཅིག་ཏུ་གྱུར་པར་རོ་མྱོང་བ་ནི་ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་ཏེ། ང་རྒྱལ་རང་བྱུང་ཆེན་པོ་ཡེ་ཤེས་ཀྱི་སྐུར་གསལ་བ་ལ་གཅིག་པུ་ཉིད་ཅེས་བྱའོ། །དེ་ཡང་རྒྱུད་ལས། ཉོན་མོངས་རྣམ་ཤེས་ཚོར་བ་རིན་ཆེན་འབྱུང་། །ང་རྒྱལ་རང་བྱུང་གཅིག་པུ་བཅོམ་ལྡན་འདས། །ཞེས་གསུངས་སོ། །སངས་རྒྱས་བདེ་ཆེན་ཞེས་བྱ་བ། རྣམ་ཤེས་ན། གཟུགས་ལ་སོགས་པ་སྣང་བའི་དབང་པོ་ཡིད་དམིགས་པ་ལ་ཞུགས་པས་གཟུགས་གཅོད། དེས་འགྲེས། སེམས་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་སོ་སོར་རྟོག་པའི་ཡེ་ཤེས་ཏེ། སེམས་ཅན་ཡེ་ནས་སངས་རྒྱས་ཏེ། སྤྲོས་པ་དང་བྲལ་བའི་བདེ་བ་ཆེན་པོའི་དབྱིངས་ལ་ཡང་དག་པའི་ཤེས་རབ་ཀྱིས་བལྟས་ན། ཆོས་རིལ་གྱི་སྤྱི་དང་། རང་གི་མཚན་ཉིད་སོ་སོར་མ་འདྲེས་པར་ཆོས་ཉིད་ལས་ཡེ་ཤེས་ཀྱི་བྱེ་བྲག་ཏུ་སངས་རྒྱས་པར་གསལ་ཞིང་ཤེས་པས། སེམས་ཅན་གྱི་ཕུང་པོ་ན། འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་ཏེ། འདོད་ཆགས་རང་བྱུང་ཆེན་པོའི་ཡེ་ཤེས་ཀྱི་སྐུར་གསལ་བ་ལ་སངས་རྒྱས་བདེ་ཆེན་ཞེས་བྱའོ། །དེ་ཡང་རྒྱུད་ལས། ཡིད་ཀྱི་རྣམ་ཤེས་འདུ་ཤེས་སྣང་མཐའ་ཡས། །འདོད་ཆགས་རང་བྱུང་སངས་རྒྱས་བཅོམ་ལྡན་འདས། །ཞེས་གསུངས་སོ། །ཀུན་འདུས་པ། །ཞེས་བྱ་བ། རྣམ་ཤེས་ན། བག་ཆགས་ཀྱི་ཀུན་གཞི། སེམས་ཅན་གྱི་ཀུན་གཞིའི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱིི་ཡེ་ཤེས་ཏེ། ཆོས་ཉིད་ལ་དངོས་པོ་དང་མཚན་མ་མེད་པར་གསལ་བའི་དབྱིངས་སུ་རིལ་འདུས་པས། དུག་ལྔ་རང་བྱུང་གི་ཡེ་ཤེས་ཏེ། བཅོམ་ལྡན་འདས་དཔལ་ཆེན་པོ་ཉིད་དོ། །དེ་ཡང་རྒྱུད་ལས། ཀུན་གཞིའི་རྣམ་ཤེས་རང་བྱུང་དཔལ་ཆེན་ཉིད། །དུག་ལྔ་རང་བྱུང་ཀུན་འདུས་བཅོམ་ལྡན་འདས། །ཞེས་གསུངས་སོ། །རྣལ་འབྱོར་ཟབ་མོ་ཞེས་བྱ་བ། རྣམ་ཤེས་ན། མིག་རྣ་བ་སྣ་ལྕེ་ལུས་ཀྱི་རྣམ་ཤེས་ཏེ། སེམས་ཅན་གྱི་སྒོ་ལྔ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། ཆོས་ཉིད་ཟབ་མོ་ནམ་མཁའ་དང་འདྲ་བ་དེ། མ་འགགས་པའི་ཡེ་ཤེས་སུ་གསལ་བའི་རྟགས། སྣང་སྲིད་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། སྐུ་གསུང་ཐུགས་སུ་འདུ་བས། སངས་རྒྱས་པར་འདྲིས་ཤིང་གོམས་པར་འདུ་བས། ཕུང་པོ་ན། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་སྟེ། ཉོན་མོངས་པ་ན། ཕྲག་དོག་རང་བྱུང་ཆེན་པོ་ཡེ་ཤེས་ཀྱི་སྐུར་གསལ་བ་ལ་རྣལ་འབྱོར་ཟབ་མོ་ཞེས་བྱའོ། །དེ་ཡང་རྒྱུད་ལས། སྒོ་ལྔའི་རྣམ་ཤེས་འདུ་བྱེད་དོན་ཡོད་གྲུབ། །ཕྲག་དོག་རང་བྱུང་རྣལ་འབྱོར་བཅོམ་ལྡན་འདས། །ཞེས་གསུངས་སོ། །དེ་ལ་སྐུ་གསུམ་རྫོགས། །ཞེས་བྱ་སྟེ། གོང་མའི་དོན་དེ་སྒྲུབ་པ་པོ་ཉིད་ཀྱི་རྒྱུད་ལ་སྦྱར་ན། ཤེས་པ་ཡེ་ཐོག་མ་ནས་མ་བཅོས་པར་བཞག་སྟེ། ཡུལ་དྲུག་མིག་གི་ཡུལ་དུ་གཟུགས་སོགས་འགྲེ་དྲི་རོ་སྒྲ་རེག་སྤྱི་དང་དྲུག་པོ་ལ། ནང་འཛིན་པའི། ཤེས་པ་དྲུག་གིས་མ་བཟུང་བར། རྟོག་པ་མེད་ཅིང་སྤྲོས་པ་དང་བྲལ་བ་ཆོས་ཉིད་ཟབ་མོ་ནམ་མཁའ་ལྟར་རྟོགས་པ་ནི་ཆོས་ཀྱི་སྐུའོ། །ཕུང་པོ་ལྔ་རིགས་ལྔ་ཡེ་ཤེས་ལྔར་ཤར་བས། འཁོར་བ་དང་མྱ་ངན་ལས་འདས་པ་ལ་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུའོ། །འདོད་པའི་ཡོན་ཏན་ལྔ་གང་སྣང་ཡང་སྐྱོན་མེད་ཅིང་རོལ་པར་སྣང་བས་སྤྲུལ་པའི་སྐུ་རྫོགས་སོ། །དེ་ལྟར་ཡིན་པར་ཅིས་མངོན་ཞེ་ན། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། བཅོམ་ལྡན་འདས་རིགས་ལྔའི་སངས་རྒྱས་ལ། རྣམ་པར་ཐར་པའི་ལམ་དུ་མངའ། ཞེས་གསོལ་བ་དང་། སེམས་དཔའ་ཆེན་པོ་ཉོན་ཅིག །ཅེས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ། རྣམ་པར་ཐར་པའི་ལམ་མ་ནོར་བ་ལྔ་ཡོད་དེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་གོ། །ཞེས་འབྱུང་བ་དང་། ཡང་། ཡེ་ནས་དག་པ་ཆོས་ཀྱི་སྐུ། །ལྷུན་གྱིས་རྫོགས་པས་ལོངས་སྤྱོད་རྫོགས། །ཅིར་སྣང་རོལ་བ་སྤྲུལ་པའི་སྐུ། །ཞེས་གསུངས་སོ། །ནམ་མཁའ་ཆེ་ལས་ཀྱང་། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །གཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཨ་ལི་ཀ་ལི་ཐབས་ཤེས་རབ། ཟབ་དུ་བསྟན། །ཅེས་གསུངས་སོ། །དེའི་དོན་ལ་བརྣན་པ། སརྦ་བུདྡྷ་ལས། སངས་རྒྱས་མཉམ་སྦྱོར། ཆོས་དབྱིངས་ཡེ་ཤེས་རྣམ་སྣང་མཛད། །མཉམ་ཉིད་ཡེ་ཤེས་རྡོ་རྗེ་ཉི་མ་ལ། །རིན་འབྱུང་སོ་སོར་རྟོག་པའི་ཡེ་ཤེས་གར་དབང་ཕྱུག །སྣང་བ་མཐའ་ཡས་རྟ་མཆོག་བྱ་བ་ནན་ཏན་གྱི་ཡེ་ཤེས་ཡིན་ནོ། །ཡེ་ཤེས་ལྔ་ཡི་བདག་ཉིད་ནི། །ཞི་བ་རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཁྲོས་པ་བཛྲ་ཧེ་རུ་ཀ་ཁྲག་འཐུང་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཞེས་གསུངས་སོ། །དེ་ལྟར་ནི་བྱུང་ཞིང་སྣང་བར་རང་བྱུང་གི་ཡེ་ཤེས་ཀྱིས་ཤེས་ཏེ། དེ་ཡང་དགེ་སློང་སཀྵ་དེ་བས་ལྟ་བ་ལ་བཟླས་ཏེ་གསུངས་པ། ཀུན་འབྲལ་ཇི་ཡང་མ་སྤངས་པ། །རྫོགས་པ་ཆེན་པོའི་ལྟ་བ་ཡིན། །དོན་རྣམས་ལྷུན་གྱིས་གྲུབ་པ་ནི། །བྱ་བྲལ་རྫོགས་ཆེན་སྒོམ་པ་ཡིན། །བདེན་པའི་ལྷ་ཡང་གྲུབ་པས་ན། །སྔགས་ཀྱི་ལྷ་ནི་མཐུ་བྱིན་ཆེ། །ཞེས་གསུངས་སོ། །སརྦ་བུདྡྷ་ལས། སྟོང་མིན་སྟོང་བྲལ་གཉིས་སུ་མེད། །ཟབ་མོ་ཉིད་ལ་བསྒོམ་པ་ནི། །དབུ་མ་ལ་ཡང་མི་གནས་ཏེ། །ཕྱག་རྒྱ་ཆེན་པོ་ལྷ་ཡི་ཚུལ། །ཐམས་ཅད་སྐྱེ་འགག་མེད་པའོ། །ཞེས་གསུངས་ཏེ། དཔལ་ཆེན་པོའི་རང་བཞིན། ཐག་ལྟ་བས་བཅད་དེ། ཤེས་རབ་ཀྱིས་གཡང་ས་ཆོད་པར་བྱས་ལ། ཏིང་ངེ་འཛིན་གྱིས་ཉམས་བག་ཏུ་བླངས་ན། དམིགས་པར་བྱ་བའི་ཡུལ། ཡབ་ཐབས་ཀྱི་ཕྱག་རྒྱ་དཔལ་ཆེན་རང་བཞིན་ཡིན་ལུགས། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །དེའི་ཡུམ་འབྱུང་བ་ཆེན་པོ་གང་སྙམ་པ་ལ། མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཞེས་བྱ་བ་གསུངས་ཏེ། དེ་ཡང་འབྱུང་བ་ལ་གཉིས་ཏེ། སྙིགས་མའི་འབྱུང་བ་དང་། དྭངས་མའི་འབྱུང་བའོ། །དེ་ལ་སྙིགས་མའི་འབྱུང་བ་ནི། ད་ལྟར་སེམས་ཅན་གྱིས་བཏགས་པའི་འབྱུང་བ་ལྔའོ། །དྭངས་མའི་འབྱུང་བ་ནི། དེ་ཉིད་རང་གྲོལ་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དྲུག་གི་རང་བཞིན་དུ་སངས་རྒྱས་ཏེ། དེ་ཡང་ཇི་ལྟར་སངས་རྒྱས་ཞེ་ན། སྙིགས་མའི་འབྱུང་བ་རྟོག་བཅས་ཀྱི་སེམས་དང་འབྱུང་བ་ནམ་མཁའ་ལྟར་སྣང་བ་ཉིད། རྟོག་མེད་དུ་ཡེ་ནས་མ་བཅོས་པར་ཆོས་ཀྱི་སྐུའི་ངང་དུ་གསལ་ཞིང་ཀུན་ལ་ཁྱབ་བདལ་བས་སེམས་དང་འབྱུང་བ་ནམ་མཁའ་སྣང་བ་སྟོན་པའི་ཡུམ་ཀུན་ཏུ་བཟང་མོ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་རྡོ་རྗེ་དབྱིངས་ཕྱུག་མར་སྣང་ལ་རང་བཞིན་མེད་པར་སངས་རྒྱས་སོ། །སྙིགས་མའི་འབྱུང་བ། སེམས་ཅན་རྟོག་བཅས་ཀྱི་ཤ་དང་རུས་པ་ལྟར་སྣང་བ་རྟོག་མེད་དུ་གསལ་བས། ཤ་རུས་ལྟར་སྣང་བ་རིལ་བསྐྱེད་རྟེན་བྱེད་པས་ཡུམ་སངས་རྒྱས་སྤྱན་ཏེ། དེ་བཞིན་རིགས་ཀྱི་མཁའ་འགྲོ་མ་ཞེས་བྱའོ། །སྙིགས་མའི་འབྱུང་བ་སེམས་ཅན་གྱི་རྟོག་བཅས་ཀྱི་ཁྲག་དང་ཆུ་ལྟར་སྣང་བ། རྟོག་མེད་དུ་གསལ་བས་ཐུགས་རྗེ་རླན་སྡུད་མཱ་མ་ཀཱི་སྟེ། རིན་པོ་ཆེ་རིགས་ཀྱི་མཁའ་འགྲོ་མ་ཞེས་བྱའོ། །སྙིགས་མའི་འབྱུང་བ་སེམས་ཅན་གྱི་རྟོག་བཅས་ཀྱི་དྲོད་དང་མེར་སྣང་བ་རྟོག་མེད་དུ་གསལ་བས། ཐུགས་རྗེས་སྨིན་ཅིང་བརྟས་བྱེད་ཡུམ་གོས་དཀར་མོ་སྟེ། པདྨ་རིགས་ཀྱི་མཁའ་འགྲོ་མ་ཞེས་བྱའོ། །སྙིགས་མའི་འབྱུང་བ་རྟོག་བཅས་ཀྱི་དབུགས་དང་རླུང་ལྟར་སྣང་བ། ཐུགས་རྗེས་ཡང་ཞིང་གཡོ་བྱེད་འདེགས་པར་བྱེད་པས། ཡུམ་དམ་ཚིག་སྒྲོལ་མ་སྟེ། ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་ཞེས་བྱའོ། །སྙིགས་མའི་འབྱུང་བ་ལྔ་རིལ་སེམས་ཅན་གྱི་རྟོག་བཅས་ཀྱི་བཀྲག་དང་མདངས་དབུགས་ཀྱིས་བསྡུས་པ་རྟོག་མེད་ཆོས་ཉིད་དུ་གསལ་བས། འགྲོ་བ་དང་འོང་བ་དང་གནས་པ་ཀུན་གྱི་གཞི་ཁྲོས་པའི་དུས་ན་ཡུམ་ཀྲོ་ཏི་ཤྭ་རི་མ་སྟེ། དེ་ལྟར་འབྱུང་བ་ཆེན་པོ་ལྔ་པོ་འདི་ལ་འཁོར་འདས་ཐམས་ཅད་མི་གནས་པ་དང་། དེས་མ་བསྐྱེད་པ་གང་ཡང་མེད་དེ། འབྱུང་བ་ལྔ་ཡང་དོན་གྱི་རིགས་ཀྱི་ཡུམ་ལྔ། ཡུམ་ལྔ་པོ་ཡང་ཀུན་ཏུ་བཟང་མོ་དེ་ཉིད་ཀྲོ་ཏི་ཤྭ་རི་མ་ཞེས་བྱ་སྟེ། ཡུམ་དེའི་མཁའ་ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ཁང་། སྐྱོན་གྱིས་མ་གོས་པ་པདྨ་གེ་སར་གྱི་ཀློང་དུ་རིགས་ལྔ་ཡེ་ཤེས་ལྔ་པོ་དེ་ཉིད་དཔལ་ཆེན་པོ་ཡེ་ཤེས་ཀྱི་ཐིག་ལེ་དཀྱིལ་འཁོར་དང་བཅས་པ་ཡང་། ཡུམ་གྱི་མཁའ་འདིར་སྔར་ཡང་མྱ་ངན་ལས་འདས། ད་ལྟར་བཞུགས་པའི་སངས་རྒྱས་གཟུགས་སྐུ་ཞལ་གཉིས་པ་ཡང་། ཡུམ་གྱི་མཁའ་འདི་དང་དབྱེར་མེད་པར་བཞུགས། སླད་ཀྱི་བྱོན་པའི་སངས་རྒྱས་རིལ་ཡང་མཁའ་འདིར་བརྒྱུད་དེ་བྱོན་པས། འོན་ཀྱང་ཆོས་ཉིད་ཡུམ་གྱི་མཁའ་འདི་ནི་རྒྱལ་བ་རིལ་གྱི་གདུང་ལ། འགྲོ་འོང་ཀུན་གྱི་གཞི། སྲིད་པ་ཡོངས་ཀྱི་འབྱུང་གནས། ཡེ་ཤེས་ཐ་དད་པར་རོལ་པས་ཡུམ་གྱི་མཁའ་འོ། །དེ་ལྟར་ཡང་ཅིས་མངོན་ཞེ་ན། རྒྱུད་ལས། སྙིགས་མའི་འབྱུང་བ་ལྔ་ནི་སེམས་ཅན་གྱིས་བཏགས་པའི་འབྱུང་བ་སྟེ། །དེ་ཉིད་གཉིས་མེད་རང་བཞིན་གྱིས་དག་དྭངས་མའི་འབྱུང་བ་ལྔ། །མ་བཅོས་དོན་གྱིས་རིགས་ཀྱི་མཁའ་འགྲོ་མ། །འབྱུང་བ་ཆེན་པོ་ལྔ་ཉིད་ཀྲོ་ཏི་ཤྭ་རིའི་མཁའ། །ཞེས་གསུངས་སོ། །རྨད་དུ་བྱུང་བ་ལས་ཀྱང་། འབྱུང་བ་ཆེན་པོ་ལྔ་ནི་སྐུ་ལྔ་ལྷུན་གྱིས་རྫོགས་པའི་དཀྱིལ་འཁོར་ཉིད་དོ། །ཆེན་པོ་ལྔའི་དྭངས་མ་ནི། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཐིག་ལེ་ཉག་གཅིག་ཉོད་དོ། །དྭངས་མ་དེ་གསལ་བའི་སྙིང་པོ་ནི། ཤིན་ཏུ་བརྟག་དཀའ་བ་དེ་ཉིད་ཡེ་ཤེས་ཏེ་ཐུགས་ཉིད་དུ་གྱུར་པ་ཉིད་དོ། །ཞེས་འབྱུང་ངོ་། །ནམ་མཁའ་ཆེ་ལས། འབྱུང་བ་ཆེན་པོ་ལྔ་བཅོམ་ལྡན་འདས། །ཡིན་ཏེ་འགྲོ་བ་སེམས་ཅན་ཀུན་ལ་ཡང་འབྱུང་བ་ལྔ་ལས་ལུས་འདི་གྲུབ་པས་རང་བཞིན་གནས། །སོ། །ཞེས་གསུངས་སོ། །དེ་ལ་སྒྱུ་མ་ཞེས་པ་ལ་གསུམ་སྟེ། ཐེག་པ་འོག་མ་པས། འབྱུང་བ་ལྔ་པོ་འདི་དང་འདིས་བསྐྱེད་པའི་སེམས་ཅན་ཀུན་མི་རྟག་པ་ཙམ་དུ་ཀུན་རྫོབ་སྒྱུ་མར་མཐོང་ལ། དེ་བས་གསང་སྔགས་ཁྱད་ཆེ་སྟེ། ལྷར་བསྒྱུར་ནས་སྣང་ལ་རང་བཞིན་མེད་པ་ཙམ་སྒྱུ་མར་མཐོང་ལ། དེ་བས་ཀྱང་རྫོགས་པ་ཆེན་པོ་ཁྱད་ཆེ་སྟེ། གཞི་ལ་གཉིས་མེད་དུ་ལྷུན་གྲུབ་སྒྱུ་མར་མཐོང་ཞིང་སྤྱོད་པས། རིམ་པས་སྤགས་ཤིང་ཁྱད་ཡོད་པས་ཤེས་རབ་ཀྱིས་གཡང་ས་ཆོད་པས་ཐག་ཆོད་བྱས་ནས་ཏིང་ངེ་འཛིན་ལ་ལོངས་སྤྱོད་པར་ཤེས་ན། ཇི་ལྟར་འདོད་པར་དབང་བསྒྱུར་བས་ན་སྒྱུ་མའོ། །དེ་ཡང་ནམ་མཁའ་ཆེ་ལས། སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །ཅེས་པ་དང་། ཡང་། རང་བཞིན་གཅིག་ཏུ་མ་ངེས་པར། །ཇི་ལྟར་བལྟས་པས་དེ་ལྟར་སྣང་། །ཞེས་གསུངས་སོ། །རྣམ་པ་གཅིག་ཏུ་ན། སྒྱུ་མ་ཞེས་པ་འབྱུང་བ་ལྔ་ཉིད་ཆོས་ཉིད་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པ། སྐྱེ་བ་མེད་པའི་མཁའ་ལས། སྐྱེ་བའི་ཆོ་འཕྲུལ་ཇི་ལྟ་བུའི་ངོ་བོར་ཡང་ཤར་ཞིང་ཇི་ལྟར་སྣང་ཡང་སྣང་སྟེ། ཞི་བའི་ལྷ་མོ་ལྟ་བུ་དང་། ཁྲོ་བོ་མོ་ལྟ་བུ་དང་། གནོད་སྦྱིན་མོ་ལྟ་བུ་དང་། རིགས་དྲུག་རྫོགས་པའི་ཡུམ་བུད་མེད་ལ་སོགས་པའི་ཆ་ལུགས་སུ་ཡང་ཤར་ཞིང་སྣང་སྟེ། དེ་ཡང་དཔེར་ན། ཅི་ཡང་མེད་པ་ལས་སྒྱུ་མའི་མཁན་པོས་ཅི་ལ་ཡང་སྒྱུ་མའི་གཟུགས་སུ་བསྒྱུར་དུ་གཏུབ་པ་དཔེ་དེ་བཞིན་དུ། དོན་ཆོས་ཉིད་ཡུམ་གྱི་མཁའ་སྐྱེ་བ་མེད་པའི་དོན་རྟོགས་ན། རྟགས་རིག་པའི་ཡེ་ཤེས་སྐྱེ་བའི་ཆོ་འཕྲུལ་ཇི་ལྟར་ཡང་སྣང་ངོ་། །སརྦ་བུདྡྷ་ལས། རང་གི་ངོ་བོས་ཡོངས་བསྒྱུར་ན། །བུད་མེད་ཀུན་གྱི་སྒྱུ་མས་འགྲུབ། །སྣ་ཚོགས་སྒྱུ་མའི་ཕྱག་རྒྱ་འདི། །མཁའ་འགྲོ་མ་ཞེས་བརྡར་བསྟན་ཏོ། །ཞེས་གསུངས་སོ། །ཤེས་རབ་དང་ཏིང་འཛིན་ཡོ་བྱད་གཉིས་ལ་ལོངས་སྤྱོད་པའི་རྣལ་འབྱོར་པས། བདེ་མཆོག་བདེ། །ཞེས་པའི་དོན། ལྷ་བསྐྱེད་པར་འདོད་ཀྱང་། ཆོས་ཉིད་ཡུམ་གྱི་མཁའ་ཀློང་འདི་ལས་བསྐྱེད་ལ། སྤྱན་དྲངས་ཤིང་བཞུགས་སུ་གསོལ་ན་ཡང་། ཆོས་ཉིད་ཡུམ་གྱི་མཁའ་འདི་ལས་སྤྱན་དྲངས་ཤིང་ཆོས་ཉིད་ཡུམ་གྱི་མཁའ་འདིའི་ངང་ལ་བཞུགས་སུ་གསོལ། མཆོད་པ་འབུལ་ཞིང་ཨརྒྷཾ་སྦྲེང་ན་ཡང་། ཆོས་ཉིད་ཡུམ་གྱི་མཁའ་འདིར་སྦྲེང་། བསོད་ནམས་སྤེལ་ཞིང་ཚེ་དགུག་ན་ཡང་། ཡུམ་གྱི་མཁའ་འདིར་སྤེལ་ཞིང་དགུག །སློབ་མ་བྱིན་གྱིས་བརླབས་ཤིང་དབང་བསྐུར་ན་ཡང་། ཡུམ་འདིའི་མཁའ་ནས་བྱིན་གྱིས་བརླབས་ཤིང་དབང་བསྐུར། དགྲ་བགེགས་དགུག་ཅིང་བསྒྲལ་ན་ཡང་། ཆོས་ཉིད་ཡུམ་གྱི་མཁའ་འདིར་དགུག་ཅིང་བསྒྲལ། དེ་ལ་ཇི་ལྟར་སྤྱད་ཅིང་སྣང་བ་ཡང་། དེ་ཉིད་ལ་དངོས་པོ་དང་མཚན་མར་མི་འཛིན་ཅིང་། སྐྱེ་འགག་ཏུ་མི་དམིགས་པའི་ཤེས་རབ་ཀྱིས་བཟུང་བ་ནི། བདེ་མཆོག་བདེ། །ཞེས་བྱའོ། །དེ་ཡང་རྒྱུད་ལས། གང་ལྟར་བདེ་བ་སྤྱོད་པའི་མཆོག །མཚན་མར་མི་འཛིན་བདེ་བའི་ལམ། །ཞེས་གསུངས་སོ། །ངག་དོན་དུ། མཐའ་དྲུག་ལས་ཐག་ལྟ་བས་གཅོད་པའོ། །ལུང་དགུ་ལས་སྣང་སྲིད་སངས་རྒྱས་མཁའ་འགྲོའི་ལུང་སྟེ་ལྟ་བ་ཡང་དག་མ་ནོར་བར་གཏན་ལ་དབབ་པའི་ལུང་དེ་ཡིན། ཡོ་བྱད་གཉིས་ལས་ཤེས་རབ་དང་ཏིང་ངེ་འཛིན་གཉིས་ཀའོ། །དལ་དགུ་ལས་དང་པོ་རང་བཞིིན་གྱི་དཀྱིལ་འཁོར་རོ། །སྐབས་སྦྱོར་བཅོ་བརྒྱད་ལས་དང་པོ་དཔལ་ཆེན་པོའི་རང་བཞིན་བསྟན་པའི་སྐབས་སོ། ༈ །གཉིས་པ། སྒྲུབ་པར་བྱེད་པའི་ཐབས་ལ་རྣམ་པ་གཉིས་ཏེ། ཐབས་ཀྱི་ཡན་ལག་དང་། ཐབས་ཀྱི་ངོ་བོ་བསྟན་པའོ། ༡༽ །ཐབས་ཀྱི་ཡན་ལག་ལ་དོན་ལྔ་སྟེ། སྣོད་ཇི་ལྟ་བུ་ལ་བསྟན་པ་དང་། དམ་ཚིག་བསྟན་པ་དང་། གཙང་སྦྲ་བསྟན་པ་དང་། བརྟུལ་ཞུགས་བསྟན་པ་དང་། ཉེས་དམིགས་བསྟན་པའོ། །དེ་ལ། སྣོད་ཇི་ལྟ་བུ་ཞིག་ལ་༡༽བསྟན་སྙམ་པ་ལ། སྐབས་སྦྱོར་བཅོ་བརྒྱད་ལ་གཉིས་པ་ལུང་བསྟན་པ་སློབ་མའི་སྐབས། ཤེས་རབ་ཀྱིས་ནི་བློ་ཕྱེས་ནས། །ངེས་པར་བརྟགས་པའི་ས་གཞི་ལ། །བླ་མས་ངེས་པའི་ལུང་འདི་བསྟན། །ཞེས་གསུངས་སོ། །ཤེས་རབ་ནི་རྣམ་པ་བཞི་སྟེ། མཉན་པའི་ཤེས་རབ་དང་། བསམ་པའི་ཤེས་རབ་དང་། སྒོམ་པའི་ཤེས་རབ་དང་། གསང་བའི་ཤེས་རབ་བོ། །བློ་ལ་ཡང་རྣམ་པ་བཞི་སྟེ། སྣོད་དུག་ཅན་དང་། ཁས་སྦུབ་དང་། འཕྲེད་ཉལ་དང་། ཞབས་རྡོལ་ལོ། །དེ་ལ། ཕྱེས་ཞེས་པའི་དོན་ནི། ཤེས་རབ་རྣམ་པ་བཞིས། སྣོད་རྣམ་པ་བཞིའི་བློ་ཁ་དབྱེ་སྟེ། དེ་ལ། མཉན་པའི་ཤེས་རབ་ལ་བརྩོན་པས། སྣོད་དུག་ཅན་དང་འདྲ་བའི་བློ་ཁ་དབྱེ། བསམ་པའི་ཤེས་རབ་ལ་ནན་ཏན་དུ་གྱུར་པས། སྣོད་ཁས་སྦུབས་དང་འདྲ་བའི་བློ་ཁ་དབྱེ། སྒོམ་པའི་ཤེས་རབ་ལ་སྦྱངས་པས། སྣོད་འཕྲེད་ཉལ་དག་འདྲ་བའི་བློ་ཁ་དབྱེ། གསང་བའི་ཤེས་རབ་ལ་གནས་ན་གསང་ཐུབ་ཅིང་བརླིང་པས། སྣོད་ཞབས་རྡོལ་དང་འདྲ་བའི་བློ་ཁ་དབྱེ། དེ་ལྟར་ཤེས་རབ་རྣམ་པ་བཞིས། སྣོད་རྣམ་པ་བཞིའི་བློ་ཁ་ཕྱེས་ནས། ངེས་པར་བ རྟག་པ་ནི་བཞི་སྟེ། རིགས་ངེས་པར་བརྟག་པ་དང་། ཡུལ་ངེས་པར་བརྟག་པ་དང་། དད་པ་ངེས་པར་བརྟག་པ་དང་། ཤེས་རབ་ངེས་པར་བརྟག་པའོ། །དེ་ལ་དང་པོར་རིགས་ངེས་པར་བརྟག་སྟེ། རྒྱལ་རིགས་སམ། རྗེ་རིགས་ལས་ངེས་པར་སྐྱེས་པའོ། །རུའི་ཞལ་ནས། རིགས་བཟང་བས་ངོ་ཚ་ལ་འཛེམ། དེ་ནས་ཡུལ་ངེས་པར་བརྟག་པ་ནི། སྣོད་མི་གཞི་བཟང་པོས་ངན་པའི་ལས་མི་བྱེད་ཅིང་ངོ་ཚ་ཤེས་པས་བཟང་པོའི་ལས་ངེས་པར་བྱེད་པའོ། །དེ་ནས་དད་པ་ངེས་པར་བརྟག་པ་ནི། ལུས་དང་སྲོག་ལ་ཡང་མི་ཕོངས་པར་ཆོས་ཕྱིར་ངེས་པར་གཏོང་སེམས་ཡོད་པའོ། །དེ་ནས་ཤེས་རབ་ངེས་པར་བརྟག་པ་ནི། གང་བསྟན་པའི་དོན་ངེས་པར་ཤེས་ཤིང་རྟོགས་པར་ངེས་པའོ། །དེ་ནི་དཔེར་ན་ས་གཞི་གཤིན་པ་ངེས་པར་བརྟགས་པ་ལ། ས་བོན་གང་བཏབ་པ་འབྲས་བུ་ངེས་པར་དུས་སུ་འབྱུང་བ་དང་འདྲ་བར། སྣོད་ངེས་པར་བརྟག་པའི་སློབ་མ་ས་གཞི་གཤིན་པ་དང་འདྲ་བ་ལ། གང་ཟག་ཀུན་ནས་བླར་གྱུར་པའི་བླ་མ་རྡོ་རྗེ་སློབ་དཔོན་གྱིས། ངེས་པའི་དོན་གྱི་གསང་རྒྱུད་ཀྱི་བཅུད་བླངས་པའི་མན་ངག །དྲང་བའི་ལུང་མ་ཡིན། ངེས་པའི་ལུང་གི་སྒྲུབ་ཐབས། གསང་སྔགས་ཀྱི་མ་གཞི། ཡང་དག་གྲུབ་པ་འདི། བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་བསྟན་ཏོ། །ཞེས་བྱ་བའི་དོན་ཏོ། ༈ །དེ་ལ་ཐོག་མར་༢༽དམ་ཚིག་བསྟན་པའི་ཕྱིར། ངག་དོན་དུ། གསང་སྔགས་ཀྱི་མཐའ་དྲུག་ལས་དང་པོ་གཞི་དམ་ཚིག་སྟོན། ཡོ་བྱད་གཉིས་ལས་ཤེས་རབ་དང་ཏིང་ངེ་འཛིན་གཉིས་པའོ། །སྐབས་སྦྱོར་གསུམ་པ་སྒྲུབ་པ་པོ་རྣམས་བརྟུལ་ཞུགས་ཀྱི་ཁྱད་པར་དང་དམ་ཚིག་བསྟན་པའི་སྐབས་སོ། །སྣུམ་པ་ཡི་ནི་དམ་ཚིག་དང་། །ཞེས་བྱ་བ་གསུངས་ཏེ། དེ་ལ། སྣུམ་པ་ཡི་ནི་ཞེས་བྱ་བ། དཔེར་ན་སྣུམ་གྱིས་ལུས་སྐྱེ་བའི་བཅུད་དམ་གཞིར་གྱུར་པ་དང་འདྲ་བར། དེ་བཞིན་དུ་དམ་ཚིག་སྣུམ་ལྟ་བུ་ལ་བརྟེན་ནས། རྣམ་པར་བྱང་བའི་ཕྱོགས་ཀྱི་དགེ་བ་ཐམས་ཅད་སྐྱེ་བར་འགྱུར་རོ། །དེ་ཡང་རྒྱུད་ལས། གཞི་འཛིན་དམ་ཚིག་སྣུམ་འདྲ་རིན་པོ་ཆེ། །མ་རིག་ཐ་རྒོད་ཀོ་ཁེངས་ལྟ་བུ་བརྟུལ། །ཡང་དག་དོན་སྟོན་སེམས་དང་ཆོས་སུ་འདྲེས། །ལུས་དང་སྲོག་ལ་བབ་ཀྱང་དམ་ཚིག་མཆོག་མི་སྤོང་། །དེ་ལ་གནས་ན་རྣལ་འབྱོར་དབང་ཕྱུག་ཆེན་པོར་འགྱུར། །ཞེས་གསུངས་ཏེ། དེ་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱིས་གཞི་དམ་ཚིག་གིས་བཟུང་བའི་ལུང་བསྟན་ཏེ། དེ་ལ། དམ་ཚིག་ཅེས་བྱ་བ་ལ་གསུམ་སྟེ། ངོ་བོ་དང་། ངེས་ཚིག་དང་། དབྱེ་བའོ། །དེ་ལ་ངོ་བོ་ནི། བསྲུང་བར་སེམས་པའི་རྒྱུན་མ་ཆད་པའོ། །ངེས་ཚིག་ནི། བསྲུང་བྱ་དེ་ལ་འདའ་བར་བྱ་བ་མ་ཡིན་ལ། དེ་ལས་འདས་ན་ཚིག་པར་དམ་ཚིག་ཅེས་བྱའོ། །དབྱེ་བ་ལ་གསུམ་སྟེ། རྩ་བའི་དམ་ཚིག་དང་། ཡན་ལག་དམ་ཚིག་དང་། བྱང་ཆུབ་སེམས་ཀྱི་དམ་ཚིག་གོ། །དེ་ལ་རྩ་བ་གསུམ་སྟེ། སྐུ་གསུང་ཐུགས་ཀྱི་དམ་ཚིག་གོ། །སྐུའི་དམ་ཚིག་ནི། བླ་མ་རྡོ་རྗེ་སློབ་དཔོན་དང་། སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཤེས་རྒྱུད་འགྲོལ་དང་ཉམས་ཆག་སྐོང་། །མན་ངག་ལུང་གི་སློ་དཔོན་རྣམས། །མཆེད་དང་སྤྱིའི་མཆེད། རིང་བའི་མཆེད། ཉེ་བའི་མཆེད། །འདྲེས་པའི་མཆེད། ལྕམ་དྲལ་ལ། ངན་སེམས་དང་དཔྱ་སེམས་ཙམ་ཡང་མི་བསྐྱེད་པར་བྱ་བ་ཡིན་ན། ངན་དུ་སྨྲ་བ་དང་། གནོད་པ་དངོས་སུ་བྱེད་པ་དང་། འཁུ་ཞིང་ལྡོག་པ་ལྟ་ཅི་སྨོས་ཏེ། འདི་ལྟར་མི་བྱ་བ་དང་། བླ་མ་རྡོ་རྗེ་སློབ་དཔོན་ལམ་དང་ཕ་དང་། མིག་གི་འབྲས་བུ་བས་ཀྱང་ལྷག་ཅིང་། སངས་རྒྱས་བཞིན་དུ་བཀུར་བ་དང་། བླ་མའི་བཀའ་ཟུར་ཡང་མི་བཅག་པ་དང་། མཉེས་པ་རྣམ་པ་གསུམ་རབ་ཤེས་རབ་རྒྱུད། འབྲིང་སྤྱོད་ལམ། ཐ་མ་ཟང་ཟིང་ནོར་གྱིས་མཉེས་པར་བྱ་བ་དང་། བླ་མ་དེས་ཕོག་པའི་ལྷ་དང་སྲུང་མ་མི་སྤང་ཞིང་། རྟག་ཏུ་མཆོད་པ་དང་། བརྟེན་པ་དང་། མཆེད་དང་ལྕམ་དྲལ་ལ་རྡོ་རྗེའི་སྤུན་དང་མིང་སྲིང་དུ་བལྟ་ཞིང་། བརྩེ་གདུང་བྲེང་མ་ཆད་པར་བྱའོ། །དེ་ལ་གསུང་གི་དམ་ཚིག་ནི། ཡི་དམ་ལྷ་ཡི་སྔགས་དང་ཕྱག་རྒྱ་རྒྱུན་མི་བཅག་པ་སྟེ། དེ་ཡང་སྔགས་ལ་བཞི་སྟེ། རྒྱུ་མ་ནོར་བརྩ་བའི་སྔགས་ཡི་གེ་ཧཱུཾ་ལྟ་བུ་དང་། བསྐྱེད་པའི་སྔགས་བཛྲ་ཤྲཱི་ཧེ་རུ་ཀ །བཛྲ་ས་ཧ་ཀྲོ་ཏི་ཤྭ་རི་སྟྭཾ། ལྟ་བུ་དང་། བཟླས་པ་ལས་ཀྱི་སྔགས་ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ལྟ་བུ་དང་། བསྐུལ་བ་ཕྲིན་ལས་ཀྱི་སྔགས་ཧཱུྃ་ཧཱུྃ་བི་ཤྭ་སོགས་ཁྲོ་བོ་འཆོལ་བར་སྤྲོ་བ། ལྟ་བུའོ། །སོ། །ཕྱག་རྒྱ་ལ་ཡང་བཞི་སྟེ། གཙོ་བོའི་སྐུའི་ཕྱག་རྒྱ་ལྷ་སྐུ་དང་། གཟུངས་མ་དམ་ཚིག་གི་ཕྱག་རྒྱ་ཡུམ་བསྒོམ་པ་དང་། ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམ་ཞིང་བཟླས་པ་བྱེད་པ་ཆོས་ཀྱི་ཕྱག་རྒྱ་དང་། འོད་ཟེར་ཕར་འཕྲོ་ཚུར་འདུ་ལས་ཀྱི་ཕྱག་རྒྱའོ། །དེ་ལ་རྣལ་འབྱོར་པས་ཉམས་བག་དུ་བྱ་བའི་དུས་ནས། བདག་ལྷ་ཡབ་ཡུམ་གཉིས་སུ་མེད་པའི་སྐུར་གསལ་བ་ར་བསྒོམ་པ་ནི་བདག་གི་དེ་ཁོ་ན་ཉིད་དང་། ཐུགས་ཀར་ཡེ་ཤེས་སེམས་དཔའ་ལ་ཐུགས་ཕྱག་མཚན་ལ་བཟླས་པའི་ཡི་གེས་མཚན་པར་བསམ་པ་ནི་ཐུགས་ཕྱག་མཚན་གྱི་དེ་ཁོ་ན་ཉིད་དང་། བཟླས་པའི་ཡི་གེ་ལས་འོད་བྱུང་བར་བསམ་ཞིང་བཟླས་པ་ནི་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དང་། བདུན་གྱི་ནམ་མཁའ་ཡེ་ཤེས་སེམས་དཔའ་གསལ་བ་ནི་ལྷའི་དེ་ཁོ་ན་ཉིད་དང་། དེ་དང་གཉིས་འཕྲོ་འདུ་བྱ་ཞིང་བཟླས་པ་བྱ་བ་ནི་འཕྲོ་འདུའི་དེ་ཁོ་ན་ཉིད་དང་། དེ་ཁོ་ན་ཉིད་ལྔ་དང་ལྡན་པ་ནི། རྣལ་འབྱོར་པ་ཡིན་པས། རབ་ཀྱིས་ཆུ་བོའི་རྒྱུན་བཞིན་མི་བཅད། འབྲིང་གིས་ཞག་རེ་ལ་ཉིན་སྟོང་མཚན་སྟོང་དང་མཆོད་པ་རེ། བྱའོ། །ཐ་མ་བས་ཟླ་བ་རེ་རེ་ལ། ཚེས་བརྒྱད་དང་། ཉ་དང་། སྟོང་ལ། བསྙེན་པ་དང་མཆོད་པ་གཞུང་བཞིན་དུ་བྱའོ། །དེ་ཡང་མ་གྲུབ་ན། དཔྱིད་ཟླ་ར་བ། དབྱར་ཟླ་ར་བ། སྟོན་ཟླ་ར་བ། དགུན་ཟླ་ར་བ་སྟེ། ཟླ་བ་ར་བ་བཞི་ལ་བསྙེན་མཆོད་རེ་རེ་བྱའོ། །ཐ་མ་དེ་ཡང་མ་གྲུབ་ན་ལོ་རེ་ལ་དམ་བཅས་པའི་བསྙེན་མཆོད་རེ་རེ་འགྲུབ་ཚད་དུ་བྱའོ། །དེ་མ་གྲུབ་ན་གསུང་གི་དམ་ཚིག་ཉམས་པར་འགྱུར་རོ། །ཐུགས་ཀྱི་དམ་ཚིག་ནི། སྤྱི་གསང་བཞི་སྟེ། སྒྲུབ་པའི་དུས་གསང་བ་དང་། སྒྲུབ་པའི་གནས་གསང་བ་དང་། རྫས་གསང་བ་དང་། ཡོ་བྱད་གསང་བའོ། །བར་གསང་བཞི་ནི། དཀྱིལ་འཁོར་གསང་བ་འདི་འདྲ་བ་ཞིག་ཞལ་ཕྱེ་བྱ་བ་དང་། ཆོ་ག་གསང་བ་འདི་ཚུག་བྱེད་བྱ་བ་དང་། ཕྱག་རྒྱ་གསང་བ་འདི་ལྟར་འཆའ་བྱ་བ་དང་། སྔགས་གསང་བ་འདི་སྐད་ཟློས་བྱ་བའོ། །གསང་བར་འོས་པ་ནི། དམ་རྫས་སོ། །བརྐུས་པའི་བམ་དང་། དཔོན་མཆེད་ཀྱི་ངན་སྐྱོན་དང་། མ་ལེགས་པའི་སྐྱོན་ཐམས་ཅད་གསང་བའོ། །གསང་བར་གཉེར་གཏད་པ་ནི། སློབ་དཔོན་གྱིས་གཉེར་བསྒོ་བའི་གསང་ཚིག་རྣམས་སོ། །འདི་རྣམས་གསོངས་ཤིག་གསུང་བ་ལྟ་བུའོ། །དེ་ཡང་། རྒྱུད་ལས། དམ་ཚིག་མཆོག་ནི་འདིར་བཟུང་བ། །སྐུའི་དམ་ཚིག་ནི། བླ་མ་སྤུན་མཆེད་གྲོགས་ཡི་དམ་ལྷ་སྲུང་དང་། །གསུང་གི་དམ་ཚིག་སྔགས་དང་ཕྱག་རྒྱ་ཐུགས་ཀྱི་དམ་ཚིག་གསང་ཚིག་རྣམས། །རིམ་བཞིན། དབང་རྒྱུད་མན་ངག་གནང་བའི་བླ་མ་བཀུར་དང་། ཡི་དམ་ལྷ་སྲུང་མི་སྤང་གྲོགས་བཞི་ལ་བྱམས་པ་དང་། །སྔགས་གསུམ་དང་ཕྱག་རྒྱ་བཞི་རྒྱུན་མི་བཅད་ཅིང་གསང་བཅུ་སྤེལ་མི་བྱ། །འདི་ནི་རྩ་བའི་དམ་ཚིག་ཡིན། །ཞེས་གསུངས་སོ། །ཡན་ལག་གི་དམ་ཚིག་ལ་ཡང་ལྔ་སྟེ། མི་སྤང་བའི་དམ་ཚིག་ལྔ་དང་། དང་དུ་བླང་བ་ལྔ་དང་། སྤྱད་པར་བྱ་བ་དང་། ཤེས་པར་བྱ་བ་དང་། བསྒྲུབ་པར་བྱ་བའོ། །དེ་ལ། གསང་སྔགས་རྡོ་རྗེའི་ཐེག་པ་འདི་ཡི་གཞུང་གིས། །མི་སྤང་བའི་དམ་ཚིག་ནི། གཏི་མུག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཆོས་སྐུ་དང་། ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་ངོ་བོ་ཉིད་སྐུ་དང་། ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལོངས་སྐུ་དང་། འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་གསང་བའི་སྐུ་དང་། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སྤྲུལ་སྐུ་དང་ལྔ་སྟེ། ཡེ་གདོད་མ་ནས་སྐུ་རྣམ་པ་ལྔ་འམ་ཡེ་ཤེས་ལྔའི་ངོ་བོ་ཡིན་པས་མི་སྤང་བ་དང་། དང་དུ་བླང་བའི་དམ་ཚིག་ནི། དྲི་ཆེན་རྣམ་པར་སྣང་མཛད་ཀྱི་དམ་རྫས་ཡེ་ཤེས་ཆོས་དབྱིངས་དང་། བྱང་ཆུབ་སེམས་རྡོ་རྗེ་སེམས་དཔའི་དམ་རྫས་ཡེ་ཤེས་མེ་ལོང་ལྟ་བུ་དང་། ཤ་ཆེན་རིན་ཆེན་འབྱུང་ལྡན་ཡེ་ཤེས་མཉམ་ཉིད་དང་། རཀྟ་སྣང་བ་མཐའ་ཡས་ཡེ་ཤེས་སོར་རྟོག་དང་། དྲི་ཆུ་དོན་གྲུབ་ཡེ་ཤེས་བྱ་གྲུབ་ལྔ་ནི། རིགས་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་ཡིན་པས་ན་མི་དོར་བར་བྱ་བ་དང་། སྤྱད་པར་བྱ་བའི་དམ་ཚིག་ལྔ་ནི། པདྨའི་རིགས་ཀྱི་དམ་ཚིག་སྦྱོར་བ་དང་། རྡོ་རྗེའི་རིགས་ཀྱི་དམ་ཚིག་སྒྲོལ་བ་དང་། རིན་པོ་ཆེའི་རིགས་ཀྱི་དམ་ཚིག་མ་བྱིན་པར་ལེན་པ་དང་། དེ་བཞིན་གཤེགས་པའི་དམ་ཚིག་རྫུན་དུ་སྨྲ་བ་དང་། ལས་ཀྱི་རིགས་ཀྱི་དམ་ཚིག་ཚིག་རླང་པོར་སྨྲ་བ་ལྔ་ནི་གོང་དུ་བསྟན་པ་བཞིན་སྤྱོད་པ་ཡིན་པས་སྤྱད་པར་བྱ་བ་དང་། ཤེས་པར་བྱ་བའི་དམ་ཚིག་ནི། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས། གཟུགས་ཀྱི་ཕུང་པོ་རྣམ་སྣང་། རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པ། ཚོར་བའི་ཕུང་པོ་རིན་འབྱུང་། འདུ་ཤེས་ཕུང་པོ་སྣང་བ་མཐའ་ཡས། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པའོ། །འབྱུང་བ་ལྔ་རིགས་ཀྱི་ཡུམ་ལྔ། ནམ་མཁའ་རྡོ་རྗེ་དབྱིངས་ཕྱུག་མར། ས་སངས་རྒྱས་སྤྱན་མར། ཆུ་མཱ་མ་ཀཱིར། མེ་གོས་དཀར་མོར། རླུང་དམ་ཚིག་སྒྲོལ་མར། རྣམ་པར་ཤེས་པ་བརྒྱད་སེམས་དཔའ་བརྒྱད། མིག་གི་རྣམ་ཤེས་ས་ཡི་སྙིང་པོ། རྣ་བའི་རྣམ་ཤེས་ནམ་མཁའི་སྙིང་པོ། སྣའི་རྣམ་ཤེས་སྤྱན་རས་གཟིགས། ལྕེའི་རྣམ་ཤེས་ཕྱག་རྡོར། མིག་གི་དབང་པོ་བྱམས་པ། རྣ་བའི་དབང་པོ་སྒྲིབ་སེལ། སྣའི་དབང་པོ་ཀུན་བཟང་། ལྕེ་ཡི་དབང་པོ་འཇམ་དཔལ་ལོ། །ཡུལ་བརྒྱད་སེམས་མ་བརྒྱད། མིག་གི་ཡུལ་གཟུགས་ལཱ་སྱེ་མ། རྣ་བའི་ཡུལ་སྒྲ་མཱ་ལྱེ་མ། སྣའི་ཡུལ་དྲི་གཱིརྟི་མ། ལྕེའི་ཡུལ་རོ་ནཱི་རྟི་མ། འདས་པའི་ཡུལ་དྷཱུཔྤེ་མ། ད་ལྟའི་ཡུལ་པུཥྤེ་མ། མ་འོངས་པ་ཨཱ་ལོ་ཀེ། འབྱུང་བ་མ་ངེས་པ་གནྡྷེ་མའོ། །ཁམས་དང་སྐྱེ་མཆེད་གཞན་ཡང་ལྷ་དང་ལྷ་མོར་ཤེས་པ་སྟེ། ལུས་ཀྱི་རེག་པ་སྒོ་བ་རྣམ་པར་རྒྱལ་བ། རེག་བྱེད་གཤིན་རྗེ་གཤེད། རེག་བྱ་རྟ་མགྲིན། རེག་ཤེས་བདུད་རྩི་འཁྱིལ་བའོ། །ཡུལ་སྒོ་མ་རྟག་པར་མ་ཡིན་པ་ལྕགས་ཀྱུ་མ། ཆད་པར་མ་ཡིན་པ་ཞགས་པ་མ། བདག་ཏུ་མ་ཡིན་པ་ལྕགས་སྒྲོག་མ། མཚན་མར་མ་ཡིན་པ་དྲིལ་བུ་མའོ། །ཉོན་མོངས་པ་དྲུག་ཐུབ་པ་དྲུག་གོ། །བསྒྲུབ་པར་བྱ་བའི་དམ་ཚིག་ནི། རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་སྟེ། ཕྱི་ནང་སྣོད་བཅུད་རིལ་ཡེ་ནས་མ་བཅོས་པར་རིགས་ལྔར་ལྷུན་གྱིས་གྲུབ་པའོ། །དེ་ཡང་རྒྱུད་ལས། མི་སྤང་བ་དང་དང་དུ་བླང་། །སྤྱད་པར་བྱ་དང་ཤེས་པ་དང་། །བསྒྲུབ་པར་བྱ་བའི་དམ་ཚིག་གིས། །ཆོས་དང་སེམས་སུ་འདྲེས་པ་ན། །དེ་ལས་མི་འདའ་དམ་ཚིག་ཡིན། །ཞེས་གསུངས་སོ། །བྱང་ཆུབ་སེམས་ཀྱི་དམ་ཚིག་ནི། ཆོས་ཐམས་ཅད་ཀྱི་སྲོག་ནི་དམ་ཚིག །དམ་ཚིག་གི་སྲོག་ལྟ་བ། ལྟ་བའི་སྲོག་ལུང་། ལུང་གི་སྲོག་མན་ངག །མན་གང་གི་སྲོག་སྒོམ་པ། སྒོམ་པའི་སྲོག་མ་ཡེངས་པ། མ་ཡེངས་པའི་སྲོག་གདེངས་སུ་གྱུར་པ་སྟེ། གདེངས་སུ་གྱུར་པའི་དུས་ན། དམ་ཚིག་ཐམས་ཅད་འདི་བཞིར་འདུས་པར་བསྟན་ཏེ། སེམས་ཉིད་སྐྱེ་མེད་ཡིན་པས་མེད་པ་དང་། རོལ་པ་མ་འགགས་པས་ཕྱལ་བ་དང་། ཐིག་ལེ་ཉག་གཅིག་ཏུ་འདུས་པས་གཅིག་པུ་ཉིད་དང་། ཡེ་ནས་ལྷུན་གྱིས་གྲུབ་པ་དང་བཞིར་ལ་བཟླའོ། །དེ་ཡང་། དང་པོ་གསང་སྔགས་ཀྱི་སྒོར་ངེས་པར་འཇུག་པར་འདོད་པ་རྣམས་ཀྱིས། བླ་མ་རྡོ་རྗེ་སློབ་དཔོན་དོན་དུ་གཉེར་ནས། གསང་བའི་དཀྱིལ་འཁོར་དུ་དམ་ཚིག་ཚུལ་བཞིན་དུ་བླངས་ནས། དམ་བཅས་ལས་མི་འདའ་ཞིང་། འདས་ན་ཚིག་ཅིང་བརླག་པར་འགྱུར་པས། ཉམས་ན་ཡང་། གང་ཉམས་པ་དེ་མ་ཐག་ཏུ་བསྐང་ཞིང་གསོ་བའི་ཆོ་ག་བྱ་ཞེས། གསང་བའི་རྒྱུད་སྡེ་དང་གྲུབ་པ་ཐོབ་པའི་བླ་མ་རྣམས་ཀྱིས་གསུངས་སོ། །དེ་ལ། དང་ཞེས་བྱ་བ་ནི། གཞན་བསྡུ་བའི་དོན་ཏེ། དམ་ཚིག་རྗེས་སུ་གཙང་སྦྲ་བསྡུ། །ཞེས་བྱའོ། །དེ་ཡང་། གཙང་དང་༣༽ཞེས་བྱ་བས་བསྟན་ཏེ། དེ་ལ་གཙང་སྦྲ་ནི་རྣམ་པ་གསུམ་སྟེ། ཕོ་ཉའི་གཙང་སྦྲ་ཐུན་མོང་གི་སིདྡྷི་ལ་མི་དམིགས་པར་མཆོག་གི་དོན་དུ་གཉེར་བ་དང་། སྦྱོར་བའི་གཙང་སྦྲ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརློབ་པ་ལ་སོགས་པ་དང་། ཟས་གཅིག་ཏུ་ཟ་བའི་གཙང་སྦྲའོ། །ཟས་མཐུན་པས་དམ་རྫས་བདུད་རྩི་ལྔ་ལ་གཙང་དམེ་མེད་པའི་དོན་ཡིན་ཏེ་བཤད་གསུང་ངོ་། །དེ་ལྟར་ཡང་། རྒྱུད་ལས། གཙང་སྦྲ་གསུམ་དུ་ཤེས་བྱ་ཞིང་། །རིགས་དང་རིན་ངོར་མི་བལྟ་བ། །ཕོ་ཉའི་གཙང་སྦྲ་དང་པོ་ཡིན། །དཔེར་ན་རྒྱལ་པོའི་ཕོ་ཉ་ནི། ལས་གང་ལ་བཏང་བ་དེར་རང་གི་རིགས་ཀྱི་ངོར་དང་གཞན་གྱི་རིགས་ཀྱི་ངོར་མི་ལྟ་བར་དེ་བསྒྲུབས་པ་བཞིན་དུ། འདིར་ཡང་རྣལ་འབྱོར་པས་བསྙེན་པའི་བརྟུལ་ཞུགས་བྱེད་པ་ནི་བྱ་བ་གཞན་དང་རང་གི་རིགས་དང་རིན་ངོར་མི་ལྟ་བར་དོན་སྒྲུབ་པའོ། །གཉིས་པ་སྦྱོར་བ་ཡིན་པར་འདོད། །ཟས་གཅིག་ཏུ་ནི་ཟ་བ་ཉིད། །གཙང་སྦྲ་གསུམ་པ་ཡིན་པར་འདོད། །གཙང་སྦྲ་འདི་དག་རབ་བསྐྱོངས་པས། །གཙང་མ་དག་པའི་རིམ་ཐོབ་ན། །དངོས་གྲུབ་གང་ལ་འབྱུང་མི་འགྱུར། །ཞེས་འབྱུང་བས། གཙང་སྦྲ་གསུམ་ལ་གནས་པར་བྱ་བའི་ཕྱིར། བརྟུལ་༤༽ཞུགས་བསྟན་པ་ནི། འཇིགས་པའི་བརྟུལ་ཞུགས་ཅན། ཞེས་བྱ་བས་བསྟན་ཏེ། ཤེས་རབ་ཞན་པ་དང་། ལྟ་བ་ངན་པ་རྣམས་འཇིགས་ཤིང་སྐྲག་པ་ལ་གསང་བར་བྱ་བའི་ཕྱིར། དད་པ་ཡོད་པའི་སྔགས་པས། དབེན་པའི་གནས་སུ། དང་པོར་བླ་མ་རྡོ་རྗེ་སློབ་དཔོན་ལ། གོང་མ་ལྟ་བུའི་དམ་ཚིག་དང་། ཕྱི་ནང་གསང་བའི་དབང་དང་། བརྟུལ་ཞུགས་ཚུལ་བཞིན་དུ་མནོད་དོ། །དེ་ཡང་། རྒྱུད་ལས། དབེན་པའི་གནས་སུ་བླ་མ་ལ། །དམ་ཚིག་དབང་གི་བརྟུལ་ཞུགས་བླང་། །ཞེས་གསུངས་སོ། །དེ་ལ་བརྟུལ་ཞུགས་ནི། བསྙེན་སྒྲུབ་ཀྱི་བརྟུལ་ཞུགས་ཏེ། དེ་ཡང་རྒྱུད་ལས། ཐིག་ལེ་ཟླ་གམ་གཅིག་པུ་རུ། །དམིགས་རྟེན་མངོན་པར་བཞག་ནས་སུ། །སེམས་ཉིད་གནས་པར་མ་གྱུར་བར། །བཟླས་པ་མཐར་དབྱུང་སྦྱིན་བསྲེག་བྱ། །ཞེས་གསུངས་པས། མཎྜལ་ཐིག་ལེ་གཅིག་པ་དང་། ཟླ་གམ་གཅིག་པ་རུ། ཡི་དམ་གྱི་ལྷའི་སྐུ་གཟུགས་རིས་སུ་བྲིས་པའམ་ལུགས་སུ་བླུགས་པའམ་འབུར་དུ་གཏོད་པ་ལེགས་པར་བྱས་པས། མཎྜལ་དུ་བཞུགས་སུ་གསོལ་ལ། དེའི་སྤྱན་སྔར་རྣལ་འབྱོར་པ་འདུག་སྟེ། བསྲུང་བའི་འཁོར་ལོ་བསྒོམ་སྟེ། བསོད་ནམས་བསགས་པའི་ལས་བྱས་ནས། ཡི་དམ་གྱི་ལྷ་བསྒོམ་པར་བྱ་བ་ཡང་། རྒྱུད་ལས། ཁམས་ཀྱི་ངོ་བོ་ཐམས་ཅད་དང་། །དེ་བཞིན་སྲོག་དང་རྩོལ་ལས་བྱུང་། །རང་གི་ལྷ་ཡི་ཆ་བྱད་དུ། །སྒྲུབ་པའི་ཕྱག་རྒྱ་རབ་ཏུ་བྱང་། །ཞེས་འབྱུང་བས། ཡི་དམ་གྱི་ལྷ་བསྒོམ་པ་ཡང་། དོན་དམ་དང་ཀུན་རྫོབ་གཉིས་ཀྱི་སྒོ་ནས་ཏེ། དོན་དམ་པར། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུང་འཛིན་དུ་བཏགས་པ་རིལ། ཆོས་ཉིད་མ་བྱུང་མ་སྐྱེས་པ། ཡེ་ནས་དག་པའི་ངོ་བོ་ཉིད་དུ་གསལ་བས། ཉོན་མོངས་པ་རིལ་ཆོས་ཉིད་མི་རྟོག་པའི་ངང་དུ་བརྟུལ་ཏེ། ཅི་ལའང་མི་རྟོག་མི་སེམས་ཏེ། ཆོས་ཉིད་སྟོང་པ་ཉིད་དུ་གསལ་པས། རང་གི་ཤེས་རྒྱུད་དག་པར་སྦྱང་བ་དང་། དེའི་ངང་ངམ་ཤུགས་ལས་སྲོག་གང་ན་གནས་པ་དང་། རྩོལ་བ་ཞེས་ཀྱང་བྱ། རླུང་ཕྱི་རྒྱུ་དབུགས་ཀྱི་རང་བཞིན། དཔལ་རྡོ་རྗེ་སེམས་དཔའ་འམ། དཔལ་ཁྲག་འཐུང་ཆེན་པོའི་ཏིང་ངེ་འཛིན་ཞི་ཁྲོའི་ཆ་བྱད་ཅན་དུ་བསྒོམ་པར་བྱ་བ་ཡང་། སྔར་གྱི་སྐུ་གཟུང་ཇི་ལྟ་བ་བཞིན་དུ་བསྒོམ་སྟེ། དེ་ལ་གསལ་བར་གྱུར་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་བསྟིམས་ནས། སྐུ་གཟུགས་ལ་མཆོད་པ་བྱས་ནས། བཟླས་པའང་དེ་ཉིད་ཀྱི་སྤྱན་སྔར་བྱའོ། །བསྙེན་པ་ལ་སེམས་འབྱོངས་པར་གྱུར་པ་དང་། རབ་ཏུ་དབེན་པའི་གནས་སུ། རྣལ་འབྱོར་པ་ཆེན་པོའི་སྤྱོད་པ་ཤིན་ཏུའང་ཆེན་པོར་སྤྱད་དེ། ཞི་བའི་རྒྱན་དག་ཆ་ལུགས་དབུ་རྒྱན་སྟོད་གཡོགས་ལ་སོགས་དང་། ཁྲོ་བོའི་རྒྱན་དང་མཚན་མས་དུར་ཁྲོད་ཀྱི་ཆས་བརྒྱད་ལ་སོགས་ཀྱིས་རང་གི་ལུས་ལ་ལེགས་པར་བརྒྱན་ནས། བཟླས་པ་དྲག་ཏུ་བྱའོ། །དེ་ནི་བསྙེན་པ་དག་ཉེ་བའི་བསྙེན་པའི་མན་ངག་སྟེ། དུས་དེ་ཉིད་དུ་ཟས་ལྔ་ཤ་ལྔ་བདུད་རྩི་ལྔ ། བཟའ་ཞིང་རྟོག་པ་དང་དབྲལ་ལོ། །དེ་ལྟར་བརྟུལ་ཞུགས་སྤྱད་ན་ལྷས་བྱིན་གྱིས་བརློབ་ཅིང་། འགོ་བའི་བྱིན་རླབས་ཀྱི་མཚན་མ་འབྱུང་ངོ་། །དེ་ལྟར་དམ་ཚིག་དང་། གཙང་སྦྲ་དང་། བརྟུལ་ཞུགས་དེ་དག་གོང་དུ་བསྒོམས་པར་བྱས་ལ། དེ་ནས་གདོད་སྒྲུབ་པ་ཉམས་སུ་ལེན་པ་བསྙེན་སྒྲུབ་ལ་འཇུག་པར་བྱའོ། །ཞེས་བསྟན་པའི་ཕྱིར་ན། དེ་དག་གོམས་ནས་ཉམས་སུ་བླང་། །ཞེས་གསུངས་པ་ཡིན། སྣོད་དང་༥༽མི་ལྡན་པ་ལ་བསྟན་ན་ཉེས་དམིགས་ཇི་ལྟ་བུ་འབྱུང་སྙམ་པ་ལ། སྐབས་སྦྱོར་བཞི་པ་སློབ་མ་སྣོད་དང་མི་ལྡན་པ་ལ་སློབ་དཔོན་གྱིས་བསྟན་ན་གཉིས་ཀ་དམྱལ་བར་འགྲོ་བའི་སྐབས་སོ། །བློ་ཞན་ཤེས་རབ་ཆུང་བས་ནི། །བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་ཏེ། །ཕུང་བྱེད་གཉིས་ཀ་བསྲེགས་པས་ན། །དེ་བས་གཞན་དུ་བསྟན་པ་མིན། །ཞེས་གསུངས་ཏེ། དེ་ལ་བློ་ཞན་པས་ནི། རྨད་དུ་བྱུང་བའི་སྤྱོད་པ་ལ་འཇུག་མི་ནུས། ཤེས་རབ་ཆུང་བས་ནི། གསང་སྔགས་ཀྱི་དགོངས་པ་འོག་མ་ལས་སྤགས་པའི་དོན་དང་མི་ལྡན་ཞིང་། རྟོག་འཛིན་དང་མ་བྲལ་པས། འདིའི་དོན་བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་ཏེ། གལ་ཏེ་བསྒྲུབས་སུ་ཟིན་ན་ཡང་ཕུང་བར་བྱེད་དོ། །འཇིག་རྟེན་འདིར་ཡང་ནད་མང་ཞིང་ཚེ་ཐུང་ལ། ཕྱི་མར་དམྱལ་བར་ལྟུང་ནས། སློབ་དཔོན་དང་སློབ་བུ་གཉིས་ཀ་བསྲེགས་དམྱལ་བའི་སྡུག་བསྔལ་བ་དང་། སྒྲིབ་པ་ལ་སྩོགས་པ་ཡི་དྭགས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བས་ན། གོང་མ་ལྟ་བུའི་སྒྲུབ་པ་པོ། གཙང་སྦྲ་དང་། བརྟུལ་ཞུགས་ཅན་གྱི་སྒྲུབ་པ་པོ་ལས་མ་གཏོགས་པ། དེ་བས་གཞན་དུ། བློ་ཞན་པ་དང་། ཤེས་རབ་ཆུང་བ་ལ་བསྟན་ཅིང་བཤད་པར་བྱ་བ་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། ༈ ༢༽ །ཐབས་ཀྱི་ངོ་བོ་བསྟན་པ་ལ་དོན་བཞིས་བསྟན་ཏེ། ཕུན་སུམ་ཚོགས་པ་བཞི་དང་ལྡན་པས་སྔོན་དུ་འགྲོ་བའི་རིམ་པ་བསྟན་པ་དང་། རྫས་བརྟག་ཅིང་བཙལ་བ་དང་། ས་གཞི་བརྟག་ཅིང་ས་ཆོག་བྱ་བར་བསྟན་པ་དང་། ཕྲིན་ལས་ཀྱི་རིམ་པར་བསྒྲུབ་པ་ཆེན་པོའི་གཞུང་བསྲང་བའོ། །དེ་ལ་༡ཕུན་སུམ་ཚོགས་པ་བཞི་དང་ལྡན་པས་སྔོན་དུ་འགྲོ་བའི་རིམ་པ་བསྟན་པ་ཡང་། ཁ་ཏ་ཁ་ལུའི་སྒྲས། དཀྱུས་གཅིག་པ་ལ་ཟུར་གཉིས་པར་སྟོན་ཏེ། སྤྱིའི་མན་ངག་གི་སྡོམ་བསྟན་པ་དང་། ཁྱད་པར་དུ་དགོས་པའི་སྒོས་གདབ་པའོ། །དེ་ལ་སྤྱིའི་མན་ངག་གི་སྡོམ་བསྟན་པ་གང་སྙམ་པ་ལ། སྐབས་སྦྱོར་ལྔ་པ་ཡོ་བྱད་རྫས་དང་ས་གཞི་བརྟག་པར་བསྟན་པའི་སྐབས། ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །ཞེས་པས་བསྟན་པ་ལ་དོན་བཞི་སྟེ། ལྟ་བ་དང་། སྤྱོད་པ་དང་། ཕྲིན་ལས་དང་། དམ་ཚིག་གོ། །དེ་ལ་ལྟ་བ་ཕུན་སུམ་ཚོགས་པ་ནི། ཀུན་དང་བྲལ། དྲི་མ་སྤངས་པའི་མན་ངག་བཤད་དོ། །སྤྱོད་པ་ནི། སྦྱོར་སྒྲོལ་གཉིས་ཀྱི་མན་ངག་བཤད། ཕྲིན་ལས་ནི། ཞི་ཁྲོ་གཉིས་ཀྱི་མན་ངག་བཤད། དམ་ཚིག་ནི། རྩ་བ་དང་། ཡན་ལག་དང་། བྱང་ཆུབ་སེམས་ཀྱི་དམ་ཚིག་བཤད་དེ། དེ་ཡང་རྒྱུད་ལས། ལྟ་བ་སྤྱོད་པ་མཐར་ཕྱིན་ཅིང་། །ཕྲིན་ལས་དམ་ཚིག་ལྡན་པར་བསྒྲུབ། །ཅེས་གསུངས་སོ། །ཁྱད་པར་དུ་དགོས་པའི་སྒོས་གདབ་པ་ནི་གང་སྙམ་པ་དང་། ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །ཞེས་གསུངས་པ་ལ་དོན་བཞི་སྟེ། ཤེས་པ་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། གནས་ཕུན་སུམ་ཚོགས་པ་དང་། ཡོ་བྱད་ཕུན་སུམ་ཚོགས་པའོ། །དེ་ལ་ཤེས་པ་ཕུན་སུམ་ཚོགས་པ་ལ་ཡང་བཞི་སྟེ། རྡོ་རྗེ་སློབ་དཔོན་ལུང་དང་མན་ངག་ཤེས་པ་དང་། ཡུམ་མི་འཁྲུག་སྦྱོར་བའི་སྒྱུ་རྩལ་ཤེས་པ་དང་། གིང་གཡོག་གཙུག་ལག་གི་བརྡའ་ཤེས་པ་དང་། འཁོར་ལས་དང་ཕྱག་རྒྱའི་བརྡའ་ཤེས་པའོ། །དེ་ལ་སློབ་དཔོན་ལུང་དང་མན་ངག་ཤེས་པ་ལ་གསུམ་སྟེ། རབ། འབྲིང་། ཐ་མའོ། །དེ་ལ་རབ་ནི། མངོན་པར་ཤེས་པ་ལྔ་དང་ལྡན་ཞིང་། ཤེས་བྱ་རིག་པའི་གནས་ལྔ་བཟོ་རིག་པ། གཏན་ཚིག་རིག་པ། སྒྲ་རིག་པ། གསོ་བ་རིག་པ། ནང་དོན་རིག་པ་ལ་མཁས་པའི་མ་ཧཱ་པཎྜི་ཏ་ཆེན་པོའོ། །འབྲིང་ནི། ཏནྟྲ་སྡེ་བཅོ་བརྒྱད་སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་གསང་ཐིག་ལེ། ཐུགས་ཀྱི་རྒུད་གསང་བ་འདུས་པ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེ། ཡོན་ཏན་གྱི་རྒྱུད་ཕྲེང་བ་དམ་པ་ལ་སོགས། ཧེ་རུ་ཀ་རོལ་པའི་རྒྱུད། དབང་རྒྱས་རྟ་མཆོག་རོལ་པ། སྙིང་རྗེ་རོལ་པ། བདུད་རྩི་རོལ་པ། ཕུར་པ་གསང་རྒྱུད་རོལ་པ། རི་བོ་བརྩེགས་པ། གླང་པོ་ཆེ་རབ་འབོགས། རྩེ་གཅིག་འདུས་པ། དམ་ཚིག་ས་མ་ཡ་བཀོད་པ་རྒྱལ་པོ། ཡེ་ཤེས་རྔམ་པ་གློག་གི་རྒྱུད། ཐབས་ཀྱི་ཞགས་པ། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་གསང་བ་སྙིང་པོའོ། །ལ་མཁས་པར་སྦྱངས་ཤིང་ཤེས་པ་སྟེ། དེ་ནི་ལུང་ལ་མཁས་པའོ། །ཐ་མ་ནི། སྒྲུབ་ཐབས་འདི་ཉིད་ཀྱི་རྒྱུད་དང་། སྒྲུབ་པའི་ཐབས་དང་། མན་ངག་ལ་མཁས་པའོ། །ཡུམ་མི་འཁྲུག་སྦྱོར་བའི་སྒྱུ་རྩལ་ཤེས་པ་ནི། སྦྱོར་ཐབས་ཀྱི་གཙུག་ལག་ལ་མཁས་པར་ཤེས་པའོ། །གིང་གཡོག་གཙུག་ལག་གི་བརྡའ་ཤེས་པ་ནི། ལུས་ཀྱི་བརྡའ་དང་། ངག་གི་བརྡའ་དང་། ཡི་གེའི་བརྡའ་ཤེས་པའོ། །འཁོར་ལས་དང་ཕྱག་རྒྱའི་བདའ་ཤེས་པ་ནི། ཕྱག་རྒྱ་དང་ལས་ཀྱི་གོ་རིམ་ལ་མཁས་པའོ། །རྣམ་པ་གཅིག་ཏུ། རྒྱལ་པོ་སྒོམ་ཤེས་པ་དང་། རྒྱལ་ཐེབས་འཆད་ཤེས་པ་དང་། ཀརྨ་ལས་ཤེས་པ་དང་། གིང་སྒྲོལ་ཤེས་པ་དང་བཞི། ཞེས་ཀྱང་བཤད་དོ། །འཁོར་ཕུན་སུམ་ཚོགས་པ་ལ་ཡང་བཞི་སྟེ། དགྱེས་པ་བསྐྱེད་པའི་འཁོར་དང་། མཆོད་པ་སྟོབ་པའི་འཁོར་དང་། ཐུགས་དང་འཐད་པའི་འཁོར་དང་། རྡུལ་ཕྱགས་སྐྱེས་བུའི་འཁོར་རོ། །དེ་ལ་དགྱེས་པ་བསྐྱེད་པའི་འཁོར་ནི། འཕྲལ་དུ་བླ་མ་ཇི་ལྟར་དགྱེས་པ་བསྐྱེད་པར་བྱེད་པའི་གཟུགས་མ་རིགས་ངན་མ་ཡིན་ཞིང་རིགས་བཟང་བ་དང་བཞིན་གཟུགས་བཟང་བ་དང་ཚུལ་ཤེས་བའོ། །མཆོད་པ་སྟོབ་པའི་འཁོར་ནི། ཁ་ཚར་མེད་པའི་བྱན་པོ་བྱན་མོ་དང་བགོས་དང་འགྱེད་ལ་མཁས་པའི་ཕྱག་ཚངས་པའོ། །ཐུགས་དང་འཐད་པའི་འཁོར་ནི། དམ་ཚིག་གཙོར་འཛིན་ཅིང་བསྒོ་བའི་བཀའ་ཉན་པའོ། །རྡུལ་ཕྱགས་སྐྱེས་བུའི་འཁོར་ནི། ཕྱི་ནང་གི་ལས་བྱེད་དོ། །དེ་ཀུན་ཀྱང་སྐྱོན་དྲུག་རྣམ་པར་སྤངས་ནས། མི་བྱེད་པ་བདུན་དང་ལྡན་པ་མ་ཡིན་པ་ལ་ནི། ཚིག་ཟུར་དང་མཎྜལ་གྱི་ཟུར་ཡང་བསྟན་པར་ལུང་ལས་མ་གསུངས་སོ། །རྣམ་པ་གཅིག་ཏུ། གསང་བ་ཡུམ་གྱི་འཁོར་དང་། འདུས་པ་མཆེད་ཀྱི་འཁོར་དང་། རྡུལ་ཕྱགས་སྐྱེས་བུའི་འཁོར་དང་། བཀའ་སྡོད་ཕྱི་རོལ་ན་གནས་པའི་འཁོར། ཞེས་ཀྱང་བཤད་དོ། །གནས་ཕུན་སུམ་ཚོགས་པ་ལ་ཡང་བཞི་སྟེ། ཏིང་ངེ་འཛིན་ཡེ་ཤེས་མཆོག་གི་གནས་དང་། བཀྲ་ཤིས་དག་པའི་གནས་དང་། ཡིད་དུ་འོང་ཞིང་ཉམས་དགའ་བའི་གནས་དང་། བསྒྲུབ་པ་དུས་ཀྱི་གནས་སོ། །དེ་ལ་ཏིང་ངེ་འཛིན་ཡེ་ཤེས་མཆོག་གི་གནས་ནི། སྔོན་སྦྱངས་པའི་ལས་འཕྲོ་ཅན། གང་བསྟན་པའི་ཏིང་ངེ་འཛིན་ལ་གནས་ནུས་པ། དེ་ལ་སྣང་སྟོང་དབྱེར་མེད་ཀྱི་མན་ངག་བསྟན་པའི་གནས་ཡིན། བཀྲ་ཤིས་དག་པའི་གནས་ནི། སྔོན་འཕགས་པའི་ཞབས་ཀྱིས་བཅག་པ་རྡོ་རྗེའི་གདན་ལྟ་བུ་དང་། སྔར་བསྒྲུབས་ཏེ་དངོས་གྲུབ་ཐོབ་པ་མང་པོ་བྱུང་བའི་གནས་སོ། །ཡིད་དུ་འོང་ཞིང་ཉམས་དགའ་བའི་གནས་ནི། རྒྱུད་ལས་ཀྱང་། མེ་ཏོག་དང་འབྲས་བུར་ལྡན་པའི་རི། །དགའ་ཞིང་ཡིད་འོང་དབེན་གནས་སུ། །ངང་པ་དང་བཞད་པ་བྱ་རྒོད་སྒྲ་འབྱིན་པ། །སྒྲུབ་པའི་གནས་སུ་བཤད་པ་ཡིན། །ཞེས་གསུངས་སོ། །བསྒྲུབ་པ་དུས་ཀྱི་གནས་ནི། དུས་གང་དུ་བཏབ་པའི་སར་དུས་འདི་ཙ་ན་བསྒྲུབ་པར་བྱའོ། །རྣམ་པ་གཅིག་ཏུ། ཡིད་དུ་འོང་བས་ཉམས་དགའ་བ་དང་། སྔོན་བསྒྲུབས་པས་བཀྲ་ཤིས་པ་དང་། ཞབས་ཀྱིས་བཅག་པས་བྱིན་ཆེ་བ་དང་། རིགས་དང་མཐུན་པས་སྒྲུབ་ཐག་ཉེ་བའོ། །ཡོ་བྱད་ཕུན་སུམ་ཚོགས་པ་ལ་ཡང་བཞི་སྟེ། འཚོ་བ་ཟས་ཀྱི་ཡོ་བྱད་དང་། རྐྱེན་བཟློག་སྨན་གྱི་ཡོ་བྱད་དང་། སྒྲུབ་པ་རྫས་ཀྱི་ཡོ་བྱད་དང་། མཆོད་པ་རྫས་ཀྱི་ཡོ་བྱད་དོ། །དེ་ལ་འཚོ་བ་ཟས་ཀྱི་ཡོ་བྱད་ནི། བསྒྲུབ་པའི་དུས་ཀྱི་ཁ་ཟས་ལྡབ་བུར་སྤགས་ཏེ་སྟ་གོན་ལ་གནས་པར་བྱའོ། །རྐྱེན་བཟློག་སྨན་གྱི་ཡོ་བྱད་ནི། ནད་འདུ་བ་རྣམ་པ་བཞི་ལ། གང་དང་གང་ཕན་པའི་སྨན་དང་། སྨན་པ་མཁས་པ་ཡང་སྟ་གོན་ལ་གནས་པར་བྱའོ། །སྒྲུབ་པ་རྫས་ཀྱི་ཡོ་བྱད་ནི། ལྷ་བསྒྲུབ་པའི་རྟེན་དང་། དངོས་གྲུབ་བསྒྲུབ་པའི་སྒྲུབ་རྫས་དང་། དབང་བསྐུར་བའི་དབང་རྫས་དང་། རྨད་དུ་བྱུང་བའི་དམ་རྫས་ཚང་བའོ། །མཆོད་པ་རྫས་ཀྱི་ཡོ་བྱད་ནི། ཕྱི་ནང་གི་མཆོད་རྫས་ཐམས་ཅད་དོ། །རྣམ་པ་གཅིག་ཏུ། ཁམ་ཕོར་རི་མོ་བྲི་བའི་རྫས་ཐོད་པ་དང་། སྣང་བ་འོད་དང་བཅས་པའི་རྫས། མར་མེ་དགུ། སྒྲུབ་པའི་ཞིང་གི་རྫས། བམ་མཚན་ལྡན། སྤྱད་པ་ཡོ་བྱད་ཀྱི་རྫས་སོ། །ཡོ་བྱད་དགོས་ཚོ་མའོ། །དེ་ཡང་ཕུན་སུམ་ཚོགས་པ་བཞི་པོ་འདི་ལ་ཡང་མན་ངག་ཏུ་གདམས་པ། སློབ་དཔོན་ཀྱང་ཕྱི་ནང་གསང་བ་གསུམ་གྱི་དབང་ངེས་པར་ཐོབ་ཅིང་། ལུང་དང་མན་ངག་ཡོད་པ། ཡོན་ཏན་བརྒྱད་དང་ལྡན་པས་བྱའོ། །དེ་ཡང་། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་ལ་གནས་པའི་དབང་མནོས་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་ལྡན་པའི་ཡོན་ཏན་དང་། བཀའ་དག་ཅིང་གསང་བའི་དབང་ཐོབ་པས། འབྲས་བུ་ལ་རྨོངས་པ་མེད་པའི་ཡོན་ཏན་དང་། དམ་ཚིག་གཙང་ཞིང་སྒྲུབ་པ་ལ་བརྩོན་པས། ལྷ་དང་སྲུང་མ་ཉེ་བའི་ཡོན་ཏན་དང་། སྒོམ་སྒྲུབ་སྲན་ཆེ་ཞིང་མཐུ་རྩལ་དང་ལྡན་པས། བགེགས་ཀྱིས་མི་ཚུགས་པའི་ཡོན་ཏན་དང་། རྐྱེན་ཐུབ་ཅིང་དགོས་པ་ཟབ་པས། བར་ཆད་མི་འབྱུང་བའི་ཡོན་ཏན་དང་། གཉིད་དང་ཆང་དད་ཆུང་བས། ལས་མཐར་ཕྱིན་པའི་ཡོན་ཏན་དང་། སྙིང་རྗེ་ཆེ་ཞིང་འཁོར་ལ་བརྩེ་བས། ཀུན་གྱིས་བཀུར་ཞིང་བསྔགས་པའི་ཡོན་ཏན་དང་། དགོངས་པ་རྒྱ་ཆེ་ཞིང་སྙན་ཁུང་ཡངས་པས། ཡ་ག་དང་ཕྲ་མས་མི་ཚུགས་པ་དང་བརྒྱད་དོ། །གཟུགས་མ་མཚན་བཟང་སུམ་ཅུ་ཚང་ཞིང་དད་པ་ཆེ་བས་བྱའོ། །སུ་ཅུ་ནི་ལུས་དང་ངག་དང་ཡིད་ལ་བཅུ་བཅུ་སྟེ་སུམ་ཅུའོ། །ཡང་ན་མཚན་བཟང་སུམ་ཅུ་ནི། །ཞེས་པས། ལུས་ཀྱི་བཅུ་ནི། ཡན་ལག་རྫོགས་དང་ཞ་གྲུམ་མེད། །དབྱིབས་ལེགས་མདོག་སྡུག་ལུས་མཉེན་དང་། །སེངྒེའི་སྐེད་སྐབས་དྲི་ཞིམ་དང་། །རྒྱབ་ནས་དགྱེ་ལ་མདུན་ནས་རྒུ། །སྨིན་དཀྱུས་རིང་དང་རྣམ་བཅུའོ། །ངག་ལ་བཅུ་ནི། ངག་སྙན་ངག་དལ་ཚིག་འབྲུ་གསལ། །བརྡ་དག་མི་བདེན་རྫུན་མི་སྨྲ། །ཕྲ་མ་ཞེ་གཅོད་ཚིག་མི་རྩུབ། །གསང་ཐུབ་སྔགས་བཟློས་ཚིག་ནི་བཙུན། །དེ་བཅུའོ། །ཡིད་ཀྱི་བཅུ་ལ། བརྣབ་སེམས་གནོད་སེམས་ལོག་མི་ལྟ། །མི་སྟོང་སེམས་བརྗིད་རེ་དོགས་མེད། །གཡོ་མེད་སྒྱུ་མེད་རྐུ་སེམས་མེད། །གཞན་གྱིས་ཁ་མི་འདྲོང་པའི་ཡོན་ཏན་དང་བཅུའོ། །སློབ་མ་སྐྱོན་དྲུག་སྤངས་པ་སྟེ། ཉན་པ་དང་དགེ་བའི་ཕྱོགས་ལ་བརྩོན་འགྲུས་ཆུང་བ་ལུས་ཀྱི་སྐྱོན་དང་། བཟླས་པ་ལ་གཏམ་སྨྲ་བ་ས་གས་ངག་གི་སྐྱོན་དང་། བསམ་པ་ལ་ཞེ་འགྲས་པ་ཡིད་ཀྱི་སྐྱོན་དང་། བག་ཟོན་ཆུང་ཞིང་བརྗེད་ངས་པ་དམ་ཚིག་གི་སྐྱོན་དང་། གཉིད་དང་ཆང་དད་ཆེ་བ་ཏིང་ངེ་འཛིན་གྱི་སྐྱོན་དང་། སྒོམ་སྒྲུབ་ལ་སྐྱོ་དུབ་ཆེ་བ་དད་པའི་སྐྱོན་དང་དྲུག་སྤངས་པའོ། །མི་ཕྱེད་པ་བདུན་དང་ལྡན་པར་བྱའོ། །རྟོགས་པས་ཆོས་ཉིད་དང་མི་ཕྱེད་པ་དང་། དམ་ཚིག་མ་ཉམས་པས་ཡི་དམ་གྱི་ལྷ་དང་མི་ཕྱེད་པ་དང་། དད་པ་དང་སྲི་ཞུ་ཆེ་བས་སློབ་དཔོན་དང་མི་ཕྱེད་པ་དང་། བརྩེ་གདུང་ཆེ་བས་མཆེད་ལྕམ་དང་མི་ཕྱེད་པ་དང་། བརྟུལ་ཞུགས་ཆེ་བས་དམ་རྫས་དང་མི་ཕྱེད་པ་དང་། ཏན་གན་ལ་བརྩོན་པས་གཟུགས་མ་དང་མི་ཕྱེད་པ་དང་། སྙིང་རྗེ་ཆེ་བས་སེམས་ཅན་དང་མི་ཕྱེད་པའོ། །ཏིང་ངེ་འཛིན་གསལ་ཞིང་སྒོམ་སྲན་ཆེ་བས་དངོས་གྲུབ་དང་མི་ཕྱེད་པ། སྒོམ་པ་ལ་སྲན་ཚུགས་པས་བློ་ལ་ཐང་ལྷོད་མེད་པར་བརྟན་པས་ཏིང་ངེ་འཛིན་དང་མི་ཕྱེད་པའོ། །གནས་དབེན་ཞིང་ཉམས་དགའ་ལ་རྒྱུ་སྲོང་ལ་མ་བབ་པ། བདག་རང་དབང་བར་བྱའོ། །ཡོ་བྱད་ནི། ཁམ་ཕོར་ཚལ་བུ་བརྒྱད་དབུས་ཀྱི་གནམ་ཞལ་དང་དགུ་རི་མོར་བྲིས་པའི་རྫས་དང་། སྣང་བའི་འོད་དང་བཅས་པའི་རྫས་མར་མེ་དགུ་དང་། མཛེས་པར་འཁོར་བར་བཞག་པའི་རྫས་དམ་རྫས་གཞན་དང་། དམིགས་རྟེན་མངོན་པར་བཀྲམ་པའི་རྫས་རིས་སུ་བྲིས་པའམ་ལུགས་འབུར་གང་ཡོད་དང་། ཕྱི་ནང་གསང་བའི་མཆོད་པ་རྣམ་པ་ལྔ། མེ་ཏོག་།སྤོས། མར་མེ། དྲི་ཆབ། ཞལ་ཟས། བདུད་རྩི་རྣམ་པ་ལྔ། བྱང་སེམས། དྲི་ཆེན། རཀྟ། མཱཾ་ས། དྲི་ཆུ་དང་། ཤ་རྣམ་པ་ལྔ་མི་ཤ །རྟ་ཤ །གླང་ཤ །ཁྱི་ཤ །བྱ་ཤ །དང་། རྨད་དུ་བྱུང་བའི་གཏོར་མ་དང་། རྒྱུ་ལྔ་སྡེར་ཆགས། རྨིག་པ་ཁ་བྲག་ཅན། རྨིག་ཟླུམ། གདོང་པ་ཅན། འདབ་ཆགས་བྱ། བསྒྲལ་བའི་རཀྟ་དང་། སྒྲུབ་པ་ཞིང་གི་རྫས་དང་། འདོད་པའི་ཡོན་ཏན་ལྔ་གཟུགས། སྒྲ། དྲི། རོ། རེག་བྱ་དང་། སྤྱད་པའི་ཡོ་བྱད་ལྔ་ཤ། མར། མཐུད། ཆང་། ཟན། དང་། འདི་རྣམས་ཀུན་ལྡབ་བུར་བསོགས་ཏེ། བསྙེན་སྒྲུབ་ལ་འཇུག་ཅིང་། དཀྱིལ་འཁོར་ཆེན་པོའི་ཆོ་ག་བརྩམ་པར་བྱའོ། །དེ་ཡང་རྒྱུད་ལས། སློབ་དཔོན་དང་ནི་སློབ་བུ་དང་། །གནས་དང་ཡོ་བྱད་ལྡན་གྱུར་ནས། །བསྒྲུབ་པའི་ལས་ལ་འཇུག་བྱ་བ། །ངེས་པར་རབ་ཏུ་བརྟགས་ཏེ་བྱ། །ཞེས་གསུངས་པས། དང་པོ་སྒྲུབ་པ་པོ་བརྟགས་ཤིང་འབྲུ་བདམ་སྟེ། སློབ་མ་སྣོད་མི་གཞི་བཟང་པོ་བཙལ་ལོ། །དེ་ལ། སློབ་མས་སློབ་དཔོན་མ་བརྟགས་ན་སློབ་མའི་བདུད་དུ་འོང་བས། སློབ་མ་མ་བརྟགས་ན་སློབ་མ་ངན་པ་དང་འཕྲད་ན་སློབ་དཔོན་གྱི་བདུད་དུ་འོང་། གཟུངས་མ་མ་བརྟགས་ན་གཟུགས་མ་མི་ངན་དང་འཕྲད་ན་སྒྲུབ་པ་པོའི་བདུད་དུ་འོང་། གནས་མ་བརྟགས་ན་འདྲེ་བོ་ཆེར་དྲགས་པའམ་བར་ཆད་ཀྱི་བདུད་དུ་འོང་བས། ཤིན་ཏུ་བརྟག་ཅིང་བཙལ་བ་གལ་ཆེའོ། ༈ །དེ་ལ། རྗེས་༢༽ བརྟག་ཅིང་བཙལ་བ་གང་སྙམ་པ་ལ། རྫས་དང་ས་གཞི་བརྟག་པ་དེར། །ཞེས་སྨོས་པ་འདི་ལ། རྫས་བརྟག་པ་དང་། ས་གཞི་བརྟག་པ་གཉིས་ལས། འདིར་དང་པོ་ལ། རྫས་དང་ཞེས་སྨོས་པས། རྫས་བརྟག་ཅིང་བཙལ་བའི་ཐབས་འབྱུང་སྟེ། དེ་ཡང་རྒྱུད་ལས། བསྙེན་པ་རྫོགས་པའི་རྣལ་འབྱོར་པས། །དངོས་གྲུབ་མྱུར་དུ་འགྲུབ་འདོད་ན། །རྫས་མཆོག་མཚན་ལྡན་བརྟགས་ཏེ་བཙལ། །རྫས་བཞི་གང་ལ་བརྟགས་ཏེ་སྦྱར། །ཞེས་གསུངས་ཏེ། བཙལ་བའི་ཐབས་སོ། །དེ་ལ་རྫས་བརྟག་པ་ལ་དོན་བཞི་སྟེ། བཀྲ་ཤིས་གཙང་མའི་རྫས་དང་། དག་པ་ལྷའི་རྫས་དང་། སྒྲུབ་པ་མཆོག་གི་རྫས་དང་། བསྒྲལ་བ་ཞིང་གི་རྫས་སོ། །དེ་ལ་བཀྲ་ཤིས་གཙང་མའི་རྫས་ནི། རྒྱལ་རིགས་དང་། བྲམ་ཟེ་རིགས་དང་། རྗེའུ་རིགས་ལ་སྩོགས་པའི་རིགས་བཙུན་པ། བྱད་བཞིན་བཟང་ལ། སྨིན་དཀྱུས་རིང་བ། མིག་དཀར་དམར་ཕྱེད་པ། སྐྲ་བུང་བ་ལྟར་གནག་ཅིང་ལྕང་ལོར་འདུག་པ། སོ་ཚག་དམ་པ་སྭོ་དུང་སྭོ་འཁོར་བ། ལྟར་འདུག་པ། མཆུ་བིམ་པ་ལྟར་དམར་ཞིང་པདྨའི་དབྱིབས་སུ་འདུག་པ་དེ་མཚན་དང་ལྡན་ཞིང་བཀྲ་ཤིས་པའི་རྫས་སོ། །དག་པ་ལྷ་ཡི་རྫས་ནི། བཞིན་ལུས་བཟང་ཞིང་། སྐད་སྙན་པ། ཚིག་གསལ་བ། སྐྲ་ཁམ་པ། མིག་ཤེལ་མིག །སྭོ་བཟུར་བ། སྭོ་ལྷག་ཡོད་པ། སྐྲ་མཚམས་ནས་སྣའི་རྩེ་མོར་སྨེ་བ་བདུན་ཆགས་པ། དེ་ནི་སྐྱེ་བ་བདུན་དུ་མིར་སྐྱེས་པའི་རྟགས་ཡིན་པས། བཀྲ་ཤིས་ལ་སྒྲུབ་པའི་རྫས་སུ་བསྔགས་སོ། །སྒྲུབ་པ་མཆོག་གི་རྫས་ནི། སྐྱེས་པ་གཞོན་ནུ་དཔའ་རྩལ་ཅན་རབ་ཏུ་བརླིང་བ་དེ་འཁྲུག་པ་ལ་གཡུལ་དུ་མཚོན་རྣོན་པོས་བསད་པའམ། རིགས་བཟང་མཚན་ལྡན་མ་གློ་བུར་དུ་ཤི་བ་སྟེ། དེ་ཡང་སྒྲུབ་པའི་རྫས་སོ། །བསྒྲལ་བ་ཞིང་གི་རྫས་ལ་གཉིས་ཏེ། བསྒྲལ་ཞིང་བཤད་པའི་རྫས་དང་། གདུལ་བྱ་བསྒྲལ་བའི་རྫས་སོ། །བསྒྲལ་ཞིང་བཤད་པའི་རྫས་ནི། མི། རྟ། གླང་དང་། རྨ་བྱ་དང་། ཁྱི་དང་། ཤེལ་ལུག་ནག་ལུག་སྨུག་དང་། ཙ་ར་ར་ཕོ་ལ་སྩོགས་པའོ། །དེས་བདེ་གཤེགས་དམ་ཅན་ཐུགས་དམ་བསྐང་ཞིང་སོར་གཞུག་པ་དང་། སྒྲུབ་པ་པོ་རྣམས་བཟང་ཞིང་རོལ་པའི་རྫས་སོ། །གདུལ་བྱ་བསྒྲལ་བའི་རྫས་ནི། བསྒྲལ་བའི་ཞིང་བཅུ་སྟེ། དཀོན་མཆོག་སྤྱི་དགྲ། རྡོ་རྗེ་སློབ་དཔོན་གྱི་སྒོས་དགྲ། དམ་ལས་ཉམས་པ། དམ་ལས་ལོག་པ་ཞེས་བྱ། དམ་ལ་འཁུས་པ་སྟེ་གསང་བ་སྣོད་ངན་ལ་སྤེལ་བ། སྒྲུབ་པའི་འདུ་བར་འོང་ནས་གཤེ་བ། ཡོངས་ལ་གནོད་པའི་ཇག་དཔོན་ལྟ་བུ། དམ་དགྲ་ཞེས་བྱ་བ་སྟེ་བཟློག་པ་མཁན་ལྟ་བུ། མི་དགེ་བ་ཁོ་ན་ལ་སྤྱོད་པ་ངན་པའི་ངང་ཚུལ་ཅན། ངན་སོང་གསུམ་སྟེ་བཅུའོ། །དམིགས་ཀྱིས་བཙལ་ཞིང་མངོན་དུ་བསྒྲལ་ལོ། །དེ་ལྟར་བརྟག་པའི་གོང་གི་རྫས། སྐབས་འདིར་དངོས་སུ་དགོས་པ། བཀྲ་ཤིས་གཙང་མ། བསྒྲུབ་པ་མཆོག །དག་པ་ལྷ་ཡི་རྫས་ཏེ་སྔ་མ་གསུམ་པོ་གང་ཡང་རུང་བ་དེ། ངེས་པར་གསོན་གཤིན་གྱི་དུས་སུ་བརྟགས་ལ། དེ་བཙལ་བའི་ཐབས་ནི། གོང་འོག་གི་གནས་གང་རྙེད་དེར། སྒྲུབ་པ་པོ་རྣམས་འདུས་ཤིང་འཚོགས་ནས་མཎྜལ་བྱས་ཤིང་རྫས་ཚོགས་པར་བྱས་ཏེ། རྡོ་རྗེ་རྒྱལ་པོ་སློབ་དཔོན་ཡབ་ཡུམ་སྟན་བདེ་བ་ལ་གནས་ཤིང་། སྦྱོར་བ་ཚུལ་བཞིན་དུ་བྱས་ཤིང་། རྒྱལ་ཐེབས་དང་། ཀརྨ་དང་། གིང་གསུམ། སློབ་དཔོན། དཔལ་ཆེན་པོས་བྱིན་གྱིས་བརླབས་ཤིང་གསང་བའི་དབང་བསྐུར་བར་བྱའོ། །དང་པོར་དེ་ནས་བགེགས་འཇུག་པའི་གནས་ལྔར་སྤྱི་གཙུག་ལྟག་པའི་བདུད་སྒོ། སྙིང་ག །ལྟེ་བ། གསང་གནས། ཡང་བྱང་ཆུབ་སེམས་དཀར་དམར་ཀྱི་ཐིག་ལེ་བྱ་ཞིང་། ཧཱུྃ་ཕཊ་སརྦ་མ་ར་ཡ་སྟྭཾ་པ་ཀཱ་ར་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་པས་བྱང་ཆུབ་སེམས་ཧཱུྃ་དུ་གསལ་བ་ལས། ཁྲོ་ཆུང་ཞལ་གསུམ་ལ་ཕྱག་དྲུག་པ་རེ་རེར་གྱུར་ཏེ། གོང་གི་གནས་ལྔར་བཞག་གོ། །བསྒོམ་མོ། །དེ་ནས་ཡང་བཟླས་པ་དེ་ཉིད་ཀྱིས་ལུས་ཀུན་ལ་ཡང་ཁྲོ་ཆུང་མང་པོ་གཏམས་པར་བསྒོམ་མོ། །དེ་ནས་རྒྱལ་ཐེབས་ཀརྨ་གིང་གསུམ་གྱི་ལག་པ་གཡས་ཀུན་ཏུ། རྡོ་རྗེ་དང་། ཁ་ཊྭཱཾ་ཁ་དང་། ཅང་ཏེའུ་བསྐུར་ཞིང་། ལག་པ་གཡོན་པ་གསུམ་དུ། སེང་ལྡེང་ཕུར་པ་གསུམ། ཁྲོ་བོ་གཤིན་རྗེ་གཤེད་དང་། སྟོབས་པོ་ཆེ་དང་། ཊ་ཀི་རཱ་ཛ་གསུམ་དུ་བྱིན་གྱིས་བརླབས་པ་རེ་རེ་ལག་ཏུ་བསྐུར་ཏེ་ཕོ་ཉར་གཏོང་ངོ་། །དེ་ཡང་རྒྱུད་ལས། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །དུར་ཁྲོད་ཀྱི་རྫས་མཆོག་བམ་མ་ཉམས་པ། །ཐེད་རོལ་དང་གོད་ཀར་མ་སོང་བ། བླངས་ཏེ་བསྒྲུབ་པར་བྱ་བ་ཡང་། །རྒྱུད་བཟང་རིགས་བཙུན་མཚན་དང་ལྡན། །གཙང་ཞིང་བཀྲ་ཤིས་ཡིད་དུ་འོང་དུས་ཚོད་རབ་འབྲིང་ཐ་མ་ལ། །དུས་ལ་བབས་པས་རོ་བླང་དུས། །བདག་ཉིད་དཔལ་ཆེན་ཡབ་ཡུམ་གྱིས། །རྒྱལ་ཐེབས་ཀརྨ་གིང་གསུམ་ལ། །གོང་བཞིན་དབང་བསྐུར་གནས་ལྔར་བསྲུང་བ་བྱས་ནས་ནི། །ལག་ཆ་བསྐུར་ཏེ་ཕོ་ཉར་མངག །ཅེས་འབྱུང་ངོ་། །དེ་ནས་མངག་པའི་ཕོ་ཉ་དེ་གསུམ་གྱིས། མིག་གཡས་དང་གཡོན་ལ། མ་དང་ཨ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དུ་བསྒོམ་སྟེ། འགྲོ་དྲུག་གི་སེམས་ཅན་མ་རིག་པའི་འཁྲུལ་དོང་མུན་པ་དང་འདྲ་བ་ན་འདུག་པ་ལ། རིག་པའི་ཡེ་ཤེས་ཉི་ཟླའི་འོད་ཟེར་ལྟ་བུས་འཁོར་བའི་བག་ཆགས་སྤྲིན་དང་ན་བུན་འདྲ་བ་དེ་སངས་པ་བསམ་ཞིང་། སྤྱན་བཟློག་པ་དང་། གོམ་པའི་སྟབས་ཁྲོ་བོའི་སྟང་སྟབས་ཀྱིས་འགྲོ་བར་བྱའོ། །དེ་ཡང་རྒྱུད་ལས། སྲིད་པ་རྒྱུ་མཆོག་བམ་ཆེན་དེ། །རྣལ་འབྱོར་དབང་ཕྱུག་དངོས་གྲུབ་རྫས། ཁ་ཊྭཱཾ་མཚོན་ཆ་ཐོགས་ནས་སུ། །དཔལ་ཆེན་ཁྲོ་བོའི་ཏིང་འཛིན་གྱིས། ཁམས་གསུམ་ཟིལ་གྱིས་གནོན་པའི་ཕྱིར། །ཉི་ཟླའི་སྤྱན་གྱིས་བཙལ་བར་བྱའོ། །ཞེས་འབྱུང་ངོ་། །དེ་ནས་རྫས་ཡོད་པའི་ས་དེར་ཕྱིན་པ་དང་། ཁྲོ་བོའི་སྟང་སྟབས་གདེངས་ཤིང་ཕྱོགས་བཅུར་བལྟ་ཞིང་། རྡོ་རྗེའི་འགྲོས་ཀྱིས་ལན་གསུམ་དུ་བསྐོར། རྡོ་རྗེ་དང་ཁ་ཊྭཱཾ་ཁ་གསོར་ཞིང་། ཅང་ཏེའུ་བཀྲོལ་ཏེ་འདི་སྐད་བརྗོད་དོ། །ས་ཕྱོགས་འདི་ན་གནས་པའི་གདོན་བགེགས་ཐམས་ཅད་མ་གནས་པར་དེངས་ཤིག །གལ་ཏེ་མི་འགྲོ་བར་གྱུར་ན་ཡང་རྡོ་རྗེ་གནོད་སྦྱིན་དྲག་པོས་ཁྱེད་ཀྱི་ལུས་སེམས་ཀྱི་རྒྱུད་ཐལ་བ་བཞིན་དུ་བརླག་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། སོགས་པའི་སྔགས་རིང་བརྗོད། རོའི་གཤེད་དུ་གྱུར་པ་ཟ་འདྲེ་ཞོན་སྲུང་དྲག་ཏུ་བསྐྲད་དོ། །དེ་ནས། བཛྲ་ཛྭ་ལ་རཾ། ཞེས་བརྗོད་པས། རྡོ་རྗེ་མེ་འོད་ཀྱི་གུར་དུ་འཁྲིགས་པར་བསམ་མོ། །དེ་ཡང་རྒྱུད་ལས། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་ཏེ་ཁམས་གསུམ་དབང་དུ་བསྡུ་བ་དང་། །སྟེང་ལྷའི་སྲིད་པ། བར་མིའི་སྲིད་པ། འོག་ཀླུའི་སྲིད་པ་སྟེ་སྲིད་གསུམ་ཟིལ་གྱིས་གནོན་པའི་ཕྱིར། །རྡོ་རྗེ་འགྲོས་ཀྱིས་བཙལ་བར་བྱ། །ཞེས་འབྱུང་ངོ་། །དེ་ནས། ཁ་ཊྭཱཾ་ཁ་དང་། རྡོ་རྗེ་ས་ལ་བརྡབ་པས། གཤིན་རྗེའི་ཁང་པ་དང་གྲོང་ཁྱེར་བཅོམ་པར་བསྒོམ་ཞིང་། ཧ་ཧ་རུ་ལུ་རུ་ལུ་ཧཱུྃ་ཕཊ྄། །ཅེས་བརྗོད་ཅིང་ཕཊ྄྄་དྲལ་ལོ། །དེ་ནས། གོང་གི་གཤིན་རྗེ་གཤེད་དུ་བསྒོམ་པའི་ཕུར་པས། བམ་གྱི་ལྟག་ཁུང་དུ་བཏབ་པས། འཆི་བདག་གི་ལག་ནས་འཕྲོགས་ཤིང་བགེགས་དྲག་པོ་དང་ཕྲལ་བར་བསྒོམ་མོ། །དེ་ནས། ལག་པ་གཡས་གཡོན་ལ་དཔའ་བོ་འབྲུ་ལྔ་ༀ་ཨཱཿཧཱུྃ་སཱ་ཧཱ་ལས་ཡེ་ཤེས་ལྔའི་འོད་ཟེར་གྱིས་དུག་ལྔ་དཔྱིས་ཕྱུང་། སྐྱེ་བའི་སྒོ་རྩད་ནས་བཅད་པར་བསམ་ཞིང་། ༀ་ཨཱཿཧཱུྃ་སྭཱ་ཧཱ། རྒྱུད་ལས་ཀྱང་། གཤིན་རྗེའི་ཁང་ཁྱིམ་གཞོམ་པའི་ཕྱིར། ཁ་ཊྭཱཾ་རྡོ་རྗེ་ས་ལ་བརྡབ། །འཆི་བདག་གཤེད་དང་དབྲལ་བའི་ཕྱིར། །གཤིན་རྗེ་གཤེད་པོའི་ཕུར་པས་གདབ། །དུག་ལྔ་སྐྱེ་བའི་རྩད་བཅད་ཕྱིར། །ལག་པ་ལ་དཔལ་བོ་འབྲུ་ལྔར་བྱིན་གྱིས་བརླབས་པ་དེ། རྡོ་རྗེ་སྡེར་མོས་བླང་བར་བྱ། །ཞེས་འབྱུང་བ་དང་། ཡང་རྒྱུད་ལས་འདི་སྐད་དུ། རོ་ཡི་གཤེད་དང་དབྲལ་བའི་ཕྱིར། །སེང་ལྡེང་ཕུར་བུ་སོར་བརྒྱད་པོ། །སྟོབས་པོ་ཆེ་ཡི་སྐུར་བསྒོམ་ལ། །སྟོབས་པོ་ཆེ་རང་གི་གསང་སྔགས་བརྒྱ་ནི་རྩ་བརྒྱད་བཟླས། གསོན་གྱི་བདུད་དང་གཤིན་གྱི་ལྕགས། །བྱེད་པ། གཟུགས་དང་མཚན་མར་བཅས་ནས་ནི། །ཕུར་བུས་བཏབ་སྟེ་རོ་ཤུན་དྲིལ། །རོའི་ཁུང་བུར་མནན་ཏེ་རོ་སྟོད་གཟིར། །ཕྲིན་ལས་རྣམ་བཞིས་གཟིར་གནོན་བྱ། །ཞེས་འབྱུང་ངོ་། །དེ་ནས། ཊཀྐི་རཱ་ཛ་བསྒོམ་པའི་ཕུར་པ་འདྲིལ་ཞིང་། སུམ་བྷ་ནི་ལ་སོགས་པའི་སྔགས་བརྗོད་པས། རོའི་ལུས་ལ་འཁྲིལ་ཤིང་ཕྱིར་འབྲེང་བ་ལ་སོགས་པ་རྣམས་རིལ་བཅིངས་ཤིང་བཏགས་པར་བསྒོམ་སྟེ། རྒྱུད་ལས་ཀྱང་། ཕྱིས་ཀྱི་གདོན་རྣམས་བརླག་པའི་ཕྱིར། །ཊ་ཀི་རཱ་ཛས་བཅིངས་ཤིང་བཏགས། །ཞེས་འབྱུང་ངོ་། །དེ་ནས། དེ་ཁོག་པ་ཡི་གེ་བྷྲཱུྃཿལས་གཞལ་ཡས་ཁང་དུ་བསྐྱེད་ལ། དེར་རྫོགས་པའི་ཚུལ་གྱིས་ལྷ་བསྐྱེད། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་གཉིས་སུ་མེད་པར་བསྟིམས་ནས། ཕུང་པོ་དང་། རྣམ་ཤེས་དང་། འབྱུང་བ་དང་ལྷར་གསལ་བར་བྱས་ལ། དེ་གསུམ་དབྱེར་མེད་པར་བྱས་ཏེ། གང་དུ་འགྲོ་བའི་གནས་སྒྲུབ་ཁང་དེར། ཕོ་བྲང་དཀྱིལ་འཁོར་གཞལ་ཡས་ཁང་དུ་བསྒོམ་པ་དེ། རླུང་གི་དཀྱིལ་འཁོར་གྱིས་བསྐྱོད་པར་བསམ་ཞིང་། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་ལ། རོ་དེ་ཉིད་དངོས་པོར་གསལ་བས། དབང་པོ་རྣམ་པ་ལྔ་མིག་རྣ་བ་སྣ་ལྕེ་ལུས་ལས་འདོད་པའི་ཡོན་ཏན་ལྔའི་ལྷ་མོར་འཕྲོ་བར་བསམ་པའམ། རོ་དེ་ཉིད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་བསམ་པའམ། རོ་དེ་ཉིད་རུ་ཏྲའི་ངོ་བོར་བསམ་པ་གང་ཡང་རུང་སྟེ། དང་པོ་ལས་ཀྱི་ཀརྨས་བཀུག །རྒྱལ་ཐེབས་ཀྱིས་བྱིན་གྱིས་རློབ། གིང་གིས་ཕྲ་མེན་མས་འཛིན་ཚུལ་བྱ་ཞིང་། ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ྄། རུ་ལུ་རུ་ལུ་སརྦ་མཱ་ར་ཡ་སྱའེ་ན་ཡ། མ་ར་ཡ། ཨུཙྪཥྚ་ཡ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། ཅེས་བརྗོད་ཅིང་། རོ་དེ་ཉིད་འདོད་ཡོན་གྱི་ཡིད་བཞིན་ནོ་བུའམ་རུ་ཊའམ་གང་ལ་མོས་པར་བསམ་ལ། ཅང་ཏེའུ་ཡང་དྲག་ཏུ་བརྡུང་ངོ་། །དེ་ཡང་རྒྱུད་ལས། ལས་ཀྱི་ཀརྨས་ཁྱེར་ནས་ནི། །མཁའ་འགྲོའི་དམ་རྫས་ཡིན་པའི་ཕྱིར། །ཕྲ་མེན་འཇོན་ཚུལ་འགྲོས་ཀྱིས་བཙལ། །ཅེས་འབྱུང་ངོ་། །དེའི་དུས་སུ། རྡོ་རྗེ་རྒྱལ་པོ་ཡབ་ཡུམ་ལ་སོགས་པས། ཡེ་ཤེས་ལས་གྲུབ་པའི་ཕོ་ཉ་སྒོ་བ་ཡན་ཆད་དང་། ལས་ལས་གྲུབ་པའི་ཕོ་ཉ་དབང་ཕྱུག་མ་དང་། རང་དང་འབྲེལ་བའི་ལྷ་སྲུང་ཕོ་ཉས། ཚེ་འདས་པ་དེའི་རྣམ་ཤེས་ཚོགས་བརྒྱད་དང་། འདོད་ཡོན་གྱི་རྫས་སུ་བཅས་པ་དགུག་གོ། །དེ་ནས་སྒྲུབ་ཁང་གི་སྒོར་ཕྱིན་པ་དང་། ནང་ན་འདུག་པ་སྒྲུབ་པ་པོ་ཀུན་གྱིས་ཀྱང་། །ༀ་རུ་ཏྲ་མ་ཏྲཾ་ས་མ་ཡ། ཨེ་དམ་ས་མ་ཡ་སྟྭམ། ཨ་ལ་ལ་ཧོཿ ཞེས་བརྗོད་དོ། །སྒོའི་དྲུང་དུ་ཕྱིན་པ་དང་། སྒྲོམ་དུ་བཅུག་ལ། ཧཱུྃ་བཅུའི་རྒྱས་བཏབ་ལ་བཞག་གོ། །དེ་ཡང་རྒྱུད་ལས། གནས་སུ་ཕྱིན་ནས་མཚམས་ཀྱང་བཅད། །སྒྲོམ་དུ་བཅུག་ལ་རྒྱ་ཡིས་གདབ། །བཀའ་བསྒོ་ཕྱོགས་བཅིངས་བསྲུང་བར་བྱ། །ཞེས་འབྱུང་ངོ་། །འོ་ན་ཇི་ལྟར་སྤྱད་པའི་རྫས་བཞི་དང་། གཞན་ཡང་། གཞོན་ཞིང་ན་ཚོད་ལ་བབ་པ་དང་། རིགས་བཟང་མཚན་ལྡན་མ་དྲུག་དང་། སྤྱད་དུ་འོས་པ་རིགས་པ་དང་སྦྱར་ཏེ། ཐབས་གོང་ལྟར་བྱས་ཏེ་བླང་ངོ་། །བསྲུང་བའི་རྫས་བཞི་སྟེ། སེང་གེ་དཀར་པོའི་ཤ་ལ་མི་འབག་པ་རྡོ་རྗེ་སློབ་དཔོན་གྱི་བམ་མི་བཤའ་བ་དང་། སྟག་གི་གོད་ཤ་ལ་མི་འབག་པ་གཞན་གྱིས་བྱས་པའི་རྫས་མགོ་བྲལ་བའམ། སྙིང་དང་རྐང་ལག་བྲག་པའམ། བྱ་སྤང་ཁྭ་ཡིས་ཕྱེས་པ་དང་། གངས་ཀྱི་ཐིགས་ཆུ་མི་བཏུང་བ་དང་། དམ་ཚིག་མི་གཅིག་པ། མོའི་ཐེ་རོལ། རིམས་སོ། །རྒྱལ་པོའི་ཐེ་རོལ། སྨྱོན་རོ། །ལྷོག་རོ་ལ་སོགས་མི་བླང་ངོ་། མིང་བཏགས་པའི་ནོར་ལ་མི་འབག་པའོ། །དམེན་དང་ངན་པས་ཟིན་པའི་ཀླུའི་ཐེ་རོལ་མཛེར་རོ། །འདི་ནི་བསྒྲུབ་པའི་རྫས་བརྟག་ཅིང་། སྟ་གོན་ལ་གནས་པར་བྱ་བའི་རིམ་པའོ། ༈ །དེ་ལ། ས་༣༽གཞི་བརྟག་ཅིང་ས་ཆོག་བསྟན་པ་ནི། ས་གཞི་བརྟག་པ་དེར། །ཞེས་སྨྲོས་པ་དེ་ཡང་། ཁྱད་པར་ཅན་གྱི་གནས་བཙལ་ཞིང་བརྟག་པ་དང་། ས་ཡི་ཆོག་གའི་རིམ་པ་བསྟན་པའོ། །དེ་ལ་ཁྱད་པར་ཅན་གྱི་གནས་བཙལ་ཞིང་བརྟགས་པ་ནི། རྒྱུད་ལས་གསུངས་པའི། ཞི་བའི་དགོན་གནས་ལྷ་ཡི་གནས། །རི་བོ་ཆེན་པོ་འདུས་པའི་རྩེ། །གངས་དཀར་ཤེལ་གྱིས་གཏམས་པའི་འདབས། །སེང་ཆེན་འདྲ་བའི་གནས་སུ་བྱ། །ཞེས་གསུངས་པ་དང་། ཡང་། ཁྲོ་བོའི་དགོན་གནས་སྲིན་པོའི་གནས། །རི་བོ་ཆེན་པོ་བཙན་པོའི་ངོས། །བྲག་དམར་གཏམས་པའི་དཀྱིལ་ངོས་ལ། །སྟག་དྲེད་འཁྲ་བའི་གནས་སུ་བྱ། །ཞེས་གསུངས་པ་དང་། ཡང་། མ་མོའི་དགོན་གནས་དུར་ཁྲོད་གནས། །ཤིན་ཏུ་དབེན་པའི་ས་ཕྱོགས་སུ། །གསར་རྙིང་རོ་ཡི་འདུ་ས་ན། །གཅན་གཟན་དང་དུར་བྱ་རྣམས་འདུ་སར་བྱ། །ཞེས་གསུངས་པ་དང་། ཡང་། རྡོ་རྗེ་རིགས་ཀྱི་གནས་མཆོག་ནི། །དུར་ཁྲོད་དང་ནི་ལྷ་རྟེན་དང་། །མ་མོའི་ཁྱིམ་དང་ཡིད་འོང་དུ། །དེར་ནི་ས་ཡི་ཆོ་ག་བྱ། །ཞེས་གསུངས་པས། གནས་དེ་ལྟ་བུ་རྙེད་ཀྱང་། རིགས་དྲུག་རྡོ་རྗེའི་རིགས། དེ་བཞིན་གཤེགས་པའི་རིགས། རིན་ཆེན་རིགས་། པདྨའི་རིགས། ལས་ཀྱི་རིགས། རིགས་བསྡུས་པ་དང་དྲུག་གི་གནམ་ས་བརྟག་པའམ། ཡང་ན། སྤྱིར་བརྟག་པ་གནས་བརྟག་སྟེ་འཁོར་ལོ་རྩིབས་བརྒྱད་འདྲ་བའམ། ས་བརྟག་སྟེ་པདྨ་འདྲ་བའམ། བར་སྣང་བདུད་རྩི་འབབ་པ་འདྲ་བ་དེར་བྱ། བར་སྣང་ལ་རི་ཆག་གང་ཙམ་མེད་ཅིང་། ལུང་པའི་མདོ་ལྷོ་ཕྱོགས་སུ་ཟུག་པ་ནི་སྦོམ་པ། ཕུ་བྱང་ཕྱོགས་སུ་བལྟས་པ་ནི་ཕྲ་བ། དེ་ནི་གཤིན་རྗེའི་མདུང་གི་ཕོག་ས་ཡིན་པས་མི་རུང་། ས་གཞི་ཡང་གཅན་གཟན་གྱི་སྡེར་མོས་བྲད་པའམ། ཡུག་ས་མོའི་མཆི་མའི་རྗེས་འདྲ་བས་མི་རུང་ངོ་། །གཞན་ཡང་། སྐྱེ་བོ་ཡོངས་ཀྱིས་མིག་མང་གིས་བལྟ་ས། ཁ་མང་གི་གླེང་བའི་ས་ཡིན་པ་དང་། ལྷ་འདྲེ་གདུག་པ་ཅན་གྱི་རྒྱུ་སྲང་ལ་མ་བབ་པ། རྒྱལ་པོ་དང་བློན་པོ་ཞང་བློན་གདུག་པ་ཅན་གྱི་མིག་ལ་མ་བབ་པ་མ་ཡིན་པ། རབ་ཏུ་ཉམས་དགའ་བ་བཙལ་བ་ནི། ས་གཞི་བརྟག་པ་ཞེས་བྱའོ། །དེར་ཞེས་སྨོས་པ་ནི། གནས་དེར་སའི་ཆོ་གའི་རིམ་པ་བརྩམ་པར་བྱ་བ་སྟེ། དེ་ལ་བདུན། ས་བསློང་བ། ས་བརྟག་པ། ས་གཏེར་གཞུག་པ། ས་སྦྱང་བ། བགེགས་བསྐྲད་པ། ས་གཟུང་བ། ས་ཡི་ལྷ་མོ་དཔང་པོར་བཞག་པ་དང་བདུན་ནོ། །དེ་ཡང་། དང་༡༽ པོ་ས་བསླང་བར་བྱ་སྟེ། ཆོ་ག་རྣམ་པ་གསུམ་གྱིས་གསུང་ཡིག་འབྲུའི་ཆོ་ག །ཐུགས་ཕྱག་མཚན་གྱི་ཆོ་ག །སྐུ་ཡོངས་སུ་རྫོགས་པའི་ཆོ་ག་བདག་ཉིད་དཔལ་ཆེན་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་ལ། ཞལ་ཟས་ཞོ། མར། འོ་མ། དཀར་གསུམ་དང་། སྨན་ལྔ། སླེ་ཏྲེས། ཀན་ད་ཀ་རི། ཤུ་དག་དཀར་པོ། དབང་པོ་ལགས། རྒྱ་མཚོ་ལྦུ་བ། འབྲུ་ལྔ། གྲོ། འབྲས། ཏིལ། ནས། མོན་སྲན་གྲེའུ། རིན་པོ་ཆེ་སྣ་ལྔ། གསེར། དངུལ། མུ་མེན། མུ་ཏིག །བྱེ་རུ། སྙིང་པོ་ལྔ་ཆུའི་སྙིང་པོ་ལན་ཚྭ། སའི་སྙིང་པོ་གསེར། རྩི་ཐོག་སྙིང་པོ་མར། ཤིང་གི་སྙིང་པོ་བུ་རམ། མེ་ཏོག་སྙིང་པོ་སྦྲང་རྩི་དང་། དྲི་སྣ་ལྔས་ཛཱ་ཏི། གུར་གུམ། ལི་ཤི། ཙནྡན། ཨ་ཀ་རུ། བཀང་བའི་གཏོར་མ་བྱས་ལ། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་པ་བདེན་པ་བརྡར་ཏེ། ས་བདག་ལྷ་ཀླུ་འཁོར་བདུད་དང་བཙན་དང་རྨ་དང་མཐེའུ་རང་དང་བཅས། །གཏོར་མ་དམ་པ་འདི་བཞེས་པ། །བདག་གིས་བསྙེན་སྒྲུབ་མ་ཐོན་བར། །ཁྱེད་ལ་གནས་འདི་བདག་གཡར་གྱིས། །ཅི་བདེ་བར་ནི་གནང་དུ་གསོལ། །ཞེས་བརྗོད་དོ། །ས་བདག་ལྷ་ཀླུ་སྤྱི་ལ་བསླང་ངོ་། །ཁྱད་པར་དུ་སའི་ལྷ་མོ་ལ་བསླང་སྟེ། སྤྱན་དྲངས་པ། འོག་གི་ཕྱོགས་ན་དབང་བསྒྱུར་བཞུགས་སོ་འཚལ། །ས་ཡི་ལྷ་མོ་བརྟན་མ་འོག་ཕྱོགས་སྐྱོང་། །ས་འདི་བསླང་བའི་ཆེད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་ཁྱོད་ཀྱིས་གཡར་དུ་གསོལ། །ཨེ་ཧྱེ་ཧི་པྲི་ཐི་དེ་བི་ཧཱུྃ། ཛཿཧཱུྃ་བཾ་ཧོཿ དེ་བ་སུ་པྲ་ཏི་བྷེ་ག་ས་མ་ཡ་སྭཱ་ཧཱ། ས་ཡི་ལྷ་མོ་འཁོར་བཅས་ལ་ཕྲིན་ལས་བཅོལ་བ་ནི། སྤྱིར་ས་གཞི་དགེ་ཞིང་བཀྲ་ཤིས་པར་མཛད་དུ་གསོལ། རིགས་འདུལ་བའི་ཕྲིན་ལས་ཀྱིས་ནི་ས་བདག་གི་རིགས་འདུལ་བར་མཛད་དུ་གསོལ་ལོ། །ཕྱོགས་སྐྱོང་བའི་ཕྲིན་ལས་ཀྱིས་ནི་འོག་གི་ཕྱོགས་སྐྱོང་བར་མཛད་དུ་གསོལ་ལོ། །པྲི་ཐི་དེ་བཱི་བྷེ་ག་ས་མ་ཡ་སྟྭཾ། ཞེས་ཕྲིན་ལས་བཅོལ་ལོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དག་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱི་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཞེས་བརྗོད་ནས། ལག་པ་ལན་གསུམ་ས་ལ་བརྡབ་པས། ས་གཞི་གས་ཏེ་ས་ཡི་ལྷ་མོ་བྱོན་པར་བསམ་མོ། །དེ་ནས་མཆོད་པ་རྣམ་པ་ལྔ་ཕུལ་ནས། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་བསིལ་མངར་ཆབ། །ས་ཡི་ལྷ་མོ་བརྟན་མ་འཁོར་བཅས་ལ། །བདག་ཅག་དད་པས་འབུལ་ལགས་ཀྱིས། །ས་རིན་བསྩལ་ཕྱིར་བཞེས་སུ་གསོལ། །ས་བདག་ལྷ་ཀླུ་ལ་སོགས་མཐུ་ཆེན་རྣམས། །སྒྲུབ་པ་མཆོག་ལ་དེ་རིང་ངེད་ཞུགས་ཀྱིས། །ས་གླུད་རིན་ཆེན་གཏོར་མ་འདི་ཁྱེར་ལ། །བགེགས་ཚོགས་ས་ཡི་བདག་པོ་ས་བདག་རྣམས། །ང་རྒྱལ་གདུག་རྩུབ་ལ་སོགས་ཞི་ནས་ཀྱང་། །བདག་ཅན་རྣམས་ལ་ས་འདི་གཡར་དུ་གསོལ། །བསྟོད་པ་བྱ་སྟེ། ས་དང་ཕ་རོལ་ཕྱིན་པ་ལ། །དབང་གྱུར་ལྷ་མོ་ཆེན་མོ་ནི། །སྐུ་མདོག་སེར་མོ་རྒྱན་གྱིས་བརྒྱན། །བཞིན་སྡུག་མཛེས་པའི་ཆ་བྱད་ཅན། །ཕྱག་གཡས་སྐྱབས་སྦྱིན་ཕྱག་རྒྱ་ལ། །གཡོན་ན་གསེར་གྱི་བུམ་པ་བསྣམས། །ཀུན་གྱི་དབང་གྱུར་ཕྱག་འཚལ་བསྟོད། །ཅེས་བརྗོད་པས། ས་ཡི་ལྷ་མོས་དགའ་བའི་མདངས་ཕྱུང་ནས། །རྣལ་འབྱོར་བཀའ་སྩོལ་ཇི་ལྟར་བགྱི། །ཟེར་བར་བསམ། དེ་ལ་བདག་གིས་འདི་སྐད་བརྗོད། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ཞེས་བརྗོད་པ་དང་། ས་ཡི་ལྷ་མོ་དགའ་བའི་ཡིད་ཀྱིས། བདག་ལ་འདི་སྐད་གནང་བར་བསྒོམ། ཁྱོད་ནི་སློབ་དཔོན་དམ་པ་ཡིན། །སེམས་ཅན་དོན་བྱོས་དཀྱིལ་འཁོར་བྲིས། །དེ་སྐད་ཟེར་ནས་ས་ཡི་ལྷ་མོ་ས་ལ་སླར་ཐིམ་པར་བསྒོམ་མོ། །དེ་ནས་ས་༢༽བརྟག་པར་བྱ་སྟེ། ས་ཁྲུ་གང་ཙམ་མར་བརྐོས་ཏེ། པྲ་བཟང་ན་གཏེར་ལྟ་བུའམ། རིན་པོ་ཆེ་སྣ་ལྔ་ལྟ་བུ་དང་འཕྲད་ལ། ངན་པར་གྱུར་ན་རོ་ལྔའི་མཚན་མ་ས་རོ་གསེག་མ། རྡོ་རོ་ཕྱོ་མོ། སིང་རོ་སོལ་བ། འབྲུ་རོ་ཕུབ་མ། སྲོག་ཆགས་ཀྱི་རོ་རུས་པ། འབྱུང་ངོ་། །ངན་ན་ས་དེ་ནས་སྤོ་བའམ། ཕྲིན་ལས་བཞིའི་སྦྱིན་བསྲེག་བྱའོ། །དེ་ནས་ས་དེར་གཏེར་༣༽གཞུག་པར་བྱ་སྟེ། ཁམ་སའི་བུམ་པ་སོ་བཏང་བའི་ནང་དུ་ཉི་ཤུ་རྩ་ལྔའི་རྫས་གོང་ལྟར་ཀྱིས་བཀང་ལ། འདི་སྐད་དུ། ས་ཡི་ལྷ་མོ་འཁོར་དང་བཅས། །སྔོན་གྱི་རྒྱལ་བ་རྣམས་ཀྱི་བཀའ། །བྱང་ཆུབ་སེམས་ཀྱི་གཏེར་བུམ་འདི། །མཎྜལ་བྲི་ཕྱིར་གཏེར་དུ་འབུལ། །དེ་ནས་སས་བཀང་ལ་འཐས་པར་བཅག་གོ། །དེ་ནས་ས་༤༽སྦྱང་བར་བྱ་སྟེ། རཾ་ཡཾ་ཁཾ་ཨ། ཞེས་བརྗོད་པས། ཐུགས་ཀ་ནས་འཕྲོས་ཏེ་དེའི་འོད་ཟེར་གྱིས་དངོས་པོར་སྣང་བ་རིལ་པོ། རཾ་ལས་མེས་བསྲེགས། ཡཾ་ལས་རླུང་གིས་གཏོར། ཁཾ་ལས་ཆུས་བཀྲུས་ཏེ་དག་པར་བྱས་ནས། ཨས་ཆོས་ཉིད་སྟོང་པ་ཉིད་དུ་བསྒོམ་མོ། །ས་གཞི་དལ་མཉམ་ཞིང་དྲི་སྣ་ལྔའི་ཆུས་གཏོར་རོ། །དེ་ནས་བགེགས་༥༽བསྐྲད་པར་བྱ་སྟེ། བདག་ཉིད་སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་དུ་བསྒྱུར་ལ། མིག་གཉིས་ཉི་ཟླའི་དཀྱིལ་འཁོར་དུ་བསམ་ལ་བཟློག་ཅིང་། ལག་པ་གཉིས་རྡོ་རྗེ་དྲིལ་བུ་བསིལ་ཏེ། རྐང་པ་ཧཱུྃ་ལས་རྡོ་རྗེར་བསྒོམས་ནས་རྡོ་རྗེའི་འགྲོས་བྱ་ཞིང་། ཧཱུྃ། ས་ཕྱོགས་འདི་ལ་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོ་ཤ་ཟ་སྲིན་པོའི་ཚོགས། །གང་དག་གནས་པ་མྱུར་དུ་སོང་། །རྡོ་རྗེ་འཛིན་པའི་བཀའ་བྱུང་ནས། །གང་དག་མི་འགྲོ་དེ་རྣམས་ལ། །རྡོ་རྗེ་རབ་ཏུ་འབར་བ་ཡིས། །མགོ་ནས་བརྒྱབ་པས་རྐང་པར་འགེམས། །གཞི་རྡོ་རྗེར་གྱུར་པ་དང་བགེགས་བསྐྲད་པར་བསྒོམ་མོ། །ཞེས་བརྗོད་དོ། །སུམ་བྷ་ནི་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ལ་སོགས་པ་བརྗོད་དོ། །དེ་ནས་ས་གཟུང་༦༽བར་བྱ་སྟེ། སེང་ལྡེང་གི་ཕུར་པ་གཅིག་ཁྲོ་བོ་བདུད་རྩི་འཁྱིལ་པར་བྱིན་གྱིས་བརླབས་ལ། ཚིག་ཏུ་ཡང་། བདེ་བར་གཤེགས་པའི་དགོངས་རྒྱུད་ལ། །རྣལ་འབྱོར་རིག་པའི་རྩལ་སྦྱོང་གིས། །བསྙེན་སྒྲུབ་མ་ཐོན་བར་དག་ཏུ། །ཁྲོ་བོ་ཆེན་པོས་བཟུང་དུ་གསོལ། །ཞེས་བརྗོད་ལ་གདབ་དོ། །དེ་ནས་སའི་ལྷ་མོ་དཔང་༧༽པོར་བཞག་སྟེ། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། རྡོ་རྗེའི་གདན་དྲུང་དུ་བདུད་སྡེ་བཞི་ཕུང་པོའི་བདུད། ཉོན་མོངས་པའི་བདུད། འཆི་བདག་གི་བདུད། ལྷའི་བུའི་བདུད། བརྟུལ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བའང་ས་གཞི་རིན་པོ་ཆེའི་སྟེང་དུ་མཛད་པ་ཡིན་པས། བདག་ཅག་རྣལ་འབྱོར་པ་རྣམས་ཀྱང་དེ་བཞིན་གཤེགས་པའི་དགོངས་པ་ལ་ཤེས་རབ་ཀྱི་རྩལ་སྦྱོང་བས། སའི་ལྷ་མོའི་མཁྱེན་པ་དང་དཔང་དམ་པ་མཛད་དུ་གསོལ་ལོ། །ཇི་ལྟར་ཤཱཀྱ་སེངྒེ་ཡིས། །བདུད་ཀྱི་སྡེ་དང་དཔུང་བཅོམ་ཞིང་། །དེ་རིང་བདག་གིས་བདུད་ལས་ནི། །རྒྱལ་བར་བྱས་ནས་དཀྱིལ་འཁོར་བྲི། །ཞེས་བརྗོད་དོ། །ལག་པ་ས་ལ་བརྡབ་པས། སའི་ལྷ་མོ་སྐུ་ལྟེ་བ་ཕྱེད་ནུབ་ཙམ་བྱུང་སྟེ། བདག་གིས་སྔར་དགེ་བ་ཅི་བསགས་པ་ཡང་བརྗོད་ཅིང་། ད་ཡང་དེ་བཞིན་གྱིས་ལ། སེམས་ཅན་གྱི་དོན་དུ་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་ཅིག་པའི་གནང་བ་སྩོལ་བར་བསྒོམ་མོ། །དེ་ནས་དུར་ཁྲོད་ཀྱི་ས་ལ་སྟེགས་བུ་ལུས་མཚོན་པའི་རྟགས་སུ་འདོམ་གང་གྲུ་བཞིར་བརྩིགས་ཏེ་མེ་ལོང་ལྟ་བུར་བྱའོ། །དེ་ནས་འཇིག་རྟེན་པའི་ས་བདག་ལྷ་ཀླུ་ཀུན་ལ་ཡང་བདེན་པ་བརྡར་ཏེ། ཕུད་དང་བརྔན་པ་བྱིན་ཏེ་ས་བསླང་ངོ་། །དེ་ཡང་རྒྱུད་ལས། གནས་དང་ས་གཞི་བརྟག་པ་དེར། །བསླང་དང་བརྟག་དང་སྦྱོང་བ་དང་། །བགེགས་བསྐྲད་ས་གཟུང་དཔང་པོར་བཞག །འཇིག་རྟེན་ས་བདག་ལྷ་ཀླུ་ལ། །ས་རིན་བཙལ་ཏེ་ས་བསླང་ངོ་། །ཞེས་གསུངས་སོ། །དེ་ཡན་ཆད་དུ་གནས་དང་ས་གཞི་སྟ་གོན་ལ་གནས་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །ཐབས་ཀྱི་ངོ་བོ་ལ། དོན་བཞིས་བསྟན་པའི་ཐ་མ་ཕྲིན་ལས་༤༽ཀྱི་རིམ་པ་བསྟན་པ་ལ། དོན་བརྒྱད་དེ། མཚམས་གཅོད་པའི་ཕྲིན་ལས་དང་། མ་ཏྲཾ་མནན་པའི་ཕྲིན་ལས་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་ཞིང་རྫས་དགོད་པའི་ཕྲིན་ལས་དང་། ཐམས་ཅད་བྱིན་གྱིས་བརླབ་པའི་ཕྲིན་ལས་དང་། སློབ་མར་དབང་བསྐུར་བའི་ཕྲིན་ལས་དང་། ལྷ་མཉེས་པར་བྱ་བའི་ཕྲིན་ལས་དང་། དངོས་གྲུབ་དབང་གི་ཕྲིན་ལས་དང་། ལས་ཀྱི་ལྷག་མའི་ཕྲིན་ལས་སོ། ༈ ༡༽ །དེ་ལ་མཚམས་གཅོད་པའི་ཕྲིན་ལས་ལ་དོན་གསུམ་སྟེ། ཕྱི་མཚམས་གཅོད་པ་དང་། བར་མཚམས་གཅོད་པ་དང་། ནང་མཚམས་གཅོད་པའི་རིམ་པའོ། །དེ་དག་ཀྱང་གང་སྙམ་པ་ལ། སྐབས་སྦྱོར་དྲུག་པ་ཕྱི་ནང་གི་མཆོད་པ་བྱ་ཞིང་མཚམས་བཅད་པ་མ་ཏྲཾ་མནན་པའི་སྐབས་སོ། །དཀྱིལ་འཁོར་དགུ་ལས་གཉིས་པ་མཚམས་ཀྱི་དཀྱིལ་འཁོར་རོ། །མཐའ་དྲུག་ལས་བཞི་པ་སྤྱོད་པའོ། །ཡོ་བྱད་གཉིས་ལས་ཐབས་ཏིང་ངེའོ། །ལུང་དགུ་ལས་ཏིང་ངེ་འཛིན་བསྒོམ་པ་ལས་ཀྱི་ལུང་ངོ་། །གསུམ་པ་མ་ཏྲཾ་མནན་པའི་ལུང་དང་། དུར་ཁྲོད་ཀྱི་ལུང་དུ་ཡང་འགྲོའོ། །འབྱུང་པོར་གཏོར་མ་བཏང་ནས་ཀྱང་། །གསང་བའི་དོན་གྱི་ལས་རྣམས་བྱ། །ཞེས་སྨོས་པ་ཡིན་ཏེ། དང་པོ་ཕྱི་མཚམས་གཅོད་པའི་དུས་སུ། བསོད་ནམས་ཀྱི་ཚོགས་བསགས་པར་བྱ་སྟེ། མཎྜལ་ལེགས་པར་བརྩིགས་པ་ལས། དྲི་སྣ་ལྔའི་ཆག་ཆག་སྩོལ་ནས། དེར་འབྲུ་སྣ་ལྔའི་ཚོམ་བུ་བཀོད་དེ། མེ་ཏོག་གི་གཅལ་དུ་ཕྲེང་བ་བྲིས་ནས། མཆོད་པ་རྣམ་པ་ལྔ་དང་། གཏོར་མ་རྣམས་བཟང་པོར་བཤམས་ཏེ། བདག་དང་འཁོར་རྣམས་ཁྲུས་དང་བསངས་གཏོར་དག་པར་བྱས་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ཞིང་། རང་རང་གི་ཡི་དམ་གྱི་ལྷའི་སྐུར་དྲན་པ་བསྐྱེད་དེ། ལུས་བསྲུངས་ནས། ཐུགས་ཀའམ་སྨིན་མཚམས་ནས་ཡི་གེ་ཨེ། ལས་ནམ་མཁའ། ཡཾ། ལས་རླུང་། ཁཾ། ལས་ཆུ། སུྃ། ལས་གསེར་གྱི་ས་གཞི། ཀེཾ། ལས་རིན་པོ་ཆེའི་རི་རབ། རྃ། ལས་མེ་རི། བྷྲཱུྃ་རྣམས་ལས་འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ། རིན་པོ་ཆེའི་གཞལ་ཡས་ཁང་འབྱམས་ཡས་པ། ཉི་ཟླ་པདྨའི་གདན་དང་ལྡན་པར་བསྒོམས་ཏེ། རང་རང་ཐུགས་རྗེའི་སྟོབས་དང་ལྡན་པར་བྱས་ནས། ཚད་མེད་པ་སྙིང་རྗེ། བྱམས་པ། དགའ་བ། བཏང་སྙོམས་བཞིས་འགྲོ་བའི་དོན་བྱ་བར་བསམས་ཏེ། རང་རང་གི་ཡི་དམ་གྱི་ལྷའི་སྙིང་པོ་བརྗོད་ནས། གནས་དེར། ཚ་ཚ་གདབ་པ། ཕ་རོལ་ཕྱིན་པ་འབུམ་འདོན་པ། ཏོག་བཀླག་པ་དང་། གཟུངས་གྲྭ་ལྔ་འདོན་པ་དང་། དཔང་སྐོང་འདོན་པར་བྱས་ཏེ། དེ་ནས། བཛྲ་ས་མཱ་ཛཿདང་། ལས་ཀྱི་བྱ་བས་བདེ་བར་གཤེགས་པ་སོ་སོའི་ཕོ་བྲང་ནས་བཞེངས་སུ་གསོལ་ཏེ། སྤྱན་དྲངས་ནས་ཉི་ཟླའི་གདན་ལ་བཞུགས་པ་ལ། ཕྱི་ནང་གི་མཆོད་པ་རྣམ་པ་ལྔས་མཆོད་པ་འབུལ། ངག་དོན་དུ། སྲི་ཞུའི་མགྲོན་མཆོད་པ། མགྲོན་པོ་ཡོན་ཏན་གྱི་མགྲོན་མཆོད་པ། འགྲོ་བ་རིགས་དྲུག་སྙིང་རྗེའི་མགྲོན་ལ་བསྔོ་བ། རང་གི་ལྷ་མགོན་དང་ཕན་གནོད་བྱེད་པ་ལ་བསྔོ་བ། ལན་ཆགས་ཀྱི་མགྲོན་ལ་བསྔོ་བ་དང་། འཕྲལ་གྱི་རྐྱེན་བགེགས་ལ་བསྔོ་བའོ། །གཏོར་མ་ཡང་ཡེ་ཤེས་རྣམ་པ་ལྔའི་བྱེ་བྲག་གིས་མཆོད་པ་ཕྱི་རྒྱལ་མཚན་འཕན་གདུགས་བླ་བྲེ་ལྷབ་ལྷུབ་ཕྱེ་མ་ཕུར་མ། ནང་འདོད་ཡོན་ལྔ། གསང་བའི་སྦྱོར་སྒྲོལ་གྱི་མཆོད་པར་སྤྲུལ་ཏེ་བྱིན་གྱིས་བརླབས་ལ། དབུལ་བ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཕྱོགས་གཅིག་ཏུ་མ་ངེས་པར་སྒོའི་གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་གཏོར་མ་འདི། །ཡོ་བྱད་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་ནུས་མཐུ་ལས། །དོན་ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་དང་། །ཡོན་ཏན་དཀོན་མཆོག་རིན་ཆེན་སྤགས་ཏེ་ཆེ་བ་དང་། སྙིང་པོ་ཕྱག་རྒྱ་ངེས་པའི་དམ་ཚིག་དང་། །བདག་གི་ཤེས་རབ་སྨོན་ལམ་ཏིང་འཛིན་གྱིས། །ཀུན་བཟང་མཆོད་སྤྲིན་གུར་གུམ་གྱི་སྤང་རི། ཙནྡན་གྱི་ནགས་ཚལ། ཁྲུས་ཀྱི་རྫིང་བུ། མ་རྨོས་ཀྱི་ལོ་ཐོག །འདོད་འཇོའི་བ། གཡུ་བྲན་གྱི་གྲམ་བུ། ཤེལ་གྱི་བྲེ་གུ། སྤོས་ཀྱི་སྤྲིན་ལྡིང་། བདུད་རྩིའི་རྒྱ་མཚོ། ཅང་ཤེས་ཀྱི་རྟ་ཕོ་སོགས་ཡེ་ཤེས་ལྔས་བརྒྱན་འདི། །བདག་གི་མཆོད་གནས་སྲི་ཞུའི་མགྲོན་གྱུར་པ། །བླ་མེད་དཀོན་མཆོག་གསུམ་དང་ཡི་དམ་ལྷ། །དུས་གསུམ་བདེར་གཤེགས་རྒྱལ་བ་ཡབ་ཡུམ་དང་། །བྱང་ཆུབ་སེམས་དཔའ་ལྕམ་སེམས་མ་བརྒྱད། དྲལ་སེམས་དཔའ་བརྒྱད། རང་རྒྱལ་དང་། །ཉན་ཐོས་དགྲ་བཅོམ་འཕགས་པ་བཞུགས་ཀུན་ལ། །ནམ་མཁའི་མཐའ་ཀླས་གཏེར་ཆེན་ཟད་མེད་གྱུར་པ་འདི། །མཆོད་གནས་གོང་མ་བླ་མ་རྣམས་ཀྱི་ཕོ་བྲང་དུ། །ཀུན་བཟང་ལ་སོགས་མཆོད་པའི་སྤྲིན་གྱིས་གཏིབས་ཤིང་རྒྱས་གྱུར་ཅིག །ན་མོ། སྲི་ཞུའི་མགྲོན་དུ་གྱུར་པ་ལ། མཆོད་པ་འབུལ། ཐུན་མོང་དང་། ཁྱད་པར་གྱི་སྡིག་པ་དང་ཆག་ཉམས་བཤགས་པ་བགྱིད་པས་བདག་ཅག་སྒྲུབ་པ་པོ་རྣམས་ཀྱི་སྒྲིབ་པ་སྦྱོང་ཞིང་བྱིན་གྱིས་བརླབས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ནོད་ཅིང་མཆིས་པས། དངོས་གྲུབ་སྩོལ་བ་དང་། དངོས་གྲུབ་ལ་གནོད་པར་བྱེད་པའི་དགྲ་བགེགས་ཐམས་ཅད་མི་རྟོག་པའི་ཡེ་ཤེས་ཆེན་པོའི་ངང་དུ་ཞི་བར་མཛད་དུ་གསོལ། །ཞེས་བརྗོད་ལ། མེ་ཏོག་ལ་རྟེན་འབྲེལ་གྱི་སྙིང་པོ་ཡེ་དྷརྨ་བཟླས་ལ་དབུལ་བར་བྱའོ། །དེ་ནས་ཡོན་ཏན་གྱི་མགྲོན་ལ་གཉིས་ཏེ། སྤྱི་དང་། ཁྱད་པར་རོ། །སྤྱིའི་མགྲོན་ལ་གཏོར་མ་གཅིག་བྱིན་གྱིས་བརླབས་ལ་བསྔོ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་འདི། །མཆོད་གནས་ཡོན་ཏན་དཔུང་གཉེན་མགྲོན་གྱུར་པ། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་རིགས་བཞི་ཡུལ་འཁོར་སྲུང་། འཕགས་སྐྱེས་པོ། སྤྱན་མིག་བཟང་། རྣམ་ཐོས་སྲས། དང་། །ཕྱོགས་སྐྱོང་བཅུ་གཅིག་དྲི་ཟ། མེ་ལྷ། གཤིན་རྗེ། སྲིན་པོ། རླུང་ལྷ། ཀླུ། གནོད་སྦྱིན། དབང་ལྡན། ལྷ་ཀླུ། ས་བདག །ལྷ་བརྒྱད། དབང་ཕྱུག་ཆེན་པོ། བྷི་ནུ་ར་ཙ། བྷྲིཾ་གི་རི་ཏི། དགའ་བྱེད་དབང་ཕྱུག །གཞོན་ནུ་གདོང་དྲུག །ཚོགས་ཀྱི་བདག་པོ། སྟོབས་བཟང་། ལྷ་ཆེན་ལེགས་ལྡན། ཀླུ་བརྒྱད་དགའ་བོ། ཉེར་དགའོ། །སྟོབས་ཀྱི་རྒྱུ། འཇོག་པོ། པདྨ། པདྨ་ཆེན་པོ། རྒྱ་མཚོ། རྒྱ་མཚོ་ཆེན་པོ། དང་། །གཟའ་ཆེན་བརྒྱད་ཉི་མ། ཟླ་བ། ཕུར་བུ། ལག་པ། དམག་དཔོན། བ་ཝ་སངས། སྤེན་པ། རཱ་ཧུ་ལ་དང་རྒྱུ་སྐར་ཉི་ཤུ་བརྒྱད། །སྨིན་དྲུག །སྣར་མ་སོགས་གནོད་སྦྱིན་སྡེ་དཔོན་ཕན་ཙི་ཀ་སོགས་འཕྲོག་མ་བུ་ལྔ་བརྒྱ་དང་བཅས། །མ་ཧཱ་ཀ་ལ་ལྕམ་ལྷ་མོ་དྲལ་མགོན་པོ་ལ་སོགས་ཏེ། །གཙང་རིགས་མགོན་པོ་བདུན་ཅུ་གཡོག་འཁོར་དང་བཅས་པ་དང་། །རྣལ་འབྱོར་ནང་གི་སྲུང་མ་མ་ལུས་ལ། །ཆོས་དབྱིངས་མཐའ་ཀླས་མཆོད་སྦྱིན་འདིས་ཁྱབ་པར་བསྔོས་པས། །སོ་སོའི་དབང་པོ་ལྔར་འདོད་ཡོན་ལྔས་ཚིམ། ལོངས་སྤྱོད་མཁོ་དགུར་ལྡན། །རབ་ཏུ་ཚིམས་ནས་ཡོངས་སུ་མཉེས་གྱུར་ཅིག །ན་མོ། ཡོན་ཏན་གྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ། མཆོད་པ་འབུལ་ཞིང་བཤགས་པ་བགྱིད་པས། བདག་ཅག་སྒྲུབ་པ་པོ་རྣམས་གསང་བ་མཆོག་གི་སྒྲུབ་པ་གཉེན་པོ་འདི་ལྟ་བུ་ཞིག་བགྱིད་པས། དེ་ལ་བར་དུ་གཅོད་པའི་དགྲ་བགེགས་ཀྱི་སྦྱོར་བ་ངན་པ་རྒྱུད་བཅད་དེ། སྔོན་གྱི་ཐུགས་དམ་སྔར་སངས་རྒྱས་ལས་ཞལ་གྱིས་བཞེས་པ་བཞིན་དུ། ཕྱིའི་དགྲ་བགེགས་ནང་དུ་མི་གཏོང་བ་དང་། ནང་གི་དངོས་གྲུབ་ཕྱི་མི་གཏོང་བའི་མཚམས་ཀྱི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཅེས་བྱ། དེ་ནས་ཁྱད་པར་གྱི་མགྲོན་རྒྱལ་ཆེན་སྡེ་བཞི་མཆོད་ལ་ཕྲིན་ལས་བཅོལ་བའི་ཕྱིར། གནས་ཀྱི་ཕྱི་རོལ་དུ་ཐོ་བཞི་ཤར་དུ་ཐོ་ཟླ་གམ་དཀར་པོ། ལྷོར་གྲུ་བཞི་སེར་པོ། ནུབ་ཏུ་ཟླུམ་པོ་དམར་པོ། བྱང་ངུ་ཟུར་གསུམ་ལྗང་གུ། ༈ སྒྲུབ་ཁོག་ནང་། ལྷོར་གྲུ་གསུམ་ལྗང་གུ། བྱང་དུ་གྲུ་བཞི་ལྗང་གུ་གསུང་། བརྩེགས་ལ། དེ་བཞི་ཡང་། བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་པདྨའི་གདན་དང་བཅས་པར་བསྒོམ་སྟེ། གཏོར་མ་ཆ་བཞི་དང་། མཆོད་པ་རྣམ་པ་ལྔ་བཤམས་ལ། སྔགས་དྲུག་གིས་བྱིན་གྱིས་བརླབས་ལ་མཆོད་ཅིང་ཕྲིན་ལས་བཅོལ་བ། ཧཱུྃ། རི་རབ་གླིང་བཞིའི་ཕྱོགས་ཕྱོགས་ནས། །གསང་བདག་ཕྱག་ན་རྡོ་རྗེའི་མཐུས། །མཐུ་ཆེན་རྒྱལ་པོ་སྡེ་བཞི་རྣམས། །བདག་ཅག་རེ་བ་བསྐང་བའི་ཕྱིར། །རྒྱལ་པོ་གནས་འདིར་སྤྱན་འདྲེན་གྱིས། །མཚམས་ཀྱི་ལས་མཆོག་མཛད་དུ་གསོལ། །ཅེས་པས་སྤྱན་དྲངས། མཆོད་པ་རྣམ་པ་ལྔ་དང་གཏོར་མ་རེ་རེ་འབུལ་ཞིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ། འཇིག་རྟེན་གྱི་ཕྱོགས་བཞི་སྐྱོང་བའི་དམ་ཚིག་ཅན། །མཐུ་ཆེན་རྒྱལ་པོ་སྡེ་བཞི་རྣམས། །སོ་སོའི་བགེགས་རིགས་ཤར་དྲི་ཟ། ལྷོར་གཤིན་རྗེ། ནུབ་ཀླུ། བྱང་གནོད་སྦྱིན་འདུལ་ལ་མཁས། །ཆོས་སྐྱོང་ལོངས་སྤྱོད་རྫོགས་པའི་སྐུ། །འི་ཆ་བྱད་ཅན། རིགས་བཞིའི་ཁ་དོག་སོ་སོར་གསལ། །ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། རང་རྟགས་ལྷ་ཡི་མཚན་མ་ཏོགས། །པི་ཝཾ། རལ་གྲི། སྦྲུལ་ཞགས། མཆོད་རྟེན་ནམ་ནེའུ་ལེ། ཕྱི་རོལ་སྐྱོང་བའི་རྫུ་འཕྲུལ་ཅན། །བདག་ཅག་རྣལ་འབྱོར་རྩལ་སྦྱོང་གིས། །རང་རང་འཁོར་རྣམས་ཐུབ་པར་མཛོད། །དེ་སྐད་ཅེས་བརྗོད་དེ། གཏོར་མ་རེ་རེ་བཏང་ཞིང་ཕྲིན་ལས་སོ་སོར་བཅོལ་ལོ། །དེ་ནས་བསོད་ནམས་ཀྱི་ཚིགས་སྤེལ་ཞིང་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར། སྙིང་རྗེའི་མགྲོན་འགྲོ་བ་ཡོངས་ལ་སྦྱིན་གཏོར་གཅིག་བཏང་སྟེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །གཏན་པ་མེད་པའི་མཆོད་སྦྱིན་རྒྱ་ཆེན་འདི། །འདོད་པའི་ཡོན་ཏན་ལྔ་རུ་བྱིན་བརླབས་ཏེ། །སྙིང་རྗེའི་བུ་གཉེན་མཆོད་གནས་མགྲོན་གྱུར་པ། །སྐྱེ་བཞིས་སྒོང་སྐྱེས། མངའ་སྐྱེས། རྫུས་སྐྱེས། དྲོད་གཤེར་སྐྱེས་བསྡུས་པའི་རིགས་དྲུག་ལྷ་མི་ལྷ་མིན་བྱོལ་སོང་ཡི་དྭགས་དམྱལ་བ། མ་ལུས་ལ། །འདོད་པའི་ལོངས་སྤྱོད་ཆར་བཞིན་འབྱུང་གྱུར་ཏེ། །བྱེ་བྲག་ཏུ་ཡང་ལྷ་རྣམས་འཕོ་ལྟུང་སྡུག་བསྔལ་རབ་ཞི་ནས། །དགེ་བཅུ་བསམ་གཏན་ཏིང་ངེ་འཛིན་ལྡན་ཞིང་། །ཉན་ཐོས་བྱང་ཆུབ་འབྲས་བུ་ཐོབ་གྱུར་ཅིག །ལྷ་མིན་གནོད་པ་འཐད་རྩོད་གདུག་རྩུབ་བྲལ་གྱུར་ཏེ། །བྱམས་ལྡན་དགའ་ཚལ་བྱང་ཆུབ་ཐོབ་གྱུར་ཅིག །མི་རྣམས་འདོད་པ་ཕུན་སུམ་ཚོགས་གྱུར་ཏེ། །བརྒྱད་དང་བཅུ་དྲུག་གནོད་པ་རྣམས་དང་བྲལ། །འདི་ལ་མཆན་རྙིང་མ་དག་པ་མང་ཡང་དོན། ནང་གི་སྡུག་བསྔལ་སྐྱེ་རྒན་ན་འཆི་བཞི། ཕྱིའི་སྡུག་བསྔལ་མེད་པ་མི་རྙེད། ཡོད་པ་བརླག་སྡུག །དགྲ་འཕྲད། གཉེན་བྲལ་ཏེ་བརྒྱད། འཇིག་རྟེན་ཆོས་བརྒྱད་ཀྱི་རེ་དོགས་བཅས་བཤད་འདུག །གཞུང་ཚིག་བབ་པ་ཡོངས་གྲགས་ལྟར། མེ་སྦྲུལ་ཤ་ཟ་གླང་ཆེན་བཙོན། །ཆོམ་རྐུན་སེང་གེ་རྒྱ་མཚོའི་རླབས། །རྒྱལ་པོའི་ཆད་པ་དགྲ་གདོན་མཛེ། །བཤེས་བྲལ་དབུལ་ཕོངས་གནམ་ལྕགས་ཐོག །དོན་ཉམས་ལ་སོགས་འཇིགས་པ་ནི། །བརྒྱད་ཚན་གཉིས་ཞེས་གསུངས་པ་ལྟར་གང་ཡིན་དཔྱད། ཡང་དག་གནས་དང་བྱང་ཆུབ་ཐོབ་གྱུར་ཅིག །བྱོལ་སོང་གཅིག་ལ་གཅིག་ཟ་ལ་སོགས་པའི། །གནོད་པའི་སྡུག་བསྔལ་དེ་དག་ཡོངས་མི་འབྱུང་། །བག་ཡངས་ལྷ་མིའི་བདེ་འགྲོ་ཐོབ་གྱུར་ཅིག །ཡི་དྭགས་རྣམས་ལ་ཟས་སྐོམ་ལ་སོགས་པ། །ཐོགས་པ་མེད་པ་འདི་ལས་འབྱུང་གྱུར་ཏེ། །ཡི་དྭགས་སྒྲིབ་པ་རྣམ་གསུམ་ཕྱི་ནང་སྒོས་ཁུར། རབ་ཞི་ནས། །བདེ་འགྲོ་ཐར་ལམ་མྱུར་དུ་ཐོབ་གྱུར་ཅིག །སེམས་ཅན་དམྱལ་བའི་སྡུག་བསྔལ་གང་དང་གང་། །ཚ་གྲང་བརྒྱད་བརྒྱད་ལ་སོགས་མི་བཟད་སྣ་ཚོགས་ལ། །ཐུགས་རྗེའི་བསོད་ནམས་འདི་ཡི་བྱིན་རླབས་ཀྱིས། །སྡུག་བསྔལ་དེ་དག་མྱུར་དུ་ཞི་གྱུར་ཅིག །དེ་ནས་རང་གི་ལྷ་མགོན་དང་ཕན་གནོད་བྱེད་པ་ཀུན་ལ་ཡང་། གཏོར་མ་གཅིག་བསྔོ་ཞིང་ཕྲིན་ལས་བཅོལ་ཏེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆིའོ། །གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་འདི། །ལས་དང་ཐུགས་རྗེས་འབྲེལ་པའི་ལྷ་མགོན་མགྲོན། །ཕོ་ལྷ། དགྲ་བླ། ཞང་ལྷ། མ་ལྷ། ཡུལ་ལྷ། སྲོག་ལྷ་དམ་ཚིག་ལྷ་དང་དགྲ་ལྷ་ནོར་ལྷ་དང་། །སྟོང་ཕན་བཏགས་པ། གྲོགས་རོགས་མཛད་པའི་ལྷ་མགོན་མ་ལུས་ལ། །གཏན་པ་མེད་པའི་མཆོད་སྦྱིན་འདིས་ཁྱབ་པས། །སོ་སོའི་དབང་པོའི་སྤྱོད་ཡུལ་ཚིམས་ནས་མཉེས་གྱུར་ཅིག །དཀོན་མཆོག་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་འདི། །གང་ན་གནས་པའི་ཡུལ་བདག་ཁྱིམ་མཚེས་མགྲོན། །ལྷ་ཀླུ་མཁར་གྱི་རྩེ་ལྷ་ཡུལ་ལྷ་ལ་སོགས་པའི། །སོ་སོའི་རིག་སྔགས་འཆང་བའི་ས་བདག་མ་ལུས་ལ། །གཏན་པ་མེད་པའི་མཆོད་སྦྱིན་འདིས་ཁྱབ་པས། །རབ་ཏུ་ཚིམས་ནས་ཀུན་ཀྱང་མཉེས་གྱུར་ཅིག །ཅེས་བརྗོད་དོ། །བདག་ཅག་གི་སྟོང་གྲོགས་དང་ཁྱུད་མཉམ་རོགས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ་ལོ། །ལན་ཆགས་དང་བྲལ་ཞིང་ལན་ཆགས་ཀྱི་བགེགས་ཞི་བར་བྱ་བའི་ཕྱིར། སྔོན་གྱི་ལན་ཆགས་འདེད་པའི་མགྲོན་ལ་གཏོར་མ་གཅིག་བསྔོས་ཏེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་འདི། །ཚེ་རབས་སྔོན་ནས་ལན་ཆགས་མགྲོན་གྱུར་པ། །སའམ་འོན་ཏེ་མཁའ་ལ་འཁོད་པ་ཡི། །དུས་མ་ཡིན་པར་འབྱུང་བས་འབྱུང་པོ་གཤིན་རྗེ་གནོད་སྦྱིན་ལ་སོགས་པའི། །སྟོང་ཕྲག་བརྒྱད་ཅུ་དག་ལས་གང་གནོད་པ། །བྱེད་པ་ལ། གཏན་མེད་པའི་གླུད་གཏོར་འདིས་ཁྱབ་པས། །བུ་ལོན་ཁྱེར་ཅིག་ལན་ཆགས་བྲལ་གྱུར་ཅིག །ཅེས་བརྗོད་དེ། བདག་ཅག་གི་བུ་ལོན་དང་། སྔོན་གྱི་ལན་ཆགས་རྙིང་ཁྲིན་སྙིང་ཆགས་ཞེན་པ། ཐམས་ཅད་འདིས་ཁྱེར་བར་གྱུར་ཅིག །ཅེས་བྱའོ། །བར་ཆད་མི་འབྱུང་བར་བྱ་བའི་ཕྱིར། འཕྲལ་གྱི་རྐྱེན་བགེགས་ལ་གཏོར་མ་གཅིག་བསྔོས་ཏེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་འདི། །གཏོར་མ་ཆ་གཅིག་མཆོད་དང་རྩ་བའི་རྐྱེན་བགེགས་མགྲོན། །ཚེ་རབས་ལས་དང་འཕྲལ་གྱི་རྐྱེན་དབང་གི་གནོད་པ་ནི་ས་གཉན་རློག་ཤིང་གཉན་གཅོད་ལྟ་བུས་བྱུང་བ། དང་། །ཉམས་པའི་ཆད་པ་རྦོད་གཏོང་མཐུ་ལ་སོགས། །ཚེ་སྲོག་བསོད་ནམས་ནོར་ཟས་ལ་གནོད་ཅིང་གཙེས་པ་རྣམས། །བདེན་བརྡར་དང་མཆོད་སྦྱིན་བྱིན་བརླབས་འདིས་དགྲོལ་ཏེ། །འཕྲལ་དུ་ཞི་ནས་ཡུན་དུ་བྱང་གྱུར་ཅིག །ཅེས་བརྗོད་དེ། བདག་ཅག་ལ་གནོད་པ་མ་བྱེད་ཅིག །ཅེས་པའི་བདེན་པས་བསྒོའོ། །དེ་ལྟར་གཏོར་མ་བགྱི་ཞིང་ཕྲིན་ལས་སོ་སོར་བཅོལ་བ་ནི། ཕྱི་གཏོར་དང་ཕྱི་མཚམས་ཀྱི་ཕྲིན་ལས་སོ། །དེ་ནས་བར་མཚམས་ལ་འཇུག་པར་བྱ་སྟེ། བར་མཚམས་ལ་གཉིས། དམ་སྲི་མནན་པ་དང་། སྒོ་བྱང་གདགས་པའོ། །དང་པོ་དམ་སྲི་མནན་པ་ནི། སྒོ་ནས་གཅལ་བའི་ཕྱི་རོལ་དུ་འདོམ་གང་སར། བྲུབ་ཁུང་གྲུ་གསུམ་ཁྲུ་གང་ཐུར་དུ་བརྐོས་ཏེ། དེའི་ཁ་ལ་མེ་རི་བྲིས་པ་གཅིག་ཏུ་བྱས། དུར་ཁྲོད་ཀྱི་ཐོད་སྐམ་མཚན་ངན་དུམ་བུ་དྲུག་བདུན་བརྒྱད་དགུ་པ་ལྟ་བུ་ལ་སྦྱི་བོར་རྡོ་རྗེ་རྒྱ་གྲམ་ལ་འཁོར་ལོ་རྩིབས་བརྒྱད་པར་བྲིས་ཏེ་ཞེས་འཁོར་ལོའི་ལྟེ་བར་རྒྱ་གྲམ་དེའི་དབུས་སུ་ཧ་ཞེས་བྲི། འཁོར་ལོའི་རྩིབས་བཅུ་ལ་ཧཱུྃ་བཅུ་བྲིས་ཏེ། གསུང་ཡང་བརྒྱད་བྲི་གཉིས་སྟེང་འོག་ཏུ་བསྒོམ། དཔྱད། གྲོ་གའམ་ཤིང་ཤུན་ལ་དམ་སྲིའི་ལིང་ག་གཟུགས་དང་། ཡ་མ་དམ་སྲི་སྟྭམ་པ་ནི་མཱ་ར་ཡ་ནི་ནན། ཅེས་བྱ་བ་ཕག་པའི་ཁྲག་གིས་བྲིས་ལ། ཐོད་པ་དང་གཟུགས་སུ་བཅས་པ་བྲུབ་ཁུང་དུ་བཅུག་ལ། བདག་ཉིད་ཞེ་སྡང་རྡོ་རྗེའམ། ལས་ཀྱི་རྒྱལ་པོ་ཧེ་རུ་ཀའི་སྐུར་བསྐྱེད་དེ། ཡེ་ཤེས་ལས་གྲུབ་པའི་ཕོ་ཉ་སྒོ་བ་ཡན་ཆད་དང་། ལས་ལས་གྲུབ་པའི་ཕོ་ཉ་དབང་ཕྱུག་མ་དང་། རང་དང་འབྲེལ་བའི་ཕོ་ཉས་རང་གི་ཆོས་སྐྱོང་བྱེ་བྲག་པ་དམ་སྲི་དགུག་གོ། །ཛཿཧཱུྃ་བཾ་ཧོཿ ཕྱག་རྒྱ་བཞིས་གཟུགས་ལིངྒ་ལ་གཉིས་སུ་མེད་པར་བསྟིམས་ཏེ། སྐུད་པ་དཀར་ནག་ཁར་ནག་གིས་བཅིངས། གུ་གུལ་ནག་པོ་གྱིས་བདུག །ཉུངས་ཀར་གྱིས་བརྡེག་བྲབ། རཀྟས་དམའ་དབབ། དུག་གིས་དཔལ་ལ་བྱུག་པའི་ཕུར་པ་གཅིག་ཁྲོ་བོ་མི་གཡོ་མགོན་པོའི་སྐུར་བསྒོམས་ལ་གདབ་སྟེ། ཧཱུྃ། དུར་ཁྲོད་ཆེན་པོའི་གནས་དག་ཏུ། །སྤྲུལ་པའི་རྦོད་གཏོང་ཆེན་པོ་དང་། །ཟ་བྱེད་ཆེན་པོའི་རྔམས་སྟབས་ཀྱིས། །གནོན་པའི་ལས་རྣམས་དུས་ལ་བབ། །ཧཱུྃ་མཛད་མི་གཡོ་མགོན་པོ་ཧཱུྃ་གི་ཨཱརྱ་ཨ་ཙ་ལ། །སྤྲུལ་པའི་འོད་ཟེར་རྔམ་པའི་མདངས་དང་ལྡན། །ཤངས་ནས་ཧཱུྃ་དང་ཞལ་ནས་ཕཊ་ཀྱི་སྒྲ་ཆེན་འབྲུག་ལྟར་སྒྲོགས། །དུར་ཁྲོད་བགེགས་ཀྱི་ཚོགས་ལ་ཨཱརྱ་ཨ་ཙ་ལ། །ཆོམས་ཤིག །ཧཱུྃ་ཨཱརྱ་ཨ་ཙ་ལ། བྷནྡྷ་བྷནྡྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་ཕུར་བུས་གདབ། སྔར་གྱི་ལིངྒ་གཟུགས་ཐོད་པར་གཞུག་ལ། ཁ་བག་ཟན་གྱིས་བཅད། རྒྱས་གདབ། དོང་ཁ་བསྲུབ་ལ་མནན་པར་བྱ་སྟེ། ཧཱུྃ། རི་རབ་ཆེན་པོའི་རྨངས་སུ་སྦ། །གཤིན་རྗེའི་རྒྱལ་པོ་ཡ་མ་རཱ་ཛའི་ཟས་སུ་སྦྱིན། །ཆུ་སྲིན་འབར་བའི་ཁ་རུ་བརྫོང་། །འཁོར་ལོ་འབར་བའི་ཕྱག་རྒྱས་མནན། །བདུན་རྒྱུད་རིགས་ནི་བརླག་འགྱུར་ན། །ནམ་ཡང་ལྡང་བར་མི་ནུས་ཏེ། །བྱང་ཆུབ་སེམས་ནི་སྐྱེས་ན་གཏོང་། །ཞེས་བརྗོད་དོ། །ཕྲིན་ལས་རྣམ་བཞིའི་བྲོ་དང་། ཞི་བ་ནས་བརྩམས་ཏེ་དྲག་པོ་ལ་གཏད་དོ། །སུམ་བྷ་ནི་ལ་སོགས་པ་བྱ། དེ་ནས་སྨོན་ལམ་གདབ་སྟེ། ཧོཿ དུར་ཁྲོད་མཆོག་གི་གནས། ཞེ་སྡང་གདུག་པའི་གཙོ། ཁྲོ་བདག་ཆེན་པོ་ཤྲཱི་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པའི་གནས་འདིར། དིང་ནུབ་དབུ་བཙུགས་ནས་ནམ་མ་བྱུང་གི་བར་དུ། ཡ་མ་དམ་སྲི་ལ་སོགས་འདུལ་བར་མཛད་དུ་གསོལ། ཞེས་བྱའོ། །དེ་ནས་སྒོ་བྱང་གདགས་ཏེ། དུར་ཁྲོད་ཀྱི་རས་ལ། ལྷ་ལྷ་མིན་གཉིས་རྒྱུད་གཅིག་ཏུ་བསྡུས་ནས་ལམ་རྒྱུད་ལྔ་ལ་དབང་བྱེད་པའི་བདག་པོ་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུ་གཟུགས་མ་ཧེ་གླང་རྒོད་ལ་ཆིབས་པ། ཕྱག་གཡས་ཁྲམ་ཤིང་གཡོན་ན་སྦྲུལ་ཞགས་ཅན་བྲིས་པ་དེར་བསྐྱེད་ལ། ཡེ་ཤེས་ལ་བསྟིམ། མངའ་གསོལ་ཏེ། གཏོར་མས་མཉེས་པར་བྱས་ལ། ཚིག་འདིས་བསྒོ་སྟེ། ཧཱུྃ། གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས། །ལས་ཀྱི་གཤིན་རྗེའི་བདག་པོ་ལ། །བཅོམ་ལྡན་འདས་གཤིན་རྗེ། ཆོས་རྗེས་བཀའ་སྩལ་ལྟར། །དེ་བཞིན་རིག་འཛིན་སྒྲུབ་པ་པོ། །བཀའ་གསང་གཞུང་ཆེན་འདི་བསྒྲུབ་ཅིང་། །ཡང་དག་དོན་ལ་ངེས་འཇུག་ན། །འདི་དག་ནོར་བུ་རིན་ཆེན་དེ། །འདི་ལ་གནོད་ཅིང་བར་གཅོད་པའི། །ལྷ་ཀླུ་གནོད་སྦྱིན་བདུད་བཙན་དམུ་རྒྱལ་པོ་ཐེའུ་རང་སྟེ་ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན། །ཆོས་རྒྱལ་ཁྱོད་ཀྱི་འཁོར་དང་གཡོག་ལགས་ཀྱིས། །རྒྱུ་འབྲས་རྣམ་པར་སྨིན་པའི་ཆོས་ཤོད་ལ། །གསང་བ་མཆོག་གི་རྣལ་འབྱོར་པ། །བདག་ཅག་རྣམས་ཀྱིས་བླ་མེད་འབྲས་བུ་མ་ཐོབ་པར། །ཕྱི་སྒོའི་ས་འདི་ཡན་ཆད་ལྷ་སྲིན་བར་གཅོད་བྱེད་པ། མ་བཏང་ཞིག །དཔལ་ཆེན་མི་ཕམ་བཀའ་མ་འདའ། །བདག་ཅག་ཡེ་ནས་གཉིས་སུ་མེད། །ཕྱི་རོལ་སྐྱོང་བའི་མུ་རན་ལ། །རྡོ་རྗེའི་གཡར་དམ་ཐུབ་པར་མཛོད། །ཡ་མ་ར་ཙ་གཤིན་རྗེ་རྒྱལ་པོ། ས་མ་ཡ་སྟྭཾ། དམ་ཚིག །ཞེས་བརྗོད་ལ་གཏོར་མ་བྱིན་ལ། བར་ཆད་བསྲུང་བའི་གཉེར་བསྒོ་བར་བྱའོ། །དེ་དག་ལ་ཅིའི་ཕྱིར་འབྱུང་པོའི་གཏོར་མ་ཞེས་བྱ་ཞེ་ན། གསང་བ་བས་ཀྱང་ཆེས་གསང་བ། ཡང་གསང་ཐུགས་ཀྱི་སྒྲུབ་པའི་དུས་འདིར། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པའི་མགྲོན་དེ་རྣམས་ཀུན། དུས་འདིར་འབྱུང་ཞིང་བར་ཆད་བྱེད་དུ་འོང་བས་ན་འབྱུང་པོ་སྟེ། དེ་དག་དང་པོ་ནས་དྲག་པོ་བྱ་བ་མ་ཡིན་པར་ཞི་བའི་ལས་ཀྱིས་དམ་ལ་བཏགས་ཤིང་གཏོར་མ་བྱིན་ནས་ཕྲིན་ལས་བཅོལ་བ་དང་། བདེན་པས་བཀའ་བསྒོ་ལ་བཏང་བའི་ཕྱིར། གཏོར་མ་རྣམས་སོ་སོའི་ལོངས་སྤྱོད་དུ་བྱིན་ནས། སྙིང་རྗེའི་མགྲོན་དང་། ལན་ཆགས་ཀྱི་མགྲོན་ལ་སོགས་པ་བཀྱེ་བ་ལ། བཀྱེ་ནས། ཞེས་བྱ་བའི་དོན་ཏོ། །དེ་ལ། ཀྱང། ཞེས་བྱ་བའི་དོན་ནི་བསྡུ་བའི་དོན་ཏོ། །གང་བསྡུ་ན། མཚམས་ལ་སོགས་པ་བསྡུ་བ་སྟེ། དེ་ཡང་། གསང་བའི་དོན་གྱི་ལས་རྣམས་བྱ། །ཞེས་སྨོས་པ་ལ། ནང་མཚམས་བཅད་པའི་རིམ་པ་ལ་དོན་གཉིས། མཚམས་བཅད་པའི་ཕྲིན་ལས་དང་། སྔོན་དུ་འགྲོ་བའི་ཕྲིན་ལས་སོ། །དེ་ཡང་དོན་གྱིས་བར་འདིར་སྒྲུབ་པ་པོ་གསར་བ་རྣམས་དབྱེ་བསལ་བྱ་སྟེ། སྔར་མ་འདྲེས་པ་རྣམས་སྒོར་ཕྱུང་སྟེ། ཕྱི་ཁང་དུ་བཞག་ལ། སྔར་འདྲེས་པ་རྣམས་རྙིང་པ་ནང་དུ་འདུ་ཞིང་འཚོགས་ནས། མཚམས་ཀྱི་ཕྲིན་ལས་ལ་འཇུག་པ་ལ། དོན་བདུན་ཏེ། རང་བཞིན་གྱི་མཚམས་དང་། བདག་ཉིད་ཆེན་པོའི་མཚམས་དང་། ཁྲོ་བོའི་སྡང་མིག་གི་མཚམས་དང་། རྡོ་རྗེ་གནོད་སྦྱིན་གྱི་མཚམས་དང་། འགྲོས་དང་སྟངས་སྟབས་ཀྱི་མཚམས་དང་། ར་བ་དང་གུར་གྱི་མཚམས་དང་། སྲུང་བ་འཁོར་ལོའི་མཚམས་སོ། །དེ་ལ་རང་བཞིན་གྱི་མཚམས་ནི། རྒྱུད་ལས། རྣམ་པར་རྟོག་པ་བགེགས་ཡིན་ཏེ། །བགེགས་ནི་རང་གི་སེམས་ལས་བྱུང་། །སེམས་ལ་རང་བཞིན་མེད་ཤེས་ན། །གཞན་ན་བགེགས་ཞེས་བྱ་བ་མེད། །ཅེས་འབྱུང་བས། སེམས་ཀྱིས་སེམས་ལ་བརྟགས་པ་དང་། །སེམས་ལ་རང་བཞིན་ནམ་དངོས་པོ། མེད་པར་རྟོགས་ནས། ཆོས་ཉིད་རྣམ་པར་མི་རྟོག་པར་བསྒོམ་མོ། །དེ་ལྟར་བསྒོམས་པས། རྟོག་པ་ཐམས་ཅད་ཆོས་ཉིད་མི་རྟོག་པའི་ངང་དུ་ནུབ་པས། རྟོག་པའི་བགེགས་མིང་ཡང་མེད་པར་སྟོང་པ་ཉིད་དུ་གྱུར་པ་དེ་ནི། བཀའ་རང་བཞིན་གྱི་མཚམས་སོ། །ཡང་དག་ལྟ་བའི་མཚམས་ཞེས་ཀྱང་བྱའོ། །དེ་ལ་བདག་ཉིད་ཆེན་པོའི་མཚམས་ནི། ཅི་ལའང་མི་རྟོག་པའི་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་དེ་ལས། རང་གི་ལུས་རིག་ནི། ཡི་གེ་ཧཱུྃ་མཐིང་ཀ་འོད་འབར་བ་གཅིག་ཏུ་གསལ་བར་བསྒོམ་མོ། །དེ་ལས་འོད་འཕྲོས་ཚུར་འདུས་པ་ལས། རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་བསམ། དེ་འཕྲོ་འདུས་པ་ལས། ཧཱུྃ་བཛྲ་དྷྲིཀ྄ །ཞེས་བརྗོད་པས། བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ཀ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ན་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་གསེར་གྱི་དྲིལ་བུ་དཀུར་བརྟེན་པ། ཞི་བའི་རྒྱན་དར་གྱི་ཆས་གོས་ལྔ་དང་རིན་པོ་ཆེའི་རྒྱན་བརྒྱད་གྱིས་སྤུད་པ། སྤྲས་པའམ་བརྒྱན་པ། དབུ་ལ་རིགས་ལྔའི་སངས་རྒྱས་རྫོགས་པ། གདན་སེང་གེ་པདྨ་ཉི་ཟླའི་གདན་ལ། ཞབས་མཉམ་པའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། རྡོ་རྗེ་སེམས་དཔའི་དེའི་ཐུགས་ཀ་ན་ཉི་མའི་སྟེང་ན་ཡི་གེ་ཧཱུྃ་དམར་པོ་འོད་འབར་བ་དང་བཅས་པར་བསྒོམ་མོ། །དེ་གཅིག་པུ་ཁོ་ནར་ཡང་མ་ཟད་དེ། རྣལ་འབྱོར་པ་ཐམས་ཅད་ཀྱང་རང་རང་གི་ཡི་དམ་གྱི་ལྷར་གསལ་བར་བསྒོམ་མོ། །དེ་ཡང་རྒྱུད་ལས། ཅོད་པན་ལྟ་བུར་བདེ་གཤེགས་རིགས་ལྔར་བསྒོམ་ན། །དཔེར་ན་སངས་རྒྱས་ཀྱིས་ཀྱང་གནོད་མི་ནུས། །འཇིགས་ལས་ལྷག་པའི་བགེགས་རྣམས་མེད། །ད་ལྟ་ཅི་སྨོས་དེ་བཞིན་བསྟན་པ་ཙམ་གྱིས་བགེགས་གཞན་ཕམ་མོ། །ཞེས་གསུངས་ཏེ། གོང་གི་ལྷའི་ཏིང་འཛིན་རིམ་པར་བསྒོམ་ཞིང་གསལ་ལ་མི་འགྱུར་བས་གནས་ནས། འཛིན་པ་མེད་པར་ཆོས་ཉིད་དུ་རྟོགས་པ་ལ་ནི་བགེགས་ཀྱིས་མི་ཚུགས་སོ། །ཁྲོ་བོ་སྡང་མིག་གི་མཚམས་ནི། ཐུགས་ཀའི་ཡི་གེ་ཧཱུྃ་དམར་པོ་ལས་འོད་འཕྲོས་འདུས་པས་རྡོ་རྗེར་གྱུར། རྡོ་རྗེ་དེ་འཕྲོས་ཤིང་འདུས་པ་ལས། བཛྲ་ཨཀྵོ་བྷྱ་ཧཱུྃ། ཞེས་བརྗོད་པས། ཁྲོ་བོ་ཨཀྵོ་བྷྱ། ཞལ་གསུམ་ལ་ཕྱག་དྲུག་པ། སྐུ་མཐིང་ནག་གཅིག་ཏུ་གྱུར་ཏེ། མདུན་གྱི་བར་སྣང་ལ་བཞུགས་པ་ལ། བདག་གིས་ལྕགས་ཀྱུས་ཕྱག་རྒྱས་བཅིངས་ཏེ། བཛྲ་ཨཀྵོ་བྷྱ་ཧཱུྃ་ཨཾ་ཀུ་ཤ་ཛཿ ཞེས་བརྗོད་པས། བདག་གི་ཐུགས་ཀ་ནས་འོད་ཟེར་ཁྲོ་བོ་ཨཀྵོ་བྷྱ་ལ་ཕོག་པས་ཐུགས་དམ་བསྐུལ་ཏེ་འོད་ཟེར་གྱིས་བཀུག་ནས་བདག་རྡོ་རྗེ་སེམས་དཔའ་ལ་ཐིམ་པ་ལས། དབྱེར་མེད་པར་ཁྲུགས་ཀྱིས་འདྲེས་པ་དང་། རྒྱུད་ལས། དོན་ཆོས་ཉིད་ཞི་བའི་རྟགས་སེམས་དཔའ་ཡི་ནི་སྐྱིལ་ཀྲུང་གིས། །ཉི་ཟླ་པདྨ་འཇམ་པའི་སྟན་ལ་འདུག་ནས་ནི། །བག་ཙམ་ཁྲོས་པ་ཞེ་སྡང་རྡོ་རྗེའི་ཏིང་འཛིན་གྱིས། །འདིར་གནས་ནས་གནས་སྲུང་རྣམ་པར་བསྒོམ། །ཧཱུྃ་ཤྲཱི་བཛྲ་དྷྲིཀ྄ །ཞེས་བརྗོད་པས། ཁྲོ་བོ་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་སྐྱ་མེ་ཏོག་སྤང་རྒྱན་འདྲ་བའམ། རྒྱ་གར་གྱི་བནྡྷུ་ཀའི་མེ་ཏོག་འདྲ་བ། ཞལ་གསུམ་ལ་ཕྱག་དྲུག་པ། གཡས་དང་པོ་རྡོ་རྗེ། བར་མ་ན་ཞགས་པ། ཐ་མ་ན་ལྕགས་སྒྲོག །གཡོན་དང་པོ་ན་བྷནྡྷ། བར་མ་ན་དགྲ་སྟྭ། ཐ་མ་ན་ལྕགས་ཀྱུ་བསྣམས་པ་གཅིག་བསྒོམ་སྟེ། རྒྱན་ཞི་ཁྲོའི་རྒྱན་ཆ་སྤེལ་མ། མཆེ་བ་ཅུང་ཟད་གཙིགས་པར་བསྒོམ་མོ། །དེའི་སྤྱན་གཡས་པ། མ་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་མིག་གིས་ཕྱོགས་ཀུན་ཏུ་བལྟས་པས་ཡེ་ཤེས་ཀྱི་མེ་འབར་བར་གྱུར་ཏེ། བགེགས་དང་འབྱུང་པོ་ཐམས་ཅད་ཚིག་ཅིང་བསྲེག་པར་བསམ་ལ། རྒྱུད་ལས། གཡས་པའི་སྤྱན་ཟུར་བཟློག་པ་ལས། །ཉི་མའི་དཀྱིལ་འཁོར་བསམ་པར་བྱའོ། །གུ་ལང་དབང་ཆེན་ཉེ་དབང་དང་། །ཉི་ཟླ་གཤིན་རྗེ་ཚངས་པར་བཅས། །ཐམས་ཅད་མ་ལུས་བསྲེག་པར་བྱའོ། །མ་སུརྱ་མཎྜ་ལ་ཧཱུྃ་རཾ། ཞེས་བརྗོད་དོ། །མིག་གཡོན་པ། ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་མིག་གིས་ཕྱོགས་མཚམས་ཀུན་ཏུ་བལྟས་པས། གོང་དུ་བསྲེགས་པ་དེ་དག་ལ་བདུད་རྩིའི་ཆུ་རྒྱུན་བབས་ཏེ་སླར་གསོས་ཏེ་ཁོའི་སྡུག་བསྔལ་ཞི་བར་བསམ་ལ། ཡང་རྒྱུད་ལས། གཡོན་པའི་སྤྱན་ཟུར་བཟློག་པ་ལས། །ཟླ་བའི་དཀྱིལ་འཁོར་བསམ་པར་བྱའོ། །གུ་ལང་དབང་ཆེན་ཉེ་དབང་དང་། །ཉི་ཟླ་གཤིན་རྗེ་ཚངས་པར་བཅས། །ཐམས་ཅད་མ་ལུས་ཞི་བར་བྱའོ། །ཨ་ཙནྡྲ་མཎྜ་ལ་ཧཱུྃ་ཨ་ཞེས་འབྱུང་ངོ་། །དེ་ལ་ནི། ཞེ་སྡང་རྡོ་རྗེའི་མཚམས་ཞེས་ཀྱང་བྱ། ཁྲོ་བོ་སྡང་མིག་གི་མཚམས་ཞེས་ཀྱང་བྱ། འབར་བའི་རྒྱལ་པོའི་མཚམས་ཞེས་ཀྱང་བྱ། དེ་ལ་རྡོ་རྗེ་གནོད་སྦྱིན་གྱི་མཚམས་ནི། ཧཱུྃ། ཡང་དག་གསང་བའི་དཀྱིལ་འཁོར་དུ། །གསང་བའི་དམ་ཅན་སོ་སོ་ནས། །གདུལ་བ་ལས་ནི་མ་གཏོགས་པ། །ཀུན་ཀྱང་རེ་བ་བསྐངས་ཟིན་གྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་བཀའ་ལས་འདས་གྱུར་ན། །རྡོ་རྗེ་འཛིན་རྒྱལ་ཞེ་སྡང་རྡོ་རྗེ་ཁྲོས་ནས་ཀྱང་། །རྡོ་རྗེའི་མཚོན་ཆེན་འབར་བ་ཡིས། །ཐལ་བ་བཞིན་དུ་བརླག་པར་བྱ། །ཞེས་བརྗོད་ནས། ཞེ་སྡང་རྡོ་རྗེའི་ཐུགས་ཀ་ཡི་གེ་ཧཱུྃ་ལྗང་ཁུ་ལས་རྡོ་རྗེ་གནོད་སྦྱིན་སྐུ་མདོག་ལྗང་ནག །གཡས་རྡོ་རྗེ་གདེངས་པ། གཡོན་སྡིགས་མཛུབ་ཅན་གྲངས་མེད་པར་སྤྲོ་ཞིང་སྔགས་བརྗོད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩ་ཙཎྜ་བཛྲ་པཱ་ན་ཡེ། ཕྱག་ན་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལ། ན་མཿས་མནྟ་ཀཱ་ཡ་ཝཱ་ཀྩིཏྟ་བཛྲཱ་ཎཱཾ། ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ལ་ཕྱག་འཚལ་ལོ། །ན་མོ་བཛྲ་ཀྲོ་དྷ་ཡ། རྡོ་རྗེ་ཁྲོ་བོ་ལ་ཕྱག་འཚལ་ལོ། །མ་ཧཱ་དཾཥྚཏྐ་བྷཻ་ར་ཝཱ་ཡ། མཆེ་བ་ཆེན་པོ་རྣོན་པོ་ཁྲོས་པའི་ཆ་བྱད་ཅན། ཨ་སི་རལ་གྲི་མུ་ས་ལ། གཏུན་ཤིང་། པཪྴ་པཱ་ཤ་ཧསྟ་ཡ། དགྲ་སྟྭ་ཞགས་པ་ལག་ན་འཛིན། ཏདྱ་ཐཱ། འདི་ལྟ་སྟེ། ཨ་མྲྀ་ཏ་ཀུཎྜ་ལི་བདུད་རྩི་འཁྱིལ་བ། ཁ་ཁ་ཁཱ་ཧི་ཁཱ་ཧི། གསོལ་གསོལ་ལོ་གསོལ་ལོ། །ཧུ་ལུ་ཧུ་ལུ། བགེགས་དྲག་ཏུ་ཁུག །ཏིཥྛ་ཏིཥྛ། བཀུག་པ་མདུན་དུ་གནས་པར་གྱིས། བྷནྡྷ་བྷནྡྷ། ཆིངས་ཤིག་ཆིངས་ཤིག །ཧ་ན་ཧ་ན། རྒྱོབ་ཅིག་རྒྱོབ་ཅིག །ད་ཧ་ད་ཧ། བསྲེག་ཤིག་བསྲེག་ཤིག །པ་ཙ་པ་ཙ། འཚེད་ཅིག་འཚེད་ཅིག །གྲྀཧྞ་གྲྀཧྞ། ཟུངས་ལ་ནོན་གཉིས། གརྫྫ་གརྫྫ། ཚལ་པ་ཐོང་ཅིག་ཚལ་པ་ཐོང་ཅིག །བི་སྥོ་ཊ་ཡ། ཁོས་ཤིག །བི་སྥོ་ཊ་ཡ། ཁོས་ཤིག །སརྦ་བིགྷྣཱན། བགེགས་ཐམས་ཅད་ཀྱི་བདག་པོ། བི་ནཱ་ཡ་ཀཱ་ན། མ་ཧཱ་ག་ཎ་པ་ཏི། ཚོགས་ཀྱི་བདག་པོ་ཆེན་པོ། ཛཱི་བི་ཏཱནྟ་ཀ་ར་ཡ་སྲོག་མྱོས་ནས་ཤི་ལ་ཁད་པར་གྱིས་ཤིག །སྭཱ་ཧཱ། ཞེས་བརྗོད་པས། ཁྲོ་བོ་མང་པོས་བགེགས་རྣམས་ཕྱོགས་བཅུར་བསྐྲད་པར་བསམ་མོ། །འགྲོས་དང་སྟངས་སྟབས་ཀྱི་མཚམས་ནི། ཞེ་སྡང་རྡོ་རྗེ་སྟན་ལས་ལངས་ནས། སེམས་ཉིད་ང་རྒྱལ་དང་བཅས་པས་ཧཱུྃ་ཞེས་བརྗོད་ཅིང་། ལག་པ་གཡས་པ་བསྒྲེང་ཏེ། ཐབས་ཀྱི་རང་བཞིན་རྡོ་རྗེ་གསོར་ཞིང་། གཡོན་པས། ཤེས་རབ་ཀྱི་རང་བཞིན་དྲིལ་བུ་བསིལ་ནས། རྡོ་རྗེའི་འཕྲོས་ཀྱིས་ལུས་བརྗིད་བག་དང་བཅས་པས་ཡོངས་སུ་བསྐོར་བར་བྱའོ། །དེ་ནས་སྟངས་སྟབས་ཀྱིས་སྡང་བ་བགེགས་ཐམས་ཅད་བསྐྲད་པར་བྱ་སྟེ། རྐང་པ་རྡོ་རྗེའི་འགྲོས་ཀྱིས་འགྲོ་སྟེ། སྟངས་སྟབས་རེ་རེའི་མདུན་དུ། ལག་པའི་གར་དང་། གོམ་པ་གསུམ་གསུམ་བྱས་ནས། ཤར་དུ་དྲི་ཟར་ལྟ་བ་ནས། བྱང་ཤར་དབང་ལྡན་གྱི་བར་དུ་སྟངས་སྟབས་བྱའོ། །ཧེ་རུ་ཀའི་གལ་པོ་ནས། གཡས་བརྐྱང་ཤར་བ་གཡོན་བརྐྱང་ལྷོ། །ཟླུམ་པོ་ནུབ་ལ་གྲུ་བཞི་བྱང་། །མཚམས་ནི་རྡོ་རྗེས་འགྲོས་བསྐོར་ནས། །ས་གཞི་རྡོ་རྗེར་བྱིན་གྱིས་བརླབས། །ཞེས་བཤད་དོ། །ས་གཞི་ཐམས་ཅད་རྡོ་རྗེའི་རཾ་དུ་བསྒོམ། རང་བཞིན་དུ་བྱིན་གྱིས་བརླབས་པར་བྱའོ། །ར་བ་དང་གུར་གྱི་མཚམས་ནི། བདག་ཉིད་ཞེ་སྡང་རྡོ་རྗེ་ཀྱི་ཤངས་ཀྱི་རླུང་སྒྲོམ་ནས། ཧཱུྃ་ལས་གྱུར་པའི་རྡོ་རྗེ་རྩེ་ལྔ་པ་ལ་སོགས་པའི་མཚོན་ཆ་རྡོ་རྗེ། འཁོར་ལོ། རལ་གྲི། དབྱུག་ཏོ། རྒྱ་གྲམ། ལྔ་ཡེ་ཤེས་ཀྱི་འོད་ཟེར་བསྐལ་པའི་མེ་འབར་བ་ལྟ་བུ་དང་བཅས་པ་འཕྲོས་ཤིང་། བགེགས་ལ་སོགས་པ་ལུས་རྡུལ་དུ་ལོ་འདབས་སེར་བས་བརྩོགས་པ་བཞིན་ཉིགས་ཉིགས་པ་དང་། ཕྱོགས་བཅུར་བསྐྲད་པར་བྱ་སྟེ། སླར་འདུས་པའི་དུས་ན་རྡོ་རྗེ་ལ་སོགས་པ་མཚོན་ཆ་རྣམ་པ་ལྔའི་རིམ་པ། ཕྱི་རོལ་ར་བ་དང་། འོག་ས་གཞི། སྟེང་བླ་རེ་དང་། ཕྱོགས་མཚམས་གུར་ལ་སོགས་ཏེ། དེའི་ནང་དུ། བགེགས་དང་ལོག་འདྲེན་དང་། ཨ་ཅང་ཡང་ཅེས་སྲིད་པའི་རླུང་ཡང་མི་ཐར་བའི་ནང་ན། རྣལ་འབྱོར་པ་རྣམས་དགོངས་པ་བག་ཡངས་སུ་སྤྱོད་པར་བསྒོམ་མོ། །དེ་ལ་སྔགས་ཚིག་འདིས་དོན་འགྲུབ་པར་བྱ་སྟེ། ༀ་ཛྭ་ལ་པ་ཏྲ་ཧཱུྃ། བཛྲ་མཏྣ་སུནྦྷ་ནི། མནྟྲ་ཛྭ་ལ་བཛྲ། བཛྲ་ཛྭ་ལ་བཛྲ་ཧཱུྃ་ཕཊ། ༀ་བྷྲཱུྃ་ཧཱུྃ་བྷྲཱུྃ་ཏྲཱྃ་བྷྲཱུྃ་ཧྲཱི་བྷྲཱུྃ་ཧཱ་བྷཱུྃ། རིམ་བཞིན་འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་བཅས་ཀྱི་ཐོག །ཅེས་པས། མཚོན་ཆ་འབྱུང་ཞིང་བྱིན་གྱིས་བརླབས་པ་དང་། མཚོན་ཆ་རེ་རེའི་རབ་དང་གུར་དུ་བྱ་བ་ནི་འདི་སྐད་དུ། ཧཱུྃ། ང་ཡི་དཀྱིལ་འཁོར་བརྟག་བྱའི་ཕྱིར། །ཁྲོ་རྒྱལ་བྱིན་རླབས་ལས་བྱུང་བའི། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་རིམ་པ་ཚུལ་བཞིན་སྲུང་། །ཧཱུྃ། སྟེང་ཡང་རྡོ་རྗེའི་བླ་རེ་ལ། །འོག་ཀྱང་རྡོ་རྗེའི་ས་གཞི་འོག །ཕྱོགས་མཚམས་རྡོ་རྗེས་གཏམས་པ་ལ། །རྡོ་རྗེའི་མཚམས་ལས་མ་འདའ་ཞིག །ཧཱུྃ་བཛྲ་བཛྲ་རཀྵ་ཧཱུྃ་ཕཊ། དེ་ནས། འཁོར་ལོ་དང་། རལ་གྲི་དང་། དབྱུག་ཏོ་དང་། རྒྱ་གྲམ་གྱིས་མཚམས་བཅད་དེ། འདོན་ཚིག་སོ་སོར་བསྒྱུར། སྔགས་ཀྱང་སོ་སོར་སྦྱར། ༀ་བཛྲ་ཙཀྲ་ཧཱུྃ་ཕཊ། འཁོར་ལོ། །ཏྲཱྃ་བཛྲ་ཀ་ལ་རུ་པ་ཤ་ཧཱུྃ་ཕཊ། རལ་གྲི། སྭཱ་བཛྲ་མ་ཧཱ་རོ་ཥ་ཁངྒ་ཧཱུྃ་ཕཊ། དབྱུག་ཏོ། ཧཱ་བཛྲ་ཀརྨ་ས་ཏྭོ་ཧ་ཧ་ཧཱུྃ་ཕཊ། རྒྱ་གྲམ། ཞེས་བརྗོད་དོ། །རྒྱུད་ལས། རྡོ་རྗེའི་འགྲོས་དང་སྟང་སྟབས་དང་། །ནང་རིམ་ནས་རྡོ་རྗེ་འཁོར་ལོ་རལ་གྲི་དང་། །དབྱུག་ཏོ་རྒྱ་གྲམ་རྣམ་པ་ལྔས། །སྟེང་འོག་ཕྱོགས་མཚམས་ཀུན་རིམ་པ་བཞིན་དུ་བཅད་བྱས་ནས། །ཅི་ཡང་མི་གནས་ཤིང་བགེགས་ཀྱིས་ཅིས་མི་ཤིག །ཅེས་གསུངས་སོ། །དེ་ནས་སྲུང་བའི་འཁོར་ལོའི་མཚམས་ནི། ཞེ་སྡང་རྡོ་རྗེའི་ཐུགས་ཀ་ནས། ཡི་གེ་ཧཱུྃ་ལས། ཧཱུྃ་ཀཱ་ར་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ཅེས་བརྗོད་པས། མདུན་དུ་ཁྲོ་བོ་ཧཱུྃ་ཀཱ་ར། ཞལ་གསུམ་མཆེ་བ་གཙིགས་པ། ཕྱག་དྲུག་པ་ཕྱག་གཡས་གཡོན་དང་པོ་གཉིས་ཧཱུྃ་གི་ཕྱག་རྒྱ་བྱང་ཆུབ་མཆོག་གི་ཕྱག་རྒྱ། བཅིངས་ནས། གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པ། གཡས་གཡོན་བར་མ་གཉིས་ན་ལྕགས་ཀྱུ་དང་རལ་གྲི་འཛིན་པ། གཡས་གཡོན་འོག་མ་གཉིས་ན་དགྲ་སྟྭ་དང་ཞགས་པ་བསྣམས་པ། ཉི་མའི་དཀྱིལ་འཁོར་གྱི་སྟེང་ན། ཞབས་གཡོན་བསྐུམ་གཡས་བརྐྱང་བ། སྨིན་མཚམས་ཀྱི་ཁྲོ་གཉེར་དང་། སྡང་མིག་དང་སྤྱན་རྩ་དམར་བ། བསྐལ་པའི་མེ་འབར་བའི་ཀློང་ན། དཔེར་ན་ཞེ་སྡང་རྡོ་རྗེ་རྒྱལ་པོ་ལ་ཧཱུྃ་ཀཱ་ར་བློན་པོ་བཀའ་ནོད་པའི་ཚུལ་དུ་བསམ་ནས། དེ་ལ་བཀའ་སྩལ་པ། ཧཱུྃ་བཞི་པའི་སྔགས་ནི། ༀ་སུམྦྷ་ནི་གནོད་མཛེས། སུམྦྷ་ནི་ཧཱུྃ། སའི་གནོད་མཛེས། གྲྀ་ཧྣ་གྲྀ་ཧྣ་ཧཱུྃ། ཁྲོ་བོ་ཉིད་ཀྱིས་ཟུངས་ལ་ནོན་ཅིག །གྲྀ་ཧྣ་པ་ཡ་གྲྀ་ཧྣ་པ་ཡ་ཧཱུྃ། འཁོར་རྣམས་ཀྱིས་ཟུངས་ལ་ནོན་ཅིག །ཨ་ན་ཡ་ཧོཿ དགྲ་བགེགས་ཟུངས་ལ་ཁྲིད་དེ་ཤོག །བྷ་ག་ཝན་བཅོམ་ལྡན་འདས། བིདྱ་རཱ་ཛ་ཡ་རིག་པའི་རྒྱལ་པོ། ཧཱུྃ་ཕཊ། འགུགས་ན་ཧཱུྃ་ཛཿཛཿགདགས་སོ། །ཁྲོ་བོ་གནོད་མཛེས་ཞལ་གཅིག་ཕྱག་བརྒྱད་པར་གསང་འདུས་ནས་བཤད་དོ། །ཅེས་བརྗོད་ནས། ཕྱོགས་བཅུར་ཁྲོ་བོ་བཅུའི་གདན་ཐིངས་ཤིག་པར་བཀའ་སྩལ་པ་དང་། ཧཱུྃ་ཀཱ་ར་ཡི་ཐུགས་ཀ་ནས། ཏཱ་ཀི་རཱ་ཛ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ཅེས་བརྗོད་པས། ཁྲོ་བོ་ཏཱ་ཀི་རཱ་ཛ་སྐུ་མདོག་དམར་སྨུག །ཕྱག་གཡས་ཐོ་བ། གཡོན་ལྕགས་ཀྱུ་བསྣམས་པ། ཧཱུྃ་ཀཱ་ར་ལས་ཏཱ་ཀི་རཱ་ཛར་བློན་པོ་ལས་མི་བཀའ་ནོད་པའི་ཚུལ་དུ་བསམ་ཏེ། དེ་ལ་ཕྱོགས་བཅུ་ཁྲོ་བོ་བཅུའི་གདན་ཐིངས་ཤིག་པར་བཀའ་སྩལ་པ་དང་། ཏཱ་ཀི་རཱ་ཛས་སུམྦྷ་ནིའི་སྔགས་དང་། ཤར་དུ་ཨིནྡྲ་ཡེ་དྲི་ཟ་ཕོ་མོ། །ཏི་ར་བྃ། རོ། །ཞེས་པ་དང་། ཤར་ལྷོར་ཨགྣེ་ཡེ། མེ་ལྷ་ཕོ་མོ། །ལྷོར་ཡ་མཱ་ཡེ། གཤིན་རྗེ། ལྷོ་ནུབ་ནི་རི་ཏི། སྲིན་པོ། ནུབ་ཏུ་བ་རུ་ན་ཡ། ཀླུ། ནུབ་བྱང་བཱ་ཡ་ཝེ། རླུང་ལྷ། བྱང་ཀུ་བེ་རཱ་ཡ། གནོད་སྦྱིན། བྱང་ཤར་ཨཱི་ཤཱ་ནཱ་ཡེ། བགེགས། སྟེང་བྲ་ཧྨ་ནི། ལྷ། འོག་ཏུ་པྲི་ཐི་བཱི་ཡེ། ཀླུའམ་ས་བདག །ཞེས་རིམ་པས་བཏབ་ཅིང་། སྔགས་བཟླས་པས། ཁྲོ་བོ་ཏཱ་ཀི་རཱ་ཛས་ཕྱོགས་སྐྱོང་བ་བཅུ་གཡོན་པའི་ལྕགས་ཀྱུས་བཟུང་གཡས་པའི་ཐོ་བས་བརྡུངས་ཏེ། རྡོ་རྗེའི་བྲག་དང་ཉི་མའི་སྟེང་དུ། ཞེ་སྡང་གི་རྟགས་ཕོ་ཁ་སྦུབ། འདོད་ཆགས་ཀྱི་རྟགས་མོ་གན་རྐྱལ་དུ། ཕོ་མགོ་གཡས། མོ་མགོ་གཡོན་དུ་མགོ་མཇུག་ཏུ་བསྣོལ་ཏེ་གདན་དུ་བཏིངས་ནས། ཏཱ་ཀི་རཱ་ཛས་ཧཱུྃ་ཀཱ་ར་ལ་ཞུས་པ། གདན་གཏིང་ལགས་སོ་བཅོམ་ལྡན་ཁྲོ་རྒྱལ་གཙོ། །གདུག་པའི་ཚོགས་རྣམས་མ་ལུས་འདུལ་བ་དང་། །ཞེ་སྡང་རྡོ་རྗེའི་ཐུགས་ཀྱི་དཀྱིལ་འཁོར་ནས། །ཁྲོ་བོའི་སྤྲུལ་པ་ཕྱོགས་བཅུར་དགྱེ་རུ་གསོལ། །ཞེས་ཞུས་ནས། ཏཱ་ཀཱི་རཱ་ཛ་ཧཱུྃ་ཀཱ་རའི་ཐུགས་ཀར་ཐིམ་ནས་མི་སྣང་བར་གྱུར་ཏོ། །ཧཱུྃ་ཀཱ་ར་ཡང་ཞེ་སྡང་རྡོ་རྗེའི་ཐུགས་ཀར་ཐིམ་ནས་མི་སྣང་བར་གྱུར་ཏོ། །དེ་ནས་སེང་ལྡེང་གི་ཕུར་པ་བཅུ་ལ་ཞེ་སྡང་རྡོ་རྗེའི་ཐུགས་ཀ་ནས་ཡི་གེ་ཧཱུྃ་བཅུ་སྤྲོས་ཏེ། ཕུར་པ་བཅུ་ལ་ཐིམ་པ་ལས། ཕུར་པའི་དངོས་པོ་བསྲེགས་ནས། ཡི་གེ་ཧཱུྃ་བཅུར་གྱུར་པ་ལས། ཧཱུྃ་ཧཱུྃ་ཀཱ་ར་ཧཱུྃ་མཛད་བཛྲ་རྡོ་རྗེ་མ་ཧཱ་ཀྲོ་དྷ་ཁྲོ་བོ་ཆེན་པོ་ཧཱུྃ་ཕཊ། སྟེང་དུ་ཕྱོགས་སྐྱོང་ལྷའི་སྟེང་དུ་ཧཱུྃ་ཀཱ་ར། ཧཱུྃ་བི་ཛ་ཡ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ཤར་དྲི་ཟའི་སྟེང་རྣམ་པར་རྒྱལ་བ། ཧཱུྃ་ནཱི་ལ་དཎྜ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ཤར་ལྷོ་མེ་ལྷའི་སྟེང་དབྱུག་པ་སྔོན་པོ། ཧཱུྃ་ཡ་མཱནྟ་ཀ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ལྷོར་གཤིན་རྗེའི་སྟེང་གཤིན་རྗེ་གཤེད། ཧཱུྃ་ཨཱརྱ་ཨ་ཙ་ལ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ལྷོོ་ནུབ་སྲིན་པོའི་སྟེང་མི་གཡོ་མགོན་པོ། ཧཱུྃ་ཧྱ་གྲཱྀ་ཝ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ནུབ་ཀླུའི་སྟེང་རྟ་མགྲིན། ཧཱུྃ་ཨ་པ་ར་ཙིཏྟ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ྄། ནུབ་བྱང་རླུང་ལྷའི་སྟེང་འདོད་པའི་རྒྱལ་པོ། ཧཱུྃ་ཨ་མྲྀ་ཏ་ཀུཎྜ་ལཱི་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། བྱང་གནོད་སྦྱིན་སྟེང་བདུད་རྩི་འཁྱིལ་བ། ཧཱུྃ་ཏྲཻ་ལོ་ཀྱ་བི་ཛ་ཡ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། བྱང་ཤར་བགེགས་ཀྱི་སྟེང་ཁམས་གསུམ་རྣམ་རྒྱལ། ཧཱུྃ་མ་ཧཱ་བ་ལ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། འོག་ས་བདག་སྟེང་དུ་སྟོབས་པོ་ཆེ། ཅེས་བརྗོད་པས། ཡེ་ཤེས་ཀྱི་ཁྲོ་བོ་བཅུ་སྐུ་སྟོད་ཞལ་གསུམ་ཕྱག་དྲུག་པ། ཕྱག་མཚན་སྣ་ཚོགས་བསྣམས་པ། སྐུ་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ། དམར་ཙ་རེ་བ། སྐུ་མདོག་མཐིང་ནག་ལ་གཟུགས་རགས་པ། དབུ་སྐྲ་ཁམ་ནག་རལ་པ་ཟུར་གསུམ་གྱེན་དུ་འགྲེང་བ། ཞལ་གསུམ་ནས་ཕཊ་ཀྱི་སྒྲ་སྒྲོག་པ། སྤྱན་གསུམ་སྡང་མིག་ཏུ་གཟིགས་ཤིང་མཆེ་བ་གཙིགས་པ། སྤྲུལ་དང་ཐོད་པའི་ཕྲེང་བས་མཛེས་པར་བརྒྱན་པ། བསྐལ་པའི་མེ་དཔུང་འབར་བའི་ཀློང་ན། ཡེ་ཤེས་ཀྱི་འོད་ཟེར་འཕྲོ་ཞིང་འཁྲུག་པར་བསམས་ཏེ། ཕྱོགས་བཅུར་རིམ་པ་བཞིན་བསྒོམས་ནས། སེང་ལྡེང་ཕུར་པ་དེ་ལ་གུ་གུལ་གྱིས་བདུག་པ་དང་། ཡུངས་ཀར་གྱིས་དབང་བསྐུར་བ་དང་། རཀྟས་བྱུག་པ་དང་། རང་བཞིན་གྱི་གནས་ནས་སྤྱན་དྲངས་ཤིང་དབྱེར་མེད་པར་བསྟིམ་པ་དང་། ཕྱག་བཙལ་བ་དང་། མཆོད་པ་བྱ་བ་དང་། བསྟོད་པ་ཡན་ཆད་མན་ངག་ལས་ཤེས་པར་བྱས་ནས། རྒྱས་པར་ལས་བྱང་ལྟར་བྱ། བསྡུས་པ་ཏིང་ངེ་འཛིན་གྱིས་བྱ། ༀ་བཛྲ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བརྒྱད་ཀྱིས་ལྷག་པར་མཐུ་བསྐྱེད་ནས། དེ་ནས་བདུད་རྩི་འཁྱིལ་བ་བདག་གི་མདུན་དུ་བཀུག་སྟེ། བདུད་རྩི་འཁྱིལ་བ་ལ་རྡོ་རྗེའི་ཐོ་བ་གཏད་དེ། ཕུར་པ་གདབ་པར་བསྐུལ་བ་ནི། རྡོ་རྗེ་བདུད་རྩི་འཁྱིལ་བ་རྒྱ་ཆེན་པོ། །གང་ཞིག་མནན་པའི་མཆོག་རྣམས་ལ། །ཁྲོ་རྒྱལ་འབར་བ་བཅུའི་ཕུར་པ་ཀཱི་ལ་ཡས། །ཕྱོགས་མཚམས་གདོན་རྣམས་ནོན་པར་མཛོད། །ཅེས་བསྐུལ་ཏེ། བདུད་རྩི་འཁྱིལ་བས་རྡོ་རྗེ་སྡེར་མོའི་སྔགས། ༀ་གྷ་གྷ་ཕུར་བུ་འདྲིལ་གྷཱ་ཏ་ཡ་གྷཱ་ཏ་ཡ་ཕུར་བུས་གདབ་ཐོ་བས་བརྡུང་། སརྦ་དུཥྚ་སྣང་བར་བྱེད་པ་ཐམས་ཅད། ཕཊ་ཕཊ། ཚར་གཅོད། ཀཱི་ལི་ཀཱི་ལ་ཡ། ཕུར་བུས་སྤྱི་བོ་ནས་གདབ་ཐོ་བས་བརྡུང་། སརྦ་པཱ་བཾ་སྡིག་པ་ཐམས་ཅད་ཕཊ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ། རྡོ་རྗེ་ཕུར་བུ། བཛྲ་དྷ་རོ་ཨཛྙཱ་པ་ཡ་ཏི། རྡོ་རྗེ་འཛིན་གྱི་བཀའ་ཉོན་ཅིག །སརྦ་བིགྷྣཾ་བགེགས་ཐམས་ཅད་ཀཱ་ཡ་ཝཱ་ཀ྄་ཙིཏྟ་བཛྲ་ཀཱི་ལ་ཡ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཕུར་བུ་གདབ། ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཅེས་བརྗོད་ཅིང་རིམ་པས་བཏབ་པས། ཕྱོགས་སྐྱོང་བ་བཅུ་ཐལ་ཕྱུང་ནས་ཉི་མའི་དཀྱིལ་འཁོར་ལ་དབལ་ནུས་པར་བསམ་མོ། །དེ་ནས་བདུད་རྩི་འཁྱིལ་བས་ཞེ་སྡང་རྡོ་རྗེ་ལ། ཐོ་བ་གཏད་པ་ཉིད་ཀྱིས་བདུད་རྩི་འཁྱིལ་བ་བྱང་གནོད་སྦྱིན་ལ་བཏབ་བོ། །དེ་ལ་ཕྱོགས་སྐྱོང་བཅུ་ནི་བགེགས་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ལ། དེ་རྣམས་གདན་དུ་བཏིང་པས། དཔེར་ན། རྒྱལ་པོ་བཙོན་དུ་བཟུང་ན། འབངས་ཆམ་ལ་འབེབས་པ་དང་འདྲ་བར། བགེགས་ཕྲ་མོ་གཞན་གྱིས་ཀྱང་བར་ཆད་བྱེད་ནུས་པར་མི་འགྱུར་རོ། །དེ་ཡན་ཆད་དུ་མཚམས་བཅད་ནས། སྔོན་དུ་འགྲོ་བའི་ཕྲིན་ལས་ལ་དོན་གཉིས་ཏེ། བསྙེན་པ་སྔོན་དུ་འགྲོ་བའི་ཕྲིན་ལས་དང། སྟ་གོན་གྱི་ཕྲིན་ལས་སོ། །དེ་ལ་བསྙེན་པ་སྔོན་དུ་འགྲོ་བའི་ཕྲིན་ལས་ནི། གོང་འོག་ཏུ་བསྟན་པའི་མན་ངག་ལས་ཤེས་པར་བྱའོ། །གོང་དུ་རྫས་ས་གཞི་མཚམས་སོགས་ཡིན། འོག་ཏུའང་སྔོན་འགྲོ་སྟོན་པ་ཡོད། སྟ་གོན་ལ་གནས་པའི་ཕྲིན་ལས་ལ་ལྔ་སྟེ། དཀྱིལ་འཁོར་དང་། ལྷ་དང་། སློབ་དཔོན་དང་། རྫས་དང་ཡོ་བྱད་དང་། སློབ་མའོ། །དེ་ལ་དཀྱིལ་འཁོར་སྟ་གོན་ལ་གནས་པར་བྱ་བ་ནི། ཆུ་ལྕི་བ་ཁ་ཆུ་འོ་མ་མར་ཏེ། བ་བྱུང་རྣམ་ལྔས་ལེགས་བྱུག་སྟེ། མེ་ལོང་གི་གསལ་ངོས་ལྟར་འཇམ་པ་མཁྲེག་པ་དཀྱིལ་མཐོ་བར་བྱས་ལ། དྲི་སྣ་ལྔའི་གོང་ལྟར་ཆུས་ལེགས་པར་བྱུག་པར་བྱའོ། །དེ་ནས་ཉུངས་ཀར་ལ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་བཟླས་ལ། དབུས་དང་ཕྱོགས་མཚམས་སུ་གཏོར་ཏེ་བགེགས་བསྐྲད་པར་བྱའོ། །དེ་ནས་ལྷ་སྟ་གོན་ལ་གནས་པར་བྱ་བ་ནི། བདག་ཉིད་ཆོས་ཉིད་ཡེ་ནས་དག་པའི་ངོ་བོ་ལས། རྫོགས་པའི་ཚུལ་དུ་བསྐྱེད་པའམ། ཧཱུྃ་བཞིས་བསྐྱེད་པ་གང་ཡང་རུང་བས། བདག་ཉིད་རྡོ་རྗེ་གནོད་སྦྱིན་ལས་ཀྱི་ལྷར་གསལ་བར་བྱས་ལ། དེ་ནས་བདུད་རྩི་རྣམ་པ་ལྔའི་ལྡེ་གུས་མཎྜལ་ལ་ཐིག་ལེ་ལྷའི་གྲངས་དང་མཉམ་པར་བྱ་ཞིང་། རྩ་བའི་སྙིང་པོ་རྣམས་ལན་བཞི་བཞི་བརྗོད་པར་བྱའོ། །དེ་ནས་མེ་ཏོག་གི་ཚོམ་བུ་ལྷའི་གྲངས་དང་མཉམ་པར་དུ་དགྲམ་ཞིང་། སོ་སོར་བསྐྱེད་པའི་སྙིང་པོ་རྣམས་ལན་བཞི་བཞི་བརྗོད་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་དང་། བསྟིམ་པ་དང་། བརྟན་པར་བྱ་བ་དང་། ཕྱག་དང་མཆོད་པ་ལ་སོགས་པ་བྱ་སྟེ། ཚིག་འདིས་གསོལ་བ་གདབ་པར་བྱའོ། །ཧཱུྃ། ཀུན་ལ་ཁྱབ་བདག་མེ་ལོང་ལྟ་བུའི་ཡེ་ཤེས་བདག་ཉིད་ཅན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་དང་། །ཡུམ་ཆེན་ཀུན་ཏུ་བཟང་མོ་གཉིས། །དེང་ནུབ་བདག་ལ་དགོངས་སུ་གསོལ། །ཐུགས་བརྩེར་ལྡན་པའི་དགོངས་པ་ཅན། །ཁྱེད་རྣམས་ལ་ནི་མཆོད་པའི་ཕྱིར། །རྡུལ་ཚོན་གྱི་དཀྱིལ་འཁོར་བཟང་པོ་སང་བྲི་ཡིས། །བྱིན་ཡིས་བརླབ་པར་མཛད་དུ་གསོལ། །ཧཱུྃ། གཉིས་མེད་ཡེ་ཤེས་ལས་བྱུང་བའི། །བཅོམ་ལྡན་རྣམ་པར་སྣང་མཛད་དང་། །ཡུམ་ཆེན་སངས་རྒྱས་སྤྱན་དང་གཉིས། །དེང་ནུབ་བདག་ལ་སོགས་མན་ཆད་འགྲེ་སྟེ། དེ་བཞིན་དུ་སྒོ་བ་ལ་ཐུག་པ་ཡན་ཆད་བྱ་སྟེ། ༈ །འདི་སྐབས་མཆན་རྙིང་མི་འདུག་ཀྱང་། གཞུང་ཚིག་ལྟར། མཉམ་ཉིད་ཡེ་ཤེས༴ བཅོམ་ལྡན་རིན་ཆེན་འབྱུང་ལྡན༴ ཡུམ་ཆེན་མཱ་མ་ཀཱི༴ དེང་ནུབ༴ སོགས། སོར་རྟོག་ཡེ་ཤེས༴ བཅོམ་ལྡན་སྣང་བ་མཐའ་ཡས༴ ཡུམ་ཆེན་ན་བཟའ་དཀར་མོ༴ དེང་ནུབ༴ སོགས། བྱ་གྲུབ་ཡེ་ཤེས༴ བཅོམ་ལྡན་དོན་ཡོད་གྲུབ་པ༴ ཡུམ་ཆེན་དམ་ཚིག་སྒྲོལ་མ༴ དེང་ནུབ༴ སོགས། དེ་ནས་རྒྱས་པར་སོ་སོའམ། བསྡུ་ན། ཚོགས་བརྒྱད་གནས་དག་ལས༴ བྱང་ཆུབ་སེམས་དཔའ་བརྒྱད་རྣམས་དང་། །ཡུལ་བརྒྱད་དག་པའི་སེམས་མ་བརྒྱད། །དེང་ནུབ༴ སོགས། རྟག་ཆད་མུ་བཞི་གནས་དག་པའི། །སྒོ་བཞི་ཁྲོ་ཆེན་བཞི་རྣམས་དང་། །ཚད་མེད་རྣམ་བཞི་སྒོ་མ་བཞི། །དེང་ནུབ༴ སོགས། འདི་ལྟར་སྦྱར་ན་འགྲིག་མིན་གཟིགས་པར་ཞུ། ཡེ་ཤེས་ཀྱི་ལྷ་རྣམས་བདག་དང་སློབ་མར་བཅས་པ་ལ་ཞལ་གཟིགས་ཤིང་ཐུགས་ལ་དགོངས་པར་བརྟག་གོ། །དེ་ནས་སློབ་དཔོན་སྟ་གོན་ལ་གནས་པར་བྱ་བ་ནི། རྒྱལ་ཐེབས་དང་ཀརྨས་ནུབ་ཕྱོགས་སུ་མཎྜལ་ལེགས་པར་བྱས་ཏེ། དྲི་སྣ་ལྔས་བྱུག་ཅིང་མེ་ཏོག་གི་གཅལ་བཀྲམས་ནས། དེའི་སྟེང་དུ་རས་དང་དར་ལ་སོགས་པ་བཏིང་ལ། དེར་བླ་མ་སྤྱན་དྲངས་ཤིང་བཞུགས་སུ་གསོལ་ནས། ཛ་གད་ཕྱག་ཏུ་བཞུགས་ནས། སྒྲུབ་པ་པོ་དང་། གང་དབང་དང་མན་ངག་འདོད་པ་དེ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་བརྗོད་པར་བྱའོ། །རྫས་དང་ཡོ་བྱད་སྟ་གོན་ལ་གནས་པར་བྱ་བ་ལ་གཉིས་ཏེ། རྫས་དང་ཡོ་བྱད་དོ། །དེ་ལ་རྫས་ལ་གཉིས་ཏེ། སྒྲུབ་པའི་རྫས་དང་། དབང་བསྐུར་བའི་རྫས་སོ། །དེ་ཀུན་སྤྱི་འོག་ནས་ཇི་སྐད་སྨོས་པ་བཞིན་དུ་བསགས་པར་བྱ་བ་དང་། ཁྱད་པར་དུ་དབང་བསྐུར་བའི་རྫས། བུམ་པ་སྟ་གོན་ལ་གནས་པར་བྱ་བ་ནི། རྒྱུ་གསེར་རམ་དངུལ་གྱི་བུམ་པ་ཚད་དང་ལྡན་པ། བྲེ་གང་ཡན་ཆད་ཤོང་བ། ལྷའི་གྲངས་སམ། ཡང་ན་གཉིས་བཅའ་སྟེ། རྣམ་རྒྱལ་བུམ་པ་དང་། ལས་ཀྱི་བུམ་བུའོ། །དེ་ལ་བུམ་པ་ནག་ནོག་ར་རི་མེད་པ་གཉིས་ལ། གཅིག་རྣམ་བུམ་ལ་ཚོན་རྩི་བཟང་པོས་རིགས་ལྔའི་ཕྱག་མཚན་རྡོ་རྗེ། འཁོར་ལོ། རིན་ཆེན། པདྨ། རྒྱ་གྲམ། བྲིའོ། །གཅིག་ལས་བུམ་ལ་ནི་རྡོ་རྗེ་རྒྱ་གྲམ་བྲིའོ། །དེ་ལ་དབང་བསྐུར་བའི་བུམ་པ་བྱིན་གྱིས་བརླབས་པ་ནི། བདེན་པ་བརྡར་ཏེ། ཉུངས་ཀར་ལ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་བཟླས་ཏེ་གཏོར་ནས་བགེགས་བསྐྲད་དོ། །དེ་ནས་བདག་གི་ཐུགས་ཀ་ནས་ཡི་གེ་ཨ་དཀར་པོ་གཅིག་བྱུང་སྟེ། བུམ་པའི་དངོས་པོ་སྦྱངས་ནས། ཆོས་ཉིད་སྟོང་པ་ཉིད་དུ་གསལ་བར་བསྒོམ་མོ། །དེའི་གང་ལ་ཡི་གེ་མུཾ་གཅིག་ཏུ་གསལ་བ་ལས་སྤྲོ་བསྡུ་བྱས་པས། གསེར་གྱི་དྲིལ་བུ་གཅིག་ཏུ་གསལ་ལོ། །དེ་འཕྲོ་ཞིང་འདུས་པ་ལས། མ་ཧཱ་ར་ཏི་ཛ། ཞེས་བརྗོད་པས། ཡུམ་ཀུན་ཏུ་བཟང་མོ་མཚན་དང་དཔེ་བྱད་དང་ལྡན་པ་གཅིག་བསྐྱེད་དོ། །དེའི་མཁའ་ལ། བྷྲཱུྃ་ལས་གཞལ་ཡས་ཁང་། འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས། གྲུ་ཆད་དང་བར་ཁྱམས། ལྷག་པའི་གློ་འབུར་དང་། སྒོ་བཞི་དང་བཅས་པ་སོ་སོའི་གདན་དག་བཅས་པ་གཅིག་ཏུ་བསྐྱེད་དོ། །དེའི་ནང་དུ་སྨན་ལྔ་དང་། འབྲུ་ལྔ་དང་། དྲི་སྣ་ལྔ་དང་། རིན་པོ་ཆེ་སྣ་ལྔ་དང་། སྙིང་པོ་ལྔ་དང་། བདུད་རྩི་རྣམ་པ་ལྔའི་ཆུ་བླུགས་ཏེ། དེ་ནས་བདག་གི་ཐུགས་ཀ་ནས། གསུང་ཡིག་འབྲུའི་ཚོགས་སྤྲོས་ཏེ། ཡུམ་གྱི་མཁའ་ལ་བསྟིམ་པ་ནི། ཧཱུྃ་མཱུྃ་དང་། ༀ་ལྃ་ལ་སོགས་པའམ། ཏ་ཏཱ་ལ་སོགས་པ་གང་ཡང་རུང་བ་བཀོད་དེ། རྫས་རྣམས་སོ་སོར་འོད་དུ་ཞུ་བ་ལས། ལྷ་སོ་སོའི་སྙིང་པོ། ཧཱུྃ་བཛྲ་དྷྲྀཀ྄་ལ་སོགས་བརྗོད་པས། བུདྡྷ་བཞི་བཅུ་རྩ་གཉིས་ཀྱི་སྐུ་ཡུམ་གྱི་མཁའ་ལ་གསལ་བར་བསྐྱེད་དོ། །ཤིང་ཙནྡན་ལ་སོགས་པ་ལ་ཡལ་ག་དང་ལོ་མ་མེ་ཏོག་འབྲས་བུར་ལྡན་པས་བུམ་པའི་ཁ་བརྒྱན་ནོ། །མཎྜལ་གྱི་དབུས་སུ་བཞུགས་སུ་གསོལ་ནས། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་བསྟིམ་པ་དང་། བརྟན་པར་བྱ་བ་དང་། ཕྱག་དང་མཆོད་པས་མཆོད་དེ། དེ་ནས་བཟླས་པ་བྱ། བསྟོད་པ་བྱ། ཡེ་ཤེས་ལྔར་དབང་བསྐུར། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་བོ། །ལས་བྱང་ནས་འབྱུང་བ་བཞིན་བྱའོ། །དེ་ནས་ལས་ཀྱི་བུམ་པ་བྱིན་གྱིས་བརླབས་པ་ནི། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་དུ་གསལ་བའི་ནང་དུ། མ་ལས་ཉི་མའི་སྟེང་དུ་ཡི་གེ་ཧཱུྃ་གི་འཕྲོ་འདུ་ལས། ༀ་བཛྲ་ཡཀྵ་བིགྷྣན་ཏ་ཀྲྀཏྟ་ཧཱུྃ་ཕཊ྄། ཅེས་བརྗོད་པས། རྡོ་རྗེ་གནོད་སྦྱིན་སྐུ་མདོག་ལྗང་གུ། གཡས་རྡོ་རྗེ་རྒྱ་གྲམ། གཡོན་སྡིགས་མཛུབ་བསྒྲེང་བ། ཞབས་བརྐྱང་བསྐུམ་གྱིས་བཞུགས་པ། དུར་ཁྲོད་ཀྱི་རྒྱན་དང་ལྡན་པ་གཅིག་བསྐྱེད་ལ། དེ་ལ་ཕྱག་རྒྱ་བཞིས་སྤྱན་དྲངས་པ་དང་། བསྟིམ་པ་དང་། བརྟན་པ་དང་། ཕྱག་དང་མཆོད་པས་མཆོད་དོ། །གོང་གི་སྙིང་པོ་བཛྲ་ཡཀྵ་བརྒྱ་བརྩ་བརྒྱད་བཟླས་སོ། །དེ་ཡང་། ༀ་བཛྲ་ཨ་ན་ལ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཐ་མ་ཐ། བྷཉྫ་ར་ཎ་ཧཱུྃ། ཞེས་དུས་དྲུག་ཏུ་ལན་བདུན་བདུན་བཟླས་ཤིང་བུམ་པའི་མཐུན་བསྐྱེད་དོ། །གཞན་ཡང་། དབང་རྫས་དང་ཡོ་བྱེད་ལ་སོགས་པ། གོང་འོག་ཏུ་སྨྲོས་པ་ཀུན་ཀྱང་། ལྟ་གོན་ལ་ཚོགས་པར་བྱ་བ་དང་། བྱིན་གྱིས་བརླབས་པར་བྱའོ། །དེ་ནས་སློབ་མ་སྟ་གོན་ལ་གནས་པར་བྱ་བ་ནི། ངག་དོན་དུ། སློབ་མ་སྟ་གོན་དུ་གནས་པ་ལ་དོན་བཅུ་བདུན་ཏེ། དང་པོ་བསྲེ་བསྣན་གྱི་སྟ་གོན་མཎྜལ་བཤམས་པ་དང་། གཉིས་པ་སློབ་མ་ནང་དུ་འབོད་པ། གསུམ་པ་སློབ་མས་དྲུག་རྣམ་དག་བྱ་བ། བཞི་པ་སློབ་དཔོན་གྱིས་སེམས་བསྐྱེད་ཅིང་སློབ་མས་ཁས་བླང་བ། ལྔ་པ་དམ་དཔོག་པ། དྲུག་པ་མིག་ཕྱེ་བར་ཞུ་བ། བདུན་པ་ཕྱེ་བ། བརྒྱད་པ་མེ་ཏོག་བོར་བ། དགུ་པ་གསང་མཚན་གདགས་པ། བཅུ་པ་སྭོ་ཤིང་གི་ཆོ་ག །བཅུ་གཅིག་པ་བསྲུང་སྐུད་གདགས་པ། བཅུ་གཉིས་པ་སྙིང་པོ་དཔོག་ཅིང་ཕྲེང་བ་གཏད་པ། བཅུ་གསུམ་པ་ཀུ་ཤ་གདིང་བ། བཅུ་བཞི་པ་རྡོ་རྗེའི་གྲལ་དུ་བཞད་པ། བཅོ་ལྔ་པ་གཏང་རག་བཏང་བ། བཅུ་དྲུག་པ་མཆོད་པ་གཞུང་བསྲང་བ། བཅུ་བདུན་པ་རྨི་ལམ་བརྟག་པའོ། །དང་པོ་མཎྜལ་བཤམས་པ་ནི། ཀརྨ་ལས་དང་བྱ་བ་ལ་མཁས་པས། ཤར་ངོས་སུ་མཎྜལ་ལེགས་པར་བྱས་ཏེ། བ་བྱུང་རྣམ་པ་ལྔས་བྱུག་པའི་ཀོ་བ་ཙམ་དུ་བྱས་ནས། གཉིས་པ་སློབ་མ་ནང་དུ་འབོད་པ། དེ་ནས་སློབ་མ་དབང་དང་མན་ངག་གི་སྣོད་དུ་རུང་བ་བརྟག་པ་དང་། སྒྲུབ་པ་པོ་སྔར་དམ་མ་འདྲེས་པ་རྣམས་ཕྱིར་ཕྱེས་ལ་མིག་རས་ཀྱིས་བཀག །འདྲེས་པ་རྣམས་ནང་དུ་བོས་པ་འདི་སྐད་དུ་བརྗོད་པར་བྱའོ། །ཀྱེ་ཀྱེ་རིགས་ཀྱི་བུ་ཚུར་གཤེགས། །ཁྱོད་ནི་ཐེག་པ་ཆེན་པོའི་གསང་སྔགས་ཀྱི་རིགས། །གསང་སྔགས་ཟབ་མོའི་སྣོད་ཡིན་པས། །གསང་སྔགས་ཆོ་ག་ཟབ་མོ་འདི། །ཁྱོད་ལ་ཡང་དག་བཤད་པར་བྱའོ། །རྫོགས་པའི་སངས་རྒྱས་འདས་པ་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བཞུགས་པའི་རྫོགས་སངས་རྒྱས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་པས། །སྔོན་བྱུང་ཡང་དང་པོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་ཆོས་སྐུ་བརྙེས། །གསང་སྔགས་ལྟ་སྤྱོད་ཟབ་མོ་འདིས། །སྐྱོབས་པ་རྡོ་རྗེ་སེམས་དཔའ་དེས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་པའི་ཕྱིར། །བུ་ཡི་བློ་གྲོས་དུས་འདིར་བྱ། །ཞེས་བརྗོད་པ་དང་། གསུམ་པ་སློབ་མས་དྲུག་རྣམ་དག་བྱ་བ་ལ། དང་པོ་ཕྱག་འཚལ་བའི་ཡན་ལག་ནི། དེ་ནས་སློབ་མ་རྣམས་ཀྱིས་འདི་སྐད་དུ་བརྗོད་དོ། །དཀོན་མཆོག་གསུམ་དང་ཡི་དམ་ལྷ། །དུས་གསུམ་བདེར་གཤེགས་ཐམས་ཅད་དང་། །ཕོ་བྲང་ཞི་ཁྲོའི་ལྷ་ཚོགས་ལ། །ལུས་ངག་ཡིད་གསུམ་ཕྱག་འཚལ་ལོ། །འཇིག་རྟེན་འདི་ན་གཉེན་སྡུག་གང་བས་ཀྱང་། །ལྷག་པའི་འདྲེན་སྟོན་བླ་མ་རིན་པོ་ཆེ། །ཡོན་ཏན་མང་པོ་འབྱུང་བའི་མཛོད་མངའ་བ། །སློབ་དཔོན་ལྷ་གཉེན་དཔལ་ལ་ཕྱག་འཚལ་ལོ། །ཚེ་རབས་སྔོན་ཚེ་གོང་ནས་འཕྲོ་མཐུད་པའི། །དུས་འདིར་དམ་ཚིག་གཅིག་པས་རྡོ་རྗེའི་རྒྱན། །འདི་དང་ཕྱི་མ་གཉིས་ཀ་མི་འབྲལ་བའི། །རྡོ་རྗེའི་མཆེད་ལྕམ་ཚོགས་ལ་ཕྱག་འཚལ་ལོ། །གཉིས་པ་སྐྱབས་སུ་འགྲོ་བའི་ཡན་ལག་ནི། སངས་རྒྱས་ཆོས་དང་དགེ་འདུན་དང་། །དུས་གསུམ་བདེར་གཤེགས་ཐམས་ཅད་དང་། །ཡི་དམ་ལྷ་དང་བླ་མ་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆིའོ། །ཐུགས་རྗེ་ཆེ་དང་ལྡན་པ་ཡི། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །དཀྱིལ་འཁོར་བཞུགས་པའི་ལྷ་རྣམས་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཁྱད་པར་རྡོ་རྗེ་སློབ་དཔོན་དང་། །རིག་འཛིན་དམ་ཅན་བཞུགས་སོ་འཚལ། །བྱང་ཆུབ་རྡོ་རྗེ་ལྕམ་དྲལ་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆིའོ། །གསུམ་པ་མཆོད་པ་འབུལ་བའི་ཡན་ལག །དཀོན་མཆོག་བླ་མ་ལྷ་ཚོགས་འཁོར་བཅས་ལ། །ལུས་ངག་ཡིད་གསུམ་ལོངས་སྤྱོད་འཁོར་དང་བཅས། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །བཞི་པ་སྡིག་པ་བཤགས་པའི་ཡན་ལག །ཚེ་རབས་ཐོག་མ་མེད་པའི་སྔོན་རོལ་ནས། །ད་ལྟའི་ལུས་འདི་བླངས་པ་ཕན་ཆད་དུ། །སྡིག་སྒྲིབ་བསགས་པ་མ་ལུས་ཐམས་ཅད་དང་། །དམ་ཚིགས་ཉམས་པར་གྱུར་པ་མཐོལ་ལོ་བཤགས། །ལྔ་པ་རྗེས་སུ་ཡི་རང་བ། ཐམས་ཅད་ཡེ་རྫོགས་ལྷ་ཡི་དཀྱིལ་འཁོར་དུ། །སྔོན་ནས་ད་ལྟ་ཡན་ཆོད་རྣལ་འབྱོར་པས། །དགེ་བའི་ལས་རྣམས་རྫོགས་པར་བགྱིས་པ་ལ། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་། །དྲུག་པ་བྱིན་རླབས་ཞུ་བ་ནི། བདག་ཅག་འཁོར་བའི་སེམས་ཅན་རྣམས། །མ་རིག་རྨོངས་པའི་བག་ཆགས་ཀྱིས། །འཁོར་བའི་གནས་སུ་འཁྱམས་པ་ལ། །ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །དེ་སྐད་ཅེས་བརྗོད་པ་དང་། བཞི་པ་སློབ་དཔོན་གྱིས་སེམས་བསྐྱེད་ཅིང་། སློབ་མས་ཁས་བླང་བའོ། །སློབ་དཔོན་གྱིས། གསང་བ་མཆོག་གི་དཀྱིལ་འཁོར་དུ། །བླ་མེད་འབྲས་བུ་བསྒྲུབ་པ་དང་། །བདེ་གཤེགས་དངོས་གྲུབ་ཐོབ་བྱའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པ་དང་། ཡང་སློབ་མས། བདག་ཀྱང་དུས་འདི་ཕན་ཆད་ནས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །བླ་མའི་བཀའ་བཞིན་བསྒྲུབ་ལགས་ཀྱིས། །སྨན་པ་ཚུལ་བཞིན་དཔོག་ཏུ་གསོལ། །ཞེས་པ་དང་། ལྔ་པ་དམ་དཔོག་པ། སློབ་དཔོན་གྱིས། ནང་མཆོད་ལ། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ། བཛྲ་ཡཀྵ་ཀྲོ་ཏ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བདུད་རྩི་བྱིན་གྱིས་བརླབས་ལ། ཧཱུྃ། རྩ་བ་སྐུ་གསུང་ཐུགས་དང་ཡན་ལག་བཅས། །མི་འདའ་མ་གྲུབ་བར་དུ་བསྲུང་ངོ་ཞེས། །ཡང་ནས་ཡང་དུ་དམ་བཅའ་བྱས་པ་འདི། །ལུས་དང་སྲོག་ལ་བབ་ཀྱང་མ་བཏང་ཤིག །ས་མ་ཡ་ཧཱུྃ། ཞེས་བརྗོད་དོ། །རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་ཕོག་ལ། ཉེས་དམིགས་བཤད་ལ། ཧཱུྃ། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་དང་རྡོ་རྗེ་འཛིན། །དེ་བཞིན་སྒྲུབ་པའི་རྣལ་འབྱོར་པ། །དེ་དག་ལ་ནི་སྙིང་རིང་ན། །རྡོ་རྗེ་ཡཀྵ་གནོད་སྦྱིན་གྱིས། །ཁྱོད་ཀྱི་སྙིང་ལ་བཞོས་ཏེ་བཏུང་། །ཧཱུྃ། སྙིང་ལ་ཡང་དག་གནས་པ་ཡི། །འདི་ནི་སེམས་ཅན་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨི་དན་ཏེ་ན་ར་ཀན། ས་མ་ཡ་ཡ་ཀྱི་ཧཱུྃ། ཞེས་བརྗོད་ལ། བདུད་རྩི་ཧཱུྃ་དུ་གྱུར་པ་བླངས་ཏེ་ལྕེ་ལ་བཞག་པས། ཧཱུྃ་ཁོའི་སྙིང་ཁར་ཞུགས་ཏེ། སློབ་མའི་ཤེས་པ་ཧཱུྃ་དུ་བྱིན་བརླབས་སོ། ༈ །དྲུག་པ་མིག་དབྱེ་བར་ཞུ་བ། དེ་ནས་ཡང་སློབ་མས། ཧཱུྃ། མ་རིག་མིག་གི་ལིང་ཐོག་གིས། །ཤིན་ཏུ་མདོངས་པར་གྱུར་ལགས་པས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཉོན་མོངས་སྒྲིབ་པ་བསལ་དུ་གསོལ། །ཞེས་ཞུས་པ་ལ། བདུན་པ་མིག་དབྱེ་བ། སློབ་དཔོན་གྱིས། ཉོན་མོངས་འཁོར་བའི་སེམས་ཅན་རྣམས། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །མ་རིག་པ་ཡི་ལིང་ཐོག་རྣམས། །བདེ་གཤེགས་དགོངས་པས་བསལ་བར་བྱའོ། །ཙཀྵུཿཔྲ་བེ་ཤ་ཡ་ཕཊ། མིག་ཕྱེས་ཤིག །ཞེས་བརྗོད་དོ། །མིག་རས་བཤུའོ། །བརྒྱད་པ་མེ་ཏོག་དོར་བ། ཡང་སློབ་མས། ཧཱུྃ། དུས་གསུམ་བདེར་གཤེགས་རྒྱལ་བ་ཀུན་གྱི་ཐུགས། །རྡོ་རྗེ་སེམས་དཔའ་ཡི་དམ་ལྷ་མཆོག་འདི། །རྩེ་གཅིག་སྒྲུབ་པའི་རྣལ་འབྱོར་ཟབ་མོའི་ཐུགས། །ད་ལྟ་ཉིད་དུ་བདག་ལ་དཔོག་ཏུ་གསོལ། །ཞེས་བརྗོད་དེ་མེ་ཏོག་བོར་རོ། །དེ་ནས་སློབ་མ་མདུན་དུ་བཞག་ལ། སློབ་དཔོན་གྱི་ཐུགས་ཀའི་ཟླ་བ་ལ་ཧཱུྃ་ཡིག་སྔོན་པོ། ས་བོན་ལས། དཔའ་བོ་འབྲུ་ལྔ་སྤྲོས་ཏེ། སློབ་མའི་ལུས་ལ་ཐིམ་པས། ཡེ་ཤེས་ཀྱི་འོད་ཟེར་རྃ་ཡིག་འབར་བའི་རང་བཞིན་གྱིས་ཉེ་བར་ལེན་པའི་བག་ཆགས་ངན་པ། བུད་ཤིང་དང་འདྲ་བ་བསྲེགས་སྦྱངས་ནས། སེམས་མར་མེ་ལྟ་བུར་གསལ་བ་ལས་དཔལ་རྡོ་རྗེ་སེམས་དཔའི་སྙིང་པོས་ཧཱུྃ་བཛྲ་དྷྲྀཀ྄ །སློབ་མ་དཔལ་རྡོ་རྗེ་སེམས་དཔའ་ཅི་འདྲ་བར་བྱིན་གྱིས་བརླབ་པར་བྱའོ། །དེ་ལས་ཡི་གེ་ༀ་ཨཱཿཧཱུྃ་འབྲུ་གསུམ་གྱིས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པ་ནི། ཧཱུྃ། དཔལ་ལྡན་རྡོ་རྗེ་སྐུ་གསུང་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་གསུང་ཐུགས་དང་ལྡན། །དེང་བདག་ལྷ་མཆོག་སྐུ་གསུང་ཐུགས་འཛིན་པ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཁྱོད་ལ་སྦྱིན། །ཡེ་ཤེས་ལྔ་ༀ་སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ཀཱ་ཡ་ཝཱཀ྄་ཙིཏྟ་བཛྲ་སྐུ་གསུང་ཐུགས་རྡོ་རྗེའི། སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། རང་བཞིན་བདག་ཉིད་ཡིན། བདུད་རྩི་ལྕེ་ལ་ལན་གསུམ་དུ་བཞག་གོ། །ཐིག་ལེ་གནས་བཞིར་བྱའང་གསུངས། དེ་ནས་མེ་ཏོག་བླངས་ཏེ་སྤྱི་བོར་བཞག་ནས། སྔོན་ཚེ་ཚེ་རབས་གྲངས་མེད་ནས། དག་པའི་ལས་ཀྱིས་བསྟེན་པའི་ལྷ། །ཡི་དམ་ལྷ་མཆོག་དམ་པ་འདི། །ད་ལྟ་ཉིད་དུ་ཁྱོད་ལ་དབབ། །ཅེས་བརྗོད་ནས། ལྷའི་སྙིང་པོ་དང་ཕྱག་རྒྱས་དབང་བསྐུར་རོ། །དགུ་པ་གསང་མཚན་གདགས་པ། བར་འདིར་གསང་བའི་མཚན་བྲིས་ལ། མེད་ན་གསང་མཚན་ཡང་གདགས་ཏེ། འདི་ནི་རྡོ་རྗེ་མིང་གི་དབང་། །མཚན་མཆོག་འདིས་ནི་དབང་བསྐུར་བས། །སངས་རྒྱས་ཞིང་དུ་གྲགས་པ་ཡི། །རིག་འཛིན་བླ་མེད་འགྲུབ་པར་ཤོག །ༀ་ཤཱི་བཛྲ་ནཱ་མ། རྡོ་རྗེ་ཆེ་གེ་མོ་ཞེས་གདགས་སོ། །བཅུ་པ་སོ་ཤིང་དང་ཁྱོར་ཆུ་བྱིན་པ། དེ་ནས་སོ་ཤིང་གི་ཆོ་ག་བྱ་བ་སྟེ། ཤིང་ཨུ་དུམ་བཱ་ར་ལ་སོགས་པའི་དྲི་ཞིམ་པོ་ལ། རིང་ཐུང་། སོར་བཅུ་གཉིས་པའི་ཚད་དུ་བྱས་པ་ལ། ཡ་ཡོ་མེད་ཅིང་འབུ་སྲིན་གྱིས་མ་ཟོས་པ་ལ། དྲིས་བྱུག་སྟེ་བདུད་རྩིའི་ཆུ་བཀྲུས་པ་ལ། རྩེ་མོ་ལ་ཨུ་དུམ་ཝཱ་ར་དང་། ཨ་ཤྭ་ཐའི་མེ་ཏོག་བཅིངས་པ་ཡིན་ཏེ། བཛྲ་ཧ་ས་ཏྲཾ། ཞེས་བྱིན་གྱིས་བརླབས་ལ་བྱིན་ཏེ། ཤར་ཕྱོགས་སུ་ཁ་བལྟས་ལ་སོ་ཤིང་བཅའོ། །བཅའ་ཟིན་ནས། མཎྜལ་སྟེང་དུ་སོ་ཤིང་བོར་དུ་སྩལ། །དེའི་ཚེ་གར་ཡོ་བརྟག་པར་བྱའོ། །དེ་ནས་གདོང་པ་དང་ལག་པ་ལས་ཀྱི་བུམ་པའི་ཆུས་བཀྲུས་ཏེ། ༀ་ཧྲཱི་བི་ཤུདྷ་དྷརྨཱ་སརྦ་པཱ་པཾ་ནི་ཙ་སྱ་ཤྭ་དྷ་ཡ་སརྦ་བི་ཀལྤ་ལ་ཨ་བ་ན་ཡ་ཧཱུྃ། ཞེས་ཆུ་ཁྱོར་བ་གསུམ་འཐུང་དུ་གཞུག །བཅུ་གཅིག་པ་སྲུང་སྐུད་གདགས་པ། དེ་ནས་སྲུག་སྐུད་དམར་པོ་ལ། ༀ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦ་ན་ཧཱུྃ་ཨ་ཧཾ། ཞེས་དཔུང་པ་ལ་གདགས་ཤིང་མདུད་པ་གསུམ་གསུམ་བྱའོ། །བཅུ་གཉིས་པ་སྙིང་པོ་དཔོག་པ་དང་ཕྲེང་བ་གཏད་ལ། དེ་ནས་སྙིང་པོ་དཔོག་པར་བྱ་སྟེ། འདས་དང་མ་བྱོན་ད་ལྟ་དུས་གསུམ་ལྷ། །དུས་གསུམ་བདེ་གཤེགས་ཐུགས་ཀྱི་སྙིང་པོ་འདི། །ད་ལྟ་ཉིད་དུ་ཁྱོད་ལ་དཔོག་པར་བྱ། །ཧཱུྃ་བཛྲ་དྷྲྀཀ྄ །ཅེས་བྱ་བ་ལ་སོགས་ཀྱིས་དཔོག །དེ་ནས་ཕྲེང་བ་གཏད། ཧཱུྃ། རིག་པ་སྲོག་གིས་འབྲེལ་བའི་ཕྲེང་ཐག་ལ། །ཐབས་དང་ཤེས་རབ་འབྲེལ་བའི་ཕྲེང་བ་བརྒྱུས། །རྩེ་གཅིག་ལྷ་དང་འགྲོགས་པའི་ཏིང་འཛིན་གྱིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པར་བྱ། །བཛྲ་མཱ་ལེ་ཏྲཱཾ། བཅུ་གསུམ་པ་ཀུ་ཤ་གདིང་བ། དེ་ནས་ཡང་། ༀ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་བརླབས་པའི་རྩྭ་ཀུ་ཤའི་གདན་འདིང་ཞིང་སྦྱིན་པར་བྱའོ། །བཅུ་བཞི་པ་རྡོ་རྗེའི་གྲལ་དུ་བཞག་པ། དེ་ནས་ཡང་རྡོ་རྗེའི་གྲལ་དུ་བཞག་པ་ནི། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། །བསྙེན་སྒྲུབ་རྣམ་བཞི་བསྙེན་ཅིང་སྒྲུབ་པ་དང་། །ཡི་དམ་ལྷ་མཆོད་འཛབ་བསྙེན་བགྲང་བའི་ཕྱིར། །དམ་ཚིག་རྡོ་རྗེའི་གྲལ་དུ་མཆིས་པར་གནང་། །ཏིཥྛ་ས་མ་ཡ་ཧཱུྃ། ཞེས་ཚུལ་འདི་ལྟ་བུ་འདི་ནི་རྣལ་འབྱོར་པ་རེ་རེ་ལ་བྱ་བ་ཡིན་ཏེ། སྔར་མ་འདྲེས་པ་རྣམས་དང་དམ་ཚིག་བསྲེ་བ་ཡིན་ལ། འདྲེས་པ་རྣམས་ལ་བསྣན་པ་ཡིན་ཏེ། རྒྱུད་ལས་ཀྱང་། གསང་བའི་ལས་ལ་འཇུག་པའི་དུས། །མ་འདྲེས་པ་ཡི་མཆེད་ལྕམ་ལ། །བསྲེ་ཞིང་མནན་པ་མ་བྱས་ན། །བདེ་གཤེགས་རྒྱལ་བའི་ཐུགས་དང་འགལ། །ཞེས་གསུངས་པས། བསྲེ་བསྣན་བྱའོ། །བཅོ་ལྔ་པ་གཏང་རག་བཏང་བ། དེ་ནས་སློབ་མ་རྣམས་ཀྱིས། ཡི་དམ་ལྷ་དང་སློབ་དཔོན་ལ། རང་རང་གསང་མཚན་ནས་བརྗོད་དོ། བརྐྱང་ཕྱག་བྱས་ནས། ཡོན་ཕུལ། ཛ་གད་ཐོགས་ལ་གཏང་རག་བཏག་པ། དམ་ཚིག་དབང་དང་ཤེས་རྒྱུད་ལུང་སྟོན་ཅིང་། །ཚེ་འདི་ཉིད་ལ་འབྲས་བུ་མཐར་ཕྱིན་པའི། །བླ་མ་རྡོ་རྗེ་སློབ་དཔོན་རིན་པོ་ཆེ། །བཀའ་དྲིན་རྗེས་སུ་དྲན་ཕྱིར་གཏང་རག་གཏོང་། །ཞེས་བརྗོད་ལ་དྲང་ངོ་། །བཅུ་དྲུག་པ་མཆོད་པ་གཞུང་བསྲུང་བ། དེ་ནས་མཆོད་པ་གཞུང་བཞིན་དུ་བཤམས་ལ། རྒྱལ་ཐེབས་ཀྱིས་དཔུང་གཟུགས། ཀརྨས་ལས་གཞུང་བསྲང་། སྒྲུབ་པ་པོ་རྣམས་རང་རང་གི་ཡི་དམ་ལྷར་བསྒོམ་ཞིང་སྙིང་པོ་བཟླས། གོང་ལྟར་རྒྱུ་ལྔ་བསྒྲལ་བའི་ཤ་འབྲས་བུའི་བསྐང་བཤགས་བྱ། ཚོགས་ཀྱིས་མཆོད་པའི་རྗེས་ལ། ལྷ་དང་སློབ་དཔོན་རིག་འཛིན་སྲུང་མ་མཆོད། ཚོགས་ལ་རོལ་ནས། ཁྱད་པར་དུ་དམ་ཚིག་ཅན་དུ་གྱུར་པའི་མགྲོན་ལ། གཏོར་མ་དང་ལྷག་མ་བསྡུས་ཏེ་ཕུལ་ནས། ཕྲིན་ལས་དྲུག་ཏུ་བཅོལ་ཏེ། སྔོན་དཔལ་ཆེན་པོའི་སྤྱན་སྔར་ཁས་བླངས་ཤིང་དམ་བཅས་པ་བཞིན། བསྙེན་སྒྲུབ་ཟབ་མོ་འདི་ལ་དོ་ནུབ་ཞུགས་ནས། ནམ་མ་ཐོན་གྱི་བར་དུ། ཕྱིའི་དགྲ་བགེགས་ནང་དུ་མི་གཏོང་བ་དང་། ནང་གི་དངོས་གྲུབ་ཕྱིར་མི་གཏོང་ཞིང་དགྲ་བགེགས་ཀྱི་བར་ཆད་ཅི་ཡང་མི་འབྱུང་བར་མཛད་དུ་གསོལ། །ཞེས་བྱས་ལ་ལས་བཅོལ་ལོ། །བཅུ་བདུན་པ་རྨི་ལམ་བརྟགས་པ། དེ་ནས་ཉལ་ཏེ་རྨི་ལམ་བརྟག་པར་བྱའོ། །རྨི་ལམ་ངན་ན་སྤོག་པའི་ཆོ་ག་བྱའོ། །དེ་ལ་སྔོན་དུ་འགྲོ་བའི་རིམ་པས། བསོད་ནམས་ཀྱི་ཚོགས་བསགས་པ་དང་། འབྱུང་པོའི་གཏོར་མ་བཀྱེ་ཞིང་། ཕྱི་ནང་གི་མཚམས་བཅད་པ་དང་། སྟ་གོན་ལ་གནས་པའི་རིམ་པས་སྒྲུབ་པ་པོ་དབང་དང་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱའོ། །ཅེས་པའི་དོན་ཏོ། །སྦྱིན་བསྲེག་ཀྱང་བྱའོ། ༈ ༼༢༽ །དེ་ལ་མ་ཏྲཾ་མནན་པའི་ཕྲིན་ལས་གང་སྙམ་པ་ལ། དེ་ནས་དུར་ཁྲོད་བདག་པོ་དག །ཕྱག་རྒྱ་ཆེ་དང་ལྡན་པར་ནི། །ཅི་རིགས་སུ་ནི་ལས་རྣམས་བྱ། །ཞེས་གསུངས་ཏེ། དེ་ལྟར་སྔོན་དུ་འགྲོ་བའི་ལས་སོང་ནས། དུར་ཁྲོད་ཀྱི་བདག་པོ་མནན་པ་སྟོན་པ། དེ་ནས། ཞེས་བྱ་བ་བསྟན་ཏོ། །དེ་ལ་དུར་ཁྲོད་ཅེས་པ་ལ་བཞི་སྟེ། ལྟ་བའི་དུར་ཁྲོད་དང་། ལུང་གི་དུར་ཁྲོད་དང་། སྒྲུབ་པའི་དུར་ཁྲོད་དང་། གནས་ཀྱི་དུར་ཁྲོད་དོ། །དེ་ལ་ལྟ་བའི་དུར་ཁྲོད་ནི། སྣང་སྲིད་ཐམས་ཅད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོས་ཀྱི་སྐུ། རང་བྱུང་གི་ཡེ་ཤེས་ཆེན་པོའི་ཀློང་དེ་ལས། ཀུན་འབྱུང་ཞིང་རིལ་འདུས་པའོ། །ལུང་གི་དུར་ཁྲོད་ནི། ཀུན་གཞི་ཆོས་ཀྱི་དབྱིངས་ཀྱི་དུར་ལ། རྣམ་པར་ཤེས་པའི་ཚོགས་ནི་ཁྲོད་དོ། །སྒྲུབ་པའི་དུར་ཁྲོད་ནི། མ་ཏྲཾ་གི་ཁོག་པ་ཉིད་དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ་གྱུར་པ་སྟེ། འོག་ནས་འབྱུང་བ་ལྟ་བུའོ། །གནས་ཀྱི་དུར་ཁྲོད་ནི། ཁམས་གསུམ་འདི་ཉིད་ཡིན་ཏེ། དེ་ཡང་། བདག་པོ་དག །ཅེས་པས་བསྟན་ཏེ། དེ་ཡང་ཁམས་གསུམ་འདི་ཉིད་ལ། བདུད་མ་ཏྲཾ་རུ་ཏྲ་དབང་ཆེ་ཞིང་རྩལ་དྲགས་པ་དེའི་ཁུང་བཅད་ན། དོན་དྲུག་གིས་བསྟན་ཏེ། སྔོན་ཇི་ལྟར་བྱུང་བའི་གླེང་གཞི་བསྟན་པ་དང་། སྔོན་ཇི་ལྟར་བཏུལ་བའི་གླེང་གཞི་དང་། ད་ལྟ་འདུལ་བའི་ཐབས་བསྟན་པ་དང་། བཏུལ་ནས་གཞལ་ཡས་ཁང་དུ་བྱ་བ་དང་། ཕྲིན་ལས་རྣམ་པ་བཞིས་འཁོར་ཡན་ཆད་དབང་དུ་བསྡུས་ཏེ་སྤོབས་པ་མེད་པར་བྱ་བ་དང་། བཏུལ་བའི་དགོས་ཆེད་དོ། །དེ་ལ་༡༽དང་པོ་སྔོན་ཇི་ལྟར་བྱུང་བའི་གླེང་གཞི་ནི། སྔོན་བསྐལ་པ་གྲངས་མེད་པ། གང་གཱའི་ཀླུང་གི་བྱེ་མ་སྙེད། བརྒྱ་དགུ་བཅུ་འདས་པའི་ཕ་རོལ་དུ། སྲིད་པ་ནི་དང་པོ། བསྐལ་པའི་མིང་ནི་གདུལ་དཀའ་བ། འཇིག་རྟེན་གྱི་མིང་ནི་འབྱུང་དཀའ་བ་ཞེས་པ་དེར། སངས་རྒྱས་འཇིག་རྟེན་སྲིད་པའི་སྒྲོན་མ་ཞེས་བྱ་བ་འབྱུང་བའི་དུས་དེའི་ཚེ། སློབ་དཔོན་གྱི་མིང་ནི་རྒྱལ་བའི་འཁོར་ལོ་ཞེས་བྱ་བ་ཐུབ་དཀའ་གཞོན་ནུ་ཞེས་ཀྱང་བྱ། ཞིག་ལ། སློབ་མ་དགེ་སློང་ཐར་པ་ནག་པོ་ཞེས་བྱ་བ་ཞིག་ཡོད་པ་ལ། གསང་སྔགས་རྡོ་རྗེ་ཐེག་པའི་དོན་ནི། ལྟ་བ། སྤྱོད་པ། ཏིང་འཛིན། དབང་། དམ་ཚིག །མན་ངག་སྟེ་གསང་སྔགས་ཀྱི་མཐའ་དྲུག་ཏུ་བསྡུས་ཏེ་བསྟན་པ་ལས། སློབ་མས་དེ་ལྟར་མ་རྟོགས་ཏེ། བདག་དང་བདག་གིར་རང་ཀ་མར་རྟོག་པའི་དབང་གིས། ལུས་ནི་གཏུམ། ངག་ནི་ཁྲོ། སེམས་ནི་གདུག་པར་གྱུར་ཏོ། །དེ་ལྟར་གྱུར་པས། གབ་པའི་གསང་བ་ཆོས་ཉིད་ཀྱི་དོན་རང་ལ་རང་ཆས་སུ་ཡོད་པ་མ་རྟོགས་པར། སྦས་པའི་གསང་བ་སྦྱོར་སྒྲོལ་རང་ཀ་མ་ལ་མངོན་པར་འཆེལ་བའི་དབང་གིས། སྲིད་པའི་ས་བོན་རྩུབ་མོས་འཕངས་ནས། དམྱལ་བ་ཚ་གྲང་གི་གནས་སུ་བསྐལ་པ་སྟོང་ཕྲག་བཅུ་གཉིས་སུ་སྡུག་བསྔལ་ཉམས་སུ་མྱོང་བ་བྱས་སོ། །དེར་ལས་ཀྱི་སྒྲིབ་པ་ཁད་ཀྱིས་སྲབ་ནས། ཡི་དྭགས་ཀྱི་གནས་སུ་སྐྱེས་ཏེ། དེར་བསྐལ་པ་སྟོང་ཕྲག་དྲུག་ཏུ་སྡུག་བསྔལ་ཉམས་སུ་མྱོང་བར་བྱས་སོ། །དེ་ནས་ལས་ཀྱི་རྣམ་པར་སྨིན་པ་ཁང་ཀྱིས་སྲབ་ནས། སྔོན་གྱི་ལས་ཀྱི་སྲིད་པས་མཚམས་སྦྱར་ནས། ཡབ་དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་དང་། ཡུམ་ཨུ་མ་དེ་ཝའི་བུར་སྐྱེས་ཏེ། བདུད་རུ་ཏྲ་རབ་ཏུ་ཁྲོ་ཞིང་གཏུམ་པ། གདུག་པ་ཅན་འཇིགས་པའི་གཟུགས་ཅིར་ཡང་སྤྲུལ་ནུས་པ། ང་རོ་དང་། དྲི་དང་། ཁ་རླངས་ཀྱིས་གཞན་ལ་གནོད་ཅིང་ཐམས་ཅད་སྐྱི་བུང་ཞེས་བྱེད་པར་སྐྱེས་ཏེ། རུ་ཏྲ་དེས་ཀླུའི་རིས་དང་། ལྷ་མ་ཡིན་གྱི་རིས་དང་། ལྷའི་རིས་འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་ཤིང་འདར་ཡེད་ཡེད་བཏང་བ། ཁོའི་གནས་ཁང་དུར་ཁྲོད་ཆེན་པོའི་གནས་རབ་ཏུ་འཇིགས་ཤིང་སྐྱི་གཡའ་བའི་གནས་ན། དུར་ཁྲོད་ཆེན་པོའི་ཁང་པ། ཐོད་པ་ཚར་གསུམ་ལས་བརྩིགས་པ་ལ་སོགས་པའི་ནང་ན། རོ་གསར་རྙིང་མང་པོས་གཏམས་ཤིང་། ཤ་ཁྲག་རུས་པ་རུལ་བལ་མྱགས་མནམ་པའི་ནང་དེ་ན། རུ་ཏྲ་དེ་དང་ལས་ཀྱིས་བསྟུན་པའི་ཡུམ་སྲིན་མོ་ཀྲོ་ཏི་ཤྭ་རི་མ་ཞེས་བྱ་བ། རབ་ཏུ་གདུག་ཅིང་མི་བསྲུན་པ་དང་གཉིས་ཁྱོ་ཤུག་ཏུ་གནས་སོ། །གཞན་ཡང་། རུ་ཏྲ་དེ་དང་ལས་ཀྱིས་བསྟུན་པའི་འཁོར། སྲིན་མོ་ཙ་སུ་ར་མུ་ཀ །ནཱ་ག་སུ་ར་མུ་ཀ །བྱེ་ཏྲི་མུ་ཀ །ན་གུ་ལ་མུ་ཀ །ཏི་ཏི་ལ་མུ་ཀ །རིག་ཤ་མུ་ཀ །དག་ཤ་མུ་ཀ །མ་ཀ་ར་མུ་ཀ །བྲི་ཙུ་མ་ཀ །ཙིཏྟ་མུ་ཀ །སྲི་ཀ་མུ་ཀ །བྱ་ཀྲི་མུ་ཀ །ཀྲྀ་ཏ་མུ་ཀ །ཧྲི་ར་ཧ་ཡ་མུ་ཀ །ཀ་སི་ར་མུ་ཀ །ཀུ་ཀུ་ར་མུ་ཀ །པག་ཤུ་མུ་ཀ །ཧ་རི་མུ་ཀ །ཙ་ཏི་མུ་ཀ །བ་ཡ་ས་མུ་ཀ །སུ་ཀ་ར་མུ་ཀ །ཀྲོ་ཏ་མུ་ཀ །ཧ་རི་མུ་ཀ །ཀ་ཀ་ལ་མུ་ཀ །ཀ་ཀི་ལ་མུ་ཀ །ཆོ་ལི་མུ་ཀ །བ་ན་མུ་ཀ །ཤྭ་ན་མུ་ཀ །འདི་རྣམས་ཀྱང་སྲིན་མོ་སྟེ། ཉི་ཤུ་རྩ་བརྒྱད་དངོས་དབང་ཕྱུག་མའོ། །ལྷ་ཆེན་པོ་ལ་སོགས་ཁྱོོ་ཉེར་བརྒྱད་དང་བཅས། སོ་སོའི་འཁོར་དང་བཅས། བྲན་དང་བཅས་པ། ཕྱི་རོལ་གྱི་འཁོར་ན་གནས་སོ། །དེ་ནི་རུ་ཏྲ་དེའི་བདག་འཛིན་ལས་གྱུར་པའི་འཁོར་རོ། །གཞན་ཡང་གནས་དེའི་གྲྭ་བཞིན། སྲིན་མོ་རོ་ག་མ་དང་། ནམ་གྲུ་མ་དང་། ཙ་མུན་ཏི་དང་། རེ་མ་ཏི་དང་བཞི་གནས་སོ། །རུ་ཏྲའི་ཁྲག་རུས་པ་དྲོད་དབུགས་ནང་གི་འབྱུང་བ་བཞི་ལས་སྤྲུལ་པའི་འཁོར་རོ། །གཞན་ཡང་། གནས་དེའི་ཤར་སྒོ་ན་རྟ། ལྷོ་སྒོ་ཕག །ནུབ་སྒོ་ན་སེང་གེ། བྱང་སྒོ་ན་ཁྱི་དང་བཞི་སྟེ། དེ་ནི་རུ་ཏྲའི་རྟག་ཆད་བདག་མཚན་བཞི་ལས་སྤྲུལ་པའི་འཁོར་རོ། །གནས་དེའི་སྒོ་མ་བཞིའོ། །གནས་དེའི་ནང་རོལ་ན། སེང་གེ་དང་། སྟག་དང་། ཝ་དང་། སྤྱང་ཀི་དང་། བྱ་རྒོད་དང་། ཀང་ཀ་དང་། བྱ་རོག་དང་། འུག་པ་སྟེ། འདི་རྣམས་རུ་ཏྲའི་ཚོགས་བརྒྱད་ཀྱི་ཡུལ་བརྒྱད་ལས་སྤྲུལ་པའི་འཁོར་རོ། །འདི་རྣམས་སེདྷ་མ་བརྒྱད་ཀྱི་མའོ། །གནས་དེའི་ནང་རོལ་ན། སྲིང་མོ་ལ་མ་གེ་རི། ཁ་འདའ་རོ་ཧ་རུ་པི་ནི། པྲ་མ་ཙན་དྷ། བེ་ཏ་ལི། ཙན་དྷ་ཁེ། བྲ་བ་བ་ཏི། མ་ཧཱ་པ་ན། བྱི་ར་མ་ཏི་མ། འདི་རྣམ་པར་ཤེས་པ་སྒོ་ལྔའི་རྣམ་ཤེས། ཡིད་ཤེས། ཀུན་གཞི། ཉོན་ཡིད། བརྒྱད་ལས་སྤྲུལ་པའི་འཁོར་རོ། །དངོས་ཀཻའུ་བརྒྱད་ཀྱི་མའོ། །དེ་རྣམས་ལ་དབང་བསྒྱུར་ཏེ། ཁམས་གསུམ་དང་། སྟེང་ལྷ་བར་མི་འོག་ཀླུ་སྟེ་སྲིད་གསུམ་ལ་དབང་བསྒྱུར་ཞིང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། རང་རང་གི་ཆ་ལུགས་འཇིགས་པར་བྱེད་པ། གདུག་བྱེད་ཀྱི་མཚོན་ཆ་སྣ་ཚོགས་ཐོགས་ནས། རྔམ་པའི་ང་རོ་སྒྲ་སྐད་སྣ་ཚོགས་པར་སྒྲོགས་ཤིང་། འཇིགས་པའི་གཟུགས་དང་། ང་རོ་དྲི་དང་ཁ་རླངས་སྣ་བུག་གཡས་གཡོན་ནས་ཚ་གྲང་གི་ནད་ཀྱིས་ཐམས་ཅད་སྐྱི་བུང་ཞེས་པ། རབ་ཏུ་འཇིགས་པའི་རླུང་ནག་དང་གྲང་བ་དང་ཚ་བའི་དུག་གིས་ཕྱོགས་བཅུ་ཀུན་ཏུ་སེམས་ཅན་ཀུན་ཁམས་འཁྲུགས་པར་བྱེད་པ། ནད་བཞི་བརྒྱ་རྩ་བཞིས་འདེབས་པར་བྱེད་པ། མྱོས་ཤིང་ཉམས་པར་བྱེད་པ། དུས་མ་ཡིན་པའི་དུས་དང་། བསྐལ་པ་མ་ཡིན་པའི་བསྐལ་པ་ཆེར་གཏོར་བར་བྱེད་པ། ཕྱིར་བཅུད་ནམ་མཁའ་དང་འབྱུང་བཞིའི་འཇིག་རྟེན་གསུམ་ལ་ཁྱབ་ཅིང་འཁྲུག་པར་བྱེད་པ། ནང་དུ་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ལ་ཁྱབ་ཅིང་འཁྲུག་པར་བྱེད་དོ། །དེ་ལ། དག་ཅེས་བྱ་བའི་སྒྲ་ནི་མང་པོ་ལ་སྙེགས་པ་སྟེ། དེ་ཡང་། རུ་ཏྲ་ལ་བརྒྱད་ཡོད་དེ། མ་ཏྲཾ་ཀ་རུ་ཏྲ་དང་། ཁ་ཏྲཾ་ཁ་རུ་ཏྲ་དང་། ཨ་ཀ་ར་ཤ་རུ་ཏྲ། སྲིན་པོ་རུ་ཏྲ། གཤིན་རྗེ་རུ་ཏྲ། བདུད་རུ་ཏྲ། གནོད་སྦྱིན་རུ་ཏྲ། དམ་སྲི་རུ་ཏྲའོ། །དེ་ལ་མ་ཏྲཾ་ཀ་རུ་ཏྲ་ནི། ཕྱིའི་ཡུལ་ལ་དངོས་པོར་བལྟས་ཤིང་མཚན་མར་རང་རྒྱུད་བཟུང་བ་ལས་བྱུང་སྟེ། སྣོད་ཀྱི་འཇིག་རྟེན་དང་སེམས་ཅན་རིལ་གྱི་ལུས་ལ་ཁྱབ་པར་གནས་སོ། །ཁ་ཏྲཾ་ཁ་རུ་ཏྲ་ནི། སེམས་ཅན་ཐམས་ཅད་ཀྱི་ནང་སེམས་ལ་ངར་འཛིན་ཅིང་རྟག་ཆད་གཉིས་སུ་ལྟ་བའི་ཕྱིན་ཅི་ལོག་གི་རྟོག་པ་ལས་སྐྱེས་ཏེ། བཅུད་ཀྱི་འཇིག་རྟེན་གྱི་སེམས་ཅན་གྱི་སེམས་ལ་ཁྱབ་པར་གནས་སོ། །ཨ་ཀར་ཤ་རུ་ཏྲ་ནི། ཐམས་ཅད་ལས་ལ་རྒྱུ་འབྲས་མེད་ཅིང་། མཐའ་ཆད་པར་ལྟ་བ་ལས་སྐྱེས་ཏེ། སེམས་ཅན་ཐམས་ཅད་ཀྱི་ངག་ལ་ཁྱབ་པར་གནས་སོ། །ཁམས་གསུམ་གྱི་བགེགས་ཐམས་ཅད་ཀྱང་འདི་ལས་སྐྱེས་ཏེ། དེ་ལྟར་ལུས་ངག་ཡིད་གསུམ་ལ། ཕྱིན་ཅི་ལོག་ཏུ་རྟོག་པའི་སྒྲིབ་པ་སྟུག་པོ་ནི། ཐར་པ་མྱ་ངན་ལས་འདས་པའི་བར་དུ་གཅོད་པའི་བདུད་ཆེན་པོ་སྟེ། ལས་ལས་སྐྱེས་པའི་བགེགས་གཞན་ཡང་དེར་འཇུག་གོ། །དེ་ལ་ནི་རུ་ཏྲ་རྣམ་པ་གསུམ་ཞེས་བྱ་སྟེ། དངོས་པོ་བདུད་མ་ཏྲཾ་ཀ་རུ་ཏྲ། ཞེས་བྱ་བ་དེ་ཡིན་ནོ། །དེའི་བཀའ་ཉན་བཞི་ནི། སྲིན་པོ་རུ་ཏྲ་སྟེ། སྲིད་པ་གསུམ་གྱི་སྲོག་དབུགས་ལ་དབང་བྱེད་དོ། །གཤིན་རྗེ་རུ་ཏྲ་ནི། སྲིད་པ་བར་མ་དོའི་གཤིན་རིལ་གྱི་བླ་སེམས་ལ་གནས་སོ། །བདུད་རུ་ཏྲ་ནི། སེམས་ཅན་རིལ་གྱི་ལུས་ལ་ཁྱབ་པར་གནས་སོ། །གནོད་སྦྱིན་རུ་ཏྲ་ནི། སེམས་ཅན་རིལ་གྱི་རླུང་མཁྲིས་བད་ཀན་འདུས་པ་ལ་གནས་སོ། །དངོས་འདི་བཞིས་སེམས་ཅན་རིལ་གྱི་སྲིད་དང་དབང་ཐང་སྲོག་དབུགས་ཐམས་ཅད་ལ་དབང་བྱེད་དོ། །དེ་དག་ཀུན་གྱི་ཕྱག་བརྙན་དམ་སྲི་རུ་ཏྲ་སྟེ། ཆོས་དཀར་པོ་དང་དབེན་རིལ་ཁྱབ་པར་རྒྱུ་ཞིང་གནས་སོ། །དེ་ལ། འདིར་བདུད་མ་ཏྲཾ་ཀ་རུ་ཏྲ་འཁོར་དང་བཅས་པ་གཏུམ་བག་ལངས་ཏེ། འཁོར་དང་བཅས་པ་གཡོས་ཏེ་ལྷའི་ཡུལ་དུ་ཕྱིན་པས། ལྷའི་དབང་པོ་བརྒྱ་བྱིན་འཁོར་ཉེ་དབང་སུམ་ཅུ་རྩ་གཉིས་དང་བཅས་པ་སྐྲགས་ཏེ། ཉེན་ཅིང་ཉམ་ཐག་ནས་ཚངས་པའི་དྲུང་དུ་ཉེ་བར་སོང་ནས། ཁྱེད་ནི་སྲིད་པ་ཐམས་ཅད་ཀྱི་བདག་པོ་འཇིག་རྟེན་གསུམ་ལ་མངའ་མཛད་པའི་མཐུ་བོ་ཆེ་ཡིན་པས་བདག་གི་སྐྱབས་མཛོད་ཅིག །ཅེས་བྱས་ཏེ་སྐྱབས་སུ་སོང་ནས། ཚངས་པས་སྲིན་པོ་འབར་བའི་གཟུགས་སུ་སྤྲུལ་ནས་རྒོལ་བས་རུ་ཏྲ་མ་ཐུབ་པས། དེ་ནས་ཚངས་པས་ཁྱབ་འཇུག་ལ་སྐྱབས་སུ་སོང་བས། ཁྱབ་འཇུག་གིས་འཁོར་ལོ་ནག་པོའི་རྫུ་འཕྲུལ་གྱིས་རྒོལ་བས་ཀྱང་མ་ཐུབ་བོ། །དེ་ནས་ཚངས་པ་དང་། ཁྱབ་འཇུག་དང་། ལྷའི་དབང་པོ་བརྒྱ་བྱིན་དང་བཅས་པ་རྣམས་ཀྱིས། ལྷ་ཆེན་པོ་མ་ཧཱ་དེ་བ་ལ་སྐྱབས་སུ་སོང་བས། བར་པ་དྲག་པོའི་རྫུ་འཕྲུལ་གྱིས་བརྒལ་བར་བྱས་ཀྱང་མ་ཐུབ། དེ་ནས་དེ་རྣམས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སྐྱབས་སུ་སོང་བས། སྐྱབས་དེ་བཙན་པར་གྱུར་ཏོ། །དེ་ལྟར་ལས་ཀྱི་རུ་ཏྲ་གདུག་པ་ཅན་དེས། ཀླུའི་རིས་དང་། ལྷ་མ་ཡིན་གྱི་རིས་དང་། ལྷའི་རིས་དང་། ཚངས་པའི་རིས་དང་། འོད་གསལ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་མན་ཆད་དབང་དུ་བསྡུས་སོ། །དེ་ཡང་རྒྱུད་ལས། སྔོན་ཚེ་འདས་པའི་དང་པོ་ལ། །སངས་རྒྱས་སྲིད་པའི་སྒྲོན་མ་བྱུང་། །སློབ་དཔོན་རྒྱལ་བ་འཁོར་ལོ་ཡིས། །སློབ་མ་དགེ་སློང་ནག་པོ་ལ། །གསང་སྔགས་མཐའ་དྲུག་བསྟན་པ་ལ། །དོན་དེ་གདེངས་དུ་མ་གྱུར་ཅིང་། །ལོག་པའི་ལུང་དུ་སྤྱད་པ་ཡིས། །དམྱལ་བ་ཡི་དྭགས་ཁ་འཁོར་ནས། །ཐ་མར་ལས་ཀྱི་སྲིན་པོར་སྐྱེས། ཁམས་གསུམ་འཁྲུགས་པའི་བདུད་དུ་གྱུར། །ཅེས་གསུངས་སོ། །ད་ནི་དེ་སྔོན་ཇི་ལྟར་༢༽བཏུལ་བའི་གླེང་གཞི་བརྗོད་དེ། དེ་ཡང་བུད་ཀ་ལ་ཡི་སྒྲས་དྲངས་ནས། གང་དུ་ཡང་འགྲོ་ཞེས་བྱ་སྟེ། དགེ་སློང་ནག་པོ་འཁོར་དང་བཅས་པ་དེ། ཡང་དམྱལ་བར་འགྲོ་སྟེ། དེ་གང་གིས་གཟིགས་ན། ཐར་པས་སྔོན་ཡི་དམ་གྱི་ལྷ་རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་སྟོབས་ཀྱིས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཐམས་ཅད་མཁྱེན་པའི་སྤྱན་རྣམ་པར་དག་པས་གཟིགས་ཏེ་ཐུགས་རྗེ་ཆེན་པོས་གདུལ་བར་དགོངས་ནས་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་ལུས་དང་གྲིབ་མའི་ཚུལ་དུ་བསྐྱེད་ནས། གཉིས་སུ་མེད་པའི་རོལ་པར་སྤྱད་པའི་གསང་བ་སེ་གོལ་གྱི་སྒྲས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་སུ་གསོལ་ནས། སངས་རྒྱས་ཐམས་ཅད་ཀྱིས་གདན་ཚོགས་གཅིག་ཏུ་བཀའ་བགྲོ་བ་མཛད་དེ། འདི་སྐད་དུ་གསུངས་ཏེ། ཀྱེ་ཀྱེ་འདུས་པའི་ཚོགས་ཆེན་དག །འདས་པའི་དུས་ན་སྔོན་བྱུང་བའི། །ད་ལྟར་དུས་འདིར་བྱུང་བའི་རུ་ཏྲ་སྟེ། །དེ་བཞིན་གཤེགས་པའི་གསུང་རབ་ལ། །བདག་ཉིད་ཆེན་པོ་རྟག་པ་རང་རྒྱུད་པར་བཟུང་བ་ཡིས། །ཁྲོ་བོའི་ཚུལ་དུ་སྔོན་བྱུང་བའི། །དུས་དེ་ཚེ་སེམས་ཅན་ཐམས་ཅད་ཀུན། །ཤིན་ཏུ་ཁྲོ་དྲག་གཏུམ་པ་ཡིས། །རུ་ཏྲ་དེ་འོ་དོད་འབོད་ཅིང་ངན་སོང་དུ་ལྟུང་བར་འགྱུར། །མི་བཟོད་ཆེན་པོའི་སྡུག་བསྔལ་ཏེ། །དུག་གསུམ་མཐའ་ལ་མངོན་ཞེན་པའི། །ཇི་ལྟ་བ་ཡི་ཐབས་ཀྱིས་གདུལ། །ཞེས་བགྲོས་པས། དེ་བཞིན་གཤེགས་པའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་ལ་སོགས་པ་གང་གིས་ཀྱང་ཐུལ་བར་མ་གྱུར་ནས། ཀུན་གྱིས་བཀའ་བགྲོས་ཏེ། རུ་ཏྲ་ནི་རྡོ་རྗེའི་རིགས་ཀྱིས་ཐུལ་ཅིག་པར་ལུང་བསྟན་པ་དང་། དཔལ་རྡོ་རྗེ་སེམས་དཔའི་ཐུགས་སུ་སྩོལ་ནས། སངས་རྒྱས་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་བ་སྤུའི་བུ་གར་བསྡུས་ཏེ་སྐུའི་དབྱིག་ཏུ་བརྒྱུད། རྡོ་རྗེའི་ལམ་དུ་ཕྱུང་། ཡུམ་གྱི་མཁའ་ལ་ཕབ། བྱང་ཆུབ་སེམས་ལས་ཡི་གེ་ཧཱུྃ་དུ་གསལ། ཧཱུྃ་དེ་ལས་དཔལ་ཧེ་རུའི་སྐུར་བསྐྱེད་དེ། དཔལ་ཧེ་རུ་ཀ་འཇིགས་བྱེད་ཡེ་ཤེས་ཀྱི་སྐུ་ལ། དུར་ཁྲོད་ཀྱི་རྒྱན་གྱིས་གསིབས་པ། བརྒྱད་པ་ཞེས་བྱ། གདུགས་བྱེད་ཀྱི་མཚོན་ཆ་ཕྱག་ན་བསྣམས་པ་ཞིག །དེ་བཞིན་གཤེགས་པ་ཀུན་གྱི་ངོ་བོར་གར་བཞེངས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རོལ་པ་ཆེན་པོ་རྒྱན་དུ་དཔའ་ཆེན་པོ་བཞུགས་སུ་གསོལ་ནས། རུ་ཏྲ་སྲིད་པ་གསུམ་གྱི་བདག་པོ་གདུལ་བའི་ཕྱིར། དཔལ་ཆེན་ང་རྒྱལ་ཆེན་པོའི་སྐུར་བསྟན་ཏེ། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ནས། ཁྲོ་བོ་དབང་ཕྱུག་མ་མངོན་དུ་ཕྱུང་སྟེ། གཉིས་སུ་མེད་པའི་བྱང་ཆུབ་སེམས་སྤྲིན་ལས། ཁྲོ་བོ་འཆོལ་བའི་དམག་ཕྱུང་ནས། སྲིན་པོ་རུ་ཏྲ་སྐྱམས་ལིང་ལ་སོང་པའི་ཤུལ་དུ། སྲིན་པོའི་གནས་སུ་ཡེ་ཤེས་ཀྱི་ལྷའི་དམག་དྲངས་ཏེ། བཅོམ་ལྡན་འདས་དཔལ་ཆེན་པོ་ཉིད་ཀྱིས་དུར་ཁྲོད་ཀྱི་གནས་དེར་བྱོན་ཏེ། སྲིན་པོའི་ཁང་ཁྱིམ་ནི་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས། དྲི་ཆེན་དྲི་ཆུ་རཀྟ་སོགས་འཁོར་བའི་འདམ་རྫས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ཏེ་རོལ། ཁྲོ་བོ་འཆོལ་བའི་དམག་གིས་སྲིན་པོའི་ཕྱི་འཁོར་ན་ཡོད་པའི་འདོད་ཁམས་ཀྱི་དབང་ཕྱུག་ཆེན་པོ་ཁྱོ་ཤུག་དང་བཅས་པ། དྲེགས་པ་ཅན་རྣམས་བཏུལ་ཏེ། ལ་ལ་བསྒྲལ། ལ་ལ་གདན་དུ་གཏིང་། ལ་ལ་མངག་པ་དང་ཕོ་ཉར་བྱས་སོ། །དེའི་ཆུང་མ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་པོ་དབང་དུ་བསྡུས་ཏེ། ཟིལ་གྱིས་མནན་ཏེ་གཟིར་བ་དང་། དབང་ཕྱུག་མ་རྣམས་ཀྱིས་དཔལ་ཆེན་པོ་ལ་སོ་སོའི་སྲོག་གི་སྙིང་པོ་ཕུལ་བ་དང་། དཔལ་ཆེན་པོས་ཀྱང་དམ་ལ་བཏགས་ཏེ། གསང་བའི་སྙིང་པོ་དམ་ཚིག་རྣ་བར་བཤུག་བླུགས་པ་ལས། ཤར་གྱི་དབང་ཕྱུག་མ་བདུན་གྱིས་མ་ལྟར་བྱམས་པར་ཁས་བླངས་པ་དང་། ལྷོའི་བདུན་གྱིས་སྲིང་མོ་ལྟར་བརྩེ་བ་དང་། ནུབ་ཀྱི་བདུན་གྱིས་མཛའ་མོ་ལྟར་གདུང་བ་དང་། བྱང་གི་བདུན་གྱིས་བྲན་མོ་ལྟར་ལས་བྱེད་པར་རྣམ་པ་བཞིར་ཁས་བླངས་ཏེ། དཔལ་ཆེན་པོས་དབང་བསྐུར་རོ། །དེ་ལ། མིང་གི་དབང་བསྐུར་བ། རྫས་ཀྱི་དབང་བསྐུར་བ། ཟས་ཀྱི་དབང་བསྐུར་བ། གནས་ཀྱི་དབང་བསྐུར་བའོ། །མིང་གི་དབང་བསྐུར་བ་ནི། ཁྱོ་མིང་ཆུང་མ་ལ་བཏགས་ཏེ། མིའི་སྲིན་པོའི་ཆུང་མ་ཡིན་པས་མི་སྲིན་མོ་དང་། དེ་བཞིན་ཚངས་པའི་ཆུང་མ་ལ་ཚངས་མ་དང་། ལྷ་ཆེན་པོའི་ལ་འཁྲུག་མ་དང་། ཁྱབ་འཇུག་གི་ཁྱབ་འཇུག་མོ་དང་། གཞོན་ནུ་གདོང་དྲུག་གི་གཞོན་ནུ་མོ་དང་། བརྒྱ་བྱིན་གྱི་དབང་མོ་དང་། ལྷ་གསང་བའི་དམར་མོ་དང་། ཉི་མའི་བདུད་རྩི་མོ་དང་། ཟླ་བའི་ཞི་བ་མོ་དང་། བེ་ཅོན་གྱི་བེ་ཅོན་མོ་དང་། སྲིན་པོའི་སྲིན་མོ་དང་། ཟ་བྱེད་ཀྱི་ཟ་བ་མོ་དང་། དགའ་བྱེད་ཀྱི་དགའ་བྱེད་མོ་དང་། སྟོབས་བཟང་གི་ར་རོ་ཁྲག་འཐུང་མྱོས་མ་དང་། གཤིན་རྗེའི་སྲིང་མོ་གཅིག་པུ་སྤྱོད་མ་དང་། འདོད་ལྷའི་ཡིད་འཕྲོག་མོ་དང་། ནོར་སྲུང་གི་གྲུབ་མོ་དང་། རླུང་ལྷའི་རླུང་མོ་དང་། གསོད་བྱེད་ཀྱི་གསོད་བྱེད་ཆེན་མོ་དང་། མེ་ལྷའི་མེ་མོ་དང་། ཕག་གི་ཕག་མོ་དང་། གཤིན་རྗེའི་རྒན་བྱེད་མོ་དང་། དབང་ལྡན་གྱི་སྣ་ཚོགས་མོ་དང་། ཆུ་ལྷའི་ཆུ་ལྷ་མོ་དང་། མ་ཧཱ་ཀཱ་ལའི་ནག་མོ་ཆེན་མོ་དང་། ར་མགོ་དམར་སེར་གྱི་ར་མགོ་དམར་སེར་མོ་དང་། སྲིན་བུམ་སྣའི་བུམ་སྣ་སྔོ་ནག་ཆེན་མོ་དང་། དྷ་ཤ་གྷྲི་བའི་གསུས་འཛིན་མ་རྣམས་སུ་བཏགས་སོ། །རྫས་ཀྱི་དབང་བསྐུར་བ་ནི། ལག་ཏུ་ལས་ཀྱི་རྡོ་རྗེ་རྩེ་གསུམ་པ་རེ་རེ་བྱིན་ནོ། །ཟས་ཀྱི་དབང་བསྐུར་བ་ནི། བཀའ་ཡི་ཕམ་ཕབ་ཁ་ཆུས་བཏབ་ཏེ་བྱིན་ནོ། །གནས་ཀྱི་དབང་བསྐུར་བ་ནི། དཀྱིལ་འཁོར་མུ་རན་ལ་བཞག་ནས་ལས་ཀྱི་གཉེར་བསྒོ་བ་ནི། དམ་ཚིག་གི་བྱ་ར་བར་བཞག་སྟེ་ཕྱི་རབས་ཀྱི་རྣལ་འབྱོར་པ་གང་དམ་ཚིག་གཞུང་དུ་སྲུང་བ་དེའི་འགོ་ཞིང་སྟོངས་གྲོགས་སུ་བྱ་བ་དང་། ཕྲིན་ལས་རྣམ་པ་བཞི་ལ་སོགས་པའི་ལས་གང་ཡང་གྲུབ་པར་བྱ་བར་དམ་བཅས་སོ། །གང་དམ་ཚིག་མི་བསྲུང་ཞིང་གཞུང་དུ་མི་སྤྱོད་པ། ལྟ་སྤྱོད་ལོག་པར་སྤྱོད་པ་དང་། ཁྱད་པར་དུ་ཚོམ་བུ་མཆེད་སྒྲུབ་པའི་ནང་དུ། རྒྱལ་བ་དང་བླ་མའི་བཀའ་ལས་ཉམས་པ་དང་། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་དང་། སྤྱིར་སྡིག་ལ་མི་འཛེམ་སྒོས་སྲོག་ལ་འཚེ་བས་སྲོག་ལས་ཉམས་པ་དང་། སྤྱིར་ཆོས་རྟགས་མི་བྱེད་སྒོས་ཐ་མལ་གྱི་རྟགས་ཚུལ་བྱེད་པ་རྟགས་ལས་ཉམས་པ་དང་། འདི་རྣམས་ཆོས་སུ་གང་འཛུད་པར་བྱེད་པ་དེ་ལ་ནི། དམ་ཚིག་གི་ཆད་པས་བཅད་དེ་གཉེར་བསྐོས་ཏེ་བཞག་གོ་དབང་མོས་ཀྱང་དམ་བཅས་སོ། །དེ་ནི་དྲེགས་པ་ཁྱོ་ཤུག་བཏུལ་ཞིང་དམ་ལ་བཏགས་པའི་གླེང་གཞིའོ། །དེ་ནས་དཔལ་ཆེན་པོས་དུར་ཁྲོད་ཀྱི་བདག་པོའི་གནས་ཀྱི་ནང་དུ་བྱོན་ཏེ་གཟིགས་པ་དང་། དུར་ཁྲོད་ཀྱི་མ་མོ་བཞི་ལ་མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་པ་ལས། གསང་བའི་མ་མོ་ཆེན་མོ་བཞི་བྱུང་སྟེ། དཀར་མོ་ཉི་མའི་མིག་གཅིག་པ་དང་། སེར་མོ་གློག་གི་བང་ཅན་མ་དང་། སྔོན་མོ་རླུང་གི་ཤུགས་ཅན་མ་དང་། ནག་མོ་ཀླུ་འདུལ་མ་དང་བཞི་བྱུང་སྟེ། ཡབ་ལྷའི་ཤས་ཆེ་བས་བཀྲ་ཤིས་ལ་ཉམས་དགའ་འོ། །མ་གནོད་སྦྱིན་མོ་ཤས་ཆེ་བས། ཁྲོ་གཉེར་དང་། རལ་པ་དང་། དམོད་པ་དང་། བསད་བཅད་ལ་དགའ་བ་བཞི་བྱུང་བ་ལས། དཔལ་ཆེན་པོས་མ་དང་བུར་བཅས་པ་དབང་དུ་བསྡུས་དམ་ལ་བཏགས་པས། སོ་སོའི་སྲོག་གི་སྙིང་པོ་ཕུལ་ཏེ། དམ་ཚིག་ལེགས་ཉེས་ཀྱི་ལས་གོང་བཞིན་དུ་བྱ་བ་དང་། ཁྱད་པར་དུ་སྦྱོར་སྒྲོལ་གཉིས་ཀྱི་བྱ་རར་བཞག་གོ། །དེ་ནས་སྒོ་བཞིར་བྱོན་ཏེ། རྟ་དང་ཕག་ལ་སོགས་པ་བཞི་ལ་མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་ལྷུམས་སུ་ཡི་གེ་ཛཿཧཱུྃ་བཾ་ཧོཿབཞི་བཞག་པ་ལས་སྒོམ་ཆེན་མོ་བཞི་བྱུང་སྟེ། ཡབ་ལྷའི་ཤས་ཆེ་བས། ལུས་ཀྱང་ལྷའི་སྐུར་བྱུང་བ་མཁྱེན་པ་དང་རིག་པར་ལྡན། མ་བྱོལ་སོང་གི་ཤས་ཆེ་བས། སོ་སོའི་མགོ་བརྙན་རྟ་ཕག་སེང་ཁྱི་དུ་ཡང་བྱུང་ངོ་། །དེ་ནས་དེའི་ནང་རོལ་དུ་བྱོན་པ་དང་། སེང་གེ་དང་། སྟག་ལ་སོགས་པ་ལ་མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་པ་ལས། ལྷུམས་སུ་ཧེ་བརྒྱད་བཞག་པ་ལས་ཕྲ་མེན་སེང་གེའི་མགོ་ཅན་དང་། སྟག་གི་མགོ་ལ་སོགས་པ་བརྒྱད་བྱུང་སྟེ། ཡབ་ལྷའི་ཤས་ཆེ་བས། ལུས་ཀྱང་ལྷར་བྱུང་ལ། མ་སྲིན་གྱི་ཤས་ཆེ་བས་སོ་སོའི་མགོ་བརྙན་དུ་ཡང་བྱུང་བ་ཡིན་ནོ། །དེ་ནས་ནང་རོལ་དུ་བྱོན་ནས་གཟིགས་པ་དང་། བདུད་དང་སྲིན་པོའི་བུ་མོ་སྲིན་མོ་ཀོའུ་རཱི་ལ་སོགས་པ་བརྒྱད་ལ་མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་དེ། ལྷུམས་སུ་ཧ་བརྒྱད་བཞག་པ་ལས་སྲས་ཁྲོ་མོ་བརྒྱད་བྱུང་སྟེ། ཡབ་ལྷའི་ཤས་ཆེ་བས་ལུང་ཀྱང་ལྷར་བྱུང་ལ། མཁྱེན་པ་དང་རིག་པར་ཡང་ལྡན། །མ་སྲིན་གྱི་ཤས་ཆེ་བས། རལ་པ་དང་། ཁྲོ་གཉེར་དང་། སྡང་མིག་གློག་ཏུ་འགྱུ་བ་བྱུང་ངོ་། །དེ་ནས་དཔལ་ཆེན་པོ་རུ་ཏྲའི་ཆ་ལུགས་སུ་བསྒྱུར་ནས། རུ་ཏྲའི་ཆུང་མ་སྲིན་མོ་ཀྲོ་ཏི་ཤྭ་རི་མའི་གམ་དུ་བྱོན་པ་དང་། ཟིལ་གྱིས་ནོན་ཏེ། ངམ་ཞིང་ངོ་མཚར་བའི་ཚིག ཨེ་མའོ། །བདག་གི་གྲོགས་པོ་རུ་ཏྲ་འདྲ་ན། དེ་བས་ཀྱང་ངོ་མཚར་ཞིང་དཔའ་བརྗིད་ཆེའོ། །ཞེས་གླེང་ངོ་། །དེ་ནས་དེ་ལ་མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་དེ། སྲོད་ལ་ཧེ། ཞེས་བརྗོད། གུང་ལ་རུ། ཞེས་བརྗོད། ཐོ་རེང་ཀ །ཞེས་བརྗོད་པས། སྲས་བཛྲ་ཧེ་རུ་ཀ །ཞལ་གསུམ་ཕྱག་དྲུག་པ་ཞིག་བྱུང་སྟེ། དེ་ནི་གསང་བའི་ཧེ་རུ་ཀ་ཞེས་བྱ་སྟེ། ཡབ་ལྷའི་ཤས་ཆེ་བས། ལུས་ཀྱང་ལྷའི་སྐུར་བྱུང་ལ་མཁྱེན་པ་དང་རིག་པར་དང་ཡང་ལྡན། མ་སྲིན་གྱི་ཤས་ཆེ་བས། ཁྲོ་གཉེར་དང་། སྡང་མིག་དང་། རལ་པ་གྱེན་དུ་འཁྱིལ་པར་བྱུང་བ་ཡིན་ནོ། །དེ་ནས་བདུད་རུ་ཏྲ་འཁོར་སྲིན་པོ་དང་གཤིན་རྗེ་ལ་སོགས་པ་དུར་ཁྲོད་ཀྱི་མ་མོ་བདུད་དང་བཅས་པས། རང་གི་སྙིང་པོ། མ་ཧཱ་རཀྴ་རུ་ལུ་རུ་ལུ་མ་མ་བྷྱོ་བྷྱོ། ཞེས་པ་དང་། རུ་ལུ་རུ་ལུ། ཞེས་པ་བཟློག་ཤིང་འོངས་པ་དང་། རང་གི་གནས་ཁྲོ་བོའི་གཞལ་ཡས་ཁང་དུ་བསྒྱུར་བ་དེ་ཉིད་ཀྱིས་སྐྲག་ཅིང་དངངས་ནས། འཁོར་རྣམས་ལ། རུ་ལུ་རུ་ལུ་ཞེས་བསྡུས་པས། འཁོར་རྣམས་ཀྱང་ག་ལ་འདུའོ། །དཔལ་ཆེན་པོས་རུ་ཏྲའི་སྙིང་པོ་དེ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བྱ་བར་བྱིན་གྱིས་བརླབས་ཏེ་བཟླས་པས། རུ་ཏྲའི་འཁོར་ཀུན་དཔལ་ཆེན་པོའི་འཁོར་དུ་གྱུར་ནས། རུ་ཏྲའི་ཤིན་ཏུ་ཡང་གཟི་བྱིན་ཉམས་པ་ལས། དཔལ་ཆེན་པོས་སྲས་ལ་སྒྲ་ཅིག་པའི་ལུང་སྩལ་བ་དང་། སྲས་བཛྲ་ཧེ་རུ་ཀས་འདི་སྒྲོལ་ཅིག་པར་ཐུགས་སུ་གསོལ་ནས། སྐུ་གསུམ་མཚོན་རྟགས་ཁ་ཊྭཱཾ་ཁ་རྩེ་གསུམ་པ་ཅིག་རུ་ཏྲའི་སྐེད་པར་བརྒྱབ་པས། འཇིག་རྟེན་གྱི་ཁམས་འདིར་ཕྱི་གན་རྐྱལ་དུ་འགྱེལ་ཏེ། དེ་ནས་རུ་ཏྲ་དེར་བསྒྲལ་ལོ། །ལུས་དང་སེམས་མ་ཉམས་པ་ཞིག་འཕྲལ་དུ་དམ་ཚིག་ལ་བཀོད་དེ། བྱང་ཆུབ་སེམས་དཔའི་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བར་མིང་བཏགས་ཏེ། འཇིག་རྟེན་གྱི་སྲུང་མ་ཆོས་སྐྱོང་དུ་དབང་བསྐུར་ནས་བཞག་གོ། །དངོས་མ་ཧཱ་ཀཱ་ལའོ། །ནག་པོ་ཆེན་པོ། རུ་ཏྲ་དེའི་རྣམ་པར་ཤེས་པ། ཨ་ཧཱུྃ། ཞེས་བྱིན་གྱིས་བརླབས་ཏེ། རྡོ་རྗེའི་རིགས་དང་། པདྨའི་རིགས་དང་། དེ་བཞིན་གཤེགས་པའི་རིགས་ལ་སྦྱོར་མཚམས་སུ་འཕངས་ནས་སྲས་ཀྱི་དམ་པར་བསྐྱེད། མ་འོངས་པའི་དུས་སུ་ཞིང་ཁམས་དེ་བཞིན་གཤེགས་པ་ཐལ་བའི་མཚན་གྱིས་བརྒྱན་པ་ཞེས་བྱ་བར་སངས་རྒྱས་པར་འགྱུར་རོ། །ཞེས་བྱ་བར་ལུང་བསྟན་ཏོ། །དེ་དག་ཐམས་ཅད་ལ། དངོས་རང་རྒྱུད་པ་དང་། སྤྲུལ་པ་གཉིས་ཡོད་དེ། སངས་རྒྱས་ཀྱི་ཐེག་པ་ཐུན་མོང་ལས་ནི། སྤྲུལ་པ་ནི་དུས་རེས་འགའ་འོང་། ཞེས་གྲགས་སོ། །ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་གསང་སྔགས་ལས་ནི། ཐམས་ཅད་སྤྲུལ་པ་ཡིན་ཡང་ཉེས་སྐྱོན་མེད་དོ། །ཞེས་པས་གྲགས་པ་ལས། འདིར་དངོས་དང་སྤྲུལ་པ་གཉིས་ཀ་ཡིན་པར་ཤེས་པར་བྱའོ། །དེ་ལ་དུར་ཁྲོད་ཀྱི་བདག་པོ་དེའི་རོ་ཉལ་ཐབས་གན་རྐྱལ་ཏེ། མགོ་ལྷོ་ནུབ་ཀྱི་མཚམས་སུ་བསྟན། རྐང་པ་བྱང་ཤར་གྱི་མཚམས་སུ་བསྟན་ནས། རོ་ལྷོ་ཡི་འཛམ་བུ་གླིང་དུ་བོར་ནས་ས་གཞིར་གྱུར་པ་ནི། དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ་གྱུར་ཏེ། དེ་ལ་ཕྱི་དུར་ཁྲོད་ཀྱི་གནས་ཕྱེད་དང་བརྒྱད་ནི། དུར་ཁྲོད་བསིལ་བའི་ཚལ་ཕྱེད་དུ་བརྩིའོ། །སིངྒ་གླིང་། བལ་ཡུལ། སཱ་ལའི་ཡུལ། ལི་ཡུལ། ཁ་ཆེའི་ཡུལ། ཨོ་རྒྱན་ཡུལ། ཟ་ཧོར་ཡུལ་ལོ། །ནང་དུར་ཁྲོད་ཀྱི་གནས་ཕྱེད་དང་བརྒྱད་ལ། ཡན་ལག་ལྔ་རོ་སྟོད་རོ་སྨད་ནང་རོལ། ནང་རོལ་ལ་ཕའི་རྒྱུ་མེད་པས་ཕྱེད་དུ་བརྩི། གསང་བ་དུར་ཁྲོད་ཀྱི་གནས་རྣམ་ཤེས་ཚོགས་བརྒྱད་ལ། ཀུན་གཞི་ཕྱེད་དུ་བརྩིའོ། །དེར་དྲེགས་པའི་ལྷ་བརྒྱད་དབང་ཕྱུག་ཆེན་པོ་སོགས་བསྒྲལ། རོའི་སྲུང་མར་སྲིན་མོ་ཀོའུ་རཱི་མ་བརྒྱད་བཞག །དེའི་གནས་རྟེན་དུ་རང་བྱུང་གི་མཆོད་རྟེན་རེ་རེ་བཞག་གོ། །དེའི་ཁོག་པ་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་སོ། །དབང་པོ་རྣམ་པ་ལྔ་འདོད་ཡོན་གྱི་ལྷ་མོ་ལྔར་བྱིན་གྱིས་བརླབས་སོ། །དངོས་གཞི་བདུད་རྩི་རྣམ་པ་ལྔ་བདུད་རྩི་ཆེན་པོར་བྱིན་གྱིས་བརླབས་སོ། །གཞན་ཡང་། སྙིང་དང་། ཁྲག་དང་། ཆུ་དང་། ཁ་རླངས་དང་། སྣ་རླངས་དང་། ལག་ཆའི་མདའ་དང་། རུས་པ་དང་། སེན་མོ་དང་། ཐལ་ཆེན་ལས་དྲག་པོ་བསྒྲུབ་པའི་གདུག་རྫས་སུ་བྱིན་གྱིས་བརླབས་སོ། །དུར་ཁྲོད་ཀྱི་ཆས་བརྒྱད་བགོ་བའི་གོས་གསུམ། བྱུག་པའི་རྩི་གསུམ། འདོགས་རྒྱན་གཉིས། དཔལ་གྱི་ཆས་བརྒྱད་དུ་བྱིན་གྱིས་བརླབས། རུ་ཏྲའི་འཁོར་ཐམས་ཅད་དབང་དུ་བསྡུས་ཤིང་། སྲོག་གི་སྙིང་པོ་བླངས་ནས་དམ་ཚིག་ཕོག་སྟེ། གསང་སྔགས་སྲུང་མར་དབང་བསྐུར་རོ། །དེ་ནི་སྒྲུབ་པའི་དུར་ཁྲོད་དོ། །དེ་ཡང་རྒྱུད་ལས། ཁམས་གསུམ་འཁྲུལ་པའི་བདུད་ཆེན་པོ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱས། །ནས་ཞི་བར་བསྟན་པས་འདུལ་མ་ཡིན། །ཁྲོ་བོར་གྱུར་ནས་བདུད་དེ་བསྒྲལ། །བསྒྲུབ་པའི་གནས་སུ་བྱིན་བརླབས་ཏེ། །བསྒྲལ་བའི་རྫས་ལ་ལོངས་སྤྱོད་མཛད། །ཅེས་གསུངས་སོ། །དེ་ལ་ད་ལྟ་གདུལ་བའི་ཐབས་༣༽བསྟན་པ་ལ་གཉིས་ཏེ། ལྟ་བས་གདུལ་བ་དང་། སྤྱོད་པས་འདུལ་བའོ། །དེ་གང་གིས་གདུལ་སྙམ་པ་ལ། ཕྱག་རྒྱ་ཆེ་དང་ལྡན་པར་ནི། །ཞེས་པས་བསྟན་ཏེ། དེ་ལ་ལྟ་བས་གདུལ་བ་ནི། ཤེས་རབ་ཀྱིས་གཡང་ས་བཅད་པ་སྟེ། མ་ཏྲཾ་ཀ་རུ་ཏྲ་ནི། ཕྱིའི་ཡུལ་ལ་དངོས་པོར་བཟུང་ལས་བྱུང་བས། སྣོད་ཀྱི་འཇིག་རྟེན་དང་ལུས་ལ་རང་བཞིན་མེད་པར་ཤེས་པས། མ་ཏྲཾ་ཀ་རུ་ཏྲ་དོན་གྱིས་བཏུལ་ལོ། །ཁ་ཏྲཾ་ཀ་རུ་ཏྲ་ནི། ནང་གི་སེམས་ལ་བདག་ཏུ་འཛིན་པ་ལས་སྐྱེས་པ་ཡང་། སེམས་ལ་ཕྱིན་ཅི་ལོག་གི་རྟོག་པ་མེད་དེ། སེམས་ཉིད་སྟོང་པར་ཤེས་པས། ཁ་ཏྲཾ་ཁ་རུ་ཏྲ་དོན་གྱིས་བཏུལ་ལོ། །ཨ་ཀར་ཤ་རུ་ཏྲ་ནི། མཐའ་ཆད་པར་ལྟ་བ་ལས་གྱུར་པ་ཡང་། ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྟེན་འབྲེལ་སྒྱུ་མར་སྣང་བས། ལྷའི་ཕྱག་རྒྱའི་དཀྱིལ་འཁོར་མངོན་དུ་སྣང་ལ། དེ་ཉིད་སྒྱུ་མའི་ཆོ་འཕྲུལ་རྒྱུན་མི་ཆད་པར་ཤེས་པས། ཨ་ཀར་ཤ་རུ་ཏྲ་དོན་གྱིས་བཏུལ་ལོ། །དེ་ལ་སྤྱོད་པར་གདུལ་བ་ནི། ལས་དང་བྱ་བས་འབྲས་བུ་ཡོད་པར་བྱ་བ་སྟེ། དེ་ལ་དོན་དགུས་བསྟན་ཏེ། གདུལ་བའི་གཉེན་པོ་གང་ཡིན་པ་དང་། རྒྱུ་ཅི་ལས་བྱུང་བ་དང་། རྐྱེན་ཅི་ལས་གྱུར་བ་དང་། འབྲས་བུ་ཅིར་སྨིན་པ་དང་། རིགས་གར་གཏོགས་པ་དང་། ལས་སྐལ་གྱི་སྤྱོད་པ་ཅི་བྱེད་པ་དང་། མ་བཏུལ་ན་སྐྱོན་ཅི་ཡོད་པ་དང་། བཏུལ་བ་ལ་ཡོན་ཏན་ཅི་ཡོད་པ་དང་། རྣལ་འབྱོར་པ་ཇི་ལྟ་བས་གདུལ་བར་བསྟན་པའོ། །དེ་ལ་གདུལ་བའི་དངོས་པོ་གང་ཡིན་པ་ལ་གཉིས་ཏེ། གདུལ་བྱའི་སྔོན་དུ་བྱུང་བའི་གླེང་གཞི་གོང་དུ་བཤད་པས་ཤེས་པར་བྱ་སྟེ། དེ་ལ་བརྒལ་བ། བདུད་མ་ཏྲཾ་ཀ་རུ་ཏྲ་གདུག་པ་ཅན་དེ་སྔོན་ལྟར་བདེན་ན། དཔལ་ཆེན་པོས་བསྒྲལ་ཟིན་ན་ད་ལྟ་གདུལ་ཞིང་བསྒྲལ་ཅི་དགོས། སྔོན་མ་བཏུལ་ན་ནི་ད་མནན་ཡང་མི་ནོན་ནོ། །ཞེ་ན། དེ་ཡང་གདུལ་ཞིང་མནན་དགོས་ཏེ། དེ་ཡང་བདུད་རུ་ཏྲ་ཡང་འཁོར་བའི་ས་བོན་རྩུབ་མོ་དང་ལྡན་པ་ཡིན་པས། ཤ་ཁྲག་ཐིག་པ་རེ་རེ་ལུས་པ་ལས་ཀྱང་། བག་ཆགས་ངན་པ་ལངས་ཤིང་རྣལ་འབྱོར་སྒྲུབ་པ་པོའི་བར་གཅོད་དུ་འོངས་པས། དེ་མནན་ཏེ་ད་ལྟ་ཡང་རྣལ་འབྱོར་པ་བདག་ཉིད་ཀྱང་། སྐུ་གསུམ་ཡེ་ཤེས་ཀྱི་སྤྲུལ་པ་ཡིན་ཏེ། དཔེར་ན་ཕ་ཚབ་བུས་བྱས་པའམ། རྗེས་ལས་ཁོལ་གྱིས་བྱས་པ་དང་འདྲའོ། །ད་ལྟ་གདུལ་བའི་དངོས་པོ་གང་ཡིན་པ་ལ་གཉིས་ཏེ། དངོས་པོར་སྣང་བ་དང་། མི་སྣང་བ་གཉིས་སུ་སེམས་པར་བྱ་སྟེ། དངོས་པོར་སྣང་བ་ནི། གསང་སྔགས་ཀྱི་མཐའ་དྲུག་ལ་མ་ཞུགས་ཤིང་དོན་དང་མི་ལྡན་པར་སྤྱོད་པ་སྟེ། དེ་ཐབས་ཀྱིས་གདུལ་ཞིང་འཁོར་བའི་གཡང་སར་མི་བཏང་བའོ། །དེ་ལ་དངོས་པོར་མི་སྣང་བ་ནི། སྔགས་པ་གསང་སྔགས་ཀྱི་མཐའ་དྲུག་དང་མི་ལྡན་པ་སྟེ། སྔགས་པ་ལྟ་བ་ལོག་པ་ནི། །རུ་ཏྲ་ཀུན་གྱི་དེད་དཔོན་ཡིན། །ཞེས་གསུངས་པ་ལྟར། དམ་ཉམས་ཤིང་དམན་པའི་ལྟ་བས་བགེགས་ཀྱི་གནས་སུ་སྐྱེས་པ་དང་། དེས་བསྒྲུབ་ཤིང་རྫས་སུ་སྤྱད་པའི་གནས་བོར་བ་དེ་ནི། དམ་སྲིར་སོང་ནས་རྣལ་འབྱོར་སྒྲུབ་པོ་ཐམས་ཅད་ལ་དུས་དེར་འཇུག་ཏུ་འོང་སྟེ། དེ་ས་བོན་རྩུབ་མོས་བཏབ་པ་གདུག་པའི་དབལ་ཅན་ཡིན་པས། དེའི་རྒྱུད་ལ་རུ་ཏྲ་རྣམ་པ་གསུམ་ཆར་ཚང་བས། དེ་གདུལ་ཞིང་མནན་ནོ། །དེ་ཡང་རྒྱུད་ལས་གསུངས་པས། སེམས་དཔའ་རྡོ་རྗེས་སྨྲས་པ། སེམས་དཔའ་ཆེན་པོ་གསང་བའི་བདག་པོ་ཉོན་ཅིག །ལོག་པའི་དཀའ་ཐུབ་དྲག་པོ་ཅན་གྱི་སེམས་ཅན་འདི་ནི། ལེགས་པའི་རྒྱུ་རྐྱེན་ལས་ནི་མ་བྱུང་གིས། ཉེས་པའི་རྒྱུ་རྐྱེན་ལས་བྱུང་སྟེ། རྒྱུ་ནི། གཟུང་འཛིན་གྱི་རྟོག་པ་ལས་བྱུང་ངོ་། །རྐྱེན་ནི། གསང་བའི་བཀའ་ཟབ་མོ་སྤྱད་ཉེས་པ་ལས་བྱུང་ངོ་། །འབྲས་བུ་ནི། ཉོན་མོངས་པ་ལྔར་སྨིན་ནི། །རིགས་ནི། འཁོར་བའི་རིགས་ཅན་དེ་གདོལ་པ་ཅན་གྱི་འབྱུང་པོར་བཏགས་སོ། །ལས་སྐལ་གྱི་སྤྱོད་པ་ནི། ཆགས་སྡང་གི་སྤྱོད་པ་ཆེན་པོ་ལ་ཞེན་པའོ། །མ་བཏུལ་བའི་སྐྱོན་ནི། ལྷ་དང་མིའི་སྲིད་པ་བརླག་སྟེ། ཁ་ལོ་ལོག་པར་བསྒྱུར་ནས། སངས་རྒྱས་ཀྱི་ཞིང་ཁམས་སྟོང་སྟེ། འཁོར་བ་ནི་ལྟེ་ཆད་དུ་ལུས་ལ། སངས་རྒྱས་ནི་གཉེན་རིས་སུ་ལུས་ནས། སེམས་ཅན་ལ་མི་ཕན་པའི་སྐྱོན་ཡོད། བཏུལ་བའི་ཡོན་ཏན་ནི། དུག་གསུམ་རྩ་ནས་བཅད་དེ། འཁོར་བ་དབྱིངས་ཕྱུང་ནས། འཁོར་བ་ཆོས་ཉིད་དུ་གྱུར་ཏེ། སངས་རྒྱས་ཀྱི་ཞིང་ཁམས་དག་པར་བྱས་པའི་ཡོན་ཏན་ཡོད་དོ། །ཅེས་གསུངས་སོ། །དེ་ལ་རྣལ་འབྱོར་པ་ཇི་ལྟ་བུས་འདུལ་བ་ནི། གསང་སྔགས་ཀྱི་མཐའ་དྲུག་རྫོགས་ཤིང་། ཡོ་བྱད་གཉིས་ལ་ལོངས་སྤྱོད་པར་ཤེས་པས་གདུལ་ཏེ། དེ་ཡང་རྣལ་འབྱོར་པ་རྣམས་སྐུ་གསུམ་ཕྱག་རྒྱ་བཞི་དང་ལྡན་པར་བསྒོམ་པའི་སྟོབས་ཀྱིས་འདུལ་བ་དང་། དུར་ཁྲོད་ཀྱི་བདག་པོ་དངོས་པོར་དགུག་ཅིང་འདུལ་བའོ། །དེ་ལ་སྐུ་གསུམ་ཕྱག་རྒྱ་བཞི་བསྒོམ་པ་ཡང་། དང་པོ་ཁོ་བོ་སྔོན་བྱུང་གི་གླེང་གཞི་བརྗོད་པར་བྱ་སྟེ། འདས་པའི་དུས་ན་སྔོན་བྱུང་བའི། །བདག་ཉིད་ཆེན་པོར་བརྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འདིའི་ཚིག་རྐང་པ་གཉིས་གོང་དུ་གོ་རིམ་དཀྲུག་འདུག་ཀྱང་གཞུང་གཞན་ནས་འདི་ལྟར་འབྱུང་བས་སོར་བཞག་བྱས། གོ་དོན་ཡང་གདུལ་བྱ་གདུལ་བྱེད་སོ་སོར་འགྲེལ་ཆོག་པ་འདྲ་སྙམ་པས་ཕྱི་རབས་པས་དཔྱད་པར་ཞུ། འགྲོ་བའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཁྲོ་གཏུམ་གདུག་པར་གྱུར། །ཤིན་ཏུ་ཁྲོ་གཏུམ་གདུག་པ་ཡིས། །འོ་དོད་འབོད་ཅིང་ལྟུང་བར་གྱུར། །ཅེས་བརྗོད་དེ། སྐུ་གསུམ་ནི། དེ་བཞིན་ཉིད་དེ་མི་རྟོག་པ་དང་། ཀུན་ཏུ་སྣང་སྟེ་འོད་ཀྱི་ཏིང་འཛིན་དང་། རྒྱུའི་ཏིང་ངེ་འཛིན་ཧཱུྃ་དུ་གསལ་བའོ། །ཧཱུྃ་དེ་ལས་ཨེ་འཕྲོས་ཤིང་མཆེད་པ་ལས་སྣང་སྲིད་རིལ་ཨེ་གྲུ་གསུམ་མཐའ་དང་དབུས་མེད་པ་འོད་ཟེར་མཐིང་ཀ་འཁྲུགས་ཤིང་འཁྱིལ་བར་བསྒོམ་མོ། །དེའི་དབུས་སུ་མ་ལས་ཉི་མའི་དཀྱིལ་འཁོར་ལྟེ་བ་ཡར་ལྟ་ཞིག་བསྒོམ་མོ། །དེའི་སྟེང་ཧཱུྃ་མཐིང་ནག་འབར་བ་དེ་གསལ་བར་བསྒོམ་ལ། བསྐུལ་བ། ཧཱུྃ། ཤིན་ཏུ་ཁྲོ་གཏུམ་གདུག་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ཡིས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོའི་ཚུལ་འཆང་ཁྲོས་པ་ཡིས། །སྲིད་པ་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། ཁམས་གསུམ་མ་ལུས་སྨོས་ཅི་དགོས། །ཞེས་བརྗོད་ལ། ཕྱག་རྒྱ་བཞི་དང་ལྡན་པའི་སྟོབས་ཀྱིས། ཧཱུྃ་བཞིས་ཏིང་ངེ་འཛིན་གྱི་རྩལ་སྦྱངས་ཏེ། དེ་ལ་ཧཱུྃ་བརྗོད་པ་དང་པོས་ནི། བདག་གི་བའི་རྒྱུད་ཡི་གེ་ཧཱུྃ་འོད་དུ་འབར་བར་བསྒོམ་མོ། །ཧཱུྃ་གཉིས་པས་ནི། དེ་ལས་འོད་ཟེར་བསྐལ་པའི་མེ་དཔུང་ལྟ་བུ་ཕྱོགས་བཅུར་འཕྲོ་བའོ། །ཧཱུྃ་གསུམ་པས་ནི། དེ་ལས་སྤྲུལ་པ་མང་པོ་འཕྲོས་པས་མ་རུངས་པའི་ཚོགས་ཀུན་བཏུལ་ལོ། །ཧཱུྃ་བཞི་པས། སྤྲུལ་པ་དེ་དག་ཀུན་སླར་འདུས་པ་ལས། ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ྄། ཅེས་བརྗོད་པས། བདག་ཉིད་དཔལ་ཆེན་ཤྲཱི་ཧེ་རུ་ཀ །ཞལ་གསུམ་པ་ལ། ཕྱག་དྲུག་པའམ། དབུ་དགུ་ལ། ཕྱག་བཅོ་བརྒྱད་པ། གཡས་གཡོན་དང་པོ་རྡོ་རྗེས་དུང་ཆེན་དཀྲུགས་ཤིང་རྔུབ་པ། གཡས་འོག་མ་བརྒྱད་ན་ཀོའུ་རཱི་མ་བརྒྱད། གཡོན་འོག་མ་བརྒྱད་ན་ཕྲ་མེན་མ་བརྒྱད། ཞབས་འབར་བ་བརྒྱད། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པ། ཐུགས་ཀ་ན་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་ལ་འཚེར་བ་གཅིག་དང་། ཧཱུྃ་དམར་ལ་དྭངས་པ་ཞིག་བརྩེགས་མར་བསྒོམ་པ་ནི། གཙོ་བོའི་སྐུ་ཕྱག་རྒྱ་ཆེན་པོའོ། །དེའི་གཡོན་དུ། ༀ་བཛྲ་མ་ཧཱ་ཀྲོ་ཏི་ཤྭ་རི་ས་མ་ཡ་སྟྭཾ། ཞེས་བརྗོད་པས། ཡུམ་ཀྲོ་ཏི་ཤཱ་རི་མ་སྐུ་ལྷག་གིས་གསལ་བ་ནི། ཡུམ་དང་མི་འབྲལ་བ་དམ་ཚིག་གི་ཕྱག་རྒྱའོ། །དེ་ནས་ཡབ་ཡུམ་གཉིས་སུ་མེད་པའི་འཕྲོ་འདུ་ལས། ཁྲོ་བོ་དང་ཁྲོ་མོ་དཔག་ཏུ་མེད་པའི་འཕྲོ་འདུ་མང་པོས། དྲེགས་པ་ཅན་བཏུལ། སླར་འདུས་པ་ལས། ཁྲོ་བོ་བཅུ་དང་ཀ་སེང་སྒོ་མ་དང་བཅས་པར་བསྒོམ་པ་ནི། འཕྲོ་འདུ་ལས་ཀྱི་ཕྱག་རྒྱའོ། །དེ་ཙམ་ན་དོན་ཆོས་ཉིད་མཉམ་པ་ཉིད་ལས་མི་འདའ་བ་ནི། ཞི་བ་ཆོས་ཀྱི་ཕྱག་རྒྱའོ། །དེ་ལྟར་གསལ་བས་བསྐུལ་བ། གདུལ་དཀའ་མ་ལུས་གདུལ་བའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དམ་ཚིག་ལ་སྡང་རྣམ་སྦྱོར་ཕྱིར། །དུ་ཁྲོད་གར་གྱི་ཕྱག་རྒྱར་གསལ། །ཞེས་བརྗོད་དོ། །དེ་ཡང་རྒྱུད་ལས། ཆོས་ཉིད་མི་གཡོ་ཕྱག་རྒྱ་ཆེན་པོའི་ངང་། །ཆོས་ཀྱི་སྐུ་ལས་བཞེངས་ནས་ཀྱང་། །སེམས་ཅན་ཐམས་ཅད་ཁྲོ་བའི་ཕྱིར། །རྡོ་རྗེ་ཡང་ནི་ཁྲོ་བར་བྱ། །ཞེས་གསུངས་སོ། །དུར་ཁྲོད་ཀྱི་བདག་པོ་དངོས་པོར་དགུག་ཅིང་བསྒྲལ་བ་གང་སྙམ་པ་ལ། ཅི་རིགས་སུ་ནི་ལས་རྣམས་བྱ། །ཞེས་གསུངས་ཏེ། དེ་ལ། ཅི་རིགས་སུ་ནི། ཞེས་བྱ་བའི་སྒྲས། སྔར་བླ་མའི་དབང་དག་གདམས་ངག་ཐོབ་པའི་རྗེས་ལ། རང་རིག་པའི་རྩལ་དང་ལྡན་པ་དེས་ལག་ཏུ་བླང་བའི་རིམ་པ་ལ། ཆོ་ག་རྒྱས་འབྲིང་དང་། ལང་གོང་འོག་ཀུན། མན་ངག་རྒྱས་བསྡུས་སུ། དུས་དང་གནས་སྐབས་ཀྱི་སྤྱིར་ཤེས་པར་བྱའོ། །དེ་ལ་འདིར། ལས་རྣམས་བྱ། །ཞེས་པ་ལ། གཉིས་ཏེ། ཁྱད་པར་གྱི་ལས་དང་། སྤྱི་ཡི་ལས་སོ། །དེ་ལ་ཁྱད་པར་གྱི་ལས་ནི། ངག་དོན་དུ། ཁྱད་པར་གྱི་ལས་ལ་དོན་བཅུ་དྲུག་གོ། །དང་པོ་གཟུགས་བྲི་བ། གཉིས་པ་དགུག་པ། གསུམ་པ་བསྟིམ་པ། བཞི་པ་དམ་ལ་བཞག་པ། ལྔ་པ་ཟིལ་གྱིས་མནན་པ། དྲུག་པ་བསྒྲལ་བ། བདུན་པ་འགྱེལ་བ་ལ་ཤ་ཟན་གཏོད་ཅིང་བརྫི་བ། བརྒྱད་པ་མ་ཏྲཾ་ཁོག་པ་སྒོའི་ཚུལ་དུ་ཕྱེ་བ། དགུ་པ་ཁོག་པ་དངོས་ཁ་ཕྱེ་བ། བཅུ་པ་སྲས་སུ་བསྐྱེད་པ། བཅུ་གཅིག་པ་ཁོག་པ་གཞལ་ཡས་ཁང་དུ་བྱ་བ། བཅུ་གཉིས་པ་གཏོར་མ་བྱིན་ཏེ་སྒོ་སྲུང་དུ་གཉེར་བསྒོ་བ། བཅུ་གསུམ་པ་མ་ཏྲཾ་གནས་སྤར་ཆོས་རྒྱལ་ལ་གཏང་རག་བཏང་བ། བཅུ་བཞི་པ་སྒོ་འབྱེད་གཅོད་དང་མཚམས་གཅོད་པ། བཅོ་ལྔ་པ་མ་མོ་བརྒྱད་སྤྱན་དྲངས་པ། བཅུ་དྲུག་པ་ཕྲ་མེན་མ་བསྒོམ་པའོ། །དང་པོ་གཟུགས་བྲི་བ་ནི། དུར་ཁྲོད་ཀྱི་བདག་པོ་མ་ཏྲཾ་གི་གཟུགས། ཐལ་ཆེན་གྱིས་རི་མོར་བྲིས་ལ། དེའི་སྙིང་གར་ཡི་གེ་ཏྲི་ཞེས་བྲིའོ། །རྟེན་དེ་ལ་བཅས་ཏེ། མ་ཏྲཾ་ཀ་རུ་ཏྲ་པྲེ་ཏ་ཛྭ་ལ་ཡ། ཞེས་བརྗོད་པས། དུར་ཁྲོད་ཀྱི་བདག་པོ་མ་ཏྲཾ་ཀ་རུ་ཏྲ་མདོག་ཐལ་སྐྱ། མཐའ་ཐུག་པ་མེད་པ། ལུས་རི་རབ་བས་ཀྱང་ཆེ་བ། འཁོར་མ་མོ་བདུན་དང་བཅས་པར་བསྐྱེད་དོ། །གཉིས་པ་དགུག་པ་ནི། དེ་ལ་འཇིག་རྟེན་པའི་རུ་ཏྲ་དྲག་པོ་རང་གི་གནས་ནས་དགུག་པ། ཧཱུྃ། ཡང་དག་གསང་བའི་དཀྱིལ་འཁོར་འདིར། །ནག་མོ་རུ་ཏྲ་གདུལ་པ་དང་། །མ་ཏྲཾ་ཐམས་ཅད་མནན་པའི་ཕྱིར། །འབྱུང་པོ་མང་པོ་བདག་ལ་གསོན། །དབང་ཕྱུག་ཆེན་པོ་དྲེགས་པ་ཅན། །འཚེ་བའི་བདག་པོ་ཚེ་དང་སྲོག །ཐུགས་རྗེའི་ངང་དང་ཤེས་རབ་དང་། །ཐབས་ལ་མཁས་པའི་བྱིན་རླབས་ཀྱིས། །འགྲོ་བ་ཐམས་ཅད་བསྐྱབ་མཛད་ཕྱིར། །བདུད་དང་གཤིན་རྗེ་འཁོར་བཅས་ཀུན། །གཉིས་མེད་རོལ་པའི་ཕྱག་རྒྱ་ཡིས། །ཐུགས་རྗེའི་ལྕགས་ཀྱུས་དགུག་པར་བྱའོ། །ཛཿཧཱུྃ་བཾ་ཧོཿ མ་ཏྲཾ་ཀ་རུ་ཏྲ་ཛཿཛཿཧཱུྃ། ཁ་ཏྲཾ་ག་རུ་ཏྲ་ཛཿཛཿཧཱུྃ། ཨ་ཀཪྴ་རུ་ཏྲ་ཛཿཛཿཧཱུྃ། ཞེས་བརྗོད་པས། བདག་ཉིད་དཔལ་ཆེན་ཀྱི་ཐུགས་ཀ་དང་། བ་སྤུའི་བུ་ག་དང་། གསང་བའི་གནས་ཐམས་ཅད་ནས། ཁྲོ་བོ་དང་ཁྲོ་མོ་དང་ཛཿཧཱུྃ་བཾ་ཧོཿ ཕྱག་རྒྱ་བཞི་དང་བཅས་པར་འཕྲོས་པས། མ་ཏྲཾ་ཀ་རུ་ཏྲ་འཁོར་སྤྲུལ་པ་དང་བཅས་པ་མདུན་དུ་བཀུག་པར་བསྒོམ་མོ། །གསུམ་པ་བསྟིམ་པ། དེ་ནས་ཡང་། ཧཱུྃ། མ་ཏྲཾ་གི་ནི་རྣམ་ཤེས་ཏེ། །ངེས་པར་གཟུགས་ལ་ཕབ་ནས་ནི། །ལས་ལ་བབ་པའི་རྣལ་འབྱོར་པས། །དུས་ལ་བབ་པོ་ས་མ་ཡ། །སརྦ་ས་མ་ཡེ་ཧེ་ས་ཏི་སྟྭཾ། །ཞེས་བརྗོད་པས། གཟུགས་དང་བཅས་པའི་བསྐྱེད་པ་ལ་བསྟིམ་མོ། །བཞི་པ་དམ་ལ་བཞག་པ། དེ་ནས་བདག་ཉིད་ལྷའི་སྐུར་ང་རྒྱལ་བསྐྱེད་ཅིང་། ཧཱུྃ། ཞེས་ཡུན་རིང་དུ་བརྗོད་པའི་རྗེས་ལ། ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་ཏྲི་ཤ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་བརྗོད་པས། དམ་ཚིག་ཉན་པར་གྱུར་པར་བྱའོ། །དེ་ནས་ལག་པ་གཡོན་པའི་མཛུབ་མོ་ཐུགས་ཀར་བསྒྲེང་སྟེ། མཐེ་བོང་གིས་གུང་མོ་མནན་ཏེ། སྲིན་ལག་དང་མཐེ་ཆུང་གཉིས་ཡིད་ཙམ་སྒུར་པོར་བྱས་ནས་མ་མོ་བརྒྱད་ལ་དམ་བརྡར། ཧེ་བརྒྱད་དྲྀ་ཤྱ་ཧོཿས་མ་ཡ་སྟྭཾ། བརྗོད་དོ། །ལྔ་པ་ཟིལ་གྱིས་མནན་པ། གཡས་པའི་མཐེ་བོང་དང་སྲིན་ལག་རྩེ་སྤྲད་པའི་བར་དུ་མི་རོ་སྐེད་པ་ནས་བཟུང་སྟེ་ཕྱར། སོར་མོ་གཞན་བསྒྲེང་སྟེ་ཏྲི་ཤུ་ལའི་ཚུལ་དུ་བྱས་ལ་འདི་སྐད་དོ། །ཧཱུྃ། ཤར་ཕྱོགས་ལམ་སྒོའི་འཇིག་རྟེན་ན། །འབྱུང་པོ་གཏུམ་པོ་ང་རྒྱལ་ཅན། །ཁྱོད་ཀྱི་སྒྲུབ་པ་ཀུན་ལ་སྒྲིབ། །ཡང་དག་ཤེས་རབ་ཡེ་ཤེས་ཀྱིས། །ཁུངས་བརྟག་རྩད་བཅད་བདག་ལ་འབྱུང་། །བདག་འཛིན་བདག་གི་རྟོག་པ་ནི། །བདག་མེད་སྟོང་པའི་ཐོ་བས་གཞོམ། །བདག་འཛིན་ཐབས་སྟོབས་བརྩོན་འགྲུས་ཀྱིས། །གནས་ངན་ལེན་པའི་དེད་དཔོན་བྱེད། །དེ་ཉིད་བདག་ཉིད་ཡིན་པས་ན། །བདག་མེད་ཐོ་བའི་ཞབས་ཀྱིས་གཞོམ། །ༀ་ས་མནྟ་མ་ཧཱ་ཤུ་ཛྙཱ་ཏ་ཛྙཱ་ན་བཛྲ་མུངྒ་རེ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས། མ་ཏྲཾ་འཁོར་དང་བཅས་པ་འདར་ཕྲིལ་གྱི་སོང་ནས། གཟི་བྱིན་དང་བྲལ་ཏེ་འདུག་པར་བསྒོམ་མོ། །དྲུག་པ་བསྒྲལ་བ། ཡང་རྒྱུད་ལས། ཧཱུྃ། མ་ཏྲཾ་བྱ་བའི་སྡིག་ཆེན་ཁྱོད། །སྔོན་ཡང་དཔལ་ཆེན་ཧེ་རུ་ཀས། །བསྒྲལ་ནས་དུར་ཁྲོད་ཆེན་པོར་མཛད། །ད་ཡང་རྣལ་འབྱོར་དབང་ཕྱུག་གིས། །བསྒྲལ་ནས་དུར་ཁྲོད་ཆེན་པོར་བྱའོ། །འགྲོ་བའི་བདག་པོ་ཚེ་དང་སྲོག །གསོན་པོ་དག་ལ་བར་གཅོད་ཅིང་། །བདུད་དང་གཤིན་རྗེ་དབང་ཕྱུག་ཆེ། །གཞོམ་ཞིང་བསད་པའི་གཉེན་པོ་ནི། །འཇམ་དཔལ་སྐུ་སྤྲུལ་ཁྲོ་བོའི་མཆོག །སྲིད་གསུམ་མཐར་བྱེད་རྔམས་པ་དེས། ཁ་ཊྭཱཾ་ཐོད་དབྱུག་མི་བཟད་པས། །གཤིན་རྗེ་བཅོམ་ནས་གསད་པར་བྱའོ། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ་ས་མ་ཡ་མུ་ཏྲ་པྲ་བན་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ྄། ཅེས་བརྗོད་དེ། ཁ་ཊྭཱཾ་སྐེད་པར་བརྒྱབ་པས། གྱད་ཀྱིས་སྡོང་ཁོག་བསྒྱུར་བ་བཞིན་སྔོ་ཧྲངས་ཀྱིས་གན་རྐྱལ་དུ་འགྱེལ་བར་བསྒོམ་མོ། །བདུན་པ་འགྱེལ་བ་ལ་གཟན་གཏོད་ཅིང་བརྫི་བ། ཡང་རྒྱུད་ལས། རོ་བདག་དྲག་པོ་ཆེན་པོ་ནི། །རོ་ཡི་ཉལ་ཐབས་གན་རྐྱལ་ཏེ། །སྲིན་པོའི་རིགས་ལྷོ་ནུབ་ན་ཡོད་པས་མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །བགེགས་རྣམས་ཀྱི་གཙོ་བོ་དབང་ལྡན་ན་ཡོད་པས་རྐང་པ་བྱང་ཤར་མཚམས་སུ་བསྟན། །ལག་པ་གཡས་པའི་མཁྲིག་མ་ལ། །ཁྲ་དང་འུག་པ་སྤྱང་ཀི་གནས། །ལག་པ་གཡོན་པའི་མཁྲིག་མ་ལ། །ཀངྐ་བྱ་རྒོད་སྲེ་མོ་ཝ། །རྔམ་ཁྲོ་ཤ་ཆེན་ཟ་ཞིང་གནས། །ཞེས་འབྱུང་བས་དེ་ལྟ་བསྒོམས་ཏེ། དེ་དག་ཐམས་ཅད་ཀྱང་ཤིན་ཏུ་རྔམས་ཤིང་ཁྲོས་པའི་ཚུལ་དུ་གནས་པས། ཤ་ཆེན་ལ་ཟུར་མིག་བཟློག་ཅིང་ཟ་བར་བསྒོམ་མོ། །ཡང་རྒྱུད་ལས། ཏ་ཀི་ཞབས་ནི་གཡས་པ་ཡིས། །གྱད་ཀྱི་དོར་སྟབས་ཚུལ་གྱིས་མནན། །མཐར་བྱེད་ཆེན་པོའི་འགྱིང་སྟབས་ཀྱིས། །རྔམས་རྫིག་ཆེན་པོས་འདི་སྐད་གསུངས། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་ཏྲི་ཤྱ་ཧོཿ ས་མ་ཡ་སྟྭཾ། ཞེས་བརྗོད་དོ། མ་ཏྲཾ་གི་སྟེང་དུ་མཆོངས་ལ། སྙིང་ཁ་དང་མགོ་དང་གསང་གནས་སུ་ཞབས་ཀྱིས་བརྫིས་ཏེ། ཏིང་ངེ་འཛིན་གྱིས་བྱའོ། །བརྒྱད་པ་མ་ཏྲཾ་ཁོག་པ་སྒོའི་ཚུལ་དུ་ཕྱེ་བར་བསྟན་པ། ཞལ་ནུབ་ཏུ་གཟིགས་ལ། འདི་སྐད་བརྗོད་དོ། །གནས་ཀྱི་སྒོ་འདི་སུ་ཡིས་བཅད། །སེམས་ཀྱི་བདག་པོས་བཅད་དམ་ཅི། །གཟུང་འཛིན་རྐང་ལག་བསྣོལ་བའི་སྒོ། །ཡུལ་ལས་འདས་པ་ཞབས་ཀྱིས་དབྱེ། །མ་ཏྲཾ་ཁ་རུ་ཏྲ་ཐ་ར་ན་ཕྱེ་བྷྲཱུྃ་ཁ་ཏ་པྲ་ར་ན་ཕྱེ། ཞེས་བརྗོད་པས། ཞབས་གཡས་པའི་མཐེ་བོང་ལས་ལྕགས་ཀྱུར་སྤྲུལ་ཏེ། རྐང་པ་བསྣོལ་བ་གཡས་ཀྱིས་གཡོན་མནན་པ་དེ་ཁ་ཕྱེ་སྟེ་ཕྱི་སྒོ་ཕྱེ་བར་བསྒོམ་མོ། །དགུ་པ་ཁོག་པ་དངོས་ཁ་ཕྱེ་བ། ཡང་རྒྱུད་ལས། དྲེགས་པ་མ་རུངས་ལྷ་ཆེན་ཁྱོད། །རྡོ་རྗེ་འབར་བའི་སྤུ་གྲི་ཡིས། །ལུས་སེམས་སྒོ་ཀུན་ཕྱེ་ནས་ཀྱང་། །གཟུང་འཛིན་སེམས་ཀྱི་བདག་པོ་བཟུང་བྱའོ། །པྲཛྙཱ་ཀེ་ཤ་ཙིཏྟ་ཛྭ་ལ་ནི་ཧཱུྃ་ཕཊ། མ་ནུ་དྷརྨ་ཏོ་ཤ་བྷྱོ་ཨུ་མ་བཛྲ་མ་ཧཱ་ས་མ་ཡ་མ་ཏྲཾ་ཁ་ཧཱུྃ། ཞེས་བརྗོད་དེ། མ་རིག་པའི་སྦུབས་སྒོ་དྲལ་ཏེ་ཁོག་པ་ཁ་དབྱེའོ། །ཏིང་ངེས་ཀྱང་སྣང་སྒོ་ཕྱེ་བར་བསམ་མོ། །བཅུ་པ་སྲས་སུ་བསྐྱེད་པ། དེ་ཡང་རྒྱུད་ལས། ཁམས་གསུམ་ནས་བྱུང་སེམས་ཅན་ཁྱོད། །རྡོ་རྗེ་སྐུ་ཡི་གཉིས་མེད་དུ། ཕྱག་བར་གྱི། །འོད་ཟེར་ཚུལ་དུ་སྤྲོ་བསྡུ་ཡིས། །དེ་དག་བདག་གིས་མ་ཏྲཾ་གཟུགས་ལ་བཟུད། །སྐུ་དང་ཡེ་ཤེས་མཆོག་ཏུ་བསྒྲལ། །ཞེས་བརྗོད་དེ། བདག་གི་ཐུགས་ཀའི་ཨ་དཀར་པོ་ལས། ཨ་ཕྲ་མོ་འོད་ཟེར་དང་བཅས་པར་སྤྲོས་པས། མ་ཏྲཾ་གྱི་རྣམ་པར་ཤེས་པ་ཏྲིར་གནས་པ་ལ་ཕོག་པས་བསྲེགས་སྦྱངས་ནས་འོད་དུ་གྱུར་པ་ལས། སླར་ཡང་ཨ་དཀར་ལ་འཚེར་བ་གཅིག་ཏུ་གྱུར་ཏོ། །དེའི་ཐུགས་ཀའི་ཧཱུྃ་དམར་པོ་དེ་ལས་འོད་འཕྲོས་པས། ཨ་དེ་ཡེ་ཤེས་ཀྱི་འོད་ཟེར་གྱི་ཚུར་བསྡུས་ཏེ། དང་པོའི་ཨ་ལ་ཐིམ་པ་ལས། ཨ་ཧཱུྃ་ཞེས་བརྗོད་པས། ཡི་གེ་ཧཱུྃ་དུ་གྱུར། ཧཱུྃ་དེ་སྲོག་དག་པའི་གསང་ལུང་དུ་བརྒྱུད་ནས། བདག་གི་བྱང་ཆུབ་ཀྱི་སེམས་དང་འདྲེས་ནས། གསང་བའི་རྡོ་རྗེའི་ལམ་དུ་བྱུང་ནས། ཡུམ་གྱི་མཁའ་ལ་བབ་པ་ལས། ཡུམ་གྱི་བྱང་ཆུབ་ཀྱི་སེམས་དང་ཡང་འདྲེས་པར་གྱུར་ཏེ། ཡི་གེ་ཧཱུྃ་དུ་གསལ་བ་ལས། མ་ཧཱ་དེ་བ་རུ་ཏྲ་ཛཿཛཿཧཱུྃ། ཞེས་བརྗོད་པས། སྲས་ཀྱི་དམ་པར་བསྐྱེད། ཡང་སྙིང་པོ་བརྗོད་པས། ཡབ་ཡུམ་གྱི་མཁའ་གསང་ནས་ཕྱིར་བཏོན་ཏེ། བདག་གི་མདུན་དུ་སྲས་ཀྱི་དམ་པར་བསྐྱེད་ནས་ཉི་ཟླའི་གདན་ལ་བཞག་གོ། །བཅུ་གཅིག་པ་ཁོག་པ་ལ་གཞལ་ཡས་ཁང་དུ་བྱ་བ། དེ་ལྟར་བཏུལ་ནས་ཁོག་པ་གཞའ་ཡས་ཁང་དུ་བྱ་བ་ནི། བདག་གི་ཐུགས་ཀའམ་སྨིན་མཚམས་ནས། ཧཱུྃ་ཉུང་འབྲུ་ཙམ་མ་ཏྲཾ་གྱི་ཁོག་པ་ལ་འཕྲོག་པས། དེས་འདིས་བསྐུལ་ཏེ། རྫས་དང་ས་གཞི་བརྟགས་པ་དེར། །ཅིར་ཡང་འགྱུར་བའི་ཡིག་འབྲུ་བསམ། །བྷྲཱུྃ་མྃ་ཧཱུྃ། འོད་ཟེར་ཚུལ་དུ་འཕྲོས་ནས་ཀྱང་། །མ་ལུས་སྙིང་རྗེས་ཁྱབ་བྱས་ཏེ། །རེ་ཞིང་ངོམ་པའི་ཚུལ་དུ་དགོངས། །འོད་ཟེར་དེ་དག་འདུས་ནས་ཀྱང་། །དུར་ཁྲོད་ས་རུ་བརྟག་པར་བྱ། །སྨུག་ནག་ཟླ་གམ་གཞལ་ཡས་ཤར། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཙཀྲ་མཎྜ་ལ་བྷྲཱུྃ། ཞེས་བརྗོད་པས། མ་ཏྲཾ་གི་ཕྱིའི་པགས་པ་ལས་རིན་པོ་ཆེའི་གཞལ་ཡས་ཁང་དུ་གྱུར། རྩིབ་མ་དང་སྒལ་ཚིགས་ལས་དུར་ཁྲོད་ཀྱི་གཞལ་ཡས་ཁང་། རྒྱ་ནམ་མཁའི་མཐའ་དང་མཉམ་ཞིང་། དཔངས་སྲིད་པའི་རྩེ་མོ་ལས་འདས་པ། དབྱིབས་ཟླ་གམ་དབང་གི་དཀྱིལ་འཁོར་དུ་གྱུར་པར་བསྒོམ་མོ། །བར་གྱི་ཤ་ཁྲག་ལས་དུག་གསུམ་གྱི་དཀྱིལ་འཁོར། ཤའི་ཕུང་པོ་དང་། རཀྟའི་རྒྱ་མཚོ་དང་། ཀེང་རུས་ཀྱི་རི་རབ་ཏུ་གྱུར་པར་བསྒོམ་མོ། །བཅུ་གཉིས་པ་གཏོར་མ་བྱིན་ལ་སྒོ་སྲུང་དུ་གཉེར་བསྒོ་བ། དེ་ནས་མ་ཏྲཾ་སྲས་ཀྱི་དམ་པར་བསྐྱེད་པ་དེ་ལ་གཏོར་མ་བྱིན་པར་དམ་བསྲེས་ཏེ། ༀ་ཨེ་ཧྱེ་ཧི་ཨཱ་རལླི་ཨི་དཾ་བཛྲ་བ་ལིངྟ་པྲ་ཏཱིཙྪ་ཛཿཧཱུྃ་བྃ་ཧོཿ ས་མ་ཡ་སྟྭཾ། ཞེས་བྱིན་ལ། སྔར་སྒོ་བྱང་གི་དུས་སུ་ཆོས་ཀྱི་རྒྱལ་པོར་བསྐྱེད་པ་ལ་གཉིས་སུ་མེད་པར་བསྟིམ་ལ་བཞག་གོ། །དེ་ལ་འདིས་བསྒོའོ། །ཧཱུྃ། སྒྲུབ་གནས་སྒོ་སྲུང་ལྷ་ཁྱོད་ཀྱིས། །མི་ཟད་རྒྱན་གྱི་འཁོར་ལོ་ལ། །གཏོགས་པའི་རྣལ་འབྱོར་མ་ཡིན་པ། །གཞལ་ཡས་ཁང་སྒོ་སྲུང་དུ་གསོལ། །ཞེས་ཕྲིན་ལས་བཅོལ་ལོ། །བཅུ་གསུམ་པ་མ་ཏྲཾ་གནས་སྤར་ཆོས་རྒྱལ་ལ་གཏང་རག་གཏོང་བ། ནམ་སྒྲུབ་པ་ཐོན་པའི་དུས་ན། སྔར་སྒོ་བྱང་ལ་བསྟིམ་པ་སྟེ་སླར་ལ་གཉིས་ཕྱེ་ལ། མ་ཏྲཾ་སྲས་སུ་བསྐྱེད་པ་དེ། གནས་སྤར་བའི་དགོངས་པ་བྱ། ཆོས་ཀྱི་རྒྱལ་པོ་ལ་གཏོར་མ་གཏང་རག་གཏོང་ལ། ཆོས་སྐྱོང་བའི་སྲུང་མར་ཕྲིན་ལས་བཅོལ་ཏེ། དམ་ཚིག་གི་བྱ་ར་ལ་བཞག་གོ། །བཅུ་བཞི་པ་སྒོ་འབྱེད་གཅོད་དང་མཚམས་གཅད་པ། དེ་ནས་རྡོ་རྗེ་རྒྱལ་པོས་སྣ་དྲངས་ཏེ། ཕྱག་རྒྱ་ལག་པ་དཔུང་མགོར་བསྣོལ་ནས། སྡིགས་མཛུབ་བསྒྲེང་སྟེ། བྷྲཱུྃ་ཁ་ཏ་པྲ་བེ་ཤ་ཕཊ། ཞེས་པས། མ་ཏྲཾ་གི་ཁོག་པའི་སྒོ་ཕྱེ་ལ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་པས། འབར་བའི་ལྟ་བས། མཆེད་རིལ་ནང་དུ་འཇུག །ཧ་ཧ་ཧཾ་ཞེས། ཕྱིར་ནུད་ཏེ་སྒོ་རྦད་ཀྱིས་བཅད། པར་བསྒོམ། དེ་ནས་རྡོ་རྗེའི་འགྲོས་ཀྱིས་མཎྜ་ལ་བསྐོར་ཞིང་། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས། སྟོང་གསུམ་ཐམས་ཅད་ཧཱུྃ་དུ་མེ་རེ་རེ་འགྱུར། སླར་འུབ་འུབ་འདུས་པ་ལས་འོད་དུ་འབར་ཏེ། རྡོ་རྗེ་དང་མེ་དཔུང་གི་གུར་དུ་གྱུར་པར་བསྒོམ་ཞིང་། ཧཱུྃ། སྟེང་ཡང་རྡོ་རྗེའི་བླ་རེ་ལ། །འོག་ཀྱང་རྡོ་རྗེའི་ས་གཞི་འོག །ཕྱོགས་མཚམས་རྡོ་རྗེས་གཏམས་པ་ལ། །རྡོ་རྗེའི་མཚམས་ལས་མ་འདའ་ཤིག །ༀ་བཛྲ་བཛྲ་རཀྵ་ཧཱུྃ་ཕཊ། ཧཱུྃ། སྟེང་ཡང་འཁོར་ལོའི་བླ་རེ་ལ། །འོག་ཀྱང་འཁོར་ལོའི་ས་གཞི་འོག །ཕྱོགས་མཚམས་འཁོར་ལོས་གཏམས་པ་ལ། །འཁོར་ལོའི་མཚམས་ལས་མ་འདའ་ཤིག །ༀ་བཛྲ་ཙཀྲ་ཧཱུྃ་ཕཊ། ཧཱུྃ། སྟེང་ཡང་རལ་གྲིའི་བླ་རེ་ལ། །འོག་ཀྱང་རལ་གྲིའི་ས་གཞི་འོག །ཕྱོགས་མཚམས་རལ་གྲིས་གཏམས་པ་ལ། །རལ་གྲིའི་མཚམས་ལས་མ་འདའ་ཤིག །ༀ་བཛྲ་ཀ་ལ་རུ་པ་ཤ་ཧཱུྃ་ཕཊ། ཧཱུྃ། སྟེང་ཡང་དབྱུག་ཏོའི་བླ་རེ་ལ། །འོག་ཀྱང་དབྱུག་ཏོའི་ས་གཞི་འོག །ཕྱོགས་མཚམས་དབྱུག་ཏོས་གཏམས་པ་ལ། །དབྱུག་ཏོའི་མཚམས་ལས་མ་འདའ་ཤིག །ༀ་བཛྲ་མ་ཧཱ་རོ་ཥ་ཁངྒ་ཧཱུྃ་ཕཊ། ཧཱུྃ། སྟེང་ཡང་རྒྱ་གྲམ་བླ་རེ་ལ། །འོག་ཀྱང་རྒྱ་གྲམ་ས་གཞི་འོག །ཕྱོགས་མཚམས་རྒྱ་གྲམ་གཏམས་པ་ལ། །རྒྱ་གྲམ་མཚམས་ལས་མ་འདའ་ཤིག །ༀ་བཛྲ་ཀརྨ་ས་ཏྭ་ཧ་ཧ་ཧཱུྃ་ཕཊ། གོང་བཞིན་བརྗོད། བཅོ་ལྔ་པ་མ་མོ་བརྒྱས་སྤྱན་དྲངས་ཤིང་གནས་སྲུང་བར་བཅོལ་བ། དེ་ནས་ཡང་། བདག་གི་སྨིན་མཚམས་ནས། བྷྲཱུྃ་འོད་ཟེར་དང་བཅས་པ་བརྒྱད། མ་ཏྲཾ་གྱི་གནས་བརྒྱད་ལ་འཕྲོས་པས། །དེ་རྣམས་འོད་དུ་སྟེ་དཔལ་རང་བྱུང་གི་མཆོད་རྟེན་བརྒྱད་གཞལ་ཡས་ཁང་དུ་གྱུར་པར་བསྒོམ་མོ། །དེ་ཡང་འདི་སྐད་དུ། མ་མོ་བརྒྱད་སྤྱན་དྲངས་ཤིང་གནས་སྲུང་བར་བཅོལ་བ། སྔོན་ཚེ་འདས་དུས་དང་པོ་ལ། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀས། །དུར་ཁྲོད་བདག་པོ་མ་ཏྲཾ་བསྒྲལ། །བོར་ནས་ས་གཞིར་གྱུར་པ་ལ། །རོ་ཡི་སྲུང་མ་ཆེན་མོ་ནི། །མ་མོ་ཆེན་མོ་བརྒྱད་བཞག་གོ། །དེ་ཡི་གནས་རྟེན་ཆེན་པོ་ཡང་། །མཆོད་རྟེན་ཆེན་པོ་གཟི་བྱིན་ཅན། །རང་འབྱུང་རེ་རེ་བཞག་པ་ཡིན། །དེ་ལྟར་ས་གཞི་འདི་ཀུན་ཀྱང་། །བཀྲ་ཤིས་ཡ་མཚན་ཐུགས་རྗེ་ཅན། །ཆོས་དང་དངོས་གྲུབ་འབྱུང་བའི་གནས། །ཆོ་འཕྲུལ་འབྱུང་བར་བཀའ་སྩལ་ཏོ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །མ་མོ་ཆེན་མོ་སྤྱན་འདྲེན་ནོ། །མ་ཏྲཾ་དེ་ཡི་ལུས་སྙིང་མ་ག་ཏ། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །མཆོད་རྟེན་བདེ་བྱེད་རྟེན་སྲུང་བའི། །མ་མོ་ཆེན་མོ་ཀའུ་རི་མ། །མཐུ་དང་ཡོན་ཏན་མཁས་ཤིང་དགྲ་བགེགས་འདུལ་བའི་སྙིང་སྟོབས་ཆེ་ས་ནས། །གང་དམིགས་ལེན་པའི་མཁའ་འགྲོ་མ། །ཀོའུ་རཱི་ཆེན་མོ་གཤེགས་སུ་གསོལ། །ཀོའུ་རཱི་ཆེན་མོ་གཤེགས་ནས་ཀྱང། །དངོས་གྲུབ་གསོལ་ཞིང་བརྟན་པར་བཞུགས། །དེ་ཡི་མགོ་བོ་ལྷོ་ཡི་ཕྱོགས། །དུར་ཁྲོད་ཆེན་པོ་སིངྒ་གླིང་། །མཆོད་རྟེན་རི་བོ་ཏ་ལ་སྲུང་། །མ་མོ་ཆེན་མོ་ཙོའུ་རཱི་མ། །མཐོང་ཆོས་རྣམ་པར་འཁྲུལ་ས་ནས། །འཕྲོག་པར་བྱེད་པའི་མཁའ་འགྲོ་མ། །ཙོའུ་རཱི་ཆེན་མོ༴ ཙོའུ་རཱི༴ དངོས་གྲུབ༴ ལག་པ་གཡས་པ་ཤར་ལྷོ་མཚམས། །དུར་ཁྲོད་ཆེན་པོ་བལ་ཡུལ་ན། །མཆོད་རྟེན་ཨཀ་སོ་བྱཱ་ཀྲི་སྲུང་། །མ་མོ་ཆེན་མོ་པུཀྐ་སི། །ཟས་ཀྱི་ལོངས་སྤྱོད་ཆེ་ས་ནས། །གང་དམིགས་འབྲེལ་བའི་མཁའ་འགྲོ་མ། །པུཀྐ་ཆེན་མོ༴ པུཀྐ༴ དངོས་གྲུབ༴ ལག་པ་གཡོན་པ་ལྷོ་ནུབ་མཚམས། །དུར་ཁྲོད་ཆེན་པོ་སཱ་ལའི་ཡུལ། །གྱད་ཡུལ་མཆོད་རྟེན་མགོ་མང་སྲུང་། །མ་མོ་ཆེན་མོ་བཻ་ཏཱ་ལི། །མཐུ་དང་དབང་ཡང་ཆེ་ས་ནས། །གསོད་པར་བྱེད་པའི་མཁའ་འགྲོ་མ། །བཻ་ཏཱ་ཆེན་མོ༴ བཻ་ཏཱ༴ དངོས་གྲུབ༴ རྐང་པ་གཡས་པ་བྱང་ཤར་མཚམས། །དུར་ཁྲོད་ཆེན་པོ་ལི་ཡི་ཡུལ། །མཆོད་རྟེན་གོའུ་ཐེ་ཤན་སྲུང་། །མ་མོ་ཆེན་མོ་ཙན་དྷ་ལཱི། །མེ་ཆུ་རྫུ་འཕྲུལ་ཆེ་ས་ནས། །འབོག་པར་བྱེད་པའི་མཁའ་འགྲོ་མ། །ཙན་དྷ་ཆེན་མོ༴ ཙན་དྷ༴ དངོས་གྲུབ༴ རྐང་པ་གཡོན་པ་ནུབ་བྱང་མཚམས། །དུར་ཁྲོད་ཆེན་པོ་ཁ་ཆེའི་ཡུལ། །མཆོད་རྟེན་ཀ་ནི་ཀ་སྲུང་བའི། །མ་མོ་ཆེན་མོ་པྲ་མོ་ཧཱ། །བདེ་སྐྱིད་ལྡན་པའི་ཡུལ་དག་ནས། །ལེན་ཅིང་ཟློག་པའི་མཁའ་འགྲོ་མ། །པྲ་མོ་ཆེན་མོ༴ པྲ་མོ༴ དངོས་གྲུབ༴ ཕོ་མཚན་སྟེང་གི་བྱང་ཕྱོགས་ན། །དུར་ཁྲོད་ཆེན་པོ་ཨོ་རྒྱན་ཡུལ། །མཆོད་རྟེན་དྷརྨ་ཙཀྲ་སྲུང་། །མ་མོ་ཆེན་མོ་ཀསྨ་རི། །དངོས་གྲུབ་ཅན་ཡང་དེ་ན་མང་། །སྨྱོ་བར་བྱེད་པའི་མཁའ་འགྲོ་མ། །ཀསྨ་ཆེན་མོ༴ ཀསྨ༴ དངོས་གྲུབ༴ དེ་ཡི་ནང་རོལ་ཐམས་ཅད་ཀུན། །དུར་ཁྲོད་ཆེན་པོ་ཟ་ཧོར་ཡུལ། །མཆོད་རྟེན་བདེ་བྱེད་གཞོན་ནུ་སྲུང་། །མ་མོ་ཆེན་མོ་སྨ་ཤ་ནི། །འབྱོར་པའི་ལོངས་སྤྱོད་ཆེ་ས་ནས། །གསོད་པར་བྱེད་པའི་མཁའ་འགྲོ་མ། །སྨ་ཤ་ཆེན་མོ་གཤེགས་སུ་གསོལ། །སྨ་ཤ་ཆེན་མོ་གཤེགས་ནས་ཀྱང་། །དངོས་གྲུབ་སྩོལ་ཞིང་བརྟན་པར་བཞུགས། །དེ་ལྟར་སྤྱན་དྲངས་བཞུགས་པ་ལ། དཔལ་ཆེན་པོ་བདག་གི་ཕྱག་ན་གནས་པའི་ཡེ་ཤེས་ཀྱི་ཀོའུ་རཱི་མ་བརྒྱད་ཀྱིས་དབང་བསྐུར་ཏེ། ལས་དང་ཡེ་ཤེས་དབྱེར་མེད་པའི་མ་མོ་བརྒྱད་ལ། གཞལ་ཡས་ཁང་སྲུང་བར་ཕྲིན་ལས་བཅོལ་ཏེ་བཞག་གོ། །བཅུ་དྲུག་པ་ཕྲ་མེན་མ་བསྒོམ་པའོ། །དེ་ནས་ཕྲ་མེན་མ་བརྒྱད་དུག་གསུམ་གྱི་དཀྱིལ་འཁོར་ལ་བཀོད་པ་ལ། སེདྷ་ལ་སོགས་པ་བཞི་རེ་རེ་ལ་མཆེ་བ་ཅན་བརྒྱད་བརྒྱད་དུ་སྤྲུལ་ཞིང་། དགྲ་བགེགས་ལ་སོགས་པ་གང་ལ་བྱ་བ་གསོད་པ་དང་། ཀྲི་ཏ་ལ་སོགས་པ་བཞི་རེ་རེ་ལ་གཤོག་པ་ཅན་བརྒྱད་བརྒྱད་དུ་སྤྲུལ་ཞིང་། གང་ལ་བྱ་བའི་མིག་འབྱིན་ཅིང་། རྒྱུ་མ་བཟུང་ངོ། །གཞན་ཡང་ལས་ལས་གྲུབ་པའི་ཕྲ་མེན་མ་མང་པོས། དགྲ་བགེགས་གང་ལ་བྱ་བའི་ཤ་ལ་ཟ། ཁྲག་ལ་འཐུང་། རུས་པ་ཚུན་ཆད་འཆའ་ཞིང་། དུག་གསུམ་སྟོང་པར་བསྒོམ་ཞིང་། རྣལ་འབྱོར་པ་རྣམས་ཀྱིས་ཕྲ་མེན་མའི་འཇོལ་ཚུལ་བྱ་ཞིང་། ཇི་སྐད་དུ། གཡས་སུ་བལྟ་ཞིང་གཡོན་དུ་ནུར། །ཡིད་མ་ཆེས་ཏེ་ཕྱིར་ཡང་བལྟ། །ཞེས་པ་ལྟར། གཞལ་ཡས་ཁང་གི་བར་སྒོར་རམ། ཡང་ན་མཎྜལ་ལ་བསྐོར་བ་ལན་གསུམ་བྱའོ། །དེ་ཡན་ཆད་དུ་དུར་ཁྲོད་ཀྱི་བདག་པོ་རུ་ཏྲ་བཏུལ་ནས། ཁོག་པ་གཞལ་ཡས་ཁང་དུ་བྱས་པའོ། །ཕྲིན་ལས་རྣམ་པ་བཞིས། འཁོར་ཡན་ཆད་དབང་དུ་བསྡུས་ཏེ། ཕྱིས་སྤོབ་པ་མེད་པར་བྱ་བ་ལ། དེ་ལ་གཉིས་ཏེ། ཕྲིན་ལས་རྣམ་པ་བཞིའི་སྦྱིན་བསྲེག་དང་། བྲོ་གཉིས་སོ། །དང་པོ་སྦྱིན་བསྲེག་ནི། སྤྱིའི་ཕྲིན་ལས་རྣམ་པ་བཞི་པོ་འདིས། རུ་ཏྲ་ཆེན་པོའི་འཁོར་དང་། བགེགས་བྱེ་བྲག་རིལ་དབང་དུ་བསྡུ་ཞིང་བརླག་པར་བྱ་བ་དང་། ཞི་ཞིང་རྒྱས་པར་བྱ་བ་དང་། ཁྱད་པར་དུ་དྲག་པོའི་ཕྲིན་ལས་བྱ་ཞེས་བྱའོ། །མ་ཏྲཾ་གྱི་ལྟེ་བར་དབང་གི་ལས། ཀྱི་སྦྱིན་བསྲེག །ཁར་དྲག་པོའི་ལས། ཀྱི་སྦྱིན་སྲེག །སྤྱི་བོར་ཞི་བའི་ལས། ཀྱི་སྦྱིན་སྲེག །སྙིང་ཁར་རྒྱས་པའི་ལས་ཀྱི་སྦྱིན་སྲེག་བྱ་སྟེ། ཨེ་ཝཾ་མ་ཡ་བཞིས་ལས་བཞི་མཚོན་པ་སྟེ། ལས་བཞི་པོའི་སྦྱིན་བསྲེག་གིས་གདུལ་བར་བྱའོ། །གཉིས་པ་བྲོ་ལ་ཡང་བཞི་སྟེ། ཞི། རྒྱས། དབང་། དྲག་པོའི་བྲོའོ། །དེ་ལྟར་མ་གྲུབ་ན་ཡང་། གདུལ་སྦྱང་དྲག་པོའི་བྲོ་ཡི་ཕྲིན་ལས་ཀྱིས་གདུལ་བར་བྱ་སྟེ། ཁྲོ་བོ་འཇིགས་བྱེད་ཀྱི་སྐུ་ལས་ཡེ་ཤེས་ཀྱི་ལྟ་བ་དྲག་པོས་བསྐྱོད་དེ། དབང་གི་བྲེ་བསྟན་པ། སྣང་སྲིད་རིལ་ཟླ་གམ་དམར་པོ་དབང་གི་རང་བཞིན་དུ་བསྒོམ་སྟེ། བདག་ཉིད་པདྨ་ཧེ་རུ་ཀ་འཁོར་དང་བཅས་པ་བསྒོམས་པས་བྲོ་བརྡུང་སྟེ། ཨེ་ཝཾ་མ་ཡ་བཞིས་ལས་བཞི་མཚོན་པ་སྟེ། མ་ཏྲཾ་ལྟེ་བར་དབང་གི་བྲོ། བྃ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ནས་བསྡམས། །འགུགས་འགྱུར་རྡོ་རྗེ་ཕྱི་བཞིན་འབྲེང་། །རྣལ་འབྱོར་པས། ཅི་འདོད་དེ་བཞིན་འོང་བར་འགྱུར། །ཡེ་གདོད་ནས་མ་བྱུང་བདུད་ལ་སོགས། །རྒྱལ་པོ་དེ་དང་དེ་དག་གིས། །ལན་གཅིག་དུར་ཁྲོད་བཅས་པའི་ཚེ། །གདུག་པ་རྣམས་ཀྱི་ཁྲག་ཟ་ཞིང་། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །འཇིག་རྟེན་ཁམས་འདིར་རབ་འབྱམས་ཀུན། །ཐང་ཅིག་ཡུད་ལ་དྲོངས་ལ་ཤོག །ཧྲཱིཾཿཆེ་གེ་མོ་བྃ་ཧྲཱིཿ འདོད་ཆགས་མ་སྤངས་གནས་སུ་དག་པ་པདྨ་ཧེ་རུ་ཀ་སྐྱེས་ཀྱང་འདོད་ཆགས་ཁྱོད་ལས་སྐྱེས། །འདུལ་ཡང་འདོད་ཆགས་ཁྱོད་འདུལ་ལོ། །འདོད་ཆགས་ལས་ཀྱི་རུ་ཏྲ་ཁྱོད། །འདོད་ཆགས་ཁྲོ་རྒྱལ་འཁོར་དང་བཅས། །རྒྱུ་ཟངས་སམ་དམར་པོའི་ཤིང་རྣམས་ལ། །དབྱིབས་མགོ་བོ་རྒྱ་མདུད་རྩེ་ཟླ་གམ། །ལོགས་ལ་དབང་གི་ལྷ་བསྒོམས་ནས། །ཁོང་སྟོང་བྱང་ཆུབ་སེམས་ལུང་བསྟན། །བཏབ་ན་ཐམས་ཅད་དབང་དུ་གྱུར། །བྃ་ཧྲཱིཾ་མ་མ་པ་ཤང་ཀུ་རུ་ཧྲཱིཿ དྲག་པོའི་བྲོ་བསྟན་པ། དེ་ནས་ཡང་སྣང་སྲིད་རིལ་གྲུ་གསུམ་དྲག་པོའི་དཀྱིལ་འཁོར་དུ་བསྒོམས་ཏེ། བདག་ཉིད་བཛྲ་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་པས་བྲོ་བརྡུང་སྟེ། མ་ཏྲཾ་གྱི་ཁ་ལ་དྲག་པོའི་བྲོ་ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་སྦྲེལ་བས་བསྡམས། །བཅིངས་འགྱུར་བསྐྱོད་ནས་ཕྱོགས་བཅུར་གཡོ། །མྱོས་ནས་གས་ཏེ་འཚིག་པར་འགྱུར། །གདོད་ནས་མ་བྱུང་༴ སོགས་ཚིག་རྐང་བདུན་འགྲེའོ། །ཧཱུྃ་ཕཊ་ཆེ་གེ་མོ་ཧཱུྃ་ཛཿ ཞེ་སྡང་མ་སྤངས་གནས་སུ་དག་པ་བཛྲ་ཧེ་རུ་ཀ་སྐྱེས་ཀྱང་ཞེ་སྡང་ཁྱོད་ལས་སྐྱེས། །འདུལ་ཡང་ཞེ་སྡང་ཁྱོད་འདུལ་ལོ། །ཞེ་སྡང་ལས་ཀྱི་རུ་ཏྲ་ཁྱོད། །ཞེ་སྡང་ཁྲོ་བོ་འཁོར་བཅས་ཀྱིས། །ལྕགས་སམ་ནག་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །ལོགས་ལ་དྲག་པོའི་ལྷ་བསྒོམས་ནས། །ཁོང་སྟོང་བྱང་ཆུབ་སེམས་ལུང་བསྟན། །བཏབ་ན་ཐམས་ཅད་བརླག་པར་འགྱུར། །ཧཱུྃ་ཕཊ་མཱ་ར་ཡ་ཕཊ། ཞི་བའི་བྲོ་བསྟན་པ། དེ་ནས་ཡང་སྣང་སྲིད་རིལ་ཟླུམ་པོ་ཞི་བའི་དཀྱིལ་འཁོར་དུ་བསྒོམ་ལ། བདག་ཉིད་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་པས་བྲོ་བརྡུང་སྟེ། མ་ཏྲཾ་གྱི་སྤྱི་བོར་ཞི་བའི་བྲོ་ཡཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་སྦྲེལ་བས་བསྡམས། །འབར་བ་ལྷན་ནེར་བྱིན་གྱིས་ཁྱབ། །ཐམས་ཅད་གཡོ་བ་མེད་པར་བྱས། །གདོད་ནས་མ་བྱུང་༴ སོགས་འགྲེ། སྭཱ་ཆེ་གེ་མོ་སྭཱ་ཛཿ གཏི་མུག་མ་སྤངས་གནས་སུ་དག་པ་བུདྡྷ་ཧེ་རུ་ཀ་སྐྱེས་ཀྱང་གཏི་མུག་ཁྱོད་ལས་སྐྱེས། །འདུལ་ཡང་གཏི་མུག་ཁྱོད་འདུལ་ལོ། །གཏི་མུག་ལས་ཀྱི་རུ་ཏྲ་ཁྱོད། །གཏི་མུག་ཁྲོ་བོ་འཁོར་བཅས་ཀྱིས། །དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །མགོ་ལ་རྒྱ་མདུང་རྩེ་ཟླུམ་པོ། །ལོགས་ལ་ཞི་བའི་ལྷ་བསྒོམས་ནས། །ཁོང་སྟོང་བྱང་ཆུབ་སེམས་ལུང་བསྟན། །བཏབ་ན་ཐམས་ཅད་ཞི་བར་འགྱུར། །ༀ་སྭཱ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། རྒྱས་པའི་བྲོ་བསྟན་པ། དེ་ནས་ཡང་སྣང་སྲིད་རིལ་གྲུ་བཞི་རྒྱས་པའི་དཀྱིལ་འཁོར་དུ་བསྒོམ་ལ། བདག་ཉིད་རཏྣ་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་པས་བྲོ་བརྡུང་སྟེ། མ་ཏྲཾ་སྙིང་ཁར་རྒྱས་པའི་བྲོ་མ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་བསྐྱོད། །གཟི་བྱིན་འབར་བའི་འཕྲུལ་ཆེན་བྲོ། །ཡིད་བཞིན་ནམ་མཁའ་གང་བར་འགྱུར། །གདོད་ནས་མ་བྱུང་༴ སོགས་འགྲེ། ༀ་ཧཱ་ཆེ་གེ་མོ་ཧཱ་ཛཿ ང་རྒྱལ་མ་སྤངས་གནས་སུ་དག་པ་རཏྣ་ཧེ་རུ་ཀ་སྐྱེས་ཀྱང་ང་རྒྱལ་ཁྱོད་ལས་སྐྱེས། །འདུལ་ཡང་ང་རྒྱལ་ཁྱོད་འདུལ་ལོ། །ང་རྒྱལ་ལས་ཀྱི་རུ་ཏྲ་ཁྱོད། །ང་རྒྱལ་ཁྲོ་རྒྱལ་འཁོར་བཅས་ཀྱིས། །གསེར་རམ་སེར་པོའི་ཤིང་རྣམས་ལ། །མགོ་ལ་རྒྱ་མདུད་རྩེ་ཟུར་བཞི། །ལོགས་ལ་རྒྱས་པའི་ལྷ་བསྒོམས་ནས། །ཁོང་སྟོང་བྱང་ཆུབ་སེམས་ལུང་བསྟན། །བཏབ་ན་ཐམས་ཅད་རྒྱས་པར་འགྱུར། །ༀ་ཧཱ་པུཥྚིཾ་ཀུ་རུ་སྭཱ་ཧཱ། བར་འདིར་སྒྲུབ་པ་པོའི་ཚེ་བཀུག་ལ། ཚེ་བསྟིམ་མོ། །བདག་ཉིད་དཔལ་ཆེན་པོའི་ཐུགས་ཀའི་འོད་ཟེར་གྱིས་འཁོར་འདས་ཀྱི་ཚེ་བཅུད་བསྡུས་ཏེ་བདག་ཉིད་རྡོ་རྗེའི་ཚེ་གྲུབ་པར་མོས་ལ། ༀ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་བྷྲཱུྃ་ཨཱཿ ཅི་རིགས་བཟླས་ལ། བཀྲ་ཤིས་གསོལ་ལོ། །དེ་ལྟར་བཏུལ་བའི་དགོས་ཆེད་ནི། སྔོན་དཔལ་ཆེན་པོས་དེ་ལྟར་མཛད་པས། ད་ལྟར་ཀྱང་སྒྲུབ་པ་པོས་ཕའི་ལས་བུས་བླངས་པ་ལྟ་བུ་དང་། མ་ཏྲཾ་བསྒྲལ་ཏེ་ཁོག་པ་ལ་བདེ་བར་གཤེགས་པའི་བཞུགས་གནས། གཞལ་ཡས་ཁང་སུ་བྱིན་གྱིས་བརླབས་པས། གནས་བཀྲ་ཤིས་པ་དང་། གཤོལ་ལ་བརྒྱབ་ན་གླང་སྐྲག་པ་དང་འདྲ་བར། དུར་ཁྲོད་ཀྱི་བདག་པོ་མ་ཏྲཾ་ཀ་མནན་པས། བགེགས་ཕྲ་མོ་གཞན་གྱིས་བར་གཅོད་མི་ནུས་ཤིང་། ཟིལ་གྱིས་གནོན་པར་འགྱུར་བ་དང་། དམ་སྲི་རུ་ཏྲ་བསྒྲལ་བས་རྣལ་འབྱོར་པའི་རིག་པ་རྩལ་སྦྱངས་ནས། དམ་སྲི་རུ་ཏྲ་འཁོར་བའི་གནས་ནས་བཏོན་ཏེ། སངས་རྒྱས་ཀྱི་ས་ལ་བཞག་པའི་དགེ་བ་དང་། མ་ཏྲཾ་མནན་པ་འདི་ལྟ་བུ་ཕྲིན་ལས་ཟབ་མོ་འདི། སྐབས་སྐབས་སུ་ཤེས་པར་བྱའོ། །དུར་ཁྲོད་ཀྱི་བདག་པོ་རུ་ཏྲ་འཁོར་དང་བཅས་པ་དེ། དཔལ་ཧེ་རུ་ཀའི་སྐུ་ཕྱག་རྒྱ་ཆེན་པོས་བཏུལ་ཞིང་བསྒྲལ་ནས། ཁོག་པ་གཞལ་ཡས་ཁང་དུ་བྱས་ཏེ། ཕྲིན་ལས་རྣམ་པ་བཞི་རྫོགས་པར་བྱའོ། །ཞེས་པའི་དོན་ཏོ། ༼༣༽ །གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་ཞིང་རྫས་དགོད་པའི་ཕྲིན་ལས་ལ་གཉིས་ཏེ། སྐབས་སྦྱོར་བདུན་པ་དཀྱིལ་འཁོར་བྲི་ཞིང་རྫས་བཀོད་དེ་མཆོད་རྫས་བྱིན་གྱིས་བརླབ་པའི་སྐབས་སོ། །ལུང་དགུ་ལས་མར་མེའི་ལུང་དང་། བདུད་རྩིའི་ལུང་ངོ་། །དམ་རྫས་དང་མཆོད་པ་བྱིན་གྱིས་བརླབས་པའི་ལུང་ཞེས་གསུམ་པ་དེ་ཡིན་པར་སྣང་། དཀྱིལ་འཁོར་དགུ་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། བཞི་པ་མཆོད་རྫས་བརྟེན་པའི་དཀྱིལ་འཁོར་རོ། །ཡོ་བྱད་གཉིས་ཀའོ། །མཐའ་དྲུག་ལ་སྤྱོད་པའོ། །བསྙེན་པའི་དཀྱིལ་འཁོར་དང་། སྒྲུབ་པའི་དཀྱིལ་འཁོར་རོ། །དེ་ཡང་དཀྱུས་གཅིག་ལ་ཟུར་གཉིས་པར་བསྟན་ཏེ། ༡༽ བསྙེན་པའི་དཀྱིལ་འཁོར་ནི། ཞི་བ་སྟེ། ཞི་བ་ལ་ཡང་ལུང་གཉིས་ཏེ། རྡུལ་ཚོན་བྲིས་ཏེ་རྫས་བསགས་ནས་བཀོད་པ་དེ་བསྙེན་པ་བྱ་བའི་ལུང་དང་། རྡུལ་ཚོན་བྲིས་ཏེ་རྫས་མཆོག་བམ་ལ་ལྷ་བཀོད་དེ་བསྙེན་པ་བྱ་བའི་ལུང་ངོ་། ༼༡ །དེ་ལ་རྡུལ་ཚོན་བྲིས་ཏེ་རྫས་བསགས་ནས་བཀོད་དེ་བསྙེན་པ་བྱ་བའི་དོན་ལ་དྲུག་སྟེ། དང་པོ་གཟུགས་བརྙན་གྱི་མཎྜལ་བྲི་བར་བསྟན་པ་དང་། ལྷ་དགོད་པར་བསྟན་པ་དང་། མར་མེ་དགོད་པར་བསྟན་པ་དང་། རྫས་དགོད་པར་བསྟན་པ་དང་། ཏིང་ངེ་འཛིན་གསལ་བའི་རྟེན་དགོད་པར་བསྟན་པ་དང་། བསྙེན་པའི་ཆོ་ག་གཞུང་བསྲང་བའོ། །དེ་ལ་༡༽དང་པོ་གཟུགས་བརྙན་གྱི་མཎྜལ་བྲི་བ་བསྟན་པ་གང་སྙམ་པ་ལ། དཀྱིལ་འཁོར་ནུབ་ཕྱོགས་དེ་བཞིན་གཞི། །ཞེས་པས་བསྟན་ཏེ། ངག་དོན་དུ། གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་བར་བསྟན་པ་ལ་ལྔ་སྟེ། དང་པོ་མཎྜལ་བྱ་བར་བསྟན་པ། གཉིས་པ་ཆག་ཆག་གདབ་པ། གསུམ་པ་ཐིག །བཞི་པ་ཚོན། ལྔ་པ་སྐུ་གསུང་ཐུགས་ཀྱི་མཚན་མ་བསྟན་པའོ། །དང་པོ་མཎྜལ་བྱ་བ་ནི། དེ་ཡང་རྒྱུད་ལས། དུར་ཁྲོད་གནས་ཀྱི་ས་བླངས་ལ། །སྟེགས་བུ་འདོམ་གང་གྲུ་བཞི་པ། །འཕངས་སུ་ཁྲུ་གང་པ་ཡི་ཚད། །བདུད་རྩི་རྣམ་ལྔས་ལེགས་པར་བྱ། །ཞེས་གསུངས་པས། མཎྜལ་ལེགས་པར་བྱའོ། །གཉིས་པ་ཆག་ཆག །དེ་ལ་ཆག་ཆག་གདབ་པ་ཡང་། རྒྱུད་ལས། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །དམ་རྫས་དག་པའི་རང་བྱུང་བདུད་རྩི་ལྔས། །བདེ་གཤེགས་རིགས་ལྔའི་དངོས་གྲུབ་བསྒྲུབ་པའི་ཕྱིར། །ཡང་དག་གསང་བའི་དཀྱིལ་འཁོར་ཆག་ཆག་འདེབས། །ༀ་ཨཱཿཧཱུྃ་སྭཱ་ཧཱ། སརྦ་པཉྩ་ཨ་མྲྀ་ཏ་མཎྜ་ལ་ཧཱུྃ། གསུམ་པ་ཐིག་ལ། དེ་ནས་ཐིག་སྐུད་གདབ་པ་ཡང་། དང་པོར་གཟུངས་མ་བརྟག་པ་དང་། བདག་དང་གཟུངས་མ་བྱིན་གྱིས་བརླབས་པའང་ཀུན་འོག་ནས་སྨོས་པ་ལྟར་ཤེས་པར་བྱས་ལ། ཡུམ་ལ་བསྒོ་བ། རྒྱུད་ལས། ཆོས་ཀྱི་དབྱིངས་ལས་ཡེ་ཤེས་འཁྲུངས་བྱེད་ཅིང་། །རྡོ་རྗེ་སེམས་མ་ལས་ཀྱི་ཡིད་འཛིན་མ། །གསང་བའི་དཀྱིལ་འཁོར་འདི་ལ་ཐིག་འདེབས་ཀྱིས། །དངོས་གྲུབ་སྒྲུབ་པའི་ལས་རྣམས་ཀུན་གྱིས་ཤིག །ཅེས་གསུངས་ཏེ། ཐིག་སྐུད་བ་སུ་ཏའམ་རས་བལ་ལ་བྱས་ཏེ། སྣ་ཡུམ་ལ་གཏད་ནས། ཡིད་ཀྱིས་སྦྱོར་བ་བྱས་ནས། བྱང་ཆུབ་སེམས་དཀྱིལ་འཁོར་སྟེང་དུ་དཀར་བྲེག་གིས་བྱུང་བར་བསམ་ལ། འདི་སྐད་བརྗོད་དོ། །ཧཱུྃ། ཐབས་དང་ཤེས་རབ་ལྡན་པའི་བྱིན་རླབས་ལས། །གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་འདིར། །གསང་བ་བྱང་ཆུབ་སེམས་ཀྱི་ཐིག་འདེབས་ཀྱིས། །ཡེ་ཤེས་གཞལ་ཡས་ཕོ་བྲང་ལྷུན་གྱིས་གྲུབ། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ། ཞེས་བརྗོད་པས། གནམ་ཐིག་ཤར་ནུབ་དང་ལྷོ་བྱང་དུ། རྒྱ་གྲམ་དུ་བཏབ་པས། སྟེང་གི་ཕྱོགས་སུ་རང་བཞིན་གྱི་དཀྱིལ་འཁོར་དུ་གྱུར་པར་བསམ་མོ། །རང་བཞིན་གྱི་དཀྱིལ་འཁོར་དེ་མི་ཤེས་རྨོངས་པ་ལ། དེ་བསྟན་པའི་ཕྱིར། གཟུགས་བརྙན་གྱི་དཀྱིལ་འཁོར་ལ་ཐིག་གདབ་སྟེ། ཡབ་ཡུམ་གཉིས་ཀྱིས་སྙིང་པོ་བརྗོད་ཅིང་བཏབ་པས། གཟུགས་བརྙན་དེ་ཉིད་མཁའ་ཀློང་རྣམ་པར་དག་པའི་གཞལ་ཡས་ཁང་དུ་བསམ་ཞིང་གདབ་སྟེ། དང་པོ་ཕྱོགས་མཚམས་ཀྱི་འགྲོས་ལེགས་པར་སྙོམས་ལ། མཎྜལ་གྱི་དཀྱིལ་འཁོར་མཐར་གཅལ་བའི་ཚད་ལ་ཆ་བཞིར་བགོས་ཏེ། དེ་ལ་ཆ་གཅིག་ལ་ཕོ་བྲང་གི་སྙིང་པོ་བྱའོ། །ཆ་གཅིག་ལ་ཁྱམས་དང་རྡོ་རྗེ་ར་བ་གཉིས་སྦྲེལ་བྱའོ། །ཆ་གཅིག་ལ་སྒོ་བྱའོ། ཆ་གཅིག་ལ་རྟ་བབས་བྱའོ། །དེ་ལ་སྒོ་ཡི་མདུན་ཐིག་ཏུ་བྱ་བ་ནི། དབུས་ཀྱི་ཕོ་བྲང་ལ་ཆ་བརྒྱད་ཀྱི་མཚན་མ་བཏབ་སྟེ། དང་པོ་ཕྱོགས་ཐིག་གི་རྩར་ཆ་གཉིས་ལ་བཏབ་པས། དེ་ནི་རྗོ་ཐིག་ཏུ་འགྱུར་རོ། །དེ་ནས་ཆ་གཅིག་ལ་བཏབ་པས་སྒོའི་པཉྩ་རེ་ཁར་འགྱུར་རོ། །དེ་ནས་ཆ་གཅིག་ལ་བཏབ་པས་སྒོ་ཐིག་ཏུ་འགྱུར་རོ། །དེ་ནས་ཆ་གཅིག་ལ་བཏབ་པས་སྒོ་འཁྱུད་ཀྱི་པཉྩ་རེ་ཁར་འགྱུར་རོ། །དེ་ནས་བར་འཁྱམས་ཀྱི་ཆ་ལ་པཉྩ་རེ་ཁའི་ཆག་ཚད་གསུམ་གྱི་ཚད་ལ་བཏབ་པས། གྲུ་ཆད་ཀྱི་རྡོ་རྗེ་ར་བའི་ཐིག་ཏུ་འགྱུར་རོ། །དེ་བཞིན་དུ་ནང་གི་ཆ་ལ་བཏབ་པས་གྲུ་ཆད་ཉིད་དུ་འགྱུར་རོ། །གློ་འབུར་གྱི་ཐིག་ནི་སྒོའི་པཉྩ་རེ་ཁ་དང་མཉམ་པ་ལ། ཁྱམས་ཕྱེད་ཚད་ལ་རྡོ་རྗེའི་ར་བ་དང་བཅས་པར་གུད་དུ་གདབ་བོ། །དེ་ནས་སྒོ་སྣམ་ལ་ཆ་བརྒྱད་དུ་བགོས་ཏེ། ཆ་དང་པོ་བཏབ་པས་ཁྱམས་ཀྱི་པཉྩ་རེ་ཁར་འགྱུར་རོ། །དེ་ནས་ཆ་གཉིས་བརྐྱངས་ཏེ་བཏབ་པས་སྒོར་འགྱུར་རོ། །དེ་ནས་ཆ་གཅིག་བཏབ་པས་སྒོ་འཁྱུད་ཀྱི་པཉྩ་རེ་ཁར་འགྱུར་རོ། །དེ་ནས་ཆ་གཉིས་བརྐྱངས་ཏེ་བཏབ་པས་སྒོ་འཁྱུད་དུ་འགྱུར་རོ། །དེ་ནས་ཆ་གཅིག་བཏབ་པས་སྒོ་ལྷད་ཀྱི་པཉྩ་རེ་ཁར་འགྱུར་རོ། །ཕྱི་མའོ་ཆ་གཅིག་པོ་ནི་ཡ་ཕུབས་སུ་ཟད་དོ། །སྒོ་འཁྱམས་ཀྱི་རྒྱན་དང་རྟ་བབས་ནི་ཅི་དགར་བྱ་བར་ཟད་དོ། །དེ་ནས་དབུས་སུ་ཕུར་པ་བཏབ་སྟེ། ཕོ་བྲང་ཟླུམ་པོ་རྡོ་རྗེའི་ར་བ་དང་བཅས་པ་ཤིག་བསྐོར་བར་བྱའོ། །དེ་ནས་དབུས་ཀྱི་ཕོ་བྲང་གྲུ་བཞི་ལ་འཁོར་ལོའི་ལྟེ་བར་བསྐོར་ཏེ། དེའི་ཕྱི་རོལ་ཆ་གསུམ་གྱི་ཚད་ལ། ནང་གི་ཆ་གཅིག་རེ་མིག་གི་ཆར་བཞག་སྟེ། ཆ་གཉིས་ལ་རྩིབས་བྱ་སྟེ། འཁོར་ལོའི་རྩིབས་བཞིའི་ཐིག་ཏུ་བྱའོ། །བཞི་པ་ཚོན་བཀྱེ་བ། དེ་ནས་ས་ཚོན་བྱིན་བརླབས་པ་ནི། རྒྱུད་ལས། རང་བྱུང་འབྱུང་བ་ལྔ་ཡི་ཁྱད་པར་ལས། །འོག་གི་ས་ཚོན་ཡེ་ཤེས་ལྔ་རུ་རྫོགས། ཁམས་གསུམ་ཐུགས་རྗེས་ཡོངས་སུ་བསྒྲལ་བའི་ཕྱིར། །དག་པ་དྲི་མེད་ཡེ་ཤེས་ལྔ་རུ་བསྒོམ། །ༀ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་འབྱུང་བས། ས་ཚོན་དཔའ་བོ་འབྲུ་ལྔ་ལས། ས་ཚོན་ༀ་དཀར། ཨཱཿདམར། ཧཱུྃ་མཐིང་། སྭཱ་སེར། ཧཱ་ལྗང་གུའོ། །ཡེ་ཤེས་ལྔའི་འོད་དུ་གྱུར་ཏེ། དཀར་པོ་ཆོས་དབྱིངས་ཡེ་ཤེས། སྔོན་པོ་མེ་ལོང་། སེར་པོ་མཉམ་ཉིད། དམར་པོ་སོར་རྟོགས། ལྗང་གུ་བྱ་གྲུབ་བོ། །འོད་ཟེར་སྣ་ལྔ་ལས་རིན་པོ་ཆེ་སྣ་ལྔའི་གཞལ་ཡས་ཁང་དུ་གྱུར་པར་བསྒོམ་ལ། དབུས་ཀྱི་ཕུར་པ་བཏོན་ཏེ། དེའི་ཤུལ་དུ་ས་ཚོན་སྣ་ལྔ་དགང་ངོ་། །དེ་ནས། ཚོན་པྲ་བརྟག་ཕྱིར་བྱང་ཤར་མཚམས་ནས་པཉྩ་རེ་ཁ་ཁྲིད་དེ་དྲངས་ཏེ་བཞག་ནས། དེའི་ཁ་བནྡྷས་བཀབ་སྟེ་བཞག་གོ། །ཞིག་ན་མི་ལེགས་མ་ཞིག་པར་གྲིབ་སོ་ངམ་མེ་བྱུང་ན་ལེགས་སོ། །དབུས་ཀྱི་ལྟེ་བ་མཐིང་ཀ །འཁོར་ལོའི་རྩིབས་བཞི་རིགས་དང་བསྟུན་པའམ་དཀར་སེར་དམར་ལྗང་སེར་པོ་གང་ཡང་རུང་དུ་བྱ། རྩིབས་མཆན་དམར་པོ་བྱ། གྲུ་ཆད་དང་གློ་འབུར་བཞི་བཞི་ལྗང་གུ། བར་ཁྱམས་སེར་པོར་བྱ། སྒོ་བཞི་རིགས་དང་བསྟུན་ལ། ཕྱི་རོལ་ལྕགས་རིའི་མཐའ་རྡོ་རྗེ་དང་མེ་འོད་ཀྱིས་བསྐོར་རོ། །ལྔ་པ་ལྷ་ཡི་སྐུ་གསུང་ཐུགས་མཚན་དགོད་པ། དེ་ལ་ལྷ་སོ་སོའི་ཧཱུྃ་མཱུྃ་སོགས་ཡི་གེའམ། རིགས་ལྔའི་ཐུགས་མཚན་ནམ། ཡང་ན་ཐིག་ལེ་དགོད་པར་བྱའོ། །ཡང་ན་དེ་ཀུན་མི་དགོས་ཏེ། འོག་ནས་སྨོས་པའི་རྫས་བཀོད་པས་ཆོག །དེ་ལ་ནི། དཀྱིལ་འཁོར་དེ་བཞིན། ཞེས་བྱ་བའི་དོན་ཏེ། ནུབ་ཕྱོགས་གཞི། །ཞེས་བྱ་བ་ནི། དཀྱིལ་འཁོར་དེ་ལ་བརྟེན་ནས་བསྙེན་པ་བྱས་པའི་དུས་ན། རྒྱུ་སེམས་ཅན་གྱི་ལས་དང་ཉོན་མོངས་པའི་གཡེངས་པས་བསྡུས་པ་ཐམས་ཅད་ནུབ་ནས། འབྲས་བུ་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་ཞིང་ཁམས་ལ་ཕྱོགས་ནས། གཞི་གཞལ་ཡས་ཁང་དེ་ལ་བརྟེན་ཏེ་བསྙེན་པ་བྱ། ཞེས་པའི་དོན་ཏོ། །གཉིས་པ་ལྷ་༢༽བཀོད་པ་གང་སྙམ་པ་ལ། དེ་ལ་གཉིས་ཏེ། རྫས་དགོད་པ་དང་། ལྷ་དགོད་པའོ། །དང་པོ་རྫས་དགོད་པ་ནི། ཁམ་ཕོར་རི་མོ་བྲིས་པ་དགུ། །ཞེས་པས་བསྟན་ཏེ། བནྡྷ་རངས་པ་གཅིག་ལ། རིགས་ལྔ་ཡབ་ཡུམ་གྱི་སྙིང་པོ། ཧཱུྃ་བཛྲ་དྷྲིཀ྄་ལ་སོགས་བྱང་ཆུབ་སེམས་དཀར་དམར་གྱིས་བྲིའོ། །ཚལ་བུ་བརྒྱད་ལ། སེམས་དཔའ་ཡབ་ཡུམ་གྱི་སྙིང་པོ་ཀྵིཾ་ཧི་རཱ་ཛ་སོགས་བྲིའོ། །དེ་ལ་ནི། ཁམ་ཕོར་རི་མོར་བྲིས་པ་དགུ། །ཞེས་བྱའོ། །ཐུབ་པ་དྲུག་ནི། ཙནྡན་གྱི་ཕུར་པ་ཟླུམ་པོ་རེ་རེ་ལ་སྙིང་པོ་ༀ་མུ་ནེ་ཀྲུང་སོགས་བྲིའོ། །སྒོ་བཞི་ཁྲོ་བོ་ཡབ་ཡུམ་ནི། སེང་ལྡེང་གི་ཕུར་པ་བརྒྱད་ལ་སྙིང་པོ་ཡ་མཱན་ཏ་ཀྲིཏ་ཏ་སོགས་བྲིའོ། །ཀུན་བཟང་ཡབ་ཡུམ་གཉིས་ནི། དབུས་ཀྱི་བནྡྷ་ལ་བྲི་ཡང་ཟེར་རོ། །རྡོ་རྗེ་དང་དྲིལ་བུ་ལ་བྲི་ཡང་ཟེར་རོ། །གཉིས་པ་ལྷ་དགོད་པ་ནི། དེ་ནས་བནྡྷའི་མཚན་གསོལ་བ་བྱས་པ་ལྷ་སྦྱན་དྲངས་ཤིང་དགོད་པ། ཧཱུྃ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་དང་། །ཡུམ་ཆེན་ཀུན་ཏུ་བཟང་མོ་གཉིས། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནས། ཛཿཧཱུྃ་བྃ་ཧོཿས་སྤྱན་དྲངས་ཤིང་། །ཡང་དག་གསལ་བའི་དཀྱིལ་འཁོར་འདིར། །སེང་ཆེན་བསྣོལ་བའི་གདན་སྟེང་དང་། །ཉི་ཟླ་པདྨའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ ཧཱུྃ་བཛྲ་དྷིཀ྄ །མཱུྃ་དྷ་ཏི་ཤྭ་རི་སྟྭཾ། ཀཱ་ཡ་ཝཱ་ཀ྄་ཙིཏྟ་ས་མ་ཡ་ཏིཥྛ་ལྷན། ཞེས་བརྗོད་དོ། །དེས་འགྲེལ་བར་བྱས་ལ་དགོད་དོ། །གསུངས་པས། ཧཱུྃ། ཤར་ནས་རང་བྱུང་༴ བཅོམ་ལྡན་རྣམ་པར་སྣང་མཛད་དང་། །ཡུམ་ཆེན་སངས་རྒྱས་སྤྱན་མ༴ གླང་ཆེན་བསྣོལ་བའི་གདན༴ ༀ་ཛི་ན་ཛིཀ྄ །ལཾ་ཏེ་ཥ་ར་ཏི་སྟྭཾ། སོགས་གོང་ལྟར་སྦྱར། དེ་བཞིན། ལྷོ་རིན་འབྱུང་། ཡུམ་མཱ་མ་ཀཱི། རྟ་མཆོག་གདན། སྭཱ་རཏྣ་དྷྲིཀ྄ །མཱཾ་མོ་ཧ་ར་ཏི་སྟྭཾ། ནུབ་སྣང་མཐའ། ཡུམ་གོས་དཀར་མོ། རྨ་བྱའི་གདན། ཨཱཾ་ཨ་རོ་ལིཀྲ །པྱཾ་རཱ་ག་ར་ཏི་སྟྭཾ། བྱང་དོན་གྲུབ། ཡུམ་དམ་ཚིག་སྒྲོལ་མ། ཤང་ཤང་གདན། ཧཱ་པྲཉྫྙཱ་དྷྲིཀ྄ །ཏཱཾ་བཛྲ་ར་ཏི་སྟྭཾ། ཞེས་རིགས་ལྔ་དང་། དེ་བཞིན་དབང་ཤེས་དག་པ་སེམས་དཔའ་བརྒྱད། ཡུལ་དུས་དག་པ་སེམས་མ་བརྒྱད། གདན་པད་ཉི་ཟླ་བ། སོ་སོའི་སྔགས་དང་། ཉོན་མོངས་དག་པ་ཐུབ་དྲུག །གདན་པ་རྐྱང་། ༀ་མུ་ནེ་ཀྲེཾ་སོགས་སྔགས། རྟག་ཆད་མུ་བཞི་དག་པ་སྒོ་བ་བཞི། ཚད་མེད་བཞི་ལྡན་སྒོ་མ་བཞི། ཉི་གདན། རང་སྔགས། ཡིད་ཆོས་དག་པ་ཀུན་བཟང་ཡབ་ཡུམ། སྔགས་བཅས། རྒྱས་བསྡུས་ཅི་རིགས་སྦྱར་བ་ཞི་བ་སྙེན་དང་། ཁྲོ་སྒྲུབ་ལའང་འོག་ཏུ་འབྱུང་བ་ལྟར་རྒྱས་བསྡུས་རྟེན་མཚུངས་སྦྱར་ཆོག་པར་སེམས། ཆོས་སྤྱན་ལྡན་པས་དཔྱད་པར་ཞུ། མར་༣༽མེ་དགོད་པ་གང་སྙམ་པ་ལ། སྣང་བའི་འོད་དག་ཆས་པར་དགྲམ། །ཞེས་གསུངས་ཏེ། མར་མེ་བཅའ་བ་ལ་སོགས་པ་འོག་ཏུ་ཤེས་པར་བྱས་ལ། དགོད་པ། ཧཱུྃ། སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལས། །ཡེ་ཤེས་རོལ་པ་རྨད་འབྱུང་ལས། །མ་ཏྲཾ་གྱི་ནི་ཁོག་པ་ལ། །ཡེ་ཤེས་ཆེན་པོའི་གཞལ་ཡས་ཁང་། །གསང་བ་མཆོག་གི་དཀྱིལ་འཁོར་འདིར། །ཀུན་ཏུ་བཟང་མོ་ཡུམ་གྱི་ཀོང་བུ་རུ། །སྐྱེ་མེད་བྱང་ཆུབ་སེམས་ཀྱི་མར་གྱིས་བལྟམས། །འཆི་མེད་ཐབས་ལ་མཁས་པའི་སྡོང་བུ་ལ། །ཡེ་ཤེས་འོད་འཕྲོ་འབར་བའི་མེ་སྦར་ཏེ། །གཏི་མུག་མུན་ཁང་འཇོམས་པའི་གཟི་བྱིན་ཅན། །དུག་གསུམ་གནས་བསྲེག་སྐུ་གསུང་ཐུགས་ཀྱི་གཏེར། །སེམས་ཀྱི་དཔེར་བཞག་ཡེ་ཤེས་རང་སྣང་བ། །མེ་ལོང་ལྟ་བུའི་ཡེ་ཤེས་བསྒྲུབ་པའི་ཕྱིར། །གསང་བའི་དཀྱིལ་འཁོར་གནས་སུ་བསྒྲུར་པར་བྱའོ། །ཛྙཱ་ན་དཱི་པ་ས་མ་ཡ་ཏིཥྛ་བཛྲ། ཞེས་མར་མེ་ལྷ་གྲངས་བཞིན་དུ་དགོད་པར་བྱའོ། །རྫས་༤༽དགོད་པ་གང་སྙམ་པ་ལ། རྫས་ཀྱིས་མཛེས་པར་འཁོར་བར་བཞག །ཅེས་གསུངས་ཏེ། རིགས་ལྔ་མཚོན་རྟགས་དར་ཚོན་སྣ་ལྔའི་ཡོལ་བ་བྲེས། སེམས་དཔའ་བརྒྱད་མདའ་བཞི་དང་། མེ་ལོང་བཞི་དང་། སེམས་མ་བརྒྱད་རལ་གྲི་བཞི་དང་། དར་སྣ་བཞི་དང་། སྒོ་བ་ཡབ་ཡུམ་རྟགས་རིན་པོ་ཆེའི་ཕྲེང་བ་བཞི་དང་། ཕུར་པས་མཐའ་བསྐོར། ཡེ་ཤེས་ལྔའི་རྟགས་ཚོན་སྐུད་སྣ་ལྔས་བསྐོར། གཞན་ཡང་མཆོད་རྫས་ལ་སོགས་པ་དགོད་པར་བྱའོ། །ཏིང་ངེ་འཛིན་གསལ་༥བའི་རྟེན་དགོད་པ་གང་སྙམ་པ་ལ། མིག་གི་རྟེན་ཡང་མངོན་པར་བཞག །ཅེས་གསུངས་ཏེ། ལྷ་གསལ་བའི་ཕྱིར། བྲིས་སྐུ་བཞག་པ་དང་། གསང་བའི་སྒྲུབ་པ་གཞུང་གཟུགས་པའི་ཕྱིར། ཡུམ་གཟུངས་མ་དང་། དབང་བསྐུར་བའི་བུམ་པ་དང་། དབང་རྫས་རྣམས་བཞག་གོ། །དཀྱིལ་འཁོར་དང་རྫས་དེ་ལ་བརྟེན་ནས། བསྙེན་པའི་ཆོ་ག་གཞུང་༦༽བསྲང་བ་ནི། འོག་ནས་འབྱུང་བ་ནར་མར་ལྷ་མཉེས་པར་བྱ་བའི་ཕྲིན་ལས་ཀྱིས་ཤེས་པར་བྱའོ། ༢༽ །དེ་ལ་ལུང་གཉིས་པ། རྡུལ་ཚོན་བྲིས་ཏེ་རྫས་མཆོག་བམ་ལ་བརྟེན་ཏེ་བསྙེན་པ་བྱ་བའི་ལུང་ནི། རྒྱུད་ལས་འདི་སྐད་དུ། དཀྱིལ་འཁོར་ཟླ་གམ་སྒོ་གཅིག་པ། །ཤར་དུ་བསྟན་པར་བྲིས་ནས་སུ། །དེ་སྟེང་རོ་ནི་ཙོག་པུར་བཞག །ཅེས་གསུངས་པས། གོང་དུ་སྟ་གོན་ལ་གནས་པར་བྱས་པའི་རོ་སྒྲོམ་ནས་ཕྱུངས་ཏེ། འོད་ཀྱི་ལས་རིམ་ལྟར་ཁྲུས་ལེགས་པར་བྱས་ནས། ཤེས་པ་དགུག་པ་དང་། དཀྱིལ་འཁོར་དུ་གཞུག་པ་བྱས་ཏེ་མཎྜལ་དབུས་སུ་བཞག་ནས། དེ་ལ་ལྷ་དགོད་པ་ཡང་། རྒྱུད་ལས། རོ་ལ་ལྷ་རྣམས་དགོད་པ་ནི། བདག་ཉིད་མི་བསྐྱོད་པ་ཡབ་ཡུམ་ས་བོན་ལས། །ཏ་ཐཱ་ལ་སོགས་བཞི་བཅུ་གཉིས། །རོ་ཡི་གནས་སུ་སྤྲོས་པ་ལས། །ཡན་ལག་ལྔ་ལ་བསམ་པ་ནི། །མགོ་ལ་མི་བསྐྱོད་པ། ལག་གཡས་རྣམ་སྣང་། ལག་གཡོན་རིན་འབྱུང་། རྐང་གཡོན་སྣང་མཐའ། རྐང་གཡས་དོན་གྲུབ་རིགས་ལྔ་ཡབ་ཡུམ་བསྒོམ་པར་བྱ། །མདུན་རྒྱབ་གཉིས་སུ་བསམ་པ་ནི། །ཨ་ལི་ཀུན་ཏུ་བཟང་པོ། ཀ་ལི་བཟང་མོ། བསྒོམ་པར་བྱ། །རྣམ་ཤེས་མིག་ཤེས་ས་སྙིང་། རྣ་ཤེས་ནམ་སྙིང་། སྣ་ཤེས་སྤྱན་གཟིགས། ལྕེ་ཤེས་ཕྱག་རྡོར་རོ། །དབང་པོ་མིག་དབང་བྱམས་པ། རྣ་དབང་སྒྲིབ་སེལ། ལྕེ་དབང་འཇམ་དཔལ། སྣ་དབང་ཀུན་བཟང་། ཡུལ་མིག་ཡུལ་གཟུགས་ལཱ་སྱེ་མ། སྒྲ་མཱ་ལྱ། དྲི་གིརྟི། རོ་ནིརྟི། དུས་ལ། །འདས་པ་དྷཱུ་པྤེ། ད་ལྟ་པུཥྤེ། མ་འོངས་ཨཱ་ལོ་ཀེ། འབྱུང་བར་མ་ངེས་གནྡྷེ་མའོ། །སེམས་དཔའ་ཡབ་ཡུམ་བསྒོམ་པར་བྱ། །སྤྱི་བོ་ལྷའི་ཐུབ་པ་རྒྱབ་ལྷ་མིན་ཐུབ། དང་ལྕེ་མི་ཐུབ་སྙིང་བྱོལ་སོང་ཐུབ། གསང་། །ཡི་དྭགས་ཐུབ། རྐང་མཐིལ། དམྱལ་བའི་ཐུབ་པ་ཡན་ཆད་ཐུབ་པ་དྲུག །ལྟེ་བ་གཤིན་རྗེ་ཡབ་ཡུམ་དྲུག་མདོ་གཞན་གྱིས་མི་ཐུབ། མཁལ་ཁུང་གཉིས། །གཡས་རྟ་མགྲིན་ཡབ་ཡུམ། གཡོན་བདུད་རྩི་འཁྱིལ་བ་ཡབ་ཡུམ་མོ། །སྒོ་བ་ཡབ་ཡུམ་བསྒོམ་པར་བྱ། །ཞེས་འབྱུང་བ་དང་། ཡང་རྒྱུད་ལས། ཆོས་ཀུན་རྩ་བ་སེམས་ཡིན་ཏེ། །སེམས་ནི་སྣང་བ་གསུམ་དུ་ཤར། །ཞེས་གསུངས་པས། བདག་རང་བཞིན་གྱི་དཀྱིལ་འཁོར་སྒོམ་པ་དང་། བཀོད་པ་རྫས་ཀྱི་དཀྱིལ་འཁོར་རྡུལ་ཚོན་དང་། རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་གནས་ལུགས་ཏེ། དེ་གསུམ་ཅི་གསལ་དུ་གསལ་བ་ལས། ཡང་རྒྱུད་ལས། རང་བཞིན་དཀྱིལ་འཁོར་སྤྱན་དྲངས་བསྟིམ། །ཕྱག་འཚལ་མཆོད་དེ་གནས་པ་དང་། །བཟླས་བརྗོད་བསྙེན་པའི་འཕྲོ་འདུ་ཡིས། །ཡང་ནས་ཡང་དུ་སྦྱང་བར་བྱ། །ཞེས་འབྱུང་བས། བསྙེན་པའི་འཕྲོ་འདུ་འོག་ནས་འབྱུང་བ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་བྱས་པའི་ཡོན་ཏན་ཡང་། རྒྱུད་ལས། རྣམ་སྨིན་ཟག་བཅས་ཕུང་པོ་ལ། །བམ་ལྷའི་ཕྱག་རྒྱའི་དཀྱིལ་འཁོར་གསལ་བཀོད་ནས། །འོད་ཟེར་འཕྲོ་འདུས་སྦྱངས་བྱས་ནས། །གཉིས་དོན་མཐར་ཕྱིན་ཕྱག་རྒྱར་དགྲོལ། །ཞེས་གསུངས་ཏེ། དེ་དག་གི་ཕྲིན་ལས་བྱ་བའི་རིམ་པ་ནི། བླ་མའི་མཛད་སྤྱོད་དང་། བམ་སྒྲུབ་མན་ངག་ལས་ཤེས་པར་བྱའོ། །དེ་ལྟར་ཞི་བ་བསྙེན་པའི་དཀྱིལ་འཁོར་ལ་བློ་སྦྱངས། ཞི་བའི་བསྙེན་པ་མཐར་ཕྱུངས་ནས། ༢༽ ཁྲོ་བོ་སྒྲུབ་པའི་དཀྱིལ་འཁོར་བསྟན་པ་ལ་དོན་ལྔ་སྟེ། དཀྱིལ་འཁོར་བསྟན་པ་དང་། ལྷ་དགོད་པ་བསྟན་པ་དང་། མར་མེ་དགོད་པ་བསྟན་པ་དང་། རྫས་དགོད་པ་བསྟན་པ་དང་། མིག་གི་རྟེན་བཞག་པར་བསྟན་པའོ། །དེ་ལ་༡༽དཀྱིལ་འཁོར་བསྟན་པ་གང་སྙམ་པ་ལ། དཀྱིལ་འཁོར་དེ་བཞིན་ནུབ་ཕྱོགས་གཞི། ཁམ་ཕོར་རི་མོར་བྲིས་པ་དགུ། །སྣང་བའི་འོད་དང་ཆས་པར་དགྲམ། །རྫས་ཀྱིས་མཛེས་པར་འཁོར་བར་བཞག །མིག་གི་རྟེན་ཡང་མངོན་པར་བྲི། །ཞེས་གསུངས་སོ། །དེ་ལ་དཀྱིལ་འཁོར་བསྟན་པ་གང་སྙམ་པ་ལ། དཀྱིལ་འཁོར་དེ་བཞིན་ནུབ་ཕྱོགས་གཞི། །ཞེས་གསུངས་ཏེ། དེ་ལ། དཀྱིལ་འཁོར་ཞེས་པའི་དོན་མཎྜ་ལ་ཞེས་བྱ་སྟེ། མཎྜ་ནི་སྙིང་པོ་ལ། ལ་ནི་ལེན་པའམ་འཛིན་པ་སྟེ། བླ་ན་མེད་པའི་བྱང་ཆུབ་མི་གནས་པའི་དོན་དེ་ལེན་པའམ་འཛིན་པའི་ཕྱིར་རོ། །དེ་ཡང་དོན་དང་། རྟགས་གཉིས་ལས། དོན་གྱི་དཀྱིལ་འཁོར་ནི། ཆོས་ཀྱི་དབྱིངས་ཡེ་ཇི་བཞིན་པ་དེ་ནི། ཤེས་བྱ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དེ་ནི་དཀྱིལ་ཡིན་པས། དེ་ལ་ཡེ་ཤེས་བརྒྱད་ཀྱིས་བསྐོར་བ་ནི་འཁོར་ཞེས་བྱའོ། །རྟགས་ཀྱི་དཀྱིལ་འཁོར་ནི། དབུས་ཀྱི་གཙོ་བོ་ནི་དཀྱིལ་ཡིན་ལ། དེ་ལ་འཁོར་རྒྱས་འབྲིང་གིས་བསྐོར་བ་ལ་འཁོར་ཞེས་བྱ་སྟེ། སྤྱིའི་དོན་དེ་བཞིན་གཤེགས་པ་བྱས་ལ། གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་གིས། དངོས་གྲུབ་དཀྱིལ་འཁོར་ལ་བརྟེན་ཏེ་སྒྲུབ་པའི་ཕྱིར་ན་དཀྱིལ་འཁོར། ཞེས་གསུངས་ཏེ། དཀྱིལ་འཁོར་ལ་ཡང་གཞུང་གཉིས་ལས། གཞུང་གཅིག་ནི། གཟུགས་བརྙན་གྱི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། རང་བཞིན་གྱི་དཀྱིལ་འཁོར་དང་། གསང་བ་བྱང་ཆུབ་ཀྱི་དཀྱིལ་འཁོར་དང་བཞི། ཞེས་བཤད་དེ། དོན་དེ་བཞི་ལ་བརྟེན་ཏེ་དངོས་གྲུབ་བསྒྲུབ་བོ། །གཞུང་གཉིས་པ་ནི། བསྐྱེད་པ་མ་ཧཱ་ཡོ་གའི་དཀྱིལ་འཁོར་དང་། རྫོགས་པ་ཨ་ནུ་ཡོ་གའི་དཀྱིལ་འཁོར་དང་། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་དཀྱིལ་འཁོར་དང་གསུམ། ཞེས་བཤད་དེ། དོན་དེ་གསུམ་ལ་བརྟེན་ཏེ་དངོས་གྲུབ་སྒྲུབ་བོ། །དེ་གསུམ་ཡང་ལྟ་སྤྱོད་སྒྲུབ་པ་གསུམ་སྟེ། དེ་ཡང་སྒྲུབ་པ་མ་ཧཱ་ཡོ་ག་འདི། གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བརྟེན་ཏེ་སྒྲུབ་པར་རྒྱུད་ལུང་མན་ངག་ཀུན་ལས་གསུངས་པས། ཞི་བ་ལས་ཁྲོ་བོར་གནས་བསྒྱུར་ནས་སྒྲུབ་པའི་དུས་སུ། ངག་དོན་བཞི་སྟེ། དང་པོ་ཆག་ཆག །གཉིས་པ་བདུད་རྩི་ལྔའི་གོ་མ་ཡེ། གསུམ་པ་ཐིག །བཞི་པ་དཀྱིལ་འཁོར་བྲི་བའོ། །དང་པོ། ཆག་ཆག་གདབ་པ་ཡང་། ལུང་ལས་འདི་སྐད་དུ། ཧཱུྃ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །འཁོར་བའི་རྒྱུན་བཅད་བྱང་ཆུབ་སེམས་ཀྱི་ངང་། །མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་སུ། །རཀྟ་གསང་བའི་ཐིག་ལེ་ཆེན་པོར་སྤྲོ། །མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །གདོད་ནས་དག་པའི་དྲི་མེད་བྱང་ཆུབ་སེམས། །ཡེ་ཤེས་རང་བྱུང་ཆེན་པོ་བསྒྲུབ་པའི་ཕྱིར། །གསང་བའི་དཀྱིལ་འཁོར་ཆེན་པོ་ཆག་ཆག་འདེབས། །མ་ཧཱ་བོ་བྷི་ཙིཏྟ་མཎྜལ་ཧཱུྃ། ཞེས་ཡབ་ཡུམ་གཉིས་ཀྱི་བྱང་ཆུབ་སེམས་དཀར་དམར་གྱིས་ཆག་ཆག་གདབ་བོ། །གཉིས་པ། དེ་ནས་བདུད་རྩི་རྣམ་པ་ལྔ་ཡིས་ཆག་ཆག་གོ་མ་ཡེ་བཏང་སྟེ། ཧཱུྃ། དུག་ལྔ་རྣམ་དག་སྐུ་ལྔར་ལྷུན་གྱིས་གྲུབ། །གདོད་ནས་དག་པའི་བདུད་རྩི་གོ་མ་ཡེ། །ཤེས་རབ་ཡུམ་གྱི་མཁའ་ལ་རྒྱུར་ལྟར་གསལ། །དུར་ཁྲོད་གསང་བའི་བཞུགས་གནས་ཐིག་ལེར་ཤར། །མ་ཧཱ་པཉྩ་ཨ་མྲྀ་ཏ་མཎྜ་ལ་ཧཱུྃ། ཞེས་བརྗོད་དོ། །གསུམ་པ་ཐིག་ཆོག །དེ་ནས་ཐིག་གདབ་པར་བྱ་སྟེ། རྒྱུད་ལས། དཀྱིལ་འཁོར་ཐིག་གདབ་ཤེས་རབ་ཅན། །ཕྱོགས་ཀུན་མཉམ་པ་ཉིད་བསྒྲུབ་ཅིང་། །དོན་གྱི་དཀྱིལ་འཁོར་ཡང་དག་ཇི་ལྟ་བར། །དོན་རབ་ཏུ་བརྟག་པ་སུ་ཞིག་ནུས། །རང་གིས་ལྷ་ཡི་རང་བཞིན་གྱི། །གཉིས་མེད་དོན་གྱི་དཀྱིལ་འཁོར་བརྟག་པ་གྲུབ་པར་འགྱུར། །ཞེས་འབྱུང་བས། ཐིག་གི་དོན་ཡང་། དོན་དམ་པར་ཕྱོགས་ཀུན་མཉམ་པ་ཉིད་དུ་དམིགས་ལ། དོན་དམ་ལ་དཀྱིལ་འཁོར་ཆོ་ག་རྫོགས་པར་སུས་ནུས་ཏེ། རང་གི་ལྷའི་རྣལ་འབྱོར་དུ་ཞུགས་ན། དཀྱིལ་འཁོར་གྱི་ཆོ་ག་རྣམས་འགྲུབ་པར་འགྱུར་ཏེ། དཔེར་ན་ལྷའི་བུ་ལ་ཁང་པ་བརྩིགས་པ་མེད་པར་རང་གྲུབ་ཏུ་ཡོད་པ་ལྟ་བུའོ། །ཀུན་རྫོབ་ཏུ་ཐིག་གཡོག་གཟུངས་མ་སྟེ། བྱིན་གྱིས་བརླབས་པ་བྱས་ཏེ། ཡབ་ཀྱིས་ཡུམ་ལ་བརྗོད་པ། བཀྲ་ཤིས་མཚན་ལྡན་གསང་བའི་ཡུམ། །ཞལ་ནས་ཨུཏྤལ་ངད་ལྡན་ཞིང་། །སྐད་ཀྱང་ངང་པ་གཞོན་ནུ་འདྲ། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །ཟླ་གསང་དཀར་དམར་སྐུང་ཁང་ལྕི། །གཞན་གྱིས་ཁ་འདྲོང་མི་གཏུབ་པ། །རྡོ་རྗེའི་ལས་ཀྱི་དོན་འགྲུབ་མ། །གཉིས་མེད་སྦྱོར་བའི་བྱིན་རླབས་ལས། །དཀྱིལ་འཁོར་འདི་ལ་ཐིག་འདེབས་ཀྱིས། །སྒྲུབ་པའི་ལས་རྣམས་ཀུན་གྱིས་ཤིག །ཅེས་བརྗོད་ལ། ཡུམ་ལ་ཐིག་སྐུང་འཕང་། དེ་ནས། ཡིད་ཀྱིས་སྦྱོར་བ་བརྩམ། ཧཱུྃ། ཟླ་གམ་དམར་པོ་གསང་བའི་དཀྱིལ་འཁོར་འདིར། །དུར་ཁྲོད་བདག་པོ་དྲེགས་པའི་ཚོགས་བསྒྲལ་སྟེ། །རྒྱུ་འཕྲེང་ཁྲག་དང་བཅས་པའི་ཐིག་འདེབས་ཀྱིས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པ་ཡི། །གསང་བ་བྱང་ཆུབ་སེམས་ཀྱི་ཐིག་ཆེན་འདིས། །སྟེང་འོག་ཐམས་ཅད་དུར་ཁྲོད་བརྡལ་བར་ཤར། །ཧཱུྃ། སྟོང་གསུམ་ཐམས་ཅད་ཁྲག་གི་རྒྱ་མཚོ་ལ། །གསང་བ་བྱང་ཆུབ་སེམས་ཀྱི་ཐིག་བཏབ་པས། །དུར་ཁྲོོད་གསང་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། ཁམས་གསུམ་མ་ལུས་དུག་ལྔའི་དཀྱིལ་འཁོར་ལ། །བདུད་རྩི་རྣམ་པ་ལྔ་ཡི་ཐིག་བཏབ་པ། །ཡེ་ཤེས་ལྔ་ཡི་གཞལ་ཡས་ལྷུན་གྱིས་གྲུབ། །བྷྲཱུྃ་བི་ཤྭ་བྷི་ཤུདྡྷེ་མ་ཧཱ་ཙཎྟྲ་མཎྜ་ལ་ཧཱུྃ། ཞེས་བརྗོད་དེ་ཐིག་གདབ་བོ། །དེ་ཡང་དང་པོ་ཕྱོགས་མཚམས་ཀྱི་འགྲོས་མཉམ་པ་དང་། ཐིག་གི་ཆ་བགོ་བ་ལ་སོགས་པ་ཀུན་གོང་དུ་བསྟན་པ་ལྟར་བྱ་སྟེ། བཞི་པ་དཀྱིལ་འཁོར་བྲི་བ་ལ། དེ་ལ་དབུས་ཀྱི་ཕོ་བྲང་ལྟེ་བ་ཟླུམ་པོར་བྱས་པ་ལ། གཞུང་གཉིས་ཏེ། རྡོ་རྗེ་བཞད་པའི་དང་། ཧཱུྃ་ཀ་རའི་གཞུང་ངོ་། །དེ་ལ་རྡོ་རྗེ་བཞད་པའི་གཞུང་གིས། དཀྱིལ་འཁོར་བྲི་བ་དངོས་དང་། དོན་རྟགས་སོ། །དངོས་ནི། །ལྷོ་ནས་བྱང་དུ་གསུམ་དུ་བགོས་པའི་ནུབ་ཕྱོགས་ངོས་ཀྱི་ཆ་གཉིས་པོ་ལ། སུམ་གཉིས་ཟླ་གམ་སྒོ་གཅིག་ལ་ཁ་ཤར་དུ་བལྟས་པར་བྱས་ཏེ། དེ་ལ་ཐིག་བཞི་བཏབ་པས་ལེའུ་ཚེ་དགུ་པའི་ཐིག་བཏབ་ལ། གཞི་མ་རཀྟས་དམར་པོར་བྱུགས་ལ། དབུས་ཀྱི་ལེའུ་ཚེ་ལ་ཟླ་གམ་ཁ་ཤར་དུ་བལྟ་བར་བྱ། ལེའུ་ཚེ་བརྒྱད་ལ་ཟླ་གམ་ཆུང་ངུ་བརྒྱད་ཁ་ནང་དུ་བསྟན་པར་བྱ། རེ་ཁ་རངས་པ་ཐལ་ཆེན་གྱིས་བཏབ་སྟེ། ཤར་ཕྱོགས་ཟླ་གམ་དཀར་པོར་བྱ། ཟླུམ་པོ་ལ་མེ་རིའི་ཐོད་ཕྲེང་གིས་བསྐོར། །གྲུ་ཆད་ལྗང་གུར་བྱ། འདོད་ཡོན་སྣམ་བུ་དང་པོ་དམར་པོར་བྱ། སྒོ་སྣམ་སེར་པོར་བྱ། བར་དེར་ཐིག་ལ་མན་ངག་སྤྱད། མཐའ་ལྕགས་རི་ནག་པོར་བྱས་ཏེ། རཀྟའི་པདྨ་ལ་ཐལ་ཆེན་གྱིས་བྷྱོ་ཞེས་བྲིའོ། །གཉིས་པ་དོན་རྟགས་བཤད་པ་དེ་ལ་གཉིས། གཟུགས་བརྙན་དེ་ལྟར་བྲིས་པ་དེ་ལ་དོན་གཉིས་ཏེ། མཚན་མའི་དབྱིབས་ཀྱི་བཤད་པ་དང་། རྩ་བའི་ངེས་ཚིག་བཤད་པའོ། །དེ་ལ་མཚན་མའི་དབྱིབས་ཀྱི་བཤད་པར་བྱ་བ་ནི། ཕྱི་ཟླ་བ་ཚེས་བཅུ་དྲུག་པ་ལྟར་ཟླུམ་པོར་གྱུར་པ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་ཀུན་ལས་ཟླུམ་པོའི་ཐིག་ལེ་སྤྲོས་པ་མེད་པའི་དབྱིངས་དེ་ཉིད་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་ངོ་། །དེའི་ལྷོ་ནས་བྱང་དུ་བཅད་པའི་ནུབ་ཕྱོགས་ཟླ་གམ་དམར་པོ་སྒོ་གཅིག་ཏུ་གྱུར་པ་ནི། ཆོས་ཀྱི་དབྱིངས་སྤྲོས་པ་མེད་པའི་ངང་དེར། རིལ་དབང་དུ་གྱུར་པས་ཟླ་གམ་དུ་བསྟན་པ་ནི། དེ་ལས་ཀུན་འབྱུང་ཀུན་འཇུག་པས་སྒོ་གཅིག་ཏུ་བསྟན་པའོ། །ནང་གི་ཟླ་གམ་བརྒྱད་ནི། བཅུད་ཀྱི་འཇིག་རྟེན་གྱི་སེམས་རིལ་ཡེ་ཤེས་བརྒྱད་དུ་ཤར་བའི་རྟགས་སོ། །དབུས་ཀྱི་ཟླ་གམ་ནི། རིལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །རྩ་བའི་ངེས་ཚིག་གིས་བཤད་ན། ཕྱི་ཟླ་བ་ཚེས་བཅུ་དྲུག་པ་ལྟར་བྱས་པ་ནི། ཆོས་རིལ་ཆོས་ཉིད་ཐིག་ལེ་ཉག་གཅིག་ཏུ་གྱུར་པ་ལ། བགྲང་བའི་ཐ་སྙད་དང་བྲལ་བའི་རྟགས་སོ། །ནུབ་ཕྱོགས་ཟླ་གམ་དམར་པོར་བྱས་པ་ནི། ཡུམ་གྱི་མཁའ་པདྨ་གེ་སར་གྱི་ཀློང་། ཟླ་གམ་དམར་པོ་གཞལ་ཡས་ཁང་དུ་གསལ་བ་ལ། དེ་ལ་སྒོ་གཅིག་ཏུ་བྱས་པ་ལ་ནི། སངས་རྒྱས་དང་སེམས་ཅན་རིལ་འབྱུང་བའི་གནས་སུ་གྱུར་པའོ། །ནང་གི་ཟླ་གམ་བརྒྱད་ནི། བྱང་ཆུབ་ཀྱི་སེམས་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་སྣ་ཚོགས་ཡུམ་གྱི་མཁའ་ལས་བྱུང་བའི་རྟགས་སོ། །དབུས་ཀྱི་ལྟེ་བ་ཟླ་གམ་དུ་བྱས་པ་ནི། དབྱིངས་མ་འགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཐུགས་རྗེར་འཆར་བའི་ཕྱིར་རོ། །དེ་ལྟར་གསལ་བ་དེ་བཞིན་ཡེ་ཤེས་ལྷའི་ཕོ་བྲང་ཡིན་པས། ནུབ་ཕྱོགས་གཞི། །ཞེས་བྱའོ། །དེ་ལ་ཤར་ཕྱོགས་ཟླ་གམ་དཀར་པོར་བྱས་པ་ནི། ཆོས་རིལ་དམ་ཚིག་ཏུ་འདུས་ཏེ། དམ་ཚིག་དེ་ཡང་ལོགས་ནས་ཅང་མ་ཡིན་ཏེ། བདག་དམ་ཚིག་སེམས་དཔའི་སེམས་རྣམ་པར་དག་པའི་རྟགས་སོ། །ཟླུམ་པོ་ལ་ཐོད་པའི་ཕྲེང་བས་བསྐོར་བ་ནི། ཡེ་ཤེས་རྣམ་པ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་ཡིན་ལ། དེ་ལ་མེ་རིས་བསྐོར་བ་ནི། ལས་དང་ཉོན་མོངས་པའི་བག་ཆགས་རིལ་ཡེ་ཤེས་ཆེན་པོའི་ཀློང་དུ་བསྲེག་ཅིང་འཇོམས་པའོ། །སྒོ་ཁྱམས་ལ་སོགས་པའི་དོན་འོག་ཏུ་བཤད་དོ། །དེ་ལ་གཞུང་གཉིས་པ། སློབ་དཔོན་ཧཱུྃ་ཀཱ་རའི་གཞུང་གིས་ཀྱང་གཉིས་ཏེ། བྲི་བ་དངོས་དང་། ཕྱི་ནང་གསང་བ་གསུམ་གྱི་དོན་རྟགས་སོ། །དེ་ལ་དང་པོ་ནི། དཀྱིལ་འཁོར་ནུབ་ཕྱོགས་དེ་བཞིན་གཞི། །ཞེས་པའི་དོན་གྱིས། དབུས་ཀྱི་ཕོ་བྲང་ཟླུམ་པོར་བསྐོར་ཏེ། ལྷོ་ནས་བྱང་དུ་བཅད་པའི་ཤར་ཕྱོགས་ཟླ་གམ་དམར་པོ་ཁ་ནུབ་ཏུ་བསྟན་པ་གནམ་སྒོ་གཅིག་པ། དེ་ལ་རཀྟས་དམར་པོར་བྱུག་པ་ལ། བྱང་ཆུབ་སེམས་དཀར་དམར་བསྲེས་པའི་ཐིག་ལེ་དགུ་དང་བཅས་པའི་བྲིའོ། །ནུབ་ཕྱོགས་ཐལ་ཆེན་གྱིས་དཀར་པོར་བྱུག་ལ། ཐ་མ་རྡོ་རྗེ་ར་བས་བསྐོར་བ་གཅིག་ཐལ་ཆེན་གྱིས་བྲིའོ། །དེ་ཡང་རྒྱུད་ལས། གཞན་ཡང་གང་དག་ཁ་ཅིག་ཏུ། །རི་མོ་གཅིག་པ་དེ་བཞིན་བྱ། །ཐར་བྱེད་གང་དག་བཤད་པ་ནི། །དེ་དག་ཐམས་ཅད་རི་མོ་གཅིག །ཅེས་འབྱུང་ངོ་། །དེ་ལ་གྲུ་ཆད་གཞི་ལྗང་ཀུ། དེའི་ཕྱི་རིམ་གྲུ་བཞིའི་སྣམ་བུ་དམར་པོ། དེའི་ཕྱི་རིམ་དུ་སྒོ་བཞི་སྒོ་འཁྱུད་དང་རྟ་བབས་བཅས་པར་བྲི། ཐ་མ་ལྕགས་རི་རྡོ་རྗེ་མེ་འོད་ཀྱི་ཕྲེང་བས་བསྐོར་བར་བྱས་ལ། སྒོ་བཞི་ལ་མ་ཏྲཾ་གྱི་ཡན་ལག་དང་པགས་པའི་ཚུལ་དུ་བཅས་པར་དྲིའོ། །གཉིས་པ་དོན་རྟགས་ནི། དེ་ལ་ཕྱི་ནང་གསང་བར་སྦྱར་ཏེ་བཤད་ན། ཕྱི་སྦྱར་ན་དུར་ཁྲོད་ཆེན་པོ་མ་ཏྲཾ་གྱི་ཁོག་པ་ལས་གྲུབ་པའི་གཞལ་ཡས་ཁང་ངོ་། །ནང་དུ་གཟུགས་ཀྱི་ཕུང་པོ་དུར་ཁྲོད་འབར་བ་ལས་གྲུབ་པའི་གཞལ་ཡས་ཁང་། གསང་བ་ཡུམ་གྱི་བྷ་གའི་གཞལ་ཡས་ཁང་ངོ་། །གསང་བ་ཀུན་གཞིའི་བྱང་ཆུབ་སེམས་རང་བྱུང་གཅིག་གི་ངང་ངོ་། །དེ་ཡང་དབྱེ་བས་ཀྱི་བཤད་ན། ཕྱི་ཀུན་ནས་ཟླུམ་པ་ནི། ཀུན་གཞི་བྱང་ཆུབ་སེམས་ཐིག་ལེ་གཅིག་པར་གྱུར་པ་ཡིན་ལ། དེ་ལ་ཤར་ཕྱོགས་ཟླ་གམ་དམར་པོར་བྱས་པ་ནི། བྱང་ཆུབ་སེམས་ཐིག་ལེ་གཅིག་གི་ངང་དུ་རིལ་དབང་དུ་གྱུར་པ་ཡིན་ལ། དེ་ལ་སྒོ་གཅིག་ཏུ་གྱུར་པ་ནི། ཐིག་ལེ་བྱང་ཆུབ་སེམས་ལས་ཀུན་འབྱུང་ཞིང་དེར་འདུ་བའོ། །ནུབ་ཕྱོགས་ཟླ་གམ་དཀར་པོར་བྱས་པ་ནི། ཐིག་ལེ་བྱང་ཆུབ་སེམས་ལ་ཉེས་པའི་སྐྱོན་གང་གིས་ཀྱང་མ་གོས། རྡོ་རྗེའི་མུ་ཁྱུད་ནི། ཐིག་ལེ་བྱང་ཆུབ་སེམས་དེ་འདུས་མ་བྱས་ཤིང་། འཕོ་འགྱུར་མེད་པའི་བྱང་ཆུབ་སེམས་སོ། །གྲུ་ཆད་བཞི་ནི། ཡེ་ཤེས་བཞིའོ། །སྣམ་བུ་ནི། ཆེ་བའི་ཡོན་ཏན་རྒྱས་པའོ། །སྒོ་བཞི་ནི། ཚད་མེད་པ་བཞིའོ། །དེ་ལ་མ་ཏྲཾ་གྱི་ལྔ་ཕུང་ཡན་ལག་ཏུ་ཕྱུང་བ་ནི། འཁོར་བའི་ཆོས་རིལ་དུར་ཁྲོད་ཆེན་པོ་འབར་བའི་གཞལ་ཡས་ཁང་དུ་གྱུར་པ་སྟེ། མཐའ་ལྕགས་རི་དང་རྡོ་རྗེ་མེ་འོད་ཀྱི་ཕྲེང་བས་འཁྲིགས་པ་ནི། བདུད་དང་མུ་སྟེགས་གང་གིས་ཀྱང་མི་ཚུགས་པར་འཇོམས་པའི་རྟགས་སོ། །དེ་ལྟར་གྱུར་པའི་མཎྜལ་དེ་ནི། དཔལ་ཆེན་པོ་ཐིག་ལེ་གཅིག་པའི་སྒྲུབ་པ་ཡིན་ལ། དེ་ལ་བྱང་ཆུབ་སེམས་དཀར་དམར་བསྲེས་པའི་ཐིག་ལེ་དགུར་བྱུང་བ་ནི། ཐིག་ལེ་བྱང་ཆུབ་སེམས་གཅིག་ལས་ཆེ་བའི་ཡོན་ཏན་ཡེ་ཤེས་བརྒྱད་དུ་ཤར་བས། འགྲོ་བའི་དོན་མཛད་པའི་རྟགས་སུ་ལྷ་མོ་ཀའུ་རཱི་མ་བརྒྱད་དང་བཅས་པར་གསལ་བའི་རྟགས་དེ། ཡང་དག་གྲུབ་པའི་དོན་གྱི་ལྷ་དགུར་གསལ་བའི་མཎྜལ་ལོ། །ཡང་སྤྱིའི་དབང་དུ་ན། དེ་ལ་ནི། དཀྱིལ་འཁོར་ཀྱང་དེ་བཞིན་དུ་བྱ། ཞེས་པའི་དོན་ཏོ། །ནུབ་ཕྱོགས་གཞི། ཞེས་པ། ཞི་བསྙེན་མཐར་དབྱུང་ནས་ཐ་མའི་ནུབ་ལ་སྒྲུབ་པ་ཆེན་པོ་བརྩམ་སྟེ། ཟླ་གམ་དམར་པོ་ནུབ་ཏུ་བྱས་ལ་ལྷའི་ཕོ་བྲང་བཅའ། ཞེས་གསུངས་སོ། །དེ་ལྟར་དཀྱིལ་འཁོར་བྲིས་པ་དང་། སྐབས་འདིར་མཚམས་སྦྱོར་ལུགས་གཉིས། སློབ་དཔོན་རྡོ་རྗེ་བཞད་པའི་གཞུང་གིས། དཀྱིལ་འཁོར་བྲིས་པ་དེ་ཉིད་གཞལ་ཡས་ཁང་དུ་གྱུར་པ་ཡིན་པས། བྷནྡྷ་དང་མར་མེ་བསྡེབས་ལ། རང་བཞིན་གྲུབ་པའི་ལྷ་རྣམས་སྤྱན་དྲངས་ཤིང་དགོད། ཅེས་གསུངས་སོ། །སློབ་དཔོན་ཧཱུྃ་ཀཱ་རའི་གཞུང་གིས། སྐབས་འདིར་ཡང་མཚམས་བཅད་པ་དང་། དུར་ཁྲོད་ཀྱི་བདག་པོ་མནན་པ་གོང་དུ་བསྟན་པ་ལྟར་སྐབས་འདིར་ཡང་ཤེས་པར་བྱ་སྟེ། མ་ཏྲཾ་བསྒྲལ་བའི་ཁོག་པ་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་དུ་གསལ་བ་དེར། ལྷ་དགོད་པར་བསྟན་༣༽པ་གང་སྙམ་པ་ལ། ལྷ་དགོད་པར་བསྟན་པ་ལ་དོན་དགུ་སྟེ། དང་པོ་རིགས་བརྟག་ཅིང་གསོག །གཉིས་པ་དབུས་ཀྱི་བྷནྡྷ་མཚན་གསོལ། གསུམ་པ་རྡོ་རྗེ་དྲིལ་བུ་དགོད། བཞི་པ་ཙིཏྟ། ལྔ་པ་ཀའུ་རཱི་མ་བརྒྱད་བཞུགས་གསོལ། དྲུག་པ་ཕྲ་མེན་མ། བདུན་པ་སྒོ་མ། བརྒྱད་པ་དབང་མོ། དགུ་པ་གསང་བའི་མ་མོ་དགོད་པའོ། །དང་པོ་རིགས་བརྟག་ཅིང་བསགས་པ་ནི། ཁམ་ཕོར་རི་མོར་བྲིས་པ་དགུ། །ཞེས་གསུངས་པས་བསྟན་ཏེ། དེ་ཡང་རྒྱུད་ལས། དབུས་སུ་རྒྱལ་རིགས་ཐོད་པ་དུམ་བུ་གཅིག་པ་དང་། །ཕྱོགས་བཞིར་བྲམ་ཟེ་བེ་ཏ་ལཱི་རྒྱལ་རིགས་ཀའུ་རཱི་དང་། །རྗེ་རིགས་ཙའུ་རཱི། དམངས་རིགས་ཕྲ་མོ་ཧེ་བཞི་ལ་བྱ། །མཚམས་བཞིར་ཁྲུས་མཁན་པུཀྐ་སཱི་གར་མཁན་གྷསྨ་རཱི་དང་། །རྗེ་རིགས་སྨ་ཤ་ནཱི། བཙོ་བརླག་མཁན་ཙན་དྷ་ལཱི་རྣམས་ལ། །མི་ཡི་ཁྲག་ལ་སྣག་ཚ་བྱ། །མཆོག་གི་རྐང་གི་སྨྱུག་གུ་ཡིས། །གཙོ་བོ་ཡབ་ཡུམ་དང་ཀོའུ་རཱི་སོགས། ལྷ་དགུ་སོ་སོའི་སྙིང་པོ་བྲི། །བྷནྡྷའི་མཚན་གསོལ་བཞུགས་སུ་གསོལ། །ཞེས་འབྱུང་བས། བྷནྡྷ་རྣམས་སོ་སོར་བསགས་ཤིང་། སོ་སོའི་རང་རང་གི་སྙིང་པོ་བྲིས་ལ། སྒྲུབ་པ་པོ་ཀུན་གྱིས་ཕྱག་ཏུ་བཞེས་ལ། ཀུན་གྱིས་དབྱངས་བླངས་ལ་འདི་སྐད་དོ། །གཉིས་པ་དབུས་ཀྱི་བྷནྡྷ་མཚན་གསོལ་ཞིང་དབུས་སུ་དགོད་པ། དཔལ་གྱི་གནམ་ཞལ་མཚན་དང་ལྡན་པ། ཐོད་པ་རང་གིས་སྨྲས་པ། ཞལ་བུ་ཀཱ་པ་ལ་ཡི་མཚན་གསོལ་བ། །འཕྲུལ་ཞལ་ཡིད་བཞིན་ནོར་བུ་འདྲ་ཕྲ་མེན་རྒྱན་གྱིས་ཀླུབས། །སྔོན་མཁའ་འགྲོ་མས་བསྐྱོད་པས། ཐོད་པ་མཚན་ལྡན་ས་ལ་སྦས་ཀྱང་ནམ་མཁར་སོང་བས་རྐང་མེད་མཁའ་ལ་འགྲོ་བ་རྐན་སྒྲ་ཏོག་ཏོག་ཅན། །སྔོན་གྱི་སྐྱེས་མཆོག་སྒྲུབ་པོའི་རྫས་ཡིན་ཏེ། །དཔལ་ཆེན་སྔགས་ཀྱིས་བཀུགས་པས་མཆོག་ཐུན་དངོས་གྲུབ་ཐོབ་པས་སུ་ཞིག་དངོས་གྲུབ་འདོད་པས་སིདྡྷི་བྷནྡྷ་ང་ལས་ལོངས། །གང་ཞིག་བཀའ་ལྟར་མི་བྱེད་དམ་ལ་མི་གནས་པ། །ང་ཡི་གཟུགས་མཐོང་ཙམ་གྱིས་ཚིག་པ་དང་། །ང་ཡི་སྒྲ་ཐོས་ཙམ་གྱིས་བརླག་པར་འགྱུར། །ཐོད་པ་སྐམ་པོ་ཆོས་སྐུ་མཚོན་ཏེ། དཀར་པོ་ཟང་ཡག་འཚེར་བ་ནི། །སྒྲིབ་པ་དང་བྲལ་བའོ། །སྔ་རབས་འདས་པའི་བཅོམ་ལྡན་འདས། །ཆོས་ཀྱི་སྐུ་དང་རབ་ལྡན་པས། །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །རློན་པ་ལྕང་ལོར་འཁྱིལ་བ་ནི། །ལོངས་སྐུ་ཡེ་ཤེས་སྒྱུ་མ་མཚོན། ད་ལྟར་བཞུགས་པའི་བཅོམ་ལྡན་འདས། །ལོངས་སྤྱོད་རྫོགས་སྐུ་རབ་ལྡན་པས། །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །དམར་པོ་ར་རིར་ཆགས་པ་ནི། །དབང་ལྔ་ཚང་མངོན་ལྔ་ལྡན་སྤྲུལ་སྐུའི་འགྲོ་དོན་མཚོན། སླད་ཀྱི་བྱོན་པའི་བཅོམ་ལྡན་འདས། །སྤྲུལ་པའི་སྐུ་དག་རབ་ལྡན་པས། །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །གཙོ་བོའི་རྟེན་དགོད་པ། ཧཱུྃ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །ཐུགས་མཆོག་བཛྲ་ཧེ་རུ་ཀཿ །བཛྲ་ཀྲོ་ཏི་ཤྭ་རི་གཉིས། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནས། །ཛཿཧཱུྃ་བྃ་ཧོཿས་སྤྱན་དྲངས་ཤིང་། །དུར་ཁྲོད་ཆེན་པོའི་གནས་མཆོག་དང་། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་འདིར། །ལྷ་ཆེན་རུ་ཏྲ་ཕོ་མོ་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །སྐུ་གསུམ་བདག་ཉིད་དཔལ་ཆེན་ཧེ་རུ་ཀ་ཐབས་ཀྱི་རྒྱལ་པོ་ཡིན་པས། ཐབས་ཀྱི་རྒྱལ་པོ་དཔལ་ཆེན་ཉིད་ཀྱི་གནས། །རྒྱལ་པོའི་ཕོ་བྲང་གཞལ་ཡས་ཁྱད་པར་བྱས་པ་ལྟར་ཕོ་བྲང་རྟགས་དང་ལྡན་པ་སྣོད་བཅུད་རྒྱན་དུ་ཆེ། །སྤྲུལ་པ་ལྕང་ལོ་མང་པོའི་ཁ་བད་ཅན། །དབང་པོ་རྣམ་ལྔ་སྣོད་བཅུད་རྒྱན་བཀྲམ་ནས། །དངོས་པོ་དང་མཚན་མའི་མཐའ་ལ་མི་གནས་དབྱིངས་ཡེ་ཐབས་ཤེས་དཔལ་ཆེན་ཡབ་ཡུམ་བཞུགས་པའི་རྟེན་དུ་འབུལ། །ༀ་བཛྲ་ཤྲཱི་ཧེ་རུ་ཀ་དཔལ་རྡོ་རྗེ་ཁྲག་འཐུང་། བཛྲ་ཀྲོ་ཏཱི་ཤྭ་རི་སྟྭཾ། ཁྲོ་མོ་དབྱིངས་ཕྱུག་མ། ས་མ་ཡ་ཏིཥྛ་བཛྲ། དམ་ཚིག་བརྟན་པར་བཞུགས། ཞེས་བརྗོད་དོ། །དབུས་ཀྱི་ཟླ་གམ་ལ། བྷནྡྷ་ཁ་ནུབ་ཏུ་བསྟན་ལ་ཁ་སྦུབ་ལ་བཞག་སྟེ། དཔལ་ཆེན་ཡབ་ཡུམ་གཉིས་ཐབས་དང་ཤེས་རབ་ཟུང་དུ་འཁྲིལ་ཏེ་བཞུགས་པར་བསྒོམ་མོ། །གསུམ་པ་རྡོ་རྗེ་དྲིལ་བུ་དགོད་པ། རྡོ་རྗེ་རིགས་མཆོག་ཆེན་པོ་སྟེ། །རྡོ་རྗེ་དྲིལ་བུ་རིག་པ་འཛིན། །ཐབས་དང་ཤེས་རབ་གཉིས་སུ་ལྡན། །རྟགས་ཀྱི་ཕྱག་རྒྱར་བཞུགས་སུ་གསོལ། །ༀ་བིདྱཱ་ཛྙཱ་ན་བཛྲ་ཧཱུྃ་ས་མ་ཡ་ཏིཥྛ་ལྷན། ༀ་དྷརྨ་དྷ་ཏུ་གྷཎྜེ་ཧོཿས་མ་ཡ་ཏིཥྛ་ལྷན། ཞེས་གསེར་གྱི་རྡོ་རྗེ་དང་དྲིལ་བུ་གཡས་དང་གཡོན་དུ་བཞག །བཞི་པ་ཙིཏྟ་དགོད་པ། སྙིང་གི་སྙིང་པོ་སྒྲུབ་ཐབས་ཡང་སྙིང་འདི། །སྙིང་དང་འདྲ་བའི་ཡང་སྙིང་ཐུགས་ལ་སྦྱིན། །ཐུགས་ཀྱི་སྙིང་པོ་ཡིན་པས་སྙིང་བཞག་གོ། །ཅེས་འབྱུང་བས། ཙིཏྟ་སྲོག་རྩ་དང་མ་བྲལ་བར་བཞག་གོ། །ལྔ་པ་ཀོའུ་རཱི་བཞུགས་སུ་གསོལ་བ། དེ་ནས་ལྷ་མོ་ཀའུ་རཱི་མ་བརྒྱད་དྲངས་ཤིང་བཞུགས་སུ་གསོལ་བ་ནི། ཧཱུྃ། དུར་ཁྲོད་གནས་བརྒྱད་འབར་བའི་ཀློང་དཀྱིལ་ནས། །མ་ཆེན་འབར་མ་རྣམ་བརྒྱད་གཤེགས་སུ་གསོལ། །ཧཱུྃ། མ་མོ་ཆེན་མོ་མེ་འབར་མ། །བ་སྤུའི་བུ་ག་ནས་མེ་འབར་བའོ། །ཤར་དུ་དཀར་མོ་ཀའུ་རཱི་ཆེན་མོ་གཤེགས་སུ་གསོལ། །མཐིང་ནག་འབར་བའི་རལ་པ་ཅན། སྔོན་ཚེ་དཔལ་ཆེན་པོས་རུ་ཏྲ་བསྒྲལ་བའ ི་དུས་སུ་ཡེ་ཤེས་བསྙེན་ཅིང་བསྒྲུབས། །སྔོན་གྱི་ཐུགས་དམ་ད་ལྟ་རྣལ་འབྱོར་སྒྲུབ་པ་པོ་བདག་དང་གཅིག །གནས་དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར། །གདན་བམ་ཆུང་མཆོག་ཕྲན་བསྣོལ་བའི་གདན་སྟེང་དུ། །ཚུལ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བཛྲ་ཀའུ་རཱི་ཧ་ས་མ་ཡ་ཏིཥྛ་བཛྲ། ཧཱུྃ། མ་མོ་ཆེན་མོ་མེ་འབར་མ། །ལྷོར་རྐུན་མོ་ཙོའུ་རཱི་ཆེན་མོ་གཤེགས་སུ་གསོལ། །སེར་ནག་འབར་བའི་རལ་པ་ཅན། །སྔོན་ཚེ༴ སྔོན་གྱི༴ དུར་ཁྲོད༴ མཆོག་ཕྲན༴ དགྱེས་ཤིང་༴ བཛྲ་ཙོའུ་རཱུ་ཧ་ས་མ་ཡ་ཏིཥྛ་བཛྲ། ཧཱུྃ། མ་མོ་ཆེན་མོ་མེ་འབར་མ། །ནུབ་ཏུ་རྨོངས་མོ་པྲ་མོ་ཆེན་མོ་གཤེགས་སུ་གསོལ། །དམར་ནག་འབར་བའི་རལ་པ་ཅན། །སྔོན་ཚེ༴ སྔོན་གྱི༴ དུར་ཁྲོད༴ མཆོག་ཕྲན༴ དགྱེས་ཤིང་༴ བཛྲ་པྲ་མོ་ཧེ་ཧ་ས་མ་ཡ་ཏིཥྛ་བཛྲ། ཧཱུྃ། མ་མོ་ཆེན་མོ་མེ་འབར་མ། །བྱང་དུ་ཐལ་བྱེད་བེ་ཏ་ཆེན་མོ་གཤེགས་སུ་གསོལ། །མཐིང་ནག་འབར་བའི་རལ་པ་ཅན། །སྔོན་ཚེ༴ སྔོན་གྱི༴ དུར་ཁྲོད༴ མཆོག་ཕྲན༴ དགྱེས་ཤིང་༴ བཛྲ་བེ་ཏ་ལི་ཧ་ས་མ་ཡ་ཏིཥྛ་བཛྲ། ཧཱུྃ། མ་མོ་ཆེན་མོ་མེ་འབར་མ། །ཤར་ལྷོ་སྦོས་མོ་པུཀྐ་ཆེན་མོ་གཤེགས་སུ་གསོལ། །དམར་སེར་འབར་བའི་རལ་པ་ཅན། །སྔོན་ཚེ༴ སོགས་འགྲེའོ། །བཛྲ་པུཀྐ་སི་ཧ་ས་མ་ཡ་ཏིཥྛ་བཛྲ། ཧཱུྃ། མ་མོ་ཆེན་མོ་མེ་འབར་མ། །ལྷོ་ནུབ་འཚོགས་མ་གསྨ་ཆེན་མོ་གཤེགས་སུ་གསོལ། །ལྗང་སེར་འབར་བའི་རལ་པ་ཅན། །སྔོན་ཚེ༴ སོགས། བཛྲ་གྷསྨ་རཱི་ཧ་ས་མ་ཡ་ཏིཥྛ་བཛྲ། ཧཱུྃ། མ་མོ་ཆེན་མོ་མེ་འབར་མ། །ནུབ་བྱང་རྨོངས་མོ་སྨ་ཤ་ཆེན་མོ་གཤེགས་སུ་གསོལ། །མཐིང་ནག་འབར་བའི་རལ་པ་ཅན། །སྔོན་ཚེ༴ སོགས། བཛྲ་སྨ་ཤ་ནཱི་ཧ་ས་ཧ་ཡ་ཏིཥྛ་བཛྲ། ཧཱུྃ། མ་མོ་ཆེན་མོ་མེ་འབར་མ། །བྱང་ཤར་གཏུམ་མོ་ཙནྡྷ་ཆེན་མོ་གཤེགས་སུ་གསོལ། །སེར་སྐྱ་འབར་བའི་རལ་པ་ཅན། །སྔོན་ཚེ༴ སོགས། བཛྲ་ཙནྡྷ་ལཱི་ཧ་ས་མ་ཡ་ཏིཥྛ་བཛྲ། ཞེས་བརྗོད་དེ། བྷནྡྷ་བརྒྱད་དབུས་ཀྱི་བྷནྡྷ་ལ་རིམ་པས་བསྐོར་ཏེ། ཁ་སྦུབ་ལ་བཞག་གོ། །དེ་ནས་རྩ་བ་ལ་དགུ་ལས་མ་སྨོས་ཀྱང་། དྲུག་པ་སིདྷ་མ་བརྒྱད་དགོད་པ། དོན་གྱིས་ཕྲ་མེན་མ་བརྒྱད་ཀྱང་ཚལ་དུ་རེ་རེ་ལ་སྙིང་པོ་བྲིས་པའམ། ཡང་ན་སྐུ་ཙཀ་ལི་གང་རུང་བ་དགོད་པ་ནི། ལུས་ལྷ་ལ་མགོ་བརྙན་དུ་བྱུང་བས་ཕྲ་མེན་ནོ། །ཧཱུྃ། ཕྲ་མེན་ཆེན་མོ་རབ་འབར་མ། །སིདྷ་ཆེན་མོ་གཤེགས་སུ་གསོལ། །གསེར་མདོག་ཆེན་མོ་སེང་མོའི་མགོ། །ཤར་དུ་འགོད། སྔོན་ཚེ་ཡེ་ཤེས་བསྙེན་ཅིང་བསྒྲུབས། །སྔོན་གྱི་ཐུགས་དམ་བདག་དང་གཅིག །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར། །ཞིང་རྐྱང་བཀྲམ་པའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བཛྲ་སེདྷ་མུ་ཀ་ཧེ་ས་མ་ཡ་ཏིཥྛ་བཛྲ། ཧཱུྃ། ཕྲ་མེན་ཆེན་མོ་རབ་འབར་མ། །བྱཱ་གྷྲྀ་ཆེན་མོ་གཤེགས༴ དམར་མོ་ཆེན་མོ་སྟག་གི་མགོ། །བར་ཁྱམས་ལྷོར། སྔོན་ཚེ༴ སོགས་འགྲེ། བཛྲ་བྷཱ་གྷྲྀ་མུ་ཀ་ཧེ་ས་མ་ཡ་ཏིཥྛ་བཛྲ། ཧཱུྃ། ཕྲ་མེན་ཆེན་མོ་རབ་འབར་མ། །སྲི་ལ་ཆེན་མོ༴ དམར་ནག་ཆེན་མོ་ཝ་ཡི་མགོ། །ནུབ། སྔོན་ཚེ༴ སོགས། བཛྲ་སྲི་ལ་མུ་ཀ་ཧེ་ས་མ་ཡ་ཏིཥྛ་བཛྲ། ཧཱུྃ། ཕྲ་མེན་ཆེན་མོ་རབ༴ ཤྭ་ན་ཆེན་མོ༴ མཐིང་ནག་ཆེན་མོ་སྤྱང་མོའི་མགོ། །བྱང་། སྔོན་ཚེ༴ སོགས། བཛྲ་ཤྭ་ན་མུ་ཀ་ཧེ་ས་མ་ཡ་ཏིཥྛ་བཛྲ། ཧཱུྃ། ཕྲ་མེན་ཆེན་མོ་རབ༴ ཀྲྀ་ཏ་ཆེན་མོ༴ དཀར་སེར་ཆེན་མོ་བྱ་རྒོད་མགོ། །ཤར་ལྷོར། སྔོན་ཚེ༴ སོགས། བཛྲ་ཀྲྀ་ཏ་མུ་ཀ་ཧེ་ས་མ་ཡ་ཏིཥྛ་བཛྲ། ཧཱུྃ། ཕྲ་མེན་ཆེན་མོ་རབ༴ ཀང་ཀ་ཆེན་མོ༴ དམར་མོ་ཆེན་མོ་དུར་བྱའི་མགོ། །ལྷོ་ནུབ། སྔོན་ཚེ༴ སོགས། བཛྲ་ཀང་ཀ་མུ་ཀ་ཧེ་ས་མ་ཡ་ཏིཥྛ་བཛྲ། ཧཱུྃ། ཕྲ་མེན་ཆེན་མོ་རབ༴ ཁྭ་ཁྭ་ཆེན་མོ༴ ནག་མོ་ཆེན་མོ་བྱ་རོག་ནུབ་བྱང་། མགོ། །སྔོན་ཚེ༴ སོགས། བཛྲ་ཁྭ་ཁྭ་མུ་ཀ་ཧེ་ས་མ་ཡ་ཏིཥྛ་བཛྲ། ཧཱུྃ། ཕྲ་མེན་ཆེན་མོ་རབ་འབར་མ། །ཧུ་ལུ་ཆེན་མོ་གཤེགས་སུ་གསོལ། །སྣ་ཚོགས་མདོག་ལ་འུག་པའི་མགོ། །ཡང་ན་མཐིང་བྱང་ཤར་དུ་དགོད། སྔོན་ཚེ༴ སོགས། བཛྲ་ཧུ་ལུ་མུ་ཀ་ཧེ་ས་མ་ཡ་ཏིཥྛ་བཛྲ། ཅེས་བརྗོད་ཅིང་དགོད་དོ། །བདུན་པ་སྒོ་མ། དེ་ནས་ཚལ་བུ་བཞི་ལ་སྒོ་མ་བཞིའི་སྙིང་པོ་བྲིས་པ་དགོད་པ་ནི། ཧཱུྃ། བསྐལ་བྱེད་རྡོ་རྗེ་ཨངྐུ་ཤ །རྟ་གདོང་ཆེན་མོ་གཤེགས་སུ་གསོལ། །དཀར་འགུགས་བྱེད་ཆེན་མོ་ལྕགས་ཀྱུ་ཅན། །སྔོན་ཚེ་ཡེ་ཤེས་བསྙེན་ཅིང་བསྒྲུབ། །སྔོན་གྱི་ཐུགས་དམ་བདག་དང་གཅིག །དུར་ཁྲོད་ཆེན་པོའི་ཤར་སྒོ་རུ། །ཞིང་རྐྱང་སྦྲམ་པའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿས་མ་ཡ་ཏིཥྛ་བཛྲ། ཧཱུྃ། བསྐུལ་བའི་རྡོ་རྗེ་པཱ་ཤ་ཧཱུྃ། །ཕག་གདོང་ཆེན་མོ་གཤེགས་སུ་གསོལ། །ནག །འཆིངས་བྱེད་ཆེན་མོ་ཞགས་པ་མ། །སྔོན་ཚེ༴ སྔོན་གྱི༴ དུར་ཁྲོད་ཆེན་པོའི་ལྷོ་སྒོ་རུ། །ཞིང་རྐྱང་༴ དགྱེས་ཤིང་༴ བཛྲ་ཨ་མུ་ཁེ་ཧཱུྃ་ས་མ་ཡ་ཏིཥྛ་བཛྲ། ཧཱུྃ། བསྐུལ་བའི་རྡོ་རྗེ་སྥོ་ཊ་བྃ། །སེང་གདོང་ཆེན་མོ༴ བསྡམ་བྱེད་དམར་མོ་ལྕགས་སྒྲོག་ཅན། །སྔོན་ཚེ༴ སྔོན་གྱི༴ དུར་ཁྲོད་ཆེན་པོའི་ནུབ་སྒོ་རུ། །ཞིང་རྐྱང་༴ དགྱེས་ཤིང་༴ བཛྲ་ལོ་ཀ་བྃ་ས་མ་ཡ་ཏིཥྛ་བཛྲ། ཧཱུྃ། བསྐུལ་བའི་རྡོ་རྗེ་གནྡྷེ་ཧོཿ །སྤྱང་གདོང་ཆེན་མོ༴ ལྗང་། ཐལ་བྱེད་ཆེན་མོ་དྲིལ་འཁྲོལ་དགྱེས། །སྔོན་ཚེ༴ སྔོན་གྱི༴ དུར་ཁྲོད་ཆེན་པོའི་བྱང་སྒོ་རུ། །ཞིང་རྐྱང་༴ དགྱེས་ཤིང་༴ བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོཿ ས་མ་ཡ་ཏིཥྛ་བཛྲ། ཞེས་བརྗོད་ཅིང་དགོད་དོ། །བརྒྱད་པ་དབང་མོ་དགོད་པ། དེ་ནས། སྐྱེར་པའི་རྩངས་ཉི་ཤུ་རྩ་བརྒྱད་ལ་དབང་ཕྱུག་མའི་སྙིང་པོ་བྲིས་ལ་དགོད་པ་ནི། བྷྱོ། མི་སྲིན་གཡག་དང་ཚངས་མ་སྦྲུལ། །ཁྲོ་མོ་གཟིགས་དང་ཁྱབ་འཇུག་སྲེ། །གཞོན་ནུ་ཕ་ཝང་འཕར་མ་དྲེད། །ནག་མོ་ཁུ་གདོང་ལྕགས་ཀྱུ་མ། །སྔོན་ཚེ་དཔལ་ཆེན་པོའི་སྤྱན་སྔ་རུ། ཇི་ལྟར་ཁས་བླངས་བཞིན། །དམ་ཚིག་ཚུལ་བཞིན་རྗེས་སུ་དགོངས་ནས། གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོའི་གཞལ་ཡས་འདིར། །དར་གྱི་རློད་སྟན་གདན་ཞིང་སྐམ་པོའི་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ལྕགས་རིའི་ཤར་དུ་དགོད། བྷྱོ། དམར་མོ་དོམ་དང་ཆུ་སྲིན་བུམ། །ཞི་བ་སྡིག་དང་བེ་ཅོན་ཁྲ། །སྲིན་མོ་ཝ་དང་ཟ་བྱེད་སེང་། །སེར་མོ་ར་གདང་ཞགས་པ་མ། །སྔོན་ཚེ༴ སོགས་ཚིག་རྐང་ལྔ་འགྲེ། ལྷོར་དགོད། བྷྱོ། དགའ་བྱེད་རྒོད་དང་ཁྲག་འཐུང་རྟ། །གཅིག་སྤྱོད་ལྡིང་དང་ཡིད་འཕྲོག་ཁྱི། །གྲུབ་པ་ཤུད་དང་རླུང་མོ་ཤ །བུམ་སྣ་དམར་མོ་ལྕགས་སྒྲོག་མ། །སྔོན་ཚེ༴ སོགས། ནུབ་ཏུ་དགོད། བྷྱོ། གསོད་བྱེད་སྤང་དང་མི་མོ་སྐྱིན། །ལྗང་སེར་ཕག་དང་དམར་མོ་ཁྭ། །སྣ་ཆེན་གླང་དང་ཀླུ་མོ་སྦྲུལ། །གསུས་འཛིན་ལྗང་ནག་དྲིལ་ཆེན་སྐེག །སྔོན་ཚེ༴ སོགས། བྱང་དུ་དགོད། རྩང་སྲིན་མོའི་འགྲོས་སུ་དགོད། བསྣོལ་བའོ། །དགུ་པ་གསང་བའི་མ་མོ་དགོད་པ། དེ་ནས་ཕྱོགས་བཞིར་བནྡྷའི་བཟེད་ཕོར་བཞི་དགྲམ་ཞིང་། ཧཱུྃ། དཀར་མོ་ཉི་མའི་མིག་གཅིག་མ། །སེར་མོ་གློག་གི་བང་ཅན་མ། །སྔོན་མོ་གློག་གི་ཐུལ་ཅན་མ། །སྟི་ར་ནག་མོ་ཀླུ་འདུལ་མ། །གསང་བའི་མ་མོ་མཆེད་བཞི་ཡང་། །སྔོན་ཚེ༴ དམ་ཚིག༴ དུར་ཁྲོད༴ དར་གྱི༴ དགྱེས་ཤིང་༴ དེ་ལྟར་ལྷ་དགོད་པ་ཡང་། རྩ་བའི་ལྷ་ཡང་དག་གྲུབ་པ། དཔལ་ཆེན་པོ་གཅིག་པུ་ཉིད་ལ། དེའི་ཡོན་ཏན་དུ་བྱུང་བས། ལྷ་མོ་བརྒྱད་དུ་བསྟན་ལ། དེའི་ཕྱིར། ཁམ་ཕོར་རི་མོ་བྲིས་པ་དགུ། །ཞེས་སྨོས་ལ། སིདྷ་མན་གཞན་མ་རྣམས་སྐྱོབས་ཀྱི་ལྷའམ། མགྲོན་གྱི་ལྷར་ཤེས་པར་བྱ། ཞེས་པའི་དོན་ཏོ། །དེ་ལ་མར་མེ་དགོད་༣༽པར་བསྟན་པ་གང་སྙམ་པ་ལ། སྣང་བའི་འོད་དང་ཆས་པར་དགྲམ། །ཞེས་གསུངས་པས་བསྟན་ཏེ། མར་མེ་དགོད་པ་ལ་ཡང་དོན་བདུན་ཏེ། དང་པོ་སྣོད་བསྟན་པ། གཉིས་པ་བཅུད། གསུམ་པ་སྡོང་བུ། བཞི་པ་མེ། ལྔ་པ་སྤྱིར་སྦྱར་བ། དྲུག་པ་ཁྱད་པར་དུ། བདུན་པ་ཡེ་ཤེས་དང་སྦྱར་ཏེ་དགོད་པར་བསྟན་པའོ། །དང་པོ་སྣོད་བསྟན་པ་ནི། དེ་ཡང་མར་མེ་ཇི་ལྟར་བྱ་ཞེ་ན། འཇིག་རྟེན་པ་དག་ལྟ་བ་དམན་པ་ཐེག་པ་འོག་མ་ལྟར་མ་ཡིན། གསང་སྔགས་འདིའི་གཞུང་གིས། མར་མེའི་སྣོད་ནི། ཐོད་ཚལ་སྐྱོན་མེད་པ་ཟླ་གམ་གྱི་དབྱིབས་སུ་བྱས་ལ། རི་མོ་པདྨ་བྲིས་པའི་ཟེའུ་འབྲུ་འབྱོན་དམར་ལས་བྱས་པའི་མཐོ་བར་བྱའོ། །གཉིས་པ་བཅུད་བསྟན་པ། བཅུད་ནི། གོང་ལྟར་འབྲས་བུ་ལྔ་བསྒྲལ་བའི་ཚིལ་བུ་དང་། རྐང་མར་དང་། ཞག་དུ་བསྲེག་པ་དང་། འབྲུ་མར། ཤིང་མར། རྩི་མར། མར་དཀར་ལ་སྦྱར་བར་བྱའོ། །གསུམ་པ་སྡོང་བུ། སྙིང་པོ་ནི། ཡབ་ཀྱི་གསང་བའི་རྡོ་རྗེའི་ཤར་བུ་སྐམ་པ་ལ། ཡུམ་གྱི་པདྨའི་ཟེའུ་འབྲུ་དཀྲིས་ཏེ་སྐམ་ལ། དེ་ལ་དུར་ཁྲོད་ཀྱི་རས་ཀྱིས་དཀྲིས་པས་བྱའོ། །བཞི་པ་མེ། དེ་ལ་རྡུལ་མོ་ངར་ལྕགས་དང་རྡོ་ཙ་མཁར་གོང་ལས་བྱུང་བའི་མེས་བསྒྲོན་ལ། དེ་ཡང་སྤྱི་དང་ཁྱད་པར་དུ་སྦྱར་ན། ལྔ་པ། སྤྱིར་སྦྱར་ལ། བྷནྡྷ་ནི་སྣོད་ཀྱི་འཇིག་རྟེན། མར་ནི་བཅུད་ཀྱི་འཇིག་རྟེན། སྡོང་བུ་ནི་ཆོས་ཀྱི་སྐུ། མེ་ནི་ལོངས་སྤྱོད་རྫོགས་པའི་སྐུ། །མེའི་འོད་ཀྱི་སྤྲུལ་པའི་སྐུ། །སྣོད་བཅུད་རིལ་སྐུ་གསུང་ལྷུན་གྱིས་གྲུབ་པའི་རྟགས་སོ། །དྲུག་པ། ཁྱད་པར་གྱི་དབང་དུ་སྦྱར་ན། ཀོང་བུ་ནི་ཡུམ་གྱི་མཁའ། སྡོང་བུ་ནི་ཡབ་ཀྱི་མཁའ། མར་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས་ཡེ་ཤེས་ཀྱི་འོད་ཟེར་བྱུང་ནས། འཁོར་བ་དང་ངན་སོང་ཐམས་ཅད་ཀྱི་མ་རིག་པའི་མུན་པ་སེལ་ཞིང་། ཡེ་ཤེས་ཀྱི་སྣང་བ་བསྐྱེད་པའི་རྟགས་སོ། །བདུན་པ། དེ་ལ་ཡེ་ཤེས་སུ་སྦྱར་ན། རྒྱུ་བྱང་ཆུབ་ཀྱི་སེམས་རྣམ་པར་ཤེས་པའི་ཚོགས་དགུ་དང་། འབྲས་བུ་ཡེ་ཤེས་ཆེན་པོ་དགུར་སྦྱར་ཏེ་དགོད་པ་ཡང་། ཧེ་རུ་ཀའི་གལ་པོ་ལས། སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལས། །བདེ་སྐྱིད་དགའ་ལྡན་ལྷ་ཡུལ་དུའམ། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། །དུ་བྱིན་གྱིས་བརླབས། མ་ཏྲཾ་བསྒྲལ་བའི་ཁོག་པ་ལས། །ཟླ་གམ་དགུ་པའི་དཀྱིལ་འཁོར་འདིར། །ཡེ་ཤེས་དགུ་པའི་སྣང་བ་གསལ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །སྣོད་བཅུད་ཡེ་ཤེས་ཀུན་ལ་ཁྱབ། །ཁྱབ་པའི་ཡེ་ཤེས་ཆེན་པོ་ཡིས། །འཁོར་བ་དང་ནི་བྱང་ཆུབ་ཀུན། །མི་གནས་པ་ཡི་ཚུལ་གྱིས་ནི། །ཐུགས་རྗེ་དབུས་ཀྱི་གཞལ་ཡས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །གཏི་མུག་འཐིབ་པའི་མུན་རུམ་བསལ་དུ་གསོལ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །སྐྱེ་མེད་བྱང་ཆུབ་སེམས་ཉིད་འདི། །སྐུ་གསུང་ཐུགས་སུ་ངེས་པར་རྟོགས། །གཉིས་སུ་མེད་པའི་ཚུལ་གྱིས་ནི། །རྟོགས་པ་ཆེན་པོ་དུང་གི་གཞལ་ཡས་སུ། །ཞི་བའི་ཕྲིན་ལས་མཚོན། དགྱེས་ཤིང་བརྟན༴ དགྱེས་ཤིང་༴ ཞེ་སྡང་འབར་བའི་མུན་པ་བསལ་དུ་གསོལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །སྣོད་བཅུད་ཀུན་གྱི་འཇིག་རྟེན་དང་། །འཁོར་བ་དང་ནི་བྱང་ཆུབ་ཀུན། །ཐམས་ཅད་མཉམ་པ་ཉིད་དུ་རྟོགས། །མི་དམིགས་པ་ཡི་ཚུལ་གྱིས་ནི། །རྒྱས་པ་ཆེན་པོ་གསེར་གྱི་གཞལ་ཡས་སུ། །རྒྱས་པའི་ཕྲིན་ལས་མཚོན། དགྱེས་ཤིང་༴ དགྱེས་ཤིང་༴ ང་རྒྱལ་འབར་བའི་མུན་པ་བསལ་དུ་གསོལ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །རང་དང་སྤྱི་ཡི་མཚན་ཉིད་རྣམས། །མ་འདྲེས་སོ་སོར་གསལ་བར་རྟོགས། །གནས་པ་ཆེན་པོ་ཚུལ་གྱིས་ནི། །དབང་སྡུད་ཆེན་པོ་བྱི་རུའི་གཞལ་ཡས་སུ། །དབང་གི་ཕྲིན་ལས་མཚོན། དགྱེས་ཤིང་༴ དགྱེས་ཤིང་༴ འདོད་ཆགས་ཞེན་པའི་མུན་པ་བསལ་དུ་གསོལ། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །བདག་དོན་སྐུ་གསུམ་ལྷུན་གྱིས་གྲུབ། །གཞན་དོན་འོག་མིན་གནས་སུ་སྦྱོར། །ཅི་ཡང་མ་ཡིན་ཚུལ་གྱིས་ནི། །མཐར་ཕྱིན་ཆེན་པོ་གཡུ་ཡི་གཞལ་ཡས་སུ། །དྲག་པོའི་ཕྲིན་ལས་མཚོན། དགྱེས་ཤིང་བརྟན༴ དགྱེས་ཤིང་༴ ཕྲག་དོག་འབར་བའི་མུན་པ་བསལ་དུ་གསོལ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །སྟོད་བཅུད་ཀུན་གྱི་འཇིག་བརྟེན་དང་། །འཁོར་བ་དང་ནི་བྱང་ཆུབ་ཀུན། །ཐམས་ཅད་སྟོང་ཉིད་བདག་ཡོད་དེ། །སྟོང་པ་ཉིད་ཀྱི་ཚུལ་གྱིས་ནི། །བྱམས་པ་ཆེན་པོའི་ཤེལ་གྱི་གཞལ་ཡས་སུ། །དགྱེས་ཤིས་བརྟན༴ དགྱེས་ཤིང་༴ འཁོར་བའི་མུན་ནག་ཆེན་པོ་བསལ་དུ་གསོལ། །འདའ་དཀའ་ཐུགས་ཀྱི་ཡེ་ཤེས་ཀྱིས། །རྟོགས་པས་མཉམ་པ་ཉིད་དུ་བཞག །ཏིང་འཛིན་གྱིས་ནི་སྐུ་གསུམ་རྫོགས། །མི་འདའ་བ་ཡི་ཚུལ་གྱིས་ནི། །སྙིང་རྗེ་ཆེན་པོའི་རིན་ཆེན་གཞལ་ཡས་སུ། །དགྱེས་ཤིང་༴ དགྱེས་ཤིང་༴ །ཏིང་འཛིན་རྨོངས་པའི་མུན་ནག་བསལ་དུ་གསོལ། །དབྱིངས་སུ་སྒྲོལ་བའི་ཡེ་ཤེས་ཀྱིས། །འཁོར་བ་ཁྲི་མུན་འདྲ་བ་ལས། །སྐུ་གསུང་ཐུགས་སུ་ལྷུན་གྱིས་སྒྲོལ། །ཕ་རོལ་ཕྱིན་པའི་ཚུལ་གྱིས་ནི། །དགའ་བ་ཆེན་པོ་བསྭེ་ཡི་གཞལ་ཡས་སུ། །དགྱེས་ཤིང་༴ དགྱེས་ཤིང་༴ མ་རྟོགས་སོ་སོར་འཛིན་པའི་མུན་པ་བསལ་དུ་གསོལ། །ཀློང་དུ་གྱུར་པའི་ཡེ་ཤེས་ཀྱིས། །སྣོད་ཀྱི་འཇིག་རྟེན་དུར་ཁྲོད་གཞལ་ཡས་ཁང་། །བཅུད་ཀྱི་འཇིག་རྟེན་ཁྲག་འཐུང་ཕྱག་རྒྱའི་ཚོགས། །ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་ནི། །བཏང་སྙོམས་ཆེན་པོ་རྡོ་རྗེའི་གཞལ་ཡས་སུ། །དགྱེས་ཤིང་བརྟན༴ དགྱེས་ཤིང་༴ ཕྱིན་ཅི་ལོག་གི་མུན་པ་བསལ་དུ་གསོལ། །བདག་ཅག་སྐལ་ལྡན་རིགས་ཀྱི་བུ། །ལོངས་སྤྱོད་དུར་ཁྲོད་རྫས་ལ་བརྟེན། །ཀོང་བུ་ཡུམ་གྱི་གཞལ་ཡས་སུ། །སྡོང་བུ་རྡོ་རྗེ་ཞིང་ཆེན་རས། །འབྲས་བུ་ལྔ་ཡི་མར་ཁུ་རྒྱ་མཚོར་བསྐྱིལ། །ཡེ་ཤེས་དགུ་ཡི་མར་མེ་འོད་ཟེར་འཕྲོ། །སྐལ་ལྡན་ཅན་གྱིས་འབུལ་ལོ་བཞེས་སུ་གསོལ། །ཞེས་ལྷ་དགུ། སོ་སོའི་གནས་སུ་དགོད་དོ། །དེ་ཡན་ཆད་དུ་གཟུགས་བརྙན་གྱི་དཀྱིལ་འཁོར་བསྟན་པ་སྟེ། དེ་ཡང་གཟུགས་བརྙན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རོ། །དེ་ཡང་རྒྱུད་ལས། ཟླ་གམ་དཀྱིལ་འཁོར་ཡུམ་གྱི་མཁའ། །བྷནྡྷ་བདེར་གཤེགས་སྐུ་ཡི་སྐུ། །ཡིག་འབྲུ་བདེར་གཤེགས་གསུང་གི་གསུང་། །མར་མེ་བདེར་གཤེགས་ཐུགས་ཀྱི་ཐུགས། །ཞེས་འབྱུང་བས། གཟུགས་བརྙན་སྐུའི་དཀྱིལ་འཁོར་དུ། སྐུ་བཀོད་པ་ནི་བྷནྡྷ་དགུའོ། །གཟུགས་བརྙན་གསུང་གི་དཀྱིལ་འཁོར་དུ། །གསུང་ཡིག་འབྲུ་བཀོད་པ་ནི། ཧ་བརྒྱད་ཧཱུྃ་དང་སྙིང་པོ་དགུའོ། །གཟུགས་བརྙན་ཐུགས་ཀྱི་དཀྱིལ་འཁོར་དུ། ཐུགས་མཚན་དགོད་པ་ནི། སྣང་བའི་མར་མེ་དགུ་པ་སྟེ་ཡེ་ཤེས་ཆེན་པོ་དགུའོ། །དེ་ཡང་ཡེ་ཤེས་ཆེན་པོ་དགུ་ནི། ཆོས་ཉིད་ལ་ཡེ་ཤེས་ཀྱིས་ཟིན་པ་ཞེས་བྱ་སྟེ། གང་དུ་ཡང་མ་གཡོས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། མ་འགགས་པར་རང་གསལ་བ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། གཉིས་སུ་མེད་པར་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། རང་རྟོགས་སུ་བྱུང་བས་སོ་སོར་རྟོག་པའི་ཡེ་ཤེས་དང་། མཐར་ཕྱིན་པས་བྱ་བ་གྲུབ་པའི་ཡེ་ཤེས་དང་། སྤྲོས་པ་མེད་པའི་ངང་སྤྱོད་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། བདེ་བ་ཆེན་པོ་ལ་སྙོམས་པར་འཇུག་པས་འདའ་དཀའ་ཐུགས་ཀྱི་ཡེ་ཤེས་དང་། ཐམས་ཅད་བདག་ཉིད་ཆེན་པོར་གསལ་བས་ཀློང་དུ་གྱུར་པའི་ཡེ་ཤེས་དང་། འཁོར་བ་ཐམས་ཅད་ཡེ་ཤེས་ཆེན་པོར་གསལ་བས་དབྱིངས་སུ་སྒྲོལ་བའི་ཡེ་ཤེས་དང་དགུའོ། །དེ་ལྟར་ན་གཟུགས་བརྙན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་བསྟན་པ་ཡིན་ནོ། །རྫས་༤༽དགོད་པར་བསྟན་པ་གང་སྙམ་པ་ལ། རྫས་ཀྱིས་མཛེས་པར་འཁོར་བར་བཞག །ཅེས་གསུངས་པར་བསྟན་ཏེ། དེ་ལ་གཉིས་ཏེ། དམ་རྫས་བཀྲམ་པ་དང་། མཆོད་རྫས་བཀྲམ་པའོ། །དང་པོ་ནི། གོང་དུ་ཞི་བའི་དཀྱིལ་འཁོར་ལ་རྫས་བམ་མཚན་དང་ལྡན་པ་ལ་བསྙེན་པ་བྱས་ནས། ཞི་བའི་ལྷ་དང་འཛབ་ཀྱིས་སྦྱངས་པའི་རྫས་དེ། མཎྜལ་གྱི་ཕྱོགས་བཞིར་བྲོ་བཞིས་སྦྱངས་ལ། ཤར་དུ་ངན་སོང་གནས་སྦྱངས་ཀྱི་བྲོ། ལྷོར་རྒྱུ་དྲུག་སྒྲོལ་བའི་བྲོ། ནུབ་ཏུ་རྟ་གདོང་ཞལ་གྱི་བྲོ། བྱང་དུ་བུ་མོ་དྲུག་གི་བྲོ། བསྐང་བ་བྱས་ཏེ། རྒྱུད་ལས་གསུངས་པ། སྔ་མ་ལས་ནི་གནས་འགྱུར་ཏེ། །ཁྲག་འཐུང་དཀྱིལ་འཁོར་གསལ་བྱས་ནས། །ཕུང་པོ་གདོས་བཅས་བེམ་པོ་དེ། །ཕྱོགས་བཞིས་བྲོ་བཞིས་སྦྱོང་བར་བྱ། །ཡེ་ཤེས་ལྷ་དང་མཁའ་འགྲོ་མ། །ཐུགས་དམ་བསྐུལ་ཞིང་ཐུགས་དམ་བསྐང་། །ཞེས་གསུངས་པ་དང་། དེ་ནས་བྱང་ཤར་མཚམས་སུ་རྫས་སུ་དགྲམ་སྟེ། རོ་བསིལ་ཏེ། བཤིག་ནས་དཔལ་ཁྲག་འཐུང་གི་ལྷ་རྣམས་ཀྱི་རྫས་སུ་དགྲམ་པ་ཡང་། རྒྱུད་ལས་འདི་སྐད་དུ་བྱུང་སྟེ། རོ་ཡི་བཤའ་ཐབས་རྒྱབ་ནས་བཤའ། །སོག་སྤྲག་ནས་སྦུག་གུ་ཐུང་ངུ་གཅིག་གདབ། སྦུག་གུ་ཐུང་ངུ་ནས་རྐང་པ་གཡས་པའི་རྟིང་པར་ཐིག་གཅིག །གཡོན་པར་ཐིག་གཅིག །ལག་པ་གཡས་གཡོན་ལ་ཐིག་རེ་རེ་བཏབ་ལ། ཁྲག་འཐུང་ལྷ་ཚོགས་རྫས་སུ་སྟེ། །གློ་སྙིང་དཔལ་ཆེན་ཡབ་ཡུམ་གྱི། །རྫས་མིག་བུདྡྷའི་དང་རྣ་བ་རཏྣའི་སྣ་པདྨའི་དང་ལྕེ། །ཀརྨའི་རིགས་བཞི་ཁྲག་འཐུང་ཡབ་ཡུམ་རྫས། །མཆིན་པ་ཀོའུ་རཱི་མཁལ་མ་ཙོའུ་རཱི་མཚེར་པ་པྲ་མོ་སྣོད། །བེ་ཏ་འབྲས་བུ་པུཀྐ་སཱི་མཚན་མ་གསྨ་སོག་པ་སྨ་ཤ་དཔྱི། །ཙན་དྷ་ཁྲོ་མོ་ཀོའུ་རཱི་བརྒྱད་ཀྱི་རྫས། །ཞེས་གསུངས་སོ། །རྣམ་པ་གཅིག་ཏུ། སྙིང་དཔལ་ཆེན་དང་བདུད་རྩི་རྣམ་པ་ལྔ། །ཀོའུ་རཱི། དཔུང་པ་གཡས་ཙོའུ་རཱི་གཡོན་པྲ་མོ་བཞག་ཤ་བེ་ཏ་དང་། །རྒྱུ་པུཀྐ་མཆིན་གསྨ་མགོ་ཤ་སྨ་ཤ་གསང་དབང་ཙན་དྷ་རྣམས། །རྩ་བའི་ལྷ་དགུའི་རྫས་སུ་བཞག །ཅེས་གསུངས་པས། ཤེས་པར་བྱས་ལ་དགོད་དོ། །གཞན་ཡང་རྒྱུད་ལས། གོ་རོ་ཙ་ན་སེདྷ་རྒྱུས་པ་བྱཱ་གྷྲི་དང་། །རྐང་སྲི་ལ་དང་ཚིལ་བུ་ཤྭ་ན་ཤ་ཀྲིཏྟ་དང་ཁྲག ཀངྐ་སྲོག་རྩ་ཁ་ཁྭ་མཁྲིས་པ་ཧུ་ལུ་བརྒྱད་རྣམས་ནི། །མུ་ཀ་ཕྲ་མེན་བརྒྱད་ཀྱི་རྫས། །ཡན་ལག་དབར་ཐར་རྐང་ལག་སོར་མོ་མེད་པའི་མཐིལ་ལྡུམ་བཞི་རྣམས་ནི། །ཡེ་ཤེས་སྒོ་མ་བཞི་ཡི་རྫས། །སྒལ་ཚིགས་ཕྲུགས་སུ་བསྡེབས་པ་ནི། །དབང་ཕྱུག་ཉི་ཤུ་བརྒྱད་ཀྱི་རྫས། །ནེའུ་ཚེག་ཆེ་ཕྲ་སྦྲག་པ་ནི། །ཡེ་ཤེས་ཁྲོ་བོ་བཅུ་ཡི་རྫས། །ཤ་ཁྲག་རུས་པ་རྐང་དང་ཚིལ། །མཁའ་འགྲོ་ལ་སོགས་ཀུན་གྱི་རྫས། །ཞེས་གསུངས་པས། རང་རང་སོ་སོའི་གནས་སུ་དགོད། ལྟེ་བར་དཔལ་ཆེན། འཁོར་ལོ་རྩིབས་བརྒྱད་དམ་ཡང་ན་ལེའུ་ཚེ་བརྒྱད་ལ་ཀོའུ་རཱི་མ་བརྒྱད་ཀྱི། བར་ཁྱམས་སུ་སེདྷ་མ་བརྒྱད་ཀྱི། སྒོ་བཞིར་དབར་ཐར་བཞི། ལྕགས་རི་ནག་པོ་ལ་སྒལ་རྩིབས་བཅས། བསྐོར་བར་བྱའོ། །ལྕང་ལོར་བཅས་པའི་བྷནྡྷར་བཅད། །མཚན་བརྟགས་བྱས་པའི་བྷནྡྷ་དེ། །དཔལ་ཆེན་བཞུགས་པའི་རྟེན་ཡང་ཡིན། །ཅེས་གསུངས་པས། དེ་ལ་དཔལ་ཆེན་པོ་ཡབ་ཡུམ་གྱི་ལྷ་སྐུའམ་སྙིང་པོ་བྲིས་ལ་དབུས་སུ་བཞག་པའམ། དངོས་གྲུབ་སྒྲུབ་པའི་སྣོད་ཀྱང་ཡིན། །ཞེས་འབྱུང་བས། དེའི་ནང་དུ་བླུགས་བྱ་ལ་ཡང་གོ་རོ་ཙ་ན་ཀླད་པ་དྲི་ཆེན་དང་། །སྙིང་ངམ་སྲོག་རྩའི་ཁྲག་དང་ནི། །མཱཾ་ས་མཁྲིས་པ་དྲི་ཆུ་དང་། །སོ་དང་དབང་པོ་སྣ་ལྔ་དང་། །དེ་རྣམས་ཆ་ནི་མཉམ་པ་དང་། །ཚིལ་ཆེན་བཞུ་བ་དང་སྦྱར་ནས། །སྙིང་པོ་ལྔ་དང་སྦྱར་བ་ཡི། །བྷནྡྷ་གང་ནི་དངོས་གྲུབ་རྫས། །ཞེས་འབྱུང་བས། ཟླ་གམ་དཀར་པོ་ལ་བཞག་པར་བྱའོ། །གཞན་ཡང་། བྷནྡྷ་མཚན་དང་ལྡན་པའི་ནང་དུ་ཚལ་བུ་རེ་རེ་ལ་སྒྲུབ་པོ་དུ་ཡོད་ཀྱི་གསང་མཚན་དང་། དངོས་གྲུབ་ཀྱི་གསོལ་བྱང་རྡོ་རྗེ་ཆེ་གེ་ལ་དངོས་གྲུབ་གསོལ། ཅེས་པ་ལྟ་བུ། བྲིས་ལ་བཞག་གོ། །དེ་ཡང་རྒྱུད་ལས། ཤར་སྒོར་དངོས་གྲུབ་གསོལ་བྱང་དང་། །རྡོ་རྗེ་དང་ནི་དྲིལ་བུ་དང་། །བདུད་རྩིའི་བུམ་པ་དངོས་གྲུབ་རྫས། །དེ་བཞིན་དབང་གི་བུམ་པ་བཞག །ཅེས་འབྱུང་བས། དབང་བསྐུར་བའི་བུམ་པ་གོང་དུ་སྟ་གོན་ལ་གནས་པར་བྱས་པའི་ཞི་བའི་བུམ་པའམ། ཡང་ན་ཁྲོ་བོའི་ལྷ་ལ་བུམ་པ་བཅས་པ་དབུས་སུ་བཞག་གོ། །ཡང་། རང་བྱུང་གི་ནི་བུམ་པ་དེ། །བྱིན་བརླབས་རྫས་དང་ཁ་རྒྱན་ཅན། །དེས་ནི་དབང་བསྐུར་རྟག་ཏུ་བྱ། །ཞེས་འབྱུང་སྟེ། བྱིན་གྱིས་བརླབས་ལ་དལ་གྱི་དབུས་སུ་བཞག་གོ། །ལས་ཀྱི་བུམ་པ་ཡང་དཀྱིལ་འཁོར་གྱི་གྲྭ་ལ་བཞག་གོ། །དཀྱིལ་འཁོར་དེའི་ཕྱོགས་བཞིར་མཆོག་ཕུར་བཞི། མཚམས་བཞིར་ལྕགས་ཕུར་བཞི། སྟེང་འོག་ཏུ་སེང་ལྡེང་གི་ཕུར་པ་གཉིས་ཏེ་བཅུ། ཁྲོ་བོ་བཅུར་མངའ་གསོལ་དགོད་དེ། བ་སུ་ཏའི་ཞགས་པས་བསྐོར་རོ། །དེ་ཡང་རྒྱུད་ལས། བ་སུ་ཏ་ཡི་རྒྱུ་ཞགས་ཀྱིས། །ཐིག་གདབ་མཎྜལ་བསྐོར་བ་དང་། བྱི་ན་ཡ་ག་བཅིངས་པའི་རྫས། །ཞེས་འབྱུང་བ་དང་། ཡང་། ཧཱུྃ་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཐུགས་རྗེའི་ཐབས་དང་ལྡན་པའི་རྒྱུ་ཞགས་ཀྱིས། །རྒྱུ་དྲུག་འཁོར་བའི་དབྱིངས་སུ་དྲངས་པའི་ཕྱིར། །ཐབས་ཀྱི་ཞགས་པ་རྒྱུ་ཕྲེང་ཕྱག་རྒྱར་དྲངས། །ཞེས་བརྗོད་ལ་བསྐོར་རོ། །ཡང་རྒྱུད་ལས། ཤུན་ཆེན་ཞིང་གི་གཡང་གཞི་ནི། །བླ་བྲེར་བྲེས་དང་རྣལ་འབྱོར་ཆས། །ཞེས་འབྱུང་བས། ཞིང་གི་གཡང་གཞི་ལ་རཀྟའི་ཐིག་ལེ་ལྷ་གྲངས་བཞིན་བྱས་ལ། དྲུག་ཅུ་རྩ་བརྒྱད་དམ། ལྔ་བཅུ་རྩ་བརྒྱད། ཉེར་གཅིག་མ། གཙོ་འཁོར་དགུ་མ་སོགས་སྐབས་སུ་གང་བབ་བྱ། དཀྱིལ་འཁོར་གྱི་བླ་བྲེར་བྲེས་པ་ཡང་། རྒྱུད་ལས། སྲིད་པ་གསུམ་གྱི་གདུག་པ་ཀུན་བསྒྲལ་ཏེ། །ཤེས་རབ་ཟབ་མོ་ཡུམ་གྱི་མཁའ་དབྱིངས་སུ། །མཐའ་དང་དབུས་མེད་དཀྱིལ་འཁོར་རང་བཞིན་ཏེ། །ཕྱི་དང་ནང་མེད་ལྷུན་གྱིས་གྲུབ་པའི་རྫས། །ཡིད་བཞིན་ལོངས་སྤྱོད་འདོད་དགུ་འབྱུང་བའི་རྒྱུ། །ཡེ་ཤེས་ཆེན་པོ་བཞི་དང་ལྡན་པའི་རྟགས། །ཕྲག་དོག་མ་སྤངས་གནས་དག །ཞིང་གི་གཡང་གཞི་འདི། །དཀྱིལ་འཁོར་ཆེན་པོའི་བླ་བྲེར་དགྲམ་པར་བྱའོ། །ཅེས་འབྱུང་ངོ་། །གཞན་ཡང་དཀྱིལ་གྱི་ཕྱི་རོལ་དུ། ཐོད་ཚལ་གསུམ་དུ། ཐལ་ཆེན་དང་། རཀྟ་དང་། ཞག་གསུམ་ཡང་བཞག་གོ། །ཕུར་པ་དང་། ཉུངས་ཀར་དང་། རིགས་ལྔའི་མཚོན་ཆ་རྣམ་པ་ལྔ་ལ་སོགས་ཀྱང་བསྐོར་ཏེ་བཞག་གོ། །ཁྱད་པར་དུ་དྲི་ཆབ་ཀྱི་ཆ་སྣོད་དུ་བྲམ་ཟེ་མོའི་བྷནྡྷར་སྦྱར་ལ་བཞག་གོ། །གཞན་ཡང་རྒྱུད་ལས། བླ་རྐང་གཉིས་དང་རྗེ་ངར་རྐང་། །དུང་ཆེན་འབུད་པའི་གླིང་བུ་བྱ། །དཔུང་པའི་རྐང་རུས་གཉིས་པོ་ལ། །རཀྟ་སྦྲེང་བའི་གཟར་བུ་བྱ། །ཅེས་འབྱུང་བ་དང་། བྱང་ཤར་མཚམས་སུ་བར་ཆད་བྱེད་པའི་ཉམས་ལེན་བཟློག་པ་དང་། འབྱུང་པོ་གནོན་པའི་ཕྱིར། བྷནྡྷ་མཚན་ངན་ལ་རི་རབ་གླིང་ཕྲན་བཅུ་གཉིས་དང་བཅས་པར་བྲིས་པའི་ནང་དུ་དགྲ་བགེགས་གང་ལ་བྱ་བའི་གཟུགས་ལིངྒ་བྲིས་ལ་གཞུག་པ་དང་། དེ་དག་སྦྲག་པའི་རྫས། ཡང་རྒྱུད་ལས། ཡ་མཁལ་མ་མཁལ་གཉིས་པོ་དེ། ཁ་ཐམ་བྱ་བའི་རྡས་ཀྱང་ཡིན། །དེ་དང་སོག་པ་མ་མོད་ལ། །གཉིས་པོ། གཡས་ཞེས་པའང་སྣང་། ཡ་མ་དམ་སྲི་མནན་པའི་རྫས། །ཞེས་འབྱུང་ངོ་། །གཉིས་པ་མཆོད་རྫས་དགྲམ་པ། དེ་ནས་མཆོད་རྫས་དགྲམ་པ་ནི། ཕྱི་ནང་གི་ཨརྒྷཾ་དང་། སྤོས་དང་། མེ་ཏོག་དང་། མར་མེ་དང་། དྲི་ཆབ་དང་། ཁྱད་པར་དུ་ཟློག་ཆུང་དཔལ་བཤོས་ཟླ་གམ་ལ་རཀྟའི་ཐིག་ལེ་དགུ་བཏབ་པ་རེ་རེ་དྲང་ངོ་། །ཌཱ་མ་རུ་ལ་སོགས་པའི་རྔ་དུང་སིལ་སྙན་སྒྲ་དང་། དམ་རྫས་ཞལ་ཟས་སྣ་ཚོགས་ལ་སོགས་པའི་གཏོར་མ། ཁ་སྤྲིན་ཆེན་ཞལ་ཁེབ་སྙིང་ཤུན་དང་བཅས་པའི་གཅིག་དྲང་ངོ་། །བདུད་རྩི་ཨ་མྲྀ་ཏ་སྩལ་བའི་སྣོད་དང་། འབྲས་བུ་ལྔ་བསྒྲལ་བའི་རཀྟའི་སྣོད་གང་དང་། ཆང་ཕུད་ཛ་གད་དང་ཚེ་ལ་སོགས་པའི་འབྱོར་བཤམས་ཚོགས་ལ་སོགས་པའི་རྫས་ཀྱིས་མཛེས་པར་བསྐོར། ཞེས་པའི་དོན་ཏོ། །མིག་གི་རྟེན་ཡང་བཞག་པར་༥༽བསྟན་པ་གང་སྙམ་པ་ལ། མིག་གི་རྟེན་ཡང་མངོན་པར་བཞག །ཅེས་གསུངས་ཏེ། དཔལ་ཧེ་རུ་ལ་གཙོ་བོ། འཁོར་ལྷ་མོའི་ཚོགས་ཀྱིས་བསྐོར་བའི་སྐུ་གཟུགས་ལུགས་མའམ། བྲིས་སྐུ་ཡང་ནུབ་ཕྱོགས་སུ་བཞག་སྟེ། ལྷ་གཤེགས་པའི་རྟེན་དང་མཚན་མར་བརྟག་པའི་ཕྱི་བཞག་གོ། །ཐབས་དང་ཤེས་རབ་འབྲེལ་བས་སྒྲུབ་ཕྱིར་ན། གཟུངས་མ་ཞེས་བྱ། ཡུམ། རིག་མ། ཕྱག་རྒྱ་མོ། ཤེས་རབ་མ། ཞེས་བྱ། ཕལ་སྐད་དུ་ཆུང་མ་ཞེས་ཀྱང་བྱ། མཚན་དང་ཡོན་ཏན་ལྡན་པ་ཡང་། །སྐྱེ་བ་མེད་པའི་ཡུམ་དུ་མངའ་གསོལ་ཏོ། །རྣལ་འབྱོར་པའི་གཡོན་དུ་བཞག་གོ། །དེ་ཡང་རྒྱུད་ལས། ཏིང་འཛིན་ཡེ་ཤེས་གསལ་བའི་ཕྱིར། །མིག་གི་རྟེན་ཡང་མངོན་པར་བྲི། །དེ་ལ་རྟེན་བཅས་བྲིས་འབུར་གང་རུང་། ཞེས་པ་དང་། འདོད་ཆགས་ཡེ་ཤེས་གསལ་བའི་ཕྱིར། །ཤེས་རབ་མ་མིག་གི་རྟེན་ཡང་གཡོན་དུ་བཞག །ཅེས་གསུངས་པས། གཟུགས་བརྙན་གྱི་དཀྱིལ་འཁོར་བྲིས་ཏེ། ལྷ་དང་མར་མེ་རྫས་བཀོད་ལ། ཟུར་གཉིས་ཀྱིས་བསྟན་པས། མིག་གི་མཐོང་ཡུལ་རྟེན་ལ་མངོན་པར་བཞག་གོ། །ཞེས་བྱ་བའི་དོན་ཏོ། ༼༤༽ །ཐམས་ཅད་ཚུལ་བཞིན་བྱིན་གྱིས་བརླབས་པའི་ཕྲིན་ལས་ལ་ལྔ་སྟེ། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་གཉིས་སུ་མེད་པར་བྱིན་གྱིས་བརླབས་པ་དང་། དབང་སྒྱུར་ཐབས་ཀྱི་ཏིང་ངེ་འཛིན་གྱིས་གནས་བྱིན་གྱིས་བརླབས་པ་དང་། ཤེས་རབ་དང་སྙིང་རྗེའི་ཏིང་ངེ་འཛིན་གྱིས་ཡུམ་དང་རྒྱུ་དང་སྒྲུབ་རྫས་གསུམ་བྱིན་གྱིས་བརླབས་པ་དང་། ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་གྱིས་སྒྲུབ་པ་པོ་བྱིན་གྱིས་བརླབས་པ་དང་། ཚོགས་ཆེན་རྫོགས་པའི་ཏིང་ངེ་འཛིན་གྱིས་སྒྲུབ་རྫས་དང་ཡོ་བྱད་བྱིན་གྱིས་བརླབས་པའོ། །དེ་ལ་༡༽མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་གཉིས་སུ་མེད་པར་བྱིན་གྱིས་བརླབས་པ་གང་སྙམ་པ་ལ། མི་དམིགས་ཆོས་ལ་བློ་བརྟན་ཞིང་། །ཡེ་ཤེས་ཅན་གྱི་བྱིན་སྟོབས་ཀྱིས། །ཞེས་གསུངས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རིལ་ནི་སེམས་སུ་སྣང་ལ། སེམས་གང་དུའང་མ་གཡོས་པ་ལ་སེམས་ཉིད་ནམ་མཁའ་དྭངས་པ་ལྟར་ས་ལེ། སིང་ངེ་། སང་ངེ་། གསལ་ཏེ། གང་གིས་ཀྱང་མ་བསླད་པར་བཞག་ནས་གསལ་ལ་རྟོག་པ་མེད་པར་མ་ཡེངས་པར་འདུག་ན། ཆོས་ཐམས་ཅད་ཀྱི་ཆོས་ཉིད། དེ་བཞིན་ཉིད་དམིགས་སུ་མེད་པའི་ཏིང་ངེ་འཛིན་ཀློང་དུ་གྱུར་པ་ཡིན་ཏེ། ཞི་གནས་ལས་སུ་རུང་བས་རྣམ་པར་མི་རྟོག་པའི་དོན་མཐིལ་དུ་ཕེབས་པས་བློ་བརྟན་ཞིང་འདུག་ན། ཐམས་ཅད་གཉིས་སུ་མེད་པར་བྱིན་གྱིས་བརླབས་པ་ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་མཉམ་པ་ཉིད་ལས་སུ་རུང་བས། སྔར་སྤྱད་པས་ཡེ་ཤེས་མཆོག་ཏུ་གྱུར་པའི་ཆོས་ཉིད་ཅན་དེས། ཤེས་རབ། ཆོས་ཉིད་ཅི་ཡང་མ་ཡིན་པ་ལས། ཅིར་ཡང་སྣང་བའི་ཆོ་འཕྲུལ་ཡི་གེ་ཧཱུྃ་དུ་གསལ་བར་སྤྲོ་བསྡུ་བྱ་སྟེ་རྡོ་རྗེར་གྱུར་། རྡོ་རྗེ་ལས་འོད་ཟེར་སྤྲོ་བསྡུ་བྱས་ཏེ་འོད་ཀྱི་གོང་བུར་གསལ་བ་ལས། དེ་ལས། ཧཱུྃ་བཛྲ་དྷྲིཀ྄ །མཱུྃ་དྷ་ཏི་ཤྭ་རིའམ། ༀ་བཛྲ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་ཏཱི་ཤྭ་རི་སྟྭཾ། ཞི་ཁྲོ་གང་སྒོམ་གྱི་ལྷའི་སྙིང་པོ་བརྗོད་པས། ཞི་བ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་མམ། ཁྲོ་བོ་དཔལ་ཆེན་པོ་ཡབ་ཡུམ་གང་རུང་དུ་བསྒོམ་པའང་། ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་དུ་གསལ་བས། ཏིང་ངེ་འཛིན་གྱིས་གོམས་པའི་མཐུ་བྱིན་དང་། རང་རིག་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་མངའ་བའི་སྟོབས་ཀྱིས། གནས་དང་། སྒྲུབ་པ་པོ་དང་། ཡུམ་དང་རྒྱུ་དང་སྒྲུབ་རྫས་དང་། ཡོ་བྱད་ལ་སོགས་པ་ཐམས་ཅད་བསྐྱེད་རྫོགས་པ་རྣམ་པ་གསུམ་མ་ཧཱ། ཨ་ནུ། ཨ་ཏི། དུ་བྱིན་བརླབས་པའི་ཕྱིར་ན། ཐམས་ཅད་ཚུལ་བཞིན་བྱིན་གྱིས་བརླབས། །ཞེས་གསུངས་སོ། །དེ་ཡང་ཚུལ་ཇི་ལྟར་བྱིན་གྱིས་བརླབས་ཞེ་ན། དབང་༢༽སྒྱུར་ཐབས་ཀྱི་ཏིང་ངེ་འཛིན་གྱིས་གནས་བྱིན་གྱིས་བརླབས་པ་ལ་གསུམ་སྟེ། དང་པོ་རིག་པ་དབང་སྒྱུར་ཡེ་ཤེས་སྤྲུལ་པའི་ཏིང་འཛིན་གྱིས། གནས་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབས་པ་ནི། བདག་གི་སེམས་ཀྱི་ཆོ་འཕྲུལ་ལས། རྃ་ཡྃ་ཁྃ་ཨ། ཞེས་བརྗོད་པས། བསྲེགས་གཏོར་བཀྲུས་དག་ནས་སྟོང་པ་ཉིད་དུ་བསྒོམ་པའོ། །དེ་ལ་གཉིས་པ་ཆེ་བས་དབང་སྒྱུར་དྲེགས་པ་གཟིར་བའི་ཏིང་འཛིན་གྱིས། ཐུགས་རྗེའི་གནས་ཁམས་གསུམ་གྱི་སེམས་ཅན་བྱིན་གྱིས་བརླབས་པ་ནི། བདག་གཙོ་བོ་ཡབ་ཡུམ་དུ་བསྒོམ་པའི་འོད་ཟེར་གྱི་གནས་དང་། ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས། ཁམས་གསུམ་གྱི་སེམས་ཅན་ལ་ཕོགས་པས་ལས་དང་ཉོན་མོངས་པའི་བག་ཆགས་བསྲེགས་སྦྱངས་ནས། ཧཱུྃ་གིས་བསྡུ་ཞིང་བདག་ལ་བསྟིམས་པས། གཉིས་སུ་མེད་པར་གྱུར་ཏེ། ཡེ་ཤེས་ཀྱི་སྐུར་གསལ་བར་བསྒོམ་མོ། །གསུམ་པ་ཐབས་ཀྱི་དབང་སྒྱུར་འཁོར་བ་བཟློག་པའི་ཏིང་ངེ་འཛིན་གྱིས། སྒྲུབ་པའི་གནས་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་པ་ནི། བདག་གི་ཐུགས་ཀའམ། སྨིན་མཚམས་ནས། ཨེ་ཡཾ་རཾ་བཾ་ཀེཾ་རཾ་བྷྲཱུྃ་རྣམས་འཕྲོས་པ་ལས། སྙིགས་མའི་འབྱུང་བ་ལྔ་སོ་སོར་སྦྱངས་ཏེ། དྭངས་མའི་འབྱུང་བ་ལྔ་རིམ་བརྩེགས་ཡུམ་ལྔའི་མཁའ་གསལ་ཏེ། ཨེ་ལས་ཆོས་ཀྱི་དབྱིངས་ཀྱི་ནམ་མཁའ་ཆོས་འབྱུང་གྲུ་གསུམ། ཡུམ་རྡོ་རྗེ་དབྱིངས་ཕྱུག་མ། དེ་སྟེང་ཡཾ་ལས་རླུང་གི་དལ། དམ་ཚིག་སྒྲོལ་མ། ར་ལས་རཀྟའི་རྒྱ་མཚོ། མཱ་མ་ཀཱི། བཾ་ལས་ཞིང་ཆེན་གྱི་ས་གཞི། སངས་རྒྱས་སྤྱན། ཀེཾ་ལས་ཀེཾ་རུས་ཀྱི་རི་རབ། རཾ་ལས་ཡེ་ཤེས་ཀྱི་མེ། གོས་དཀར་མོ། བྷྲཱུྃ་ལས་གཞལ་ཡས་ཁང་ནི། དེའི་སྟེང་དུ་ཡེ་ཤེས་ལྔ་ལས་གྲུབ་པའི་ཕྱོགས་བཞི་དཀར་སེར་དམར་ལྗང་དབུས་མཐིང་ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་ཟླ་གམ་དབང་གི་དཀྱིལ་འཁོར་སྔ་མ་དང་དབྱེར་མེད་པར་གྱུར་པའོ། །དེ་ནས་ཤེས་རབ་༣༽དང་སྙིང་རྗེའི་ཏིང་ངེ་འཛིན་གྱིས། ཡུམ་དང་། རྒྱུ་དང་། སྒྲུབ་རྫས་བྱིན་གྱིས་བརླབས་པ་ལ་གཉིས་ཏེ། སྒྲུབ་༡༽ རྫས་ཁམ་ཕོར་དང་མར་མེ་བྱིན་གྱིས་བརླབས་པ་ནི། བདག་གི་ཐུགས་ཀའམ་གསང་གནས་ནས། གནམ་ཞལ་ལ་ཧཱུྃ། ཚལ་བུ་བརྒྱད་ལ་ཧ། སེདྷ་མའི་རྫས་ལ་ཧེ། སྒོ་མའི་རྫས་ལྕགས་ཕུར་རམ་དཔལ་ཐར་བཞི་ལ། ཕཊ྄་རྣམས་སྤྲོས་པས། ཁམ་ཕོར་རྣམས་ལ་ཐིམ་པ་ལས། ཡིག་འབྲུ་ཧཱུྃ་ཧ་ཧེ་ཕཊ་སོ་སོར་གསལ་བ་ལས། ཧཱུྃ་བཞིས་ཧཱུྃ་དང་པོས་འོད་ཟེར་སྤྲོ་བསྡུ། ཧཱུྃ་གཉིས་པས་གསུང་ཡིག་འབྲུར་གྱུར། ཧཱུྃ་གསུམ་པས་འོད་སྤྲོ་བསྡུས་ཐུགས་ཕྱག་འཚལ་དུ་གྱུར། ཧཱུྃ་བཞི་པས་སྐུ་ཡོངས་རྫོགས་ཧེ་རུ་ཀའི་སྐུར་བསྐྱེད། དེས་འགྲེ་སྟེ། ཀ་སེང་སྒོ་མ་ཡོངས་རྫོགས་བསྐྱེད། སྐུ་གསུང་ཐུགས་སུ་དབང་བསྐུར་བ་རེ་རེ་དང་བཅས་པར་བྱའོ། །དེ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་བསྟིམ་པ་དང་། བཞུགས་སུ་གསོལ་བ་ཡན་ཆད་བྱ་སྟེ། མན་ངག་ཁོག་བསྡེབ་པའོ། །སྒྲུབ་རྫས་བམ་ལ་བརྟེན་ཏེ་བྱིན་གྱིས་བརླབས་པ་ནི། གོང་འོག་གི་མན་ངག་ལས་ཤེས་པར་བྱའོ། །རྒྱུ་༢༽དང་ཡུམ་བྱིན་བརླབས་པ་ཡང་། དབང་བསྐུར་བའི་སྐབས་དང་། རྒྱུ་བསྒྲལ་བའི་སྐབས་ནས་འབྱུང་བ་བཞིན་དུ་ཤེས་པར་བྱའོ། །དེ་ནས་༤༽ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་གྱིས་སྒྲུབ་པོ་བྱིན་གྱིས་བརླབས་པ་ནི། སྒྲུབ་པ་ཆེན་པོའི་གནས་འདིར། དང་པོ་ཚོགས་ནས་སྔར་མ་འདྲེས་པ་དང་། འདྲེས་པ་ཀུན་ལ། གོང་དུ་སྟ་གོན་གྱི་སྐབས་སུ་བསྲེ་བསྣན་བྱ་བ་བསྟན་པ་བཞིན་དུ་བྱ་སྟེ། དང་པོ་འཇུག་པ་ནས། བར་དུ་སྒྲུབ་པ་དང་། མཐའ་མར་དབང་བསྐུར་བ་མན་ཆད་དུ། རྡོ་རྗེ་སློབ་དཔོན་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་གསལ་བ་ལ་མ་གཡེངས་པ་དེ། སྒྲུབ་པ་པོ་རྣམས་རང་རང་གི་ཡི་དམ་གྱི་ལྷར་བྱིན་གྱིས་བརླབས་པ་དང་། དབང་བསྐུར་སྒྲུབ་པ་འི་དོན་ནམ་ཁྱེད་ཀ་ཁོ་ན་བྱའོ། །དེ་ཡང་སྒྲུབ་པ་པོ་རྣམས་དཀྱིལ་འཁོར་དུ་འཇུག་པར་བྱ་སྟེ། འདིར་དག་དོན་དགུ་སྟེ། སྒོ་དབྱེ་བ་དང་། བྱིན་གྱིས་བརླབ་ཏུ་གསོལ་བ། ཕྱག་བྱ་བ། བླ་མས་གནང་བ། མེ་ཏོག་དོར་བ། དངོས་གྲུབ་སྩོལ་བ། རྒྱན་གཟུངས་བསྡེབ་པ། དམ་བཅའ་བ། བྱིན་དབབ་པའོ། །དེ་ལ་༡༽སྒོ་དབྱེ་བ་ནི། ཧཱུྃ། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །མ་ཏྲཾ་བསྒྲལ་བའི་ཁོག་པ་ལ། །སྨུག་ནག་ཟླ་གམ་གཞལ་ཡས་ཤར། །ཕྲིན་ལས་རྣམ་བཞི་རྫོགས་མཛད་པའི། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ནས། །ཡེ་ཤེས་ཆེན་པོ་སྒོ་ཕྱེས་ཤིག །བྱིན་༢༽བརླབ་ཏུ་གསོལ་བ། ཧཱུྃ། སྐྱེ་མེད་གདོད་ནས་དག་པའི་མཁའ་དབྱིངས་སུ། །ཡེ་ཤེས་རང་སྣང་འོད་ཀྱི་ཐུགས་རྗེར་ཤར། །ཡེ་ཤེས་ཐབས་ལ་མཁས་པའི་བྱིན་རླབས་ཀྱིས། །གར་གྱི་དབང་ཕྱུག་ཆེན་པོར་བྱིན་གྱིས་བརླབ་ཏུ་གསོལ། །དེ་ནས་༣༽ཕྱག་བྱ་སྟེ། ཧཱུྃ། གསང་སྔགས་ཡང་དག་ཟབ་མོའི་ཞིང་། །ཞི་ཁྲོའི་ཚོགས་ཆེན་དཀྱིལ་འཁོར་དུ། །ལྷ་དང་སློབ་དཔོན་བློ་ལྡན་ལ། །བརྡའ་དང་གར་གྱིས་ཕྱག་བགྱིད་དོ། །ཞེས་པ་དང་། གོང་དུ་བརྗོད་པའི་ཕྱག་འཚལ་བ་དེ་ཡང་བརྗོད། རྒྱལ་བའི་དཀྱིལ་འཁོར་ལ་ཧོཿ །རྡོ་རྗེ་སློབ་དཔོན་དང་མཆེད་དང་ལྕམ་དྲལ་ལ་ཧོཿ །མཁའ་འགྲོ་མ་ཚོགས་རྡོ་རྗེ་དམ་ཅན་ལ་ཧོཿ །ཞེས་བརྗོད་ཅིང་། སྔོན་དུས་སུ་མར་མེ་མཛད་ཀྱིས་བརྐྱང་ཕྱག་མཛད་པ་བཞིན་འདིར་རྣལ་འབྱོར་པས་ཀྱང་བྱ་ཞིང་། རང་རང་གི་ལྷ་དང་སྙིང་པོ་དང་གསང་མཚན་བླ་མས་གནང་བ་དང་གསུམ་བླ་མ་ལ་དབུལ། དེ་ནས་༤༽བླ་མས། རྣལ་འབྱོར་པ་སོ་སོར་གསང་མཚན་ལས་བྱུང་བ་དེ་རྣམས། རྡོ་རྗེའི་གྲལ་དུ་དགོད་པར་གནང་ལ། ཡིད་དམ་གྱི་ལྷ་སྒོམ་སྙིང་པོ་བཟླས་པར་གནང་། །ཞེས་བརྗོད། དེ་ནས་༥༽མེ་ཏོག་དོར་ཏེ། ཧཱུྃ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ། །སྒྲུབ་པོ་སྐལ་ལྡན་དབང་ཕྱུག་རྒྱལ་བའི་སྲས། །ལྷ་དང་སློབ་དཔོན་མི་གཉིས་འདུན་པས་མེ་ཏོག་འབུལ་ལགས་ན། །བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གསོལ། །ཞེས་དོར་རོ། །དེ་ནས་༦༽དངོས་གྲུབ་སྩོལ་ཏེ། ཧོཿ མི་གནས་དཔལ་ཆེན་རྡོ་རྗེ་ལ། །ཇི་ལྟར་བསྙེན་ཅིང་བསྒྲུབ་པ་ལྟར། །རྡོ་རྗེའི་རིགས་མཆོག་བསྒྲུབ་པའི་ཕྱིར། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཧོཿ མི་གནས་རྡོ་རྗེ་མཁའ་འགྲོ་མ། །ཇི་ལྟར་བསྙེན་ཅིང་བསྒྲུབས་པ་ལྟར། །རྡོ་རྗེ་མཁའ་འགྲོའི་དངོས་གྲུབ་བསྒྲུབ་པའི་ཕྱིར། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་བརྗོད། དེ་ནས་༧༽རྒྱན་གཟུངས་བསྡེབ་པའི་ཕྲིན་ལས་བྱ་སྟེ། སློབ་མ་ཀུན་ལ་བླ་མ་རྡོ་རྗེ་སློབ་དཔོན་གྱིས། བདུད་རྩི་བླངས་ལ་སྐུ་གསུང་ཐུགས་ཀྱི་དབང་སྦྱིན་པ་དང་། ཞི་བའི་དུས་ན་ཞི་བའི་རྒྱན་རྟགས་ཀྱིས་མཚན་པ་དང་། ཁྲོ་བོའི་དུས་ན་ཁྲོ་བོའི་རྒྱན་དང་རྟགས་ཀྱིས་མཚན་པ་ཀུན། འོག་ནས་འབྱུང་བ་བཞིན་སྐབས་འདིར་ཡང་བླངས་ལ་བྱའོ། །དེ་ནས་༨༽མཆེད་ཕོ་མོ་ཐབས་ཤེས་སྤེལ་མར་བཞུགས་ལ་དམ་བཅའ་བ། སློབ་དཔོན་གྱིས་འདི་སྐད་ཅེས་བསྒོའོ། །ཧཱུྃ། ཆོས་ཉིད་དོན་དམ་པ་འདུ་འབྲལ་མེད་པའི་གཟུངས་ཐག་ལ། །རིག་པ་སྲོག་གིས་བསྡུས་པའི་ལུ་གུ་རྒྱུད། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པའི་ཕྱིར། །སྐྱེ་བ་ཇི་སྲིད་བར་དུ་མ་བཏང་ཞིག །ངས་ཀྱང་དེ་ལྟར་བསྒོམ་གྱིས། སློབ་མ་ཁྱེད་ཀྱིས་ནམ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ཐོབ་ཀྱི་བར་དུ་མ་བཏང་ཤིག་པའོ། །དེ་ལ་རྡོ་རྗེའི་མཆེད་རྣམས་ཀྱིས་ཀྱང་དམ་བཅའ་བ་ནི། ཚིགས་གསུམ་ཐུན་ཐ་མ། སྐྱེ་བ་ཇི་སྲིད་པར་དུ་མི་བཏང་ངོ་། །ཞེས་བརྗོད་ནས། ནམ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ཐོབ་ཀྱི་བར་དུ་མི་བཏང་བར་དམ་བཅའ་འོ། །དེ་ནས་༩༽སྤོས་ཆེན་གྱི་དུད་པ་བཏང་སྟེ་བྱིན་དབབ་པ། འདི་སྐད་དོ། །ཧཱུྃ། ནམ་མཁའ་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས། །རྣལ་འབྱོར་དབང་ཕྱུག་རིགས་ཀྱི་ཡུམ་དང་བཅས། །རྒྱལ་བ་འཁོར་བཅས་སྲུང་མ་དམ་ཚིག་ཅན། །མཆོད་གནས་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བདག་ཅག་རྣམས་ནི་སེམས་ཅན་དམན་པ་ལ། །གཉེན་བཤེས་མཐུ་དཔུང་གཞན་ན་མ་མཆིས་ན། །བདེ་བར་གཤེགས་པའི་ཐུགས་རྗེ་ཆེན་པོ་ཆུ་རྒྱུན་ལྟར་ལ་དབྲི་སྟེ་དམའ་བ་དང་། བསྐོལ་སྟེ་གང་ནས་ལུད་པ་ལྟ་བུ། མི་མཛད་ཅིང་། །གདུལ་བྱ་འདུལ་བའི་དུས་ལས་མི་འདའ་ཐུགས་རྗེ་དམ་ཚིག་ཅན། །སྐྱབས་ལས་མི་གཡེལ་ཡལ་གམ་སྔོན་གྱི་དམ་བཅའ་གཅིག་ཏུ་དགོངས། །ཡེ་ཤེས་རྒྱལ་བའི་རླབས་ལས་མ་གཡོས་ཀྱང་། །དམ་ཚིག་སེམས་ཉིད་རབ་ཏུ་མངོན་རྟོགས་ཤིང་། །བྱིན་རླབས་ཆེན་པོ་དུས་འདིར་སྩལ་དུ་གསོལ། །ཨ་ལ་ལ་ཧོཿ བྷ་ག་ཝཱན། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཧཱུྃ། དཀྱིལ་འཁོར་གཟུང་བའི་དུས་ལ་བབ། །བྱིན་ཆེན་དབབ་པའི་དུས་ལ་བབ། །དབང་ཆེན་བསྐུར་བའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས། །རྟགས་དང་མཚན་མ་བརྟན་པ་དང་། །བདག་གི་བསམ་པ་གྲུབ་པར་མཛོད། །ཨ་ལ་ལ་ཧོཿ །ཞེས་པ་དང་། ལྷ་མོ་ཀོའུ་རི་མ་བརྒྱད་ཀྱང་སྤྱན་དྲང་ཤིང་བྱིན་དབབ། ཡང་ཕུད་གཏོང་། ཕྲིན་ལས་བཅོལ་བ་བྱའོ། །ཚོགས་༥༽ཆེན་རྫོགས་པའི་ཏིང་འཛིན་གྱིས། རྫས་དང་ཡོ་བྱད་བྱིན་གྱིས་བརླབ་པ་ནི། གསུམ་སྟེ། སྤྱད་པ་ཡོ་བྱད་ཀྱི་རྫས་བྱིན་གྱིས་བརླབ་པ་དང་། མཆོད་པའི་རྫས་བྱིན་གྱིས་བརླབ་པ་དང་། །སྟོང་པ་ཉིད་དུ་བྱིན་གྱིས་བརླབས་པའོ། ༡༽ །སྤྱད་པ་ཡོ་བྱད་ཀྱི་རྫས་ལ། ངག་དོན་དྲུག་སྟེ། དང་པོ་ཞུ་བ། གཉིས་པ་ལན། གསུམ་པ་གུ་གུལ་གྱིས་བདུག །བཞི་པ་ཉུངས་ཀར་གཏོར། ལྔ་པ་བསང་། དྲུག་པ་བྱིན་བརླབས་དངོས་སོ། །དང་པོ་ཞུ་བ། དེ་རྣམས་གསོལ་ཁ་བས་འབྱོར་བཤམས་སུ་སྦྱར་ནས། ལས་ཀྱི་ཀརྨས་འདི་སྐད་ཞུའོ། །ཧོཿ ཕྱོགས་བཅུ་མཐའ་ཀླས་པའི་རབ་འབྱམས་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཞིང་ཁམས་མ་ལུས་པ་ཀུན་ནས་འདུས་ཤིང་བྱོན་པའི། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། གྲུབ་པ་མཆེད་ལྕམ་དྲལ་རྒྱལ་བ་རྒྱ་མཚོ་དང་བཅས། ཐོགས་པ་མི་མངའ་བར་མཁྱེན་ཅིང་གཟིགས་པ་ཐུགས་རྗེ་ཆེན་པོའི་ངང་དུ་གྱུར་ཅིང་འགྲོ་བའི་མགོན་སྐྱབས་ལ་སྟ་གོན་དུ་གནས་པས། དམ་ཚིག་གི་མཆོག་གསང་བའི་སྒོར་ཞལ་གྱིས་བཞེས་ཤིང་། ཐུགས་དམ་གྱི་དབང་གིས་དཀྱིལ་འཁོར་འདིར་འདུ་བ་ལ་སོགས་པ་མ་ལུས་པ་ཐམས་ཅད་དགོངས་སུ་གསོལ། འདུད་གསོལ་ཞེས་བྱ། དེང་དུས་ཆེན་བྱིན་གྱིས་བརླབས་པ་འདིར། བདག་ཅག་རྣལ་འབྱོར་པ་རྣམས་ཀྱིས། འབྱོར་ལྡན་ཚོགས་ཀྱི་ཡོ་བྱད་འབྱོར་བ་དང་། ཞལ་ཟས་སུ་འོས་པ་དང་། རྒྱུ་བཟང་སྤུས་གཙང་བས་རིགས་ཤིང་འཐད་པ་དང་། རྗེས་སུ་མཐུན་པར་དུས་བཞིར་འབྱུང་བའི་ཁམས་དང་མཐུན་པའི་ཞལ་ཟས་རྣམས། སྒྱུ་མ་མཆིས་པར་བསོགས་ནས། སྲིད་པའི་ལོངས་སྤྱོད་ཆོས་ཀྱི་མངའ་ཐང་དང་མཐུན་པར་བཤམས་ཏེ། འདི་ཙམ་ཞིག་ནམ་མཁའི་རྒྱན་སྐར་ཚོགས་ལྟར་བཀྲམ། །ས་གཞིའི་རྒྱན་རྩི་ཤིང་དང་ནགས་ཚལ་ལྟར་སྐྱེ་ཞིང་འཐོན། རྒྱ་མཚོའི་རྒྱན་རྦ་རླབས་ལྟར་འཁྱིལ་བ། བར་སྣང་གི་རྒྱན་སྤྲིན་ལྟར་གཏིབས་ནས། འབྱོར་པ་དངོས་སུ་སྦྱར། སྣ་ཚོགས་ཡིད་ཀྱིས་སྤྲུལ་ནས། རྒྱལ་བ་མཆོད་པ་དང་། ཕྱོགས་བཅུའི་རྣལ་འབྱོར་པ་རིག་པ་འཛིན་པ་རྣམས་ཀྱི། ཐུགས་དམ་བསྐང་བའི་ཕྱིར་འབུལ་ཞིང་མཆིས་ན། ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཞེས་བརྗོད་དོ། །གཉིས་པ་ལན། དེ་ལ་སློབ་དཔོན་གྱིས་ལན་སྩལ་བ། ཧོཿ རྣལ་འབྱོར་པ་རྣམས་ཀྱིས་སྒྱུ་མེད་པའི་དད་པས་ནི་བསགས། མོས་པའི་འབྱོར་པས་ནི་ཕུལ། ཕྱོགས་བཅུའི་རྣལ་འབྱོར་པའི་སྙན་དུ་ནི་གདགས། དབང་ཕྱུག་ཆེན་པོ་རྣམས་ཀྱི་སྤྱན་གྱིས་ནི་གཟིགས། ཐུགས་ཀྱིས་ཀྱང་འཐད་པས་བཞེས་སུ་གནང་། ཞེས་གནང་ནས། གསུམ་པ་བདུག་པ། དེ་ནས་སྤྱད་པ་ཡོ་བྱད་ཀྱི་རྫས་རིལ་བླའི་སྤྱན་སྔར་སྤུངས་ལ། གུ་གུལ་གྱི་དུད་པས་བདུག །བཞི་པ་ཉུངས་ཀར་གཏོར་བ། ཉུངས་ཀར་ལ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་རིང་བཟླས་ཏེ་གཏོར་ནས། ལྔ་པ་བསང་བ། སྤོས་ཀྱི་དུ་བས་བསངས། དྲི་ཆབ་ཀྱིས་བསངས་ལ། སརྦ་དྲ་ཕྱམས་བརྗོད། དྲུག་པ་སྤྱད་པ་ཡོ་བྱད་ཀྱི་རྫས་བྱིན་གྱིས་བརླབ་པ་དངོས། དེ་ནས། གཏོར་མའམ་ཡོ་བྱད་ཀྱི་སྣོད་བྷྲཱུྃ་གྱི་འཕྲོ་འདུ་ལས། རིན་པོ་ཆེའི་གཞལ་མེད་ཁང་དུ་དམིགས་ལ། དེའི་ནང་དུ། མ་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་དབུས་སུ་ཡོ་བྱད་རྣམས་དམིགས་པ་ལས། བདག་དཔལ་ཆེན་གི་ཐུགས་ཀར་ནས་ཧཱུྃ་མཐིང་ཀའི་འཕྲོ་འདུས་རྣམ་པར་རྟོག་པ་ཐམས་ཅད་བསྲེགས་ནས་སྟོང་པ་ཉིད་དུ་བསམ་མོ། །དེ་ནས། ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་དབུས་སུ། ཨཱཿདམར་པོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣོད་བཅུད་ཀྱི་བདུད་རྩི་ཐམས་ཅད་སླར་ཟླ་བའི་སྟེང་དུ་བསྡུས་པས་བདུད་རྩིར་དཀར་ལྟེམ་གྱིས་གྱུར་པར་བསམ། དེའི་དབུས་སུ། ༀ་དཀར་པོའི་འཕྲོ་འདུ་ལས་སྐུ་ལྔ་ཡེ་ཤེས་ལྔ་དང་ཐ་མི་དད་པའི་འདོད་པའི་ཡོན་ཏན་དྲུག་གི་ལྷ་མོ་སྟེ། གཟུགས་ཀྱི་ལྷ་མོ་དཀར་མེ་ལོང་ཐོགས་པ་མ་དང་། སྒྲའི་ལྷ་མོ་སེར་པི་ཝཾ་མ་དང་། དྲིའི་ལྷ་མོ་ལྗང་སྤོས་མེ་མ་དང་། རོའི་ལྷ་མོ་དམར་བདུད་རྩིའི་གཞོང་པ་མ་དང་། རེག་བྱའི་ལྷ་མོ་དཀར་འཁྱུད་ཚུལ་ཅན་དང་། ཆོས་དབྱིངས་ལྷ་མོ་མཐིང་ག་རྡོ་རྗེ་དྲིལ་བུ་ཅན་དུ་གྱུར་པར་བསམ། དེ་ནས་མང་ཞིང་རྒྱ་ཆེ་བར་བྱ་བའི་ཕྱིར། སྔགས་འདི་ལན་བདུན་ནམ་ཉི་ཤུ་རྩ་གཅིག་ཏུ་བརྗོད་པར་བྱ་སྟེ། ༀ་ཨཱཿཧཱུྃ། བ་ལིཾ་ཏ་ཏེ་ཛྭ་བ་ལིང་ཏ་བ་ལ་བ་ཏི་གུ་ཧྱ་ས་མ་ཡ་སྭཱ་ཧཱ། ཞེས་བརྗོད་པས། མཆོད་པའི་ལྷ་མོ་རེ་རེ་ལས་ཀྱང་དཔག་ཏུ་མེད་པ་སྤེལ་ཞིང་ནམ་མཁའི་ཁམས་དང་མཉམ་པར་བསམ་མོ། ༢༽ །དེ་ནས་མཆོད་རྫས་བྱིན་གྱིས་བརླབ་པ་ལ་དྲུག་སྟེ། ཛ་གད་བྱིན་གྱིས་བརླབ་པ་དང་། བདུད་རྩི་བྱིན་གྱིས་བརླབ་པ་དང་། གཏོར་མ་བྱིན་གྱིས་བརླབ་པ་དང་། རཀྟ་བྱིན་གྱིས་བརླབ་པ་དང་། དཔལ་བཤོས་བྱིན་གྱིས་བརླབ་པ་དང་། ཚོགས་བྱིན་གྱིས་བརླབ་པའོ། །དེ་ལ། ཆང་ཛ་གད་༡༽ བྱིན་གྱིས་བརླབ་པ་ནི། སྣོད་ཀྱི་སྟེང་དུ་ཡི་གེ་བྷྲཱུྃ་གྱི་འཕྲོ་འདུ་ལས། རིན་པོ་ཆེའི་གཞལ་ཡས་ཁང་དུ་གྱུར་པར་བསམ། དེའི་སྟེང་དུ། མ་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་དབུས་སུ་ཧཱུྃ་བསམ་ཏེ་དེའི་འཕྲོ་འདུ་ལས། དངོས་པོ་བསྲེགས་ནས་སྟོང་པར་གྱུར་པར་བསམ། ཡང། ཧཱུྃ་དེའི་འཕྲོ་འདུ་ལས། བཅོམ་ལྡན་འདས་མི་བསྐྱོད་པ་ས་གནོན་གྱི་ཕྱག་རྒྱ་ཅན་དུ་གྱུར་པར་བསམ། དང་པོ་རྡོ་རྗེའི་ཕྱག་རྒྱ་བསྟན་པས། ཕྱག་རྒྱ་ལས་ཡུམ་དཀར་ཤམ་མོ། །དབུ་ལ་རིགས་ལྔས་བརྒྱན་པ་ཞིག་བྱུང་བས། མི་བསྐྱོད་པ་ལ་མཆོད་དེ། དེ་གཉིས་རོལ་པ་ལས་བྱང་ཆུབ་སེམས་ཀྱི་རང་བཞིན་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟར་གྱུར་ནས། སྣོད་གང་ཞིང་འཕེལ་བར་གྱུར་ཏོ། །ཛ་གད་དེའི་དཀྱིལ་ན་ཡང་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ། ཡི་གེ་མཱྃ་འབར་བ་ལས། ཡུམ་མཱ་མ་ཀཱི་དཀར་མོ་བདུད་རྩིའི་བུམ་པ་ཐོགས་པ་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུར་འཕྲོས་པས། ཆུ་ཐམས་ཅད་ཀྱི་བཅུད་བསྡུས་ནས། སླར་སྣོད་ཀྱི་ནང་དུ་གཤེགས་པས་ཡུམ་མཱ་མ་ཀཱི་མང་པོ་བྱང་ཆུབ་སེམས་ལ་ཐིམ་པར་བསམ་ཞིང་། ༀ་མཱ་མ་ཀི་རི་ཀི་རི་ཨ་དྷི་ཏིཥྛ་སྭ་མཱཾ། །ཞེས་བདུན་ཙམ་བརྗོད་པས། པདྨ་བྷནྡྷ་ལ་སོགས་པའི་སྣོད་གང་བར་དཀར་ལྷུད་ལྷུད་གྱུར་པར་བསམ་མོ། །དེ་ནས་ཚོ་བཞིར་བཅད་དེ། ཚོ་གཅིག་ཛ་གད་ཀྱི་སྣོད་ཡོད་ཚད་དུ་ཁྱབ་པར་སྩོལ། ཚོ་གཅིག་ཡང་ཕུད་དུ་བཅད་དོ། །ཚོ་གཅིག་ལ་གུ་ཧྱ་གསང་བ་ལག་གི་ཕྱག་རྒྱས་མཐེབ་གུང་སྲིན་གསུམ་གྱི་བྱང་ཆུབ་སེམས་དེ་མཱཾ་དང་བཅས་པར་བླངས་ཏེ། ལྕེ་ལ་རྡོ་རྗེ་འབར་བ་ནས་ཙམ་གཅིག་བསམས་ཏེ། ལན་གསུམ་དུ་དམ་ཚིག་ཀཱ་ཡ་སིདྡྷི་ༀ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་བླང་ངོ་། །ལག་པ་གཉིས་པདྨའི་ཕྱག་རྒྱ་བཅས་ལ། དེ་ལས་རྒོད་པའི་ཁར་བྱས་ཏེ་སྣོད་བཟུང་ནས་བཏུང་ངོ་། །དེ་ཡང་རང་ལ་ནུས་པ་མ་རྙེད་དམ་མཚན་མ་མ་ཐོན་ན་ནི། གོང་དུ་ལྷ་ལ་མཆོད་ནས་གདོད་དམ་ཚིག་བླང་ཞིང་བཏུང་ངོ་། །དེ་ནས་ཚོ་གཅིག་ལ་ཕྱི་མས་བསླད་དེ་སྒྲུབ་པ་པོ་ཀུན་ལ་སྣོད་རེ་རེ་སྦྱིན་ཅིང་འཐུང་དུ་སྩོལ། །དེ་ནས་༣༽རྣལ་འབྱོར་སྒྲུབ་པ་པོ་ཀུན་གྱིས་རང་རང་གི་དམ་ཚིག་ཉམས་ཆག་སྐོང་བའི་ཕྱིར། སྔར་སྒྲུབ་པའི་རྫས་བདུད་རྩི་ཨ་མྲྀ་ཏ་སྣོད་ནས་ཕྱུང་སྟེ། བླ་མ་རྡོ་རྗེ་སློབ་དཔོན་ལ་ཕུལ་བས། བླ་མ་རྡོ་རྗེ་སློབ་དཔོན་གྱིས་ཡང་ཕུད་ནང་དུ་བདུད་རྩི་སྩལ་ནས་སྨན་ཕུད་དེ་བདུད་རྩིར་བྱིན་གྱིས་བརླབ་པ་ནི། ཀུན་གྱིས་དགོངས་པ་དྲིལ་ཏེ་བདུད་རྩིའི་སྣོད་ཉིད་བྷྲཱུྃ་དཀར་པོ་འཕྲོ་འདུ་ལས། བྷནྡྷ་འབར་བའི་གཞལ་ཡས་ཁང་གི་ནང་དུ། འོག་ཉི་མ་སྟེང་ཟླ་བ་གའུ་ཁ་སྦྱར་བའི་ནང་དུ་བདུད་རྩི་དངོས་གཞི་རྣམ་པ་ལྔ་དབུས་དང་ཕྱོགས་བཞིར་དབུས་སུ་བྱང་སེམས་དཀར་པོ་ཧཱུཾ། ཤར་དུ་དྲི་ཆེན་སེར་པོ་ༀ། ལྷོར་མཱཾ་ས་སེར་པོ་སྭཱ། ནུབ་ཏུ་རཀྟ་དམར་པོ་ཨཱཿ བྱང་དུ་དྲི་ཆུ་ལྗང་གུ་ཧཱཿའོ། །གསལ་བའི་སྟེང་དུ་ཡི་གེ་དཔའ་བོ་འབྲུ་ལྔས་མནན་པར་བསམས་ཏེ། འབྲུ་ལྔ་ལས་རང་གི་ཐུགས་ཀའི་ཧཱུྃ་ལས་ལག་པ་གཡོན་པའི་སྲིན་ལག་བཀུག་ལ་སོར་མོ་གཞན་བརྐྱང་ལ། སྦོམ་པོ་དང་དབང་མོ་རྩེ་སྤྲད་པ་ལས། ཉི་ཟླ་གཉིས་ཀྱི་དཀྱིལ་འཁོར་གའུ་ཁ་སྦྱར་གྱི་དབུས་སུ། ཡི་གེ་ཧྲཱིཿདམར་པོ་ལས། དཔལ་རྟ་མགྲིན་དུ་གྱུར་པར་དམིགས་ཏེ། དེ་ལ་བདེ་བ་རྒྱས་འདེབས་མ། ཚེ་འཕེལ་མ། རྨོངས་བྱེད་མ། ཟ་བྱེད་མ་སྟེ་གསང་བའི་ཡུམ་བཞིས་བསྐོར་བར་བསྒོམ་པའི་ཕྱག་རྒྱ་བདུད་རྩིའི་སྣོད་ལ་གཏུག་ལ། ༀ་ཨཱཿཧཱུྃ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋཱ། ཞེས་བརྗོད་པའི་དུས་ན། བདག་གི་ཐུགས་ཀའི་ཧཱུྃ་ལས་ཡེ་ཤེས་ཀྱི་འོད་ཟེར་བྱུང་ནས། མཐེབ་སྲིན་རྟ་མགྲིན་ཡབ་ཡུམ་ལ་འཕྲོས། ཐུགས་དམ་བསྐུལ་ཏེ། མ་ཆགས་ཐབས་ཀྱིས་སྦྱོར་བ་མཛད། སྦྱོར་མཚམས་ནས་བྱང་ཆུབ་སེམས་ལས་འོད་ཟེར་འཕྲོས་པས། དཔའ་བོ་འབྲུ་ལྔ་ལ་ཕོག་པས། ཡེ་ཤེས་ཀྱི་འོད་དུ་འབར་བས་བདུད་རྩི་རྣམ་པ་ལྔ་བཞུ་བཏུལ། དེ་ལས་ཀྱང་དཔའ་བོ་འབྲུ་ལྔ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། དུས་གསུམ་གྱི་སངས་རྒྱས་ལ་ཕོག་པས། ཐུགས་དམ་གྱིས་རྗེས་སུ་དགོངས་ནས་བྱིན་གྱིས་རློབ་ཅིང་དངོས་གྲུབ་བསྡུས། སེམས་ཅན་རྣམས་ལ་ཕོག་པས་ཉོན་མོངས་པའི་རྟོག་པ་སྦྱངས་ནས། ཚེ་དང་དབང་ཐང་སྤེལ་ཏེ་བཀྲག་དང་གཟི་མདངས་བདག་ལ་བསྡུས། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་དངོས་པོ་བསྲེགས་ནས། འཇིག་རྟེན་དག་པའི་བདུད་རྩི་དང་བཅུད་དུ་གྱུར་པ་ཀུན་བསྡུས་ནས་མུ་ཏིག་དཀར་པོ་དྲི་མ་མེད་པ་བཞིན་དུ་བསྒོམ་མོ། །དེ་ནས་བདུད་རྩི་ལྔ་དང་། དཔའ་བོ་འབྲུ་ལྔ་དང་རིལ་དབྱེར་མེད་པར་གྱུར་པའི་དབུས་ན། ༀ་དཀར་པོ་དང་། ཨཱཿདམར་པོ་དང་། ཧཱུྃ་མཐིང་ཀ་གསུམ་བརྩེགས་མར་གནས་པ་ལས། ཡེ་ཤེས་ཀྱི་འོད་ཟེར་ཚུར་བྱུང་སྟེ། མཐེབ་སྲིན་རྟ་མགྲིན་ཡབ་ཡུམ་ལ་ཐིམ། དེ་ལས་བདག་ལ་ཐིམ་པས་རྟོག་སྒྲིབ་བསྲེགས་སྦྱངས་ཚེ་དང་དབང་ཐང་སྤེལ། བདག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འཕགས་པ་ལ་ཕོག་པས་མཆོད་པ་ཕུལ་ནས་བྱིན་གྱིས་བརླབས་བསྡུས། སེམས་ཅན་ལ་ཕོག་པས་རྟོག་སྒྲིབ་བསྲེགས་ནས་བཀྲག་མདངས་བསྡུས། སྣོད་ཀྱི་འཇིག་རྟེན་ལ་ཕོག་ནས། དངོས་པོ་བསྲེགས་སྦྱངས་ནས། འཇིག་རྟེན་གྱི་བདུད་རྩི་བཅུད་རིལ་བསྡུས་ནས་བདག་ལ་ཐིམ་པས་བདག་གིས་དངོས་གྲུབ་ཐོབ་ཅིང་ཚེ་དང་ཡེ་ཤེས་བཀྲག་དང་གཟི་མདངས་རྒྱས། བདག་ལ་ཡེ་ཤེས་ཀྱི་བདུད་རྩི་འོད་ཟེར་དང་བཅས་པར་བྱུང་ནས། རྟ་མགྲིན་ཡབ་ཡུམ་ལ་ཐིམ། རྟ་མགྲིན་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་སེམས་དང་འདྲེས་ནས་དཀར་ཙ་ར་ར་བྱུང་སྟེ། བདུད་རྩིའི་སྣོད་དུ་བབ་པས། འོ་མ་ཐབ་ཏུ་ལུད་པ་ལྟ་བུར་ཁོལ་ཞིང་། མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟར་བསམ་ཞིང་དགུ་པའི་འཛབ་བཟླས་པ་བྱ་སྟེ། འཕགས་པ་དང་དཀྱིལ་འཁོར་གྱི་ལྷ་མཆོད་པའི་བདུད་རྩི་བྱིན་གྱིས་བརླབས་པ་དང་། རྣལ་འབྱོར་པའི་དངོས་གྲུབ་སྒྲུབ་པའི་བདུད་རྩིའི་བུམ་པ་གཉིས་ཀ་དེ་ལྟར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་༣༽གཏོར་མ་བྱིན་བརླབ་པ་ནི་གཉིས་ཏེ། སྒྲུབ་པའི་གཏོར་མ་དང་། མཆོད་སྦྱིན་གྱི་གཏོར་མའོ། །སྒྲུབ་པའི་གཏོར་མ་ནི། རྟག་གཏོར་ཞེས་བྱ། འཛིན་གཏོར་ཞེས་བྱ། གཏོར་གཞོང་བྷྲཱུྃ་ལས་ཟླ་གམ་དམར་པོ་དབང་གི་གཞལ་ཡས་ཁང་དུ་གཏོར་མའི་རྫས་ལ། བདག་གི་ཐུགས་ཀ་ནས། ཧཱུྃ་ཧ་ཧེ་ཕཊ་བྷྱོ། ཞེས་བརྗོད་པས། དཔལ་ཆེན་པོ་ཡབ་ཡུམ་འཁོར་དང་བཅས་པར་གྱུར་ཏེ། དཔལ་གྱི་ཕོ་བྲང་དུ་བསྒོམ་མོ། །མཆོད་བསྟབས་ཐམས་ཅད་ཀྱི་གནས་ཏེ། སྒྲུབ་པ་ལ་དངོས་གྲུབ་མ་བླངས་བར་དུ་འཛིན་གཏོར་མི་གཏང་ངོ་། །མཆོད་སྦྱིན་གྱི་གཏོར་མ་དང་། ཚོགས་དང་ཀུན་བྱིན་གྱིས་བརླབ་པ་ནི། ཡོ་བྱད་བྱིན་གྱིས་བརླབས་པའི་སྐབས་སུ་བསྟན་པ་དེ་ཉིད་ལྟར་བྱའོ། །སྤྱིར་གཏོར་མ་ནི། ལས་དང་། གནས་སྐབས་མང་དུ་དབྱེར་ཡོད་པར་ཤེས་པར་བྱའོ། །དེ་ནས་༤༽རཀྟ་བྱིན་གྱིས་བརླབ་པ་ནི། རཀྟའི་སྣོད་ལ། བྷྲཱུྃ་བྷནྡྷ་ཀ་པཱ་ལ་བྷྲཱུྃ། ཞེས་བརྗོད་པས། སྣོད་བྷནྡྷའི་གཞལ་ཡས་ཁང་འཇིག་རྟེན་གྱི་གཏོས་ཙམ་དུ་གྱུར་པར་བསམ། རཀྟ་ལ་ཡི་གེ་ར་དམར་པོ་གཅིག་བསམ། དེ་ལ་སྔགས་འདིས་བྱིན་གྱིས་བརླབས་ཏེ། ༀ་ཨཱཿཧཱུྃ་རཀྟ་མུ་ལ་རཀྟ་ཧཱུྃ་ཧྲཱི་ཋཱ། ཞེས་བཏབ་པས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཡི་གེ་ར་ལ་ཕོག །ཡེ་ཤེས་ཀྱི་འོད་ཟེར་དམར་པོ་འབར་བས། དངོས་པོའི་ལོག་རྟོག་སྦྱངས་ནས། བདུད་རྩིའི་རཀྟར་གྱུར་ངོ་བོ་བདུད་རྩི་རྣམ་པ་རཀྟ་ཡིན་པ་ལས། གཟར་བུ་ཧཱུྃ་ལས་རྡོ་རྗེར་གྱུར་པས་དཀྲུགས་པས། རཀྟའི་རྦ་རླབས་དང་ཟེར་མ་རེ་རེ་ལས་ཀྱང་། འདོད་པའི་ཡོན་ཏན་ལྔའི་ལྷ་མོའི་སྤྲིན་འཕྲོ་བར་བྱིན་གྱིས་བརླབ་བོ། །དཔལ་༥༽བཤོས་བྱིན་གྱིས་བརླབ་པ་ནི། དཔལ་བཤོས་ལ་ཡི་གེ་སྭཱ་ལས། རཏྣ་ཏྲཻ་ལོ་ཀྱ། ཞེས་བརྗོད་པས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་གྱུར་པ་ལས། དེ་ལས་མཆོད་པའི་སྤྲིན་རྒྱུན་མི་ཆད་པར་བྱིན་གྱིས་བརླབ་བོ། །ཚོགས་༦༽བྱིན་བརླབ་ནི། གཞན་ཡང་སྤོས་དང་མེ་ཏོག་ལ་སོགས་པ་ཞི་བའི་སྐབས་སུ་རིགས་པར་བྱའོ། ༣༽ །དེ་ལ་ཐམས་ཅད་སྟོང་པ་ཉིད་དུ་བྱིན་གྱིས་བརླབ་པ་ནི། ཐུན་མོང་མཆོད་པ་བྱིན་གྱིས་བརླབ་པ་སྟེ། ཨརྒྷཾ་ནི། ཕྱི་ལྟར་བདུད་རྩིའི་ཆུ་རྒྱུན། ནང་ལྟར་རཀྟ། གསང་བ་ཡབ་ཡུམ་བྱང་སེམས་སུ་བརླབ། མེ་ཏོག །ཕྱི་ལྟར་ཁ་དོག་སྣ་ཚོགས་པས་སྟོང་གསུམ་གང་བ། ནང་ལྟར་མཛེས་པའི་ལྷ་མོ། གསང་བ་རྣམ་ཤེས་ཚོགས་བརྒྱད་དུ་བརླབ། བཛྲ་དྷཱུ་པེ་དྷཱུ། ཞེས་པས། ཕྱི་ལྟར་དྲིའི་ལྷ་མོ་ཕྱག་ན་སྤོས་ཀོང་ཐོགས་པ་མང་པོ། ནང་ལྟར་ཚིལ་ཆེན་དུད་པ། གསང་བ་དྲི་ཆེན་ངད་བསུང་བར་བརླབ། བཛྲ་ཨ་ལོ་ཀེ་ཧྲིཿཞེས་པས། ཕྱི་ལྟར་ཀོང་བུ་སྟོང་གསུམ་ཙམ་མམ་རྒྱ་མཚོ་ཙམ། མེ་ལྕེའི་འོད་ཀྱིས་སྲིད་གསུམ་ཁྱབ་པར་བརླབ། ནང་ལྟར་སྣོད་དུར་ཁྲོད་གཞལ་ཡས་ཁང་ལ། མར་ཞི་གནས་ཚིལ་ཆེན་རྒྱ་མཚོ་ཙམ། མེ་ལྕེ་ལྷག་མཐོང་ཡེ་ཤེས་ལྔའི་འོད་འཕྲོ་བ། གསང་བ་བདག་གི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་མེ་མར་སྟོང་འཆར་བར་བརླབ་བོ། །བཛྲ་གྷནྡྷེ་ཞེས་པས། ཕྱི་ལྟར་ལྷ་མོ་དུང་ཕོར་ཐོགས་པ་མང་པོས་ཉོན་མོངས་པའི་ལྗན་ལྗན་དག་པར་བརླབ། ནང་ལྟར་ལྷ་མོ་མང་པོས་ཙནྡ་ལྡེ་གུས་མྱུག་ཅིང་མཆོད། གསང་བ་ཞི་གནས་ཀྱི་རླན་ལྷག་མཐོང་གི་བྱང་སེམས་སུ་དག་པར་བསྒོམ། བཛྲ་ནཱཻ་བི་དྱ་ཞེས་པས། ཕྱི་ལྟར་ལྷ་བཤོས་རོ་མཆོག་བརྒྱ་དང་ལྡན་པ་རི་རབ་བས་ཆེ་བར་བརླབ། ནང་ལྟར་འདོད་ཡོན་ལྷ་མོ་ལྔར། གསང་བར་བྱང་ཆུབ་སེམས་འོད་ཀྱི་ཐིག་ལེ་རིན་པོ་ཆེ་འབར་བ་གཅིག་བསྒོམ་མོ། །རྒྱུད་ལས། སངས་རྒྱས་ཀུན་གྱི་ཏིང་ངེ་འཛིན། །སྟོང་པ་ཉིད་ཅེས་རྒྱལ་བས་གསུངས། །དེ་བས་རྣམ་པ་ཐམས་ཅད་ཀུན། །སྟོང་པ་ཉིད་དུ་དྲན་པར་བྱ། །ཞེས་འབྱུང་བས་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་ཞིང་། དེས་ཐམས་ཅད་བྱིན་བརླབ་བོ། །ཞེས་པའི་དོན་ཏོ། ༥༽ །སློབ་མ་ལ་དབང་བསྐུར་བའི་ཕྲིན་ལས་ལ། སྐབས་སྦྱོར་བརྒྱད་པ་སློབ་དཔོན་མཉེས་པར་བྱ་ཞིང་དབང་ནོད་པའི་ཕྱིར་ཡོན་དབུལ་བའི་སྐབས། ལུང་དགུ་ལས་དམ་ཚིག་དབང་གི་ལུང་། དཀྱིལ་འཁོར་དགུ་ལས་དབང་བསྐུར་དཀྱིལ་འཁོར། མཐའ་དྲུག་ལས་གོམས་པ་དབང་ངོ་། །དོན་བཞིས་བསྟན་ཏེ། དང་པོ། དཀྱིལ་འཁོར་དུ་གཞུག་པའི་ཕྲིན་ལས་ཀྱི་རིམ་པ་དང་། བར་དུ། དབང་བསྐུར་བ་དངོས་ཀྱི་རིམ་པ་དང་། ཐ་མ། ཁྱད་པར་ཅན་གྱི་དམ་ཚིག་བསྲུང་བའི་རིམ་པ་དང་། སྒྲུབ་པ་པོ་རྣམས་ཁྱད་པར་གྱི་ཆས་ཀྱིས་མཛེས་པར་བྱ་བའི་རིམ་པའོ། །ཕྱི་མ་འདི་གཉིས་ས་བཅད་གཅིག་ཏུ་བསྡུས་པས་གསུམ་མོ། ༼༡༽ །དེ་ལ་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཕྲིན་ལས་ཀྱི་རིམ་པ་གང་སྙམ་པ་ལ། རྟོགས་པའི་བློ་ཅན་དེ་དག་གིས། །སྲོག་ལུས་མན་ཆད་རྫས་རྣམས་ཀྱིས། །བླ་མ་མཉེས་པར་བྱ་ཕྱིར་དབུལ། །དངོས་གྲུབ་འདོད་པར་གསོལ་བ་གདབ། །ཞེས་བྱ་བ་གསུངས་པ་ལ་དོན་ལྔ་སྟེ། དཀྱིལ་འཁོར་དུ་གཞུག་པའི་སློབ་མ་དང་། ཡོན་དབུལ་བའི་དངོས་པོ་དང་། ཡོན་དབུལ་བའི་གནས་དང་། ཡོན་དབུལ་བའི་དགོས་ཆེད་དང་། གསོལ་བ་གདབ་པའི་རིམ་པའོ། །དེ་ལ་། དཀྱིལ་༡༽འཁོར་དུ་གཞུག་པའི་སློབ་མ་གང་སྙམ་པ་ལ། རྟོགས་པའི་བློ་ཅན་དེ་དག་གིས། །ཞེས་བྱ་བས་བསྟན་ཏེ། དེ་ལ་དབང་ནོད་པའི་སློབ་མ་དེ་ཡང་། ངེས་པར་བརྟག་པ་བཞི་བྱས་པའི་སློབ་མ། རིགས་ངེས་པ། ཡུལ་ངེས་པ། བློ་ངེས་པ། རང་རྒྱུད་ངེས་པ། བླ་ན་མེད་པའི་བྱང་ཆུབ་ལ་ཡིད་ཆེས་པའི་རྟོགས་པ་བྱུང་བ་དང་། དད་པ་སྐྱེ་བར་གྱུར་ཏེ། སེམས་ཀྱི་ངེས་པ་རྙེད་པའི་བློ་གྲོས་ཅན། སྒྲུབ་པ་པོ་སྐྱོན་དྲུག་སྤངས་ཤིང་། མི་ཕྱེད་པ་བདུན་དང་ལྡན་པ། གོང་གསུང་ལྟར་རོ། །གསང་སྔགས་ཟབ་མོ་ལ་བློ་ཞུགས་ཤིང་དད་པ་ཅན་དེ་དག་གིས་བྱ། ཞེས་པའོ། །སློབ་མས། ཡོན་༢༽དབུལ་བའི་དངོས་པོ་གང་སྙམ་པ་ལ། སྲོག་ལུས་མན་ཆད་རྫས་རྣམས་ཀྱིས། །ཞེས་བྱ་བས་བསྟན་ཏེ། དེ་ལ་དབང་ཐོབ་པའི་རྒྱུ་ཡོན་ཡིན་ཏེ། དེ་ཡང་རབ་འབྲིང་ཐ་མ་གསུམ་མོ། །རབ་རང་གི་སྲོག་ཕུལ་ཏེ་ཅི་ཙམ་རི་བའི་ཡོན་གྱིས་བསླུ་བ་དང་། འབྲིང་ལུས་ཕུལ་བ་དང་། བྲན་དུ་བྱ་བ་དང་། གཞན་ཡང་བུ་དང་ཆུང་མ་དང་སྲིང་མོ་ནོར་གྱིས་བརྒྱན་པའོ། །ཐ་མ་རྫས་ཀྱི་རྣམ་པ་རང་གང་འཕངས་ཤིང་གཅེས་པ་དང་། རིན་ཐང་ཆེ་བ་དང་། བླ་མ་གང་ལ་དགྱེས་པ་དང་། ཅི་འབྱོར་པ་དབུལ་ཏེ། རྒྱུད་ལས་ཀྱང་། སྐྱེས་བུ་རྟོགས་པའི་བློ་གྲོས་ཅན། །དད་པའི་སེམས་དང་ལྡན་པ་ཡིས། །སྲོག་ལུས་མ་ལུས་རྫས་བཅས་རྣམས། །སེར་སྣ་མེད་པའི་སེམས་ཀྱིས་དབུལ། །ཞེས་པ་དང་། ཡང་། ཀུན་ཏུ་སྣ་ཚོགས་དགོས་འདོད་འབྱུང་བའི་བླ་མ་ལ། །ཡོན་མཆོག་དག་ནི་རབ་ཏུ་དབུལ། །གང་ལ་ཡོངས་སུ་གཏོང་དཀའ་བ། །དེ་ནི་མཆོག་ཏུ་བཤད་པ་ཡིན། །ཅེས་པ་དང་། སྒྱུ་འཕྲུལ་ལས། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །གཅེས་དག །འཕང་དག །རང་སེམས་འཕྲེང་བ་རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཞེས་གསུངས་སོ། །ཡོན་༣༽དབུལ་བའི་གནས་གང་སྙམ་པ་ལ། བླ་མ་ཞེས་བྱ་བས་བསྟན་ཏེ། བླ་མ་རྡོ་རྗེ་སློབ་དཔོན་དེ་ཡང་དཔལ་རྡོ་རྗེ་སེམས་དཔའ་དང་མི་གཉིས་པར་གྱུར་པ། ཚུལ་དགུ་དང་ལྡན་པ་སྟེ། ཚུལ་བཙུན་ཞིང་གདུང་རྒྱུད་རིགས་བཟང་བ་དང་། བློ་ཡངས་ཤིང་རྒྱུད་བཟང་བ་དང་། མི་ཁོམ་ཡ་མ་བརླར་མ་གྱུར་པ་སྟེ་གཏུག་ཅིང་བརླིང་བ་དང་། མི་ཆོས་དང་ལྷ་ཆོས་མཁས་ཤིང་བརླིང་བ་དང་། དགེ་ཆོས་ཉམས་སུ་ལོན་ཞིང་བསྟུན་པ་དང་། གནས་དབེན་པ་ལ་དགའ་ཞིང་འཇིག་རྟེན་ལ་འཛིན་ཞེན་ཆགས་པ་ཆུང་བ་དང་། ཞི་ཞིང་རང་རྒྱུད་དུལ་བ་དང་། དགེ་ཆོས་ལ་བརྩོན་འགྲུས་ཆེ་ཞིང་ཐུགས་རྗེས་ཞིང་ཁམས་མི་གཏོང་བའོ། །དེ་རྣམས་དང་མི་ལྡན་པ་ནི། དབང་བསྐུར་བའི་སློབ་དཔོན་མ་ཡིན་ཏེ། རྒྱུད་ལས། ཚུལ་དགུ་ལྡན་པའི་བླ་མ་ཡིས། །རྟག་ཏུ་དབང་བསྐུར་སློབ་དཔོན་བྱ། །ཞེས་གསུངས་པ་དང་། ཁྱད་པར་དུ། དབང་ཐོབ་པར་བྱས་ནས་དམ་ཚིག་ལ་གནས་པ། ཤེས་རབ་དང་ཏིང་ངེ་འཛིན་དུ་འབྲེལ་བ། བསྙེན་སྒྲུབ་ཟབ་མོ་ལ་བློ་སྦྱངས་པ། བསྙེན་པ་རྫོགས་པར་བྱས་པ། ཆགས་པ་ཆུང་ཞིང་དགེ་བ་ཉམས་བག་ཏུ་སྤྱོད་པ། དབང་དང་གདམས་ངག་གི་རྒྱུན་ལམ་མ་ཆད་ཅིང་། སེམས་ཅན་ལ་སྙིང་རྗེ་ཆེ་བ་དེས། སློབ་མ་ལ་དབང་བསྐུར་ན་ཚེ་འདི་ཁོ་ན་ལ་སྒྲིབ་པ་སྦྱོང་བར་བྱེད་ཅིང་། སངས་རྒྱས་ཀྱི་ས་ལ་འཛེག་པ་ཡིན་པས། དེ་ལ་ཡོན་དབུལ་བའི་གནས་ཡིན་ནོ། །དེ་ལྟ་བུ་དང་མི་ལྡན་པ་ལ་ནི་མ་ཡིན་ནོ། །ཡོན་དབུལ་༤༽བའི་དགོས་ཆེད་གང་སྙམ་པ་ལ། མཉེས་པར་བྱ་ཕྱིར་དབུལ། །ཞེས་བྱ་བས་བསྟན་ཏེ། བླ་མ་རྡོ་རྗེ་སློབ་དཔོན་མཉེས་པར་བྱ་བ་ཡང་། རབ་བླ་མས་ཆོས་ཅི་བསྟན་གོ་བ་ཤེས་པ་ཤེས་རབ་ཀྱིས་མཉེས་པར་བྱ་བ་དང་། འབྲིང་རང་རྒྱུད་བཟང་བས་བསྙེན་བཀུར་བ་རང་རྒྱུད་ཀྱིས་མཉེས་པ་བྱ་བ་དང་། ཐ་མ་ཟས་ནོར་བདོག་རྒུས་མཉེས་པ། ཟང་ཟིང་གིས་མཉེས་པར་བྱེད་པ་སྟེ། དེ་གསུམ་གྱིས་བླ་མ་མཉེས་པར་གྱུར་ན། དབང་དང་དངོས་གྲུབ་འབྱུང་ངེས་པའི་རྒྱུ་ཡིན་པའི་ཕྱིར། དད་པ་དང་མོས་པའི་སེམས་ཀྱིས། ཡོན་གསུམ་པོ་དེ་དབུལ་བར་བྱ། ཞེས་པའི་དོན་ནོ། །དེ་ལ་གསོལ་བ་༥༽གདབ་པ་གང་སྙམ་པ་ལ། དངོས་གྲུབ་འདོད་པས་གསོལ་བ་གདབ། །ཅེས་བྱ་བ་གསུངས་ཏེ། ཐུན་མོང་དང་མཆོག་གིས་བསྡུས་པའི་དངོས་གྲུབ་ཐོབ་པར་འདོད་པའི་སློབ་བུས་ཡོན་དབུལ་ཞིང་གསོལ་བའི་དུས་སུ། འདིར་ངག་དོན་དོན་ཚན་ཉེར་བདུན་གྱིས་བསྟན་ཏེ། དང་པོ་དཔོན་སློབ་འདུག་སྟངས་བསྟན་པ་ནི། མཎྜལ་ཆེན་པོའི་ནུབ་ཕྱོགས་སུ་སེང་ཁྲི་བཅས་ཏེ། དེར་བླ་མ་ཞལ་ཤར་དུ་གཟིགས་ནས་བཞུགས་སུ་གསོལ་ལ། སློབ་མ་རྣམས་ཤར་ཕྱོགས་སུ་ཚར་དུ་དངར་དུ་སྒྲིག་སྩལ་ནས། མདུན་བླ་མར་བལྟས། བར་དུ་ཡོལ་བས་བཅད་དེ། སློབ་མ་རྣམས་དེར་རས་ཀྱི་སྟོད་གཡོགས་དང་སྨད་དཀྲིས་ཀྱིས་མཛེས་པར་བྱ་བ་དང་། དར་རས་གང་ཡང་རུང་བ་ལ་སྒོམ་བཞིའི་སྔགས་བཏབ་པ་ཡིས་རེ་རེའི་གདོང་ལ་གཡོགས་པར་བྱས་ནས་མིག་དགབ་པ་བྱས་ལ། གཉིས་པ་སློབ་མས་ཞུ་བ་ཕུལ་བ། འདི་སྐད་དུ། ཞུ་བ་དབུལ་བར་བྱའོ། །དུས་གསུམ་གྱི་བདེ་བར་གཤེགས་པ་འཁོར་དང་བཅས་པ། རིགས་དྲུག་གི་རིགས་ལྔ་དང་ཀུན་འདུས་པ་ལྷ་ཚོགས་མ་ལུས་པ་འཁོར་དང་བཅས་པ་དང་། བླ་མ་རྡོ་རྗེ་སློབ་དཔོན་ལ། བདག་མིང་འདི་ཞེས་བགྱི་བ། རྡོ་རྗེའི་ཐེག་པ་གསང་བའི་དཀྱིལ་འཁོར་འདིར་འཇུག་ཅིང་། དབང་དང་དངོས་གྲུབ་དམ་པ་ཞིག་ནོད་པར་འདོད་པའི་ཕྱིར། བདག་མིང་འདི་ཞེས་བགྱི་བའི་ལུས་ངག་ཡིད་གསུམ་བྲན་དུ་འབུལ་བ་དང་། བུ་དང་ཆུང་མ་སྲིང་མོ་ལ་སོགས་པ་འཁོར་དང་ལོངས་སྤྱོད་ལ་སོགས་པ་འབུལ་བར་མཆིས་ན་བདག་ཐུགས་རྗེས་བཟུང་ཞིང་བྱིན་གྱིས་བརླབས་པར་མཛད་དུ་གསོལ། ཞེས་བྱས་ཏེ། ཞུ་བ་ཕུལ་བ་དང་། གསུམ་པ་སློབ་དཔོན་གྱིས་ནུས་སམ་དྲི་བ། དེ་ལ་སློབ་དཔོན་གྱིས་འདི་སྐད་དྲིའོ། །འོ་རིགས་ཀྱི་བུ་ཁྱོད། རྡོ་རྗེ་ཐེག་པ་གསང་བའི་དཀྱིལ་འཁོར་འདིར་འཇུག་ཅིང་དབང་ནོད་པར་འདོད་ན། ཁྱེད་ཉིད་ཀྱི་ཤ་དང་རུས་པ་དང་། ལུས་བྲན་དུ་འབུལ་བ་དང་། བུ་དང་ཆུང་མ་དང་། ནོར་དང་རྐང་འགྲོས་དང་། འབྲུ་དང་བང་མཛོད་དང་། ལོངས་སྤྱོད་ཀྱི་བྱ་བ་ཐམས་ཅད། ཆོས་དོན་དུ་གཉེར་བའི་དོན་དུ་དབུལ་དགོས་ན། འཇུངས་པ་མེད་པའི་དད་པས་འབུལ་བར་ནུས་སམ། ཞེས་དྲིས་པ་དང་། ༈ བཞི་པ་ལན་ཞུ་བ། སློབ་མས་ཀྱང་། རྔོ་ཐོག་གོ། །ཞེས་བརྗོད་དོ། །ལྔ་པ་མི་དགའ་བ་མེད་ཅིང་གནང་བ་ཐོབ་སམ་དྲི་བ། དེ་ནས། སློབ་དཔོན་གྱིས་དྲི་བ། འོ་ཁྱོད་དེ་ལྟར་ཡིན་ན། དེ་བཞིན་གཤེགས་པའི་བསྟན་པ་དང་སྤྱོད་པ་ནི། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟར་བཅས་པ་གང་གིས་ཀྱང་བསླུ་ཞིང་བྲིད་པར་བྱ་བ་མ་ཡིན་ནོ། །རིགས་ཀྱི་བུ་ཁྱོད་རྒྱལ་བའི་བསྟན་པ་ལ་འཇུག་པའི་སྐལ་པ་དང་མི་ལྡན་པའི་ཁ་ན་མ་ཐོ་བ་དང་བཅས་པའི་གང་ཟག་གམ། རྒྱལ་པོ་དང་། བློན་པོ་དང་། ཕ་དང་མ་ལས་གནང་བ་མ་ཐོབ་པར་འོངས་པའམ། ཡང་ན། དེ་དག་གི་ཁྲིམས་དང་འགལ་ཞིང་ཐུགས་དཀྲུགས་པའམ། ཉམས་བླང་ཞིང་འཁུས་པའམ། ཟླས་བདས་ཤིང་ཚེ་འདིའི་ཁེངས་དྲེགས་ཙམ་འདོད་པའི་ཕྱིར་འཇུག་པ་མ་ཡིན་ནམ། ཞེས་དྲིས་པ་དང་། དྲུག་པ་དེའི་ལན། དེ་ནི་ཅང་མ་ལགས་སོ། །ཞེས་གསོལ་བར་བྱའོ། །བདུན་པ་མྱང་འདས་པ་འདོད་དམ་ནན་གྱིས་དྲི་བ། ཡང་སློབ་དཔོན་གྱིས། འོ་ན་ཁྱོད་དེ་བཞིན་གཤེགས་པའི་གདུང་འཚོབ་ཅིང་། རྡོ་རྗེ་ཐེག་པའི་ཉེ་ལམ་གི་སྙིང་པོར་ཞུགས་ནས། ཐུན་མོང་གི་དངོས་གྲུབ་འཇིག་རྟེན་པའི་འབྱོར་པ་མཆོག་ཐོབ་པར་བྱ་བ་དང་། མཆོག་གི་དངོས་གྲུབ་མཚན་མ་རྣམ་པར་དག་པ་ཕྱག་རྒྱ་ཆེན་པོའི་སྐུ་མངོན་དུ་ཐོབ་པར་བྱ་བ་དང་། མཚན་མ་མེད་པའི་ཆོས་ཉིད་ཡེ་དག་པ་རང་བྱུང་གི་ཡེ་ཤེས་ངོ་ཤེས་ཤིང་འཇུག་པའི་ཐར་པ་ཆེན་པོའི་དོན་ཐོབ་པར་འདོད་པའི་ཕྱིར་འཇུག་པ་ཡིན་ནམ། ཞེས་དྲིས་པ་དང་། བརྒྱད་པ་ཡང་དེའི་ལན། དེ་ཁོ་ནའོ། །ཞེས་གསོལ་བར་བྱའོ། །དགུ་པ་གཡང་ས་དང་བཅས་པས་ཉེས་ཆེ་བར་དྲི་བ། ཡང་སློབ་དཔོན་གྱིས། ཁྱོད་དེ་ལྟར་ཡིན་ན། འཇིག་རྟེན་པའི་སྲུང་མ་དམ་ཚིག་དང་ལྡན་པས་འཁོར་སྲུང་མའི་ཚོགས་བགྲང་བར་མི་ནུས་པ་དང་། ནམ་མཁའ་ལ་བཞུགས་པའི་རིག་འཛིན་ཇི་སྙེད་པ་དང་། འཇིག་རྟེན་ལས་འདས་པའི་འཕགས་པ་མཁྱེན་པ་དང་ལྡན་པ། ཡེ་ཤེས་ཀྱི་སྤྱན་དང་ལྡན་ཞིང་མ་འགགས་པར་གཟིགས་པ། ཅི་ལའང་མི་རྟོག་པའི་ཐུགས་ཀྱིས་ཐོགས་པ་མེད་པར་མཁྱེན་པ་རྣམས་ལ་མཁྱེན་པར་གཟུ་དཔང་དུ་གསོལ་ནས། དམ་ཚིག་གཉེན་པོ་ནོད་པར་སྤྲོའམ། ཁྱོད་ཀྱིས་གལ་ཏེ་ཡང་དག་པར་མ་ཡིན་ཅིང་། བསླུ་ཞིང་ཉམས་བླངས་པ་ཙམ་གྱི་ཕྱིར་བྱས་ན་ནི། མཁའ་འགྲོ་མ་དང་། ཕྲ་མེན་དང་། ཤ་ཟ་ཞིང་ཁྲག་འཐུང་བ་ལ་དགའ་བ་དང་། མཆེ་བ་ཅན་དང་། གཤོག་པ་ཅན་དང་། ནུ་མ་ཅན་དང་། སྡེར་མོ་ཅན་གྱི་ཚོགས་ཇི་སྙེད་པས། གང་དམ་ལས་འདས་ན་བརླག་པར་མཛད་པ་དེ་དག་ལ་ཚད་གཟུགས་དགོས་པས། དེ་ནུས་སམ། ཞེས་བླ་མས་དྲིས་པ་དང་། བཅུ་པ་དེའི་ལན། སློབ་མས་དེ་ནུས་སོ། །ཞེས་བརྗོད་པར་བྱའོ། །བཅུ་གཅིག་པ་དམ་བཅས་པ་ཁུར་ནུས་སམ་དྲི་བ། ཡང་། སློབ་དཔོན་གྱིས། འོ་ན་ཁྱོད་ཀྱིས་དུས་འདི་ནས་བཟུང་ནས། ནམ་སྙིང་པོ་བྱང་ཆུབ་ལ་མ་ཕྱིན་གྱི་བར་དུ་དམ་བཅས་པའི་ཁུར་ཆེན་པོ་མི་འདོར་བར་ཁུར་ནུས་སམ། ཞེས་དྲིས་པ་དང་། བཅུ་གཉིས་པ་ཁས་བླངས་ཤིང་ཞུ་བ་དང་བཅས་པ། དེ་ཁོ་ན་ལྟར་རྡོ་ཐོག་གོ། །ཞེས་བརྗོད་པར་བྱའོ། །དེ་ནས་ཡང་སློབ་མས་འདི་སྐད་བརྗོད་དོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་བགྱིས་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་སྟེ་སྐྱེ་ཤི་འཕོ་འགྱུར་མེད་པ་དེ་ལྟར་བདག་ལ་སྩོལ། །ཅེས་པ་དང་། བཅུ་གསུམ་པ་ཡང་དྲི་བ་དང་དྲིས་ལན་གསོལ་བ། སློབ་དཔོན་གྱིས་དྲི་བ། བུ་ཁྱོད་དགའ་བ་ཅི་ལ་དགའ། །ཞེས་པ་དང་། སློབ་མས་ལན། བདག་ནི་སྐལ་ཆེན་བདེ་ཆེན་ལ། །རབ་དགྱེས་འཕྲུལ་ལ་བདག་དགའ་སྟེ། །མཆོག་ཏུ་དགའ་ལ་བདག་དགའོ། །ཞེས་པ་དང་། བཅུ་བཞི་པ་མེ་ཏོག་སྦྱིན་ཞིང་སྒོ་བཞིར་ཁྲིད་པ། ཡང་། སློབ་དཔོན་གྱིས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་གསུམ་ལས་བྱུང་། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཞེས་བརྗོད་ནས། སློབ་མའི་ལག་ཏུ་མེ་ཏོག་བྱིན་ལ། སྒོ་བཞིར་ཁྲིད་དེ། དཀྱིལ་འཁོར་ཤར་ཕྱོགས་སྒོ་འདི་ནི། །ཉོན་མོངས་ཞེ་སྡང་ཆེན་པོ་ཡིས། །ཐོག་མེད་དུས་ནས་བཅད་ལགས་ན། །ཐུགས་རྗེ་ཐབས་ཀྱིས་སྤྲུལ་པ་ཡི། །རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །དེ་རིང་ཐབས་སྒོ་དབྱེ་རུ་གསོལ། །ༀ་བཛྲ་ཨངྐུ་ཤ་ཛཿཛཿ པྲ་བེ་ཤ་ཕཊ྄། དཀྱིལ་འཁོར་ལྷོ་ཕྱོགས་སྒོ་འདི་ནི། །ཉོན་མོངས་ང་རྒྱལ་ཆེན་པོ་ཡིས། །ཐོག་མེད་དུས་ནས་བཅད་ལགས་ན། །ཐུགས་རྗེ་ཐབས་ཀྱིས་སྤྲུལ་པ་ཡི། །རྡོ་རྗེ་ཞགས་པའི་ཕྱག་རྒྱ་ཡིས། །དེ་རིང་ཐབས་སྒོ་དབྱེ་རུ་གསོལ། །ༀ་བཛྲ་པ་ཤ་ཧཱུྃ་པྲ་བེ་ཤ་ཡ་ཕཊ། དཀྱིལ་འཁོར་ནུབ་ཕྱོགས་སྒོ་འདི་ནི། །ཉོན་མོངས་འདོད་ཆགས་ཆེན་པོ་ཡིས། །ཐོག་མེད་དུས་ནས་བཅད་ལགས་ན། །ཐུགས་རྗེ་ཐབས་ཀྱིས་སྤྲུལ་པ་ཡི། རྡོ་རྗེ་ལྕགས་སྒྲོག་ཕྱག་རྒྱ་ཡིས། །དེ་རིང་ཐབས་སྒོ་དབྱེ་རུ་གསོལ། །ༀ་བཛྲ་སྥོ་ཊ་བྃ་པྲ་བེ་ཤ་ཕཊ྄། དཀྱིལ་འཁོར་བྱང་ཕྱོགས་སྒོ་འདི་ནི། །ཉོན་མོངས་ཕྲག་དོག་ཆེན་པོ་ཡིས། །ཐོག་མེད་དུས་ནས་བཅད་ལགས་ན། །ཐུགས་རྗེ་ཐབས་ཀྱིས་སྤྲུལ་པ་ཡི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡིས། །དེ་རིང་ཐབས་སྒོ་དབྱེ་རུ་གསོལ། །ༀ་བཛྲ་གྷཎྜེ་ཧོཿཔྲ་བེ་ཤ་ཡ་ཕཊ྄། ཅེས་བརྗོད་ནས། །བཅོ་ལྔ་པ་བགེགས་སྐྲད་ཅིང་གཞུང་ཚིག་བརྗོད་པ། བླ་མ་གུ་རུས་ཉུངས་ཀར་ལ་སུམྦྷ་ནིའམ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་རིང་བཟླས་ཏེ། བགེགས་བསྐྲད་དེ། དེ་ནས་ཡང་། རྡོ་རྗེའི་ཡེ་ཤེས་ཐོབ་བྱེད་པ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་སྙིང་པོའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བྱ། །ཞེས་བརྗོད་དེ། བཅུ་དྲུག་པ་མེ་ཏོག་དོར་བ། སློབ་མ་རྣམས་ཤར་ཕྱོགས་སུ་བཀུག་ནས། མེ་ཏོག་གི་ཕྲེང་བ་དོར་དུ་སྩལ་ནས། དཔལ་གྱི་དངོས་གྲུབ་ཐོབ་བྱའི་ཕྱིར། །འགྲོ་བ་ཕན་ཕྱིར་ཐོ་རྒྱལ་གྱིས། །བདག་ལ་ཐུགས་བརྩིར་དགོངས་ནས་ནི། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། །རིན་ཆེན་མེ་ཏོག་ལ་སོགས་པ། །གང་ལ་བབ་པ་རིགས་ཀྱི་ལྷ། །གཙོ་བོའི་རིགས་དེ་བསྒྲུབ་ན་ནི། །དངོས་གྲུབ་མྱུར་ཏེ་ཐེ་ཚོམ་མེད། །སྔོན་ཚེ་ཚེ་རབས་གྲངས་མེད་ནས། །དགེ་བའི་ལས་ཀྱིས་བསྟེན་པའི་ལྷ། །སྔོན་མེ་ཏོག་ཕོག་པ། ལྷག་པའི་ལྷ་ནི་གང་ཡིན་པ། །ད་ལྟ་ཉིད་དུ་འབབ་པར་ཤོག །ༀ་བཛྲ་པྲ་ཏེ་གྲྀ་ཧ་ན་ཧཱུྃ། ༀ་བཛྲ་པྲ་ཏཱིཙྪ། ༀ་བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་དོ། །མེ་ཏོག་དོར་བར་བྱའོ། །བཅུ་བདུན་པ་རིགས་བརྟག་པ། དེ་ནས་གུ་རུས། མེ་ཏོག་ལྷ་གང་ལ་བབ་པ་བརྟག་པར་བྱས་ལ། བཅོ་བརྒྱད་པ་མིག་དབྱེ་བ། དེ་ནས་མིག་དབྱེ་བའི་ཆོ་ག་བྱ་སྟེ། གསེར་གྱི་ཐུར་མའི་རྩེ་ལ། ཡི་གེ་པྲ་སེར་པོ་གཅིག་བསམ་ལ། ཧཱུྃ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །གསེ་གྱི་ཐུར་མ་ཐོགས་ནས་ནི། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་མི་ཤེས་རྨོངས་པ་ཡི། །ལིང་ཐོག་རྒྱལ་བ་རྣམས་ཀྱིས་བསལ། །ༀ་བཛྲ་ནེ་ཏྲ་ཨ་བ་ཧ་ར་ཕཊ་ལི་ཧྲཱི། ཞེས་བརྗོད་ནས་ལིང་ཐོག་བསལ་བའི་ཚུལ་དུ་བྱས་ཏེ། ཤེས་བྱའི་སྒྲིབ་པ་བསལ་ནས་ཤེས་རབ་ཀྱི་མིག་དབྱེ་བར་བསམ་མོ། །བཅུ་དགུ་པ་ཅི་མཐོང་དྲི་ཞིང་གདོང་གཡོགས་དཀྲོལ་བ། དེ་ནས་ཅི་མཐོང་དྲི་མའི་གཏམ་བྱ་སྟེ། ཇི་ལྟར་མཐོང་བའི་རིམ་པ་ཤེས་པ་དང་། གདོང་གཡོགས་དཀྲོལ་བ་ནི། ༀ་བཛྲ་ཙཀྵུ་ཀ་མ་ལ་ཡ་སརྦ་སུ་ར་ཏ་སྟྭཾ། ཞེས་བརྗོད་དེ་དཀྲོལ་ལོ། །ཉི་ཤུ་པ་དལ་བསྟན་པ། དེ་ནས་གུ་རུས། འདི་ཡི་དཀྱིལ་འཁོར་གཟུགས་བརྙན་ནི། །ཀུན་རྫོབ་གཟུགས་སུ་བསྟན་པ་ཡིས། །འདི་ལ་དད་པ་རབ་ཏུ་བསྐྱེད། །དཀྱིལ་འཁོར་འདི་ལ་རབ་ཞུགས་ཏེ། །དད་དང་བརྩོན་འགྲུས་བྱས་པ་དང་། །ཤེས་རབ་སྙིང་རྗེར་ལྡན་པ་ཡིས། །དངོས་གྲུབ་མ་ལུས་མངོན་དུ་གྱུར། །འགྲོ་དོན་ཕུན་སུམ་ཚོགས་པ་འགྲུབ། །དེ་ཕྱིར་འདི་ལ་བརྩོན་པར་བྱོས། །ཞེས་བརྗོད་ལ། ཉེར་གཅིག་པ་བགེགས་བསྐྲད་པ། དེ་ནས་གུ་རུས་བདེན་པ་བདར་ཏེ། ཉུངས་ཀར་ལ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་རིང་ན་མོ་རཏྣ་ཏྲ་ཡཱ་ཡ་སོགས་བཟླས་ནས་བགེགས་དྲག་ཏུ་བསྐྲད་དོ། །ཉེར་གཉིས་པ་ཁྲུས་བྱ་བ། དེ་ནས་ལས་ཀྱི་བུམ་པ་བླངས་ལ། སློབ་མའི་མགོ་ལུས་དག་པར་བཀྲུ་ཞིང་། ཁོང་དུ་ཡང་འཐུང་དུ་གཞུག་གོ། །སྔགས་ནི་གོང་དུ་བསྟན་པ་དེ་ཉིད། ༀ་བཛྲ་ཡཀྴ་བིགྷྣཱན་ཏ་ཀྲི་ཏ་ཕཊ། བརྗོད་ལ་བཀྲུའོ། །ཉེར་གསུམ་པ་དམ་ཚིག་བསྒྲག་ཅིང་དམ་ཆུ་བླུད་པ། དེ་ནས་དུང་ཆེན་པོའི་ནང་དུ་བདུད་རྩིས་བཀང་བ་ཐོགས་ལ། ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ། དབང་གི་སྔོན་འགྲོ་དམ་ཚིག་ལེན་དུ་གཞུག་ཏེ། སློབ་དཔོན་གྱིས་རྒྱུད་ལས་འབྱུང་བ་འདི་ཉིད་བརྗོད་པར་བྱའོ། །གཞི་འཛིན་དམ་ཚིག་སྣུམ་འདྲ་རིན་པོ་ཆེ། །མ་རིག་ཐ་རྒོད་ཀོ་ཁེངས་ལྟ་བུ་བཏུལ། །ཡང་དག་དོན་རྟོགས་སེམས་དང་ཆོས་སུ་འདྲེ། །ལུས་དང་སྲོག་གི་ཕྱིར་ཡང་དམ་ཚིག་མཆོག་མི་སྤོང་། །དེ་ལ་གནས་ན་རྣལ་འབྱོར་དབང་ཕྱུག་ཆེན་པོར་འགྱུར། །དམ་ཚིག་མཆོག་ནི་འདིར་གཟུང་བ། །བླ་མ་སྤུན་གྲོགས་ལྷ་སྲུང་དང་། །སྔགས་དང་ཕྱག་རྒྱ་གསང་ཚིག་རྣམས། །བཀུར་དང་མི་སྤོང་བྱམས་པ་དང་། །རྒྱུན་མི་བཅད་ཅིང་སྤེལ་མི་གཏོང་། །འདི་ནི་རྩ་བའི་དམ་ཚིག་ཡིན། །ཡན་ལག་གི་དམ་ཚིག་ནི། མི་སྤང་བ་དང་དང་དུ་བླངས། །སྤྱད་པར་བྱ་དང་ཤེས་པར་བྱ། །སྒྲུབ་པར་བྱ་བའི་དམ་ཚིག་ལྔ། །སེམས་དང་ཆོས་སུ་འདྲེས་པ་ན། །མེད་པ་དང་ནི་ཕྱལ་བ་དང་། །གཅིག་པུ་དང་ནི་ལྷུན་གྱིས་གྲུབ། །དེ་ལས་མི་འདའ་དམ་ཚིག་ཡིན། །ཞེས་རྒྱུད་ལས་འབྱུང་བ་འདི་བསྒྲགས་ཏེ། དེ་རྣམས་ཀྱི་བསྲུང་ཐབས་དང་། མ་བསྲུངས་པའི་སྐྱོན་སྲུང་བའི་ཕན་ཡོན་བཤད་ནས། ཧཱུྃ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཧཱུྃ་ཋ། ༀ་ཨི་དནྟེ་ན་ར་ཀན། སརྦ་བ་ཏཻ་ཧྲཱི་ད་ཡུ་ཧཱུྃ་ཧྲཱིཿ་ཋ། ཞེས་བརྗོད་ལ། བདུད་རྩི་ལན་གསུམ་དུ་རྡོ་རྗེས་སློབ་མའི་ལྕེ་ལ་བཞག་ཅིང་། ༀ་ཨཱཿཧཱུྃ། གསུམ་དུ་བསྒོམ་པའི་འོད་ཟེར་གྱིས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱང་ཞིང་། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པ་དང་། ཁྱད་པར་དུ་ཡང་། སློབ་མའི་སྙིང་གར་ཡེ་ཤེས་སེམས་དཔའ་ཚོན་གང་བ་གཅིག་ཡི་གེ་ཧཱུྃ་གིས་ཁོའི་ཤེས་པ་བྱིན་གྱིས་བརླབ་ཅིང་ཤིན་ཏུ་གསལ་བར་བསྐྱེད་ལ་བཞག་སྟེ། ཉེར་བཞི་པ་སྐྱོན་ཡོན་ཏན། འདི་སྐད་བརྗོད་པར་བྱའོ། །ཀྱེ། རིགས་ཀྱི་བུ་དེ་རིང་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ནི་ང་ཡིན་ཏེ། ད་ཕྱིན་ཆད་ངས་ཇི་སྐད་སྨྲས་པ་ཁྱོད་ཀྱིས་དེ་བཞིན་དུ་བྱོས་ཤིག །ང་ཡི་བཀའ་ལས་འདའ་བར་མ་བྱེད་ཅིག །གལ་ཏེ་འདས་ན་ཁྱོད་དུས་མ་ཡིན་པར་ཤི་ནས་ཕྱི་མ་དམྱལ་བར་སྐྱེས་ཏེ་འགྲོ་ངེས་པ་ཡིན་ནོ། །ང་ཡི་བཀའ་བཞིན་དུ་བསྲུང་ན་ནི། དུས་འདིར་ཚེ་རིང་ཞིང་བསམ་པ་འགྲུབ་པ་དང་། སྲིད་པ་བར་དོའི་གནས་ནས་སངས་རྒྱས་ཀྱི་རིགས་སུ་སྐྱེས་ཏེ་སངས་རྒྱས་དངོས་སུ་འགྱུར་རོ། །ཞེས་བརྗོད་ལ། ཉེར་ལྔ་པ་དལ་བསྟན་པ། དེ་ནས་དཀྱིལ་འཁོར་བསྟན་པར་བྱ་སྟེ། རྒྱུད་ལས་འདི་སྐད་དུ། དཀྱིལ་འཁོར་ཟླ་གམ་ཞེས་གསུངས་ཏེ། །མཆོག་ནི་ཡིད་ཀྱི་དཀྱིལ་འཁོར་རོ། །གཞལ་ཡས་ཁང་བརྩེགས་ཡེ་ཤེས་ཏེ། །འཁོར་འདས་མཉམ་པས་གྲུ་བཞིའི་དབྱིབས། །སྒོ་བཞི་དྲན་པ་ཉེར་བཞག་བཞི། །རྣམ་ཐར་བརྒྱ་ལྡན་རྟ་བབས་སོ། །རིན་ཆེན་སྒོ་སྟེ་ཐུགས་རྗེའི་ངང་། །ཡང་དག་སྤོང་བཞི་ཏྭ་ར་ན། །དྲན་པ་ཉེར་བཞག་སྒོ་ཁྱུད་དང་། །རྫུ་འཕྲུལ་རྐང་བཞིའི་སྒོ་ཁྱམས་ལྡན། །ཕྲེང་བ་བྱང་ཆུབ་ཡན་ལག་བདུན། །འཕགས་ལམ་བརྒྱད་ཀྱི་རྐང་བརྒྱད་མཛེས། །ལམ་གྱི་ཡེ་ཤེས་རྔ་ཡབ་དང་། །ཉོན་མོངས་གཅོད་འཇོམས་མུ་ཏིག་ཕྲེང་། །དྲིལ་བུ་བ་དན་རླུང་བསྐྱོད་པ། །ཤེས་རབ་ཆོས་སྒྲ་སྒྲོགས་པ་དང་། །ཆེ་བའི་ཡོན་ཏན་འདུས་པའི་རྟགས། །བདུད་བཞི་འཇོམས་པའི་རྒྱལ་མཚན་དང་། །རྟེན་འབྲེལ་མཚོན་པའི་མེ་ལོང་དང་། །ཡེ་ཤེས་ལྔ་ཡི་མཚོན་རྩིར་ལྡན། །ཐོད་ཕྲེང་སྐུ་གསུམ་ཐོབ་པའི་རྟགས། །གཞལ་ཡས་ཁང་མཆོག་བརྒྱན་པའོ། །ཞེས་འབྱུང་ངོ་། །དེ་ལ་ཕོ་བྲང་གི་དོན་ཡང་གོང་དུ་བཤད་པ་བཞིན་འདིར་ཡང་བཤད་ཅིང་བསྟན་པར་བྱའོ། །ཉེར་དྲུག་པ་ལྷ་དང་རྟོགས་ཚོགས་སྦྱར་བ། ད་ནི་དེ་ལ་བཞུགས་པའི་ལྷ་བསྟན་པར་བྱ་སྟེ། རིགས་ཀྱི་བུ་དོན་དམ་པར་ཆོས་ཐམས་ཅད་སྐྱེ་འགགས་མེད་པ་ལས། ཀུན་རྫོབ་ཏུ་སྲིད་པ་ཐམས་ཅད་ཡེ་ཤེས་རོལ་པའི་ཕྱག་རྒྱར་སྣང་སྟེ། ཅི་ལྟར་སྣང་ན། དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ནི། དཔལ་ཧེ་རུ་ཀའི་རང་བཞིན། ཡེ་གདོད་མ་ནས་ཡིན། དེའི་ཡུལ་ཡུམ་ཀྲོ་ཏི་ཤྭ་རི་མའི་རང་བཞིན། མིག་དང་རྣ་བ་དང་སྣ་དང་ལྕེ་བཞིའི་རྣམ་པར་ཤེས་པ་བཞི་ནི། ལྷ་མོ་ཀོའུ་རཱི་མ་དང་། ཙའུ་རཱི་མ་དང་། པྲ་མོ་ཧེ་དང་། བཻ་ཏ་ལཱི་དང་བཞིའི་རང་བཞིན། མིག་དང་རྣ་བ་སྣ་ལྕེའི་དབང་པོ་བཞི་ནི། པུཀྐ་སཱི་དང་། གྷསྨ་རཱི་དང་། སྨ་ཤ་ནཱི། ཙནྡྷ་ལཱི་བཞིའི་རང་བཞིན་ནོ། །གཞན་ཡང་། མིག་དང་རྣ་བ་སྣ་ལྕེ་བཞིའི་ཡུལ་བཞི་ནི། གཟུགས་སྒྲ་དྲི་རོ་བཞི། སེདྷ་ལ་སོགས་པ་བྱཱ་ཀྲྀ། སྲི་ལ། ཤྭ་ན་མ་བཞི་ཡིན་ལ། དུས་བཞི་ནི། ཀྲྀ་ཏ་ལ་སོགས་པ་སྟེ་འདས་པ་ཀྲི་ཏ་མ། ད་ལྟར་ཀངྐ་མ། མ་འོངས་ཁྭ་ཁྭ་མ། དུས་བཞི་མཉམ་པ་ཉིད་ཧུ་ལུ་མ་དང་བཞིའོ། །ལུས་ཀྱི་དབང་པོ་དང་། རྣམ་པར་ཤེས་པ་དང་། ཡུལ་རེག་བྱ་དང་། རེག་པ་བཞི་ནི། སྒོ་མ་བཞིའི་རང་བཞིན་སྟེ་རྟ་གདོང་། ཕག་གདོང་། སེང་གདོང་། སྦྲུལ་གདོང་བཞི་ཡིན་ནོ། །བདག་དང་བདག་གིར་འཛིན་པ་ནི། དབང་ཕྱུག་མའི་རང་བཞིན་ཏེ། མདོར་ན། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་དང་བཅས་པའི་ཕུང་པོ་རིལ། ཟག་པ་མེད་པའི་ལྷའི་དཀྱིལ་འཁོར་དུ་ཤེས་པར་གྱིས་ཤིག །ཅེས་བརྗོད་དེ་ལྷ་རྟོགས་ཚོགས་དང་སྦྱར་ནས་བསྟན་ནོ། །ལྷ་བསྟན་པ་ཡང་དོན་མན་ངག་གི་རྒྱས་འབྲིང་དུ་ཤེས་པར་བྱའོ། །ཉེར་བདུན་པ་བློ་རབ་འབྲིང་ཐ་གསུམ་གཞུག་ཅིང་དབང་བསྐུར་བ་ནི། དེ་ལ་སློབ་མ་དཀྱིལ་འཁོར་དུ་གཞུག་པ་ཡང་། སློབ་མའི་བློ་རབ་འབྲིང་ཐ་གསུམ་དང་སྦྱར་ཏེ། དེ་ཡང་ཧེ་རུ་ཀའི་གལ་པོ་ལས། འདི་སྐད་དུ། རང་བཞིན་ལྷུན་གྲུབ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དུ། །སློབ་མ་རབ་གཞུང་དབང་བསྐུར་ཏེ། །བྱ་བྲལ་ཡེ་རྫོགས་མན་ངག་བསྟན། །ཏིང་འཛིན་བརྟན་པའི་དཀྱིལ་འཁོར་དུ། །སློབ་མ་འབྲིང་གཞུག་དབང་བསྐུར་ཏེ། །བསྐྱེད་རྫོགས་གྲུབ་པའི་མན་ངག་མ་ཧཱ། ཨ་ནུ། ཨ་ཏི། བསྟན། །གཟུགས་བརྙན་བསྙེན་སྒྲུབ་དཀྱིལ་འཁོར་དུ། །ཐ་མའི་སློབ་གཞུག་དབང་བསྐུར་ཏེ། །རིམ་གྱིས་བློ་སྦྱོང་མན་ངག་བསྟན། །ཅེས་འབྱུང་སྟེ། དེ་ཡང་། ཟླ་གསང་ཐིག་ལེ་ལས། ལྷ་མོ་དག་དང་གར་བྱེད་ཅིང་། །དེ་ནི་རབ་དགྱེས་བདག་པོས་ཁྲིད། །ཕོ་བྲང་དགའ་བྱེད་རབ་དགྱེས་ཆེ། །རབ་དགྱེས་བདག་པོ་བདེ་ཐོབ་ལྡན། །སེང་གེའི་གདན་རབ་དཔེ་སེང་གེས་གཅན་གཟན་གཞན་ཟིལ་གྱིས་གནོན་པ་ལྟར་ལྷན་སྐྱེས་བདེ་བས་རྣམ་རྟོག་རག་པ་འཇོམས་བྱེད་ཅིང་། །དགའ་བ་བཞི་དང་བཞི་ཡི་མཆོག་ཉིད་ཀྱིས། །རྡོ་རྗེ་པདྨོར་སྦྱོར་བ་ཡིས། །དེ་ཁྲིད་པས་ན་དབང་བསྐུར་རོ། །ཞེས་གསུངས་པ་དང་། གསང་བ་འདུས་པ་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །དམ་ཚིག་གི་དལ་བསྐྱེད་ཅིང་དེ་ལྟར་དམིགས་པ་དེ་ཡང་། སངས་རྒྱས་དཀྱིལ་འཁོར་གྱི་སྐུར་སྦྱོར་པ་ཅན་དེས་བྱ་བ་ཡིས། །འཁོར་ལོ་ཅན་སློབ་མ་ཉིད་རྡོ་རྗེ་སེམས་དཔར་གྱུར་དབང་བསྐུར་ཏེ། རང་གི་གནས་དལ་གྱི་ཚུལ་དུ་ཤེས་པར་བྱ། སངས་རྒྱས་ནི་སློབ་དཔོན་དུ་ཤེས་པར་བྱ། ཡུམ་བཞིས་བུམ་པ་ཐོགས་ནས་དབང་བསྐུར་བ་ལས་སློབ་ཏུ་ཤེས་པར་བྱ། སྤྱི་བོ་ནས་ཆུ་བླུགས་པ་བུམ་ཆུས་དབང་བསྐུར་བར་ཤེས་པར་བྱའོ། །བསྙེན་པ་བསྐྱལ་བ་ནི། ཀུན་གཞུག་པར་བྱ། །མཆོད་པ་ཡང་ནི་དེ་ཉིད་ཀྱིས། །བློ་དང་ལྡན་པས་རྟག་ཏུ་བྱ། །སློབ་དཔོན་སློབ་མའི་སྙིང་གར་བསྒོམས་ནས་ནི། །དབང་བསྐུར་བ་ནི་རྟག་ཏུ་བྱའོ། །ཞེས་གསུངས་པ་དང་། ཡང་སྒྱུ་འཕྲུལ་ལས། ཡི་གེ་གདན་ནམ་སྙིང་པོའམ། །ཕྱག་རྒྱ་སྐུ་གསུང་ཐུགས་ལྡན་པར། །བྱིན་རླབས་ཡ་མཚན་རྨད་པོ་ཆེ། །འགྲུབ་འགྱུར་སངས་རྒྱས་ཀུན་གྱི་དམ། །ཀུན་བྱས་དབང་ཕྱུག་རིམ་པས་འཇུག །དེ་རུ་སློབ་མ་གཞུག་པར་བྱ། །ཞེས་འབྱུང་བས། སྒྲུབ་ཐབས་འདི་ཉིད་ཀྱི་དབང་དུ་བྱས་ན་ཡང་། དཀྱིལ་འཁོར་བཞི་སྟེ། གནས་ལུགས་རང་བཞིན་གྱི་དཀྱིལ་འཁོར་དང་། བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། བཞེངས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། མཁའ་གསང་གསང་བའི་དཀྱིལ་འཁོར་སྟེ། འོག་ནས་འབྱུང་བ་བཞིན་དཀྱུས་ལ་ངོས་བཟུང་ཞིང་མན་ངག་ཤེས་པས། སློབ་མ་དེར་གཞུག་ཅིང་དབང་བསྐུར་ཏེ་བྱིན་གྱིས་བརླབས་པ་བྱའོ། །དེ་ལ་དབང་བསྐུར་བའི་རིམ་པ་གང་སྙམ་པ་ལ། སློབ་དཔོན་ཇི་བཞིན། ཞེས་བྱ་བ་ནས། མན་ངག་སྦྱིན། ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་པ་ལ། །གཉིས་པ་བར་དུ་དབང་བསྐུར་བ་དངོས་ཀྱི་རིམ་པ་ནི། གཉིས་ཏེ། སློབ་དཔོན་དང་སློབ་མ་ཇི་ལྟར་གནས་པའི་ཚུལ་བསྟན་པ་དང་། དབང་བསྐུར་བའི་ཐབས་དང་རིམ་པ་བསྟན་པའོ། །དང་པོ་ལ་གཉིས་ཏེ། སློབ་དཔོན་དང་། སློབ་མ་ཇི་ལྟར་གནས་པའི་ཚུལ་གང་སྙམ་པ་ལ། དང་པོ་སློབ་དཔོན་གནས་ཚུལ་ནི། སློབ་དཔོན་ཇི་བཞིན་སྟན་བདེར་གནས། །ཞེས་བྱ་བས་བསྟན་ཏེ། དེ་ལ་བླ་མ་རྡོ་རྗེ་སློབ་དཔོན་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་བྱུང་ལ། སློབ་དཔོན་ཉིད་དཀྱིལ་འཁོར་དུ་འཇུག་པར་བྱ་སྟེ་བདག་འཇུག་ཅེས་ཀྱང་བྱ། ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོས་པས་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཞེས་བརྗོད་ནས་རིག་པའི་མེ་ཏོག་དོར་ལ། དེ་བླངས་ནས་བདག་གི་སྤྱི་གཙུག་ཏུ་བཞག་པས་ལྷ་རྣམས་བདག་ལ་གཉིས་སུ་མེད་པར་བསྟིམ་མོ། །དེ་ནས་རྒྱལ་ཐེབས་རང་ཀརྨས། མ་དལ་དེའི་སྟེང་དུ་རས་ཁ་ཚར་མ་ཉམས་པའི་སྟེང་དུ་རྩྭ་ཀུ་ཤ་བཏིང་ལ། དེའི་སྟེང་དུ་ཡང་། རས་དར་དམར་པོ་དང་དཀར་པོ་གཉིས་བཏིང་བའི་སྟེང་དུ། ཉི་ཟླ་པདྨ་བྲིས་པ་དང་། གཟུངས་མ་མཚན་དང་ལྡན་པ་དང་བཅས་ཏེ། བླ་མ་རྡོ་རྗེ་སློབ་དཔོན་ལ་དབུལ་བར་བྱའོ། །བླ་མ་རྡོ་རྗེ་སློབ་དཔོན་གྱིས་ཀྱང་། དཔལ་ཁྲག་འཐུང་ཆེན་པོ་ཧེ་རུ་ཀ་ཇི་བཞིན་དུ་གསང་བའི་ཡུམ་དང་བཅས་པར་བསྒོམས་ལ། ཕྱི་འི་སྟན་རས་བལ་གྱི་ཁོང་ཚང་ཅན། ནང་གི་སྟན་ཞིང་ཆེན་གྱི་གཡང་གཞི། གསང་བའི་སྟན་ཡུམ་མཚན་དང་ལྡན་མ་གསུམ་གྱི་སྟན་ལ་བདེ་བར་གནས་པར་བྱའོ། །གཉིས་པ་སློབ་མའི་གནས་ཚུལ་ནི། དེ་ནས་དམ་ནོད་པའི་སློབ་མ་ཡང་། ནུབ་ཕྱོགས་ཀྱི་སྒོར་གདན་ལ་པདྨ་བྲིས་པའི་སྟེང་དུ་གནས་པར་བྱས་ལ། དབྱངས་སྙན་པ་དང་བཅས་པས། ལྷ་དང་སློབ་དཔོན་མི་གཉིས་པར་བལྟས་ཏེ། ཕྱག་བཙལ་ཞིང་ཕྱི་ནང་གི་མཆོད་པས་མཉེས་པར་བྱའོ། །དེ་ལ་དབང་བསྐུར་བའི་ཐབས་དང་རིམ་པ་ལ་དོན་གསུམ་སྟེ། དབང་རང་གི་ངོ་བོ་༡༽ དང་། ངེས་པའི་ཚིག་༢༽ དང་། རབ་ཏུ་དབྱེ་༣༽བའོ། །དེ་ལ་སྐབས་བཅུ་པ་སློབ་དཔོན་གྱིས་སློབ་མ་སྣོད་དང་ལྡན་པ་ལ་ཕྱི་ནང་གསང་བ་གསུམ་གྱི་དབང་སྦྱིན་པའི་སྐབས། ལུང་དགུ་ལས་ལྔ་པ་དམ་ཚིག་དབང་གི་ལུང་། དལ་དགུ་ལས་ལྔ་པ་དབང་བསྐུར་བའི་དཀྱིལ་འཁོར། མཐའ་དྲུག་ལས་དབང་ཡོ་བྱད་གཉིས་ཀའོ། །དེ་ལ། ༡༽ དབང་རང་གི་ངོ་བོ་ནི། རིག་པ། བྱང་ཆུབ་ཀྱི་སེམས་ཆོས་སྐུར། ཤེས་པས་ནུས་པ་ཁྱད་པར་ཅན་ཡོད་པའོ། ༢༽ །ངེས་པའི་ཚིག་ནི། ཤེས་རབ་དང་ཏིང་ངེ་འཛིན་ཏེ། སློབ་དཔོན་དང་སློབ་མ་གཉིས་ཀ་ལ་ལྡན་པ་ལ། གསང་སྔགས་ཀྱི་ཚུལ་གྱིས་བསྐུར་བ་རགས་ལས་པ་ཡིན་ཏེ། དེ་ཡང་བླ་མའི་བློ་ལ་ཤེས་རབ་དང་ཏིང་ངེ་འཛིན་ཁྱད་པར་ཅན་ཡོད་པ་དེ། སློབ་མའི་རྒྱུད་ལ་བསྒོས་ལ་བཏང་བ་ནི་དབང་བསྐུར་ཞེས་བྱའོ། ༣༽ །རབ་ཏུ་དབྱེ་བ་ལ། བཞི་སྟེ། ཕྱིའི་དབང་དང་། ནང་གི་དབང་དང་། གསང་བའི་དབང་དང་རྫོགས་པའི་དབང་བཞིའོ། །དེ་ལ་ནི་སྐུའི་དབང་དང་། གསུང་གི་དབང་དང་། ཐུགས་ཀྱི་དབང་དང་། རྫོགས་པའི་དབང་ཞེས་ཀྱང་བཤད། ཕན་པའི་དབང་དང་། ནུས་པའི་དབང་ཞེས་ཀྱང་བཤད་དོ། ༡༽ །དེ་ལ་དང་པོ་ཕྱིའི་དབང་བསྐུར་བ་ལ་དོན་བཞི་སྟེ། དང་པོ་དབང་ཇི་ལྟར་བབས་པའི་གླེང་གཞི་དང་། ཚུལ་ཇི་ལྟར་བྱུང་བའི་ཚུལ་དུ་དབང་བསྐུར་བ་དང་། དབང་ཐོབ་པའི་ཡོན་ཏན་དང་། དབང་མ་ཐོབ་པའི་སྐྱོན་ནོ། ༡༽ །དེ་ལ་དབང་དང་པོ་ཇི་ལྟར་བབས་པའི་གླེང་གཞི་ནི་གང་སྙམ་པ་ལ། རྡོ་རྗེའི་ཚུལ་དུ་དབང་དག་སྦྱིན། །ཞེས་གསུངས་པ་ལས། དེ་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་དུ་དབང་དག་པར་བྱིན་པའི། དབང་དང་པོ་ཇི་ལྟར་བབས་པའི་ཚུལ་ལམ་གླེང་གཞི་ནི། རྒྱུད་ལས་འདི་སྐད་བཤད་དེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད། སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་མོ་སྙེད་ཀྱི་དེ་བཞིན་གཤེགས་པ་ནམ་མཁའི་དབྱིངས་དང་མཉམ་པའི་དེ་བཞིན་གཤེགས་པས། བཙུན་མོའི་བྷ་ག་ལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྲུ་བཞིར་བྱིན་གྱིས་བརླབས་པའི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་དེ། དབང་གིས་ཡོངས་སུ་མཉེས་པར་བྱ་བའི་ཕྱིར། ཉིད་ཀྱི་སྐུ་བུད་མེད་ཀྱི་གཟུགས་སུ་སྤྲུལ་ནས་གནས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་དེ། དེ་བཞིན་གཤེས་པ་ཐམས་ཅད་ཀྱིས་དཀྱིལ་འཁོར་གྱི་དབུས་སུ་བཞག་པ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་མི་བསྐྱོད་པ་ལ་སོགས་པ་རིགས་ལྔ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་ཞུགས་སོ། །དེའི་ཚེ་ནམ་མཁའི་དབྱིངས་ཐམས་ཅད་རྡོ་རྗེའི་ངོ་བོར་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མཉམ་པ་ཉིད་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིག་པའི་སྐྱེས་བུ་ཆེན་པོའི་གཟུགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འདི་བྱིན་གྱིས་བརླབས་སོ། །བྱིན་གྱིས་བརླབས་མ་ཐག་ཏུ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཞལ་གསུམ་ཕྱག་དྲུག་པ་ལྟ་བུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ། །དེའི་ཚེ་ནམ་མཁའི་དབྱིངས་ན་གནས་པའི་སེམས་ཅན་ཇི་སྙེད་པ་དག །བྱང་ཆུབ་ཀྱི་སེམས་རྡོ་རྗེས་བྱིན་གྱིས་བརླབས་ཀྱིས་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པ་ལ་སོགས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་ཆེ་སྟེ། གསང་བ་བྱང་ཆུབ་སེམས་ཀྱི་དབང་ལ་ངམ་ཞིང་བསྟོད་དོ། །ཞེས་འབྱུང་ངོ་། །ཚུལ་དེ་བཞིན་དུ་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་ལ་ཡང་དབང་བསྐུར་ཏེ། དེ་ཡང་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་རབ་ཏུ་གྲུབ་པ་ཞེས་བྱ་བ། བྱང་ཆུབ་ཀྱི་སྙིང་པོར་ཞུགས་པ་ག་ན་བ་དེར་གཤེགས་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་ཆེད་དུ། ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་གང་གི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་བྱ་བའི་ཕྱིར། དཀའ་བ་སྣ་ཚོགས་སྤྱད་པར་སྤྲོ་བ་བསྐྱེད་ཅིང་། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་བྱ་སྙམ། ཞེས་བཀའ་སྩལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པའི་རྒྱལ་བུ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་རིག་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་འབྱུང་ངོ་། །ཚུལ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལྷོ་ཕྱོགས་ཀྱི་ཤིང་ས་ལའི་དྲུང་གྱད་ཀྱི་ཡུལ་སྟོབས་ཅན་དུ་དབང་བསྐུར་རོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་དབང་གསུམ་དུ་གྱེས་པར་གྱུར་ཏེ། ཟ་ཧོར་གྱི་ཡུལ་རི་མེ་རི་འབར་བའི་རྩེར། ཟ་ཧོར་གྱི་རྒྱལ་པོ་ཨིནྟྲ་བུ་ཏི་དང་། རྒྱལ་པོ་ཛཿདང་། རྒྱལ་པོ་ཨུ་རུ་ཤ་ནེ་ལ་ཕྱི་ནང་གསང་བའི་ཚུལ་དུ་དབང་བསྐུར། རི་གནམ་ལྕགས་མ་ལ་ཡའི་རྩེར། དགའ་རབ་རྡོ་རྗེ་དང་། འཇམ་དཔལ་བཤེས་གཉེན་དང་། ཁྱིའི་མཁན་པོ་ཀུ་ཀུ་རཱ་ཙ་ལ་སྐུ་གསུང་ཐུགས་ཀྱི་ཚུལ་དུ་དབང་བསྐུར། རྒྱ་གར་གྱི་ཡུལ་ཆུ་བོ་འགའ་འགའི་གངྒའི་འགྲམ་དུ། རྡོ་རྗེ་བཞད་པ་དང་། དགེ་སློང་སོ་ཀྱ་དེ་བ་དང་། བལ་མོ་མངྒ་ལ་སི་ཏ་ལ་སྐུ་གསུང་ཐུགས་ཀྱི་ཚུལ་དུ་དབང་བསྐུར་ཏེ། སློབ་དཔོན་དེ་རྣམས་ཀྱིས་རྒྱ་གར་གྱི་ཡུལ་མ་གཏད་སློབ་དཔོན་ཧཱུྃ་ཀར་ལ་དབང་རྫོགས་པར་བསྐུར་རོ། །དེ་ནས་སློབ་དཔོན་ཧཱུྃ་ཀ་ར་དང་། རྡོ་རྗེ་བཞད་པ་གཉིས་ཀྱིས། རྒྱ་གར་གྱི་ཡུལ་ཤཱི་ལེན་ནཱ་ལེན་འདྲར། ཌར་སློབ་དཔོན་པདྨ་སམྦྷ་ལ་དབང་བསྐུར་རོ། ཿཿ །ཞལ་སྐོང་། སློབ་དཔོན་ཧཱུྃ་ཀ་ར་ས་གནས་དེ་ཉ ིད་དུ། གནུབས་ནམ་མཁའི་སྙིང་པོ་ལ་སོགས་པའི་དགེ་སློང་མི་ལྔ་རུ་གྱོང་བིདྱར་ཙ། འབྲོམ་རྒྱལ་བའི་བློ་གྲོས། གྲུ་གུ་ཨེ་བག་ཤ་རླངས་དཔལ་གྱི་སེང་གེ་ལ་དབང་བསྐུར་རོ། །སླད་ནས་པདྨ་སམྦྷས། མཆིང་ཕུ་བྲེ་གུ་དགེའུ་རུ། རྗེ་འབངས་ཉི་ཤུ་རྩ་ལྔ་ལ་ཕྱི་ནང་གསང་བའི་ལུགས་སུ་དབང་བསྐུར་རོ། །རྗེ་འབངས་ཉི་ཤུ་རྩ་ལྔ་ལ། རྗེ་གཉིས་ནི། ཁྲི་སྲོང་ལྡེའུ་བཙན། གསང་མཚན་ཚངས་པ་ལྷའི་མེ་ཏོག །མུ་ནི་བཙན་པོ། གསེར་གྱི་ཉི་མ། སློབ་དཔོན་གཉིས་ནི། པདྨ་སམྦྷ་ཝ། ཐོད་ཕྲེང་རྩལ། བོདྷི་ས་ཏྭ། གྲོ་བོ་ལོད། ལོ་ཙཱ་བ་གཉིས་ནི། གཉགས་ཛྙཱ་ན་ཀུ་མ་ར། དྲི་མེད་ཟླ་ཤར་རྩལ། རྨ་རིན་ཆེན་མཆོག །བློན་པོ་གསུམ་ནི། བྷ་མང་སོ་རྗེ་ལྷ་ལེགས། ཡངས་པ་རྩལ། རྦ་ཁྲི་གཞེར་སང་ཤི། དད་མོས་རྩལ། འགོས་ཁྲི་བཟང་ཡབ་ལྷག་གྲུབ་པ་རྩལ། མཁས་པ་བཅུ་ནི། སྣ་ནམ་རྡོ་རྗེ་བདུད་འཇོམས། བདུད་འདུལ་རྩལ། ཤུད་བུ་དཔལ་གྱི་སེང་གེ གཏེར་བཞད་རྩལ། གླང་ཆེན་དཔལ་གྱི་སེང་གེ། ཏིང་འཛིན་རྩལ། རླངས་བུ་ཏོ་གོ་ཆ། དབང་གྲུབ་རྩལ། གནུབས་ནམ་མཁའི་སྙིང་པོ། གད་པ་རྩལ། མཁར་ཆེན་དཔལ་གྱི་དབང་ཕྱུག་རྡོ་རྗེ་གྲུབ་པ་རྩལ། སེང་མགོ་དཔལ་འོད། ཁྱུང་གཤོག་རྩལ། ངན་ལམ་རྒྱལ་བ་མཆོག་དབྱངས། ཡང་དཔལ་རྩལ། སྤ་གོར་བཻ་རོ་ཙ་ན། གཡུང་དྲུག་བདུད་རྩི་རྩལ། མཆིམས་ཤཱཀྱ་པྲ་བྷ་བ། རྡོ་རྗེ་ཆེར་རྩལ། གཟུངས་མ་བདུན་ནི། ཇོ་མོ་རྒྱལ་མོ་བཙུན། ཁམས་གསུམ་དབང་སྡུད་རྡོ་རྗེ་མོས་པ་རྩལ། སྣ་ནམ་བཟའ་ནམ་མཁའི་ལྷ་མོ། སྒེག་འཕྲེང་རྩལ། ཤེལ་དཀར་བཟའ་རྡོ་རྗེ་མཚོ། མོས་པ་རྩལ། མཁར་ཆེན་བཟའ་མཚོ་རྒྱལ། རྡོ་རྗེ་སྒྲོན་མ་རྩལ། འབྲོམ་བཟའ་ཏི་སང་མ། རྡོ་རྗེ་གཤོག་རྩལ་མོ། སེང་མགོ་བཟའ་དཔལ་གྱི་སྒྲོན་མ། སྒེག་རྩལ། མཆིམས་བཟའ་ཤཱཀ་ཏིང་། དབང་སྒེག་རྩལ། སྤྱིར་ཉེར་ལྔའོ། །སླད་ནས། བྱེ་མ་ལ་མུ་ཏྲས། གཉགས་གཉའ་ན་ཀུ་མཱ་ར་ལ་དབང་བསྐུར། སློབ་དཔོན་པདྨ་དང་། ནམ་མཁའི་སྙིང་པོས་དབང་བསྐུར་བའི། མཁར་ཆེན་དབྱིག་གི་འོད་དང་། མཁར་ཆེན་བཟའ་མཚོ་རྒྱལ་གྱིས། སློབ་དཔོན་གཉའ་ན་ལ་དབང་བསྐུར། གཉའ་ན་ལ་དབང་གི་བཀའ་བཞི་བབས་སོ། །སློབ་དཔོན་གཉའ་ནས། སོག་པོ་ལྷ་དཔལ་གྱི་ཡེ་ཤེས་ལ་དབང་བསྐུར། དེས་བདག་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་དབང་བསྐུར། བདག་གིས་སླད་ནས་ཀྱང་བལ་ཡུལ་དུ། བལ་པོ་བ་སུ་དྷ་ར་ལ་དབང་ཞུས། དབང་དང་མན་ངག་ཐག་བཅད་དོ། །དབང་བབས་པ་དང་བརྒྱུད་པའི་རིམ་པའོ། ཿཿ །གོང་གི་རྟགས་ནས། འདི་བར་གྱི་དཀྱུས་ཡིག་ཆེན་རྣམས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་ཞལ་སྐོང་མཛད་པར་མངོན་ནོ། ༈ །གོང་འོག་ཡིག་ཆུང་གཞན་མཆན། གནུབས་སངས་རྒྱས་ཡེ་ཤེས་ཀྱིས། ཐུགས་ཀྱི་སྲས་བཞི་དང་། གཞན་སུ་ལ་ཡང་མ་གནང་བར། ཕྱིས་ཁབ་ཏུ་བཞེས་པའི་ཇོ་མོ་འབྲོ་མོ་རིན་ཆེན་སྒྲོན་མ་ལ་ཆོས་འདི་གནང་། དེས་དབོན་པོ་འོད་ཟེར་མཆོག །དེས་སྲས་མཆོག་རབ་གྲགས་ལ། དེས་ཇོ་མོ་འཕགས་པ། དེས་ཁྱུང་པོ་ཡེ་ཤེས་རྒྱལ་མཚན། དེས་གྲུ་གུ་བློ་གྲོས་བཟང་པོ་ལ། དེས་ཟླ་ཤེས་རབ་བཟང་པོ་ལ། དེས་ཐོད་པ་རྒྱ་འབྲུག་གྲགས་པ་ལ། དེས་ཕྱག་སྟོན་རྡོ་རྗེ་རྒ་ལ། དེས་ཁུ་འཛི་ཇོ་ཡོན། དེས་སྲས་ཁུ་འཛི་ཚེས་རྒྱལ་མཚན་ལ། དེས་སླུང་སྟོན་འབུམ་རྒལ། དེས་སྲས་སླུང་ནམ་མཁའ་རྟོག་མེད་ལ་དབང་བསྐུར་རོ། །དེས་སྲས་སླུང་བན་རཏྣ་ལ། དེས་སྲས་སླུང་བན་ཀྲོ་དྷ་ལ། དེས་བདག་རང་སླུང་གི་བནྡེ་བསམ་འགྲུབ་འབུམ་ཞེས་བྱ་བ་རཏྣའི་ཚ་བོ་ལ་ཕན་པའི་དབང་དང་ནུས་པའི་དབང་ལྔ་དང་བཅས་པ་མ་ལུས་པ་ཞལ་དབང་དང་ཞབས་དབང་ཡང་བསྐུར་རོ། །འདིའི་མཆན་རྙིང་རྣམས་བསམ་འགྲུབ་འབུམ་གྱི་ཡིན་འདྲ་སྙམ། ༢༽ ཚུལ་ཅི་ལྟ་བུའི་ཚུལ་དུ་དབང་བསྐུར་བ་ལ་གསུམ་སྟེ། ཕྱག་ན་རྡོ་རྗེའི་ཚུལ་དུ་དབང་བསྐུར་བ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཚུལ་དུ་དབང་བསྐུར་བ་དང་། གསང་སྔགས་ཐབས་ཀྱི་རྡོ་རྗེ་ཐེག་པའི་ཚུལ་དུ་དབང་བསྐུར་བའོ། །དེ་ལ་དེར་གསང་སྔགས་ཐབས་ཀྱི་རྡོ་རྗེ་ཐེག་པའི་ཚུལ་དུ་དབང་བསྐུར་བ་འབྱུང་སྟེ། དེ་ཡང་གང་སྙམ་པ་ལ། རྡོ་རྗེའི་ཚུལ་དུ་དབང་དག་སྦྱིན། །ཞེས་གསུངས་པ་ལ། གསང་བའི་རྒྱུད་མཐའ་དག་ལས། བུམ་པའི་དབང་དང་པོར་བསྐུར་བ་འབྱུང་སྟེ། དེ་བསྐུར་བའི་ཕྱིར། དེའི་གྲོགས་སུ་གྱུར་པ། བཅུ་བདུན་བསྟན་ཏེ། དང་པོ་རིག་པའི་མེ་ཏོག་དོར་བའི་དབང་དང་། སྐུ་གསུང་ཐུགས་རྡོ་རྗེ་ལྟར་བྱིན་གྱིས་བརླབས་པའི་དབང་དང་། བུམ་པའི་དབང་དང་། དབུ་རྒྱན་གྱི་དབང་དང་། མེ་ཏོག་གི་འཕྲེང་བའི་དབང་དང་། ཕྱག་རྒྱའི་དབང་དང་། བྷནྡྷའི་དབང་དང་། རྡོ་རྗེ་དྲིལ་བུའི་དབང་དང་། འདོད་པའི་ཡོན་ཏན་ལྔའི་དབང་དང་། བདུད་རྩི་རྣམ་པ་ལྔའི་དབང་དང་། ཤ་རྣམ་པ་ལྔའི་དབང་དང་། རྡོ་རྗེ་མིང་གི་དབང་དང་། བསྒྲུབ་རྫས་ལྷ་ཆ་ལྔའི་དབང་དང་། རྩ་ཏང་རྩའི་དབང་དང་། རྡོ་རྗེ་ཕུར་བུའི་དབང་དང་། ཚེ་ཡི་དབང་དང་། རྒྱལ་པོའི་བཀའ་རྟགས་ཀྱི་དབང་དང་། བཅུ་བདུན་གྱིས་བསྐུར་བར་འབྱུང་སྟེ། དེ་ལ་ཡང་གཉིས། སྔོན་དུ་འགྲོ་བས་བྱིན་གྱིས་བརླབས་པ་དང་། བསྐུར་བ་དངོས་སོ། །དེ་ལ་དབང་འདི་རྣམས་བསྐུར་བའི་ཚེ། སྔོན་དུ་འགྲོ་བ་ནི། སློབ་མ་རྣམས་ལ། བགེགས་བསྐྲད་པ་དང་། བསང་གཏོར་བྱས་པ་དེ་ལ་ལུས་ལ་སྤོས་དྲི་ཞིམ་པོ་དང་། སྨན་བཟང་པོས་བྱུག་བ་དང་། དར་དང་རས་ལ་སོགས་པ་གསར་བ་ཡུགས་མ་ཉམས་པས་ལུས་བསྐོན་ཏེ། བླ་མ་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་དང་། རྒྱལ་ཐེབས་དང་། གར་མས་རང་བཞིན་ལྷུན་གྲུབ་གྱིས་ནམ་མཁའི་ཁམས་གང་བར་བསམས་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ། ཞི་ཁྲོ་འབར་བའི་ལྷ་ཚོགས་ཀྱིས། བདག་དང་སློབ་མར་བཅས་པ་ལ། ཡེ་ཤེས་བླ་ན་མེད་པའི་དབང་བསྐུར་དུ་གསོལ། །ཞེས་བརྗོད་ནས། སྒྲ་རྣམ་པ་སྣ་ཚོགས། རྔ་དང་ཅང་ཏེའུ་བརྡུང་བ་དང་། ཆ་ལང་དང་ཕེག་བརྡབ་པ་དང་། དུང་གླིང་འབུད་པ་དང་། པི་ཝཾ་སྦྲེང་བ་ལ་སོགས་པ་བྱ་སྟེ། རུ་ལུའི་དབྱངས་ལྟར། གླུ་དྲུག་གིས་གཟི་བྱིན་བསྐྱེད་པ་དང་། ཡེ་ཤེས་ཀྱི་ལྷ་ཚོགས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས། སྔོན་གྱི་ཐུགས་དམ་གྱི་དབང་གིས་བྱོན་པ་རྣམས། བདག་སློབ་མར་བཅས་པ་ལ་བཀྲ་ཤིས་པར་མཛད་དུ་གསོལ། ལེགས་སོ་རྒྱལ་བར་གྱུར་ཅིག །འགྲུབ་པར་གྱུར་ཅིག །ཅེས་བརྗོད་དོ། །དེ་ནས་སློབ་མ་དེའི་རྒྱུད་བྱིན་གྱིས་བརླབས་པ་ཡང་། སྔར་ཡི་དམ་གྱི་ལྷ་ཡོད་ན་ཡང་། དེའི་ཡིག་འབྲུ་ཕྱག་རྒྱ་ལ་སྤྲོས་ཏེ་སྙིང་གར་བསྟིམས་ལ། དེ་ནས་སྔགས་བརྗོད་པས་ལྷའི་སྐུར་བྱིན་གྱིས་བརླབས་སོ། །དེ་མེད་ན་མེ་ཏོག་དོར་བའི་ལྷ་གང་ལ་བབ་པའམ། དེ་ལ་མ་མོས་ན། དཔལ་རྡོ་རྗེ་སེམས་དཔའ་འམ། དཔལ་ཁྲག་འཐུང་ཆེན་པོའི་རང་བཞིན་དུ་བྱིན་གྱིས་བརླབས་པ་ཡང་། དེ་བཞིན་ཉིད་དང་། ཀུན་ཏུ་སྣང་གཉིས་ཀྱིས། ཤེས་པའི་རྒྱུད་དག་པར་སྦྱངས་པའི་རིག་པ་ཅི་ཡང་མ་ཡིན་པ་དེ། ཡི་གེ་ཧཱུྃ་གི་རང་བཞིན་དུ་ས་ལེར་གསལ་བ་ལས། ཡེ་ཤེས་སེམས་དཔའ་ཚོན་གང་བར་བསྐྱེད་དོ། །གཉིས་པ་དབང་བསྐུར་བ་དངོས་ནི། དེ་ལས་ཞི་ཁྲོ་གང་འདོད་ཀྱི་རྩ་བའི་སྔགས་ཀྱིས། སྐུ་ཕྱག་རྒྱ་ཆེན་པོར་ལྷག་གིས་བསྐྱེད་དོ། ༡༽ །དེ་ནས་གང་དུ་མེ་ཏོག་དོར་བ་དེ། ལྷ་གང་ལ་བབ་པ་བརྟགས་ལ། དེ་ལྕགས་ཀྱུའི་ཕྱག་རྒྱས་བླངས་ལ། འདི་སྐད་དུ་བརྗོད་དོ། །ཧཱུྃ། སྔོན་ཚེ་ཚེ་རབས་གྲངས་མེད་ནས། །དགེ་བའི་ལས་ཀྱིས་བསྟེན་པའི་ལྷ། །ལྷག་པའི་ལྷ་ནི་གང་ཡིན་པ། །ད་ལྟ་ཉིད་དུ་ཁྱོད་ལ་དབབ། །ཅེས་བརྗོད་དོ། །མེ་ཏོག་ཕོག་པའི། ལྷ་དེ་ཉིད་ཀྱི་སྔགས་དང་ཕྱག་རྒྱས་བསྟིམས་པས། ལྷ་དེ་ཉིད་སློབ་མ་ཞུགས་པར་གྱུར་ཏེ། དབྱེར་མེད་པར་བསྟིམ་མོ། །འདི་ནི་རིག་པའི་མེ་ཏོག་དོར་བའི་དབང་སྟེ། ཡེ་ཤེས་ཀྱི་ལྷ་དབང་ཞེས་བྱའོ། ༢༽ །དེ་ནས་སྐུ་གསུང་ཐུགས་རྡོ་རྗེ་ལྟར་བྱིན་གྱིས་བརླབས་པའི་དབང་ནི། གསུམ་སྟེ། དང་པོ་སྐུའི་དབང་ནི། སློབ་མའི་གནས་གསུམ་དུ། ༀ་ཨཱཿཧཱུྃ་གསལ་བར་བཀོད་དེ། དེ་ལ་ཚིག་འདིས་བསྐུལ་ཏེ། སྤྱི་བོར། ༀ། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས་། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུ་ཡིས་མཛད་དུ་གསོལ། །ཞེས་བརྗོད་དེ། ཀླད་པ་དུང་ཁང་གི་གཞལ་ཡས་ཁང་དུ། ༀ་དཀར་པོ་ལས། བུདྡྷ་བཻ་རོ་ཙ་ན་ༀ། ཞེས་བརྗོད་པས། རྣམ་པར་སྣང་མཛད་བསྐྱེད་དེ། ཐུགས་ཀ་ན་ཆོས་ཀྱི་འཁོར་ལོ་དང་བཅས་པར་བསམ་མོ། །དེ་ལ་ཡེ་ཤེས་དབབ་པའི་ཕྱིར། དབྱངས་འདིས་གསོལ་བ་གདབ་པར་བྱའོ། །ༀ། ཕྱོགས་བཅུར་བཞུགས་པའི་བཅོམ་ལྡན་འདས། །རྡོ་རྗེ་མི་ཕྱེད་དུ་སྐུ་བསྒོམས་ནས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུ་ཡིས་མཛད་དུ་གསོལ། །ཞེས་བརྗོད་ནས། སྐུའི་རིགས་ཐམས་ཅད་ཡེ་ཤེས་ཀྱི་འོད་ཟེར་དུ་གྱུར་ནས། སྤྱི་བོ་ཚངས་པའི་བུ་ག་ནས་མར་བབས་ཏེ། རྣམ་པར་སྣང་མཛད་ལ་དབང་བསྐུར། དེ་ལས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས། ལུས་མགོ་མཇུག་ལ་ཁྱབས་ཏེ། ལུས་ངན་པའི་བག་ཆགས་དག་ནས། ཡེ་ཤེས་ཀྱི་སྐུར་གསལ་བར་བསྒོམ་ཞིང་། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད་ནས། རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ་སྐུའི་དབང་བསྐུར་བས། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཁྱོད་ལ་ཞུགས་པར་གྱུར་ཏེ། ལུས་ངན་པའི་བག་ཆགས་བྱང་ཞིང་དག་ནས། དེ་བཞིན་གཤེགས་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་དང་ལྡན་པར་གྱུར་ཅིག །ཅེས་ངག་ཏུ་བརྗོད་ཅིང་ཏིང་ངེས་ཀྱང་བསམ་མོ། །དེ་ནས་གསུང་གི་དབང་བསྐུར་ཏེ། དབྱངས་སུ་བརྗོད། ༀ། ཆོས་ཀྱི་ངག་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཞེས་བརྗོད་དེ། མགྲིན་པར་ཨཱཿདམར་པོ་ལས། ཨ་མི་དྷེ་བ་ཧྲཱིཿ ཞེས་བརྗོད་པས། སྣང་བ་མཐའ་ཡས་བསྐྱེད་དེ། སྣང་མཐའི་ཐུགས་ཀ་ན་ཆོས་ཀྱི་འཁོར་ལོ་དང་བཅས་པར་བསྒོམ་མོ། །དེ་ལ་ཡེ་ཤེས་དབབ་པའི་ཕྱིར། དབྱངས་འདིས་གསོལ་བ་གདབ་པར་བྱའོ། །ༀ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུང་བསྒོམས་ནས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཞེས་བརྗོད་པས། གསུང་གི་རིགས་ཐམས་ཅད་ཕྱོགས་བཅུ་ནས་འདུས་ཤིང་འོད་ཟེར་དུ་གྱུར་ནས། ལྕེ་སྟེང་ནས་མགྲིན་པར་ཐིམ་སྟེ་སྣང་བ་མཐའ་ཡས་ལ་དབང་བསྐུར། དེ་ལས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས། ངག་ངན་པའི་བག་ཆགས་བྱང་ཞིང་དག་ནས། ཡེ་ཤེས་ཀྱི་གསུང་དང་ལྡན་པར་བསྒོམས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀྐ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ་གསུང་གི་དབང་བསྐུར་བས། པདྨའི་རིགས་ཐམས་ཅད་ཁྱོད་ལ་ཞུགས་པར་གྱུར་ཏེ། ངག་ངན་པའི་བག་ཆགས་བྱང་ཞིང་དག་ནས། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས། འགྲོ་བ་ཐམས་ཅད་ལ་སོ་སོའི་སྐད་དུ་ཆོས་སྒྲོགས་ཤིང་སྟོན་ནུས་པ་དང་། བཟླས་བརྗོད་བྱེད་པའི་དབང་དང་ལྡན་པས་གྱུར་ཅིག །ཅེས་ངག་གིས་བརྗོད་བསམ་པར་བྱ། དེ་ནས་ཐུགས་ཀྱི་དབང་བསྐུར་ཏེ། ཧཱུྃ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་བརྗོད་དེ། སྙིང་གའི་ཧཱུྃ་མཐིང་ཀ་ལས། བཛྲ་ཨཀྵོ་བྷེ་ཧཱུྃ། ཞེས་བརྗོད་པས། ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་དུ། རྡོ་རྗེ་སེམས་དཔས་ཀྱང་བྱ། ཡེ་ཤེས་སེམས་དཔས་ཀྱང་བྱ། རང་བྱུང་རིག་པའི་དཔལ་ཞེས་ཀྱང་བྱ་བ་བསྐྱེད་དེ། དེའི་ཐུགས་ཀ་ན་ཡང་ཆོས་ཀྱི་འཁོར་ལོ་དང་བཅས་པ་བསྐྱེད་དེ། དེ་ལ་ཡེ་ཤེས་དབབ་པའི་ཕྱིར། དབྱངས་འདིས་གསོལ་བ་གདབ་པར་བྱའོ། །ཧཱུྃ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་ཐུགས་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་བརྗོད་པས། ཐུགས་ཀྱི་རིགས་ཐམས་ཅད་ཕྱོགས་བཅུ་ནས་འདུས་ཤིང་འོད་ཟེར་དུ་གྱུར་ནས། སྙིང་གར་ཐིམ་སྟེ་ཡེ་ཤེས་སེམས་དཔའ་ལ་དབང་བསྐུར། དེ་ལས་ཡེ་ཤེས་ཀྱི་འོད་ཟེར་བྱུང་སྟེ། ཡིད་ངན་པའི་བག་ཆགས་དག་ནས། ཐུགས་ཡེ་ཤེས་ལྔ་དང་ལྡན་པར་བསྒོམ་ཞིང་། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད་ནས། རྡོ་རྗེ་སློབ་དཔོན་ངས། སློབ་མ་ཁྱོད་ལ། ཐུགས་ཡེ་ཤེས་སུ་དབང་བསྐུར་བས། རྡོ་རྗེའི་རིགས་ཐམས་ཅད་ཁྱོད་ལ་ཞུགས་པར་གྱུར་ཏེ། ཁྱོད་ཀྱི་ཡིད་ངན་པའི་བག་ཆགས་བྱང་ཞིང་དག་ནས། ཐུགས་ཡེ་ཤེས་ལྔ་དང་ལྡན་པས། ཇི་ལྟར་བསམ་པ་བཞིན་གྲུབ་པའི་དབང་དང་ལྡན་པར་གྱུར་ཅིག །ཅེས་ངག་ཏུ་བརྗོད་ཅིང་ཏིང་ངེས་ཀྱང་བསམ་མོ། །དབང་འདི་གསུམ་ནི། དབང་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་ཏེ། ཕྱིའི་དུས་སུ་ནི་ༀ་ཨཱཿཧཱུྃ་གསུམ་རེ་རེ་བྲིས་པའི་རི་མོ་ཙཀ྄་ལི་ལ་བརྟེན་ཏེ་བསྐུར་རོ། །ནང་གི་དུས་སུ་ནི་བདུད་རྩི་ཨ་མྲྀ་ཏ་ལ་བརྟེན་ཏེ་བསྐུར་རོ། །གསང་བའི་དུས་སུ་ནི་གསང་བའི་བྱང་ཆུབ་སེམས་དངོས་སམ་དཀར་དམར་རིལ་བུ་ལ་བརྟེན་ཏེ་བསྐུར་རོ། ༣༽ །དེ་ནས་བུམ་པའི་དབང་བསྐུར་བ་སྟེ། གོང་དུ་བསྙེན་པ་བྱས་པའི་ཞི་ཁྲོ་གཉིས་ཀྱི་བུམ་པ་རེས་མོས་བླངས་ཤིང་བསྐུར་བར་བྱ་སྟེ། ཚིག་འདི་བརྗོད་ཅིང་བསྐུར་ཏེ། ཧཱུྃ། ཆོས་དབྱིངས་ཡུམ་གྱི་བུམ་པ་ན། །རྒྱལ་བའི་དཀྱིལ་འཁོར་ཕོ་བྲང་བཞུགས། །གཉིས་མེད་བྱང་ཆུབ་སེམས་རྟགས་ཆུས། །ཕྱི་ནས་གཏིབས་ཤིང་དབང་བསྐུར་བས། །ཁྱོད་ཀྱི་བག་ཆགས་བྱང་གྱུར་ནས། །ལུས་ལ་སངས་རྒྱས་བལྟམས་པར་ཤོག །ཅེས་བརྗོད་དེ། ཞི་ཁྲོ་ལྷ་སོ་སོའི་སྙིང་པོ་ལ། ཀཱ་ལ་ཤ་ཨ་བེ་ཤ་ཨ། ཞེས་བཏགས་ཏེ་བསྐུར་བས། ལྷ་རྣམས་སོ་སོར་བྱང་ཆུབ་སེམས་ཀྱི་འོད་ཟེར་དུ་ཞུ་ནས། སློབ་མའི་སྤྱི་གཙུག་ནས་མར་ཐིམ་ཞིང་། ཉེ་བར་ལེན་པའི་ཕུང་པོ་ཟག་པ་དང་བཅས་པའི་བག་ཆགས་དག་སྟེ། ཡེ་ཤེས་ཀྱི་སྐུ་ལ་ནག་ནོག་གི་དྲི་མ་བྲལ་ནས། ཤེས་སྒོང་ཕྱིས་པ་ལྟར་གྱུར་ཏེ། ཟག་པ་མེད་པའི་སྐུ་དང་ལྡན་པར་བྱིན་གྱིས་བརླབ་བོ། །སྨོན་ལམ་ཡང་དེ་བཞིན་དུ་གདབ་པོ། ༤༽ །དེ་ནས་རིགས་ལྔ་དབུ་རྒྱན་གྱི་དབང་བསྐུར་ཏེ། ཧཱུྃ། ཁྲོ་བོའི་ཐོད་པའི་ཕྲེང་བའི་དབུ་རྒྱན་དང་། །རིགས་ལྔའི་སངས་རྒྱས་གཙུག་གི་ནོར་བུ་ཅན། །ཀུན་ནས་ཉོན་མོངས་འཇིག་རྟེན་དབང་། །མི་མཇེད་ལ་སོགས་དེ་གྲུབ་པས། །ཡེ་ཤེས་ལྔ་ལྡན་དབུ་རྒྱན་འདི། །ཁྱོད་ལ་དབང་མཆོག་བསྐུར་བར་བྱ། །ༀ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཨ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ལྭ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་པྲ་ཏྱ་བེ ཀྵ་ན་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཀྲྀ་ཏྱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད་པས། སྐུ་ལྔའི་ཡེ་ཤེས་ལྔ་འོད་ཟེར་གྱིས། དུག་ལྔའི་ཉེས་པ་བྱང་ཞིང་དག་ནས། འགྲོ་བ་ཀུན་གྱི་དཔལ་མགོན་དུ་གྱུར་པར་བསམ་ཞིང་། སྨོན་ལམ་ཡང་དེ་ལྟར་གདབ་བོ། །དེ་ནས་ཅོད་པན་གྱིས་དབང་བསྐུར་ཏེ། ཧཱུྃ། བག་ཆགས་ཉེས་པའི་སྐྱོན་བྲལ་ཞིང་། །འཁོར་བའི་ཉེས་པ་མ་གོས་པའི། །ཡེ་ཤེས་ལྔ་ལྡན་ཅོད་པན་འདི། །ཁྱོད་ལ་དབང་མཆོག་བསྐུར་བ་བྱ། །ༀ་བཛྲ་ས་ཏྭ་ལམ་བ་ན་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་བརྗོད་དེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་ཅིང་། ཤེས་བྱ་ལ་ཐོགས་པ་མེད་པའི་དབང་དང་ལྡན་པར་བསམ་ཞིང་། སྨོན་ལམ་ཡང་དེ་ལྟར་གདབ་བོ། ༥༽ །དེ་ནས་མེ་ཏོག་གི་ཕྲེང་བའི་དབང་བསྐུར་ཏེ། ཧཱུྃ། འདི་ནི་རིན་ཆེན་ཕྲེང་བ་སྟེ། །རིན་ཆེན་རྒྱུ་ལས་བྱས་པ་ཡི། །བྱང་ཆུབ་ཡན་ལག་ཕྲེང་བ་འདིས། །འཕགས་མཆོད་འགྲོ་དོན་བྱེད་པ་ལ། །བསམ་པ་ཡིད་བཞིན་གྲུབ་པ་དང་། །ལམ་ལ་བར་ཆད་མེད་པར་དབང་བསྐུར་རོ། །ༀ་བཛྲ་རཏྣ་མ་ལེ་ཨ་བྷི་ཥིཉྩ་ཨ། ཞེས་བརྗོད་དེ། འཕགས་པ་མཆོད་པ་དང་། འགྲོ་བའི་དོན་བྱེད་པ་ལ། བསམ་པ་ཡིད་བཞིན་བསྒྲུབ་པ་ལ། བར་ཆད་མི་འབྱུང་ཞིང་། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ངོ་བོར་གྱུར་ཅིང་དབང་ཐོབ་པར་བསམ་ལ། སྨོན་ལམ་ཡང་དེ་ལྟར་གདབ་བོ། ༦༽ །དེ་ནས་ཕྱག་རྒྱའི་དབང་བསྐུར་བར་བྱ་སྟེ། ཧཱུྃ། འདི་ནི་ཕྱག་རྒྱའི་དབང་མཆོག་སྟེ། །ལྷའི་སྐུ་ཆོས་རྣམས་སྐུ་གསུང་ཐུགས་ཀྱི་དབང་། །ཕྱག་རྒྱ་ཆེན་ཆེན་པོའི་རང་བཞིན་དུ། །རྟག་ཏུ་བསྒོམ་ཞིང་བསྒྲུབ་པར་གྱིས། །ཞེས་བརྗོད་ནས། རིགས་ལྔ་སྤྱི་ཡི་ཕྱག་རྒྱས་བཅིངས་ནས། ༀ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ༀ། ཞེས་བྱ་བ་ལ་སོགས་པ། དེ་བཞིན། ཧཱུྃ་བཛྲ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ། སྭཱ་རཏྣ་མུ་དྲ་ཨ་བྷི་ཥིཉྩ་སྭཱ། ཨཱཾཿཔདྨ་མུ་དྲ་ཨ་བྷི་ཥིཉྩ་ཨཾཿ ཧཱ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཧཱ། བརྗོད་པས། སྐུ་ལྔ་ཡེ་ཤེས་ལྔའི་ཐུགས་ཀ་ནས། རང་རང་གི་ལྷ་སྐུའི་ཕྱག་རྒྱ་གསལ་ཏེ། དེ་ལས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས། སློབ་མའི་སྒྲིབ་པའི་དྲྭ་བ་རྒྱུན་བཅད་ནས། རིགས་ལྔ་ཡེ་ཤེས་ལྔའི་ཕྱག་རྒྱ་དང་ལྡན་པར་བསམ་ཞིང་། སྨོན་ལམ་ཡང་དེ་བཞིན་དུ་གདབ་བོ། ༧༽ །དེ་ནས་བྷནྡྷས་དབང་བསྐུར་ཏེ། རིགས་བཟང་གི་བྷནྡྷ་མཚན་ལྡན་ལ། ཡི་གེ་སྭཱ་འམ་ཏྲཱཾ་བྲིས། དེ་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསམ་ལ། ཚིག་འདིས་དབང་བསྐུར་རོ། །ཧཱུྃ། ཆོས་ཉིད་སྤྲོས་བྲལ་རྡོ་རྗེ་ཀ་པཱ་ལ། །སྐུ་ལྔ་ལྷུན་རྫོགས་རྡོ་རྗེ་ཀ་པཱ་ལ། །ཡེ་ཤེས་ལྔ་ལྡན་རྡོ་རྗེ་ཀ་པཱ་ལ། །སྐུ་གསུམ་ལྡན་པའི་རྡོ་རྗེ་ཀ་པཱ་ལ། །མི་འགྱུར་གཡུང་དྲུང་རྡོ་རྗེ་ཀ་པཱ་ལ། །ཡིད་གཞིན་གཏེར་ལྡན་རྡོ་རྗེ་ཀ་པཱ་ལ། །སྐལ་ལྡན་ཁྱོད་ལ་དབང་མཆོག་འདི་བསྐུལ་བས། །ཅི་བསམ་འགྲུབ་པའི་དབང་མཆོག་ཐོབ་པར་ཤོག །ༀ་བཛྲ་ཀ་པཱ་ལ་རཏྣ་ཏྲེ་ལོ་ཀྱ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་དེ། བྷནྡྷ་བཀྲ་ཤིས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས། སློབ་མའི་དྲི་མ་དག་ནས། འོད་དུ་ལམ་གྱིས་འབར་བ་ལས། ཡི་དམ་གྱི་ལྷར་བསྐྱེད། བྷནྡྷ་ཉིད་ནོར་བུ་རིན་པོ་ཆེ་ལྟ་བུ་དེ་སྙིང་གར་བསྟིམས་པས། ཡིད་ལ་ཅི་ལྟར་བསམ་པ་འགྲུབ་པར་འགྱུར་ཏེ། སྨོན་ལམ་ཡང་དེ་ལྟར་གདབ་བོ། །གཞན་ཡང་རང་འདོད་པའི་ལས་བསྒྱུར་ཞིང་དབང་བསྐུར་རོ། ༨༽ །རྡོ་རྗེ་དྲིལ་བུའི་དབང་ནི། ཧཱུྃ། ཉོན་མོངས་འཇོམས་པའི་རྡོ་རྗེ་དང་། །ཆོས་སྒྲ་སྒྲོགས་པའི་དྲིལ་བུ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་བས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ༀ་བཛྲ་གནྡྷེ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་དེ། རྡོ་རྗེ་ཧཱུྃ་དང་དྲིལ་བུ་ཨ་ལས་བསྐྱེད་དེ་བྱིན་པས། དོན་དབྱིངས་དང་ཡེ་ཤེས། རྟགས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་དབང་སྟེ། སྨོན་ལམ་ཡང་དེ་བཞིན་དུ་གདབ་པོ། ༩༽ །འདོད་པའི་ཡོན་ཏན་ལྔའི་དབང་ནི། ཙཀ྄་ལི། ཧཱུྃ། གཟུགས་སོགས་བུད་མེད་ལྷ་མོའི་ཚོགས། །འདོད་པ་ལྔ་ཡི་ཡོན་ཏན་དག །ཆོས་ཉིད་ཀྱི་ནི་རྒྱན་ཡིན་པས། །དགའ་མགུར་སྤྱོད་པའི་དབང་བསྐུར་རོ། །ན་མོ་ཧ་ར་གུ་ན་པཉྩ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་དེ། ཐེག་པ་འོག་མ་པས་བཀག་པ་ཡང་། གསང་སྔགས་ཀྱིས་དང་དུ་བླངས་ཏེ། འདོད་པའི་ཡོན་ཏན་ལྔའི་ལྷ་མོར་དམིགས་ནས་སྤྱད་པས། ཡེ་ཤེས་ཆེན་པོ་ཆོས་ཀྱི་དབྱིངས་ལ་འཇུག་པའི་དབང་སྟེ། སྨོན་ལམ་ཡང་དེ་ལྟར་གདབ་བོ། ༡༠༽ །དེ་ནས་བདུད་རྩི་ལྔའི་དབང་ནི། ཧཱུྃ། བྷནྡྷ་བཅུད་ཡངས་ཟབ་པ་ན། །ཁོར་ཡུག་གཏོགས་པའི་སྣོད་བཅུད་ཀུན། །བདུད་རྩི་ལྔ་ཡི་རང་བཞིན་པས། །རྟག་ཏུ་ཟ་བྱེད་ཞལ་དུ་བསྟིམ། །ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་དེ། དཔའ་བོ་འབྲུ་ༀ་ཨཱཿཧཱུྃ་སྭཱཧཱ་ལྔས་བྱིན་གྱིས་བརླབས་ཏེ་ཕུལ་བས། བདག་གཞན་གྱི་རྣམ་པར་རྟོག་པ་སྦྱོང་ཞིང་། མཆོག་དང་ཐུན་མོང་གིས་བསྡུས་པའི་དངོས་གྲུབ་བསྒྲུབ་པའི་གཞི་མ་བདུད་རྩི་ལྔ་སྟེ། སྨོན་ལམ་ཡང་དེ་ལྟར་གདབ་བོ། །སོ་སོའི་ཡོན་ཏན་ཡང་བརྗོད་ཅིང་སྦྱིན་ནོ། །དྲི་ཆེན་རྣམ་སྣང་། དྲི་ཆུ་མི་བསྐྱོད་པ། མཱཾ་ས་རིན་འབྱུང་། རཀྟ་སྣང་མཐའ། ཟིལ་པ་དོན་གྲུབ་སྟེ། རིགས་ལྔ་སོ་སོའི་ཡོན་ཏན་བརྗོད་དོ། ༡༡༽ །ཤ་རྣམ་པ་ལྔའི་དབང་ནི། མི་རྟ་བ་གླང་ཁྱི། ཧཱུྃ། མངོན་ཤེས་ལྔ་ལ་སོགས་པ་ཡི། །ཐུན་མོང་དངོས་གྲུབ་ཇི་སྙེད་དང་། །རིག་འཛིན་གཙོ་བོར་བསྒྲུབ་པ་ཡི། །དངོས་གྲུབ་འགྲུབ་བྱེད་རྫས་ལྕགས་ཀྱུ་ལྟ་བུ་ལྔ་ཡིས་དབང་བསྐུར་རོ། །ཤ་ལྔ་བདུད་རྩི་ལྔ་ལ་སྒྲོན་མ་ལྔ་དང་ལྕགས་ཀྱུ་ལྔའི་མིང་གསལ་འདུས་ལས་ཀྱང་བཤད་དོ། །ༀ་ཨཱཿཧཱུྃ་མ་ཧཱ་མཱཾ་ས་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་དེ། ཡུམ་ལྔའི་ཡིག་འབྲུ་མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ། ལྔས་བྱིན་གྱིས་བརླབས་ཏེ་བྱིན་པས། མི་སྣང་བ་བཅུ་གཅིག །མདོན་པར་ཤེས་པ་ལྔ། དགུག་པ་དགུ། རིག་འཛིན་གྱི་གཙོ་བོར་བསྒུབ་པའི་དབང་སྟེ། སྨོན་ལམ་ཡང་དེ་ལྟར་གདབ་བོ། ༡༢༽ །བསྒྲུབ་རྫས་ལྷ་ཆ་ལྔའི་དབང་ནི། རྒྱུད་ལས་འབྱུང་བ་བཞིན་དུ་བསྐུར་རོ། ༡༣༽ །མིང་དབང་དང་། ༡༤༽པ་རྩ་ཏྭང་རྩའི་དབང་གི་དོན་མཚོན་བྱེད། ཁ་ཏྲཾ་ཁའི་དབང་ནི། ཧཱུྃ། རྡོ་རྗེ་ཁ་ཏྲྃ་འདི་བྱིན་པས། །རྩ་གསུམ་གྱིས་རྩ་དབུ་རྐྱང་རོ་གསུམ་སྐུ་གསུང་མཚོན། དྲིལ་བུའི་སྒྲ་ནི་གསོལ་བ་ཡིས། །ཆོས་དབྱིངས་སྐྱེ་མེད་མིང་དབང་མཚོན། ཐམས་ཅད་ཕབ་ནས་སླར་ཡང་ནི། ཁམས་གསུམ་དག་ཀྱང་འཚོ་བར་བྱེད། །ༀ་ཨཱཿཧཱུྃ་ཁ་ཏྲཾ་ག་གན་དྷ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་དེ་བྱིན་པས། འཇིག་རྟེན་གསུམ་པོ་དག་འཇིག་ཅིང་། སྐུ་གསུམ་དུ་སླར་འཚོ་བར་བྱེད་པའི་དབང་སྟེ། སྨོན་ལམ་ཡང་དེ་ལྟར་གདབ་བོ། ༡༥༽ །དེ་ནས་ཕུར་བུའི་དབང་ནི། བསྙེན་པ་རྫོགས་པའི་ཕུར་པ་བླངས་ལ། ཧཱུྃ། ཁྲོ་རྒྱལ་འདུས་པ་སྲས་ཀྱི་མཆོག །སྐུ་གསུང་ཐུགས་སུ་བྱིན་བརླབས་ཏེ། །དགྲ་བགེགས་འཇོམས་པའི་མཐུ་མངའ་བའི། །ཕུར་བུ་འདི་ཡིས་དབང་བསྐུར་རོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ྄། ཨ་བྷི་ཥིཉྩ་ཧཱུྃ་ཨཱཿ ཞེས་བརྗོད་དེ། རྨད་དུ་བྱུང་བའི་ཕྲིན་ལས་ཀྱིས། གདུག་པ་ཅན་གཏན་འཕོ་བར་བྱེད་ཅིང་། ཁམས་གསུམ་སྒྲོལ་བའི་དབང་སྟེ། སྨོན་ལམ་ཡང་དེ་ལྟར་གདབ་བོ། ༡༦༽ །དེ་ནས་ཚེ་དབང་བསྐུར་བ་ནི། ཧཱུྃ། སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །རྡོ་རྗེ་སེམས་དཔའི་ཚེ་དང་གཞོན། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ནད་མེད་བདེ་མཆོག་གྲུབ་པར་ཤོག །ༀ་བཛྲ་ཨ་ཡུ་ཥེ་པུནྱེ་པུནྱེ་མ་ཧཱ་པུནྱེ་ཡེ་སྭཱ་ཧཱ། ཞེས་བརྗོད་དེ། ཚེས་ནི་རྒས་རྒུད་ཀྱི་སྡུག་བསྔལ་སེལ་ཏེ། ཚེ་དབང་ཕུན་སུམ་ཚོགས་པའི་དབང་ངོ་། །སྨོན་ལམ་ཡང་དེ་ལྟར་གདབ་བོ། །དབང་དེ་རྣམས་ནི་རྒྱུད་ལུང་མན་ངག་ཀུན་ལས་བཏུས་ཤིང་དབང་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་ཤེས་པར་བྱའོ། ༡༧༽ །དེ་ནས་རྒྱལ་པོ་བཀའ་རྟགས་ཀྱི་དབང་བསྐུར་བ་ལ་བདུན་ཏེ། གདུགས་དང་། རྒྱལ་མཚན་དང་། གོ་ཆ་དང་། སྙིང་པོ་ལྔ་དང་། འདོད་པའི་ཡོན་ཏན་ལྔ་དང་། རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་ཀྱི་རྫས་བརྒྱད་ཀྱི་དབང་ངོ་། །དེ་རྣམས་ཀྱིས་བསྐུར་བ་ནི། རྒྱས་པར་སྤྲོས་ཤེས་པར་བྱས་ལ་བསྐུར་རོ། ༼༣༽ །དབང་འདི་རྣམས་ཐོབ་པའི་ཡོན་ཏན་ནི། ལུས་ཀྱི་དྲི་མ་དག་ནས། ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་དང་སྐལ་པ་མཉམ་པ་དང་། ལྷ་བསྐྱེད་པའི་རིམ་པ་ལ་དབང་ཐོབ་ཅིང་། ཕྲིན་ལས་དང་གསང་སྔགས་ཀྱི་བྱ་བ་ལ་མ་རྨོངས་པར་འཇུག་པ་དང་། ཞུགས་པས་བདག་དོན་གྲུབ་ལ་གཞན་ལ་ཕན་པར་ནུས་པས། ཕན་པའི་དབང་ཞེས་བྱའོ། །ཕྱིའི་དབང་དང་སྐུའི་དབང་ཞེས་ཀྱང་བྱའོ། ༤༽ །དབང་འདི་རྣམས་མ་ཐོབ་པའི་སྐྱོན་ནི། གོང་མའི་དོན་ལས་བཟློག་སྟེ་མི་འགྲུབ་པ་དང་། འབྲས་བུ་མེད་ཅིང་འཁོར་བའི་གནས་སུ་སྡུག་བསྔལ་བ་དང་ཡུན་རིང་དུ་ཐར་བར་མི་འགྱུར་རོ། །ཕྱི་དབང་འདི་ལ་ཡང་། ཕྱི་ནང་གསང་བ་གསུམ་སྟེ། དབང་རྫས་རིམ་པར་ཚོགས་པར་བྱས་ཏེ་དབང་བསྐུར་བ་ནི་ཕྱིའི་འོ། །དེ་རྣམས་ཏིང་ངེ་འཛིན་གྱིས་བསྐུར་བ་ནི་ནང་གིའོ། །དེ་རྣམས་ཀྱི་དོན་ཤེས་ཤིང་བློ་ལ་བསྒོམ་པ་ནི་གསང་བའི་དབང་ངོ་། །སློབ་མ་དཀྱིལ་འཁོར་དུ་བཅུག་སྟེ་ཕྱིའི་དབང་བསྐུར་བ་ཞེས་བྱ་བའི་དོན་ཏོ། ༼༢༽ །དེ་ནས་སློབ་མ་ལ་ནང་གི་དབང་བསྐུར་བ་ལ་དོན་བཞི་སྟེ། ཡུམ་ཤེས་རབ་མ་བརྟག་ཅིང་བྱིན་གྱིས་བརླབས་པ་དང་། གཉིས་སུ་མེད་པའི་སྦྱོར་བ་བརྩམ་པ་དང་། བྱང་ཆུབ་སེམས་ཀྱིས་དབང་བསྐུར་བ་དང་། དབང་འདི་ཐོབ་པའི་ཡོན་ཏན་དང་། མ་ཐོབ་པའི་སྐྱོན་བསྟན་པའོ། ༡༽ །དེ་ལ་ཡུམ་ཤེས་རབ་མ་བརྟག་ཅིང་བྱིན་གྱིས་བརླབས་པ་ལ་གཉིས་ཏེ། ཡུམ་ཤེས་རབ་མ་བརྟག་ཅིང་དངོས་གྲུབ་འདོད་པར་གསོལ་བ་གདབ་པ་དང་། བླ་མས་བདག་དང་ཤེས་རབ་མ་བྱིན་གྱིས་བརླབས་པའོ། །དོན་དེ་གཉིས་བསྟན་པ་གང་སྙམ་པ་ལ། སྐབས་སྦྱོར་དགུ་པ་རིགས་ཀྱི་ཡུམ་བྱིན་གྱིས་བརླབ་པའི་སྐབས། གཡོན་ཕྱོགས་གནས་ལ་ཚུལ་བཞིན་དུ། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །གར་མཁན་ཚུལ་འདྲ་སྒྱུ་མའི་རྒྱ། །དེ་ལ་འཇའ་ཚོན་བཞིན་དུ་གསལ། །འདོད་ཆགས་ཡེ་ཤེས་གསལ་བའི་ཕྱིར། །འབར་བ་སྣ་ཚོགས་འཁྲིགས་པའི་འོད། །ཐབས་ཤེས་རྒྱལ་མོར་བྱིན་གྱིས་བརླབ། །ཞེས་པས་བསྟན་ཏེ། དེ་ལ་༡༽ཡུམ་ཤེས་རབ་མ་དེ་བརྟག་ཅིང་སློབ་མས་དངོས་གྲུབ་འདོད་པར་གསོལ་བ་གདབ་པ་གང་སྙམ་པ་ལ། གཡོན་ཕྱོགས་གནས་ལ་ཚུལ་བཞིན་དུ། །ཞེས་པས་བསྟན་ཏེ། ཡུམ་ཤེས་རབ་མ་དེ་བརྟག་པ་ཡང་། རྟོགས་པའི་བློ་ཅན་སློབ་མ་དེས་བརྟག་པར་བྱ་སྟེ། འོག་ནས། ཡིད་འོང་བཀྲ་ཤིས་རིགས་ཀྱི་ཡུམ། །ཞེས་སྨོས་པ་ལ་བཤད་པ་ལྟར་བརྟགས་ལ། ཚུལ་དགུ་དང་ལྡན་ཞིང་། ལུས་ཀྱི་མཚན་ཉིད་རྟགས་དང་ལྡན་པ། ངག་གི་མཚན་ཉིད་དབྱངས་སྙན། སེམས་ཀྱི་མཚན་ཉིད་རེ་དོགས་མེད། འགྲོ་ན་འཇམ། འདུག་ན་དྲང་། ཚིག་གསལ། ལུས་ནི་མཉེན། ངག་དལ། སེམས་རླིང་བའོ། །ཡོན་ཏན་བརྒྱད་དང་ལྡན་པའི་བླ་མ་དེ་ལ་དབུལ་ཏེ། དེ་ཡང་བསྒྲུབ་པ་ཆེན་པོའི་དུས་སུ། ཤར་ཕྱོགས་སུ་ཁྲི་སྟན་བདེ་བའི་ཁར་བླ་མ་བཞུགས། དེའི་གཡོན་ཕྱོགས་སུ་ཡུམ་ཤེས་རབ་མ་དེ་དབུལ་ལོ། །བླ་མ་རྡོ་རྗེ་སློབ་དཔོན་གྱིས་ཀྱང་། ཡུམ་ཤེས་རབ་མ་དེ་ལ་ཆོས་རྒྱུ་འབྲས་མི་བསླུ་བའི་གདམས་ངག་ངེས་པར་བཤད་དེ། ངག་མཉན་པར་གྱུར་པ་དང་། གསང་བའི་དཀྱིལ་འཁོར་དུ་བཅུག་པ་དང་། སྦྱོར་ཐབས་ཀྱི་གཙུག་ལག་ལ་མཁས་པར་གྱིས་ཤིག །ཅེས་བསྒོ་ནས། གོང་དུ་བསྡད་པ་ལྟར་ཕྱི་ནང་གི་སྟན་བདེ་བ་ལ་ཡབ་ཡུམ་གནས་པའི་སྤྱན་སྔར། སློབ་མས་དངོས་གྲུབ་ཀྱི་དོན་འདོད་པར་བྱས་པའི་ཕྱིར། འབྲས་ཀྱི་ཆང་དྲངས་ལ། གསེར་དང་གཡུ་ལ་སོགས་པའི་མེ་ཏོག་ཐོགས་ལ། འདི་སྐད་དུ། ཇི་ལྟར་དུས་གསུམ་རྒྱལ་བ་ཡིས། །དམ་ཆོས་བདུད་རྩིའི་ཆར་ཕབ་པས། །སྐལ་ལྡན་འགྲོ་བའི་རྒྱུད་སྦྱངས་ཤིང་། །སྐལ་མེད་ཀུན་གྱི་སྐྱབས་མཛད་ལྟར། །དེ་རིང་རྡོ་རྗེ་སློབ་དཔོན་གྱི། །ཞབས་ལ་བཏུད་དེ་ཞུ་བ་ནི། །བདག་གི་རྒྱུད་རྣམས་སྦྱང་བ་དང་། །འགྲོ་བ་རྣམས་ལ་ཕན་དོན་དུ། །སྔོན་གྱི་རྒྱལ་བས་མཛད་པ་བཞིན། །གསང་བའི་དབང་མཆོག་བསྐུར་དུ་གསོལ། །ཞེས་པ་དང་། བླ་མ་རྡོ་རྗེ་སློབ་དཔོན་གྱིས་ཀྱང་། ཁྱོད་ཉིད་བརྩེ་བས་གཟུང་བ་དང་། །འགྲོ་ཀུན་བྱང་ཆུབ་ཐོབ་བྱའི་ཕྱིར། །དཔལ་ལྡན་བླ་མ་བདག་ཉིད་ཀྱིས། །ཁྱོད་ལ་དབང་མཆོག་སྦྱིན་པར་བྱ། །ཞེས་བརྗོད་ནས། བླ་མས། ཤེས་རབ་མ་དེ་ཉིད་ལུས་ཁྲུས་ལེགས་པར་བྱས་ལ། དྲི་ཞིམ་པོས་ལུས་ལ་བྱུགས་ནས། ཞི་རྟགས་རྒྱན་གྱིས་མཛེས་བྱས་ནས། །ཞེས་འབྱུང་བ་ལྟར། ལུས་ལ་དར་གོས་རྒྱན་ལེགས་པར་བྱས་ཏེ། གཡོན་དུ་བཞག་གོ། །དེ་ཡང་རྒྱུད་ལས། ཐབས་ནི་གཡས་ཀྱི་ཕྱོགས་སུ་སྟེ། །དེ་བཞིན་ཤེས་རབ་གཡོན་དུའོ། །ཞེས་གསུངས་པའོ། །དེ་ལ། ཚུལ་བཞིན་དུ། །ཞེས་པ་ནི། རྣལ་འབྱོར་ནང་པའི་ལུགས་ཀྱིས་ཕྲིན་ལས་རྣམ་པ་བཞི་ལ། ཞི་རྒྱས་དབང་དྲག་འདུག་སྟངས་ཀྱི་ཚུལ་རེ་རེ་ཡོད་པ་ལས། འདིར་སེམས་བདེ་བ་ལ་འབེབས་པ་ཡིན་པས། ཞི་བའི་ཚུལ་བཞིན་དུ་འདུག་པར་བྱ་བ་ཡིན་ནོ། །བླ་མས་༢༽བདག་དང་ཡུམ་ཤེས་རབ་མ་གཉིས་བྱིན་གྱིས་བརླབས་པ་ལ་གསུམ་ཏེ། ཐ་མལ་པ་ལྷའི་སྐུར་བྱིན་གྱིས་བརླབས་པ་དང་། ལུས་ལ་ལྷ་བཀོད་དེ་བྱིན་གྱིས་བརླབས་པ་དང་། ཡེ་ཤེས་ཀྱི་བྱིན་རླབས་བསྡུས་ཏེ་བྱིན་གྱིས་བརླབས་པའོ། ༡༽ །དེ་ལ་ཐ་མལ་པ་ལྷའི་སྐུར་བྱིན་གྱིས་བརླབས་པ་གང་སྙམ་པ་ལ། ཇི་ལྟར་འདོད་པ་བཞིན་དུ་སྦྱར། །ཞེས་པས་བསྟན་ཏེ། ཞི་བ་ལ་བདག་ཉིད་རྡོ་རྗེ་སེམས་དཔའ་འམ། ཁྲོ་བོ་ལ་དཔལ་ཆེན་པོ་གང་རུང་དུ་བསྒོམ་པའི་གཡོན་ན། མི་ཡིད་དུ་འོང་བ་མོ་དེ། ཇི་ལྟར་འདོད་པའི་ཡུམ་ཀུན་ཏུ་བཟང་མོའམ། ཀྲོ་ཏི་ཤྭ་རི་མའི་རང་བཞིན་དུ། ཐ་མལ་པ་ལས་ལྷའི་སྐུར་སྦྱང་ཞིང་བྱིན་གྱིས་བརླབ་པར་བྱ་བ་ཡང་། ཡུམ་དེའི་རང་བཞིན་གྱིས་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཡིན་པའི་རྟགས་སུ། དེའི་སྙིང་ཁར་ཡི་གེ་ཨ་དཀར་པོ་གཅིག་བསམ་ལ། དེ་ལས་འོད་འཕྲོས་པས་དེའི་ཉེ་བར་ལེན་པའི་ཕུང་པོ་བསྲེགས་སྦྱངས་ནས། སླར་ཨ་གཞིའོ་ལ་འདུས་ཏེ། ཨ་གཅིག་པུར་གནས་པ་ལས། ཨ་དེ་ཡང་ཇེ་ཆུང་ཇེ་ཆུང་ལ་མཇུག་ཏུ་སྒྲ་ཙམ་མོ། །སྒྲ་དེ་ཡང་མཐར་སྟོང་སྟེ་ཅི་ཡང་དམིགས་སུ་མེད་པའི་ངང་དུ་བསྒོམ་མོ། །དེའི་ངང་ལས། ཧཱུྃ་ཞེས་བརྗོད་པས། ཧཱུྃ་མཐིང་ནག་ཚོན་གང་བ་གཅིག་ཏུ་གསལ་ལོ། །དེ་འཕྲོས་ཤིང་འདུས་པ་ལས། ཡུམ་ཀུན་ཏུ་བཟང་མོའམ། ཡུམ་ཀྲོ་ཏི་ཤྭ་རི་མའི་རང་བཞིན་དུ་བྱིན་གྱིས་བརླབས་བོ། ༢༽ །ལུས་ལྷ་བཀོད་དེ་བྱིན་གྱིས་བརླབས་པ་ལ། ལུང་གཉིས་ཏེ། ཞི་བའི་ལྷ་དགོད་པ་དང་། ཁྲོ་བོའི་ལྷ་དགོད་པའོ། །དེ་ཡང་དཀྱུས་གཅིག་ལ་ཟུར་གཉིས་པར་བསྟན་ཏེ། ཞི་བའི་ལྷ་བཀོད་དེ་བྱིན་གྱིས་བརླབས་པ་གང་སྙམ་པ་ལ། གར་མཁན་ཚུལ་འདྲ་སྒྱུ་མའི་རྒྱ། །དེ་ལ་འཇའ་ཚོན་བཞིན་དུ་གསལ། །ཞེས་པས་བསྟན་ཏེ། དེ་ལ་ཡབ་ཐབས་ཀྱི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔར་གསལ་བའི། སྤྱི་བོར་ༀ་ལས་རྣམ་པར་སྣང་མཛད་ལ་རིགས་བཞིའི་སངས་རྒྱས་ཕྱོགས་བཞིར་རྡོར་སེམས། རིན་འབྱུང་། སྣང་མཐའ་། དོན་གྲུབ། ཀྱི་བསྐོར་བ་དང་། ལྕེ་སྟེང་དུ་ཨཾ་ལས་སྣང་བ་མཐའ་ཡས་ལ་པདྨའི་རིགས་ཀྱི་སེམས་དཔའ་ཆོས་ཀྱི་སེམས་དཔའ། རྡོ་རྗེ་རྣོན་པོ། རྡོ་རྗེ་འཁོར་ལོ། རྡོ་རྗེ་སྨྲ་བ། བཞིས་བསྐོར་བར་བསམ་པ་དང་། སྙིང་ཁར་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་ལ། རྡོ་རྗེའི་རིགས་ཀྱི་སེམས་དཔའ་རྡོ་རྗེས་སེམས་པ། རྡོ་རྗེ་རྒྱལ་པོ། རྡོ་རྗེ་འདོད་པ། རྡོ་རྗེ་ལེགས་པ། བཞིས་བསྐོར་བར་བསམ་པ་དང་། ལྟེ་བར་སྭཱ་ལས་རིན་པོ་ཆེ་འབྱུང་ལྡན་ལ། རིན་པོ་ཆེའི་རིགས་ཀྱི་སེམས་དཔའ་རྡོ་རྗེ་རིན་ཆེན། རྡོ་རྗེ་གཟི་བརྗིད། རྡོ་རྗེ་རྒྱལ་མཚན། རྡོ་རྗེ་བཞད་པ། བཞིས་བསྐོར་བར་བསམ་པ་དང་། གསང་བར་ཧཱ་ལས་དོན་ཡོད་གྲུབ་པ་ལ། ལས་ཀྱི་རིགས་ཀྱི་སེམས་དཔའ་རྡོ་རྗེ་ལས། རྡོ་རྗེ་ཁུ་ཚུར། རྡོ་རྗེ་སྲུང་བ། རྡོ་རྗེ་མཆེ་བ། བཞིས་བསྐོར་བར་བསམ་པ་དང་། ཡན་ལག་བཞི་ལ་ཧཱུྃ་ལས་ཁྲོ་བོ་བཞིར་ལག་གཡས་གཤིན་རྗེ་གཤེད། གཡོན་པ་སྟོབས་པོ་ཆེ། རྐང་གཡས་རྟ་མགྲིན། རྐང་གཡོན་བདུད་རྩི་འཁྱིལ་བ། བསམ་པར་བྱ་སྟེ། རིགས་སོ་སོའི་སྙིང་པོས་བྱིན་གྱིས་བརླབས་པར་བྱའོ། །དེ་ཡང་རྒྱུད་ལས། ཐབས་ཀྱི་བདག་ཉིད་གནས་ལྔ་རུ། །དཔའ་བོ་འབྲུ་ལྔའི་སྙིང་པོ་ལ། །རྒྱས་བཏབ་བྱིན་བརླབས་དབང་བསྐུར་ནས། །བདེ་གཤེགས་ཡབ་ལྔའི་དཀྱིལ་འཁོར་གསལ། །ཞེས་གསུངས་སོ། །དེ་ལ་ཡུམ་ཤེས་རབ་མ་ཀུན་ཏུ་བཟང་མོར་གསལ་བ་དེའི་གནས་ལྔ་རུ་ཡང་། རིགས་ཀྱི་ཡུམ་ལྔ་དང་། སེམས་མ་བཅུ་དྲུག་སོ་སོར་བཀོད་དེ་བསྒོམ་པ་དང་། ནི་མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ། ལས། སྤྱི་བོར་སངས་རྒྱས་སྤྱན་མ་ལ་ཡུམ་ཆེན་བཞིས་བསྐོར་བ། ལྕེ་ལ་གོས་དཀར་མོ། སྙིང་ཁར་རྡོ་རྗེ་དབྱིངས་ཕྱུག་མ། ལྟེ་བར་མཱ་མ་ཀཱི། གསང་བར་དམ་ཚིག་སྒྲོལ་མ་བཅས་ཡུམ་རེ་རེ་ལ་སེམས་མ་བཞི་བཞིས་བསྐོར་བའོ། །ཡན་ལག་བཞི་ལ་སྒོ་མ་བཞི་ལག་གཡས་ལྕགས་ཀྱུ། གཡོན་ཞགས་པ། རྐང་གཡས་ལྕགས་སྒྲོག །གཡོན་དྲིལ་བུ་མའོ། །དེ་རྣས་རིགས་སོ་སོའི་སྙིང་པོས་བྱིན་གྱིས་བརླབས་པར་བྱ་སྟེ། དེ་ཡང་རྒྱུད་ལས། དེ་ཡི་གཟུགས་ཀྱི་ཕུང་པོ་ལ། །བདེ་བར་གཤེགས་པའི་ས་བོན་ལྔ། །འཕྲོ་འདུ་གསལ་བར་གྱུར་པ་དེ། །རྒྱས་བཏབ་བྱིན་བརླབས་དབང་བསྐུར་ན། །བདེར་གཤེགས་ཡུམ་ལྔའི་དཀྱིལ་འཁོར་གསལ། །ཞེས་འབྱུང་བ་དང་། ཡང་རྒྱུད་ལས། སྤྱི་བོའི་གཙུག་དང་ལྕེ་ཡི་སྟེང་། །ནུ་མའི་བར་དང་ལྟེ་བའི་སྟེང་། །གསང་གནས་ཡན་ལག་རྣམས་སུ་ནི། །ཡུམ་ལྔ་སེམས་མ་སྒོ་མ་དགོད། །ཅེས་འབྱུང་སྟེ། དེ་ལྟར་བྱིན་གྱིས་བརླབས་པའི་ཡབ་ཡུམ་དེའི་སྤྱོད་པ་ཡང་། གར་མཁན་གྱི་ཚུལ་དང་འདྲ་བར། ཡབ་ཡུམ་གཅིག་ལ་གཅིག་མཉེས་པར་བྱེད་པའི་ཐབས་སྣ་ཚོགས་སྩོལ་བ་ལ་མཁས་པ། སྒྱུ་མ་ལྟ་བུ་སྣང་ལ་རང་བཞིན་མེད་པའི་སྐུ་ཕྱག་རྒྱར་བསྒོམ་པ་དེ་ལ། རིགས་ལྔ་ཚོམ་བུ་ལྔའི་དཀྱིལ་འཁོར་གཅིག་ལ་གཅིག་མི་བསྒྲིབ་པར། སོ་སོའི་རང་རང་གི་སྐུ་མདོག་དང་ཕྱག་མཚན་སོ་སོར་གསལ་བའི་དཔེ་ནི། ནམ་མཁའི་འཇའ་ཚོན་བཞིན་དུ་གསལ་བར་བསྒོམ་མོ། །དེ་ལ་ཁྲོ་བོའི་ལྷ་བཀོད་དེ་བྱིན་གྱིས་བརླབས་པ་ནི། གར་མཁན་ཚུལ་འདྲ་སྒྱུ་མའི་རྒྱ། །དེ་ལ་འཇའ་ཚོན་བཞིན་དུ་གསལ། །ཞེས་པ་ལ། ཡབ་ཡུམ་དེ་གཉིས་ཐ་མལ་པ་ལས། ལུས་སེམས་གར་ཡང་བསྒྱུར་དུ་བཏུབ་པའི་དཔེ་ནི། གར་མཁན་གྱི་ཚུལ་ཇི་ལྟ་བ་དང་འདྲ་སྟེ། རང་རང་གི་ཡིག་འབྲུ་དང་། སྔགས་དང་ཏིང་ངེ་འཛིན་གྱིས། ལྷའི་སྐུར་བྱིན་གྱིས་བརླབས་པ་དེ། གདོས་པ་ཅན་མ་ཡིན་ཞིང་། སེམས་ཀྱི་ཆོ་འཕྲུལ་དུ་ཤར་བའི་དཔེ་ནི་སྒྱུ་མ་དང་འདྲ་ལ། དེ་ལ་བདག་དཔལ་ཆེན་པོར་གསལ་བའི། སྤྱི་བོར་ཧཱུྃ་ཀ་ར། དཔྲལ་བར་རྣམ་པར་རྒྱལ་པ། ལྕེ་ལ་དཔལ་རྟ་མགྲིན། སྙིང་གར་བདུད་རྩི་འཁྱིལ་བ། ལྟེ་བར་གཤིན་རྗེ་གཤེད་པོ། ལག་པ་གཡས་པ་ལ་ཁམས་གསུམ་རྣམ་པར་རྒྱལ་བ། གཡོན་མི་གཡོ་མགོན་པོ། རྐང་པ་གཡས་པ་ལ་གཞན་གྱིས་མི་ཐུབ་པ། གཡོན་དབྱུག་པ་སྔོན་པོ། གསང་གནས་སུ་སྟོབས་པོ་ཆེ། བ་སྤུའི་བུ་ག་ཐམས་ཅད་ནས་ཁྲོ་ཆུང་ཚོན་གང་བ་མང་པོས་གཏམས་པར་བསྒོམས་ཏེ། ཡུམ་ཡང་ཀྲོ་ཏི་ཤྭ་རི་མར་གསལ་བའི། སྤྱི་བོར་ཀའུ་རི་མ། སྙིང་ཁར་ཙའུ་རི་མ། ལྕེ་སྟེངས་སུ་པྲ་མོ་ཧ། ལྟེ་བར་བཻ་ཏ་ལི། ཕྲག་པ་གཡས་པ་ལ་པུཀྐ་སི། ཕྲག་པ་གཡོན་པ་ལ་ཀས་མ་རི། སྟ་ཟུར་གཡས་པ་ལ་སྨ་ཤ་ནི། སྟ་ཟུར་གཡོན་པ་ལ་ཙནྡྷ་ལི། དཔུང་པ་གཡས་ལ་སིདྷ་མུ་ཀ །དཔུང་པ་གཡོན་ལ་བྱཱ་གྷྲྀ་མུ་ཀ །བརླ་གཡས་པ་ལ་སྲི་ལ་མུ་ཀ །བརླ་གཡོན་པ་ལ་ཤྭོ་ན་མུ་ཀ །ལག་ངར་གཡས་པ་ལ་ཀྲི་ཏ་མུ་ཀ །ལག་ངར་གཡོན་པ་ལ་ཀངྒ་མུ་ཀ །རྗེ་ངར་གཡས་པ་ལ་ཁྭ་ཁྭ་མུ་ཀ །རྗེ་ངར་གཡོན་པ་ལ་ཧུ་ལུ་མུ་ཀ །མཁྲིག་མ་གཡས་པ་ལ་རྟ་གདོང་མ། མཁྲིག་མ་གཡོན་པ་ལ་ཕག་གདོང་མ། རྐང་བོལ་གཡས་པ་ལ་ལྕགས་སྒྲོག་མ། རྐང་བོལ་གཡོན་པ་ལ་དྲིལ་བུ་མ། སྒལ་ཚིགས་ནས་མར་ལ་དབང་ཕྱུག་མ། དེ་ལྟར་ཡབ་ཡུམ་གྱི་སྐུ་རེ་རེ་ལ། ཡེ་ཤེས་ཀྱི་བྱེ་བྲག་གི་སྐུ་མང་པོ་ཤར་བའི་དཔེ་ནི། ནམ་མཁའི་འཇའ་ཚོན་བཞིན་དུ་སྣང་ལ་རང་བཞིན་མེད་པ། གསལ་ལ་གདོས་པ་མེད་པར་བསྒོམ་མོ། །དེ་ལྟར་བྱིན་གྱིས་བརླབས་ནས། ༣༽ ཡེ་ཤེས་ཀྱི་བྱིན་རླབས་བསྡུས་ཏེ་བྱིན་གྱིས་བརླབས་པ་གང་སྙམ་པ་ལ། འདོད་ཆགས་ཡེ་ཤེས་གསལ་བའི་ཕྱིར། །འབར་བ་སྣ་ཚོགས་འཁྲིགས་པའི་འོད། །ཐིམ་པས་རྒྱལ་མོར་བྱིན་གྱིས་བརླབས། །ཞེས་པས་བསྟན་ཏེ། དེ་ཡང་ཕྱིན་ཅི་ལོག་གི་འདོད་ཆགས་མ་སྤངས་པར་དངོས་སུ་སྤྱད་པས། འདོད་ཆགས་རང་དག་ཏུ་ཟད་པར་བྱས་ཏེ། ཡང་དག་པའི་ཡེ་ཤེས་སུ་གསལ་བའི་ཕྱིར། ཡབ་ཡུམ་གྱི་སྐུ་ལས་ཡེ་ཤེས་རོལ་པའི་སྐུར་ཤར་བའི་སྐུ་སོ་སོ་ལས། སྟག་རྒོད་འཛུམ་པའི་མདངས་དང་ལྡན་པ་དེ་རྣམས། ཐུགས་རྗེ་ཡེ་ཤེས་ཀྱི་འོད་ཟེར་འབར་བ་དང་། སྐུ་མདོག་དང་། ཕྱག་མཚན་དང་། ཆ་ལུགས་སྣ་ཚོགས་པ་ཀུན་འཁྲིགས་པའི་འོད། ཅེས་པ། ལྷ་རྣམས་སོ་སོར་བལྟས་པའམ། ཡིད་འཕྲད་པའམ། ལག་པ་འཕྲད་པའམ། འོ་བྱས་པ་ཙམ་གྱིས། སྐུའི་གནས་དང་ལྷག་པ་བྱང་ཆུབ་སེམས་ལས། ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་ལྔ་ལྔ་ཉི་ཤུ་རྩ་ལྔ་འཕྲོས་པས། རང་བཞིན་ལྷུན་གྱིས་གྲུབ་པ་ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐུལ་ཞིང་། ཡེ་ཤེས་ཀྱི་འོད་ཟེར་གྱིས་སྤྱན་དྲངས་ནས། མདུན་གྱི་ནམ་མཁའ་ལ་བཞུགས་པར་བསམ་ཞིང་། ཞི་ཁྲོའི་ཕྲིན་ལས་ལས་འབྱུང་བ་བཞིན། ཡེ་ཤེས་པའི་དལ་སྤྱན་དྲངས་པ་དང་། བཞུགས་སུ་གསོལ་བ་དང་། ཕྱག་འཚལ་བ་དང་། མཆོད་པ་དབུལ་བ་དང་། བསྟོད་པ་བྱས་ནས། དབྱེར་མེད་པར་ཡབ་ཡུམ་གཉིས་ལ། ཡབ་ལ་ལྷ་ཐིམ། ཡུམ་ལ་ལྷ་མོ་ཐིམ་པར་བསྒོམ་པ་ནི། རྒྱུད་ལས། ལྷ་རྣམས་བལྟས་འཕྲད་འོད་ཟེར་གྱིས། །དཀྱིལ་འཁོར་སྤྱན་དྲངས་མཆོད་བསྟོད་ནས། །ཕབ་སྟེ་ཐིམ་པས་ཡབ་ཡུམ་གཉིས། །རྒྱལ་པོ་རྒྱལ་མོར་བྱིན་གྱིས་བརླབས། །ཞེས་གསུངས་སོ། །དེ་ལ་རང་བཞིན་གྱི་དཀྱིལ་འཁོར་ཡབ་ཡུམ་ལ་ཐིམ་པར་གྱུར་པ་དེ། ཡབ་ནི་རྡོ་རྗེ་རྒྱལ་པོ་ཡིན་ལ། དེའི་ཡུམ་རྡོ་རྗེ་རྒྱལ་མོ་ཡིན་པས། ཡུམ་ཡང་ཡེ་ཤེས་ཀྱི་ཡུམ་ཀུན་ཏུ་བཟང་མོའམ། ཀྲོ་ཏི་ཤྭ་རི་མ་ཁོ་ནར་བསྒོམ་ཞིང་བྱིན་གྱིས་བརླབ་བོ། །ཅེས་བྱ་བའི་དོན་ཏོ། ༢༽ །གཉིས་སུ་མེད་པའི་སྦྱོར་བ་བརྩམ་པ་གང་སྙམ་པ་ལ། ཡབ་ཡུམ་གཉིས་མེད་སྦྱོར་བ་ཡིས། །ཞེས་པས་བསྟན་ཏེ། དེ་ལ་སྐབས་འདིར་རྩོལ་བས་དངོས་སུ་སྦྱོར་བར་བྱ་སྟེ། དེ་ཡང་འོག་ནས་འབྱུང་བའི། ཡེ་ཤེས་དམ་ཚིག་ཆེན་པོ་ཡི། །པདྨོ་རིན་ཆེན་ལྡན་བྱས་ནས། །བདེ་མཆོག་སྒྱུ་མའི་བརྡས་མཚོན་ཏེ། །དབྱིངས་ཀྱི་བདེ་ཆེན་འབྱུང་བ་ནི། །རང་རིག་ཡེ་ཤེས་དེ་ལས་འོད། །ཇི་བཞིན་མཁའ་ལ་གསལ་བ་དག །དྲི་མེད་ཉི་མའི་འོད་བས་འཚེར། །བྱང་ཆུབ་སེམས་འདི་ཀུན་ཏུ་དག །ཁམས་གསུམ་རབ་ཏུ་འདས་ནས་ཀྱང་། །མ་ལུས་སྙིང་རྗེས་ཁྱབ་བྱས་ཏེ། །འདོད་པར་བྱ་བ་རབ་ཏུ་མཉེས། །འོད་འདུས་ཐོག་མའི་གཟུགས་ལ་གཟུད། །ཅེས་པའི་ཚིག་རྐང་བཅུ་གཉིས་པོ་འདིར་སྦྱོ་བར་བྱ་སྟེ། དེ་ལ་ཡབ་ཡེ་ཤེས་ཆེན་པོའི་བདག་ཉིད་དང་། ཡུམ་གཟུངས་མ་དམ་ཚིག་མ་གཉིས། ཕྱག་རྒྱ་ཆེན་པོ་བཞི་དང་ལྡན་པ་དེའི་མཁའ་རྣམ་གཉིས་བྱིན་གྱིས་བརླབས་པར་བྱ་བ་ནི། ཡབ་ཀྱི་ཐུགས་ཀ་ནས་ཡི་གེ་བྷྲཱུྃ་གཅིག་ཡུམ་གྱི་མཁའ་ལ་འཕྲོས་པ་ལས། མཁའ་དེ་ཉིད་ཟླ་གམ་དམར་པོ་དབང་གི་གཞལ་མེད་ཁང་པདྨའི་གདན་དང་ལྡན་པ་ལ། ཡུམ་གྱི་བྱང་ཆུབ་སེམས་ཀྱི་རང་བཞིན་ཨཾ་དམར་ལ་དྭངས་པ་གཅིག་གསལ་བར་བསྒོམ་མོ། །ཡུམ་གྱི་ཐུགས་ཀ་ནས་ཡི་གེ་ཧཱུྃ་གཅིག་ཡབ་ཀྱི་མཁའ་ལ་འཕྲོས་པ་ལས། རྡོ་རྗེ་རྩེ་ལྔ་པ་གྱུར་པའི་སྟེང་། ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཡབ་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་རང་བཞིན་ༀ་དཀར་པོ་གཅིག་གསལ་བར་བསྒོམ་མོ། །དེ་ལྟར་ཡབ་ཡུམ་གྱི་མཁའ་གསང་པདྨ་དང་རིན་པོ་ཆེ་དང་ལྡན་པར་བྱས་ཏེ། ལུང་གིས་ཀྱང་གསལ་གདབ། དེའི་དུས་སུ་སྦྱོར་བའི་བརྡས་བསྐུལ་བ་ཡང་། ཉན་ཐོས་དང་འཇིག་རྟེན་པ་ལ་ལྟོས་ན་ལྷན་སྐྱེས་བདེ་བ་དང་མཆོག་ཏུ་གྱུར་པའི་སྦྱོར་བ་མཛད་པའི་ཕྱིར། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ནས། ས་མ་ཡ་སྟྭཾ། ཞེས་དུས་ལ་བབ་ཅེས་ཡུམ་གྱིས་བསྐུལ། ས་མ་ཡ་ཧོཿས་དུས་ཡིན་ནོ་ཞེས་ལན་བྱིན། རཱ་ག་ཡ་ཧོཿས་བདག་ཆགས་སོ་ཞེས་བསྐུལ། རཱ་ག་ཡ་མི། ས་ཆགས་པར་བགྱིའོ་ཞེས་ལན་སྦྱིན། ཞེས་པས་སྦྱོར་བའི་བརྡས་བསྣོལ་མར་བསྐུལ་ཞིང་མཚོན་ཏེ། ཛཿ ཞེས་ལྕགས་ཀྱུའི་ཕྱག་རྒྱས་ལུས་ཀྱི་ཆ་རྣམས་རེག །ཧཱུྃ་ཞེས་ཞགས་པའི་ཕྱག་རྒྱས་སྟོད་སྨད་ནས་འཁྱུད། བྃ་ཞེས་ལྕགས་སྒྲོག་ཕྱག་རྒྱས་མཁའ་གསང་དམ་དུ་སྤྲད། ཧོཿ ཞེས་དྲིལ་བུའི་ཕྱག་རྒྱས་ཡབ་ཀྱིས་གསོར་ཡུམ་གྱིས་བསྐྱོད་པ་སོགས་བྱའོ། །མཆན། ཞེས་པས་ཕྱག་རྒྱ་བཞིས་འདུ་བ་མཛད་དེ། པདྨ་ས་མ་ཡོ་གི་པྲ་བེ་ཤ་ཕཊ་ཀྱིས་ཡུམ་གྱི་པདྨ་ཟུམ་པ་ཁ་ཕྲལ་ཏེ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་རིག་པ་དབྱིངས་སུ་འཇུག་པའི་ཕྱིར། རྡོ་རྗེ་ཕུལ་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཛྙཱ་ན་བཛྲ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད་པས། ཡབ་ཀྱི་བྱང་ཆུབ་ཀྱི་སེམས་ལུས་ཀྱི་གནས་ཐམས་ཅད་ནས ༀ་གྱིས་བསྡུས་ཤིང་ཧཱུྃ་གིས་བསྐྱོད་པས། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བྱང་ཆུབ་སེམས་བདེ་བ་ཆེན་པོ་བསྐུལ་ནས། ཕཊ་ཀྱིས་ཡུམ་གྱི་མཁའ་ལ་བབས་པར་གྱུར་པ་ན། རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་ལྷག་པའི་བྱང་ཆུབ་ཀྱི་སེམས་ལ་ཟླ་བལྟ་བུར་གནས་པ་དེ་ལས་འོད་ཟེར་འཕྲོ་བ་དེ་ཇི་ལྟ་བུའི་རང་བཞིན་དུ། གསང་བའི་མཁའ་ལ་གསལ་ཞིང་དག་པར་གྱུར་པ་ནི། དཔེར་ན་སྒྲིབ་གཡོགས་ཀྱི་དྲི་མ་མེད་པའི་ནམ་མཁའ་དང་བ་ལ། ཉི་མ་ཤར་བའི་འོད་ཀྱིས་གསལ་བ་འཚེར་ཏེ། དེས་ནི་དུས་དང་གནས་སྐབས་ཀུན་ཏུ་གཟུང་འཛིན་གྱི་དྲི་མ་དག་གོ། །དེ་ཅིའི་ཕྱིར་ན། འདོད་ཆགས་ཡེ་ཤེས་ཀྱིས་གསལ་བའི་ཕྱིར་རོ། །དེ་ལྟ་བུའི་འོད་ཟེར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས། དངོས་པོ་ཐམས་ཅད་བསྲེགས་སྦྱངས་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་གྱུར་ཏོ། །ནང་བཅུད་ཀྱི་འཇིག་རྟེན་ཁམས་གསུམ་ན་གནས་པའི་སེམས་ཅན་ལ་ཕོག་པས། ལས་དང་ཉོན་མོངས་པའི་རྟོག་སྒྲིབ་བསྲེགས་སྦྱངས་ཏེ། སངས་རྒྱས་ཀྱི་ས་ལ་བཀོད། དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། ནམ་མཁའ་མཐས་གཏུགས་པའི་ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པ་ཐམས་ཅད་དུ་འཕྲོས་པས། དེ་ན་གནས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་སྙིང་རྗེ་ཆེན་པོའི་རླན་དང་བཅས་པར་ཁྱབ་པ་བྱས་ནས། གང་དང་གང་ལ་མོས་ཤིང་ཐོབ་པར་འདོད་པ་དེ་དག་ལ། རེ་བ་བསྐངས་ཤིང་ཕན་བཏགས་པས། དགའ་བ་བསྐྱེད་པའི་སྒོ་ནས་སངས་རྒྱས་ཀྱི་ས་ལ་བཀོད་དོ། །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་གཞན་གྱིས་བསྒྲུབ་ཅིང་ཐོབ་པར་འདོད་པ་འཁོར་དང་བཅས་པ་ལ་ཕོག་པས། ཕྱི་ནང་གསང་བ་གསུམ་གྱི་མཆོད་པ་ཕུལ་ཏེ། དེ་དག་རབ་ཏུ་མཉེས་པར་བྱས་ཏེ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུས་ནས། འོད་ཟེར་དེ་དག་སླར་ཐོག་མའི་གཟུགས་ཀྱི་མཁའ་ལ་འདུས་ཏེ་བཙུད་པས། བྱང་ཆུབ་ཀྱི་སེམས་གཟུགས་བརྙན་དེ་ཡང་རབ་ཏུ་གསལ་བར་གྱུར་པར་བསྒོམ་མོ། །སྒྱུ་འཕྲུལ་ལས་ཀྱང་། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །བདེ་བའི་འབྲུ་ཚོགས་གསལ་བའི་རྒྱུན། །རྡོ་རྗེའི་ལམ་ནས་པདྨོར་འཁྱིལ། །ཞེས་གསུངས་སོ། ༣༽ །དེ་ལ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་ལ་གཉིས་ཏེ། བྱིན་གྱིས་བརླབས་པ་དང་། དབང་བསྐུར་བའོ། །བྱིན་གྱིས་བརླབས་པ་ལ་གཉིས་ཏེ། ཐ་མལ་པ་བྱིན་གྱིས་བརླབ་པ་དང་། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེ་ལྟར་བྱིན་གྱིས་བརླབས་པའོ། །དེ་བསྟན་པའི་ཕྱིར། ཡབ་ཡུམ་གཉིས་མེད་སྦྱོར་བ་ཡི། །བྱང་ཆུབ་སེམས་དེ་བླངས་ནས་ནི། །ཞེས་གསུངས་པ་ནི། ཧེ་རུ་ཀའི་གལ་པོ་ལས། །རྒྱལ་པོ་ཡབ་ཡུམ་གཉིས་མེད་སྦྱོར། །རང་རིག་བདེ་འབྱུང་གསལ་བའི་རྒྱུན། །འཕྲོ་འདུ་གསལ་བའི་བྱང་སེམས་ཀྱིས། །སློབ་མ་བྱིན་བརླབ་དབང་བསྐུར་བྱ། །ཞེས་གསུངས་ཏེ། བྱིན་གྱིས་བརླབས་པའི་དུས་འདིར། སློབ་མས་རིག་པའི་མེ་ཏོག་ཐོགས་ནས། གསོལ་བ་གང་སྐད་བཏབས་པས། སློབ་དཔོན་གྱིས་ཀྱང་ལན་གང་སྐད་བརྗོད་ནས། སློབ་མ་འོག་ཕྱོགས་སམ་མདུན་ཕྱོགས་སུ་འདུག་ལ། དེ་ཡང་ཏིང་ངེ་འཛིན་གྱིས་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་འདུག་པར་བསམ་ལ། ཡབ་ཡུམ་གྱི་བྱང་ཆུབ་སེམས། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས། མཁའ་གསང་ན་ལྟེམ་ཞིང་འཁྱིལ་བ་དེ་ལས། བྱང་ཆུབ་སེམས་ཀྱི་འོད་ཟེར་ལན་གཅིག་སྤྱི་བོ་ནས་གཏིམས་པས། ལུས་ངག་ཡིད་གསུམ་གྱི་རྟོག་སྒྲིབ་སྦྱངས་ནས། ཡི་གེ་ཧཱུྃ་དཀར་པོ་ཞིག་ཏུ་གྱུར། དེ་ལས་རྡོ་རྗེས་གྱུར། དེ་ལས་ཡི་དམ་གྱི་ལྷའི་སྐུར་བསྐྱེད་ལ། ལྷའི་མིང་ནས་དྲངས་ཏེ། རྡོ་རྗེ་མིང་གི་དབང་བསྐུར་རོ། །དེ་ནས་ཡབ་ཡམ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དེ། དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་དབྱེར་མེད་པ། ཆོས་ཀྱི་སྐུའི་ངོ་བོར་གནས་པ་ཡིན་ཏེ། དངོས་གྲུབ་ཐམས་ཅད་ཀྱི་ནང་ན་ཡང་མཆོག་ཆེན་པོ་ཡིན་པས། ཡུམ་ཉིད་ཁ་སྦུབ་ནས་མེ་ལོང་ཡུ་བ་ཅན་གྱི་ཐེབ་ཏུ་གཏིགས་ཏེ། ཐག་ཆོད་པ་དང་། དམ་རྫས་བདུད་རྩི་རྣམ་པ་ལྔའི་ཁུ་བ་དང་། མངར་གསུམ་དང་། བྱང་ཆུབ་སེམས་སུ་སྦྱར་ནས། ཚོ་གསུམ་དུ་བཅད་དེ། ཚོ་དང་པོ་ལ། ཡི་གེ་ༀ་ཨཱཿཧཱུྃ་གསུམ་དུ་བྱིན་གྱིས་བརླབས་ཏེ། གསང་བའི་ས་བོན་དང་དབྱེར་མེད་པར་བསྒོམ་པ་དེ། འགུ་ཡ་ལག་གི་མཐེབ་སྲིན་སྦྱོར་བ་ཕྱག་རྒྱ་ཉི་ཟླའི་དཀྱིལ་འཁོར་དུ་གྱུར་པས་བླངས་ཏེ། སྐུ་གསུང་ཐུགས་རྡོ་རྗེ་ལྟར་བྱིན་གྱིས་བརླབ་པ་ནི་གོང་དུ་སྨོས་པ་ལྟར་བྱའོ། །དེ་ནས་དབུ་རྒྱན་གྱིས་ཀྱང་བྱིན་གྱིས་བརླབས་པའོ། །དེ་ནས་བྱང་ཆུབ་སེམས་ཚོ་གཉིས་ཀྱིས་དབང་བསྐུར་བ་ལ་གཉིས་ཏེ། ནུབ་པའི་དབང་ལྔ་བསྐུར་བ་དང་། ཁྱད་པར་དུ་བསྒྲུབ་པའི་དབང་བསྐུར་བ་སྟེ། དེ་བསྟན་པ་གང་སྙམ་པ་ལ། དེ་དག་དངོས་གྲུབ་ཆེན་པོ་བས། །ཇི་ལྟར་འདོད་པར་ནན་ཏན་བྱ། །ཞེས་གསུངས་ཏེ། དེ་ལ་དང་པོ་ནུས་པའི་དབང་ལྔ་ལ། ངག་དོན་དུ་ཉེར་དྲུག་གིས་བསྟན་ཏེ། སྣོད་གང་ལ་དབང་བསྐུར། ད་ལ་གང་དུ་དབང་བསྐུར། དུས་ནམ་བསྐུར། ངོ་བོ་གང་བསྐུར། རྣམ་གྲངས་དུ་ཡོད། ངེས་ཚིག་ཅིའི་ཕྱིར། བསྐུར་ཐབ་ཇི་ལྟར་བྱ། དབང་རྫས་གང་ཡིན། མཚུངས་ལྡན་གྱིས་རྒྱུ་རྐྱེན་གང་གིས་ཐོབ། བསྐུར་ཐབས་གང་དུ། རྐྱེན་གང་གིས། གནས་གང་དུ་སྒྲིབ་པ་གང་འདག །གེགས་ཅིས་བྱེད། སྔོན་འགྲོ་ཇི་ལྟར་ཡིན། ཐོབ་ཚད་ཅི་ཡོད། ཆོས་སྒོ་གང་འབྱེད། དགོས་ཆེད་ཅི། སྐྱོན་གང་ཡིན། ཡོན་ཏན་ཅི་ཡོད། རྟགས་གང་བསྟན། མཚན་མ་གང་བྱུང་། རིམ་པ་ཇི་ལྟར་བསྒྲོད། སྔོན་འབྱུང་གི་ལོ་རྒྱུས་ཇི་ལྟ་བུ། ས་གང་ནོན། འབྲེལ་བ་ཅི་ཡོད། མདོ་གར་འདུས། དེ་ལ་ནུས་པའི་དབང་ལྔ་ནི། ཉན་པའི་དབང་དང་། བསྒྲུབ་པའི་དབང་དང་། ལས་ཀྱི་དབང་དང་། འཆད་པའི་དབང་དང་། རྡོ་རྗེ་སློབ་དཔོན་གྱི་དབང་དང་ལྔ། དངོས་གྲུབ་བསྒྲུབ་པའི་ཆོ་ག་ཆེན་པོ་ཡིན་པས། སློབ་མ་ཇི་ལྟར་འདོད་པ་བཞིན་དུ། སློབ་དཔོན་གྱིས་ནན་ཏན་དུ་བྱས་ཏེ་དབང་བསྐུར་བ་ཡང་། དབང་ལྔ་པོ་འདི། ཧེ་རུ་ཀའི་གལ་པོ་དང་། སྒྱུ་འཕྲུལ་གཉིས་ཚིག་དོན་མཐུན་པར་འབྱུང་སྟེ། དེ་ལ་སློབ་མ་ཆོས་ཉན་པར་འདོད་ན། ཉན་པའི་དབང་རྣ་བར་བསྐུར་བ་ལ། དབང་རྫས་གླེགས་བམ། རིན་ཆེན་འབྱུང་ལྡན་གྱིས་རབ་གནས་བྱས་པ་ཡིས། འདི་སྐད་འབྱུང་སྟེ། ཉན་བྱེད་འཁོར་ལོའི་གཞལ་ཡས་སུ། །གསང་བའི་ཐིག་ལེ་ངོ་བོ་ཉིད། །ཏྲཱྃ་གྱི་ཕྱག་རྒྱའི་ཚོགས་མཆོག་ལས། །རིན་ཆེན་དཀྱིལ་འཁོར་གསལ་སྤྲོ་ཐིམ། །ཞེས་གསུངས་ཏེ། སློབ་མའི་རྣ་བའི་ནང་དུ། ཕྱི་རྩའི་དབྱིབས། བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་རྒྱན་དང་བཅས་པ། དེའི་ནང་དུ་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་ལ། ཉི་ཟླ་པདྨའི་གདན་དང་ལྡན་པའི་སྟེང་དུ། བདུད་རྩིའི་ཐིག་ལེ། གསང་བའི་ཐིག་ལེའི་ངོ་བོ་ཉིད་ལས། ཡི་གེ་ཏྲཱྃ་མཐིང་ག་ལྔར་གྱུར་པར་བསམ། དེ་འཕྲོས་ཤིང་འདུས་པ་ལས། རིན་པོ་ཆེ་འོད་འབར་བ་ལྔར་གྱུར་པར་བསམ། དེའི་ལྟེ་བ་ལ། ༀ་བཛྲ་རཏྣ་སྭ་བྷཱ་ཝ་ཏྲཱྃ། ༀ་བཛྲ་མཱ་མ་ཀཱི་ཏྲཱྃ། ཞེས་བཇོད་པས། རིན་པོ་ཆེ་འབྱུང་ལྡན་ཡབ་ཡུམ་གྱི་སྐུར་གྱུར་པར་བསམ། དེའི་རྩིབས་བཞི་ལ་རིན་པོ་ཆེའི་རིགས་ཀྱི་སེམས་དཔའ་ཡབ་ཡུམ་བཞི། ནམ་མཁའ་སྙིང་པོ་དང་། ཕྲེང་བ་མ། ཀུན་ཏུ་བཟང་པོ། མེ་ཏོག་མ་བཞི། སྒོ་བཞིར་ཁྲོ་བོ་བཞི་ཡང་བཙུན་མོ་དང་ལྡན་པར་བསམ་མོ། །དེ་ནས་ཡུམ་གྱི་མཁའ་ཆོས་ཀྱི་དབྱིངས་སུ་ཐིམ་པ་ལས། རིན་ཆེན་སེམས་པའི་སྐུ་ཕྱག་རྒྱ་ཆེན་པོ་ཕྱག་མཚན་དང་ལྡན་པར་བསམ་མོ། །དེ་ལ་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་བསྟིམས་ལ། སློབ་དཔོན་གྱིས་དབང་བསྐུར་བའི་ཆོ་ག་བསྒྲག་པ། ཏྲཱྃ། གསང་བ་གསང་ཆེན་གསང་མཆོག་གང་། །མ་ཧཱ་ཨ་ནུ་ཨ་ཏི། གསུམ། དེ་མིན་གསང་སྔགས། གསང་བ་ཀུན་ལ་མཉན་པར་བྱ། །གསང་བའི་དོན་ཉིད་བརྟགས་པ་ལས། །གཞན་དུ་སྨྲ་བར་བྱ་བ་མིན། །དེ་ནི་ཉན་དུ་གནང་བའི་དབང་ངོ་། །དེ་ལ་སློབ་མ་སྒྲུབ་པའི་དབང་ནོད་པར་འདོད་ན། དབང་རྫས་ཕྲེང་བ་ཡི་དམ་ལྷའི་རབ་གནས་བྱས་པ། རྒྱུད་ལས། སྙིང་ཁ་འཁོར་ལོའི་གཞལ་ཡས་སུ། །གསང་བའི་ཐིག་ལེའི་ངོ་བོ་ཉིད། །ཡི་གེ་ཕྲེང་བའི་ཚོགས་མཆོག་ལས། །རིགས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ། །ཞེས་གསུངས་པ་ལ་གཉིས་ཏེ། སྤྱིར་སྒྲུབ་པའི་དབང་དང་། ཁྱད་པར་སྒྲུབ་པའི་དབང་ངོ་། དེ་ལ་སྤྱིར་༡༽སྒྲུབ་པའི་དབང་ནི། སློབ་མའི་སྙིང་གི་དཀྱིལ་དུ། བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་། འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པར། གདན་དང་བཅས་པར་བསམ་པ་ལ། དེའི་སྟེང་དུ་གསང་བའི་ཐིག་ལེའི་ངོ་བོ་ཉིད་ལས། ཧཱུྃ་དཀར་པོ་སྦྲེལ་མ་ལྔར་གྱུར་པ་ལས། དེ་འཕྲོས་ཤིང་འདུས་པ་ལས། ༀ་བཛྲ་ཨཀྵོ་བྱཱ་ཧཱུྃ། ༀ་བཛྲ་ཤར་ད་དུ་ཧཱུྃ། ཞེས་བརྗོད་པས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ། རྡོ་རྗེ་རིགས་ཀྱི་སེམས་དཔའ་ཡབ་ཡུམ་ས་ཡི་སྙིང་པོ། ལ་སྱེ་མ། བྱམས་པ། དྷུ་པེ་མ། དང་། སྒོ་བཞིའི་ཁྲོ་བོ་ཡབ་ཡུམ་དང་བཅས་པར་བསྐྱེད་ལ། དེ་ནས་ཡུམ་གྱི་མཁའ་ཆོས་ཀྱི་དབྱིངས་སུ་ཐིམ་པ་ལས། རྡོ་རྗེ་སེམས་དཔའི་སྐུ་ཕྱག་རྒྱ་ཆེན་པོ་ཕྱག་མཚན་དང་ལྡན་པར་བསྒོམ་མོ། །དེ་ལ་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་བསྟིམས་ལ། སློབ་དཔོན་གྱིས་དབང་བསྐུར་བའི་ཚིག །ཧཱུྃ། དུས་གསུམ་རྒྱལ་བའི་སྲས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུངས། །རྒྱལ་བ་ཐམས་ཅད་མཉེས་མཆོད་ལ། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །ཞེས་བརྗོད་ནས། རྡོ་རྗེ་དང་དྲིལ་བུ་ཡང་སྦྱིན་ནོ། །མཚན་མ་མེད་པ་ཆོས་ཉིད་རང་ངོ་སྤྲད་པ་དང་། མཚན་མ་དང་བཅས་པའི་གདམས་ངག་བར་འདིར་སྦྱིན་ནོ། །དབང་འདི་ཐོབ་ན་འཕགས་པ་གང་ཡང་བསྒྲུབ་ཏུ་གནང་ངོ་། །ཁྱེད་༢༽པར་བསྒྲུབ་པའི་དབང་ནི། སློབ་མ་དེ་ཉིད་ལྷ་གང་ལ་མོས་པའི་དབང་དུ་བསྐུར་ཏེ། རིམ་པ་ནི། དོན་གོང་མས་འགྲེ་སྟེ། གང་བསྒྲུབ་པའི་ཆ་རྐྱེན་གྱིས་ཀྱང་བར་འདིར་དབང་བསྐུར་རོ། །དེ་ལ་སློབ་མས་ལས་ཀྱི་དབང་ནོད་པར་འདོད་ན། དབང་རྫས་རྡོ་རྗེ་རྒྱ་གྲམ། དོན་ཡོད་གྲུབ་པའི་རབ་གནས་སོ། །ཐལ་མོའི་སྟེང་དུ། བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི། སྒོ་བཞི་དང་གདན་དང་བཅས་པར་བསམ་ལ། དེའི་སྟེང་དུ་གསང་བའི་ཐིག་ལེའི་ངོ་བོ་ཉིད་ལས། ཧཱཿལྗང་གུ་སྒྲིལ་མ་ལྔ། དེ་ལས། ༀ་བཛྲ་ཨ་མོ་ག་སིདྡྷི་ཧཱ། ༀ་བཛྲ་ས་མ་ཡ་ད་ར་ཧཱ། ལ་སོགས་པ་བརྗོད་པས། དོན་ཡོད་གྲུབ་པ་ཡབ་ཡུམ་ལ། ལས་ཀྱི་རིགས་ཀྱི་སེམས་དཔའ་ཡབ་ཡུམ་ཕྱག་ན་རྡོ་རྗེ། གར་མ། སྒྲིབ་སེལ། དྲི་ཆབ་མ། སྒོ་བ་ཡབ་ཡུམ་དང་བཅས་པས་བསྐོར་བར་བསྒོམ་མོ། །དེ་ལ་ནི། རྒྱུད་ལས་ཀྱང་། ལག་པ་འཁོར་ལོའི་གཞལ་ཡས་སུ། །གསང་བའི་ཐིག་ལེའི་ངོ་བོ་ཉིད། །ཧཱཿཡི་ཕྱག་རྒྱའི་ཚོགས་མཆོག་ལས། །ལས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ། །ཞེས་གསུངས་ཏེ། དེ་ནས་ཡུམ་གྱི་མཁའ་ཆོས་ཀྱི་དབྱིངས་སུ་ཐིམ་པ་ལས། ལས་ཀྱི་སེམས་དཔའི་སྐུ་ཕྱག་རྒྱ་ཆེན་པོ་ཕྱག མཚན་དང་ལྡན་པར་བསྒོམ་མོ། །དེ་ལས་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་བསྟིམས་ལ། དབང་བསྐུར་བའི་ཚིག །ༀ། ཁྱོད་ནི་རྡོ་རྗེ་ལས་ཡིན་ཏེ། །ཕྲིན་ལས་རྣམ་བཞིའི་ལས་རྣམས་མ་ལུས་ཀུན་གྱིས་ཤིག །ཕོ་ཉའི་འདུ་འཕྲོ་མང་པོ་ཀུན། །ཁྱོད་ཀྱི་དགོས་པ་བྱེད་པ་ཡིན། །ཞེས་བརྗོད་དེ། དེ་བཞིན་གཤེགས་པའི་མཛད་སྤྱོད་ལ་སྤྱོད་པར་གནང་བའི་དབང་ངོ་། །དེ་ནས་སློབ་མས་འཆད་པའི་དབང་ནོད་པར་འདོད་ན། དབང་རྫས་འཁོར་ལོ་འོད་དཔག་མེད་ཀྱི་རབ་གནས་སོ། །འདི་སྐད་དུ་འབྱུང་སྟེ། སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ། །གསང་བའི་ཐིག་ལེའི་ངོ་བོ་ཉིད། །ཧྲཱིཿཡི་ཕྱག་རྒྱ་ཚོགས་མཆོག་ལས། །ཆོས་ཀྱི་འཁོར་ལོ་གསལ་སྤྲོ་ཐིམ། །ཞེས་གསུངས་ཏེ། སློབ་མའི་ལྕེ་ལ། བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་། གྲུབ་བཞི་སྒོ་བཞི་དང་བཅས་པ། འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པ། འཁོར་ལོའི་སྟེང་དུ་ཉི་ཟླ་པདྨའི་གདན་སྟེང་དུ་གསང་བའི་ཐིག་ལེ་ལས། ཡི་གེ་ཧྲཱིཿདམར་པོ་སྒྲིལ་མ་ལྔ་། དེ་ལས་པདྨ་སྒྲིལ་མ་ལྔ། དེ་ལས་སྣང་བ་མཐའ་ཡས་ཡབ་ཡུམ་ལ། པདྨའི་རིགས་ཀྱི་སེམས་དཔའ་ཡབ་ཡུམ་སྤྱན་རས་གཟིགས། གླུ་མ། འཇམ་དཔལ། མར་མེ་མ་དང་བཅས་པར་བསྐྱེད་པ་ནི། ༀ་བཛྲ་ཨ་མི་དྷེ་ཝ་ཧྲཱིཿ ༀ་བཛྲ་བྷནྡྷ་མ་ར་སིདྡྷི་ཧོཿ ཞེ་བྱ་བ་ལ་སོགས་པ་བརྗོད་པས། སྒོ་བཞིའི་ཁྲོ་བོ་ཡབ་ཡུམ་དང་བཅས་པར་བསམ་ལ། དེ་ནས་ཡུམ་གི་མཁའ་ཆོས་ཀྱི་དབྱིངས་སུ་ཐིམ་པ་ལས། རྡོ་རྗེ་ཆོས་སྨྲ་བའི་སྐུ་ཕྱག་རྒྱ་ཆེན་པོ་ཕྱག་མཚན་དང་ལྡན་པར་བསྒོམ་མོ། །དེ་ལ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཤིང་བསྟིམས་ལ། དབང་བསྐུར་བའི་ཚིག །ༀ། ཆོས་ཀྱི་བདུད་རྩི་བླ་ན་མེད། །དད་ལྡན་སྐྱེས་བུ་མོས་པར་བྱོས། །རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་བསྒྲགས་གཞན་དུ་མིན། །ཞེས་བརྗོད་དེ། དབང་འདི་ཐོབ་ནས་བློ་ཡི་རིམ་པ་དང་སྦྱར་ནས་འཆད་པར་གནང་ངོ་། །དེ་ནས་སློབ་མས། སློབ་དཔོན་གྱི་དབང་ནོད་པར་འདོད་ན། དབང་རྫས་རྡོ་རྗེ་དང་དྲིལ་བུ་ལ་ཀུན་བཟང་ཡབ་ཡུམ་གྱིས་རབ་གནས་བྱའོ། །འདི་སྐད་དུ་འབྱུང་སྟེ། བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །གསང་བའི་ཐིག་ལེའི་ངོ་བོ་ཉིད། །ཧཱུྃ་ༀ་སྭཱ་ཨཾ་ཧཱཿརྣམས་ལས། །ཡན་ལག་ལྔ་ལ་དཀྱིལ་འཁོར་ལྔ་དང་ཁྲོ་ཕྲེང་བསྒོམ། །ཞེས་འབྱུང་བས། སློབ་མའི་ཡན་ལག་ལྔ་ལ། བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་རྒྱན་དང་བཅས་པ། འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པ་རེ་རེ། དེའི་སྟེང་དུ་ཉི་ཟླ་པདྨ་གདན་རེ་རེ། དེ་རྣམས་ཀྱི་སྟེང་དུ། གསང་བའི་བྱང་ཆུབ་སེམས་ཐིག་ལེའི་ངོ་བོ་ཉིད་ལས། ཧཱུྃ་ༀ་སྭཱ་ཨཾ་ཧཱཿརྣམས་ལས། རྡོ་རྗེ་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་དང་ལྔར་གྱུར་ཏེ། དེ་ལས་རིགས་ལྔ་ཡབ་ཡུམ་གྱི་སྙིང་པོ་བརྗོད་པས། ལག་གཡས་སུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་། སྤྱི་བོར་རྣམ་པར་སྣང་མཛད་དང་། ལག་གཡོན་དུ་རིན་ཆེན་འབྱུང་ལྡན་དང་། རྐང་གཡས་སྣང་བ་མཐའ་ཡས་དང་། རྐང་གཡོན་དོན་ཡོད་གྲུབ་པ་དང་། རིགས་ལྔ་ཡབ་ཡུམ་དང་བཅས་པར་བསྒོམ་མོ། །སློབ་མ་དེའི་ལུས་ཀྱི་གནས་བཅུའམ། ཡང་ན་རིགས་ལྔའི་འཁོར་དུ་ཁྲོ་བོ་ཆེན་པོ་བཅུ་ཡབ་ཡུམ་དང་བཅས་པ་བསྒོམ་མོ། །དེ་ནས་ཡུམ་གྱི་མཁའ་ཆོས་ཀྱི་དབྱིངས་སུ་ཐིམ་པ་ལས། རིགས་གང་ལ་འཐད་པའི་ཕྱག་རྒྱ་ཆེན་པོ་ཕྱག་མཚན་དང་ལྡན་པར་བསྒོམ་མོ། །དེ་ཡང་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཤིང་བསྟིམས་ལ། སློབ་དཔོན་གྱིས། སློབ་མ་སློབ་དཔོན་དུ་དབང་བསྐུར་བའི་ཚིག་ལ། ༀ། ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད། །ཅེས་བརྗོད་དེ། དབང་འདི་ཐོབ་ནས་དུས་གསུམ་གྱི་བདེ་བར་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་བྱེད་པ་ལ་དབང་ངོ་། །ལྷག་པར་ཡང་། སློབ་དཔོན་བྱས་ནས་སློབ་མ་དཀྱིལ་འཁོར་དུ་གཞུག་པ་དང་། ལྷ་དཔོག་པ་དང་། དབང་བསྐུར་བྱེད་པ་ལ་དབང་ངོ་། །དེ་ལ། ཁྱད་༢༽ པར་དུ་བསྒྲུབ་པའི་དབང་བསྐུར་བ་ལ་གཉིས་ཏེ། ལྷ་རྒྱན་གཅིག་པ་བསྒྲུབ་པའི་དབང་དང་། ཚོམ་བུའི་དཀྱིལ་འཁོར་བསྒྲུབ་པའི་དབང་ངོ་། །དེ་ཡང་བྱང་ཆུབ་སེམས་ཚོ་གཅིག་གིས་སློབ་མ་དབང་གང་འདོད་དེ་བསྐུར་ཏེ། དེ་ལ་༡༽ལྷ་རྒྱན་གཅིག་པ་བསྒྲུབ་པ་ལ་གཉིས་ཏེ། སྤྱིར་ཞི་ཁྲོའི་ལྷ་གང་ལ་མོས་པ་ཡིན་ལ། ཁྱད་པར་དུ་དངོས་གྲུབ་ཤིན་ཏུ་ཉེ་བ་དཔལ་ཆེན་པོ་ཡིན་པས། དབང་བསྐུར་བའི་གནས་སྙིང་ཁ། བསྐུར་བའི་ཐབས་དང་ཚིག་གོང་མ། དབང་འདི་བསྐུར་བའི་ཚེ་ན། སློབ་མ་ནུབ་ཕྱོགས་ཀྱི་སྒོར་ཟླ་གམ་དབང་གི་དཀྱིལ་འཁོར་བྲིས་པའི་སྟེང་དུ་བཞག་ལ། དེའི་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་དུ་དཔལ་ཆེན་པོ་ཡབ་ཡུམ་བསྐྱེད་ལ། དེ་ཡུམ་གྱི་མཁའ་ཆོས་ཀྱི་དབྱིངས་སུ་ཐིམ་པ་ལས། དཔལ་ཆེན་པོར་གསལ་བར་བསྒོམས་ཏེ། དེ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་བསྟིམས་པའི་དུས་སུ། བྷནྡྷ་དང་མར་མེ་རྡོ་རྗེ་དྲིལ་བུ་གསུམ་གྱིས་ཀྱང་དབང་བསྐུར་ལ། དེ་ལ་ཕྱི་ནང་གི་མཆོད་པ་དང་བསྟོད་པ་ཡན་ཆད་བྱས་ལ། དབང་བསྐུར་བའི་ཚིག་རྣམས་ཀྱང་བརྗོད། བཀྲ་ཤིས་ཀྱང་བརྗོད་དོ། །དེ་ལ་ཚོམ་༢༽བུའི་དཀྱིལ་འཁོར་བསྒྲུབ་པའི་དབང་ལ་ལྔ་སྟེ། རྡོ་རྗེ་རྒྱལ་པོ་ས་འཛིན་གྱི་དབང་དང་། རྒྱལ་ཐེབས་ཀྱི་དབང་དང་། སྦྱོར་སྒྲོལ་གིང་གི་དབང་དང་། ལས་ཀྱི་ཀརྨའི་དབང་དང་། དཀྱིལ་འཁོར་གྱི་རྒྱན་མཆེད་ལྕམ་དྲལ་གྱི་དབང་ངོ་། །རྡོ་རྗེ་༡༽རྒྱལ་པོའི་དབང་ལ་བཅུ་སྟེ། ཡེ་ཤེས་ལྷ་རྣམས་ཉེ་བས་བགེགས་ཆེན་འདུལ་བའི་དབང་དང་། མ་སྲིང་སྲུང་མ་འཁོར་བས་གསང་བའི་དཀྱིལ་འཁོར་སྐྱོང་བའི་དབང་དང་། ལུང་རབ་དགོངས་པ་བྱིན་པས་ཡན་ལག་ཉམས་ཆག་སྐོང་བའི་དབང་དང་། ཏིང་ངེ་འཛིན་ལས་སུ་རུང་བས་ཨ་བྷི་ཙ་ར་སྒྲོལ་བའི་དབང་དང་། མངོན་པར་ཤེས་པ་ལྔ་དང་ལྡན་པས་རྒྱུ་དྲུག་སྟོབ་པའི་དབང་དང་། བློ་དང་རིམ་པར་ལྡན་པས་བདུད་རྩི་བུམ་པ་བསྒྲུབ་པའི་དབང་དང་། བསླབ་པའི་ཆོས་མཐར་ཕྱིན་པས་ཕྱི་ནང་གསང་བ་འཆད་པའི་དབང་དང་། ཐེག་པ་རིམ་པ་དགུ་ལ་མཁས་པས་སློབ་མ་རིམ་གྱིས་གཞུགས་པའི་དབང་དང་། གསང་བའི་མན་ངག་དང་ལྡན་པས་ཞིང་བཅུའི་ཚོགས་ལ་རོལ་པའི་དབང་དང་། མཚན་མའི་ཆོ་འཕྲུལ་མཐོང་བས་གཟུགས་བརྙན་གྱི་དཀྱིལ་འཁོར་འབྲི་བའི་དབང་ངོ་། །རྒྱལ་༢༽ཐེབས་ཀྱི་དབང་ལ་ཡང་ལྔ་སྟེ། དཀྱིལ་འཁོར་དྲུག་འབྲི་ཞིང་འཆད་པའི་དབང་དང་། ཚོགས་ལྔ་ལ་རོལ་པའི་དབང་དང་། ཕྲིན་ལས་དྲོད་ཀྱི་དབང་དང་། རུ་ཏྲ་འདུལ་བའི་དབང་དང་། ཛ་གད་བྱིན་གྱིས་བརློབ་པའི་དབང་ངོ་། །སྦྱོར་སྒྲོལ་གིང་གི་༣༽དབང་ལ་གཉིས་ཏེ། སྦྱོར་གིང་གི་དབང་དང་། སྒྲོལ་གིང་གི་དབང་ངོ་། །དང་པོ་ཆད་དམ་དཔྱད། སྒྲོལ་གིང་གི་དབང་ལ་ལྔ་སྟེ། ཁྲོ་བོ་བཅུ་ལུས་ལ་འགོད་པའི་དབང་དང་། སྙིང་པོ་ཕྱག་མཚན་འདེབས་པའི་དབང་དང་། ཙིཏྟ་ཞལ་དུ་སྟོབ་པའི་དབང་དང་། རྣམ་ཤེས་དབྱིངས་སུ་འདྲེན་པའི་དབང་དང་། དགྲ་བགེགས་འདུལ་བའི་དབང་ངོ་། །ལས་༤༽ཀྱི་ཀརྨའི་དབང་ལ་ཡང་ལྔ་སྟེ། ཡེ་ཤེས་ལྷ་ཚོགས་ཕྱག་རྒྱས་བསྡུས་པའི་དབང་དང་། ཐབས་ཀྱི་དབྱེ་ཚོགས་རིམ་པར་འབྱེད་པའི་དབང་དང་། ཤེས་རབ་རོལ་ཚོགས་དགྱེས་པར་སྦྱོར་བའི་དབང་དང་། ཐུགས་རྗེ་རོལ་ཚོགས་གནས་སུ་སྟོབ་པའི་དབང་དང་། དག་པའི་འབྱོར་ཚོགས་མཉེས་པར་འབུལ་བའི་དབང་ངོ་། །དཀྱིལ་༥༽འཁོར་གྱི་རྒྱན་མཆེད་ལྕམ་གྲལ་གྱི་དབང་ལ་ཡང་ལྔ་སྟེ། རྡོ་རྗེའི་གྲལ་དུ་མཆིས་པའི་དབང་དང་། ཡི་དམ་གྱི་ལྷ་བསྒོམ་ཞིང་མཆོད་པའི་དབང་དང་། ཕྱི་ནང་གི་རྒྱུད་སྡེ་ཉན་དུ་གནང་བའི་དབང་དང་། བྱིན་གྱིས་བརླབས་པའི་ཞལ་ཟས་ལ་རོལ་དུ་གནང་བའི་དབང་དང་། པཉྩ་ཨ་མྲྀ་ཏ་ལུས་ལ་འཆང་བའི་དབང་ངོ་། །དབང་འདི་རྣམས་བསྐུར་བའི་ཚེ། སློབ་མ་གང་དབང་འདོད་པ་དེ་རྣམས་ཟླ་གམ་དབང་གི་དཀྱིལ་འཁོར་དུ་བཞག་ནས། རྡོ་རྗེ་སློབ་དཔོན་གྱིས། དབང་རྫས་བྱང་ཆུབ་སེམས་ཀྱི་རིལ་བུ་ཚོ་གཅིག་དང་། རྡོ་རྗེ་དྲིལ་བུ་ཐོགས་ལ། དབང་བསྐུར་བའི་ཚིག །ཧཱུྃ། ཐབས་དང་ཤེས་རབ་དབང་ཆེན་ཏེ། །རྡོ་རྗེ་དྲིལ་བུ་རིག་པ་འཛིན། །མྱ་ངན་འདས་དང་འཁོར་བ་ཡི། །ཆོས་ལ་འདོད་བཞིན་དབང་བསྐུར་རོ། །ཞེས་བརྗོད་དོ། །སློབ་མ་དབང་གང་འདོད་པ་དེ་ལ། སློབ་དཔོན་གྱིས། བྱང་ཆུབ་སེམས་ལྕེ་ལ་བཞག །རྡོ་རྗེ་དྲིལ་བུ་ལག་ཏུ་གཏད་ནས། དབང་གང་འདོད་པ་དེའི་མིང་ནས་བརྗོད་དེ། དབང་འདི་རྣམས་ཁྱོད་ཀྱིས་ཐོབ་པར་གྱུར་ཅིག །ཅེས་བརྗོད་དེ། ལས་ཀྱང་དེ་བཞིན་དུ་བསྒོའོ། །བྱང་ཆུབ་སེམས་ལ་བརྟེན་ནས་བླ་མའི་ཞལ་དབང་བསྐུར་བའི་རིམ་པའོ། ༤༽ །དེ་ལ་དབང་འདི་རྣམས་ཐོབ་པའི་ཡོན་ཏན་ནི། ངག་གི་དྲི་མ་དག་ནས། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པ་དང་། སེམས་ཅན་སྒྱུ་མ་ལྟ་བུ་ལས། ལྷ་སྒྱུ་མ་ལྟ་བུ་སྟེ། རིགས་རྣམ་པ་ལྔར་གྱུར་པ་དང་། དེ་ལས་ཀྱང་དཔལ་ཆེན་པོར་གྱུར་ཏེ། རིགས་དྲུག་གི་སྐུ་ཐོབ་ནས། འགྲོ་བའི་དོན་བྱེད་ནུས་པ་དང་། ཉན་པར་ནུས་པ་དང་། བསྒྲུབ་ནུས་པ་དང་། ལས་བྱེད་ནུས་པ་དང་། འཆད་ནུས་པ་དང་། རྡོ་རྗེ་སློབ་དཔོན་དུ་ས་འཛིན་ནུས་པ་དང་། ཚོམ་བུ་བསྒྲུབ་པ་ལ་སོགས་པ་ནུས་པས། ནུས་པའི་དབང་ཞེས་བྱའོ། ༥༽ །དབང་འདི་རྣམས་མ་ཐོབ་པའི་སྐྱོན་ནི། གོང་མའི་དོན་ལས་བཟློག་སྟེ་མི་ནུས་པ་དང་། འབྲས་བུ་མེད་ཅིང་རང་རྒྱུད་འཚིག་པའི་ཉེན་ཆེ་བས། ནང་དབང་ངག་ལ་བསྐུར་བས་གསུང་གི་དབང་ཞེས་གསུངས། སློབ་དཔོན་དང་སློབ་མ་གཉིས་ཀས་ནན་ཏན་དུ་བྱ་བ་སྟེ། དབང་ཞུ་བ་དང་བསྐུར་བ་གཉིས་གཟབས་ཏེ་བྱའོ། །ཞེས་པའི་དོན་ཏོ། ༣༽ །དོ་ནས་སློབ་མ་ལ་གསང་བའི་དབང་བསྐུར་བ་ལ་གསུམ་སྟེ། ཤེས་རབ་མ་བརྟག་ཅིང་བྱིན་གྱིས་བརླབས་པ་དང་། བུ་ལ་གཏད་ནས་དབང་བསྐུར་བ་དང་། མན་ངག་ཟབ་མོ་སྦྱིན་པའོ། །དེ་ལ་༡༽ཤེས་རབ་མ་བརྟག་ཅིང་བྱིན་གྱིས་བརླབས་པ་ལ་གཉིས་ཏེ། །དེ་གང་སྙམ་པ་ལ། ཡིད་འོང་བཀྲ་ཤིས་རིགས་ཀྱི་ཡུམ། །ཞེས་པས་བསྟན་ཏེ། དེ་ཡང་གསང་སྔགས་ཀྱི་ལམ་སྦྱོར་སྒྲོལ་གཉིས་ལ་བརྟེན་ཏེ་བསྒྲུབ་པ་ཡིན་པས། དེ་ཡིད་དུ་མི་འོང་ཞིང་མཚན་དང་མི་ལྡན་ན། བཀྲ་མི་ཤེས་པ་དང་། བསྒྲུབ་པོའི་སེམས་མི་ཟིན་པར་བར་ཆད་དུ་འགྱུར་པས། ཡིད་དུ་འོང་ཞིང་མཚན་བརྟག་པ་ཡང་། ཧེ་རུ་ཀའི་གལ་པོ་ལས་འདི་སྐད་དུ་འབྱུང་སྟེ། རིགས་ཀྱི་ཡུམ་ལྔའི་གཟུངས་མ་ནི། །དམར་སེར་མཉམ་པའི་ཕྱག་རྒྱ་ཅན། །སྤྱན་འཕང་དམའ་ལ་གཟི་བྱིན་ཅན། །འཁོར་ལོའི་ཕྱག་ལ་ཨུཏྤལ་ཞབས། །དཔུང་འགོ་མཐོ་ཞིང་སྤྱི་བོ་རིང་། །དེ་བཞིན་རིགས་ཀྱི་གཟུངས་མར་ཤིས། །དཀར་གསལ་དུང་མདོག་སྒེག་མོའི་གཟུགས། །ཤ་རུས་འདྲིལ་ལ་རྡོ་རྗེའི་དབྱིབས། །མདངས་ཅན་ཡིད་འཕྲོག་ཨུཏྤལ་ཞབས། །དུང་ཅན་མ་ཡི་རིགས་མཆོག་སྟེ། །རྡོ་རྗེའི་རིགས་ཀྱི་གཟུངས་མར་ཤིས། །ཨུཏྤལ་སྔོན་པོའི་ཁ་དོག་འདྲ། །གསལ་འཚེར་ལྷུན་སྟུག་གཟི་བྱིན་འཕྲོ། །ཤེས་རབ་ཆེ་ཞིང་བློ་སྟོབས་ཆེ། །བློ་གྲོས་ཟད་མེད་སེམས་ལ་འཆང་། །རིན་ཆེན་རིགས་ཀྱི་གཟུངས་མར་ཤིས། །དཀར་ལ་དམར་ཆགས་པདྨའི་མདོག །ཆགས་པ་ཆེ་ཞིང་ཡིད་གཞུངས་པ། །མཆུ་ནི་པདྨ་ཁ་ཕྱེས་འདྲ། །མིག་རྩ་དམར་ཞིང་མདངས་འཕྲོགས་པ། །པདྨའི་རིགས་ཀྱི་གཟུངས་མར་ཤིས། །དམར་ལྗང་འཁྲུག་པའི་ངོ་བོ་ཅན། །ཁྲོ་བརྩོན་ལས་རབ་དོན་ལ་བརྩོན། །ཤ་རྒྱས་ཆུ་ཞེང་གབ་པར་འདུག །ལག་མཐིལ་རྡོ་རྗེ་རྒྱ་གྲམ་འཆང་། །ལས་ཀྱི་རིགས་ཀྱི་གཟུངས་མར་ཤིས། །ཞེས་འབྱུང་བ་དང་། ཡང་། བཀྲ་ཤིས་མཚན་ལྡན་གསང་བའི་ཡུམ། །ཞལ་ནས་ཨུཏྤལ་ངད་ལྡང་ཞིང་། །སྐད་ཀྱང་ངང་པ་གཞོན་ནུ་འདྲ། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །ཟླ་གསང་དཀར་དམར་རླུང་དཀར་ལྕི། །ཞེས་འབྱུང་བས། ཤེས་རབ་མ་དེ་ལྟར་བརྟགས་པ་དེ་ཡང་། སློབ་མ་རིགས་ལྔའམ་དྲུག་པོ་དེ། ཡི་དམ་གྱི་ལྷ་གང་ཡིན་པ་དེ་དང་བསྟུན་ལ། བྱིན་གྱིས་བརླབས་པར་བྱ་སྟེ། བྱིན་གྱིས་བརླབས་པའི་ཐབས་གོང་འོག་ཏུ་རྒྱས་པར་བཤད་པ་ལས་རིག་པར་བྱའོ། །སློབ་མ་༢༽ལ་ཤེས་རབ་མ་དེ་ལྟ་བུ་གཏད་ནས་དབང་བསྐུར་ན། དངོས་གྲུབ་ཀྱི་འབྲས་བུ་མྱུར་དུ་འབྱུང་སྟེ། དེ་ཡང་བུ་ལ་གཏད་ནས་དབང་བསྐུར་བ་གང་སྙམ་པ་ལ། བུ་ལ་གཏད་ནས། ཞེས་འབྱུང་བས་བསྟན་ཏེ། དེ་ཡང་རྒྱུད་ལས། དེ་ནས་ཤེས་རབ་ཡེ་ཤེས་དབང་། །སློབ་མ་མཆོག་ལ་སྦྱིན་པར་བྱ། །གཟུངས་མ་དེ་ཡི་བདག་ཉིད་ལ། །བླ་མ་ཉིད་ཀྱིས་བྱིན་བརླབས་ཏེ། །དངོས་གྲུབ་འབྲས་བུ་མྱུར་ཐོབ་ཕྱིར། །སློབ་མ་བུ་ལ་སྦྱིན་པར་བྱ། །ཞེས་གསུངས་ཏེ། འདི་ལ་ངག་དོན་དྲུག་ལས། དང་པོ་ཡུམ་བུ་ལ་གཏད་པ། གཉིས་པ་རོལ་ཞིང་དབང་དངོས། གསུམ་པ་དབང་འདི་ཐོབ་པའི་ཡོན་ཏན། བཞི་པ་མ་ཐོབ་པའི་སྐྱོན། ལྔ་པ་ཞུས་པ། དྲུག་པ་དབང་བསྐུར་ཞིང་དམ་ཚིག་བསྒྲག་པའོ། །དང་པོ་ཡུམ་གཏད་པ། སློབ་དཔོན་གྱིས། སློབ་མ་དང་གཟུངས་མ་གཉིས་བྱིན་གྱིས་བརླབས་པ། དེ་གཉིས་ལག་པ་ནས་བཟུང་ལ། གཏད་པ་འདི་སྐད་དུ། ལེགས་པར་ཉོན་ཅིག་རིགས་ཀྱི་བུ། །བདེ་ཆེན་ཀུན་བཟང་གོ་འཕང་བསྒྲུབ་པ་ལ། །ཤིན་ཏུ་དད་པས་ཤེས་རབ་མ། །ཁྱོད་ཀྱི་གྲོགས་ཀྱི་དམ་པར་སྦྱིན། །ཞེས་བརྗོད་དེ། གཉིས་པ་རོལ་ཞིང་རིག་པ་བརྟུལ་ཞུགས་ཀྱི་དབང་། སྟན་བདེ་བ་ལ་རོལ་པ་རྩོམ་དུ་གཞུག་སྟེ། སློབ་མས་ཀྱང་སྦྱོར་ཐབས་ཀྱི་མན་ངག་གོང་འོག་ཏུ་བསྟན་པ་ལྟར་རིག་པར་བྱས་ལ་བརྩམ་མོ། །བླ་མས་ཀྱང་། རིགས་ཀྱི་བུ་རིག་མ་འདི་དང་རྟག་ཏུ་མི་འབྲལ་བར་གྱིས་ཤིག །ཅེས་བསྒོའོ། །དེ་ནས་བདེ་བ་རྙེད་ཅིང་བྱང་ཆུབ་སེམས་ཕེབས་ནས། མེ་ལོང་ངམ་ཤེལ་ཕོར་གྱི་ནང་དུ་བླངས་ལ། མཆོད་པ་དབུལ་བ་དང་། གཅིག་ལ་གཅིག་ཀྱང་བསྟབ་ཅིང་། ༀ་ཨཱཿཧཱུྃ་གི། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དུ་བླངས་ལ་བཟའོ། །འདི་ནི་རིག་པ་བརྟུལ་ཞུགས་ཀྱི་དབང་སྟེ། དོན་དམ་པར། སྤྱོད་པ་དེ་ལྟར་སྤྱོད་ཙམ་ཉིད་ན་ཡང་། ཆོས་རིལ་གཉིས་སུ་མེད་པའི་ཤེས་རབ་དང་། རྣམ་པ་མི་རྟོག་པའི་ཡེ་ཤེས་སུ་ལྷང་གིས་གྱུར་ནས། སྐྱེ་འགག་མེད་པའི་ཀློང་ན་འདུག་པ་ནི་ཀུན་ཏུ་བཟང་མོའི་དབང་ཐོབ་པ་ཡིན་ལ། ཤེས་རབ་རིག་མ་དང་ཡེ་ཤེས་ལྷག་པའི་བྱང་ཆུབ་སེམས་ལ་ལོངས་སྤྱོད་པ་ནི་ཀུན་ཏུ་བཟང་པོའི་དབང་ཐོབ་པ་ཡིན་ལ། དེ་གཉིས་རྟག་ཏུ་མི་འབྲལ་བར་འགྲོགས་པ་ནི་གཉིས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །སློབ་དཔོན་གྱིས་ངོ་སྤྲོད་གསང་ཚིག་དེ་སློབ་མའི་ཤེས་རབ་ལ་བགོས་པ་ནི་དབང་བསྐུར་བའོ། །སློབ་མས་ཉམས་སུ་མྱོང་བ་ནི་དབང་ཐོབ་པའོ། །གསུམ་པ། དབང་འདི་ཐོབ་པའི་ཡོན་ཏན་ནི། སེམས་ཀྱི་དྲི་མ་དག་ནས། སངས་རྒྱས་ཀུན་དང་སྐལ་པ་མཉམ་ཞིང་བདེ་བ་ཆེན་པོ་ལ་ལོངས་སྤྱོད་པའོ། །བཞི་པ། དབང་མ་ཐོབ་པའི་སྐྱོན་ནི། དོན་གོང་མ་རྣམས་ལས་བཟློག་པའོ། །ལྔ་པ་ཞུ་བ། དེ་ནས་སློབ་མས་མེ་ཏོག་ཐོགས་ལ། སློབ་དཔོན་ལ་ཞུ་བ། སྟོན་མཆོག་རྡོ་རྗེ་སློབ་དཔོན་གྱིས། །བདག་གཞན་ཀུན་ལ་ཕན་པའི་ཕྱིར། །བླ་མེད་དམ་ཚིག་མཆོག་ཉིད་ཀྱི། །བཀའ་ཡི་ལུང་བསྟན་གནང་བར་མཛོད། །ཅེས་གསོལ་བ་དང་། དྲུག་པ་དབང་བསྐུར་ཞིང་དམ་བསྒྲག་པ། བླ་མ་རྡོ་རྗེ་སློབ་དཔོན་གྱིས། སློབ་མའི་ལྕེ་ལ་བྱང་ཆུབ་སེམས་བཞག་ལ། དམ་ཚིག་དཔོག་པ། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །ཞིང་བཅུ་ཚང་བ་བསྒྲལ། བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱེད། །སྒྲ་ཇི་བཞིན་མིན་པ་སྣ་ཚོགས། མ་བྱིན་པར་ཡང་ཁྱོད་ཀྱིས་ལོངས། །གཞན་ཕན་ཐབས་མཁས་སྤྱོད་པ། བུད་མེད་དག་ཀྱང་བསྟེན་པར་བྱ། །དབང་གོང་མའི་ཡེ་ཤེས་མྱོང་བའི་ཕྱིར། རྡོ་རྗེའི་ལས་ནི་འདི་དག་གིས། །སེམས་ཅན་ཐམས་ཅད་བསྐུལ་བར་བྱ། །གསང་སྔགས་ལ་གཟུད་པར་བྱ། འོག་མའི་དཀའ་ཐུབ་ཀྱིས་ནི་གཟེར་མི་བྱ། །ཇི་བདེ་བས་ནི་བདེ་བ་སྤྱད། །བདེ་ཆེན་ཡེ་ཤེས་ལ་རོལ། འདི་ནི་སངས་རྒྱས་བདེ་སྤྱོད་ཡིན། །རྣལ་འབྱོར་ལོངས་སྤྱོད་འདོད་ཡོན་མ་སྤངས་དུག་ལྔ་ལམ་ཁྱེར། ཐམས་ཅད་ལ། །ཅིས་ཀྱང་མ་འཇིགས་སྤྱོད་པར་གྱིས། །སྡིག་པ་མེད་ཀྱིས་ཁྱོད་མ་འཇིགས། །དམ་ཚིག་འདའ་བར་དཀའ་བའོ། །གཞན་ཡང་དམ་ཚིག་ཉམས་པ་དང་། །སྐྱེ་བོ་གང་དག་དམ་ལ་གནོད། །བརྟུལ་ཞུགས་ཁྱོད་ཀྱིས་དེ་དྲོངས་ལ། །ཁྲག་ཆེན་པོ་ནི་འཐུང་བར་གྱིས། །སྐལ་ངན་འཇིག་རྟེན་པ་དང་ཉན་ཐོས་ལ། །ནམ་ཡང་དགའ་བར་མི་བྱ་སྟེ། །བསྐལ་བཟང་རྡོ་རྗེ་སེམས་དཔའ་གཙོ། །ཁྱོད་ཀྱིས་རྟག་ཏུ་བསྒྲུབ་པར་གྱིས། །ཞེས་རྒྱུད་ལས་འབྱུང་བ་དེ་བསྒྲགས་སོ། །དེ་ལ་མན་ངག་༣༽ཟབ་མོ་སྦྱིན་པ་གང་སྙམ་པ་ལ། མན་ངག་སྦྱིན། །ཞེས་བསྟན་པ་ལ་གཉིས་ཏེ། བསྒོམ་ལུང་བཀའི་མན་ངག་སྦྱིན་པ་དང་། སྙིང་པོ་དོན་གྱི་མན་ངག་སྦྱིན་པ་སྟེ། དེ་གཉིས་ནི་དོན་མན་ངག་གིས་བསྒྲུབ་པ་ཞེས་བྱའོ། ༡༽ །དེ་ལ་བསྒོམ་ལུང་བཀའི་མན་ངག་སྦྱིན་པ་ལ་གསུམ་སྟེ། བཀའ་ཁོག་དོན་གྱི་མ་གཞི་སྦྱིན་པ་དང་། །ལུང་མན་ངག་གི་གདམས་པ་སྦྱིན་པ་དང་། །མན་ངག་ཟབ་མོ་རྣ་བར་གཤིབ་པའོ། །དེ་ལ་༡༽བཀའ་ཁོག་དོན་གྱི་མ་གཞི་ནི། བསྒྲུབ་པའི་རྒྱལ་པོ་རྒྱལ་བ་ཀུན་གྱི་ཐུགས། །ཞེས་བྱ་སྟེ། ཡང་དག་གྲུབ་པ་གཅིག་པུ་ཉིད་ནི། སྟོན་པ་རྡོ་རྗེ་སེམས་དཔའི་གསུང་འདི་དང་། དེས་གསུངས་པའི་བྱང་སེམས་རྣམ་པ་ལྔ་པོ། འདའ་དཀའ་ཡེ་ཤེས། རིག་པ་ཁུ་བྱུག །ཁྱུང་ཆེན་ལྡིང་བ། རྩལ་ཆེན་རྫོགས་པ། ཐིག་ལེ་དྲུག་པ། འདི་གདམས་ལ་སྦྱིན་པའོ། །ལུང་༢༽མན་ངག་སྦྱིན་པ་ནི། སློབ་དཔོན་གྲུབ་ཐོབ་གོང་མ་མཁས་པ་རྣམས་ཀྱིས་ལུང་མན་ངག་མཐའ་དག་དྲིལ་ནས་མན་ངག་ཏུ་བསྡུས་པའོ། །ལྟ་བའི་རྫོང་སྤྱོད་པའི་འཕྲང་གཉིས་སུ་བསྡུས་པའི་མན་ངག །དགོངས་ཆེན་དགོངས་ཆུང་། སློབ་དཔོན་གྲུབ་པ་ཐོབ་པའི་ཉམས་ཀྱི་མན་ངག་སངས་རྒྱས་ལག་བཅངས་མ་སྦྱིན་པའོ། །དེ་ཁོ་ན་རྫོགས་༣༽པར་གདམས་ཏེ་སྦྱིན་པ་ནི། མན་ངག་ཟབ་མོ་རྣ་བར་གཤིབ་པའོ། །འདི་རྣམས་གདམས་པའི་མན་ངག་ཡིན་པས་སེམས་ལ་བསླན་ཅིང་ཉམས་བག་ཏུ་བླང་བར་བྱའོ། ༢༽ །སྙིང་པོ་སྔགས་ཀྱི་མན་ངག་སྦྱིན་པ་ནི། བསྒོམ་དབྱངས་ཡི་གེ་འབྲུ་བརྒྱད་དེ། འོག་ནས་འབྱུང་བ་ནས་མར་རིག་པར་བྱའོ། །དེ་ཡང་མན་ངག་དབང་གིས་སྦྱིན་དགོས་པ་ཡིན་པས། ཕྱི་ནང་གསང་བའི་དབང་རྫོགས་པ་དང་། རྫོགས་པའི་དབང་ནི། མན་ངག་རྫོགས་པར་བསྟན་པ་ལ་རྫོགས་པའི་དབང་ཞེས་བྱའོ། །དེ་ལ་སྒོམ་ལུང་བཀའ་མན་ངག་ནི། མཚན་མ་མེད་པ་གཉིས་ཏེ། ཡང་། མན་ངག་ཏུ་གདམས་པ། །ཤེས་རབ་ཀྱིས། འཁོར་འདས་ཀྱི་ཆོས་རིལ་སེམས་སུ་ཐག་བཅད་ལ། སེམས་རྒྱུ་བ་མེད་ཅིང་གཡོ་བ་མེད་པ། ནམ་མཁའ་དྭངས་པ་ལྟར་གསལ་ལ་རྟོག་པ་མེད་པ་དེ། རྣམ་རྟོག་གང་གིས་ཀྱང་མ་བསླད་པར་བཞག་ནས། གསལ་ལ་མ་ཡེངས་པ་དེ་ནི་དངོས་ཆོས་ཀྱི་སྐུ་སྐྱེ་བ་མེད་པ་འོ། །དེའི་ངང་ལས། རོལ་པ་མ་འགགས་པ་དཔལ་ཆེན་པོ་ཡབ་ཡུམ་ཡེ་ཤེས་ཀྱི་སྐུར་རྩོལ་བ་མེད་པར་ཤར་ཏེ། ཡབ་ཡུམ་གཉིས་བདེ་བ་རྒྱུན་མི་ཆད་པར་བཞུགས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེ་ལས་ཐུགས་རྗེའི་བྱེ་བྲག་དང་སངས་རྒྱས་ཀྱི་མཛད་སྤྱོད་ཕྲིན་ལས་རྣམ་བཞི་སོགས། རྒྱུན་མི་ཆད་པར་ཀུན་ལ་ཁྱབ་པར་འབྱུང་བ་ནི་སྤྲུལ་པའི་སྐུ་སྟེ། དེའི་དུས་ན། རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །ཞེས་བྱའོ། །འདི་ཁོ་ན་ཕྱག་རྒྱ་ཆེན་པིའི་དབང་སྟེ། བླ་མས་རིགས་ཀྱི་བུ་དེ་ལྟར་བྱོས་ཤིག་པ་ནི། དབང་བསྐུར་བའོ། །ཉམས་སུ་མྱོང་བ་ནི། དབང་ཐོབ་པའོ། །དེ་ནི་ཡང་དག་པའི་སངས་རྒྱས་དང་མཉམ་པ་ཡིན་པས། སངས་རྒྱས་བདེ་ཆེན་ཀུན་འདུས་པ། །ཞེས་བྱ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས། རྟོག་མེད་རྟོག་པ་སངས། མི་རྟོག་པའི་ཡེ་ཤེས་སུ་རྒྱས། དཔེ་ནམ་མཁའ་དྭངས་པ་ལྟ་བུའོ། །བཀག་པ་མེད་པའི་སྐུ་དཔལ་ཆེན་པོའོ། །སྒྱུ་མའི་ཕུང་པོ་ཟག་བཅས་སངས། ཟག་པ་མེད་པའི་སྐུ་སྒྱུ་མའི་ཆོ་འཕྲུལ་དུ་རྒྱས། དཔེ་ཆུ་ཟླ་ལྟ་བུའོ། །དེ་གཉིས་དོན་དུ་གྲུབ་པ་སྟེ། སྣང་སྟོང་དབྱེར་མེད་ངོ་བོ་ཉིད། ཆོས་ཀྱི་དབྱིངས་སུ་རྣམ་པར་དག་པ་དེ་ལ། གང་གིས་ཀྱང་མི་བསྒྲིབ་ཅིང་གསལ་བ་དེ་ལ། རིག་པ་གདིང་དུ་གྱུར་ནས་གསལ་ལ་མ་ཡེངས་པ་དེ་ལ། ཡང་དག་གྲུབ་པ་གཅིག་པུ་ཉིད་དོ། །གླེང་བྲལ་འདི་ལ་གནས་པ་ཡི། །རྣལ་འབྱོར་དེ་ནི་སྐལ་བ་བཟང་། །བདག་དང་གཞན་དོན་མི་འབྱེད་པ། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །ཞེས་གསུངས་སོ། །ཡང་། རང་གི་མཐུ་ཡིས་རིག་པ་ལས། །ཆོས་ནི་གཞན་ནས་འབྱུང་མི་འགྱུར། །ཞེས་གསུངས་པས། རང་རིག་རྩལ་དབང་ངོ་། །ཡང་། གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །མ་བྱུང་མ་སྐྱེས་སྙིང་པོ་ལ། །སྒྲོས་བཏགས་ཆོས་ཀུན་ག་ལ་ཡོད། །ཅེས་ནམ་མཁའ་ཆེ་ལས་གསུངས་སོ། །ཡང་གདམས་པ། མི་གཡོ་བ་ནི་སྐུ་ཡི་རྒྱན། །མི་བསྐྱོད་པ་ནི་ཡེ་ཤེས་ཏེ། །མི་འདོར་ཚིག་བྲལ་མཉམ་ཉིད་དོ། །གང་དང་གང་གིས་གང་དུ་ཡང་། །ཀུན་འཁོལ་ཀུན་སྤྱོད་བདག་ལས་བྱུང་། །ཞེས་གསུངས་པས། ཐག་ལྟ་བས་བཅད་པ་དང་། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ འོ། ༣༽ །གསུམ་པ་ཐ་མ། དེ་ལྟར་དབང་ཐོབ་ནས། ཁྱད་པར་གྱི་དམ་ཚིག་སྲུང་དུ་གཞུག་པའི་རིམ་པ་གང་སྙམ་པ་ལ། སྐབས་སྦྱོར་བཅུ་གཅིག་པ་སློབ་མ་སྒྲུབ་པའི་དམ་ཚིག་ལ་གནས་ཤིང་བསྙེན་བསྒྲུབ་གཞུང་བཞིན་དུ་བྱ་བའི་སྐབས་སོ། །ལུང་དགུ་ལས་དམ་ཚིག་དབང་གི་ལུང་། མཐའ་དྲུག་ལས་དམ་ཚིག་གོ། །དབང་ཐོབ་མཛེས་པ་དེ་དག་གིས། །དུལ་བའི་སེམས་སུ་བཞག་ནས་ནི། །དམ་ཚིག་ཆེན་པོས་བདེ་བར་གནས། །ཞེས་གསུངས་ཏེ། དཔེར་ན་སྐྱེས་བུ་ལ་རྒྱན་སྣ་ཚོགས་ཀྱིས་བརྒྱན་ན་ཤིན་ཏུ་ཡང་མཛེས་པར་འགྱུར་བ་བཞིན་དུ། སྣོད་དང་ལྡན་པའི་སྒྲུབ་པ་པོ་ལ། ཡོན་ཏན་དང་ལྡན་པའི་སློབ་དཔོན་གྱིས། ཕྱི་ནང་གསང་བ་གསུམ། རྫོགས་པའི་དབང་དང་བཞི་བསྐུར་ཏེ་ཐོབ་པ་ནི་དེ་དང་འདྲ་བའི། །དབང་ཐོབ་པའི་སྒྲུབ་པོ་དེ་དག་གིས། འཕྲུལ་དུ་ཁེངས་སེམས་མི་བསྐྱེད། ཡུན་དུ་ཉོན་མོངས་པའི་དབང་དུ་མི་གཏང་བར། སྤྱོད་ལམ་ཤིན་ཏུ་ཡང་དུལ་ཞིང་། ཁྲེལ་འཛེམ་ཆེ་བར་སེམས་པ་བཞག་ནས། བསྒྲུབ་པའི་དུས་སུ་ཁྱད་པར་གྱི་དམ་ཚིག་ཆེན་པོ་བརྒྱད་ཕོགས་ལ་སྲུངས་ཤིག་པ་ནི། འདི་ལྟ་སྟེ། བསྒྲུབ་པ་འདིའི་དུས་སུ་ལེ་ལོ་དང་གཉིད་དང་ཆང་དད་དབང་དུ་མི་གཏོང་བ་དང་༡། རྡོ་རྗེ་སློབ་དཔོན་གྱི་བཀའ་དང་དམ་ཚིག་བདེན་པར་བྱ་བ་དང་༢། རྐྱེན་ཅི་བྱུང་ཡང་སྤྱོད་ལམ་ཡངས་ཤིང་ཚིག་གི་མཚོན་མ་ཤོར་བར་བྱ་བ་དང་༣། དམ་རྫས་ཐམས་ཅད་ལ་བློའི་འཁུ་འཕྲིག་མེད་ཅིང་དང་དུ་བླང་བ་དང་༤། ཡི་དམ་གྱི་ལྷ་དང་སྙིང་པོ་ལ་མ་ཡེངས་ཤིག་བར་ཆད་མེད་པར་བྱ་བ་དང་༥། སྦྱོར་སྒྲོལ་ཟབ་མོ་ལ་བརྟུལ་ཞུགས་ཆེར་སྤྱད་པ་དང་༦། ཁམས་གསུམ་ཡོངས་སྒྲོལ་དུ་སྲིད་གསུམ་དབང་དུ་བསྡུ་བའི་ཕྱིར་གླུ་བྲོ་མང་པོ་བརྡུང་བ་དང་༧། དེ་ཡང་རུ་ལུའི་དབྱངས་དྲུག་དང་། མགོ་ལ་ལངྐ་མནན་པའི་བྲོ། སྙིང་ལ་ཙིཏྟ་འཁོར་ལོའི་བྲོ། ལ་སོགས་པ་བརྡུང་བར་བྱ། ཡེ་དག་པ་ཆོས་ཉིད་བྱང་ཆུབ་སེམས་ལས་མ་གཡོས་པར་བྱའོ༨། །དེ་ལྟར་དམ་ཚིག་ཆེན་པོ་བརྒྱད་ལ་བདེ་བར་གནས་ཏེ་བསྲུང་ངོ་། །ཞེས་བྱ་བའི་དོན་ཏོ། །ཁྱད་པར་དམ་ཚིག་བརྟན་པར་བྱ་བ་དབང་བསྐུར་བའི་ཕྲིན་ལས། དབང་བརྟན་པར་བྱ་བའི་དམ་ཚིག་བསྟན་པ་། ཞེས་བྱ་བའི་དོན་ཏོ། །སློབ་མ་ལ། ཁྱད་པར་གྱི་ཆས་ཀྱིས་མཛེས་པར་བྱ་བ་ནི་གོང་དུ་ཡོན་འབུལ་ཞིང་གསོལ་བ་གདབ་པའི་སྐབས་སུ་བསྟན་ནོ། །ལྷ་༦༽མཉེས་པར་བྱ་བའི་ཕྲིན་ལས་ལ་གཉིས་ཏེ། ཞི་བའི་ལྷ་མཉེས་པར་བྱ་བའི་ཕྲིན་ལས་དང་། ཁྲོ་བོའི་ལྷ་མཉེས་པར་བྱ་བའི་ཕྲིན་ལས་སོ། ༼༡༽ །དང་པོ། ཞི་བ་ལ་སྐབས་སྦྱོར་བཅུ་གཉིས་པ་ཉེ་བའི་བསྙེན་པའི་ཕྱིར། ཞི་བའི་དཀྱིལ་འཁོར་ཏིང་ངེ་འཛིན་གསུམ་ལ་སོགས་པས་བསྐྱེད་རྫོགས་ཀྱི་ཆོ་ག་བྱ་བའི་སྐབས་སོ། །ལུང་དགུ་ལས་ཡི་གེ་འཁོར་ལོ་བསྙེན་པའི་ལུང་ངོ་། །དཀྱིལ་འཁོར་དགུ་ལས་ཏིང་ངེ་འཛིན་གྱི་ད་ལའོ། །མཐའ་དྲུག་ལས་ཏིང་ངེ་འཛིན་གྱི་མཐའོ། །ཡོ་བྱད་གཉིས་ཀའོ། །གཉིས་ཏེ། དམིགས་པར་བྱ་བའི་ཡུལ་དང་། བསྒྲུབ་པར་བྱ་བའི་ཐབས་སོ། ༡༽ །དེ་ལ་དམིགས་པར་བྱ་བའི་ཡུལ་ནི། སངས་རྒྱས་ཚེ་འདིར་བསྒྲུབ་པའི་ཕྱིར། །སྐུ་གསུམ་ས་ལ་གོམས་པར་བྱ། །ཞེས་གསུངས་ཏེ། དེ་ལ་ཐེག་པ་འོག་མ་པ་རྣམས་ཀྱིས་ཡུན་རིང་པོར་བསྒྲུབས་ནས། ཕྱིས་སངས་རྒྱས་སུ་འགྲུབ་པར་ལྟ་བུ་མ་ཡིན་ཏེ། རྣལ་འབྱོར་ཆེན་པོའི་ཐེག་པ་འདིར། མཐོང་བའི་ཆོས་ཚེ་འདི་ཁོ་ན་ལ་སངས་རྒྱས་སུ་བསྒྲུབ་པའི་ཕྱིར། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་གསུམ། ཀུན་ཏུ་འོད་ཀྱི་ས་དང་། པདྨ་སྤྱན་གྱི་ས་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་གསུམ། དེ་བཞིན་ཉིད་དང་། ཀུན་ཏུ་སྣང་བ་དང་། རྒྱུའི་ཏིང་ངེ་འཛིན་དང་གསུམ་བསྒོམས་པ་ལ་གོམས་པར་བྱའོ། །ཞེས་བྱ་བའི་དོན་ཏེ། དེ་ཡང་རྒྱུད་ལས། བསྐལ་པ་བྱེ་བར་རྙེད་དཀའ་བ། །ཕྱག་རྒྱ་འདི་ཡི་ཆོ་ག་ཡིས། །ཚེ་འདི་ཉིད་ལ་གྲུབ་པར་འགྱུར། །ཞེས་གསུངས་སོ། ༢༽ །བསྒྲུབ་པ་བྱ་བའི་ཐབས་ལ་གསུམ་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པར་བསྟན་པ་དང་། རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ཞིང་མཆོད་པའི་ཕྲིན་ལས་དང་། བསྙེན་པ་དབུལ་བའི་ཕྲིན་ལས་སོ། །དེ་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པར་བསྟན་པ་ལ་ཡང་གསུམ་སྟེ། ཏིང་ངེ་འཛིན་སྤྱི་ཁོག་བསྟན་པ་དང་། ལྷ་བསྐྱེད་པའི་རིམ་པ་བསྟན་པ་དང་། རྫོགས་པའི་རིམ་པའོ། །དེ་ལ་ཏིང་ངེ་འཛིན་གྱི་སྤྱི་ཁོག་བསྟན་པ་ལང་ཡང་། ངག་དོན་དུ་བཞི་སྟེ། ཏིང་ངེ་འཛིན་བསྒོམ་པ་དང་། འབྱུང་བ་རིམ་བརྩེགས་བསྒོམ་པ་དང་། རྟེན་གཞལ་ཡས་ཁང་བསྒོམ་པ་དང་། གདན་བསྒོམ་པ་དང་བཞིའོ། །དང་པོ་ཏིང་ངེ་འཛིན་བསྒོམ་པ་ལ། གསུམ་སྟེ། དེ་བཞིན་ཉིད་དང་། ཀུན་ཏུ་སྣང་དང་། རྒྱུའི་ཏིང་ངེ་འཛིན་ནོ། ༡༽ །དེ་ལ་དེ་བཞིན་ཀྱི་ཏིང་ངེ་འཛིན་ཅི་ལྟར་བསྒོམ་སྙམ་པ་ལ། དང་པོ་ཆོས་ཀྱི་དབྱིངས་ཉིད་ལ། །དམིགས་པ་མེད་པའི་དོན་གྱིས་བསྒོམ། །ཞེས་གསུངས་ཏེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ལ་དོན་རྣམ་པ་བཞི་སྟེ། དང་པོར་བསྒོམ་པའི་དགོས་ཆེད་དང་། ངེས་པའི་ཚིག་དང་། བསྒོམ་པའི་ཐབས་དང་། བསྒོམས་པའི་འབྲས་བུའོ། །དེ་ལ་༡༽དང་པོར་བསྒོམ་པའི་དགོས་ཆེད་ལ་ཡང་གཉིས་ཏེ། སེམས་ཅན་རྣམས་ནི་ཐོག་མ་མེད་པའི་དུས་ནས། བདག་ཏུ་རྟོག་པའི་དབང་གིས་ཁམས་གསུམ་དུ་འཁོར་བ་ཡིན་ལ། བདག་ཏུ་རྟོག་པའི་གཉེན་པོ་དང་པོར་དེ་བཞིན་ཉིད་བསྒོམ་པ་དང་། གསང་སྔགས་ནི་འབྲས་བུའི་ཆོས་ཡིན་ལ། འབྲས་བུ་ནི་སྐུ་གསུམ་ཡིན་ཏེ། དེ་བཞིན་ཉིད་ཆོས་ཀྱི་སྐུའི་ངང་ལས་གཟུགས་ཀྱི་སྐུ་གཉིས་འབྱུང་བའི་ཕྱིར། དང་པོར་ཆོས་ཉིད་བསྒོམ་པར་བྱའོ། །ངེས་༢༽པའི་ཚིག་ནི། ཆོས་རྣམས་ཀྱི་དེ་བཞིན་ཉིད་ལ་བློ་བཞག་པའི་ཕྱིར། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱའོ། །བསྒོམ་པའི་༣༽ཐབས་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ནི་རང་གི་སེམས་སུ་འདུས་ལ། སེམས་ཀྱི་རང་བཞིན་ནི་མཚན་ཉིད་ཐམས་ཅད་དང་བྲལ་བ། ཇི་ལྟ་བུའི་དངོས་པོ་མདོག་དབྱིབས་ཆེ་ཆུང་གྲུབ་པ་མ་ཡིན་པས། སེམས་ཀྱིས་བཏགས་པའི་ཆོས་ཐམས་ཅད་ཀྱང་དངོས་པོ་མེད་དེ། ངོ་བོ་ཉིད་ཀྱི་སྟོང་ཞིང་དག་པ། ནམ་མཁའ་ལྟ་བུར་གསལ་ཞིང་དག་པའི་དུས་ན། ཆོས་དབྱིངས་ཉིད་ལས་ཡེ་ཤེས་སྐྱེས། །ཞེས་བྱ་སྟེ། དོན་དེའི་ངང་ལས་མ་གཡོས་པར་བྱའོ། །ཡང་ཇི་ལྟར་བསྒོམ་ཞེ་ན། གཉེན་པོའི་སྒོ་ནས་ཏེ། དེ་ཡང་རྒྱུད་ལས། བསྒྲུབ་མེད་ཡུམ་གྱི་བྷ་ག་ལ། །བརྗོད་མེད་སེམས་ཀྱི་ངང་དུ་གསལ། །ཨ། ཞེས་གསུངས་ཏེ། རྣམ་པ་མི་རྟོག་པའི་དམིགས་སུ་མེད་པའི་སྙིང་པོ་སེམས་ཀྱི་རང་བཞིན། ཡི་གེ་ཨ་དཀར་པོ་གཅིག་བསྒོམས་ཏེ། དེ་ཡང་སེམས་ཀྱི་རྒྱུད་གསལ་བར་བྱས་ཏེ། དབང་པོ་རྣམས་བསྡམས་ཏེ། དབུགས་དུ་རྒྱུ་བ་དང་། སེམས་ཉིད་ཨར་གསལ་བ་སྙིང་གར་བཟུང་སྟེ། རྒྱུ་བ་མེད་ཅིང་གཡོ་བ་མེད་པའི་ངང་དུ་ཅི་གསལ་དུ་བསྒོམ་མོ། །དེ་གསལ་བར་གྱུར་པ་དང་། ཨ་དེ་ལས་འོད་འཕྲོས། རིལ་བསྲེགས། སླར་འདུས་པ་ལས། བདག་ཉིད་ཀྱང་བསྲེགས་ཏེ་ཨ་གཅིག་པུར་གནས་པ་ལས། དེ་ཡང་ཇེ་ཆུང་ཇེ་ཕྲ་སྟེ། མཇུག་སྒྲ་ཙམ་མོ། །དེ་ཡང་སྒྲ་མཐར་སྟོང་སྟེ། ཇིར་ཡང་མ་འཛིན། ཇིར་ཡང་མི་དམིགས་པའི་ངང་དུ་གྱུར་པ་ནི། དོན་ཆོས་ཉིད་ཀྱི་ངང་དུ་བསྒོམ་པ་ཞེས་བྱའོ། །དེ་ཡང་རྒྱུད་ལས། མི་དམིགས་ཆོས་ཉིད་དེ་བཞིན་ཉིད། །ཅེས་གསུངས་སོ། །བསྒོམ་པའི་འབྲས་༤༽ བུ་ནི། ཀུན་ཏུ་འོད་ཀྱི་ས་ནོན། ཆོས་ཀྱི་སྐུ་ཐོབ་བོ། ༢༽ །དེ་ནས་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ཅི་ལྟར་བསྒོམ་སྙམ་པ་ལ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །ཐམས་ཅད་ཀུན་ལ་ཁྱབ་པར་བྱ། །ཞེས་གསུངས་ཏེ། དེ་ལ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ལ་ཡང་། དོན་རྣམ་པ་བཞི་སྟེ། དགོས་ཆེད་དང་། ངེས་ཚིག་དང་། བསྒོམ་པའི་ཐབས་དང་། འབྲས་བུའོ། །དགོས་༡༽ ཆེད་ནི། རྣམ་པ་གསུམ་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་རོལ་མི་ཆགས་པ་དང་། སྒྱུ་མའི་ཆོ་འཕྲུལ་འབྱུང་བར་སླ་བ་དང་། གཞལ་ཡས་ཁང་དུ་ལྷ་དགོད་པར་བདེ་བའོ། །ངེས་པའི་༢༽ཚིག་ནི། ཆོས་ཐམས་ཅད་སྐྱེ་འགགས་མེད་པའི་ངང་དུ་གསལ། སེམས་ཅན་རྣམས་ཀྱིས་སྐྱེ་བ་མེད་པའི་ངང་མ་རྟོགས་པ་ལ། ཁྱབ་པའི་སྙིང་རྗེ་ཆེན་པོ་བསྐྱེད་དེ། མཚན་མ་དང་མཚན་མ་མེད་པའི་ཏིང་ངེ་འཛིན་གཉིས་བསྒོམས་པས། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ཅེས་བྱའོ། །བསྒོམ་༣༽པའི་ཐབས་ནི། རང་གི་རིག་པའི་ཡེ་ཤེས་ཀྱིས། ཆོས་ཐམས་ཅད་སྐྱེ་འགགས་མེད་པ་ལ། སེམས་ཅན་རྣམས་ཀྱིས་སྐྱེ་བ་མེད་པའི་ངང་མ་རྟོགས་པ་ལ། སྙིང་རྗེ་ཆེན་པོར་བསྐྱེད་པ་ནི་འདི་ལྟར་བསྒོམ་སྟེ། དེ་ཡང་རྒྱུད་ལས། བརྩོལ་མེད་མ་བསྒྲུབས་ཇི་བཞིན་ལས། །ཀུན་སྣང་ནམ་མཁའི་ངང་ཉིད་འབྱུང་། །ཙིཏྟ་པྲ་བེ་སྥ་ར་ན་ཕཊ། ཅེས་གསུངས་ཏེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངང་ལ་ལངས་ནས། ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་ཤིང་། དངོས་པོ་མེད་པ་ཡིན་ན། སེམས་ཅན་རྣམས་ཀྱིས་དེ་ལྟར་མ་རྟོགས་ཏེ། དངོས་པོ་ལ་མངོན་པར་ཞེན་པས། ཁམས་གསུམ་དུ་མངོན་པར་འཁོར་བ་འདི་རྣམས་སྙིང་རེ་རྗེ་སྙམ་དུ། སྙིང་རྗེ་ཆེན་པོ་བསྐྱེད་པའི་རྟགས་སུ། འོད་དཀར་པོ་ཚོན་གང་བ་གཅིག་ཏུ་གསལ་བར་བསྒོམ་མོ། །དེ་ནམ་གསལ་བར་གྱུར་པ་དང་། ཙིཏྟ་པྲ་བེ་སྥ་ར་ན་ཕཊ། ཅེས་བྱ་བའི་སྒྲ་བྱུང་བས། སྣང་སྲིད་རིལ་འོད་དུ་བདལ་བས་རིལ་བསྲེགས། སླར་འདུས་པ་ལས། འོད་གཞིའོ་ལ་འདུས་ཏེ་ཤིན་ཏུ་གསལ་བར་བསྒོམ་མོ། །དེ་ཡང་རྒྱུད་ལས། རང་བཞིན་འོད་གསལ་ཀུན་ཏུ་སྣང་། །ཞེས་གསུངས་ཏེ། བསྒོམས་༤༽པའི་འབྲས་བུ་ནི། སྐུ་གསུམ་ཆར་ཐོབ་པའི་གྲོགས་བྱེད་དེ། དེ་ཡང་རང་རིག་པའི་ཡེ་ཤེས་ཀྱིས། ཆོས་ཀྱི་དབྱིངས་ཀྱི་དོན་རྟོགས་ཏེ། རྟོགས་པའི་ངང་ལས་མ་གཡོས་པས་ནི། ཆོས་ཀྱི་སྐུ་ཐོབ་པའི་གྲོགས་བྱེད་དོ། །དེ་ལྟར་མ་རྟོགས་པ་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པས་ནི། གཟུགས་ཀྱི་སྐུ་རྣམ་གཉིས་ཐོབ་པའི་གྲོགས་བྱེད་དོ། །ཞེས་བྱ་བའི་དོན་ཏོ། ༣༽ །དེ་ནས་རྒྱུའི་ཏིང་ངེ་འཛིན་ཅི་ལྟར་བསྒོམ་སྙམ་པ་ལ། མེད་པའི་རྒྱུ་ལས་མངོན་གསལ་བའི། །སེམས་ཀྱི་རང་བཞིན་ཡེ་ཤེས་གསལ། །ཅེས་གསུངས་ཏེ། རྒྱུའི་ཏིང་ངེ་འཛིན་བསྒོམ་པ་ལ་ཡང་དོན་བཞི་སྟེ། དགོས་ཆེད་དང་། ངེས་ཚིག་དང་། བསྒོམ་པའི་ཐབས་དང་། བསྒོམ་པའི་འབྲས་བུའོ། །དགོས་༡༽ ཆེད་ནི། གང་ཟག་ལ་བདག་མེད་པར་རྟོགས་པར་བྱ་བའི་ཕྱིར་རོ། །ངེས་༢༽པའི་ཚིག་ནི། གཟུགས་ཀྱི་སྐུ་རྣམ་གཉིས་ཐོབ་པའི་རྒྱུར་གྱུར་པའི་ཕྱིར་རྒྱུའི་ཏིང་ངེ་འཛིན་ཞེས་བྱའོ། །བསྒོམས་༣༽པའི་ཐབས་ནི། རྒྱུད་ལས། དམ་པའི་ཡི་གེ་ཨ་ལས་ནི། །ཡེ་ཤེས་སེམས་དཔའ་གསལ་བར་ཤར། །ཛྙཱ་ན་ས་ཏྭ་ཧཱུཾ། ཞེས་གསུངས་ཏེ། གོང་འོག་གི་འོད་དེ་ལས་སེམས་ཀྱི་རང་བཞིན་ཡི་གེ་ཨ་དཀར་པོ་གཅིག་ཏུ་གྱུར་པར་བསྒོམ་མོ། །དེ་འཕྲོས་ཤིང་འདུས་པ་ལས། ཛྙཱ་ན་ས་ཏྭ་ཧཱུྃ། ཞེས་བརྗོད་པ་ལས། ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ་ཚོན་གང་བ། རྒྱན་དང་ཆ་ལུགས་སྤངས་པ་གཅིག་ཏུ་གསལ་བར་གྱུར་པར་བསྒོམ་མོ། །བསྒོམས་༤༽པའི་འབྲས་བུ་ནི། འོག་ཏུ་ལྷ་བསྐྱེད་པའི་རྗེས་སུ་བསྡོམས་ཏེ་འབྱུང་ངོ་། །དེ་ནས་སྐུ་དེ་ཉིད་ཧཱུྃ་ཡཾ། ཞེས་པས་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་ནས། ནམ་མཁའི་དབྱིངས་ན་གསལ་བའི་ཐུགས་ཀ་ནས། གཉིས་པ་འབྱུང་བ་རིམ་བརྩེགས་བསྐྱེད་པ། ཕྱི་སྣོད་ཀྱི་འཇིག་རྟེན་དང་བསྟུན་ནས། དབང་ཆེན་ཡུམ་ལྔའི་དཀྱིལ་འཁོར་བསྐྱེད་པ་ཡང་། རྒྱུད་ལས་འདི་སྐད་དུ། ཨེ་ལས་ནམ་མཁའ་མཐའ་དབུས་མེད། །ཡཾ་ལས་རླུང་གི་དཀྱིལ་འཁོར་ཏེ། །བཾ་ལས་ཆུ་ཡི་རྦ་ཀློང་འཁྱིལ། །སུཾ་ལས་གསེར་གྱི་ས་གཞི་ཆགས། །ལཾ་ལས་རིན་ཆེན་རི་རབ་སྟེ། །རཾ་ལས་ཡེ་ཤེས་མེ་འོད་འབར། །ཞེས་གསུངས་ཏེ། དེ་ཡང་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས། ཨེ་ཡཾ་བཾ་སུཾ་ལཾ་རཾ། ཞེས་བྱ་བའི་ཡི་གེ་འབྲུ་རྣམས་འཐོན་ཏེ་འཕྲོས་པ་ལས། སྙིགས་མའི་འབྱུང་བ་ལྔ། དྭངས་མའི་འབྱུང་བ་ལྔར་ཡུམ་གྱི་དཀྱིལ་འཁོར་དུ་བསྐྱེད་དེ། ཨེ་ལས། ཨེ་ཨ་ཀ་ཤ་མ་དྷ་ལ། ཞེས་བརྗོད་པས། ནམ་མཁའ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། ཡུམ་ཀུན་ཏུ་བཟང་མོའི་རང་བཞིན་དུ་བསྒོམ་མོ། །དེའི་ནང་དུ་ཡཾ་ལས་ཡཾ་ཀརྨ་རཀྴ་ཧཾ། ཞེས་བརྗོད་པས། ཐམས་ཅད་བརྟེན་ནུས་པ་རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ། དབྱིབས། ཡུམ་དམ་ཚིག་སྒྲོལ་མའི་རང་བཞིན་དུ་བསམ། དེའི་སྟེང་དུ་བཾ་ལས། བཾ་མ་མ་ཀི་རི་མ་དྷ་ལ། ཞེས་བརྗོད་པས་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཟླུམ་པོ། ཡུམ་མཱ་མ་ཀཱིའི་རང་བཞིན་དུ་བསམ། དེའི་སྟེང་དུ་སུཾ་ལས། སུ་སུ་མེ་སུཾ། ཞེས་བརྗོད་པས། གསེར་གྱི་ས་གཞི་བྷྲཱུྃ་བཞི་པ་ཡུམ་སངས་རྒྱས་སྤྱན་གྱི་རང་བཞིན་དུ་གྱུར་པར་བསམ། དེའི་སྟེང་དུ་ལཾ་ལས། ལཾ་ཏི་ཏ་མ་དྷ་ལ། ཞེས་བརྗོད་པས། རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་རྒྱ་ཁྱོན་དཔག་ཏུ་མེད་པ་གཅིག་བསམ། དེའི་སྟེང་དུ་རཾ་ལས། རཾ་ཛྭ་ལ་མ་དྷ་ལ། ཞེས་བརྗོད་པས། ཡེ་ཤེས་ཀྱི་མེ་འོད་འབར་བས་འབྱུང་བ་ལྔ་སྤྱིའི་དྲོད་བསྙོམས་ཏེ། ཡུམ་ན་བཟའ་དཀར་མོའི་རང་བཞིན་འོད་འཇའ་ཚོན་བཞིན་དུ་གསལ་བར་བསྒོམ་མོ། །དེ་ཡང་རྒྱུད་ལས། འབྲུ་ལྔའི་འཕྲ་བཀོད་ཡུམ་ལྔའི་རྒྱུད། །མཁའ་དབྱིངས་རྣམ་དག་དཀྱིལ་འཁོར་ནི། །མ་བཅོས་ལྷུན་གྲུབ་ཡུམ་གྱི་མཁའ། །རྒྱལ་བ་རྒྱ་མཚོའི་བཞུགས་གནས་རྟེན། །ཞེས་གསུངས་སོ། །གསུམ་པ་རྟེན་གཞལ་ཡས་ཁང་བསྒོམ་པ། དེ་ལ་གཞལ་ཡས་ཁང་བསྐྱེད་པའི་སྙིང་པོ་དང་འཕྲོ་འདུ་ཇི་ལྟར་བྱ་སྙམ་པ་ལ། ཅིར་ཡང་འགྱུར་བའི་ཡིག་འབྲུ་བསམ། །འོད་ཟེར་ཚུལ་དུ་འཕྲོས་ནས་ཀྱང་། །མ་ལུས་སྙིང་རྗེས་ཁྱབ་བྱས་ཏེ། །རེ་ཞིང་ངམ་པའི་ཚུལ་དུ་དགོངས། །འོད་ཟེར་དེ་དག་འདུས་ནས་ཀྱང་། །ཞེས་གསུངས་ཏེ། གོང་གི་ཡེ་ཤེས་སེམས་དཔའ་ཕྱྭ་མཁན་གྱི་ཚུལ་དུ་སྣང་བའི་ཐུགས་ཀའམ་སྨིན་མཚམས་ནས། རང་གི་ངང་གིས་ཡི་གེ་བྷྲཱུྃ་སྨུག་ནག་འོད་དུ་འབར་བ་གཅིག་གསལ་བར་བསྒོམ་མོ། །དེ་ནི། ཅིར་ཡང་འགྱུར་བའི་ཡིག་འབྲུ་བསམ། །ཞེས་བྱ་སྟེ། དེ་ལ་ཡི་གེ་བྷྲཱུྃ་ནི། སྟོང་པ་ཉིད་ཀྱི་སྙིང་པོར་ཡང་འགྱུར། ཚེའི་སྙིང་པོར་ཡང་འགྱུར། མཚོན་ཆ་ལྔའི་སྙིང་པོར་ཡང་འགྱུར། བཅོམ་ལྡན་འདས་གཙུག་ཏོར་འཁོར་ལོས་སྒྱུར་བའི་སྙིང་པོར་ཡང་འགྱུར། གཞལ་ཡས་ཁང་བསྐྱེད་པའི་སྙིང་པོར་ཡང་འགྱུར་བས། ཅིར་ཡང་འགྱུར་པའི་ཡིག་འབྲུ་བསམ། །ཞེས་བྱའོ། །འོད་ཟེར་ཚུལ་དུ་འཕྲོས་ནས་ཀྱང་། །ཞེས་པས། བྷྲཱུྃ་དེ་ལས་བྷྲཱུྃ་སྥ་ར་ན་ཕཊ། ཅེས་བརྗོད་པས། བྷྲཱུྃ་ཕྲ་མོ་ཡུངས་འབྲུ་ཙམ་གྲངས་མེད་པར་འཕྲོས་པས། ཕྱི་ནང་སྣོད་བཅུད་མ་ལུས་པར་ཡེ་ཤེས་ཀྱི་འོད་ཟེར་གྱིས་སྦྱངས་ཏེ། མ་ལུས་སྙིང་རྗེས་ཁྱབ་བྱས་ཏེ། །ཞེས། སྙིང་རྗེའི་གཟུགས་ཀྱིིས་མཐའ་དབུས་མེད་པར་ཁྱབ་པའི་རྟགས་སུ། འོད་ཟེར་སྨུག་ནག་ཏུ་ཆི་ལེ་གསལ་བ་དེས། རེ་ཞིང་། ཞེས་པས། མ་མོ་དང་མཁའ་འགྲོ་མ་ལ་ཕོག་པས། རིགས་ཀྱི་གཙོ་བོར་མཐོང་ནས་རེ། ངམ། ཞེས་པས། བྱང་ཆུབ་སེམས་དཔའ་རྣམས་ལ་ཕོག་པས་སྤུན་དང་གྲོགས་པོར་མཐོང་ནས་ངམ། དུས་གསུམ་གྱི་རྒྱལ་བ་ལ་ཕོགས་པས། ཕྱི་ནང་གསང་བ་གསུམ་གྱིས་མཆོད་པ་ཕུལ་ཏེ། སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པར་བྱས་ནས། ཚུལ་དུ་དགོངས། །ཞེས་པས། སྲས་ཀྱི་དམ་པར་དགོངས་སོ། །འོད་ཟེར་དེ་དག་འདུས་ནས་ཀྱང་། །ཞེས་པས། འོད་ཟེར་དེ་དག་སླར། སཾ་ཧ་ར་ན་ཧཱུྃ། ཞེས་བསྡུས་པ་ལས། བྷྲཱུྃ་བཞི་པོ་ཡང་འོད་དུ་ལྷམ་གྱིས་ཞུ་ནས། དེ་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཚོན་གང་བར་གྱུར། དེ་ནས་འཕྲོ་འདུ་གོང་དང་མཐུན་པར་བྱས་པས། དེ་ལས་གཞལ་ཡས་ཁང་ཇི་ལྟར་བསྐྱེད་སྙམ་པ་ལ། རིན་ཆེན་ལས་མཛེས་གཞལ་ཡས་སུ། །ཞེས་གསུངས་ཏེ། དེ་ལ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། བཛྲ་ཛྙཱ་ན་ཙཀྲ་མ་དྷ་ལ་བྷྲཱུྃ། ཞེས་བརྗོད་པས། གཞལ་ཡས་ཁང་རིན་ཆེན་མཛེས་པ་སྣ་ལྔ་ལས་གྲུབ་པ་སྟེ། ཤར་ཕྱོགས་ཤེལ་ཀང་ཀ་རེ་དཀར་པོ། ལྷོ་ཕྱོགས་བཻ་ཌཱུརྱ་སྔོན་པོ། ནུབ་ཕྱོགས་པདྨ་རཱ་ག་དམར་པོ། བྱང་ཕྱོགས་ཨིནྟྲ་ནི་ལ་ལྗང་གུ། དབུས་སུ་ཤ་ར་ག་སེར་པོ་ལས་གྲུབ་པ། དབྱིབས་གྲུ་བཞི་མཆོད་རྟེན་གྱི་ཚུལ་དུ་གནས་པ། ཕྱི་ནང་ཤིན་ཏུ་མི་སྒྲིབ་པ་གསལ་བ། རྒྱ་ནམ་མཁའི་མཐའ་དང་མཉམ་པ། རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ འི་གཞལ་ཡས་ཁང་གྲུ་བཞི་པ་དེ་ལ། གློ་འབུར་གྱིས་མཛེས་པ། ཁྱམས་དང་། སྒོ་བཞི་དང་། སྒོ་ཁྱུད་དང་། རྟ་བབས་དང་། ཐེམ་སྐས་དང་ལྡན་པ། དེའི་དབུས་སུ་གསེར་གྱི་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པ། གྲུ་ཆད་བཞི་དང་། ལྟེ་བ་ཟླུམ་པོ་སྟེ། མཐིང་། གཟུགས་བརྙན་དཀྱིལ་འཁོར་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །བཞི་པ་གདན་བསྒོམ་པ། དེ་ལ་དབུས་ཀྱི་ལྟེ་བ་ལ། སྭ་ལས་སེང་གེ། ཤར་གྱི་རྩིབས་ལ། ཧཾ་ལས་གླང་པོ་ཆེ། ལྷོར། ཨ་ལས་རྟ། ནུབ་ཏུ། མཾ་ལས་རྨ་བྱ། བྱང་དུ། གཾ་ལས་ནམ་མཁའ་ལྡིང་། དེ་རྣམས་ལ་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་སྟེགས་དང་། ཉི་མ་དང་། ཟླ་བ་དང་། པདྨའི་གདན་དང་བཅས་པའོ། །གློ་འབུར་དང་གྲུ་ཆད་ལ་ཉི་ཟླ་པདྨ་སུམ་བརྩེགས། བར་འཁྱམས་ལ་པདྨ། སྒོ་བཞིར་ཡང་རྡོ་རྗེའི་བྲག་དང་ཉི་མའོ། །གཞལ་ཡས་ཁང་དེའི་རྒྱན་ཡང་། འཕན་དང་། རྒྱལ་མཚན་དང་། བླ་བྲེ་དང་། སྦྲང་ཡབ་དང་། རྔ་མ་དང་། དྲིལ་བུ་རླུང་གིས་བསྐྱོད་པ་དང་། གདུགས་དང་། དོ་ཤལ་དང་། དྲྭ་བ་དང་དྲྭ་བ་ཕྱེད་པ་དང་། ཉི་མ་དང་། ཟླ་བ་དང་། ཆུན་འཕྱངས་དང་། ཏྭ་ར་ན་དང་། བྱ་ཁྱུང་ཀ་རུ་ན། ཆུ་སྲིན་ཏ་ར་ན། རི་དྭགས་ཤ་ར་ན། གླང་ཆེན་ཐེག་པ་ན། སྒོ་བཞིར་ཏ་ལའི་སྐྱེད་ཤིང་དང་། ཅང་ཤེས་ཀྱི་བྱ་སྣ་ཚོགས་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་དབྱིངས་ཀྱི་ལྷ་མོ་རྣམས་སྣ་ཚོགས་སུ་འདོད་སྣམ་ལ་སྣང་ཞིང་། མི་འགྲིབ་པ་རང་བྱུང་བས་བརྒྱན་པའོ། །དེ་ཡང་རྒྱུད་ལས། རིན་ཆེན་འབར་བའི་གཞལ་ཡས་ཁང་། །མཐའ་དང་དབུས་མེད་ནམ་མཁའི་རྒྱ། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །རིག་པའི་གདན་དང་ཡེ་ཤེས་རྒྱན། །ཞེས་གསུངས་པ་དང་། ཡང་། ཡེ་ཤེས་འབར་བའི་གཞལ་ཡས་སུ། །སེང་གེ་གླང་རྟ་རྨ་བྱ་ཁྱུང་། །ཉི་ཟླ་པདྨ་རིན་པོ་ཆེ། །གཙོ་དང་འཁོར་བཅས་རིམ་པར་གསལ། །ཞེས་གསུངས་སོ། ༢༽ །དེ་ནས་ལྷ་བསྐྱེད་པའི་རིམ་པ་བསྟན་པ་གང་སྙམ་པ་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །ཐུགས་རྗེ་ཆེ་དང་ལྡན་པ་ཡི། །དཀྱིལ་འཁོར་ལྔ་ལ་སོགས་པའི་འཁོར། །ཞེས་གསུངས་ཏེ། རྩ་བ་འདི་ལ། གཞུང་གསུམ་སྟེ། རྒྱུད་སརྦ་བུདྡྷའི་གཞུང་དང་། སངས་རྒྱས་མཉམ་སྦྱོར། ལུང་། ཐབས་ཀྱི་ཞགས་པ་དང་། མན་ངག་ཧེ་རུ་ཀའི་གལ་པོ་དང་། འཇིག་རྟེན་ལས་འདས་པའི་གཞུང་དང་གསུམ་སྟེ། དེ་ལ་འདིར། མན་ངག་གི་རྒྱུད་ཧེ་རུ་ཀའི་གལ་པོ་དང་། འཇིག་རྟེན་ལས་འདས་པའི་མདོ་དང་གཉིས་ཀྱི་གཞུང་དུ་བྱ་ན། ལྷ་བསྐྱེད་པའི་རིམ་པ་ལ་ཡང་གསུམ་སྟེ། གཙོ་བོ་ཡབ་ཡུམ་བསྐྱེད་པ་དང་། འཁོར་བསྐྱེད་པ་དང་། དཀྱིལ་འཁོར་གྱི་དབྱེ་བའོ། །དེ་ལ་༡༽གཙོ་བོ་ཡབ་ཡུམ་བསྐྱེད་པ་ནི། རྒྱུད་ལས་འདི་སྐད་དུ། ནམ་མཁའི་དཀྱིལ་ནས་ཡེ་ཤེས་ཤར། །ངེས་པ་ལས་ནི་རྡོ་རྗེ་ཆེ། །དེ་ལས་བཅོམ་ལྡན་རྡོ་རྗེ་སེམས། །གསང་བའི་ཡུམ་དང་གཉིས་མེད་འཁྲིལ། །ཞེས་འབྱུང་སྟེ། དེ་ཡང་གོང་གི་ནམ་མཁའི་དབྱིངས་ན་གསལ་བའི་ཡེ་ཤེས་སེམས་དཔའ་དེ། བཛྲ་ཙིཏྟ་ཨ་བེ་ཤ་ཡ་ཨ། ཞེས་བརྗོད་པས། དབུས་ཀྱི་གདན་སྟེངས་སུ་དཀར་ལྷག་གིས་བབས་པ་ལས། འོད་དུ་འབར་ནས་ཡི་གེ་ཧཱུྃ་དུ་གྱུར། དེ་ལས། ཧཱུྃ་སྥ་ར་ན་ཕཊ། །ཞེས་བརྗོད་པས། བསྐུལ་དོན་གཉིས་བྱས། སླར། སང་ཧ་ར་ན་ཧཱུྃ། གིས་བསྡུས་པས་འོད་དུ་གྱུར། དེ་ལ། ཧཱུྃ་བཛྲ། ཞེས་བརྗོད་པས། རྡོ་རྗེ་རྩེ་ལྔ་པར་གྱུར། དེ་འཕྲོས་ཤིང་འདུས་པ་ལས། ཧཱུྃ་བཛྲ་དྷྲིཀ྄། ཅེས་བརྗོད་པས། རིགས་ཐམས་ཅད་ཀྱི་བདག་ཉིད། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ། སྐུ་མདོག་མཐིང་ཀ །ཞལ་གསུམ་ལ། ཕྱག་དྲུག་པ། ཞབས་གཉིས་མཉམ་པའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། སྐུ་ཞི་བའི་ཚུལ་དང་ལྡན་ཞིང་། རིན་པོ་ཆེའི་རྒྱན་གྱིས་སྦུད་པ། སྤྲས་པ། སྐུ་གསུང་ཐུགས་མངའ་བདག་ཡེ་ཤེས་ལྔའི་དབུ་རྒྱན་དང་ལྡན་པར་བསྒོམ་པ་ལ། རྡོ་རྗེ་སེམས་དཔའ། ཞེས་སྨོས་སོ། །ས་སོགས་པའི། སྒྲས་ཡུམ་བསྐྱེད་པ་སྟེ། བདག་ཉིད་དེ་ལྟར་གསལ་བའི་ཐུགས་ཀ་ནས་ཡི་གེ་མཱུཾ་འཕྲོས་ཤིང་འདུས་པ་ལས། དྲིལ་བུར་གྱུར། དེ་འཕྲོས་ཤིང་འདུས་པ་ལས། མཱུཾ་དྷ་དྷུ་ཤྭ་རི། ཞེས་བརྗོད་པ་ལས། ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་གཡོན་དུ་བསྐྱེད་དོ། །དེ་ཡང་སྐུ་མདོག་དང་ཕྱག་མཚན་ཅི་ལྟ་བུ་ཞེ་ན། དེ་ཡང་རྒྱུད་ལས། གཙོ་བོ་མི་བསྐྱོད་མཐིང་ཀ་དཀར་དམར་ཞལ། །རྡོ་རྗེ་འཁོར་ལོ་རིན་ཆེན་གཡས། །དྲིལ་བུ་པདྨ་རལ་གྲི་གཡོན། །དབྱིངས་ཕྱུག་མ་གཡས་ཡབ་ལ་བརྟེན་གཡོན་དྲིལ་སྔོ། །ཞེས་གསུངས་སོ། །དེ་ནས་༢༽འཁོར་བསྐྱེད་པ་གང་སྙམ་པ་ལ། ཐུགས་རྗེ་ཆེ་དང་ལྡན་པ་ཡི། །ཞེས་གསུངས་ཏེ། གཉིས་པ་འཁོར་བསྐྱེད་པ་ལའང་། ངག་དོན་དུ་དྲུག་སྟེ། དང་པོ་མཁའ་གསང་བྱིན་གྱིས་བརླབ་ཅིང་ཡིག་འབྲུ་དང་མཁར་ལྷ་བསྐྱེད་པ། གཉིས་པ་ཕྱིར་རིགས་བཞི་བསྐྱེད་པ། གསུམ་པ་ཕྱི་ནང་གི་སེམས་དཔའ་ཡབ་ཡུམ་བསྐྱེད་པ། བཞི་པ་ཀུན་བཟང་ཡབ་ཡུམ་བསྐྱེད་པ། ལྔ་པ་ཐུབ་པ་དྲུག་བསྐྱེད་པ། དྲུག་པ་སྒོ་བ་ཡབ་ཡུམ་བསྐྱེད་པའོ། །དང་པོ་མཁའ་གསང་བྱིན་གྱིས་བརླབས་པ་ནི། ཡབ་ཡེ་ཤེས་ལྔའི་བདག་ཉིད་ཐུགས་རྗེ་ཆེན་པོའི་མངའ་བདག །སྐུ་ཕྱག་རྒྱ་ཆེན་པོར་གསལ་བ་དང་། ཡུམ་མི་འབྲལ་བའི་གཟུངས་མ་དམ་ཚིག་གི་ཕྱག་རྒྱར་ལྡན་གཉིས་ལས་བསྐྱེད་པར་བྱ་སྟེ། དེ་ཡང་ཡབ་ཀྱི་ཐུགས་ཀ་ནས། བྷྲཱུྃ་ལེ་བརྒན་གཅིག་འཕྲོས་པས། ཡུམ་གྱི་མཁའི་དངོས་པོ་སྦྱངས་འོད་དུ་ཞུ་བ་ལས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། པདྨ་དྷ་ར་ཨཾ། ཞེས་བརྗོད་པས། ཡུམ་གྱི་མཁའ་ཉིད་རིན་པོ་ཆེའི་གཞལ་ཡས་ཁང་། པདྨ་འདབ་མ་བཞི་པའི་ལྟེ་བ་ལ། ཨཾ་དམར་ལ་དྭངས་པར་བསྒོམ་པ་དང་། ཡུམ་གྱི་ཐུགས་ཀ་ནས་ཧཱུྃ་དཀར་པོ་ཡབ་ཀྱི་མཁའ་ལ་འཕྲོས་པས། མཁའི་དངོས་པོ་སྦྱངས་འོད་དུ་ཞུ་བ་དང་། ཧཱུྃ་ཏིཔྟ་བཛྲ་རཏྣ་སུརྱ་ༀ། ཞེས་བརྗོད་པ་ལས། ཡབ་ཀྱི་གསང་བའི་རྡོ་རྗེ་རྩེ་ལྔ་པ། སྐེད་སྒོར་རིན་པོ་ཆེའི་ཕྲེང་བ་དང་ལྡན་པའི། རྩེ་མོར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ༀ་དཀར་པོ་གཅིག་གསལ་བར་བསྒོམ་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་ལ་འཇུག་པར་བྱ་སྟེ། དེ་ཡང་རིག་པ་དབྱིངས་ལ་འཇུག་པའི་ཕྱིར། ཧཱུྃ་ཧཱུྃ། ཞེས་བརྗོད་དོ། །དེ་ནས་ཡབ་ཡུམ་གྱི་བརྡའ་སོ་སོར་བསྐུལ་ཏེ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། རཱ་ཧོ་ཡ་ཧཾ། རཱ་ག་ཡ་མི། ཞེས་ཡབ་ཡུམ་སོ་སོར་ཆགས་པ་བསྐྱེད་དོ། །ཛཿཧཱུྃ་བྃ་ཧོཿ ཞེས་པ་ནི། ཡུམ་གྱི་ཐུགས་ཀ་ནས་གཟུང་བ་དང་། སྟོད་སྨད་ནས་འཁྱུད་པ་དང་། ཞལ་གསང་སྦྱར་བ་དང་། དགྱེས་པ་བསྐྱེད་པས་བྱང་ཆུབ་སེམས་སད་ནས། ༀ་གྱིས་བསྡུས་ཤིང་། ཧཱུྃ་གིས་བརྒྱུད་ནས། ཕཊ་གྱིས་མཁའ་ལ་ཕབ་སྟེ། ཙིཏྟ་ཨེ་ཀྲེ་མ་དྷ་ལ། ཞེས་བརྗོད་པས། ཡུམ་གྱི་མཁའ་ལ་བྱང་ཆུབ་སེམས་ཀྱི་ཆག་ཆག་བོར། ཏིག་བཏབ་པ་དང་བྱང་ཆུབ་སེམས་ཀྱི་ཐིག་ལེ་སོ་སོར་གསལ་བ་ནི། གསང་བའི་ས་བོན་ཞེས་བྱ་སྟེ། དེ་ལས། བོ་དྷི་ཙིཏྟ་པཱུ་ཙ་སྥ་ར་ན་ཕཊ། ཅེས་བརྗོོད་པས། བྱང་ཆུབ་སེམས་ཐིག་ལེ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས། འཕགས་པ་མཆོད། ཐུགས་དམ་གྱི་རྒྱུད་བསྐུལ། སླར་འདུས་པ་ལས་གཉིས་སུ་མེད་པར་གྱུར་ཏེ། དེ་ལས་གསུང་ཡིག་འབྲུར་གྱུར་པ་ནི་ཡེ་ཤེས་ཀྱི་ས་བོན་ཞེས་བྱ་སྟེ། གསང་བའི་ས་བོན་དང་ཡེ་ཤེས་ཀྱི་ས་བོན་གཉིས་སུ་མེད་པར་གྱུར་པ་ལས། གསང་བ་མཆོག་གི་དཀྱིལ་འཁོར་གྱི་ལྷ་རྣམས་བསྐྱེད་པའི་ས་བོན་དུ་ཤེས་པར་བྱ་སྟེ། དེ་ཡང་རྒྱུད་ལས། ཡེ་ཤེས་དམ་ཚིག་ཆེན་པོ་དག །པདྨ་རིན་ཆེན་ལྡན་བྱས་ནས། །བདེ་མཆོག་སྒྱུ་མའི་བརྡས་མཚོན་ཏེ། །དབྱིངས་ཀྱི་བདེ་ཆེན་འབྱུང་བ་དེ། །རང་རིག་ཡེ་ཤེས་དེ་ལ་འོད། །ཇི་བཞིན་མཁའ་ལ་གསལ་བ་དག །དྲི་མེད་ཉི་མའི་འོད་བས་འཚེར། །བྱང་ཆུབ་སེམས་ལས་ཡིག་འབྲུའི་སྐུ། །ཞེས། མི་བསྐྱོད་པ་ཧཱུྃ་མཱུཾ། དབྱིངས་ཕྱུག་མ། རྣམ་སྣང་ༀ་ལཱཾ། སངས་རྒྱས་སྤྱན། རིན་འབྱུང་སྭཱ་མཱཾ། མཱ་མ་ཀཱི། སྣང་མཐའ་ཨཱྃ་པྱཾ། གོས་དཀར་མོ། དོན་གྲུབ་ཧཱ་ཏཱཾ། དམ་ཚིག་སྒྲོལ་མ། ས་སྙིང་ཀྵིཾ་ཧཱུཾ། ལ་སྱེ་མ། ནམ་མཁའི་སྙིང་པོ་ཏྲྃ་ཏྲཾ། མ་ལྱེ་མ། སྤྱན་རས་གཟིགས་ཧྲཱི་ཧྲི། གཱིརྟི་མ། ཕྱག་རྡོར་ཛིཾ་ཨ། ནིརྟི་མ། བྱམས་པ་མེ་ཛ། དྷུ་པེ་མ། སྒྲིབ་སེལ་ཐི་ཧཱུཾ། པུཥྤེ་མ། ཀུན་བཟང་ཧཱུྃ་བཾ། ཨ་ལོ་ཀེ། འཇམ་དཔལ་མཱུྃ་ཧོཿ གྷནྡྷེ་མ། ཀུན་ཏུ་བཟང་པོ་ཧཱུྃ་ཨ། ཀུན་ཏུ་བཟང་མོ། ཀྲེཾ། ལྷ་ཡི་ཐུབ་པ། ཏྲུྃ། ལྷ་མིན། སྲུྃ། མི། བྲེཾ། བྱོལ་སོང་། ཀྵྃ། ཡི་དྭགས། ཡེ། དམྱལ་བའི་ཐུབ་པའོ། །ཧཱུྃ། གཤིན་རྗེ་གཤེད། ཛཿ ལྕགས་ཀྱུ་མ། ཧཱུྃ། སྟོབས་པོ་ཆེ། ཧཱུཾ། ཞགས་པ་མ། ཧཱུྃ། རྟ་མགྲིན། བཾ། ལྕགས་སྒྲོག་མ། ཧཱུྃ། བདུད་རྩི་འཁྱིལ། ཧོཿ དྲིལ་བུ་མའོ། །ཞེས་བརྗོད་པས། ཡུམ་གྱི་མཁའ་ལས། ལྷ་བཞི་བཅུ་རྩ་གཉིས་གསལ་བར་བསྐྱེད། །གཉིས་པ་ཕྱི་རིགས་ལྔ་བསྐྱེད་པ། དེ་ལས་ཕྱིའི་དཀྱིལ་འཁོར་སོ་སོའི་གདན་སྟེངས་སུ་གདོན་པ་ནི། ཧཱུྃ་བཛྲ་དྷྲིཀ྄ །མུྃ་ད་དུ་ཤྭ་རི། ཞེས་བརྗོད་དེ། དབུས་མི་བསྐྱོད་པ་ཡབ་ཡུམ་བསྐྱེད་དོ། །དེ་ཡང་རྒྱུད་ལས། ཡུམ་གྱི་གསང་བའི་གཞལ་ཡས་སུ། །བྱང་ཆུབ་སེམས་ལས་སྐུར་གསལ་བ། །རྡོ་རྗེ་སེམས་དཔལ་ཡབ་ཡུམ་གཉིས། སྤྲོ་ཞིང་རང་ལ་ཐིམ་པར་བྱ། །ཞེས་གསུངས་སོ། །ༀ་ཛི་ན་ཛིཀ྄ །ལྃ་ཏེ་ཤྭ་ར་ཏི། སྣང་མཛད་དཀར་སྔོ་དམར་བའི་ཞལ། །འཁོར་ལོ་རྡོ་རྗེ་རིན་ཆེན་གཡས། །དྲིལ་བུ་པདྨ་རལ་གྲི་གཡོན། །སྤྱན་མ་གཡས་བརྟེན་གཡོན་དྲིལ་དཀར། །ཤར་གྱི་རྩིབས་ལའོ། །སྭཱ་རཏྣ་དྷྲིཀ྄ །མཱཾ་མོ་ཧ་ར་ཏི། རིན་ཆེན་སེར་སྔོ་དམར་བའི་ཞལ། །རིན་ཆེན་རྡོ་རྗེ་འཁོར་ལོ་གཡས། །དྲིལ་བུ་པདྨ་རལ་གྲི་གཡོན། །མ་མ་གཡས་བརྟེན་གཡོན་དྲིལ་སེར། །ལྷོའི་རྩིབས་ལའོ། །ཨཾ་ཨ་རོ་ལིཀ྄ །པྱཾ་ར་ག་ར་ཏི། མཐའ་ཡས་དམར་སྔོ་དཀར་བའི་ཞལ། །པདྨ་རྡོ་རྗེ་འཁོར་ལོ་གཡས། །དྲིལ་བུ་རིན་ཆེན་པདྨ་རལ་གྲི་གཡོན། །གོས་དཀར་གཡས་བརྟེན་གཡོན་དྲིལ་དམར། །ནུབ་རྩིབས་ལའོ། །ཧཱ་པྲཛྙཱ་དྷྲིཀ྄ །ཏཱཾ་བཛྲ་ར་ཏི། དོན་གྲུབ་ལྗང་དཀར་དམར་བའི་ཞལ། །རལ་གྲི་རྡོ་རྗེ་འཁོར་ལོ་གཡས། །དྲིལ་བུ་ཡིད་བཞིན་པདྨ་གཡོན། །སྒྲོལ་མ་གཡས་བརྟེན་གཡོན་དྲིལ་ལྗང་། །བྱང་རྩིབས་ལའོ། །གསུམ་པ་ལ། ནང་སེམས་ཡབ་ཡུམ་བསྐྱེད་པ། ཤར་དང་པོའི་སེམས་དཔའ། ཀྵི་ཧི་ར་ཙ་ཡ། སེམས་མ་ཧཱུྃ་ལ་སྱེ་ས་མ་ཡ་སྟྭཾ། ལྷོ་དང་པོའི་ཏྲྃ་ཨ་གར་བ་ཡ། ཏྲཾ་མ་ལྱེ་ས་མ་ཡ་ཧོཿ ནུབ་དང་པོའི་ཧྲི་ཧ་ཧཱུྃ་པདྨ་པ་ད་མ། ཧྲི་གིརྟི་ར་ཧོ་ཧཾ། བྱང་དང་པོའི་ཛིཾ་ཀུ་རུ་པ་ནི་ཡ་ཧོཿ ཨ་ནིརྟི་ར་ག་ཡ་མྱེ། ས་སྙིང་དཀར་གསལ་མྱུ་གུ་དྲིལ། །གཟུགས་ནི་ལ་སྱེ་མེ་ལོང་དཀར། །ནམ་སྙིང་མཐིང་ག་རལ་གྲི་དྲིལ། །སྒྲ་ནི་མ་ལྱེ་ཕྲེང་བ་སྔོ། །སྤྱན་རས་དམར་སྐྱ་པདྨ་དྲིལ། །དྲི་ནི་གཱིརྟི་པི་ཝཾ་དམར། །རྡོ་རྗེ་ལྗང་ཀུ་རྡོ་རྗེ་དྲིལ། །རོ་ནི་ནཱིརྟི་སྣོད་འཛིན་ལྗང་། །ཕྱི་སེམས་ཡབ་ཡུམ་བསྐྱེད་པ། ཤར་གཉིས་པའི་སེམས་དཔའ་མེ་ད་ར་ནི་སྭཱ་ཧཱ། སེམས་མ་ཛཿདྷུཔྤེ་པྲ་ཝེ་ཤ །ལྷོ་གཉིས་པ། ཐིཾ་ས་རཾ་པ་ཡ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨ་ཝེ་ཤ །ནུབ་གཉིས་པ། ཧཱུྃ་སྭཱ་ར་ཙ་ཡ་སྭཱ་ཧཱ། བྃ་དྷི་པཾ་སུ་ཀི་རི། བྱང་གཉིས་པ། མུྃ་ཤྲི་ཨ་རཾ་ག་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། བྱམས་དཀར་ཀླུ་ཤིང་གཡོན་ན་དྲིལ། །དྷུཔྤེ་དཀར་མོ་སྤོས་ཕོར་བསྣམས། །སྒྲིབ་སེལ་སྔོན་པོ་པོ་ཏི་དྲིལ་། །པུཥྤེ་སྔོན་མོ་མེ་ཏོག་བསྣམས། །ཀུན་བཟང་སྙེ་མ་དྲིལ་བུ་དམར། །ཨ་ལོ་དམར་མོ་མར་མེ་གསལ། །འཇམ་དཔལ་ཨུཏྤལ་དྲིལ་བུ་ལྗང་། །གནྡེ་ལྗང་ཀུ་དྲི་ཆབ་བསྣམས། །བཞི་པ་ཀུན་བཟང་ཡབ་ཡུམ་བསྐྱེད་པ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲ་བྷ་དྲ་ས་མནྟ། ཤར་ནུབ་བར་ཁྱམས་ལའོ། །ཀུན་བཟང་མཉམ་བཞག་ཡེ་ཤེས་འཕྲོ། །ཡུམ་འགྱུར་མཉམ་རྫོགས་པདྨོ་སྐྱིལ། །ལྔ་པ་ཐུབ་དྲུག་བསྐྱེད་པ། བར་ཁྱམས་ཤར་སྟོད་དུ། ༀ་མུ་ནི་གྲེཾ་སྭཱ་ཧཱ། ལྷའི་ཐུབ་ཤར་སྨད་དུ། ༀ་མུ་ནེ་ཏྲུཾ་སྭཱ་ཧཱ། ལྷ་མིན། ཤར་ལྷོར་ༀ་མུ་ནེ་སྲུཾ་སྭཱ་ཧཱ། མི། ནུབ་སྟོད་དུ་ༀ་མུ་ནེ་བྲེཾ་སྭཱ་ཧཱ། བྱོལ་སོང་། བྱང་ཤར་ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ཡི་དྭགས། བྱང་དུ། ༀ་མུ་ནེ་ཡེ་སྭཱ་ཧཱ། དམྱལ་ཐུབ། ལྷ་དབང་ཕྱག་ན་པི་ཝཾ་བསྣམས། །ལྷ་མིན་ཐུབ་པ་གོ་ཆ་བསྣམས། །ཤཱཀྱ་ཐུབ་པ་གསེག་པར་བསྣམས། །ཤཱཀྱ་སེང་གེ་པོ་ཏི་བསྣམས། །ཡི་དྭགས་ཐུབ་པ་རིན་ཆེན་སྒྲོམ། །ཆོས་ཀྱི་རྒྱལ་པོ་མེ་ཆུ་བསྣམས། །མདོག་སེར་པོའམ་རང་མདོག །དྲུག་པ་སྒོ་བ་ཡབ་ཡུམ་བསྐྱེད་པ། ཤར་སྒོར། ༀ་ཡ་མནྟ་ཀྲིཏ་ཧཱུྃ་ཕཊ། བཛྲ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛཿཕཊ། ལྷོ་སྒོར། ༀ་བིགྣཱན་ཏ་ཀྲིཏ་ཧཱུྃ་ཕཊ། རཏྣ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ། ནུབ་སྒོར། ༀ་པདྨཱནྟ་ཀྲིཏ་ཧཱུྃ་ཕཊ། པདྨ་དྷར་མ་ཧཱ་ཀྲོ་ཏི་ཤྭ་རི་བཾ་ཕཊ། བྱང་སྒོར། ༀ་པྲཛྙཱནྟ་ཀྲིཏ་ཧཱུྃ་ཕཊ། ཀརྨ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཧོཿཕཊ། ཕྱོགས་མདོག་གམ་གཤིན་རྗེ་གཤེད་པོ་ཐོད་དབྱུག་བསྣམས། ནག །ཛ་ཛ་དཀར་མོ་ལྕགས་ཀྱུ་འཛིན། །གཞན་གྱིས་མི་ཐུབ་རྡོ་རྗེ་བསྣམས། །ཨ་ལོ་སེར་ནག་ཞགས་པ་བསྣམས། །རྟ་མགྲིན་དམར་ནག་ཐོད་སྦྲུལ་བསྣམས། །ལོ་ཀ་དམར་མོ་ལྕགས་སྒྲོག་བསྣམས། །བདུད་རྩི་ལྗང་ནག་རྒྱ་གྲམ་བསྣམས། །གྷསྨ་ལྗང་ནག་དྲིལ་བུ་བསྣམས། །ཞེས་ཧེ་རུ་ཀའི་གལ་པོ་ལས་འབྱུང་བས། དེ་ལྟར་བསྐྱེད་དོ། །དེ་ལྟར་སྐུ་ལས་ཆོས་དམ་ཕྱག་རྒྱ་ཆེན་པོ་བཞི་དང་ལྡན་པས། དཀྱིལ་འཁོར་བསྐྱེད་པ་དེའི་གཙོ་བོ་དཔལ་རྡོ་རྗེ་སེམས་དཔས་བྱ་བར་གསུངས་ལ། ལ་སོགས་པའི། སྒྲས་ནི། རྣམ་པར་སྣང་མཛད་ལ་སོགས་པའི། འཁོར་གྱིས་བསྐོར། །ཅེས་བཤད་དོ། །རིགས་ལྔ་ལ་སོགས་པའི་ལྷ་དག་ཀུན་ཀྱང་སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པའི་ཐུགས་རྗེ་ཆེ་དང་ལྡན་པར་བཞུགས། །ཞེས་བྱ་བའི་དོན་ཏོ། །དཀྱིལ་༣༽འཁོར་གྱི་དབྱེ་བ་གང་སྙམ་པ་ལ། དཀྱིལ་འཁོར་ལྔ་ལ་སོགས་པའི་འཁོར། །ཞེས་གསུངས་ཏེ། དེ་ལ་ཡང་། སྤྱི་དང་། ཁྱད་པར་རོ། །སྤྱིར་༡༽ནི་དཀྱིལ་འཁོར་གྱི་ལྷ་དེ་དག་ཀུན་ལ་ཡང་། དཀྱིལ་འཁོར་ལྔ་དང་ལྡན་པར་དགོས་པས་ན་དཀྱིལ་འཁོར་ལྔ། ཞེས་བྱའོ། །དེ་ཡང་གང་ཞེ་ན། ཡབ་ཐབས་ཀྱི་སྐུ་ཕྱག་རྒྱར་ལྷག་ལྷག་གསལ་བ་ནི། སྐུ་ཕྱག་རྒྱའི་དཀྱིལ་འཁོར། དེའི་གཡོན་དུ་ཡུམ་དམ་ཚིག་གི་ཕྱག་རྒྱ་དང་མི་འབྲལ་བ་ནི། གསང་བ་ཡུམ་གྱི་དཀྱིལ་འཁོར། ཀུན་ལ་རང་རང་གི་དབུ་རྒྱན་དང་། ལྗགས་རྡོ་རྗེ་རྩེ་གསུམ་རྩེ་མོར་པདྨ་འདབ་མ་བཞི་པ་དང་། སོ་སོའི་ཐུགས་ཀ་ན་རང་རང་གི་ཡེ་ཤེས་སེམས་དཔའ་ལ་ཐུགས་ཕྱག་མཚན་གསུང་ཡིག་འབྲུ་དང་བཅས་པར་བསྒོམ་པ་ནི། བྱིན་རླབས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར། ཀུན་གྱི་སྐུ་ལ་སོ་སོའི་རྒྱན་ཆ་ལུགས་སོ་སོར་གསལ་བ་ནི། མཛེས་པ་རྒྱན་གྱི་དཀྱིལ་འཁོར། མཁའི་དབྱིངས་རྡོ་རྗེ་དང་པདྨ་ལྡན་ཞིང་ཡབ་ཡུམ་འཁྲིལ་འཁྱུད་དུ་བཞུགས་པ་ནི། མཁའ་གསང་སྦྱོར་བའི་དཀྱིལ་འཁོར་རོ། །དེ་ལ་ནི་དཀྱིལ་འཁོར་ལྔ། ཞེས་བྱ་བ་ལ། ལས། ཞེས་པ་གོང་གི། ཐུགས་རྗེ་ཆེ་དང་ལྡན་པ་ཡི། །ཞེས་པ་དང་འབྲེལ་ཏེ། སྐུ་ཕྱག་རྒྱར་གསལ་བ་དེ་དག་གི་སོ་སོའི། ཡེ་ཤེས་ཀྱི་ཐུགས་ཀ་དང་། གསང་བའི་ཐུགས་ཀ་དང་། བ་སྤུའི་བུ་ག་དང་། སྨིན་མཚམས་ལ་སོགས་པའི་གནས་ནས། ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་ལྔ་ལྔ་ཉི་ཤུ་རྩ་ལྔ་འོད་ཟེར་དུ་འཕྲོ་ཞིང་། ཐུགས་རྗེས་ཀུན་ལ་ཁྱབ་པར་མཛད་དེ། སྤྱིར་ནི་སེམས་ཅན་ཀུན་གྱི་ལས་དང་ཉོན་མོངས་པའི་བག་ཆགས་སྦྱང་ཞིང་དག་པར་མཛད་ལ། ཁྱད་པར་དུ་རྣལ་འབྱོར་པའི་ཕྲིན་ལས་རྣམ་པ་བཞི་ལྷུན་གྱིས་གྲུབ་པར་མཛད་པའོ། །སོགས་པའི། ཞེས་པ་ནི། ཉོན་མོངས་པ་ལྔ་སེར་སྣ་དག་དྲུག་ལས་བསགས་པའི་འགྲོ་བ་རིས་དྲུག་སྟེ། འཁོར། ཅེས་པའི་དོན། ཐུབ་པ་ཆེན་པོ་དྲུག་ལ་གོང་གི་དོན་དལ་ལྔ་དེ་དག་དང་མི་ལྡན་ཞིང་། འགྲོ་བ་རིགས་དྲུག་གི་གཙོ་བོའི་ཐབས་སུ་སྣང་ཞིང་། ལྷ་རྣམས་ཀྱི་འཁོར་དུ་སྣང་བས་ན། འཁོར་ཅེས་བྱ་བའི་དོན་ཏོ། །དེ་ཡང་རྒྱུད་ལས། རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་གཙོ། །རྡོ་རྗེ་དབྱིངས་ཕྱུག་མཁའ་ཀློང་དག་པ་ནས། །རྒྱལ་བ་རིགས་ལྔ་སེམས་དཔའ་སེམས་མ་སྲས་བཅས་དཀྱིལ་འཁོར་ལྔ་དང་ལྡན། །ཐུགས་རྗེ་ཀུན་ལ་ཁྱབ་པར་དོན་མཛད་ཅིང་། །རིས་དྲུག་གཙོ་བོའི་གཡོག་འཁོར་མ་ལུས་རྣམས། །བདག་གཞན་བསྒོམ་སྒྲུབ་དྲངས་བཞུགས་བཀོད་ནས་སྦྱངས། །ཞེས་གསུངས་སོ། །ཁྱད་༢༽པར་དུ། དཀྱིལ་འཁོར་ལྔ། ཞེས་པའི་དོན། རྣམ་པར་སྣང་མཛད་ལ་ཐུབ་པ་ཆེན་པོ་དྲུག་གི་འཁོར་གྱིས་བསྐོར་ལ། རྡོ་རྗེེ་སེམས་དཔའ་ལ་ས་སྙིང་བྱམས་པ་གཤེད་པོ་ཡབ་ཡུམ་དྲུག་གི་འཁོར་གྱིས་བསྐོར། རིན་ཆེན་འབྱུང་ལྡན་ལ་ནམ་སྙིང་སྒྲིབ་སེལ་སྟོབས་ཆེན་ཡབ་ཡུམ་དྲུག་གི་འཁོར་གྱིས་བསྐོར། སྣང་བ་མཐའ་ཡས་ལ་སྤྱན་རས་གཟིགས་ཀུན་བཟང་རྟ་མགྲིན་ཡབ་ཡུམ་དྲུག་གི་འཁོར་གྱིས་བསྐོར། དོན་ཡོད་གྲུབ་པ་ལ་ཕྱག་ན་རྡོ་རྗེེ་འཇམ་དཔལ་བདུད་རྩི་ཡབ་ཡུམ་དྲུག་གི་འཁོར་གྱིས་བསྐོར་རོ། །ལས། ཞེས་པ་གོང་དང་འདྲ། སོགས་པའི་འཁོར། །ཞེས་པ། མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་ཏེ། རྡོ་རྗེ་སེམས་དཔའ་ལ་བརྒྱད། ཕྱོགས་བཞི་ལྔ་ལྔ། སྤྱི་བཞིས་བསྐོར་ཏེ་གནས་སོ། །ཞེས་བྱ་བའི་དོན་ཏོ། །དེ་ཡང་རྒྱུད་ལས། ཚོམ་བུ་དྲུག་པའི་དཀྱིལ་འཁོར་ལ། །མཁའ་འགྲོ་མ་ཡི་འཁོར་གྱིས་བསྐོར། །ཅེས་གསུངས་སོ། །དེ་ལྟར་བསྐྱེད་པའི་རིམ་པ་དེ་ཡང་། ཁུངས་དག་པ་གང་གིས་གསུངས་ཤིང་། ལུང་གང་ལས་འབྱུང་སྙམ་པ་ལ། གྲུབ་པས་བསྟན་པའི་ལུང་བཞིན་དུ། །ཞེས་གསུངས་ཏེ། དེ་ལ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་དཔལ་རྡོ་རྗེ་སེམས་དཔས་བསྟན་པའི་ལུང་། འཇིག་རྟེན་ལས་འདས་པའི་མདོ་དང་། ཧེ་རུ་ཀའི་གལ་པོ་ལས། ཇི་སྐད་དུ་འབྱུང་བ་བཞིན་དུ། ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་འདིར་བཀོད་པའོ། །དེ་ཡང་ཚུལ་ཇི་ལྟར་སྣང་སྙམ་པ་ལ། སྐུ་མདོག་སོ་སོར་གསལ་བ་ཡི། །ཕྱག་རྒྱའི་རྒྱན་དང་ཆ་ལུགས་དག །ཅེས་གསུངས་ཏེ། དེ་ཡང་རྒྱུད་མ་ཧཱ་ཡོ་ག་དང་སྦྱར་བ་ཡིན་ཏེ། ཆོ་ག་རྣམ་པ་གསུམ་གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཡོངས་རྫོགས། རིམ་གྱིས་བསྐྱེད་པའི་ལྷ་རྣམས་ཀྱིས་སྐུ་མདོག་ཅེས་པ་དེ་ཡང་ཇི་ལྟ་བུ་ཞེ་ན། སྒྱུ་འཕྲུལ་ལས། མཐིང་ཀ་དཀར་པོ་སེར་ལེ་བརྒན། །ལྗང་ཀུ་ལ་སོགས་སྣ་ཚོགས་མཚན། །ཞེས་འབྱུང་བས། རིགས་རྣམ་པ་ལྔའི་ཁ་དོག་སོ་སོར་གསལ་བ་ཡི་ཚུལ་ལས་གཞན་དུ་འགྱུར་བ་ནི་མ་ཡིན་ནོ། །ཕྱག་རྒྱ། ཞེས་པ་ལ་དོན་བཞི་སྟེ། ཡབ་རྣམས་ནི་སྐུ་ཕྱག་རྒྱ་ཆེན་པོ། སོ་སོར་ཐུགས་ཀ་ངང་མཁའ་དབྱིངས་རྡོ་རྗེ་དང་པདྨ་ལ་གསུང་ཡིག་འབྲུས་མཚན་པ་ནི་ཆོས་ཀྱི་ཕྱག་རྒྱ། དེ་དག་ཀུན་ཀྱང་ཕྱག་རྒྱ་བཞིས་འདུ་བ་མཛད་ཅིང་བསྒུལ་བསྐྱོད་མཛད་པས་དམ་ཚིག་གི་ཕྱག་རྒྱ། རྟག་ཏུ་བདེ་བ་དང་མི་འབྲལ་བར་བཞུགས་པ་ནི་ལས་ཀྱི་ཕྱག་རྒྱའོ། །རྒྱན་དང་། ཞེས་པའི་དོན་ཡང་། གཙོ་བོ་རྣམས་ལ་ནི། རིན་པོ་ཆེའི་དབུ་རྒྱན་དང་། སྙན་ཆ་དང་། མགུལ་ཆུ་དང་། དཔུང་རྒྱན་དང་། མུ་ཏིག་གི་སེ་མོ་དོ་དང་། དོ་ཤལ་དང་། ཕྱག་གདུབ་དང་། ཞབས་གདུབ་དུ་མཛད་པའོ། །གཞན་ཡང་གཙོ་བོ་རྣམས་ལ་ནི། ཆས་གོས་ལྔ་སྟེ། སྐུའི་ཆས་སྐུ་སྟོད་དར་དཀར་གསེར་གྱི་ངང་རིས་ཀྱིས་སྟོད་གཡོགས་བྱས་ཏེ། གསུང་གི་ཆས་པ་ཏི་སྨུག་པོའི་སྨད་དཀྲིས་དང་། ཐུགས་ཀྱི་ཅོད་པན་ནམ་ཟི་ལྡིང་དང་། ཡོན་ཏན་གྱི་ཆོས་གོས་དང་། ཕྲིན་ལས་ཀྱི་ཕྱག་རྒྱའི་ཕུ་རུང་དང་ལྡན་པ་བསྒོམ་མོ། །སེམས་དཔའ་རྣམས་ལ་རིན་པོ་ཆེའི་རྒྱན་དང་སྨད་དཀྲིས་ལས་མེད་པར་བཤད་དོ། །ཐུབ་པ་དྲུག་ལ་དར་དཀར་གསེར་གྱི་ངང་རིས་ཅན་གྱིས་སྟོད་གཡོགས་བྱས་ཏེ། པ་ཏི་སེར་པོ་སེ་གདར་རིས་ཀྱིས་ཤམ་ཐབས་སུ་མཛད་པ་ལས། རྒྱན་གཞན་སྤངས་པར་བཤད། སྒོ་བཞིའི་ཁྲོ་བོ་ལ་ནི་དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པར་བགོ་བའི་གོས་གསུམ། བྱུག་པའི་རྩི་གསུམ། འདོགས་རྒྱན་གཉིས་བཤད་དོ། །ཆ་ལུགས། ཞེས་པ་ལ་གཉིས་ཏེ། བཞུགས་ཚུལ་དང་། སྐུ་ཇི་ལྟར་སྣང་བའི་ཚུལ་ལོ། །དེ་ལ་བཞུགས་ཚུལ་ནི། གཙོ་བོ་དང་གཙོ་མོ་རྣམས་ནི་རྫོགས་པའི་སྐྱིལ་ཀྲུང་དུ་བཞུགས་སོ། །སེམས་དཔའ་དང་སེམས་མ་རྣམས་ནི་ཕྱེད་སྐྱིལ་དུ་བཞུགས་སོ། །ཐུབ་པ་རྣམས་ནི་འགྲེང་བུར་བཞུགས་སོ། །ཀུན་བཟང་ཡབ་ཡུམ་ཡང་རྫོགས་པའི་སྐྱིལ་ཀྲུང་དུ་བཞུགས་སོ། །སྒོ་བཞིའི་ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱི་གྱད་ཀྱི་འདོར་སྟབས་སུ་བཞུགས་སོ། །དེ་ལ་སྐུ་ཇི་ལྟར་སྣང་བའི་ཚུལ་ནི་དགུ་སྟེ། ཡབ་རྣམས་ནི། སྐུ་གསལ་བ། འཚེར་བ། ལྷུན་སྟུག་པ། གཟི་བྱིན་དང་ལྡན་པར་བཞུགས་སོ། །ཡུམ་རྣམས་ནི། མཉེན་པ་དང་། ལྕུག་པ་དང་། འཁྲིལ་བ་དང་། ལྡེམ་པར་དང་། གཞོན་ཚུལ་ཅན་དུ་བཞུགས་སོ། །ཐུབ་པ་རྣམས་ནི་རབ་ཏུ་བྱུང་བའི་ཚུལ་ཅན་དུ་བཞུགས་སོ། །སྒོ་བཞིའི་ཁྲོ་བོ་ཡབ་ཡུམ་རྣམས་ནི། ཁྲོ་ཁྲོ་དང་གཏུམ་གཏུམ་ལྟར་བཞུགས་སོ། །དེ་ལ་སྐུའི་འོད་ཟེར་ཇི་ལྟར་སྣང་བ་ནི། རིགས་ལྔ་ཡབ་ཡུམ་སྲས་ཀུན་བཟང་ཡབ་ཡུམ་ནི་འོད་འཇའ་ཚོན་སྣ་ལྔའི་ནང་ན་བཞུགས་སོ། །སེམས་དཔའ་ཡབ་ཡུམ་དང་ཐུབ་པ་རྣམས་ནི་འོད་སྣ་གསུམ་གྱི་ནང་ན་བཞུགས་སོ། །ཁྲོ་བོ་དང་ཁྲོ་མོ་རྣམས་ནི་བསྐལ་པའི་མེ་འབར་བའི་ཕྲེང་བ་འཁྲིགས་པའི་ནང་ན་བཞུགས་སོ། །དག །ཅེས་པའི་དོན་ཡང་། ཏིང་ངེ་འཛིན་གྱི་རྩལ་དང་། ཡེ་ཤེས་རོལ་པའི་བྱེ་བྲག་ཏུ་སོ་སོར་བསྟན་པ་དེ་ཡང་། རྣལ་འབྱོར་པའི་སྤྱོད་ཡུལ་ནག་ནོག་དང་ར་རི་མ་ཡིན་པ། ཡེ་ཤེས་གསལ་བཀྲར་ཤར་བར་བསྒོམ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསྒོམས་པའི་འབྲས་བུ་ནི། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། གཟུགས་ཀྱི་སྐུ་ཐོབ་པའོ། །གིང་གི་རྒྱུ་ཏིང་འབྲས་བུའང་འདི་ཡིན་ནོ། །དེ་དག་ནི་བསྐྱེད་པ་མ་ཧཱ་ཡོ་གའི་ལུགས་ཏེ་བརྟན་ཆ་ཐོབ་ནས། ༣༽ །རྫོགས་པའི་རིམ་པ་བསྟན་པ་གང་སྙམ་པ་ལ། བསྐྱེད་རྫོགས་གྲུབ་པའི་ལྷ་དག་བསྒོམ། །ཞེས་གསུངས་ཏེ། དེ་ཡང་ལུང་མན་ངག་གཉིས་ལས། ལུང་༡༽ གི་གཞུང་གིས། བསྐྱེད་པ་མ་ཧཱ་ཡོ་ག་ལྟར་མ་ཡིན། ཨ་ནུ་ཡོ་གའི་རྫོགས་པའི་ཚུལ་དུ་སྟེ། དོན་དམ་པར་ཆོས་ཉིད་སྐྱེ་འགག་མེད་པ་ལས། ཀུན་རྫོབ་ཏུ་དངོས་པོ་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་རང་སྣང་བར་རྟོགས་པ་བྱ་སྟེ། ཉམས་བག་ཏུ་ཡང་རྣལ་འབྱོར་པས། དོན་དམ་པར་ཆོས་ཉིད་སྐྱེ་འགག་མེད་པའི་ངང་ལས་མི་གཡོ་ལ། ཀུན་རྫོབ་ཏུ་སྙིང་པོ་བརྗོད་པ་ཙམ་གྱིས་སྣང་ཞིང་སྲིད་པས་བསྡུས་པ་རིལ་ལྷའི་དཀྱིལ་འཁོར་དུ་ཤར་བར་བསྒོམ་མོ། །མན་༢༽ངག་རྫོགས་པ་ཆེན་པོའི་གཞུང་གིས། རྒྱུད་དང་ལུང་གཉིས་ཀྱི་དགོངས་པ་དེས་ཀྱང་སོ་སོ་ན་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་གྲུབ་པའི་ལུགས། །བདེན་པ་གཉིས་དབྱེར་མེད་པས། ཐམས་ཅད་སྐུ་གསུང་ཐུགས་ཕྱག་རྒྱ་ཆེན་པོ་ལྷ་བཞི་བཅུ་རྩ་གཉིས་སུ། ཡེ་བཀའ་ཕྱི་མོ་ནས་དག་པར་བསྒོམ་ཞེས་ཏེ། དེ་ཡང་ཇི་ལྟར་བསྒོམ་ཞེ་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། ཆོས་ཉིད་མ་སྐྱེས་པའི་རང་བཞིན་ལ། བྱ་བ་བྱེད་ནུས་པའི་སྒྱུ་མ། བདེ་བར་གཤེགས་པ་ཡབ་ཡུམ་བཅུ་ལ་སོགས་པའི་རང་བཞིན་ཡེ་ནས་ཡིན་པའི་ཕྱིར། ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། ཕུང་པོ་ལྔ་ནི་རིགས་ལྔའི་སངས་རྒྱས་ལྔའོ། །འབྱུང་བ་ཆེན་པོ་ལྔ་ནི་ཡུམ་ལྔའི་རང་བཞིན། རྣམ་པར་ཤེས་པ་བཞི་ནི་བྱང་ཆུབ་སེམས་དཔའ་བཞིའི་རང་བཞིན། ཡུལ་བཞི་ནི་མཛེས་པའི་ལྷ་མོ་བཞིའི་རང་བཞིན། དབང་པོ་བཞི་ནི་བྱང་ཆུབ་སེམས་དཔའ་བཞི་ཡི་རང་བཞིན། དུས་བཞི་ནི་མཆོད་པའི་ལྷ་མོ་བཞིའི་རང་བཞིན། ཕྱིན་ཅི་ལོག་དྲུག་ནི་ཐུབ་པ་ཆེན་པོ་དྲུག་གི་རང་བཞིན། ལུས་ཀྱི་དབང་པོ་དང་། རྣམ་པར་ཤེས་པ་དང་། ཡུལ་དང་། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ནི་ཁྲོ་བོ་བཞིའི་རང་བཞིན། རྟག་ཆད་མུ་བཞི་ཁྲོ་མོ་བཞིའི་རང་བཞིན། ཡིད་ཀྱི་རྣམ་པར་ཤེས་པ་ནི་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོའི་རང་བཞིན། དེའི་ཡུལ་ཆོས་འདུས་བྱས་དང་འདུས་མ་བྱས་ནི་ཀུན་ཏུ་བཟང་མོའི་རང་བཞིན་ཏེ། དེ་དག་ཀྱང་ཡེ་ནས་མངོན་པར་སངས་རྒྱས་པའི་རང་བཞིན་ཡིན་གྱི། ད་ལམ་གྱིས་བསྒྲུབ་པ་ནི་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། ༢༽ །དེ་ལ་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ཞིང་། མཆོད་པའི་ཕྲིན་ལས་གང་སྙམ་པ་ལ། ཞི་བའི་མཆོད་པས་མཉེས་པ་དག །ཞེས་གསུངས་སོ། །དེ་ལ་དང་པོ་སྤྱན་དྲངས་པ་ལ། ངག་དོན་དུ་དྲུག །རང་བཞིན་གྱི་གནས་ནས་སྤྱན་དྲངས་པ། མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་པ། གཞལ་ཡས་ཁང་གི་ནང་དུ་སྤྱན་དྲངས་པ། རིག་པའི་མེ་ཏོག་དོར་བ། དམ་ཡེ་དབྱེར་མེད་བསྟིམ་པ། བརྟན་པར་བཞུགས་སུ་གསོལ་བའོ། །གཉིས་པ་མཆོད་པའི་ཕྲིན་ལས་ལ། ངག་དོན་བརྒྱད། ཕྱག་གི་མཆོད་པ། ཕྱག་རྒྱ་གར་གྱི་མཆོད་པ། དབྱིངས་ཀུན་བཟང་མཆོད་པ། རྣམ་བདུན་མཆོད་པ། བདུད་རྩི་མཆོད་པ། གཏོར་མ་འབུལ་བ། བསྟོད་པ་བྱ་བ། བཟོད་གསོལ་དང་སྨོན་ལམ་བྱ་བའོ། །སྔ་མ་དྲུག་གི་དང་པོ་རང་བཞིན་གནས་ནས་སྤྱན་དྲངས་པ། འདི་ནས་མར་ལ། རིག་པ་དབྱིངས་ལ་འཇུག་ཅིང་ཐུགས་རྗེའི་རོལ་པས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མངོན་དུ་ཐོབ་པར་བྱ་བའི་ཕྱིར། རང་བཞིན་ཕྲིན་ལས་ཀྱི་བྱེ་བྲག་བསྟན་པ་ལ། འདིར་མན་ངག་ཏུ་བསྡུས་ཏེ་བསྟན་པ་ནི། ཕྱག་རྒྱ་དཔུང་མགོར་བསྣོལ་ནས་ཀྱང་། །རྡོ་རྗེ་སེ་གོལ་བསྣོལ་མར་བརྡབ། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །ༀ་བཛྲ་ས་མཱ་ཛཿ ཞེས་བརྗོད་ནས། རང་ཉིད་ཀྱི་ཐུགས་ཀ་དང་། གསང་བའི་མཁའ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་བསམ་གྱིས་མི་ཁྱབ་པ་སྤྲོ་ཞིང་། སེ་གོལ་བརྡབས་པས། སེ་གོལ་ལས་ཀྱང་འོད་ཟེ་སྒྲ་དང་བཅས་པར་འཕྲོས་པས། བསྐུལ་བའི་འོད་ཟེར་གསུམ་བྱུང་བས། གཅིག་གིས་རང་བཞིན་ཆོས་སྐུ་གཅིག་གི་ངང་ལས་གཟུགས་སྐུར་བཞེངས་སུ་གསོལ། གཅིག་གིས་ཕྱི་ནང་གསང་བ་གསུམ་གྱི་མཆོད་པ་ཕུལ། གཅིག་གིས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནོད་པའི་སྒྲ་བྱུང་བས། ཆོས་ཉིད་ལས་ཡེ་ཤེས་ཀྱི་སྐུ་ཐུགས་རྗེ་ཉེར་བསྡོགས་སུ་རོང་ངེ་གནས་པ་ལས། གཉིས་པ་མདུན་མཁར་སྤྱན་དྲངས་བ། ལུང་འདིས་བསྐུལ་ཏེ། དམིགས་མེད་མཁའ་ལྟར་དག་པས་ཁྱབ་པའི་སྐུ། །སྤྱན་དྲངས་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུ་དག་པ་ལས། །ཡེ་ཤེས་སྒྱུ་མས་རོལ་ཅིང་གཤེགས་སུ་གསོལ། །ༀ་ཨེ་ཧྱ་ཧི་བྷ་ག་ཝན། མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས། མདུན་གྱི་ནམ་མཁའ་ལ། ཞིང་ཁམས་སོ་སོ་ནས་ཏིལ་གྱི་གང་བུ་བཞིན་དུ་བསམ་གྱིས་མི་ཁྱབ་ཅིང་། འོད་ཟེར་འཁྲིགས་ཤིང་འབར་བར་ཐིམས་སེ་མངོན་དུ་བྱོན་ནས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་འོད་ཕུང་འདབ་འདྲེས་ཙམ་དུ་བསྒོམ་མོ། །གསུམ་པ་གཞལ་ཡས་ཁང་དུ་སྤྱན་དྲང་བ། དེ་ནས་ཕྱག་རྒྱ་བཞིས་སྤྱན་དྲངས་ཏེ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་སྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་འདྲེན་གྱིས། །བཀའ་ཡི་ཕོ་ཉ་ལྕགས་སྒྲོག་མས་ནི་གནས་སྟོབས་ལ། །བདེ་གཤེགས་དྲིལ་བུ་མས་ནི་རྣམ་གྲོལ་དགྱེས་པ་བསྐྱེད། །ཛཿཧཱུྃ་བཾ་ཧོཿ ༀ་བཛྲ་དྷྲིཀ྄ །མཱུྃ་དྷ་དུ་ཤྭ་རི། ཞེས་བྱ་བ་ལ་སོགས་པ་བཞི་བཅུ་རྩ་གཉིས་ཀྱི་སྔགས་བརྗོད་པས། ཡབ་ཡུམ་གྱི་ཐུགས་ཀ་དང་གསང་བའི་མཁའ་ལས་ཕྱག་རྒྱ་བཞི་འོད་ཟེར་གྱི་ཚུལ་དུ་འཕྲོས་པས། གཞལ་ཡས་ཁང་གི་ནང་དུ་སྤྱན་དྲངས་ཏེ། གཙོ་གཟུངས་ལས། ལྷ་སོ་སོའི་མདུན་ན། འོད་ཕུང་ཁྲུག་གིས་འདྲེས་པར་བསྒོམས་ལ། །བཞི་པ་རིག་མེ་དོར་བ། ལྷ་གང་ཡིན་པ་བདག་ཡིན། བདག་གང་ཡིན་པ་ལྷ་ཡིན་ཏེ། དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་རྟོགས་ན། རྟགས་རིག་པའི་མེ་ཏོག་བོར་ཞེས་བྱའོ། །ལྔ་པ་དབྱེར་མེད་བསྟིམ་པ། དེ་ནས་དབྱིངས་རིག་པ་ལ་ཐིམ་ཞིང་། རིག་པ་དབྱིངས་ལ་ཞུགས་པའི་རྟགས་སུ། དབྱེར་མེད་པར་བསྟིམ་པ་ནི། ཧཱུྃ། རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །ཐུགས་རྗེའི་མགོན་གྱུར་མ་ལུས་རྣམས། །མི་འབྱེད་དབྱིངས་ལ་འགོད་མཛད་ཅིང་། །བདག་ལ་དགྱེས་ནས་ཐིམ་པར་བཞུགས། །ཧཱུཾ་བཛྲ་དྷྲིཀ །མཱུཾ་དྷ་དུ་ཤྭ་རི། པྲ་བེ་ཤ་ཡ། ཨ་བེ་ཤ་ཡ་ཨ། ཞེས་བརྗོད་པས། བྱེ་མ་ལ་མར་ཐིམ་པའམ། བ་མོ་ལ་ཁ་བ་བབ་པ་ལྟར་དབྱེར་མེད་པར་ཐིམ་པར་བསྒོམ་མོ། །དྲུག་པ་བརྟན་པར་བཞུག་པ། དེ་ཉིད་བྱང་ཆུབ་སེམས་དངོས་པོ་མི་འགྱུར་བའི་ངང་ལས། ཡེ་ཤེས་ཀྱི་དངོས་པོར་གྲུབ་ཅིང་ཅིར་ཡང་སྣང་བ་ཐོབ་པར་བྱ་བའི་ཕྱིར། བརྟན་པར་བཞུགས་སུ་གསོལ་བ་ནི། རྒྱལ་བའི་སྐུ་ལ་བཞེངས་བཞུགས་མི་མངའ་ཡང་། །ཡེ་ཤེས་གཉིས་མེད་དབྱིངས་སུ་ཐིམ་པས་ན། ཐབས་དང་ཤེས་རབ་ཏིང་འཛིན་དཀྱིལ་འཁོར་འདིར། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཀཱ་ཡ་ཝཱ་ཀ྄་ཙིཏྟ་སྟྭཾ་བཛྲ། ཞེས་བརྗོད་དོ། །གཉིས་པ་མཆོད་པའི་ངག་དོན་ལ་བརྒྱད་ལས། དང་པོ་ཕྱག་གི་མཆོད་པ། དེ་ནས་ཡེ་ཤེས་སྤྲུལ་པའི་སྐུ་མངོན་དུ་ཤར་བ་ལ་གཉིས་སུ་མེད་པར་རྟོགས་པས་དགྱེས་པའི་སྒོ་ནས་ཕྱག་འཚལ་བ་ནི། ཧཱུྃ། དབྱིངས་ཀུན་རང་བཞིན་རྣམ་པར་དག་པ་ལས། །ཐུགས་རྗེའི་དབང་གིས་སྤྲུལ་པའི་སྐུར་བཞེངས་པ། །རྡོ་རྗེའི་དབྱིངས་ཀྱི་ལྷ་ཚོགས་བཞི་བཅུ་གཉིས། །རང་སྣང་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏི་པུ་ཧོཿ གཉིས་པ་ཕྱག་རྒྱའི་མཆོད་པ། དབྱིངས་ཀྱི་དོན་མཚོན་ཅིང་ཡེ་ཤེས་རོལ་པའི་མཆོད་པ་དབུལ་བའི་ཕྱིར། གར་ཕྱག་རྒྱའི་མཆོད་པ་བྱ་སྟེ། ཧཱུྃ། རྩ་བར་གྱུར་པའི་ཕྱག་རྒྱ་ནི། །གཡས་པ་ཐབས་ཀྱི་རང་བཞིན་ལ། །གཡོན་པ་ཤེས་རབ་ཡུམ་གྱི་ངང་། །ཐམས་དང་ཤེས་རབ་ལྡན་གྱུར་ན། །སྦྱོར་བའི་ཕྱག་རྒྱ་འབྱུང་བའི་རྒྱུ། །ཡབ་ཀྱི་རྡོ་རྗེ་ལ་ཧཱུྃ། ཡུམ་གྱི་པདྨ་ལ་ཨཾ་བསམ་པའམ། ལག་གཡས་དཔའ་བོ་འབྲུ་ལྔ། གཡོན་ཡུམ་གྱི་འབྲུ་ལྔ་གསལ་བའི། འབྲུ་རྣམས་བསྣོལ་ཏེ་རྩེ་སྤྲད་པ། །བདེ་བ་ཆེན་པོ་སྤྱི་ཡི་རྒྱ། །རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །མི་བསྐྱོད་པ་རྡོ་རྗེ་རྣམ་སྣང་འཁོར་ལོ་རིན་འབྱུང་རིན་པོ་ཆེ། །སྣང་མཐའ་པདྨ་དོན་གྲུབ་རལ་གྲི་ཡུམ་རྣམས་དྲིལ་བུ་འབར། །ས་སྙིང་རིན་ཆེན་མྱུ་གུ་ནམ་སྙིང་རལ་གྲི་འབར། །སྤྱན་གཟིགས་པདྨ་དཀར་པོ་ཕྱག་རྡོར་རྡོ་རྗེ་འབར། །ལ་སྱེ་གཟུགས་མཛེས་མ་ལྱེ་རིན་ཆེན་ཕྲེང་བ་དང་། །གཱིརྟི་པི་ཝཾ་ནཱིརྟི་གར་མཁན་མཆོག་ཉིད་དེ། །བྱམས་པ་ཀླུ་ཤིང་སྒྲིབ་སེལ་ཆོས་ཀྱི་འཁོར་ལོ་དང་། །ཀུན་བཟང་རིན་ཆེན་སྙེ་དང་འཇམ་དཔལ་ཨུདྤལ་ལ། །པུཥྤེ་མེ་ཏོག་ཕྲེང་དང་དྷུཔྤེ་སྤོས་མཆོག་མ། །ཨཱ་ལོ་ཀེ་མར་མེ་གྷནྡྷེ་བྱུག་པ་ལ་སོགས་པའི། །ཀུན་བཟང་མཉམ་བཞག་ཡེ་ཤེས་འཕྲོ། །བཟང་མོ་ཡུམ་འགྱུར་མཉམ་རྫོགས་པདྨོའི་སྐྱིལ། །ལྷའི་ཐུབ་པ་པི་ཝཾ་དང་ནི་མི་ཐུབ་སེག་པར་དང་། །ལྷ་མིན་གོ་ཆ་བྱོལ་སོང་པོ་ཏི་ཡི་དྭགས་རིན་ཆེན་སྒྲོམ། །དམྱལ་ཐུབ་མེ་དང་ཆུར་ནི་རབ་ཏུ་བསྟན། །གཤིན་རྗེ་གཤེད་ནྲྀ་མགོ་གདེངས་དང་སྟོབས་པོ་ཆེ་རྡོ་རྗེས་གནོན། །རྟ་མགྲིན་ཐོད་སྦྲུལ་ཆེན་པོ་གདེངས་པ་དང་། །བདུད་རྩི་འཁྱིལ་པ་རྡོ་རྗེ་རྒྱ་གྲམ་ལས་གྱིས་གནོན། །སྒོམ་བཞི་ལྕགས་ཀྱུ་ཞགས་པ་སྥོ་ཊ་ལྕགས་སྒྲོག་ཧོཿ །དྲིལ། ལག་པ་གར་དང་མགྲིན་པ་དབྱངས་ཀྱི་མཆོང་པ་འདི་འབུལ་གྱིས། །ཆོས་ཉིད་དག་པས་དབང་དང་དངོས་གྲུབ་སྩོལ། །གསུམ་པ་དབྱིངས་ཀུན་ཏུ་བཟང་པོའི་མཆོད་པ། དེ་ནས་ཐམས་ཅད་སྤང་བླང་གི་སྟོང་པ་དང་བྲལ་ཞིང་གཉིས་མེད་དུ་སྟོང་ལ་མཆོད་པའི་རྒྱུ་ཡིན་པའི་ཕྱིར། ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་མཆོད་པ་བྱ་སྟེ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤ་མུ་ཥེ་བྷྱ། སརྦ་ཏདྑཾ་ཨུདྒ་ཏེ་སྥ་ར་ཎ་ཧི་མམ་ག་ག་ན་ཁཾ་སྭ་ཧཱ། བཞི་པ་མཆོད་པ་བདུན་དབུལ་བ། ཕྱི་ནང་གི་བཀའ་རྒྱུད་མཐའ་དག་དང་མི་འགལ་བར་བྱ་བའི་ཕྱིར། ཕྱི་ནང་གསང་བ་གསུམ་གྱིས་བསྡུས་པའི་མཆོད་པ། ཨརྒྷཾ་མེ་ཏོག་སྤོས་མ་མེ་མི་དྲི་ཆབ་ཞལ་ཟས་སྒྲའི་བདུན་གྱིས་མཆོད་པ་བྱ་བ་ནི། དེ་ཡང་རྒྱུད་ལས། ཨརྒྷཾ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་བཤོས་དང་སྒྲ། །ཕྱི་ནང་གསང་བར་སྦྱར་བ་རྣམས། །བདག་དང་མཉམ་པའི་ཚོགས་ལ་དབུལ། །ཞེས་གསུངས་ཏེ། དེ་ཡང་དང་པོ་ལ་མཆོད་པ་རྣམས་སྤྱི་ལ་བྱིན་གྱིས་བརླབས་ཤིང་དབུལ་བ་ནི། ༀ་པ་ན་ཕེམ། ཆགས་པ་ཆེན་པོའི་གླུ། ཕེ་ནུ་སུ་ར་ཏོ། བདེ་བ་ཆེན་པོའི་གླུ། ཏི་པུ་པ་ར་མུ། དོན་དམ་པའི་གླུ། སརྦ་ཏ་ཐཱ་ག་ཏ་སི་ཏེའུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ། ས་མ་ཡོ་ཏ་མུ། དམ་ཚིག་དམ་པ། སརྦ་མ་ཧཱ་སུ་ཁ་སི་དེའུ། ཐམས་ཅད་བདེ་བ་ཆེན་པོ་དམ་པ་གྲུབ་པར་མཛོད། ༀ་ཨཱཿཧཱུྃ། སྐུ་གསུང་ཐུགས། །ཞེས་བརྗོད་པས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ལས། ཇི་ལྟར་དམིགས་པའི་མཆོད་པ་འཕྲོ་བར་བསྒོམས་ཏེ། ཧཱུྃ། སྲིད་གསུམ་དབྱིངས་སུ་ཤར་བའི་མཆོད་རྫས་ཏེ། །དེ་ཉིད་མ་བཅོས་ཡུམ་གྱི་ཐིག་ལེར་ཤར། །ཆགས་ཡུལ་བདེ་བས་འོད་དཔུང་དམར་ལ་འཁྱིལ། །ཉོན་མོངས་དབྱིང་སུ་བསྟིམ་ཕྱིར་ཨརྒྷཾ་བཞེས། །གོང་གི་སྔགས་དང་། རཀྟ་ཙིཏྟ་ཤྭ་ཏ་ནི་སྭཱ་ཧཱ། །ཞེས་བརྗོད་དེ། ཨརྒྷས་མཆོད་དེ། དེ་ཡང་སྣོད་ཡུམ་གྱི་བྷ་ག་མཐའ་དབུས་མེད་པ་ན། ཕྱིར་བསྟན་པས་བདུད་རྩིའི་རྒྱུན་འོ་གར་དམིགས་ཏེ་དབུལ། ནང་ལྟར་རཀྟས་སྣང་སྲིད་ཐམས་ཅད་ཕྱམ་གྱིས་མཆོད་པར་དམིགས། གསང་བར་ཡབ་ཡུམ་གྱི་ལྷག་པ་བྱང་ཆུབ་སེམས་དཀར་དམར་གྱིས་མཆོད་པར་དམིགས། མེ་ཏོག་གི་མཆོད་པ། ཧཱུྃ། འབྱུང་ལྔ་དབྱིངས་ལས་ཡེ་ཤེས་བཅུད་ཤར་བ། །སྣང་སྲིད་མདངས་བསྡུས་རང་བྱུང་མེ་ཏོག་གསལ། །གཉིས་མེད་ངང་ལས་ཁ་དོག་ཅིར་ཡང་ཤར། །འབྲས་བུ་བཅུད་ལྡན་འོད་ཕུང་མེད་ཏོག་འབུལ། །གོང་གི་སྔགས་ལ། ཤྲཱི་བཛྲ་རཱ་ག་པུཥྤེ་པུས། མེ་ཏོག་མ་དཀར། ཞེས་བརྗོད་དེ་མེ་ཏོག་གིས་མཆོད་ལ། དེ་ཡང་། ཕྱི་བསྟན་པས། མེ་ཏོག་གི་མཆོད་པ་མཛེས་ཤིང་ཁ་དོག་རྣམ་པ་སྣ་ཚོགས་པས་སྟོང་གསུམ་གང་བར་བསམ། ནང་དུ་མཛེས་པའི་ལྷ་མོ་མང་པོས་མཆོད་པར་བསམ། གསང་བ་བདག་གི་རྣམས་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་སུ་ཤར་བར་བསྒོམ་མོ། །བདུན་སྤོས་འབུལ་བ། ཧཱུྃ་མ་བཅོས་རང་བྱུང་དམ་རྫས་སྤོས་མཆོས་འདི། ཁ་དོག་དབྱིབས་གསལ་དབང་པོ་ཚིམ་བྱེད་པའི། སྟོང་གསུམ་གང་བའི་དྲི་བསུང་བདུག་པ་འདི། །འབར་བའི་ཤ ངས་སུ་མཆོད་པས་མཉེས་གྱུར་ཅིག །གོང་གི་སྔགས་ལ། ཤྲཱི་བཛྲ་རཱ་ག་དྷཱུཔྤེ་དྷཱུ་སྤོས་མེ་མ་སྔོ། ཞེས་བརྗོད་དེ། བདུག་སྤོས་ཀྱིས་མཆོད་དེ། དེ་ཡང་ཕྱིར་བསྟན་པས། དྲིའི་ལྷ་མོ་ལག་ན་སྤོས་ཀོང་ཐོས་པ་མང་པོ་སྤོས་ཀྱི་དུད་པ་སྤྲིན་ཙམ་དུ་འཕྲོ་བས་མཆོད་པར་དམིགས་སོ། །ནང་དུ་ཚིལ་ཆེན་གྱི་དུད་པ་དང་ཞིང་ཆེན་གྱི་ངད་བསུང་བར་བསྒོམ་མོ། །གསང་བར་བྱང་ཆུབ་སེམས་ཀྱི་དྲི་ངད་བསུང་བར་བསྒོམ་མོ། །མར་མེ་དབུལ་བ། ཧཱུྃ། སྣོད་བཅུད་གཉིས་མེད་ཡབ་ཡུམ་དག་པ་ལས། འབྲས་བུ་རང་བྱུང་ཡེ་ཤེས་མེར་ཤར་ནས། །མཐའ་དབུས་མེད་པར་གསལ་བའི་འོད་འབར་འདི། །འཁོར་བའི་མུན་ཁང་གཞོམ་ཕྱིར་བཞེགས་སུ་གསོལ། །གོང་གི་སྔགས་དང་། ཤྲཱི་བཛྲ་རཱ་ག་ཨ་ལོ་ཀེ་ཧྲཱིཿ མར་མེ་མ་དམར་སྐྱ། ཞེས་བརྗོད་དེ། མར་མེ་དབུལ་ཏེ། དེ་ཡང་ཕྱིར་བསྟན་པ། ཀོང་བུ་སྟོང་གསུམ་ཙམ་ལ་མར་ཁུ་རྒྱ་མཚོ་ཙམ། མེ་ལྕེའི་འོད་ཀྱིས་སྲིད་པ་གསུམ་ཁྱབ་པར་བསྒོམ། ནང་དུ་སྣོད་དུར་ཁྲོད་འབར་བའི་གཞལ་ཡས་ཁང་ལ། མར་ནི་ཞི་གནས་ཏེ་ཚིལ་ཆེན་རྒྱ་མཚོ་ཙམ་ལ། མེ་ལྕེ་ལྷག་མཐོང་ཡེ་ཤེས་ལྔའི་འོད་འཕྲོ་བར་བསྒོམ། གསང་བར་བདག་གི་བྱང་ཆུབ་སེམས་ཀྱིས་ཡེ་ཤེས་ཀྱི་མེ་མར་སྟོང་འཆར་བའི་རྩ་བར་བསྒོམ་མོ། །དྲི་ཆབ་འབུལ་བ། ཧཱུྃ། གཉིས་མེད་མཁའ་དབྱིངས་དག་པའི་ཕོ་བྲང་དུ། །ཉོན་མོངས་སྐྱོན་བྲལ་དག་པའི་བྱང་ཆུབ་སེམས། །ཅིར་ཡང་འཆར་ཕྱིར་དྲི་ཡི་འོད་ཕུང་འབུལ། །ཞལ་གྱི་དབྱིངས་སུ་ཐིམ་ནས་མཉེས་གྱུར་ཅིག །གོང་གི་སྔགས་དང་། ཤྲཱི་བཛྲ་རཱ་ག་གནྡྷེ་གན། དྲི་ཆབ་མ་ལྗང་གུ། ཞེས་བརྗོད་དེ། དྲི་ཆབ་དབུལ་ཏེ། དེ་ཡང་ཕྱིར་བསྟན་ན། ལྷ་མོ་དུང་ཕོར་ཐོགས་པ་མང་པོས་ཙནྡན་གྱི་འདེ་གུས་བྱུག་ཅིང་མཆོད་པར་བསམ། ནང་ལྟར་བྱང་ཆུབ་སེམས་ཀྱི་རླན་གྱིས་ཉོན་མོངས་པའི་ལྗན་ལྗིན་མང་པོ་གནས་སུ་དག་པར་བསྒོམ། གསང་བར་ཞི་གནས་ཀྱི་རླན་ལྷག་པའི་བྱང་ཆུབ་སེམས་སུ་དག་པར་བསྒོམ་མོ། །ལྷ་བཤོས་འབུལ་བ། ཧཱུྃ། ནམ་མཁའ་ཀུན་བཟང་དབྱིངས་ནས་ཅིར་ཡང་འབྱུང་། །འབྱུང་བའི་འབྲས་བུ་འདོད་པའི་ཡོན་ཏན་ལྔ། །ལྷ་བཤོས་ཡིད་བཞིན་རིན་ཆེན་ལོངས་སྤྱོད་འདི། །སྐུ་གསུང་ཐུགས་ཀྱི་ངང་དུ་ཐིམ་པར་བཞེས། །གོང་གི་སྔགས་དང་། ཤྲི་བཛྲ་རཱ་ག་ནེ་ཝི་ཏེ་ཁ་ཁ་ཁཱ་ཧི། ཞལ་ཟས་མ་མཐིང་སྐྱ། །ཞེས་བརྗོད་དེ། ལྷ་བཤོས་དབུལ་ཏེ། ཕྱི་ལྟར་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ་རི་རབ་བས་ཆེ་བར་བསྒོམ། ནང་དུ་འདོད་པའི་ཡོན་ཏན་ལྔའི་ལྷ་མོར་བསྒོམ། གསང་བ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རིན་པོ་ཆེ་འབར་བ་གཅིག་བསྒོམ་མོ། །རོལ་མོ། སྒྲའི་མཆོད་པ་ནི། སྒྲ་ཡི་དངོས་པོར་སྣང་བ་ཡང་། །ཡོད་པ་མ་ཡིན་ཤིན་ཏུ་གྲག །སྒྲ་ཡིས་རབ་ཏུ་ཚིམ་འགྱུར་ཡང་། །སྒྲ་ཉིད་རང་བཞིན་གང་ཡང་མེད། །སྒྲ་འབྱུང་ཡེ་ཤེས་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །གོང་གི་སྔགས་དང་། ཤྲི་བཛྲ་རཱ་ག་གིརྟི་ཧྲི་ཧྲི། སྒྲའི་ལྷ་མོ་སྔོན་མོ། ཞེས་བརྗོད་དེ། ཕྱིར། བརྡབ་པ་དང་། བརྡུང་བ་དང་། འབུད་པ་དང་། སྒྲེང་བ་དང་། སིལ་སྙན་ལ་སོགས་པའི་སྒྲ་དབྱངས་སྣ་ཚོགས་པས་མཆོད་པར་བསྒོམས་ལ། ནང་དུ་ལྷ་མོ་པི་ཝཾ་མ་མང་པོས་ཆོས་ཀྱི་སྒྲ་སྒྲོགས་པ་དང་མཆོད་པར་བསྒོམ། གསང་བར་བྱང་ཆུབ་སེམས་གཉིས་སུ་མེད་པ་སེ་གོལ་གྱི་སྒྲས་མཆོད་པར་བསྒོམ་མོ། །ལྔ་པ། དེ་ནས་བདུད་རྩིའི་མཆོད་པ་ནི། ངག་དོན་རྣམ་པ་གསུམ་སྟེ། ཡིན་པ་དང་། ཕན་ཡོན་དང་། དགོས་ཆེད་དོ། །དེ་ལ་ཡིན་པ་༡༽ལ་རྣམ་པ་གསུམ་སྟེ། བདག་ཉིད་རྡོ་རྗེ་སེམས་དཔའ་རྩ་བའི་དཀྱིལ་འཁོར་ཡིན་པ་དེས། སྨན་རང་བྱུང་བདུད་རྩིའི་དཀྱིལ་འཁོར་ཡིན་པ་དེ་བྱིན་གྱིས་བརླབས་པ་ནི། གོང་དུ་བསྟན་པའམ། ཡང་ན། སྣོད་ཡུམ་གྱི་མཁའ་དབྱིངས་དག་པ་ན་ཉི་ཟླའི་སྟེང་དུ། རྫས་ཉིད་བདུད་རྩི་རྣམ་པ་ལྔ་དང་། ཤ་ལྔ་ལྕགས་ཀྱུའི་རྣམ་པ་ལྔར་གསལ་བའི་གསང་འདུས་ནས་ཀྱང་བཤད་དོ། །སྟེང་དུ། དཔའ་བོ་འབྲུ་ལྔ་གསལ་བར་དམིགས་ཏེ། ༀ་ཨཱཿཧཱུྃ་སྭཱ་ཧཱ། ཨ་མྲྀ་ཏ་ཧཱུྃ། ཞེས་བརྗོད་པས། འབྲུ་ལྔ་ལས་འོད་འཕྲོས་པས་བདུད་རྩི་ལྔའི་སྐྱོན་དག་པར་བྱས། དེ་ལས་ཀྱང་འོད་འཕྲོས། སྣང་ཞིང་སྲིད་པས་བསྡུས་པའི་རྣམ་རྟོག་བཞུ་བཏུལ། ཕྱི་ནང་སྣོད་བཅུད་ཀྱི་རྩི་བཅུད་དང་། ཡེ་ཤེས་ཀྱི་བདུད་རྩི་ཀུན་བསྡུས་ཏེ་སླར་འདུས་པ་ལས། དཔའ་བོ་འབྲུ་ལྔ་ཡང་འོད་དུ་ཞུ་ནས། དངོས་གྲུབ་ཀྱི་རྫས་དང་དབྱེར་མེད་པར་གྱུར་ཏེ། ལྷག་པ་སྐུ་གསུང་ཐུགས་ཀྱི་རང་བཞིན། ༀ་ཨཱཿཧཱུྃ་གསུམ་དང་བཅས་ནས། བདུད་རྩི་བྱང་ཆུབ་ཀྱི་སེམས་དཀར་ལྟེང་ལྟེང་གསལ་བར་བསྒོམ། དེ་ལ་རང་བཞིན་གྲུབ་པའི་གནས་ན་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞུགས་པ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཡིན་པ་ལ། བདག་རྩ་བའི་དཀྱིལ་འཁོར་གྱིས་མཆོད་པ་ནི། དོན་སྐྱེ་ཤི་འདུ་འབྲལ་མེད་པའི་ངང་དུ་ལྷ་རྣམས་གནས་པའི་ཕྱིར། རྟགས་བདུད་རྩི་བྱང་ཆུབ་སེམས་ཀྱི་རང་བཞིན་ལ་ཡེ་ཤེས་ཀྱི་ཐིགས་པས་མཆོད་པར་བསྒོམ་སྟེ། ཆེ་བའི་ཡོན་ཏན་བརྗོད་པ། ཧཱུྃ། རང་བྱུང་གདོད་ནས་དག་པའི་རྫས། །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །ར་ས་ཡ་ན་ལ་སོགས་རྫས། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུ་དྲུག་སེམས་ཅན་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་འདི། །བཅོམ་ལྡན་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་སེམས་དཔའ་ལྕམ་དྲལ་དང་། །ཀུན་བཟང་ཡབ་ཡུམ་ཐུབ་དྲུག་དང་། །སྒོ་སྐྱོང་ཡབ་ཡུམ་མཁའ་འགོར་འཁོར་བཅས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །ཚངས་པ་འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏི་ཛ་ཧོཿ ཁ་རཾ་ཁ་རཾ་ཁ་རཾ་ཁཱ་ཧི། །ཞེས་བརྗོད་པས། ཁ་རཾ་དང་པོས་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཀྱང་། བདུད་རྩི་ཆེན་པོའི་རང་བཞིན་དུ་གྱུར་པར་བསྒོམ་མོ། །ཁ་རཾ་བར་པས། དེ་ཉིད་བསྡུས་ཏེ་ལྷག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་རྫས་ལ་གཉིས་སུ་མེད་པར་བསྒོམ་མོ། །ཁ་རཾ་མཐའ་མས། མཐེ་བོང་ཨ་ལས་ཟླ་བའི་དཀྱིལ་འཁོར་དང་། སྲིན་ལག་མ་ལས་ཉི་མའི་དཀྱིལ་འཁོར། ཉི་ཟླ་གའུ་གཉིས་ཀྱིས་བདུད་རྩི་བླངས་ཏེ། ལྷ་གང་ལ་མཆོད་པའི་ལྗགས་ཀྱི་དབང་པོ་ལ་ལྷན་ལྷན་ཐིམ་པར་བསྒོམ་མོ། །ཁཱ་ཧི། །ཞེས་པས་སྐུ་གསུང་ཐུགས་ཀྱི་དགྱེས་པ་ཆེན་པོ་བསྐྱེད་པར་བསྒོམས་ལ། ཧཱུྃ་བཛྲ་དྷྲིཀ྄ རྡོ་རྗེ་འཛིན་པ། མཱུཾ་ད་དྷུ་ཤྭ་རི། དབྱིངས་ཕྱུག་མ། ཁ་རཾ་ཁཱ་ཧི། །ཞེས་ལྷ་ཚང་བ་དང་། བདུད་རྩི་ཐོབ་པ་ཀུན་ལ་ཡང་མཆོད་པར་བྱའོ། །ཞེས་ལྷ་བཞི་བཅུ་རྩ་གཉིས་ཚང་མའི་སྔགས་མཆོད་སྦྱར་རོ། །མཆོད་འོས་གཞན་ལའང་སྦྱར་རུང་ངོ་། །སྐུ་གསུང་ཐུགས་དང་ལུས་ངག་ཡིད་གསུམ་དབྱེར་མེད་པར་རྟོགས་པར་བྱ་བའི་ཕྱིར་དངོས་གྲུབ་བླངས་ཏེ། ལྕེ་ཡི་དམ་ཚིག་རྡོ་རྗེ་ལ། །རྩེ་གསུམ་པ། རྩེ་མོར་པདྨ་འདབ་བཞི་པ་རྡོ་རྗེ་ཅན་གྱི་ལྟེ་བར་ཧཱུྃ་བསྒོམས་ཏེ། །མཐེ་བོང་དང་ནི་སྲིན་ལག་རྩེས། །ཐབས་དང་ཤེས་རབ་འབྲེལ་བ་ཡི། །མྱངས་པས་བྱང་ཆུབ་གསུམ་ཐོབ་འགྱུར། །ཀཱ་ཡ་སིདྡྷི་ༀ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། གནས་གསུམ་དུ་དངོས་གྲུབ་བླང་ངོ་། །ཞེས་བརྗོད་དེ། ༀ་དཀར་པོ་དང་། ཨཱཿདམར་པོ་དང་། ཧཱུྃ་མཐིང་ཀ་གསུམ་རིམ་པས་བླངས་ཏེ། འཕྲོ་འདུ་དཀར་དམར་གྱིས་ཀྱང་རིམ་པས་སྦྱངས་ལ། ཡེ་ཤེས་སྐུ་གསུང་ཐུགས་སུ་གསལ་བར་བསྒོམ་མོ། །དེ་ནས། དྲིན་ལན་ཚུལ་དུ། བདུད་རྩི་ཉིད་ཡེ་ཤེས་ཀྱི་འོད་ཟེར་སྣ་ལྔས་སྟོང་གསུམ་ཁྱབ་པར་དམིགས་ལ་མཆོད་དེ། དྲི་མེད་རྣམ་དག་ནམ་མཁའི་རང་བཞིན་ལ། །ལོག་རྟོག་མཚན་མ་མང་པོ་སྤྲིན་ཕུང་བཞིན། །ཡེ་ཤེས་ཉི་ཟེར་འོད་ཀྱིས་རབ་བསལ་ཕྱིར། །དག་པའི་དོན་དུ་རྟོགས་ནས་མཆོད་པར་བགྱི། །ༀ་ཨཱཿཧཱུྃ། སུ་ར་ཏོ། ཆང་གིས་དགྱེས། ཨུ་པ་བྱེ། མཉེས་པར་བྱེད། ཀ་མ་ལ་མ་ལེ། དག་པའི་དོན་ལ་དངོས་གྲུབ་སྩོལ། བཛྲ་ཨ་མྲྀ་ཏ། རྡོ་རྗེ་བདུད་རྩི། ཧ་ར་ན། ཞལ་དུ་ངམ་པར་མཆོད། པྲ་ཏི་ཛ་ཧོཿ ཁཱ་ཧི་ཁཱ་ཧི། །ཞེས་མཆོད་དོ། །དེ་ལྟར་མཆོད་པའི་དུས་ན། སེམས་ཅན་ཐམས་ཅད་ཀྱང་དོན་གོང་མ་ལྟ་བུའི་རང་བཞིན་དུ་མི་གཉིས་པར་གཅིག་པས། གཞུང་ལས་ཀྱང་། བདག་ཉིད་ཆེན་པོས་མཆོད་བྱས་པས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཉེས། །སྲིད་གསུམ་མ་ལུས་ཐམས་ཅད་ཀྱང་། །དགའ་བ་ཆེན་པོས་ཁྱབ་པར་འགྱུར། །ཞེས་འབྱུང་སྟེ། རང་བཞིན་གཅིག་པར་རྟོགས་ནས་འཆོད་པས། འཕགས་པ་ཡང་དེས་མཉེས། བདག་གིས་ཀྱང་དངོས་གྲུབ་ཐོབ། སེམས་ཅན་ཐམས་ཅད་ཀྱང་དེས་ཚིམ་སྟེ། །དེ་ལ། ཕན་༢༽ཡོན་ལ་ཡང་རྣམ་པ་གསུམ་སྟེ། རྣམ་རྟོག་རང་བཞན་མེད་པའི་ངང་དུ་སྦྱངས་པའི་བདུད་རྩིའི་མཆོད་པ་དེས། མཆོད་སྦྱིན་གྱི་དམ་པ་ཡིན་པས། མུ་གེའི་བསྐལ་པ་ལས་ཐར་བའི་ཕན་ཡོན་དང་། མཚོན་གྱི་བསྐལ་པ་ནི་སེམས་ཅན་གྱི་རྣམ་པར་རྟོག་པ་ཚེར་མ་ལྟ་བུ་ལས་བྱུང་བ་ཡིན་ཏེ། བདུད་རྩི་ཆེན་པོའི་རང་བཞིན་གྱིས་མི་རྟོག་པའི་ངང་དུ་སྦྱངས་པས། མཚོན་གྱི་བསྐལ་པ་ལས་ཐར་པའི་ཕན་ཡོན་དང་། ནད་ཐམས་ཅད་ཀྱི་རྒྱུ་ནི། ཉོན་མོངས་པ་ལྔ་ལ་སོགས་པ་ཡིན་ལ། དེ་ཉིད་མི་རྟོག་པའི་ངང་དུ་སྦྱངས་པས། ནད་ཀྱི་བསྐལ་པ་ལས་ཐར་བར་འགྱུར་བའི་ཕན་ཡོན་ཡོད་པ་དང་གསུམ་མོ། །དགོས་༣༽ ཆེད་ལ་ཡང་བཞི་སྟེ། འཁོར་བ་བདུད་ཀྱི་སྟེང་དུ། མྱ་ངན་ལས་འདས་པའི་རྩི་སྦྱར་བས། འཁོར་བ་ཉིད་མྱ་ངན་ལས་འདས་པར་འགྱུར་བའི་དགོས་ཆེད་༡དང་། རྣམ་རྟོག་བདུད་ཀྱི་སྟེང་དུ་མི་རྟོག་པ་ཡེ་ཤེས་ཀྱི་རྩི་སྦྱར་བས། རང་བྱུང་གི་ཡེ་ཤེས་ཆེན་པོར་འགྱུར་བའི་དགོས་ཆེད་༢དང་། འཆི་བདག་བདུད་ཀྱི་སྟེང་དུ་འཆི་མེད་ཡེ་ཤེས་ཀྱི་རྩི་སྦྱར་བས། སྐྱེ་ཤི་མེད་པའི་དངོས་གྲུབ་ཐོབ་པའི་དགོས་ཆེད་༣ དང་། སྡུག་བསྔལ་ནད་ཀྱི་སྟེང་དུ་ཕན་བྱེད་སྨན་གྱི་རྩི་སྦྱར་བས། སྡུག་བསྔལ་གྱི་གཏན་གཞི་ཕུང་པོ་ལྔའི་ཉོན་མོངས་པའི་ཟག་པ་ཟད་པས་འཁོར་བར་གནས་ཀྱང་མི་སྐྱེ་ཞིང་། ནམ་མཁའ་ལ་འཕུར་བ་ལ་སོགས་པའི་ཐུན་མོང་གི་དངོས་གྲུབ་ཐོབ་པའི་དགོས་ཆེད་༤དང་བཞིའོ། །དེ་ལྟ་བས་ན། བདུད་རྩི་ཆེན་པོའི་མཆོད་པ་བྱས་ན། མཆོད་པ་ཐམས་ཅད་པས་ཀྱང་འདི་ཁྱད་པར་ཆེ་བ་ཡིན་པས། རྣལ་འབྱོར་པས་དང་དུ་བླང་བར་བྱའོ། །དྲུག་པ། དེ་ནས་གཏོར་མ་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་འདོད་པའི་ཡོན་ཏན་ལྔའི་ལྷ་མོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་མཉེས་པར་བསམ་སྟེ། ཧཱུྃ། རྨད་དུ་བྱུང་བའི་གཏོར་མ་དང་། །འདོད་པའི་ལོངས་སྤྱོད་རྣམ་ལྔ་པོ། །ཆོས་ཉིད་སྐྱེ་བ་མེད་དབྱིངས་ལས། །ཇི་ལྟར་དམིགས་པ་བཞིན་དུ་འབུལ། །ༀ་ཨཱཿཧཱུྃ་བ་ལིང་ཏེ་ཁཱ་ཧི། ཞེས་བརྗོད་དོ། །དེ་ནས་གཞན་ཡང་མཆོད་པའི་བྱེ་བྲག་དང་རིམ་པ་ནི། དུས་དང་གནས་སྐབས་ཀྱིས་རྒྱས་འབྲིང་གི་རིམ་པར་ཤེས་པར་བྱའོ། །རྒྱས་ན་རིན་ཆེན་བདུན། འདོད་ཡོན་ལྔ། དུག་ལྔ་ཡེ་ཤེས་ལྔའི་མཆོད་པ་སོགས་ཅི་རིགས་བྱའོ། །བདུན་པ། དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བདག་ཉིད་ལ་བསྟོད་པ་གླུའི་མཆོད་པས་མཉེས་པར་བྱ་བ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བསྟོད་པ། ཧཱུྃ། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་བྱེད། །ཡོན་ཏན་མཐའ་ཡས་དངོས་གྲུབ་རྣམ་གཉིས་སྦྱིན་མཛད་པ། །མ་རིག་དྲི་མེད་མི་གཡོ་མཉམ་པའི་མཆོག་ཆོས་ཅན། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པ། ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལ་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྐྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་རྣམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་གསོལ། །སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་པ། རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་རབ་ཏུ་བརྩོན་པར་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །བྱ་བ་གྲུབ་པའི་ཡེ་ཤེས་ལ་བསྟོད་པ། ཚད་མེད་ཚད་དང་བྲལ་བའི་ཤིན་ཏུ་ཡོངས་རྫོགས་པའི། །བདེ་བ་གཤེགས་པའི་གོ་འཕང་དམ་པ་མཉེས་གྱུར་ཡང་། ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་ཏུ་སྩོལ་མཛད་པའི། །ཐུགས་རྗེའི་སྤྱོད་པས་མི་གཡོ་འགག་པར་ཡང་མི་འགྱུར། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྟོད་པ། ཨེ་མ་ཧོཿ ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་རྙེད་པས། ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པ། །དམ་ཚིག་མཆོག་གསུམ་དམ་པ་བདག་ལ་སྩོལ། །སྤྱི་ཡི་བསྟོད་པ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །ལན་གཅིག་ཙམ་ནི་བརྗོད་པས་ཀྱང་། །སངས་རྒྱས་ཐམས་ཅད་འགྲུབ་པ་འགྱུར། །ཞེས་རྒྱུད་ལས་འབྱུང་བ་དང་། ཡང་། ཆོས་སྐུ་སྐྱེ་བ་མེད་པའི་རང་བཞིན་ལས། །གཟུགས་སྐུ་སྒྱུ་མར་སྐྱེ་བའི་སྐུར་བསྟན་ནས། །ཐུགས་རྗེས་ཀུན་ལ་ཁྱབ་པར་དོན་མཛད་པ། །རྒྱལ་བ་བཞི་བཅུའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །བརྒྱད་པ། དེ་ནས་སྨོན་ལམ་གདབ་པ་ཡན་ཆད་བྱ་བ་ནི། ལས་བྱང་ལྟར། མཆོད་པས་མཉེས་པར་བྱ་བའི་དོན་ཏོ། ༣༽ །དེ་ལ་བསྙེན་པ་དབུལ་བའི་ཕྲིན་ལས་གང་སྙམ་པ་ལ། བསྙེན་པའི་དོན་དུ་འདི་དག་བྱ། །ཞེས་གསུངས་ཏེ། དེ་ལ་བསྙེན་པ་ལ་གསུམ་སྟེ། རང་གི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བའོ། །དེ་ལ་༡༽རང་གི་ངོ་བོ་ནི། རང་གི་སེམས་ཉིད་བྱང་ཆུབ་ཀྱི་སེམས་སུ་ངོ་ཤེས་པའོ། །ངེས་པའི་ཚིག་༢༽ནི། འཁོར་བ་ལ་བསྲིངས་ཤིང་། མྱ་ངན་ལས་འདས་པ་ལ་བསྙེན་པའོ། །དབྱེ་བ༣༽ནི། གསུམ་སྟེ། གྲངས་དང་། དུས་དང་། མཚན་མའོ། །དེ་ལ། དོན་དུ། ཞེས་པ་ནི། ངག་དོན་དུ་བཞི་སྟེ། ལྷ་བསྒོམ་ཞིང་འཛབ་དབུལ་བ་དང་། འདོད་ཡོད་ཀྱི་མཆོད་པ་འབུལ་ཞིང་ལྷ་སོ་སོ་ལ་བསྟོད་པ་དང་། བཤགས་པ་དང་། དངོས་གྲུབ་བསྐུལ་བའོ། །དང་པོ་ལྷ་བསྒོམ་པ་ནི། བདག་དོན་དང་། གཞན་དོན་གཉིས་ཀའི་སྐབས་སུ། འདི་ལྟར་བསྒོམ་པར་བྱ་སྟེ། མི་བསྐྱོད་པ་ལ། བདག་ཉིད་ཀྱི་ཐུགས་ཙིཏྟ་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་དུ། མ་ལས་ཉི་མའི་དཀྱིལ་འཁོར་རྒྱ་ལོང་བཟུར་བ་ཙམ་གྱི་སྟེང་དུ། ཛྙཱ་ན་ས་ཏྭ་ཧཱུྃ། ཞེས་བརྗོད་པས། ཡེ་ཤེས་སེམས་དཔའ་སྐུ་ཚོན་གང་བ། སྐུ་མདོག་དཀར་པོ་རལ་པའི་ཐོར་ཚུགས་ཅན་གཅིག་བསྒོམ། དེའི་ཐུགས་ཀར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རྡོ་རྗེ་ནས་ཙམ་གྱི་རྣམ་སྣང་ལ་འཁོར་ལོ་སོགས་རིགས་ལྔ་ལ་འགྲེ། བུམ་པ་ལ། ཧཱུྃ། ༀ། ཉུང་འབྲུ་ཙམ་ཞིག་བསྒོམ། དེའི་མཐའ་མ་ནས་ཚུལ། ཧཱུྃ་བཛྲ་དྷྲིཀ །ཞེས་པས་བསྐོར་བར་བསྒོམ། རྣམ་སྣང་ལ། ༀ་ཛི་ན་ཛིཀ྄། ལྟ་བུ་འགྲེ། ཡུམ་གྱི་ཐུགས་ཀྱང་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་དུ། ཉི་མའི་སྟེང་དུ་ཡེ་ཤེས་སེམས་མ། དེའི་ཐུགས་ཀར་ཡང་ཟླ་བ། དེའི་སྟེང་དུ་དྲིལ་བུའི་བུམ་པ་ལ། མཱུྃ། དེའི་མཐའ་མར་ཡང་། མཱུྃ་དྷ་དུ་ཤྭ་རིས་བསྐོར་བར་བསྒོམ། སྤྱན་མ་ལ། ལཱི། ལཾ་ཏེ་ཤྭ་ར་ཏི། ལྟ་བུ་འགྲེ། དེ་ནས་བདག་ཉིད་ཀྱི་སྨིན་མཚམས་ནས། བྷྲཱུྃ་སྨུག་ནག་ལས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། ཞེས་བརྗོད་པས། གོང་གི་གཞལ་ཡས་ཁང་ཅི་འདྲ་བ་གཅིག་མདུན་གྱི་ནམ་མཁའ་ལ་གསལ། བར་བསྒོམ། དེར་རྩ་བའི་སྔགས་ཧཱུྃ་བཛྲ་དྷྲིཀ྄ །སོགས་བཞི་བཅུ་རྩ་གཉིས། བརྗོད་པས། བསྐྱེད་པའི་དཀྱིལ་འཁོར་ལས་གཉིས་སུ་ཕྱེ་སྟེ། དཔེར་ན་སྤྲིན་ལས་སྤྲིན་བྱེ་བའམ། མར་མེ་གཅིག་ལས་གཉིས་སུ་ཕྱེ་བའི་ཚུལ་དུ། དཀྱིལ་འཁོར་གྱི་ལྷ་རྣམས་རྫོགས་པར་བཏོན་ལ། དེར་བཞུགས་ཏེ། འཛུམ་པའི་མདངས་ཕྱུང་ནས། ཞི་བའི་ངང་གིས། འཛབ་མི་དྲག་མི་ཞན་པར་དབུལ་ཏེ། ཧཱུྃ་བཛྲ་དྷྲིཀ྄ །མཱུྃ་དྷ་དུ་ཤྭ་རི་སྭཱ་ཧཱ། །ཞེས་བརྗོད་པས། ཐུགས་ཀ་རྣམ་གཉིས་ནས་འོད་ཟེར་དཀར་དམར་གསེར་གྱི་བ་ཐག་གཟིགས་པ་བཞིན་དུ་འཕྲོས་ཏེ། དངོས་པོ་དང་མཚན་མར་སྣང་བ་རིལ་སྦྱངས་ནས། ཁྱད་པར་དུ་ཡང་། རྣམ་པར་ཤེས་པའི་ཕུང་པོ་དང་། འབྱུང་བ་ནམ་མཁར་འཛིན་པའི་རྟོག་པ་སྦྱངས་ནས། རྣམ་སྣང་ལ་གཟུགས་ཕུང་དང་། འབྱུང་བ་སར་འཛིན་རྟོག་པ་སྦྱོང་བ་འགྲེའོ། །མདུན་གྱི་ནམ་མཁའ་ལ་དབྱིངས་ཕྱུག་མའི་ཐུགས་ཀར་ཕོག་ལས། ཐུགས་ཀར་ཐིམ་སྟེ། ཡབ་ཡུམ། དགྱེས་རབ་ཀྱི་མཆོག །མཉེས་རབ་ཀྱི་ཕུལ་དུ་གྱུར་ཏེ། མདུན་གྱི་ནམ་མཁའ་ལ་བྱང་ཆུབ་ཀྱི་སེམས་འོད་ཟེར་སྤྲིན་ཕུང་བཞིན་དུ་འདུས་ཏེ། བདག་ལ་ཕོག་པས་ཉེས་དམིགས་ཀྱི་སྒྲིབ་པ་སྦྱངས། སྐུ་གསུང་ཐུགས་ཀྱི་དབྱིག་ཐོབ་སྟེ། ད་ཅི་བས་ཀྱང་ཡེ་ཤེས་ཀྱི་སྐུ་གསལ་བར་བསྒོམ་མོ། །དེ་བཞིན་དུ་རིགས་བཞི་ལ་ཡང་། རང་རང་གི་སྙིང་པོའི་བསྒོམ་ལུགས་དང་། ཉོན་མོངས་པ་སྦྱང་ལུགས་གོང་གིས་འགྲེ། སེམས་དཔའ་རྣམས་ཀྱི་ཐུགས་ཀར་ཡང་། ཟླ་བའི་དཀྱིལ་འཁོར་སྟེང་དུ་འོད་ཚོན་གང་བ་རེ་རེ། དེའི་རྩེ་ལ་རང་རེའི་ཡིག་འབུ་ལ་སྙིང་པོས་བསྐོར་བའོ། །ཐུབ་པ་རྣམས་ཀྱི་ཐུགས་ཀར་ཡང་པདྨའི་གདན་རེ་རེ། དེའི་སྟེང་དུ་ཡང་འོད་ཚོན་གང་བ་རེ་རེའི་རྩེ་ལ། ཡིག་འབྲུ་ཁ་དོག་སེར་པོ་རེ་རེ་ལ་རང་རེའི་སྙིང་པོས་བསྐོར་བའོ། །སྒོ་བ་རྣམས་ཀྱི་ཐུགས་ཀར་ཡང་། ཉི་མའི་སྟེང་དུ་འོད་མཐིང་ཀ་ཚོན་གང་བ་རེ་རེ། དེའི་རྩེ་ལ་ཡང་ཡིག་འབྲུ་རེ་རེ་ལ་སོ་སོའི་སྙིང་པོས་བསྐོར་བར་བསྒོམ་མོ། །དེ་ལ་རང་རེའི་བཟླས་པ་དང་། ཏིང་ངེ་འཛིན་དང་། ཉོན་མོངས་པའི་སྦྱང་ལུགས། དངོས་གྲུབ་དང་པོར་ལྷ་གང་བསྐྱེད་པ་དེའི་དངོས་གྲུབ་ཐོབ་བོ། །འཛབ་ནི་གྲངས་ཀྱི་བསྙེན་པའི་སྒོ་ནས་འཛབ་ཐོན་པ་དང་། སྤྱི་འཛབ་རྩ་བའི་རྒྱུད་ལས་གསུངས་པ། ༀ་ཡེ་ཤེས་ལྔ། བྷོ་དྷི་ཙིཏྟ་བྱང་ཆུབ་སེམས། མ་ཧཱ་སུ་ཀ་བདེ་བ་ཆེན་པོ། ཛྙཱ་ན་དྷ་ཡེ་ཤེས། དུ་ཨཱཿཀུན་བཟང་ཡབ་ཡུམ། ཞེས་བྱ་བ་འདི་ལྷ་རྣམས་ཀྱི་སྙིང་པོ་དྲིལ་བ་ཡིན་པར་ཤེས་པར་བྱའོ། །གཉིས་པ་འདོད་ཡོན་གྱི་མཆོད་པ་འབུལ་ཞིང་ལྷ་སོ་སོར་བསྟོད་པ། དེ་ནས་ཚོགས་བསགས་པའི་ཕྱིར། སྣང་བ་གཟུགས་མཛེས་ཀྱི་མཆོད་པ་དང་། གྲགས་པ་སྒྲ་སྙན་གྱི་མཆོད་པ་དང་། དྲི་འབྱུང་ཡེ་ཤེས་ཀྱི་མཆོད་པ་དང་། སྣ་ཚོགས་རོ་ལྡན་གྱི་མཆོད་པ་དང། རེག་དགྱེས་ཐུགས་ལ་བསྟར་བའི་མཆོད་པ་བྱའོ། །དེ་ནས་ལྷ་སོ་སོ་ལ་བསྟོད་པ་བྱ་སྟེ། གོང་ལྟར་རོ། །གསུམ་པ་བཤགས་པ། དེ་ནས་དངོས་གྲུབ་ཀྱི་གེགས་བསལ་བའི་ཕྱིར་བཤགས་པ་བྱ་སྟེ། ཧཱུྃ། ཡེ་ཤེས་མཉམ་ཉིད་ཆོས་སྐུར་དག་པ་ལ། །མ་རིག་དབང་གིས་འགྲོ་དོན་སྐུ་སྤྲུལ་ཏེ། །དེ་བཟློག་དོན་ཕྱིར་རྒྱལ་བའི་དམ་མནོས་པས། །རྒྱལ་བའི་དཀྱིལ་འཁོར་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཅེས་པ་དང་། དམ་ཚིག་གི་བཤགས་པ་དང་། ཡི་གེ་བརྒྱ་པ་བརྗོད་ནས། །བཞི་པ། དངོས་གྲུབ་བསྐུལ་ཏེ། ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཅེས་བརྗོད་པས། ཡབ་ཡུམ་གྱི་ཐུགས་ཀ་རྣམ་གཉིས་ནས། ཛ་བརྗོད་ཅིང་འཕྲོས་པས། ཛ་ལས་ལྕགས་ཀྱུར་གྱུར་ཏེ། ལྕགས་ཀྱུས་དབུས་ཀྱི་མི་བསྐྱོད་པ་ཡབ་ཡུམ་ཐུགས་ཀ་ནས་དྲངས་པས། རྒྱལ་པོ་བསྐྱོད་པས་འཁོར་དབང་མེད་པར་གཡོ་བ་དང་འདྲ་བ། མི་བསྐྱོད་པ་བསྐུལ་བས་མདུན་གྱི་ལྷ་གཞལ་ཡས་ཁང་དང་བཅས་པ་འོད་དུ་ལམ་གྱིས་གྱུར་ནས། བདག་ལ་ཐིམ་པས། བདག་ཉིད་སྐུ་ཕྱག་རྒྱའི་དཀྱིལ་འཁོར་ཤིན་ཏུ་གསལ་ཞིང་འོད་འཕྲོ་བར་བསྒོམ་མོ། །དེ་ལྟར་གསལ་ཞིང་ཏིང་ངེ་འཛིན་བརྟན་པོར་གྱུར་ན། བསྙེན་པ་ཡང་ཡིན། བསྒྲུབ་པ་ཡང་ཡིན། དངོས་གྲུབ་ཁོ་ན་ཡང་དེ་ཡིན། དེ་ལ་དཀྱིལ་འཁོར་ལྔ། ཞེས་པའི་དོན་ལ། རྒྱུད་སརྦ་བུདྡྷ་ལྟར་མ་ཡིན། ལུང་ཞགས་པ་ལྟར་མ་ཡིན། འདིར། མན་ངག་ཧེ་རུ་ཀའི་གལྤོ་དང་། འཇིག་རྟེན་འདས་པའི་མདོ་ལྟར་བཀོད་ནས། དེ་ལ་ཞི་བའི་དཀྱིལ་འཁོར་ལ་དགོས་པ་ཅི་ཡོད་སྙམ་པ་ལ། དཔལ་ཆེན་པོའི་དངོས་གྲུབ་ལ་བསྙེན་པའི་དོན་དུ། གོང་དུ་བསྟན་པ་དེ་དག་ལ་བློ་སྦྱོང་བར་བྱའོ། །ཞེས་པའི་དོན་ཏོ། །རྫོགས་སོ། ༈ ༢༽ །ཁྲོ་བོའི་ལྷ་མཉེས་པར་བྱ་བའི་ཕྲིན་ལས་ལ། ངག་དོན་ལ། སྐབས་སྦྱོར་བཅུ་གསུམ་པ་སྒྲུབ་པ་བྱེད་པའི་ཕྱིར་ཁྲོ་བོའི་ལྷ་བསྐྱེད་པའི་ཐབས་ཁྱད་པར་དུ་བསྟན་པའི་སྐབས། དལ་དགུ་ལས་ཐུགས་རྗེའི་ཕྲིན་ལས་ཀྱི་དལ། མཐའ་དྲུག་ལས་ཉམས་སུ་ཏིང་ངེ་འཛིན། ཡོ་བྱད་གཉིས་ལས་ཏིང་འཛིན། ལུང་དགུ་ལས་མཛད་པ་ཕྲིན་ལས་ཀྱི་ལུང་ངོ་། །དོན་ལྔས་བསྟན་ཏེ། ཞི་བ་ལས་ཁྲོ་བོ་གནས་བསྒྱུར་བའི་ཕྲིན་ལས་དང་། སྤྱན་དྲངས་ཤིང་མཆོད་པའི་ཕྲིན་ལས་དང་། བསྙེན་པ་དབུལ་བའི་ཕྲིན་ལས་དང་། ཐུགས་དམ་བསྐུལ་ཞིང་མཉེས་པའི་ཕྲིན་ལས་དང་། སྦྱོར་བ་དང་སྒྲོལ་བའི་མཆོད་པས་མཉེས་པར་བྱ་བའི་ཕྲིན་ལས་སོ། ༡༽ །དེ་ལ་ཞི་བ་ལས་ཁྲོ་བོར་གནས་བསྒྱུར་བའི་ཕྲིན་ལས་གཉིས་ཏེ། གནས་བསྒྱུར་བའི་འབྲེལ་དགོས་དང་། གནས་བསྒྱུར་བའི་ཐབས་སོ། །དེ་ལ་གནས་བསྒྱུར་བའི་འབྲེལ་དགོས་གང་སྙམ་པ་ལ། དངོས་གྲུབ་དམ་ཤེས་བླང་བའི་ཕྱིར། །ཞེས་གསུངས་ཏེ། དེ་ལ་འབྲེལ་བ་ནི། སྔར་ཞི་བའི་དཀྱིལ་འཁོར་ལ་བློ་སྦྱངས་པས། བསྙེན་པ་འབྲེལ། དགོངས་པ་ནི། ཁྲོ་བོའི་དཀྱིལ་འཁོར་ལ་བསྒྲུབ་པ་བྱས་པས། ཤིན་ཏུ་ཉེ་བའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དམ་པ་ཞིག །རྣལ་འབྱོར་པའི་ཤེས་རབ་དམ་པ་ཞིག་གི་རྩལ་གྱིས་དེ་མ་ཐག་ཏུ་བླང་བའི་ཕྱིར་དགོས་པ་ཡོད་པའོ། །དེ་ལ་གནས་༢༽ བསྒྱུར་བའི་ཐབས་ལ་གཉིས་ཏེ། རྣལ་འབྱོར་སྒྲུབ་པ་པོའི་རྒྱན་རྟགས་བསྒྱུར་བ་དང་། ཞི་བ་ལས་ཁྲོ་བོར་གནས་བསྒྱུར་བའོ། །དེ་ལ་༡༽རྣལ་འབྱོར་སྒྲུབ་པ་པོའི་རྒྱན་རྟགས་བསྒྱུར་བ་གང་སྙམ་པ་ལ། ལྷག་པའི་རྟགས་ཀྱིས་མཚན་ནས། །ཞེས་གསུངས་ཏེ། དེ་ཡང་རྣལ་འབྱོར་སྒྲུབ་པ་པོ་རྣམས། ཡེ་ཤེས་ཀྱི་ལྷ་དཔལ་ཁྲག་འཐུང་གི་ལྷ་རྣམས་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར། ཐབས་དང་ཤེས་རབ་སྤེལ་མར་ཞུགས་ནས། ཐེག་པ་འོག་མ་དག་ལས་ལྷག་པར་གྱུར་པའི་ལྷག་པའི་རྟགས་རྣམ་པ་བརྒྱད་ཀྱིས་ཀུན་མཚན་ཅིང་མངའ་གསོལ་བར་བྱའོ། །དེ་ལ་ལྷག་པའི་རྟགས་བརྒྱད་ནི། གླང་པོ་ཆེའི་ཀོ་རློན་དང་། ཞིང་ཆེན་གྱི་གཡང་གཞི་དང་། སྟག་གི་ཤམ་ཐབས་དང་། སྦྲུལ་གྱི་ཆུན་པོ་དང་། ཐོད་པའི་ཕྲེང་བ་དང་། རཀྟའི་ཚོམ་བུ་དང་། ཐལ་ཆེན་གྱི་ཐིག་ལེ་དང་། ཞག་གི་ཟོ་རིས་ཏེ། དེ་དག་གི་དོན་ཡང་། གཏི་མུག་དང་། འདོད་ཆགས་དང་། ཞེ་སྡང་དང་། ང་རྒྱལ་དང་། ཕྲག་དོག་དང་། འཇིགས་བྱེད་ཆེན་པོའི་ཚོགས་དང་། ཐུགས་རྗེས་སེམས་ཅན་མི་གཏོང་བ་དང་། བྱང་ཆུབ་སེམས་དབང་དུ་བྱ་བའི་ཕྱིར། རྡོ་རྗེ་རྒྱལ་ཐེབས་དང་། ལས་ཀྱི་ཀརྨས། རྡོ་རྗེ་རྒྱལ་པོའི་སྐུ་ལ་དཔལ་གྱི་ཆས་བརྒྱད་གསོལ་ཏེ། དེ་ཡང་ཧེ་རུ་ཀའི་གལ་པོ་ལས། གླང་ཆེན་གྱི་སྟོད་གཡོགས་སྐུ་ལ་གསོལ་བ་ནི་འདི་སྐད་དོ། །ཧཱུྃ། བདུད་འདུལ་སྟོབས་ཆེན་ཐེག་པ་མཆོག་གི་རྒྱན་འདི་ནི། །སྟོབས་བཅུས་ཕ་རོལ་བདུད་དཔུང་འདུལ་བའི་རྟགས། །སྨད་པའི་མཆོག་རྣམས་དོན་གྱི་ཕྱག་རྒྱར་གསལ། །ལྟ་བ་གཞུང་ཚུགས་བདེན་པ་མི་འགྱུར་བའོ། །དེ་ནས་ཞིང་ཆེན་གྱི་སྟོད་གཡོགས་སྐུ་ལ་གསོལ་བ་ནི་འདི་སྐད་དུ། ཞིང་ཆེན་རློན་པའི་གཡང་གཞིའི་སྟོང་གཡོགས་འདི། །ཚུལ་ཁྲིམས་གོས་ཆེན་གཡང་གཞིར་བརྗོད་པ་སྟེ། །ཡན་ལག་རྣམ་ལྔ་སྣོད་ལྔ་ཡུམ་གྱི་དབང་། །མི་འཁོར་བྱང་ཆུབ་སེམས་ཀྱི་རྒྱན་དུ་བསྟན། དེ་ནས་སྟག་གི་ཤམ་ཐབས་གསོལ་བ་འདི་སྐད་དུ། དཔལ་བརྟུལ་ཟ་བྱེད་སྟག་གི་སྨད་གཡོགས་འདི། །བསྙེངས་པ་མི་མངའ་མཐའ་གཉིས་རྫོགས་ལས་འདས། །ཡལ་བར་མི་འདོར་ཡེ་ཤེས་ཐུགས་རྗེས་སྡུད། །གདོད་མཐའ་མེད་པར་སྒྲོལ་ཞིང་ཟ་བར་བྱེད། །དེ་ནས་སྦྲུལ་གྱི་ཆུན་པོས་སྐུ་ལ་བརྒྱན་པ་ནི། དཔའ་བརྗིད་གཉེན་ལྕུག་སྦྲུལ་གྱི་ཆུན་པོ་འདི། །དཔལ་བརྗིད་ཆེ་བས་བདུད་དཔུང་ཟིལ་གྱིས་གནོན། །གཉེན་ལྕུག་ཡན་ལག་འཁྲིལ་བས་ཡུམ་གྱི་ཚུལ། །དུག་ལྔ་དབང་དུ་མཛད་ཅིང་འཇིགས་ཚུལ་རྒྱན་དུ་བསྟན། །དེ་ནས་ཐོད་པའི་ཕྲེང་བས་སྐུ་ལ་བརྒྱན་པ་ནི། ཐོད་པ་སྐམ་དང་རློན་པ་ར་རི་དང་། །ཁྲོ་བོའི་སྐུ་གསུམ་ཐོབ་པའི་དབང་རྟགས་ཡིན། །ཐེག་པ་གསུམ་གྱི་ཆགས་པའི་དངོས་གཞི་སྟེ། །དུག་གསུམ་སེམས་ཅན་མ་ལུས་སྒྲོལ་བའི་དབང་། །དེ་ནས་རཀྟའི་ཐིག་ལེས་སྐུ་ལ་བརྒྱན་པ་ནི། ཧཱུྃ། ཆགས་པའི་ཚུལ་འཛིན་ཁྲག་གི་ཐིག་ལེ་འདི། །རྒྱུ་ལ་རོལ་པས་དོན་དུ་སྐུ་ལ་བཞག །མ་ཆགས་པདྨ་སྤྱན་གྱི་ས་མནན་ཏེ། །དེ་ཕྱིར་ཐུགས་རྗེ་ཆགས་པའི་རྒྱན་དུ་བསྟན། །དེ་ནས་ཐལ་ཆེན་གྱི་ཐིག་ལེས་སྐུ་ལ་བརྒྱན་པ་ནི། འདུལ་བྱེད་ཕྲིན་ལས་རྒྱན་གྱིས་བཏང་བ་ནི། །འཇིགས་པར་བྱེད་པའི་ཕྲིན་ལས་རྒྱན་དུ་བསྟན། །ཡི་གེ་འཁོར་ལོ་ཚོགས་ཆེན་ས་མནན་ཏེ། །འཁོར་ལོ་ཆོ་འཕྲུལ་སྤྱོད་པའི་ས་ཡང་ཡིན། །དེ་ནས་ཞག་གི་ཟོ་རིས་ཀྱིས་བརྒྱན་པ་ནི། གཟི་བརྗིད་དོན་དམ་བཅུད་ཀྱི་རྒྱན་འདི་ནི། །བཅུད་དུ་གྱུར་ནས་ཡོན་ཏན་གཟི་བརྗིད་འབར། །རྒྱན་དུ་བཞག་པས་སྐུ་ལ་རྒྱན་དུ་ཆེ། །ཀུན་ཏུ་འོད་ཀྱི་ས་ནི་མནན་པའི་རྟགས། །ཞེས་འབྱུང་བས། ཀྲོ་ཏ་ནི་ལ་ཀ་ཨ་བི་ཥིཉྩ་མ་ཧཱ་ཨ། ཞེས་ཀུན་ལ་བརྗོད་ཅིང་མངའ་གསོལ་ལོ། །དེ་ནས་རྡོ་རྗེ་རྒྱལ་པོས་ཀྱང་། སྒྲུབ་པ་པོ་ཀུན་ལ་ཆས་བརྒྱད་ཀྱིས་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་སྒྲུབ་པ་པོ་ཀུན་ལྷག་པའི་རྟགས་ཀྱིས་མཚན་ནས། ཞི་བ་ལས་༢༽ཁྲོ་བོར་གནས་བསྒྱུར་བ་ལ་ཡང་གཉིས་ཏེ། ཅིག་ཆར་བསྒྱུར་བ་དང་། རིམ་གྱིས་བསྒྱུར་བའོ། །དེ་ཡང་༡༽ཅིག་ཆར་བསྒྱུར་བ་གང་སྙམ་པ་ལ། སྔ་མ་ལས་ནི་གནས་བསྒྱུར་ཏེ། །དུར་ཁྲོད་ས་རུ་བརྟག་པར་བྱ། །ཞེས་གསུངས་ཏེ། བདག་ཉིད་བཅོམ་ལྡན་འདས་མི་བསྐྱོད་པའི་སྐུར་གསལ་བ་དེ་ཉིད་ལས། ཡེ་ཤེས་ཀྱི་ལྟ་བ་དྲག་པོས་བསྐྱེད་དེ། བྱང་ཆུབ་ཀྱི་སེམས་ཅི་ཡང་མ་ཡིན་པ་ལས། ཅིར་ཡང་སྣང་བའི་ཕྱིར། དག་པའི་གཞལ་ཡས་ཁང་ཉིད། དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ། སངས་རྒྱས་བཞི་བཅུ་རྩ་གཉིས་ལས། དཔལ་ཁྲག་འཐུང་གི་ཚོགས་སུ་བསྒྲུབ་ཅིང་ཡེ་ཤེས་ཆེན་པོའི་ཀློང་དུ། སྣང་སྲིད་ཡེ་ནས་སངས་རྒྱས་པར་བྱ་བའི་ཕྱིར། སྟོན་པ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་གསུངས་པ་འདིའོ། །ༀ་ན་མ་སརྦ་ཏ་ཐཱ་ག་ཏ་ནན། ཨ་ཤང་སིདྡྷི་བཛྲ་ནན། ས་མ་ཡ་པ་ཏེ་ནན། སརྦ་ཏ་ཐཱ་ག་ཏ། ཨ་ཏི་ཏིསྟ་བཛྲ་ནན། སརྦ་ཏྲྃ་ཀྵྃ་སྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ། ཞེས་བརྗོད་པ་ཙམ་གྱིས་དཀྱིལ་འཁོར་གྱི་ལྷ་སངས་རྒྱས་བཞི་བཅུ་རྩ་གཉིས་འོད་དུ་ལྟེང་ལྟེང་ཞུ་ནས་འདུག་པ་ལས། ཧཱུྃ་ཧ་ཧེ་ཕཊ་ཧཱུྃ་བྷྱོ། ཞེས་བརྗོད་པ་ཙམ་གྱིས་སོ་སོའི་ཡི་འབྲུར་གྱུར་ནས་སོ་སོའི་གོ་གོ་གནས་གནས་ན། བསྐལ་པའི་མེ་ལྟ་བུར་འབར་ཞིང་འདུག་པ་ལས། སོ་སོའི་སྙིང་པོ་ལས་བཞི་བརྗོད་པ་ལས། རིགས་ལྔའི་སངས་རྒྱས་ཡབ་ཡུམ། རིགས་ལྔ་ཁྲག་འཐུང་ཡབ་ཡུམ་དུ་བསྒྱུར། སེམས་དཔའ་བརྒྱད་ཀོའུ་རི་ལ་སོགས་པ་བརྒྱད། སེམས་མ་བརྒྱད། སིདྷ་ལ་སོགས་པ་བརྒྱད། ཐུབ་པ་དྲུག་དང་སྒོ་བ་བཞི་ཁྲོ་བོ་བཅུ། སྒོ་མ་དངོས། ཡིད་དང་ཆོས་ཡེ་ཤེས་སེམས་དཔའ་དང་སེམས་མ། འཁོར་དབང་ཕྱུག་མ་དང་བཅས་པར་སྐད་ཅིག་མས་བསྒྱུར་ཏེ། སོ་སོའི་སྐུར་གསལ་བ་དང་། དབང་བསྐུར་བ་དང་བྱིན་གྱིས་བརླབས་པ་ཡང་བྱའོ། །དེ་ལ་༢༽རིམ་གྱིས་བསྒྱུར་པ་ལ་གཉིས་ཏེ། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་གནས་བསྒྱུར་བ་དང་། བཅུད་ཀྱི་འཇིག་རྟེན་ལྷའི་དཀྱིལ་འཁོར་དུ་གནས་བསྒྱུར་བའོ། ༡༽ །དེ་ལ་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་གནས་བསྒྱུར་བ་ལ་ཡང་གཉིས་ཏེ། དབང་ཆེན་ཡུམ་ལྔ་དང་། གཞལ་ཡས་ཁང་ངོ་། །དེ་ལ་དབང་༡༽ཆེན་ཡུམ་ལྔ་གནས་བསྒྱུར་བ་གང་སྙམ་པ་ལ། སྔ་མ་ལས་ནི་གནས་བསྒྱུར་ཏེ། །དུར་ཁྲོད་ས་རུ་བརྟག་པར་བྱ། །ཞེས་གསུངས་ཏེ། དེ་ཡང་བདག་ཉིད་བཅོམ་ལྡན་འདས་མི་བསྐྱོད་པར་གསལ་བ་དེའི་ཐུགས་རྗེ་ཡེ་ཤེས་ཀྱི་སྤྱན་གྱིས་སྲིད་པ་གསུམ་ལ་ལན་གཅིག་གཟིགས་པས། །ཞི་བས་མི་འདུལ་བར་ཁྲོ་བོས་འདུལ་བར་གཟིགས་ནས། སྣོད་ཀྱི་འཇིག་རྟེན་གདུལ་ཞིང་སྤ་བཀོང་བའི་ཕྱིར། ཉིད་ཀྱི་དབུགས་གང་གི་ཧཱུྃ་རིངས་ཀྱི་གླུ་བླངས་ཏེ། ཡེ་ཤེས་ཀྱི་ཐུགས་རྗེས་ལན་གཅིག་གཟིགས་ཏེ། བ་སྤུའི་བུ་ག་དང་། ཤངས་ཀྱི་རླུང་སྒྲོམ་ནས། ཡེ་ཤེས་ཀྱི་འོད་ཟེར་མེའི་འབར་བ་ལྟ་བུར་འཕྲོས་པས། གདུག་རྩུབ་དུག་ལྔ་མེ་ལྷར་འབར་བ་དེ་ཀུན་ཞི་ནས། ཡེ་ཤེས་ཀྱི་འོད་དམར་སྨུག་ཏུ་ཇེ་གསལ་ལན་གཅིག་བསྒོམ་མོ། །འོད་དེ་བདག་ལ་ཐིམས་པས། བདག་ཅིབ་ས་ཀྱང་གཟི་བྱིན་ཆེན་པོ་འབར་ཞིང་སྣོད་བཅུད་ལ་དབང་བསྒྱུར་བར་བསྒོམ་མོ། །དེ་ནས་བདག་ཉིད་ཀྱིས་སྣོད་ཀྱི་འཇིག་རྟེན་ལ་དབང་བསྒྱུར་བའི་གླུ་འདི་བླངས་སོ། །ཧཱུཾ་ཨེ་ཡྃ་ར་བྃ་ཀེཾ་རཾ། ཞེས་བརྗོད་པས། ཐུགས་ཀ་ནས་ཡི་གེ་དེ་རྣམས་གསལ་བར་ཐོན་པ་ལས། ཨེ་མཐིང་ཀ་འཕྲོས་ཤིང་འདུས་པ་ལས། ཨེ། ཞེ་སྡང་དབྱིངས་གསལ་ནམ་མཁའ་ནི། །ཡུམ་ཉིད་འབྱུང་བའི་རྒྱུ་ཡིན་ཕྱིར། །མཐིང་ནག་བྷ་གའི་དཀྱིལ་འཁོར་ཉིད། །གྲུ་གསུམ་ཡེ་ཤེས་གསལ་འབར་ཤར། །ཨེ་ཀྲོ་ཏི་ཤྭ་རི་མཎྜ་ལ། ཞེས་བརྗོད་པས། ནམ་མཁའ་གཞལ་ཤིང་དྭང་བ་དེ། གྲུ་གསུམ་མཐིང་ནག་མཐའ་དབུས་དང་བྲལ་བ། འོད་ཟེར་མཐིང་ཁར་འཁྲུག་ཅིང་འཁྱིལ་བར་བསྒོམ་མོ། །ཡི་གེ་ཡཾ་དུད་ཁ་འཕྲོས་ཤིང་འདུས་པ་ལས། ཡྃ། རླུང་ནག་གཏམས་པའི་རྒྱ་གྲམ་ནི། །ཕྲག་དོག་མཁའ་ལ་སྒྲོལ་མཛད་ཡུམ། །འདེགས་པའི་ཤུགས་ལྡན་ཡེ་ཤེས་དང་། །ཐོགས་མེད་བརྟན་པའི་དཀྱིལ་འཁོར་ཆེ། །ཡྃ་ཀརྨ་རཀྴ་ཧཾ། ཞེས་བརྗོད་པས། རླུང་རྡོ་རྗེ་རྒྱ་གྲམ་ལས། རླུང་ནག་གི་དཀྱིལ་འཁོར་གཞུ་བརྡུངས་པ་དང་འདྲ་བར་གྱུར་ཏེ། དབལ་ཚ་ཞིང་ངད་ལྡན་པ། རྣམ་པ་རྒྱུ་བའི་རང་སྒྲ་དང་བཅས་པར་བསྒོམ་མོ། །ཡི་གེ་ར་དམར་སྨུག་འཕྲོས་ཤིང་འདུས་པ་ལས། ར། འདོད་ཆགས་དབྱིངས་དག་རཀྟ་ནི། །ཆགས་མེད་ཡུམ་སྟེ་པདྨའི་ཀློང་། །དབུས་མཐའ་མེད་པའི་རྒྱ་མཚོ་ནི། །རྦ་ཀློང་འཕྱོ་བའི་ཡེ་ཤེས་ཡིན། །ར་རཀྟ་ཛྭ་ལ་ས་མུན་ཛ། ཞེས་བརྗོད་པས། བདུད་རྩིའི་རྒྱ་མཚོ་ཉིད། རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུག་ཅིང་འཁྱིལ་བར་བསྒོམ་མོ། །ཡི་གེ་བྃ་དམར་སྨུག་འཕྲོས་ཤིང་འདུས་པ་ལས། བཾ། འཁོར་བ་དང་བའི་ས་གཞི་ནི། །གཏི་མུག་ཆོས་ཉིད་གསལ་བའི་ཕྱིར། །གསེར་འགྱུར་མཆོག་ཕྲན་ས་གཞི་གདལ། །ཐམས་ཅད་བསྐྱེད་བརྟེན་ཡེ་ཤེས་གསལ། །བཾ་སྨིག་ཏ་ཤ་ཆེན་གྱི་ས་གཞི། ཛྭ་ལ་མཎྜ་ལ། ཞེས་བརྗོད་པས། རིན་པོ་ཆེ་གསེར་གྱི་ས་གཞི་ལས། མཆོག་ཕྲན་གྱི་ས་གཞི་གདལ་ཞིང་གྱུར་པར་བསྒོམ་མོ། །དེ་ནས་ཀེཾ་སྔོ་སྐྱ་འཕྲོས་ཤིང་འདུས་པ་ལས། ཀེཾ །སྲིད་རྒྱུ་ཡེ་ནས་དག་པའི་ཕྱིར། །རིན་ཆེན་རི་རབ་ཀེཾ་རུས་གསལ། །ཚད་མེད་རྒྱན་ལྡན་ཁ་བད་ཆེ། །ཀློང་ནས་ཤར་བས་ཕྱེད་ནུབ་སྤངས། །ཀེཾ་ནི་ཛྭ་ལ་མཎྜ་ལ། རུས་པའི་རི་རབ། ཞེས་བརྗོད་པས། རིན་པོ་ཆེ་སྣ་ལྔའི་རི་རབ་ལས། ཀེཾ་རུས་རི་རབ་ཏུ་གྱུར་ཏེ། ཤིན་ཏུ་བརྗིད་ཅིང་ཁ་ཁྱེར་གྱིས་འཇིག་རྟེན་གྱི་ཁམས་ཁེབ་པར་བསྒོམ་མོ། །དེ་ནས་ཡི་གེ་རྃ་དམར་པོ་འཕྲོས་ཤིང་འདུས་པ་ལས། རྃ། དུར་ཁྲོད་མེ་འབར་དཀྱིལ་འཁོར་ནི། །ང་རྒྱལ་མཁའ་ལ་སྒྲོལ་མཛད་ཡུམ། །རྨོངས་པའི་མུན་ནག་གཏན་ནས་སེལ། །ཐམས་ཅད་སྨིན་ཅིང་བརྟས་པར་བྱེད། །རཾ་ཛྭ་ལ་མཎྜ་ལ། བསྐལ་པའི་མེ་དཔུང་། ཞེས་བརྗོད་པས། ཡེ་ཤེས་ཀྱི་མེ་འོད་དུར་ཁྲོད་ཀྱི་མེ་སྨུག་ནག་འབར་བར་འཕྲོ་ཞིང་འཚུབ་པར་བསྒོམ་མོ། །རྒྱུད་ལས་ཀྱང་། གྲུ་གསུམ་མཐིང་ནག་ནམ་མཁའ་ལ། །འདེགས་བྱེད་རླུང་ནག་འཚུབས་མ་འཕྱོ། །རཀྟའི་རྒྱ་མཚོ་རྦ་ཀློང་འཁྱིལ། །ཞིང་ཆེན་གཏམས་པའི་ས་གཞི་ལ། །ཀེཾ་རུས་བརྩེགས་པའི་རི་རབ་སྟེང་། །དུར་ཁྲོད་མེ་དཔུང་སྨུག་ནག་འབར། །ཞེས་གསུངས་སོ། །དེ་ལ། གཞལ་༢༽ ཡས་ཁང་ཇི་ལྟར་བསྒྱུར་སྙམ་པ་ལ། སྨུག་ནག་ཟླ་གམ་གཞལ་ཡས་ཁང་། །ཞེས་གསུངས་ཏེ། ཡང་བདག་ཉིད་ཀྱི་ཐུགས་ཀའམ་སྨིན་མཚམས་ནས། ཡི་གེ་བྷྲཱུྃ་སྨུག་ནག་ཉུང་འབྲུ་ཙམ་མམ་ཏིལ་འབྲུ་ཙམ་རིན་པོ་ཆེའི་གཞལ་ཡས་ཁང་ལ་ཅི་ལི་ལི་འཕྲོས་པ་ལས། འོད་སྨུག་ནག་ཏུ་ལྟེམ་ལྟེམ་ཞུ་ལ་ཁད་པ་ལས། བྷྲཱུྃ་བི་ཤྭ་བི་ཤུདྡྷ་བཛྲ་བྷནྡྷ་ཛྙཱ་ན། ཙཀྲ་མ་དྷ་ལ་བྷྲཱུྃ། ཞེས་བརྗོད་པས། དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། དབྱིབས་ཟླ་གམ། མདོག་སྨུག་ནག་སྒོ་གཅིག་པ། བར་ཁྱམས་དང་གྲུ་བཞི་སྒོ་ཁྱུད་དང་བཅས་པ་གཅིག་ཏུ་གྱུར་ཏེ། །དེ་ཡང་བྷནྡྷ་ཚར་གསུམ་ལས་ཕག་ཐབས་སུ་བརྩིགས་པ། རཀྟས་སྦྱིན་ཐབས་སུ་སྦྱར་བ། གནམ་ལྕགས་ཨུར་མོའི་གཟེར་ཆེན་གྱིས་བཏབ་པ། གཟེར་མགོག་གཟའ་དང་རྒྱུ་སྐར་གྱིས་བརྒྱན་པ། བྷནྡྷའི་མིག་ནས་མེ་འབར་ཞིང་། སྣ་དུད་པ་འཐུལ་བ། ལྕང་ལོ་ལས་རཀྟའི་ཟར་བུ་འབབ་པ། ཉི་ཟླ་རྩིབས་ལ་འཆར་ཞིང་འཕྱོ་བ། དབུས་ཐིག་བཞི་བཏབ་པས་ལེའུ་ཚེ་དགུར་གྱུར་པའི། གཙང་ཁང་སྟེང་ཚངས་པའི་གདུང་བྲེས་པ། གདུང་སྣ་བརྒྱད་ལས་ཞིང་སྨུག་པོ་བརྒྱད་ཀྱི་ཀ་བས་བཏེགས་ཏེ། གཟའ་ཆེན་པོ་བརྒྱད་ཀྱི་ཀ་གཞུ། ས་བདག་ཕག་ཆེན་པོ་བརྒྱད་ཀྱི་ཀ་གདན། ཞིང་ཆེན་གྱི་ཕྱམ་ལ། མཆོག་ཕྲན་གྱི་དྲལ་དྲལ། སྤྲེའུ་མི་རྒོད་ཀྱི་བགས་པས་ཐོག་ཕུབ་པ། སྒོ་བཞི་ལ་ཡང་། བྱ་ཁྱུང་ཀ་རུ་ནའི་ཡ་སྤྱིབས་ལ། རུས་སྦལ་གྱི་མ་ཐེམ་བྱས་པ། སྤྲུལ་སྔོན་པོའི་སྐྱེས་བུ་བྱས་པ། ཆུ་སྲིན་གྱི་སྤྱིབས་ཁུང་། ཞིང་ཕོ་མོའི་སྒོ་འགེབས་དང་ལྡན་པ། དེའི་ནང་ན་ཞིང་གི་བླ་བྲེ་ལ་སོགས་པའི་རྒྱན་རྣམ་པ་སྣ་ཚོགས་པ་དང་། སྒོ་བཞི་ན་ཏ་ལའི་སྐྱེད་ཤིང་ཟུང་རེ་རེ་ཡོད་པ། དེའི་ཡལ་ག་རེ་རེ་ལ་ཡང་འདོད་ཡོན་གྱི་ལྷ་མོ་མང་པོ་གནས་པ་དང་། ཤིང་གི་རྩ་བ་དང་བར་ཁྱམས་ལ་སོགས་པ་ན། ཏི་ར་བམ་རིལ་དང་། མགོ་མེད་པ་དང་། ཕྱེད་མ་དང་། རུལ་བ་དང་། བམ་པ་དང་། ལྷག་མ་ལ་སོགས་པ་ལ། ལྕེ་སྤྱང་དང་། ལུ་འདི་དང་། ཀངྐ་ལ་སོགས་པ་མང་པོས་རོལ་པར་བསྒྱུར་རོ། །དེའི་དབུས་སུ། མ་ཧཱ་དེ་ཝ། ཨུ་མ་དེ་ཝ་ཏི་ར་བཾ། ཞེས་བརྗོད་པས། མ་ཧཱ་དེ་བ་ལ་སོགས་པའི་དྲེགས་པའི་ལྷ་བརྒྱད་བསྣོལ་བའི་སྟེང་དུ། ཞི་བའི་གདན། སེང་གེ་གླང་ཆེན་རྟ་དང་ཁྱུང་ལ་སོགས་པ་ལྔ་ནི། ཁྱུ་མཆོག་མ་ཧེ་གཟིག་དང་སྟག །ལ་སོགས་པ་རྣམས་སུ་བསྒྱུར། དེ་རྣམས་ཀྱི་སྟེང་དུ་ཉི་ཟླ་པདྨའི་གདན་བཏིང་ངོ་། །གཞན་ཡང་ལེའུ་ཚེ་རྣམས་དང་། བར་ཁྱམས་དང་། སྒོ་དང་། ལྕགས་རི་ལ། ཏི་ར་བསྣོལ་བ་དང་། རྐྱང་པ་དང་། རོ་སྐམ་གྱི་གདན་དུ་བསྒྱུར་རོ། །ལུང་ལས་ཀྱང་། ཟླ་གམ་དབང་ཆེན་མཎྜལ་ལ། །དུར་ཁྲོད་ཡོན་ཏན་ཚོགས་ཀྱིས་བརྒྱན། །ཕྱི་དང་ནང་མེད་ཀུན་ཏུ་གསལ། །ཡེ་ཤེས་གཞལ་ཡས་ནམ་མཁའི་རྒྱ། །དྲེགས་པ་ལྷ་ཆེན་ཁྱབ་འཇུག་དང་། །ཚངས་པ་བརྒྱ་བྱིན་ཁྱོ་ཤུག་སྟེང་། །ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པའི་དོམ་གྱིས་བརྫིས་པའོ། །མ་ཧཱ་ཨ་ཀྲི་ཏི་ར་བཾ། ཏི་ཡང་སུརྻ་ཙནྡྲ་པདྨ་དང་། ནྲྀ་ཏི་ར་བཾ། མ་སུརྻ་མན་དྷ། ཞེས་འབྱུང་ངོ་། ༢༽ །དེ་ལ། བཅུད་ཀྱི་འཇིག་རྟེན་ལྷའི་དཀྱིལ་འཁོར་དུ་གནས་བསྒྱུར་བ་ལ་གསུམ་སྟེ། གཙོ་བོ་བསྒྱུར་བ་དང་། འཁོར་བསྒྱུར་བ་དང་། རྫོགས་པའི་རིམ་པའོ། །དེ་ལ་༡༽གཙོ་བོ་ཞི་བ་ལས་ཁྲོ་བོར་བསྒྱུར་བ་གང་སྙམ་པ་ལ། ཡེ་ཤེས་དམ་ཚིག་ཆེན་པོ་ཡིས། །ཞེས་འབྱུང་བས། རྒྱུད་ལས་ཀྱང་། རྡོ་རྗེ་དབྱིངས་ལས་དཔལ་གྱི་སྐུར་བསྒྱུར་བ། །དང་བའི་མཚོ་ལས་རླབས་ཆེན་འཁྲུག་པ་བཞིན། །ཞི་བའི་སྐུ་ལས་ཁྲོ་བོའི་ཕྱག་རྒྱར་བསྟན། །འབར་བའི་རྒྱལ་པོ་ཅིར་ཡང་སྣང་བར་མཛད། །ཅེས་འབྱུང་སྟེ། བདག་ཉིད་བཅོམ་ལྡན་འདས་མི་བསྐྱོད་པར་གསལ་བའི། ཐུགས་རྗེ་ཡེ་ཤེས་ཀྱི་སྤྱན་གྱིས། སྲིད་པ་གསུམ་ལ་ལན་གཅིག་གཟིགས་པས། གདུག་རྩུབ་དུག་ལྔ་མེ་ལྟར་འབར་དེ་ཞི་བས་མི་འདུལ་བར་མཁྱེན་ནས། ཐུགས་རིག་པའི་ཡེ་ཤེས་ལ་ཧཱུྃ་གསལ་བ་དེ། ཧེ་རུ་ཀའི་སྣ་གླུས་ཧཱུྃ་བཞི་པོ་ཁོང་བརྒྱུད་ནས་དྲངས་ཏེ། དབུགས་དང་སྒྲགས་ནས་སྣའི་རྩེ་མོ་ཉི་མའི་སྟེང་ནས་གསལ་བ་ལས། ཧཱུྃ་དང་པོ་ལས། ཧཱུྃ་སྥ་ར་ཎ་ཕཊ། ཅེས་བརྗོད་པས། ཧཱུྃ་འོད་ཟེར་དང་བཅས་པས་དུག་གསུམ་གཏན་རྒྱུད་སྦྱངས། སྲིད་པ་གྲེ་ཟློག་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཀྱང་འོད་དུ་གྱུར་ནས་རིལ་ཧཱུྃ་དུ་གསལ་ལོ། །ཧཱུྃ་གཉིས་པས་ནི། ཤེས་པས་ཟིན་པ་དང་མ་ཟིན་པའི་སྒྲ་སྐད་རིལ་ཧཱུྃ་དུ་གྲགས་པར་བསྒོམ་མོ། །ཧཱུྃ་གསུམ་པས་ནི། དེ་དག་སླར་ཅི་ལི་ལི་ཧཱུྃ་བཞི་པོ་ལ་འདུས་ཉི་མ་འབུམ་བས་གཟི་བྱིན་ཆེ་བར་གྱུར་ཏོ། །ཧཱུྃ་བཞི་པས་ནི། ཧཱུྃ་དེ་འོད་དུ་ཞུ་ནས་བདག་ལ་ཐིམ་པས། བདག་ཉིད་འོད་དུ་གསལ་ལམ་ལམ་འབར་བ་ལས། མཁའ་དབྱིངས་ཀྱི་ཕྱག་རྒྱས་བཅིངས་ཏེ། ཐོད་ཕྲེང་གི་ཕྱག་རྒྱ་ཞེས་ཀྱང་བྱ། སརྦ་བུདྡྷ་ལས། འདས་པའི་དུས་ན་སྔོན་བྱུང་བའི། །བདག་ཉིད་ཆེན་པོ་བརྟག་པ་ཡིས། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་དུ་སྔོན་བྱུང་ཡང་། །དེ་ཚེ་སེམས་ཅན་ཐམས་ཅད་ཀུན། །ཤིན་ཏུ་ཁྲོ་ཞིང་གཏུམ་པར་གྱུར། །ཤིན་ཏུ་གདུག་ཅིང་ཁྲོ་བ་ཡིས། །འོ་དོད་འབོད་ཅིང་ལྟུང་བར་འགྱུར། །ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ཡིས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། ཁམས་གསུམ་མ་ལུས་སྨོས་ཅི་དགོས། །ཐུགས་རྗེ་ཆེ་དང་ལྡན་པ་ཡི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དམ་ཚིག་ལ་སྡང་རྣམ་སྦྱངས་ཕྱིར། །དུར་ཁྲོད་གར་གྱི་ཕྱག་རྒྱ་གསལ། །ༀ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཀྲོ་ཏི་ཤྭ་རི་ས་མ་ཡ། །དེ་བྱི་ཤྭ་ད་ན་སྟ་ན་ཧཱུྃ། ཞེས་བརྗོད་པས། བདག་ཉིད་དཔལ་ཧེ་རུ་ཀ །སྐུ་མདོག་མཐིང་ནག་ལ། དབུ་གསུམ་ཕྱག་དྲུག་ཞབས་བཞི་པ། ཞལ་གཡས་དཀར། གཡོན་དམར། དབུས་མཐིང་ཀ །ཕྱག་གཡས་ཀྱི་དང་པོ་ཏི་རའི་དབྱུག་པ། བར་མ་ན་རྡོ་རྗེ། ཐ་མ་ན་བྷནྡྷ་རཀྟས་བཀང་བའོ། །གཡོན་གྱི་དང་པོ་ན་རྒྱུ་ཞགས། བར་མ་ན་ཁྱུང་གི་ཁྲ། ཐ་མ་ན་ཏི་ར་ཆུང་ངུའི་ཁོག་པ་ནས་གློ་སྙིང་འདྲེན་པའོ། །དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་ཞིང་། བསྐལ་པའི་མེ་འབར་བའི་ཀློང་ན་ཞབས་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པ། ཡུམ་ཀྲོ་ཏི་ཤྭ་རི་མ་དང་གཉིས་སུ་མེད་པར་ལྡན་པ་གཅིག་ཏུ་བསྒྱུར་རོ། །གཉིས་སུ་ན། ༀ་སརྦ་ཏ་ཐཱ་ག་ཏ། བཛྲ་མ་ཧཱ་ཤྲི་ཧེ་རུ་ཀ །མ་ཧཱ་ཙན་དྷ་སརྦ་དུཥྚན། ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བརྗོད་པས། བཅོམ་ལྡན་འདས་མི་བསྐྱོད་པ་ཉིད་དཔལ་ཁྲག་འཐུང་ཆེན་པོ་གྱུར་ཏེ། སྐུ་མདོག་མཐིང་ནག་ལ། ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་དཀར་བ། གཡོན་དམར་བ། དབུས་སྐུ་དང་མཐུན་ཏེ་མཐིང་ནག །ཕྱག་གཡས་ཀྱི་དང་པོ་ན་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་པ། བར་པ་ན་ཁ་ཊྭཱྃ་རྩེ་གསུམ། ཐ་མ་ན་མི་མགོའི་ཅང་ཏེའུ་རྔེའུ་རྔེལ་ཆུང་འཁྲོལ་བ། ཕྱག་གཡོན་གྱི་དང་པོ་ན་བྷནྡྷ་དམར་གྱིས་བཀང་བ། བར་མ་ན་རྒྱུ་མའི་ཞགས་པ། ཐ་མ་ན་ཁྱུང་ཆེན་པོའི་ཁྲ་འཕྱར་བའོ། །ཞབས་བཞི་ནི། གཉིས་བརྐྱང་བསྐུམ་དུ་མཛད་པ། གཉིས་དོར་ཐབས་སུ་བསྒྲད་པར་བསྒོམ་མོ། །དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་འཁྱིལ་བའི་རྩེ་མོ་ན་མེ་འབར་བ། རལ་པའི་རྩ་བ་ནས་རཀྟའི་ཆུ་རྒྱུན་འབབ་པ། ཐོད་པ་ཚར་གསུམ་དང་ཉི་ཟླ་སྤེལ་ནས་སྦྲུལ་གྱིས་བརྒྱུས་ཏེ་དབུ་སྐྲའི་ཐོད་དུ་བཅིངས་པ། སྐེད་པ་ནས་རླུང་གི་འཁོར་ལོ་འོད་ལྗང་ནག་ཏུ་འཕྲོ་བས་མེའི་མདོག་འབྱིན་པ། སྨིན་མ་གློག་ཏུ་འགྱུ་ཞིང་སྨིན་མཚམས་ཁྲོ་གཉེར་གྱི་རླབས་སུ་གཡོ་བ། སྤྱན་གཡས་པ་གསུམ་ཉི་མའི་དཀྱིལ་འཁོར་ལ། སྤྱན་རྩ་དམར་བ། སྤྱན་གཡོན་པ་གསུམ་ཟླ་བའི་དཀྱིལ་འཁོར་ལ། སྤྱན་རྩ་དམར་ལྕིབ་པ། རྫི་མ་ལྕགས་ཀྱུའི་འོད་ཟེར་དུ་འབར་བ། སྤྱན་དབུས་མ་གསུམ་སྡང་མིག་འབྲུ་ཚུགས་སུ་གཟིགས་པའི་མིག་སྤྲིན་དམར་བ། འབྲས་བུ་གདིང་ནག་ལ་གྲུ་གསུམ་དུ་གསལ་བར་བསྒོམ་མོ། །སྙན་དུང་གི་ཁང་སེང་ནས་འབྲུག་སྟོང་གི་སྒྲ་ལྡིང་བ། ཤངས་ནས་རླུང་ནག་གི་འཚུབ་མ་ལྡང་ཞིང་ཧཱུྃ་གི་གདངས་སུ་འབྱིན་པ། ཨག་ཚོམ་སེར་ནག་ལས་ཛའི་འོད་ཟེར་འཕྲོ་བར་བསྒྱུར་རོ། །གཞན་ཡང་། ཛྙཱ་ན་གུ་ཧེ་དཾཥྚོམ། ཞེས་པས། རྔམ་པའི་ཞལ་གསུམ་གདངས་ནས་ལྗགས་འདྲིལ་ཞིང་རྐན་སྒྲ་ཕཊ་དུ་སྒྲོགས་པ་དང་། ཡེ་ཤེས་ཀྱི་མཆེ་བ་བཅུ་གཉིས་ཟླ་བ་ཚེས་པ་ལྟར་གཙིགས་པའོ། །བ་ཡང་ཀྵ་ཀི་ར། ཞེས་པས། སྐུ་སྟོད་གླང་པོ་ཆེའི་ཀོ་རློན་དང་། ཞིང་ཆེན་པོའི་གཡང་གཞི་གསོལ་བའོ། །བྱཱ་གྲི་ཙ་ར་མ། ཞེས་པས། སྐུ་སྨད་སྟག་གི་ཤམ་ཐབས་སུ་དཀྲིས་པའོ། །བྷནྡྷ་མུ་ཀ་དྷྲྀ། ཞེས་པས། ཐོད་སྐམ་གྱི་དབུ་རྒྱན་དང་། ཐོད་པ་ཚར་གསུམ་གྱི་ཕྲེང་བས་སེ་རལ་ཁས་བརྒྱན་པའོ། །ཧེ་རད་ཏ་ཀ་ཧེད་ཉ་བ། ཞེས་པས། སྦྲུལ་དཀར་བཀྲ་དང་། སེར་བཀྲ་དང་། དམར་བཀྲ་དང་། ནག་བཀྲ་བཞིས་སྐུ་དང་ཡན་ལག་ལ་བརྒྱན་པའོ། །པྲོ་ཙ་ཨན་ཙ་ལི། ཞེས་པས། རཀྟའི་ཐིག་ལེ་དང་། ཐལ་ཆེན་གྱི་ཚོམ་བུ་དང་། ཞག་གི་ཟོ་རིས་ཀྱིས་བརྒྱན་པའོ། །བ་སུ་ཏ་ཀུན་དྷ་ལི། ཞེས་པས། རྒྱུ་མའི་སྐེ་རགས་དང་རྒྱན་དུ་མཛད་པའོ། །བཛྲ་རཏྣ་བི་ཏ་ས་ཡ། ཞེས་པས། རིན་པོ་ཆེའི་གཤོག་པ་དང་། རྡོ་རྗེའི་གཤོག་པའི་ར་བྲག་ནས་རྡོ་རྗེ་ཕྲ་མོའི་མེ་སྟག་ཏུ་དམར་ལྗིབ་བེ་གདེངས་པའོ། །བཛྲ་ཛྭ་ལ་རཾ་རཾ་རཾ། ཞེས་པས། དུར་ཁྲོད་ཀྱི་མེ་སྨུག་ནག་འབར་ཞིང་འཕྲོ་བ་དང་འཁྱིལ་བའི་ཀློང་ན་བཞུགས་པར་བསྒྱུར་ཞིང་བསྒོམ་མོ། །དེ་ལྟར་གསལ་བའི་སྤྱི་གཙུག་ཏུ་ༀ་དཀར་པོ། ལྕེ་སྟེངས་སུ་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ཀ་གསུམ་གསལ་བར་བསྒོམ་ཏེ། སྐུ་བྱིན་རླབས། ༀ་ལས་འོད་འཕྲོས་པས། འབྱུང་བ་ལྔས་བསྡུས་པ་བྱི་དོར་བྱས། རྒྱལ་བ་རྒྱ་མཚོ་རྣམས་ལ་ཕོག་པས་སྐུའི་བྱིན་རླབས་བསྡུས་ནས། སླར་ༀ་ལ་ཐིམ་པས་འོད་དུ་འབར་བ་ལས། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧྃ། ཞེས་བརྗོད་པས། འོད་ཟེར་གྱིས་བདག་གི་ལུས་མགོ་མཇུག་ཏུ་ཁྱབ་པ་ལས། ཁྲོ་ཆུང་སྨུག་ནག་ཚོན་གང་བས་ལུས་མགོ་མཇུག་ཏུ་ཁྱབ་པ་ལས། ཁྲོ་ཆུང་སྨུག་ནག་ཚོན་གང་བས་ལུས་མགོ་མཇུག་ཏུ་འཁྲིགས་ཤིང་གཏམས་པར་བསྒོམ་མོ། །གསུང་བྱིན་བརླབ། དེ་ནས་ཨཱཿལས་འོད་འཕྲོས་པས། སྣང་སྲིད་བྱི་དོར་བྱས་ཤིང་། རྒྱལ་བ་རྒྱ་མཚོ་རྣམས་ལ་ཕོག་པས་གསུང་གི་བྱིན་རླབས་བསྡུས་ཤིང་ཨཱཿལ་ཐིམ་ནས་འོད་དུ་འབར་བ་ལས། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས། ལྗགས་རྩ་བ་རྡོ་རྗེ་རྩེ་གསུམ། རྩེ་མོ་པདྨ་འདབ་མ་བཞི་པའི་ལྟེ་བ་ལ། ཨཱཿདམར་པོ། དེའི་མཐར་ཡང་། རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བར་བསྒོམ་མོ། །ཐུགས་བྱིན་བརླབ། དེ་ནས་ཧཱུྃ་ལས་འོད་འཕྲོས་པས། སྣང་སྲིད་བྱི་དོར་བྱས། རྒྱལ་བ་རྒྱ་མཚོ་ལ་ཕོག་པས་ཐུགས་ཀྱི་བྱིན་རླབས་བསྡུས་ནས། སླར་ཧཱུྃ་ལ་ཐིམ་པས་འོད་དུ་ཞུ་བ་ལས། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད་པས། ཐུགས་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ཟླ་གམ་སྒོ་གཅིག་པའི་ནང་ན། མ་ལས་ཉི་མའི་དཀྱིལ་འཁོར་རྒྱ་ལོང་བཟུར་བ་ཙམ་གྱི་སྟེང་ན། ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་སྨུག་ཚོན་གང་བ་ཞིག་གསལ་བར་བསྒོམ་མོ། །དེའི་ཐུགས་ཀ་ན་ཟླ་བའི་དཀྱིལ་འཁོར་སྲན་ཆུང་ཟླུམ་པ་ཙམ་གྱི་སྟེང་ན། རིན་པོ་ཆེ་ཟུར་བརྒྱད་ཐེལ་བརྒྱད་སུལ་གསུམ་ཤུ་བུ་ཁ་གཅིག་གསལ། དེའི་སྟེང་དུ་རྡོ་རྗེ་མཐིང་ཀ་ནས་ཙམ་ཞིག་ཕྱེད་ནུབ་ཙམ་དུ་གསལ་བ། དེའི་ཆང་ཟུང་ལ་ཧཱུྃ་ཡུངས་འབྲུ་ཙམ་ཞིག་གསལ་བར་བསྒོམ་མོ། །དེའི་ཐ་མར་རིན་པོ་ཆེ་ཟུར་བརྒྱད་ཀྱི་སྟེང་ན་ཚུར་ལ། རུ་ལུ་འབྲུ་བརྒྱད་ཉུངས་ཀར་གྱི་ཕྱེད་ཚལ་ཙམ། འོད་ཟེར་དུ་འཕྲོ་ཞིང་བཀླག་ཕྱོགས་ཀྱི་རང་བཞིན་དུ་འཁོར་བར་བསྒོམ་མོ། །དེ་ལ་ནི་རྒྱུད་ལས་ཀྱང་། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་གྱི་རྡོ་རྗེའི་བདག །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །ཕྱག་རྒྱ་ཆེན་པོར་མངོན་རྫོགས་ཤིང་། །སྐུ་གསུང་ཐུགས་སུ་རང་དབང་བསྐུར། །ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་གསལ། །ཞེས་འབྱུང་། ཡེ་ཤེས་ལྔས་དབང་བསྐུར་བ། དེ་ནས་ཡང་རྒྱུད་ལས། དེ་ནས་སྣ་ཡི་རྩེ་མོ་ལ། །ཡིད་ནི་བརྟན་པར་ཡང་དག་བཟུང་། །སྣ་ཡི་དབུགས་རིང་དྲོངས་པ་ལས། །རྒྱལ་བ་སྦྱོར་བའི་ཕྱག་རྒྱར་གསལ། །ཞེས་འབྱུང་སྟེ། བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་ལས། ཧེ་རུ་ཀའི་སྣ་གླུ་ཧཱུྃ་རིངས་ཀྱིས་དྲངས་ནས། དབུགས་དང་སྦྲག་ནས་ནང་ནས་ཡར་ལ་ཕྱུང་སྟེ། སྣའི་རྩེ་མོ་ལ་ཉི་མའི་སྟེང་དུ་གསལ་ལོ། །དེ་ལས། ཧཱུྃ་སྥ་ར་ན་ཕཊ། ཅེས་སྤྲོས་པས། ཀུན་ཏུ་བཟང་པོ་དང་། རིགས་བཞིའི་སངས་རྒྱས་ལ་ཕོག་པས་འོད་དུ་ཞུ། སླར་སཾ་ཧ་ར་ཎ་ཧཱུྃ་གིས་བསྡུས་པ་ལས། སླར་ལ་ཉི་མའི་སྟེང་གི་ཧཱུྃ་ལ་འདུས་ནས། ཧཱུྃ་དེ་དབུགས་དང་སྦྲགས་ནས་སྲོག་ལམ་དུ་ཞུགས། སླར་ཐུགས་ཀའི་ཧཱུྃ་ལ་ཐིམ། ཧཱུྃ་གཞི་པོ་མ་ཉམས་པར་ཧཱུྃ་ཕྲ་མོ་ཞིག་བྱུང་སྟེ་རྩོལ་བའི་སེམས་ཀྱི་དབུགས་ལ་ཞོན་ཏེ། ཡར་རྒྱུ་མར་རྒྱུ་ལས་སུ་རུང་བ་བྱས་ལ། དེ་ནས་དབུགས་ལ་ཞོན་ཏེ་ཀླད་པའི་རྒྱས་སུ་ཞུགས། ཚངས་པའི་སེང་སྐར་ནས་བྱུང་སྟེ། སྤྱི་བོའི་གཙུག་ཏུ་ཉི་མའི་སྟེང་དུ་གསལ་བ་ལས། ཡི་གེ་ཧཱུྃ་དེ་ལས། ཡི་གེ་བྷྲཱུྃ་འཕྲོས་པ་ལས་རིན་པོ་ཆེ་འོད་འབར་བའི་གཞལ་ཡས་ཁང་ལྔར་གསལ་ལོ། །ཡང་ཧཱུྃ་དེ་ཉིད་ལས། ཧཱུྃ་ཕྱོགས་བཞིར་འཕྲོས་ཏེ་གསལ་བ་ལས། ཧཱུྃ་བཛྲ་མ་ཧཱ་ཤུ་ཛྙཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས། སྤྱི་གཙུག་ཏུ། བཛྲ་ཧེ་རུ་ཀ་སྐུ་མཐིང་ནག་གཅིག་ཏུ་གསལ་ལོ། །ༀ་མ་ཧཱ་ཨ་དྷ་རི་ཤ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས། མཚོག་མའི་ཁར་བུདྡྷ་ཧེ་རུ་ཀ་སྐུ་སྨུག་ནག་གཅིག་གསལ་ལོ། །ༀ་མ་ཧཱ་ས་མན་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས། རྣ་ལྟག་གཡས་སུ་རཏྣ་ཧེ་རུ་ཀ་སྐུ་སེར་ནག་གཅིག་གསལ་ལོ། །ༀ་མ་ཧཱ་པྲ་ཏ་པྲ་བེ་ཤ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས། ལྟག་ཁུང་དུ་པདྨ་ཧེ་རུ་ཀ་སྐུ་དམར་ནག་གཅིག་ཏུ་གསལ་ལོ། །ༀ་མ་ཧཱ་ཀྲི་ཏ་ཨ་ནུ་སྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས། རྣ་ལྟག་གཡོན་དུ་ཀརྨ་ཧེ་རུ་ཀ་སྐུ་ལྗང་ནག་ཞིག་ཏུ་གསལ་ལོ། །རིགས་ལྔ་པོ་དེ་ཀུན་ཀྱང་ཞལ་གཅིག་ལ། ཕྱག་གཉིས་པ་སྤྱན་གསུམ་པ། དབུ་སྐྲ་ལྕང་ལོ་སོ་སོར་འཁྲིལ་བ་ལ། སྤྱི་གཙུག་ན་ཁ་ཊྭཱྃ་ཁ་རྩེ་གསུམ་པ་རེ་རེ་བྷནྡྷ་མཐེབ་ལོང་ཙམ་རེ་རེས་རྒྱབ་བརྟེན་པ། མཐའ་མ་ཡེ་ཤེས་ཀྱི་མེ་འོད་སྣ་ལྔས་བསྐོར་བ། དབང་བསྐུར་བའི་ཅོད་པན་དང་ལྡན་པ། ཕྱག་གཡས་པ་ཀུན་རྡོ་རྗེ་དང་འཁོར་ལོ་རིན་པོ་ཆེ། པདྨ་དང་རལ་གྲི་བསྣམས་པ། ཕྱག་གཡོན་ཀུན་བདུད་རྩིའི་བུམ་པས་དབང་བསྐུར་བ། ཞབས་ཀུན་ཉི་ཟླའི་དཀྱིལ་འཁོར་ལ་བརྟེན་པར་བསྒོམ་མོ། །དེ་ནི་ཡེ་ཤེས་ལྔ་འདུས་པའི་བདག་ཉིད་ཀྱི་ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །ཡུམ་བསྐྱེད་པ། དམ་ཚིག་ཆེན་པོའི། ཞེས་པ་ལ། རྒྱུད་ལས། དེ་བཞིན་ཉིད་ཀྱི་དབྱིངས་ནས་ནི། །ཁྲོ་རྒྱལ་སྐུ་དང་མཉམ་སྦྱོར་ཕྱིར། །ཁྲོ་མོ་དབང་ཕྱུག་མངོན་ཕྱུང་སྟེ། །ཆ་ལུགས་འཛིན་པའི་སྐུ་ལ་འཁྲིལ། །ཞེས་གསུངས་ཏེ། ཡང་བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་ལས། ཡི་གེ་ཀློང་གཅིག་དབུགས་དང་སྦྲགས་ནས་བྱུང་སྟེང་ན་གསལ་བ་ལ། ཀློང་སྥ་ར་ཎ་ཕཊ། ཅེས་རིགས་ཀྱི་ཡུམ་བཞི་ལ་སྤྲོས་པས་ཡུམ་བཞི་འོད་དུ་གྱུར། སླར་སཾ་ཧ་ར་ཎ་ཧཱུྃ་གིས་བསྡུས་ཏེ། ཡུམ་ཀུན་ཏུ་བཟང་མོའི་སྤྱི་གཙུག་ཏུ་ཐིམ་པས། འོད་དུ་འབར་ཏེ། དེ་ལས། ཀློང་ཀྲོ་ཏི་ཤྭ་རི་ས་མ་ཡ་དེ་བྱི་སྟ་ན་ཤྭ་ཏ་ནི་ཧཱུྃ། ཞེས་བརྗོད་པས། ཡུམ་ཀྲོ་ཏི་ཤྭ་རི། ཞལ་གཅིག་ལ་ཕྱག་གཉིས་པ། སྐུ་མདོག་མཐིང་ཀ་སྤྱན་གསུམ་པ། དབུ་སྐྲ་མཐོན་མཐིང་ལྕང་ལོར་འཁྱིལ་བ། ཕྱག་གཡས་ཡབ་ལ་འཁྱུད་པ། ཕྱག་གཡོན་བྷནྡྷ་རཀྟས་བཀང་བ་གཙོ་བོ་ལ་སྟོབ་པ། སྟག་རྒོད་འཛུམ་པའི་མདངས་དང་ལྡན་ཞིང་། འོད་ཕུང་དང་ཆས་ནས་ཡེ་ཤེས་བཀྲ་གསལ་དུ་བསྒོམ་མོ། །དེ་ལྟར་ཞི་བ་ལས་ཁྲོ་བོར་བསྒྱུར་རོ། ༢༽ །ད་ནི་འཁོར་སྔ་མ་ལས་གནས་བསྒྱུར་བ་ལ། ཐབས་གང་གིས་བསྒྱུར་སྙམ་པ་ལ། པདྨོ་རིན་ཆེན་ལྡན་བྱས་ནས། །ཞེས་གསུངས་ཏེ། རྩ་བའི་གཉིས་པ། འཁོར་བསྐྱེད་པ་ལ། སྦྱར་བ་དང་། བསྐྱེད་པ་དངོས་སོ། །དང་པོ་ལ་དྲུག །མཁའ་གསང་བྱིན་གྱིས་བརླབ་པ། ཡབ་ཡུམ་བརྡ་སོ་སོར་བསྐུལ་བ། སྦྱོར་བ་བྱ་བ། བྱང་ཆུབ་སེམས་ཀྱི་མཆོད་པ་བྱ་བ། དེ་ལ་འགྲོ་བའི་དོན་བྱ་བ། ཁྲོ་བོ་འཆོལ་བ་སྤྲོ་བའོ། །དང་པོ་དེ་ལ་མཁའ་གསང་བྱིན་གྱིས་བརླབས་ཏེ། དེ་ཡང་རྒྱུད་ལས། མཁའ་དབྱིངས་པདྨ་རྡོ་རྗེ་བྱིན་བརླབས་པའི། །ཡུམ་མཁའ་ཨ་ལས་མ་ཆགས་ཟླ་གམ་གཞལ་ཡས་སུ། །པདྨའི་དཀྱིལ་འཁོར་ཆོས་སྐུ་ཨ་དང་ལྡན། །ཡབ་ཀྱི་རྡོ་རྗེ་ཧཱུྃ་ལས་རྩེ་ལྔར་ཉི་མའི་དཀྱིལ་འཁོར་ༀ། །ཞེས་གསུངས་ཏེ། དེ་ལ་ཡབ་ཀྱི་ཐུགས་ཀ་ནས། ཡི་གེ་བྷྲཱུྃ་ཞིག་ཡུམ་གྱི་མཁའ་ལ་འཕྲོས་པ་ལས། མཁའ་དངོས་པོ་སྦྱངས་ཏེ། འོད་དུ་ཞུ་བ་ལས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཙནྡྲ་པདྨ་དང་ཨཾ། ཞེས་བརྗོད་པས། མཁའ་དེ་ཉིད་ཟླ་གམ་དམར་པོའི་གཞལ་ཡས་ཁང་ཐིག་བཞི་བཏབ་པས་ལེའུ་ཚེ་དགུར་གྱུར་པའོ། །དབུས་ཀྱི་ལེའུ་ཚེ་ལ་པདྨ་འདབ་མ་བཞི་པའི་གེ་སར་ལ། ༀ་དམར་ལ་དྭངས་པ་ཞིག་གསལ་བར་བསྒོམ་མོ། །ཡང་ཡུམ་གྱི་ཐུགས་ཀ་ནས། ཡི་གེ་ཧཱུྃ་ཞིག་ཡབ་ཀྱི་མཁའ་ལ་འཕྲོས་པས། མཁའི་དངོས་པོ་སྦྱངས་འོད་དུ་ཞུ་བ་ལས། ཧཱུྃ་ཏིཥྛ་བཛྲ་རཏྣ་སུརྻ་ༀ། ཞེས་བརྗོད་པས། ཡབ་ཀྱི་གསང་བའི་རྡོ་རྗེ་རྩེ་ལྔ་པ་ལས། སྐེད་སྒོར་རིན་པོ་ཆེས་མཛེས་པར་བྱས་ཤིང་། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ༀ་དཀར་པོ་ཞིག་གསལ་བར་བསྒོམ་མོ། །དེ་ལྟར་མཁའ་དབྱིངས་པདྨ་དང་། རིན་པོ་ཆེ་ལ། ཨྃ་དམར་པོ་དང་། ༀ་དཀར་པོར་ལྡན་པར་བྱས་ནས་བྱིན་གྱིས་བརླབ་པར་བྱའོ། །ཞེས་པའི་དོན་ཏོ། །གཉིས་པ། དེའི་དུས་སུ་སྦྱོར་བའི་བརྡ་ཇི་ལྟར་བསྐུལ་སྙམ་པ་ལ། བདེ་མཆོག་སྒྱུ་མའི་བརྡས་མཚན་ཏེ། །ཞེས་གསུངས་ཏེ། ཉན་ཐོས་དང་འཇིག་རྟེན་པ་ལ་ལྟོས་ན་བདེ་བ་དང་མཆོག་ཏུ་གྱུར་པའི་སྦྱོར་བ་མཛད་པའི་ཕྱིར། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ནས། སྦྱོར་བའི་བརྡས་བསྐུལ་བ་ཡང་། ས་མ་ཡ་སྟྭཾ། ས་མ་ཡ་ཧོ། རཱ་ཧོ་ཧཾ། རཱ་ག་ཡ་མི། ཞེས་བརྗོད་དེ། དེའི་དོན་ཡང་། རྒྱུད་ལས། མཛེས་པར་བལྟ་ཞིང་ཡིད་དུ་འོང་། །གཅིག་ལ་གཅིག་ནི་ཆགས་ཤིང་འཕྲེང་། །གླུ་དབྱངས་དགའ་བའི་མདངས་དང་སྒྱུས། །གཉིས་སུ་མེད་པར་བསྐུལ་བར་བྱ། །ཞེས་གསུངས་སོ། །དེ་ནས། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་དོ། །ཛཿལྕགས་ཀྱུའི་ཕྱག་རྒྱས་མདུན་དུ་བྱས་ཤིང་། ཧཱུྃ་ཞགས་པས་སྟོད་སྨད་ནས་འཁྱུད་དེ། བཾ་ལྕགས་སྒྲོག་མས། ཞལ་དང་ཞལ་སྦྱར། ཐུགས་ཀ་དང་ཐུགས་ཀ་སྦྱར། གསང་བ་དང་གསང་བ་སྦྱར་ཏེ། ཧོཿ དྲིལ་བུ་མས། སྒོ་ཕྱེ་སྟེ། པདྨ་མ་སམ་ཡོ་གི་པྲ་བེ་ཤ་ཡ་ཕཊ་ཀྱིས་ཡུམ་གྱི་པདྨ་ཟུམ་པ་ཁ་ཕྲལ་ཏེ། གསུམ་པ་སྦྱོར་བ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་རིག་པའི་དབྱིངས་ལ་འཇུག་པའི་ཕྱིར་རྡོ་རྗེ་ཕུལ་ལོ། །དེ་ལྟར་རོལ་པ་ལ་ཞུགས་ནས། བར་དེར་ཡབ་ཡུམ་བདེ་བ་ཇི་ལྟར་སྐྱེད་སྙམ་པ་ལ། དབྱིངས་ཀྱི་བདེ་ཆེན་འབྱུང་བ་དེ། །རང་རིག་ཡེ་ཤེས་དེ་ལས་འོད། །ཅེས་གསུངས་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བྱང་ཆུབ་སེམས་དགའ་བ་དང་བདེ་བ་འཕྲད་དེ། རོལ་པ་ལ་འཇུག་པ་ཡང་། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས། ཡབ་ཀྱི་བྱང་ཆུབ་ཀྱི་སེམས་ༀ་གྱིས་བསྡུས་ཤིང་དཀར་ཆི་ལི་ལི་བསྡུས་ནས། གོ་རོ་ཙ་ནའི་ཕོ་བྲང་ནས་མར་བབས་ནས། མགྲིན་ཕུག་ནས་མར་བརྒྱུད། ཐུགས་ཀར་ཐིམ་ནས་སྲོག་གི་གསང་ལུང་དུ་ཞུགས། ཧཱུྃ་གིས་སྒལ་ཚིགས་ཀྱི་རྟ་ལ་བརྒྱུད། རྡོ་རྗེའི་ལམ་ནས་བྱུང་ནས། ཕཊ་ཀྱིས་ཡུམ་གྱི་མཁའ་ལ་བབ་པ་དེ། རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ། ལྷག་པ་བྱང་ཆུབ་ཀྱི་སེམས་དེ་ལས་འོད་གཅིག་ལ་གཅིག་འཕྲོ་འདུ་བྱ་བ་ནི། བྱང་ཆུབ་སེམས་དེས། ཡུམ་འོད་དུ་དཀར་ལྡེམ་གྱིས་གྱུར། སླར་སྒལ་ཚིགས་བརྒྱུད། སྣ་བུག་གཡས་པ་ནས་ཞུགས། བདག་གི་སྣ་བུག་གཡོན་པར་ཐིམ། དགྱེས་པའི་རོ་དུས་གཅིག་ཏུ་བསྟན། ཡུམ་གྱི་ཐུགས་ཀ་ནས་བྱང་ཆུབ་སེམས་དམར་ལ་དྭངས་པ་སྲོག་དག་པའི་གསང་ལུང་ནས་ཞུགས། སྒལ་ཚིགས་ཀྱི་རྟ་ལ་བརྒྱུད་ཡབ་ཀྱི་མཁའ་ལ་ཐིམ། ཡབ་འོད་དུ་དམར་ལྟེམ་གྱིས་གྱུར། ཡབ་ཀྱི་ཐུགས་ཀ་ནས་སླར་བརྒྱུད་དེ། སྣ་གཡས་པ་ནས་ཞུགས། ཡུམ་གྱི་སྣ་གཡོན་དུ་ཐིམ། མཁའ་ལ་འབབ་འོད་དུ་དམར་ལྟེམ་ལྟེམ་གནས་པ་ལས། ཡབ་ཀྱི་བྱང་ཆུབ་སེམས་ཡུམ་གྱི་མཁའ་ལ་འོད་དུ་དཀར་ཙ་ར་ར་བབ་པ་ལས། དཀར་དམར་ཀྲུག་གིས་འདྲེས་ཏེ་གསེར་དངུལ་ཞི་གར་བླུགས་པ་བཞིན་དུ། རང་རིག་པའི་ཡེ་ཤེས་འོད་དུ་ལྟེམ་ལྟེམ་གསལ་བར་བསྒོམ། ཞེས་པའི་དོན་ཏོ། །བཞི་པ། བྱང་ཆུབ་སེམས་དེས་བདེ་བར་གཤེགས་པ་ཇི་ལྟར་མཆོད་སྙམ་པ་ལ། རྒྱུད་ལས། ཇི་བཞིན་མཁའ་ལ་གསལ་བ་དག །དྲི་མེད་ཉི་མའི་འོད་བས་འཚེར། །སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། །དགྱེས་མཉམ་མཆོག་གི་སྦྱིན་པས་གཏིམས། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་གསུངས་ཏེ། བདེ་བ་ཇི་བཞིན་པའི་བྱང་ཆུབ་སེམས་དེ། ཆོས་ཉིད་ཡུམ་གྱི་མཁའ་ལ་གསལ་ཞིང་དག་པ་ནི། དཔེར་ན་སྒྲིབ་གཡོགས་ཀྱི་དྲི་མ་མེད་པའི་ནམ་མཁའ་དྭངས་པ་ལ་མུན་པའི་གཞི་མེད་པའི་དྲི་མེད་ཉི་མ་ལས་འཚེར་བའི་འོད་ཕྱོགས་བཅུར་ཤར་བས། འོད་ཟེར་གྱི་རྩེ་ལས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པར་གྱུར་ཏེ། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་སངས་རྒྱས་ཡབ་ཡུམ་སྲས་འཁོར་དང་བཅས་པ། ནམ་མཁའི་སྤྲིན་ཚོགས་ལྟ་བུ་གཏིབས་པ་མ་ལུས་པ་ཀུན་ལ་མཆོད་པས་དགྱེས་པ་བསྐྱེད་ཅིང་མཉམ་པ་ཉིད་ལ་བསྐུལ་ཏེ། སྐུ་གསུང་ཐུགས་ཀྱི་ཆེ་བའི་བྱིན་རླབས་ཀུན་བསྡུས་ནས། མཆོག་གི་དངོས་གྲུབ་བདག་ལ་སྦྱིན་པར་མཛད་ཅིང་། སླར་ལ་ཡེ་ཤེས་ཀྱི་འོད་དང་། འོད་ཟེར་ཅི་ལི་ལི་འདུས་ཏེ། ཡབ་ཡུམ་གྱི་མཁའ་ལ་ཐིམ་པས། བྱང་ཆུབ་སེམས་སྔ་མ་དང་དབྱེར་མེད་པར་གྱུར་ཏེ། དཀར་ལ་འཚེར་བར་གྱུར་ཏེ། དཀར་ལ་འཚེར་བར་གྱུར་པ་ནི་གསང་བའི་ས་བོན་དང་ཡེ་ཤེས་ཀྱི་ས་བོན་དབྱེར་མེད་པ་ཞེས་བྱ་སྟེ། འདོད་རྒྱུར་བསྒྱུར་བའི་རིན་པོ་ཆེ། །ཞེས་ཀྱང་བྱའོ། །ལྔ་པ། དེས་འགྲོ་བའི་དོན་ཇི་ལྟར་བྱ་སྙམ་པ་ལ། བྱང་ཆུབ་སེམས་ནི་ཀུན་ཏུ་དག །ཁམས་གསུམ་རབ་ཏུ་འདས་ནས་ཀྱང་། །མ་ལུས་སྙིང་རྗེས་ཁྱབ་བྱས་ཏེ། །འདོད་པས་བྱ་བ་རབ་ཏུ་མཉེས། །ༀ་སརྦ་ཏ་ཐཱ་ག་ཏ་བོ་དྷི་ཙིཏྟ་མ་ཧཱ་ཀ་རུ་མེ་ཏྲི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས། བྱང་ཆུབ་སེམས་དཀར་ལ་འཚེར་བ་དེས། དུས་དང་གནས་སྐབས་ཀུན་ཏུ་གཟུང་འཛིན་གྱི་དྲི་མ་རྣམ་པ་དག་སྟེ། དེ་ཡང་ཇི་ལྟར་དག་ཅེ་ན། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས། དངོས་པོ་རིལ་བསྲེགས་སྦྱངས་ཏེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བསྒྱུར་ཏེ། ནང་བཅུད་ཀྱི་འཇིག་རྟེན་ཁམས་གསུམ་ན་གནས་པའི་སེམས་ཅན་ལ་ཕོག་པས། ལས་དང་ཉོན་མོངས་པའི་རྟོག་སྒྲིབ་བསྲེགས་སྦྱངས་ཏེ། སངས་རྒྱས་ཀྱི་ས་ལ་རབ་ཏུ་བཀོད་དེ། དེ་ལས་ཀྱང་འདས་ཏེ་ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་ནས་ནམ་མཁའི་མཐའ་གཏུག་པ་ཐམས་ཅད་དུ་འཕྲོས་པས། དེ་ན་གནས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་སྙིང་རྗེ་ཆེན་པོའི་རླན་དང་བཅས་པས་ཁྱབ་པར་བྱས་ནས། གང་དང་གང་ལ་མོས་ཤིང་ཐོབ་པར་འདོད་པ་དེ་དག་ལ། རེ་བ་སྐོང་ཞིང་ཕན་བཏགས་པས། དགའ་བ་བསྐྱེད་པའི་སྒོ་ནས་སངས་རྒྱས་ཀྱི་ས་ལ་བཀོད་དོ། །དེ་ལ་རིལ་གྱི་བཀྲག་དང་གཟི་མདངས་སླར་འདུས་ཏེ། ཡུམ་གྱི་མཁའ་ལ་ལྟེམ་ཞིང་འཁྱིལ་བས། ཡུམ་འདོད་པའི་དབང་མོ་ཡང་རབ་ཏུ་མཉེས་པར་བསྒོམ་མོ། །ཞེས་བྱ་བའི་དོན་ཏོ། །དྲུག་པ། བྱང་ཆུབ་ཀྱི་སེམས་དེ་ལས་ཁྲོ་བོ་འཆོལ་བ་ཇི་ལྟར་སྤྲོ་སྙམ་པ་ལ། བསྐལ་པའི་མེ་དཔུང་འཁྲིགས་པ་བཞིན། །ཞེས་པ་ལ། རྒྱུད་ལས་ཀྱང་། བདེ་བ་ཐུགས་ཀྱི་དཀྱིལ་འཁོར་ནས། བྱང་ཆུབ་སེམས་སྤྲིན་འཕྲོས་པ་ལས། །ཁྲོ་བོའི་དཀྱིལ་འཁོར་སྤྲིན་དཔུང་འཕྲོ། །བསྐལ་བའི་མེ་དཔུང་འཁྲིགས་པ་བཞིན། །ཞེས། ཧཱུྃ་ཧཱུྃ་ཧཱུྃ། བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་སྣ་ཚོགས་རྡོ་རྗེ་ཁྲོ་བོ་འབར་བ། མན་དྷ་ལ་དཀྱིལ་འཁོར་ཕཊ་ཕཊ་ཕཊ། སྐུ་གསུང་ཐུགས་ལས་སྤྲོ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ་ཕཊ། དུག་གསུམ་གཏོར། ཞེས་བརྗོད་པས་ཡབ་ཡུམ་གྱི་གསང་བའི་ཐུགས་ཀ་ནས་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་འོད་དང་འོད་ཟེར་ལས། ཁྲོ་བོ་འཆོལ་བའི་དཀྱིལ་འཁོར་སྤྲིན་ཕུང་ལྟ་བུས་སྟོང་གསུམ་དང་འཇིག་རྟེན་དྲུག་ལྷག་གིས་གང་སྟེ། ལག་ན་མཚོན་ཆ་སྣ་ཚོགས་པ་ཐོགས་ནས། །ཞལ་ནས། ཧ་ན་དང་། ད་ཧ་དང་། སོད་ཆོད་རྒྱོབ་གཏོགས་ཟེར་བའི་སྒྲ་སྣ་ཚོགས་སུ་སྒྲོག་པ། རི་རབ་འབུམ་དུས་གཅིག་ལ་བསྙིལ་བ་སྐད་གསུངས་གསུངས་པས། རིལ་གཡོས་རབ་ཏུ་གཡོས། ཀུན་ཏུ་གཡོས། འུར་རབ་ཏུ་འུར། ཀུན་ཏུ་འུར། ཆེམ་རབ་ཏུ་ཆེམ། ཀུན་ཏུ་ཆེམ། ཟེར་བའི་སྒྲ་དང་། སྐུ་རེ་རེ་ལས་ཀྱང་ཡེ་ཤེས་ཀྱི་མེ་འོད་བསྐལ་པའི་མེ་དཔུང་ལྟ་བུར་འབར་ཞིང་འཁྲིགས་པར་བསྒོམ་མོ། །ཁྲོ་བོ་འཆོལ་བ་དེས་ལས་ཅི་བྱེད་སྙམ་པ་ལ། ཁྲོ་བོའི་སྤྲུལ་པས་དྲེགས་པ་བསྒྲལ། །ཞེས་པ་ལས། རྒྱུད་ལས། སྟོང་གསུམ་ཕྱོགས་བཅུའི་རྡུལ་ཕྲ་སྙེད། །དེ་སྙེད་ཁྲོ་བོའི་དཀྱིལ་འཁོར་ཐོབ། །དེ་དག་སངས་རྒྱས་མཛད་པ་ཡིས། །ཕྱོགས་བཅུའི་དྲེགས་པ་མ་ལུས་བསྒྲལ། །ༀ་མ་ཧཱ་བཛྲ་ཨ་དྷ་ཧ་པ་ཧ་པ་ཧ་ཧ་ཧ་ཁ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཞེས་གསུངས་ཏེ། སྟོང་གསུམ་གང་བའི་ཁྲོ་བོ་མང་པོ་དེ་དག་གིས། སྟོང་གསུམ་གྱི་སྟོང་འཇིག་རྟེན་གྱི་ཁམས་ཐམས་ཅད་རས་བལ་རླུང་གིས་བཏབ་པ་བཞིན་དུ་བསྲེག་ཤིག །གཏོར་ཡད་ཕཊ་དྲལ་སྟེ། ཁྱད་པར་དུ་འདོད་ཁམས་ཀྱི་ལྷ་ཆེན་པོ་སོགས་ཏེ། དྲེགས་པ་ཅན་རིལ་བསྒྲལ། ལྗན་ལྗིན་དང་། ནར་ནུར་ལས་དབྱིངས་ལ་གླན་པའི་ཕྱིར་རིལ་མིད་དུ་མཛད། ཁྲོ་མོ་ཨུ་ཙུཥྨའི་སྣམ་ནས་ལན་གསུམ་དུ་ཕྱུང་ནས། སླར་མི་ལྡོག་པའི་ས་ལ་བཀོད། སྤྲུལ་པའི་ཕོ་ཉ་དང་ལས་མཁན་དུ་དབང་བསྐུར་ནས་གདན་དུ་བཏིང་སྟེ་བཞག་གོ། །དེའི་ཆུང་མ་སྲིན་མོ་རྣམས་ཀྱིས། སྟོན་པའི་ཞལ་ནི་མ་མཐོང་། འོད་ཟེར་དང་སྒྲའི་ཆེ་མ་རྒྱག་གིས་རབ་ཏུ་དངངས་ཏེ། མཐུ་དང་བལ་ནས་ལ་ལ་ནི་བརྒྱལ། ལ་ལ་ནི་དངངས་ཏེ། མིག་རིག་རིག །སྙིང་ཏུག་ཏུག །འདར་ཕྲི་ལི་ལི་བྱས་ནས། ཅི་བགྱི་འབངས་སུ་མཆིའོ། །ཞེས་ཁས་ལེན་ཏེ། རང་རང་གི་སྙིང་པོ་ཕུལ་ནས། བར་སྣང་ལ་མགོ་བཏུད་དེ་གནས་པར་བསྒོམ་མོ། །དེ་ལ་བདག་ཉིད་ཀྱི་ཐུགས་ཀ་ནས། ཡི་གེ་བྷྱོ་དམར་སྨུག་རེ་སྤྱི་གཙུག་གམ་སྙིང་ཁར་བསྟིམ་པས། ཡེ་ཤེས་ཀྱི་ཐུགས་རྗེ་དང་། དམ་ཚིག་ཏུ་ལྡན་པར་བྱིན་གྱིས་བརླབས། ལག་ཏུ་རྡོ་རྗེ་བྱིན་ནས་མིང་བཏགས། ཕྲིན་ལས་རྣམ་པ་བཞི་སྒྲུབས་ཤིག་པའི་དམ་ཚིག་ཕོག །ཉེ་གནས་རྣམ་པ་བཞིའི་ཚུལ་དངོས་ཆུན་མ། བྱི་མོ། སླས། བྲན་མོའམ། ཡང་ན། མ། སྲིང་། ཆུང་མ། བྲན་དང་བཞིར་གསུངས། དམ་མནོས། མ་ཆགས་ཐབས་ཀྱི་སྦྱོར་བ་བྱས་པས། དཀྱིལ་འཁོར་གྱི་མུ་རན་ལ། ཞིང་རྐྱང་པ་དང་། དར་གྱི་རློད་སྟན་རེ་རེའི་སྟེང་ན། དབུ་གཙུག་ཏོར་རེ་དང་ལྡན་པར། པུས་མོ་རྒྱལ་བཙུགས་ནས་བཞུགས་ཞེས་དང་། བསྡད་ཅེས་བྱ། མགོ་བཏུད་དེ་གནས་པར་བསྒོམ་མོ། །སྣང་སྲིད་ཐམས་ཅད་ཁྲོ་བོ་བསྐལ་པའི་མེ་དཔུང་འཁྲིགས་པའི་དཀྱིལ་འཁོར་གྱིས་དྲེགས་པ་ཅན་ཐམས་ཅད་བསྒྲལ་ཏེ་འཁོར་དབང་དུ་བསྡུ་བ། ཞེས་བྱ་བའི་དོན་ཏོ། །སྤྲུལ་པའི་ཁྲོ་བོ་དེ་དག་སླར་གང་དུ་བསྡུ་སྙམ་པ་ལ། འོད་འདུས་ཐོག་པའི་གཟུགས་ལ་གཟུད། །ཞེས་པ་ལ། རྒྱུད་ལས། སྟོང་ཁམས་གང་བའི་ཁྲག་འཐུང་རྣམས། །བསྡུ་བའི་སྦྱོར་བས་ཀུན་བསྡུས་ནས། །འོད་འདུས་ཐོག་མའི་གཟུགས་ལ་གཟུད། །དབྱིངས་སུ་ཐིམ་ནས་ཡིག་འབྲུའི་སྐུ། །ཧཱུྃ་ཧ་ཧེ་ཕཊ། ཅེས་གསུངས་ཏེ། སྟོང་གསུམ་གང་བའི་ཁྲོ་བོ་དེ་དག་སླར་ཡུམ་གྱི་མཁའ་ལ་འདུས་པ་ལས་འོད་དུ་ལམ་གྱིས་འབར་ནས་ཐོག་མའི་བྱང་ཆུབ་སེམས་དང་དབྱེར་མེད་པ་ལས་གསུང་ཡིག་འབྲུའི་ཚོགས་སུ་གྱུར་པར་བྱིན་གྱིས་བརླབས་ཏེ། ཧ་བརྒྱད། ཧེ་བརྒྱད། ཕཊ་བཞི། ཧཱུྃ་བཅུར་གྱུར་པ་ལས། དེ་ལ་ཞི་བའི་དུས་ཀྱི་འཁོར་རྣམས་ཁྲོ་བོར་གནས་ཇི་ལྟར་བསྒྱུར་སྙམ་པ་ལ། འབར་བའི་འཁོར་ཚོགས་རྣམ་པར་བསམ། །ཞེས་གསུངས་ཏེ། དེ་ཡང་ང ག་དོན་དུ། རིགས་བཞིའི་ཁྲག་འཐུང་དབུ་ལ་རྫོགས་པས་དལ་དུ་མི་བསྐྱེད་པར་མངོན། བསྐྱེད་རྫོགས་ཆེན་པོ་རུ་ཡང་དེ་ལྟར་དུ་འདོད་དོ། །གཉིས་པ། འཁོར་བསྐྱེད་པ་ལ་དྲུག་སྟེ། ཀེའུ་རཱི་བསྐྱེད་པ། སིང་ཧ། སྒོ་མ། དབང་མོ། ཁྲོ་བཅུ། མགྲོན་ལྷ་གཞན་བསྐྱེད་པའོ། །དང་པོ་ཀེའུ་རཱི་བསྐྱེད་པ་ནི། ཡབ་ཡུམ་གྱི་མཁའ་གསང་ན་གནས་པའི་ཧ་བརྒྱད་ཡེ་ཤེས་ཀྱི་འོད་དང་བཅས་པས། སེམས་དཔའ་བརྒྱད་ཀྱི་སྤྱི་གཙུག་ཏུ་ཐིམ་པ་ལས། ཡེ་ཤེས་ཀྱི་འོད་ཟེར་དུ་འབར་ཞིང་གནས་པ་ལས། ལུང་འདིས་བསྐུལ་ཏེ། དེ་ནས་དགྱེས་ཏེ། ཧ། བརྗོད་པས། བྱང་ཆུབ་སེམས་དཔའ་འོད་དུ་ཞུ། །ཀེའུ་རཱི་མ། དཀར་ཤམས་དང་ནི་རྐུན་མོ་ཙོའུ་རཱི་མ་དང་། །པྲ་མོ་ཧ་རྨོངས་མོ་མ་དང་རོ་ལངས་མ། །བེ་ཏ་ལཱི། པུཀྐ་སཱི་སྦོས་མོ་དང་ནི་གཏུམ་མོ་ཀསྨ་རཱི་དང་། །སྨ་ཤ་ནཱི་སྨེ་ཤ་ཅན་དང་ནི་མའི་ཙནྡྷ་ལཱི་ཚོགས། །སོ་སོ་རང་རང་ལག་ཆ་དང་། །ངོ་མཚར་ཆས་ནས་རྔམ་པའི་སྐུ། །སྤྱིར་དཔལ་ཆེན་པོ་ལ། མ་མོའི་འཁོར་རྣམ་པ་གཉིས་ཏེ། ནང་གི་རྣལ་འབྱོར་མ་དང་། ཕྱིའི་གྲུབ་པ་མོའོ། །ནང་གི་རྣལ་འབྱོར་མ་ནི། དབང་པོ་དང་རྣམ་ཤེས་གནས་གྱུར་ཏེ། ཚོགས་བརྒྱད་དེ་ཁོ་ན་གཅིག་པའི་མ་མོ་བརྒྱད། སྤྱད་བྱ་ཡུལ་གྱི་ཞེན་པ་གནས་གྱུར་པ་མཆེ་གཤོག་ཅན་གྱི་མ་མོ་བརྒྱད་དེ་བཅུ་དྲུག །རྟག་ཆད་མུ་བཞིའི་མཐའ་བཀག་ནས་ཚད་མེད་བཞིར་རྒྱས་འདེབས་པ་སྒོ་མ་བཞི་སྟེ། ཉི་ཤུ་པོ་རྣམས་ནི། དོན་ཆོས་ཉིད་རྣལ་མ་ལ་རིག་པའི་ཡེ་ཤེས་འབྱོར་པས་ན་ནང་གི་རྣལ་འབྱོར་མ་ཞེས་བྱའོ། །ཕྱི་ལས་ལས་གྲུབ་པ་དང་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ནི། ཕྱིའི་གྲུབ་པ་མོ་ཞེས་བྱའོ། །དེ་རྣམས་དཔལ་གྱི་འཁོར་རོ། །དེ་བས་ན་ནང་གི་གྲུབ་པ་མོའི་རྣལ་འབྱོར་མ་རྣམས་བསྐྱེད་པའོ། །རྒྱུ་སེམས་ཅན་གྱི་ལྡན་ཚུལ་ནི། རྣམ་པར་ཤེས་པ་བཞི་དང་དབང་པོ་བཞི་སྟེ། རྣམ་ཤེས་ཚོགས་བརྒྱད་དུ་འདུས་པས་ན་ཡི་གེ་ཧ་བརྒྱད་དོ། །ཞི་ཁྲོ་གནས་བསྒྱུར་ན་བྱང་ཆུབ་སེམས་དཔའ་བརྒྱད་དེ་མ་མོ་བརྒྱད་དོ། །འབྲས་བུ་ཡེ་ཤེས་ཀྱི་ཐོབ་ཚུལ་ནི། རིགས་ཀྱི་ཆ་འཛིན་པའི་ཡེ་ཤེས་ཀྱི་ངོ་བོར་ཐོབ་པའོ། །དེ་ལ་ནང་རྣམ་ཤེས་ཀྱི་མཁའ་འགྲོ་མ་བཞི་ནི། དཀྱིལ་འཁོར་འབར་བའི་ཤར་ཕྱོགས་ན། །འཁོར་བར་རྔམ་པའི་མདངས་ཀྱིས་འཁོད། །བཛྲ་ཀེའུ་རཱི་ཧ། ཞེས་བརྗོད་པས། མིང་གི་ཁྱད་པར་ཀེའུ་རཱི་མ་སྐུ་མདོག་ཁྱད་པར་སྔོན་མོ། ཕྱག་གཡས་ཞིང་གི་དབྱུག་པ། གཡོན་བྷནྡྷ་རཀྟས་བཀང་བ་ཞིག །དགོད་གནས་ཀྱི་ཁྱད་པར་ནང་ལྟར་བདག་གི་སྙིང་གར་གསལ་ཙམ་ན། ཕྱི་ལྟར་མདུན་གྱི་ཟླ་གམ་གྱི་ཤར་ཕྱོགས་ཡང་གསལ་བར་བསྒོམ། བཛྲ་ཙོའུ་རཱི་ཧ། ཞེས་བརྗོད་པས། ཙོའུ་རཱི་མ་སྐུ་མདོག་སེར་མོ། ཕྱག་གཉིས་མདའ་གཞུ་འགེངས་པ་ཞིག །བདག་གི་དཔུང་པ་གཡས་པར་གསལ་ཙམ་ན། ཟླ་གམ་གྱི་ལྷོ་ཕྱོགས་སུ་ཡང་གསལ་ལོ། །ཁྱད་པར་གསུམ་སོགས་གོང་ལྟར་ཀུན་ལ་འགྲེའོ། །བཛྲ་པྲ་མོ་ཧ། ཞེས་བརྗོད་པས། ཁྲོ་མོ་པྲ་མོ་ཧ་སྐུ་མདོག་དམར་མོ། ཕྱག་གཡས་ཆུ་སྲིན་གྱི་རྒྱལ་མཚན་འཕྱར་བ། གཡོན་བྷནྡྷ་རཀྟས་བཀང་བ་ཞིག །ཟླ་གམ་གྱི་ནུབ་ཕྱོགས་སུ་གསལ་ཙམ་ན། བདག་གི་སོག་པའི་བར་དུ་ཡང་གསལ་ལོ། །བཛྲ་བཻ་ཏ་ལཱི་ཧ། ཞེས་བརྗོད་པས། ཁྲོ་མོ་བཻ་ཏ་ལཱི་སྐུ་མདོག་མཐིང་ནག །གཡས་རྡོ་རྗེ་གདེངས་པ། གཡོན་ཞིང་ཆུང་ངུའི་དབྱུག་པས་གཡོབ་པ་ཞིག །ཟླ་གམ་གྱི་བྱང་ཕྱོགས་སུ་གསལ་ཙམ་ན། །བདག་གི་དཔུང་པ་གཡོན་བར་ཡང་གསལ་ལོ། །ཕྱི་དབང་པོའི་མཁའ་འགྲོ་མ་བཞི། བཛྲ་པུསྐ་སཱི་ཧ། ཞེས་བརྗོད་པས། ཁྲོ་མོ་པུསྐ་སཱི་སྐུ་མདོག་དམར་སེར། ཕྱག་གཡོན་གྱིས་ཞིང་ཆུང་ངུ་བཟུང་ནས། གཡས་ཀྱིས་རྒྱུ་མ་འདྲེན་ཅིང་སྟོབ་པ་ཞིག །ཟླ་གམ་གྱི་ཤར་ལྷོར་གསལ་ཙམ་ན། བདག་གི་ནུབ་འཇིང་གཡས་པར་གསལ་ལོ། །བཛྲ་ཀསྨ་རཱི་ཧ། ཞེས་བརྗོད་པས། ཁྲོ་མོ་ཀསྨ་རཱི་སྐུ་མདོག་ལྗང་གུ། ཕྱག་གཡོན་པ་བྷནྡྷ་རཀྟས་བཀང་བའི་ནང་དུ། གཡས་ཀྱི་རྡོ་རྗེས་དཀྲུས་ཅིང་གསོལ་བ་ཞིག་ཟླ་གམ་གྱི་ལྷོ་ནུབ་ཏུ་གསལ་ཙམ་ན། བདག་གི་སོག་པ་གཡས་པར་གསལ་ལོ། །བཛྲ་སྨ་ཤ་ནཱི་ཧ། ཞེས་བརྗོད་པས། ཁྲོ་མོ་སྨ་ཤ་ནི་སྐུ་མདོག་མཐིག་ནག །ཕྱག་གཡས་གཡོན་གཉིས་ཀྱིས་ཞིང་བཟུང་ནས། ཚེམས་ཀྱིས་སྦུབས་དྲལ་ཏེ་སྙིང་ལ་ཟ་བ་ཞིག །ཟླ་གམ་གྱི་ནུབ་བྱང་དུ་གསལ་ཙམ་ནི། བདག་གི་སོག་པ་གཡོན་པར་ཡང་གསལ་ལོ། །བཛྲ་ཙནྡྷ་ལཱི་ཧ། ཞེས་བརྗོད་པས། ཁྲོ་མོ་ཙནྡྷ་ལཱི་སྐུ་མདོག་སེར་སྐྱ། ཕྱག་གཡོན་གྱིས་ཞིང་བཟུང་ནས། གཡས་ཀྱིས་མགོ་བཅད་ནས་འཕྱར་བ་ཞིག །ཟླ་གམ་གྱི་བྱང་ཤར་དུ་གསལ་ཙམ་ན། བདག་གི་ནུ་འཇིང་གཡོན་པར་ཡང་གསལ་ལོ། །ཁྲོ་མོ་ཀེའུ་རི་མ་བརྒྱད་པོ་དེ་དག་ཀུན། ཞབས་དོར་སྟབས་སུ་བསྒྲད་ནས་ཞིང་བསྒྲིལ་མའི་གདན་ལ་བརྫིས་པ། ཐུགས་ཀ་ན་ཉི་མའི་སྟེང་ན་རིན་པོ་ཆེ་ཟུར་བརྒྱད་པ་མཐེབ་ལོང་ཙམ་གྱི་ཤུ་བུ་ཁ་ན། ཧ་འོད་དུ་འབར་བའི་མཐའ་མར། རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བར་བསྒོམ་མོ། །ལྗགས་པདྨའི་སྟེང་དུ་ཡང་རུ་ལུ་འབྲུ་རྒྱད་ཀྱིས་བསྐོར་བར་བསྒོམ་མོ། །དབུ་སྐྲའི་རལ་པ་མེ་འབར་བས་སྐུ་ལྟེ་བ་ཡན་ཆད་ཁེབས་པ། སྤྱན་སྡང་མིག་ཏུ་བགྲད་ཅིང་མཆེ་བ་གཙིགས་པ། སྐུ་ལ་ཞིང་ཆེན་གྱི་གཡང་གཞི་དང་། སྟག་གི་ཤམ་ཐབས་སུ་གསོལ་བ། བ་སུ་ཏའི་སྐེ་རགས་བཅིངས་པ། ཐོད་པའི་ཕྲེང་བས་སེ་རལ་ཁར་བརྒྱན་པའོ། །དེ་ཡན་ཆད་དུ་ཡང་དག་གྲུབ་པ་དོན་གྱི་ལྷ་དགུ། རྩ་བའི་ལྷ་རྫོགས་སོ། །གཉིས་པ་སིདྷ་བསྐྱེད་པ། རྒྱུ་སེམས་ཅན་གྱི་ལྡན་ཚུལ་ནི། དབང་པོ་དང་རྣམ་ཤེས་ཀྱི་སྤྱད་བྱ་ཡུལ་དུ་གྱུར་པ་རྣམས་སོ། །ཞི་ཁྲོ་གནས་བསྒྱུར་བ་ནི། ཕྱི་ནང་གི་སེམས་མ་བརྒྱད་དོ། །དེས་ན་ཡུལ་གྱི་མ་མོ་བརྒྱད་ཅེས་བྱའོ། །འབྲས་བུ་ཡེ་ཤེས་ཀྱི་ཐོབ་ཚུལ་ནི། ཡུལ་དག་པ་ཆོས་ཀྱི་དབྱིངས་ཡིན་ལ། དེ་ལ་ཡེ་ཤེས་ལྔའི་རོལ་པ་མ་འགགས་པ་གནས་པ་ཐོབ་པའོ། །དེ་ནས་ཡང་ཡུམ་གྱི་མཁའ་གསང་ན་གནས་པའི་ཧེ་བརྒྱད་པོ་དེ་ཡེ་ཤེས་ཀྱི་འོད་ཟེར་དང་བཅས་པར་སེམས་མ་བརྒྱད་ཀྱི་སྤྱི་གཙུག་ཏུ་ཐིམ་པ་ལས། ཡེ་ཤེས་ཀྱི་འོད་དུ་འབར་ཞིང་གནས་པ་ལས། ལུང་འདིས་བསྐུལ་ཏེ། དེ་ནས་དགྱེས་ཏེ་ཧེ་བརྗོད་པས། །བྱང་ཆུབ་སེམས་མ་འོད་དུ་ཞུ། །སེང་གདོང་ཆེན་མོ་ལ་སོགས་ཏེ། །སྟག་དང་ཝ་དང་ཁྱི་དང་བཞད། །ཀང་ཀ་དུར་བྱ་འུག་གདོང་ཆེ། །སོ་སོ་རང་རང་ལག་ཆ་དང་། །ངོ་མཚར་ཅན་ནས་རྔམ་ཐོན་ཏེ། །ཕྱི་རོལ་ཤར་གྱི་ཕྱོགས་དག་ནས། །འཁོར་བར་རྔམ་པའི་མདངས་ཀྱིས་འཁོད། །བཛྲ་སེང་ང་མུ་ཁེ་ཧེ། ཞེས་བརྗོད་པས། གཞན་ཟིལ་གྱིས་གནོན་པའི་དོན་ཕྲ་མེན་མ་སེང་གེའི་མགོ་ཅན། སྐུ་མདོག་སེར་མོ། ཕྱག་གཡས་གཡོན་དཔུང་མགོར་བསྣོལ་ནས། ཁ་ན་ཞིང་ཆུང་ངུ་ཐོགས་པ་ཞིག །ཕྱི་ལྟར་དཀྱིལ་འཁོར་གྱི་བར་ཁྱམས་ཤར་ཕྱོགས་སུ་གསལ་ཙམ་ན། ནང་ལྟར་བདག་གི་ལྟེ་བར་གསལ་ལོ། །བཛྲ་བྱཱ་ཀྲི་མུ་ཀ་ཧེ། ཞེས་བརྗོད་པས། དཔལ་བརྟུལ་ཆེ་བའི་དོན་བྱཱ་ཀྲི་མུ་ཀ་སྟག་གི་མགོ་ཅན། སྐུ་མདོག་དམར་མོ། །ལག་པ་གཡས་གཡོན་བསྣོལ་ཏེ། གཡས་ཀྱིས་གཡོན་གྱི་སྟེང་མནན་ནས། མདུན་ན་ཞིང་ཡོད་པ་ལ་འབྲུ་ཚུགས་སུ་བལྟ་བ་ཞིག །ལྷོར་གསལ་ཙམ་ན། བདག་གི་སྟྭ་ཟུར་གཡས་པར་ཡང་གསལ་ལོ། །བཛྲ་སྲི་ལ་མུ་ཀ་ཧེ། ཞེས་བརྗོད་པས། སྣ་རྣོ་ཞིང་ཐབས་ལ་མཁས་པས་འགྲོ་དོན་མཛད་པས་སྲི་ལ་མུ་ཀ་ཝའི་མགོ་ཅན། སྐུ་མདོག་ནག་མོ། ཕྱག་གཉིས་ཀྱིས་ཞིང་གི་ཁོག་པ་དྲལ་ཏེ་སྙིང་ཕྱུང་ནས་ལྕེས་བལྡག་པ་ཞིག །ནུབ་ཏུ་གསལ་ཙམ་ན། བདག་གི་བཅུ་དྲུག་མདོར་ཡང་གསལ་ལོ། །བཛ་ཤྭ་ན་མུ་ཀ་ཧེ། ཞེས་བརྗོད་པས། རྣམ་རྟོག་འཇོམས་པ་ཤྭ་ན་མུ་ཀ་སྤྱང་མོའི་མགོ་ཅན། སྐུ་དམོག་མཐིང་ཀ །ཕྱག་གཡོན་གྱིས་ཞིང་གི་ཁོག་པ་བཟུང་བ་གཡས་ཀྱིས་དྲལ་ཏེ་བལྟ་ཞིང་ལྕེས་བལྡག་པ་ཞིག །བྱང་དུ་གསལ་ཙ་ན། བདག་གི་སྟྭ་ཟུར་གཡོན་པར་ཡང་གསལ་ལོ། །བཛྲ་ཀྲི་ཏ་མུ་ཀ་ཧེ། ཞེས་བརྗོད་པས། ཤེས་རབ་ལ་ཐོགས་པ་མེད་པ་ཀྲི་ཏ་མུ་ཀ་བྱ་རྒོད་ཀྱི་མགོ་ཅན། སྐུ་མདོག་དམར་སེར། ཕྱག་གཡོན་གྱིས་ཞིང་བཟུང་ནས། གཡས་གྲི་ཐོགས་པས་ཁོང་དྲལ་ཏེ། ཞིང་གི་རྒྱུ་མ་དྲངས་ནས་ཁ་ན་ཟ་བ་ཞིག །ཤར་ལྷོར་གསལ་ཙམ་ན། བདག་གི་མཁལ་ཁུང་གཡས་པར་ཡང་གསལ་ལོ། །བཛྲ་ཀང་མུ་ཀ་ཧེ། ཞེས་བརྗོད་པས། འཁོར་བ་དང་དུ་ལེན་པའི་བརྡར་ཀང་ཀ་མུ་ཀ་བྱ་ཀང་ཀའི་མགོ་ཅན། སྐུ་མདོག་དམར་མོ། ཕྱག་གཡས་ཀྱིས་ཞིང་ཕྲག་པ་ལ་བཀལ་ནས། གཡོན་གྱིས་ཞིང་བཟུང་བ་ཞིག །ལྷོ་ནུབ་ཏུ་གསལ་ཙམ་ན། བདག་གི་དཔྱི་གཡས་པར་ཡང་གསོལ། བཛྲ་ཁྭ་ཁྭ་མུ་ཀ་ཧེ། ཞེས་བརྗོད་པས། འཁོར་འདས་མཉམ་པ་ཉིད་དུ་མཁྱེན་པས་ཁྭ་ཁྭ་མུ་ཀ་བྱ་རོག་གི་མགོ་ཅན། སྐུ་མདོག་ནག་མོ། ཁ་ན་ཞིང་ཐོགས་པ། ཕྱག་གཡས་ཀྱིས་གྲི་ཐོགས་ཤིང་གཡོན་བནྡྷ་ཐོགས་པ་ཞིག །ནུབ་བྱང་དུ་གསལ་ཙམ་ན། བདག་གི་མཁལ་ཁུང་གཡོན་དུ་ཡང་གསལ་ལོ། །བཛྲ་ཧུ་ལུ་མུ་ཀ་ཧེ། ཞེས་བརྗོད་པས། ཡེ་ཤེས་ཀྱི་སྤྱན་དང་ལྡན་པས་གདུལ་བྱ་ཕྲ་མོ་ཡལ་བར་མི་དོར་བ་ཧུ་ལུ་མུ་ཀ་འུག་པའི་མགོ་ཅན། སྐུ་མདོག་མཐིང་ཀ །ཕྱག་གཡས་རྡོ་རྗེ་ལྕགས་ཀྱུ། གཡོན་བནྡྷ་ཐོགས་པ་ཞིག །བར་ཁྱམས་ཀྱི་བྱང་ཤར་དུ་གསལ་ཙམ་ན། བདག་གི་མཁལ་ཁུང་གཡོན་པར་ཡང་གསལ་ལོ། །ཕྲ་མེན་མ་བརྒྱད་པོ་དེའི་ཞབས་ཞིང་རྐྱང་རེ་ལ་བརྫིས་ཏེ། རྒྱན་ཆ་ལུགས་གཞན་ཀེའུ་རཱི་མའི་སར་བརྟག་གོ། །གསུམ་པ་སྒོ་མ་བསྐྱེད་པ། རྒྱུ་སེམས་ཅན་གྱི་ལྡན་ཚུལ་ནི། ལུས་ཀྱི་དབང་པོ་རྣམ་པ་བཞིའོ། །ཞི་ཁྲོ་གནས་འགྱུར་ནི། ཞི་བའི་སྒོ་མ་ཁྲོ་བོའི་སྒོ་མར་གནས་འགྱུར་བའོ། །འབྲས་བུ་ཡེ་ཤེས་ཀྱི་ཐོབ་ཚུལ་ནི། ཚད་མེད་པ་བཞིས་མཐའ་བཞི་བྲལ་ནས་ཡེ་ཤེས་མཐའ་བྲལ་ཆེན་པོ་ཐོབ་པའོ། །ལས་ཀྱི་དབང་པོ་ལས་བྱེད་པ་ཡིན་པས་ན། ལྷ་སྒོ་མ་བྱུང་བ་སྟེ། གསང་བའི་ལྷ་མོ་བཞི་ཞེས་བྱའོ། །སྒོ་མའི་མཚན་མན་ངག་འཆུགས་སོ། །ཡང་ཡབ་ཡུམ་གྱི་མཁའ་གསང་ན་གནས་པའི་ཕཊ་བཞི་པོ་དེ། ཡེ་ཤེས་ཀྱི་འོད་ཟེར་དང་བཅས་པར། སྒོ་མ་བཞིའི་སྤྱི་གཙུག་ཏུ་ཐིམ་པ་ལས། ཡེ་ཤེས་ཀྱི་འོད་དུ་ལམ་ལམ་འབར་བ་ལས། ལུང་འདིས་བསྐུལ་ཏེ། དེ་ནས་དགྱེས་ཏེ་ཕཊ་བརྗོད་པས། །ཡེ་ཤེས་སྒོ་མ་འོད་དུ་འབར། །ཤར་གྱི། རྡོ་རྗེ་སྲིང་འགྲོ་མ་ཚོགས་གསང་མཚན་མི་ཕམ་མ་དང་། །ལྷོའི་གདོང་མོ་རལ་གཅིག་མ། ནུབ་གྱི་འཇིག་རྟེན་གསུམ་རྒྱལ་མ། བྱང་གི་རོ་ལངས་མ། །ཁྲོ་གཉེར་མའོ། །སོ་སོ་རང་རང་ལག་ཆ་དང་། །ངོ་མཚར་ཆས་ནས་འཇིགས་ཐོན་ཏེ། །དཀྱིལ་འཁོར་སྒོ་བཞིར་རྔམ་གཟུགས་གནས། །བཛྲ་ཨརྻ་ཏེ་ཛ་ཏེ་ང་ཛཿཕཊ། ཅེས་བརྗོད་པས། འཁོར་བ་མི་གཏོང་འཛིན་པའི་བརྡར། སྒོ་མ་རྡོ་རྗེ་ལྕགས་ཀྱུ་མ། སྐུ་མདོག་དཀར་མོ། རྟའི་མགོ་ཅན་དུ་འདོད་པའང་ཡོད། ཕྱག་གཡས་བྷནྡྷ་རཀྟས་བཀང་བའི་ནང་ནས་རྟ་མགོ་ལྗང་གུ་ཕྱུང་བ། གཡོན་ལྕགས་ཀྱུ་ཐོགས་པ་ཞིག །ཤར་སྒོར་གསལ་ཙམ་ན། བདག་གི་མཁྲིག་མ་གཡས་པར་ཡང་གསལ་ལོ། །བཛྲ་ཨ་མོ་ཀ་ཧཱུྃ་ཕཊ། ཅེས་བརྗོད་པས། ཉོན་མོངས་པ་ཐལ་བར་རློག་པས། སྒོ་མ་ཕག་གདོང་ཞགས་པ་མ། སྐུ་མདོག་སྔོན་མོ། ཕྱག་གཡས་ཕག་རྒོད་ཀྱི་མཆེ་བ། གཡོན་ཞགས་པ་ཐོགས་པ་ཞིག །ལྷོའི་སྒོར་གསལ་ཙ་ན། བདག་གི་མཁྲིག་མ་གཡོན་པར་ཡང་གསལ་ལོ། །བཛྲ་ལོ་ཀ་བཾ་ཕཊ། ཅེས་བརྗོད་པས། དགྲ་བགེགས་བསྲེགས་པས། སྒོ་མ་ཉི་ཟླ་ལྕགས་སྒྲོག་མ། དྲེད་དམ་སེང་གེའི་མགོ་ཅན། སྐུ་མདོག་དམར་མོ། ཕྱག་གཡས་གཡོན་གཉིས་ལྕགས་སྒྲོག་བསྣམས་པའི་མིག་གི་སྟེང་ན་ཉི་ཟླའི་དཀྱིལ་འཁོར་ཐོགས་པ་ཞིག །ནུབ་སྒོར་གསལ་ཙམ་ན། བདག་གི་རྐང་པ་གཡས་པར་ཡང་གསལ་ལོ། །བཛྲ་བྷསྨི་པ་ལ་ཡ་བ་ཏི་ཧོཿཕཊ། ཅེས་བརྗོད་པས། སེམས་ཅན་རོ་དང་འདྲ་བ་ལ་ཡེ་ཤེས་ཀྱི་དྲ་པ་བསྐྱེད་པས་ཁམས་གསུམ་སླར་འཚོ་མ། སྒོ་མ་ཐལ་བྱེད་དྲིལ་བུ་མ། སྤྱང་ཀིའི་གདོང་ཅན། སྐུ་མདོག་ལྗང་ཁུ། ཕྱག་གཡས་བྷནྡྷ་རཀྟས་བཀང་བའི་སྟེང་ན་སྣང་བ་མཐའ་ཡས་ཀྱི་དབུ་ཕྱུང་བ། གཡོན་དྲིལ་བུ་ཐོགས་པ་ཞིག །བྱང་གི་སྒོར་གསལ་ཙམ་ན། བདག་གི་རྐང་པ་གཡོན་པར་ཡང་གསལ་ལོ། །སྒོ་མ་དེ་བཞི་ཡང་། ཞིང་རྐྱང་པའི་གདན་ལ་བརྫིས་ཤིང་། བསྐལ་པའི་མེ་འབར་བའི་ཀློང་ན་ཁྲོ་བག་གི་ཚུལ་དུ་བཞུགས་ཏེ། རྒྱན་ཆ་ལུགས་གཞན་ཀེའུ་རི་མའི་སར་བརྟག །དཔལ་ཆེན་པོ་ལ་ལྷ་མོ་ཉི་ཤུས་བསྐོར་བ། དེ་རྣམས་ལ་ནང་གི་རྣལ་འབྱོར་མ་ཞེས་ཀྱང་བྱའོ། །དབང་མོ་མན་ཆད་ལ་ཕྱིའི་གྲུབ་པ་མོ་ཞེས་བྱའོ། །རྫོགས་སོ། །བཞི་པ་དབང་མོ་བསྐྱེད་པ། རྣམ་པ་གསུམ་སྟེ། ཕྱི་སྲིན་མོའི་ཆ་ལུགས་སུ་གནས་པ་དང་། ནང་མགོ་བརྙན་གྱི་ཆ་ལུགས་དང་། གསང་བ་ཁྲོ་མོའི་ཆ་ལུགས་སུ་གནས་པའོ། །དང་པོ་ཕྱི་སྲིན་མོའི་ཆ་ལུགས་ནི། སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཞེས་པ་སྟེ། ཧེ་རུ་ཀའི་གལ་པོ་ནས་བཤད་དོ། །གཉིས་པ་ནང་མགོ་བརྙན་གྱི་ཆ་བྱད་ནི། མི་སྲིན་དམར་སེར་ཏྲི་ཤུལ་ཞིང་ཆེན་གཡག །ཅེས་པ་ལ་སོགས་པ་ལྟ་བུའོ། །གསུམ་པ་གསང་བ་ཁྲོ་མོའི་ཆ་ལུགས་ནི། ཞལ་གསུམ་ཕྱག་དྲུག་པ་སྟེ། ལྷ་མོ་སྒྱུ་འཕྲུལ་ནས་བཤད་དོ། །འདིར་ནི་བྱོན་ཚུལ་གང་ཡང་འདྲ་སྟེ། རུ་ཏྲ་འདུལ་བའི་དུས་སུ་སྲིན་མོར་གནས་པས་ཁྲོ་བོ་འཆོལ་བའི་དུས་སུ་སྲིན་མོར་བྱ། རྣལ་འབྱོར་པས་བསྒྲུབས་ཏེ་ལས་ལ་མངགས་པའི་དུས་སུ་མགོ་བརྙན་དུ་གནས་ཏེ། ཕྲ་མེན་མགོ་བརྙན་དུ་བྱ། གསང་བ་རང་སེམས་རྟོགས་པའི་དུས་ན་ཁྲོ་མོ་ཉི་ཤུ་རྩ་བརྒྱད་དུ་བྱའོ། །ལ་ལས་ནི། དབང་མོ་ནི་ལས་ལས་གྲུབ་པ་ཡིན་པས། མཁའ་ནས་མི་བསྐྱེད་པར་སྲོག་སོགས་བྷྱོ་ཉེར་བརྒྱད་བརྗོད་པས་བྱོན་པར་བསམ་མོ། །དེ་ནས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་རིགས་དབྱེ་ཞིང་སོ་སོར་ངོས་བཟུང་བ་དང་། སྐུ་མདོག་དང་ཕྱག་མཚན་གསལ་གདབ་པ་ནི། ལུང་འདིས་བསྐུལ་ཏེ། སླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་ཉི་ཤུ་དང་ནི་བརྒྱད་ཀྱིས་མཛེས། །རང་གི་སྟན་དང་ལག་ཆ་དང་། །ཅི་བགྱི་ཞེས་ནི་ཆས་ཏེ་གནས། །མ་ནུ་རཀྴ་སི་བྷྱོ། ཞེས་བརྗོད་པས། ཁྱོའི་ཁྱད་པར་སྲིན་པོའི་ཆུང་མ་སྐུ་མདོག་གི་ཁྱད་པར་སྨུག་ནག །མགོ་བརྙན་གྱི་ཆ་ལུགས་གཡག་མགོ། ཕྱག་མཚན་གྱི་ཁྱད་པར་གཡས་རྡོ་རྗེ་དང་། ཐམས་ཅད་ལ་དབང་རྟགས་སུ་ཡོད་པའོ། །གཡོན་བྷནྡྷ་དམར་པོ། ཚུལ་ཁྲོ་བག་ཅན་ཅིག །ཕྱི་རོལ་གྱི་ལྕགས་རི་ནག་པོ་སྒོ་བཞི་ལྡན་པའི་ཤར་དང་པོར་གསལ་ལོ། །པྲ་མ་ནི་བྷྱོ། ཞེས་བརྗོད་པས། ཚངས་པའི་ཆུང་མ་དམར་སེར་དབུ་བཞི་མ། མགོ་བརྙན་བྱས་ན་སྦྲུལ་མགོ། གཡོན་པདྨ་དམར་པོ། ཚུལ་ཞི་བ་ཞིག །ཕྱི་རོལ་གྱི་ཤར་དང་པོའི་འོག་ཏུ་གསལ་ལོ། །རེའུ་ཏྲ་མ་བྷྱོ། ཞེས་པས། ལྷ་ཆེན་པོའི་ཆུང་མ་དཀར་ལྗང་། གཟིག་མགོ། གཡོན་ཏྲི་ཤུ་ལ། ཚུལ་ཞི་ཁྲོ་ཞིག་གསལ་ལོ། །བེ་སྣ་བེ་བྷྱོ། ཞེས་པས། ཁྱབ་འཇུག་གི་ཆུང་མ་སྔོན་མོ། །སྲེ་མོ། གཡོན་འཁོར་ལོ། ཚུལ་ཞི་ཁྲོ་ཞིག་གསལ་ལོ། །ཀོའུ་མ་རི་བྷྱོ། ཞེས་པས། གཞོན་ནུའི་ཆུང་མ་དམར་མོ། །ཕ་ཝང་། གཡོན་མ་མདུང་ཐུང་། ཚུལ་ཞི་ཁྲོ་ཞིག་གསལ་ལོ། །ཨིནྡྲ་ཡ་བྷྱོ། ཞེས་པས། བརྒྱ་བྱིན་གྱི་ཆུང་མ་དཀར་སེར། དྲེད་དམ་དོམ་མགོ། གཡོན་ཨིནྡྲ་གདེངས་པ། ཚུལ་ཞི་ཁྲོ་ཞིག་གསལ་ལོ། །བཛྲ་མ་ཧཱ་ཀ་ལི་བྷྱོ། ཞེས་པས། མ་ཧཱ་ཀ་ལའི་ཆུང་མ་ནག་མོ། །ཁུ་བྱུག་མགོ། གཡོན་རྡོ་རྗེ་ལྕགས་ཀྱུ། ཚུལ་ཁྲོ་བག་ཅན་ཞིག་ཤར་ཕྱོགས་ཀྱི་སྒོར་གསལ་ལོ། །མ་མོ་དེ་མདུན་ཤར་ཕྱོགས་ཀྱི་སྒོར་གསལ་ཙམ་ན། བདག་གི་བརླ་གཡས་ཕྱོགས་ཀྱི་ནང་ལོགས་ནས་མར་གསལ་བར་བསྒོམ་མོ། །ཡང་ན་ཤར་གྱི་མ་མོ་དེ་བདུན་སྐུ་མདོག་དཀར་མོ་ལ་ཞལ་མཐིང་ཀ །ཕྱག་གཡས་རྡོ་རྗེ་རྩེ་གསུམ། གཡོན་བྷནྡྷ་རཀྟས་བཀང་བའོ། །བཛྲ་པིང་ཀ་ལ་བྷྱོ། ཞེས་པས། མ་ཧཱ་དེ་ཝའི་སྲིང་མོ་སེར་མོ། །དོམ་མགོ། གཡོན་བྷནྡྷ་རཀྟས་བཀང་བ། ཚུལ་ཞི་ཁྲོ་ཞིག་ཕྱི་རོལ་གྱི་ལྷོ་དང་པོ་ལ་གསལ་ལོ། །ཨ་མྲི་ཏ་བྷྱོ། ཞེས་པས། ཉི་མའི་ཆུང་མ་དམར་མོ། །ཆུ་སྲིན་མགོ། གཡོན་པདྨ་དམར་པོ། ཚུལ་ཞི་ཁྲོ་ཞིག་ཏུ་གསལ་ལོ། །སོའུ་མྱ་བྷྱོ། ཞེས་པས། ཟླ་བའི་ཆུང་མ་དཀར་མོ། །སྡིག་པའི་མགོ། གཡོན་པུནྡྷ་རི། ཚུལ་ཞི་བ་ཞིག་ཏུ་གསལ་ལོ། །ད་ན་ཧཾ་བྷྱོ། ཞེས་པས། བེ་ཅོན་གྱི་ཆུང་མ་ལྗང་ནག །ཁྲ་ཡི་མགོ། གཡོན་དབྱུག་པ་རྡོ་རྗེ་ཅན། ཚུལ་ཞི་ཁྲོ་ཞིག་གསལ་ལོ། །རཀྴ་སི་བྷྱོ། ཞེས་པས། སྲིན་པོའི་ཆུང་མ་དམར་མོ། །ཝ་གདོང་། གཡོན་བྷནྡྷ་དམར་གྱིས་བཀང་བ། ཁྲོ་བག་སྟེ་སྲིན་མོའི་ཚུལ་འཛིན་པའོ། །བཀྴ་སི་བྷྱོ། ཞེས་པས། ཟ་བྱེད་ཀྱི་ཆུང་མ་ལྗང་ནག །སྟག་གདོང་། གཡོན་ཏི་རའི་རྒྱུ་མ་འདྲེན་ཅིང་ཟ་བ། ཚུལ་ཁྲོ་བག་ཅན་ཞིག་གསལ་ལོ། །ཙ་ཀ་ལཾ་བྷྱོ། ཞེས་པས། ར་མགོ་དམར་སེར་གྱི་ཆུང་མ་དམར་སེར། ར་གདོང་། གཡོན་ཞགས་པ། ཚུལ་ཁྲོ་བག་ཞིག་གསལ་ལོ། །ཡང་ན་ལྷོའི་མ་མོ་དེ་བདུན་སྐུ་མདོག་སེར་ནག །གཡས་རལ་གྲི། གཡོན་དུང་དམར་རོ། །མ་མོ་དེ་བདུན་དཀྱིལ་འཁོར་ཕྱི་རོལ་གྱི་ལྷ་ཕྱོགས་སུ་གསལ་ཙམ་ན། བདག་གི་བརླ་གཡས་ཀྱི་ཕྱིར་ཟུར་ནས་མར་གསལ་ལོ། །ར་ཧི་བཛྲ་བྷྱོ། ཞེས་པས། དགའ་བྱེད་ཀྱི་ཆུང་མ་དམར་མོ། །བྱ་རྒོད་མགོ། གཡོན་རལ་གྲི། ཚུལ་ཞི་ཁྲོ་ཞིག་ཏུ་གསལ་ལོ། །རུ་ཏི་ར་མ་བྷྱོ། ཞེས་པས། སྟོབས་བཟང་གི་ཆུང་མ་དཀར་མོ། །རྟ་མགོ། གཡོན་གཤོལ། ཚུལ་ཁྲོ་བག་ཅིག་ཏུ་གསལ་ལོ། །ཨེ་ཀ་ཙ་ར་མ་བྷྱོ། ཞེས་པས། གཤིན་རྗེའི་སྲིང་མོ་དམར་སེར། མཁའ་ལྡིང་། གཡོན་སྤུ་གྲི། ཚུལ་ཞི་ཁྲོ་ཞིག་ཏུ་གསོལ་ལོ། །མ་ནོ་ཧ་རཾ་བྷྱོ། ཞེས་པས། འདོད་ལྷའི་ཆུང་མ་དམར་མོ། །ཁྱི་གདོང་། གཡོན་མདའ་གཞུ་ཐོགས་པ། ཚུལ་ཞི་བ་ཞིག་ཏུ་གསལ་ལོ། །སི་ཏི་ཀཾ་བྷྱོ། ཞེས་པས། ནོར་སྲུང་གི་ཆུང་མ་དཀར་མོ། །པུ་ཤུད་མགོ། གཡོན་བུམ་པ། ཚུལ་ཞི་ཁྲོ་ཞིག་ཏུ་གསལ་ལོ། །བ་ཡ་བེ་བྷྱོ། ཞེས་པས། རླུང་ལྷའི་ཆུང་མ་སྔོན་མོ། །ཤ་བའི་མགོ། གཡོན་བ་དན། ཚུལ་ཞི་ཁྲོ་ཞིག་ཏུ་གསལ་ལོ། །ཀུ་མ་བ་ཤྭ་ར་བྷྱོ། ཞེས་པས། སྲིན་བུམ་སྣའི་ཆུང་མ་དམར་མོ། །སྤྲེའུ་མགོ། གཡོན་ལྕགས་སྒྲོག །ཚུལ་ཁྲོ་བག་ཅིག་ནུབ་སྒོར་གསལ་ལོ། །ཡང་ན་ནུབ་ཀྱི་མ་མོ་དེ་བདུན་སྐུ་མདོག་དམར་ནག །གཡས་དབྱུག་ཐོ། གཡོན་བྷན་དམར་རོ། །མ་མོ་དེ་བདུན་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་གསལ་ཙམ་ན། བདག་གི་བརླ་གཡོན་གྱི་ཕྱིར་ཟུར་ནས་མར་གསལ་བར་བསྒོམ་མོ། །མ་ཧཱ་མཱ་ར་ནི་བྷྱོ། ཞེས་པས། གསོད་བྱེད་ཀྱི་ཆུང་མ་དམར་ནག །སྤྱང་ཀིའི་མགོ། གཡོན་རལ་གྲི། ཚུལ་ཁྲོ་བག་ཅན་ཞིག །ཕྱི་རོལ་གྱི་བྱང་དང་པོ་ལ་གསལ་ལོ། །ཨགྣེ་ཡེ་བྷྱོ། ཞེས་པས། མེ་ལྷའི་ཆུང་མ་དམར་མོ། །སྐྱིན་མོ་མགོ། གཡོན་གསལ་ཤིང་། ཚུལ་ཁྲོ་བག་ཅིག་གསལ་ལོ། །བ་ར་ཧི་བྷྱོ། ཞེས་པས། ཕག་གི་ཆུང་མ་ནག་མོ། །ཕག་མགོ། གཡོན་མཆེ་ཞགས། ཚུལ་ཞི་ཁྲོ་ཞིག་གསལ་ལོ། །ཙ་མུནྟྲི་བྷྱོ། ཞེས་པས། གཤིན་རྗེའི་ཆུང་མ་དམར་ནག །ཁྭ་གདོང་། གཡོན་ཞིང་ཆུང་ལ་ཟ་བ། ཚུལ་ཁྲོར་བག་ཅིག་གསལ་ལོ། །སུ་ཏ་ན་བྷྱོ། ཞེས་པས། དབང་ལྡན་གྱི་ཆུང་མ་ལྗང་ནག །གླང་ཆེན། གཡོན་ཐོད་ཁྲག །ཚུལ་ཁྲོ་བ་གཅིག་གསལ་ལོ། །ཝ་རུ་ཎ་བྷྱོ། །ཞེས་པས། ཆུ་ལྷའི་ཆུང་མ་སྔོན་མོ། །སྦྲུལ་མགོ། གཡོན་སྦྲུལ་ཞགས། ཚུལ་ཞི་ཁྲོ་ཞིག་གསལ་ལོ། །བཛྲ་ལམྦོ་ད་ར་བྷྱོ། ཞེས་པས། དྷ་ཤ་གྲྀ་བའི་ཆུང་མ་ལྗང་ནག །སྐྱ་གའི་མགོ། གཡོན་དྲིལ་བུ། ཚུལ་ཁྲོ་བག་ཅིག་བྱང་སྒོར་གསལ་ལོ། །ཡང་ན་བྱང་གི་མ་མོ་དེ་བདུན་ལྗང་ནག །གཡས་རྒྱ་གྲམ། གཡོན་བྷན་དམར་རོ། །མ་མོ་དེ་མདུན་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་གསལ་ཙམ་ན། བདག་གི་བརླ་གཡོན་ཕྱོགས་ཀྱི་ནང་ལོགས་ནས་མར་གསལ་བར་བསྒོམ་མོ། །དབང་ཕྱུག་མ་དེ་རྣམས་སྐུ་མདོག་གོང་ལྟར་སོ་སོར་གསལ་བ་དང་། སོ་སོའི་དབུ་སྟོངས་སུ་གཡག་དང་སྦྲུལ་ལ་སོགས་པའི་སོ་སོར་དབུ་རེ་རེ་བྱུང་བར་བསྒོམ་པ་དང་། ཕྱག་གཡས་ཀུན་མཐུན་པར་ལས་ཀྱི་རྡོ་རྗེ་རྩེ་གསུམ་པ་རེ་རེ་བསྣམས་པ། གཡོན་རང་རྟགས་ཀྱི་ཕྱག་མཚན་གོང་ལྟར་བསྣམས་པ། ཞིང་སྐམ་པོ་རྐྱང་བུ་དང་དར་གྱི་རློད་སྟན་རེ་རེའི་སྟེང་ན། པུས་མོ་རྒྱལ་བཙུགས་པའམ། བསྡད་ཅེས་བྱ། ཞབས་བརྐྱང་བསྐུམ་མམ། འགྲེང་བའི་ཚུལ་དུ་བཞུགས་པ། ཞི་ཁྲོའི་ཚུལ་དུ་ལྡན་པ། དབང་པོ་ལྔ་ལས་མེ་འབར་བ། དབུ་སྐྲ་མཐོན་མཐིང་ལྕང་ལོར་འཁྱིལ་བ་ལ། གཡུའི་ཟར་བུ་ཆུང་འོད་སྟོང་འབུམ་གྱིས་བརྒྱན་པ། དེ་རྣམས་ཀྱི་ཐུགས་ཀར་ཡང་ཁྲག་གི་རྒྱ་མཚོ་མཐེབ་ལོང་ཙམ་རེ་རེའི་སྟེང་དུ། ཡི་གེ་བྷྱོ་སྨུག་ནག་རེ་རེ་ལ། རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བ། ཕྱོགས་ཕྱོགས་ནས་ཉེ་གནས་རྣམ་པ་བཞིའི་ཚུལ་དུ་ཤར་མ་ལྷོ་སྲིང་ནུབ་གྲོགས་བྱང་བྲན་ཁས་ལེན་ཅིང་། ཕྲིན་ལས་རྣམ་པ་བཞི་ཞི་རྒྱས་དབང་དྲག་ལ་ཐོགས་པ་མེད་པར་མཛད་པ། དུར་ཁྲོད་ཆེན་པོ་རེ་རེའི་ཀློང་ན། འཁོར་སྤྲུལ་པ་དང་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་བསྐོར་བར་བསྒོམ་སྟེ། མ་མོ་འདི་རྣམས་སྔོན་དཔལ་ཆེན་པོས་དམ་ལ་བཏགས་པ་ཡིན་པས། ད་ལྟ་ཡང་དཀྱིལ་འཁོར་གང་གི་ཡང་མཐའ་བསྐོར་དུ་མི་བསྒོམ་དུ་མི་རུང་ངོ་། །དཔལ་ཆེན་པོ་ཡབ་ཡུམ་ལ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱིས་བསྐོར་བ་རྫོགས་སོ། །ལྔ་པ་ཁྲོ་བོ་བཅུ་བསྐྱེད་པ། དེ་ནས་ཡབ་ཡུམ་གྱི་མཁའ་གསང་ནས། ཡི་གེ་ཧཱུྃ་བཅུ་ཡེ་ཤེས་ཀྱི་འོད་ཟེར་དང་བཅས་པར་འཕྲོས་ཏེ། ཐུབ་པ་དྲུག་སྒོ་བ་བཞི་ལ་ཐིམ་པས། ཡེ་ཤེས་འོད་དུ་འབར་བ་ལས། ཁྲོ་བོ་བཅུའི་སྙིང་པོ་བརྗོད་པས། ཕྱི་རོལ་དུ་བསྐལ་པའི་མེ་དཔུང་གི་ཀློང་དུ། ཡེ་ཤེས་ཀྱི་ཁྲོ་བོ་བཅུར་བསྐྱེད་དེ། ཕྱོགས་སྐྱོང་བཅུའི་གདན་ལ་བཞུགས་ནས། མཚམས་དང་བསྲུང་བའི་ལས་བྱེད་པར་བསྒོམ་མོ། ། དྲུག་པ་མགྲོན་གྱི་ལྷ་གཞན་བསྐྱོད་པར། རྣམ་པ་གཅིག་ཏུ་ཡབ་ཡུམ་མཁའ་གསང་ནས། ཡི་གེ་ཛ་གྲངས་མེད་དུ་འཕྲོས་པ་ལས། ཐུབ་པ་དྲུག་གི་སྤྱི་གཙུག་ཏུ་ཐིམ་པ་ལས། སོ་སོར་འོད་དུ་འབར་བ་ལས། ཛ་སྥ་ར་ཎ་ཕཊ། ཅེས་བརྗོད་པས། མཁའ་འགྲོ་མ་སོ་གཉིས། དང་། གིང་བཅོ་བརྒྱད། དང་། ལང་ཀ་དུར་ཁྲོད་ཀྱི་བདག་པོ་དང་། མ་བདུན་སྲིང་བཞི་དང་། འབར་མ་བརྒྱད་དང་། ཕོ་ཉ་མོ་དྲུག་ཅུ་རྩ་བཞི། དང་། ས་ཐོབ་ཅིང་གྲུབ་མཐུ་བརྙེས་པའི་རིག་འཛིན་རྣམས་སུ་གྱུར་ཏེ། དཀྱིལ་འཁོར་གྱི་ཕྱི་ནང་ཀུན་ཏུ་རྒྱུག་ཅིང་ལས་བྱེད་པ་ཡིན་ནོ། །ཞེས་ཁྲག་འཐུང་རོལ་པའི་རྒྱུད་ལས་བཤད་དོ། །སྒོ་མ་ནི། གནས་མ་བསྒྱུར་ཏེ་སྒོ་བཞིར་བཞུགས་ཏེ་སྒོ་སྲུང་བའི་ལས་མཛད་དོ། །གཞན་ཡང་། ཡང་ཕུར་སྐྱོང་བའི་སྲུང་མ་ནི། ཨ་ར་ལི་དང་། བཛྲ་ཨ་ར་ལི་དང་། ས་མ་ཡ་ཨ་ར་ལི་ལ་སོགས་པའི་ཚོགས། འཁོར་དཔག་ཏུ་མེད་པས་ཀྱང་ཆས་པས་བསྐོར་ཏེ་སྲིད་པ་རླུང་ཡང་མི་ཤོར་བར་གཏམས་ཤིང་ཟུར་ཕྱིན་པར་བསྒོམ་ལ། འབར་བའི་འཁོར་ཚོགས་རྣམ་པར་བསམ། །ཞེས་གསུངས་ཏེ། ལྷ་བསྐྱེད་པའི་ཐབས། ཞི་བ་ལས་ཁྲོ་བོར་བསྒྱུར་བ། རྩ་བའི་ལྷ་དཔལ་ཆེན་ཡབ་ཡུམ། དང་། འཁོར་གྱི་ལྷ་ཀེ་སིང་སྒོ་མ་ཁྲོ་བཅུ་དང་། སྐྱོབས་ཀྱི་ལྷ་དབང་མོ། དང་། མགྲོན་གྱི་ལྷ་མཁའ་འགྲོ་གིང་ལང་སོགས་པ་ལ་སོགས་པ། དུས་དང་གནས་སྐབས་ཀྱི་མན་ངག་གིས་ཕྱེ་སྟེ། རྒྱས་འབྲིང་དུ་ཤེས་པར་བྱའོ། །དེ་ལ་ལྷ་བསྐྱེད་པ་ཡང་། བསྙེན་པའི་དུས་སུ་ཞི་བའི་ལྷ་བསྐྱེད་དེ། བསྒྲུབ་པ་ལ་ཞི་ཁྲོ་སྦྲུགས་ཏེ་གནས་འགྱུར་གྱི་ཆོ་གར་ཤེས་པར་བྱའོ། །ཞེས་པའི་དོན་ཏོ། །དེ་ལ་རྫོགས་༣༽པའི་རིམ་པ་བསྟན་པ་ནི། དཀྱིལ་གོང་ནས་མར་བླངས་ཏེ། གྲུབ་པས་བསྟན་པའི་ལུང་བཞིན་དུ། །སྐུ་མདོག་སོ་སོར་གསལ་བ་ཡི། །ཕྱག་རྒྱ་རྒྱན་དང་ཆ་ལུགས་དག །བསྐྱེད་རྫོགས་གྲུབ་པའི་ལྷ་དག་བསྒོམ། །ཞེས་གསུངས་ཏེ། དེ་ལ་བསྐྱེད་པའི་རིམ་པ་ཞི་བ་ལས། ཁྲོ་བོར་གནས་བསྒྱུར་བ་དེ་ཡང་། ཁུངས་དག་པ་གང་ཡིས་གསུངས་ན། ལྷུན་གྱིས་གྲུབ་པའི་སྐུ་སྟོན་པ་དཔལ་རྡོ་རྗེ་སེམས་དཔས་གསུངས། དེས་གང་ལ་གསུངས་ན། ལུང་མན་ངག་གི་སྡུད་པ་པོ། སྟོན་པ་དགའ་རབ་རྡོ་རྗེ་ལ་གསུངས། གནས་གང་དུ་གསུངས་ན། ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཥའི་གླིང་དུ་གསུངས། བསྟན་པའི་ཆོས་གང་གསུངས་ན། འཇིག་རྟེན་ལས་འདས་པའི་མདོ་དང་། ཧེ་རུ་ཀའི་གལ་པོ་གསུངས། ཅིའི་ཕྱིར་གསུངས་ན། ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་ནོན་པར་བྱ་བ་དང་། མཆོག་དང་ཐུན་མོང་གིས་བསྡུས་པའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་མཛད། དགའ་རབ་རྡོ་རྗེས། དཔལ་རྡོ་རྗེ་སེམས་དཔའ་དང་དཔལ་ཆེན་པོའི་དངོས་གྲུབ་མི་གཉིས་པར་ཐོབ་སྟེ། ཐུགས་ཀྱི་རིག་པ་ལས་ཤར་ནས། མན་ངག་གི་སྡེབ་བྱང་དུ་བསྡེབས་པ་འདི། སངས་རྒྱས་རྣམ་པར་གཟིགས་ཀྱི་སྤྲུལ་པ་རྡོ་རྗེ་བཞད་པ་ལ་བསྟན། ལུང་འདི་བཞིན་དུ་བསྒྲུབ་པས། ཡང་དག་ཕུར་པ་ཚེ་སྒྲུབ་དང་གསུམ་གྱི་དགོངས་པ་གྲུབ། དེས་རྒྱལ་པོ་ཨུ་རུ་ཤ་ནེ་དང་། ཀླུའི་བུ་མོ་རྒྱ་མཚོ་མ་ལ་བསྟན། དེས་རྒྱལ་པོ་ཨིནྡྲ་བོ་དྷི་ལ་བསྟན། དེས་དགེ་སློང་སོཀ་ཀྱ་དེ་བ་དང་། བལ་མོ་མངྒ་ལ་སི་ཏི་ལ་བསྟན། དེ་གཉིས་ཀྱིས་བལ་པོ་ཧཱུྃ་ཀ་ར་ལ་བསྟན། སློབ་དཔོན་ཧཱུྃ་ཀ་ར་ནི་ཤིན་ཏུ་ཡང་དཔལ་ཆེན་པོའི་དངོས་གྲུབ་བརྙེས་ནས། ཡང་དག་གྲུབ་པའི་རྩ་བ་མན་ངག་གི་སྡེབ་བྱང་ཡི་གེ་ལ་བཏབ་པ་ལས། སློབ་དཔོན་པདྨ་སམྦྷ་ཝས་རྡོ་རྗེ་བཞད་པ་དང་། ཧཱུྃ་ཀ་ར་དང་གཉིས་ཆར་གྱི་ཞལ་མཐོང་ཞིང་དབང་བསྐུར་མན་ངག་བསྟན་པ་ལས། སློབ་དཔོན་ཧཱུྃ་ཀ་རས་མཛད་པའི་དཔེ་དེ། འཁྲུག་ཆེ་ཞིང་མ་ཚང་བར་གཟིགས་ནས། མཆིམས་ཕུ་བྲེ་གུ་དགེའུ་རུ། རྗེ་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེའུ་བཙན་གྱི་དོན་དུ། དཀྱུས་ཀྱི་འཁྲུག་སྡེབས། མ་ཚང་བའི་ཁ་བསྐངས་ནས། སློབ་དཔོན་ཧཱུྃ་ཀ་རའི་རྩ་འགྲེལ་དང་ཡང་བསྟུན་ནས། གནུབས་ནམ་མཁའི་སྙིང་པོས་ལོ་ཙཱ་བ་མཛད་དེ། རྗེ་ཁྲོ་སྲོང་ལྡེའུ་བཙན་དང་། མཁར་ཆེན་བཟའ་མཚོ་རྒྱལ་ལ་སོགས་པ་ལ་སྒྲུབ་ཐབས་ཀྱི་ཆོ་ག་ཟབ་ཅིང་རྒྱ་ཆེ་བ་འདི་བསྟན་ཏོ། །གྲུབ་པས་བསྟན་པའི་ལུང་བཞིན་དུ། །ཞེས་གསུངས་པ་ཡིན་ནོ། །དཔལ་རྡོ་རྗེ་སེམས་དཔའ་ནས། པདྨ་སམྦྷ་ཝ་ཡན་ཆད་དུ་བརྒྱུད་པའི་ལུང་། འཇིག་རྟེན་འདས་པའི་མདོ་དང་། ཧེ་རུ་ཀའི་གལ་པོ་ལས་ཇི་སྐད་བསྟན་པ་བཞིན་དུ། དཔལ་ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་རྒྱུད་ཀྱང་། ལྷ་རྣམས་ཀྱི་སྐུ་མདོག་སོ་སོར་གསལ་བ་དང་། ཕྱག་མཚན་སོ་སོར་གསལ་བ་ཡང་། རྒྱུད་ལས་གསལ་བ་བཞིན་དུ་བཀོད་པ་དང་། དེའི་ཕྱག་རྒྱ་ཡང་བཞི་སྟེ། གཙོ་བོ་སྐུའི་ཕྱག་རྒྱ་དང་། གཟུངས་མ་དམ་ཚིག་གི་ཕྱག་རྒྱ་དང་། གཉིས་སུ་མེད་པའི་བྱིན་རླབས་ལས་འཁོར་རྒྱས་འབྲིང་བསྐྱེད་ཅིང་ཕྲིན་ལས་ཀྱི་བྱ་བ་རྫོགས་པར་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་དང་། ཐུགས་ཀར་བསྒོམ་པ་དང་བཟླས་བརྗོད་རྣམས་ཆོས་ཀྱི་ཕྱག་རྒྱ་སྟེ། དེ་ཡང་རྒྱུད་ལས། ཏིང་འཛིན་གསུམ་པོ་བརྟན་བྱས་ཤིང་། །རྟགས་ཀྱི་ཕྱག་རྒྱ་སྔ་མ་གསུམ་བཅིངས་ལ། །ཆོས་ཀྱི་ཕྱག་རྒྱར་སེམས་ཉིད་བསྒོམ། །ཞེས་འབྱུང་ངོ་། །གཞན་ཡང་དུར་ཁྲོད་ཀྱི་རྒྱན་དང་། འཇིགས་བྱེད་ཀྱི་ཆ་ལུགས་རྣམས། རྒྱུད་ལས་ཇི་སྐད་དུ་གྲགས་པ་དང་། སྟོན་པ་དགའ་རབ་རྡོ་རྗེ་དང་། སློབ་དཔོན་ཧཱུྃ་ཀ་རས་གྲུབ་པ་ཐོབ་ཅིང་ཞལ་ཇི་ལྟར་གཟིགས་པ་བཞིན་དུ། འདིར་མན་ངག་དུ་བཀོད་ནས་བཞག་པ་ལ་ནི། སྐུ་མདོག་སོ་སོར་གསལ་བ་དག །ཕྱག་རྒྱ་རྒྱན་དང་ཆ་ལུགས་དག །ཅེས་གསུངས་པ་ཡིན་ནོ། །བསྐྱེད་རྫོགས་གྲུབ་པའི་ལྷ་དག་བསྒོམ། །ཞེས་པ་ལ། བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོ་སྟེ། དེ་ལ་བསྐྱེད་པ་ནི་མ་ཧཱ་ཡོ་ག་སྟེ། ཏིང་ངེ་འཛིན་རྣམ་པ་གསུམ་གྱི་སྒོར་ཞུགས་ནས། ཆོ་གའི་ཡན་ལག་རྫོགས་པར་ལྷའི་སྐུར་བསྐྱེད། ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བའི་བྱང་ཆུབ་སེམས་ལས། ལྷ་རྒྱས་འབྲིང་བསྐྱེད་པ་དང་། རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་། མཆོད་བསྟོད་དང་། བཟླས་པ་མཐར་ཕྱིན་པར་བྱས་ཏེ། བདག་གཞན་གྱི་དོན་མཐར་ཕྱིན་པར་བྱ་བ་ནི། མ་ཧཱ་ཡོ་ག་ཟང་མའོ། །དེའི་ལྟ་བ་ཡང་རྫོགས་པ་ཨ་ནུ་ཡོ་གར་བསྟན་ཏེ། དོན་དམ་པར་ཆོས་ཉིད་ཀུན་ཏུ་བཟང་མོ་སྐྱེ་འགགས་མེད་པའི་ཀློང་ལས། སོ་སོའི་སྙིང་པོ་བརྗོད་པ་ཙམ་གྱིས། ཀུན་རྫོབ་ཏུ་སྲིད་པའི་ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་སྐྱེ་བའི་ཆོ་འཕྲུལ། ཐབས་ཀྱི་ཕྱག་རྒྱ་ཡེ་ཤེས་རོལ་པའི་བྱེ་བྲག་ཏུ་ཤར་བའོ། །དེ་ཡང་ཟག་པ་དང་བཅས་པའི་རྣམ་རྟོག་གི་རྟེན་དང་བཅས་པ་འདི་ཟག་པ་མེད་པའི་ལྷར་ཇི་ལྟར་ཞེ་ན། ཀུན་གཞིའི་རྣམ་པ་ཤེས་པ་དཔལ་ཧེ་རུ་ཀ །དེའི་ཡུལ་ཡུམ་ཀྲོ་ཏི་ཤྭ་རི་མའོ། །མིག་དང་རྣ་བ་དང་སྣ་དང་ལྕེའི་རྣམ་པར་ཤེས་པ་བཞི་ནི། ཀེའུ་རཱི་དང་། ཙེའུ་རཱི་དང་། པྲ་མོ་ཧ་དང་། བེ་ཏ་ལཱི་བཞི་རང་བཞིན་ནོ། །མིག་དང་རྣ་བ་དང་སྣ་དང་ལྕེའི་དབང་པོ་བཞི་ནི། པུ་ཀ་སཱི་དང་། གསྨ་རཱི་དང་། སྨ་ཤ་ནཱི་དང་། ཙནྡྷ་ལཱི་དང་བཞིའོ། །མིག་དང་རྣ་བ་དང་སྣ་དང་ལྕེ་བཞིའི་ཡུལ་བཞི་ནི། སེང་ཧ་མ་ཀུ་དང་། བྷཱ་ཀྲི་མུ་ཀ་དང་། སྲི་ལ་མུ་ཀ་དང་། ཤྭ་ན་མུ་ཀ་དང་བཞིའོ། །དུས་བཞི་ནི། ཀྲྀ་ཏ་ལ་སོགས་པ་བཞིའོ། །ལུས་ཀྱི་དབང་པོ་དང་། རྣམ་པར་ཤེས་པ་དང་། ཡུལ་རེག་བྱ་དང་། རེག་པ་དང་བཞི་ནི། སྒོ་མ་བཞིའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི། ཏིང་ངེ་འཛིན་གཟུངས། ཉོན་མོངས་པའི་ཡིད་ནི། དབང་ཕྱུག་མ་རྣམས་སོ། །དེ་ཡང་རྒྱུད་ལས། ཀུན་གཞིའི་རྣམ་ཤེས་ཡུལ་དང་བཅས། །རྣམ་ཤེས་དབང་པོ་ཡུལ་དུས་དང་། །དབང་པོ་རྣམ་ཤེས་རེག་བྱ་རྣམས། །རྫོགས་པའི་ཕྱག་རྒྱར་ཡེ་ནས་གྲོལ། །ཞེས་གསུངས་སོ། །གྲུབ་པའི་ཞེས་པ་ལུང་ཨ་ནུ་ཡང་། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ། དོན་དམ་པ་ཁོ་ན་ཉིད་དེ། ཆོས་ཉིད་སྤྲོས་བྲལ་ཡེ་དག་པའི་ངོ་བོ་མཉམ་པ་ཉིད་ལས། སྐུ་དང་ཡེ་ཤེས་ལ་སོགས་པ་བསྐྱེད་བསྒྱུར་བྱ་མི་དགོས་པར་ཤར་ཏེ། དཔེར་ན་སྤྲིན་མེད་པའི་ནམ་མཁའ་དྭངས་པ་ལ། ཉི་ཟླ་དང་གཟའ་སྐར་གྱི་ཚོགས། བཙལ་བ་མེད་པར་རང་བཞིན་གྱིས་ཤར་བ་ལྟར། ཆོས་ཉིད་དག་པར་རང་བྱུང་གི་ཡེ་ཤེས་ཅིར་ཡང་འཆར་བའི་ངོ་བོ། གཟུང་དཀའ་བ་ལ་ཆེད་དུ་བྱས་པའི་ཀུན་བཏགས་དང་བྲལ་བ་ལ། དངོས་རང་རིག་པ་བྱང་ཆུབ་ཀྱི་སེམས། ཡེ་ཤེས་རོལ་པའི་རང་བཞིན་དཀྱིལ་འཁོར་དུ་རང་བཞིན་གྱིས་ཤར་ཏེ། ཀུན་ཏུ་བཟང་པོ་ཡེ་ཤེས་ཀྱི་རོལ་པར་སངས་རྒྱས་ནས། ཡེ་ལྷུན་གྱིས་གྲུབ་པའི་རང་བཞིན་དུ་གསལ་ན། དེ་ཁོ་ན་ཉིད་ལྷ་དག་པར་བསྒོམ་པ་ཡིན་ནོ། །རྒྱུད་ལས་ཀྱང་། དོན་དམ་སྤྲོས་མེད་བྱང་ཆུབ་སྙིང་པོ་ནི། །མཉམ་ཉིད་མི་གཡོ་ཆོས་དབྱིངས་ནམ་མཁའ་ཆེ། །རང་བྱུང་ཡེ་ཤེས་བཙལ་མེད་གནས་པ་མེད། །གཞི་རྩ་མེད་པའི་སེམས་ཉིད་དེ་ལྟར་སྣང་། །ཞེས་གསུངས་ཏེ། དེ་ལྟར་རྟོགས་པའི་དུས་ན་སྤྱན་དྲངས་ཤིང་མཆོད་དུ་ཡང་མེད་ལ། སྤྱན་དྲངས་ཤིང་མཆོད་ན་ཡང་དེ་ནས་སྤྱན་དྲངས་ཤིང་མཆོད་དོ། །ཞེས་གྲུབ་པ་ཐོད་པའི་གུ་རུ་གོང་མ་རྣམས་གསུངས་སོ། ༢༽ །དེ་ལ་སྤྱན་དྲངས་ཤིང་མཆོད་པའི་ཕྲིན་ལས་གང་སྙམ་པ་ལ། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། །བཞུགས་དང་བརྟན་དང་མི་གཡོ་དང་། །དམ་ཚིག་ཟིལ་གནོན་ཕྱག་བྱེད་དང་། །མཆོད་དང་བསྟབ་དང་བཟའ་བ་དག །ཚུལ་རིག་གོམས་པའི་བློ་དག་གིས། །ཅི་རིགས་སུ་ནི་བརྟག་པར་བྱ། །ཞེས་གསུངས་ཏེ། དེ་ལ། སྐབས་སྦྱོར་བཅུ་བཞི་པ་ཡེ་ཤེས་ཀྱི་ཧེ་རུ་ཀ་སྤྱན་དྲངས་ཤིང་མཆོད་པའི་ཆོ་ག་བསྟན་པའི་སྐབས། མཐའ་དྲུག་ལས་ལ་དོར་བ་སྤྱོད་པའམ་ཏིང་ངེ་འཛིན། དཀྱིལ་འཁོར་ལ་བརྒྱད་པ་ཐུགས་རྗེ་ཕྲིན་ལས་ཀྱི་དཀྱིལ་འཁོར། ཡོ་བྱད་གཉིས་ཀ །ལུང་དགུ་ལས་བརྒྱད་པ་མཛད་པ་ཕྲིན་ལས་ཀྱི་ལུང་ངོ་། །དེའི་དགོས་འབྲེལ་ཡང་། དོན་དམ་པར་ཆོས་སྐུའི་རང་བཞིན་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས། ཐམས་ཅད་ཀུན་ལ་ཁྱབ་པའི་རང་བཞིན་དུ་གནས་པས། གནས་གཞན་ཞིག་ནས། གནས་འདི་ལྟ་བུ་ཞིག་ཏུ། སྤྱན་དྲངས་པར་མི་དམིགས་ན་ཡང་། ཡེ་ཤེས་ལྷ་ལ་དབང་མི་བཟའ་བར། སྲི་ཞུའི་ཚུལ་བཟུང་སྟེ། དག་པའི་ཞིང་ལ་ཚོགས་རྣམ་པ་གཉིས་བསགས་པའི་ས་བོན་གདབ་པའི་ཕྱིར། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་སྤྱན་དྲངས་ཤིང་མཆོད་པའི་ཕྲིན་ལས་བསྟན་པ་ལ་དོན་དྲུག་སྟེ། སྤྱན་དྲངས་པའི་རིམ་པ་དང་། མི་གཡོ་བར་བཞུགས་སུ་གསོལ་བ་དང་། ཐུགས་དམ་ལས་མི་འདའ་བར་བསྐུལ་བ་དང་། ཟིལ་གྱིས་གནོན་པ་དང་། ཕྱག་བྱ་བ་དང་། མཆོད་པའི་རིམ་པ་བསྟན་ཏོ། ༡༽ །དེ་ལ་སྤྱན་དྲངས་པའི་རིམ་པ་ལ་གསུམ་སྟེ། དབྱིངས་ལས་ཡེ་ཤེས་ཀྱི་སྐུར་བཞེངས་ཏེ་སྙན་གསན་དབབ་པ་དང་། ཡེ་ཤེས་ཀྱི་སྐུ་དེ་འཁོར་སྤྲུལ་པ་དང་བཅས་ཏེ་སྤྱན་དྲངས་པ་དང་། ལྷ་བྱིན་དབབ་ཅིང་གནས་པར་བྱས་པ་ལ་གཟི་བྱིན་བསྐྱེད་པའོ། །དེ་ལ་༡༽ དབྱིངས་ལས་ཡེ་ཤེས་ཀྱི་སྐུ་བཞེངས་ཏེ་སྙན་གསན་དབབ་པ་གང་སྙམ་པ་ལ། ཡེ་ཤེས་དཀྱིལ་འཁོར། ཞེས་པས་བསྟན་ཏེ། དཔེར་ན་རྒྱལ་པོ་གཅིག་སྤྱན་འདྲེན་པ་ལ། སྔོན་ལ་སྙམ་གསན་འབེབས་པའི་ཚུལ་དུ། སྙམ་གསན་དབབ་པ་ལ། ཕྱག་རྒྱ་དཔུང་མགོར་སེ་གོལ་བསྣོལ་མར་བརྡབ་ཅིང་། ༀ་བཛྲ་ས་མ་ན་ཛཿ ཞེས་བརྗོད་པས། རང་ཉིད་ཀྱི་ཐུགས་ཀ་དང་གསང་བའི་མཁའ་ལས། བསྐུལ་བའི་འོད་ཟེར་གསུམ་བྱུང་སྟེ། གཅིག་གིས་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པ་ལས། ཡེ་ཤེས་ཀྱི་སྤྱོད་ཡུལ་གཟུགས་ཀྱི་སྐུར་རོང་གིས་བཞེངས་པ་བསྒོམ་མོ། །གཅིག་གིས་ཕྱི་ནང་གསང་བ་གསུམ་གྱིས་མཆོད་པ་ཕུལ། གཅིག་ལས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནོད་པའི་སྒྲ་བྱུང་ནས། ཆོས་ཉིད་ཡེ་ཤེས་ཀྱི་ཐུགས་རྗེ་ཉེར་བསྡོགས་སུ་རོང་ངེར་གནས་པ་ལ། ཚིགས་བཅད་འདིས་བསྐུལ་ཏེ། དེ་ཡང་ཚིག་དང་སྔགས་སུ་བཅས་པ་ནི། ཧེ་རུ་ཀའི་གལ་པོ་ལས་འདི་སྐད་གསུངས་སོ། །འདིར་རེ་རེ་ལ་ཡང་བཞི་བཞི་སྟེ། གྱེར་ཚིག །སྔགས། ཕྱག་རྒྱ། ཏིང་ངེ་འཛིན་ཏེ་བཞི་ལས། གྱེར་ཚིག་ནི། གནས་གང་ནས་སྤྱན་དྲངས་ན། ཡེ་ཤེས་ཅན་གྱི་སྤྱོད་ཡུལ་ནས། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །སེམས་ཅན་དོན་སླད་དམ་ཚིག་དགོངས། །གནས་འདིར་མ་ལུས་གཤེགས་སུ་གསོལ། །ཞེས་གསུངས་ཏེ། ཕྱག་རྒྱ་ནི། མཁའ་དབྱིངས་ཀྱི་ཕྱག་རྒྱ་ཞེས་ཀྱང་བྱ། ཐོད་ཕྲེང་གི་ཕྱ་རྒྱ་ཞེས་ཀྱང་བྱ་སྟེ། དེ་ཡང་རྒྱུད་ལས། མཛུབ་མོ་གཉིས་ནི་མདུད་པར་བཅིངས། །མཐེ་བོང་གུང་མོ་རྩེ་སྤྲད་བརྒྱང་། །ལྷག་མ་བཞི་ཡང་འོད་བཞིན་བརྐྱང་། །དཔྲལ་བར་བཞག་བྱས་ཐོད་ཕྲེང་རྒྱ། །ཞེས་གསུངས་པ་བཞིན་བྱས་ལ། སྔགས་འདི་བརྗོད། ཛཿཧཱུྃ་བྃ་ཧོཿ ཕྱག་རྒྱ་བཞི། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། དཔལ་རྡོ་རྗེ་ཁྲག་འཐུང་ཆེན་པོ། ཨ་གད་ཏ་ཡ། སྐྱེ་བ་སྲིད་པ་གཤེགས། ཨ་ག་ཏ་ཡ། དྲུང་དུ་གཤེགས། པྲ་བེ་ཤ་ཡ། ཕྱེས། པྲ་བེ་ཤ་ཡ། མྱུར་དུ་ཕྱེས། བནྡྷ་ཡ། ཐོད་པ་ཅན། བནྡྷ་ཡ། བསྒྱུར་བའི་ཐོད་པ་ཅན། ཏོ་ཤ་ཡ། འཕྲེང་བ་དགྱེས། ཏོ་ཤ་ཡ། རབ་ཏུ་དགྱེས། བཛྲ་ཏ་ཀི་ནི་ནན། རྡོ་རྗེ་བཀའ་ཉན་དབང་བསྡུད། ཧྲི་ད་ཡ། སྙིང་པོ། ཧཱུྃ་ཧཱུྃ། བསྡུས་བསྡུས། ཕཊ་ཕཊ། སྤྲོས་སྤྲོས། ༀ་ཡེ་ཤེས་ལྔ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། དཔལ་རྡོ་རྗེ་ཁྲག་འཐུང་ཆེན་པོ། སརྦ་དུསྟན། ཐམས་ཅད་སྡང་བ། ས་མ་ཡ་མུ་ཏྲ། དམ་ཚིག་ཕྱག་རྒྱ། པྲ་བན། དམིགས། ཙཀྲ་འཁོར་ལོ། ཧཱུྃ་ཕཊ། ཅེས་བརྗོད་པས། ཡེ་ཤེས་ཀྱི་སྤྱོད་ཡུལ་ནས། དཔལ་ཁྲག་འཐུང་ཆེན་པོ་འཁོར་དང་བཅས་པ་སེམས་ཅན་རྣལ་འབྱོར་པ་བདག་གི་དོན་དུ། གནས་འདིར་གཤེགས་ཤིག་པར་སྙན་གསན་དབབ་པར་བསྒོམ་མོ། །ཡེ་ཤེས་༢༽ཀྱི་སྐུ་དེ་འཁོར་སྤྲུལ་པ་དང་བཅས་པར་སྤྱན་དྲངས་པར་བསྟན་པ་གང་སྙམ་པ་ལ། སྤྱན་དྲངས་ཏེ། །ཞེས་གསུངས་ཏེ། ཡེ་ཤེས་སྤྲུལ་པའི་སྐུ་འཁོར་དང་བཅས་པ་མདུན་གྱི་ནམ་མཁའ་ལ་བཞུགས་ནས། སྙན་གསན་ཕབ་པ་དེ་རིངས་པར་ཡང་གཤེགས་ཤིག་པར་གསོལ་བ་གདབ་པ་ནི། སྤྱན་འདྲེན་པའི་གྱེར་ཚིག །བདག་ཅག་སེམས་ཅན་གྱི་དད་པ་དང་ནི་བདེ་གཤེགས་ཐུགས་རྗེའི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ཧེ་རུ་ཀ །ཆོས་སྐུ་ཞི་བའི་ངང་ལས་ཀྱང་། །གཟུགས་སྐུ་འཇིགས་ཚུལ་བསྟན་དུ་གསོལ། །ཐུགས་རྗེ་ཆེ་ལ་ཐབས་མཁས་པ། །གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །མ་མོ་དང་མཁའ་འགྲོའི་ཚོགས་རྗེ་ཚོགས་བདག་དཔལ་དང་ལྡན། །ཚོགས་ཀྱི་སློབ་དཔོན་གཤེགས་སུ་གསོལ། །ཡེ་ཤེས་རྟོགས་པའི་ཁྱད་པར་ལས། །སྤྲུལ་པ་མང་པོའི་ཚོགས་དང་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་ཀྱེ་ཚུར་སྤྱོན་བྷ་ག་ཝན་བཅོམ་ལྡན་འདས། ཛཿཧཱུྃ་བྃ་ཧོཿ རུ་ལུ་རུ་ལུ་དཔལ་ཆེན་པོའི་སྐུར་སྣང་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་དཔལ་ཁྲག་འཐུང་ཨེ་ཧ་ཧི་ཏྲི་ཤ་ཧོཿ ཀྱེ་ཚུར་སྤྱོན། ས་མ་ཡ་སྟྭཾ། ༀ་ཨེ་ཨར་ལི་དྲག་པོ་རྙོག་པ་མེད་ཧྲིང་ཧྲིང་ཧྲིང་། འབོད་པའོ། །ཞེས་བརྗོད། དེ་ནས་ཐལ་མོ་ལན་གསུམ་དུ་བརྡབ་པས། དཔལ་ཁྲག་འཐུང་ཆེན་པོ་འཁོར་དང་བཅས་པ་ཕྱག་རྒྱ་རྣམ་པ་བཞིས་ལྷ་སྤྱན་དྲངས་ཏེ་མྱུར་བར་གཤེགས་ཤིང་། བདག་གི་རིག་པ་ལས་བསྐྱེད་པའི་གཞལ་ཡས་ཁང་གི་ནང་དུ། ཐོགས་པ་མེད་པར་སིལ་གྱིས་བྱོན་ཏེ། སྔར་བསྐྱེད་པ་དང་། འོད་ཕུང་གཉིས་འདབ་འདྲེས་ཙམ་དུ་བསྒོམ་མོ། །བྱིན་དབབ་༣༽ཅིང་གནས་པར་བྱས་ལ་གཟི་བྱིན་བསྐྱེད་པ་གང་སྙམ་པ་ལ། བྱོན་ནས་བཞུགས་སུ་གསོལ་བའི་ཚུལ། བཞུགས་དང་། ཞེས་བྱ་བས་བསྟན་ཏེ། གྱེར་ཚིག་བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར། །འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར། །དོན་གྱི་དབང་དུ་དགོངས་ནས་ཀྱང་། །འཁོར་བཅས་རབ་འབར་བཞུགས་སུ་གསོལ། །ཞེས་བསྐུལ་ནས་ལག་པ་གཉིས་ཁུ་ཚུར་བཅངས་ཏེ་མཛུབ་མོ་སོ་སོར་བསྒྲེང་ནས། སྔགས་འདི་བརྗོད་དོ། །ཛཿ་ཧཱུྃ་བཾ་ཧོ། ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ། སརྦ་དུཥྚན་ས་མ་ཡ་མུ་ཏྲ་པྲ་བན་ཙཀྲ་ཀྵ་ཀ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས། སྒྲིབ་པ་དྲལ་སྟེ་སྒོ་ཕྱེ་ནས། མཁའ་དབྱིངས་ཀྱི་ཕྱག་རྒྱ་སྨིན་མཚམས་སུ་བཅིངས་ཏེ་སྔགས་འདི་བརྗོད་དོ། །ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན། ས་མ་ཡ་མུ་ཏྲ་བྲ་བེ་ཤ་ཕཊ། ཨ་བེ་ཤ་ཨ་ཨ། ཞེས་པ་དང་། ཛཿཧཱུྃ་བཾ་ཧོཿ བཛྲ་ཀིའུ་རི་ཧ། སོགས་དང་། བཛྲ་སེང་ཧ་མུ་ཀ་ཧེ། སོགས། བཛྲ་ཨརྻ་ཏེ་ཛ་ཏེ་ང་ཛ། སོགས། མ་ནུ་རཀྵ་སི་བྷྱོ། ཞེས་སོགས་སྔགས་ཚང་བར་བརྗོད་པས། ཡེ་ཤེས་ཀྱི་ཧེ་རུ་ཀ་འཁོར་དང་བཅས་པ། དམ་ཚིག་གི་ཧེ་རུ་ཀ་འཁོར་དང་བཅས་པ་ལ། བྱེ་མ་ལ་མར་ཐིམ་པའམ། བ་མོ་ལ་ཁ་བ་བབས་པ་བཞིན་དུ་བཞུགས་ཤིང་ཐིམ་ནས། གནས་ཤིང་གཟི་བྱིན་དང་ལྡན་པར་བསྒོམ་མོ། ༢༽ །དེ་ནས་མི་གཡོ་བར་བཞུགས་སུ་གསོལ་བ་ལ་གཉིས་ཏེ། བརྟན་པར་བཞུགས་སུ་གསོལ་བ་དང་། གདུག་པ་ཅན་བཟའ་བའི་ལུང་ངོ་། །དེ་ལ་བརྟན་༡༽པར་བཞུགས་སུ་གསོལ་བ་གང་སྙམ་པ་ལ། བཞུགས་ནས་ཀྱང་འདི་མ་ཚར་གྱི་བར་དུ་བརྟན་པར་བཞུགས་དགོས་བྱ་བ་ལྟ་བུས། བརྟན་དང་། ཞེས་བྱ་བས་ཏེ། རྒྱུད་ལས། གྱེར་ཚིག །སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ཅིང་། །ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །ལ་དང་བདག་མི་གཉིས་དོན་དུ་དངོས་གྲུབ་མཆོག་གི་གནས། །བདག་ལ་སྩོལ་ཞིང་བརྟན་པར་བཞུགས་སུ་གསོལ། །ཞེས་བརྗོད་དེ། ཕྱག་རྒྱ་སོར་མོ་སྙིང་ཁར་བསྣོལ་ཏེ། མཐེ་བོང་སོ་སོར་བསྒྲེངས་ལ་སྔགས་འདི་བརྗོད་དོ། །ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ་ཧི། སརྦ་དུས྄ཊ྅྅྅ན་ས་མ་ཡ་མུ་ཏྲ་པྲ་བན་ཙཀྲ་ཧཱུྃ་ཕཊ། ཀཱ་ཡ་ཝཀ྄་ཙིཏྟ་ཏིཥྛ་བཛྲ། ཞེས་བརྗོད་པས། སྒྲུབ་པ་པོ་ནམ་དངོས་གྲུབ་མ་ཐོབ་ཀྱི་བར་དུ། སོ་སོའི་གོ་གོ་གནས་གནས་སུ་བཞུགས་པར་བསྒོམ་མོ། །དེ་ལ་༢༽གདུག་པ་ཅན་བཟའ་བའི་ལུང་གང་སྙམ་པ་ལ། བརྟན་པར་བཞུགས་པ་ལ་བཟའ་བཏུང་འདྲེན་པའི་ཚུལ་ལོ། །མི་གཡོ་དང་། །ཞེས་བྱ་བས་བསྟན་ཏེ། རྒྱུད་ལས། གྱེར་ཚིག ཆེ་མཆོག་མཉམ་སྦྱོར་འབར་བའི་ཀློང་དཀྱིལ་ནས། །གདུག་པ་འདུལ་མཛད་ཁྲོ་རྒྱལ་སྐུར་སྤྲུལ་ཞིང་། །གསང་སྔགས་རྨད་བྱུང་ཕྲིན་ལས་དགོངས་པར་མཛོད། །མཉམ་པ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་འབྱུང་སྟེ། དེ་ཡང་ཡེ་ཤེས་ཀྱི་ཧེ་རུ་ཀ་རོལ་པ་ཆེན་པོའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛད་པའི་ཕྱིར། ལས་ཀྱི་ཕྱག་རྒྱ། རྡོ་རྗེ་ཁུར་ཚུར་གཡས་གཡོན་གྱི་མཐེ་བོང་ཆེ་བའི་སྟེང་དུ་བཞག་ལ། མཐེའུ་གཉིས་བསྒྲེངས་ཏེ་སྔགས་འདི་བརྗོད་དོ། །ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན། ས་མ་ཡ་སྟྭཾ། ཨ་པ་སྟམ་པ་ཡ་ཧཱུྃ་ཕཊ། ཞེས་བརྗོད་པས། བར་དུ་གཅོད་ཅིང་མི་མཐུན་པའི་ཕྱོགས་ཞལ་དུ་གསོལ་བར་བསྒོམ་མོ། ༣༽ །དེ་ནས་ཐུགས་དམ་ལས་མི་འདའ་བར་བསྐུལ་བ་གང་སྙམ་པ་ལ། དམ་ཚིག །ཅེས་བྱ་བར་བསྟན་ཏེ། བཟའ་བཏུང་དྲངས་ནས་བྱ་བ་འདི་འདྲ་བ་ཞིག་བྱེད་པར་ཞུ་བའི་ཚུལ་ལོ། །རྒྱུད་ལས། གྱེར་ཚིག དམ་ཚིག་པ་ལ་བཞེངས་པ་ཡི། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །དམ་ཚིག་ཚུལ་བཞིན་མི་གཤེགས་སམ། །གྲུབ་པའི་མཆོག་རྣམས་མ་སྩལ་ན། །སྐུ་གསུང་ཐུགས་དང་འགལ་བར་གྱུར། །ཞེས་འབྱུང་སྟེ། ལྷ་ཡེ་ཤེས་སེམས་དཔའ་དམ་ཚིག་ལས་མི་འདའ་ཞིང་། སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བར་མཛད་པའི་ཕྱིར། དམ་ཚིག་མཆོག་གི་ཕྱག་རྒྱ། ཐོད་རློན་དང་། ཐོད་རློན་རྒྱ་སོར་མོ་ནང་དུ་བསྣོལ། མཐེ་བོང་མཛུབ་མོའི་རྩེ་བཀུག་ལ་སྤྲད། གུང་མོ་གཉིས་ཏེ་སྲིན་ལག་དང་མཛུབ་མོའི་ནང་ནས་ཕྱུང་བའོ། །ཐོད་སྐམ་ནི་སོར་མོ་མགོ་བསྡུས་ཏེ་རྩེ་སྤྲད་མཐེ་བོང་དང་མཛུབ་མོ་རྩེ་སྤྲད་པ་བཅངས། ཐོད་ཚལ་དེ་ཕྱེད་མའོ། །དང་གསུམ་གྱི་ཕྱག་རྒྱ་རིམ་པར་བཅིངས་ཤིང་། ༀ་བཛྲ་གུ་ཧྱེ་ཏྲི་ཤ གསང་བ་དགྱེས། ལན་གསུམ། ས་མ་ཡཥྚོཾ། དམ་ཚིག་གི་དུས་ལ་བབས། ༀ་བཛྲ་གུ་ཧྱ་ཏྲི་ཤ་ས་མ་ཡ་ཧོཿ ༀ་བཛྲ་གུ་ཧྱ་ཏྲི་ཤ་ས་མ་ཡ་ཕཊ། ཅེས་བརྗོད་ཅིང་། དམ་བདར་བས་ཡེ་ཤེས་ཀྱི་ལྷ་དཔལ་ཁྲག་འཐུང་ཆེན་པོ་འཁོར་དང་བཅས་པ། ཐུགས་དམ་ལས་མི་འདའ་ཞིང་། ཐུགས་དམ་གྱི་དབང་གིས་གཤེགས་ཏེ། སྒྲུབ་པ་པོ་ལ་ཅི་འདོད་པའི་དངོས་གྲུབ་སྩོལ་བར་བསྒོམ་མོ། ༤༽ །དེ་ནས་ཟིལ་གྱིས་གནན་པ་གང་སྙམ་པ་ལ། ཟིལ་གནོན། ཞེས་པས་བསྟན་ཏེ། དེས་ཀྱང་ཞུས་པའི་བྱ་བ་བྱེད་ཚུལ་ལོ། །རྒྱུད་ལས། གྱེར་ཚིག་སྐུ་གསུང་ཐུགས་སུ་བདག་སྦྱོར་བས། །ཕོ་བྲང་དཀྱིལ་འཁོར་རང་ལས་སྤྲུལ། །ང་ནི་བདུད་ཀྱི་བདུད་བདག་སྟེ། །མཁའ་འགྲོའི་ཚོགས་བཅས་ངས་བསྡུས་པའོ། །ཞེས་འབྱུང་སྟེ། དེ་ཡང་དཔལ་ཆེན་པོའི་འཁོར་དབང་ཕྱུག་མ་ལ་སོགས་པ། གདུག་པ་ཅན་མང་པོ་ཟིལ་གྱིས་གནོན་ཅིང་དབང་དུ་བསྡུ་བའི་ཕྱིར། ཟིལ་གྱིས་གནོན་པའི་ཕྱག་རྒྱ་བསྟན་ཏེ། མཐེ་བོང་གཉིས་ལྟོ་སྦྱར་ནས། སོར་མོའི་དཔུང་མགོ་གཡས་གཡོན་དུ་བསྣོལ་ཏེ་སྔགས་འདི་བརྗོད་དོ། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཱན་ས་མ་ཡ་མུ་ཏྲ། མ་རང་པྲ་བན་ཙཀྲ། བདུད་དཔུང་རབ་ཏུ་འཇོམས་པའི་འཁོར་ལོ། བཀྵ་ཡ་བཀྵ་ཡ། གཤོག་པ་རབ་ཏུ་གཤོག་བ། བྱི་ཏང་བ་ཡ་བྱི་ཏང་པ་ཡ། རབ་ཏུ་གདེངས་པ། ཧེ་བྷ་ག་བན། བཅོམ་ལྡན་འདས། འབུ་ཏ། འབྱུང་པོ། ཀྵ་ཀྲི་གདུག་པ་ཅན། ཏྲ་ཏི་ཤམ྄ཊ྅྅྅་ཟིལ་གྱིས་གནོན་པ། ས་མ་ཡ་ཀ །ཡེ་ཤེས་ཀྱི་གཤོག་པ་ལས་ཡེ་ཤེས་ཀྱི་འོད་དང་འོད་ཟེར་འཕྲོས་པས། འཁོར་རྣམས་ཟིལ་གྱིས་གནོན་ཅིང་དབང་དུ་འདུས་པར་བསྒོམ་མོ། ༥༽ །དེ་ནས་ཕྱག་བྱ་བ་གང་སྙམ་པ། ཕྱག་བྱེད་པ། །ཞེས་པས་བསྟན་ཏེ། བྱ་བ་བྱས་པ་ལ་མགུ་ནས་ཕྱག་བྱ་བའི་ཚུལ་ལོ། །དེ་ཡང་ཕྱག་བྱ་བ་ལ་ཡང་གཉིས་ཏེ། གདུལ་བྱ་གཉེན་པོའི་ཕྱག་དང་། རྟོག་པ་དོན་གྱི་ཕྱག་གོ། །དེ་ལ་༡༽གདུལ་བྱ་གཉེན་པོའི་ཕྱག་ནི། གསང་བའི་ཡུམ་བཞིའི་དགོངས་པ་དང་ལྡན་པ་སྟེ། དེ་ཡང་རྒྱུད་ལས། གྱེར་ཚིག བདེ་བ་རྒྱས་འདེབས་ཡབ་ཡུམ་ཕྱག་རྒྱར་གསལ། །བདེ་བའི་རྨོངས་བྱེད་གཉིས་སུ་མེད་པའི་ངང་། །བདེ་བ་ཟ་བྱེད་ཕྲིན་ལས་སྣ་ཚོགས་སྒྲོལ། །བདེ་བ་ཚེ་འཕེལ་སྐྱེ་ཤི་མེད་པའི་དོན། །ཞེས་འབྱུང་བས། བདེ་བ་རྒྱས་འདེབས་མའི་ཕྱག་རྒྱ། མདའ་གཞུ་འགེངས་པའི་ཚུལ་དུ་བྱས་ལ། སྔགས་འདི་བརྗོད་དོ། །ༀ་ཤྲཱི་བཛྲ་ཀ་ར་མུ་ཀ་ཤ་ར་ཡ་ཡ་ན་མ། དཔལ་གྱི་ལྷ་མོ་མདའ་གཞུ་འགེངས་མ་མི་གཏོང་བའི་ཡུམ་དེ་ལ་ཕྱག་བྱའོ། །ཞེས་བརྗོད་པས། ཆོས་ཀྱི་དབྱིངས་ནས་བསྐུལ་བས་བཞེངས་ཏེ། དཔལ་ཆེན་པོ་ཡབ་ཡུམ་གྱི་སྐུ་ཕྱག་རྒྱ་ཤིན་ཏུ་གསལ་བར་བསྒོམ་མོ། །བདེ་བ་རྨོངས་བྱེད་མའི་ཕྱག་རྒྱ། ཐལ་མོ་དཔུང་པ་གཡས་གཡོན་དུ་བསྣོལ་མ་ལ། སྔགས་འདི་བརྗོད་དོ། །ༀ་ཤྲཱི་བཛྲ་རཱ་ག་ས་མ་ཡ་ཡ་ན་མ། དཔལ་གྱི་ལྷ་མོ་ཆགས་པ་ཐུགས་རྗེས་མི་གཏོང་བའི་ཡུམ་ལ་ཕྱག་བྱ་ཞེས་བྱ། ཞེས་བརྗོད་པས། དཔལ་ཆེན་པོ་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་མཛད་བདེ་བ་ལ་སྙོམས་པར་བསྒོམ་མོ། །དེ་ནས་བདེ་བ་ཟ་བྱེད་མའི་ཕྱག་རྒྱ། ལག་པ་གཡས་པའི་མཐེ་བོང་གིས་སྲིན་ལག་མནན་ཏེ་སོར་མོ་གཞན་བརྐྱང་ལ། ལག་པ་གཡོན་པས་གྲུ་མོ་ནས་བཟུང་ལ་འཕྱར་ཏེ། སྔགས་འདི་བརྗོད་དོ། །ༀ་ཤྲི་བཛྲ་ཁ་ཏྭོ་ར་པྲ་ཙ་ལ་ཡ་ཡ་ན་མ། དཔལ་རྡོ་རྗེ་ཁ་གདོང་བདུད་བཞི་འདུལ་བས་མི་གཏོང་བའི་ཡུམ་ལ་ཕྱག་བྱ་ཞེས་བྱ། ཞེས་བརྗོད་པས། ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ལས་འོད་ཟེར་ཕྱོགས་བཅུ་འཕྲོས། དྲེགས་པ་ཅན་རིལ་བསྒྲལ་ཏེ་སླར་དྲན་པ་རྙེད་ནས་ཀུན་བྲེད་ཅིང་དངངས། ཟིལ་གྱིས་གནོན་ཏེ་སྤ་བཀོད་ནས། འདར་ལྕུག་འབངས་སུ་མཆི་ཞིང་ཕྱག་འཚལ་བར་བསྒོམ་མོ། །དེ་ནས་བདེ་བ་ཚེ་འཕེལ་མའི་ཕྱག་རྒྱ། དྲིལ་བུའི་ཕྱག་རྒྱ་བཅས་ཏེ། སྔགས་འདི་བརྗོད་དོ། །ༀ་ཤྲཱི་བཛྲ་གན་དྷེ་ཛྭ་ལ་ཡ་ཡ་ན་མ། གསུང་རབ་རྒྱ་མཚོ་སྒྲོགས་པ་མི་གཏོང་ཡུམ་ཞེས་བྱ་སྟེ་དེ་ལ་ཕྱག་འཚལ་བའོ། །ཞེས་བརྗོད་པས། དྲེགས་པ་ཅན་བསྒྲལ་བའི་རྣམ་པར་ཤེས་པ་དང་འོད་ཟེར་དང་བཅས་པ་སླར་ཡུམ་གྱི་མཁར་བསྡུས་ཏེ། དེ་ཉིད་ཡི་གེ་ཧཱུྃ་དུ་གྱུར་པ་ལས། སྤྲོ་བསྡུ་བྱས་པ་ལས། ཡེ་ཤེས་སེམས་དཔའ་སྐུ་ཚོན་གང་བ་ཞིག་ཏུ་གྱུར་པར་བསམ་ལ། དེས་དམ་པའི་ཆོས་གསུང་རབ་རྒྱ་མཚོ་སྙེད་འཆད་ཅིང་སྒྲོག་པས་སེམས་ཅན་གྱི་དོན་མཛད་པའི་རྟགས་སུ་དྲིལ་བུ་བསྣམས་པར་བསྒོམ་མོ། །དེ་ལ་རྟོགས་པ་དོན་གྱི་ཕྱག་ནི། བདག་དང་དཔལ་ཆེན་པོ་འཁོར་དང་བཅས་པ་གཉིས་སུ་མེད་པར་རྟོགས་པར་བྱས་ཏེ་ཕྱག་འཚལ་བ་ཡང་། རྒྱུད་ལས་འདི་སྐད་དུ་འབྱུང་སྟེ། གྱེར་ཚིག །བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེ་དགྲ་ཟིན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལ་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་གནས་ཤིང་། །ཐབས་དག་ཤེས་རབ་འབྲེལ་བའི་དཀྱིལ་འཁོར་ནས། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་བ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་མའི་ཚུལ་དུ་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་ན། །མཉམ་ཉིད་གནས་པ་དེ་བཞིན་གཤེགས། །རྣལ་འབྱོར་ཆེན་པོར་མཚན་གྲགས་པ། །འཁོར་བཅས་ཀུན་ལ་ཕྱག་འཚལ་ལོ། །ༀ་ཨ་ཏི་པུ་ཧོཿ སརྦ་ཏ་ཐཱ་ག་ཏ་བྷ་ན་དྷ་ན་མ་ཁ་རོ་ཡ་མི། དེ་བཞིན་གཤེགས་པ་ཐམས་ཅད་ལ་མགོ་བོས་ཕྱག་འཚལ་ལོ། །མ་ཧཱ་ཡོ་གི་ནི། ཤིན་ཏུ་དགྱེས་པ་ཆེན་པོ། ཨ་ཏི་པུ་ཧོཿ པྲ་ཏི་བྷུ་ཧོཿ ཞེས་བརྗོད་པས། རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་དང་། དཔལ་ཆེན་པོ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་མཉམ་ཞིང་དབྱེར་མེད་པའི་རྟོགས་ནས་བསྒོམ་པ་དེ་ཁོ་ན་ཉིད་ཕྱག་འཚལ་བ་ཡིན་ནོ། ༦༽ །དེ་ནས་མཆོད་པའི་རིམ་པ་བསྟན་པ་གང་སྙམ་པ་ལ། མཆོད་དང་། ཞེས་བྱ་བས་བསྟན་པ། ཟས་ནོར་འདི་ཚོ་ཡང་འབུལ་ཟེར་བའི་ཚུལ་དུ། དོན་བརྒྱད་དེ། ཕྱག་རྒྱ་གར་གྱི་མཆོད་པ་དང་། ཀུན་ཏུ་བཟང་པོ་དབྱེར་མེད་པའི་མཆོད་པ་དང་། ཕྱི་ནང་གི་མཆོད་པ་རྣམ་པ་བདུན་དང་། བདུད་རྩི་སྨན་གྱི་མཆོད་པ་དང་། དངོས་གྲུབ་བླངས་པ་དང་། བདུད་རྩིས་ཀུན་མཉེས་ཤིང་ཁྱབ་པར་བྱ་བ་དང་། གཏོར་མའི་མཆོད་པ་དང་། རཀྟའི་མཆོད་པའོ། །དེ་ལ་༡༽ཕྱག་རྒྱ་གར་གྱི་མཆོད་པ་ནི། སྣང་བ་གཟུགས་མཛེས་ཀྱི་མཆོད་པ་ཞེས་ཀྱང་བྱ་སྟེ། རྣལ་འབྱོར་པ་ཀུན་གྱིས་ལག་པ་སོ་སོས་གར་བསྒྱུར། རྐང་པ་སོ་སོས་སྟབས་བརྡུངས་པས། རྣལ་འབྱོར་པ་ཀུན་གྱིས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ། དེ་དག་ཐམས་ཅད་ཀྱང་ལྷ་དང་ལྷ་མོར་གྱུར་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཁེངས་པར་བསྒོམ་ལ། ཡེ་ཤེས་རོལ་པའི་གར་དབུལ་ཏེ། ཧཱུྃ། གར་གྱི་རྒྱུ་དང་གར་གྱི་གནས། །གར་གྱི་བསྒྱུར་ཐབས་ཡོན་ཏན་བཞི། །རྡོ་རྗེ་ཁུ་ཚུར་གར་གྱི་རྒྱུ། །གར་གྱི་གནས་ནི་མཁལ་ཁུང་སྟེ། གར་བསྒྱུར་ཐབས་ནི་རྣམ་པ་གསུམ། །གཡས་སུ་བསྒྱུར་དང་གཡོན་དུ་བསྒྱུར། །དེ་བཞིན་ཕྱོགས་བཅུར་གར་བསྒྱུར་རོ། །གར་གྱི་ཡོན་ཏན་སྤྲུལ་པ་འབྱུང་། །ཕྱོགས་བཅུར་བདེར་གཤེགས་ཐམས་ཅད་ཀྱང་། །ཆོས་ཉིད་ཀྱི་དོན་ལ་མི་འདའ་བས་དང་པོ་དམ་ཚིག་གར་ལགས་ཏེ། །ནམ་མཁའ་ཀུན་ཀྱང་གར་གྱིས་ཁེངས། །ད་ལྟ་དམ་ཚིག་གར་ལགས་ཏེ། །ས་གཞི་ཀུན་ཀྱང་གར་གྱིས་ཁེངས། །གར་མཁན་ཚུལ་དུ་སངས་རྒྱས་ཤིང་། །གསང་གནས་བདེ་བའི་མཆོག་སྟེར་མཛད། །ངོ་མཚར་ཆེ་བའི་ལྷ་ཚོགས་ལ། །རྣམ་པ་གྲོལ་བ་མཚོན་པའི་ཕྱིར། །དཔལ་ཆེན་ཁྲག་འཐུང་ཕྱག་རྒྱ་ནི། །ཞལ་གསུམ་སྐུ་གསུམ། ཕྱག་དྲུག་ཡེ་ཤེས་དྲུག ཞབས་བཞིར་བསྒྲད། ཚད་མེད་བཞི་མཚོན། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྡོ་རྗེ་ཁ་ཊྭཱྃ་རྔེའུ་ཆུང་གཡས། །དུང་དམར་རྒྱུ་ཞགས་ཁྱུང་ཁྲ་གཡོན། །དཔལ་ཆེན་ཡེ་ཤེས་ཐབས་ཀྱི་རྒྱ། །ཤེས་རབ་དབྱིངས་མའི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་དམོག་མཐིང་། །གཡས་པས་ཤེས་རབ་ཐབས་ལ་བརྟེན། །གཡོན་པས་དུང་དམར་གཙོ་ལ་སྟོབ། །ཀྲོ་ཏི་ཤྭ་རི་དབྱིངས་ཀྱི་རྒྱ། །དཔལ་ཆེན་ཁྲག་འཐུང་ཡབ་ཡུམ་ལ། །འབར་བའི་གདན་ལས་བཞེངས་ནས་ཀྱང་། །གར་དབྱངས་མཆོད་པ་འདི་འབུལ་གྱིས། །ཆོས་ཉིད་དག་པ་དབང་དང་དངོས་གྲུབ་སྩོལ། །ཀོའུ་རཱི་བྷན་དམར་ཞིང་དབྱུག་སྔོ། །ཙེའུ་རཱི་མདའ་གཞུ་འགེངས་མ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་དམར། །བེ་ཏ་བྱིས་ཟ་རྡོར་འཕྱར་གནག །པུས་ཀ་དམར་སེར་བྱིས་རྒྱུ་འདྲེན། །ཀསྨ་དུང་དམར་དཀྲུག་འཐུང་ལྗང་། །སྨ་ཤ་མཐིང་ནག་བྱིས་སྙིང་ཟ། །ཙནྡྷ་སེར་སྐྱ་མཆོག་ལུས་འདྲལ། །ཀོའུ་རཱི་ཁྲོ་མོ་བརྒྱད་རྣམས་ཀྱང་། །འབར་བའི་གདན་ལས་བཞེངས་ནས་ཀྱང་། །གར་དབྱངས་མཆོད་པ་འདི་འབུལ་གྱིས། །ཆོས་ཉིད་དག་པ་དབང་དང་དངོས་གྲུབ་སྩོལ། །སིདྷ་ཁ་རོ་བསྣོལ་སེར་སེང་། །མགོ་བྱཱ་ཀྲི་གནས་བལྟ་བསྣོལ་དམར་སྟག །སྲི་ལ་སྙིང་བལྡག་དམར་ནག་ཝ། །ཤྭ་ན་འདྲལ་བལྟ་མཐིང་ཀ་སྤྱང་། །ཀྲི་ཏ་གྲི་དམར་རྒྱུ་འདྲེན་རྒོད། །ཀང་ཀ་ཞིང་ཕྲག་སྣར་མཆུ་རིང་། ཁྭ་ཁྭ་ཁར་རོ་བྷན་གྲི་གནག །ཧུ་ལུ་མཐིང་ཚོགས་རྡོར་ཀྱུ་འུག །ཕྲ་མེན་ཆེན་མོ་བརྒྱད་རྣམས་ཀྱང་། །འབར་བའི་གདན༴ གར་དབྱངས༴ ཆོས་ཉིད་དག་པ༴ རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན། །ཕག་གདོང་སྔོན་མོ་མཆེ་ཞགས་བསྣམས། །སེང་གདོང་སྤྱན་གསུམ་ལྕགས་སྒྲོག་ཉི་ཟླ་དམར། །ཐལ་བྱེད་ལྗང་ཁུ་སྤྱང་ཀིའི་མགོ་དྲིལ་འཁོལ་དགྱེས། །ཡེ་ཤེས་སྒོ་མ་བཞི་རྣམས་ཀྱང་། །འབར་བའི༴ གར་དབྱངས༴ ཆོས་ཉིད་དག༴ སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཚངས་མ་དམར་སེར་པདྨ་བསྣམས། །ལྷ་ཆེན་དཀར་ལྗང་ཏྲི་ཤུ་ལ། །གཏོགས་འདོད་སྔོན་མོ་འཁོར་ལོ་འཆང་། །གཞོན་ནུ་དམར་མོ་མདུང་ཐུང་འཕེན། །བརྒྱ་བྱིན་དཀར་མོ་ཨིནྡྲ་གདེངས། །ཤར་གྱི་སྒོ་མ་རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན། །རྡོ་རྗེ་སེར་མོ་ཙནྡན་འཐུང་། །བདུད་རྩི་དམར་མོ་པདྨ་བསྣམས། །ཟླ་བ་དཀར་མོ་པུན་དྷ་རི། །བེ་ཅོན་ལྗང་ནག་ཐོད་དབྱུག་འཕྱར། །སྲིན་མོ་དམར་སེར་ཐོད་ཁྲག་འཐུང་། །ཟ་བ་ལྗང་ནག་བ་སུ་འདྲེན། །ལྷོ་སྒོ་མ་རྡོ་རྗེ་སེར་མོ་ར་མགོ་ཞགས། །དགའ་བ་དམར་མོ་ཀ་ཏར་འཆང་། །སྟོབས་ཆེན་དཀར་མོ་གཤོལ་འཛིན་མ། །གཅིག་སྤྱོད་དམར་སེར་སྤུ་གྲི་གཡོན། །ཡིད་འཕྲོག་དམར་མོ་མདའ་གཞུང་འགེངས། །ནོར་སྲུང་དཀར་མོ་བུམ་པ་འཛིན། །རླུང་ལྷ་སྔོན་མོ་བ་དན་འཕྱར། །ནུབ་སྒོམ་རྡོ་རྗེ་དམར་མོ་ལྕགས་སྒྲོག་བསྡམས། །གསོད་བྱེད་དམར་ནག་རལ་གྲི་འཛིན། །མེ་མོ་དམར་མོ་གསལ་ཤིང་འཆང་། །ཕག་མོ་ནག་མོ་མཆེ་ཞགས་ཐོགས། །རྒན་བྱེད་དམར་ནག་ཞིང་ཆུང་ཟ། །སྣ་ཆེན་ལྗང་ནག་ཐོད་ཁྲག་འཐུང་། །ཆུ་ལྷ་སྔོན་མོ་སྦྲུལ་ཞགས་འཛིན། །བྱང་སྒོ་མ་རྡོ་རྗེ་ལྗང་ནག་དྲིལ་འཁྲོལ་དགྱེས། །དབང་ཕྱུག་ཆེན་མོ་ཉི་ཤུ་བརྒྱད། །བསམ་པ་མྱ་ངན་འདས་གྱུར་ཀྱང་། །འཇོག་རྟོག་པ་ཡི་ཚུལ་སྟོན་པ། །ཞིང་སྐམ་དར་རློད་སྟེང་ལ་བཞེངས། །གར་དབྱངས་མཆོད་པ་འདི་འབུལ་གྱིས། །མཆོད་བཞེས་དམ་བསྐང་མཐུ་དང་དངོས་གྲུབ་སྩོལ། །ཅེས་ཧེ་རུ་ཀའི་གལ་པོ་ལས་གསུངས་སོ། །དེ་ནས་༢༽ཀུན་ཏུ་བཟང་པོའི་མཆོད་པ་དང་། ཕྱི་ནང་༣༽གི་མཆོད་པ་ཀུན། གོང་དུ་ཞི་བའི་སྐབས་སུ་བསྟན་པ་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །དེ་ལ་༤༽བདུད་རྩི་སྨན་གྱི་མཆོད་པ་ནི། སྣ་ཚོགས་རོ་ལྡན་གྱི་མཆོད་པ་ཞེས་ཀྱང་བྱ་སྟེ། དེའི་དོན་ཞི་བའི་སྐབས་སུ་བསྟན་པ་བཞིན་ཤེས་པར་བྱས་ནས། མཆོད་པའི་དུས་སུ་ཡང་། དགུ་སྟེ། བདུད་རྩི་ལ་ཡོན་ཏན་བརྗོད་པ་དང་། དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་དབུལ་བ་དང་། བདག་ཉིད་དངོས་གྲུབ་བླངས་པ་དང་། ཀུན་ལ་ཁྱབ་པར་མཆོད་པ་དང་། གཏོར་མའི་མཆོད་པ་དང་། མཆོད་པ་བསྟབ་པ་དང་། བཟའ་བ་དང་། བཏུང་བ་དང་། རྣལ་འབྱོར་བ་ཇི་ལྟ་བུས་མཆོད་པའི་བྱེ་བྲག་ཤེས་པར་བྱའོ། །དང་པོ། དེ་ལ་བདུད་རྩི་ལ་ཡོན་ཏན་བརྗོད་པ་ནི། བདུད་རྩི་རྣམ་པ་ལྔ་རང་བྱུང་གདོང་ནས་དག་པ་ཡིན་པས་མི་གཙང་བར་མི་བལྟ་བ་ཡི། །རྩ་བརྒྱད་སྟོང་ལས་སྦྱོར་བའི་སྨན། བདུད་རྩི་རེ་རེ་ལའང་། སྦས་པ་ཕྱིའི་རྩ་བ་བཞི། མངོན་པ་ནང་གི་རྩ་བ་བཞི་སྟེ་བརྒྱད། དེའི་ཕྲག་ཏུ་ཡན་ལག་སྟོང་དུ་སྦྱོར་ཚུལ་གཞན་དུ་ཤེས་པར་བྱའོ། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །རྡོ་རྗེ་སེམས་དཔའི་དམ་ཚིག་བྱང་སེམས། རྣམ་སྣང་གི་དྲི་ཆེན། རིན་འབྱུང་གི་ཤ་ཆེན། སྣང་མཐའ་རཀྟ། དྲི་ཆུ་དོན་གྲུབ་ཀྱི་བདུད་རྩི་དམ་ཚིག་གོ། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །དྲི་ཆེན་ལ་ཆོས་དབྱིངས་ཡེ་ཤེས་རྫོགས་པས་རྣམ་སྣང་གི་སྒྲུབ་རྫས་ཡིན། བྱང་སེམས་མེ་ལོང་ཡེ་ཤེས། །ཤ་ཆེན་མཉམ་ཉིད། པདྨ་རཀྟ་སོར་རྟོག །དྲི་ཆུ་བྱ་གྲུབ་ཡེ་ཤེས་སོ། །རྒྱུ་དྲུག་སེམས་ཅན་ཀུན་སྒྲོལ་ཕྱིར། །དྲི་ཆེན་གྱིས་གཏི་མུག་བྱོལ་སོང་སྒྲོལ། བྱང་སེམས་ཀྱིས་ཞེ་སྡང་དམྱལ་བ་སྒྲོལ། ཤ་ཆེན་གྱིས་སེར་སྣ་ཡི་དྭགས། རཀྟས་འདོད་ཆགས་མི། དྲི་ཆུས་ང་རྒྱལ་ལྷའམ། དེའི་རིས་གཏོགས་ཕྲག་དོག་ལྷ་མིན་ནོ། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཞེས་དྲི་ཆེན་གྱིས་གཏི་མུག་ཆོས་དབྱིངས་ཡེ་ཤེས་སུ་སེལ། བྱང་སེམས་ཀྱིས་ཞེ་སྡང་མེ་ལོང་ཡེ་ཤེས་སུ་སེལ། ཤ་ཆེན་གྱིས་ང་རྒྱལ་མཉམ་ཉིད་ཡེ་ཤེས་སུ་སེལ། རཀྟས་འདོད་ཆགས་སོར་རྟོག་ཡེ་ཤེས་སུ་སེལ། དྲི་ཆུས་ཕྲག་དོག་བྱ་གྲུབ་ཡེ་ཤེས་སུ་སེལ། ཞེས་གསུངས་སོ། །གཉིས་པ། དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་ནི། དཔལ་ཆེན་རིགས་ལྔ་ཁྲག་འཐུང་ཡབ་ཡུམ་དང་། །ཀེའུ་སེང་སྒོ་མ་དབང་ཕྱུག་འཁོར་བཅས་ལ། །རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ། །ཐུགས་རྗེས་བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །ཚངས་པ་འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏི་ཛ་ཧོཿ ཞེས་རྒྱུད་ལས་གསུངས་སོ། །ཧཱུྃ། ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་འཐུང་ཡབ་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །དགྱེས་ནས་ཐུགས་རྗེས་དབང་དང་དངོས་གྲུབ་སྩོལ། །དཔལ་ཆེན་སྐུ་ལ་གཉིས་མེད་ལྷུན་སྦྱོར་བ། །ཀྲོ་ཏི་ཤྭ་རི་རིགས་ཀྱི་ཡུམ་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །དགྱེས་ནས་ཐུགས་རྗེས་དབང་དང་དངོས་གྲུབ་སྩོལ། །ཧཱུྃ་ཁ་རཾ་ཁ་རཾ་ཁ་རཾ་ཁཱ་ཧི། ཞེས་རྩ་བའི་སྔགས་ཀྱིས་མཆོད་པར་བྱའོ། །མཐིང་ཀ་མཆོག་བསྣམས་རྡོ་རྗེ་གསང་བའི་ཡུམ། །ཀེའུ་རི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ལ། །རྣམ་དག༴ དགྱེས་ནས༴ ཧཱུྃ་ཁ་རཾ་ཁ་རཾ་ཁ་རཾ་ཁཱ་ཧི། སྣ་ཚོགས་མགོ་བརྙན་ཟ་བྱེད་མཆེ་གཤོག་ཅན། །སིདྷ་ལ་སོགས་ཕྲ་མེན་བརྒྱད་རྣམས་ལ། །རྣམ་དག༴ དགྱེས་ནས༴ ཧཱུྃ་ཁ་རཾ༴ སྒོ་བཞིར་རབ་རྔམས་རྡོ་རྗེ་སྲིང་འགྲོ་མ། །གདོང་མོ་འཇིག་རྟེན་རོ་ལངས་ཚོགས་རྣམས་ལ། །རྣམ་དག༴ དགྱེས་ནས༴ ཧཱུྃ་ཁ་རཾ༴ དཔལ་ཆེན་འཁོར་ཚོགས་བཛྲ་ཨ་ར་ལི། །མི་སྲིན་ལ་སོགས་དབང་ཕྱུག་ཚོགས་རྣམས་ལ། །རྣམ་དག༴ དགྱེས་ནས༴ ཧཱུཾ་ཁ་རཾ༴ གཞན་ཡང་༴ ཁ་རཾ་ཞེས་པས་དྲངས་ཏེ། མཁའ་འགྲོ་མ་དང་། གིང་དང་། ལང་ཀ་དང་། མ་བདུན་སྲིང་བཞི་དང་། འབར་མ་དང་། ཕོ་ཉ་དང་། སྲུང་མ་བཞི་དང་ཀུན་དཔལ་ཆེན་པོའི་འཁོར་ཡིན་པས་མཆོད་དོ། །གཞན་ཡང་རིགས་འཛིན་ལ་སོགས་པ་བདུད་རྩི་ཐོབ་པ་ཀུན་ལ་མཆོད་པ་བྱའོ། །གསུམ་པ། དེ་ནས་བདག་ཉིད་དངོས་གྲུབ་བླང་བའི་ཕྱིར། ༀ་ལྟར་དཀར་ལ་འཚེར་བའི་འོད་ཟེར་དང་། །ཨཱཿལྟར་དམར་ལ་དྭངས་པའི་ཡོན་ཏན་གསལ། །ཧཱུྃ་ལྟར་སྣུམ་ལ་འདྲིལ་བའི་བྱིན་རླབས་ཀྱིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ༀ་ཨཱཿཧཱུྃ། ཀཱ་ཡ་སིདྡྷི་ༀ། ཝ་ཀ྄་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། གོང་གི་ཞི་བ་བཞིན་ནོ། །བཞི་པ། དེ་ནས་ཀུན་ལ་ཁྱབ་པར་མཆོད་པ་ཞི་བ་དང་མཐུན་ནོ། །ལྔ་པ། གཏོར་མའི་མཆོད་པ་ནི། ཧཱུྃ། རྨད་དུ་བྱུང་བའི་གཏོར་མ་དང་། །འདོད་པའི་ཡོན་ཏན་རྣམ་ལྔ་པོ། །ཆོས་ཉིད་སྐྱེ་བ་མེད་དབྱིངས་ནས། །ཇི་ལྟར་དམིགས་པ་བཞིན་དུ་འབུལ། །ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན་ས་མ་ཡ་མུ་ཏྲ། ༀ་ཨ་ལ་ཤ་ཨུ་ལི་ཆང་། ཏ་ལི་ཟན། ཏ་པ་ཏི་ཆན་ཁུར་བ་ཚོད་མ་ཤིང་ཐོག་སོགས། དམཥྚ་གུ་ཎ། ཡོན་ཏན་དྲག་པོའི་ཚོགས། རེའུ་ཏྲི། རྣལ་འབྱོར་མའི་ཚོགས། ཁ་རཾ་ཡོ་ག་ནི་ཁ་ཧི་ཧོ། རིགས་ལྔ་ཁྲག་འཐུང་ཡབ་ཡུམ་བཅུ། བཞེས་ཤིག །ཧཱུྃ་ཧ་ཧེ་ཕཊ་བྷྱོ། ཀ་སེང་སྒོ་མ་དབང་ཕྱུག་མ། དྲུག་པ། དེ་ནས་མཆོད་པ་བསྟབ་པ་གང་སྙམ་པ་ལ། བསྟབ་དང་། ཞེས་གསུངས་ཏེ། མཆོད་པ་དེ་དག་བར་མ་དོར་ཆུད་མི་ཟ་ཞིང་། ཡང་ནས་ཡང་དུ་ཞལ་དུ་སྟོབ་པའི་ཕྱིར། རྡོ་རྗེ་གར་གྱི་ཕྱག་རྒྱ་ལས། དུང་ཆེན་པོའི་ཕྱག་རྒྱར་བྱས་ཏེ། རྒྱུད་ལས། ཧཱུྃ། ཧེ་རུ་ཀ་ཡི་གནས་བཅུ་དང་། ཞེས། ལྷའི་སྐད་དུ་གནས་དང་། ལྷ་མིན་སྐད་དུ་ཉེ་བའི་གནས། སྲིན་པོའི་སྐད་དུ་ཡུལ་ནི་རོ་ལངས། དྲི་ཟའི་སྐད་དུ་ཉེ་ཡུལ་རོལ། གྲུལ་བུམ་སྐད་དུ། ཞིང་དང་། གནོད་སྦྱིན་སྐད་དུ། ཉེ་བའི་ཞིང་། ཀླུའི་སྐད་དུ་འདུས། གཤིན་རྗེའི་སྐད་དུ་ཉེ་བའི་འདུས་དང་། མིའམ་ཅིའི་སྐད་དུ་ཚནྡྷོའོ། །ལྟོ་འཕྱེའི་སྐད་དུ་ཉེ་བའི་ཚནྡྷོའོ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཞེས་གོང་ལྟར་དཔལ་ཆེན་ཁྲག་འཐུང་སྤྱན་དྲངས་ཏེ། །དུར་ཁྲོད་ཆེན་པོའི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམ་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་གཤེགས་ནས་མནབས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ །ཨི་དན། དྷཱུ་པ། པུས་པ། དཱི་པ། གནྡྷེ། བ་ལིཾ་ཏ། པྲ་ཏི་ཛ་ཧོ། ཤྲཱི་བན་ཁ་ཁ་ཁཱ་ཧི་ཁཱ་ཧི། ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ། ཨཱ་བེ་ཤ་ཡ། བརྟན་པར་བྱེད། ཨཱ་བེ་ཤ་ཡ། རབ་ཏུ་བརྟན་པར་བྱེད། པྲ་བེ་ཤ་ཡ། དབྱེ་བ། པྲ་བེ་ཤ་ཡ། རབ་ཏུ་བྱེ་བ། པྲ་ཏི་ཛ་ཧོཿ མཆོད་པར་དགྱེས། ཤྲི་བན་ཁཱ་ཧི་ཁཱ་ཧི། གསོལ་གསོལ། ཞེས་བརྗོད་པས། མཆོད་པ་རིལ་དཔལ་ཆེན་པོ་འཁོར་དང་བཅས་པའི་སྐུ་ལ་ཐིམ་ཞིང་ཞལ་དུ་གསོལ་བར་བསྒོམ་མོ། །བདུན་པ། དེ་ནས་བཟའ་བ་གང་སྙམ་པ་ལ། བཟའ་བ་དག །ཅེས་གསུངས་ཏེ། རྣམ་རྟོག་དབྱིངས་ལ་ཐིམ་ཞིང་ཡེ་ཤེས་རོལ་པའི་ཕྱིར་བཟའ་བ་སྟེ། རྒྱུད་ལས། ཧཱུྃ། ང་ནི་ཟ་བྱེད་ཆེན་པོ་སྟེ། ཁམས་གསུམ་མ་ལུས་བསྒྲལ་བར་བྱ། །གདུལ་དཀའ་མ་ལུས་གདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུས྄ཊ྅྅྅ན་ས་མ་ཡ་མུ་ཏ་མ་ར་མ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧྲཱི་ད་ཡ་བི་པ་སྙིང་པོ་འཐུང་། ཧཱུྃ་ཕཊ། ཅེས་བརྗོད་པས། ཞལ་དུ་བསྟབ་པ་དེ་ཉིད། གཙོ་བོ་འཁོར་དང་བཅས་པས་རིམ་པ་བཞིན་དུ་གསོལ་བར་བསྒོམ་མོ། །བརྒྱད་པ། བཟའ་བའི་རྗེས་སུ་བཏུང་བ་སྟེ། ཡང་རྒྱུད་ལས། ཧཱུྃ། ང་ནི་ཁྲག་འཐུང་ཆེན་པོ་སྟེ། །འཁོར་བའི་དྲྭ་བས་བཅིངས་པའི་རྒྱུ། །དམར་ཆེན་བསྐྱིལ་བའི་རྒྱ་མཚོ་ལས། །འཁོར་གྱི་མཁའ་འགྲོའི་ཚོགས་དང་རོལ། །མ་རུངས་འདོད་ལ་མ་ཆགས་ཤིང་། །དམ་ཚིག་ལ་སྡང་དགྲ་ཆེན་རྣམས། །ངོ་ཐོན་སྟོབས་ཀྱིས་བསྒྲལ་བར་བྱའོ། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀཱ་མ་ཧཱ་ས་མ་ཡ། མ་ཧཱ་མཱཾ་ས། ཤ་ཆེན། མ་ཧཱ་རཀྟ། ཁྲག །མ་ཧཱ་ཙིཏྟ། སྙིང་། མ་ཧཱ་ཱབ་སུ་ཏ། རྒྱུ་མ། མ་ཧཱ་པཉྩ། ལྔ། ཨ་མྲྀ་ཏ། བདུད་རྩིའི། མ་ཧཱ་ཱཨརྒྷཾ། མཆོད་པ་ཆེན་པོ། པྲ་ཏི་ཛ་ཧོཿ མཆོད་པས་དགྱེས། ཁ་ཁ་ཁ་ལེ་ལེ་ལེ་ཧཱུྃ་བྷྱོ་ཧཱུྃ་བྷྱོ་ཧཱུྃ་བྷྱོ། ཞེས་བརྗོད་པས། འཁོར་བའི་རྒྱུ་ཁྲག་ལ་སོགས་ཡེ་ཤེས་རོལ་པའི་ཀློང་དུ་ཐིམ་ཞིང་། སྐུ་གསུང་ཐུགས་དགྱེས་པ་བསྐྱེད་དེ་རིལ་སངས་རྒྱས་པར་བསྒོམ་མོ། །དེ་ལ་དག །ཅེས་པའི་དོན་ནི། དེ་དག་གི་མཇུག་སྡུད་པ་སྟེ། སྤྱན་དྲངས་པ་ནས་བཟའ་བཏུང་ཡན་ཆད་ཀྱིས། ཡེ་ཤེས་ཀྱི་དཀྱིལ་འཁོར་མཉེས་པར་བྱེད་པའི་ཡན་ལག་དེ་དག་བྱའོ། །ཞེས་པའི་དོན་ཏོ། །དགུ་པ། དེ་ལ་རྣལ་འབྱོར་ཇི་ལྟ་བུས་མཆོད་པའི་བྱེ་བྲག་ཤེས་པར་བྱ་བ་གང་སྙམ་པ་ལ། ཚུལ་རིག་གོམས་པའི་བློ་དག་གིས། །ཅི་རིགས་སུ་ནི་བརྟག་པར་བྱ། །ཞེས་གསུངས་ཏེ། དེ་ལ་འདིར་རྣལ་འབྱོར་པས། དང་པོ་བླ་མ་མཉེས་པོར་བྱས་ཏེ། ཕྱི་ནང་གསང་བའི་དབང་ཐོབ་པར་བྱས་ནས། དེའི་རྟིང་ཐོགས་སུ་བླ་མའི་ཕྱག་བཞེས་དང་། ཕྲིན་ལས་རིམ་པ་ཡང་དང་ཡང་དུ་མཐོང་ཞིང་། མན་ངག་འཁྱུད་མེད་པར་ཐོབ་པར་བྱས་ནས། ཐོས་བསམ་བསྒོམ་པ་གསུམ་ལ་སྦྱོར་ཏེ། རང་གིས་བསྒྲུབ་པ་ཉམས་བག་ཏུ་བླངས་པ་དང་། གདེངས་སུ་གྱུར་བའི་དུས་སུ་སྒྲུབ་པ་པོ་ཟབ་མོའི་དོན་སྣོད་ཚུལ་རིག་ཅིང་། བསྒྲུབ་པ་ལ་གོམས་པའི་རྟགས་སུ་ཕྲིན་ལས་ལ་ཕྱོགས་ཆ་མེད་པ་དང་ཐོགས་པ་མེད་པར་ཤེས་པའི་གོམས་པ་ཀློང་དུ་གྱུར་པ། ཤེས་རབ་ཀྱི་བློ་དང་ལྡན་པ་དག་གིས། བསྙེན་བསྒྲུབ་ཀྱི་རིམ་པ་དང་། ཕྲིན་ལས་ཀྱི་ཆོ་ག་རྒྱས་འབྲིང་ཐམས་ཅད། རྒྱུད་དང་། ལུང་དང་། མན་ངག་ལས་ཇི་སྐད་དུ་གསུངས་པ་མཐའ་དག་ལ། སྐབས་གང་དང་གང་དུ་ཅི་དང་ཅི་རིགས་པར་རང་གི་བློས་སུ་བརྟག་པར་བྱ་སྟེ། དེ་ཡང་བསྙེན་པ་ལ་ཞི་བའི་གཞུང་བསྲང་ནས། བསྒྲུབ་པ་ལ་ཁྲོ་བོའི་གཞུང་བསྲང་བ་སྤྱིར་མཐུན་ལ། མཚམས་སྦྱོར་གྱི་མན་ངག་ཤེས་པར་བྱ་བ་ལ་གསུམ་སྟེ། ཞི་བའི་དཀྱིལ་འཁོར་བསྡུས་ནས་ཆོས་སྐུ་ཐིག་ལེ་ཉིད་ནས་བཟུང་སྟེ། ཏིང་ངེ་འཛིན་རྣམ་པ་གསུམ་ནས་ཞུགས་ཏེ། ཁྲོ་བོའི་ཆོ་ག་གཞུང་བསྲང་བ་དང་། ཞི་བའི་དཀྱིལ་འཁོར་ལས་ཁྲོ་བོར་སྐད་ཅིག་མས་བསྒྱུར་བ་དང་། ཞི་བ་ལས་ཁྲོ་བོར་རིམ་གྱིས་བསྒྱུར་བར་བྱ་བའོ། །ཁྲོ་བོའི་ཆོ་ག་རྫོགས་པའི་སྐབས་སུ། བསྟོད་པ་རྒྱས་བསྡུས་འབྲིང་དང་། སྨོན་ལམ་རྒྱས་འབྲིང་ཡང་ལུང་དང་མན་ངག་ལས་གྲགས་པ་བཞིན་བྱ་བ་དང་། དེའི་རྟིང་ཐོགས་སུ་འཛབ་དང་བསྙེན་པ་དབུལ་བ་དང་། དེའི་རྟིང་ཐོགས་སུ་མཆོད་པ་བྱ་བ་ལ་ལུགས་གཉིས་ཏེ། རེས་འགའ་ཚོགས་གཏོར་གྱི་མཆོད་པ་འོང་ལ། རེས་འགའ་སྦྱོར་སྒྲོལ་གྱི་མཆོད་པ་འོང་། རེས་འགའ་ཚོགས་གཏོར་འོང་། དེའི་རྟིང་ལ་བཟླས་པ། དེ་ནས་སྦྱོར་སྒྲོལ་འོང་། བར་དུ་ཉམས་ལེན་མ་བཟློག་པ་དང་། འབྱུང་པོ་མནན་པ་དང་། བསྐངས་ཤིང་བཤགས་པ་དང་། བྲོ་ལ་སོགས་པའི་ཕྲིན་ལས་ཀུན་ལ། ལྟ་བས་ཟིན་པར་བྱས་ཏེ། ལས་གནས་སྐབས་སུ་བྱ་བ་ནི། རྣལ་འབྱོར་པ་གོམས་པའི་ཤུགས་ཅན་གྱིས་ཅི་རིགས་སུ་ནི་བརྟག་པར་བྱའོ། །ཞེས་པའི་དོན་ཏོ། ༣༽ །དེ་ལ་བསྙེན་པ་དབུལ་པའི་ཕྲིན་ལས་ལ་བཞི་སྟེ། དབང་གང་ཐོབ་པར་བྱ་བ་དང་། མན་ངག་བསྟན་པ་དང་། རྣལ་འབྱོར་དུ་བྱ་བའི་ཐབས་དང་། ལུང་ཇི་ལྟར་བསྙེན་བསྒྲུབ་བྱ་བའོ། ༡༽ །དེ་ལ་དབང་གང་ཐོབ་པར་བྱ་སྙམ་པ་ལ། བསྙེན་པར་གནང་བའི་དབང་ཐོབ་ནས། །ཞེས་གསུངས་ཏེ། དོན་གྱི་བསྙེན་པ་དང་། ལས་ཀྱི་བསྙེན་པ་གཉིས་ལ་འཇུག་པར་འདོད་པས། བསྙེན་ཅིང་བསྒྲུབ་པར་གནང་བའི་དབང་དང་། ཁྱད་པར་དུ་ཡང་གསང་བའི་དབང་དང་། མཐར་ཐུག་པའི་དབང་དང་། མཐའ་མར་བླ་མའི་ཞལ་དབང་ཡན་ཆད་གོང་དུ་བསྟན་པ་བཞིན། སློབ་མ་དང་སྒྲུབ་པ་པོ་ཀུན་གྱིས་ཐོབ་པར་བྱས་ནས། ཞེས་བྱའོ། ༢༽ །མན་ངག་བསྟན་པ་གང་སྙམ་པ་ལ། བསྒོམ་དབྱངས་ཡི་གེ་འབྲུ་བརྒྱད་བསྟན། །ཞེས་གསུངས་ཏེ། འདི་ལ་དོན་གསུམ་སྟེ། བསྒོམ་པའི་ཐབས་དང། དབྱངས་ཀྱི་རིམ་པ་དང་། འབྲུ་བརྒྱད་ཀྱི་དོན་བསྟན་པའོ། ༡༽ །དེ་ལ། བསྒོམ་པའི་མཐར་ཐུག་པ་ཡི་དབང་། །ཞེས་བྱ་སྟེ། བསླབ་པའི་ཐབས་དང་། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་། །ཞེས་བྱ་སྟེ། བསམ་རྒྱུད་བསྟན་པའོ། །དེ་ལ། བསྒོམ། ཞེས་པ། ངག་དོན་དུ་གཉིས། མཚན་མེད་དང་། མཚན་བཅས་སོ། །དང་པོ། བསླབ་པའི་དུས་སུ་མཚན་མེད་ཀྱི་བསྒོམ་པ་ནི། མན་ངག་གིས། ཧ་རེ། ཙན་ནེ། ས་ལེ། ཡལ་ལེ། ཡུལ་ལ་མི་བརྟག །མ་གཡོས། མ་བསླད་པ་ལ་ཐུན་མཚམས་སུ་བཟུང་ངོ་། །ཟིམ་མེ། རིབ་བེ། མེ་རེ། ལྟེམ་མེ། མཚན་མར་མི་གཟུང་། མ་གཡོས་མ་བསླད་པ་ལ་ཐུན་མཚམས་སུ་བཟུང་ངོ་། །བསྒོམ་པ་ཆགས་ཤིང་བརྟན་པར་གྱུར་པ་དང་། གཟུང་འཛིན་མཐའ་གྲོལ་གྱི་མན་ངག །མ་གཡོས། མ་བསླད། མ་ཡེངས། ཁྲོམ་ཐུབ་པར་གྱུར་པ་ནི། གདེང་དུ་གྱུར་པ་ཞེས་བྱ་སྟེ། རྟགས་སུ་བླང་དོར་དང་བྲ་བའོ། །དེ་ཡང་ནམ་མཁའ་ཆེ་ལས། མི་གཡོ་བ་ནི་སྐུ་ཡི་རྒྱ། །མི་བསྐྱོད་པ་ནི་ཡེ་ཤེས་ཏེ། །མི་ལེན་པས་ན་བདག་མེད་ཅིང་། །མི་འདོར་ཚིག་བྲལ་མཉམ་ཉིད་དོ། །ཞེས་གསུངས་ཏེ། ཡང་། མི་གསུང་མཉམ་བཞག་སྔགས་ཚིག་གོ། །ཞེས་གསུངས་པས་དོན་མཉམ་པ་ཉིད་ལ་བཞག་གོ། །དེ་ལ་༢༽ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བའི་དུས་སུ། བསམ་རྒྱུད་བསྟན་པ་ནི། མཚན་བཅས་ཀྱི་བསྒོམ་པ་ལ་གཉིས་ཏེ། སྣ་རྩེར་སེམས་བཟུང་ཞིང་ཐག་བཅད་པ་དང་། སྐུ་གསུང་ཐུགས་ཕྱག་རྒྱའི་དཀྱིིལ་འཁོར་ལ་དངོས་གྲུབ་བསྒྲུབ་པའོ། །སྣ་རྩེར་༡སེམས་བཟུང་ཞིང་ཐག་བཅད་པ་ལ་གསུམ་སྟེ། སེམས་ཉིད་སྣ་རྩེར་ཐིག་ལེ་ལ་སེམས་བཟུང་ཞིང་ཐག་བཅད་པ་དང་། ཆགས་ལམ་གྱི་གདམས་ངག །གསང་བའི་སྣ་རྩེར་བྱང་ཆུབ་སེམས་ལ་བཟུང་ཞིང་ཐག་བཅད་པ་དང་། རླུང་བཟུང་བས། རྣམ་ཤེས་སྣ་རྩེར་དབུགས་ལ་སེམས་བཟུང་ཞིང་ཐག་བཅད་པ་སྟེ། དེ་ཡང་རྒྱུད་ལས། སྣ་རྩེ་གསུམ་ལ་བརྟག་བྱས་ཤིང་། །ཉམས་ཀྱི་ཏིང་འཛིན་དེ་རུ་སད། །ཅེས་གསུངས་པས། བླ་མའི་གདམས་ངག་ངོ་སྤྲོད་ལས་ཤེས་པར་བྱའོ། །དེ་ལ་སྐུ་༢༽གསུང་ཐུགས་ཕྱག་རྒྱའི་དཀྱིལ་འཁོར་ལ་དངོས་གྲུབ་སྒྲུབ་པ་ནི། དོན་མན་ངག་གི་བསྒྲུབ་པ། ཞེས་བྱ་སྟེ། ཆོས་ཉིད་སྐྱེ་བ་མེད་པའི་རང་བཞིན་པས། སྐྱེ་བའི་ཆོ་འཕྲུལ་དུ་དཔལ་ཆེན་པོ་འཁོར་དང་བཅས་པའི་བསྒོམ་པ་ཡང་། དམིགས་ཀྱི་རྟེན། ཐང་སྐུའམ་བླུགས་མ་སོགས། མངོན་པར་བཞག་པ་ལ། ལེགས་པར་བརྟག་ཅིང་དེ་ལ་བསླབ་སྟེ། སེམས་ལ་གོམས་པ་ལང་བ་དེ་དང་འདྲ་བར་བསྒོམ་སྟེ། དེ་ཡང་ཆོས་ཉིད་ཀྱི་མ་ལ་རིལ་གྱིས་བསྐྱེད་པའི་ཏིང་ངེ་འཛིན་གྱིས། དབལ་ཆེན་པོའི་ཡེ་ཤེས་ཀྱི་སྐུར་གསལ་བ་དང་། ཟག་པ་དང་བཅས་པའི་ཕུང་པོ་ཟག་པ་མེད་པའི་ལྷར་ཤེས་ཏེ། གསང་བའི་ཡུམ་དང་གཉིས་སུ་མེད་པའི་བྱིན་གྱིས་བརླབས་ལས། གསང་བའི་ས་བོན་དང་། ཡེ་ཤེས་ཀྱི་ས་བོན་གཉིས་སུ་མེད་པ་ལས། དཀྱིལ་འཁོར་གྱི་ལྷ་རྒྱས་འབྲིང་བསྐྱེད་དེ་གསལ་བ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་ཐིམ་པར་བྱས་ལ་ཤིན་ཏུ་གསལ་བར་བྱས་ཏེ། གོང་དུ་རི་མོ་ལ་བརྟག་པ་དང་གཉིས་ཁྱད་པར་མ་བྱུང་ན་གདེང་དུ་གྱུར་པ་ཡིན་ཏེ། བཟླས་པ་ལ་འཇུག་པར་བྱའོ། །དེ་ཡང་བཟླས་པ་ལ་འཇུག་དུས་སུ་བསྒོམ་པར་བྱ་བ་ནི། ཐུགས་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་། སྨུག་ནག་ཟླ་གམ་སྒོ་གཅིག་པའི་ནང་དུ། ཡེ་ཤེས་ལྔའི་གཟུགས་བརྙན་གསལ་བར་བསྒོམ་སྟེ། དང་པོ་ཉི་མའི་དཀྱིལ་འཁོར་རྒྱ་ལོང་བཟུར་བ་ཙམ་གྱི་སྟེང་དུ། ཡེ་ཤེས་སེམས་དཔའི་སྐུ་དམོག་དམར་སྨུག་སྐུ་ཚོན་གང་བ་ཞིག་གསལ་བར་བསྒོམ་མོ། །དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྲན་ཆུང་ཟླུམ་པ་ཙམ་གྱི་སྟེང་དུ། རིན་པོ་ཆེ་ཟུར་བརྒྱད་པ་སུལ་གསུམ་ཤུའུ་ཁ་གཅིག་གསལ་ལོ། །དེའི་དབུས་སུ་རྡོ་རྗེ་མཐིང་ཀ་ནས་ཙམ་ཞིག །རིན་པོ་ཆེ་ལ་ཕྱེད་ནུབ་ཙམ་དུ་གསལ་བའི་རྡོ་རྗེའི་ཆང་བཟུང་གི་བུམ་པ་ཉི་མར་གསལ་བའི་དབུས་སུ་ཧཱུྃ་ཉུངས་འབྲུ་ཙམ་ཞིག་གསལ་བར་བསྒོམ་མོ། །རིན་པོ་ཆེ་ཟུར་བརྒྱད་ཀྱི་སྟེང་ནས་ཚུར་ལ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བྱ་བ་ལ། ཉུངས་ཀར་ཕྱེས་ཙམ་ལ། ཁ་དོག་ལྗང་དམར་རམ། ཁ་དོག་སོ་སོའི་བྱེ་བྲག་གིས་བསྒོམ་མོ། །དེ་ནས་ལྕེ་རྩ་བ་རྡོ་རྗེ་རྩེ་གསུམ་པ། རྩེ་མོ་པདྨ་འདབ་མ་བཞི་པར་གྱུར་པའི་གེ་སར་ལ་ཡང་། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལ་གསང་བའི་ཡུམ་བཞིས་བསྐོར་བར་བསྒོམ་མོ། །དེའི་ལྗགས་པདྨ་འདབ་མ་བརྒྱད་པ་གྱུར་པའི་གེ་སར་ལ་ཧཱུྃ། འདབ་མ་བརྒྱད་ལ་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བར་བསྒོམ་མོ། །དེ་ལྟར་གསལ་བ་དང་། བདག་གིས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མན་དྷ་ལ་བྷྲཱུྃ། ཞེས་པ་དང་། ཧཱུྃ་ཧ་ཧེ་ཕཊ་བྷྱོ། ཞེས་བརྗོད་པས། ལྷུན་གྱིས་གྲུབ་པའི་གནས་ནས་སྤྱན་དྲངས་པའི་ཡེ་ཤེས་ཀྱི་ཧེ་རུ་ཀ་འཁོར་དང་བཅས་པ་སྤྲིན་ལས་སྤྲིན་བྱེ་བའམ། མར་མེ་གཅིག་ལས་གཉིས་སུ་ཕྱེ་བའི་ཚུལ་དུ་བྱས་ལ། དཀྱིལ་འཁོར་གཉིས་ཀྱི་ཚུལ་བཟུང་བ་སྟེ། དེ་དག་གི་ཐུགས་ཀ་དང་ལྗགས་སྟེང་དུ་ཡང་། ཡི་གེ་ཕྲེང་བའི་ཚོགས་གོང་ལྟར་བསྒོམ་མོ། ༼༢ །དེ་ལ་དབྱངས་ཀྱི་རིམ་པ་བསྟན་པ་ལ་དྲུག་སྟེ། དེ་ཡང་ཧེ་རུ་ཀའི་གལ་པོ་རུ་ལུ་སྤྲོས་པའི་ལེའུ་ལས། དབྱངས་དྲུག་བླངས་པས་དོན་དྲུག་འགྲུབ། །བྲེང་བ་ཞེས་ཀྱང་འབྱུང་། སྔགས་ཀྱི་ཡི་གེ་སྒྲ་སྒྲོག་པས། །དེས་ནི་དཀྱིལ་འཁོར་ལྷ་རྣམས་བསྐྱེད། །ཟབ་ཅིང་འབྲུང་ལྟར་སྒྲ་སྒྲོགས་པས། །གཏུམ་པོ་གདུག་པར་ལྷ་ཉེར་འགྱུར། །ཅང་ཀ་དེའུ། ཁུར་བ་དབུགས་ཀྱི་རླུང་འབྱིན་པས། །ཁྲོ་བོ་ཁྲོ་མོའི་སྤྲུལ་པ་འགྱེད། །ཤ་ཏ་པ་། རྡོ་རྗེ་སྲིན་པོའི་ངུར་སྐད་ཀྱིས། །གདུག་པ་ཐམས་ཅད་སྤ་ཡང་བཀོད། པང་ཀ་དེའུ། མཁུན་ཅི་གདུང་བའི་སྒྲ་ཡང་འབྱིན། །གནོད་སྦྱིན་མ་ལུས་རྡུལ་དུ་རློག །དུང་ངེ་བ། ཚངས་པ་དབྱངས་ཀྱི་འདྲེན་ཚུལ་གྱིས། །འཁོར་རྣམས་ཐམས་ཅད་དབང་དུ་སྡུད། །ཅེས་གསུངས་ཏེ། དེ་ལ། རེ་རེ་ལའང་གསུམ་གསུམ་སྟེ། བླངས་ཐབས། དཔེ། ཡོན་ཏན་ནོ། །སྔགས་ཀྱི་ཡི་གེ་སྒྲ་སྒྲོགས་པའི་དབྱིངས་༡༽ནི། བླངས་ཐབས། ངག་མི་འགྱུར། མི་དལ། ཧ་ཅང་སྒྲ་ཆེ་བ་ཡང་མ་ཡིན། ཆུང་བ་ཡང་མ་ཡིན། ངག་ཞན་དུ་སྨྲ་ཞིང་གཡེང་བ་ཡང་མ་ཡིན་ཏེ། གུག་སྐྱེད་དང་། ཀླད་ཀོར། ཚེག་བར་མ་ཉམས་པར་བཟླས་ཏེ། ཧཱུྃ་ཧ་ཧེ་ཕཊ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པའམ། ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་ཏི་ཤྭ་རི་སྟྭཾ། ༀ་རུ་ལུ་རུ་ལུ་ཧཱུྃ་བྱོ་ཧཱུྃ། བཛྲ་ཀེའུ་རི་ཧ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བྱ་བ་ལ་སོགས་པ་སྔགས་ཚང་བར། བརྗོད་པའི་ཚེ། དཀྱིལ་འཁོར་གྱི་ལྷ་རྣམས་རྫོགས་པའི་ཚུལ་དུ་བསྐྱེད་པ་སྟེ། གཙོ་གཟུངས་འཁོར་དང་བཅས་པ་ཤིན་ཏུ་ཡང་གསལ་བར་བསྒོམ་མོ། །དཔེ་འབྲུག་གི་སྒྲ་ལྟར་ཟབ་པའི་དབྱངས་༢༽ནི། སྐད་འབྲུག་ལྟར་དྲག་ལ་མྱུར་བའི་གདངས་ཀྱིས་སྟོང་ཁམས་གང་བའི་སྒྲ་སྒྲོགས་པ་སྟེ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། མ་ཧཱ་ཙཎྜ་སརྦ་དུས྄ཊ྅྅྅ན་ཕཊ། གཏུམ་པོ་སྡང་བ། ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ་ཕཊ་ཕཊ། ཅེས་བཟླས་པའི་ཚེ། ཡོན་ཏན་ནི། གང་གདུག་པ་ཆེ་ཞིང་གཏུམ་ཁྲོ་ཆེ་བ་རྣམས་ཟིལ་གྱིས་མནན་ཅིང་ལྷན་ནེར་འགྱུར་རོ། །ཁུར་བ་དབུགས་ཀྱི་རླུང་འབྱིན་པའི་དབྱངས་༣༽ནི། ལྕེ་ཡ་རྐན་ལ་གཏད་ལ། དབུགས་སྣ་བུག་ཏུ་ཕྱུང་སྟེ། བུང་བའི་སྐད་ལྟར་རྒྱུན་རིང་བར་བྱས་ལ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པའི་ཚེ། ཤངས་རྡོ་རྗེའི་རླུང་སྒྲོམ་ནས། ཁྲོ་བོའི་སྤྲུལ་པ་རྡུལ་སྙེད་ཐོན་པས། གང་འདུལ་བར་བྱ་བ་དབང་དུ་བསྡུས་ཤིང་རྡུལ་དུ་བརླག་པར་བསྒོམ་མོ། །རྡོ་རྗེ་སྲིན་པོའི་ངུར་སྒྲའི་དབྱངས་༤༽ ནི། མཆུ་བཙུམ་སྟེ་བུང་བ་རྫ་མར་བཅུག་པ་བཞིན་དུ། སྐད་གདངས་ཆེ་ལ་འབྲུ་མི་གསལ་བར་བྱས་ཏེ། སྲིན་པོ་ཁྲོས་པའི་ངུར་སྒྲ་ཆེ་བས། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བྱ་བ་བརྗོད་པའི་ཚེ། ཐུགས་རྗེ་ཆེ་ལ་ཐབས་མཁས་པའི་མཛད་སྤྱོད་ཀྱིས། རྡོ་རྗེ་སྲིན་པོའི་ཆ་ལུགས་སུ་བསྒོམ་སྟེ་བཟླས་པས། དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཁྱོ་ཤུག་ལ་སོགས་པས། འཇིགས་བྱེད་ཆེན་པོའི་ཆ་ལུགས་སུ་མཐོང་ཞིང་། གོ་བ་མེད་པའི་སྒྲས་གདུག་པ་ཅན་གྱི་ཚོགས་ཐམས་ཅད་དབང་དུ་བསྡུས་ནས། སྤ་བཀོང་སྟེ་བཞི་པར་བསྒོམ་མོ། །མཁུན་ཅིང་གདུང་བའི་སྒྲ་འབྱིན་པའི་དབྱངས་༥༽ནི། དཔེར་ན་རྔ་མོ་བུ་སྟོར་བ་ལྟ་བྱ་བ་སྟེ། བཅོམ་ཆུང་ལ་མཆུ་བཙུམ་པ་སྟེ། ལྕེ་ཡ་རྐན་ལ་གཏད་ནས་བཟླས་བརྗོད་བསྲིང་ལ་བྱ་སྟེ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བྱ་བ། མཁུན་ཅིང་གདུང་བའི་དབྱངས་སུ་བླངས་པའི་ཚེ། སྔོན་ཚངས་པ་དུང་གི་ཐོར་ཚུགས་ཅན་དང་། གནོད་སྦྱིན་རྒོད་མ་ཁ་གཉིས་བཏུལ་ཏེ་རྡུལ་དུ་བརླག་པ་དེ་བཞིན་དུ། གང་གནོད་པར་བྱེད་པ་རྣམས་ཐལ་བར་བརླག་ཅིང་རྡུལ་དུ་གྱུར་པར་བསྒོམ་མོ། །ཚངས་པ་༦༽དབྱངས་ཀྱི་འདྲེན་ཚུལ་ནི། སྐད་སྙན་ཅིང་ཕྲ་ལ་དཀྱུས་རིངས་པ་འདྲིལ་ཁུགས་ཀྱི་དེའུ་དང་བཅས་པ་སོ་བསྡོམས་ནས་ལེན་པ་སྟེ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པའི་ཚེ། སྔོན་དཔལ་ཆེན་པོས་རུ་ཏྲ་བསྒྲལ་ཏེ་དེའི་འཁོར་མ་མོ་དང་མཁའ་འགྲོ་དང་ཕོ་ཉ་དང་ཡང་བྲན་ལ་སོགས་པ་རྣམས་དབང་དུ་བསྡུས་པ་དེ་བཞིན་དུ། ད་ལྟར་ཡང་བདག་གིས་དབང་དུ་བསྡུ་བར་བསྒོམ་མོ། །དབྱངས་དྲུག་པོ་དེ་ནི། ཕྲིན་ལས་རྣམ་པ་བཞི་དང་སྦྱར་ཏེ། ཡང་། རྒྱུད་ལས་ཀྱང་། རྡོ་རྗེ་དབྱངས་ཀྱི་རྗེས་འགྲོ་བར། དེར་ནི་ཏིང་འཛིན་རབ་ཏུ་འཕྲོ། །ཞེས་གསུངས་སོ། །དེ་ལྟར་བཟླས་པའི་ཚུལ་དེ་ཡང་། མན་ངག་གིས་དུས་བཞིར་རིག་པར་བྱ་སྟེ། ཡིད་ལ་བརྗོད་པ་དང་། གཤིབ་བུར་བརྗོད་པ་དང་། དབྱངས་སུ་བརྗོད་པ་དང་། དྲག་པོར་བརྗོད་པ་སྟེ། དེ་ལ་ཡིད་ལ་བརྗོད་པ་ནི། རྟག་ཏུ་སྟེ། དེ་ཡང་རྒྱུད་ལས། ཏིང་འཛིན་བསྒྲུབ་པའི་སྙིང་ལ་གནས། །ཡིད་ལ་བསམ་པའི་ཆོ་ག་ཡིས། །ཡིད་ལ་གང་འདོད་འགྲུབ་པར་འགྱུར། །དེ་ཕྱིར་སྙིང་པོ་ཡིད་ལ་བརྗོད། །ཅེས་གསུངས་སོ། །གཤིབ་བུར་བརྗོད་པ་ནི། བསྙེན་པའི་དུས་ཏེ། དེ་ཡང་རྒྱུད་ལས། བསྙེན་པ་མ་ཐོན་བར་དག་ཏུ། །མི་ཡེངས་འཛབ་ནི་ཤིབ་ཤིབ་བཟླས། །བར་བར་བསྟོད་དང་མཆོད་པ་བྱ། །ཞེས་གསུངས་སོ། །དབྱངས་སུ་བརྗོད་པ་ནི། བསྒྲུབ་པའི་དུས་ཏེ། གོང་དུ་བསྟན་པ་ལྟར་རིག་པར་བྱའོ། །དྲག་ཏུ་བརྗོད་པ་ནི། ལས་ལ་སྦྱར་བའི་དུས་ཏེ། དེ་ཡང་རྒྱུད་ལས། རྡོ་རྗེ་དྲག་པོ་གད་མོ་ཆེ། །ཁུར་བ་དབུགས་ཀྱི་རླུང་འབྱིན་ཅིང་། །འབྲུག་གི་སྒྲ་ལྟར་ཟབ་པ་ཡིས། །ཕྱག་རྒྱ་འདི་ཡི་རྣལ་འབྱོར་པས། ཁམས་གསུམ་དག་ཀྱང་རྒྱས་འདེབས་ཤིང་། །ཐར་བར་བྱེད་ཅིང་གསོད་པར་བྱེད། །ཤི་བའང་མོད་ལ་འཚོ་བྱར་བྱེད། །ཅེས་གསུངས་སོ། ༼༣ །འབྲུ་བརྒྱད་ཀྱི་དོན་བསྟན་པ་ལ་གཉིས་ཏེ། རུ་ལུ་ཡོན་ཏན་དུ་ཤེས་པ་དང་། རུ་ལུ་བྱེ་བྲག་ཏུ་ཤེས་པའོ། །དེ་ལ་རུ་ལུ་ཡོན་ཏན་དུ་ཤེས་༡༽པ་ལ་བཞི་སྟེ། ༀ་རུ་ལུ་འདི་ནི་ཡ་མཚན་ཆེ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་རུ་ལུ་འདི་ནི་རྟོགས་པ་སྐྱེ། །ༀ་རུ་ལུ་རུ་ལུ་བྷྱོ་ཧཱུྃ། ༀ་རུ་ལུ་འདི་ནི་སྒྲིབ་པ་སྤོང་། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་རུ་ལུ་འདི་ནི་དངོས་གྲུབ་ཐོབ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་ཧེ་རུ་ཀའི་ཏནྟྲ་ལས་གསུངས་ཏེ། དེ་ལ་༡༽ཡ་མཚན་ཆེ་བ་ནི། སྔོན་སྔགས་སྤྱད་ཉེས་པས། ལས་ཀྱི་རུ་ཏྲ་མ་རུངས་པར་གྱུར་པ་སྟེ། རང་གི་ནུས་པ་ལ་ང་རྒྱལ་ཞིང་། གཞན་ལ་གནོད་སྦྱོར་བྱེད་པའི་ཚེ། རོ་ཏ་མ་ཏ་སྨྲ་ར་ར་ཏ། ཞེས་པས་འཁོར་དབང་དུ་བསྡུ་བ་དང་། མ་ཧཱ་རུ་ལུ་མ་མ་རཀྴ་མ་མ་བྷྱོ། ཞེས་བྱ་བ་རང་དང་འཁོར་དུ་བཅས་པའི་སྙིང་པོ་བཟླས་པ་ལས། རིལ་དབང་དུ་སྡུད་ཅིང་ཧག་དངངས་པ་ལས། དཔལ་ཆེན་པོས་རུ་ཏྲ་བསྒྲལ་ཏེ་རུ་ཏྲའི་སྙིང་པོ་འཕྲོགས་ཏེ། ཡེ་ཤེས་ཀྱི་སྙིང་པོ་བྱིན་གྱིས་བརླབས། ལག་ཆ་ཁ་ཊྭཱྃ་ཁ་འཕྲོགས་ཏེ་རྡོ་རྗེ་ཁ་ཊྭཱྃ་ཁར་བྱིན་གྱིས་བརླབས། ཁོག་སྦུབས་འཕྲོགས་ཏེ་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས། ཤ་ཁྲག་ལ་སོགས་པ་བདུད་རྩིར་བྱིན་གྱིས་བརླབས། གདུག་པའི་དཔལ་བསྟན་པ་བསྲུང་བའི་རྫས་སུ་བྱིན་གྱིས་བརླབས། ཁོའི་ཤེས་པའི་རྒྱུད་བསྟན་པ་བསྲུང་བའི་སྲུང་མར་མགོན་པོ་མ་ཧཱ་ཀཱ་ལ་བྱིན་གྱིས་བརླབས། རུ་ཏྲའི་ནང་གི་འཁོར་ཡེ་ཤེས་ཀྱི་མཁའ་འགྲོ་མར་ཀེའུ་སེང་དུ་བྱིན་གྱིས་བརླབས། ཕྱིའི་འཁོར་དབང་ཕྱུག་མ་མ་དང་སྲིང་མོ་དང་མཛའ་མོ་དང་བྲན་མོར་བྱིན་གྱིས་བརླབས་ཏེ། དམ་ཚིག་གི་བྱ་ར་ལ་བཞག །དེ་ལྟར་བྱས་པ་ཡང་རུ་ལུ་འབྲུ་བརྒྱད་ཀྱིས་གྲུབ་པ་ཡིན་ཏེ། དེ་ཡང་ཐུགས་ཞི་བའི་ངང་ལས་མ་གཡོས་ཀྱང་། སྐུ་འབར་བའི་ཆ་ལུགས་སུ་ཕྱུང་ནས་དོན་གྲུབ་པ་འདི་ནི་ཡ་མཚན་ཆེ་བར་སྔགས་ཀྱི་མཐུའོ། །རྟོགས་པ་༢༽སྐྱེ་བ་ནི། མཚན་མ་ཅན་གྱི་སྐུར་བསྒོམས་ནས་སྔགས་མཚན་མ་ཅན་བཟླས་པས། དོན་ཆོས་ཉིད་སྐྱེ་བ་མེད་པའི་དོན་ཡང་འདིས་སྐྱེ་བར་བྱེད་པ་ཡིན་པས། རྟོགས་པ་སྐྱེ་བར་བྱེད་པ་ཡང་སྔགས་ཀྱི་མཐུའོ། །སྒྲིབ་པ་༣༽སྦྱོང་བ་ནི། ལྷ་བསྒོམ་ཤིང་སྔགས་བཟླས་པའི་མཐུས་ནི། ཉོན་མོངས་པ་དང་ཤེས་བྱས་བསྡུས་པའི་སྒྲིབ་པ་ཚེ་འདི་ཉིད་ལ་སྦྱོང་བར་བྱེད་པ་ཡིན་ནོ། །དངོས་གྲུབ་༤༽ཐོབ་པ་ནི། ལུང་འདི་ཉིད་ལས་བྱུང་བ་བཞིན་དུ་བྱས་ཏེ་བཟླས་པས། རབ་ཀྱིས་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་དངོས་གྲུབ་ཐོབ་ལ། འབྲིང་གིས་མངོན་པར་ཤེས་པ་ལྔའི་ལྷའི་མིག་དང་རྣ་བའི་མངོན་ཤེས། སྔོན་གྱི་གནས་ཤེས་པ། ཕ་རོལ་གྱི་སེམས་ཤེས་པ། འཆི་འཕོ་བ་དང་སྐྱེ་བ་ཤེས་པ། རྫུ་འཕྲུལ་གྱི་མངོན་ཤེས་ཏེ། དངོས་གྲུབ་ཐོབ། ཐ་མས་ཀྱང་མཁའ་འགྲོ་མ་རྣམས་དབང་དུ་འདུ་ཞིང་ལས་རྣམ་པ་བཞིའི་ཞི་རྒྱས་དབང་དྲག་དངོས་གྲུབ་ཐོབ་བོ། །དེ་ཡང་རྒྱུད་ལས། སྔགས་ཀྱི་ལྷ་ནི་མཐུ་བྱིན་ཆེ། །བཟླས་པའི་ཡོན་ཏན་བཞི་དང་ལྡན། །ཞེས་གསུངས་སོ། ༢༽ །དེ་ལ་རུ་ལུ་བྱེ་བྲག་ཏུ་ཤེས་པ་ལ་བརྒྱད་དེ། དཀྱིལ་འཁོར་དུ་ཤེས་པ་དང་། ལྷར་ཤེས་པ་དང་། བཟླས་བརྗོད་དུ་ཤེས་པ་དང་། ཕྲིན་ལས་སུ་ཤེས་པ་དང་། མཆོད་པར་ཤེས་པ་དང་། བཤགས་པར་ཤེས་པ་དང་། དངོས་གྲུབ་ཏུ་ཤེས་པ་དང་། ཆོས་ཉིད་དུ་ཤེས་པའོ། ༡༽ །དེ་ལ་དཀྱིལ་འཁོར་ལ་གསུམ་སྟེ། ཕྱི་ནང་གསང་བ་གསུམ་མོ། །ཕྱི་༡༽ སྣོད་ཀྱི་འཇིག་རྟེན་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་དུ་གསལ་གདབ་པ་ནི། ཧཱུྃ། དབང་ཆེན་ཡུམ་ལྔ་འདུས་པའི་མཁའ་དབྱིངས་སུ། །སྲིན་པོ་མ་ཏྲཾ་བསྒྲལ་བའི་ཁོག་པ་ལ། །བྷནྡྷ་ཚར་གསུམ་བརྩེགས་པའི་རྩིག་པ་བྱས། །རཀྟའི་སྤྱི་སྦྱར་གནམ་ལྕགས་གཟེར་ཆེན་བཏབ། །ཡོན་ཏན་ཆེ་རྒྱས་གྲུ་བཞི་མཆོད་རྟེན་ཚུལ། །ཟླ་གམ་དབང་ཆེན་སྨུག་ནག་འབར་བ་ལ། །ཀ་བ་མཆོག་བརྒྱད་ལྡན་པའི་རེའུ་ཚེ་དགུ། །ཚངས་པའི་གདུང་བཞི་མཆོག་ཆེན་ཀ་བ་དང་། །ཉི་ཟླ་ཀ་གཞུ་ཕག་གི་ཀ་གདན་དང་། །སྦྲུལ་གྱི་སྐྱེས་བུ་ཀ་རུའི་ཡ་སྤྱིབས་ལ། །རུས་སྦལ་མ་ཐེམ་ཞིང་གི་སྒོ་འགེབས་ཏེ། །སྒོ་གཡས་གཡོན་ན། ཏཱ་ལའི་སྐྱེ་ཤིང་འདོད་ཡོན་ལྷ་མོ་དང་། །འབར་བའི་བར་ཁྱམས་དུར་ཁྲོད་གནས་བཅས་ཏེ། །རབ་འཇིགས་དུར་ཁྲོད་ཆེན་པོ་རྒྱན་དང་ཆས། །མཐའ་དང་དབུས་མེད་ཡེ་ཤེས་ནམ་མཁའི་རྒྱ། །དྲེགས་པ་ཁྱོ་ཤུག་བསྣོལ་ཞིང་ཞིང་ཆེན་སྟེང་། །རབ་གསལ་ཉི་མའི་གདན་དང་བཅས་པ་འདི། །རྒྱུ་འབྲས་མ་བཀག་དག་པའི་གཞལ་ཡས་ཁང་། །དཔལ་ཆེན་ཁྲག་འཐུང་ཚོགས་ཀྱི་བཞུགས་གནས་ཡིན། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། །ཞེས་བརྗོད་པས། བདག་གི་ཐུགས་ཀ་ནས་རུ་ལུ་ཡེ་ཤེས་ཀྱི་འོད་ཟེར་དང་བཅས། སྣོད་ཀྱི་འཇིག་རྟེན་དང་གཞལ་ཡས་ཁང་ལ་འཕྲོས་པས། སྙིགས་མའི་འབྱུང་བ་མ་ཡིན། དྭངས་མའི་འབྱུང་བ་ལྔ་འོད་ཀྱི་དཀྱིལ་འཁོར། དབྱིབས་དང་ཁ་དོག་སོ་སོར་གསལ་བ་དེ་ཡང་། རྒྱུ་ཆོས་ཉིད་ཀུན་ཏུ་བཟང་མོ་སྐྱེ་བ་མེད་པའི་ངང་ལས། འབྲས་བུ་ཐུགས་རྗེ་འགེངས་པའི་ཡུམ་ལྔར་གསལ་བའི་མཁའ་ལ། རྒྱུ་ཆོས་སྐུ་སྐྱེ་འགགས་པ་མེད་པའི་ངང་ལས། འབྲས་བུ་ཡེ་ཤེས་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་འགགས་པ་མེད་པར་ཤར་ཏེ། གསལ་ལ་མི་བསྒྲིབ་པ་ཞིག་བསྒོམ་ཞིང་བཟླས་སོ། །དེ་ལས་སུ་རུང་བ་དང་། ནང་༢༽བཅུད་ཀྱི་འཇིག་རྟེན་ཁྲག་འཐུང་ཕྱག་རྒྱའི་ཚོགས་སུ་གསལ་གདབ་པ་ནི། ཧཱུྃ། ཆོས་ཉིད་སྐྱེ་མེད་གདོད་ནས་དག་པ་ལ། །སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་བསྟན་པའི། །བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་ཡབ་ཡུམ་ལ། །ཀེའུ་སེང་ལ་སོགས་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །ཡེ་ཤེས་སྐུར་གསལ་ཐུགས་རྗེས་ཁྱབ་པའི་སྐུ། །གདུག་པ་འདུལ་ཕྱིར་འཇིགས་བྱེད་སྐུར་སྟོན་པ། །དུར་ཁྲོད་རྒྱན་མཛེས་གདུག་བྱེད་མཚོན་ཆ་བསྣམས། །བསྐལ་པའི་མེ་འབར་དུར་ཁྲོད་དཀྱིལ་འཁོར་ན། ཁམས་གསུམ་སྟོང་མཛད་ཁྲག་འཐུང་ཕྱག་རྒྱའི་ཚོགས། །རྒྱུ་འབྲས་མ་བཀག་ལྷ་ཡི་དཀྱིལ་འཁོར་གསལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པས། ཐུགས་ཀ་ནས་རུ་ལུ་ཡེ་ཤེས་ཀྱི་འོད་ཟེར་བཅུད་ཀྱི་འཇིག་རྟེན་ཁམས་གསུམ་གྱི་སེམས་ཅན་ལ་ཕོག་པས་ཡེ་ཤེས་ཀྱི་ལྟ་བ་དྲག་པོས་བསྐྱོད་དོ། །རྒྱུ་ཆོས་སྐུ་སྐྱེ་བ་མེད་པའི་ངང་ལས། འབྲས་བུ་དཔལ་ཆེན་པོ་འཁོར་དང་བཅས་པའི་སྐུར་གསལ་བ་དེས། རྒྱུ་ཁམས་གསུམ་གྱི་སེམས་ཅན་ལས། འབྲས་བུ་མ་བཀག་པའི་སངས་རྒྱས་སུ་ལྷང་གིས་བསྒྱུར་བར་བསྒོམ་ཞིང་བཟླས་སོ། །དེ་ལས་སུ་རུང་བ་དང་། གསང་༣༽བའི་ཕྱི་ནང་སྣོད་བཅུད་གཉིས་ཀྱང་བྱང་ཆུབ་སེམས་སུ་གསལ་གདབ་པ་ནི། ཧཱུྃ། ཕྱི་ནང་སྣོད་བཅུད་ཆོས་ཉིད་ཆེན་པོ་ནི། །རང་བཞིན་རྣམ་དག་སེམས་ཀྱི་སྤྱོད་ཡུལ་ལ། །སངས་རྒྱས་སེམས་ཅན་གཉིས་སུ་ངས་མ་མཐོང་། །སྣང་སྟོང་དབྱེར་མེད་རྡོ་རྗེ་ཐེག་པའི་ལམ། །གོ་བའི་ཡུལ་འདས་སངས་རྒྱས་བདེ་བའི་ཞིང་། །འདི་ཉིད་རྣམ་དག་སྤྲུལ་སྐུ་ཐུག་འཕྲད་གསལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པས། ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པ་ཡང་རང་གི་སེམས་ལ་སེམས་ཀྱིས་སེམས་སུ་ངོ་ཤེས་པའི་དུས་ན། སྣང་སྟོང་དབྱེར་མེད་ཀྱི་དགོངས་པ་ལ་བརྟག་གོ། ༢༽ །དེ་ལ་རུ་ལུ་ལྷར་ཤེས་པ་ལ་གཉིས་ཏེ། སྤྱི་དང་། ཁྱད་པར་རོ། །སྤྱིའི་༡༽དབང་དུ་སྦྱར་ན། ༀ་ནི་དཔལ་ཆེན་སྐུ་གསུང་ཐུགས། །རུ་ལུ་གནས་ཀྱི་ཕྱག་རྒྱར་བརྒྱད། །རུ་ལུ་གོང་མ་ཀེའུ་རི། འོག་མ་ཡུལ་གྱི་སེང་ཧ་བརྒྱད་དོ། །ཧཱུྃ་ནི་ཐབས་ཤེས་སྒོ་མ་བཞི། །བྷྱོ་ནི་མ་སྲིང་རྒྱ་མཚོའི་ཚོགས། །ཧཱུྃ་ནི་ཡེ་ཤེས་སེམས་དཔའི་སྐུ། །ཟུར་བརྒྱད་སྟེང་དུ་འབྲུ་བརྒྱད་གསལ། །འབྲུ་བརྒྱད་དབུས་ན་འབྲུ་གཅིག་ཧཱུྃ་འབར། །གསལ་བར་བསྒོམ་ཞིང་གསལ་བར་བརྟག །བརྟགས་པས་འབྲུ་བརྒྱད་ལྷ་རྣམས་གསལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པས། ༀ་ནི། རྒྱུའི་གནས་སྐབས་ན་ཕུང་པོ་ལྔ་དང་། འབྱུང་བ་ལྔའི་རང་བཞིན་ལ། འབྲས་བུ་རྣམ་པར་དག་པའི་དུས་ན་ནི། རིགས་ལྔ་ཁྲག་འཐུང་ཡབ་ཡུམ་གྱི་སྙིང་པོ་སྟེ། དེ་ཡང་དཔལ་ཆེན་པོ་རྡོ་རྗེའི་སྙིང་པོ་ཟག་པ་མེད་པའི་འབྱུང་བ་དང་བཅས་པའི་རང་བཞིན། ཕྱག་རྒྱའི་དཀྱིལ་འཁོར་དུ་གསལ་ཞིང་སངས་རྒྱས་པའོ། །གཉིས་སུ་ན། ༀ་ནི། ཀུན་གཞི་རྣམ་པར་ཤེས་པ་ཡུལ་དང་བཅས་པ་སྟེ་དཔལ་ཆེན་པོ་ཡབ་ཡུམ་ལ། རུ་ལུ་གོང་མ་ནི། རྒྱུའི་གནས་སྐབས་སུ། རྣམ་པ་ཤེས་པ་བཞི་དང་ཡུལ་བཞི་དང་བརྒྱད་ཀྱི་རང་བཞིན་ལ། འབྲས་བུ་རྣམ་པར་དག་པའི་དུས་ན་ནི། ཀེའུ་རི་ལ་སོགས་པར་གནས་གྱུར་པའོ། །རུ་ལུ་འོག་མ་ནི། རྒྱུའི་གནས་སྐབས་སུ། དབང་པོ་བཞི་དང་དུས་བཞིའི་རང་བཞིན་ལ། འབྲས་བུ་རྣམ་པར་དག་པའི་དུས་ན། སེང་ཧ་མུ་ཀ་ལ་སོགས་པར་གནས་གྱུར་པའོ། །ཧཱུྃ་དང་པོ་ནི། རྒྱུའི་གནས་སྐབས་ན། ཕྱིན་ཅི་ལོག་བཞིའི་རང་བཞིན་ལ། འབྲས་བུ་རྣམ་པར་དག་པའི་དུས་ན། སྒོ་མ་བཞིར་གནས་གྱུར་པའོ། །བྷྱོ་ནི། རྒྱུའི་གནས་སྐབས་ན། ཟག་པ་དང་བཅས་པའི་བདག་འཛིན་ལ། འབྲས་བུའི་དུས་ན། དབང་ཕྱུག་མའི་རང་བཞིན་ལས་དང་ཡེ་ཤེས་དབྱེར་མེད་པའི་མ་མོ་ཡིན་ནོ། །ཧཱུྃ་ཐ་མ་ནི། རྒྱུའི་གནས་སྐབས་ན། ཉོན་མོངས་པའི་ཡིད་བདག་ཏུ་འཛིན་པ་ལ། འབྲས་བུ་རྣམ་པར་དག་པའི་དུས་ན། ཐུགས་ཁའི་ཡེ་ཤེས་སེམས་དཔའི་རང་བཞིན་དཀྱིལ་འཁོར་གྱི་ལྷ་ཀུན་གྱི་ཆེ་བའི་ཡོན་ཏན་མ་ལུས་པའི་འབྱུང་གནས་སུ་གྱུར་པར་ཤེས་པར་བྱའོ། །ཁྱད་པར་༢༽གྱི་དབང་དུ་སྦྱར་། ༀ་ནི་དཀར་མོ་ཀེའུ་རི་མ། །རུ་ནི་རྐུན་མོ་ཙོའུ་རི་མ། །ལུ་ནི་སྦོས་མོ་པྲ་མོ་ཧཱ། །རུ་ནི་ཐལ་བྱེད་བེ་ཏེ་ལི། །ལུ་ནི་རྒན་བྱེད་པུསྐ་སི། །ཧཱུྃ་ནི་གཏུམ་མོ་ཀསྨ་རི། །བྷྱོ་ནི་སྨེ་ཤ་སྨ་ཤ་ནི། །ཧཱུྃ་ནི་མ་ཚོགས་ཙནྡྷ་ལི། །ཀུན་བསྡུས་དཔལ་ཆེན་སྙིང་པོ་སྟེ། །ཡང་དག་དོན་གྱི་ལྷ་དགུར་གསལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པས། རུ་ལུ་འབྲུ་བརྒྱད་ཡང་དག་དོན་གྱི་ལྷ་དགུའི་སྙིང་པོ་སྟེ། ལུས་དང་ཡན་ལག་གི་ཚུལ་དུ་ཤེས་པར་བྱའོ། ༣༽ །རུ་ལུ་བཟླས་བརྗོད་དུ་ཤེས་པར་བྱ་བ་ལ་གསུམ་སྟེ། སྔགས་ཀྱི་འཕྲོ་འདུ་དང་། འོད་ཟེར་གྱི་འཕྲོ་འདུས་དང་། ལྷ་ལ་འཕྲོ་འདུས་གཏོང་བའོ། །འོག་ནས་མར་འདི་རེ་རེ་ལའང་། གནས་གང་ནས་སྤྲོ་བ། དངོས་པོ་ཅི་སྤྲོ་བ། ཡུལ་གང་དུ་སྤྲོ་བ། སྤྲོ་བའི་དགོས་ཆེད་དང་བཞི་སྦྱར་རོ། །དེ་ལ་༡༽སྔགས་ཀྱི་འཕྲོ་འདུ་ནི། གནས་གང་ནས་སྤྲོ་བ། ཧཱུྃ་ནི་ཐབས་ཆེན་ཤེས་རབ་ཡབ་ཡུམ། སྦྱོར། །ཡེ་ཤེས་ཐིག་ལེ་ཐུགས་ལ་ཤར། །རིན་ཆེན་ཟུར་བརྒྱད་སྟེང་ནས་དངོས་པོ། འབྲུ་བརྒྱད་སྤྲོས། །ཡུལ་ཁམས་གསུམ་སེམས་ཅན་སྡུག་བསྔལ་བསལ། །རྒྱལ་བ་རྒྱ་མཚོའི་སྐུ་ལ་ཐིམ། །སྔགས་ཚིག་སྒྲ་ཡི་མཆོད་པས་མཉེས། །ཚུར་འདུས་དང་པོའི་གནས་སུ་ཐིམ། ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། །པ་དགོས་ཆེད་དོ། །འོག་ཏུ་ཀུན་ལ་འགྲེའོ། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །འབྲུ་བརྒྱད་ཡི་གེ་འཕྲོ་ཞིང་འདུ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་ཅིང་། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཧཱུྃ་ལས། རང་རྒྱུད་ཀྱི་སྒྲས་འབྲུ་བརྒྱད་ལ་བསྐུལ་བས། འབྲུ་བརྒྱད་ཁ་དོག་ལྗང་དམར་རམ་ལེའུ་བརྒན་དུ་འཕྲོས་ཏེ། བསྐུལ་དོན་བྱས་ཤིང་དངོས་གྲུབ་ཐོབ་པར་བསྒོམ་མོ། །འོད་ཟེར་གྱི་འཕྲོ་འདུ་༢༽བཏང་བ་ནི། ཧཱུྃ། འབྲུ་བརྒྱད་ཆོས་ཀྱི་འཁོར་ལོ་ལས། །འོད་ཟེར་སྣ་ལྔ་འབར་ཞིང་འཕྲོ། །གསལ་འཚེར་ཐོགས་མེད་ཀུན་ཏུ་ཁྱབ། །ཕར་འཕྲོས་པས་ནི་གཞན་དོན་མཛད། །ཚུར་འདུས་པས་ནི་བདག་དོན་འགྲུབ། །རྣམ་པར་སྤྲོས་པས་བསོད་ནམས་ཚོགས། །སྟོང་པར་གསལ་བས་ཡེ་ཤེས་ཚོགས། །ཚོགས་གཉིས་རྫོགས་པས་མངོན་སངས་རྒྱས། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་དེ། དོན་ནི་བརྗོད་པས་གོ་སླའོ། །ལྷ་ལ་འཕྲོ་འདུ་༣༽བཏང་བ་ནི། ངག་དོན་དུ་དགུས་བསྟན་ཏེ། དང་པོ་རིགས་ཀྱི་ཡབ་ལྔ་ལ་འཕྲོ་འདུ་བྱ་བ་ནི། དུག་ལྔ་དག་པས་ཡེ་ཤེས་ལྔ་བརྙེས་ཏེ། །སྐུ་ལྔ་ལྡན་པས་རྒྱུད་ལྔ་སྒྲོལ་མཛད་ཅིང་། །རབ་འབར་ཆ་ལུགས་འཇིགས་པས་ཀུན་འདུལ་བ། །ཡེ་ཤེས་ཁྲག་འཐུང་ཐབས་ཀྱི་ཧེ་རུ་ཀ །བསྙེན་མཆོད་སྔགས་ཀྱི་ཡི་གེ་འབྲུ་བརྒྱད་སྤྲོས། །དབྱེར་མེད་འདུད་པའི་དབྱངས་དང་གར་གྱིས་མཆོད། །བསྙེན་པ་བཞེས་ལ་དབང་དང་དངོས་གྲུབ་སྩོལ། །འབར་བའི་སྐུ་མཆོག་སྟོན་ལ་བྱིན་གྱིས་རློབས། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཡུམ་ལྔའི་འཕྲོ་འདུ་ནི། ཧཱུྃ། འབྱུང་བ་རྣམ་ལྔ་ཡུམ་ལྔའི་སྐུར་སྣང་ཞིང་། །ཤེས་རབ་ཡུམ་ལྔས་ཐབས་ལ་དགྱེས་འཁྲིལ་ནས། །གཙོ་མཆོག་ཐུགས་དམ་སྐོང་བའི་དམ་ཚིག་ཅན། །ཀྲོ་ཏི་ཤྭ་རིའི་སྐུ་མཆོག་ཤེས་རབ་ཡུམ། །བསྙེན་མཆོད་སྔགས༴ དབྱེར་མེད་འདུད༴ བསྙེན་པ་བཞེས༴ འབར་བའི་སྐུ༴ ༀ་རུ་ལུ༴ གཉིས་པ་ཀེའུ་རི་བརྒྱད་ལ་འཕྲོ་འདུ་ནི། རྣམ་ཤེས་བརྒྱད་ལས་ཁྲོ་མོའི་སྐུར་སྣང་བ། །ཕྱག་རྒྱ་ཆ་ལུགས་གཅིག་ཏུ་མ་ངེས་ཀྱང་། །ཐུགས་རྗེས་ཀུན་ལ་ཁྱབ་པའི་དོན་མཛད་མ། །ཀེའུ་རི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ལ། །བསྙེན་མཆོད༴ དབྱེར་མེད༴ བསྙེན་པ༴ འབར་བའི༴ ༀ་རུ་ལུ༴ གསུམ་པ་སིང་ཧ་བརྒྱད་ལ་འཕྲོ་འདུ་བྱ་བ། ཡུལ་བརྒྱད་དག་པས་མུ་ཀ་བརྒྱད་དུ་སྣང་། །མགོ་བསྙན་ཚོགས་ཀྱིས་དུར་ཁྲོད་ཟ་མཛད་ཅིང་། །རྡོ་རྗེ་མཆེ་གཤོག་མགོ་བརྙན་ཕྲ་མེན་ཚོགས། །སིང་ཧ་ལ་སོགས་ཕྲ་མེན་བརྒྱད་རྣམས་ལ། །བསྙེན་མཆོད༴ དབྱེར་མེད༴ བསྙེན་པ༴ འབར་བའི༴ ༀ་རུ་ལུ༴ བཞི་པ་སྒོ་མ་བཞི་ལ་འཕྲོ་འདུ། ཕྱི་ཅི་ལོག་བཞི་དབྱིངས་སུ་གནས་གྱུར་ཏེ། །ཚད་མེད་བསྡུ་བ་རྣམ་བཞིའི་ངང་ཚུལ་ཅན། །འགུགས་འཆིང་སྡོམ་མྱོས་བྱེད་པའི་ལས་མཁན་མ། །དཀྱིལ་འཁོར་སྲུང་བའི་སྒོ་མ་བཞི་རྣམས་ལ། །བསྙེན་མཆོད༴ དབྱེར་མེད༴ བསྙེན་པ༴ འབར་བའི༴ ༀ་རུ་ལུ༴ ལྔ་པ་དབང་ཕྱུག་མ་ལ་འཕྲོ་འདུ། དཔལ་གྱི་བཀའ་ཉན་དམ་ཚིག་གཉན་བསྲུང་ཞིང་། །མ་སྲིང་རྒྱ་མཚོའི་ཚུལ་གྱིས་བརྩེར་དགོས་ཏེ། །གྲོགས་ལ་གདུང་ཞིང་འགལ་བ་ཚར་གཅོད་པ། །རྡོ་རྗེ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ། །བསྙེན་མཆོད༴ དབྱེར་མེད༴ བསྙེན་པ༴ འབར་བའི༴ ༀ་རུ་ལུ༴ དྲུག་པ་ཡང་ཕུར་བསྲུང་བའི་སྲུང་མ་ལ། ཆ་ལུགས་ཁྲོ་འཇིགས་སྤྱོད་པས་རབ་མཛེས་པ། །གཞན་དག་བསྲེག་མཛད་གཙོ་ལ་མཉེས་སྟོབ་པ། །མཛད་པ་རྣམ་དག་ཕ་རོལ་སྒྲོལ་མཛད་མ། །ཡང་ཕུར་སྐྱོང་བའི་སྲུང་མ་བཞི་རྣམས་ལ། །བསྙེན་མཆོད༴ དབྱེར་མེད༴ བསྙེན་པ༴ འབར་བའི༴ ༀ་རུ་ལུ༴ བདུན་པ་ཕོ་ཉ་ལ། གཤེགས་བཞུད་མི་མངའ་གར་ཡང་ཐོགས་མེད་ཅིང་། །རྟོག་པ་ཀུན་བྲལ་ཐམས་ཅད་ས་ལར་མཁྱེན། །བྱ་རྩོལ་མེད་བཞིན་གཞན་དག་ཚར་གཅོད་མཁས། །བཀའ་ཉན་མངག་གཞུག་ཕོ་ཉ་རྡུལ་སྙེད་ལ། །བསྙེན་མཆོད༴ དབྱེར་མེད༴ བསྙེན་པ༴ འབར་བའི༴ ༀ་རུ་ལུ༴ བརྒྱད་པ་རིག་འཛིན། ཕྱོགས་བཅུའི་དང་ནམ་མཁའི་འཇིག་རྟེན་ན། །ལྷ་དག་ལྷ་མིན་ཕྲ་རབ་གཟུགས་འཆང་ཞིང་། །གསང་སྔགས་རྡོ་རྗིའི་ཐེག་ཆེན་གཉེར་བླངས་པས། །རིག་འཛིན་སྔགས་འཆང་རྣལ་འབྱོར་ཐམས་ཅད་ལ། །བསྙེན་མཆོད༴ དབྱེར་མེད༴ བསྙེན་པ༴ འབར་བའི༴ ༀ་རུ་ལུ༴ དགུ་པ་སྤྱིར་བྱ་བ་ནི། ༀ། དཔལ་ཆེན་ཁྲག་འཐུང་ཐུགས་ནི་རིན་པོ་ཆེ། །ཐུགས་རྗེ་སྐུ་མདོག་ཡིད་བཞིན་འབྱུང་བའི་གཏེར། །བདག་ནི་བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །རང་སེམས་གདོད་ནས་མ་སྐྱེས་རིན་པོ་ཆེ། །ལྷ་དང་གཉིས་སུ་མེད་པར་མཉམ་བཞག་ནས། །ཨུཏྤལ་འདབ་བརྒྱད་ལྟ་བུའི་ལྗགས་བརྐྱང་ཞིང་། །ཁུར་བ་དབུགས་རིང་ༀ་དང་བཅས་པ་ཡིས། །རུ་ལུ་རུ་ལུ་འཁོར་ལོ་ཚོགས་ཆེན་པོ། །བར་ཆད་མེད་པའི་བཟླས་བརྗོད་ཏིང་འཛིན་གྱིས། །སེམས་རྟོག་སྦྱོང་ཞིང་དངོས་གྲུབ་སྩལ་དུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་དེ། བདག་དང་མདུན་གྱི་ལྷ་གཉིས་སྤྲོ་བསྡུ་འགལ་མེའི་འཁོར་ལོ་ལྟར་རྒྱུན་མི་ཆད་པར་བྱའོ། ༤༽ །རུ་ལུ་ཕྲིན་ལས་སུ་ཤེས་པ་ནི། ངག་དོན་དུ་དྲུག་སྟེ། དང་པོ་ཞི་བའི་ཕྲིན་ལས། གནས་སྐུ་གསུང་ཐུགས་ཀྱི་གནས་ནས་སྤྲོ། ༀ། དངོས་པོས་ཅི་སྤྲོ་ན་རུ་ལུ་༢༽འོད་ཟེར་དཀར་པོ་དང་། །ཚངས་པ་དབྱངས་ཀྱི་འདྲེན་ཚུལ་གྱིས། །ཡུལ་གང་དུ་སྤྲོ་ན། ཞི་བའི་ལས་རྣམས་གྲུབ་པར་བྱེད། །དགོས་ཆེད་ཞི་བའི་གྱུར་ནས་དབྱིངས་སུ་རོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། གཉིས་པ་རྒྱས་པ། རུ་ལུ་༢༽འོད་ཟེར་སེར་པོ་དང་། །སྔགས་ཀྱི་ཡི་གེ་སྒྲ་སྒྲོགས་པས། །རྒྱས་པའི་ལས་རྣམས་གྲུབ་པར་བྱེད། །རྒྱས་པར་གྱུར་ནས་དབྱིངས་སུ་རོལ། །ༀ་རུ་ལུ༴ གསུམ་པ་དབང་། རུ་ལུ་༣༽འོད་ཟེར་དམར་པོ་དང་། །ཟབ་ཅིང་འབྲུག་གི་སྒྲ་སྒྲོགས་པས། །དབང་གི་ལས་རྣམས་གྲུབ་པར་བྱེད། །དབང་དུ་བསྡུས་ནས་དབྱིངས་སུ་རོལ། །ༀ་རུ་ལུ༴ བཞི་པ་དྲག་པོ། རུ་ལུ་༤༽འོད་ཟེར་མཐིང་ནག་དང་། །མཁུན་ཅིང་གདུང་བའི་སྒྲ་འབྱིན་པས། །དྲག་པོའི་ལས་རྣམས་གྲུབ་པར་བྱེད། །རྡུལ་དུ་བརླག་ནས་དབྱིངས་སུ་རོལ། །ༀ་རུ་ལུ༴ ལྔ་པ་མནན་པ། རུ་ལུ་༥༽འོད་ཟེར་མཐིང་ནག་དང་། །རྡོ་རྗེ་སྲིན་པའི་ངུར་སྒྲ་ཡིས། །གནན་པའི་ལས་རྣམས་གྲུབ་པར་བྱེད། །གནན་པར་བྱས་ནས་དབྱིངས་སུ་རོལ། །ༀ་རུ་ལུ༴ དྲུག་པ་བཟློག་པ། རུ་ལུ་༦༽འོད་ཟེར་དམར་ནག་དང་། །ཁུར་བ་དབུགས་ཀྱི་རླུང་འབྱིན་གྱིས། །བཟླས་པའི་ལས་རྣམས་གྲུབ་པར་བྱེད། །བཟློག་པར་བྱས་ནས་དབྱིངས་སུ་རོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པས། ཕྲིན་ལས་དེ་རྣམས་གྲུབ་པར་ཤེས་པར་བྱའོ། ༥༽ །རུ་ལུ་མཆོད་པར་ཤེས་པར་བྱ་བ་ནི། གནས་ཐུགས་ཀ་ནས་སྤྲོ། ཧཱུྃ། ཕྱི་མཆོད་དངོས་པོ་མེ་ཏོག་བདུག་སྤོས་ལྷ་བཤོས་མར་མེར་བཅས། །བླ་བྲེ་རྒྱལ་མཚན་ན་བཟའ་འཕན་དང་གདུགས། །སིལ་སྙན་རྔ་དུང་རིན་ཆེན་མུ་ཏིག་ཕྲེང་། །ནང་མཆོད་གཟུགས་སྒྲ་དྲི་རོ་རེག་སོགས་ལྷ་མོའི་ཚོགས། །གསང་མཆོད། བདེ་ཆེན་བྱང་ཆུབ་སེམས་ཀྱི་མཆོད་སྤྲིན་རྣམས། །དངོས་སུ་བཤམས་ཤིང་སེམས་ཀྱིས་རྣམ་སྤྲུལ་ཏེ། །ཡུལ་གང་དུ། ཡེ་ཤེས་རང་སྣང་ཞི་ཁྲོའི་དཀྱིལ་འཁོར་ལ། །འབྲུ་བརྒྱད་འཕྲོ་འདུས་འབུལ་ན་མཆོད་པར་བཞེས། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་དོ། །རུ་ལུ་ཡེ་ཤེས་ཀྱི་འོད་ཟེར་ལས། མཆོད་པའི་བྱེ་བྲག་ཏུ་སྤྲུལ་ཏེ་དབུལ་བར་བྱའོ། ༦༽ །རུ་ལུ་བཤགས་པར་ཤེས་པར་བྱ་བ་ནི། ༀ། ཡེ་ཤེས་ལྷ་ཚོགས་ཞི་ཁྲོའི་དཀྱིལ་འཁོར་འདིར། །རིག་འཛིན་དམ་ཅན་རྒྱ་མཚོ་དགོངས་སུ་གསོལ། །ཚེ་རབས་ཐོག་མཐའ་མེད་པའི་དུས་མཐའ་ནས། །ད་ལྟ་ལུས་འདི་བླངས་པ་ཕན་ཆོད་དུ། །རང་སེམས་མ་རིག་བདག་ཏུ་བཟུང་བ་ཡིས། །འཁོར་བའི་ཉེས་སྐྱོན་སྣ་ཚོགས་བྱུང་ནས་སུ། །ཀུན་གཞིའི་བློ་ལ་བག་ཆགས་བསགས་པ་དང་། །བར་དུ་ཐུགས་རྗེས་བཟུང་ནས་སྩོལ་བ་ཡིས། །བྱང་ཆུབ་སེམས་བསྐྱེད་ཐར་ལམ་སྒོར་ཞུགས་ཏེ། །ཐེག་པ་རིམ་པར་བགྲོད་ཅིང་སྤྱོད་པའི་ཚེ། །ཚུལ་ཁྲིམས་སྡོམ་པ་ཕྱི་ནང་དམ་ཚིག་ལས། །ཞིག་རལ་ཆག་ཉམས་གྱུར་པ་ཅི་མཆིས་དང་། །གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །འདའ་དཀའ་སྡོམ་པའི་དམ་ཚིག་མནོས་པ་ལས། །སྔོན་དུ་སྤྱད་པའི་གོམས་ཤུགས་ཆུང་བ་ཡིས། །ཉམས་སུ་མ་རྟོགས་གཞུང་བཞིན་མ་སྤྱད་དེ། །བླ་མ་མཆེད་ལ་སྲི་ཞུ་བརྩེ་གདུང་ཆུང་། །སྔགས་དང་ཕྱག་རྒྱ་རྒྱུན་བཅད་གསང་ཚིག་སྤེལ། །ཡན་ལག་དམ་ཚིག་མཛད་སྤྱོད་རྣམ་ལྔས་འགྲོ་དོན་ལྷུར་མ་བླངས། །དུག་ལྔ་རྣམ་གྲོལ་ལམ་དུ་གནས་མ་གྱུར། །མཉམ་པའི་མཆོད་པས་ལྟ་བ་ཐག་མ་ཆོད། །ཤེས་པར་བྱ་བའི་སྤྱོད་ཡུལ་ཡལ་བར་བཏང་། །གྲུབ་པར་བྱ་བའི་འབྲས་བུ་རྒྱུན་ཐག་བསྲིངས། །དབང་དང་མི་ལྡན་ཆོས་བཤད་ལས་རྣམས་བརྩམས། །རྟོགས་པའི་སྟོབས་ཆུང་དགེ་བསྒོམ་སྒྲུབ་ལ་གཡེལ། །དམ་རྫས་མཆོད་རྫོགས་གཞུང་བཞིན་མ་བསྟབས་དང་། །དམ་བཅས་ཁས་བླངས་བགྱིས་ཀུན་རྗེས་མ་སོབས། །བྱང་ཆུབ་རིགས་ཅན་སྤྱོད་པས་ཐུགས་མ་བསྲུངས། །བར་ཆོད་གནོད་རྐྱེན་མ་བཟོད་འཁྲུལ་སེམས་ཤོར། །སྣོད་དང་མི་ལྡན་གྲོགས་ངན་གྲིབ་མས་ཕོག །དེ་ལ་སོགས་ཏེ་ཉེས་སྡིག་ཅི་བསགས་པ། །གནོང་འགྱོད་མཐོལ་བཤགས་བཟོད་པར་གསོལ་ལགས་ན། །བྱམས་མགོན་ཐུགས་རྗེས་ཚངས་པ་སྩལ་དུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པས། བདག་མེད་ཕྱོགས་བྲལ་གྱི་དོན་མ་རྟོགས་ཏེ། ང་བདག་ཏུ་བཟུང་བའི་དབང་གིས། བཀའ་ཕྱི་ནང་དུ་གྱུར་པའི་ལྷ་དང་སྲུང་མ་དང་། བདེ་བར་གཤེགས་པ་རྣམས་ལ། རུ་ལུ་འབྲུ་བརྒྱད་ཡེ་ཤེས་ཀྱི་འོད་ཟེར་དུ་འཕྲོས་པས། རིལ་ཡེ་ཤེས་ཀྱི་འོད་དཔུང་དུ་གྱུར། བདག་ལ་ཚུར་འདུས་པས་བདག་གི་ཉེས་སྐྱོན་བྱང་ཞིང་དག་ནས། ཡེ་ཤེས་ཀྱི་སྐུ་ལ་ནག་ནོག་གི་དྲི་མ་དང་བྲལ་ནས། ཤེལ་སྒོང་ཕྱིས་པའམ། མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟར། ཤེས་པའི་རྒྱུད་ལ་གསལ་ཞིང་དྭང་བར་བསྒོམ་མོ། ༧༽ །རུ་ལུ་དངོས་གྲུབ་ཏུ་ཤེས་པར་བྱ་བ་ནི། ཡེ་ཤེས་འབྱམས་ཡས་དཀྱིལ་འཁོར་ལ། །བསྒྲུབ་པའི་དཀྱིལ་འཁོར་བསམ་མི་ཁྱབ། །ཟླ་གམ་དཀྱིལ་འཁོར་རིན་ཆེན་དབང་། །ནུབ་ཕྱོགས་ངོས་སུ་ཁ་བལྟས་ཏེ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ཆེན་ཁྲག་འཐུང་འཁོར་ཚོགས་ལ། །ཚོན་གང་ཆོས་ཀྱི་འཁོར་ལོ་ལས། །རུ་ལུ་འབྲུ་བརྒྱད་འཕྲོ་ཞིང་འདུ། །ཕར་འཕྲོས་པས་ནི་ཡེ་ཤེས་ལྷའི། །སྐུ་གསུང་ཐུགས་ལ་མཆོད་པ་འབུལ། །སླར་འདུས་པས་ནི་སྒྲུབ་པ་པོས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པས། ཐུགས་ཀ་ནས་རུ་ལུ་འབྲུ་བརྒྱད་ལྗང་དམར་དུ་འཕྲོ་ཞིང་། ཡེ་ཤེས་ལྷའི་སྐུ་གསུང་ཐུགས་ཀྱི་གནས་སུ་ཐིམ། མཉེས་པར་བྱས། ལྷའི་ཐུགས་ཀ་ནས་རུ་ལུ་སྨུག་ནག་ཏུ་ཚུར་བསྡུ་ཞིང་སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་ལ་བསྡུས་པས། སྐུ་འགྱུར་བ་མེད་པ་དང་། གསུང་འགགས་པ་མེད་པ་དང་། ཐུགས་སྐྱེ་ཤི་མེད་པའི་དངོས་གྲུབ་ཐོབ་པར་བསྒོམ་མོ། །དེ་ཡན་ཆད་དུ་མན་ངག་གིས། །གནས་གང་ནས་སྤྲོ་བ་དང་། །དངོས་པོ་ཅི་སྤྲོ་བ་དང་། །ཡུལ་གང་དུ་སྤྲོ་བ་དང་། སྤྲོ་བའི་དགོས་ཆེད་དང་བཞིས་རིག་པར་བྱ་སྟེ། བླ་མའི་མན་ངག་གིས་གསུང་ངོ་། །བཟླས་བརྗོད་དེ་དག་རིལ་བསྡུས་ཏེ་མཆོད་པར་ཕུལ་ལ། དངོས་གྲུབ་སྡུ་བ་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །བདེ་བར་གཤེགས་སོ་ཁྲོ་རྒྱལ་ཚོགས། །རྒྱལ་བ་རྒྱ་མཚོ་འཁོར་བཅས་ལ། །བཟླས་བརྗོད་སྔགས་ཀྱི་འཁོར་ལོ་བསྐོར། །མཆོད་པ་དམ་པ་བླ་ན་མེད། །བཟླས་བརྗོད་མཆོད་པ་བཞེས་སུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པས། སྒྲུབ་པ་པོའི་རུ་ལུ་རིལ་བསྡུས་ཏེ། དཔལ་ཆེན་པོའི་ཐུགས་ཀར་ཕུལ་ཏེ། ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །ད་ལྟ་ཉིད་དུ་བདག་ལ་སྩོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པས། དུས་གསུམ་གྱི་སངས་རྒྱས་རིལ་དང་། དཔལ་ཁྲག་འཐུང་ལྷ་ཡེ་ཤེས་ལས་གྲུབ་པ་སྒོ་མ་ཡན་ཆད། སྐུ་ཡེ་ཤེས་ཀྱི་འོད་ཟེར་དང་ལྡན་པ་རིལ། སྒྲུབ་པ་པོའི་ལུས་མགོ་མཇུག་ལ་ཞུགས་ཏེ་དབྱེར་མེད་པར་གྱུར་ཏེ། ཤིན་ཏུ་བཀྲ་གསལ་དུ་གྱུར་པ་ནི་ཐུན་མོང་ཆེན་པོའི་དངོས་གྲུབ་བོ། །ལས་ལས་གྲུབ་པའི་མཁའ་འགྲོ་མ་རྣམས་ཀྱི་སྐུ་མི་བསྡུ་བར། འོད་དང་ཡོན་ཏན་བསྡུས་པ་ནི་ཐུན་མོང་ཆུང་ངུའི་དངོས་གྲུབ་བོ། ༨༽ །དེ་ནས་རུ་ལུ་ཆོས་ཉིད་དུ་ཤེས་པར་བྱ་བ་ལ་གསུམ་སྟེ། ཆོས་ཉིད་ཀྱིས་གོ་བགོ་བ་དང་། ཆོས་ཉིད་ཀྱིས་བསྲུང་བ་དང་། ཆོས་ཉིད་ཀྱི་ལྟ་བ་ལ་གནས་པའོ། །དེ་ལ་༡༽ཆོས་ཉིད་ཀྱིས་གོ་བགོ་བ་ནི། ཅིས་ཀྱང་མི་ཕྱེད་མི་ཤིགས་པའི། །སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་ཡུལ་ཀུན་བཅོམ་ནས་ཀྱང་། །ཐམས་ཅད་མྱུར་དུ་རྒྱལ་བར་གནས། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཆོས་༢༽ཉིད་ཀྱིས་བསྲུང་བ་ནི། མིང་དང་མཚན་མར་མ་གྲུབ་བར། །མི་གནས་མ་བྲལ་འདུས་མ་བྱས། །ཆོས་ཀྱི་དབྱིངས་ཀྱིས་བསྲུངས་པས་ན། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། དེ་ནི་མཆོག་གི་དངོས་གྲུབ་ཆུང་ངུའོ། །ཆོས་༣༽ཉིད་ཀྱི་ལྟ་བ་ལ་གནས་པར་བྱ་བ་ནི། ལྷ་སྐུའི། ཕྱག་རྒྱའི་ཆ་ལུགས་ཐ་དད་ཀྱང་། །དང་པོར་ཆོས་ཉིད་ངང་ལས་འབྱུང་། །བར་དུ་སྤྱོད་པ་ཅི་སྤྱད་ཀྱང་། །ཀུན་བཟང་རོལ་པའི་ངང་དུ་སྤྱད། །ཐ་མར་རོལ་པའི་སྣང་བ་ཡང་། །ཆོས་ཉིད་མཉམ་པའི་ངང་དུ་བསྡུའོ། །ནམ་མཁའ་རྡོ་རྗེ་སེམས་དཔའ་ཆེ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་བསྒྲལ་ཕྱིར། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཞེས་གསུངས་སོ། །གོང་འོག་ཏུ་བསྟན་པའི་ལྟ་བས་ཐག་བཅད་པ་ལ་བརྟག་གོ། །དེ་ནི་མཆོག་གི་དངོས་གྲུབ་ཆེན་པོའོ། ༣༽ །རྣལ་འབྱོར་དུ་བྱ་བའི་ཐབས་ལ་གཉིས་ཏེ། བསྒྲུབ་པའི་རྣལ་འབྱོར་དང་། བསྙེན་པའི་རྣལ་འབྱོར་རོ། །དེ་ལ་བསྒྲུབ་༡༽པའི་རྣལ་འབྱོར་དུ་བྱ་བ་གང་སྙམ་པ་ལ། བསྒོམ་རྒྱུད་གསལ་བར་ཅི་ནུས་བྱ། །ཞེས་གསུངས་ཏེ། དང་པོར་མཚམས་བཅད་པ་ནས་བཟུང་སྟེ། དང་། བར་དུ་ཞི་ཁྲོ་གཞུང་བསྲང་བ་དང་། ཐ་མར་བཟླས་བརྗོད་དང་། ལྷག་མས་མཁའ་འགྲོ་མ་བསྐྱང་ཞིང་མཆོད་པ་ཡན་ཆོད་དུ། རྣལ་འབྱོོར་པ་རབ་མཚན་མེད་མཚན་བཅས་ཀྱི་བསྒོམ་པ་ནས་བཟུང་སྟེ། རང་གི་ཤེས་པའི་རྒྱུད་ལ་གསལ་ཞིང་འདྲིས་པར་བསྒོམ་པ་དང་། འབྲིང་སྔགས་དང་བཟླས་བརྗོད་པར་མཆོད་པར་བྱ་བ་དང་། ཐ་མར་ལུང་ཚིག་གིས་གསལ་གདབ་ཅིང་བསྐུལ་བ་སྟེ། རྣལ་འབྱོར་པའི་སྒོ་གསུམ་གཡོ་སྒྱུ་མེད་པས་ཅི་ནུས་སུ་མཆོད་པའི་རིམ་པ་འབད་དེ་བྱའོ། །རྣལ་འབྱོར་པ་རྒོད་དེ་གཡེང་བ་ཅན་གྱིས་མ་ཡིན་ནོ། །བསྙེན་༢༽ པའི་རྣལ་འབྱོར་དུ་བྱ་བ་ཡང་། བསྒོམ་རྒྱུད་གསལ་བར་ཅི་ནུས་བྱ། །ཞེས་གསུངས་ཏེ། །དང་པོར་མཚན་མེད་ཀྱི་བསྒོམ་པ། །ཆོས་ཉིད་ཀྱི་མ་དང་འདྲིས་པར་བྱས་ཤིང་། །རང་གི་ཤེས་པའི་རྒྱུད་དག་པར་བྱས་ཏེ། ཡེ་ཤེས་དག་པའི་ངང་དུ་ཅི་གསལ་དུ་བསྒོམ་པ་དང་། དེ་ནས་ཕྱག་རྒྱ་ཆེན་པོའི་སྐུར་བསྒོམས་ཏེ། དཀྱིལ་འཁོར་རྒྱས་འབྲིང་བསྐྱེད་པ་དང་། སྤྱན་དྲངས་པ་དང་། མཆོད་པ་ལ་སོགས་པ་བྱས་ཏེ། བཟླས་པའི་སྐབས་ལ་བབས་པ་དང་། བསྐུལ་ཚིག་དང་དབྱངས་ལ་སོགས་པ་མི་དགོས་ཏེ། བཟླས་པ་མཐར་དབྱུང་ངོ་། །གཙང་སྦྲ་གསུམ་ཕོ་ཉའི་གཙང་སྦྲ། སྦྱོར་བའི་གཙང་སྦྲ། ཟས་གཅིག་ཏུ་ཟ་བའི་གཙང་སྦྲ། དང་། བརྟུལ་ཤུགས་སྤྱད་དོ། ༤༽ །དེ་ཡང་། ལུང་ཇི་ལྟར་དུ་བསྙེན་བསྒྲུབ་བྱ་སྙམ་པ་ལ། བསྙེན་པའི་ལུང་བཞིན་བརྩོན་པར་འབད། །ཅེས་གསུངས་ཏེ། དེ་ལ་བསྙེན་པ། ཞེས་བྱ་བ་ལ་གསུམ་སྟེ། རང་གི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བའོ། །རང་༡༽ གི་ངོ་བོ་ནི། བྱང་ཆུབ་སེམས་ཤེས་པའོ། །ངེས་༡༽པའི་ཚིག་ནི། འཁོར་བ་ལས་བསྲིངས་ཤིང་། མྱ་ངན་ལས་འདས་པ་ལ་བསྙེན་པའོ། །དབྱེ་བ་༣༽ལ་གཉིས་ཏེ། དོན་གྱི་དབྱེ་བ་དང་། ལས་ཀྱི་དབྱེ་བའོ། ༡༽ །དོན་གྱི་དབྱེ་བ་ལ་བཞི་སྟེ། བསྙེན་པ་དང་། ཉེ་བསྙེན་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའོ། །དེ་ལ་ཡང་བཞི་སྟེ། མི་ཚེ་གཅིག་ལ་སྦྱར་བ་དང་། ལྷའི་སྐུ་གཅིག་ལ་སྦྱར་བ་དང་། དཀྱིལ་འཁོར་རྫོགས་པ་གཅིག་ལ་སྦྱར་བ་དང་། སྦྱོར་བ་སྐད་ཅིག་མ་གཅིག་ལ་སྦྱར་བ་དང་བཞིའོ། །དེ་ལ་༡༽མི་ཚེ་གཅིག་ལ་སྦྱར་བ་ནི། བསྙེན་པ་ལུང་སྟོན་ནུས་པའི་བླ་མ་ཉེ་བར་བཙལ་བ་དང་། ཉེ་བསྙེན། བླ་མ་མཉེས་པར་བྱས་ཏེ། སྒྲུབ་པ། དབང་ཐོབ་པར་བྱ་བ་དང་། སྒྲུབ་པ་ཆེན་པོ། སྩོལ་བ་དྲག་པོར་བསྙེན་སྒྲུབ་ཚར་གཅོད་པ་དང་། དངོས་གྲུབ་མ་ཐོབ་ཀྱི་བར་དུ་མི་བཏང་བར་བསྒྲུབ་པའོ། །ལྷའི་སྐུ་གཅིག་ལ་༢༽སྦྱར་བ་ནི། བསྙེན་པ། ལྷར་བསྐྱེད་པ་དང་། ཉེ་བསྙེན། ཕུང་པོ་ལྷར་མོས་པ་དང་། སྒྲུབ་པ། སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབས་པ་དང་། སྒྲུབ་པ་ཆེན་པོ། དབུ་ལ་རིགས་ལྔར་གསལ་བའོ། །དཀྱིལ་འཁོར་རྫོགས་༣༽པ་གཅིག་ལ་སྦྱར་བ་ནི། བསྙེན་པ། བྱང་ཆུབ་ཀྱི་སེམས་ཤེས་པ་དང་། ཉེ་བསྙེན། བདག་ལྷར་གསལ་བ་དང་། སྒྲུབ་པ། གཡོན་དུ་ཡུམ་བསྐྱེད་པ་དང་། སྒྲུབ་པ་ཆེན་པོ། གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས་དཀྱིལ་འཁོར་རྒྱས་འབྲིང་གི་ལྷར་བསྐྱེད་པའོ། །སྦྱོར་བ་སྐད་༤༽ཅིག་མ་གཅིག་ལ་སྦྱར་བ་ནི། བསྙེན་པ། ཡུམ་བྱིན་གྱིས་བརླབས་པ་དང་། ཉེ་བསྙེན། བརྡས་བསྐུལ་ཞིང་འདུ་བར་བྱ་བ་དང་། སྒྲུབ་པ། བདེ་བ་བསྐྱེད་ཅིང་ཁམས་དབབ་པ་དང་། སྒྲུབ་པ་ཆེན་པོ། བྱང་ཆུབ་སེམས་ལས་ཇི་ལྟར་འདོད་པ་ལྟ་སྦྱར་བའོ། ༢༽ །ལས་ཀྱི་དབྱེ་བ་ལ་གསུམ་སྟེ། དུས་ཀྱི་བསྙེན་པ་དང་། གྲངས་ཀྱི་བསྙེན་པ་དང་། མཚན་མའི་བསྙེན་པའོ། །དེ་ལ་༡༽ དུས་ཀྱི་བསྙེན་པ་ནི། དབྱར་དགུན་སྟོན་དཔྱིད་ཀྱི་ཟླ་བ་ལ་བྱ་སྟེ། དེ་ཡང་། རབ་ར་བ་ལ་༤ བསྙེན་པ་བྱ། འབྲིང་པོ་ལ་༤སྒྲུབ་པ་བྱ། ཐ་ཆུང་ལ་༤ ཕྲིན་ལས་བྱའོ། །འབྲིང་ར་བ་བཞི་ལ་བསྙེན་མཆོད་ལན་རེ་བྱ། ཐ་མ་ཡང་དབྱར་དགུན་གཉིས་ལ་བསྙེན་མཆོད་ལན་རེ་བྱའོ། །གྲངས་༢༽ ཀྱི་བསྙེན་པ་ནི། རབ་རྒྱུན་དུ་བྱ་སྟེ་གྲངས་མེད་དོ། །འབྲིང་གིས་བྱེ་བ་མན་ཆད། ཐ་མས་ཀྱང་བདུན་འབུམ་ཡན་ཆད་བྱའོ། །མཚན་༣༽མའི་བསྙེན་པ་ནི། འོག་ནས་སྟོན་པ་ལྟ་བུ་མ་བྱུང་བར་དུ་བྱའོ། །དེ་ལྟར་ཤེས་པ་ལ་བསྙེན་པ། ཞེས་གསུངས་སོ། །ལུང་བཞིན། ཞེས་གསུངས་པ་ནི། རྡོ་རྗེ་སེམས་དཔས་གསུངས་པའི་ལུང་། ཧེ་རུ་ཀའི་གལ་པོ་དང་། འཇིག་རྟེན་ལས་འདས་པའི་མདོ་ལས་ཇི་སྐད་དུ་གསུངས་པ་བཞིན། མན་ངག་ཏུ་འདིར་བཀོད་པ་སྟེ། དེ་ཡང་། དོན་དང་ལས་འབྲེལ་པ་སྟེ། །བསྙེན་པ་དང་ནི་ཉེ་བསྙེན་པོ། །བསྒྲུབ་དང་སྒྲུབ་པ་ཆེན་པོ་ལ། །མན་ངག་སྦྱོར་ཤེས་རྣལ་འབྱོར་པས། །དུས་གྲངས་མཚན་མའི་བསྙེན་པ་བྱ། །ཞེས་གསུངས་པས། བསྙེན་པ་ཐོན་ནས་སྒྲུབ་པ་ལ། སྒྲུབ་པ་ཐོན་ནས་བསྙེན་པ་དང་མི་འབྲལ་ཏེ། འབྲེལ་བར་བྱ་ཞིང་བརྩོན་འགྲུས་དྲག་པོས་འབད་པར་བྱའོ། ༤༽ །ཐུགས་དམ་བསྐུལ་ཞིང་མཉེས་པའི་ཕྲིན་ལས་ལ་གཉིས་ཏེ། དེ་ཡང་། དམ་ཚིག་མཆོག་གིས་མཆོད་པ་དག །བསྐུལ་ཚིག་དབྱངས་ཀྱིས་དེ་དག་མཉེས། །ཞེས་གསུངས་པ་ལ། ཁ་ཏྭ་མུ་ལུའི་སྒྲས་ཟུར་གཉིས་ཏེ། སྦྱོར་བའི་མཆོད་པ་དང་། དམ་རྫས་ཀྱི་མཆོད་པའོ། །དེ་ལ་༡༽སྦྱོར་བའི་མཆོད་པ་ནི། གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག །མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་རྟེན། གསང་བའི་མཆོད་པ་བླ་ན་མེད་པ་དབུལ་བའི་ཐབས་དམ་པ་སྟེ། དེ་ལ་ཡང་གཉིས་ཏེ། དོན་གྱི་སྦྱོར་བ་དང་། རྟགས་ཀྱི་སྦྱོར་བའོ། །དེའི་དོན་༡༽མན་ངག་ཤེས་རབ་སྤྱན་ལ་བལྟ་བར་བྱའོ། །རྟགས་༢༽ཀྱི་སྦྱོར་བའི་དུས་སུ་དོན་བཞི་སྟེ། གཟུངས་མ་ཇི་ལྟ་བུ་ལ་སྦྱར་བ་དང་། ཐབས་ཇི་ལྟ་བུས་སྦྱར་བ་དང་། སྦྱོར་བའི་མཆོད་པས་མཉེས་པར་བྱ་བ་དང་། སྦྱོར་བའི་སྐྱོན་ཡོན་བསྟན་པའོ། །འདི་ལྟར་བསྟན་པ་ལའང་། ལ་སྤྱོད་པས་དོར་བ་ཞེས་བྱའོ། ༡༽ །གཟུངས་མ་ཇི་ལྟ་བུ་ལ་སྦྱར་བ་ལ་ཡང་གསུམ་སྟེ། རབ་༡༽ཏིང་ངེ་འཛིན་ལས་སུ་རུང་བ་ཡིན་ཏེ། འོད་ཀྱི་རིག་མའམ། ཐམས་ཅད་ལ་སྦྱོར་བར་ཤེས་པར་བྱའོ། །འབྲིང་༢༽ལྷ་གྲུབ་པའི་ཐུན་མོང་གི་དངོས་གྲུབ་ཐོབ་པས། ལྷ་མོ་པན་ཙི་ཀ་བཀུག་ཏེ་སྦྱོར་བ་བརྩམ་མོ། །ཐ་༣༽ མས་དེ་ལྟར་མ་ནུས་ན་ཡང་གསང་སྔགས་ཀྱི་གདེངས་སུ་གྱུར་ཅིང་། བླ་མའི་གདམས་ངག་དང་ཁྱད་པར་ཅན་གྱི་སྤྱོད་པ་མ་ནོར་བས། ཚུལ་རིག་ཅིང་གོམས་པ། ཤེས་རབ་དང་ཏིང་ངེ་འཛིན་གྱི་ཁྱད་པར་ཅན། བླ་མ་དང་གཟུངས་མ་གཉིས་ཀ་ལ་ཡོད་པས་སྦྱོར་བ་བརྩམས་ཏེ། གཟུངས་མའི་ཚུལ་བརྟག་པ་ཡང་། རིགས་ཀྱི་ཡུམ་ལྔའི་མ་སྟེ། གོང་དུ་བསྟན་པ་ལྟར་ཤེས་པར་བྱའོ། །དེ་ཡང་དུས་ཇི་ཙམ་སྤྱད་ན་ཡང་། ཏིང་ངེ་འཛིན་གྱི་ཉམས་བག་རྙེད་ནས། བསྙེན་སྒྲུབ་ཀྱི་སྦྱོར་བ་ལ་འཇུག་པར་བྱའོ། ༢༽།ཐབས་ཇི་ལྟ་བུས་སྦྱོར་བ་ནི། གཟུངས་མ་ངེས་པར་བརྟགས་པ་དེ། ཁྲུས་ལེགས་པར་བྱས་ཏེ། དྲི་ཞིམ་པོས་ལུས་ལ་བྱུག་ཅིང་། གོས་དང་རྒྱན་གྱིས་ལེགས་པར་བརྒྱན་ཏེ། དཀྱིལ་འཁོར་ཆེན་པོར་བཅུག་ནས། དོན་དམ་པ་དང་། ཀུན་རྫོབ་ཀྱི་མན་ངག་བསྟན་པར་བྱའོ། །ངེ་ལ་དོན་དམ་པར་ནི། རྫོང་འཕྲང་ནས་བྱུང་བ་ལྟར། མེ་ལོང་གཡའ་དག་གི་དགོངས་པ་བསྟན་ལ། ཀུན་རྫོབ་ཏུ་ཡུམ་ཀྲོ་ཏི་ཤྭ་རི་མའི་སྐུར་བསྒོམ་པའི་མན་ངག་བསྟན་ཏེ། བདག་གིས་ཀྱང་བྱིན་གྱིས་བརླབས་ཤིང་ལྷ་ལུས་ལ་གནས་ལྔར་ཡུམ་ལྔར། དགོད་པར་བྱའོ། ༣༽ །དེ་ལ་སྦྱོར་བའི་མཆོད་པས་མཉེས་པར་བྱ་བ་ནི། བསྐུལ་ཚིག་དང་དབྱངས་སུ་བཅས་པས་ལྷ་རྣམས་མཉེས་པར་བྱ་སྟེ། དེ་ཡང་ཆོས་རིལ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ངང་དུ་བསྐུལ་བ་ནི། ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །སྣ་ཚོགས་སྣང་བ་ཐབས་ཀྱི་ཡབ། །མ་སྐྱེས་པ་ཉིད་ཤེས་རབ་ཡུམ། །དབྱེར་མེད་གཅིག་པས་ཟུང་དུ་འབྲེལ། །ༀ་དང་ཧཱུྃ་ནི་ཐབས་ཀྱི་ཡབ། །བྷྱོ་དང་རུ་ལུ་ཤེས་རབ་ཡུམ། །འཕྲེང་དུ་ལང་པས་ཟུང་དུ་འབྲེལ། །ཇི་སྙེད་བརྗོད་པའི་ཆོས་རྣམས་ཀུན། །ཐབས་དང་ཤེས་རབ་རང་བཞིན་ཏེ། །ཡེ་ཤེས་ལྷ་དང་དབྱེར་མེད་ཅིང་། །འབྲུ་བརྒྱད་སྔགས་ཀྱི་ཡི་གེར་གསུངས། །སྤྲོས་པས་བླ་མེད་མཆོད་པར་འབུལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པས་དོན་དང་རྟགས་ཀྱི་སྒོ་ནས། དཔལ་ཆེན་པོ་ཡབ་ཡུམ་དུ་གསལ་བར་བསྒོམ་སྟེ། ལྟ་སྤྱོད་མ་འཁྲུལ་བར་བྱའོ། །དེ་ཡང་རྩ་བའི་ལྷ་དགུ་དང་སྦྱར་ཏེ་བསྐུལ་བ་ནི། །ༀ་ནི་མཁའ་འགྲོ་ཀེའུ་རི་མ། །རུ་ནི་མཁའ་འགྲོ་ཙོའུ་རི་མ། །ལུ་ནི་མཁའ་འགྲོ་པྲ་མོ་ཧ། །རུ་ནི་མཁའ་འགྲོ་བེ་ཏ་ལི། །ལུ་ནི་མཁའ་གྲོ་པུསྐ་སི། །ཧཱུྃ་ནི་མཁའ་འགྲོ་ཀསྨ་རི། །བྷྱོ་ནི་མཁའ་འགྲོ་སྨ་ཤ་ནི། །ཧཱུྃ་ནི་མཁའ་འགྲོ་ཙནྡྷ་ལི། །ཀུན་བསྡུས་དཔལ་ཆེན་ཉིད་ཀྱི་ངང་། །ཡང་དག་དོན་གྱི་ལྷ་དགུར་གསལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པས། ཇི་སྙེད་དུ་བརྗོད་པའི་དོན་དེ་དག་ཀུན་རིལ། ཡང་དག་གྲུབ་པ་དོན་གྱི་ལྷ་དགུའི་ངོ་བོར་བསྡུས་ཤིང་གསལ་བར་བསྒོམ། དེ་ཡང་དཔལ་ཆེན་པོ་ཡབ་ཡུམ་དུ་བསྡུས་ཤིང་སྦྱོར་བ་མཛད་པར་བསྐུལ་བ་ནི། ༀ་ནི་སྟོང་ཉིད་ཆོས་ཀྱི་སྐུ། །རུ་ནི་དཔལ་ཆེན་ཧེ་རུ་ཀ །ལུ་ནི་ཀྲོ་ཏི་ཤྭ་རི་ཡུམ། །རུ་ནི་དབྱེར་མེད་ཟུང་དུ་འབྲེལ། །ལུ་ནི་མི་གཏོང་འཛིན་པ་སྟེ། །ཧཱུྃ་ནི་རབ་ཏུ་འཆིང་བའི་བདག །བྷྱོ་ནི་རབ་ཏུ་བསྡམས་པར་མཛད། །ཧཱུྃ་གིས་བསྐྱོད་ནས་བདེ་ཆེན་འབེབས། །འབྲུ་བརྒྱད་སྔགས་ཀྱིས་སྒྲུབ་པ་མཛོད། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། །ཞེས་བརྗོད་པས། དཔལ་ཆེན་པོ་ཡབ་ཡུམ་ཕྱག་རྒྱ་རྣམ་པ་བཞིས་ཟུང་དུ་འབྲེལ་ཞིང་། གཉིས་སུ་མེད་པར་འཁྲིལ་བའི་ཚུལ་དུ་བཞུགས་པའི་ངང་དུ་ཕྱི་ནང་གི་འཇིག་རྟེན་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རིལ་འདུས་ཤིང་དབྱེར་མེད་པར་བསྒོམ་མོ། །ཁྱད་པ་དུ་ཡང་བདེ་བའི་མཆོད་པར་ཚིམ་པར་བསྐུལ་བ་ནི། ༀ་ནི་དཔལ་ཆེན་ཡབ་ཡུམ་སྐུ། །རུ་ནི་སོ་སོར་བཞག་པ་སྟེ། །ལུ་ནི་འོ་བྱེད་དགྱེས་པའོ། །རུ་ནི་སོ་སོར་འཁྱུད་མཛད་ཅིང་། །ལུ་ནི་རྡོ་རྗེ་པདྨོར་སྦྱོར། །ཧཱུྃ་ནི་བསྐྱེད་ནས་བདེ་ཆེན་འབེབས། །བྷྱོས་ནི་བྱང་སེམས་མཁའ་ལ་ཕབ། །བདེ་ཆེན་ཉམས་སུ་མྱོང་བར་མཛད། །ཧཱུྃ་གིས་བྱང་སེམས་མཁའ་ལས་སྤྲོས། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐུལ། །འགྲོ་བ་རྒྱ་མཚོ་སྒྲོལ་བར་མཛོད། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པས། དཔལ་ཆེན་ཡབ་ཡུམ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་བཞུགས་ནས། ཡབ་ཡུམ་གཅིག་ལ་གཅིག །བཞད་པ་དང་། འོ་བྱེད་པ་དང་། འཁྱུད་པ་དང་། རྡོ་རྗེ་པདྨོར་སྦྱོར་བ་དང་། བདེ་བ་བསྐྱེད་པ་དང་། གསང་བ་བྱང་ཆུབ་སེམས་མཁའ་ལ་དབབ་པ་དང་། བདེ་བ་ཆེན་པོ་ཉམས་སུ་མྱོང་བ་དང་། བྱང་ཆུབ་སེམས་ལས་འོད་ཟེར་འཕྲོས་པས། རྒྱལ་བ་རྣམས་ལ་མཆོད་པས་མཉེས་ཤིང་ཐུགས་དམ་བསྐང་། འགྲོ་བ་རིགས་དྲུག་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ། ཆོས་ཉིད་ཀྱི་སྐམ་ས་ལ་བཏོན། ཚུར་འདུས་པས་ཡེ་ཤེས་ཀྱི་བྱིན་རླབས་དང་། བཀྲག་དང་། གཟི་མདོངས་རིལ་བསྡུས་ཏེ་བྱང་ཆུབ་སེམས་ལ་ཐིམ་པས། མུ་ཏིག་ལྟ་བུར་གསལ་བ་ལས། མཆོད་པ་དབུལ་བ་དང་། དངོས་གྲུབ་བླང་བ་དང་། སློབ་མ་ལ་དབང་བསྐུར་བ་དང་གསུམ་དུ་ཤེས་པར་བྱའོ། ༤༽ །སྦྱོར་བའི་སྐྱོན་ཡོན་བསྟན་པ་ནི། སྐྱོན་ནི། གསང་བའི་མཆོད་པ་བཅག་པས་གསང་སྔགས་མ་ཧཱ་ཡོ་གའི་དམ་ཚིག་ཉམས་ཏེ། བདེ་བར་གཤེགས་པ་དང་མཁའ་འགྲོ་མའི་བཀའ་ཆད་འོང་སྟེ། བྱུང་དོར་བྱེད་པའི་སེམས་ཅན་གྱི་རིགས་སུ་སྐྱེས་ནས། དེ་ནས་ཀྱང་དམྱལ་བར་འགྲོ་བར་བཤད་དོ། །ཡོན་ཏན་ནི། ཐུགས་དམ་བསྐོང་བ་དང་། དངོས་གྲུབ་ཐོབ་པ་དང་། མཁའ་འགྲོ་མས་འགོ་བ་ལ་སོགས་པ་འབྱུང་ངོ་། །དེ་ཡང་རྒྱུད་ལས། གསང་སྔགས་ཆེན་པོའི་སྒྲུབ་པ་ལ། །བརྟུལ་ཤུགས་བསྐྱེད་དེ་སྦྱོར་བ་བཙལ། །བསྐུལ་ཚིག་དབྱངས་ཀྱི་མཆོད་པ་ཡིས། །རྒྱལ་བ་མཉེས་ཤིང་འཁོར་བ་སྒྲོལ། །བཀའ་བཞིན་སྦྱོར་བ་མ་བརྩམས་ན། །མ་ནུས་སྐྱེས་ནས་དམྱལ་བར་འགྲོ། །ཞེས་གསུངས་སོ། །ཟུར་གཉིས་པ། དམ་རྫས་༢༽ཀྱི་མཆོད་པ་བྱ་ཞིང་ཡེ་ཤེས་ལྷའི་ཐུགས་དམ་བསྐུལ་བ་གང་སྙམ་པ་ལ། དམ་ཚིག་མཆོག་གི་མཆོད་པ་དག །བསྐུལ་ཚིག་དབྱང་ཀྱིས་དེ་དག་མཉེས། །ཞེས་གསུངས་ཏེ། ཀ་པཱ་ལ་མཚན་དང་ལྡན་པ་ལྕང་ལོ་ཅན་གྱི་ནང་དུ། གོང་གི་དམ་ཚིག་མཆོག་གི་མཆོད་པ། བྱང་སེམས་དཀར་དམར་དང་། བདུད་རྩི་ཆེན་པོ་དང་། རྒྱུ་ལྔ་བསྒྲལ་བའི་རཀྟ་དང་། ཛ་གད་ཀྱི་ཕུད་དང་། ཤ་ཆེན་པོ་ལ་སོགས་པ་བསྲེས་ཏེ་མཆོད་པ་བྱ་བ་ཡང་། ནམ་གྱི་གུང་ལ། གྲངས་པ་སྒྲའི་མཆོད་པ་རྣམ་པ་མང་པོས་ཀྱང་བསྐུལ། ཐུགས་དམ་བསྐུལ་བའི་དོན་དང་ལྡན་པའི་ཚིག་དང་། དབྱངས་གྲེ་འགྱུར་གྱི་དེའུ་བཅས་པ་རྣམས་ཀྱིས། དཀྱིལ་འཁོར་རྣམ་པ་གསུམ་དབྱེར་མེད་པར་བྱས་པའི་ལྷ་དེ་དག་མཉེས་ཤིང་དགྱེས་པ་བསྐྱེད་པར་བྱ་སྟེ། དེ་ཡང་སྟོན་པ་རྡོ་རྗེ་སེམས་དཔས་གསུངས་པའི་ཚིག །ཧེ་རུ་ཀའི་གལ་པོ་ལས་འདི་སྐད་དུ། ངག་དོན་དུ། དོན་གྱིས་ན་བསྟོད་པ་སྟེ། གཙོ་བོ་ཡབ་ལ་བསྟོད་པ། ཡུམ་ལ་བསྟོད་པ། ཀེའུ་རི་བརྒྱད་ལ་བསྟོད་པ། སེང་ཧ་བརྒྱད་ལ་བསྟོད་པ། སྒོ་མ་བཞི་ལ་བསྟོད་པ། དབང་ཕྱུག་མ་ལ་བསྟོད་པའོ། །དེ་ལས། དང་པོ་ཡབ་ལ་བསྟོད་པ་ནི། མི་གནས་ཡེ་ཤེས་ཆོས་སྐུར་དག་པ་ལས། །རྟོགས་པ་འབར་བའི་ཡེ་ཤེས་ཕྱག་རྒྱ་ནི། །ཤིན་ཏུ་མི་བཟད་ཁྲོ་བོའི་ཚུལ་སྟོན་ཅིང་། །གདུག་པའི་རྒྱན་དང་དྲག་པོའི་སྐུར་སྣང་བ། །ཡ་མཚན་རྨད་བྱུང་ཁམས་གསུམ་འཇིགས་རྔམས་པའི། །དུག་གསུམ་རྣམ་དག་ཁམས་གསུམ་ཞལ་དུ་ཤར། །ཐུགས་རྗེ་ཐབས་ཀྱི་རྒྱུ་དྲུག་ཕྱག་དྲུག་རྫོགས། །འབར་བའི་ཀློང་ན་མཁའ་འགྲོའི་སྤྲིན་ཚོགས་རྣམས། །གར་དགུའི་རྒྱན་དང་མི་བཟད་ཆོ་འཕྲུལ་གྱིས། །བདུད་ཚོགས་ཡུད་ཀྱིས་འདུལ་མཛད་རྨད་པོ་ཆེ། །དུག་ལྔ་མ་སྤངས་རྣམ་གྲོལ་ལམ་དུ་མཛད། །གཞན་ཡང་ཐབས་ཚུལ་མཐའ་ཡས་རྒྱ་མཚོ་ཡིས། །ཇི་ལྟར་འདུལ་ཞིག་སྐུ་གསུམ་ཅིར་ཡང་སྟོན། །དུས་གསུམ་རྒྱལ་བའི་ཡབ་མཆོག་ཆེན་པོ་སྟེ། །ཐུགས་རྗེའི་ཡོན་ཏན་ཡིད་བཞིན་འབྱུང་བའི་གཏེར། །འགྲོ་བ་རྣམས་ཀྱི་དཔལ་ལ་ཕྱག་འཚལ་བསྟོད། །གཉིས་པ་ཡུམ་ལ་བསྟོད་པ། ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་མཛད་ཅིང་། །དུས་གསུམ་རྒྱལ་བ་ཀུན་བསྐྱེད་ཐམས་ཅད་ཡུམ། །འཁོར་བ་མི་སྤངས་མྱ་ངན་མི་འདའ་བས། །སྒྱུ་མ་ལྟ་བུའི་སྐུ་མཆོག་མངའ་བརྙེས་པས། །རྒྱལ་བ་རྒྱ་མཚོ་མ་ལུས་མཁའ་ལ་བསྐུལ། །རྡོ་རྗེ་དབྱིངས་ཀྱི་དམ་ཚིག་བདེ་མཆོག་རབ། །ནམ་མཁའི་སྤྱོད་ཡུལ་ཡིད་བཞིན་བསམ་རྫོགས་འགྲུབ། །སྲིད་གསུམ་མཐའ་དག་དབྱིངས་དང་མཉམ་པར་སྦྱོར། །ཀྲོ་ཏི་ཤྭ་རི་ཕྱག་རྒྱར་གསལ་འབར་མ། །འབར་བའི་སྐུ་མཆོག་མཉེས་ཕྱིར་སྐུ་ལ་འཁྲིལ། །ཡུམ་གྱུར་དབྱིངས་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད། །བདག་གིས་དུག་གསུམ་སྒྲིབ་པ་ཀུན་སྤངས་པའི། །དུག་གསུམ་མ་སྤངས་སྐུ་གསུམ་ལྷུན་གྱིས་གྲུབ། །ཡང་དག་གྲུབ་མཆོག་བདག་ལ་སྩལ་དུ་གསོལ། །ཉིད་ཀྱིས་ཞལ་འཆེས་གྲུབ་པའི་འབྲས་བུ་དང་། །བདག་ཅག་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །གསུམ་པ་ཀེའུ་རི་མ་ལ་བསྟོད་པ། བཅོམ་ལྡན་ཁྲོ་རྒྱལ་ཁྲག་འཐུང་ཆེན་པོ་ཡིས། །སྐུ་གསུང་ཐུགས་ལས་སྤྲུལ་པའི་མཁའ་འགྲོ་རྣམས། །དྲག་ཤུལ་ཚུལ་གྱིས་འགྲོ་བའི་དོན་མཛད་ཅིང་། །གདུག་པའི་ཚོགས་དང་གནོད་སྦྱིན་ཆ་ལུགས་འཆང་། །ཁྲོ་ལ་ཁྲོས་པས་ཞི་མཛད་ཞེ་སྡང་སྐུ། །བདག་རྟོག་ཕུང་པོ་འཇོམས་པའི་ཏི་ར་འཕྱར། །བྱམས་པའི་ཐུགས་ཀྱིས་གཉིས་མེད་དོན་རྟོགས་པས། །ཡེ་ཤེས་འོད་སྟོང་འབར་བའི་ཀེའུ་རི་མ། །ཞི་གནས་རྩེ་གཅིག་སྟོང་པའི་གཞུ་བརྡུངས་ཤིང་། །ལྷག་མཐོང་ཤེས་རབ་གཅོད་པའི་མདའ་བཀང་ནས། །ཉོན་མོངས་བདུད་འཇོམས་ཡེ་ཤེས་དབྱིངས་རུམ་དུ། །དུག་གསུམ་འཇོམས་མཛད་ཐུགས་རྗེ་ཙོའུ་རི་མ། །འདོད་པའི་རྡུལ་བྲལ་ཆགས་མེད་པདྨའི་སྐུ། །དགའ་བྱེད་དྲེགས་པའི་བདུད་འཇོམས་རྒྱལ་བའི་རྟགས། །ཆོས་ལ་དབང་བསྒྱུར་ཆུ་སྲིན་རྒྱལ་མཚན་འཕྱར། །རྣམ་རྟོག་ཟ་བྱེད་ཁྲག་འཐུང་པྲ་མོ་ཧ། །ཕྲིན་ལས་རྣམ་བཞི་ཅིས་འདུལ་བཏང་སྙོམས་སྐུ། །ཐབས་ཀྱིས་ཁྲོ་བར་མཛད་ཅིང་གར་སྟབས་ཅན། །འཆི་བདག་བདུད་ཀྱི་སྡེ་འཇོམས་ཡེ་ཤེས་རྡོ་རྗེ་འཕྱར། །ཤེས་རབ་དབྱིངས་ལ་སྦྱོར་མཛད་བེ་ཏ་ལི། །ཡེ་ཤེས་ཉི་མའི་མ་རིག་མུན་བསལ་ཕྱིར། །ང་རྟོག་ཁྲག་མཚོ་འཁྱིལ་བའི་གཏིང་རུམ་དུ། །ཐར་མེད་རྒྱུད་དྲུག་འཁྱམས་པའི་ཕུང་པོ་ལྔ། །བདེ་ཆེན་དབྱིངས་སུ་འདྲེན་བྱེད་པུཀྐ་སི། །ཡེ་ཤེས་དབྱིངས་ཉིད་ཡེ་ནས་གཉིས་མེད་ཕྱིར། །ཐབས་ཀྱི་རྡོ་རྗེས་བྷན་དམར་དཀྲུགས་ཤིང་གསོལ། །སྤྲིན་མེད་མཁའ་ལ་ཉི་ཟླའི་གཟུགས་བརྙན་བཞིན། །ཡེ་ཤེས་འོད་སྟོང་འབར་བའི་ཀསྨ་རི། །འཇིགས་བྱེད་དུར་ཁྲོད་ཚོགས་རྣམས་གཞོམ་པའི་ཕྱིར། །ཐུགས་རྗེའི་ཚེམས་ཀྱིས་རྣམ་རྟོག་སྒོ་འབྱེད་ཅིང་། །དྲག་ཤུལ་ཚུལ་དང་རྔམས་པའི་སྟོབས་ཀྱིས་སུ། །ཉོན་མོངས་ཡིད་འཕྲོག་ཟ་བྱེད་སྨ་ཤ་ནི། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་གཤིག་པའི་ཕྱིར། །ཐབས་ཀྱིས་ངག་ཤའི་ཚུལ་དུ་སྒྲོལ་མཛད་མ། །ཡེ་ཤེས་སྤུ་གྲི་འབར་བའི་ཚེམས་བརྡར་ནས། །གདུག་བྱེད་ལྔ་ཕུང་འཇོམས་པའི་ཙནྡྷ་ལི། །མཁའ་འགྲོ་མ་སྤྱི་ལ་བསྟོད་པ། ཀུན་ཀྱང་ཡེ་ཤེས་འབར་བའི་ཀློང་དཀྱིལ་ནས། །དགོངས་སྤྱོད་རྒྱ་མཚོ་དཔག་གིས་མི་ལང་ཕྱིར། །སྐུ་མདོག་ཕྱག་མཚན་ཅིར་ཡང་མ་ངེས་ཏེ། །ཕྲིན་ལས་རྒྱ་མཚོས་ཇི་ལྟར་འདུལ་བ་བཞིན། །དུར་ཁྲོད་འབར་བའི་གནས་མཆོག་དམ་པ་འདིར། །བདུད་རྩི་དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །ཞིང་ཆེན་གསར་རྙིང་ཚོགས་ཀྱི་ལོངས་སྤྱོད་དང་། །བྱང་ཆུབ་སེམས་དང་མཱཾ་ས་རཀྟ་དང་། །དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ། །ཐུགས་རྗེའི་དབང་གིས་འདིར་གཤེགས་མཆོད་པ་བཞེས། །བདག་གིས་བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །བཞི་པ་སིང་ཧ་མེ་ལ་བསྟོད་པ། གསེར་མདོག་གཟི་འཕགས་རྡོ་རྗེའི་ཐུགས་ལས་སྤྲུལ། །སེང་གེའི་སྐད་ཀྱིས་བདུད་དཔུང་འཇོམས་པར་མཛད། །དྲག་ཤུལ་ཚུལ་གྱིས་ཞིང་ཆེན་སྤྲུག་ཅིང་གསོལ། །འགྲོ་དྲུག་བསྒྲལ་ཕྱིར་རྩལ་འཕགས་སིང་ཧ་མ། །དབང་མཆོག་ཡོན་ཏན་ཡིད་བཞིན་སྐུ་ལས་སྤྲུལ། །སྐུ་མདོག་དམར་དྭངས་བྱིན་ཆགས་སྟག་གི་ཞལ། །གསང་བའི་ལོངས་སྤྱོད་ཞིང་ཆེན་ཉིད་ལ་གཟིགས། །འཆི་བདག་བདུད་ཀྱི་སྡེ་འཇོམས་བྱཱ་ཀྲི་མ། །དྲི་མེད་རྣམ་དག་པདྨའི་གསུང་ལས་སྤྲུལ། །སྐུ་མདོག་དམར་ནག་བྱིན་ཆགས་ཝ་ཡི་གདོང་། །གསང་བའི་ལོངས་སྤྱོད་ཞིང་ཆེན་འདྲལ་ཞི་ཟ། །ལོག་འདྲེན་བགེགས་ཀྱི་ཚོགས་འཇོམས་སྲི་ལ་མ། །དོན་གྲུབ་རྡོ་རྗེ་ལས་ཀྱི་རིགས་ལས་སྤྲུལ། །སྐུ་མདོག་མཐིང་ནག་སྤྱང་མོ་འཇིགས་པའི་ཞལ། །དྲག་ཤུལ་རྔམས་པས་ཞིང་ཆེན་འདྲལ་ཞིང་ཟ། །རྡོ་རྗེའི་ལས་ཀུན་གྲུབ་མཛད་ཤྭ་ན་མ། །ཡེ་ཤེས་ཐུགས་ཀྱིས་ཕྱོགས་བཅུར་ཁྱབ་པའི་ཕྱིར། །བྱ་རྒོད་གཟུགས་ཀྱིས་རྫུ་འཕྲུལ་མཐུ་དང་ལྡན། །འཁོར་བ་མི་སྤོངས་མྱ་ངན་མི་འདའ་བའི། །ཐབས་ཀྱི་གྲི་བསྣམས་ཁྲག་འཐུང་ཀྲི་ཏ་མ། །དུར་ཁྲོད་སྤྱོད་པས་འགྲོ་དྲུག་བསྒྲལ་བའི་ཕྱིར། །ལོག་རྟོག་དབང་པོ་ཀང་ཀའི་མཆུས་འབྱིན་ཅིང་། །ཐབས་ཀྱི་གྲི་བསྣམས་ཞིང་ཆེན་ཕྲག་ལ་འགེལ། །འཇིག་རྟེན་བསྒྲལ་ཕྱིར་ཕྲག་དོག་ཀང་ཀ་མ། །ཞེ་སྡང་བག་ཆགས་རྩད་ནས་བཅད་པའི་ཕྱིར། །ཡེ་ཤེས་མཚོན་བསྣམས་རྒྱུད་ཕྲེང་ཁྲག་ལ་མོས། །རྣམ་རྟོག་རྡུལ་གྱིས་མ་གོས་བྱ་རོག་གདོང་། །ཡོན་ཏན་ཡིད་བཞིན་བདག་ཉིད་ཁྭ་ཁྭ་མ། །དོན་དམ་གཉིས་མེད་ངེས་པའི་དོན་རྟོགས་ཤིང་། །ཅིར་ཡང་འགྱུར་བའི་ཁ་དོག་སྣ་ཚོགས་འཆང་། །འགྲོ་དྲུག་བསྒྲལ་ཕྱིར་ལྕགས་ཀྱུ་རྣོ་བསྣམས་ཤིང་། །མི་བཟད་ཐོད་ཁྲག་འཐུང་བའི་ཧུ་ལུ་མ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །ཀུན་ཀྱང་མི་བཟད་ཁྲག་འཐུང་རྔམས་པའི་སྐུ། །ཐོད་རློན་པགས་ཆེན་ཁྲག་གིས་སྐུ་ལ་བརྒྱན། །ཕྲིན་ལས་རྫོགས་མཛད་གྲུབ་པའི་ཚུལ་བཞིན་སྩོལ། །འགྲོ་བའི་དོན་ཕྱིར་སྣ་ཚོགས་སྐུར་སྟོན་ཅིང་། །ཞིང་ཆེན་གསར་རྙིང་ཚོགས་ལ་ལོངས་སྤྱོད་མ། །དུར་ཁྲོད་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། །དུར་ཁྲོད་འབར་བའི༴ བདུད་རྩི༴ ཞིང་ཆེན༴ བྱང་ཆུབ༴ དམ་རྫས༴ ཐུགས་རྗེའི༴ བདག་གིས༴ ལྔ་པ་སྒོ་མ་བཞིའི་བསྟོད་པ། ཁམས་གསུམ་འཁོར་བའི་སྡུག་བསྔལ་ཅི་འདྲ་བར། །བྱམས་མགོན་ཁྱེད་ཀྱི་ཐུགས་ཀྱིས་གདུལ་སླད་དུ། །རྣམ་པར་རྟོག་པའི་བག་ཆགས་སྦྱང་བའི་ཕྱིར། །མྱུར་དུ་སྒྲོལ་མཛད་རྟ་གདོང་ལྕགས་ཀྱུ་མ། །སྔོན་གྱི་སྨོན་ལམ་ཐུགས་དམ་ཆེ་མངའ་བས། །འཁོར་བར་ཡུན་རིང་འགྲོ་བའི་སྡུག་བསྔལ་ལ། །རྟག་ཏུ་གྲོགས་མཛད་སྐྱོ་ངལ་མི་མངའ་སྟེ། །ཡིད་བཞིན་རེ་སྐོང་ཕག་གདོང་ཞགས་པ་མ། །ཐམས་ཅད་མཁྱེན་པའི་ཉི་ཟླ་ཞལ་མངའ་བས། །རྨོངས་པའི་མུན་སེལ་བག་ཆགས་བསྲེག་པའི་ཕྱིར། །འཁོར་བའི་རྒྱུད་མཁྱེན་ཅིས་འདུལ་ངེས་སྟོན་པའོ། །བློ་གྲོས་མིག་བྱེད་ཉི་ཟླ་ལྕགས་སྒྲོག་མ། །མྱ་ངན་མི་འདའ་འཁོར་བ་མཐར་ཐུག་ལ། །ཁྱེད་ཀྱི་ཐུགས་རྗེས་བདག་ལ་རྟག་ཏུ་དགོངས། །ཕྲིན་ལས་རྒྱ་མཚོས་ཁམས་གསུམ་འཚོ་མཛད་ཅིང་། །དེད་དཔོན་མཆོག་ཉིད་ཐལ་བྱེད་དྲིལ་བུ་མ། །རབ་ཏུ་མི་བཟད་ཁྲོ་མོའི་ཚུལ་སྟོན་ཅིང་། །འབར་བའི་སྐུ་མཐོང་ཚངས་པའི་གསུང་སྒྲོགས་ཤིང་། །གནོད་བྱེད་བགེགས་ཀྱི་སྙིང་ནི་འགེམས་པར་བྱེད། །ཕྲིན་ལས་སྒྲོལ་མཛད་ཐུགས་རྗེས་བདག་ལ་དགོངས། ཁམས་གསུམ་འཁོར་བའི་སྡུག་བསྔལ་མི་བཟད་པས། །བྱམས་མགོན་ཁྱེད་ཀྱི་ཐུགས་རྗེས་བདག་ལ་དགོངས། །དུར་ཁྲོད་འབར་བའི་གནས༴ བདུད་རྩི༴ ཞིང་ཆེན༴ བྱང་ཆུབ༴ དམ་རྫས༴ ཐུགས་རྗེའི༴ བདག་གིས༴ དྲུག་པ་དབང་ཕྱུག་མ་ལ་བསྟོད་པ། རྔམས་པའི་ཚུལ་གྱིས་སྲིན་མོའི་གཟུགས་འཛིན་ཅིང་། །ཐོད་རུས་གདུག་པའི་འབྲུ་མར་ཟས་སུ་ཟ། །སྲིད་པའི་སེམས་ཅན་ཁྲག་སྙིང་ཁྲག་མཚོར་གསོལ། །དབང་དྲག་ལས་མཛད་མ་ནུ་རཀྴ་སི། །སྡུག་བསྔལ་མྱ་ངན་འདས་རྟོགས་ཚངས་མའི་གཟུགས། །ཚད་མེད་བཞི་རྫོགས་རྟགས་ཀྱི་དབུ་བཞིར་ལྡན། །ཞལ་བཞི་སྨྲང་འདོན་གླིང་བཞི་བཀྲ་ཤིས་ལྡན། །གཏི་མུག་ཡིད་བཞིན་རིན་ཆེན་པྲ་མ་ནི། །ཐམས་ཅད་མཉམ་པ་ཉིད་རྟོགས་རིགས་མཆོག་མ། །མ་རིག་དུག་གསུམ་འཇོམས་མཛད་དཔལ་རྩེ་བསྣམས། །བུད་མེད་ཆགས་ཚུལ་དབང་མཛད་དཀའ་བཟློག་མ། །ཆགས་པའི་སྐྱོན་བྲལ་ལྷ་ཆེན་རེ་ཏྲི་མ། །ཐམས་ཅད་སྒྱུ་མ་བཞིན་དུ་རྟོགས་མཁྱེན་ཅིང་། །འབྲེལ་བའི་ཐུགས་རྗེ་འཇིག་རྟེན་གསུམ་ལ་སྤྱོད། །ཕྲིན་ལས་རྒྱ་མཚོ་སྒྲོལ་བའི་བཞད་ཆེན་ཅན། །འཁོར་བའི་རྒྱུན་གཅོད་དྲག་པོ་བེ་སྣ་བེ། །འདུ་བྱེད་མི་རྟག་དྲིལ་བུའི་སྒྲ་ལྟར་མཁྱེན། །རྟག་ཏུ་གཞོན་ཚུལ་འཁོར་བར་ཇི་སྙེད་བཞུགས། །ཉོན་མོངས་ཐ་བ་འབིགས་པའི་མདུང་ཐུང་འཕེན། །གཞོན་ཚུལ་ཆགས་པའི་དབང་མཛད་ཀོའུ་རཱི་མ། །རྡོ་རྗེའི་ལས་མཛད་སྐྱིན་གྱི་བླ་ན་མེད། །ལྷ་ཡི་རྒྱལ་སྲིད་ཆོས་ལ་དབང་བསྒྱུར་ཞིང་། །ཆོས་དབྱིངས་རྒྱས་མཛད་མི་དམིགས་སྐུ་མདོག་དཀར། །གསོད་བྱེད་རྡོ་རྗེ་ལྕེ་འབེབས་ཨིནྡྲ་མ། །འགྲོ་བའི་དོན་མཛད་མི་འགྱུར་སྐུ་མདོག་གནག །སྲིད་གསུམ་འཇོམས་མཛད་ཏྲི་ཤུལ་གདེགས་པ་དང་། །ཐུགས་རྗེའི་ཤུགས་ཀྱིས་འདྲེན་མཛད་ལྕགས་ཀྱུ་བསྣམས། །འཁོར་བར་ཐུགས་རྗེ་འཆར་ཕྱིར་ཙ་ཀ་ཧ། །བྱམས་པའི་ཐུགས་རྗེས་དབང་མཛད་སྐུ་དམོག་དམར། །བྷནྡྷ་སྣོད་ཡངས་བཅུད་ཀྱི་རྒྱ་མཚོ་ལས། །རྔམས་པའི་ཞལ་དུ་དུག་གསུམ་འདྲེན་མཛད་ཅིང་། །སྡུག་བསྔལ་དབྱིངས་སུ་སྐོང་མཛད་བཛྲ་པིང་ཀ་ལ། །འཇིག་རྟེན་འདུལ་མཛད་ཁྲོ་མོ་མཆོག་ཏུ་མཁྱེན། །བྱམས་པའི་ཐུགས་རྗེས་འཁོར་བའི་རྒྱུད་འཛིན་ཅིང་། །འདམ་སྐྱེས་པད་ལྟར་འཁོར་བའི་སྐུ་འཁྲུངས་ཀྱང་། །ཆགས་པའི་སྐྱོན་བྲལ་དབང་མཛད་ཨ་མྲྀ་ཐ། །ཞི་བའི་ལས་ནི་གསོད་པའི་མཆོག་ཏུ་མཁྱེན། །ཟླ་བའི་མདོག་ལྟར་ཡོན་ཏན་མཐར་ཕྱིན་སྐུ། །གདུང་བའི་ནད་སེལ་འཇིག་རྟེན་སྒྲོལ་མཛད་ཅིང་། །གདོན་ཚོགས་ཐམས་ཅད་སྟོང་མཛད་སོའུ་མེ། །དབྱུག་པས་འཚོག་པ་འདྲ་བར་གཞན་མེད་མཁྱེན། །ཐབས་ཀྱིས་མ་འདྲེས་ཕྲིན་ལས་ལྗང་ཁུའི་མདོག །ནན་དབང་དྲག་ཤུལ་སྤྱོད་པའི་ཚུལ་སྟོན་ཅིང་། །དྲེགས་བྱེད་སྤྱི་ནས་འཇོམས་བྱེད་ད་ན་ཧཾ། །ལོག་པར་ལྟ་བ་འཇོམས་མཛད་སྤྱན་གྱི་མཆོག །སྐྱེ་བའི་དབུགས་འཕྲོག་སྐྱེ་འགྲོའི་ཁྲག་མཚོ་གསོལ། །ལས་མཛད་ཆགས་ཚུལ་གསེར་གྱི་སྐེད་བཅིངས་ཅན། །དྲག་མོ་རྔམས་ཚུལ་གློག་འགྱུ་རཀྴ་སི། །ཕྲེང་བ་རྒྱན་གྱི་ནང་ན་མཆོག་ཏུ་མཛེས། །རྒྱུན་གྱི་ཐུགས་རྗེས་བ་སུ་རྒྱུ་ཞགས་གསོལ། །ཆགས་མེད་ཞིང་དུ་ཁམས་གསུམ་འདྲེན་མཛད་མ། །རྒྱུན་གྱི་ཐུགས་རྗེས་སྒྲོལ་མཛད་བཀྴ་སི། །བྱམས་པའི་ཞགས་པས་འཁོར་བའི་རྒྱུད་འཛིན་ཅིང་། །ཆགས་པའི་ཚུལ་གྱིས་དོན་མཛད་ར་མགོ་ཅན། །གང་ལ་ཅི་འདུལ་དེ་ལ་དེར་སྟོན་པ། །རེ་བ་ཡིད་བཞིན་སྐོང་མཛད་ཙ་ཀ་ལ། །མཚོན་ཆ་དབྱུག་པ་མཆོག་དུ་མཁྱེན་པས་ན། །གཏུན་བུས་གདུག་པ་མ་ལུས་འདུལ་མཛད་དེ། །ནོར་གྱི་ཚོགས་རྣསས་མ་ལུས་འཕྲོག་བྱེད་ཅིང་། ཁམས་གསུམ་ནོར་གྱིས་རྒྱས་མཛད་ཏྲེའུ་ཏྲི་མ། །ར་རོ་འདྲ་བར་དཔའ་བོ་གཞན་མེད་མཁྱེན། །ཆོས་རྣམས་གཉིས་མེད་དོན་རྟོགས་རབ་ཏུ་མྱོས། །ཉོན་མོངས་ཐ་བ་རློག་པའི་གཤོལ་བསྣམས་ཤིང་། །དགེ་བའི་ལོ་ཏོག་བསྐྱེད་མཛད་རུ་རཾ་ཏི། །བརྟན་པས་གཞན་ཕམ་མཛད་པའི་དཔལ་བའི་མཆོག །མ་ལུས་གསོད་བྱེད་ལས་ལ་འཇུག་མཛད་ཅིང་། །སྙེམས་པ་མི་མངའ་འགྲོ་དོན་གཅིག་ཏུ་སྤྱོད། །གསོད་བྱེད་དྲག་མཛད་ཨེ་ཀ་ཙ་ར་མ། །བུད་མེད་ཆགས་པས་འགྲོ་བ་དབང་དུ་མཛད། །ཐམས་ཅད་མ་ལུས་འགུགས་བྱེད་དགེ་བའི་ལས། །འདོད་པའི་མངའ་འཕེན་འགྲོ་བའི་ཡིད་འཕྲོག་མ། །ཐུགས་རྗེས་ཞེན་པའི་མ་ནོར་ཧ་ར་མ། །ཁྲག་ལས་ཟས་གཞན་མེད་པར་རྟོགས་མཁྱེན་ཅིང་། །གདོན་རྣམས་བསྐྲད་པའི་ལས་རྣམས་རྦོད་གཏོང་ཅན། །མི་ཟད་མཛོད་ལྡན་གསེར་གྱི་བུམ་པ་བསྣམས། །སྡུག་བསྔལ་རེ་སྐོང་ཁྲག་འཐུང་སི་ཏི་ཀ །རེག་བྱའི་སེམས་ནི་རླུང་གི་ཁམས་ཏེ་མཆོག །སྲིད་གསུམ་དབུགས་ཀྱི་སྲོག་སྦྱིན་ཚེ་འཕེལ་མ། །བདེ་གཤེགས་དབྱིངས་སུ་རྒྱུ་དྲུག་སྒྲོལ་མཛད་མ། ཁམས་གསུམ་གནས་ནས་སྐྱོབ་མཛད་པ་ཡ་བེ། །སྟོན་པའི་བཀའ་དང་རང་གི་དམ་བཅས་གཉིས། །མི་འདའ་མ་གྲུབ་བར་དུ་བརྟན་པར་བཞུགས། །དམ་ཚིག་སྲོག་གིས་སེམས་ཅན་དོན་མཛད་མ། །གཏི་མུག་མུན་སེལ་ཀུམ་བྷི་ཤྭ་ར་མ། །སྙིགས་མ་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །སྲིད་གསུམ་འཁོར་བའི་སེམས་ཅན་གདུལ་དཀའ་སྟེ། །གསོད་པ་ཉིད་ན་ལས་ཀྱིས་འདུལ་བར་མཛད། །སྡུག་བསྔལ་དབྱིངས་སུ་སྒྲོལ་མཛད་མ་ར་ན། །གཟི་བྱིན་ཅན་ནི་མེ་ཡི་ཁམས་ཏེ་མཆོག །གོ། །འབར་བ་མཆོག་གིས་གདུག་པ་མ་ལུས་བསྲེགས། །རབ་བརྗིད་བསྐལ་པའི་དུས་མཐའི་ཚུལ་སྟོན་པའི། །ལྷག་མཐོང་ཡེ་ཤེས་འབར་འཕྲོ་ཨགྣེ་མ། །སྐྱེ་བ་དག་ལ་སྐྱེ་ཤི་རྩད་གཅོད་ཅིང་། །ཉོན་མོངས་ཐ་བ་རློག་མཛད་ཕག་གི་དབུ། །འོག་གི་ཕྱོགས་ནས་སྲིད་གསུམ་སྟོབས་ཀྱིས་སྤོར། །སྐྱེ་ཤི་རྩད་གཅོད་ཟ་བྱེད་བ་ར་ཧི། །འཆི་བདག་ཐམས་ཅད་གནས་མ་འཕོས་པ་མཁྱེན། །ཐམས་ཅད་མ་ལུས་དམ་ཉམས་འཆི་བདག་མཛད། །དམ་ཚིག་སྲུ་བའི་འཆི་བདག་བཟློག་མཛད་ཅིང་། །ལུང་གི་དུར་ཁྲོད་དབང་མཛད་ཙ་མུནྟྲི། །འཇིགས་ལས་ལྷག་པའི་བགེགས་ནི་གཞན་མེད་མཁྱེན། །སྟོང་ཕྲག་བརྒྱད་ཅུའི་བགེགས་ལ་མངའ་མཛད་ཅིང་། །སྣ་ཆེན་གླང་སྣས་བདུད་རྩི་གི་ཧང་ཐོགས། །སྡུག་བསྔལ་ནད་གསོད་མཛང་པའི་ཨུ་ད་ན། །ཆུ་ལས་ལྷག་པའི་ཟས་ནི་གཞན་མེད་མཁྱེན། །ནོར་གྱི་ཚོགས་རྣས་མ་ལུས་འཕྲོག་བྱེད་ཅིང་། །གདུག་པ་འདུལ་མཛད་དུག་གདོང་སྦྲུལ་ཞགས་བསྣམས། །ཞི་གནས་ཏིང་འཛིན་དབང་སྡུད་བ་རུ་ཎ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཐར་གཏུགས་ཏེ། །སྟོང་པའི་སྒྲས་བསྐུལ་འགྲོ་བའི་རྒྱུད་ལས་འབེབས། །སོ་སོའི་སྐད་དུ་ཆོས་ཀྱི་སྒྲ་སྒྲོགས་པས། །བག་ཆགས་སྤྱོད་མཛད་ལམ་པོ་ད་ར་མ། །དཔལ་ཆེན་འཇིགས་བྱེད་འབར་བའི་དཀྱིལ་འཁོར་དུ། །འཇིགས་རྟེན་ཁམས་ཀྱི་མ་མོ་དམ་ལ་བཏགས། །དབང་ཕྱུག་ཚོགས་བཅས་མིང་བཏགས་རྡོ་རྗེ་བྱིན། །དེ་ཚེ་སོ་སོས་ཁས་བླངས་དམ་བཅས་པ། །མ་སྲིང་མཛའ་མོ་བྲན་མོར་ཁས་བླངས་ཤིང་། །བླ་མེད་མཆོག་གི་ཐེག་ཆེན་སྲུང་བ་དང་། །རྗེས་སུ་སྒྲུབ་པའི་རྣལ་འབྱོར་སྐྱོང་བའི་ཕྱིར། །མི་མཐུན་ཕྱོགས་ཀྱི་དགྲ་བགེགས་བསྒྲལ་བ་དང་། །གདུག་པ་བཟློག་ཅིང་ཚེ་དགུག་བསྲུང་ངོ་ཞེས། །ཁྱེད་ཀྱི་ཁས་བླངས་དམ་བཅས་དེ་མིན་ནམ། །དམ་བཅས་བཞིན་དུ་ཐུགས་དམ་རྒྱུད་བསྐུལ་ནས། །བདུད་རྩི་རཀྟ་དམར་གྱི་ཨརྒྷཾ་དང་། །ཤ་རུས་ལ་སོགས་ཟས་ཀྱི་ལོངས་སྤྱོད་ཀྱིས། །མ་ཚོགས་དབང་ཕྱུག་ཐུགས་དམ་བསྐང་གྱུར་ཏེ། །ནོངས་བགྱིས་འགལ་འཁྲུལ་ཆག་ཉམས་མཐོལ་བཤགས་ན། །གྲུབ་པའི་འབྲས་བུ་དུས་འདིར་ཚུལ་བཞིན་སྩོལ། །ཞེས་རྒྱུད་ལས་གསུངས་པ། རྣལ་འབྱོར་པས་ལེ་ལོ་དང་གཉིད་དང་ཆང་དབང་དུ་མི་གཏོང་བར་བརྩོན་འགྲུས་ཀྱིས། ཉིང་གུང་མཚན་གུང་ལ། ལྷ་རེ་རེར་སྙིང་པོ་བརྒྱ་བརྒྱད་དང་། བསྟོད་པ་དང་། མཆོད་པར་བཅས་ཏེ་དབུལ་ལོ། །སྦྱིན་སྲེག་བྱ་བ་དང་། ཚེ་འགུག་པ་དང་། །ཕྲིན་ལས་བཅོལ་བ་ཀུན་བསྟོད་པ་འདི་ལས་ཤེས་པར་བྱའོ། །འཁོར་བཅས་མཆོད་པ་རྫོགས་ནས་ནི། །ཞེས་གསུངས་ཏེ། དེ་ལ། འཁོར་བཅས། ཞེས་པའི་སྒྲས། དཔལ་ཁྲག་འཐུང་ལ་ཀེའུ་སེང་སྒོ་མ་དང་དབང་ཕྱུག་མ་དང་བཅས་པ་ཁོ་ནར་ཟད་དེ། མཁའ་འགྲོ་དང་། གིང་དང་། ལང་ཀ་དང་། མ་བདུན་དང་། སྲིང་བཞི་དང་། འབར་མ་དང་། ཕོ་ཉ་དང་། རིག་འཛིན་དང་། ཡང་ཕུར་སྐྱོང་བའི་སྲུང་མ་རྣམས་ཀྱང་། ཟླ་གསང་ཐིག་ལེའི་རྒྱུད་དང་། རྟག་ཆེན་གཡབ་མོའི་རྒྱུད་ལ་སོགས་པ་ནས་འབྱུང་བ་དང་། ལུག་སོ་སོའི་བསྐུལ་ཚིག་ཟབ་མོས་བསྐུལ་ཞིང་མཆོད་དོ། །མཆོད་པ་རྫོགས་ནས་ནི། །ཞེས་པས། མཆོད་པ་ཀུན་གྱི་ཐ་མར་ནི། ཚོགས་ཀྱི་མཆོད་པ་དང་། གཏོར་མ་དང་། ལྷག་མའི་མཆོད་པ་སྟེ། དེ་ལ་ཚོགས་མཆོད་གཞུང་བཞིན་དུ་འབུལ་ནས། ཟོས་པའི་ལྷག་མ་རྣམས་བསྡུས་ཏེ། དགོང་མོ་དམར་ཐག་ཆོད་པ་དང་། སྲོད་དང་། ཐོ་རངས། སྐྱ་རེངས་ཤར་བའི་དུས་སུ། ཧེ་རུ་ཀ་ལས་ཀྱི་བཟླས་པས་དབང་དུ་བསྡུས་ལ། ཞེས་པ་དོན་གྱི་ལྷག་ཆོག་བྱེད་པའོ། །མཁའ་འགྲོ་མ་དང་། དབང་ཕྱུག་མ་ལ་སོགས་པ་མཆོད་དེ། གཏོར་མ་བཏང་། མཚམས་ཡིད་ཀྱིས་ཀློད་དོ། །ལངས་པའི་དུས་སུ། སྟན་བྱིན་གྱིས་བརླབས་ཏེ། ཕྲེང་བ་ཁྲོ་ཞལ་དུ་བྱས་ནས་ཡི་དམ་གྱི་ལྷར་བསྒོམ་སྟེ་གྲལ་སྲུང་དུ་གཞུག་གོ། །འཆག་པའི་དུས་སུ་རྒྱལ་པོའམ་རྒྱལ་ཐེབས་རེས་དབང་གཟུགས། མར་འགྲོ་བ་རེ་ལ་བསྲུང་བ་རེ་རེ་བྱ། ཡར་འོང་བ་རེ་ལ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་མཚམས་བཅད། སྟན་མི་སྤྲུགས། གྲལ་མི་བསྣོར། དེ་ནས་ཡང་མཆོད་པ་དེ་མ་ཐག་ཏུ་བཤམས་ཏེ། མཚམས་དང་ལས་རིམ་གཞུང་བསྲང་སྟེ། འཛབ་དང་མཆོད་པ་ལ་སོགས་པ་རྫོགས་པར་བྱའོ། །ཞེས་པའི་དོན་ཏོ། །ལྷ་མཉེས་པར་བྱ་བའི་སྐབས་སུ། ༥༽ སྦྱོར་བ་དང་སྒྲོལ་བའི་མཆོད་པས་ལྷ་མཉེས་པར་བྱ་བའི་ཕྲིན་ལས་ལ་གཉིས་ཏེ། བདག་དོན་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་སྦྱོར་བའི་མཆོད་པ་བསྟན་པ་དང་། གཞན་དོན་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་སྒྲོལ་བའི་མཆོད་པ་བསྟན་པའོ། །དེ་གཉིས་རེ་རེ་ལ་ཡང་། བདག་དོན་དང་གཞན་དོན་གཉིས། ཤེས་རབ་དང་ཏིང་ངེ་འཛིན་གཉིས། ལྟ་བ་དང་སྤྱོད་པ་གཉིས། དོན་དང་རྟགས་རྣམ་པ་གཉིས་ཏེ་བརྒྱད་ཚང་ལ། སོ་སོར་ཡང་སྣང་ངོ་། །དེ་ཡང་། དམིགས་མེད་སྟོབས་ཀྱི་གདེངས་ཅན་གྱིས། །བྱ་བ་ནས། དངོས་ཀྱང་མཆོད་པའི་རྫས་སུ་བསྔོ། །ཞེས་བྱ་བ་ཡན་ཆད་ཀྱི་ཚིག་རྐང་བཅོ་ལྔ་པོ་འདི་ལ། ཁ་ཏ་ཁ་ལུའི་སྒྲ་ལས་དྲངས་ན། དཀྱུས་གཅིག་ལ་ཟུར་གཉིས་པར་སྟོན་པ་སྟེ། ༡༽ དེ་ལ་བདག་གི་དོན་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། སྦྱོར་བའི་མཆོད་པ་བསྟན་པ་ལ། དོན་བཞི་སྟེ། བདག་ཉིད་ཏིང་ངེ་འཛིན་གྱིས་གཟེངས་བསྟོད་པ་དང་། ཡུམ་བརྟག་ཅིང་བྱིན་གྱིས་བརླབས་པ་དང་། སྦྱོར་བ་བརྩམས་པ་དང་། མཆོད་པ་འབུལ་བའོ། །དེ་ལ། བདག་ཉིད་ཏིང་ངེ་འཛིན་གྱིས་གཟེངས་བསྟོད་པ་གང་སྙམ་པ་ལ། དམིགས་མེད་སྟོབས་ཀྱི་གདེངས་ཅན་གྱིས། །སྐུ་མཆོག་འབར་བའི་ཚུལ་དུ་བསམ། །ཞེས་བྱ་བས་བསྟན་ཏེ། དོན་དམ་པར་དམིགས་སུ་མེད་པའི་ཆོས་ཉིད་ལ། རིག་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་ནས། ཡང་དག་པའི་དོན་ལ་ལྟ་བའི་གདེངས་ཡོད་པ་ཅན་གྱིས། ཀུན་རྫོབ་ཏུ་དཔལ་ཆེན་པོའི་སྐུ། ཐེག་པ་ཀུན་ལས་ཁྱད་པར་མཆོག་ཏུ་གྱུར་པ། ཞལ་གསུམ་ལ་ཕྱག་དྲུག་པ་ཞབས་བཞི་པ། འཇིགས་བྱེད་ཡེ་ཤེས་ཀྱི་སྐུ་ལ་དུར་ཁྲོད་ཀྱི་རྒྱན་གྱིས་སྒེག་པ། འདུལ་བྱེད་ཡེ་ཤེས་ཀྱི་མཚོན་ཆ་ཕྱག་ན་བསྣམས་ཤིང་། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་ཤིང་། སྐུ་གསུང་ཐུགས་ཕྱག་རྒྱའི་ཏིང་ངེ་འཛིན་ཤིན་ཏུ་གསལ་བའི་ཚུལ་ནི། མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་བསམ་པར་བྱའོ། །ཡུམ་༢༽བརྟག་ཅིང་བྱིན་གྱིས་བརླབས་པ་གང་སྙམ་པ་ལ། བསྒྲུབ་རྫས་དེ་དག་བྱིན་གྱིས་བརླབས། ཁམས་གསུམ་ཁྲག་ཏུ་དམིགས་ནས་ནི། །དུར་ཁྲོད་ཀུན་ཏུ་ཁྱབ་པར་བསམ། །ཞེས་པས་བསྟན་ཏེ། དེ་ཡང་ཡུམ་བརྟག་པ་དང་། བྱིན་གྱིས་བརླབ་པ་གཉིས་ལས། དེ་ལ་ཡུམ་༡༽བརྟག་པ་གང་སྙམ་པ་ལ། སྒྲུབ་རྫས་དེ་དག །ཞེས་བྱ་བས་བསྟན་ཏེ། དེ་ལ་གསང་སྔགས་མ་ཧཱ་ཡོ་གའི་བསྒྲུབ་པའི་ལུགས་འདི། བསྒྲུབ་པའི་རྫས་ཡུམ་ཤེས་རབ་མ་ལ་བརྟེན་ཏེ་སྒྲུབ་པར་ལུང་ལས་གསུངས་པས། ལྷ་མོ་གནས་ནས་བཀུག་ཏེ་བསྒྲུབ། །ཡང་ན་ཀླུ་ཡི་བུ་མོ་དགུག །ཐ་ན་མི་ཡི་བུ་མོ་འམ། །དེ་ལ་བསྒྲུབས་ཏེ་བྱང་སེམས་རྫས། །ཕབ་ནས་མཆོད་བླངས་བྱས་གྱུར་ན། །དེས་ནི་མྱུར་དུ་འགྲུབ་པ་འགྱུར། །ཞེས་གསུངས་ཏེ། དེ་ཡང་རྣལ་འབྱོར་པ་ཏིང་ངེ་འཛིན་ལས་སུ་རུང་བས་ནི། འོད་ཀྱི་རིག་མའམ། ཐམས་ཅད་ལ་སྦྱོར་ཤེས་པར་བྱའོ། །འབྲིང་ལྷ་གྲུབ་པ་ཐུན་མོང་གི་དངོས་གྲུབ་ཐོབ་པས། དགའ་ལྡན་གྱི་གནས་ནས་ལྷ་མོ་པན་ཙིཀ་དགུག་པའམ། རྒྱ་མཚོའི་གཏིང་ནས་ཀླུ་ཡི་བུ་མོ་ཡིད་འོང་དགའ་དགུག་པ་སྟེ། དེ་དང་གཉིས་བསྒྲུབས་ཏེ་སྦྱོར་བ་བརྩམ་མོ། །ཐམས་དེ་ལྟར་མ་ནུས་ན་ཡང་། མིའི་བུ་མོ་ལ་བརྟག་པ་བྱ་སྟེ། ལུང་ལས། རྡོ་རྗེ་རིགས་ཀྱི་གཟུངས་མ་ནི། །ཞི་བའི་ཚུལ་དགུ་ལྡན་པ་སྟེ། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བྱིན་འཕྲོ། །དཀར་དམར་མདངས་ལྡན་དུང་མོའི་མདོག །མདུན་ནས་བལྟས་ན་དགྱེ་དགྱེ་འདྲ། །རྒྱབ་ནས་བལྟས་ན་རྒུ་རྒུ་འདྲ། །འགྲོ་ན་སྟབས་སྡུག་མཛེས་པར་འགྲོ། །སྨྲ་ན་ངག་སྙན་སྙན་པར་འགྲོ། །ཡིད་དུ་འོང་ཞིང་སེམས་འཕྲོག་མ། །རྡོ་རྗེ་སེམས་དཔའི་གཟུངས་མར་ཤིས། །དེ་ནི་བསྒྲུབ་རྫས་དམ་པ་སྟེ། །དེ་ལ་རྟག་ཏུ་སྦྱོར་བ་བྱའོ། །ཞེས་གསུངས་སོ། །དེ་ལ་བྱིན་གྱིས་༢༽བརླབ་པ་གང་སྙམ་པ་ལ། བྱིན་གྱིས་བརླབས། ཞེས་སྨོས་པ་སྟེ། བདག་དབང་དུ་བྱིན་གྱིས་བརླབས་པ་དང་། རྒྱན་གྱིས་བྱིན་གྱིས་བརླབས་པ། ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའོ། །དེ་ལ་བདག་༡༽ དབང་དུ་བྱིན་གྱིས་བརླབས་པ་ནི། མིའི་བུ་མོ་གང་འདྲ་བར་བཙལ་ཏེ་བརྟག་པ་བྱས་ཏེ། ཕ་མ་ལ་རིན་གྱིས་བསླུས་ཏེ་བདག་གིར་བྱ་བའམ། དེ་བྲིད་ཅིང་ཁ་དྲངས་ཏེ་བདག་གིར་བྱ་བའོ། །རྒྱན་༢༽ བྱིན་གྱིས་བརླབས་པ་ནི། དེའི་ལུས་ཁྲུས་ལེགས་པར་བྱས་ཏེ། ཨ་ཀ་རུ་དང་། དུ་རུ་ཀ་དང་། ཛ་ཏི་ཕ་ལ་དང་། ག་བུར་དང་། ཀ་ཀོ་ལ་དང་། གླ་རྩི་དང་། ཙནྡྷན་གྱིས་བྱུག་ཅིང་དྲི་ཞིམ་པོར་བྱའོ། །དེའི་ལུས་དར་དང་རས་དང་། གོས་ལེགས་པར་སྤུད་པ་དང་། མགོ་རྒྱན་དང་རྐེ་རྒྱན་གསེར་དང་གཡུས་བརྒྱན་པ་དང་། རྣ་ཆ་དང་། ལག་གདུབ་དང་། རྐང་གདུབ་ཀྱིས་མཛེས་པར་སྤྲས་པའོ། །ཏིང་༣༽ངེ་འཛིན་གྱིས་བྱིན་གྱིས་བརླབ་པ་གང་སྙམ་པ་ལ། ཁམས་གསུམ་ཁྲག་ཏུ་དམིགས་ནས་ནི། །དུར་ཁྲོད་ཀུན་ཏུ་ཁྱབ་པར་བསམ། །ཞེས་པས་བསྟན་ཏེ། བུ་མོ་གསུམ་པོ་གང་ཡང་རུང་བ་དེ། །བདག་དཔལ་ཆེན་པོ་གསལ་བའི་གཡོན་དུ། ཡུམ་ཀྲོ་ཏི་ཤྭ་རི་མའི་སྐུ་བསྐྱེད་དེ། ལུས་དང་གྲིབ་མའི་ཚུལ་ལྟ་བུར་སྣང་བ་དེ། ལུས་ཕྱག་རྒྱ་མོའི་སྐུ་དེ་ནི་གཟུགས་ཁམས་དང་། ངག་ཏུ་འབྲུ་བརྒྱད་སྒྲ་མཐར་སྟོང་པ་ནི་གཟུགས་མེད་པའི་ཁམས། ཡིད་རང་བྱུང་གི་སེམས་མ་དང་བཅས་པ་ནི་འདོད་པའི་ཁམས་སོ། །ཁྲག་ཏུ་དམིགས། ཞེས་པ་ནི་བརྡ་སྟེ། བདག་གིས་ཡུམ་ལ་དབྱངས་ཚིག་འདིས་བསྐུལ་ཏེ། ༀ། ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །སྣ་ཚོགས་སྣང་བ་ཐབས་ཀྱི་ཡབ། །མ་སྐྱེས་པ་ཉིད་ཤེས་རབ་སྟེ། །ཡེ་ཤེས་ལྷ་དང་གཉིས་མེད་ཅིང་། །འབྲུ་བརྒྱད་སྔགས་ཀྱི་ཡི་གེར་གསུངས། །སྤྲོས་པས་བླ་མེད་མཆོད་པར་འབུལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བཇོད་པས། དོན་ཆོས་ཉིད་སྐྱེ་འགགས་མེད་པའི་ཀློང་ནས། རྟགས་རིག་པའི་ཡེ་ཤེས་དཔལ་ཆེན་པོ་ཡབ་ཡུམ་དུ་གསལ་བའི་ཐུགས་ག་ནས། ཡེ་ཤེས་ཀྱི་འོད་ཟེར་ཕར་འཕྲོ་བ་དང་། ཚུར་འདུ་བ་གཉིས་བྱས་པས། ཡབ་ཡུམ་སོ་སོར་སྒྲིབ་པ་སྦྱངས་ནས། ཡེ་ཤེས་ཀྱི་སྐུར་གསལ་བ་དེ། ཡེ་ཤེས་ལ་ཡེ་ཤེས་ཆགས་པའི་རྟགས་སུ། ལུས་ངག་ཡིད་གསུམ་འདོད་ཆགས་ཆེར་གཡོས་པས། ཁྲག་ཏུ་དམིགས། །ཞེས་པའི་དུར་ཁྲོད་ཀུན་ཏུ་ཁྱབ་པར་བསམ། །ཞེས་པ་ལ། དབྱངས་ཚིགས་འདིས་བྱིན་གྱིས་བརླབས་ཏེ། ༀ་ནི་མཁའ་འགྲོ་ཀེའུ་རི་མ། །རུ་ནི་མཁའ་འགྲོ་ཙོའུ་རི་མ། །ལུ་ནི་མཁའ་འགྲོ་པྲ་མོ་ཧ། །རུ་ནི་མཁའ་འགྲོ་བེ་ཏ་ལི། །ལུ་ནི་མཁའ་འགྲོ་པུ་ཀ་སི། །ཧཱུྃ་ནི་མཁའ་འགྲོ་ཀསྨ་རི། །བྷྱོ་ནི་མཁའ་འགྲོ་སྨ་ཤ་ནི། །ཧཱུྃ་ནི་མཁའ་འགྲོ་ཙ ནྡྷ་ལི། །ཀུན་འདུས་དཔལ་ཆེན་ཡབ་ཡུམ་དང་། །ཡང་དག་དོན་གྱི་ལྷ་དགུར་གསལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པས། ཡབ་ཀྱི་ཐུགས་ཀ་ནས་རུ་ལུ་འབྲུ་བརྒྱད་ཡུམ་ལ་སྤྲོས་ལ། ཡུམ་གྱི་གནས་བརྒྱད་དུ་རུ་ལུ་རུ་ལུ་འབྲུ་བརྒྱད་ལས་ལྷ་མོ་ཀེའུ་རི་མ་བརྒྱད་ཀྱི་སྐུར་གསལ་བ་ཡང་། རྣམ་པར་ཤེས་པའི་ཚོགས་བརྒྱད་ཡེ་ཤེས་རོལ་པའི་སྐུར་ཤར་བས། ཕྱི་ནང་གསང་བའི་དུར་ཁྲོད་ཀུན་ཁྱབ། ཅེས་པའི་དོན་ཏོ། །སྦྱོར་བ་༣༽བརྩམ་པ་ལ་གཉིས་ཏེ། མཁའ་གསང་བྱིན་གྱིས་བརླབས་པ་དང་། འཕྲོ་འདུས་བསྐུལ་དོན་བྱས་ཏེ་བྱང་སེམས་དབབ་པའོ། །མཁའ་༡༽ གསང་བྱིན་གྱིས་བརླབ་པ་གང་སྙམ་པ་ལ། དངོས་ནི་ཨ་རུ་བྱིན་བརླབས་ནས། །རིན་ཆེན་གསལ་བར་ཤར་བ་དང་། །ཞེས་བྱ་བས་བསྟན་ཏེ། དེ་ལ། དབྱངས་ཚིག་འདིས་བསྐུལ་ཏེ། མཁའ་དབྱིངས་པདྨ་རྡོ་རྗེར་བྱིན་བརླབས་པ། །ཨ་ལས་མ་ཆགས་ཟླ་གམ་གཞལ་ཡས་སུ། །པདྨའི་དཀྱིལ་འཁོར་ཆོས་སྐུ་ཨཾ་དང་ལྡན། །ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་ཉི་མའི་དཀྱིལ་འཁོར་ཨཾ། །ཧཱུྃ་དང་ཨཾ་ནི་མཛེས་པར་བལྟ་ཞིང་ཡིད་དུ་འོང་། །རུ་ལུས་གཅིག་ལ་གཅིག་ནི་ཆགས་ཤིང་འཕྲེང་། །རུ་ལུས་གླུ་བླངས་དགའ་བའི་མདངས་དང་སྒྲས། །ཧཱུྃ་བྷྱོས་གཉིས་སུ་མེད་པར་བསྐུལ་བར་བྱ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པས། ཡབ་ཡུམ་གྱི་མཁའ་གསང་པདྨ་རྡོ་རྗེར་ལྡན་ཞིང་། སྐུ་སོ་སོ་ནས་སྟག་རྒོད་འཛུམ་མདངས་དང་ལྡན་པ་ཞིག །ཆོས་དབྱིངས་དག་པའི་ངང་ལས་སྒྱུ་མ་ལྟ་བུའི་སྐུ་གསལ་བར་བསྒོམ་མོ། །ཡབ་ཡུམ་༢༽ གཉིས་སུ་མེད་པའི་འཕྲོ་འདུས་བྱང་ཆུབ་སེམས་དབབ་པ་ལ་གཉིས་ཏེ། ཆོས་རིལ་དཔལ་ཆེན་པོ་ཡབ་ཡུམ་དུ་བསྡུས་ཤིང་སྦྱོར་བ་མཛད་པར་བསྐུལ་བ་དང་། ཁྱད་པར་དུ་ཡང་བདེ་བའི་མཆོད་པས་རིལ་མཉེས་པར་བྱ་བའོ། །དེ་ལ་༡༽ཆོས་རིལ་དཔལ་ཆེན་པོ་ཡབ་ཡུམ་དུ་བསྡུས་ཤིང་སྦྱོར་བ་མཛད་པ་གང་སྙམ་པ་ལ། བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོ། །མོས་པའི་ཐུགས་ལ་མཉེས་བསམ་ནས། །འོད་འདུས་ཐོག་མའི་གཟུགས་ལ་གཟུད། །ཅེས་པས་བསྟན་ཏེ། དེ་ལ། དབྱངས་ཚིག་འདིས་བསྐུལ་ཏེ། ༀ་ནི་ཆོས་ཉིད་ཆོས་ཀྱི་སྐུ། །རུ་ནི་དཔལ་ཆེན་ཧེ་རུ་ཀ །ལུ་ནི་ཀྲོ་ཏི་ཤྭ་རི་ཡུམ། །རུ་ནི་དབྱེར་མེད་ཟུང་དུ་འབྲེལ། །ལུ་ནི་མི་གཏེར་འཛིན་པ་སྟེ། །ཧཱུྃ་ནི་རབ་ཏུ་འཆིང་བའི་བདག །བྷྱོས་ནི་རབ་ཏུ་བསྡམས་པར་མཛད། །ཧཱུྃ་གིས་བསྐྱོད་ནས་བདེ་ཆེན་འབེབས། །འབྲུ་བརྒྱད་སྔགས་ཀྱིས་གྲུབ་པར་མཛོད། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པས། དཔལ་ཆེན་ཡབ་ཡུམ་གཉིས་སུ་མེད་པར་བདེ་བ་ལ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་དཀར་དམར་དུ་འཕྲོས་པ་ལས་ཆགས་པའི་ལམ་ལ་མོས་པ་རྣམས་ལ་ཕོག་པས། སོ་སོའི་སྒྲིབ་པ་སྦྱངས་ཤིང་མཉེས་པར་བྱས། དེ་ཡང་མ་ཟད་པར། ཕྱི་ནང་གི་འཇིག་རྟེན་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཅན་རིལ་སྒྲིབ་པ་སྦྱངས་ཤིང་མཉེས་པར་བྱས་ནས། དེ་དག་གི་བྱིན་རླབས་དང་བཀྲག་དང་གཟི་མདངས་འོད་དང་འོད་ཟེར་སླར་འདུས་ཏེ། ཡབ་ཡུམ་གྱི་མཁའ་གསང་བར་ཐོག་མའི་བྱང་ཆུབ་སེམས་དཀར་དམར་ལ་གཟུད་ཅིང་ཐིམ་པར་བྱའོ། །ཞེས་པའི་དོན་ཏོ། །ཁྱད་པར་༢༽དུ་ཡང་། བདེ་བའི་མཆོད་པས་རིལ་མཉེས་པར་བྱ་བ་གང་སྙམ་པ་ལ། ཕྱག་མཚན་སྙིང་པོ་ཕྲ་མོ་དག །བསྐུལ་བའི་རང་བཞིན་ཀུན་འདུས་པས། །བརྟན་པར་རེག་ནས་མཁའ་ལ་བཞག །དེས་ཀྱང་སྤོར་བའི་ལས་རྣམས་བྱེད། །ཅེས་པ་ལ། དབྱངས་ཚིག་འདིས་བསྐུལ་ཏེ། ༀ་ནི་དཔལ་ཆེན་ཡབ་ཡུམ་སྐུ། །རུ་ནི་སོ་སོར་བཞག་པ་སྟེ། །ལུ་ནི་འོ་བྱེད་དགྱེས་པའོ། །རུ་ནི་སོ་སོར་འཁྱུད་མཛད་ཅིང་། །ལུ་ནི་རྡོ་རྗེ་པདྨོར་སྦྱོར། །ཧཱུྃ་གིས་བསྐྱོད་ནས་བདེ་ཆེན་བསྐུལ། །བྷྱོས་ནི་བྱང་སེམས་མཁའ་ལ་ཕབ། །ཧཱུྃ་གིས་བྱང་སེམ་མཁའ་ལ་སྤྲོས། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐུལ། །འགྲོ་བ་རྒྱ་མཚོ་སྒྲོལ་བར་མཛོད། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པས། དཔལ་ཆེན་པོ་ཡབ་ཡུམ་ཐབས་ཤེས་རབ་ཟུང་དུ་འབྲེལ་ཞིང་ཕྱག་རྒྱ་བཞི་དང་ལྡན་པར་བཞུགས་པ་དེ། གཅིག་ལ་གཅིག་བཞད་པ་དང་། འོ་བྱེད་པ་དང་། འཁྱུད་པ་དང་། རྡོ་རྗེ་དང་པདྨོར་སྦྱོར་བ་དང་། བདེ་བའི་རོ་སྐུ་ཉམས་སུ་བསྟར་བ་དང་། གསང་བ་བྱང་ཆུབ་སེམས་མཁའ་ལ་དབབ་པ་ལས། གསུང་ཡིག་འབྲུ་སྙིང་པོ་འབྲུ་བརྒྱད་དང་། ཐུགས་ཕྱག་མཚན་སོ་སོར་གསལ་བ་དང་། སྐུ་ཕྲ་མོ་མཛུབ་གང་བ་དག་ཏུ་རིམ་པར་སྤྲོ་ཞིང་། སངས་རྒྱས་ཀྱི་ས་གསུམ་ཀུན་ཏུ་འོད། པདྨ་སྤྱན། ཡི་གེ་འཁོར་ལོ། ལ་གནས་པའི་སྐུ་ཆེ་བའི་གཟི་བརྗིད་དང་། འོད་ཟེར་དང་བྱིན་རླབས་ཀྱི་རང་བཞིན་དུ་ཀུན་སླར་འདུས་པ་པས། བདག་ལ་ཐིམ་པས་བཀྲག་དང་གཟི་བྱིན་བསྐྱེད། ཡང་དབྱངས་ཚིག་དང་རུ་ལུའི་སྒྲས་བསྐུལ་བས། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཕྲ་མོ་རིམ་པར་འཕྲོས་པས། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ངག་ཡིད་ལུས་ཀྱི་སྒྲིབ་པ་སྦྱངས་ཤིང་བཀྲག་མདངས་དང་རྩི་བཅུད་ཀུན་བསྡུས་ཏེ། སླར་ཡབ་ཡུམ་གྱི་མཁའ་དབྱིངས་སུ་འདུས་པ་དང་། བྱང་ཆུབ་སེམས་སུ་དཀར་ལྟེམ་གྱིས་གྱུར་པ་དང་། ཏིང་ངེ་འཛིན་བརྟན་པར་གྱུར་པས་ཡུམ་གྱི་མཁའ་ལ་བཞག་གོ། །དེ་ཡང་རབ་ཏིང་ངེ་འཛིན་ལས་སུ་རུང་བས། བལྟས་པས་ཚིམ་སྟེ་ཡིད་འཕྲད་པའོ། །འབྲིང་ཡིད་འཕྲད་པས་ཚིམ་པ་སྟེ། ལག་པ་འཕྲད་པ་དང་འོ་བྱེད་པས་ཚིམ་པར་བྱའོ། །ཐ་མས་ནི་རྩོལ་བས་དངོས་སུ་སྦྱོར་བར་བྱ་སྟེ། དགྱེས་པའི་རོ་སྐུ་ཉམས་སུ་བསྟར་བའི་བྱང་ཆུབ་སེམས་དངོས་སུ་རྒྱས་པ་དེ། ཡུམ་གྱི་མཁའ་ལས་མེ་ལོང་གི་ནང་དུ་བླངས་ལ། དབྱངས་ཚིག་འདིས་ཡོན་ཏན་བརྗོད་དེ། བམ་བརྒྱད་ལས། བྱང་ཆུབ་སེམས་འདི་ཡེ་ཤེས་རང་བཞིན་ཏེ། །དྲི་མེད་རིན་ཆེན་ཆར་བཞིན་འབབ་པ་ལ། །འགྲོ་བ་ཀུན་བསྐྱེད་ཡིད་བཞིན་ནོར་བུའི་ཚུལ། །གདོད་ནས་དག་པ་བདུད་རྩིའི་རང་བཞིན་པས། །གཉིས་མེད་སྦྱོར་བས་རྡོ་རྗེའི་རིགས་སུ་འགྲུབ། །མེ་ལོང་ཡེ་ཤེས་དེ་ཉིད་དག་པར་བཤད། །དེ་ནས་༤༽མཆོད་པ་དབུལ་བ་གང་སྙམ་པ་ལ། དེས་ཀྱང་སྤྲོས་པའི་ལས་རྣམས་བྱེད། །དངོས་ཀྱང་མཆོད་པའི་རྫས་སུ་བསྔོ། །ཞེས་པ་ལ། དབྱངས་ཚིག་འདིས་མཆོད་པར་འབུལ་ལོ། །སྤྲོས་མེད་རྟོག་བྲལ་མཁའ་དབྱིངས་དག་པ་ནས། །སྐྱེ་མེད་རྡོ་རྗེའི་སྐུ་གསུང་ཐུགས་མངའ་བ། །འགྲོ་མགོན་རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ། །ཞི་ཁྲོ་རབ་འབྱམས་མ་ལུས་འཁོར་དང་བཅས། །སྟོང་ཉིད་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་གྱིས། །སྤྲུལ་པའི་དབྱིངས་ནས་རོལ་ཅིང་གཤེགས་ནས་ཀྱང་། །ཡེ་ཤེས་རྟོག་བྲལ་བྱང་སེམས་མཆོད་པ་འདི། །དགོངས་སྤྱོད་ཟབ་མོའི་ཐུགས་དམ་འདིས་བསྐངས་ལ། །སྐྱེ་མེད་ཆོས་སྐུའི་དངོས་གྲུབ་སྩལ་དུ་གསོལ། །ༀ་བོ་དྷི་ཙིཏྟ་པཱུ་ཛ་ཨ་ཨ། ཞེས་བརྗོད་པས། བྱང་ཆུབ་སེམས་མུ་ཏིག་དཀར་པོ་ལྟ་བུ་ལས། ༀ་དཀར་པོ་བྱུང་སྟེ། ༀ་ལས་འདོད་པའི་ཡོན་ཏན་ལྔའི་ལྷ་མོ་མང་པོ་བྱུང་ནས། དཀྱིལ་འཁོར་གྱི་ལྷ་འཁོར་དང་བཅས་པ་ལ་མཆོད་པས་མཉེས་པར་བྱས། བདེ་བར་གཤེགས་པའི་རིག་འཛིན་མཁའ་འགྲོ་མ་དང་བཅས་པ་ལ་མཆོད་པས། ཐུགས་དམ་བསྐངས་ཤིང་ཉམས་ཆག་སོར་ཆུད། དེ་དག་གི་འོད་ཟེར་བྱིན་རླབས་ཀུན་བསྡུས་ཏེ་བྱང་ཆུབ་སེམས་ལ་ཐིམ་པས། ཡི་གེ་ཨ་དཀར་པོ་གཅིག་ཏུ་གསལ་བ་ནི་མཐེ་བོང་དང་སྲིན་ལག་གིས་བླངས་ནས། ༀ་བོ་དྷི་ཙིཏྟ་ཨ་ཨ། ཞེས་བརྗོད་པས། དངོས་པོ་དང་མཚན་མར་འཛིན་པ་རིལ་མི་རྟོག་པ་ཆོས་ཉིད་སྐྱེ་འགགས་མེད་པའི་ཀློང་དུ་གྱུར་པར་བསྒོམ་པ་ནི། མཆོག་གི་དངོས་གྲུབ་བླང་བའི་ཐབས་ཏེ། དུས་དང་གནས་སྐབས་རིག་ཅིང་ཤེས་པར་བྱའོ། །གཉིས་སུ་ན་སློབ་དཔོན་ཆེན་པོ་ཧཱུྃ་ཀ་རས་མན་ངག་ཏུ་གདམས་པ། བདག་ཉིད་ཡང་དག་པའི་དོན་རྟོགས་པའི་རྣལ་འབྱོར་ནི་གསང་དབང་ཐོབ་པ་ལས་བྱུང་ལ། གསང་དབང་ཐོབ་པའི་དུས་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ། དབང་གི་དུས་ཀྱི་བུ་མོ་ཁྱད་པར་ཅན་ལ་བརྟེན་ནས་བདག་དང་སྦྱོར་བ་རྒྱུན་དུ་བྱ་བ་ནི། བུ་མོ་གང་ཡང་རུང་བ་དེ་ཡུམ་ཀྲོ་ཏི་ཤྭ་རི་མར་བྱིན་གྱིས་བརླབས་པ་དང་། བདག་ཉིད་གཉིས་སུ་མེད་པའི་མཁའ་དབྱིངས་སུ། འཁོར་བའི་ཆོས་ཐམས་ཅད་མ་སྐྱེས་པའི་ཐིག་ལེར་སྦྱར་བ་ནི། ཀུན་གཞི་གདལ་བའི་གའུ་དང་། ཡེ་ཤེས་གཅོད་པའི་གའུ་སྟེ། ཨ་ལི་དང་ཀ་ལི་ཞེས་བྱ་སྟེ། དེ་ཡང་བདག་དང་གཉིས་ཀྱི་སྤྱི་བོ་གནས་སུ་རྩ་གསུམ་གྱི་འབྲེལ་བར་གནས་ཏེ། སྙིང་ཁའི་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པ་སུལ་གསུམ་པ་ལ། རྩ་གསུམ་ཟུག་སྟེ། གཡས་ན་རས་ན། གཡོན་ན་ལ་ལ་ན། དབུས་ན་ཨ་ཝ་དྷཱུ་ཏི་བསྟི་གནས་ཏེ། ཡར་གྱེས་པ་མགྲིན་པ་སྤྱི་གཙུག །མར་གྱེས་པ་ལྟེ་བ་དང་གསང་གནས། ཨ་ཝ་དྷཱུ་ཏི་བྱང་ཆུབ་སེམས་ཀྱི་རྩ་སྟེ། ཀུན་རྫོབ་དང་དོན་དམ་པ་སྟེ། ཀུན་རྫོབ་ཏུ་རྡོ་རྗེ་པདྨར་ལྡན་པར་བྱས་པ་དང་། ཐབས་དང་ཤེས་རབ་སྦྱར། ཆགས་པའི་མེ་སྦར་ནས། རིགས་ལྔའི་སངས་རྒྱས་བཞུ། མགྲིན་ཕུག་ནས་མར་བརྒྱད། གསང་བའི་རྡོ་རྗེའི་ཁ་ཡན་ཆད་བདེ་བ་བསྐྱེད་པ་དེ། དེ་ཁོ་ན་ཐབས་དང་ཤེས་རབ་ལས་བྱུང་བའི་སྟོང་པ་སྟེ། སེམས་དང་ཆོས་ཉིད་དུ་སྦྱོར་བ་ཡིན་ཏེ་ཡང་ནས་ཡང་དུ་མ་ཤོར་བར་ཡར་ཙན་མར་ནུར་བྱ་ཞིང་བདེ་བ་བསྐྱེད་ནས་ཉམས་སུ་མྱོང་བ་བྱས་པ་ནི། སངས་རྒྱས་དང་ཞལ་འཕྲད་པ་ཡིན་ནོ། །དོན་དམ་པར་དགའ་བདེ་ཉམས་སུ་མྱོང་བ་དེ་ལ། བརྗོད་དུ་མེད་པ། ཨ་ཝ་དྷཱུ་ཏི་སྟོང་ཞིང་བདེ་བ། གསལ་ལ་རྟོག་པ་མེད་པ་དེ་ལས། དུས་གསུམ་གྱི་སངས་རྒྱས་རིལ་དེ་ཁོ་ན་ལས་བྱུང་བའོ། །ཆགས་པའི་མེ་ཆེན་ཡུམ་མདུན་དུ་བཞག་ལ་དོན་དམ་པའི་བྱང་ཆུབ་སེམས་བསྐྱེད། ཆགས་པའི་མེ་ཆུང་ན་དངོས་སྦྱར་ལ་སེམས་བསྐྱེད། ཉམས་བག་ཏུ་གྱུར་ནས། ཡུལ་བརྟག་པ་དང་། བདུད་གཞོམ་པ་དང་། དགྲ་བསད་པ་དང་། གཡང་ས་བཅད་པ་བརྟག །གཞི་སྦྱོར་བ་ལ་བརྟེན་པའི་ཐབས། །ལ་སྤྱོད་པས་དོར་བ། ཞེས་པའི་དོན་ཏོ། ༢༽ །དེ་ལ་གཞན་དོན་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱི་སྒྲོལ་བའི་མཆོད་པ་བསྟན་པ། ངག་དོན། སྐབས་སྦྱོར་བསྒྲུབ་རྫས་བསྒྲལ་བའི་མན་ངག་བསྟན་པའི་སྐབས་བཅོ་ལྔ་པ། མཐའ་དྲུག་ལས་སྤྱོད་པ། ཡོ་བྱད་གཉིས་ལས་ཐབས། དཀྱིལ་འཁོར་དགུ་ལས་མཆོད་རྫས་བརྟེན་པའམ་ཐུགས་རྗེ་ཕྲིན་ལས་ཀྱི་དལ། ལུང་དགུ་ལས་ཐུགས་རྗེས་ཁམས་གསུམ་བསྒྲལ་བའི་ལུང་ངོ་། །དེ་ལ་གཉིས་ཏེ། མངོན་སྤྱོད་ཀྱི་ཕྲིན་ལས་སྤྱིར་གདམས་པ་བསྟན་པ་དང་། བསྒྲུབ་པར་བྱ་བའི་རྫས་ཐུགས་རྗེའི་ཕྲིན་ལས་ཀྱིས་བསྒྲལ་བར་བསྟན་པའོ། ༡༽ །དེ་ལ་མངོན་སྤྱོད་ཀྱི་ཕྲིན་ལས་སྤྱི་གདམས་པར་བསྟན་པ་ལ་གཉིས་ཏེ། རྟོགས་པས་བདག་བསྒྲལ་བ་དང་། ཐུགས་རྗེས་གཞན་བསྒྲལ་བའོ། །རྟོགས་༡༽པས་བདག་བསྒྲལ་བ་ལ་གསུམ་སྟེ། ཕྱི་ནང་གསང་བ་གསུམ་གྱི་ཚུལ་དུ་སྟ། དེ་ལ་༡༽ཕྱིའི་ཚུལ་དུ་ནི། ལས་དང་ལས་ཀྱི་འབྲས་བུ་ཡིད་ཆེས་པའི་སྒོ་ནས། སྤྱོད་པ་དང་དུ་བླངས་བར་བྱ་སྟེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ་སྤོང་ཞིང་དགེ་བ་བཅུ་དང་དུ་བླང་བ་དང་། དེ་བཞིན་དུ་ཉན་ཐོས་ཀྱི་འདུལ་བ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་ཤིང་། ཉོན་མོངས་པ་དང་གཉེན་པོ་རིམ་པས་སྤངས་ཞིང་། དགེ་བའི་རིམ་པ་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཐབས་ལ་མཁས་པའོ། །ནང་༢༽ གི་ཚུལ་དུ་ནི། དོན་དབྱིངས་དང་ཡེ་ཤེས་ལ་དམིགས་ནས། རྟགས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་བྱ་སྟེ། བསྙེན་བསྒྲུབ་ཡན་ལག་བཞི་དང་ལྡན་པར་བྱས་ནས་ཕྱག་རྒྱ་བཞིས་རྒྱས་བཏབ་ནས། རང་གི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེ་ལྟར་སྦྱོར་ཞིང་། ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོའི་རང་བཞིན་དུ་གནས་པའི་སྒོ་ནས། བདག་གཞན་གྱི་དོན་བྱེད་པའོ། །གསང་༣༽བའི་ཚུལ་དུ་ནི། ཡུམ་ཤེས་རབ་མ་ལ་བརྟེན་ནས། ཡབ་ཡུམ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་སྒོ་ནས། ཡོན་ཏན་ཕྲིན་ལས་ཐམས་ཅད་ཚང་ཞིང་རྫོགས་པའི་དོན་དུ། སྦྱོར་བའི་ཆོ་གས་བདག་གཞན་གྱི་དོན་དུ་ཉམས་བག་དུ་བླངས་ནས། སྤྱོད་ཡུལ་དུ་སྣང་བར་བྱེད་པའོ། །དེ་ལྟར་བརྟེན་པའི་ཐབས་དེ་སུས་རྟོགས་པ་ནི། བདག་ཉིད་འཁོར་བ་ངན་སོང་ལས་སྒྲོལ་བ་ཡིན་པས་ན། རྟོགས་པས་བདག་བསྒྲལ་བ་ཞེས་བྱའོ། །ཐུགས་༢༽རྗེས་གཞན་བསྒྲལ་བ་ལ་གསུམ་སྟེ། ཐབས་ཀྱིས་བསྒྲལ་བ་དང་། ཏིང་ངེ་འཛིན་གྱིས་བསྒྲལ་བ་དང་། མཐུས་བསྒྲལ་བའོ། །དེ་ལ་༡༽ཐབས་ཀྱིས་བསྒྲལ་བ་ལ་གཉིས་ཏེ། སྣང་བ་དང་མི་སྣང་བ་གཉིས་ལས། གང་མི་ལ་སོགས་པ་སྣང་བ་རྣམས་ལ། ཐབས་གང་དང་གང་གིས་འདུལ་བའི་སྒོ་ནས་བཀྲི་དྲངས་བྱ་ཞིང་ཉོན་མོངས་པའི་སར་མི་བཞག་པའོ། །གང་དབང་པོའི་སྤྱོད་ཡུལ་དུ་མ་གྱུར་པའི་མི་སྣང་བ་རྣམས་ལ། བདག་གི་དད་པ་དང་གདུང་སེམས་ཀྱིས། གང་དག་སྙིང་རྗེའི་ཡུལ་དུ་གྱུར་པ་དང་། ཆོས་ཀྱི་དམ་པས་མ་ཕོག་པ་རྣམས་ལ། ཚད་མེད་པ་བཞིའི་ཐུགས་རྗེས་རྟག་ཏུ་བཟུང་བ་དང་། མཆོད་སྦྱིན་གཏོར་མས་ཀུན་ལ་ཁྱབ་པར་བྱས་ཏེ། ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་རྟག་ཏུ་བཏང་བའོ། །ཏིང་༢༽ ངེ་འཛིན་གྱིས་བསྒྲལ་བ་ལ་ཡང་གཉིས་ཏེ། མ་ཏྲཾ་དང་། བམ་རོའོ། །དེ་ལ་༡༽མ་ཏྲཾ་ནི། དབང་པོའི་སྤྱོད་ཡུལ་དུ་མི་སྣང་ཡང་། དུར་ཁྲོད་ཀྱི་བདག་པོ་མ་ཏྲཾ་ཁས། འདྲེ་བགེགས་ཡི་དྭགས་ཀྱི་གཙོ་བོ་བྱས་ནས་ཡིད་ཀྱི་གཟུགས་ཅན་དེ་སྒྲུབ་པ་པོ་ལ་བར་དུ་གཅོད་དུ་འོང་བས། རྣལ་འབྱོར་སྒྲུབ་པ་པོས་ལྟ་སྤྱོད་ཀྱི་གདེངས་དང་ལྡན་པར་བྱས་ལ། དངོས་པོ་ལ་མི་སྣང་ཡང་བསམ་པས་ཟིན་པར་བྱས་ལ། ཡང་ནས་ཡང་དུ་སྤོགས་ཤིང་བསྒྲལ་བ་སྟེ་གོང་དུ་བཤད་ཟིན། བམ་༢༽རོ་བསྒྲལ་བ་ཡང་། དེ་ལ་རྣམ་པར་ཤེས་པ་མེད་ཅིང་བེམ་པོ་ཡིན་ཡང་། དེའི་རྣམ་པ་ཤེས་པ་དེ་ཡེ་ཤེས་ཀྱི་ཕོ་ཉ་དང་། ལས་ཀྱི་ཕོ་ཉས་བཀུག་ཏེ་བསྟིམ་ལ། དེ་ལ་བསྒྲལ་བའི་དགོངས་པས་ཟིན་པར་བྱས་པ་ལ་གནས་སྤར་རོ། །དེ་ལ་༣༽མཐུས་བསྒྲལ་བ་ནི། བསྒྲལ་བའི་ཞིང་གི་རྫས་ལ་གཉིས་སུ་བསྟན་པ་ལས། གདུལ་བྱ་བསྒྲལ་བའི་རྫས་བསྒྲལ་བའི་ཞིང་བཅུ་ལ་བྱ་བ་སྟེ། དེ་ཡང་གཉིས་ཏེ། གསང་བའི་དྲག་སྔགས་ཀྱིས་བསྒྲལ་བ་དང་། དམོད་པའི་དྲག་སྔགས་ཀྱིས་བསྒྲལ་བའོ། །དེ་ལ་༡༽གསང་བའི་དྲགས་སྔགས་ཀྱིས་བསྒྲལ་བ་ལ་གསུམ་སྟེ། ཕྱི་ནང་གསང་བ་གསུམ་མོ། །དེ་ལ་༡༽ཕྱིའི་ཚུལ་དུ། དཔལ་ཆེན་པོས་དམ་ལ་བཏགས་པའི་སྲིན་མོ་ཀེའུ་རི་མ་བརྒྱད་ལ་བསྙེན་པ་ཕུལ་ཏེ། དྲག་པོའི་ཐུན་ཟོར་བཅས་ནས་དམོད་སྔགས་ཀྱིས་བསྒྲལ་བའོ། །གཉིས་སུ་ན་དུར་ཁྲོད་ཀྱི་མ་མོ་རོ་ག་མ་བཞི་ལ་བསྙེན་པ་ཕུལ་ཏེ་ཐུན་ཟོར་དང་བཅས་ཏེ་དམོད་སྔགས་ཀྱིས་བསྒྲལ་བའོ། །ནང་༢༽ལྟར་བསྒྲུབ་པ་ལ་གསུམ་སྟེ། དཔལ་༡༽ ཆེན་པོ་ཡབ་ཡུམ་ལ། ཀེའུ་སེང་གི་མ་མོས་བསྐོར་བ་ལ་བསྙེན་པ་ཕུལ་ཏེ་མ་མོ་ཉིང་འཁོལ་གྱི་དྲག་སྔགས་ཀྱིས་བསྒྲལ་ཏེ་མནན་པ་ཡན་ཆད་བྱ་བའམ། གཉིས་སུ་༢༽ ན་དཔལ་ཆེན་པོ་ཡབ་ཡུམ་ལ་ཁྲོ་མོ་ཀ་རི་མ་བརྒྱད་དང་། བསེ་ཡི་ལྷ་མོ་བཞིས་བསྐོར་བ་ལ་བསྙེན་པ་ཕུལ་ཏེ་ཕུར་ཐུན་གྱིས་བསྒྲལ་བའམ། གསུམ་༣༽ དུ་ན་དཔལ་ཆེན་པོ་ཡབ་ཡུམ་ལ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དང་བཅས་པ་ལ་བསྙེན་པ་ཕུལ་ཏེ་མདོས་ཀྱིས་བཟློག་ནས་ཟོར་གྱིས་བསད་པའི་ལས་བྱ་བའོ། །གསང་༣༽བའི་བསྒྲུབ་པ་ལ་གཉིས་ཏེ། བསྒྲུབ་མཐུས་བསྒྲལ་བ་དང་། གནས་སྦྱང་བའི་དགོངས་པའོ། །བསྒྲུབ་༡༽མཐུས་བསྒྲལ་བའི་དུས་སུ། བསྒྲུབ་པའི་དཀྱིལ་འཁོར་ཆེན་པོ་ལ་བརྟེན་ཏེ། བྱང་ཤར་གྱི་མཚམས་སུ་འབྲུབ་ཁུང་བཅས་ལ། དེར་གང་ལ་བྱ་བའི་གཟུགས་བཅས་ཏེ་བཅུག་ནས། སྔོན་དམར་གྱིས་གཉའ་ལག་དུ་གཞུག །ཁར་ནག་གིས་སྐེ་ནས་བཏགས་ལ། གཤིན་རྗེ་གཤེད་པོའི་ཕུར་པ་ལ་བརྟོད་དོ། །ཤར་ལྷོའི་མཚམས་སུ་གདུག་པ་ཅན་གྱི་ཤིང་ལ་ཧོམ་དང་ལིངྒ་བཅས་ལ་བཞག་གོ། །ཟངས་ཕྱེ་དང་ལྕགས་ཕྱེ་དང་རྡོ་ཕྱེ་དང་། དུག་སྣ་ཚོགས་དང་རྨེ་ཁྲག་སྣ་ཚོགས་སུ་སྦྱར་བའི་ཐུན་ཟོར་བཅའོ། །ཕུར་པ་ཡང་དུག་ཤིང་རྟགས་ཕྱིན་པའམ་ལྕགས་ལས་བྱས་པ་ལ། ལྷའི་གྲངས་དང་མཉམ་པའམ། གཅིག་གམ། བདུན་ནམ། བཅུ་གཅིག་བྱིན་གྱིས་བརླབས་བྱས་ཏེ་བཞག་ནས། དེ་ནས་ཏིང་ངེ་འཛིན་གྱི་རིམ་པ་ལ་གཞུང་བསྲང་སྟེ། མཆོད་པ་དང་བསྟོད་པ་ཡན་ཆད་རྫོགས་པ་དང་། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བྱ་བ་ནི་བསྙེན་པ་སྟེ་སྔོན་དུ་རྫོགས་པ་དང་། ཕྲིན་ལས་བསྙེན་པ་ནི། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། མ་ཧཱ་ཙཎྚ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཕཊ། ཅེས་པའོ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿ ཨ་མུ་ཀཾ་ཨ་ཀར་ཀྵ་ཡ་སྭཱ་ཧཱ་ཧྲི། ཞེས་བཟླས་ཤིང་། ཡེ་ཤེས་ལས་གྲུབ་པའི་ཕོ་ཉ་དང་། ལས་ལས་གྲུབ་པའི་ཕོ་ཉས་དགུག་པ་ནི། མན་ངག་གིས་ཤེས་པར་བྱའོ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཏ། ཨ་མུཾ་ཀཾ་ཀྵོ་པ་ཡ་ཧཱུྃ་ཧྲིང་། ཞེས་བཟླས་པ་ནི། ཉེ་འབྱེད་ཀྱི་ལས་སོ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཨ་མུ་ཀཾ་དེ་ཤ་ཡ་ཕཊ་ཕཊ། ཅེས་བཟླས་པ་ནི་དབྱེ་བའི་ལས་སོ། །དེ་གཉིས་ཀྱི་དུས་སུ་གུ་གུལ་སྦྱར་བའི་དུད་པས་བདུག་གོ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། མ་མ་ཨ་མུ་ཀཾ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་ཉུངས་ཀར་ལ་བཟླས་པ་ནི་གསད་པའོ། །དེ་ནས་ཕུར་པ་གདབ་པ་ནི། ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚ ན་ཕཊ་ཕཊ། ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་ཕཾ་ཕཊ་ཕཊ། ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨད་ཉ་པ་ཡ་ཏི། སརྦ་བིགྷྣཱན། ཀཱ་ཡ་ཝཱ་ཀ་ཙིཏྟ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བཟླས་ཏེ་གདབ་བོ། །དེའི་ཕུར་ཐུན་དང་། ཐུན་ཟོར་བསྒྲུབ་པ་དག་བརྡེག་པ་ནི། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨ་མུ་ཀཾ་བ་ར་གྷྲི་ན་ཧ་ན་ཧཱུྃ་ཕཊ། ཅེས་ཟླས་ཏེ་བརྡེག་གོ། །ལིངྒ་གཏུན་དུ་བརྡུང་། མཚོན་གྱིས་གཏུབ་སྟེ་ཤར་ལྷོའི་ཧོམ་ལ་མེ་སྦར་ནས། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨ་མུ་ཀཾ་མ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བརྗོད་པ་ནི་བསྲེག་པའོ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ལཾ། ཨ་མུ་ཀཾ་སྟྭཾ་བ་ཡ་ཧཱུྃ་ཕཊ། ཅེས་བཟླས་ཏེ། དུར་ཁྲོད་དུ་མནན་པ་བྱའོ། །གནས་༢༽ སྦྱང་བའི་དགོངས་པ་ནི། བདག་ཉིད་དཔལ་ཆེན་པོ་ཡབ་ཡུམ་དུ་གསལ་བའི་ཡེ་ཤེས་ཀྱི་ཐུགས་ཀ་དང་། གསང་བའི་མཁའ་ཀློང་ལས། ཡེ་ཤེས་ཀྱི་འོད་ཟེར་དང་། ཁྲོ་བོ་དང་ཁྲོ་མོའི་ཚོགས་འཕྲོས་པས། གཟས་པ་པོ་དེའི་རྣམ་པར་ཤེས་པ་བཀུག་སྟེ། ཡབ་ཡུམ་གྱི་བསྒུལ་བསྐྱོད་གྱི་ཕྱག་རྒྱས་བརྡུངས་པས། ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས། རྒྱུ་ལས་དང་ཉོན་མོངས་པའི་བག་ཆགས་ནི་སྦྱངས། འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་ནི་བཅོམ། སེམས་གསེར་ཞུན་ལྟ་བུར་གནས་པ་དེ་ཡི་གེ་ཧཱུྃ་དུ་གྱུར་པ་ལས། གྷུ་ཧྱ་ཛྙཱ་ན་ཧེ་རུ་ཀ་ས་ཏྭ་ཧཱུྃ། གསང་བ་ཡེ་ཤེས་ཁྲག་འཐུང་སེམས་དཔའ། ཞེས་བརྗོད་པས། གསང་བ་ཡེ་ཤེས་ཀྱི་ཧེ་རུ་ཀ་ཞལ་གཅིག་ལ་ཕྱག་གཉིས་པར་བསྐྱེད་དེ། དེ་ཛས་ཕྱིར་བཏོན། ཡི་གེ་བྷྲཱུྃ་གསུམ་གྱིས་བྱིན་བརླབས་ལ། ཡཾ་ལས་རླུང་གི་མཎྜལ་སྟེང་དུ་བཞག་ནས། ཕཊ་ཀྱིས་འོག་མིན་གྲུབ་པའི་གནས་སུ། རིགས་ལྔ་ཧེ་རུ་ཀ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕངས་ལ། དེ་བཞིན་གཤེགས་པ་དེ་དག་གི་སྲས་སུ་བསྐྱེད་པར་བྱའོ། །དེ་ལ་དམོད་པའི་དྲག་སྔགས་ཀྱིས་བསྒྲལ་བ་ནི། དཀར་མོ་ཉི་མའི་མིག་གཅིག་ལ་སོགས་པའི་གསང་བའི་མ་མོ་ཆེན་མོ་བཞིའི་ལས་མྱུར་ལ་དྲག་པའི་སྔགས། དྲག་སྔགས་རྣོན་པོའི། རྒྱུ་ཤུགས་སྒྲོལ་གྱི་སྔགས་ཀྱིས། མཁའ་ལ་རླུང་ལྟར་འཕྱོ་བ་དང་། ཁྲ་ཚང་མ་དང་། འུག་ཚང་མའོ། །ཨུ་མ་བཞི་དང་འདེགས་པ་དང་། སྤྱང་ཀུ་ཚང་མ་དང་། ཝ་ཚང་མའོ། །བཅུ་དྲུག་ཚང་མ་འཁྱིལ་བ་དང་། སྦྲུལ་ཚང་མ་གཡུ་སྒང་བཅུ་དྲུག་ལ་གནང་བའོ། །ཇག་རྐུན་ལ་ཕོ་ཉ་བཞིན་དུ་རྒྱུགས་པ་ལ་སོགས་པས། གཞན་གྱི་སྲོག་ལ་འཚེ་ཞིང་གནོད་པ་དེ་བསྒྲལ་ཏེ། དེ་ཡང་སྙིང་རྗེས་གཟུང་ཞིང་གནས་སྤར་བ་གོང་ལྟར་བྱའོ། །དེ་ནི་ལས་མན་ངག་ཁ་ཚར་ལས་ཤེས་པ་བྱའོ། ༢༽ །དེ་ལ་བསྒྲུབ་པར་བྱ་བའི་རྫས་ཐུགས་རྗེས་ཕྲིན་ལས་ཀྱིས་བསྒྲལ་བར་བསྟན་པ་ལ། དོན་གཉིས་ཏེ། སྒྲུབ་པ་པོ་ཏིང་ངེ་འཛིན་གྱིས་གཟེངས་བསྟོད་དེ་ལྷག་པའི་རྟགས་ཀྱིས་མཚོན་པ་དང་། བསྒྲུབ་པར་བྱ་བའི་རྫས་དེ་ཉིད་ཐབས་ཀྱིས་བྱིན་གྱིས་བརླབས་ཅིང་བསྒྲལ་བའོ། །དེ་ལ་༡༽སྒྲུབ་པ་པོ་ཏིང་ངེ་འཛིན་གྱིས་གཟེངས་བསྟོད་ཅིང་ལྷག་མའི་རྟགས་ཀྱིས་མཚོན་པ་གང་སྙམ་པ་ལ། དམིགས་མེད་སྟོབས་ཀྱི་གདིངས་ཅན་གྱིས། །སྐུ་མཆོག་འབར་བའི་ཚུལ་དུ་བསམ། །ཞེས་བྱ་བས་བསྟན་ཏེ། དོན་དམ་པ་ཆོས་ཉིད་དམིགས་སུ་མེད་པའི་ཏིང་ངེ་འཛིན་སྟོབས་སུ་གྱུར་པའི་ཏིང་ངེ་འཛིན་དེ་བཞིན་ཉིད་ལས་སུ་རུང་བའི་རྣལ་འབྱོར་པ་བདག་ཉིད་དེ། ཐུགས་ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། སྐུ་མཆོག་འབར་བ་དཔལ་ཁྲག་འཐུང་ཆེན་པོའི་སྐུའི་ཚུལ་དུ་བསམ་པ་ནི། རྒྱུད་ལས་ཀྱང་། མི་གཡོ་ཕྱག་རྒྱ་ཆེན་པོའི་ངང་། །ཆོས་ཀྱི་སྐུ་ལས་བཞེངས་ནས་ཀྱང་། །སེམས་ཅན་ཐམས་ཅད་ཁྲོ་བའི་ཕྱིར། །རྡོ་རྗེ་ཡང་ནི་ཁྲོ་བར་བྱ། །ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་རཾ་ཛྭ་ལ་ནི་ཧཱུྃ་ཕཊ། ཞེས་བརྗོད་པས། དཔལ་ཆེན་པོའི་སྐུ་མདོག་དང་། ཕྱག་མཚན་དང་། དེ་ལ་ལྷ་མོ་རྣམས་ཀྱིས་མཛེས་པར་བརྒྱན་པ། གོང་དུ་བསྟན་པ་ལྟར་བསྒོམ་སྟེ། དེ་ལ་དུར་ཁྲོད་ཀྱི་རྒྱན་གསོལ་ཞིང་ལྷག་པའི་རྟགས་ཀྱིས་མཚན་པ། གོང་དུ་བསྟན་པ་ལྟར་བྱས་ནས། བསྒྲུབ་༢༽པར་བྱ་བའི་རྫས་དེ་ཉིད་ཐབས་ཀྱིས་བྱིན་གྱིས་བརླབས་ཤིང་བསྒྲལ་བར་བསྟན་པ་ལ་དོན་དྲུག་སྟེ། བསྒྲུབ་པར་བྱ་བའི་རྫས་དེ་དཀྱིལ་འཁོར་དུ་གཞུག་པ་དང་། ཤེས་རབ་དང་སྙིང་རྗེས་ཟིན་པར་བྱ་བ་དང་། ཏིང་ངེ་འཛིན་ཇི་ལྟ་བུས་བསྒྲལ་བ་དང་། དྲག་པོའི་མངོན་སྤྱོད་ཀྱིས་བསྒྲལ་བ་དང་། གནས་སྤར་བའི་དགོངས་པ་དང་། ཐ་མར་གཟུགས་ཀྱི་ཕུང་པོ་ལ་ཕྲིན་ལས་ཇི་ལྟར་བྱ་བའོ། །དེ་ལ་༡༽བསྒྲུབ་པར་བྱ་བའི་རྫས་དེ་དཀྱིལ་འཁོར་དུ་གཞུག་པ་གང་སྙམ་པ་ལ། སྒྲུབ་རྫས་དེ་དག་བྱིན་གྱིས་བརླབས། །ཞེས་པས་བསྟན་ཏེ། དེ་ལ་སྒྲུབ་རྫས་ནི། གོང་དུ་སྨོན་པའི་བཀྲ་ཤིས་གཙང་མའི་རྫས་དང་། དག་པ་ལྷའི་རྫས་དང་། བསྒྲུབ་པ་མཆོག་གི་རྫས་དང་། སྲོག་མེད་པ། གསུམ་པོ་གང་རྙེད་པ་ནི། འགྲོ་བ་རིས་དྲུག་གི་གནས་ནས་ཤེས་པ་དགུག་ཅིང་། དེ་རང་རང་གི་ཕུང་པོ་ལ་བསྟིམ་ཞིང་། ཕྱག་རྒྱ་བཞིས་གཉིས་སུ་མེད་པར་བཅིངས་ལ། ཁོ་རང་དངོས་པོར་བསམ་པ་དང་། ཡང་ན་བསྒྲལ་བ་ཞིང་གི་རྫས་དེ། གང་ཡིན་པ་དཀྱིལ་འཁོར་གྱི་རྩར་དངོས་པོར་དགུག་པའོ། །དེ་ཡང་རྒྱུད་ལས། མཁའ་འགྲོ་ལ་སོགས་སེམས་ཅན་ལྔ། །བསྒྲུབ་པའི་རྫས་སུ་གསུངས་པ་ཡང་། །སྡིག་མེད་ཉེན་དང་མ་འབྲེལ་བའི། །སྲོག་མེད་ཤ་ཁྲག་མཆོད་སྟོན་བྱ། །ཞེས་བྱུང་བས། སྲོག་ཆགས་དངོས། རབ་ཏུ་ཉེན་ཆེ་རྣམ་སྨིན་མི་བཟློག་པས་ཤིན་དུ་གཟབ་བོ། །དེ་ལ་ལས་ལ་མཁས་པའི་ཀརྨ་དང་། སྒྲོལ་གིང་གིས་བསྒྲུབ་རྫས་དེ་བཟུང་ལ། རྡོ་རྗེ་རྒྱལ་པོ་དང་རྒྱལ་ཐེབས་ལ་མཁྱེན་པར་གསོལ་བ། ཧོཿ དཔལ་ཆེན་ཡེ་ཤེས་སེམས་དཔའ་ལ་སོགས་ཏེ། འཁོར་ཚོགས་རྒྱ་མཚོ་དང་བཅས་པ་དང་། དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀ་བཛྲ་ཏ་ཀི་ནི་འཁོར་རྒྱ་མཚོ་དང་བཅས་པ་དང་། མ་ཚོགས་ཀྱི་དབང་ཕྱུག་མ། ནང་གི་རྣལ་འབྱོར་མ་དང་། ཀེ་སིང་སྒོ་མ། དབང་མོ་མན་ཆད། ཕྱིའི་གྲུབ་པ་མོ་འཁོར་རྒྱ་མཚོ་དང་བཅས་པ་དང་། གཞན་ཡང་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མཆེད་ལྕམ་དྲལ་འཁོར་ཚོགས་རྒྱ་མཚོ་དང་བཅས་པ་དང་། མ་ལུས་པ་ཐམས་ཅད་དགོངས་སུ་གསོལ་ལོ། །དེང་ནི་གནས་མཆོག་དམ་པ་འདིར། འཕགས་པ་ཐམས་ཅད་མཆོད་པ་དང་། རྡོ་རྗེ་ལྕམ་དྲལ་ཕྱོགས་བཅུ་ན་བཞུགས་པ་དང་། ད་ལྟར་འདིར་འཚོགས་པ་ལ་སོགས་པའི་ཐུགས་དམ་བསྐོང་བ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་གནས་སུ་བསྒྲལ་བ་དང་། འགྲོ་བ་མ་ལུས་པ་མཐའ་དག་གི་དོན་བགྱིས་བའི་སླད་དུ། འདི་ན། བཀྲ་ཤིས་གཙང་མའི་རྫས་མཆོག་འདི། དག་པ་ལྷ་ཡི་རྫས་མཆོག་འདི། སྒྲུབ་པ་མཆོག་གི་རྫས་མཆོག་འདི། བསྒྲལ་བའི་ཞིང་གི་རྫས་མཆོག་འདི། ཙ་ར་མཆོག་བཞི་པ་གཅིག་མིའོ། །འབུལ་ཞིང་མཆིས་ན། ཐུགས་རྗེས་གཟུང་ཞིང་བསྒྲལ་དུ་གསོལ་ལོ། །ཙ་ར་འདི་ཐུགས་རྗེས་མ་བཟུང་མ་བསྒྲལ་ན་སྤྱོ་བ་མཆིས་ཏེ། གསང་སྔགས་ནང་པ། རྣལ་འབྱོར་གྱི་ཐེག་པ་ལ་ཞུགས་ཀྱང་ཚུལ་བཞིན་མ་བགྱིས་ཏེ། དེ་བཞིན་གཤེགས་པའི་བཀའ་ཚད་མ་ཁྱད་དུ་བསད་པ་དང་། རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་དྲལ་ལ་ངན་སེམས་དང་འཕྱ་སེམས་སྐྱེས་པ་དང་། མཆེད་ལ་འཁུས། བ་དང་། དམ་ལས་ལོག་པ་དང་། རྒྱུ་གསོག་དང་། རྫུན་དང་། ཁ་གསག་དང་། ཕྱི་ཚུལ་དང་། གཤེ་བ། ཆོས་ལ། རྒྱབ་ཉན་བགྱིས་ནས། རྡོ་རྗེ་སློབ་དཔོན་ལ་སྙིང་ནས་སྨད་པ་དང་། བླ་མ་ལ་དབང་ཟོས་པ་དང་། མཉམ་པའི་སྤྱོད་ཡུལ་སུན་ཕྱུང་བ་དང་། སྦྱོར་སྒྲོལ་མང་པོའི་སྒོ་བཀག་པ་དང་། དད་པ་ཅན་གྱི་ཚོགས་བཅག་པ་སྟེ། གདུང་སེམས་ཀྱི་རྒྱུན་བཅད་དེ། ཕྲག་དོག་གི་སེམས་ཀྱིས། སྐུ་གསུང་ཐུགས་ཀྱི་གདུང་འཚོ་བ་བའི་བར་ཆད་བགྱིས་ནས། ད་ལྟར་ངན་སོང་གི་གནས་ན་འཁྱམས་ཤིང་རྟོག་པའི་དྲྭ་བས་བཅིངས། འཁོར་བའི་རྙིས་ནི་ཟིན། དམྱལ་ཁམས་ཀྱི་གཏིང་བརྒྱུད་པས། ངེས་པའི་ཞིང་བཅུ་དང་ལྡན་པ་འདི། དཀོན་མཆོག་གསུམ་གྱི་སྤྱི་དགྲ། རྡོ་རྗེ་སློབ་དཔོན་གྱི་སྒོས་དགྲ། དམ་ལས་ཉམས་པ། དམ་ལས་ལོག་པ། དམ་ལ་འཁུས་པ། སྣོད་ངན་སྒྲུབ་པའི་འདུ་སར་ཡོང་བ་ཡོངས་ལ་གནོད་པ་ཆགས་པ་ལྷ་བུ། དམ་དགྲ་ངན་པའི་ངང་ཚུལ་ཅན་ཕུར་བཟློག་མཁན་ལྟ་བུ། ངན་སོང་གསུམ་བསྟེ་བཅུའོ། །དམ་ཚིག་ཚུལ་བཞིན་དུ་བསྒྲལ་དུ་གསོལ་ལོ། །ཧོཿ འདིའི་རྣམ་པར་ཤེས་པ་ནི་བླ་ན་མེད་པའི་གནས་སུ་འོག་མིན་དུ། སྤོར་བ་ཡང་། གནས་སྤོང་བར་བྱིན་གྱིས་བརླབ་ཏུ་གསོལ་ལོ། །ལྔ་ཕུང་གི་ཡན་ལག་ནི། ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་མཉམ་པ་ཉིད་ཀྱི་ངང་དུ་དབྱེར་མེད་པར་ཐིམ་པར་མཛད་དུ་གསོལ་ལོ། །ཞེས་ཞུས་པ་དང་། རྡོ་རྗེ་རྒྱལ་པོ་དང་རྒྱལ་ཐེབས་ཀྱིས། རྒྱུ། རྫས་ལ་ཉི་ཟླའི་སྤྱན་ཟུར་གྱིས་བལྟ་ཞིང་། ངག་ཏུ་ཐར་པའི་ལམ་འབྱེད་དཀྱིལ་འཁོར་འདིར། །བྲོད་པ་ཅན་དག་དགའ་བའི་གནས་སུ་འགྲོ་བ་ལྟར། །སྐལ་དང་ལྡན་པའི་སེམས་ཅན་ཁྱོད། །བདེ་བར་འོངས་སོ་ལེགས་པར་འོངས། །ཁྱོད་ནི་སེམས་ཅན་སྐལ་པར་ལྡན། །བདེར་གཤེགས་ཐུགས་རྗེས་སྒྲོལ་ལ་མཁས། །བློ་ངན་སེམས་ཅན་སྙིང་རེ་རྗེ། །ཆོས་ཉིད་གཉིས་སུ་མེད་པར་བསྒྲལ་བར་གནང་། །ཞེས་བརྗོད་ནས། བར་འདིར་མིག་དབྱེ་བ་དང་། ཕྱག་བཙལ་བ་དང་། སྐྱབས་སུ་གསོལ་བ་དང་། མཆོད་པ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་དང་། བྱིན་གྱིས་བརླབས་པར་ཞུ་བ་ཡན་ཆད་གོང་ནས་འབྱུང་བ་བཞིན་དུ་བྱས་ལ། བར་འདིར་ལན་ཆགས་ཀྱི་གཏོར་མ་བཏང་། དེ་ནས་ཆོས་ཉིད་རྣམ་པར་དག་པའི་སྔགས་ༀ་སྭ་བྷཱ་ཝ། དང་། ངན་སོང་སྦྱོར་བའི་སྔགས་སརྦ་དུརྒ་ཏི། བརྗོད་ལ། རྒྱུ་དེ་དྲི་ཆབ་དང་བདུད་རྩིའི་ཆུས་བཀྲུའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་རིང་ན་མོ་རཏྣ་ཏྲ་ཡ་ཡཱཿསོགས་བརྗོད། ཉུངས་ཀར་ལ་བསྔགས་ཏེ་མཚམས་དྲག་ཏུ་བཅད་ལ། རྡོ་རྗེ་རྒྱལ་པོ་དང་རྒྱལ་ཐེབས་ཀྱིས་འདི་སྐད་དུ་བརྗོད་པར་བྱའོ། །ཧཱུྃ། ཡེ་ཤེས་མཁའ་ལྡིང་སྡེར་ཆེན་གྱིས། །འཁོར་བྱེའུ་ཕྲུ་གུ་བླངས་པས་ན། །བུ་ལ་མ་མོས་གཟན་སྟེར་བཞིན། །འདུས་པ་ཆེན་པོའི་ཚོགས་ལ་འབུལ། །ཧ་ཧ་ཧ་ཏྲ་མེ་སརྦ་ས་དུ་པྲ་དུ་ཤ །ཞེས་བསྟབས་ལ། ཡང་། རྡོ་རྗེ་རྒྱལ་པོ་དང་རྒྱལ་ཐེབས་ཀྱི། ཧཱུྃ། མི་རྟོག་ཡེ་ཤེས་རང་བཞིན་དཀྱིལ་འཁོར་ཏེ། འདུས་ཤིང་འཚོགས་པས་ཚོགས་ཀྱི་དཀྱིལ་འཁོར་བསྟན། །ཐབས་ཀྱི་རྡོ་རྗེ་བྱ་བའི་རྣམ་གྲངས་ནི། །ཆོས་ཀྱི་དབྱིངས་ལ་ཆོས་ཉིད་རབ་ཏུ་གནས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཟང་པོ་དེར། །སུ་དག་ཕྱིན་པ་ཕྱིར་མི་ལྡོག་པར་ངེས། །ༀ་སྟ་ན་ཙི་མོ་ག་ཤ་གྷ་ན་མ་ཎ་ལ་བྲ་དུ་ཤ་ཧཱུྃ། ཞེས་བརྗོད་དེ་མཎྜལ་སྟེང་དུ་བཞག་གོ། །དེ་ནས་ཡང་། གིང་གིས། ཞིང་དང་སྤྱོད་ཡུལ་དག་པའི་གནས་འདི་ནི། །ཐར་ལམ་གྲོལ་བའི་མཆོག་ཏུ་རབ་ཏུ་དགོངས། །ལྷ་རྣམས་སྟ་གོན་མཛད་པས་འགྲོ་དོན་རྫོགས། །མི་རྣམས་སྟ་གོན་གནས་པས་སྐུ་གསུང་ཐུགས། །དེ་ལྟར་བསྒྲུབ་པ་བརྩོན་པའི་བསྙེན་པ་འདི། །འཕགས་པ་རྣམས་ཀྱི་ཐུགས་རྗེ་ཉིད་ཀྱིས་མཛོད། །མ་ཐོབ་ཐོབ་པ་མེད་པར་སྦྱར་ལགས་ཀྱིས། །དུས་འདིར་ཐུགས་རྗེར་ལྡན་པར་བྱིན་གྱིས་རློབས། །ཞེས་བརྗོད་དོ། །དེས་ནི་སྒྲུབ་པའི་རྫས་དེ་དཀྱིལ་འཁོར་དུ་བཅུག་ནས་བདག་དབང་བར་བྱིན་གྱིས་བརླབས་པའོ། །དེ་ལ་༢༽སྙིང་རྗེ་དང་ཤེས་རབ་ཀྱིས་ཟིན་པར་བྱ་བ་ལ་གཉིས་ཏེ། དེ་ལ་རྒྱུ་དེ་ལ་སྙིང་རྗེ་ཇི་ལྟར་བསྐྱེད་སྙམ་པ་ལ། ཁམས་གསུམ་ཁྲག་ཏུ་དམིགས་ནས་ནི། །དུར་ཁྲོད་ཀུན་ཏུ་ཁྱབ་པར་བསམ། །ཞེས་པས་བསྟན་ཏེ། དེ་ལ་དཔེར་ན་ཁྲག་ནི་དམར་བ་ཡིན་ལ། དམར་བ་ནི་ཆགས་པའི་རང་བཞིན་ཡིན་པས། དེ་བཞིན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ། ཐུགས་རྗེ་ཆེན་པོས་ཆགས་པར་བྱ་བའི་ཡུལ་དུ་དམིགས་ནས། གཞན་ཡང་དུར་ཁྲོད་ཅེས་བྱ་བ་ནི་རོ་མང་པོ་གནས་ས་ལ་བྱ་སྟེ། ཁམས་གསུམ་ཉིད་སེམས་ཅན་གྱི་རོ་མང་པོའི་གནས་ཡིན་པས་དུར་ཁྲོད། ཅེས་བྱའོ། །དེ་ལ་སྙིང་རྗེ་ཆེན་པོ་འདི་ལྟར་བསྐྱེད་དོ། །ཡོང་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་ཤིང་དངོས་པོ་མེད་པ་ཡིན་ལ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས། དེ་ལྟར་མ་ཤེས་ཤིང་དངོས་པོར་མངོན་པ་ཞེན་པར་ཁམས་གསུམ་དུ་འཁོར་ནས། སྡུག་བསྔལ་བརྒྱད་དང་། སྐྱེ་རྒ་ན་འཆི་བཞི་ནང་གི་བཞི། མེད་པ་བཙལ་གྱིས་མི་རྙེད། ཡོད་པ་སྤེལ་བསྐྱེད། སྡང་དགྲ་དང་འཕྲད་དོག །གཉེན་བྱམས་དང་བྲལ་དོག་གི་སྡུག་བསྔལ་བཞིའོ། །རྩ་བའི། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། གསུམ་གྱིས་གདུངས་ནས་ཉོན་མོངས་པ་རྣམས་སྙིང་རེ་རྗེ། འདི་དག་སྡུག་བསྔལ་གྱི་གནས་ནས་བསྒྲལ་བར་བྱའོ་སྙམ་དུ། ཁམས་གསུམ་གྱི་དུར་ཁྲོད་ཀུན་ཏུ་ཁྱབ་པའི་ཕྱོགས་མེད་པའི་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་བསམས་ནས། དེ་ནས་ཁམས་གསུམ་དུ་འཁོར་བའི་སེམས་ཅན་ཐམས་ཅད། དམིགས་ཅིང་བསྒྲལ་བར་བྱ་བའི་སེམས་ཅན་དེའི་ལུས་ལ་བསྡུ་སྟེ། ཁམས་གསུམ་མ་ལུས་དང་། དུས་གཅིག་ཏུ་བསྒྲལ་བའི་ཕྱིར། རྒྱུད་ལས། འདི་སྐད་དུ། ཧཱུྃ། ཁམས་གསུམ་ནས་བྱུང་སེམས་ཅན་རྣམས། །རྡོ་རྗེའི་སྐུ་ཡི་ཁྱད་པར་གྱིས། །འོད་ཟེར་ཚུལ་གྱིས་བསྡུས་ནས་ནི། །དེ་དག་བདག་གི་གཟུགས་ལ་གཟུད། །སྤྲོ་བསྡུ་རྡོ་རྗེ་ཐམས་ཅད་ཀྱི། །སྐུ་དང་ཡེ་ཤེས་མཆོག་ཏུ་བསྒྲལ། །ཞེས་འབྱུང་བས། རུ་ལུ་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བསྡུས་ཏེ་དེའི་ལུས་ལ་བཙུད་པ་དང་། ཡུམ་ཤེས་རབ་མས་འདི་སྐད་དུ། མངོན་སྤྱོད་ཀྱི། ལས་ལ་བབ་པའི་རྣལ་འབྱོར་པས། །བསྒྲལ་བའི། དུས་ལ་བབ་པའི་སེམས་ཅན་འདི། །གཉིས་མེད་ཕྱག་རྒྱ་ཆེན་པོ་ཡིས། །དོན་རྟོག་པ་དུས་ལ་བབ་པོ་ས་མ་ཡ། །ༀ་ཀ་རེ་ཀ་ཧ་ཙ་རེ། ཙ་ཧ་ས་མ་ཡ་སྟྭཾ། ཞེས་བརྗོད་པས། ཡབ་ཀྱི་འདི་སྐད་དུ། བསྒྲལ་ན་འཁོར་བ། མུ་མཐའ་མེད་པར་མི་འཛིན་འགོག་མེད་པའི། །དོན་རྟོགས་ནས། རྣལ་འབྱོར་མཉམ་པ་ཉིད་ལས་ཐོད་རྒལ་དུ། །ཁྲོ་གཏུམ་རྔམ་དང་ཞི་མཛད་ལ་སོགས་པའི། །མངོན་སྤྱོད་ཀྱི་རྒྱུ་དེས་མྱ་ངན་ལས་འདའ་བར། ཕྲིན་ལས། སྣ་ཚོགས་སྟོན་ཡང་བྱང་ཆུབ་སེམས་ལས་མི་འདའ་མི་གཡོ། །ཨ་ཙ་ལ་ས་མ་ཡ་དྷརྨ་དྷརྟུ་སྭ་བྷཱ་ཝ་ཨཱདྨ་ཀོ྅་ཧཾ། ཞེ་བརྗོད་དེ། ཞི་བའི་ཏིང་ངེ་འཛིན་ལས་བཞེངས་ནས། ལག་པ་གཡས་གཡོན་སྟྭ་ཟུར་དུ་བསྟན་ལ། ཕྱོགས་མཚམས་བླ་འོག་ཀུན་ཏུ་བལྟས་ནས། འཇིག་རྟེན་གསུམ་པོ་སྐྱེ་ཤིའི་མཚན་ཉིད་དེ། ཐར་པའི་རྒྱུ་ཅི་ཡང་མེད་ཅིང་ངན་སོང་གསུམ་གྱི་གཏིང་བརྒྱུད་པ། དེ་དག་ལ་སྙིང་རྗེ་ཁྱད་པར་ཅན་དུ་བསྐྱེད་ནས། འདི་སྐད་དུ། ཧཱུྃ། ཁྲོ་གཏུམ་ལྟར་སྣང་ཡང་དོན་ལ་ཚད་མེད་བྱམས་པར་སྣང་། །གསོད་ཆེན་སྙིང་རྗེའི་བདག་སྙིང་དེ། །བསྒྲལ་ཞིང་བསྟབ་པ་དགའ་བའི་མཆོག །ཡལ་བར་མི་འདོར་བཏང་སྙོམས་སོ། །ༀ་མ་ཧཱ་ཀ་རུ་ན་མ་ཧཱ་མེ་ཏྲི་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀུན་ལ་ཕྱོགས་རིས་མེད་པའི་བྱམས་པ་དང་། ཚད་མེད་པའི་སྙིང་རྗེ་དང་། འགྱོད་པ་མེད་པའི་དགའ་བ་དང་། དམིགས་པ་མེད་པའི་བཏང་སྙོམས་ཏེ་ཚད་མེད་པའི་སྙིང་རྗེ་བསྐྱེད་དོ། །དེ་ལ་༢ཤེས་རབ་ཀྱིས་ཟིན་པར་བྱ་བ་ནི། དེ་ནས་ཆོས་ཐམས་ཅད་ཅི་ཡང་མ་ཡིན་པའི་ངང་ཇི་ལྟ་བ་བཞིན་དུ་ཤེས་རབ་ཀྱིས་ཚིག་ཙམ་མ་ཡིན་པར་རྟོགས་ལ། ཏིང་ངེ་འཛིན་གྱིས་ཇི་ལྟར་དམིགས་ཤིང་སེམས་ལས་སུ་རུང་བར་བྱ་བ་གང་སྙམ་པ་ལ། དངོས་ནི་ཨ་རུ་བྱིན་བརླབས་ནས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་དྲོད་དང་དབུགས་དང་རླན་ལས། རཾ་དང་ཡཾ་དང་ཁཾ་དང་བསམ་པ་ལས། རཾ་ཡཾ་ཁཾ་གསུམ་གྱིས་བསྲེགས་གཏོར་སྦྱངས་ནས། སྟོང་པ་ཉིད་དུ་གྱུར་ཏེ། རྒྱུ་དེའི། སེམས་ཉིད་ཡི་གེ་ཨའི་རང་བཞིན་དུ་བསྒོམ་པ་ཡང་། འདི་སྐད་དུ། སེམས་ཅན་ཁྱོད་ཀྱི་ཕུང་པོ་ལ། །ལུས་ལས་དྲོད་བྱུང་མེ་ལྟར་འབར། །མེ་ཡི་སྙིང་པོ་རཾ་ཞེས་བྱ། །རིག་པའི་ཡེ་ཤེས་མེ་བྱུང་བས། །ཁྱོད་ཀྱི་དངོས་པོ་བསྲེག་པར་བྱའོ། །རཾ་ཞེས་བརྗོད་པས། དྲོད་ལས་རཾ་བྱུང་། དེ་ལས་མེ་བྱུང་བས་དངོས་པོ་ཐམས་ཅད་བསྲེགས་པ་དང་། ཡང་འདི་སྐད་དུ། སེམས་ཅན་ཁྱོད་ཀྱི་ཕུང་པོ་ལ། །ལུས་ལས་དབུགས་བྱུང་རླུང་ལྟར་འཕྱོ། །རླུང་གི་སྙིང་པོ་ཡཾ་ཞེས་བྱ། །རིག་པའི་ཡེ་ཤེས་རླུང་བྱུང་བས། །ཡོད་ཀྱི་བག་ཆགས་གཏོར་བར་བྱའོ། །ཡཾ་ཞེས་བརྗོད་པས། དབུགས་ལས་ཡཾ་བྱུང་། དེ་ལས་རླུང་བྱུང་བས་ཐམས་ཅད་གཏོར་བ་དང་། ཡང་། འདི་སྐད་དུ། སེམས་ཅན་ཁྱོད་ཀྱི་ཕུང་པོ་ལས། །ལུས་ལས་རླན་བྱུང་ཆུ་ལྟར་འབྲུབ། །ཆུ་ཡི་སྙིང་པོ་ཁཾ་ཞེས་བྱ། །རིག་པའི་ཡེ་ཤེས་ཆུ་བྱུང་བས། །ཁྱོད་ཀྱི་བག་ཆགས་བཀྲུ་བར་བྱའོ། །ཁཾ་ཞེས་བརྗོད་པས། རླན་ལས་ཁཾ་བྱུང་། དེ་ལས་ཆུ་བྱུང་བས་ཐམས་ཅད་བཀྲུས་ཏེ། དེ་ལྟར་བསྲེགས་གཏོར་བཀྲུས། དག་ནས་ནང་སྟོང་པའི་རང་བཞིན་དུ་གྱུར་པ་ལས། ཨ་ཙནྡྲ་མཎྜ་ལ། ཞེས་བརྗོད་པ་ལས། ལུས་ཟླ་བའི་དཀྱིལ་འཁོར་དུ་གྱུར། །དེའི་སྟེང་དུ་སེམས་ཀྱི་རང་བཞིན། ཨ་ཞེས་བརྗོད་པས། ཨ་དཀར་པོ་གཅིག་ཏུ་གྱུར་པར་བསམ་ཞིང་བྱིན་གྱིས་བརླབ་བོ། །ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་གྱི་ཚད་ཇི་ཙམ་དུ་བྱ་སྙམ་པ་ལ། རིན་ཆེན་གསལ་བར་ཤར་བ་དང་། །ཞེས་གསུངས་ཏེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས། སེམས་ཅན་གྱི་དགོས་འདོད་ཇི་ལྟར་བསམ་པ་ལྟར་འབྱུང་བ་དེ་བཞིན་དུ། སེམས་ཀྱི་རང་བཞིན་ཡི་གེ་ཨ་དེ་ལས་ཀྱང་། ཇི་ལྟར་བསམ་པ་བཞིན་དུ་འབྱུང་བས་རིན་ཆེན་ཞེས་བྱ་སྟེ། ཨ་དེ་ཏིང་ངེ་འཛིན་ལ་ཤིན་ཏུ་གསལ་ཞིང་སེམས་ལས་སུ་རུང་བ་དང་། བྱང་ཆུབ་སེམས་དེ་འོད་ཟེར་འཕྲོ། །མོས་པའི་ཐུགས་ལ་མཉེས་བསམས་ནས། །འོད་འདུས་ཐོག་མའི་གཟུགས་ལ་གཟུད། །ཅེས་གསུངས་ཏེ། བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ལས། སྥ་ར་ཎ་ཕཊ། ཅེས་བརྗོད་པས། འོད་ཟེར་ཕྱོགས་བཅུར་འཕྲོས་པ་ལས་གཉིས་སུ་མེད་པའི་བདེ་བ་ལ་མོས་པའི་ཡབ་ཡུམ་སྲས་འཁོར་དང་བཅས་པ་ཐམས་ཅད་ལ་ཕོག་པས། མཆོད་ཅིང་མཉེས་པར་བསམས་ནས། སླར། སཾ་ཧ་ར་ཎ་ཧཱུྃ། ཞེས་བསྡུས་པ་ལས། ཐ་མལ་པའི་གཟུགས་སུ་བསམ་ལ། དེ་ལ་གཟུད་དོ། །ཞེས་བྱ་བའི་དོན་ཏོ། །དེ་ནས། ལྷ་མ་ཡིན་ལྷའི་ཁོངས་སུ་བསྡུས་ཏེ། ལམ་རྒྱུད་ལྔར་སྐྱེ་བའི་རྒྱུན་ཆད་ཅིང་འབྱུང་བའི་སྒོ་བཀག་པའི་ཕྱིར། སྙིང་པོ་ཕྱག་མཚན་ཕྲ་མོ་དག །བརྟེན་པ་གྱུར་ནས་མཁའ་ལ་བཞག །ཅེས་གསུངས་ཏེ། དེ་ལ་ཞེ་སྡང་ནི་དམྱལ་བར་སྐྱེ་བའི་རྒྱུ་ཡིན་ཏེ། ཞེ་སྡང་ལ་རང་བཞིན་མེད་པར་ཤེས་ནས་ཞེ་སྡང་སེམས་མི་སྐྱེ་ན། དམྱལ་བར་སྐྱེ་བའི་རྒྱུན་བཅད་པ་ཡིན། དེ་བཞིན་དུ། འདོད་ཆགས་དང་། གཏི་མུག་དང་། དགེ་བ་བཅུ་དང་། བསམ་གཏན་དང་སྙོམས་པར་འཇུག་པ་ནི། གོ་རིམ་བཞིན། ཡི་དྭགས་དང་། བྱོལ་སོང་དང་། མི་དང་། ལྷར་སྐྱེ་བའི་རྒྱུ་ཡིན་ལ། དེ་དག་ལ་རང་བཞིན་མེད་པར་ཤེས་ཤིང་། དེ་དག་གི་སེམས་མི་སྐྱེ་ན། ཡི་དྭགས་དང་། བྱོལ་སོང་དང་། མི་དང་། ལྷར་སྐྱེ་བའི་རྒྱུན་བཅད་པ་ཡིན་ནོ། །དེ་ནས་ལམ་ལྔར་ཕྱིར་བྱུང་བའི་སྒོ་བཀག་པ་ནི། དམིགས་ཀྱིས་བསྒྲལ་བ་དེ་ལ། ཕྱིས་ལམ་རྒྱུད་ལྔར་འབྱུང་བར་སྒོ་ཡོད་པའི་རྟགས་སུ། གནས་ལྔར་རང་རྒྱུད་ཀྱི་སྙིང་པོ་ལྔ་བསམ་མོ། །དེ་ནས་ལམ་རྒྱུད་ལྔར་སྐྱེ་བའི་རྒྱུ་དེ་ལ། རང་བཞིན་མེད་པའི་རྟགས་སུ། རང་རྒྱུད་ཀྱི་སྙིང་པོ་ལྔ་ཨ་ནྲི་ཏི་པྲེ་དུ་འི་སྟེང་དུ། དཔའ་བོ་འབྲུ་ༀ་ཨཱཿཧཱུྃ་སྭཱ་ཧཱ་ལྔས་མནན་པར་བསྒོམ་སྟེ། དེ་ཡང་དགོད་པ་ནི་ཡས་ནས་དགོད་ལ། བསྡུ་བ་ནི་མས་ནས་བསྡུ་བ་བྱ་སྟེ། དགོད་པ་ནི། སེམས་ཅན་ཁྱོད་ཀྱི་སྤྱི་གཙུག་ན། །ཡི་གེ་ཨ་གཅིག་གནས་པ་ནི། །ལྷ་རུ་སྐྱེ་བའི་རྒྱུ་ཡིན་ཏེ། །རྒྱུད་དྲུག་འཁོར་བ་རྩད་བཅད་ནས། །རྒྱུད་ལྔ་ལམ་གྱི་སྒོ་དགག་ཕྱིར། །ༀ་ཞེས་བྱ་བ་གསལ་བར་བསྒོམ། །སེམས་ཅན་ཁྱོད་ཀྱི་ལྕེ་སྟེང་ན། །ཡི་གེ་ནྲིཿགཅིག་གནས་པ་ནི། །མི་རུ་སྐྱེ་བའི་རྒྱུ་ཡིན་ཏེ། །རྒྱུད་དྲུག་འཁོར་བ་རྩད་བཅད་ནས། །རྒྱུད་ལྔ་ལམ་གྱི་སྒོ་དགག་ཕྱིར། །ཨཱཿཞེས་བྱ་བ་གསལ་བར་བསྒོམ། །སེམས་ཅན་ཁྱོད་ཀྱི་སྙིང་ཁ་ན། །ཡི་གེ་ཏྲི་གཅིག་གནས་པ་ནི། །བྱོལ་སོང་སྐྱེ་བའི་རྒྱུ་ཡིན་ཏེ། །རྒྱུད་དྲུག་འཁོར་བ་རྩད་བཅད་ནས། །རྒྱུད་ལྔ་ལམ་གྱི་སྒོ་དགག་ཕྱིར། །ཧཱུྃ་ཞེས་བྱ་བ་གསལ་བར་བསྒོམ། །སེམས་ཅན་ཁྱོད་ཀྱི་ལྟེ་བ་ན། །ཡི་གེ་པྲེ་གཅིག་གནས་པ་ནི། །ཡི་དྭགས་སྐྱེ་བའི་རྒྱུ་ཡིན་ཏེ། །རྒྱུད་དྲུག་འཁོར་བ་རྩད་བཅད་ནས། །རྒྱུད་ལྔ་ལམ་གྱི་སྒོ་དགག་ཕྱིར། །སྭཱ་ཞེས་བྱ་བ་གསལ་བར་བསྒོམ། །སེམས་ཅན་ཁྱོད་ཀྱི་གསང་བ་ན། །ཡི་གེ་དུཿགཅིག་གནས་པ་ནི། །དམྱལ་བར་སྐྱེ་བའི་རྒྱུ་ཡིན་ཏེ། །རྒྱུད་དྲུག་འཁོར་བ་རྩད་བཅད་ནས། །རྒྱུ་ལྔ་ལམ་གྱི་སྒོ་དགག་ཕྱིར། །ཧཱཿཞེས་བྱ་བ་གསལ་བར་བསྒོམ། །ཞེས་པས་ཡི་གེ་ཡས་བཀོད་ལ། སྐྱེ་གནས་རིགས་དྲུག་གཞོམ་པ་དང་། རྒྱུད་ལྔར་འབྱུང་བའི་སྒོ་དགག་ཕྱིར། མཉེས་པ་ལྔ། སྟོངས་པ་ལྔ། སྐོང་བ་ལྔ། གྲུབ་པ་ལྔ། འབྲས་བུ་ལྔས་བསྟན་ཏེ། དེ་ལ་མས་བསྡུ་བ་ནི། ཧཱུྃ། བུ་ཁྱོད་རྒྱལ་བའི་སྲས་མ་ཡིན། །བུ་ཁྱོད་རྒྱལ་བའི་སྲས་ཡིན་ན། །དམྱལ་བའི་གནས་སུ་ཅི་སྟེ་འཁོར། །དམྱལ་བའི་གནས་སུ་འཁོར་བ་ན། །རྐང་མཐིལ་ཡི་གེ་ཧཱཿབསམས་ཏེ། །དམྱལ་བའི་ལམ་ཡི་སྒོ་བཅད་དོ། །ཞེས་བརྗོད་ནས། རྐང་མཐིལ་གྱི་ཧཱཿལས། ལྟེ་བའི་སྭཱ་ལས། སྙིང་གའི་ཧཱུྃ་ལས། ལྕེ་སྟེང་ཨཱཿལས། སྤྱི་བོར་ༀ་ལས། ཧཱཿསྥ་ར་ཎ་ཕཊ་ཀྱིས་འོད་འཕྲོས་པས། འཕགས་པའི་ཐུགས་དམ་བསྐུལ། འགྲོ་བའི་དོན་བྱས་པའི་ནང་ནས་ཀྱང་། ཁྱད་པར་དུ་དམྱལ་བའི་ཡི་དྭགས་ཀྱི། བྱོལ་སོང་གི། མིའི། ལྷའི་གནས་དག་ནས། སེམས་ཅན་དང་ལྷ་གཉིས་སུ་མེད་པར་འདྲེས་ནས། སྲིད་པ་ཡོངས་བསྒྲལ། སླར། སཾ་ཧ་ར་ཎ་ཧཱུྃ་གིས་བསྡུས་ནས། དེའི་འོག་ནས། རྡོ་རྗེ་རྒྱ་གྲམ་རིན་པོ་ཆེ། རྡོ་རྗེ། པདྨ། འཁོར་ལོ། །དང་། དུཿནག་པོ་བྲེ་དམར་སྐྱ། ཏྲི་ལྗང་ནག །ནྲི་སྔོ་སྐྱ། ཨ་དཀར་པོ། དང་། ཟླ་བའི་དཀྱིལ་འཁོར་ལ་ཕོགས་པས། དུཿ པྲེ། ཏྲི། ནྲི། ཨ། ཡང་ཧཱཿ སྭཱ། ཧཱུྃ། ཨཱཿ ༀ་དུ་གྱུར་ཏེ། དེ་ལས་ཡེ་ཤེས་ཀྱི་འོད་ཟེར་ཡང་འབར་བས། དམྱལ་བའི་ཡི་དྭགས་ཀྱི། བྱོལ་སོང་གི། མིའི་ལྷའི། སྐྱེ་གནས་བཅོམ་སྟེ། སྤྱིར་རིགས་ལྔ་ཡབ་ཡུམ་མཉེས་པའི་སྟེང་དུ། བྱེ་བྲག་ཏུ་དོན་ཡོད་གྲུབ་པ་རིན་ཆེན་འབྱུང་ལྡན། མི་བསྐྱོད་པ། སྣང་བ་མཐའ་ཡས། རྣམ་པ་སྣང་མཛད། ཡབ་ཡུམ་མཉེས། སྤྱིར་འགྲོ་བ་རིས་ལྔ་སྟོང་པའི་སྟེང་དུ། བྱེ་བྲག་དམྱལ་བའི་ཡི་དྭགས་ཀྱི། བྱོལ་སོང་གི། མིའི། ལྷའི་གནས་སྟོངས། རིགས་ལྔའི་ཐུགས་དམ་སྐོང་བའི་སྟེང་དུ། ལས་ཀྱི་རིགས་རིན་ཆེན་རིགས། །རྡོ་རྗེའི་རིགས། པདྨའི་རིགས། དེ་བཞིན་གཤེགས་པའི་རིགས་ཀྱི་ཐུགས་དམ་སྐོང་། །ཡེ་ཤེས་ལྔ་གྲུབ་པའི་སྟེང་དུ། བྱ་བ་ནན་ཏན་གྱི་མཉམ་པ་ཉིད་ཀྱི། མེ་ལོང་ལྟ་བུའི། སོ་སོར་རྟོག་པའི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གྲུབ་པའི་རྟགས་སུ། བཛྲ་ཀརྨ། རཏྣ། བཛྲ། པདྨ། ཙཀྲ། ཞེས་བརྗོད་པས། རྡོ་རྗེ་རྒྱ་གྲམ། རིན་ཆེན། རྡོ་རྗེ། པདྨ། འཁོར་ལོ། དེ་ལ། ཧཱཿ སྭཱ། ཧཱུྃ། ཨཱཿ ༀ། དང་བཅས་པར་གསལ་བ་ལས། ཧཱཿཞེས་བྱ་བ་གསལ་བ་ལས། །དོན་ཡོད་གྲུབ་པ་ཡབ་ཡུམ་བསྒོམ། །གཙོ་བོ་དང་ནི་གཙོ་མོར་ལྡན། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ། །སྦྱོར་བའི་བྱང་ཆུབ་སེམས་འཕྲོས་པས། །མི་འགྱུར་བརྟན་པར་གསེར་བཞིན་ནོ། །བཛྲ་ཨ་ལོ་ཀ་སི་ཏི་ཨ། བཛྲ་ས་མ་ཡ་ད་ར་ཧཱ། ཞེས་བརྗོད་པས། འབྲས་བུ་ལྔ་ལས་དོན་ཡོད་གྲུབ་པ་རིན་ཆེན་འབྱུང་ལྡན། རྡོ་རྗེ་སེམས་དཔའ། སྣང་བ་མཐའ་ཡས། རྣམ་པར་སྣང་མཛད་ཡབ་ཡུམ་གྱི་སྐུར་གྲུབ་པར་བསྒོམ་མོ། །དེ་ནས་ཡབ་ཡུམ་གཉིས་སུ་མེད་པར་འོད་དུ་གྱུར་པ་ལས། ཧཱཿཧཱུྃ། སྭཱ་ཧཱུྃ། ཧཱུྃ་ཧཱུྃ། ཨཱཿཧཱུྃ། ༀ་ཧཱུྃ། ཞེས་བརྗོད་པས། རྐེད་པའི་སྭཱ་སྙིང་གའི་ཧཱུྃ། མགྲིན་པའི་ཨཱཾ། སྤྱི་བོའི་ༀ། ལ་ཐིམ་སྟེ། དེའི་གསང་གནས་ལྟེ་བ། སྙིང་ག །ལྕེ་སྟེང་། སྤྱི་བོ། མན་ཆད་སྟོང་པ་གནས་ཙམ་ན། ཕྱིས་དམྱལ་བར་ཡི་དྭགས་སུ། དུད་འགྲོར། མིར། ལྷར། མི་སྐྱེ་བར་བྱ་བའི་ཕྱིར། ༀ་ད་ཧ་ད་ཧ་སརྦ་ན་རག་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་བརྗོད་པས། དམྱལ་བར་སྐྱེ་བའི་སྒོ་བཀག་གོ། །དོན་དེ་བཞིན་དུ་ཕྱི་མ་རྣམས་ལ་ཡང་ཤེས་པ ར་བྱའོ། །ཧཱུྃ། བུ་ཁྱོད་རྒྱལ་བའི་སྲས་མ་ཡིན། །བུ་ཁྱོད་རྒྱལ་བའི་སྲས་ཡིན་ན། །ཡི་དྭགས་གནས་སུ་ཅི་སྟེ་འཁོར། །ཡི་དྭགས་གནས་སུ་འཁོར་བ་ན། །ལྟེ་བར་ཡི་གེ་སྭཱ་བསྒོམ་པས། །ཡི་དྭགས་ལམ་གྱི་སྒོ་བཅད་དོ། །གོང་ལྟར་འགྲེས་སྦྱར་ཏེ། སྭཱ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། རཏྣ། སྭཱ། སྭཱ་ཞེས་བྱ་བ་གསལ་བ་ལས། །རིན་ཆེན་འབྱུང་ལྡན་ཡབ་ཡུམ་བསྒོམ། །གཙོ་བོ་དང་ནི་གཙོ་མོར་ལྡན། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ། །སྦྱོར་བའི་བྱང་ཆུབ་སེམས་འཕྲོས་པས། །མི་འགྱུར་བརྟན་པས་གསེར་བཞིན་ནོ། །བཛྲ་རཏྣ་སཾ་བྷ་ཝ་ཏྲཱཾ། བཛྲ་མཱ་མ་ཀཱི་ཏྲཾ། སྭཱ་ཧཱུྃ། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏེ་ཧི་ཏུཾ་ཧཱུྃ་ཕཊ། ཡི་དྭགས་སྐྱེ་སྒོ་བཀག་གོ། །ཧཱུྃ། བུ་ཁྱོད་རྒྱལ་བའི་སྲས་མ་ཡིན། །བུ་ཁྱོད་རྒྱལ་བའི་སྲས་ཡིན་ན། །བྱོལ་སོང་གནས་སུ་ཅི་སྟེ་འཁོར། །བྱོལ་སོང་གནས་སུ་འཁོར་བ་ན། །སྙིང་ཀར་ཡི་གེ་ཧཱུྃ་བསྒོམ་པས། །བྱོལ་སོང་ལམ་གྱི་སྒོ་བཅད་དོ། །གོང་ལྟར། ཧཱུྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲ། ཧཱུྃ། ཧཱུྃ་ཞེས་བྱ་བ་གསལ་བ་ལས། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་བསྒོམ། །གཙོ་བོ་དང་ནི་གཙོ་མོར་ལྡན། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ། །སྦྱོར་བའི་བྱང་ཆུབ་སེམས་འཕྲོས་པས། །མི་འགྱུར་བརྟན་པས་གསེར་བཞིན་ནོ། །བཛྲ་ཨཀྵོ་བྷྱ་ཧཱུཾ། བཛྲ་ཏེ་ཤྭ་ར་ཏི་ཧཱུྃ། ཧཱུྃ་ཧཱུྃ། ༀ་མ་ཐ་མ་ཐ་སརྦ་ཏིརྻ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། །དུད་འགྲོའི་སྒོ་བཀག་གོ། །ཧཱུྃ། བུ་ཁྱོད་རྒྱལ་བའི་སྲས་མ་ཡིན། །བུ་ཁྱོད་རྒྱལ་བའི་སྲས་ཡིན་ན། །མི་ཡི་གནས་སུ་ཅི་སྟེ་འཁོར། །མི་ཡི་གནས་སུ་འཁོར་བ་ན། །ལྕེ་སྟེང་ཡི་གེ་ཨཱཾ་བསྒོམ་པས། །མི་རུ་སྐྱེ་བའི་སྒོ་བཅད་དོ། །གོང་ལྟར། ཨཱཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། པདྨ། ཨཱཾཿ ཨཱཾ་ཞེས་བྱ་བ་གསལ་བ་ལས། །སྣང་བ་མཐའ་ཡས་ཡབ་ཡུམ་བསྒོམ། །གཙོ་བོ་དང་ནི་གཙོ་མོར་ལྡན། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ། །སྦྱོར་བའི་བྱང་ཆུབ་སེམས་འཕྲོས་པས། །མི་འགྱུར་བརྟན་པས་གསེར་བཞིན་ནོ། །ཨཱཾ་བཛྲ་ཨ་མི་དྷེ་ཝ་ཧྲཱིཿ བཛྲ་བྷན་དྷ་ར་བ་སི་ཧྲཱིཿ ཨཱཾ་ཧཱུྃ། ༀ་སརྦ་དུརྒ་སརྦ་ཀླེ་ཤ་ཧཱུྃ་ཕཊ། མིའི་སྐྱེ་སྒོ་བཀག་གོ། །ཧཱུྃ། བུ་ཁྱོད་རྒྱལ་བའི་སྲས་མ་ཡིན། །བུ་ཁྱོད་རྒྱལ་བའི་སྲས་ཡིན་ན། །ལྷ་ཡི་གནས་སུ་ཅི་སྟེ་འཁོར། །ལྷ་ཡི་གནས་སུ་འཁོར་བ་ན། །སྤྱི་བོར་ཡི་གེ་ༀ་བསྒོམ་པས། །ལྷ་རུ་སྐྱེ་བའི་སྒོ་བཅད་དོ། །གོང་ལྟར་འགྲེས་སྦྱར་ཏེ། ༀ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཙཀྲ། ༀ། ༀ་ཞེས་བྱ་བ་གསལ་བ་ལས། །རྣམ་པར་སྣང་མཛད་ཡབ་ཡུམ་བསྒོམ། །གཙོ་བོ་དང་ནི་གཙོ་མོར་ལྡན། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ། །སྦྱོར་བའི་བྱང་ཆུབ་སེམས་འཕོས་པས། །མི་འགྱུར་བརྟན་པར་གསེར་བཞིན་ནོ། །ༀ་བུདྡྷ་བཻ་རོ་ཙ་ན་ༀ། བུདྡྷ་ལོ་ཙ་ནེ་ༀ། ༀ་ཧཱུྃ། ༀ་པ་ར་བྷིད་ཏ་ཁངྐ་ཙྪིནྡྷ་ཧཱུྃ་ཕཊ། ལྷར་སྐྱེ་བའི་སྒོ་ཡང་བགག་གོ། །དེ་ལྟར་རིགས་ལྔ་ཡབ་ཡུམ་ལ་ཆོ་ག་རྣམ་པ་གསུམ་གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཡོངས་རྫོགས། གྱི་འཕྲོ་འདུས་གནས་འབྱོངས་པ་དང་། ཏིང་ངེ་འཛན་མངོན་གསུམ་དུ་གསལ་ཞིང་བརྟན་པར་གྱུར་ནས། ཏིང་ངེ་འཛིན་གྱིས་སྒྲོལ་ན་ཡང་ལེགས། དེ་ལྟར་མ་སྒྲོལ་ན་ཡང་། རྒྱུ་དེ་ལ། ཆང་སྣ་ཚོགས་བླུད་དོ། །དན་ཏི་མུ་ལ་དང་། ཤ་ཉེ་རིང་གསུམ་བཏགས་པའི་ཕྱེ་མ་བླུད་ཅིང་ཁོང་གསལ་ལོ། །དེ་ནས་ཡང་དག་གི་སྲུང་མ་བཞི་ལ་ཕུད་བཏང་ལ། རྡོ་རྗེ་སློབ་དཔོན་གྱིས་དགོངས་པ་བསྲང་། གིང་གིས་རྒྱུ་ཤུགས་སྒྲོལ་གྱི་སྔགས་གོང་དུ་བསྙེན་པ་དེས་བཏབ་ལ་བསྒྲལ་ལོ། །དེ་ལྟར་མ་སྒྲོལ་ན། ཡང་། རྒྱུའི་རྣ་ལམ་དུ་ངན་སོང་སྦྱོང་བའི་སྙིང་པོ་སརྦ་དུརྒ་ཏེ། ཡང་བཟླས། འབྱུང་བ་ལྔ་རང་བཞིན་མེད་པར་སྦྱོང་བའི་ཆོས་བཤད་པ། ཧཱུྃ། ཉོན་ཅིག་སེམས་ཅན་རིགས་ཀྱི་བུ། །ཁྱོད་ཀྱི་ཤ་རུས་ས་ཡིན་ཏེ། །ས་ལ་ས་ཡི་རང་བཞིན་མེད། །ཁྱོད་ཀྱི་ཁྲག་རླན་ཆུ་ཡིན་ཏེ། །ཆུ་ལ་ཆུ་ཡི་རང་བཞིན་མེད། །ཁྱོད་ཀྱི་དྲོད་ནི་མེ་ཡིན་ཏེ། །མེ་ལ་མེ་ཡི་རང་བཞིན་མེད། །ཁྱོད་ཀྱི་དབུགས་ནི་རླུང་ཡིན་ཏེ། །རླུང་ལ་རླུང་གི་རང་བཞིན་མེད། །ཁྱོད་ཀྱི་སེམས་ནི་ནམ་མཁའ་སྟེ། །ནམ་མཁའི་དབྱིངས་སུ་ཁྱབ་གྱུར་ཅིག །ཅེས་བྱ། ད་ནི་གོང་དང་ཡང་མི་འདྲ་བའི་ལྟ་བ་ཟབ་མོ་རྣ་བར་བཤི་བ་སྟེ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཀུནབཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར། །མི་སྐྱེ་མི་འགག་ཅིར་མི་དགོས། །བྱམས་པས་དོན་ནི་རྣམ་སྦྱང་ཕྱིར། །སྙིང་རྗེ་ཆེན་པོ་ཅིར་མི་མཛད། །ཆེ་བས་ཆེ་བའི་ཟབ་མོ་ཡིན། །ཡོན་ཏན་ཅིར་ཡང་བསྔགས་པ་མེད། །དོན་རྣམས་ཅི་བཞིན་མི་བསྐྱོད་དོ། །བྱ་བ་མེད་པས་གྲོལ་བས་གྲོལ། །རང་བྱུང་ཡེ་ཤེས་བཙལ་མེད་པས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་བཤད་དོ། །དེ་ནས་༤༽མཚོན་གྱིས་མངོན་སུམ་དུ་བསྒྲལ་བ་སྟེ། སློབ་དཔོན་གྱིས། གིང་ལ་དབང་བསྐུར་བ་སྟེ། སྦྱོར་གིང་ལ་དབང་གཉིས་བསྐུར་བ་དང་། སྒྲོལ་གིང་ལ་དབང་ལྔ་བསྐུར་བ་དང་། ཀ་ཏ་རི་རལ་གྲི་ལ་ལམ་རྒྱུད་ལྔ་བཅད་པའི་ངན་སོང་སྦྱོང་བའི། སྔགས་བཟླས་པ་གིང་ལ་བྱིན་ཏེ་འདི་སྐད་དུ། ཧཱུྃ། ཁྱོད་ནི་ཕོ་ཉ་གིང་ཀ་ར། །ཀ་ཏར་སྔོན་པོ་འདི་ལོངས་ལ། ཁམས་གསུམ་སྒྲོལ་བར་དབང་བསྐུར་གྱིས། །སྐྱེ་ཤི་རྩ་བ་ཁྱོད་ཀྱིས་ཆོད། །ཅེས་བརྗོད་དོ། །དེ་ནས་གིང་ཆེན་པོ་རྣམས་ཀྱིས་འགྲེང་ལ། རྡོ་རྗེ་ཁུ་ཚུར་དཀུ་གཡས་གཡོན་དུ་བརྟེན་ལ། འདི་སྐད་དུ། ཧཱུྃ། དུར་ཁྲོད་ཆེན་པོ་གདུལ་བ་དང་། །དབང་དུ་བསྡུ་བའི་ལས་བརྩམ་གྱིས། །སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབས། །བདེ་གཤེགས་མང་པོ་ཀུན་འདུས་ཤིག །ཞེས་བརྗོད་དོ། །མིག་གིས་ཕྱོགས་བཅུར་བལྟ་ཞིང་། རྔམ་བརྗིད་ལྡན་པར་བྱས་ཏེ། རལ་པ་བསིགས་ནས། སྡང་མིག་བགྲད་དེ། འདི་སྐད་དུ། ཁམས་གསུམ་ཐམས་ཅད་བསྒྲལ་བའི་ཞིང་། །ཏ་ན་ཆེན་པོའི་ལས་བྱའི་ཕྱིར། །བྱམས་དང་སྙིང་རྗེ་ལྡན་པ་ཡིས། །ཉོན་མོངས་འཁོར་བའི་རྒྱ་བྲལ་ལོ། །ཞེས་བརྗོད་ཅིང་། འགྱིང་བག་གི་སྟབས་ཀྱིས་ལན་གཅིག་བསྡིགས་ནས། པྲད་ཉ་མུ་ས་ཏ་ར་མ། མ་ནུ་ད་ར་མ་ཧཱ་མཱཾ་ས་ད་ར་ཕཊ། ཅེས་བརྗོད་དེ། རྒྱུ་གང་ཡིན་དེ་བསྐྱེལ་ཏེ་གན་རྐྱལ་དུ་བཞག་ནས། དེ་ལ་ཁྲོ་བོ་བཅུའི་སྔགས་དང་ཕྱག་རྒྱ་བྱ་ཞིང་། ཐབས་ཀྱི་ཞགས་པ་ནས་འབྱུང་བའི། ཧཱུྃ། བསྐལ་པ་མེ་ལྟར་འབར་བ་ཡི། །འོད་ཟེར་འདུ་འཕྲོ་ཀློང་དཀྱིལ་ན། །ཁྲོ་བོ་ཁྲོ་མོ་རྣམས་བཞུགས་པ། །སྐུ་ནི་ཅིར་ཡང་སྒྱུར་བའི་གཟུགས། །ཧཱུྃ། དབུ་སྐྲ་ཁམ་གནག་རལ་པ་ཅན། །གྱེན་དུ་འཁྱིལ་བ་སྲིད་རྩེར་འབར། །མི་མཉམ་ཁྲོ་གཉེར་སྡང་མིག་ནི། །ལོག་པར་ལྟ་བ་འདུལ་བའི་མཚན། །ཧཱུྃ། མཆེ་བ་ཟང་ཡག་གཙིགས་པས་ནི། །སྐྱེ་ཤི་རྩ་བ་གཅོད་པའི་ཚུལ། །སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ནི། །ཕྱག་རྒྱ་སྣ་ཚོགས་ཅིར་ཡང་སྣང་། །ཧཱུྃ། ཐུགས་རྗེའི་བྱིན་རླབས་སྤྲིན་ལྟར་འཁྲིགས། །བྱམས་པའི་འོད་ཟེར་གློག་བཞིན་འགྱུ། །རྔམ་པའི་སྒྲ་སྐད་འབྲུག་ལྟར་སྒྲོགས། །སྤྲུལ་པའི་ཐོག་ཐོག་ཆར་བཞིན་འབེབས། །ཧཱུྃ། སྔོན་གྱི་ཐུགས་དམ་ཆེན་པོ་ནི། །ཀླན་ཀ་ཆེན་པོ་བདུད་ལ་ཚོལ། །ཀྱལ་ཀ་ཆེན་པོ་བགེགས་ལ་མཛད། །དམ་ཚིག་ཅན་ལ་དངོས་གྲུབ་སྩོལ། །ཧཱུྃ། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བདག་ལ་བྱིན་གྱིས་རློབ་མཛད་ཅིང་། །བདག་གིས་ལྷག་པའི་བསམ་པ་རྣམས། །གྲུབ་པར་བྱིན་གྱིས་བརླབ་དུ་གསོལ། །འཁྱིལ་ཅིང་རྒྱན་ཡང་འཁྱིལ་བ་ལ། །སེམས་ཀྱི་ཆོས་པས་སྐུ་མི་མངའ། །སྒྲ་ལས་འདས་པའི་སྦྱོར་བ་སྟེ། །བསམ་དང་བྲལ་བའི་ཡེ་ཤེས་ལགས། །ཧཱུྃ། སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ། །མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་ལོ། །ཁྲོས་པས་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འདུ་འཕྲོ་ཁྲོ་ལ་ཕྱག་འཚལ་ལོ། ༼།ཞེས་བརྗོད་སྟངས་སྟབས་ཟིལ་གནོན་གྱིས་སྒྲིབ་པ་སྦྱངས་ཤིང་དགྲ་བགེགས་འདུལ་སྦྱོང་བྱས་ལ། དེ་ནས་ཀུན་གྱིས་གཅིག་དྲིལ་དུ། ཧཱུྃ། མི་འགྱུར་ནམ་མཁའི་རང་བཞིན་ལ། །ཞེས་སོགས་བརྗོད་ཅིང་། པྲ་ཝེ་ཤ་ཡ་ཕཊ། ཅེས་སྒོ་དབྱེ་ཞིང་ལག་གཡས་སོར་མོ་ལྔ་ཟླ་བའི་དལ་རེའི་སྟེང་ན་དཔལ་བོ་འབྲུ་ལྔ་འོད་ཟེར་ཁ་དོག་ལྔ་དང་ལྡན་པས་རྒྱུའི་ཙིཏྟ་ནས་བཟུང་སྟེ་ཕྱུང་ཙམ་ན་ཙིཏྟའི་ནང་ན་ཡི་གེ་ཏི་དུ་ཁ་བཅས་པ་ཕྱུངས་ཏེ་དུག་གསུམ་རྩད་བཅད། ཁསམ་གསུམ་གནས་ནས་དྲངས་པར་བསམ་པའི་གིང་གི་དགོངས་ཉམས་དང་སྦྱར་ཏེ་སློབ་དཔོན་ལ་ཕུལ། སློབ་དཔོན་གྱིས་བྷནྡྷའི་ནང་དུ་བཅུག་པའི་སྲོག་རྩ་ཞལ་དུ་གཞིབས་པའི་ཙིཏྟའི་དཀྱིལ་ན་སེམས་ཀྱི་རང་བཞིན་ཏི་དུད་ཁར་གནས་པ་དེ་རང་གི་ཐུགས་ཀའི་ཧཱུྃ་གི་ཡེ་ཤེས་ཀྱི་འོད་ཟེར་གྱིས་བསྲེགས་ཏེ་ཧཱུྃ་དཀར་པོ་གཅིག་ཏུ་གྱུར་པར་བསམ་ལ། དབུགས་འཕར་ཞིང་ཤ་མ་གྲང་གི་བར་དེར་ཀུན་དགོངས་པ་གཅིག་ཏུ་དྲིལ་ནས་དེ་ལྟར་བྱའོ། །གནས་༥༽ སྤར་བའི་དགོངས་པ་ནི། དེ་ནས་ཧཱུྃ་དེ་རང་གི་ཧཱུྃ་ལ་བསྟིམ་པས་ཚེ་ཡི་མཐུད་མར་བྱིན་གྱིས་བརླབས། །དེ་ནས་ཐུགས་ཀའི་ཧཱུྃ་ལས་སླར་ཧཱུྃ་དེ་ཧཱུྃ་ཞེས་པའི་གདམས་ཀྱིས་སྣའི་རྩེ་མོར་དྲངས་ཏེ། དེ་ཉིད་འཕྲོས་འདུས་ལས། རྡོ་རྗེ་དེ་འཕྲོས་འདུས་ནས་སྔགས་བརྗོད་ཅིང་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་རྩེ་ལྔ་གཡོན་དྲིལ་བུ་བསྣམས་པ་གཅིག་བྷནྡྷ་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་ཟླ་དཀྱིལ་ལ་བཞུགས་སུ་གསོལ་ཏེ། དེ་ནས་ཡཾ་ལས་རླུང་དཀྱིལ་དུ་གྱུར་པས་བཏེགས་ནས་སྟོང་ཚིག་གི་གསལ་འདེབས་དང་བཅས་པས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ན་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་བཞུགས་པའི་ཡབ་ཡུམ་ཐབས་ཤེས་ཟུང་དུ་འབྲེལ་བའི་སྦྱོར་མཚམས་ཀྱི་མཁའ་ལ་བསྟིམས་ནས་དེ་བཞིན་གཤེགས་པའི་སྲས་སུ་བསྐྱེད་དེ་བཞག་གོ། །དེ་ལྟར་རྣལ་འབྱོར་པའི་ཤེས་རབ་དང་ཏིང་ངེ་འཛིན་དང་སྙིང་རྗེའི་སྒོ་ནས་གནས་སྤོར་བའི་སྤྱོད་པ་ཟབ་མོ་སྤྱད་པའི་ཚེ་ནའང་། སྔོན་རྣལ་འབྱོར་གྱི་ཆོས་སྤྱོད་ཅིང་དམ་ཚིག་འདི་ལྟ་བུ་དང་བླང་བ་ལས་གྲུབ་པའི་བདེ་བར་གཤེགས་པ་དང་། གྲུབ་པའི་རིག་འཛིན་རྣམས་ཀྱིས་སུ་ཞིག་རྣམ་ཐར་འདི་ལ་ཞུགས་པ་གྲོགས་བྱ་བར་ཐུགས་དམ་དུ་ཞལ་གྱིས་བཞེས་པ་ལགས་པས། འདིར་གཤེགས་ནས་སེམས་ཅན་ཆེན་པོ་འདི་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ནས་མྱ་ངན་ཀྱི་སྐམ་སར་གནས་སྤར་བའི་ལས་མཛད་དུ་གསོལ་ཞེས་ཐུགས་དམ་བསྐུལ་བར་བྱ་ཞིང་། དེ་ལྟར་ཐུགས་དམ་བསྐུལ་བའི་རང་བཞིན་ཅན་གྱི་དབྱིངས་ནས་བདེ་གཤེགས་འཁོར་བཅས་ཀུན་སེམས་ཅན་དེའི་དོན་དུ་འདུས་པས་ན། རྣལ་འབྱོར་པ་མ་ཟད་བདེ་གཤེགས་འཁོར་དང་བཅས་པ་དེས་ཀྱང་བསྒྲལ་བྱ་དེ་འཁོར་བ་ལས་བསྒྲལ་ནས་མྱང་འདས་སུ་སྤྲོ་བའམ་གནས་སྤོར་བའི་ལས་རྣམས་བྱེད་པས་ན། དེ་དག་གི་མཐུ་བྱིན་ལ་བརྟེན་ནས་ལྷག་པར་ཡང་གནས་སྤོར་ནུས་སོ། །ཐ་མར་༦༽ གཟུགས་ཕུང་ལ་ཇི་ལྟར་བྱ་ཚུལ་ནི། ཡང་ན། བསྐུལ་བའི་རང་བཞིན་སོགས་མན་ཆད་རུ་ལུ་ཡེ་ཤེས་ཀྱི་འོད་ཟེར་གྱིས་འཕྲོ་འདུ་དང་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས་ཕུང་པོ་ཙམ་ཡང་མི་སྣང་བར་སྦྱངས་བའི་ཕྲིན་ལས་ལ་མར་སྦྱར་ན། རུ་ལུ་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཐུགས་དམ་བསྐུལ་བའི་མཐུས་རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་ཁྲག་འཐུང་གི་ལྷ་ཚོགས་ཀུན་འདུས་ཤིང་བྱོན་པས་ན། འདུས་པ་དེས་ཀྱང་བསྒྲལ་བྱའི་གནས་ངན་སྦྱོང་ཞིང་རྣམ་པར་ཤེས་པར་རང་རང་གི་རིགས་སུ་བྱིན་གྱིས་བརླབས་ནས། འཁོར་བ་ནས་མྱང་འདས་སུ་གནས་སྤོར་བའི་ཕྲིན་ལས་མཛད་པ་ནི་ཕུང་པོ་མཆོད་པར་ཕུལ་བ་བྱ་སྟེ། ཙིཏྟ་སླར་ཁོག་པར་བཅུག །དཀྱིལ་འཁོར་གྱི་ཕྱོགས་བཞིར་རེས་མོས་སུ་བཞག་ལ། ཕྱོགས་བཞིར་བྲོ་ཆེན་པོ་བཞིས་སྦྱངས། མཇུག་ཏུ་ལས་བཞི་མཐར་ཕྱིན་པའི་ཕྱི་ལས་བཞིའི་བྲོས་སྦྱངས། དེ་ནས་གིང་གིས་བཤགས་སྦྱངས་དང་སྨོན་ལམ་བརྗོད་དོ། །ཀརྨས། ༀ་ཤྲཱི་ཤ་རུ་སོགས་སྔགས་རིང་བརྗོད་ལ། སྙིང་གཤགས་ལ་བདུད་རྩིས་བཀྲུས་པའི་སྙིང་ཁྲག་བྷནྡྷ་གང་། དཔལ་ཁྲག་འཐུང་གི་ལྷ་ཚོགས་དང་ཡང་དག་གི་སྲུང་མ་བཞི་ལ་བསྟོད་བསྐུལ་བྱས་ཏེ་བསྟབ། དེ་ནས་རྒྱལ་པོ་རྒྱལ་ཐེབས་ཀྱིས་ཙིཏྟ་བྷནྡྷར་བཅུག་སྟེ། མཆོད་པ་དང་སྨོན་ལམ་རྣམས་རྒྱས་པར་བྱ་བའི་སྒོ་ནས་བསྒྲལ་བྱའི་ཕུང་པོའི་དངོས་པོ་དག་ཀྱང་མཆོད་པའི་རྫས་སུ་བསྔོ་བར་བྱ་སྟེ། དཀྱིལ་འཁོར་དུ་མཆོད་རྫས་སུ་དགྲམ་པ་དང་སྒྲུབ་པ་པོ་རྣམས་ཀྱིས་སྤྱད་ཅིང་བཟའ་བར་བྱའོ། །དེ་ལྟར་མཉམ་པ་ཉིད་གདེངས་སུ་གྱུར་ཅིང་སྒྱུ་མའི་རྟེན་འབྲེལ་ལ་བློ་གནད་དུ་ཚུད་པའི་ཤེས་རབ་མཚུངས་པ་མེད་པ་དང་ཤིན་ཏུ་གདུལ་དཀའི་འགྲོ་བ་ལ་ལྷག་པར་བརྩེ་བའི་སྙིང་རྗེ་ཆེན་པོ་མཚུངས་པ་མེད་པས་ཀུན་ནས་བསླངས་ཏེ། དངོས་གཞི་ཆོས་ཉིད་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་འཆར་དུ་རུང་བའི་ཚུལ་མཁྱེན་པའི་ཤེས་རབ་ཀྱིས་ཟིན་ཅིང་དོན་ལ་གནད་དུ་འབྱོར་བའི་ཏིང་ངེ་འཛིན་གྱིས་ཇི་ལྟར་དམིགས་ཤིང་སྦྱར་བ་ལྟར་ལས་སུ་རུང་བའི་མཐུ་དང་སྔགས་ཀྱི་ཐབས་མཁས་ཟབ་མོ་སྟོབས་སུ་གྱུར་པས་ན། གདུལ་བྱའི་ལས་ངན་རྒྱུན་གཅོད་པར་ངེས་པའི་རྟོགས་པ་གདེངས་སུ་གྱུར་པའི་སྒོ་ནས་བསྒྲལ་བས་འབྲས་བུ་འཚེང་བ་གསུམ་ལྡན་དུ་གྲུབ་པ་དེ་ནི་སྔགས་ཀྱི་སྤྱོད་པ་ཀུན་གྱི་མཐར་ཐུག་པ་ཡིན་པས། དུས་ལ་བབས་ཀྱང་དང་དུ་མ་བླང་ན་སྔགས་ཀྱི་དམ་ཚིག་ཉམས། གདུལ་བྱའི་ལས་ངན་རྒྱུན་མི་ཆོད། བདག་གི་དངོས་གྲུབ་མི་འགྲུབ་པ་ལ་སོགས་སྐྱོན་ཡོད་ལ། ཚུལ་བཞིན་དང་དུ་བླང་བས་ལྷ་མཆོག་ཏུ་མཉེས་ཤིང་དངོས་གྲུབ་ཆེན་པོ་མྱུར་དུ་ཐོབ། གདུལ་བྱའི་ལས་ངན་རྒྱུན་ཆོད། ཡ་མཚན་ཆེན་པོ་སྔགས་ཀྱི་གྲུབ་པའི་བརྟུལ་ཞུགས་ཐམས་ཅད་ལ་དབང་འབྱོར་བར་འགྱུར་བས་ཕན་ཡོན་མཐའ་ཡས་སོ།༽ །འདིའི་མ་དཔེར་གོང་གི་རྟགས་མཚམས་སུ། །འདིར་མཚམས་ཆད་དཔེ་གཞན་ལ་བལྟ། ཟེར་བ་འདུག་པས། རྟགས་བར་ལྡེབ་༢འཇམ་མགོན་མི་ཕམ་དོན་བསྡུས་ཀྱིས་ཁ་སྐོང་ཡོད། དཔེ་རྙེད་ན་བརྗེའོ། །དངོས་གྲུབ་དབང་གི་ཕྲིན་ལས་ལ་དོན་དྲུག་སྟེ། དངོས་གྲུབ་ཀྱི་བར་ཆད་བྱེད་པའི་བགེགས་བཟློག་པ་དང་། དངོས་གྲུབ་ཀྱི་མཚན་མ་མཐོང་ནའང་རེ་དོགས་ཀྱི་སེམས་མི་བསྐྱེད་པ་དང་། ལྷ་དང་བགེགས་ཀྱི་མཚན་མ་ངོ་ཤེས་པར་བྱས་ཏེ་ཉམས་ཀྱི་མན་ངག་བསྟན་པ་དང་། བར་ཆད་ཀྱི་བགེགས་ཡིན་ན་མནན་པ་བྱ་བའི་ཐབས་བསྟན་པ་དང་། སྟོན་པའི་ལུང་བཞིན་དུ་དུས་དང་རྟགས་ལ་བརྟག་སྟེ་བསྒྲུབ་པ་ཆེན་པོ་བརྩམ་པ་དང་། དངོས་གྲུབ་བླང་ཞིང་དབང་བསྐུར་བའོ། ༡༽ །དེ་ལ། དངོས་གྲུབ་ཀྱི་བར་ཆད་བྱེད་པའི་བགེགས་བཟློག་པ་གང་སྙམ་པ་ལ། བར་ཆད་བྱེད་པའི་བགེགས་ཆེན་ཡང་། །འཇིགས་པ་མེད་པའི་སེམས་ཀྱིས་བཟློག །ཞེས་གསུངས་ཏེ། སྐབས་སྦྱོར་བཅོ་བརྒྱད་ལས། བར་ཆད་ཀྱི་བགེགས་ཉམས་ཀྱི་ཕྱག་རྒྱས་བསད་ཅིང་ཟིལ་གྱིས་མནན་པའི་སྐབས་ཏེ་བཅུ་དྲུག་པ། མཐའ་དྲུག་ལས་ལ་དོར་བ་སྤྱོད་པ། ཡོ་བྱད་གཉིས་ལས་ཐབས་ཀྱི་ཏིང་ངེ་འཛིན། དཀྱིལ་འཁོར་དགུ་ལས་ཐུགས་རྗེ་ཕྲིན་ལས་ཀྱི་དཀྱིལ་འཁོར། ལུང་དགུ་ལས་བགེགས་ཆེན་མནན་པའི་ལུང་ངོ་། །དང་པོ་བསྙེན་པ་ནས་ཐ་མ་དངོས་གྲུབ་མ་ཐོབ་ཀྱི་བར་དུ། དགེ་བ་སྲོག་དང་འདྲ་བའི་བར་དུ་གཅོད་པའི་བགེགས་ཆེན་པོ་དྲུག་སྟེ། དེ་དག་ཀྱང་འཇིགས་པ་མེད་པ་སྐྱེ་བ་མེད་པའི་དབྱིངས་ལས། སྐྱེ་བའི་ཆོ་འཕྲུལ་སྐུ་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་གསལ་ལ་མ་གཡོས་པས། གཞན་གྱི་འཇིགས་པ་མེད་པའི་སེམས་ལ་གནས་ནས་བཟློག་པར་བྱ་བ་སྟེ། དེ་ཡང་དགོང་མོ་ཉི་མ་ཉུར་ན། ནུབ་ཕྱོགས་ནས་སྲིན་པོ་ཤ་ཏྲེང་གསེང་བུའི་བུ་མོ། །རྫུ་འཕྲུལ་བྱ་རོག་སྐད་སྐྱུར་མ་ཞེས་བྱ་བ། རྐང་པ་གཡས་པ་ས་ལ་དྲུད་ནས། ཁ་ནས་གྲོགས་ཡོད་ཟེར་ཞིང་བསྒྲུབ་པའི་བར་དུ་གཅོད་དུ་འོང་སྟེ། དེ་འདུལ་བའི་གཉེན་པོ། རྒྱུད་ལས་འདི་སྐད་དུ། ཧཱུྃ། དགོང་གི་ཏིང་འཛིན་མི་གསལ་ན། །སྔོན་གྱི་དུས་ཉུལ་ཆེན་མོ་ནི། །གྲིབ་སོ་སྡུད་པའི་དབང་མོ་ཆེ། །རྫུ་འཕྲུལ་བྱ་རོག་སྐད་སྒྱུར་མ། །དེ་ཡི་འདུལ་བྱེད་སྐལ་ཆེན་མོ་ནི། ཁ་དོག་ཉི་མ་ནུབ་ཁའི་དམར་ཐག་འདྲ། །རལ་བ་གསེར་སྤྲིན་འཁྲིགས་པ་བཞིན། །རལ་པ་སྤྲུག་པའི་སྐྲ་གསེབ་ནས། །གཟའ་རྒོད་མིག་དམར་ཆར་དུ་འབེབས། །ཨ་ལ་ལ་ཡི་ཕྱག་མཚན་ནི། །གནམ་ལྕགས་ཞུན་མའི་ཁྲོ་ཆུ་བསྐོར། །ཁྲོས་ནས་གཉེན་པོར་རྦད་པའི་ཚེ། །ཁྲོ་ཆུ་ཁོལ་མའི་སྐྱིན་མདངས་འབེབས། །སྲིད་པའི་གནམ་ས་གྲུམ་པ་སྐད། །སྲིན་པོའི་འཇིག་རྟེན་རྦ་ལ་གཡེང་། །དམ་ལས་འདས་པ་བཙོ་བསྲེག་བྱེད། །ཁྱོད་ཀྱི་ཕྲིན་ལས་སྐལ་ཕོག་པ། །དགོང་གི་བར་ཆ་བྱེད་པ་ཡི། །བདུད་བགེགས་ཐམས་ཅད་ཐལ་བར་ལྷོགས། །རཀྴ་རུ་ཏྲ་ཡཀྴ་ཚལ་པ་ཁ་ཧ་ན་ཧ་ན་ཧཱུྃ་ཕཊ། དེ་ནས་ནམ་གྱི་སྲོད་ལ་རླུག་ལྷ་ཕྱོགས་སྐྱོང་གི་བུ་མོ། ཁ་ཐུན་གྱི་བ་ར་ཙེ་ཞེས་བྱ་བ་རུས་སྦལ་ནག་པོ་ཞོན་འོངས་ཏེ། སྒྲུབ་པ་པོའི་དངོས་གྲུབ་འཕྲོག་ཅིང་བར་གཅོད་དུ་འོང་སྟེ། དེ་འདུལ་བའི་གཉེན་པོ་ཡང་། རྒྱུད་ལས་འདི་སྐད་དུ། ཧཱུྃ། སྲོད་ཀྱི་ཏིང་འཛིན་མི་གསལ་ན། །སྔོན་གྱི་ཉམས་ལེན་ཆེན་མོ་ནི། །ཕྱོགས་སྐྱོང་བུ་མོ་མ་རུངས་མ། །དེ་ཡི་འདུལ་བྱེད་སྐལ་ཆེན་མོ་ནི། །ཐོགས་མེད་རླུང་ལྟར་རྒྱུ་བ་མོ། །སྲིད་པའི་རྒྱལ་མོ་སྲོག་གི་དཔལ། །སྲིད་བདག་ཆེན་མོ་ཀུན་གྱི་རྗེ། །ཡེ་ཤེས་འོད་སྟོང་འབར་བའི་རྫུ་འཕྲུལ་ཅན། །རྩེ་གཅིག་སྒྲུབ་པ་པོ་ཡི་གྲོགས་མཛད་མ། །ཁྱོད་ཀྱི་ཕྲིན་ལས་སྐལ་ཕོག་པ། །སྲོད་ལ་བར་ཆད་བྱེད་པ་ཡི། །བདུད་བགེགས་ཐམས་ཅད་ཐལ་བར་ལྷོགས། །ༀ་རཀྴ་རུ་ཏྲ་ཡཀྴ་ཚལ་པ་ཁ་ཧ་ན་ཧ་ན་ཧཱུྃ་ཕཊ། དེ་ནས་ནམ་ཕྱེད་ཙམ་ན། ཚངས་པ་དུང་གི་ཐོར་ཚུགས་ཅན་གྱི་བུ་མོ། །པྲ་མ་ན་པུ་ཏིང་བྱ་བ། ཤིང་དར་སྲུབ་མེད་གྱོན་ནས་སྦྱོར་བའི་ཚུལ་སྟོན་ཅིང་། དངོས་གྲུབ་འཕྲོག་ཏུ་འོང་ངོ་། །དེ་བཟློག་པའི་གཉེན་པོ་འདི་སྐད་དུ། ཧཱུྃ། ནམ་ཕྱེད་བར་ཆད་བྱེད་པའི་བགེགས། །དཀར་པོའི་ཕྱོགས་ཀྱི་མ་རུངས་པ། །དེ་ཡི་འདུལ་སྐལ་ཆེན་མོ་ནི། །རལ་གྲིའི་ལུས་ལ་རྐང་ལག་གློག །རལ་བ་སེར་སྤྲིན་འཁྲིགས་པ་འདྲ། །སྔགས་པས་གདུངས་ནས་བོས་པའི་ཚེ། །མཆི་མ་ཐུལ་ཐུལ་ཆར་དུ་འབེབས། །ཐུལ་ཐུལ་ཐིག་པ་རེ་རེས་ཀྱང་། །དཀར་པོའི་བུ་བྲན་མང་པོ་ཀུན། །གཞོབ་རྒོད་རྡོག་པས་བརྗིས་པ་བཞིན། །གསོ་གླགས་མེད་པར་དམྱལ་ཐག་གཅོད། །རྒྱལ་བའི་བཀའ་ཉན་དམ་ཚིག་ཅན། །ཁྱེད་ཀྱི་ཕྲིན་ལས་སྐལ་ཕོག་པ། །ནམ་ཕྱེད་བར་ཆད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རབ་ཏུ་ལྷོགས། །ༀ་རཀྴ་རུ་ཏྲ་ཡཀྴ་ཚལ་པ་ཁ་ཧ་ན་ཧ་ན་ཧཱུྃ་ཕཊ། ཐོ་རངས་སྐྱ་རེངས་ཤར་ཙམ་ན། གཟའ་ཧོ་རྟོན་གྱི་བུ་མོ། ཏིང་ཏིང་གི་མར་ཙེ་ཞེས་བྱ་བ། ལྕགས་ཀྱི་གྲི་མཆན་དུ་བཅུག་ནས་བར་དུ་གཅོད་ཅིང་དངོས་གྲུབ་འཕྲོག་ཏུ་འོང་ངོ་། །དེ་བཟློག་པའི་གཉེན་པོ་འདི་སྐད་དུ། ཧཱུྃ། ཐོ་རངས་བར་ཆད་བྱེད་པའི་བགེགས། །ཧོར་སྟོན་བུ་མོ་གདུག་པ་ཅན། །དེ་ཡི་འདུལ་སྐལ་ཆེན་པོ་ནི། །མགོ་ནི་སེང་གེའི་མགོ་བོ་ལ། །དུད་མོ་སེང་གེའི་ང་རོ་སྒྲོག །སྲིད་པ་གནམ་ས་གྲུམ་པ་སྐད། །རལ་བ་སེར་སྤྲིན་འཁྲིགས་པ་འདྲ། །སྔོན་གྱི་བསྐལ་པ་དང་པོ་ལ། །རྒྱལ་བའི་བཀའ་ཉན་དམ་ཚི་ཅན། །ཁྱོད་ཀྱི་ཕྲིན་ལས་སྐལ་ཕོག་པ། །ཐོ་རངས་བར་ཆད་བྱེད་པའི་བགེགས། །བདུད་བགེགས་ཐམས་ཅད་ཐལ་བར་ལྷོགས། །ༀ་རཀྴ་རུ་ཏྲ་ཡཀྴ་ཚལ་པ་ཁ་ཧ་ན་ཧ་ན་ཧཱུྃ་ཕཊ། ཉི་མ་ཤར་ཁའི་ཟེར་ལ། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་གྱི་བུ་མོ། །བློ་གྲོས་སྤྱན་གཅིག་མ་ཞེས་བྱ་བ། ལྕགས་ཀྱི་འགུ་ཡ་ཀླད་ལ་བསྐོར་ཞིང་དངོས་གྲུབ་ཀྱི་བར་དུ་གཅོད་ཅིང་འཕྲོག་ཏུ་འོང་ངོ་། །དེ་བཟློག་པའི་གཉེན་པོ་སྐད་དུ། ཧཱུྃ། ཤར་ཁའི་ཏིང་འཛིན་མི་གསལ་ན། །ཤར་ཁའི་ཟེར་ལ་བར་གཅོད་པ། །སྲབ་མདའ་རིང་ལ་ཞོན་པ་མོ། །དེ་ཡི་འདུ་སྐལ་ཆེན་མོ་ནི། །དུང་གི་མགོ་ལ་ཤེལ་གྱི་ལྕེ། །རལ་པ་སེར་སྤྲིན་འཁྲིགས་པ་འདྲ། །གནམ་ལྕགས་ཐོག་གི་སེར་ཆེན་འབེབས། །སྔོན་གྱི་བསྐལ་པ་དང་པོ་ལ། །རྒྱལ་བའི་བཀའ་ཉན་དམ་ཚིག་ཅན། །ཁྱོད་ཀྱི་ཕྲིན་ལས་སྐལ་ཕོག་པ། །ཤར་ཁའི་ཟེར་བ་བར་གཅོད་པ། །བདུད་བགེགས་ཐམས་ཅད་ཐལ་བར་ལྷོགས། །ༀ་རཀྴ་དྲ་ཡཀྴ་ཚལ་པ་ཁ་ཧ་ན་ཧ་ན་ཧཱུྃ་ཕཊ། ཉི་མ་ཕྱེད་ཙམ་ན། ཉིན་མོ་རྒྱུ་བ་བཞི་འོང་སྟེ། དེ་ནི་ཀླུ་ཆེན་བཞི་ཡིན་ཏེ། འཚུབ་མ་ཆེན་པོར་བྱས་ནས་འོང་ངོ་། །དེ་བཟློག་པའི་གཉེན་པོ་རྒྱུད་ལས་འདི་སྐད་དུ། ཧཱུྃ། སྐུ་ནི་དུང་གི་འཁོར་ལོ་ལ། །དཀར་ནག་གྱོན་པའི་ཡ་མཚན་ཅན། །སྲིད་པའི་གནམ་ནི་གོས་སུ་གྱོན། །གྲགས་པའི་ས་ནི་སྟན་དུ་བཏིང་། ཁམས་གསུམ་འཇིག་རྟེན་པང་ན་ཁྱེར། །སྲིད་པ་གསུམ་ནི་ཁུར་དུ་ཁུར། །ཉི་མའི་སྐྱིན་མདའ་སྤྱན་ལ་འཆར། །ཟླ་བའི་རྨ་མདའ་ཞལ་ནས་འཆར། །ལག་ན་རི་རབ་རྩེ་དགུ་གསོར། །ཤིན་ཏུ་མི་བཟད་གཏུམ་ཆེན་མོ། །ཀླུ་འདུལ་ཆེན་མོའི་དུས་ལ་བབས། །འདི་ནི་དཔལ་གྱི་ཕོ་ཉ་སྟེ། །དུས་ལ་བབས་པོ་ཨེ་ཀ་མ། །ༀ་རཀྴ་རུ་ཏྲ་ཡཀྴ་ཚལ་པ་ཁ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་ཅིང་བཟློག་གོ། །ཡང་ན། མན་ངག་དེས་ཟློག་པར་མ་གྱུར་ན། བདག་ཉིད་དཔལ་ཆེན་པོར་ཏིང་ངེ་འཛིན་གཟེངས་བསྟོད་པའི། ལུས་ཀྱི་གནས་བརྒྱད་ནས་ཧ་བརྒྱད་ལས་ཁྲོ་མོ་ཀེའུ་རི་མ་བརྒྱད། ཞལ་གསུམ་ཕྱག་དྲུག་པར་ཧེ་རུ་ཀ་གལ་པོ་ལྟར། བསྐྱེད་དེ། དགྲ་བགེགས་འདུལ་བའི་གཉེན་པོར་རྦད་ལ་གཏང་ངོ་། །ཟོར་ཁ་ཆེན་པོ་བརྒྱད་བཅས་ལ་དེས་བཟློག་གོ། །དགྲ་བགེགས་གང་ལ་ཡང་དེ་ལྟར་ཤེས་པར་བྱས་ལ། ཐབས་མན་ངག་ལས་ཤེས་པར་བྱའོ། ༢༽ །དེ་ལ་དངོས་གྲུབ་ཀྱི་མཚན་མ་མཐོང་ན་ཡང་རེ་དོགས་ཀྱི་སེམས་མི་བསྐྱེད་པ་གང་སྙམ་པ་ལ། དངོས་གྲུབ་སྦྱིན་པའི་གཟུགས་ཅན་ཡང་། །རེ་དང་དོགས་དང་དགའ་བ་ཡིས། །ངན་པའི་དོན་གྱི་སེམས་མི་དབྱུང་། །ཞེས་གསུངས་ཏེ། དངོས་གྲུབ་སྦྱིན་པར་མཛད་པའི་ཡེ་ཤེས་ལྷའི་གཟུགས་བརྙན་ནམ། མཚན་མ་བྱུང་བ་དང་། དངོས་གྲུབ་བྱུང་ན་ཡང་དངོས་གྲུབ་ཡིན་ནོ་སྙམ་དུ་རེ་བ་དང་། ཐོབ་བོ་སྙམ་དུ་དགའ་བ་དང་། གལ་ཏེ་མ་ཡིན་ནོ་སྙམ་པའི་དོགས་པའི་བསམ་པ་ངན་པའི་དོན་དང་ལྡན་པའི་ཐེ་ཚོམ་ཅན་གྱི་སེམས་དེ་ལྟ་བུ་དབྱུང་ཞིང་བསྐྱེད་པར་མི་བྱའོ། །ཞེས་པའི་དོན་ཏོ། ༣༽ །ལྷ་དང་བགེགས་ཀྱི་མཚན་མ་ངོ་ཤེས་པར་བྱས་ཏེ་ཉམས་ཀྱི་མན་ངག་བསྟན་པ་གང་སྙམ་པ་ལ། ཕན་གནོད་བྱེད་པ་རྣམ་གཉིས་པོ། །གཟུངས་དང་སྒྲ་དག་དྲི་དང་ནི། །རྣམ་པ་གསུམ་པོར་འབྱུང་བ་ན། །དོགས་དང་བཅས་པའི་སེམས་སྤངས་ཏེ། །བྱེ་བྲག་ཏུ་ནི་ཤེས་པ་བྱ། །ཉམས་ཀྱི་ཕྱག་རྒྱས་རང་དོན་སད། །ཅེས་གསུངས་ཏེ། ཕན་པར་བྱེད་པའི་ལྷ་དང་། གནོད་པར་བྱེད་པའི་བགེགས་རྣམ་པ་གཉིས་པོ་གང་ཡིན་མ་ངེས་པའི་མཚན་མ་དག །གཟུགས་སུ་སྣང་བ་དང་། སྒྲ་རུ་གྲགས་པ་དང་། དྲི་བསྣམ་པ་དེ་གསུམ་ལས་གང་ཡང་རུང་བ་ཞིག་བྱུང་བར་གྱུར་བ། བགེགས་ཀྱི་མཚན་མ་ཡིན་པར་དོགས་པ་དང་། ལྷའི་མཚན་མ་ཡིན་པར་ཆགས་པ་དང་བཅས་པའི་སེམས་སྤངས་ལ། །ལྷ་དང་བགེགས་གང་ཡིན་པའི་བྱེ་བྲག་ཇི་ལྟ་བུ་ཡིན་པ་བཞིན་དུ་ངོ་ཤེས་པར་བྱ་དགོས་པ་སྟེ། དེ་གང་གིས་ཤེས་པར་བྱ་སྙམ་པ་ལ། ཉམས་ཀྱི་ཕྱག་རྒྱས་རང་དོན་སད། །ཅེས་གསུངས་ཏེ། དེ་ཡང་བླ་མ་བརྒྱུད་པའི་ཉམས་ཀྱི་མན་ངག་རིག་པའི་དྲོད་ཚད་དང་ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། རང་གི་དོན་གྲུབ་བམ་མ་གྲུབ་ཉམས་སད་ལ་བྱེ་བྲག་ཏུ་ངོ་ཤེས་པར་བྱ་སྟེ། དེ་ལ་ཉམས་ནི་གཉིད་དབང་དུ་གྱུར་ནས། ཉམས་ལ་ཐིབ་ཐིབ་བྱེད་ན། སྲིན་པོ་འབུམ་སྣའི་བུ་མོ་འོང་བའི་སྔ་ལྟས་ཡིན་པས་གཉེན་པོའི་ཕོ་ཉ་གཏོང་ཞིང་བཟློག་གོ། །དཀྱིལ་འཁོར་བྱིན་མེད་པའི་སེང་སེང་པོར་སོང་ན། ནུབ་བྱང་མཚམས་ཀྱི་སེ་སྐྱ་འོང་བའི་སྔ་ལྟས་ཡིན་ལ། གཉེན་པོའི་ཕོ་ཉ་གཏོང་ཞིང་ཟློག་གོ། །སྒྲུབ་པོ་ཀུན་ཁྲོ་ལ་འཚིག་པ་ཟ་ན་གཟའི་བུ་མོ་ཡིན་པས། གཉེན་པོ་གཏོང་ངོ་། །སྒྲུབ་པ་ཉམས་ཆུང་ཞིང་བྱིང་བྱིང་བྱེད་ན། འདི་ནི་ས་འོག་ནས་དམ་སྲི་མནའ་ཟན་ཡིན་པས། གཉེན་པོ་གཏོང་ལ་བཟློག་གོ། །སྒྲུབ་པོ་སྙིང་མི་དགའ་ཞིང་སྒོར་འགྲོ་ན་ཚངས་པའི་བུ་མོ་ཡིན་པས། གཉེན་པོ་ཕོ་ཉ་གཏོང་ལ་བཟློག་གོ། །གལ་ཏེ་གཞུང་ལ་བབ་པའི་དུས་ན་ནད་དྲག་པོས་བཏབ་པའམ་སྙིང་གཅུ་ཞིང་ན་བར་གྱུར་ན། འདི་ནི་ཀླུ་ཡིན་ཏེ། གཉེན་པོའི་ཕོ་ཉ་གཏོང་ལ་བཟློག་གོ། །གཟུགས་བཟང་ཞིང་སྡུག་པར་སྟོན་པ་དང་། སྒྲ་སྙན་པར་སྨྲ་ཡང་། སྙིང་མི་དགའ་བས་སེམས་རྨུག་ཅིང་ཐིབ་ཐིབ་པོར་འདུག་ན། བསླུ་བའི་བགེགས་ཡིན་པས། དེ་ལ་ཆགས་སེམས་མི་བསྐྱེད་ཅིང་། ཟློག་པ་དང་གཟིར་གནོན་གྱི་ལས་བྱ་སྟེ། ཟོར་ཁ་དང་བྲོ་ལ་སོགས་པ་ཡང་དྲག་ཏུ་བྱའོ། །ཆོ་འཕྲུལ་ཆེན་པོ་དང་གཟུགས་མི་སྡུག་པ་ལ་སོགས་པ་ཅིར་ཡང་སྣང་ཞིང་འབྱུང་ལ། དཀྱིལ་འཁོར་བྱིན་སྡུག་ལ། སེམས་གསལ་ཞིང་ཉམས་དགའ་ན་ལྷ་བྱིན་ཆེན་པོ་ཕེབས་པ་ཡིན་ནོ། །དེ་ཡང་ཉམས་ཀྱི་ཕྱག་རྒྱ་ཡང་དག་པར་ན། བསྙེན་སྒྲུབ་གཞུང་བསྲང་པས། །སྐུ་གསུང་ཐུགས་ཀྱི་རྟགས་གསུམ་འབྱུང་སྟེ། སྐུའི་རྟགས་ནི་ལྷ་སྐུ་ཞལ་མཐོང་བ་དང་། གསུང་གི་རྟགས་ནི་རཀྟ་ཁོ་བ་དང་ངག་ལ་ནུས་པ་འབྱུང་། ཐུགས་ཀྱི་རྟགས་ནི་མར་མེ་མི་འཆི་བ་དང་དགོངས་པ་ཆོས་ཉིད་དུ་གྱུར་བའོ། །རྟགས་ནི་མན་ངག་ལས་ཤེས་པར་བྱ་སྟེ། ཡོན་ཏན་དང་ཕྲིན་ལས་རང་བཞིན་གྱིས་འབྱུང་ངོ་། །དེ་ལྟར་བྱུང་བ་དང་། ཉམས་སད་པ་དང་། ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། རང་གི་དོན་དེ་གྲུབ་བམ་མ་གྲུབ་པ་དེ། རྡོ་རྗེ་བསྡམས་པ་ལས། གུང་མོ་གཉིས་གཤིབས་ཏེ་བསྒྲེང་། མཛུབ་མོ་གཡས་པ་བཀུག་ཏེ་ལྕགས་ཀྱུ་ལྟར་བྱས་ལ། བདག་རི་རབ་ཀྱི་སྟེང་ལྷའི་དབང་པོ་བརྒྱ་བྱིན་གྱི་གནས་སུ་ཕྱིན་ལ་སྙམ་དུ་བསམས་ཏེ། མཛུབ་མོ་བསྒྲེང་བས་རི་རབ་ཀྱི་སྟེང་ལྷའི་དབང་པོ་བརྒྱ་བྱིན་གྱི་གནས་སུ་ཕྱིན་ལ། སླར་བདག་ཉིད་ཀྱི་བསྒྲུབ་པའི་གནས་སུ་འགྲོའོ་སྙམ་དུ་བསམས་ཏེ། མཛུབ་མོ་བཀུག་པས་རང་གི་བསྒྲུབ་པའི་གནས་སུ་ཕྱིན་ནས་རང་གི་དོན་འགྲུབ་པ་ཡིན་ནོ། །དེ་ལྟར་ན་མཚན་མ་གང་བྱུང་བའི་བྱེ་བྲག་གིས། ཕན་ནོད་ཀྱི་བྱེ་བྲག་ཀྱང་རབ་འབྲིང་ཐ་མ་གསུམ་འབྱུང་བར་ཤེས་པར་བྱའོ། ༤༽ །དེ་ལྟར་མཚན་མ་གསུམ་བྱུང་བ་དེ་ཉམས་དང་ཕྱག་རྒྱས་རང་གི་དོན་གྲུབ་བམ་མ་གྲུབ་སད་པས། མ་གྲུབ་ན་བར་གཅོད་ཀྱི་བགེགས་ཡིན་ཏེ། མནན་པ་བྱ་བའི་ཐབས་གང་སྙམ་པ་ལ། གལ་ཏེ་འབྱུང་པོ་མནན་པར་བྱ། །ཞེས་གསུངས་ཏེ། ཉམས་སད་པས། མ་གྲུབ་ན་བགེགས་ཡིན་པས་བཟློག་ཅིང་མནན་པར་བྱ་སྟེ། གོང་གི་དམ་སྲི་མནན་པའི་ཐོད་པ་དང་ལིངྒ་ལ། ཡེ་ཤེས་ལས་གྲུབ་པའི་ཕོ་ཉ་དང་། ལས་ལས་གྲུབ་པའི་ཕོ་ཉ་དང་། རང་དང་འབྲེལ་བའི་སྲུང་མའི་ཕོ་ཉས་བཀུག་སྟེ། གནས་བདུན་དུ། སྤྱི་གཙུག །ལྟག་པ། སྙིང་ག །ལྟེ་བ། གསང་གནས། ཁ། མིག་ཕུར་པས་བཏབ་ལ། གདུལ་སྦྱོང་དྲག་པོའི་བྲོས་གཟིར་བ་དང་། དེ་ཐོད་ཚལ་ལ་མནན་ཏེ། ཁྲོ་བོ་རྣམས་སྤྱི་བོ་བསྡུས་པའི་སྟེང་དུ། ཡི་གེ་ཧཱུྃ་མཐིང་ནག་ལས། རྡོ་རྗེ་ལྗང་གུ་རྒྱ་གྲམ་ལ། མེ་ལྕེ་ཕྲེང་བས་བསྐོར་བའི་རྒྱ་གྲམ་གྱི་དཀྱིལ་དུ་ཡི་གེ་སུ་སེར་པོ་གསེར་བཙོ་མའི་ཁ་དོག་འདྲ་བ་གཅིག་བསམ། དེ་ལས། ༀ་བཛྲ་སུ་མེ་ཏྲུཾ་ཧཱུྃ་ས་མ་ཡ་ཤྚཾ། ཞེས་བརྗོད་པས། གསེར་གྱི་རི་རབ་དཔག་ཚད་བྱེ་བ། གྲུ་བཞི་པ་གཅིག་ཏུ་གྱུར། དེའི་སྟེང་དུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་འཁོར་དང་བཅས་པའི་ཕོ་བྲང་བཏབ་པས། ཁྲོ་བོ་རྣམས་ཀྱང་ཤིན་ཏུ་གཟིར་ཞིང་མི་གཡོ་བ་དང་། བསྐལ་པ་མཐའི་བར་དུ་མནན་པར་བསམ་པ་དང་། ཕྲིན་ལས་རྣམ་པ་བཞིས་གཟིར་གནོན་བྱའོ། །ཞེས་བྱ་བའི་དོན་ཏོ། ༥༽ །སྟོན་པའི་ལུང་བཞིན་དུ་དུས་དང་རྟགས་ལ་བརྟགས་ཏེ་བསྒྲུབ་པ་ཆེན་པོ་བརྩམ་པ་གང་སྙམ་པ་ལ། སྟོན་པས་བསྟན་པའི་ལུང་བཞིན་དུ། །ཞག་གྲངས་དུས་ནི་བརྟག་པའམ། །མཚན་མ་བརྟན་པོར་བྱུང་བ་ན། །བསྒྲུབ་པ་ཆེན་པོ་བརྩམ་པར་བྱ། །ཞེས་གསུངས་ཏེ། དེ་ལ་སྟོན་པ་དཔལ་རྡོ་རྗེ་སེམས་དཔས་བསྟན་པའི་ལུང་། ཧེ་རུ་ཀའི་གལ་པོ་ལས་འདི་སྐད་དུ། རྣལ་འབྱོར་གསུམ་གྱི་དགོངས་པ་ཡིས། །བསྙེན་བསྒྲུབ་རྣམ་གསུམ་རིན་པར་སྦྱར། །ཞེས་གསུངས་ཏེ། དེ་ལ་རྣལ་འབྱོར་གསུམ་ནི། ལས་དང་པོ་པ་དང་། ནུས་པ་རྙེད་པ་དང་། མཚན་མ་མཐོང་བའོ། །བསྙེན་བསྒྲུབ་གསུམ་ནི་མཚན་མའི་བསྙེན་བསྒྲུབ་དང་། གྲངས་ཀྱི་བསྙེན་བསྒྲུབ་དང་། ཞག་གྲངས་ཀྱི་བསྙེན་བསྒྲུབ་སྟེ། ཐ་མར་ཞག་གྲངས་ཀྱི་དུས་ནི། གནམ་སྟོང་ལ་ཞུགས་ལ། ཉ་ལ་བསྒྲུབ་པ་གདོན་པར་དམ་བཅས་ཏེ། དེ་ལྟར་རྣལ་འབྱོར་པས་གོང་དུ་བསྟན་པ་བཞིན། ཉམས་ལེན་ལ་བརྟག་པའམ། སྐུ་གསུང་ཐུགས་ཀྱི་རྟགས་བརྟག་པའམ། མཚན་མ་བརྟན་པོ་དངོས་གྲུབ་ཀྱི་རྟགས་འོད་དང་སྒྲ་དང་དྲི་དང་གསུམ་འབྱུང་བ་ན། བསྒྲུབ་པ་ཆེན་པོ་བརྩམ་པར་བྱ། །ཞེས་གསུངས་ཏེ། བསྒྲུབ་པ་ཆེན་པོ་འདི་བརྩམ་པའི་དུས་སུ། རིགས་ངན་གྱི་བུ་མོ་གཞོན་ནུ་མ་མཚན་དང་ལྡན་པ་གཉིས་ཀྱིས་དངོས་གྲུབ་སྒྲུབ་པའི་ཆོ་ག་བྱས་ཏེ། དེ་ཡང་རྒྱུད་ལས། སྨེ་ཤ་ཅན་དང་མཐུན་ཆེན་གྱི། །བུ་མོ་ལོ་གྲངས་བཅུ་བདུན་པ། །དེ་དག་འགྲོགས་ནས་སྒྲུབ་པ་བརྩམས། །ཞེས་འབྱུང་བས། ཡབ་ཡུམ་དང་འགྲོགས་ཤིང་ཐབས་དང་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་སྤྱད་ཅིང་བསྒྲུབ་པ་ཆེན་པོ་བརྩམ་པར་བྱའོ། །དེ་ཡང་དུས་ཇི་ཙམ་ན་བརྩམ་སྙམ་པ་ལ། རྡོ་རྗེ་ཉི་མ་ནུབ་ནས་ནི། །སྐྱ་རེངས་འཆར་བའི་བར་དུ་བསྒྲུབ། །ཞེས་གསུངས་ཏེ། ཕྱི་ནང་གསང་བ་གསུམ་སྟེ། ཕྱི་ལྟར་ན་རྡོ་རྗེ་བསྒྲུབ་པའི་ཞག་གྲངས་ཚང་བའི་ཉི་མ་དམར་ཐག་ཆད་མ་ཐག་ཏུ་མཎྜལ་ཞལ་བསྒྱུར་ཏེ། ཟླ་གམ་ཞལ་བསྒྱུར། སྒོ་བཞི་ཡང་རིམ་པས་བསྒྱུར་བ་དང་། མཚན་བཅད། མ་ཏྲཾ་མནན། གཞལ་ཡས་ཁང་གསལ་གདབ་པ་དེར། བྷནྡྷ་རྣམས་ཞལ་བསྒྱུར་ཏེ། །བདེ་ཆེན་དབྱིངས་ནས་ཁྲག་འཐུང་སྐུར་བཞེངས་ཏེ། །བྱམས་པའི་ཞལ་བཟང་མངོན་དུ་སྟོན་པ་དང་། །ཐུགས་རྗེའི་སྤྱན་གྱིས་རྟག་ཏུ་བདག་ལ་གཟིགས། །རྩེ་གཅིག་གདུང་བའི་རྣལ་འབྱོར་བསྒྲུབ་པ་ལ། །ཀུན་ལ་བྱིན་གྱིས་བརློབས་ཤིང་བཞུགས་པ་དང་། །དབང་དང་དངོས་གྲུབ་དུས་འདི་ཉིད་དུ་སྩོལ། །ཞེས་ཡེ་ཤེས་ཀྱི་ལྷ་རྣམས་ལ་སྙན་གསན་དབབ་པ་སྟེ། དེ་བཞིན་དུ། བདེ་ཆེན་དབྱིངས་ནས་ཀེའུ་རི་སྐུར་བཞེངས་ཏེ། ༴སོགས། ཞེས་པ་དང་། བདེ་ཆེན་དབྱིངས་ནས་སེང་ཧ་སྐུ་བཞེངས་ཏེ། ༴སོགས་དང་། བདེ་ཆེན་དབྱིངས་ནས་རྟ་གདོང་སྐུར་བཞེངས་ཏེ། ༴སོགས། ཞེས་བྱ་བས། བྷནྡྷ་དང་རྫས་རིལ་གོ་བརྗེའོ། །སྒྲུབ་པ་པོ་ཀུན་ལ་རྟགས་གདབ། དངོས་གྲུབ་ཀྱི་རྫས་ཅི་རིགས་ཀྱང་བསག་ཅིང་དགོད་དོ། །རྡོ་རྗེ་རྒྱལ་ཐེབས་ཀྱིས་དཔང་གཟུགས། ཀརྨས་ལས་གཞུང་བསྲང་། རྒྱལ་པོས་བསྒྲུབ་པ་ཆེན་པོའི་མན་ངག་བསྒྲུབ་བོ། །ནང་པར་སྐྱ་རེངས་འཆར་བའི་དུས་སུ་དངོས་གྲུབ་བླང་ངོ་། །ནང་ལྟར་ན་གསང་བའི་གཟུངས་མའི་ལུས་ཀྱི་ཁྲག་ཆད་ནས་ནང་དུ་དྲོད་གཡོས་ཤིང་པདྨ་ཟེའུ་འབྲུ་རྒྱས་པ་ལ། རྡོ་རྗེ་ཉི་མ་ནུབ། ཅེས་བྱ་ལ། ཡབ་ཀྱི་ལུས་སྟོབས་དང་ལྡན་ཏེ་རྡོ་རྗེ་རིན་པོ་ཆེ་རྒྱས་ཏེ་ཁུ་བ་འདོན་ནུས་པ་ལ་བརྡར། སྐྱ་རེངས་འཆར། །ཞེས་བྱའོ། །གསང་བར་སྦྱར་ན། རྣལ་འབྱོར་པ་རྣམས་ཀྱི་ཉོན་མོངས་པ་རྣམས་རྒྱུན་ཆད་དེ་ཉི་མ་ནུབ་པ་ལ། སྐུ་དང་ཡེ་ཤེས་ཏིང་ངེ་འཛིན་གྱི་ཉམས་རྙེད་པ་ལ་བརྡར། སྐྱ་རེངས་ཤར། ཞེས་བྱའོ། །དེ་ཡང་ཇི་ལྟར་བསྒྲུབ་ན། དམིགས་སྟོངས་ཀྱི། ཞེས་པ་ནས། རྫས་སུ་བསྔོ། ཞེས་པ་ཡན་ཆད་ལྟར། བྱང་ཆུབ་ཀྱི་སེམས་བསྒྲུབ་པ་བརྩམ་ཞིང་བསྒྲུབ་བོ། ༦༽ །དེ་ལ་དངོས་གྲུབ་བླངས་ཤིང་དབང་བསྐུར་བ་ལ་གཉིས་ཏེ། སྒྲུབ་པ་པོས་དངོས་གྲུབ་བླང་བ་དང་། སློབ་མ་ལ་དབང་བསྐུར་བའོ། ༡༽ །སྒྲུབ་པ་པོས་དངོས་གྲུབ་བླང་བ་གང་སྙམ་པ་ལ། རྫས་ལ་ཧཱུྃ་དབྱངས་བསྟོད་མཆོད་ཀྱིས། །ཞེས་པས་བསྟན་ཏེ། སྐབས་སྦྱོར་བཅུ་བདུན་པ་དངོས་གྲུབ་བླངས་ཤིང་སྒྲུབ་པ་ཆེན་པོའི་དུས་ངེས་པའི་སྐབས། མཐའ་དྲུག་ལས་རིམ་པ་དབང་། ཡོ་བྱད་གཉིས་ཀ །དཀྱིལ་འཁོར་དགུ་ལས་དངོས་གྲུབ་བླང་བའི་དཀྱིལ་འཁོར། དབང་གི་དཀྱིལ་འཁོར། ལུང་དགུ་ལས་དབང་དངོས་གྲུབ་གཉིས་ཀྱི་ལུང་ངོ་། །བྱང་ཆུབ་སེམས་དེ་དང་བདུད་རྩི་ལྔར་བསྒྲུབ་པ་གཉིས་བསྲེས་པ་དང་། མ་ཧཱ་རཀྟ་ཟངས་ཆེན་པོ་བཀང་བ་གཉིས། གཡས་གཡོན་དུ་སྦྲེང་ལ། ཧཱུྃ་དང་པོ་གསུམ། ཧཱུྃ་བར་པ་གསུམ། ཀུན་གྱིས་ཛབ་གྲངས་འབུལ་བ། ཧཱུྃ་ཐ་མ་གསུམ་གྱི་དགོངས་པ་བསྟན་པ་བཅས་སོ། །དེ་ལས་ཧཱུྃ་དང་པོ་གསུམ་གྱི་དགོངས་པ་ནི། ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པ་དང་། སྤྱན་དྲངས་བསྙེན་པ་མཆོད་པ་ཡན་ཆད་རྫོགས་པའི་རྟིང་ལ། ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ལ་དངོས་གྲུབ་བསྐུལ་ཞིང་བླང་བ་ནི། རིལ་དབྱངས་མཐུན་པས་འདི་སྐད་དོ། །ལྟ་བ་ཧཱུྃ་དང་པོའི་དགོངས་པ། ཧཱུྃ། ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ལ། །ཁྱད་པ་ཆེན་པོ་བསྒྲུབ་པ་རྒྱལ་བའི་བཀའི། །སྣང་སྲིད་ཐམས་ཅད་སྣང་བ་ཆེན་པོར་ཤར་བའི་སྐུ། །ཡེ་ཤེས་ཆེན་པོས་བརྒྱན་པའི་དཀྱིལ་འཁོར་འདིར། །དུར་ཁྲོད་གནས་པའི་དཔལ་ཆེན་འཁོར་དང་བཅས། ཁམས་གསུམ་བསྒྲལ་བའི་དོན་ཕྱིར་གཤེགས་སུ་གསོལ། །ཧཱུྃ། ཞེས་བརྗོད་དེ། བྷནྡྷ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གཞལ་མེད་ཁང་དུ་བྱིན་གྱིས་བརླབས་པའི་ནང་ན། རཀྟ་ཡེ་ཤེས་ཀྱི་འོད་ཟེར་དང་ལྡན་པ་ལ། བདག་ཉིད་ཡེ་ཤེས་ཀྱི་སྐུ་འཁོར་དང་བཅས་པར་གསལ་བར་བསྒོམ་པ་དེས། ཧཱུྃ་བརྗོད་དེ། རཀྟ་ལན་གཅིག་གཟེངས་པས། ཕྱི་སྣོད་ཀྱི་འཇིག་རྟེན་ཟླ་གམ་དབང་གི་གཞལ་ཡས་ཁང་དུ་བསྒྱུར། ནང་བཅུད་ཀྱི་སྐྱེ་འགྲོ་རིལ་དངོས་གྲུབ་ཀྱི་རྫས་སུ་བསྒྱུར། བདེ་བར་གཤེགས་པ་ལ་ཆོས་ཉིད་ཀྱི་ངང་ལས་ཕྱག་རྒྱ་ཡེ་ཤེས་ཀྱི་སྐུར་གསལ་བར་ཐོན་ནས། མདུན་གྱི་ནམ་མཁའ་ལ་ཏིལ་གྱི་གོང་བུ་བཞིན་དུ་གཏམས་ནས། འོད་ཕུང་འདབ་འདྲེས་ཤིང་གསལ་བཀྲར་བསྒོམ་མོ། །ཧཱུྃ་དང་པོ་གཉིས་པའི་དགོངས་པ། ཧཱུྃ། བྱང་ཆུབ་སེམས་དང་མཱཾ་ས་རཀྟ་དང་། །དྲི་ཆེན་བདུད་རྩིའི་ཆུ་དང་རྣམ་པ་ལྔ། ཡབ་ཡུམ་གྱི། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན། །རྒྱུ་གཉིས་རྐྱེན་གསུམ་སྦྱར་བའི་བདུད་རྩི་འདི། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །ཧཱུྃ་ཞེས་བརྗོད་དེ། རཀྟ་ལན་གཉིས་གཟེངས་པས། ཕྱི་ནང་གསང་བའི་མཆོད་པ་བྱེ་བྲག་ཏུ་གྱུར་པས་མཆོད་དེ་ཕུལ་བས་མཉེས་པར་བསྒོམ་མོ། །དེ་ནས་ཡང་། ཧཱུྃ་དང་པོ་གསུམ་པའི་དགོངས་པ། ཧཱུྃ། མཉམ་པ་དབྱིངས་ཀྱི་ཕོ་བྲང་རབ་འབྱམས་ན། །ཞི་ཁྲོ་མ་ལུས་རྒྱལ་བ་ཡབ་ཡུམ་ཚོགས། །ཁྱེད་ལ་ཅི་མངའ་ཡོན་ཏན་བསམ་མི་ཁྱབ། །དམིགས་ཀྱིས་བསྐུལ་ཞིང་དངོས་གྲུབ་གསོལ་བ་ནི། །རྣམ་པར་མི་རྟོག་ཅིར་ཡང་ས་ལེར་མཁྱེན། །ཐམས་ཅད་མཁྱེེན་པའི་དངོས་གྲུབ་ཆེན་པོ་དང་། །སྤངས་ལེན་མེད་པ་མཉམ་པའི་ངང་ཉིད་ལས། །ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཆེན་པོ་དང་། །སྐྱེ་ཤི་མེད་པ་ཚེ་ཡི་དངོས་གྲུབ་ཆེན་པོ་དང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཆེན་པོ་རྣམས། །ཀུན་རྫོབ་སྒྱུ་མའི་ཚུལ་གྱིས་གསོལ་འདེབས་ན། །དུས་ལས་མི་འདའ་རྡོ་རྗེའི་ཐ་ཚིག་ཅན། །སྐྱབས་ལས་མི་གཡེལ་ཡལ་གམ་གཅིག་པ་རྣམས། །ཐུགས་རྗེ་དབང་གིས་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ་ཞེས་བརྗོད་དེ། རཀྟ་ལན་གསུམ་སྦྲེངས་པས། ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། གནས་འདི་ལྟ་བུ་ན་སྒྲུབ་པ་པོ་རྣམས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འདི་ནོད་པས། དངོས་གྲུབ་སྩོལ་བའི་དུས་ལ་བབ་པའི་སྒྲ་བྱུང་བས། ཐུགས་དམ་གྱི་དབང་གིས་དངོས་གྲུབ་སྩོལ་ཅིག་པའི་ཉེར་བསྡོགས་སུ་གནས་པར་བསྒོམ་ལ། དེ་ནས་བསྟོད་ཅིང་བསྙེན་པ་དབུལ་ཏེ། ཧཱུྃ་བར་པ་གསུམ་གྱི་དགོངས་པ་ནི། བསྟོད་ཅིང་རཀྟ་ལ་ཧཱུྃ་དང་པོའི་དགོངས་པ། ཧཱུྃ། བདེར་གཤེགས་ཐམས་ཅད་མཉམ་ཉིད་ཐུགས་ཀྱི་ངང་། །མ་སྐྱེས་རྡོ་རྗེ་ཀུན་ཏུ་བཟང་པོ་ནི། །ཐབས་ལ་མཁས་པས་ཁྲོ་རྒྱལ་སྐུར་སྟོན་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྣམ་དག་དགྱེས་ཆགས་དཔལ་ཆེན་སྐུ་ལ་སྦྱོར། །ཡབ་ཡུམ་གཉིས་མེད་ཧཱུྃ་གི་དབྱིངས་ནས་གསལ། །མཁའ་དབྱིངས་དཀྱིལ་འཁོར་གསང་བའི་ཡུམ་ཆེན་མ། །ཡུམ་ཆེན་དཔལ་འབར་མ་ཕྱག་ཚལ་བསྟོད། །སྤྱི་བོ་ཐུགས་ཀ་ལྗགས་སྟེང་ༀ་ཨཱཿཧཱུྃ་ལ་འབྲུ་བརྒྱད་བསྐོར་བྱས་ཤིང་། །སྐུ་གསུང་ཐུགས། རྣམ་གསུམ་ཚུལ་གྱི་མ་འཁྲུལ་བཟླས་བརྗོད་འབུལ། །ༀ་བཛྲ་ཤྲཱི་ཧེ་རུ་་ཀ་བཛྲ་ཀྲོ་ཏི་ཤྭ་རི་སྟྭཾ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་དེ། བདག་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་ལས་མཆོད་པའི་བྱེ་བྲག་ཏུ་གྱུར་པས། ཡེ་ཤེས་ཀྱི་ལྷ་ལ་མཆོད་པས་མཉེས་པར་བྱས། ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་ཚུར་འདུས་པས། བདག་གི་སྒྲིབ་པ་སྦྱངས་ཤིང་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱས་སོ། །དེ་ནས་ཡང་། ཧཱུྃ་ཞེས་རཀྟ་ལན་གཅིག་གཟེངས་པས། རཀྟ་ལས་མཆོད་པའི་བྱེ་བྲག་ཏུ་གྱུར་པས་མཆོད་དེ་མཉེས་པར་བསམ་ལ། ཧཱུྃ་བར་པ་བར་མའི་དགོངས་པ། ཧཱུྃ་ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་འཐུང་ཆེན་པོ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེས་དགོངས་དབང་དང་དངོས་གྲུབ་སྩོལ། །ཡུམ་ཡང་དེ་བཞིན་དུ་བརྗོད་ནས། ༀ་བཛྲ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་ཏི་ཤྭ་རི་སྟྭཾ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། དེ་ནས་ཡང་། བདེ་ཆེན་དབྱིངས་ནས་ཁྲག་འཐུང་སྐུར་བཞེངས་ཤིག །དཔལ་ཆེན་ཁྲག་འཐུང་ཐུགས་ནི་རིན་པོ་ཆེ། །རུ་ལུ་རུ་ལུའི་ཕྲེང་བས་རབ་བསྐོར་ཏེ། ལྷ་དང་གཉིས་སུ་མེད་པར་བདག་སྦྱོར་བས། རྩེ་གཅིག་བསྒྲུབ་པ་རྣལ་འབྱོར་ཟབ་མོའི་མཐུ། །དེང་འདི་ཉིད་དུ་བདག་ལ་འབབ་གྱུར་ཅིག །ཧཱུྃ་ཞེས་བརྗོད་དེ། རཀྟ་ལན་གཅིག་གཟེངས་པས། ཡེ་ཤེས་ཀྱི་འོད་ཟེར་རྩེ་ལས་ལྕགས་ཀྱུ་མང་པོ་འཕྲོས་པས་གཙོ་བོ་དང་གཟུངས་གང་གི་དངོས་གྲུབ་བླང་བར་བྱ་བ་དེ། མདུན་གྱི་བྷནྡྷའི་རཀྟའི་འོད་ལ་བསྟིམ་པས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་འོད་དུ་ཞུ་ནས་ལྟེམ་མེ་གནས་པ་ལས། ཡང་། ཧཱུྃ་ཞེས་བརྗོད་དེ། རཀྟ་ལན་གཅིག་གཟེངས་པས། ༀ་དཀར་པོ་དང་། ཨཱཿདམར་པོ་དང་། ཧཱུྃ་མཐིང་ག་གསུམ་དུ་གསལ་བ་ལས། ཧཱུྃ་བར་པ་གསུམ་གྱི་ཐ་མའི་དགོངས་པ། ཧཱུྃ། ལྕེ་ཡི་རྡོ་རྗེའི་དམ་ཚིག་ལ། །རྡོ་རྗེ་ཅན་གྱི་ཧཱུྃ་བསྒོམས་ཏེ། །བདུད་རྩི་ལྔ་ཡི་སྦྱོར་བ་ཡིས། །ཟོས་ནས་དངོས་གྲུབ་གསུམ་ཐོབ་འགྱུར། །ཞེས་བརྗོད་དེ། ཀཱ་ཡ་སིདྡྷི་ༀ། ཞེས། ༀ་བླངས་ཏེ་བསྟིམ་པས་སྐུའི་འོད་ཟེར་རིལ་བདག་ལ་ཐིམ། ཝཱ་ཀ་སིདྡྷི་ཨཱཿཞེས། ཨཱཿབླངས་པས་གསུང་གི་འོད་ཟེར་བདག་ལ་ཐིམ། ཙིཏྟ་སིདྡྷི་ཧཱུྃ་གིས། ཧཱུྃ་བླངས་ཏེ་ཐུགས་ཀྱི་འོད་ཟེར་བདག་ལ་ཐིམ་སྟེ། བདག་ཉིད་དཀྱིལ་འཁོར་གྱི་ལྷ་གཙོ་གཟུངངས་གང་བླངས་པའི་སྐུ་གསུང་ཐུགས་ཕྱག་རྒྱའི་དཀྱིལ་འཁོར་དུ་སྐུར་གསལ་ལ་མངོན་དུ་གྱུར་ཏེ། བདག་ཉིད་དུར་ཁྲོད་བརྡལ་བ་ཆེན་པོའི་དཀྱིལ་འཁོར་ཐིག་ལེ་རོལ་པའི་སྐུ། རང་བཞིན་གྱི་དཀྱིལ་འཁོར་དུ་གྱུར་པ་དེ་ཁོ་ན་དངོས་གྲུབ་ཐོབ་པ་ཡིན་ནོ། །དེ་བཞིན་དུ། ཀེའུ་སེང་སྒོ་མ་ཡན་ཆད་ལ། བསྟོད་པ་རེ་དང་བསྙེན་པ་བྱེ་བྲག་པ་རེ། དབུལ་ཏེ། གོང་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །དབང་ཕྱུག་མ་ལ་ནི། ཐུགས་ཁའི་བྷྱོ་དང་རུ་ལུར་བཅས་པ་བསྡུས་ཏེ། སྐུ་མི་བསྡུའོ། །དེ་ལ་ནི། དངོས་གྲུབ་བསྡུས་ཏེ་སྐུ་གསུང་ཐུགས། །ཞེས་གསུངས་ཏེ། དེ་ལྟར་ལྷ་རེ་རེ་ལ། བསྟོད་པ་དང་། བཟླས་པ་དང་། མཆོད་པ་དང་། གསོལ་བ་གདབ་པ་དང་། དངོས་གྲུབ་བླངས་པ་རེ་རེ་བྱས་པ་ནི། ཡེ་ཤེས་ལྷའི་དངོས་གྲུབ་སྟེ་དང་པོའོ། ༈ །ངག་དོན་དུ། འཛབ་ཀྱི་གྲངས་འབུལ་བ་དང་། ཕྲེང་བ་དོར་བ་དང་། གསོལ་བ་གདབ་པ་དང་། ཛ་གད་བཏུང་བ་དང་། ཐུན་མོང་རྫས་ལ་དངོས་གྲུབ་བླང་བ་དང་། སྐུ་དང་ཡེ་ཤེས་ལ་བླངས་པ་དང་། མར་མེ་ལ་བླངས་པ་དང་། རྡོ་རྗེ་དྲིལ་བུ་ལ་བླངས་བའོ། །དེ་ནས་ཀུན་གྱིས་འཛབ་ཀྱི་གྲངས་དབུལ་ཏེ། ཧཱུྃ། བདེ་བར་གཤེགས་པ་ཁྲོ་རྒྱལ་གཙོ། །བཟླས་བརྗོད་མཆོད་པ་བླ་ན་མེད། །བྱིན་གྱིས་བརླབས་ཀྱིས་བྱིན་རློབས་ཤིག །བཟླས་བརྗོད་བསྙེན་པ་བཞེས་སུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧོཿ ཡེ་ཤེས་ཀྱི་བདེ་བར་གཤེགས་པ་དཔལ་ཆེན་པོ་འཁོར་དང་བཅས་པས་པ་ལ། དེང་ཕན་ཆོད། བསྙེན་པ་དང་། བསྒྲུབ་པ་དང་། དེང་ནུབ་བསྒྲུབ་པ་ཆེན་པོ་བགྱིས་པའི་བཟླས་བརྗོད་ཀྱི་གྲངས། ཉིན་མཚན་རེ་ལ་སུམ་སྟོང་སུམ་སྟོང་ཐུགས་ཀྱི་གཏེར་དུ་འབུལ་གྱི་བཞེས་སུ་གསོལ། ཞེས་བརྗོད་དོ། །དེ་ནས་སྒྲུབ་པོ་ཀུན་བཞེངས་ལ། དཀྱིལ་འཁོར་དུ་བཀོད་པའི་རྫས་རིལ་ཡང་། །ༀ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋ། ཡི་གེ་དགུ་པས་བདུད་རྩི་ཆེན་པོའི་རང་བཞིན་དུ། འདོད་པའི་ཡོན་ཏན་ལྔའི་རང་བཞིན་དུ་བྱིན་གྱིས་བརླབས་ལ། བསྐུལ་བྱང་འདིས་གསོལ་བ་གདབ་ཅིང་། དངོས་གྲུབ་བསྡུ་སྟེ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཟླ་གམ་དཀྱིལ་འཁོར་རིན་ཆེན་དབང་། །ཤར་ནས་ནུབ་ཕྱོགས་ངོས་སུ་ཁ་བལྟས་ཏེ། །འདས་པའི་སངས་རྒྱས་སྤྱན་ཡང་འདྲེན། །ཐུགས་ཀ་ན། ཚོན་གང་ཡིད་བཞིན་རིན་པོ་ཆེ། །ཧཱུྃ་ཆེན་གསལ་བཀྲའི་དཀྱིལ་འཁོར་འདིར། །རུ་ལུ་རུ་ལུ་གནས་རེ་ཆེ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། དབྱངས་དྲུག་བླངས་པས་དོན་དྲུག་གྲུབ། །སྔགས་ཀྱི་ཡི་གེ། དབྱངས་བླངས་པའི ། དོན་གང་གྲུབ་ན། སྒྲ་སྒྲོགས་པས། དེས་ནི་དཀྱིལ་འཁོར་ལྷ་རྣམས་བསྐྱེད། །ཟབ་ཅིང་འབྲུག་ལྟར་སྒྲ་སྒྲོགས་པས། །དོན་གང་གྲུབ་ན། གཏུམ་པོ་གདུག་པ་ལྷན་ནེར་གྱུར་། །ཁུར་བ་དབུགས་ཀྱི་རླུང་འབྱིན་པས། །ཁྲོ་བོ་ཁྲོ་བོའི་སྤྲུལ་པ་འགྱེད། །རྡོ་རྗེ་སྲིན་པོའི་ངུ་སྒྲ་ཡིས། །གདུག་པ་ཐམས་ཅད་སྤ་ཡང་བཀོང་། །འཁུན་ཅིང་གདུང་བའི་སྒྲ་འབྱིན་པས། །གནོད་བྱེད་མ་ལུས་རྡུལ་དུ་རློག །ཚངས་པ་དབྱངས་ཀྱི་འདྲེན་ཚུལ་གྱིས། །འཁོར་རྣམས་ཐམས་ཅད་དབང་དུ་སྡུད། །བདག་ཉིད་དཔལ་ཆེན་སྐུར་བསྒོམས་ཏེ། །ཐུགས་ཀར་གསལ་བའི་འབྲུ་བརྒྱད་པོ། །སྤྲོ་ནི་ཕྱོགས་བཅུའི་ནམ་མཁར་སྤྲོ། །བསྡུས་ནི་བདེ་ཆེན་དབྱིངས་སུ་སྡུད། །བསྒྲུབ་ནི་དཔལ་ཆེན་ཧེ་རུ་བསྒྲུབ། །བསྙེན་ནི་དུས་གསུམ་རྒྱལ་བ་བསྙེན། །བསྟེན་ནི་མ་སྲིང་མཁའ་འགྲོ་བསྟེན། །མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ། །ཡེ་ཤེས་འོད་ཟེར་སླར་འདུས་ཅི་ལི་ལི། །འཕྲུལ་གྱི་ཞགས་པ་རྣམས་ཀྱང་དབྱངས་སུ་བསྡུ། །འོད་ཟེར་སེར་པོ། གསེར་གྱི་ཉི་མ་རྣམས་ནི་ཀློང་དུ་ཐིམ། །ཧཱུྃ་དང་བཅས་པའི་རུ་ལུའི་ཕྲེང་བ་འདི། །ཐུགས་ཀྱི་གཏེར་དུ་འབུལ་ལོ་བཞེས་སུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པས་ཕྱོགས་བཅུ་ནས་སྐུ་དང་ཡེ་ཤེས་བཀྲག་དང་གཟི་མདངས་ཐམས་ཅད་འདུས་ཏེ་དངོས་གྲུབ་ཀྱི་རྫས་ཟླ་རྒྱས་དང་། འབྲང་རྒྱས། གལ་ཕྱེ། མཱཾ་ས། ཛ་གད། འཇམ་དེས། ཨང་རིལ་སོགས་ལ་ཐིམ་པར་བསམ་མོ། །དེ་ནས་༢༽ཕྲེང་བ་དོར་ཏེ། བྱང་ཆུབ་རྡོ་རྗེའི་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་མཛད་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་རང་རེའི་ལྷ་གང་ཡིན་པ་དེ་ལ་མེ་ཏོག་དོར་ནས། དེ་ནས་གསོལ་བ་༣༽གདབ་པར་བྱ་སྟེ། ཧོཿ བཅོམ་ལྡན་འདས་དཔལ་ཆན་པོ་ཤྲཱི་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ལ། ཁྱེད་ལ་ཅི་མངའི་དངོས་གྲུབ་རྣམས་བདག་ཅག་རྣལ་འབྱོར་སྒྲུབ་པ་པོ་རྣམས་ལ་སྩལ་བའི་མོད་ནས། སྐྱེ་ཤི་མེད་པའི་ཚེ། གཡུང་དྲུང་གྲུབ་པའི་གནས། ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ལུས། མངོན་པར་ཤེས་པ་དྲུག །ཁམས་གསུམ་རྣམ་པར་རྒྱལ་བའི་དབང་། ཤེས་རབ་མྱུར་མགྱོགས། རྫུ་འཕྲུལ་མཐུ་ལྡན། ལས་རྣམ་བཞི་བརྩམ་པ་ཙམ་གྱིས་གྲུབ་པ། དབང་བཅུ་མཐར་ཕྱིན་པ་དང་། རྒྱལ་མཚན་གྱི་དཔུང་རྒྱན་བཞིན་ནུབ་པའི་དུས་མེད་པ་དང་། རྡོ་རྗེའི་སྙིང་པོ་བཞིན་སྲ་ཞིང་མཁྲེག་པ་དང་། ཆུ་ལ་མི་བྱིངས་པ་དང་། ནམ་མཁའ་ལ་ཡང་མི་ལྟུང་བ་དང་། བྲག་ལ་ཐོགས་པ་མེད་པར་འགྲོ་བ་དང་། རིག་འཛིན་ནམ་མཁའ་ལ་འགྲོ་བ་ལ་སོགས་ཏེ། རིག་འཛིན་བྱང་ཆུབ་ཀྱི་དངོས་གྲུབ་རྣམས། དུས་ཕྱིས་ལ་མི་བསྡད་པར། ལས་དང་རྣམ་སྨིན་ལ་སྙད་མི་གདགས་པར་དུས་དེང་ནུས་ཉིད་དུ་ཐོབ་པར་སྩལ་དུ་གསོལ་ལོ། །དེ་སྐད་ཅེས་ཕྱོགས་ཕྱོགས་ནས་བརྗོད་ནས། །ཛ་གད་བཏུང་བ། དེ་ནས། ཤར་ཕྱོགས་༤༽ཀྱི་བྷནྡྷ་ལ་གསང་མཚན་དང་། དངོས་གྲུབ་སྩོལ་བྱང་བྲིས་པ་དེར། དངོས་གྲུབ་བསྡུས་པའི་ཆང་ལ་རྡོ་རྗེས་དཀྲུགས་ཏེ། ཧཱུྃ། བཀྲ་ཤིས་མཚན་ལྡན་རྡོ་རྗེ་ཀ་པཱ་ལར། །དངོས་གྲུབ་བྱིན་བསྡུས་དཔའ་བོ་ཆང་གི་རོལ་ཕོབ། །ཡེ་ཤེས་རྩི་བཅུད་གཉིས་མེད་བདུད་རྩི་འདི། །སྐལ་ལྡན་སྒྲུབ་པ་པོ་ལ་གཉིས་མེད་བསྟིམ། ༀ་ཨཱཿཧཱུྃ་སིདྡྷི་སིདྡྷི་ཨ་ལ་ལ་ཧོཿ ཞེས་དབུབ་གང་ངམ། གསུམ་དུ་བཏུང་ལ། བསྟིམ་མོ། །བསྒྲུབ་པའི་ས་ཆེན་རྣམས་ཀྱང་དུས་འདིར་བཟའ་འོ། །དེ་ཡན་ཆད་དུ་མཆོག་གི་དངོས་གྲུབ་བླངས་ནས། །དེ་ནས་ཐུན་མོང་གི་རྫས་༥༽ལ་དངོས་གྲུབ་བླང་ངོ་། །དེ་ནས་སྐུ་༦༽དང་ཡེ་ཤེས་ལ་ཡང་དངོས་གྲུབ་བླང་བ་ནི། ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །ད་ལྟ་ཉིད་དུ་བདག་ལ་སྩོལ། །ཞེས་བརྗོད་དེ། ཧོཿ བཅོམ་ལྡན་འདས་དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀ །ཡུམ་བཛྲ་ཀྲོ་ཏི་ཤྭ་རི་དང་གཉིས་སུ་མེད་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ། བདག་རྡོ་རྗེ་ཆེ་གེ་མོ་ལ་སོགས་པས་ཐོབ། རྩ་བའི་སྙིང་པོ་ལ། སིདྡྷི་སིདྡྷི་ཧཱུྃ། ཞེས་བརྗོད་ཅིང་། ལུས་ངག་ཡིད་གསུམ་དུ་བསྟིམ་ཞིང་བསྐོར་རོ། །དེ་བཞིན་དུ་ལྷ་སོ་སོའི་མིང་བརྗོད་དོ། །ཧོཿ རྡོ་རྗེ་མཁའ་འགྲོ་ཀེའུ་རི་མའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ། བདག་རྡོ་རྗེ་ཆེ་གེ་མོ་བྱ་བས་རིམ་པས་བརྗོད་ཅིང་དངོས་གྲུབ་བླང་ངོ་། །དེ་ནས་དབུས་༧༽ཀྱི་མར་མེ་བླངས་ལ། ཧོཿ དེང་ཕན་ཆད། བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། བསྒྲུབ་པ་དང་། དེང་ནུབ་བསྒྲུབ་པ་ཆེན་པོ་བགྱིས་པས། བཅོམ་ལྡན་འདས་དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀ་ཡབ་ཡུམ་གྱི་ཐུགས་ཡེ་ཤེས་སུ་སྣང་བའི་དངོས་གྲུབ། བདག་རྡོ་རྗེ་ཆེ་གེ་མོ་གསང་མཚན། ལ་སོགས་པས་ཐོབ། ལྷ་སོ་སོའི་མཚན་དང་། སྙིང་པོ་ལ། ཛྙཱ་ན་དཱི་པ་དཱི་པ་སིདྡྷི་སིདྡྷི་ཧཱུྃ། ཞེས་བརྗོད་དེ་བླངས་ཤིང་སྙིང་ཁར་གཏུགས་པ་དང་བསྐོར་བ་བྱའོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་བླངས་ཏེ། ཧོཿ བཅོམ་ལྡན་འདས་དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་པ་བསྙེན་ཅིང་བསྒྲུབ་པའི་དོན། དོན་དབྱིངས་དང་ཡེ་ཤེས། རྟགས་ཐབས་དང་ཤེས་རབ། འབྲས་བུ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་ཆེ་གེ་མོ་ལ་སོགས་པས་ཐོབ་བོ། །ཐོབ་པར་གྱུར་ཅིག །ཅེས་བྱའོ། །དེ་ཡན་ཆད་དུ་སྒྲུབ་པ་པོ་རྣམས་ཀྱི་བསྙེན་བསྒྲུབ་མཐར་ཕྱུང་ནས་བསྒྲུབ་པ་ཆེན་པོའི་དུས་སུ་དངོས་གྲུབ་བླངས་ཏེ། དངོས་གྲུབ་ཐོབ་པར་བྱེད་པའི་ཐབས་ཏེ། དེའི་ཕྱིར། ཐོབ་དང་། ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྫས་སོ་སོའི་ཚིག་གིས་དངོས་གྲུབ་བླང་བ་ནི། ཧཱུྃ་ཐ་མ་གསུམ་གྱི་དགོངས་པ་ལྷ་སྤྱིའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྫོགས་པར་བླང་བ་ནི་ཐ་མར་བྱ་བའོ། །མཆན། དེ་ལ། དང་། ཞེས་བྱ་བ་ནི། གཞན་བསྡུ་བའི་དོན་ཏེ། གང་བསྡུ་ཞེ་ན། དབང་བསྐུར་བ་བསྡུ་བ་སྟེ། ༢༽ །དེ་ལ་སློབ་མ་ལ་དབང་བསྐུར་བ་གང་སྙམ་པ་ལ། བྱིན་རླབས་དབང་བསྐུར་བྱ། །ཞེས་པས་བསྟན་པ་ལ་གསུམ་སྟེ། བདག་ཉིད་འཇུག་པ་དང་། སློབ་མ་གཞུག་པ་དང་། དབང་བསྐུར་བའོ། །དེ་ལ་༡༽བདག་ཉིད་འཇུག་པ། སློབ་དཔོན་གྱིས་ནུབ་ཕྱོགས་ནས། བཛྲ་བཛྲ་ཧཱུྃ་ཡཾ། ཞེས་རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱ་བཏེགས་པས། དཀྱིལ་འཁོར་གྱི་ལྷ་རྣམས་མདུན་གྱི་ནམ་མཁའ་ལ་སྨིན་མཚམས་ཡན་ཆད་འོད་ཕུང་འདབ་འདྲེས་ནས་ཐིབས་སེ་བཞུགས་པར་བསྒོམ་ལ། ན་མོ། རིག་པའི་རྒྱལ་པོ་མར་མེ་དགུ་པའི་སྒྲུབ་ཐབས་ཀྱི་རྒྱལ་པོ་འདི། སྐུ་གསུང་ཐུགས་མི་ཟད་པའི་རྒྱན་གྱི་འཁོར་ལོ་སངས་རྒྱས་པའི་འབྲས་བུ་ལག་ཏུ་གཏད་ཅིང་། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་དུས་འདི་ཉིད་ལ་ཐོབ་པར་བྱ་བའི་ཕྱིར། རྣལ་འབྱོར་དབང་ཕྱུག་ལས་འཕྲོ་དང་སྐལ་པར་ལྡན་པ་རྣམས་ལ། བདག་སྒྲུབ་པ་པོས་དབང་བསྐུར་བར་འཚལ་གྱིས། བཅོམ་ལྡན་འདས་ཡེ་ཤེས་ཀྱི་གཙོ་བོ་ཧེ་རུ་ཀ་འཁོར་དང་བཅས་པ་རྣམས་ཀྱིས། དེ་བཞིན་གཤེགས་པའི་དབང་རྣམས་བདག་ལ་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ་ལོ། །ཞེས་བརྗོད་ནས། མཎྜལ་གྱི་དབུས་སུ་མཉྫི་ཆེན་པོའི་སྟེང་དུ་ཞིང་ལྤགས་བཏིང་བ་དེར་གཤེགས་ལ། ཧཱུྃ་ཧ་ཧེ་ཕཊ་བཛྲ་ཀྲོ་ཏ་ས་མ་ཡ་ཧཱུྃ། ཞེས་བརྗོད་པས། དཔལ་ཆེན་པོ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་བདག་ལ་ཐིམ་པར་བསྒོམ་མོ། །དེ་ནས་ཡང་། ཧཱུྃ་ཧ་ཧེ་ཕཊ་བྷྱོ། ཞེས་བརྗོད་པས། དཀྱིལ་འཁོར་གྱི་ལྷ་ཚོགས་རྫོགས་པར་བདག་ལ་བསྒོམ་སྟེ། སྒྲུབ་པའི་དངོས་གྲུབ་དམ་པའི་རྫས་དེ་དང་དེ་ལས་བདག་ཉིད་དངོས་གྲུབ། བླང་བ། ཧཱུྃ། དཔལ་དང་ལྡན་པའི་བྷནྡྷ་མཆོག །རང་བཞིན་གསང་བ་ལྕང་ལོ་ཅན། །བདུད་རྩིས་བཀང་བའི་ཚེ་མཆོག་སྟེ། །ཐམས་ཅད་དབང་གི་རང་བཞིན་ལ། །བདག་ཉིད་དབུས་སུ་འདུག་ནས་ནི། །རང་བྱུང་ཡེ་ཤེས་ལྷ་རྣམས་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག །ཕྱི་མའི་དུས་ལ་མི་བཞེས་པར། ད་ལྟ་བདག་ལ་སྩལ་དུ་གསོལ། །ཞེས་བརྗོད་ནས། བདུད་རྩིའི་སྣོད་ཁ་ཕྱེ་ལ། དྭངས་མ་ཡི་དམ་གྱི་ལྷ་དང་བླ་མ་ལ་མཆོད། དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་མཆོད། དེ་ནས་བདག་ཉིད་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང་ངོ་། །བདག་ཉིད་དབང་དང་དངོས་གྲུབ་ཐོབ་པར་བྱས་ནས། །དེ་ནས་སློབ་མ་༢༽གཞུག་པར་བྱ་བ་ལ་གསུམ་སྟེ། གསོལ་བ་གདབ་པ་དང་། མེ་ཏོག་དོར་བ་དང་། དཀྱིལ་འཁོར་དུ་གཞུག་པའོ། །དེ་ལ་༡༽གསོལ་བ་གདབ་པ་ནི། འདི་ཉིད་ལས་ཀྱང་། དངོས་གྲུབ་འདོད་ཕྱིར་གསོལ་བ་གདབ། །ཞེས་འབྱུང་སྟེ། ངག་དོན་དུ་བཅུ། དཔལ་ཆེན་པོ་ཡབ་ཡུམ་ལ་གསོལ་བ་གདབ་པ། རིགས་བཞི་ལ། མ་མོ་བརྒྱད་ལ། སིང་ཧ་བརྒྱད་ལ། སྒོ་མ་བཞི་ལ། དབང་མོ་ལ། ཁྲོ་བོ་བཅུ་ལ། ཕོ་ཉ་ལ། རིག་འཛིན་ལ། སྤྱིར་བླངས་པའོ། །མཆོག་དང་ཐུན་མོང་གིས་བསྡུས་པའི་དངོས་གྲུབ་འདོད་པར་བྱ་བའི་ཕྱིར། སློབ་མ་རྣམས་ཀྱིས་རུ་ལུ་གར་གྱི་བྲོས་བསྐོར་ཞིང་། རྒྱུད་ལས་གསུངས་པའི་དབྱངས་ཚིག་འདིས་གསོལ་བ་གདབ་བོ། །དང་པོ་གཙོ་བོ་ཡབ་ཡུམ་ལ། ༀ། ཆོས་ཉིད་གཡུང་དྲུང་རྡོ་རྗེ་བདལ་བ་ལ། །འདུལ་བའི་དབང་གི་དཔལ་ཆེན་སྐུར་བསྟན་པ། །འཇིགས་བྱེད་ཆེན་པོ་དབང་ཕྱུག་ཧེ་རུ་ཀ །འཇིགས་བྱེད་ཡབ་ཡུམ་ཚོགས་ལ་ཕྱག་འཚལ་ལོ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། གཉིས་པ་རིགས་བཞི། དྲག་པོའི་ལས་ཀྱིས་འདུལ་བར་དབང་བསྐུར་ན། །བྱང་ཆུབ་སེམས་ཀྱི་རྣལ་འབྱོར་སྐུ་འཆང་ཞིང་། །ཡེ་ཤེས་ཆེན་པོ་བརྙེས་པའི་ཐབས་མངའ་བ། །ཡེ་ཤེས་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། གསུམ་པ་ཀོའུ་རི་བརྒྱད་ལ། བཅོམ་ལྡན་ཁྲོ་རྒྱལ་ཁྲག་འཐུང་ཆེན་པོ་ཡིས། །ཡེ་ཤེས་ཐུགས་ལས་སྤྲུལ་པའི་མཁའ་འགྲོ་མ། །ཁྲོས་པའི་ཚུལ་སྟོན་ཡེ་ཤེས་འོད་ཟེར་འཕྲོ། །ཡེ་ཤེས་རྫོགས་པའི་དངོས་གྲུབ་སྩལ་དུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། བཞི་པ་ཕྲ་མེན། སྲིད་གསུམ་དབང་དུ་བསྡུད་པའི་མཁའ་འགྲོ་མ། །སྣ་ཚོགས་ཀུན་ནས་དབང་བསྐུར་མཆེ་གཤོག་ཅན། །འགྲོ་བའི་དོན་ལ་ཐུགས་རྗེས་དགོངས་ནས་ནི། །ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩལ་དུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ལྔ་པ་སྒོམ་མ་བཞི། ཕྱོགས་བཞིར་ཡེ་ཤེས་བཞི་ཡི་དོན་མཛད་མ། །ཕྱག་རྒྱ་བཞི་དང་ལྡན་པའི་རྟགས་འཆང་ཞིང་། །དངོས་གྲུབ་མཆོག་གི་ཕྲིན་ལས་རྫོགས་མཛད་མ། །ཕྱག་རྒྱ་བཞི་དང་ལྡན་པའི་དངོས་གྲུབ་སྩོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། དྲུག་པ་དབང་མོ། མ་སྲིང་རྒྱ་མཚོ་ལྟ་བུས་གྲོགས་མཛད་ཅིང་། །ཡེ་ཤེས་ལས་ལ་གྲུབ་པའི་དབང་ཕྱུག་ཚོགས། །ཐུགས་དམ་དབང་གིས་འཁོར་སྐྱོང་གྲོགས་མཛད་མ། །རྫུ་འཕྲུལ་མྱུར་བའི་ཕྲིན་ལས་དངོས་གྲུབ་སྩོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། བདུན་པ་ཁྲོ་བཅུ། བདུད་བདུལ་ཁྲོ་བོ་མཆོག་གི་སྐུ་སྤྲུལ་ཏེ། །ཐུགས་རྗེས་གཟི་ལྡན་གདུག་པ་དྲག་པོས་འདུལ། །ཡེ་ཤེས་རྩལ་འཆང་ཁྲོ་རྒྱལ་འབར་བའི་ཚོགས། །དབང་བཅུ་རྫོགས་པའི་དངོས་གྲུབ་སྩལ་དུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། བརྒྱད་པ་ཕོ་ཉ། ཉིན་མཚན་རྒྱུ་བའི་ཕོ་ཉའི་ལས་མཛད་མ། །དུས་བཞིར་བྱ་ར་མཛད་ཅིང་དགྲ་བགེགས་འདུལ། །དཔལ་གྱི་བཀའ་ཉན་འཇིགས་རྟེན་སྐྱོ་མཛད་མ། །དགྲ་བགེགས་འདུལ་བའི་དངོས་གྲུབ་སྩལ་དུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། དགུ་པ་རིག་འཛིན། ཕྱོགས་བཅུའི་ས་དང་ནམ་མཁའི་འཇིག་རྟེན་ན། །ལྷ་དང་ལྷ་མིན་ཕྲ་རགས་གཟུངས་འཆང་ཞིང་། །གསང་སྔགས་རྡོ་རྗེའི་ཐེག་ཆེན་གཉེར་ལེན་པ། །རིག་འཛིན་གྲུབ་མཐུའི་དངོས་གྲུབ་སྩལ་དུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། བཅུ་པ་སྤྱིར་བླངས་པའོ། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །བང་རིམ་དམར་པོ་དག་ལ་རྟེན་བཅས་ཤིང་། །དབང་མཚོན་པ། ཕོ་བྲང་། ཟླ་གམ་དམར་པོ་དག་ལས་དབང་ནོད་ན། །མར་མེ་དགུ་པ་དག་ལས་མདངས་ཕྱུང་ནས། །བྷནྡྷ་མཚན་ལྡན་རྣམས་ལས་ཐ་ཚིག་བགོས། །ལྷ་དག་གཉིས་སུ་མེད་པར་མཉམ་སྦྱར་ནས། །རུ་ལུ་འབྲུ་བརྒྱད་བར་ཆད་མེད་པར་བཟླས། །ཕྱི་ནང་གསང་བའི་མཆོད་པ་རྫོགས་པར་ཕུལ། །ཞག་གྲངས་དམ་བཅས་བསྙེན་པ་མཐར་ཕྱིན་ནས། །ཡེ་ཤེས་ལྷ་དང་རིག་འཛིན་དམ་ཅན་དང་། །དངོས་གྲུབ་སྩལ་བའི་ནམ་དུས་དེང་ནུབ་བཏབ་། །ཡེ་ཤེས་ལྷ་དང་རྡོ་རྗེ་སློབ་དཔོན་གྱིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རབ་འབྱམས་རྣམས། །སྒྲུབ་མཆོག་བདག་ཅག་རྣམས་ལ་སྩལ་དུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་དོ། །དེ་ནས་༢༽མེ་ཏོག་དོར་བ་ལ་གཉིས་ཏེ། རིག་པའི་མེ་ཏོག་དོར་ཞིང་བྱིན་གྱིས་བརླབས་པ་དང་། དུར་ཁྲོད་རྫས་ཀྱི་མེ་ཏོག་དོར་ཞིག་དབང་བསྐུར་བའོ། །དེ་ལ་རིག་༡༽པའི་མེ་ཏོག་དོར་བ་ནི། ངག་དོན་དུ་གཉིས། གསར་བའི་མེ་ཏོག་དོར་བ་དང་། རྙིང་པ་ལ་བསྣམས་པའོ། །དང་པོ་གསར་བ་ལ། སློབ་མ་རྣམས་ཀྱིས་མེ་ཏོག་ཐོགས་ལ། རུ་ལུ་བརྒྱ་རྩ་བརྒྱད་བརྗོད་ཀྱིས་མཎྜལ་ལན་གསུམ་བསྐོར་བའི་དུས་ན། རང་རང་གི་ཐུགས་ཁ་ནས་རུ་ལུ་འབྲུ་བརྒྱད་འོད་ཟེར་དང་བཅས་པར་བྱུང་ནས་མེ་ཏོག་ལ་ཐིམ། དེ་སློབ་དཔོན་ཡབ་ཡུམ་གྱི་ཐུགས་ཀར་ཐིམ་ནས་མཉེས་པར་བསམ་ཞིང་། ༀ། དུར་ཁྲོད་གསང་བ་མཆོག་གི་བདག་པོ་ནི། །ཡེ་ཤེས་སྐུ་མཆོག་རྫོགས་པའི་དཀྱིལ་འཁོར་ལ། །རིག་པ་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི་འབུལ་གྱིས། །གཉིས་མེད་རིག་པའི་དབྱིངས་སུ་ཐིམ་ནས་ཀྱང་། །བདག་ལུས་བེམ་པོ་དུས་འདིར་སྦྱངས་པ་དང་། །དཔལ་ཆེན་སྐུར་གྱུར་དངོས་གྲུབ་སྩལ་དུ་གསོལ། །ཞེས་དོར་བ་དང་། རྙིང་པ་ལ་བསྣན་པ། འདིར་སྔར་དབང་ཐོབ་པ་དང་བསྒྲུབ་པ་ལ་ཞུགས་པ་ཡིན་པས། སྒོ་དབྱེ་བ་དང་མིག་དབྱེ་བ་མི་དགོས་ཏེ། བདུད་རྩི་ཐོགས་ལ་འདི་སྐད་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱི་ཡི་དམ་གྱི་ལྷ་ནི་ང་ཡིན་ཏེ། ངས་ཇི་སྐད་དུ་བསྒོ་བ་བཞིན་དུ་ཁྱོད་ཀྱིས་ཀྱིས་ལ་དམ་ཚིག་ཕོག་པ་ལས་མ་འདའ་ཤིག །གལ་ཏེ་དམ་ཚིག་ཉམས་ན་རང་རྒྱུད་འཚིག་ཏེ་འགྲོའོ། །མ་ཉམས་ན་སངས་རྒྱས་ཀྱི་ས་ལ་ངེས་པར་འགྲོ་བ་ཡིན་པས་ཁེ་ཉེན་ཆེའོ། །ཞེས་བརྗོད་ལ། ལྕེ་ལ་བདུད་རྩི་རྩི་བཞག་ལ་དམ་ཚིག་བསྣན་ནོ། །དེ་ལ་བྱིན་གྱིས་བརླབས་པ་ནི། སློབ་མའི་འོག་ཏུ་མ་ལས་ཉི་མའི་དཀྱིལ་འཁོར་བསྐྱེད་ལ། དེའི་སྟེང་དུ་སློབ་མ་བཞག་སྟེ། བདག་ཉིད་ཡབ་ཡུམ་གཉིས་སུ་མེད་པའི་མཁའ་རྣམ་གཉིས་ལས། ཡེ་ཤེས་ཀྱི་འོད་ཟེར་མགར་བའི་ཚྭ་ཚྭ་ལྟར་རྣོ་ལ་མྱུར་བ་མང་པོ་སློབ་མའི་ལུས་ལ་འཕྲོས་པས། །ཉེ་བར་ལེན་པའི་ཕུང་པོ་བསྲེགས། རྟོག་སྒྲིབ་སྦྱངས་ནས། དེའི་སེམས་ཀྱི་རང་བཞིན་ཡི་གེ་ཧཱུྃ་དཀར་པོ་གཅིག་ཏུ་གསལ་བ་ལས། འཕྲོས་འདུས་པ་ལས་རྡོ་རྗེ་གཅིག་ཏུ་གྱུར། དེ་འཕྲོས་ཤིང་འདུས་པ་ལས་རང་རང་གི་ཡི་དམ་གྱི་ལྷའམ། དཔལ་ཆེན་པོ་ཉིད་དུ་རྩ་བའི་སྔགས་ཀྱིས་བསྐྱེད་དོ། །སྐུར རྫོགས་པ་ལ། ལྷ་དེ་ཉིད་སྔགས་དང་ཕྱག་རྒྱས་མེ་ཏོག་དེ་སྤྱི་བོར་བཞག་ཅིང་དབང་བསྐུར་རོ། །དུར་༢༽ཁྲོད་རྫས་ཀྱི་མེ་ཏོག་དོར་བ་ནི། ངག་དོན་དུ་བཞི་སྟེ། མེ་ཏོག་དོར་བ་དང་། དྲང་བ་དང་། དབང་རྫས་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་དངོས་པོ། །དང་པོ་མེ་ཏོག་དོར་བ། སློབ་མ་རྣས་ཀྱིས་གསོལ་བྱང་བྲིས་ལ་དར་དུ་བསྟུམས་པ་ལ་འདི་སྐད་བརྗོད་དོ། །བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །དུར་ཁྲོད་རྫས་ཀྱི་མེ་ཏོག་འདི་བོར་བས། །སྔོན་ཚེ་བསྒྲུབ་པའི་ལྷ་ནི་གང་ཡིན་པའི། །སྐུ་གསང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་དོར་རོ། །གཉིས་པ་དྲང་བ། དེ་ནས་སློབ་མའི་༣༽ལག་ཏུ་རྡོ་རྗེ་ཕྱེད་བྱིན་ལ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །བྱང་ཆུབ་རྡོ་རྗེའི་ལམ་དུ་དྲངས་ནས་ཀྱང་། །གཞུང་བཞིན་བསྒྲུབ་པའི་རྣལ་འབྱོར་ཁྱེད་རྣམས་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྦྱིན་པར་བྱ། །ཞེས་བརྗོད་ནས། གསུམ་པ་དབང་རྫས་བྱིན་གྱིས་བརླབ་པ། སློབ་༣༽དཔོན་ཉིད་ཀྱིས་བྷནྡྷ་དང་ཁམ་ཕོར་རྣམས་བླངས་ཏེ། ཕྱག་ཏུ་བཞེས་ལ། ཧཱུྃ་ཧ་ཧེ་ཕཊ་བྷྱོ། ཞེས་བརྗོད་ཅིང་། དཀྱིལ་འཁོར་གྱི་ལྷ་གསལ་བཏབ་ནས། བདག་ཉིད་དཔལ་ཆེན་སྐུ་བསྒོམ་སྟེ། །ཞེས་བྱ་བ་ལ་སོགས་ཚིག་རྐང་བཅུ་གསུམ་དང་རུ་ལུ་བརྗོད་པས། ནམ་མཁའ་ལ་ཡོད་པ་དང་། ད་ལྟ་བསྒོམ་པ། ཐུགས་ཀ་རྣམ་གཉིས་ནས་རུ་ལུ་འབྲུ་བརྒྱད་འོད་ཟེར་དང་བཅས་པར་འཕྲོས་པས། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ཡེ་ཤེས་དང་། སེམས་ཅན་ཐམས་ཅད་ཀྱི་བཀྲག་དང་། གཟི་མདངས་དང་། རྩི་བཅུད་ཐམས་ཅད་བསྡུས་ཏེ། བྷནྡྷ་དང་དབང་རྫས་ལ་ཐིམ་པས། བྷནྡྷ་དང་དབང་རྫས་རྣམས་ལ་ཡེ་ཤེས་ཀྱི་བྱིན་རླབས་ཞུགས་ནས། ཡེ་ཤེས་ཀྱི་སྐུ་དང་འོད་ཟེར་དང་། གཟི་བྱིན་དང་ལྡན་པར་བསྒོམས་ལ། བཞི་པ་དབང་བསྐུར་བ་དངོས་ལ། དང་པོ་བུམ་པའི་དབང་བསྐུར་ཏེ། གོང་དུ་བསྟན་པ་བཞིན་དུ་ཤེས་པར་བྱའོ། །དེ་ལ་བརྒྱད་དེ། བྷནྡྷའི་དབང་། ཚལ་བུའི། མར་མེའི་རྡོར་དྲིལ་གྱི། དཔལ་གྱི་ཆས་བརྒྱད་ཀྱི། བདུད་རྩི་ལྔའི། ཤ་ལྔའི། འདོད་ཡོན་ལྔའི་དབང་ངོ་། །དང་པོ་དཔལ་ཆེན་པོ་གནས་ཞལ་གྱི་དབང་། འདི་རྣམས་རེ་རེ་ལ་ཡང་དབང་བསྐུར་བ་དངོས་དང་། གྱུར་ཤོག་གི་སྨོན་ལམ་གཉིས་གཉིས་སོ། །དེ་ནས་བྷནྡྷ་ཁམ་ཕོར་རྣམས་ཀྱིས་དབང་བསྐུར་ཏེ། ཧཱུྃ། མཚན་མའི་སྤྲོས་བྲལ་བྷནྡྷའི་རྫས་མཆོག་འདི། །སྔོན་གྱི་སྐྱེས་མཆོག་སྒྲུབ་པོའི་རྫས་ཡིན་ཏེ། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །དཔལ་ཆེན་སྐུ་གསུམ་དངོས་གྲུབ་ཐོབ་པར་ཤོག །ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་ཏི་ཤྭ་རི་སྟྭཾ། བཛྲ་ཀ་པཱ་ལ་དྷརྨ་ཀཱ་ཡ་སཾ་བྷོ་ཀཱ་ཡ་ནིརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ། དེང་ཆེ་གེ་མོ་ཁྱོད་ལ། རྡོ་རྗེ་སློབ་དཔོན་ངས། བྷནྡྷས་དབང་བསྐུར་བསྐུར་བས། དོན་ཆོས་ཉིད་སྐྱེ་འགགས་མེད་པའི་ཀློང་ནས། རྟགས་རིག་པའི་ཡེ་ཤེས་དཔལ་ཆེན་པོའི་སྐུར་ཤར་ནས། ཐུགས་རྗེའི་སྤྲུལ་པས་འགྲོ་བ་སེམས་ཅན་གྱི་དོན་བྱ་བ་ལ་ཐོགས་པ་མེད་ཅིང་མཐུ་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག །ཅེས་བྱའོ། །གཉིས་སུ་ན་དེང་ཆེ་གེ་མོ་ཁྱོད་ལ། རྡོ་རྗེ་སློབ་དཔོན་ངས་བྷནྡྷས་དབང་བསྐུར་བས། དཔལ་ཆེན་པོའི་སྐུར་གྲུབ་སྟེ་ཁྲོ་བོའི་གར་དགུ་དང་། ཞི་བའི་ཚུལ་དགུ་དང་། གསུང་གྲུབ་སྟེ་རུ་ལུ་འབྲུ་བརྒྱད་དང་། ཐུགས་གྲུབ་སྟེ་ཆོས་ཉིད་སྐྱེ་འགགས་མེད་པའི་དོན་རྟོགས་ཏེ། སྐུ་གསུམ་ལྷུན་གྱིས་གྲུབ་སྟེ་རང་དོན་མཐར་ཕྱིན། གཞན་དོན་མཐར་འབྱིན་པ་ལ་ཐོགས་པ་མེད་པའི་མཐུ་དང་ལྡན་པར་གྱུར་ཅིག །ཅེས་བྱའོ། །བར་འདིར་སྐུ་གསུང་ཐུགས་ཀྱི་དབང་དང་། ཡེ་ཤེས་ལྔའི་དབང་ནི་གོང་དང་མཐུན་པར་བསྐུར་རོ། །གཉིས་པ་ཐོད་ཚལ། དེ་ནས་མཁའ་འགྲོ་མའི་བྷནྡྷ་ཚལ་བུ་བརྒྱད་རེ་རེ་བླངས་ཞིང་བསྐུར་ཏེ། མཚན་མའི་སྤྲོས་བྲལ་བྷནྡྷའི་རྫས་མཆོག་འདི། །སྔོན་གྱི་སྐྱེས་མཆོག་སྒྲུབ་པོའི་རྫས་ཡིན་ཏེ། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །ཀེའུ་རིའི་སྐུ་གསུང་དངོས་གྲུབ་ཐོབ་པར་ཤོག །ༀ་བཛྲ་ཀོའུ་རི་ཧ། བཛྲ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཨཱཿ རྡོ་རྗེ་མཁའ་འགྲོ་ཀོའུ་རི་མའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པ་དང་། དབང་དང་བྱིན་རླབས་ཐོབ་པ་གྱུར་ཅིག །ཅེས་བྱ། དེས་ལྷ་དགུ་འགྲེའོ། །གཞན་ཡང་། སེང་ཧ་མ་དང་སྒོ་མ་དབང་མོ་ལ་སོགས། ལྷ་རྫོགས་པར་རི་མོ་དང་ཙཀླི་ལ་བརྟེན་ནས་སོ་སོའི་མཚན་དང་ཡོན་ཏན་བརྗོད་དེ་དབང་བསྐུར་རོ། །གསུམ་པ། དེ་ནས་མར་མེས་དབང་བསྐུར་ཏེ། དཔལ་ཆེན་ཡབ་ཡུམ་གསང་བའི་ཐུགས་བསྡུས་པས། །སྐྱེ་མེད་དབྱིངས་ནས་ཡེ་ཤེས་མེར་གསལ་བའི། །ཀུན་གཞི་གནས་གྱུར་སྤྱན་དགུའི་ཡེ་ཤེས་སྦྱིན། །སྒྲུབ་པ་ཕྱི་བསལ་ཡེ་ཤེས་གསལ་བར་ཤོག །དེང་ཆེ་གེ་མོ་འདི་ལ། རྡོ་རྗེ་སློབ་དཔོན་ངས་མར་མེའི་དབང་བསྐུར་བས་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་དཔལ་ཆེན་པོ་ཡེ་ཤེས་དགུའི་དབང་དང་དངོས་གྲུབ་ཐོབ་པར་གྱུར་ཅིག །གཉིས་གྱུར་སྨོན་ལམ་ཡང་གདབ་བོ། །བཞི་པ། དེ་ནས་རྡོ་རྗེ་དྲིལ་བུའི་དབང་ཡང་གོང་བཞིན་དུ་བསྐུར། ལྔ་པ། དེ་ནས་དཔལ་གྱི་ཆས་བརྒྱད་ཀྱི་དབང་བསྐུར་རོ། །དྲུག་པ་བདུད་རྩི་ལྔ། དེ་ནས་སྒྲུབ་པའི་རྫས་བདུད་རྩིའི་བུམ་པ་བླངས་ལ། བདག་ཉིད་ཀྱི་ཐུགས་ཀ་ནས་ཡི་གེ་ཧཱུྃ་ལས། དཔའ་བོ་འབྲུ་ལྔ་འཕྲོས་པས། བྷནྡྷ་བདུད་རྩི་ལ་བབས་པས་བདུད་རྩི་ལྔ་ལས་དཔའ་བོ་འབྲུ་ལྔར་གྱུར། འབྲུ་ལྔ་ལས་ཕྱག་མཚན་ལྔར་གྱུར། ཕྱག་མཚན་ལས་རིགས་ལྔ་ཧེ་རུ་ཀ་ལྔའི་སྐུར་གྱུར་ཏེ། སྐུ་ཚོན་གང་བ་རེ་རེ་སློབ་མའི་གནས་ལྔར་བསྟིམ་ཞིང་། རིགས་རྣམ་པ་ལྔར་གྱུར་པར་བསམ་ཞིང་འདིས་དབང་བསྐུར་རོ། །དང་པོ་དྲི་ཆེན་གྱི་དབང་། ༀ། ཟས་མཆོག་དྲི་ཆེན་གསེར་མདོག་འཛིན་པ། །རྣམ་རྟོག་ཉིད་ལས་ཡེ་ཤེས་བསྐྱེད་པ་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །དེ་བཞིན་ཉིད་ཀྱི་དངོས་གྲུབ་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅་ཧཾ། དེ་བཞིན་གཤེགས་པའི་རིགས་སྐུ་རྡོ་རྗེ་ཆེན་པོའི་དག་པ་ངའི་བདག་ཡིན། དེའང་ཆེ་གེ་མོ་འདི་ལ། རྡོ་རྗེ་སློབ་དཔོན་ངས་དྲི་ཆེན་གྱི་དབང་བསྐུར་བས། དེ་བཞིན་གཤེགས་པའི་རིགས་ཀྱི་དབང་དང་དངོས་གྲུབ་ཐོབ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །གྱུར་ཤོག་སྨོན་ལམ་ཡང་འགྲེའོ། །གཉིས་པ་བྱང་ཆུབ་སེམས་ཀྱི། སྐྱེ་མེད་བྱང་ཆུབ་སེམས་ཀྱི་རྫས་མཆོག་འདི། །དཀར་ལ་དྭངས་པ་གཉིས་མེད་བྱང་ཆུབ་སེམས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅་ཧཾ། དེང་ཆེ་གེ་མོ་འདི་ལ། རྡོ་རྗེ་སློབ་དཔོན་ངས། བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། རྡོ་རྗེའི་རིགས་ཀྱི་དབང་དང་དངོས་གྲུབ་ཐོབ་ནས། མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །གསུམ་པ་ས་ཆེན་གྱི། མ་རིག་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །དུག་གསུམ་བསྒྲལ་བའི་དམ་རྫས་ཤ་ཆེན་འདི། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །རིན་ཆེན་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅་ཧཾ། དེང་ཆེ་གེ་མོ་འདི་ལ། རྡོ་རྗེ་སློབ་དཔོན་ངས་ཤ་ཆེན་གྱིས་དབང་བསྐུར་བས། རིན་པོ་ཆེའི་རིགས་ཀྱི་དབང་དང་དངོས་གྲུབ་ཐོབ་པར་གྱུར་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །བཞི་པ་རཀྟའི། གསང་བ་མཆོག་གི་རྫས་མཆོག་རཀྟ་འདི། །ཆགས་མེད་བདེ་བར་བྱེད་པའི་རཀྟ་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །པདྨ་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཀྐ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅་ཧཾ། དེང་ཆེ་གེ་མོ་འདི་ལ། རྡོ་རྗེ་སློབ་དཔོན་ངས་རཀྟས་དབང་བསྐུར་བས། པདྨ་རིགས་ཀྱི་དབང་དང་དངོས་གྲུབ་ཐོབ་པ་གྱུར་ནས། སོ་སོར་རྟོག་པའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །ལྔ་པ་དྲི་ཆུའི་དབང་། ལས་མཆོག་གྲུབ་པའི་དམ་རྫས་དྲི་ཆུ་འདི། །ཕྱི་ནང་གསོ་མཛད་བདུད་རྩིའི་རང་བཞིན་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ༀ་སརྦ་ཏ་ཏཱ་ག་ཏ་མ་ཧཱ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅་ཧཾ། དེང་ཆེ་གེ་མོ་འདི་ལ། རྡོ་རྗེ་སློབ་དཔོན་ངས་དྲི་ཆུས་དབང་བསྐུར་བས། ལས་ཀྱི་རིགས་ཀྱི་དབང་དང་དངོས་གྲུབ་ཐོབ་པར་གྱུར་ནས། བྱ་བ་གྲུབ་པའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །ཅེས་བྱ། དེ་ནས་བྷནྡྷ་ནས་སློབ་མའི་ཁར་བདུད་རྩི་མུ་ཏིག་དཀར་པོ་ལྟ་བུར་བླུད་ཅིང་། སློབ་དཔོན་གྱིས་འདི་སྐད་བརྗོད་དེ། དེང་རྡོ་རྗེ་ཆེ་གེ་མོ་ཁྱོད་ལ། རྡོ་རྗེ་སློབ་དཔོན་ངས་བདུད་རྩི་རྣམ་པ་ལྔའི་དབང་དང་དངོས་གྲུབ་བྱིན་པས། ཁྱོད་ཀྱི་ཉོན་མོངས་པ་རྣམ་ལྔ་རང་དག་དུ་ཟད་ནས། ཕུང་པོ་ལྔ་དང་རྣམ་པར་ཤེས་པ་ཚོགས་བརྒྱད་སྐུ་དང་ཡེ་ཤེས་སུ་གསལ་ཏེ། རིགས་ལྔ་ཡེ་ཤེས་ལྔའི་དབང་དངོས་གྲུབ་ཐོབ་པར་གྱུར་ནས། སྐུ་ལྔ་དང་གསུང་ལྔ་དང་ཐུགས་ལྔ་དང་ཡོན་ཏན་ལྔ་དང་ཕྲིན་ལས་རྣམ་པ་ལྔ་དང་། ཞིང་ཁམས་རྣམ་པར་དག་པ་ལྔ་ཐོབ་པར་གྱུར་ཅིག །ཅེས་བྱའོ། །བདུན་པ། དེ་ནས་ཤ་རྣམ་པ་ལྔ་དང་། བརྒྱད་པ། འདོད་པའི་ཡོན་ཏན་རྣམས་པ་ལྔ་ལ་སོགས་པ་སློབ་མའི་རྒྱུད་དང་སྦྱར་ཞིང་དབང་ཅི་རིགས་སུ་བསྐུར་བར་བྱའོ། །རྣམ་པ་གཅིག་ཏུ་དབང་བསྐུར་ཐབས་ལྔ་བཅུ་རྩ་གཅིག་གིས་བྱའོ། །སྤྱིར་བླ་མའི་མཛད་ཕྱོགས་དང་། རང་གི་རིག་པ་དང་། མན་ངག་གི་སྡེབ་བྱང་གསུམ་པོ། མན་ངག་གིས་བསྡེབས་ཏེ། སློབ་མ་བྱིན་གྱིས་བརླབས་ཤིང་། ཅི་རིགས་སུ་དབང་བསྐུར་བྱ། །ཞེས་པའི་དོན་ཏོ། ༨༽ །སྤྱི་དོན་བརྒྱད་པའི་ཐ་མ། ལས་ཀྱི་ལྷག་མའི་ཕྲིན་ལས་བསྟན་པ་ལ་དོན་བཅུ་གཉིས་ཏེ། དེ་གང་སྙམ་པ་ལ། དཀྱུས་ཉིད་བརྗོད་པས་གོ་བར་སླ་བ་ནི། སྦྱིན་༡བསྲེག་ཧེ་རུ་ཀའི་ལས་བཟླས་༢མཁའ་འགྲོ་༣སྐྱོང་བ། །གཏེར་སྦེད་༤དཀྱིལ་འཁོར་བསྡུ་བ་༥དང་། །སོན་ལམ་༦བཀྲ་ཤིས་༧བྲོ་བརྡུང་༨ སྟེ། །དགེ་༩བསྔོ་མ་དག་བཤགས་པ་༡༠དང་། །རྒྱུན་གྱི་ཏིང་འཛིན་༡༡ནན་ཏན་བྱ། །ཀུན་ཀྱང་སེམས་ཅན་དོན་དུ་༡༢བསྔོ། །ཞེས་གསུངས་པ་ལས། ཕྲིན་ལས་ཀྱི་རིམ་པ་ཇི་ལྟར་བྱ་བ་སྙམ་པ་ལས། བསྒྲུབ་པ་ཆེན་པོའི་གཏོར་མ་ལ། ཡེ་ཤེས་ལྷའི་ཕོ་བྲང་བཅས་པ་དེ་ལ། སྐུ་གསུང་ཐུགས་ཀྱི་བྱིན་བསྡུས་ནས། དངོས་གྲུབ་བླངས་པའི་རྫས་ལྷག་མ་དེ་ཡང་། བསྒྲུབ་པའི་རྫས་ཡང་དག་པ་ཡིན་པས། དེ་ལ་ཆ་གསུམ་དུ་བཅད་དེ། ཆ་༡༽དང་པོ་ལ་སྦྱིན་བསྲེག་བྱ་བར་བསྟན་པ་ལ་གཉིས་ཏེ། སྦྱིན་སྲེག་གི་ཕྲིན་ལས་ཀྱི་རིམ་པ་བསྟན་པ་དང་། དགེ་བའི་རྩ་བ་བསྔོ་བ་བསྟན་པའོ། ༡༽ །དེ་ལ་སྦྱིན་སྲེག་གི་ཕྲིན་ལས་ཀྱི་རིམ་པ་བསྟན་པ་ལ་ནི་བཞི་སྟེ། མེ་ཐབ་བཅའ་བ་དང་། རྫས་བསགས་པ་དང་། མེ་ལྷ་མཆོད་པ་དང་། ལྷ་མཆོད་པའི་རིམ་པའོ། །དེ་ལ་༡༽མེ་ཐབ་བཅའ་བའི་སྐབས་སུ། ཕྲིན་ལས་རྣམ་པ་བཞི་གང་ལ་མོས་པའམ། འདིར་ཟླ་གམ་དམར་པོའི་དབྱིབས་སུ་ཧོམ་ཁུང་བྱས་པའི་དབུས་སུ། ཉི་མ་རྡོ་རྗེས་མཚན་པ་བྲིས་ཏེ། རྡོ་རྗེས་ལྟེ་བ་ལ་ཧཱུྃ་གིས་མཚན་ཏེ། ཧོམ་ཁུང་གི་ཁ་ཁྱེར་ལ་རྡོ་རྗེ་དང་མེ་རི་བྲིས་ཏེ། དེར་ཙནྡན་སྨུག་པོའི་ཤིང་རྣམས་དབྱིབས་ཐབ་ཁུང་ལྟར་བརྩིག་པ་བྱའོ། །རྫས་༢༽ བསགས་པ་ལ་བཞི་སྟེ། ལྷ་མཆོད་པའི་རྫས་དང་། མེ་འབར་བར་བྱ་བའི་རྫས་དང་། ལས་གྲུབ་པ་བྱ་བའི་རྫས་དང་། ཐུགས་དམ་བསྐུལ་བའི་རྫས་སོ། །དེ་ལ་༡༽ལྷ་མཆོད་པའི་རྫས་ལ་གསུམ་སྟེ། མཆོད་པ་རྣམ་པ་ལྔ་དང་། གཏོར་མའི་རྫས་དེ་ཉིད་དང་། དཀྱིལ་འཁོར་དུ་བཀོད་པའི་རང་རང་གི་རྫས་སོ། །མེ་འབར་༢༽བར་བྱ་བའི་རྫས་ལ་ནི། ཡམ་ཤིང་དང་། བུད་ཤིང་ངོ་། །ལས་༣༽གྲུབ་པར་བྱ་བའི་རྫས་ལ་གཉིས་ཏེ། དགྲ་བགེགས་གང་ལ་བྱ་བའི་མིང་གཟུགས་དང་། སྡིག་པ་སྦྱོང་བར་བྱ་བའི་རྫས་སོ། །ཐུགས་༤༽དམ་བསྐུལ་བའི་རྫས་ནི། ཉུངས་ཀར་དང་། ཉུངས་ནག་གོ། །དེ་ནས་༣༽མེ་ལྷ་མཆོད་པའི་རིམ་པ་ལ་གཉིས་ཏེ། དམ་ཚིག་སེམས་དཔའི་མེ་ལྷ་བསྐྱེད་པ་དང་། ཡེ་ཤེས་སེམས་དཔའི་མེ་ལྷ་སྤྱན་དྲངས་ཤིང་མཆོད་པའི་རིམ་པའོ། །དེ་ལ་༡༽དམ་ཚིག་སེམས་དཔའི་མེ་ལྷ་བསྐྱེད་པའི་སྐབས་སུ། ཡམ་ཤིང་ལ་ཚིལ་གྱིས་བྱུགས་ཏེ་དབུས་ཀྱི་མར་མེ་ལས་མེ་བླངས་ཏེ་མེ་ཐབ་ཀྱི་ནང་དུ་བཅུག་སྟེ། ཏིང་ངེ་འཛིན་གྱིས་དཔལ་ཆེན་པོའི་ཐུགས་ཀ་ནས། ཡི་གེ་རཾ་དམར་པོ་འོད་དང་བཅས་པ་གཅིག་བྱུང་ནས་ཐབ་ཁུང་དུ་གསལ་བ་དང་། དེ་ལས་མེའི་རིལ་བ་གཅིག་དུ་བསམ་ཏེ། དེ་ལས་སྤྲོ་བསྡུ་བྱས་པ་ལས། ༀ་ཨགྣེ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། ཅེས་བརྗོད་པས། མེ་ལྷ་དྲང་སྲོང་ཁྲོས་པའི་ཆ་བྱད་ཅན། ཞལ་གཅིག་ལ་ཕྱག་བཞི་པ། གཡས་དང་པོ་ན་ལྕགས་ཀྱུ། དེའི་འོག་མ་ན་བགྲང་ཕྲེང་། གཡོན་དང་པོ་དབྱུག་པ། འོག་མ་ན་འགུ་འདེ། ཟངས་ཀྱི་ར་སྐྱེས་ལ་བཅིབས་པ། དུར་ཁྲོད་མེ་འབར་བའི་ཀློང་ན་བཞུགས་པ་གཅིག་ཏུ་བསྐྱེད་དོ། །དེ་ནས་༢༽ཡེ་ཤེས་སེམས་དཔའི་མེ་ལྷ་སྤྱན་དྲངས་ཤིང་མཆོད་པའི་རིམ་པ་ནི། ངག་དོན་དུ་བཅུ་ལས། དང་པོ་སྤྱན་དྲངས་པ་ནི། ཧཱུྃ། ཡེ་ཤེས་ཅན་གྱི་སྤྱོད་ཡུལ་ནས། །མེ་ལྷ་དྲང་སྲོང་འཁོར་དང་བཅས། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མེ་ཡི་ལྷ། །སེམས་ཅན་དོན་ལ་དམ་ཚིག་དགོངས། །འབར་བའི་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ ཨགྣ་ཡེ་ཛྙཱ་ན་སྭ་ཏ་ཡེ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ནི་ཀ་ཏྲི་ཤ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་ཕྱག་རྒྱ་རྣམ་པ་བཞིས་ཛཿཧཱུྃ་བྃ་ཧོཿ སྤྱན་དྲངས་ཏེ། གཉིས་པ་བཞུགས་ཤིང་བརྟན་པ། ཧཱུྃ། གཟི་བརྗིད་འབར་བ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་བསྒྲུབ་ཅིང་། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འབར་བའི་གནས་འདིར་བཞུགས་སུ་གསོལ། །ༀ་ཨགྣེ་ཡེ་ས་མ་ཡ་ཏིཥྛ་ལྷན། ཞེས་དབྱེར་མེད་དུ་བསྟིམ་ཞིང་བཞུགས་སུ་གསོལ། གསུམ་པ་ཕྱག ཧཱུྃ། པདྨ་རིགས་ལས་གྲུབ་པ་ཡི། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཕྲིན་ལས་ཀུན་གྱི་དཔང་པོ་མཛོད། །སྟངས་འཛིན་ལྷ་ལ་ཕྱག་འཚལ་ལོ། །ༀ་ཨགྣེ་ཡེ་ཨ་ལ་ལ་ཧོཿ ཨ་ཏི་པུ་ཧོཿ པྲ་ཏི་པུ་ཧོཿ ཞེས་ཕྱག་འཚལ་ལོ། །བཞི་པ་མཆོད་པ། དེ་ནས་མཆོད་པའི་རྫས་བསྟན་པ་ལ། མཆོད་པ་རྣམ་པ་ལྔ་དབུལ་ལོ། །གོང་དུ་ཞི་བའི་སྐབས་སུ་བསྟན་པ་བཞིན་དབུལ་ལོ། །ལྔ་པ་ཚིལ་ཆེན་གྱི་མར་དང་གཏོར་མ་འབུལ་བ། གཏོར་མའི་རྫས་ཉིད་དབུལ་བའི་དུས་སུ། ཧཱུྃ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ར་སྐྱེས་ཆིབས་ནི་གློག་བསམ་མགྱོགས། །བསྲེགས་མཛད་ཀུན་གྱི་ཕྱག་ཚང་མཛད། །ཚིམ་བྱེད་ཁྱེད་ལ་མཆོད་པ་འབུལ། །ༀ་ན་མ་ས་མནྟ་བུ་ཏ་ནན། བི་མ་ལ་ཨགྣེ་ཡེ་སྭཱ་ཧཱ། ཞེས་བརྗོད་དེ་ཚིལ་ཆེན་གྱི་མར་སྦྲེང་ངོ་། །དེ་ནས་གཏོར་མའི་རྫས་དབུལ་ཏེ། ཧཱུྃ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །མཉམ་པའི་ངང་ལས་ཀུན་སྣང་ཡང་། །ཆོས་ཉིད་ངང་ལས་མ་གཡོས་པས། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་འདིར། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འདི། །དྲང་སྲོང་མེ་ལྷའི་ཞལ་དུ་མཆོད་པ་འབུལ། །བདག་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ན་མ་ས་མནྟ་བུ་ཏ་ནན་སརྦ་པཉྩ་ཨ་མྲི་ཏ་བ་ལིངྟ་ཨགྣ་ཡེ་སྭཱ་ཧཱ། དྲུག་པ། དེ་ནས་མེ་འབར་བར་བྱ་བའི་རྫས་བུད་ཤིང་དབུལ་ཏེ། ༀ་ཁྲེ་ཏེ་ཧ་ན་བཛྲ་ཡེ་སྭཱ་ཧཱ། བདུན་པ། དེ་ནས་སྡིག་པ་སྦྱོང་བའི་རྫས་ཏིལ་ལ་བཟླས་ཏེ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ལ། བདག་ཅག་རྡོ་རྗེ་སློབ་དཔོན་དང་། མཆེད་ལྕམ་དྲལ་གསང་མཚན་མིང་གིས་བསྡུས་པ་རྣམས་ཀྱི་ལས་དང་ཉོན་མོངས་པ་ལས་གྱུར་པའི་སྡིག་སྒྲིབ་པ་མ་ལུས་པ་ཐམས་ཅད་སྦྱོང་དུ་གསོལ་ལོ། །ཞེས་བྱས་ཏེ་ཐབ་ཁུང་དུ་གཏོར་རོ། །བརྒྱད་པ། དེ་ནས་ཉུངས་ཀར་ལ་སྔགས་བཟླས་ཏེ། དགྲ་བགེགས་གང་ལ་བྱ་བའི་ཕྱོགས་སུ་གཏོར་ཏེ། དགྲ་བགེགས་བཀུགས་ལ་གཟུགས་ལ་དབབ་པ་དང་། དེ་ལ་ཕུར་པས་བཏབ་སྟེ། མཚོན་ཆའི་ཆར་ཕབ་ནས་དུམ་བུར་བྱས་ཏེ་དབུལ་བར་བྱ་བ་ཡིན་ནོ། །དགུ་པ། དེ་ཀུན་གྱི་མཐར་བསྟོད་པ་བྱ་སྟེ། ཧཱུྃ། མེ་ལྷའི་རྒྱལ་པོ་དྲག་སྲོང་མཆོག །བདུད་བཞི་འཇོམས་པའི་ཕྱག་བཞི་པ། །ཞལ་བཞིས་ལས་བཞི་གྲུབ་པར་བྱེད། །ལས་ཀུན་མཛད་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་པའི་རྗེས་ལ། རིག་པའི་རྒྱལ་པོ་དྲང་སྲོང་མེ་ལྷ་ཆེན་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས། །བསྲེག་རྫས་ལྷའི་ཞལ་དུ་དབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབ་པ་དང་། བདག་ཅག་གི་ཕྲིན་ལས་ཐམས་ཅད་གྲུབ་པར་མཛད་དུ་གསོལ་ལོ། །བཅུ་པ། དེ་ལྟར་མེ་ལྷ་མཆོད་པའི་སྐབས་འདིར་དོན་མན་ངག་གི་དབྱེ་བ་གསུམ་སྟེ། དང་པོ་མེ་ལྷ་དེ་ཉིད་ལ་གཉིས་སུ་ཕྱེ་སྟེ། ཡེ་ཤེས་ཀྱི་མེ་ལྷ་ཤར་ལྷོའི་མཚམས་སུ་གཤེགས་སུ་གསོལ་ཏེ་དཔང་པོ་ལྟ་བུར་བཞུགས་ལ། དམ་ཚིག་གི་མེ་ལྷ་འོད་དུ་འབར་ནས་ཐབས་ཁུང་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་དུ། དཀྱིལ་འཁོར་གྱི་ལྷ་རྣམས་དེར་སྤྱན་དྲངས་ཏེ་མཆོད་པར་བྱ། ཞེས་རྒྱུད་ལུང་ཁ་ཅིག་ལས་བཤད་དོ། །གཉིས་པས་ནི། མེ་ལྷ་དེ་ཉིད་ཀྱི་ཐུགས་ཀ་རུ། བླ་གམ་དབང་གི་གཞལ་ཡས་ཁང་དུ་བསྐྱེད་ལ། དེར་སོ་སོའི་ཡིག་འབྲུ་ལས་ལྷ་རྣམས་སོ་སོར་བསྐྱེད་དོ། །ལྷ་རྣམས་སྤྱན་དྲངས་ཤིང་བསྟིམས་ལ། དེ་ལ་མཆོད་པ་བྱའོ། །གསུམ་པས་ནི། འབྱུང་བའི་མེ་དང་། དམ་ཚིག་གི་མེ་དང་། ཡེ་ཤེས་ཀྱི་མེ་ལྷ་དབྱེར་མེད་པ་དེ་ལ་མཆོད་བསྟོད་བྱས་ནས། དེ་ལ། ༀ་ཛྙཱ་ན་ཛྭ་ལ་རཾ། ཞེས་བརྗོད་པས། མེ་ལྷ་ཉིད་ཐུགས་རྗེའི་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་དུ་དཔལ་ཁྲག་འཐུང་གི་ལྷ་རྣམས་སྤྱན་དྲང་ཞིང་བཞུགས་པ་ལ། མཆོད་༤༽པའི་རྫས་ཕུལ་ཏེ་མཉེས་པར་བྱ་བ་ནི། དང་པོ་ལ་མཆོད་པ་རྣམ་པ་ལྔ་དབུལ། དེ་ནས་མར་དབུལ། དེ་ནས་གཏོར་མ་དང་། ལྷ་རང་རང་གི་དཀྱིལ་འཁོར་དུ་བཀོད་པའི་རྫས་དབུལ་བ་ནི། གོང་དུ་སྨོས་པའི་བསྟོད་པ། མི་གནས་ཡེ་ཤེས་ཆོས་སྐུར་དག་པ་ལ། །ཞེས་བྱ་བ་ལ་སོགས་པའི་མཇུག་ཏུ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི། ཞེས་པའི་ཚིག་བཞི་པ་རེར་བསྡེབས་ཏེ་མཆོད་པ་བྱའོ། །དེ་ལ་དོན་གྱི་དགོངས་པ་ནི། འབྱུང་བའི་མེ་ནི་ལུས་ལྟ་བུ། མེའི་ལྷ་ནི་དབང་པོ་ལྟ་བུ། དེ་ལ་བརྟེན་པའི་མཆོད་པའི་ལྷ་ནི་རྣམ་པར་ཤེས་པ་ལྟ་བུའོ། །མཆོད་པའི་རྫས་ནི་ཁམས་ཀྱི་ཟས་ལྟ་བུའོ། །ཚུལ་འདི་ལྟ་བུའི་སྒོ་ནས་མཆོད་པར་བྱས་པས། ཡེ་ཤེས་ཀྱི་ལྷ་རྣམས་མཆོད་པས་མཉེས་པར་བྱ་བ་ཡང་ཡིན། གཏོང་རག་གཏོང་བའི་ཚུལ་ཡང་ཡིན། ཚོགས་བསགས་པ་ཡང་ཡིན། སྡིག་སྒྲིབ་སྦྱོང་བའང་ཡིན། དངོས་གྲུབ་བརྟན་པར་བྱ་བའང་ཡིན་ནོ། །ཡོན་ཏན་ལྔའོ། །སྦྱིན་སྲེག་ཟིན་པ་དང་། ཐབ་ཁུང་ལ་བསྐོར་བ་བྱས་ནས། ལྷ་ལ། སྒྱུ་འཕྲུལ་ནས་གསུང་བའི། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །ཞེས་བྱ་བ་ལ་སོགས་པའམ། ཐབས་ཞགས་ནས་འབྱུང་བ། བསྐལ་པ་མེ་ལྟར་འབར་བ། ཞེས་པ་ལ་སོགས་པས་བསྟོད་དེ། ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་བསྡུས་ལ་ཐབས་ཁུང་དུ་ཕྲིན་ལས་རྣམ་བཞིའི་བྲོ་བརྡུང་ངོ་། །བསྒྲུབ་པའི་གཏོར་མ་ཆ་བར་པ་ལ། ཧེ་རུ་ཀ་ལས་༢༽ཀྱི་བཟླས་པ་བྱ་བ་དང་། ལྷག་༣༽ཕུད་བསྲེས་ཏེ་མཁའ་འགྲོ་མ་བསྐྱང་བ་ལྷག་མའི་ཆོ་ག་རྒྱས་བསྡུས་བྱ་བ། ནི། ལས་ཁ་ཚར་ལས་ཤེས་པར་བྱའོ། །སྒྲུབ་པའི་གཏོར་མ་ཆ་ཐ་མ་ལ་མི་ཟད་པའི་གཏེར་སྦ་༤༽བ་ནི། དགུ་ལས། དང་པོ་ནི། འཁོར་བའི་ཆོས་སྲིད་པའི་གཏོས་སུ་སྣང་བ་ཐམས་ཅད་ཡུམ་དབྱིངས་ཕྱུག་མའི་དབྱིངས་སུ་སྦས་པ་དང་། གཉིས་པ། དམ་རྫས་བདུད་རྩིར་སྦ་བ་དང་། གསུམ་པ། ཡབ་ཀྱི་བྱང་ཆུབ་ཀྱི་སེམས་ཡུམ་གྱི་དབྱིངས་སུ་སྦ་བ་དང་། བཞི་པ། ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ལུས་ལ་སྦ་བ་དང་། ལྔ་པ། རྫས་ཀྱི་དཀྱིལ་འཁོར་འོག་མིན་དུ་སྦ་བ་དང་། དྲུག་པ། སྣང་སྲིད་ཡུམ་གྱི་དབྱིངས་སུ་སྦ་བ་དང་། བདུན་པ། ཆོས་ཐམས་ཅད་ཆོས་ཉིད་དུ་སྦ་བ་དང་། བརྒྱད་པ། ཧེ་རུ་ཀའི་ཞལ་ཡེ་ཤེས་ཀྱི་ཧོམ་དུ་སྦ་བའོ། །དགུ་པ། དེ་ལ་དུས་གསུམ་འདུ་འབྲལ་མེད་པར་སྨོན་ལམ་གདབ་པ་སྟེ། ཧེ་རུ་ཀའི་གལ་པོ་ལས། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྐུ་མཆོག་བྱང་ཆུབ་སེམས་སུ་རབ་ཞུགས་པ། །སྣང་སྲིད་ཐམས་ཅད་མི་རྟག་དུས་བྱུང་ན། །ཟད་མེད་མི་ཟད་གཏེར་གྱི་མདུན་ནས་བསུས། །སྐྱེ་ཤི་མེད་པའི་ཚེ་དང་འཕྲད་པར་ཤོག །དུས་གསུམ་སྐུ་གསུང་ཐུགས་སུ་གཏེར་སྦས་པས། །དུས་གསུམ་རྣམ་པར་དག་པ་སྐུ་གསུམ་དང་། །སྐུ་གསུམ་འགྱུར་པ་མེད་པ་ཐིག་ལེའི་གཏེར། །རང་ལ། རྫོགས་པ་ཆེན་པོ་ཐིག་ལེ་བདེ་ཆེན་ཀློང་། །ཐིག་ལེ་ཉག་གཅིག་བདེ་ཆེན་ཀློང་དུ་གཏེར་སྦས་པས། །སྣང་སྲིད་ཐམས་ཅད་བདེ་ཆེན་ས་ལ་བཀོད། །ལམ་གྱི་ནང་ན་ཉེ་ལམ་བདེར་རྫོགས་པ། །ཐབས་ཀྱི་ནང་ན་མ་ནོར་དམ་པའོ། །ཟག་མེད་བྱང་ཆུབ་སེམས་ཀྱི་གཏེར་སྦས་པས། །དུས་གསུམ་སངས་རྒྱས་སེམས་ཅན་གཉིས་མེད་དེ། །མི་ཟད་གཏེར་གྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ལ་དཀྱིལ་འཁོར་༥༽བསྡུ་བ་དང་། །ཞེས་སྨོས་པ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྡུ་བ་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་བསྡུ་བ་དང་གཉིས། དང་༡༽ པོ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྡུ་བ་དང་། བཟོད་པར་གསོལ་བའོ། །དེ་ལ་༡༽དཀྱིལ་འཁོར་བསྡུ་བ་ནི། ཧཱུྃ། ཡེ་ཤེས་སེམས་དཔའི། ཐུགས་ཀའི་ཧཱུྃ་ལས་ནི། །འོད་བྱུང་དཀྱིལ་འཁོར་ལྷ་ལ་འཕྲོས། །ལྷ་རྣམས་བྱང་སེམས་འོད་དུ་འབར། །ལྷ་རྣམས་སོ་སོའི་སྙིང་པོའི་སྒྲ། །ཧཱུྃ་ཧ་ཧེ་ཕཊ་ཅེས་སྒྲ་འབྱིན་ཅིང་། །བྱང་ཆུབ་སེམས་སུ་གཅིག་པར་ཐིམ། །ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་དེ། ཁྲོ་བོ་བཅུ་རང་སྒྲ་དང་ཆས་ནས། དབང་མོ་ལ་ཐིམ། དབང་མོ་སྒོ་མ་བཞི་ལ་ཐིམ། སྒོ་མ་བཞི་རང་སྒྲ་དང་ཆས་ནས་སིང་ཧ་བརྒྱད་ལ་ཐིམ། སིང་ཧ་བརྒྱད་རང་སྒྲ་དང་ཆས་ནས་ཀེའུ་མ་བརྒྱད་ལ་ཐིམ། དེ་ཡུམ་ལ་ཐིམ། ཡུམ་ཡང་ཡབ་བདག་ཉིད་ལ་ཐིམ། བདག་ཀྱང་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡེ་ཤེས་སེམས་དཔའ་ཡང་ཐུགས་མཚན་དང་ཧཱུྃ་ལ་ཐིམ། ཧཱུྃ་ཡང་མས་རིམ་གྱིས་ཞབས་ཀྱུ་ལ་ཐིམ། ཞབས་ཀྱུ་འ་ལ་ཐིམ། འ་ཧ་ལ། ཧ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ་ཐིམ་སྟེ། མི་དམིགས་པར་གྱུར་ནས། རྟག་མཐའ་ལ་མི་གནས་ཕྱིར། སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་སུ་གྱུར་པར་བསྒོམ་མོ། །ཆད་པའི་མཐའ་ལ་མི་གནས་ཕྱིར། དེའི་ངང་ལས། དེ་ནས་སྙིང་པོ་དྲན་ཙམ་གྱིས། །གསུང་གི་ཕྱག་རྒྱ་འོད་དུ་འབར། །གསུང་ཡིག་འབྲུ། དེ་ལས་ཐུགས་ཀྱི་ཕྱག་རྒྱར་འབར། །ཕྱག་མཚན། དེ་ལས་དཔལ་ཆེན་ཁྲག་འཐུང་སྐུ། །ཡོངས་རྫོགས། ཞེས་པས། དཔལ་ཆེན་པོའི་སྐུར་ཡང་གསལ་བར་བསྐྱེད་དོ། །དེ་ནས་༢༽བཟོད་པར་གསོལ་བ་ནི། བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་ལྕམ་དྲལ་འདིར་འདུས་ཤིང་ཚོགས་པ་རྣམས་ཀྱིས། དེང་ཕན་ཆད་དུ་བསྙེན་བསྒྲུབ་ཟབ་མོ་ཚུལ་བཞིན་དུ་སྦྱོང་བ་ལས། ཚུལ་བཞིན་དུ་རྔོ་མ་ཐོགས་ཏེ། ལྟ་བ་ཟབ་མོའི་གཏིང་མ་རྟོགས་ཤིང་། སྤྱོད་པ་ཟབ་མོ་དང་དུ་མ་ལོངས་པ། ལེ་ལོ་དང་གཉིད་དབང་དུ་གྱུར་ནས་ཏིང་ངེ་འཛིན་མ་གསལ་ཞིང་། བཟླས་པ་གྲངས་ཉུང་བ། རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་ཉམས་ཤིང་། དངོས་གྲུབ་ཀྱི་གེགས་སུ་གྱུར་པ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་བཟོད་པར་གསོལ་ལོ། །ཞེས་བྱ། །དེ་ནས་༢༽གཟུགས་བརྙན་གྱི་དཀྱིལ་འཁོར་བསྡུ་བ་ནི། ཧེ་རུ་ཀའི་གལ་པོ་ལས་འདི་སྐད་དུ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །འཕྲུལ་ཞལ་ཡིད་བཞིན་ནོར་བུ་འདྲ་བ། བྷནྡྷའི་རྫས་མཆོག་འདི། ཁམས་གསུམ་བསྒྲལ་བའི་དམ་རྫས་ཤ་ཆེན་དང་། །མ་རིག་མུན་སེལ་མར་མེ་དགུ་པ་གསུམ། །འདི་ལ་བརྟེན་ཏེ་ལྷ་དང་དངོས་གྲུབ་བསྒྲུབ། །མཆོད་པ་ཅི་འབྱོར་ཕུལ་ནས་སྒྲིབ་པ་སྦྱོངས། །འཁོར་བ་ངན་སོང་རྣམས་ཀྱང་བསྒྲལ་ལགས་ལ། །དུས་གསུམ་རྒྱལ་བ་རྣམས་ཀྱང་མཆོད་ལགས་ལ། །མ་སྲིང་རྒྱ་མཚོ་རྣམས་ཀྱང་བརྟེན་ལགས་ལ། །མི་གནས་ཡེ་ཤེས་ཐུགས་ཀྱང་བསྒྲུབ་ལགས་ལ། །དངོས་གྲུབ་དབྱིག་མཆོག་རྣམས་ཀྱང་བླངས་ལགས་ཀྱིས། །དངོས་གྲུབ་མཆོག་ཐོབ་དཀྱིལ་འཁོར་གནས་འདི་ནས། །ཡེ་ཤེས་ལྷ་དང་སྲུང་མ་འཁོར་དང་བཅས། །དང་པོ་གནས་འོག་མིན་དང་ཆོས་ཀྱི་དབྱིངས་སུ་གཤེགས། །ནམ་ཞིག་བདག་གི་དམ་བཅས་བསྒྲུབ་པ་ལ། །ཁྱེད་ཀྱི་ཐུགས་དམ་མཆོག་ཀྱང་དེ་ལགས་ལ། །མྱུར་བར་སླར་གཤེགས་པར་ཡང་དགོངས་སུ་གསོལ། །ཞེས་བརྗོད་ལ། དཀྱིལ་འཁོར་གྱི་རྫས་རྣམས་བསྡུ་ཞིང་སྦ་བ་དང་། ས་ཚོན་རྣམས་ཀྱང་ཕྱག་གོ། །དེ་ནས་སྨོན་ལམ་༦༽གདབ་པ་ལ་གཉིས་ཏེ། ཡབ་༡༽ ཀྱིས་བྷནྡྷ་ཕྱག་ཏུ་བཞེས་ལ་གདབ་པ་ནི། དེ་ཡང་རྒྱུད་ལས་འདི་སྐད་དུ་འབྱུང་སྟེ། ཧཱུྃ། མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ། །འགྱུར་བ་མེད་པ་ལྷུན་གྱིས་གྲུབ་པ་དང་། །རབ་འབྱམས་རྒྱལ་བའི་བཀའ་ལ་དབང་ཐོབ་ནས། །འགྲོ་བ་ཡོངས་ཀྱི་དཔལ་དུ་གྱུར་བར་ཤོག །དེ་ལྟ་བུ་ཡི་མན་ངག་ལུང་སྟོན་པའི། །བཀའ་དྲིན་ཆེན་པོ་དགེ་བའི་བཤེས་གཉེན་དང་། །དམ་ཚིག་སྲོག་གི་བསྡུས་པའི་མཆེད་ལྕམ་རྣམས་འོག་མིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་སུ། །དུས་གསུམ་འདུ་འབྲལ་མེད་པར་འགྲོགས་པ་དང་། །གསང་བ་ཆེན་པོ་ཐུགས་ཀྱི་དཀྱིལ་འཁོར་དུ། །དུས་གསུམ་འདུ་འབྲལ་མེད་པར་འགྲོགས་པར་ཤོག །ཅེས་སྨོན་ལམ་གདབ་བོ། །དེ་ནས་ཡུམ་༢༽གྱིས་མར་མེ་ཕྱག་ཏུ་བཞེས་ལ། མར་མེའི་སྨོན་ལམ་གདབ་པ་ནི། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །རྡོ་རྗེ་སློབ་དཔོན་གཉེན་གྱིས་དབུ་བཟུང་ནས། །རྒྱལ་བའི་གདུང་འཚོབ་མཆེད་དང་ལྕམ་དྲལ་རྣམས། །ནམ་ཞིག་བྱང་ཆུབ་ལམ་དུ་ཞུགས་པའི་ཚེ། །འཁོར་བའི་གཡང་ས་ཆེན་པོར་མི་བཏང་ཞིང་། །དམྱལ་བའི་ཟངས་ཁར་རྦབ་ཏུ་མི་བཏང་ཞིང་། །གཅོང་རོང་ཟབ་མོའི་གནས་སུ་མི་སྐྱེ་ཞིང་། །མངལ་གྱི་སྲིན་བུ་དག་ཏུ་མ་སྐྱེ་ཞིང་། །གཅན་གཟན་གདུག་པའི་སྒྲ་སྐད་མི་ཐོས་ཤིང་། །མཚོན་རྣོན་གདུག་པའི་དབལ་གྱིས་མི་ཕོག་ཅིང་། །འཁོར་བའི་མུན་ནག་ཆེན་པོར་མི་བཏང་ཞིང་། །དགེ་བའི་བཤེས་གཉེན་བཀའ་དྲིན་བྱམས་པའི་མགོན། །མི་འབྲལ་སྲོག་གི་འབྲེལ་བའི་མཆེད་ལྕམ་རྣམས། །ཚེ་རབས་འདི་ནས་ཚེ་རྒྱུད་གར་སྐྱེས་ཀྱང་། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུའི་ཁྱད་པར་རིམ་གྱིས་བགྲོད་གྱུར་ནས། །ནམ་ཞིག་འཆི་འཕོས་དུས་ཚེ་བྱུང་བ་ན། །འཁོར་བའི་གཡང་ས་ཆེན་པོ་ལྟུང་སྲིད་པས། །སྣང་བའི་གོ་འབྱེད་གསལ་བའི་ཞུན་མར་འདིས། །སྒྲུབ་མཆོག་བདག་ཅག་རྣམས་ཀྱི་ཤུལ་མཚོན་ནས། །རྒྱལ་བ་རྒྱ་མཚོའི་ཚོས་ཀྱིས་མདུན་ནས་བསུས། །ཡི་དམ་རྒྱལ་བའི་ལྷས་ནི་སྲོག་བརྟེན་ནས། །མ་སྲིང་རྒྱ་མཚོའི་ཚོགས་ཀྱིས་ཤུལ་ནས་བསྐྱོལ། །བྱང་ཆུབ་སེམས་དཔའ་བརྒྱད་ཀྱིས་མཐའ་བརྟེན་ཏེ། །བྱང་ཆུབ་སེམས་མ་རྣམས་ནི་རོལ་མོ་འབུལ། །ལྕང་ལོ་ཅན་གྱི་གནས་སུ་ཕྱིན་པའི་ཚེ། །རྡོ་རྗེའི་ཁྲོ་རྒྱལ་རྣམས་ཀྱི་ཞལ་མཐོང་ནས། །རིག་པའི་རྒྱལ་པོའི་ཞབས་དྲུང་སྐྱེས་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་སུ་གྲུབ་པར་ཤོག །ཅེས་བརྗོད་དོ། །དེ་ནས། བཀྲ་ཤིས་༧༽བརྗོད་པ་ནི། སྒྲུབ་པ་པོ་ཀུན་གྱིས་གོས་བཟང་པོ་གྱོན་ཏེ། ཞལ་ཟས་ཕུན་སུམ་ཚོགས་པ་ཐོགས་ལ། འདི་སྐད་དུ་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་མཆོག་ཤེས་རབ་ཏིང་འཛིན་གྱིས། །ཉོན་མོངས་བདག་འཛིན་རྣམ་རྟོག་ཀུན་སྤངས་ནས། །བདག་ཉིད་ཆེན་པོ་ཆོས་ཉིད་ཀྱི་དོན་ལ་རབ་བསྒོམ་པས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྡོ་རྗེ་སེམས་དཔའི་སྤྲུལ་པ་སྐར་ལྟར་འཕྲོ་བ་ཡི། །ཟ་བྱེད་བདུད་འདུལ་ལོག་རྟོག་ཀུན་བཏུལ་ནས། །བླ་མེད་བྱང་ཆུབ་མཆོག་ལ་བཀོད་པ་ཡིས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཞི་རྒྱས་དབང་དང་མངོན་སྤྱོད་ཕྲིན་ཀྱིས། །རྒྱུད་དྲུག་སེམས་ཅན་མ་ལས་ཀུན་བསྒྲལ་ཏེ། །བླ་མེད་བྱང་ཆུབ་མཆོག་ལ་བཀོད་པ་ཡིས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀའ་གསང་སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་རུ། །རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་གྱི། །ཐུགས་དམ་ཆེན་པོ་ཡོངས་སུ་བསྐང་བ་ཡིས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་དོ། །དེ་ནས་༨༽བྲོ་བརྡུང་བ་ནི། མ་སྲིང་རྒྱ་མཚོ་རྣམས། གོང་དུ་མཚན་མ་མེད་པའི་ངང་དུ་བསྡུས་ཤིང་གཤེགས་སུ་གསོལ་བ་རྣམས། སླར་ལ་བརྟེན་ཅིང་དེ་དག་དགའ་བར་བྱ་བའི་ཕྱིར། མཁའ་འགྲོ་རྒྱ་མཚོས་བརྟེན་ཅིང་བྲོས་བསྐོར་བ་ལ་ཡང་། ཧེ་རུ་ཀའི་གལ་པོ་ལས། མཁའ་འགྲོ་རྒྱ་མཚོ་བརྟེན་པ་དང་། །མ་སྲིང་རྒྱ་མཚོ་བསྙེན་པའི་ཕྱིར། །བྲོ་དང་གླུ་དང་རྔ་ལ་སོགས། །རྩེད་འཇོ་མང་པོ་ལུགས་བཞིན་བྱ། །ལྟ་བ་དྲན་པར་བྱ་བའི་ཕྱིར། །གླུ་ནི་འདུ་འབྲལ་མེད་པར་བླངས། །བདུད་རྣམས་རྟག་ཏུ་འདུལ་བའི་ཕྱིར། །བྲོ་ནི་བར་ཆད་མེད་པར་བརྡུངས། །དཀྱིལ་འཁོར་རང་ལ་གསལ་བའི་ཕྱིར། །ཚིག་ནི་སྙིང་པོ་འཛབ་ཏུ་བཟླས། །དེ་ཕྱིར་གླུ་བྲོ་རྒྱུན་མི་གཅད། །ཞེས་འབྱུང་བས། བར་འདིར་རུ་ལུ་གླུ་གར་གྱི་བྲོ་བརྡུང་བ་དང་། གླུ་དྲུག་བླངས་པ་བྱས་ལ། མ་སྲིང་མཁའ་འགྲོ་རྒྱ་མཚོ་རྣམས། །གཏན་དུ་གཤེགས་པ་མ་ལགས་ཏེ། །སླར་ཡང་སེམས་ཅན་དོན་དུ་གཤེགས། །དཀྱིལ་འཁོར་གཞལ་ཡས་བསྲུང་དུ་གསོལ། །ཞེས་བརྗོད་དོ། །དེ་ནས་༩༽དགེ་བའི་རྩ་བ་བསྔོ་བ་ནི། བདག་དོན་དང་གཞན་དོན་དུ་བསྔོ་བ། ཧཱུྃ། བདག་གིས་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་ཐབས། །སྐུ་གསུང་ཐུགས་ཀྱིས་བརྣག་པའི་དོན་བསྡུས་འདི། །ཕལ་གྱི་སྤྱོད་ཡུལ་ཐུན་མོང་མ་ལགས་ཏེ། །བློ་ཞན་བདག་གིས་མངོན་སུམ་ཚད་མར། མ་གྱུར་ཀྱང་། །དགོངས་པ་གཉིས་སུ་མེད་པར། འགྲེལ་བའི་ལུང་ལ་བརྟེན་པའི་ཉམས། །རྩེ་གཅིག་རང་སེམས་དཔང་དུ་བཙུགས་ནས་ནི། །ཡང་ནས་ཡང་དུ་སེམས་ལ་བརླན་པ་དང་། །ལུས་དང་སྲོག་གི་ཕྱིར་ཡང་མི་བཏང་ཞིང་། །བསྐལ་པ་ཐོག་མ་མེད་པ་ཚུན་ཆད་ནས། །ད་ལྟ་ཕན་ཆད་དགེ་བ་ཅི་བསགས་པ། །དེ་དག་མ་ལུས་གཅིག་ཏུ་བསྡུས་ནས་ནི། །བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ལྟར་བསྔོ་བའི་དགེ་བའི་རྩ་བ་དེས། །འཕགས་པ་ཀུན་ལ་མཆོད་པའི་སྤྲིན་འབྱུང་སྟེ། །བདག་དང་གཞན་གྱི་དགོངས་པ་མཐར་ཕྱིན་བསྔོ། །ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས། །མངོན་དུ་མི་འགྱུར་བག་ཆགས་ཀུན་བྱང་ནས། །མཚན་མར་མི་ལྡོག་མངོན་པར་རྫོགས་པར་བསྔོའོ། །ཉམ་ཐོས་རང་རྒྱལ་ཆོས་ལ་བདག་མེད་ཅིང་། །བསྟི་གནས་ས་ལ་ངེས་པར་ཕྱིན་པར་བསྔོའོ། །ངན་སོང་མི་ལྡོག་མངོན་པར་མཐོ་བ་དང་། ཁམས་གསུམ་སེམས་ཅན་སྒྲིབ་པ་ཀུན་བྱང་སྟེ། །ཕན་ཡོན་རྒྱུད་གཞུང་མདོ་ལས་ཇི་ལྟར་འབྱུང་བ་བཞིན། །མཐའ་ཡས་སེམས་ཅན་རྣམས་ཀྱིས་ཐོབ་པར་ཤོག །དེ་ལྟར་བསྔོས་པའི་དགེ་བའི་རྩ་བ་དེ། །བདག་གི་ལུས་སེམས་རྒྱུད་ལ་ཡོངས་སྨིན་ཏེ། །ཚེ་རབས་བགྲངས་པའི་སྡིག་པ་ཀུན་བྱང་ནས། །གསང་སྔགས་སྡོམ་དང་དམ་ཚིག་ཚུལ་ཁྲིམས་དང་། །ཉམས་པ་བསྐངས་ཤིང་ལེགས་པར་སོར་ཆུད་ནས། །བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་བསྔོའོ། །དེ་ལྟར་བསྔོས་པའི་དགེ་བའི་རྩ་བ་དེས། །གལ་ཏེ་ཚེ་ཡི་འདུ་བྱེད་གྱུར་པ་ན། །སྐྱེ་བ་ངན་པས་བར་ནི་མི་ཆོད་ཅིང་། །ཚེ་རབས་ཀུན་ཏུ་སྐྱེ་བ་དྲན་པ་དང་། །བདག་དང་གཞན་གྱིས་དོན་ལ་མཐུན་སྤྱོད་པའི། །མཐུ་དང་དབང་ཡང་ངེས་པར་ཐོབ་གྱུར་ནས། །མཐར་ཡང་ངེས་པར་རྫོགས་པར་སངས་རྒྱས་ནས། །མཐའ་ཡས་སེམས་ཅན་རྣམས་ཀྱི་དཔལ་དུ་ཤོག །དེ་ནས་༡༠༽མ་དག་པ་བཤགས་པ་ནི། རྡོ་རྗེ་སློབ་དཔོན་དང་མཆེད་དང་ལྕམ་དྲལ་གྱིས་བཤགས་ཤིང་གནང་བ་སྩལ་ཏེ། མཆེད་ནང་མ་བཤགས་ན། རྡོ་རྗེ་སློབ་དཔོན་ལ་མི་ཚངས་པས། མཆེད་ཚོ་གཉིས་སུ་ཆད་ལ། མཆེད་ཚོ་གཅིག་ནས། ཧཱུྃ། ཐམས་ཅད་མ་ལུས་མཆེད་ལྕམ་དྲལ། །རྡོ་རྗེ་འབར་བའི་ལུ་གུ་རྒྱུད། །ཅིས་ཀྱང་མི་ཕྱེད་འབྲེལ་བ་ལ། །རྣལ་འབྱོར་པ་ཡི་ཕྱག་རྒྱས་འབྲེལ། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །ཐུགས་དམ་གཞུང་བཞིན་མ་འབྲེལ་ཞིང་། །དཀྱིལ་འཁོར་གཅིག་དང་བླ་མེད་བསྒྲུབས། །ལྷན་ནེ་ལྷན་ནེ་འགྲུབ་པར་ཤོག །རང་བཞིན་དག་པས་ཚངས་པར་གསོལ། །ཞེས་བཤགས་པ་དང་། ཡང་མཆེད་ཚོ་གཅིག་ནས། ཧོཿ ཡི་དམ་ལྷ་མ་གསལ་བར་བསྒོམས་སམ། མཆེད་ལྕམ་དྲལ་ལ་ངན་སེམས་སམ། འཕྱ་སེམས་མ་སྐྱེད་དམ། མ་བསྐྱེད་ནའང་ཚངས་པར་གྱུར་ཅིག །ཅེས་བྱ། ཡང་མཆེད་ཚོ་གཅིག་ལ། ཐམས་ཅད་མ་ལུས་མཆེད་ལྕམ་དྲལ། །མཉམ་ལ་མི་མཉམ་དོན་གཅིག་སྟེ། །ལེགས་ནོངས་རྣམ་པར་དབྱེར་མེད་ཀྱང་། །རྣམ་པར་དག་པའི་སྒོ་ཙམ་དུ། །གཞུང་ལས་འགལ་བ་ཅི་མཆིས་དང་། །ཐུགས་དང་འགལ་བ་ཅི་མཆིས་པ། །རྣམ་པར་དག་པའི་སེམས་ཀྱིས་མཐོལ། །དོན་གྱིས་དམིགས་ནས་ཚིག་གིས་བཤགས། །འཛིན་ཆགས་མེད་པར་བཟོད་པར་གསོལ། །རང་བཞིན་དག་པས་ཚངས་པ་སྩོལ། །ཡང་གཅིག་གིས་གང་སྐད་བརྗོད་དེ། དེ་ནས་མཆེད་ཚོ་གཉིས་པོས། རྡོ་རྗེ་སློབ་དཔོན་ལ་བཤགས་པ་དབུལ་ཏེ། རྡོ་རྗེ་སློབ་དཔོན་དཔལ་དང་ལྡན། །འཕགས་པའི་སྐུ་དང་ཐ་མི་དད། །ཞལ་ནས་གསུངས་པ་རྒྱལ་པའི་བཀའ། །སྙན་ཁུང་བརྒྱུད་པ་མན་ངག་ལུང་། །སྐུ་གསུང་ཐུགས་ཀྱང་རྡོ་རྗེར་འགྱུར། །འཇིག་རྟེན་རྗེ་དང་ཕ་མའི་ཚུལ། །ཁྱད་པར་རིམ་པས་འཕགས་པ་ལ། །བཀུར་བསྟི་རིམ་གྲོ་རྔོ་མ་ཐོགས། །ལྟུང་བའི་གནས་སུ་མི་འགྱུར་ཞིང་། །ཚངས་པ་མོད་ལ་བསྩལ་དུ་གསོལ། །ཅེས་བཤགས་སོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ཚངས་པ་མ་བསྩལ་ནས། དམ་ཚིག་ཉམས་ན་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མི་ཐོབ་པས། དེ་ལ་ཚངས་པ་བསྩལ་བ། ཧོཿ རིགས་ཀྱི་བུ་རྣམས་ཀྱིས་སྔར་ནོངས་པ་དྲན་ནམ། བར་དུ་རྗེས་སུ་འགྱོད་དམ། སླན་ཆད་ཞུགས་པར་བསྡོམ་མམ། དེ་ལྟར་ནོངས་པ་དྲན། བར་དུ་རྗེས་སུ་འགྱོད། སླན་ཆད་ཞུགས་པར་བསྡོམ་ན། བྱིན་དུ་སྒྲིབ་པ་མི་མངའ་ན། གལ་ཏེ་མངའ་བར་གྱུར་ཡང་སྟོན་གྱི་བ་མོ་དཔྱིད་ཀྱི་ཉི་མས་བཞུབ་བཞིན་དུ་བྱང་ཞིང་དག་པར་གྱུར་ཅིག །དེ་ལྟར་གྱུར་པའི་བདེན་པའི་བྱིན་རླབས་ཀྱིས་རྡོ་རྗེ་སློབ་དཔོན་ཡང་བསྟན་པའི་སྒྲོན་མེ་ཡུན་རིང་དུ་གནས་པར་གྱུར་ཅིག །རྡོ་རྗེའི་མཆེད་ལྕམ་དྲལ་ཡང་མི་ནུབ་པའི་རྒྱལ་མཚན་ལ་མི་འགྱུར་བའི་གཡུང་དྲུང་རིན་པོ་ཆེའི་དཔུང་རྒྱན་ལྟར་དར་ཞིང་རྒྱས་པར་གྱུར་ཅིག །བཞི་པ། དེ་ནས་རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་དྲལ་ཀུན་གྱིས། དཀྱིལ་འཁོར་གྱི་ལྷ་ལ་མ་བཤགས་ན་དངོས་གྲུབ་མི་ཐོབ་པས། ཀུན་གྱིས་མཎྜལ་སྤྱི་བོ་ལ་བླངས་ལ། པདྨ་རཱ་ག་ནིརྨ་ལ། སྤྲུལ་པར་འབྱུང་བ། ཀ་མ་ལ་མུགྟ་ནི། ཚོགས་པ་སྡོམ་པ། ལོ་ཀ་བྷནྡྷ་མི། འཇིག་རྟེན་འཆིངས་པ། སརྦ་པཱུ་ཙ་ཏེ། ཐམས་ཅད་མཆོད་པ། ཆོས་ལ་ཆགས་ན་ཆགས་པ་སྟེ། ཡུམ་ལ་ཆགས་པ་ཆགས་པའི་མཆོག་གོ། །ཁྲོ་བོའི་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་ན་ཕྱག་རྒྱ་ཆེན་པོ་སྟེ། །སྔ་དམ་གཉན་པོ་ཉམས་པ་མཐོལ་ཞིང་བཤགས། །ཕྱི་དམ་གཉན་པོ་ནོད་ཅིང་སྡོམ། །བདག་ཅག་གཡར་དམ་སྐོང་གྱུར་ཅིག །ཧོཿ ལས་ཐམས་ཅད་དབང་དུ་གྱུར་ཅིག །དབང་དངོས་གྲུབ་ཏུ་གྱུར་ཅིག །ལྔ་པ་གྱུར་ཤོག་གི་སྨོན་ལམ། དེ་ལྟར་གྱུར་པ་དང་གྱུར་པའི་བྱིན་རླབས་ཀྱིས། འོ་སྐོལ་རྡོ་རྗེ་སློབ་དཔོན་དང་། མཆེད་ལྕམ་དྲལ་རྣམས་ནི། ལུས་སེམས་ཀྱི་རྒྱུད་ལ་ལས་དང་ཉོན་མོངས་པའི་བག་ཆགས་ཐམས་ཅད་སྟོན་ཀའི་བ་མོ་ལ་དཔྱིད་ཀྱི་ཉི་མས་བཞུ་བ་བཞིན་དུ་བྱང་ཞིང་དག་པར་གྱུར་ཅིག །གྱུར་ཏོ། །ཚེ་དང་དབང་ཐང་དཔལ་དང་གཟི་མདངས་ཐམས་ཅད་རིན་པོ་ཆེའི་དཔུང་རྒྱན་ལྟར་དར་ཤིང་རྒྱས་པར་གྱུར་ཅིག །གྱུར་ཏོ། །རྡོ་རྗེ་སློབ་དཔོན་ཡང་སྟོན་པའི་སྒྲོན་མེ་ལ་ཡུན་རིང་ཞིང་འགྲོ་བའི་དོན་མཛད་པ་ལ་མཐུ་ཆེ་ཞིང་ཐབས་ལ་མཁས་པར་གྱུར་ཅིག །གྱུར་ཏོ། །ཆོས་ཆེན་པོ་འདི་ཡང་རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པའི་དུས་མེད་པར་གྱུར་ཅིག །གྱུར་ཏོ། །ཡུལ་ཕྱོགས་འདིར་ཡང་། དུས་ཀྱི་འཁྲུགས་པ་ཞི། མཚོན་གྱི་བསྐལ་བ་ཉིལ། མི་ནད་ཕྱུགས་ནད་རྒྱུན་ཆད། །དབུས་ནས་ཡུལ་མི་འགུལ། མཐའ་ནས་དགྲ་མི་ལྡང་། ཅེམ་མལ་ལེ། བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ཅེས་བྱ། དེ་ནས་གུ་རུ་ལ་ཡོན་དབུལ་ཞིང་གཏང་རག་གཏོང་ངོ་། །སློབ་དཔོན་ཧཱུྃ་ཀཱ་ར་ཉིད་ནི། དེ་ནས་གདོད་དཀྱིལ་འཁོར་བསྡུ་བ་དང་། བཀྲ་ཤིས་གཉིས། གླུ་བྲོ་དང་གསུམ་པོ་དེ་གདོད་བྱ་གསུངས། རྡོ་རྗེ་བཞད་པ་ཉིད་གོང་ལྟར་འཐད། དེ་ནས། རྒྱུན་༡༡༽གྱི་ཏིང་འཛིན་ནན་ཏན་བྱ། །ཞེས་པ་ལ། ཞི་བ་རྒྱུན་གྱི་ཏིང་ངེ་འཛིན་དང་། ཁྲོ་བོ་རྒྱུན་གྱི་ཏིང་ངེ་འཛིན་ཏེ། མན་ངག་ཁ་ཚར་ལས་ཤེས་པར་བྱའོ། །དེ་༡༢༽ཐམས་ཅད་བསྡུས་ཏེ་དགེ་བའི་རྩ་བ་ཇི་ལྟར་བསྔོ་སྙམ་པ་ལ། ཀུན་ཀྱང་སེམས་ཅན་དོན་དུ་བསྔོ། །ཞེས་པས། སྐབས་སྦྱོར་བཅོ་བརྒྱད་ལས་ཐ་མ་དགེ་བའི་རྩ་བ་བསྔོ་བའོ། །དེ་ལྟར་ན། འདི་ལ་བརྟེན་ཏེ་བྱུང་བ་དང་། བདག་གིས་དགེ་བ་ཅི་སྤྱད་པ་ཐམས་ཅད། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བླ་ན་མེད་པར་ཐོབ་པར་བསྔོ་བའོ། །ཞེས་བྱ་བའི་ཐ་ཚིག་གོ། །ཧཱུྃ་ཀཱ་རའི་གཞུང་རྩ་བའི་མཛད་བྱང་ནི། སྒྲུབ་པ་ཆེན་པོ་ཡང་དག་གྲུབ་པ་ཞེས་བྱ་བ། གྲུབ་པའི་སློབ་དཔོན་ཆེན་པོ་བཛྲ་ཧཱུྃ་ཀཱ་རའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །ཞེས་དང་། འགྱུར་བྱང་ནི། བོད་ཀྱི་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་ལུང་གིས། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ། རྒྱ་གར་གྱི་མཁན་པོ་ཧཱུྃ་ཀཱ་ར་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་གནུབས་ནམ་མཁའི་སྙིང་པོས་བསྒྱུར་ཅིང་ཞུས་ཤིང་གཏན་ལ་ཕབ་པའོ། །ཞེས་སོ། །མཆན། བདག་འདྲ་པདྨ་སམྦྷ་ཝ་ས། །ཧཱུྃ་ཀཱ་རས་མཛད་རྒྱ་དཔེ་ལས། །འཁྲུག་བསྡེབས་མ་ཚང་ཁ་བསྐངས་ནས། །མན་ངག་ཀུན་གྱི་ཏིག་འགྲེལ་དུ། །ཡང་དག་གྲུབ་པའི་གསང་འགྲེལ་འདི། །སྒྲུབ་ཐབས་ཆོ་ག་རྒྱ་ཆེར་བྱས། །འདི་ལ་ཉེས་གྱུར་ཅི་མཆིས་པ། །བདེ་གཤེགས་མཁའ་འགྲོ་རྣམ་བཞི་རྡོ་རྗེ་རིན་ཆེན་པདྨ་ལས་རིགས་ལ། །བཟོད་གསོལ་དངོས་གྲུབ་ཅི་མངའ་བ། །འདི་སྒྲུབ་རྣམས་ཀྱིས་ཐོབ་པར་ཤོག །དཔལ་ཁྲག་འཐུང་ཆེན་པོ་སྒྲུབ་པའི་ཐབས། ཡང་དག་གྲུབ་པའི་གསང་འགྲེལ་ཆེན་པོ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ནམ་མཁའི་སྙིང་པོས། ཧཱུྃ་ཀཱ་རའི་སྐད་རྙིང་ལས་ཀྱང་པདྨས་མན་ངག་འཁྲུག་བསྡེབས་ཏེ། གསང་བའི་ཏིག་འགྲེལ་དུ་བསྒྱུར་བ། ཡུལ་དབུས་ཀྱི་ཆོས་འཁོར་བསམ་ཡས་ཀྱི་མཆིམས་ཕུ་བྲེ་གུ་དགེའུ་རུ་བོད་ཀྱི་སྐད་གདངས་དང་མཐུན་པ་ཁོ་ནར་བསྒྱུར་ནས། རྗེ་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེའུ་བཙན་གྱི་ཡི་དམ་དུ་གཏད་པའོ། །སྒྲུབ་ཐབས་ཞལ་ཕྱེས། རྗེ་འབངས་བདུན་གྱིས་བསྣོས། དབང་དང་མན་ངག་རྫོགས་པར་བྱས་ནས། བོད་འབངས་སུ་ལ་ཡང་མི་སྤེལ་བའི་རྒྱས་བཏབ། བརྟན་མ་བཅུ་གཉིས་མངོན་དུ་བཀུག་ནས། ཆོས་འཚོ་བའི་གཉེར་བསྐོས་ཏེ། སུ་ལ་ཡང་མི་བསྟན་པར་དམ་བཅས་སོ། །རྫོགས་སོ།། །།སྒྲུབ་ཐབས་ཀུན་གྱི་མ་གཞི། མ་ཧཱ། ཨ་ནུ། ཨ་ཏི་སྟེ། བསྐྱེད་རྫོགས་རྣམ་པ་གསུམ་གྱི་སྤྱི་ཁོག །བཀའ་ཡི་ཐ་རམ་ཆེན་པོ་འདི། དུས་ཀྱི་ཐ་མ་ལ་བཀའ་ལྟར་ནི་མི་སྤྱོད། ཐེག་པ་འོག་མ་པའི་ཚིག་གི་སྒྲོ་སྐུར་གྱིས། གསང་བ་དམ་པ་བསླད་དེ། དཔེར་ན་སྤྱིན་ཆུ་ལ་མར་ཁུས་བསླད་པ་བཞིན་ཏེ་སྦྱོར་བའི་མཐུ་མེད་དོ། །སྒྲ་དག་གཏད་ཀས་སྔགས་ལ་བཀབ་པས་གསང་སྔགས་གོལ་ཏེ། དོན་མི་འདུས་པར་ཐོར་ནས་བསྒྲུབ་བྱ་གཏོར་ཏེ་འགྲོ་བས། གསང་སྔགས་ཀྱི་ལུས་ནོར་བུ་རིན་པོ་ཆེ་ལྟ་བུ་ནི་ཚིག་གིས་མཐའ་ལ་བསྐྱལ་ཏེ་བཏང་། ལྡེམ་དགོངས་མན་ངག་གི་ཚིག་རྣ་ཕྲུག་བྲག་ལ་འཛེག་པ་ལྟ་བུ་ནི་སྒྲོ་སྐུར་གྱིས་མཐའ་ལ་བསྐྱལ། འབྲེལ་བར་སྦྱོར་བའི་ཚིག་བྱ་ངང་མོའི་འགྲོས་ལྟ་བུ་དང་། རང་རྐྱེན་གཉེར་ཚིག་རུས་སྦལ་གྱི་ནུར་འགྲོས་ལྟ་བུ་དང་། གཏར་ཀ་གེགས་སེལ་གྱི་ཚི་གླག་གཟན་ལ་འཇུམས་པ་འདྲ་བའི་གསང་སྔགས་ཀྱི་ལུས་བཤིག་སྟེ། དངོས་གྲུབ་སྒྲུབ་པའི་རྒྱུད་གཏན་ཡལ་ཏེ་གཏན་འཁྱགས་པར་འགྱུར་བས། དད་པ་མེད་པ་དང་། སེར་སྣ་ཅན་དང་། ཁེངས་དྲེགས་ཅན་དང་། གྱོང་ཤིང་ཅན་དང་། ཁེང་གཅོམ་པ་དང་། ཐ་སྙད་ཀྱི་ཚིག་ལ་དགའ་བ་དང་། བཀུར་སྟི་ཆུང་བ་དང་། གསང་མི་ཐུབ་པ་རྣམས་ལ་ནི། རང་གི་སྲོག་ལ་བབ་ཀྱང་མ་བཏང་ཤིག །སྲོག་ལུས་མན་ཆད་བཤིག་ནས་འབུལ་བ། གོང་མ་རྣམས་ལས་བཟློག་སྟེ། བརྟགས་པ་ཟུང་ཡ་ཙམ་ལ་ཡང་། ཡང་ནས་ཡང་དུ་གདམས་ལ། ས་མ་ཡ་ན་ར་ཀན། ཞེས་བྱ་ཞིང་སྦྱིན་པ་ལས་མ་གཏོགས་པ། སྣང་སྟོན་བྱེད་པ། སྒྱུ་མའི་ཟས་ནོར་ལ་བལྟ་བ། རྡོ་སྒོར་གཏོང་བ་ལ། ཡེ་ཤེས་ཀྱི་ལྷ་དང་སྲུང་མས་ཆད་པ་ཆོད་ལ་ཚེའི་འདུ་བྱེད་བསྐུམས་ཤིག །ངན་སོང་གསུམ་པོ་ལས་ཐར་བའི་དུས་མེད་པར་ཤོག་ཅིག །རྒྱས་བཏབ་བོ། །ཤོར་ར་རེ།། ༈ །།ཤྲཱི་ཛ་ཡན་ཏུ། སངས་རྒྱས་གཉིས་པས་ཞིང་འདིར་རྗེས་བརྩེ་བས། །འཛམ་གླིང་ཆུང་ངུའི་བྱང་ཕྱོགས་ཞབས་བཅགས་ཏེ། །ཡང་ལེ་ཤོད་དུ་ཡང་དག་ཐུགས་སྒྲུབ་མཛད། །ཕྱག་ཆེན་མཆོག་དངོས་བསྒྲུབ་པའི་ཚུལ་བསྟན་ཚེ། ༡ །བོད་འདྲེ་གདུག་པའི་འཚུབ་སློང་གཞོམ་པའི་གཟེར། །ཕུར་རྒྱུད་སྐྱེས་བུ་ཟུང་གི་ཕྲག་ཁུར་འདྲེན། །བདུད་བགེགས་ཆོས་སྲུང་སྒྱུར་བྱེད་ཡང་ཕུར་གཉིས། །གདོང་དམར་ཅན་གྱི་ཐོག་མའི་ཆོས་སྐལ་དངོས། ༢ །འོག་མིན་གཉིས་པ་དཔལ་གྱི་བསམ་ཡས་སུ། །གསང་ཆེན་ཆོས་ཀྱི་དགའ་སྟོན་འགྱེད་པའི་དུས། །འགྲོ་ཀུན་ཕུར་ལྔའི་དབང་སྒྱུར་སེམས་གདུལ་ཕྱིར། །གཉེན་པོའི་ཆོས་ཀྱང་ཐུགས་སྒྲུབ་གཙོ་བོར་སྔགས། ༣ །དེ་ཕྱིར་སྣང་སྲིད་འཁོར་འདས་ཆོས་སོ་ཅོག །རྒྱལ་ཐུན་ཐུགས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་གར། །དག་མཉམ་ལྷ་ཡི་ཕྱག་རྒྱར་ཡོངས་ཤར་བ། །དཔལ་ཆེན་ཡང་དག་ཧེ་རུ་ཀ་ཞེས་གྲགས། ༤ །པདྨའི་ཐུགས་དམ་ཞལ་ལུང་གདྒཱའི་རྒྱུན། །བསྐྱེད་རྫོགས་སྤྱི་ཁོག་མན་ངག་སྙིང་པོའི་བཅུད། །བསྙེན་སྒྲུབ་ཆོག་ཕྲིན་ལག་ལེན་དང་འབྲེལ་བ། །གསང་འགྲེལ་ཆེན་པོར་གྲགས་པའི་གཞུང་བཟང་འདི། ༥ །སྔོན་དུས་ལྷ་སྲས་ཆོས་རྒྱལ་ནམ་སྙིང་སོགས། །སྐལ་ལྡན་ཐུགས་སྲས་རྗེ་འབངས་མཆོག་བདུན་ལ། །ལྐོག་ཆོས་སྩལ་བའི་གདངས་ཟབ་ཞལ་མཇལ་ཞིང་། །སྐལ་བཟང་ཐོབ་པ་སྔོན་སྨོན་བསོད་ནམས་མཐུ། ༦ །དེ་ཕྱིར་རྙིང་བསྟན་འཛིན་པའི་སྐྱེས་བུ་ཚོས། །ཡིད་བཞིན་དབང་རྒྱལ་ལས་ལྷག་རྙེད་དཀའི་གཞུང་། །བསྙེན་བཀུར་སྲི་ཞུས་དཔེ་ལུང་རྒྱུན་སྤེལ་ཕྱིར། །ཐུགས་ངལ་མི་བསྐྱུང་བསྟན་འགྲོའི་དོན་དགོངས་འཚལ། ༧ །དེ་ཡང་མཐའ་འཁོབ་གདོང་དམར་ཅན་གྱི་རྒྱལ་ཁམས་འདི་རྒྱལ་བ་གཞན་གྱིས་རེ་ཞིག་གདུལ་སྐལ་དུ་མ་གྱུར་ཚེ་ཀུན་མཁྱེན་པདྨ་ཀ་རས་གདུལ་ཞིང་དུ་གཟིགས་ཏེ། མུན་གླིང་འདིར་སྐུ་དངོས་ཞབས་བཅགས་ནས། འོག་མིན་གཉིས་པ་དཔལ་གྱི་བསམ་ཡས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ། ཞལ་ནས་གསུངས་པའི་བཀའ་ཡི་ཆོས་སྡེ་གྲངས་མང་བཞུགས་མོད། ཕལ་ཆེར་མི་མིན་གྱི་གནས་སུ་གདན་དྲངས་ཏེ་རང་རེའི་ལས་སྐལ་དུ་མ་གྱུར། བོད་འབངས་ཀྱི་ཆོས་སྐལ་དུ་གྱུར་པ་གུ་རུའི་གསུང་བཀའ་མང་དུ་བཞུགས་པ་དེབ་ཐེར་དཀར་ཆག་རྣམས་སུ་གསལ་བ་རིམ་གྱིས་ནུབ་ཀྱང་། ལྷ་སྲས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་། གཟུངས་མ་ཡེ་ཤེས་མཚོ་རྒྱལ། ཡང་དག་ཐུགས་ཀྱི་བཀའ་བབ་གནུབས་སྟོན་ནམ་མཁའི་སྙིང་པོ་སོགས་སྐལ་ལྡན་ཐུགས་སྲས་ཐུ་བོ་བདུན་ལ་མན་ངག་མནོག་ཆོས་སུ་སྩལ་ཏེ་བཀའ་རྒྱས་བཏབ་པའི་ཟབ་ཆོས་ཡང་དག་གསང་བའི་ཊི་ཀ་ཆེན་པོ་རང་རེའི་བསོད་ནམས་ཀྱི་དཔལ་དུ་བཞུགས་པ་འདིས་ནི། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་བསྐྱེད་རྫོགས་སྒྲུབ་ཕྲིན་དང་བཅས་པའི་ཟབ་དོན་མན་ངག་གི་སྒོ་ནས་གསལ་བར་སྟོན་པ་མ་ཟད། རྡོ་རྗེ་ཐེག་པ་སྤྱི་ཡི་མཐའ་དྲུག་ཚུལ་བཞིའི་གབ་སྦས་ཀྱི་ཟབ་དོན་ཀྱང་སྟོན་པའི་རྒྱུད་སྡེ་ཀུན་གྱི་སྤྱི་ཁོག་ལྟ་བུ་འཛམ་གླིང་ན་ཁྱད་པར་འཕགས་པའི་ཟབ་ཆོས་ལགས་ཏེ། འཇམ་དཔལ་དབྱངས་དངོས་ཀུན་མཁྱེན་མི་ཕམ་ཆོས་ཀྱི་རྒྱམ་ཚོས་འདི་ལྟར་གསུངས་ཏེ། སྒྲུབ་ཐབས་མན་ངག་གི་བཤད་པ་ཡང་དག་གསང་འགྲེལ་ཆེན་པོ་ཞེས་པ་གྲུབ་པའི་རིག་འཛིན་ཀུན་གྱི་སྙིང་བཅུད་ས་སྟེང་གི་རྒྱན་གཅིག་འདི་མཛད་ནས། བཙད་པོ་དང་། མཁར་ཆེན་བཟའ་ལ་སོགས་པ་ལ་བསྟན་ཅིང་གསང་བའི་བཀའ་རྒྱས་ནན་ཏན་དུ་མཛད་པ་ཡིན་ཏེ། ཞེས་བསྔགས་པའི་གཞུང་འདིའི་དཔེ་སྔར་དུས་སུ་སྔ་འགྱུར་གདན་ས་ཆེ་ཤོས་རྣམས་སུ་རེ་ཟུང་གཞུགས་ཀྱང་། ཉེ་སྔོན་དུས་འགྱུར་སྐབས་གལ་ཆེའི་ཆོས་དཔེ་ཕལ་ཆེར་མི་མངོན་དབྱིངས་སུ་གཤེགས་པར་གྱུར། འོན་ཀྱང་གུ་རུའི་གསང་འགྲེལ་ཆེན་པོ་འདི་ཡི་མ་ཕྱི་གཅིག་ཁོ་ན་རྨུགས་སངས་སྦས་གནས་ཕྱོགས་སུ་བཞུགས་པ་རང་གི་ལག་ཏུ་འབྱོར་བ་དེ་གསར་བྲིས་ཞུ་བཅོས་མ་ཟིན་པ་ཡིན་ཙ་ན། ཡིག་ཕྲེང་དང་ཚི་རྐང་ཆད་ལྷག་མང་དུ་སྣང་བས། དག་བཅོས་མ་དཔེ་མདོ་སྨད་ཕྱོགས་ཀུན་ཏུ་ནན་ཏན་གྱིས་བཙལ་ཡང་མ་རྙེད་པས། ལོ་གཅིག་རིང་ཙམ་ཐེང་གྲངས་མཇལ་ཞིང་འབྲུ་ནོར་དང་མཆན་གོང་འོག་འཆུག་པའི་ཡིག་སྐྱོན་རྣམས། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་སྒྲུབ་ཁོག་དང་། མི་ཕམ་གསང་འགྲེལ་དོན་བསྡུས། འབྲེལ་ཡོད་རྙིང་རྒྱུད་ལུང་སོགས་སུ་གསལ་བའི་ཚིག་དོན་ཆད་པ་ཡིག་ཕྲེང་དུ་མ་ཁ་གསབ་བྱས་ཏེ། གསར་བྲིས་དཔེ་ཚར་གཅིག་བསྐྲུན་ནས་དཔེ་རྒྱུན་མི་ནུབ་ཕྱིར་གློག་སྤར་ཚར་ལྔ་བཅུ་བསྐྲུན། སླར་ཡང་ཞུ་བཅོས་ཁུངས་འཚོལ་དང་འབྲེལ་སྤར་གཞི་ཚར་གཅིག་འདི་རང་ཉིད་ཀྱིས་སུག་བྲིས་བགྱིས་སྐབས་སུ། ཡིག་རྙིང་གི་མཆན་ཞིག་འདུག་པ་ཡིག་སྐྱོན་མང་བས་ཡིད་རྟོན་ཕེར་བ་མི་འདུག་པས། དགོས་ངེས་དོན་ལྡན་རྣམས་རང་སོར་བཞག །སླ་མཆན་བསྐྱར་ཟློས་རྣམས་ཉུང་རུ་བཏང་སྟེ་ཅུང་དག་པར་རློམ་མོད། བདག་ལྟ་བུ་སོ་སྐྱེ་བླུན་རྨོངས་ལ་ཡིད་རྟོན་མི་འོས་ཕྱིར། སླད་ཕྱིན་སྔ་འགྱུར་བསྟན་འཛིན་སྐྱེས་བུ་རྣམས་ཀྱིས་དཔེ་བཙལ་གཉེར་གནང་སྟེ། དཔེ་བསྡུར་དང་། དག་བཅོས་མཛད་རྒྱུར་བཏང་སྙོམས་སུ་མ་ལུས་པར་ཐུགས་ཁུར་ཆེ་བཞེས་གནང་ཐུབ་པ་གསོལ་བ་འདེབས་པ་ལགས། །སླར་སྨྲས་པ། ཟང་ཟིང་ཡོ་བྱད་ཉེར་བསྡོགས་མ་བྱས་ཤིང་། །སྲོག་བསྡོམ་འཇིགས་རུང་རྒྱ་མཚོ་བརྒལ་མ་དགོས། །བདེ་བླག་ནོར་བུ་ཐོབ་པའི་སྐལ་བཟང་ལས། །ཁྱད་འཕགས་རྙེད་དཀའི་ཆོས་འཕྲད་ཨེ་མ་རྨད། ༡ །རྒྱལ་ཀུན་བཀའ་ཡི་གསང་མཛོད་བདུད་རྩིའི་ཆར། །ལོ་པཎ་ཀླུ་རྒྱལ་འཕགས་ཆེན་རྫུ་འཕྲུལ་དཔལ། །ཞིང་འདིའི་ཐ་གྲུར་འབེབས་པའི་དགེ་མཚན་གྱིས། །སྐྱེ་རྒུ་ཉེར་འཚོའི་བདེ་སྐྱིད་སླར་རྒྱས་ཤོག ༢ །བདག་ཀྱང་ཚེ་རབས་ཀུན་ཏུ་པད་འབྱུང་རྗེས། །རྗེས་བཟུང་ཟབ་གསང་ལམ་གྱིས་རྒྱུད་སྨིན་ཅིང་། །ཁྱོད་ཀྱི་ཆོས་བསྟན་སྤེལ་བའི་བསོད་ནམས་མཐུས། །མཁའ་ཁྱབ་འགྲོ་སྒྲོལ་ཕྲིན་ལས་མཐར་ཕྱིན་ཤོག ༣ །ཅེས་པ་མཇུག་བྱང་ཆེད་དུ་བརྗོད་པ་འདི་ནི། བྱང་ཕྱོགས་བྷོ་ཊའི་ལྗོངས་ཀྱི་བསྟན་འགྲོ་ཡོངས་ཀྱི་ཕན་བདེའི་འབྱུང་གནས། ཨོ་ཌི་ཡ་ནའི་སློབ་དཔོན་ཆེན་པོ་མཚོ་སྐྱེས་རྡོ་རྗེའི་བསྟན་ཞབས་སུ་སྐྱེས་པ་དགེ་སྦྱོང་ཐ་ཤལ་བ་རྨོངས་རྟུལ་པདྨ་ཀུན་གྲོལ་མིང་ཅན་དེས། ཆོས་འདིའི་མ་ཕྱི་དཔེ་བསྐྲུན་བགྱི་སྐབས་སྨོན་ཚིག་བྲིས་པའོ། །མངྒ་ལཾ།། །།