cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ང་བཞི་པ།

གླེགས་བམ། ཡི༽

གུ་རུ་པདྨ་རྒྱལ་པོའི་གསུང་།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་ཉི་མའི་སྙིང་པོ་བཀའ་མཆིམས་ཕུ་མ།

མཱུ ལ ཏ ནྟྲ གུ ཧྱ ག རྦྷ སྱ བྲྀ ཏྟི ར བི སཱ ར ནཱ མ གུ རུ པདྨ རཱ ཛྷོ བཙན དྷ རོ པ དེ ཤ ཀརྞྞ ད ཎྚ ཀ དྷ རྨ སྭཱ མྱེ པ རི མ ཧཱ བྷཱ ཥི ཏ ན ཡ བི ཧ ར ཏི སྨ། །
རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་ཉི་མའི་སྙིང་པོ་ཞེས་བྱ་བ་གུ་རུ་པདྨ་རྒྱལ་པོའི་གསུང་རྒྱུད་མན་ངག་སྙན་བརྒྱུད་ཆོས་རྗེ་ཀཿཐོག་པ་ཆེན་པོའི་བཤད་སྲོལ་སྟོད་ཆ་བཞུགས་སོ། །
མཉམ་ཉིད་མཐའ་བྲལ་ནམ་མཁའི་ངང་ཉིད་ལས། །རང་བྱུང་ཡེ་ཤེས་རང་གསལ་རིན་པོ་ཆེ། །གདུལ་བྱའི་བློ་ངོར་འཆར་བ་ཆུ་ཟླ་བཞིན། །དྲུག་པའི་སྐྱེས་བུ་བླ་མར་བཅས་ལ་བདུད། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །ཡོན་ཏན་རྒྱ་མཚོ་རབ་ཏུ་ཟབ། །བྱེད་པ་རྡོ་རྗེ་དཀྱིལ་འཁོར་གཙོ། །རྡོ་རྗེ་ཡིད་ལའང་ཕྱག་འཚལ་ལོ། །དེ་ཡང་དཔལ་གསང་བའི་སྙིང་པོ་མན་ངག་གི་རྒྱུད་འགྲེལ་པ་ལ་ལྔ་སྟེ། ཤེས་བྱ་ཡེ་ཇི་ལྟར་གནས་ཚུལ་དང་། དེ་མ་རྟོགས་ཏེ་འཁྲུལ་པ་དང་། དེ་ཐུགས་རྗེ་མཁྱེན་པ་དང་། གཟིགས་ནས་ཐུགས་རྗེ་སྐྱེས་པ་དང་། སྐྱེས་ནས་དོན་མཛད་ཚུལ་ལོ། །ཡེ་ནས་ཇི་ལྟར་གནས་པ་ནི་ཤེས་བྱ་འཁོར་འདས་ཀྱིས་བསྡུས་པ་ཐམས་ཅད། ངོ་བོ་མཉམ་པ་ཉིད་དུ་རོ་གཅིག་པས་བཅོས་བསླད་དང་བྲལ་བ། ཡེ་ནས་བུདྡྷ་སྐུ་གསུམ་གྱི་ངོ་བོར་སངས་རྒྱས་པ་ཡིན་ཏེ། འདི་ཉིད་ལས། བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །གསུངས་སོ། །སངས་རྒྱས་ཚུལ་ལ་གསུམ། གཞི་བཅོས་བསླད་བྲལ་བ་ཆོས་སྐུ། །རང་བཞིན་ལ་འགག་པ་མེད་པ་ལོངས་སྐུ། རྩ་བ་དེ་གཉིས་སུ་མེད་པ་སྤྲུལ་སྐུའོ། །ངོ་མ་འཚལ་བར་འཁྲུལ་པ་ནི། སྤྱིར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རྒྱུ་མ་རིག་པ་གཉིས། །རྐྱེན་ལས་དང་ཉོན་མོངས་པས་བསྒྲུབ་སྟེ། གནས་ཁམས་གསུམ་དུ་ཡུལ་བྲལ་གྱི་ཡེ་ཤེས་མ་ཤེས་པས། བཅུད་འགྲོ་བ་རིགས་དྲུག་གི་ལོ་ཀ་ན་དུཿཁ་བསམ་གྱིས་མི་ཁྱབ་པས་ཉེན་ཅིང་། ལམ་གྱི་སྦྱངས་པ་མཐར་ཕྱིན་གྱི་བར་སྒོ་གསུམ་ཀུན་ནས་གདུང་སྟེ། འདི་ཉིད་ལས། སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །རྒྱུ་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་སྣང་། །ཞེས་གསུངས་སོ། །དེ་ཐུགས་རྗེས་མཁྱེན་པ་ནི་ཡང་དག་པར་རྫོགས་པའི་བུདྡྷ་རྣམས་ཀྱི་ཡུལ་བྲལ་གྱི་ཡེ་ཤེས་ཆེན་པོས། མེ་ལོང་ངམ་ཆུ་ཟླའི་གཟུགས་བརྙན་ལྟར་ཡུལ་དུ་མ་གྲུབ་པའི་གདུལ་བྱ་རྣམས་ལ། སྤྲོ་བསྡུ་དང་བྲལ་བའི་ཐུགས་རྗེ་ཡིས་རྟོག་པ་མེད་པར་མཁྱེན་ནས་དོན་མཛད་པའང་། སྙིང་པོ་ལས། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཧོཿཞེས་དང་། རྒྱས་པ་ལས། ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་ཞེས་པས་སོ། །དེ་ཡང་མཁྱེན་ལུགས་གསུམ་སྟེ། ཇི་ལྟ་བ་མཁྱེན་པ་དང་། ཇི་སྙེད་པ་མཁྱེན་པ་དང་། དབྱེར་མེད་པ་མཁྱེན་པའོ། །དང་པོ་ཇི་ལྟ་བ་མཁྱེན་པ་ནི། སྤོང་བ་རྡོ་རྗེ་ལས། མ་དམིགས་པ་ཐམས་ཅད་མཁྱེན་པའི་ཐུགས་ལྡན་པས། །གཞི་རྩ་མེད་དབྱིངས་སྐད་ཅིག་མ། །མཐའ་དང་དབུས་ཀྱང་བརྟག་ཏུ་མེད། །ཅེས་པ་དང་། འདི་ཉིད་ཀྱི་དགུ་པ་ལས། གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་སོ། །མ་འགག་པ་ཇི་སྙེད་མཁྱེན་པ་ནི། མཐོ་དམན་ཀུན་གྱི་གཟུགས་སྣང་དང་། །བླ་མེད་བྱང་ཆུབ་སྐུ་སྣང་བ། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །སྣ་ཚོགས་ཁ་དོག་དབྱིབས་སུ་སྣང་། །ཞེས་སོ། །གཉིས་མེད་དབྱེར་མེད་མཁྱེན་པ་ནི། རྒྱས་པའི་དོན་ལྔ་པ་ལས། རྣམ་པར་རྟོག་པ་མི་མངའ་སྟེ། །དེ་ཡིས་མི་མཁྱེན་གང་ཡང་མེད། །ཅེས་པས་སོ། །བཞི་པ་དེ་ལྟར་གཟིགས་ནས་ཐུགས་རྗེ་སྐྱེས་པ་ནི། འདི་ཉིད་ཀྱི་གཉིས་པ་ལས། འགྲོ་བའི་རྣམ་པར་རྟོག་པ་མ་རིག་པ་ལས་འགྲོ་བ་ལྔའི་རིས་བསམ་གྱིས་མི་ཁྱབ་པར་སྨིན་པ་ལས། ཐུགས་རྗེ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས། ཞེས་པ་དང་། དགུ་པ་ལས། རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་ལས། །ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། །ཞེས་པས་རིམ་གསུམ་ལྟར་སྐྱེས་ལུགས་བཞི་སྟེ། རྟག་པར་རྒྱུན་དུ་ཐུགས་རྗེ་སྐྱེ་བ་ནི། སངས་རྒྱས་ཀྱི་ངོ་བོ་ཐུགས་རྗེ་ཆུ་གཤེར་དང་བཅས་པ་ལྟ་བུ་སྟེ། ལེའུ་དང་པོ་བསྡུ་བ་ལས་ཐུགས་རྗེའི་ངང་། ཞེས་པས་རྒྱུད་མི་ཆད་ཆུ་རྒྱུན་ལྟ་བུའོ། །རང་བཞིན་ཤུགས་ཀྱིས་སྐྱེ་བ་ནི། བཅུ་གསུམ་པ་ལས། ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། །ཞེས་པས། ཉི་མའི་འོད་རང་ཤུགས་ཀྱིས་འབྱུང་བ་ལྟར་ཐུགས་རྗེ་རྩོལ་བ་མེད་པར་འབྱུང་བའོ། །གསུམ་པ་བསྐུལ་ཞིང་གསོལ་བ་བཏབ་པས་ཐུགས་རྗེ་སྐྱེ་བ་ནི། ཨེ་མའོ་བདེ་གཤེགས་སྙིང་པོ་ལ་སོགས་པ་ལེའུ་གཉིས་པའི་གཤམ་དུ་སྨོས་པ་ཉིད་དེ། ལྷན་ཅིག་པའི་འཁོར་གྱིས་སྟོན་པ་ལས་རྒྱུད་མ་འོངས་པའི་ཆེད་དུ་ཞུས་པ་ལྟ་བུ་སྟེ། སྡུག་ཕོངས་ཀྱིས་བོས་པ་ལྟ་བུའོ། །བཞི་པ་ཡུལ་དང་འཕྲད་ན་ཐུགས་རྗེ་སྐྱེ་བ་ནི། བཅོ་ལྔ་པ་ལས། དེ་སྔོན་རྟེན་པའི་སྟོབས་ཀྱིས་ཐམས་ཅད་མཁྱེན་པས་གཟིགས་ནས་ཐུགས་རྗེས་འདུལ་བར་གྱུར་ཏེ། ཞེས་པས་སོ། །རུ་དྲལ་དཔལ་ཧེ་རུ་ཀར་སྣང་བ་ལྟ་བུའོ། །ཐུགས་རྗེ་སྐྱེས་ནས་དོན་མཛད་པ་ནི་གཉིས་ཏེ། སྤྱིར་སྐུ་གསུང་ཐུགས་གུ་ཎ་ཀརྨ་འང་བསྡུ་བསམ་གྱིས་མི་ཁྱབ་པས་དོན་མཛད་པ་དང་། ཁྱད་པར་གསང་བའི་རྒྱུད་འདིས་དོན་མཛད་པའོ། །དང་པོ་ནི། འདི་ཉིད་ཀྱི་གསུམ་པ་ནས། བསམ་གྱིས་མི་ཁྱབ་པ་གྲངས་མེད་པ་ཕྱོགས་བཅུར་སྣང་བར་གྱུར་ཏོ། །ཞེས་པ་དང་། མཉམ་སྦྱོར་ལས། རེས་འགའ་ཞི་ལ་རེས་འགའ་དྲག །རེས་འགའ་གདོན་ཆེན་བགེགས་མཛད་དེ། །དེ་ལ་སོགས་པའི་བསམ་ཡས་མཆོག །རི་དང་སྐྱེ་བོ་ཐམས་ཅད་དོ། །ཞེས་སོ། །གསང་རྒྱུད་འདིས་དོན་མཛད་པ་ལ་གཉིས་ཏེ། འདིའི་བྱིན་རླབས་ཀྱིས་དོན་མཛད་པ་དང་། རྒྱུད་འདི་ཉིད་ཀྱིས་དོན་མཛད་པའོ། །དང་པོ་ནི་ལེའུ་གསུམ་པ་ལས། དེ་ནས་དེ་བཞིན་གཤེགས་པ་ལྷན་ཅིག་པའི་འཁོར་ལ་གླེང་གཞི་གླེང་བསླང་ནས་གོ་ཕྱེ་བའི་འཁོར་གྱི་དོན་དུ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས། རིག་པའི་སྐྱེས་བུ་ཐུབ་པ་དྲུག་འཐོན་ཏོ། །ཞེས་པ་ཀུན་ཏུ་བཟང་པོའི་ཐུགས་རྗེའི་བྱིན་རླབས་ལས་ཐུབ་པ་དྲུག་སྤྲོས་ཏེ། བསམ་གྱིས་མི་ཁྱབ་པ་བཞིས་དོན་མཛད་པ་སྟེ། སྐུའི་མཛད་པ་ནི། གསུམ་པ་ལས་བལྟམས་པ་དང་རབ་ཏུ་བྱུང་ལ་སོགས་པའོ། །ཐུགས་ཀྱི་མཛད་པ་ནི། དུས་བཞི་ཀུན་ཏུ་མཁྱེན་པ་ལ་སོགས་པའོ། །གསང་བའི་མཛད་པ་ནི་སྐུ་བསམ་གྱི་མི་ཁྱབ་པའོ། །གསུང་གི་མཛད་པ་ནི་ཐམས་ཅད་ཀྱང་འདི་ལྟ་སྟེ། ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་དང་། རང་རྒྱལ་བ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་མེད་པའི་ཐེག་པས་ཞེས་པས་སོ། །ཁྱད་པར་རྒྱུད་འདི་ཉིད་ཀྱིས་དོན་མཛད་པ་ལ་བཞི་སྟེ། ལྷ་དང་མིའི་ཡུལ་དུ་ཇི་ལྟར་གྲགས་པའི་ལོ་རྒྱུས་དང་། རྟེན་གྱི་གང་ཟག་གང་གི་ཡུལ་ཡིན་པ་དང་། གཞན་ལས་དཔགས་པའི་ཆེ་བ་དང་། དོན་གྱི་ཁོག་དབུབ་པའོ། །དང་པོ་ནི། རྒྱལ་བ་རིག་འཛིན་གང་ཟག་གསུམ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་པས། རྒྱལ་བ་དགོངས་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོས་རིགས་ལྔ་ལ་བརྒྱུད། རིགས་ལྔས་རྒྱལ་སྲས་སེམས་དཔའ་ལྷན་ཅིག་པའི་འཁོར་ལ་བརྒྱུད་པའོ། །རིག་འཛིན་རིག་པས་བརྒྱུད་པ་ནི་གཉིས་ཏེ། མི་མ་ཡིན་པ་ལ་བརྒྱུད་པ་ནི། སྒྱུ་འཕྲུལ་གྱི་ལོ་རྒྱུས་ཆེན་མོ་ལྟར་རིགས་གསུམ་གྱིས་འཇམ་དཔལ་གྱིས་ལྷ་དང་། སྤྱན་རས་གཟིགས་ཀྱིས་ཀླུ་དང་། ཕྱག་ན་རྡོ་རྗེས་གནོད་སྦྱིན་གསུམ་ལ་བརྒྱུད་དོ། །མི་དང་མི་མ་ཡིན་པ་གཉིས་ཀ་ལ་བརྒྱུད་པ་ནི། ཟ་ཧོར་གྱི་ཡུལ་ཉེ་བ་དྲག་ཤུལ་ཅན་གྱི་རི་མ་ལ་ཡ་ཞེས་བྱ་བ་གཅིག་ཡོད་དེ། དགོན་པ་ཆེན་པོའི་གནས་མཚན་ཉིད་དང་ལྡན་པ་དེ་ན། །སྐལ་བ་དང་ལྡན་པ་མིན་པའི་སྐལ་མེད་ཀྱིས་མི་ཕྱིན་པ་ལས། སྟོན་པ་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་དུས་སུ། དམ་པའི་རིགས་ཅན་ལྔས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པས། ཕྱོགས་བཅུའི་སངས་རྒྱས་ཀྱིས་ཕྱག་ན་རྡོ་རྗེ་ལ་བསྐུལ་ཏེ། མ་ལ་ཡར་གཤེགས་ནས་རིག་འཛིན་རྣམས་ལ་གསང་སྔགས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་དེའི་བྱིན་རླབས་རྒྱལ་པོ་ཛཿཞེས་ཀྱང་བྱ། ཟ་ཧོར་ཡུལ་དུ་ཨིནྡྲ་བྷཱུ་ཏི་ཞེས་ཀྱང་བྱ་བ་ལ་སྣང་ལུགས་ནི། སློབ་དཔོན་ཀླུ་སྒྲུབ་དང་པདྨ་འབྱུང་གནས་གཉིས་ཀྱིས། དམ་ཚིག་སྒྲོལ་མའི་རྒྱུད་ཀྱི་འགྲེལ་པ་མཛད་པ་དང་། པདྨའི་རྒྱལ་པོས་འཇམ་དཔལ་སྒྱུ་འཕྲུལ་གྱི་འགྲེལ་པ་མཛད་པ་དང་། ཡ་མཱནྟ་ཀའི་ཏནྟྲ་དང་། ཧེ་རུ་ཀའི་ཏནྟྲ་དང་། ཧེ་རུ་ཀའི་ཏནྟྲའི་འགྲེལ་པ་མཛད་པའི་ནང་ནས་བྱུང་བའི་ལོ་རྒྱུས་ལས་འབྱུང་སྟེ། རྒྱལ་པོ་དེའི་གྲོང་ཁྱེར་གྱི་མིང་ནི་རཏྣ་ཛ་ལ་ཞེས་བགྱི། ཕོ་བྲང་གི་མིང་ནི་བཻ་ཌཱུ རྻ་ར་ཤི་ཞེས་བགྱི་བའི་ནང་དུ། ཟླ་བ་ཡར་གྱི་ཚེས་བཅོ་ལྔའི་ཉིན་པར། ཐེག་པ་ཆེན་པོའི་མདོ་སྡེ་ཆོས་ཀྱི་སྤྲིན་ཞེས་བགྱི་བ་ལ་མཆོད་པ་ལྔ་མཛད། ཕྱག་མང་པོ་ཡང་མཛད་ནས་མདོ་སྡེ་བཀླགས་ཏེ། ནུབ་མོ་གཟིམས་པའི་རྨི་ལམ་ན། ཉིད་ཀྱི་ཕོ་བྲང་བཻ་ཌཱུརྻ་ར་ཤིའི་ནང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ལྷ་དང་ལྷ་མོས་གང་ནས་འཕྲོ་ཞིང་འདུ་བ་དང་། མེ་ཏོག་པདྨ་དཀར་པོ་འབབ་པ་དང་། རིན་པོ་ཆེའི་སྒྲོན་མ་མང་པོ་འབར་བ་དང་། ཤིང་ཐོག་ཨ་སྨྲ་ལ་སོགས་པ་བཟང་རྒུ་སྣང་བ་རྨིས་པ་དང་། དགུང་སང་མནལ་སད་ནས་ཤིན་ཏུ་དད་པ་སྐྱེས་ནས་བཞེངས་ཏེ། ཐེག་པ་ཆེན་པོའི་ཆོས་ཀྱི་སྤྲིན་ལ་མཆོད་པ་ལྔ་མཛད། ཕྱག་མང་པོ་མཛད་དེ། ཡང་མདོ་ལན་གསུམ་བཀླགས་སོ། །དེའི་རྗེས་ལ་འབྲས་དཀར་པོ་དང་འོ་མ་བསྲེས་པའི་བཞེས་པ་གསོལ་ཏེ། ནུབ་མོ་གཟིམས་པ་ལ་རྨི་ལམ་ཆ་གསུམ་རྨིས་སོ། །རྨི་ལམ་ཆ་དང་པོ་ལ་ལྷའི་གོས་དཀར་པོ་མང་པོ་ཉིད་ཀྱི་ཐོག་ཏུ་བབས་པར་གཟིགས་སོ། །ཆ་བར་པ་ལ་ཉིད་ཀྱི་སྐུ་དང་ཁང་པ་ལ་འོད་འབར་བ་རྨིས། ཆ་ཐ་མ་ལ་རྡོ་རྗེ་སེམས་དཔའ་ཞལ་གཟིགས་ཏེ། ཞལ་ནས་རྒྱལ་པོ་ཆེན་པོ་ཁྱོད་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྣོད་ཡིན་པས། སངས་རྒྱས་ཀྱི་བསྟན་པ་འཕེལ་བར་གྱུར་ཅིག་པར་རྨིས་སོ། །དེ་ནས་རྒྱལ་པོ་མནལ་སད་ཉི་མ་འཆར་ནས་བཞེངས་པ་དང་། ཤིན་ཏུ་ཡང་དད་པ་སྐྱེས་ནས་ཡང་མཆོད་པ་ལྔ་མཛད་ཕྱག་མང་པོ་མཛད་དེ། ཐེག་པ་ཆེན་པོའི་མདོ་ཚར་ལྔ་བཀླགས་སོ། །དེ་ནས་ཡང་འབྲས་དཀར་འོ་མ་བསྲེས་པའི་བཞེས་པ་གསོལ་ནས་གོང་གི་རྨི་ལམ་སུ་ལ་ཡང་མ་གསུངས་པར་ནུབ་མོ་གཟིམས་པའི་རྨིི་ལམ་ན་མཆོད་པའི་ལྷ་མོ་བཞི་གཟིགས། དེ་ནས་ནང་པར་བཞེངས་ནས་ཤིན་ཏུ་དད་པ་ཆེར་སྐྱེས་ནས། དྲི་ཆུའི་དལ་བྱས་ཏེ། དཀོན་མཆོག་གསུམ་ལ་ལན་གསུམ་ཕྱག་མཛད་ནས་སྐྱབས་སུ་གསོལ་ཏེ། སྟན་བདེ་བ་ལ་བཞུགས་ནས་རྨི་ལམ་དགོངས་པ་དང་། དེའི་དུས་སུ་རྒྱལ་པོའི་ཁང་པ་གཡོས་སོ། །དེས་རྒྱལ་པོའི་ཐུགས་སྐྲག་ནས་ཁང་པའི་ཕྱི་རོལ་དུ་བྲོས་ཏེ་གཤེགས་ནས་ཕྱོགས་ཐམས་ཅད་དུ་གཟིས་པ་ལས། ནམ་མཁའ་ལ་ཧཱུྃ་གི་སྒྲ་ཆེན་པོ་ཡང་གནས། ཁང་པའི་ཤར་ཕྱོགས་སུ་དྷརྨ་མང་པོ་འབབ་པ་ཡང་གཟིས་སོ། །གཟིགས་ནས་ན་མོ་ན་མོ་ཞེས་གསུངས་ནས་ཕྱག་མང་པོ་མཛད་དོ། །དེ་ནས་རྒྱལ་པོ་ཨིནྡྲ་པུ་ཏྲིས་གཞན་ལ་མ་བཅོལ་བར་ཉིད་ཀྱིས་དྷརྨ་ཀུན་ཕྱག་ཏུ་བཞེས་ནས་གཟིམས་ཁང་དུ་སྤྱན་དྲངས་ནས། ཟ་འོག་མང་པོ་དང་ན་བཟའ་མང་པོ་བཏིངས་ནས་བཞུགས་སུ་གསོལ། མཆོད་པ་ལྔ་མཛད། ཕྱག་མང་པོ་མཛད་དོ། །དེ་ནས་རྒྱལ་པོ་ཆེན་པོ་ཁང་པའི་ཕྱི་རོལ་དུ་གཤེགས་ནས་འཁོར་ཀུན་ལ་བོས་ནས་ཀུན་འདུས་པ་དང་བཀའ་སྩལ་པ། ད་སྟེ་ཞག་བདུན་གྱི་བར་དུ་ངའི་སྤྱན་སྔར་སུ་ཡང་མ་འོངས་ཤིག་གསུངས་སོ། །དེ་ནས་གསེར་མགར་མཁས་པ་ལྔ་བོས་ཏེ་གསེར་མང་པོ་གཏད་ནས། བང་བ་བཟང་པོ་བགྱིད་དུ་སྩལ་བ་དང་། མགར་བས་གསེར་གྱི་བང་བ་ལ་རིན་པོ་ཆེ་སྣ་ཚོགས་དང་། མུ་ཏིག་གི་རྒྱན་གྱིས་སྤྲས་པ་ཞིག་བགྱིས་སོ། །མགར་བ་ལ་རྔན་དུ་དངུལ་གྱི་དོང་རྩེ་ལྔ་སྟོང་ལྔ་སྟོང་བྱིན་ནས་བཏང་ངོ་། །དེ་ནས་ཉིད་ཀྱི་ཐུགས་སུ་བྱོན་པའི་བཙུན་མོ་རཏྣ་ཤྲཱི་མ་ཏི་བྱ་བ་བོས་ཏེ། རྒྱལ་པོས་བཀའ་སྩལ་པ། ཁྱོད་རེ་ཞིག་ང་ལ་དགེ་བའི་གྲོགས་ཀྱིས་ཤིག་ཅེས་པ་དང་། ལྷ་ཇི་ལྟར་དགྱེས་པ་བགྱི་འོ་སྐད། དེ་ནས་རྒྱལ་པོས་ཁྱེད་ཁྱིམ་དུ་སོང་ལ་དྲི་ཆུས་ལུས་ཁྲུས་ལ་གོས་གསར་པ་གྱོན་ལ་ཤོག་ཅིག་ཅེས་པ་དང་། རཏྣ་ཤྲཱི་མ་ཏིས་རྒྱལ་པོས་གསུངས་པ་བཞིན་བགྱིས་ནས་སྤྱན་སྔར་ལྷགས་སོ། །དེ་ནས་རྒྱལ་པོས་རཏྣ་ཤྲཱི་མ་ཏི་དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ། ཕྲེང་བ་ལག་ཏུ་བྱིན་ནས། ཐེག་པ་ཆེན་པོའི་མདོ་སྡེའི་སྔགས་བྱིན་པ། ཡེ་དྷ རྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ༔ ཞེས་སོ། །དེ་ལྟར་སྔགས་བྱིན་ནས་ཁྱོད་སྔགས་འདི་ཟློས་ལ་དཀོན་མཆོག་གསུམ་བསྒོམ་ཞིང་། རས་གཙང་ཞིང་དྲི་མ་མེད་པའི་གདན་ལ་འདུག་ཅིག་དང་། ངས་དྷརྨ་བལྟ་བས་བལྟ་ཟིན་ནས་ཁྱོད་ཀྱིས་ཟ་འོག་ཡུག་རེས་དཀྲིས་ལ་གསེར་གྱི་ཁང་པའི་ནང་དུ་བཞུགས་ཤིག་ཅེས་བཀའ་སྩལ་ནས། དེ་ནས་རྒྱལ་པོས་དྷརྨ་ཐམས་ཅད་ཀྱི་སྔ་མའི་ན་བཟའ་ལྷའི་གོས་དཀར་པོ་ལས་བགྱིས་པ་བསལ་ཏེ། དྷརྨ་གསེར་གྱི་གླེངས་ཤིང་དང་། གསེར་གྱི་ཤོག་བུ་ལ་བཻ་ཌཱུརྱ་ཞུན་མས་རང་བགྱིས་པ་ལ། རྒྱལ་པོས་ཕྱག་མང་པོ་མཛད་དེ། དེ་ནས་དྷརྨ་གཟིགས་སོ། །གཟིགས་ལགས་པ་དང་རེ་རེ་ཞིང་བཙུན་མོས་ན་བཟའ་གསོལ་ནས་རིམ་པར་བང་བར་བཞུགས་སོ། །རྒྱལ་པོས་བགྲངས་པས་དེའི་རྩིས་རྣམས་མདོའི་ཁོག་དབུབ་ཆེན་མོར་གསལ་ནང་པ་གསུམ་གྱི་ཏནྟྲ་སུམ་ཅུ་རྩ་དྲུག་བྱུང་ངོ་། །རྒྱལ་ཕོས་ཡང་ཡང་གཟིགས་ཏེ་དགོངས་པ་མཛད་པ་ལས། དཔལ་རྡོ་རྗེ་སེམས་དཔའ་མངོན་དུ་བྱོན་ནས་དབང་བསྐུར་རྒྱུད་བཤད་དེ། རྒྱུད་ཀྱི་དོན་ཐམས་ཅད་མངོན་དུ་གྱུར་ནས་གསང་སྔགས་ཀྱི་རྒྱུད་ཀྱི་དབྱེ་བའང་རྡོ་རྗེ་སེམས་དཔའི་མན་ངག་གིས་མཛད་དོ། །རྒྱལ་པོ་ཛཿས་རྒྱལ་སྲས་ཨིནྡྲ་བྷུ་ཏི་ལ་བཤད། དེས་ཤཱཀྱ་པུ་ཏྲ་ལ་བཤད། དེས་སིདྷ་ཨུ་པ་ར་ཛཱ་ལ་བཤད། དེས་སྲས་མོ་གོ་མ་ལ་བཤད། དེས་པདྨ་ལ་བཤད། དེས་བོད་ཡུལ་དུ་ངན་ལམ་རྒྱལ་བ་མཆོག་དབྱངས་ལ་བཤད། ཡང་པདྨས་རྗེ་འབངས་ཉི་ཤུ་རྩ་ལྔ་ལ་བཤད། དེའི་ནམ་མཁའི་སྙིང་པོས་ལྡན་ཅོག་དཔལ་གྱི་ཡེ་ཤེས་ལ་བཤད། དེས་གནས་དཔལ་གྱི་ལྷ། དེས་ཅོག་རོ་རིན་ཆེན་ལྷུན་པོ། དེས་ཅོག་རོ་ག་ཆུ་པ་ཆེན་པོ། དེས་མངའ་རིས་པ་ཅོག་རོ་རྡོ་རྗེ་རྒྱལ་མཚན་ལ། དེས་བླ་མ་ཆེན་པོ་དམ་པ་བདེ་བར་གཤེགས་པ་ལའོ། །ཡང་པདྨ་ཕྱི་རེས་རྨ་དང་གཉགས་ལ་བཤད། དེ་དག་གི་འོ་བྲན་དཔལ་གྱི་གཞོན་ནུ། དེས་དར་རྗེ་དཔལ་གྱི་གྲངས་པ། དེས་འགོས་ཡེ་ཤེས་དབང་ཕྱུག །དེས་ལྷ་ལུང་དཔལ་གྱི་རྡོ་རྗེ། དེས་སོག་པོ་རྒྱལ་པོའི་སེམས་དཔའ། དེས་ཡ་གོང་ལྷུན་གྱི་རྡོ་རྗེ། དེས་ཅོག་རོག་ཆུ་བ་ཆེན་པོ་ལའོ། །དེ་མན་ཆད་མཐུན་ནོ། །རྟེན་གྱི་གང་ཟག་ནི་དབང་པོ་ཡང་རབ་སྟེ། ལེའུ་བཅུ་གསུམ་པ་ལས་སྣོད་བཟང་སྣོད་ལྡན་ངང་ཚུལ་བཟང་ལ་བསྟན་སོགས་པོ་བསྟན་པ་བཞིན་ནོ། །ཡང་ལེའུ་ཐམ་ལས། ས་རབ་རིག་པ་འཛིན་པ་གནས། །ཞེས་པས་སོ། །གཞན་ལས་འཕགས་པའི་ཆེ་བ་ནི་སྤྱི་བརྒྱད་ལས། དཀྱུས་འདི་ཉིད་དུ་དྲུག་སྟོན་ཏེ། བསྟན་པའི་འབྱུང་གནས་ཀྱི་ཆེ་བ་ནི་འདི་ཉིད་ཀྱི་གསུམ་པ་ནས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །ཞེས་པ་གསུངས་སོ། །ལུང་ཐམས་ཅད་ཀྱི་སྤྱི་འགྲེལ་ཡིན་པའི་ཆེ་བ་ནི། དེ་ཉིད་ལས། རང་བཞིན་གསང་བའི་སྙིང་པོ་འདི། །ཞེས་པ་གསུངས་སོ། །དགོངས་པའི་ཞེ་ཕུག་ཡིན་པ་ནི། བཅུ་གསུམ་པ་ལས། འདི་ནི་གསང་ཆེན་ངེས་པ་ཡི། །ཞེས་སོ། །འབྲས་བུ་ཐམས་ཅད་ཀྱི་ཐུག་ས་ཡིན་པ་ནི། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་སོ། །རྒྱལ་བ་རྣམས་ཀྱི་གཤེགས་ཤུལ་ཡིན་པ་ནི། འདས་དང་ད་ལྟར་འབྱུང་བ་ཡི། །རྒྱལ་པོའི་དཀྱིལ་འཁོར་མ་ལུས་པ། །བསྙེན་ནས་སྐུ་ལྔ་ལྷུན་གྱིས་གྲུབ། །ཅེས་སོ། །མ་འོངས་པའི་རྣལ་འབྱོར་པའི་ལམ་ཡིན་པ་ནི། འབྱུང་དང་མ་འོངས་ཐམས་ཅད་ཀུན། །འདི་ཡིས་ལྷུན་གྱི་གྲུབ་པར་འགྱུར། །ཞེས་པས་སོ། །དོན་གྱི་ཁོག་དབུབ་པ་རྒྱུད་ཀྱི་གནས་ཚུལ་ནི། སྣང་བ་བཞིའམ་རྒྱུད་གསུམ་ལྟར་གནས་པས་དེ་ལྟར་ཁོག་དབུབ་སྟེ། ཐུགས་ཐིག་ལས། རང་བཞིན་བདེར་གཤེགས་གདུལ་བྱ་ཡི། །སྣང་བ་གསུམ་གྱི་ངོ་བོ་ལས། །རྒྱུད་ཀྱི་དབྱེ་བ་རྣམ་པར་བཞག །གཅིག་ལ་གསུམ་གྱི་ངོ་བོ་ཡང་། །འཁྲུལ་པའི་སྣང་བས་གསུམ་དུ་འགྱུར། །ཞེས་པ་ལ་སོགས་པ་ལྟར་རང་བཞིན་གྱི་སྣང་བ་ནི། རང་རིག་པ་བྱང་ཆུབ་ཀྱི་སེམས་ཆོས་ཐམས་ཅད་དུ་ཤར་བ་ཡིན་ཏེ། ལོག་པའི་རྒྱུ་རྐྱེན་དང་། ཤེས་རབ་དང་གཏན་ཚིགས་ཀྱིས་སྣང་བར་མ་བྱས་པའོ། །དེའང་རྒྱས་པའི་གཞུང་ཉིད་ལས། ཀུན་གཞིའི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་སྟེ། །ཞེས་འབྱུང་བས་སོ། །དེ་ནི་ལམ་དང་འབྲས་བུའི་ཡོན་ཏན་གཉིས་ཀྱང་ཚང་ཞིང་གནས་སྐབས་ལས་འབྲེལ་བས་ན་རྒྱུད་དོ། །འབྲས་བུ་བདེ་བར་གཤེགས་པའི་སྣང་བ་ནི། གཞི་དང་ལམ་གྱི་ཉེས་པ་གཉིས་ཟད་པ་གང་ཡིན་པ་དེ། བདེ་བར་གཤེགས་པའི་སྣང་བ་ཡིན་པའི་ཕྱིར་འབྲས་བུ་ཞེས་བྱ་སྟེ། གཞི་འབྲས་ནི་བདག་ཉིད་གཅིག་འབྲེལ་དང་། ལམ་འབྲས་ནི་བྱིན་བརླབ་ཀྱི་འབྲེལ་པ་བདག་གཞན་གྱི་དགོས་པ་ཕུན་སུམ་ཚོགས་པའི་ཕྱིར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་ཚོགས་པས་ན་རྒྱུད་དོ། །གཞུང་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། ། ཞེས་སོ། །གདུལ་བྱ་ལམ་གྱི་སྣང་བ་ནི། གཞི་དོན་ཤེས་པར་བྱེད་པ་དང་། འབྲས་བུ་སྒྲུབ་པར་བྱེད་པ་ལ་ཤེས་རབ་ཆེ་ཆུང་གི་བློའི་ཕྱེ་བས་ཐེག་རིམ་དགུ་ཐ་དད་པར་སྣང་བ་སྟེ། དེ་ཐམས་ཅད་ཀྱང་རང་བཞིན་གསང་བ་སྙིང་པོའི་ལམ་སྟེགས་སུ་སྣང་ཞིང་། རང་བཞིན་འདི་ཉིད་ལས་འདའ་བ་མེད་པས་ལམ་ཐམས་ཅད་ཡོངས་སུ་རྫོགས་པ་ཡང་། རྒྱས་པ་ལས། རྒྱུ་འབྲས་དབྱེར་མེད་ཡེ་ནས་སྔ་ཕྱི་མ་ཡིན་པར། །འབྲས་བུ་ལམ་དུ་གྱུར་ནས་དུས་གཅིག་མནམ་པར་སྦྱོར། །ཞེས་སོ། །ཞར་ལ་གསུངས་པ་འཁྲུལ་པའི་སྣང་བ་ནི། གཞི་ལམ་འབྲས་བུའི་སྣང་བ་དེ་དག་ངོ་བོ་གཅིག་པ་ལ། ཀུན་ཏུ་བརྟགས་པ་གཟུང་འཛིན་སྣ་ཚོགས་ཀྱིས་བསྒྲིབས་པས་རིམ་པར་སྣང་བའི་འཁྲུལ་པ་སྟེ། གཞུང་ལས། མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཞེས་དང་། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་དང་། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །ཞེས་འབྱུང་ངོ་། །རྒྱུད་གསུམ་དུ་གསན་པ་ནི། ཤེས་པར་བྱ་བ་གཞི། བགྲོད་པར་བྱ་བ་ལམ། མཐར་ཕྱིན་པ་འབྲས་བུ་གསུམ་དུ་བསྡུ་བ་སྟེ་རྒྱུད་ཁོག་དབུབ་པའོ། །དེ་ལས་ལམ་རྐྱེན་ཡི་གེའི་རྒྱུད་བྱེ་བྲག་ཏུ་བསྟན་པའི་ཕྱིར་མཚན་གྱི་དོན་བསྟན་ཏེ་རྒྱུད་དང་དཀྱིལ་འཁོར་གྱི་གཙོ་བོ་ཐུན་མོང་དུ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའོ། །ཆེ་བ་ལས་མཚན་དུ་བཏགས་པའི་ཕྱིར་ལུང་གི་སྤྱིའོ །དོན་ངོ་བོ་ཉིད་མན་ངག་ལས་བཏགས་པ་ནི་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །རྡོ་རྗེ་སེམས་དཔའ་ནི་རང་བཞིན་དབྱེར་མེད་ཅིང་། ངོ་བོ་འདུས་མ་བྱས་པ། མཚན་ཉིད་སྐྱེ་འཇིག་དང་བྲལ་བས་རྡོ་རྗེ། དེ་ཉིད་ལས་འདའ་བ་མ་ལགས་པས་སེམས། དེས་མཚན་མའི་རྟོག་པ་ལ་ཕར་འཇོམས་པའི་ཕྱིར་དཔའ་ཞིང་ཚུར་ཅིས་ཀྱང་མི་ཚུགས་པའོ། །སྒྱུ་འཕྲུལ་ནི། ཐབས་ཤེས་རབ་དབྱེར་མེད་པ། དྲྭ་བ་ནི་ཕྱི་ནང་གི་དངོས་པོ་ཐམས་ཅད་རང་རྒྱུད་པར་མ་གྲུབ་ཅིང་། རྟོག་ཚོགས་བཞི་བཅུ་ཞེ་གཉིས་ཀྱི་ཚོགས་ཐམས་ཅད་ལྷ་དང་དབྱེར་མེད་པ་ངོ་བོ་ཉིད་དུ་འབྲེལ་པ་ལ་བྱའོ། །ལུང་གི་སྤྱི་ནི་ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པ་བྱ་བ་དང་། རྣམ་སྣང་མངོན་པར་བྱང་ཆུབ་པ་སོགས་སྤྱོད་པའི་རྒྱུད། དེ་ཁོ་ན་ཉིད་བསྡུས་པ་སོགས་རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པ་དཔལ་གསང་བ་འདུས་པ་སོགས་ཐབས་དང་། འཁོར་ལོ་བདེ་མཆོག་དང་བུདྡྷ་མཉམ་པར་སྦྱོར་བ་སོགས་ཤེས་རབ་དང་། དཔལ་དུས་ཀྱི་འཁོར་ལོ་སོགས་གཉིས་སུ་མེད་པ་མ་ནིང་གི་རྒྱུད་དེ་ཐམས་ཅད་ཀྱི་དོན་དང་། མཚན་ཉིད་ཀྱི་ཐེག་པར་བསྟན་པ་ཐམས་ཅད་འདུས་པས་ན་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི་ཡིན་པའང་། འདི་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་འབྱུང་། མན་ངག་གི་མཚན་བསྟན་པའི་ཕྱིར། གསང་བ་དང་། སྙིང་པོ་དང་། དེ་ཁོ་ན་ཉིད་དང་། ངེས་པའོ། །གསང་བ་ལ་གཞུང་གིས་བསྟན་པ་བཞི་སྦས་པའི་གསང་བ་དང་བཅས་པ་ཏེ། གཞུང་ལས། ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་གསུངས། ཡེ་ནས་གསང་བ་ནི། སྣང་སྟོང་གཉིས་མེད་ཀྱི་རང་བྱུང་གི་ཡེ་ཤེས་ལ་ཡོན་ཏན་ཐམས་ཅད་ལྷུན་གྲུབ་རང་ཆས་སུ་ཡོད་ཀྱང་། ལྷན་སྐྱེས་ཀྱི་མ་རིག་པས་ངེས་ཤེས་མ་སྐྱེས་དེ་ངོ་མ་ཤེས་པའོ། །རང་བཞིན་གྱི་གསང་བ་ནི། རང་བྱུང་ཡེ་ཤེས་དེ་ཉིད་རང་སྣང་བས་སྣང་བ་ཐམས་ཅད་འབྲས་བུ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་རང་བཞིན་གྱིས་རང་རྒྱུད་གནས་པ་ལ་རང་ག་མར་ཀུན་ཏུ་བརྟགས་པས་སྐུ་དང་ཡེ་ཤེས་བསྒྲིབས་པའོ། །ངོ་བོ་ཉིད་ཀྱི་གསང་བ་ནི། ཤེས་བྱ་རང་བཞིན་གྱི་རྒྱུད་ཡུལ་སེམས་རྒྱུ་འབྲས་དང་དེ་བདེན་པ་གཉིས་པོ་ལས་གྲོལ་ཏེ། རང་གི་ངོ་བོ་ཉིད་ཡུལ་དུ་མ་དམིགས་པ་ཡིན་ཀྱང་། སྣང་སྟོང་ཐ་དད་དུ་བཟུང་བས་ངོ་མ་ཤེས་པས་རབ་ཏུ་གསང་བའོ། །ཤིན་ཏུ་གསང་བ་ནི། འབྲས་བུའི་རྒྱུད་བསྒྲུབ་པར་བྱ་བ་དེ་གུད་ན་མེད་ཀྱང་། ཉོན་མོངས་པ། ཤེས་བྱ། ལྟ་བའི་སྒྲིབ་པས་གཞན་དུ་ཚོལ་བ་རང་རིག་པ་ལ་སྣང་བ་ཁོ་ནའོ། །སྤས་པའི་གསང་བ། མི་སྤང་བ་ལྔ། དམ་རྫས་ལྔ། འདོད་ཡོན་ལྔ་སྟེ་སྤྱོད་པའི་ཁྱད་པར་ལྔ། ཏ་ན་ག་ན་སོགས་སྔགས་ཀྱི་མན་ངག་མེད་པ་མཚན་ཉིད་སོགས་དང་། དོན་མ་རྟོག་པར་སྒྲ་ཇི་བཞིན་སྤྱོད་པ་རྣམས་ཀྱིས་སྤྱད་ན་ཉེས་ཆེ་བས། ཨཱ་ལི་ཀཱ་ལི་སོགས་རྒྱུད་འདི་དང་། ཀ་ཊ་ཁྱ་སོགས་རྒྱུད་གཞན་ལས་གྲགས་པ་ལྟར་བརྡར་སྤས་ནས་བསྟན་པ་ནི། ལུང་ལས། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་རབ་ཏུ་གསང་། །ཞེས་འབྱུང་བ་དང་། གབ་པའི་གསང་བར་སློབ་དཔོན་ཁ་ཅིག་བཞེད་དེ། དེའང་བསྡུ་ན་འདིར་འདུས་པ་ནི། རྒྱུད་དོན་ཕུན་སུམ་ཚོགས་པ་གཟུ་ལུམ་དང་། རས་ཆོད་ཅན་ལ་གབ་པ་དེ་ཚད་མ་གཉིས་ཏེ་ལུང་དང་མན་ངག་གི་བདག་པོ་རྡོ་རྗེ་སློབ་དཔོན་གྱིས་འབྱིན་པའོ། །སྙིང་པོ་ནི། རྒྱུའི་སྙིང་པོ། འབྲས་བུའི་སྙིང་པོ། བཅུད་འདུས་པ་དོན་གྱི་སྙིང་པོའོ། །རྒྱུའི་སྙིང་པོ། རྒྱུད་འདིས་གོ་ཕྱེས་ཏེ་བསྟན་པ་ཐམས་ཅད་འབྱུང་བས། འདིའི་གཞུང་ལས། རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་སོ། །འབྲས་བུའི་སྙིང་པོ། ཐེག་པའི་སྒོ་གང་ནས་མཐར་འབྲས་བསྒྲུབ་ཀྱང་རང་བཞིན་གསང་བའི་སྙིང་པོ་མངོན་དུ་བྱེད་དགོས་པས། ལེའུ་ཐ་མ་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་སོ། །བཅུད་འདུས་པ་གརྦྷའི་སྒྲ་ལས་དོན་གྱི་སྙིང་པོ་ནི། གཏན་ཚིགས་ཐམས་ཅད་ཀྱི་མཐར་ཐུག་ན་ཆོས་ཐམས་ཅད་དག་པ་རབ་འབྱམས་ཡེ་སངས་རྒྱས་པར་བསྟན་པས། ཐ་མ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །ཞེས་འབྱུང་། དེ་ཁོ་ན་ཉིད། ཅེས་པས། རྟོག་ཚོགས་ཐམས་ཅད་རང་རིག་པ་ལས་མི་གཞན་པས། རྒྱུ་མ་བཅོས་པའི་དེ་ཁོ་ན་ཉིད་སྐུ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་མངོན་སུམ་དུ་སྣང་བ་མ་ནོར་བའི་དེ་ཁོ་ན་ཉིད། རྒྱུ་འབྲས་གཉིས་ལ་སྔ་ཕྱི་བཟང་ངན་ཐ་དད་མེད་པ་གཞན་མ་ཡིན་པའི་དེ་ཁོ་ན་ཉིད། གཟུང་འཛིན་གྱི་སྤང་བླང་ལས་གྲོལ་བ་རིག་པ་མ་འགག་པ་དབྱེར་མེད་པ་ཕྱོགས་འཛིན་ཐམས་ཅད་དང་བྲལ་བ་ཉིད་ཆེན་པོའོ། །ངེས་པ་ནི། བཤད་པའི་དེ་ཁོ་ན་ཉིད་གསུམ་པོ་དེ་བཀྲི་བའི་དོན་མ་ཡིན་ཏེ། ངེས་པའི་དོན་གཏན་ལ་ཕབ་པའོ། །ཡང་ན་སློབ་དཔོན་སངས་རྒྱས་གསང་བས་ངེས་པ་གསུམ་སྟེ། གཞིར་ངེས། ལམ་དུ་ངེས། ངོ་བོར་ངེས་པ་གསུམ་ལས། དང་པོ་ནི་རྒྱུད་ཀྱི་གཞི་རང་བཞིན་གསང་བའི་སྙིང་པོ་ནི་ངེས་པའི་ངོ་བོ་སྟེ། ནམ་མཁའ་དུས་གསུམ་དུ་མི་འགྱུར་བ་ལྟར་རྐྱེན་གྱིས་ཀྱང་མི་འགྱུར་བར་ངེས་པའོ། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་སོ། །ལམ་ངེས་པ་ནི། རྒྱུད་ཀྱི་རྒྱལ་པོ་འདིའི་ལུགས་ཀྱི་འབྲས་བུ་སྐུ་གསུམ་ཉིད་མ་ནོར་མི་འགྱུར་ཕྱིན་ཅི་མ་ལོག་པ་རྒྱུ་འབྲས་དབྱེར་མེད་པའི་དོན་གྱི་རྣལ་འབྱོར་པའི་ལམ་ནམས་སུ་བླངས་པའི་ངོ་བོ་སྟེ། གཞུང་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་སོ། །ངོ་བོར་ངེས་པ་ནི། རང་བཞིན་གསང་བའི་སྙིང་པོའི་དོན་ཉིད་སྟོན་པ་ཀུན་ཏུ་བཟང་པོའི་དགོངས་པ་མངོན་དུ་སྟོན་པའི་ཕྱིར། རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་གསུངས་སོ། །སྤྱི་རང་བཞིན་གསང་བའི་སྙིང་པོ་གསང་བ་དང་སྙིང་པོ་དང་དེ་ཁོ་ན་ཉིད་གསུམ་གྱི་བསྟན་པ་ནི། དྲང་ངེས་གཉིས་ལས། གང་ཟག་སྐལ་པའི་ལས་ཅན་ལ་ངེས་པའི་དོན་མ་ནོར་བར་གསུངས་པའོ། །ཆོས་ཀྱི་ཁ་བྱང་གི་ངོས་ནས་ཕྱག་འཚལ་བ་བསྟན་ཏེ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ་ཞེས་པ། རྒྱ་གར་ན་ཡི་གེ་པ་ཐམས་ཅད་ཀྱིས་ཡི་གེའི་མགོན་ན་མ་སིདྡྷི་མྲ་བྱ་བ་ཞིག་བྲི་བ་ཡིན་སྐད། བསྒྱུར་གྲུབ་པའི་ལྷ་ལ་ཕྱག་འཚལ་ལོ་ཞེས་བྱ་བར་འོང་བས། །ཡི་གེ་བྲི་བ་ལ་བར་ཆད་མི་འོང་བའི་དགོས་ཆེད་དོ། །ལོ་ཙཱ་བས་བསྒྱུར་བ་རྣམས་ལ། ལོ་ཙཱ་བས་བར་ཆད་ཞི་བའི་ཕྱིར་ཕྱག་འཚལ་བ་བཏགས་པ་ཡིན། རྒྱུད་འདིའི་ཕྱག་ནི་སྡུད་པ་པོ་གསང་བདག་གིས་ཚིག་གཉེར་བའི་ཚེ་རང་གི་སྟོན་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་བར་བཞེད། དེ་ཡང་གཞུང་ན་ཆོས་གང་གི་དོན་སྟོན་པ་དེའི་ལྷ་ལ་ཕྱག་འཚལ་བ་སྟེ། ཐེག་པ་དགུ་ལ་ཕྱག་འཚལ་བའི་ངོ་ཏི་རེ་རེ་ཡོད་ཀྱང་། འདིར་གསང་སྔགས་ཀྱི་ཕྱོགས་ཡིན་པས། ཡོ་ག་ན་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་བས། མི་གནས་པའི་ཡེ་ཤེས་ཆེན་པོ་ལ་འདོད་པ་དང་། ལྷ་ཐམས་ཅད་ཀྱི་རྩ་བ་ཡིན་པར་བསྟན་པའོ། །མ་ཧཱ་ཡོ་ག་ན་རྡོ་རྗེ་སེམས་དཔའ་ནི། འཁོར་འདས་གཉིས་སུ་མེད་པའི་རིག་པ་རང་བྱུང་གི་ཡེ་ཤེས་སྐྱེ་འཇིག་མེད་པ་དུས་གསུམ་དུ་འགྱུར་བ་མི་མངའ་བའོ། །འདིར་ཀུན་ཏུ་བཟང་པོ་མོས་པ་ནི་འདིའི་ཕུན་སུམ་ཚོགས་པའི་གླེང་གཞི་འཛོམ་པའི་དུས་སུ་འདི་ཉིད་རྒྱུད་ཐམས་ཅད་ཀྱི་རྩ་བ་ཡིན་པས། སྟོན་པ་འཁོར་འདས་དབྱེར་མེད་པའི་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་བའོ། །ད་འབྲུ་གནན་ན། བཅོམ་ལྡན་འདས་ཞེས་པ། འཁོར་འདས་དབྱེར་མེད་སེམས་ཀྱི་ཆོས་ཉིད་མངོན་དུ་གྱུར་པའི་རིག་པ་རང་བྱུང་གི་ཡེ་ཤེས་ལ་གཉིས་སུ་འཛིན་པའི་ཆོས་ཕྲ་བའི་ཕྲ་བའང་མི་མངའ་བས། ཉི་མའི་དལ་ཤར་ན་མུན་པ་གཞི་བྲལ་དང་འདྲ་བས་བདག་འཛིན་ཉོན་མོངས་པའི་བདུད་བཅོམ། དེ་ཉིད་རང་སྣང་བའི་ཕུང་པོ་ལྔ་རིགས་ལྔ་དག །འབྱུང་བ་ལྔ་ཡུམ་ལྔར་དག་པས་འཁོར་བ་མ་དམིགས་པས་ཕུང་པོའི་བདུད་བཅོམ། སེམས་ཀྱི་ཆོས་ཉིད་བདག་དང་གཞན་དུ་བྲལ་བའི་ངང་ལ་སྐད་ཅིག་མ་མ་དམིགས་པས་སྐྱེ་འཇིག་དང་བྲལ་བས་འཆི་བདག་གི་བདུད་བཅོམ། རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་དག་པས་བདག་གཞན་དང་བྲལ་ཏེ། མི་མཐུན་པ་དང་གཉེན་པོ་མེད་པས་ལྷའི་བུའི་བདུད་བཅོམ་མོ། །དགོངས་པ་དེ་ལྟ་བུའོ་ལྡན་ཅེས་ངང་ལས། གཞན་སྣང་གི་མཛད་པ་སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ་ཕྲིན་ལས་ལྔ་ཉེར་ལྔ་ལ་སོགས་ཏེ་ཐ་སྙད་ཀྱིས་བཞག་པའི་ཡོན་ཏན་ཐམས་ཅད་དང་རང་ལྡན། །འདས་ནི་བཅོམ་པས་དངོས་པོའི་མཐའ་ལས་འདས། །ལྡན་པས་དངོས་པོ་མེད་པའི་མཐའ་ལས་འདས་ཏེ། མཐའ་བྲལ་གྱི་ངོ་བོ་ཅིར་ཡང་གཟུང་དུ་མེད་པའོ། །དཔལ་ལ་རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་ནི། སེམས་ཉིད་བཅོམ་ལྡན་འདས་ལྷུན་གྱིས་གྲུབ་པའི་ངོ་བོའོ། །གདོད་ནས་གཞན་དོན་རྫོགས་པས་དཔལ་ལོ། །རྟོག་པ་བདག་གི་དཔལ་ནི། འཁོར་ལོས་སྒྱུར་བའི་བུ་མཚན་དཔེ་དང་ལྡན་པའི་ལོང་བ་ཉིད་མིག་ཕྱེད་པས་རང་གི་མཚན་དཔེ་མཐོང་བ་བཞིན། འབྲས་བུ་ལྷུན་གྱིས་གྲུབ་པ་ནི་བདག་གི་དཔའ་ལོ། །དེ་ཉིད་མེ་ལོང་གཡའ་དག་པ་ལ་གཟུགས་བརྙན་འཆར་བ་ལྟར། གདུལ་བྱའི་དགོས་པ་རྒྱུན་ཆད་མེད་པར་འཆར་བ་ནི་གཞན་གྱི་དཔལ་ལོ། །ཀུན་ཏུ་བཟང་པོ་ཞེས་པ། ཀུན་ཏུ་ནི་དུས་དང་གནས་སྐབས་དང་རྒྱུ་དང་འབྲས་བུ་དང་ཡུལ་དང་ཡུལ་ཅན་དང་ཕྱོགས་ཐམས་ཅད་དུ་སེམས་ཀྱི་ཆོས་ཉིད་སྣང་སྟོང་གི་མཐའ་དང་བྲལ་བ་མཉམ་པ་ཉིད་ཀྱི་ངང་ལ་ཕྱོགས་སུ་འཛིན་པ་ཕྲ་རགས་ཅིར་ཡང་མི་མངའ་བ་ལ་ནི་བཟང་པོ་ཞེས་བྱ་སྟེ། དོན་ལ་སྐྱོན་མི་མངའ་བས་བཟང་པོ་ཞེས་བྱ་བའང་མ་དམིགས་སོ། །ཐ་སྣད་དུ་དབྱེ་ན་ཀུན་ཏུ་བཟང་པོ་ལ་བཞི་སྟེ། རང་བཞིན་ཀུན་ཏུ་བཟང་པོ་ནི་རྩ་བ་སེམས་དང་སེམས་སྣང་བས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་ནས་ངོ་བོ་ཉིད་ཀྱིས་རྒྱུ་རྐྱེན་དང་བྲལ་ལམ་གྱིས་མ་བསྒྲུབ། གཉེན་པོས་མ་བཅོས་པར་རང་སྣང་སྐུ་དང་ཡེ་ཤེས་ཀྱི་དལ་དུ་སངས་རྒྱས་པ་ཀུན་ཏུ་བཟང་པོའི་རང་བཞིན་དུ་གྱུར་པའོ། རྟོགས་པ་ཀུན་ཏུ་བཟང་པོ་ནི། རང་བཞིན་ཀུན་ཏུ་བཟང་པོ་གོང་དུ་བཤད་པའི་དོན་དེས་རིག་པ་ཅན་ལ་འཇག་མའི་སྲིན་བུ་ཡན་ཆད་དང་། བེམས་པོ་ན་རྡུལ་ཕྲ་རབས་ཡན་ཆད་ལ་ཁྱབ་པའི་ངོ་བོ་ཉིད་ཡིན་ཀྱང་མ་རྟོགས་ན་ཕན་མེད་དེ་ཁམས་གསུམ་གྱི་སེམས་ཅན་ཡིན་པས། ལུང་དང་མན་ངག་གི་སྟོབས་ཀྱིས་རྟོགས་པ་མངོན་དུ་ཤར་བའི་རིག་པ་ལ་འདུ་ཤེས་ཆེད་འཛིན་གྱི་སྐྱོན་གྱིས་མ་གོས་པ་ནི་རྟོགས་པ་ཀུན་ཏུ་བཟང་པོའོ། །སྤྱོད་པ་ཀུན་ཏུ་བཟང་པོ་ནི། དེ་ལྟར་རྟོགས་པ་དེ་སར་ཆུད་མཉམ་པ་ཉིད་ཀྱི་ངང་ལ་ཆེད་བྱས་ཕྲ་བའང་མི་མངའ་ན། སྒོ་གསུམ་གྱི་སྤྱོད་པ་རང་ཤར་དུ་ཤར་བའི་དུས་སུ། སྤང་བླང་དང་བྲལ་ཏེ་ཅི་བྱེད་ཀྱང་མ་འགག་པ་བསོད་ནམས་ཀྱི་ཚོགས་མི་འཛིན་པ་ཡེ་ཤེས་ཀྱི་ཚོགས་རྫོགས་པས་སྤྱོད་པ་ཀུན་ཏུ་བཟང་པོའོ། །དུས་དེ་ལྟ་བུའི་དུས་སུ་དུས་དང་གནས་སྐབས་ཀུན་ཏུ་བཟང་པོ་ནི་མཉམ་པ་ཉིད་ཀྱི་ངང་ལ་དུས་གསུམ་དུ་འཛིན་པ་མི་མངའ་བས་མ་འགགས་པ་ཙམ་དུ་དུས་གསུམ་དུ་སྣང་ཡང་མཉམ་ཉིད་ཀྱི་ངང་ལ་འཛིན་པ་མ་སྤངས་དག་པ་ནི། དུས་དང་གནས་སྐབས་ཀུན་ཏུ་བཟང་པོའོ། །ལ་ཞེས་པ། གཞི་བསྒྲུབ་པའི་དོན་ཏེ། སྟོན་པ་ཀུན་ཏུ་བཟང་པོ་གོང་དུ་བཤད་པ་ལ་ཕྱག་འཚལ་བའི་ཡུལ་དེ་ལ། རྟེན་གང་གིས་འཚལ་ན། སྔོན་བྱུང་དུ་སྡུད་པ་པོ་གསང་བའི་བདག་པོ། རྗེས་འཇུག་ཏུ་ཕྱི་རབས་ཀྱི་རྣལ་འབྱོར་པ་ཐམས་ཅད། དགོས་པ་གང་གི་ཕྱིར་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པས་བསོད་ནམས་མ་ཡིན་པ་ནི། དེ་ཞི་བས་བར་ཆད་དག །དེས་བསྒྲུབ་པའི་དངོས་པོ་མཐར་ཕྱིན་པའོ། །ཚུལ་ཇི་ལྟར་འཚལ་ན། འོག་མ་བདག་གི་ལུས་ངག་ཡིད་གསུམ་སོ་སོར་བལྟས་པས་ཕྱག་འཚལ་བ་སྟེ། རྣམ་པར་གཅད་པའང་མ་ཡིན་ལ་རྨད་དུ་བྱུང་བའི་ཐེག་པ་འདི་ཉིད་ཀྱི་སྐབས་སུ་ཀུན་ཏུ་བཟང་པོ་དང་རིག་པ་གཉིས་མེད་དུ་གྱུར་ནས་ཆུ་ལ་ཆུ་ཐིམ་པའམ། མར་ལ་མར་ཐིམ་པ་བཞིན་དུ་མཇལ་བའི་དོན་གྱིས་ཕྱག་གོ། །ཅིའི་ཕྱིར་དེ་ལྟ་བུའི་ཕྱག་གིས་ནི་ལམ་པའི་རྟོགས་པ་ཉི་མའི་དཀྱིལ་འཁོར་སྒྲིབ་བྱེད་མེད་པ་ལྟ་བུར་བསྒྲིབ་པའི་རིམ་པ་རྣམས་དུས་གཅིག་ཏུ་བཅོམ་ནས་འབྲས་བུ་མངོན་དུ་བྱེད་པར་འགྱུར་རོ། །འདི་ཉིད་ཐེག་པ་ཐམས་ཅད་ཀྱི་སྤྱི་ལུང་ཡིན་པས། བཅོམ་ལྡན་འདས་ལ་ཐེག་པ་དགུ་ཀའི་བཤད་པ་ཡོད་ཀྱང་འདིར་མ་བྲིས་ཏེ་ལོགས་སུ་ཤེས་སོ། །གླེང་གཞི་ལ་གཉིས་ཀྱིས་བསྟན་པའི་ཐུན་མོང་མ་ཡིན་པའི་གླེང་གཞི་བསྟན་པ་ནི། འདི་སྐད་བཤད་པའི་དུས་ན་ཞེས་པ། རྒྱུད་གཞན་ལ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པས། འདི་སྐད་ཅེས་བསྟན་པ། བདག་གིས་ཞེས་པས་བསྡུད་པའོ། །ཐོས་ཞེས་པས་བདག་གིས་སྟོན་པ་ཚད་མ་ལས་རྣ་བའི་དབང་པོས་ཐོས་ཞེས་སོ། །ཐོས་ནི་ཐོས་ལ་མ་རྟོགས་སོ་བྱ་བའང་ཡོད། དུས་གཅིག་ཅེས་པ་ལ་བཤད་པའི་ན་ཡམ་མང་བས་གཞན་དུ་ཤེས། འདིར་འདི་སྐད་བཤད་པའི་དུས་ནི། འདི་ཐུན་མོང་མ་ཡིན་པའི་གླེང་གཞི་ཡིན་པས་རྗོད་བྱེད་དང་བརྗོད་བྱ་གཉིས་ལས། རྗོད་བྱེད་ཀྱི་དབང་དུ་ན་འདི་སྐད་བསྟན་པ་ཕུན་སུམ་ཚོགས་པ་མཐུན། བཤད་ཅེས་པ་དཔེས་བརྗོད་ན། མཚན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པའི་དུས་སུ། བཅོམ་ལྡན་འདས་ལ་འཁོར་གྱིས་ཞུ་བའི་སྤོབས་པ་མ་བྱུང་ནས། བཅོམ་ལྡན་འདས་ཉིད་ཀྱིས་སེང་གེའི་ཁྲི་བཤམས་ནས་དགོངས་པ་མངོན་དུ་བཞག་སྟེ་བཞུགས་སོ་ཞེས་པས། ཕ་རོལ་ཏུ་ཕྱིན་པ་འཁོར་ལ་མདོངས་གསོལ་དུ་གསུངས་པ་བཞིན་རྨད་དུ་བྱུང་བའི་རྒྱུད་འདིའི་གླེང་གཞི་འཛོམས་པའི་དུས་སུ། ས་བཅུ་པ་ཡན་ཆད་རྣམས་ཀྱི་སྤྱོད་ཡུལ་ཏེ། དགུ་པ་མན་ཆད་ཀྱིས་མི་གཟིགས་པས། བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བཅོམ་ལྡན་འདས་ཀྱི་བྱིན་རླབས་ཀྱིས་ལེའུ་གཉིས་པ་ན་འབྱུང་བ་བཞིན་དུ་དབང་བསྐུར་ནས་བྱིན་རླབས་ཀྱིས་ཤེས་བྱའི་སྒྲིབ་པ་ཕྲ་བ་དག་སྟེ། སྒྲིབ་སེལ་མཐའ་ཡས་པ་དང་། གསུང་ལྔ་ལྷུན་གྲུབ་ཀྱི་གསུང་མངོན་དུ་གྱུར་པ་དང་། རང་བཞིན་གསང་བའི་སྙིང་པོའི་དོན་མངོན་དུ་གྱུར་པ་རྣམས་དུས་གཅིག་རྫོགས་པས་ཀུན་ཏུ་བཟང་པོ་དང་དབྱེར་མེད་པར་གྱུར་ནས། རང་བཞིན་གསང་བའི་སྙིང་པོའི་དགོངས་པ་ལ་མི་ཕྱེད་པའི་དབང་གིས། ཉི་ཟླའི་དཀྱིལ་འཁོར་ཆུ་དྭངས་པ་ལ་གཟུགས་བརྙན་འཆར་བ་འགྲོ་འོང་མི་མངའ་བ་བཞིན། རང་བཞིན་གསང་བའི་སྙིང་པོ་ཆོས་སྐུའི་ངང་ལ་ཐོས་བྱ་ཐོས་བྱེད་མེད་པར་དགོངས་པར་ལྷུན་གྱིས་གྲུབ་པ་ནི། བཤད་པ་དང་འདྲ་བར་ཐམས་ཅད་དུ་རང་གསལ་བ་ནི་བཤད་ཅེས་བསྙད་དོ། །དེས་ན་འདི་སྐད་བསྟན་པ་ཕུན་སུམ་ཚོགས་པ་རང་བཞིན་གསང་བའི་སྙིང་པོ་ཞུ་བ་པོ་མེད་པར། སྟོན་པའི་ཐུགས་ལྷན་ཅིག་པའི་འཁོར་རྣམས་ལ་རང་སྣང་དུ་འཆར་བའོ། །དུས་དེ་ལྟ་བུ་ཕུན་སུམ་ཚོགས་པའི་གླེང་གཞི་ནི་སྐྱེས་འཇིག་དང་བྲལ་བ་དུས་གསུམ་མཉམ་པ་ཉིད། ན་ཚེ་སྐབས་ཀྱི་དོན། དེའི་དུས་སུ་འོག་མའི་ཡུལ་ཅན་གྱི་ཕུན་སུམ་ཚོགས་པའི་གླེང་གཞི་རྣམ་པར་གཅད་པའོ། །ཡང་ན་ནི་གཞིའི་དོན་གླེང་གཞི་དེ་ལས་ན་འགྱུར་བའི་དོན་གདུལ་བྱའི་བློ་ངོ་བཞི ན་དུ་མཐར་ཐུག་པ་མེད་པའི་ཁམས་ན་གདུལ་བྱ་མཐོ་དམན་རྣམས་ཀྱི་བློ་ངོ་ལ། ཕུན་སུམ་ཚོག་པའི་གླེང་གཞི་མཐོ་དམན་རྣམས་དུས་གཅིག་ལ་སྣང་བའོ། །སྤྱི་དོན་ནོ། །ཚིག་དོན་འབྲུ་གཉེར་ན། ཁྱད་པར་གྱི་གླེང་གཞི་འདི་ལའང་ཐབས་ལམ་གྲོལ་ལམ་གཉིས་ཏེ། ཐུགས་ཐིག་ལས། བགྲོད་ཐབས་གཉིས་ཡུལ་ཡན་ལག་རྐྱེན། །ཞེས་དང་། ཡང་། ཐབས་དང་ཤེས་རབ་རྒྱུ་ཡང་ནི། །སྔ་མའི་སྟོན་པ་གནས་འཁོར་སྡུད། །དུས་བསྟན་དྲུག་གནས་རིན་ཆེན་སྒྲོན། །གསང་བའི་འོག་མིན་གནས་ཀྱིས་ཕྱེད། །ཡི་གེ་བཞི་ཡིས་ཤེས་པར་འགྱུར། །གསང་བའི་ཚད་མ་གཉིས་དང་འབྲེལ། །ཞེས་པས། འདིར་ཡང་ཐབས་ལམ་དང་གྲོལ་ལམ་གཉིས། ཐབས་ལམ་ལ་ཡང་གོང་སྒོ་དང་འོག་སྒོ་གཉིས། དེ་ལ་གོང་སྒོ་ལྟར་ན་འདི་སྐད་བཤད། ཨེ་ཝྃ་མ་ཡ་བཞི་དང་། ཕུན་སུམ་ཚོགས་པ་དྲུག་སྦྱར་ཏེ། འདི་ཨེ་གནས། སྐད་ཝྃ་སྟོན་པ། བཤད་མ་འཁོར་དང་སྡུད་པ། པའི་ཡ་དང་བསྟན་པ། དུས་དངོས་ཏེ། དེ་ཡང་ལུང་ལས། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམས་བཞིའི་དབྱིབས་ཅན་ཡིན། །འདི་ཞེས་པས་དངོས་པོ་ཉེ་བར་མཚོན་པ་ནི་ཕུན་སུམ་ཚོགས་པའི་གནས་སོ། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གྱི། །སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ན་དྭངས་མ་ལྔ་འདུས་ཀྱི་སྙིང་པོ་སྲོག་མི་ཤིགས་པའི་ཐིག་ལེ་སྟོན་པའི་གནས་ནི། ཨེ་སོགས་ཕྲིན་ལས་བཞིའི་དབྱིབས་དང་ལྡན་ཏེ། ཆོས་ཀྱི་འཁོར་ལོའི་རྩ་བའི་རྩ་བཞི་ལས། མདུན་ན་ཆོས་ཉིད་ཀྱི་རྩལ་འོད་ཁ་དོག་དཀར་པོ་དབྱིབས་ཟླུམ་པོ། གཡས་སུ་ཡེ་ཤེས་ཀྱི་རྩལ་དབྱིབས་གྲུ་བཞི་ཁ་དོག་སེར་པོ། གཡོན་ན་ཡོན་ཏན་གྱི་རྩ་དབྱིབས་ཟླ་གམ་ཁ་དོག་དམར་པོ། རྒྱབ་ཏུ་རང་རྒྱུད་ཀྱི་རྩལ་དབྱིབས་གྲུ་གསུམ་ཁ་དོག་དམར་ནག་གོ། །དེ་ནི་གོང་སྒོའི་གནས་ཕུན་སུམ་ཚོགས་པའོ། །སྐད་ནི་གསལ་བྱེད་ལས་མིང་ཅན། །ཐིག་ལེ་ཝྃ་དབྱིབས་ཅན་སྟོན་པའོ། །ཝྃ་ཟླུམ་པོ་སྟེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་བར་བྱེད་པ། ལས་མིང་ཅན་ནི་དོན་གསལ་བར་བྱེད་པ་སྟོན་པའོ། །མ་དཱ་མ་ནུབ་ཞེས་པ་ནི། སྡོམ་བྱེད་ཡིད་ཅེས་བྱ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པའི་དུས་སུ་ཡིད་ཀྱི་ཤེས་པ་ཡེ་ཤེས་སུ་དག་ནས། ཡིད་ཀྱི་ངོ་ལ་གསལ་བའི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ་རྣམ་ཤེས་ཀྱི་རྗེས་སུ་དག་པ་ནི་འཁོར་ཡིན་ལ། ཡིད་ཀྱི་ཤེས་པ་རང་བྱུང་གི་ཡེ་ཤེས་སུ་འདུས་པ་ནི་སྡུད་པ་པོའོ། །པའི་དུས་གཞི་མཉམ་ཉིད་དོ། བསྟན་པ་སྟེ། པ་ར་མཱཪྠ་དོན་དམ་པ། །ཞེས་པ་རང་བཞིན་གསལ་བའི་སྙིང་པོའི་དོན་ངེས་པར་རྟོགས་པ་འདི་ཉིད་དོ། །ཡཱ་ན་ཐེག་ཆེན་འདི་ཡིན་ཏེ། །ཐེག་པ་འོག་མའི་བགྲོད་བྱ་བགྲོད་བྱེད་ཀྱི་ངོ་བོ། མི་མཐུན་པ་དང་གཉེན་པོ་དང་བཅས་པ་ཐམས་ཅད་འདི་ཉིད་ཀྱི་ཐེག་པའི་ངོ་བོར་གྱུར་ནས་ཆེད་དུ་བགྲོད་པ་མེད་པར་འབྲས་བུར་རང་སྣང་བས་ན་ཐེག་པ་ཆེན་པོའོ། །དེས་ནི་གོང་སྒོའི་ཐུན་མོང་མ་ཡིན་པའི་གླེང་གཞིའོ། །འོག་སྒོ་གསང་བའི་གླེང་གཞི་བཤད་ན། འདི་སྐད་བཤད་ཅེས་པ། སྒྱུ་འཕྲུལ་ཐལ་བ་ལས། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམས་བཞིའི་དབྱིབས་སུ་གནས། །སྐད་ཅེས་གསལ་བྱེད་སྟོན་ལས་མིང་ཅན། །ཝྃ་དབྱིབས་ཐིག་ལེ་བཅས་སྟོན་པའོ། །མ་དཱ་མ་ནུ་འཁོར་དང་སྡུད་པ་སྡོམ་བྱེད་ཡིད། །སེམས་ལྔ་ལས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བ་བཤད་པར་འདོད། །བསྟན་པ་པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡཱ་ན་ཐེག་ཆེན་འདི་ཡིན་ཏེ། །དུས་ནི་བསམ་གྱིས་མི་ཁྱབ་དུས། །ན་མ་དེ་མིང་ཞེས་བྱར་འདོད། །ཅེས་འབྱུང་སྟེ། དེ་ལ་འདི་ཉེ་བར་མཚོན་པ་ནི་གནས་ཏེ། ཡུམ་གྱི་མཁའ་ཕྲིན་ལས་བཞིའི་དབྱིབས་ཅན་ཏེ། ཕྱི་ཁྱམས་གྲུ་གསུམ། དེའི་ནང་ཕྱི་སྒོ་གྲུ་བཞི། བྱའི་གདོང་ཞེས་བྱ་བ་སྣ་རྩེ་ཟླུམ་པོ། ཟ་མ་ཏོག་ཅེས་བྱ་བ་སྐྱེ་གནས་ཟླ་གམ་སྟེ། དེ་ལྟ་བུའི་གནས་དེ་ནི་དུས་གསུམ་གྱི་བུདྡྷ་མ་ལུས་པ་ཐམས་ཅད་གསང་བའི་སྐུར་བཞུགས་པའི་གནས་སུ་གསུངས་སོ། །སྐད་ནི་ཡུལ་དང་ཡུལ་ཅན་འཛོམ་པའི་དུས་སུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་བར་བྱ་པའི་ལས་ཀྱི་སྒོ་ནས་མིང་བཏགས་པ་སྟེ་སྟོན་པའོ། །དེ་ཡང་ཐབས་དང་ཤེས་རབ་ཏུ་འཛོམ་ནས་གསང་བའི་རྡོ་རྗེའི་དབུར་དགའ་བ་བཞིའི་སྟོབས་རྫོགས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དུས་སུ་ཐིག་ལེ་བདེ་བ་སྐྱེས་པ་དང་བཅས་པ་ནི། རྟོགས་ན་མྱ་ངན་ལས་འདས་པའི་བྱེད་པ་པོ་མ་རྟོགས་ན་འཁོར་བའི་བྱེད་པ་པོ་སྟེ་སྟོན་པའོ། །མ་དཱ་མ་ནུ་སྡོམ་བྱེད་ཡིད། །ཅེས་པ་ལ་སོགས་པ། མ་དཱ་ན་སྡོམ་བྱེད་དེ། གཡོ་ལྡང་བྱང་ཆུབ་ཀྱི་སེམས། འཇིག་འཇུག་བྱང་ཆུབ་ཀྱི་སེམས་ལ་སོགས་པ་སེམས་ལྔས་གླེང་བསླང་བའི་ཐབས་ཀྱིས་མ་ནུ་ན་ཡིད་དེ། ཡིད་ལ་མ་རྟོགས་ན་རྣམ་ཤེས་ཚོགས་བརྒྱད་དུ་སྣང་ལ། རྟོགས་ན་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་པའི་ཕྱིར། རྣམ་པར་ཤེས་པའི་རྒྱལ་པོ་དང་། རྡོ་རྗེ་མཐོང་བ་ལ་སོགས་པ་ཕྱིན་ཅི་མ་ལོག་པ་རང་བྱུང་གི་ཡེ་ཤེས་སུ་གོ་བ་ནི་བརྗོད་པ་དང་འདྲ་བའི་ཕྱིར་འཁོར་ལ་བཤད་དོ་བར་ཐ་སྙད་འདོགས་སོ། །གོ་བའི་དོན་ཉིད་གང་སྙམ་པ་ལ། པ་ར་མཱཪྠ་ན་བསྟན་པ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཏེ་གསང་བའི་ལམ་གྱི་སེམས་ལྔའི་ཐ་མ་སྐད་ཅིག་མ་བཅུ་དྲུག་གི་རྟེན་ཅན་གྱི་ཡེ་ཤེས་ཉིད་གཟུང་འཛིན་ཕྲ་རགས་ཀྱི་མཐས་མ་རིག་པ་ནི་མ་ཧཱ་ཡཱ་ན་སྟེ་རྒྱུད་འདི་ཉིད་དོ། །བསྟན་པའི་ངོ་བོ་དེའི་དུས་ནི་གཞན་ལྟར་གཅིག་ཏུ་བརྗོད་དུ་མེད་དེ། བསམ་གྱིས་མི་ཁྱབ་པའི་དུས་ཞེས་བྱའོ། །འདིའི་གྲོལ་ལམ་ལ་གཉིས་ཀྱི་བློ་མཆོག་གི་དོན་ནི་འདི་ཞེས་བྱ་བ་དངོས་པོ་ཉེ་བར་བསྟན་པ་ཏེ། དབང་པོའི་སྤྱོད་ཡུལ་དུ་སྣང་ཞིང་ཚིག་དང་ཡི་གེའི་སྒྲས་རྣམ་པར་བྱུང་བ་ཐམས་ཅད་སྣང་བ་ཙམ་ཉིད་ན་སེམས་ཉིད་དུ་གཅིག་པས། མ་བྱུང་མ་སྐྱེས་སྟོང་ཞིང་བདག་མེད་པའོ། །སྐད་ཅེས་པ། དོན་འདི་ཉིད་མ་བཅོས་པ་ཆོས་ཉིད་ལས་མ་གཏོགས་པ་སྒྲོ་སྐུར་དང་བྲལ་བའི་དོན་འདི་ཁོ་ན་སྐད་རྣལ་འབྱོར་པས་ལྷུན་གྱིས་གྲུབ་པ་ནི་བཤད་དམ་བསྟན་ཞེས་བྱའོ། །བཤད་ཅེས་པས། ཡུལ་དང་ཡུལ་ཅན་མེད་པར་ཐམས་ཅད་ཀུན་ཏུ་བཟང་པོར་གཅིག་པས་ཡུལ་དང་ཡུལ་ཅན་མེད། འཆད་པ་དང་ཉན་པ་མེད་དེ་ཉིད་ལ་ཉིད་འཆད། དོན་དེ་ཐོས་ནི་ཐོས་ལ། རྟོགས་ནི་མ་རྟོགས་སོ་ཞེས་བྱ་བའི་ཐ་སྙད་བྲལ་ལོ། །དུས་ན་ཞེས་པ། འཁོར་འདས་དབྱེར་མེད་ཀུན་ཏུ་བཟང་པོའི་ངང་དུ་ལྷུན་གྱིས་གྲུབ་པའི་སྟོན་པ་དེ་ནི་དུས་ཐམས་ཅད་དུ་དགོས་པ་ཆོས་ཀྱི་སྐུ་ལས་མ་གཡོས་པར་གདུལ་བྱའི་བྱ་བ་ལྷུན་གྱིས་གྲུབ་པ་སྟེ། དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་སོ། །དེས་ནི་ཐུན་མོང་གི་གླེང་གཞིའི་གནས་སྐབས་ན་དུས་དཀོན་པ་དང་མ་ངེས་པའི་སྐྱོན་དག་བྲལ་བའོ། །རྒྱུ་དང་འབྲས་བུའི་ཚུལ་དུ་བཤད་པ་ནི། འདི་ཞེས་བྱ་བ་དབང་པོའི་སྤྱོད་ཡུལ་དུ་སྣང་བའི་ཆོས་ཐམས་ཅད་དང་། དེ་མཚོན་པར་བྱེད་པའི་ཐ་སྙད་ཀྱི་བདག་ཉིད་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་རྒྱུ་ཞེས་བྱ་སྟེ། ཆོས་ཅན་མཚན་མའི་རང་བཞིན་དུ་སྣང་བས་རྒྱུ་ཞེས་བྱའོ། །ཡང་ན་འབྲས་བུ་ངོ་བོ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཆོས་ཀྱི་དབྱིངས་རྟོགས་པ་ལས་སྣང་བས་རྒྱུ་ཞེས་བྱའོ། །ལམ་གྱི་ཆོས་བྱང་ཕྱོགས་དང་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་དབྱིངས་ཀྱིས་ཟིན་ན་འབྲས་བུའི་ངོ་བོར་ལྷུན་གྱིས་གྲུབ་པས་ན་རྒྱུའོ། །དེ་ལ་བཟླ་བའི་ཚིག་ཏུ་འཁོར་བའི་རྒྱུ། རྣམ་པར་གནག་པའི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་རྟོགས་པའི་རིག་པའི་ཡེ་ཤེས་དང་ལྡན་ན། ཚོགས་གཉིས་འབྲས་བུའི་ངོ་བོ་དང་བཅས་པས་ཀྱང་རྒྱུའོ། །སྐད་བཤད་པའི་དུས་ན་བཞི་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་དང་སྦྱར་ཏེ། ཡེ་ཤེས་བཞི་འབྲས་བུའི་ངོ་བོ་ཡིན་པས་འབྲས་བུའི་ངོ་དང་སྦྱར་རོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་རིགས་ལྔ་ཡེ་ཤེས་ལྔ་དང་སྦྱར་ནས་བཤད་པ་ནི། འདི་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་སྦྱར་ཏེ་དབང་པོའི་སྤྱོད་ཡུལ་དུ་གྱུར་པའི་ཆོས་ཚིག་དང་ཡི་གེས་མཚོན་དུ་རུང་བ་འདི་དག་གིས་ཆོས་ཀྱི་དབྱིངས་སྟོང་ཞིང་བདག་མེད་པ་རྟོགས་པའི་དུས་ན། ཡེ་ཤེས་ནི་མཐའ་གཉིས་ཀྱིས་སྟོང་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས། རིག་པ་དང་སྦྱར་ན་དབྱིངས་ཡེ་ཤེས་གཉིས་སུ་མེད་པ་མཐའ་ཐམས་ཅད་དང་བྲལ་བའི་ངོ་བོར་རྟོགས་པས། དེ་བཞིན་གཤེགས་པའི་རིགས་དང་སྦྱར་རོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་སྦྱར་ན། ལུས་ལ་ཡན་ལག་དང་ཉིང་ལག་ཐམས་ཅད་བརྟེན་པ་དང་འདྲ། འདི་སྟོང་པ་ཉིད་ཀྱི་ཡེ་ཤེས་ནི། གང་གི་ཕྱོགས་སུ་མ་སོང་བས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་སྐུའི་རིགས་རྣམ་པར་སྣང་མཛད་དང་སྦྱར། སྐད་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་གཉིས་སུ་མེད་པའི་དོན་རིག་པ་ལ་མ་འགགས་པར་གསལ་བ། མ་འགགས་ཀྱང་མཐའ་གཉིས་ཀྱི་རྟོག་པ་དང་བྲལ་བས། གསལ་ལ་རྟོག་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་སྦྱར། རིགས་དང་སྦྱར་ན་རྡོ་རྗེའི་རིགས་དང་། ཕར་ནི་མཐར་གཉིས་ཀྱི་དངོས་པོ་ཐམས་ཅད་འཇོམས། ཚུར་ཅིས་ཀྱང་མི་ཤིགས་པས་རྡོ་རྗེའི་རིགས་སོ། །སྐུ་གསུང་ཐུགས་ལྔ་དང་སྦྱར་ན། གཉིས་སུ་མེད་པའི་ཆོས་སྐུ་གསུང་ཐུགས་སུ་ཆུད་པས་ཐུགས་ཀྱི་རང་བཞིན་མི་འཁྲུགས་པ་དང་སྦྱར། བཤད་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཏེ། ཡེ་ཤེས་དེ་ནི་ཆོས་ཀྱི་རང་བཞིན་སྟོང་ཞིང་བདག་མེད་པ་དང་། རང་གི་མཚན་ཉིད་ཀུན་རྫོབ་མ་འགགས་པར་མཁྱེན་པ་གཉིས་དབྱེར་མེད་པ་མཁྱེན་པས་སོ་སོར་རྟོགས་པའི་ཡེ་ཤེས་དང་སྦྱར། མཐའ་གཉིས་ཀྱི་མཁྱེན་པས་མཐའ་གཉིས་ཀྱི་སྐྱོན་གྱིས་མ་གོས་པས་པད་མའི་རིགས་དང་སྦྱར། རིགས་ལྔ་དང་སྦྱར་ན་གསུང་སྟེ་མཁྱེན་པ་རྣམ་གཉིས་ཀྱི་དོན་གཞན་ལའང་རྒྱ་ཆེར་སྟོན་པས་གསུང་སྣང་བ་མཐའ་ཡས་དང་སྦྱར་རོ། །པའི་མཉམ་ཉིད་ཡེ་ཤེས་ཏེ། པ་ར་མཱརྠའི་སྒྲ་ལས་དྲངས་ན་དོན་དམ་པ་སྟེ། ཆོས་ཀྱི་དབྱིངས་དོན་དམ་པ་ཇི་ལྟ་བར་རྟོགས་ན་བདག་གཞན་གྱི་འཛིན་པ་རང་དག་པའི་ཕྱིར་མཉམ་ཉིད་ཡེ་ཤེས་དང་སྦྱར། རིགས་ན་རིན་པོ་ཆེ་དང་སྦྱར་ཏེ། དབང་གི་རིན་པོ་ཆེ་ལ་རྟོག་པ་མེད་ཀྱང་འགྲོ་བའི་རེ་བ་ལྷུན་གྲུབ་ཏུ་སྐོང་བ་བཞིན། མཉམ་ཉིད་ཡེ་ཤེས་ལ་རྣམ་རྟོག་མི་མངའ་བཞིན་དུ་འགྲོ་དོན་ལྷུན་གྲུབ་ཏུ་འཆར་བས་རིན་པོ་ཆེའི་རིགས་སོ། །སྐུ་གསུང་ཐུགས་ལྔ་ལས་ཡོན་ཏན་དང་སྦྱར་ཏེ་མཉམ་པ་ཉིད་ཕྱོགས་ཀྱི་འཛིན་པ་ཐམས་ཅད་དང་བྲལ་བའི་ངང་ལ་འགྲོ་བའི་དགོས་པ་ལྷུན་གྲུབ་ཏུ་འཆར་བས་རིན་ཆེན་འབྱུང་ལྡན་དང་སྦྱར། དུས་ན་བྱ་བ་གྲུབ་པའི་ཡེ་ཤེས་དང་སྦྱར། བྱ་གྲུབ་ཡེ་ཤེས་ནི་ཕྲིན་ལས་སྣ་ཚོགས་བདག་གཞན་གྱི་དགོས་པ་བགྲུབ་པ་ཐམས་ཅད་མཐར་ཕྱིན་པའམ་དུས་ཞེས་བྱ། དེས་ན་བྱ་གྲུབ་ཡེ་ཤེས་སོ། །རིགས་དང་སྦྱར་ནའང་བདག་གཞན་གྱི་དོན་གྲུབ་པས་དེ་ཉིད་དོ། །སྐུ་རིགས་ལྔ་དང་སྦྱར་ན་ལས་ཀྱི་རིགས་དོན་ཡོད་གྲུབ་པའོ། །དེས་ནི་ཐུན་མོང་མ་ཡིན་པའི་གླེང་གཞིའོ། །སྟོན་པའི་རང་བཞིན་ངོ་བོ་ཉིད་ཀྱི་སྐུ་སྦྱིར་བསྟན་པ་ནི། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་ཞེས་པ་ལ་སོགས་ཏེ། རྒྱལ་བ་དྲུག་པའི་ཡོན་ཏན་བསམ་ཡས་པའང་བདུན་དུ་འདུས་ཏེ། རང་བཞིན་ཏེ་ཞེས་པ་ལ་སོགས་པ་ཡན་ཆད་དུ་སྦྱར་རོ། །དེ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། གཞི་ཆོས་ཀྱི་དབྱིངས་སེམས་ཉིད་ཀྱི་དོན་ངོ་བོ་ཉིད་ཀྱི་སྐུ་ལ་ནི་དེ་བཞིན་ཅེས་བྱ། གཤེགས་པ་ནི། དོན་དེ་རྟོགས་པའམ་སོན་པའམ་ཁོང་དུ་ཆུད་པ་ཞེས་བྱ་སྟེ། ངོ་བོ་ཉིད་དུ་གྱུར་ནས་ཆུ་ལ་ཆུ་ཐིམ་པ་བཞིན་དབྱེར་མེད་པ་ལ་ནི་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། འོན་ཀྱང་འདི་སྤྱིའི་རྒྱུད་ཆེན་པོ་ཡིན་པས་གསུམ་སྟེ། སྔོན་གྱི་རྒྱལ་བ་དང་ཚུལ་མཐུན་པར་གཤེགས་པ་དང་། ཐུགས་རྗེས་སེམས་ཅན་དང་ལམ་མཐུན་པར་གཤེགས་པ་དང་། རང་གི་རང་བཞིན་དེ་བཞིན་ཉིད་དུ་གཤེགས་པའོ། །དེ་ཡང་མཚན་ཉིད་ཀྱི་གཞུང་ན། སྔོན་གྱི་རྒྱལ་བ་དང་ཚུལ་མཐུན་པར་གཤེགས་པ་ནི། སྔོན་གྱི་རྒྱལ་བ་རྣམས་ཀྱིས་རྒྱུ་སེམས་བསྐྱེད་ནས་རྐྱེན་ཚད་མེད་པ་བཞིས་ལམ་སྦྱངས་ཏེ་ཚོས་བསགས་པའི་ཕྱིར། ཕ་རོལ་ཕྱིན་པ་དྲུག་དང་བཅུའི་སྒོ་ནས་ཚོགས་གཉིས་རྫོགས་པའི་མཐར་ས་བཅུ་བགྲོད་དེ། ཀུན་ཏུ་འོད་ཀྱི་ས་མངོན་དུ་བྱས་པ་ནི་གཤེགས་པའོ། །དེ་ལྟར་ཕྱོགས་ན་བཞུགས་པ་དང་ཕྱིས་འབྱུང་བ་རྣམས་ཀྱིས་ཀྱང་། ལམ་དེ་ལྟར་ཉམས་སུ་བླངས་ནས་འབྲས་བུ་ལ་སྦྱོར་བར་འགྱུར་བས། སྔོན་གྱི་རྒྱལ་བ་དང་ཚུལ་མཐུན་པ་ཞེས་བྱ་བའོ། །ཡོ་གའི་དབང་དུ་སྔོན་གྱི་རྒྱལ་བ་དང་ཚུལ་མཐུན་པ་ནི། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་བྱང་ཆུབ་ཀྱི་ཤིང་དྲུང་ན་དཀའ་བ་སྤྱད་དེ། ཡིད་མཱ་ལེ་བའི་ཏིང་ངེ་འཛིན་པ་བཞུགས་ནས། དེ་ཉིད་ཀྱིས་དོན་དུ་བྱ་བ་ཐམས་ཅད་རྫོགས་ཤིང་མཐར་ཕྱིན་ཀྱང་ལྷུན་གྲུབ་ཀྱི་འབྲས་བུ་ཐོབ་མ་ནུས་པའི་ཚུལ་བསྟན་ནས། ཕྱོགས་བཅུའི་སངས་རྒྱས་ནམ་མཁའ་ལ་ལོངས་སྐུར་འདུས་ཏེ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་གདམས་ངག་བསྟན། བྱང་ཆུབ་དཔས་རིམ་པ་བཞིན་དུ་ཉམས་སུ་བླངས་པས་སངས་རྒྱ་བ་ནི་ཡོ་གའི་ལུགས་སོ། །སྔགས་མ་ཧཱ་ཡོ་གའི་སྐབས་ན་ཐུགས་རྗེས་སེམས་ཅན་དང་ལམ་མཐུན་པར་གཤེགས་པ་ནི་། སེམས་ཅན་རྣམས་ཀྱི་རྒྱུ་རང་སེམས་དྲི་ཟ་ཉེ་བར་འཁོར་བ་བག་ཆགས་དང་བཅས་པ་ཡོད་པས། རྐྱེན་ཕ་མ་གཉིས་ཀྱི་ས་བོན་གཉིས་དང་ཕྲད་ན། སེམས་ཅན་སོ་སོའི་ལུས་སུ་རང་དབང་མེད་པར་འགྲུབ་པ་དང་འདྲ་བར། སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ཀྱི་སྔགས་ཀྱི་སྐྱེས་བུ་ཡིག་འབྲུ་དང་། རྐྱེན་ཡབ་ཡུམ་ཐབས་དང་ཤེས་རབ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཡི་གེའི་འབྲུར་འཕྲོས་ནས་ལྷ་སོ་སོའི་གནས་སུ་བཀོད་དེ་བསྒོམས་པས། གོམས་པ་མཐར་ཕྱིན་ནས་འབྲས་བུ་ལ་སྦྱོར་ཏེ། ཕྱིས་ཀྱི་ལམ་པ་རྣམས་ཀྱིས་ཀྱང་དེ་ལྟར་ཉམས་སུ་བླངས་པས་སངས་རྒྱ་བ་ནི་མ་ཧཱའི་གཞུང་ཕྱོགས་གཅིག་གོ། །ཨ་ཏིའི་གནས་སྐབས་ན། རང་གི་རང་བཞིན་ཇི་ལྟ་བར་ཤེས་པ་ནི་རྩ་བ་སེམས་དང་སེམས་སྣང་བས་བསྡུས་པའི་ཆོས་ཐམས་ཅད་མ་བྱུང་མ་སྐྱེས་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་ཡིན། ཕྱི་ནང་གི་ཆོས་ཐམས་ཅད་དེ་ཁོ་ན་ཡིན་པའི་དོན་ལུང་དང་མན་ངག་གིས་ཐུགས་སུ་ཆུད་པ་ནི་རིག་པའི་ཡེ་ཤེས་ཏེ། དེའི་དུས་སུ་སྣང་བའི་ཆོས་ཐམས་ཅད་རང་སྣང་མི་འགག་པར་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་སྟེ། སྣང་སྟོང་དབྱེར་མེད་པ་མཉམ་པ་ཉིད་ཀྱི་ངང་ལ་གོམས་པ་ཀློང་དུ་གྱུར་པ་མཐར་ཕྱིན་པ་ནི། འཁོར་འདས་ཐམས་ཅད་ཀྱི་རང་བཞིན་མངོན་དུ་གྱུར་པས་རང་གི་རང་བཞིན་གྱིས་གཤེགས་པ་ཞེས་བྱའོ། །ཡང་ན་མཚན་ཉིད་དང་ཡོ་ག་ནི་སྨོན་ལམ་གྱི་གཤེགས་པ་ཞེས་བྱའོ། །མ་ཧཱ་ཡོ་ག་ནི་ཐུགས་རྗེའི་སྟོབས་ཀྱིས་གཤེགས་པའོ། །ཨ་ཏི་ནི་དེ་བཞིན་ཉིད་དུ་གཤེགས་པའོ། །ཡང་ན་ཚོགས་བསགས་པའི་ངོས་ནས་སྦྱར་ན། ཡོ་ག་མན་ཆད་ནི་བསོད་ནམས་ཀྱི་ཚོགས་ཀྱི་སྟོབས་དང་། སྨོན་ལམ་གྱི་སྟོབས་ཀྱིས་གཤེགས་པ་ཞེས་བྱའོ། །མ་ཧཱ་དང་ཨ་ནུ་ནི་ཐུགས་རྗེའི་སྟོབས་ཀྱིས་གཤེགས་པའོ། །ཨ་ཏི་ནི་རང་གི་རང་བཞིན་གྱིས་གཤེགས་པའོ། །སྤྱིར་ན་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་ལས། སྟོན་པ་ཀུན་ཏུ་བཟང་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །བསྡུས་ཏེ་བསྟན་ན། དེ་བཞིན་ནི། ངོ་བོ་ཉིད་ཀྱི་སྐུ་ལ་མ་ཕྲིས་མ་བསྣན་མ་བཅོས་ཡིན་ཚུལ་དེ་ཁོ་ན་ཉིད་ལ། ངོ་བོ་ཉིད་ཀྱིས་ཐམས་ཅད་ལྷུན་གྲུབ་ཏུ་བཞུགས་པ་ནི་དེ་བཞིན་ནོ། །གཤེགས་པ་ནི་དེར་སོན་ནས་ཆུ་ལ་ཆུ་ཐིམ་པ་བཞིན་དེ་ཉིད་དུ་གྱུར་པའི་ངོ་བོ་ཉིད་དོ། །འོན་ཀྱང་ནམ་མཁའ་ཉིད་ཀྱིས་ནམ་མཁའ་མི་སེམས་པ་བཞིན་བསམ་བྱ་བསམ་བྱེད་དང་བྲལ་ཏེ་འདུ་ཤེས་ཐམས་ཅད་དང་བྲལ་བའི་བཅོམ་ལྡན་འདས་སོ། །ཡང་དག་པར་རྫོགས་ཞེས་པ་ནི། དོན་མ་ནོར་བ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་མཐའ་ཐམས་ཅད་དང་བྲལ་བས་གང་གི་ངོ་བོར་ཡང་མ་གྲུབ་པ་ཉིད་ཡོན་ཏན་གྱི་བདག་ཉིད་དུ་ལྷུན་གྱི་གྲུབ་པས་སེམས་རང་སྣང་གི་ཆོས་ཉིད་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པས། སྣང་སྟོང་གི་འདུ་ཤེས་ངང་གིས་མ་དམིགས་ཏེ་སེམས་ཉིད་རང་ཐོག་ཏུ་ཕེབས་པ་ལས་སྤང་བྱའི་སེམས་ཉིད་ཀྱི་ངོ་བོ་ཉིད་ཆོས་ཡུལ་དུ་གྲུབ་པ་མེད་པས་ཡང་དག་པ་ཞེས་བྱ་སྟེ། དེ་ཉིད་ཀྱི་ཐ་སྙད་ཀྱང་མི་གནས་པའི་ངང་ལ་སེམས་ཉིད་རང་སྣང་བ་མི་འགགས་པའི་རྩལ་སྐུ་རིགས་རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་ལ་སོགས་ཏེ། སངས་རྒྱས་ཀྱི་གཞན་སྣང་གི་ཡོན་ཏན་མ་ལུས་པ་ཐམས་ཅད་སྐད་ཅིག་མ་གཅིག་ལ་རྩལ་རྫོགས་པའོ། །ལ་བཟླ་བའི་ཚིག་ཏུ་ན། སེམས་ཉིད་སྟོང་པ་ཡུལ་དུ་འཛིན་པ་ལྟ་བུ་མ་ཡིན་ཏེ། མཐའ་ཐམས་ཅད་དང་བྲལ་བ་རང་གསལ་མི་འགགས་པའི་ངོ་བོ་ཉིད་ཕྱི་ནང་གི་ཆོས་ཐམས་ཅད་དུ་སྣང་བ་རྟོགས་པ་མཐར་ཐུག་པའི་དུས་སུ་ཐམས་ཅད་མཁྱེན་པའི་ཡོན་ཏན་དུ་ལྷུན་གྱིས་གྲུབ་པ་ལ་ནི་ཡང་དག་པར་རྫོགས་པ་ཞེས་བྱའོ། །སངས་རྒྱས་ཞེས་པ། ཁམས་གསུམ་གྱི་ཆོས་རྒྱུ་དང་འབྲས་བུར་བཅས་པ་ཐམས་ཅད་ལ། ལམ་པས་འཇུག་ནས་མཉམས་སུ་བླངས་པའི་དུས་སུ་ཚོགས་ལམ་དུ་གནག་ལས་ཐམས་ཅད་རྣམ་དཀར་གྱིས་སྦྱངས་ནས། ཚོགས་ལམ་ཆེན་པོ་ནོན་པ་ནི་ལས་ཀྱི་སྒྲིབ་པ་སངས་པའོ། །སྦྱོར་ལམ་དུ་བདག་མེད་གཉིས་ལ་སྦྱངས་ནས་མཐོང་ལམ་མངོན་དུ་བྱས་པ་ནི་བདག་འཛིན་རྩ་བ་ནས་དག་སྟེ་ཉོན་མོངས་པའི་སྒྲིབ་པ་སངས་པའོ། །བསྒོམ་ལམ་དུ་ཤེས་བྱའི་སྒྲིབ་པ་རགས་པ་དང་ཕྲ་བ་སྦྱངས་ཏེ། བག་ལ་ཉལ་བ་ཕྲ་མོ་གཉེན་པོ་རྡོ་རྗེ་ལྟ་བུས་མི་གནས་པར་བྱས་པ་ནི་ཤེས་བྱའི་སྒྲིབ་པ་སངས་པའོ། །དེས་ན་སྒྲིབ་བྱེད་ཐམས་ཅད་སངས་ནས་མི་མཐུན་པ་དག་པ་ནི། དཔེར་ན་མེ་ལོང་གཡའ་དག་ན་གསལ་བ་རབ་ཀྱི་མཐར་ཕྱིན་པ་དང་འདྲ་བ། མཁྱེན་པ་གཉིས་དབྱེར་མེད་པ་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ངོ་བོ་ཉིད་དུ་གྱུར་པ་ནི་རྒྱས་པ་སྟེ། གཞི་དང་གཞི་ཅན་ནམ། རྒྱུ་དང་འབྲས་བུའམ་འོད་དང་འོད་ཟེར་ལྟ་བུ་ནི་གཏན་ནས་མ་དམིགས་ཏེ། ཁམས་གསུམ་མཐའ་བྲལ་བ་རང་བྱུང་གི་ཡེ་ཤེས་སུ་གསལ་བ་ལ་ནི། ཡེ་ཤེས་བླ་མའི་ས་ཞེས་འདོགས་སོ། །བཅོམ་ལྡན་འདས་ཞེས་པ་ནི། སྤྱི་ཡོ་ག་འོག་མ་མན་ཆད་ཀྱི་བཅོམ་ལྡན་འདས་ནི་སྤྲུལ་པའི་སྐུ་ཁོ་ནས་བདུད་བཞི་བཅོམ་པ་ཡིན་ལ། འདིར་ནང་པ་གསུམ་གྱི་བཅོམ་ལྡ་འདས་ནི། བཅོམ་པ་ནི་བདུད་རྣམ་པ་བཞི་སྟེ་ཉོན་མོངས་པ་ལ་སོགས་པ་བཞི་མཐུན། འདིར་འཁོར་འདས་དབྱེར་མེད་པ་རང་བྱུང་གི་ཡེ་ཤེས་མངོན་དུ་གྱུར་པ་ལ། ཉོན་མོངས་པ་ལ་སོགས་པའི་ཕྱོགས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་གསལ་བས་མི་མཐུན་པའི་སྐྱོན་རགས་པ་དང་ཕྲ་བ་ཐམས་ཅད་གཏན་ནས་མ་དམིགས་པ་ནི་བཅོམ་པའོ། །དེ་ཉིད་རང་བྱུང་གི་ཡེ་ཤེས་ཆེན་པོ་རང་གསལ་བ་མི་འགགས་པ་ལས། སྐུ་རིགས་ཉི་ཤུ་རྩ་ལྔ་ལྷུན་གྱིས་གྲུབ་པ་ནི་ལྡན་པའོ། །མཐའ་བྲལ་གྱི་ཡེ་ཤེས་ཉིད་རང་གསལ་བའི་ཆེ་བའི་ཡོན་ཏན་རང་སྣང་བས་སྟོང་པའི་མཐའ་ལས་འདས། ཆུ་གཤེར་བ་ལས་མ་འདས་པ་ལྟར་ཅིར་སྣང་ཆོས་ཀྱི་དབྱིངས་ལས་མ་གཡོས་པས་དངོས་པོའི་མཐའ་ལས་འདས། འདིར་ན་སྣང་སྟོང་གང་ཡང་སྤྱོད་ཡུལ་དང་བྲལ་བ་ལས་འདས་ཞེས་བྱའོ། །ལོངས་སྤྱོད་ཆེན་པོ་ཞེས་པ། ལོངས་སྤྱོད་ནི་གཉིས་ཏེ། འཇིག་རྟེན་པ་འཁོར་བའི་ལོངས་སྤྱོད་དང་། འཇིག་རྟེན་ལས་འདས་པ་ཆོས་ཀྱི་དབྱིངས་མཐའ་དང་བྲལ་བ་སྟེ། འཇིག་རྟེན་པ་འདོད་པའི་ལོངས་སྤྱོད་ལྔ་ལ་སོགས་པ་ཕྱི་ནང་གི་ཆོས་ཐམས་ཅད་སེམས་ཀྱི་ཆོས་ཉིད་རང་སྣང་ལས་གཞན་པ་མ་དམིགས་པས་རང་ལ་རང་རོལ། རོལ་བྱ་རོལ་བྱེད་མ་དམིགས་པ་ནི་མ་འགག་པའི་ལོངས་སྤྱོད་དོ། །མི་དམིགས་པ་འདས་པའི་ལོངས་སྤྱོད་ནི་གོང་མ་གཉིས་སྣང་བ་དོན་ཡེ་ཤེས་ཆེན་པོ་ཆོས་ཀྱི་དབྱིངས་རྟོགས། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ངང་ལ་དུས་གསུམ་དུ་འདའ་བ་མེད་པས་ངོ་བོ་ཉིད་དུ་གྱུར་པ་སྟེ། འདུ་ཤེས་ལས་གྲོལ་བའོ། །ཆེན་པོ་ནི་དབྱེར་མེད་པ་ཆུ་གཤེར་བའམ་ཆུ་དྭངས་པ་ལས་གཟུགས་བརྙན་གསལ་བ་བཞིན་ལྷུན་གྱིས་གྲུབ་པ་ནི་ཐམས་ཅད་མཁྱེན་པ་ཁོ་ནའི་ཡུལ་ཏེ་ས་བཅུ་པས་ཀྱང་མི་རེག་པས་ཆེན་པོའོ། །ལོངས་སྤྱོད་འདི་ལ་མ་འགག་པའི་སྐུ་མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུ་རང་སྣང་བ་ནི་འཇིག་རྟེན་འདས་པའི་ལོངས་སྤྱོད་དེ་ཙམ་ཉིད་ན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་ལ་སྙོམས་པར་འཇུག་པ་ལ་རྒྱུན་མ་ཆད་པ་ནི་འདས་པའི་ལོངས་སྤྱོད། དེ་དུས་གཅིག་ལ་མཚུངས་པ་གཉིས་སུ་མེད་པ་ནི། སྐྱིད་པ་ཆེན་པོ་ལོངས་སྤྱོད་ཀྱི་ལྷུན་ལ་བཞུགས་ཞེས་གསུང་སྒྲོས་ཕྲ་མོའོ། །འདི་ལ་ལྟ་བ་རླབས་པོ་ཆེའི་ངོས་ནས་དེ་བཞིན་གཤེགས་པའི་སྐུ་ནི་འདོད་པའི་ཡོན་ཏན་ལྔའི་ངོ་བོར་བཞུགས་པས། ངོ་བོ་ཉིད་ཀྱི་གདུལ་བྱའི་དགོས་པ་སྐོང་ཡང་ལོག་རྟོག་ཅན་གྱི་ངོ་ལ་འཁྲུལ་ཆོས་འབའ་ཞིག་ཏུ་སྣང་བས། འཁོར་འདས་གཉིས་རྟོགས་མ་རྟོགས་ཙམ་ལས་ངོ་བོ་དབྱེར་མེད་དོ། །ཕྱོགས་བཅུ་དུས་བཞིའི་ཞེས་པ། གནས་དེ་འགྲོ་བའི་དོན་ལ་སྣང་བའི་ཞིང་མཛད་པའི་དུས་ཐོག་མ་མེད་པ་ནས་ཐ་མ་མེད་པར་སྣང་བའི་འབྲས་བུ་མངོན་དུ་བྱས་པའི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་རྩལ་བསམ་ལས་འདས་ཤིང་བརྗོད་ཀྱིས་མི་ལོང་བ་ཐམས་ཅད། སྐུ་གསུང་ཐུགས་ཞེས་པས་མདོར་བསྡུ་ན་ཉི་ཤུ་རྩ་ལྔར་འདུས་ཏེ། སྐུ་ལྔ་ལས་ཆོས་ཀྱི་སྐུ་དང་། མངོན་པར་བྱང་ཆུབ་པ་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དང་། རྡོ་རྗེའི་སྐུའོ། །གསུང་ཡང་ལྔ་སྟེ། ཡེ་གེ་མེད་པའི་གསུང་དང་། རིག་པའི་གསུང་དང་། ལོངས་སྤྱོད་རྫོགས་པའི་གསུང་དང་། ཚིག་གི་གསུང་དང་། རྡོ་རྗེའི་གསུང་ངོ་། །ཐུགས་ཀྱང་ལྔ་སྟེ། རྣམ་པར་མི་རྟོག་པའི་ཐུགས་དང་། བདེ་བ་ཆེན་པོའི་ཐུགས་དང་། ས་ལེར་མཁྱེན་པའི་ཐུགས་དང་། འགྲོ་བ་སྒྲོལ་བའི་ཐུགས་དང་། རྡོ་རྗེའི་ཐུགས་དང་། ཡོན་ཏན་དང་ཕྲིན་ལས་ཀྱང་ལྔ་ལྔ་དོན་གྱིས་ཚང་བས་སོ། །རྡོ་རྗེ་ཞེས་པ། དེ་རྣམས་ངོ་བོ་དབྱེར་མེད་པ་ཉིད་ལ་མཚན་ཉིད་སྐྱེ་འཇིག་དང་བྲལ་བ་དང་། ཆོས་ཐམས་ཅད་དེ་ཉིད་ཀྱི་ངང་འཇོམས་པས་སོ། །བདག་ཉིད་ཅེས་པ། དེ་དག་ཐམས་ཅད་དྲུག་པ་ཀུན་ཏུ་བཟང་པོ་ཉིད་སྣང་བས་ཐམས་ཅད་ཀྱི་བདག་ཉིད་དམ་ངོ་བོ་ཉིད་པས། སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཞེས་ཀྱང་བྱ། རིགས་ཐམས་ཅད་ཀྱི་བདག་པོ་ཞེས་ཀྱང་བྱ་སྟེ། དོན་ལ་གཅིག་དང་དུ་མ་ལས་གྲོལ་བའོ། །ཆོས་ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་པ་ནི། མ་ལུས་མི་ལུས་ལུས་པ་མེད་ཅེས་པ་ལ་སོགས་ཏེ། མ་ལུས་ནི་འདས་པའི་དུས་དང་། འདས་པའམ་ཆོས་ཉན་ཐོས་ནས་ས་བཅུ་པའི་བར་རྣམས་དང་། མི་ལུས་ཞེས་པས། འཁོར་བ་དང་། ད་ལྟར་གྱི་ཆོས་དང་། ལུས་པ་མེད་པ་ཅེས་པས། ལམ་གྱི་ཆོས་དང་། མ་འོངས་པའི་ཆོས། ཐམས་ཅད་ཅེས་གོང་མ་གསུམ་དང་སྦྱར་རོ། །སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པ་ཞེས་པ། གཞིར་སོ་སོ་མ་ཡིན། ལམ་དུ་ཐ་མི་དད། འབྲས་བུ་དབྱེར་མེད་ཅེས་པའམ། ཡང་ན་ཀུན་རྫོབ་ཏུ་སོ་སོ་མ་ཡིན་ཏེ་རིག་པ་སྒྱུ་མ་ལྟ་བུར་རང་སྣང་བའི་ཕྱིར་དང་། དོན་དམ་པར་ཐ་མི་དད་དེ། དེ་སེམས་ཉིད་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའི་ཕྱིར་དང་། ཀུན་རྫོབ་དོན་དམ་དབྱེར་མེད་པའི་རང་བཞིན་ཏེ། རིག་པ་སྒྱུ་མ་ཙམ་དུ་སྣང་ཡང་སེམས་ཉིད་སྐྱེ་འགག་མེད་པའི་ངང་ལས་མ་གཡོས། མ་གཡོས་བཞིན་དུ་རང་སྣང་བ་དུས་མཚུངས་པས། གཉིས་སུ་དབྱེ་བའམ་འཛིན་པའི་ཐ་སྙད་ངང་གིས་མི་གནས་ནས། བསམ་སྤྱོད་ཀྱི་བྱ་ཐམས་ཅད་དང་བྲལ་བའི་ངོ་བོའོ། །ཡང་གོང་མའི་བཞེད་ཚིག་གཅིག་ལ་དབྱེར་མེད་པའི་དོན་སེམས་ཀྱི་ཆོས་ཉིད་དང་། རིགས་ཀྱི་བདག་པོ་སྐུ་གསུང་ཐུགས་གསུམ་ཀུན་རྫོབ་ཏུ་སོ་སོ་མ་ཡིན་དོན་དམ་པར་ཐ་མི་དད་པས་བདེན་པ་དབྱེར་མེད་ཀྱི་ངོ་བོ་ཕྱོགས་འཛིན་ཐམས་ཅད་དང་བྲལ། དེ་ལྟ་བུའི་ངང་དུ་བཞུགས་པས་སྟོན་པ་སྤྱོད་ཡུལ་གྱི་མཐའ་ལས་གྲོལ་ཏེ། རྒྱུད་དུ་འཛིན་པའི་ཕྲ་བའི་ཕྲ་བའང་མ་དམིགས་པས། ཐམས་ཅད་ལ་ཁྱབ་བྱ་ཁྱབ་བྱེད་མེད་པར་ཁྱབ་པའི་དོན་ལ་སྤྲོ་བསྡུ་དང་བྲལ་བའི་ཚུལ་གྱིས་བཞུགས་པ་ལ་སྙིང་རྗེ་ཆེན་པོ་ཡང་འདོགས་སོ། །ཏེ་ནི་ཚིག་ལྷག་མའི་དོན་ཏོ། སྟོན་པའི་ཁྱད་པར་དང་འཆད་པའི་སྐྱེས་བུ་སྐུ་མདུན་དང་རྒྱབ་མེད་པ་ཞེས་པ་འདྲེན་ཏེ། སྟོན་པས་ཆོས་ཐམས་ཅད་མཉམ་ཉིད་གཉིས་སུ་མེད་པར་རང་བཞིན་མཉམ་པ་ཉིད་ཐུགས་སུ་ཆུད་པའི་རིག་པ་སྤྲོས་པ་དང་བྲལ་བ་མཐའ་ཐམས་ཅད་ཀྱིས་མ་གོས་པའི་ངོ་བོ་རང་བྱུང་གི་ཡེ་ཤེས་ཀྱི་གནས་སྐབས་ན། གསལ་ལ་རྟོག་པ་མེད་པའི་ཆ་བཟུང་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལྔར་སྣང་བའི་རྟགས་སུ་རིགས་ལྔར་སྣང་ལ། མདུན་དང་རྒྱབ་མེད་པ་ནི་ཀུན་བཟང་དང་། རིགས་ལྔའི་སྐུའི་མཚན་ཉིད་དེ། རིགས་ལྔ་ཡང་ཀུན་ཏུ་བཟང་པོའི་ཐུགས་རང་བྱུང་གི་ཡེ་ཤེས་སུ་དབྱེར་མེད་པས། ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་ངང་ལ་རྒྱབ་མ་གྲུབ་པ་ལྟ་བུ་སྟེ། འོ་ན་ཐམས་ཅད་བེམ་པོ་སྤོམ་ཡོར་གཅིག་ཡིན་ནམ་ཞེ་ན། ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞེས་པ། སྐུ་རང་བྱུང་གི་ཡེ་ཤེས་ཀྱི་ངང་ལ་འཁོར་འབུམ་ཕྲག་བསམ་གྱི་མི་ཁྱབ་པས་བསྐོར་ནས་བལྟས་ཀྱང་། མདུན་དྲང་པོ་མིན་པ་སྟ་ཟུར་ཙམ་ཡང་མི་གཟིགས་ཏེ། དེས་ན་སྐུ་ཡང་བདག་ལ་བལྟས། ཐུགས་ཀྱང་བདག་ལ་དགོངས། ཆོས་ཀྱང་བདག་ཁོ་ན་ལ་གསུང་བར་སྣང་བར་མཐོང་བས་ཞལ་ཐལ་ལེ་བ་ཞེས་ཏེ། སྐུ་སྣང་བ་ཡང་ཐུགས་རིག་པ་སྣང་། ཐུགས་ལ་གཟུང་འཛིན་གྱི་སྐྱོན་ཕྲ་བ་མི་མངའ་བའི་རྟགས་སུ་སྐུ་ཡང་གདོས་པ་ཅན་བེམ་པོ་མ་ཡིན་ཏེ། རིན་པོ་ཆེ་ཚོན་ཤེལ་དུ་བཅུགས་པ་ལྟ་བུ་ཐམས་ཅད་དུ་དྭངས་ཤིང་གསལ་བའོ། །ཡང་ཐམས་ཅད་དུ་ཞལ་ཐལ་ལེ་བ་ནི་གདུལ་བྱ་རབ་འབྲིང་གང་གིས་བལྟས་ཀྱང་དེ་དང་མཐུན་པར་སྣང་ངོ་། །མཚན་དང་དཔེ་བྱད་དང་ལྡན་པ་ཞེས་པ། ཐུན་མོང་དང་ཁྱད་པར་གཉིས་ཏེ། ཐུན་མོང་ནི། ཕྱག་ཞབས་འཁོར་ལོའི་མཚན་དང་རུ་སྤལ་ཞབས། །ཞེས་པ། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་ཕ་རོལ་ཏུ་ཕྱིན་པ་ལས་གྲགས་པ་བཞིན་ནོ། །ཐུན་མོང་མ་ཡིན་པའི་མཚན་དང་དཔེ་བྱད་ནི། སྟོན་པའི་ཐུགས་རང་བྱུང་གི་ཡེ་ཤེས་གདུལ་བྱའི་ངོས་ནས་ཡེ་ཤེས་བཞིར་ཤར་ཏེ། མེ་ལོང་ལྟ་བུ། མཉམ་པ་ཉིད། སོ་སོར་ཀུན་རྟོགས། བྱ་གྲུབ་ཡེ་ཤེས་དང་བཞིའོ། །དེ་རེ་རེ་ལའང་བཞི་སྟེ། མེ་ལོང་ལྟ་བུའི་སྟོང་པ་ཉིད། མེ་ལོང་ལྟ་བུའི་མཉམ་པ་ཉིད། མེ་ལོང་ལྟ་བུའི་སོ་སོར་རྟོགས་པ། མེ་ལོང་ལྟ་བུའི་བྱ་གྲུབ་བོ། །དེ་བཞིན་དུ་མཉམ་པ་ཉིད་ལའང་བཞི་བཞིར་འཕྲོ། སོ་སོར་ཀུན་རྟོགས་ཀྱང་དེ་ཉིད་ལ་རྩ་བར་བྱས་པའི་བཞིར་འཕྲོ། བྱ་གྲུབ་ཀྱང་དེ་ཉིད་རྩ་བར་བྱས་པའི་བཞིར་འཕྲོས་ཏེ། རྩ་བ་རེ་རེ་ལ་བཞི་བཞིར་འཕྲོས་པའི་བཞི་ཚོ་བཞི་ནི་བཅུ་དྲུག་སྟེ་ཡེ་ཤེས་ཀྱི་ངོ་བོས་སོ། །དེའི་རྟགས་སུ་སེམས་དཔའ་བཅུ་དྲུག །ཡེ་ཤེས་ཀྱི་ཡུལ་ཆོས་ཀྱི་དབྱིངས་ལ་དུ་མ་མེད་ཀྱང་ཡུལ་ཅན་ཡེ་ཤེས་ཀྱིས་ཕྱེ་བས། དབྱིངས་ཀྱི་ཆ་བཅུ་དྲུག་གི་རྟགས་སུ་སེམས་མ་བཅུ་དྲུག །བཅུ་དྲུག་གཉིས་སུམ་ཅུ་རྩ་གཉིས་ནི་ཐུན་མོང་མ་ཡིན་པའི་མཚན་སུམ་ཅུ་རྩ་གཉིས་སོ། །སེམས་དཔའ་བཅུ་དྲུག་རེ་རེ་ལའང་ཡེ་ཤེས་ལྔ་ལྔ་དང་ལྡན་པའི་རྟགས་སུ་དབུ་རྒྱན་ལྔ་ལྔ་ཡོད། ལྔ་ཚོ་བཅུ་དྲུག་ནི་བརྒྱད་ཅུ་སྟེ་ཐུན་མོང་མ་ཡིན་པའི་དཔེ་བྱད་བརྒྱད་ཅུའོ། །བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་ཞེས་པ། གདུལ་བྱའི་ཡུལ་འཇིག་རྟེན་གྱི་ཁམས་ཕྱོགས་བཅུར་མཐའ་མེད་དེ། ཡན་མན་རྒྱ་ཐེབ་བརྩེགས་པ་འདྲ། ཕན་ཚུན་ནི་ཟ་འོག་བེར་ཁྱིམ་བཀོད་པ་འདྲ་བའི་གདུལ་བྱའི་འཇིག་རྟེན་གྱི་ཁམས་འདུལ་བ་ཡང་། རེས་མོས་དང་འབྱུང་འཇུག་ཅན་མ་ཡིན་ཏེ། ལྷོའི་འཛམ་བུ་གླིང་དུ་ཉི་མ་ཤར་བ་ཕྱེད་དུ་ཕྱིན་ན་སྐད་ཅིག་ལ་ཐ་གྲུ་རྒྱས་པ་བཞིན། གདུལ་བྱ་རྣམས་ཀྱི་དོན་སྤྲོ་བསྡུ་མེད་པར་སྐད་ཅིག་ལ་རྫོགས་པར་སྣང་བའོ། །ཞིང་ཁམས་དེར་གདུལ་བྱ་དེ་ལ་འདུལ་བྱེད་སྣང་བའི་ངོ་བོའི་སྣང་ཚུལ་བསྟན་པའོ། །སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ། ཞེས་པ། སྣ་ཚོགས་ནི་མཚན་ཉིད་མི་འདྲ་བ་སྟེ། སྐུ་སྣ་ཚོགས། གསུང་སྣ་ཚོགས། ཐུགས་སྣ་ཚོགས་སུ་སྣང་བ་ཡང་གསང་སྔགས་ནང་པའི་ཐབས་ཀྱི་རྒྱུད་དང་། ཤེས་རབ་ཀྱི་རྒྱུད་དང་། དབྱེར་མེད་པའི་རྒྱུད་གསུམ་གྱིས་གདུལ་བྱ་ལ། ཡབ་ཡུམ་གཉིས་སུ་མེད་པའི་སོ་སོའི་དཀྱིལ་འཁོར་རྣམས་སུ་སྣང་ནས། གསུང་གིས་སོ་སོའི་རྒྱུད་རྣམས་སྒྲོགས་པ་དང་། སྐུ་གསུང་སྔགས་ཕྱི་པའི་དཀྱིལ་འཁོར་རྣམས་སུ་སྣང་ནས། གསུང་གིས་དེ་དང་དེའི་རྒྱུད་རྣམས་སྒྲོགས་པ་དང་། སྐུས་འགྲོ་བ་རིས་དྲུག་གི་གཟུགས་སུ་སྣང་ནས། གསུང་གིས་རིས་དྲུག་སོ་སོ་དང་མཐུན་པའི་ཆོས་སྟོན་པ་དང་། རུ་དྲ་དང་། གཤིན་རྗེ་ལ་སོགས་པ་འདུལ་བའི་དོན་དུ་ཁྲོ་བོའི་སྐུ་རྣམས་སུ་སྣང་ནས། གསུང་གི་ཕྲིན་ལས་དྲག་པོ་རྣམས་བརྗོད་པའོ། །ཐུགས་སྣ་ཚོགས་ནི་རང་བྱུང་གི་ཡེ་ཤེས་ཁྱབ་བདལ་ཏེ། མཐར་ཐུག་པ་མེད་པས་དེའི་གདུལ་བྱ་ས་བཅུ་པ་མན་ཆོད། འཇག་མའི་སྲིན་བུ་ཡན་ཆོད་ཀྱི་ཤེས་པའི་རྣམ་གྲངས་རྣམས་དང་། དུས་ཐོག་མ་མེད་པ་ནས་ཐ་མ་མེད་པའི་གྲངས་དང་། མཚན་ཉིད་དང་། དེའི་འདུལ་ཐབས་རྣམས་ཡུལ་ཅན་མེད་པར་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཚུལ་གྱིས་རང་གསལ་བ་སྟེ། གདུལ་བྱ་རྣམས་རང་བྱུང་ཡེ་ཤེས་ལས་མི་གཞན་པ་དང་། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལ་མངའ་བརྙེས་པས་རང་གསལ་དུ་ལྷུན་གྱི་གྲུབ་བོ། །དེས་ནི་སྟོན་པ་ཀུན་ཏུ་བཟང་པོའི་མཁྱེན་པ་གཉིས་དབྱེར་མེད་པའི་ངོས་ནས་མཛད་པ་ཆེད་དུ་བསྒྲུབ་པ་མེད་དེ་ལྷུན་གྲུབ་ཏུ་བསྟན་ཏོ། །བཞུགས་ཚུལ་ནི་ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱིས་སྐྱིལ་མོ་ཀྲུང་དུ་བཞུགས་པ་ཞེས་པ། ཐབས་ནི་ཡབ། ཤེས་རབ་ནི་ཡུམ། ཡང་ན་ཐབས་ཤེས་རབ་གཉིས་ནི་གཡས་གཡོན་གཉིས་སོ། །ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་ངམ་རྡོ་རྗེའི་སྐྱིལ་ཀྲུང་སྟེ། བོལ་གཉིས་གཡས་གཡོན་གྱི་བརླ་ཐོག་ཏུ་བྱུང་བ་ལ། མཉམ་པ་ཉིད་མི་མཐུན་པའི་ཕྱོགས་ཐམས་ཅད་ནི་བཏུལ། མཉམ་པ་ཉིད་ཀྱི་དོན་མངོན་དུ་བྱས་པའི་རྟགས་སུ་མཉམ་པའམ་རྫོགས་པའི་སྐྱིལ་ཀྲུང་ངོ་། །ཡང་ན་ཐབས་དང་ཤེས་རབ་ནི་ཡབ་ཡུམ་གཉིས་ཀྱི་ཞབས་ནི་སྣ་རྩེ་གཉིས་དབྱེར་མེད་པའི་ངང་ལ་གནས་པ་ནི། བདེ་བ་ཆེན་པོའི་སྤྱོད་པས་འདུལ་བའི་ཕྱིར་མཉམ་པ་ནི་ཡབ་རྡོ་རྗེའི་སྐྱིལ་མོ་ཀྲུང་ལ་བརྟུལ་ཞུགས་ནི་སྤྱོད་པ་ཆེན་པོ་ལ་ཞུགས་ཏེ། ཡུམ་གྱིས་པདྨའི་སྐྱིལ་ཀྲུང་གིས་འཁྱུད་པའོ། །དེ་ལྟ་བུའི་སྤྱོད་པའི་ངང་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་དུ་རྫོགས་པའོ། །ཡེ་ཤེས་དྲུག་གི་ཕྱག་ཅེས་པ། སྤྱིར་ཡེ་ཤེས་ཀྱི་ཡན་ལག་ལ་བཞི་སྟེ། མེ་ལོང་ལྟ་བུ། མཉམ་པ་ཉིད། སོ་སོར་ཀུན་རྟོགས། བྱ་བ་གྲུབ་པ་དང་བཞིའོ། །དེའི་སྟེང་དུ་དབྱིངས་རིག་པ་དང་ལྡན་པའི་ཆ་བཟུང་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་ཀྱང་བྱ། རྒྱུ་རྐྱེན་དང་བྲལ་བས་རང་བྱུང་གི་ཡེ་ཤེས་ཞེས་ཀྱང་བྱ་སྟེ། ཡེ་ཤེས་བཞིའི་གཞི་ཡིན་པས་ལྔ། ཡེ་ཤེས་ལྔ་ཇི་ལྟར་ཤར་ཡང་ཆོས་ཀྱི་དབྱིངས་ལས་གཡོ་བ་མེད་པས་དྲུག་གོ། །ཕྱག་དྲུག་ངོ་སྤྲད་པ་ནི་ཕྱག་མཚན་གྱི་སྐབས་སུ་འཆད་དོ། །ཕྱག་མཚན་བསྟན་པ་ནི། ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན་ཞེས་པ། ཕྱག་ཀྱང་རང་བྱུང་གི་ཡེ་ཤེས་རང་སྣང་། ཕྱག་མཚན་ཡང་ཡེ་ཤེས་ཉིད་འགྲོ་བའི་དོན་དུ་སྣང་བ་སྟེ། དེ་ལྟ་བུའི་ཡེ་ཤེས་ཉིད་གདུལ་བྱའི་དོན་དུ་ཕྱག་མཚན་དུ་སྣང་ཞིང་། སླར་ཡང་ཐུགས་ཡེ་ཤེས་ཉིད་མཚོན་པ་ལས་མི་གཡོ་བས་ཕྱག་རྒྱ་ཞེས་བྱ་སྟེ། སྟོན་པས་མཉམ་པ་ཉིད་ཐུགས་ཆུད་པའི་ཐུགས་ཡེ་ཤེས་སྤྲོས་པའི་མཐའ་ཐམས་ཅད་ཀྱིས་སྟོང་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ། ཕྱག་དང་པོ་ན་རྡོ་རྗེ་བསྣམས་ཏེ། རྡོ་རྗེ་ཡེ་ཤེས་ཕ་རོལ་ཕྱིན་པ་ནི། །རང་བཞིན་མི་འགྱུར་ལས་ནི་འབིགས་ཤིང་འཇོམས། །ཞེས་པས། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཕར་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་ངང་དུ་འཇོམས། །ཚུར་ནི་ཡེ་ཤེས་གཞིག་ཅིང་གཞོམ་དུ་མེད་དེ་གཡས་ཀྱི་དང་པོ་ན་རྡོ་རྗེ་བསྣམས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་གདུལ་བྱའི་རྒྱུད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར། གཡས་ཀྱི་བར་མ་ན་འཁོར་ལོ་བསྣམས་སོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཕྱོགས་འཛིན་གྱི་རྟོག་པ་མི་མངའ་བཞིན་དུ་དགོས་འདོད་སྐོང་བའི་རྟགས་སུ་རིན་པོ་ཆེ། སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་ཆོས་སྦྱི་དང་རང་གི་མཚན་ཉིད་མཁྱེན་པའི་ངོས་ནས་རྟགས་སུ་པདྨ་སྟེ་གཡོན་གྱི་བར་པའོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་བདག་གཞན་གྱི་དོན་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་། གདུལ་བྱའི་རྒྱུད་ཀྱི་བག་ཆགས་གཅོད་པའི་རྟགས་སུ་རལ་གྲི་གཡོན་གྱི་ཐ་མའོ། །གཡོན་གྱི་དང་པོ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་རྟགས་ཏེ། དྲིལ་བུའི་སྒྲ་མཐར་སྟོང་པ་བཞིན་དུ་ཆོས་ཀྱི་དབྱིངས་དངོས་པོ་ཐམས་ཅད་སྣང་སྟོང་གི་མཐའ་དང་བྲལ་ཞིང་ངོས་གཟུང་མི་མངའ་བའི་རྟགས་སུ་དྲིལ་བུ་སྟེ། ཅན་ཞེས་པ་ནི། རང་བྱུང་གི་ཡེ་ཤེས་ལ་མ་གྲུབ་ཀྱང་གདུལ་བྱའི་ངོས་ལ་འདུལ་བྱེད་ལྟར་སྣང་བས་འཛིན་པའམ་འཆང་བའི་ཚུལ་ལོ། །འབར་བ་ཞེས་པ། ཐུགས་ཡེ་ཤེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཉིད་དུ་གསལ་བ་ནི་འབར་བ་ཞེས་བྱ་སྟེ། རྟགས་ཕྱག་མཚན་རྣམས་ལས་རིན་པོ་ཆེ་ལས་གྲུབ་པའི་རང་བཞིན་གྱི་འོད་འབར་བའོ། །ཕྱག་མཚན་འདི་རྣམས་སྟོན་པའི་ངོ་བོ་ཀུན་བཟང་དང་། འཆད་པའི་སྐྱེས་བུ་རིགས་ལྔའི་ཐུན་མོང་སྟེ། མི་བསྐྱོད་པ་དང་ཀུན་བཟང་གཉིས་ཁམས་ལུགས་ཀྱིས་སྐུ་མདོག་ཕྱག་མཚན་མཐུན། ཇོ་བོ་སངས་རྒྱས་ཀྱིས་དང་པོ་གཉིས་ཡུམ་ལ་འཁྱུད། བར་པ་གཉིས་རྡོ་རྗེ་དྲིལ་བུ། ཐ་མ་གཉིས་མཉམ་བཞག་གསུང་། རིགས་ལྔའི་གཡས་ཀྱི་དང་པོ་ཐམས་ཅད་རང་རྟགས་གཞན་མ་བསྣོལ། གཡོན་དང་པོ་ཆོས་ཀྱི་དབྱིངས་ཀྱི་རྟགས་དྲིལ་བུར་མཐུན། ཡུམ་རྣམས་གཡོན་རང་རྟགས། གཡས་དྲིལ་བུ་བཅས་ཡབ་ལ་འཁྱུད་པའོ། །དབུའི་དོན་ནི་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ། ཐུན་མོང་གི་རྣམ་པར་ཐར་པ་གསུམ་ལས་འདས་ཏེ། འདིར་ཡང་དག་པའི་ཐར་པ་ཞེས་པ། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རང་བྱུང་གི་ཡེ་ཤེས་ལ་སྣང་སྟོང་གི་ཕྱོགས་འཛིན་ཐམས་ཅད་དང་བྲལ་ཏེ། དེ་ཉིད་དུ་འཛིན་པའང་མེད་པའི་སྟོང་པ་ཉིད་དང་། དོན་དེ་ཉིད་ལས་སྤང་བླང་དང་ཆེད་བསྒྲུབ་ཆེད་སྤང་གི་དམིགས་པའི་མཚན་མ་ཐམས་ཅད་མ་དམིགས་ལ། དོན་དེ་ཉིད་འཛིན་པའི་མཚན་མའང་མེད་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་བདག་ཉིད་ཆེན་པོའི་ངོ་བོ་ཉིད་ལ་སྨོན་པའི་ཡུལ་མེད་པ་གསུམ་མངོན་དུ་གྱུར་པའི་རིག་པ་དབུ་གསུམ་དུ་སྣང་སྟེ། དེ་ཡང་སྐུ་གསུང་ཐུགས་གསུམ། སྐུ་སྟོང་པ་ཉིད། གསུང་མཚན་མ་མེད་པ། ཐུགས་སྨོན་པ་མེད་པ་མངོན་དུ་གྱུར་པའི་རྟགས་སུ་དབུ་གསུམ་སྟེ། སྐུ་གསུང་ཐུགས་གསུམ་དུ་སྣང་བའི་དབང་གིས། གདུལ་བྱའི་དབང་གིས་རེ་རེའང་བསམ་གྱིས་མི་ཁྱབ་པར་སྣང་བས། མཁྱེན་པ་དང་མཛད་པ་བསམ་གྱིས་མི་ཁྱབ་པར་ཤར་བ་སྟེ། ཀུན་ཏུ་བཟང་པོ་དབུས་མཐིང་ག་ཐུགས། གཡས་དཀར་བ་སྐུ། གཡོན་དམར་བ་གསུང་། རིགས་ལྔའི་ཡང་བསྣོལ་ཏེ་བསྟན་པའང་འཆད་པར་འགྱུར་རོ། །ལྡན་པ་ཞེས་པ། འཕྲོ་གཞག་པ་ནི་ཕྱིས་འཆད་པའི་རིགས་ལྔ་ཚོལ་བ་སྟེ། གོང་དུ་བཤད་པ་ལྟར་ཞལ་གསུམ་ཕྱག་དྲུག་པ་སྟོན་པའོ། །གནས་ཀྱི་རང་བཞིན་བསྟན་པ་ནི། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན་ཞེས་པ། འོག་མིན་ནི་སྤྱིར་དྲུག་ལས་འདིར་ཉེ་བར་བཞི་སྟེ། རིག་པའི་འོག་མིན་ཞེས་པ་ལ་གཉིས་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་རྫོགས་པ་ཆེན་པོའི་དོན་མངོན་དུ་གྱུར་པའི་རང་རིག་པ་སྟེ། ས་བཅུ་པས་ཀྱང་མ་རེག་པ་ལྟ་བུ་གང་གིས་འོག་ཏུ་མ་གྱུར་པའོ། །ཡང་རིག་པ་རང་སྣང་བ་སྒྱུ་མ་ལྟ་བསྒོམ་དབྱེར་མེད་པར་ཚུད། །རྣལ་འབྱོར་པའི་དགོངས་པ་དཀྱིལ་འཁོར་གྱི་འཁོར་ལོ་ཏིང་ངེ་འཛིན་དགོངས་པའི་ངོ་བོ་ལ་གང་གིས་ཀྱང་མ་རེག་པ་ནི་རིག་པའི་འོག་མིན་ནོ། །ཡེ་ཤེས་ཀྱི་འོག་མིན་ནི་གཟུང་འཛིན་དང་བྲལ་བའི་རང་བྱུང་གི་ཡེ་ཤེས་དྲུག་པའི་ངོ་བོའོ། །འོག་མིན་ཆེན་པོ་ནི་རྒྱལ་བ་དྲུག་པའི་བཞུགས་གནས་ལོངས་སྤྱོད་ཆེན་པོའི་ངོ་བོ་ཉིད་དོ། །གསང་བའི་འོག་མིན་ནི་ཕུན་སུམ་ཚོགས་པའི་སྐབས་སུ་གསང་བའི་སྐུའི་དགོངས་པ་ཉམས་སུ་མྱོང་བའི་ཡུམ་གྱི་མཁའོ། །དེ་ལ་འདིར་འོག་མིན་ཆེན་པོ་དབང་ཕྱུག་ཆེན་པོའི་གནས་ཏེ། ངོ་བོ་ནི་ཆོས་ཀྱི་དབྱིངས་གཟུང་འཛིན་དང་བྲལ་བ་སྟེ། ཡང་བདག་འཛིན་དང་བྲལ་བའི་རང་བྱུང་ཡེ་ཤེས་ཀྱི་རང་བཞིན་གྱི་ཆ་སྤྲོས་མཐའ་ཐམས་ཅད་དང་བྲལ་ཏེ། དབུས་ཀྱི་ཐ་སྙད་ལས་ཀྱང་གྲོལ་བའོ། །དེ་ལ་ནི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དེ་རྟོགས་པ་འཁྲུངས་པ་ལས་འབྱུང་བས་འབྱུང་གནས་ཀྱང་ཡིན། སླར་ཡང་ཆོས་ཀྱི་དབྱིངས་མཚན་མ་མེད་པ་དེ་ཉིད་ལས་གཟིག་ཀྱང་གཟིགས་བྱ་གཟིགས་བྱེད་མེད་པར་གཟིགས་གནས་ཀྱང་ཡིན། སླར་ཆོས་ཀྱི་དབྱིངས་དེ་ལས་སྐད་ཅིག་ལ་མི་གཡོ་མི་འདའ་བས་བཞུགས་གནས་ཀྱང་ཡིན་ཏེ། དེས་ན་གནས་ཞེས་བྱའོ། །དེའི་མཚན་ཉིད་བསྟན་པ་ནི་ཡོད་མེད་རྟག་ཆད་སྣང་སྟོང་མཐའ་ཐམས་ཅད་ངང་གིས་མ་གྲུབ་པས་དབུས་སུའང་གྲུབ་པ་མེད་དེ། དམིགས་པའི་ཡུལ་ཕྲ་རགས་ཐམས་ཅད་བྲལ་བའོ། །ན་གཞི་དོན་ནི་རྟེན་དང་བརྟེན་པ་ཐམས་ཅད་དེའི་ངང་དུ་ལྷུན་གྱིས་གྲུབ་པར་བསྟན་པའོ། །བྱེ་བྲག་ལོངས་སྐུའི་གནས་ལ། གཞལ་ཡས་ཁང་གི་འོག་གཞིའི་ངོ་བོ་བསྟན་པ་ནི། གཞི་ཚད་མེད་པའི་ཡེ་ཤེས་ཞེས་པ་ལ་སོགས་པ། དཔེར་ན་ལོ་ཀ་ན་བེམ་རིག་ཁང་ཁྱིམ་རྩི་ཤིང་ཆོས་ཐམས་ཅད་ས་གཞི་ཆེན་པོ་ལ་བརྟེན་པ་དང་འདྲ་བར། ཕུན་སུམ་ཚོགས་པའི་གླེང་གཞི་འདི་ཡི་དུས་སུ་ཆོས་ཀྱི་དབྱིངས་མཐའ་ཡས་པའི་གླེང་གཞི་འདི་ཉིད་ལས་མ་གཏོགས་པ་འཁོར་བེམ་རིག་གི་ཆོས་རྡུལ་ཕྲ་བ་ཙམ་ཡང་མི་སྣང་བ་ཡིན་པས། དེའི་གཞལ་ཡས་ཁང་གི་འོག་གཞི་ནི། དབྱིངས་དང་རིག་པ་དབྱེར་མེད་པ་རང་བྱུང་གི་ཡེ་ཤེས་ཆོས་ཀྱི་དབྱིངས་དང་མཉམ་པ་ལ་མཐར་ཐུག་པ་མེད་པས་ཚད་མེད་པ་ཞེས་བྱ་སྟེ། ཡེ་ཤེས་ཀྱི་འཁོར་ལོ་ཞེས་པ། རང་བྱུང་གི་ཡེ་ཤེས་ཉིད་ཡེ་ཤེས་བཞིར་ཤར་བའི་རྟགས་སུ་འོག་གཞི་འཁོར་ལོ་རྩིབས་བཞི་པ་ཆེན་པོ་དག་ལ་རྒྱས་པའི་འོག་གཞི་ལྟ་བུ་སྟེ་ཆེ་ཆུང་ཚད་ཐུག་པ་མེད་པའོ། །གསལ་བ་ཞེས་པ་ནི། རང་བྱུང་གི་ཡེ་ཤེས་མཐའི་སྒྲིབ་སྐྱོན་ཐམས་ཅད་དང་བྲལ་བས་ཀྱང་གསལ་བ། རང་བྱུང་གི་ཡེ་ཤེས་དངོས་གཞི་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུར་བས་གསལ་བ། ཡེ་ཤེས་མེ་ལོང་གཡའ་དག་པ་དང་འདྲ་བར་གདུལ་བྱའི་རྐྱེན་གྱིས་དཀྱིལ་འཁོར་གྱི་བྱེ་བྲག་སྣོད་བཅུད་ཅིར་ཡང་འཆར་བའོ། །རྒྱུ་ནི་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་ཞེས་པ། འོག་གཞི་དེ་ལ་རང་བྱུང་ཡེ་ཤེས་རང་སྣང་བའི་དབང་གིས་ཡིད་ཀྱི་ཡུལ་ལས་འདས་ཏེ། རང་བཞིན་ཚད་མེད་པའམ། གདུལ་བྱ་ལ་ཡོན་ཏན་ཚད་དཔག་ཏུ་མེད་པའམ། བདག་གཞན་གྱི་དགོས་པ་བསྐོང་བའི་ཆེ་བའི་ཡོན་ཏན་ཚད་མེད་པའོ། །གཞལ་ཡས་ཁང་ཐུགས་ཡེ་ཤེས་རང་སྣང་བའི་དབང་གིས་མཉམ་པ་ཉིད་གཉིས་སུ་མེད་པའི་རང་བྱུང་གི་ཡེ་ཤེས་ལ། རྟོག་པ་མེད་ཀྱང་དགོས་འདོད་རང་བཞིན་གྱིས་སྐོང་བའི་ཆེ་བའི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་ལ། དེ་ཡང་སྐུ་གསུང་ཐུགས་གྱི་སྒོ་ནས་སྣང་བའི་རྟགས་ནི་དོན་རང་བྱུང་གི་ཡེ་ཤེས་ཡིན་ལ། རྟགས་ལས་ཀྱང་དངོས་རིག་པ་རང་སྣང་བའི་རང་བྱུང་གི་ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་སུ་སྣང་བ་ལས། གཞལ་ཡས་ཁང་གི་མཚན་ཉིད་ཐམས་ཅད་གྲུབ་སྟེ་རྩིག་པ་དང་། ཕ་གུ་དང་། དྲྭ་བ་དྲྭ་ཕྱེད་ལ་སོགས་པའི་རྒྱན་རྣམས་ཐུགས་ཡེ་ཤེས་རང་སྣང་བ་རང་བཞིན་གྱིས་འབར་བའི་རྟགས་སུ། གཞལ་ཡས་ཁང་གི་རིན་པོ་ཆེ་རྣམས་འོད་ཟེར་འབར་བ་དང་བཅས་ལ། ལས་སུ་གདུལ་བྱ་ལ་རང་བཞིན་ཐུགས་རྗེ་འབར་བའི་རྟགས་ཀྱང་གཟུང་ངོ་། །གཞལ་ཡས་ཁང་ཞེས་པ། རང་བྱུང་གི་ཡེ་ཤེས་གདུལ་བྱ་རྣམས་ཀྱིས་གཞལ་དུ་མེད་ལ། ཐམས་ཅད་མཁྱེན་པས་ཀྱང་འདི་ལྟ་བུའི་ཞེས་པ་དམིགས་པ་དང་བྲལ་བའི་རྟགས་སུ། ཆོས་ཀྱི་དབྱིངས་ཀྱི་ཁྱབ་ཚད་དུ་གསལ་བས་གཞལ་དུ་མེད་པས་ཡས་ཞེས་བྱའོ། །ཁང་ནི་བཞུགས་གནས་ཚོགས་པ་སྟེ་ཕུན་སུམ་ཚོགས་པ་འཛོམ་པའི་གནས་སུ། རྒྱ་ཁྱོན་ནི། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ་ཞེས་པ། དེ་ལྟར་ཐུགས་ཡེ་ཤེས་གཞལ་ཡས་ཁང་དུ་བྱུང་བ་དེ་ཡང་རྒྱ་ཁྱོན་ཚད་གཟུང་དུ་མེད་དེ། རང་བྱུང་གི་ཡེ་ཤེས་ཀྱིས་འདི་མཁྱེན་འདི་མི་མཁྱེན་མེད་དོ། །ཡང་ན་ཆེ་ཆུང་ཚད་མེད་པ་ནི་ཡེ་ཤེས་ཀྱི་སྣང་བ་ཡིན་པའི་དབང་གིས་གཞལ་ཡས་ཁང་སྟོང་གསུམ་གཅིག་ཏུ་རྒྱལ་བ་ཡུངས་འབྲུ་ཙམ་ཞིག་བཞུགས་ཀྱང་སྟོང་ཞིང་མ་རྒྱས་པ་ལྟ་བུ་མེད། གཞལ་ཡས་ཡུངས་འབྲུ་ཙམ་ཞིག་གི་ནང་དུ་རྒྱལ་བ་རི་རབ་ཙམ་ཞིག་བཞུགས་ཀྱང་དོག་ཅིང་འཛེར་བའང་མེད་དེ། ཡེ་ཤེས་ཀྱི་སྣང་བ་ལ་ཕྱོགས་སུ་འཛིན་པ་དང་བྲལ་བའོ། །ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར་ཞེས་པ། དབྱིངས་དང་ཡེ་ཤེས་དབྱེར་མེད་རང་བྱུང་གི་ཡེ་ཤེས་ལ་ཐམས་ཅད་མཁྱེན་པའི་ཡོན་ཏན་དག་སྣང་གི་ངོས་ལ་སྐུ་རིགས་རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་དང་། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་ཏེ་ཡོན་ཏན་བརྒྱ་བཞི་བཅུའི་ཚོགས་རྣས་ངོ་བོ་བློས་དཔག་ཏུ་མེད་དེ། མ་འདྲེས་ལ་ཡོངས་སུ་རྫོགས། རྣམ་གྲངས་བློས་དཔག་ཏུ་མེད་དེ་བསམ་གྱིས་མི་ཁྱབ། སྐད་ཅིག་ཀྱང་མི་འགག་པར་ཐམས་ཅད་དུ་སྣང་བས་ཀྱང་བློས་དཔག་ཏུ་མེད་ལ། སྤྱིར་མི་འགག་པའི་ཆོས་ཐམས་ཅད་སྣང་བའི་བདག་ཉིད་དུ་བཞུགས་པས་སོ། །རྒྱས་པའི་ནི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་དགོས་འདོད་སྐོང་བའི་ངོ་བོ་ཉིད་དུ་བཞུགས་པ་བཞིན། རིག་པ་རང་བྱུང་གི་ཡེ་ཤེས་ཡེ་ནས་རྒྱས་པའི་བདག་ཉིད་རྟོགས་པས་རྒྱས་པ་མངོན་དུ་གྱུར་པའོ། གཏན་ཚིགས་དེའི་ཕྱིར། གཞལ་ཡས་ཁང་གི་དབྱིབས་གྲུ་བཞིར་བྱུང་བ་སྟེ། གྲུ་བཞི་ནི་རྒྱས་པའི་དབྱིབས་ཡིན་པས་ཚོགས་གཉིས་རྫོགས་པ་མཐར་ཕྱིན་པ་དང་། རྟོགས་པ་རང་བྱུང་གི་ཡེ་ཤེས་མཐར་ཕྱིན་པ་དང་། ཆེ་བའི་ཡོན་ཏན་རྒྱས་པ་མཐར་ཕྱིན་པའི་ཕྱིར་དབྱིབས་གྲུ་བཞི་སྟེ། གྱུར་པ་ཞེས་པ་ནི། ཐམས་ཅད་མཁྱེན་པ་འདུ་ཤེས་ཟད་པས་རིག་པ་ཕྱོགས་འཛིན་ཐམས་ཅད་དང་བྲལ་ཡང་། གདུལ་བྱའི་སྣང་བས་གྲུ་བཞིར་བྱུང་བའོ། །འདི་ལ་གོང་དུ་རྒྱ་ཕྱོགས་བཅུར་མ་ཆད་ཅེས་པ་དང་། འདི་ཉིད་དུ་གྲུ་བཞི་སྨོས་པ་དང་འགལ་ལོ་ཞེ་ན། རྒྱ་ཕྱོགས་བཅུང་མ་ཆད་པ་ནི་རང་བཞིན་གྱི་སྣང་བ་ཡེ་ཤེས་ཁོ་ནའི་ཆ་ནས་བརྗོད་ལ། གྲུ་བཞི་ནི་གདུལ་བྱའི་སྣང་བའི་ངོས་ནས་སོ། །ཡང་ན་དོན་མི་འགལ་ཏེ་ཆོས་ཉིད་ཀྱི་སྣང་བ་རྒྱ་མ་ཆད་པ་ལས་ཡོན་ཏན་རྒྱས་པའོ། །རྟགས་མི་འགལ་ཏེ་པཉྩ་རེ་ཁཱ་རྒྱ་མ་ཅད་པ་ལ་དབྱིབས་གྲུ་བཞིར་གྱུར་པའོ། །གློ་འབུར་ནི་ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ་ཞེས་པ། མཉམ་པ་ཉིད་གཉིས་སུ་མེད་པའི་ཐུགས་རང་བྱུང་གི་ཡེ་ཤེས་ལ་དབྱེ་བ་མི་མངའ་བ་ལ། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་རང་བྱུང་གི་ཡེ་ཤེས་ལས་ལྷག་པ་ལྟ་བུ་སྟེ། བཀྲ་གསལ་ལ་རྟོག་པ་མེད་པ་མི་འགགས་པ་ལྟ་བུའི་རྟགས་སུ་མེ་ལོང་ཡེ་ཤེས། རྒྱུ་འབྲས་སྣང་སྟོང་དག་མ་དག་རྟོག་པ་གང་ཡང་མི་མངའ་བའི་རྟགས་སུ་མཉམ་པ་ཉིད། རང་བྱུང་གི་ཡེ་ཤེས་ལ་ཆོས་སྤྱི་དང་རང་གི་མཚན་ཉིད་མ་འཆོལ་བར་མཁྱེན་པ་ཉིད་ཀྱིས་མཐའི་སྐྱོན་གྱིས་མ་གོས་པ་སོ་སོར་རྟོགས་པ། གཞན་གྱི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པས། རང་དོན་མུར་གྲུབ་པ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། རང་བྱུང་ཡེ་ཤེས་ལས་ཡེ་ཤེས་ཆེན་པོ་བཞི་ལྷག་པའི་རྟགས་སུ་གཞལ་ཡས་ཁང་གི་འོག་གཞི་གྲུ་ཆད་ཀྱི་ཕྱོགས་བཞིར་ཡེ་ཤེས་ཉིད་རིན་པོ་ཆེར་སྣང་བའི་གློ་འབུར་བཞིས་བརྒྱན་ཏེ། མཛེས་པ་ནི་དཔེར་ན་གསེར་གྱི་མིག་ཏུ་གཡུ་བཅུགས་ན་སོ་སོ་ན་གཅིག་གིས་གཅིག་གི་ཡ་བསྐྱེད་དེ་མཛེས་པ་བཞིན། རང་བྱུང་གི་ཡེ་ཤེས་ཕྱོགས་འཛིན་ཐམས་ཅད་དང་བྲལ་བ་ཉིད་ཡེ་ཤེས་བཞི་པོའི་ལས་ཀྱིས་སྤ་བསྐྱེད་པ་དང་། རང་བྱུང་གི་ཡེ་ཤེས་ཀྱིས་ཡེ་ཤེས་བཞི་པོ་མཐར་མ་སོང་བར་དབྱིངས་སུ་ལྷུན་གྱིས་གྲུབ་པ་ཉིད་ཕན་ཚུན་གཅིག་གི་སྤ་གཅིག་གིས་བསྐྱེད་པ་དང་འདྲ་བར་རྟགས་གློ་འབུར་བཞིས་མཛེས་པའོ། །རྩེ་མོའི་དོན་ནི། །ཕྱོགས་བཅུ་དུས་བཞི་ཞེས་པ་ལ་སོགས་ཏེ། དེ་ལ་གཞལ་ཡས་ཁང་གི་རྩེ་མོ་ནི་སྟེང་གི་བུམ་པ་སྟེ། གཞལ་ཡས་ཁང་གི་ཕྱི་བུམ་པ་ཟླུམ་པོའི་ཡར་གྱི་རྩེ་མོ་ནི་ཚད་གཟུང་དུ་མེད་དེ། རང་བྱུང་གི་ཡེ་ཤེས་འདི་ཙམ་ཞེས་ཚད་གཟུང་དུ་མེད་པའི་རྟགས་སུ། གཞལ་ཡས་ཀྱི་རྩེ་མོ་ས་བཅུ་པའི་བྱང་ཆུབ་སེམས་དཔས་ཀྱང་མི་རྟོགས་པ་སྟེ། བྱང་ཆུབ་སེམས་དཔའ་དཔའ་སྟོབས་ཀྱིས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་བརྟགས་པས། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་སོང་ཡང་། དབུའི་གཙུག་ཏོར་གྱི་རྩེ་མོ་མ་མཐོང་བ་བཞིན་ནོ། །ཕྱོགས་ནི་བཅུ་སྟེ་སྟེང་འོག་ཕྱོགས་མཚམས་བཅུ་རེ་རེ་ལའང་ཕྱོགས་བཅུ་དེ་རེ་རེ་ལའང་ཕྱོགས་བཅུ་སྟེ་ཐུག་པ་མེད་པའི་གནས་བསྟན་ཏོ། །དུས་ནི་བཞི་སྟེ། རྒྱུ་ཚོགས་ཟིན་དོན་སྤྱད་ཀྱང་ཟིན་ནས་འདས་པ་སྟེ། སངས་རྒྱས་འཁོར་བ་འཇིགས་ཡན་ཆད་ནས། དུས་ཐོག་མ་མེད་པ་ལ་ཐུག་གི་བར་རོ། །ད་ལྟར་ནི། རྒྱུ་ཚོགས་ཟིན་འབྲས་བུ་སྤྱད་བདོ་བ་ཤཱཀྱ་ཐུབ་པ་ལྟ་བུ། མ་བྱོན་པ་ནི། རྒྱུ་ཚོགས་འབྲས་བུ་མ་སྤྱད་པ་བྱམས་པ་ལྟ་བུའོ། །དུས་བཞིའི་དབང་དུ་མ་རྒྱུ་ཚོགས་འོན་ཀྱང་ཚོགས་པ་ལ་བར་ཆད་མེད་པ་ལྟ་བུ། སེང་གེ་དང་། རབ་གསལ་ལ་སོགས་ཏེ་སངས་རྒྱས་སྟོང་དང་། མ་བྱོན་པའི་སངས་རྒྱས་ཐམས་ཅད་བསྡུས་སོ། །དུས་ན་ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པའི་གདུལ་བྱའི་དོན་ལ་སྣང་བའི། སྤངས་མཁྱེན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀྱིས་གསང་སྔགས་ནང་པ་དང་། ཕྱི་པ་དང་། རྒྱུའི་ཐེག་པའི་སྒོ་ནས་སྣང་བ་གཙོ་བོ་དང་འཁོར་དུ་བཅས་པ་དཀྱིལ་འཁོར་ཐམས་ཅད་དེ། སངས་རྒྱས་གཅིག་ཡེ་ཤེས་སུ་ལྷུན་གྱིས་གྲུབ་ན། ཐམས་ཅད་གྲུབ་པའི་དེ་ལྟ་བུའི་རང་བྱུང་གི་ཡེ་ཤེས་ནི་མཐའ་གང་དུའང་མི་གནས། གང་ལའང་མི་བརྟེན་པས་སོ་སོ་མ་ཡིན་ཞེས་ཏེ། མི་གནས་པའི་ཡེ་ཤེས་ཆེན་པོ་ཕྱོགས་འཛིན་ཐམས་ཅད་དང་བྲལ་བས་དབྱེར་མེད་པ་ལ་གཉིས་པ་མི་མངའ་ཞིང་དེ་ཉིད་དུ་འཛིན་པའང་མེད་པ་ནི་ཐ་སྙད་དུ་ངོ་བོ་ཉིད་གཅིག་པ་ཞེས་བྱ་སྟེ། རང་བྱུང་གི་ཡེ་ཤེས་ལ་དུ་མ་མི་མངའ་བས་འཁྱིལ་ཞེས་བྱ་སྟེ། རང་བཞིན་གྱི་སྣང་བ་ཡིན་ལ། །རྟགས་བུམ་པ་ཟླུམ་པོར་འཁྱིལ་བ་ནི་གདུལ་བྱའི་སྣང་བའོ། །རྒྱན་ལ་ཡེ་ཤེས་ལྔའི་བྱེ་བྲག་སྦྱིར་བསྟན་པ་ནི། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཞེས་པ་ལ་སོགས་ཏེ། རང་བྱུང་གི་ཡེ་ཤེས་ཡེ་ཤེས་བཞིར་ཤར་ལ། དེ་དག་ཀྱང་བཞི་བཞིར་ཤར་ཏེ། ངོ་བོ་བསམ་གྱི་མི་ཁྱབ་པ་ནི་རང་བྱུང་གི་ཡེ་ཤེས་སྣང་སྟོང་གི་མཐའ་ཐམས་ཅད་དང་བྲལ་བས་བསམ་པའི་ཡུལ་ལས་འདས་པ་དང་། རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ནི་བཤད་པ་བཞིན་གདུལ་བྱའི་ངོས་ནས་རྩིས་ལས་འདས་པ་དང་། མཛད་པ་བསམ་གྱི་མི་ཁྱབ་པ་ནི་གདུལ་བྱ་རྣམས་གང་ལ་གང་འདུལ་དེ་ལ་དེར་སྟོན་དུ་སྐད་ཅིག་ལ་འཆར་སྐད་ཅིག་ལ་དོན་རྫོགས་པའི་རང་བྱུང་གི་ཡེ་ཤེས་ནི་རྟོག་པ་མེད་ཀྱང་དགོས་འདོད་སྐོང་བ་རིན་པོ་ཆེ་དང་འདྲ་ལ། དེ་ལྟ་བུའི་ཡེ་ཤེས་ཉིད་རིན་པོ་ཆེའི་ཚོགས་སུ་སྣང་ནས་གཞལ་ཡས་ཁང་དུ་གྲུབ་པ་སྟེ། དབྱིབས་ནི་ཕྱི་དབྱིབས་གྲུ་བཞི་དང་། ནང་དབྱིབས་སྒོ་ཁང་དང་། སྒོ་ཁྱུད་དང་། རྒྱན་དང་། སྣམ་བུ་དང་། གཙང་ཁང་ལ་སོགས་པའི་གདུལ་བྱའི་སྣང་བས་རང་བྱུང་གི་ཡེ་ཤེས་ཅིར་ཡང་འཆར་བའི་དབྱིབས་དང་། ཁ་དོག་ཅེས་པས། གཞལ་ཡས་ཁང་གི་རིན་པོ་ཆེ་ལས་གྲུབ་པའི་ཁ་དོག་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྟགས་སུ་དབུས་སྔོ་བ། ཤར་མེ་ལོང་ལྟ་བུའི་ཡེ་ཤེས་མཐའ་གཉིས་ཀྱི་སྐྱོན་དང་བྲལ་བའི་རྟགས་སུ། ཤེལ་ཀེ་ཀེ་རུ་ལས་གྲུབ་པ་དཀར་པོ་ལྟ་བུ། ལྷོར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཆེ་བའི་ཡོན་ཏན་རྒྱས་པའི་རྟགས་སུ། གསེར་རམ་པུ་ཤ་རཱ་ག་ལས་གྲུབ་པ་སེར་པོ་ལྟ་བུ། ནུབ་སོ་སོར་རྟོགས་པའི་ཡེ་ཤེས་མཐའ་གཉིས་དབང་དུ་སྡུད་ཅིང་མཐའ་གཉིས་ཀྱི་སྐྱོན་དང་བྲལ་བའི་རྟགས་སུ་པདྨ་རཱ་ག་ལས་གྲུབ་པ་དམར་པོ། བྱང་བྱ་བ་གྲུབ་པའི་ཡེ་ཤེས་གདུལ་བྱའི་དོན་ལས་སྣ་ཚོགས་ལ་འཇུག་པའི་རྟགས་སུ། ལྗང་གུ་ཚོན་ལྔ་གཅིག་ཏུ་འདྲེས་པའི་ཁ་དོག་ལྟ་བུ་སྟེ་ཨཱིནྡྲ་ནཱི་ལ་ལྗང་གུ་ལས་གྲུབ་པའོ། །སོགས་པ་ཞེས་པ་བསྡུ་བ་ནི། གཞལ་ཡས་ཁང་ལ་རང་བཞིན་གྱི་ཡེ་ཤེས་ཕྱོགས་ཀུན་ཏུ་འཕྲོ་བའི་རྟགས་འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོ་བ་དང་། རང་བྱུང་གི་ཡེ་ཤེས་གདུལ་བྱ་ལ་ཅིར་ཡང་འཆར་བའི་རྟགས་སུ་ལྷ་དང་ལྷ་མོའི་སྤྲུལ་པ་ཕྱོགས་བཅུར་འཕྲོ་བའོ། །རྣམ་པ་ཐ་དད་པའི་ཞེས་པ། རྒྱན་དང་འོད་ཟེར་གྱི་འཕྲོ་འདུ་དང་། སྤྲུལ་པའི་བྱེ་བྲག་ཁ་དོག་རྣམ་པ་ཐ་དད་པ། དབྱིབས་རྣམ་པ་ཐ་དད་པའི་ནང་ཚན་གྱི་བྱེ་བྲག་རྣམས་ཁྱད་པར་དུ་གྱུར་པ་ཞེས་པ། དབྱིབས་དང་ཁ་དོག་དང་། འོད་ཟེར་དང་སྤྲུལ་པའི་འཕྲོ་འདུ་རྣམས་རང་བྱུང་ཡེ་ཤེས་རང་སྣང་བའི་དབང་གིས་ཐ་མལ་པའི་གསལ་བ་དང་མི་འདྲ་སྟེ། སོ་སོ་ནས་གསལ་བས་གང་གིས་ཀྱང་སྤྱད་དུ་མེད་འོད་དང་གཟི་བྱིན་དང་བཅས་ཏེ། བལྟ་བ་པོའི་མིག་གི་དབང་པོ་མིག་ཟི་ལངས་ནས་བལྟར་མི་ཚུགས་པ་ལྟ་བུའོ། །ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དང་ཞེས་པ། གཞལ་ཡས་ཁང་གི་རྒྱན་སྟོན་ཏེ། རང་བྱུང་གི་ཡེ་ཤེས་རྟོག་པ་མེད་ཀྱང་དགོས་འདོད་སྐོང་བ་རིན་པོ་ཆེ་དང་འདྲ་ལ། དེ་ཉིད་རྟགས་རིན་པོ་ཆེའི་རྒྱན་དུ་བྱུང་བ་སྟེ། སྤྱིར་གཞལ་ཡས་ཁང་དུ་སྣང་བ་ཡང་སྟོན་པའི་ཐུགས་རིག་པ་སྣང་། རྒྱན་དུ་སྣང་བ་ཡང་སྟོན་པའི་ཐུགས་ཡེ་ཤེས་སྣང་། ཡེ་ཤེས་ལ་ཡེ་ཤེས་སུ་བརྒྱན་པར་སྣང་སྟེ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་རྟོགས་པའི་རང་བྱུང་གི་ཡེ་ཤེས་ངོ་བོ་ཉིད་ཀྱི་རང་བྱུང་གི་ཡེ་ཤེས་ཆེན་པོ་གདུལ་བྱའི་ངོ་ལ་ཆེ་བའི་ཡོན་ཏན་སྣ་ཚོགས་མངའ་བའམ། ཡང་ན་ཐུགས་རྗེས་འགྲོ་བའི་དོན་ལ་ཕྲེང་བ་བསྡེབས་པ་ལྟར་རྒྱུན་མི་ཆད་པའི་རྟགས་སུ་མཛད་པའི་ཕྲིན་ལས་ཆོས་ཉིད་ལས་མ་གཡོས་པ་དང་འདྲ་བར། ཕྲིན་ལས་བཞི་ཕྲེང་བ་ཕྲེང་ཐག་གི་རྒྱུད་མ་ཆད་པ་འདྲ་བ་ལྟ་བུར་རིན་པོ་ཆེའི་རྒྱལ་པོའི་ཕྲེང་བས་གཞལ་ཡས་ཁང་ལ་རྒྱན་དུ་བྱས་པའོ། །ཆུན་འཕྱངས་དང་ཞེས་པ། ཡེ་ཤེས་བསམ་གྱི་མི་ཁྱབ་པ་ཉིད་རང་བྱུང་གི་ཡེ་ཤེས་སུ་དབྱེར་མེད་པའི་རྟགས་སུ་རིན་པོ་ཆེ་ཁ་དོག་སྣ་ཚོགས་ཀྱི་ཐག་པ་གཅིག་ཏུ་བསྒྲིལ་ནས་ཆུན་པོར་བྱས་པ་སྟེ། གཞན་ཡས་ཁང་གི་བད་ན་དྲྭ་བ་དྲྭ་ཕྱེད་དུ་བརྒྱན་པའོ། །དེ་ཡང་འཕྱང་དབུས་ན་ཡོད་པ་ནི་དྲྭ་བ། འཕྱང་མཐའ་ན་ཡོད་ནས་འཕྱང་བ་ནི་དྲྭ་ཕྱེད་དོ། །ཡང་ན་གསང་སྔགས་ཀྱི་སྒོ་ནས་བདེན་པ་དབྱེར་མེད་རང་རིག་པའི་ངོ་བོ་ཉིད་ཀྱིས། གདུལ་བྱ་རྣམས་འབྲས་བུ་ལ་སྦྱོར་བའི་དོན་ནོ། །ཤར་བུའི་རྒྱན་སྣ་ཚོགས་དང་ཞེས་པ། གཞལ་ཡས་ཁང་གི་བད་སྣ་ལ་བ་སོའི་རྒྱན་ཤར་བུ་བསྒྲིག་པས་བརྒྱན་པ་ནི་ཐམས་ཅད་ཅང་མཁྱེན་པས་འགྲོ་དོན་མཛད་པའི་ཕྲིན་ལས་ལ། སྤྱིར་མཐར་ཐུག་པ་མེད་པའི་གདུལ་བྱ་ཐམས་ཅད་ལ་དེ་རེ་རེའི་རྒྱུད་ལས་ཀྱང་རྣམ་པར་རྟོག་པའི་གྲངས་བཞིན་དུ། གང་ལ་གང་འདུལ་དེ་ལ་དེར་སྟོན་དུ་མཛད་པ་ལྷུན་གྲུབ་ཏུ་ཤར་བའི་བརྡའོ། །སྣ་ཚོགས་ནི་གདུལ་བྱ་ན་སྣ་ཚོགས་པ་ཕྲིན་ལས་སྣ་ཚོགས་སུ་ཤར། སྐད་ཅིག་ལ་ལྷུན་གྲུབ་ཏུ་སྣང་བའོ། །ཀུན་ཏུ་བཟང་པོའི་སྤྱོད་ཡུལ་དག་པའི་ངོས་ནས་སྣ་ཚོགས་སུ་འཆར་བ་ནི། གཟུགས་སྣ་ཚོགས་དང་ཞེས་པ་ལ་སོགས་ཏེ། དངོས་སུ་སྣང་བ་སྟེ་སྣ་ཚོགས་ནི་ཡོ་ག་ཕྱི་པ་བཞིན་དུ་མི་ཕྱེ་བར། བེམ་པོ་དང་རིག་པ་ཅན་བཟང་པོ་དང་ངན་པ་ཆེ་ཆུང་གི་བྱེ་བྲག་ཐམས་ཅད་བསྡུའོ། །དེ་དག་ཀུན་ཏུ་བཟང་པོའི་ངོ་བོར་གསལ་བ་ནི། དངོས་པོ་དེ་དག་ཐམས་ཅད་ཀུན་ཏུ་བཟང་པོའི་རིག་པ་ལས་མ་གཡོས། རིག་པ་རྫས་དེ་དག་ཏུ་མ་འགག་པར་སྣང་དབྱེར་མེད་པ་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པར་རང་སྣང་བ་མཆོད་པ་ཡེ་གནས་ཀྱི་ངོ་བོའོ། །དེས་སྒྲ་སྣ་ཚོགས། དྲི་སྣ་ཚོགས། རོ་སྣ་ཚོགས། རེག་བྱ་སྣ་ཚོགས་རྣམས་ཀྱང་གོང་གིས་འགྲེ། ཐམས་ཅད་མཆོད་པར་ལྷུན་གྱིས་གྲུབ་པའོ། །ཡང་ན་དག་སྣང་གི་གཟུགས་སྣ་ཚོགས་གཟུགས་ཀྱི་ལྷ་མོ། སྒྲ་སྣ་ཚོགས་སྒྲའི་ལྷ་མོ། དྲི་སྣ་ཚོགས་དྲིའི་ལྷ་མོ། རོ་སྣ་ཚོགས་རོའི་ལྷ་མོ་ཁ་དོག་སྣ་ཚོགས་པ་སོ་སོའི་མཆོད་པ་རྣམས་ཕྱག་ན་བསྣམས་པས། གཞལ་ཡས་ཁང་གི་ཕྱི་ནང་ཁྱབ་པ་སྡེ་ཡེ་ཤེས་རང་སྣང་བའི་མཆོད་པའི་ཚོགས་སོ། །ཕྱོགས་བཅུར་འཁྲིགས་པར་རང་བྱུང་ལ་ཞེས་པ། གཞལ་ཡས་ཁང་གི་ཕྱོགས་མཚམས་སྟེང་འོག་ཕྱོགས་བཅུར་བར་སྣང་གི་སྤྲིན་བཞིན་གཏིབས་པ་ནི། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྣང་བ་ཡིན་པས། ཡུངས་འབྲུ་ཙམ་གྱི་ཁྱོན་ལ་མཆོད་པའི་ཚོགས་སྤུངས་ཀྱང་དོག་ཅིང་འཛེར་བ་མེད། མ་ཤོང་བ་མེད། གཅིག་གིས་གཅིག་བསྒྲིབ་པ་མེད་པར་གསལ་བའི་ཚད་ནི། རིམ་པ་བརྒྱ་སྤུངས་ཀྱང་ཕར་ངོས་དང་ཚུར་ངོས་ལ་གསལ་མི་གསལ་མེད་པའོ། །རྒྱན་དེ་དག་རང་བྱུང་ལ་ཞེས་པ། རྒྱན་དེ་དག་ནམ་མཁའ་ལ་སྤྲིན་བཞིན་རྒྱུ་རྐྱེན་དང་བྲལ་བར་རང་སྣང་བ་སྟེ། ཡེ་ཤེས་ཁོ་ནའི་ཕྱིར་རོ། །མ་བསྒྲིབ་པར་གསལ་བ་ཞེས་པ། གཞལ་ཡང་ཁང་དང་རྒྱན་རྣམས་གཟུང་འཛིན་དང་བྲལ་བའི་ཡེ་ཤེས་ཀྱི་ཕྱིར། གཅིག་གི་གཅིག་མི་བསྒྲིབ་པར་སོ་སོ་ན་གསལ་བའོ། །རྒྱན་ཞེས་པ། རང་བྱུང་ཡེ་ཤེས་ཉིད་རང་ལ་རང་བརྒྱན་པ་སྟེ། རང་རིག་པ་མ་འགག་པར་རང་སྣང་བ་ཉིད་ཆོས་ཀྱི་དབྱིངས་སྟོང་པའི་ཕྱོགས་སུ་མ་སོང་བ་ཆོས་ཉིད་ཀྱི་རྒྱན་གསལ་ལ་མ་འགག་པ་ཉིད་ན། ཆོས་ཉིད་དུ་ལྷུན་གྱིས་གྲུབ་པས་དངོས་པོར་མ་སོང་དེ་ཆོས་ཀྱི་དབྱིངས་ལས་མ་གཡོས། དེས་ན་སྣང་སྟོང་གཉིས་གཅིག་གི་རྒྱན་དུ་སྣང་བ་ནི་མ་འདྲེས་ཡོངས་རྫོགས་ཀྱི་རྒྱན་ནོ། །བསམ་གྱིས་མི་ཁྱབ་ཅེས་པ། ངོ་བོ་བསམ་གྱི་མི་ཁྱབ་པ་ནི་མ་འདྲེས་ཡོངས་རྫོགས་སྣང་སྟོང་གང་གི་ཕྱོགས་སུ་མ་སོང་བ་ནི་བསམ་པ་ལས་འདས་པའོ། །རྣམ་པ་བསམ་གྱིས་མི་ཁྱབ་པ་ནི་གོང་དུ་སྨོས་པའི་རྒྱན་རྣམས། གནམ་རྒྱན་ས་རྒྱན་བར་རྒྱན་མཆོད་པའི་ལྷ་མོ་འོད་ཟེར་གྱི་འཕྲོ་འདུ་རྣམས་ཡེ་ཤེས་དང་རང་སྣང་བས་གདུལ་བྱ་བསྔོ་བགྲངས་ལས་འདས་པའོ། །ཀླུབས་པ་ནི་ཡེ་ཤེས་རང་སྣང་བའི་དབང་གིས་རྒྱན་གྱི་བྱེ་བྲག་རྣམས་ཇི་ལྟར་སྤུངས་ཀྱང་མི་འདོད་པ་མེད་དེ། ཡིད་དུ་འོང་བ་དང་དགའ་བ་བསྐྱེད་པ་ལྟ་བུ་སྟེ། འབུར་འཕངས་ནི། སྤགས་པ་ཚད་དཔག་ཏུ་མེད་པ་ཞེས་པ། སྤགས་པ་ནི་གཞལ་ཡས་ཁང་གི་འོག་གཞི་སྟེ། སྤྱིའི་འོག་གཞི་ལས་གཞལ་ཡས་ཁང་འཕགས་པ་དང་། དེ་ལས་ལྷ་སྣམ་དང་དེ་ལས་གྲུ་ཆད་དང་། དེ་ལས་རྡོ་རྗེའི་གདུང་ཟླུམ་དང་། དེ་ལས་འཁོར་ལོ་འཕགས་པ་སྟེ་རིམ་པ་ལྔ་ནི། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པའི་དོན་ཏེ། ལྷ་མི་དང་། ཉན་ཐོས་དང་། རང་རྒྱལ་བ་དང་། བྱང་ཆུབ་སེམས་དཔལ་ལ་སྦྱངས་ནས་འདི་ཉིད་དུ་འཇུག་པའི་དོན་ནོ། །འོག་གཞི་ལས་སྤགས་པ་བཞིན་དུ་སྟེང་ན་ཡང་བྱ་སྐྱིབས་དེ་ལྟར་བགྲང་ངོ་། །ཚད་དཔག་ཏུ་མེད་པ་ཞེས་པ། གཞལ་ཡས་ཁང་གི་རྒྱ་དང་མཐོ་དམན་གྱི་ཚད་གཉིས་ཏེ། རྒྱ་ཆེ་ཆུང་གི་ཚད་དཔག་ཏུ་མེད་པ་ནི། གཞལ་ཡང་ཁང་ཐུགས་རིག་པ་རང་སྣང་བའི་དབང་གིས་ཆོས་ཀྱི་དབྱིངས་དང་མཉམ་སྟེ། ཆོས་ཀྱི་དབྱིངས་ལ་མཐའ་མེད་པས་གཞལ་ཡས་ཀྱང་དེ་ཉིད་དེ་སངས་རྒྱས་ཀྱི་སྣང་བའོ། །མཐོ་དམན་ཚད་མེད་པ་ནི་སྟོན་པའི་དགོངས་པ་ཐུགས་རིག་པ་ཉིད་ས་བཅུ་པའི་ཡང་སྤྱོད་ཡུལ་མ་ཡིན་ཏེ། གང་གིས་ཀྱང་མ་རེག་པའི་རྟགས་སུ། གཞལ་ཡས་ཁང་གི་བུམ་པའི་རྩེ་མོ་གདུལ་བྱ་གང་གིས་ཀྱང་མི་མཐོང་སྟེ། བྱང་ཆུབ་སེམས་དཔའ་དཔའ་སྟོབས་ཀྱིས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་བརྟགས་པའི་ཕྱིར། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མེད་པར་སོང་ཡང་དབུའི་གཙུག་ཏོར་དམའ་བར་མ་གྱུར་ཏེ། མ་མཐོང་བ་བཞིན་ནོ། །དེས་ན་རང་རིག་པ་རང་སྣང་བའི་གཞལ་ཡས་ཁང་གི་རྩེ་མོ་སངས་རྒྱས་ཉག་གཅིག་གི་རང་སྣང་མིན་པ་གདུལ་བྱས་མི་རེག་པ་སྟེ། སངས་རྒྱས་ཀྱིས་ཀྱང་རིག་པ་བདག་ཉིད་ཆེན་པོའི་ངང་དུ་ལྷུན་གྱིས་གྲུབ་པས། ཡུལ་ཡུལ་ཅན་གྱི་ཕྲ་བའང་མ་དམིགས་སོ། །སྒོའི་དོན་ནི། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན་ཞེས་པ། གཞལ་ཡས་ཁང་ལ་གདུལ་བྱ་རྣམ་ཐར་བཞིའི་སྒོ་ནས་འཇུག་སྟེ། འབྲས་བུ་ལ་སྦྱོར་བའི་རྟགས་སུ་སྒོ་བཞིའི་སྒོ་ཁྱུད་དང་བཅས་པར་བྱུང་བ་སྟེ། དེ་ཡང་མཚན་ཉིད་ཀྱི་སྒོ་ནས་རྣམ་ཐར་གསུམ་ཡིན་པ་ནི། སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་མེད་པ་ཤས་ཆེ་བ་ལྟ་བུ་ཡིན་ལ། གསང་སྔགས་ཀྱི་རང་བཞིན་གྱིས་འོད་གསལ་བའམ། ཐབས་ལ་མཁས་པའི་རྣམ་པར་ཐར་པ་ཞེས་པ་བསྟན་པས་བཞི་སྟེ། དེ་ལ་ཡང་བཞིན་གྱིས་འོད་གསལ་བ་ནི། སེམས་ཀྱི་རང་བཞིན་མཚན་ཉིད་ཀྱི་གཞུང་གི་སྟོང་པ་ཕྱོགས་ཆད་ལྟ་བུ་མ་ཡིན་ཏེ། ངོ་བོ་གང་དུའང་མ་གྲུབ་ལ་མཚན་ཉིད་ཅིར་ཡང་མི་འགག་པར་འཆར་བའོ། །ཐབས་ལ་མཁས་པ་ན་མཚན་ཉིད་མི་འགགས་པར་འཆར་བ་ཉིད་ན་འཛིན་པའི་འདུ་ཤེས་ཕྲ་རགས་མ་གྲུབ་པ་དངོས་པོའི་མཐས་མ་གོས་ཏེ། ཆོས་ཀྱི་དབྱིངས་ལས་མ་གཡོས་པ་ཉིད་ན་མཚན་མ་མེད་པའི་མཐས་མ་གོས་ཏེ་རང་སྣང་གི་འགགས་པར་འཆར་བ་ནི་ཐབས་ལ་མཁས་པ་ཞེས་བྱའོ། །འདིར་དེ་དག་ཀྱང་ལྡན་ལ། སྒྲ་མཐུན་དོན་དཔགས་ཀྱི་ངོས་ནས་རང་བྱུང་ཡེ་ཤེས་འབའ་ཞིག་ལ་སྒོ་བཞི་བརྩི་བ་སྟེ། འཁོར་འདས་ཐམས་ཅད་སྟོན་པའི་དགོངས་པ་རང་བྱུང་ཡེ་ཤེས་སུ་དབྱེར་མེད་ལ། དེ་ཉིད་ལ་སྣང་སྟོང་ལ་སོགས་པ་ཕྱོགས་འཛིན་གྱི་མཐའ་ཐམས་ཅད་མ་སྤངས་རང་བྲལ་བ་ནི་སྟོང་པ་ཉིད་ལ། ཡེ་ཤེས་དེ་ཉིད་ལ་དག་པའམ་གསལ་བའི་ཡོན་ཏན་གྱི་ཆོས་ཀྱིས་བཞག་པ་རྡུལ་ཕྲ་རབ་ཙམ་ཡང་མེད་དེ། དམིགས་པ་ཕྲ་བའང་མི་གནས་པ་ནི་མཚན་མ་མེད་པའོ། །དགོངས་པ་ཉིད་ལ་འབྲས་བུ་ཡོན་ཏན་གྱི་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པས་ཡུལ་དུ་སྨོན་པ་མེད་པའོ། །སྨོན་བྱའི་ཆོས་མ་དམིགས་པའི་རིག་པ་རང་བྱུང་གི་ཡེ་ཤེས་དག་མ་དག་གི་གདུལ་བྱ་ཐམས་ཅད་ལ་རྒྱུད་ཆད་མེད་པར་འཆར་བའི་བདག་ཉིད་ནི། རང་བཞིན་གྱིས་འོད་གསལ་བའོ། །དེ་ལྟར་སྒོ་བཞི་ལྷུན་གྱིས་གྲུབ་པའི་དོན་ལ། གདུལ་བྱ་རྣམས་ཐེག་པ་སྣ་ཚོགས་ཀྱི་སྒོ་ནས་འཇུག་པ་ནི་གདུལ་བྱའི་སྣང་བ་སྟེ། ཅིག་ཅར་འཇུག་པ་ལའང་གཡོ་ཐོབ་བརྟན་པའི་རིག་པས་ཉམས་སུ་མྱོང་པའི་རྟགས་སུ་སྒོ་བཞི་སྒོ་ཁྱུད་དང་བཅས་པར་བྱུང་བའོ། །རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ་ཞེས་པ། རྟ་བབས་ཀྱི་དོན་ཏེ་རྣམ་ཐར་བརྒྱད་ཀྱང་། ཐུན་མོང་གི་རྣམ་པར་ཐར་པ་བརྒྱད་ལ་ཉན་ཐོས་ཀྱི་བཞི། རང་རྒྱལ་བ་དང་ལྔ། བྱང་ཆུབ་སེམས་དཔའ་ས་བཅུ་དང་དྲུག །ཀུན་ཏུ་འོད་དང་བདུན། པདྨ་ཅན་དང་བརྒྱད་དེ། འོག་མ་འོག་མ་མཐར་ཏེ་གོང་མ་གོང་མར་ཕྱིན་པས་རྣམ་པར་ཐར་པ་བརྒྱད་ཅེས་བྱ། ཡང་ན་ལུང་ཨ་ནུ་ཡོ་ག་མན་ཆད་ཀྱི་ཐེག་པ་བརྒྱད་ལ་སྦྱངས་ནས་འབྲས་བུ་མངོན་དུ་བྱས་པའི་རྟགས་སུ། དེའི་ཡོན་ཏན་གྱི་གཟུགས་བརྙན་རང་སྣང་བ་སྒོ་ཐོག་ནས་རྟ་བབས་ཐེམ་སྐས་བརྒྱད་པ་སྟེ། ཞབས་དང་མ་ཆགས་ཟར་ཚག །སྣ་འཕྱོངས་ཆུན་འཕྱོངས་ཤར་བུ་དང་། །སྣ་ཚོགས་ཁྱུང་མགོ་རིམ་པར་འཁྲིགས། །ཞེས་པ་ཞབས་སུ་ཕ་གུའི་རྩིག་པ་སྟེ་རྟ་རྐང་ཞེས་བྱ། གཉིས་པ་ལ་པདྨའི་ཕྲེང་བ། གསུམ་པ་རིན་པོ་ཆེའི་སྒྲོམ་བུ། བཞི་པ་ཟར་ཚག །ལྔ་པ་རིན་པོ་ཆེའི་སྣང་འཕྱོངས། དྲུག་པ་རིན་པོ་ཆེའི་ཆུན་འཕྱོངས། །བདུན་པ་བ་སོའི་ཤར་བུ། བརྒྱད་པ་ཁྱུང་མགོ་སྟེ་སྒོའི་ཡ་ཕུབ་ན་ཡང་ཡོད་དོ། །ཡེ་ཤེས་རང་སྣང་བའི་མཚན་ཉིད་བསྟན་པ་ནི། ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ་ཞེས་པ། སྟོན་པའི་ཐུགས་རང་བྱུང་གི་ཡེ་ཤེས་གདུལ་བྱའི་འདུ་ཤེས་ཀྱི་རྒྱུད་ལས་གྲོལ་ཏེ། འཁོར་འདས་ཐམས་ཅད་རང་རིག་པར་ལྷུན་གྱིས་གྲུབ་པ་ལས། དེ་ལས་མ་གཏོགས་པའི་ཆོས་ཅན་གྱི་དངོས་པོ་རྡུལ་ཕྲ་རབ་ཙམ་ཡང་མེད་པར་ཐམས་ཅད་བདག་ཉིད་ཆེན་པོར་ལྷུན་གྱི་གྲུབ་པའི་དོན་གྱིས་ཕྱི་ནང་དུ་འཛིན་པ་མི་མངའ་བའི་ཕྱིར། གཞལ་ཡས་ཁང་ཕྱི་ནང་མེད་པར་གསལ་བའོ། །དེའི་དོན་གྱིས་ཡུལ་སེམས་འཁོར་འདས་སྣོད་བཅུད་ཐམས་ཅད་རིག་པར་ལྷུན་གྱིས་གྲུབ་པས་ཀུན་ཏུ་ནང་དུ་གྱུར་པ་སྟེ། དཔེར་ན་རྟོགས་པ་མཐར་ཕྱིན་པའི་སྐྱེས་བུ་གཅིག་གིས་གཞལ་ཡས་ཀྱི་སྒོ་ཐེམ་ནང་ལ་རྐང་པ་གཡོན་པ་གཏད་ནས་གཡས་པ་རྒྱབ་ཏུ་སྙབ་ཨེ་ནུས་བྱས་ཀྱང་ཟུར་ཙམ་ཡང་རྒྱབ་ཏུ་མི་ཕྱིན། མ་རྟོག་པའི་སྐྱེས་བུ་གཅིག་གིས་ནང་དུ་གཏད་ནས་རྒྱབ་ཏུ་གཡས་ཨེ་ནུས་བྱས་ཀྱང་ཟུར་ཙམ་ཡང་ནང་དུ་མི་ཕྱིན་པ་ལྟ་བུའོ། །ན་ཞེས་པ་གནས་སམ་གཞིའི་དོན་ཏེ། འཕྲོའི་དོན་དང་འབྲེལ་ཏེ། །སའི་ཁྱད་པར་བཀོད་པའི་ངོས་ནས་གདན་ཁྲི་བསྟན་པ་ནི། མི་འཇིགས་པ་སེང་གེའི་ཁྲི་དང་ཞེས་པ་ལ་སོགས་ཏེ། གདན་དེ་ལ་གཉིས་ཏེ། ནང་རྟགས་ཕྱི་རུ་འབྱུང་བ་དང་། གདུལ་བྱ་རྟགས་ལས་རྒྱལ་བ་གཉིས། ནང་རྟགས་ཕྱི་རུ་བྱུང་བ་ལའང་རང་རིག་པའི་རྩལ་གདུལ་བྱ་ལ་མངོན་དུ་སྣང་བ་ནི། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་བཅོམ། །ཞེས་པ་ལ་སོགས་ཏེ། ཐམས་ཅད་མཁྱེན་པའི་ཐུགས་རང་བྱུང་གི་ཡེ་ཤེས་ཆོས་ཐམས་ཅད་བདག་ཉིད་ཆེན་པོར་རྟོགས་པས་གང་ལའང་བག་ཚ་བ་མེད་པའི་རྟགས་སུ། འཁོར་ལོའི་དབུས་སུ་སེང་གེ་བརྒྱད་ཀྱི་ཁྲི་བྱུང་། ཐུགས་རང་བྱུང་གི་ཡེ་ཤེས་སྟོབས་བཅུ་དང་ལྡན་པའི་རྟགས་སུ་ཤར་དུ་འདེགས་སྟོབས་ཆེ་བ་གླང་པོ་ཆེ་བརྒྱད། ཡོན་ཏན་རྫུ་འཕྲུལ་ཆེ་ཞིང་འཁོར་བ་མ་སྟོང་གི་བར་དུ་ཤར་བའི་རྟགས་སུ་ལྷོར་རྟ་བརྒྱད། གསུང་དབང་བཅུ་མངོན་དུ་བྱས་པའི་རྟགས་སུ་ནུབ་ཏུ་རྨ་བྱ་བརྒྱད། ཕྲིན་ལས་བཞི་ཐོགས་པ་མེད་པར་འགྲོ་བའི་དོན་ལ་ཤར་བའི་རྟགས་སུ་བྱང་དུ་ཤང་ཤང་ཏེའུ་བརྒྱད། དེ་རྣམས་བསྡོམས་པ་ལས་སུམ་ཅུ་རྩ་གཉིས་ཡོད་པ་ནི། ཐུན་མོང་མ་ཡིན་པའི་མཚན་སུམ་ཅུ་རྩ་གཉིས་ཡོད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བརྟན་ཞིང་མི་འགྱུར་བའི་ཕྱིར་བརྟན་པར་བྱས་ལ། ཐེག་པ་བརྒྱད་ལས་བགྲོད་ནས་འབྱུང་བའི་ཕྱིར་སེམས་ཅན་རྣམས་བརྒྱད་བརྒྱད་དེ་དེ་ནི་མཚན་གྱི་དབང་ངོ་། །ཡང་ནང་རྟགས་ཕྱི་རུ་ཤར་བ་གཅིག་ལ་སེང་གེས་ནི་གཞན་ལ་བག་ཚ་བ་དང་འཇིགས་པ་མེད་ཅིང་སྐད་བསྒྲགས་པས། སེང་གེའི་རིགས་རྣམས་ནི་ངམ་པའམ་དཔའ་བསྐྱེད། སྟག་ལ་སོགས་པའི་གཅན་གཟན་རྣམས་ནི་གབ་ཅིང་བྲོས། ཝ་དང་སྤྲེལ་སོགས་པའི་གཅན་གཟན་ཕྲ་མོ་རྣམས་ནི་དམྱལ་ཐག་བཅད། དེ་དང་འདྲ་བར་སྟོན་པས་མཉམ་པ་ཉིད་གཉིས་སུ་མེད་པར་རྟོགས་པའི་ཐུགས་རང་བྱུང་གི་ཡེ་ཤེས་ཀྱིས་སྐྱེ་འགག་མེད་པའི་དོན་བསྒྲགས་པས། ཝ་སྤྲེལ་དང་འདྲ་བའི་ཕྱི་རོལ་པ་དང་བདུད་དང་ལྟ་བ་ལོག་པའི་ཚོགས་ཐམས་ཅད་ནི་བརླགས་ཏེ་དམྱལ་ཐག་བཅད། ཉན་ཐོས་ལ་སོགས་པ་ཐེག་པ་འོག་མ་རྣམས་ནི་གཅན་ཟན་ཕྲ་མོ་དང་འདྲ་བར་གབ་པར་བྱེད། འབྲས་བུའི་བྱང་ཆུབ་སེམས་དཔའ་དང་། རིག་འཛིན་དང་། གསང་སྔགས་ཀྱི་སྐྱེས་བུ་རྣམས་ནི་དད་པ་སྐྱེ་ལ་ངམ་ཞིང་ངོ་མཚར་བར་དགོངས་པ་མཆོག་ཏུ་གྱུར་པ་སྟེ། དེའི་ཕྱིར་དབུས་སུ་སེང་གེའི་ཁྲིའོ། །གླང་པོ་ཆེ་ནི། སྤྱིར་སྟོབས་ཆེ་བ་དང་། སྒོས་སུ་གླང་པོ་ཐ་མལ་པ་གླང་སྨྱུག་གླང་རྣམ་རིམ་པ་བཞིན་དུ་འོག་མ་ཁལ་དང་བཅས་པ་བཅུ་གོང་མའི་ཁལ་གཅིག་ཏུ་རྫོགས་པ་དང་འདྲ་བར། འདིར་ཉན་ཐོས་ཐེག་པ་རྒྱུ་དང་འབྲས་བུར་བཅས་པ་བྱང་ཆུབ་སེམས་དཔར་རྫོགས། དེ་རྒྱུ་འབྲས་དང་བཅས་པ་གསང་སྔགས་ཕྱི་པའི་ངང་དུ་རྫོགས། དེ་རྒྱུ་འབྲས་དང་བཅས་པ་ནང་པ་གཉིས་སུ་རྫོགས། དེ་རྒྱུ་འབྲས་དང་བཅས་པ་རྫོགས་པ་ཆེན་པོར་རྫོགས་པའི་རྟགས་སུ་གླང་པོ་ཆེའི་ཁྲིའོ། །རྫུ་འཕྲུལ་རྟ་ནི། ཤུགས་ཆེ་སྐད་རིང་། དར་དྲགས་པ་སྟེ། འགྲོ་ཤུགས་ཆེ་བས་ནི་གད་པ་དང་གོང་བུ་ལ་སོགས་པ་རྣམས་ལ་མཆོངས་པས་བརྒལ་བས་ཕར་ཀར་ཕྱིན། སྐད་རིང་བ་དེ་གནས་གང་ཡིན་པ་དེར་སྐྱོལ་བར་བྱེད། དར་དྲགས་ཏེ་མགྱོགས་པའི་དུད་འགྲོ་གཞན་དང་མི་འདྲ་བར་མགྱོགས། དེ་བཞིན་དུ་སྟོན་པའི་ཐུགས་རིག་པའི་ཡེ་ཤེས་མངོན་དུ་སྣང་བར་བྱེད་པའི་ཐབས་མཆོག་གིས། འོག་མ་རྣམས་ཀྱིས་སྤང་བར་བྱེད་པའི་ཆོས་གཉེན་པོ་རྒྱུ་འབྲས་ལ་སྤྱད་ཀྱང་རང་བྱུང་གི་ཡེ་ཤེས་སུ་གསལ་བས་སྐྱོན་གྱིས་མི་གོས་ཏེ། མ་འགག་པ་བསོད་ནམས་ཀྱི་ཚོགས། མི་འཛིན་པ་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བས་འཁོར་བ་སྤངས་པ་མེད་པར་རང་དག །སྐད་རིང་དེ་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་མཛད་པ་ལ་སྐྱོ་དུབ་མེད། ཉེ་བར་རྣལ་འབྱོར་པས་ཉམས་སུ་བླངས་ན་འབྲས་བུ་མ་ཐོབ་ཀྱི་བར་དུ་བར་མ་དོར་ཆུད་མི་ཟ། ཤུགས་ཆེ་སྟེ་ཚེ་གཅིག་གིས་སངས་རྒྱས་ཀྱི་ས་ལ་སྦྱོར་བར་བྱེད་དོ། །དེས་ན་རྟའི་གདན་ནོ། །དབང་རྨ་བྱ་ནི། རྨ་བྱ་ཡིད་འོང་སྐད་སྙན་ཟས་སུ་དུག་ཆེན་ཟ་བ་བཞིན་ཞེས་པ། བཙན་དུག་ཟོག་པ་སྤུ་སྡུག་མདོག་གསལ་སྐད་སྙན་པ་བཞིན། ཐུགས་རང་བྱུང་གི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་ན་དུག་གསུམ་དང་དུག་ལྔ་མ་སྤངས་པར། དུག་གསུམ་སྐུ་གསུང་ཐུགས། དུག་ལྔ་ཡེ་ཤེས་ལྔ་འབྲས་བུ་རང་སྣང་བའོ། །དེའི་རྟགས་སུ་རྨ་བྱའི་གདན་ནོ། །ཤང་ཤང་ཏེའུ་ནི། སྟོད་བྱར་འདུག་པས་ནམ་མཁའ་ལ་ལོངས་སྤྱོད། སྨད་མིར་འདུག་པས་ས་གཞིར་ལོངས་སྤྱོད། དེ་བཞིན་ཐུགས་རང་བྱུང་གི་ཡེ་ཤེས་འཁོར་འདས་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པའི་རང་སྣང་བའི་མཛད་སྤྱོད་ཀྱིས་དཔེ་ས་གཞི་ལ་ལོངས་སྤྱོད་པ་བཞིན། འགྲོ་བ་གང་ལ་གང་འདུལ་ལྷུན་གྲུབ་ཏུ་མཛད་པ་ཡང་། དཔེ་ནམ་མཁའ་ལ་ལོངས་སྤྱོད་པ་བཞིན་དགོངས་པ་ཆོས་ཉིད་ལ་འགྱུར་བ་མེད་པས་གདུལ་བྱའི་སྐྱོན་གྱིས་མི་གོས་པའི་ཡོན་ཏན་རྫོགས་པའི་ཕྱིར་ཤང་ཤང་གི་གདན་ནོ། །གདུལ་བྱ་རྟགས་ལས་རྒྱལ་བའི་རྟགས་ནི། སེམས་དཔའ་དམན་པའི་ལུས་ཁྲི་ལ་ཞེས་པ། དག་པའི་ས་གསུམ་ལ་གནས་པའི་སེམས་དཔའ་རྣམས། ལུས་ཀྱི་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར་གདན་བྱ། ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར་རྣ་བས་ཆོས་ཉན་པའོ། །རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་དང་ཞེས་པ། གཉིས་སུ་མེད་པར་རྟོགས་པ་རང་བྱུང་གི་ཡེ་ཤེས་མཐའ་ཐམས་ཅད་དང་བྲལ་བ་ཉིད་ཅིར་ཡང་རང་སྣང་བ་ནི། རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་སྟེ། མཚན་ཉིད་གཉིས་བསྡོམས་པ་ལྟ་བུ་སྟེ་དཔེར་ན་ནམ་མཁའི་རང་བཞིན་ནི། དངོས་པོ་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད་ཡུལ་དུ་བྱེད་པའང་མི་མངའ་བ་ལས་ཆོས་ཐམས་ཅད་རང་སྣང་བ་ལ་ནི་གསལ་བ་ཞེས་བྱ་སྟེ། དེ་གཉིས་མཚོན་པའི་ཚོགས་ལ་སྔ་ཕྱི་བྱུང་ཡང་། ངོ་བོ་སྐད་ཅིག་ལ་དབྱེར་མེད་པ་སྟེ། དོན་མཚོན་དཀའ་བ་ཉིད་ལ་མ་སྐྱེས་པའི་ཆ་ལ་རང་སྣང་བའི་རྟགས་སུ་སྤྲོས་པ་དང་བྲལ་བ་ཟླ་བ་ཟླུམ་པོས་མཚོན་ལ། མ་འགག་པར་རང་སྣང་བས་གདུལ་བྱའི་དགོས་པ་རྫོགས་པའི་རྟགས་སུ། གསལ་བསྲེགས་ཐུན་མོང་བ་ཐབས་ཉི་མའོ། །དཀྱིལ་འཁོར་ནི་རྒྱས་པ་ཟླུམ་པའོ། །དེ་གཉིས་བསྲེགས་པ་ཆེ་བས་ཉི་མ་ཐབས་ཀྱི་རང་བཞིན་སྟེང་དུ་འདོད། དེ་ལ་སློབ་དཔོན་སྒེག་པའི་རྡོ་རྗེས། ཟླ་བ་སྟེང་དུ་འདོད་པའི་གཏན་ཚིགས་བཀོད་པ་ལ། རྡོ་རྗེའི་རྩེ་མོའི་རྟགས་ཐིག་ལེ་ཆེན་པོ་དང་དེའི་ས་བོན་ནི་ཀླད་པའི་བྱང་སེམས་ཏེ། དེ་ནི་རྟོགས་ན་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་བྱེད་པ་པོ། མ་རྟོགས་ན་འཁོར་བའི་ཆོས་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པས། དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཀྱང་ཡིན། རང་བྱུང་ཡེ་ཤེས་དུས་གསུམ་དུ་མི་འགྱུར་བས་རྡོ་རྗེའི་རིགས་ཀྱང་ཡིན་པས། དབུས་གཙོ་བོའི་གདན་ལ་ཟླ་བ་དབུས་སུ་གནས་སོ་ཞེས་སྨོས་སོ། །གོས་པ་མེད་པ་པདྨ་ཞེས་པ། རིག་པ་རང་བྱུང་གི་ཡེ་ཤེས་ཕྱི་ནང་གི་ཆོས་ཐམས་ཅད་སྣང་ཡང་། སྣང་བྱ་སྣང་བྱེད་མ་གྲུབ་པས་དངོས་པོའི་མཐས་མ་གོས། མི་འགགས་པར་རང་སྣང་བར་ཅིར་ཡང་འཆར་བས་དངོས་པོ་མེད་པའི་མཐས་མ་གོས་པའི་དོན་ནོ། །དེའི་རྟགས་སུ་པདྨར་སྣང་སྟེ་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་ཉེས་པ་མི་གོས། འདམ་ན་གནས་པའི་དུས་སུ་ཁ་དོག་གསལ་བ་དང་འདྲ་བར། ཁམས་གསུམ་འཁོར་བའི་གནས་ཉིད་ན་རང་བྱུང་གི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་རྟགས་སུ། སྣ་ཚོགས་པདྨ་ཆེན་པོ་རྒྱུའམ་རིན་པོ་ཆེ་ལས་གྲུབ་པར་གསུངས། དེ་ཉིད་ཉི་ཟླའི་གདན་གྱི་ཞབས་ཏེ་སུམ་བརྩེགས་སོ། །རིན་པོ་ཆེའི་གདན་ལ་ཞེས་པ། གདན་དེའི་ཞབས་སུ་རཏྣའི་ཁྲི་སྟེ། ཟུང་བཞིར་ཁྲི་རྐང་བཞི། ཕྱོགས་བཞིར་ཁྲི་རྐང་བཞི་དང་བརྒྱད་དེ་སྟོན་པའི་ཐུགས་རང་བྱུང་གི་ཡེ་ཤེས་ཐམས་དང་ཤེས་རབ་མ་གོས་པ་དང་གསུམ། གདུལ་བྱའི་ངོ་ལ་ཡོན་ཏན་གྱི་རྩལ་དགོས་འདོད་ལྷུན་གྱིས་གྲུབ་པའི་རྟགས་སུ་རིན་པོ་ཆེའི་ཁྲི་སྟེ། ཐེག་པ་བརྒྱད་ཀྱི་རྟགས་སུ་ཀ་བ་བརྒྱད་ལ་ཀ་བ་རེ་རེ་ལའང་འཕགས་པའི་ནོར་བདུན་ལྷུན་གྱིས་གྲུབ་པའི་རྟགས་སུ། ཟད་པ་མེད་པའི་མཛོད་མིག་བདུན་བདུན་ནོ། །དེ་ལ་ཡང་སློབ་དཔོན་སྒེག་པའི་རྡོ་རྗེས། ཀ་བ་བཀྱག་པའི་གདུང་མ་རེ་རེ་ལ་མཛོད་མིག་བདུན་བདུན་ཞེས་འདོད། དེ་ལྟར་ཡིན་ན་གདུང་མ་རྣམས་ལིའི་བཟོའི་གདུང་མ་ལྟར་འཐད། གདན་དེ་རྣམས་ཀྱི་གནས་ལུགས་ནི་འདིར་ཆོས་འཆད་པའི་དུས་ཁོ་ན་ཡིན་པས། ཀུན་བཟང་ཡབ་ཡུམ་དབུས་སུ་བཞུགས་པའི་སྤྱན་སྔ་ན་མི་བསྐྱོད་པ་བཞུགས་པས། སེང་གེའི་ཁྲི་འདྲ་འདྲ་གཉིས། དེས་ན་ཀུན་ཏུ་བཟང་པོ་ཡབ་ཡུམ་རིགས་ལྔ་དང་དྲུག་ལ་ལྔ་བརྩེགས། སེམས་དཔའ་རྣམས་ལ་པད་ཟླའི་གདན་སུམ་བརྩེགས་ལ། ཁམས་ལུགས་ཀྱི་རཏྣའི་ཁྲི་རྐྱང་བ་རེ་རེ་ཡོད་པར་བཞེད། སྒོ་བ་ཁྲོ་བོ་ལ་ཉི་མ་རྐྱང་པའོ། །ཐུབ་པ་དྲུག་ནི་འདིར་མེད་དེ། གླེང་གཞི་འདི་ནི་ས་བཅུ་པ་ཡན་ཆད་ཀྱི་ཡུལ་ཡིན་ཏེ། དགུ་པས་ཀྱང་མི་མཐོང་བས། ཐུབ་པ་དྲུག་གི་གདུལ་བྱ་འགྲོ་དྲུག་ཡིན་ལ། དཔེར་ན་མེ་ལོང་གཟུགས་བརྙན་གྱི་རྒྱུད་བལྟ་མཁན་བཞིན་ཤར་ཏེ། བལྟ་མི་མེད་པའི་གཟུགས་བརྙན་མི་འཆར་བ་བཞིན། འགྲོ་དྲུག་མེད་པས་ཐུབ་པ་དྲུག་མི་སྣང་ངོ་། །འོན་ཀྱང་ལུང་བསྟན་བརྒྱུད་པའི་བསྟན་པ་ལེའུ་གསུམ་པའི་དབུ་ན་གླིང་གཞི་ཕུན་སུམ་ཚོགས་པ་དང་བཅས་པ་འཆད་དོ། །ཉིད་ལས་མི་གཞན་པ་རྒྱལ་བ་རྒྱ་མཚོའི་འཁོར་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་ཞེས་པ་ལ་སོགས་པ། གོང་དུ་ཁས་བླང་པའི་འཕྲོ་ནི་འདི་ཡིན་ཏེ། སྤྱི་ཐུན་མོང་གི་ཐེག་པའི་སྐད་དུ་ན་ཟག་པ་མེད་པའི་ཕུང་པོ་ལྔ་དང་། ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་ལྔ་ཆོས་མཐུན་པ་ཙམ་དུ་ཡོད་ཀྱང་། འདུ་ཤེས་ཀྱི་འཛིན་པ་དང་མ་བྲལ་བས་འདིར་ནི་མཉམ་པ་ཉིད་ཀྱི་ངང་ལ་འཁོར་འདས་དབྱེར་མེད་པའི་དབང་གིས་འཁོར་བའི་ཆ་ནས་གཞལ་བས། སངས་རྒྱས་ཀྱི་ཡེ་ཤེས་རྟོགས་པ་ཡིན་ཏེ། ཆོས་གཞན་གྱི་ཕུན་སུམ་ཚོགས་པའི་གླེང་གཞི་ལ་ནི་འཁོར་བ་མ་དག་པའི་ཆ་གཅིག་ལོགས་སུ་བཞག་ནས་དེའི་འདུལ་བྱེད་དུ། སངས་རྒྱས་དག་པོ་འཁོར་བའི་མཐས་མ་གོས་པ་གཅིག་དེས་བསྟན་པ་རྣམས་གསུངས་པ་ཡིན་ལ། འདིར་ནི་གླེང་གཞི་འཛོམ་པའི་དུས་སུ་མུན་པའི་དཀྱིལ་འཁོར་དུ་ཉི་མ་ཤར་མུན་པ་སྣང་བར་གསལ་བ་བཞིན། ཁམས་གསུམ་གྱི་རྟོག་ཚོགས་བཞི་བཅུ་རྩ་གཉིས་རང་བྱུང་ཡེ་ཤེས་སུ་དག་ནས། རྟོག་པ་ཉིད་སྤངས་པ་མེད་པར་འབྲས་བུ་ལྷུན་གྱིས་གྲུབ་པའི་རྒྱུ་མཚན་རྣམས་བཤད་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཉིས་ཀྱི་འབྲུ་གནོན་ནི། སྟོན་པའི་རང་བཞིན་སྤྱིར་བསྟན་པའི་སྐབས་སུ་བསྟན་པ་དང་མཐུན། རྣམ་པར་ཤེས་པའི་རྒྱལ་པོ་དང་ཞེས་པ། རྣམ་པར་ཤེས་པ་ནི་ཚོགས་བརྒྱད་དེ། སྒོ་ལྔའི་ཤེས་པ་ལྔ། ཡིད་ཀྱི་ཤེས་པ་དང་དྲུག །ཉོན་མོངས་ཅན་གྱི་ཡིད་དང་བདུན། ཀུན་གཞིའི་རྣམ་ཤེས་དང་བརྒྱད་དེ། སློབ་དཔོན་པདྨས་མཆིས་ཕུར་ཚར་གཅིག་གསུངས་པའི་དུས་སུ་ཚོགས་བརྒྱད་ཀྱི་འཁོར་དང་ལྡན་པ་རྒྱལ་པོ་ཞེས་བྱ། ཞེས་པ་དེ་ཙམ་བས་མ་གསུངས་པ་སྨན་ལུང་དུ་ཚར་གཅིག་གསུངས་པའི་དུས་སུ་ཞིབ་ཏུ་བཤད་དེ། རྣམ་པར་ཤེས་པའི་ཡུལ་ཐ་དད་དུ་ཤེས་པ་ལ་བྱ་སྟེ། མིག་གིས་གཟུགས་སྡུག་མི་སྡུག་གི་བྱེ་བྲག་རྣམས་ཤེས། རྣ་བས་སྒྲ་སྙན་མི་སྙན་ཤེས། སྣས་དྲིའི་བྱེ་བྲག་ཤེས། ལྕེས་རོ། ལུས་ཀྱིས་རེག་བྱ་ཤེས་པ་ནི་སྒོ་ལྔའི་ཤེས་པའོ། །དྲུག་པོ་འགག་པའི་དེ་མ་ཐག་པའི་ཡིད་ཀྱི་ཤེས་པ་ནི་གསལ་བའོ། །ཡུལ་བཟང་ངན་བར་མ་གསུམ་ལ་དུག་གསུམ་བསགས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །ཀུན་གཞི་ལས་དོན་ཡུལ་དང་། སེམས་དང་། བར་གྱི་རྣམ་པར་ཤེས་པའི་རྒྱུན་རྣམས་སུ་ཤེས་པས་ཡུལ་ཐ་དད་པའི་བྱེ་བྲག་རྣམས་སུ་འཛིན་པ་སྟེ། དེས་ན་རྣམ་པར་ཤེས་པ་ཞེས་བྱ་སྟེ། རྒྱལ་པོ་ནི་གསུམ་སྟེ་མ་རྟོགས་པའི་དུས་ན་འཁོར་དང་ལྡན་པའི་ཕྱི་ཡང་རྒྱལ་པོ་སྟེ། ཀུ ན་གཞི་ལ་ཚོགས་བརྒྱད་ཀྱིས་བསྐོར་བའོ། །རྣམ་ཤེས་ཚོགས་བརྒྱད་དེ་ཉིད་ཡེ་ཤེས་ལྷུན་གྱིས་གྲུབ་པས་ཚོགས་བརྒྱད་མ་འགག་པ་ཉིད་ན། མིག་གིས་གཟུགས་མཐོང་སེམས་ཉིད་དུ་རང་སྣང་མཉམ་པ་ཉིད་དུ་གསལ། དེ་ལྟར་ཡུལ་ལྔའི་ཆོས་རྟོགས་པ་ལྷུན་གྱིས་གྲུབ་པའི་ཚེ། ཡིད་ཀྱི་ཤེས་པ་གསལ་ཆ་སྣང་སྟོང་དབྱེར་མེད་པ་མཉམ་པ་ཉིད་ཀྱི་ངང་དུ་ལྷུན་གྱིས་གྲུབ། དེས་བདག་འཛིན་གཏན་ནས་དག་པས་ཆགས་སྡང་བསྐྱེད་པའི་དུག་གསུམ་གཏན་ནས་མ་དམིགས་ཉོན་མོངས་ཅན་གྱི་ཡིད་གཞི་ནས་དག་སྟེ། གཟུགས་བརྙན་ཙམ་ཡང་མེད། དེས་ཀུན་གཞིའི་རྣམ་ཤེས་འཁྲུལ་པ་བསྐྱེད་པར་བྱེད་པའི་ངོ་བོ་དག་པས་ཆུ་རྙོག་མ་དག་པ་དང་འདྲ་བར། རྣལ་མ་དོན་གྱི་ཀུན་གཞི་མངོན་དུ་གྱུར། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རང་སྣང་སེམས་ཀྱི་ཆོས་ཉིད་རང་མལ་དུ་ཕྱིན་པའི་དུས་སུ། སྤྲོས་བྲལ་རྣམ་དག་འབའ་ཞིག་གི་ཕྱོགས་ལ་ཞེན་པ་ལྟ་བུ་མ་ཡིན་ཏེ། འདུ་ཤེས་ཟད་པའི་རང་རིག་པ་མངོན་དུ་གྱུར་པའི་དུས་སུ། རང་རིག་པའི་མཚན་ཉིད་གསལ་ལ་མ་འགག་པ་ཡིན་པས་ཚོགས་བརྒྱད་ངོ་བོ་མ་དམིགས་པས་ནི་དངོས་པོའི་མཐའ་ལས་རྒྱལ། རྣམ་པ་མ་འགག་པས་ནི་སྟོང་པའི་མཐའ་ལས་རྒྱལ་ཏེ། མཐའ་གཉིས་ལས་རྒྱལ་བས་རྣམ་པར་ཤེས་པའི་རྒྱལ་པོ་ཞེས་བྱའོ། །ཡང་ན་དབང་དུ་བྱེད་པས་རྒྱལ་པོ་ཞེས་བྱ་སྟེ། རྒྱལ་པོ་ཆེན་པོའི་མངའ་རིས་ན་ཅི་ཚོགས་པ་ཐམས་ཅད་རྒྱལ་པོའི་དབང་ཡིན་པས་གར་བསྒྱུར་བསྒྱུར་དབང་ཡོད། དཔེར་ན་རྒྱལ་པོས་ཉེས་པ་གཅིག་བྱས་ཀྱང་ཆད་པས་གཅད་མཁན་མེད་པ་བཞིན་དུ། ཚོགས་བརྒྱད་སེམས་ཀྱི་ཆོས་ཉིད་དུ་ལྷུན་གྱིས་གྲུབ་པ་ལས་ཚོགས་བརྒྱད་མ་འགག་པར་སྣང་ཡང་བྱང་ཆུབ་སེམས་ལས་མ་གཡོས་ཤིང་། རིག་པ་རང་ཉིད་ལ་རང་ཉིད་སྣང་བས། དངོས་པོའི་མཐའ་དབང་དུ་བསྡུས། རིག་པ་དངོས་པོ་ཐམས་ཅད་དང་བྲལ་བ་ཉིད་ཅིར་ཡང་འཆར་བ་ལ། བྱ་བྱེད་དམ་རྒྱུ་འབྲས་སམ་ཆེད་རྩོལ་ཐམས་ཅད་དང་བྲལ་བར་རང་སྣང་བས་དངོས་པོ་མེད་པ་ལ་དབང་བསྒྱུར་ཏེ། མཐའ་གཉིས་ལས་རྒྱལ་བས་རྒྱལ་པོ་ཞེས་བྱ་སྟེ། ཟག་བཅས་ཀྱི་དུས་སུ་རྣམ་ཤེས་ཚོགས་བརྒྱད་གཞི་དག་ནས། རྣལ་མ་དོན་གྱི་ཀུན་གཞི་མངོན་དུ་གྱུར། ཆོས་ཐམས་ཅད་ཀྱི་དེ་ཉིད་ལ་རྩལ་རྫོགས་ནས་འབྲས་བུ་མངོན་དུ་བྱས་པའི་དུས་སུ། མུན་པ་སྣང་བར་གྱུར་པ་དང་འདྲ་བར་ཟག་མེད་ཀྱི་ཕུང་པོ་ལྔ་ལས་ལྷག་པ་ཤེས་རབ་ཀྱི་ཕུང་པོ་ཞེས་བྱ་སྟེ། ཟག་བཅས་ནི་འཁྲུལ་པའི་བདག་ཉིད་ཡིན་པས་ཟག་བཅས་ལས་ལྷག་པའི་ཟག་མེད་ནི་ཤེས་རབ་ཀྱི་ཕུང་པོ་སྟེ། ཟག་བཅས་ཀྱི་སྐབས་སུ་ཡང་རྣམ་ཤེས་ཕུང་པོས་མ་བསྡུས་པ་མེད་པར། ཟག་མེད་ཀྱི་དུས་སུ་འཁོར་འདས་ཡུལ་སེམས་རྒྱུ་འབྲས་ཐམས་ཅད་འདུས་མ་བྱས་པ་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་མངོན་དུ་གྱུར་ཏེ་ཚོགས་བརྒྱད་གཞི་དག་ལ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྣལ་མ་དོན་གྱི་ཀུན་གཞིར་རྟོགས་པས། དཔེར་ན་ནམ་མཁས་ནམ་མཁའ་མི་སེམས་ཀྱང་ནམ་མཁའ་ལས་འདའ་བ་མེད་པ་བཞིན་དུ། འབྲས་བུ་ཆོས་སྐུ་ལྷུན་གྱིས་གྲུབ་པ་ནི་ཤེས་པ་རྣམས་ཀྱི་ནང་ན་རབ་བམ་མཆོག་ཏུ་གྱུར་པ་དེ་ལས་ལོགས་སུ་མེད་པས་ལྷག་པ་ཤེས་རབ་ཀྱི་ཕུང་པའོ། །རྣམ་ཤེས་ཕུང་པོ་ཤེས་རབ་དང་སྦྱར་བའི་རྒྱུ་མཚན་ཅི་ཞེ་ན། རྣམ་པར་ཤེས་པ་ལ་བརྟེན་ཏེ་ཤེས་རབ་སྐྱེ། དེས་ན་གཟུགས་ཀྱི་ཕུང་པོའི་དོན་རྟོགས་པར་བྱེད་པ་ཡང་རྣམ་ཤེས་ལ་བརྟེན་དགོས་པའི་ཕྱིར་རོ། །རྣམ་ཤེས་ཚོགས་བརྒྱད་རང་ཐད་དུ་སྣང་བ་ནི་འཁོར་བ་ཡིན་ལ། ཚོགས་བརྒྱད་གཞི་དག་པ་ལྷག་པའི་ཤེས་རབ་ཏུ་ལྷུན་གྱིས་གྲུབ་པ་ནི་མྱ་ངན་ལས་འདས་པ་སངས་རྒྱས་ཏེ། དེས་ན་འཁོར་འདས་གཉིས་ཀྱང་རྟོགས་མ་རྟོགས་ཙམ་ཞེས་བྱའོ། །དེ་ལྟ་བུའི་དོན་མཐར་ཕྱིན་པའི་ཐུགས་རྗེའི་བདག་ཉིད་གཞན་དོན་དུ་སྣང་བ་ནི། དགོངས་འདུས་ལས། ལྔར་བྱུང་ལྔར་སྣང་ལྔར་འདུལ་སྒྲོལ། ཅེས་པ་ཕུང་པོ་ལྔ་གནས་དག་པས་རིགས་ལྔའི་སྐུར་སྣང་སྟེ། ཕུང་པོ་ལྔའི་ནང་ནས་རྣམ་ཤེས་ཕུང་པོ་ནི་ཕུང་པོ་བཞི་པོའི་རྩ་བ་ཡིན་པ་དང་། རྡོ་རྗེའི་རིགས་མི་བསྐྱོད་པ་སྟེ། སྐུར་སྣང་བའི་དུས་སུ། སྐུ་མདུན་དང་རྒྱབ་མེད་པ་ཞེས་པ་ནས། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པར་བཀླགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་སྟེ། མི་བསྐྱོད་པའི་སྐུ་མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུ་ཆགས་པར་སྣང་སྟེ། སྐུ་མདོག་ནི་ཐུགས་འགྱུར་བ་མེད་པའི་རྟགས་སུ་སྔོན་པོའོ། །མཚན་ནི་ཐུགས་ཆོས་ཀྱི་སྐུ་ལ་མཐའ་གཉིས་ཀྱིས་མི་བསྐྱོད་པས་མཚན་དེ་ཉིད་དོ། །ཐུགས་མཚན་དུ་སྣང་བའི་དུས་ན་ནི་རང་བྱུང་གི་ཡེ་ཤེས། ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའོ། །གསུང་ཡིག་འབྲུར་སྣང་བའི་དུས་ན་ཧཱུྃ་ངམ་ཐ་ལོག་པོར་སྣང་ངོ་། །དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང་ཞེས་པ། སྤྱིའི་རྣམ་བཞག་ཐམས་ཅད་རྣམ་ཤེས་ཀྱི་གོང་དུ་བཤད་ཟིན། འབྲུ་གནོན་ན། དེ་བཞིན་གཤེགས་པ་རྣམས་བཤད་ཟིན་པ་མཐུན། གཟུགས་ཞེས་པ། རྩ་བ་སེམས་ཉིད་སྤྲོས་པའི་མཚན་མ་དང་བྲལ་བ་མི་འགགས་པ་གཟུགས་ཀྱི་ཕུང་པོར་སྣང་ལ། དེ་མ་རྟོགས་པའི་དུས་ན། རྒྱལ་པོ་ཞེས་པ་ནི། གཟུགས་ཆེན་པོ་བཅོ་ལྔ་སྟེ། རྒྱུའི་གཟུགས་ས་ཆུ་མེ་རླུང་བཞི་སྣོད་བཅུད་ཐམས་ཅད་ཀྱི་རྒྱུ་ཡིན་པས་སོ། །དངོས་སུ་ཡོད་ཅིང་འཇིག་པ་ཐམས་ཅད་བཅས་པས་གཟུགས་སོ། །འབྲས་བུའི་གཟུས་བཅུ་གཅིག་ལ། མིག་གི་དབང་པོ་ལ་སོགས་པ་ལྔ། དེའི་ཡུལ་གཟུགས་ལ་སོགས་པ་ལྔ་དང་བཅུའོ། །རྣམ་པར་རིགས་བྱེད་མ་ཡིན་པའི་གཟུགས་ནི་སྐྱེར་ཡོད། རྐྱེན་གྱིས་འཇིག་ཏུ་ཡོད། བསྟན་དུ་མེད་པ་སོ་སོར་ཐར་པའི་སྡོམ་པ་ལྟ་བུའོ། །དེ་དག་རྣམ་གྲངས་དང་བཅས་པ་ནི། འཁོར་དང་བཅས་པའི་ཕྱིར་ན་རྒྱལ་པོ་སྟེ་ལོག་རྟོག་གི་ངོ་བོའོ། །དོན་རྟོགས་པའི་ངོས་ནས་རྒྱལ་པོ་ནི་གཉིས་ཏེ། མཐའ་གཉིས་ལས་རྒྱལ་བ་དང་དབང་དུ་བྱེད་པའོ། །མཐའ་གཉིས་ལས་རྒྱལ་བ་ནི་རིག་པ་བྱང་ཆུབ་ཀྱི་སེམས་མཉམ་པ་ཉིད་སྣང་སྟོང་གི་མཐའ་དང་བྲལ་བ་མི་འགགས་པ་གཟུགས་ཆེན་བཅོ་ལྔར་སྣང་བས་སྟོང་པའི་མཐའ་ལས་རྒྱལ། སྣང་ཙམ་ཉིད་ན་ཆོས་ཀྱི་དབྱིངས་ལས་མ་གཡོས་པས་དངོས་པོའི་མཐར་ལས་རྒྱལ། དབང་དུ་བྱེད་པས་རྒྱལ་བ་ནི་སེམས་ཀྱི་ཆོས་ཉིད་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མི་འགགས་པ་ལ་གཟུགས་ཆེན་བཅོ་ལྔ་ལྟར་སྣང་ཡང་སྣང་བྱ་སྣང་བྱེད་མེད། སེམས་ཉིད་ཀྱི་ངང་དུ་ལྷུན་གྱིས་གྲུབ་ཅིང་མི་དམིགས་པ་ནི་རང་དབང་བསྒྱུར་བའི་དབང་དུ་བྱེད་པ་སྟེ། མཐའ་ཐམས་ཅད་དང་བྲལ་བ་ཉིད་སྟོང་པའི་མཐར་མཐོང་སྟེ། རིག་པ་རང་སྣང་མི་འགགས་པའི་ཆོས་ལྷུན་གྱིས་གྲུབ་པ་ནི་སྟོང་པ་དབང་བསྒྱུར་ཏེ་མཐར་ཐུག་པའི་ཆོས་སྐུ་ཆེན་པོའོ། གཟུགས་ཀྱི་ཕུང་པོ་དེ་ལྟར་ལྷུན་གྱིས་གྲུབ་པ་ཉིད་མངོན་དུ་སྣང་བ་མཐར་ཕྱིན་པ་ནི། ཟག་མེད་ན་ལྷག་པ་ཚུལ་ཁྲིམས་ཀྱི་ཕུང་པོ་སྟེ། ཟག་བཅས་ཀྱི་ཚུལ་ཁྲིམས་ནི་གཟུགས་ལ་བརྟེན་ཏེ་སྐྱེ། ཟག་མེད་ཚུལ་ཁྲིམས་ཀྱིས་གཞི་མེད་སྐྱེ་འགགས་དང་བཅས་པ་ཉིད་ཕུང་པོ་སེམས་ཀྱི་ངང་ཉིད་དུ་ལྷུན་གྱིས་གྲུབ་ན་མཐར་ཕྱིན་པ་འབྲས་བུ་ཆོས་སྐུའི་ངང་ལ་ཉམས་པ་གཞི་དག་ཉམས་མཉམས་ཀྱི་ཐ་སྙད་མེད་པ་ནི། ཐ་མལ་ལས་ལྷག་པས་ལྷག་པ་ཚུལ་ཁྲིམས་ཀྱི་ཕུང་པོ་ཅེས་བྱ་སྟེ། གཟུགས་ཀྱི་ཕུང་པོ་དང་སྦྱར་བའི་གཏན་ཚིགས་ནི། གཟུགས་ཀྱི་ཕུང་པོ་ལ་ཚུལ་ཁྲིམས་ཀྱི་གཞི་དང་གནས་ཡོད། མི་མཐུན་པ་དང་གཉེན་པོ་ཡོད། རྟོགས་པས་གཟུགས་རང་བྱུང་གི་ཡེ་ཤེས་སུ་དག་ན་གཟུགས་དང་ཚུལ་ཁྲིམས་དང་ཉམས་མ་ཉམས་ཐམས་ཅད་སེམས་ཉིད་དུ་གསལ་བ་ནི་ཆེད་དུ་བསྲུང་མཚམས་མ་དམིགས་ཀྱང་ཉམས་པ་ཕྲ་བའང་མེད་པ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་ཕུང་པོའི་ངོ་བོའོ། །དེ་ལྟ་བུའི་དོན་ལྷུན་གྱིས་གྲུབ་པའི་དུས་སུ། གཞན་སྣང་གི་མཛད་པ་མི་འགགས་པར་ཤར་བའི་མཚན་ཉིད་ནི། སྐུ་མདུན་དང་རྒྱབ་མེད་པ་ནས་དབུ་གསུམ་དང་ལྡན་པའི་བར་གྱི་མཚན་ཉིད་ཅན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་མཚན་དང་དཔེ་བྱད་ཀྱིས་འབར་བར་སྣང་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་སྐུའི་རིགས་རང་བྱུང་གི་ཡེ་ཤེས་གསལ་ལ་མི་འགགས་པའི་བདག་ཉིད་ལ་ནི་རྣམ་པར་སྣང་མཛད་ཅེས་བྱ་སྟེ། ཡེ་ཤེས་དེ་ཉིད་ལ་མཐའ་གཉིས་ཀྱི་སྐྱོན་དང་བྲལ་བས་སྐུ་མདོག་དཀར་པོའོ། །ཐུགས་མཚན་དུ་སྣང་ན་འཁོར་ལོ་སྟེ། གདུལ་བྱའི་རྒྱུད་ལ་སྐུའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས་སོ། །གསུང་ཡིག་འབྲུ་ན་ནི། སྐུའི་ས་བོན་ཨཱོཾའམ་ཏ་ལོག་པའོ། །དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་དང་ཞེས་པ། དེ་པ་གོང་དང་མཐུན། ཚོར་བ་ནི་བདེ་སྡུག་བཏང་སྙོམས་གསུམ་སྟེ། ཡུལ་བཟང་བ་ལ་འདོད་ཆགས་པ་བདེ་བ། ཞན་པ་ལ་ཞེ་སྡང་བ་སྡུག་བསྔལ། བར་པ་ལ་ཆགས་སྡང་གང་ཡང་མི་སྐྱེ་བ་བཏང་སྙོམས། དེ་ཡང་དབང་པོ་དྲུག་གི་སྒོ་ནས་ཡུལ་དྲུག་ལ་བརྩི་བས་ཡུལ་གྱི་སྒོ་ནས་དེ་སྐྱེ་བས་དྲུག་གསུམ་བཅོ་བརྒྱད་དོ། །དེ་ནི་རྟོག་པ་འཁོར་དང་ལྡན་པས་རྒྱལ་པོའོ། །ཐ་མལ་པ་འཁོར་བའི་སར་དེ་ཉིད་ལ་ཐེག་པ་འདི་ཉིད་ཀྱི་སྒོ་ནས་སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་ན། ཚོར་བ་དྲུག་གསུམ་བཅོ་བརྒྱད་དུ་མ་འགག་པར་སྣང་ཙམ་ཉིད་ན་སེམས་ཉིད་ལྷུན་གྱིས་གྲུབ་པས་དངོས་པོའི་མཐའ་ལས་རྒྱལ། སེམས་ཉིད་མཐའ་ཐམས་ཅད་དང་བྲལ་བ་མི་འགགས་པ་ལས་ཚོར་བའི་ཚོགས་སུ་སྣང་བས་སྟོང་པའི་མཐའ་ལས་རྒྱས། དེའི་དོན་དེས་དབང་དུ་བྱེད་པས་རྒྱལ་པོ་སྟེ་ཚོར་བ་མི་འགག་པར་རང་སྣང་ཡང་སེམས་ཉིད་དུ་ལྷུན་གྱིས་གྲུབ་པས་འཁོར་བའི་ཕྱོགས་སུ་སོང་བ་མེད་དེ་མྱ་ངན་ལས་འདས་པར་དབང་བསྒྱུར། འོན་ཀྱང་སྟོང་པ་མྱ་ངན་ལས་འདས་པའི་ཕྱོགས་སུ་སོང་བ་མེད་དེ་མྱ་ངན་ལས་འདས་པ་ལ་དབང་བསྒྱུར། དེ་ལྟ་བུའི་དོན་རྟོགས་པ་མཐར་ཕྱིན་ལམ་གྱི་རྩོལ་བ་ཟད་པའི་དུས་ན། ཚོར་བའི་ཕུང་པོ་གནས་སུ་དག་པ་བསམ་གྱིས་མི་ཁྱབ་པའི་ཚོར་བ་ཞེས་བྱ་སྟེ་འབྲས་བུ་ཆོས་སྐུའོ། །མུན་པར་སྣང་བར་གྱུར་པ་བཞིན་ཟག་པ་མེད་པའི་ཕུང་པོ་ལྔ་ལ་ནི་ལྷག་པ་ཏིང་ངེ་འཛིན་གྱི་ཕུང་པོ་དང་སྦྱར་ཏེ། ཚོར་བ་རྣམ་གསུམ་ཉིད་སེམས་ཉིད་དུ་ལྷུན་གྱིས་གྲུབ་པས་ཡུལ་དང་ཡུལ་ཅན་མ་དམིགས་པའི་ཕྱིར་ཆེད་དུ་གཉེར་བ་རྡུལ་ཕྲ་རབ་ཙམ་མེད་ཀྱང་། ནམ་མཁའ་ནམ་མཁའ་ལས་མི་འདའ་བ་དགོངས་པ་དུས་གསུམ་དུ་འགྱུར་བ་མེད་པ་ལ་ནི་ཏིང་ངེ་འཛིན་ཏེ། འདུ་ཤེས་ཐམས་ཅད་དང་བྲལ་བ་བསམ་གྱིས་མི་ཁྱབ་པའི་ཚོར་བ་ཞེས་ཀྱང་བརྗོད་དོ། །དེ་ལྟ་བུའི་དོན་ལས་རང་སྣང་བ་གདུལ་བྱའི་ངོར་ཤར་བའི་དུས་སུ། སྐུ་མདུན་དང་རྒྱབ་མེད་པ་ནས་དབུ་གསུམ་དང་ལྡན་པའི་བར་གྱི་མཚན་ཉིད་རྣམས་རྫོགས་པའི་རིན་ཆེན་འབྱུང་ལྡན་གྱི་སྐུ། སྐུ་མདོག་སེར་པོ་མཚན་དང་དཔེ་བྱད་དང་ལྡན་པར་སྣང་ངོ་། །དེ་ཡང་མཚན་གྱི་དོན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཕྱོགས་ཐམས་ཅད་དང་བྲལ་བས་རྟོག་པ་མེད་པ་ཉིད་ཐམས་ཅད་མཁྱེན་པའི་ཆེ་ཡོན་རྒྱུན་མི་ཆད་པར་འབྱུང་བའོ། །སྐུ་མདོག་སེར་པོ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་ཡོན་ཏན་གྱིས་རྒྱས་པའི་རྟགས་སུ་སེར་པོ་རྒྱས་པའི་ཁ་དོག་གོ། །ཕྱག་མཚན་ན་རིན་པོ་ཆེར་སྣང་སྟེ། རིན་ཆེན་རིགས་རྟོག་པ་མེད་ཅིང་དགོས་འདོད་སྐོང་བའི་རྟགས་སོ། །ཡིག་འབྲུ་ན་ནི་སྭཱའམ་ད་ལོག་པོར་སྣང་ངོ་། །དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་དང་ཞེས་པ། འདུ་ཤེས་ནི་རྒྱ་ཆེ་ཆུང་ཚད་མེད་པ་གསུམ་སྟེ། ཡུལ་ལ་ཆེད་དུ་དམིགས་ཤིང་འཛིན་ཏེ་མི་གཏོང་བའོ། །དེ་ལ་རྒྱ་ཆུང་བ་ནི་འདོད་ཁམས་པའི་ཡུལ་དང་དབང་པོའི་འདུ་ཤེས་སོ། །རྒྱ་ཆེ་བ་ནི་དེ་བས་ཕྲ་བའི་གཟུགས་ཁམས་པའི་རྟོག་དཔྱོད་ལ་སོགས་པའི་ཏིང་ངེ་འཛིན་མི་གཏོང་བའོ། །ཚད་མེད་པ་ནི་གཟུགས་མེད་སྐྱེ་མཆེད་མུ་བཞིའི་སྙམ་ཙམ་ཕྲ་བ་ལ་འཛིན་པའོ། །དེ་དག་ཐ་མལ་པའི་དུས་སུ་ཁམས་གསུམ་གྱི་འདུ་ཤེས་ཕྲ་རགས་མང་པོའི་འཁོར་དང་ལྡན་པས་རྒྱལ་པོ་ཞེས་བྱའོ། །དེ་ལམ་གྱི་རྩོལ་བའི་རྟོག་པ་གནས་སུ་དག་པའི་དུས་སུ་འདུ་ཤེས་རྒྱ་ཆེ་ཆུང་འགག་པར་སྣང་བ་ཙམ་ཉིད་ན། སྐྱེ་བ་མེད་པ་སེམས་ཀྱི་ཆོས་ཉིད་དུ་རྟོགས་པའི་དུས་ན་ཁམས་གསུམ་མི་འགགས་པར་སྣང་བ་ཉིད་ཐབས་སེམས་ཀྱི་དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ་པའོ། །ཤེས་རབ་ལྷུན་གྱིས་གྲུབ་པའི་དུས་ན་མ་འགག་པས་སྟོང་པའི་མཐའ་ལས་རྒྱལ། མ་དམིགས་པས་དངོས་པོའི་མཐའ་ལས་རྒྱལ་ཞིང་རྟོགས་པའི་དོན་གྱིས་རྒྱལ་པོའོ། །དབང་བསྒྱུར་བས་རྒྱལ་བ་ནི་སེམས་ཉིད་མཉམ་པ་ཉིད་ཀྱི་དོན་ལྷུན་གྱིས་གྲུབ་པའི་དུས་སུ། སེམས་ཀྱི་དོན་མཐོང་རིག་པ་རང་ཟིན་པས་ཇི་ལྟར་དབང་བསྒྱུར་ཡང་ཆེད་ཞེན་ནམ་ཕྱོགས་ཞེན་ཕྲ་བའང་མེད་པ་དང་། རང་སྣང་མི་འགགས་ངོ་བོ་མི་གཡོས་མཚོན་པའི་ཐ་སྙད་དེ་དག་ལའང་སེམས་རྟོན་འཆ འ་བ་མེད་པ་ནི་དབང་དུ་བྱེད་པའི་ཕྱིར་རྒྱལ་པོ་ཞེས་བྱའོ། །དོན་དེ་ཉིད་ལ་ཟག་མེད་ཀྱི་ཕུང་པོ་ལྔ་དང་སྦྱར་ན་ལྷག་པ་ཡེ་ཤེས་ཀྱི་ཕུང་པོ་ཞེས་བྱ་སྟེ། ཐ་མལ་པའི་འདུ་ཤེས་རྣམས་སེམས་ཉིད་དུ་གསལ་བའི་རང་བཞིན་ཡེ་ནས་ཡིན་པ་ལམ་པས་རྟོགས་གོམས་མངོན་དུ་གྱུར་པའི་དུས་སུ། འདུ་ཤེས་སྣང་སྟོང་དབྱེར་མེད་པ་སེམས་སུ་དག་པས་ཕྱི་ནང་གི་དཀྱིལ་འཁོར་ཐམས་ཅད་སྣང་སྟོང་དབྱེར་མེད་པ་མཉམ་པ་ཉིད་དུ་གསལ། ཕྱོགས་སུ་འཛིན་པ་ཐམས་ཅད་དང་བྲལ་ཙ། ཆུ་རྙོག་མ་དག་པ་མཐར་ཕྱིན་ན་གཟུགས་བརྙན་གསལ་བ་མཐར་ཕྱིན་པ་དང་འདྲ་བར། སེམས་ཀྱི་སྒྲིབ་བྱེད་ཆུའི་རྙོག་མ་དང་འདྲ་བར་དག་པ་མཐར་ཕྱིན་ན་རང་བྱུང་གི་ཡེ་ཤེས་ལྷུན་གྱིས་གྲུབ་སྟེ། མཁྱེན་པ་རྣམ་གཉིས་མེ་ལོང་དང་གཟུགས་བརྙན་ལྟར་སྐད་ཅིག་མ་གཅིག་ལ་རྫོགས་ཏེ་བསམ་གྱིས་མི་ཁྱབ་པའི་འདུ་ཤེས་ཀྱང་བརྗོད་དོ། །དོན་དེ་ཉིད་རྒྱུ་ལས་མ་བྱུང་ལམ་ལས་ཆེད་དུ་མ་བྱས་ཡེ་ནས་ཡིན་པའི་དོན་མངོན་དུ་གྱུར་པ་ལ་ནི་ཡེ་ཤེས་ཞེས་བྱ་སྟེ། ཐ་མལ་པ་ལས་ལྷག་པས་ལྷག་པ་ཡེ་ཤེས་ཀྱི་ཕུང་པོ་ཞེས་བྱ་སྟེ། མཐར་ཐུག་པའི་ཆོས་སྐུའི་ངོ་བོའོ། །དེ་ཉིད་གདུལ་བྱའི་ངོ་ལ་སྐུར་སྣང་བའི་དུས་ན། སྐུ་མདུན་དང་རྒྱབ་མེད་ཅེས་པ་ནས། དབུ་གསུམ་དང་ལྡན་པ་ཞེས་བྱ་བའི་མཚན་དང་ལྡན་པ་འདུ་ཤེས་རང་བྱུང་གི་ཡེ་ཤེས་སུ་གསལ་བས་རྒྱལ་པོ་ཞེས་བྱ་སྟེ། སྣང་བ་མཐའ་ཡས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱི་འབར་བ་དམར་པོའོ། །དེ་ཡང་ཐ་མལ་པའི་འདུ་ཤེས་ཡུལ་ལ་སོ་སོར་འཛིན་པ་ཉིད་སོ་སོར་རྟོགས་པའི་ཡེ་ཤེས་སུ་དག་སྟེ། ཆོས་སྤྱི་དང་རང་གི་མཚན་ཉིད་དབྱེར་མེད་དུ་མཁྱེན་པའོ། །ཡེ་ཤེས་དེ་ལས་མཐའ་གཉིས་དབང་དུ་བསྡུས་པས་སྐུ་མདོག་དམར་པོ། ཕྱག་མཚན་དུ་སྣང་ན་པདྨ་དམར་པོ་འདབ་བརྒྱད་དོ། །ཡིག་འབྲུ་ན་ཨཱཿདང་དྷ་ལོག་པོའོ། །དེ་བཞིན་གཤེགས་པ་འདུ་བྱེད་རྒྱལ་པོ་དང་ཞེས་པ། འདུ་བྱེད་ལྔ་བཅུ་རྩ་གཅིག་ལས་དྲུག་རྩ་བའི་ཉོན་མོངས། ཉི་ཤུ་ཉེ་བའི་ཉོན་མོངས། བཅུ་གཅིག་དགེ་བ། ལྔ་ཀུན་ཏུ་འགྲོ་བ། ལྔ་ཡུལ་སོ་སོར་ངེས་པ། བཞི་གཞན་དུ་འགྱུར་བ་དང་ལྔ་བཅུ་རྩ་གཅིག་ནི། དགེ་མི་དགེ་ལུང་མ་བསྟན་གསུམ་དུ་འདུས་པས་འཁོར་འགྲུབ་པར་བྱེད་པའི་མཚན་ཉིད་ཅན་ནོ། །དེའི་མཚན་ཉིད་ཅི་ལྟ་བུ་ཞེ་ན་འདུ་བྱེད་ཀྱི་ཕུང་པོ་ཉིད་སེམས་ཉིད་རང་སྣང་བའི་རྟོག་པ་གཅིག་ཏུ་ཟད་པས་གཟུགས་བརྙན་དང་འདྲ་སྟེ། སྣང་ཙམ་ཉིད་ན་སྣང་བ་མེད་པ་མཐར་ཕྱིན་པ་ཉིད་ཡིན་པའི་དོན་རྟོགས་བསྒོམས་མངོན་དུ་གྱུར་པའི་དུས་སུ་འདུ་བྱེད་ཀྱི་རྟོག་པའི་འཛིན་པ་ཟད་པས་དངོས་པོའི་མཐའ་ལས་རྒྱལ། འོན་ཀྱང་སྟོང་པ་ཕྱོགས་གཅིག་པ་ལྟ་བུ་མ་ཡིན་ཏེ་འདུ་བྱེད་མི་འགགས་པར་རང་སྣང་བས་མེད་པའི་མཐའ་ལས་རྒྱལ་བས་རྒྱལ་པོའོ། །ཟིལ་གྱིས་གནོན་པའི་དབང་དུ་བྱེད་པས་རྒྱལ་པོ་ནི། མཉམ་པ་ཉིད་གཉིས་སུ་མེད་པ་རྟོགས་པ་མཐར་ཕྱིན་པའི་དུས་སུ་སྤྲོས་བྲལ་ཞི་བའམ། ཐིམ་པ་ལྟ་བུ་མ་ཡིན་ཏེ། ཐམས་ཅད་ཀྱི་བདག་ཉིད་དུ་ལྷུན་གྱིས་གྲུབ་པས་སེམས་ཉིད་མཉམ་པ་ཉིད་ཀྱི་ངང་ལ་འདུ་བྱེད་ལྔ་བཅུའི་ཚོགས་སྣང་ཡང་ཐམས་ཅད་ལ་དབང་བསྒྱུར་བའི་དབང་གིས་སྣང་བྱ་སྣང་བྱེད་མེད་པར་མཉམ་པ་ཉིད་དུ་གསལ་བས་ཕྱོགས་འཛིན་ཐམས་ཅད་དང་བྲལ་བ་ནི་སྣང་བ་ལ་དབང་བསྒྱུར་བའོ། །སེམས་ཉིད་གང་དུའང་མ་གྲུབ་པ་ཉིད་ཅིར་ཡང་སྣང་བས་སྟོང་པ་ཕྱོགས་གཅིག་ཏུ་སོང་བ་མེད་པ་ཉིད་སྟོང་པ་ལ་དབང་བསྒྱུ་བ་སྟེ། མཐའ་གཉིས་དབང་དུ་བསྡུ་པའམ་ཟིལ་གྱིས་གནོན་པས་ན་རྒྱལ་པོའོ། །དོན་དེ་ལྟ་བུ་མཐར་ཕྱིན་འདུ་བྱེད་ཀྱི་རྒྱལ་པོ་མངོན་དུ་གྱུར་པའི་དུས་སུ་ཟག་པ་མེད་པའི་ཕུང་པོ་ལྔ་ལས་ནི། ལྷག་པའི་ཡེ་ཤེས་རྣམ་པར་གྲོལ་བའི་ཕུང་པོ་ཞེས་བྱ། སྤྲོས་པ་དང་བྲལ་བའི་སེམས་ཉིད་འདུ་བྱེད་ཀྱི་ཚོགས་ལྟར་སྣང་ཡང་ཉིད་ལས་མ་གཡོས་ཏེ་དབྱེར་མེད་པའི་དོན་རྟོག་པ་མངོན་དུ་གྱུར་པའི་གནས་སྐབས་ན། འདུ་བྱེད་ཀྱི་ངོ་བོ་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཆོས་ཉིད་རང་གསལ་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ངང་དུ་ལྷུན་གྱིས་གྲུབ་པས་འདུ་བྱེད་སེམས་ཀྱི་རྟོག་པ་ཡིན་པ་ལས་རང་གྲོལ། ཆོས་ཅན་གཟུང་འཛིན་གྱི་ཡུལ་ཐམས་ཅད་རང་གྲོལ་བ་ནི་རང་བྱུང་གི་ཡེ་ཤེས་ཏེ་ལྷག་པའི་ཡེ་ཤེས་རྣམ་པར་གྲོལ་བའི་ཕུང་པོ་ཞེས་བྱ་སྟེ་ཆོས་སྐུ་ཁོ་ནའོ། །དེ་གདུལ་བྱའི་ངོ་ལ་སྐུར་སྣང་བའི་དུས་ན་སྐུ་མདུན་དང་རྒྱབ་མེད་པ་ནས། དབུ་གསུམ་དང་ལྡན་པའི་བར་གྱི་མཚན་ཉིད་ཅན་འདུ་བྱེད་ཀྱི་རྒྱལ་པོ་དོན་ཡོད་གྲུབ་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་སྐུ་མདོག་ལྗང་གུའོ། །དོན་ཡོད་གྲུབ་པ་ནི་འདུ་བྱེད་ཀྱི་ཕུང་པོ་འཁོར་བ་འགྲུབ་པར་བྱེད་པ་དོན་ལོག་པ་ཅན་ཡིན་པ་ལས། དེ་དག་པའི་རང་བྱུང་གི་ཡེ་ཤེས་ཆེད་དུ་བྱས་པ་མེད་པར་རང་གཞན་གྱི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པའོ། །སྐུ་མདོག་ལྗང་བ་ནི་ལས་སྣ་ཚོགས་ལ་འཇུག་པའོ། །ཕྱག་མཚན་ན་རལ་གྲིའམ་སྣ་ཚོགས་རྡོ་རྗེ་སྟེ་རལ་གྲི་སོ་གཉིས་བྱས་པས་ཕྱོགས་གཉིས་གཅོད་པ་བཞིན་དུ་བདག་གཞན་གྱི་དོན་དུས་གཅིག་ཏུ་འགྲུབ་པའོ། །སྣ་ཚོགས་རྡོ་རྗེ་ནི་གདུལ་བྱ་འདུལ་བའི་ཐབས་ཀྱི་ལས་ཕྲིན་ལས་བཞི་འཆར་བའོ། །ཡིག་འབྲུ་ན་ཧ་དང་ན་ལོག་པོའོ། །གསང་བ་རྒྱ་མཚོ་ཡུམ་ལྔ་ནི། བཙུན་མོ་དམ་པ་སྣང་བའི་དབྱིངས་དང་ཞེས་པ་ལ་སོགས་ཏེ། ཡུམ་ལྔ་ནི་ཕུང་པོ་ལྔ་དང་ཆོས་མཐན་པར་འབྱུང་བ་ལྔ་སྟེ། བཙུན་མོ་ནི་རིག་པ་དང་དབྱེར་མེད་པར་དབྱིངས་དང་མི་ཕྱེད་པའི་བདག་ཉིད་དེ་བསྐྱེད་པའི་ཕྱིར་ཡང་བཙུན་མོ་སྟེ། འབྱུང་བ་ལྔས་ཕུང་པོ་ལྔ་སོགས་ཏེ། ཕྱི་ནང་གི་ཆོས་ཐམས་ཅད་རང་སྣང་བར་བསྐྱེད་པའི་ངོ་བོ་ཉིད་དོ། །མི་ཕྱེད་པའི་ཕྱིར་ཡང་བཙུན་མོ་སྟེ། ཡུལ་གྱི་ཆོས་ཐསམ་ཅད་འབྱུང་བ་ལྔའི་ངོ་བོར་བཞུགས་པས་མི་ཕྱེད། ནང་གི་ཕུང་པོ་ལྔ་ཡང་འབྱུང་བ་ལྔ་དང་མི་ཕྱེད་པའི་ངོ་བོར་བཞུགས་པས་སོ། །དམ་པ་ནི་ཁྱད་པར་མི་སྒྲ་སྟེ་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས་འབྱུང་བ་ལྔས་ཕྱི་ནང་གི་ཆོས་ཐམས་ཅད་སྣང་བའི་ངོ་བོའོ། །དབྱིངས་ཀྱི་སྒྲའི་རྒྱུ་མཚན་རྣམས་མཚན་ཉིད་དུ་འཆད་པར་འགྱུར་བས་ཤེས་པར་བྱའོ། །སྲ་བ་ཞེས་པས་སྟེ། ཕྱི་ནང་གཉིས་ཀྱི་སའི་མཚན་ཉིད་འཛིན་པ་ཐམས་ཅད་རྣམ་པ་མ་འགགས་པ་ལྟར་སྣང་། ངོ་བོ་མ་དམིགས་དབྱིངས་སུ་ལྷུན་གྱིས་གྲུབ་པས་སྲ་བ་ཞེས་བྱ་སྟེ། དེའང་འབྱུང་བ་ལྔའི་རིག་པའི་མཚན་ཉིད་རྣམས་ནི། ཡབ་ཕུང་པོ་བཤད་པའི་ཁོངས་སུ་གཏོགས་ལ། འདིར་ནི་མཚན་ཉིད་འཛིན་པ་ཙམ་ཡིན་ཏེ། སྣང་བའི་དབྱིངས་དང་ཞེས་པ། སྣང་བ་ནི་ནམ་མཁའ་སྟེ་མཚན་ཉིད་ཐམས་ཅད་དང་བྲལ། གང་ཡང་མ་ཡིན་པའི་ངོ་བོ་ཉིད་ལ་ཆོས་ཐམས་ཅད་མ་འགག་པར་རང་སྣང་བའི་ཕྱིར་གསལ་ཞིང་མི་བསྒྲིབ་པའི་མཚན་ཉིད་ཅེས་བྱ་སྟེ། འདི་དག་ལ་ནི་དག་བྱ་དག་བྱེད་མེད་ཀྱང་རང་བཞིན་མངོན་དུ་གྱུར་པ་ཙམ་ལ་བྱ་སྟེ། དབྱིངས་ཞེས་པ་མཉམ་པ་ཉིད་ཀྱི་དབྱིངས་ཏེ། དེ་ལ་མཚན་ཉིད་ལྔའི་དང་པོ་དེ་ཉིད་གསལ་ལ་མུ་མཐའ་མེད་པ་ནི། མཚན་ཉིད་དང་བྲལ་བ་ཉིད་ཅིར་ཡང་འཆར་བའི་ངོ་ཉིད་དུ་བཞུགས་པ་ནི་གསལ་བའོ། །མུ་མཐའ་མེད་པ་ནི། ཆོས་ཐམས་ཅད་ལ་ཁྱབ་བྱ་ཁྱབ་བྱེད་མེད་པར་འཆར་ཏེ་ནམ་མཁའ་དང་འདྲ་བར་མཐའ་མེད་དོ། །གཉེན་པོས་མི་ཤིགས་པ་ནི་དངོས་པོ་ཐམས་ཅད་དང་བྲལ་བས་ནམ་མཁའ་གཞིག་ཅིང་གཞོམ་དུ་མེད་པ་ལྟ་བུའོ། །ཅིར་ཡང་མ་འགག་པ་ནི་རྟོགས་མ་རྟོགས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་དུ་སྣང་བའོ། །མཐའ་ཐམས་ཅད་ངང་གིས་བསྲེགས་པ་ནི་ཆོས་ཀྱི་དབྱིངས་དངོས་པོ་གང་ཡང་མ་གྲུབ་པའི་ང་ལ་ཡོད་འཛིན་མེད་འཛིན་འཁོར་འདས་གཉིས་སུ་འཛིན་པ་རྒྱུ་འབྲས་དང་རྟག་ཆད་ལ་སོགས་པ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་དག་པའོ། །མཚན་ཉིད་འདི་འདྲར་བརྗོད་དུ་མེད་པ་ནི་དག་མ་དག་ལ་སོགས་པ་མཚན་ཉིད་གཞི་མ་གྲུབ་པས་བརྗོད་པ་དང་བྲལ་བ་སྟེ། དོན་དེ་ཉིད་ཀྱང་སྟོང་པའི་བེམ་པོ་ཕྱོགས་གཅིག་ལ་ལྟ་བུ་མ་ཡིན་པར་རིག་པ་མ་འགག་པ་ཉིད་ངོ་བོ་གང་དུའང་མ་གྲུབ་པའམ་འབྱུང་བ་ལྔའི་མཚན་ཉིད་འཛིན་པ་ལྟར་སྣང་བས། དེ་ཉིད་ནམ་མཁར་སྣང་བ་ཉིད་ཀུན་ཏུ་བཟང་པོ་སྟེ་མི་བསྐྱོད་པའི་ཡུམ། མ་རྟོགས་པའི་དུས་སུ་རྣམ་པར་ཤེས་པའི་ཡུལ་ནམ་མཁའ་ལྟ་བུ་བས་རྡོ་རྗེའི་ཡུམ་ཀུན་ཏུ་བཟང་མོའོ། །སྲ་བའི་དབྱིངས་དང་ཞེས་པ། སེམས་མཉམ་པ་ཉིད་མི་འགགས་པའི་ངང་ལས་ཕྱི་ནང་གི་སྲ་བ་སའི་མཚན་ཉིད་འཛིན་པ་ལྟར་སྣང་། སྣང་ཙམ་ཉིད་ན་སྣང་སྟོང་དབྱེར་མེད་པ་མཉམ་པ་ཉིད་དབྱིངས་ཀྱི་ཆོས་ལྔ་བཤད་པ་རྣམས་རྫོགས་ཏེ། དེ་ཉིད་མཚན་ཉིད་ཐམས་ཅད་དང་བྲལ་བ་རང་རིག་པར་གསལ་བ་ནི་རྣམ་པར་སྣང་མཛད་ཀྱི་ཡུམ་བུདྡྷ་སྤྱན་ཏེ། ས་གནས་སུ་དག་པ་དངོས་པོ་ཐམས་ཅད་དང་བྲལ་བའི་ངོས་ནས་སྤྱན་ཞེས་བརྗོད་དོ། །མཉེན་པའི་དབྱིངས་ཞེས་པ། སེམས་མཉམ་པ་ཉིད་མི་འགགས་པ་ལས་གང་དུའང་དྲང་དུ་བཏུབ་པས་ཆུ་ལ་མཉེན་པ་ཞེས་བྱ་སྟེ། ཕྱི་ནང་གི་མཉེན་པའི་མཚན་ཉིད་འཛིན་པ་རྣམས་སྣང་སྟོང་དབྱེར་མེད་པ་མཉམ་པའི་དབྱིངས་དཀྱིལ་འཁོར་ལྔ་དང་ལྡན་པའི་རྟོགས་པ་མཐར་ཕྱིན་པ་སྐུར་སྣང་བའི་དུས་ན་ཡུམ་མཱ་མ་ཀཱི་ཞེས་བྱ་སྟེ། ཆུས་ཐམས་ཅད་བསྐྱེད་པས་ན་ཡུམ་དང་འདྲ་བས་ན་མཱ་མ་ཀཱི་ཞེས་བྱ་སྟེ། ཡེ་ཤེས་ཀྱི་སྐབས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱང་བུདྡྷའི་ཡོན་ཏན་ཐམས་ཅད་བསྐྱེད་པའི་བདག་ཉིད་པས། འབྲས་བུའི་གནས་སྐབས་ན་ཡབ་ཡུམ་དུ་སྦྱོར་རོ། །དྲོ་བའི་དབྱིངས་དང་ཞེས་པ། དྲོ་བ་ནི་མེ་སྟེ། སེམས་མཉམ་པ་ཉིད་མི་འགགས་པའི་ངང་ལས་ཕྱི་ནང་གི་དྲོད་མེ་ལྟ་བུར་སྣང་ལ། དེ་ཉིད་སྣང་སྟོང་དབྱེར་མེད་པ་མཉམ་པ་ཉིད་ཀྱི་དབྱིངས་དཀྱིལ་འཁོར་དང་ལྡན་པ་རྟོགས་པ་མཐར་ཕྱིན་པའི་རིག་པ་སྐུར་སྣང་བའི་དུས་ན་ན་བཟའ་དཀར་མོར་སྣང་སྟེ། སྣང་བ་མཐའ་ཡས་ཀྱི་ཡུམ་ཡིན་པས། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་མཐའ་གཉིས་ཀྱི་སྐྱོན་མེས་བསྲེགས་པ་དང་འདྲ་བར་མི་གནས་པར་མཛད་དོ། །དཀར་བ་ནི་སྐྱོན་དང་བྲལ་བས་ན་བཟའ་དཀར་མོའོ། །བསྐྱོད་པའི་དབྱིངས་ཞེས་པས། བསྐྱོད་པ་ནི་རླུང་སྟེ་ཕྱི་དང་ནང་གི་གཡོ་བའི་མཚན་ཉིད་འཛིན་པ་སྣང་སྟོང་དབྱེར་མེད་པ་མཉམ་པའི་དྷ་ཏྭཱི་སུ་གྲུབ་པའི་མཚན་ཉིད་དྷ་ཏྭཱའི་དཀྱིལ་འཁོར་ལྔ་དང་ལྡན་པ་རྟོགས་པ་མཐར་ཕྱིན་པའི་རིག་པ་དཀྱིལ་འཁོར་གྱི་ངང་དུ་ཉིད་སྐུར་སྣང་བའི་དུས་ན་ཡུམ་དམ་ཚིག་སྒྲོལ་མ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་གདུལ་བྱ་རྣམས་གོང་ནས་གོང་དུ་སྤྱོད་ཅིང་སྒྲོལ་བར་བྱེད་པ་དང་དེ་ལས་མི་འདའ་བའི་ཕྱིར་དམ་ཚིག་སྒྲོལ་མ་ཞེས་བྱའོ། །ཡེ་ཤེས་བྱ་བ་གྲུབ་པའི་ཡེ་ཤེས། སྐུ་ན་དོན་ཡོད་གྲུབ་པ། གདུལ་བྱའི་བྱ་བ་ཐམས་ཅད་སྐད་ཅིག་ལ་ལྷུན་གྱིས་གྲུབ་པ་དང་ཡབ་ཡུམ་མོ། །སོགས་ཞེས་པ། འཇིག་རྟེན་གྱི་ཁམས་ན་མཐའ་མེད། དེ་ན་ཕུང་པོ་ཐམས་ཅད་ལྔ་ལ་སོགས་པའི་རྟོག་ཚོགས་སུ་མ་གྱུར་པ་མེད། རྟོག་ཚོགས་གཅིག་དག་ན་ཀུན་དག་སྟེ། བསམ་གྱིས་མི་ཁྱབ་པའི་རྟོག་ཚོགས་ཐམས་ཅད། ཡེ་ཤེས་ན་ཡེ་ཤེས་བསམ་གྱིས་མི་ཁྱབ་པ། སྐུ་ན་ཡབ་ཡུམ་གྱི་སྐུ་འབའ་ཞིག་ཏུ་ལྷུན་གྱིས་གྲུབ་པས་སོ། །བཙུན་མོའི་ཚོགས་དང་ཞེས་པ། ཕུང་པོ་དང་འབྱུང་བ་དག་པའི་རིགས་ལྔ་ཡབ་ཡུམ་གྱི་ཚོགས་དཀྱིལ་འཁོར་གྱི་དབྱིངས་ཀྱི་མཐའ་དང་མཉམ་པར་གསལ་བའོ། །ད་རིག་པ་ཁྱད་པར་ཅན་གྱི་འཁོར་ལ་གཉིས་ཀྱི། རྒྱལ་སྲས་སེམས་དཔའི་འཁོར་ལ་གཉིས་ལས་སེམས་དཔའ་ལྕམ་དྲལ་བསྟན་པ་ནི། དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་ཞེས་པ་ལ་སོགས་པ། དེ་ཡང་འཁོར་ཕུན་སུམ་ཚོགས་པ་ཡང་གཙོ་འཁོར་སོ་སོ་ན་ཡོད་པ་མ་ཡིན་ཏེ། སྟོན་པ་ཀུན་ཏུ་བཟང་པོ་ལ་ལྷུན་གྱིས་རྫོགས་པར་བསྟན་ཏེ། ཇི་ལྟར་རྫོགས་ཤེ་ན། འབྲས་བུ་མཐར་ཕྱིན་པའི་གནས་སྐབས་ན་ཀུན་ཏུ་བཟང་པོ་གང་ཡིན་པ་དང་། སེམས་ཅན་གྱི་གནས་སྐབས་ན་ཡིད་ཀྱི་ཤེས་པ་ཆོས་ཐམས་ཅད་ལ་འཇུག་ཅིང་གཅོད་པ་ཉིད་དབྱེར་མེད་དེ། ཡིད་གནས་སུ་དག་པ་ཀུན་ཏུ་བཟང་པོ་ཡིན་པས། ཡིད་རང་སྣང་བའི་དལ་ཁམས་དང་སྐྱེ་མཆེད་གནས་སུ་དག་པ་སེམས་དཔའ་དང་སེམས་མ། ཁྲོ་བོ་དང་ཁྲོ་མོའི་དཀྱིལ་འཁོར་ཏེ་སྟོན་པ་ལས་མི་གཞན་པའི་འཁོར་ཕུན་སུམ་ཚོགས་པ་ཞེས་བྱའོ། །ཡང་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དབྱེར་མེད་པ་ཐུགས་རང་བྱུང་གི་ཡེ་ཤེས་ལས་ཡེ་ཤེས་ལྔར་བྱུང་བའི་རྟགས་སུ། རིགས་ལྔའི་སྐུར་གྱུར་པ་ཡང་འཁོར་བའི་ཆོས་ལས་ལོགས་ན་མེད་དེ། སེམས་ཅན་གྱི་གནས་སྐབས་ན་ཕུང་པོ་ལྔ་རིགས་ལྔ་ཡེ་ཤེས་ལྔའི་ངང་དུ་རྫོགས་པའོ། །ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་ཀྱང་གཟིགས་མཁན་ཡེ་ཤེས་ཀྱི་ངོས་ནས། ཡུམ་ལྔའི་སྐུར་བྱུང་བ་ཡང་འབྱུང་བ་ལྔ་ཉིད་དེར་སྣང་སྟེ། སེམས་ཅན་གྱི་དུས་ནའང་འབྱུང་བ་དང་ཕུང་པོ་དབྱེར་མེད་པ་བཞིན་རྟོགས་པའི་ཡེ་ཤེས་དང་དབྱིངས་དབྱེར་མེད་། ཆུ་དང་གཤེར་བ་བཞིན་སྐུར་སྣང་བའི་དུས་ན་ཡབ་ཡུམ་དབྱེར་མེད་དོ། །དེ་དབྱེར་མེད་པ་ལས་སྣང་བའི་རྟོགས་པ་རང་བྱུང་གི་ཡེ་ཤེས་ཀྱི་ངང་ལ་ཁམས་དང་སྐྱེ་མཆེད་སྣང་བའི་སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོའི་དཀྱིལ་འཁོར་གྱི་རང་བཞིན་ཡིན་པས་དེ་རང་ལས་མི་གཞན་ཏེ། རང་ལས་མི་གཞན་པའི་འཁོར་ཞེས་བྱའོ། །དེ་ཡང་ཆད་སྟོན་པའི་ཁྱད་པར་དང་། ཉིད་ལས་མི་གཞན་པའི་འཁོར་ཐུན་མོང་དུ་བསྟན་ནས་བར་ཅིས་ཀྱང་མ་ཆོད་པར་རིག་པ་ཁྱད་པར་ཅན་གྱི་འཁོར་ཕུན་སུམ་ཚོགས་པ་སྟོན་པའི་རྗེས་ཐོག་སྟེ། དེ་ནས་ཞེས་བྱ། བྱང་ཆུབ་ནི་གོ་འཕང་ཆེན་པོ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་སྟེ། བྱང་བ་ནི་སྤང་བའི་ཆ་ཆེད་བྱས་ཀྱི་སྒྲིབ་པ་ཕྲ་བའི་ཕྲ་བའང་དག་པའོ། །ཆུབ་པ་ནི་མཁྱེན་པའི་ཆ་སྟེ། མཁྱེན་པ་རྣམ་གཉིས་དབྱེར་མེད་ཐ་གྲུ་རྒྱས་པ་ཆོས་ཀྱི་དབྱིངས་དང་མཉམ་པའོ། །ཆེན་པོ་ནི། ལམ་པ་ལས་མཐར་ཐུག་སྟེ་བདག་གཞན་གྱི་ཆེད་དུ་བྱ་བ་ཐམས་ཅད་དང་བྲལ་བས་དོན་གཉིས་རང་སྣང་དུ་ལྷུན་གྱིས་གྲུབ་པ་མཐར་ཕྱིན་པ་འབྲས་བུ་ཆོས་སྐུའོ། །མདོར་ན་ཆེན་པོ་ནི། ཐམས་ཅད་ཀྱི་བདག་ཉིད་དབྱེར་མེད་པ་གང་གིའང་ངོ་བོ་མ་དམིགས་ཏེ། འདུ་ཤེས་ཐམས་ཅད་དག་པའི་ངོ་བོའོ། །དེ་ཡང་སྦྱིར་བསྟན་ན། བྱང་ཆུབ་ཆེན་པོ་དེ་ཉིད་རང་སྣང་བའི་སྐུ་སའི་སྙིང་པོ། ནམ་མཁའི་སྙིང་པོ། སྤྱན་རས་གཟིགས་དབང་ཕྱུག །ཕྱག་ན་རྡོ་རྗེ་བཞི་དང་། མིག་གི་རྣམ་ཤེས་ལ་སོགས་པ་བཞི་དབྱེར་མེད་པས་ན་ཆེན་པོའོ། །ཡང་ན་སྟོན་པའི་ཐུགས་ཡེ་ཤེས་ཉིད་སེམས་དཔར་བྱུང་ཐུགས་རང་བྱུང་ཡེ་ཤེས་ཉིད་སྣང་བས་ཆེན་པོའོ། །ཡང་ན་ད་ལྟ་འགྲོ་བའི་དོན་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ལྟར་སྣང་ཡང་། ངོ་བོ་མཐར་ཕྱིན་པ་ཡིན་པས་ཀྱང་ལམ་པ་ལས་སྤགས་པས་ན་ཆེན་པོ་ཞེས་བྱའོ། །རྡོ་རྗེ་ནི་ཡིད་ཀྱི་རང་བཞིན་རྡོ་རྗེ་ལྟར་དུས་གསུམ་དུ་འདུས་མ་བྱས་པ་དུས་གསུམ་དུ་མི་འགྱུར་བ་རྡོ་རྗེ་ལྟ་བུ། ཡིད་རང་བྱུང་གི་ཡེ་ཤེས་གསལ་ལ་མ་འགག་པ་ཆོས་ཐམས་ཅད་རིག་པའི་ཡེ་ཤེས་ཀྱི་ངང་དུ་འཇོམས་པར་མཛད་པས་རྡོ་རྗེའམ། དེ་གཉིས་དབྱེར་མི་ཕྱེད་པ་སྟེ་རིག་པའི་ཡེ་ཤེས་སྟོང་ཞིང་བདག་མེད་པ་ནི་ཆོས་ཀྱི་དབྱིངས། དེ་ཉིད་གསལ་ལ་མི་འགགས་པ་ནི་རང་བྱུང་གི་ཡེ་ཤེས། དེ་གཉིས་ནམ་མཁའ་དག་པ་དང་ཉི་མའི་འོད་བཞིན་དུ་དབྱེར་མི་ཕྱེད་པ་ནི་། མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་སྟེ་ཆོས་ཐམས་ཅད་རྡོ་རྗེ་ལྟ་བུ་རྣམ་གསུམ་གྱི་ངག་དུ་རང་གསལ་བ་བཞིའམ་རྒྱུའམ་རྩ་བ་ལྟ་བུའོ། །ཡང་ན་ཆོས་ཐམས་ཅད་སྣང་བ་སྐུ། གྲགས་པ་གསུང་། དྲན་རིག་ཐུགས་སུ་སངས་རྒྱས་ཏེ་དེ་གསུམ་ཡང་དབྱེར་མེད་པ་འདུས་མ་བྱས་པ་ལ་ཡང་རྡོ་རྗེ་ཞེས་བྱ་སྟེ་རྡོ་རྗེའི་བཤད་པ་གཉིས་སོ། །བཤད་པ་དེ་གཉིས་ལས་གོང་མ་འབྱར་བ་ཡིན་ཡང་འོག་མ་རྫོགས་པ་ཆེན་པོ་ལ་ཉེ། གོང་མའི་གསུམ་པོ་དེ་ཉིད་མ་འགག་པར་སྣང་བ་མཐོང་བ་མིག་གི་རྣམ་པར་ཤེས་པ་ལྟར་ཡང་སྣང་། སྣང་ཙམ་ཉིད་ན་ཡིད་ཀྱི་རང་བཞིན་ནོ། །རྡོ་རྗེ་ལྟ་བུ་རྣམ་གསུམ་དབྱེར་མེད་པའི་སྐུ་གསུང་ཐུགས་དབྱེར་མེད་པ་འདུས་མ་བྱས་ཀྱི་ངག་དུ་མ་གཡོས་ཏེ། གཉིས་སུ་མེད་པར་རྟོགས་པ་དེ་ཁོ་ན་གནས་སུ་དག་པ་ཡིན་པས། དེ་ལྟར་གནས་སུ་དག་པའམ་གཉིས་སུ་མེད་པར་རྟོགས་པའི་རང་བྱུང་གི་ཡེ་ཤེས་དེ་ཁོ་ན་སའི་སྙིང་པོའི་རང་བཞིན་ཡིན་ལ། སྐུར་སྣང་བའི་དུས་ན་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་མཚན་དང་དཔེ་བྱད་ཀྱིས་སྤྲས་པར་སྣང་སྟེ། མཚན་གྱི་རྣམ་གྲངས་སུ་བྱང་ཆུབ་ཆེན་པོ་ནི་འབྲས་བུ་མཐར་ཕྱིན་པའི་ངོ་བོ། རྡོ་རྗེ་ནི་འཁོར་འདས་དབྱེར་མེད་པ། ཆོས་ཐམས་ཅད་ཀྱི་གཞིའམ་རྩ་བར་མཐུན་ནོ། །མཐོང་བ་ནི་མིག་གི་རྣམ་ཤེས་འཁོར་བའི་ཆོས་ཏེ། འབྲས་བུའི་ཐེག་པ་འདི་ཉིད་ཀྱི་སྐབས་སུ་འཁོར་བ་མ་དག་པ་གཅིག་མྱ་ངན་ལས་འདས་པ་དག་པ་གཅིག་དོ་བསྡོས་ནས་ཁ་གཉིས་སུ་ཡོད་པ་མ་ཡིན་ཏེ། མ་རྟོགས་ན་འཁོར་བ་ཁོ་ནར་མ་གཏོགས་པ་མྱ་ངན་ལས་འདས་པ་མི་སྣང་ལ། རྟོགས་ན་སངས་རྒྱས་ཁོ་ན་ལས་འཁོར་བ་ཕྲ་བའང་མི་དམིགས་པས། དེས་ན་འཁོར་བའི་ཆོས་ལ་གཞལ་བ་ཉིད་ཀྱིས་འབྲས་བུ་སངས་རྒྱས་སྣང་བས་དེའི་ངོས་རྟོག་པ་དག་བྱ་སྨོས་པས། དེ་དག་པའི་འབྲས་བུ་སྐུ་གསུམ་དང་། ཡེ་ཤེས་ལྷུན་གྱིས་གྲུབ་པས་འཁོར་བ་མ་དམིགས་པ་ལྟ་བུར་བསྟན་ཏེ། བཤད་པ་དང་འཆད་པའི་རྟོགས་པ་ཐམས་ཅད་ལ་ཁྱབ་བོ། །བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོབ་པ་དང་ཞེས་པ། བྱང་ཆུབ་ཆེན་པོ་གོང་དུ་བཤད་པར་མཐུན། ཡིད་རྡོ་རྗེ་རྣམས་གསུམ་དབྱེར་མེད་པ་ཉིད་ཆོས་ཀྱི་དབྱིངས་སམ། གསལ་ལ་མི་འགགས་པའི་ངོས་ནས་ཡེ་ཤེས་སམ་དབྱེར་མེད་པ་དེ་ཉིད་མི་འགགས་པར་གསལ་བ་ཐོས་པ་རྣ་བའི་རྣམ་ཤེས་ལྟར་ཡང་སྣང་། སྣང་ཙམ་ཉིད་ན་རྡོ་རྗེ་ལྟ་བུའི་ངང་ལས་མ་གཡོས་ཏེ་ཆོས་ཀྱི་དབྱིངས་སུ་ལྷུན་གྱིས་གྲུབ་སྟེ། དབྱེར་མེད་པ་གཉིས་སུ་མེད་པའི་བདག་ཉིད་གསལ་ལ་མི་འགག་པ་རྣ་བའི་རྣམ་པར་ཤེས་པ་གནས་སུ་དག་ཅེས་ཀྱང་བྱ་སྟེ། ཐོས་བྱ་ཐོས་བྱེད་སྙན་མི་སྙན་གྱི་མྱོང་བྱེད་ཐམས་ཅད་འདུ་ཤེས་ཡིན་པས། རྣ་བའི་རྣམ་ཤེས་འདུ་ཤེས་དག་པ་རང་བྱུང་ཡེ་ཤེས་མངོན་དུ་གསལ་ཏེ། དེ་ཉིད་སྐུར་སྣང་བའི་དུས་ལ་དཀྱུས་ཀྱི་བྱང་ཆུབ་སེམས་དཔའ་གཉིས་བསྣོལ་ཏེ། སྤྱན་རས་གཟིགས་དབང་ཕྱུག་སྐུ་མཚན་གྱི་མེ་ཏོག་གིས་སྤྲས་པའོ། །བྱང་ཆུབ་སེམས་དཔའི་མཚན་གྱི་འབྲུ་བཤད་གོང་དུ་བཤད་ཟིན་པས། འདིར་ཐོས་པ་དག་བྱའི་ངོས་ནས་རྡོ་རྗེ་ཡན་ཆད་མཐུན་པ་ལས། སྣོམ་པ་སྣའི་རྣམ་ཤེས་གནས་སུ་དག་པ་ནམ་མཁའི་སྙིང་པོ་དང་སྦྱར། མྱོང་བ་ལྕེའི་རྣམ་ཤེས་ཕྱག་ན་རྡོ་རྗེ་དང་སྦྱར་རོ། །དེ་བཞིའི་ཡུམ་བསྟན་པ་ནི། བཙུན་མོ་མཐོང་བར་བྱ་བ་དང་ཞེས་པ་ལ་སོགས་ཏེ། འབྲས་བུ་མཐར་ཕྱིན་པའི་གནས་སྐབས་ན་གཟུགས་སྒྲ་དྲི་རོའི་ལྷ་མོ་བཞི་དང་། སེམས་ཅན་གྱི་གནས་སྐབས་ན་གཟུགས་ལ་སོགས་པའི་རྣམ་ཤེས་ཀྱི་ཡུལ་བཞི་དབྱེར་མེད་པའོ། །བཙུན་མོ་ཞེས་པ། གཟུགས་སྒྲ་དྲི་རོ་རེག་བྱའི་རྣམ་ཤེས་ཀྱི་ཡུལ་བཞི་ལ་དམིགས་པར་བྱ་བའམ་སྤྱད་པར་བྱ་བའི་ཕྱིར་ན་བཙུན་མོ་སྟེ། དེ་ཡང་དམིགས་པ་ནི་མིག་གི་རྣམ་ཤེས་ཀྱིས་གཟུགས་ལ་དམིགས་ཏེ། སྒྲ་དྲི་གང་ལའང་མི་དམིགས་པས། གཟུགས་ཀྱིས་མིག་གི་རྣམ་ཤེས་འདྲེན་པར་བྱེད་པས་ཡབ་ཡུམ་དང་འདྲ་བས་བཙུན་མོའོ། །སྤྱད་པར་བྱ་བ་ནི། མིག་གི་རྣམ་ཤེས་ཀྱིས་གཟུགས་ཡུལ་གཟུགས་ཁོ་ན་ལ་ཡང་བཟང་ངན་བར་པ་གསུམ་བྱེ་བྲག་ཉམས་སུ་མྱོང་སྟེ། སྒྲ་ལ་སོགས་ཏེ་གཞན་མ་ཡིན་པས། མི་ཕྱེད་པའི་དོན་གྱི་བཙུན་མོ་སྟེ་ཡུམ་མོ། །སྒྲ་དྲི་རོ་གསུམ་པོ་ལའང་དེས་འགྲེ་བས་བཙུན་མོ་བཞིའོ། །རིགས་ལྔ་ལ་དམ་པ་སྨོས། འདིར་དམ་པ་མ་སྨོས་པ་ནི་རིགས་ལྔ་གཙོ་བོ་ཡིན་པས་ཡུམ་ཡང་གཙོ་བོ་སྟེ་དམ་པ། འདིར་ནི་མཐར་ཕྱིན་འབྲས་བུའི་སྐབས་སུ་ཡང་འཁོར་ལྟ་བུ་ཡིན་པས། བྱང་ཆུབ་སེམས་དཔའ་རྣམས་དམ་པ་མ་སྨོས། རྟོག་པའི་སྐབས་སུ་ཡང་ཁམས་དང་སྐྱེ་མཆེད་ཉིད་ལག་ཡིན་པས་སོ། །མཐོང་བར་བྱ་བ་དང་ཞེས་པ། གོང་གི་ཡབ་ཀྱི་སྐབས་སུ་བསྟན་པའི་རྡོ་རྗེ་རྣམ་གསུམ་ཉིད་མི་འགགས་པ་ལས། མིག་གི་རྣམ་ཤེས་ཀྱིས་མཐོང་བར་བྱ་བའི་ཡུལ་གཟུགས་ལྟར་ཡང་སྣང་། སྣང་ཙམ་ཉིད་ན་རྡོ་རྗེ་ལྟར་འདུས་མ་བྱས་པའི་ངང་ལས་མ་གཡོས་ཏེ། སྣང་སྟོང་དབྱེར་མེད་པ་མཉམ་པ་ཉིད་ལྷུན་གྱིས་གྲུབ་པར་རྟོགས་པ་དེ་ཁོ་ན། མིག་གིས་ཡུལ་གཟུགས་གནས་སུ་དག་ཅེས་བྱ་སྟེ། དེ་ལྟར་དག་པ་གཉིས་སུ་མེད་པར་རྟོགས་པ་དེ་ཉིད་ལྷ་མོ་ལཱ་སྱེ་མའི་རང་བཞིན་ཡང་ཡིན་ལ། སྐུར་སྣང་བའི་དུས་ན་ཡང་ལཱ་སྱེ་མའི་སྐུ་མཚན་དཔེ་དང་ལྡན་པར་སྣང་ངོ་། །མཉན་པར་བྱ་བ་དང་ཞེས་པ། བཙུན་མོ་བཞི་ཀ་ལ་འགྲོ་བར་མཐུན། ཡིད་རྡོ་རྗེ་ལྟ་བུ་རྣམ་གསུམ་མི་འགགས་པ་ཉིད་མཉན་པ་སྒྲ་ལྟར་ཡང་སྣང་། སྣང་ཙམ་ཉིད་ན་རྡོ་རྗེ་ལྟ་བུ་རྣམ་གསུམ་གྱི་ངང་ལས་མ་གཡོས། སྣང་སྟོང་གཉིས་སུ་མེད་པར་རྟོགས་པ་དེ་ཁོ་ན་སྒྲ་གནས་སུ་དག་པ་ཡིན། དེ་ལྟར་གནས་སུ་དག་པའམ་གཉིས་སུ་མེད་པར་རྟོགས་པ་དེ་ཉིད་དབྱངས་མཁན་མའི་རང་བཞིན་ཡིན་ལ། སྐུར་སྣང་བའི་དུས་ན་དབྱངས་མའི་སྐུ་མཚན་དཔེ་བྱད་ཀྱིས་སྤྲས་པ་སྟེ་སྤྱན་རས་གཟིགས་ཀྱི་ཡུམ་མོ། །བསྣམ་པར་བྱ་བ་དང་ཞེས་པ། རྡོ་རྗེ་ལྟ་བུ་རྣམ་གསུམ་མི་འགགས་པའི་ངང་ལས་སྣའི་རྣམ་ཤེས་ཀྱིས་བསྣམ་པར་བྱ་བའི་ཡུལ་སྣོམ་པ་ལྟ་བུར་ཡང་སྣང་། སྣང་ཙམ་ཉིད་ན་རྡོ་རྗེ་ལྟ་བུ་རྣམ་གསུམ་གྱི་ངང་ལས་མ་གཡོས། སྣང་སྟོང་དབྱེར་མེད་པ་མ་མཉམ་ཉིད་གནས་སུ་དག་པ་ཞེས་བྱ་སྟེ། དེ་ཉིད་སྐུར་སྣང་བའི་དུས་ན་རྟོགས་པ་མཐར་ཕྱིན་པའི་ངོ་བོ་ཉིད་ལས་དྲིའི་ལྷ་མོ་མཚན་དཔེ་དང་ལྡན་པར་སྣང་སྟེ། ཡུལ་དང་དབང་པོར་སྦྱོར་ན་ནམ་མཁའི་སྙིང་པོའི་ཡུམ་མོ། །མྱོང་བར་བྱ་བའི་ཚོགས་དང་ཞེས་པ། གོང་གི་རྡོ་རྗེ་ལྟ་བུ་རྣམ་གསུམ་མི་འགགས་པའི་རྩལ་ལས་ལྕེའི་རྣམ་ཤེས་ཀྱིས་མྱོང་བར་བྱ་བའི་ཡུལ་རོའི་ཚོགས་སུ་སྣང་ལ། སྣང་ཙམ་ཉིད་ན་ཡིད་རྡོ་རྗེ་ལྟ་བུའི་ངང་ལས་མ་གཡོས་ཏེ། རོ་གནས་སུ་དག་པ་སྣང་སྟོང་གཉིས་སུ་མེད་པར་རྟོགས་པ་དེ་ཁོ་ན། ལྷ་མོ་གཱིརྟི་མའི་རང་བཞིན་ཡིན་ལ། ལྷ་མོ་གཱི རྟི་མའི་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པར་སྣང་ངོ་། །ཚོགས་དང་ཞེས་པ། གོང་གི་ཡབ་བཤད་པའི་རྗེས་སུ་བསྙེག་གོ། །དབང་པོ་བཞི་དང་། མཚམས་ཀྱི་སེམས་དཔའ་བཞི་བསྟན་ཏེ། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང་ཞེས་པ་ལ་སོགས་སྟེ། བྱང་ཆུབ་ཆེན་པོ་གོང་དུ་བཤད་པར་མཐུན་ཏེ་འགྲེའོ། །ཐ་མལ་པའི་དབང་པོ་བཞི་དང་། མཐར་ཕྱིན་པའི་བྱམས་པ་ལ་སོགས་པའི་སེམས་དཔའ་བཞི་དབྱེ་མེད་པར་བསྟན་ཏེ། དེས་ན་རྡོ་རྗེ་ལྟ་བུ་རྣམ་གསུམ་མི་འགགས་པའི་རྩལ་ལས་མཐོང་བྱེད་ཡུལ་མཐོང་བར་བྱེད་པའི་ཡིད་ཀྱི་དབང་པོ་ལྟར་ཡང་སྣང་ལ། སྣང་ཙམ་ཉིད་ན་ཡིད་ཀྱི་རང་བཞིིན་རྡོ་རྗེ་ལྟར་འདུས་མ་བྱས་པ་ལས་མ་གཡོས་ཏེ། དེ་ལྟར་འདུས་བྱས་དང་འདུས་མ་བྱས་གཉིས་སུ་མེད་པ་དེ་ཁོ་ན་མིག་གི་དབང་པོ་གནས་སུ་དག་ཅེས་བྱ་སྟེ། རྟོགས་པ་མཐར་ཕྱིན་པའི་ངོ་བོ་ཉིད་བྱམས་པའི་རང་བཞིན་ཡིན་ལ། སྐུར་སྣང་བའི་དུས་ན་བྱམས་པའི་སྐུ་མཚན་དཔེ་ཅན་དུ་སྣང་ངོ་། །མཚན་གྱི་རྣམ་གྲངས་སུ་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་ཅེས་ཀྱང་བྱའོ། །ཐོས་བྱེད་ཅེས་པ། བྱང་ཆུབ་ཆེན་པོ་མཐུན། ཡིད་རྡོ་རྗེ་ལྟ་བུ་རྣམ་གསུམ་དབྱེར་མེད་པ་ཉིད་མི་འགགས་པའི་རྩལ་རང་སྣང་བ་ཐོས་པར་བྱེད་པ་རྣ་བའི་དབང་པོ་ལྟར་སྣང་། སྣང་ཙམ་ཉིད་ན་རྡོ་རྗེ་ལྟ་བུ་རྣམ་གསུམ་ལས་མ་གཡོས་ཏེ། གཉིས་སུ་མེད་པར་རྟོགས་པ་རང་བྱུང་གི་ཡེ་ཤེས་དེ་ཁོ་ན། རྣ་བའི་དབང་པོ་གནས་སུ་དག་པའང་དེ་ཡིན། དེ་ཉིད་སྒྲིབ་པ་རྣམ་སེལ་གྱི་རང་བཞིན་ཡང་དེ་ཡིན་ལ། སྐུར་སྣང་བའི་དུས་ན་སྒྲིབ་པ་རྣམས་སེལ་གྱི་སྐུ་མཚན་དང་དཔེ་བྱད་ཅན་དུ་སྣང་བའོ། །མཚན་གྱི་རྣམ་གྲངས་སུ་བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་བྱེད་ཅེས་བྱའོ། །བྱང་ཆུབ་ཆེན་པོ་མཐུན། རྡོ་རྗེ་ལྟ་བུ་རྣམ་གསུམ་དབྱེར་མེད་པའི་རང་བྱུང་གི་ཡེ་ཤེས་གསལ་ལ་མི་འགགས་པ་ཉིད་ཡུལ་ལ་སྣོམ་པར་བྱེད་པའི་སྣའི་དབང་པོ་ལྟར་ཡང་སྣང་། སྣང་ཙམ་ཉིད་ན་ཡིད་ཀྱི་རང་བཞིན་རྡོ་རྗེ་ལྟ་བུ་རྣམ་གསུམ་དབྱེར་མེད་པའི་ངང་ལས་མ་གཡོས་ཏེ། རྟོགས་པ་དེ་ཁོ་ན་སྣང་བ་དབང་པོ་གནས་སུ་དག་པའང་ཡིན། དེ་ཉིད་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རང་བཞིན། སྐུར་སྣང་བའི་དུས་ན་ཀུན་ཏུ་བཟང་པོའི་སྐུ་མཚན་དཔེས་སྤྲས་པར་སྣང་ངོ་། །མཚན་གྱི་རྣམ་གྲངས་སུ་བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་བྱེད་ཅེས་ཀྱང་བྱ། བྱང་ཆུབ་ཆེན་པོ་མཐུན། རྡོ་རྗེ་མྱོང་བྱེད་ཅེས་པ། ཡིད་རྡོ་རྗེ་ལྟ་བུ་རྣམ་གསུམ་དབྱེར་མེད་པ་མཉམ་པ་ཉིད་མི་འགགས་པ་ལས། ཡུལ་རོ་མྱོང་བར་བྱེད་པའི་ལྕེའི་དབང་པོ་ལྟར་སྣང་ལ། སྣང་ཙམ་ཉིད་ན་རྡོ་རྗེ་ལྟར་འདུས་མ་བྱས་པ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཏེ། མཉམ་པ་ཉིད་ལྷུན་གྱི་གྲུབ་པ་ནི་ལྕེའི་དབང་པོ་གནས་སུ་དག་པའང་ཡིན་ལ། དེ་ལྟར་གནས་སུ་དག་པའམ་དབྱེར་མེད་པར་རྟོགས་པ་དེ་ཁོ་ན་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་རང་བཞིན་ཡང་ཡིན་ལ། འཇམ་དཔལ་གྱི་སྐུ་ལས་མཚན་དཔེས་སྤྲས་པར་སྣང་ངོ་། །མཚན་གྱི་རྣམ་གྲངས་སུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་མྱོང་བྱེད་ཅེས་ཀྱང་བྱའོ། །ཡུམ་བསྟན་ཏེ། བཙུན་མོ་འདས་པ་དང་ཞེས་པ། བཙུན་མོ་གོང་དུ་བཤད་དེ། འབྲས་བུ་མཐར་ཕྱིན་པའི་གནས་སྐབས་ན་འདུག་སྤོས་མ་དང་། མེ་ཏོག་མ་དང་། མར་མེ་མ་དང་། དྲི་ཆབ་མ་སྟེ་ལྷ་མོ་བཞི་དང་། དུས་འདས་པ་དང་། ད་ལྟར་དང་། མ་བྱོན་པ་དང་། ཕྱིས་འབྱུང་བ་བཞི་དབྱེར་མེད་པར་སྟོན་པ་ལ། དབང་པོ་བཞི་དང་དུས་བཞི་ཡབ་ཡུམ་དུ་སྦྱོར་བ་ཅིའི་ཕྱིར་ཞེ་ན། དབང་པོ་ལ་བརྟེན་ཏེ་རྣམ་པར་ཤེས་པ་སྐྱེ་སྟེ། ཡུལ་གཅོད་པའི་དུས་ན་ཡུལ་སྐད་ཅིག་མ་སྔ་ཕྱི་བཞི་སྣང་བ་ནི་དབང་པོ་ལ་བརྟེན་ཏེ་སྐྱེ་བས་ཡབ་ཡུམ་དུ་སྦྱོར་བའི་དགོས་ཆེད་དོ། །བཙུན་མོའི་བཤད་པ་སོང་ཟིན། འདས་པ་དང་བྱ་བ་ཡིད་རང་བྱུང་གི་ཡེ་ཤེས་རྡོ་རྗེ་ལྟ་བུ་རང་སྣང་བ་མི་འགགས་པ་ལས། དུས་འདས་པ་དང་དཔྱིད་ལྟར་ཡང་སྣང་ལ། དེ་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཏེ་མཉམ་པ་ཉིད་དབྱེར་མེད་པ་ཁོ་ན་དྷཱུ་པེ་མའི་རང་བཞིན་ཡང་ཡིན་ལ། སྐུར་སྣང་བའི་དུས་ན་བྱམས་པའི་ཡུམ་དྷཱུ་པེ་མ་མཚན་དང་དཔེ་བྱད་ཀྱིས་སྤྲས་པར་སྣང་ངོ་། །དེ་ལ་ནི་མཚན་གྱི་རྣམ་གྲངས་སུ་བཙུན་མོ་དམ་པ་འདས་པ་ཞེས་བྱའོ། །ད་ལྟར་དང་ཞེས་པ། ཡིད་རྡོ་རྗེ་ལྟ་བུ་རྣམ་གསུམ་མི་འགགས་པར་རང་སྣང་བ་དུས་ད་ལྟར་དང་། དབྱར་ལྟར་ཡང་སྣང་། སྣང་ཙམ་ཉིད་ན་ཡིད་འདུས་མ་བྱས་པ་ཆོས་ཀྱི་དབྱིངས་ལས་མ་གཡོས། དེ་ལྟར་གཉིས་སུ་མེད་པར་རྟོགས་པ་དེ་ཁོ་ན་པུཥྤེ་མེ་ཏོག་མའི་རང་བཞིན་ཡང་ཡིན་ལ། སྐུར་སྣང་བའི་དུས་ན་སྒྲིབ་པ་རྣམ་སེལ་གྱི་ཡུམ་ལྷ་མོ་མེ་ཏོག་མའི་སྐུ་མཚན་དཔེས་སྤྲས་པར་སྣང་ངོ་། །མ་བྱོན་པ་དང་ཞེས་པ། རྡོ་རྗེ་ལྟ་བུ་རྣམ་གསུམ་ཉིད་དབྱེར་མེད་པ་མཉམ་པ་ཉིད་མི་འགགས་པ་ལས་དུས་མ་བྱོན་པ་དང་སྟོན་གྱི་དུས་ལྟ་བུར་ཡང་སྣང་། སྣང་ཙམ་ཉིད་ན་ཡིད་རང་བྱུང་གི་ཡེ་ཤེས་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་ཏེ། དེ་ལྟར་དབྱེར་མེད་པ་ཉིད་ལྷ་མོ་མར་མེ་མའི་རང་བཞིན་ཏེ། སྐུར་སྣང་བའི་དུས་ན་ཀུན་ཏུ་བཟང་པོའི་ཡུམ་མཚན་དཔེས་སྤྲས་པར་སྣང་ངོ་། །འབྱུང་བ་ཞེས་པ། ཕྱིས་འབྱུང་བ་སྟེ། ཡིད་རྡོ་རྗེ་ལྟ་བུ་རྣམ་གསུམ་མི་འགགས་པའི་རྩལ་ལས་ཕྱིས་འབྱུང་བ་དང་དགུན་ལྟ་བུར་ཡང་སྣང་། སྣང་ཙམ་ཉིད་ན་ཡིད་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ལས་མ་གཡོས། སྣང་སྟོང་དབྱེར་མེད་པ་མཉམ་པ་ཉིད་རྟོགས་པའི་རིག་པ་ནི་ལྷ་མོ་དྲི་ཆབ་མའི་རང་བཞིན་ཡང་ཡིན་ལ། སྐུར་སྣང་བའི་དུས་ན་འཇམ་དཔལ་གྱི་ཡུམ་ལྷ་མོ་དྲི་ཆབ་མའི་སྐུ་མཚན་དཔེ་ཅན་དུ་སྣང་ངོ་། །ཚོགས་ཞེས་པ་གོང་དུ་ཡུལ་བཞིའི་ཡུམ་བཤད་པའི་སྐབས་སུ་འབྲུ་མནན་ཟིན་པར་ཤེས་པར་བྱའོ། །དུས་བཞིའི་བཤད་པ་ནི། གཞན་ལ་གསུམ་ལས་མེད། རྒྱུད་འདི་ལ་བཞིར་བཤད་པས། སངས་རྒྱས་སྟོང་ལ་དཔེ་བླངས་ན། རྒྱུ་ཚོགས་ལ་འབྲས་བུའང་སྤྱད་ཟིན་ཐལ་ཟིན་པ་ནི་སངས་རྒྱས་འཁོར་བ་འཇིག་ཡན་ཆད་ཀྱི་སངས་རྒྱས་རྣམས་ལྟ་བུ་སྟེ་དུས་འདས་པའོ། །ད་ལྟར་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་རྒྱུ་ཚོགས་འབྲས་བུ་སྤྱད་བདོ་བ་ཁོ་ནའོ། མ་བྱོན་པ་ནི་མགོན་པོ་བྱམས་པ་རྒྱུ་ཚོགས་ནས་སངས་རྒྱས་ལ་མ་རག་པ་སྐྱེ་བ་གཅིག་ཐོགས་པ་ལྟ་བུ་སངས་རྒྱས་པ་འབྲས་བུ་མ་སྤྱད་པ་ལྟ་བུ་ནི་མ་བྱོན་པའོ། །ཕྱིས་འབྱུང་བ་ནི་རྒྱུ་ལ་གནས་ཀྱང་མ་ཚོགས་ཏེ་ཡེ་ནས་ཚོགས་པའི་ངོ་བོ་ཉིད་ཡིན་པ་སེང་གེ་དང་རབ་གསལ་ལ་སོགས་ཏེ། སངས་རྒྱས་སྟོང་པོ་གཞན་རྣམས་ལྟ་བུ་སྟེ་ཕྱིས་འབྱུང་བའོ། །དུས་བཞི་དེ་ལ་ཐུང་བ་སྐད་ཅིག་མ་བཞིའི་ནམ་ཟླ་དབྱར་དགུན་སྟོན་དཔྱིད་བཞི། འཇིག་ཆགས་སྟོང་གནས་བཞི། རིང་ཐུང་གི་དབང་གིས་མང་བར་དབྱེའོ། །འཇོམས་བྱེད་ཁྲོ་བོའི་འཁོར་ནི། སྤྱིར་འབྲས་བུ་མཐར་ཕྱིན་པ་ལྷའི་གནས་སྐབས་ན། གཤིན་རྗེ་གཤེད་པོ་དང་། སྟོབས་པོ་ཆེ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་པ་དང་བཞི། སེམས་ཅན་གྱི་གནས་སྐབས་ན་ལུས་ཀྱི་རྣམ་པར་ཤེས་པ་དང་། ལུས་ཀྱི་དབང་པོ་དང་། ལུས་ཀྱི་ཡུལ་དབང་པོ་རེག་བྱ་དང་དེ་གསུམ་འདུས་པ་ལས་བྱུང་བའི་བྱང་ཆུབ་སེམས་རེག་ཤེས་དང་བཞི་དབྱེར་མེད་པའི་ངང་ལ་རྟོགས་ན་མྱ་ངན་ལས་འདས་པ། མ་རྟོགས་ན་འཁོར་བ་སྣང་བར་ཤེས་པར་བྱའོ། །ལུས་ཀྱི་ཡུལ་བཞི་ཁྲོ་བོ་བཞིར་སྤྱར་བའི་དགོས་ཆེད་ཅི་ཞེ་ན། ལུས་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་ཆོས་བཞི་ཤེས་པ་ཐམས་ཅད་ཀྱི་ནང་ན་རགས་པ་སྟེ། ལུས་ཀྱི་དབང་པོ་དང་། ཡུལ་དང་། རྣམ་ཤེས་དང་གསུམ་འཛོམ་པས་བྱང་ཆུབ་སེམ་རེག་ཤེས་ཀྱི་གནས་སྐབས་ན། རྟོག་པ་གཞན་མ་རྣམས་མི་གནས་པ་རགས་པའང་ཡིན། སྟོབས་ཆེ་བའང་ཡིན་པ་དང་། རྟོག་པ་ཐམས་ཅད་ཀྱི་ནང་ན་ལུས་ཀྱི་རྟོག་པ་ཕྱི་རོལ་ན་གནས་པ་ཡིན་པས། ལུས་ཀྱི་ཆོས་བཞི་གནས་གྱུར་ན་རྟོག་པ་གཞན་གནས་གྱུར་པ་ཡིན་ནོ། །དེ་གནས་གྱུར་པའི་ཁྲོ་བོ་རྣམས་ཀྱང་དཀྱིལ་འཁོར་གྱི་ཕྱི་རོལ་ན་གནས། དཀྱིལ་འཁོར་གྱི་ལྷ་གཞན་པས་སྐུ་ཆེ་ལ་ཡན་ལག་རགས་པ་མི་མཐུན་པ་འཇོམས་པའི་ཕྲིན་ལས་དང་ལྡན་ལ་དཀྱིལ་འཁོར་ཡང་དེའི་བྱིན་རླབས་ཀྱིས་བསྲུང་བའི་ཚུལ་གྱི་རྟགས་སུ་ཁྲོ་བོའི་སྐུ་ལ་མེ་རི་འབྲེལ་བས་དཀྱིལ་འཁོར་སྤྱི་དེའི་ནང་ན་བཞུགས་པ་ལྟ་བུ་རྣམས་ཏེ། ཁྲོ་བོ་དང་སྦྱར་བའི་དགོས་པའོ། །འཇོམས་པ་ཆེན་པོ་རེག་པ། ཞེས་པ། ཡིད་རང་བྱུང་གི་ཡེ་ཤེས་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་རྣམ་གསུམ་དབྱེར་མེད་པ་ཉིད་མི་འགག་པའི་རྩལ་རང་སྣང་བ་རེག་པ་ལུས་ཀྱི་དབང་པོ་ལྟར་ཡང་སྣང་། དེ་ལ་སྤར་ཁབ་མཁན་པོས་ལུས་ཀྱི་ཆོས་བཞི་ནི། གསང་བའི་དབང་པོ་ལ་སོགས་པ་བཞི་སྟེ། གཞན་ཡང་མི་འདོད་པ་མ་ཡིན་ནོ་ཞེས་པས། གསང་བའི་དབང་པོ་དང་། དེའི་ཡུལ་དང་དབང་པོ་འཛོམ་པའི་སྐད་ཅིག་མའི་ཤེས་པ་དང་གསུམ་འདུས་པའི་བྱང་ཆུབ་སེམས་རེག་ཤེས་མྱོང་བའི་དངོས་པོ་དང་བཞི་སྟེ། གཞན་ལུས་སྤྱིའི་དབང་པོའི་ཆོས་ཀྱང་བཀག་པ་མ་ཡིན་པར་སྟོན་ཏོ། །དེ་ལ་འཇོམས་པ་སྨོས་པ་ནི་གོང་དུ་བཤད་ཀྱང་། འདིར་འབྲུ་གནོན་པས་ལུས་ཀྱི་ཆོས་འཇོམས་པའི་དུས་སུ། རྟོག་པ་ཐམས་ཅད་མི་གནས་པས་ན་འཇོམས་པ་སྟེ། ལོག་རྟོག་གི་སྐབས་སོ། །ལུས་ཀྱི་དབང་པོ་མི་འགག་པར་སྣང་ཙམ་ཉིད་ཡིད་དུས་གསུམ་དུ་འདུས་མ་བྱས་པ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཏེ། མཉམ་པ་ཉིད་གཉིས་སུ་མེད་པ་རྟོགས་པ་མཐར་ཕྱིན་ནས་འགྲོ་བའི་དོན་དུ་སྐུར་སྣང་བའི་ཚེ། གཤིན་རྗེ་གཤེད་ཀྱི་རང་བཞིན་ཡང་ཡིན་ལ། གཤིན་རྗེའི་གཤེད་མཚན་དང་དཔེ་བྱད་ཀྱིས་སྤྲས་པར་སྣང་ངོ་། །མཚན་གྱི་རྣམ་གྲངས་སུ་འཇོམས་པ་ཆེན་པོ་རེག་པ་ཞེས་བྱ་སྟེ། རེག་པ་སྣང་སྟོང་དབྱེར་མེད་པ་བྱང་ཆུབ་སེམས་སུ་རྟོགས་པ་ནི། འཁོར་བ་རྒྱུ་འབྲས་གཏན་ནས་དག་སྟེ་མི་གནས་པས་ན་འཇོམས་ལ། ཆེན་པོ་ནི་འཁོར་འདས་དབྱེར་མེད་ཀྱི་ངང་ལ་མི་མཐུན་པ་དང་གཉེན་པོ་འཇོམས་བྱ་འཇོམས་བྱེད་ཀྱི་ཐ་སྙད་མ་དམིགས་པ་ནི་ཆེན་པོ་ཡིན་ལ། སླར་ལྡང་དུ་མེད་པས་ཀྱང་ཆེན་པོའོ། །ཕྱི་རོལ་དུ་གདུལ་བྱའི་ངོའི་སྣང་བ་བདུད་བཞི་ལ་སོགས་པ་མི་མཐུན་པའི་ཕྱོགས་འཇོམས་པས་ཆེན་པོ་སྟེ། འབྲུ་གནོན་བཞི་ཀ་དེས་འགྲེའོ། །མི་མཐུན་པ་འཇོམས་པའི་ཕྱིར་ཁྲོ་བོ་བཞི་སྒོ་བཞིར་བཟུགས་སོ། །འཇོམས་པ་ཆེན་པོ་རེག་བྱེད་དང་ཞེས་པ། ཡིད་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་རྣམ་གསུམ་དབྱེར་མེད་པ་མི་འགགས་པ་ལས་རེག་བྱེད་ལུས་ཀྱི་རྣམ་པར་ཤེས་པ་ལྟ་བུ་ཡང་སྣང་། སྣང་དུས་མཉམ་པ་ཉིད་གཉིས་སུ་མེད་པའི་ངང་ལས་མ་གཡོས་ཏེ་དེ་ཉིད་ལུས་ཀྱི་རྣམ་ཤེས་གནས་སུ་དག་པའང་ཡིན་ལ། སྐུར་སྣང་བའི་དུས་ན་སྟོབས་པོ་ཆེ་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པར་སྣང་ངོ་། །མཚན་གྱི་རྣམ་གྲངས་སུ་འཇོམས་པ་ཆེན་པོ་རེག་བྱེད་ཅེས་བྱའོ། །འཇོམས་པ་ཆེན་པོ་རེག་བྱ་ཞེས་པ། ཡིད་མཉམ་པ་ཉིད་ཆོས་ཀྱི་དབྱིངས་ལྟ་བུ་མི་འགགས་པ་ལས་ལུས་ཀྱི་དབང་པོའི་ཡུལ་རེག་བྱ་ལྟ་བུར་ཡང་སྣང་། སྣང་ཙམ་ཉིད་ན་སེམས་ཉིད་ཀྱི་དབྱིངས་ལས་མ་གཡོས་སེམས་ཉིད་དུ་གཉིས་སུ་མེད་པར་དེ་ཁོ་ན། ལུས་ཀྱི་དབང་པོའི་ཡུལ་རེག་བྱ་གནས་སུ་དག་པའང་ཡིན། དེ་ཉིད་ཁྲོ་བོ་རྟ་མགྲིན་གྱི་རང་བཞིན་ཡང་ཡིན། སྐུར་སྣང་བའི་དུས་ན་རྟ་མགྲིན་གྱི་སྐུ་མཚན་དང་དཔེ་བྱད་དང་ལྡན་པར་སྣང་། མཚན་གྱིས་རྣམ་གྲངས་སུ་འཇོམས་པ་ཆེན་རེག་བྱ་ཞེས་ཀྱང་བརྗོད་དོ། །འཇོམས་པ་ཆེན་པོ་རེག་ཤེས་དང་ཞེས་པ། ཡིད་རང་བྱུང་གི་ཡེ་ཤེས་རྡོ་རྗེ་ལྟ་བུ་མཉམ་པ་ཉིད་མི་འགག་པའི་རྩལ་ལས་ལུས་ཀྱི་ཆོས་གསུམ་འཇོམ་པའི་བྱང་ཆུབ་སེམས་རེག་ཤེས་ལྟ་བུར་ཡང་སྣང་། སྣང་ཙམ་ཉིད་ན་མཉམ་པ་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཏེ་དབྱེར་མེད་པ་དེ་ཁོ་ན་ཉིད་རེག་ཤེས་གནས་སུ་དག་པའང་ཡིན་ལ། ཁྲོ་བོ་བདུད་རྩི་འཁྱིལ་པའི་རང་བཞིན་ཡང་ཡིན་ལ། སྐུར་སྣང་བའི་དུས་ན་ཁྲོ་བོ་བདུད་རྩི་འཁྱིལ་པ་མཚན་དང་དཔེ་བྱད་ཀྱིས་སྤྲས་པར་སྣང་ངོ་། །དེ་ལ་མཚན་གྱི་རྣམ་གྲངས་སུ་འཇོམས་པ་ཆེན་པོ་རེག་ཤེས་ཞེས་ཀྱང་བརྗོད་དོ། །ཁྲོ་བོའི་ཡུམ་བསྟན་ཏེ། བཙུན་མོ་རྟག་པར་མ་ཡིན་པ་དང་། བྱ་བ་ལ་སོགས་པ་སྤྱིར་འབྲས་བུ་མཐར་ཕྱིན་པའི་གནས་སྐབས་ན། མི་ཕམ་མ། རོ་ལངས། ཁྲོ་གཉེར། རལ་གཅིག་ལ་སོགས་པ་བཞི་དང་། སེམས་ཅན་གྱི་གནས་སྐབས་ན། རྟག་པར་ལྟ་བ། ཆད་པར་ལྟ་བ། བདག་ཏུ་ལྟ་བ། མཚན་མར་ལྟ་བ་བཞི་དབྱེར་མེད་པར་སྟོན་ཏེ། དེ་ལ་བཙུན་མོ་ནི་རྟག་པ་ལ་སོགས་པའི་ལྟ་བ་བཞི་པོ་དེ་ལུས་ཀྱི་ཆོས་བཞིས་སྤྱད་པར་བྱ་བའི་ཡུལ་དུ་གྱུར་པ་ས་ན་ཡབ་ཡུམ་དུ་གྱུར་པ་བཙུན་མོའོ། །ཡང་ན་རྟག་པ་ལ་སོགས་པའི་ལྟ་བ་བཞི་གནས་སུ་དག་པ་ཁྲོ་བོ་བཞིའི་ཡུམ་དུ་གྱུར་པས་ན་བཙུན་མོའོ། །འོག་མ་གསུམ་ཀ་ལ་སྦྱར་བའོ། །འོ་ན་ལུས་ཀྱི་རྣམ་པར་ཤེས་པ་དང་། ལུས་ཀྱི་དབང་པོ་དང་། ཡུལ་རེག་བྱ་དང་གསུམ་འདུས་པ་ལས་བྱུང་བའི་བྱང་ཆུབ་སེམས་རེག་ཤེས་དང་བཞིའོ། །ལུས་ཀྱི་ཆོས་བཞི་དང་ཡུལ་ཡུལ་ཅན་དུ་སྦྱར་བ་གཏན་ཚིགས་ཅིའི་ཕྱིར་ཞེ་ན། ལུས་ཀྱི་ཆོས་བཞི་ནི་རྟོག་པ་རྣམས་ཀྱི་ནང་ན་རྩིང་པ་དང་། ལྟ་བ་བཞིའང་ལྟ་བ་རྣམས་ཀྱི་ནང་ན་རྩིང་ཞིང་ཤེས་རབ་ཆུང་བས་ཡབ་ཡུམ་དུ་སྦྱོར་བའི་གཏན་ཚིགས་སོ། །ཡིད་རང་བྱུང་གི་ཡེ་ཤེས་མཉམ་པ་ཉིད་གཉིས་སུ་མེད་པ་ཉིད་རང་སྣང་བ་མི་འགག་པ་ལྟ་བུར་ཡང་སྣང་། སྣང་ཙམ་ཉིད་ན་མཉམ་ཉིད་ཀྱི་ངང་ལ་སྣང་སྟོང་གི་མཐའ་དང་བྲལ་ཏེ་སེམས་ཉིད་ཀྱི་ངང་དུ་ལྷུན་གྱིས་གྲུབ་སྟེ། རྟག་པ་མ་ཡིན་པ་ཞེས་བྱ་སྟེ་རྟོག་པ་མཐར་ཕྱིན་པའི་ངོ་བོའོ། །དེ་ནི་ལྷ་མོ་ལྕགས་ཀྱུ་མའི་རང་བཞིན་ཡིན་ལ། སྐུར་སྣང་བའི་དུས་ན་ལྕགས་ཀྱུ་མ་མཚན་དང་དཔེ་བྱད་ཀྱིས་སྤྲས་པའོ། །མཚན་གྱི་རྣམ་གྲངས་སུ་རྟག་པར་མ་ཡིན་ཞེས་ཀྱང་གསུངས་སོ། །ཆད་པར་མ་ཡིན་པ་ཞེས་པ། ཡིད་རང་བྱུང་གི་ཡེ་ཤེས་མཐའ་ཐམས་ཅད་དང་བྲལ་བའི་མཉམ་པ་ཉིད་རང་སྣང་མི་འགག་པ་ལས་མེད་པའི་དངོས་འཛིན་ཆད་པར་ལྟ་བ་ལྟ་བུར་ཡང་སྣང་ལ། སྣང་ཙམ་ཉིད་ན་ཡིད་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་པར། ཆད་པའི་དངོས་པོར་གྲུབ་པ་མེད་པ་ཉིད་སེམས་ཉིད་མཉམ་པ་ཉིད་ཀྱི་ངང་དུ་གསལ་བ་ཉིད་ཆད་པ་མ་ཡིན་པ་ཞེས་བྱ་སྟེ། སྟོབས་པོ་ཆེའི་ཡུམ་ཞག་པ་མའི་རང་བཞིན་ཡང་ཡིན་ལ། སྐུར་སྣང་བའི་དུས་ན་རོ་ལངས་མ་ཞགས་པ་འཛིན་པ། སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པར་སྣང་ངོ་། །བདག་ཏུ་མ་ཡིན་པ་ཞེས་པ། སེམས་ཉིད་མཉམ་པ་ཉིད་མཐའ་ཐམས་ཅད་དང་བྲལ་བ་མི་འགག་པའི་རྩལ་ལས་བདག་ཏུ་ལྟ་བ་ལྟ་བུར་ཡང་སྣང་། སྣང་ཙམ་ཉིད་ན་སེམས་ཉིད་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་ཏེ། སྣང་སྟོང་དབྱེར་མེད་པ་མཉམ་པ་ཉིད་ནི་བདག་འཛིན་གཏན་ནས་མ་དམིགས་པས་མ་ཡིན་པ་ཞེས་བྱ་སྟེ། རྟོགས་པ་མཐར་ཕྱིན་པའི་དུས་སུ་ཁྲོ་མོ་ཁྲོ་གཉེར་མའི་རང་བཞིན་ཡང་ཡིན་ལ། སྐུར་སྣང་བའི་དུས་སུ་རྟ་མགྲིན་གྱི་ཡུམ་ལྕགས་སྒྲོག་མ་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པར་སྣང་ངོ་། །མཚན་མར་མ་ཡིན་པ་ཞེས་པ། སེམས་ཉིད་རང་བྱུང་གི་ཡེ་ཤེས་མཉམ་པ་ཉིད་མི་འགག་པའི་རྩལ་ལས་དངོས་པོ་གང་ལའང་འདུ་ཤེས་ཀྱི་མཚན་མར་གཟུང་བའི་དམིགས་འཛིན་ལྟ་བུར་སྣང་། སྣང་ཙམ་ཉིད་ན་སེམས་ཉིད་ཆོས་ཀྱི་དབྱིངས་མཉ མ་པ་ཉིད་ལས་མ་གཡོས། དེ་ཉིད་རྟོགས་པ་མཐར་ཕྱིན་པ་ནི། མ་ཡིན་པ་ཞེས་བྱ་སྟེ། རྟོག་པ་གནས་སུ་དག་པ་ཁྲོ་མོ་རལ་གཅིག་མའི་རང་བཞིན་ཡིན་ལ། སྐུར་སྣང་བའི་དུས་ན་བདུད་རྩི་འཁྱིལ་པའི་ཡུམ་དྲིལ་བུ་མ་མཚན་དང་དཔེ་བྱད་ཀྱིས་འབར་བར་སྣང་ངོ་། །སོགས་ཞེས་པ། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཀྱི་ལུས་ཀྱི་ཆོས་བཞི་དང་རྟག་ཆད་ཀྱི་མཐའ་བཞི་ཁྲོ་བོ་དང་ཁྲོ་མོར་གསལ་བའོ། །ཁྲོ་མོ་དེ་བཞིས་ལྟ་བ་བཞི་འཇོམས་པའི་ཕྱིར་ཡང་མ་ཡིན་པ་ཞེས་བརྗོད་དོ། །དེ་དག་གི་སྐུ་མདོག་བསྟན་ཏེ། དེ་དག་ཀུན་ཀྱང་ཞེས་པ་འདིར་འཁོར་བའི་ཆོས་ལ་གཞལ་ན་འབྲས་བུ་མངོན་དུ་རྟོགས་པར་བྱས་པ་ནི། ཐུན་མོང་མ་ཡིན་པའི་ཐེག་པ་འདིའི་སྐབས་སུ། རང་བཞིན་གྱི་དཀྱིལ་འཁོར་གཞལ་བས་རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་མངོན་དུ་བྱ་བའི་ཕྱིར། དེ་དག་བྱ་བ་ཕུང་པོ་ལྔ་པོ་དེ་དག་ཅེས་བྱ། ཡང་དེ་དག་གནས་སུ་དག་པའི་ཡེ་ཤེས་ལྔ་རིགས་ལྔའི་སྐུར་བྱུང་བ་དེ་དག་ཅེས་བྱ། དེ་ཡང་སྐུ་མདོག་བསྟན་པ་ནི། མཐིང་ག་དང་ཞེས་པ། རང་བྱུང་གི་ཡེ་ཤེས་གདུལ་བྱའི་ངོ་ལ་སྣང་བའི་དུས་སུ། ཡེ་ཤེས་ཉིད་མཚོན་པའི་སྐུ་མདོག་སྟེ། ཐུགས་རང་བྱུང་གི་ཡེ་ཤེས་ཉིད་ཅིས་ཀྱང་མི་འགྱུར་བའི་ངོས་ནས་མི་བསྐྱོད་པ་སྐུ་མདོག་མཐིང་གའོ། ཡང་ན་གནས་སྐབས་ཀྱི་གཙོ་བོ་འགྱུར་ཡང་ཡེ་ཤེས་མི་འགྱུར་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཕར་ནི་དངོས་པོ་ཐམས་ཅད་འཇོམས། ཚུར་ནི་ཅིས་ཀྱང་མི་ཚུགས་པའི་རྟགས་སུ་མཐིང་གའོ། །དཀར་པོ་ནི་སྐྱོན་ཐམས་ཅད་དང་བྲལ་ལ་མེ་ལོང་གསལ་ལ་མ་འགག་པས་མཐའ་གཉིས་ཀྱི་སྐྱོན་དང་བྲལ་བའི་རྟགས་སུ་རྣམ་སྣང་སྐུ་མདོག་དཀར་པོའོ། །སེར་པོ་ཞེས་པ། གསེར་ནི་ཡེ་ནས་ལྷད་དང་བྲལ་ལ། རྒྱས་པའི་ཁ་དོག་ཡིན་པ་བཞིན། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། ཐམས་ཅད་མཁྱེན་པའི་ཆེ་བའི་ཡོན་ཏན་ཐམས་ཅད་རྒྱས་པའི་དུས་སུ། ངོ་བོ་ཆོས་ཀྱི་དབྱིངས་ལས་མ་གཡོས་པས་སྣང་སྟོང་དང་ཡོད་མེད་ཀྱི་ཕྱོགས་ཆ་ཐམས་ཅད་དང་བྲལ་བ་ལ་མཉམ་པ་ཉིད་ཅེས་བྱ་སྟེ། གང་གི་ཕྱོགས་སུ་ཡང་མ་སོང་བ་ཉིད་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་བཞུགས་པས་བུདྡྷའི་གུ་ཎ་ཐམས་ཅད་ལྷུན་གྲུབ་ཏུ་རྒྱས་པས། རིན་ཆེན་འབྱུང་ལྡན་སྐུ་མདོགས་སེར་པོའོ། །ལེ་བརྒན་ཞེས་པ་དམར་པོ་སྟེ། སོ་སོར་རྟོགས་པའི་ཡེ་ཤེས་ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་ངོས་ནས། སྤྱིའི་མཚན་ཉིད་སྟོང་ཞིང་བདག་མེད་པ་མྱ་ངན་ལས་འདས་པ་དང་མི་ཕྱེད། རང་གི་མཚན་ཉིད་མ་འདྲེས་ཤིང་མ་འཆོལ་བས་ཀུན་རྫོབ་དང་མི་བྱེད་དེ་ཆགས་པ་གཉིས་དང་ལྡན་པས་སྣང་བ་མཐའ་ཡས་ཀྱི་མདོག་གོ། །ལྗང་གུ་ཞེས་པ། ཚོན་ལྔ་གཅིག་ཏུ་འདྲེས་པའི་མདོག་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་གདུལ་བྱ་གང་ལྟར་འདུལ་བ་བཞིན་ལས་སྣ་ཚོགས་ལ་འཇུག་པས་དོན་ཡོད་གྲུབ་པ་ལྗང་གུའོ། །འཚེར་བ་ཞེས་པ། ཡེ་ཤེས་ལྔ་སྐུར་སྣང་བའི་སྐུ་མདོག་ནི། ཐུགས་ཡེ་ཤེས་སྣང་བས་ཡེ་ཤེས་ལ་ཕྱིན་ཅི་ལོག་གི་སྐྱོན་དང་བྲལ་བའི་རྟགས་སུའང་འཚེར་ལ། ཡེ་ཤེས་ཀྱི་མཚན་ཉིད་ཇི་ལྟར་བཤད་ཀྱང་། དོན་སྤྱི་ཡིད་ཀྱི་དམིགས་པ་ཐམས་ཅད་དང་བྲལ་བའི་རྟགས་སུ། གདུལ་བྱའི་མིག་གི་བལྟར་མི་བཟོད་པར་འཚེར་ཏེ་མིག་ཟི་ལངས་པ་ལྟ་བུའོ། །ཀུན་བཟང་རིགས་ལྔ་དང་བཅས་པ་ནི། རང་བྱུང་གི་ཡེ་ཤེས་ཡེ་ཤེས་ལྔར་སྣང་བའི་མཚན་ཉིད། དེ་ཡང་ཁམས་གསུམ་འཁོར་བའི་ཆོས་ལ་ཕུང་པོ་ལྔ་གནས་སུ་དག་པ་ཡེ་ཤེས་ལྔའི་ངང་དུ་ལྷུན་གྱིས་གྲུབ་པ་སྟེ། དཔེར་ན་གོས་ངོ་གཉིས་པ་ལྟ་བུའོ། །དེ་ཡང་བཤད་ན། རང་བཞིན་གཞིའི་དཀྱིལ་འཁོར་སྣང་བའི་ཚུལ་ནི། སེམས་ཀྱི་རང་བཞིན་བསམ་བརྗོད་ལས་འདས་པ་རང་གི་རང་བཞིན་ཉིད་མ་རྟོགས་པས། ཡེངས་པའི་ཚུལ་གྱིས་འཁོར་བ་ལ་ཁ་བལྟས་ཏེ། རྣམ་ཤེས་ཚོགས་བརྒྱད་རྣམས་མ་གྲུབ་པ་ལ་གཟུང་འཛིན་གྱིས་དེར་འཛིན་གྱི་ཤེས་པ་བརྒྱད་བྱུང་། དེར་རྣམ་ཤེས་ཀྱིས་གཟུགས་ཆོས་ཉིད་དུ་དབྱེར་མེད་པ་མ་རྟོགས་ཏེ། ལས་ཀྱིས་བསྒྲུབས་པ་ལྟར་སྣང་བའི་ཕྱི་ནང་གི་གཟུང་འཛིན་སྣ་ཚོགས་སུ་སྣང་བས་རྣམ་ཤེས་ཀྱི་རྟིང་ལ་སྨོས་སོ། །ཕྱི་ནང་གི་གཟུགས་ལ་བརྟེན་ཏེ། བདེ་སྡུག་གི་ཚོར་བ་དྲུག་གསུམ་བཅོ་བརྒྱད་བྱུང་བས་དེའི་རྗེས་ལ་སྨོས་སོ། །ཚོར་བ་ལ་བརྟེན་ཏེ་ཕྱི་ནང་གི་ཆོས་སྐུ་དང་ཡེ་ཤེས་ཀྱི་མུ་དྲ་ཡིན་པ་ལ། མ་རིག་པས་འདུ་ཤེས་ཀྱི་ཡུལ་དུ་བཟུངས་བས་གོང་གི་རྗེས་ལ་སྨོས་སོ། །འདུ་ཤེས་ཀྱི་འཛིན་པས་དགེ་སྡིག་ལུང་མ་བསྟན། འདུ་བྱེད་ཀྱི་ཆོས་གསུམ་བྱུང་བས་འདུ་བྱེད་རྟིང་ལ་སྨོས་ཏེ། ལོག་རྟོག་རང་སྣང་གི་དཀྱིལ་འཁོར་རོ། །གཞི་ལོག་རྟོག་རང་སྣང་གི་དཀྱིལ་འཁོར་དེ་ཉིད་ལ་བརྟགས་ཏེ། ཐེག་པ་འདི་ཉིད་ཀྱི་གཏན་ཚིགས་ཀྱིས་གཞལ་བས་རྟོགས་གོམས་མཐར་ཕྱིན་པའི་དུས་སུ། མེ་ལོང་གཡའ་དག་པ་མཐར་ཕྱིན་ན་གསལ་བ་མཐར་ཕྱིན་པ་ལྟར། འཁོར་བ་ཉིད་ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་དུ་གསལ་ན། ཟག་མེད་ཀྱི་ཕུང་པོ་ལྔ་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་སྟེ། ཟག་མེད་ཀྱི་ཕུང་པོ་ལྔ། ལྷག་པ་ཤེས་རབ་ཀྱི་ཕུང་པོ་ནས་རིམ་པ་བཞིན་དུ་བརྩིའོ། །ཡེ་ཤེས་ལྔ་ཡང་སྟོང་པ་ཉིད་ཀྱི་ཡེ་ཤེས་རིམ་པ་བཞིན་དུ་འཆར་བར་བཤད་ཀྱང་། ངོ་བོ་ནི་སྐད་ཅི་མ་གཅིག་ལ་དབྱེར་མེད་པའོ། །གླེང་གཞི་བཞུགས་པའི་མཚན་ཉིད་ལ་གསུམ་གྱི་སྐུ་མདོག་ཕྱག་མཚན་སོང་ཟིན། ཁྱབ་པའི་མཚན་ཉིད་ནི། ཆོས་ཀྱི་དབྱིངས་ཀུན་ཏུ་མཐའ་ཡས་པ་ལ་སོགས་པ་སྟེ། ཆོས་ཀྱི་དབྱིངས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དེ་ལ་ཁྱབ་པའི་བདག་ཉིད། མེད་ལ་ཟད་མི་ཤེས་སྟོང་ལ་ཐམས་ཅད་འབྱུང་བའོ། །ཀུན་ཏུ་ནི། ཕྱོགས་ཀུན་ནས་ཀུན་ཏུ་ཕྱོགས་བཅུ་མཐའ་ཡས་པ་ཇི་ཙམ་པ་དེ་ཙམ་དུ་ཁྱབ་པའོ། །དུས་ཀུན་ཏུ་དུས་བཞི་ཐོག་མ་དང་ཐ་མ་མེད་པར་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཅིང་མི་འདའ་བའོ། །མཐའ་ཡས་པ་ནི་དུས་དང་གནས་སྐབས་གཉིས་པོ་མཐར་ཐུག་པ་མེད་པའོ། །ཁྱབ་པ་ནི་ཐམས་ཅད་ཕུན་སུམ་ཚོགས་པའི་གླེང་གཞི་ཉིད་དུ་གསལ་བའོ། །དེའི་ཚུལ་ནི་རྟོག་པ་མ་དམིགས་པས་འཁོར་བ་ཐ་སྙད་ཙམ་ཡང་མི་གནས་ཏེ། ཐམས་ཅད་སྐུ་དང་ཡེ་ཤེས་ཤ་སྟག་ཏུ་གྱུར་ཀྱང་ལྟོས་པའི་ཟླ་འཁོར་བ་མ་གྲུབ་པའི་ཕྱིར། དག་པའམ་སངས་རྒྱས་སམ་མྱ་ངན་ལས་འདས་པ་ཐ་སྣད་ཙམ་ཡང་མ་དམིགས་ཏེ། སེམས་ཉིད་རང་རིག་པ་རང་ཐོག་ཏུ་ཕྱིན་པས། འདུ་ཤེས་ཐམས་ཅད་དང་བྲལ་ཏེ་རིགས་པར་གསལ་བའི་ངོ་བོའོ། །དེའི་ཚུལ་ནི་འདི་ལྟ་སྟེ་ཞེས་པ་ཉེ་བར་སྟོན་པའི་ཚིག་གོ། །དཔེར་བསྟན་ན། ཏིལ་གྱི་གང་བུ་བཞིན་ཅེས་པ། ཏིལ་གྱི་གང་བུ་ཏིལ་འབྲས་ཀྱིས་གང་བ་ཐམ་པ་ནམ་པར་ཡོད་ལ། དེ་ཐམས་ཅད་ལ་ཏི་ལ་མར་གྱིས་ཁྱབ་པ་བཞིན་དུ་ག་ནས་ཁྱབ་པར་བཞུགས་སོ། །ཅེས་པ་དཔེ་ཏིལ་གྱི་གོང་བུ་བཞིན་ཆོས་ཀྱི་དབྱིངས་མཐའ་མེད་པ། དཔེ་ཏིལ་འབྲས་བཞིན་རྟོག་པའི་ཚོགས་ཀྱིས་སྤུངས་ཏེ་གང་ན་བཞུགས་པ་དེ་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་དག་སྟེ་ཐམས་ཅད་དེ་ཉིད་དུ་ལྷུན་གྱིས་གྲུབ་པའོ། །ཁྱབ་པ་ནི་ཏིལ་འབྲུ་ཏིལ་མར་གྱིས་ཁྱབ་པ་བཞིན་དུ། སྐུ་ཇི་ལྟར་སྣང་ཡང་རང་བྱུང་གི་ཡེ་ཤེས་ཀྱིས་ཁྱབ་པ་ནི། ཏིལ་འབྲུ་ཏིལ་མར་གྱིས་ཁྱབ་པ་ལྟ་བུའོ། །བཞུགས་སོ་ཞེས་པ། བཞུགས་བྱ་བཞུགས་བྱེད་ལྟ་བུ་མ་ཡིན་ཏེ། ནམ་མཁས་ནམ་མཁའ་ལ་མི་གཡོ་བ་དང་འདྲ་བར་རང་བྱུང་གི་ཡེ་ཤེས་དེ་ཉིད་ལ་འདའ་བ་མེད་པའོ། །མང་བའི་ཚད་ནི་དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ་ཞེས་པ་གོང་དུ་རྟོག་ཚོགས་བཞི་བཅུ་རྩ་གཉིས་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་ངོ་བོ་སྟེ། ཚོགས་ནི་རྟོག་པ་གཅིག་དག་ན་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཀྱི་རྟོག་པ་དག་པ་ནི། རྟེན་གྱི་གང་ཟག་གཅིག་གི་ངོས་ནས་ཏེ། ཆུ་རྙོག་མ་དག་པ་དང་འདྲ་བར་རྟོག་པ་གཏན་ནས་དག་པ་ཉིད། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་སྟེ། ངོ་བོ་དང་རྣམ་གྲངས་བརྗོད་ཀྱིས་མི་ལང་བ། རྟོགས་པའི་དུས་སུ་ཡུལ་ཡུལ་ཅན་དབྱེར་མེད་པ། མ་དམིགས་པའི་དུས་སུ་དབྱིངས་ཡེ་ཤེས་དབྱེར་མེད་པའི་ངོ་བོ་ཉིད་ལས། ནམ་མཁའ་ལས་མི་འདའ་བ་ལ་ནི་བཞུགས་སོ་ཞེས་བརྗོད་དོ། །གོང་དུ་བསྟན་པ་ལྟར་བཞུགས་པ་ནི་འབྲས་བུ་རང་སྣང་གི་བཞུགས་ཚུལ་ལོ། །ཐུགས་རྗེའི་མཛད་པ་མི་འགག་པ་གདུལ་བྱ་དབང་པོ་རབ་འབྲིང་གི་བྱེ་བྲག་ལ་སྣང་བ་ནི་བཞི་སྟེ། རྫུ་འཕྲུལ་གྱིས་བཞུགས་པ་དང་། ཏིང་ངེ་འཛིན་གྱིས་བཞུགས་པ་དང་། ཆོས་འཆད་ཅིང་བཞུགས་པ་དང་། སྤྱོད་ལམ་གྱིས་བཞུགས་པའོ། །དེ་ལ་རྫུ་འཕྲུལ་གྱིས་བཞུགས་པ་ནི་མཛད་པ་བཅུ་གཉིས་ཀྱིས་འགྲོ་དོན་བྱེད་པ་སྟེ། ཡུམ་གྱི་ལྷུམས་ན་བཞུགས་པས་འདུལ་བ་རྣམས་ལ་དེ་ལྟར་སྣང་། ལྷུམས་ནས་བལྟམས་པས་འདུལ་བ་རྣམས་ལ་དེ་ལྟར་སྣང་། མཐར་མྱ་ངན་ལས་འདའ་བས་འདུལ་བ་རྣམས་ལ་དེ་ལྟར་སྣང་། གདུང་སྦྱང་བས་འདུལ་བ་རྣམས་ལ་དེ་ལྟར་སྣང་། རིང་བསྲེལ་གྱིས་འདུལ་བ་རྣམས་ལ་དེ་ལྟར་སྣང་། གསུང་བརྗོད་ཡི་གེའི་ཚོགས་ཀྱིས་འདུལ་བ་རྣམས་ལ་དེ་ལྟར་སྣང་སྟེ། མདོར་ན་སྟོན་པས་གོམ་པ་གང་སྤོ་བའང་འགྲོ་བ་མང་པོའི་དོན་དུ་འགྱུར་བའོ། །ཏིང་ངེ་འཛིན་གྱིས་འདུལ་བ་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། གནས་འོག་མིན་དུ་སྟོན་པ་རྣམ་པར་སྣང་མཛད་ལོངས་སྐུར་བཞུགས་ནས། འཁོར་བྱང་ཆུབ་སེམས་དཔའ་རྣམས་ལ་སྐུ་དང་ཐུགས་ཏིང་ངེ་འཛིན་གྱིས་ཆོས་བསྟན་ཏེ། འཁོར་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྩལ་འབྱོ ངས་ཤེས་བྱའི་སྒྲིབ་པ་དག་པའོ། །ཆོས་འཆད་པར་བཞུགས་པ་ནི། གོང་གི་སྤྲུལ་སྐུའི་ཡན་ལག་སྟེ། སྤྲུལ་པའི་ཤཱཀྱ་ཐུབ་པས་གདུལ་བྱ་གང་ལ་གང་འདུལ་རྣམས་ལ། གནས་སྟོང་གསུམ་ན་སྟོན་པ་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་པ། གདུལ་བྱ་འགྲོ་དྲུག་ལ་དགེ་བ་བཅུ་ཡན་ཆོད་ནས། བྱང་ཆུབ་སེམས་དཔའི་མཛད་སྤྱོད་བདེན་པ་གཉིས་ཀྱི་དོན་ལ་སོགས་པས་ཆོས་འཆད་པའོ། །སྤྱོད་ལམ་གྱིས་འདུལ་བ་ནི་གོང་མ་དེ་དག་གིས་མི་འདུལ་བ་རྣམས་ལ། ལྷ་དེ་བ་མིའི་སྡེ་དཔོན་བརྒྱ་བྱིན་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་དགེ་བའི་བཤེས་གཉེན་ཚད་མ་ལ་སོགས་པར་སྣང་ནས། དགེ་བ་བཅུ་དང་། ཚད་མེད་པ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སྦྱོང་བར་བྱེད་པ་དེ་ལྟར་བཞུགས་པའོ། །གླེང་གཞི་བསྡུས་པ་བསྟན་ཏེ། ཅིའི་ཕྱི་བསྡུས་ཤེ་ན། གོང་གི་སྟོན་པ་དང་། གནས་དང་། འཁོར་དུ་ལྡན་ནས་ཕུན་སུམ་ཚོགས་པ་དྲུག་འཛོམས་པ་ལ། བརྗོད་བྱ་མཚོན་པར་བྱེད་པའི་རྗོད་བྱེད་དུ་འབྱུང་བ་ཡང་། རྒྱུ་འབྲས་དབྱེར་མེད་པ་དང་། ཕུན་སུམ་ཚོགས་པ་བཞི་དང་། གླེང་གཞིའི་དོན་བསྡུས་པ་དངོས་དང་བཞིའི་སྒོ་ནས་རྒྱུད་ཀྱི་དོན་ཕུན་སུམ་ཚོགས་པ་འབྱུང་བ་དེ་ཡང་། བྱུང་ཡང་ཀུན་ཏུ་བཟང་པོའི་ཐུགས་དཀྱིལ་འཁོར་དུ་སྣང་ལ། དེ་ཉིད་ཡབ་ཡུམ་དུ་དབྱེར་མེད་པ་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་བདག་ཉིད་ཀྱི་རྩ་ལས་བྱུང་བ། འདུས་ཀྱང་དེར་འདུས་ཏེ་སྟོན་ཡང་དེ་ཉིད་སྟོན་པས། དེའི་ཕྱིར་ན་སྟོན་པས་དབྱིངས་ཡེ་ཤེས་དབྱེར་མེད་པ་ཐུགས་སུ་ཆུད་པའི་རང་བྱུང་གི་ཡེ་ཤེས་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ་རིགས་ལྔར་བྱུང་བ་དེ་ཡང་ལོགས་པ་མེད་དེ། སེམས་ཅན་གྱི་དུས་ན་ཕུང་པོ་ལྔ་གནས་སུ་དག་པའོ། །ཡེ་ཤེས་ཀྱི་ཡུལ་ཆོས་ཀྱི་དབྱིངས་ལ་མཚན་ཉིད་དབྱེ་བ་མེད་ཀྱང་ཡེ་ཤེས་སོ་སོའི་ཡོན་ཏན་གྱི་ཆ་འཛིན་པ་དབྱིངས་ལྔའི་མཁའ་ནི་གནས་ཕུན་སུམ་ཚོགས་པའོ། །དེ་ལྟར་སྟོན་པ་འཁོར་གནས་གསུམ་དང་ལྡན་པ་ལས་གོང་དུ་བསྟན་པའི་རྒྱུད་ཀྱི་དོན་བཞི་བྱུང་ཡང་། དབྱིངས་དང་ཡེ་ཤེས་དབྱེར་མེད་ལས་བྱུང་ཞིང་འདུས་ཏེ། དབྱིངས་ཡེ་ཤེས་དབྱེར་མེད་དུ་སྟོན་པའི་ཕྱིར། རྒྱུད་ཀྱི་དོན་བརྗོད་བྱ་དང་རྗོད་བྱེད་གླེང་བའི་གཞི་ཕུན་སུམ་ཚོགས་པ་སྟེ་ཁོག་དོན་སྤྱིར་བསྟན་པའོ། །དེ་ནས་དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པ་དེ་ནི་གོང་མ་ལ་སྙེག་སྟེ་བཤད་པའི་བཞིན་གླེང་གཞི་ཕུན་སུམ་ཚོགས་པའི་སྐད་ཅིག་མའོ། །ནས་ནི་རྗེས་ཐོགས་ཏེ་གླེང་གཞི་བསྡུས་པའི་མགོ་འདྲེན་ནོ། །བསྡུས་པ་སྣང་ཚུལ་ནི། དེ་བཞིན་གཤེགས་པ་ཞེས་པ། འབྲས་བུ་མངོན་དུ་བྱས་པའི་ལྷུན་གྲུབ་ཀྱི་བུདྡྷ་འཁོར་འདས་དབྱེར་མེད་རིག་པ་རང་བྱུང་གི་ཡེ་ཤེས་སྟོན་པ་ཕུན་སུམ་ཚོགས་པའི་ངོ་བོ་ཉིད། རང་བྱུང་གི་ཡེ་ཤེས་ཡེ་ཤེས་ལྔར་སྣང་བའི་རྟགས་སུ་རིགས་ལྔ་སྟེ། འདིར་ལྔ་མ་སྨོས་ཀྱང་བཙུན་མོའི་སྐབས་སུ་ཚོགས་སྨོས་པས་དེའི་ཟླས་ལྔའོ། །བཙུན་མོ་ནི་ཡུམ་སྟེ། ཚོགས་ཞེས་པས་ལྔའོ། །དེ་ལ་ཚོགས་ཀྱི་སྒྲས་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་གླེང་གཞི་ཕུན་སུམ་ཚོགས་པས་གསལ་བར་མངོན་ནོ། །གཉིས་སུ་མེད་པ་ཞེས་པ། དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད། རྟགས་ཐབས་དང་ཤེས་རབ་གཉིས་སུ་མེད་དེ། གསང་བ་ནི་རང་བཞིན་གསང་བའི་སྙིང་པོ་བུདྡྷ་ཐམས་ཅད་ཐམས་ཤེས་རབ་གཉིས་སུ་མེད་པའི་ངོ་བོ་མཐའ་ཐམས་ཅད་དང་བྲལ་བས། དབུས་སུ་ཡང་གཟུང་དུ་མེད་པའི་བདག་ཉིད་ཀུན་གྱིས་རྟོགས་དཀའ་བས་ན་གསལ་བ་སྟེ། དཀྱིལ་འཁོར་ནི་སྣང་སྟོང་དབྱེར་མེད་པ་མཉམ་པ་ཉིད་ལྷུན་གྱིས་གྲུབ་པའོ། །འདི་ལ་སྤར་ཁབ་མཁན་པོས་ལྷུན་གྲུབ་ཀྱི་བུདྡྷ་ཡབ་ཡུམ་ཐབས་དང་ཤེས་རབ་འབྱོར་བའི་མཐའ་བྲལ་གྱི་ཡེ་ཤེས་ངོས་གཟུང་ཐམས་ཅད་དང་བྲལ་བས་བདེ་བ་དེ་ཙམ་དུ་ཡང་འཛིན་པ་མེད་པས་ཆེན་པོའི་དགོངས་པ་ལ་འབྲས་བུའི་ཆོས་ཉི་ཤུ་རྩ་ལྔ་ལ་སོགས་པ་ཐམས་ཅད་ལྷུན་གྱིས་གྲུབ་པ་ནི། མཐར་ཐུག་པའི་ཡེ་ཤེས་ཡིན་པས་ན། སངས་རྒྱས་འབའ་ཞིག་མིན་པ་ས་བཅུ་པའི་སྤྱོད་ཡུལ་ཡང་མ་ཡིན་ཏེ། ས་བཅུ་པ་ལ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ནས། དེ་མངོན་དུ་སྣང་བས་ལམ་མཐར་ཕྱིན་བུདྡྷ་པའི་ཕྱིར་ན། ལམ་པ་དང་ཐུན་མོང་མ་ཡིན་པས་གསང་བའི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཅེས་སྨོས་ཏེ། ཐེག་པ་མཐར་ཐུག་པའི་རྒྱུད་འདི་ཉིད་ཀྱི་སྐབས་སུ་ངོ་མཚར་ཆེའོ། དེ་དག་ཉིད་ཀྱི་ཞེས་པ། རིགས་ལྔ་ཡང་ཡུམ་གྱི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་ནི་རང་བཞིན་གསང་བའི་སྙིང་པོ་རྒྱུད་ཀྱི་དོན་ཁོ་ནའོ། །འདི་ཉིད་ནི་རྒྱུད་ཀྱི་དོན་མཚོན་བྱ་གསང་བ་འདི་ཉིད་མཚོན་བྱེད་ཚིག་འོག་ནས་འབྱུང་བ་ཁོ་ན་ཉིད་དོ། །བྱུང་ཚུལ་ནི་སྐུ་ལྔ། གསུང་ལྔ། ཐུགས་ལྔ། ཡོན་ཏན་ལྔ། ཕྲིན་ལས་ལྔ་དབྱེར་མེད་དུ་མི་ཕྱེད་པ་རྡོ་རྗེ་ལྟ་བུ་ཀུན་ཏུ་བཟང་པོའི་ངོ་བོ་ཉིད་ལས་སྣང་བ་ལས། ཕྱུང་བྱ་ཕྱུང་བྱེད་རྒྱུ་འབྲས་མེད་ཀྱང་ཆུ་དྭངས་པ་ལ་ཟླ་བའི་གཟུགས་བརྙན་འཆར་ཡང་འགྲོ་འོང་མེད་པ་བཞིན། གསུང་ལྔ་ལྷུན་གྲུབ་རང་བཞིན་གསང་བའི་སྙིང་པོ་གླེང་གཞི་བསྡུས་པའི་དོན་འཁོར་གྱི་རིག་པ་ལ་རང་གསལ་བ་ནི། ཐ་སྙད་དུ་བྱུང་ཞེས་བྱའོ། །ད་གཞུང་དངོས་བསྟན་པ་དང་ཐུན་མོང་དུ་བསྟན་པ་ནི། ཨེ། ཨེ་མ། ཨེ་མའོ་ཞེས་ཡོང་ཡེའི་ཡོང་གིས་ཡེ་ནས་ཞེས་བྱ་སྟེ། ཡོང་དང་པོ་ནི་ཆོས་ཐམས་ཅད་རང་བཞིན་གསང་བའི་སྙིང་པོའི་ངོ་བོ་ཡིན་ནོ་བྱ་བ་དང་། ཨེ་མ་ཞེས་པ། ཡོང་ཡེ་ཞེས་པ་སྟེ། ཐམས་ཅད་གསང་བའི་སྙིང་པོ་ཡེ་ནས་ཡིན། ཞེས་པ་དང་། ཨེ་མའོ་ཞེས་པ། ཡོངས་གིས་ཞེས་བྱ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་བཞིན་གསང་བའི་སྙིང་པོར་ལྷུན་གྱིས་གྲུབ་ཞེས་བྱ་བ་ལྟ་བུ་སྟེ། ངམ་པ་གསུམ་ལ། སློབ་དཔོན་གྱིས་མཆིམས་ཕུར་གསུངས་པའི་དུས་སུ་དེ་ཙམ་གསུངས་སྐད། སྨན་ལུང་དུ་གསུངས་པའི་དུས་སུ་ཨེ་མ་ངམ་པ་སྟེ་ཅི་ལ་ངམ་ཞེ་ན། འཁོར་བའི་ཆོས་ཕུང་ཁམས་སྐྱེ་མཆེད་རྣམས། གཞི་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་སྤྲོས་པ་རྣམ་པར་དག་པ་གཞི་ཇི་བཞིན་པའི་ངང་དུ་བུདྡྷ་པ་ལ་ངམ། ཨེ་མ་ཞེས་པ། དོན་དེ་ཉིད་རྟོག་པ་མཐར་ཐུག་ཕུང་ཁམས་སྐྱེ་མཆེད་རྣམས། མ་འགགས་པ་མ་དམིགས་པ་ཡེ་ཤེས་སུ་ལྷུན་གྱིས་གྲུབ་ཅིང་བུདྡྷ་བ་ལ་ངམ་པའོ། །ཨེ་མའོ་ཞེས་པ། དེ་གཉིས་ཀྱང་རྟོག་པ་ཅན་གྱི་ངོ་ལ་ཁ་ཁར་ཕྱེས་ཀྱང་ཆུ་དང་གཤེར་བ་ལྟར་དབྱེར་མེད་པ། ངོ་བོ་གཅིག་ལ་སྣང་བའི་སྟོབས་ཀྱིས་གཉིས་སུ་བཟུངས་ཀྱང་། མཉམ་པ་ཉིད་སེམས་ཉིད་ཀྱི་ངང་དུ་ལྷུན་གྱིས་གྲུབ་པ་ལ་ངམ་པའོ། །ཡང་ན་དེ་ལྟར་ཡིན་པ་ལ་ནི་སེམས་ཅན་རྣམས་ཀྱིས་མ་རྟོགས་ཏེ། སྨྲེ་བའི་དོན་གྱིས་ངམ་པའོ། །སྤར་ཁབ་མཁན་པོས་ཨེ་མ་གསུམ་ལ་རིག་པ་རང་སྣང་བའི་གནས་དང་སྟོན་པ་དང་འཁོར་གསུམ་ངམ་པའོ་ཞེས་བརྗོད། དངོས་ཀྱི་འབྲུ་ལ་གནན་ན་བཀྲི་དྲང་གི་དོན་མ་ཡིན། ངེས་པའི་དོན་ཁོ་ན་ཡིན་པས་ཡི་གེ་འབྲུ་གཉེར་གྱིས་བཤད་ན། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལ་སོགས་པ། འབྲུ་རང་ཐད་དུ་བཀྲོལ་བ་ཙམ་སྟེ། ཡི་གེ་འབྲུ་གཉེར་གྱི་བཤད་པ་ནི། དེ་ཡང་རུ་སྦལ་གྱིས་ནུར་འགྲོས་ཀྱི་དཔེས་འོག་གི་དོན་རྣམས་ཀྱི་ཐོག་ཏུ་ཕེབས་ཏེ་ཤུགས་ཀྱིས་ཤེས་ཞིབ་པར་མི་སྤྲོ། རྒྱུ་དང་འབྲས་བུའི་ངོས་ནས་བཤད་ན། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ཅེས་པ་རྒྱུ་སྟེ། འཁོར་འདས་དབྱེར་མེད་སེམས་རང་གི་རང་བཞིན་ཉིད་སྤྲོས་པའི་མཚན་མ་དང་བྲལ་བ་བྱེད་པ་པོས་མ་བྱས་བཅོས་པ་པོས་མ་བཅོས་པ་ལ་ནི་དེ་བཞིན་ཉིད་ཅེས་བྱའོ། །ཉིད་ནི་སྤྲོས་པ་དང་བྲལ་བ་དང་། ཐམས་ཅད་དེ་ཉིད་དུ་གྱུར་པས་གཞན་པ་མ་དམིགས་པ་དང་། ངོ་བོ་ཉིད་ནམ་མཁའ་དང་འདྲ་བར་ངོས་གཟུང་ཐམས་ཅད་དང་བྲལ་བའོ། །འོ་ན་སྟོང་པ་ཕྱོགས་གཅིག་པ་མ་ཡིན་ནམ་ཞེ་ན། ཀྱི་དབྱིངས་ཞེས་པས། དེ་བཞིན་ཉིད་དེ་ཉིད་སྟོང་པ་ཕྱོགས་གཅིག་པ་མ་ཡིན་ཏེ། དབྱིངས་ཉིད་ཅེས་པས། དབྱིངས་ནི་རྒྱུའི་དོན་ཏེ་ངོ་བོ་གང་དུའང་མ་གྲུབ་པ་ཉིད་རང་གསལ་བ་མ་འགགས་པ་རྟོགས་མ་རྟོགས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་དུ་སྣང་ལ། སྣང་ཙམ་ཉིད་ན་ཆོས་ཀྱི་དབྱིངས་ལས་མ་གཡོས་པ་ཉིད་ཅེས་བྱའོ། །འབྲས་བུ་ནི། ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང་། །ཞེས་པ་ཡང་ཡིན་ཏེ། རྒྱུ་ཆོས་ཀྱི་དབྱིངས་རྟོགས་པའི་རང་བྱུང་གི་ཡེ་ཤེས་རང་སྣང་བ་ལ་དབང་བསྒྱུར་བ་ནི་འབྲས་བུ་སྟེ། གཏན་ཚིག་གཉིས་ཀྱིས་ཕྱིར་རོ། །དེའི་གཏན་ཚིགས་རྒྱུའི་གཏན་ཚིགས་དང་འབྲས་བུའི་གཏན་ཚིགས་བཤད་པ་ནི་ཕུན་སུམ་ཚོགས་བཞིར་བཤད་པར་གསལ་ཏེ། དེ་ལ་རྒྱུ་ཕུན་སུམ་ཚོགས་པ་ནི། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་རྒྱུ་ཡིན་པར་གཏན་ཚིགས་གསུམ་གྱིས་གསལ་ཏེ། རྒྱུ་དབྱིངས་རྟོགས་པ་དེ་ལས་འབྲས་བུ་སྐུ་རིགས་ཉི་ཤུ་རྩ་ལྔ་ལ་སོགས་པར་ཆེ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་བས་འབྲས་བུ་ཕུན་སུམ་ཚོགས་པ་ཞེས་བྱ། མ་རྟོགས་ན་ཁམས་གསུམ་གྱི་ཆོས་ཐམས་ཅད་འབྱུང་བས་ཀྱང་རྒྱུ་ཞེས་བྱ། ཡང་ན་རྣམ་པར་དཀར་བའི་ཆོས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམས་ཆོས་ཀྱི་དབྱིངས་རྟོགས་པའི་ལྟ་བས་ཟིན་ན། བུདྡྷའི་རྒྱུར་འགྱུར་བས་ན་རྒྱུ་ཕུན་སུམ་ཚོགས་པ་སྟེ་གཏན་ཚིགས་གསུམ་མོ། །དབང་བསྒྱུར་ཕྱིན་ཆད་འབྲས་བུ་ཕུན་སུམ་ཚོགས་པ་སྟེ། གཏན་ཚིགས་གཉིས་ཆོས་ཀྱི་དབྱིངས་ལ་དབང་བསྒྱུར་བའི་ཡེ་ཤེས་དེ་ལས་འབྲས་བུ་ཆེ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་བ་འབྲས་བུ་ཕུན་སུམ་ཚོགས་པའོ། །དེ་ནི་འབྲས་བུ་ཕུན་སུམ་ཚོགས་པ་དེ་ཡང་དེ་བཞིན་ཉིད་རྟོགས་པའི་ཡེ་ཤེས་རང་བྱུང་གི་ཡེ་ཤེས་ལ་ཡེ་ཤེས་ལྔའི་འཁོར་གྱིས་བསྐོར་བས་དཀྱིལ་འཁོར། ཆོས་ཐམས་ཅད་ལ་ཁྱབ་ཅིང་ཐུགས་རྗེ་གསུམ་དང་ལྡན་པས་ཐུགས་རྗེ་འགྲོ་འདུལ་བའི་ཐབས་ཇི་ལྟར་འཆར་བའི་ངང་། མཛད་པ་བྱས་འཛིན་དང་བྲལ་བས་རང་སྣང་བ་ཉིད་དགོངས་པ་མཉམ་པ་ཉིད་ཀྱི་ངང་ལས་མི་འདའ་བས་ཏིང་ངེ་འཛིན་ཏེ། ཆོས་སྐུ་སྣང་བས་གདུལ་བྱའི་བློ་བཞིན་དུ་འཆར་བས་གཟུགས་བརྙན། སྣང་བཞིན་མ་གྲུབ་པས་སྒྱུ་མ། གདུལ་བྱ་འདུལ་བྱེད་མཛད་པ་ཐམས་ཅད་དམིགས་པའི་འདུ་ཤེས་དང་བྲལ་བས་རྣམ་དག་རང་གསལ་བའི་མཚན་ཉིད་ཅན་ནོ། །འབྲས་བུ་ཇི་ལྟ་བ་ཡིན་པ་ཕུན་སུམ་ཚོགས་པ་ནི། སྐུ་གསུང་ཐུགས་དང་ཡོན་ཏན་ཞེས་པ། འབྲས་བུ་ནི་ཆོས་ཀྱི་དབྱིངས་རྟོགས་པའི་ཡེ་ཤེས་ལྔ་ཡིན། ཇི་ལྟར་ཡིན་ན། འབྲས་བུ་ཡེ་ཤེས་ལྔ་པོ་དེ་ཡེ་ཤེས་རང་རྟགས་སྐུ་ལྔ། གསུང་ལྔ། ཐུགས་ལྔ། ཡོན་ཏན་ལྔ། ཕྲིན་ལས་ལྔས་གང་ལ་གང་འདུལ་དེ་ལ་དེར་སྟོན་དུ་སྣང་བ་ལ་དབང་བསྒྱུར་བ་ལ། གཟུང་འཛིན་ནམ་ཆེད་བྱས་སམ་རྒྱུ་འབྲས་ལ་སོགས་པ་མི་མངའ་བ་ནི་སེལ་མེད་པ་སྟེ། ཡོན་ཏན་ཅིར་ཡང་མི་འགག་པར་སྣང་བ་དཔེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲའོ། །བདག་ཉིད་དམ་བདག་པོ་ཕུན་སུམ་ཚོགས་པ་ནི། མི་ཟད་པར་ལྡན་ཞེས་པ་ལ་སོགས་པ་སྟེ། གོང་གི་ཕུན་སུམ་ཚོགས་པ་དེ་ཡང་གཞན་མ་ཡིན་ཏེ། བདག་ཉིད་ཀྱི་རིག་པ་རང་སྣང་བ་ཡིན་པར་རྟོགས་པའི་རིག་པ་ལ་མངའ་བརྙེས་ཤིང་དབང་བསྒྱུར་བས་བདག་གཞན་གྱི་དགོས་པ་མཐར་ཐུག་པ་མེད་ལ་མི་ཟད་པ་རིག་པ་སྣང་བའོ། །སྐུ་རིགས་རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་གདུལ་བྱའི་རྒྱུད་ལ་རྒྱུན་ཆད་པ་མེད་པ་ནི་འཁོར་ལོ། གདུལ་བྱ་འདུལ་བྱེད་མཛད་པ་ཐམས་ཅད་མི་ཕྱེད་པ་ནི་རྡོ་རྗེ། དེ་ཉིད་དུས་གསུམ་བུདྡྷ་ཐམས་ཅད་ཀྱི་དགོངས་པ་མཐར་ཕྱིན་པས་མཆོག །འབྲས་བུ་ལྷུན་གྲུབ་ཀྱི་སངས་རྒྱས་ཐམས་ཅད་དེ་ལས་སྐད་ཅིག་ཀྱང་མི་འདའ་བས་ན་གནས་སོ། །དཀྱིལ་འཁོར་བཅུ་གཉིས་དང་སྦྱར་ཏེ་བཤད་ན། དེ་ཡང་བི་མ་ལའི་སྲོལ་གྱིས་དཀྱིལ་འཁོར་བདུན་དུ་བཞེད་དེ། སྒྱུ་འཕྲུལ་རྒྱས་པ་ལས། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བཤད། །ཅེས་པ་བདུད་ཏེ། ལེའུ་བསྡུ་བ་འདི་ཉིད་ཀྱང་བདུན་དང་སྦྱར་རོ། །དེ་ལས་སློབ་དཔོན་པདྨས་བཅུ་གཉིས་སུ་དབྱེ་སྟེ། རང་བཞིན་གྱི་དཀྱིལ་འཁོར་ལ་གཉིས། རང་བཞིན་གཞིའི་དེ་བཞིན་ཉིད་གནས་ཚུལ་གྱི་དཀྱིལ་འཁོར་དང་། དེ་བཞིན་ཉིད་མཐར་ཕྱིན་པ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དང་གཉིས། རང་བཞིན་རྟོགས་པ་འབྲས་བུ་ལྷུན་གྲུབ་ལས། གཞན་དོན་སྣང་བ་ཐུགས་རྗེའི་དཀྱིལ་འཁོར་དང་། འདུལ་བའི་དཀྱིལ་འཁོར་དང་གཉིས། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། མཉམ་པ་ཉིད་ལས་ལྷག་པའི་རྒྱལ་བ་བཞི་བཅུའི་དཀྱིལ་འཁོར་རྒྱས་བསྡུས་རྣམས་སོ། །གཟུགས་བརྙན་གྱི་དཀྱིལ་འཁོར་ལ་དབྱིངས་ཀྱི་གཟུགས་བརྙན་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་གཟུགས་བརྙན་གཉིས་གཅིག་ཏུ་བསྡོམས་པ་དང་། ལྷག་པའི་དཀྱིལ་འཁོར་གཟུགས་བརྙན་སྐུ་བྲིས་པ་རྣམས་དང་། ལུགས་སུ་བླུགས་པ་དང་འབུར་དུ་བཏོད་པ་དང་རྡུལ་ཚོན་ལ་སོགས་པ་རྣམས་དང་། སེམས་ཉིད་སྐྱེ་བ་མེད་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། རང་རིག་པ་ཡེ་ཤེས་ལྔའི་ངོ་བོར་གསལ་བ་དང་། ལྷག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། ཐབས་དང་ཤེས་རབ་ལ་བརྟེན་པའི་དཀྱིལ་འཁོར་དང་། ཚོགས་ཀྱི་དཀྱིལ་འཁོར་ནི་འབྲས་བུའི་ཆེ་ཡོན་རྒྱན་གྱི་འཁོར་ལོ་ཉེར་ལྔ་བསམ་གྱི་མི་ཁྱབ་པའོ། །དཀྱིལ་འཁོར་བཅུ་གཉིས་མ་འདྲེས་ཡོངས་རྫོགས་སེམས་ཉིད་དུ་གསལ་བ་ཚོགས་གཉིས་ཡོངས་རྫོགས་ཀྱི་ངོ་བོར་བཞུགས་པའོ། །ཡང་ན་ལམ་རིམ་ལྟར་ན་ཚོགས་ཀྱི་དཀྱིལ་འཁོར་བསྐྱེད་པའི་རིམ་པ་མཐར་ཕྱིན་ནས་མཆོག་གི་དངོས་གྲུབ་བསྒྲུབ་པ་དང་། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་བཅུ་གཅིག་པོའི་རྣམ་གྲངས་རྣམས། སེམས་ཆོས་ཀྱི་དབྱིངས་སུ་ལྷུན་གྱིས་གྲུབ་པ་དང་བཅུ་གཉིས་སོ། །དཀྱུས་ལ་སྦྱར་ན། དེ་བཞིན་ཉིད་ཀྱི་དབྱིངས་ཞེས་པ། རང་བཞིན་གྱི་དཀྱིལ་འཁོར་ཏེ། སྔར་རྒྱུའི་སྐབས་སུ་བཤད་པ་དང་འདྲ་བར་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་མ་བཅོས་མ་བསླད་པ་དེ་ཉིད་མི་འགག་པར་རང་སྣང་བར་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་བས་དབྱིངས་ཞེས་བྱ་སྟེ། དེ་ཡང་དབྱིངས་ཀྱི་སྒྲས་ངོ་བོ་གང་དུའང་མ་གྲུབ་པ་དང་། མཚན་ཉིད་ཅིར་ཡང་འཆར་བ་དང་། ཆོས་ཐམས་ཅད་ལ་ཁྱབ་པ་དང་མཐའ་དང་བྲལ་བས་དབུས་སུ་གྲུབ་པ་མེད་པ་དང་། མཚན་ཉིད་ཅིར་ཡང་འཆར་བས་འཁོར་འདས་ཐམས་ཅད་ལ་ཁྱབ་ཀྱང་། རང་བཞིན་གང་དུ་ཡང་འགྱུར་བ་མེད་པས་དབྱིངས་ཏེ་ཆོས་ཐམས་ཅད་ཀྱི་རང་བཞིན་ནོ། །དེ་ལ་དཀྱིལ་འཁོར་ཞེས་བརྗོད་པ་ནི། རང་བཞིན་གང་དུ་ཡང་མི་དམིགས་པ་ནི་ལྷུན་གྲུབ་ཀྱི་དོན་ཏེ། ཐམས་ཅད་ཀྱི་རང་བཞིན་རྣལ་མ་དོན་གྱི་ཀུན་གཞི་ནི་དཀྱིལ་ལ། ཡེ་ཤེས་ལྔའི་རང་བཞིན་ཚོགས་བརྒྱད་མི་འགག་པའི་འཁོར་གྱིས་བསྐོར་བའོ། །དབང་བསྒྱུར་ཡེ་ཤེས་དཀྱིལ་འཁོར་ཞེས་པ། དེ་བཞིན་ཉིད་རྟོགས་པའི་ཡེ་ཤེས་ལ་དབང་བསྒྱུར་བ་གང་དུའང་མ་གྲུབ་པ་ཅིར་ཡང་མི་འགག་པར་རང་སྣང་བའི་རང་བཞིན་མཐར་ཕྱིན་པའི་ཆོས་སྐུ་ཐབས་ཆེན་པོ་མངོན་དུ་གྱུར་པ་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཏེ། ཆོས་སྐུའི་དཀྱིལ་འཁོར་གཟུགས་སྐུ་གཉིས་ཀྱི་འཁོར་གྱིས་བསྐོར་བའོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པ་མཐར་ཕྱིན་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ལ། རང་གི་རང་བཞིན་ཉིད་དུ་གྱུར་ནས་དབང་བསྒྱུར་བ་ནི་ཡེ་ཤེས་ལྔར་སྣང་ལ། དེའང་ཉིད་ལག་བསམ་གྱིས་མི་ཁྱབ་པར་ཤར་བ་སྟེ། རང་བཞིན་ནམ་ངོ་བོ་ཉིད་ཀྱིས་རིག་པ་རང་སྣང་བ་ཐབས་ཀྱི་དཀྱིལ་འཁོར་ཏེ། དེ་ནི་རང་བྱུང་གི་ཡེ་ཤེས་ནི་དཀྱིལ་ལ། སྐུ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ནི་འཁོར་རོ། །དཀྱིལ་འཁོར་གྱི་ཚིག་འདི་དཀྱིལ་འཁོར་བཅུ་གཉིས་ཀུན་ལ་སྦྱར་བར་ཤེས་པར་བྱའོ། །ཐུགས་རྗེ་ཞེས་པ། ཐུགས་རྗེའི་དཀྱིལ་འཁོར་ཏེ་རྟོགས་པ་ལྷུན་གྲུབ་ཀྱི་སངས་རྒྱས་ལ་ཁམས་གསུམ་རང་སར་གྲོལ་བས་ཆོས་སྐུ་ཆེན་པོའི་ངོ་བོ་ཉིད་ལས་མ་རྟོགས་པའི་སེམས་ཅན་རྣམས་མེ་ལོང་དང་གཟུགས་བརྙན་གྱི་ཚུལ་དུ་ཡུལ་དང་ཡུལ་ཅན་མེད་པར་རང་གསལ་བ་ལ། ཐུགས་རང་གསལ་བ་མི་འགག་པ་ལས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་བསྟངས་པས་གདུལ་བྱ་ཐམས་ཅད་ལ་ཐུགས་རྗེ་ཕྱོགས་མེད་དུ་རང་འཆར་བ་སྟེ། དེ་ལ་དཀྱིལ་འཁོར་ནི་ཐུགས་རང་བྱུང་གི་ཡེ་ཤེས་ཆོས་ཐམས་ཅད་ལ་ཁྱབ་པ་ནི་དཀྱིལ་འཁོར་ཡིན་ལ། སེམས་ཅན་ལ་དམིགས་པ་ཆོས་ལ་དམིགས་པ་དམིགས་པ་མེད་པ་གསུམ་གྱི་འཁོར་གྱིས་བསྐོར་བའོ། །ངང་ཞེས་པས། འདུལ་བའི་དཀྱིལ་འཁོར་ཏེ་ཐུགས་རྗེའི་མཛད་པ་རང་སྣང་བས་སྐུ་གསུང་ཐུགས་ཀྱི་སྒོ་ནས་མཛད་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་སྟེ། ངང་མི་འགག་པའི་བདག་ཉིད་དེ། ཐམས་ཅད་མཁྱེན་པའི་མཛད་པ་ལ་བྱ་བ་དང་བྱེད་པའམ་རྒྱུ་དང་འབྲས་བུའམ་ཡུལ་དང་ཡུལ་ཅན་ནམ་སྤྲོ་བ་བསྡུ་བའམ་སྔོན་འགྲོ་དང་རྗེས་མི་མངའ་བར་རང་སྣང་དུ་མཁྱེན། རང་སྣང་དུ་ཤར། མཛད་པ་རྫོགས་པ་རྣམས་སྐད་ཅིག་མ་གཅིག་ལ་དུས་གཅིག་གོ། །དེའི་དཀྱིལ་འཁོར་ནི་ཐམས་ཅད་མཁྱེན་པའི་ངོས་ནས་ཆོས་ཐམས་ཅད་ཡེ་གྲོལ་གྱི་ངོས་ནས་དཀྱིལ་ལ། གང་ལ་གང་འདུལ་དེ་ལ་དེར་སྟོན་དུ་སྐུ་གསུང་ཐུགས་ཀྱི་མཛད་པ་སྣ་ཚོགས་ཤར་བ་ནི་འཁོར་རོ། །དེ་ལ་ནི་རྟོགས་པའི་དཀྱིལ་འཁོར་གྱིས་མ་རྟོགས་པའི་དཀྱིལ་འཁོར་འདུལ་ཞེས་ཀྱང་བྱའོ། །རང་སྣང་བ་ཉིད་ཏིང་འཛིན་ཞེས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཏེ། འདིར་རྫོགས་ཆེན་ལ་ཁ་ཐག་ཅུང་ཉེ་ཙམ་སྟེ། དབང་པོ་ཡང་རབ་ཀྱིས་འཁོར་འདས་སྣོད་བཅུད་ཡུལ་སེམས་ཐམས་ཅད་དབྱེར་མེད་པའི་རིག་པ་རང་བྱུང་གི་ཡེ་ཤེས་ཀྱི་ངང་ལས་ཡུལ་གྱི་དངོས་པོ་རིག་པར་གསལ་བས་ཡུལ་ཕར་སྣང་བའི་འཛིན་པ་དག །རིག་པ་གདོད་ནས་ཆོས་ཐམས་ཅད་དུ་སྣང་བས་རིག་པ་ཚུར་འཇུག་པ་མ་དམིགས། དེ་ལྟ་བུར་རང་གསལ་འཛིན་མེད་ཀྱི་ངང་ལ་ནི་རང་སྣང་ཞེས་བྱ་སྟེ། དེ་ལ་དུས་གསུམ་དུ་འདའ་བ་མེད་པ་ནི་ཏིང་ངེ་འཛིན་ཏེ། དམིགས་པ་ནང་དུ་བསྡུས་ནས་ཡུལ་མ་དམིགས་པ་ལྟ་བུ་ནི་མཆིས་སོ། །རིག་པ་རང་གསལ་གྱི་ངོ་བོ་ནི་དཀྱིལ་ལ། ཡུལ་འཛིན་མེད་རང་གསལ་གྱི་འཁོར་གྱིས་བསྐོར་བའོ། །ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། ཡེ་ཤེས་རང་སྣང་བའི་རྒྱལ་བ་བཞི་བཅུ་ལ་སོགས་པའི་བསྡུས་རྒྱས་ཀྱི་དཀྱིལ་འཁོར་རྣམས་ཏེ། རིག་པ་ནང་དུ་བསྡུས་བསྒོམས་པ་ནི་ཏིང་ངེ་འཛིན་ཏེ་མཉམ་པ་ཉིད་ལས་ལྷགས་ཏེ། དཀྱིལ་འཁོར་གྱི་སྐུ་མདོག་ཕྱག་མཚན་རྣམས་ལ་དམིགས་པ་སྟེ། དེ་ལ་ནི་གཙོ་འཁོར་རང་ཆས་སུ་ཡོད་པས་དཀྱིལ་འཁོར་རོ། །གཟུགས་བརྙན་གྱི་དཀྱིལ་འཁོར་ནི་གཉིས་ཏེ། དབྱིངས་ཀྱི་གཟུགས་བརྙན་དང་། ཡེ་ཤེས་ཀྱི་གཟུགས་བརྙན་གཉིས་ལས། དེ་ལ་དབྱིངས་ཀྱི་གཟུགས་བརྙན་ནི་ཕྱི་ནང་གི་ཆོས་ཐམས་ཅད་དེ། ཕུང་པོ་དང་འབྱུང་བ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་རྩ་བ་ཆོས་ཀྱི་དབྱིངས་མེད་ལ་ཟད་མི་ཤེས་སྟོང་ལ་ཐམས་ཅད་འབྱུང་བས་ན་གཟུགས་བརྙན་ཞེས་བྱ། ཆོས་ཐམས་ཅད་ལ་གཏན་ཚིགས་ཀྱིས་གཞལ་ན། རང་བཞིན་རྟོགས་པར་འདུས་པས་མཚོན་པའི་ཕྱིར་ན་གཟུགས་བརྙན་ཞེས་བྱ། ཡེ་ཤེས་ཀྱི་གཟུགས་བརྙན་ནི། གཟུགས་བརྙན་ཞེས་པ་སྟེ། ཡེ་ཤེས་ལྔ་མཚོན་པའི་གཟུགས་བརྙན་དུ་རིགས་ལྔ་དབྱིངས་ལྔ་མཚོན་པའི་གཟུགས་བརྙན་དུ་ཡུམ་ལྔ་ལ་སོགས་པའི་སྐུའི་བྱེ་བྲག་རྣམས་ཏེ། མེ་ལོང་ལ་ལྟ་བ་པོ་གང་གིས་བལྟས་པའི་གཟུགས་བརྙན་མཐུན་པ་བཞིན། གདུལ་བྱ་དབང་པོ་རབ་འབྲིང་གིས་བྱེ་བྲག་གི་སོ་སོའི་བློ་ངོ་ལ་སྣང་བའི་ལོངས་སྐུ་དང་སྤྲུལ་སྐུའི་བྱེ་བྲག་ཐམས་ཅད་དོ། །སྒྱུ་མ་ཞེས་པ། སྒྱུ་མའི་ཚོགས་རྟ་དང་གླང་པོ་ལ་སོགས་པ་ལྟད་མོ་བའི་ཡིད་ཚིམ་བར་བྱེད་པ་བསམ་ཡས་ཀྱང་ངོ་བོ་ལ་གྲུབ་པ་མེད་པ་བཞིན། སྐུ་གཉིས་ཀྱི་བྱེ་བྲག་དང་ཕྱི་ནང་གི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པར་སྣང་ཡང་། ཡེ་ཤེས་ཀྱི་ངང་ལས་དངོས་པོར་གྲུབ་མ་མྱོང་བའོ། །ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། རྣམ་དག་གསལ་བ་ཞེས་པ། སེམས་ཀྱི་དབྱིངས་སྣང་སྟོང་གང་དུ་ཡང་མ་དམིགས་པ་དེ་བཞིན་ཉིད་ཀྱི་ངང་ལ་རིག་པ་གསལ་ལ་འགག་པ་མེད་པ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་གྱི་ངང་ལས་དཀྱིལ་འཁོར་གྱི་འཁོར་ལོ་རང་གསལ་བར་སྣང་བ་ལས། སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་སུ་སེམས་རང་གསལ་བར་སྣང་བ་ནི། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཏེ། གཙོ་བོ་དང་འཁོར་དངོས་ཉིད་ལ་གྲུབ་པའོ། །ལྷག་པ་གཟུགས་བརྙན་ནི། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཞེས་པ། རིགས་ལྔའི་རིགས་དང་། སྐུ་མཚོན་པའི་ཕྱིར་སྐུའི་གཟུགས་རྣམས་དང་། གསུང་གི་གཟུགས་བརྙན་ཡི་གེའི་ཚོགས་དང་། ཐུགས་ཕྱག་མཚན་དང་། ཡོན་ཏན་མཚོན་པའི་རིན་པོ་ཆེ་དང་། ཕྲིན་ལས་མཚོན་པའི་རྒྱ་གྲམ་ལྟ་བུ་རྣམས། རིས་སུ་བྲིས་པ་ལུགས་སུ་བླུགས་པ་ལ་སོགས་ཏེ་ལྷག་པ་གཟུགས་བརྙན་རྣམས་སོ། །དེ་དག་ནི་གཙོ་བོ་དང་འཁོར་སོ་སོ་ན་ཡོད་པར་ཤེས་པར་བྱའོ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། སེལ་མེད་པའི་ཞེས་པ། སེམས་ཀྱི་ཆོས་ཉིད་རིག་པ་དང་རང་བྱུང་གི་ཡེ་ཤེས་གསལ་ལ་འགག་པ་མེད་པ་ཉིད། སྣང་སྟོང་ཡོད་མེད་དང་། དག་མ་དག་དང་། འཁོར་འདས་ལ་སོགས་པའི་འཛིན་པའི་སེལ་བའི་སེམས་ཉིད་ནི་བྱང་ཆུབ་སེམས་ཏེ། ཏིལ་འབྲུ་ལ་ཏིལ་མར་གྱིས་ཁྱབ་པ་བཞིན་དུ་ཆོས་ཅན་ཐམས་ཅད་ལ་རིག་པ་བྱང་ཆུབ་སེམས་ཀྱིས་ཁྱབ་པ་ནི། དེའི་དཀྱིལ་འཁོར་ནི་སེམས་ཀྱི་རང་བཞིན་ལ་དམིགས་པ་ལས་སེམས་ཉིད་རང་སྣང་བ་མི་འགག་པའི་འཁོར་གྱིས་བསྐོར་བའོ། །ལྷག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། ཡོན་ཏན་ཡིད་བཞིན་རིན་པོ་ཆེ་ཞེས་པ། ཆོས་ཉིད་སྐྱེ་བ་མེད་པ་སེམས་ཀྱི་ཆོས་ཉིད་མི་འགག་པ་ལས་བྱང་ཆུབ་ཀྱི་སེམས་བདེ་སྟོང་གི་ཡེ་ཤེས་ཆེན་པོ་ཐབས་ཤེས་རབ་དབྱེར་མེད་པ་ལས་དགའ་བ་བཅུ་དྲུག་གི་མཐར་ཕྱིན་པའི་ཚེ། རྩ་བྱེ་བ་ཕྲག་བདུན་ཅུའི་བཅུད་རྡོ་རྗེ་ནོར་བུའི་རྩེ་མོར་ཕྱིན་པའི་ཚེ། ཐམས་ཅད་མཁྱེན་པའི་དགོངས་པ་རང་རིག་པ་ཉིད་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད་རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་སྣང་བ་ནི། རྟོག་པ་མེད་ཀྱང་དགོས་འདོད་སྐོང་བ་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟ་བུའོ། །ཚོགས་ཀྱི་འཁོར་ལོ་ནི། མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་ཞེས་པ། དཔེར་ན་རྒྱལ་པོ་གཏེར་ཆེན་པོའི་ནང་ན་དགོས་པ་ཐམས་ཅད་ཚང་བ་ཟད་པ་མེད་པའམ། རིན་པོ་ཆེ་རི་དབང་གི་རྒྱལ་པོ་ལ་ཡང་དེ་དང་འདྲ་བར་ཚོགས་པ་བཞིན། རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་ཟད་པ་མེད་པར་ལྷུན་གྱིས་གྲུབ་པ་ནི་གང་ཞེ་ན། གདུལ་བྱའི་ངོ་ལ་ཐེག་པ་རང་སྣང་གི་རྒྱུན་རྒྱུན་ཆད་མེད་པས་ཀྱང་འཁོར་ལོ། གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་གཅོད་པས་ཀྱང་འཁོར་ལོ་སྟེ། རང་བྱུང་ཡེ་ཤེས་ཀྱི་རྒྱན་མི་འགག་པ་ཉི་ཤུ་རྩ་ལྔ་མ་འགགས་པར་སྣང་ཡང་། རང་བྱུང་ཡེ་ཤེས་ལས་མ་གཡོས་པར་མ་འགག་མ་དམིགས་པ་གཉིས་གཅིག་གི་རྒྱན་དུ་གཅིག་ཆེ་བས་རྒྱན་ནོ། དེ་ནི་འབྲས་བུ་མཐར་ཕྱིན་པ་ལ་ཡོན་ཏན་མ་ལུས་པ་ཚོགས་པས་ན་ཚོགས་ཀྱི་འཁོར་ལོ་ཞེས་བྱ་སྟེ། ཆོས་སྐུ་ནི་དཀྱིལ། ཉི་ཤུ་རྩ་བཞི་ནི་འཁོར་རོ། །ཡང་ན་ཚོགས་བསྒྲུབ་པ་དངོས་ཀྱི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་ཞེས་དྲུག་ཁྲོ་བོ་དྲུག་ཅུ་རྩ་གཉིས་ཀྱི་སྒོ་ནས་བསྒྲུབ་པ་ནི། ལྟ་བ་མི་ཟད་པར་ལྡན། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་ལ་དམིགས་གཏད་དང་བྲལ། ཏིང་ངེ་འཛིན་མི་ཟད་པར་ལྡན། དཀྱིལ་འཁོར་ལ་དབང་ཐོབ་སྟེ་རིག་པ་རང་དབང་དུ་གྱུར། དེ་ནས་བསྙེན་བསྒྲུབ་བཞིའི་སྒོ་ནས་བསྒྲུབ་པ་ཉམས་སུ་བླངས་ཏེ། བསྒྲུབ་པའི་དུས་སུ་སྤྱོད་པ་མི་ཟད་པར་ལྡན། ཡུལ་འདོད་ཡོན་ལྔ་ལ་ལྟ་བསྒོམ་སྤྱོད་པ་གསུམ་མགོ་སྙོམས་པར་ལྷ་ལ་ལྷ་རོལ། ཆོས་ཉིད་ལ་ཆོས་ཉིད་རོལ་པའི་ཚུལ་གྱིས་བསྒྲུབ་པ་ཆེན་པོ་མཐར་ཕྱིན་པའི་དུས། འབྲས་བུ་མཐར་ཕྱིན་པ་མི་ཟད་པར་ལྡན་པའི་རྒྱན་གྱི་འཁོར་ལོ་ཉེར་ལྔ་རྫོགས་པའོ། །དེའི་དཀྱིལ་འཁོར་ནི་ལྷག་པ་ཏིང་ངེ་འཛིན་གྱི་དུས་སུའང་གཙོ་འཁོར་དུ་ལྡན་ལ། འབྲས་བུ་མཐར་ཕྱིན་པའི་དུས་སུ་ཡང་བཤད་པ་བཞིན་གཙོ་འཁོར་དུ་ལྡན་པའོ། །ལྷུན་གྱི་གྲུབ་པའི་དཀྱིལ་འཁོར་ནི། རྡོ་རྗེ་མཆོག་གི་གནས་ཉིད་དོ་ཞེས་པ་དཀྱིལ་འཁོར་བཅུ་གཅིག་གཞི་ལམ་འབྲས་བུ་གསུམ། ཆོས་ཐམས་ཅད་སེམས་ཉིད་ཆོས་སྐུ་ཆེན་པོའི་ངོ་བོ་ཉིད་རང་གི་ངོ་བོ་མི་འགྱུར་བ་དང་། ཆོས་ཐམས་ཅད་དེ་ཉིད་དུ་འཇོམས་པ་དང་། དབྱིངས་ཡེ་ཤེས་མི་ཕྱེད་པ་གསུམ་གྱི་ངང་དུ་འདུས་པ་ནི། དོན་ཐམས་ཅད་ཀྱི་མཆོག་ཡིན་པས་གནས་ཉིད་དོ་ཞེས་པ། མ་བཅོས་ལྷུན་གྲུབ་མ་འདྲེས་ཡོངས་རྫོགས་ལས་འདའ་བ་མེད་པ་ནི། ནམ་མཁའ་ནམ་མཁའ་ལས་མི་འདའ་བ་དང་འདྲ་བར་དོན་དེ་ཉིད་ལ་དཀྱིལ་འཁོར་ཞེས་ཀྱང་བྱ། མཎྜལ་ཞེས་ཀྱང་བྱ་སྟེ། མ་ནི་སྙིང་པོའོ། །ཌལ་ནི་ལེན་པ་སྟེ། མཐར་ཕྱིན་པའི་དུས་ན་འཇིག་རྟེན་པའི་ཡུལ་དང་དབང་པོ་མི་ཕྱེད་པ་བཞིན་དུ། སྙིང་པོ་ལེན་པ་ཉིད་ཀྱི་ངོ་བོར་གྱུར་པའོ། །ལེའུ་དང་པོའི་ལེའུ་བསྡུས་པ་འདི་ལ། རྟོག་པ་ཅན་ཁ་ཤས་ཀྱིས་སྟོན་པའི་བདག་ཉིད་ཀུན་ཏུ་བཟང་པོས་གསུངས་སམ། སྡུད་པ་པོ་ཕྱག་ན་རྡོ་རྗེ་གསུངས། སྟོན་པ་དང་སྐྱེ་བུ་གཉིས་ཀྱིས་གསུངས་ན། གླེང་མ་བསླངས་པར་རྒྱུད་གསུང་བ་མི་འཐད་དོ། །གླེང་མ་བསླང་བར་རྒྱུད་གསུང་བ་འཐད་ཅེ་ན། གླེང་བསླང་མི་དགོས་པར་རྒྱུད་གསུངས་པའི་ཕྱིར། འོག་གི་གླེང་བསླངས་མི་དགོས་པའི་སྐྱོན་འོང་། ཡང་ན་སྟོན་པ་དང་སྐྱེས་བུས་མ་གསུངས་ཀྱང་སྟོན་པ་མི་དགོས་པའི་སྐྱོན་འོང་། ཡང་ན་སྡུད་པ་པོའི་ཚིག་ཡིན་ན། སྟོན་པ་ལས་ཐོས་ནས་སམ་མ་ཐོས་པར་སྟོན་པ་ལས་ཐོས་ན་གླེང་བསླང་མི་དགོས་པའི་སྐྱོན་འོང་། མ་ཐོས་ན་སྡུད་པ་པོའི་རང་བཟོའི་སྐྱོན་འོང་། དེ་ལ་ལྷ་རྗེ་ཆབ་ཀར་བ་ན་རེ། བསྡུས་པ་འདི་རྒྱུད་ཀྱི་དོན་མིན་ཏེ། ལོ་རྒྱུས་བསྡུས་པ་ཡིན་པས་སྡུད་པ་པོས་གསུངས་ཀྱང་རྒྱུད་བཤད་པར་མི་འགྲོ་ཟེར་བ་དག་ཡོད་དེ། དེ་རྒྱུད་ཀྱི་དོན་མིན་ན། རྒྱུད་འདི་ཉིད་ལས། དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པར་གསང་བའི་དཀྱིལ་འཁོར་དེ་དག །ཉིད་ཀྱི་གསང་བ་འདི་ཉིད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །ཞེས་པ་དང་འགལ་ལོ། །དེ་ན་ལྷ་རྗེ་སྒྲོ་ཕུག་པ་དང་། ལྷ་རྗེ་བཅད་བཅའ་གཉིས་ཀྱི་ཞལ་ནས་འདི་ལྟར་ཤེས་པར་བྱ་སྟེ། སྡུད་པ་པོ་གསང་བདག་གིས་འོག་མིན་དུ་གླེང་གཞི་ཚོགས། གླེང་བསླང་ནས་རྒྱུད་ཀྱི་དོན་ཐོས་ཏེ། དེ་ནས་རི་མ་ལ་ཡར་ལུང་བསྟན་བརྒྱུད་པའི་དུས་སུ། དམ་པའི་རིགས་ཅན་ལྔ་ལ། གླེང་གཞི་རྒྱས་པ་རྣམས་ལོ་རྒྱུས་སུ་གསུངས་ནས། རྒྱས་པ་དོན་ཉིད་རྒྱུད་ཀྱི་དོན་དུ་བསྡུས་ཏེ་ཚིག་ཏུ་གསུངས་པ་ནི། སྡུད་པ་པོ་ཕྱག་ན་རྡོ་རྗེས་སོ། །དོན་འདི་འོག་མིན་དུ་ཐོས་པས་སྟོན་པ་མི་དགོས་པའི་སྐྱོན་མེད། ཚིག་སྡུད་པ་པོས་གསུངས་པས་གླེང་བསླང་མི་དགོས་པའི་སྐྱོན་དང་བྲལ་ཞེས་སོ། །དེ་ལ་བླ་མ་བདེ་བར་གཤེགས་པས། དེ་ལྟ་ནའང་གཞུང་དངོས་དང་འགལ་ཏེ། དཀྱུས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་ཕྱུང་ངོ་། །ཞེས་པ་དཀྱུས་དང་འགལ་ལོ། །ལྷ་རྗེ་རྒྱ་བོ་པ་ཟུར་ཆུང་ཤེས་རབ་གྲགས་ཉིད་ནི། རྒྱུད་ཀྱི་རང་བཞིན་འཁྲུགས་པ་ཡིན་པས་གླེང་བསླང་ཡར་བླང་ལ། དེ་ནས་གླེང་གཞི་བསྡུས་པ་བཤད་དོ། །དེ་རྣམས་ཐོས་དབུས་ལུགས་ཀྱི་ཐེ་ཚོམ་ཡིན་ཏེ། བླ་མ་བདེ་བར་གཤེགས་པས་ཐུན་མོང་མ་ཡིན་པའི་ཐེག་པ་རྒྱུད་ཀྱི་སྙིང་པོ། རང་བཞིན་གྱིས་གསང་བ་མངོན་དུ་སྣང་བར་བྱེད་པའི་རྒྱུད་འདི་ལ་གང་གི་ཐེ་ཚོམ་དེ་རྣམས་ནི་བློས་བརྟགས་ཀྱི་ཐེ་ཚོམ་ཁོ་ན། རང་བཞིན་གསང་བའི་སྙིང་པོའི་དོན་སྒྲིབ་བྱེད་དེ། །འདིའི་འཁོར་ནི་ས་དགུ་པས་ཀྱང་མི་མཐོང་སྟེ། འདི་ཉིད་ཀྱི་ཕུན་སུམ་ཚོགས་པའི་གླེང་གཞི་འཛོམས་པའི་དུས་སུ། ཉིད་ལས་མི་གཞན་པའི་འཁོར་རྒྱལ་བ་རིགས་ལྔ། རིག་པ་ཁྱད་པར་ཅན་གྱི་འཁོར་ས་བཅུ་པ་རྣམས་ཡིན་ཏེ། དེ་ལྟར་ཕུན་སུམ་ཚོགས་ནས་བསྟན་པ་ནི་རང་བཞིན་གསང་བའི་སྙིང་པོ་སྟེ། སྐུ་ལྔ་ལྷུན་གྱིས་གྲུབ་པའི་དགོངས་པ་གསུང་ལྔ་ལྷུན་གྱིས་གྲུབ་པའི་དགོངས་པས་ཞལ་འཛུམ་པའང་མ་བགྱིས་ན། ལྗགས་བསྐྱོད་པ་ག་ལ་ཞིག་སྟེ། འཁོར་རྣམས་ཀྱི་རིག་པ་ལ་རང་བཞིན་གསང་བའི་སྙིང་པོ་ཤར་བའི་ཚུལ་ནི། ཆུ་དྭངས་པ་ལ་ཟླ་བའི་གཟུགས་བརྙན་འཆར་བ་འགྲོ་འོང་མེད་པར་འཆར་བ་བཞིན། འཁོར་དེ་རྣམས་ཀྱི་རིག་པ་རང་བཞིན་གསང་བའི་སྙིང་པོར་གྱུར་པ་དེ་ལྟར་ཡིན་པས། ཉིད་ལས་མི་གཞན་པའི་འཁོར་ལ་ནི་དེ་ལྟར་སྣང་བས་བསྟན་པ་འབྱུང་འཇུག་བྲལ་བར་ཤར་རོ། །རིག་པ་ཁྱད་པར་ཅན་གྱི་འཁོར་རྣམས་ནི་ཤེས་བྱའི་སྒྲིབ་པ་ཕྲ་བ་དང་བཅས་པའི་དབང་གི་སྒོ་ནས་དེ་དག་པར་བྱ་བའི་ཕྱིར། འཁོར་དབང་བསྐུར་བ་དང་། གླེང་བསླང་བ་ཐུན་མོང་ཡིན་ཏེ། མདོ་ལང་ཀར་གཤེགས་པ་ལས་ཀྱང་། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། ནུས་ཁོ་ནས་སངས་རྒྱས་ཀྱི་ས་ལ་དབང་གིས་འགྲོ་སྟེ་ཞེས་པས། དབང་གིས་ཤེས་བྱའི་སྒྲིབ་པའི་ཕྲ་བའི་ཕྲ་བ་ཡང་དག་པས། གསུང་ལྔ་ལྷུན་གྲུབ་མངོན་དུ་གྱུར་པ་དང་། རང་བཞིན་གསང་བའི་སྙིང་པོ་མངོན་དུ་གྱུར་པ་སྐད་ཅིག་མ་གཅིག་ལ་དུས་གཅིག་གོ། །དེས་ན་སློབ་དཔོན་སངས་རྒྱས་ཐམས་ཅད་དབྱེར་མེད་པའི་ཀུན་ཏུ་བཟང་པོ། སློབ་མ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ། རིག་པའི་རྩལ་རྫོགས་པའི་སྣང་བ་ལ། གང་ཟག་གི་རྒྱུད་ཀྱི་སྐད་ཅིག་མས་བསྒྲེ་བ་ལྟ་བུ་མ་ཡིན་ཏེ། གླེང་གཞི་ཚོགས་གླེང་བསླང་རྒྱུད་ཀྱི་དོན་མངོན་དུ་གྱུར་པ་རྣམས་དུས་གཅིག་པས་བསམ་གྱིས་མི་ཁྱབ་པའི་དུས་ཞེས་བྱའོ། །ད་ནི་གླེང་གཞི་བསྡུ་བ་དངོས་སྟོན་ཏེ། དེ་བཞིན་ཉིད་ཀྱི་དབྱིངས། ཞེས་པས་གནས་ཀྱི་རང་བཞིན་བསྡུས་ཏེ། འོག་མིན་གྱི་གནས་ནི། ཆོས་ཐམས་ཅད་སེམས་ཉིད་དུ་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ནི་གནས་ཚུལ་གྱི་དོན་ལ་སྒྲོ་སྐུར་གྱི་སྐྱོན་གྱིས་མ་གོས་པས་དེ་བཞིན་ཉིད་ཅེས་བྱ་སྟེ། སྤྱིར་གནས་ཆེན་པོའོ། །མཐའ་དང་དབུས་མེད་པ་ནི། དབྱིངས་གསུམ་ལས་མཉམ་པ་ཉིད་ཀྱི་དབྱིངས་ཡེ་ནས་དེ་ལས་མ་གཡོས་པས་གནས་ཞེས་བྱའོ། །དབང་བསྒྱུར་ཞེས་པ་ནི། སྐུ་མདུན་དང་རྒྱབ་མེད་པ་དང་། དབུ་གསུམ་དང་ལྡན་པའི་བར་སྟོན་པའི་ངོ་བོ་བསྡུས་ཏེ། དེ་ཡང་དེ་བཞིན་ཉིད་མཉམ་པ་ཉིད་ཀྱི་དབྱིངས་དེ་ཉིད་ལ་བྱེད་པ་པོ་རང་བྱུང་གི་ཡེ་ཤེས་ཀུན་ཏུ་བཟང་པོར་རྟོགས་པར་མཛད་ཅིང་དབང་བསྒྱུར་བའོ། །ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང་། །ཞེས་པས་སྟོན་པའི་རང་བཞིན་བསྡུས་ཏེ། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཞེས་པ། ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་རྟོགས་ནས་དབང་བསྒྱུར་བའི་རིག་པ་ཉིད་ཡེ་ཤེས་ལྔར་གསལ་བའི་བྱེ་བྲག་རྣམས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། ཕྱོགས་བཅུའི་སངས་རྒྱས་དང་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་ཉིད་ལ། དུས་གསུམ་གྱི་ཕྱི་ནང་གི་ཆོས་ཐམས་ཅད་ཀུན་ཏུ་རྒྱ་མ་ཆད་པ་ནི། རང་ངོ་ལ་ཆོས་ཀྱི་སྐུར་ལྷུན་གྱིས་གྲུབ་ལ། གདུལ་བྱའི་ངོས་ནས་ཐུགས་རྗེ་རྒྱུན་ཆད་མེད་པར་འབྲེལ་པ་སྟེ་ཐུགས་རྗེའི་ངང་ཞེས་སོ། །རང་སྣང་བ་ཉིད་ཅེས་པ། གཞི་ཚད་མེད་པ་ནས་བཟུང་སྟེ། གཞལ་ཡས་ཁང་གནས་ཀྱི་ངོ་བོ་སྟོན་ཏོ། །གོང་དུ་དབྱིངས་རྟོགས་པའི་རིག་པ་ལ་འབྲས་བུ་སྐུ་དང་ཡེ་ཤེས་ཐམས་ཅད་རྫོགས་པའི་སྟོན་པའི་ངོ་བོ་ཉིད། རྩལ་མ་འགགས་པར་སྣང་བ་ནི་གྲུ་བཞི་དང་། གློ་འབུར་དང་། ཁ་དོག་དང་། དབྱིབས་དང་། རྒྱན་དང་། ཆ་ལུགས་ཐམས་ཅད་དོན་མཚོན་པའི་རྟགས་སུ་རང་སྣང་བའོ། །ཏིང་འཛིན་ཅེས་པས། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན་ཅེས་པ་སྒོ་བཞི་སྟེ། དེ་ཡང་སྟོང་པ་ཉིད་མཚན་མ་མེད་པ་སྨོན་པ་མེད་པ་རང་བཞིན་གྱིས་འོད་གསལ་བ་ཏིང་ངེ་འཛིན་བཞིའི་སྒོ་ནས། གདུལ་བྱ་རྣམས་འཇུག་པའི་རྟགས་སུ་སྒོ་བཞིར་བྱུང་བའོ། །གཟུགས་བརྙན་ཞེས་པས། རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་ཞེས་པ་བསྡུ་བ་སྟེ། གོང་སྒོ་བཞིའི་ཏིང་ངེ་འཛིན་བསྒོམ་པ་ཡང་རྣམ་པར་བརྒྱད་ཀྱི་སྒོ་ནས་མཚོན་ཅིང་འཇུག་སྟེ། བསྒྲོད་དགོས་པའི་ཕྱིར་དེའི་གཟུགས་བརྙན་རྟ་བབས་བརྒྱད་དོ། །སྒྱུ་མ་ཞེས་པ་སེམས་ཅན་གྱི་གནས་ཏེ། རྟོགས་པའི་རིག་པ་སྒྱུ་མ་ལྟ་བུ་སེང་གེ་དང་གླང་པོ་ཆེ་ལ་སོགས་པར་སྣང་བས་སེམས་ཅན་གྱི་གདན་ནོ། །རྣམ་དག་ནི་གདན་པདྨ་བསྡུ་ཏེ་ཐམས་ཅད་རང་རིག་པའི་ཕྱིར། གོས་བྱ་གོས་བྱེད་མེད་པར་འཁོར་བའི་ཆོས་ལ་སྤྱད་ཀྱང་མི་གོས་པ་སྟེ་པདྨའི་གདན་ཏོ། །གསལ་བ་ནི་ཞེས་པ། ཉི་ཟླ་སྟེ་རྒྱུ་རྐྱེན་མ་གྲུབ་པའི་རང་བྱུང་གི་ཡེ་ཤེས་ཉིད་མ་འགགས་པ་ཐབས། མ་དམིགས་པ་ཤེས་རབ་མཚོན་པའི་གདན་ཉི་ཟླའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞེས་པ། འཆད་པའི་སྐྱེས་བུ་དང་ཉིད་ལས་མི་གཞན་པའི་འཁོར་ཐུན་མོང་བ་སྟེ། ཕུང་པོ་ལྔ་དང་འབྱུང་བ་ལྔ་དག་པ་སྟེ། སྐུ་རྣམ་སྣང་ཐུགས་མི་བསྐྱོད་པ་ལ་སོགས་པའོ། །སེལ་མེད་པ། ཞེས་པར་སྐུ་མདོག་བསྡུ་བ་སྟེ། དཔེར་ན་ཉི་མ་སྟོང་དུས་གཅིག་ཤར་ན་མུན་པ་གཞི་དག་པ་བཞིན། ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་སུ་གསལ་བ་ལ་འདུ་ཤེས་ཀྱི་སྐྱོན་ཕྲ་བའང་མི་མངའ་བ་ཉིད་ཡེ་ཤེས་ལྔར་གསལ་བའི་རྟགས་ཁ་དོག་ལྔ་སོ་སོ་ན་འོད་དང་གཟི་བྱིན་འབར་བར་གསལ་བའོ། །ཡོན་ཏན་ཡིད་བཞིན་རིན་པོ་ཆེ། ཅེས་པར་རིན་པོ་ཆེའི་གདན་ཁྲི་བསྡུ་བ་སྟེ། ཐམས་ཅད་མཁྱེན་པའི་ཡོན་ཏན་ཅིར་ཡང་འཆར་བའི་གཞི་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཕྱོགས་འཛིན་བྲལ་བས། ཕྱོགས་ཐམས་ཅད་དང་བྲལ་ཏེ། ཕྱོགས་ཐམས་ཅད་པའི་ངོ་བོ་ཉིད་གདུལ་བྱའི་ངོ་ལ་ཡོན་ཏན་ཅིར་ཡང་སྣང་བའི་རྟགས་སུ་རིན་པོ་ཆེའི་ཁྲིའོ། །མི་ཟད་པར་ལྡན་ཅེས་པ་ནི། ཁྱབ་པའི་ཚད་བསྡུ་བ་སྟེ། རྟོག་པ་བཞི་བཅུ་རྩ་གཉིས་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་གསལ་བས་ཆོས་ཀྱི་དབྱིངས་མཐའ་མེད་པར་ཁྱབ་སྟེ། ཏིལ་གྱི་གང་བུའི་དཔེས་མཚོན་པ་མཐར་ཐུག་པ་མེད་པ་མི་ཟད་པའོ། །རྒྱན་གྱི་འཁོར་ལོ་རྡོ་རྗེ་མཆོག་གི་གནས་ཉིད་དོ། །ཅེས་པས། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་ལ་སོགས་པའི་སེམས་དཔའ་སེམས་མ་རྣམས་བསྡུ་བ་སྟེ། ཡེ་ཤེས་ལྔའི་རྟགས་སུ་རིགས་ལྔར་སྣང་ལ། རིགས་ལྔ་རྣམ་སྣང་ལ་ཡང་ཐུགས་སའི་སྙིང་པོ། སྐུ་བྱམས་པ། གསུང་ལྷ་མོ་ལཱ་སྱེ་མ། ཡོན་ཏན་བདུག་སྤོས་མ། ཕྲིན་ལས་ལྷའི་ཐུབ་པ། རིགས་ལྔ་ཀུན་ལ་དེས་འགྲེ་བར་རྒྱན་གྱི་འཁོར་ལོ་མི་ཟད་པའོ། །ཟབ་ཅིང་རྟོགས་པར་དཀའ་བའི་ངོ་བོ་ནི། རྡོ་རྗེ་གསང་བའི་ཚིག་ཏུའོ་ཞེས་པ། དབྱིངས་ཡེ་ཤེས་དབྱེར་མེད་པའི་ངོ་བོ་ལ་དབྱེར་མེད་ཀྱང་། གདུལ་བྱའི་ངོ་ལ་སྣང་བའི་ཤེས་བྱ་གཞིའི་བདག་ཉིད་རང་སྣང་དང་། དེ་རྟོགས་པར་བྱ་བའི་ཐབས་གདུལ་བྱའི་སྣང་བ་རྒྱུད་ཀྱི་དོན་དང་། རྟོགས་པའི་དོན་མཐར་ཕྱིན་པ་གཞི་ཇི་ལྟ་བ་ཡིན་པའི་དོན་མངོན་དུ་གྱུར་པ་སྐུ་ལྔ་ལྷུན་གྱིས་གྲུབ་པ་གསུམ། དབྱིངས་ཡེ་ཤེས་དབྱེར་མེད་པ་སེམས་ཀྱི་ངང་ལས་མི་ཕྱེད་པ་ནི། དཔེ་རྡོ་རྗེས་མཚོན་པའི་དོན་གྱི་རྡོ་རྗེའོ། །གསང་བ་ནི་རིག་པ་ལ་ལྷུན་གྱིས་གྲུབ་པ་དཀའ་སྟེ། རང་བཞིན་གསང་བའི་སྙིང་པོའི་ངོ་བོ་ཉིད་བས་དཀའ་བའོ། །ཚིག་ནི། ཐམས་ཅད་མཁྱེན་པའི་ཐུགས་རྗེས་གོ་ཕྱེ་བའི་འཁོར་གྱི་དོན་དུ། ཉམས་སུ་ལོན་དཀའ་བའི་དོན་དེ་གཞུང་རྗོད་བྱེད་རྒྱུད་ཀྱི་གཞུང་ཚིག་ཏུ་སྣང་བར་བྱས་པའོ། །ལེའུའི་མཚན་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ནི། མཚན་གྱི་སྐབས་སུ་བཤད་ཟིན། ལས་ཞེས་པ། མཚོན་བྱེད་ཚིག་གི་རྒྱུད་ལེའུ་ཉི་ཤུ་རྩ་གཉིས་ལས། གླེང་གཞིའི་ལེའུ་ཞེས་པ། གླེང་པ་ནི་བརྗོད་པ་སྟེ། རྒྱུད་དབུ་ཞབས་ཀྱི་ཚིག་སྤྱིའོ། །དེ་ཡང་བརྗོད་བྱ་དང་རྗོད་བྱེད་གཉིས་ལས། བརྗོད་བྱ་ནི་རྒྱུད་ཀྱི་དོན་ཕུན་སུམ་ཚོགས་པའོ། །རྗོད་བྱེད་ནི་དེ་མཚོན་པར་བྱེད་པའི་རྒྱུད་ཀྱི་གཞུང་འདི་ཉིད་དོ། །བརྗོད་བྱ་དང་རྗོད་བྱེད་གདུལ་བྱའི་མངོན་སུམ་དུ་སྣང་བའི་རྩ་བའམ་གཞི་ལྟ་བུ་ནི། སྟོན་པ་ལ་སོགས་པ་ཕུན་སུམ་ཚོགས་པ་དྲུག་ཚོགས་པ་ཁོ་ནའོ། །དཔེར་ན་འདུན་མ་ཞིག་གླེང་ན། གཙོ་བོ་འགའ་ལྷན་ཅིག་ཏུ་ཚོགས་པ་འདུན་མ་གླེང་བའི་གཞི་ཡིན་པ་དང་འདྲའོ། །ལེའུ་ཞེས་པ། གཞུང་ལེའུ་ཉི་ཤུ་རྩ་གཉིས་ལས། འདིར་དངོས་སུ་ལེའུ་དང་པོས་གླེང་གཞིའི་དོན་ཉི་ཚེར་སྟོན་ཏེ། དཔེར་ན་གོས་དང་འདྲ་བར་གཅོད་ཅིང་ལེའུ་ཚོམས་སུ་སྟོན་པས་ལེའུ་ཞེས་བྱ་སྟེ། ཉི་ཤུ་རྩ་གཉིས་ཀྱི་རིམ་པ་དང་པོའོ།། ༈ །།སྤྱིར་རྒྱུད་འདིའི་རྣམ་གཞག་ལེའུའི་དོན་བསྟན་ན། སྤྱིར་རྒྱུད་ཀྱི་དོན་གཞི་ལམ་འབྲས་བུ་གསུམ་ཡིན་པ་དེ་ལས། གླེང་གཞིའི་ལེའུ་འདིར་སྣང་བ་གསུམ་ན་རྟོག་ཚོགས་རང་སྣང་གི་སྣང་བ་རྟོགས་པ་མཐར་ཕྱིན་པ་འབྲས་བུ་སྐུ་དང་ཡེ་ཤེས་སངས་རྒྱས་ཀྱི་སྣང་བ་ཁོ་ན་ལས། གཞན་པ་མ་དམིགས་འབྲས་བུའི་རྒྱུད་ཁོ་ནའོ། །རྒྱུད་ཀྱི་དངོས་པོ་བཅུ་ལ་ན། དབང་པོ་འབྲིང་གི་དོན་དུ་རྒྱུད་ཀྱི་དངོས་པོ་བཅུར་སྣང་བའི་གཞི་ཡིན་པས་གླེང་གཞི་སྟེ། རྒྱུད་ཀྱི་དངོས་པོ་བཅུའི་དཀྱིལ་འཁོར་ལས་ཀྱང་རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་རོ། །ལམ་པ་ན་མཐར་ལམ་པའི་སྤྱོད་ཡུལ་ལོ། །ལེའུ་གཉིས་པ་གླེང་བསླང་བའི་ལེའུ་ལ། དོན་དམ་པ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་ཅེས་པ། དོན་དམ་ནི་དབྱིངས་ཡེ་ཤེས་དབྱེར་མེད་པའམ། གསང་བའི་དབང་བསྐུར་བའི་ངོས་ནས་ཡིན་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་འཁོར་བའི་ཆོས་ལྔ་གསུམ་མྱ་ངན་ལས་འདས་པའི་ཆོས་ལྔ་གསུམ་དུ་ལྷུན་གྱིས་གྲུབ་པ་རྒྱུད་ཀྱི་ཤེས་བྱའོ་དོན་རང་བཞིན་གསང་བའི་སྙིང་པོ་སྟོན་ཏེ། གདུལ་བྱའི་ངོས་ནས་ལམ་གྱི་རྒྱུད་དོ། །རྒྱུད་ཀྱི་དངོས་པོ་བཅུ་ལས་ན། སྔོན་བྱུང་གི་དབང་ངོ་། །ཉམས་སུ་མྱོང་བ་ལམ་པའི་སྤྱོད་ཡུལ་ལོ། །དེ་ལ་སེམས་བསྐྱེད་པའི་དངོས་པོ་ལ། སྟོན་པ་ཡབ་ཡུམ་གྱིས་གླེང་བསླང་བ་ནི་སེམས་བསྐྱེད་པའི་རྒྱུ། བར་དུ་སེམས་ལྔའི་སྒོ་ནས་རང་གི་ངོ་བོ་མངོན་དུ་གྱུར་པ་ནི་སེམས་བསྐྱེད་པའི་དངོས་གཞི། སྨད་དུ་གདུལ་བྱ་གོ་ཕྱེ་བའི་འཁོར་གྱི་དོན་དུ་ཐུན་མོང་དུ་གླེང་བ་ནི་སེམས་བསྐྱེད་པའི་ཡོན་ཏན་ནོ། །དེ་ལྟར་གླེང་བསླང་བའི་དོན་སྟོན་པ་ཡང་། ཆོས་མི་ཟབ་པ་ཐམས་ཅད་ལ་འཁོར་གྱིས་ཞུས་ནས་གླེང་བསླང་བ་ཡིན་ལ། འདིར་རང་ཞིན་གསང་བའི་སྙིང་པོའི་དོན་འཁོར་གྱིས་མི་རིག་པས། གོང་དུའང་འདི་སྐད་བཤད་པའི་དུས་ན་ཞེས་སྨོས་པ་དང་། སྟོན་འཁོར་དབྱེར་མེད་པས་ཉིད་ལ་ཉིད་འཆད་ཅེས་བརྗོད་དོ། །གླེང་བསླང་བའི་སྐབས་འདིར་ཡང་སྟོན་པ་ཡབ་ཡུམ་དབྱིངས་ཡེ་ཤེས་དབྱེར་མེད་པའི་ངོས་ནས་གླེང་བསླང་བ་དང་། ཡང་འཁོར་རྣམས་སྣོད་དུ་རུང་བར་བྱིན་གྱིས་བརླབ་པའི་ཕྱིར་དབང་གི་ངོས་ནས་གླེང་བསླང་བ་སྟེ་རྒྱུད་གཞན་ལས་ཁྱད་པར་ཆེའོ། །གང་གིས་གླེང་བསླང་བ་ནི། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ཞེས་པ། དེ་ནས་ཞེས་བྱ་བ་ནི་གླེང་གཞི་ཚོགས་པའི་དེ་མ་ཐག་པ་ལ་སྐབས་ཅིས་ཀྱང་བར་མ་ཆོད་པར་གླེང་བའམ། བཅོམ་ལྡན་འདས་ཀྱི་འབྲུ་གནོན་གོང་དུ་སོང་ཟིན། དང་པོ་རྡོ་རྗེ་ཡིད་བྱ་བ་བླངས་ཏེ། སེམས་ཉིད་དབྱིངས་ཡེ་ཤེས་དབྱེར་མེད་པ་རྡོ་རྗེ་ལྟ་བུ་རྣམ་གསུམ་ལྷུན་གྱིས་གྲུབ་པ་ཉིད་རང་སྣང་མི་འགག་པའི་ངོ་བོ་ལས་འཁོར་བའི་ཆོས་ཐམས་ཅད་སྣང་སྟེ། སྣང་བ་ཐམས་ཅད་ཡིད་ཀྱི་ཤེས་པར་སྣང་། ཡིད་ཀྱི་ཤེས་པར་འདུས་ཏེ། དེ་ཡང་ཡིད་ཤེས་གསལ་བ་མ་འགག་པ་ལས། ཕུང་པོ་ལྔ་དང་འབྱུང་བ་ལྔ་དང་། ཁམས་དང་སྐྱེ་མཆེད་སོ་སོར་གསལ་ཞིང་འབྱེད་དེ་མ་འདྲེས་པར་སྣང་བ་ནི་ཡིད་ཀྱི་ཤེས་པ་ཁོ་ན་བས། མ་རྟོགས་ན་གཟུང་འཛིན་དུ་སྣང་བའི་དུས་སུ་འཁོར་བའི་ཆོས་ཐམས་ཅད་ཀྱི་བྱེད་པ་པོ་ཡིད་ཀྱི་རྣམ་པར་ཤེས་པའོ། །འཁོར་བ་འཁྲུལ་སྣང་གི་དུས་སུ་ཆ་གཤེར་བ་ལས་མ་གཡོས་པ་བཞིན། ཡིད་རང་བཞིན་ཀུན་གཞི་ལས་མ་གཡོས་པ། ཡིད་ཀྱིས་ཀུན་གཞིའི་དོན་མཐོང་། ཡིད་དང་ཀུན་གཞི་དབྱེར་མེད་ཀྱི་དུས་སུ་ཡིད་རང་བྱུང་གི་ཡེ་ཤེས་སུ་དག །ཀུན་གཞི་དངོས་པོ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས། མི་འགག་པར་རང་སྣང་བ་ཉིད་རིག་པའི་ཡེ་ནས། དབྱིངས་ཡེ་ཤེས་དབྱེར་མི་ཕྱེད་པ་ལ་ནི་འཁོར་འདས་དབྱེར་མེད་པའི་བདག་ཉིད་རྡོ་རྗེ་ཡིད་ཅེས་བྱའོ། །དེས་ན་ཡིད་གནས་སུ་དག་པ་རང་བྱུང་གི་ཡེ་ཤེས་སུ་གསལ་བས་རྩ་བ་དེ་ལས་ཕུང་པོ་ལྔ་དག་པ་རིགས་ལྔ། འབྱུང་བ་ལྔ་དག་པ་ཡུམ་ལྔ། ཁམས་དང་སྐྱེ་མཆེད་དག་པ་སེམས་དཔའ་དང་སེམས་མར་དག་པས། འཁོར་བའི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་དག་པ་ནི། ཡིད་རང་བྱུང་གི་ཡེ་ཤེས་རང་སྣང་བའི་དབང་གིས་ཡིད་རང་བྱུང་གི་ཡེ་ཤེས་སུ་དག་པ་ནི། མྱ་ངན་ལས་འདས་པའི་བྱེད་པ་པོ་ཞེས་བྱའོ། །ཀུན་ཏུ་བཟང་པོ་ཞེས་པ། དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡིད་རང་བྱུང་གི་ཡེ་ཤེས་སུ་ལྷུན་གྱིས་གྲུབ། དེ་ཉིད་མ་བཙལ་བར་རང་སྣང་བའི་ཕྱིར། ཁམས་གསུམ་གྱི་རྟོགས་ཚོགས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་གསལ། ཡེ་ཤེས་ལ་གཉིས་སུ་འཛིན་པ་མི་མངའ་སྟེ། ང་དང་བདག་མེད་ཕྱོགས་དང་རིས་མེད་པར་སྤང་བྱའི་ཆོས་མི་དམིགས་པའི་ཕྱིར། ཐ་སྙད་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། སྤང་བྱ་མ་དམིགས་པའི་ངོས་ནས་མཚོན་པའི་ཐ་སྙད་དུ་ངོ་བོ་ཀུན་ཏུ་བཟང་པོ་ཞེས་བྱའོ། །ངོ་བོ་ལ་གཟུང་འཛིན་ཐ་སྙད་ཙམ་ཡང་མི་གནས་སོ། །འཁོར་འདས་དབྱེར་མེད་པའི་དོན་དེ་ཉིད་རང་བྱུང་གི་ཡེ་ཤེས་འགག་པ་མེད་པར་གདུལ་བྱའི་ངོ་བཞིན་ཤར། རིགས་ཐམས་ཅད་དབྱེར་མེད་པ་དྲུག་པ་ཀུན་ཏུ་བཟང་པོ་ཞེས་བྱའོ། །དབྱིངས་སམ་ཡུལ་ལ་འཇུག་པའི་ཚུལ་ནི། ཐམས་ཅད་མ་ལུས་པའི་རང་བཞིན་གྱི་ཚུལ་རྡོ་རྗེས་ཞེས་པ། འཁོར་འདས་ཐམས་ཅད་ཀྱི་བྱེད་པ་པོའི་ཕྱིར། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིད་གནས་སུ་དག་པའི་རང་རིག་པ་རང་བྱུང་གི་ཡེ་ཤེས་སུ་འཁོར་བའི་ཆོས་ཐམས་ཅད་ཀྱང་དེར་ཚུལ་གཅིག །མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་དེར་ཚུལ་གཅིག །ཚུལ་གཅིག་པའི་དོན་རྡོ་རྗེ་ལྟ་བུ་མི་ཕྱེད་པ་ཉིད་རང་སྣང་བའི་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཀྱི་རྒྱལ་བ་རིལ་ཡང་། འཁོར་འདས་དབྱེར་མེད་དྲུག་པ་ཀུན་ཏུ་བཟང་པོའི་ངང་དུ་ཚུལ་གཅིག་པས་ནི་རྡོ་རྗེ་ལྟ་བུའི་སྐུ་གསུང་ཐུགས་མི་ཕྱེད་པ་རྒྱལ་བ་ཀུན་ཏུ་བཟང་པོའོ། །བཙུན་མོ་བྱ་བ་མོ་ཆོས་སྐུ་ཀུན་ཏུ་བཟང་མོ་ལ་འཇུག་པར་གྱུར་ཏོ་ཞེས་པ་དང་། བཙུན་མོ་ནི་ཡིད་རང་བྱུང་གི་ཡེ་ཤེས་ཆོས་ཀྱི་དབྱིངས་ལས་སྣང་བས་ཡུམ་གྱི་དོན་གྱིས་ཀྱང་བཙུན་མོའོ། །ཡིད་ཀྱིས་ཆོས་ཀྱི་དབྱིངས་ཤེས་དགོས། མ་ཤེས་ན་འཁོར་བ་ཡིན་ཞིང་ཤེས་བྱ་ཡིན་པས་ཀྱང་བཙུན་མོའོ། །ཡིད་དང་ཀུན་གཞི་དབྱེར་མི་ཕྱེད་པ་ཉིད་རང་བྱུང་གི་ཡེ་ཤེས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ལྷག་པའི་ཆོས་སྐུ་ཉམས་སུ་མྱོང་བའི་བདེ་ཆེན་གྱིས་དགྱེས་པ་བསྐྱེད་པས་ཀྱང་བཙུན་མོའོ། །བཙུན་མོའི་དོན་བཤད་ཟིན། བྱ་བ་མོ་ཞེས་པ་བྱ་བ་ནི་ཡུལ་ཏེ། ཡིད་ཀྱི་ཡུལ་རྣམས་པ་གཉིས་ནི། ཆོས་འདུས་བྱས་དང་འདུས་མ་བྱས་རྣམས་པ་གཉིས་ཏེ། འདུས་བྱས་ནི་སྣོད་བཅུད་ཀྱི་ཆོས་ཐམས་ཅད་དང་པོའང་ཡིད་ཀྱི་ཤེས་པར་སྣང་། སླར་ཡང་ཡིད་ཀྱི་ཡུལ་དུ་གྱུར་པའོ། །འདུས་མ་བྱས་ནི་ནམ་མཁའ་དང་། དེ་བཞིན་ཉིད་དང་། སོ་སོར་བརྟགས་པའི་འགོགས་པ་དང་། སོ་སོར་བརྟག་མིན་གྱི་འགོགས་པ་དང་བཞི་ནི་འདུས་མ་བྱས་ཀྱི་ཡུལ་ལོ། །དེས་ན་ཡུལ་དུ་བྱས་པའི་ཆོས་རིལ་སེམས་ཉིད་དུ་ལྷུན་གྱིས་གྲུབ་པའི་ཕྱིར། སྤང་བར་བྱ་བ་མི་དམིགས་པ་ཉིད་རང་སྣང་མི་འགག་པའི་རྩ་ལ་གདུལ་བྱའི་ངོ་ལ་ཀུན་ཏུ་བཟང་མོའི་སྐུར་བྱུང་བ་དེ་ལ་དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་དངོས་སུ་རོལ་པ་ལ་འཇུག་པ་ལྟར་སྣང་བ་ནི་གདུལ་བྱའི་སྣང་བ་སྟེ། དོན་དབྱིངས་ཡེ་ཤེས་དབྱེར་མེད་པ་ཆོས་སྐུ་ལྷུན་གྱིས་གྲུབ་པའི་གཡོ་ཐོབ་བརྟན་པ་གསུམ་གྱི་དང་པོ་ལྟ་བུའོ། །ཉམས་སུ་བསྟར་བ་དགོངས་པ་ནི། ཞུགས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེས་པ་ཞེས་པ་ལ་སོགས་པ་སྟེ། ཞུགས་པས་ཞེས་པ། རྟགས་ཡབ་ཡུམ་ཐབས་དང་ཤེས་རབ་དབྱེར་མེད་པ་དེ་ཉིད། དབྱིངས་ཡེ་ཤེས་དབྱེར་མེད་པ་ཆོས་སྐུ་ཡིན་པའོ། །དེའི་སྟོབས་ཀྱིས་ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པའི། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ། རྣམ་གྲངས་མང་པོ་སྡུད་པ་སྟེ། ཕྱོགས་བཅུ་ནི་ཤེས་པར་ཟད་དེ། འཁོར་འདས་གཉིས་ཀ་ལ་ཁྱབ་བོ། །དེ་བཞིན་གཤེགས་པ་ཞེས་པས། དག་སྣང་ཁོ་ན་ལྟར་སྣང་ཡང་། དུས་བཞི་སྨོས་པས་ཕྱིས་འབྱུང་བའི་ཁོངས་སུ་འཁོར་བའི་ཆོས་ཐམས་ཅད་འདུས་པས་འཁོར་འདས་ཐམས་ཅད་དོ། །ཐམས་ཅད་གཅིག་གི་རང་བཞིན་ཞེས་པ། འཁོར་འདས་ཐམས་ཅད་རང་བྱུང་གི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་སུ་འདུས། དེ་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་ནི་ལྷག་པའི་ཆོས་སྐུ་ཡིན་ལ། ཆོས་སྐུ་ནི་འདུ་ཤེས་ཐམས་ཅད་དང་བྲལ་བའི་བཅོམ་ལྡན་འདས་སོ། །གཅིག་གི་ཞེས་པ་རང་རིག་པ་རང་བྱུང་གི་ཡེ་ཤེས་གང་དུའང་མ་གྲུབ་རང་གསལ་བའི་བདག་ཉིད། ས་བཅུ་པས་ཀྱང་མ་རེག་པས་ཐ་སྣད་དང་བྲལ་ཡང་གདུལ་བྱ་ལ་མཚོན་པའི་ཕྱིར་གཅིག་ཅེས་སྨོས་སོ། །ཡང་མ་ཧཱ་ཡོ་ག་ཤས་ཆེ་བས་འཁོར་རྣམས་རང་བཞིན་གསང་བའི་སྙིང་པོའི་སྣོད་དུ་རུང་བའི་ཕྱིར། དབང་གི་སྒོ་ནས་བྱིན་གྱིས་བརླབ་པའི་དོན་དུ་ན། འཁོར་འདས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་བ་ལ་གཉིས་པ་མི་མངའ་བས་གཅིག་ཅེས་བརྗོད་དོ། །རང་བཞིན་ནི་རང་གི་རང་བཞིན་ཏེ་བཤད་ཡམ་གཉིས་པོའི་ངོ་བོ་ཉིད་དོ། །དབྱེར་མེད་ཅེས་པ། དགོངས་པའི་ངང་ལས་འཁོར་བའི་ཐ་སྙད་དག་ནས་སྒྲ་ཙམ་ལའང་མི་གནས་པའི་དུས་སུ། ལྟོས་སམ་གྲུབ་པས་མྱ་ངན་ལས་འདས་པ་དག་པ་ཞེས་བྱ་བའམ་དམིགས་ཏེ། འདུ་ཤེས་ཐམས་ཅད་དང་བྲལ་བའི་རིག་པ་རང་སྣང་བ་ལ་ནི་འཁོར་འདས་དབྱེར་མེད་ཅེས་བྱའོ། །པས་ཞེས་པ། དགོངས་པ་མྱོང་བ་ཉིད་མི་འགག་པར་སྣང་བའི་གཏན་ཚིགས་སོ། །དོན་དེ་དག་གཞན་ལ་སྣང་བའི་ཚུལ་ནི། འདིར་སྟོན་པས་གླེང་བསླང་བ་དངོས་གཞི་སྟེ། དེ་བཞིན་གཤེགས་པ་ཉིད་ཅེས་པ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་མ་ལུས་པ་ཐམས་ཅད་དབྱེར་མེད་པའི་དྲུག་པ་ཀུན་ཏུ་བཟང་པོ་ཉིད་ཀྱིས། དེ་བཞིན་གཤེགས་པ་ཉིད་ལ་ཞེས་པ། དྲུག་པའི་ཐུགས་རང་སྣང་བའི་ལྷན་ཅིག་པའི་འཁོར་རྣམས་སོ། །ཡང་ན་ཉིད་ལ་ཉིད་ཅེས་པས། ཐམས་ཅད་རིག་པ་རང་བྱུང་གི་ངང་ལས་བདག་གཞན་མ་དམིགས་ཀྱང་། བརྗོད་པ་དང་འདྲ་བས་སོ། །ཡང་ན་དེ་བཞིན་གཤེགས་པ་ཉིད་ལ་ཞེས་སྨོས་པས་གོ་ཕྱེ་བའི་འཁོར་ཕྱི་རབས་པ་དེ་བཞིན་གཤེགས་པའི་རང་བཞིན་ཅན་རྣམས་ལ་ཞེས་བྱའོ། །གཞུང་བརྗོད་ཚིག་གི་ཚོགས་སུ་སྣང་བ་ནི་ལྷན་ཅིག་པའི་འཁོར་ལ་མི་དགོས་ཀྱང་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་བརྗོད་པ་འདི་བརྗོད་ཅེས་བྱའོ། །ལྷན་ཅིག་པའི་འཁོར་རྣམས་ལ་ནི། གསུང་ལྔ་ལྷུན་གྲུབ་ཀྱི་གསུང་གིས་རིག་པ་དེ་ཉིད་དུ་ལྷུན་གྱིས་གྲུབ་པ་ནི་བརྗོད་པ་དང་འདྲ་བས་དེ་སྐད་ཅེས་བྱའོ། །དགོངས་པ་གཞན་ལ་སྣང་བ་རང་གི་ངོ་བོ་ནི། ཨེ་མའོ་ཞེས་པ་ངམ་ཞིང་ངོ་མཚར་བ་སྟེ། ཅི་ལ་ངམ་ཞིང་ངོ་མཚར་ཞེ་ན། འཁོར་བའི་ཆོས་ཕུང་པོ་ཁམས་སྐྱེ་མཆེད་འདི་དག་ཉིད། རིགས་དང་རིགས་ཀྱི་ཡུམ་དང་ལྷ་དང་ལྷ་མོའི་རང་བཞིན་ཡིན་པ་ལ། ངམ་པ་ནི་གནས་ཚུལ་ཡིན་ཚུལ་གྱི་ངོས་ནས་ངམ་པའོ། །རྟོགས་ཚུལ་གྱི་ངོས་ནས་ངམ་པ་ནི། གོང་དུ་དབྱིངས་རིག་པ་དབྱེར་མེད་ཀྱི་ཆོས་སྐུ་ལྷུན་གྱིས་གྲུབ་པའི་དུས་སུ། འཁོར་བའི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་ལྷུན་གྱི་དགོངས་པ་གདུལ་བྱ་ལ་སྣང་བ་ལ་ངམ་པའོ། །མ་ཧཱ་ཡོ་ག་དབང་གིས་ཤས་ཆེ་བར་བྱས་ནས། གོང་དུ་ཀུན་བཟང་ཡབ་ཡུམ་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་བ་དེ་ཡང་། སྟོང་པ་ལ་ཆགས་བྱ་ཆགས་བྱེད་མེད་ཀྱང་། གདུལ་བྱའི་སྣང་བ་ལ། འདོད་ཆགས་ཀྱི་ཡེ་ཤེས་ཆེན་པོའི་གོ་ནས། ཁམས་གསུམ་གྱི་རྟོག་ཚོགས་རྣམས་སྐུ་དང་ཡེ་ཤེས་སུ་གསལ་བས། སྤྱོད་ཡུལ་ཡོངས་སུ་དག་པའི་ངོ་བོ་ཉིད་དུ་གྱུར་པ་ལ་ངམ་པའོ། །རྟོགས་པའི་དོན་མྱོང་བ་ཉིད་ལ་ངམ་པའི་ངོ་བོ་གང་ཡིན་ན། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །ཞེས་བྱ་བ་ལ་སོགས་པར། དང་པོ་ཕུང་པོའི་མཚན་ཉིད་བཤད་པ་ཡོད་ཀྱང་། འདིར་ཡིད་གནས་སུ་དག་པ་རང་བྱུང་གི་ཡེ་ཤེས་རྡོ་རྗེ་ལྟ་བུ་ཞེས་བྱ་སྟེ། དབྱིངས་ཡེ་ཤེས་དབྱེར་མེད་ཀྱི་ངང་ལས་མི་འགྱུར་བ་དང་། འཇོམས་པ་དང་། མི་ཕྱེད་པའི་དོན་གསུམ་གྱིས་ཆོས་ཐམས་ཅད་རང་སྣང་བའི་གཞིའམ་རྩ་བའམ་རྒྱུ་ལྟ་བུ་སྟེ། རྡོ་རྗེ་ཕུང་པོའི་ཡན་ལག་ཅེས་པ། རྒྱུ་གོང་མ་རྡོ་རྗེ་ལྟ་བུ་ཉིད་ནི་ཕུང་པོ་ལྔའི་རྒྱུའོ། །རྐྱེན་ནི་ཡབ་ཡུམ་དབྱེར་མེད་པའི་རྡོ་རྗེ་དང་དྲིལ་བུ་ལས་བྱུང་བའི་ས་བོན་ནོ། །དེ་ཉིད་རང་སྣང་བའི་ཕུང་པོ་ལྔ། ཡན་ལག་ནི་གཟུགས་ལ་གཟུགས་ཆེན་བཅོ་ལྔ། ཚོར་བ་དྲུག་གསུམ་བཅོ་བརྒྱད། འདུ་ཤེས་རྒྱ་ཆེ་ཆུང་ཚད་མེད་པ་གསུམ། འདུ་བྱེད་ལྔ་བཅུ་རྩ་གཅིག །རྣམ་པར་ཤེས་པ་ཚོགས་བརྒྱད་དེ། སྤྱི་ཡན་ལག་དགུ་བཅུ་རྩ་ལྔ་ཉིད། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་པ། ཕུང་པོ་ལྔ་ཡན་ལག་དང་བཅས་པར་རྟོགས་པ་རང་བྱུང་གི་ཡེ་ཤེས་ཀྱི་ངོ་ལ། མ་འགགས་པ་བསོད་ནམས་ཀྱི་ཚོགས་རྫོགས། མ་དམིགས་པ་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ། དེའང་ཅིག་ཆར་ཏེ་སྐད་ཅིག་མ་གཅིག་ལའོ། །བུདྡྷ་ནི་གོང་གི་རྫོགས་པའི་དོན་ལ་མཐའ་གཉིས་ཀྱི་འདུ་ཤེས་མ་སྤངས་ངང་གིས་དག་ནས། ཤེས་བྱའི་སྒྲིབ་པ་ཕྲ་བ་ཙམ་ཡང་མི་མངའ་བ་ནི་སངས་པའོ། །ཕྱོགས་བྲལ་གྱི་ཡེ་ཤེས་མཁྱེན་པ་གཉིས་དབྱེར་མེད་པའི་ཆོས་ཀྱི་དབྱིངས་དང་མཉམ་པ་ནི་རྒྱས་པའོ། །ལྔ་ནི་གཞི་ཕུང་ལྔའི་འདུ་ཤེས་གོང་མ་བཞིན་དུ་དག་ནས། རང་བྱུང་གི་ཡེ་ཤེས་ལྷུན་གྱིས་གྲུབ། རང་བྱུང་རང་སྣང་བས་ཡེ་ཤེས་ལྔར་གསལ་ཏེ། ཡེ་ཤེས་ལྔ་གདུལ་བྱའི་ངོ་ལ་རིགས་ལྔར་སྣང་སྟེ། གཟུགས་མ་འགགས་པར་སྣང་བ་རྣམ་པར་སྣང་མཛད། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན། འདུ་ཤེས་སྣང་བ་མཐའ་ཡས། འདུ་བྱེད་དོན་ཡོད་གྲུབ་པ། རྣམ་པར་ཤེས་པ་རྡོ་རྗེ་སེམས་དཔའ་སྟེ། དེ་རྣམས་ཀྱི་དོན་རྟགས་སྦྱར་བ་གཞན་ན་བཤད་པ་བཞིན་དུ་བྱའོ། །གྲགས་ཞེས་པ་ནི། དེ་དག་དགོངས་པའི་ངོ་བོ་ལ་གསལ་བ་བརྗོད་པ་དང་འདྲ་བས་གྲགས་ཞེས་སྨོས་སོ། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཅེས་པ་རྟོག་པའི་དུས་ན་སྐྱེ་མཆེད་ནི་བཅུ་གཉིས། ཁམས་ནི་བཅོ་བརྒྱད་དེ། དེ་ཡང་སྐྱེ་མཆེད་ནི། མིག་གི་དབང་པོ་ལ་བརྟེན་ཏེ་རྣམ་ཤེས་སྐྱེ། ཡུལ་མཆེད་པ་དབང་པོ་བཞིའི་སྒོ་ནས་བཞི་གསུམ་བཅུ་གཉིས་སོ། །ཁམས་བཅོ་བརྒྱད་ཀྱི་དབང་དུ་བྱས་ན། མིག་གི་ཁམས། གཟུགས་ཀྱི་ཁམས། མིག་གི་རྣམ་པར་ཤེས་པའི་ཁམས་སོགས་བཅུ་གཉིས་ཏེ་གོང་དང་མཐུན། ལུས་ཀྱི་དབང་པོ། ལུས་ཀྱི་རྣམ་ཤེས། ལུས་ཀྱི་ཡུལ་རེག་བྱ། ཡིད་ཀྱི་དབང་པོ། ཡིད་ཀྱི་རྣམ་ཤེས། ཡིད་ཀྱི་ཡུལ་ཆོས་འདུས་བྱས་འདུས་མ་བྱས་གསུམ། མང་པོ་ཀུན་ཞེས་པ། དུས་བཞི་རྟག་ཆད་མཐའ་བཞི། ལུས་ཀྱི་ཆོས་གསུམ་འདུས་པའི་མྱོང་བའི་ངོ་བོ་ཁམས་སྐྱེ་མཆེད་དུ་མ་འདུས་པ་དག་གོ། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཅེས་པ་ཕུང་པོ་ལྔ་གོང་དུ་དག་པ་ལྟར་ན། ལྷོའི་མཛམ་བུ་གླིང་ཉི་མས་དུས་གཅིག་གསལ་བ་དང་འདྲ་བར། རིག་པ་རང་བྱུང་གི་ཡེ་ཤེས་ཆོས་གསུམ་དང་ལྡན་པ་ཉིད་ལྷུན་གྱིས་གྲུབ་ན་རྩ་བ་དག་པས་ལོ་མ་དག་སྟེ། ཕུང་པོ་དང་ཁམས་རྣམས་སེམས་དཔའ་དང་སེམས་མའི་དཀྱིལ་འཁོར་དུ་སྐུ་དང་ཡེ་ཤེས་སུ་རང་གསལ་ཏེ། གླེང་གཞིའི་ལེའུའི་བསྟན་པ་ལྟར། རྣམ་ཤེས་བཞི་ཕྱོགས་ཀྱི་སེམས་དཔའ་བཞི། དབང་པོ་བཞི་དག་པ་མཚམས་ཀྱི་སེམས་དཔའ་བཞི། གཟུགས་ལ་སོགས་པ་བཞི་སའི་སྙིང་པོ་ལ་སོགས་པ་བཞིའི་ཡུམ། དུས་བཞི་མཚམས་ཀྱི་སེམས་དཔའ་བྱམས་པ་ལ་སོགས་པ་བཞིའི་ཡུམ། ལུས་ཀྱི་ཆོས་གསུམ་རེག་ཤེས་དང་བཞི་ཁྲོ་བོ་བཞི། རྟག་ཆད་མཐའ་བཞི་ཁྲོ་མོ་བཞི། ཡིད་ཀུན་ཏུ་བཟང་པོ། ཡིད་ཀྱི་ཡུལ་ཆོས་འདུས་བྱས་དང་འདུས་མ་བྱས་ཀུན་ཏུ་བཟང་མོའོ། །དེ་ལ། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཅེས་པ་ཁྲོ་བོ་དང་ཁྲོ་མོ་ཟ་ཟ་རྔམ་རྔམ་འདྲ་བ་གཏུམ་པའི་ཚུལ་ཅན་ལ། བྱང་ཆུབ་སེམས་དཔའ་ཞེས་ཇི་ལྟར་བྱ་ཞེ་ན། འདུལ་བྱེད་གདུལ་བྱ་བཞིན་སྣང་བས། གདུལ་བྱ་རྩུབ་པ་ལ་དེ་ལྟར་སྣང་གི། གདུལ་བྱ་ཞི་བ་ལ་སྐུ་ཁྲོ་བོ་ལྟ་བུར་སྣང་ཡང་ཐུགས་བྱང་ཆུབ་སེམས་དཔའ་ལས་གཞན་དུ་མ་ཡིན་ནོ། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །ཞེས་པ། འདིར་སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་མ་བརྒྱད་ལ། འབྱུང་བ་ལྔའི་དྭངས་མ་རང་བཞིན་གྱི་བུདྡྷའི་ངོ་བོ་སྟེ། སའི་དྭངས་མ་རྩ་དར་དཀར་རང་བཞིན་གྱིས་སྐུད་པ་ལྟ་བུ། ཁྲག་གི་དྭངས་མ་མཚལ་ཅོག་ལ་མའི་ཁ་དོག་ལྟ་བུ། དྲོད་ཀྱི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ། དབུགས་ཀྱི་དྭངས་མ་གསེར་ས་འོག་ན་ཡོད་པའི་རླངས་པ་ཙམ། ནམ་མཁའི་དྭངས་མ་སྲོག་མི་ཤིགས་པའི་ཐིག་ལེ་སྲན་ཆུང་ཙམ། ཁ་དོག་གང་དུ་ཡང་མ་གྲུབ་ལ་ཅིར་ཡང་འཆར་བ་སྟེ། དེ་ནི་རྣལ་འབྱོར་པས་བསྒོམ་སྟེ་རྟོགས་ན་བུདྡྷའི་ངོ་བོ་ཡིན་ཏེ། སེམས་ཅན་ཐམས་ཅད་བུདྡྷའི་སྙིང་པོ་ཅན་ཡིན་བྱ་བ་དང་མཚུངས། དེ་རྟོགས་པ་མཐར་ཕྱིན་ན་སྙིགས་མའི་འབྱུང་བ་བྱང་། ཡུལ་གྱི་འབྱུང་བ་དག་ནས་ནམ་མཁའི་ངོགས་ལྟ་བུར་གསལ། མ་རྟོགས་ན་ནང་གི་དྭངས་མ་ཡེ་ཤེས་ཀྱི་འབྱུང་བ་ཉིད་བརྟགས་པ་གཟུང་འཛིན་གྱི་ཤེས་པའི་དབང་གིས་ནམ་མཁའ་འཕངས་ཏེ། སྙིགས་མ་འཁོར་བའི་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་ལྔར་སྣང་བ་དེ་དག །རྒྱུའམ་གཞི་གོང་དུ་བཤད་པ་བཞིན་སེམས་ཉིད་རང་སྣང་བ་ལས་མ་གཡོས་པའི་ཕྱིར། ས་ཆུ་མེ་རླུང་ནམ་མཁའ་དང་ལྔ་སྣང་སྟོང་དབྱེར་མེད་པ་འབྱུང་བ་སོ་སོ་བརྟགས་པ་རང་སོར་དག་ནས་མཉམ་པ་ཉིད་སེམས་ཀྱི་ཆོས་ཉིད་ལྷུན་གྱིས་གྲུབ་པ་ནི། བསྐྱེད་པ་དང་དབྱེར་མེད་པའི་འབྱུང་བ་ལྔས་ཕུང་པོ་ལྔ་བསྐྱེད་པའི་ཕྱིར་ཡང་ཡུམ། ཕུང་པོ་ལྔ་དང་དབྱེར་མེད་དེ་མི་ཕྱེད་པའི་ཕྱིར་ཡང་ཡུམ་སྟེ། རྣམ་པར་སྣང་མཛད་ཀྱི་ཡུམ་སངས་རྒྱས་སྤྱན་ས་གནས་སུ་དག་པ། ཆུ་གནས་སུ་དག་པ་རིན་ཆེན་འབྱུང་ལྡན་གྱི་ཡུམ་མཱ་མ་ཀཱི། མེ་གནས་སུ་དག་པ་སྣང་མཐའི་ཡུམ་གོས་དཀར་མོ། །རླུང་གནས་སུ་དག་པ་དོན་གྲུབ་ཀྱི་ཡུམ་དང་ཚིག་སྒྲོལ་མ། ནམ་མཁའ་གནས་སུ་དག་པ་རྡོ་རྗེ་སེམས་དཔའ་ཡུམ་ཀུན་ཏུ་བཟང་མོའོ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་སྐུ་དང་ཡེ་ཤེས་སུ་གསལ་བའི་གཏན་ཚིགས་ཀྱིས། སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཞེས་པ་སྲིད་གསུམ་ནི་འདོད་ཁམས་གཟུགས་ཁམས་གཟུགས་མེད་པའི་ཁམས་གསུམ་མོ། །དེས་བསྡུས་པའི་ཆོས་ཀུན་རྫོབ་ཀྱི་མཚན་ཉིད་སྣ་ཚོགས་ཏེ། ཆགས་པ་དང་གནས་པ་དང་སྟོངས་པ་དང་མཚན་ཉིད་མི་འདྲ་བ་ནང་ཚན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཐམས་ཅད། ཕུང་པོ་ཁམས་སྐྱེ་མཆེད་ཀྱི་རྗེས་སུ་མཐུན་པར། སེམས་རང་རིག་པ་ཉིད་རང་སྣང་དབྱེར་མེད་ཀྱི་ཡེ་ཤེས་ཆེན་པོ་རང་གསལ་བའི་དུས་སུ། ཡེ་ནས་དེ་ལྟར་ཡིན་པ་རྟོགས་ཙམ་ན་བུདྡྷ་ཞིང་ཞེས་པ། སེམས་རིག་པ་རང་སྣང་གི་ངོ་ལ་ཅིར་ཡང་སྣང་བ་སྣང་བཞིན་མ་གྲུབ་སྤྲུལ་པའི་སྐུ་ལ་གདུལ་བྱ་གང་ལྟར་མོས་པའི་དོན་མཛད་པ། ངོ་བོ་མ་བྱུང་མ་སྐྱེས་ཆོས་ཀྱི་དབྱིངས་ལྷུན་གྱིས་གྲུབ་པ་ཆོས་ཀྱི་སྐུ། དེ་ཉིད་མ་འདྲེས་ལ་ཡོངས་སུ་རྫོགས་པ་འཁོར་འདས་གཉིས་ཀྱི་ལོངས་སྤྱོད་ཡུལ་གཅིག་ལ་རོལ་པ་ལོངས་སྐུ་སྟེ། ཁམས་གསུམ་སྐུ་གསུམ་གྱི་ཞིང་ལས་མ་གཏོགས་པ་སྲིད་གསུམ་མིག་ཙམ་ཡང་མི་གནས་པའོ། །ཐམས་ཅད་མ་ལུས་ཆོས་སོ་ཅོག །ཅེས་པ། གོང་དུ་སྲིད་གསུམ་སྐུ་གསུམ་དུ་དག་པའི་དོན་གྱིས་ཀུན་རྫོབ་ཀྱི་ཆོས་སྣོད་བཅུད་མ་ལུས་པའི་ཆོས་སོ་ཅོག་ཐམས་ཅད་མཚན་ཉིད་བཞི་དང་ལྡན་ཏེ། དངོས་པོའི་ཆོས་གཅིག་ལ་ཡང་། ཀ་བ་ཞེས་བརྗོད་པའི་མིང་དང་། ཀ་བས་གདུང་འདེགས་ཞེས་པ་ལྟ་བུའི་ལས་དང་། ཀ་བའི་དངོས་པོ་ཕྲ་སྤོམ་དང་ཕྱི་ནང་ལ་སོགས་པ་ཚང་བའི་དངོས་པོ་དང་། མཚན་ཉིད་སྲབ་དང་གཅིག་ཏུ་ཚོགས་པ་ལྟ་བུ་སྟེ། དེ་ལ་སོགས་ཏེ་ཆོས་ཅན་གྱི་དངོས་པོ་ཐམས་ཅད་ལ་ཐ་སྙད་བཞི་པོ་དེས་མ་ཁྱབ་པ་མེད་པས། དེ་ཉིད་སེམས་ཀྱི་ཆོས་ཉིད་རང་སྣང་བའི་ཕྱིར། སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཞེས་པ་སྤངས་མཁྱེན་ལྷུན་གྱིས་གྲུབ་པའི་ངོ་བོ་ཉིད་མ་འགག་པར་རང་སྣང་བ་སྐུའི་ཚོགས་དེ་ཙམ་ཉིད་ན་རང་བྱུང་གི་ཡེ་ཤེས་སུ་གསལ་བ་ཡེ་ཤེས་ཏེ། སྐུ་དང་ཡེ་ཤེས་དབྱེར་མེད་པའི་ངང་དུ་ལྷུན་གྱིས་གྲུབ་པས་གཞན་མ་ཡིན་ཞེས་བྱའོ། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །ཞེས་པ་ཆོས་ཐམས་ཅད་གོང་དུ་བཤད་པ་ཉིད་ལས་མ་གཏོགས་པ་གཞན་པའི་འཁྲུལ་པ་བཏགས་པ་ཐ་སྙད་ཀྱི་ཆོས་དེ་དག །ཕྱི་ནང་གི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བའི་ངང་ལ་ཐ་སྙད་ཀྱི་འཁྲུལ་ཆོས་མ་གྲུབ་པ་ལ་བཙལ་བ་ལྟ་བུ་བྱས་ན། དངོས་པོ་ལ་མ་གྲུབ་པས་སངས་རྒྱས་ཀྱི་སྤྱན་གྱིས་ཀྱང་མི་རྙེད་དེ་མི་གཟིགས་ན་གཞན་མས་ལྟ་ག་ལའང་རྙེད་དེ། ངོ་བོ་ལས་མ་གྲུབ་པས་མི་གནས་སོ་ཞེས་བརྗོད་པས། ཞེས་པ་སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་རང་བྱུང་གི་ཡེ་ཤེས་ཀྱི་མྱོང་བ། ཉིད་ལས་མི་གཞན་པའི་འཁོར་རིགས་ལྔའི་དགོངས་པ་ལ་གསལ་བ་ནི་བརྗོད་པ་དང་འདྲ་བའོ། །དབང་གི་སྐབས་སུ་ཡབ་ཡུམ་དབྱེར་མེད་པའི་དགོངས་པ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྩལ་ལས། ཕྱི་ནང་གི་ཆོས་རྣམས་ཐམས་ཅད་དེ་ལྟར་གསལ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པས་ཁྱབ་པར་གྱུར་ཏོ། །ཞེས་པ་གྲོལ་ལམ་གྱི་དབང་དུ་བྱས་ན། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཉིད་ལས་མི་གཞན་པའི་འཁོར་རྒྱལ་བ་མ་ལུས་པ་ཐམས་ཅད་དོ། །མཉེས་པ་ནི། ཀུན་ཏུ་བཟང་པོ་ཡེ་ཤེས་ཀྱི་ཆ། བཟང་མོ་དབྱིངས་ཀྱི་ཆ། དབྱིངས་ཡེ་ཤེས་དབྱེར་མེད་པ་ཆོས་སྐུ་ཁོ་ན་སྟེ། དེའི་ངང་ལས་རང་སྣང་མི་འགག་པ་ཙམ། སྤྱོད་ཡུལ་དག་པ་ཉིད་འབྲས་བུ་མཐར་ཐུག་པའི་དགོངས་པ་མྱོང་བ་སྟེ། མཉེས་པ་ནི་ཆོག་པའམ་ཚིག་པ་ཡིན་པས་ཆོས་སྐུ་ལྷུན་གྱིས་གྲུབ་པའི་དུས་སུ་རེ་དོགས་ཕྲ་བའི་ཕྲ་བའང་མི་གནས་ནས། མཉམ་པ་ཉིད་ཀྱི་དབྱིངས་ལ་བཞུགས་པའོ། །ཁྱབ་པ་ནི་དབྱིངས་ཀྱིས་ཁྱབ་ཚད་དུ་གསལ་བར་གྱུར་ཏོ། །ཡུམ་གྱིས་གླེང་བསླང་བ་ལ་གང་གིས་བསླང་བ་ནི། དེ་ནས། བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོ་ཞེ་པ། དེ་ནས་ནི་ཡབ་ཀྱི་མཛད་པ་ཚར་བའི་རྗེས་ཐོག་བར་ཅིས་ཀྱང་མ་ཆོད་པའོ། །བཙུན་མོ་ནི་དབྱིངས་ཀྱིས་རིག་པ་མཉེས་པར་བྱེད་པ་དང་། བཟང་མོ་ཐབས་ཤེས་རབ་གཉིས་སུ་མེད་པ་ཉིད་ཀྱིས་རང་བྱུང་གི་ཡེ་ཤེས་མངོན་དུ་སྣང་བར་བྱེད་པའོ། །བྱ་བ་ནི་ཡུལ་ཏེ། རིག་པའི་ཡུལ་ཆོས་འདུས་བྱས་དང་། འདུས་མ་བྱས་ཐམས་ཅད་དེ་ཆོས་ཀྱི་དབྱིངས་སོ། །མོ་ནི་ཆོས་ཀྱི་དབྱིངས་ལས་སྣང་བ་བསྐྱེད་པའི་ཕྱིར་ཡང་མོ། ཇི་ལྟར་སྣང་ཡང་དབྱིངས་དང་མི་ཕྱེད་པའི་དོན་གྱིས་མོ། རྟགས་སུ་སྣང་བ་ཡུམ་ཀུན་ཏུ་བཟང་མོ་སྟེ། ཆོས་ཀྱི་དབྱིངས་ནི་མཐར་འཛིན་ཐམས་ཅད་དང་བྲལ་བས་བཟང་མོ་སྟེ་རྟགས་ཡུམ་མོ། །མོས་ཞེས་པ། སའི་སྒྲས་བྱེད་པ་སྟེ་ཡུམ་གྱིས་གླེང་བསླང་བ་འཇུག་གོ། །ཇི་ལྟར་བསླང་བ་ནི། བཅོམ་ལྡན་འདས། ཞེས་པ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ཀྱི་སྒྲ་བཤད་ཟིན། རྡོ་རྗེ་ཡིད་རིག་པ་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་ལས་ཕྱི་ནང་གི་ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་སུ་བུདྡྷ་པས། སྤྱོད་ཡུལ་ཡོངས་སུ་དག་པ་ཆོས་ཉིད་སྟོན་པའི་སྐུར་སྣང་བ་དང་། ཡུམ་ཀུན་ཏུ་བཟང་མོ་གཉིས་དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ནི་གྲོལ་ལམ་གྱི་ངོ་བོ་སྟེ་ཆོས་སྐུའོ། །རྟགས་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ནི་གདུལ་བྱའི་སྣང་བ་སྟེ། བྱང་སེམས་གཉིས་སུ་མེད་པའང་གཟུང་ངོ་། །དབང་གི་སྒོ་ནས་གླེང་བསླང་བའི་ཚུལ་ལོ། །སྣོད་བཅུད་རྣམ་པར་དག་པ་ནི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ། དགོངས་པའི་ཉམས་ཏེ། འབྲས་བུ་ཆོས་སྐུ་ལྷུན་གྱིས་གྲུབ་པས་ཕྱི་ནང་གི་ཆོས་ཐམས་ཅད་འདི་ལྟར་གྱུར་ཅེས་བརྗོད་པའོ། །ཡང་ན་དབང་གི་སྒོ་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རིག་པ་རང་གསལ་གྱི་རྩ ལ་ལམ་སྟོབས་ཀྱིས་དགོངས་པ་བརྗོད་པ་སྟེ། ཆེད་དུ་བརྗོད་པ་ཞེས་པ། གཉིས་ལས། ངམ་པའི་ཆེད་བྱས་ཀྱིས་བརྗོད་པ་ནི། བསམ་པ་རྣམ་པར་དག་པ་ལ་བརྗོད་པ་ཚད་མ་ཞེས་པས། དགོངས་པ་གཉིས་ཀྱི་དོན་རང་གྲག་གོ། །བོད་པའི་ཆེད་དུ་བརྗོད་པ་ནི། ལྷན་ཅིག་པ་དང་གོ་ཕྱེ་བའི་འཁོར་རྣམས་ལ་གོ་ཞིང་རྟོགས་གོམས་ཀྱི་ཆེད་དུ་བརྗོད་པའོ། །འདི་བརྗོད་དོ་བྱ་བ་མཆན་ན་འབྱུང་བའི་ཚིགས་བཅད་ཉིད་དོ། །དེ་ཡང་ཀུན་ཏུ་བཟང་པོ་ནི་རིག་པའི་ཆ་ནས་བརྗོད་དེ། གོང་དུ་བཤད་པའི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བའོ། །ཀུན་ཏུ་བཟང་མོ་ནི་དབྱིངས་ཀྱི་ཆ་ནས་བརྗོད་དེ། དམིགས་བྱ་དམིགས་བྱེད་མེད་པ་མཉམ་པ་ཉིད་ཀྱི་དོན་ནི། །ཀྱེ་མའི་ཞེས་པ་ནི། ངམ་པ་དང་བོད་པ་གཉིས་ཏེ། ངམ་པ་ནི་དབྱིངས་ཡེ་ཤེས་དབྱེར་མེད་ཆོས་ཀྱི་སྐུའི་དགོངས་པ་ངམ་པ་དང་། འཁོར་དབང་བསྐུར་བའི་ཡབ་ཡུམ་གྱི་མྱོང་བ་ལྷན་ཅིག་སྐྱེས་པ་ལ་ངམ་པའོ། །བོད་པ་ནི། ཐམས་ཅད་མཁྱེན་པའི་ངོ་བོ་ཐུགས་རྗེའི་བདག་ཉིད་ཁམས་གསུམ་ལ་ཡེ་ཁྱབ་ཡིན་པ་ལ་སྔོན་གྱི་སྨོན་ལམ་གྱིས་ཀྱང་བསྟངས་ནས་འགྲོ་དོན་མི་འགོག་པ་སྟེ། ལྷན་ཅིག་པ་གོ་ཕྱེ་བའི་འཁོར་རྣམས་ལ་བོས་ནས་བརྗོད་པའམ་སྒྲོགས་པའི་ཚུལ་ལོ། །ཕྱོགས་བཅུའི་སྟོང་ཁམས་ཡེ་ནས་དབེན། །ཞེས་པ་ནི། འདིར་ཡུམ་གྱིས་གླེང་བསླང་བའི་གཏན་ཚིགས་ཀྱིས། ཡུམ་ཀུན་ཏུ་བཟང་མོའི་རང་བཞིན་རྣལ་མ་དོན་གྱི་ཀུན་གཞི་ཉིད། བེམ་རིག་ཡུལ་སེམས་སྣོད་བཅུད་རྒྱུ་འབྲས་ཀྱིས་བསྡུས་པའི་ཕྱི་སྣོད་བེམ་པོ་དང་། ནང་བཅུད་སེམས་ཅན་དང་། བར་རྣམ་ཤེས་ཀྱི་ཚོགས་ཐམས་ཅད་དུ་སྣང་སྟེ། གཞལ་བྱའི་ཡུལ་ཕྱོགས་བཅུ་སྟོང་ཁམས་སོ། །ཡེ་ནས་དབེན་ཞེས་པ། མ་འགག་པར་སྣང་བ་དེ་ག་ཉིད། ཀུན་གཞི་ལ་དངོས་པོ་ཐམས་ཅད་དང་བྲལ་བས་མ་སྐྱེས་པ་ཉིད། བེམ་པོ་ལྟ་བུ་མ་ཡིན་པས་རང་གསལ་བ་ནི་ཡེ་ཤེས་ཀྱི་བདག་ཉིད་དུ་ལྷུན་གྱིས་གྲུབ་པ་ནི་ཆོས་སྐུ་སྟེ། དེ་ལ་ཕྱོགས་བཅུ་དང་དུས་གསུམ་གྱི་ཐ་སྙད་མི་གནས་པ་ནི། ལམ་པའི་བློས་བྱས་པ་མིན། ཡེ་ནས་དེ་ལྟར་ཡིན། སྲིད་པ་གསུམ་ནི་དག་པའི་ཞིང་། །ཞེས་པ། གོང་དུ་ཡབ་ཀྱི་སྐབས་སུ་ཁམས་གསུམ་སྐུ་གསུང་དུ་སངས་རྒྱས་བཤད་ཟིན། སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཞེས་པ། སྙིགས་མ་ལྔ་འདི་ལ་གཞུང་སོ་སོ་བཞེད་ཀྱི་ཐ་སྙད་མི་འདྲ་འགའ་རེ་བགྲང་ཡང་། འདིར་དུས་ཀྱི་སྙིགས་མ་དང་། སེམས་ཅན་དང་། ཚེ་དང ། ལས་དང་། ཉོན་མོངས་པ་དང་ལྔ་སྟེ། དེ་ཡང་བསྐལ་པའི་ཐོག་མ་ཚེ་ལོ་བརྒྱད་ཁྲི་བའི་དུས་སུ་དུས་བཟང་བས། ལུས་ལ་འོད་ཡོད། ཤི་ན་རོ་མེད། བདག་གཞན་གྱི་རྩོད་པ་མེད། ཐམས་ཅད་སྙོམས་པ་ཡང་ན་ཟས་ས་ཞག་དང་འབྲས་སཱ་ལུ་རོ་ཡང་ཀ་ར་སྤྲང་རྩི་མ་བསྐོལ་བའི་རོ་ཙམ་ཡོད། མར་འགྲིབ་བཅུ་པ་སོགས་ཀྱི་དུས་ཐོབ་ཙམ། དང་ལྡན་པས་ཁམས་ཀྱི་ཟས་མི་དགོས་པ་ལས། དུས་ཀྱི་སྙིགས་མ་ཇེ་ངན་ལ་སོང་བའི་དུས་སུ་ལུས་ལ་འོད་མེད་མུན་པ་དང་བཅས། ཤི་ན་རོ་བྱུང་། བམ་པ་དང་གཙོག་པ་དང་བཅས། ཟས་དགོས་པས་རྩོལ་བ་དྲག་པོས་བསྒྲུབས་ཀྱང་འགྲུབ་དཀའ། ཚེ་ལོ་བཅུ་པའི་དུས་སུ་སོག་ཚིག་ལ་ལོངས་སྤྱོད། བདག་གཞན་གྱི་རྩོད་པ་ཆེ་བས་དུས་ཀྱི་སྙིགས་མའོ། །སེམས་ཅན་གྱི་སྙིག་མ་ནི། དང་པོའི་དུས་སུ་བདག་འཛིན་ཕྲག་དོག་དང་ཉོན་མོངས་ཕྲ་བ་ལས། སྙིགས་མའི་དུས་སུ་མི་དགེ་བ་ཤ་སྟག་ལ་སྤྱོད་པའོ། །ཚེའི་སྙིགས་མ་ནི། དང་པོ་ལོ་བརྒྱད་ཁྲི་ཐུབ་པ་ལས་དུས་ཐ་མ་ཚེ་ལོ་བཅུ་པ་ལ་ཐུག་པའོ། །ལས་ཀྱི་སྙིགས་མ་ནི། དང་པོ་རང་བཞིན་གྱིས་དཀར་བ་དགེ་བ་བཅུ་གཅིག་པུ་སྤྱོད་པ་ལས། སྙིགས་མ་མི་དགེ་བཅུ་ཁོ་ན་ལ་གནས་པའོ། །ཉོན་མོངས་པའི་སྙིགས་མ་ནི། དང་པོ་སྐྱེ་དཀའ། སྐྱེས་ཀྱང་མི་རགས་ཤིང་སླ། ཐ་མར་གྱུར་པའི་དུས་སུ་ཉོན་མོངས་པ་རང་ལོག་དཀའ་བས་རྒྱུན་རིང་བའོ། །དེ་དག་ཀྱང་རྣལ་མ་དོན་གྱི་ཀུན་གཞི་ཆོས་ཀྱི་དབྱིངས་ཀྱི་ངང་ལས། གཟུང་འཛིན་གྱི་ཤེས་པས་བརྟགས་པའི་འཁྲུལ་བ་གློ་བུར་བ་ཡིན་པས། དཔེར་ན་ནམ་མཁའ་ལ་སྤྲིན་སྣང་ཡང་། ནམ་མཁའ་ལ་སྒྲིབ་པ་མེད་ཅིང་རང་ས་དེ་ཉིད་ན་ཞི་བ་བཞིན། ཀུན་གཞིའི་ངང་ལས་མ་གཡོས་ཏེ། མ་འགགས་པར་སྣང་ཞིང་མི་ཙམ་ལས་མྱང་བྱ་མྱོང་བྱེད་དང་བྲལ་བས། ཀུན་གཞི་ཉིད་རང་སྣང་རོལ་པ་ཆོས་ཀྱི་སྐུ་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པ་ནི། ཐ་སྙད་ཀྱི་འཛིན་པ་ཐམས་ཅད་དང་བྲལ་བས་བདེ་བ་ཞེས་བྱ་ལ། དེ་ལྟ་བུའི་ངང་ལས་དུས་གསུམ་དུ་མི་གཡོ་བ་ནི་གནས་ཞེས་བྱའོ། །ཕུང་པོ་ལྔ་ནི་རྫོགས་སངས་རྒྱས། །ཞེས་བྱ་བ། ཡབ་ཀྱི་སྐབས་སུ་བཤད་ཟིན་པ་དེ་ཉིད་ཀྱི་དབྱིངས་ཀྱི་ཆས་མཚོན་པའི་ཐ་སྙད་ཐམས་ཅད་དང་བྲལ་བ་ཉིད་མཉམ་པ་ཉིད་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་མཉམ་པ་ཉིད་ཀྱི་དབྱིངས་སོ། །ཐམས་ཅད་མཆོག་གི་སྙིང་པོ་བས། །ཞེས་པ། ཕྱི་ནང་གི་དངོས་པོ་མ་ལུས་པ་གོང་དུ་ཡབ་ཀྱི་སྐབས་སུ་བསྟན་པའི་མིང་དང་། དངོས་པོ་ལ་སོགས་པའི་བཞིས་བསྡུས་པ་ཐམས་ཅད་མཆོག་ནི་འབྲས་བུ་མཐར་ཕྱིན་པའི་ཆོས་སྐུ་སྟེ་ཐམས་ཅད་དེ་ཉིད་དུ་གསལ་བའོ། །སྙིང་པོ་ནི་བསྒྲུབ་བྱ་མཐར་ཐུག་པའི་ངོ་བོ་ཆོས་སྐུ་ཆེན་པོ་ཉིད་ཟླ་དང་བྲལ་བས་རྩེ་མོ་ལྟ་བུའོ། །བས་ནི་གོང་མའི་གཏན་ཚིགས་ཏེ་ཡེ་ནས་དེ་ལྟར་ཡིན་པས་སོ། །གཞན་དུ་རྒྱལ་བའི་ཆོས་མི་བཙལ། །ཞེས་པ་འཁོར་བའི་ཆོས་མཚན་ཉིད་བཞི་འཛིན་པ་རང་སྣང་བ་འདི་ཉིད། འབྲས་བུ་མཐར་ཕྱིན་པ་ཆོས་སྐུའི་བདག་ཉིད་ཡིན་པས་དེ་ལས་གཞན་དུ་རྒྱལ་བ་ཞེས་བྱ་བའི་འབྲས་བུ་གཞན་དུ་མི་རྙེད་པས་མི་བཙལ་ཞེས་བྱ། ཉིད་ལས་གཞན་ཞེས་བྱ་བའི་ཆོས། །ཞེས་བྱ་བ་སྣང་བ་འདི་ཉིད་ལས་མ་གཏོགས་པའི་འབྲས་བུ་བུདྡྷ་ཚོལ་ན་ལོགས་སུ་མ་གྲུབ་པས་སངས་རྒྱས་ཀྱིས་ཀྱང་མི་རྙེད་ན་གཞན་ལྟ་ཅི་སྨོས་ཞེས་བྱའོ། །དེའི་འབྲས་བུ་ནི་ཞེས་བརྗོད་པས། ཞེས་པ་ལ་སོགས་ཏེ། དེ་ལྟ་བུ་དགོངས་པའི་ཉམས་འཁོར་ལ་སྣང་བ་ནི་བརྗོད་པ་དང་འདྲ་བའོ། །གོ་ཕྱེ་བའི་འཁོར་གྱི་ཆེད་དུ་བརྗོད་པ་ཉིད་བཀག་པའང་མ་ཡིན་ཏེ་རང་སྣང་བའོ། །ཐམས་ཅད་ཡེ་ནས་སངས་རྒྱས་པར། །ཞེས་པ། ཁམས་གསུམ་སྲིད་གསུམ་གྱི་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཡབ་ཡུམ་གཉིས་ཀྱི་དགོངས་པ་བསྒྲགས་པའི་དོན་དབྱེར་མེད་པའི་ངང་དུ། ཡེ་ནས་ཞེས་པ། ཐོག་མ་མེད་པའི་མུ་ནས་དེ་ལྟར་ཡིན་པའི་དོན། སངས་པ་ནི་ཤེས་བྱའི་སྒྲིབ་པ་ཕྲ་བ་ཙམ་ཡང་མི་གནས་སོ། །རྒྱས་པ་ནི་མཁྱེན་པ་རྣམ་གཉིས་དབྱེར་མེད་པས་མཐའ་མེད་པར་བདལ་བས་སངས་རྒྱས་པའོ། །དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ་ཞེས་པ། ཆོས་སྐུ་དབྱེར་མེད་པའི་དགོངས་པའམ། ཡབ་ཡུམ་དབྱེར་མེད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྩལ་ལས། ཉིད་ལས་མི་གཞན་པའི་འཁོར་རིགས་ལྔའི་དེ་བཞིན་གཤེགས་པ་ལ་མངོན་དུ་གྱུར་པས་མཁྱེན་ཞེས་བྱའོ། །ཡབ་ཡུམ་གྱི་གླེང་བསླང་བའི་སྐབས་འདིར། ཡབ་ཡུམ་སོ་སོར་རིམ་པ་བཞིན་དུ་འཇུག་པ་དང་། ཉམས་རྟོགས་བརྗོད་པ་དང་། དེའི་ཡོན་ཏན་སྣང་བ་རྣམས་ཚིག་ལ་རིམ་པ་བཞིན་དུ་བྱུང་ཡང་། འབྲས་བུ་མཐར་ཕྱིན་པའི་བུདྡྷའི་སྣང་བ་ལ་སྐད་ཅིག་མ་ལ་ལྷུན་གྱིས་གྲུབ་པར་ཤེས་པར་བྱའོ། །སྐབས་འདིར་དབང་གི་དོན་གྱིས་འཁོར་ལ་གསང་བ་དབང་བསྐུར་བས་དོན་དམ་རྟོགས་མེད་ཀྱི་ཡེ་ཤེས་དབྱིངས་ཤས་ཆེ་བ་ལྟ་བུའི་རིག་པ་ཁྱད་པར་ཅན་རྣམས་ཀྱི་འཁོར་ལ་གསལ་བ་ནི་གསང་བའི་དབང་གི་ངོ་བོ་སྟེ། གོང་ན་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ་ཞེས་པས། ཐབས་དང་ཤེས་རབ་དབྱེར་མེད་པའི་དགོངས་པའི་ངོ་བོ་འཁོར་གྱི་སྤྱོད་ཡུལ་དུ་མ་གྱུར་པས་གསང་ལ། དབང་འཁོར་གྱིས་ཐོབ་པས་གསང་བའི་དབང་གིས་ཚིགས་སུ་འགྱུར་རོ། །འདི་མན་ཆད་གྲོལ་ལམ་གྱི་དབང་དུ། ཀུན་ཏུ་བཟང་པོ་ཡབ་ཡུམ་དབྱེར་མེད་པ་ལྷག་པའི་ཆོས་སྐུ་ཉིད་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་དགོངས་པ་བརྗོད་པས། དོན་དེ་ཉིད་ལས་མི་གཞན་པའི་འཁོར་དང་རིག་པ་ཁྱད་པར་ཅན་གྱི་འཁོར་ཏེ། ལྷན་ཅིག་པའི་འཁོར་རྣམས་བྱིན་རླབས་ཀྱི་རྩལ་གྱིས་ཤེས་བྱའི་སྒྲིབ་པ་ཕྲ་བ་དག་པ་དང་། གསུང་ལྔ་ལྷུན་གྲུབ་མངོན་དུ་གྱུར་པ་དང་། རང་བཞིན་གསང་བའི་སྙིང་པོའི་དོན་མངོན་དུ་གྱུར་པ་གསུམ་སྐད་ཅིག་ལ་རྫོགས་པས། དུས་གསུམ་གྱི་བུདྡྷ་དང་སྐུ་གསུང་ཐུགས་དབྱེར་མེད་པར་གྱུར་པའི་དབང་གིས། འཁོར་བའི་ཆོས་ལྔ་གསུམ་མྱ་ངན་ལས་འདས་པའི་ཆོས་ལྔ་གསུམ་དུ་ལྷུན་གྱིས་གྲུབ་སྟེ། འབྲས་བུ་མཐར་ཕྱིན་པ་སྟེ་བསྒྲུབ་བྱ་མཐར་ཕྱིན་པའི་ངོ་བོ་རྒྱུད་ཀྱི་དངོས་པོའང་ཡིན་ལ། དེ་ཉིད་ཉན་ཐོས་ལྟར་མ་ཡིན་ལ། ཐུགས་རྗེས་གཞན་དོན་གྱི་མཛད་པར་སྣང་བའོ། །ཐབས་ལམ་དབང་ལྟར་ན། དེ་བཞིན་གཤེགས་པ་ཐམས་ཅད་གཉིས་སུ་མེད་པས་ཞེས་པ། གོང་དུ་གསང་དབང་ཐོབ་ནས། འདིར་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ཤིན་ཏུ་བརྟན་པའི་དབང་གཉིས་ཐུན་མོང་དུ་བསྟན་ཏེ། ལྷན་ཅིག་པའི་འཁོར་ཐམས་ཅད་ཐབས་དང་ཤེས་རབ་དབྱེར་མེད་པ་ལ་ནི། དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་ཞེས་བྱ་སྟེ། དབང་གི་དོན་དུ་ཡབ་ཡུམ་ཐབས་དང་ཤེས་རབ་དབྱེར་མེད་པར་རོལ་པའོ། །མྱོང་བའི་ངོ་བོ་ནི་གཡོ་ལྡང་བྱང་ཆུབ་ཀྱི་སེམས། འཇིག་འཇུག་བྱང་ཆུབ་ཀྱི་སེམས་ལ་སོགས་ཏེ། གསང་བའི་སེམས་ལྔའི་མཐའ་བཅུ་དྲུག་ཆ ར་རྫོགས་པའི་སྐད་ཅིག་མ་ལ་ཤེས་བྱའི་སྒྲིབ་པ་དག་པ་དང་། གསུང་ལྔ་མངོན་དུ་གྱུར་པ་དང་། རང་བཞིན་གསང་བའི་སྙིང་པོ་ཐོབ་སྟེ། འབྲས་བུ་མངོན་དུ་བྱས་པས་ལྷུན་གྱིས་གྲུབ་སྟེ། གཞན་དོན་དུ་ཐུགས་རྗེ་ཤར་ནས། ཆོས་གཏན་ལ་དབབ་པ་ལ་སོགས་པ་རྒྱུད་ཀྱི་དོན་རྣམས་སྣང་བའོ། །འདི་ལ་སློབ་དཔོན་བྲ་མ་ན་ཤཱནྟིཾ་གརྦྷས། གླེང་གཞི་ཚོགས་གླེང་བསླང་བ་རྒྱུད་ཀྱི་དོན་ལ། ཐོག་མར་སྔོན་དུ་འགྲོ་བ་བྱང་ཆུབ་ཀྱི་སེམས་རྣམ་གཉིས་ལ། སེམས་རྣམ་པ་ལྔ་དོན་དམ། ཐུགས་རྗེ་སྐྱེས་པ་ཀུན་རྫོབ་ལམ་གྱི་སྔོན་དུ་འགྲོ་བའོ། །དེ་གཉིས་དང་ལྡན་པས་ཆོས་གཏན་ལ་དབབ་པ་ལེའུ་གསུམ་པ་ལྟ་བ་རྟོགས་པའི་ངོ་བོའོ། །བཞི་པ་ཡི་གེའི་ལེའུ་ནི། ལྟ་བ་རྟོགས་པའི་རྣལ་འབྱོར་པས་ཆོས་ཐམས་ཅད་རང་སྣང་བ་མིང་ཙམ་དུ་ཡི་གེའི་འཁོར་ལོར་བདྡྷར་བསྟན། ལེའུ་ལྔ་པ་སྒྱུ་འཕྲུལ་བསྒྲུབ་པའི་ཏིང་ངེ་འཛིན་ནི། རིག་པ་ལ་དབང་བསྒྱུར་བས་སྒྱུ་འཕྲུལ་བསྒྲུབ་པའི་ཏིང་ངེ་འཛིན་བསྒྲུབ་པར་བསྟན། བསྒྲུབ་པ་དང་དཀྱིལ་འཁོར་བཀོད་པ་ལ་རྐྱེན་སྔགས་དགོས་པས་སྔགས་ཀྱི་ལེའུ་བསྟན། དཀྱིལ་འཁོར་དེ་ཉིད་ཐུགས་ཕྱག་རྒྱར་གསལ་བའི་ཕྱིར། ལས་དང་པོ་བ་དོན་ལ་རྨོངས་པ་རྣམས་ལ་དཀྲི་དྲང་གི་སྒོ་ནས་ཡེ་ཤེས་བསྟན་པའི་ཕྱིར་ལེའུ་དགུ་པའོ། །དཀྱིལ་འཁོར་ལ་བརྟེན་ཏེ་དབང་བསྟན་པའི་ཕྱིར་ལེའུ་བཅུ་པའོ། །དབང་ཐོབ་ནས་བསྒྲུབ་པ་ལ་དབང་བས་ལེའུ་བཅུ་གཅིག་པའོ། །བསྒྲུབ་པ་ལ་དངོས་གྲུབ་འབྱུང་བའི་ཡོན་ཏན་བསྟན་པའི་ཕྱིར་ལེའུ་བཅུ་གཉིས་པའོ། །ཚོགས་ཀྱང་ཡང་དག་པའི་དོན་གྱི་མན་ངག་དང་ལྡན་པས་བྱ་དགོས་པས་ཤིན་ཏུ་གསང་བ་མན་ངག་གི་ལེའུ་བཅུ་གསུམ་པའོ། །ཚོགས་ཀྱི་དུས་སུ་བསྟོད་པ་དང་གླུའི་མཆོད་པ་དགོས་པས་ལེའུ་བཅུ་བཞི་པའོ། །གལ་ཏེ་ཞི་བས་མི་འདུལ་ན་ཁྲོ་བོས་གདུལ་བྱའི་དོན་བྱེད་དགོས་པས་ལེའུ་བཅོ་ལྔ་པའོ། །སྐུར་བསྐྱེད་པ་ལ་སྔགས་དགོས་པས་བཅུ་དྲུག་པའོ། །སྔགས་ཀྱི་དཀྱིལ་འཁོར་དུ་དགོད་པས་བཅུ་བདུན་པ། དེ་ལ་མཆོད་པ་འབུལ་དགོས་པས་བཅོ་བརྒྱད་པའོ། །ཞི་ཁྲོ་མཆོད་པའི་རྟེན་གྱི་གང་ཟག་ལ་དམ་ཚིག་གལ་ཆེ་བས་བཅུ་དགུ་པའོ། །རྟེན་དེས་བདག་གཞན་གྱི་དོན་དུ་ཕྲིན་ལས་བཞི་ཉམས་སུ་བླང་དགོས་པས་ཉི་ཤུ་པའོ། །ཁྲོ་བོ་ལ་གླུས་བསྟོད་དགོས་པས་ཉེར་གཅིག་པའོ། །རྒྱུ་མི་ནུབ་པར་བཟུང་ཞིང་བརྟེན་པར་བྱ་བའི་ཕྱིར་ཉེར་གཉིས་པའོ། །དེ་དག་ནི་ཞར་ལས་འཕྲོས་པའོ། །ད་ནི་གཞུང་ལ་བབ་སྟེ། དེ་ནས་གཉིས་སུ་མེད་པ་ལ་སོགས་ཏེ། ཡོངས་སུ་ཤེས་པར་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ནི་གོང་དུ་ཆོས་ཐམས་ཅད་གཉིས་སུ་མེད་པའི་བདག་ཉིད་དུ་ལྷུན་གྱིས་གྲུབ་པའི་འབྲས་བུ་མཐར་ཕྱིན་པའི་རྗེས་ཐོག་གོ། །དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་འབྲས་བུ་ཆོས་སྐུ་ལྷུན་གྱིས་གྲུབ་པའི་རྟགས་སུ། ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས་དབྱེར་མི་ཕྱེད་པའི་བདག་ཉིད་ཆེན་པོ་བྱ་བ་དངོས་སུ་ན་ཀུན་བཟང་ཡབ་ཡུམ་གཉིས་ཡིན་ལ། ཤུགས་ལ་ལྷན་ཅིག་པའི་འཁོར་ལ་མཐའི་ཤེས་བྱའི་སྒྲིབ་པ་དག་ནས། ཀུན་ཏུ་བཟང་པོ་དང་མི་ཕྱེད་པ་དང་གཟུང་ལ། དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་ཏུ་བཟང་པོའི་ངོ་བོ་ཉིད་དེ། དུ་མ་མི་མངའ་ཟླ་མི་མངའ་བ་ལ་ཐ་སྙད་དུ་བདག་ཉིད་ཅེས་བརྗོད་ལ། ཆེན་པོ་ནི་དེ་ལྟ་བུའི་ངང་ལས་བདག་གཞན་འཁོར་འདས་སྣང་སྟོང་གི་ཆོས་ཐམས་ཅད་དང་རང་བྲལ་ཏེ། རང་བྱུང་གི་ཡེ་ཤེས་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ངོ་བོ་ཉིད་དུ་བཞུགས་པའོ། །བོས་ནི་འདུལ་བྱའི་ངོས་ལ་སྣང་བ་མ་འགགས་པའི་སྒྲ་འདྲེན་པའོ། །དེས་ཅི་སྣང་ཞེ་ན། ཡེ་ནས་སངས་རྒྱས་པའི་ཞེས་པ། གཞིའི་དོན་ལ་སེམས་ཀྱི་ཆོས་ཉིད་བུདྡྷའི་ངོ་བོ་ཉིད་ཡོན་ཏན་དང་བཅས་པ་རང་ཆས་སུ་བཞུགས་པ་དེ་ནི། སེམས་ཀྱི་ངོ་བོ་རྣམ་པར་དག་པ་རྣལ་མ་དོན་གྱི་ཀུན་གཞི་སྟེ་དབྱིས་ཤས་ཆེ་བ་ལྟ་བུ་ལ། ལམ་པས་རྟོགས་ནས་མངོན་དུ་བྱས་པ་ནི། ཡེ་ནས་གནས་པའི་དོན་མངོན་དུ་སྣང་བ་ལ་ཡེ་ཤེས་ཞེས་བྱ་སྟེ། ཕུན་སུམ་ཚོགས་པའི་གླེང་གཞིའི་སྐབས་ན་ཐམས་ཅད་དེ་ཉིད་དུ་ལྷུན་གྱིས་གྲུབ་ཟིན་ཀྱང་། འདིར་སེམས་ཡེ་ཤེས་སུ་བསྐྱེད་ཅེས་པས། ལམ་པས་གཡོ་ཐོབ་བརྟན་གསུམ་གྱིས་ཉམས་སུ་བླངས་པའི་ཚུལ་ཏེ། གོ་ཕྱེ་བའི་དོན་དུའོ། །ཡང་ན་བློ་རབ་ཀྱིས་གཅིག་ཅར་དུ་འཁོར་བའི་ཆོས་རྣམས་འབྲས་བུ་ཡེ་ཤེས་སུ་གསལ་བ་ལ་ཡང་བསྐྱེད་ཅེས་ཐ་སྙད་དུ་འདོགས་སོ། །འདིར་གསུངས་སོ་ཞེས་པ། གོ་ཕྱེ་བའི་འཁོར་གྱི་ཆེད་དུ་གསུངས་བསྒྲགས་པ་ལྟར་སྣང་ལ། ལྷན་ཅིག་པའི་འཁོར་ལ་ནི་བསྒྲགས་པ་དང་འདྲ་བར་རང་བཞིན་གསང་བའི་སྙིང་པོ་ཡེ་ཤེས་ལྔའི་ངང་ཉིད་དུ་གསལ་བའོ། །དོན་དམ་བྱང་སེམས་དངོས་ལ་ཡེ་ཤེས་ལྔར་བསྟན་པའི་དང་པོ་སྟོང་པ་ཆེན་པོའི་ཡེ་ཤེས་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནའང་སྐྱེ་བ་མེད། །ཅེས་པ། གཞལ་བྱའི་ཡུལ་ལམ་ཡེ་ཤེས་ལྔ་རྟོགས་པའི་རྒྱུ་རྐྱེན་ནི། འཁོར་བའི་ཆོས་སྐྱེ་འགག་གནས་དམིགས་འགྲོ་འོང་ལྔ་དང་། ཕུང་པོ་ལྔ་དང་། ཉོན་མོངས་པ་ལྔ་གནས་སུ་དག་པ་སྐུ་ལྔ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡེ་ཤེས་ལྔའི་ངང་དུ་གསལ་བར་སྟོན་ཏེ་ཡང་དང་པོའོ། །འཇིག་རྟེན་འཁོར་བའི་ཆོས་ལ་སྐྱེ་བ་དང་། ཕུང་པོ་ལྔ་ལས་རྣམ་ཤེས་ཕུང་པོ་དང་། ཉོན་མོངས་པ་ལྔ་ལས་ན་ཞེ་སྡང་དང་། འབྲས་བུ་མཐར་ཕྱིན་པའི་སྐུ་ལྔ་ལས་ན་ཆོས་ཀྱི་སྐུ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལས་ན་ཐུགས་དང་། ཡེ་ཤེས་ལྔ་ལས་སྟོང་པ་ཉིད་ཀྱི་ཡེ་ཤེས་སྦྱར་ཏེ། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །ཞེས་པ། ཨེ་མའོ་ཞེས་པ་ངམ་ཞིང་ངོ་མཚར་བ་སྟེ། ཚིག་ལ་ངོ་མཚར། དོན་ལ་རྨད་དུ་བྱུང་ཞེས་པས། ཚིག་ལ་ངོ་མཚར་བ་ནི། འཁོར་བའི་ཆོས་སྐྱེ་བའི་མཚན་ཉིད་སྣོད་བཅུད་ཀྱི་ཆོས་ཕྱི་ནང་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐྱེ་བ་འདི། ཆེད་དུ་མ་བསལ་གཉེན་པོས་མ་བཅོས་པར་རང་སྣང་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ་ནི་དོན་ལ་རྨད་དུ་བྱུང་བའོ། །དེའི་ཆོས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་བསགས་པར་རྫོགས་པའི་སྤངས་མཁྱེན་ལྷུན་གྱིས་གྲུབ་པའི་བུདྡྷ་ཀུན་གྱི་སྒྲས་གདུལ་བྱའི་ངོ་ལ་སྣང་བའི་གཟུགས་སྐུ་སྟེ་ལོངས་སྐུའམ་སྤྲུལ་སྐུ་ཐམས་ཅད་དོ། །འོ་ན་ཆོས་སྐུ་ཇི་ལྟ་བུ་ཞེ་ན། ཐུགས་ལ་བརྣག་པར་བྱ་བ་རང་བཞིན་གསང་བའི་སྙིང་པོ་སྟེ་ཆོས་སྐུའོ། །དེ་མ་རྟོགས་པས་འཁྲུལ་བའི་ངོ་ལ་འཁོར་བའི་མཚན་ཉིད་དུ་སྣང་བ་ཇི་ལྟ་བུ་ཞེ་ན། ཆོས་ཀྱི་དབྱིངས་མཉམ་པ་ཉིད་སེམས་ཉིད་རྒྱུ་རྐྱེན་དང་བྲལ་བ་སྐྱེ་བ་མེད་པའི་དབྱིངས་ལས་རང་སྣང་མ་འགགས་པ་ཐམས་ཅད་ཀྱི་སྒྲས་ཡུལ་དང་སེམས་ཅན། སྣོད་དང་བཅུད། བེམ་པོ་དང་རིག་པ་ཅན་འཁོར་བའི་ཆོས་ཅན་གྱི་དངོས་པོ་ཅན་ཐམས་ཅད་འཁྲུལ་ངོ་ལ་མ་འགག་པར་སྐྱེས། སྐྱེ་བའི་དངོས་པོར་མ་འགག་པར་སྣང་ཙམ་ཉིད་ནའང་གི་སྒྲས་སྐྱེ་བ་མེད་པ་སེམས་ཉིད་ཀྱི་ངང་ལས་མ་གཡོས་སོ། །ཕུང་པོ་ལྔ་ན་རྣམ་པར་ཤེས་པའི་ཕུང་པོ་སྟེ་མཉམ་པ་ཉིད་ཀྱི་ངང་ལས། ལྷན་ཅིག་སྐྱེས་པའི་མ་རིག་པའི་རྒྱུས་རྣམ་ཤེས་ཚོགས་བརྒྱད་དུ་སྣང་བས་ཨེ་མའོ། །སེམས་ཉིད་འཁྲུལ་པ་ཐམས་ཅད་དང་བྲལ་བས་ཉིད། འཁྲུལ་ཆོས་ཚོགས་བརྒྱད་དུ་སྣང་བ་ནི། གང་དུའང་མ་གྲུབ་པ་ཅིར་ཡང་འཆར་བ་ནི་རྨད་ཀྱི་ཞེས་བྱའོ། །ཆོས་ཞེས་པ། ཆོས་ནི་བྱེད་པ་མེད་པར་མཚན་ཉིད་འཛིན་པ་སྟེ། ཚོགས་བརྒྱད་དུ་མ་འགག་པར་སྣང་ཡང་ངོ་བོ་རང་བཞིན་ལས་མ་གཡོས་པའོ། །དེའི་དོན་དེ་སུ་ལ་མངའ་ཞེ་ན། ཚོགས་གཉིས་རྫོགས་ཤིང་སྤངས་མཁྱེན་ལྷུན་གྱིས་གྲུབ་པའི་བུདྡྷ་ཀུན་གྱི་ཐུགས་ཀྱི་གསང་བ་རྟོགས་དཀའ་བའོ། །དེ་འཁྲུལ་པས་བསྒྲིབས་པའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། རྣམ་ཤེས་ཚོགས་བརྒྱད་དེ་སྐྱེ་བ་མེད་པ་རྣལ་མ་དོན་གྱི་ཀུན་གཞིའི་ངང་ལས་ཕྱི་ནང་གི་ཆོས་ཐམས་ཅད་རྣམ་ཤེས་ཚོགས་བརྒྱད་འཁྲུལ་ངོ་སྣང་བ་ལ་སྐྱེས་ཞེས་བྱའོ། །འཁྲུལ་པ་སྣང་བ་ཙམ་ཉིད་ན་རྒྱུ་ནས་དག་པའི་དབང་གིས་སྐྱེས་པ་ཙམ་ཉིད་ནའང་ཀུན་གཞི་མཉམ་པ་ཉིད་ཀྱི་ངང་ལས་མ་གྲུབ་པས་སྐྱེ་བ་མེད་ཅེས་བྱའོ། །འཁོར་བའི་ཆོས་གསུམ་གྲུབ་མཐའ་ངོ་བོར་ལ་བཟླ་བ་ནི་འབྲས་བུ་སྟོན་པའི་གནས་སྐབས་སུ་གསལ་ལོ། །འདི་ཐ་སྙད་གདར་ཤ་བཅད་པ་ཙམ་ཡིན། ད་ཉོན་མོངས་པ་ལྔ་ལ་ཞེ་སྡང་བཤད་དེ། ཨེ་མའོ་ཞེས་པ། སེམས་ཉིད་རང་བྱུང་གི་ཡེ་ཤེས་མི་འགག་པ་ལས། བརྟགས་པའི་དབང་གིས་ཞེ་སྡང་དུ་སྣང་བ་ནི། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་རིགས་འཁྱར་ནས་འབངས་དང་ལོངས་སྤྱོད་མཉམ་པ་ལ། ཨེ་མ་ཞེས་པ་འདྲ་བར་སྨྲེ་བའི་བསྟིང་བའི་དོན་ནོ། །ངོ་མཚར་བ་ནི། དངོས་པོ་ཐམས་ཅད་དང་བྲལ་བ་ལ་ཞེ་སྡང་གི་མཚན་ཉིད་སྣང་བ་འདི་ཅི་ཡིན་ཞེས་བྱ་སྟེ། རྨད་ཀྱི་ཆོས་སོ། །ཞེ་སྡང་དང་རང་བཞིན་དབྱེར་མེད་པའི་ངོ་བོ་ནི་དོན་མཐར་ཐུག་པ་སྟེ། ཚོགས་གཉིས་རྫོགས་ཤིང་སྤངས་མཁྱེན་ལྷུན་གྱིས་གྲུབ་པ་ཀུན་གྱི་ཐུགས་ཀྱི་གསང་བ་ཡིན་ལ། དེ་མ་རྟོགས་པའི་འཁྲུལ་ངོ་ལ་སེམས་ཉིད་སྐྱེ་བ་མེད་པའི་ངང་ལས། མནར་སེམས་དགུ་དང་ལྡན་པའི་མཚན་ཉིད་རྫོགས་པ་ལ་ནི་ཐམས་ཅད་སྐྱེས་ཞེས་བྱ། ཞེ་སྡང་མ་འགག་པར་སྐྱེས་ཙམ་ཉིད་ན་སྐྱེ་བ་མེད་པའི་ངང་དུ་རྫོགས་སོ། །གཞལ་བྱ་འཁོར་བའི་ཆོས་གསུམ་དེ་མྱ་ངན་ལས་འདས་པ་འབྲས་བུའི་གནས་སྐབས་ན། སྐུ་ལྔ་དང་སྐུ་གསུང་ཐུགས་ལྔ་དང་ཡེ་ཤེས་ལྔ་རྫོགས་ཏེ་འདིར་ཆོས་སྐུ་དང་སྦྱར་ན། ཨེ་མའོ་ཞེས་པ། ཆོས་ཐམས་ཅད་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཚན་ཉིད་ཐམས་ཅད་དང་བྲལ། ངོ་བོ་གང་དུའང་མ་གྲུབ། ཆོས་ཀྱི་དབྱིངས་དང་མཉམ་པ་ལ་ངམ་པའོ། །ངོ་མཚར་བ་ནི། དེ་སྟོན་པར་བྱེད་པའི་ཚིག་སྐྱེ་བ་དང་སྐྱེ་བ་མེད་པ་དབྱེར་མེད་པའོ། །དོན་ལ་རྨད་དུ་བྱུང་བ་ནི། ཕྱི་ནང་གི་ཆོས་སྐྱེ་བ་དང་སྐྱེ་བ་མེད་པ་དབྱེར་མེད་པ་ཉིད་རྨད་དུ་བྱུང་བའོ། །ཆོས་ནི་ཆོས་ཀྱི་སྐུ་སྟེ། དབྱིངས་ཡེ་ཤེས་མཉམ་པ་ཉིད་ངོ་བོ་གང་དུའང་མ་གྲུབ་པའི་རང་གསལ་བའི་ཡེ་ཤེས་ཆེན་པོའོ། །དེ་སུ་ལ་མངའ་ན། ཚོགས་གཉིས་རྫོགས་ཤིང་སྤངས་མཁྱེན་ལྷུན་གྱིས་གྲུབ་པའི་བདྡྷ་ཐམས་ཅད་ལ་མངའ་སྟེ། ཤེས་བརྗོད་ཀྱི་ཡུལ་ལས་འདས་བུདྡྷ་ཉག་གཅིག་གི་སྤྱོད་ཡུལ་ཡིན་པ་ལས་མ་གཏོགས་པ་རྟོགས་དཀའ་བས་གསང་བའོ། །ཆོས་ཀྱི་སྐུའི་དེའི་ངོ་བོ་ཇི་ལྟ་བུ་ཞེ་ན། དེ་ཉིད་རྣམ་པར་དག་པའི་བདག་ཉིད་ལ་རྒྱུ་རྐྱེན་དང་བྲལ་བས་སྐད་ཅིག་མ་མ་གྲུབ་པའི་ངོ་བོ་སྐྱེ་བ་མེད་པ་སེམས་ཀྱི་དབྱིངས་མི་འགག་པའི་རྩལ་ལས། ཐམས་ཅད་སྐྱེས་ཞེས་པ། སྣོད་བཅུད་བེམ་པོའི་རིག་པ་དངོས་པོ་མི་འགག་པའི་རིག་པ་ཅན་ཐམས་ཅད་རང་སྣང་བ་ལ་སྐྱེས་ཞེས་བྱ་སྟེ། རྒྱུ་འབྲས་སམ་སྤྲོ་བསྡུའམ་སྔ་ཕྱི་ལྟ་བུ་ནི་མ་དམིགས་སོ། །ཕྱི་ནང་གི་ཆོས་ཐམས་ཅད་འཁྲུལ་ངོ་ལ་བྱེད་རྩོལ་དང་རྒྱུ་འབྲས་ལ་སོགས་པར་སྣང་ཡང་། དེ་དག་ཐམས་ཅད་བརྟགས་པ་གློ་བུར་བ་ཡིན་པས། རང་སྣང་དུ་མ་འགག་པར་སྣང་བ་ཙམ་ཉིད་ན། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་ངང་ལས་མ་གཡོས་ཏེ་སྐྱེ་བ་མེད་ཅེས་བྱའོ། །སྐྱེ་བ་དང་སྐྱེ་མེད་གཉིས་སུ་མེད་པ་རྟོགས་པ་མཐར་ཕྱིན་པའི་དུས་སུ། ཕྱོགས་སུ་འཛིན་པ་ཐམས་ཅད་དང་བྲལ་བའི་རང་རིག་པ་ལྷུན་གྱིས་གྲུབ་བོ། །སྐུ་ལ་ཆོས་སྐུའོ། །སྐུ་གསུང་ཐུགས་ལྔ་ལས་ན་ཐུགས་བཤད་དེ། ཨེ་མའོ་ཞེས་པ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ཉིད་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད་ཡིན་པ་ལ་ངམ་པའོ། །དེ་མཚོན་པར་བྱེད་པའི་ཚིག །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས་ལ་ངོ་མཚར་བའོ། །སྐྱེ་བ་སྐྱེ་མེད་དབྱེར་མེད་པའི་བུདྡྷ་ཐམས་ཅད་ཀྱི་ཐུགས་རྨད་དུ་བྱུང་བ་སྟེ། དེའི་ཆོས་ནི་ཐུགས་ཆོས་སྐུ་ཉིད་དོ། །དེ་སུ་ལ་མངའ་ན། ཚོགས་གཉིས་རྫོགས་ཤིང་སྤངས་མཁྱེན་ལྷུན་གྱིས་གྲུབ་པའི་བུདྡྷ་ལ་མངའ་སྟེ། བུདྡྷ་མིན་པ་གང་གིའམ་སྤྱོད་ཡུལ་དུ་མ་གྱུར་པས་གསང་བའོ། །དེའི་ངོ་བོ་ནི། སྐྱེ་བ་མེད་ལས་ཞེས་པ། སེམས་ཉིད་གསང་བའི་དབྱིངས་གང་དུའང་མ་གྲུབ་པ་ལས། ཀུན་རྫོབ་ཀྱི་ཆོས་ཕྱི་ནང་ཐམས་ཅད་དུ་སྣང་། རང་སྣང་སྐྱེས་པ་ཙམ་ཉིད་ན་སེམས་ཉིད་ཀྱི་ངང་ལས་མ་གཡོས་པའི་སྐྱེ་བ་མེད་པའི་མཐར་ཕྱིན་ཏེ། སྣང་སྟོང་དབྱེར་མེད་པའི་གཏན་ཚིགས་ཀྱིས་ཞེ་འདོད་ཐམས་ཅད་དང་བྲལ་ཏེ་རིག་པ་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པ་ནི་ཐུགས་ཏེ་སྔར་བཤད་པའི་ཆོས་སྐུ་དངོས་སོ། །ཡེ་ཤེས་དང་སྦྱར་བ་ནི། ཨེ་མའོ་ཞེས་པ། སྟོང་པ་ཆེན་པོའི་ཡེ་ཤེས་ལ་ངམ་པའོ། །ངོ་མཚར་བ་ནི། དེ་སྟོན་པར་བྱེད་པའི་རྗོད་བྱེད་ཀྱི་ཚིག་སྐྱེ་བ་དང་སྐྱེ་བ་མེད་དབྱེར་མེད་པའོ། །རྨད་དུ་བྱུང་བ་ནི། སྐྱེ་བ་སྐྱེ་མེད་དབྱེར་མེད་པའི་དོན་དངོས་སོ། །ཆོས་ནི་སྟོང་པ་ཆེན་པོའི་ཡེ་ཤེས་ཏེ། དེ་སུ་ལ་མངའ་ན། ཚོགས་གཉིས་རྫོགས་ཤིང་སྤངས་མཁྱེན་ལྷུན་གྱིས་གྲུབ་པའི་བུདྡྷ་ཀུན་ལ་མངའ་སྟེ། རྟོགས་དཀའ་བས་ན་གསང་བའོ། །ངོ་བོ་ཇི་ལྟ་བུ་ཞེ་ན། སྐྱེ་བ་མེད་པ་ནི། སེམས་ཀྱི་ཆོས་ཉིད་མཉམ་པ་ཉིད་དངོས་པོ་ཐམས་ཅད་དང་བྲལ་བའོ། །ལས་ཞེས་པ། སྣང་སྟོང་གི་དངོས་པོ་ཐམས་ཅད་དང་བྲལ་ཡང་། རང་གསལ་བའི་ངོ་བོ་ཉིད་དུ་བཞུགས་པ་ལས་དངོས་པོའི་སྣང་བ་ཐམས་ཅད་ཆུ་དྭངས་པའི་གཟུགས་བརྙན་བཞིན་དུ་རང་གསལ་བའོ། །དེ་ལྟར་སྐྱེས་ཙམ་ཉིད་ན་སྐྱེ་བ་མེད་པ་སེམས་མཉམ་པ་ཉིད་ཀྱི་ངང་དུ་གཞན་དུ་མ་ཡིན་ཏེ། སྐྱེ་བ་དང་སྐྱེ་མེད་དབྱེར་མེད་པའི་བདག་ཉིད་དུ། མཐར་ཕྱིན་པའི་དུས་སུ་དངོས་པོ་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་དུ་གསལ་བས། དངོས་པོའི་འདུ་ཤེས་མ་སྤངས་ངང་གིས་དག །དངོས་པོ་མ་དམིགས་པའི་དོན་གྱིས་དངོས་པོ་མེད་པ་སྟོང་པ་ཉིད་མ་དམིགས་ཏེ། འདུ་ཤེས་ཐམས་ཅད་དང་བྲལ་བ་ནི་བཅོམ་ལྡན་འདས་སོ་ཞེས་པ། འདུ་ཤེས་དག་པའི་རིག་པ་མཐའ་བྲལ་ལ། སྣང་འཛིན་སྟོང་འཛིན་དང་བྲལ་བ་ལ་སྟོང་པ་ཞེས་བྱ། དེ་ཉིད་ཙམ་དུའང་འཛིན་པ་མེད་པ་ནི་ཆེན་པོའོ། །རང་གསལ་གྱི་ངོ་བོ་ཉིད་དུ་བཞུགས་པ་ནི་ཡེ་ཤེས་སོ། །དེས་འཁོར་བའི་ཆོས་སྐྱེ་བའི་མཚན་ཉིད་དང་། རྣམ་ཤེས་ཀྱི་ཕུང་པོ་དང་། ཞེ་སྡང་དང་གསུམ་འབྲས་བུ་མཐར་ཕྱིན་པའི་དུས་སུ། སྐུ་ལྔ་ན་ཆོས་ཀྱི་སྐུ། སྐུ་གསུང་ཐུགས་ལྔ་ལས་ན་ཐུགས། ཡེ་ཤེས་ལྔ་ལས་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་སྟེ། དེ་ཡང་རྒྱུ་འབྲས་སོ་སོར་བཀར་དུ་མེད་དེ། འདམ་བུ་གཅིག་ཁོང་སྟོངས་ན་ཀུན་ཁོང་སྟོང་པ་དང་འདྲ་བར། འཁོར་བའི་ཆོས་གཅིག་དག་ན་ཐམས་ཅད་དག་ལ། ཐམས་ཅད་མ་དག་ན་གཅིག་ཀྱང་མི་དག་གོ། །འབྲས་བུའི་གནས་སྐབས་ན་ཡང་ཡེ་ཤེས་གཅིག་མངོན་དུ་གྱུར་ན་འབྲས་བུའི་ཆེ་ཡོན་ཐམས་ཅད་མངོན་དུ་གྱུར། ཐམས་ཅད་མངོན་དུ་མ་གྱུར་ན། གཅིག་ཀྱང་མི་སྣང་བས་འཁོར་འདས་སོ་སོར་བཀར་ནས་སྤྲད་དུ་མེད་ཀྱང་། འདིར་རྒྱུ་མཚན་འབྲས་བུའི་ངོས་ནས་བརྗོད་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི། འཁོར་བའི་ཆོས་འགག་པ་དང་། གཟུགས་ཀྱི་ཕུང་པོ་དང་གཏི་མུག །འབྲས་བུའི་གནས་སྐབས་ན་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྐུ་གསུང་ཐུགས་ལྔ་ལས་སྐུ་དང་མེ་ལོང་ལྟ་བུའི་ཡེ་ཤེས་བསྟན་ཏེ། དང་པོ་འཁོར་བའི་ཆོས་མཚན་ཉིད་ལྔའི་འགག་པ་དང་སྦྱར་ན། ཨེ་མའོ་ཞེས་པ། སེམས་ཉིད་རང་གསལ་གྱི་ངང་ལས་སྐྱེ་འགག་མ་དམིགས་ཀྱང་འགག་པ་ལྟར་སྣང་། དེ་ནའང་སེམས་ཉིད་ལས་མ་དམིགས་པའི་དོན་མ་ཤེས་པས་སྨྲེ་བ་དང་བསྟིང་བའོ། །དེ་མཚོན་པར་བྱེད་པའི་ཚིག་སྐྱེ་འགག་ཏུ་བཏགས་པ་ངོ་མཚར། འོན་ཀྱང་དོན་དེ་ཉིད་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་པའི་རྨད་དུ་བྱུང་བའི་ཆོས་དེ་སུ་ལ་མངའ་ན། རྫོགས་པའི་བུདྡྷ་རྣམས་ལ་མངའ་ཡང་རྟོགས་དཀའ་བས་གསང་། གསང་བའི་ངོ་བོ་དེ་རྟོགས་དཀའ་བའི་ངོ་བོ་དོན་སེམས་ཉིད་ཀྱི་མཚན་ཉིད་དངོས་པོ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས་འགག་ཅིང་ཆད་པ་མེད་པའི་ངོ་བོ་ཉིད་ལ། ཐམས་ཅད་འགག་ཅེས་པ། ཕྱི་སྣོད་ཀྱི་འཇིག་རྟེན་ཡང་དང་པོ་སྐད་ཅིག་མས་སྣང་ལ། མི་རྟག་པ་འགག་པའི་མཚན་ཉིད་ཅན། ནང་བཅུད་ཀྱི་སེམས་ཅན་སྐྱེ་བའི་མགོ་ཟུག་ཙ་རྒས་པའི་མགོ་ཟུག །སྐད་ཅིག་མ་གཅིག་ལ་འགག་པའི་ངོ་བོའོ། །ཀུན་རྫོབ་ལ་འགག་ཅིང་ཐེ་ཚོམ་མི་གནས་པའི་ངོ་བོ་ལྟར་སྣང་ཡང་། དོན་ཆོས་ཉིད་ལ་དེ་དག་འགག་ཏུ་མེད་པས་འགག་པ་མེད་ཅེས་བྱའོ། །ཕུང་པོ་ལྔ་ལ་གཟུགས་ཀྱི་ཕུང་པོ་དང་སྦྱར་ཏེ། ཨེ་མའོ་ངམ་ཞིང་ངོ་མཚར་བ་གོང་མ་དང་མཐུན། གཟུགས་ཕུང་སྣང་སྟོང་དབྱེར་མེད་པའི་དགོངས་པ་དེ་སུ་ལ་མངའ་ན་སངས་རྒྱས་ཀུན་གྱི་ཐུགས་ཀྱི་དགོངས་པ་གསང་བ་རྟོགས་དཀའ་བའོ། །དེའི་ངོ་བོ་ནི། གཟུགས་ཀྱི་ཕུང་གཟུགས་ཆེན་བཅོ་ལྔ། སེམས་ཉིད་ཀྱི་རྩལ་མི་འགག་པར་རང་སྣང་བ་འགག་པ་མེད་པ་ལ་སྐད་ཅིག་མའི་དབང་གིས་འགྱུར་བ་མི་རྟག་པ་འཇིག་པའི་མཚན་ཉིད་ཅན་སྣང་། དེ་ལྟར་འགག་པ་ཉིད་ནའང་འཁྲུལ་བཏག་གི་ངོས་ནས་འགག་པ་མ་གྲུབ་སྟེ་མཉམ་པ་ཉིད་ཀྱི་ངོས་ནས་འགག་པ་མེད་ཅེས་བྱའོ། །ཉོན་མོངས་པ་གཏི་མུག་དང་སྦྱར་ཏེ་བཤད་ན། ཨེ་མ་ངོ་མཚར་རྨད་གསུམ་དོན་གྱི་ངོ་བོ་གཏི་མུག་ཡིན་ལ། འགག་པའི་གནས་སྐབས་སུ་བཤད་པ་དང་མཐུན། གཏི་མུག་སྣང་སྟོང་དབྱེར་མེད་པ་མཉམ་པ་ཉིད་ཀྱི་ཆོས་དེ་སུ་ལ་མངའ་ན། རྫོགས་པའི་བུདྡྷ་ཀུན་གྱི་ཐུགས་རིག་ཅིང་རྟོགས་པར་དཀའ་བས་གསང་བ། སེམས་ཉིད་རང་སྣང་བ་མི་འགག་པའི་རྩལ་ལས་གཏི་མུག་སྣང་སྟེ། གཏི་མུག་ནི། གཏི་མུག་མ་འདྲེས་ཀུན་ནས་རྨོངས། །ཞེས་པ། ལས་རྒྱུ་འབྲས་དང་དཀར་ནག་དང་སོ་སོར་རྟོགས་པའི་ཤེས་རབ་ཀྱི་ཆ་དང་བྲལ་བས་རྨོངས་པའོ། །གཏི་མུག་སྣང་བའི་གཞི་སེམས་ཀྱི་ཆོས་ཉིད་ནི། རང་གསལ་མི་འགག་པའི་ངོ་བོ། །ལྟ་བ་པོ་བཞིན་ཅིར་ཡང་འཆར་བར་སྦྱངས་འཕྲོ་ཆུང་བ་རྣམས་ལ་གཏི་མུག་འགག་ཅིང་ཐིམ་པ་ལྟ་བུར་སྣང་བས་འགག་ཅེས་བྱའོ། །འགག་པ་ཉིད་ནའང་ཞེས་པ། གཏི་མུག་རྨོངས་པའི་མཚན་ཉིད་དུ་སྣང་ཙམ་ཉིད་ནའང་། འགག་པ་མེད་པས་སེམས་རང་གསལ་གྱི་ངང་ལས་མ་གཡོས་པའི་དོན་ཡིན་ནོ། །དེས་འབྲས་བུའི་ཆོས་དང་སྦྱར་ན། སྐུ་རྣམ་པ་ལྔ་དང་སྦྱར་ན་ལོངས་སྐུ་སྟེ། ལོངས་སྐུ་ལ་ཡང་གཉིས། གསང་སྔགས་ནང་པའི་གཞུང་གི་ལོངས་སྐུ་ཆེན་པོ་ནི། འཁོར་བའི་ལོངས་སྤྱོད་འདོད་པའི་ཡོན་ཏན་རྣམ་པ་ལྔ་མྱ་ངན་ལས་འདས་པའི་ལོངས་སྤྱོད་སྤྲོས་པ་ཐམས་ཅད་ཞི་བའི་ལོངས་སྐུ་གཉིས། ཡུལ་གཅིག་ལ་དུས་གཅིག་རྫོགས་ལ། དེ་ལའང་ཡུལ་དང་ཡུལ་ཅན་མེད་པ་སྤྱད་བྱ་སྤྱད་བྱེད་མེད་པ་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པ་ནི། ལོངས་སྐུ་ཆེན་པོའོ། །ཐེག་པ་སྤྱི་སྐད་ཀྱི་ལོངས་སྐུ་ནི། གནས་འོག་མིན་ན་སྟོན་པ་རྣམ་པར་སྣང་མཛད་རྒྱན་ཆེན་པོ་བདུན་དང་ལྡན་པ་ཡན་ལག་གི་རྒྱན་ཐམས་ཅད་རྫོགས་པ་ལོངས་སྤྱོད་པ་ཞེས་བྱ་སྟེ། ཟག་པ་མེད་པའི་ལམ་པ་རྣམས་ཀྱི་སྟོན་པའོ། །འདིར་གསང་སྔགས་ཐུན་མོང་མ་ཡིན་པའི་ཐེག་པ་ཡིན་པས་གཉིས་ཀ་བཟུང་ཡང་། ཐབས་ཤེས་ལོངས་སྐུ་ཆེན་པོ་ཤས་ཆེ་བའོ། །ཨེ་མའོ་ཞེས་པ། འཁོར་འདས་དབྱེར་མེད་ལོངས་སྐུ་ལ་ངམ། དེ་མཚོན་པར་བྱེད་པའི་ཚིག་འགག་པ་དང་འགག་པ་མེད་པ་དབྱེར་མེད་པ་ངོ་མཚར་ཆེ། ཚིག་དེས་མཚོན་པའི་དོན་ཐུན་མོངས་ཡིན་པའི་ལོངས་སྐུ་ཆེན་པོ་ནི་རྨད་དུ་བྱུང་བའོ། །དོན་དེ་ཉིད་ཀྱི་ཆོས་ནི་ལོངས་སྐུ་ཆེན་པོ་སྟེ་འཁོར་འདས་དབྱེར་མེད་དོ། །དེ་སུ་ལ་མངའ་ན། ཚོགས་གཉིས་རྫོགས་ཤིང་སྤངས་མཁྱེན་ལྷུན་གྱིས་གྲུབ་པའི་བུདྡྷ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཡིན་པས་རྟོགས་དཀའ་བས་གསང་བའོ། །ལོངས་སྐུའི་ངོ་བོ་ཅི་ལྟ་བུ་ཞེ་ན། འགག་པ་མེད་ལས་ཞེས་པ། སེམས་ཉིད་ཀྱི་དབྱིངས་སྣང་སྟོང་གི་མཐའ་དང་བྲལ་བ་མ་དམིགས་པའི་ལོངས་སྤྱོད་ལ་ཕྱི་ནང་གི་ཡུལ་དྲུག་གི་ཆོས་ཐམས་ཅད་སྣང་བ་ནི་འཁོར་བའི་ལོངས་སྤྱོད་དོ། །ཐམས་ཅད་འགག་ཅེས་པ། མྱ་ངན་ལས་འདས་པའི་ལོངས་སྤྱོད་དེ། འགག་ཅེས་བྱ་བའང་འགག་ཅིང་ཐིམ་ནས་མེད་པའི་མུ་ལྟ་བུ་མ་ཡིན་ཏེ། རིག་པ་རང་བྱུང་གི་ཡེ་ཤེས་གསལ་ལ་མ་འགག་པ་ཕྱོགས་འཛིན་གྱི་ཆོས་ཐམས་ཅད་དང་བྲལ་ནས་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པའོ། །འགག་པ་ཉིད་ནའང་ཞེས་པ། ཐ་སྙད་ཐམས་ཅད་དང་བྲལ་བ་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་བཞིན་དུ། འགག་པ་མེད་ཅེས་པ། མི་འགག་པར་རང་སྣང་བར་ཡུལ་དྲུག་གི་ཆོས་ལྷུན་གྱིས་གྲུབ་པའོ། །དེ་ལྟར་ལོངས་སྤྱོད་རྣམ་གཉིས་དབྱེར་མེད་པ་ལ་ནི་ལོངས་སྤྱོད་ཆེན་པོ་ཞེས་ཀྱང་བརྗོད་དེ་ལོངས་སྐུའོ། །སྐུ་གསུང་ཐུགས་ལྔ་ལས་ན་སྐུ་སྟེ། སྐུ་ལ་ཡང་སྐུ་གསུམ་སྟེ། ཆོས་ཀྱི་སྐུ་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ། ལོངས་སྐུ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོན་པ་རྣམ་སྣང་ཆེན་པོ་སྤྲུལ་སྐུ་འགྲོ་བ་རིས་དྲུག་གི་ངོར་ཅིར་ཡང་སྣང་བའོ། །འདིར་ཐབས་ཤེས་གཟུགས་སྐུ་ལ་བཞག་སྟེ། ཨེ་མའོ་ཞེས་པ། སྐུའི་མཚན་ཉིད་ལ་ངམ་པའོ། །སྐུའི་མཚན་ཉིད་སྟོན་པར་བྱེད་པའི་འགག་པ་དང་འགག་པ་མེད་པ་ཉིད་ལ་ངོ་མཚར་ཆེ། དོན་སངས་རྒྱས་ཐམས་ཅད་ཀྱི་སྐུར་སྣང་བ་དོན་རྨད་དུ་བྱུང་། སྣང་སྟོང་དབྱེར་མེད་པའི་སྐུའི་ཆོས་དེ་སུ་ལ་མངའ་ན། ཚོགས་གཉིས་རྫོགས་པའི་ཕྱོགས་བཅུ་བུདྡྷ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་དབྱེར་མེད་ཀྱི་ཡེ་ཤེས་རིག་ཅིང་རྟོག་པར་དགའ་བས་ན་གསང་བ། དེ་ནི་སངས་རྒྱས་ཐམས་ཅ ད་ཀྱི་སྐུ་ཡིན་ཏེ། འགག་པ་ཉིད་ལས་ཞེས་པ། ཆོས་ཀྱི་སྐུ་གདུལ་བྱའི་ངོ་ལ་རང་སྣང་བ་ས་པ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་འགག་པ་མེད་པར་སྣང་། རིགས་དྲུག་པ་སྤྲུལ་པའི་སྐུ་ཐ་དད་པར་སྣང་། ཐམས་ཅད་འགག་ཅེས་པ། གདུལ་བྱའི་ངོར་མྱ་ངན་ལས་འདས་པ་ལ་སོགས་ཏེ། འགག་པའི་བྱེ་བྲག་རྣམས་སུ་སྣང་ཡང་། བུདྡྷ་རང་བྱུང་གི་ཡེ་ཤེས་ལ་སྐད་ཅིག་མ་མ་དམིགས་པའི་དབང་གིས་སྐྱེས་འཇིག་དང་བྲལ་ཏེ། གདུལ་བྱའི་ངོ་ལ་སྣང་ཡང་དེ་ཉིད་མ་གྲུབ་པའོ། །ཡེ་ཤེས་ན་མེ་ལོང་ལྟ་བུའི་ཡེ་ཤེས་སྟོན་ཏེ། ཨེ་མའོ་ཞེས་པ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་ངམ་པའོ། །ངོ་མཚར་བ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་མཚོན་པའི་ཚིག་མ་འགག་པ་འགག་མེད་དབྱེར་མེད་པ་ལ་ངོ་མཚར་བའོ། །རྨད་དུ་བྱུང་བ་ནི། ཚིག་དེས་མཚོན་པའི་དོན་མེ་ལོང་ལྟ་བུའི་ཡེ་ཤེས་རྨད་དུ་བྱུང་བའོ། །ཆོས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་ལ་མངའ་ན། ཚོགས་གཉིས་རྫོགས་པའི་བུདྡྷ་ཐམས་ཅད་ཀྱི་ཐུགས་ལ་མངའ་སྟེ་རྟོགས་དཀའ་བས་གསང་བའོ། །མཚན་ཉིད་ཅི་ལྟ་བུ་ཞེ་ན། མེ་ལོང་ལྟ་བུ་ཞེས་པས། མེ་ལོང་གཡའ་དག་མཐར་ཕྱིན་པ་ནི་གསལ་བ་མི་འགག་པའི་ངོ་བོ་ཡིན་ཏེ། མེ་ལོང་ལ་གཟུགས་བརྙན་མི་འགག་པའི་ངོ་བོར་བཞུགས་ལ། གཟུགས་བརྙན་གསལ་བ་ལ་ནི་ཅུང་མ་ཕྱིན་པ་ཙམ་སྟེ། ཚོགས་ལམ་དུ་ལས་ཀྱི་སྒྲིབ་པ་དག །སྦྱོར་ལམ་དུ་ཉོན་མོངས་པའི་སྒྲིབ་པ་དག་པས་མཐོང་ལམ་མངོན་དུ་གྱུར་པའི་དུས་སུ་བདག་མེད་མངོན་དུ་གྱུར། བསྒོམ་ལམ་དང་མཐོང་ལམ་གཉིས་ལ་ཤེས་བྱའི་སྒྲིབ་པ་རགས་པ་དང་ཕྲ་བ་དག །ས་བཅུ་རྒྱུན་གྱི་ཐ་མ་ལ་ཤེས་བྱའི་སྒྲིབ་པ་ཕྲ་བ་དག་ནས་རང་བྱུང་གི་ཡེ་ཤེས་ལ་སྒྲིབ་བྱེད་ཀྱི་སྐྱོན་ཐམས་ཅད་དག་སྟེ། དཔེར་ན་མེ་ལོང་གཡའ་དག་པ་མཐར་ཕྱིན་ན་གསལ་བ་མཐར་ཕྱིན་པ་དང་འདྲ་བར། མཁྱེན་པ་རྣམ་གཉིས་དབྱེར་མེད་པ་ཆོས་དབྱིང་དང་མཉམ། ཆོས་ཀྱི་དབྱིངས་དང་མཉམ་པའི་གདུལ་བྱའི་མཛད་པའི་ཕྲིན་ལས་འཆར་བས་མེ་ལོང་ལྟ་བུ་ཞེས་བྱ་སྟེ། སྟོང་པ་ཆེན་པོའི་ཡེ་ཤེས་ལས་མ་གཡོས་པར་རང་གསལ་བའི་ངོ་བོ་ཉིད་དུ་བཞུགས། དེ་ཙམ་ཉིད་ན་སྟོང་པ་ཆེན་པོའི་ངང་ལས་མ་གཡོས་པར་དབྱེར་མེད་པ་ལ་ནི་མཐའ་གཉིས་ཀྱི་སྐྱོན་དང་བྲལ་བས་མེ་ལོང་ལྟ་བུ་ཞེས་བྱའོ། །དེ་སྐུར་སྣང་བའི་དུས་ན་རྣམ་པར་སྣང་མཛད་དེ། སྐྱོན་དང་བྲལ་བའི་སྐུ་མདོག་དཀར་པོ། མཚན་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་རང་གསལ་མི་འགག་པའི་ངོས་ནས་དོན་དང་མཐུན་པའི་མཚན་རྣམ་པར་སྣང་མཛད་ཅེས་བྱ་སྟེ། འགག་པ་མེད་ལས་ཞེས་པ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་སྟེ་སྟོང་པ་ཆེན་པོའི་ཡེ་ཤེས་རང་བྱུང་བ་ཉིད་སྟོང་པ་འབའ་ཞིག་གི་ཕྱོགས་སུ་སོང་བ་མེད་དེ། རང་གསལ་བ་ཅིར་ཡང་འཆར་དུ་བཏུབ་པའོ། །ཐམས་ཅད་འགག་ཅེས་པ། རང་གསལ་ཉིད་ན་སྟོང་པ་ཆེན་པོའི་ཡེ་ཤེས་ལས་མ་གཡོས་པའོ། །འགག་པ་ཉིད་ནའང་ཞེས་པ། སྟོང་པ་ཆེན་པོའི་ཡེ་ཤེས་མཐའ་ཐམས་ཅད་བྲལ་བ་ཉིད་ནའང་། འགག་པ་མེད་ཅེས་པ་མེ་ལོང་ལྟ་བུའི་ཡེ་ཤེས་གསལ་ལ་མ་འགགས་པར་ལྷུན་གྱིས་གྲུབ་པ་སྟེ། འགག་པ་དང་འགག་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །མཉམ་ཉིད་ཡེ་ཤེས་ནི། དེ་ནི་འཁོར་བའི་ཆོས་སྐྱེ་འགག་གི་བར་ན་གནས་པ་ལྟར་སྣང་བ་དང་། ཚོར་བའི་ཕུང་པོ་བདེ་སྡུག་བཏང་སྙོམས་གསུམ་ལ་གནས་པ་དང་། ཉོན་མོངས་པ་དང་ང་རྒྱལ་རང་གི་ངོ་བོ་ལས་མི་འགྱུར་བ་གསུམ། རང་སྣང་གནས་སུ་དག་པ་འབྲས་བུའི་གནས་སྐབས་ན། སྐུ་ནི་མངོན་པར་བྱང་ཆུབ་པའི་སྐུ། སྐུ་གསུང་ཐུགས་ལྔ་ལས་ནི་ཞིང་ཡོན་ཏན། ཡེ་ཤེས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སྟོན་ཏེ། དེ་ཡང་དཀྱིལ་འཁོར་འཁོར་བའི་ཆོས་གནས་པའི་མཚན་ཉིད་བསྟན་པ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །ཞེས་པ། སྤྱི་འཁོར་བའི་མཚན་ཉིད་འཇིག་ཆགས་སྟོང་གནས་བཞིའམ། ནམ་ཟླ་དུས་བཞིའམ། སྐད་ཅིག་མ་བཞི་ལྟ་བུར་དང་པོར་བྱུང་ཞིང་སྐྱེ་བ་ཐ་མར་འཇིག །དེའི་བར་དུ་གནས་པའི་ངོ་བོ། །ཕྱི་ནང་གི་ཆོས་ཐམས་ཅད་བར་དུ་གསན་པ་ལྟར་སྣང་ཡང་འཁྲུལ་པས་ཞེན་ཅིང་བརྟག་པའི་ངོ་བོ་ཡིན་པས། གནས་བྱ་གནས་བྱེད་མེད་པའི་དོན་ལ་འཁྲུལ་བརྟག་གི་ཤེས་པས་འཛིན་པ་མི་བཟང་པོས་ལས་ངན་བྱེད་པ་ལྟ་བུ་ལ། སྨྲེ་བའམ་བསྟིང་བའི་དོན་གྱིས་ཨེ་མའོ། དེ་མཚོན་པར་བྱེད་པའི་ཚིག་འོག་ནས་འབྱུང་བ་ལའང་བསྟིང་བའི་དོན་གྱིས་ངོ་མཚར། དེ་ཉིད་དོན་ལ་སྣང་སྟོང་དབྱེར་མེད་པ་མཉམ་པ་ཉིད་ཡིན་པ་ནི་རྨད་དུ་བྱུང་བ་སྟེ། དེ་ལྟ་བུའི་ཆོས་དེ་སུ་ལ་མངའ་ན་རྫོགས་པའི་བུདྡྷ་ཀུན་གྱི་ཐུགས་རིག་ཅིང་རྟོགས་པར་དཀའ་བས་གསང་བའོ། །དེ་ཉིད་མི་འགག་པའི་རྩལ་ལས་རྟོག་པ་ཅན་གྱི་ངོ་ལ་འཁོར་བའི་ཆོས་སྣང་བ་ནི། དོན་དམ་པར་སེམས་ཀྱི་དབྱིངས་གནས་པར་དམིགས་པའི་ཡུལ་དང་ཤེས་པ་གཏན་ནས་མ་གྲུབ་པས་མེད་པ། རྟོག་པ་ཅན་གྱི་ངོ་ལ་ཡུལ་སེམས་ཀྱི་ཆོས་ཐམས་ཅད་སྐྱེ་བ་དང་འགག་པའི་བར་དུ་གནས་པ་ལྟ་བུར་རྟོགས་པའི་ངོ་ལ་ཡུལ་དང་ཡུལ་ཅན་དུ་སྣང་། གནས་པ་ཉིད་ནའང་གནས་པ་མེད། །ཅེས་པ། འཁྲུལ་པ་གཟུང་འཛིན་གྱི་ངོ་ལ་གནས་བདོ་དམིགས་བདོ་ཙམ་ན། ཆུ་དྭངས་པའི་གཟུགས་བརྙན་དང་འདྲ་བར་གནས་པ་མེད་པའི་མཐར་ཕྱིན་ནོ། །དེ་ཉིད་ཕུང་པོ་ལྔའི་ཚོར་བ་དང་སྦྱར་ན། ཨེ་མའོ་ཞེས་པ། སེམས་ཉིད་མཉམ་པ་ཉིད་ཀྱི་ངང་ལས་འཁྲུལ་ངོ་ལ་དབང་པོ་ལྔའི་ཡུལ་རྣམས་མྱོང་བའི་དུས་སུ། བཟང་བ་ལ་འདོད་ཆགས་བདེ་བར་ཚོར། ངན་པ་ལ་ཞེ་སྡང་སྡུག་བསྔལ་བར་ཚོར། བར་པ་བཏང་སྙོམས་ཀྱི་ངོ་བོ་ཉིད་དུ་གནས་པ་ནི། འཁྲུལ་བརྟགས་ཁོ་ན་ཡིན་པ་ལ་སྨྲེ་བའམ་བསྟིང་བའི་དོན་གྱིས་ཨེ་མའོ། །ངོ་མཚར་ནི། འོག་ནས་འབྱུང་བའི་ཚིག་སྟེ་བསྟིང་བའོ། །རྨད་དུ་བྱུང་བ་ནི། དེ་ཉིད་སེམས་ཀྱི་ཆོས་ཉིད་དུ་ལྷུན་གྱིས་གྲུབ་པས་དམིགས་པ་ཐམས་ཅད་དང་བྲལ་བའི་ཆོས་ནི། ཚོགས་པའི་བུདྡྷ་ཀུན་གྱི་ཐུགས་ལ་གནས་པ་རྟོགས་དཀའ་བས་གསང་བའོ། །དེ་ཉིད་མི་འགག་པ་འཁྲུལ་རྟོག་གི་ངོ་ལ་སྣང་བ་ནི། གནས་པ་མེད་ལས་ཞེས་པ། དོན་དམ་པར་སེམས་ཉིད་ཀྱི་དབྱིངས་ལ་གནས་བྱ་གནས་བྱེད་ཀྱི་འཛིན་པ་གཏན་ནས་མ་དམིགས་ཀྱང་འཁྲུལ་ངོ་ལ། ཐམས་ཅད་གནས་ཞེས་པ། ཡུལ་དྲུག་གི་ཆོས་སུ་གྱུར་པ་ཐམས་ཅད་ལ་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ། ཆོས་ཐམས་ཅད་དང་ཚོར་བ་གསུམ་ཐ་དད་པ་མ་ཡིན་ཏེ། ཆོས་ཐམས་ཅད་སྣང་ཙམ་ན་ཚོར་བ་གསུམ་དུ་གསལ། ཚོར་བ་གསུམ་གྱི་རྐྱེན་གྱིས་ཆོས་ཐམས་ཅད་སྣང་བ་ཡིན་པས་གནས་ཞེས་བྱའོ། །དེ་ལྟར་མ་འགག་པ་འཁྲུལ་ཆོས་གནས་པ་ཙམ་ཉིད་ན། གནས་བྱ་གནས་བྱེད་མེད་པ་སེམས་ཀྱི་དབྱིངས་སུ་ལྷུན་གྱིས་གྲུབ་པ་ནི་གནས་པ་མེད་ཅེས་བྱའོ། །ཉོན་མོངས་པ་ང་རྒྱལ་དང་སྦྱར་ཏེ། ཨེ་མའོ་ཞེས་པ། སེམས་ཀྱི་ངང་ལས་བདག་གཞན་མ་གྲུབ་པ་ང་རྒྱལ་མི་འགྱུར་བ་ལྟར་སྣང་བ་ལ་སྨྲེ་བའི་བསྟིང་བའོ། །ངོ་མཚར་བ་ནི། ང་རྒྱལ་གྱི་ངོ་བོ་ཉིད་མཚོན་པ་བྱེད་པའི་ཐ་སྙད་ལ་ངོ་མཚར་བའོ། །དེ་ལྟར་ལོག་པའི་ང་རྒྱལ་ཉིད་མ་འགག་མ་དམིགས་དབྱེར་མེད་པ་ནི་དོན་རྨད་དུ་བྱུང་བ་སྟེ་དེའི་ཆོས་དེ་སུ་ལ་མངའ་ན། རྫོགས་པའི་བུདྡྷ་ཀུན་གྱི་ཐུགས་རིག་ཅིང་རྟོག་དཀའ་བས་གསང་བའོ། །ངོ་བོ་དེ་ཉིད་འཁྲུལ་ངོར་ང་རྒྱལ་དུ་སྣང་བ་ནི། སེམས་མཉམ་པ་ཉིད་ཀྱི་དབྱིངས་ལས་བདག་གཞན་མི་མངའ་བས་ང་རྒྱལ་མ་གྲུབ་པ་ནི། གནས་པ་མེད་ལས་ཞེས་སོ། །ཐམས་ཅད་གནས་ཞེས་པ། སེམས་མི་འགག་པའི་རྩལ་འཁྲུལ་སྣང་ལ་ཕྱི་ནང་གི་ཆོས་ཐམས་ཅད་ང་རྒྱལ་ཡན་ལག་དང་བཅས་པར་ལྷུན་གྱིས་གྲུབ་སྟེ། དེ་ལས་མི་འགྱུར་བས་གནས་ཞེས་བྱའོ། །གནས་པ་ཉིད་ནའང་ཞེས་པ། འཁྲུལ་པ་ཅན་ང་རྒྱལ་གྱི་རི་བོ་ལ་གནས་ནས་མི་འགྱུར་བའི་དུས་སུ། གནས་པ་མེད་ཅེས་པ། སེམས་ཉིད་མཉམ་པ་ཉིད་ཀྱི་ང་རྒྱལ་མ་དམིགས་པའོ། །གནས་སུ་དག་པ་འབྲས་བུའི་གནས་སྐབས་ན། སྐུ་ལྔ་དང་སྦྱར་བ་ལ་མངོན་པར་བྱང་ཆུབ་པའི་སྐུ་དང་སྦྱར་ཏེ། ཨེ་མའོ་ཞེས་པ། མཉམ་པ་ཉིད་ཀྱི་སྐུ་ཁམས་གསུམ་གྱི་ཆོས་ཐམས་ཅད་སེམས་སུ་ལྷུན་གྱིས་གྲུབ་པས། དེ་ཉིད་སྐུ་དང་ཡེ་ཤེས་སུ་གསལ་བས་མཉམ་པ་ཉིད་ཀྱི་སྐུ་སྟེ་ངམ་པའོ། །ངོ་མཚར་བ་ནི། འོག་ནས་སྨོས་པའི་ཚིག་གིས་མཉམ་པ་ཉིད་ཀྱི་སྐུ་མཚོན་དཀའ་བ་ཐོག་ཏུ་ཕེབས་པ་ལ་ངོ་མཚར་བའོ། །རྨད་དུ་བྱུང་བ་ནི་མཉམ་པ་ཉིད་ཀྱི་སྐུ་ཡུལ་སེམས་ཀྱི་ཆོས་ཐམས་ཅད་རིག་པ་རང་སྣང་མཉམ་པ་ཉིད་ཀྱི་སྐུར་གསལ་བའོ། །དེའི་ཆོས་ནི་སུ་ལ་མངའ་ན། ཚོགས་གཉིས་རྫོགས་པའི་བུདྡྷ་ཐམས་ཅད་ཀྱི་ཐུགས་རྟོགས་དཀའ་བས་གསང་བའོ། །དེ་ཉིད་ངོ་བོ་ཅི་ལྟ་བུ་ཞེ་ན། སྣང་གྲགས་ཀྱི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་སེམས་ཉིད་རིག་པ་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པ་ནི། གཉིས་འཛིན་མི་མངའ་བས་ཐམས་ཅད་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་སྟེ། དེ་ཉིད་རང་སྣང་བ་སྐུ་དང་ཡེ་ཤེས་སུ་གསལ་བ་ནི། མངོན་པར་བྱང་ཆུབ་པའི་སྐུ་ཡིན་ལ། གནས་པ་མེད་ལས་ཞེས་པ། དེ་ལྟ་བུར་ལྷུན་གྱི་གྲུབ་པ་ལ་རང་གིས་རང་མི་དམིགས་པ་ནི་འདུ་ཤེས་ཀྱི་འཛིན་པ་དང་བྲལ་བས་གནས་པ་མེད་ཅེས་བྱ་སྟེ། དེ་ཉིད་རང་སྣང་བ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གནས་པ་ལྟར་སྣང་བ་ནི། གོང་དུ་བཤད་པའི་མངོན་པར་བྱང་ཆུབ་པའི་སྐུ་ལས་གཡོས་པ་མེད་པས་གནས་ཞེས་བྱའོ། །དེ་ལྟར་རྟོགས་པ་ལྷུན་གྱིས་གྲུབ་ན་ཆུ་གཤེར་བ་ལས་མི་འདའ་བ་བཞིན་དེ་ཉིད་དུ་ལྷུན་གྱིས་གྲུབ་པ་ནི། གནས་པ་ཉིད་ནའང་འདུ་ཤེས་ཐམས་ཅད་དང་བྲལ་བའི་རིག་པ་རང་སྣང་བས་གནས་པ་མེད་ཅེས་བྱའོ། །སྐུ་གསུང་ཐུགས་ལྔ་ལས་ན་ཡོན་ཏན་དང་སྦྱར་ཏེ། ཨེ་མའོ་ཞེས་པ། ཐམས་ཅད་མཁྱེན་པའི་ཡོན་ཏན་ནི། ཞིང་ཁམས་རྣམ་པར་དག་པ་དང་། ཕོ་བྲང་རྣམ་པར་དག་པ་དང་། ཆེ་བའི་རྒྱན་ཕུན་སུམ་ཚོགས་པར་ལྷུན་གྱིས་གྲུབ་པ་དང་། འོད་ཟེར་གྱི་འཕྲོ་འདུ་རྣམས་ཏེ། དེ་ལ་སོགས་པ་གདུལ་བྱའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཡོན་ཏན་ནོ། །ཨེ་མའོ་ཞེས་པ། ཐམས་ཅད་མཁྱེན་པའི་ཡོན་ཏན་གང་དུའང་མ་གྲུབ་ཅིར་ཡང་སྣང་བ་ལ་ངམ་པའོ། །དེ་ཉིད་མཚོན་པར་བྱེད་པའི་འོག་ནས་འབྱུང་བའི་ཚིག་རྣམས་ཀྱིས་ལྷུན་གྲུབ་ཀྱི་ཡོན་ཏན་གསལ་བར་བྱེད་པའི་ངོ་མཚར་བའོ། །གཞི་ཐམས་ཅད་མཁྱེན་པའི་རང་བྱུང་གི་ཡེ་ཤེས་བསམ་བརྗོད་ལས་འདས་པ་ཉིད་རྩལ་ཅིར་ཡང་མི་འགག་པར་འཆར་བ་སྣང་སྟོང་དབྱེར་མེད་པ་ནི་རྨད་དུ་བྱུང་བའོ། །དེ་ལྟ་བུའི་ཆོས་དེ་རྫོགས་པའི་སངས་རྒྱས་ཀུན་གྱི་ཐུགས་ལ་གནས་པ་རིག་ཅིག་རྟོགས་པར་དཀའ་བས་གསང་བའོ། །ངོ་བོ་ཇི་ལྟ་ཞེ་ན། གནས་པ་མེད་ལས་ཞེས་པ། བུདྡྷའི་ངོ་བོ་རིག་པ་རང་བྱུང་གི་ཡེ་ཤེས་ཆོས་སྐུའི་ངང་ལ་ཡོན་ཏན་འདི་གནས། འདི་ལྟ་བུར་གནས་བྱ་བ་ཐམས་ཅད་མཁྱེན་པས་ཀྱང་མི་གཟིགས་པ་ལས་གདུལ་བྱའི་ངོ་ལ་རྒྱུན་ཆད་མེད་པ་ཅི་ལྟར་ཡང་འཆར་བ་རྒྱུན་མི་ཆད་པའི་ངོ་བོ་ཉིད་ལ་ནི་ཐམས་ཅད་གནས་ཞེས་བྱའོ། །གནས་པ་ཉིད་ནའང་བ་ཞེས་པ། གདུལ་བྱའི་ངོ་ལ་ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ་པ་ཉིད་ན། ཡུལ་དང་ཡུལ་ཅན་ནམ་གནས་བྱ་དང་གནས་བྱེད་མ་དམིགས་པ་ལ་ནི་གནས་པ་མེད་ཅེས་བྱའོ། །ཡེ་ཤེས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་སྦྱར་ཏེ། ཨེ་མའོ་ཞེས་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་བུདྡྷའི་དགོངས་པ་དང་མཛད་པ་དབྱེར་མེད་པ་ལ་ངམ་པའོ། །དེ་མཚོན་པར་བྱེད་པའི་ཚིག་འོག་ནས་འབྱུང་བ་རྣམས་ཀྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྟོགས་པར་བྱེད་པས་ན་ངོ་མཚར་པའོ། །མཉམ་ཉིད་ཡེ་ཤེས་ངོ་བོ་གང་དུ་ཡང་མ་གྲུབ་ཕྱོགས་འཛིན་ཐམས་ཅད་དང་བྲལ་བ་ཉིད། གདུལ་བྱའི་དགོས་པ་སྐོང་བ་རྒྱུན་ཆད་མེད་པ་ནི་རྨད་དུ་བྱུང་བའོ། །དེ་ལྟ་བུའོ་ཆོས་དེ་སུ་ལ་མངའ་ན་རྫོགས་པའི་སངས་རྒྱས་ཀུན་གྱི་ཐུགས་ལ་བརྣག་པས་ན་གསང་བའོ། །དེའི་ངོ་བོ་ཅི་ལྟ་བུ་ཞེ་ན། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། ངོ་བོ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་སྟོང་པའི་ཕྱོགས་སུ་སོང་བ་མེད། གཟུགས་ཀྱི་སྐུ་དང་ཡོན་ཏན་ཐམས་ཅད་རང་སྣང་ཡང་ཕྱོགས་འཛིན་ཐམས་ཅད་དང་བྲལ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་རྟོག་པ་མེད་ཀྱང་། གསོལ་བ་གང་བཏབ་ཀྱི་དགོས་འདོད་ཐམས་ཅད་ལྷུན་གྱིས་གྲུབ། དེ་བཞིན་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱང་ཕྱོགས་གང་དུ་ཡང་སོང་བ་མེད་པས་གཏན་ཚིགས་སུ་སོང་བ་ཐམས་ཅད་ལྷུན་གྲུབ་ཏུ་འཆར་ཏེ། ནམ་མཁའ་ལས་སྤྲིན་དང་ཁུ་རླངས་དང་འཇའ་དང་ཐམས་ཅད་རྒྱུན་ཆད་པ་མེད་པར་སྣང་བ་བཞིན། མཉམ་པ་ཉིད་ཀྱི་ཡེ་ཤེས་གང་དུ་ཡང་གྲུབ་པ་མེད་པའི་ངང་ལས་གདུལ་བྱའི་དགོས་པ་སྐོང་བ་ཐམས་ཅད་ལྷུན་གྲུབ་ཏུ་འཆར་ཏེ། རིན་པོ་ཆེའི་རིགས་ཀྱི་རྒྱུ་མཚན་ཡང་ཡིན་ནོ། །གནས་པ་མེད་ཅེས་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཕྱོགས་གང་དུའང་གནས་པ་མེད་པ་ལས། ཐམས་ཅད་གནས་ཞེས་པ། གདུལ་བྱའི་དགོས་པ་སྐོང་བའི་ཆོས་མཐོ་དམན་བར་པ་ཐམས་ཅད་མ་ཚང་བ་མེད་པ་གནས། གནས་པ་ཡོན་ཏན་རང་སྣང་བ་ལྷུན་གྱིས་གྲུབ་ནའང་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་རྒྱུ་འབྲས་སམ། སྣང་བྱ་སྣང་བྱེད་དམ། སྤྲོ་བསྡུས་དམིགས་པས་གནས་པ་མེད་ཅེས་བྱའོ། །སོ་སོར་རྟོགས་པ་ནི། འཁོར་བའི་ཆོས་ཀྱི་མཚན་ཉིད་ཡུལ་དང་ཡུལ་ཅན་དུ་དམིགས་པ་དང་། ཕུང་པོ་ལྔ་ལ་ན་འདུ་ཤེས། ཉོན་མོངས་པ་ལྔ་ན་འདོད་ཆགས། དེ་གནས་སུ་དག་པ། སྐུ་ལྔ་ལ་ན་སྤྲུལ་པའི་སྐུ། སྐུ་གསུང་ཐུགས་ལྔ་ལས་ན་གསུང་། ཡེ་ཤེས་ན་སོ་སོར་རྟོགས་པའི་ཡེ་ཤེས་སུ་དག་པ་སྟོན་ཏེ། དེ་ཡང་དང་པོ་འཁོར་བའི་ཆོས་ཀྱི་མཚན་ཉིད་དང་སྦྱར་ན། དམིགས་པ་ནི་འཁྲུལ་པའི་ཤེས་པ་དབང་པོ་དྲུག་ལ་བརྟེན་ཏེ། ཡུལ་དྲུག་ཤེས་པ་སྐྱེབས་དམིགས་པའི་གཟུང་འཛིན་ནོ། །ཨེ་མའོ་ཞེས་པ། སེམས་མཉམ་པ་ཉིད་ཀྱི་ངང་ལས་འཁྲུལ་རྟོག་གི་དབང་ཡུལ་གྱི་འདུ་ཤེས་འཕེལ་བ་ལ་སྨྲེ་བའམ་བསྟིང་བའོ། །དེ་མཚོན་པར་བྱེད་པའི་ཚིག་ཀྱང་བསྟིང་བའི་དོན་གྱི་ངོ་མཚར། དམིགས་པ་བདོ་ནའང་སེམས་ཀྱི་དབྱིངས་ལས་མ་གཡོས་པའི་དོན་རྨད་དུ་བྱུང་། རྨད་དུ་བྱུང་བའི་ཆོས་རྫོགས་པའི་བུདྡྷ་ཀུན་གྱི་ཐུགས་གསང་བ་ཡིན་ཏེ། འཁྲུལ་པའི་ངོ་ལ་དེ་མ་འགག་པར་རང་སྣང་བ་ནི། སེམས་ཉིད་མཉམ་པ་ཉིད་ཀྱི་ངང་ལས་ཡུལ་དང་ཡུལ་ཅན་མ་དམིགས་པ་ནི་དམིགས་པ་མེད་ཅེས་བྱའོ། །ཐམས་ཅད་དམིགས་པ་ཞེས་པ། ཆོས་ཐམས་ཅད་འདུ་ཤེས་ཀྱི་ངོ་བོར་ཡུལ་དང་ཡུལ་ཅན་དམིགས་པ་རྒྱུན་མི་ཆད་པའོ། །དམིགས་པ་ཉིད་ནའང་ཞེས་པ། འཁྲུལ་རྟོག་གི་ངོར་དམིགས་བདོ་ན་ཡང་སྒྲ་ཙམ་ལས་ངོ་བོ་མ་གྲུབ་པ་ནི་དམིགས་པ་མེད་ཅེས་བྱའོ། །ཐམས་ཅད་དམིགས་ཞེས་པ། ཆོས་ཐམས་ཅད་འདུ་ཤེས་ཀྱི་ངོ་བོར་ཡུལ་དང་ཡུལ་ཅན་དམིག་པ་རྒྱུན་མི་ཆད་པའོ། །དམིགས་པ་ཉ ིད་ནའང་ཞེས་པ། འཁྲུལ་རྟོག་གི་ངོར་དམིགས་བདོ་ན་ཡང་སྒྲ་ཙམ་དེ་ལས་ངོ་བོ་མ་གྲུབ་པ་ནི་དམིགས་པ་མེད་པའོ། །ཕུང་པོ་ལྔ་ལས་ན་འདུ་ཤེས་དང་སྦྱར་ཏེ། ཨེ་མའོ་ཞེས་པ། ཁམས་གསུམ་གྱི་འདུ་ཤེས་རྒྱ་ཆེ་ཆུང་ཚད་མེད་པ་གསུམ་དུ་དམིགས་པ་ནི། སེམས་ཀྱི་ངང་ལས་མ་གྲུབ་པ་ལས་འཁྲུལ་པ་ལ་སྨྲེ་བའམ་བསྟིང་བའོ། །དེ་མཚོན་པའི་ཚིག་འོག་ནས་འབྱུང་བ་ལ་བསྟིང་བའི་དོན་གྱིས་ངོ་མཚར་བའོ། །དམིགས་ཉིད་ན་དམིགས་པ་མ་གྲུབ་པའི་སྣང་སྟོང་དབྱེར་མེད་པ་ནི་རྨད་དུ་བྱུང་བའོ། །དེ་སུ་ལ་མངའ་ན་ཚོགས་གཉིས་རྫོགས་པའི་བུདྡྷ་ཀུན་གྱི་ཐུགས་ཀྱི་གསང་བའོ། །དེ་ནི་འཁྲུལ་ངོ་ལ་སྣང་བས་སེམས་ཉིད་གསང་བའི་དབྱིངས་དམིགས་བྱ་དམིགས་བྱེད་མེད་པ་ལས་དམིགས་པ་ནི། འདོད་ཁམས་པ་འདོད་ཡོན་ལྔ་ལ་ཡུལ་དང་ཡུལ་ཅན་དམིགས་པ་དང་། གཟུགས་ཁམས་པ་རྟོག་དཔྱོད་ཀྱིས་ཏིང་ངེ་འཛིན་ལ་དམིགས་པ་དང་། གཟུགས་མེད་པ་འདུ་ཤེས་ཕྲ་མོ་སྙམ་ཙམ་ལ་དམིགས་པའོ། །དེ་ལྟར་དམིགས་བདོ་ཙམ་ཉིད་ནའང་སེམས་ཀྱི་དབྱིངས་ལས་མ་གྲུབ་པས་དམིགས་པ་མེད་ཅེས་བྱའོ། །འདོད་ཆགས་དང་སྦྱར་ན། ཨེ་མའོ་ཞེས་པ། སེམས་ཀྱི་དབྱིངས་ལ་ཆགས་བྱ་ཆགས་བྱེད་མེད་ཀྱང་། འཁྲུལ་རྟོག་གིས་ཆགས་པ་གཉིས་སུ་བྱུང་བ་ལ་སྨྲེ་བ་དང་བསྟིང་བའི་དོན་གྱིས་ཨེ་མའོ། །ངོ་མཚར་བ་ནི། དེ་ལྟ་བུ་སྟོན་པའི་ཚིག་ལ་བསྟིང་བའི་དོན་ནོ། །རྨད་དུ་བྱུང་བ་ནི། ཆགས་པ་ཉིད་ན་ཆགས་པ་མེད་པའི་དོན་ལས་མ་འདས་པས་སེམས་ཉིད་དུ་དབྱེར་མེད་པའི་ཆོས་ནི། རྫོགས་པའི་བུདྡྷ་ཀུན་གྱི་ཐུགས་ཀྱི་གསང་བ་སྟེ། དེ་ཉིད་ཡུལ་དང་ཡུལ་ཅ ན་བྲལ་བས་དམིགས་པ་མ་གྲུབ་པ་ལས། དམིགས་པ་ཆགས་པ་རྣམ་པ་གཉིས་ལྟ་བུར་སྣང་། ལོག་རྟོག་ལ་ཆགས་པ་གཉིས་ལྟ་བུར་སྣང་ཡང་། ངོ་བོ་ལ་དབྱེར་མེད་པ་སེམས་ཉིད་དུ་གཅིག་པས་དམིགས་པ་མེད་ཅེས་བྱའོ། །དེ་དག་པ་འབྲས་བུ་ན། སྐུ་ལྔ་ལས་ན་སྤྲུལ་པའི་སྐུ་དང་སྦྱར་ཏེ། ཨེ་མའོ་ཞེས་པ། ངམ་ཞིང་ངོ་མཚར་བ་སྟེ། གདུལ་བྱའི་རྟོག་པ་དང་མཐུན་པས་སྤྲུལ་པའི་སྐུར་སྣང་ལ། དེ་ཡང་སྣང་སྟོང་དབྱེར་མེད་པ་ལ་ངམ་པའོ། །ངོ་མཚར་བ་ནི། མཚོན་པར་བྱེད་པའི་ཚིག་འོག་ནས་འབྱུང་བ་ཉིད་ཀྱིས་དོན་གསལ་བར་བྱེད་པའོ། །རྨད་དུ་བྱུང་བ་ནི། ཆོས་ཀྱི་སྐུ་དངོས་པོ་ཐམས་ཅད་དང་བྲལ་བ་མི་འགག་པའི་རྩལ་ལས་སྤྲུལ་སྐུར་ཅིར་ཡང་སྣང་བཞིན་མ་གྲུབ་པའོ། །དེ་ལྟ་བུའི་དེ་སུ་ལ་མངའ་ན། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བའོ། །དམིགས་པ་མེད་ལས་ཞེས་པ། ཆོས་སྐུ་མཉམ་པ་ཉིད་ཀྱི་ངང་ལས་མ་དམིགས་ཀྱང་། གདུལ་བྱ་གར་ཡོད་ཀྱི་ངོ་ལ་གདུལ་བྱའི་བློ་དང་མཐུན་པར་སྤྲུལ་སྐུ་མཐོ་དམན་གྱི་བྱེ་བྲག་རྣམས་སྣང་བ་ནི་གདུལ་བྱའི་བློ་ངོ་བཞིན་དུ་རྟག་པ་བརྟན་པའོ། །དམིགས་པ་ཉིད་ནའང་དམིགས་པ་མེད། །ཅེས་པ་གདུལ་བྱའི་ངོ་ལ་སྣང་བདོ་ནའང་ཆོས་སྐུའི་ངོ་ལ་སྣང་བྱ་སྣང་བྱེད་མ་དམིགས་པ་ནི་དམིགས་པ་མེད་ཅེས་བྱའོ། །སྐུ་རིགས་ལྔ་ལས་གསུང་དང་སྦྱར་བ་ནི། ཨེ་མའོ་ཞེས་པ་གསུང་གི་རང་བཞིན་མི་དམིགས་པའི་ངང་ལས་གདུལ་བྱའི་ངོ་ལ་གསུང་དབྱངས་ཡན་ལག་གསུམ་བརྒྱ་དྲུག་ཅུར་གྲགས་པ་ལ་ངམ་པའོ། །དེ་མཚོན་པར་བྱེད་པའི་ཚིག་འོག་ནས་འབྱུང་བ་ལ་ངོ་མཚར་པའོ། །གསུང་མ་འགག་པ་མ་དམིགས་དབྱེར་མེད་པའི་དོན་ཉིད་རྨད་དུ་བྱུང་བའོ། །དེ་ལྟ་བུའི་ཆོས་དེ་རྫོགས་པའི་བུདྡྷ་ཀུན་གྱི་ཐུགས་ལ་གསང་བ་སྟེ་རྟོགས་དཀའ་བའོ། །དེའི་དོན་གྱི་ངོ་བོ་ནི། དམིགས་པ་མེད་ལ་ཞེས་པ་དོན་གྱི་གསུང་དམིགས་བྱ་དམིགས་བྱེད་མེད་པའི་ངང་ལས་གསུང་དབྱངས་ཡན་ལག་སུམ་བརྒྱ་དྲུག་ཅུ། ལྷ་དང་ཀླུ་དང་གནོད་སྦྱིན་སྐད་ལ་སོགས་པར་གདུལ་བྱ་དང་མཐུན་པ་ནི་གྲགས་པར་དམིགས་པའོ། །དོན་དེས་གདུལ་བྱ་རྣམས་ཀྱི་ཐེ་ཚོམ་ཆོད། མི་མཐུན་པ་སེལ། གཉེན་པོ་མངོན་དུ་བྱས་པ་ལ་ནི་དམིགས་པ་ཉིད་ན་ཡང་ཞེས་བྱའོ། །དམིགས་པ་མེད་ཅེས་པ། མ་འགགས་པ་ཙམ་ཉིད་ན་དོན་གྱི་གསུང་ལས་མ་གཡོས་ཏེ་དབྱེར་མེད་པའོ། །ཡེ་ཤེས་ན་སོ་སོར་རྟོགས་པའི་ཡེ་ཤེས་ཏེ། ཨེ་མའོ་ཞེས་པ། སོ་སོར་རྟོགས་པའི་ཡེ་ཤེས་ནི། ཆོས་སྤྱིའི་མཚན་ཉིད་མཁྱེན་པའི་ངོས་ནས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ལས་མ་གཡོས་ཀྱང་། མེ་ལོང་ལྟ་བུའི་ཡེ་ཤེས་གསལ་ལ་མི་འགག་པའི་ངོ་བོ་ཉིད་དུ་བཞུགས་པ་ཉིད་མི་འགག་པ་ནི་སྣང་བའི་ངོ་བོ་སོ་སོར་རྟོགས་པའི་ཡེ་ཤེས་ཏེ། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཀྱི་གདུལ་བྱ་རྣམས་ཀྱི་གྲངས་དང་དུས་ཐོག་མཐའ་དང་འདུལ་བའི་ཐབས་རྣམས་ཡུལ་དང་ཡུལ་ཅན་མེད་པར་རང་གསལ་དུ་ལྷུན་གྱིས་གྲུབ་སྟེ། དབྱེར་མེད་མཁྱེན་པ་ཞེས་བྱ་སྟེ། དེ་ལྟ་བུ་རྣམས་ལ་ངམ་པའོ། །དེ་ཉིད་སྟོན་པར་བྱེད་པའི་རྗོད་བྱེད་ཀྱི་ཚིག་ངོ་མཚར། དབྱེར་མེད་པའི་རང་བྱུང་གི་ཡེ་ཤེས་ནི་རྨད་དུ་བྱུང་བ་སྟེ། དེ་ལྟ་བུའི་ཆོས་དེ་སུ་ལ་མངའ་ན། རྫོགས་པའི་བུདྡྷ་ཀུན་གྱི་ཐུགས་ལ་བརྣགས་པས་གསང་བའོ། །སོ་སོར་རྟོགས་པའི་ཡེ་ཤེས་ནི་ངོ་བོ་ཅི་ལྟ་བུ་ན། དམིགས་པ་མེད་ལས་ཐམས་ཅད་དམིགས། །ཞེས་པ། སྟོང་པ་ཆེན་པོའི་ཡེ་ཤེས་མཐའ་ཐམས་ཅད་དང་བྲལ་བ་སྟོང་པ་ཆེན་པོའི་ངང་ལས། ཐམས་ཅད་དམིགས་ཞེས་པ། སོ་སོར་རྟོགས་པའི་ཡེ་ཤེས་བྱ་བ་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་དེས་ཆོས་སྤྱི་དང་རང་གི་མཚན་ཉིད་ཐ་དད་པར་མ་དམིགས་པ་མེད་པ་ནི། ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱའི་རྒྱུད་དང་བྱ་བ་དང་དུས་ཐོག་མཐའ་ཐམས་ཅད་མཁྱེན་པའམ་མ་གཟིགས་པ་མེད་པའོ། །དམིགས་པ་ཉིད་ནའང་ཞེས་པ། མཁྱེན་པའི་ཡེ་ཤེས་ཀྱིས། མཁྱེན་པ་ལྷུན་གྱིས་གྲུབ་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངང་ལ་མཁྱེན་བྱ་མཁྱེན་བྱེད་ཡུལ་དང་ཡུལ་ཅན་མ་དམིགས་པའོ། །ད་ནི་འཁོར་བའི་མཚན་ཉིད་འགྲོ་འོང་དང་། ཕུང་པོ་འདུ་བྱེད་དང་། ཉོན་མོང་པ་ན་ཕྲག་དོག །རང་སར་དག་པ་འབྲས་བུའི་གནས་སྐབས་ན། སྐུ་ན་རྡོ་རྗེའི་སྐུ། སྐུ་གསུང་ཐུགས་ལྔ་ལས་ཕྲིན་ལས། ཡེ་ཤེས་ན་བྱ་བ་གྲུབ་པའི་ཡེ་ཤེས་བསྟན་ཏེ། ཨེ་མའོ་ཞེས་པ། སེམས་ཀྱི་དབྱིངས་མི་འགག་པའི་རྩལ་ལས་འཁོར་བའི་མཚན་ཉིད་ལྷན་ཅིག་རྟག་པར་མི་གནས། འགྲོ་འོང་ལ་སོགས་པ་འཁྲུལ་པའི་ངོ་ལ་སྣང་བ་ལ་སྨྲེ་བའམ་བསྟིང་པའོ། །དེ་ལྟ་བུ་སྟོན་པོའི་ཚིག་འོག་ནས་སྟོན་པས་ངོ་མཚར་བའོ། །མཚན་ཉིད་དེ་ཉིད་དབྱེར་མེད་པ་མཉམ་པའི་ངང་དུ་ལྷུན་གྱིས་གྲུབ་པ་ནི་རྨད་དུ་བྱུང་བའི་ཆོས་ཏེ། དེ་ནི་ཚོགས་གཉིས་རྫོགས་པའི་བུདྡྷ་ཐམས་ཅད་ཀྱི་ཐུགས་རྟོགས་དཀའ་བས་གསང་བ་སྟེ། དོན་སེམས་ཉིད་དུ་ལྷུན་གྱིས་གྲུབ་པའི་དབྱིངས་སོ། །དོན་དེ་ཉིད་མཚན་ཉིད་དང་བྲལ་བ་ལས་བརྟགས་པའི་སྣང་བ་ལ་འགྲོ་འོང་ལ་སོགས་པ་མ་དམིགས་ཀྱང་། མི་འགག་པའི་མཚན་ཉིད་ཀུན་རྫོབ་འཁྲུལ་ངོ་ལ་འགྲོ་འོང་ལྟར་ཡང་སྣང་། སྣང་ཙམ་ཉིད་ན་སེམས་ཀྱི་ངང་ལ་འགྲོ་འོང་མ་དམིགས་པས། འགྲོ་འོང་ཉིད་ནའང་འགྲོ་འོང་མེད། །ཅེས་བྱའོ། །འདུ་བྱེད་ཀྱི་ཕུང་པོ་དང་སྦྱར་བ་ནི། ཨེ་མ་ཞེས་པ། སེམས་ཆོས་ཉིད་ཀྱི་ང ང་ལས་མ་རྟོགས་པ་འཁྲུལ་པའི་ངོ་བོ་འདུ་བྱེད་ལྔ་བཅུ་རྩ་གཅིག་ཏུ་སྣང་བ་ལ་སྨྲེ་བའམ་བསྟིང་བའོ། །དེ་ཉིད་མཚོན་པར་བྱེད་པའི་ཚིག་འོག་ནས་འབྱུང་བ་ལ་ངོ་མཚར་ཏེ་བསྟིང་བའོ། །རྨད་དུ་བྱུང་བ་ཉིད་ནི། འཁྲུལ་སྣང་ལྔ་བཅུ་རྩ་གཅིག་ཉིད་སེམས་ཀྱི་དབྱིངས་ལས་མ་གཡོས། སྣང་སྟོང་དབྱེར་མེད་པའི་ཆོས་ནི་ཚོགས་གཉིས་རྫོགས་པའི་བུདྡྷ་ཀུན་གྱི་ཐུགས་ཀྱི་གསང་བ་སྟེ། སེམས་ཉིད་ཀྱི་དབྱིངས་དེ་ཉིད་ལས་རྒྱུ་རྐྱེན་དང་བྲལ་བས། འགྲོ་འོང་གི་རྣམ་པ་མ་དམིགས་པས་མི་འགག་པའི་རྩལ་རང་སྣང་བ། འཁྲུལ་ངོ་ལ་འགྲོ་འོང་ལ་སོགས་པའི་མཚན་ཉིད་སྣ་ཚོགས་སུ་སྣང་། དེ་ཉིད་འགྲོ་འོང་དུ་སྣང་བ་ཉིད་ཙམ་ན་ཆོས་ཉིད་སྤྲོས་པ་བྲལ་བ་ལ་འགྲོ་འོང་མ་དམིགས་པའོ། །ཕྲག་དོག་དང་སྦྱར་ན། ཨེ་མའོ་ཞེས་པ། སེམས་ཉིད་ཀྱི་དབྱིངས་ལས་གཉིས་འཛིན་འཁྲུལ་པའི་དབང་གིས་བདག་མཐོ་བར་འདོད། གཞན་དམའ་བར་འདོད་པ་ལ་སྨྲེ་བ་དང་བསྟིམ་པའོ། །དེ་ཉིད་མཚོན་པར་བྱེད་པའི་ཚིག་འོག་ནས་འབྱུང་བ་ལ་བསྟིང་པའི་དོན་གྱིས་ངོ་མཚར་བའོ། །རྨད་དུ་བྱུང་བ་ནི། ཕྲག་དོག་དངོས་པོ་རང་སྣང་ཉིད་མཐའ་དང་བྲལ་བ་སེམས་སུ་གསལ་བ་ནི་རྨད་ཀྱི་ཆོས་ཏེ། དེ་ཉིད་ཚོགས་གཉིས་རྫོགས་པའི་བུདྡྷ་ཀུན་གྱི་ཐུགས་ཀྱི་གསང་བ་ཡིན་པས་རྟོགས་དཀའ་བའོ། །སེམས་ཀྱི་དབྱིངས་ལས་འཁྲུལ་པའི་འགྲོ་འོང་མ་དམིགས་པ་ནི་མེད་པའོ། །འགྲོ་དང་འོང་ཞེས་པ། ལོག་རྟོག་འཁྲུལ་ངོ་ལ་འཁོར་བའི་མཚན་ཉིད་སྣོད་བཅུད་བེམ་རིག་འགྲོ་འོང་དང་མི་རྟག་པ་ནི་འགྱུར་བ་སྣ་ཚོགས་སུ་སྣང་བའོ། །འཁྲུལ་ངོ་ལ་ཀུན་རྫོབ་མི་འགག་པའི་མཚན་ཉིད་ཅི་ལྟར་སྣང་ཡང་། འགྲོ་འོང་མེད་ཅེས་པ། སེམས་ཀྱི་དབྱིངས་ལས་མ་གཡོས་ཏེ་མཉམ་པ་ཉིད་ཀྱི་དབྱིངས་སུ་ལྷུན་གྱིས་གྲུབ་པའོ། །འབྲས་བུ་ངོ་བོའི་ཕྲིན་ལས་བསྟན་པ་ནི། ཨེ་མའོ་ཞེས་པ། དུས་གསུམ་གྱི་བུདྡྷ་ཐམས་ཅད་ཀྱི་དགོངས་པ་མཉམ་པ་ཉིད་ལ་གཞན་དོན་མཛད་པའི་ཕྲིན་ལས་སྒྲ་ཙམ་དུ་མ་གྲུབ་ཀྱང་། རང་སྣང་རོལ་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་ངོ་བོ་དང་དབྱེར་མེད་པ་ལ་ངམ་པའོ། །དོན་དེ་ཉིད་སྟོན་པར་བྱེད་པའི་ཚིག་དོན་གསལ་བར་བྱེད་པས་ངོ་མཚར་བའོ། །མ་འདྲེས་ཡོངས་སུ་རྫོགས་པ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ནི། དུས་གསུམ་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཉིད་རྫོགས་པའི་བུདྡྷ་ཀུན་གྱི་ཐུགས་ཀྱི་གསང་བ་རྟོགས་དཀའ་བའོ། །དེའི་ངོ་བོ་ཅི་ལྟ་བུ་ཞེ་ན། འཁོར་འདས་དབྱེར་མེད་རང་སྣང་གི་ཡེ་ཤེས་ཆེན་པོ་ཐ་སྙད་ཐམས་ཅད་དང་བྲལ་བའི་དབྱིངས་འགྲོ་འོང་མེད་པའི་ཐུགས་རྗེ་ལས་རང་སྣང་བའི་འགྲོ་དོན་མཛད་པའི་ཕྲིན་ལས། ལས་བཞིའི་མཛད་པ་རྣམས་མེ་ལོང་དང་གཟུགས་བརྙན་དང་ལྟ་བ་པོ་འཛོམ་པ་བཞིན། གདུལ་བྱ་གར་ཡོད་ན་མཛད་པ་ལྷུན་གྱིས་གྲུབ་པར་ཤར་བ་ནི་ཐ་སྙད་དུ་འདོགས་སོ། །དེ་ལྟར་ཤར་ཙམ་ཉིད་ན་དགོངས་པ་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ལས་མ་གཡོས་པས་འགྲོ་འོང་མེད་ཅེས་བྱའོ། །ཡང་ན་གདུལ་བྱའི་ངོར་སྤྲུལ་སྐུ་འགྲོ་བ་དང་འོང་བ་དང་། བཞུགས་པ་དང་བཞེངས་པ་ལ་བརྗོད་དོ། །འགྲོ་འོང་ཉིད་ནའང་ཞེས་པ། མཛད་པའི་ཕྲིན་ལས་ཀྱི་རྩ་བ་སྤྲུལ་པའི་སྐུ་མཛད་ཚུལ་གཉིས་པོ་གང་དུ་བསྟན་པ་ལྟར་གཉིས་པོ་གང་ལྟར་ཡིན་ཀྱང་། དགོངས་པ་ཆོས་ཀྱི་དབྱིངས་ལས་མ་གཡོས་པས་འགྲོ་འོང་མེད་ཅེས་བྱའོ། །སྐུ་ལྔ་ན་རྡོ་རྗེའི་སྐུ་ལྟར་ན། ཨེ་མའོ་ཞེས་པ། སྤྲུལ་པའི་སྐུ་འགྲོ་དྲུག་གི་སྣང་བ་ཡིན་པས། འགྲོ་དྲུག་དང་སྤྱོད་ལམ་ཇི་ལྟར་མཐུན་ཡང་འཁོར་བའི་སྐྱོན་གྱིས་གོས་པ་མེད་དེ། དགོངས་པ་ཆོས་ཀྱི་དབྱིངས་ལས་མི་གཡོ་བ་ཉིད་རྡོ་རྗེའི་སྐུ་སྟེ། དེ་ནི་གདུལ་བྱ་ལ་བསྐྱར་མི་དགོས་པར་ཅིག་ཅར་དུ་འགྲུབ་པ་ནི་འཇོམས་པའི་དོན་གྱིས་རྡོ་རྗེའོ། །ཆོས་སྐུ་ལས་མ་གཡོས་པར་འཁོར་བའི་གནས་ན། ཡུལ་ཅི་ལ་རོལ་ཀྱང་ནམ་མཁའ་ལ་རྡུལ་མི་ཆགས་པ་དང་འདྲ་བས་འཁོར་བའི་སྐྱོན་གྱིས་མི་གོས་པ་ནི། མི་འགྱུར་ཞིང་མི་ཤིགས་པའི་དོན་གྱིས་རྡོ་རྗེའོ། །དེ་ལྟ་བུའི་དོན་གཅིག་མངའ་། རྨད་དུ་བྱུང་བའི་ཆོས་ནི་རྡོ་རྗེའི་སྐུ་སྟེ། དེ་སུ་ལ་མངའ་ཞེ་ན། ཚོགས་གཉིས་ཅིག་ཅར་རྫོགས་པའི་སྤངས་མཁྱེན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀུན་གྱི་ཐུགས་རྟོགས་པར་དཀའ་བས་གསང་བའོ། །དེའི་ངོ་བོ་ཅི་ལྟ་བུ་ཞེ་ན། འགྲོ་འོང་མེད་ལས་ཞེས་པ། སངས་རྒྱས་ཀྱི་དགོངས་པ་རྡོ་རྗེ་སྐུའི་ངོ་བོ་འགྲོ་འོང་གི་དངོས་པོར་མ་གྲུབ་པ་ལས། མེ་ལོང་དང་ལྟ་བ་པོ་བཞིན་གདུལ་བྱའི་ངོ་ལ་གདུལ་བྱེད་ཅི་ཙམ་པ་དེ་ཙམ་དུ་རྡོ་རྗེའི་སྐུའི་མཛད་པ་འགྲོ་བ་དང་འོང་བ་ལྟར་སྣང་། སྣང་ཙམ་ཉིད་ན་འགྲོ་འོང་གིས་དགོས་པ་བསྒྲུབ་པར་སྣང་བ་དོན་ཡང་དབྱེར་མེད་རྡོ་རྗེའི་སྐུ་ལ་འགྲོ་འོང་མ་དམིགས་པའོ། །བྱ་བ་གྲུབ་པའི་ཡེ་ཤེས་སྟོན་ཏེ། ཐམས་ཅད་མཁྱེན་པའི་རང་བྱུང་གི་ཡེ་ཤེས་བཙལ་བ་མེད་པའི་ངང་ལས་བདག་དོན་དང་གཞན་དོན་གཉིས་ཅིག་ཅར་ལྷུན་གྱིས་གྲུབ་པ་ལ་ནི་བྱ་བ་གྲུབ་བ་ཞེས་བྱ་སྟེ། དེ་ཡང་། ཨེ་མའོ་ཞེས་པ། བྱ་གྲུབ་ཡེ་ཤེས་ཉིད་མཛད་པའི་ཕྲིན་ལས་སུ་འགྲོ་དྲུག་གི་གནས་ན་ཇི་ལྟར་དོན་མཛད་ཀྱང་། གཞན་དོན་བསྐྱར་མི་དགོས་པ་ཅིག་ཅར་དུ་འགྲུབ་པ་དང་། ངོ་བོ་ཆོས་དབྱིངས་ལས་མ་གཡོས་པས་གདུལ་བྱའི་སྐྱོན་གྱིས་གོས་པ་མེད། རང་གཞན་དོན་གཉིས་ཅིག་ཅར་དུ་རྫོགས་པ་ལ་དམ་པའོ། །དེ་ཉིད་སྟོན་པར་བྱེད་པའི་འོག་ནས་འབྱུང་བ་དོན་ཐོག་ཏུ་ཕེབས་པས་ངོ་མཚར་བའོ། །བྱ་གྲུབ་ཡེ་ཤེས་དོན་གཉིས་སྐད་ཅིག་ལ་རྫོགས་པའི་འབྲས་བུ་མཐར་ཐུག་པའི་ངོ་བོ་ཡིན་པས་རྨད་དུ་བྱུང་བའོ། །དེ་ལྟ་བུའི་ཆོས་བྱ་གྲུབ་ཡེ་ཤེས་དེ་སུ་ལ་མངའ་ན། ཚོགས་གཉིས་རྫོགས་པའི་བུདྡྷ་ཀུན་གྱི་གསང་བ་ཡིན་ཏེ། དེ་ནི་བྱ་གྲུབ་ཡེ་ཤེས་རང་བྱུང་ཡེ་ཤེས་ཀྱི་ངང་ལ་ཡུལ་དང་ཡུལ་ཅན་གཟིགས་བྱ་དང་གཟིགས་བྱེད་མ་དམིགས་ཏེ་འགྲོ་འོང་མི་མངའ་བའི་ངང་ལས། ཡེ་ཤེས་རང་སྣང་མི་འགག་པའི་རྩལ་ཡུལ་གདུལ་བྱ་དང་། དེ་འདུལ་བའི་ཐབས་དང་། འདུལ་བའི་དུས་ཚོད་རྣམས་མ་འདྲེས་པར་གསལ་བ་ནི་འགྲོ་བ་ལྟ་བུ་མཛད་པས་འགྲོ་དོན་ཚར་ནས་དགོངས་པ་ལ་བཞུགས་པ་ལྟ་བུ་ནི་འོང་བ་སྟེ་གདུལ་བྱའི་སྣང་བའོ། །འགྲོ་འོང་ཉིད་ནའང་ཞེས་པ། མཛད་པའི་ཕྲིན་ལས་ཀྱིས་ཆོས་ཀྱི་དབྱིངས་སུ་ཁྱབ་ཚད་དུ་རང་སྣང་བར་ཤར་བའི་དུས་ན་ཡང་དགོངས་པའི་ངང་ལས་ཡུལ་དང་ཡུལ་ཅན་དུ་གཡོ་བ་མི་མངའ་བའི་དབང་གིས་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པ་ལ་ནི་འགྲོ་འོང་མེད་ཅེས་བྱའོ། །དེ་ལྟར་རིགས་ཀྱི་བདག་པོ་སྟོན་པ་ཀུན་བཟང་གིས་འདིའི་གོང་དུ། ཡེ་ནས་བུདྡྷ་བའི་སེམས་ཞེས་པ། གཞི་ཡེ་ཇི་བཞིན་པ་ངོ་བོ་ཆོས་ཉིད་ཀྱི་སྐུ་ལས་འབྲས་བུའི་ཆོས་ལྷུན་གྲུབ་ཏུ་གནས་པ་ནི་སེམས་ཀྱི་ངོ་བོ་སྟེ། དེ་ཡང་དགོངས་འདུས་ལས། སེམས་ཞེས་བྱ་བ་ནི། མ་བྱས་པ། མ་བཅོས་པ། རྒྱུ་རྐྱེན་དང་བྲལ་བ། ཞེས་པས་བསམ་བརྗོད་ཀྱི་ཡུལ་ལས་འདས་པར་བསྟན་ལ། ཡེ་ནས་འོད་གསལ་བའོ་ཞེས་པས། མི་འགག་པའི་ངོ་བོ་ཉིད་དུ་བསྟན་ཏེ། དཔེར་ན་མེ་ལོང་གཡའ་དག་པ་མཐར་ཕྱིན་པ་ནི་སེམས་ཉིད་ཀྱི་དཔེའོ། །དེ་ཉིད་སྐྱོན་དག་པའི་རྐྱེན་གྱིས་གཟུགས་བརྙན་ཅིར་ཡང་འཆར་བའི་ངོ་བོར་བཞུགས་པ་ནི་འོད་གསལ་བའི་མཚན་ཉིད་དོ། །ཡེ་ཤེས་སུ་བསྐྱེད་པ་ཞེས་པ་ནི། འཁོར་བའི་ཆོས་ལྔ་གསུམ་བཅོ་ལྔ། འབྲས་བུའི་ཆོས་ལྔ་གསུམ་བཅོ་ལྔར་དག་ནས་འཁོར་བའི་ཆོས་མ་དམིགས་ཏེ། ཐམས་ཅད་འབྲས་བུར་ལྷུན་གྱིས་གྲུབ་པའི་དུས་སུ། ལྟོས་པ་མེད་པས་བདག་འཛིན་ཡང་དག་སྟེ། ཚིག་གི་ཐ་སྙད་དུ་མཉམ་པ་ཉིད་ཅེས་བྱའོ། །དེའི་དོན་མཚན་ཉིད་ནས་སྟོན་ཏེ་ཞེས་བརྗོད་པས། ཞེས་པ། སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་འཁོར་གཉིས་ལ་རང་སྣང་བའི་ཚུལ་གྱིས། འཁོར་བའི་ཆོས་ལྔ་མྱ་ངན་ལས་འདས་པའི་ཆོས་སུ་ལྷུན་གྱིས་གྲུབ་པའི་དོན་འཁོར་གྱི་རིག་པ་ལ་གསལ་ན་ཡེ་ཤེས་ལྔའི་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ནི། བརྗོད་པ་དང་འདྲ་བས་བརྗོད་ཅེས་བྱའོ། །གོ་ཕྱེ་བའི་འཁོར་གྱི་ཆེད་དུ་བརྗོད་པ་ལྟར་སྣང་བའང་བཀག་པ་མ་ཡིན་ནོ། །སེམས་ལྔ་རིམ་པ་བཞིན་དུ་བརྗོད་པ་འདི་ཚིག་ལ་རིམ་པ་བཞིན་དུ་བྱུང་ཡང་། ལྷན་ཅིག་པའི་འཁོར་རྣམས་ལ་སྐད་ཅིག་ལ་རྫོགས་པས་གསང་སྔགས་ཅིག་ཅར་འཇུག་པའི་ལམ་ཞེས་ཀྱང་དེ་ཉིད་ལ་བྱའོ། །འབྲས་བུ་དངོས་ནི། དེ་བཞིན་གཤེགས་པ་ཐམས་ཅད་དང་བཙུན་མོའི་ཚོགས་ཐམས་ཅད་ཅེས་པ། ལྷན་ཅིག་པའི་འཁོར་ཉིད་ལས་མི་གཞན་པ་རྒྱལ་བ་རིགས་ལྔའང་གཟུང་ལ། མ་བྱོན་པའི་དེ་བཞིན་གཤེགས་པ་ལྟ་བུ་སྟེ་སེམས་དཔའ་དང་སེམས་མ་ཐམས་ཅད་དང་། ཚོགས་ཞེས་པ་གཉིས་ཀྱི་སྒྲའོ། །མཉེས་པ་ཞེས་པས། ལམ་གྱི་རྩོལ་བ་ཟད་འབྲས་བུ་མཐར་ཐུག་ཕུན་སུམ་ཚོགས་པ་ལྔ་ལྷུན་གྱིས་གྲུབ་པ་ལྟ་བུ་སྟེ། དེ་ལ་སྐྱེད་དུ་བྱ་རྒྱུ་མེད་མཉམ་པ་ཉིད་ཇི་བཞིན་པ་རང་ངོར་ལྷུན་གྱིས་གྲུབ། རང་བཞིན་གསང་བའི་སྙིང་པོ་མངོན་དུ་བྱས། ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་དང་མཐར་ཕྱིན་ནས་སྐུ་ལྔ་ལྷུན་གྱིས་གྲུབ་པས། རྡོ་རྗེ་གསང་བའི་གྲལ་དུ་འཁོད་ཅེས་ཀྱང་གསུངས་སོ། །དོན་དེ་རྣམས་ཀྱིས་མཐར་ཕྱིན་པའི་མཉེས་པའོ། །ཁྱབ་པ་ནི། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཀྱི་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བའོ། །ཡོངས་སུ་ཤེས་པར་བྱ་བ་རྒྱུད་ཀྱི་དངོས་པོ་རང་བཞིན་གསང་བའི་སྙིང་པོ་མངོན་དུ་གྱུར་པ་སྟེ། རང་དོན་ལྷུན་གྱིས་གྲུབ་ནས་གཞན་དོན་མི་འབྱུང་བ་ལྟ་བུ་མ་ཡིན་ཏེ། མཛད་པའི་ཕྱིན་ལས་མི་འགག་པའི་རྩལ་རང་སྣང་བར་བསྟན་པ་ལས། དང་པོར་རང་བཞིན་གསང་བའི་སྙིང་པོ་འགྲོ་བས་རྟོགས་དཀའ་བ་གསང་བ་བཞིས་བཅིངས་པས། དེ་འགྲོ་བའི་དོན་དུ་ཤུགས་ཀྱིས་ཞུགས་པ་ལ་དང་པོ་སྣང་ཚུལ་ནི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ། འཁོར་རྣམས་འབྲས་བུ་མཐར་ཕྱིན་པ་ཕུན་སུམ་ཚོགས་པའི་གླེང་གཞི་ཚོགས་པ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྲས་བུ་མངོན་དུ་བྱས་པའི་ཡབ་ཡུམ་རྣམས་དང་། བཙུན་མོའི་ཡུམ་གྱི་ཚོགས་ཡབ་ཡུམ་དབྱེར་མེད་པ་ཐམས་ཅད་བཅས་པའི་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་བསྟན་པ། མཐའ་དག་ཞུས་པའི་རྩ་བའོ། །དངོས་ནི། ཨེ་མའོ་ཡེ་ནས་གསང་བའི་ཆོས། །ཞེས་པ་ལ་སོགས་པ་བཞི་སྟེ། ཨེ་མའོ་ནི། རང་བཞིན་གསང་བའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་ཡོད་ཀྱང་། ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབ་པས་མ་མཐོང་བ་ལ་སྨྲེ་བའོ། །མ་མཐོང་བའི་ཚུལ། ཡེ་ནས་གསང་བའི་ཆོས། ཞེས་པ་དོན་དམ་དུ་གསང་བ་སྟེ། སེམས་ཀྱི་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་འཕགས་པའི་ནོར་བདུན་ལྷུན་གྱིས་གྲུབ་པ་ཉིད་ཡེ་ནས་ཡིན་པ་ལ་གསང་བ་ནི། རང་གི་ཀུན་བརྟག་གིས་བསྒྲིབས་པས་དོན་མ་མཐོང་ཡང་། དོན་མཐོང་བར་བྱ་བ་དབང་དང་བླ་མའི་ཞལ་གྱི་གདམས་ངག་དང་། བདེ་བར་གཤེགས་པའི་ལུང་དང་རང་གི་ཤེས་རབ་འཛོམ་པ་ལ་སྣང་གི། གཞན་དུ་མ་ཡིན་པའོ། །སྣ་ཚོགས་སྣང་ལ་རང་བཞིན་གསང་། ཞེས་པ་ཀུན་རྫོབ་ཀྱི་གསང་བ་སྟེ། སྣ་ཚོགས་ཞེས་པ། མང་བ་དང་མཚན་ཉིད་མི་མཐུན་པའི་སྒྲ་སྟེ། དོན་དམ་པ་སྤྲོས་མཐའ་དང་བྲལ་བ་ཉིད། སྤྲོས་བྲལ་ཕྱོགས་གཅིག་མ་ཡིན་པ་རང་སྣང་མི་འགག་པའི་རྩལ། ཕུང་པོ་ཁམས་དང་སྐྱེ་མཆེད་སྣ་ཚོགས་སུ་སྣང་བ་ཉིད་ན་སྐུའི་དཀྱིལ་འཁོར་དུ་དག་སྟེ། ཕུང་པོ་ལྔ་ཡབ་ལྔ། འབྱུང་བ་ལྔ་ཡུམ་ལྔ་། ཁམས་དང་སྐྱེ་མཆེད་ནི་ལྷ་དང་ལྷ་མོ་སེམས་དཔའ་དང་སེམས་མ་ཡིན་པ་ལ། ཆོས་ཅན་འཁྲུལ་པས་བརྟག་པའི་རང་བཞིན་དུ་འཛིན་པས་མ་རྟོགས་པས་གསང་སྟེ། གོང་དུ་བསྟན་པའི་བཞི་པ་ལ་རག་ལས་སོ། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །ཞེས་པ། བདེན་པ་དབྱེར་མེད་དེ་ཆོས་ཐམས་ཅད་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོ་སྣང་ཙམ་ན། མེ་ལོང་དང་གཟུགས་བརྙན་ལྟར་སེམས་ཉིད་ལས་མ་གཡོས། སེམས་ཉིད་མི་འགག་པ་ལྷ་དང་ལྷ་མོར་སྣང་བ་གཉིས་སྣང་ཙམ་ཉིད་ན་དབྱེར་མེད་པ་ལ་ནི་ངོ་བོ་ཞེས་བྱ་སྟེ། དོན་དེ་ཉིད་ལས་སྣང་སྟོང་ཕྱོགས་འཛིན་གྱི་ཤེས་པས་བསྒྲིབས་པས་མ་མཐོང་སྟེ། གོང་དུ་བསྟན་པའི་བཞི་ལ་རག་ལས་སོ། །གཞན་དུ་མིན་པ་ཤིན་ཏུ་གསང་། །ཞེས་པ་དབྱེར་མེད་ཀྱི་ཡེ་ཤེས་ཆེན་པོའི་དོན་ཡེ་ནས་རང་གི་རང་བཞིན་ཡིན་པ་ཆུ་གཤེར་བ་ལས་མི་འདའ་བ་དང་འདྲ་བ་ལ། ཐ་མལ་པ་རྣམས་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། བསྒོམ་པ་དམིགས་པ་ཅན་གཞན་དུ་དགེ་བ་དམིགས་པ་ཅན། ལམ་པ་རྣམས་ཡུལ་དུ་ཚོལ་བའི་སྒྲིབ་པས་བསྒྲིབས་པ་དང་། རང་ལས་གཞན་དུ་མ་ཡིན་པའི་དོན་མི་ཤེས་པ་དང་། དེས་ན་གོང་གི་བཞི་ལ་རག་ལུས་སོ། །ཞེས་བརྗོད་པས། ཞེས་པ་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསང་བ་བཞིས་ཆོད་པའི་དོན་གདུལ་བྱ་རྣམས་ལ་བསྟན་པ་གསོལ། ཞེས་དངོས་སུ་མིག་གསལ་བ་ངམ་ངམ་ཤུགས་ཀྱིས་ཞུས་པ་ལྟ་བུའོ། །དོན་ནི་འབྲས་བུ་ལྷུན་གྱིས་གྲུབ་ནས་མཛད་པའི་ཐུགས་རྗེ་ཤར་ནས་དུས་གཅིག་པ་ལྟ་བུའི་འགྲོ་དོན་ཤེས་པའི་ཐོག་མའོ། །ཐུགས་རྗེ་ཤར་བ་དངོས་ཀྱི་གདུལ་བྱ་དང་ཐུགས་རྗེ་སྣང་བའི་དགོངས་པ་མཉམ་པ་ཉིད་གང་དུ་ཡང་མ་གྲུབ་པ་ཅིར་ཡང་མི་འགག་པར་འཆར་བའི་ངོ་བོ་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་། །ཞེས་པ་འབྲས་བུ་མངོན་དུ་བྱས་པ་ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པ་རྣམས་སོ། །ཆོས་ནི་གོང་དུ་དེ་བཞིན་གཤེགས་པ་སྨོས་པས། འཁོར་བ་དང་ལམ་པ་ཡང་བསྡུས་ཏེ། འཁོར་བའི་རང་བཞིན་འཁྲུལ་སྣང་། འཁྲུལ་སྣང་གི་མཚན་ཉིད་མིན་ལ་ལས་ཡིན་པར་གཟུང་བའི་སྣོད་བཅུད་སྐད་ཅིག་མ་དང་། ཐམས་ཅད་ཀྱི་ཁོངས་སུ་ལམ་པའང་བསྡུའོ། །ཡེ་ནས་ཞེས་པ། འཁོར་འདས་རིས་ཐོག་མ་མེད་པའི་མུ་ནས་སོ། །བུདྡྷའི་ངང་དུ་གཅིག་པའི་ཞེས་པ། རིག་པ་རང་བྱུང་གི་ཡེ་ཤེས་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་ངང་ལ་མ་འདྲེས་ལ་ཡོངས་སུ་རྫོགས་པས་མཐའ་ཐམས་ཅད་དང་བྲལ་བའི་ངོ་བོར་སངས་ཤིང་། དེ་ཉིད་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་དུ་ཁྱབ་བདལ་བའི་ངོ་བོར་རྒྱས་པ་སྟེ། ཆོས་ཐམས་ཅད་དེའི་ངང་ལས་མ་འདས་ཤིང་མ་འདུས་པ་མེད་པ་ལ་ཟླ་དང་བྲལ་བས་གཅིག་པ་སྟེ། མཚན་ཉིད་ཅེས་པ། དག་མ་དག་གི་སྒྲ་མང་པོ་ལ་འགྲོ་ཡང་། གོང་དུ་སངས་རྒྱས་སྨོས་པས། འབྲས་བུ་མཐར་ཕྱིན་པའི་སྤྲོས་པའི་མཚན་མ་ཐམས་ཅད་ཡོངས་དག་པའི་མཚན་ཉིད་ཡིན་པས། དབྱེར་མེད་ནའང་ཞེས་པ། གོང་དུ་བུདྡྷ་དང་འཁོར་བའི་ཆོས་སྨོས་པས་འཁོར་འདས་དབྱེར་མེད་པ་མཉམ་པ་ཉིད་ཀྱི་ངང་ལས། ཁམས་གསུམ་གྱི་ཆོས་སྒྲ་ཙམ་ཡང་མི་གནས་པར། འཁོར་བའི་ཉོན་མོངས་པ་མ་གྲུབ་ན་དེ་ལ་ལྟོས་པའི་བུདྡྷའམ། མྱ་ངན་ལས་འདས་པའམ་རྟག་པ་ཞེས་བྱ་བ་གཏན་ནས་མ་གྲུབ་པས་འཁོར་འདས་ཀྱི་ཐ་སྙད་ཐམས་ཅད་དང་བྲལ་བས་མཉམ་པ་ཉིད་ཀྱི་ངང་ལ་གཏན་ནས་དག་པ་ནི་འཁོར་འདས་དབྱེར་མེད་ཅེས་བྱའོ། །འོ་ན་འཁོར་འདས་དབྱེར་མེད་མཉམ་པ་ཉིད་ཆོས་སྐུའི་ངང་ལས་འགྲོ་དོན་མི་འབྱུང་ངམ་ཞེ་ན། ལྷུན་གྲུབ་ཏུ་འཆར་བར་བསྟན་ཏེ། འཁོར་འདས་དབྱེར་མེད་མཉམ་པ་ཉིད་མཐར་ཕྱིན་པ་ནི། མེ་ལོང་གཡའ་དག་པ་དང་འདྲ་སྟེ། མེ་ལོང་གཡའ་དག་པ་ཉིད་གཟུགས་བརྙན་གྱི་ངོ་བོ་ཉིད་དུ་བཞུགས་པ་བཞིན། གཞན་དོན་འཆར་བའི་གཞི་ཡིན་པས་ན་ཞེས་བྱ། ཡང་ན། ན་ཚེ་སྐབས་ཀྱི་དོན་ཏེ། དགོངས་པ་གོང་མ་ལྟར་ལྷུན་གྱིས་གྲུབ་པའི་རྟགས་སུ། གཞན་དོན་གྱི་མཛད་པ་ལྷུན་གྲུབ་མགོ་མཉམ་པའོ། །འང་གི་སྒྲས་མ་རྟོགས་པའི་འགྲོ་བ་ལ་ཐུགས་རྗེ་ཤར་བའི་མགོ་འདྲེན་པའོ། །དེ་ནི་ཐུགས་རྗེའི་སྣང་ཚུལ་ལོ། །ད་ནི་གདུལ་བྱའི་སྣང་ཚུལ་འགྲོ་བའི་རྣམ་པར་རྟོག་པ་མ་རིག་པ་ལ་སོགས་ཏེ། འགྲོ་བ་ནི་འཁྲུལ་པ་སྣང་བ་སྟེ། གནས་ཁམས་གསུམ་ན་བཅུད་འགྲོ་བ་རིགས་དྲུག་ལས་དགེ་སྡིག་མི་གཡོ་བའི་ལས་གསུམ་གྱིས། དུས་སངས་མ་རྒྱས་ཀྱི་བར་དུ་མཐོ་དམན་དུ་འཁོར་བ་ནི་ཕོར་མཁན་གྱི་རྐང་པ་དང་འདྲ། སྐྱེ་རྒ་ན་འཆི་བཞི་གཅིག་རྟིང་ནས་གཅིག་འཁོར་བ་ནི་རང་ཐག་གི་རི་མོ་དང་འདྲ་བས། དོན་ཀྱང་རང་དབང་མེད་པར་ཟློས་བུར་འགྲོ་བའོ། །དེ་ལ་སྤྱི་གྲངས་ནི་དྲུག་ལས། རྒྱུད་འདིའི་གཞུང་གིས་ལྔར་སྨོས་ཏེ། འབྲས་བུ་སྤྱི་ཀར་བཏང་བས་ལྷ་མ་ཡིན་སྟོད་རིས་སངས་མ་རྒྱས་པའི་གནས་དང་ལོངས་སྤྱོད་ལྷ་དང་མཐུན་པས་ལྷར་བརྩི། སྨད་རིས་ཀླུ་དང་གནས་མཐུན་པས་བྱོལ་སོང་དུ་བརྩི་བའོ། །མི་ལ་འགྲོ་བ་རིས་གཞན་མ་རྣམས་ཀྱི་ས་བོན་དུ་འཚོགས་པས་སྤྱི་ཀར་བརྩི་བའང་ཡོད་དེ། འདིར་དེ་ལྟར་མིར་བྱའོ། །མ་རིག་པ་ནི་གཉིས་ཏེ། ལྷན་ཅིག་སྐྱེས་པའི་མ་རིག་པ་ནི། སེམས་བུདྡྷའི་རང་བཞིན་ཡིན་པ་མ་ཤེས་པ་ཙམ་སྟེ། འཁོར་བར་བརྒྱུད་པའི་རྒྱུའོ། །རྣམ་པར་རྟོག་པ་ཞེས་པ། ཀུན་ཏུ་བརྟགས་པའི་མ་རིག་པ་སྟེ། ལྷན་ཅིག་སྐྱེས་པ་ལས་བྱུང་བའི་གཟུང་འཛིན་གཉིས་ཏེ། ཡུལ་མེད་པ་ལས་ཡུལ་གྱི་རྣམ་པར་རྟོག །སེམས་མེད་པ་ལ་སེམས་ཀྱི་རྣམ་པར་རྟོག་པའོ། །ལས་ཞེས་པ། གཞི་དེ་ཉིད་ལས་འཁོར་བར་སྣང་བའོ། །སྣང་བའི་ངོ་བོ་གང་ཡིན་ན། གདུལ་བྱ་དངོས་ནི་འགྲོ་བ་ལྔ་ཞེས་པ་བཤད་ཟིན། དེའི་ཉོན་མོངས་པ་ལྔའོ། །རིས་བསམ་གྱིས་མི་ཁྱབ་པ་ཞེས་པ། འགྲོ་བ་ལྔའི་ནང་ཚན་ཏེ། ཁམས་གསུམ་གྱི་ལྷ་གཅིག་པུ་ལའང་འདོད་པའི་ཁམས་ན་རྒྱལ་ཆེན་རིགས་བཞི་ལ་སོགས་པ་དྲུག །གཟུགས་ཁམས་བཅུ་བདུན། གཟུགས་མེད་བཞི་སྟེ་ཉི་ཤུ་བདུན། དེའི་ནང་ཚན་ཡང་བསམ་གྱིས་མི་ཁྱབ་པའོ། །དམྱལ་བ་ལ་སྤྱིར་བཅོ་ལྔ་ལ་ནང་ཚན་བསམ་གྱིས་མི་ཁྱབ་པའོ། །དེ་ལ་སོགས་ཏེ་ཤེས་པར་བྱའོ། །སྨིན་པ་ནི་ལས་དང་ཉོན་མོངས་པ་རྒྱུ་ངན་པའི་འབྲས་བུས་འཁོར་བར་སྨིན་པའོ། །ལ་ནི་ཐུགས་རྗེ་སྐྱེ་བའི་ཡུལ་དུ་བསྟན་པའོ། །ཐུགས་རྗེའི་ངོ་བོ་ནི། ཐུགས་རྗེ་སྐྱེ་བའི་ཚུལ་ནི། ཐུགས་རྗེ་ཆེན་པོ། ཞེས་པ་གཞི་བསྟན་ཏེ། ཐུགས་ནི་འཁོར་འདས་དབྱེར་མེད་པའི་རིག་པ་རང་བྱུང་གི་ཡེ་ཤེས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་འགྱུར་བ་མེད་པའོ། །རྗེ་ནི་ཆུ་ཐམས་ཅད་ལ་གཤེར་བས་ཁྱབ་པ་བཞིན་དུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་བསྒོམ་པ་མེད་པར་ཡེ་ཁྱབ་ཏུ་བདལ་བའི་ངོ་བོ་ཉིད་དོ། །ཆེན་པོ་ནི། དོན་དེས་ཁྱབ་བྱ་དང་ཁྱབ་བྱེད་དང་། ཡུལ་དང་ཡུལ་ཅན་དང་། དག་མ་དག་ལ་སོགས་པའི་འཛིན་པ་ཕྲ་བའང་མི་གནས་པའི་ངང་ལ་ཐམས་དང་དབྱེར་མེད་པ་ནི་ཆེན་པོའོ། །དེ་ནི་ཡིན་ཚུལ་ལམ་གཞིའི་དོན་ལྟ་བུ་སྟེ། རང་བཞིན་གསང་བའི་སྙིང་པོ་ཡང་ཡིན་ནོ། །སངས་རྒྱས་ཀྱི་ཞེས་པ། གོང་དུ་སེམས་རྣམ་ལྔའི་སྒོ་ནས་གནས་ཚུལ་གྱི་དོན་དེ་ཉིད་ལ། ལས་ཐ་མའི་སྒྲིབ་པ་ཕྲ་བ་དག་པ་ནི་སངས་པའོ། །ཐུགས་རྗེ་གནས་ཚུལ་གྱི་དོན་ཇི་ལྟ་བ་རིག་པ་ལ་ལྷུན་གྱིས་གྲུབ་པ་ནི་རྒྱས་པ་སྟེ། ཆོས་དབྱིངས་མཐའ་ཡས་པ་སྐུ་དང་ཡེ་ཤེས་སུ་གསལ་བ་གོང་དུ་བཤད་པ་བཞིན་ཏེ། མཁྱེན་པ་རྒྱས་པའི་ངོས་ནས་ཡེ་ཤེས་ཞེས་ཀྱང་མིང་འདོག་སྟེ་རང་གསལ་བའི་དོན་ཏོ། །ཆེན་པོ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོ་སྟེ་ཇི་ལྟ་བ་དང་ཇི་སྙེད་པ་དབྱེར་མེད་པ་མཉམ་རྫོགས་ཀྱི་ངང་དུ། ཡུལ་དང་ཡུལ་ཅན་དང་མཁྱེན་བྱ་མཁྱེན་བྱེད་དང་སྤྲོ་བ་བསྡུ་མེད་པ་སྟེ། ཆོས་ཀྱི་དབྱིངས་དང་མཉམ་པ་ལ་མཉམ་པའོ། །དེ་ཉིད་བྱང་ཆུབ་སེམས་དཔའི་ཡེ་ཤེས་ལས་བླར་གྱུར་པས་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱིས་མི་རེག་པའོ། །སྐྱེས་ཞེས་པ་ནི། གདུལ་བྱའི་སྣང་བ་སྟེ་གསང་བ་བཞིས་ཆོད་པའི་གདུལ་བྱ་ཁམས་གསུམ་རང་རྒྱུད་སྡུག་བསྔལ་གྱིས་ཉམ་ཐག་པ་དང་། ལམ་པས་གཞན་དུ་ཚོལ་བའི་རྩོལ་བས་ཉམ་ཐག་པའོ། །དེ་ནི་གོང་དུའང་ཆོས་ཀྱི་ཁོངས་སུ་བཤད་དོ། །གོ་ཕྱེ་བའི་འཁོར་ཁོ་ནའི་ཆེད་དུ་བརྗོད་པས་ཚིག་འོག་ནས་འབྱུང་བ་འདི་བརྗོད་དོ། །གདུལ་བྱའི་མཚན་ཉིད་ནི། ཨེ་མའོ་བདེ་གཤེགས་སྙིང་པོ་ལས། །ཞེས་པ། ཨེ་མའོ་ཞེས་པ། སེམས་ཉིད་གསང་བའི་དབྱིངས་ཟླ་མ་གྲུབ་པ་ལས། གཉིས་ལ་སོགས་པ་འཁོར་བ་འཁྲུལ་པའི་མཚན་ཉིད་འདི་སྣང་བ་ཅི་ཞེ་ན་སྨྲེ་བའི་དོན་ནོ། །བདེ་གཤེགས་ཞེས་པ། སྤྲོས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སེམས་ཀྱི་ངོ་བོ་ལས་སྤྲོས་ཤིང་རྩོལ་བའི་མཐའ་ཐམས་ཅད་དང་བྲལ་བ་ནི་བདེ་བའོ། །དེར་སོན་ནས་ངོ་བོ་ཉིད་དུ་གྱུར་པ་ནི་གཤེགས་པ་སྟེ། དེ་ཉིད་ཀྱི་ངོ་བོ་རྣལ་མ་དོན་གྱི་ཀུན་གཞི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་སྙིང་པོ་རྣམ་པ་གཉིས་ཏེ། འབྱུང་བའི་དོན་གྱིས་རྩ་བར་གྱུར་པ་ལྟ་བུའི་སྙིང་པོ་དང་། ཆོས་ཐམས་ཅད་ལ་ཁྱབ་ཅིག་ཡོན་ཏན་ལྷུན་གྱིས་གྲུབ་པའི་བདག་ཉིད་དང་གཉིས་སོ། །དེ་བཞིན་ཀུན་གཞི་གཉིས་ཏེ། སྦྱོར་བའི་ཀུན་གཞི་ནི་སྣང་བར་བྱེད་པའི་གོ་འབྱེད་པ་སྟེ། རྣལ་མ་དོན་གྱི་ཀུན་གཞིའི་དོན་མ་རྟོགས་པའི་ལྷན་ཅིག་སྐྱེས་པའི་མ་རིག་པ་རྒྱུ་ཁམས་གསུམ་གྱི་ཆོས། ལས་དཀར་ནག་གཉིས། ཉོན་མོངས་པ་ལྔ། དེ ས་བསྐྱེད་པའི་གཟུང་འཛིན་ཕྱི་ནང་གི་ཆོས་ཐམས་ཅད་སྣང་བས་ས་བོན་ལྟ་བུ་སྟེ། རྣམ་རྟོག་ཀུན་གཞི་ཞེས་བྱའོ། །རྣལ་མ་དོན་གྱི་ཀུན་གཞི་ཞེས་བྱའོ། །རྣལ་མ་དོན་གྱི་ཀུན་གཞི་ནི། གཞིའི་ཆོས་ངོ་བོ་ཉིད་ཀྱི་སྐུ་མཐར་ཕྱིན་པའི་ཐམས་ཅད་མཁྱེན་པའི་འབྲས་བུ་ཐམས་ཅད་ཀྱང་ལྷུན་གྱིས་གྲུབ་པའི་ཕྱིར། འདས་པ་དེ་བཞིན་གཤེགས་པ་དང་། མ་རྟོགས་པ་འཁོར་བའི་ཆོས་ཐམས་ཅད་ལ་ཤས་ཆེ་ཆུང་མེད་པར་ཁྱབ་པས་ཀུན་གཞིའི་དོན་མངོན་དུ་གྱུར་ན་ཁམས་གསུམ་གྱི་སྣོད་བཅུད་ཐམས་ཅད་སྐུ་དང་ཡེ་ཤེས་ཤ་སྟག་ཏུ་གསལ་བའི་ཕྱིར་རོ། །དེ་ལྟར་ཡིན་པའི་ངོ་བོ་མ་ཤེས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཏེ། དེའི་དབང་གིས་འཁོར་བར་སྣང་བའི་ལས་བྱེད་དེ་སྦྱོར་བའི་ཀུན་གཞི་སྣང་བའི་ཚུལ་ལོ། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་པ། རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པས་གཞིའི་དོན་མ་མཐོང་བའི་སྟོབས་ཀྱིས་སྤྱོད་པ་ལ་བདག་ཏུ་བཟུང་སྟེ། དེ་ཉིད་ལ་གནས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པའོ། །རྣམ་རྟོག་ཅེས་པ། དེས་ཀུན་ཏུ་བརྟགས་པའི་མ་རིག་པ་གཟུང་འཛིན་གྱི་རྣམ་པ་གཉིས་སུ་སྣང་བའོ། །དེའི་དབང་གིས་ལས་གསུམ་དང་ཉོན་མོངས་པ་ལྔར་སྣང་སྟེ། དེ་ལ་བརྟེན་ཏེ་ལས་དགེ་སྡིག་མི་གཡོ་བ་སྣ་ཚོགས་སྤྱད་པའི་སྟོབས་ཀྱིས་སོ། །སྤྲུལ་ཞེས་པ། འཁོར་བའི་ཆོས་གཞི་ལ་མ་གྲུབ་ཀྱང་གློ་བུར་དུ་སྣང་བས་སྤྲུལ་པའོ། །སྣང་ཚུལ་དེ་ཉིད་ཇི་ལྟ་བུར་སྣང་སྙམ་པ་ལ། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །ཞེས་པ་ལ་སོགས་ཏེ། དམྱལ་བ་ནས་སྐྱེ་མཆེད་བཞིའི་བར་གྱི་ལུས་མི་འདྲ་བ་སྣ་ཚོགས་དང་། ལོངས་སྤྱོད་བདེ་སྡུག་གི་རྣམ་པ་ཐ་དད་པ་དང་། གནས་མཐོ་དམན་བཟང་ངན་སྣ་ཚོགས་ཐ་དད་པ་དང་། སྡུག་བསྔལ་མི་བདེ་བ་ཡིན་པར་མཐུན་ཡང་། ཆེ་ཆུང་བསམ་གྱི་མི་ཁྱབ་པ་དང་། སོགས་ཁོངས་སུ་ལས་སྣ་ཚོགས་དང་། ཉོན་མོངས་པ་ཆེ་ཆུང་དྲག་དྲན་གྱི་བྱེ་བྲག་སྣ་ཚོགས་པའོ། །གོང་དུ་སོང་བའི་བདེ་སྡུག་གི་བྱེ་བྲག་རྣམས་ལ་བདག་མ་གྲུབ་པ་ལ་བདག་ཏུ་འཛིན། དེའི་དབང་གིས། བདག་གིར་ཞེས་པ། ཟས་ནོར་འཁོར་ཕྱིའི་ཡུལ་ཐམས་ཅད་ལ་བདག་གི་བར་གཟུང་འཛིན་གཉིས་སོ་སོར་འཛིན་ཅིང་གྲགས་པས། དེའི་མཐུས་ཡང་དང་ཡང་དུ་འཁོར་ཏེ་སྡུག་བསྔལ་ཉམ་ཐག་གོ། །ངོ་བོ་ལ་མ་གྲུབ་ཀྱང་རྟོག་པ་ཙམ་སྣང་གི། སུས་ཀྱང་མ་བཅིངས་བཅིང་མེད་དེ། །ཞེས་པ་ལ་སོགས་པ་ནི། སུས་ཀྱང་ཞེས་པས། རྟེན་གྱི་གང་ཟག་བཅིངས་མཁན་མ་གྲུབ་པས་ན་མ་བཅིངས། བཅིང་བའི་ཐག་པ་ལྟ་བུའམ་མེད་དེ། བཅིངས་མེད་དེ་བཅིང་བར་བྱ་བའི་དགྲ་བོ་ལྟ་བུ་ཡང་མ་གྲུབ་པས་ཡོད་པ་མ་ཡིན་ཞེས་བྱའོ། །འོ་ན་འཁོར་བར་སྣང་བ་ཅིས་ཉེས་ཞེ་ན། རྣམ་རྟོག་བདག་ཏུ་འཛིན་པ་ཡི། །ཞེས་པ། གོང་དུ་བཤད་པའི་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། ཀུན་ཏུ་བརྟགས་པའི་མ་རིག་པ་གཉིས་ཏེ། རྒྱུ་ནི་རྣམ་རྟོག །རྐྱེན་བདག་ཏུ་འཛིན་པའི་ལས་དང་ཉོན་མོངས་པ་ཡིན་གོང་དུ་བཤད་པ་ཡི་འཁོར་བའི་མཚན་ཉིད་རྣམས་ཀྱིས། ནན་གྱིས་མཁའ་ལ་མདུད་པ་འདོར། །ཞེས་པ། དཔེར་ན། ཐང་ཕྲོམ་ཟོས་པའི་མིས་ནམ་མཁའ་ལ་གཟུགས་སུ་མཐོང་ནས་བཅིངས་པར་ཞེན་པ་ལྟར། ཐང་ཕྲོམ་དང་འདྲ་བའི་དུག་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡིས། མ་གྲུབ་ཀྱང་ལས་དང་ཉོན་མོངས་པས་བསྐྱེད་པའི་འཁྲུལ་ཆོས་རྣམས་མདུད་པ་བྱེད་པ་དང་འདྲ་བར་དེར་འཛིན་གྱི་ཤེས་པ་སྟོབས་རྒྱས་པ་ནི། ནན་གྱིས་མཁའ་ལ་མདུད་པ་འདོར། །ཞེས་བྱའོ། །བཅིངས་གྲོལ་བྲལ་བའི་ཆོས་བསྟན་པའི་ཕྱིར། ཐེག་པ་རྣམས་གསུམ་བར་ཞལ་གྱི་བཞེས་པ་ནི། བཅིང་མེད་རྣམ་པར་གྲོལ་མེད་པའོ། །ཞེས་པ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཉམ་པ་ཉིད་ཀྱི་གནས་ཚུལ་ནི། ཆོས་ཐམས་ཅད་སེམས་ཉིད་ཀྱི་ངང་རང་གསལ་བ་བདག་ཉིད་ཆེན་པོར་རང་གསལ་བ་ལས་ཡུལ་མ་གྲུབ་པས་གཟུང་འཛིན་གཞི་དག །དེའི་ངང་ལས་བཅིངས་བྱ་བཅིངས་བྱེད་ནི་གློ་བུར་གྱི་རྣམ་རྟོག་ཁོ་ན་ཡིན་པས་སེམས་ཉིད་ཀྱི་ངང་ལ་གཞི་དག་གོ། །དེའི་ངང་ལས་འཁོར་བར་མ་གྲུབ་པས་དེ་ཉིད་ལས་གྲོལ་ཏེ་དག་པའང་མ་དམིགས་པའོ། །ལུང་ལས་ཀྱང་། ཐམས་ཅད་སེམས་ཀྱི་ངོ་བོ་བས། །བདག་འཛིན་ཞེས་པའི་མིང་ཡང་མེད། །ཅེས་པ། དེས་ན་འཆིང་བ་མ་དམིགས་པས་གྲོལ་བ་པོ་ཡང་མེད་ཅེས་བྱའོ། །འོ་ན་འཁོར་བ་སྤང་བྱར་མེད། མྱ་ངན་ལས་འདས་པ་བླང་བྱར་མེད་པས། ཉི་ཚེ་བས་སྟོང་པར་མ་གྱུར་ཏམ་ཞེ་ན། ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་པས། དུས་ཐོག་པ་མེད་པ་ནས་དབྱིངས་དང་རིག་པ་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ། རང་སྣང་མི་འགག་པའི་ངང་ལས། ལྷུན་རྫོགས་ཞེས་པས། ཐམས་ཅད་རིག་པ་རང་བྱུང་གི་ཡེ་ཤེས་སུ་བདལ་བ་སྟེ། རྒྱུ་རྐྱེན་དང་བྲལ་བའི་རིག་པ་རང་སྣང་བའི་ངང་ལས་སྣང་སྟོང་གི་ཕྱོགས་འཛིན་ཐམས་ཅད་མ་སྤངས་ངང་གིས་དག་སྟེ། དེའི་ངང་ལས་བཅིང་བྱ་འཆིང་བྱེད་བཅིངས་བ་གསུམ་གཞི་ནས་དག་པ་སྟོང་པ་ཆེན་པོའི་ངོ་བོ་ཉིད་ལས། རང་སྣང་མི་འགག་པ་ཐམ་ཅད་ལྷུན་རྫོགས་ཀྱི་དོན་གྱིས། མ་འགག་པ་སྐུ། མ་དམིགས་པ་ཡེ་ཤེས། དེ་ཉིད་སྐད་ཅིག་ལ་དབྱེར་མེད་པ་ཉིད་ནི་བུདྡྷ་ཞེས་བྱ་སྟེ། བདག་འཛིན་གསུམ་པོ་རྩ་བ་ནས་དག་པས་སངས། དེ་ཉིད་ལྷུན་གྲུབ་ཀྱི་སྐུ་ཡེ་ཤེས་སྣང་སྟོང་དབྱེར་མེད་པས་མཐའ་བྲལ་དུ་ཁྱབ་པ་རྟོགས་པས་སངས་རྒྱས་པའོ། །མ་རྟོགས་ཀྱང་ངོ་བོ་ཉིད་ཀྱིས་ཆུ་གཤེར་བ་ལས་མི་འདའ་བ་དང་འདྲ་བར་ལྷུན་གྱིས་གྲུབ་བོ། །ཆོས་ཞེས་པ། ལྷུན་གྲུབ་བུདྡྷའི་དོན་དེ་ངེས་པར་སྟོན་ཏེ་གསང་བའི་སྙིང་པོའི་རྒྱུད་འདི་ཉིད་འཁོར་ལ་བཤད་པའི་ཕྱིར། སྤྲོ་བ་སྣ་ཚོགས་མཛད་ཅེས་པས། དངོས་སུ་སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་ཀྱི་དགོངས་པ་རང་སྣང་བས་བསྟན་བྱ་སྟོན་བྱེད་ཀྱི་གཉིས་འཛིན་མི་མངའ་སྟེ། གོ་ཕྱེ་བའི་འཁོར་ཐམས་ཅད་ཀྱང་རིག་པ་རང་སྣང་བ་མཉམ་པ་ཉིད་ཀྱི་ངང་ལས་སྐྱེས་པའི་ཚུལ་ཞེས་ཀྱང་བརྗོད་དོ། །ཡང་ན་སྤྲོས་པ་ནི་རྣམ་གྲངས་མང་པོ་སྟེ། སྣ་ཚོགས་ནི་ནང་ཚན་མི་འདྲ་བ་རྣམས་སྐུའི་སྤྲོ་བ་སྣ་ཚོགས། གསུང་གི་སྤྲོ་བ་སྣ་ཚོགས་མཛད། ཅེ་འམ། ཡང་ན་སྐུ་གསུང་ཐུགས་ལས་འདིའི་ལམ་སྟེགས་སུ་ཐུབ་པ་དྲུག་གིས་སྤོ་བ་མཛད་པའམ། ཡང་ན་ཐུབ་པ་དྲུག་གིས་ཐེག་པའི་ཁྱད་པར་སྣ་ཚོགས་གསུངས་པ་སྟེ་ལེའུ་གསུམ་པའི་མགོ་འདྲེན་ནོ། །ཞབས་བསྡུ་བ་ནི། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེར་དུ་གླེང་ངོ་ཞེས་པ། གོང་མ་རྒྱལ་བ་ཀུན་ཏུ་བཟང་པོ་དྲུག་པའོ། །ཕྱི་མ་ནི་དེ་བཞིན་གཤེགས་པ་ལྷན་ཅིག་པའི་འཁོར་རྣམས་སོ། །དགོས་ཆེད་ནི་གོ་ཕྱེ་བའི་འཁོར་གྱི་ཆེད་དོ། །ཡང་ན་གོང་མ་ནི་སྟོན་པ་ལྷན་ཅིག་པའི་འཁོར་དང་བཅས་པའམ། སྟོན་པར་དབྱེར་མེད་པས་ན་ཉིད་ཅེས་བྱའོ། །ཕྱི་མ་ནི་གོ་ཕྱེ་བའི་འཁོར་མ་བྱོན་པའི་དེ་བཞིན་གཤེགས་པའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། དོན་དམ་པ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པའི་ལེའུ་ཞེས་པ། དོན་དམ་པ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རང་གི་ངོ་བོས་མི་ཕྱེད་པ་རྒྱུ་རྐྱེན་དང་བྲལ་བ་སྐྱེ་འཇིག་མེད་པ་སྟེ། དེའང་སྐབས་ཀྱིས་གསུམ་དུ་བརྗོད་ཀྱང་ངོ་བོ་རང་བཞིན་གསང་བའི་སྙིང་པོར་དབྱེར་མེད་པའོ། །དེ་ནི་ཡེ་ཤེས་སུ་བསྐྱེད་པ་ཞེས་བྱ་སྟེ། འཁོར་བའི་ཆོས་ལྔ་གསུམ་སྤངས་པ་མེད་པར་འབྲས་བུའི་ཆོས་ལྔ་གསུམ་དུ་ལྷུན་གྱིས་གྲུབ་ནས། དེ་ཡང་རང་བྱུང་ཡེ་ཤེས་སུ་གསལ་བ་སྟེ། སྟོད་ན་ཡེ་ནས་བུདྡྷ་བའི་སེམས་ཡེ་ཤེས་སུ་བསྐྱེད་པའི་ཞེས་སྨོས་སོ། །བསྐྱེད་ཚུལ་ནི་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་བརྗོད། རིག་པ་ཁྱད་པར་ཅན་གྱི་འཁོར་རྣམས་ཀྱིས་རང་བཞིན་གསང་བའི་སྙིང་པོའི་དོན་མངོན་དུ་གྱུར་ནས་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་དུ་སྐུ་དང་ཡེ་ཤེས་སུ་གསལ། ཕུན་སུམ་ཚོགས་པའི་ངོ་བོ་ཉིད་དུ་གྱུར་པ་ནི་སེམས་བསྐྱེད་པ་སྟེ་འབྲས་བུ་མཐར་ཕྱིན་པའོ། །ཀུན་རྫོབ་བྱང་ཆུབ་སེམས་ནི་རྟོགས་པ་མཐར་ཕྱིན་པ་དང་། གདུལ་བྱའི་ངོ་ལ་སྣང་བའི་མཛད་པ་བཅུ་གཉིས་མགོ་མཉམ་པ་སྟེ། འབྲས་བུ་མཐར་ཕྱིན་པ་དང་དུས་མཉམ་དུ་མ་རྟོགས་པ་རྣམས་ཀྱི་ངོར་གསང་བ་བཞིའི་དོན་གྱིས་བཅིངས་པ་རྣམས་ལ་ལམ་སྟེགས་ཐེག་པ་རྣམས་ཞུས་པ་ནི། གདུལ་བྱའི་ངོས་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ། བྱང་ཆུབ་ནི་གོ་འཕང་ཆེན་པོ་འབྲས་བུ་ཆོས་སྐུའོ། །སེམས་ཉིད་ནི་དེའི་རྩལ་རང་སྣང་བ་མ་འགག་པའོ། །ལེའུ་གཉིས་པའི་ཊཱི་ཀའོ།། ༈ །།ད་ནི་ལེའུའི་མཚམས་སྦྲེལ་ན། ལེའུ་དང་པོར་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར། ཕུང་པོ་ཁམས་དང་སྐྱེ་མཆེད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རྒྱལ་བ་བཞི་བཅུ་རྩ་གཉིས། ཕུན་སུམ་ཚོགས་པའི་གླེང་གཞི་རྒྱུད་སྣང་བར་བྱེད་པའི་རྒྱུ་ཚོགས། ལེའུ་གཉིས་པར་རྒྱུད་ཀྱི་རྐྱེན་སྦྱར་ཏེ་གླེང་བསླང་བའང་ཐུན་མོང་མ་ཡིན་པའི་རྒྱུད་འདི་གཞན་ལས་འཕགས་པས་སྟོན་པ་ཡབ་ཡུམ་གྱིས་གླེང་བསླང་བ། ཡབ་ཀྱིས་ཡེ་ཤེས་ཀྱི་ཆ་ནས་བསླང་། ཡུམ་གྱིས་དབྱིངས་ཀྱི་ཆ་ནས་བསླང་། ཐུན་མོང་མ་ཡིན་པའི་རྒྱུད་ཡིན་པས་གླེང་བསླངས་པས། འཁོར་རྣམས་རང་བཞིན་གསང་བའི་སྙིང་པོས་མཉེས། བསྟན་པའི་ངོ་བོ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་བྱང་ཆུབ་སེམས་དོན་དམ་ཀུན་རྫོབ་རྣམ་གཉིས་ཏེ། དོན་དམ་བྱང་སེམས་ཡེ་ཤེས་ལྔའི་དོན་འཁོར་གྱི་རིག་པར་སྣང་ནས་འབྲས་བུ་མཐར་ཕྱིན་ཀུན་རྫོབ་བྱང་སེམས་གཞན་དོན་ཐུགས་རྗེའི་མཛད་པའི་གཟི་གྲུབ་ནས་ལེའུ་གསུམ་པ་མན་ཆོད་སྣང་སྟེ། དེ་ཡང་རྒྱུད་ཀྱི་དངོས་པོ་ཇི་ལྟར་ཤེས་པར་བྱ་བའི་ཐབས་རྒྱས་པར་བཤད་པ་ནི། སློབ་དཔོན་སངས་རྒྱས་གསང་བས། གཙོ་དང་ཡན་ལག་རྣམ་བཅུ་པོ། །ཞེས་པས། རྒྱུད་དོན་ཉམས་སུ་ལེན་པའི་ཡན་ལ་བཅུ་ནི། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། ཕྲིན་ལས་བསྒྲུབ་པའི་རིམ་པ་དང་། སྔགས་དང་ཕྱག་རྒྱ་མཆོད་པ་དང་བཅུ་སྟེ། ལམ་གྱི་གཞི་ལྟ་བ་དང་། ལྟ་བསྒོམ་ཐག་ཆོད་པའི་སྤྱོད་པ་དང་། གཞི་ལམ་འབྲས་བུ་ཀུན་ལ་འགྲོ་བའི་དཀྱིལ་འཁོར་དང་། རྟེན་ཕུན་སུམ་ཚོགས་པའི་དབང་དང་། ལམ་དང་འབྲས་བུའི་དགོས་པ་ཐམས་ཅད་སྣང་བའི་དམ་ཚིག་དང་། རང་གཞན་གྱི་དོན་འགྲུབ་པར་བྱེད་པའི་ཕྲིན་ལས་དང་། མཆོག་དང་ཐུན་མོང་གི་བསྒྲུབ་པ་དང་། ཉམས་སུ་ལེན་པའི་སྔགས་དང་ཕྱག་རྒྱ་དང་། མཆོད་པའོ། །དེ་དག་ལེའུ་བཅུ་དགུས་སྟོན་པ་ལས། ལེའུ་གསུམ་པ་ཆོས་ཐམས་ཅད་གཏན་ལ་དབབ་པའི་ལེའུ་ནི། གོང་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཐུགས་རྗེ་སྐྱེས་ནས། ཉན་ཐོས་བཞིན་སྐྱེ་བ་ཙམ་གྱི་སར་མི་འཇོག་སྟེ། ཐུགས་རྗེ་ཆེན་པོའི་བྱིན་རླབས་ལས། ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པ་སྤྲོས་ནས། རང་བཞིན་གསང་བའི་སྙིང་པོའི་དོན་ཅིག་ཅར་དུ་རྟོགས་པའི་སྐལ་བ་ཆུང་བ་རྣམས་ལ། ལམ་སྟེགས་ཐེག་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་གཅིག་བསྟན་པ་ཐམས་ཅད་ཀྱང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུས། དེ་གཉིས་ཀྱང་སེམས་ཡེ་ཤེས་རང་སྣང་གཏན་ལ་དབབ་པ་སྟོན་པས། ཆོས་གཏན་ལ་ཕབ་པ་ཞེས་ཀྱང་བྱ་སྟེ། སྨད་ཀྱི་རྒྱུད་ཀྱི་དངོས་པོ་བཅུའི་ལམ་གྱི་གཞི་ལྟ་བ་བསྟན་ཏོ། །འབྲུ་ལ་སྦྱར་ན། དེ་ནས་ཞེས་པ། ཚིག་གི་དེ་མ་ཐག་པ་ནི། ལེའུ་གཉིས་པ་སོང་བའི་རྗེས་ཐོགས་སུ་གསུམ་པ་བྱུང་བའོ། །དོན་གྱི་དེ་མ་ཐག་པ་ནི། ལེའུ་གཉིས་པའི་སྨད་དུ་ཡེ་ཤེས་ལྔའི་སྒོ་ནས་འབྲས་བུ་ཆོས་སྐུ་མྱོང་ནས་ཐུགས་རྗེའི་རྩལ་མི་འགག་པས་གཞན་དུ་མཛད་པའི་སྤྲོ་བ་སྣ་ཚོགས་མཛད་ནས། མཛད་པའི་ངོ་བོ་ཐུབ་པ་དྲུག་བསྟན་པ་བཅས་པ་སྟོན་པས་དེ་མ་ཐག་པ་ཞེས་བྱའོ། །ལེའུ་གསུམ་པ་ལ་གསུམ་སྟེ། རྒྱས་པར་བཤད་པ་དང་། བསྡུས་པ་དང་། ལེའུའི་མཚན་ནོ། །དེའི་མདོར་བསྟན་པ་ལ་ལྔའི། སྟོན་པ་སྣང་བའི་གཞིའམ་གང་ལ་སྣང་བ་བསྟན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ། རྒྱལ་བ་དྲུག་པ་ནི་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་གཟུགས་ཡིན་པས་ཐམས་ཅད་ཅེས་པའམ། ཡང་ན་ཕུན་སུམ་ཚོགས་པའི་གླེང་གཞི་ཐམས་ཅད་དྲུག་པའི་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་ཅིང་། ཐམས་ཅད་དུ་མ་འགག་པས་དེ་སྐད་ཅེས་བྱའོ། །ལས་ཞེས་པ་ནི་གཞིའི་དོན་ཏོ། །ཐུགས་རྗེ་ཆེན་པོ་ཞེས་པ། ཐུགས་རྣམ་པར་མི་རྟོགས་པའི་ཡེ་ཤེས་རང་རིག་པའི་ངོ་བོ་ནི། དེས་འཁོར་འདས་བེམ་རིག་ཐམས་ཅད་ལ་བསྒོས་པ་མེད་པར་ཁྱབ་པ་ནི་རྗེ་སྟེ། དོན་དེས་ན་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་གྲུབ་པ་ཉིད་བྱང་ཅུབ་སེམས་དཔའི་ཡེ་ཤེས་ལས་བླར་གྱུར་པས་ཆེ་བའམ། ཡང་ན་ཡུལ་ཅན་དམིགས་འཛིན་དང་བྲལ་བས་ཆེ་བའོ། །བྱིན་རླབས་ཞེས་པ་ནི། ལྷུན་གྲུབ་ཀྱི་ཡེ་ཤེས་ཉིད་ཀྱི་བྱིན་ལ། རང་སྣང་ལྷུན་གྱིས་གྲུབ་པའི་ཡོན་ཏན་གདུལ་བྱའི་སྣང་བ་མི་འགག་པ་སྟེ། ཞེས་བྱ་བ་ནི་དེ་ལ་སྐད་ཅེས་བྱ་སྟེ་དོན་དང་མཐུན་པའི་མིང་ངོ་། །སྟོན་པའི་ངོ་བོ་གང་སྣང་བ་ནི། རིག་པའི་སྐྱེས་བུ་ཞེས་པ་ནས། འཐོན་ཏོའི་བར་ཏེ། རིག་པའི་སྐྱེས་བུ་ཞེས་པ། སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་རིག་པ་ཐུགས་རྗེ་ཆེན་པོའི་བྱིན་རླབས་གོང་དུ་བཤད་པ་རྫོགས་པ་རང་བྱུང་གི་ཡེ་ཤེས་ལས་སྣང་བས་ཀྱང་ཐུགས་རིག་པ་ཐུབ་པ་དྲུག་ཉིད། གཞན་གྱི་ལུང་ལས་ཀྱང་། རང་གི་ལུས་ངག་ཡིད་རྡོ་རྗེ། །མི་ཕྱེད་པ་ཡི་ངོ་བོ་སྟེ། །རིག་པ་བཅས་པ་ལྡན་པ་ནི། །རིག་པའི་སྐྱེས་བུ་ཞེས་སུ་བརྗོད། །ཅེས་པས། ཀུན་ཏུ་བཟང་པོའི་ཐུགས་རིག་པ་འགྲོ་བའི་དོན་དུ་རང་སྣང་བས། སྐུ་གསུང་ཐུགས་མི་ཕྱེད་པའི་ངོ་བོ་རང་རིག་པ་ཉིད་ཁོ་ནའོ། །གདུལ་བྱའི་ངོ་ལ་ཀུན་ཏུ་བཟང་པོའི་དགོངས་པ་ལ་སྣང་བས་སྐྱེས་བུ་ཞེས་བྱའོ། །ཐུབ་པ་ཞེས་པ། སྐུ་གསུང་ཐུགས་ཐུབ་པས་ཐུབ་པ་སྟེ། གདུལ་བྱ་དང་མཐུན་པར་འཁོར་བ་ན་གནས་ཤིང་ཡུལ་གཅིག་ལ་སྤྱོད་ཀྱང་། སྐུའི་སྒོ་ནས་གདུལ་བྱའི་དོན་དུ་འགྱུར་བ་མིན་པ་གཟུང་འཛིན་རང་གར་སོང་བ་མིན་པས་ཐུབ་པ། གསུང་གིས་ཅི་གསུང་ཡང་གདུལ་བྱའི་དོན་དུ་འགྱུར་བ་མིན་པ་ཅ་ཅོ་དང་བྲེ་མོ་ལ་སོགས་པ་མི་མངའ་བས་གསུང་ཐུབ་པ། ཐུགས་ཀྱི་སྒོ་ནས་རང་བྱུང་གི་ཡེ་ཤེས་མཉམ་བཞག་ཆེན་པོའི་ངོ་བོ་ཉིད་ལས་མི་གཡོ་སྟེ། མཛད་པ་ཇི་ལྟར་མཛད་ན་ཡང་དགོངས་པ་ལས་མི་གཡོ་བས་ན་ཐུབ་པ་སྟེ་ངོ་བོའི་ངོས་ནས་སོ། །ཕྲིན་ལས་ཀྱང་གདུལ་བྱ་རྣམས་དགེ་བ་བཅུ་ལ་སོགས་པ་ཡན་ཆད་ཀྱི་སྒོ་ནས་ཁ་ལོ་བསྒྱུར་ཞིང་འབྲས་བུ་ལ་སྦྱོར་བ་དང་། བདུད་དང་མི་མཐུན་པ་ཐམས་ཅད་འཇོམས་པས་ན་ཐུབ་པའོ། །དྲུག་གི་གྲངས་ནི། གདུལ་བྱ་འགྲོ་བ་དྲུག་ཏུ་ངེས་པས་དེར་ངེས་པའོ། །དེ་དག་གི་གཞི་ཡང་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ་ཞེས་པ། དེ་བཞིན་གཤེགས་པ་ནི་ཕུན་སུམ་ཚོགས་པའི་གླེང་གཞིའོ། །སྐུ་ནི་དངོས་སུ་སྣང་བའོ། །གསུང་ནི་བརྡ་འཕྲོད་པའོ། །ཐུགས་ནི་རང་རིག་མི་ཕྱེད་པའོ། །དེ་གསུམ་དབྱེར་མི་ཕྱེད་པས་རྡོ་རྗེ་ལ་སྣང་ཞེས་པ་དང་། ཡང་ན་སྐུ་རྣམ་པར་སྣང་མཛད། གསུང་སྣང་བ་མཐའ་ཡས། ཐུགས་རྡོ་རྗེ་སེམས་དཔའ། ཡོན་ཏན་རིན་ཆེན་འབྱུང་ལྡན། ཕྲིན་ལས་དོན་ཡོད་གྲུབ་པ། ལྷན་ཅིག་པའི་འཁོར་ཐམས་ཅད་རིགས་ལྔར་མ་འདུས་པ་མེད་པས། རིགས་ལྔ་ཡང་ཀུན་ཏུ་བཟང་པོའི་རིག་པར་མི་ཕྱེད་པས་རྡོ་རྗེ་ལས་འཐོན་ཏོ་ཞེས་པ། རྒྱུ་འབྲས་དང་རྩོལ་བ་སྤངས་པ་སྟེ། ནམ་མཁའི་ཟླ་བ་ཆུ་ནང་དུ་ཤར་བ་ལས་འགྲོ་འོང་མེད་པ་བཞིན། ཀུན་ཏུ་བཟང་པོའི་དགོངས་པ་འགྲོ་དྲུག་གི་གནས་ན་ཐུབ་པར་ཤར་བ་ལས་འགྲོ་འོང་མི་མངའ་སྟེ། སྐད་ཅིག་ལ་སྣང་བས་འཐོན་ཏོ་ཞེས་བྱའོ། །དེ་ལ་སྤྱིར་གསང་སྔགས་ནང་པའི་ལུགས་ཀྱིས་སྤྲུལ་པ་འགྲོ་བ་ཐམས་ཅད་ཡབ་ཡུམ་ཐབས་དང་ཤེས་རབ་དབྱེར་མེད་པའི་བྱང་སེམས་ལས་འཕྲོ་བར་བཞེད་པས། འདིར་ཡང་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ལས་འཕྲོ་བར་ཡང་བཞེད་དེ། མ་ཧཱ་ཡོ་ག་ཁོ་ནའི་གཞུང་ངོ་། །གང་དུ་སྣང་བའི་གནས་ནི། འཐོན་ནས་ཀྱང་ལས་ཀྱི་དབང་གིས། ཞེས་པ་ལ་སོགས་ཏེ། འཐོན་ནས་ནི་ཐུབ་པ་དྲུག་སྣང་བའོ། །ཀྱང་གི་སྒྲས་དོན་མེད་པ་མ་ཡིན་ཏེ་འགྲོ་དྲུག་གི་དོན་མཛད་པའོ། །དེའི་གནས་སྨོས་ཏེ། ལས་ཀྱི་དབང་གིས་ཞེས་པ། གདུལ་བྱ་ལས་གསུམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་སུ་སྣང་སྟེ། སྣྲེལ་ཞི་དང་ཞེས་པ། ཕྱོགས་བཞིར་ལྗིད་འབེབས་པ་སྟེ། ཤར་དུ་མགོ་བསྟན་པ་དང་། ལྷོར་མགོ་བསྟན་པ་དང་། ནུབ་བྱང་ཕྱོགས་བཞིར་མགོ་བསྟན་པའི་འཇིག་རྟེན་གྱི་ཁམས་བཞི། ཡན་མན་ཞེས་པས། མགོ་སྟེང་དུ་བསྟན་པའི་འཇིག་རྟེན་གྱི་ཁམས་དང་། འོག་ཏུ་བསྟན་པའོ། །དེ་ཡང་དེ་དག་གི་འཇིག་རྟེན་གྱི་ཁམས་རེ་རེ་ནི། སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེའོ། །དེ་ལྟ་བུར་ཕྱོགས་བཅུར་མཐའ་ཡས་མུ་མེད་ཅེས་པས། ཤར་དུ་གཞལ་བ་ལས་མཐའ་ཡས། ཕྱོགས་མཚམས་བརྒྱད་དེས་འགྲེ། སྟེང་དུ་གཞལ་ཡང་མཐའ་ཡས་ཏེ་མུ་མེད། འོག་ནས་ཐུར་དུ་གཞལ་ཡང་། མཐར་ཐུག་པ་མེད་པ་མཐའ་ཡས། དེ་ལྟ་བུ་ལ་ཡན་མན་ནི་རྒྱ་ཐེབས་བརྩེགས་པ་འདྲ། ཕན་ཚུན་ནི་ཟ་འོག་བེར་ཁྱིམ་བཀོད་པ་འདྲ་ཞེས་ཀྱང་བརྗོད་དོ། །དེ་ནི་ཐུག་པ་མེད་པ་འཇིག་རྟེན་གྱི་ཁམས་དེ་ནི་རྒྱལ་བ་ཀུ ན་ཏུ་བཟང་པོའི་འདུ་བའི་ཞིང་ཁམས་སོ་ཞེས་ཀྱང་བརྗོད། དེའི་ནང་དུ་སྤྲུལ་པའི་སྐུའི་ཞིང་ཁམས་ནི། སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར་ཞེས་ཏེ། སྤྱིར་རི་རབ་གཅིག་ལ་གླིང་བཞིས་བསྐོར་བ་ཉི་ཟླ་ཕྲུག་གཅིག །ལྕགས་རི་ཁྱུད་མོས་བསྐོར་བ་གཅིག །དེ་འདྲ་བ་སྟོང་ཐམ་པ་ནི་སྟོང་ཆུང་ངུའོ། །སྟོང་ཆུང་དུ་དེ་གཅིག་ནས་གཉིས་སུ་བརྩིས་པས་སྟོངས་ཐམ་པ་ནི་སྟོང་འབྲིང་པོའོ། །འབྲིང་པོ་དེ་གཅིག་གཉིས་སུ་བརྩིས་པའི་སྟོང་ནི་སྟོང་ཆེན་པོ་སྟེ། སྤྲུལ་པའི་སྐུ་གཅིག་གིས་འདུལ་བའི་ཞིང་ཁམས་སོ། །ཞིང་ཁམས་དེ་ན་རི་རབ་བྱེ་བ་ཕྲག་བརྒྱ། ལྷོ་འཛམ་བུ་གླིང་བྱེ་བ་ཕྲག་བརྒྱ་ན་རྡོ་རྗེ་གདན་བྱེ་བ་ཕྲག་བརྒྱ། ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱ་བཞུགས་པ་ནི། གདུལ་བྱའི་ངོ་ལ་དེ་ལྟར་སྣང་ཡང་། དོན་སྤྲུལ་སྐུ་གཅིག་གི་ཞིང་ཁམས་སོ། །དེར་ཞིང་ཁམས་སྟོང་ཆེན་པོ་རེ་རེར། ཐུབ་པ་ནི་གོང་དུ་བཤད་ཟིན། ཆེན་པོ་ནི་ཀུན་ཏུ་བཟང་པོའི་མ ཛད་པ་བདུད་བཞི་བཅོམ་གུ་ཎ་དྲུག་དང་ལྡན། མཐའ་གཉིས་ལས་འདས་པའི་སྟོན་པ་རེ་རེས་ཞེས་པ། མི་སྲིད་པའི་ཆོས་བཞི་སྟེ། གླིང་བཞི་གཅིག་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གཉིས་འབྱུང་མི་སྲིད། ལས་དགེ་སྡིག་གི་འབྲས་བུ་བསྣོལ་མར་མི་སྲིད། བུད་མེད་ལ་རང་བུདྡྷ་མི་སྲིད། འཛམ་བུའི་གླིང་གཅིག་ཏུ་བསྟན་པ་གཅིག་ལ་སྟོན་པ་གཉིས་འབྱུང་མི་སྲིད་པས་རེ་རེ་སྨོས་སོ། །སྟོན་པ་དེའི་མཛད་པ་ནི། འདུལ་བ་རྣམ་པ་བཞིས་འགྲོ་བ་ལྔའི་སེམས་ཅན་གྱི་དོན་མཛད་དེ་ཞེས་པ། མཛད་པ་མདོར་བསྟན་པ་སྟེ། འདུལ་བ་བཞི་ནི། མངོན་སུམ་གྱིས་འདུལ་བ་དང་། རྫུ་འཕྲུལ་གྱིས་འདུལ་བ་དང་། བསོད་ནམས་ཀྱིས་འདུལ་བ་དང་། རིག་པས་འདུལ་བ་དང་བཞིའོ། །དེ་ལ་མངོན་སུམ་གྱིས་འདུ་བ་ནི། བུདྡྷའི་མཛད་པ་བཅུ་གཉིས་ཀྱིས་གདུལ་བྱའི་མངོན་སུམ་གྱི་སྣང་བའོ། །རྫུ་འཕྲུལ་གྱིས་འདུལ་བ་ནི། འཇིག་རྟེན་གྱི་མངོན་པར་ཤེས་པ་ཅན་དང་ཐུན་མོང་མ་ཡིན་པའི་ཟག་མེད་ཀྱི་མངོན་ཤེས་དྲུག་གོ། །བསོད་ནམས་ཀྱིས་འདུལ་བ་ནི། ཀུན་ཏུ་གདུལ་བྱའི་ངོ་ལ་སྐུ་བསམ་གྱིས་མི་ཁྱབ་པར་སྣང་བའོ། །གསུང་གདུལ་བྱ་སོ་སོ་དང་མཐུན་པའི་སྐད་སྣ་ཚོགས་པར་གྲགས་པ། ཐུགས་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པར་ཤར་བ། ཞལ་བསམ་གྱིས་མི་ཁྱབ་པ་ཞེས་པ། གདུལ་བྱ་བྱེ་བ་ཙམ་གྱི་ནང་དུ་གདུལ་བྱ་རྣམས་སོ་སོའི་རྟོག་པ་ལ་སྟོན་པས་ང་ཁོ་ན་ལ་ཞལ་གཟིགས་སྙམ་པའོ། །དེ་ལྟ་བུ་གྲངས་མེད་པ་ཕྱོགས་བཅུར་སྣང་བའོ། །རིག་པས་འདུལ་བ་ནི། ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ་ཞེས་པ་ལྟ་བུའོ། །ཡང་ན་འདུལ་བ་རྣམས་པ་བཞི་ནི། སྐུལ་འདུལ་མཛད་པ་བཅུ་གཉིས། གསུང་གིས་འདུལ་བ་ཐེག་པ་རིམ་དགུ། ཐུགས་ཀྱིས་འདུ་བ་ཟད་མེད་ཀྱི་མངོན་ཤེས་ཐམས་ཅད། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པས་འདུལ་བ་དང་བཞིའོ། །གདུལ་བྱ་འགྲོ་བ་ལྔའི་དོན་མཛད་དེ་ཞེས་པ། ལྔ་ནི་གོང་དུ་བསྡུ་བཤད་པ་བཞིན་དུ་ཤེས་པས། སྟོན་པ་ཐུབ་པ་དྲུག་ཏུ་སྣང་བའི་གདུལ་བྱ་རིས་དྲུག་ཁོ་ནའོ། །མཛད་པའི་བྱེ་བྲག་རྒྱས་པ་ལ་བཞི་སྟེ། མངོན་སུམ་འདུལ་བ་སྐུའི་མཛད་པ་བསྟན་པ་ནི། མཛད་པ་བཅུ་གཉིས་འདི་ལས་ཁོག་དོན་དུ། མདོ་སྡེའི་དབང་དུ་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་ཟེར་བའང་རང་གཞུང་གིས་བདེན་མོད་ཀྱི། ལེའུ་དང་པོར་ཀུན་ཏུ་བཟང་པོའི་དགོངས་པའི་བྱིན་རླབས་ཀྱི་དབང་གིས་འབྲས་བུ་མཐར་ཕྱིན་པས་གཞན་དོན་མཛད་པ་ལ་ཇི་ལྟར་ཡང་འཆར་བས། ལེའུའི་ཀླད་དུ་སྐུ་གསུང་ཐུགས་རྡོ་རྗེ་ལས་འབྱུང་ཁུངས་སྨོས་པས། དེ་དག་ལ་མི་ལྟོས་པའང་བཏུབ་ཅེས་ཏེ། ཀུན་ཏུ་བཟང་པོའི་རིག་པ་གདུལ་བྱའི་དོན་ལ་ཅིར་ཡང་འཆར་ཏེ། མཉམ་སྦྱོར་ལས་ཀྱང་། རེས་འགག་ཞི་ལ་རེ་འགག་དྲག །རེགས་འགའ་གདོན་ཆེན་བགེགས་མཛད་དེ། །དེ་ལ་སོགས་པ་མཐའ་ཡས་མཆོག །རི་དང་སྐྱེ་བོ་ཐམས་ཅད་དོ། །ཞེས་པས་སྟོན་ཏོ། །བལྟམས་པ་དང་། ཞེས་པས་སྐུ་བལྟམས་པའི་མཛད་པ་སྟེ། གདུལ་བྱ་དང་མཐུན་པར་བྱ་བའི་ཕྱིར། བལྟམས་པའི་སྔོན་དུ་འགྲོ་བ་ནི། སྟོན་པ་ཤཱཀྱ་ཐུབ་པ་དམ་པ་ཏོག་དཀར་པོར་གྱུར་ཏེ། དགའ་ལྡན་གྱི་གནས་ན་ལྷ་རྣམས་ཀྱི་སྟོན་པ་མཛད་པའི་དུས་སུ་ནམ་མཁའ་ལས་རང་སྒྲ་གྲགས་ཏེ། སེམས་ཅན་ཀུན་ལ་ཕན་དོན་དུ། །མི་ཡི་གནས་སུ་གཤེགས་ནས་ཀྱང་། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཞེས་འབྱུང་བས། དབུ་རྒྱན་ཕུད་དེ་མགོན་པོ་བྱམས་པ་ལ་བསྐོན་ནས་རྒྱལ་ཚབ་ཏུ་ལྷའི་སྟོན་པར་དབང་བསྐུར་ཏེ། མི་ཡུལ་དུ་སྟོན་པ་ལ་གཤེགས་པའི་ཕྱིར། རྒྱ་གར་གྱི་ཡུལ་ན་གྲོང་ཁྱེར་བཅུ་དྲུག་གི་རཱ་ཛ་ཡོད་པ་ལས། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་དང་བགྲོས་ཏེ་རིགས་གང་ལ་གནས་ན་གདུལ་བྱ་ལ་ཕན་པར་བགྲོས་པ་ལས། གྲོང་ཁྱེར་བཅོ་ལྔ་པོ་རིལ་སྐྱོན་རེ་བཞག་ནས། རྒྱལ་རིགས་ལ་ཤཱཀ་རིགས་བཟང་པོར་གཟིགས་པ་དང་། གླིང་ལྷོའི་འཛམ་བུ་གླིང་དུ་གཟིགས། ཡབ་ཡུམ་ཟས་གཙང་མ་དང་ལྷ་མཛེས་གཉིས་ལ་གཟིགས། གྲོང་ཁྱེར་སེར་སྐྱའི་གྲོང་ཁྱེར་ལ་གཟིགས་ཏེ། གླང་པོ་ཆེ་ཕྲུ་གུ་ཐལ་ཀར་མཆེ་བ་དྲུག་པར་སྤྲུལ་ནས། ཡུམ་གྱི་ལྷུམས་སྐུ་སྟོད་དུ་ཞུགས་པའི་ཚུལ་བསྟན་པ་དང་། ཟླ་དགུ་ངོ་དང་བཅུར་ལྷུམས་སུ་ཞུགས་པ་དང་བཞུགས་ནས། ལུམྦཱིའི་ཚལ་དུ་བྱི་བའི་ལོའི་ཟླ་བ་སྐར་མ་རྒྱལ་དང་ཉ་འཕྲད་པའི་དགུན་ཟླ་འབྲིང་པོའི་ཟླ་བ་ལ། དུས་སྐྱ་རེངས་ཤར་ཙམ་ན། བྱང་ཆུབ་ཤིང་དྲུང་དུ་ཡུམ་གྱི་རྩིབ་མའི་གོ་བར་ནས་བལྟམས་པ་དང་། བྱོན་ཏེ། ཕྱོགས་བཞིར་གོམ་པ་བདུན་བདུན་བོར་བའི་ཆོ་འཕྲུལ་བསྟན་ནས། ལྷ་ཚངས་པས་དྲི་མ་ཐམས་ཅད་ཕྱིས། བརྒྱ་བྱིན་གྱིས་ཀ་ཤི་ཀའི་རས་ཀྱི་ལྟེབས་ཀྱིས་བླངས། ཀླུ་འཇོག་པའི་ཆུ་གྲང་དྲོ་རན་པའི་བུམ་པས་ཁྲུས་གསོལ་ནས། བྲམ་ཟེ་མཚན་མཁན་ལ་བསྟན་པ་རྣམས་དེ་ལ་སོགས་ཏེ་ཞིབ་པར་མི་སྤྲོ་སྟེ་མདོ་སྡེ་ཞིབ་པས་སོ། །མ་མ་གསུམ་སྟེ། ནུ་ཞོ་བླུད་པ་དང་། པང་དུ་ལེན་པ་དང་། དྲི་སྣབས་ཕྱི་བ་གསུམ་གྱིས་བསྐྱངས་པས། ཉམས་ཤེད་བརྟས་པར་གྱུར་ཏོ། །གསུམ་པ་རོལ་རྩེད་མཛད་པ་ནི། ཡི་གེ་དང་བཟོའི་རིག་བྱེད་རྣམས་དང། གྱད་འགྱེད་པ་དང་། མདའ་རྩེད་ལ་སོགས་ཏེ། འཇིག་རྟེན་ན་ཅི་ཡོད་རྣམས་ལ་མཁས་པ་མཆོག་ཏུ་གྱུར་པའོ། །བཞི་པ་ཁབ་བཙུན་མོ་བརྒྱད་ཁྲི། དང་རྒྱལ་སྲིད་བཞེས་པ་ནི། ཤཱཀྱ་ལག་ན་བེ་ཅོན་ཅན་གྱི་བུ་མོ་ས་འཚོ་མ་བཞེས་པ་སྟེ་ལོ་རྒྱུས་གཞུང་བཞིན་ནོ། །ལྔ་པ་རབ་ཏུ་བྱུང་བ་ནི། རྒྱལ་བུ་གྲོང་ཁྱེར་གྱི་སྒོ་བཞིར་འཆག་ཏུ་བཞུད་པས། ཤར་སྒོར་རྒས་པ་མཐོང་། ལྷོ་སྒོར་ན་བ། ནུབ་སྒོར་འཆི་བ། བྱང་སྒོར་རབ་ཏུ་བྱུང་བ་ནམ་མཁའ་ལ་བཞུད་པ་མཐོང་བས་འཁོར་བ་ལ་སྐྱོ་བ་སྐྱེས། རབ་ཏུ་བྱུང་བ་ལ་དད་པས་ཡབ་ལ་རབ་ཏུ་བྱུང་ཞུས་པས་མ་གནང་སྟེ། དམག་གིས་བསྲུང་བ་དམ་པོར་བྱས་པ་གཞུང་བཞིན་ནོ། །དེ་ནས་རྟ་དང་ནམ་མཁའ་ལ་བཞུད་པ་རྣམས་ཀྱང་ཤེས་སོ། །དེ་ནས་མཆོད་རྟེན་རྣམ་དག་གི་སར་གཙུག་ཕུད་བྲེགས་ཏེ། དབུ་སྐྲ་ཚངས་པས་གདན་དྲངས་ནས། ད་ལྟ་ཚངས་པའི་འཇིག་རྟེན་ན་དབུ་སྐྲའི་དུས་སྟོན་ཡོད་སྐད། ཕྱག་གཡས་གཡོན་མཁན་སློབ་ཏུ་བྱིན་གྱིས་བརླབས་ནས་འདྲེན་པ་རང་བྱུང་དུ་རབ་ཏུ་བྱུང་ཞེས་བྱ་བ་བགྱིས་སོ། །དྲུག་པ་དཀའ་ཐུབ་མཛད་པ་ནི། ཆུ་བོ་ནཻ་རཱཉྫ་ནཱའི་འགྲམ་དུ་ལོ་དྲུག་དཀའ་ཐུབ་མཛད་པ་བརྟུལ་ཞུགས་ཆེན་པོ་མཛད་པ་གཞུང་བཞིན་ནོ། །བདུན་པ་སངས་རྒྱས་པ་ནི། དཀའ་ཐུབ་དང་ཡིད་མ་ལེ་བའི་ཏིང་འཛིན་གྱིས་བུདྡྷ་མ་ནུས་ནས། ཕྱོགས་བཅུའི་བུདྡྷ་རྣམས་ཀྱིས་མཁའ་ལ་ལོངས་སྐུ་བསྟན་ནས། ཡོ་གའི་དབང་དུ་མངོན་པར་བྱང་ཆུབ་ལ་ལྔ་ཕོག་པའམ། མ་ཧཱ་ཡོ་གའི་དབང་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱིས་གདམས་ངག་ཕོག་སྟེ། ཐུགས་འོག་མིན་དུ་ལོངས་སྐུར་སངས་རྒྱས་པའོ། །དེ་ནས་བརྒྱད་པ་ཆོས་ཀྱི་ཙཀྲ་བསྐོར་བ་ནི། ཐུན་མོང་བའི་སྤྱོད་ཡུལ་མ་ཡིན་ཏེ་གསང་སྔགས་རང་གཞུང་ངོ་། །དེ་ནས་སྐུ་དཀའ་ཐུབ་ཀྱི་ཁོག་པ་ལ་བཞུགས་པ་རིད་པའི་སྐབས་སུ་མཐར་ལྟུང་བའི་བརྟུལ་ཞུགས་དང་དྲག་པོས་འགྲོ་བ་ལ་མི་ཕན་པར་དགོངས་ནས། གནག་རྫི་མོ་ད་དྷ་ལིས་ཚོང་དཔོན་གྱི་བུ་མོ་ལེགས་སྐྱོང་མས། འཇམ་ཞལ་བུ་གང་ཕུལ་བས་གསོལ་ཏེ། སྐུ་གསེར་གྱི་གཏན་པ་ཕྱིས་པ་བཞིན་གྱུར་ཏོ། །དགུ་པ་བདུད་བཏུལ་བ་ནི། བདུད་འདོད་པའི་དབང་ཕྱུག་གིས་བཅོམ་ལྡན་འདས་བུདྡྷ་ན་འཁོར་བ་སྟོང་གིས་དོགས་ནས་བདུད་དམག་བྱེ་བས་དྲགས་ཏེ། དང་པོ་བུ་མོ་རྣམ་གཉིས་ཀྱིས་བསླུ་བྲིད་བྱས། དེ་ནས་དམག་གིས་བསྐོར་བའི་དུས་སུ། བྷ་ག་ཝཱ ན་གྱིས་ཕྱག་གཡས་པ་ས་ལ་བརྡབ་པས་སྒྲ་ཆེན་པོ་བྱུང་བས། བདུད་དམག་རྣམས་སྐྲག་པར་འུར་མེར་འཐོར་ཤིག་ཏུ་སོང་ནས་བདུད་ཕམ་པར་བྱས་སོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །ཞེས་པ། དང་པོ་ཚོང་པ་ག་གོན་དང་བཟང་སྐྱོང་གཉིས་ཀྱིས་ཀཪྵ་པ་ཎི་སྙིམ་པ་དོ་ཕུལ་ནས་ཤིས་པ་བརྗོད་པའི་མདོ་གསུངས་པ་ཆོས་ཀྱི་ཙཀྲ་དང་པོར་བརྩི་བའང་ཡོད། གུང་ཐང་ལ་སྒོར་ཡིན། ཕལ་གྱིས་མི་བརྩི་ལ། དེ་ལྟར་བུདྡྷ་ནས། ཟབ་ཞི་འོད་གསལ་ལ་སོགས་པའི་ཚིགས་བཅད་གསུངས་ཏེ། ནགས་ཟར། གནས་སུ་བཞུགས་པར་དམ་བཅའ་བ་ལས། ལྷ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་པ་ཕུལ། བརྒྱ་བྱིན་གྱིས་དུང་ཕུལ། མ་ཧཱ་དེ་བས་གསེར་གྱི་ཐུར་མ་ཕུལ་ནས་ཆོས་ཞུས་པས། འཇིག་རྟེན་ན་སློབ་མ་ཤེས་རབ་སུ་ཆེ་གཟིགས་པས། རངས་བྱེད་ཀྱི་བུ་ལྷགས་སྤྱོད་དང་། སྒྱུ་རྩལ་ཤེས་ཀྱི་བུ་རིང་ཕུར་གཉིས་ཤེས་རབ་ཆེ་བར་གཟིས་ནས་བཤད་པ་དགོངས་ཙ་ན། གཅིག་ཤི་ནས་ཞག་གཉིས་ལོན། གཅིག་ཤི་ནས་ཞག་ལྔ་ལོན་ནས་མེད་སྐད། དེ་ནས་ལྔ་སྡེ་བཟང་པོ་ཤེས་རབ་ཆེ་བར་གཟིས་ནས་དེའི་ཕྱོགས་སུ་བཞུད་དེ། བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བས་ལྔ་སྡེ་བཟང་པོ་ཡེ་ཤེས་ཁོང་དུ་ཆུད་པའི་སྟོབས་ཀྱིས། ཕྱི་རོལ་པའི་དཀའ་ཐུབ་ཀྱི་རྟགས་རྣམས་ཞིག་ནས། བྷ་ག་ཝཱན་གྱི་བྱིན་རླབས་ཀྱིས་ལུས་ལ་ཆོས་གོས་གསུམ་དང་ལྡན། ལག་ན་བྱ་མ་བུམ་དང་ལྡན། འབྲས་བུ་སྒྱུར་བ་ཆོས་ཀྱི་ཙཀྲ་དང་པོའོ། །ཙཀྲ་གཉིས་པ་ནི་བྱ་རྒོད་ཕུང་པོའི་རི་ལ་མ ཚན་མ་མེད་པའི་ཆོས་ཀྱི་འཁོར་ལོ་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་རྣམ་གསུམ་གསུངས་པའོ། །གསུམ་པ་ནི། དུས་ཁྲོད་བསིལ་བའི་ཚལ་དང་། མཉན་ཡོད་དང་། གནས་ཕྲ་མོ་རྣམས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །དགུ་པ་བདུད་བཏུལ་བ་ནི་གོང་དུ་བསྟན། བཅུ་པ་ཆོ་འཕྲུལ་ཆེན་པོ་བསྟན་པ་ནི། སྤྲུལ་སྐུ་འཇིག་རྟེན་དུ་བྱུང་བ་ཐམས་ཅད་ཡང་ཆོ་འཕྲུལ་ཆེན་པོ། མཛད་པ་བཅུ་གཉིས་ཀྱང་ཆོ་འཕྲུལ་ཆེན་པོ་ཡིན་ལ། ཉེ་བར་བཟུངས་ན་བྷ་ག་ཝཱན་གྱིས་ལྗགས་ཀྱི་ཐལ་བ་གཅིག་བསྒྱུར་བ་ལས་ཆུ་ཀླུང་ཆེན་པོར་གྱུར་པས་མུ་སྟེགས་ཀྱི་སྟོན་པ་དྲུག་ཆུས་ཁྱེར་བྱ་བ་ལོ་རྒྱུས་ལ་བརྗོད་དོ། །མདོ་སྡེ་ན་ཆོ་འཕྲུལ་ཆེན་པོ་བསྟན་པ་ནི། དཔྱིད་ཟླ་ར་བ་ཉ་དང་རྟ་ཆེན་འཕྲད་པའི་ཟླ་བ་ལ་བདུད་དགའ་རབ་དབང་ཕྱུག་གིས་དབྱེན་བྱས་པས། སྟོན་པ་དྲུག་གིས་བྷ་ག་ཝཱན་ལ་རྫུ་འཕྲུལ་འགྲན་ཞེས་བརྗོད་པས། ཆོ་འཕྲུལ་བསྟན་པར་བྱ་བའི་ཕྱིར་རྒྱལ་ཁམས་མང་པོར་བཞུད། སྟོན་པ་དྲུག་ཀྱང་རྗེས་སུ་འབྲངས། དེའི་རྒྱལ་ཁམས་ཀྱི་མི་མང་པོ་འདུས། དཔྱིད་ཟླ་འབྲིང་པོའི་ཚེས་གཅིག་ནས་ཉའི་བར་དུ་ཆོ་འཕྲུལ་སྣ་ཚོགས་བསྟན་ཀྱང་སྟོན་པ་དྲུག་ལ་ཆོ་འཕྲུལ་ཅི་ཡང་མེད། ཉའི་ཉིན་མོ་བྷ་ག་ཝཱ ན་གྱིས་ཆོ་འཕྲུལ་རྫོགས་པར་བསྟན་ཀྱང་། སྟོན་པ་དྲུག་ལ་ཆོ་འཕྲུལ་མེད་པས་སྐྱེངས་ནས་སོ་སོར་བྲོས། འོད་སྲུང ས་རལ་པ་ཅན་སྐྱེངས་ནས་ཁྲོན་པ་ནང་དུ་ལྕེབས་སྐད། བཅོམ་ལྡན་འདས་རྟ་པ་ལ་སོགས་པའི་ཟླ་བ་ཁྱད་པར་ཅན་དྲུག་ལ་དེའི་ཉ་ཆོ་འཕྲུལ་ཆེན་པོའི་ཟླ་བ་ཞེས་བརྗོད་དོ། །བཅུ་གཅིག །མྱ་ངན་ལས་འདས་པ་ཞེས་པ། འགྲོ་བ་རྟག་པར་རེ་བ་སུན་དབྱུང་བའི་ཕྱིར། ལོ་བརྒྱད་ཅུ་ཐམ་པ་ལ་འདའ་བར་དགོངས་པ་ལ་གསོལ་བ་བཏབས་ཏེ་ཤོལ་བཏབས་པ་མདོར་གཏན་ལ་ཕབས་པ་ན་ཞིབ་བོ། །སོགས་པ་ཞེས་པ། གདུང་བཞུས་པ་ལས་སྐུ་གདུང་རིང་བསྲེལ་མང་དུ་བྱུང་སྟེ། རང་བྱུང་གི་མཆོད་རྟེན་བརྒྱད་བཞེངས་སོ། །དེ་ཚོ་ནི་སྡེ་སྣོད་དང་མཐུན་པར་དྲང་དོན་དུ་བཤད་པའོ། །ངེས་དོན་དུ་ལེའུ་ཀླད་དུ་བཤད་པ་ལྟར་ཀུན་ཏུ་བཟང་པོ་ཉིད་ཐུབ་པ་དྲུག་ཏུ་ཤར་ཏེ། ཁྱད་པར་མི་ཡུལ་དུ་བྷ་ག་ཝཱན་ཤཱཀྱ་ཐུབ་པར་སྣང་ནས། མཛད་པ་བཅུ་གཉིས་ཀྱིས་རང་བཞིན་གསང་བའི་སྙིང་པོ་མཐོང་བར་བྱ་བའི་ལམ་སྟེགས་སུ་ཤར་བའོ། །རྫུ་འཕྲུལ་གྱིས་འདུལ་བ་ཐུགས་ཀྱི་མཛད་པ་ནི། སྟོན་པའི་ཐུབ་པས། དུས་བཞི་ཀུན་ཏུ་མཁྱེན་པ་དང་། ཞེས་པ་ལ་སོགས་ཏེ། སྟོན་པ་ནི་དྲུག་གི་འགྲོ་བ་རྣམས་ལ་ལམ་ཐུན་མོང་གི་ཐེག་པ་རྣམས་སྣང་བར་བྱེད་པའོ། །དུས་བཞི་ཀུན་ཏུ་མཁྱེན་པ་དང་། །ཞེས་པ། འདིར་མཁྱེན་པ་རྣམས་ནི་ལམ་པའི་མངོན་ཤེས་དང་མི་འདྲ་སྟེ། གདུལ་བྱའི་དོན་དུ་སྣང་བའི་ཐུབ་པ་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རང་སྣང་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལྷུན་གྱིས་གྲུབ། དུས་འདས་པ་ནི་ཐོག་མ་ཐུག་པ་མེད་པ་ནས་སོ། །ད་ལྟར་ནི་མངོན་སུམ་དུ་སྣང་བར་གྱུར་པ་ཐམས་ཅད་དོ། །མ་བྱོན་པ་ནི་ད་ལྟར་གྱི་རྒྱ བ་ན་འཚོགས་ནས་འབྱུང་བ་ལས་མ་རག་པའོ། །ཕྱིས་འབྱུང་བ་ནི་མ་ཚོགས་འབྱུང་ངེས་པ་སྟེ། ཕྱིས་ཀྱི་བསྐལ་པ་ཚད་མེད་པའི་བར་རོ། །བཞི་པོ་དེ་སྣོད་དང་བཅུད་དང་། སེམས་ཅན་གྱི་གྲངས་དང་། སེམས་ཅན་གཅིག་གི་ཡང་དུས་ཐོག་མ་མེད་པ་ནས་ཐ་མ་མེད་པའི་བར་དང་། སྐྱེ་འགག་འཆི་འཕོ་སྐྱེ་བ་ཇི་ལྟར་ལེན་པའི་ཕྲ་བའི་ཕྲ་བ་ཚུན་ཆད་བསམ་གྱིས་མི་ཁྱབ་པའི་རིག་པའི་ངང་ལས་ཡུལ་དང་ཡུལ་ཅན་བྲལ་བར་རྒྱུ་འབྲས་མ་དམིགས་པ་རང་གསལ་བའོ། །ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཀུན་ཏུ་མཁྱེན་པ་དང་། ཞེས་པ། བཅུད་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལྔ་ཆེ་ཆུང་གི་རྒྱུད་དང་། དགེ་སྡིག་ལུང་མ་བསྟན་དྲག་ཞན་གྱི་ཤེས་རྒྱུད་དང་། བྱ་བ་དང་བྱེད་པ་ཕྲ་བའི་ཕྲ་བ་ཡན་ཆད་ཀྱི་ཤེས་རྒྱུད་རྣམས། ཀུན་ཏུ་ཞེས་པས། སྤྱོད་ལམ་རྣམ་བཞིའི་དུས་གསུམ་རང་སྣང་དུའོ། །མཁྱེན་པ་ཞེས་པ། ཡུལ་དང་ཡུལ་ཅན་མེད་པར་རིག་པ་རང་གསལ་མི་འགག་པའི་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པའོ། །རྫུ་འཕྲུལ་གྱི་སྤྱན་གྱིས་ཐམས་ཅད་ཀུན་ཏུ་གཟིགས་པ་དང་། ཞེས་པ་ལྷའི་མིག་དང་རྣ་བ་ཞེས་པ་ལྟ་བུ་སྟེ། རྫུ་འཕྲུལ་ནི་མེད་གཞིན་དུ་སྣང་། སྣང་བཞིན་དུ་མེད་དེ། དབྱེར་མེད་པའི་མཚན་ཉིད་དེ། ཐུབ་པའི་དགོངས་པ་འཁོར་འདས་དབྱེར་མེད་རིག་པ་རང་བྱུང་ཡེ་ཤེས་མཚན་ཉིད་གང་དུའང་མ་གྲུབ་པས། གང་གི་ཕྱོགས་སུའང་མ་སོང་བ་ཉིད་ཅིར་ཡང་འཆར་དུ་བཏུབ་པ་ནི་རྫུ་བའོ། ཡུལ་བྲལ་གྱི་ཡེ་ཤེས་ཅིར་ཡང་མ་འགག་པར་འཆར་བ་ནི་འཕྲུལ་བ་སྟེ། གྱི་ཞེས་པ་ནི། དེ་ཉིད་རང་སྣང་བ་སྟེ་ངོ་བོ་གང་ཡིན་ན་དེ་ཉིད་ཀྱིའོ། །སྤྱན་གྱིས་ཐམས་ཅད་ཅེས་པ། འཁོར་འདས་ཡུལ་སེམས་སྣོད་བཅུད་བེམ་རིག་ཕྲ་བའི་ཕྲ་བ་ཚུན་ཆོད་དུས་དང་སྤྱོད་ལམ་ཐམས་ཅད་དུ། ཡུལ་བྲལ་རིག་པ་རང་སྣང་དུ་གཟིགས་ཏེ། དཔེར་ན་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟ་བུའོ། །རྫུ་འཕྲུལ་གྱི་སྙན་གྱིས་ཀུན་ཏུ་གསན་པ་དང་། ཞེས་པ། རྫུ་འཕྲུལ་གོང་དུ་བཤད་ཟིན། དེའི་སྙན་ནི་རྣ་བ་ལྟ་བུ་སྟེ། སྙན་གྱིས་ཀུན་ཏུ་ནི་ཁམས་གསུམ་སྟེ་ཡུལ་ལོ། །གཟིགས་ཚུལ་ནི་དུས་དང་ཕྱོགས་ཀུན་ཏུ། དངོས་པོ་ནི། གསན་པ་དང་ཞེས་ཏེ། འགྲོ་བ་རིས་དྲུག་གི་སེམས་ཀྱི་སྐད་ཅིག་པ་ལ་བརྡ་འཕྲོད་ཅིང་མཇལ་ཡང་། མདོར་ན་འགྲོ་བ་ཐམས་ཅད་ཀྱི་སྐད་དུས་གཅིག་གསལ་ལ། མི་གོ་བ་མེད་མི་གནས་པ་མེད་པ་ཀུན་གསལ་བའོ། །རྫུ་འཕྲུལ་གྱི་ཆོ་གས་ཀུན་ཏུ་དོན་སྤྱོད་པ་དང་། ཞེས་དང་། རྫུ་འཕྲུལ་འདི་ནི་གང་དུ་ཡང་མ་གྲུབ་པ་ཅིར་ཡང་རང་སྣང་བ་སྟེ། ཆོ་ག་ནི་གདུལ་བྱ་ཁམས་གསུམ་པའི་ངོ་ལ་སྟོད་ན་མེ་འབར། སྨད་ན་ཆུ་འབྲུབ་པ་དང་། བྱེ་མ་ལས་གསེར། སྐམས་ལས་ཆུ། སོལ་བ་ལས་ལྗོན་ཤིང་། གདུལ་བྱ་དྲག་པོ་རྣམས་ལ་དཔ ལ་ཧེ་རུ་ཀ་དང་། མཁའ་འགྲོ་དང་ཕྲ་མེན་དང་། སྣང་བའི་བྱེ་བྲག་ཐམས་ཅད་གང་ལ་གང་འདུལ་དེ་ལ་དེར་སྟོན་དུ་གདུལ་བྱ་དང་མཐུན་པར་སྣང་བ་ནི་ཆོ་གའོ། །ཀུན་ཏུ་ཞེས་པ། དུས་ཀུན་ཏུ་ཕྱོགས་ཀུན་ཏུ་གདུལ་བྱ་ཀུན་ཏུ་དོན་སྤྱོད་པ་དང་། མིག་དང་རྣ་བ་ལ་སོགས་པ་གོང་མ་དེ་དག་ནི་འཇིག་རྟེན་གྱི་ལྷ་ཀླུ་མཐུ་བོ་ཆེ་ལའང་ཡོད་དེ། དེ་ནི་ཉོན་མོངས་པ་བདག་འཛིན་དང་བཅས་པས་ཐུན་མོང་གི་མངོན་ཤེས་ཡིན་ལ། འདིར་ནི་བུདྡྷའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཇི་ལྟར་ཡིན་ཞེ་ན། ཟག་པ་མེད་པས། ཞེས་པ་ལ་སོགས་ཏེ། འཇིག་རྟེན་པ་ལ་ཡོད་པའི་མངོན་པར་ཤེས་པ་ལྔ་ནི། བདག་འཛིན་གྱིས་བསྐྱེད་པའི་ཉོན་མོངས་པ་ལྔ་དང་བཅས་པས། འཁོར་བ་ལས་མི་འདའ་བས་ཟག་བཅས་ཞེས་བྱའོ། །འདིར་ནི་རང་བྱུང་གི་ཡེ་ཤེས་ལ་ཡུལ་སེམས་མ་གྲུབ་པས་བདག་གཉིས་ངང་གིས་དག་སྟེ་ཉོན་མོངས་པ་གཞི་ནས་དག །དམིགས་པ་ཐམས་ཅད་རིག་པ་རང་གསལ་བའི་ངང་ལས་བདག་འཛིན་རྡུ་ཕྲ་རབ་ཙམ་ཡང་མི་མངའ་བས་ཟག་པ་མེད་པ་ཞེས་བྱ། གཏན་ཚིགས་དེས་ཀུན་ཏུ་བཟང་པོ་ཞེས་པ། ཆོས་ཐམས་ཅད་ཡེ་ཤེས་སུ་གསལ་བས་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་སྟེ། གཉིས་འཛིན་མི་མངའ་བའི་ངང་ལ་སྤྱོད་ཡུལ་ཡོངས་སུ་དག་པས་ཀུན་ཏུ་བཟང་པོ་ཞེས་བྱའོ། །དེའི་སྤྱོད་པ་ནི་རང་སྣང་མི་འགག་པའི་མངོན་པར་ཤེས་པ་ལྔའོ། །དེ་ཉིད་མ་འདྲེས་ལ་ཡོངས་སུ་རྫོགས་པ་རིག་པར། རྫོགས་པའི་ཞེས་པ། ཐམས་ཅད་རང་རིག་པར་གསལ་བའི་ངང་ལས་ཡུལ་དང་ཡུལ་ཅན་མེད་པས་མཁྱེན་པ་འཛིན་པ་དང་བྲལ་བ་ལ་ནི། མངོན་པར་ཤེས་པ་ཆེན་པོ་ཞེས་སྨོས། མངོན་ཤེས་ལྔ་དོན་དེ་ཉིད་ཀྱི་ངང་ལས་མ་གཡོས་པ་ནི། གསལ་བའི་དབྱེ་བའི་ངོས་ནས་དྲུག་པ་ཞེས་སྨོས་སོ། །བསོད་ནམས་ཀྱིས་འདུལ་བ་བསམ་གྱིས་མི་ཁྱབ་པའི་མཛད་པ་ནི། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཞེས་པ་ལ་སོགས་ཏེ། ཀུན་ཏུ་ཞེས་པ། གདུལ་བྱ་ཀུན་ཏུ་སྟེ་འགྲོ་དྲུག་གི་སེམས་ཅན་དང་ལམ་པ་ཐམས་ཅད་དོ། གདུལ་བྱ་དང་འདུལ་བྱེད་ཀྱི་ཐུན་མོང་སྟེ། དུས་ཀུན་ནས་ཀུན་ཏུ། ཐུབ་པ་ལ་ལྷུན་གྲུབ་ཀྱི་ཐུགས་རྗེ་མངའ་བས། སྐུ་བསམ་གྱིས་མི་ཁྱབ་པ་ཞེས་པ། གདུལ་བྱའི་ངོས་ནས་བསམ་གྱིས་མི་ཁྱབ་པ་ནི་རྣམ་གྲངས་ཏེ། དག་པའི་སྐུ་ལ་ཡང་ཞི་བ་དང་། ཁྲོ་བོ་གཉིས། ཞི་བ་ལོངས་སྤྲུལ་གཉིས། དེ་ཡང་དཀྱིལ་འཁོར་འཁོར་ལོ་བསམ་གྱི་མི་ཁྱབ་པ་དང་། འོག་མིན་ན་བཞུགས་པའི་ལོངས་སྐུ་དང་། འགྲོ་དྲུག་གི་ངོ་ལ་སྣང་བའི་སྤྲུལ་སྐུ་སྟེ་ཐུབ་པ་བཅོམ་ལྡན་འདས་དང་། ལྷ་མིའི་རྒྱལ་པོ་རྣམ་པ་དང་། ཐ་ན་བོང་བ་ལ་བོང་བའི་གཟུགས་སུ་སྣང་བ་ཐམས་ཅད་བསམ་གྱིས་མི་ཁྱབ་པའོ། །ཁྲོ་བོ་ཡང་ཧེ་རུ་ཀའི་དཀྱིལ་འཁོར་ནས་ཕྲ་མེན་མ་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་གདུལ་བྱ་འདུལ་བའི་ངོ་ལ་ཅིར་ཡང་སྣང་བའོ། །བེམ་པོས་འདུལ་བ་ལ་བེམ་པོའི་སྣང་བའང་བསྡུའོ། །ངོ་བོ་བསམ་གྱིས་མི་ཁྱབ་པ་ནི། དེ་ལྟར་མཛད་པའི་ཕྲིན་ལས་ཅིར་སྣང་ན་ཡང་ཡུལ་དང་ཡུལ་ཅན་བྲལ། མཛད་བྱ་མཛད་བྱེད་མ་འགགས་མ་དམིགས་དབྱེར་མེད་པའོ། །ཀུན་ཏུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་ཞེས་པ། ཀུན་ཏུ་བཤད་ཟིན། ཐུགས་ནི་རང་བྱུང་གི་ཡེ་ཤེས་ཏེ། མཁྱེན་པ་གཉིས་ངོ་བོ་དགོངས་པ་མཉམ་པ་ཉིད་ཇི་ལྟ་བ་བསམ་གྱིས་མི་ཁྱབ་པ་དང་། མ་འགག་པ་མཁྱེན་པའི་ཡེ་ཤེས་གདུལ་བྱའི་གྲངས་བཞིན་དུ་མཁྱེན་པ་དང་། གདུལ་བྱ་གཅིག་གི་དུས་ཐོག་མ་མེད་པ་ན་ཐ་མའི་སྐད་ཅིག་མ་མཁྱེན་པ་དང་། འདུལ་བའི་ཐབས་ཕྲིན་ལས་རྣམ་པ་བཞི་གང་གིས་འདུལ་བ་དང་། དུས་སྐད་ཅིག་མ་སྔ་ཕྱི་གང་གིས་དུས་མཁྱེན་པ་ལ་སོགས་པ་བརྗོད་པའི་ཚིག་གི་ཐ་སྙད་ལྟ་བུ་རིམ་པ་བཞིན་མ་ཡིན་པར་སྐད་ཅིག་ལ་ཐམས་ཅད་རྫོགས་པ་ནི། རྣམ་གྲངས་བསམ་གྱིས་མི་ཁྱབ་པ་དང་ངོ་བོ་བསམ་གྱིས་མི་ཁྱབ་པ་དབྱེར་མེད་པ་མཁྱེན་པའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་གྱི་རྣམ་གྲངས་རྣམས་ཀྱང་བསྡུའོ། །ཀུན་ཏུ་ཞལ་བསམ་གྱིས་མི་ཁྱབ་པ་ནི། ཞེས་པ་ཀུན་ཏུ་བཤད་ཟིན། ཞལ་ནི་ཐུབ་པ་ཆེན་པོའི་སྐུ་གཅིག་བཞུགས་པ་ལ་གདུལ་བྱ་སྟོང་གིས་བསྐོར་ནས་ཕྱོགས་ཀུན་ནས་བལྟས་ན་སྟོན་པའི་རྒྱབ་རྣམ་པ་ཐམས་ཅད་དུ་མི་མཐོང་སྟེ་ཐམས་ཅད་ཞལ་དུ་གྱུར། གདུལ་བྱ་ཐམས་ཅད་ཀྱི་ངོ་བོ་སྟོན་པའི་ཤངས་རྒྱུད་དྲང་པོ་དེ་བདག་ཁོ་ན་ལ་བསྟན་སྙམ་པ། བདག་ཁོ་ན་ལ་ཐུགས་ཀྱིས་དགོངས་སྤྱན་གྱིས་གཟིགས་སྙམ་པའོ། །བསམ་གྱི་མི་ཁྱབ་པ་ནི་སྟོན་པའི་སྐུ་རང་བྱུང་ཁོ་ནའི་ཕྱིར་རང་བྱུང་གི་ཡེ་ཤེས་གདུལ་བྱ་ཅི་ཙམ་པ་དེ་དེ་ཙམ་དུ་ཤར་བས་རྣམ་གྲངས་བསམ་གྱིས་མི་ཁྱབ། ངོ་བོ་ཤར་བྱ་ཤར་བྱེད་མེད་པས་བསམ་གྱིས་མི་ཁྱབ་པའོ། །གོང་འོག་གི་རང་གིས་ཚིག་མཚན་མ་རྣམས་སྡུད་པའི་ཚིག་ཏུ་ཤེས་ཏེ། དཀྱུས་ཀུན་ལ་སྦྱར་རོ། །ཀུན་ཏུ་གསུང་ཞེས་པ་ལ་སོགས་པ་ཀུན་ཏུ་མཐུན། གསུང་ལ་ངོ་བོ་དང་རྣམ་གྲངས་གཉིས། ངོ་བོ་ནི་གསུང་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད། རང་གསལ་བའི་མཚན་ཉིད་ཅན་དམིགས་པའི་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པའོ། །རྣམ་གྲངས་ནི་གསུང་དབྱངས་ཡན་ལག་སུམ་བརྒྱ་དྲུག་ཅུ་ལ་སོགས་ཏེ། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད་ལ་སོགས་པ། འགྲོ་དྲུག་ཕྲ་རགས་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་སྐད་དང་མཐུན་པར་སྣང་ཞིང་དེ་ནི་མཚོན་པར་བྱེད་པས་ན་བསམ་གྱིས་མི་ཁྱབ་པའོ། །དེ་དག་སྣང་བའི་གདུལ་བྱ་ནི་བསམ་གྱིས་མི་ཁྱབ་པ་གྲངས་མེད་ཆོས་ཀྱི་དབྱིངས་ཀྱི་ས་ཁྱོན་ཚད་ཀྱི་གདུལ་བྱ་སྟེ། དེའི་ངོ་ལ་འདུལ་བྱེད་ཀྱང་གོང་དུ་བསྟན་པ་རྣམས་དང་། ཡོན་ཏན་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་གདུལ་བྱ་དང་མཐུན་པ་གྲངས་མེད་པར། འདིར་ཀུན་ཏུ་བཟང་པོའི་བསྟན་པ་བཤད་པས་ཐུབ་པ་དྲུག་ཀྱང་དེའི་ཡན་ལག་སྣང་བའི་དབང་གིས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་ཆོས་ཀྱི་དབྱིངས་དང་མཉམ་པར་སྣང་བར་གྱུར་ཏོ། །རིགས་པས་འདུལ་བ་གསུང་གི་མཛད་པ་མདོར་བསྟན་པ་ནི། ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས་ཞེས་པ། གསུང་གི་བརྗོད་པ་མ་ལུས་པ་ཐམས་ཅད་ཀྱང་མདོར་བསྡུས་འདི་ལྟ་སྟེ། འདུལ་བའི་དབང་གིས་ཞེས་པ། ཐེག་པ་མཐོ་དམན་ནང་རིས་མི་མཐུན་པ་ཇི་ལྟར་སྣང་ཡང་། གདུལ་བྱ་འདུལ་བའི་བྱེ་བྲག་གིས་གདུལ་བྱའི་བློ་བཞིན་དུ་སྣང་བས་འདུལ་བའི་དབང་ཞེས་བྱའོ། །ལྷ་དང་མིའི་ཐེག་པ་དང་། ཞེས་པ་ལ་སོགས་པ་ནི། ཐེག་པ་ནི་རྣམ་གྲོལ་འབྲས་བུ་ཐོབ་པར་བྱེད་པའི་ཐབས་ཤུགས་ལ་ལམ་མཐར་ཕྱིན་པ་འབྲས་བུ་ཡིན་པས། དེ་ཉིད་སྟོན་པར་བྱེད་པ་ནི་ཐེག་པའི་ངོ་བོའོ། །ཐེག་པ་ལྔ་པོ་གདུལ་བྱ་དབང་པོ་རབ་འབྲིང་ལྔ་པོའི་ངེས་ཚིག་གོ། །དབྱེ་བ་ནི་ལྔ་ལས། སེམས་བསྟོད་པ་དང་བཅས་ཏེ་གནག་པའི་ལས་སྤངས་ནས་དགེ་བ་བཅུ་འབའ་ཞིག་ཉམས་སུ་བླང་བ་དང་། དེའི་ཐོག་ཏུ་བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཚད་མེད་བཞིའི་མི་གཡོ་བའི་ལས་བསྒོམས་པས་འབྲས་བུ་འདོད་ཁམས་ཀྱི་ལྷ་མི་དང་ཁམས་གོང་མ་གཉིས་ཐོབ་པའོ། །ཉན་ཐོས་ཀྱི་ཐེག་པ་ཞེས་པ། ཉན་ཐོས་རང་གི་ངོ་བོའི་ལམ་དུ་ཞུགས་ནས་འབྲས་བུ་མ་ཐོབ་ཀྱི་བར་དུ། བུདྡྷ་དང་སློ་དཔོན་ལས་ཆོས་ཉན་ཅིང་ཐོས་པར་བྱེད་པ་ན་ཉན་ཐོས་སོ། །ཐེག་པ་ཉམས་སུ་བླང་བ་ལམ་གྱི་ངོ་བོ་ལ་བཞི་སྟེ། ལྟ་བ་ནི་སྡུག་བསྔལ་ཀུན་འབྱུང་བ་ལ་སོགས་ཏེ་བདེན་པ་བཞིའི་དོན་རྟོགས་པའོ། །བསྒོམ་པ་ནི་ཚོགས་དྲུག་བཀག་ནས་ནང་དུ་འགོག་པ་བསྒོམ་པའོ། །སྤྱོད་པ་ནི་སྡིག་པ་ལ་སོགས་ཏེ་སྤང་བྱ་ཐམས་ཅད་སྤངས། དགེ་བཅུ་ལ་སོགས་པ་བླང་བྱ་ཐམས་ཅད་ཉམས་སུ་བླངས་ཏེ། རང་འཁོར་བ་ལས་འདས་པ་ཁོ་ནའི་དོན་ནོ། །ལམ་མཐར་ཕྱིན་པའི་འབྲས་བུ་ནི་འཕགས་པ་དགྲ་བཅོམ་པ་ཐོབ་སྟེ། མཚོའི་དར་ཞིག་ནས་ཆུ་ལ་ཐིམ་པ་ལྟར་ཞི་བ་མི་རྟོག་པ་ཁོ་ནའོ། །རང་བྱང་ཆུབ་ཀྱི་ཐེག་པ་ཞེས་པ། རང་བུདྡྷའི་རྟེན་གྱི་གང་ཟག་གིས་སྦྱོར་ལམ་གྱི་སྐབས་ན་བཟོད་པ་འབྲིང་པོའི་སྐབས་མན་ཆད་དུ་ཐེག་དམན་དང་མཐུན་ནས། དེ་ནས་རིགས་ཕྱེ་སྟེ་རང་བུདྡྷའི་ལམ་དུ་ཞུགས་ནས། སློ་དཔོན་ལ་བརྟེན་པའི་སྨོན་ལམ་མ་བཏབ་པའི་དབང་གིས་འབྲས་བུ་ཐོབ་ཁ་ན། སློབ་དཔོན་ལ་མ་བརྟེན་པར ། མི་ཤི་བའི་རུས་པ་ལྟ་བུའི་དངོས་པོ་གཅིག་ལ་བརྟགས་པས་ཏིང་ངེ་འཛིན་བསྙེས་ནས། དེས་རང་བུདྡྷའི་འབྲས་བུ་ལ་སྦྱོར་རོ། །དེ་ལའང་ཐེག་པ་ཞེས་པ་བཞི་སྟེ། ལྟ་བ་ནི་ནང་འཛིན་པའི་སེམས་སྐད་ཅིག་མར་འཛིན་པ་ཉན་ཐོས་དང་མཐུན། ཕྱི་གཟུང་བའི་ཡུལ་ཡང་རྡུལ་ཕྲ་རབ་ཙམ་དོན་དམ་དུ་འཛིན་པ་ཉན་ཐོས་ལས་ལྷག་པ་གཟུགས་ཀྱི་ཕུང་པོ་ཆོས་ཀྱི་ཕྱོགས་གཅིག་ཅེས་པས། ནང་གི་ཕུང་པོ་ལ་རྡུལ་ཕྲ་རབ་མ་གྲུབ་ནས་དོན་དམ་པར་རྟོགས། བསྒོམ་པའི་ཏིང་ངེ་འཛིན་ནི་ཕྱི་ནང་གི་རྟེན་འབྲེལ་བཅུ་གཉིས་རྒ་ཤི་ནས་བཟློག་སྟེ། མ་རིག་པ་ལ་གཏུགས་ཏེ་བཀགས་པས། བསམ་གཏན་མར་མེ་ཤི་བ་ལྟ་བུ་ཞེས་ཏེ། མར་མེ་མར་གྱི་རྒྱུན་ཟད་ན་མེ་ཤི་བ་ལྟར་མ་རིག་པ་བཀགས་ཏེ་ཁེགས་པས་འཁོར་བ་རྒྱུན་དགག་པས། སྟོང་པའི་རྒྱུན་བསྒོམ་པའོ། །སྤྱོད་པ་ནི་ཉན་ཐོས་དང་མཐུན། འབྲས་བུ་ནི་ཡིད་བཞིན་བདེ་བ་མཆོག་གི་ས་ཐོབ་སྟེ། འཁོར་བའི་ཉེས་པ་དང་བྲལ་བ་ནི་བདེ་མཆོག །སྔར་གཟུགས་ཀྱི་ཕུང་པོ་རང་བཞིན་མེད་པར་རྟོགས་པའི་སྟོབས་ཀྱིས། ལུས་ཀྱི་སྒོ་ནས་འགྲོ་བའི་དོན་བྱེད་ནུས་ཏེ། སྟོད་ན་མེ་འབར་སྨད་ན་ཆུ་འབྲུབ་པ་ལ་སོགས་པ་རྫུ་འཕྲུལ་གྱིས་དོན་བྱེད། སེམས་བདག་མེད་མ་རྟོགས་པས་ཆོས་བཤད་མི་ནུས། སྔོན་འབྲས་བུ་ཐོབ་ཁ་ན་སློབ་དཔོན་ལ་སྨོན་ལམ་མ་བཏབ་པའི་དབང་གིས། བུདྡྷ་བཞུགས་པའི་སྤྱན་སྔ་ན་མི་འབྱུང་། བུདྡྷ་མི་བཞུགས་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གྱི་དོན་མཛད་དོ། །བྱང་སེམས་དཔའི་ཐེག་པ་དང་། །ཞེས་པ་བྱང་ཆུབ་སེམས་དཔའ་ནི། སེམས་བསྐྱེད་པ་ཡན་ཆད་ནས་མཐོང་ལམ་ཐོབ་པ་བསྡུས་ཏེ། ཐེག་པ་ཆེན་པོའི་རིགས་ཡོད་པའི་སེམས་ཅན་ཐམས་ཅད་ཀྱང་བསྡུའོ། །ཐེག་པ་ནི་དེའི་གཞུང་ཉམས་སུ་བླང་བའི་ངོ་བོ་སྟེ། ལྟ་བ་ནི་བདག་མེད་གཉིས་ཀྱི་དོན་རྟོགས་པའོ། །བསྒོམ་པ་ནི་དོན་རྟོག་པའི་བདེན་པ་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུ་སྟེ། ས་བཅུ་ལ་རིམ་པ་བཞིན་དུ་གོང་ནས་གོང་དུ་སྐྱེད་དུ་འགྲོ་བའོ། །སྤྱོད་པ་ནི་བསྡུ་བའི་དངོས་པོ་གཞི་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་བདག་གཞན་གྱི་དོན་མཛད་པའོ། །འབྲས་བུ་ནི་ཀུན་ཏུ་འོད་ཀྱི་ས་མཉམ་རྗེས་ཅན་ནོ། །བླ་ན་མེད་པའི་ཐེག་པ་ཞེས་པ། ཕྱི་ནང་སྡེ་དྲུག་སྟེ། ཕྱི་པ་ཀྲྀ་ཡ་དང་ཡོ་ག་དང་ཨུ་པ་ཡ་དང་གསུམ། ནང་པ་གསུམ་དང་དྲུག །རྒྱུ་འབྲས་དབྱེར་མེད་ཀྱི་དོན་རྟོགས་ནས། འབྲས་བུ་ལམ་དུ་བྱེད་དེ་སྟོང་ཉིད་བསྒོམ་པ་ནི་ཆོས་སྐུ། ལྷའི་སྐུ་བསྒོམ་པ་ནི་ལོངས་སྐུ། ཏིང་ངེ་འཛིན་འཕྲོ་འདུ་ནི་སྤྲུལ་སྐུ། སྐུ་གསུམ་ལམ་དུ་བྱེད་པ་ཉིད་ལ་འདྲིས་ནས་མཐར་ཕྱིན་པས། དེའི་གོང་ན་ཐེག་པ་གཞན་མེད་པས་བླ་ན་མེད་པ་ཞེས་བྱའོ། །དེ་ཡང་དབྱེ་ན། ལྟ་བ་བླ་ན་མེད་པ་དང་། སྤྱོད་པ་བླན་ན་མེད་པ་རྣམས་འདིར་མི་སྤྲོའོ། །སྔགས་ཕྱི་པ་ཤུགས་ཀྱིས་ཤེས་ནས། ནང་པ་གཙོར་བསྟན། ལྟ་བ་བླ་ན་མེད་པ་ནི་ཆོས་ཐམས་ཅད་གཉིས་སུ་མེད་པ་དེ་ཡང་ཡུལ་བྲལ་དུ་རྟོགས་པའོ། །བསྒོམ་པ་བླ་ན་མེད་པ་ནི་ཆོས་ཉིད་ཡུལ་དང་ཡུལ་ཅན་མེད་པར་རིག་པ་རང་གསལ་བའོ། །སྤྱོད་པ་བླ་ན་མེད་པ་ནི་ལྟ་སྤྱོད་བསྒོམ་གསུམ་དབྱེར་མེད་པའི་ངང་ལས། བླང་དོར་མེད་པ་ཉིད་རང་སྣང་མི་འགག་པར་ཤར་བའོ། །འབྲས་བུ་བླ་ན་མེད་པ་ནི་སྐུ་ལྔ་ལྷུན་གྱིས་གྲུབ་པའོ། །ལྟ་སྤྱོད་སྒོམ་པ་རྣམས་དབུ་མ་མན་ཆད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས། སྔགས་ཁྱད་པར་ཆེ་སྟེ། དབུམ་པས། ཆོས་ཉིད་བསམ་དུ་མེད་པའི་སྟོང་པ་ཉིད་རྟོགས་ཀྱང་། ཐེག་པ་འདི་ཉིད་དུ་བཤད་པའི་བསམ་གྱིས་མི་ཁྱབ་པའི་དོན་དམ་མ་རྟོགས་ལ། མ་ཧཱ་ཡོ་གས་ངོ་བོ་བསམ་དུ་མེད་པ་རྣམ་པ་མི་འགག་པ་དབྱེ་མེད་པར་རྟོགས་པའོ། །དབུ་མས་བསོད་ནམས་ཀྱི་ཚོགས་བྱ་བ་དང་བྱེད་པ་དང་དངོས་པོ་གསུམ་དུ་འཛིན་པ་ལ་སོགས་ཏེ། ཡུལ་གསུམ་སེམས་སུ་དབྱེར་མེད་པའི་འདུ་ཤེས་དང་བྲལ་བའི་ཡེ་ཤེས་ཀྱི་ཚོགས་མ་རྫོགས་ལ། མ་ཧཱ་ཡོ་གས་མ་འདྲེས་ཡོངས་རྫོགས་ཀྱི་ངོས་ནས་ཚོགས་གཉིས་ཅིག་ཅར་རྫོགས་སོ། །དབུ་མས་ཉོན་མོངས་པའི་སྒྲིབ་པ་མཐོང་ལམ་ཐོབ་པའི་དུས་སུ་དག་ཀྱང་། ཤེས་བྱའི་སྒྲིབ་པ་བསྐལ་པ་གྲངས་མེད་པ་སྦྱང་དགོས་སོ། །མ་ཧཱ་ཡོ་གས་སྒྲིབ་པ་གསུམ་དུས་གཅིག་དག་སྟེ། མ་འདྲེས་ཡོངས་སུ་རྫོགས་པའི་དོན་གྱིས་སོ། །དབུ་མ་པས་སྤངས་པ་ཕུན་སུམ་ཚོགས་པའི་འབྲས་བུ་ཤེས་བྱའི་སྒྲིབ་པ་ཕྲ་བའང་དག་ནས། ཀུན་ཏུ་འོད་ཀྱིས་མཚན་མ་ཐམས་ཅད་དང་བྲལ་བ་མངོན་དུ་གྱུར་ཀྱང་། མ་ཧཱ་ཡོ་གས་གཉིས་ཀ་ཐོབ་སྟེ་གོང་མའི་དོན་གྱི་ངང་ལས་མཐའ་དབུས་མེད་པར་བདལ་ལོ། །དེ་ལ་ལྷ་དང་མིའི་ཐེག་པས་ནི་མི་དགེ་བ་མཐའ་དག་སྤོང་བ་དང་། ཉན་ཐོས་ཀྱི་ཐེག་པས་ཉོན་མོངས་པ་སྤོང་ལ། རང་རྒྱལ་བས་འཁོར་བའི་རྟེན་འབྲེལ་སྤོང་བས་ཏེ། གསུམ་ཀ་སྤོང་བའི་ཐེག་པ་ཞེས་བྱའོ། །དཔེར་ན་ཡུལ་ཕྱོགས་འདི་ན་བཙན་དུག་འཇིགས་པ་ཡོད་ལ་དེ་མི་གཅེས་པ་གཅིག་ཤི་ན། དུག་གི་འཕྲོ་དེ་ཐག་རིང་པོར་སྤོང་བའམ་བྲོས་པ་ལྟ་བུ་སྟེ་སྤོང་བའི་ཐེག་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་སྦྱོང་བའི་ཐེག་པ་སྟེ། ཞེ་སྡང་གཉེན་པོ་བྱམས་པས་སྦྱོང་། འདོད་ཆགས་གཉེན་པོ་མི་སྡུག་པས་སྦྱོང་། གཏི་མུག་གཉེན་པོ་ཁམས་ཀྱི་དབྱེ་བ་ཤེས་རབ་ཀྱིས་སྦྱོང་བ་སྟེ། སྔར་གྱི་དུག་དེ་སྨན་པ་གཅིག་གིས་ཆུར་གདུས་ཏེ་དུག་དེ་མེད་པར་བྱེད་པ་ལྟ་བུའོ། །དེ་ནི་གཞི་སྦྱོང་བའི་ལམ་པའོ། །གསང་སྔགས་ཕྱི་པ་ནི་ཉོན་མོངས་པ་ལྷའི་དཀྱིལ་འཁོར་དུ་བསྒྱུར་ནས་བསྒོམ་པ་སྟེ་གཞི་བསྒྱུར་བའི་ལམ་པའོ། །དེ་ནི་དཔེར་ན་བྲམ་ཟེ་གཅིག་གིས་དུག་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ནས་དུག་གི་ནུས་པ་མེད་པར་སླར་སྨན་དུ་འགྱུར་བ་ལྟ་བུའོ། །ནང་པ་རྒྱུད་ལུང་གཉིས་ཀྱིས་ཉོན་མོངས་པ་རང་སེམས་སུ་དབྱེར་མེད་དུ་རྟོགས་པས་མི་འདོར་བར་ཆེད་དུ་སྤྱོད་པ་སྟེ། དཔེར་ན་རྨ་བྱས་དུག་མཐོང་ནས་ཟས་སུ་ཟོས་པས་མདོངས་གསལ་བ་ལྟ་བུའོ། །ཨ་ཏིས་ཉོན་མོངས་པ་དང་སེམས་ཉིད་སྣང་སྟོང་དབྱེར་མེད་པ་མཉམ་པ་ཉིད་དུ་རྟོགས་པས་མཉམ་པ་ཉིད་ཀྱི་ངང་ལས་སྤང་བླང་དང་བྲལ་བའོ། །དེ་ནི་དུག་རང་གི་ངོ་བོ་ལ་ཕན་གནོད་གང་ཡང་མ་དམིགས་པ་ལྟ་བུའོ། །ཐུབ་པའི་བསྟན་པའི་སྐབས་འདིར། སྤྲུལ་པའི་སྐུའི་བསྟན་པ་ཡིན་པའི་དབང་གིས་སྔགས་གསུངས་པས་བླ་ན་མེད་པའི་ཐེག་པ་ཞེས་བྱ། དགོངས་འདུས་དང་བཀའ་གཞན་ནས་ཀྱང་། གསུང་སྔགས་ཕྱིས་འབྱུང་བར་གསུངས་པས་འགལ་ཞེ་ན་མི་འགལ་ཏེ། བཀའ་གཞན་གྱི་ལུགས་སྔགས་ཕྱིས་འབྱུང་བར་གསུངས་པ་ནི། སྤྲུལ་པའི་སྐུ་ཞལ་བཞུགས་པའི་དུས་སུ། འཁོར་འདུས་པ་ཕལ་མོ་ཆེ་ལ་མཚན་ཉིད་གསུངས་པ་ལས་སྔགས་མ་གསུངས་སོ། །འདིར་འཁོར་རིག་འཛིན་ས་ནོན་པའི་ཁྱད་པར་ཅན་ལ། འཁོར་འདུས་པ་ཕལ་མོ་ཆེ་རྣམས་ཀྱི་ཡིད་ཚད་མ་ཡིན་པས་སྔགས་གསུངས་པ་མི་འགལ་ལོ། །འོ་ན་འདིར་ཐུན་མོང་མ་ཡིན་པའི་རྒྱུད་གསང་བའི་སྙིང་པོ་འབྱུང་བའི་སྐབས་སུ། ཐུབ་པ་དྲུག་གི་ཐུན་མོང་གི་བསྟན་པ་གསུངས་པ་སྐབས་འཆོལ་བར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། འདིར་འོག་མིན་ཆེན་པོར་ཕུན་སུམ་ཚོགས་པའི་གླེང་གཞི་འཛོམ། རྒྱུད་ཀྱི་དོན་སྣང་བའི་དུས་སུ། དེ་མཐོང་ཐོས་ཀྱི་སྐལ་བ་མེད་པའི་གདུལ་བྱ་རྣམས་ལ། རྒྱུད་འདིའི་བྱིན་རླབས་ཀྱི་རྩལ་ལས་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཀྱི་གདུལ་བྱ་རྣམས་ལ་རང་བློ་དང་མཐུན་པའི་སྟོན་པར་སྣང་ནས། ཐེག་པས་སོ་སོའི་བློ་ཚིམ་པར་བྱས་པ་ནི། རྒྱུད་གསང་བའི་སྙིང་པོ་དང་སྟོན་པ་ཀུན་ཏུ་བཟང་པོའི་ཡོན་ཏན་ལས་སྣང་བའམ། རང་བཞིན་གསང་བའི་སྙིང་པོ་མཐོང་བར་བྱ་བའི་ལམ་སྟེགས་སུ་སྣང་བ་སྟེ། དེའི་ཕྱིར་ན་བསྟན་པ་སྤྱིའི་གླེང་གཞི་ཞེས་ཀྱང་འབྱུང་སྟེ། ཐུན་མོང་གི་ཐེག་པ་གསུངས་པས་སྐབས་འཆོལ་བར་མི་འགྱུར་རོ། །ཉོན་མོངས་པ་ལ་དགོངས་ནས་དབྱེ་བ་ནི། མ་རིག་པའི་རྣམ་པར་རྟོག་པ། ཞེས་བྱ་བ་ལ་སོགས་པ་སྟེ། གོང་དུ་བས་ཞེས་པས། གཉེན་པོའི་ངོ་བོ་སྟེ་འཇོམས་པའི་བདག་ཉིད་དོ། །མི་མཐུན་པའི་ངོ་བོ་གང་ཞེ་ན། མ་རིག་པའི་ཞེས་པ། སེམས་ཀྱི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་མ་རིག་པའི་ངོ་བོ་ནི་ལྷན་སྐྱེས་ཀྱི་མ་རིག་པ་སྟེ་ཉོན་མོངས་པའི་རྒྱུའོ། །དེ་ལས་བྱུང་བའི་རྣམ་པར་རྟོག་པ། ཞེས་པ་གཟུང་འཛིན་གཉིས་ཏེ། ཕྱིའི་ཡུལ་མེད་པ་ལ་ཡོད་པའི་རྣམ་པར་རྟོག །ནང་གི་སེམས་མ་གྲུབ་པ་ལ་ཡོད་པའི་རྣམ་པར་རྟོག་པ་གཉིས་ཏེ། རྟོག་པའི་ངོ་བོ་ནི་མེད་བཞིན་དུ་གློ་བུར་དུ་ཡོད་པར་བརྟགས་ཏེ་འཁྲུལ་པ་སྐད་ཅིག་མར་བརྟེན་ནས་གཟུང་འཛིན་གྱིས་དེ་ལས་མི་འདའ་བས་ཉེས་པ་འཁོར་བ་བསྐྱེད་པའི་ཕྱིར་རྟོག་པ་ཞེས་བྱའོ། །དེས་བསྐྱེད་པའི་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། དེ་གསུམ་ཆ་མཉམ་པ་དང་བཞིའམ། སྤར་ཁབ་མཁན་པོས་ནི། བདག་ཏུ་ང་རྒྱལ་བ་ལ་བརྟེན་ནས་གཞན་པ་ལ་ཕྲག་དོག་པ་འོང་སྟེ། དེ་གསུམ་གཅིག་ཏུ་བརྩིས་པས་བཞི་ཞེས་འདོད་དོ། །དེ་ལྟར་ཉོན་མོངས་པ་བཞིར་བསྡུས་པ་དེ་ལ་ཡན་ལག་བྱེ་བྲག་ཏུ་འཕེལ་བ་ནི། སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཞེས་ཏེ། ཆ་བཞིར་བྱས་པ་དེ་རེ་རེའི་ཡན་ལག་ལས་ཀྱང་ཉི་ཁྲི་ཆིག་སྟོང་རེ་ཡོད་པས། དེ་བསྡོམས་ན་ཉི་ཁྲི་བཞི་ནི་སྟོང་ཕྲག་བརྒྱད་ཅུ། སྟོང་ཚོ་བཞི་བསྡོམས་པས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ནི་ཉོན་མོངས་པ་གདུལ་བྱ་ཞེའོ། །འདུལ་བྱེད་དེ་དག །གཉེན་པོར་ཞེས་པ། ཡུལ་དེ་དག་འདུལ་བྱེད་སྤོང་བས་འདུལ་བས་ལྷ་མི་ཉན་ཐོས་རང་རྒྱལ་གསུམ། སྦྱོང་བས་འདུལ་བའི་གཉེན་པོ་བྱང་ཆུབ་སེམས་དཔའི་ཐེག་པ། དབང་དུ་བྱེད་པའི་གཉེན་པོ་གསང་སྔགས་ཕྱིན་ནང་སྟེ། ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི། ཅེས་པ་གཉེན་པོ་སྟེ། བསྡུ་ན་ཉན་ཐོས་རང་རྒྱལ་གཉིས་གཅིག་ཏུ་བརྩི་བ་ཐེག་པ་ཆུང་ངུ། བྱང་ཆུབ་སེམས་དཔའ་རྒྱུའི་ཐེག་པ་ཆེན་པོ། གསང་སྔགས་འབྲས་བུའི་ཐེག་པ་སྤྱི་མཐུན་དུ་གསུངས་ལ། ལྷ་མིའི་ཐེག་པ་དགེ་བ་བཅུ་དང་ཚད་མེད་པ་བཞི་སྟེ། དེ་དག་སྤྱིར་བསྡོམས་ནས་འདོད་ཆགས་ཀྱི་བྱེ་བྲག་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་། ཞེ་སྡང་ཉི་ཁྲི་ཆིག་སྟོང་དུ་གྱེས་པའི་གཉེན་པོར་བྱམས་སྙིང་རྗེ་ཤས་ཆེ་བ་མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་། གཏི་མུག་གྲངས་དེ་དང་མཐུན་པའི་གཉེན་པོར་མངོན་པའི་དེ་སྣོད་ཉི་ཁྲི་ཆིག་སྟོང་། དུག་གསུམ་ཆ་མཉམ་པ་གྲངས་དེ་དང་མཐུན་པའི་གཉེན་པོར། ཆོས་ཀྱང་ཆ་མཉམ་པས་འདུལ་བའི་ཉི་ཁྲི་ཆིག་སྟོང་ལ་ནི་བསྡོམས་པས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཞེས་བྱའོ། །གསུངས་སོ་བྱ་བ་འདས་པའི་བུདྡྷ་རྣམས་ཀྱིས་གསུངས། གསུང་ངོ་ཞེས་པ། ད་ལྟར་གྱི་བུདྡྷ་རྣམས་ཀྱིས་སོ། །གསུང་བར་འགྱུར་བ་ནི་མ་བྱོན་པའི་བུདྡྷ་རྣམས་ཀྱིས་ཏེ། དེ་བས་ན་སྤྲུལ་སྐུ་དུས་གསུམ་གྱི་བུདྡྷ་རྣམས་བསྟན་པ་སྟེ། སྡེ་སྣོད་རིན་པོ་ཆེ་གསུམ་མཐུན་པར་བཞེད་དོ། །གཉེན་པོ་ལ་དགོངས་པས་བསྡུ་བ་ནི། དེ་དག་ཐམས་ཅད་ཀྱང་ཞེས་པ་ལ་སོགས་ཏེ། དེ་དག་ནི་གོང་དུ་སྨོས་པའི་སྡེ་སྣོད་གསུམ་ཐམས་ཅད་ནི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱང་བསྡུ་ན་ལྔར་འདུས་པ་གང་ཞེ་ན། འཕེལ་སྡུད་དུ་བསྡེབས་པས། ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང་ཞེས་པ། ལས་ནི་བསགས་ཤིང་འབྲས་བུ་འབྱིན་ནས་ཟད་པ་དང་བཅས་ཏེ་ལས་ཞེས་བྱ་སྟེ། དགེ་སྡིག་གཉིས་མི་གཡོ་བའི་ལས་ཏིང་ངེ་འཛིན་དང་གསུམ། འབྲས་བུ་ཆུད་མི་ཟ་བ་ནི། དགེ་བ་ཆུད་མི་ཟ་བའི་འབྲས་བུ་མཐོ་རིས་གནས་གསུམ། མི་དགེ་བ་ཆུད་མི་ཟ་བའི་འབྲས་བུ་ངན་སོང་གསུམ། མི་གཡོ་བ་ཆུད་མི་ཟ་བའི་འབྲས་བུ་ཁམས་གོང་མ་གཉིས། ལྷ་མིའི་ཐེག་པའོ། གཟུང་བ་དང་འཛིན་པའི་ཞེས་པ། ཕྱི་གཟུང་བའི་ཡུལ་སོ་སོར་སྣང་བ་ཀུན་རྫོབ། བཤིགས་ནས་རྡུལ་ཕྲ་རབ་འབྱར་ལ་མ་རེག་པ་ཆ་མེད་ནི་དོན་དམ་པ། འཛིན་པ་ཞེས་པ། ནང་འཛིན་པའི་སེམས་མ་བརྟགས་ན་ཉམས་དགའ་བ་ཙམ་ཀུན་རྫོབ། སྐད་ཅིག་མས་གཞིགས་པས་སྐད་ཅིག་མ་ཆ་མེད་ནི་རང་རྒྱུད་ཀྱི་དོན་དམ་པར་ཡོད་པར་འདོད་པ་ནི་ཉན་ཐོས་སོ། །ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ། ཕྱིའི་རྟེན་འབྲེལ་ནི། ཡུལ་གྱི་སྣང་བ་རྣམས་ས་བོན་ལས་མྱུ་གུ། དེ་ལས་ལོ་འདབ། དེ་ལས་སྡོང་བུ། དེ་ལས་མེ་ཏོག །དེ་སྐད་ཅིག་ལ་སྔ་མ་སྟོབས་སུ་གྱུར་པས་སྔ་མ་འབྲས་བུ། ཕྱི་མ་རྒྱུར་ཐུག་པ་མེད་པ་ནི་ཕྱིའི་རྟེན་འབྲེལ་བཅུ་གཉིས་སོ། །ནང་གི་རྟེན་འབྲེལ་བཅུ་གཉིས་ནི། སེསམ་ཅན་གྱི་རྒྱུད་དེ་རྩ་བ་མ་རིག་པའི་སྟོབས་ཀྱིས་འདུ་བྱེད་ནས་བཟུང་སྟེ། སྐྱེས་ན་རྒས་ཏེ་ཤི་བ་ལ་ཐུག་པའི་བར་ཏེ་བཅུ་གཉིས་སོ། །དེ་ཡང་ལུགས་སུ་འབྱུང་བ་འཁོར་བའོ། །ལུགས་ལྡོག་རིམ་པ་བཞིན་དུ་འབྲས་བུ་ས་བོན་དང་། རྒ་ཤི་སྐྱེ་བ་སོགས་མ་རིག་པ་ལ་གཏུགས་པས་མ་རིག་པ་དངོས་པོ་མ་གྲུབ་སྟེ། དབུས་མཐའ་མེད་པར་འདོད་པ་ནི་རང་རྒྱལ་བའི་ཐེག་པའོ། །འཛིན་པ་འཁྲུལ་པ་ལས་འདོགས་པ་དང་བྱ་བ། ཕྱི་གཟུང་བའི་ཡུལ་དུ་སྣང་བ་ཐམས་ཅད། འཛིན་པ་ཞེས་པ། ནང་འཛིན་པའི་སེམས་མ་རྟོགས་པའི་འཁྲུལ་པ་ཉིད་ཡུལ་དུ་སྣང་བ་སྟེ། མགོ་མཉམ་དུ་གྲུབ་པས་འཁྲུལ་བ་སྣང་བ་ཉིད་དངོས་ཡུལ་དུ་འདོགས་པས་ཡུལ་ལོགས་སུ་མེད། སེམས་ཉིད་འཁྲུལ་པ་ཡིན་ཞེས་པ། སེམས་ཙམ་པ་དང་། ཡང་། འཛིན་པ་འཁྲུལ་པ་ལས་འདོགས་ཞེས་པ། ཡུལ་སྣང་བ་ཐམས་ཅད་སེམས་འཁྲུལ་པར་སྣང་བ་ཡིན་པས་སེམས་ལས་གུད་དུ་ཡུལ་མེད་པའི་ཕྱིར། སེམས་མཐའ་ཐམས་ཅད་དང་བྲལ་བའི་སྟོང་པ་ཡིན་པས། ཡུལ་ཡང་མ་སྐྱེས་པར་གསལ་བས་ཕན་ཚུན་སྟོང་པ་ཉིད་ཀྱི་དོན་དབུ་མ་པ་དང་གཉིས། ཉོན་མོངས་པ་ཆོས་ཉིད་དུ་གཉེན་པོས་སྦྱོང་བའོ། །ལས་དང་ལས་ཀྱི་འབྲས་བུས་མི་གོས་ཞེས་པ། ཀྲྀ་ཡ་པ་སྟེ་གཞི་རང་བཞིན་གྱི་རྒྱུད་ལ་ཕྱི་ནང་གི་དངོས་པོ་ཐམས་ཅད་རིགས་གསུམ་དུ་སངས་རྒྱས་ངེས་པ། ལྟ་བ་ལ་ཤན་ལས། མཐོ་འཇམ་རྩུབ་ཅེས་ཏེ། འཇམ་པ་ནི་ཡིད་དུ་འོང་བ། སྡུག་པ་ཐམས་ཅད་ནི་སྤྱན་རས་གཟིགས་དབང་ཕྱུག་གོ། །རྩུབ་པ་ནི་ཡུལ་མི་སྡུག་པ་ཡིད་དུ་མི་འོང་བ་ཐམས་ཅད་ནི་ཕྱག་ན་རྡོ་རྗེའོ། །མཐོ་ཞེས་པས། བར་པ་བཏང་སྙོམས་ཐམས་ཅད་ནི་འཇམ་དཔལ་ལོ། །སེམས་ནི་སྤྲོས་པའི་མཚན་མ་ཐམས་ཅད་རྣམ་པར་དག་པ་ཉིད། གསང་སྔགས་གོང་མ་བཞིན་དུ་བྱིན་བརླབས་ཀྱང་མི་འདོད་དེ། དག་པ་ཕྱོག་གཅིག་པའོ། །དེར་ཀུན་རྫོབ་ལྷའི་ངོ་བོ་དེ་ཀྲི་ཡའི་ལྷ་དྲུག་ཡན་ལག་བཅུ་གཅིག་གི་སྒོ་ནས་ལྷ་བསྒོམ་པ་དང་། དོན་དམ་པར་སེམས་དག་པ་ཆོས་ཉིད་དུ་རྟོགས་པ་ཉིད་ཀྱང་། ཀུན་རྫོབ་དང་ཐ་དད་པར་འདོད་པས་དེའི་སྒོ་ནས་ལས་གང་ལ་སྤྱད་ཀྱང་། དོན་དམ་པར་ལྷའི་ངོ་བོ་ལ་འབྲས་བུ་རྣམ་སྨིན་གྱིས་མི་གོས་ལ་སྟེ་ཀྲི་ཡའོ། །གོས་པར་མི་འགྱུར་ཞེས་པ། ཡོ་ག་སྟེ་ཆོས་ཐམས་ཅད་ཀྱི་ངོ་བོ་སེམས་ཉིད་མཚན་མ་མེད་པ་རྣམ་པར་དག་ཉིད། ཀྲི་ཡ་དང་མི་འདྲ་བས་བྱིན་བརླབ་སྣང་བ་ཉིད་ཡུལ་གྱི་སྣང་བ་ཐམས་ཅད་རིགས་ལྔའི་ངོ་བོར་སྣང་ལ། ཀུན་རྫོབ་དང་དོན་དམ་དེ་གཉིས་ཀྱང་དོན་གྱིས་མཚན་མ་མེད་པ། གཉིས་སུ་མེད་པར་རྟོགས་པའི་རིག་པ་ལ་ལས་ཀྱི་བག་ཆགས་ཀྱིས་གོས་པར་མི་འགྱུར་བའོ། །གོས་སུ་མེད་པར་སྟོན་པའི་མཐར་ཐུག་གོ་ཞེས་པ། ནང་པ་གསུམ་སྟེ། ཆོས་ཐམས་ཅད་སེམས་ཀྱི་ཡེ་ཤེས་མུ་མཐའ་མེད་པའི་ཀློང་དུ་རང་གསལ་བས་དགོངས་པ་ལྷུན་གྱིས་གྲུབ་པ་བྱེད་སྤྱོད་གང་ཡང་ཡུལ་མེད་བས་མི་འགོ། སེམས་ཡེ་ཤེས་ཀྱི་ཀློང་དུ་གསལ་བས་མི་འཛིན་པའི་ངང་ལས་འཛིན་ཆགས་གང་ཡང་མེད་པས་དེ་ལྟར་སྟོན་པའི་མཐར་ཐུག་པ་སྟེ། དེ་ལས་སྐྱེད་དུ་བྱ་བའི་ལྟ་བ་གཞན་མེད་པའི་ཕྱིར་རོ། །རང་བཞིན་གསང་བའི་སྙིང་པོ་ཅིག་ཅར་རྟོགས་པའི་ལམ་ཁོ་ན་དེ་ཉིད་དོ། །གསང་སྔགས་སྟོན་པའི་ཐེག་པའི་ཚིག་འདི་གསུམ་ལ་སློབ་དཔོན་གྱི་གཞེད་གཞུང་གིས། ལས་དང་ལས་ཀྱི་འབྲས་བུས་མི་གོས་པ་ཕྱི་པ་གསུམ། གོས་པར་མི་འགྱུར་བ་ནང་པ་གཉིས། གོས་སུ་མེད་པར་སྟོན་པ་རྫོགས་པ་ཆེན་པོའི་གཏན་ཚིགས་ཀྱིས་དེ་ལྟར་བཤད་དོ། །བསྡུ་བའི་དོན་འདི་ལ་སློ་དཔོན་བྲ་མ་ན་ཤཱནྟིཾ་གརྦྷས། སྔ་མ་ཀུན་དང་ཅུང་མི་འདྲ་བའི་ཟུར་མན་ཆད་ཀྱི་དཀྱུས་དང་སྦྱར་བ་ཞིག་ཀྱང་སྣང་གསུངས། ལྟ་བ་བསྟན་པའི་གསུངས་པའི་ཚུལ་ནི། དེ་ནས་དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་ཏེ། དེ་ནས་ནི་བརྒྱད་ཁྲི་བཞི་སྟོང་གི་བསྟན་པ་ཐེག་པ་ལྔར་བསྡུས་པའི་དེ་མ་ཐག་པའོ། །དེ་བཞིན་གཤེགས་པ་ནི་དྲུག་པ་ཀུན་ཏུ་བཟང་པོ་ཕྱོགས་བཅུའི་རྒྱལ་བ་མ་ལུས་པའི་བདག་ཉིད། རིག་པ་རང་སྣང་བའི་ཕུན་སུམ་ཚོགས་པའི་གླེང་གཞི་ཐམས་ཅད་ཡུམ་དང་བཅས་པའོ། །ངོ་བོ་དེ་ལྟར་ཡིན་ཀྱང་། འདིར་གསུང་སྣང་བ་ཡིན་པས། ཉིད་ལས་མི་གཞན་པ་འཆད་པའི་སྐྱེས་བུ་རྡོ་རྗེ་སེམས་དཔའོ། །གོ་ཕྱེ་བའི་འཁོར་གྱིས་ཆེད་དུ་བརྗོད་པ་འོག་ནས་འབྱུང་བ་འདི་བརྗོད་ཅེས་བྱའོ། །འཁོར་བ་གཏན་ལ་དབབ་པའི་ལྷ་མི་ཉན་ཐོས་རང་རྒྱལ་གསུམ་གཏན་ལ་འབེབས་པ་ནི། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །ཞེས་པ། ཇི་སྙེད་ནི་མང་བ་སྟེ། ཕྱོགས་བཞིར་ལྗིད་འབེབས་པ་དང་། ཡན་མན་དུ་ལྗིད་འབབ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དོ། །འཇིག་རྟེན་ཞེས་པ། གནས་པའི་མཚན་ཉིད་དེ། སྣོད་ཀྱི་འཇིག་རྟེན་འཇིག་ཆགས་སྟོང་གནས་བཞི་གཅིག་ལ་གཅིག་བརྟེན། བཅུད་ཀྱི་འཇིག་རྟེན་སྐྱེ་ཤི་ན་རྒས་བཞི་གཅིག་ལ་གཅིག་བརྟེན། དེ་གཉིས་ཀྱང་སྣོད་འཇིག་འཇིག་ལྟ་བུ་ལ་བཅུད་འཇིག་འཇིག་ལྟ་བུ་བརྟེན་པས་འཇིག་རྟེན་ནོ། །འཁྲུལ་པ་ནི་དཔེར་ན་ཐང་ཕྲོམ་ཟོས་པའི་མི་ལྟར་སེམས་ལྷན་ཅིག་སྐྱེས་པའི་མ་རིག་པས་བསླད་པའི་ཡུལ་སོ་སོའི་ཆོས་ཐམས་ཅད་མེད་བཞིན་སྣང་བས་འཁྲུལ་པས་བསྐྱེད་པའི་སྣང་བའོ། །ཆོས་ནི་འཁྲུལ་པའི་མཚན་ཉིད་འཛིན་པའི་ཁམས་གསུམ་མོ། །དེའི་རྒྱུ་ནི། མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཞེས་པ། སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཡིན་པ་ལ་རྟོག་པ་ངེས་པའི་ཤེས་པ་བྲལ་བས་དེ་ཉིད་ལྷན་ཅིག་སྐྱེས་པའི་མ་རིག་པ་སྟེ། དེས་རྒྱུ་བྱས་པ་ལས་གཞན་མེད་པས་བདག་ཏུ་རྟོགས་པའི་ལས་གསུམ་དང་ཉོན་མོངས་པ་རྣམ་པ་ལྔ་བསགས་ཏེ། ཡུལ་སེམས་བདག་དང་བདག་གིར་གཞན་དུ་སྣང་བ་ནི་འཁོར་བ་སྣང་བའི་རྐྱེན་ཁོ་ནའོ། །དེས་ངོ་བོ། ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །ཞེས་པ་ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས། ནང་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས། ཕྱི་ནང་གཉིས་ཐུག་པ་མེད་པར་འཁོར་བ་ནི་འཁོར་ཚུལ་ལོ། །འབྲས་བུ་ནི། མི་མཐུན་བདེ་སྡུག་མྱོང་བར་འགྱུར། །ཞེས་པ་སྣོད་བཅུད་དངོས་པོར་མ་གྲུབ་པ་ལ་འཁྲུལ་པའི་ངོ་བོ་དངོས་པོར་སྣང་བས། བདེ་བ་མི་མཐུན་པ་མཐོ་རིས་གནས་གསུམ་མྱོང་བ་དང་། ངན་སོང་གནས་གསུམ་གྱི་སྡུག་བསྔལ་མི་མཐུན་པ་སྣ་ཚོགས་མྱོང་བར་འགྱུར་ཏེ་རྣམ་པར་སྨིན་པའོ། །མྱོང་བ་དེ་ཙམ་ན། རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་པས། འཁྲུལ་པ་ཆོས་ཉིད་དུ་ཤེས་ནས་རྟོགས་པའི་གདེངས་དང་ལྡན་ན་འཁྲུལ་པ་རྡུལ་ཕྲ་རབ་ཙམ་ཡང་མི་གནས་པ་ནི་རང་བཞིན་ཉིད་ཅེས་བྱ་སྟེ། དགོངས་པ་དེ་ལྟ་བུ་ལ་ལྷུན་གྱིས་གྲུབ་ན་རང་སྣང་མི་འགག་པ་ཇི་ལྟར་ཤར་ཡང་། རང་བཞིན་དགོངས་པ་ལ་མ་འདས་པས་རང་བཞིན་གྱི་སྣང་བ་སྟེ། ཆེད་འཛིན་གྱི་འདུ་ཤེས་མེད་པས་ཉམས་པ་མེད་ཅེས་བྱའོ། །འདིར་ཐེག་པ་གསུམ་བསྡུ་བ་ནི། རྒྱུ་མ་རིག་པ་རྐྱེན་ལས་དང་ཉོན་མོངས་པ་འབྲས་བུ་ཁམས་གསུམ་དུ་འཁོར་བ་ནི། ལྷ་མི་ཉན་ཐོས་གསུམ་ཀའི་འདོད་པ་ཡིན་ལ། རྟེན་འབྲེལ་བཅུ་གཉིས་ནི་རང་རྒྱལ་བའོ། །རང་བཞིན་ལས་ཉམས་པ་མེད་པ་ནི་བཤད་པའི་ཐེག་པ་གསུམ་པོས་དེ་ལྟར་བཟུངས་ཀྱང་། གསང་སྔགས་ཀྱི་རང་བྱུང་གི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་མ་གཡོས་པ་ངོ་བོ་དང་གྲུབ་མཐའ་ཐུན་མོང་བའོ། །བྱང་ཆུབ་སེམས་དཔའི་ཐེག་པ་ནི། ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །ཞེས་པ་ལ་སོགས་པ་སྟེ། ཡང་དག་པ་ནི་དོན་དམ་པའི་བདེན་པའོ། །སྒྱུ་མ་ནི་ཀུན་རྫོབ་སྟེ་སྣང་བཞིན་མ་གྲུབ་འཁྲུལ་པའི་རྒྱུ་རྐྱེན་གྱིས་བསྐྱེད། སྣང་ཙམ་ཉིད་ན་རྫུན་པ་ནི་ཀུན་རྫོབ་བོ། །ཚུལ་ནི་རྗེས་སུ་འཇུག་པ་སྟེ། བྱང་ཆུབ་སེམས་དཔས་ཀུན་རྫོབ་འཁྲུལ་པར་བལྟས་ནས་རྡུལ་ཕྲ་རབ་ཀྱིས་གཞིག་སྟེ་སྤོང་། དོན་དམ་པའི་བདེན་པ་དོན་གྱི་ངོ་བོར་བལྟས་ཏེ་བསྒྲུབ་པའོ། །དེར་བདེན་པ་གཉིས་ལ་སྤང་བླང་གི་འདུ་ཤེས་བྱས་ཏེ་ཉམས་སུ་བླང་བ་ནི། གསང་སྔགས་མཉམ་པ་ཉིད་ལ་ལྟོས་ན་སྤང་བླང་གི་ཆེད་བྱས་སོ། །དེས་ན། བདག་དང་བདག་གི་གཞན་མེད་དེ། །ཞེས་པ། འདིར་ཡང་བདེན་པ་གཉིས་ཀྱི་ཚུལ་དུ་ཀུན་རྫོབ་ཀྱི་དབང་དུ་ན། བདག་ནི་སེམས་ཀྱི་ཆོས་ཉིད་རྣམ་པར་དག་པ་དང་སྤྲོས་པ་དང་བྲལ་བའི་དབྱིངས་ཀྱི་ངང་ལ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཁོ་ན་སྟེ། ནམ་མཁའ་ལ་འཁྲུལ་པ་ཅན་གྱིས་དངོས་པོར་གཟུང་བ་དང་འདྲ་བའི་སེམས་སྐད་ཅིག་མའོ། །བདག་གི་ནི་མྱོང་བའི་དངོས་པོ་ཐམས་ཅད་གཞིའམ་རྩ་བ་ཕུང་པོ་ལྔ་སྟེ། བདག་གི་གཟུགས་བདག་གི་ཚོར་བ་ཟེར་བ་ལྟ་བུ་དང་མཚུངས་སོ། །དེ་དག་ལས་ཡུལ་དུ་གྱུར་པའི་གཞན་ནི། ཡུལ་གྱི་དངོས་པོ་སྣ་ཚོགས་ཏེ་འབྱུང་བ་ལྔ་འདོད་ཡོན་ལ་སོགས་ཏེ་སྣང་བའི་ཡུལ་ཐམས་ཅད་དོ། །དེ་དག་ནི་རྒྱུ་རྐྱེན་གྱིས་བསྐྱེད་པ་ལ་སོགས་པའི་ཆོས་གཞི་དང་ལྡན་པས་ཀུན་རྫོབ་བོ། །མེད་དེ་ཞེས་པ། ཆོས་གསུམ་པོ་དེ་དག་སྣང་ཙམ་ན་མ་གྲུབ་པ་ནི་དོན་དམ་པ་སྟེ། དེ་ཡང་སེམས་ཉིད་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་རྣམ་པར་དག་པ་ཉིད་རང་གསལ་བ་ལས་གོང་དུ་སྨོས་པའི་ཆོས་གསུམ་སྣང་བས་ཆུའི་གཟུགས་བརྙན་དང་འདྲ་སྟེ་རྒྱུ་ནས་དག་པས་ཆོས་སུ་མ་གྲུབ་སྟེ། སེམས་རྣམ་པར་དག་པའི་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་སྟེ། རྣམ་པར་དག་པའི་ངོ་བོ་ཉིད་ནི་དོན་དམ་པའི་ཚུལ་ལོ། །འདིར་གསང་སྔགས་ཀྱི་སྐབས་ཡིན་པས་བྱང་ཆུབ་སེམས་དཔའི་གཞུང་གི་བདེན་པ་གཉིས་པོ་སྨོས་པ་དེ་དག་གཉིས་ཀ་སེམས་ཉིད་ཁོ་ནའི་ཕྱིར། རང་རིག་པ་སྐུ་དང་ཡེ་ཤེས་སུ་རང་སྣང་བས་དེའི་ངང་ལ་སྤང་བླང་གི་མཐའ་དང་བྲལ་ཏེ། མ་འགག་པ་ཙམ་ནི་ཀུན་རྫོབ་ཀྱི་ཚུལ་ཏེ་བྱང་ཆུབ་སེམས་དཔའི་གཞུང་གིས་ཆོས་གསུམ་པོ་དེ་དག་གཞི་ལ་མ་གྲུབ་པ་ཁོ་ནའོ། །གསང་སྔགས་ཀྱི་གཞུང་གི་བདེན་པ་གཉིས་དེ་ལ་ནི་ལྷག་པའི་མཉམ་པ་གཉིས་ཞེས་བརྗོད་དོ། །རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ། །ཞེས་པ་གོང་དུ་མཉམ་གཉིས་ལྷག་པའི་མཉམ་གཉིས་བཤད་པ་དེ་ལྟར་འཇུག་སྟེ། དང་པོ་མཚན་ཉིད་ཀྱི་གཞུང་གི་བདེན་པ་གཉིས་སོ་སོར་མི་ཕྱེད་པར་ཉམས་སུ་མྱོང་། དེ་ཉིད་གསང་སྔགས་ཀྱི་སྒོར་ལྷུན་གྱིས་གྲུབ་སྟེ་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བ་རང་གསལ་བ་ཉིད་ལྷག་པའི་དོན་དམ། རང་སྣང་མི་འགག་པ་སྐུ་དང་ཡེ་ཤེས་སུ་གྲུབ་པ་ལྷག་པའི་ཀུན་རྫོབ། དེའི་དོན་རིག་པ་ལ་གདེངས་སུ་ཆུད་ནས་དོན་དེ་ལ་རྟོགས་སྙམ་མམ་ཤེས་སྙམ་ཀྱི་རློམ་སེམས་ཕྲ་བའང་མི་གནས་པར་ཕྱོགས་འཛིན་གྱི་མཐའ་ཐམས་ཅད་དང་བྲལ་བ་ནི་རྣམ་པར་དག་ཅེས་བྱ་སྟེ། དེ་ཉིད་སྟོང་པ་ཕྱོགས་གཅིག་པའི་མཐར་མ་སོང་ནས་རང་གསལ་བ་ནི་དབྱིངས་གཉིས་ལས་མཉམ་པ་ཉིད་ཀྱི་དབྱིངས་ཞེས་བྱའོ། །དབྱིངས་ཉིད་ཀྱི་ངང་ལ་སྣང་སྟོང་གཉིས་སུ་མེད་པ་ནི། བདེན་པ་གཉིས་དབྱེར་མེད་པས་ཚུལ་གཅིག་པ་ཁོ་ནའོ་ཞེས་བྱའོ། །དེ་ལྟ་བུའི་ངང་ལ་འཁྲུལ་པའི་སྣང་བ་འགག་གོ་ཞེ་ན། བདག་དང་བདག་གི་གཞན་རྣམས་ནི། །ཞེས་པ། གོང་དུ་བཤད་པའི་ཆོས་གསུམ་པོ་ཁོ་ནའོ། །ལོག་པར་རྟོག་པ་ཙམ་ཉིད་ལས། །ཞེས་པ་སེམས་ཆོས་ཉིད་ཀྱི་ངང་ལ་འཁྲུལ་པར་སོང་བས་ཡུལ་དང་ཡུལ་ཅན་ཐམས་ཅད་འཁྲུལ་ཏེ། རྨི་ལམ་བཞིན་དུ་ཡུལ་ལོག་རྟོག་ལ་སེམས་ལོག་རྟོག་སྤྱོད། རྟོག་པ་ཙམ་ཉིད་པས་མ་གཏོགས་པ་ངོ་བོ་མེད་པའོ། །དངོས་པོར་མ་གྲུབ་པའི་དོན་ཤེས་ན་འཁྲུལ་པ་སྣང་བ་ཙམ་ཞིག་གཏན་བཀག་པ་མ་ཡིན་ཏེ་ཤེས་པ་ཉིད་ཀྱིས་དག་གོ། །ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །ཞེས་པ། འཁྲུལ་སྣང་ཙམ་ཉིད་ལས་མ་གཏོགས་པ་དེ་ལས་གཞན་པ་ཉན་ཐོས་ཀྱི་གྲུབ་མཐའ་ལྟ་བུ་ནི་ཤེས་པ་སྐད་ཅིག་མར་བཟུང་བའི་ཟབ་པ་དང་ཡུལ་རྡུལ་ཕྲ་རབ་ཙམ་དུ་བཟུང་བ་ངང་གིས་མེད་དོ། །འོ་ན་འཁྲུལ་ངོ་ལ་རྒྱུ་འབྲས་ཚོགས་པ་སྣང་བ་ཇི་ཞེ་ན། དབང་པོའི་མངོན་སུམ་དུ་སྣང་བ་ལོངས་སྤྱོད་པའི་ཆོས་འདི་དག་ནི་ཀུན་ཏུ་བརྟགས་པའི་གཟུང་འཛིན་གྱི་རྟོག་པ་བརྟས་པས་རྒྱུ་འབྲས་སུ་སྣང་བ་ཉིད། རྟོག་པ་སྔ་ཕྱི་ཉིད་རྒྱུ་འབྲས་སུ་གྱུར་པའོ། །ཡང་ཡུལ་ལོག་རྟོག་གི་ཡུལ་ལ་སེམས་ལོག་རྟོག་ཉིད་སྤྱོད་དེ། ལོག་རྟོག་ཉིད་ལ་ཉིད་སྤྱོད་པས། །དེས་ན། གཞན་དུ་གཡོ་བ་ཅི་ཡང་མེད། །ཅེས་པ་ཉིད་ལ་ཉིད་སྤྱོད་པའི་གཏན་ཚིགས་དེས་ན། སེམས་ཆོས་ཉིད་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ལས་གཡོ་བ་ཅི་ཡང་མེད་དེ་བཤད་པའི་ཆོས་གསུམ་ངང་གིས་མ་དམིགས་སོ། །དེ་ལྟ་བུའི་དོན་གྱིས་ན་ལོག་རྟོག་ཙམ་ཡོད་དོ་ཞེ་ན། ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་། །ཞེས་པ། ལོག་རྟོག་གི་རྒྱུ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པའོ། །འབྲས་བུ་ནི་ཕུང་པོ་དང་ཞེན་པའི་ཡུལ་རྣམས་སོ། །དེ་ཉིད་སྐད་ཅིག་མའི་རྒྱུན་དུ་བར་མ་ཆད་པ་རྒྱུ་འབྲས་སུ་སྨིན་པའི་སྣང་བ་ཡང་སྐད་ཅིག་མའི་རྒྱུན་ཙམ་སྟེ་འཁྲུལ་པའི་སྣང་བ་ནི་ཀུན་རྫོབ། མ་གྲུབ་པ་ཆོས་ཉིད་དོན་དམ་པ། དེ་གཉིས་དབྱེར་མེད་པ་ནི་བདེན་པ་གསུམ་པའོ། །གཞི་རྩ་མེད་དབྱིངས་སྐད་ཅིག་མ། །ཞེས་པ་ཐོག་མ་ནས་ལོག་རྟོག་རང་གི་ངོ་བོ་ལ་གྲུབ་པ་མེད་དེ། རྟེན་པར་བྱེད་པའི་གཞི་བྲལ། སྐྱེས་པར་བྱེད་པའི་རྩ་བ་མ་གྲུབ་ཆོས་ཉིད་ཀྱི་ངང་ལས་སྣང་སྟོང་མི་ཕྱེད་པ་ནི་མཉམ་པ་ཉིད་ཀྱི་དབྱིངས་སོ། །དེ་ལས་ལོག་རྟོག་སྐད་ཅིག་མའི་རྒྱུན་མ་གྲུབ་པས་ཐམས་ཅད་ཆོས་ཉིད་དུ་དག་པ་ནི་སྐྱེ་འགག་མེད་པའི་ངོ་བོའི་སྐད་ཅིག་མའོ། །གསང་སྔགས་ཀྱི་དོན་གཏན་ལ་ཕབ་པ་ནི། རྣམ་པར་དག་པའི་དབྱིངས་ཉིད་ཚུལ། །ཞེས་པ། བྱང་ཆུབ་ཀྱི་སེམས་རིག་པ་རང་སྣང་བའི་ངང་ལ་ཉི་མའི་སྙིང་པོ་ལ་མུན་པ་གཞི་དག་པ་དང་འདྲ་བས། གོང་དུ་བཤད་པའི་ལོག་རྟོག་གི་རྒྱུན་ཕྲ་བ་ཙམ་ཡང་མ་གྲུབ་པ་ནི་ཡེ་ནས་དག་པས་རྣམ་པར་དག་པ་ཞེས་བྱ་སྟེ། དེ་ཉིད་རང་གི་ངོ་བོ་སེམས་རང་བྱུང་ཡེ་ཤེས་སུ་འོད་གསལ་བས་རྣམ་པར་དག་པ་ཞེས་བྱ་སྟེ། དབྱིངས་ཉིད་ཅེས་པས་མི་འགག་པའི་ངོ་བོ་སྟེ་ལོག་རྟོག་གི་རྒྱུ་རྐྱེན་ཐམས་ཅད་རྣམ་པར་དག་པའི་ངང་ལས། རང་རིག་ཉིད་ཅིར་ཡང་རང་སྣང་བ་ནི་མ་བཅོས་པའི་སྐད་ཅིག་མ་སྟེ་ཚུལ་ཞེས་བྱའོ། །དབྱིངས་ལ་དབང་བསྒྱུར་ཉིད་སྤྱོད་ཕྱིར། །ཞེས་པ་སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་ཁོ་ནའོ་ཕྱིར་སྣང་ཞིང་སྤྱོད་པ་ལྟར་སྣང་ཡང་ཉིད་ལ་ཉིད་དབང་བསྒྱུར། ཉིད་ལ་ཉིད་ལོངས་སྤྱོད་པའི་ཕྱིར་སྣང་ཞིང་སྤྱོད་ཀྱང་གཉིས་སུ་མེད་པར་དགོངས་པ་ལྷུན་གྱིས་གྲུབ་པ་ནི། སྤང་བྱ་འཁོར་བའི་ཆོས་སྐུ་དང་ཡེ་ཤེས་སུ་གསལ། སྤྱང་བྱ་ཉིད་ཐེག་པའི་ངོ་བོར་གྱུར་ཏེ། དེས་འབྲས་བུ་མྱུར་དུ་སྦྱོར་བ་ནི། འབྲས་བུ་གསང་སྔགས་ཀྱི་ཐེག་པ་ཉམས་སུ་ལོན་པའི་ཕྱིར་ན་ཐེག་པ་ཞེས་པའོ། །ཐེག་པའི་གཏན་ཚིགས་བསྟན་ཏེ། གོང་དུ་གསང་སྔགས་ཀྱི་ཐེག་པ་བཤད་པའི་དོན་ལྷུན་གྱིས་གྲུབ་ནས། དེའི་ཡོན་ཏན་ནམ་བྱིན་རླབས་ཀྱིས། བདག་དང་ཞེས་པ། ཕུང་པོ་རྣམ་པར་དག་པ་སྟེ། ཕུང་པོ་ལྔ་རིགས་ལྔའི་ངང་དུ་དག །གཞན་ཞེ ས་པ། ཡུལ་གྱི་འབྱུང་བ་ལྔ་ཡུམ་ལྔར་དག །རྟོག་པའི་རྒྱུན། །རྣམ་དག །ཅེས་པ་དེ་གཉིས་འབྲེལ་བ་ལས་བྱུང་བའི་རྣམ་པར་ཤེས་པའི་ཚོགས་བརྒྱད་ཡེ་ཤེས་ལྔར་དག །དེ་དག་གི་གཏན་ཚིགས་ཞིབ་མོ་རྣམས་གོང་འོག་རྣམས་སུ་ཞིབ་པར་བཤད། དག་པ། ཞེས་པའང་། བླ་མེད་ཐེག་པའི་མཆོག་ཅེས་པས། ཐ་སྙད་ཡིད་ཡུལ་དུ་བྱས་པ་ལ་ནི་དག་པ་ཞེས་མི་བྱའོ། །རང་རིག་པ་རང་བྱུང་གི་ཡེ་ཤེས་བཤད་པའི་དོན་ལྷུན་གྱིས་གྲུབ་ནས། དེའི་འདུ་ཤེས་ཀྱང་མི་མངའ་བ་ནི་ལྷུན་གྱིས་གྲུབ་པའི་དབྱིངས་ཏེ། སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཐེག་པའི་ངོ་བོར་གྱུར་པའོ། །དེ་ནི་ཐེག་པ་ཐམས་ཅད་ཀྱི་བླ་ན་མེད་པ་ཡིན་པ་དང་། ལམ་རིམ་གྱིས་བགྲོད་པ་དང་བྲལ་བ་དང་། འབྲས་བུ་ལམ་དུ་བྱེད་པའི་ཕྱིར་མཆོག་གོ། །གཏན་ལ་ཕེབས་པའི་ཞབས་བསྡུ་བ་ནི། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཞེས་པ་ཐེག་པ་བཞི་ནི། ལྷ་མིའི་ཐེག་པ་ལ་སོགས་པ་བཞི་སྟེ། ཆོས་དགེ་བ་བཅུ་དང་ཚངས་པའི་གནས་བཞིས་ངན་སོང གསུམ་ལས་འབྱུང་ཞིང་ལྷ་མིའི་གནས་སུ་སྦྱོར། འོ་ན་དེ་གནས་སྐབས་པའི་མིང་དེ་ལ་ཐེག་པའི་མིང་ཇི་ལྟར་འཇུག་ཅེ་ན། འདིར་རང་བཞིན་གསང་བའི་སྙིང་པོར་འཇུག་པའི་ལམ་སྟེགས་ལ་སྦྱོར་བས་ཐེག་པ་ཞེས་བྱ་ཡི། ཁོ་བདག་གི་རང་སོར་བྱས་ན་འཁོར་བ་ལས་མ་འདས་པས་ཐེག་པའི་མིང་མེད་དོ། །ཉན་ཐོས་ཀྱི་ཐེག་པ་རང་གཞུང་མ་ནོར་བར་སྤྱད་ན་འཁོར་བ་ལས་འབྱུང་བ་དང་། རང་སངས་རྒྱས་ཀྱིས་ཉན་ཐོས་ཞི་བ་ཕྱོགས་གཅིག་པ་ལས་འབྱུང་བ་དང་། བྱང་ཆུབ་སེམས་དཔའ་མཐའ་གཉིས་ལས་འབྱུང་བ་སྟེ། ངེས་པ་ནི་སོ་སོའི་རང་གཞུང་མ་ནོར་བ་མཚོན་པའོ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པ་ཐེག་པ་ནི་གསང་སྔགས་སོ། །གཅིག་ནི་གཞི་ལམ་འབྲས་བུ་གསུམ་དབྱེར་མེད་པའམ། ལྟ་སྤྱོད་བསྒོམ་གསུམ་དབྱེར་མེད་པ་དེ་ཉིད་དུའང་མི་དམིགས་པའོ། །འབྲས་བུ་ཞེས། ལྟ་སྤྱོད་བསྒོམ་གསུམ་ལ་སོགས་པའི་དོན་ཐམས་ཅད་ཀྱི་མཐར་ཐུག་པའོ། །གནས་པ་ནི་ཡུལ་དང་ཡུལ་ཅན་མེད་པར་ངོ་བོ་ཉིད་དུ་གྱུར་པ་སྟེ། རྣལ་འབྱོར་པས་ལམ་ཉམས་སུ་བླང་བའི་ཚུལ་ལོ། །མྱ་ངན་ལས་འདས་པ་གཏན་ལ་དབབ་པ་ལ་བཞི་སྟེ། དེ་བཞིན་གཤེགས་པའི་སྣང་བ་ནི། །ཡང་དག་རྟོགས་པས་རབ་བརྟགས་ན། །ཞེས་པས། ཡང་དག་པ་ནི་གསང་སྔགས་ཀྱི་དོན་དམ་པའི་བདེན་པ་སྟེ། དེ་ནི་གནས་སྐབས་ཀྱིས་གསུང་སྟེ། རང་བཞིན་དོན་དམ་སེམས་ཀྱི་ཆོས་ཉིད་མ་བཅོས་མ་བསླད་ཡེ་ཇི་བཞིན་པ་ཉིད་རང་གསལ་བའི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བ་སྣང་སྟོང་དབྱེར་མེད་པ་མཉམ་པ་ཉིད། རྐྱེན་གང་གིས་ཀྱང་དབང་དུ་མ་གྱུར་བ་ནི་ཤེས་བྱ་གཞི་སྟེ་རང་བཞིན་དོན་དམ་མོ། །དེ་ཉིད་རྣལ་འབྱོར་པས་གཞལ་བྱ་ཕྱི་ནང་གི་ཆོས་ལ། གཏན་ཚིགས་གསང་སྔགས་རང་གི་ཐུན་མོང་མ་ཡིན་པའི་གཏན་ཚིགས་རྣམས་ཀྱིས་གཞལ་བས་ཕྱི་ནང་གི་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་སུ་ལྷུན་གྱིས་གྲུབ། འཁྲུལ་ཆོས་གཏན་ནས་མ་དམིགས་པ་ནི་ཡེ་ཤེས་དོན་དམ་མོ། །ལྟ་བསྒོམ་སྤྱོད་པ་གསུམ་དབྱེར་མེད་པའི་ངང་ལ་འདྲིས་གོམས་སུ་བྱས་ཏེ། ལམ་པའི་འདུ་ཤེས་ཀྱི་རྩོལ་བ་ཐམས་ཅད་དག་ནས་གཞི་ཅི་ལྟ་བའི་ཐོག་ཏུ་ཕྱིན། སྐུ་དང་ཡེ་ཤེས་མངོན་དུ་གྱུར་བ་ནི་འབྲས་བུ་དོན་དམ་སྟེ། དེ་གསུམ་ལམ་པའི་བློ་ལ་གསལ་བས་ཐ་དད་ཀྱང་། སེམས་ཉིད་མཉམ་པ་ཉིད་ཀྱི་ངང་ལ་དབྱེར་མེད་པ་ནི་ཡང་དག་པའོ། །དེ་ཡང་རིག་པའི་མངོན་སུམ་དུ་བྱས་ནས་རྟོགས་པ་མཐར་ཕྱིན་པ་ནི་བུདྡྷའོ། །རང་བརྟགས་ན་ཞེས་པ། དགོངས་པ་དེ་ལྟ་བུའི་ངང་ལ་དུས་གསུམ་དུ་མི་གཡོ་བ་ནི་ནམ་མཁའ་ནམ་མཁའ་ལ་མི་གཡོ་བ་བཞིན་ཏེ། ཡང་དག་པའི་རྟོགས་པ་ཞེས་ཀྱང་བསྙད་དོ། །དེ་ནི་བུདྡྷ་འབའ་ཞིག་གི་ངོ་བོའོ། །རང་བཞིན་མེད་ལ་ཅིར་ཡང་འགྲུབ། །ཅེས་པས། སྤྱོད་ཡུལ་ཐམས་ཅད་ཡུལ་དང་ཡུལ་ཅན་མེད་པར་དགོངས་པའི་ངོ་བོ་ཉིད་ལས་ངོ་བོ་གང་དུའང་མི་སྣང་བ་ལ་ནི་མཚོན་པའི་ཐ་སྙད་དུ་རྣམ་རྟོག་མི་མངའ་ཞེས་ཀྱང་བྱ་སྟེ། དེ་ཉིད་ལས་མཁྱེན་པའི་ཡེ་ཤེས་ཅིར་ཡང་མི་སྣང་བས་རང་བཞིན་མེད་པ་ནི། འཕགས་པ་ཐབས་ཞགས་ལས། མཐོང་བ་མེད་པའི་ཚུལ་དུ་མཐོང་བ་དང་། ཐོས་པ་དང་བྲལ་བའི་ཐོས་པ་དང་། ཞེས་པ་ལ་སོགས་པ་གསུང་པ་དང་། སྐད་ཅིག་ལ་མཁྱེན་པ་ཐམས་ཅད་རྫོགས་པ་སྟེ། ཅིར་ཡང་འགྲུབ་ཅེས་བྱའོ། །སྟོན་པ་འབྱུང་འཇིག་མེད་པ་དང་། བསྟན་པ་དར་ནུབ་མེད་པར་བསྟན་པ་ནི། སངས་རྒྱས་མྱ་ངན་ཡང་མི་འདའ། །ཞེས་པ་ལ་སོགས་པ་སྟེ། བུདྡྷ་ནི་གོང་དུ་བཤད་པའི་དོན་དམ་པ་གསུམ་ལྷུན་གྱིས་གྲུབ་པའི་ཆོས་སྐུ་ཆེན་པོའོ། །དེ་ཡི་རྒྱུ་རྐྱེན་སྤངས་པའི་ཕྱིར་སྐད་ཅིག་མ་དང་བྲལ་ཏེ། ངོ་བོ་ཉིད་ཀྱིས་འགྱུར་བ་མི་མངའ་བས་སྐྱེ་འཇིག་མེད་པས་མྱ་ངན་ལས་ཡང་མི་འདའ་ཞེས་བྱའོ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཞེས་པ་བུདྡྷའི་ཟླས་ཆོས་ཀྱང་དོན་དམ་པའི་བདེན་པ་སྐྱེ་འགག་མེད་པ་ནམ་མཁའ་ལྟ་བུ་ལས་ངོ་བོ་ཉིད་ཀྱིས་རྟག་པ་ཆེན་པོ་ལ་ནུབ་པ་མེད་དེ། འོ་ན་དེ་ལྟར་ཡིན་ན་བུདྡྷ་མྱ་ངན་ལས་འདའ་བ་དང་ཆོས་ནུབ་པ་ཅི་ཡིན་ཞེ་ན། མ་རིག་སྨིན་མཛད་འདུལ་བའི་ཕྱིར། །ཞེས་པ་གདུལ་བྱ་མ་རིག་པ་གཉིས་ཀྱིས་ནོན་ནས་དངོས་པོ་རྟག་པར་གཟུང་བ་རྣམས་སུན་འབྱིན་པའི་ཕྱིར། དེ་དག་ཡང་དག་པའི་ལམ་ལ་འགོད་པ་སྨིན་པར་མཛད་པ་དང་། རྟག་པར་རེ་བ་སུན་དབྱུང་ཞིང་འདུལ་བའི་ཕྱིར་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སྟོན་པ་བྱུང་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་གདུལ་བྱའི་བྱ་བ་ཚར་ནས། མྱ་ངན་ལས་འདའ་བའི་ཚུལ་སྟོན་པ་དང་། དུས་ཕྱིས་བསྟན་པ་ནུབ་ནས་མི་གནས་པ་ནི་གདུལ་བྱའི་སྣང་བ་སྟེ་ངོ་བོ་ལ་དར་ནུབ་མེད་དོ། །བསྟན་པའི་འབྱུང་གནས་ནི། འདུལ་བ་མདོ་སྡེ་ཆོས་མངོན་དང་། །ཞེས་པ་ལ་སོགས་ཏེ། ལུས་ངག་འདུལ་བར་བྱེད་པའི་ཆོས་འདུལ་བའི་སྡེ་སྣོད་དང་། ཚིག་སྡེར་ལོངས་པ་དོན་མདོར་བསྡུས་པར་སྟོན་པའི་ཏིང་ངེ་འཛིན་གཙོར་བྱེད་པ་མདོ་སྡེ་དང་། ལྷག་པའི་ཤེས་རབ་གཙོ་བོར་སྟོན་པའི་ཆོས་མངོན་པ་དག་གསུམ། དམ་ཚིག་ཅེས་པས་ཀྲི་ཡ་སྟེ། ཁྲུས་དང་གཙང་སྤྲ་དང་། གཟའ་དང་རྒྱུ་སྐར་དང་། དེ་ལས་མི་འདའ་བ་བྱ་བ་ཀྲི་ཡའི་རྒྱུད་དང་། ལྟ་བ་ཡོ་གར་ལྟ་སྤྱོད་པ་ཀྲི་ཡ་དང་མཐུན་པས་རིགས་བཞི་རྡོ་རྗེ་འཆང་གི་སར་བསྒྲུབ་པ་ཨུ་པ་ཡ་དང་། གྲུབ་ཅེས་པ། རིགས་ལྔ་ཡེ་ཤེས་ལྔ་གྲུབ་པར་འདོད་པའི་ཡོ་ག་དང་གསུམ་ནི། གསང་སྔགས་ཕྱི་པའི་རྒྱུད་སྡེ་དང་གསུམ་མོ། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཅེས་པ་འདི་ལ་གཉིས་ཏེ། སྤྱོད་པ་གཙོ་བོར་སྟོན་པའི་སྐུའི་རྒྱུད་མ་ཧཱ་ཡོ་ག །སྤྱོད་པ་གཙོ་ཆེ་མི་བྱེད་ནས་ལྟ་བསྒོམ་གཉིས་གཙོ་ཆེར་བྱེད་པ་གསུང་ཨ་ནུ་ཡོ་ག །ཐུགས་ཀྱི་རྒྱུད་ལྟ་སྤྱོད་བསྒོམ་གསུམ་གང་ལ་ཡང་ཆེད་འཛིན་བྲལ་བ་ཉིད་ཀྱིས་མཐར་ཕྱིན་པ་ཨ་ཏི་ཡོ་གའོ། །ཡང་ན་མ་ཧཱ་ཡོ་ག་རང་གཞུང་གི་རྒྱུད་དེ། སྐུ་བུདྡྷ་མཉམ་སྦྱོར། གསུང་ཟླ་གསང་ཐིག་ལེ། ཐུགས་གསང་བ་འདུས་པ། དེའི་ཞར་ལ་ཡོན་ཏན་དཔལ་མཆོག་དང་པོ། ཕྲིན་ལས་ཀརྨ་མཱ་ལེ། དེ་ལས་འཕྲོས་པ་ཏཏྣ་སྡེ་བཅོ་བརྒྱད་དོ། །ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །ཞེས་པ། འོག་མིན་ཆེན་པོར་རྒྱུད་འདིའི་ཕུན་སུམ་ཚོགས་པ་འཛོམ་པའི་བྱིན་རླབས་ལས། སྟོན་པ་ཐུབ་པ་དྲུག་གི་ཕྱོགས་བཅུར་འཕྲོ་བ་དང་། བསམ་གྱིས་མི་ཁྱབ་པས་འདུལ་བའི་སྟོན་པ་རྣམས་འཐོན་ནས་སོ་སོའི་གདུལ་བྱ་རྣམས་ཀྱི་ངོ་ལ་གསུངས་ཤིང་ཐམས་ཅད་དུ་གྲགས་པ་ལྟར་སྣང་ངོ་། །ལུང་གི་སྤྱི་འགྲེལ་ནི། རང་བཞིན་གསང་བའི་སྙིང་པོ་འདི། །ཞེས་པ་ལ་འདི་ལྟ་སྟེ། དེ་ལའང་བརྗོད་བྱ་དོན་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་གསང་བའི་སྙིང་པོ་མཚན་བཤད་ཀྱི་སྐབས་སུ་བཤད་པ་བཞིན། འདི་ཞེས་པ་དོན་དེ་ཉིད་སྟོན་པའོ། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་ཞེས་པ། རང་བཞིན་གསང་བའི་སྙིང་པོ་ཇི་ལྟ་བ་བཞིན་དུ་སྟོན་པར་བྱེད་པའི་ཚིག་རྗོད་བྱེད་གསང་བའི་སྙིང་པོ་ལེའུ་ཉི་ཤུ་རྩ་གཉིས་པ་འདི། སྡེ་སྣོད་གསུམ་དང་ཕྱི་ནང་གི་རྒྱུད་སྡེ་དྲུག་རྣམས་ཀྱི་འབྱུང་གནས་ཀྱང་ཡིན་ཏེ། སེམས་ཀྱི་ཆོས་ཉིད་རང་བཞིན་གསང་བའི་སྙིང་པོ་མ་འགག་པའི་རྩལ་ལས་རང་སྣང་བའོ། །ཡང་འོག་མིན་དུ་ཕུན་སུམ་ཚོགས་པ་འཛོམ་པའི་རྩལ་ལས། གོ་ཕྱེ་བའི་འཁོར་ལ་ལམ་སྟེགས་སམ་གསང་བའི་སྙིང་པོ་ལས་འཕྲོས་ཏེ་བློའི་རིམ་པ་བཞིན་དུ་སྣང་བའོ། །གཏན་ལ་ངེས་པར་འབེབས་ཞེས་པ། གཏན་ལ་འབེབས་པའི་ངོ་བོ་ནི། རང་བཞིན་གསང་བའི་སྙིང་པོ་མི་འགག་པའི་རྩལ་གྱིས་ཐེག་པ་རྣམས་སོ་སོར་སྣོད་དུ་རུང་བར་བྱས་པ་དང་། མཐར་ཐུག་གསང་བའི་སྙིང་པོ་ཉིད་དུ་སྦྱོར་བས་སོ། །གདུལ་བྱ་དང་མཐུན་པར་གསུངས་པ་ལ། ཡང་དག་པར་གསུང་དུ་མེད་པར་བསྟན་པ་ནི། ཆོས་རྣམས་མིང་དུ་བཏགས་པ་ཙམ། །ཞེས་པ་ལ་སོགས་པ་སྟེ། སྤྱིར་ཆོས་ཐམས་ཅད་སྒོས་སུ་གདུལ་བྱའི་སྣང་བར་ཤར་བའི་ཐེག་པ་རིམ་དགུ་བརྗོད་པའི་ཐ་སྙད་རྣམ། རང་བཞིན་གསང་བའི་སྙིང་པོའི་རྩལ་རང་སྣང་བས་མེ་ལོང་གི་གཟུགས་བརྙན་སྣང་ལ་མ་དམིགས་པ་བཞིན་ཆོས་ཐམས་ཅད་སྣང་ཡང་རང་གི་ངོ་བོས་སྟོང་པའི་ཕྱིར། གདུལ་བྱའི་སྣང་བ་ལ་རང་སྣང་བ་ལ་རང་སྣང་དུ་འཆར་བ་ཉིད་ཀྱང་། བཏགས་པ་ཙམ་ཐ་སྙད་ཙམ་ལས་མ་གཏོག་པ་ངོ་བོས་སྟོང་པའོ། །དེ་ལྟར་བཏགས་པ་ཐམས་ཅད་ངོ་བོས་མ་གྲུབ་པའི་ཕྱིར། ཐེག་པ་སོ་སོའི་ལྟ་སྤྱོད་དང་། འགྲུབ་པའི་དུས་དང་འབྲས་བུ་རྣམས་ཀྱང་གདུལ་བྱའི་ངོར་སྣང་བ་ཙམ་སྟེ། སྟོན་པ་དང་ཐེག་པ་དེ་དག་གི་ངོ་བོ་ཉིད་རྟག་པ་བརྟན་པ་གྲུབ་པ་མེད་ལ་ཐེག་པ་དགུའི་གྲངས་ཀྱང་ངེས་པར་གཟུང་དུ་མེད་དེ། གདུལ་བྱའི་བློ་ངོ་ཙམ་མོ། །སྟོན་པས་དོན་དང་མཐུན་ཕྱོགས་སུ། །ཞེས་པ། དེ་བས་ན་སྟོན་པ་བུདྡྷས་གདུལ་བྱའི་བློ་དབང་པོ་མཐོ་དམན་གྱི་བྱེ་བྲག་གིས་བློའི་རིམ་པར་སྦྱར་ནས་དོན་དང་མཐུན་པའི་ཕྱོགས་སུ། མིང་དང་ཚིག་ཅེས་པ། མིང་ནི་ཡི་གེ་འདུས་པ་ལས་མིང་དང་། མིང་འདུས་པ་ལས་ཚིག་སྟེ། ཀ་བ་བཟང་དང་ངན། ཅེས་སྨོས་པ་ལྟ་བུ། ཚིག་འདུས་པའི་ཚིག་བཞི་ལ་ཚིགས་སུ་བཅད་པ་ཤློ་ཀ་གཅིག །ཤློ་ཀ་གསུམ་བརྒྱ་ལ་བམ་པོ་གཅིག །དེ་འཕེལ་བ་ལ་སོ་སོའི་གཞུང་རྒྱས་པའོ། །བཏགས་ནས་བསྟན། །ཅེས་པ། ངོ་བོ་ལ་མིང་ཚིག་མ་གྲུབ་པ་ལས་གདུལ་བྱ་དང་མཐུན་ཕྱོགས་སུ་མིང་དང་ཚིག་ཏུ་བཏགས་ནས་ཐེག་པ་དགུའི་རྗོད་བྱེད་ཀྱི་གཞུང་རྣམས་བསྟན། སྟོན་མིང་ཚིག་ལ་དངོས་པོ་མེད། །ཅེས་པ་ངོ་བོ་སེམས་ཉིད་གསལ་བའི་དབྱིངས་ལས་སྟོན་པའང་མ་གྲུབ་སྟེ། སྒྲ་ཙམ་མིང་དང་ཚིག་གིས་མཚོན་པའི་རྗོད་བྱེད་གཞུང་རྣམས་ལ་ཡང་སེམས་ཀྱི་དབྱིངས་ལས་དངོས་པོར་གྲུབ་པ་མེད་ཅེས་བྱའོ། དེ་སྐད་ཅེས་སྟོན་པ་ཀུན་ཏུ་བཟང་པོས་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་བརྗོད་ཅེས་བྱའོ། །ལེའུ་བསྡུ་བ་ལ་ལོ་རྒྱུས་ཀྱི་ཚུལ་ནི། དེ་ནས་དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་ཏེ། དེ་ནས་ནི་གོང་མའི་རྗེས་ཐོག་གོ། །དེ་བཞིན་གཤེགས་པ་ནི་ཀུན་ཏུ་བཟང་པོ་ཡུམ་དང་གཉིས་སུ་མེད་པའོ། །དཀྱིལ་འཁོར་དེ་དག་ཅེས་པ། ཀུན་ཏུ་བཟང་པོའི་རིག་པ་རང་སྣང་བའི་ལྷན་ཅིག་པའི་འཁོར་ཐམས་ཅད་དེ། གཙོ་བོ་དང་འཁོར་དུ་བཅས་པ་ཐམས་ཅད་དེ་དག་རང་གི་ཐུགས་རིག་པ་རང་སྣང་བ་ཉིད་ཀྱིའོ། །གསང་བ་འདི་ཉིད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞེས་པ། སྐུ་ལྔ་གསུང་ལྔ་ཐུགས་ལ་དབྱེར་མེད་པས་ན་རྡོ་རྗེ་སྨོས་སོ། །ཕྱུང་ངོ་ཞེས་པ། རིག་པ་རང་སྣང་བའི་རྩལ་མི་འགག་པ་ལས་འདི་སྐད་བརྗོད་དོ། །ཨ་ཧོ་ཞེས་པ། གོང་དུ་བཤད་པའི་འཁོར་འདས་གཉིས་ཀྱི་མཚན་ཉིད་ནི། དོན་དམ་དང་ཀུན་རྫོབ་དང་དབྱེར་མེད་པ་གསུམ་གྱི་ངོ་བོ་སེམས་ཉིད་སྐྱེ་བ་མེད་པའི་དོན་དུ་གཅིག་པ་ནི་ཨས་མཚོན་ནོ། །ཧོ་ནི་དེའི་དོན་གྱིས་མཉེས་པའོ། །སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །ཞེས་པ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་མི་རྟག་ཅིང་མི་བརྟན་པ་འཁྲུལ་པ་ལ་ལོངས་སྤྱོད་པ་འབའ་ཞིག་སྡུག་བསྔལ་གསུམ་དང་བརྒྱད་ཀྱི་ངོ་བོར་གྱུར་པ་འབའ་ཞིག་འཁྲུལ་པ་སྣང་བའི་རྩ་བ་དང་། དེའི་ཉེས་པའི་དམིགས་ཀྱི་སྙིང་པོ་ལྟ་བུ་ནི། བདག་ཏུ་རྟོག་ལས་འཕྲོས་ཞེས་པ། ལྷན་ཅིག་སྐྱེས་པའི་མ་རིག་པ་སྣང་བས་ཀུན་ཏུ་བརྟགས་པའི་མ་རིག་པས་གཟུང་འཛིན་གཉིས་སུ་སྣང་བའི་རྟོག་པ་ལས་གསུམ་དང་ཉོན་མོངས་པ་ལྔ་འཕྲོས་པ་ནི་ཁམས་གསུམ་གྱི་རྒྱུ་རྐྱེན་དང་རྩ་བ་དང་ཉེས་དམིགས་སོ། །དེས་བསྐྱེད་པའི་འཁོར་བའི་ངོ་བོ་ནི། རྒྱུ་དྲུག་ཅེས་པས། འགྲོ་བ་རིགས་དྲུག་སྟེ་ནང་ཚན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་བོ། །དེའི་མཚན་ཉིད་ནི། སྐྱེ་འགག་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ། ཞེས་པ་ཕྱི་རྟེན་འབྲེལ་བཅུ་གཉིས་ཀྱི་སྐྱེ་འགག །ནང་རྟེན་འབྲེལ་བཅུ་གཉིས་ཀྱི་སྐྱེ་འགག་གི་སྣང་བས་འགྲོ་བ་རིས་དྲུག་གི་ལུས་མི་མཐུན་པ་ཐ་དད་པ་དང་། ལོངས་སྤྱོད་བཟང་ངན་དང་། སྐྱིད་སྡུག་ཐ་དད་དང་། གནས་མཐོ་དམན་དང་། བསམ་པ་ལ་གནས་པ་དང་། རིག་པ་ལ་གནས་པ་དང་། སྣང་བ་དང་སྟོང་པ་ཐ་དད་དོ། །སྡུག་བསྔལ་ཡང་རིགས་དྲུག་ཀུན་ལ་ཁྱབ་ཀྱང་། ཁྱད་པར་དུ་ངན་སོང་གསུམ་ལ་སྡུག་བསྔལ་མི་འདྲ་བ་ཐ་དད། འཁྲུལ་འཁོར་ལ་སོགས་པ་ཞེས་པ། སྐྱེ་རྒས་ན་འཆི་བཞི་རྒྱུན་ཆད་པ་མེད་པའི་འཁྲུལ་འཁོར་དང་། མཐོ་རིས་ངན་སོང་གཉིས་མཐོ་དམན་ཟོ་ཆུ་འཁྱུད་མོ་བཞིན་དུ་འཁོར་བའོ། །སོགས་ཁོངས་སུ་ཚེ་རིང་ཐུང་དང་། ཁ་དོག་གི་བྱེ་བྲག་བསྡུའོ། །ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད། །ཅེས་པ། དེ་ལྟར་ཁམས་གསུམ་འཁོར་བ་འཁྲུལ་པའི་སྣང་བ་ཇི་ལྟར་སྣང་ཡང་། ཕྱིན་ཅི་ལོག་གི་འཁྲུལ་པའི་ལོག་རྟོག་ཉིད་རང་སྣང་སྟེ། དཔེར་ན་མིག་ནད་ཅན་གྱི་མིག་ནད་མ་ཕན་བར་དུ་ནམ་མཁའ་ལ་ཟླ་བ་གཉིས་པ་དང་ཁབ་འཛག་པ་མཐོང་བ་བཞིན་དུ། ལོག་རྟོག་ཉིད་རང་སྣང་བ་ལས་མ་གཏོགས་པ་ལོག་རྟོགས་ལས་གཞན་དུ་སེམས་མཉམ་པ་ཉིད་ཀྱི་ངང་དུ་ཐ་སྙད་ཙམ་ཡང་མ་དམིགས་པས་ཅི་ཡང་མེད་ཅེས་བྱའོ། །མྱ་ངན་ལས་འདས་པ་བསྡུ་བ་ནི། སྟོང་ཉིད་བདག་མེད་རང་རིག་ཡེ་མཁྱེན་ཐུགས། །ཞེས་པ་ལ་སོགས་ཏེ། གོང་དུ་བཤད་པའི་འཁོར་བའི་དངོས་པོ་མ་ལུས་པ་ཐམས་ཅད་གོང་དུ་བཤད་པའི་གསང་སྔགས་ཀྱི་གཏན་ཚིགས་དག་པ་གསུམ། མཉམ་པ་གསུམ་གྱི་གཏན་ཚིགས་ཀྱིས་གཞལ་ནས་རྟོགས་པའི་ངང་ལ་འཁྲུལ་པ་ལོག་རྟོག་གི་རྒྱུན་ལངས་པ་མེད་པས་རང་དག་པས་མཐའ་ཐམས་ཅད་དག་པ་ལ་ནི་སྟོང་ཉིད་ཅེས་བྱའོ། །དོན་དེ་ཉིད་བདག་གཉིས་དག་པའི་རང་བྱུང་གི་ཡེ་ཤེས་ཀྱིས་མངོན་དུ་བྱས་པའི་ཚེ། དབྱིངས་དབྱེར་མེད་པ་མཉམ་པ་ཉིད་ཀྱི་དབྱིངས་ཉིད་རང་རིག་པའི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ་ནི། ཡུལ་དང་ཡུལ་ཅན་མེད་པར་རང་གིས་རང་རིག་པས་ན་རང་རིག་དེ་ནི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་མ་ནོར་བ་ཡིན་པས་ན་ཐུགས་སོ། །དམིགས་བྱ་དམིགས་བྱེད་མེད་པ་ཞེས་པ་ཆོས་ཐམས་ཅད་ཡེ་ཤེས་སུ་གསལ་བས་ཡེ་ཤེས་ཉིད་ལ་ཉིད་སྤྱོད་དེ། ཡུལ་དང་ཡུལ་ཅན་ངང་གིས་མེད་པ་ལ། དྲན་དབང་བསྒྱུར། །ཞེས་པ་རང་སྣང་གི་ཡེ་ཤེས་ནི། རང་ལ་རང་གིས་དབང་བསྒྱུར་ཏེ། ངོ་མཚར་ཞེས་པ་དེས་ངོ་མཚར་བ་ནི། གདུལ་བྱའི་དགོས་པའི་ཡོན་ཏན་ཐམས་ཅད་སྣང་སྟོང་དབྱེར་མེད་པའི་ངང་ལས་ལྷུན་གྱིས་གྲུབ་པ་ལས། སྐུ་གསུང་ཐུགས་ཡོན་ཏན་ཞིང་ཁམས་ལས། ཞེས་པ་སྐུས་འདུལ་བ་ལ་སོགས་པའི་འདུལ་བ་བཞིའི་མཛད་པ་སྣང་བའི་དེ་བཞིན་གཤེགས་པ་ཐམས་ཅད་རང་སྣང་བ་ནི། སྐབས་ཀྱི་གདུལ་བྱའི་སྣང་བ་དང་། གདུལ་བྱའི་སྣང་བ་ཡང་བཟང་འཁྲུལ་ཡིན་པས། གདུལ་བྱའི་སྣང་བ་ཁོ་ན་སྟེ། གཞན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་བྱའོ། །ཚིག་དོན་གྱི་འབྲེལ་བ་ནི། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་པ་ཀུན་ཏུ་བཟང་པོའི་དགོངས་པ་ཕུན་སུམ་ཚོགས་པ་ཐམས་ཅད་དབྱེར་མེད་པ་ནི་རྡོ་རྗེའོ། །དེ་ཉིད་བསམ་བརྗོད་ཀྱི་ཡུལ་དང་བྲལ་བས་གསང་བའོ། །དགོངས་པ་དེ་ཉིད་གོ་ཕྱེ་བའི་འཁོར་གྱི་དོན་དུ་རང་སྣང་མི་འགག་པར་ཤར་བ་ཚིག་ཏུའོ། །བསྟན་པ་སྣང་བའི་ཡོན་ཏན་ནི། ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པ་དང་། ཞེས་པ་ཀུན་ཏུ་བཟང་པོའི་ཐུགས་རིག་པ་གོ་ཕྱེ་བའི་འཁོར་གྱི་དོན་དུ་སྣང་བའི་ཐུབ་པ་དྲུག་སྤྲུལ་པ་གྲངས་མེད་པ་ནི། གླིང་བཞི་བྱེ་བ་ཕྲག་བརྒྱ་ན་སྟོན་པ་བྱེ་བ་ཕྲག་བརྒྱར་སྣང་བ་དང་། གཞན་ཡང་བོང་བ་ལ་བོང་བ་དང་། རི་བོང་ལ་རི་བོང་སྣང་བ་གྲངས་མེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡང་དེ་དག་ཏུ་འདུས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ་ཞེས་པ། གསུང་བསམ་གྱིས་མི་ཁྱབ་པ་ཐེག་པ་རིམ་དགུ་ཕྱོགས་བཅུར་གྲགས་པ་ཐམས་ཅད་དེ་དག་ཏུ་འདུས་པ་ནི་གོང་དུ་བསྟན་པའི་ཐེག་པ་ལྔ། དེའང་གཞལ་བྱ་འཁོར་འདས་གཉིས། དེའང་ལེའུ་བསྡུས་པའི་ནང་དུ་འདུས་པར་མ་འོངས་པའི་དེ་བཞིན་གཤེགས་པ། ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་མཁྱེན་ཅེས་བྱའོ། །བསྡུ་བ་དངོས་ནི། དང་པོ་འཁོར་བ་བསྡུ་བ་ནི། སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །ཞེས་པར། མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཞེས་པ་བསྡུ་སྟེ། སྲིད་གསུམ་གྱི་རྩ་བ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་ཀུན་ཏུ་བརྟགས་པའི་མ་རིག་པ་གཉིས་ཀྱིས་ལས་གསུམ་དང་། ཉོན་མོངས་པ་ལྔ་སྤྱོད་པས་འཁོར་བར་འཕྲོས། དེས་ན་འཁོར་བའི་རྒྱུ་ནི་མ་རིག་པ་རྣམ་པ་གཉིས་སོ། །རྒྱུ་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་། །ཞེས་པར། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །ཞེས་པ་བསྡུ་སྟེ། ཇི་སྙེད་བསམ་གྱིས་མི་ཁྱབ་པའི་འཇིག་རྟེན་གྱི་ཁམས་ན། འཁྲུལ་བའི་ཆོས་ཐམས་ཅད་འགྲོ་བ་དྲུག་གི་སྐྱེ་འགག་དང་ལུས་དང་ལོངས་སྤྱོད་དང་གནས་མཐོ་དམན་ཐམས་ཅད་བསྡུ་བའོ། །སྡུག་བསྔལ་ཞེས་པར། མི་མཐུན་བདེ་སྡུག་མྱོང་བ་འགྱུར། །ཞེས་པ་བསྡུ་སྟེ། སྤྱིར་འགྲོ་དྲུག་ཀྱང་ནང་མི་མཐུན་པའི་དབང་གིས་བདེ་སྡུག་མི་མཐུན་པ་མྱོང་ལ། རིས་དྲུག་རེ་རེའི་ནང་ན་ཡང་བདེ་སྡུག་མི་མཐུན་པ་ཐ་དད་པ་མྱོང་བར་འགྱུར་རོ། །འཁྲུལ་འཁོར་ཞེས་པར། ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །ཞེས་པ་བསྡུ་སྟེ། འཁྲུལ་འཁོར་འཁོར་བར་འཁོར་བའི་ཚུལ་ནི། ཕྱི་ནང་གི་རྟེན་འབྲེལ་བཅུ་གཉིས་ཐུག་པ་མེད་པར་འཁོར་བའོ། །ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད། །ཅེས་པར། རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་པ་བསྡུ་སྟེ། ལོག་རྟོག་འཁྲུལ་པའི་སྣང་བ་འཁོར་བར་སྣང་བདོ་ཙ་ན་རང་བཞིན་ལས་མ་གཡོས་པའོ། །གཞན་ཡང་། བདག་དང་བདག་གི་གཞན་མེད་དེ། །ཞེས་པ་ནས། གཞན་དུ་གཡོ་བ་ཅི་ཡང་མེད་ཀྱི་བར་ཚིག་བདུན་བསྡུ་སྟེ། སེམས་ཉིད་གསང་བའི་དབྱིངས་ལས་བདག་གཞན་ནས། གཉིས་ཅན་གྱི་ཆོས་ཐམས་ཅད་གཞི་ནས་མ་གྲུབ་སྟེ། བྱང་སེམས་མཉམ་པ་ཉིད་ཀྱི་ངང་དུ་དབྱེར་མེད་དེ། འཁྲུལ་པའི་དབང་གིས་བདག་གཞན་དུ་སྣང་བ་ཉིད་ན་ལོག་རྟོག་འཁྲུལ་པ་མ་གཏོགས་པ་གཞི་ལ་མ་གྲུབ་པར་བསྟན་ཏོ། །མྱ་ངན་ལས་འདས་པ་བསྡུ་བ་ནི། སྟོང་ཉིད་བདག་མེད་རང་རིག་ཅེས་པར། ཡང་དག་སྒྱུ་མ་ཚུལ་གཉིས་སུ། །ཞེས་པ་དང་། །ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་། །ཞེས་པ་ཚིག་བརྒྱད་བསྡུ་སྟེ། ཡང་དག་པའི་བདེན་པ་གཉིས་ཀྱི་ཚུལ་དུ་སྣང་ཡང་། བདེན་པ་གཉིས་རང་རིག་པའི་ཡེ་ཤེས་སུ་གསལ་བ་དང་། ལོག་རྟོག་རྒྱུ་འབྲས་སྣང་ཙམ་ན་གཞི་རྟེན་དང་བྲལ་བའི་ངོ་བོ་དབྱིངས་ལ་དབྱིངས་དབང་བསྒྱུར་བ་ལས་མ་གཏོགས་པ། ལོག་རྟོག་དག་པ་དེ་ནི་གསང་སྔགས་ཀྱི་ངོ་བོ་ཉིད་དེ། དེ་མི་འགག་པ་ལས་ཐེག་པ་འོག་མ་རྣམས་སྣང་བ་ཡང་གསང་སྔགས་སུ་འདུས་སོ། །ཡེ་མཁྱེན་ཐུགས་ཞེས་པར། ཡང་དག་རྟོགས་པས་རབ་བརྟགས་ན། །ཞེས་པ་ནས། ལེའུ་ཚར་བའི་བར་བསྡུ་སྟེ། མཐར་ཕྱིན་པའི་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ངོ་བོ་གང་དུའང་མ་གྲུབ་པ་ཅིར་ཡང་སྣང་བས། སྟོན་པ་དང་བསྟན་པ་ལ་འབྱུང་འཇིག་དང་དར་ནུབ་མེད་དེ། འཁྲུལ་ངོ་ལ་སྣང་བའང་རིག་པ་རང་སྣང་། ཐེག་པ་རིམ་དགུ་རྗོད་བྱེད་ཕྱོགས་བཅུར་གྲགས་པའང་རང་བཞིན་གསང་བའི་སྙིང་པོ་ལས་འཕྲོས་ཤིང་། སླར་དེ་ཉིད་གཏན་ལ་ཕབ། མཚོན་བྱེད་ཀྱི་ཐ་སྙད་ཐམས་ཅད་སྣང་བའང་རང་སྣང་བྱ་སྣང་བྱེད་མ་དམིག་སོ། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་བསྒྱུར། །ཞེས་པར། དབྱིངས་ལ་དབང་བསྒྱུར་ཉིད་སྤྱོད་ཕྱིར། །ཞེས་པའི་ཚིག་ལྔ་བསྡུས་ཏེ། ཡུལ་ཡུལ་ཅན་མེད་པའི་མཛད་སྤྱོད་ཐམས་ཅད་རང་སྣང་དུ་འཆར་བས་བདག་གཞན་གྱི་འདུ་ཤེས་མི་མངའ་སྟེ། ཐེག་པ་མ་འགག་པར་རང་སྣང་བ་ཉིད་རང་རིག་པར་ལྷུན་གྱིས་གྲུབ་པའོ། །ངོ་མཚར་ཞེས་པར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནས། འགྲོ་བ་ལྔའི་དོན་མཛད་པའི་བར་བསྡུ་སྟེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་དྲུག་པ་ཀུན་ཏུ་བཟང་པོའི་ཐུགས་རིག་པ་ཐུབ་པ་དྲུག་ཏུ་སྣང་ནས། མཐར་ཐུག་པ་མེད་པའི་ཞིང་ཁམས་ན་འདུལ་བ་བཞིས་དོན་མེད་པ་ནི། སྤྱི་ཆོས་སྐུའི་ཞིང་ཁམས་སྨོས་པ་སྟེ། མཛད་བྱ་མཛད་བྱེད་མེད་པར་རྨད་དུ་བྱུང་བའོ། །སྐུ་ཞེས་པར། བལྟམས་པ་དང་ཞེས་པ་ནས ། མཛད་པ་བཅུ་གཉིས་དང་། སྟོན་པའི་ཐུབ་པ་ཞེས་པའི་བར་དུ་བསྡུ་སྟེ། ཐུབ་པ་དྲུག་གི་མཛད་པ་མ་ལུས་པ་ཐམས་ཅད་ཡུལ་དང་ཡུལ་ཅན་མེད་པར་རིག་པ་རང་གསལ་གྱི་ཡེ་ཤེས་སྣང་བའོ། །གསུང་ཞེས་པར། ཐམས་ཅད་ཀྱང་ཞེས་པ་ནས། གོས་སུ་མེད་པར་ཞེས་པར་ཐེག་པ་ལྔ་བསྡུའོ། །ཡོན་ཏན་ཞེས་པར། དུས་བཞི་ཀུན་ཏུ་མཁྱེན་པ་ནས། མངོན་ཤེས་དྲུག་སྟེ་རང་སྣང་གི་གསུང་ཞེས་པར། ཐམས་ཅད་ཀྱང་ཞེས་པ་ནས། གོས་སུ་མེད་པར་ཞེས་པར་ཐེག་པ་ལྔ་བསྡུའོ། །ཡོན་ཏན་ཞེས་པར། དུས་བཞི་ཀུན་ཏུ་མཁྱེན་པ་ནས། མངོན་ཤེས་དྲུག་སྟེ་རང་སྣང་གི་མཁྱེན་པའི་བྱེ་བྲག་རྣམས་བསྡུའོ། །ཞིང་ཁམས་ཞེས་པར། འཐོན་ནས་ཀྱང་ཞེས་པ་ནས། དོན་མཛད་ཀྱི་བར་ཏེ། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཀྱི་འཇིག་རྟེན་གྱི་ཁམས་མཐར་ཐུག་པ་མེད་པ་རྣམས་བསྡུའོ། །ལས་ནི། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་ཞེས་པ་ནས། བསམ་གྱིས་མི་ཁྱབ་པ་གྲངས་མེད་པར་ཕྱོགས་བཅུར་སྣང་བར་གྱུར་ཏོ། །ཞེས་པའི་བར་བསྡུས་ཏེ། བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་སྒོ་ནས་གདུལ་བྱ་ཐམས་ཅད་ཀྱི་དོན་འགྲུབ་པའོ། །ཆོས་ཐམས་ཅད་གཏན་ལ་དབབ་པའི་ལེའུ་ཞེས་པ། ཆོས་གཏན་ལ་འབེབས་པའི་གཞིའམ་རྩ་བ་ཐུབ་པ་དྲུག་གི་མཛད་པ་དེ་ཉིད་སྐུ་གསུང་ཐུགས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་དང་། གསུང་གི་མཛད་པ་ཐེག་པ་རིམ་དགུ་དེ་ཡང་ཐེག་པ་ལྔར་བསྡུས། དེ་ཡང་འབྲས་བུའི་ཐེག་པར་བསྡུས། དེའི་དོན་ཉིད་ཐེག་པ་རིམ་དགུ་གསང་བའི་སྙིང་པོ་ལ་སྣང་ཞིང་དེར་གཏན་ལ་ཕབ། འཁོར་བའི་ཆོས་ཐམས་ཅད་སེམས་ཉིད་ལས་སྣང་ཞིང་དེ་ཉིད་ཡེ་ཤེས་སུ་གསལ། །དེ་དག་ཐམས་ཅད་ཀྱིས་ལྟ་བ་གཏན་ལ་ཕབ་པའོ། །ལེའུ་གསུམ་པ་བཀྲོལ་བའོ།། ༈ །།ད་ནི་ལེའུ་བཞི་པ་བསྟན་ཏེ། དེ་ཡང་ལེའུའི་མཚམས་སྦྱར་ན། ལེའུ་དང་པོ་རང་སྣང་ཉིད་རྟོག་པའི་ཚོགས་ཐམས་ཅད་རང་བཞིན་ལྷུན་གྱིས་གྲུབ་པ་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་རྫོགས། དེ་དག་རང་སྣང་བ་ཀུན་ཏུ་བཟང་པོའི་ངོ་བོར་རྫོགས་པའི་གསུང་ལྔ་ལྷུན་གྲུབ་ཉིད་རྒྱུད་འབྱུང་བའི་རྒྱུའོ། །རྒྱུད་འབྱུང་བའི་རྐྱེན་ཐེག་པ་མཐོ་བས་སྟོན་པས་གླེང་བསླང་སྟེ། ཀུན་ཏུ་བཟང་པོ་ཡབ་ཡུམ་སྦྱོར་བ་ལ་ཞུགས་པས་འཁོར་བའི་ཆོས་ལྔ་གསུམ་བཅོ་ལྔ། འབྲས་བུ་ལྔ་གསུམ་བཅོ་ལྔ་ལྷུན་གྱིས་གྲུབ་པ་ཡོངས་སུ་ཤེས་པར་བྱ་བ་རྒྱུད་ཀྱི་དོན་ནོ། །མེ་ལོང་གཡའ་དག་ནས་གཟུགས་བརྙན་གསལ་བ་དང་འདྲ་བར། ཡེ་ཤེས་ལྔའི་རྩལ་ལས་གཞན་གྱི་དོན་མི་འགག་པར་སྣང་བའི་ཐུགས་རྗེ་སྤྲོ་བ་སྣ་ཚོགས་མཛད་དེ། སྤྲོ་བ་ཉིད་མི་འགག་པ་ཐུབ་པ་དྲུག །སྟོན་པ་དང་བསྟན་པ་བསམ་གྱིས་མི་ཁྱབ་པའི་མཛད་པའི་སྒོ་ལེའུ་གསུམ་པ་བསྟན་ཏེ། དེ་ཡང་དཀྱིལ་འཁོར་བཅུ་གཉིས་དང་སྦྱར་ན། ལེའུ་དང་པོ་རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར། ལེའུ་གཉིས་པ་འབྲས་བུ་ལྷག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། ལེའུ་གསུམ་པ་ཐུགས་རྗེའི་དཀྱིལ་འཁོར་དང་འདུལ་བའི་དཀྱིལ་འཁོར་བསྟན་ཏོ། །ལེའུའི་བཞི་པས་ཡི་གེའི་འཁོར་ལོ་བསྟན་པ་ནི། གོང་གི་བསྟན་པ་ཐམས་ཅད་ཚིག་དང་ཡི་གེའི་སྒོ་ནས་མཚོན་དགོས་པ་དང་། ཡི་གེ་ལ་བརྟེན་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་སྣང་བའི་ཡི་གེ་ལ་བརྟེན་དགོས་པས་དངོས་པོ་བཅུ་ལས་ན་དཀྱིལ་འཁོར་དེ་ལྟར་བཅུ་གཉིས་ཀྱི་དབང་དུ་བྱས་ན། ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་སྟོན། འོན་ཀྱང་རྟོག་པ་དང་ལྷ་ཡི་གེ་གསུམ་སྦྱོར་བ་སྟོན་ཏོ། །དེའི་དབང་གིས་སེམས་བཞི་བཅུ་རྩ་གཉིས་སུ་བྱུང་། ཡི་གེ་བཞི་བཅུ་རྩ་གཉིས་ཀྱང་འོག་ནས་འབྱུང་བའི་སྐུ་གསུམ་གྱི་གཏན་ཚིགས་ཀྱིས་ཕྱི་ནང་གི་ཆོས་ཐམས་ཅད་ཀྱང་ཡི་གེ་ཡིན་ཏེ། བཏགས་པའི་ཐ་སྙད་ལ་དོན་དུ་འཛིན་ཏེ་ཞེན་པའི་སྐད་ཅིག་མའི་སྣང་བའོ། །དེ་ལྟར་ཁོག་དོན་སྦྱར་ནས་འབྲུ་ལ་འཇུག་སྟེ། ལེའུའི་འདི་ལ་གསུམ་སྟེ། དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་ལ་སྟོན་པའི་དགོངས་པའི་ངོ་བོ་ནི། དེ་ནས་ཞེས་པ་ནི། ཚིག་གི་དེ་མ་ཐག་པ་ནི་ལེའུ་གོང་མའོ། །དོན་གྱི་དེ་མ་ཐག་པ་གཉིས་ཏེ། སྔོན་བྱུང་སངས་རྒྱས་ཀྱི་མཛད་པ་ནི། ལྟ་བ་གཏན་ལ་ཕབ་ནས་ཏིང་ངེ་འཛིན་ལ་འཇུག་པའི་དོན་བརྗོད་པའོ། །རྗེས་འཇུག་རྣལ་འབྱོར་པའི་དབང་དུ་ན། དེ་བཞིན་ཉིད་དང་ཀུན་ཏུ་སྣང་གཉིས་སོང་ནས་རྒྱུའི་ཏིང་ངེ་འཛིན་བསྒོམ་པའོ། །དེ་བཞིན་གཤེགས་པ་ནི་རྟོགས་པ་མངོན་དུ་བྱས་པའོ། །ཐམས་ཅད་ནི་ལྷན་ཅིག་པའི་གཙོ་འཁོར་མ་ལུས་པ་ཐམས་ཅད་དགོངས་པ་ཆོས་སྐུ་མཉམ་པ་ཉིད་ལ་དབྱེར་མེད་པའོ། །གཅིག་ཏུ་ནི་རང་རིག་པ་རང་བྱུང་ཡེ་ཤེས་ལ་དུ་མ་མི་མངའ་བའོ། །གྱུར་ནས་ནི། ལེའུ་གཉིས་པའི་སྨད་དུ་སེམས་ལྔ་བསྐྱེད་པ་མཐར་ཕྱིན་ནས་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པའོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི། རྒྱལ་བ་དྲུག་པའི་བདག་ཉིད་དེ། དྲུག་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་གཅིག་དང་དུ་མ་ལས་གྲོལ་བས་དེའི་ཕྱིར་ན་མ་འགག་པ་ཐམས་ཅད་དེ། དེས་ན་དེ་ཉིད་གསུང་ལྔ་ལྷུན་གྱིས་གྲུབ་པ་རང་སྣང་ཡང་གཡོ་བྱ་གཡོ་བྱེད་མི་མངའ་བ་ནི་དགོངས་པ་ཞེས་བྱ་སྟེ། གཅིག་པ་ནི་དུ་མ་མི་མངའ་བའོ། །ངོ་བོ་ལ་དགོངས་མི་དགོངས་ཀྱི་ཐ་སྙད་མི་གནས་ཀྱང་། ཡི་གེའི་ཕྲེང་བ་སྣང་བའི་དགོངས་པ་ཁོ་ན་ལ་ནི་གཅིག་པ་ཞེས་བྱ་སྟེ། གྱུར་པ་ནི་གདུལ་བྱའི་སྣང་བ་ཁོ་ནའོ། །མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་ཞེས་པ། མཉམ་པ་ནི་སྣང་སྟོང་གཉིས་ཀྱི་མཐའ་དང་བྲལ་བ་དེ་ཉིད་ཡུལ་དུ་གྱུར་པ་མེད་པ་ནི། བདེན་པ་གཉིས་གཅིག་ཏུ་མེད་པའི་འདུ་ཤེས་ལས་ཀྱང་གྲོལ་བས་ཆེན་པོའོ། །ཚུལ་རྡོ་རྗེའི་དབྱིངས་ཞེས་པ། དེའི་ངོ་བོ་ཉིད་ནི་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་མ་ལུས་པ་ཐམས་ཅད་སེམས་ཀྱི་དབྱིངས་སུ་ལྷུན་གྱིས་གྲུབ་པ་ཉིད་རྒྱུ་རྐྱེན་དང་བྲལ་བས་སྐྱེ་བའི་དངོས་པོར་གྲུབ་མ་མྱོང་བ་ནི་ཡིན་ཚུལ་དང་གནས་ཚུལ་ལོ། །དེ་ཉིད་རྟོགས་པ་ལྷུན་གྱིས་གྲུབ་ནས་ཡུལ་དང་ཡུལ་ཅན་མེད་པའི་རྟོགས་ཚུལ་ཏེ། དེ་ལྟ་བུ་ལ་ནི་དབྱེར་མེད་ཅིང་མི་ཕྱེད་པའི་དོན་གྱིས་ན་རྡོ་རྗེའོ། །དེ་ཉིད་ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པའི་དོན་གྱིས་ལྷུན་གྱིས་གྲུབ་པའི་དབྱིངས་སུ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་ཞེས་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེའམ་ཐོག་མ་ནས་རང་བྱུང་གི་ཡེ་ཤེས་རང་སྣང་བའི་ངང་ལ་འཁོར་བ་དང་ལམ་པ་གྲུབ་པ་མྱོང་བ་ནི་བུདྡྷ་ཞེས་བྱ་ལ། བཤད་པའི་དོན་དེ་དག་ཀུན་ཏུ་བཟང་པོའི་དགོངས་པར་མ་འདྲེས་ལ་ཡོངས་སུ་རྫོགས། ཡུལ་དང་ཡུལ་ཅན་མེད་ནམ་མཁས་ནམ་མཁའ་མི་སེམས་ཀྱང་ནམ་མཁའི་ངང་ལས་མི་འདའ་བ་བཞིན་དུ། གཡོ་བྱ་གཡོ་བྱེད་མེད་པ་ལ་ནི་ཏིང་ངེ་འཛིན་ཞེས་བྱ་སྟེ། ཆུ་གཤེར་བ་ལས་མི་འདའ་བ་ལྟ་བུ་ལ་ནི་མི་གཡོ་བ་ཞེས་བྱའོ། །ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཞེས་པ། འཁོར་འདས་ཡུལ་སེམས་ཕྱི་ནང་གི་དངོས་པོ་ཐམས་ཅད་ནི་བརྟག་པའི་ངོ་བོ་ལ་ཡོད་པ་རྟག་པ་བརྟན་པ་ལྟར་གནས་ཀྱང་། ངོ་བོ་ལ་གྲུབ་པ་མེད་དེ། དཔེར་ན་བུམ་པ་ཞེས་བྱ་བའི་མཚན་ཉིད་ནི་བཙལ་ན་བུམ་པའི་ཕྱིར་ཡང་མ་རྙེད། ནང་དུ་ཡང་མ་རྙེད། བར་དུའང་མ་རྙེད་པའི་གཏན་ཚིགས་ཀྱིས་བུམ་པ་བུམ་པར་མ་གྲུབ་པར་བུམ་པའི་ཐ་སྙད་དང་བྲལ་ཏེ། བུམ་པ་ཞེས་བྱ་བ་གཞི་ལ་མ་གྲུབ་པ་བཞིན། ཆོས་ཐམས་ཅད་ལ་སྣང་ཙམ་ཉིད་ན་ངོ་བོ་མ་གྲུབ་པས་སྒྲ་ཙམ་ཁོ་ནའོ། །དེ་བས་ན་ཞེས་པ་འཁོར་འདས་ཀྱི་བརྟགས་པ་ཐམས་ཅད་ལ་ནི་ཡི་གེ་ཞེས་བྱའོ། །དེས་ན་འཁོར་ལོ་ཞེས་པ། རྒྱུན་ཆད་མེད་པ་སྟེ་ཕྱི་ནང་གི་ཆོས་ཐམས་ཅད་ཀྱང་མ་འགག་པ་རང་སྣང་བར་རྒྱུན་ཆད་མེད་ལ། དེ་བཞིན་དུ་ཡི་གེ་བཞི་བཅུ་རྩ་གཉིས་ཀྱང་། གདུལ་བྱའི་ངོ་ལ་རྒྱུན་ཆད་མེད་པས་འཁོར་ལོའོ། །ཡང་ན་གཅོད་པའི་ཕྱིར་ཡང་འཁོར་ལོ་སྟེ་ཡི་གེ་བཞི་བཅུ་རྩ་གཉིས་ཀྱིས། རྟོག་པ་བཞི་བཅུ་རྩ་གཉིས་གཅོད་ནས་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་གསལ་བའོ། །ཡང་ཕྲེང་བའི་འཁོར་ལོ་ཞེས་བྱ་སྟེ། གསུང་ཡི་གེའི་རྒྱུན་ཉིད་གསུང་གི་དཀྱིལ་འཁོར་ཏེ། གསུང་གི་རྒྱུན་དེ་ཉིད་ཏིང་ངེ་འཛིན་གྱི་འཕྲོ་འདུ། སྐུ་ཕྱག་རྒྱ། ཐུགས་ཕྱག་མཚན། གསུང་ཡིག་འབྲུ་བཞི་ལྷུན་གྱིས་གྲུབ་པ་ལས་རང་སྣང་བས་བྱུང་ཞེས་བྱའོ། །སྐུ་དང་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་ཞེས་པ། ཡང་ན་ཡི་གེའི་ཕྲེང་བ་གསུང་གི་རྒྱུན་ཡིན་པ་དེ། སྐུ་དང་ཐུགས་དང་ཡོན་ཏན་ཕྲིན་ལས་བཞི་དབྱེར་མི་ཕྱེད་པ་རྡོ་རྗེ་ལྟ་བུ་ལས་གདུལ་བྱའི་ངོ་ལ་རང་སྣང་བ་ལ་ཕྱུང་ཞེས་བྱའོ། །ཡི་གེའི་གནས་ནི། འབྱུང་བའི་གནས་ནི་ལྟེ་བ་སྟེ། ལྟེ་བ་ཀུན་ཏུ་བཟང་མོའི་འཁོར་ལོ་ཞེས་པས། ལུས་ཀྱི་རྩ་ཐམས་ཅད་ཀྱི་རྩ་བའང་ལྟེ་བ། དབང་པོ་གསལ་བྱེད་ཀྱི་རྩ་ཐམས་ཅད་ཀྱང་ལྟེ་བ་ཡིན་ཏེ། མཚན་བརྗོད་ལས་ཀྱང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་སྟེ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་པས་ཡི་གེ་བརྗོད་པའི་དུས་སུ་ལྟེ་བའི་གནས་ན་ཡི་གེ་ཨ་གཅིག་བྱུང་། ལྕེ་ཐོག་ཏུ་ཕྱིན་ན་ཡི་གེ་གཞན་དུ་འགྱུར་བས་ཡིག་འབྲུ་ཀ་དང་སྒྲའི་བརྗོད་པ་ཐམས་ཅད་ཀྱི་ཁོང་ན་ཨ་ཡོད་པས་ཡིག་འབྲུ་ཀུན་གྱི་མཆོག་ཅེས་བྱའོ། །ཨ་ལས་ཡི་གེའི་ཚོགས་རྣམས་འབྱུང་བ་ནི་ལྕེ་ཐོག་ཏུ་ཕྱིན་ཙ། ཀ་ཁ་ག་གྷ་ང་སྣང་ཡང་། ཨའི་འོད་ཟེར་མགྲིན་པར་ཕྱིན་ནས་ཀ་ཁ་ལ་སོགས་པ་ལྔར་སྣང་། དེའི་ཕྱིར་ན་ཡིག་འབྲུ་ལྔ་ནི་མགྲིན་པ་ལས་འབྱུང་ངོ་། །ཨའི་འོད་ཟེར་ལྕེ་ཐོག་ཏུ་ཕྱིན་ཙ། ཙའི་ཚན་ལྔར་སྣང་། དེས་ན་ཡིག་འབྲུ་དེ་ལྔ་ནི་ལྗགས་ལས་འབྱུང་བའོ། །ཨའི་འོད་ཟེར་ལྕེའི་རྩེ་མོར་ཕྱིན་ཙ། ཏ་ཚན་གྱི་ཡི་གེ་བཅུར་སྣང་། དེས་ན་དེ་ཚོ་ནི་ལྗགས་ཀྱི་རྩེ་མོ་ལས་འབྱུང་བའོ། །ཨའི་འོད་ཟེར་འཕྲོས་པ་མཆུའི་སྒྲོས་ལ་བརྟེན་ཏེ། པ་ཚོ་ལྔར་སྣང་། དེ་མཆུ་ལས་བྱུང་བའོ། །ཨའི་འོད་ཟེར་ཕྱི་རོལ་དུ་ཡུལ་ལ་འཕྲོས་པ་ལས་ཡི་གེ་ཉི་ཤུར་སྣང་སྟེ། བྱིན་པ་གཉིས་ལས་ཡ། དཀུའི་སྐབས་ལས་ཝ། སྟ་ཟུར་ལས་ར། ལ་ནི་དཔུང་པ་གཉིས། ཐུགས་ཀའི་འོད་ལས་ཤ །ཕྱག་མཐིལ་ནས་ཥ། མཛོད་སྤུ་ནས་ས། ཞབས་མཐིལ་ལས་ཧ། གསང་གནས་ནས་ཀྵ། སྤྱན་གཉིས་ལས་ཨི་གཉིས། སྙན་གཉིས་ལས་ཨུ་གཉིས། ཚེམས་ལས་ཨེ་གཉིས། ཤངས་གཉིས་ལས་ཨོ་གཉིས། གཙུག་ཏོར་ནས་མགོ། ཁྲུ་ཚུར་ལྟེ་བ་ནས་ཤད་ཡིན་ཏེ། ཀུན་འདུས་རིག་པའི་མདོ་ན་ཚིགས་བཅད་རྒྱས་སོ། །ཡི་གེའི་སྒྲ་ནི་ཨཀྵ་རའི་སྒྲ་ལས་དྲངས་ན་མི་འགྱུར་བ་སྟེ། དེ་ཡང་སྒྲ་མི་འགྱུར་བ་དང་། དོན་མི་འགྱུར་བ་གཉིས་སོ། །སྒྲ་མི་འགྱུར་བ་ནི། སྒྲ་ཉིད་རང་སྣང་བའི་ཡི་གེ་ཨ་ཀར་མི་འགྱུར། ཀ་ཝ་ར་མི་འགྱུར་བར་ཡི་གེ་སོ་སོའི་གཟུགས་སུ་གཤགས་ཕྱེད་པར་སྣང་བའོ། །དོན་མི་འགྱུར་བ་ནི། ཆོས་ཉིད་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཨ་ཞེས་བཏགས་སོ། །བྱེད་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཀ་ཞེས་གདགས་སོ། །ཁྱབ་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཁ་ཞེས་གདགས་སོ་ཞེས་པ་ལ་སོགས་ཏེ། ཨ་ཨ་ནུ་སརྦ་དྷ རྨཱའི་སྒྲ་ལས་དྲངས་ན། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་མཚོན་པས། ཨ་ཡི་ཆོས་ཉིད་སྐྱེ་མེད་མཚོན་པ་ལས་མ་གཏོགས། བྱ་བྱེད་ཀྱི་ཆོས་མི་མཚོན་པའོ། །ཀས་ནི་བྱེད་པ་མཚོན་ཏེ། ཀ་ཀཱ་རུ་ཎ་ཐུགས་རྗེ། ཀརྨ་ན་ཕྲིན་ལས། ཀ་ཀཱ་རུ་ན་བྱེད་པ། ཐུགས་རྗེའི་ཕྲིན་ལས་ཀྱིས་འགྲོ་བའི་དོན་བྱེད་པ་ཞེས་ཏེ། བྱེད་པ་མཚོན་པ་མིན་པ་ཆོས་ཉིད་མི་མཚོན་ནོ། །དེ་ལ་སོགས་པ་ཡི་གེ་རེ་རེ་ལ་དོན་མཚོན་པ་དང་རྩ་བ་དང་ཡན་ལག་རྣམས་ཡོད་དོ། །ཡང་བུདྡྷའི་ཡེ་ཤེས་མན་ཆད་ཅེས། དམྱལ་བའི་ཨ་ཚ་ཨ་ན། ཁྲ་དང་སྦྱང་ཀིའི་ལ་ཉེ་ཡན་ཆད་ཡི་གེས་སྟོན་པའོ། །ཡང་ཡི་གེ་ལ། ཨ་བྷྱ་ཛྙཱ་ནའི་སྒྲ་ལས་དྲངས་ན་ཁྲིད་བྱེད་ཅེས་བྱ། བརྡེག་བྱེད་ཅེས་བྱ་སྟེ། དཔེར་ན་ཡུངས་དང་ཚོད་མ་ལྟ་བུར་ཀྱང་ཟས་ཁོང་དུ་ཁྲིད་པར་བྱེད། གྲེ་བར་བརྡེག་པར་བྱེད་པ་དང་འདྲ་བར། ཡི་གེས་ཀྱང་ཨ་སྐྱེ་མེད་མཚོན་པ་ལ་སོགས་པ་ཡི་གེ་སོ་སོའི་དོན་དེའི་ཐོག་ཏུ་ཁྲིད་པར་བྱེད་ཅིང་རྡེག་པར་བྱེད་པའོ། །བུདྡྷའི་ཡི་ཤེས་དང་ཆོས་ཉིད་སྐྱེ་བ་མེད་པའི་དོན་དང་བྱང་ཆུབ་སེམས་བསམ་བརྗོད་ལས་འདས་པ་ཡིན་ཀྱང་ཡི་གེས་རྟོགས་པར་བྱེད། མངོན་དུ་སྣང་བར་བྱད་དོ། །ཡང་སུ་ཝ་རྞའི་སྒྲ་ལས་དྲངས་ན་གསལ་བྱེད་དམ་དག་བྱེད་ཅེས་བྱ་སྟེ། དཔེར་ན་གསེར་ནི་ཡེ་ནས་ལྷད་དང་བྲལ་བ་ཡིན་པས། དེ་ལ་འཕྲལ་གྱི་སྒྱུ་དང་བཙའ་སྐྱེན་གྱིས་མི་གོས་པ་དང་འདྲ་བར། ཡི་གེ་ལ་དོན་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན་མི་འགག་པའི་སྣང་བ་ཡིན་ལ། བྱང་ཆུབ་སེམས་ཡེ་ནས་སྐྱོན་དག་པའི་རང་བཞིན་དུ་གནས་པའི་དོན་དེ་ཉིད་གསལ་བར་སྟོན་པས་སོ། །དེ་ལྟ་བུའི་ཡི་གེ་དེ་ལ་བཞི་སྟེ། རང་བཞིན་དང་། རི་མོ་དང་། གྲངས་དང་། ལས་དང་བཞིའོ། །དེ་ལ་ཡི་གེའི་རང་བཞིན་ནི་ཡི་གེ་ཉིད་ཡེ་ནས་སྣང་སྟོང་གི་མཐའ་དང་བྲལ་བ་བུདྡྷ་བའི་རང་བཞིན་ཡིན་ཏེ། ལུང་འདི་ཉིད་ལས། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོ་དེ་ཉིད་ངེས། །ཞེས་གསུངས་སོ། །རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་ལས་ཀྱང་། བདེ་བ་ལས་འཁྲུངས་རྡོ་རྗེ་འཆང་བ་དེ། །དངོས་པོ་དངོས་མེད་འབྱུང་གནས་ཆེན་པོར་མཁྱེན། གང་དུ་དང་པོར་རྣམ་པར་སྣང་མཛད་དེ། །དྲི་མེད་རྣམ་དག་བློས་ནི་ༀ་དུ་སྤྲུལ། །ཞེས་དང་། གསང་བ་འདུས་པ་ལས་ཀྱང་། ཨཱོཾ་ནི་བུདྡྷ་སྐུ་ཡི་མཆོག །ཨཱཾ་ནི་བུདྡྷ་གསུང་གི་ལམ། །ཧཱུྃ་ནི་ཐུགས་ཀྱི་ཡེ་ཤེས་ཡིན། །ཞེས་པས་སངས་རྒྱས་ཀྱི་རང་བཞིན་ཡིན་ནོ། །ཡི་གེའི་རི་མོ་ནི་རྒྱ་གར་དང་། བོད་དང་། རྒྱ་ནག་དང་། ཏ་ཟིག་ལ་སོགས་པ་རྒྱལ་ཁམས་ཐ་དད་པའི་ཡི་གེའི་གཟུགས་ཀྱི་རི་མོ་ཐ་དད་དོ། །དེ་ཡང་རྒྱལ་ཁམས་ཐ་དད་པ་གཞན་གྱི་ཡི་གེས་ནི། ཡི་གེ་མང་པོ་བསྡོམས་ནས་དོན་རེ་རེ་མཚོན་པར་བྱེད། རྒྱ་གར་ནི་ཡི་གེའི་རེ་རེས་དོན་མང་པོ་སྟོན་ཏེ། དེ་ཡང་ཕྱོགས་གཅིག་བཤད་ན། དབྱངས་ཀྱི་ཡི་གེ་བཅུ་དྲུག་གི་ཐ་མ་ཨ་ཐུང་གཅིག་པུ་ལ་ཡང་། ཨ་སེང་གེ་གླལ་བ་ལྟ་བུ་དང་། ཞེས་པས། དཔེར་ན་གངས་ཀྱི་སེང་གེའི་སྒྲ་གྲགས་ན། སྟག་ལ་སོགས་པའི་གཅན་གཟན་གཞན་ནི་བྲེད་ཅིང་སྐྲག་ནས་འབྲོས། རི་དྭགས་ཕྲ་མོ་རྣམས་ནི་བརྒྱལ་ཞིང་དམྱལ་ཐག་ཆད། སེང་གེའི་རིགས་རྣམས་ནི་སྤྲོ་ཞིང་དགའ་ལ་གཟི་མདངས་སྐྱེ། དཔེ་དེ་བཞིན་དུ་ཨ་སྐྱེ་བ་མེད་པའི་དོན་དེ་བཤད་ཅིང་བསྟན་པས་ཀྱང་། ཉན་ཐོས་དང་རང་རྒྱལ་བ་རྣམས་པ་སྐྲག་ཅིང་བརྒྱལ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་རིག་འཛིན་རྣམས་ངམ་ཞིང་ངོ་མཚར་བསྐྱེད་པའོ། །སྒྲ་ཡིག་ལ་ཀ་ལྟ་བུ་གཅིག་བཤད་ན། ཀ་ནི་པི་ཝཾ་ལྟག་དབྱེ་ལྟ་བུའོ་ཞེས་པས། དེ་ཡང་དཔེར་ན་པི་ཝཾ་གི་སྒྲས་ལྟད་མོ་བའི་ཡིད་དུ་སྡུག་ཅིང་རྣ་བའི་དབང་པོ་ཚིམ་པར་བྱེ་པ་དང་འདྲ་བར། དེ་བཞིན་གཤེགས་པའི་ཐབས་མཁས་པའི་མཛད་སྤྱོད་ཀྱི་དོན་མཛད་པ་ཡང་། སེམས་ཅན་རྣམས་མྱ་ངན་ལས་འདས་པའི་གནས་སུ་ཡིད་སྡུག་ཅིང་ཡང་དག་པའི་དོན་གྱིས་ཤེས་རྒྱུད་ཚིམ་པར་བྱེད་པས་ཀའི་དབྱིབས་ཀྱིས་མཚོན་ནོ། །དེ་ཡང་མ་ཟད་ཡི་གེའི་དབྱིབས་གྲུ་བཞི་དང་ཟླུམ་པོས་ལས་རྣམས་མཚོན་པར་བྱེད་དོ། །གྲངས་ནི་དབྱངས་ཡིག་བཅུ་དྲུག །སྒྲ་ཡིག་སུམ་ཅུ་སོ་གཉིས་ལ་སོགས་པའོ། །ཡི་གེའི་ལས་ནི་ཚིག་ཀུན་ལ་མཇུག་ཅིང་དོན་གསལ་བར་བརྡ་འཕྲོད་པར་བྱེད་དེ། ཚིག་ནི་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་ཡི་གེས་མ་བསྡུས་པ་མེད་པས་སོ། །དོན་གསལ་བར་བརྡ་སྤྲོད་པ་ནི། ཡི་གེས་དེ་བཞིན་གཤེགས་པའི་སྐུ་དང་ཡེ་ཤེས་མན་ཆད་དང་། འཇིག་རྟེན་གྱི་འདུ་ཤེས་ངན་པའི་ལས་ཀྱིས་ཁྲམ་ཐབས་དང་ཕྲོག་ཐབས་དང་། ཁྲ་དང་སྤྱང་ཀིའི་ལ་ཉེ་ཡང་ཡི་གེས་བརྡ་སྤྲོད་པར་བྱེད་པས་ན་ཡི་གེའི་ལས་སོ། །དེ་ལྟ་བུའི་ཡི་གེ་ཞེ་གཉིས་ཕྲེང་བ་ལྟར་རྒྱུན་ཆགས་པར་གནས་པ་ཡི་གེས་མཚོན་པའི་རྟོག་པ་རྣམས། ལྷ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་སྣང་བ་ལས་ཕྱུང་ཞེས་བྱའོ། །ཡི་གེ་འབྱུང་བའི་ཚུལ་ནི། ཨ་ཞེས་པ། གཞིའི་གནས་སྐབས་ན་རྣལ་མ་དོན་གྱི་ཀུན་གཞི། ངོ་བོ་མཐར་ཕྱིན་པའི་གནས་སྐབས་ན་ཀུན་ཏུ་བཟང་མོའོ། །ཀ་ནི་ཐ་མལ་པའི་མིག་གི་རྣམ་ཤེས་དག་པ་སའི་སྙིང་པོའོ། །ཁ་ནི་ཐ་མལ་པའི་རྣ་བའི་རྣམ་ཤེས་དག་པ་ནམ་མཁའི་སྙིང་པོའོ། །ག་ནི་སྣའི་རྣམ་ཤེས་དག་པ་སྤྱན་རས་གཟིགས་དབང་ཕྱུག་གོ། །གྷ་ལྕེའི་རྣམ་ཤེས་དག་པ་ཕྱག་ན་རྡོ་རྗེའོ། །ང་ལུས་ཀྱི་དབང་པོ་དག་པ་གཤིན་རྗེ་གཤེད་པོའོ། །ཙ་མིག་གི་དབང་པོ་དག་པ་བྱམས་པའོ། །ཚ་རྣ་བའི་དབང་པོ་དག་པ་སྒྲིབ་པ་རྣམ་སེལ་ལོ། །ཛ་སྣའི་དབང་པོ་དག་པ་ཀུན་ཏུ་བཟང་པོའོ། །ཛྷ་ལྕེའི་དབང་པོ་དག་པ་ཕྱག་ན་རྡོ་རྗེའོ། །ཉ་ལུས་ཀྱི་ཡུལ་རེག་བྱ་དག་པ་སྟོབས་པོ་ཆེའོ། །ཊ་གཟུགས་ཀྱི་ཕུང་པོ་དག་པ་རྣམ་སྣང་ངོ་། །ཋ་རྣམ་ཤེས་དག་པ་མི་བསྐྱོད་པའོ། །ཌ་ཚོར་བའི་ཕུང་པོ་དག་པ་རིན་འབྱུང་ངོ་། །ཌྷ་འདུ་ཤེས་ཕུང་པོ་དག་པ་མཐའ་ཡས་སོ། །ཎ་འདུ་བྱེད་ཕུང་པོ་དག་པ་དོན་ཡོད་གྲུབ་པའོ། །ཏ་འབྱུང་བ་ས་དག་པ་སངས་རྒྱས་སྤྱན་མའོ། །ཐ་ནམ་མཁའ་དག་པ་ཀུན་ཏུ་བཟང་མོའོ། །ད་འབྱུང་བ་ཆུ་དག་པ་མཱ་མ་ཀཱིའོ། །དྷ་འབྱུང་བ་མེ་དག་པ་ན་བཟའ་དཀར་མོའོ། །ན་རླུང་དག་པ་སྒྲོལ་མའོ། །པ་ཡུལ་གཟུགས་དག་པ་ལཱ་སྱེ་མ། ཕ་སྒྲ་དག་པ་མཱ་ལེ་མ། བ་དྲི་དག་པ་གཱིརྟི་མ། བྷ་རོ་དག་པ་ནཱིརྟི་མ། མ་ལུས་ཀྱི་རྣམ་ཤེས་དག་པ་རྟ་མགྲིན། ཡ་དུས་འདས་པ་དག་པ་དྷཱུ་པེ་མ། ར་དུས་ད་ལྟ་དག་པ་མེ་ཏོག་མ། ལ་མ་བྱོན་པ་དག་པ་མར་མེ་མ། ཝ་ཕྱིས་འབྱུང་བ་དག་པ་དྲི་ཆབ་མ། ཤ་རྟག་ལྟ་དག་པ་ལྕགས་ཀྱུ་མ། ཥ་ཆད་ལྟ་དག་པ་ཞགས་པ་མ། ས་བདག་ལྟ་དག་པ་ལྕགས་སྒྲོག་མ། ཧ་མཚན་ལྟ་དག་པ་དྲིལ་བུ་མ། ཀྵ་ཡིད་ཀྱི་ཤེས་པ་དག་པ་ཀུན་ཏུ་བཟང་པོའོ། །ཨི་ཕྲག་དོག་དག་པ་ལྷའི་ཐུབ་པ། ཨཱི་ང་རྒྱལ་གནས་སུ་དག་པ་ལྷ་མ་ཡིན་གྱི་ཐུབ་པ། ཨུ་སེར་སྣ་གནས་སུ་དག་པ་མིའི་ཐུབ་པ། ཨཱུ་འདོད་ཆགས་གནས་སུ་དག་པ་ཡི་དྭགས་ཀྱི་ཐུབ་པ། ཨེ་གཏི་མུག་གནས་སུ་དག་པ་བྱོལ་སོང་གི་ཐུབ་པ། ཨཻ་ཞེ་སྡང་གནས་སུ་དག་པ་དམྱལ་བའི་ཐུབ་པ། ཨོ་ཨཱ་བསྡོམས་པས་ཨཱོཾ་དུ་གྱུར་ཏེ་རེག་ཤེས་གནས་སུ་དག་པ་བདུད་རྩི་འཁྱིལ་བའོ། །ལྷ་དེ་དག་བསྐྱེད་ནའང་ཡིག་འབྲུ་དེ་དང་དེ་ལས་བསྐྱེད། གསུང་ཡིག་འབྲུ་སྣང་ན་ཡང་ཡིག་འབྲུ་དེ་དག་གོ། །ཡི་གེ་འབྱུང་བའི་མཐུ་ནི། འདི་དག་ཕྱུང་བས་ཞེས་པས། ཀུན་ཏུ་བཟང་པོའི་ཐུགས་རིག་པའི་དགོངས་པ་ལས་གསུང་གི་ཡིག་འབྲུ་འདི་དག་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་སྣང་བ་ལ་ཕྱུང་ཞེས་བྱའོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཞེས་པ། ཞིང་ཁམས་ཏེ་དྲུག་ནི་གདུལ་བྱ་འགྲོ་བ་དྲུག་གི་གནས་ཡིན་པ་དང་། ཡང་ན་ཕྱོགས་བཞིར་ལྗིད་འབེབས་པ་དང་། ཡན་མན་དུ་ལྗིད་འབེབས་པ་ལས་དྲུག་གོ། །མཐའ་ཡས་པ་ནི་དེ་ལྟ་བུ་ལ་མཐར་ཐུག་པ་མེད་པའོ། །རྣམ་པ་དྲུག་ཏུ་གཡོས་ཞེས་པ། ཆོས་སྣང་བའི་ཆོ་འཕྲུལ་གྱི་མཛད་པ་དངོས་སུ་ས་གཡོས་པ་དང་། ནང་དུ་ལམ་པ་རྣམས་ས་ཚོད་གོང་མ་ལས་གོང་མར་འཕར་བ་དང་། ཕྱི་རོལ་དུ་ས་གཡོ་བ་གཉིས་ལས་འདིར་བསྡུས་ཏེ་བསྟན་པ་ཡིན་པས། ཕྱི་ལྟར་ན་གཡོ་བ་ནི་ས་གཞི་ཅུང་འགྲུལ་བ་ཙམ། རབ་ཏུ་གཡོ་བ་ནི་དེ་བས་ཀྱང་དྲག་པ། ཀུན་ཏུ་གཡོ་བ་ནི་ཕྱོགས་ཀུན་ཏུ་གཡོས་པའོ། །དེ་དག་ཀྱང་གོང་དུ་ཚུལ་དྲུག་སྨོས་པས་གཡོ་བ་ལས་ཚབས་ཆེར་སོང་བས་འགུལ་བ་སྟེ། གཡོ་བ་བས་ཚབས་ཆེ་ལ་འགུལ་བ་བས་ཚབས་ཆུང་བས་དང་པོའོ། །དེ་བས་ཀྱང་ཚབས་ཆེ་བ་ནི་རབ་ཏུ་འགུལ་བའོ། །དེ་བས་ཀྱང་ཚབས་ཆེ་བས་ཕྱི་ནང་ཀུན་འགུལ་བ་ལ་ནི་ཀུན་ཏུ་རབ་ཏུ་འགུལ་བའོ། །དེ་བས་ཀྱང་ཚབས་ཆེར་སོང་བས་སྒྲ་ཆུང་བ་ནི་འུར་འུར་ཞེས་པའོ། །དེ་བས་ཀྱང་སྒྲ་ཆེ་བ་ནི་རབ་ཏུ་འུར། དེ་བས་ཀྱང་སྒྲ་ཆེ་བ་སྣོད་བཅུད་ཀུན་ལ་གྲགས་པ་ཀུན་ཏུ་རབ་ཏུ་འུར། སྒྲ་དེ་བས་ཀྱང་ཆེར་སོང་བས་ཆེམ་ཆེམ་ཞེས་བྱ་སྟེ། དངོས་པོ་རྣམས་འཇོམས་པའི་ནུས་པ་ད ང་ལྡན་པ་ལ་དང་པོ་ནི་ཆེམ་ཆེམ་སྟེ་ཆུང་བའོ། །དེ་བས་ཀྱང་ཚབས་ཆེར་སོང་བ་ནི་རབ་ཏུ་ཆེམ་ཆེམ། དེ་བས་ཆེར་སོང་བ་སྣོད་བཅུད་ཀུན་འཇོམས་པ་ལྟ་བུ་ལ་ནི་ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །དེ་བས་ཀྱང་ཆེར་སོང་བ་དངོས་པོ་ཐམས་ཅད་ཞིག་པའི་མགོ་ཟུག་པ་ལྟ་བུ་ལ་ནི་ཤིག་ཤིག་གོ། །མྱུར་དུ་འཇིག་པ་འདྲ་བ་ནི་རབ་ཏུ་ཤིག་ཤིག་གོ། །དེ་བས་ཀྱང་ཚབས་ཆེ་བ་སྣོད་བཅུད་ཡོངས་འཇིག་པ་ལ་ནི་ཀུན་ཏུ་རབ་ཏུ་ཤིག་ཤིག་གོ། །དེ་བས་ཀྱང་ཚབས་ཆེ་བ་དངོས་པོ་ཐམས་ཅད་རླུང་གི་ཁྱེར་བ་འདྲ་བ་གཏོར་གཏོར། དེ་བས་ཀྱང་ཚབས་ཆེར་སོང་བ་ནི་རབ་ཏུ་གཏོར་གཏོར། སྣོད་བཅུད་རང་སར་མི་གནས་པར་བྱས་པ་ལྟ་བུ་ནི་ཀུན་ཏུ་རབ་ཏུ་གཏོར་གཏོར་རོ། །དེ་ལྟར་ཆོ་འཕྲུལ་དེ་དངོས་སུ་སྣང་བ་ནི་ཡི་གེའི་ཕྲེང་བའི་ཡོན་ཏན་རྣམས་སྣང་བའི་བྱིན་རླབས་སོ། །ནང་དུ་ན་ཆོས་སྣང་བའི་ཆོ་འཕྲུལ་དུ་སྣང་བའི་བྱིན་རླབས་ཀྱིས་ལམ་པ་རྣམས་ཀྱི་རིག་པའི་རྩ་འབྱོངས་པ་སྟེ་གཡོ་འགུལ་ལ་སོགས་པའི་ཚན་དྲུག་ཡོད་པ་ལས། དང་པོ་གཉིས་ཚོགས་ལམ་པ། གསུམ་པ་སྦྱོར་ལམ་པ། བཞི་པ་མཐོང་ལམ་པ། ལྔ་པ་བསྒོམ་ལམ་པ། དྲུག་པ་མཐར་ལམ་པའོ། །དེ་རེ་རེ་ལའང་ཚན་གསུམ་གསུམ་ཡོད་པ་ལས། དང་པོ་གཡོ་བ། བར་པ་ཐོབ་པ། ཐ་མ་བརྟན་པ་མཐར་ཕྱིན་པའོ། །དེ་ལྟར་ཆོ་འཕྲུལ་གྱི་ནུས་པས་ཆོས་ཐམས་ཅད་མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ་ཞེས་པ། སྣོད་བཅུད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཀྱི་མཚན་ཉིད་མཐའ་ཐམས་ཅད་དང་བྲལ་བའི་ངང་ལ་གྲུབ་པ་མེད་པ་ལས། ཐང་ཕྲོམ་ཟོས་པའི་མིས་ནམ་མཁའ་ལ་གཟུགས་མང་པོ་མཐོང་བ་དང་འདྲ་བར་འཁྲུལ་རྟོག་གི་ངོ་ལ་ཡུལ་སེམས་སྣང་ཡང་། མིང་ཙམ་ལས་དངོས་པོར་མ་གྲུབ་པའི་དོན་ཡེ་ནས་ཡིན་པ་དེས། ཡི་གེའི་མཐུས་འཁྲུལ་པ་དག་ནས་གནས་ཚུལ་གྱི་ངང་ལས་ཆོས་ཅན་མིང་གི་མཚན་ཉིད་ཙམ་ལས་མ་གཏོགས་པ་ངོ་བོ་མ་དམིགས་པར་གྱུར་པར་ཏོ་ཞེས་པ། ཡོན་ཏན་གྱིས་རྩལ་ལོ། །ཆོས་ཉིད་ཀྱི་ཡི་གེ་ལ་སེམས་སྦྱང་བ་ནི། ཨ། རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཞེས་པ་ལ་སོགས་ཏེ། ལམ་འཇུག་པའི་སྒོ་ལ་སེམས་སྦྱང་བ་སྟོན་ཏེ་བསྒོམ་རྒྱུའི་ངོ་བོ་ནི་ཨའོ། །བསྒོམ་པའི་གནས་ནི་ཐབས་ལམ་འོག་སྒོའི་ཐོག་མ་ཡིན་པས་གསང་བའོ། །རྩ་རླུང་གི་ཐོག་མ་ཡིན་ན་སྤྱི་བོའོ། །གྲོལ་ལམ་བསྐྱེད་རྫོགས་གཉིས་སྔོན་འགྲོ་ཡིན་ན་ངེས་པར་སྙིང་གའོ། །དེ་ཡང་ལམ་རིམ་གྱི་དབང་དུ་བྱས་ན་རྟེན་གྱི་གང་ཟག་མཚན་ཉིད་དང་ལྡན་པས་བླ་མ་མཚན་ཉིད་དང་ལྡན་པ་ལས་དབང་མནོས། ལྟ་བ་རྟོགས་པར་བྱས། ལམ་ཉམས་སུ་བླང་བ་རང་གི་ངོ་བོ་ཏིང་ངེ་འཛིན་ཡིན་པས་ཏིང་ངེ་འཛིན་གྱི་རིམ་པ་བཞིན་དུ་འཇུག་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཚད་དང་ལྡན་པ་མཐར་ཕྱིན། དེ་ནས་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ལ་གོམས། དེ་ནས་སྙིང་གའི་གནས་སུ་ཨ་དཀར་པོ་བསྒོམས་སྟེ། ཆོས་ཉིད་བྱང་ཆུབ་སེམས་རང་སྣང་བའི་ངོ་བོ་ཡི་གེ་ཨས་སླར་ཆོས་ཉིད་མཚོན་པ་ལས་མི་འདའ་བས་ཆོས་ཉིད་མཐའ་ཐམས་ཅད་དང་བྲལ་བའི་རྟགས་ཨ་དཀར་པོར་བསྒོམས་ཏེ། ནག་ནོག་གི་སྐྱོན་དང་བྲལ་བས་སོ། །ཡང་སེམས་ཉིད་ནི་ཅིར་ཡང་སྣང་དུ་བཏུབ་པས་དེའི་རྟགས་སུ་ཁ་དོག་དཀར་པོ་ཅིར་ཡང་འགྱུར་དུ་བཏུབ་པའོ། །བྱིང་རྨུགས་རྒོད་ལ་སོགས་པའི་སྐྱོན་ཐམས་ཅད་སྤང་། རབ་ཏུ་བརྟན་གྱུར་ཞེས་པས། ཨ་དེ་བརྟན་པའི་ཚད་ཀྱང་ཆོས་བདུན་ཏེ། ལྷང་ངེ་བ་དང་ཞེས་པ། ཨ་གསལ་བ་ལ་གནོད་པ་མེད་པའོ། །ལྷག་གེ་བ་དང་ཞེས་པ། ཁ་དོག་གཟུགས་དབྱིབས་རྣམས་གཟི་བྱིན་དང་ལྡན་པའོ། །མི་འགྱུར་བ་དང་ཞེས་པ། རབ་རིབ་མོག་མོག་པོ་མེད་པས་འགྱུར་བ་མེད་པའོ། །མི་བསྒུལ་བ་དང་ཞེས་པ། ཨ་གསལ་བ་ལས་མ་གཏོགས་པ་དྲན་པ་ཕྲ་མོས་མི་བསྒུལ་བའོ། །མི་བསྐྱོད་པ་དང་ཞེས་པ། ཡུལ་དྲུག་གི་ཆོས་ཀྱིས་མི་འཕྲོག་པའོ། །མི་འཕྲོག་པ་དང་ཞེས་པ། ཨ་གསལ་བ་ལས་མ་གཏོགས་པ་འཇིག་རྟེན་གྱི་བྱ་བྱེད་ཀྱི་ཆོས་མི་དྲན་པའོ། །མི་འབྲང་ཞེས་པ། དཔེར་ན་མིག་གིས་གཟུགས་མཐོང་ཡང་དེའི་རྗེས་སུ་མི་འགྲོ་ཨ་ལས་མི་འགྱུར་བའོ། །དེ་ལྟར་ཨར་གསལ་ཞིང་ཏིང་ངེ་འཛིན་བརྟན་པ་ཚད་བདུན་དང་ལྡན་ན། ཨ་དཀར་ལས། ཤིན་ཏུ་ཕྲ་བའི་ཨ་རྣམས་འཕྲོས། །ཞེས་པའི་ཨ་དེ་ལས་ཨ་ཞིག་སྤྲོ། དེ་ཕར་སྤྲོ་ཚུར་བསྟིམ། ཡང་ཕར་སྤྲོ། དེ་ལྟར་སྤྲོ་བསྡུ་དང་གཞི་པོའི་ཨ་གསལ་བ་ལ་གོམས་ནས་གཉིས་སྤྲོ་སྔ་མ་ལྟར་བྱ། དེ་ལ་གོམས་ནས་བཞི། དེ་ལ་གོམས་ནས་བརྒྱད། ཕྱོགས་བཅུ་གང་བར་གསལ་གྱུར་ནས། །དེ་ལྟར་མྱུར་དུ་སྤྲོས་པས་སྒོ་ཐག་ཀྱང་ཇེ་རིང་ཇེ་རིང་ལ་བཏང་སྟེ་གཞུག །ནམ་མཁའ་གང་བར་གསལ་བར་གྱུར་ནས། སེམས་ཀྱི་ཆོས་ཉིད་རང་སྣང་བ་ཡང་རྟོགས་པར་བྱས་ལ། བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །ཞེས་པ་ཕྱོགས་བཅུའི་ཨ་ཕྲ་མོ་རྣམས་གཞི་པོའི་ཨ་ལ་བསྡུས་ཀྱང་གཞི་པོའི་ཨ་འཕེལ་བར་སོང་བ་མེད། ཕྱོགས་བཅུ་གང་བར་སྤྲོས་ཀྱང་གཞི་པོའི་འགྲིབ་པ་མེད། སེམས་ཉིད་ཀྱི་ངང་ལ་འཕེལ་འགྲིབ་མེད་པའི་དོན་གྱིས་དོན་རྟོགས་པའི་ཉམས་རྙེད་པའོ། །ཡི་གེ་འཁོར་ལོ་གཞན་ལ་སེམས་སྦྱང་བ་ནི། དེ་ལས་མིང་ཚོགས་གསལ་འབར་ཀུན། །ཅེས་པ་ལ་སོགས་ཏེ། ཡི་གེ་ཨ་དེ་ལས་མིང་ནི་ཐ་སྙད་ཀྱི་དོན་གྱིས་ཡི་གེའོ། །ཚོགས་ནི་ཀ་ནས་བཟུང་སྟེ་ཨོའི་བར་ཡི་གེ་བཞི་བཅུ་རྩ་གཅིག་གོ། །གསལ་བ་ནི་ཡི་གེ་དེ་དག་གི་ཁ་དོག་རིགས་ལྔས་མཚོན་པའི་ལྔ་མ་འདྲེས་པར་གསལ་བ་དང་། ཡི་གེ་སོ་སོའི་དབྱིབས་གསལ་བའོ། །འབར་བ་ནི་ཡི་གེ་རྣམས་ཡེ་ཤེས་རང་སྣང་བའི་རྟགས་སུ་ཡིག་འབྲུ་སོ་སོའི་ཁ་དོག་གི་དབྱིབས་འབར་བའོ། །ཀུན་ན་ཡི་གེའི་འཚོགས་སོ། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །ཞེས་པ། ཨ་ལས་ཡིག་འབྲུ་རྣམས་ཕྱིར་སྤྲོ་ཞིང་ཡི་གེ་ཚུར་བསྡུ་བའང་སྤྲོ་བསྡུའི་གྲངས་དང་སྤྲོ་བསྡུས་འཕེལ་འགྲིབ་མེད་པར་བརྟན་པ་རྣམས་ཨའི་སྐབས་སུ་བཤད་པ་བཞིན་ནོ། །ཏིང་ངེ་འཛིན་གྱི་ཡོན་ཏན་ནི། འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །ཞེས་པ་ལ་སོགས་ཏེ། འདི་ནི་ཞེས་པ། ཡི་གེ་ཨ་དང་དེ་ལ་ཏིང་ངེ་འཛིན་འབྱོངས་པ་གོང་དུ་བསྟན་པ་འདི་ནི་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་སངས་རྒྱས་ཀྱི་ཡེ་ཤེས་དངོས་པོ་མེད་པའི་ངོ་བོ་ཉིད་གྲུབ་པ་སྐུ་ལྔ་རྒྱན་གྱི་འཁོར་ལོ་མངོན་དུ་སྣང་བའི་བརྟན་པར་འབྱུང་སྟེ་ཐེ་ཚོམ་མི་ཟ་བའི་ཕྱིར་མངོན་དུ་སྣང་བའི་རྒྱུ་ཡིན་ཞེས་བྱའོ། །ཡང་བརྟན་པའི་ཏིང་ངེ་འཛིན་དེ་ལ། རྡོ་རྗེ་དངོས་གྲུབ་ཀྱི་ཞེས་པ། གསང་སྔགས་ཀྱི་ངོ་བོ་མི་ཕྱེད་པས་རྡོ་རྗེ་སྟེ་དེ་ཉིད་རང་སྣང་བ་ལས་དངོས་པོ་མེད་ཀྱང་ངོ་བོ་ལྟར་གྲུབ་པ་ནི་ཐུན་མོང་གི་དངོས་གྲུབ་རྣམས་འོག་ནས་འབྱུང་བ་རྣམས་ཏེ། བརྟན་པ་ནི་ཐེ་ཚོམ་མི་ཟའོ། །འབྱུང་བ་ནི་མངོན་སུམ་དུ་འབྱུང་བ་དང་། ཡེ་ཤེས་རྒྱུ་ནི་དངོས་རྒྱུའོ། །དེས་ན་ཕྲ་མོའི་ཏིང་ངེ་འཛིན་འབྱོངས་པ་བྱང་ཆུབ་སེམས་རིག་པས་ཡེ་ཤེས་ཞེས་བྱའོ། །གཏན་ཚིགས་འདིས་ཡི་གེ་ཨ་འདི་ནི་སྐུ་གསུང་ཐུགས་སུ་སངས་རྒྱས་ཏེ། སྐུར་སངས་རྒྱས་པའི་དུས་ན་ཀུན་ཏུ་བཟང་པོར་སྣང་ལ། གསུང་གི་དུས་ན་རབ་ཏུ་བརྟན་པའི་ཨར་སྣང་། ཐུགས་སུ་སངས་རྒྱས་པའི་དུས་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་སྣང་། དེས་ན་སྐུ་གསུང་ཐུགས་བརྟན་པའི་རྒྱུ་ཡིན་ཞེས་བྱའོ། ཡི་གེའི་དོན་བཤད་པའི་ལོ་རྒྱུས་ཀྱི་ཚུལ་ནི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་པ། ཚིག་ནི་ཆོས་སྣང་ཆོ་འཕྲུལ་གྱི་རྗེས་ཐོག་གོ། །དོན་ནི་ཕྲ་མོའི་ཏིང་ངེ་འཛིན་ལ་ཐུགས་ཀྱི་སྒྲིབ་པ་སྦྱང་བ་བསྟན་ནས། ཐམས་ཅད་ཅེས་པ། ཕྱོགས་དུས་ཀྱི་སངས་རྒྱས་མ་ལུས་པ་ཐམས་ཅད་ཀུན་ཏུ་བཟང་པོའི་རིག་པར་དབྱེར་མེད་པར་ཀུན་ཏུ་བཟང་པོ་ལ་འབོད་པའམ། ཡང་ན་ཀུན་ཏུ་བཟང་པོའི་རིག་པ་ལྷན་ཅིག་པའི་འཁོར་གཞལ་ཡས་ཁང་དང་བཅས་པར་སྣང་བས་ཐམས་ཅད་ཀྱིས་གསུང་པའང་མི་འགལ་ཏེ། འཆད་པའི་སྐྱེས་བུ་བཅོམ་ལྡན་མི་བསྐྱོད་པའོ། །ཆེད་དུ་བརྗོད་པ་འདི་བརྗོད་དོ་ཞེས་པ། གོ་ཕྱེ་བའི་གདུལ་བྱའི་ཆེད་དུ་བརྗོད་པ་འོག་ནས་སྨོས་པའི་ཚིག་རྣམས་བརྗོད་པའོ། །ཡི་གེ་ཆོས་སྐུར་སངས་རྒྱས་པར་བསྟན་པ་ནི། ཨ་ནི་སྟོང་དང་མི་སྟོང་གི། །ཞེས་པ་ལ་སོགས་པ། ཡི་གེ་ཨ་ནི་སྟོང་པའི་མཐའ་ལས་འདས་ཏེ། ཀུན་གཞི་སེམས་ཀྱི་དབྱིངས་ལ་རང་སྣང་བའི་རྩལ་མ་འགག་པའི་ཡི་གེ་ཨར་སྣང་། སྣང་ཙམ་ཉིད་ན་དངོས་པོའི་མཐའ་ལས་འདས་ཏེ། ཨ་ཨ་ནུད་སརྦ་དྷ་རྨཱའི་སྒྲ་ལས་དྲངས་ན། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཡི་གེ། ཨ་ནི་ཞེས་པ། ཨ་ནི་རང་བཞིན་གྱིས་རྣམ་པར་དག་པ་སྐྱེ་བ་མེད་པ་ཁོ་ན་ཡིན་པས་མི་སྟོང་པས་དངོས་པོའི་མཐའ་ལས་འདས་ཏེ། འོ་ན་སྣང་སྟོང་གཉིས་ཀྱི་བར་ལྟ་བུ་ཞིག་ལ་གནས་སམ་ཞེ་ན། དབུ་མའང་དམིགས་སུ་ཡོད་མ་ཡིན། །ཞེས་པས། སྣང་སྟོང་གི་མཐའ་སྤྲོས་པ་དམིགས་པའི་དབང་གིས་དབུ་མ་དམིགས་པ་བྲལ་ཏེ་ལྟོས་པ་མེད་པའི་ཕྱིར། དེས་ན་ཆོས་ཐམས་ཅད་ཀྱི་རང་བཞིན་སེམས་ཉིད་ཀྱི་དབྱིངས་སྣང་སྟོང་གི་མཐའ་དང་བྲལ་བ་ལ་ཨའི་གཏན་ཚིགས་ཀྱིས་གཞལ་པས་མཉམ་པ་ཉིད་ཀྱི་ངང་ལ་ཡུལ་དང་ཡུལ་ཅན་མེད་པས། དམིགས་སུ་ཡོད་མ་ཡིན། །ཞེས་བྱའོ། །གཏན་ཚིགས་དེ། ཐམས་ཅད་མིང་ཙམ་ཞེས་པ། འཁོར་འདས་ཡུལ་སེམས་བཟང་བརྟགས་ངན་བརྟགས་ཐ་སྙད་ཐམས་ཅད་སེམས་ཀྱི་དབྱིངས་ལས་མ་གྲུབ་ཀྱང་འཁྲུལ་པའི་དབང་གིས་རང་སྣང་བ་ཉིད་ན་གཞི་ལ་མ་གྲུབ་པས་མིང་ཙམ་ཞེས་བྱའོ། །སངས་རྒྱས་ཀུན། །ཡི་གེ་ཕྲེང་བ་ཉིད་ལ་གནས། །ཞེས་པ། དེས་ན་ཡི་གེ་སྣང་སྟོང་དབྱེར་མེད་པ་མཉམ་པ་ཉིད་དུ་རྟོགས། དེས་མཚོན་པའི་དངོས་པོ་ཕྱི་ནང་ཆོས་རིལ་ཡང་ཡི་གེའི་རྗེས་སུ་མཐུན་པར་མཉམ་པ་ཉིད་ལྷུན་གྱིས་གྲུབ་ན་མཐར་ཕྱིན་པའི་སངས་རྒྱས་ཀྱང་དེ་ཉིད་ཡིན་ཏེ། དེ་ན་གོང དུ་བཤད་པ་བཞིན་ཡི་གེ་སངས་རྒྱས་པས། ཡི་གེས་མཚོན་པའི་ཆོས་ཐམས་ཅད་ཀྱང་སངས་རྒྱས་ཏེ། ཏིལ་འབྲུར་དང་ཏིལ་མར་གྱི་ཚུལ་དུ་ཕྱི་ནང་གི་ཆོས་ཐམས་ཅད་ཆོས་སྐུའི་ངོ་བོ་ཉིད་དུ་བཞུགས་ལ། ཡི་གེ་དེ་དང་མཚུངས་པས་ཡི་གེ་དང་ཡི་གེས་མཚོན་པའི་ཆོས་ཐམས་ཅད་ཀྱི་ཁོང་ན་སངས་རྒྱས་ངོ་བོ་ཉིད་ཀྱིས་བཞུགས་ཞེས་བྱའོ། །ལོངས་སྐུར་སངས་རྒྱས་པར་བསྟན་པ་ནི། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཞེས་པ་ལ་སོགས་པ། ཨ་ཆོས་ཉིད་སྐྱེ་བ་མེད་པ་མཚོན་པ་མེད་པ་དང་འགག་ཅིང་ཐིམ་པ་ལྟ་བུའི་མཐའ་མ་ཡིན་ཏེ། ཨས་མཚོན་པའི་རྣལ་མ་དོན་གྱི་ཀུན་གཞི་མི་འགག་པའི་རྩལ་ལས། རྟོག་པའི་མཚན་ཉིད་ཕུང་ཁམས་སྐྱེ་མཆེད་སྣ་ཚོགས་སུ་སྣང་བ་དང་། ཨ་ཉིད་སྐྱེ་བའི་གནས་ནས་བྱུང་ནས་སྣ་ཚོགས་སྣང་བ། མགུལ་དང་སོ་དང་ལྕེ་ལ་སོགས་པ་རྣམས་སུ་སྣང་བའི་རྐྱེན་གྱིས། ཀ་ལ་སོགས་པ་བཞི་བཅུ་གཉིས། །ཞེས་པ་ཀ་ལ་སོགས་པ་དབྱིབས་མི་འདྲ་བ་ཡི་གེ་བཞི་བཅུའི་ཚོགས་སུ་སྣང་བ་དང་། གནས་སུ་དག་པའི་དུས་སུ་ཨ་ཉིད་གཞི་ཀུན་ཏུ་བཟང་མོར་སྣང་བ་ལས་རྒྱལ་བ་བཞི་བཅུའི་ཚོགས་སུ་སྣང་སྟེ། སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །ཞེས་པ་ལས་སྒྲ་ཡི་གེའི་ཚོགས་སུ་སྣང་ནས་མ་རྟོགས་པ་འཁོར་བའི་ཆོས་ཐམས་ཅད་ཀྱང་ཡི་གེས་མ་མཚོན་པ་མེད་པས་བསྡུས་། རྟོགས་པ་མཐར་ཕྱིན་པའི་རྒྱལ་བ་རྣམས་ཀྱང་ཡི་གེ་ལས་མི་འདའ་བས་བསྡུ། ཨ་ཉིད་ལས་སྣང་བའི་ཡི་གེའི་ཚོགས་ཐམས་ཅད་ཀྱང་ཨར་དབྱེར་མེད་པས་བསྡུས་ཞེས་བྱའོ། །དེས་ན། མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །ཞེས་པ། ལོངས་སྐུའི་ངོ་བོར་སྟོན་ཏེ། གཞི་ལམ་འབྲས་བུ་གསུམ་གྱི་ཡི་གེ་ཨ་དོན་རྟགས་དབྱེར་མེད་པའི་ངང་དུ་མཐའ་དང་བྲལ་བ་ཆོས་སྐུར་མངོན་ལ། དམིགས་པ་དང་བྲལ་བ་ཡེ་ཤེས་ཀྱི་ཚོགས་རྫོགས། རང་སྣང་མི་འགག་པར་གདུལ་བྱའི་བྱ་བ་ཅིར་ཡང་མཛད་པས་སྤྲུལ་པའི་སྐུར་མངོན་པས་དེ་གཉིས་དབྱེར་མེད་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། མ་འགགས་མ་དམིགས་གཉིས་ཀྱིས་མཐའ་གཉིས་ལས་རྒྱལ་བས་རྒྱལ་པོ་ཞེས་བྱ་སྟེ། དེ་ཉིད་ངེས་པའི་ཆེ་བ་ནི་ཕྱོགས་འཛིན་གྱི་ཆོས་ཕྲ་བའང་མི་གནས་པའོ། །སྤྲུལ་སྐུའི་ཡི་གེ་གསུང་གི་སངས་རྒྱས་པར་བསྟན་པ་ནི། ཨེ་མའོ་ངོ་མཚར་ཨ་མཚན་གྱི། །ཞེས་པ་ལ་སོགས་ཏེ། ཨེ་མའོ་བྱ་བ་ཀ་དང་ཁ་ལ་སོགས་པ་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་རང་སྣང་བའི་ཀ་ཁ་ལ་སོགས་པའི་དངོས་པོར་སྣང་བ་ལ་ངམ་པའོ། །ཡི་གེའི་ལས་ལ་ངམ་སྟེ། ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་དང་། གཤེགས་སུ་གསོལ་བ་དང་། མཆོད་པའི་རྣམ་གྲངས་ཐམས་ཅད་ཡི་གེས་འགྲུབ་པ་དང་། ཞི་རྒྱས་དབང་དྲག་བཞི་འགྲུབ་པས་ན་དམ་པའོ། །རང་བཞིན་ལ་ངམ་སྟེ། ཡི་གེའི་གཟུགས་མི་འདྲ་བའི་ཚོགས་ཅི་སྣང་ན་ཡང་རིག་པ་རང་སྣང་བས་ཡི་གེའི་རང་བཞིན་སེམས་ཉིད་ཡིན་པ་ལ་ངམ་པའོ། །དེས་ན་གསུམ་མོ། །འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་མིང་། །ཞེས་པ། འཕྲུལ་ཆེ་བ་ནི་སྣང་སྟོང་གང་དུའང་མ་གྲུབ་པས་སྣང་སྟོང་གི་མཐའ་དང་བྲལ་བ། །དེ་ཉིད་རང་སྣང་བ་མི་འགག་པ་ལ་ནི་འཕྲུལ་ཆེན་ཞེས་བྱ། བཞི་བཅུ་རྩ་ལྔའི་མིང་ཞེས་པ། དངོས་སུ་ཡི་གེ་བཞི་བཅུ་རྩ་གཉིས་ཐབས་དང་ཤེས་རབ་དབྱིངས་དང་གསུམ་གྱིས་བཞི་བཅུ་རྩ་ལྔ་སྟེ་མིག་ནི་དེ་རྣམས་ཀྱིས་མཚོན་པའི་ཚིག་གོ། །ཚིག་རྣམས་མ་ལུས་འཛིན་པའི་གནས། །ཞེས་པ། ཡི་གེའི་མིང་བཞི་བཅུ་རྩ་ལྔ་རྣམས་ཀྱིས་ཚིག་ཐམས་ཅད་བསྒྲུབ་སྟེ། དཔེར་ན་ཀ་དང་བ་གཉིས་འདུས་པ་ལས་ཀ་བ་ཞེས་པ་ལྟ་བུའོ། །ཚིག་དེས་ཐ་སྙད་མ་ལུས་པ་ཐམས་ཅད་བརྡ་སྤྲོས་པར་བྱེད་བ་སྟེ། དཔེར་ན་འཁོར་བ་ཟེར་ན་འཇིག་པ་ཅན་རྣམ་པར་མནར་བའི་མཚན་ཉིད་ཅན་དུ་གོ། །མྱ་ངན་ལས་ལས་འདས་པ་ཟེར་ན་འཁོར་བ་དང་བྲལ་བར་གོ་བ་ལྟ་བུའོ། །ཡི་གེ་མིང་གི་ལས་ནི། སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན། །ཞེས་པ། འབྲུ་འདུག་ས་བསྒྱུར་ལ། སྣ་ཚོགས་སྨྲ་ཞིག་དོན་ཆེན་སྟོན། །བྱ་བ་སྟེ། སྣ་ཚོགས་ནི་སངས་རྒྱས་ཀྱི་ཡེ་ཤེས་ནས། འཇིག་རྟེན་གྱི་ཁྲ་དང་སྤྱང་ཀིའི་ལ་ཉེ་ཡན་ཆད་ཡི་གེས་བརྡ་སྤྲོད་ཅིང་མཚོན་པར་བྱའོ། །དོན་ཆེ་ན་ནི། ཡི་གེས་ཐམས་ཅད་མཁྱེན་པའི་སྐུ་ལྔ་ཡེ་ཤེས་ལྔ་ལ་སོགས་པ་མངོན་དུ་གཏན་ལ་ཕེབས་པའོ། །ཆོས་སྐུའི་ཡི་གེ་ཐུགས་སུ་བསྟན་པ་ནི། །དངོས་མེད་ཡི་གེའི་རང་བཞིན་སེམས། །ཞེས་པ། དངོས་པོ་མེད་པ་ནི་ཡི་གེ་སྟེ། དངོས་མེད་ནི་ཡི་གེ་ཨ་ལ་སོགས་ཏེ། ཡི་གེ་བཞི་བཅུའི་ཚོགས་ཐམས་ཅད་དངོས་པོ་མེད་པ་སེམས་ཉིད་ཀྱི་དབྱིངས་ལས་སྣང་སྟེ། དཔེར་ན་རྒྱ་མཚོ་གཤེར་བ་ལས་མ་འདས་པས་དེ་ལས་འཕྲོས་པའི་རླབས་ཀྱང་གཤེར་བ་ལས་མི་འདའ་བ་བཞིན་ཡི་གེའམ་རྒྱུ་ནས་དག་པའི་དབང་གིས་སེམས་དངོས་པོ་མེད་པ་ཉིད་ཡི་གེར་སྣང་ལ། སྣ་ཙམ་ཉིད་ན་ཡི་གེའི་རང་བཞིན་སེམས་ཉིད་ངང་ལས་མ་གཡོས་ཤིང་དབྱེར་མེད་དོ། །དེ་ཉིད་ནི་ཆོས་ཀྱི་སྐུའོ། །དེའི་ངོ་བོ་ཇི་ལྟ་བུ་ཞེ་ན། བདག་མེད་མཐའ་བྲལ་མི་དམིགས་ཀྱང་། །ཞེས་པ་སེམས་དང་ཡི་གེ་དབྱེར་མེད་ལྷུན་གྱིས་གྲུབ་པའི་དབྱིངས་ལ་ངོ་བོ་དེ་ཉིད་མ་གཏོགས་པའི་རྣམ་པ་གཞན་མི་མངའ་བས་ཡུལ་དུ་གྱུར་པ་མེད། དེས་ཡུལ་ཅན་ཡང་དག་པས་བདག་ཉིད་ངང་གིས་མ་གྲུབ་པའི་སེམས་ཀྱི་དབྱིངས་ལ་ངོ་བོ་ཅིར་ཡང་མ་དམིགས་པས་ཡོད་པའི་མཐའ་དང་བྲལ་། རྣམ་པ་ཅིར་ཡང་མི་འགག་པས་མེད་པའི་མཐའ་དང་བྲལ། གཏན་ཚིགས་དེས་གཅིག་དང་དུ་མའི་མཐའ་དང་ཡང་བྲལ་ཏེ། དེས་ན་མཐའ་མ་གྲུབ་པས་དབུས་སུ་འང་གྲུབ་པ་མེད་པའོ། །མི་དམིགས་ཀྱང་ཞེས་པ། མཐའ་བྲལ་གྱི་ཡེ་ཤེས་མཉམ་པ་ཉིད་ཀྱི་ངང་ལ། དམིགས་བྱ་དམིགས་བྱེད་མི་གནས་པའོ། །ཀྱང་ནི་འོག་མའི་མ་འགག་པ་མགོ་འདྲེན་པའོ། །ལོངས་སྐུར་བསྟན་པ་ནི། དབྱིབས་དང་ཁ་དོག་མིང་ཚོགས་ཀྱི། །ཞེས་པ་ལ་སོགས་ཏེ། སེམས་ཉིད་མི་འགག་པའི་རྩལ་ལས་ཡི་གེ་ཨར་སྣང་། ཨ་ཉིད་རང་སྣང་བ་ལས་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་ཡི་གེ་དབྱིབས་ཐ་དད་དང་། སོ་སོ་དང་། རིགས་དང་མཐུན་པའི་ཁ་དོག་དང་། ཀ་ཁ་ལ་སོགས་པ་དང་སྐུ། ཡི་གེའི་མིང་སོ་སོ་དང་ཡི་གེ་ལས་བྱུང་བའི་ཚོགས་སུ་ཡོན་ཏན་སྣང་དངོས་པོ་ཐམས་ཅད་མཚོན་པའོ། །རོལ་པ་ཅིར་ཡང་སྤྲུལ་ཞིང་སྟོན། །ཞེས་པ་རོལ་པ་ནི་རང་སྣང་མི་འགག་པ་སྟེ། སེམས་ཀྱི་ངང་ལས་ཡི་གེས་མཚོན་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་དང་། དེ་གནས་སུ་དག་པའི་བདེ་བར་གཤེགས་པའི་ཚོགས་རྣམས་དང་། མཛད་པ་མི་འགག་པའི་རྩ་བཅུ་གཉིས་ལ་སོགས་པ་ཆེ་བའི་ཡོན་ཏན་རྣམས་སོ། །སྤྲུལ་པ་ནི་སྣང་བཞིན་མ་གྲུབ་པ་ཅིར་ཡང་འཆར་བའོ། །སྟོན་པ་ནི་གདུལ་བྱའི་སྣང་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སུ་བསྟན་པ་ནི། ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །ཞེས་པ་ལ་སོགས་ཏེ། ཕྱོགས་ནི་ཤར་ལ་སོགས་པ་བཅུ་ལ། དེ་རེ་རེ་ལའང་མཛད་པ་བཅུ་བཅུ། དེ་ལས་འཕྲོས་པས་རེ་རེ་ལའང་བཅུ་བཅུ་སྟེ། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་མཐར་ཐུག་པ་མེད་པའོ། །དུས་བཞི་ནི། འདས་པ་སྔོན་དུ་སོང་བ་དང་། ད་ལྟར་མངོན་དུ་སྣང་བ་དང་། མ་བྱོན་པའི་འབྱུང་ལ་མ་ཐོགས་པའི་བྱམས་པ་ལྟ་བུ་དང་། ཕྱིས་འབྱུང་བ་རྒྱུ་མ་ཚོགས་འབྱུང་ནི་ངེས་པ་ལྟ་བུའོ། །ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས། །ཞེས་པ། གནས་ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་འབྲས་བུ་མངོན་དུ་བྱས་ཤིང་གཤེགས་པའི་སངས་རྒྱས་རང་བྱུང་གི་ཡེ་ཤེས་མངོན་དུ་བྱས་པ་སེམས་ཀྱི་ཆོས་ཉིད་སྐྱེ་འཇིགས་དང་བྲལ་བ་རྡོ་རྗེ་ལྟ་བུ་ལས་མི་གཡོ་བས་སེམས། དེའི་དོན་གྱིས་མཐའ་གཉིས་ཀྱི་སྐྱོན་དང་བྲལ་བས་དཔའ། དེ་ལྟ་བུའི་སྐུ་ལྷུན་གྱིས་གྲུབ་པ། གསུང་ལྷུན་གྱིས་གྲུབ་པ། ཐུགས་ལྷུན་གྱིས་གྲུབ་པའི། །དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །ཅེས་པ། ཐ་མལ་པའི་རྟོག་པ་བཞི་བཅུ་རྩ་གཉིས་འདིར་གནས་སུ་དག་པ་རྒྱལ་བ་བཞི་བཅུ་རྩ་གཉིས། ཐབས་ཤེས་རབ་དབྱེར་མེད་གསུམ་དང་བཞི་བཅུ་རྩ་ལྔ་སྟེ། ཡི་གེ་མགོ་ནས་ཀྵ་ལ་རྫོགས། །ཞེས་པ། ཆོས་ཀྱི་དབྱིངས་མཚོན་པའི་ཡིག་མགོ་སྦྲུལ་ལྟ་བུ་དང་། ཆོས་ཉིད་མཚོན་པའི་ཡི་གེ་ཨ་དང་། རྟོག་པ་རྣམས་དག་པའི་ཡི་གེ་སུམ་ཅུ་སོ་དྲུག་དང་། ཉོན་མོངས་པ་ལྔ་སེར་སྣ་དང་དྲུག་དག་པའི་ཡི་གེ་ཐུབ་པ་དྲུག །ཐབས་མཚོན་པའི་ཤད་དང་། ཤེས་རབ་མཚོན་པའི་ཚེགས་དང་། ཡིད་ཀྱི་ཤེས་པ་མཚོན་པའི་ཀྵའི་བར་ལ་རྫོགས་སོ། །དེ་ཡང་ཡི་གེའི་དུས་ན་ཡི་གེ་བཞི་བཅུ་རྩ་ལྔ། འབྲས་བུ་མཐར་ཕྱིན་པ་ན་རྒྱལ་བ་བཞི་བཅུ་རྩ་ལྔ། རྟོག་པ་རང་སྣང་བ་ན་ཕུང་པོ་ལ་སོགས་པའི་རྟོག་པ་བཞི་བཅུ་རྩ་ལྔ། དབྱེར་མེད་པ་ནི་རྫོགས་ཞེས་བྱའོ། །ཡི་གེའི་རང་བཞིན་ནི། སེམས་ཀྱི་རང་བཞིན་ཡི་གེ་སྟེ། །ཞེས་པ་ལ་སོགས་པས། སེམས་ནི་འཁོར་འདས་ཐམས་ཅང་ཀྱི་དེ་ཁོ་ན་ཉིད། གཞུང་ཉིད་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། ཁ་དོག་མ་ཡིན་དབྱིབས་མ་ཡིན། །ཕོ་མོ་མ་ཡིན་མ་ནིང་མིན། །གནས་སུ་མ་ཡིན་གང་ཡང་མིན། །ཞེས་པས་དེ་ལྟ་བུའི་དོན་གྱི་རང་བཞིན་ནི་སེམས་རང་གི་རང་བཞིན་ཏེ་ཆུའི་རང་བཞིན་གཤེར་བྱ་བ་དང་མཚུངས་པས་བཤད་པའི་མཚན་ཉིད་རྣམས་སོ། །དེ་ཉིད་རང་སྣང་བ་མ་འགག་པ་ནི་ཡི་གེ་སྟེ། སེམས་ཀྱི་རང་བཞིན་བཤད་པའི་དོན་གྱིས་སེམས་སྣང་བ་ཡི་གེ་ཡང་དེ་ལས་མ་གཡོས་པས་སྣང་སྟོང་གི་ཕྱོགས་འཛིན་ཐམས་ཅད་དང་བྲལ་བའོ། །ཡི་གེ་དངོས་པོ་ཡོད་མ་ཡིན། །ཞེས་པ། སེམས་སྣང་སྟོང་གི་མཐའ་དང་བྲལ་བའི་གཏན་ཚིགས་ཀྱིས་ཡི་གེར་སྣང་བ་ཙམ་ཉིད་ན་ཡོད་མེད་ཀྱི་མཐའ་དང་བྲལ་བས་སྣང་ཙམ་ཉིད་ན་ངོ་བོ་མ་གྲུབ་པའོ། །དེས་ན་ཡི་གེས་མཚོན་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ། །ཡི་གེའི་ལས་ནི། དམིགས་མེད་དེ་ཉིད་སྣ་ཚོགས་པའི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེ། །ཞེས་པ་ལ་སོགས་པ། དམིགས་སུ་མེད་པ་ནི་སེམས་རང་སྣང་བའི་ཡི་གེའི་ཚོགས་སྣང་སྟོང་གི་མཐའ་དང་བྲལ་བས་དམིགས་སུ་མེད་ལ། དེས་མཚོན་པའི་བསྡུས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་སེམས་ཉིད་ཀྱི་དབྱིངས་མཉམ་པ་ཉིད་དམིགས་བྱེད་ཀྱི་ངོ་བོ་ཉིད་ཀྱི་ངང་ལས་རང་སྣང་མི་འགག་པའི་རྩལ་མཚན་ཉིད་སྣ་ཚོགས་འཛིན་པའི་ཆོས་སྐུའི་ཆོ་འཕྲུལ་སྣ་ཚོགས། གསུང་གི་ཆོ་འཕྲུལ་སྣ་ཚོགས། ཐུགས་ཀྱི་ཆོ་འཕྲུལ་སྣ་ཚོགས་སྐུ་གཙོ་བོ་དང་འཁོར་དུ་བཅས་པའི་དཀྱིལ་འཁོར་སྣང་ཡང་། ཀུན་ཏུ་བཟང་པོའི་རིག་པ་དབྱེར་མེད་པས་ཆེ། གསུང་གི་ངོ་བོ་མཐའ་ཐམས་ཅད་དང་བྲལ་བ་ལས། རྣམ་གྲངས་གསུང་དབྱངས་ཡན་ལ ག་སུམ་བརྒྱ་དྲུག་ཅུ་འཁོར་ལྟ་བུར་སྣང་ཡང་དཀྱིལ་གསུང་གི་ངོ་བོ་ལས་མ་གཡོས་པས་ཆེ། ཐུགས་རང་བྱུང་གི་ཡེ་ཤེས་ལས་ཡེ་ཤེས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་འཁོར་ལྟ་བུར་སྣང་ཡང་། རང་བྱུང་གི་ཡེ་ཤེས་ལས་མ་གཡོས་པས་ཆེན་པོའོ། །སྐུ་གསུང་ཐུགས་ནི་ཡ་མཚན་གྱི། །ཞེས་པ། ཡི་གེ་དང་རྟོག་པ་དང་འབྲས་བུ་མཐར་ཕྱིན་པ་གསུམ་དབྱེར་མེད་པའི་སྣང་བ་མ་འགག་པ་ནི་སྐུ། རིག་པ་རང་སྣང་བ་བརྡ་སྤྲོད་པར་བྱེད་པ་རྣམས་ནི་གསུང་། དེ་དག་དབྱེར་མེད་པའི་རིག་པ་རང་བྱུང་གི་ཡེ་ཤེས་ནི་ཐུགས་ཏེ། དེ་དག་མཐར་ཕྱིན་པའི་འབྲས་བུའི་ངོ་བོ་ནི་རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་སྟེ། འཁོར་འདས་དབྱེར་མེད་རང་བྱུང་གི་ཡེ་ཤེས་ངོ་བོ་གང་དུའང་མ་གྲུབ་པས་ཡ་མཚན་ཆེ། རྒྱན་གྱི་འཁོར་ལོར་ཉེར་ལྔ་རང་སྣང་བ་ཡ་མཚན་ཆེ། དེ་ཉིད་སྣང་སྟོང་དབྱེར་མེད་པ་ཡ་མཚན་ཆེ་བའོ། །ཡ་མཚན་འཕྲུལ་ཆེན་རབ་འགུགས་པ། །ཞེས་པ། གོང་དུ་སྟོན་པའི་ཡ་མཙན་ཆེན་པོ་དང་ལྡན་པས་ཡི་གེ། །འཕྲུལ་ཆེན་པོ་ནི། སྐུ་ལྔ་རྒྱན་གྱི་འཁོར་ལོ་ནི་མ་རྟོགས་པའི་དུས་ན་ཁམས་གསུམ་གྱི་ཆོས་ཐམས་ཅད་རང་སར་དག་པའང་འབྲས་བུ་སངས་རྒྱས་ཀྱི་ངོ་བོ་ཉིད་དུ་སྣང་བས་འཕྲུལ་ཆེ། དེ་ཉིད་ཡི་གེས་མཚོན་ཅིང་དོན་གཏན་ལ་ཕབ་པས་རབ་འགུགས་པའོ། །གནས་སྐབས་སུ་ཐུན་མོང་གི་དངོས་གྲུབ་སྟོང་གསུམ་ཡུངས་འབྲུར་ཆུད་པ་དང་། ཡུངས་འབྲུས་སྟོང་གསུམ་གང་བ་དང་། གཅིག་ལས་དུ་མར་སྣང་བ་དང་། དུ་མ་གཅིག་ཏུ་བསྡུ་བ་དང་། སོལ་བ་ལས་ལྗོན་ཤིང་། བྱེ་མ་ལས་གསེར་ལ་སོགས་པ་ཡང་ཡི་གེས་དོན་མཚོན། ལྟ་བསྒོམ་སྤྱོད་པ་རྣམས་གཏན་ལ་ཕབ་པའི་འབྲས་བུ་ཡིན་པས། འཇིག་རྟེན་པའི་རྫུ་འཕྲུལ་མཆོག་ཏུ་གྱུར་པས་ཆེན་པོ་སྟེ། ཡི་གེས་རབ་འགུགས་པ་ཞེས་བྱའོ། །ཡི་གེའི་ངེས་ཚིག་ནི། དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ། །ཞེས་པ་ལ་སོགས་པ་སྟེ། དབྱིངས་ནི་རྣལ་མ་དོན་གྱི་ཀུན་གཞི་སྟེ། དེ་ནི་ཆོས་ཐམས་ཅད་ལ་ཁྱབ་པ་དང་། མཐའ་དང་བྲལ་བ་དང་། ཡོད་མེད་ཀྱི་མཐའ་སྟོང་པ་དང་། རྟོགས་ན་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྣང་ལ། མ་རྟོགས་ན་འཁོར་བའི་ཆོས་སྣང་བས་དབྱིངས་ཞེས་བྱའོ། །དེ་ལ་གཞིར་གཞག་པའོ། །དབྱིངས་ཀྱིས་བྲིས་ཞེས་པ། ཆོས་ཀྱི་དབྱིངས་རང་སྣང་བའི་ཡིད་ཀྱི་ཤེས་པ་དངོས་གཞི་གང་དུའང་མ་གྲུབ་པ་ཉིད་རང་སྣང་བས་དབྱིངས་ཏེ། བྲིས་པ་ནི་ཡིད་ཀྱི་ཤེས་པ་གསལ་ལ་མ་འགག་པའི་ངོ་བོའོ། །ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། །ཅེས་པ། དེས་ནི་འཁོར་འདས་ཀྱི་ཆོས་ཡུལ་དུ་གྱུར་པ་ཐམས་ཅད་ཡིད་ཀྱི་ཤེས་པ་གསལ་ཆ་སྣང་བས་ཐ་སྙད་ཐམས་ཅད་ལ་ཡི་གེ་ཞེས་བརྗོད་དོ། །ཡི་གེ་འདི་རྣམས་ལས་ཨ་ཀུན་གྱི་ཐོག་མར་བཞག་པ་ནི། ཨ་ལས་ཡིག་འབྲུ་ཀུན་འབྱུང་བས་ཡི་གེ་རྣམས་ཀྱི་རྒྱུར་ངེས་པ་དང་། ཨས་མཚོན་པའི་ཆོས་ཀྱི་དབྱིངས་རྟོགས་པ་ལས་འབྲས་བུའི་རྒྱལ་བ་བཞི་བཅུ་རྩ་གཉིས་སྣང་ལ། མ་རྟོགས་པ་ལས་འཁོར་བའི་རྟོག་པ་བཞི་བཅུ་རྩ་གཉིས་སྣང་བ་རྒྱུར་ངེས་པའོ། །ཀྵ་ཐུབ་དྲུག་དེའི་གོང་དུ་བཞག་པ་ནི། ལུང་ལས། ཀྵ་ནི་ཀུན་ཏུ་བཟང་པོའི་མཁའ། །བྷ་ག་རྒྱ་མཚོའི་ཀློང་མཐའ་ཡས། །ཆོས་དབྱིངས་ཡངས་པའི་མཁའ་དཀྱིལ་ནས། །འབྲས་བུ་ཀུན་ཏུ་བཟང་པོར་ཤར། །མཁའ་དང་གཉིས་མེད་རྣམ་པར་དག །བདེ་ཆེན་རྒྱལ་བ་ཀུན་གྱི་ཐུགས། །དེ་རྟོགས་པ་ལས་ཐུབ་དྲུག་འབྱུང་། །ཞེས་པས་གསལ་ལོ། །ཁྱབ་བྱེད་ཀྱི་ཡི་གེ་གསུམ་གྱི་དོན་བཤད་པ་ནི། མགོ་ནི་མ་ནོར་ལམ་ཡིན་ཏེ། །ཞེས་པས། ལུང་ལས། མགོ་ནི་ཐོག་མ་མཚོན་པ་སྟེ། དཀྱིལ་འཁོར་གཟུགས་སུ་གང་གསལ་བ། །དེ་ཉིད་ཡི་གེའི་མགོ་ཡིན་ཕྱིར། །བེར་ཀ་རིས་ལ་མགོ་ཞེས་བྱ། །ཞེས་པས་སོ། །སྤར་ཁབ་ལས་ཀྱང་། ཡི་གེ་སྦྲུལ་ལྟ་བུས་ཐམས་ཅད་ཀྱི་མགོ་འདྲེན་པ་ཉིད་ལས། ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྟེ། །ཞེས་པས། ཡི་གེའི་མགོ་བེར་ཀའི་རིས་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་ལས་རིག་པའི་ཡེ་ཤེས་གསལ་བའི་རྟགས་སུ་གྲུབ་སྟེ། དེས་མགོ་དྲངས་ནས་ཡི་གེ་རྣམས་དེའི་རྗེས་སུ་ཞུགས་པས་ཡི་གེས་དོན་མཚོན་པ་ལས་མི་འདའ་བས་རྟགས་མ་ནོར་བའི་ལམ་མོ། །དོན་གྱི་དབང་དུ་བེར་ཀ་རིས་ཀྱིས་མཚོན་པའི་ཆོས་ཀྱི་དབྱིངས་རང་གསལ་བ་ཉིད། རང་སྣང་བའི་ཡིད་གནས་སུ་དག་པ་རང་བྱུང་གི་ཡེ་ཤེས་ཏེ། དེ་ནི་རྒྱལ་པ་མ་ལུས་པའི་ཐུགས་ཡིན་པའི་ཕྱིར་དུས་གསུམ་གྱི་བུདྡྷ་ཡང་དེ་ལས་མ་འདའ་བས་དགོངས་པ་མ་ནོར་བའི་ལམ་ཞེས་བརྗོད་ལ། རྣལ་འབྱོར་པས་ཀྱང་བསྐྱེད་རྫོགས་ཀྱི་ལམ་གང་དང་གང་བགྲོད་ཀྱང་ཆུ་གཤེར་བ་ལས་མི་འདའ་བ་ལྟར་ལམ་ཉམས་སུ་བླང་བའི་ངོ་བོ་ངག་ལྟར་ཡིན་ཀྱང་། རྟོགས་པ་དེ་ཉིད་ལས་མི་འདའ་བས་ལྟ་བའི་ངོ་བོའོ། །མ་ནོར་རང་གི་ངོ་བོ་ནི་ཐབས་དང་ཤེས་རབ་དབྱེར་མེད་པའི་ངོ་བོ་དུས་གསུམ་རྒྱལ་བའི་ངོ་བོ་ཉིད་རྣལ་འབྱོར་པས་ཉམས་སུ་ལོན་ན། དཀྲི་དྲང་མེད་དེ་སྐད་ཅིག་མས་སངས་རྒྱས་པ་ནི་མ་ནོར་བའི་ལམ་ཞེས་བྱའོ། །ཏིག་ནི་ཤེས་རབ་མིང་དུ་སྨྲ། །ཞེས་པས། ཏིག་ནི་ཚེགས་ཏེ། དེ་ཡང་རྒྱས་པ་ལས་ནི། ཚེགས་ནི་ཤེས་རབ་མིང་དུ་སྨྲ། །ཞེས་པས་གསལ་ལོ། །དཔའ་སྦྱིན་གྱིས་ཞུས་པ་ལས། ཡི་གེའི་དགོས་པ་ཀུན་བསྡུས་ནས། །ཚེགས་ཀྱིས་སྡེ་ཡི་དོན་མཚོན་ཏེ། །ཤེས་པར་བྱ་བའི་དབང་ཆེན་གྱིས། །དོན་དུ་ཚེགས་ཀྱིས་གསལ་བར་བྱེད། །ཅེས་པ་དང་། ཡང་རྒྱན་དམ་པ་ལས་ཀྱང་། སྡུད་པའི་ཕྱིར་ན་ཚེགས་ནི་ཏིག །འཐོར་བ་བསྡུ་པའི་མིང་དུ་སྨྲ། །ཞེས་པས་ཡི་གེ་རྣམས་ཚོམས་སུ་བསྡུས་ནས་དེས་དོན་གསལ་བར་བྱེད་པ་སྟེ། དཔེར་ན། སངས་རྒྱས་གཉིས་ཀྱང་ཞེས་པ་ཡང་། ཚེགས་ཀྱིས་བསྡུས་ཏེ་འབྱེད་པར་བྱས་པ་ལྟ་བུས་གསལ་བར་བྱེད། དོན་སྟོན་པར་བྱེད། བརྡ་འཕྲོད་པར་བྱེད་པས་ཤེས་རབ་སྟེ་ཡི་གེས་མིང་གསལ་བར་སྨྲ་བའོ། །དོན་གྱི་དབང་དུ་ན་ཚེགས་ཀྱིས་མཚོན་པའི་རྟོག་པའི་དུས་ན་ངག་གནས་སུ་དག་པ། རྒྱལ་བའི་དབང་དུ་གསུང་གི་སྟོན་པས་ལམ་གསལ་བར་བྱས་པ་ནི་ཤེས་རབ་བོ། །རྣལ་འབྱོར་པས་ཀྱང་ཚེགས་ཀྱིས་ཚོམས་སུ་བཅད་པ་ཡི་གེ་ལ་བརྟེན་ཏེ་ལམ་དང་ལམ་མ་ཡིན་པ་ཐམས་ཅད་ཀྱི་བྱེ་བྲག་ཕྱེད་ནས་ཉམས་སུ་བླངས་ཏེ་ལྟ་བསྒོམ་སྤྱོད་པ་གསུམ་གནས་ལུགས་ཤེས་ནས་གསལ་ཞིང་བརྡ་སྤྲོད་པར་བྱེད་པ་ནི་གསུང་གི་ལས་ཏེ་འབྲས་བུར་སྦྱོར་རོ། །ཤད་ནི་ཐབས་ཆེན་ཚིགས་སུ་གཅོད། །ཅེས་པ་ཤད་ཀྱིས་བཤད་པས་ཚིགས་རྐང་དུ་ལོངས། ཚིགས་རྐང་བཞི་ལས་ཤོ་ལོ་ཀར་ལོངས། དེ་ནི་ཐབས་མ་འགགས་པས་དོན་གྱི་སྡེ་ཚན་ཚོམས་སུ་གཅོད་པས་ཐབས་ཏེ་རྟགས་ཡི་གེའོ། །ཐབས་མ་འགགས་པར་སྣང་བ་ནི་དོན་གྱིས་དབང་གིས་ཤད་ཀྱི་མཚོན་ནས་ལུས་གནས་སུ་དག་པ་རྒྱལ་བའི་སྐུ་མ་འགགས་པར་སྣང་བ་སྟེ་ཐབས་ཆེན་པོའོ། །རྣལ་འབྱོར་པའི་དབང་དུ་ཡིད་དང་ཀུན་གཞི་དབྱེར་མེད་པར་རྟོགས་པའི་ངང་ལ་ཉམས་སུ་བླངས་པའི་དུས་སུ་ཤད་ཀྱིས་བཅད་པ་དང་འདྲ་བའི་ལམ་ལྔ་རིམ་པ་བཞིན་དུ་གོང་དུ་མཐོ་བ་ནི་ཐབས་ཆེན་པོའོ། །ཀུན་ཏུ་བཟང་མོའི་ཡི་གེ་ནི། ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཅེས་པ། འདི་མན་ཆད་ཡི་གེ་དང་། རྟོག་པ་དང་། དེ་དག་པའི་འབྲས་བུ་ལྷ་དང་གསུམ་སྟོན་ཏེ། ཡི་གེ་ན། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་པ་དང་། ཨ་ཨཱ་ནུད་སརྦ་དྷརྨཱའི་སྒྲས་ཆོས་ཐམས་ཅད་རྣམ་པར་དག་པའོ་ཞེས་པས། ཨ་ཉིད་སྐྱེ་འགག་གང་དུའང་མ་དམིགས་པའི་སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་དོ། །དེས་ན་ཨ་ནི་གང་དུའང་མ་གྲུབ་གང་གི་ཡང་ཕྱོགས་སུ་སོང་བ་མེད་པའི་ཕྱིར་ཡི་གེ་ཐམས་ཅད་སྣང་བའོ། །རྟོག་པའི་དབང་དུ་ན། ཨས་མཚོན་པའི་ཡིད་ཀྱི་ཡུལ་ཆོས་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་ཀྱི་རང་བཞིན་ནི་རྣལ་མ་དོན་གྱི་ཀུན་གཞིའོ། །དེ་ནི་རྒྱུ་ལས་མ་བྱུང་བས་རྐྱེན་དང་བྲལ། དེས་ན་སྐྱེ་འགག་མ་དམིགས་པ་དེ་བཞིན་ཉིད་དོ། །དེ་ངོ་བོ་གང་དུ་ཡང་མ་གྲུབ་པ་ནི་ཅིར་ཡང་མི་འགག་པར་འཆར་བ་ནི་རྟོག་པ་བཞི་བཅུ་ཐམས་ཅད་དོ། །དེ་གནས་སུ་དག་པའི་ཆོས་ཀྱི་དབྱིངས་ནི་ཨ་སྟེ། རྒྱུ་རྐྱེན་དང་བྲལ་བ་མཉམ་པ་ཉིད་ཀྱི་དབྱིངས་ཀུན་ཏུ་བཟང་མོའི་ངོ་བོ་ནི་དུས་གསུམ་གྱི་བུདྡྷ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་རང་བཞིན་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་དེ། དེ་མི་འགག་པའི་རྩལ་ལས་ཕྱོགས་དུས་ཀྱི་རྒྱལ་བ་ཐམས་ཅད་སྣང་བའོ། །གཏན་ཚིགས་དེ་རྣམས་ཀྱིས་དཀྱིལ་འཁོར་འབྲིང་པོའི་དུས་སུ་བསྐྱེད་ན་ཡང་ཡིག་འབྲུ་དེ་ལས་བསྐྱེད། གསུང་ཡི་གེར་སྣང་ན་ཡང་དེར་སྣང་ངོ་། །ཋ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད། །ཅེས་པ། ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་སྟེ་ཡེ་ཤེས་ལྔར་སྣང་བ་ཉིད་གདུལ་བྱའི་ངོ་ལ་རིགས་ལྔར་སྣང་བའོ། །ཡབ་ལྔ་ཐབས་མ་འགག་པའི་ཆ་ཡིན་པའི་དབང་གིས་སྒྱུ་འཕྲུལ་དུ་བརྗོད་པ་ནི། སྒྱུ་འཕྲུལ་ལེ་ལག་ལས། སྒྱུ་མ་ལྟ་བུའི་ཕུང་པོ་ལས། །རང་རིག་ཐབས་ཀྱིས་རིགས་ལྔར་འཁྲུལ། །ཞེས་པས་གསལ་ཏེ། འདི་ཡང་ཡི་གེ་དང་སྦྱར་ན་ཋ་ནི་ཡི་གེ་ཨ་མི་འགག་པའི་ངང་ལས། ལྕེ་དང་རྐན་གྱི་སྦྱོར་བ་ལས་ཡི་གེ་ཋར་སྣང་སྟེ། སྒྱུ་མ་ནི་སྣང་བཞིན་མ་གྲུབ་པ། འཕྲུལ་པ་ནི་མེད་བཞིན་ཅིར་ཡང་འཆར་བ་གཉིས་ཀ་དབྱེར་མེད་པ་ནི། མ་འགག་པ་ཀུན་རྫོབ་བམ་ཐབས་ཀྱི་ཆ་སྟེ། ཨ་ལས་ཐབས་མ་འགག་པར་སྣང་བ་མཚན་ཉིད་དེ་དང་ལྡན་པ་ནི། ཨ་དང་དབྱེར་མི་ཕྱེ་བའི་ཕྱིར་ན་རྡོ་རྗེ་ཉིད་ཅེས་བྱའོ། །རྟོག་པ་དང་སྦྱར་ན་ཨས་མཚོན་པའི་ཀུན་གཞི་མ་འགག་པའི་རྩལ་ལས་རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པ་མི་བསྐྱོད་པར་སྣང་ལ། སྣང་ཙམ་ཉིད་ན་སྒྱུ་འཕྲུལ་གྱི་མཚན་ཉིད་བཤད་པ་རྣམས་རྫོགས་པས་མ་འགག་པ་ཐབས་ཀྱི་ཆ་སྟེ། དེ་ཉིད་ན་ཀུན་གཞི་དང་མི་ཕྱེད་པ་རྡོ་རྗེ་ཉིད་ཅེས་བྱའོ། །འབྲས་བུ་ལྷའི་སྐབས་ན་ཨས་མཚོན་པའི་ཀུན་ཏུ་བཟང་མོ་མི་འགག་པའི་རྩལ་ལས་རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པ་མི་བསྐྱོད་པར་སྣང་ལ། སྣང་ཙམ་ཉིད་ན་སྒྱུ་འཕྲུལ་གྱི་ཆོས་བཤད་པ་རྣམས་རྫོགས་ཏེ། རྡོ་རྗེ་ཉིད་ཅེས་པ། ཚོགས་བརྒྱད་གནས་སུ་དག་པ་རྡོ་རྗེ་སེམས་དཔའ་སྟེ། རང་བྱུང་གི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་དེ་ཉིད་དུ་འཇོམས་པ་དང་། རང་གི་ངོ་བོ་འགྱུར་བ་མེད་པ་དང་། དེ་གཉིས་དབྱེར་མེད་པ་རང་བྱུང་གི་ཡེ་ཤེས་ཏེ་ཐུགས་རྡོ་རྗེའི་རིགས། ཡེ་ཤེས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །བསྐྱེད་པ་དང་ས་བོན་ནི་ཨལ་བཤད་པ་བཞིན་ཀུན་དེས་འགྲེའོ། །ཊ་ནི་སྣང་བའི་སྒྱུ་འཕྲུལ་ཉིད། །ཅེས་པ། ཡི་གེའི་དབང་དུ་ཨ་ཉིད་མི་འགག་པ་ལས་ལྕེ་དང་རྐན་གྱིས་ཊར་སྣང་བ་ཉིད་སྒྱུ་འཕྲུལ་གྱི་དོན་བཤད་པ་ལས་མི་འདའ་བས་ཐབས་ཀྱི་ཆ་སྟེ། ཨ་དང་དབྱེར་མེད་པས་ཉིད་ཅེས་བྱའོ། །རྟོག་པ་དང་སྦྱར་ན་ཨ་མཚོན་པའི་ཀུན་གཞི་ཉིད་མི་འགག་པའི་རྩལ་ལས་སྣང་བ་ནི་དབང་པོའི་མངོན་སུམ་དུ་གཟུགས་ཀྱི་ཕུང་པོར་སྣང་སྟེ། སྒྱུ་འཕྲུལ་བཤད་པའི་དོན་དང་ལྡན་པས་ཐབས་ཀྱི་ཆ་སྟེ། ཀུན་གཞི་ལས་མ་གཡོས་པས་ཉིད་ཅེས་བྱའོ། །ལྷ་དང་སྦྱར་ན་ཨས་མཚོན་པའི་ཀུན་གཞི་ཀུན་ཏུ་བཟང་མོ་ཉིད་རང་སྣང་བའི་རྩལ་ལས་སྣང་བ་ནི་གཟུགས་ཀྱི་ཕུང་པོ་གནས་སུ་དག་པ་རྣམ་པར་སྣང་མཛད་དུ་སྣང་ཡང་སྒྱུ་འཕྲུལ་གྱི་དོན་རྫོགས་པས་ཐབས་སམ་ཡབ་ཀྱི་ཆ་སྟེ། དེ་ལས་གཞན་དུ་མ་ཡིན་པས་ཉིད་ཅེས་བྱའོ། །ཌ་ནི་སྒྱུ་འཕྲུལ་ཡིད་བཞིན་ཉིད། །ཅེས་པ། ཨ་མི་འགག་པའི་རྩལ་ལས་ལྕེ་དང་རྐན་གྱིས་ཡི་གེ་ཌར་སྣང་། དེ་ཉིད་ཀུན་རྫོབ་ཀྱི་མཚན་ཉིད་སྒྱུ་འཕྲུལ་བཤད་པའི་དོན་རྫོགས་ལ། དེ་ཉིད་ཡིད་བཞིན་ཞེས་པ། མཉམ་པ་ཉིད་ཀྱི་ངང་ལ་མཐའ་དང་བྲལ་བ་རིན་པོ་ཆེ་ལྟ་བུ་སྟེ་སྣང་སྟོང་དབྱེར་མེད་པ་ཉིད་དོ། །རྟོག་པའི་དབང་དུ་ན་ཨས་མཚོན་པའི་ཀུན་གཞི་ལས། ཌས་མཚོན་པའི་ཚོར་བ་དྲུག་གསུམ་བཅོ་བརྒྱད་དུ་སྣང་། དེ་ཉིད་འཁྲུལ་སྣང་ཀུན་རྫོབ་ཀྱི་ཆ་ལས་སྒྱུ་འཕྲུལ་བཤད་པའི་དོན་རྫོགས། དེ་ཉིད་སྣང་སྟོང་དབྱེར་མེད་པའི་ངང་ལ་ཚོར་བ་བདེ་སྡུག་ཏུ་འཛིན་པ་གཞི་དག་པ་ནི་ཡིད་བཞིན་ཉིད་ཅེས་བྱའོ། །ལྷའི་དབང་དུ་ཀུན་གཞི་སྣང་བ་ཀུན་ཏུ་བཟང་མོའི་ངང་ལས་དེ་མཚོན་པའི་རིན་ཆེན་འབྱུང་ལྡན་གྱི་སྐུར་བྱུང་ལ། དེ་ཉིད་སྒྱུ་འཕྲུལ་བཤད་པའི་དོན་རྫོགས་ཏེ་ཐབས་ཀྱི་ཆའམ་ཡབ་ཀྱི་ཆ་ཡིན་པས། ཡིད་བཞིན་ཉིད་ཅེས་པས། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་གཞི་དག་པ་ནི་ཕྱོགས་སུ་འཛིན་པ་དང་བྲལ་བས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། བུདྡྷའི་ཡོན་ཏན་མ་ལུས་པ་ཐམས་ཅད་དེ་ལས་སྣང་བ་ཡིན་པས་སྐུར་སྣང་བའི་དུས་ན་རིན་ཆེན་འབྱུང་ལྡན་ཞེས་པ་དོན་དང་མཐུན་པའི་མཚན་ནོ། །ཌྷ་ནི་སྒྱུ་འཕྲུལ་རྣམ་དག་ཉིད། །ཅེས་པ། ཨ་མི་འགག་པའི་རྩལ་ལས་ཡི་གེ་ཌྷར་སྣང་བ་ཉིད་སྒྱུ་འཕྲུལ་ཀྱི་དོན་ཉིད་ཀུན་རྫོབ་བམ་ཐབས་ཏེ། ཨའི་ངང་ལས་མ་གཡོས་པ་ཉིད་མཐའ་ཐམས་ཅད་དག་པའོ། །ཀུན་གཞི་ཉིད་ཐམས་ཅད་མི་འགག་པའི་རྩལ་ལས་འདུ་ཤེས་ཀྱི་ཕུང་པོར་སྣང་བ་ཉིད་སྒྱུ་འཕྲུལ་བཤད་པའི་དོན་ཉིད་ཀྱི། རྣམ་དག་ཅེས་པ། ཀུན་གཞིའི་ངང་ལས་མ་གཡོས་པ་ཉིད་དབྱེར་མེད་དོ། །ལྷའི་གནས་སྐབས་ན་ཀུན་གཞི་ཀུན་ཏུ་བཟང་མོ་ཉིད་རང་སྣང་བའི་རྩལ་ལས་འདུ་ཤེས་ཀྱི་ཕུང་པོའི་རྟོག་པ་རྣམ་པར་དག་པ་ཉིད་ལྷར་སྣང་བའི་དུས་ན་སྣང་བ་མཐའ་ཡས་ཀྱི་སྐུར་སྣང་ལ། སྒྱུ་འཕྲུལ་གྱི་བཤད་པའི་དོན་གྱིས་སྐུ་དེ་ཉིད་ཡབ་བམ་ཐབས་ཀྱི་ཆ་འཛིན་པའོ། །རྣམ་དག་ཅེས་བྱ་བ་ནི། འདུ་ཤེས་ཀྱི་ཕུང་པོ་དག་ནས་རང་གསལ་མི་འགག་པ་ཉིད་སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་གསལ་ཏེ། ཡེ་ཤེས་དེ་ཉིད་ཆོས་སྤྱིའི་མཚན་ཉིད་མཁྱེན་པས་ནི་སྟོང་ཞིང་བདག་མེད་པ་གསལ་བས་འཁོར་བའི་མཐའ་དག །རང་གི་མཚན་ཉིད་མ་འདྲེས་ཤིང་མ་འཆོལ་བ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་དེས་མྱ་ངན་ལས་འདས་པའི་མཐའ་དག །དེས་ན་རྣམ་དག་ཅེས་བྱ་སྟེ་སྣང་བ་མཐའ་ཡས་སོ། །ཎ་ནི་ཀུན་ཏུ་སྒྱུ་འཕྲུལ་ཉིད། །ཅེས་པ་ལྕེ་དང་རྐན་གྱི་རྐྱེན་གྱིས་ཡི་གེ་ཎར་སྣང་བ་ནི། ཀུན་ཏུ་ཞེས་པ། དུས་དང་གནས་སྐབས་ཀུན་ཏུ་མ་འགག་པའི་ཎར་ཉིད་སྒྱུ་འཕྲུལ་བཤད་པའི་དོན་རྫོགས་པ་ནི་ཀུན་རྫོབ་བམ་ཐབས་ཏེ། དེ་ཉིད་ཨ་ལས་མ་གཡོས་པ་ཉིད་ཅེས་བྱའོ། །རྟོག་པའི་དབང་དུ་ཀུན་གཞིའི་རྣམ་ཤེས་ཉིད་མི་འགག་པ་ལས་འདུ་བྱེད་ལྔ་བཅུ་རྩ་གཅིག་མ་འགགས་པར་སྣང་། ཀུན་ཏུ་ཞེས་པ། ལས་དགེ་སྡིག་ལུང་མ་བསྟན་གསུམ་ཁམས་ཀྱི་བདག་ཉིད་དུ་གྱུར་པའོ། །འདུ་བྱེད་སྣང་བ་ཉིད་སྒྱུ་འཕྲུལ་བཤད་པའི་དོན་གྱིས་ཀུན་རྫོབ་བམ་ཐབས་ཏེ། སྣང་ཙམ་ཉིད་ན་ཀུན་གཞི་ལས་མ་གཡོས་པས་ཉིད་ཅེས་བྱའོ། །གནས་དག་པའི་དབང་དུ་ཀུན་གཞི་ཀུན་ཏུ་བཟང་མོ་མི་འགག་པའི་རྩལ་ལས་ཎས་མཚོན་པའི་དོན་ཡོད་གྲུབ་པའི་སྐུར་སྣང་། ཀུན་ཏུ་ཞེས་པས། གཞན་དོན་གྱི་མཛད་པ་གདུལ་བྱའི་བྱ་བ་མ་ལུས་པ་ཐམས་ཅད་གྲུབ་སྟེ། འདི་ནི་གྲུབ་འདི་ནི་མ་གྲུབ་མེད་པས་ཀུན་ཏུ་གདུལ་བྱའི་དོན་དུ་འཁོར་བ་ན་གནས་ཀྱང་ཆོས་སྐུ་ལས་མ་གཡོས་པས་གདུལ་བྱ་དང་འཁོར་བའི་སྐྱོན་གྱིས་གོས་པ་མེད་དེ། དོན་གཉིས་ཅིག་ཅར་རྫོགས་པས་ཀུན་ཏུ་དོན་ཡོད་གྲུབ་པའི་སྐུར་སྣང་བ་ནི་སྒྱུ་འཕྲུལ་གྱི་དོན་བཤད་པ་བཞིན་པས་ཐབས་སམ་ཡབ་ཀྱི་ཆ་ཉིད་ལས་གཞན་གཅད་པའོ། །ད་ནི་ཡུམ་ལྔ་བཤད་དེ། དེ་ཡང་དྷཱ་དྷཱ་ཏུ་ནི་དབྱིངས་ཏེ་ཡེ་ཤེས་ལྔ་ཆོས་ཀྱི་དབྱིངས་དང་མི་ཕྱེད་པས་སྐུར་སྣང་བའི་དུས་ནའང་རིགས་ལྔ་ཡབ་ཡུམ་དབྱེར་མེད་པར་བཞུགས་སོ། །རྟོག་པའི་དུས་སུ་ཡང་ཕུང་པོ་ལྔ་འབྱུང་བ་ལྔ་དབྱེར་མེད་དེ། དེ་ཡང་ཡུམ་ལྔའི་སྐབས་སུ་དྲྭ་བ་ཞེས་བརྗོད་ནས་དེ་དང་སྦྱར་བ་ཡང་། རྡོ་རྗེ་གཡུང་དྲུང་གི་རྒྱུད་ལས། དྲྭ་བ་ཅིར་ཡང་འགྱུར་བ་སྟེ། །མདོ་འདུས་འབྲེལ་ཅིང་ཟང་ཐལ་བས། །གང་ནས་བལྟས་ཀྱང་གསལ་བར་སྣང་། །ཅིར་ཡང་སྡུག་ཅིང་ཤོང་བ་ལྟར། །དེ་ཉིད་ཡུམ་གྱི་མཁའ་དབྱིངས་ཀྱང་། །མདོ་འདུས་འབྲེལ་ཅིང་ཟང་ཐལ་བར། །གང་ནས་བཞུགས་ཀྱང་གསལ་བར་སྣང་། །ཐམས་ཅད་སྡུད་ཅིང་ཤོང་བའི་ཕྱིར། །ཡུམ་ལ་དྲྭ་བར་ཤེས་པར་བྱ། །ཞེས་པས་སོ། །ཐ་ནི་དྲྭ་བ་མངོན་རྫོགས་ཉིད། །ཅེས་པ། ཡི་གེའི་དབང་དུ་ཨ་མི་འགག་པའི་རྩལ་ལས་ལྕེའི་རྐྱེན་གྱིས་ཐར་སྣང་། དྲྭ་བ་ཞེས་པ་ཁྱབ་ཅིང་འབྲེལ་བ་སྟེ། སྣང་ཙམ་ཉིད་ཁྱབ་པ་དང་འབྲེལ་བའི་བདག་ཉིད་སྣང་སྟོང་དབྱེར་མེད་པ་ཉིད་དོ། །རྟོག་པའི་དབང་དུ་ཨས་མཚོན་པའི་ཀུན་གཞི་ཉིད་ལས་ཐས་མཚོན་པའི་འབྱུང་བ་ནམ་མཁར་སྣང་། ནམ་མཁའི་ངང་དུ་ཆོས་ཐམས་ཅད་འདུས་ཤིང་ཁྱབ་སྟེ་ཐམས་ཅད་ཀྱི་རང་བཞིན་པས་དྲྭ་བ་སྟེ་ཤེས་རབ་བོ། །ནམ་མཁའི་མཚན་ཉིད་ནི། མངོན་རྫོགས་ཉིད་ཅེས་པས། སྣོད་བཅུད་ལ་སོགས་ཏེ་ཆོས་ཅན་གྱི་དངོས་པོ་ཐམས་ཅད་ནམ་མཁའི་ངང་དུ་མ་འདུས་པ་མེད་པས་མངོན་སུམ་དུ་རྫོགས་པ་ཞེས་བྱའོ། །གནས་དག་པ་ལྷའི་སྐབས་སུ་ཨས་མཚོན་པའི་ཡུམ་ཀུན་ཏུ་བཟང་མོའི་མཁའ་ལ་ཐས་མཚོན་པའི་ཤེས་རབ་དྲྭ་བ་ཉིད་ཡུམ་ཀུན་ཏུ་བཟང་མོ་ལྟར་སྣང་བས། འབྱུང་བ་ནམ་མཁའ་གནས་སུ་དག་པ་ཡུམ་ཀུན་ཏུ་བཟང་མོའི་ངང་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པར་ལྷུན་གྱིས་གྲུབ་པའོ། །དེ་ནི་དེ་ཉིད་ལས་མ་གཏོགས་པ་གཞན་པ་གཅད་པ་སྟེ་འོག་མ་བཞི་ཀ་ལ་སྦྱར་རོ། །ཏ་ནི་དྲྭ་བ་བརྟན་པ་ཉིད། །ཅེས་པ། ཨ་མི་འགག་པའི་རྩལ་ལས་ལྕེའི་རྐྱེན་གྱིས་ཏར་སྣང་ཉིད་དྲྭ་བ། ཤེས་རབ་ཀྱི་དབང་གིས་བརྟན་པ་ཉིད་ཅེས་པ། ཡི་གེ་ཏ་དེ་ཉིད་ལས་མི་འདའ་བའོ། །རྟོག་པའི་དབང་དུ་ཨས་མཚོན་པའི་ཀུན་གཞི་མི་འགག་པ་ལ་བརྟན་པ་སའི་ཁམས་ལྟ་བུར་སྣང་། སྣང་ཙམ་ཉིད་ན་དྲྭ་བའི་དོན་གྱིས་དབྱིངས་སམ་ཤེས་རབ་ཀྱི་ངོ་བོ་མི་ཕྱེད་པ་ཉིད་དོ། །ཨས་མཚོན་པའི་ཀུན་གཞི་ཀུན་ཏུ་བཟང་མོའི་ངང་ལ་བརྟན་པས་གནས་སུ་དག་པའི་ལྷ་མོ་དྲྭ་བས་མཚོན་པའི་ཤེས་རབ་ཀྱི་རང་བཞིན་དོན་དང་མཐུན་པའི་མཚན་སངས་རྒྱས་སྤྱན་མ་ཞེས་བྱ་སྟེ། ས་དངོས་སུ་བལྟར་ཡོད་པ་ཉིད་དག་པའི་མཚན་ནོ། །ད་ནི་དྲྭ་བ་ལྷམ་མེ་ཉིད། །ཅེས་པ། ཨ་མི་འགག་པའི་རྩལ་ལས་ལྕེའི་རྐྱེན་གྱིས་ཡི་གེ་ད་ལྟ་བུར་སྣང་ཡང་ཤེས་རབ་ཀྱི་རང་བཞིན་འབྲེལ་ཅིང་ཁྱབ་པ་བྱ་བའི་ངང་ལས་མ་གཡོས། དེ་ཉིད་ལ་ནི་ལྷམ་མེ་ཞེས་བྱའོ། །རྟོག་པ་ནི་ཨས་མཚོན་པའི་ཀུན་གཞི་ཉིད་མི་འགག་པའི་རྩལ་ལས། དས་མཚོན་པའི། ལྷམ་མེ་ཉིད་ཅེས་པ། ཤེས་རབ་ཀྱི་རང་བཞིན་དྲྭ་བས་ཕུང་པོ་ལྔ་དང་དབྱེར་མེད་པའོ། །གནས་དག་པའི་དབང་དུ་ན་ཨས་མཚོན་པ་ཀུན་གཞི་ཀུན་ཏུ་བཟང་མོའི་ངང་ལས་དས་མཚོན་པའི་ལྷ་མོ་ཉིད་འབྱུང་བ་མེ། ལྷམ་མེ་ཞེས་པས། གསལ་ཞིང་འོད་འབར་བ། གཞན་ཡང་གསལ་བར་བྱེད་པ་ཉིད་གནས་སུ་དག་པ་ལྷ་མོ་མཱ་མ་ཀཱི་ཤེས་རབ་ཀྱི་ཆ་འཛིན་པ་རིན་ཆེན་འབྱུང་ལྡན་དང་དབྱེར་མེད་པ་དྲྭ་བ་ཤེས་རབ་བོ། །མེས་སྐད་ཅིག་མ་གོང་ནས་གོང་དུ་སྨིན་ཅིང་བརྟས་པར་བྱེད་པ་ལྟར། རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་གདུལ་བྱའི་དགོས་པ་ཐམས་ཅད་སྐོང་བར་བྱེད་པའོ། །དྷ་ནི་དྲྭ་བ་འཁྲིལ་བ་ཉིད། །ཅེས་པས་ཨ་མི་འགག་པའི་རྩལ་ལས་ལྕེའི་རྐྱེན་གྱིས་དྷར་སྣང་བ་ནི། སྣང་བཞིན་མ་ངེས་པ་དྲྭ་བ་བཞིན་ཁྱབ་པ་དང་འབྲེལ་བ་ཤེས་རབ་སྟེ། སྣང་སྟོང་རིས་སུ་མི་ཕྱེད་པས་ན་འཁྲིལ་བ་ཞེས་བྱའོ། །རྟོག་པའི་དབང་དུ་ཨས་མཚོན་པའི་ཀུན་གཞི་ཉིད་ལས་དྷས་མཚོན་པའི་འབྱུང་བ་ཆུ་ལྟར་སྣང་། འཁྲིལ་བ་ནི་ཆུའི་མཚན་ཉིད། མཉེན་ཞིང་ལྕུགས་ལ་གར་ཡང་དྲང་དུ་བཏུབ་པ་ལྟ་བུའོ། །དེ་གནས་དག་པའི་དུས་སུ་ལྷ་ནི་ཀུན་ཏུ་བཟང་མོ་ཉིད་ཀྱི་རྩ་ལས་ཡི་གེ་དྷས་མཚོན་པ་གོས་དཀར་མོ་ལྟ་བུར་སྣང་ལ། དེ་ཉིད་ཤེས་རབ་དྲྭ་བ་ལྟ་བུ་ཐབས་སྣང་བ་མཐའ་ཡས་ལ་འཁྲིལ་བའོ། །གོས་དཀར་མོ་ནི་ཆོས་སྤྱི་དང་རང་གི་མཚན་ཉིད་མཁྱེན་པས་མཐའ་གཉིས་ཀྱི་སྐྱོན་གྱིས་མ་གོས་པ་དཀར་མོའོ། །འཁྲིལ་བ་ཉིད་ནི་རྟོགས་པའི་རང་བྱུང་གི་ཡེ་ཤེས་ཏེ། སོ་སོར་རྟོགས་པས་གདུལ་བྱ་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱ་གར་ཡོད་དུ་ཤར་བ་མཉེན་པའི་དོན་གྱིས་འཁྲིལ་བ་ཞེས་བྱའོ། །ན་ནི་དྲྭ་བ་ཀུན་ཏུ་འགྱུར། །ཞེས་པ། ཨ་མི་འགག་པའི་རྩལ་ལས་ལྕེའི་རྐྱེན་གྱིས་ནར་སྣང་། དེ་ཉིད་སྣང་སྟོང་དབྱེར་མེད་པ་དྲྭ་བའི་དོན་གྱིས་ཤེས་རབ་སྟེ། དོན་མཚོན་པའི་ཕྱིར་ན་ལས་མཚོན་པའི་ཡན་ལག་ཀུན་ཏུ་འགྱུར་བས་དེ་ཉིད་དུ་བརྗོད་དོ། །རྟོག་པའི་དབང་དུ་ཨས་མཚོན་པའི་ཀུན་གཞི་མི་འགག་པའི་རྩལ་ལས། ནས་མཚོན་པའི་འབྱུང་བ་རླུང་ལྟར་སྣང་། རླུང་གི་མཚན་ཉིད་ཡང་ཞིང་གཡོ་བ་ཀུན་ཏུ་འགྱུར་པའི་མཚན་ཉིད་ཅན་ནོ། །དེ་ཉིད་སྣང་ཙམ་ཉིད་ན། དྲྭ་བ་ཤེས་རབ་ཀྱི་རང་བཞིན་ཕུང་པོ་དང་མི་ཕྱེད་པའོ། །རྟོག་པ་དག་པའི་དབང་དུ། ཀུན་གཞི་ཀུན་ཏུ་བཟང་མོ་ཉིད་མི་འགག་པའི་རྩལ་ལས་ཀུན་ཏུ་འགྱུར། རླུང་གནས་སུ་དག་པ་དམ་ཚིག་སྒྲོལ་མར་སྣང་། སྣང་ཙམ་ཉིད་ན་དྲྭ་བ་ཤེས་རབ་ཀྱི་རང་བཞིན་དོན་ཡོད་གྲུབ་པ་ཡབ་དང་དབྱེར་མེད་པའོ། །ཀུན་ཏུ་འགྱུར་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་གདུལ་བྱའི་དོན་ཇི་ལྟར་ཡང་མཛད་པའོ། །དེའི་ཡུམ་ཡང་དོན་དང་མཐུན་པའི་མཚན་གདུལ་བྱ་རྣམས་སངས་རྒྱས་ཀྱི་ས་ལ་སྦྱོར་བས་དོན་དང་མཐུན་པའི་མཚན་སྒྲོལ་མའོ། །ནང་གི་སེམས་དཔའ་སྒོ་བ་དང་བཅས་པ་བསྟན་པ་ནི། ཀ་ནི་སྤྱན་གྱི་ཐུགས་ཀྱི་མཆོག །ཅེས་པ་ལ་སོགས་པ། རྣམ་ཤེས་ལ་ཐུགས་སུ་བཤད་པ་ནི། རྒྱན་དམ་པ་ལས། རྣམ་པར་ཤེས་པ་ཀུན་ཡིད་ཡིན། །ཡིད་ཀྱི་རྣམ་ཤེས་གཅོད་བྱེད་པ། །ཐུགས་ཉིད་རིག་པ་སྣ་ཚོགས་པས། །དེ་ཕྱིར་ཐུགས་ཀྱི་མཆོག་ཅེས་བྱ། །ཞེས་སོ། །ཡང་རྣམ་པར་ཤེས་པ་ལ། ཐུགས་ཞེས་པ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ནི་སྒོ་ལྔའི་རྣམ་པར་ཤེས་པས་ཡུལ་གྱི་རྣམ་པ་རིག་ཅིང་དེ་མ་ཐག་པའི་ཡིད་དང་འགྲོགས་པའི་ཕྱིར། ཡིད་གནས་སུ་དག་པ་ཐུགས་ཡིན་པས་ཡིད་དང་རྣམ་ཤེས་ཀུན་ཏུ་གྱུར་པའི་ཕྱིར་རོ། །ཨ་ཆོས་ཉིད་ཀྱི་ཡི་གེ་མི་འགག་པ་ལས་གྲེ་བའི་རྐྱེན་གྱིས་བསྒྱུར་ནས་ཀ་ཚན་གྱི་ཡི་གེ་ལྔར་སྣང་ལ། སྣང་ཙམ་ཉིད་ན་ཨ་ཉིད་ལས་མ་གཡོས་པ་ནི་དབྱེར་མེད་ལ། དེ་རྟོག་པར་སྣང་བའི་དུས་སུ་ཨས་མཚོན་པའི་ཀུན་གཞིའི་ངང་ལས་རྟོག་པ་མིག་གི་རྣམ་ཤེས་སུ་འཛིན་པར་སྣང་སྟེ། དེ་གནས་སུ་དག་པའི་དུས་སུ་ཀུན་གཞི་ཀུན་ཏུ་བཟང་མོའི་མཁའ་མི་འགག་པ་ལས་མིག་གི་རྣམ་ཤེས་སུ་སྣང་བ་ལ་ནི་སྤྱན་གྱི་ཞེས་བྱ། དེ་གནས་སུ་དག་པའི་དུས་སུ། ཐུགས་ཀྱི་ཞེས་སྨོས་པས། བྷ་ག་ཝཱན་རྣམ་པར་སྣང་མཛད་ཀྱི་ཐུགས་ཀྱི་རང་བཞིན། བྱང་ཆུབ་སེམས་དཔའ་ན་སའི་སྙིང་པོ་སྟེ། མཆོག་ནི་བདེ་བར་གཤེགས་པའི་ཡེ་ཤེས་ཀྱི་རྩལ་རང་སྣང་བས་ལམ་པ་ལས་སྤགས་པས་མཆོག་གོ། །ཁ་ནི་སྙན་གྱི་ཐུགས་ཀྱི་མཆོག །ཅེས་པས་ཨ་ཉིད་མི་འགག་པའི་རྩལ་ལས་མ་མགྲིན་པའི་རྐྱེན་གྱི་ཁར་སྣང་སྟེ། སླར་ཨ་ལས་མ་གཡོས་པའོ། །ཨས་མཚོན་པའི་ཀུན་གཞིའི་ངང་ལས་རྣ་བའི་རྣམ་ཤེས་སྒྲ་འཛིན་ལྟར་སྣང་ཡང་། དེ་ཉིད་གནས་སུ་དག་པའི་དུས་སུ་ཀུན་གཞིའི་རྣམ་ཤེས་སྒྲ་འཛིན་དག་པ་ཉིད་སྐུར་སྣང་བའི་དུས་སུ་བསྣོར་བས་གསུང་གི་རིགས་སྤྱན་རས་གཟིགས་དབང་ཕྱུག་ཏུ་སྣང་། རྣམ་ཤེས་གནས་སུ་དག་པ་དང་རིན་ཆེན་འབྱུང་ལྡན་གྱི་ཐུགས་སྤྱན་རས་གཟིགས་དབང་ཕྱུག་ཏུ་སྣང་བ་སྟེ། མཆོག་འགྲེ། ག་ནི་ཤངས་ཀྱི་ཐུགས་ཀྱི་མཆོག །ཅེས་པ། ཡི་གེ་ཨ་མི་འགག་པའི་རྩལ་ལས་གྲེ་བའི་རྐྱེན་གྱིས་གར་སྣང་། དེ་ཉིད་ཀྱི་རྟོག་པ་ན་སྣའི་རྣམ་ཤེས་གནས་སུ་དག་པ་ནམ་མཁའི་སྙིང་པོ་མཚོན་ཏེ། ཨ་ས་མཚོན་པའི་ཀུན་གཞི་མི་འགག་པ་ལས་རྟོག་པ་སྣའི་རྣམ་ཤེས་ལྟར་སྣང་ཡང་། དེ་སྣང་སྟོང་དབྱེར་མེད་པ་མཉམ་པ་ཉིད་སྣང་བ་མཐའ་ཡས་ཀྱི་ཐུགས་རང་སྣང་བའོ། །གྷ་ནི་ལྗགས་ཀྱི་ཐུགས་ཀྱིས་མཆོག །ཅེས་པ། ཨ་མི་འགག་པའི་རྩལ་ལས་གྲེ་བའི་རྐྱེན་གྱིས་གྷར་སྣང་། དེ་རྟོག་པ་སྣང་བའི་དུས་སུ་ཀུན་གཞི་མི་འགག་པའི་རྩལ་ལས་མྱོང་བྱེད་ལྕེའི་རྣམ་པར་ཤེས་པར་སྣང་། དེ་གནས་སུ་དག་པའི་དུས་སུ་ཨས་མཚོན་པའི་ཀུན་ཏུ་བཟང་མོའི་མཁའ་ལ་ལྕེའི་རྣམ་ཤེས་གནས་སུ་དག་པའི་དོན་ཡོད་གྲུབ་པའི་ཐུགས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེར་སྣང་ངོ་། །ང་ནི་ཐུགས་ཀྱང་འཇིགས་བྱེད་པའོ། །ཞེས་པ། ཨ་མི་འགག་པའི་རྩལ་ལས་མགྲིན་པའི་རྐྱེན་གྱིས་ཡི་གེ་ངར་སྣང་། ཨ་ལས་མ་གཡོས། དེ་ཉིད་ཨས་མཚོན་པའི་ཀུན་གཞིའི་ངང་ལས་ལུས་ཀྱི་རྣམ་པར་ཤེས་པར་སྣང་། དེའི་རྟོག་པ་དག་སྟེ་གནས་འགྱུར་བའི་དུས་སུ། ཀུན་གཞི་ཀུན་ཏུ་བཟང་མོའི་མཁའ་ལས་ངས་མཚོན་པའི་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོ་ལྟ་བུར་སྣང་སྟེ། འདིར་ཐུགས་ཀྱང་འཇིགས་བྱེད་པ། །ཞེས་པ། མིག་གི་རྣམ་ཤེས་སོགས་རྟོག་པ་བཞི་དེ་གནས་སུ་དག་པའི་སེམས་དཔའ་བཞི་བཟང་རྟོག་དང་ངན་རྟོག་ཐམས་ཅད་མཉམ་པ་ཉིད་ཆོས་སྐུའི་ངང་ལས་མི་གནས་པར་མཛད་པ། ཐུགས་ཀྱང་འཇིགས་བྱེད་པའི་ཞེས་བྱའོ། །ཙ་ནི་སྤྱན་གྱི་སྐུ་ཡི་མཆོག །ཅེས་པ་ལ་སོགས་པ། ཡུལ་ལ་སྐུ་རུ་བརྗོད་པ་ནི། སྒྱུ་འཕྲུལ་རྡོ་རྗེ་ལས། རྣམ་ཤེས་བཞི་ཡིས་དམིགས་པའི་ཡུལ། །མཐོང་བར་བྱ་བ་ལ་སོགས་པ། །དམིགས་པར་བྱ་ཕྱིར་སྐུ་ཡི་མཆོག །ཅེས་པས་སོ། དེས་ན་ཡུལ་ལ་སྐུ་རུ་བརྗོད་པ་ནི་ཡུལ་ལ་བརྟེན་ཏེ་རྣམ་པར་ཤེས་པ་སྐྱེ་ལ། ཡུལ་མེད་ན་རྣམ་ཤེས་ཀྱི་མིང་མི་ཐོགས་པས་སྐྱེ་བའི་ཕྱི་ཡང་སྐུ། དམིགས་ཤིང་བརྟེན་པའི་ཕྱིར་ཡང་སྐུའོ། །ཨ་མི་འགག་པའི་རྩལ་ལས་ལྕེའི་རྩེ་མོའི་རྐྱེན་གྱིས་ཙར་སྣང་། སྣང་ཡང་ཨ་ལས་མ་གཡོས་ཏེ། ཨས་མཚོན་པའི་ཀུན་གཞི་མ་འགགས་པའི་རྩལ་ལས་སྤྱན་གྱི་ཞེས་པ། མིག་གི་ཡུལ་གཟུགས་ཀྱི་ཚོགས་སུ་སྣང་། སྣང་ཡང་ཀུན་གཞིར་དབྱེར་མེད། དེ་རྟོག་པ་གནས་སུ་དག་པའི་དུས་སུ་ཙས་མཚོན་པའི་མིག་གི་ཡུལ་གཟུགས་ཀྱི་བྱེ་བྲག་རྣམས་རྟོགས་པའི་དབང་དུ་རྟོག་པ་ལ་ཡང་སྐུའི་ཁམས་ཏེ། རྣམ་པར་སྣང་མཛད་ཀྱི་སྐུའི་བདག་ཉིད་ལྷ་མོ་ལཱ་སྱེ་མ་སྟེ། འབྲས་བུའི་སྣང་བ་ཡིན་པས་མཆོག་གོ། །ཚ་ནི་སྙན་གྱི་སྐུ་ཡི་མཆོག །ཅེས་པ། ཨ་མི་འགག་པའི་རྩལ་ལས་ལྕེའི་རྐྱེན་གྱིས་ཚར་སྣང་ཡང་ཨ་ལས་མ་གཡོས་པའོ། །དེ་ཉིད་ཨས་མཚོན་པའི་ཀུན་གཞིའི་ངང་ལས་རྟོག་པའི་ངོ་བོས་ཚས་མཚོན་པའི་སྙན་གྱི་ཡུལ་སྒྲའི་བྱེ་བྲག་རྣམས་སུ་སྣང་། དེ་ཉིད་གནས་སུ་དག་པའི་དུས་སུ་རིན་ཆེན་འབྱུང་ལྡན་གྱི་སྐུའི་ངོ་བོ་ལྷ་མོ་སྐུའི་ཕྲེང་བ་མར་སྣང་སྟེ། མཆོག་གི་འབྲུ་རྣམས་འགྲེ། ཛ་ནི་སྐུ་ཡི་ཤངས་ཀྱི་མཆོག །ཅེས་པ་ཨ་མི་འགག་པའི་རྩལ་ལས་ལྕེའི་རྩེ་མོའི་རྐྱེན་གྱིས་ཛར་སྣང། དེ་ཉིད་ཨ་ལས་མ་གཡོས་པའོ། །རྟོག་པ་ནི་ཨས་མཚོན་པའི་ཀུན་གཞིའི་ངང་ལས་ཛས་མཚོན་པའི་ཤངས་ཀྱིས་ཡུལ་དྲིའི་ཚོགས་སུ་སྣང་། དེ་གནས་དག་པའི་དུས་སུ་སྣང་བ་མཐའ་ཡས་ཀྱི་སྐུའི་ངོ་བོ་ལྷ་མོ་གཱིརྟི་མར་སྣང་། ཛྷ་ནི་ལྗགས་ཀྱི་སྐུ་ཡི་མཆོག །ཅེས་པ་ཡི་གེ་ཨ་མི་འགག་པ་ལས་ལྕེ་རྩེའི་རྐྱེན་གྱིས་ཛྷར་སྣང་། དེ་ཉིད་ཨ་ལས་མ་གཡོས། ཀུན་གཞི་མི་འགག་པའི་རྩལ་ལས་ཛྷས་མཚོན་པའི་ལྗགས་ཀྱི་ཡུལ་རོའི་ཚོགས་སུ་སྣང་། སྣང་ཡང་ཀུན་གཞི་ལས་མ་གཡོས། དེ་ཉིད་གནས་སུ་དག་པའི་དུས་སུ་རོའི་ཁམས་ཐམས་ཅད་སྣང་སྟོང་དབྱེར་མེད་པ་དོན་ཡོད་གྲུབ་པའི་སྐུའི་ངོ་བོ་ལྷ་མོ་གར་མཁན་མར་སྣང་ངོ་། །ཉ་ནི་སྐུ་ཡང་འཇིགས་བྱེད་པའོ། །ཞེས་པ་ཨ་མི་འགག་པའི་རྩལ་ལས་ལྕེ་རྩེའི་རྐྱེན་གྱིས་ཉར་སྣང་། དེ་ཉིད་ཨ་ལས་མ་གཡོས། རྟོག་པ་ནི་ཀུན་གཞི་མ་རྟོགས་པའི་ངང་ལས་ལུས་ཀྱི་དབང་པོ་ལྟར་ཡང་སྣང་། སྣང་ཡང་ཀུན་གཞི་ལས་མ་གཡོས། དེ་ཉིད་གནས་སུ་དག་པའི་དུས་སུ་ཁྲོ་བོ་སྟོབས་པོ་ཆེར་སྣང་སྟེ། སྐུ་ཡང་འཇིགས་བྱེད་པའོ། །ཞེས་པས། གོང་དུ་ཡུལ་བཞི་དང་། ཡུལ་དག་པའི་ལྷ་མོ་བཞིར་འཛིན་པ། མཉམ་པ་ཉིད་ཀྱི་ངང་ལས་མཐར་འཛིན་ཐམས་ཅད་དག་པས་འཇིགས་བྱེད་དེ། ཁྲོ་བོས་ཀྱང་མི་མཐུན་པ་ཐམས་ཅད་འཇོམས་པའོ། །ཙའི་ཚན་ཡུལ་དང་སྦྱར་ལ་གོང་དུའང་བཤད་ལ། ཙ་ཙརྱ་ན་སྤྱོད་ཡུལ་ཞེས་པས་ཡུལ་ཁོ་ན་སྟོན་པའོ། །པ་ནི་སྤྱན་གྱི་གསུང་གི་མཆོག །ཅེས་པ་ལ་སོགས་པ། དབང་པོ་ལ་གསུམ་དུ་བཞག་པ་ནི་རྣམ་པར་ཤེས་པ་དང་ཡུལ་འཕྲོད་པའི་བརྡ་སྤྲོད་ཅིང་གསལ་བར་བྱེད་པ་ནི་དབང་པོ་ལ་བརྟེན་པས་བརྡ་སྤྲོད་པ་སྟེ། ངག་གི་བརྗོད་པ་ཐམས་ཅད་བརྡ་སྤྲོད་པར་བྱེད་པས་གསུང་དང་འདྲ་བས་སོ། །འདི་ལ་སྒྲའི་དབང་དུ་བྱས་ན་པ་ར་མཪྠཱ་དོན་དམ་པ་མཚོན་པ་ཞེས་པས། དེ་མཚོན་པའི་བྱང་ཆུབ་སེམས་དཔའ་སྟེ། དབང་པོ་ནི་ཡུལ་དང་ཤེས་པ་གསལ་བར་བྱེད་ཀྱང་དབང་པོ་དངོས་རྟོག་བྲལ་ཡིན་པས་དོན་དམ་མཚོན་པའོ། །ཡི་གེ་ཨ་མི་འགག་པའི་རྩལ་ལས་མཆུའི་སྒྲོས་ཀྱི་རྐྱེན་གྱིས་པར་སྣང་། སྣང་ཡང་ཨ་ཉིད་ལས་མ་གཡོས། དེ་ཉིད་རྟོག་པའི་དུས་སུ་ཀུན་གཞི་མི་འགག་པའི་རྩལ་ལས་པས་མཚོན་པའི་མིག་གི་དབང་པོ་ཟར་མའི་མེ་ཏོག་ལྟ་བུར་སྣང། སྣང་ཡང་ཀུན་གཞི་ལས་མ་གཡོས། དེ་གནས་སུ་དག་པའི་དུས་སུ་མིག་གི་དབང་པོ་གནས་སུ་དག་པ་རྣམ་པར་སྣང་མཛད་ཀྱི་གསུང་གི་ངོ་བོ་བྱང་ཆུབ་སེམས་དཔའ་བྱམས་པའི་སྐུར་སྣང་ངོ་། །ཕ་ནི་སྙན་གྱི་གསུང་གི་མཆོག །ཞེས་པ་ཨ་མི་འགག་པའི་རྩལ་ལས་མཆུའི་སྒྲོས་ཀྱི་རྐྱེན་གྱིས་བར་སྣང་། སྣང་ཡང་ཨ་ལས་མ་གཡོས། རྟོག་པའི་དུས་སུ་ཀུན་གཞི་མི་འགག་པའི་རྩལ་ལས་སྙན་གྱི་དབང་པོ་གྲོ་རྣ་གཅུས་པ་ལྟ་བུ་སྣང་། དེ་ཉིད་ན་ཀུན་གཞི་ལས་མ་གཡོས། དེ་གནས་སུ་དག་པའི་དུས་སུ་ཕས་མཚོན་པའི་སྙན་གྱི་དབང་པོ་ཉིད་གནས་སུ་དག་པ་རིན་ཆེན་འབྱུང་ལྡན་གྱི་གསུང་གི་མཆོག་གི་རང་བཞིན་བྱང་ཆུབ་སེམས་དཔའ་སྒྲིབ་པ་སེལ་བའི་སྐུར་སྣང་ངོ་། །བ་ནི་ཤངས་ཀྱི་གསུང་གི་མཆོག །ཅེས་པ་ཨ་མི་འགག་པའི་རྩལ་ལས་མཆུའི་སྒྲོས་ཀྱི་རྐྱེན་གྱིས་བར་སྣང་། སྣང་ཡང་ཨ་ལས་མ་གཡོས། དེ་ཉིད་རྟོག་པའི་སྐབས་སུ། ཀུན་གཞི་མི་འགག་པའི་རྩལ་ལས་བས་མཚོན་པའི་ཤངས་ཀྱི་དབང་པོ་ཟངས་ཀྱི་མོ་ཁབ་གཤིབས་པ་ལྟ་བུར་སྣང་། དེ་ཉིད་ན་ཀུན་གཞི་ལས་མ་གཡོས། དེ་གནས་སུ་དག་པའི་རྟགས་སུ། ཀུན་གཞི་ཀུན་ཏུ་བཟང་མོའི་མཁའ་ལས་ཤངས་ཀྱི་དབང་པོ་གནས་སུ་དག་པ་སྣང་བ་མཐའ་ཡས་ཀྱི་གསུང་གི་རང་བཞིན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྐུར་སྣང་བའོ། །བྷ་ནི་ལྗགས་ཀྱི་གསུང་གི་མཆོག །ཅེས་པ་ཨ་མི་འགག་པའི་རྩལ་ལས་མཆུའི་སྒྲོས་ཀྱི་རྐྱེན་གྱིས་བྷར་སྣང་། དེ་ཉིད་ཨ་ལས་མ་གཡོས། རྟོག་པའི་སྐབས་ན་ཀུན་གཞི་ཉིད་མི་འགག་པ་ལས་ལྗགས་ཀྱི་དབང་པོ་ཟླ་བ་གམ་པ་ལྟ་བུར་སྣང་ཡང་། ཀུན་གཞི་ལས་མ་གཡོས། དེ་གནས་སུ་དག་པའི་དུས་སུ་ཀུན་གཞི་ཀུན་ཏུ་བཟང་མོའི་མཁའ་ལ་བྷས་མཚོན་པའི་ལྗགས་ཀྱི་དབང་པོ་གནས་སུ་དག་པ་ཉིད་དོན་ཡོད་གྲུབ་པའི་གསུང་གི་རང་བཞིན་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་སྐུར་སྣང་ངོ་། །མ་ནི་གསུང་ཡང་འཇིག་པར་བྱེད། །ཅེས་པ་ཨ་མི་འགག་པའི་རྩལ་ལས་མཆུའི་སྒྲོས་ཀྱི་རྐྱེན་གྱིས་མར་སྣང་། ཨར་དབྱེར་མེད་། དེ་ཉིད་རྟོག་པའི་དུས་སུ་ཀུན་གཞི་ཉིད་མི་འགག་པ་ལ་མས་མཚོན་པའི་ལུས་ཀྱི་ཡུལ་རེག་བྱར་སྣང་། དེ་ཉིད་གནས་སུ་དག་པའི་དུས་སུ་ཁྲོ་བོ་རྟ་མགྲིན་དུ་སྣང་སྟེ། འཇིག་པར་བྱེད་པའི་དོན་ནི། དབང་པོ་བཞིར་འཛིན་པ་དང་། དབང་པོ་བཞི་གནས་སུ་དག་པའི་དག་འཛིན་ལ་སོགས་ཏེ། བཟང་རྟོག་ངན་རྟོག་ཐམས་ཅད་མི་གནས་པར་བྱེད་པས་དོན་དེ་སྣང་བའི་ཁྲོ་བོས་ཀྱང་ཕྱི་ནང་གི་རྟོག་པ་ཐམས་ཅད་འཇོམས་པར་བྱེད་པའོ། །སེམས་དཔའ་བཞིའི་ཡུམ་ནི། ཡ་ནི་སྐྱེ་བ་རྣམ་པར་དག །ཅེས་པ་ལ་སོགས་པ་འཇིག་ཆགས་སྟོང་གནས་བཞི་དང་། ནམ་ཟླ་དུས་བཞི་དང་། སྐད་ཅིག་མ་བཞི་སྟེ་དེ་དབང་པོའི་ཡུལ་དུ་སྦྱར་བ་ནི་དབང་པོ་ལ་བརྟེན་ཏེ་ལུས་ཀྱི་བྱེ་བྲག་རྣམས་གསལ་བར་ཤེས་ལ། དེས་ན་དབང་པོ་དང་ཡབ་ཡུམ་དུ་སྦྱར་བའོ། །ཨ་མི་འགག་པའི་རྩལ་ལས་རྐྱེན་གྱིས་ལྕེ་ཐོག་ཏུ་ཕྱིན་ཙ་ཡར་གྱུར། དེ་ཉིད་ན་ཨ་ལས་མ་གཡོས་སོ། །རྟོག་པ་ཀུན་གཞི་མི་འགག་པའི་རྩལ་ལས་དུས་ཀྱི་བྱེ་བྲག །སྐྱེ་བ་ཞེས་པས། ཆགས་པ་དང་། ནམ་ཟླ་བཞིན་དཔྱིད་དང་། དུས་འདས་པ་གསུམ་དུ་སྣང་། སྣང་ཡང་ཀུན་གཞི་ལམ་མ་གཡོས། དེ་གནས་སུ་དག་པའི་དུས་སུ་ཀུན་གཞི་ཀུན་ཏུ་བཟང་མོའི་མཁའ་ལས་རྟོག་པ་སྐྱེ་བ་ཆགས་པ་ལ་སོགས་པ་གསུམ་མ་སྤངས་གནས་སུ་དག་པ་ལས་མཚོན་པའི་བདུག་སྤོས་མའི་སྐུར་སྣང་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཡོན་ཏན་དུ་སྣ་བའོ། །ཝ་ནི་གནས་པ་དག་པ་ཡིན། །ཞེས་པ་ཨ་མི་འགག་པའི་རྩལ་ལས་ལྕེ་ཐོག་ཏུ་རྐྱེན་གྱིས་ཡི་གེ་ཝར་སྣང་། དེ་ཉིད་ཨར་དབྱེར་མེད། དེ་རྟོག་པའི་དུས་སུ་ཀུན་གཞིའི་ངང་ལས་ལུས་ཀྱི་རྟོག་པ་སྟེ་འཇིག་ཆགས་སྟོང་གནས་བཞི་ལས་གནས་པ། དུས་ཚོད་བཞི་ལས་དབྱར། སྐད་ཅིག་མ་བཞི་ལས་ད་ལྟར་སྣང་། སྣང་ཙམ་ཉིད་ན་ཀུན་གཞི་ལས་མ་གཡོས། དེ་གནས་སུ་དག་པའི་དུས་སུ་ཀུན་གཞི་ཀུན་ཏུ་བཟང་མོའི་མཁའ་ལ་ཝས་མཚོན་པའི་རྟོག་པ་གསུམ་དག་པ་ཉིད་མི་འགག་པར་སྣང་བ་ལྷ་མོ་མེ་ཏོག་མའི་རང་བཞིན་ཏེ། རིན་ཆེན་འབྱུང་ལྡན་གྱི་ཡོན་ཏན་རང་སྣང་བའོ། །ར་ནི་འཇིག་པ་དག་པ་སྟེ། །ཞེས་པ་ཨ་མི་འགག་པའི་རྩལ་ལས་ལྕེ་ཐོག་ཏུ་རྐྱེན་གྱིས་རར་སྣང་ཡང་། ཨ་ལས་མ་གཡོས། རྟོག་པའི་དུས་སུ་ཀུན་གཞི་མི་འགག་པའི་རྩལ་ལས། རྟོག་པའི་ངོ་བོ་འཇིག་པའི་དུས་དང་། སྟོན་དང་། མ་བྱོན་པ་གསུམ་དུ་སྣང་། སྣང་ཙམ་ན་ཀུན་གཞི་ཉིད་ལས་མ་གཡོས། དེ་གནས་སུ་དག་པའི་དུས་སུ་ཀུན་གཞི་ཀུན་ཏུ་བཟང་མོའི་མཁའ་ལས་རས་མཚོན་པའི་འཇིག་པ་དང་། སྟོན་དང་། མ་བྱོན་པ་གསུམ་གནས་སུ་དག་པ་ཉིད་རང་སྣང་བ་ལྷ་མོ་མར་མེ་མའི་སྐུར་སྣང་སྟེ། སྣང་བ་མཐའ་ཡས་ཀྱི་ཡོན་ཏན་ནོ། །ལ་ནི་སྟོང་པ་དག་པའོ། །ཞེས་པ་ཨ་མི་འགག་པའི་རྩལ་ལས་ལྕེ་ཐོག་ཏུ་རྐྱེན་གྱིས་ཨར་སྣང་། ཨ་ལས་མ་གཡོས། དེ་ཉིད་རྟོག་པའི་སྐབས་སུ་ཀུན་གཞི་མི་འགག་པའི་རྩལ་ལས་མཚོན་པའི་སྟོང་པ་དང་། དགུན་དང་ཕྱིས་འབྱུང་བའི་ཚོགས་སུ་སྣང་། སྣང་ཡང་ཀུན་གཞི་ལས་མ་གཡོས། དེ་གནས་སུ་དག་པའི་རྟགས་སུ་ལས་མཚོན་པའི་དུས་གསུམ་སྤངས་པ་མེད་པར་དག་མ་མི་འགག་པ་ཉིད་དྲི་ཆབ་མའི་སྐུར་སྣང་། དེ་ཉིད་དོན་ཡོད་གྲུབ་པའི་ཡོན་ཏན་ནོ། །སྒོ་མ་བཞི་ནི། ཤ་ནི་རྟག་པ་དག་པ་སྟེ། །ཞེས་པ་ལ་སོགས་པ། ལུས་ཀྱི་ཆོས་བཞི་ཁྲོ་བོ་བཞི་དང་སྦྱར་བ་ནི། ཆོས་ཀུན་གྱི་ཕྱི་ན་གནས་པ་དང་། སྟོབས་ཆེ་བ་དང་། རྩིང་བས་སྐུའི་དུས་སུ་ཡང་དཀྱིལ་འཁོར་གྱི་སྒོ་བཞིར་བཞུགས་པའོ། །ཁྲོ་མོ་བཞི་དང་རྟག་ཆད་མཐའ་བཞི་སྦྱར་བ་ཡང་ལྟ་བ་ཀུན་གྱི་ནང་ན་དམན་པ་དང་། རྩིང་བ་དང་། སྟོབས་ཆེ་སྟེ་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ཡིན་པ་གསུམ་གྱིས་ཁྲོ་བོ་དང་ཡབ་ཡུམ་དུ་སྦྱར་བའོ། །ཨ་མི་འགག་པའི་རྩལ་ལས་ལྕེ་ཐོག་ཏུ་ཤར་སྣང་། ཨ་ལས་མ་གཡོས། དེ་རྟོག་པའི་གནས་སྐབས་ན། ཀུན་གཞི་མི་འགག་པའི་རྩལ་ལས་དངོས་པོ་ཐམས་ཅད་རྟག་པར་ལྟ་བར་སྣང་ཡང་། ཀུན་གཞི་ལས་མ་གཡོས། དེ་དག་གནས་སུ་དག་པའི་དུས་སུ་ཀུན་གཞི་ཀུན་ཏུ་བཟང་མོ་ཉིད་ཀྱི་མཁའ་ལས་ཤས་མཚོན་པའི་རྟག་པར་ལྟ་བ་གནས་སུ་དག་པའི་ངང་ལས་མི་འགག་པ་ལྷ་མོ་མི་ཕམ་མར་སྣང་སྟེ། ལྕགས་ཀྱུ་ཅན་གཤིན་རྗེ་གཤེད་པོའི་ཡུམ་མོ། །ཥ་ནི་ཆད་པའང་ཡོད་མ་ཡིན། །ཞེས་པ་ཨ་མི་འགག་པའི་རྩལ་ལས་ལྕེ་ཐོག་ཏུ་ཥར་སྣང་། ཨ་ལས་མ་གཡོས། དེ་ཉིད་རྟོག་པའི་དུས་ན་ཀུན་གཞི་ཉིད་མི་འགག་པ་དངོས་པོ་མེད་པ་ཆད་ལྟར་སྣང་། ཆད་ལྟར་བརྟགས་བདོ་ནའང་ཀུན་གཞི་ལས་མ་གཡོས། དེ་གནས་སུ་དག་པའི་ཀུན་གཞི་ཀུན་ཏུ་བཟང་མོ་ཉིད་ཀྱི་མཁའ་ལས་ཥས་མཚོན་པའི་ཆད་ལྟ་གནས་སུ་དག་པ་ཡོད་མ་ཡིན་ཞེས་བྱ་སྟེ། མི་འགག་པར་སྣང་བ་ལྷ་མོ་རོ་ལངས་མ་སྟེ་། ཞགས་པ་ཅན་ལྷོ་སྒོའི་ཡུམ་མོ། །ས་ནི་མཐའ་བྲལ་བདག་མེད་མ། །ཞེས་པ་ཨ་མི་འགག་པ་ལས་ས་ལྟར་སྣང་ཡང་། ཨ་ལས་མ་གཡོས། དེ་རྟོག་པའི་དུས་སུ་སས་མཚོན་པའི་བདག་ཏུ་འཛིན་པར་སྣང་སྟེ་ཀུན་གཞི་ལས་མ་གཡོས། དེ་གནས་སུ་དག་པའི་དུས་སུ་ཀུན་གཞི་ཀུན་ཏུ་བཟང་མོ་ཉིད་མི་འགག་པའི་རྩལ་ལས་སས་མཚོན་པའི་བདག་འཛིན་ཉིད། ཀུན་གཞི་རྟོགས་པའི་ངང་ལ་ཡོད་མེད་རྟག་ཆད་སྣང་སྟོང་གི་མཐའ་དང་བྲལ་ནས་བདག་ཏུ་འཛིན་པ་རྣམ་པར་དག་པའི་ངོ་བོ་ཉིད་རང་སྣང་མི་འགག་པའི་རྩལ་ལྷ་མོ་ཁྲོ་གཉེར་མར་སྣང་སྟེ། ལྕགས་སྒྲོག་ཅན་རྟ་མགྲིན་གྱི་ཡུམ་མོ། །ཧ་ནི་མཚན་མ་མེད་པ་ཉིད། །ཅེས་པ་ཨ་མི་འགག་པའི་རྩལ་ལས་ཧར་སྣང་། ཨར་དབྱེར་མེད། དེ་ཉིད་རྟོག་པའི་དུས་སུ་ཀུན་གཞི་མི་འགག་པའི་རྩལ་ལས་དངོས་པོ་གང་ལའང་བཟང་ངན་དང་ཆེ་ཆུང་ལ་སོགས་པའི་མཚན་མར་འཛིན་པའི་རྟོག་པ་ཉིད་ན་ཀུན་གཞི་དབྱེར་མེད། དེ་གནས་སུ་དག་པའི་དུས་སུ་ཀུན་གཞི་ཀུན་ཏུ་བཟང་མོ་ཉིད་མི་འགག་པའི་རྩལ་ལས་མཚན་མའི་རྣམ་གྲངས་སུ་འཛིན་པ་རྣམས་དག་པ་ནི་མེད་པ་སྟེ། དེ་ཉིད་ལྷ་མོ་རལ་གཅིག་མའི་སྐུར་སྣང་སྟེ། དྲིལ་བུ་འཛིན་པ་བདུད་རྩི་འཁྱིལ་བའི་ཡུམ་མོ། །ཀྵ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས། །ཞེས་པ་ཨ་མི་འགག་པའི་རྩལ་ལས་ཡི་གེ་ཀྵར་སྣང་། སྣང་ཙམ་ཉིད་ན་ཨ་ལས་མ་གཡོས་པར་དབྱེར་མེད། རྟོག་པའི་དུས་ན་ཨ་མི་འགག་པའི་རྩལ་ལས་ཀྵ ས་མཚོན་པའི་ཡིད་ཀྱི་ཤེས་པ་སྐད་ཅིག་མ་གསལ་བར་སྣང་། རང་རྒྱུད་དུ་སྣང་བའི་དུས་སུ་ཀུན་གཞི་མ་རྟོགས་པའི་སྣང་བ་མ་འགག་པ་ཡིད་ཀྱི་ཤེས་པ་སྟེ། ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་གིས་ཀུན་གཞི་མི་འགག་པ་ཉིད་ལ་ཡིད་ཀྱི་ཤེས་པ་སྐད་ཅིག་མ་གཟུང་འཛིན་ལ་ཁ་བལྟས་པས་འཁོར་བའི་ཆོས་ཐམས་ཅད་སྣང་སྟེ། ཕུང་པོ་ལྔ་འབྱུང་བ་ལྔ་ལ་སོགས་པ་རྟོག་པ་ཐམས་ཅད་རང་སྣང་བའོ། །ཨཀྵ་རའི་དོན་གྱིས་རྟོག་པ་ཉིད་ལས་མི་འགྱུར་བ་ཉིད་འཁྲུལ་པའི་སྣང་བ་ཁོ་ནའོ། །དེ་གནས་སུ་དག་པའི་དུས་སུ་དག་ཚུལ་ནི་ཡིད་ཀྱི་ཁ་ཀུན་གཞི་ལ་བལྟས་པའང་ཀུན་གཞིའི་དོན་མཐོང་། ཡིད་དང་ཀུན་གཞི་དབྱེར་མེད་པའི་དུས་སུ། དཔེར་ན་ནམ་མཁའ་དྭངས་པ་ལ་ཉི་འོད་འཆར་བའི་དུས་སུ་གསལ་སྟོང་དབྱེར་མེད་པ་ལ་སོ་སོ་རིས་སུ་མི་ཕྱེད་པ་བཞིན། ཡིད་དང་ཀུན་གཞི་གཉིས་ཀྱང་དབྱེར་མེད་པའི་ངང་ལས་ཉི་མ་ཤར་བ་ནམ་མཁའི་དཀྱིལ་དུ་ཕྱིན་ན་མུན་པ་གཞི་དག་པ་དང་འདྲ་བར། ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པས་འཁོར་བ་ཕྲ་བའང་མི་གནས་པའི་དུས་སུ། ཕུང་པོ་ལྔ་གཞི་དག་པ་རིགས་ལྔ། ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོ་གོང་དུ་བསྟན་པ་བཞིན་པས་མ་འགག་པར་སྣང་བ་ནི་ཀུན་ཏུ་བཟང་པོའི་ངོ་བོའོ། །དེའི་དོན་བཤད་ན། ཀྵ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས། །ཞེས་པ་གཞིའི་གནས་སྐབས་སུ་མིག་རྣ་བ་སྣ་ལྕེ་ལུས་ལྔའི་རྣམ་པར་ཤེས་པ་ལྔ་ཡུལ་ལ་གཅོད་པར་བྱེད་པའི་དུས་སུ། ལྔ་པོ་ནི་ཡུལ་ལ་གཅོད་པ་ཙམ་མིན་པ་མྱོང་བ་མེད། །དྲུག་པོ་འགག་པའི་དེ་མ་ཐག་པ་ལ་ནི་ཡིད་ཀྱི་རྣམ་ཤེས་ཞེས་བྱ་སྟེ། ཡེ་ཤེས་ཐུགས་ཞེས་པ་སྒོ་ལྔའི་ཤེས་པའོ། །ཀྱི་ཐུགས་ཟེར་བས་ཡིད་ཀྱི་ཤེས་པ་གསལ་བས་སྒོ་ལྔའི་ཤེས་པ་གཅོད་པས་ཐུགས་ཞེས་བྱ་སྟེ་བརྩེགས་པའི་དགོས་པའོ། །དེ་ཉིད་གནས་དག་པའི་སྐབས་ན་ཆོས་ཐམས་ཅད་སྤངས་པ་མེད་པར་རང་བྱུང་གི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ་སྟེ། ཆོས་ཐམས་ཅད་ཡེ་ཤེས་ལྔར་གསལ་བ་ནི་དུས་གསུམ་གྱི་བུདྡྷ་མ་ལུས་པའི་ཐུགས་ཀྱི་ངོ་བོའོ། །ཀྱི་ཐུགས་ཞེས་པས། ཡེ་ཤེས་ལྔ་ཉིད་ཀྱི་ཐུགས་ནི་རང་བྱུང་གི་ཡེ་ཤེས་འཁོར་འདས་དབྱེར་མེད་པའི་རང་བཞིན་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་ངོ་བོ་མ་གྲུབ་རང་གསལ་གྱི་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་སྟེ། ཡིད་ཀྱི་ཤེས་པ་རང་བྱུང་གི་ཡེ་ཤེས་སུ་གསལ་བའོ། །དེའི་རྟགས་གདུལ་བྱའི་སྣང་བ་ལ་ཀུན་ཏུ་བཟང་པོའི་སྐུར་སྣང་བའོ། །གོང་དུ་ཡི་གེ་དང་རྟོག་པ་དང་གནས་དག་སྨོས་པ་རྣམས་ཀྱི་སྐབས་ན་སྒྱུ་འཕྲུལ་སྨོས་པ་རྣམས་ནི། ཡིག་འབྲུས་མཚོན་པའི་རྟོག་པ་དང་གནས་སུ་དག་པ་ལྷའི་སྐུར་སྣང་བ་གཉིས་དོན་བཤད་རྣམས་གོང་དུ་སོང་བས། འདིར་སྒྱུ་འཕྲུལ་གྱི་ཚིག་གི་གསུང་སྒྲོས་ལ། འདིར་སྒྱུ་མ་ནི་སྣང་བཞིན་དུ་མ་གྲུབ་པས་ཤེས་རབ། འཕྲུལ་པ་ནི་ཧ་དང་རྟོག་པ་རྣམས་ཤེས་རབ་ཀྱི་ངང་ལ་མ་གྲུབ་བཞིན་དུ། ལྷ་དག་རྟོག་པར་མ་འགགས་པར་རང་སྣང་བ་འཕྲུལ་པ་སྟེ་ཐབས། དེ་གཉིས་ཆུ་དང་གཤེར་པ་བཞིན་དབྱེར་མེད་པ་ནི་དྲྭ་བའི་དོན་ནོ། །གོང་གི་ཚིག་རྐང་རེ་རེ་ལ་ཡང་དེའི་དེ་སྦྱར་བར་ཤེས་པར་བྱའོ། །ཐུབ་པ་དྲུག་སྟོན་ཏེ། དེ་ཡང་འོག་མིན་གྱི་གནས་སུ་ཕུན་སུམ་ཚོགས་པ་མཐོང་བའི་སྐལ་བ་མེད་པ་དང་། རང་བཞིན་གསང་བའི་སྙིང་པོ་མངོན་དུ་མཐོང་བའི་སྐལ་བ་མེད་པའི་འགྲོ་བ་དྲུག་གི་སེམས་ཅན་རྣམས་ལ། གསང་བའི་སྣིང་པོའི་ལམ་སྟེགས་ཀྱི་ཐེག་པ་རྣམས་བསྟན་པའི་ཕྱིར། ཀུན་ཏུ་བཟང་པོའི་ཐུགས་རིག་པ་ཉིད་འགྲོ་བ་དྲུག་ལ་ཡེ་ཁྱབ་ཀྱི་ངོ་བོར་བཞུགས་པ་དང་། རིག་པ་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལ་མངའ་བརྙེས་པ་ལྷུན་གྲུབ་ཏུ་སྣང་བ་དང་། སྔོན་གྱི་སྨོན་ལམ་གྱི་སྟོབས་རྫོགས་པའི་མཐུ་ལས་སྣང་སྟེ། དེ་ཡང་སྣང་བའི་དགོས་པ་ནི་འགྲོ་བ་དྲུག་གིས་དུས་ཐོག་མ་མེད་པ་ནས་ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་གིས་ཀུན་ཏུ་བརྟགས་པའི་མ་རིག་པ་གཟུང་འཛིན་གཉིས་འཆར། དེ་ལས་ལས་གསུམ། ཉོན་མོངས་པ་ལྔ། སེར་སྣ་དང་དྲུག །ནང་རིས་མི་འདྲ་བ་བསམ་གྱིས་མི་ཁྱབ་པ། ཐམས་ཅད་གདུལ་བྱའི་ཐུབ་པ་དྲུག་སྣང་བའི་དགོངས་པ་ཡིན་པ་དང་། གདུལ་བྱ་ཡིན་ཀྱང་ངོ་བོའི་ངོས་ནས་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་སེམས་ཉིད་ཀྱི་ངོ་བོ་བས། དེ་ཉིད་ཡེ་ཤེས་ལྔ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་དྲུག་གི་ངོ་བོ་ཉིད་དུ་གསལ་བ་ནི་ཐུབ་པ་དྲུག་མཚོན་པའི་ཡི་གེ་དྲུག་ཁོ་ན་སྟེ། ཐེག་པ་འདི་ཉིད་ཀྱི་སྐབས་སུ་འདུལ་བྱེད་རང་སེམས་ལ་སྣང་ཞེས་ཁོ་ནའོ། །དེ་འབྲུ་ལ་སྦྱར་ན། ཨ་ནི་རྡུལ་སྙེད་ལྷ་རྣམས་སུ། །ཞེས་པ་ཨ་མི་འགག་པའི་རྩལ་ལས་རྐྱེན་གྱིས་ཨིར་སྣང་། ཨ་ལས་མ་གཡོས། རྟོག་པའི་སྐབས་སུ་ཀུན་གཞི་མི་འགག་པའི་རྩལ་ལས་ཨིས་མཚོན་པའི་ལྷའི་འཇིག་རྟེན་དུ་སྣང་། སྣང་ཡང་ཀུན་གཞི་ལས་གཉིས་སུ་མེད། དེ་གནས་སུ་དག་པའི་རྟགས་སུ་ཨིས་མཚོན་པའི་ལྷའི་འཇིག་རྟེན་འདུལ་བའི་སྟོན་པ་ལྷའི་ཐུབ་པ་མཚན་དང་དཔེ་བྱད་དུ་ལྡན་པར་སྣང་། རྡུལ་སྙེད་ཅེས་བྱ་བ་ནི། ལྷ་ལ་སོགས་པའི་འགྲོ་བ་དྲུག་འཇིག་རྟེན་གྱི་ཁམས་ལ་མཐའ་མེད་པའི་དབང་གིས་ཕྱོགས་བཅུར་ཐུག་པ་མེད་པར་གནས། དེ་ན་ལྷ་གྲངས་མེད་བསམ་གྱིས་མི་ཁྱབ་པ་རྡུལ་སྙེད་ཅེས་བྱ་སྟེ། འདུལ་བྱེད་ཀྱང་གྲངས་མེད་པའོ། །རྡུལ་སྙེད་དྲུག་པོ་ཀུན་དེས་འགྲེའོ། །ཨཱི་ནི་རྡུལ་སྙེད་ལྷ་མ་ཡིན། །ཞེས་པ་ཨ་མི་འགག་པ་ལས་ཨཱིར་སྣང་། ཨར་དབྱེར་མེད་པ་ཡི་གེ་འོག་མ་རྣམས་ལ་ཡང་དེ་བཞིན་དུ་བཤད་དོ། །ཀུན་གཞི་མི་འགག་པའི་ངང་ལས་གདུལ་བྱ་ལྷ་མ་ཡིན་བསམ་གྱིས་མི་ཁྱབ་པའི་གདུལ་བྱ་ལ། འདུལ་བྱེད་ལྷ་མ་ཡིན་གྱི་འདུལ་བྱེད་དེ་ཙམ་སྣང་བའོ། །ཨུ་ནི་རྡུལ་སྙེད་མི་རྣམས་སུ། །ཞེས་པ་ཨུས་མཚོན་པའི་ཉོན་མོངས་པ་སེར་སྣར་སྣང་ལ། དེ་ཡང་ཀུན་གཞིར་དབྱེར་མེད་དེ། དེ་གནས་སུ་དག་པ་མིའི་སྟོན་པ་གདུལ་བྱ་དང་འདུལ་བྱེད་གྲངས་མེད་པའོ། །ཨཱུ་ནི་རྡུལ་སྙེད་བྱོལ་སོང་རྣམས། །ཞེས་པ་ཀུན་གཞིའི་ངང་ལས་ཉོན་མོངས་པ་གཏི་མུག་ལྟར་སྣང་ཡང་། ཀུན་གཞི་དབྱེར་མེད་དེ་གནས་སུ་དག་པ་རང་སྣང་བ་བྱོལ་སོང་གི་ཐུབ་པ་སྟེ། གདུལ་བྱ་གྲངས་མེད་པས་འདུལ་བྱེད་ཀྱང་གྲངས་མེད་པའོ། །ཨེ་ནི་རྡུལ་སྙེད་ཡི་དྭགས་རྣམས། །ཞེས་པ་ཀུན་གཞི་ལ་ཉོན་མོངས་པ་འདོད་ཆགས་ལྟར་སྣང་ཡང་། དེ་གནས་སུ་དག་པ་ཡི་དྭགས་ཀྱི་ཐུབ་པ་གདུལ་བྱ་གྲངས་མེད་པས་འདུལ་བྱེད་ཀྱང་དེ་སྙེད་དོ། །ཨཱི་ནི་རྡུལ་སྙེད་དམྱལ་བ་རྣམས། །ཞེས་པ་ཨིས་མཚོན་པའི་ཞེ་སྡང་མ་འགག་པར་སྣང་ཡང་ཀུན་གཞི་ལས་མ་གཡོས། ཞེ་སྡང་གནས་སུ་དག་པའི་རིག་པ་རང་སྣང་བ་དམྱལ་བའི་ཐུབ་པ་གདུལ་བྱ་གྲངས་མེད་པས་རྡུལ་སྙེད་དོ། །ཨོ་ནི་ཐམས་ཅད་འཇིག་པར་བྱེད། །ཅེས་པ་ཨོས་མཚོན་པའི་གསང་བའི་ཁམས་གསུམ་འདུས་པའི་བྱང་ཆུབ་སེམས་རེག་ཤེས་ཀྱི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆ་བཅུ་དྲུག་རྫོགས་པའི་སྐད་ཅིག་མ་གཅིག་ལ་ཁམས་བཅོ་བརྒྱད་དང་། རྟག་ལྟ་ལ་སོགས་པ་བཞི་འདུ་ཤེས་ཀྱི་འཛིན་པ་ཐམས་ཅད་མཐུ་ཉམས་པར་བྱེད་པས་ན་ཐམས་ཅད་འཇིག་པ་ཞེས་བྱ་ལ། ཨ་ནི་ཐམས་ཅད་ཞིག་པ་ཡིན། །ཞེས་པ་དེའི་མྱོང་བ་ལྷུན་གྱིས་གྲུབ་པའི་དུས་ན་བདེ་འཛིན་གྱི་རྟོག་པ་ཉིད་ཀྱང་འདས་ཏེ། བརྗོད་པ་ལས་འདས་པ་ཉིད་ལ་ནི་ཐམས་ཅད་ཞིག་པ་ཞེས་བྱ་སྟེ། དོན་ལ་ཁམས་གསུམ་གྱི་ལོག་རྟོག་དང་། ལམ་པས་ཆེད་བྱས་ཀྱི་རྟོག་པ་ཕྲ་བའི་ཕྲ་བ་དག་སྟེ་རིག་པ་རང་བྱུང་གི་ཡེ་ཤེས་ཁོ་ནར་ལྷུན་གྱིས་གྲུབ་པ་ཉིད་ལ་ཨཱོ་དང་ཨཱོ་སྦྱོར་བ་དང་འབྱོར་པ་མངོན་དུ་བྱས་པ་སྟེ། དོན་ལ་ཨཱོཾ་ཆ་ལྔ་པ་ཡེ་ཤེས་ལྔའི་ངོ་བོ་ཁྲོ་བོ་བདུད་རྩི་འཁྱིལ་བ་དོན་དང་ལྡན་པའི་མཚན་བྱང་ཕྱོགས་ཀྱི་སྒོ་བའོ། །དེའི་མཐུ་བསྟན་པ་ནི། ཡི་གེ་འཁོར་ལོ་ཚོགས་ཆེན་འདིས། །ཞེས་པ་ལ་སོགས་ཏེ། ཡི་གེ་ན་ཡི་གེའི་འཁོར་ལོ་བཞི་བཅུ་རྩ་གཉིས། རྟོག་པ་ན་ཕུང་པོ་ལྔས་སོགས་པ་རྟོག་པའི་འཁོར་ལོ་བཞི་བཅུ་རྩ་གཉིས། གནས་སུ་དག་པ་ན་ལྷའི་འཁོར་ལོ་བཞི་བཅུ་རྩ་གཉིས། ཚོགས་ཆེན་པོ་ནི་རྟོག་པ་ན་རྟོག་པའི་གྲངས་མཐར་ཐུག་པ་མེད་པ། དེ་ཉིད་གནས་སུ་དག་པ་ལྷའི་གྲངས་མཐར་ཐུག་པ་མེད་པའོ། །འདི་ཞེས་པ། དངོས་པོའི་ཚོགས་ཉེ་བར་སྟོན་པ་སྟེ། བརྗོད་བྱ་མཐར་ཐུག་པ་མེད་པ་རྗོད་བྱེད་ཀྱི་ཚིག་མཐར་ཐུག་པ་མེད་པ་རྒྱུད་འདི་ཉིད་དོ། །སྐུ་གསུང་ཐུགས་ཀྱི་ཕྲེང་བས་བསྡུས། །ཞེས་པ་ཡི་གེ་དང་རྟོག་པ་ལྷ་གསུམ་མ་འགག་པར་རང་སྣང་བ་སྐུའི་དཀྱིལ་འཁོར། རང་བཞིན་མ་དམིགས་པ་སྤྲོས་པ་དང་བྲལ་བ་གསུང་གི་དཀྱིལ་འཁོར། དེ་གཉིས་དབྱེར་མེད་པ་མི་ཕྱེད་པ་ཐུགས་ཀྱི་དཀྱིལ་འཁོར་ཏེ། ཐམས་ཅད་དེས་བསྡུས་ཞེས་སོ། །ཞེས་བརྗོད་དོ་ཞེས་པ། ཀུན་ཏུ་བཟང་པོའི་རིག་པ་མི་འགག་པའི་རྩལ་ལས་སྣང་བའི་ཡི་གེའི་འཁོར་ལོ་རྣམས་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་སྣང་བ་ལ་བརྗོད་ཅེས་བྱའོ། །ཨ་ཧོ་ཞེས་པ། ཐུགས་རིག་པ་གཉིས་སུ་མེད་པ་ཆོས་ཀྱི་སྐུ་མི་འགག་པ་ལས་གདུལ་བྱའི་དོན་དུ་ཡི་གེ་འཁོར་ལོ་བཤད་པ་བཞིན་སྣང་བས། སྒྱུ་འཕྲུལ་ཐབས་དང་ཤེས་རབ་དབྱེར་མེད་པར་འབྲེལ་བའི་དོན་གྱིས་མཉེས་པ་ལ་ཧོ་ཞེས་བྱའོ། །ལེའུ་བསྡུ་བའི་ལོ་རྒྱུས་ནི། དེ་ནས་དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་ཏེ། དེ་ནས་ནི་ཡི་གེ་འཁོར་ལོའི་ཚོགས་སྣང་བའི་རྗེས་ཐོག་གོ། དེ་བཞིན་གཤེགས་པ་ནི་ཀུན་བཟང་དང་རིགས་ལྔ་ལ་སོགས་ཏེ་ཡབ་རྣམས་སོ། །བཙུན་མོའི་ཚོགས་རྣམས་ནི་ཡུམ་རྣམས་སོ། །གཉིས་སུ་མེད་པ་ནི་དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །རྟགས་ཐབས་དང་ཤེས་རབ་གཉིས་སུ་མེད། ལྷ་ཡབ་ཡུམ་ཐབས་དང་ཤེས་རབ་དབྱེར་མེད་པའོ། །དཀྱིལ་འཁོར་དེ་དག་ནི་གླེང་གཞིའི་ལེའུར་སྨོས་པ་ཐམས་ཅད་དོ། །ཉིད་ཀྱི་གསང་བ་ནི་དགོངས་པའི་དོན་རང་བཞིན་གསང་བའི་སྙིང་པོ་མཚོན་པའི་ཚིག་ལེའུར་བསྡུ་བ་འོག་ནས་འབྱུང་བ་འདི་ཉིད་དོ། །སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ་ཕྲིན་ལས་ལྔ་དབྱེར་མེད་ཅིང་མི་ཕྱེད་པ་ལས། ཚིག་གི་ཚོགས་སུ་སྣང་བ་ལ་ཕྱུང་ངོ་ཞེས་བྱའོ། །ཨ་ཆོས་ཉིད་སྐྱེ་བ་མེད་པ་ལས། ཧོ་གདུལ་བྱའི་སྣང་བ་མི་འགག་པར་འཆར་བས་མཉེས་པའོ། །ལེའུ་བསྡུ་བ་དངོས་ལ་ཐབས་དང་ཤེས་རབ་དགྱེས་སྤྲིན་སོགས་ཏེ། དང་པོ་ཐ་མ་ལ་པ་དཔེ་ལྟར་བཤད་ན། ཐབས་ནི་སེམས་ཅན་རྣམས་ཀྱི་ཕའི་མཚན་ཉིད་དོ། །ཤེས་རབ་ནི་མའོ། །སྦྱོར་བའི་དུས་སུ་གཅིག་ལ་གཅིག་ཆགས་པ་རྒྱུན་མི་ཆད་པ་ནི་དགྱེས་སྤྲིན་ཅེས་བྱ་སྟེ་གཏིབས་པའོ། །དེ་ལས་མི་སྣང་ཞེ་ན། བྱང་ཆུབ་སེམས་ཚོགས་ཞེས་པ། སོ་བོན་རྒྱུན་མི་ཆད་པའི་བདག་ཉིད་དོ། །རྒྱུ་ཞེས་པས། དེ་ཉིད་ཕུང་པོར་གྲུབ་པར་བྱེད་པའི་རྒྱུའོ། །འཁོར་ལོ་ཞེས་པ། འབྲས་བུ་ལུས་གྲུབ་པ་སྟེ་ལུས་དང་ཡན་ལག་ལ་རྟོག་པ་བཞི་བཅུ་རྩ་གཉིས་གྲུབ་པའོ། །འབྲས་བུ་རྒྱལ་བ་སྨིན་གྲུབ་ཅེས་པ། རྒྱུ་དེ་ལས་འབྲས་བུ་རྒྱལ་བའི་རང་བཞིན་ཅན་གྱི་རྟོག་ཚོགས་སྨིན་ཅིང་གྲུབ་པའོ། །ངོ་མཚར་བ་ནི་ས་བོན་གཉིས་ལས་འཁོར་བའི་སྣང་བའོ། །མིང་ཚོགས་བཞི་བཅུ་གཉིས་ཞེས་པ། འཁྲུལ་པའི་མིང་གི་ཚོགས་རྟོག་པ་བཞི་བཅུ་རྩ་གཉིས་སོ། །འདུས་མ་བྱས་ཉིད་ནི་བར་དོའི་ཤེས་པ་དངོས་པོ་མེད་པའོ། །འདུས་བྱས་ནི་ཕ་མ་གཉིས་ཀྱི་ས་བོན་གྱིའོ། །རྡོ་རྗེ་ནི་འདྲེས་ནས་མི་ཕྱེད་པའོ། །དཀྱིལ་འཁོར་འབྱིན་པའི་དམ། །འདའ་བར་མི་མཛད་ནི། དེ་ལས་ཕུང་པོ་ཡན་ལག་ལྔའི་འཁོར་དང་བཅས་པས་དཀྱིལ་འཁོར་འབྱིན་པ་ནི་སྣང་བ་སྟེ། དེ་ལས་མི་འདའ་བས་ན་དམ་ཚིག་གོ། །གཟུགས་ཀྱི་ཕུང་པོ་འགྲུབ་པ་ལས་འདའ་བར་མི་མཛད། དེ་ཅིའི་ཕྱིར་ཞེ་ན། དབང་མེད་རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་ཡིན། །ཞེས་པ་ནི་དབང་མེད་ཆུ་ཐུར་དུ་རྒྱུག་པ་མི་ཟློག་པ་དང་འདྲ་བར་མི་འདོད་ཀྱང་འགྲུབ། དེ་ཅིའི་ཕྱིར་ན་རྒྱུ་རྐྱེན་ཚོགས་ཏེ། རྒྱུ་བར་དོའི་རྣམ་པར་ཤེས་པ། རྐྱེན་ཕ་མ་གཉིས་ཀྱི་ས་བོན། མངལ་ལ་བུ་ཚ་མི་སྐྱེ་བའི་བར་ཆད་མེད་པ། ས་བོན་གྱི་བར་ཆད་ནད་ཀྱིས་རུལ་བ་དང་། དུས་སུ་མ་ཚོགས་པ་དང་། ས་བོན་ཨ་རུ་རའི་རོ་ལྟར་སྐ་བ་ལ་སོགས་པའི་ས་བོན་བར་ཆད་མེད་པ། ཕ་མ་དང་བུར་མི་འཛོམ་པའི་ལས་ཀྱི་བར་ཆད་རྣམས་མེད་ནས་རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་པོ་ལས་མིར་སྣང་ངོ་། །དེ་ནི་ཐབས་ལམ་གྲོལ་ལམ་གྱི་ལམ་རྒྱུ་རྐྱེན་ཚོགས་པ་ཆུད་མི་ཟ་བར་འབྲས་བུར་འགྲུབ་པའི་དཔེའོ། །ཐབས་ལམ་དུ་བཤད་ན། ཐབས་ཞེས་པ། ཡབ་ལྟ་བ་དང་ལྡན་ན་ལྷའི་སྐུར་བསྒོམ། གསང་གནས་བྱིན་གྱིས་བརླབ། ཤེས་རབ་ནི་མཚན་ཉིད་དང་ལྡན་པའི་ཤེས་རབ་མ། རང་གིས་བསྒོམ་ཤེས་པའམ། དེ་མིན་ཀྱང་ཡབ་ཀྱི་བྱིན་གྱིས་བརླབ་སྟེ། རིགས་གང་ཡིན་པའི་ཡུམ་དུ་བསྒོམ། ལུས་ལ་གསང་བའི་ཡུམ་བཞི་དང་ཁྲོ་མོ་བཞི་བཀོད། །གསང་གནས་བྱིན་གྱིས་བརླབ། དགྱེས་པ་ནི་འདོད་པའི་བསྟན་བཅོས་རྣམས་ཀྱིས་དགའ་བ་བཅུ་དྲུག་གི་མགོ་ཟུག་པའོ། །སྤྲིན་ནི་དགའ་བའི་ངོ་བོ་ཉིད་གཞི་མེད་པ་ལས་གསང་བའི་དཀྱིལ་འཁོར་གྱི་འཁོར་ལོ་སྣང་བའི་བདག་ཉིད་དོ། །བྱང་ཆུབ་སེམས་སོགས་ནི་དགའ་བ་བཞིའི་བདག་ཉིད་ཅན། སྐད་ཅིག་མ་བཅུ་དྲུག་གི་ཐ་མའོ། །དེ་ནི་ཆོས་ཐམས་ཅད་ཡེ་ཤེས་སུ་གསལ་བའི་རྒྱུ་ཡིན་པའོ་འཁོར་ལོ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ལ་དགའ་བ་གསུམ་གྱི་འཁོར་གྱིས་བསྐོར་བའོ། །རླུང་དང་འཁྲུལ་འཁོར་གྱི་སྦྱོར་བས་དབབ་པའི་ཐབས་ཀྱིས་དབབ། བཟློག་པའི་ཐབས་ཀྱིས་བཟློག་པས། རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་གསལ་བས་སྨིན་ཅིང་གྲུབ་པའོ། །ངོ་མཚར་ནི་ཐེག་པ་འོག་མ་རྣམས་ཀྱི་སྤང་བྱའི་ངོ་བོ་འབྲས་བུའི་སྒྲིབ་བྱེད་འདིར་ཐབས་ཁྱད་པར་ཅན་གྱིས་ཉམས་སུ་བླངས་པས་ལམ་དུ་གྱུར་ནས་ཚེ་གཅིག་གིས་འབྲས་བུ་ལ་སྦྱོར་བའོ། །མིང་ཚོགས་ནི་རྟོག་པ་བཞི་བཅུ་རྩ་གཉིས་ནི་ལྷན་ཅིག་སྐྱེས་པའི་ཐབས་ཀྱིས་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་གསལ་བའོ། །འདུས་མ་བྱས་ཉིད་ནི་སྐད་ཅིག་མ་བཅུ་དྲུག་གི་ཐ་མ་བདེ་སྟོང་གི་ཡེ་ཤེས་དངོས་པོ་ཐམས་ཅད་བྲལ་བའོ། །འདུ་བྱས་ནི་དངོས་པོ་མེད་ཀྱང་དངོས་པོ་ལྟར་སྣང་བ་རྟོག་པ་བཞི་བཅུ་རྩ་གཉིས་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་མི་ཕྱེད་པའི་དོན་གྱི་རྡོ་རྗེའོ། །དཀྱིལ་འཁོར་ནི་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་གཙོ་འཁོར་གྱི་ཚུལ་དུ་སྣང་བའོ། །ཐབས་ལམ་ཉམས་སུ་བླང་བ་ལས་སྣང་བས་ན་འབྱིན་པའོ། །དེའི་རྒྱུས་དེ་ཉིད་སྣང་བ་ལས་མི་འདའ་བས་ན། དམ་ཚིག་ལ་འདའ་བར་མི་མཛད་ཅེས་བྱའོ། །དབང་མེད་ནི་ཐབས་ལམ་གྱི་རྒྱུ་རྐྱེན་ཚོགས་པ་ལས་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པས་དབང་མེད། དེའི་མཐུ་ནི་ཐབས་ལམ་གྱི་རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་པོ་ལ་དངོས་པོ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བའོ། །བསྐྱེད་པའི་རིམ་པའི་དབང་དུ་བྱས་ན་བདག་སྲས་དང་གཞན་སྲས་ཀྱི་ཚུལ་བཤད་དེ། རྒྱུའི་དཀྱིལ་འཁོར་རྫོགས་ནས་འབྲས་བུའི་དཀྱིལ་འཁོར་ནི། ཐབས་ཞེས་པ་ཡབ། ཤེས་རབ་ཅེས་པ་ཡུམ་སྟེ་ཀུན་བཟང་ཡབ་ཡུམ་གཉིས། དགྱེས་སྤྲིན་ཞེས་པ། མཁའ་གསང་བྱིན་གྱིས་བརླབ་ནས་རོལ་པའི་ཚེ། ཉི་ཟླ་གཉིས་འདྲེས་ནས་གཉིས་སུ་མེད་པས་བདེ་སྟོང་གི་ཡེ་ཤེས་ཆེན་པོ་ཉམས་སུ་མྱོང་བ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཏེ། དེ་གང་ལས་བྱུང་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏིང་ངེ་འཛིན་གྱི་བཀོད་པ་ནི། བྱང་ཆུབ་སེམས་ཚོགས་ཞེས་བྱ་སྟེ། ཆ་དང་པོས་གཞལ་ཡས་ཁང་གདན་དང་བཅས་པ་སྤྲུལ། ཆ་གཉིས་པས་ཡི་གེའི་ཚོགས་བཀོད་པ་ནི་གསང་བའི་དཀྱིལ་འཁོར་སྣང་བའི་རྒྱུ་ཡིན་པས། རྒྱུའི་ཡི་གེའི་ཚོགས་གསུང་གི་འཁོར་ལོ་ཞེས་བྱའོ། །དེ་ལས་ཅི་འོང་སྙམ་ན། འབྲས་བུ་རྒྱལ་བ་སྨིན་གྲུབ་ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། །ཞེས་པ་རྒྱུ་དེ་ལས་འབྲས་བུ་ལྷའི་དཀྱིལ་འཁོར་གསུང་ཡི་གེ་དང་ཐུགས་ཕྱག་མཚན་དང་སྐུ་གསུམ་དུ་སྣང་བ་ལ་ནི་སྨིན་གྲུབ་ཅེས་བྱའོ། །དེ་ནི་ངོ་མཚར་ཏེ་རིག་པའི་ངོ་བོ་གང་དུ་ཡང་མ་གྲུབ་པར་རྒྱུ་བྱང་ཆུབ་ཀྱི་སེམས་ལས་ལྷ་མ་འགག་པར་སྣང་བའོ། །དེ་ཅི་ཞིག་ཅེ་ན། སེམས་ཉིད་ལ་མ་གྲུབ་ཀྱང་གདུལ་བྱའི་ངོ་ལ་སྣང་བའི་མིང་གིས་མཚོན་པའི་ལྷ་བཞི་བཅུ་རྩ་གཉིས་སོ། །འདུས་མ་བྱས་ཉིད་ཅེས་པ། ས་བོན་གྱི་ངོ་བོ་རིག་པ་འདུས་མ་བྱས་པ་ཉིད། འདུས་བྱས་ཞེས་པ། སྒྲུབ་པ་པོའི་ཏིང་ངེ་འཛིན་ཆེད་བསྒྲུབ་དང་བཅས་པས་ལྷ་ཞེ་གཉིས་སོ་སོར་སྣང་བའོ། །འོན་ཀྱང་ངོ་བོ་ཉིད་ནི་སེམས་ཉིད་དུས་གསུམ་དུ་མི་ཕྱེད་པས་ན་རྡོ་རྗེ་ཉིད། ལྷ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་སྣང་བ་ཉིད་ལས་མི་འདའ་བས་ན་དམ། འདའ་བར་མི་མཛད་ཅེས་བརྗོད་པ། དེ་དག་ལས་མི་འདའ་བའི་ཕྱིར་ན་དམ་ཚིག་སྟེ། རྒྱུ་སྐྱེན་ཚོགས་ཞེས་པ། སེམས་ཉིད་དེ་ཉིད་དུ་ཡོངས་སུ་རྫོགས་པའི་རྒྱུ་ལ་ལམ་པའི་ཏིང་ངེ་འཛིན་གྱིས་ལྷན་ཅིག་བྱེད་པའི་རྐྱེན་དུ་བྱས་ནས། རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་པོ་སྟེ་ཏིང་ངེ་འཛིན་གྱི་ངང་ལས་རང་སྣང་བའོ། །གྲོལ་ལམ་དུ་ན། ཐབས་ནི་ཕྱི་ནང་གི་ཆོས་ཐམས་ཅད་རང་སྣང་བ་མི་འགག་པའི་ངོ་བོའོ། །ཤེས་རབ་ནི་སྣང་སྟོང་གི་མཐའ་དང་བྲལ་བས་སེམས་ཀྱི་དབྱིངས་སོ། །དགྱེས་པ་ནི་ཤེས་རབ་ཉིད་མ་འགག་པར་སྣང་བས་ཐབས། ཐབས་དངོས་པོ་ཐམས་ཅད་དང་བྲལ་བ་ཤེས་རབ་སྣང་སྟོང་གི་མཐའ་དང་བྲལ་བས་མཐར་འཛིན་གྱི་སྐྱོན་མི་མངའ་བས་དགྱེས་པའོ། །དེ་ཉིད་གང་དུ་ཡང་མ་གྲུབ་པ་གཞི་དག་པ་ལས། ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་འཆར་བས་ན་སྤྲིན་ནོ། །སེམས་ཉིད་མཉམ་པ་ཉིད་ཀྱི་ངང་ལས་སྣང་སྟོང་གི་མཐའ་དང་བྲལ་བས་བྱང་། ཕྱིན་ནང་གི་ཆོས་ཐམས་ཅད་དེ་ཉིད་དུ་ལྷུན་གྱིས་གྲུབ་པས་ཆུབ། བྱང་ཆུབ་དབྱེར་མེད་པའི་ངོ་བོ་སེམས་ཉིད་ནི་རང་གསལ་བའི་ངང་ལས་འདའ་བ་མེད་པ་ནི། སེམས་ཉིད་རང་སྣང་བ་མི་འགག་པའི་ངོ་བོ་ཉིད་དུ་བཞུགས་པས་མི་འགག་པའི་ཚོགས་ཀྱི་རྒྱུ་ལྟ་བུའོ། །འཁོར་ལོ་ནི་ཕྱི་ནང་གི་ཆོས་རང་སྣང་རྒྱུན་མི་ཆད་དེ། རྟོག་པ་བཞི་བཅུ་རྩ་གཉིས་སོ། །དེ་ཉིད་རྟོགས་ནས་གོམས་པ་མཐར་ཕྱིན་པའི་དུས་སུ་འབྲས་བུ་མཐའ་གཉིས་ལས་རྒྱལ་བའི་སངས་རྒྱས་སུ་སྨིན་པ་ནི། རྟོག་པ་གནས་སུ་དག་པ་རྒྱལ་བ་སོ་སོར་སྣང་བའོ། །གྲུབ་པ་ནི་རྟོགས་གོམས་ཀྱི་མཐུ་ལས་སྣང་བར་བསྟན་པའོ། །ངོ་མཚར་ནི་སེམས་ཉིད་གང་དུ་ཡང་མ་གྲུབ་པ་ལས་ཅིར་ཡང་འཆར་བའོ། །མིང་གི་ཚོགས་ནི་མ་འགགས་པས་ན་སྐུ། མི་དམིགས་པས་ན་ཡེ་ཤེས་སོ། །དེའི་གྲངས་བསྟན་པ་ནི་རྒྱལ་བ་བཞི་བཅུ་རྩ་གཉིས་སོ། །འདུས་མ་བྱས་པ་དེ་ནི་སེམས་ཉིད་དོ། །འདུས་བྱས་ནི་ལམ་པས་རྟོགས་གོམས་རྩོལ་བས་ཉམས་སུ་བླངས་པའོ། །དེའི་འབྲས་བུ་ནི་སྐུ་དང་ཡེ་ཤེས་རྡོ་རྗེ་ལྟར་མི་ཕྱེད་པའི་ཁམས་ཏེ། དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་ལས་མི་འདའ་བས་ན་དམ། ལམ་དེས་འབྲས་བུ་དེ་ཐོབ་པ་ལས་མི་འདའ་བས་ན་འདའ་བར་མི་མཛད། ལམ་གྱི་བྱ་བ་ཐམས་ཅད་ཚོགས་པ་ཆུད་མི་ཟ་བ་ལ་འབྲས་བུ་མི་སྣང་བའི་དབང་མེད། རྒྱུ་རྐྱེན་ཚོགས་ཏེ་མཚུངས་པའི་རྒྱུ་རང་གི་སེམས་ཉིད། ལྷན་ཅིག་བྱེད་པའི་རྒྱུ་དགེ་བའི་བཤེས་གཉེན། རྐྱེན་བཞི་ལས་བདག་པོའི་རྐྱེན་བླ་མ། དམིགས་པའི་རྐྱེན་གསང་སྔགས་ཀྱི་ལྟ་བ་དང་བསྒོམ་པ་དང་སྤྱོད་པ་དང་ལམ་གྱི་ངོ་བོ། དབང་པོའི་རྐྱེན་དབང་པོ་ལྔ་ལ་སྐྱོན་མ་ཞུགས་པ། དེ་མ་ཐག་པའི་རྐྱེན་སྐད་ཅིག་མ་མ་འགག་པའོ། །དེས་ན་རྒྱུ་རྐྱེན་ཚོགས་པའི་ནུས་མཐུ་འབྲས་བུ་ལྷུན་གྱིས་གྲུབ་པའོ། །ཧོ་ཞེས་པ། དེའི་དོན་གྱིས་མཉེས་པའོ། །གཞུང་བསྡུ་བ་ནི། ཐབས་དང་ཤེས་རབ་དགྱེས་སྤྲིན་ཞེས་པར། ཨ། རབ་ཏུ་བརྟན་འགྱུར་ནས། འཕེལ་འགྲིབ་མེད་པར་བརྟན་གྱི་བར་ཚིག་བཞི་བསྡུས་ཏེ། ཨ་སྣང་བ་མི་འགག་པ་ནི་ཐབས། རང་བཞིན་ཆོས་ཉིད་སྐྱེ་མེད་ནི་ཤེས་རབ། དེ་དབྱེར་མེད་པ་ནི་དགྱེས་པའོ། །ཨ་སྤྲོ་བསྡུ་ཕྱོགས་ཀུན་ཏུ་གང་བ་ནི་སྤྲིན་ཏེ་འཕེལ་འགྲིབ་མེད་པར་བརྟན་པར་གོམས་པའོ། །བྱང་ཆུབ་སེམས་ཚོགས་སུ། དེ་ལས་མིང་ཚོགས་གསལ་འབར་ཀུན། །ཅེས་པའི་ཚིགས་གཉིས་བསྡུས་ཏེ། བྱང་ཆུབ་སེམས་ནི་སེམས་ཉིད་རང་སྣང་བའི་ཡི་གེ་བཞི་བཅུའི་ཚོགས་རྣམས་སྤྲོ་བསྡུ་ལ་སྦྱང་བ་སྟེ། སྤྲོ་བསྡུ་ལ་གོམས་པ་རྣམས་ཨ་དང་མཚུངས་པའོ། །རྒྱུ་ཞེས་པར། འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །ཞེས་པའི་ཚིག་གཉིས་བསྡུ་སྟེ། ཡིག་འབྲུ་ལ་གོང་བཞིན་བརྟན་པ་ཐོབ་པ་ན། ཐུན་མོང་གི་དངོས་གྲུབ་ནི་དངོས་སུ་འབྱུང་ལ་མཆོག་ནི་རྒྱུའོ། །འཁོར་ལོ་ཞེས་པར། ཡི་གེ་འཁོར་ལོ་ཕྱུང་བ་ཨ་ནས། མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ་ཞེས་པའི་བར་དུ་བསྡུའོ། །འབྲས་བུ་རྒྱལ་བ་སྨིན་གྲུབ་ཅེས་པར། ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །ཞེས་པ་ནས་ཚིག་བཞི་དང་། ཡང་། མགོ་ནི་མ་ནོར་ལམ་ཡིན་ཏེ། །ཞེས་པ་ནས། སྐུ་གསུང་ཐུགས་ཀྱི་ཕྲེང་བས་བསྡུ། །ཞེས་པའི་བར། ཡི་གེ་དང་རྟོག་པ་དང་ལྷ་དང་གསུམ་གྱི་འཁོར་ལོ་བསྡུས་སོ། །ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། །ཞེས་པར། ཨ་ནི་སྟོང་དང་མི་སྟོང་གི། །ཞེས་པ་ནས། སྣ་ཚོགས་དོན་ཆེན་སྨ་ཞིང་སྟོན། །ཅེས་པའི་བར་ཚིག་རྐང་བཅུ་གཉིས་ཀྱིས། ཨ་ཆོས་ཉིད་སྐྱེ་བ་མེད་པ་ལས་ཡི་གེ་བཞི་བཅུ་རྩ་གཉིས་སུ་སྣང་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་བརྡ་སྤྲོད་པར་བྱེད་པས། དེ་ཉིད་སངས་རྒྱས་ཀྱི་ངོ་བོ་ཉིད་དུ་བསྡུ་བར་བསྟན། འདུས་མ་བྱས་ཉིད་ཅེས་པར། དངོས་མེད་ཡི་གེའི་རང་བཞིན་སེམས། །ཞེས་པའི་ཚིག་གཅིག་དང་། སེམས་ཀྱི་རང་བཞིན་ཡི་གེ་སྟེ། །ཞེས་པའི་ཚིག་གཉིས་དང་། ཡང་། དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ། །ཞེས་པའི་ཚིག་གཉིས་བསྡུས་ཏེ། ཡི་གེའི་རང་བཞིན་ནི་དངོས་པོ་མེད་པའི་སེམས་ཉིད་ཡིན། དེ་ཉིད་སྣང་སྟོང་གི་མཐའ་དང་བྲལ་ཡང་སེམས་ཉིད་ཡི་གེར་སྣང་བས། ཡི་གེའི་ཆོ་འཕྲུལ་རོལ་པས་ཅིར་ཡང་སྤྲུལ་ཅིང་སྟོན་པའོ། །འདུས་བྱས་རྡོ་རྗེའི་དཀྱིལ་འཁོར་འབྱིན་པའི་དམ། །ཞེས་པར། བདག་མེད་མཐའ་བྲལ་མི་དམིགས་ཀྱང་། །ཞེས་པ་གསུམ་དང་། དམིགས་མེད་དེ་ཉིད་སྣ་ཚོགས་པའི། །ཞེས་པའི་ཚིག་བཞི་བསྡུས་ཏེ། དམིགས་མེད་སེམས་ཨར་སྣང་བ་ལས་ཡི་གེའི་ཚོགས་སུ་སྣང་ནས། དེ་ལས་ལྷར་སྣང་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས་བསྡུད་པའོ། །འདའ་བར་མི་མཛད་དབང་མེད་རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་ཡིན། །ཞེས་པར། དེ་ནས་དེ་བཞིན་གཤེགས་པའི་ཞེས་པ་ལ་སོགས་པའི་ལེའུའི་སྟོད་བསྡུས་ཏེ་སྟོན་པའི་ཐུགས་གཉིས་སུ་མེད་པ་མེ་ལོང་གཡའ་དག་ལྟ་བུ་དང་། འཁོར་གྱི་རིག་པ་དྭངས་པ་ལྟ་མཁན་ལྟ་བུ་འཛོམ་པའི་དུས་སུ། ཡི་གེའི་འཁོར་ལོ་རང་སྣང་བ་དབང་མེད་པའོ། །ཞབས་དོན་ནི། རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་པ་ལ་སོགས་ཏེ། སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་རིག་པ་རང་བྱུང་གི་ཡེ་ཤེས་མི་ཕྱེད་པའི་བདག་ཉིད་རྡོ་རྗེ་ལྟ་བུ་ནི། རང་བཞིན་གསང་བའི་སྙིང་པོ་སྟེ་གོ་ཕྱེ་བའི་འཁོར་གྱི་དོན་དུ་ཚིག་ཏུའོ། །ཞེས་སྟོན་པ་ཀུན་ཏུ་བཟང་པོས་བརྗོད་པ་རང་སྣང་བས་བརྗོད་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེའི་འཁོར་ལོར་གྱུར་ཏོ་ཞེས་པ། གཞི་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། རང་བཞིན་ལྷུན་གྱིས་གྲུབ་པ་འབྲས་བུ་མངོན་དུ་བྱས་པ་རྣམས་ཏེ། མདོར་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡི་གེ་བཞི་བཅུ་རྩ་ལྔའི་ངོ་བོ་ཉིད་པས་ཡི་གེ་ཕྲེང་བའི་འཁོར་ལོ་བརྗོད་པས་དེའི་དོན་མངོན་དུ་སྣང་བ་ལ་ནི་གྱུར་ཏོ་ཞེས་བྱའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཡི་གེ་འཁོར་ལོའི་སྤྲིན་བཀོད་པ་ཞེས་པ། ཡི་གེ་ཕྲེང་བ་ནི་བཞི་བཅུ་རྩ་ལྔའོ། །འཁོར་ལོ་ནི་གཞི་ལམ་འབྲས་བུ་གསུམ་ལ་ཁྱབ་པའོ། །བཀོད་པ་ནི་ཡི་གེ་དཀྱུས་སུ་སྣང་བའི་གྲལ་རིམ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་བརྡ་སྤྲོད་ཅིང་གསལ་བར་བྱེད་པས་ཡི་གེའི་ལས་དང་། དངོས་གྲུབ་ཅི་བསྒྲུབ་པ་ཐམས་ཅད་སྣང་བའི་ཡོན་ཏན་དང་། སྒྲ་དོན་ཐམས་ཅད་མི་འཆུགས་པའི་མཚན་ཉིད་དང་། དབྱིབས་དང་ཁ་དོག་ལ་སོགས་པའི་ཡི་གེའི་ངོ་བོ་ཐ་དད་པར་སྣང་བའི་ཕྱིར་རོ། །ལེའུ་བཞི་པའོ།། ༈ །།ལེའུ་ལྔ་པ་བཤད་དེ། བཞི་པ་ཡན་ཆད་ཀྱི་ལེའུ་མཚམས་སྦྲེལ་བ་ནི་བཤད་པ་བཞིན་ནོ། །ལེའུ་བཞི་པ་ཡི་གེ་ལ་སེམས་སྦྱང་བ་གོམས་པ་མཐར་ཕྱིན་ནས། མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པས་ལེའུ་ལྔ་པ་སྨོས་ཏེ། གཞི་ལམ་འབྲས་བུ་གསུམ་ལས་ལམ། རྒྱུད་ཀྱི་དངོས་པོ་བཅུའི་དབང་དུ་བྱས་ན་སྒྲུབ་པ་སྟེ་ཐུན་མོང་ཤས་ཆེ། ལམ་པ་རྒྱུའི་ཏིང་ངེ་འཛིན་ལ་གོམས་པ་ནས་སྤྲོས་པའི་རྣལ་འབྱོར་གྱི་བར། དཀྱིལ་འཁོར་བཅུ་གཉིས་ན་ལྷག་པའི་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་ཤས་ཆེའོ། །གསུང་པ་ལོ་རྒྱུས་ནི། དེ་ནས་ཡི་གེའི་འཁོར་ལོ་སྤྲིན་བཀོད་པ་ལས་ཞེས་པ་ནི། དེ་ནས་ཞེས་པ་ནི། ཡི་གེ་འཁོར་ལོ་བཤད་པའི་བར་ཅིས་ཀྱང་མཆོད་པ་ཡི་གེ་དེ་ཉིད་ལ་གོམས་པ་མཐར་ཕྱིན་ནས། དངོས་གྲུབ་འོག་ནས་འབྱུང་བ་རྣམས་བསྒྲུབ་པར་བསྟན་པས། དེ་ནས་ཞེས་བྱ། ལེའུ་ཀུན་གྱི་མགོ་ན་སྟོན་པ་སྨོས་པ་ལ། འདིར་མ་སྨོས་པ་ནི་གོང་གི་ཡེ་གེ་ཕྲེང་བའི་འཁོར་ལོ་དང་འདི་གཉིས་འབྲེལ་བ་བར་ཅིས་ཀྱང་མ་ཆོད་པའོ། །ཡི་གེ་བཏགས་པ་ཐ་སྙད་ཀྱི་དོན་མཚོན་པ་ཐམས་ཅད་དེ། དངོས་སུ་ཨ་ཡི་གེ་ཞེས་གཉིས་དང་བཅས་པ་དང་། དེས་མཚོན་པའི་ཀུན་གཞི་ལ་རྟོག་པ་ཞེ་གཉིས་སྣང་བ་དང་། དེ་གནས་སུ་དག་པའི་ཀུན་གཞི་ཀུན་ཏུ་བཟང་མོ་ལས་སྣང་བའི་རྒྱལ་བ་བཞི་བཅུ་རྩ་གཉིས་དང་ཡི་གེ་དེ་དག་གོ། །འཁོར་ལོ་ནི་ཡི་གེ་དང་རྟོག་པ་དང་དག་པས་སོ་སོའི་བློ་ལ་རྒྱུན་མ་ཆད་པའོ། །སྤྲིན་ནི་ནམ་མཁའ་དངོས་པོ་མེད་པ་ལ་སྤྲིན་དུ་ཆགས། དེ་ལས་ཆར་བབ། དེས་དགོན་གདུང་རྣམས་བརླན་ཏེ། རྩི་ཤིང་ལོ་འབྲས་ཐམས་ཅད་སྨིན་པ་ལྟར། སེམས་ནམ་མཁའ་ལྟ་བུ་རྣམ་དག་ལ། སྤྲིན་དང་འདྲ་བའི་ཡི་གེ་ཚོགས་སྣང་ནས་ལམ་པས་ཉམས་སུ་བླངས་ཏེ་བསྒོམས་པ་ལས། མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམས་འབྱུང་བས་སོ། །བཀོད་པ་ཞེས་པ། སོ་སོར་གསལ་གདབ་པའི་རིམ་པ་སྟེ། དང་པོར་སེམས་ལས་ཡིག་འབྲུའི་ཚོགས་སུ་སྣང་བ་དང་། དེ་ལས་ལྷར་བསྐྱེད་པ་དང་། དེའི་སྒོ་ནས་ལས་བཞི་དང་ཐུན་མོང་གི་དངོས་གྲུབ་དང་། མཆོག་ལ་རིག་འཛིན་དང་། སངས་རྒྱས་རྣམས་མ་འདྲེས་པར་རིམ་པ་བཞིན་དུ་སྣང་བ་ལ་ནི་བཀོད་པ་ཞེས་བྱའོ། །སྒྱུ་འཕྲུལ་རྣམ་པར་འཕྲོ་བ་ཞེས་པ། སེམས་ཉིད་སྣང་བ་བཞིན་དུ་མ་གྲུབ་པ་སྒྱུ་མ་ལྟ་བུ་ལ་ཡི་གེ་ཅིར་ཡང་འཕྲུལ་པར་སྣང་བ་དང་། ཡི་གེ་ཕྱོགས་གང་དུ་ཡང་མ་སོང་བ་ཅིར་ཡང་སྣང་བ་སྒྱུ་མ་ལྟ་བུ་ལས། ལྷའི་སྐུ་མི་འགག་པར་སྣང་བ་འཕྲུལ་བ་དང་། དེ་ལྟར་སྒྱུ་འཕྲུལ་ཏིང་ངེ་འཛིན་གྱི་དབང་ཐོབ་ན་དངོས་གྲུབ་རྣམ་གསུམ་དང་། འོག་ནས་འབྱུང་བའི་སྒྲུབ་པ་རྣམས་ལ་རྣམ་པར་འཕྲོ་བ་ཞེས་བྱ་སྟེ། སྟོན་པ་ཀུན་ཏུ་བཟང་པོས་གདུལ་བྱ་གོ་ཕྱེ་བའི་འཁོར་གྱི་གདུལ་བྱ་རྣམས་ཀྱིས་ཆེད་དུ་བརྗོད་དེ། གདུལ་བྱ་དེའི་ཆེད་དུ་ཁོ་ནའོ། །གཏན་ཚིགས་དེའི་ཕྱིར། རྒྱུད་ཀྱི་དོན་རྣལ་འབྱོར་པའི་ཉམས་སུ་བླངས་པར་བྱ་བ་བསྐྱེད་རིམ་གྱི་དབང་དུ་མངོན་པར་རྟོགས་པས་རྒྱུད་ལ་འཇུག་པར་བྱ་སྟེ། འགྲུབ་པའི་རྒྱུ་བསྟན་པ་ནི། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །ཞེས་པ་ལ་སོགས་ཏེ། སྟོན་པ་ནི་རྡོ་རྗེ་སློབ་དཔོན་ཏེ་སྟོན་པ་ཀུན་ཏུ་བཟང་པོས་ལྷན་ཅིག་པའི་འཁོར་ལ་རང་བཞིན་གསང་བའི་སྙིང་པོ་མངོན་དུ་སྣང་བར་བྱས་པ་བཞིན། ཀུན་ཏུ་བཟང་པོ་དང་དབྱེར་མེད་པའི་རྡོ་རྗེ་སློབ་དཔོན་གྱིས་ལྟ་སྤྱོད་བསྒོམ་གསུམ་གྱི་སྒོ་ནས་རང་བཞིན་གསང་བའི་སྙིང་པོ་མཐོང་བར་བྱ་བའི་ཐབས་ལ་མངོན་དུ་སྦྱོར་བར་བྱེད་པས་ན་སྟོན་པའོ། །མཆོད་པ་ནི་མཉེས་པ་སྟེ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་འཇིག་རྟེན་གྱི་སྤྲོས་པ་མཐའ་དག་སྤངས་ཏེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མཉེས་པའི་ཐབས། ས་མ་ཡ་བཀོད་པ་ལ་སོགས་པར་གསུངས་པ་བཞིན་ཉམས་སུ་བླང་བ་ལ་བརྩོན་འགྲུས་ཆེ་བའོ། །བླ་མ་དེ་ལ་དབང་རིམ་པར་ཐོབ་པ་དང་། གསང་སྔགས་ཀྱི་གཞུང་ནས་འབྱུང་བ་བཞིན། རྡོ་རྗེ་སློབ་མའི་བྱ་བ་ལུས་ངག་ཡིད་གསུམ་སྦྱངས་ཏེ་གོམས་པར་བྱ་བ་དང་། རྟོགས་པ་ནི་ལྟ་བ་སྟེ། སྒྱུ་འཕྲུལ་རྒྱས་པ་ནས། དོན་དམ་དུ་ནི་དཀོར་བདུན་ནོ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཞེས་པའམ། ཡང་ན་འདི་ཉིད་ནམ་བཤད་པའི་རྟོགས་པ་བཞིའི་ཚུལ་གྱི་འཇུག །དག་པ་གསུམ་མཉམ་པ་བཞིའི་ཚུལ་གྱིས་རྟོགས་པ་ལྟ་བུའི་ངོ་བོ་ལ་གསལ་བ་ནི་འོག་མའི་ལྟ་བ་རྣམས་ཀྱིས་མ་གོས་ཏེ། བལྟ་བྱ་ལྟ་བྱེད་མེད་པར་གདེངས་ཆུད་པའོ། །དམ་ཚིག་ཅེས་པ་དང་། འོག་གི་མ་ཉམས་ཞེས་པ་བསྡེབས་ཏེ། ཁས་བླངས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་མ་ཉམས་པ་དང་། ཡན་ལག་ཕྲ་བ་གཉིས་ཀྱང་ཕྱིར་འཆོས་པ་དང་། སྔགས་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས་ལ་སོགས་པ་དུས་སྐབས་གང་ལ་གང་དགོས་དང་། བཟླ་བའི་ཏིང་ངེ་འཛིན་རྣམས་ཤེས་པ་དང་། ཕྱག་རྒྱ་ནི་སྐུ་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་གསལ་བར་ཤེས་པ་དང་། ཡོ་བྱད་ལྡན་ཞེས་པས། དང་པོ་གནས་ཁང་ཕུན་སུམ་ཚོགས་པ་གཞུང་དང་མཐུན་པ་དང་། དེར་ཡོ་བྱད་རྒྱན་དང་བགོ་བ་དང་། བཟའ་བ་དང་བཅའ་བ། བྲོ་གར་གླུ་ཚིག །ཨཱ་ལི་དང་ཀཱ་ལི་སྟེ་བཞི་ཚང་བ་ལ་ནི་ལྡན་ཞེས་བརྗོད་དོ། །ཡང་ན་ལྟ་བ་དང་ཏིང་ངེ་འཛིན་ལ་གོམས་པ་དང་། ལྟ་བ་མཐར་ཕྱིན་པའི་སྟོབས་ཀྱིས་བརྗོད་པ་ཐམས་ཅད་སྔགས་སུ་གསལ་བ་དང་། གཡོ་བསྐྱོད་ཐམས་ཅད་ཕྱག་རྒྱར་གསལ་བ་དང་། དེ་ལྟར་སེམས་ལས་སུ་རུང་ན་གོང་དུ་སྨོས་པའི་ཡོ་བྱད་ཐམས་ཅད་རང་ལ་ལྷུན་གྱིས་གྲུབ་པའི་དགོས་པ་ཡོད་ནས་བསྒྲུབས་ན་གང་བསྒྲུབ་འགྲུབ་པར་འགྱུར་ཏེ། དེ་དང་མི་ལྡན་ན། དོན་མེད་བརླག་ཅེས་པས། གོང་གི་རྟོགས་བསྒོམ་དང་ཡོ་བྱད་རྣམས་དང་མི་ལྡན་ན་བསྒྲུབ་པ་བྱས་ཀྱང་དོན་མེད་པ་ནི་འབྲས་བུ་མི་ཐོབ་པའོ། །བརླག་པ་ནི་དོན་མེད་པར་མ་བས་དམ་ཚིག་བཞིན་དུ་མ་བྱས་པས་ཆད་པའི་གནས་སུ་གྱུར་བས་ངན་སོང་གསུམ་དུ་བརླག་པར་འགྱུར་ཞེས་བྱའོ། །ལྟ་བ་ལ་གདམས་པ་ནི། འགོ་ནས་གང་གིས་དམིགས་མེད་མི་ཤེས་པས། །ཞེས་པ་ལ་སོགས་ཏེ། གང་གིས་ཞེས་པ་ནི་རྟེན་གྱི་གང་ཟག་སྟེ། སྔོན་དུ་སྦྱངས་པ་ཡུན་ཐུང་བས་ཤེས་རབ་ཆུང་བ་དེས་ཐེག་པ་མཆོག་མེད་དེ། ཐེག་པ་འདི་ཉིད་ལ་མི་མོས་པ་དང་། ཁུངས་སུ་གཏུགས་པའི་བླ་མ་དམ་པའི་གདམས་ངག་གིས་མ་ཟིན་པའི་རྟེན་ནོ། །དེ་ལ་སྤྱིར་དངོས་གྲུབ་མཆོག་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རྟོགས་པ་ལས་འབྱུང་བས་དེ་རྟོགས་པར་བྱ་བ་གཅེས་པར་བསྟན་ཏོ། །དམིགས་མེད་མི་ཤེས་པ་ཞེས་པ། དངོས་པོ་ཐམས་ཅད་དང་བྲལ་བས་སྣང་བ་ཡིད་ཀྱི་ཡུལ་དུ་བྱར་མེད། དངོས་པོ་མེད་པའི་སྟོང་པ་ཉིད་ཅིག་བློའི་ཡུལ་དུ་བྱར་ཡང་མེད་དེ། སེམས་ཀྱི་ངོ་བོ་ཉིད་ནི་གསལ་བ་མི་འགག་པ་རང་གསང་བའི་བདག་ཉིད་ཡིན། ཡུལ་དུ་བྱ་བའི་ཆོས་ཅིར་ཡང་མ་གྲུབ་པ་ཉིད་ཀྱང་ཡུལ་བྱར་མེད་དེ། ཡུལ་དང་ཡུལ་ཅན་མེད་པའི་གཏན་ཚིགས་ཀྱི་དོན་གྱི་ངོ་བོ་འདི་ལྟ་བུའི་ཞེས་དམིགས་སུ་མེད་པའི་དོན་མི་ཤེས་ན། སྣང་གྲགས་ཀྱི་ཆོས་ཐམས་ཅད་ཀྱང་སེམས་ཉིད་ཡིན་པས་ཕྱོགས་འཛིན་གྱི་ཆོས་དང་བྲལ་བ་ཉིད་མི་ཤེས་པ་ནི། སེམས་མིང་གིས་མཚོན་པའི་ཐ་སྙད་ཡིད་ཀྱི་ཡུལ་དུ་བྱེད་པ་ནི་འདུ་ཤེས་འཛིན་པ་དང་མ་བྲལ་བས་མི་ཤེས་པ་ཞེས་བྱའོ། །དེ་ཡིས་ཆོས་ཀྱི་དབྱིངས་ནི་ཤེས། །ཞེས་པ་ཆེད་འཛིན་མ་བྲལ་བའི་ཏིང་ངེ་འཛིན་ནམ་མཁའ་ལྟ་བུའི་ངོ་བོ་ལ་དམིགས་པའི་འདུ་ཤེས་ཀྱིས་བཟུང་བ་ནི་དངོས་པོ་ལ་མངོན་པར་ཞེས་པ་དེ་ཡིས། ཆོས་ཀྱི་དབྱིངས་མཉམ་པ་ཉིད་འདུ་ཤེས་ཀྱི་འཛིན་པ་ཕྲ་བ་ཡང་མི་མངའ་བ་ནི་མི་ཤེས་ཏེ། དམིགས་པའི་འདུ་ཤེས་ལ་དམིགས་པ་དང་བྲལ་བའི་འབྲས་བུ་མི་སྣང་བས། འོ་མ་འདོད་པས་རྭ་ལ་བཞོ་བ་ལྟ་བུའོ། །དེས་ན། དེ་ཕྱིར་དངོས་དང་དངོས་མེད་ལ། །ཞེས་པ་དམིགས་པའི་ཏིང་ངེ་འཛིན་ལས་བུདྡྷ་མི་སྣང་བ་དེའི་ཕྱིར། དངོས་དང་ཞེས་པ། ཕྱི་ནང་གི་ཆོས་ཐམས་ཅད་རྒྱུ་རྐྱེན་ལས་སྣ་བདོ་ཙམ་ན། རྒྱུ་རང་བྱུང་གི་ཡེ་ཤེས་སེམས་ཀྱི་ཆོས་ཉིད་རང་སྣང་བ་དེའི་རྐྱེན་དུ་སྣང་བ་ཐམས་ཅད་ཀྱང་སེམས་ཉིད་རང་སྣང་བ་ལས་མ་གཏོགས་པའི་རྐྱེན་དུ་གྲུབ་པ་མེད་དེ། ལུང་ལས། རྒྱུ་རྐྱེན་རང་བྱུང་ཡེ་ཤེས་པས། །ཞེས་པས། དངོས་པོ་ཐམས་ཅད་སེམས་ཉིད་དུ་མ་དམིགས་པའི་ངང་ལས་དངོས་པོ་མེད་པའི་སྟོང་པ་ཉིད་མ་གྲུབ་ལ། དངོས་མེད་སྟོང་པ་ཉིད་ལ་འཛིན་པ་གཅིག་ཡོད་ཀྱང་། དངོས་པོ་སེམས་སྣང་བ་ལྟར་དངོས་པོ་མེད་པའི་སྟོང་པ་ཉིད་དུ་འཛིན་པའང་སེམས་སྣང་བས། སྣང་སྟོང་གཉིས་ཀ་སེམས་ཀྱི་ངང་དུ་གཅིག་ཅིང་མི་གནས་པར་འཇིག་པས། གང་ཟག་དེས་དམིགས་པ་མེད་པ་སེམས་ཉིད་ཀྱི་དོན་སྣང་སྟོང་རིལ་སེམས་སུ་མི་གནས་པ་དེ་ཉིད་ཡེ་ཤེས་སུ་གསལ་བས། སེམས་ཀྱི་ཡེ་ཤེས་ནི་འོག་ནས་འཆད་པར་འགྱུར་བ་བཞིན་དམིགས་པ་མེད་པའི་དོན་ཤེས་པར་གྱིས་ཤིག་པར་གདམས་པའོ། །ལྟ་བ་གཏན་ལ་དབབ་པ་དངོས་ནི། གཞི་རྩ་མེད་པའི་སེམས་ཉིད་ནི། །ཞེས་པ་ལ་སོགས་ཏེ། གཞི་རྩ་མེད་ཅེས་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སེམས་ཀྱི་ཆོས་ཉིད་ནི་ཐོག་མ་དང་པོ་དེ་ཉིད་ནས་རྒྱུ་མ་གྲུབ། དེས་གྲོགས་བྱེད་པའི་རྐྱེན་མ་དམིགས་ཏེ། རྟེན་པར་བྱ་བའི་གཞི་མེད་དེ། གཞི་ཅན་སེམས་ཉིད་དངོས་པོར་གྲུབ་པ་མེད། བསྐྱེད་པར་བྱ་བའི་རྩ་བ་མེད་དེ། བསྐྱེད་བྱ་སྐྱེད་བྱེད་མ་དམིགས་སྤྲོས་པ་ཐམས་ཅད་དང་བྲལ་བས་དེ་བཞིན་ཉིད། མཚོན་བྱ་བྲལ་བས་མཚོན་པའི་ཐ་སྙད་ཐམས་ཅད་དང་བྲལ། ངོ་བོ་ཉིད་ཀྱི་རྒྱུན་དང་བཅས་པས་སྐད་ཅིག་མས་མ་གོས། དེ་ལྟ་བུའི་སེམས་ཉིད་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བས་དེ་བཞིན་ཉིད། རྒྱུ་རྐྱེན་ཐམས་ཅད་དང་བྲལ་ཞིང་རང་གསལ་བའི་བདག་ཉིད་པས་རང་བྱུང་གི་ཡེ་ཤེས་ཏེ། དེ་ནི་རང་གི་ངོ་བོ་ཉིད་ཀྱང་ཅིར་ཡང་གྲུབ་པ་མེད་པའི་དབང་གིས་སེམས་ཅན་གྱིས་བཏགས་པའི་ཕོ་དང་མོ་དང་མ་ནིང་གསུམ་དུའང་གྲུབ་པ་མེད། འོ་ན་མཚན་མེད་ཅིག་མ་ཡིན་ནམ་ཞེ་ན། མཚན་མ་མེད་པའི་སྒོང་ལྟ་བུ་ཡང་མ་ཡིན། རིགས་རྒྱུད་མེད་ཅེས་པས། མི་ལ་སོགས་པའི་འགྲོ་བ་རིས་དྲུག་གི་རྒྱུད་དུ་ཡང་གྲུབ་པ་མེད་དོ། །ཁ་དོག་མ་ཡིན་ཞེས་པ། དཀར་པོ་ལ་སོགས་པའི་ཁ་དོག་དྲུག་ཏུ་མ་གྲུབ། ཟླུམ་པོ་ལ་སོགས་པའི་དབྱིངས་བཞིའམ་བརྒྱད་དུ་ཡང་མ་ཡིན། གནས་སུ་མ་ཡིན་ཞེས་པས། གནས་ཁམས་གསུམ་དུའང་མ་གྲུབ། ཕྱི་དང་ནང་དང་ལུས་ངག་ཡིད་གསུམ་དང་། སྣོད་བཅུད་གཉིས་སུའང་མ་ཡིན། ཆོས་ཐམས་ཅད་ཀྱི་ངོ་བོ་གདོད་མ་ཉིད་ནས་མ་གྲུབ་པས་གང་ཡང་མ་ཡིན་ཞེས་བྱའོ། །འདུ་ཤེས་ཅན་གྱི་ཡིད་ཀྱི་ཡུལ་དུ་བྱ་བ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་དོ། །དོན་དེ་ལ་ནི་མཚོན་པའི་ཐ་སྙད་དུ་དེ་བཞིན་ཉིད་ཅེས་བྱ་སྟེ། རྒྱུ་རྐྱེན་དང་བྲལ་བའི་སེམས་ཉིད་ལ་ནི་དེ་བཞིན་ཞེས་བྱའོ། །དེ་བཞིན་སྒྲོ་སྐུར་དག་བྲལ་བ་བཅས་བཅོས་མ་བྱས་པ་ཉིད་ཅེས་བྱ། ཡང་ན་དངོས་གཞི་གང་དུ་ཡང་མ་གྲུབ་པས་ཀྱང་ཉིད་ཅེས་བྱ། འོ་ན་མེད་པའི་མཐའ་མ་ཡིན་ནམ་ཞེ་ན། ཆོས་ཐམས་ཅད་ལ་ཁྱབ་ཅིང་མཐའ་དང་བྲལ་བས་དབྱིངས། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་དབྱིངས་ཏེ་མཉམ་པ་ཉིད་ཀྱི་དབྱིངས་ཞེས་བྱའོ། །འོ་ན་བེམ་པོར་མ་སོང་ངམ་ཞེ་ན། ཡེ་ཤེས་ཏེ་ཞེས་པས། རང་རིག་རང་གསལ་བ་ཁོ་ན་བས་མིང་ཡེ་ཤེས་སུའང་འདོགས་སོ། །དེ་ཉིད། ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་པ་ཐབས་ནི་མ་འགག་པར་སྣང་བ་སྟེ། དབྱིངས་མི་འགག་པ་ལས་སྣང་། སླར་དབྱིངས་ཉིད་མཚོན་པ་ལ་ནི་ཐབས་ཞེས་བྱ་སྟེ། ཡེ་ཤེས་གཟུང་འཛིན་དང་བྲལ་བ་ཉིད་ནི། རང་སྣང་བའི་གཟུགས་བརྙན་ཕྱག་རྒྱ་ནི་སྣང་བ་ཉིད་ན་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པས་སྣང་འཛིན་སྟོང་འཛིན་གྱི་འདུ་ཤེས་དང་བྲལ་ཏེ་དག་མ་དག་གི་རང་སྣང་བ་ཉིད་ཀྱི་རྒྱུའོ། །དེ་ནི་གནས་ཚུལ་གྱི་ལྟ་བ་ཤས་ཆེ་བ་སྟེ་ཡེ་ཤེས་དེ་ཉིད་རང་བཞིན་གྱི་ཕྱག་རྒྱ་སྣང་སྟོང་དབྱེར་མེད་པ་ལས་མི་འདའ་བ་དང་། སེམས་ཀྱིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་རང་གསལ་ལས་མི་འདའ་བ་དང་། ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ལྷའི་སྐུ་བསྒོམ་པ་གསུམ་ལ་ཐབས་མ་འགག་པར་སྣང་བའི་ཕྱག་རྒྱ་ཀུན་གྱི་རྒྱུ་ཞེས་བྱའོ། །མཐའ་བྲལ་དུ་བསྒོམ་པའི་གཏན་ཚིགས་ནི། གོང་དངོས་རྣམས་ཉིད་ན་དངོས་མེད་པ། །ཞེས་པ་ལ་སོགས་ཏེ། དངོས་པོ་ནི་དག་མ་དག་ནི་སྣང་བ་གཉིས་ཏེ། དག་པའི་དངོས་པོ་ནི་སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་དང་། ཞིང་ཁམས་དག་པ་ལ་སོགས་པའི་ཡོན་ཏན་གྱི་དངོས་པོ་རྣམས་པ་སྣ་ཚོགས་སྒྱུ་མ་ལྟར་བྱ་བྱེད་ནུས་ཙམ་ཉིད་ན། སེམས་ཉིད་དུ་མ་དམིགས་པ་དང་། མ་རྟོགས་པ་འཁོར་བའི་ཆོས་སྣོད་བཅུད་ཀྱི་དངོས་པོས་བསྡུས་པ་རྣམས་སྣང་ཙམ་ཉིད་ན་སེམས་རང་རིག་པར་གསལ་བས་དེ་ཉིད་ལ་གོང་དུ་བསྟན་པའི་ཕོ་མོ་མ་ནིང་ལ་སོགས་པ་མ་གྲུབ་པ་ཁོ་ན་བས། རྟོག་པ་ཞེས་པ། དངོས་པོར་སྣང་ཙམ་ཉིད་ན་སེམས་ཉིད་དུ་སྣང་སྟོང་དབྱེར་མེད་པའི་ངང་ལས་དངོས་པོ་རྣམས་གཏན་ནས་མ་གྲུབ་པར་ཤེས་ཏེ། དེ་ཉིད་དུ་འཛིན་པ་མི་མངའ་བ་ནི་རྟོགས་པའི་ལྟ་བའོ། །དབང་བསྒྱུར་ཏིང་འཛིན་ཡིན་ཞེས་པ། ལྟ་བ་ཤེས་ཙམ་གྱི་སར་མི་འཇོག་ནས་སྤྱོད་ལམ་བཞི་དུས་གསུམ་ཉིན་མཚན་གཉིས་ལ་རྟོགས་པའི་ངང་ལས་འདའ་བ་མེད་པ་ནི་དབང་བསྒྱུར་བ་སྟེ། དེ་ཏིང་ངེ་འཛིན་མཉམ་བཞག་ལ་རག་ལས་པས་ལྟ་བའི་ངང་ལས་མི་གཡོ་བར་གྱི་ནར་བཏང་སྙོམས་སུ་མ་ཡེངས་པ་ནི་ཏིང་ངེ་འཛིན་ཏེ་ལམ་པས་དེ་ལ་འབད་པ་གཅེས་སོ། །བློ་གཞག་པའི་ཐབས་ནི། འོག་གང་ཞིག་གླང་ཆེན་མྱོས་འདྲའི་སེམས། །ཞེས་པ་ལ་སོགས་པ་སྟེ། གང་ཞིག་ནི་ཚོལ་བའི་ཐབས་ཏེ་སྤྱིར་ཕྱོགས་མེད་དུ་བཤད་པ་ཡོད་ཀྱང་། འདིར་མན་ངག་གི་རྒྱུད་ཀྱི་དོན་བསྒྲིགས་ཏེ་ཉམས་སུ་བླང་བའི་ཕྱིར། བཤད་མ་ཐག་པར་ལྟ་བ་རྟོགས་པའི་རྣལ་འབྱོར་པ་དེ་ཉིད་དོ། །གླང་ཆེན་མྱོས་འདྲ་ནི་དཔེ་སྟེ། དཔེར་ན་གླང་པོ་ཆེ་བྱོལ་སོང་རང་བཞིན་གྱི་བླུན་པ་དང་འདྲ་བའི། སེམས་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་ལྡན་པའོ། །རྒུན་ཆང་གིས་མྱོས་ནས། སྨྱོས་པ་དང་འདྲ་བར་གཟུང་འཛིན་ཆང་ལྟ་བུས་མྱོས་པས་འཁྲུལ་པའི་སྣང་བ་ཁོ་ན་སྟེ་ཡང་དག་པའི་དྲན་པ་དང་བྲལ་བའོ། །དྲང་སྲོང་དགོན་པ་བ་དགེ་བ་སྤྱོད་པ་རྣམས་ཀྱི་སྤྱིལ་པོ་བཅོམ་པ་བཞིན་དུ། རྣམ་དཀར་བའི་ཆོས་དགེ་བ་བཅུ་ལ་སོགས་པ་རྣམས་དང་བྲལ་བའོ། །མི་ལ་སོགས་པ་འགྲོ་བ་ལམ་དུ་གང་བྱུང་བ་རྣམས་བཅོམ་ཞིང་བརླག་སྟེ་སྡུག་བསྔལ་བར་བྱས་པ་བཞིན་དུ། རང་གཞན་ཐམས་ཅད་འབྲས་བུ་ངན་སོང་གི་སྡུག་བསྔལ་མྱོང་བ་ལ། གླང་པོ་ཆེ་སྨྱོན་པ་ལ་གླང་རྫི་འདྲེས་པས་ལྕགས་ཀྱུ་སྣ་ལ་ཟིན་ན་ཅི་འདོད་དབང་བསྒྱུར་ཏེ་ཐུལ་བ་བཞིན་དུ། སེམས་མཉམ་པར་གཞག་པས་བཏུལ་ནས་སུ་ཞེས་པ། གོང་གི་ལྟ་བ་དང་ལྡན་པའི་སྐྱེས་བུས་མཉམ་པར་བཞག་སྟེ། ཞི་གནས་ཕྱོགས་གཅིག་པ་ལྟ་བུ་མ་ཡིན་པའི་བསྒོམ་པའི་ཤེས་རབ་ཀྱིས་ལྟ་བའི་རྗེས་སུ་ཅི་ཡང་མི་དམིགས་པ་ནི་མཉམ་བཞག་གི་ངོ་བོ་སྟེ། མཐའ་དང་བྲལ་བའི་དབུ་མ་ཙམ་ཡང་ཡིད་ལ་བྱ་བ་མེད་པ་ནི་སེམས་རང་གི་རང་བཞིན་གཞི་ཅི་ཡིན་པར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་མི་གཉིས་པ་ནི་ཐུབ་པ་ཞེས་བྱ་སྟེ། སེམས་རང་མལ་དུ་ཕེབས་པས་རིག་པ་རང་དབང་བསྒྱུར་བའོ། །དོན་དེ་ལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །སེམས་ཉིད་ཆོས་ཐམས་ཅད་ཀྱི་རྩ་བར་བསྟན་པ་ནི། གོང་རྩ་བ་མེད་པའི་སེམས་ཉིད་ནི་ཟེར། རྩ་བ་ནི། །ཞེས་པ་ལ་སོགས་ཏེ། རྩ་བ་མེད་པ་ཞེས་པ་ནི། གོང་དུ་ལྟ་བ་བསྟན་པའི་སྐབས་སུ་བཤད་པ་བཞིན་ཏེ། རྣལ་མ་དོན་གྱི་ཀུན་གཞི་རྟེན་པའི་གཞི་མེད་བསྐྱེད་པའི་རྩ་བ་མེད། མ་བཅོས་པ་མ་གཡོས་པ་ཇི་བཞིན་ཉིད་གང་ཡང་མ་ཡིན་པའི་སེམས་ཉིད་ནི་རང་སྣང་མི་འགག་པ་ལས། ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཞེས་པ་ལྷན་ཅིག་སྐྱེས་པའི་མ་རིག་པའི་སྟོབས་ཀྱིས་དངོས་པོ་ཕྱི་ནང་གི་ཆོས་རྣམས་ཀུན། སེམས་མ་རྟོགས་ལས་སྣང་བས་མྱ་ངན་ལས་འདས་པའི་ཆོས་སྐུ་དང་རྒྱན་དང་འཁོར་ལོ་རྣམས་ཀྱང་སེམས་ཉིད་རྟོགས་པ་ལས་རང་སྣང་བས། ལམ་གྱི་ཆོས་སྐྱེ་བ་མེད་པ་མི་གཉིས་པའི་ངོ་བོ་མི་འདའ་བས་རང་བཞིན་གྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་། རིག་པ་རང་གསལ་གྱི་ཏིང་ངེ་འཛིན་དང་། ལྷག་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་། སྐུའི་འཁོར་ལོ་ཆོས་རྣམས་ཀུན་སེམས་ཉིད་ལས་སྣང་ཞིང་སེམས་ཉིད་དེ་དག་སྣང་བ་ལས་མི་འདའ་བས་རྩ་བ་ཡིན་ཞེས་བྱ་སྟེ། དོན་དེ་རྣལ་འབྱོར་པའི་རྟོགས་པ་མངོན་དུ་གྱུར་པ་ནི་ཁྱབ་ཅིང་ཡུལ་དང་ཡུལ་ཅན་མེད་པས་གཉིས་སུ་མེད་པའི་སྙིང་རྗེ་ཞེས་ཀྱང་བྱའོ། །སེམས་ཉིད་ཅེས་པས། དེ་ལྟ་བུའི་སེམས་ཉིད་ངོ་བོ་མེད་ཅིང་ཆོ་འཕྲུལ་ཐམས་ཅད་ཀྱི་བདག་ཉིད་དུ་བཞུགས་པ་ནི། ཡི་གེ་ཞེས་པས། སྤྱིར་བཏགས་པ་ཐ་སྙད་ལས་ཡི་གེར་བརྗོད་དེ། གཞི་ལམ་འབྲས་བུ་གསུམ་མམ། ཡི་གེ་དང་རྟོག་པ་དང་གནས་དག་པ་གསུམ་ལས། འདིར་ལམ་པས་ཉམས་སུ་བླང་བའི་དབང་དུ་སེམས་ཉིད་མཐའ་ཐམས་ཅད་དང་བྲལ་བ་དེ་བཞིན་ཉིད། དེ་ཉིད་རང་གསལ་བ་རིག་པ་མི་འགག་པ། གཉིས་སུ་མེད་པའི་སྙིང་རྗེ་ཀུན་ཏུ་སྣང་། སྐབས་འདིར་སེམས་ཉིད་རང་སྣང་བ། ཡི་གེའི་རང་བཞིན་ཏེ་ཞེས་པ། རྒྱུའི་ཏིང་ངེ་འཛིན་ཡི་གེ་ཨ་ཐུང་དུ་སྣང་བའོ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་པ་ཡི་གེ་རང་བཞིན་མེད་པ་ལས་བཏགས་པའི་ཐ་སྙད་ཡི་གེ་ཨ་ལས། ཡིད་བཞིན་ཞེས་པ། ཡིད་བཞིན་རིན་པོ་ཆེ་ལ་རྟོག་པ་མེད་ཀྱང་དགོས་འདོད་སྐོང་སྟེ། ངོ་བོ་ལ་མ་གྲུབ་ཡང་གསོལ་བ་གང་བཏབ་སྣང་བ་བཞིན་སེམས་ཉིད་གང་དུ་ཡང་མ་གྲུབ་པ་ལས་ཡི་གེ་ཨར་སྣང་། ཨ་ལས་ཡི་གེ་གང་ཡང་འགྲུབ་པ་མེད་ཀྱང་རྣལ་འབྱོར་པས་དྲན་པ་ཙམ་གྱིས། རིན་པོ་ཆེའི་དཔེས་གསུང་གི་དཀྱིལ་འཁོར་ཞེ་གཉིས་སུ་སྣང་། དེ་ལས་ལྷའི་དཀྱིལ་འཁོར་ཞེ་གཉིས་རིན་པོ་ཆེ་ལྟ་བུར་སྣང་ལ། སྤྲིན་ཞེས་པས། ཡི་གེ་ཞེ་གཉིས་ལས་སྤྲོ་བསྡུ་བྱ་བ་ནི། མཐའ་ཚད་མེད་པར་སྤྲོ་བ་དང་། ཆོས་ཉིད་ཀྱི་ངང་དུ་སྦྱོར་བ་དང་། འཕེལ་འགྲིབ་མེད་པར་བསྡུ་བ་རྣམས་གོང་དུ་སེམས་སྦྱང་པའི་སྐབས་སུ་བསྟན་པ་བཞིན་ནོ། །ད་ནི་དཀྱིལ་འཁོར་བསྒོམ་པའི་ཐབས་ནི། འོག་ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཞེས་པ་ལ་སོགས་ཏེ། ཐབས་གསུང་གི་ཕྱག་རྒྱ་ཞེ་གཉིས་ལས། ཐབས་བྱུང་ནི་སྐུ་ཕྱག་རྒྱ་ཞེ་གཉིས་སུ་སྣང་བའོ། །ཐབས་བསམ་ཡས་པ་ནི། སྐུའི་དཀྱིལ་འཁོར་ཞེ་གཉིས་སུ་སྣང་བ་དེ་ཉིད་ན། རང་བཞིན་ཡེ་ཤེས་དང་། མ་འགག་པ་ཕྱག་རྒྱ་དང་། དོན་གཉིས་མཛད་པའི་ཕྲིིན་ལས་ཀུན་སྒྱུ་མ་ལྟར་སྣང་སྟོང་དམིགས་པ་མེད་པ་སོ་སོ་ལ་དམིགས་སུ་མེད་ཀྱང་གདུལ་བྱའི་ངོར་མཛད་པ་ཐ་དད་པ་ལྟ་བུ་སྣང་བ་ནི། དམིགས་སུ་མེད་པས་བསམ་ཡས་ཞེས་བྱའོ། །ཡང་ན་ཐབས་ནི་ངོ་བོ་གང་དུ་ཡང་མ་གྲུབ་པར་རིག་པ་རང་སྣང་བ་ལ་ནི་ཐབས་ཆེན་པོ་ཞེས་བྱ་སྟེ། བསྒོམ་པའི་གནས་སྐབས་ན་རང་རིག་པ་ཉིད་ཨ་ཐུང་སྣང་བ་ནི་ཐམས་ཅད་ཀྱི་རྩ་བ་ཡིན་པས་རྩ་བའི་ཐབས་ཞེས་བྱའོ། །ཡི་གེ་དེ་ལས་འབྱུང་བ་རི་རབ་དང་བཅས་པ་དང་། བཞུགས་གནས་གཞལ་ཡས་ཁང་གདན་དང་བཅས་པར་སྣང་བ་ནི་ཕྱག་རྒྱའི་དཀྱིལ་འཁོར་བཞུགས་པའི་གཞི་ཡིན་པས། དེར་སོ་སོའི་ཡི་གེ་ལས་གནས་སུ་ཆོ་ག་རྫོགས་པས་དཀྱིལ་འཁོར་བཀོད་པ་ནི། ལྷ་རྣམས་རིག་པ་རང་སྣང་བས་སྣང་སྟོང་གི་ཕྱོགས་འཛིན་དང་བྲལ་བ་ནི་ཐབས་བསམ་ཡས་པས་བསམ་གྱིས་མི་ཁྱབ་པའི་ཐབས་ཞེས་བྱའོ། །ཐ་དད་མིན་ལ་ཐ་དད་པའི། །ཞེས་པ། ལྷ་དང་གཞལ་ཡས་ཁང་གདན་ཁྲི་དང་བཅས་པ་དང་། འབྱུང་བ་རིམ་བརྩེགས་དང་། རང་རིག་པ་ཉིད་སྣང་བས་དོན་དམ་པར་དེ་བཞིན་ཉིད་རང་རིག་པར་གཅིག་པ་ནི་ཐ་དད་མིན་ཞེས་བྱའོ། །ཐ་དད་པའི། །ཞེས་པ། ལྷ་དང་གཞལ་ཡས་ཁང་གདན་ཁྲི་དང་བཅས་པ་དང་། འབྱུང་བ་རིམ་བརྩེགས་དང་། རང་རིག་པ་ཉིད་སྣང་བས་དོན་དམ་པར་དེ་བཞིན་ཉིད་རང་རིག་པར་གཅིག་པ་ནི་ཐ་དད་མིན་ཞེས་བྱའོ། །ཐ་དད་པའི་ཞེས་པ། དམན་དོན་དུ་ཀུན་རྫོབ་ཏུ་ཡེ་ཤེས་རང་སྣང་བ་ལས་སོ་སོར་འཛིན་པ་ནི་དམན་པའི་ངོར་ཏེ། ནང་དང་ནང་གི་ཕྱི་རོལ་གྱི། །ཞེས་པ་ནང་གི་བཞུགས་པའི་ལྷ་རྣམས་སོ། །བཞུགས་གནས་ནི་འབྱུང་བ་ཕུང་པོ་རྣམ་ཤེས། གཞལ་ཡས་ཁང་སྟེ་དངོས་པོའི་ཕྱི་ནང་གཉིས་ཀྱང་བསྡུའོ། དེས་ན་གཉིས་སུ་འཛིན་པ་ཐམས་ཅད་ནི། དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ། །ཞེས་པ་དཀྱིལ་འཁོར་ནི་ལྷ་ཞེ་གཉིས་ཀྱི་ཚོགས་སོ། །དེས་ན་ཆོས་ཐམས་ཅད་ཀྱང་གཟུང་ངོ་། །བསམ་ཡས་པ་ནི་སྣོད་བཅུད་ཐམས་ཅད་རིག་པ་རང་སྣང་བའི་དབང་གིས། ཕྱི་ནང་ནང་མེད་གཙོ་བོ་དང་འཁོར་སོ་སོར་དབྱེ་བ་མ་དམིགས་པས་ཡེ་ཤེས་ཀྱི་ངང་དུ་ཕྱོགས་འཛིན་མི་མངའ་བ་ལ་ནི་བསམ་ཡས་ཞེས་བྱའོ། །སྣོད་བཅུད་དབྱེར་མེད་པ་ཉིད་ནི་རིག་པའི་ཡེ་ཤེས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་གསལ་བ་ལ་རིག་པ་རང་དབང་བསྒྱུར་བ་ལ་ནི་རོལ་ཞེས་བྱའོ། །འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག །ཅེས་པ་འཇིགས་པ་མེད་པ་ནི་རྣལ་འབྱོར་པའི་རིག་པའི་ངོ་ལ། ཁམས་གསུམ་རང་སར་དག་པ་འཁོར་བའི་འཇིག་པ་ངང་གིས་མ་གྲུབ། རང་རིག་པའི་རང་བྱུང་ཆེན་པོ་རང་སྣང་བས་ཡེ་ཤེས་རོལ་པས་ལམ་འོག་མ་བརྟགས་པ་ལ་མངོན་པར་ཞེན་པ་དང་། རྒྱུ་རྐྱེན་གཞན་དབང་ལ་རེ་བ་རྣམས་འདིར་རིག་པའི་ངང་དུ་ལྷུན་གྱིས་གྲུབ་པས་དེ་དག་ལས་འདས་པ་ཁོ་ནའི་ཕྱིར། ཀུན་བཟང་ཞེས་ཏེ། རང་བྱུང་ཡེ་ཤེས་ཀྱི་ངང་ལ་སྤྱོད་ཡུལ་ཡོངས་སུ་དག་པས་ངན་པ་མ་དམིགས་པས་བཟང་ཞེས་བྱ་བ་མ་དམིགས་ཀྱང་མཚོན་པའི་ཐ་སྙད་ཙམ་མོ། །དེ་ལ་ནི་འཁོར་བ་དང་ལམ་པའི་གཡང་ས་གཉིས་དང་བྲལ་བས་དོན་གྲུབ། བྱ་བ་བྱས། ཅི་བདེར་མནོས་ཤིག་ཅེས་པ་ལྟ་བུ་སྟེ། ཐམས་ཅད་རིག་པས་རྒྱས་ཐེབས། རིག་པའི་ངང་ལས་མི་འངའ་བས་ཕྱག་རྒྱ་དེ་ཙམ་དུ་འཛིན་པའང་མེད་པས་མཆོག་གོ། །ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་དུ་ཐམས་ཅད་ཀ་དག་པས་བླང་ངོར་མེད་པར་བསྟན་པ་ནི། གོང་དེ་ཉིད་ཡེ་ཤེས་རང་སྣང་བའོ། །ཞེས་པ་ལ་སོགས་པ་སྟེ། དེ་ཉིད་ཅེས་པ་ནི། གོང་དུ་བསྟན་པའི་རིག་པ་རང་སྣང་བའི་སྙིང་རྗེ་ཆེན་པོ་དང་། རྒྱུའི་ཏིང་ངེ་འཛིན་དང་། གཞལ་ཡས་ཁང་འོག་གཞི་དང་བཅས་པ་དང་། ནང་གི་ལྷ་གཙོ་བོ་འཁོར་དུ་བཅས་པ་ཐམས་ཅད་དེ། དེ་དག །ཡེ་ཤེས་རང་སྣང་ཞེས་པ། གདོད་མ་ནས་སེམས་ཀྱི་ཡེ་ཤེས་རང་སྣང་བའི་ཡི་གེའི་འཁོར་ལོ་དང་། མ་རྟོགས་པའི་ངོ་བོ་ཕུང་ཁམས་སྐྱེ་མཆེད་ཁམས་གསུམ་ཐམས་ཅད་སེམས་ཉིད་རང་སྣང་བའི་ཕྱིར། ཅིར་ཡང་སྣང་བའི་ངོ་བོ་ནི་མིང་ཚོགས་བཟང་ངན་མཐོ་དམན་ཁམས་གསུམ་གྱི་གཟུགས་སྣ་ཚོགས་ཏེ། དེ་དག་ཐམས་ཅད་བསྒྱུར་བྱ་སྟེ། སྒྱུར་བྱེད་ཀྱི་ཐབས་ནི་གོང་དུ་བསྟན་པའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། དཀྱིལ་འཁོར་རྫོགས་པའི་ཏིང་ངེ་འཛིན་གྱི་བར་ལ་རིག་པ་དབང་བསྒྱུར་ཏེ་རྩལ་རྫོགས་པ་ནི། རིག་པ་ཉིད་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར་རང་དབང་བསྒྱུར་ཏེ། རྟོག་པའི་ཆོས་རྣམས་ཡེ་ཤེས་སུ་གསལ་བས་མིང་གི་ཚོགས་ལྷ་དང་ཡེ་ཤེས་སུ་གསལ་བའི་རྣམ་གྲངས་དང་། ལྷ་བཞི་བཅུ་རྩ་གཉིས་མ་འགག་པ་བཞི་བཅུ་རྩ་གཉིས་གཟུགས་སུ་སྣང་བ་གསལ་བ་དང་། དེ་ཉིད་ཡིད་བཞིན་དུ་དབང་བསྒྱུར་བ་ཐུན་མོང་དང་མཆོག་གི་དངོས་གྲུབ་སྣང་བ་སྟེ། ཆོས་ཐམས་ཅད་སྤངས་པ་མེད་པར་རང་ས་ཉིད་དུ་སུ་དང་ཡེ་ཤེས་དངོས་གྲུབ་ཀྱི་ཚོགས་སུ་འགྱུར་བའོ། །དེའི་དཔེ་ནི། མུན་ལ་སྣང་འབྱུང་ཇི་བཞིན་དུ། །ཞེས་པ། དཔེར་ན་འཛམ་བུའི་གླིང་མུན་པས་འཐིབས་པའི་དུས་ཉི་མའི་དཀྱིལ་འཁོར་མཁའ་ལ་ཤར་ན། མུན་པ་ཐམས་ཅད་བྲོས་པ་ཡང་མེད། གཅིག་ཏུ་འདུས་ནས་གབ་པ་ལྟ་བུ་ཡང་མེད་པར་མུན་པ་ཉིད་སྣང་བར་འགྱུར་བ་ཇི་བཞིན་དུ། ཁམས་གསུམ་གྱི་ཆོས་མུན་པ་དང་འདྲ་བ་ལས་ཡི་གེའི་རྐྱེན་གྱིས་ཕྱི་ནང་གི་ཆོས་ཐམས་ཅད་མུན་པ་དང་འདྲ་བ་དེ། སེམས་ཉིད་སྣང་སྟོང་ལ་དབང་བསྒྱུར་བའི་རྩལ་རང་སྣང་བའི་སྟོབས་ཀྱིས་དབང་བསྒྱུར་བས་སྐུ་དང་ཡེ་ཤེས་སུ་གསལ་བའོ། །དེས་ན་མུན་པ་དངོས་པོར་མ་གྲུབ་པ་ཉིད་སྣང་བ་དངོས་པོར་མ་གྲུབ་པར་འགྱུར་བ་ཡིན་ལ། འདིར་ཕུང་པོ་ཁམས་དང་སྐྱེ་མཆེད་དངོས་པོ་ཅན་ཞིག་བསྒྱུར་བ་ཡིན་པས་དཔེ་དེས་མི་མཚོན་ཞེ་ན། གསེར་འགྱུར་ཞེས་པ། དཔེར་ན་ལྕགས་སྲང་སྟོང་ལ་གསེར་འགྱུར་གྱི་རྩི་སྲང་གང་གཏོང་ན་ལྕགས་སྲང་སྟོང་དེ་གསེར་སྲང་སྟོང་དུ་འགྱུར་བ་བཞིན། ཕུང་པོ་ཁམས་དང་སྐྱེ་མཆེད་རིགས་པ་རྣམས་རིག་པ་ལ་དབང་བསྒྱུར་བའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྐུ་དང་ཡེ་ཤེས་སུ་གསལ་བའོ། །དཔེ་དེའང་དངོས་པོར་འགྱུར་བའི་དཔེ་ཡིན་ཏེ། འདིར་སེམས་ཉིད་སྣང་སྟོང་གི་མཐའ་དང་བྲལ་བ་ལ་དབང་བསྒྱུར་བའི་སྟོབས་ཀྱིས་རིག་པ་ལ་དབང་བསྒྱུར་བ་ཡིན་པས་སྤང་བླང་མེད་པ་ལས། དཔེ་དེ་ལ་ཡང་སྤང་བླང་ཡོད་པས། ལྕགས་དངོས་པོ་ཅན་གསེར་དངོས་པོ་ཅན་ནམ་ཞེ་ན། སྨན་གྱི་ཚུལ་ཞེས་པས། དཔེར་ན་སྨན་ག་བུར་ཚ་ནད་ཅན་ལ་སྨན། གྲང་ནད་ཅན་ལ་གནོད་པ། ཕན་གནོད་གཉིས་དངོས་པོ་གཅིག་ལ་ཚང་། ག་བུར་ལ་སོ་སོར་བཙལ་གྱིས་མི་སྙེད། དཔེར་དེ་བཞིན་དུ་སེམས་ཉིད་དུ་སྣང་སྟོང་གི་མཐའ་དང་བྲལ་བ་ཅིར་ཡང་འཆར་བ་ལས། རྐྱེན་གྱིས་བསྒྱུར་བས་མ་རྟོགས་པའི་ངོ་ལ་ཁམས་གསུམ་འཁོར་བར་སྣང་། རྟོགས་ན་མྱ་ངན་ལས་འདས་པའི་སྐུ་དང་ཡེ་ཤེས་སུ་གསལ་བས་བླང་དོར་མེད་པ་སྨན་གྱི་དཔེ་དེ་ལ། གསུང་སྒྲོས་གཅིག་ལ། དཔེར་ན་བཙན་དུག་སྲོག་གཅོད་ཀྱི་ངོ་བོ་ཡིན་པ་ལ་སྨན་དང་སྔགས་ཀྱིས་བཏབས་ན་དུག་དག་ནས་འཆི་མེད་ཀྱི་སྨན་དུ་འགྱུར་བ་ལྟར། འཁོར་བའི་ཆོས་ངོ་བོ་ཉིད་ལས། སྨན་སྔགས་དང་འདྲ་བའི་ལྟ་བ་དང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རིག་པ་དབང་བསྒྱུར་ནས། འཆི་མེད་ཀྱི་སྨན་དུ་འགྱུར་བ་དང་འདྲ་བར། ཁམས་གསུམ་ཉིད་སྐུ་དང་ཡེ་ཤེས་སུ་གསལ་བའོ། །གོམས་ནས་དངོས་གྲུབ་འབྱུང་བའི་མདོར་བསྟན་པ་ནི། འོག་སྔགས་དང་ཕྱག་རྒྱ་རབ་བརྟན་ནས། །ཞེས་པ་འདི་མན་ཆད་དཀྱུས་སུ་ཏིང་ངེ་འཛིན་གོམས་ནས་ཡི་གེ་ལ་ལྷར་བསྒྱུར་བས་གོམས། དེ་ནས་དངོས་གྲུབ་རྣམས་བསྒྲུབ་པར་འབྱུང་ན། སློབ་དཔོན་པདྨའི་ཞལ་ནས། སེམས་ལས་སུ་རུང་ནས་ལྷ་བཀོད་པ་ཡང་རུང་སྟེ། གང་ལྟར་ན་ཡང་འདྲ་ཞེས་གསུངས་སོ། །དེ་ལ་སེམས་ལས་སུ་རུང་བ་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སེམས་གནས་པ་ཙམ་ལ་ཡང་མི་བྱ་སྟེ། སེམས་གང་དུ་ཡང་མ་གྲུབ་ཅིར་ཡང་རང་སྣང་བའི་ངོ་བོ་ཉིད་ཡིན་པའི་དབང་གིས། སེམས་རང་ཐོག་ཏུ་ཕེབས་པ་ཡང་ཤིན་ཏུ་དཀའ་སྟེ། ཏིང་ངེ་འཛིན་གྱི་ངོ་ལ་སྒྲོ་འདོགས་ཐ་སྙད་ཕྱོགས་འཛིན་ཐམས་ཅད་དང་བྲལ་བ་ཞིག་དགོས། དེས་ན་སེམས་ལས་སུ་རུང་བ་ཡིན། སེམས་ལས་སུ་རུང་བ་མཐར་ཕྱིན་པ་ནི་བུདྡྷ་ཡིན། དེའི་འོག་མ་རྣམས་ནི་གཅིག་ལས་མང་པོར་བྱེད་པ་དང་། མང་པོ་གཅིག་ཏུ་བསྡུ་བ་དང་། སྟོང་གསུམ་ཡུངས་འབྲུས་ཆུད་པ་དང་། ཡུངས་འབྲུས་སྟོང གསུམ་གང་བ་ལ་སོགས་པ་རྣམས་ཏེ། མཉམ་བཞག་ལ་གོམ་པ་མཐར་ཕྱིན་ཙ་དེ་རྣམས་ལས་སུ་རུང་བ་ནི་སེམས་ལས་སུ་རུང་བའོ། །སློབ་དཔོན་པདྨའི་ནི་དེ་ལ་དགོངས་པའོ། །རྣལ་འབྱོར་པས་ཐུན་རེ་ལ་ཏིང་ངེ་འཛིན་ཉམས་འོག་ཏུ་ཆུད་པ་ཙམ་ལ་ནི་ལས་སུ་རུང་ཞེས་མི་བྱ་སྟེ། འོན་ཀྱང་ལས་སུ་རུང་བའི་སྣང་བ་ཡིན། དེ་རྣམས་ནི་འཕྲོས་སོ། །གོང་མའི་ཏིང་ངེ་འཛིན་ཕྲ་མོའི་ཏིང་ངེ་འཛིན་ལྷ་གཅིག་ཡན་ལག་གི་ལྷ་དང་བཅས་པ་དང་དཀྱིལ་འཁོར་སྤྲོས་པ་དང་། སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་གྱི་བར་དུའོ། །སྔགས་ནི་གསུམ་སྟེ། རྒྱུ་མ་ནོར་བ་རྩ་བའི་སྔགས་དང་། བསྐྱེད་པ་རྐྱེན་གྱི་སྔགས་དང་། བསྐུལ་བ་ལས་ཀྱི་སྔགས་གསུམ་དགོས་པའི་སྐབས་དེ་ཉིད་དུ་མ་ནོར་ཞིང་མ་འཆུགས་པ་དང་། དེ་ལས་ཀྱང་ཕལ་ཆེར་བསྐྱེད་པ་རྐྱེན་གྱི་སྔགས་གཙོར་ཆེ་བའོ། །ཕྱག་རྒྱ་བཞི་ལས་སྐུ་ཕྱག་རྒྱ་ཆེན་པོ་སྐུ་མདོག་དང་ཕྱག་མཚན་རྒྱན་དང་ཆ་ལུགས་གསལ་བ་ཡུལ་གྱིས་མི་འཕྲོགས་པ་ནི་གསལ་བ་སྟེ་བརྟན་པ་ཞེས་བྱའོ། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་གཉིས་འོག་ཏུ་སྨོས་པ་རྣམས། ཡ་མཚན་ཆེན་པོ་ཞེས་པ། རིག་པ་ཆོས་ཉིད་སྒྱུ་མ་ལས་དངོས་གྲུབ་གཉིས་རང་སྣང་བས་ཡ་མཚན་ཆེ་ལ། སྣང་ཙམ་ཉིད་ན་རིག་པ་སྒྱུ་མར་ལྷུན་གྱིས་གྲུབ་པས་ཀྱང་ཡ་མཚན་ཆེ། དེའི་དུས་སུ་འཁྲུལ་བ་སྒྱུ་མ་དངོས་གྲུབ་སྒྱུ་མར་ལྷུན་གྱིས་གྲུབ། དངོས་གྲུབ་སྒྱུ་མ་ཡེ་ཤེས་སྒྱུ་མར་ལྷུན་གྱིས་གྲུབ་པ་ལ་ནི་ཡ་མཚན་ཞེས་བྱའོ། །དངོས་གྲུབ་རྒྱས་པར་བཤད་པ་ནི། གོང་བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། །ཞེས་པ་ལ་སོགས་པ་སྟེ། དྲུག་གི་བྱེ་བྲག་གང་དང་གང་ཡིན་པ་ལ། ནམ་མཁའ་ལ་གཞལ་ཡས་ཁང་བཀོད། གདན་ཐོག་ཏུ་ཡི་གེ་རྣམས་བཀོད། དེ་ལས་ལྷར་གསལ་སྣང་ཏིང་ངེ་འཛིན་མངོན་དུ་གྱུར་པ་དང་འོད་དུ་ཞུ་སྟེ། དུག་ཉིད་བདུད་རྩི་འགྱུར་བ་བསྒོམ་ན་འཆི་མེད་ཀྱི་སྨན་དུ་འགྱུར་བའོ། །ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་འདི་རྣམས་ལ་ཡི་གེ་བཞི་བཅུ་རྩ་གཉིས་བཀོད་པ་གསལ་བ་མཐར་ཕྱིན་པ་ལས་དངོས་གྲུབ་བསྒྱུར་ན་ཡང་འགྱུར་བར་བཤད་དེ། གོང་དུ། ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཞེས་པ་དང་། མིང་ཚིག་གཟུགས་ཚོགས་ཡིད་བཞིན་གྱི ། །ཞེས་པས་སྐུ་ཕྱག་རྒྱ་ཆེན་པོ་ལས་བསྒྱུར་བར་གསལ་ལོ། །དཀྱིལ་འཁོར་བཀོད་པའི་རིམ་པ་རྣམས་ནི་གོང་དུ་བཤད་པ་དེ་བཞིན་དུ་ཀུན་གྱི་ཐོག་མར་ཤེས་པར་བྱ་སྟེ་འགྲེའོ། །འབྱུང་བ་དང་ཞེས་པ། དཀྱིལ་འཁོར་རྣལ་འབྱོར་པའི་ལུས་ལ་བསྒོམས་ནས་དེ་ཉིད་དུ་འོད་དུ་ཞུ་སྟེ། ཚ་ནད་ལ་བསིལ་དུ་བསྒྱུར་བ་དང་། གྲང་ནད་ལ་དྲོད་དུ་བསྒྱུར་བ་སོགས་ཏེ། ནད་གང་དང་གང་ལ་ཕན་པའི་སྨན་དུ་བསྒྱུར་ནས་ནད་པ་ལ་བསྟིམ་པ་ལ་ནད་སོ་སོའི་གཉེན་པོའི་སྨན་དུ་འགྱུར་བས་འབྱུང་བ་དང་ཞེས་བྱའོ། །ཡང་འབྱུང་བ་ནི། འཆི་བའི་རོ་ལྟ་བུའི་སྟེང་གི་ནམ་མཁའ་ལ་དཀྱིལ་འཁོར་སྔར་བཞིན་བསྒོམས་ནས་ཤི་བའི་རྣམ་ཤེས་ཀྱང་ཡང་ཡང་བཀུག་སྟེ་དཀྱིལ་འཁོར་ལ་བསྟིམ། དཀྱིལ་འཁོར་འོད་དུ་ཞུ་སྟེ་རོ་ལ་བསྟིམས་ན་སོས་པར་འགྱུར་བ་དང་། བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ཞེས་པ། ནད་བཞིའི་བྱེ་བྲག་གང་དང་གང་ཡིན་པ་ལ། རྣལ་འབྱོར་པས་ཏིང་ངེ་འཛིན་གྱི་ལྷའི་དཀྱིལ་འཁོར་བསྒོམས་ནས་འོད་དུ་ཞུ་སྟེ་ནད་གང་ཡིན་པ་དེའི་གཉེན་པོར་གྱུར་བ་བསྒོམ་ན་སོས་པ་དང་། ཡང་ནད་པའི་ཁོང་དུ་དཀྱིལ་འཁོར་བསྒོམས་ཏེ་གསལ་བརྟན་གྱི་དུས་སུ་འོད་དུ་ཞུ་སྟེ། ནད་གང་ཡིན་པའི་གཉེན་པོའི་སྨན་དུ་གྱུར་ཏེ་ཐིམ་པར་བསྒོམས་ན་ནད་གང་ཡིན་པ་སེལ་བའོ། །ལོངས་སྤྱོད་འབྱུང་ཞིང་ཞེས་པ། ནམ་མཁའ་ལ་དཀྱིལ་འཁོར་བསྒོམ་བརྟན་པ་དང་འོད་དུ་ཞུ་སྟེ། གཟུགས་སྒྲ་ལ་སོགས་པ་ལྔར་བསྒོམས་ན་དེ་བཞིན་དུ་འབྱུང་བ་དང་། གཞན་ཡང་བཟའ་བ་དང་བཏུང་བ་དང་བགོ་བ་ལ་སོགས་ཏེ་འདོད་པ་ཐམས་ཅད་དུ་བསྒོམ་ན་དེ་བཞིན་དུ་འབྱུང་བའོ། །ངན་སོང་སྦྱོང་ཞེས་པ། དམྱལ་བའི་གནས་སུ་སྒྱུ་འཕྲུལ་གྱི་དཀྱིལ་འཁོར་བསྒོམ་སྟེ། དྲོད་ཚད་དང་ལྡན་ནས་འོད་དུ་ཞུ་སྟེ་ཚ་བའི་སྡུག་བསྔལ་ཞི་བར་བསྒོམ་ན་ཚ་དམྱལ་ཞི་བ་དང་། གྲང་བའི་སྡུག་བསྔལ་ཞི་བར་བསྒོམ་ན་གྲང་དམྱལ་ཞི་བར་འགྱུར་ཏེ། ལམ་པ་ཡིན་པས་བུདྡྷའི་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་དུ་མ་གྱུར་བའི་དབང་གིས། གཉིས་ཀ་དུས་གཅིག་མི་འགྲུབ་སྟེ་རེ་རེ་བཞིན་དུ་བསྒོམ་དགོས་སོ། །དཀྱིལ་འཁོར་བསྒོམས་ནས་འོད་དུ་ཞུ་སྟེ། ཡི་དྭགས་ཀྱི་བཀྲེས་སྐོམ་ཞི་བར་བསྒོམས་ནས་བསྟིམས་ན་དེ་བཞིན་དུ་འགྱུར་རོ། །བྱོལ་སོང་གི་གནས་སུ་དཀྱིལ་འཁོར་བསྒོམས་ཏེ་འོད་དུ་བཞུས་ནས་བསྟིམ་ཏེ། བླུན་རྨུགས་ལ་སོགས་པའི་སྡུག་བསྔལ་ཞི་བར་བསྒོམས་ན་དེ་དག་འདིར་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བྱིན་བརླབས་ཡིན་པའི་དབང་གིས་སྡུག་བསྔལ་ཞི་ནས་མཐོ་རིས་སུ་སྐྱེ་བ་མཚུངས་སོ། །ཅི་ཡང་གཞན་དུ་འགྱུར་བ་འགྲུབ། །ཅེས་པ་ཅི་ཡང་ནི་དངོས་པོ་ཐམས་ཅད་དོ། །གཞན་དུ་འགྱུར་བ་ནི་ཆུ་ལས་མེར་གྱུར། མེ་ལས་ཆུར་གྱུར་པ་ལྟ་བུ། དངོས་པོ་དེ་ཉིད་ལས་དེ་མ་ཡིན་པ་གཞན་དུ་འགྱུར་བ་སྟེ། སྒྱུ་འཕྲུལ་གྱི་དཀྱིལ་འཁོར་བསྒོམས་ནས་འོད་དུ་ཞུ་ཆུ་ལ་བསྟིམས་ནས་མེར་གྱུར་པར་བསྒོམས་ན་མེར་གྱུར་པ་གཞན་གྱིས་མཐོང་བ་དང་། གོང་འོག་གི་དངོས་གྲུབ་ཐམས་ཅད་ཀྱང་གཞན་སྣང་ཁོ་ན་ཡིན་ནོ། །དེ་ལ་སོགས་ཏེ་སྒྱུ་འཕྲུལ་གྱི་དཀྱིལ་འཁོར་བསྒོམས་ནས་བསྟིམ་པ་ནི་མཐུན་པ་ལས། ས་ལས་ཆུར་འགྱུར་བ་དང་། མེར་འགྱུར་བ་ལ་སོགས་པ་རྣམས་ཏེ། དཔེར་ན་ཐང་ཤིང་གི་ནགས་ཚལ་རིན་པོ་ཆེའི་ནགས་ཚལ་དུ་འགྱུར་བ་དང་། གཞན་ཡང་སོལ་བ་ལས་ལྗོན་ཤིང་། བྱེ་མ་ལས་གསེར་ལ་སོགས་པ་ཐམས་ཅད་བཟུང་སྟེ་དེ་དག་འགྲུབ་བོ། །ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་། །ཞེས་པ་ནམ་མཁའ་ལ་སྒྱུ་འཕྲུལ་གྱི་དཀྱིལ་འཁོར་བསྒོམ། དྲོད་ཚད་དུ་ཕྱིན་ནས་འོད་དུ་ཞུ། རྡོ་རྗེའི་བྲག་གིས་ནམ་མཁའ་གཏམས་པར་བསྒོམས་ན། བྱ་ཡང་མི་ཐར་རླུང་ཡང་མི་རྒྱུ་བར་འགྱུར་རོ། །ཡང་དཀྱིལ་འཁོར་འོད་དུ་ཞུ་སྟེ་རྡོ་རྗེའི་བྲལ་ཏུ་བསྒོམ་ན། གང་ལ་བྱ་བ་ཐམས་ཅད་རྡུལ་དུ་བརླག་པར་འགྱུར་བའོ། །འབར་ནས་མེ་ཡང་འཚིག་པ་དང་། །ཞེས་པ་ནམ་མཁའ་ལ་སྒྱུ་འཕྲུལ་གྱི་དཀྱིལ་འཁོར་བསྒོམ། འོད་དུ་ཞུ་སྟེ་ནམ་མཁའ་མེས་གང་བར་བསྒོམ་ན། ནམ་མཁའི་ཁམས་ན་ཅི་གནས་པ་ཐམས་ཅད་མེ་འབར་ནས་འཚིག་པ་དང་། ཡེ་ཤེས་ཀྱི་མེས་ཐ་མལ་པའི་མེ་ཡང་འཚིག་སྟེ་མི་གནས་པའོ། །ཆུ་འགྱུར་འབབ་པའང་དེ་བཞིན་ཏེ། །ཞེས་པ་ནམ་མཁའ་ལ་སྒྱུ་འཕྲུལ་བསྒོམས་ཏེ་འོད་དུ་ཞུ་སྟེ་ཆུར་གྱུར་བར་བསྒོམས་ན། ནམ་མཁའ་ཆུས་གང་སྟེ་འབབ་པ་དང་། སེར་བ་དང་ཆར་པ་ལ་སོགས་པ་འོང་བ་དང་། དེ་བཞིན་ཏེ་ཞེས་པས། མེས་མེ་འཚིག་པ་བཞིན་དུ་ཡེ་ཤེས་ཀྱི་ཆུས་ཐ་མལ་པའི་ཆུ་ཡང་ཁྱེར་བའོ། །འཇིག་རྟེན་ཁམས་ནི་འཐོར་བ་དང་། །ཞེས་པ་སྒྱུ་འཕྲུལ་འདོ་དུ་ཞུ་སྟེ་རླུང་གི་དཀྱིལ་འཁོར་དུ་བསྒོམས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱེར་ཏེ་འཐོར་བར་བསྒོམས་ན། འུར་མེར་ཐོར་ཞིག་ཏུ་རས་བལ་རླུང་གིས་གཏོར་བ་བཞིན་དུ་གཏོར་བ་དང་། ཐམས་ཅད་སྟོང་ཞིང་ཞེས་པ། སྒྱུ་འཕྲུལ་གྱི་དཀྱིལ་འཁོར་བསྒོམས་ཏེ་འོད་དུ་ཞུ་ནས་སྟོང་པ་ཁོ་ནར་བསྒོམས་ཏེ། སྟོང་པ་ཕྱང་ཆད་པ་བྱས་ན་ཐམས་ཅད་སྟོང་པ་ཉིད་དུ་འགྱུར་བ་དང་། ལྟུང་བ་དང་ཞེས་པ། སྟོང་པའི་ངང་ལས་བྱ་ལ་ཡང་འཕུར་རྩལ་མེད་ནས་ལྟུང་བར་འགྱུར་ཏེ། ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོར་འགྱུར་བ་དང་། དགུག་དང་ཞེས་པ། སྒྱུ་འཕྲུལ་གྱི་དཀྱིལ་འཁོར་བསྒོམས་ཏེ་འོད་དུ་ཞུ་ནས་བུདྡྷའི་ཡེ་ཤེས་འགུགས་པར་བསྒོམས་ན་དེར་འགྱུར་བ་དང་། ལ་བཟླ་བའི་ཚིག་གིས། རྡོ་རྗེ་སེམས་དཔའ་འགུགས་འགྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པས། འཇིག་རྟེན་པའི་བསྒྲུབ་བྱ་གང་དང་གང་དགུག་པར་འདོད་ན་ཡང་། འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་གྱིས་འགུགས་པར་བསྒོམས་ན་དེ་བཞིན་དུ་འགུགས་པར་འགྱུར་རོ། །བཏང་དང་ཞེས་པ། སྒྱུ་འཕྲུལ་གྱི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་གཞན་དུ་འཕང་བར་བསྒོམས་ནས། བསྐྲད་པའི་ལས་སྐད་ཅིག་གིས་གཞན་དུ་འཕོ་བར་འགྱུར་བ་དང་། བཅིང་དང་ཞེས་པ། སྒྱུ་འཕྲུལ་གྱི་འོད་ཟེར་གྱིས་འགྲོ་བ་གང་བཅིངས་ཏེ་གཡོ་འགུལ་མེད་པར་བསྒོམས་ན་འགུལ་མི་ཤེས་པར་འགྱུར་རོ། །དགྲོལ་ཅེས་པ། འགྲོ་བ་གཞན་མི་མ་ཡིན་དང་འབྱུང་བའི་རྐྱེན་གྱིས་གཡོ་འགུལ་མི་ཤེས་པ་ལ། སྒྱུ་འཕྲུལ་གྱི་འོད་ཀྱིས་རེག་ན་སྔ་མ་ཁོ་ན་བཞིན་དུ་འགྱུར་བའོ། །གསོ་དང་ཞེས་པ། ཐམས་ཅད་སེམས་ཀྱི་སྣང་བ་ཡིན་པས་རིག་པ་རྩ་འབྱོངས་ན་ཐག་ཉེ་རིང་ནི་མེད་དེ་ཤི་བ་གསོ་བ་གོང་དུ་བསྟན་པ་བཞིན་ནོ། །བསད་པ་ནི་དྲག་པོའི་ལས་ཏེ། སྒྱུ་འཕྲུལ་གྱི་འོད་ཀྱིས་དངོས་པོ་གང་ལ་རེག་ན་ལུས་སེམས་ཚར་གཅོད་པར་བསྒོམས་ན་དེ་བཞིན་དུ་འགྱུར་རོ། །འཕམ་དང་ཞེས་པ། བདག་ལས་གཞན་པའི་མི་མཐུན་པའི་ཕྱོགས་རྣམས་ཕམ་པར་འདོད་ན། སྒྱུ་འཕྲུལ་གྱི་འོད་ཟེར་གྱིས་དམག་དཔུང་ལ་སོགས་པར་རེག་ནས་འོད་ཀྱི་ནུས་པས་ཕ་རོལ་གྱི་ནུས་པ་ཉམས་པར་བསྒོམས་ན་དམག་ཕམ་པར་འགྱུར་བ་དང་། རྒྱལ་ཞེས་པས། རང་ཕྱོགས་ཀྱི་དམག་ལ་སོགས་པ་རྒྱལ་བར་འདོད་ན། སྒྱུ་འཕྲུལ་འོད་དུ་བཞུས་པའི་འོད་ཀྱིས་དམག་ལ་སོགས་པའི་ནུས་མཐུ་འཕེལ་བར་བསྒོམ་ན་དེ་བཞིན་དུའགྱུར་ཏེ། འདི་དག་དངོས་སུ་ནུས་པའི་སྐྱེས་བུ་དེས། སློབ་དཔོན་པདྨའི་དགོངས་པ་བཞིན་རིག་པ་ལ་དབང་བསྒྱུར་ཅིར་ཡང་འཆར་བའི་དབང་གིས་དཀྱིལ་འཁོར་ལ་མ་བརྟེན་པར་རིག་པའི་ངང་ལ་དེ་རྣམས་འགྲུབ་པའང་སྦྱར་རོ། །འོན་ཀྱང་གོང་དུ་ཡི་གེའི་འཁོར་ལོ་བྱུང་། ཡི་གེ་ལ་སེམས་སྦྱང་བ་བརྟན། སེམས་བཏུལ་བའི་ཐབས་སུ་མཉམ་བཞག་བཤད་ནས། ཐབས་ལས་ཐབས་བྱུང་ཐབས་བསམ་ཡས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་བརྟན་པར་བྱས་ནས། དེའི་ཡོན་ཏན་རང་སྣང་བ་སྐབས་སུ་ཐུན་མོང་གི་དངོས་གྲུབ་བོ། །དེས་ན། ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་པ་སྨོས་ཏེ། གོང་དུ་འགྲུབ་པའི་རྒྱུ་བསྟན་པ་བཞིན་དུ་ཚོགས་པ་དེས་ཏིང་ངེ་འཛིན་གྱི་རིམ་པ་རྣམས་མཐར་ཕྱིན་ཏེ། བསམ་གྱིས་མི་ཁྱབ་པའི་ཐབས་ནི་དངོས་པོ་མཚོན་པ་འདི་ཞེས་བྱ་སྟེ། དེ་ལས་དངོས་གྲུབ་བཤད་པ་རྣམས་ཤར་བས་བྱེད་པར་འགྱུར་ཞེས་བྱའོ། །མཆོག་གི་དངོས་གྲུབ་ཀྱི་མདོར་བསྟན་ནི། གོང་སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །ཞེས་པ་ལ་སོགས་པ་སྟེ། སྒྱུ་འཕྲུལ་ནི་མ་འགགས་པར་སྣང་བ་ཐབས་ཏེ། བཞི་བཅུ་གཉིས་ཞེས་པ། ཕུང་པོ་དང་འབྱུང་བ་ལ་སོགས་པ་བཞི་བཅུ་རྩ་གཉིས་སུ་ཁམས་གསུམ་གྱི་ཆོས་ཐམས་ཅད་མ་འདུས་པ་མེད་པ་ལ། དཀྱིལ་ནི་ཕུང་པོ་ལྔ་དང་འབྱུང་བ་ལྔ། འཁོར་ནི་དེའི་སྟོབས་ཀྱིས་ཡན་ལག་སྣང་བའི་སྐྱེ་མཆེད་རྣམས་སོ། །དེ་ཉིད་ལམ་པས་བཤད་པ་བཞིན་ལྟ་བ་རྟོགས། ཏིང་ངེ་འཛིན་མཉམ་བཞག་སྟོང་པ་ཆེན་པོའི་རྣལ་འབྱོར་གོམས། གཉིས་སུ་མེད་པའི་ཐུགས་རྗེ་སྙིང་རྗེ་ཆེན་པོའི་རྣལ་འབྱོར་གོམས། རྒྱུའི་ཡི་གེ་ཨ་ལ་སེམས་སྦྱང་བ་དང་ཡིག་འབྲུ་གཞན་ལ་སེམས་སྦྱང་བ་རྣམས་ཀྱང་བཤད་པ་བཞིན་རྫོགས། རྒྱུའི་རྩ་ལས་སྣང་བའི་འོག་གཞི་དང་བཞུགས་གནས་གདན་དང་བཅས་པ་རྫོགས། དེར་ཡི་གེའི་ཕྲེང་བ་བཀོད་ནས་ལྷའི་དཀྱིལ་འཁོར་རིག་པའི་ངང་ལ་སྣང་སྟོང་དབྱེར་མེད་པ་ལ་ནི། རྟེན་དང་བརྟེན་པར་བཅས་པ་རྣམས་མ་གྲུབ་བཞིན་རང་སྣང་བ་ལ་ནི་སྒྱུ་འཕྲུལ་ཞེས་བྱ་ལ། འཁྲུལ་པའི་དུས་ཀྱི་སྣང་བ་དཀྱིལ་འཁོར་དུ་རྫོགས་པའི་ཕྱིར། སྤངས་པ་མེད་པར་རིགས་ལྔ་ཡབ་ཡུམ་དུ་སྣང་བ་ནི་དཀྱིལ། ཕུང་པོ་དང་འབྱུང་བ་སྤངས་པ་མེད་པར་སེམས་དཔའ་དང་སེམས་མར་གསལ་བ་ནི་འཁོར་ཏེ། རྟོག་པ་བཞི་བཅུ་རྩ་གཉིས་ལྷ་བཞི་ཅུ་རྩ་གཉིས་སུ་དག་པ་དེ། རྣལ་འབྱོར་པས་བསྒོམ་བྱ་བསྒོམ་བྱེད་དུ་ཡོད་པ་ནི་ལམ་པའི་སྤྱོད་ཡུལ་ལོ། །ལམ་དམའ་བའི་དུས་སུ་ལྷའི་དཀྱིལ་འཁོར་རིག་པར་གསལ་བ་ཡང་རིག་པ་གསལ་འཛིན་པ་དང་བཅས་པས། སྣང་བྱ་སྣང་བྱེད་དམ་གསལ་བྱ་གསལ་བྱེད་ཀྱི་འདུ་ཤེས་ཡོད། ལྷའི་སྐུ་མེ་མར་གྱི་མེ་ལྟ་བུ་ལ། རིག་པ་མེ་མར་གྱི་འོད་ལྟ་བུ་འཛིན། ལམ་པའི་དགོངས་པ་དེ་བས་ཀྱང་སྐྱེད་དུ་གྱུར་ནས་མཐོ་བའི་དུས་སུ་ལྷའི་སྐུ་ལ་གསལ་འཛིན་ཤས་ཆུང་བས་མཉམ་ཉིད་རིག་པའང་དེ་ལྟར་གྱུར་པའི་དབང་གིས་གཉིས་ཀ་གསལ་འཛིན་ཆུང་བས་དེ་ཉིད་རྣལ་འབྱོར་པའི་རིག་པར་ལྷུན་གྱིས་གྲུབ་པས་མཉམ་པ་ཉིད་དུ་གསལ་ལོ། །དེའི་དུས་སུ་རྣལ་འབྱོར་པ་ལ་ཡུལ་གྱི་སྣང་བ་འགག་སྟེ་ལྷའི་སྣང་བར་ལྷུན་གྱིས་གྲུབ། ཡུལ་ཆེད་དུ་བལྟས་ཀྱང་ལྷར་སྣང་བ་ཁོ་ནའོ། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པས། །ཞེས་པ་ལམ་མཐར་ཕྱིན་པའི་སྐད་ཅིག་མ་གཅིག་ལ་རང་རིག་པ་དངོས་པོ་ཐམས་ཅད་དང་བྲལ་བ་བསམ་པའི་ཡུལ་ལས་འདས་བརྗོད་པའི་ཡུལ་ལས་འདས་པ་ཉིད་གཞི་མ་རྟོགས་པའི་དུས་སུ་འཁོར་བའི་ཆོས་མཐར་ཐུག་པ་མེད་པ་ལ། ཁྱབ་བྱ་ཁྱབ་བྱེད་མེད་པའི་ཚུལ་དུ་དབྱེར་མེད་པ་ལ། གོང་དུ་གཉིས་སུ་མེད་པའི་ཐུགས་རྗེ་ཆེན་པོ་ཞེས་སྨོས་པ་དེ་ཉིད་དོ། །ལམ་གྱི་དུས་སུ་དེ་རྟོགས་པ་ལྟ་བའི་ངོ་བོ་ཡིན་པ་ལ། ལམ་པ་གཟུང་འཛིན་གྱིས་སྒྲིབ་པ་ཆུའི་རྙོག་མ་དང་འདྲ་བར་དངོས་པོ་མེད་པ་ཆོས་ཐམས་ཅད་ལ་ཁྱབ་པ་ཉིད་ཤེས་བྱའི་ངོ་བོ་ཙམ་དུ་དམིགས་ལ་རང་རིག་གསལ་འཛིན་དང་བཅས་པས་ལྟ་བར་བཟུང་སྟེ་དངོས་མེད་རང་གསལ་དུ་འཛིན་པ་དང་། རྟོགས་སྙམ་གྱི་འདུ་ཤེས་རྣམས་ནི་སྒྲིབ་པ་ལྟ་བུའོ། །ལྟ་བ་སྟོབས་སུ་གྱུར་ནས་སྒྲོ་འདོགས་ཇེ་ཆོད་ཇེ་ཆོད་འབྲས་བུ་ལ་ཉེ་བ་སྟེ། འདིར་དྲྭ་བ་ནི་འབྲེལ་བ་དང་། ཁྱབ་པ་དང་། ཤོང་པའི་དོན་གྱིས་རིག་པ་མཐའ་ཐམས་ཅད་དང་བྲལ་བ་ཉིད་རྟོགས་པ་མཐར་ཕྱིན་ཙ་ཁམས་གསུམ་གྱི་དེ་ཁོ་ན་ཉིད་མངོན་དུ་གྱུར་པས། རིག་པ་མཐའ་དང་བྲལ་བའི་ངོ་བོ་རྣལ་འབྱོར་གྱུར་པ་ནི་ཚིག་གི་ཐ་སྙད་དུ་ལྷག་པའི་ཆོས་སྐུ་ཞེས་ཀྱང་བརྗོད་དོ། །དེ་སྣང་བའི་ཁམས་གསུམ་གྱི་རྫོགས་པ་ཐམས་ཅད་སྤངས་པ་མེད་པ་རང་སྣང་བ་མི་འགག་པ་སྐུར་རྫོགས་ལ། མ་དམིགས་པ་ཡེ་ཤེས་སུ་རྫོགས་ཏེ། དེའི་དུས་སུ་དྲྭ་བའི་ངོ་བོ་ཤེས་རབ་ཀྱི་བདག་ཉིད་གཉིས་སུ་མེད་པའི་ཐུགས་རྗེ་མངོན་དུ་གྱུར་པའི་དུས་སུ་གཞིའི་ལྟ་བ་མངོན་དུ་གྱུར་པ་ལ་ནི་མཐར་ཕྱིན་པའི་དྲྭ་བས་མཚོན་པའི་ཡང་དག་པའི་ཆོས་སྐུ་སྟེ། དེའི་དུས་སུ་ཁམས་གསུམ་གྱི་ཆོས་རྡུལ་ཕྲ་རབ་ཙམ་ཡང་མ་དམིགས་པ་ནི། སྒྱུ་འཕྲུལ་དྲྭ་བ་མ་དམིགས་པའི་དོན་མཐར་ཕྱིན་པ་སྟེ། ཁམས་གསུམ་རང་ས་སྒྱུ་འཕྲུལ་དྲྭ་བར་དབྱེར་མེད་པའི་བར་སྣང་བའི་དཀྱིལ་འཁོར་དུ་རང་རིག་པའི་མངོན་སུམ་དུ་སྐུ་དང་ཡེ་ཤེས་སུ་རྫོགས་པའི་དུས་སུ། ཁམས་གསུམ་སྣང་སྟོང་དབྱེར་མེད་པ་ལྷའི་དཀྱིལ་འཁོར་དུ་རང་རིག་པའི་ངང་དུ་གསལ་བ་ལ་ཡུལ་དང་ཡུལ་ཅན་མེད། བལྟ་བྱ་དང་ལྟ་བྱེད་མེད། འབྲས་བུ་མཐར་ཕྱིན་པར་ལྟ་བ་དང་། འཁོར་བ་ལས་འདས་པར་ལྟ་བའི་འདུ་ཤེས་བྲལ་བ་ལ་སྐུ་དང་ཡེ་ཤེས་སུ་རྫོགས་པ་ནི། མ་ཧཱ་ཡོ་ག་རང་གཞུང་གི་འབྲས་བུའི་ཐ་སྙད་ཡི་གེ་འཁོར་ལོ་ཚོགས་ཆེན་ཞེས་བྱ་སྟེ་འབྲས་བུ་མཐར་ཕྱིན་པ་ཁོ་ནའོ། །དེའི་ངང་ལས། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་པ་འདི་སྟེ། ཕྱོགས་བཅུ་དུས་བཞིའི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་རྫོགས་པའི་དགོངས་པ་ལས་མེ་ལོང་གཡའ་དག་ནས་གཟུགས་བརྙན་འཆར་བ་དང་འདྲ་བར་གདུལ་བྱའི་ངོ་ལ་སྣང་བའི་གཟུགས་སྐུ་གཉིས། ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་འགྲོ་དོན་ལ་གཤེགས་ཤིང་ཚོགས་གཉིས་རྫོགས་པའོ། དཀྱིལ་འཁོར་ཐམས་ཅད་ཅེས་པ། རྒྱུ་འབྲས་དང་གསང་སྔགས་ཕྱི་ནང་གི་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར་ཞེས་པས། ཐོག་མཐའ་མེད་པའི་རྟོག་པ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བར་འགྱུར་རོ། །འབྲས་བུ་མཐར་ཕྱིན་པའི་སངས་རྒྱས་ཐམས་ཅད་དང་། སྐུ་དབྱེར་མེད། གསུང་དབྱེར་མེད། ཐུགས་དབྱེར་མེད། ཅེས་པར་འགྲུབ་པར་བསྟན། མཆོག་འགྲུབ་པའི་འབྲས་བུ་རང་གི་ངོ་བོ་ནི། འོག་དུས་གསུམ་རྒྱལ་བས་ཐུགས་ཆུད་པའི། །ཞེས་པ་དུས་གསུམ་རྒྱལ་བ་ནི་གདུལ་བྱའི་ངོ་ལ་སྣང་བའི་བུདྡྷ་ཐམས་ཅད་དོ། །དེའི་ཐུགས་སུ་ཆུད་པའི་ངོ་བོ་ནི། གོང་དུ་བཤད་པ་ལྟར་ཁམས་གསུམ་གྱི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བ་ནི། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་སུ་ཆུད་པའམ། ངོ་བོ་ཉིད་དེ་ཁོ་ན་ཉིད་གྲུབ་པ་ལ་ཞེས་བྱ་སྟེ། ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བ་དངོས་སུ། དེ་ཉིད་དངོས་གྲུབ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བས་ན་མཆོག་གོ། །སྙིང་པོ་ནི་མཐར་ཕྱིན་པའི་ཡིན་པ་དང་། ཐམས་ཅད་ཁྱབ་པའི་དོན་གྱིས་སྙིང་པོའོ། །འོ་ན་རང་དོན་གྲུབ་ནས་གཞན་དོན་མི་སྣང་ངམ་ཞེ་ན། ནིའི་སྒྲས་འགག་པ་མེད་པར་འཆར་བ་མཚོན་ཏེ། སྙིང་པོ་ནི་ཞེས་པའི་སྒྲས་གཞན་དོན་འབྱུང་བའི་རྩ་བ་སྟེ། སྐུ་རིགས་རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་དང་། གཞན་དོན་གྱི་དགོས་པ་སྐོང་བའི་ཡོན་ཏན་ཐམས་ཅད་རང་འཆར་བ་རྒྱུན་ཆད་མེད་པ་ནི། ཟད་པ་མེད་པ་དཔེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲའོ། །གདུལ་བྱ་དབང་པོ་རབ་འབྲིང་གི་དགོས་པ་སྐོང་བ་ཐམས་ཅད་མ་ཚང་བ་མེད་པ་ཡོད་པ་ནི་རྒྱལ་པོའི་མཛད་ལྟ་བུའོ། །ཡོན་ཏན་དེ་དག་དང་འཕེལ་འགྲིབ་མེད་པར་འབྱུང་བ་སྟེ་ཞེས་པས། ཡོན་ཏན་གྱི་ཚོགས་ཇི་ལྟར་འཆར་ཡང་བུདྡྷའི་དགོངས་པ་ལ་འགྲིབ་པའམ་ཆུང་བའམ་ཉུང་བར་སོང་བ་མེད་པ། ཡེ་མི་འཆར་ན་ཡང་འཕེལ་བའི་ཆེ་བར་སོང་བ་མེད་དེ། འཕེལ་འགྲིབ་དང་། རྒྱུ་འབྲས་དང་། སྤྲོ་བསྡུ་མི་མངའ་བའི་ངང་ལ་གདུལ་བྱའི་བྱ་བ་ལྷུན་གྱིས་གྲུབ་པ་ནི་འབྱུང་བ་སྟེ། དོན་ལ་ངོ་བོ་དང་ཡོན་ཏན་གྱི་རྩལ་ཐམས་ཅད་གང་དུ་ཡང་མ་གྲུབ་ལ་ཅིར་ཡང་རང་སྣང་བའོ། །དངོས་པོ་མེད་ལས་དངོས་པོའི་སྤྲིན། །ཞེས་པ་ཆོས་ཉིད་དང་ཡི་གེར་རང་སྣང་བ་སེམས་ཉིད་ལས་མི་གཞན་པའི་དངོས་པོ་མེད་པ་ལས་སྐུ་ཕྱག་རྒྱ་དང་། བྱིན་རླབས་ཐུན་མོང་གི་དངོས་གྲུབ་དང་། གཞན་དོན་གྱི་སྣང་བ་ཐམས་ཅད་དངོས་པོ་ལྟར་སྣང་ལ། དེ་ཡང་སྤྲིན་ནི་འཐིབས་པ་དང་། བུད་ཆེ་བ་དང་། རྒྱུན་ཆད་མེད་པ་དང་། ཡོན་ཏན་འབྱུང་བའི་དཔེའོ། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །ཞེས་པ་དངོས་གྲུབ་གསུམ་གདུལ་བྱའི་སྣང་བ་མཐོ་དམན་གྱི་བྱེ་བྲག་སྣ་ཚོགས་པ། གདུལ་བྱའི་བློའི་རྣམ་པ་དང་མཐུན་པར་འབྱུང་ཞིང་། གདུལ་བྱའི་བློའི་རྟོག་པ་ཐ་དད་དང་མཐུན་པར་འགྱུར་བའོ། །ཞེས་བརྗོད་པས་ཞེས་པ། སྟོན་པ་ཀུན་ཏུ་བཟང་པོས་གོ་ཕྱེ་བའི་འཁོར་གྱི་ཆེད་དུའོ། །དེ་བཞིན་གཤེགས་པ་ཉིད་གཟིགས་མོས་མཉེས་པར་གྱུར་ཏོ་ཞེས་པ། དེ་བཞིན་གཤེགས་པ་ནི་ཕུན་སུམ་ཚོགས་པའི་བུདྡྷ་རྣམས་སོ། །སྒྱུ་འཕྲུལ་བསྒྲུབ་པའི་ཏིང་ངེ་འཛིན་གྱི་མཐུ་ལས། ཡོན་ཏན་གོང་དུ་བཤད་པ་སྣ་ཚོགས་སུ་སྣང་བ་རྣམས་སེམས་ཉིད་དུ་མ་བལྟས་པར་གསལ་བ་ནི་གཟིགས་མོ་ཞེས་བྱ་སྟེ། དེར་ནི་འབུལ་བྱ་དབུལ་བྱེད་མེད་པར་གཟིགས་མོས་མཉེས་པ་ནི་མཆོད་པའི་ཚོགས་ཏེ། འདིར་བསྒྲུབ་པ་ཙམ་དུ་མ་ཟད། གཞན་ཡང་ཆོས་ཐམས་ཅད་ཀྱང་རིག་པར་ལྷུན་གྱིས་གྲུབ་པར་མཉེས་པའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། བསྐྱེད་རིམ་གྱི་ཡི་གེའི་རྣལ་འབྱོར་དང་ལྷའི་ཏིང་ངེ་འཛིན་གཉིས་ཀྱི་སྒོ་ནས་ཐབས་དང་ཤེས་རབ་དབྱེར་མེད་པའི་ཏིང་ངེ་འཛིན་གྱི་མཐུ་ལས་དངོས་གྲུབ་ཡོན་ཏན་དང་བཅས་པ་མ་ལུས་པ་འབྱུང་བ་སྟེ། ལེའུ་ལྔ་པའི་བཤད་པའོ།། ༈ །།ད་ནི་ལེའུ་དྲུག་པ་ལ་འཇུག་སྟེ། གཞི་ལམ་འབྲས་བུ་གསུམ་ལས་ན་ལམ་གྱི་རྒྱུད། སྟོད་རང་བཞིན་གྱི་དཀྱིལ་འཁོར། སྨད་རང་བཞིན་ལྷུན་གྱིས་གྲུབ་པ་འབྲས་བུ་ངོ་བོ། རྒྱུད་ཀྱི་དངོས་པོ་བཅུ་ལས་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར། དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་དུ་བྱས་ཀྱང་དེ་ཉིད་དོ། །དེ་ཡང་ལེའུའི་མཚམས་ཐག་སྦྲེལ་ན། ལེའུ་དང་པོ་གཉིས་པ་གསུམ་པ་གོང་དུ་བསྟན་པ་བཞིན་ནོ། །བཞི་པ་ཡི་གེ་འཕྲེང་བའི་འཁོར་ལོ་བྱུང་བ་ནི། གསུམ་པར་ཆོས་གཏན་ལ་དབབ་པའི་སྐབས་སུ། རྣམ་གྲངས་བརྒྱད་ཁྲི་བཞི་སྟོང་རྣམས། །ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །གསང་སྔགས་སུ་གཏན་ལ་ཕེབས། དེ་གོ་ཕྱེ་བའི་འཁོར་ལ་རྫོད་བྱེད་ཚིག་གིས་མཚོན་དགོས་པས། ཚིག་ཡི་གེ་ལ་རག །ཡི་གེའི་རྩ་བ་སྒྲ་དབྱངས་གཉིས་ཨ་ལ་ཐུག །དེའི་ཕྱིར་ཡི་གེའི་འཁོར་ལོ་བསྟན་པ་དང་། མཐར་ཐུག་པ་ཐེག་པ་འདི་ཉིད་ཀྱི་བཞེད་ཀྱིས་ཁམས་གསུམ་གྱི་ཆོས་རྟོག་པ་བཞི་བཅུ་རྩ་གཉིས། ཐེག་པ་འོག་མ་བཞིན་གཉེན་པོས་མ་བཅོས་པར་རང་སར་དག་པ་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ་ལ། ཡི་གེ་དང་རྟོག་པ་དང་ལྷ་ཡེ་ནས་དབྱེར་མེད་པའི་རང་བཞིན་ཡིན་པ། ལམ་པས་ཡི་གེ་ལ་བརྟེན་ཏེ་ཡིན་ཚུལ་གྱི་དོན་འབྲས་བུར་ལྷུན་གྱིས་གྲུབ་པ་མངོན་དུ་བྱ་བའི་ཕྱིར་བསྟན་ཏོ། །དེའི་ཕྱིར་ཡི་གེ་ལ་སེམས་སྦྱར་བ་ཡང་གཅེས་སོ། །ཡི་གེའི་སྒོ་ནས་དངོས་གྲུབ་བསྒྲུབ་པར་བྱ་བའི་ཕྱིར་ལེའུ་ལྔ་པ་སྣང་སྟེ། དེ་ཡང་ཡི་གེ་ལ་བརྟེན་ཏེ་མཆོག་ཐུན་མོང་གཉིས་ལས་དབང་པོ་འབྲིང་གི་དོན་དུ་ཐུན་མོང་གི་དངོས་གྲུབ་རྣམས་བསྟན། དབང་པོ་རབ་ཀྱི་དོན་དུ་མཆོག་གི་དངོས་གྲུབ་བསྡུས་ཏེ་ཅིག་ཅར་དུ་བསྟན་ཏོ། །དེ་ལྟར་དངོས་གྲུབ་བསྒྲུབ་པ་ལ་གོང་དུ། ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཞེས་པས་གླང་ཆེན་མྱོས་འདྲའི་སེམས་མཉམ་པར་བཞག་པས་བཏུལ་བ་ནི་དེ་བཞིན་ཉིད་དོ། །ཆོས་ཐམས་ཅད་རིག་པ་ལྷུན་གྱིས་གྲུབ་པའི་དོན་མངོན་དུ་བྱས་པ་ནི་གཉིས་སུ་མེད་པའི་ཐུགས་རྗེ་ཆེན་པོ་སྟེ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ནོ། །ཇོ་བོ་སངས་རྒྱས་ཀྱིས་ནི་ཐུལ་བ་དེ་རང་དེ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ཡིན་གསུང་། དེ་ནས་གཞིའི་ཐབས་ཨ་དང་གཞན་མ་ལ་ཡང་སེམས་སྦྱང་བ་ལེའུ་བཞི་པའི་སྟོད་དུ་བསྟན། དེ་ནས་དངོས་གྲུབ་གང་བསྒྲུབ་ཀྱང་། དཀྱིལ་འཁོར་གྱི་འཁོར་ལོའི་གཞིའམ་རྩ་བ། འོག་གཞི་དང་གཞལ་ཡས་ཁང་དང་ལྷའི་བཞུགས་གནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྐྱེད་པ་སྐུ་མདོག་ཕྱག་མཚན་ཆ་ལུགས་སྟོན་པའོ། །ལེའུ་དྲུག་པ་གསུངས་པ་ལོ་རྒྱུས་ནི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ། དེ་ནས་ཞེས་པ། ཚིག་གི་ལེའུ་ལྔ་པ་སོང་བའི་དེ་མ་ཐག་པའོ། །དོན་ནི། ལྔ་པར་དེ་བཞིན་ཉིད་དང་ཀུན་ཏུ་སྣང་གཉིས་བསྟན། བཞི་པའི་སྟོད་དུ་རྒྱུའི་ཏིང་ངེ་འཛིན་བསྟན་པ་དེ་ནས་འདིར་བསམ་གྱིས་མི་ཁྱབ་པའི་ཐབས་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་འབྲས་བུ་མངོན་དུ་བྱས་པའི་ཕྱོགས་ཐམས་ཅད་དོ། །རང་བཞིན་གྱི་ཚིག་ཤུགས་ཀྱིས་སྣོད་བཅུད་ཀྱི་ཆོས་ཐམས་ཅད་བསྡུས་ཏེ། འཁོར་འདས་ཐམས་ཅད་ཀྱི་རང་བཞིན་ནོ། །གཅིག་དང་དུ་མ་མེད་པ་ནི། དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པས་བསྡུས་པའི་ཆོས་ཐམས་ཅད་སེམས་རིག་པའི་ངང་ལས་མ་གཡོས་ཀྱང་། རང་གསལ་བའི་མཚན་ཉིད་ཀྱིས་ཅིར་ཡང་སྣང་བས་གཅིག་པའི་མཐའ་དང་བྲལ་ཏེ་གཅིག་ཏུ་བཟུང་རྒྱུ་མེད། སྣང་བ་མ་འགགས་པར་གསལ་བ་ཉིད་སེམས་རིག་པ་རང་སྣང་བས་སྣང་སྟོང་གི་ཕྱོགས་འཛིན་ཐམས་ཅད་དང་བྲལ་ཏེ་དུ་མའི་མཐའ་མ་དམིགས་པས་སེམས་ཀྱི་དབྱིངས་སུ་རྫོགས། དེ་ལྟ་བུའི་དོན་ནི་གཅིག་ཏུ་བསྡུ་བའི་ཕྱོགས་གཅིག་པ་ལྟ་བུ་མ་ཡིན་ཏེ། སེམས་ཉིད་མཉམ་པ་ཉིད་ཆོས་ཀྱི་དབྱིངས་དང་མཉམ་པ་མཐར་ཐུག་པ་མེད་པའི་རིག་པ་ལ་ནི་འཁོར་བ་མ་དམིགས་པས་མྱ་ངན་ལས་འདས་པའང་མ་དམིགས་ཏེ། འཁོར་འདས་དབྱེར་མེད་པ་ཞེས་བྱའོ། །འདིར་དག་སྣང་གི་ངོ་བོ་ཕུན་སུམ་ཚོགས་པའི་གླེང་གཞི་འཛོམ་པ་ལས་སྣང་བའི་གོ་ཕྱེ་བའི་འཁོར་གྱི་དོན་དུ་བསྟན་པ་སྣང་བའང་མ་ཧཱ་ཡོ་གའི་གཞུང་ཡིན་པས། ཡིན་ཚུལ་བཤད་པ་ལ་ཁ་གཏད་པ་ཙམ་གྱིས་མི་ཆོག་སྟེ། བདག་ཉིད་ཆེན་པོ་ཞེས་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་གཅིག་དང་དུ་མ་མེད་པའི་དོན་ཏེ། དེ་ཉིད་གང་གིས་མངོན་དུ་བྱས་ཏེ་མཐར་ཕྱིན་པ་ནི་ཀུན་ཏུ་བཟང་པོ་སྟེ། གཉིས་པའམ་གཞན་པ་མི་མངའ་བས་ནི་བདག་ཉིད་ཀྱི་དོན་དེ་ཙམ་དུ་འཛིན་པའང་མེད་པ་ནི་བདག་ཉིད་ཆེན་པོའོ། །ཐམས་ཅད་ཀྱིས་ཞེས་པ། ཀུན་ཏུ་བཟང་པོའི་རིག་པ་རང་སྣང་བའི་བདེར་གཤེགས་ཡུམ་དང་བཅས་པ་ཐམས་ཅད་དམ། ཡང་ན་ཐམས་ཅད་ཀུན་ཏུ་བཟང་པོའི་རིག་པར་མཚུངས་པ་ལ་ཡང་མཚོན་ཚིག་ཏུ་ཐམས་ཅད་ཅེས་བྱ་སྟེ། འདུལ་བྱེད་ཀྱི་ངོ་བོའོ། །གདུལ་བྱ་ནི། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ། ཞེས་པ་དྲུག་ནི་ཕན་ཚུན་ཡན་མན་དྲུག་གམ། ཡང་ན་འགྲོ་དྲུག་གི་གནས་སོ། །ཕྱོགས་བཅུ་ནི་རེ་རེ་ལ་ཡང་བཅུ་བཅུ་ལ་སོགས་ཏེ། ཡན་ལག་དང་ཉིང་ལག་མཐར་ཐུག་པ་མེད་པ་ཆོས་ཀྱི་དབྱིངས་ཇི་ཙམ་པ་དེ་ཙམ་མོ། །དེ་ནི་རྒྱལ་བ་ཀུན་ཏུ་བཟང་པོའི་གདུལ་ཞིང་ཡིན་ཏེ། ཆོས་ཀྱི་སྐུའི་ཞིང་ཁམས་ཞེས་ཀྱང་སྨོས་སོ། །ཉིད་ཀྱི་ཆེ་བའི་ཞེས་པ། སྟོན་པའི་ངོ་བོ་དབྱིངས་ཡེ་ཤེས་དབྱེར་མེད་པ་ཆོས་སྐུ་ཆེན་པོ་ནི་ཉིད་དོ། །དེ་ནི་ཐེག་པ་འོག་མ་རྣམས་ལས་ཆེ་བ་སྟེ། རྒྱུ་འབྲས་དང་དོན་རྟགས་ཀྱིས་མ་གོས་པའི་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཀྱི་གདུལ་བྱ་རྣམས་ལ་དབང་པོ་མཐོ་དམན་གྱི་བྱེ་བྲག་གིས་བློ་དང་མཐུན་པའི་འདུལ་བྱེད་ཀྱང་སྐད་ཅིག་ལ་ཕྱོགས་བཅུར་སྣང་བའོ། །དཀྱིལ་འཁོར་འབྱུང་བར་ཞེས་པ། སྤྱིར་ན་དཀྱིལ་འཁོར་ནི་སྤྱིར་གསང་སྔགས་ཕྱི་ནང་གི་དཀྱིལ་འཁོར་ཐམས་ཅད། སྒོས་སུ་བཞི་བཅུ་རྩ་གཉིས་འབྱུང་བར་བཞེད་པ་ནི་དགོངས་པའི་ངོ་བོ་སྟེ་ཆོས་ཀྱི་སྐུ་ལ་མི་མངའ་ཡང་། མི་འགག་པའི་ངོ་བོ་ཉིད་དུ་བཞུགས་པ་ཡང་བཞེད་ཅེས་བྱ་ལ། བཞེད་པ་རང་གི་ངོ་བོ་ནི་གདུལ་བྱའི་སྣང་བའོ། །ཡང་ན་གདུལ་བྱ་རྣམས་སྟོན་པ་ཉིད་ཀྱི་ཐུགས་ལས་མི་གཞན་པས་ན་ཉིད་ཀྱི་ཆེ་བ་ནི་གདུལ་བྱ་རྣམས་ཀྱི་རྒྱུད་རྟོག་པ་བཞི་བཅུ་རྩ་གཉིས་སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི་ངོ་བོར་བཞུགས་པ་ནི་ཡེ་ནས་བཞུགས་པས་ཆེ་བའོ། །དོན་དེ་རྟོགས་ཤིང་མངོན་དུ་བྱ་བའི་ཕྱིར་འོག་ནས་འབྱུང་བའི་དཀྱིལ་འཁོར་བཀོད་པ་འོག་ནས་འབྱུང་བ་སྟོན་པའི་སྐད་ཅིག་མ་སྔ་མ་ལ་ནི་བརྗོད་ནས་ཞེས་བྱ་སྟེ། གདུལ་བྱའི་ཆེད་དུ་བརྗོད་པ་འོག་ནས་འབྱུང་བ་འདི་བརྗོད་དོ། །འདིར་སྟོད་དུ་ལྷག་པའི་ཏིང་ངེ་འཛིན་རྣལ་འབྱོར་པའི་བསྒོམ་བྱ་རྫོགས་པ་ཆེན་པོ་རྟོགས་པའི་ངོ་བོ་སྟོན་པའི་ཕྱིར། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །ཞེས་པ་ནས་འབྱུང་བར་བཞེད་ནའི་བར། འཇིག་རྟེན་དྲུག་ནི་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཀྱི་ཁམས་གསུམ་པ་ཐམས་ཅད། ཕྱོགས་བཅུ་ཞེས་པས། ཕྱོགས་དབུས་ཐམས་ཅད་དུ་རིག་པ་སྣང་བ་ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་ཞེས་བྱ་རིག་པ་ཉིད་ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་ཡེ་ནས་བདག་ལ་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་ངོ་བོ་ཡིན་ལ། དེ་ཉིད་གདུལ་བྱ་ལ་གསལ་བར་བསྟན་པའི་དགོངས་པ་མངོན་དུ་བསྟན་པ་ནི་བཞེད་པ་ཞེས་ཐ་སྙད་དུ་འདོགས་སོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །ཞེས་པ་སྤྱིར་དཀྱིལ་འཁོར་ལ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གཉིས་ལས། འདི་བློ་རབ་ཀྱི་དོན་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྟོན་ཏེ། ཡེ་ཤེས་ཀྱི་ངོས་ནས་ཕྱོགས་བཞི་དབུས་དང་ལྔ་མཚོན་ཏེ། ལྟ་བ་ཡིད་ཡུལ་དུ་བྱས་པ་ཙམ་གྱི་དབང་དུ་ན་རིག་པ་ཤར། མ་རིག་པ་ནུབ། སྒྲིབ་པ་བྱང་། ཡོན་ཏན་རྫོགས་པ་ལྷོ། ཆོས་ཐམས་ཅད་མཉམ་པ་ཉིད་བྱང་ཆུབ་སེམས་སུ་རྟོགས་པའི་རིག་པ་རང་ཤར་བ་ལ་ནི་ཤར་ཕྱོགས་ཞེས་བྱ་སྟེ། འཇིག་རྟེན་ན་ཉི་མ་ཤར་ཕྱོགས་ལ་ཤར་ཞེས་བྱ་བ་དང་མཚུངས་སོ། །དེ་ཉིད་རྣལ་འབྱོར་པའི་སེམས་ལ་ཉེ་བར་བཅད་ན་སེམས་རང་རིག་པ་ཉིད་ཕྱོགས་དང་དབུས་ཀྱིས་བསྡུས་པ་ཐམས་ཅད་དུ་རང་སྣང་བས། ཕྱོགས་དབུས་ཀྱི་ཆོས་ཐམས་ཅད་རང་རིག་པ་ཉིད་དུ་གསལ་བ་ལ་ཐམས་ཅད་དབྱེར་མེད་པར་གསལ་བས། སྣང་བ་དང་སྟོང་པ་ཆོས་ཅན་དང་ཆོས་ཉིད་འཁོར་བ་དང་འདས་པ་གཉིས་སུ་འཛིན་པའི་ཆོས་ཐམས་ཅད་མ་སྤངས་ངང་གིས་དག་པས་གསལ་ལ་མི་རྟོག་པའི་ངོ་བོ་ཉིད་དུ་བཞུགས་ཏེ། གསལ་བ་ནི་མེ་ལོང་གཡའ་དག་པ་མཐར་ཕྱིན་པ་ལྟ་བུ་ལ། གཟུགས་བརྙན་གསལ་བའི་རྒྱུན་གྱི་ངོ་བོ་ཉིད་དུ་བཞུགས་པ་ལྟ་བུའོ། །དོན་དེ་ཉིད་ལ་གོང་དུ་བཤད་པའི་མཐའ་ཐམས་ཅད་རང་དག་གི་ངོ་བོ་ཉིད་ལ། ཡུལ་དང་ཡུལ་ཅན་གྱི་འཛིན་པ་ཕྲ་བའི་ཕྲ་བ་ཡང་མི་གནས་པ་ནི་མི་རྟོག་པ་ཞེས་བྱ་སྟེ། དཔེའི་སྒོ་ནས་མཚོན་དགོས་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །ཕྱོགས་ཀྱི་དབང་དུ་རང་སྣང་མི་འགག་པའི་ངོ་བོ་ཙམ་གྱི་ངོ་ནས་ཤར་ཕྱོགས་ཞེས་སྨོས་སོ། །ཡོན་ཏན་རྫོགས་པས་ལྷོ་ཞེས་པ། དོན་སྤྱི་ཡིད་ཀྱི་དབང་དུ་བྱས་པའི་དབང་དུ་རིག་པ་ཤར་ནས་མ་རིག་པ་ནུབ། དེ་ཉིད་སྒྲིབ་པ་བྱང་། དེ་གསུམ་འཛོམ་ན་བུདྡྷའི་ཡོན་ཏན་ཐམས་ཅད་རྫོགས་པ་ལྷོ་ཞེས་བརྗོད་དེ། དེ་ཉིད་རྣལ་འབྱོར་པའི་བློ་གཏིང་དུ་སོང་བའི་ཏིང་ངེ་འཛིན་ལ་སྦྱར་ན་མེ་ལོང་ལྟ་བུའི་ཡེ་ཤེས་མི་འགག་པའི་ངང་ལས་མཁྱེན་པ་གཉིས་ཤར་ཏེ། ཇི་ལྟ་བ་མཁྱེན་པ་ཆོས་ཀྱི་དབྱིངས་ལས་སྐད་ཅིག་ཀྱང་མི་གཡོ། ཇི་སྙེད་མཁྱེན་པ་མ་འདྲེས་པའི་ངོས་ནས་གདུལ་བྱའི་ངོ་ལ་དུས་གསུམ་དུ་མཛད་པ་དུས་གཅིག་ཏུ་ཤར་བ་ནི་ཇི་སྙེད་མཁྱེན་པ་སྟེ། དེ་དུས་ཉིད་ན་ཆོས་ཀྱི་དབྱིངས་ཀྱི་ངང་ལས་མ་གཡོས་ཤིང་མཉམ་པ་ཉིད་ཀྱི་ངང་དུ་ལྷུན་གྱིས་གྲུབ་པས་འཛིན་པ་ཐམས་ཅད་དག་པ་ཉིད་མཉམ་པ་ཉིད་ཀྱི་ངོ་བོ་སྟེ། རིན་པོ་ཆེ་དང་འདྲ་བར་ཡོན་ཏན་གྱི་ཚོགས་རང་སྣང་བ་མི་འགག་པར་ཤར་བ་ནི། ལྷུན་གྲུབ་ལ་མངའ་མཛད་པ་ལ་ནི་ལྷོ་ཕྱོགས་ཞེས་བྱའོ། །དེ་ལྟར་ཡོན་ཏན་རྫོགས་ཙམ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་གདུལ་བྱའི་རྒྱུད་དང་། འདུལ་བའི་རྒྱུ་ཐབས་དང་། འདུལ་བའི་དུས་ཚོད་དང་། མཛད་པའི་ཕྲིན་ལས་ཐམས་ཅད་སྐད་ཅིག་མ་ལ་བསམ་ཡས་པ་མཁྱེན་པ་ནི་ཡེ་ཤེས་ཏེ། དེ་གང་ལས་བྱུང་ན་ཁམས་གསུམ་གྱི་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་ཀུན་ཏུ་བརྟགས་པའི་མ་རིག་པ་གཉིས་ཆུའི་རྙོག་མ་དང་འདྲ་བ་དག་པ་ལས་བྱུང་བས། དག་བྱའི་ངོས་ནས་མིང་བཏགས་པས་མ་རིག་པ་ནུབ་ཅེས་བྱའོ། །ཡེ་ཤེས་གསལ་བའི་བདག་ཉིད་དོ། །སྒྲིབ་པ་བྱང་ཞེས་པ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱི་ངང་ལ་དོན་གཉིས་ལྷུན་གྱིས་གྲུབ་སྟེ་གཞན་དོན་ཐམས་ཅད་བསྐྱར་མི་དགོས་པར་ཅིག་ཅར་དུ་ལྷུན་གྱིས་གྲུབ་པས་དགོས་པ་ཆོས་ཀྱི་དབྱིངས་ལས་མི་གཡོ་བར་རང་དོན་རྫོགས་ལ། དོན་དེས་གདུལ་བྱའི་སྐྱོན་གྱིས་མི་གོས་ཏེ། རང་གཞན་གྱི་བྱ་བ་སྐད་ཅིག་མ་ལ་དུས་གཅིག་གྲུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་སྒྲིབ་པ་དག་པ། དག་པར་མཐར་ཕྱིན་པ་བྱ་བ་གྲུབ་པའི་ཡོན་ཏན་ནོ། །ཡེ་ཤེས་བཞིའི་ངང་ལ་ཡོད་མེད་ལ་སོགས་པའི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནི་སྟོང་པ་ཆེན་པོའི་ཡེ་ཤེས་ཏེ། དོན་ལ་གདམས་གཞི་མེད་ཀྱང་ཐམས་ཅད་དབྱེར་མེད་པའི་ཕྱིར་དབུས་ཞེས་བྱའོ། །དཀྱིལ་འཁོར་ཡང་རང་བྱུང་གི་ཡེ་ཤེས་ནི་དཀྱིལ་ལ། ཡེ་ཤེས་བཞི་ནི་འཁོར་དུ་ཐ་སྙད་དུ་བརྗོད་དོ། །བརྟགས་ཏེ་ཞེས་པས། འདིར་ངོ་བོ་ཉིད་ཀྱི་བརྟགས་པ་སྟེ་ཡེ་ཤེས་ལྔའི་དོན་རིག་པ་ལ་གསལ་ནས། བསྒོམ་བྱ་སྒོམ་བྱེད་ཡུལ་ཡུལ་ཅན་མ་དམིགས་པ་ནམ་མཁས་ནམ་མཁའ་མི་སེམས་ཀྱང་ནམ་མཁའི་ངང་ལས་མི་འདའ་བ་བཞིན་དུ་གསན་པ་ནི་རྫོགས་པ་ཆེན་པོ་ཞེས་ཀྱང་བྱ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཕྱོགས་འཛིན་དང་བྲལ་པར་དེ་ཉིད་དུ་ཆུད་ཀྱང་དེ་ལ་དེར་འཛིན་ཕྲ་བ་ཡང་མི་མངའ་བ་ནི་ཆེན་པོའོ། །དེ་ནི། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་པའི་དོན་ནོ། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཞེས་པ་གོང་དུ་བཤད་པའི་རྫོགས་པ་ཆེན་པོའི་དོན་དེ། བློ་མཆོག་གང་གིས་རྟོགས་པ་ནི་དོན་མངོན་དུ་བྱས་པ་སྟེ། རིག་པ་གདེངས་སུ་ཆུད་པའི་རྣལ་འབྱོར་བས། ཀུན་འབྱུང་ཞེས་པ། ཕྱི་ནང་གི་ཆོས་སྣང་བ་དང་མ་འགག་པ་ཐམས་ཅད་དང་དབང་ཡུལ་གྱི་དགོས་པ་སྐོང་བའི་ཆོས་ཐམས་ཅད། དཀྱིལ་འཁོར་ཆེན་པོ་ཞེས་པ། བཀོད་པའི་དཀྱིལ་འཁོར་གྱི་བླར་གྱུར་པའི་ཡེ་ཤེས་ལྔའི་དཀྱིལ་འཁོར་ལས་མི་འདའ་བས་སྤྱོད་པ་ནི་དེའི་ངོ་བོ་ཉིད་དུ་གྱུར་པ་སྟེ། རྣལ་འབྱོར་པ་དེ་ལ་ཞིང་ཁམས་དང་སྤྱོད་ཡུལ་ཐམས་ཅད་ཕྱོགས་འཛིན་ཐམས་ཅད་བྲལ་བས་ཡོངས་སུ་དག་པ་ཐ་སྙད་དུ། ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཞེས་ཀྱང་བྱའོ། །དེ་ནི་ཆེ་བ་ཏིང་ངེ་འཛིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་གདུལ་བྱ་དབང་པོ་རབ་ཀྱི་ངོ་ལ་འབྱུང་བ་ཞེས་ཀྱང་བྱའོ། །རྟེན་གཞལ་ཡས་ཁང་བསྟན་པ་ནི། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །ཞེས་པ་ལ་སོགས་ཏེ། མངོན་པར་རྟོགས་པ་མན་ངག་གི་རིམ་པས་ཏིང་ངེ་འཛིན་གསུམ་གོང་དུ་བསྟན་པ་བཞིན། རྗེས་སུ་གཞལ་ཡས་ཁང་འོག་གཞི་དང་བཞུགས་གནས་གཉིས་ལས། དང་པོ་འོག་གཞི་སྟེ་རྒྱུའ་ིཡི་གེ་ལས་འཕྲོས་པའི་ཨེ་ལས་ནམ་མཁའ་དང་། ཡྃ་ལས་རླུང་དང་། བྃ་ལས་ཆུ་དང་། ལྃ་ལས་གསེར་གྱིས་གཞི་དང་། རི་རབ་བསྒོམ་པ་རྣམས་དབྱིབས་དང་ཁ་དོག་དང་། མཚན་མ་དང་། དོན་རྟོགས་རྣམས་གཞན་དུ་གསལ་བ་བཞིན་ནོ། །རྒྱུའི་ཡི་གེ་ལས་བྷཱུྃ་འཕྲོས་པ་ལས་རི་རབ་ཀྱི་ཁ་ལ་འོད་དུ་ཞུ་བ་ལས་གཞལ་ཡས་ཁང་དུ་གྱུར་པ་ནི། གླེང་གཞིའི་ལེའུར་བསྟན་པ་བཞིན་ནོ། །གཞལ་ཡས་ཁང་གི་འོག་གཞི་ནི། འཁོར་ལོའི་རྩིབས་བཞི་ཞེས་པ། འཁོར་ལོའི་ལྟེ་བ་ཟླུམ་པོ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སྤྲོས་པའི་མཚན་མ་དང་བྲལ་བས་ཟླུམ་པོའོ། །འགྱུར་བ་མེད་པའི་རྟགས་སུ་ཁ་དོག་སྔོན་པོའོ། །ཕྱོགས་བཞིར་འཁོར་ལོ་རྩིབས་བཞི་བྱུང་བ་ནི་ཆོས་དབྱིངས་ཡེ་ཤེས་མི་འགག་པའི་རྩལ་ལས་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞིར་ཤར་ཏེ། དེ་ཉིད་ཆེ་བའི་ཡོན་ཏན་ཐམས་ཅད་རྫོགས་པའི་རྟགས་སུ་ཁ་དོག་སེར་པོ། རྩིབས་མཆན་བཞི་ཆོས་ཉིད་འགྱུར་བ་མེད་པའི་རྟགས་སུ་སྔོན་པོ། དེའི་ཕྱི་རོལ་རྡོ་རྗེ་གདུང་ཟླུམ་གྱིས་བསྐོར་བ་ནི། ཡེ་ཤེས་བཞི་གདུལ་བྱའི་ངོ་ལ་བསམ་གྱིས་མི་ཁྱབ་པར་ཤར་ཡང་ཆོས་དབྱིངས་ཡེ་ཤེས་ལས་མ་གཡོས་པའི་རྟགས་སུ་རྡོ་རྗེ་སྔོན་པོའི་ཕྲེང་བས་བསྐོར་བའོ། །དེའི་ཕྱི་རོལ་ན་གྲུ་ཆད་བཞི་ཡེ་ཤེས་ཆེན་པོ་ཀུན་ནས་ཀུན་ཏུ་རྒྱས་ཤིང་ཆོས་ཐམས་ཅད་དེ་ཉིད་དུ་རྫོགས་པའི་རྟགས་སུ་གྲུ་ཆད་བཞིའོ། །དེ་ཉིད་ཡེ་ཤེས་བཞིར་མཚོན་པའི་ཤར་མེ་ལོང་ལྟ་བུའི་ཡེ་ཤེས་མཐའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་དཀར། ལྷོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡོན་ཏན་རྫོགས་པའི་རྟགས་སུ་རྒྱས་པའི་ཁ་དོག་སེར། ནུབ་སོ་སོར་རྟོགས་པའི་ཡེ་ཤེས་མཐའ་གཉིས་དབང་དུ་སྡུད་ཅིང་མཐའ་གཉིས་ཀྱི་སྐྱོན་གྱིས་མ་གོས་པའི་རྟགས་སུ་དམར། བྱང་བྱ་བ་གྲུབ་པའི་ཡེ་ཤེས་ཕྲིན་ལས་སྣ་ཚོགས་ལ་མངའ་མཛད་ཅིང་བདག་གཞན་གྱི་དོན་ཅིག་ཅར་དུ་གྲུབ་པའི་རྟགས་སུ་ལྗང་གུའོ། །གྲུ་ཆད་ཀྱི་ཕྱོགས་བཞི་ན་གློ་འབུར་བཞི་ཡོད་དེ། རང་བྱུང་གི་ཡེ་ཤེས་ལས་ཕྱོགས་བཞིར་གློ་འབུར་བཞི་བྱུང་བ་ནི། མེ་ལོང་ལྟ་བུ་ལ་སོགས་པ་བཞི་འབྱུང་བའི་རྟགས་སོ། །གློ་འབུར་འདི་ལ་སློ་དཔོན་བི་མ་ལའི་བཞེད་ཀྱིས་སྟེང་ན་ཡར་ཡང་མཁར་ཐབས་སུ་བཞེད། སློབ་དཔོན་པདྨའི་བཞེད་ཀྱིས་མཐོ་བ་མི་བཞེད་དེ། མཁར་ཐབས་ནི་ཕྱོགས་བཞི་ན་ལྷག་པ་སྟེ། ཞེས་པ་སྟེང་གྲུ་ཆད་དང་མཉམ། གློ་ལྷག་པ་སྟེ་སྟེང་ན་ལྷ་ཡང་བཀོད་དེ། བྲ་མ་ན་ཤྲཱིནྟཾ་གརྦྷའི་བསྡུས་འགྲེལ་ལས་ཀྱང་། གློ་འབུར་བཞི་ལ་ནང་གི་སེམས་དཔའ་བཞི་ཞེས་སྨོས་སོ། །བར་ཁྱམས་དང་ཞེས་པ། གྲུ་ཆད་ཀྱི་རྒྱབ་ན་འཁོར་བར་ལྷ་སྣམ་ཡོད་པ་ལ་བྱའོ། །གླེང་གཞིའི་ལེའུ་ན་སྤགས་པ། ཞེས་བརྗོད་པས། ས་གཞི་བས་བར་ཁྱམས་ཀྱིས་མཐོ། དེ་བས་ཀྱང་གྲུ་ཆད་ཀྱིས་མཐོ། དེ་བས་འཁོར་ལོའི་རྩིབས་མཐོ། དེ་བས་ལྟེ་བ་མཐོ། མཐོ་དམན་གྱི་ཚད་ནི། སློབ་དཔོན་ཁ་ཤས་ཀྱིས་སོར་བཞི་ཚད་སྨོས་སྐད། ཁ་ཤས་ཀྱི་མཐོ་གང་ཙམ། ཁ་ཤས་ཀྱིས་རྒྱབ་ན་བཞུགས་པའི་སྤྱན་དང་། ནང་ན་བཞུགས་པའི་ཐུགས་ཀ་མཉམ་པ་ཙམ་གསུངས་སོ། །བླ་མ་བདེ་བར་གཤེགས་པས་གང་ལྟར་ཡང་ཁྱད་མེད། སངས་རྒྱས་ཀྱི་ངོས་ནས་རང་རིག་པའི་སྣང་བ། གདུལ་བྱའི་ངོས་ནས་བློའི་སྣང་བ། རྣལ་འབྱོར་པས་རང་གི་བློ་གང་འཐད་བསྒོམ་པས་ཆོག་གསུངས་སོ། །ཀུན་ཏུ་གྲུ་བཞི་ཞེས་པ། ཡེ་ཤེས་རང་སྣང་བའི་གཞལ་ཡས་ཁང་ཡིན་པའི་དབང་གིས། རང་བྱུང་གི་ཡེ་ཤེས་ལ་བདག་གཞན་གྱི་ངོས་ནས་ཆེ་བའི་ཡོན་ཏན་རྫོགས་པ་མཐར་ཕྱིན་པའི་རྟགས་སུ། གཞལ་ཡས་ཁང་གི་དབྱིབས་རྒྱས་པའི་གྲུ་བཞིའོ། །སྒོ་ཁྱུད་ལྡན་ཞེས་པས། ཐུགས་རང་བྱུང་གི་ཡེ་ཤེས་ལྷག་པའི་ཆོས་སྐུ་ལ་ལམ་པས་འཇུག་པའང་རྣམ་པར་ཐར་པའི་སྒོ་བཞི་ནས་འཇུག་པའི་ཕྱིར་སྒོ་བཞི་སྟེ། ཤར་སྟོང་པ་ཉིད་ཀྱི་སྒོ། ལྷོར་མཚན་མ་མེད་པ། ནུབ་སྨོན་པ་མེད་པ། བྱང་རང་བཞིན་གྱིས་འོད་གསལ་བའི་སྒོ་སྟེ། སྒོ་ཁྱུད་བར་མ་ཆད་པ་དང་ལྡན་ནོ། །གཞལ་ཡས་ཁང་གི་ཁོག་པ་ཡང་ཡེ་ཤེས་ལྔ་ལས་གྲུབ་པའི་རྟགས་ཀུན་འོད་སྣ་ལྔ། དེའི་ཐོག་ཏུ་རང་བྱུང་གི་ཡེ་ཤེས་རིན་པོ་ཆེན་སྣང་བའི་ཕག་རྩིས། དེའི་གོང་དུ་བདེན་པ་གཉིས་དབྱེར་མི་ཕྱེད་པའི་ཆུན་འཕྱངས་དང་། སྤྲུལ་པའི་འཕྲོ་བ་རྒྱུན་མི་ཆད་པའི་ཕྲེང་བ་དང་། གདུལ་བྱའི་རྒྱུ་ཀྱི་ཉོན་མོངས་པ་མི་གནས་པར་བྱེད་པའི་རྔ་ཡབ་དང་། ཐབས་དང་ཤེས་རབ་ཀྱིས་གདུལ་བྱའི་རྒྱུད་ཉོན་མོངས་པ་སེལ་བར་བྱེད་པའི་ཉི་ཟླ་ལྡིང་བ་དང་། གདུལ་བྱ་འདུལ་བའི་ཐབས་ཀྱི་བྱེ་བྲག་མ་འདྲེས་པར་མཁྱེན་པའི་བད་ཀྱི་གདོང་ལ་ཤར་བུའི་ཕྲེང་བ་དང་། རང་བྱུང་གི་ཡེ་ཤེས་ལ་མི་མཐུན་པ་གཏན་ནས་མི་འབྱུང་བའི་དར་བུ་ཀད་ཀྱིས་བརྒྱན་པའོ། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །ཞེས་པ་རོལ་མོ་ནི་ལྷ་མོའི་ཚོགས་ལག་ཆ་དང་བཅས་པ་སྟེ། གཟུགས་ཀྱི་ལྷ་མོས་མེ་ལོང་བསྣམས་པ། སྒྲའི་ལྷ་མོས་པི་ཝཾ་བསྣམས་པ། དྲིའི་ལྷ་མོས་སྤོས་མེ་བསྣམས་པ། རོའི་ལྷ་མོས་ཞལ་ཟས་བསྣམས་པ། རེག་བྱའི་ལྷ་མོས་ན་བཟའི་གོང་བ་རྡོ་རྗེས་མཚན་མ་བསྣམས་པ། ཆོས་ཉིད་ལྷ་མོས་ཕྱག་ན་ཆོས་འབྱུང་གྲུ་གསུམ་བསྣམས་པ་ལ་སོགས་པ་སྣ་ཚོགས་པས་གཞལ་ཡས་ཁང་གི་ཕྱི་ནང་ཀུན་ན་ཁྱབ་སྟེ། ལོང་ལོང་ཕྱེད་པ་སྤྲིན་དཔུང་བཞིན་གཏིབས་པའོ། །གཞལ་ཡས་ཁང་དེ་ཡང་ཕྱི་དབྱིབས་ནི་ནང་དང་མཐུན་པ། བྱ་སྐྱིབས་ལྔ་དང་ལྡན་པ། སྒོ་ཐོག་བཞིན་རྟ་བབས་བཞིའོ། །རྣམ་ཐར་བརྒྱད་ཀྱི་ཐེམ་སྐས་བརྒྱད་དང་ལྡན་པ། སྒོ་ཐེམ་གྱི་ཕྱི་ནང་ཡང་ཐེག་པ་བརྒྱད་ནས་བགྲོད་ནས་རང་བྱུང་གི་ཡེ་ཤེས་རྫོགས་པ་ཆེན་པོའི་དོན་མངོན་དུ་བྱ་བའི་ཕྱིར་ནས་ཐེམ་སྐས་བཞི་ལ་འཛེག །ནང་དུ་ཐེམ་སྐས་བཞི་ལ་འབབ་པའི་ཚུལ་དུ་ཡོད་དོ། །རྨིང་གི་རྒྱབ་ན་བདེན་པ་གཉིས་ཀྱི་རྟགས། ཁྲི་འཕང་གཉིས་ཀྱིས་གཞལ་ཡས་ཁང་འཁོར་བའོ། ནང་ནའང་རྡོ་རྗེའི་གདུང་ཟླུམ་གྱི་སྟེང་གི་མཐོང་ཀ་བུམ་པའི་རྨིང་གི་རྡོ་རྗེའི་གདུང་ཟླུམ་ཡོད་པའི་སྟེང་ཤོད་ཀྱི་བར་ཀ་བས་བརྒྱན་ཏེ། ཤར་ན་འཁོར་ལོའི་ཀ་བ་གཉིས། ལྷོན་རིན་པོ་ཆེའི་ཀ་བ་གཉིས། ནུབ་ན་པདྨའི་ཀ་བ་གཉིས། བྱང་ན་རལ་གྲིའི་ཀ་བ་གཉིས། ནམ་མཁའི་ལ་རྡོ་རྗེའི་གདུང་བཞི་བསྣོལ་བའི་རྩེ་མོ་ཀ་བ་བརྒྱད་ཀྱིས་བཏེག་པའོ། །དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །ཅེས་པ། སློབ་དཔོན་ཁ་ཤས་ཀྱིས་ལྷ་བཞི་བཅུ་རྩ་གཉིས་བཀོད་པའི་ངོ་བོ་ཡིན་ཞེས་པ་དང་། ཡང་ལ་ལས་ལྷ་བཞི་བཅུ་རྩ་གཉིས་ཀྱི་ཆ་བྱད་ཅན་གྱི་སྤྲུལ་པའི་འཕྲོ་འདུ་མང་པོ་གཞལ་ཡས་ཁང་གི་ནང་ན་ལིང་ལོང་ཕྱེད་པ་ཡང་བཞེད་དོ། །གདན་ནི། སེང་གེ་གླང་ཆེན་རྟ་དང་ཁྱུང་། །ཞེས་པ་ལ་སོགས་ཏེ། འདིར་རང་བྱུང་གི་ཡེ་ཤེས་ལ་འབྲས་བུའི་ཆོས་ཐམས་ཅད་རྫོགས་པའི་རྟགས་སུ་འཁོར་ལོའི་དབུས་སུ་རིན་པོ་ཆེའི་ཁྲིའི་བར་ན། ཐུགས་མི་འཇིགས་པ་བཞི་དང་ལྡན་པའི་རྟགས་སུ་སེང་གེ་བརྒྱད་ཀྱི་ཁྲི། སྐུ་སྟོབས་བཅུ་དང་ལྡན་པའི་རྟགས་སུ་ཤར་དུ་གླང་པོ་ཆེ་བརྒྱད་ཀྱི་ཁྲི། ཡོན་ཏན་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་རྟགས་སུ་ལྷོར་རྟ་བརྒྱད་ཀྱི་ཁྲི། གསུང་དབང་བཅུ་དང་ལྡན་པའི་རྟགས་སུ་ནུབ་ཏུ་རྨ་བྱ་བརྒྱད་ཀྱི་ཁྲི། ཕྲིན་ལས་རྣམ་པ་བཞི་དང་ལྡན་པའི་རྟགས་སུ་བྱང་དུ་ཤང་ཤང་ཏེའུ་བརྒྱད་ཀྱི་ཁྲི། སེམས་ཅན་དེ་དག་བརྒྱད་དུ་སྣང་བ་ནི་ཐེག་པ་བརྒྱད་ནས་བགྲོད་ནས་མཐར་ཐུག་རྫོགས་པ་ཆེན་པོ་ལ་འཇུག་པའི་རྟགས་སོ། །ཁྲི་ཆེན་ལ་ཞེས་པས། དེ་ལ་ལྷ་རྣམས་བཞུགས་པའི་རྟེན་ནོ། །ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་པ། ཉི་མ་ནི་རང་རིག་པ་ཉིད་ཐབས་མ་འགག་པས་གདུལ་བྱའི་རྒྱུད་ལ་མ་རིག་པ་སེལ་བ་དང་། ཉོན་མོངས་པ་སྐེམས་ནས་མི་གནས་པར་བྱེད་པའི་ལས་སོ། །ཟླ་བ་ནི་གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཉོན་མོངས་པའི་ཚ་བས་གདུང་བ་བསིལ་བར་མཛད་པའོ། །པདྨ་ནི་འཁོར་བ་མ་སྟོང་གི་བར་དུ་གདུལ་བྱའི་དོན་མཛད་ཀྱང་། མཐའ་གཉིས་ཀྱི་སྐྱོན་དང་བྲལ་བའོ། །རིན་པོ་ཆེའི་ཁྲི་ནི་ཡིད་བཞིན་ནོར་བུས་རྟོགས་པ་མེད་ཀྱང་དགོས་པ་སྐོང་བ་བཞིན། ཐུགས་རང་བྱུང་གི་ཡེ་ཤེས་ཕྱོགས་འཛིན་གྱི་རྟོག་པ་མེད་ཀྱང་། འཕགས་པའི་ནོར་བདུན་གྱིས་དགོས་པ་སྐོང་བའི་རྟགས་སོ། །གདན་དེ་དག་གཙོ་བོ་ལྔ་ལ་ལྔ་སོགས་ཏེ་རིན་པོ་ཆེའི་ཁྲི་སེམས་ཅན་པདྨ་ཟླ་བ་ཉི་མའོ། །དེ་ནི་འཁོར་ལོ་རྩིབས་བཞི་དབུས་དང་ལྔའོ། །སེམས་དཔའི་གནས་གློ་འབུར་བཞི་གྲུ་ཆད་བཞི་དང་བརྒྱད་ལ། རིན་པོ་ཆེའི་ཁྲི་ཆུང་རེ་རེའི་ཐོག་ཏུ་པདྨ་ཉི་མ་སུམ་བརྩེགས་སོ། །ལྷ་སྣམ་ལ་ཤར་ནུབ་དང་པོ་གཉིས་སུ་ཀུན་བཟང་ཡབ་ཡུམ་གྱི་གདན་པད་ཟླ་ཉི་མ་སུམ་བརྩེགས་རེ་རེའོ། །མཚམས་བཞི་ལྷོ་ནུབ་གཉིས་དང་དྲུག་ཏུ་ཐུབ་པ་དྲུག་གི་གདན་པདྨ་རྐྱང་པ་རེ་རེའོ། །སྒོ་བཞིར་སྒོ་བ་བཞིའི་གདན་ཉི་མ་རེ་རེའི་ཐོག་ཏུ་བདུད་བཞིའི་ངོ་བོ་རོ་རེ་རེའོ། །རྟེན་པ་ལྷའི་དཀྱིལ་འཁོར་ནི། འདིར་ཡང་མངོན་རྟོགས་དང་སྦྱར་ཏེ། དེ་ལ་ཡང་སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་རིན་ཆེན་དྲྭ་ཆུང་གི་བཞེད་པ་དང་། གཉགས་ཛྙཱ་ན་ཀུ་མཱ་རའི་བཞེད་དང་། ཤིནྟཾ་གརྦྷས་མཛད་པའི་སྒྲུབ་ཐབས་མེ་ལོང་ལྟ་བུའི་བཞེད་པ་དང་། རྒྱུད་ཕྱི་མ་རྟོག་པའི་དྲྭ་བ་བསལ་བའི་བཞེད་པ་ལ་སོགས་པ་ཟུར་མི་འདྲ་བ་མང་ཡང་། འདིར་སློབ་དཔོན་པདྨའི་བཞེད་པ་ཁོ་ན་སྟེ། རྒྱུའི་ཡི་གེ་ཨ་དཀར་པོ་གཞལ་ཡས་ཁང་གི་ནང་གི་ནམ་མཁའ་ལ་གནས་པ་ཉིད་ལས་སྔར་ཡི་གེ་སྦྱང་བ་དང་། མཐུན་པའི་ཨཀྵ་སྔོན་པོ་གཅིག་འཕྲོས་ཏེ། ནམ་མཁའ་ན་དེ་གཉིས་གནས་པའི་རྟེན་འབྲེལ་ལས་ཡིག་འབྲུ་རྣམས་བྱུང་བ་ནི། དཔེར་ན་ངུར་མོ་དང་རྡོའི་རྟེན་འབྲེལ་ལས་མེ་བྱུང་བ་བཞིན་དུ། ཡིག་འབྲུ་གཉིས་ཐབས་དང་ཤེས་རབ་འབྲེལ་བའི་རྟེན་འབྲེལ་ལས་ཡིག་འབྲུའི་ཚོགས་བྱུང་སྟེ། ཨཀྵ་གཉིས་ཀྱི་རྒྱུ་རྐྱེན་གྱིས་ཐ་དྲང་ལོག་གཉིས་བྱུང་དབུས་ཀྱི་གདན་ཐོག་ཏུ་བཞུགས། ཏ་དྲང་ལོག་གཉིས་ཤར། ད་དྲང་ལོག་གཉིས་ལྷོ། དྷ་དྲང་ལོག་གཉིས་ནུབ། ན་དྲག་ལོག་གཉིས་བྱང་། དེ་ཡང་ལོག་པ་རྣམས་ཡབ་ཀྱི་ཆ་ཡིན་པས་གཡས་སུ་བཞུགས་སོ། །ཀ་དང་ཙ་གཉིས་ཤར་གྱི་གློ་འབུར། ཁ་དང་ཚ་གཉིས་ལྷོའི་གློ་འབུར། ག་དང་ཛ་གཉིས་ནུབ་ཀྱི་གློ་འབུར། གྷ་དང་ཛྷ་གཉིས་བྱང་གི་གློ་འབུར། ང་ཤར་གྱི་སྒོ་བའི་གདན་ཐོག །ཉ་ལྷོའི་སྒོ་བའི་གདན་ཐོག །པ་དང་ཡ་གཉིས་ཤར་ལྷོ་མཚམས་ཀྱི་གྲུ་ཆད། ཕ་དང་ཝ་གཉིས་ལྷོ་ནུབ་མཚམས་ཀྱི་གྲུ་ཆད། བ་དང་ར་གཉིས་ནུབ་བྱང་མཚམས་ཀྱི་གྲུ་ཆད། བྷ་དང་ལ་གཉིས་བྱང་ཤར་མཚམས་ཀྱི་གྲུ་ཆད། མ་ནུབ་ཕྱོགས་ཀྱི་སྒོ་བའི་གདན་ཐོག །ཨི་ཨཱི་གཉིས་ཤར་ལྷོ་མཚམས་དང་ལྷོ་ཕྱོགས་ཀྱི་པདྨའི་གདན་ཐོག །ཨུ་ཨཱུ་གཉིས་ལྷོ་ནུབ་མཚམས་དང་ནུབ་བྱང་མཚམས་ཀྱི་པདྨའི་གདན་ཐོག །ཨེ་ཨཻ་གཉིས་བྱང་དང་བྱང་ཤར་གྱི་པདྨའི་གདན་ལ། ཨོ་ཨ་གཉིས་བྱང་ཕྱོགས་ཀྱི་སྒོ་བའི་གདན་ལ། ཤ་དྲང་པོ་ཤར་སྒོའི་ངའི་མཆན། ཥ་ལོག་པོ་ལྷོ་སྒོ་ཉའི་མཆན། ས་ནུབ་སྒོའི་མི་མཆན། ཧ་བྱང་ཕྱོགས་ཨའི་མཆན། དེ་ནས་ཀྵ་ཤར་ཕྱོགས་ཀྱི་གདན་སུམ་བརྩེགས་ལ། ཨ་ནུབ་ཀྱི་གདན་སུམ་བརྩེགས་པའོ། །དེ་ལྟར་བཀོད་ནས་ཡིག་འབྲུ་རྣམས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། སེམས་ཅན་གྱི་ངག་གི་སྒྲིབ་པ་སྦྱངས། བུདྡྷའི་གསུང་གི་རྒྱུད་བསྐུལ། ཚུར་འདུས་ཡིག་འབྲུ་ཞེ་གཉིས་ལ་ཐིམ། འོད་དུ་ཞུ་བ་ལས་ཕྱག་མཚན་ཞེ་གཉིས་སུ་རྒྱུར་ཏེ། གོ་སླ་བས་མ་བགྲངས། འཆད་པ་པོས་ཤེས་པར་བྱས་ནས་རྒྱས་པར་བྱ་ལ། ཕྱག་མཚན་ལས་འོད་ཟེར་སྤྲོས་ཏེ་སེམས་ཅན་གྱི་ཡིད་ཀྱི་སྒྲིབ་པ་སྦྱངས། འཕགས་པའི་ཐུགས་རྒྱུད་བསྐུལ། ཚུར་འདུས་ཕྱག་མཚན་ལ་ཐིམ་འོད་དུ་ཞུ་བ་ལས་སྐུ་ཕྲ་མོར་གྱུར། དེ་ལས་འོད་ཟེར་སྤྲོས་སེམས་ཅན་གྱི་ལུས་ཀྱི་སྒྲིབ་པ་སྦྱངས། འཕགས་པའི་སྐུའི་རྒྱུད་བསྐུལ། ཚུར་འདུས་སྐུ་ཕྲ་མོས་ལ་ཐིམ། སོ་སོའི་སྙིང་པོ་བརྗོད་པས་སོ་སོའི་སྐུ་གསལ་བ་དང་། ཡང་ན་ཡི་གེའི་འཕྲོ་འདུས་ཀྱང་བསྐུལ། དོན་གསུམ་ཀ་བྱས། ཕྱག་རྒྱའི་འཕྲོ་འདུས་ཀྱང་བསྐུལ། དོན་གསུམ་ཀ་བྱས་ནས་ཕྱག་རྒྱ་ལས་བསྐྱེད་སྔགས་བརྗོད་པས་སྐུ་རྫོགས་པར་བསྐྱེད་པ་དང་གཉིས་སོ། །བཞུགས་ཚུལ་བཞུགས་གནས་བཅས་པར་བསྟན་པ་ནི། གདན་ལ་རྫོགས་དང་སེམས་དཔའི་ཚུལ། །ཞེས་པ་འདི་སྟེ། རིགས་ལྔའི་ཡབ་ལྔ་ནི་རྫོགས་པའི་སྐྱིལ་མོ་ཀྲུང་སྟེ། ཐབས་དང་ཤེས་རབ་དབྱེར་མེད་པའི་མཉམ་བཞག་ཆེན་པོ་ལ་བཞུགས་པའི་ཚུལ་དུ། ཞབས་གཡས་པའི་བོལ་གཡོན་པའི་བརླ་ཐོག་ཏུ་བཏོན་པ་ནི། ཐབས་མཛད་པ་ཇི་ལྟར་མཛད་ཀྱང་ཤེས་རབ་ལས་མ་གཡོས་པའི་རྟགས་སོ། །གཡོན་པ་ཤེས་རབ་ཀྱི་ཞབས་གཡས་པའི་བརླ་ཐོག་ཏུ་བོལ་བཏོན་པ་ནི། ཤེས་རབ་ལས་མ་གཡོས་བཞིན་དུ་ཐབས་ཀྱི་མཛད་པ་ཅིར་ཡང་མཛད་པའི་རྟགས་སོ། །དེའི་ཤུགས་ལ་ཡུམ་ལྔ་ནི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་སྟེ། ཡབ་ཀྱི་རྒྱབ་ཏུ་ཞབས་ཀྱི་མཐིལ་གཉིས་སྦྱར་བ་པདྨའི་སྐྱིལ་ཀྲུང་དུ། ཞེས་ཀྱང་བྱ་སྟེ། གཉིས་སུ་མེད་པའི་རོལ་པ་ཇི་ལྟར་མཛད་ཀྱང་ཤེས་རབ་དབྱིངས་ལས་མ་གཡོས་པས། མཐའ་གཉིས་ཀྱི་སྐྱོན་གྱིས་མ་གོས་པ་པད་མ་ལྟ་བུར་སྟོན་ཏོ། །སེམས་དཔའི་ཚུལ་ཞེས་པས། བབས་ཚུལ་ཞེས་བྱ་སྟེ། ཞབས་གཡས་པ་གདན་ལ་མར་བརྐྱང་། གཡོན་པ་སྐྱིལ་ཀྲུང་མ་འགུལ་བ་ལྟ་བུ་སྟེ། འགྲོ་དོན་མཛད་པ་མ་རྫོགས་པས་འགྲོ་བའི་དོན་ལ་བཞེངས་ལ་ཁད་ལྟ་བུའོ། །དེ་ཡང་ཞབས་གཡས་པ་ཐབས་མ་འགག་པས་འགྲོ་དོན་ཇི་ལྟར་མཛད་ཀྱང་། གཡོན་པ་ཆོས་ཀྱི་དབྱིངས་ལས་མི་གཡོ་བའི་རྟགས་སོ། །ཡུམ་རྣམས་ནི་ཤེས་རབ་སྟེ། ཆོས་ཀྱི་དབྱིངས་ལས་གཡོ་འགུལ་མི་མངའ་བའི་རྟགས་སུ་བཞུགས་པ་ཁོ་ནའོ། །ཟླས་དྲང་བའི་དབང་གིས་ལྷ་ཀུན་གྱི་བཞུགས་ཚུལ་བསྟན་པ་ནི། རྒྱུད་ཀྱི་རང་བཞིན་གབ་སྦས་ཅན་ཡིན་པའི་དབང་གིས་དངོས་སུ་མི་གསལ་ཡང་། བཤད་རྒྱུད་ཀུན་ནས་སྟོན་པ་ཐུབ་པ་དྲུག་ནི་འགྲོ་བ་དྲུག་གི་དོན་ལ་རྒྱུན་དུ་གཤེགས་བཞུད་མཛད་པའི་རྟགས་སུ་པདྨའི་གདན་ལ་བཞེངས་པའོ། །ཁྲོ་བོ་ཡབ་ཡུམ་བརྒྱད་ནི། ཕྱི་ནང་གི་རྒོལ་བ་ཐམས་ཅད་ཚར་གཅོད་པའི་རྟགས་སུ་བརྐྱང་བསྐུལ་གྱིས་བཞུགས་སོ། །ཞལ་ཡང་ཕྱིར་གཟིགས་པ་ལྟ་བུའོ། །ཀུན་བཟང་ཡབ་ཡུམ་གཉིས་ནི་མཉམ་པའི་སྐྱིལ་མོ་ཀྲུང་ཁོ་ན་ལས། ཀུན་ཏུ་བཟང་མོ་པདྨའི་སྐྱིལ་ཀྲུང་ཞེས་འཆད་པར་ཡང་གདའོ། །བཞུགས་ཚུལ་རྣམས་བསྟན་ནས། བཞུགས་གནས་བསྟན་པ་ནི། འཁོར་ལོ་རྒྱལ་པོ་རྒྱལ་མོ་དག་། །ཞེས་པ་ལ་སོགས་པ་སྟེ། འཁོར་ལོ་རྩིབས་བཞི་དབུས་དང་ལྔ་ལ། རྒྱལ་པོ་ཡབ་ལྔ། རྒྱལ་མོ་ཡུམ་ལྔ་དབྱེར་མེད་དུ་བཞུགས་པ་ནི། འདིར་དཀྱིལ་འཁོར་ལ་སྐུ་ལྔ་ཚང་བའི་དབང་གིས། ལྔ་པོ་ལོངས་སྐུ་སྟེ་དགོངས་པ་ཏིང་ངེ་འཛིན་ལ་བཞག་པ་ཁོ་ནའོ། །གཡས་ནས་མཐོང་ཐོས་སྣོམ་པ་དང་། །ཞེས་པ་ལ་སོགས་པ། སེམས་དཔའ་རྣམས་ཀྱི་བཞུགས་གནས་བསྟན་ཏེ། དེ་ནས་སློབ་དཔོན་བི་མ་ལའི་སྲོལ་གྱིས། ནང་གི་སེམས་དཔའ་བཞི་གཙོ་བོའི་གཡས་ཤར་ལྷོ་མཚམས་ཀྱི་གྲུ་ཆད་ནས་བརྩམས་ཏེ་གྲུ་ཆད་བཞི་ལ་བཞུགས་པར་བཞེད། སློ་དཔོན་པདྨའི་སྲོལ་གྱིས། ཤར་གྱི་གློ་འབུར་ནས་གཡས་སྐོར་དུ་གློ་འབུར་བཞི་ལ་བཞུགས་པར་བཞེད་པས། ཤར་གྱི་གློ་འབུར་ལ་མཐོང་བ་མིག་གི་རྣམ་ཤེས་གནས་སུ་དག་པ་སའི་སྙིང་པོ། འོག་ནས་བཙུན་མོའི་ཚོགས་དང་བཅས་ཟེར་བས། མིག་གི་རྣམ་ཤེས་ཀྱི་ཡུལ་གཟུགས་གནས་སུ་དག་པ་ལྷ་མོ་ལཱ་སྱེ་མ་སའི་སྙིང་པོའི་བཙུན་མོའོ། །ལྷོའི་གློ་འབུར་ལ་སྣོམ་པ་སྣའི་རྣམ་ཤེས་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའོ། །ཡུལ་དྲི་གནས་སུ་དག་པ་ལྷ་མོ་མཱ་ལྱེ་མའོ། །ནུབ་ཀྱི་གློ་འབུར་ལ་ཐོས་པ་རྣ་བའི་རྣམ་ཤེས་གནས་སུ་དག་པ་སྤྱན་རས་གཟིགས་དང་ཡུམ་གཱིརྟི་མའོ། །བྱང་གི་གློ་འབུར་ལ་མྱོང་བ་ལྕེའི་རྣམ་ཤེས་གནས་སུ་དག་པ་ཕྱག་ན་རྡོ་རྗེ་དང་ལྷ་མོ་གར་མའོ། །གྲུ་ཆད་ལ་ནི་མཐོང་བྱེད་དང་། །ཞེས་པ་ལ་སོགས་པ། ཤར་ལྷོ་མཚམས་ཀྱི་གྲུ་ཆད་ལ་མཐོང་བྱེད་མིག་གི་དབང་པོ་དག་པ་བྱམས་པ་དང་བཙུན་མོ་དྷཱུ་པེ་མའོ། །ལྷོ་ནུབ་ཏུ་གྲུ་ཆད་ལ་ཐོས་བྱེད་རྣ་བའི་དབང་པོ་དག་པ་སྒྲིབ་སེལ་དང་ལྷ་མོ་མེ་ཏོག་མའོ། །ནུབ་བྱང་གྲུ་ཆད་ལ་སྣོམ་བྱེད་སྣའི་དབང་པོ་དག་པ་ཀུན་བཟང་དང་མར་མེ་མའོ། །བྱང་ཤར་གྲུ་ཆད་ལ་མྱོང་བྱེད་ལྕེའི་དབང་པོ་དག་པ་འཇམ་དཔལ་དང་དྲི་ཆབ་མའོ། །ཚོགས་སྨོས་པ་ནི་ཡུམ་བཞི་པོ་བསྡུ་བའོ། །བར་ཁྱམས་ལ་ནི་ཐུབ་དྲུག་དང་། །ཞེས་པ། ཤར་ལྷོ་མཚམས་སུ་ལྷའི་ཐུག་པ་དཀར་པོ། ལྷོ་ཕྱོགས་སུ་ལྷ་མ་ཡིན་གྱི་ཐུབ་པ་སྔོན་པོ། ལྷོ་ནུབ་ཏུ་མིའི་ཐུབ་པ་སེར་པོ། ནུབ་བྱང་དུ་ཡི་དྭགས་ཀྱི་ཐུབ་པ་སྔོན་པོ། བྱང་དུ་དུད་འགྲོའི་ཐུབ་པ་སེར་ནག །བྱང་ཤར་རུ་དམྱལ་བའི་ཐུབ་པ་མཐིང་ནག །ཀུན་ཀྱང་སྤྲུལ་པའི་སྐུའི་ཆ་ལུགས་ཅན་ནོ། །འདི་ལ་གདུལ་བྱ་དང་མཐུན་པར་བསྒོམ་པ་ཡང་ཡོད་དེ། བཤད་རྒྱུད་སྒྱུ་འཕྲུལ་བླ་མ་ནས་འདི་བཞིན་དུ་བཤད་པས་འཐད་དོ། །མདུན་དང་རྒྱབ་ཏུ་བྱེད་པ་དང་། །བྱ་བ་དང་ནི་གནས་པར་བསྟན། །ཞེས་པ། མདུན་ནི་ཤར་ཕྱོགས་ཏེ་གདན་སུམ་བརྩེགས་ཀྱི་སྟེང་དུ། ཡིད་རྟོགས་པ་དང་མ་རྟོགས་པ་ལས་འཁོར་འདས་ཀྱི་བྱེད་པ་པོ་ཡིན་པས། དེ་གནས་སུ་དག་པ་ཀུན་ཏུ་བཟང་པོའོ། །རྒྱབ་ནུབ་ཕྱོགས་སུ་ཆོས་བྱ་བ་མོ་གནས་སུ་དག་པ་ཀུན་ཏུ་བཟང་མོ་བཞུགས་ཚུལ་ཡབ་དང་མཐུན། སྒོ་ཁྱུད་བཞི་ལ་འཇོམས་པ་ནི། །ཞེས་པ་ཤར་སྒོ་ལྷོ་སྒོ་ནུབ་སྒོ་བྱང་སྒོ་བཞི་ལ། ཕྱི་བདུད་དང་དྲག་བྱེད་འཇོམས། ནང་དུ་ཉོན་མོངས་པ་འཇོམས་པའི་ཀྲོ་བོ་ཤར་དུ་གཤིན་རྗེ་གཤེད། ལྷོར་སྟོབས་པོ་ཆེ། ནུབ་ཏུ་རྟ་མགྲིན། བྱང་དུ་བདུད་རྩི་འཁྱིལ་བའོ། །བཙུན་མོའི་ཚོགས་ནི་བཞི་སྟེ། ཤར་དུ་ལྕགས་ཀྱུ་མ། ལྷོར་ཞགས་པ་མ། ནུབ་ཏུ་ལྕགས་སྒྲོག་མ། བྱང་དུ་དྲིལ་བུ་མ་དང་བཞི་ཡབ་ཡུམ་དང་ལྡན་པར་གནས་སོ། །ཕྱག་མཚན་ནི། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །ལ་སོགས་ཏེ། མི་བསྐྱོད་པའི་རང་རྟགས་ཀྱི་ཕྱག་མཚན་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་རྟགས་གཡས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། རྣམ་པར་སྣང་མཛད་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་གདུལ་བྱའི་རྒྱུད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས་སུ་འཁོར་ལོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་རྟོག་པ་མེད་ཀྱང་དགོས་འདོད་རེ་བ་སྐོང་བའི་རྟགས་སུ་རིན་ཆེན་འབྱུང་ལྡན་རིན་པོ་ཆེ། སོ་སོར་རྟོགས་པའི་ཡེ་ཤེས་མཐའ་གཉིས་ཀྱི་སྐྱོན་གྱིས་མ་གོས་པའི་རྟགས་སུ་སྣང་བ་མཐའ་ཡས་པདྨ། བྱ་བ་གྲུབ་པའི་ཡེ་ཤེས་དོན་གཉིས་ཅིག་ཅར་རྫོགས་པའི་རྟགས་སུ་དོན་ཡོད་གྲུབ་པ་རལ་གྲི། དྲིལ་བུ་འབར་ཞེས་པས། དྲིལ་བུ་ནི་སྒྲ་མཐར་སྟོང་པས་དབྱིངས་ཀྱི་ཆ་སྟེ། གཡོན་དང་པོ་ཐམས་ཅད་དྲིལ་བུའོ། །ཡུམ་གྱིས་ཀྱང་གཡོན་ཐམས་ཅད་རང་རྟགས་དྲིལ་བུ་འཛིན་ལ། གཡས་ཤེས་རབ་ཐབས་དང་མི་འབྲལ་བའི་རྟགས་སུ་ཡབ་ལ་འཁྱུད་པའོ། །དེ་ལ་སློབ་དཔོན་པདྨའི་བཞེད་ཀྱིས་རིགས་ལྔ་ཞལ་གསུམ་ཕྱག་དྲུག་བཞེད་དེ། ཇོ་བོ་གནུབས་ཀྱིས་ཀྱང་དེ་ལྟར་བཤད། ཤཱིནྟཾ་གརྦྷའི་བསྡུས་འགྲེལ་ལས་ཀྱང་བཤད། སྤར་ཁབ་ལས་ཀྱང་བཤད་པས། ཡེ་ཤེས་རེ་རེའང་སྐུ་གསུང་ཐུགས་སམ་རྣམ་པར་ཐར་པ་གསུམ་དང་ལྡན་པའི་རྟགས་སུ་དབུ་གསུམ། རེ་རེའང་ཡེ་ཤེས་ལྔ་ལྔ་དང་དེ་དག་རང་བཞིན་དབྱིངས་དང་དྲུག་རྫོགས་པའི་རྟགས་སུ་ཕྱག་དྲུག །ཞལ་ནི་སྐུ་མདོག་བསྟན་པའི་སྐབས་སུ་གསལ། ཕྱག་མཚན་ནི་མི་བསྐྱོད་པས་གཡས་གྲལ་རིམ་བཞིན་དུ་རྡོ་རྗེ་འཁོར་ལོ་རིན་པོ་ཆེ། གཡོན་གྲལ་རིམ་བཞིན་དུ་དྲིལ་བུ་པདྨ་རལ་གྲིའོ། །རྣམ་སྣང་གཡས་འཁོར་ལོ་རྡོ་རྗེ་རིན་པོ་ཆེ། གཡོན་གོང་དང་མཐུན། རིན་འབྱུང་རིན་ཆེན་འཁོར་ལོ་སྟེ། གཡོན་མཐུན། སྣང་མཐའ་པདྨ་རྡོ་རྗེ་འཁོར་ལོ་གཡས། དྲིལ་བུ་རིན་ཆེན་རལ་གྲི་གཡོན། དོན་གྲུབ་རལ་གྲི་རྡོ་རྗེ་འཁོར་ལོ་གཡས། དྲིལ་བུ་པདྨ་རིན་ཆེན་གཡོན། ཕྱག་མཚན་དེ་དག་ཀྱང་རང་བྱུང་གི་ཡེ་ཤེས་ཀྱི་རྟགས་འོད་ཟེར་འབར་བའོ། །དེ་དག་ཡེ་ཤེས་དང་སྦྱར་བའི་དོན་རྟགས་ཀྱང་ཤེས་པར་བྱའོ། །སེམས་དཔའི་ཕྱག་མཚན་ནི། ཨུཏྤལ་ཀླུ་ཤིང་ལ་སོགས་མཚན། །ཞེས་པ་ཨུཏྤལ་ནི་བྱང་ཤར་མཚམས་ཀྱི་འཇམ་དཔལ་གྱི་ཕྱག་མཚན་ཏེ། ཀླུ་ཤིང་ནི་ཤར་ལྷོ་མཚམས་ཀྱི་བྱམས་པའི་ཕྱག་མཚན་དེ་གཉིས་སྨོས་པས་སོགས་ཁོངས་སུ་དྲུག་པོ་བསྡུ་བ་སྟེ། བཤད་རྒྱུད་སྒྱུ་འཕྲུལ་རྒྱས་པ་ནས། །རིན་ཆེན་མྱུ་གུ་རལ་གྲི་འབར། །ལ་སོགས་པ་བརྒྱད་ཀ་གསལ་པོར་སྟོན་ཏེ། ཤར་ཕྱོགས་ཀྱི་སའི་སྙིང་པོས་རིན་པོ་ཆེའི་མྱུ་གུ་བསྣམས་ཏེ། གདུལ་བྱའི་རྒྱུད་ལ་བྱང་ཆུབ་ཀྱི་མྱུ་གུ་བསྐྱེད་པར་བྱེད་པའི་རྟགས་སོ། །ལྷོར་ནམ་མཁའི་སྙིང་པོས་རལ་གྲི་བསྣམས་ཏེ། གདུལ་བྱའི་ཉོན་མོངས་པ་གཅོད་པའོ། །ནུབ་ཏུ་སྤྱན་རས་གཟིགས་ཀྱིས་པདྨ་དཀར་པོ་བསྣམས་ཏེ། གདུལ་བྱ་ལ་གསུང་གི་སྒོ་ནས་ཆོས་བསྟན་པས་མཐའ་གཉིས་ཀྱི་སྐྱོན་དག་པའོ། །བྱང་ཕྱག་རྡོར་གྱིས་རྡོ་རྗེ་རྩེ་ལྔ་བསྣམས་ཏེ། གདུལ་བྱའི་ཉོན་མོངས་པ་ཡེ་ཤེས་ལྔས་སྦྱོང་བའོ། །ཤར་ལྷོའི་བྱམས་པས་ཀླུ་ཤིང་གུནྡྷེ་བསྣམས་ཏེ། ཀླུ་ཤིང་ནི་གྲ་མ་ཡིན་ཏེ། ཀླུ་གཏི་མུག་ཆེ་བས་གདུལ་བྱའི་གཏི་མུག་གི་རྒྱུད་སྦྱོང་བའོ། །གུནྡྷེ་ནི་རིལ་པ་སྤྱི་བླུགས་ཏེ། བྲམ་ཟེའི་རིགས་གཙང་སྦྲའི་ཆས་ཡིན་པས་བྱམས་པ་བྲམ་ཟེའི་རིགས་ཡིན་པའི་རྟགས་མཚོན་པ་དང་། གདུལ་བྱའི་ཉོན་མོངས་པའི་དྲི་མ་འཁྲུ་བའོ། །ལྷོ་ནུབ་སྒྲིབ་སེལ་གྱིས་འཁོར་ལོ་བསྣམས་ཏེ། གདུལ་བྱའི་རྒྱུད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ནུབ་བྱང་ཀུན་བཟང་གིས་རིན་པོ་ཆེའི་སྙེ་མ་བསྣམས་ཏེ། གདུལ་བྱ་རྣམས་ཡང་དག་པའི་འབྲས་བུ་ལ་སྦྱོར་རོ། །བྱང་ཤར་འཇམ་དཔལ་གྱིས་ཨུཏྤལ་བསྣམས་ཏེ། ཨུཏྤལ་ཡལ་ག་ཤིན་ཏུ་མང་བས་རལ་གྲི་དང་འདྲ་བས་དོན་དམ་པའི་བདེན་པ་མངོན་དུ་གྱུར་པའོ། །འདབ་མ་ཞིབ་ལ་མང་བ་ནི་ཀུན་རྫོབ་ཏུ་གདུལ་བྱའི་རྒྱུད་གང་ལ་གང་འདུལ་མཁྱེན་པའོ། །མཛེས་ཚུལ་ཞེས་པས། ཕྱོགས་ཀྱི་སེམས་དཔའ་བཞིའི་ཡུམ་སྟོན་ཏེ། ས་སྙིང་གི་ཡུམ་སྒེག་མོས་ཕྱག་ན་མེ་ལོང་བསྣམས་པས་སྒེག་ཚུལ་མཛད་དོ། །མཱ་ལྱེ་མས་རིན་པོ་ཆེའི་ཕྲེང་བ་སྨིན་མཚམས་ཀྱི་ཐད་ཀར་འདྲེན་པའི་ཚུལ་མཛད་པ་ནམ་སྙིང་གི་ཡུམ་མོ། །གླུ་མ་ཕྱག་གཡས་པས་པི་ཝཾ་འཛིན་ཅིང་གཡོན་པས་སྐད་འདྲེན་པ་སྤྱན་རས་གཟིགས་ཀྱི་ཡུམ་མོ། །ནཱིརྟི་མས་གར་བསྐོར་བའི་ཐལ་མོའི་བར་ན་ཞལ་ཟས་བསྣམས་པ་ཕྱག་ན་རྡོ་རྗེའི་ཡུམ་མོ། །མཚམས་ཀྱི་སེམས་དཔའ་བཞིའི་ཡུམ་ནི། མཉེས་པའི་ཡོ་བྱད་འཛིན། །ཞེས་པ། དྷཱུ་པེ་མ་སྤོས་བསྣམས་པས་སྣའི་དབང་པོ་མཉེས་པར་བྱེད་པ་བྱམས་པའི་ཡུམ་མོ། །པུཥྤེ་མ་མེ་ཏོག་གི་གཞོང་བུ་བསྣམས་པས་དབང་པོ་ཀུན་མཉེས་པར་བྱེད་པ་སྒྲིབ་སེལ་གྱི་ཡུམ་མོ། །མར་མེ་མ་མར་མེ་བསྣམས་པས་མིག་གི་དབང་པོ་མཉེས་པར་བྱེད་པ་ཀུན་བཟང་གི་ཡུམ་མོ། །དྲི་ཆབ་མ་དྲིའི་དུང་ཆུ་བསྣམས་པས་འཇམ་དཔལ་གྱི་ཡུམ་མོ། །ཡོ་བྱད་ནི་བཤད་པ་བཞི་པོ་ཕྱག་གིས་འཛིན་པའོ། །ཐུབ་དྲུག་དང་སྒོ་བའི་ཕྱག་མཚན་ནི། འདིའི་དཀྱུས་སུ་མེད་ཀྱང་བཤད་རྒྱུད་རྒྱས་པ་ལས། ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏེ། །མདོར་བསྡུས་ཕྱག་རྒྱ་དྲུག་ཡིན་ནོ། །ཞེས་པ་སྣ་ཚོགས་ཏེ། དེར་གསལ་བས་ལྷའི་ཐུབ་པ་པི་ཝཾ་བསྣམས་ཏེ། ལྷ་རོལ་མོ་ལ་དགའ་བས་ཡིད་འདྲེན་པར་བྱེད་པའོ། །ལྷ་མ་ཡིན་གྱི་ཐུབ་པས་གོ་ཆད་དང་མདུང་བསྣམས་ཏེ། ལྷ་མ་ཡིན་འཐབ་པ་ལ་དགའ་བས་དེའི་ཡིད་འདྲེན་པར་བྱེད་པའོ། །མིའི་ཐུབ་པས་པར་བུ་དང་གསེག་ཤང་བསྣམས་ཏེ་བཅོམ་ལྡན་འདས་དངོས་སོ། །ཡི་དྭགས་ཀྱི་ཐུབས་པས་རིན་པོ་ཆེའི་སྒྲོམ་བུ་འཛིན་ཏེ་དགོས་འདོད་འབྱུང་བས་ཡི་དྭགས་ཚིམ་པར་བྱེད་པའོ། །བྱོལ་སོང་གི་ཐུབ་པས་པོ་ཏི་འཛིན་ཏེ་ཆོས་ཀྱིས་བྱོལ་སོང་རྣམས་ཀྱི་མ་རིག་པའི་མུན་པ་སེལ་བའོ། །དམྱལ་བའི་ཐུབ་པས་མེ་ཆུ་གཉིས་འཛིན་ཏེ་ཚ་བའི་དམྱལ་བ་ལ་ཆུས་བསིལ་བར་བྱེད། གྲང་བའི་དམྱལ་བ་ལ་མེས་དྲོ་བར་བྱེད་པའོ། །སྒོ་བ་ནི། ཡང་རྒྱས་པ་ལས། ནྲྀ་མགོ་གདེངས་དང་རྡོ་རྗེ་གནོན། །ཞེས་པ་ལ་སོགས་ཏེ། གཤིན་རྗེ་གཤེད་པོས་ཕྱག་གཡས་ཀྱིས་ཐོད་དབྱུག་འཕྱར། སྟོབས་པོ་ཆེས་དབྱུག་པའི་མགོ་བོ་རྡོ་རྗེས་མཚན་པ་འཛིན། རྟ་མགྲིན་གྱིས་ཐོད་རློན་གྱི་དབྱུག་པའི་ཡུ་བ་ལ་སྦྲུལ་འཁྲིལ་བ་འཛིན། བདུད་རྩི་འཁྱིལ་བས་རྒྱ་གྲམ་གྱི་དབྱུག་པ་འཛིན། གཡོན་བཞི་ཐོད་ཁྲག་བསྣམས། དཔལ་ཆས་དང་ལྡན་པའོ། །ཡུམ་བཞི་ནི། ལྕགས་ཀྱུ་ཞགས་པ་སྥོ་ཊ་ཧོཿ །ཞེས་པས། ཤར་གྱི་སྒོ་མ་ལྕགས་ཀྱུ། ལྷོའི་སྒོ་མ་ཞགས་པ་མ། ནུབ་སྒོར་ལྕགས་སྒྲོག །དྲིལ་བུ་མ་བྱང་གི་སྒོ་མའོ། །ཀུན་བཟང་མཉམ་བཞག་ཡེ་ཤེས་འཕྲོ། །ཞེས་པ། མཉམ་བཞག་མཛད་པ་ལས་སོར་མོ་རྣམས་ཅུང་བཀྱེད་པའོ། །དེའི་ཐོག་ཏུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གཅིག་ལངས་པའོ། །ཡུམ་འགྱུར་མཉམ་བཞག་པདྨོའི་སྐྱིལ། །ཞེས་པ། པང་དུ་མཉམ་བཞག་གི་ཕྱག་རྒྱ་ལ་ཆོས་འབྱུང་གི་ཕྱག་རྒྱ་ལག་པའི་ནང་ཕར་ལ་ལྟ་བའོ། །ཞབས་གཉིས་ཀྱང་པདྨའི་སྐྱིལ་ཀྲུང་ཞེས་ཏེ། མཉམ་པའི་སྐྱིལ་ཀྲུང་དངོས་ཕྱག་ལེན་ལ་མཛད་པའོ། །མཐིང་ག་ཞེས་པ་ལ་སོགས་པས་ཁ་དོག་བསྟན་ཏེ། མཐིང་ག་ནི་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཅིར་ཡང་མི་གཡོ་བའི་རྟགས་སུ་སྔོན་པོའོ། །དཀར་པོ་ནི་མེ་ལོང་ཡེ་ཤེས་སྐྱོན་གྱིས་མ་གོས་པའི་རྟགས་སུ་རྣམ་སྣང་དཀར་པོའོ། །མཉམ་པ་ཉིད་ཡེ་ཤེས་ཆེ་བའི་ཡེ་ཤེས་ཀྱིས་རྒྱས་པའི་རྟགས་སུ་རིན་འབྱུང་སེར་པོའོ། །སོ་སོར་རྟོགས་པའི་ཡེ་ཤེས་མཐའ་གཉིས་ཀྱི་སྐྱོན་གྱིས་མ་གོས་ཤིང་མཐའ་གཉིས་དབང་དུ་བསྡུས་པའི་རྟགས་སུ་སྣང་བ་མཐའ་ཡས་ལེ་བརྒན་ནོ། །བྱ་བ་གྲུབ་པའི་ཡེ་ཤེས་གདུལ་བྱའི་དོན་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་བདག་གཞན་གྱི་དོན་ཅིག་ཅར་རྫོགས་པའི་རྟགས་སུ་དོན་གྲུབ་མཚོན་སྣ་ལྔ་གཅིག་ཏུ་འདྲེས་པའི་མདོག་ལྗང་གུའོ། །སེམས་དཔའ་དེ་རྣམས་ཀྱང་། སློབ་དཔོན་པདྨའི་སྲོལ་གྱིས་སྒོ་བ་ཡབ་ཡུམ་མ་གཏོགས་པ་དེ། ཤར་དང་ཤར་ལྷོ་དཀར་འབྱམས། ལྷོ་དང་ལྷོ་ནུབ་སེར་འབྱམས། ནུབ་དང་ནུབ་བྱང་དམར་འབྱམས། བྱང་དང་བྱང་ཤར་ལྗང་འབྱམས་སུ་བཞེད། སྣ་ཚོགས་ཞེས་པའི་ཚིག་དེ་བཤད་རྒྱུད་ཀྱི་བཞེད་པས་སེམས་དཔའ་རྣམས་སྐུ་མདོག་འགྱུར་བར་འདོད་པ་དང་། སྒོ་བའི་སྐུ་མདོག་ཡིན་ནོ་སྐད། དབུས་ཀྱི་བཞེད་ཀྱིས། སྣ་ཚོགས་ཞེས་པས། ཤར་ལྷོའི་སེམས་དཔའ་དཀར་སེར། ལྷོ་ནུབ་ཀྱི་སེམས་དཔའ་དམར་སེར། ནུབ་བྱང་གི་སེམས་དཔའ་ལྗང་སེར། བྱང་ཤར་གྱི་སེམས་དཔའ་དཀར་སེར། ཡུམ་རྣམས་ནི་ཡབ་ཀྱི་ཁ་དོག་དངོས་ཡིན། ལྷའི་ཐུབ་པ་དཀར་པོ། ལྷ་མིན་ཐུབ་པ་སྔོན་པོ། མིའི་ཐུབ་པ་སེར་པོ། ཡི་དྭགས་ཐུབ་པ་སྔོན་པོ། བྱོལ་སོང་ཐུབ་པ་སེར་ནག །དམྱལ་བའི་ཐུབ་པ་མཐིང་ནག་གོ། །སྒོ་བ་ནི་ལུགས་གང་ལྟར་ཡང་འདྲ་སྟེ། ཤར་མཐིང་ནག །ལྷོ་སེར་ནག །ནུབ་དམར་ནག །བྱང་ལྗང་ནག །ནག་པོའི་ཆ་ནི་ཡེ་ཤེས་ཀྱི་ངང་ལས་གདུལ་བྱའི་དབང་གིས་ལས་དྲག་པོ་ཁོ་ན་ལ་ཅི་ཚུགས་སུ་མཛད་པའོ། །ཤྲཱིནྟཾ་གརྦྷའི་བསྡུས་འགྲེལ་ལས། ཀུན་ཏུ་བཟང་པོ་ནམ་མཁའ་མདོག །ཅེས་པས། ཡབ་ཀུན་ཏུ་བཟང་པོ་ནི་རིག་པའི་ཡེ་ཤེས་ཀྱིས་ཀྱང་མི་འགྱུར་བའི་རྟགས་སུ་སྐུ་མདོག་སྔོན་པོ། ཀུན་ཏུ་བཟང་མོ་ནི་སྐུ་མདོག་དཀར་པོ་སྟེ་ཆོས་ཀྱི་དབྱིངས་ལ་ཅིས་ཀྱང་གོས་པ་མེད་པའི་རྟགས་སོ། །ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བཀོད་ནས། རྒྱུད་གཞན་ན་ནི་དཀྱིལ་འཁོར་གྱི་གཙོ་བོ་ཡིན་པ་ལ། འདིར་དཀྱིལ་འཁོར་གྱི་མཐའ་ལ་བཞུགས་པ་མི་འགལ་ལམ་ཞེ་ན། མི་འགལ་ཏེ། འདིར་ཐ་མལ་པའི་དུས་ན་ཡིད་ཀྱི་ཤེས་པ་གསལ་ལ་མི་འགག་པ་ཉིད་འཁོར་བའི་ཆོས་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་ཏེ། ཡིད་ཀྱི་ཡུལ་ཆོས་འདུས་བྱས་དང་འདུས་མ་བྱས་དབྱེར་མེད་པའི་ངོ་བོ་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་གང་དུ་ཡང་མ་གྲུབ་པ་ཅིར་ཡང་མི་འགག་པར་འཆར་བ་ཉིད་ལས་གཟུང་འཛིན་ཁ་བལྟས་ཏེ། འཁྲུལ་པ་ཅིར་ཡང་འཆར་བའི་བྲིད་མཁན་ལྟ་བུ་བྱས་པས་ཁམས་གསུམ་གྱི་ཆོས་སུ་སྣང་བ་དེ་གནས་སུ་དག་པས་ཡིད་རང་བྱུང་གི་ཡེ་ཤེས་སུ་དག །ཡིད་དག་པས་འཁྲུལ་པ་གཏན་ནས་མ་དམིགས་པས་ཀུན་གཞིའི་རྣམ་ཤེས་གནས་སུ་དག་སྟེ། མེ་ལོང་གཡའ་དག་ན་གསལ་བ་མཐར་ཕྱིན་པ་དང་འདྲ་བས། ཀུན་གཞིའི་རྣམ་ཤེས་དག་ནས་རྣལ་མ་དོན་གྱི་ཀུན་གཞི་མངོན་དུ་གྱུར་ཏེ། དབྱིངས་དང་ཡེ་ཤེས་དབྱེར་མེད་པ་འབྲས་བུ་ཆོས་སྐུའོ། །ཀུན་ཏུ་བཟང་པོ་ཡབ་ཡུམ་ལ་ཆོས་སྐུ་ཞེས་བྱ་བའི་རྒྱུ་མཚན་ཡང་དེ་ཡིན། ཆོས་སྐུ་ལ་དབྱེ་བ་མེད་ཀྱང་རིག་པའི་ཡེ་ཤེས་ལ་མི་འགག་པའི་རྟགས་སུ་ཀུན་བཟང་། ཆོས་ཀྱི་དབྱིངས་མི་འགག་པའི་རྩལ་ཀུན་ཏུ་བཟང་མོ། ལྷ་སྤྱི་དེ་གཉིས་ཀྱི་མཁའ་ལ་གསལ་བ་ལྟ་བུ་བས་ཀུན་ཏུ་བཟང་པོ་ཤར་དུ་བཞུགས། ཀུན་ཏུ་བཟང་མོ་ནུབ་ཏུ་བཞུགས་པའོ། །སྐུའི་ཚུལ་བསྟན་པ་ནི། མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྟུག་གཟི་བརྗིད་འབར། །ཞེས་པ། མཉེན་པ་ནི་ཕྱག་གི་སོར་མོ་རྣམས་སོ། །ལྕུགས་པ་ནི་ཕྱག་ཞབས་ལྕུགས་པས་གར་ཡང་བསྒྱུར་དུ་བཏུབ་པ་ལྟ་བུའོ། །ཡང་ན་ལྕུགས་པ་ནི་སྐུའི་སྐེད་པ་སྟེ། གཞུའི་ཆངས་བཟུང་ལྟ་བུ་ཞེས་པས། རང་གི་ལུས་ཀྱི་སོར་བཞིའི་ཚད་སྐབས་ཕྱེད་པས་ཅིས་ཀྱང་བསྒྱུར་དུ་བཏུབ་པ་ལྟ་བུའོ། །འཁྲིལ་བ་ནི་ཐབས་དང་ཤེས་རབ་མི་ཕྱེད་པ་སྟེ་དབྱེར་མེད་པའི་བདག་ཉིད་དོ། །ལྡེམ་པའང་རྐེད་པ་སྟེ། གོང་གི་བཤད་པའི་མཚན་ཉིད་རྣམས་དང་ལྡན་པས་གདུལ་བྱ་གང་ལའང་དེ་ཁོ་ནའོ་ཕྱོགས་སུ་དགོངས་པ་ལྟ་བུའོ། །གཞོན་ཚུལ་ནི་ལོ་བཅུ་དྲུག་པའི་ཤ་རྒྱས་པ་ལྟ་བུའོ། །གསལ་བ་ནི་ཁ་དོག་རྣམས་གཞན་གྱི་སྐྱོན་གྱིས་མ་གོས་པ་སོ་སོ་ན་གསལ་བའོ། །དཔེར་ན་གངས་ལ་ཉི་མ་ཤར་བ་ལྟ་བུའོ། །འཚེར་བ་ནི་ཁ་དོག་སོ་སོ་ན་སྐྱོན་གྱིས་མ་གོས་ཤིང་གསལ་བ་དེ་ལ་སོ་སོ་ན་གསལ་བའི་འོད་འབར་བས་མིག་གིས་བལྟ་བར་མི་ནུས་ཏེ། གངས་ལ་ཉི་མ་ཤར་བ་ལྟ་བུ་འམ། ཉི་མ་ལ་ལྟ་བ་ལྟ་བུའོ། །ལྷུན་སྡུག་པ་ནི་ཡོན་ཏན་ཐམས་ཅད་རྫོགས་པས་གདུལ་བྱ་གང་གིའང་ཡིད་དུ་འོང་ནས་གཏན་མི་བྲ་བ་ལྟ་བུའོ། །གཟི་བྱིན་ཆེ་བ་ནི་ཡོན་ཏན་ཐམས་ཅད་རྫོགས་པ་མཐར་ཕྱིན་པས། གདུལ་བྱ་རྣམས་ཟིལ་གྱིས་གནོན་ཞིང་དབང་དུ་སྡུད་པའོ། །དེ་ལྟར་སྐུའི་མཚན་ཉིད་དེ་དག་དོན་དང་སྦྱར་ན། ཉིང་ལག་མཉེན་པ་ནི་ཕྲག་དོག་དག་པའོ། །ཡན་ལག་ལྕུགས་པ་ནི་ང་རྒྱལ་དག་པའོ། །འཁྲིལ་བ་ནི་འདོད་ཆགས་དག་པའོ། །གཞོན་ཚུལ་ནི་གཏི་མུག་དག་པའོ། །ལྡེམ་པ་ནི་ཞེ་སྡང་དག་པའོ། །གསལ་བ་ནི་ཡེ་ཤེས་ཀྱི་ངོ་བོ་མཐའ་དང་བྲལ་བའོ། །འཚེར་བ་ནི་མཐའ་བྲལ་གྱི་ཡེ་ཤེས་དེ་འཛིན་པ་ཅན་གྱི་བློའི་ཡུལ་མ་ཡིན་པའོ། །ལྷུན་སྡུག་པ་ནི་རང་བྱུང་གི་ཡེ་ཤེས་ཕྱོགས་འཛིན་ཐམས་ཅད་མ་སྤངས་ངང་གིས་དག་ཅིང་མཉམ་པ་ཉིད་ཀྱི་ངང་ལ་གདུལ་བྱ་ཐམས་ཅད་ཀྱི་ཡིད་འདྲེན་པའོ། །གཟི་བརྗིད་ཆེ་བ་ནི་རང་བྱུང་གི་ཡེ་ཤེས་ཀྱི་ངང་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་དམིགས་ཤིང་བརླག་པའི་མཚན་ཉིད་ཀྱི་དབང་གི་གདུལ་བྱ་ཐམས་ཅད་ཟིལ་གྱིས་གནོད་ཅིང་ཁ་ལོ་བསྒྱུར་བའོ། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །ཞེས་པ། འོད་ཟེར་བྱེ་བ་ཕྲག་དྲུག་ཅུ་དྲུག་ཅུ། འཕྲོ་ཞེས་པ། དེ་ཡང་རྒྱུའི་ཐེག་པ་ནས་ནི་སྨིན་མཚམས་དང་། ཞལ་དང་ཐུགས་ཀ་དང་གནས་ངེས་པ་ཅན་ནས་འཕྲོ་བར་བཤད་ལ། འབྲས་བུའི་སྐབས་འདིར་ནི་དེ་ལས་འདས་ཏེ། བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་འོད་ཟེར་བྱེ་བ་ཕྲག་དྲུག་ཅུ་དྲུག་ཅུ་འབྱུང་ཞེས་བརྗོད་པས། དྲུག་ནི་དཀར་བ་ལ་སོགས་པའི་ཁ་དོག་དྲུག་གོ། །བཅུ་ནི་སྤྲོ་བའི་གནས་ཕྱོགས་བཅུ་སྟེ། གྲངས་ནི་བྱེ་བ་ཕྲག་ཀྱང་བལྡབ་མར་བྱས་པས་གྲངས་མེད་པའོ། །འབར་བའི་ཕྲེང་བས་འཁྱིལ་བ་སྟེ། །ཞེས་པ་ཁྲོ་བོ་རྣམས་ཀྱི་སྐུ་ལ་མེ་རི་འབར་བ་གཡས་གཡོན་དུ་འཕྲོས་པ་མཚམས་བཞིར་འབྲེལ་བ་སྟེ། གཞལ་ཡས་ཁང་གི་ནང་ཐམས་ཅད་ཁྱབ་ཅིང་འཁྱིལ་བ་ཡང་། མེའི་དབྱིངས་རྡོ་རྗེ་རྩེ་ལྔ་པ་ཁོ་ནར་སྣང་ནས་དེ་ཐམས་ཅད་འབྲེལ་བ་སྟེ། མེ་ནི་རང་བྱུང་གི་ཡེ་ཤེས་ཡིན་ལ། རང་བྱུང་ཡེ་ཤེས་ཉིད་ཡེ་ཤེས་ལྔར་སྣང་བའི་རྟགས་སུ་རྡོ་རྗེ་རྩེ་ལྔ་པ་སྟེ། དེ་གདུལ་བྱའི་ངོ་ལ་ཡེ་ཤེས་ལྔར་སྣང་ཞིང་དོན་དུ་དཀྱིལ་འཁོར་གྱི་འཁོར་ལོ་སྤྱི་རང་བྱུང་ཡེ་ཤེས་ངང་ལས་མ་གཡོས་པའི་རྟགས། ཕྱི་རོལ་དུ་འཁོར་བའི་མེ་རི་འདྲེས་པས་བར་ཆོད་ཀྱིས་མི་ཚུགས་པའི་རྟགས་སོ། །མཐའ་དབུས་མེད་པར་ཁྱབ་པ་ཡི། །ཞེས་པ་རང་བཞིན་ཉིད་གཞིའི་སྐབས་སུ་རྟོགས་ཚོགས་བཞི་བཅུ་རྩ་གཉིས་ཆོས་ཀྱི་དབྱིངས་དང་མཉམ་པས་མཐའ་དབུས་མེད་པར་རྟོགས་པ་མཐར་ཕྱིན་པའི་ངང་ལ། རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཆོས་དབྱིངས་དང་མཉམ་པས་མཐའ་དབུས་མེད་པ་ཉིད་རང་བཞིན་ལྷུན་གྱིས་གྲུབ་པ་མཐར་ཕྱིན་པ་འབྲས་བུའི་ངོ་བོ་ཉིད་ལ། གདུལ་བྱའི་རྐྱེན་གྱིས་བསྒྱུར་བས་དཀྱིལ་འཁོར་གྱི་འཁོར་ལོ་ཕྱི་ནང་གི་འདོད་པ་ཐ་དད་པ་དང་། ཐུན་མོང་གི་གཟུགས་སྐུ་ལ་སོགས་པ་སྟོན་པའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པར་སྣང་བའོ། །དེ་ལྟ་རང་བཞིན་ལྷུན་གྱིས་གྲུབ་པ་དེ་ཁོ་ན་ཉིད་ཀྱི་རྗེས་སུ་རྣལ་འབྱོར་པ་དབང་པོ་རབ་ཀྱིས། ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་ཡང་ཆོས་ཀྱི་དབྱིངས་མཐའ་ཀླས་པ་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཀྱི་ངོ་བོ་ཉིད་དུ་གསལ་བ་ལས་སྤྲུལ་པའི་འཕྲོ་འདུ་མང་པོས་འགྲོ་བའི་དོན་བྱ་བར་མོས་ཤིང་བསྒོམ་པ་སྟེ། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་པའི་དོན་ནོ། །ཡང་ན་དེ་ལྟར་བསྒོམས་པའི་ངང་ལས་རྣལ་འབྱོར་པའི་རིག་པའི་རྩལ་གྱི་ཡོན་ཏན་གྱིས་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྲངས་བསམ་གྱིས་མི་ཁྱབ་པ་ཆོས་ཀྱི་དབྱིངས་དང་མཉམ་པར་མོས་པའི་བློས་བསྒོམ་མོ། །དེ་ལ་ནི་བསམ་ཡས་དཀྱིལ་འཁོར་ཞེས་ཀྱང་གསུངས་སོ། །རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་ལ། སྐུ་གསུམ་གྱི་མཚན་ཉིད་བསྟན་པ་ལ་གཉིས་ཀྱི་མི་འགག་པའི་མཚན་ཉིད་ནི། སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི། །ཞེས་པ་སྤྱིར་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་ལས། སངས་རྒྱས་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་མངོན་དུ་གྱུར། མཉམ་བཞག་ལ་དགོངས་པ་ཆོས་ཀྱི་སྐུ་ལས་མི་གཡོ། རྗེས་གདུལ་བྱ་ལ་གཟིགས་པའི་ཚེ། སྒྱུ་མ་བཞིན་དུ་གདུལ་བྱ་སྣང་བ་མ་གྲུབ་པའི་ངང་ལས་འདུལ་བའི་ཐབས་དང་། དུས་དང་མཛད་པའི་ཕྲིན་ལས་རྣམས་སུ་ཤར་བའོ། །ཡང་དག་པར་རྫོགས་པའི་བུདྡྷ་ནི། མཚན་བདུན་དང་ལྡན་པའི་བཅོམ་ལྡན་འདས་སྟོན་པའི་རང་བཞིན་སྤྱིར་བསྟན་པ་དང་མཐུན་ཏེ། འབྲས་བུ་མཐར་ཕྱིན་པའི་བུདྡྷ་ཐམས་ཅད་དབྱེར་མེད་པའི་ངོ་བོ་ཁམས་གསུམ་གྱི་ཆོས་ཐམས་ཅད་དོན་དམ་ཀུན་རྫོབ་དབྱེར་མེད་པའི་དོན། འཁོར་འདས་དབྱེར་མེད་དོན་དམ་ཀུན་རྫོོབ་དབྱེར་མེད་པའི་བདག་ཉིད་ལ། ཚིག་གི་ཐ་སྙད་ལ་ཟུང་འཇུག་གི་སྐུ་ཞེས་ཀྱང་བརྗོད་ལ། ངོ་བོ་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོའོ། །དེ་ལ་ནི་སྐུའི་ཕྱག་རྒྱ་ཆེ་མཆོག་ཅེས་བྱ་སྟེ། མཐར་ཕྱིན་པས་སངས་རྒྱས་ཀྱི་སྐུ་ཕྱག་ཆེན་པོ་ལ་སྐུ་ལྔ་ལྷུན་གྱིས་གྲུབ་སྟེ། སྨོས་པའི་ཟུང་འཇུག་གི་སྐུ་བསམ་བརྗོད་ལས་འདས་པའི་ངོ་བོ། །ཆོས་ཐམས་ཅད་ཀྱི་དེ་ཉིད་ལས་འབྲས་བུའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གྱུར་པས་སྐུའོ། །ལོངས་སྐུ་ནི་འཁོར་འདས་དབྱེར་མེད་པ་སྟེ། རིག་པ་ཆོས་སྐུ་ཆེན་པོ་ཉིད་མི་འགག་པའི་རྩལ་ལས། དག་སྣང་གི་སྐུ་གཉིས་ཀྱི་བྱེ་བྲག་ཐམས་ཅད་འཁྲུལ་པའི་སྣང་བ་མི་འགག་པའི་ཆོས་རང་སྣང་ཐམས་ཅད་རྒྱུ་འབྲས་སམ། རྩ་ལོའམ་སྤྲོ་བསྡུ་མེད་པར་རང་སྣང་མི་འགག་པ་ནི། མི་འགག་པའི་ལོངས་སྤྱོད་དེ་འཁོར་བའི་མཚན་ཉིད་ལྟ་བུའོ། །དེ་ཉིད་མ་བྱུང་མ་སྐྱེས་སྐྱེ་བ་མེད་པ་རང་རིག་པ་ཆོས་སྐུའི་ངང་ལ་འདས་པའི་ལོངས་སྤྱོད་དེ། ལོངས་སྤྱད་བྱ་སྤྱོད་བྱེད་མེད་ཀྱང་། དེའི་ངང་ལ་རྒྱུད་ཆད་མེད་པ་ལ་ཐ་སྙད་དུ་ལོངས་སྤྱོད་ཅེས་བྱའོ། །དེ་གཉིས་རེས་མོས་མ་ཡིན་ཏེ། ཆུ་དང་གཤེར་བ་ལྟར་མི་ཕྱེད་པའི་བདག་ཉིད་ལ་འདའ་བ་མེད་པ་ནི་འཁོར་འདས་གཉིས་ཀྱི་ལོངས་སྤྱོད་ཡུལ་གཅིག་ལ་སྐད་ཅིག་མ་གཅིག་ལ་སྤྱད་བྱ་སྤྱོད་བྱེད་མེད་པར་ལྷུན་གྱིས་གྲུབ་པ་ནི་ལོངས་སྐུ་སྟེ། མི་འགག་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གྱུར་པས་ན་སྐུའོ། །མངོན་པར་བྱང་ཆུབ་པའི་སྐུ་ནི་གོང་དུ་བཤད་པ་དེ་ལྟ་བུའི་དོན་ལ་གཞལ་བྱ་ཕྱི་ནང་གི་ཆོས་ཐམས་ཅད་སེམས་རིག་པ་ཉིད་རང་སྣང་། སྣང་བྱ་སྣང་བྱེད་མེད། སྣང་སྟོང་གི་མཐའ་དང་བྲལ་བ་ནི་གོང་གི་དོན་ཉིད་དེ། ཆོས་ཐམས་ཅད་རང་རིག་པའི་མངོན་སུམ་དུ་བསལ་སྤངས་མེད་པར་མཚན་ཉིད་ཐམས་ཅད་དང་བྲལ་བས་ཀྱང་། རང་སྣང་མི་འགག་པ་ལྷུན་གྱིས་གྲུབ་པའི་ངོ་བོར་གསལ་བ་ནི་མངོན་པར་བྱང་ཆུབ་པའི་སྐུའོ། །དགོངས་པ་དེ་ཉིད་ལས། སྤྲུལ་པའི་སྐུ་ནི་གདུལ་བྱའི་སྣང་བ་སྟེ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འོག་མིན་གྱི་ལོངས་སྐུ། སྤྲུལ་སྐུ་མཐོ་དམན་གྱི་བྱེ་བྲག་ཐམས་ཅད་ཆོས་སྐུ་ལས་མི་གཞན་བཞིན་དུ་སྣང་། སྣང་ཡང་ཆོས་སྐུ་ལས་མ་གཡོས་པ་ནི་སྤྲུལ་པ་ཞེས་བྱ་སྟེ། དེའི་གཏན་ཚིགས་ནི་ངོ་བོ་མ་གྲུབ་བཞིན་དུ་སྣང་། སྣང་བཞིན་མ་གྲུབ། གློ་བུར་དུ་སྣང་ལ་ཅིར་ཡང་འཆར་བའི་ཕྱིར་ན་སྤྲུལ་པ་ཞེས་བྱའོ། །རྡོ་རྗེ་སྐུ་ནི་མཛད་པའི་ཕྲིན་ལས་ཀྱིས་འགྲོ་དོན་རྒྱུན་མི་ཆད་པར་མཛད་པའི་དུས་སུ་དགོངས་པ་ཆོས་ཀྱི་སྐུ་ལས་མི་གཡོ་བར། གདུལ་བྱའི་དོན་གྱི་དབང་དུ་མི་འགྱུར་བས། འགྱུར་བ་མེད་པའི་དོན་གྱི་རྡོ་རྗེའོ། །ཕྲིན་ལས་ཇི་ལྟར་མཛད་ཀྱང་མཛད་པ་བསྐྱར་མི་དགོས་པར་སྐད་ཅིག་མ་ལ་ལྷུན་གྱིས་གྲུབ་ཀྱང་འདུལ་བྱེད་འདུ་ཤེས་ཟད་པས་དེར་འཛིན་གྱི་རྟོག་པ་མི་མངའ་སྟེ། དེ་ནི་འདུལ་བྱེད་ཀྱི་དོན་འཇོམས་པའི་དོན་གྱིས་རྡོ་རྗེ། མི་འགྱུར་བ་དང་འཇོམས་པ་གཉིས་དབྱེར་མི་ཕྱེད་པའི་དོན་གྱིས་རྡོ་རྗེ་སྟེ། དེ་ཉིད་ཆོས་སྐུར་ལྷུན་གྱིས་གྲུབ་པས་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གྱུར་པས་སྐུའོ། །སྟོན་པ་ཀུན་ཏུ་བཟང་པོའི་སྐུ་ཟུང་འཇུག་གི་ངོ་བོ་ཉིད་ནི་སྐུ་ལྔ་ལྷུན་གྱིས་གྲུབ་པས་སྐུ་ཕྱག་རྒྱ་ཆེན་པོ་ལས་ཀྱང་མཆོག་ཏུ་གྱུར་པ་ཞེས་བྱའོ། །དེ་ལྟ་བུའི་ལྷུན་གྲུབ་ཀྱི་ཡེ་ཤེས་སེམས་དཔའ་དེ་ནི་འབྲས་བུའི་ཡོན་ཏན་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུ་སྟེ། མདོར་བསྡུ་ན་ཕྱི་ནང་གི་ཆོས་ཐམས་ཅད་སྣང་སྟོང་གཉིས་སུ་མེད་པ་ལྷག་པ་ཆོས་སྐུ་ཉིད་དོ། །དེའི་ངོ་བོ་ནི། དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ཞེས་པ་དེ་བཞིན་ཉིད་ནི་གཞི་སེམས་ཀྱི་ཆོས་ཉིད་མ་བཅོས་པ་དེ་ཉིད་རྟོགས་པ་མཐར་ཕྱིན་པའི་ཆོས་སྐུ། རང་གསལ་གྱི་ངོ་བོ་ཉིད་དུ་བཞུགས་པས་ན་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཞེས་ཀྱང་བྱ་སྟེ་ཆོས་སྐུའོ། །མ་གཡོས་ཞེས་པ་ནི། ཐུན་མོང་གི་སངས་རྒྱས་ལྟར་མཉམ་བཞག་དང་རྗེས་ཐོབ་དངོས་པོར་མ་གྲུབ་བཞིན་གདུལ་བྱ་གཟིགས་པ་དང་། དེའི་དུས་དང་འདུལ་བའི་ཐབས་དང་མཛད་པའི་འབྲས་བུ་ལ་སོགས་པ་འདུ་ཤེས་ཀྱི་རྒྱུད་ཀྱིས་བཟུང་ནས་བསྒྲུབ་པ་ལྟ་བུ་མ་ཡིན་ཏེ། དཔེར་ན་མེ་ལོང་གཡའ་དག་པ་མཐར་ཕྱིན་ན། རྐྱེན་ལྟ་བ་པོ་དང་འཛོམ་པའི་དུས་སུ་གཟུགས་བརྙན་ཤར་བ་དང་། ངོ་ལ་དྲིས་ཁེབས་པ་ལ་སོགས་པའི་སྐྱོན་ཐམས་ཅད་སེལ་བ་རྣམས་དུས་གཅིག་ལ་རྫོགས་ཀྱང་། མེ་ལོང་ལ་དེར་འཛིན་གྱི་རྩོལ་བ་མེད་པ་བཞིན་དུ། རྟེན་གྱི་གང་ཟག་གི་ལས་ཀྱི་སྒྲིབ་པ་དག །ཤེས་བྱའི་སྒྲིབ་པ་ཕྲ་རགས་རྣམས་དག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷུན་གྱིས་གྲུབ་པའི་དུས་སུ། ཐ་སྙད་ཚིག་སྦྲེ་བའི་དབང་དུ་བྱས་ན། སེམས་རང་ཐོག་ཏུ་ཕྱིན་ཅེས་བྱ་བ་ཡང་དེ་ཡིན་པས། སེམས་ཉིད་ཆོས་སྐུར་གསལ་ནས་དེ་ཉིད་རང་སྣང་མི་འགག་པ་མེ་ལོང་གཡས་དག་པ་དང་འདྲ་བར། གདུལ་བྱ་དབང་པོའི་བྱེ་བྲག་སོ་སོ་དང་འཛོམ་པའི་དུས་སུ། གདུལ་བྱའི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པ་ཐམས་ཅད་མཁྱེན་པ་ལ་བཙལ་བའི་གཡོ་བ་མི་མངའ་བའོ། །ཀྱང་ནི་སྣང་བ་མི་འགག་པའི་མགོ་འདྲེན་ནོ། །ཡང་དག་ཐར་པའི་གཟུགས་སྐུ་དང་། །ཞེས་པ། འཁོར་བ་ལས་ཡང་དག་པར་ཐར་པ་ནི་མཐོང་བའི་ལམ་མངོན་དུ་བྱས་པ་སྟེ། དེ་ལ་ནི་སྤང་བྱ་སྤོང་བྱེད་ཡོད་པས་ཐར་པ་ཞེས་བྱ་སྟེ། ཡང་དག་པ་ཞེས་མི་བྱའོ། །བསྒོམ་ལམ་དང་མཐར་ལམ་དུ་ཡང་དག་པ་གཉིས་ཞེས་བརྗོད་པས། ཟག་མེད་ཀྱི་ལྟ་བ་ལ་དམ་པར་འཛིན་པ་དག་བསྒོམ་པ་ལ་དམ་པར་འཛིན་པ་སྟེ། ཟག་མེད་ཀྱིས་ཤེས་པར་བྱ་བའི་དོན་ཡིན་པ་ལས། ལམ་མཐའི་དུས་སྒྲིབ་པ་རགས་ལ་ཤེས་བྱའི་སྒྲིབ་པ་རགས་པ་ཞེས་བྱའོ། །དེར་བསྒོམས་པའི་སྟོབས་ཀྱིས་གོམས་གོམས་པའི་སྟོབས་ཀྱིས་ཇེ་ཕྲ་ཇེ་ཕྲར་སོང་བ་དང་། བུདྡྷ་དང་བླ་མའི་གདམས་ངག་དང་། ཇི་ཙམ་དག་པ་བཞིན་དུ་ས་ལམ་གོང་ནས་གོང་དུ་སྐྱེད་དུ་སོང་བའོ། །ས་བཅུ་རྒྱུན་གྱི་ཐ་མ་ལ་ལྟ་བསྒོམ་དབྱེར་མེད་བསྒོམ་པའི་ཏིང་ངེ་འཛིན་ཕྲ་བའི་ཕྲ་བ་མཉམ་པ་ཉིད་ལ་ལྡང་དཀའ་བ་ཙམ། ད་ལྟའི་རྣལ་འབྱོར་གྱི་བློས་མི་རེག་པ་ཐ་སྙད་བརྗོད་པ་ཙམ་ཡིན་པས་སོ། །དེ་ལྟ་བུའི་ཡང་དག་པའི་ཐར་པ་གཉིས་སྟོན་པའི་སློབ་དཔོན་ནི་གཟུགས་སྐུ་དང་བྱ་བ་ལོངས་སྐུ་ཆེན་པོ་སྟེ་འོག་མིན་ན་བཞུགས་པའོ། །འགྲོ་བ་མ་ལུས་འདུལ་བའི་ཕྱིར། །ཞེས་པ། དེ་མཐོང་བའི་སྐལ་བ་མེད་པའི་ཁམས་གསུམ་གྱི་འགྲོ་བ་དྲུག་གི་སེམས་ཅན་མ་ལུས་པ་ཐམས་ཅད་འདུལ་བའི་ངོ་བོ་ནི་ལྷ་མིའི་ཐེག་པ་དང་། ཉན་ཐོས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའི་ཐེག་པས་རིམ་པ་བཞིན་དུ་གོང་མ་གོང་མ་ལ་སྦྱོར་ནས་གསང་སྔགས་སུ་ཞུགས་ཏེ་འབྲས་བུ་ལ་སྦྱོར་བའོ། །གཏན་ཚིགས་དེའི་ཕྱིར། མཐུན་པར་བྱས་པ་ནི་སྤྲུལ་པའི་སྐུ་སྟེ་རིས་དྲུག་སོ་སོ་དང་མཐུན་པའི་སྟོན་པའི་མཐོ་དམན་སྣ་ཚོགས་སུ་སྟོན་ཏེ། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པས་འདུལ་བའི་སྐབས་སུ་བཤད་པ་དང་མཐུན་ནོ། །མི་དམིགས་པའི་མཚན་ཉིད་བསྟན་པ་ནི། སྟོན་ཉིད་སྒྱུ་མ་མིག་ཡོང་ཚུལ། །ཞེས་པ་ཀུན་ཏུ་བཟང་པོའི་ཞིང་ཁམས་ནི་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཡིན་པས། ཆགས་ཚུལ་དྲུག་གི་འཇིག་རྟེན་མཐར་ཐུག་པ་མེད་པའི་གདུལ་བྱ་ཐམས་ཅད་ལ་སྐུ་གཉིས་ཀྱི་མཛད་པ་སྣང་བ་བསྟན་ཙམ་ཉིད་ནི་སྣང་ཚུལ་གྱི་དཔེ། སྒྱུ་མ་མིག་ཡོར་ཚུལ་ཞེས་པ། སྒྱུ་མ་ནི་རྒྱུ་སྒྱུ་མའི་རྫས་དང་། རྡོ་དང་ཤིག་བུ་ལ་སོགས་པ་ལ། རྐྱེན་སྒྱུ་མའི་སྦྱོར་སྔགས་བཏབ་པས། སྒྱུ་མའི་རྟ་དང་གླང་པོ་ཆེ་དང་། བུད་མེད་ཀྱི་ཚོགས་སུ་སྣང་བས་ལྟ་བ་པོའི་མིག་གི་དགོས་པ་སྐོང་བར་བྱེད་ཅིང་ཆགས་སྡང་བསྐྱེད་པའི་བྱ་བ་བྱེད་ཀྱང་། ངོ་བོ་ལ་གྲུབ་པ་མེད་པ་བཞིན། འདིར་སྤྲུལ་པའི་སྐུ་སྣང་བ་ཡང་ཐམས་ཅད་མཁྱེན་པའི་ལྷུན་གྲུབ་ཀྱི་ཡེ་ཤེས་གང་དུ་ཡང་མ་གྲུབ། ཅིར་ཡང་མི་འགག་པར་སྣང་བའི་སྒྱུ་ལ་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་བསྟངས་པ་དང་། རྐྱེན་གདུལ་བྱའི་ལས་མཐོ་དམན་གྱི་དབང་གིས་ལོངས་སྐུ་དང་སྤྲུལ་སྐུའི་མཐོ་དམན་གྱི་བྱེ་བྲག་རྣམས་སྣང་ནས། གདུལ་བྱའི་བློའི་དགོས་པ་སྐོང་སྟེ་རིམ་གྱིས་འབྲས་བུ་ལ་སྦྱོར་བར་བྱེད་ཀྱང་། ངོ་བོ་སེམས་ཉིད་ཀྱི་ངང་ལ་མ་གྲུབ་པའི་དཔེ་བཞིན་ནོ། །མིག་ཡོར་ནི་གྲིབ་མ་སྟེ་ལུས་ལ་བརྟེན་ཏེ་གྲིབ་མ་བྱུང་བས། བློ་ཤེད་མ་བྱེ་བའི་བྱིས་པ་དག་དགའ་བ་དང་སྐྲག་པ་སྣ་ཚོགས་བྱེད་ཀྱང་ངོ་བོ་ལ་མ་གྲུབ་པ་བཞིན་གོང་དུ་བསྟན་པའི་རྒྱུ་རྐྱེན་གཉིས་ལས་སྣང་བའི། བུདྡྷའི་སྤྲུལ་སྐུ་སྣ་ཚོགས་བདག་ཏུ་འཛིན་པ་དང་བཅས་པའི་སྟོབས་ཀྱིས་སྣང་བ་སྟེ་བློ་ངོས་ཁྲིད་པའི་ལམ་སྣ་ཚོགས་བྱེད་ཀྱང་། སེམས་ཉིད་ཀྱི་ངང་ལ་མ་དམིགས་སོ། །དེ་ལྟར་མིན་པའི་གཟུགས་སྐུ་གཉིས་ནང་དུ་ཡང་ལྷག །གཅིག་གིས་སྤྲུལ་སྐུ་ཁ་མིག་རྣ་བ་ཅན་འགྲོ་བའི་རྒྱུད་ལྟར་རང་རྒྱུད་དུ་སྣང་བར་ལྟ་བ་ནི་འཁྲུལ་པའི་སྣང་བའོ། །ཚུལ་ཉིད་དབྱིངས་ལས་གཡོས་པ་མེད། །ཅེས་པ་རྨི་ལམ་སྒྱུ་མ་མིག་ཡོར་གྱི་ཚུལ་དུ་སྣང་བ་ཉིད་ན། དབྱིངས་ལས་གཡོས་པ་མེད་ཅེས་པ། །སྤྲུལ་པའི་སྐུའི་བྱེ་བྲག་མཛད་པ་སྣ་ཚོགས་སུ་སྣང་བ་ཉིད་ན། སེམས་རང་བྱུང་གི་ཡེ་ཤེས་མཉམ་པ་ཉིད་ཀྱི་དབྱིངས་ལས་གཡོ་བྱ་གཡོ་བྱེད་ཀྱི་རྩོལ་བ་རྡུལ་ཕྲ་རབ་ཙམ་ཡང་མེད་དེ། སེམས་མཉམ་པ་ཉིད་ཀྱི་དབྱིངས་སོ། །འོ་ན་ངོ་བོ་དེ་མེད་པའི་ནམ་མཁའ་དང་འདྲ་བའི་སྟོང་པ་ཉིད་ལས་སྣང་བས། སྟོང་པ་ཉིད་ལ་སྣང་བྱ་སྣང་བྱེད་མ་དམིགས་པའི་དབང་གིས་རྩོལ་བར་བྱས་སོང་བར་དོགས་པ་ལས། མ་གཡོས་བཞིན་དུ་སྣ་ཚོགས་པའི། །ཞེས་པ་མཉམ་པ་ཉིད་སེམས་རང་བྱུང་གི་ཡེ་ཤེས་ཀྱི་ངང་ལས་མ་དམིགས་ཀྱང་སྣང་བ་མི་འགག་པ་ཐམས་ཅད། སྣ་ཚོགས་ཀྱི་ཞེས་པས། ཆོས་ཐམས་ཅད་ཡུལ་སེམས་སྣོད་བཅུད་མི་འདྲ་བ་སྣ་ཚོགས་རྣམས་སྣང་སྟེ། དེ་ཡང་བློའི་རིམ་པ་དང་མཐུན་པ་བཞིན་དུ་སྣང་བ་ནི། གདུལ་བྱའི་ལས་ཀྱི་སྣང་བ་ཁོ་ནའོ། །གཟུགས་སྐུའི་མདོར་བསྟན་ནོ། །དེ་ཚེ་མི་མཐུན་སྣ་ཚོགས་ལ། །ཞེས་པ། དེ་ལྟར་མ་འགག་པ་སྤྲུལ་སྐུ་སྣང་བ་དེའི་ཚེ། གདུལ་བྱ་འགྲོ་བ་དྲུག་ན་རིས་མི་མཐུན་པ་དང་། འགྲོ་དྲུག་རེ་རེའི་ནང་ན་ཡང་དབང་པོ་མཐོ་དམན་གྱི་བྱེ་བྲག་མི་མཐུན་པ་མང་སྟེ། དེས་ན་སྣ་ཚོགས་སོ། །ལ་ཞེས་པ། གདུལ་བྱ་དེ་ལྟ་བུ་ལ། སོ་སོར་འདྲ་བར་སྣང་བ་ནི། །ཞེས་པ་གདུལ་བྱ་སོ་སོ་ལ་རང་གི་བློ་རྟོག་དང་མཐུན་པའི་སྟོན་པ་སྣང་བ་ནི། ལྷ་ལ་ཚངས་པ་དང་བརྒྱ་བྱིན་ལྟ་བུ། མི་ལ་འཁོར་ལོས་སྒྱུར་བ་དང་ཤཱཀྱ་ཐུབ་པ་ལྟ་བུ། ལྷ་མ་ཡིན་ལ་ཐག་བཟང་རིས་ལྟ་བུ། ཡི་དྭགས་ལ་ཁ་འབར་མ་ལྟ་བུ། བྱོལ་སོང་ལ་ཡི་དམ་བརྟན་ལྟ་བུ། དམྱལ་བ་ལ་ཆོས་ཀྱི་རྒྱལ་པོ་ལྟ་བུར་སྣང་བ་ནི། དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ཞེས་པ་དེ་བཞིན་ཉིད་ཀྱི་དབྱིངས་ཆོས་ཀྱི་སྐུ་ལ་སྣང་བྱ་སྣང་བྱེད་དམ། གཡོ་བྱ་གཡོ་བྱེད་བྲལ་ཡང་། གདུལ་བྱ་རང་གི་བསགས་པའི་ལས་མཐོ་དམན་གྱི་དབང་གིས་འདུལ་བྱེད་ཀྱང་རང་བློ་དང་མཐུན་པར་སྣང་ངོ་། །རྒྱས་པར་བཤད་པ་ནི། དཔེར་ན་མེ་ལོང་ཆུ་ཟླ་བཞིན། །ཞེས་པ་དཔེར་ན་མེ་ལོང་གཡའ་དག་པ་གཟུགས་བརྙན་གྱི་རྒྱུན་དུ་ཞུགས་པ་ལ། ལྟ་བ་པོས་བལྟས་པས་མཐུན་པར་སྣང་སྟེ། གཟུགས་བཟང་ལ་གཟུགས་བཟང་། གཟུས་ངན་ལ་གཟུགས་ངན། བེམ་པོ་ལ་བེམ་པོ་དེ་བཞིན་དུ། དེ་བཞིན་ཉིད་ཆོས་སྐུ་ལས་མ་གཡོས་པར་མཐུན་པར་སྣང་བ། བྱང་ཆུབ་སེམས་དཔའ་ལ་ལོངས་སྐུ། འགྲོ་དྲུག་དག་པ་ལ་ཤཱཀྱ་ཐུབ་པ་ལྟ་བུ། མ་དག་པ་ལ་མཐུན་སྣང་དུ་བྱ་དང་རི་བོང་ཡན་ཆད་དོ། །འགྲོ་འོང་མེད་པར་ཁྱབ་པ་ནི་ཆུ་ཟླའི་དཔེ་སྟེ། དཔེར་ན་ནམ་མཁའ་ལ་ཟླ་བ་གཅིག་པ་ལ་ཆུ་ཐ་དད་པ་ཅི་ཡོད་ཀྱི་ནང་ན་ཟླ་བ་ཤར་ཏེ། འགྲོ་འོང་བྲལ་བར་ནམ་མཁའི་ཟླ་བ་སྣང་བ་དང་ཆུ་ནང་གི་ཟླ་བ་དུས་མཚུངས་སོ། །དེ་བཞིན་དུ་འདུལ་བྱེད་ཀྱང་འགྲོ་འོང་བྲལ་ཏེ་གདུལ་བྱའི་མདུན་དུ་སྐད་ཅིག་ལ་སྣང་སྟེ་འགྲོ་འོང་མི་མངའ་བ་ནི་གདུལ་བྱའི་སེམས་ཉིད་ཆོས་སྐུ་ཡིན་པས་ཕྱིར་རོ། །དེ་ཚེ་འགྲོ་དྲུག་ཐམས་ཅད་ལ། །ཞེས་པ་དཔེ་གཉིས་ཀྱིས་མཚོན་པའི་འདུལ་བྱེད་གདུལ་བྱ་ལ་སྣང་བའི་ཚུལ་ནི། འགྲོ་དྲུག་ཐམས་ཅད་ལ་ཞེས་པ། སྤྱི་ཁྱབ་ཏུ་བསྟན་ཏེ་འགྲོ་དྲུག་ཐམས་ཅད་སྤྱི་ཁྱབ་ལ། སྡིག་སྤོང་གཟུགས་ནི་ཐུབ་པ་དྲུག་སྟེ་དེ་ཉིད་དོ། །འགྲོ་དྲུག་གི་ནང་ན་མི་ལྟ་བུ་ལ་སྡིག་སྤོངས་གཟུགས་སུ་རྣམ་པར་བསྟན་ཟེར་བ། མི་དགེ་བ་བཅུ་སྤོང་ཞིང་དགེ་བ་བཅུ་ལ་བཀོད་པ་འཁོར་ལོས་སྒྱུར་བའི་རྒྱལ་པོའོ། །དགེ་ཚུལ་ནི་ཉན་ཐོས་ཀྱི་རྟེན་གྱི་གང་ཟག་རྣམས་ལ་དེའི་བློ་དང་མཐུན་པའི་དགྲ་བཅོམ་པ་སྐྱེས་བུ་ཟུང་བཞི་དང་ཡ་བརྒྱད་དོ། །རང་རྒྱལ་གྱི་རིགས་ཅན་རྣམས་གཅིག་པུ་ན་བསྒོམ་པས་འབྲས་བུ་ལ་སྦྱོར་བ་ཡིན་པས། བསེ་རུ་ནི་གཅིག་པུར་འདུག་པའི་ཆ་བྱད་དོ། །གཞན་ཡང་ཞེས་པ། དགར་བའི་ཚིག་སྟེ་བཤད་པ་གོང་མ་གསུམ་ལས་སོ། །ཐེག་མཆོག་ནི། འོག་མ་གསུམ་ལས་བླར་གྱུར་པ་གཞན་དོན་གཙོར་བྱེད་པས་མཆོག་གོ། །རིམ་པ་བཞིན་ཞེས་པ། གདུལ་བྱའི་བློའི་རིམ་པ་བཞིན་གང་ལ་གང་མོས་སུ་སྟོན་ཏེ། བྱང་ཆུབ་སེམས་དཔའི་རིགས་ཅན་ལ་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་ཉིད་ལྟ་བུར་སྣང་ངོ་། །ཀྲི་ཡའི་རིགས་ཅན་ལ་རིགས་གསུམ་མམ་ཤཱཀྱ་ཐུབ་པ་ལྟ་བུར་སྣང་ངོ་། །ཡོ་གའི་རིགས་ཅན་ལ་རྣམ་སྣང་ངམ་རྡོ་རྗེ་སེམས་དཔའ་ལྟ་བུར་སྣང་ངོ་། །དེ་བཞིན་དུ་གསང་སྔགས་རྣམས་ཀྱང་རིམ་པ་བཞིན་དུ་ཤེས་པར་བྱའོ། །ལོངས་སྐུས་ཆོས་སྟོན་ཚུལ་ནི། འོག་མིན་བླ་མེད་གནས་མཆོག་ན། །ཞེས་པ་ལ་སོགས་པ་སྟེ། འོག་མིན་ནི་ཁམས་གསུམ་གྱི་བླར་གྱུར་པ་སྟེ་གནས་གཙང་མ་རིགས་ལྔའི་ཡ་ཐ་འོག་མིན་ནོ། །བླ་མེད་ནི་ཁམས་གསུམ་གྱི་བླར་གྱུར་པ་དང་། ལམ་པ་ཟག་མེད་ཀྱི་གནས་སོ། །གནས་གཙང་མ་རིགས་ལྔ་ལས་མཆོག་ཏུ་གྱུར་པ་དང་། རྣམ་སྣང་བཞུགས་པས་མཆོག་གོ། །སྟོན་པའི་ངོ་བོ་ནི། སྐུ་ནི་རྣམ་པར་སྣང་མཛད་ཚུལ། །ཅེས་པ་སྤྱིར་ཐམས་ཅད་མཁྱེན་པས་གདུལ་བྱའི་ངོ་ལ་སྣང་བ་འདིར། སྐུ་ནི་ཅེས་པས། ལོངས་སྤྱོད་རྫོགས་པའི་སྐུ་བཟུང་བའོ། །དངོས་ནི་རྣམ་པར་སྣང་མཛད་ལོངས་སྐུ་ཆེན་པོ་སྟེ། ཚུལ་ཞེས་པ། སྟོན་པའི་ངོས་ནས་འདི་ལ་འདི་སྣང་བར་བྱ་བའི་རྟོག་པ་མི་མངའ་ཡང་། ལྷུན་གྲུབ་ཀྱི་ཡེ་ཤེས་ཅིར་ཡང་འཆར་བ་ལ་མེ་ལོང་གི་གཟུགས་བརྙན་ལྟར། གདུལ་བྱ་ཟག་མེད་ཀྱི་ལམ་པ་རྣམས་ལ་སྟོན་པའི་ངོ་བོ་ཆོས་སྐུ་ལས་མ་གཡོས་ཀྱང་རྣམ་སྣང་གི་ཚུལ་དུ་སྣང་བའོ། །འཁོར་གང་ཞེ་ན། བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །ཞེས་པ། སྤྱི་ལམ་ལྔ་ལ་བྱང་ཆུབ་ཀྱི་ལམ་ལྔ་ཡོད་ཀྱང་། འདིར་བྱང་ཆུབ་སེམས་དཔའ་མཐོང་ལམ་པ་ཡན་ཆད་དང་། སེམས་དཔའ་བསྒོམ་ལམ་པ་དང་། བྱང་ཆུབ་ཆེན་པོ་མཐར་ལམ་པ་དང་གསུམ་ལ་ནི་རྣམས་ཞེས་བྱའོ། །ལ་ནི་དེ་དག་ཆོས་སྟོན་པའི་ཡུལ་ལོ། །ཆོས་སྟོན་ཚུལ་ནི། དེ་བཞིན་གསུང་མཆོག་མི་སྨྲ་སྟེ། ཞེས་པ་སྤྲུལ་པའི་སྐུའི་དེ་བཞིན་གཤེགས་པ་བཞིན་དུ་གསུང་དབྱངས་ཡན་ལག་གསུམ་བརྒྱ་དྲུག་ཅུའི་སྒོ་ནས་ཚིག་གིས་བཇོད་པ་མི་མངའ་བ་ལ་ནི་གསུང་མཆོག་མི་སྨྲ་སྟེ་ཞེས་བྱའོ། །ཆོས་སྟོན་ཚུལ་ནི། སྐུ་ཡིས་ཆོས་རྣམས་འཇམ་བར་སྟོན། །ཅེས་པ། སྐུས་ཆོས་སྟོན་ཚུལ་གཉིས། མདོ་སྡེ་རང་གཞུང་གི་ཆོས་སྟོན་ཚུལ་ནི། མདོ་སྡེའི་གཞུང་ནས། དེ་བཞིན་གཤེགས་པ་ལ་ལས་ནི་སྤྱན་ཕྱེ་བས་ཆོས་སྟོན་ཏོ། །ལ་ལས་ནི་བཙུམ་པས་སྟོན་ཏོ། །ལ་ལས་ནི་ཕྱག་བརྐྱང་པས་སྟོན་ཏོ། །ལ་ལས་ནི་ཕྱག་བསྐུམ་པས་སྟོན་ཏོ། །ལ་ལས་ནི་བཙུན་མོ་དང་བཅས་པས་སྟོན་ཏོ། །ལ་ལས་ནི་བཙུན་མོ་མེད་པས་ཆོས་སྟོན་ཏོ། །ལ་ལས་ནི་སེར་བུའི་ངད་ཀྱིས་ཆོས་སྟོན་ཏོ། །ལ་ལས་ནི་ལྗོན་ཤིང་གི་དྲི་ངད་དང་གཟུགས་ཀྱིས་ཆོས་སྟོན་ཏོ་ཞེས་པ་ལ་སོགས་པ་སྟེ། ཞིང་ཁམས་ཀྱི་མཛད་པ་རྣམས་ཀྱིས། ཏིང་ངེ་འཛིན་གོང་ནས་གོང་དུ་རྩལ་རྫོགས་ཤིང་ཤེས་བྱའི་སྒྲིབ་པ་སྦྱོང་བ་ཆོས་ཉམས་སུ་མྱོང་བའི་ངོ་བོའོ། །གསང་སྔགས་ཀྱི་གཞུང་འདིར་ནི་འཁོར་འདས་དབྱེར་མེད་པའི་རང་བྱུང་གི་ཡེ་ཤེས་སྟོན་པས་ཀུན་ཏུ་བཟང་པོའི་ངང་ལས་ཡུལ་དང་ཡུལ་ཅན་མེད་པ་རིག་པ་ཉིད་སྐུ། སྐུ་ཉིད་རིག་པ་སྐུ་བེམ་བེམ་པོ་གཅིག་ལ་རིག་པ་གསལ་གསལ་པོ་གཅིག་ནང་ན་ཡོད་པ་མ་ཡིན་ཏེ། འཁོར་བྱང་ཆུབ་སེམས་དཔའ་རྣམས་ཀྱང་རིག་པར་གསལ་བས་གཉིས་ཅན་མི་མངའ་སྟེ། འོན་ཀྱང་འཁོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་ལ་ལྟ་བའི་ངོས་ནས་དབྱེར་མེད་ཡིན་པ་ཙམ་ཤེས་ཀྱང་། ཉམས་མྱོང་གི་ངོས་ནས་སྟོན་པ་དང་འཁོར་སོ་སོར་ཡོད། འཁོར་གྱི་ཤེས་བྱའི་སྒྲིབ་པ་བསལ་བྱ་བསལ་བྱེད་ཡོད་པས་སྟོན་པ་ལ་རེ་བ་དང་བཅས་པའི་འཁོར་གྱི་ངོས་ནས་འབྲེལ་བའི་ངོ་བོའོ། །དེ་བས་ན་འཁོར་གྱི། སྐུ་ཡི་ཆོས་རྣམས་མཇལ་བར་སྟོན། །ཅེས་སྟོན་པའི་ཐུགས་རིག་པ་སྐུ་དང་དབྱེར་མེད་པ་ཉིད། གདུལ་བྱ་ལ་ཡེ་ཁྱབ་ཆེན་པོར་བཞུགས་པས་མི་ཁྱབ་པའི་དུས་མེད་པ། ཆུ་དང་གཤེར་བ་དག་འདྲ་བར་གདུལ་བྱ་དང་མི་ཕྱེད་དེ། འོན་ཀྱང་གདུལ་བྱ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྟོན་པའི་སྐུ་ལ་བལྟས་པས། རང་རྒྱུད་མཐོ་དམན་གང་ལ་གནས་པ་དེ་བཞིན་དུ་གོ་ཞིང་རྟོགས་ནས། ཤེས་བྱའི་སྒྲིབ་པ་སྦྱོང་བར་བྱེད། ས་ལམ་གོང་ནས་གོང་དུ་འཕེལ་ནས་འབྲས་བུ་བུདྡྷ་ལ་སྦྱོར་བར་བྱེད་པ་ནི། ཆོས་རྣམས་འཇལ་བར་བྱེད་ཅེས་པའོ། །འཁོར་གྱི་སྒྲིབ་པ་དག་ཚུལ་ནི། མེ་ལོང་བཞིན་བསྟན་པ་ཡི་ཚུལ། །ཞེས་པ་དཔེ་སྟེ། དཔེར་ན་མེ་ལོང་ལ་བལྟས་པས་ངོའི་སྐྱོན་དང་དྲི་ཁེབས་ཐམས་ཅད་རྟོགས་ནས། སྐྱོན་དེ་དག་བསལ་བ་ལྟར་སྟོན་པའི་སྐུ་ལ་བལྟས་པས་སྟོན་པའི་བྱིན་རླབས་འཁོར་གྱི་རིག་པ་ལ་ཤར་ཏེ། རང་ངོའི་སྐྱོན་རྟོགས་ཏེ་བསལ་བ་ལྟར། རང་གི་ཏིང་ངེ་འཛིན་གྱིས་ཤེས་བྱའི་སྒྲིབ་པ་མཐར་འཛིན་གྱི་སྐྱོན་རིག་ནས་མཐར་ལམ་བར་དུ་སྒྲིབ་པ་ཕྲ་རགས་ཐམས་ཅད་དག་པར་བྱེད་པ་སྟོན་པའི་སྐུ་དང་ཐུགས་རང་ལ་ཤར་ནས་ཏིང་ངེ་འཛིན་གྱི་སྐྱོན་ཐམས་ཅད་སེལ་བར་བྱེད་པ་ལ་ནི་མདོག་ངན་ཐམས་ཅད་སེལ་ཞེས་བྱའོ། །སྟོན་པའི་སྐུ་ལ་བལྟས་པས་འཁོར་ཏིང་ངེ་འཛིན་གྱི་སྐྱོན་སེལ་བ་འདི་ལ། གསུང་སྒྲོས་གཅིག་ལ་འཁོར་གྱིས་སྟོན་པའི་ཞལ་དུ་བལྟས། སྟོན་པའི་ལྗགས་ཀྱིས་ཞལ་སྤྱི་ཁེབས་པ་མཐོང་། དེས་ཆོས་ཐམས་ཅད་བརྗོད་པ་དང་བྲལ་བར་རྟོགས། སྟོན་པའི་སྤྱན་ལ་འབྱེད་འཛུམ་མེད། དེའི་དོན་གྱིས་ཆོས་ཐམས་ཅད་བལྟ་བྱ་ལྟ་བྱེད་མེད་པ་མཉམ་པ་ཉིད་ཀྱི་དོན་རྟོགས། དེ་ལ་སོགས་ཏེ་མཚན་དཔེ་རྣམས་ལ་བལྟས་པས་རྟོགས་པ་སྐྱེ་བར་བཤད་པ་གོང་མ་རྣམས་ཀྱི་གསུང་སྒྲོས་སོ། །འཁོར་གྱིས་དེ་བཞིན་སྐུ་བལྟས་ན། །ཞེས་པ་འཁོར་བོ་དྷི་སཏྭ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུ་ལ་བལྟས་ནས་བཅུ་པའི་བོ་དྷི་ས་ཏྭའི། བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད། །ཞེས་པ་བྱང་ཆུབ་ཀྱི་སྒྲིབ་པའི་ངོ་བོ་ནི། བྱང་ཆུབ་སེམས་དཔའ་ལམ་པའི་རྒྱུད་ལ་ཡོད་པའི་ཤེས་བྱའི་སྒྲིབ་པ་ནི་རྟེན་གྱི་ངོས་ནས་མཚོན་པའོ། །དེ་ཉིད་ལས་འབྲས་བུ་ལ་སྒྲིབ་པ་སྟེ་བྱང་ཆུབ་ནི་གོ་འཕང་ཆེན་པོ་སྟེ་ཆོས་སྐུའོ། །དེ་ཉིད་མངོན་དུ་མི་གསལ་བར་བྱེད་པའི་སྒྲིབ་པ་ནི། གཏིང་དཔག་མེད་ཅེས་པ། མ་རིག་པས་ས་བཅུ་པ་རང་གིས་ཀྱང་མི་རྟོགས་ཏེ། སངས་རྒྱས་མིན་པའི་སྤྱོད་ཡུལ་དུ་མ་གྱུར་པ་སྟེ་ཤིན་ཏུ་ཕྲ་བའོ། །འོ་ན་བྱང་ཆུབ་སེམས་དཔའ་ཇི་ལྟར་རྟོགས་ཞེ་ན། མེ་ལོང་བཞིན་དུ་སྐུ་ལ་སྣང་། །ཞེས་པ་མེ་ལོང་གིས་མ་སྨྲས་ཏེ་བལྟས་པས། བཞིན་གྱི་སྐྱོན་ཐམས་ཅད་སེལ་བ་བཞིན། སྐུ་ལ་བལྟས་ནས་ཞེས་པ། ས་བཅུ་པའི་བྱང་ཆུབ་སེམས་དཔས་སྟོན་པའི་སྐུ་ལ་བལྟས་པ་ཉིད་ཀྱིས་ཤེས་བྱའི་སྒྲིབ་པ་རང་དག་སྟེ། དེ་ཡང་དག་ཚུལ་ནི། སྟོན་པའི་སྐུ་ནི་རིག་པ་རང་སྣང་གི་སྐུ་ཡིན་པ་གོང་དུ་བསྟན་པ་བཞིན་པས། མཐའ་དང་བྲལ་བའི་རང་བྱུང་གི་ཡེ་ཤེས་ཀྱི་སྐུ་ཡིན་པས་ཕྱོགས་འཛིན་དང་བྲལ་ལ། བྱང་ཆུབ་སེམས་དཔའི་ལུས་སྨོན་ལམ་གྱིས་གྲུབ་པ་སྐྱེ་འཇིག་ཅན་དུ་འདུག་པས་ཀྱང་དོན་དེ་ལྟ་བུ་རིག་པས་འདུ་ཤེས་ཕྲ་བའི་འཛིན་པ་དང་བྲལ་བས་སྒྲིབ་པ་རྟོགས་པ་དང་བྱང་བ་དུས་གཅིག་གོ། །སྟོན་པའི་སྐུ་ལ་མཉམ་པར་མ་བཞག་པ་མི་མངའ་བས་མཛད་པ་ཐམས་ཅད་ཀྱང་ལྷུན་གྱིས་གྲུབ་སྟེ། དེ་ཉིད་རིག་པ་སྐད་ཅིག་ལ་རྫོགས་ལ། དེའི་ངོས་ནས་ཤེས་བྱའི་སྒྲིབ་པ་ཕྲ་བ་འདུ་ཤེས་དག་ལ། དེའི་དོན་གྱིས་མཉམ་པ་ཆེན་པོ་མངོན་དུ་གྱུར་པའོ། །དེས་ན་སྟོན་པའི་སྐུ་ལ་བལྟས་པས། སྟོན་པའི་བྱིན་རླབས་དང་རང་གི་ཤེས་རབ་གཉིས་འཛོམ་པས། རང་རིག་མཉམ་པ་ཆེན་པོའི་དོན་མངོན་དུ་འགྱུར་བས་ཤེས་བྱའི་སྒྲིབ་པ་ཕྲ་བ་དག་པ་ནི། སྟོན་པའི་སྐུ་ལ་བལྟས་པའི་བྱིན་རླབས་ཀྱིས་དག་པས་སྐུ་ལ་སྣང་ཞེས་བྱའོ། །འབྲས་བུ་ལ་སྦྱོར་ཚུལ་ནི། དེ་ནས་ས་བཅུ་རིམ་གྱིས་འབྱང་། །ཞེས་པ་ལ་སོགས་པ། དེ་ནས་ཞེས་བྱ་བ་ནི། སྟོན་པའི་སྐུ་ལ་བལྟས་པས་རྟོགས་པ་སྐྱེ་སྟེ་ཤེས་བྱའི་སྒྲིབ་པ་དག་པ་ལ་སྙེག་གོ། །ས་བཅུ་ནི། ས་བཅུ་པའི་བྱང་ཆུབ་ཁོ་ན་སྟེ་གཞན་གཅད་པའོ། །རིམ་གྱིས་འབྱོང་བ་ནི། ས་བཅུ་པའི་བྱང་ཆུབ་སེམས་དཔས་ཤེས་བྱའི་སྒྲིབ་པ་རིགས་ཤིང་རྟོགས་པར་དཀའ་བ་རྐང་དང་དབྲིལ་ཉལ་བ་ལྟ་བུ་སངས་རྒྱས་ཀྱི་ཡེ་ཤེས་མི་མཐོང་བ་ལ་སྒྲིབ་པའི་སྐྱོན་ནི། རིམ་གྱིས་འབྱོང་སྐད་པ་རིམ་སྨོས་པ་ནི་རགས་པའི་རིམ་པ་མ་ཡིན་ཏེ། ཕྲ་བའི་རིམ་པ་སྐད་ཅིག་མ་དང་པོ་དང་གཉིས་པ་དང་གསུམ་པ་ལྟ་བུ་སྟེ། གསང་སྔགས་ཀྱི་སྒོ་ནས་ནས་ནི་དབང་གིས་དག་པ་ལེའུ་གཉིས་པར་སྨོས་པ་བཞིན་ནོ། །དེ་བས་མདོ་སྡེ་ནས་ཀྱང་། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བུདྡྷའི་ས་ལ་ངེས་པ་ཁོ་ནར་དབང་གིས་འགྲོ་སྟེ་ཞེས་པས། གསང་སྔགས་མདོ་སྡེ་དང་ཐུན་མོང་ཡིན་པ། མདོ་སྡེའི་གཞུང་ལས་ཀར་གཤེགས་པ་ལས། བྱིན་གྱིས་བརླབས་གཉིས་ཀྱིས་བརླབས་པས། བྱང་ཆུབ་སེམས་དཔའ་དག་དེ་བཞིན་གཤེགས་པའི་ཞབས་ལ་གཏུགས་ཤིང་དྲི་བ་དྲིའོ། །གཉིས་གང་ཞེ་ན། ཏིང་ངེ་འཛིན་གྱིས་བྱིན་རླབས་དང་། སྐུ་དང་ཞལ་ཕྱག་གིས་དབང་བསྐུར་བའི་བྱིན་རླབས་སོ། །བྱང་ཆུབ་སེམས་དཔའ་ས་དང་པོ་པ་ལ་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་ནས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐེག་པ་ཆེན་པོ་རབ་ཏུ་སྣང་བ་ཞེས་བྱ་བ་ལ་འཇུག་སྟེ། ཞུགས་མ་ཐག་ཏུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཞལ་སྟོན་ཏོ་ཞེས་གསུངས་སོ། །ཡང་སའི་མི་མཐུན་པའི་ཕྱོགས་རྟོག་པར་ཁོང་དུ་ཆུད་དེ། ཆོས་ཀྱི་སྤྲིན་གྱིས་ཐོབ་བོ། །དེ་བཞིན་གཤེགས་པའི་ཞལ་དང་ཕྱག་གིས་དབང་བསྐུར་རོ་ཞེས་འབྱུང་ངོ་། །དེ་ལ་མཚན་ཉིད་ཀྱི་གཞུང་དུ་ཡང་ས་བཅུ་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་ལ་ཕྱོགས་བཅུའི་བུདྡྷ་ཐམས་ཅད་ལོངས་སྐུར་སྣང་ནས་དབང་བསྐུར་ཏེ། དེའི་ཐབས་རྒྱས་པར་བཤད་པ་གཞན་དུ་ཤེས། དེ་ནས་ས་བཅུ་པ་དག་དབང་རིམ་པར་ཁོང་དུ་ཆུད་ནས་སྤང་བྱ་ཤེས་བྱའི་སྒྲིབ་པ་ཕྲ་བའི་ཕྲ་བའང་མི་གནས་པར་དག་པ་ཁོ་ནའོ། །དེ་ཀུན་ཏུ་འོད་ཀྱི་ས་ལ་ངེས་པར་གནས་པའི་ཕྱིར། བླ་མེད་བྱང་ཆུབ་ཡང་དག་ཐོབ། །ཅེས་གསུངས་ཏེ། བླ་མེད་ནི་མཚན་ཉིད་ཀྱི་གཞུང་གིས་སམ་མཐར་ཕྱིན་པ་ཀུན་ཏུ་འོད་ཡིན་པའོ། །དེའི་མཚན་ཉིད་ནི། བྱང་ཆུབ་ཅེས་པ། སྤང་བྱ་ཐམས་ཅད་སྤངས་པ་མཐར་ཕྱིན་པ་ནི་བྱང་བའོ། །མཁྱེན་པའི་ཡེ་ཤེས་གཉིས་རྒྱས་པ་མཐར་ཕྱིན་པ་ཆུབ་པའོ། །དེ་ལྟར་མངོན་དུ་གྱུར་པའི་དུས་སུ་སྤང་ཐོབ་ཀྱི་མཚན་ཉིད་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་དུ་གྱུར་ནས་དེ་ཙམ་གྱི་འཛིན་པ་ཡང་མི་མངའ་བ་ལ་ནི་ཡང་དག་པ་ཞེས་བྱའོ། །ཐོབ་བྱ་འཐོབ་བྱེད་མེད་པའི་དོན་མངོན་དུ་གྱུར། འདུ་ཤེས་ཀྱི་འཛིན་པ་ཐམས་ཅད་བྲལ། རིག་པ་རང་གསལ་ལྷུན་གྱིས་གྲུབ་པ་ལ་ནི་ཐ་སྙད་ཙམ་དུ་ཐོབ་པ་ཞེས་བྱའོ། །འབྲས་བུ་ཐུན་མོང་གི་ས་གསུམ་ནི། ཆོས་སྐུ་དཔག་མེད་བརྗོད་དུ་མེད། ཅེས་པ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྒྱུ་ལས་མ་བྱུང་། རྐྱེན་གྱིས་མ་བསྐྱེད་པས། སྐྱེ་འཇིག་མེད་པ་སྐྱེ་མེད་ནམ་མཁའ་ལྟ་བུའི་དོན་བློས་འདི་ལྟ་བུའི་ཞེས་དཔག་ཏུ་མེད་ཅིང་། ཚིག་གི་ཐ་སྙད་ཇི་སྐད་བརྗོད་ཀྱང་དོན་ལ་རེག་པར་མི་ནུས་པའི་ངོ་བོ་ནི་ཆོས་སྐུའོ། །དེ་གདུལ་བྱ་ལ་སྣང་བའི་ཟག་མེད་ཀྱི་ལམ་པ་རྣམས་ཀྱི་སྟོན་པ་ལོངས་སྤྱོད་རྫོགས་པ་རིགས་ལྔའི་ཆ་ལུགས་པ་ནི། འདོད་པའི་ལོངས་སྤྱོད་རྣམ་པ་ལྔ་དང་ལྡན་ཞིང་རྒྱན་བདུན་རྫོགས་པ་ནི་ལོངས་སྤྱོད་ཀྱི་མཚན་ཉིད་དོ། །དེ་ཉིད་ཆེ་བའི་ཡོན་ཏན་ཐམས་ཅད་ཟད་པ་མེད་པར་ལྷུན་གྱིས་གྲུབ་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བས་རིན་ཆེན། མ་ཚང་བ་མེད་པས་ན་གཏེར་ཞེས་བྱ་སྟེ། གདུལ་བྱ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོས་པའོ། །ཡང་མཚན་ཉིད་ཀྱི་གཞུང་གིས་ལོངས་སྐུ་ནི་སྤྲུལ་སྐུ་སྣང་བའི་གཞི་ཡིན་ཞེས་བརྗོད་པས། འགྲོ་དྲུག་གི་དགོས་པ་སྐོང་བའི་སྤྲུལ་པ་ཟད་པ་མེད་པས་ཟད་མེད། གང་ལ་གང་དགོས་མ་ཚང་བ་མེད་པས་གཏེར། སྤྲུལ་སྐུ་ནི། སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཅེས་པས། སྤྲུལ་པ་ནི་སྣང་བཞིན་མ་གྲུབ་པས་ཅིར་ཡང་འགྱུར་བའོ། །གྲངས་བྱེ་བ་ནི་མང་བའི་ཚད་དོ། །གདུལ་བྱའི་བློ་ངོ་བཞིན་དུ་སྣང་བས་བསམ་གྱིས་མི་ཁྱབ་ཅེས་བྱའོ། །གསང་སྔགས་ཀྱིས་གསུམ་བསྟན་པ་ནི། ཐབས་དང་ཤེས་རབ་ས་ཡི་མཆོག །ཅེས་པ། ཐབས་ནི་གཞི་ལ་གཉིས་སུ་མེད་པའི་ཐུགས་རྗེ་ཆོས་ཐམས་ཅད་ལ་ཁྱབ་པ་དེ་རྟོགས་པ་མཐར་ཕྱིན་པ་མངོན་དུ་བྱས་པས། དེའི་དོན་ལ་གདུལ་བྱ་ཐམས་ཅད་ཉིད་ལས་མི་གཞན་ཞིང་། མེ་ལོང་གི་གཟུགས་བརྙན་བཞིན་ཡུལ་དུ་མ་གྲུབ་པར་རང་སྣང་བ་དང་། ཐུགས་རྗེ་ཤར་བ་དང་མཛད་པའི་ཕྲིན་ལས་རྣམས་རིག་པ་སྐད་ཅིག་ལ་རྫོགས་པ་ནི་མ་འགག་པས་ཐབས་ཡིན་ཏེ་དོན་དེ་ལ་ནི། གསང་སྔགས་ཀྱི་ལུགས་ཀྱི་གདུལ་བྱ་ཐམས་ཅད་ཉིད་ལས་མི་གཞན་པ་ནི་ཇི་སྙེད་མཁྱེན་པའོ། །མཁྱེན་བྱ་མཁྱེན་བྱེད་ཀྱི་རྟོགས་པ་ལས་གྲོལ་བ་ནི་ཇི་ལྟ་བ་མཁྱེན་པའོ། །དེས་ན་མཁྱེན་པ་གཉིས་དུས་གཅིག་ཏུ་རྫོགས་སོ། །ཤེས་རབ་ཅེས་པ། དེ་ལྟར་གདུལ་བྱ་ཐམས་ཅད་ཉིད་ལས་མི་གཞན་པས་བདག་ཉིད་ཆེན་པོའི་ཕྱིར། ཡུལ་དུ་མི་དམིགས་ཏེ་འདུ་ཤེས་ཐམས་ཅད་དང་བྲལ་བས་ཅིས་ཀྱང་གོས་པ་མེད་ལ། ཐབས་ཤེས་རབ་དབྱེར་མེད་པའི་ས་ནི། ཀུན་ཏུ་འོད་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བར་དམིགས་པ་ལ་ལྟོས་ན། སའི་མཆོག་སྟེ་མཐའ་ཐམས་ཅད་དང་བྲལ་བའི་མཉམ་པ་ཉིད་གསང་སྔགས་ཀྱི་ཀུན་ཏུ་འོད་དོ། །དེ་ཉིད་དུ་སྐད་ཅིག་མ་དེ་ཉིད་ལ་ཡི་གེ་འཁོར་ལོའི་ས་རྫོགས་པར་བསྟན་པའི་ཕྱིར། མཚན་དང་དཔེ་བྱད་ཐམས་ཅད་རྫོགས། །ཞེས་པ་དོན་དེ་ཉིད་ལ་ཐུན་མོང་གི་མཚན་དང་དཔེ་བྱད། ཕྱག་ཞབས་འཁོར་ལོས་མཚན་དང་རུ་སྦལ་ཞབས། །ལ་སོགས་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཡང་ཡོད། སྤྲུལ་པའི་སྐུའི་མཚན་དཔེ་ཡིན། འདིར་ནི་འོག་མ་གཉིས་པོ་གང་དང་ཡང་ཐུན་མོང་མ་ཡིན་པ་ཁྱད་པར་གྱི་མཚན་དཔེ་སྟེ། གོང་དུ་ས་མཆོག་མངོན་དུ་གྱུར་པ་ནི་འཁོར་འདས་ཐམས་ཅད་རང་རིག་པའི་ངོ་བོར་ལྷུན་གྱིས་གྲུབ་པ་གདེངས་ཆུད་པས་རང་བྱུང་གི་ཡེ་ཤེས་མ་འགག་པའི་རྩལ་ལས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་བཞིར་ཤར། ཡེ་ཤེས་དམིགས་པ་ཐམས་ཅད་དང་བྲལ་ཞིང་ཕྱོགས་སུ་འཛིན་པ་མེད་པས་ཡེ་ཤེས་བསམ་གྱིས་མི་ཁྱབ་པར་ཤར་ཏེ། དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་གཞི་མ་ཡིན་པས་ཆོས་དབྱིངས་ཡེ་ཤེས་མཉམ་པ་ཉིད་སོ་སོར་རྟོགས་པ་བྱ་གྲུབ་བཞིར་ཤར། མཉམ་ཉིད་ཡེ་ཤེས་གཞི་མ་ལས་མེ་ལོང་ལྟ་བུ་ཆོས་དབྱིངས་ཡེ་ཤེས་ཀུན་རྟོགས་བྱ་གྲུབ་བཞིར་ཤར། ཤར་ཚུལ་འགྲེ་བས་སོར་རྟོགས་བྱ་གྲུབ་ཡེ་ཤེས་ལ་ཡང་བཞི་བཞིར་ཤར། དེའི་རྩ་བ་བཞི་པོ་མ་གཏོགས་པའི་ཡན་ལག་བཞི་ཆ་བཞི་ལ་བཅུ་དྲུག །ཡེ་ཤེས་བཅུ་དྲུག་མ་འགག་པར་སྣང་བའི་རྟགས་སུ་སེམས་དཔའ་བཅུ་དྲུག །ཡུལ་ཆོས་ཀྱི་དབྱིངས་ལ་དུ་མ་མེད་ཀྱང་ཡེ་ཤེས་ཀྱི་ངོས་ནས་ཡུལ་དབྱིངས་བཅུ་དྲུག་མ་འགག་པར་སྣང་བའི་རྟགས་སེམས་མ་བཅུ་དྲུག །ཡབ་ཡུམ་བཅུ་དྲུག་ཆ་གཉིས་ལ་སུམ་ཅུ་རྩ་གཉིས་ཏེ། ཐུན་མོང་མ་ཡིན་པའི་མཚན་སུམ་བཅུ་གཉིས་སོ། །ཐབས་ཀྱི་ཆ་སེམས་དཔའ་བཅུ་དྲུག །དེ་རེ་རེ་ལའང་ཡེ་ཤེས་ལྔ་ལྔ་དང་ལྡན་པའི་རྟགས་སུ་དབུ་རྒྱན་རིགས་ལྔ་ལྔ་ཡོད་དེ། ལྔ་ཚོ་བཅུ་དྲུག་བརྩིས་པས་བརྒྱད་ཅུ་སྟེ་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །ཐམས་ཅད་རྫོགས་ཞེས་པས། ཐུན་མོང་མ་ཡིན་པའི་མཚན་དཔེ་རྣམས་རྫོགས་ན། ཐུན་མོང་གི་མཚན་དཔེ་རྣམས་སྨོས་ཀྱང་ཅི་དགོས་ཞེས་པ་ལྟ་བུའོ། །སྤྱོད་ཡུལ་ཀུན་ཏུ་མཎྜ་ལ། །ཞེས་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པའི་ཡེ་ཤེས་སུ་རྫོགས། དེ་ཉིད་ཆོས་ཀྱི་དབྱིངས་དང་མཉམ་པས་སྤྱོད་ཡུལ་ཐམས་ཅད་མ་འགག་པ་སྐུའི་དཀྱིལ་འཁོར་དུ་རྫོགས། དེ་ལས་མ་གཏོགས་པའི་ཐ་སྙད་ཕྲ་བའང་མི་གནས་པ་ནི་ཡུལ་དང་ཡུལ་ཅན་མ་དམིགས་པའི་བདག་ཉིད་ཆེན་པོར་རྫོགས་པ་ནི། ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །ཅེས་བྱ་སྟེ། དགོངས་པའི་ངོ་བོ་སྐུར་མ་འགག་པར་སྣང་བ་བསོད་ནམས་ཀྱི་ཚོགས། ཐ་སྙད་ཐམས་ཅད་དང་བྲལ་བ་མ་དམིགས་པའི་ངོ་བོ་ནི་ཡེ་ཤེས་ཀྱི་ཚོགས། དེ་གཉིས་དབྱེར་མེད་པས་སྣང་སྟོང་གི་ཕྱོགས་འཛིན་དང་བྲལ་ཏེ་ཆེན་པོ་ཞེས་བྱའོ། །འདིར་རྒྱུ་ལས་བྱུང་བ་ལྟ་བུ་མ་ཡིན་ཏེ། སྣང་སྟོང་དབྱེར་མེད་པ་རང་བྱུང་གི་ཡེ་ཤེས་སུ་གསལ་བས་ཆེན་པོའོ། །དེའི་ངོ་བོ་ཉིད་དུ་གྱུར་པ་འབྲས་བུ་མཐར་ཕྱིན་པའི་དོན་གྱིས་ཀྱང་ཆེན་པོའོ། །རྫོགས་པ་ནི་ལྷུན་གྱིས་གྲུབ་པའོ། །རོལ་པ་ནི་ཡུལ་དང་ཡུལ་ཅན་མེད་པར་རང་སྣང་བའོ། །དེ་ལ་སོགས་པ་ནི་གོང་མའི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་བརྗོད་པ་ཉིད་དོ། །མཐའ་ཡས་མཆོག་ནི་སྐུ་དང་ཡེ་ཤེས་རང་སྣང་བའི་ཡོན་ཏན་གྱི་མཚན་ཉིད་བགྲང་བ་ལས་འདས་པ་བསྟན་པའོ། །སྐུ་ལྔ་བསྡུས་པ་དང་བཅས་པ་བསྟན་པ་ནི། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །ཞེས་པ། ཆོས་ཀྱི་སྐུ་ནི་གོང་དུ་བཤད་པ་བཞིན་རྒྱུ་རྐྱེན་དང་བྲལ་བའི་རང་བྱུང་གི་ཡེ་ཤེས་སྐད་ཅིག་མས་མ་གོས་པ་ནི་སྐྱེ་མེད་པའོ། །དེ་ཉིད་དུས་ཐོག་མཐར་མི་འགྱུར་བའི་དོན་གྱིས་གཡུང་དྲུང་ཞེས་བྱ་སྟེ། བླ་མ་གོང་མ་ཁ་ཤས་ཀྱིས་རི་རབ་ཀྱི་ཁོང་པ་ན་གཡུང་དྲུང་འཁྱིལ་བའི་གཟུགས་གཅིག་ཡོད་པ་དེ་བར་གྱི་བསྐལ་པ་གཅིག་ལ་མི་འགྱུར་བས་མཚོན་པ་ཡིན་སྐད། བླ་མ་བདེ་བར་གཤེགས་པའི་ཞལ་ནས་། ཞང་ཞུང་གི་སྐད་ཀྱི་ནམ་མཁའ་ལ་གཡུང་དྲུང་ཟེར་བ་ཡིན་པས། ནམ་མཁའ་ཐོག་མཐར་མི་འགྱུར་བ་ལྟར་མཚོན་པའོ། །སྐུ་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་འགྱུར་བའོ། །དེ་ནི་ཆོས་སྐུའོ། །ལོངས་སྐུ་ནི། ཉོན་མོངས་ཀུན་གྱི་ཞིང་དུ་གནས། ཟད་མི་ཤེས་པའི་གཏེར་དུ་འགྱུར། །ཞེས་པ། ལོངས་སྤྱོད་ཆེན་པོའི་སྐུ་ནི། ཉོན་མོངས་པ་ནི་ཁམས་གསུམ་གྱི་སེམས་ཅན་ནོ། །དེའི་ཞིང་ནི་གནས་གསུམ་མོ། །དེར་གནས་པའི་ངོ་བོ་ནི་རིག་པ་རང་བྱུང་གི་ཡེ་ཤེས་སེམས་ཀྱི་ཆོས་ཉིད་འཁོར་བའི་ཆོས་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་དུ་བཞུགས་པས། མ་འགག་པར་སྣང་བའི་ཡུལ་དྲུག་གི་སྤྱོད་ཡུལ་དུ་གྱུར་པ་ཐམས་ཅད་རང་སྣང་ལ་རང་རོལ་པ་ནི་འཁོར་བའི་ཆོས་ཐམས་ཅད་དོ། །རིག་པ་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་ནི་མྱ་ངན་ལས་འདས་པའི་ལོངས་སྤྱོད་དོ། །དེ་གཉིས་དབྱེར་མེད་པ་ཡུལ་གཅིག་ལ་རོལ་པ་ནི་ལོངས་སྤྱོད་རྫོགས་པ་སྟེ། དེ་ཉིད་ཀྱི་ངང་ལ་ཟད་མི་ཤེས་པའི་གཏེར་དུ་གྱུར་ཅེས་པས། གདུལ་བྱའི་ལས་དང་ཉོན་མོངས་པ་སྦྱོང་བའི་གནས་སམ་རྟེན་སྤྲུལ་པའི་སྐུ་གདུལ་བྱ་ཅི་ཙམ་པ་དེ་ཙམ་དུ་འདུལ་བྱེད་སྣང་བའི་འབྱུང་ཁུངས་ཡིན་པའོ། །རྡོ་རྗེའི་སྐུ་ནི། རྡོ་རྗེ་རིག་པ་འཛིན་པའི་སྐུ། །ཅེས་པ། འཁོར་འདས་སྣང་སྟོང་སྣོད་བཅུད་ཆོས་ཅན་གྱི་དངོས་པོ་ཐམས་ཅད་གང་སྣང་ཡང་སེམས་ཉིད་རང་རིག་པ་སྣང་བའི་ཕྱིར། ཆོས་སེམས་དབྱེར་མེད་པའི་ངང་ལས་སྣང་སྟོང་དབྱེར་མི་ཕྱེད་པ་ཉིད་ཀྱིས་ཆོས་ཅན་གྱི་དངོས་པོ་ཐམས་ཅད་དེ་ཉིད་དུ་འཇོམས་ཤིང་རང་གི་ངོ་བོ་ཉིད་གཞིག་ཏུ་མེད་ལ་དེ་གཉིས་མི་ཕྱེད་པའི་དོན་གྱིས་རྡོ་རྗེའོ། །རང་རིག་པ་དེའི་ངང་དུ་ལྷུན་གྱིས་གྲུབ་པ་འཛིན་པ་ནི་འཆར་བ་ཞེས་བྱ་སྟེ། གང་གི་རིག་པ་རྡོ་རྗེ་ལྟ་བུའི་དོན་དེ་དང་ལྡན་པ་ནི་རྡོ་རྗེའི་སྐུ་ཞེས་བྱ་སྟེ་འབྲུ་གནོན་གོང་གིས་འགྲེ། ཐམས་ཅད་དབྱེར་མེད་མཉམ་པའི་སྐུ། །ཞེས་པ་མངོན་པར་བྱང་ཆུབ་པའི་སྐུ་སྟེ། ཕུང་པོ་ཁམས་སྐྱེ་མཆེད་སྣང་གྲགས་ཀྱི་ཆོས་ཐམས་ཅད་དབྱེར་མེད་ཅེས་པ། རང་རིག་པའི་ངང་ལ་ཡུལ་སེམས་སྣང་སྟོང་གི་འཛིན་པ་དང་བྲལ་བའོ། །མཉམ་པ་ནི་ཆོས་ཐམས་ཅད་རིག་པར་ལྷུན་གྱིས་གྲུབ་པའི་དོན་གྱིས་དངོས་སུ་གྲུབ་པ་མེད། དེ་དག་དངོས་པོ་མེད་པའི་སྟོང་པའི་སྟོང་པ་ཉིད་ཀྱང་དག་པ་ནི་མཉམ་པ་ཞེས་བྱ་སྟེ། དོན་ལ་འཁོར་འདས་ཐམས་ཅད་རིག་པར་གསལ་བ་ལ་གཉིས་འཛིན་མི་གནས་པས་དེའི་ངང་ལ་མ་འགག་པ་སྐུ། མི་འཛིན་པ་ཡེ་ཤེས་སུ་གསལ་བ་ནི་རང་རིག་པའི་མངོན་སུམ་དུ་གྱུར་པ་མངོན་པར་བྱང་ཆུབ་པའི་སྐུའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཞེས་པ། སྤྲུལ་པའི་སྐུ་སྟེ་གདུལ་བྱ་ཐམས་ཅད་འདུལ་བའི་དུས་དང་། གདུལ་བྱའི་རྒྱུད་དང་། འདུལ་བའི་ཐབས་དང་། མཛད་པའི་ཕྲིན་ལས་དང་། ཐམས་ཅད་མ་འགག་པར་སྐད་ཅིག་གཅིག་ལ་མཁྱེན་པ་ལས་མི་འདའ་བར་ཇི་སྙེད་མཁྱེན་པའི་ཡེ་ཤེས་མ་འདྲེས་པ་ཁོ་ནར་སྣང་བའི་ཕྱིར་ཡེ་ཤེས་སྐུ་ཞེས་བྱའོ། །ཞབས་བསྡུ་བ་ནི། དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། །ཞེས་པ། མ་འདྲེས་ལ་ཡོངས་སུ་རྫོགས་པའི་དོན་གྱིས་བཤད་པའི་སྐུ་རྣམས་རྫོགས་པའི་སྐད་ཅིག་མ་ལ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་འབྲས་བུ་མཐར་ཕྱིན་པ་ཞེས་བྱའོ། །ཞེས་སྟོན་པ་ཀུན་ཏུ་བཟང་པོས་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་བརྗོད་པ་ཞེས་བྱའོ། །དཀྱིལ་འཁོར་འབྱུང་བའི་ཆེ་བ་ནི། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས། ཞེས་པ་ལ་སོགས་པ་ནི། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནི་བཤད་པ་བཞིན་ནོ། །མཐའ་ཡས་པ་ནི་ཆོས་ཀྱི་དབྱིངས་མཉམ་པས་གཞལ་དུ་མེད་པའོ། །མུ་མེད་པ་ནི་འདི་ཁོ་ནའོ། །ཞེས་མཚམས་མི་ཟིན་པའོ། །ཐམས་ཅད་དུ་ནི་ཕྱོགས་སོ། །དཀྱིལ་འཁོར་བརྗོད་ཀྱིས་མི་ལང་བ་ཞེས་པ། སྤྱིར་རྟོག་པ་བརྗོད་ཀྱིས་མི་ལང་། དེ་རང་སྣང་བའི་སྐུ་དང་ཡེ་ཤེས་བརྗོད་ཀྱིས་མི་ལང་བ་དེ་སྟོན་པ་ཀུན་ཏུ་བཟང་པོས་རྒྱུད་གསུངས་པའི་ཉི་མས་དངོས་པོ་ཐམས་ཅད་གསལ་བར་བྱེད་པ་དང་འདྲ་བས། རང་བཞིན་གྱི་དཀྱིལ་འཁོར་གཞི། རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའི་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྲངས་བརྗོད་ཀྱིས་མི་ལང་བ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡུལ་ཕྲ་རབ་ཏུ་བསིལ་བའི་རྡུལ་སྙེད་དུ། དཀྱིལ་འཁོར་གསལ་བར་གྱུར་ཏོ་ཞེས་བྱའོ། །གདུལ་བྱ་དག་པའི་སྣང་བའོ། །ལེའུ་བསྡུ་བའི་ལོ་རྒྱུས་ནི། དེ་ནས། དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་ཞེས་པ། དེ་ནས་ནི་ཚིག་དོན་གཉིས་ཀ་བཤད་པའི་རྗེས་ཐོག་གོ། །དེ་བཞིན་གཤེགས་པ་ནི། ཕུན་སུམ་ཚོགས་པའི་གཙོ་འཁོར་འཛོམ་པ་ཐམས་ཅད་དོ། །བཙུན་མོའི་ཚོགས་ཀྱང་དེ་དག་གི་ཡུམ་རྣམས་སོ། །གཉིས་སུ་མེད་པ་ནི་དོན་དབྱིངས་དང་ཡེ་ཤེས་རྟགས་ཐབས་དང་ཤེས་རབ། ལྷ་ཡབ་ཡུམ་གཉིས་སུ་མེད་པར་ལྷན་ཅིག་པའི་གཙོ་འཁོར་དེ་དག་ཉིད་ཀྱི་ཐུགས་ལ་བརྣག་པའི་རང་བཞིན་གསང་བའི་སྙིང་པོ་མཚོན་པའི་ཚིག་འོག་ནས་འབྱུང་བ་འདི་ཉིད། སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ་ཕྲིན་ལས་ལྔ་དབྱེར་མེད་པ་རྡོ་རྗེ་ལྟ་བུ་ལས། རང་སྣང་མི་འགག་པར་སྣང་བ་བྱུང་ངོ་ཞེས་བྱའོ། །ཨ་རང་བཞིན་གསལ་བའི་སྙིང་པོའི་དོན། ཧོཿ དེས་མཚོན་པར་བྱེད་པའི་རྗོད་བྱེད་ཀྱི་ཚིག་ངོ་མཚར་བས་དགྱེས་པའོ། །གཞུང་དངོས་ནི། དམིགས་བྱ་དམིགས་བྱེད་མ་དམིགས་དཔག་མེད་བསམ་མི་ཁྱབ། །ཅེས་པ་ལ་སོགས་ཏེ། འདིར་སྣོད་བཅུད་ཀྱི་ཆོས་ཐམས་ཅད་རང་རིག་པ་རང་བྱུང་གི་ཡེ་ཤེས་སུ་གསལ་བའི་དོན་མངོན་དུ་གྱུར་པའི་དུས་སུ། དམིགས་བྱའི་ཡུལ་ཆོས་ཀྱི་དབྱིངས་སུ་འཛིན་པ་སེམས་ཡེ་ཤེས་ཆེན་པོའི་ངང་ལ་དམིགས་པ་ཡེ་ཤེས་ཉིད་ཀྱི་རང་གི་རང་བཞིན་ཆོས་ཀྱི་དབྱིངས་ཡིན་པས། དམིགས་བྱའི་ཡུལ་ཙམ་གྱི་ཡང་ཐ་སྙད་ལས་དད་པའོ། །དམིགས་བྱེད་ནི་རིག་པའི་ཡེ་ཤེས་ཏེ། ཆོས་ཐམས་ཅད་རིག་པའི་ངོ་བོར་གྱུར་པའི་བདག་ཉིད་ལ་ཡུལ་དང་ཡུལ་ཅན་མེད་པས་ཡེ་ཤེས་སེམས་དཔའ་མ་དམིགས་པའོ། །མི་དམིགས་ཞེས་པ། དགོངས་པ་མཉམ་པ་ཉིད་ལྷུན་གྱིས་གྲུབ་རིག་པ་རང་གསལ་དུ་གྲུབ་པས་ཡུལ་དང་ཡུལ་ཅན་ཐ་སྙད་ཙམ་ཡང་མ་དམིགས་ཏེ། སྤྱོད་ཡུལ་དང་བྲལ་བ་རང་གསལ་བ་ནི་མི་དམིགས་ཞེས་བྱའོ། །དོན་དེ་ལ་ནི་རྫོགས་པ་ཆེན་པོའི་ཏིང་ངེ་འཛིན་ཅེས་ཀྱང་བྱ་སྟེ། ལུང་ཨ་ནུ་ཡོ་གའི་དབྱིངས་དང་ཡེ་ཤེས་ཙམ་དུ་ཡང་མཚོན་པ་ལས་འདས་པ་ལ་མ་འདྲེས་ཡོངས་རྫོགས་ཙམ་དུ་ཡང་འཛིན་པ་མེད་པ་ནི་རྫོགས་པ་ཆེན་པོ་སྟེ། དོན་དེ་ལ་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེས་ཀྱང་བྱ་སྟེ། ཆེད་བྱས་ཐམས་ཅད་དང་མཉམ་པ་ཉིད་རང་གསལ་ལ་གྱི་ངོ་བོ་ཉིད་ལ་གཞི་རྟེན་བྲལ་བས་བློས་དཔག་ཏུ་མེད། ནམ་མཁའ་ནམ་མཁའ་བསམ་དུ་མེད་པའི་དགོངས་པ་ལ་ནི། བསམ་མི་ཁྱབ་ཅེས་བྱའོ། །ཡེ་ཤེས་རང་རིག་དཀྱིལ་འ ཁོར་སྣ་ཚོགས་བརྗོད་མི་ལང་ཞེས་པ། དེ་ལྟར་རྟོགས་པའི་ངོ་ལ་རང་བྱུང་གི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་རྟོགས་པའི་གཏན་ཚིགས་ཡིན་ལ། ཆོས་ཀྱི་དབྱིངས་ནི་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཀྱི་བདག་ཉིད་པས་དེ་རང་སྣང་བའི་སྣོད་བཅུད་ཀྱི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་རྟོག་པའི་ཚོགས་རྣམས་འབྲས་བུ་ཐེག་པའི་སྐབས་འདིར། གཉེན་པོས་མ་བཅོས་པར་མ་དམིགས་པ་རྟོགས་པ་རང་བྱུང་གི་ཡེ་ཤེས། ཡེ་ཤེས་ལྔའི་འཁོར་དང་བཅས་པར་གསལ་ལ། སྐབས་འདིར་རང་སྣང་ཙམ་མི་འགོག་པའི་དབང་གིས་རང་སྣང་བ་ཙམ་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་ལྷུན་གྱིས་གྲུབ་པའང་ཡིན་པའི་དོན་རིག་པ་ལ་གསལ་བས་ཡེ་ཤེས། དེ་གཉིས་ཀྱང་རེས་མོས་ཙམ་ཕན་ཚུན་མ་ཡིན་ཏེ། ཆུ་དང་གཤེར་བ་ལྟར་མི་ཕྱེད་པའི་བདག་ཉིད་དུ་བཞུགས་ནས། ཐམས་ཅད་དེར་གསལ་བ་ལས་རང་ལ་རང་སྣང་བ་མ་གཏོགས་པའི་གཞན་པ་མེད་པས་རང་རིག་ཅེས་བྱའོ། །དེ་ཉིད་མ་འགག་པ་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་གསལ་ལ། མ་དམིགས་པའི་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་གསལ་བ་དབྱེར་མེད་པ་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཏེ། སྣ་ཚོགས་བརྗོད་མི་ལང་ཞེས་པ། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་དེ་ཁོ་ནར་གྱུར་པ་མེ་ལོང་གཡའ་དག་དང་འདྲ་བ་ལས་གདུལ་བྱ་ལས་སྣ་ཚོགས་པའི་དབང་གིས་རང་རང་གི་བློ་དང་མཐུན་པའི་གསང་སྔགས་ཕྱི་ནང་གི་དཀྱིལ་འཁོར་དང་སྐུ་གཉིས་ཀྱི་མཛད་པ་ཅིར་ཡང་འཆར་བ་ནི་སྣ་ཚོགས་ཞེས་བྱ་ལ། བརྗོད་མི་ལང་ནི། གདུལ་བྱ་བརྗོད་ཀྱི་མི་ལང་བ་ཁམས་གསུམ་པ་དང་ལམ་པ་ཐམས་ཅད་ཀྱི་ངོས་ནས་བརྗོད་པའོ། །མཉམ་དང་མི་མཉམ་ཞེས་པ་ལ་སོགས། མཉམ་པ་ནི་དབྱིངས་དང་ཡེ་ཤེས་མཉམ་པ་ཉིད་ཀྱི་དོན་མངོན་དུ་གྱུར་པ་སངས་རྒྱས་རང་ངོ་ལ། ཆོས་ཀྱི་སྐུ་ལས་འཁོར་བ་མ་དམིགས་པས་མཉམ་པ་ཉིད་དོ། །མི་མཉམ་པ་ནི་ཆོས་ཐམས་ཅད་ཡེ་ནས་དེ་ལྟར་ཡིན་ཀྱང་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་པས་མ་ཤེས་ཏེ། དཔེར་ན་སྐྱེས་བུ་ཡེངས་པ་དང་འདྲ་བར་བདེ་སྡུག་སྣ་ཚོགས་མྱོང་བའོ། །འོ་ན་དེར་ལམ་པ་མ་འདུས་སོ་ཞེ་ན། ཟག་པ་མེད་པ་ཡན་ཆད་འདས་པར་བསྡུ། དེ་མན་ཆད་གཟུང་འཛིན་དུ་བསྡུ། ཀུན་ཁྱབ་ཅེས་པ། སེམས་ཉིད་རིག་པའི་དབང་གིས་འཁོར་འདས་ཐམས་ཅད་ལ་ཁྱབ་ཀྱང་། ཁྱབ་བྱ་ཁྱབ་བྱེད་མེད་པའི་ངོ་བོ་ལ་ནི་ཁྱབ་མེད་ཅེས་བྱ་སྟེ། མྱ་ངན་འདས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ཀྱང་འདིར་ལྟ་བུའི་ཞེས་རིས་སུ་མི་ཕྱེད་པའོ། །འཁོར་བའི་ཆོས་ཐམས་ཅད་ལ་ཁྱབ་ཀྱང་། ལྷན་སྐྱེས་ཀྱི་དབང་གིས་གཟུང་འཛིན་ཁོ་ནའི་ངོ་བོ་ལས་ཟུར་ཙམ་ཡང་མི་མཐོང་བའོ། །འོན་ཀྱང་ཁྱབ་པའི་ཞེས་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་དེའི་ངང་ལས་སྐད་ཅིག་ཀྱང་མ་འདས་པའི་ངོ་བོ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ལ་ཐམས་ཅད་ལ་ཁྱབ་པའི་ངོས་ནས་ཆོས་ཀྱི་དབྱིངས་ཞེས་བྱ། འཁོར་འདས་གཉིས་ཀྱི་འཛིན་པའི་ཐ་སྙད་དང་བྲལ་བས་མཉམ་པ་ཉིད་ཀྱི་དབྱིངས་ཞེས་བྱ། རྟོགས་མ་རྟོགས་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་བས་ལྷུན་གྱིས་གྲུབ་པའི་དབྱིངས་ཞེས་བྱ། མདོར་ན་སྟོན་པ་ཀུན་ཏུ་བཟང་པོའི་ངོ་བོ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱིས་གདུལ་བྱ་མཉམ་དང་མི་མཉམ་ཀུན་ལ་ངོ་བོ་ཉིད་ཀྱིས་ཁྱབ་པས། སྣོད་བཅུད་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་དབྱིངས་ལས་མ་གཏོགས་པ་མཐའ་གཉིས་སུ་སོང་བ་མེད་པར་བསྟན་པའོ། །དེ་ལྟ་བུ་དེ་གཏན་ཚིགས་ཅིའི་ཕྱིར་ཞེ་ན། ཡེ་ཤེས་ཀུན་གསལ་དཀྱིལ་འཁོར་རྣམ་འཕྲོ་སྤྲོས་པ་མེད། །ཅེས་པ། དངོས་པོ་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་གཉེན་པོས་མ་བཅོས་ལམ་གྱིས་མ་བསྒྲུབས་རྒྱུ་རྐྱེན་དང་བྲལ་ནས་གདོད་མ་ནས་སེམས་ཀྱི་ཆོས་ཉིད་དངོས་པོ་ཐམས་ཅད་དང་བྲལ་ཡང་། རང་གསལ་བའི་བདག་ཉིད་ཀྱི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་རང་གསལ་བ་ལས་མཐར་ཕྱིན་པའི་ངོ་བོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་ཕྱིར། གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པའི་ཀུན་ཏུ་བཟང་པོའི་ངོ་བོ་ལ་གདུལ་བྱའི་དབང་གིས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་སྣང་བ་ལས་འབྱུང་འཇུག་དང་རྩ་ལམ་དང་སྤྲོ་བསྡུད་མེད་པ་ལ་ནི། རྣམ་འཕྲོ་ཞེས་ཐ་སྙད་དུ་འདོགས་སོ། །སྤྲོས་པ་མེད་ཅེས་པ། དཀྱིལ་འཁོར་དང་མཛད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་སྣང་བ་རྣམས། མེ་ལོང་གི་གཟུགས་བརྙན་ལྟ་བ་པོའི་རྐྱེན་གྱི་ལྟ་བ་བཞིན། གདུལ་བྱའི་ལས་དང་དབང་པོའི་རིམ་པ་མཐོ་དམན་ཇི་ལྟར་སྣང་ཡང་འདུ་ཤེས་ཀྱི་རྒྱུད་དམ། ཤེས་བྱ་ཤེས་བྱེད་དམ། དེ་ལ་དེ་སྣང་ངམ། དངོས་པོ་རང་རྒྱུད་པ་ཕྲ་བའང་མེད་པར་བསྟན་པའོ། །ཧོ་ཞེས་པ། མཐར་ཕྱིན་པའི་འབྲས་བུའི་མཛད་པ་དེ་ལྟ་བུས་མཉེས་པའོ། །གཞུང་དངོས་སུ་བསྡུ་བ་ནི། དམིགས་བྱ་ཞེས་པར། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཞེས་པ་བསྡུ་སྟེ། དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་ཆོས་ཐམས་ཅད་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་པ་རང་གསལ་བ་ནི་ཡུལ་དང་ཡུལ་ཅན་མེད་ཀྱང་ངོ་བོ་ཉིད་དུ་གྱུར་པའོ། །དམིགས་བྱེད་ཅེས་པར། དོན་དེ་ཉིད་རྫོགས་ཆེན་སྤྱོད་པའི་རྣལ་འབྱོར་པའི་སྤྱོད་ཡུལ་ཡིན་པས་བསྡུའོ། །མི་དམིགས་ཞེས་པར། དགོངས་པའི་ངོ་བོར། ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །བསྡུ་སྟེ་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡེ་ཤེས་ལྔའི་ངོ་བོར་སྤྱོད་པ་ལ་ཡུལ་ཡུལ་ཅན་བྲལ་བའོ། །དཔག་མེད་བསམ་མི་ཁྱབ་ཅེས་བྱས་པར། དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་བསྡུ་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡེ་ཤེས་ལྔའི་ངང་ལས་བློས་དཔག་ཏུ་མེད་ཅིང་བསམ་བྱ་བསམ་བྱེད་དང་བྲལ་བའོ། །ཡེ་ཤེས་རང་རིག་དཀྱིལ་འཁོར་ཞེས་པར། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །ཞེས་པ་ནས། དཔག་མེད་ལྷུན་གྱིས་གྲུབ། །ཅེས་པའི་བར་བསྡུ་སྟེ། ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་འོག་གཞི་འབྱུང་བ་རྣམས་གཞལ་ཡས་ཁང་གདན་གཙོ་འཁོར། སྐུ་མདོག་ཕྱག་མཚན་རྒྱན་ཆ་བསམ་ཡས་ལྷུན་གྲུབ་རྣམས། ཡེ་ཤེས་རང་རིག་རང་སྣང་གི་དཀྱིལ་འཁོར་དུ་གསལ་བའོ། །སྣ་ཚོགས་བརྗོད་མི་ལང་ཞེས་པར། མཐའ་དབུས་མེད་པར་ཁྱབ་པ་ཡི། །ཞེས་པའི་ཚིག་གཉིས་བསྡུས་ཏེ། ཡེ་ཤེས་རོལ་པ་རང་སྣང་བ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡི་གདུལ་བྱ་སྣ་ཚོགས་ཀྱི་ངོ་ལ་དཀྱིལ་འཁོར་སྣ་ཚོགས་སུ་སྣང་སྟེ། སྣང་ཙམ་ཉིད་ན་རང་བྱུང་གི་ཡེ་ཤེས་བདག་ཉིད་ཆེན་པོའི་དཀྱིལ་འཁོར་དུ་སྣང་བས་སྤྱོད་ཡུལ་ཡོངས་སུ་དག་པའི་ཕྱིར། ཆོས་ཐམས་ཅད་དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ་ཅེས་བྱའོ། །མཉམ་དང་ཞེས་པར། སྐུ་ཡི་ཕྱག་རྒྱ་མཆོག་ནི། །ཞེས་པའི་བར་ཚིག་གསུམ་བསྡུ་སྟེ། སྐུ་ལྔ་ལྷུན་གྲུབ་ཀུན་ཏུ་བཟང་པོའི་རིག་པ་ཆོས་སྐུ་ལས་མ་གཡོས་ཀྱང་། ལོངས་སྐུ་སྣང་བ་དག་པའི་སྣང་བ་འབའ་ཞིག་གོ། །མི་མཉམ་ཞེས་པར། འགྲོ་བ་མ་ལུས་འདུལ་བའི་ཕྱིར། །ཞེས་པ་ཚིག་གཉིས་བསྡུ་སྟེ། འཁོར་བ་འགྲོ་དྲུག་གི་སྣང་བ་ལས་སྤྲུལ་སྐུ་སྣ་ཚོགས་པར་སྣང་བའོ། །ཀུན་ཁྱབ་ཅེས་པར། སྟོན་ཉིད་སྒྱུ་མ་མི་གཡོར་ཚུལ། ཞེས་པ་བསྡུ་སྟེ། ཆོས་སྐུ་ལས་མ་གཡོས་པར་སྒྱུ་མ་མིག་ཡོར་གྱི་དཔེས་མ་འགག་པར་སྣང་། གདུལ་བྱའི་དབང་གིས་སྣང་ཡང་ཆོས་སྐུ་ལས་མ་གཡོས་པའོ། །ཁྱབ་མེད་ཅེས་པར། ཚུལ་ཉིད་དབྱིངས་ལས་གཡོས་པ་མེད། །ཅེས་པ་བསྡུ་སྟེ། སྐུའི་ཚུལ་མ་འགག་པར་སྣང་ཡང་སྣང་སྟོང་གཉིས་སུ་མེད་པ་གཉིས་སུ་མ་སོང་བའོ། །ཁྱབ་པའི་དབྱིངས་ཞེས་པར། མ་གཡོས་བཞིན་དུ་སྣ་ཚོགས་པའི། །ཞེས་པ་ལ་སོགས་པའི་ཚིག་ལྔ་བསྡུ་སྟེ། སེམས་ཉིད་ཀྱི་ངང་ལས་མ་གཡོས་ཀྱང་། དབྱིངས་ཀྱི་སྒྲས་གདུལ་བྱའི་ལས་འཕྲོ་བཞིན་སྐུ་དང་མཛད་པ་མི་འགག་པར་འཆར་བའོ། །ཡེ་ནས་ཀུན་གསལ་ཞེས་པར། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །ལ་སོགས་པ་བསྡུ་སྟེ་ཁམས་གསུམ་གྱི་ཆོས་ཐམས་ཅད་སྐུ་ལྔར་ལྷུན་གྱིས་གྲུབ་པར་གསལ་བའོ། །དཀྱིལ་འཁོར་རྣམ་འཕྲོ་ཞེས་པར། དཔེར་ན་མེ་ལོང་ཆུ་ཟླ་བཞིན་ནས། གཞན་ཡང་ཐེག་མཆོག་རིམ་པ་བཞིན། །ཞེས་པའི་བར་བསྡུ་སྟེ། འགྲོ་བ་འདྲེན་པའི་འདུལ་བྱེད་གདུལ་བྱའི་ངོ་བཞིན་འཕྲོ་བའོ། །སྤྲོས་པ་མེད་ཅེས་པར། འོག་མིན་བླ་མེད་གནས་མཆོག་ནས། །སྐུ་གསུམ་གྱི་ངོ་བོ་རྣམས་བསྡུ་སྟེ། གདུལ་བྱར་སྣང་བའི་ལོངས་སྐུ་དང་། མཐར་ཕྱིན་པའི་སྐུ་གསུམ་ཇི་ལྟར་སྣང་ཡང་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་པའོ། །རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་པ། རྡོ་རྗེ་ལྟ་བུར་མི་ཕྱེད་པའི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རང་བཞིན་གསང་བའི་སྙིང་པོ་སྟོན་པའི་རྗོད་བྱེད་ཀྱི་ཚིག་སྟོན་པའི་བྱིན་རླབས་ཀྱིས་རང་སྣང་བ་ཉིད་གདུལ་བྱ་གོ་ཕྱེ་བའི་ཆེད་དུའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། དཀྱིལ་འཁོར་སྤྲོས་པ་ཞེས་པ། དཀྱིལ་འཁོར་གསུམ་སྟེ། སྟོད་ཀྱི་ཚིག་བཞི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རྫོགས་པ་ཆེན་པོའི་དོན་དང་། བར་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་རྣལ་འབྱོར་པའི་བློ་ངོ་བཞིན་དུ། སྨད་རང་བཞིན་ལྷུན་གྱིས་གྲུབ་པ་འབྲས་བུ་མཐར་ཕྱིན་པའི་སྐུའི་དཀྱིལ་འཁོར་གྱི་ངོ་བོ་མཛད་པའི་ཕྲིན་ལས་བཅས་པ་བསྟན་པའི་ལེའུ་སྟེ་དྲུག་པའི་བཤད་པའོ།། ༈ །།ལེའུ་བདུན་པ་ལ་རྒྱུད་གསུམ་ལས། སྟོད་ལམ་གྱི་རྒྱུད། སྨད་འབྲས་བུ་མཐར་ཕྱིན་པ་གསུང་གི་རྒྱུད། རྒྱུད་ཀྱི་དངོས་པོ་བཅུ་ལས། སྟོད་ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར། ལམ་པ་གང་གིས་སྤྱོད་ཡུལ་ན་སྟོད་ཕྱག་རྒྱ་གཅིག་པ་ཡན་ཆད་ཀྱི་སྤྱོད་ཡུལ། སྨད་མཐར་ལམ་པའི་སྤྱོད་ཡུལ་ལོ། །དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་དུ་བྱས་ན། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར། དེ་ལས་ཀྱང་གསུང་གི་དཀྱིལ་འཁོར། རྒྱུད་ཀྱི་དངོས་པོ་བཅུ་ལས་སྔགས་ཏེ། དེ་ཡང་གཞལ་ཡས་ཁང་བསྐྱེད་པ་དང་། ལྷ་བསྐྱེད་པ་དང་། སྤྱན་དྲང་བ་ལ་སོགས་པའི་ལམ་རིམ་དང་། དབང་བསྐུར་བ་དང་། བྱིན་གྱིས་བརླབ་པ་དང་། དཀྱིལ་འཁོར་དུ་ཞུགས་པ་རྣམས་ལ་སྔགས་དགོས་པས་དེ་བསྟན་ཏོ། །ལེའུའི་མཚམས་ཐག་སྦྲེལ་ན། དྲུག་པ་ཡན་ཆད་ཀྱི་མཚམས་ཐག་སྦྲེལ་བ་བཤད་ཟིན། དྲུག་པ་དངོས་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་པ་ལ་སྔགས་ཀྱི་ལས་ཀྱི་རྒྱུ་མཚན་རྣམས་སྔོན་དུ་བསྟན་པ་དངོས་སོ། །དེའི་ཕྱིར་ན་ལེའུ་བདུན་པ་ཕྱུང་བའོ། །བདུན་པའི་སྐབས་འདིར་ཟུར་ལུགས་ཀྱིས་གསང་སྔགས་ལ་བཤད་པ་ཉེས་པའི་སྐྱོན་བརྒྱད་བཤད་དེ། གསང་སྔགས་དང་མཚན་ཉིད་བསྲེས་ནས་བཤད་ན། སྔགས་ཁྱད་པར་གྱི་དོན་ལ་གོལ་བས་རྡོ་རྗེ་ཐེག་པ་ན་བབས་ཀྱི་བཤད་པ་དང་། ཡོ་ག་ཕྱི་ནང་བསྲེས་ནས་བཤད་ན། བསྙེན་བསྒྲུབ་ཀྱི་དོན་ལས་གོལ་བས་འབྲོག་འཆོལ་བའི་བཤད་པ་དང་། མི་མཐུན་པའི་ཚིག་དོན་བསྡེབས་མ་ཤེས་ན། ཤེས་རབ་ལོང་བའི་བཤད་པ་དང་། རྟོག་གེ་བའི་ཐེ་ཚོམ་གྱི་གེགས་སེལ་མ་ཤེས་ན། མཛངས་པ་ལྕེ་ལྡུམ་གྱི་བཤད་པ་དང་། འབྲེལ་ཚུལ་རྣམ་པ་གཉིས་བཤད་མ་ཤེས་ན། རང་དགའ་ཡུག་པའི་བཤད་པ་དང་། སྤྱི་དང་ཁྱད་པར་གྱི་དགོས་ཆེད་མེད་ན་དོན་ཕྱལ་བའི་བཤད་པ་དང་བརྒྱད་དོ། །བཤད་ཚུལ་མ་ནོར་བ་ལ་གསུམ་སྟེ། ཏ་བ་གལ་འགག་གིས་བཤད། དམ་ཚིག་རྣམ་གྲངས་ཀྱིས་བཤད། ཕྲིན་ལས་ཆོག་བསྡེབས་ཀྱིས་བཤད་པ་དང་གསུམ་མོ། །དེ་འབྲུ་ལ་སྦྱར་ན། གསུངས་པ་ལོ་རྒྱུས་ནི། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པ་ཞེས་པ། ཚིག་གི་དེ་མ་ཐག་པ་ནི་ལེའུ་དྲུག་པའི་རྗེས་ཐོག་གོ། །དོན་གྱི་དེ་མ་ཐག་པ་ནི། རྣལ་འབྱོར་དབང་ཐོབ་དམ་ཚིག་དང་ལྡན། སྒྲུབ་པ་ལ་འཇུག་པའི་བྱ་བ་ཐམས་ཅད་རྫོགས་པར་བྱས་ནས་འདི་བཞིན་འཇུག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་ཞེས་པས། ཕུན་སུམ་ཚོགས་པའི་གླེང་གཞི་ཀུན་ཏུ་བཟང་པོའི་རིག་པར་དབྱེར་མེད་པའི་ལྷ་ཡབ་ཡུམ་ཐམས་ཅད་དོ། །དེ་དག་ཐམས་ཅད་ཀྱི་སྐུ་རྡོ་རྗེ་ལྟ་བུ། གསུང་རྡོ་རྗེ་ལྟ་བུ། ཐུགས་རྡོ་རྗེ་ལྟ་བུ། སྐུ་གསུང་ཐུགས་མི་ཕྱེད་པས་ཀྱང་རྡོ་རྗེ་ལྟ་བུ་ལས། གོ་ཕྱེ་བའི་དོན་དུ་སྔགས་རྣམས་རང་ཤར་བ་ལ་ཕྱུང་ངོ་ཞེས་བརྗོད་དོ། །དེ་ཡང་དང་པོ་མཆོག་བསྒྲུབ་ཀྱི་དབང་དུ་བྱས་ན། ཏིང་ངེ་འཛིན་གསུམ་གྱི་རྒྱུའི་ཡི་གེ་ལས་འོག་གཞི་བསྐྱེད་པ་རྣམས་སྔོན་དུ་སོང་། བཞུགས་གནས་ཕོ་བྲང་བསྐྱེད་པའི་སྔགས་ནི། བྷྲ྄ཱུྃ་བི་ཤྭ་བི་ཤུདྡྷེ་ཞེས་པ། བྷྲཱུྃ་ནི་བསྐྱེད་པའི་ས་བོན་དངོས་ཏེ། དེ་ཡང་བྷྲཱུྃ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའི་སྙིང་པོ་ཡི་གེ་འབྲུ་གཅིག་པ་ཞེས་ཏེ། བུདྡྷ་དེ་དང་པོ་ལམ་བསྒྲུབ་པའི་དུས་སུ། དང་པོ་ལམ་ལ་འཇུག་ནས་བྱང་ཆུབ་ཀྱི་སྤྱོད་པ་མཛད་པའི་དུས་ན། རེ་ཞིག་གནས་ཀྱིས་ཕོངས་ནས་སྐྱོ་བ་སྐྱེས་ཏེ་སྨོན་ལམ་བཏབ་པ་ནི། བདག་ནི་ནམ་ཞིག་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕོ་བྲང་དུ་གྱུར་ཅིག །རྣལ་འབྱོར་པ་རྣམས་ཀྱི་གཞལ་ཡས་ཁང་དུ་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་མཐར་ཕྱིན་ནས། སྨོན་ལམ་ཁོ་ན་བཞིན་མངོན་དུ་གྱུར་པ་སྟེ་དེས་ན་ཡི་གེ་བྷྲཱུྃ་དང་། གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། གཞལ་ཡས་ཁང་གསུམ་དབྱེར་མེད་པར་ཤེས་པར་བྱའོ། །བསྐྱེད་ཐབས་ནི་རྒྱུའི་ཡི་གེ་ལས་བྷཱུྃ་སྤྲོས། རི་རབ་ཀྱི་ཁ་ལ་ཕོག །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཞེས་བརྗོད་པས། བྷྲཱུྃ་ལས་ཅིག་ཅར་དུ་བསྐྱེད་ཀྱང་རུང་། སྤྲོ་བསྡུ་བྱས་ཀྱང་རུང་ལེའུ་དྲུག་པའི་གཞལ་ཡས་ཁང་གདན་དང་བཅས་པར་བསྒོམ་མོ། །བི་ཤྭ་ནི་སྣ་ཚོགས། བི་ཤུདྡྷེ་ནི་དག་པ། དེ་ཡང་འབྲས་བུ་མཐར་ཕྱིན་པའི་གནས་སྐབས་ན། ཀུན་ཏུ་བཟང་པོའི་ཐུགས་ནི་འཁོར་འདས་ཀྱི་ཆོས་སྣ་ཚོགས་རང་བྱུང་གི་ཡེ་ཤེས་སུ་དག་པའི་ཐུགས་རིག་པ་ཉིད་གཞལ་ཡས་ཁང་དུ་སྣང་བ་ཡིན། རྣལ་འབྱོར་པའི་གནས་སྐབས་ན་སྣོད་བཅུད་ཀྱི་ཆོས་སྣ་ཚོགས་རྣལ་འབྱོར་པ་རང་སེམས་ཉིད་སྣང་བས་དངོས་པོར་མ་གྲུབ་སྟེ། རྣམ་པར་དག་པར་རྟོགས་པའི་སེམས་ཉིད་གཞལ་ཡས་ཁང་དུ་སྣང་བའོ། །ལྷ་བསྐྱེད་པའི་སྔགས་ལ་རིགས་ལྔ་ཡབ་ཡུམ་བསྐྱེད་པ་ནི། ཧཱུྃ་བཛྲ་དྷྲྀཀ྄་ལ་སོགས་པ་སྟེ། འདིར་ལྷ་བསྐྱེད་པའི་ས་བོན་ཡང་ཡི་གེ་འཁོར་ལོར་བཤད་པའི་ཡིག་འབྲུ་རྣམས་སོ་སོའམ། ཡང་ན་འདིར་བཤད་པའི་ཨཱོྂ་ཧཱུྃ་ལ་སོགས་པའི་ཡི་གེ་རྣམས་ཏེ། ཡིག་འབྲུ་རྣམས་གདན་ཐོག་ཏུ་བཀོད་ཟིན་པ་དང་། སྔགས་བརྗོད་པས་ཅིག་ཅར་དུ་བསྒོམ་པའམ། ཡང་ན་ཡིག་འབྲུ་ལ་ཕྱག་མཚན། ཕྱག་མཚན་ལ་སྐུ་བསྐྱེད་པའི་དུས་སུ་སྔགས་བརྗོད་པ་སྟེ་དེ་དག་གང་ཡང་རུང་ངོ་། །ཧཱུྃ་ནི་རྩ་བའི་ཡི་གེའོ། །བཛྲ་ནི་རྡོ་རྗེ། དྷྲྀཀ྄་ནི་འཛིན་པ། རྡོ་རྗེ་འཛིན་པ་ཐུགས་ཀྱི་རིགས་མི་བསྐྱོད་པ་བསྐྱེད་པའོ། །ༀ་ཛི་ན་ཛིཀ྄་ཅེས་པ། ༀ་རྩ་བའི་ཡི་གེ་སྟེ་ཡི་གེ་དང་པོ་ཀུན་འགྲེ། ཛི་ན་ནི་རྒྱལ་བ། ཛིཀ྄་ནི་འཛིན་པ། རྒྱལ་བ་འཛིན་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་དོ། །སྭཱ་རཏྣ་དྷྲྀཀ྄་ཅེས་པ། རཏྣ་ནི་རིན་པོ་ཆེ། དྷྲྀཀ྄་ནི་འཛིན་པ། རིན་པོ་ཆེའི་རིགས་རིན་ཆེན་འབྱུང་ལྡན་ནོ། །ཨཱཾ་ཨ་རོ་ལིཀ྄ །ཨ་ར་ནི་གསུང་གི་རིགས། ལིཀ྄་ནི་འཛིན་པ། པདྨ་འཛིན་པ་སྣང་བ་མཐའ་ཡས་སོ། །ཧཱ་པྲཛྙཱ་དྷྲྀཀ྄་ཅེས་པ། པྲཛྙཱ་ནི་ཤེས་རབ་མཚོན་པའི་རལ་གྲི། དྷྲྀཀ྄་ནི་འཛིན་པ། ལས་ཀྱི་རིགས་དོན་ཡོད་གྲུབ་པའོ། །ཡུམ་ནི། མཱུྃ་དྷཱ་ཏྭཱི་ཤྭ་རཱི། མཱུྃ་ནི་ས་བོན་ནོ། །དྷཱ་ཏྭཱི་ནི་དབྱིངས། ཤྭ་རཱི་ནི་དབང་ཕྱུག་སྟེ་མི་བསྐྱོད་པའི་ཡུམ་ཀུན་ཏུ་བཟང་མོའོ། །ལཱྃ་དྭེ་ཥ་ར་ཏི། དྭེ་ཥ་ནི་སྤྱན། ར་ཏི་ནི་འཛིན་པ། རྣམ་སྣང་གི་ཡུམ་སྤྱན་མའོ། །མཱྃ་མོ་ཧ་ར་ཏི། མོ་ཧ་ནི་སྡུད་པ་ཆུའི་ཁམས། ར་ཏི་ནི་འཛིན་པ། རིན་འབྱུང་གི་ཡུམ་མཱ་མ་ཀཱིའོ། །པཱྃ་རཱ་ག་ར་ཏི། རཱ་ག་ནི་ཆགས་པ། ར་ཏི་ནི་འཛིན་པ། མཐའ་གཉིས་འཛིན་པས་མཐའ་གཉིས་སྲེག་པར་བྱེད་པ་ཡུམ་གོས་དཀར་མོའོ། །ཏཱཾ་བཛྲ་ར་ཏི། བཛྲ་ནི་རྡོ་རྗེ། ར་ཏི་ནི་འཛིན་པ། མཐའ་གཉིས་ཀྱི་སྐྱོན་གྱིས་མི་གོས་པ་དོན་གྲུབ་ཀྱི་ཡུམ་དམ་ཚིག་སྒྲོལ་མའོ། །ནང་གི་སེམས་དཔའ་ཡབ་ཡུམ་བརྒྱད་ནི། ཀྵཱིཾ་ཧི་རཱ་ཛ་ཡ་ཞེས་པ། ཀྵཱིཾ་ས་བོན། རཱ་ཛ་ཡ་སའི་སྙིང་པོའོ། །ཏྲཱྃ་ཨཱ་གརྦྷ་ཡ། ཨཱ་ནམ་མཁའ། གརྦྷ་སྙིང་པོ་དེ་དངོས་སོ། །ཧྲཱིཾ་ཧཱུྃ་པདྨ་པ་དམ། པདྨ་འཛིན་པ་སྟེ་སྤྱན་རས་གཟིགས་དབང་ཕྱུག་གོ། །ཛིཾ་ཀུ་རུ་པཱ་ཎ་ཧྲཱི། ཕྱག་ན་རྡོ་རྗེའི་སྒྲ་དོན་ནོ། །དེའི་ཡུམ་བཞི་ནི། ཧཱུྃ་ལཱ་སྱེ་ས་མ་ཡ་སྟྭཾ། ཧཱུྃ་ས་བོན། ལཱ་སྱེ་སྒེག་མོའོ། །ས་མ་ཡ་སྟྭཾ་དམ་ཚིག་ལས་མི་འདའ་སྟེ་ལཱ་སྱེ་མའོ། །ཏྲཱྃ་མཱ་ལེ་ས་མ་ཡ་ཧོཿ མཱ་ལེ་ཕྲེང་བ། ས་མ་ཡ་ཧོཿདམ་ཚིག་གིས་མཉེས་པ་སྟེ་ལྷ་མོ་ཕྲེང་བ་མའོ། །ཧྲཱིཿ གཱིརྟི་རཱ་ཱགོ྅་ཧོཿ གཱིརྟི་དབྱངས་མཁན་མ། རཱ་གོ྅་ཧོ་ཆགས་པའི་བདག་ཉིད་མ་ཧཱ་མོ་བི་ཝྃ་མའོ། །ཨཱཾ་ནཱིརྟི་རཱ་ག་ཡཱ་མི། ནཱི རྟི་གར་མ། རཱ་ག་ཡཱ་མི་ཆགས་པའི་བདག་ཉིད་གར་མཁན་མའོ། །ཕྱི་མ་སྐུའི་སེམས་དཔའ་ཡ་ཡུམ་བརྒྱད་ནི། མཻ་དྷཱ་ར་ཎི་སྭཱ་ཧཱ། དྷཱ་ར་ཎི་འཛིན་པ་སྟེ། བྲམ་ཟེའི་རིགས་ཀྱི་བརྟུལ་ཞུགས་ཀྱི་ཕྱག་མཚན་འཛིན་པས་བྱམས་པའོ། །ཐླྷིཾ་ནིསྶ་རྃ་བྷཱ་ཡ་སྭཱ་ཧཱ། སྒྲིབ་པ་སེལ་བར་བྱེད་པ་དངོས་སོ། །ཧཱུྃ་ས་རཱ་ཛཱ་ཡ་སྭཱ་ཧཱ། གཉིས་འཛིན་ཞི་བའི་རྒྱལ་པོ་སྟེ་ཀུན་ཏུ་བཟང་པོའོ། །མཱུྃ་ཤྲཱི་ཨཱ་རཱ་ག་ཡ་སྭཱ་ཧཱ། ཤྲཱི་དཔལ། ཨཱ་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་རྟོགས་པ། རཱ་ག་ཐུགས་རྗེས་སེམས་ཅན་ལ་ཆགས་པ་སྟེ་འཇམ་དཔལ་ལོ། །དེའི་ཡུམ་བཞི་ནི། ཛཿ་དྷཱུ་པེ་པྲ་ཝེ་ཤཱ། དྷཱུ་པེ་པྲ་ཝེ་ཤཱ་བདུག་སྤྲོས་འཐོར་བ་སྟེ་བདུག་སྤོས་མ་དངོས་སོ། །ཧཱུྃ་པུཥྤེ་ཨཱ་ཝ་ཤཱ། བུཥྤེ་ནི་མེ་ཏོག་མ་སྟེ་མེ་ཏོག་འཐོར་བས་ཡེ་ཤེས་འབེབས་པ་སྟེ་མེ་ཏོག་མའོ། །བྃ་དཱི་པ་སུ་གི་རཱི། དཱི་པ་ནི་མར་མེ། སུ་གི་རཱི་ནི་གསལ་བར་བྱེད་པ་སྟེ་མར་མེ་མའོ། །ཧོཿགནྡྷེ་ཙིཏྟ། གནྡྷེ་ནི་དྲི་ཆབ། ཙིཏྟ་ནི་རིག་པ་ཚིམ་པར་བྱེད་པ་སྟེ་དྲི་ཆབ་མའི་སྔགས་སོ། །སྒོ་བ་ཡབ་ཡུམ་ནི། ཧཱུྃ་ཡ་མཱནྟ་ཀྲྀཏ་ཕཊ། ཧཱུྃ་ས་བོན། ཡ་མཱན་ནི་གཤིན་རྗེ། ཏ་ཀྲྀཏ་ནི་མཐར་བྱེད། ཕཊ྄་སྒྲོལ་བ་བཞི་ཀ་འགྲེ། ཧཱུྃ་བིགྷྣཱནྟ་ཀྲྀཏ་ཕཊ྄། བིགྷྣཱཾ་ནི་བགེགས། ཏ་ཀྲྀ ཏ་མཐར་བྱེད་ཀྱང་འགྲེ་སྟེ་ལྷོའི་སྟོབས་པོ་ཆེའོ། །ཧཱུྃ་པདྨ་ནྟ་ཀྲྀ་ཏ་ཕཊ྄། པདྨ་མཐར་བྱེད་དེ་རྟ་མགྲིན་ནོ། །ཧཱུྃ་པྲ་ཛྙཱ་ན་ཏ་ཀྲིཏ་ཕཊ྄། ཤེས་རབ་མཐར་བྱེད་དེ་བདུད་རྩི་འཁྱིལ་བའོ། །ཡུམ་བཞི་ནི། ༀ་མ་ཧཱ་བཛྲ་དྷཱ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛ་ལཱི་ནི་ཧཱུྃ་ཕཊ྄། ༀ་ཡེ་ཤེས་ལྔ། མ་ཧཱ་ནི་ཆེན་པོ། བཛྲ་ནི་རྡོ་རྗེ། དྷཱ་ར་ནི་འཛིན་པའམ་གཟུངས་ཏེ་རྡོ་རྗེའི་གཟུགས་སོ། །མ་ཧཱ་ནི་ཆེན་པོ། ཀྲོ་དྷཱི་ཁྲོ་མོ། ཤྭ་རཱི་དབང་ཕྱུག་མ། ཛྭ་ལཱི་ནི་འབར་མ། ཧཱུྃ་བསྡུ་བ། ཕཊ྄་སྒྲོལ་བའོ། །ཤར་གྱི་སྒོ་བའི་ཡུམ་མོ། །ༀ་མ་ཧཱ་རཏྣ་དྷཱ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ྄། གཞན་གོང་དང་འདྲ་བ་ལ་རཏྣ་དྷཱ་ར་རིན་པོ་ཆེའི་རིགས་ཀྱི་ཡུམ་མམ་གཟུངས་ཞེས་བྱ་སྟེ་ལྷོའི་ཁྲོ་མོའོ། །ༀ་མ་ཧཱ་པདྨ་དྷཱ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ྄། པདྨ་དྷ་ར་པདྨའི་ཡུམ་མམ་གཟུངས་བྱ་བ་ལྟ་བུ་ནུབ་ཀྱི་ཁྲོ་མོའོ། །ༀ་མ་ཧཱ་ཀརྨ་དྷཱ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ྄། ཀརྨ་དྷཱ་ར་ལས་ཀྱི་ཡུམ་མམ་ལས་ཀྱི་གཟུངས་སོ། །བྱང་ཕྱོགས་ཀྱི་ཁྲོ་མོའོ། །ཀུན་བཟང་ཡབ་ཡུམ་ནི། ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཙིཏྟ་ༀ་ཞེས་པ། ༀ་རྩ་བའི་ཡི་གེ། བཛྲ་ཙིཏྟ་རྡོ་རྗེ་ཐུགས་ཀུན་ཏུ་བཟང་པོའི་ངོ་བོ། ཧཱུྃ་གསུམ་སྐུ་གསུང་ཐུགས་གསུམ་དང་ལྡན་པའོ། །ཀུན་ཏུ་བཟང་པོའོ། །ཨ་ཨ་ཨ། བཛྲཱི་བྷ་དྲ་ས་མནྟ་ཨ། ཨ་རྩ་བའི་ས་བོན། བཛྲ་རྡོ་རྗེ། བྷ་དྲ་ཡུམ་དབྱིངས། ས་མནྟ་ཆོས་ཀྱི་དབྱིངས། མཚན་མ་མེད་པ་ལས་མི་འདའ་བ་ཀུན་ཏུ་བཟང་མོ་སྟེ། ཨ་གསུམ་ཆོས་ཀྱི་དབྱིངས་སྐུ་གསུམ་དང་ལྡན་པའི་རྟགས་སོ། །ཐུབ་པ་དྲུག་ནི། ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ༀ་ཡེ་ཤེས་ལྔ། མུ་ནེ་ཐུབ་པ་སྟེ་ཀུན་འགྲེ། ཀྲེཾ་ལྷ་འདུལ་བའི་ཐུབ་པ། སྭཱ་ཧཱ་གདུལ་བྱའི་སྡུག་བསྔལ་ཞི་བའི་མཐའ་རྟེན་ལྷའི་ཐུབ་པའོ། །སྔགས་གཞན་མ་འདྲ་བ་ལས། ཧཱུྃ་དྲུཾ་ལྷ་མ་ཡིན་གྱི་ཐུབ་པ། སྲུཾ་མིའི་ཐུབ་པ། པྲེཾ་ཡི་དྭགས་ཀྱི་ཐུབ་པ། ཀྵཾ་དུད་འགྲོའི་ཐུབ་པ། ཡེ་དམྱལ་བའི་ཐུབ་པ་རྣམས་སོ། །དེ་ལ་སྔགས་དེ་དག་གིས་བསྐྱེད་པ་དང་། སྤྱན་དྲང་བ་དང་། མཆོད་པའི་རྣམ་གྲངས་རྣམས་འབུལ་བ་དང་། ལས་གང་བྱེད་ཀྱང་མཐའ་རྟེན་འགྱུར་བ་དང་། བསྙེན་པ་བྱ་བ་སྟེ་བདག་གཞན་གྱི་དོན་བསྒྲུབ་པ་ཐམས་ཅད་ལ་འགྲོ་བས། རྒྱུད་ཀྱི་དངོས་པོ་བཅུ་ལས་ན་སྔགས་ཞེས་བྱའོ། །སྔགས་འདི་དག་གི་སྒོ་ནས་མཆོད་པའི་དཀྱིལ་འཁོར་ཚོགས་གསོག་པའི་མཆོད་པའི་དཀྱིལ་འཁོར་དུ་བྱ་བ་དང་། ཡི་དམ་ནར་མར་བྱ་བ་གཉིས་ཡོད་པ་ལས། དང་པོར་སྐད་ཅིག་མིའི་ཏིང་ངེ་འཛིན་གྱིས་རྡོ་རྗེ་སེམས་དཔའ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པར་རང་ཉིད་བསྐྱེད། གདན་པད་ཟླ་ཉི་མ་སུམ་བརྩེགས་ལ་རིགས་ལྔ་ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ། རང་ཉིད་ཀྱི་ཐུགས་ཀ་ནས་བྷྲཱུྃ་འཕྲོས་མདུན་དུ་འོད་དུ་ཞུ་བ་ལས། མདུན་དུ་གཞལ་ཡས་ཁང་གདན་དང་བཅས་པ་རྒྱས་པར་བསྒོམ། དེ་ནས་རང་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབ་པ་ཞི་བ་དང་མཐུན། ས་མ་ཡ་ཧོཿ ལ་སོགས་པའི་ཡབ་ཡུམ་གཉིས་ཀྱི་བརྡས་བསྐུལ་མ་མཛད། ཡབ་ཡུམ་གཉིས་སུ་མེད་པར་རོལ་པའི་ལྷག་པའི་བྱང་ཆུབ་སེམས་ཡུམ་གྱི་མཁའ་ལ་འཕྲོས་པ་ལས། ཡུམ་གྱི་མཁའ་གཞལ་ཡས་ཁང་གི་ངོ་བོ་ཙམ་དུ་བྱིན་གྱིས་བརླབས། ཡང་བྱང་སེམས་ཆ་གཅིག་ཡུམ་གྱི་མཁའ་ལས་འཕྲོས་པས་བྷྲཱུྃ་ལེ་བརྒན་གྱི་ཁ་དོག་ཅན་གཅིག་ཏུ་གྱུར། ཛཿཞེས་བརྗོད་པས་བྷྲཱུྃ་དེ་མདུན་གྱི་ནམ་མཁའ་ལ་བཞུགས་པར་བསྒོམ། བྷཱུྃ་བི་ཤྭ་བི་ཤུདྷེ་ཞེས་བརྗོད་པར་བྱ། ཡང་གསང་གནས་ནས་བྱང་ཆུབ་སེམས་ཀྱི་ཆ་ལས་ཧཱུྃ་དང་མཱུྃ་གཉིས་བཏོན། མདུན་གྱི་གཞལ་ཡས་དབུས་ཀྱི་ཐོག་ཏུ་བཞུགས། ཧཱུྃ་བཛྲ་དྷྲྀཀ྄ །མཱུྃ་དྷཱ་ཏྭཱི་ཤཱ་རཱི། ཞེས་བརྗོད་པས། མི་བསྐྱོད་པ་ཡབ་ཡུམ་གྱི་སྐུ་རྒྱན་དང་བཅས་པ་ཝལ་གྱིས་གྱུར། ཛཿ ས་མདུན་གྱི་ནམ་མཁའ་ལ་བཏོན། སྤྱི་བོར་ཨོཾ་ཐིམ། མགྲིན་པར་ཨཱ་ཐིམ། ཐུགས་ཀར་ཧཱུྃ་ཐིམ་པས་སྐུ་བརྟས་པར་བྱས། དེ་ལས་སྤྲུལ་པ་ཕྱོགས་བཅུར་སྤྲོས་ནས་འཕགས་པ་མཆོད། མཛད་པ་བཅུ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱས། རང་སྐལ་གྱི་ཕྲིན་ལས་རྣམ་པར་ཤེས་པའི་ཕུང་པོ་དང་། ནམ་མཁའ་ལ་དངོས་པོར་འཛིན་པ་དག་པར་བྱས་ནས། མི་བསྐྱོད་པ་ཡབ་ཡུམ་གྱི་རྩ་བའི་སྐུ་ལ་འདུས་ཏེ་སྐུར་གསལ་གདབ། ཞེས་ནས་ནམ་མཁའི་གཞལ་ཡས་ཁང་གི་གདན་རྒྱས་པར་ཡོད་པའི་དབུས་ཀྱི་ལྟེ་བ་ལ་བཞུགས་སུ་གསོལ། ཡང་བྱང་སེམས་ཆ་གཅིག་ལས་ༀ་དང་ལཱཾ་གཉིས་སུ་གྱུར། ༀ་ཛཱི་ན་ཛིཀ྄ །ལཱྃ་དྭེ་ཥ་ར་ཏིའི་སྔགས་བརྗོད་པས། རྣམ་སྣང་ཡབ་ཡུམ་གྱི་སྐུར་ཝལ་གྱིས་བསྐྱེད། ཛཿཞེས་བརྗོད་པས་ཡུམ་གྱི་མཁའ་ནས་ནམ་མཁའ་ལ་བཏོན། སྔར་བཞིན་ཡི་གེ་གསུམ་གྱིས་བརྟན་པར་བྱས། དེ་ལས་སྤྲུལ་པ་ཕྱོགས་བཅུར་སྤྲོས། འཕགས་པ་མཆོད་ཅིང་ཐུགས་དམ་བསྐུལ། མཛད་པ་བཅུ་གཉིས་ཀྱིས་འགྲོ་དོན་བྱས་སྟེ། རང་སྐལ་གྱི་ཕྲིན་ལས་གཟུགས་ཀྱི་ཕུང་པོ་དང་། སར་འཛིན་དག་པར་བྱས། སླར་འདུས་པས་རྩ་བའི་སྐུ་ལ་ཐིམ། སྐུར་གསལ་གདབ། མདུན་གྱི་གཞལ་ཡས་ཁང་གི་ཤར་ཕྱོགས་ཀྱི་འཁོར་ལོའི་རྩིབས་སྟེང་གདན་རྫོགས་པ་ལ་བཞུགས། ཡང་ཡུམ་གྱི་མཁའ་ལ་བྱང་སེམས་ཆ་གཅིག་ལས། སྭཱ་རཏྣ་དྷྲྀཀ྄ །མཱྃ་མོ་ཧ་ར་ཏིའི་སྔགས་བརྗོད་པས། རིན་འབྱུང་ཡབ་ཡུམ་གྱི་སྐུར་བསྐྱེད། ཛཿས་མདུན་དུ་བཏོན། འབྲུ་གསུམ་གྱིས་སྐུ་བརྟན་པར་བྱས། སྤྲུལ་པ་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། མཛད་པ་བཅུ་གཉིས་ཀུན་ལ་འགྲེའོ། །རང་སྐལ་གྱི་ཕྲིན་ལས་ཚོར་བར་འཛིན་པ་དང་། ཆུར་འཛིན་པ་སྦྱངས་ནས་སླར་འདུས་རྩ་བའི་སྐུ་ལ་ཐིམ། རིན་འབྱུང་ཡབ་ཡུམ་གྱི་སྐུར་གསལ། མདུན་གྱི་གཞལ་ཡས་ཀྱི་ལྷོའི་རྩིབས་སྟེང་དུ་གདན་རྫོགས་པ་ལ་བཞུགས་སོ། །ཡང་བྱང་སེམས་ཆ་གཅིག་ལས། ཨཱྃ་ཨཱ་རོ་ལྀཀ྄ པཱྃ་རཱ་ག་ར་ཏི་བརྗོད་པས། སྣང་བ་མཐའ་ཡས་ཡབ་ཡུམ་གྱི་སྐུར་བསྐྱེད་ཛཿས་མཁའ་ལ་བཏོན། འབྲུ་གསུམ་གྱིས་བརྟན་པར་བྱས། སྤྲུལ་པ་འཕྲོས་འཕགས་པ་མཆོད་འགྲོ་དོན་བྱས། མཛད་པ་བཅུ་གཉིས་ཀུན་འགྲེ། རང་སྐད་ཀྱི་ཕྲིན་ལས་འདུ་ཤེས་ཀྱི་ཕུང་པོ་དང་མེར་འཛིན་པ་དག་པར་བྱས། སླར་རྩ་བའི་སྐུ་ལ་འདུས་སྣང་བ་མཐའ་ཡས་ཡབ་ཡུམ་གྱི་སྐུར་གསལ། གཞལ་ཡས་ཀྱི་ནུབ་ཀྱི་རྩིབས་ལ་རང་གི་གདན་ལ་བཞུགས། ཡང་བྱང་སེམས་ཆ་གཅིག་ལས། ཧཱུྃ་པྲཛྙཱ་དྷཱྀཀ྄ །ཏཱྃ་བཛྲ་ར་ཏི་བརྗོད་པས། དོན་གྲུབ་ཡབ་ཡུམ་གྱི་སྐུར་གསལ། ཛཿས་བཏོན་འབྲུ་གསུམ་གྱིས་བརྟན། སྤྲུལ་པ་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། རང་སྐལ་གྱི་ཕྲིན་ལས་འདུ་བྱེད་དང་རླུང་འཛིན་དག་པར་བྱས། སླར་རྩ་བའི་སྐུ་ལ་འདུས་དོན་གྲུབ་ཀྱི་སྐུར་གསལ། བྱང་གི་འཁོར་ལོའི་རྩིབས་ཀྱི་གདན་ལ་བཞུགས་སོ། །ཡང་བྱང་སེམས་ཆ་གཅིག་ལས། ཀྵཱིཾ་ཧི་རཱ་ཛ་ཡ། ཧཱུྃ་ལཱ་སྱེ་ས་མ་ཡ་སྟྭཾ་ཞེས་པས། ས་སྙིང་ཡབ་ཡུམ་གྱི་སྐུར་བསྐྱེད་ཛཿ ས་བཏོན་འབྲུ་གསུམ་གྱིས་བརྟན། སྤྲུལ་པ་འཕྲོས་འཕགས་པ་མཆོད་འགྲོ་དོན་བྱས། རང་སྐལ་གྱི་ཕྲིན་ལས་ཡུལ་གཟུགས་འཛིན་དང་། མིག་གི་རྣམ་ཤེས་ཀྱི་གཟུང་འཛིན་དག་པར་བྱས། སླར་རྩ་བ་ལ་འདུས། ས་སྙིང་ཡབ་ཡུམ་གྱི་སྐུར་གསལ་ཤར་ཕྱོགས་ཀྱི་གློ་འབུར་ལ་བཞུགས། ཡང་བྱང་སེམས་ཆ་གཅིག་ལས། ཏྲཱཾ་ཨཱ་གརྦྷ་ཡ། ཏྲཱཾ་མཱ་ལེ་ས་མ་ཡ་ཧོཿཞེས་པས། ནམ་སྙིང་ཡབ་ཡུམ་གྱི་སྐུར་བསྐྱེད། ཛཿས་བཏོན་འབྲུ་གསུམ་གྱིས་བརྟན། སྤྲུལ་པས་འཕགས་པ་མཆོད་འགྲོ་དོན་བྱས། རང་སྐལ་གྱི་ཕྲིན་ལས་རྣ་བའི་རྣམ་ཤེས་དང་ཡུལ་སྒྲ་འཛིན་སྦྱངས། སླར་རྩ་བའི་སྐུ་ལ་འདུས་སྐུར་གསལ་གདབ། ལྷོའི་གློ་འབུར་ལ་བཞུགས་སོ། །ཡང་བྱང་སེམས་ཆ་གཅིག་ལས། ཧྲཱིཿ་ཧ་ཧཱུྃ་པདྨ་པ་ད་མ། ཧྲཱིཿགཱི་རྟི་རཱ་གོ྅་ཧོཿཞེས་པས། སྤྱན་རས་གཟིགས་ཡབ་ཡུམ་གྱི་སྐུར་བསྐྱེད་ཛཿབཏོན་འབྲུ་གསུམ་གྱིས་བརྟན། སྤྲུལ་པས་འཕགས་པ་མཆོད་འགྲོ་དོན་བྱས། རང་སྐལ་གྱི་ཕྲིན་ལས་སྣའི་རྣམ་ཤེས་དང་ཡུལ་དྲི་སྦྱངས། སླར་རྩ་བའི་སྐུ་ལ་འདུས། སྤྱན་རས་གཟིགས་ཡབ་ཡུམ་གྱི་སྐུར་གསལ། ནུབ་ཕྱོགས་ཀྱི་གློ་འབུར་ལ་བཞུགས་སོ། །ཡང་བྱང་སེམས་ཆ་གཅིག་ལས། ཛཱིཾ་ཀུ་རུ་པ་ཎ་ཧྲིཿ། ཨཱྃ་ནཱིརྟི་རཱ་ག་ཡཱ་མི་ཞེས་པས། ཕྱག་རྡོར་ཡབ་ཡུམ་གྱི་སྐུར་བསྐྱེད། ཛཿས་བཏོན་འབྲུ་གསུམ་གྱིས་བརྟན། སྤྲུལ་པས་མཆོད་འགྲོ་དོན་བྱས། རང་སྐལ་གྱི་ཕྲིན་ལས་ལྕེའི་རྣམ་ཤེས་རོ་འཛིན་སྦྱངས། སླར་འདུས་རྩ་བའི་སྐུ་ལ་ཐིམ། ཕྱག་རྡོར་ཡབ་ཡུམ་གྱི་སྐུར་གསལ་གདབ། བྱང་གི་གློ་འབུར་ལ་བཞུགས་སོ། །ཡང་བྱང་སེམས་ལས། མཻ་དྷཱ་ར་ཎི་སྭཱ་ཧཱ། ཛཿདྷཱུ་པེ་པྲ་ཝེ་ཤ་ཞེས་པས། བྱམས་པ་ཡབ་ཡུམ་གྱི་སྐུར་བསྐྱེད། ཛཿས་བཏོན་འབྲུ་གསུམ་གྱིས་བརྟན། སྤྲུལ་པས་མཆོད་དོན་བྱས། རང་སྐལ་གྱི་ཕྲིན་ལས་མིག་གི་དབང་པོ་དང་འདས་པ་དང་དཔྱིད་ལ་དངོས་པོར་འཛིན་པ་སྦྱངས། རྩ་བ་ལ་འདུས། བྱམས་པ་ཡབ་ཡུམ་གྱི་སྐུར་གསལ་གདབ། ཤར་ལྷོའི་གྲུ་ཆད་ལ་བཞུགས་སོ། །ཡང་བྱང་སེམས་ལས། ཐླྷིཾ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ། ཧཱུྃ་པུཥྤེ་ཨ་བེ་ཤ་ཞེས་སྒྲིབ་སེལ་ཡབ་ཡུམ་གྱི་སྐུར་བསྐྱེད། ཛཿ ས་བཏོན། འབྲུ་གསུམ་གྱིས་བརྟན། སྤྲུལ་པས་མཆོད་དོན་བྱས། རང་སྐལ་གྱི་ཕྲིན་ལས་རྣ་བའི་དབང་པོ་དང་ད་ལྟར་དབྱར་དུ་འཛིན་པ་སྦྱངས། སླར་འདུས་སྒྲིབ་སེལ་ཡབ་ཡུམ་གྱི་སྐུར་གསལ། ལྷོ་ནུབ་ཀྱི་གྲུ་ཆད་ལ་བཞུགས། ཡང་བྱང་སེམས་ལས། ཧཱུྃ་སྭཱ་རཱ་ཛ་ཡ་སྭཱ་ཧཱ། བྃ་དཱི་པ་སུ་གི་རཱི་ཞེས་པས། ཀུན་བཟང་ཡབ་ཡུམ་གྱི་སྐུར་བསྐྱེད། ཛཿས་བཏོན། འབྲུ་གསུམ་གྱིས་བརྟན། སྤྲུལ་པས་མཆོད་དོན་བྱས། རང་སྐལ་གྱི་ཕྲིན་ལས་སྣའི་དབང་པོ་དང་མ་བྱོན་པ་དང་སྟོན་དུ་འཛིན་པ་སྦྱངས། སླར་རྩ་བ་ལ་འདུས། ཀུན་བཟང་ཡབ་ཡུམ་གྱི་སྐུར་གསལ་གདབ། ནུབ་བྱང་གི་གྲུ་ཆད་ལ་བཞུགས་སོ། །ཡང་བྱང་སེམས་ལས། མཱུྃ་ཤྲཱི་ཨཱ་རཱཾ་ག་ཡ་སྭཱ་ཧཱ། ཧོཿ གནྡྷེ་ཙིཏྟ་ཞེས་པས། འཇམ་དཔལ་ཡབ་ཡུམ་གྱི་སྐུར་བསྐྱེད། ཛཿས་བཏོན། འབྲུ་གསུམ་གྱིས་བརྟན། སྤྲུལ་པས་འཕགས་པ་མཆོད་འགྲོ་དོན་བྱས། རང་སྐལ་གྱི་ཕྲིན་ལས་ལྕེའི་དབང་པོ་དང་ཕྱིས་འབྱུང་བ་དང་དགུན་དུ་འཛིན་པ་སྦྱངས། སླར་རྩ་བ་ལ་འདུས། འཇམ་དཔལ་གྱི་སྐུར་བསྐྱེད། བྱང་ཤར་གྱི་གྲུ་ཆད་ལ་བཞུགས་སུ་གསོལ་ལོ། །ཡང་བྱང་སེམས་ལས། ཧཱུྃ་ཡ་མཱ ནྟ་ཀྲྀཏ་ཕཊ། ༀ་བཛྲ་དྷཱ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལཱི་ནཱི་ཧཱུྃ་ཕཊ་ཅེས་པས། གཤིན་རྗེ་གཤེད་ཡབ་ཡུམ་བསྐྱེད། ཛཿས་བཏོན། འབྲུ་གསུམ་གྱིས་བརྟན། སྤྲུལ་པས་མཆོད་དོན་བྱས། རང་སྐལ་གྱི་ཕྲིན་ལས་ལུས་ཀྱི་རྣམ་ཤེས་དང་རྟག་ལྟ་སྦྱངས། སླར་རྩ་བ་ལ་འདུས། གཤིན་རྗེ་གཤེད་ཡབ་ཡུམ་གྱི་སྐུར་གསལ། ཤར་སྒོར་བཞུགས། ཡང་བྱང་སེམས་ལས། ཧཱུྃ་བིགྷྣཱནྟ་ཀྲྀཏ་ཕཊ། ༀ་རཏྣ་དྷཱ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལཱི་ནཱི་ཧཱུཾ་ཕཊ་ཅེས་པས། སྟོབས་ཆེན་ཡབ་ཡུམ་བསྐྱེད། ཛཿས་བཏོན། འབྲུ་གསུམ་གྱིས་བརྟན། སྤྲུལ་པས་མཆོད་དོན་བྱས། རང་སྐལ་གྱི་ཕྲིན་ལས་ལུས་ཀྱི་དབང་པོ་དང་ཆད་པར་ལྟ་བ་སྦྱངས། སླར་རྩ་བ་ལ་འདུས། སྟོབས་ཆེན་ཡབ་ཡུམ་གྱི་སྐུར་བསྐྱེད། ལྷོ་སྒོར་བཞུགས། ཡང་བྱང་སེམས་ལས། ཧཱུྃ་པདྨཱནྟ་ཀྲྀཏ་ཕཊ། ༀ་པདྨ་དྷཱ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལཱི་ནཱི་ཧཱུྃ་ཕཊ་ཅེས་པས། རྟ་མགྲིན་ཡབ་ཡུམ་བསྐྱེད། ཛཿ ས་བཏོན། འབྲུ་གསུམ་གྱིས་བརྟན། སྤྲུལ་པས་མཆོད་དོན་བྱས། རང་སྐལ་གྱི་ཕྲིན་ལས་ལུས་ཀྱི་ཡུལ་གྱི་རེག་བྱ་དང་བདག་ལྟ་སྦྱངས། སླར་རྩ་བ་ལ་འདུས། རྟ་མགྲིན་ཡབ་ཡུམ་གྱི་སྐུར་བསྐྱེད། ནུབ་སྒོར་བཞུགས། ཡང་བྱང་སེམས་ལས། ཧཱུྃ་པྲཛྙཱནྟ་ཀྲྀཏ་ཕཊ། ༀ་ཀརྨ་དྷཱ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལཱི་ནཱི་ཧཱུྃ་ཕཊ་ཅེས་པས། བདུད་རྩི་འཁྱིལ་བ་ཡབ་ཡུམ་གྱི་སྐུར་བསྐྱེད། ཛཿས་བཏོན། འབྲུ་གསུམ་གྱིས་བརྟན། སྤྲུལ་པ་འཕྲོས་པས་མཆོད་དོན་བྱས། རང་སྐལ་གྱི་ཕྲིན་ལས་བྱང་ཆུབ་སེམས་རེག་ཤེས་དང་མཚན་མར་ལྟ་བ་སྦྱངས། སླར་རྩ་བ་ལ་འདུས། བདུད་རྩི་འཁྱིལ་བ་ཡབ་ཡུམ་གྱི་སྐུར་གསལ། བྱང་སྒོར་བཞུགས་སོ། །ཡང་བྱང་སེམས་ལས། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཧཱུྃ་ཞེས་བརྗོད་པས། ཀུན་བཟང་གི་སྐུར་བསྐྱེད། ཛཿས་བཏོན། འབྲུ་གསུམ་གྱིས་བརྟན། སྤྲུལ་པ་འཕྲོས་པས་མཆོད་དོན་བྱས། རང་སྐལ་གྱི་ཕྲིན་ལས་ཤེས་པ་ཐམས་ཅད་ཀྱི་རྗེས་སུ་རྒྱུ་ཞིང་ཡུལ་ལ་གསལ་བར་གཅོད་པའི་ཡིད་དག་པར་བྱས། རྩ་བ་ལ་འདུས། ཀུན་བཟང་གི་སྐུར་གསལ། གཞལ་ཡས་ཁང་གི་ཤར་གྱི་ལྷ་སྣམ་གྱི་རང་གདན་ལ་བཞུགས། ཡང་བྱང་སེམས་ལས། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ་ཞེས་བརྗོད་པས། ཀུན་ཏུ་བཟང་མོའི་སྐུར་བསྐྱེད། ཛཿས་བཏོན། འབྲུ་གསུམ་གྱིས་བརྟན། སྤྲུལ་པ་འཕྲོས་པས་མཆོད་དོན་བྱས། རང་སྐལ་གྱི་ཕྲིན་ལས་ཡུལ་ཆོས་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་སྦྱངས། སླར་རྩ་བ་ལ་འདུས། བཟང་མོའི་སྐུར་གསལ་གདབ། ནུབ་ཀྱི་ལྷ་སྣམ་རང་གདན་ལ་བཞུགས་སོ། །ཡང་བྱང་སེམས་ལས། ༀ་མུ་ནེ་ཀྲེཾ་སྭཱ་ཧཱ་ཞེས་པས། ལྷའི་ཐུབ་པའི་སྐུར་བསྐྱེད། ཛཿས་བཏོན། འབྲུ་གསུམ་གྱིས་བརྟན། སྤྲུལ་པས་མཆོད་དོན་བྱས། རང་སྐལ་གྱི་ཕྲིན་ལས་ལྷ འི་འཇིག་རྟེན་དང་ཕྲག་དོག་སྦྱངས། སླར་རྩ་བ་ལ་འདུས། ལྷ་དབང་གི་སྐུར་གསལ། ཤར་ལྷོ་མཚམས་སུ་བཞུགས། ཡང་བྱང་སེམས་ལས། ༀ་མུ་ནེ་ཧཱུྃ་ཏྲཱུྃ་སྭཱ་ཧཱ་ཞེས་པས། ལྷ་མ་ཡིན་གྱི་ཐུབ་པའི་སྐུར་གསལ། ཛཿས་བཏོན། འབྲུ་གསུམ་གྱིས་བརྟན། སྤྲུལ་པས་མཆོད་དོན་བྱས། རང་སྐལ་གྱི་ཕྲིན་ལས་ལྷ་མ་ཡིན་གྱི་འཇིག་རྟེན་དང་ང་རྒྱལ་སྦྱངས། སླར་རྩ་བ་ལ་འདུས། ལྷ་མ་ཡིན་གྱི་ཐུབ་པའི་སྐུར་གསལ། ལྷ་སྣམ་གྱི་ལྷོར་བཞུགས། ཡང་བྱང་སེམས་ལས། ༀ་མུ་ནེ་སྲུཾ་སྭཱ་ཧཱ་ཞེས་པས། མིའི་ཐུབ་པ་ཤཀ་ཐུབ་གསལ། ཛཿས་བ་ཏོན། འབྲུ་གསུམ་གྱིས་བརྟན་པར་བྱས། སྤྲུལ་པས་མཆོད་དོན་བྱས། རང་སྐལ་གྱི་ཕྲིན་ལས་མིའི་གནས་དང་སེར་སྣའི་འཛིན་པ་དག་པར་བྱས། སླར་རྩ་བ་ལ་འདུས། མིའི་ཐུབ་པའི་སྐུར་གསལ། ལྷོ་ནུབ་མཚམས་སུ་བཞུགས། ཡང་བྱང་སེམས་ལས། ༀ་མུ་ནེ་པྲེཾ་སྭཱ་ཧཱ་ཞེས་པས། ཡི་དྭགས་ཀྱི་ཐུབ་པར་གསལ། ཛཿས་བཏོན། འབྲུ་གསུམ་གྱིས་བརྟན། སྤྲུལ་པས་མཆོད་དོན་བྱས། རང་སྐལ་གྱི་ཕྲིིན་ལས་ཡི་དྭགས་ཀྱི་འཇིག་རྟེན་དང་འདོད་ཆགས་སྦྱངས། སླར་འདུས། ཡི་དྭགས་ཀྱི་ཐུབ་པའི་སྐུར་གསལ། ནུབ་བྱང་མཚམས་སུ་བཞུགས། ཡང་བྱང་སེམས་ལས། ༀ་མུ་ནེ་ཀྵཾ་སྭཱ་ཧཱ་ཞེས་པས། བྱོལ་སོང་གི་ཐུབ་པའི་སྐུ་གསལ། ཛཿས་བཏོན། འབྲུ་གསུམ་གྱིས་བརྟན། སྤྲུལ་པས་མཆོད་དོན་བྱས། རང་སྐལ་གྱི་ཕྲིན་ལས་བྱོལ་སོང་གི་ཁམས་དང་གཏི་མུག་སྦྱངས། སླར་འདུས། བྱོལ་སོང་གི་ཐུབ་པའི་སྐུར་གསལ། བྱང་དུ་བཞུགས་སོ། །ཡང་བྱང་སེམས་ལས། ༀ་མུ་ནེ་ཡེ་སཱ་ཧཱ་ཞེས་བརྗོད་པས། དམྱལ་བའི་ཐུབ་པར་གསལ། ཛཿས་བཏོན་འབྲུ་གསུམ་གྱིས་བརྟན། སྤྲུལ་པ་སྤྲོས་མཆོད་དོན་བྱས། རང་སྐལ་གྱི་ཕྲིན་ལས་དམྱལ་བའི་འཇིག་རྟེན་དང་ཉོན་མོངས་པ་ཞེ་སྡང་སྦྱངས། སླར་འདུས། དམྱལ་བའི་ཐུབ་པར་གསལ། བྱང་ཤར་མཚམས་ལ་བཞུགས་སོ། །ཡང་ན་ལྷ་ཡབ་ཡུམ་ཁ་ཁར་བྱས་ནས། རེ་རེ་ནས་འདོན་པར་འདོད་ན། སྤྲུལ་པ་ཐུགས་ཀ་ནས་སྤྲོ། འདོན་པའི་ཐབས་རྣམས་གོང་དང་མཐུན། ཡབ་ཡུམ་ཟུང་དུས་གཅིག་བཏོན་པ་ནི་སྔར་བཤད་པ་སྟེ་དེ་ཉིད་དོ། །ཡི་དམ་ནར་མར་བྱེད་ན། བྷྲཱུྃ་ལེ་བརྒན་ལས་གཞལ་ཡས་ཁང་བསྐྱེད་པ་སྔར་དང་འདྲ། ཡི་གེ་ཧཱུྃ་དང་མཱུྃ་དང་ཆོ་ག་གསུམ་གྱིས་མི་བསྐྱོད་པ་ཡབ་ཡུམ་གྱི་སྐུར་བསྐྱེད། གསང་གནས་བྱིན་གྱིས་བརླབ། ཡབ་ཡུམ་སྦྱོར་བའི་བརྡ་བསྣོལ་མས་བསྐུལ། རོལ་པའི་བྱང་སེམས་ཡུམ་གྱི་མཁའ་ལ་བབས་པ་དང་། མཁའ་བྱང་སེམས་ཀྱི་ཆ་དང་པོས་གཞལ་ཡས་ཁང་བརླབ། ཡ་ལན་གཅིག་སྤྲོས་པས་གདན་ཉི་ཟླ་བྱིན་གྱིས་བརླབ། ཡང་ལན་གཅིག་སྤྲོས་པས་གདན་སོ་སོ་ལ་ཡིག་འབྲུ་རྣམས་བཀོད། ཡང་བྱང་སེམས་ལན་གཅིག་འཕྲོས་པས་ཡིག་འབྲུ་རྣམས་ཐུགས་ཡེ་ཤེས་ལྔ་དང་ལྡན་པར་བྱས། ཡང་ལན་གཅིག་འཕྲོས་པས་ཡུམ་གྱི་མཁའ་ལ་བྷྲཱུྃ་ལེ་བརྒན་གཅིག་ཏུ་གྱུར། ཛཿས་མདུན་གྱི་ནམ་མཁའ་ལ་བཏོན། དེ་ལ་བྷྲཱུྃ་བི་ཤྭ་བི་ཤུདྡྷེའི་སྔགས་བརྗོད་པས་གཞལ་ཡས་ཁང་གསལ། ཡུམ་གྱི་མཁའ་ནས་ཡིག་འབྲུ་རྣམས་སྤྲོས་པས་ནམ་མཁའི་གཞལ་ཡས་ཁང་གི་སོ་སོའི་གདན་ཐོག་ཏུ་བབས་པ་ལས། ཧཱུཾ་བཛྲ་དྷྀཀ྄ །མཱུྃ་དྷཱ་ཏྭཱི་ཤྭ་རཱི་བརྗོད་པས། དབུས་ཀྱི་ཧཱུྃ་མཱུྃ་ལས་མི་བསྐྱོད་པ་ཡབ་ཡུམ་གྱི་སྐུར་བསྐྱེད། ཛཿས་ནམ་མཁའ་ལ་བཏོན། འབྲུ་གསུམ་གྱིས་བརྟན། སྤྲུལ་པ་འཕྲོས་པ་དང་། འཕགས་པ་མཆོད་པ་དང་། འགྲོ་དོན་བྱས་པ་དང་། རང་སྐལ་གྱི་ཕྲིན་ལས་རྣམས་སྔར་དང་འདྲ། དེ་ནས་རིགས་བཞི་བསྐྱེད་ཚུལ་གོང་དང་འདྲ་བས་བསྡུས་ནས་བདག་གི་ཕྱོགས་བཞིར་བཀོད། སེམས་དཔའ་རྣམས་ཀྱང་བསྐྱེད་ཚུལ་གོང་དང་འདྲ་བ་ལས། བདག་གི་ཕྱོགས་ཕྱོགས་ཀྱི་གནས་རྣམས་སུ་བཀོད་པའི་ཐབས་གོང་དུ་བསྟན་པ་བཞིན། དམྱལ་བའི་ཐུབ་པའི་བར་དུ་རྒྱས་པར་བྱའོ། །མཆོད་པ་དང་གོང་གི་མཆོད་པའི་དཀྱིལ་འཁོར་དང་འདི་གཉིས་ཀྱི་ཡེ་ཤེས་བསྟིམ་པ་ལ་སོགས་པའི་ལམ་རིམ་རྣམས་ནི། འོག་ནས་འཆད་པའི་དཀྱིལ་འཁོར་སྤྱི་གཞུང་དང་ཐུན་མོང་བསྟན་ཏོ། །ལཱ་སྱེ་མ་ལ་སོགས་པའི་ལྷ་མོ་བརྒྱད། གསང་བའི་དབང་གི་སྐབས་སུ་ལྷ་མོ་བཅུ་དྲུག་ལྟར་བཤད་ན། ནང་གི་ལྷ་མོ་བཞི་ལ་གསང་བའི་བྱང་ཆུབ་སེམས་བཞི་དང་སྦྱར་ན། སྨོན་པ་བྱང་ཆུབ་ཀྱི་སེམས་དང་། ལྡང་བ་བྱང་ཆུབ་ཀྱི་སེམས་དང་། འཇུག་པ་བྱང་ཆུབ་ཀྱི་སེམས་དང་། གནས་པ་བྱང་ཆུབ་ཀྱི་སེམས་སོ། །ཡང་ན་གཡོ་བ་དང་། རེག་པ་དང། ཉེ་བ་དང་། མྱོང་བའི་ལྷ་མོ་བཞིའོ། །ནང་གི་སེམ་མ་བཞི་ནི། དེ་ལ་ཧཱུྃ་ལཱ་སྱེ་ས་མ་ཡ་སྟྭཾ་ཞེས་པ། ཡབ་ཡུམ་བརྡས་བསྐུལ་བའི་དུས་སུ། དམ་ཚིག་གི་དུས་ལ་བབ་པའོ་ཞེས་སོ། །ཏྲཱྃ་མཱ་ལེ་ས་མ་ཡ་ཧོཿཞེས་དམ་ཚིག་གི་མཉེས་པར་བྱའོ། །ཞེས་དམ་བཅའ་བ་ལྟ་བུའོ། །ཧྲཱིཾ་གཱིརྟི་རཱ་གོ྅་ཧོཿཞེས་པས། བདག་ཉིད་ཆགས་པར་བྱ་བའི་ཡུམ་བདག་ཉིད་ཡིན་ཞེས་སོ། །ཨྃ་ནཱིརྟི་རཱ་ག་ཡཱ་མི་ཞེས་པ། ཆགས་པས་མཉེས་པར་བྱའོ། །ཞེས་ཁས་བླངས་པ་ལྟ་བུའོ། །ཡང་ན། ས་མ་ཡ་སྟྭཾ་ཞེས་པ། བདག་ནི་ཁྱོད་ཀྱི་དམ་ཚིག་མའོ་ཞེས་སོ། །ས་མ་མ་ཡ་ཧོཿཞེས། ཁྱོད་ནི་བདག་གི་དམ་ཚིག་གི་ཡུལ་ལོ་ཞེས་སོ། །རཱ་གོ྅་ཧོཿཞེས། བདག་ནི་ཆགས་པའི་ཡུལ་ཞེས་པའོ། །ཨཱྃ་ནཱིརྟི་རཱག་ཡཱ་མི་ཞེས་པ། ཁྱོད་ནི་བདག་གི་ཆགས་པའི་གནས་ཡིན་ཞེས་སོ། །དེ་ནི་བསྐུལ་བའི་བརྡའི་དུས་སུ་བརྗོད་པ་སྟེ། དང་པོ་རྣམས་ཡུམ་གྱིས་བརྗོད། གཉིས་པ་རྣམས་ཡབ་ཀྱིས་བརྗོད་པའོ། །ད་ནི་ཡབ་ཡུམ་སྦྱོར་བ་མཛད་པའི་དུས་ན་ལྷ་མོ་བཞི་དང་སྦྱར་བ་ནི། ལཱ་སྱེ་ཞེས་པ། ལཱ་སྱེ་ནི་སྒེག་མོ་ཞེས་པ་སྟེ། ཆས་ཀྱིས་བརྒྱན་པ་དང་ལྷར་བསྒོམས་ནས་ཡན་ལག་བྱིན་གྱིས་བརླབས། ལུས་ལ་ལྷ་རྣམས་བཀོད། འཇོ་འཇོ་སྒེག་སྒེག་འདྲ་བ་ནི་ཡུལ་ཞེས་པས། སྐད་ཅིག་མ་དང་པོ་ལ་སྨོན་པའི་སེམས་ཞེས་པས། གཡོ་བའི་མགོ་ཟུག་པ་དང་པོའོ། །སྐད་ཅིག་མ་གཉིས་པ་ལ་གཡོ་བའི་སེམས་ཞེས་པ། སྨོན་པའི་སེམས་སྟོབས་སུ་གྱུར་པས་ཆགས་པ་དངོས་སུ་གཡོ་བའི་བདག་ཉིད་དོ། །དེ་ནི་ལྷ་མོ་བཞི་ལ་ན་སྒེག་མོའོ། །མཱ་ལྱེ་ཞེས་པ་ཕྲེང་བ་མ་སྟེ། ཕྲེང་བ་ནི་རྒྱུན་མི་ཆད་པར་རྡོག་པོ་ཁ་ཁར་ཡོད་པ་བཞིན་འདིར་ལྡང་བའི་སེམས་ཞེས་པས། སྨོན་པའི་སེམས་ལས་སྟོབས་སུ་གྱུར་ཏེ་ཆགས་པ་དངོས་སུ་ལྡང་བ་ལ་ནི་སེམས་ཞེས་བྱ་ལ། དེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་ཀྱི་རྒྱུ་ཡིན་པས་རེག་པའི་སེམས་ཞེས་ཀྱང་བྱའོ། །སྐད་ཅིག་བཅུ་དྲུག་གི་ཆ་གོང་ནས་གོང་དུ་འཕེལ་བས་ཕྲེང་བས་ཞེས་བྱའོ། །ཡང་ན་ཕྲེང་བ་ནི་འདྲེན་པའི་བདག་ཉིད་ཡིན་པས་ཐབས་དང་ཤེས་རབ་དབྱེར་མེད་པར་འབྲེལ་བའི་བདག་ཉིད་ཡིན་ནོ། །གཱིརྟི་ཞེས་པ། ཡབ་ཡུམ་འབྲེལ་བའི་སྒོ་ནས་ཐབས་དང་ཤེས་རབ་དབྱེར་མེད་དེ་འཇུག་པ་ཞེས་ཀྱང་བྱ། དོན་ཉམས་སུ་ལེན་པས་འཇུག་པའི་སེམས་ཀྱང་ཡིན་ལ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དངོས་རྒྱུ་ཡིན་པས། དེ་ལྟར་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རེག་པ་དངོས་སུ་ཉམས་སུ་བླངས་པས་ན་འཇུག་པའི་སེམས་དང་ཡང་སྦྱར་རོ། །འདིར་ནི་གཱིརྟི་དང་སྦྱར་བ་ནི་ཉམས་སུ་མྱོང་བའི་སྒྲ་སྙན་པ་འབྱུང་བ་སྟེ། དེར་ནི་གཱིརྟི་གླུ་དབྱངས་མའི་རང་བཞིན་ཡིན་པས་དེ་དང་སྦྱར་རོ། །ཨཱྃ་ནཱིརྟི་ཞེས་པ། ནཱིརྟི་ནི་གར་ལ་འགྲོ་སྟེ། དེ་ལྟར་སྦྱོར་བ་ལ་འཇུག་པའི་སྒོ་ནས། ཉེ་བ་མཐར་ཕྱིན་ཏེ་ཡབ་ཡུམ་ལྷག་པ་བྱང་ཆུབ་སེམས་མྱོང་བ་ལ་ནི་མྱོང་བ་ཞེས་བྱ་སྟེ། མྱོང་བ་དེ་ཉིད་ལས་མི་འདའ་བས་གནས་པ་ཞེས་ཀྱང་བརྗོད་དོ། །དེའི་དུས་སུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་ཉིད་དུ་རྟོགས་པས་དེ་ཉིད་ཐུགས་ཡེ་ཤེས་ཡིན། ཡེ་ཤེས་དེ་ལ་དཀྱིལ་འཁོར་སྟོན་པ་དང་། འཕགས་པ་མཆོད་པ་དང་། འགྲོ་དོན་བྱེད་པ་ལ་སོགས་འཕྲོ་འདུ་རྣམས་རྫོགས་པས་གར་བསྒྱུར་མ་ཞེས་བྱའོ། །དེ་ཙམ་ན་ཆོས་ཉིད་ལས་མ་གཡོས་པར་གནས་པས་གནས་པ་བྱང་ཆུབ་སེམས་སོ། །ཕྱིའི་ལྷ་མོ་བཞི་ནི། ཡབ་ཡུམ་དབྱེར་མེད་པའི་དུས་སུ་དགྱེས་པས་མཉེས་པར་བསྟན་ཏེ། དེ་ལའང་ཕྱིའི་ལྷ་མོ་གསུམ་ལ་གནས་སྐབས་གསུམ་དུ་འགྲོ་སྟེ། སྒོ་མ་བཞི་ནི། དང་པོར་ཛཿཞེས་པ་ལྕགས་ཀྱུ་སྟེ། ལྕགས་ཀྱུའི་ལས་ནི་འགུགས་པ་ཡིན་པས། ཐབས་ཤེས་རབ་དབྱེར་མེད་ལ་འཇུག་པའི་ཚེ་ཡུམ་གྱི་དཔུང་པ་ནས་འདྲེས་ནས་འགུགས་པ་སྟེ་ལྕགས་ཀྱུ་མ་དང་སྦྱར། ཧཱུྃ་ནི་ཞགས་པ་སྟེ། ཞགས་པ་ནི་འཆིང་བའི་ལས་ཡིན་པས། སྟོད་སྨད་ཀྱི་ཕྱག་རྒྱ་འཆིང་བ་ལྟ་བུའོ། །བྃ་ནི་ལྕགས་སྒྲོག་སྟེ་བསྡམ་པའི་ལས་ཡིན་པས། ཡབ་ཡུམ་ཞལ་དང་ཞལ་ཐུགས་དང་ཐུགས་མཚན་དང་མཚན་སྤྲོས་པ་བསྡམས་པ་སྟེ་ལྕགས་སྒྲོག་མའོ། །ཧོཿ ཞེས་པ་དྲིལ་བུ་མ་སྟེ་བསྐྱོད་པའི་བདག་ཉིད་ཡིན་པ་ལ་ཡབ་ཡུམ་གྱི་སྐུ་བསྐྱོད་པ་དྲིལ་བུ་མ་ཚང་ངོ་། །ཕྱིའི་སེམས་མ་བཞི་ནི། དྷཱུ་པེ་ནི་བདུག་སྤོས་མ་སྟེ། སྤོས་དྲི་ཞིམ་པོས་སྣའི་དབང་པོ་ཚིམ་པ་བཞིན་ཡབ་ཡུམ་གཉིས་སུ་མེད་པའི་བྱང་སེམས་ཀྱི་རིག་པ་དེས་ཀྱང་ཡབ་ཡུམ་གྱི་རེག་པ་མཉེས་ཤིང་ཚིམ་པར་བྱེད་པས་བདུག་སྤོས་མ་དང་སྦྱར་རོ། །པུཥྤེ་ནི་མེ་ཏོག་མ་སྟེ་མེ་ཏོག་ནི་སྡུག་ཅིང་མཛེས་པས་རིག་པ་ཚིམ་པ་སྟེ། ཡབ་ཡུམ་གྱི་སྐུ་རྒྱན་གྱིས་བརྒྱན་པ་ཏིང་ངེ་འཛིན་གྱིས་སྤྲས་ཤིང་སྒེག་པ་དེ་མེ་ཏོག་ལྟར་ཡབ་ཡུམ་གཉིས་གཅིག་གི་ཡིད་དུ་གཅིག་མཛེས་པས་མེ་ཏོག་མ་དང་སྦྱར། ཡང་ན་མེ་ཏོག་ནི་འཐོར་བ་ཡིན་པ་དང་འདྲ་བར། ལྷག་པ་བྱང་ཅུབ་ཀྱི་སེམས་ཡུམ་གྱི་མཁའ་ལ་སྤྲོས་པ་འཐོར་བ་ཡིན་པས་མེ་ཏོག་མ་དང་སྦྱར། དཱི་པ་ཞེས་པ་མར་མེ་མ་དང་སྦྱར་ཏེ། མར་མེས་མུན་པ་སེལ་ཞིང་དངོས་པོ་གསལ་བར་བྱེད་པ་ལྟར། ཡབ་ཡུམ་གཉིས་སུ་མེད་པའི་ལྷག་པ་བྱང་ཆུབ་ཀྱི་སེམས་བསྣོལ་མར་སྤྲོས་པ་ཉམས་སུ་མྱོང་བའི་རིག་པ་ལ་ཡབ་ཡུམ་གྱི་སྐུ་སྣང་ལ་རང་བཞིན་མེད་པར་གསལ་བས་མར་མེ་མ་དང་སྦྱར། གནྡྷེ་ནི་དྲི་ཆབ་མ་སྟེ། དྲི་ཆབ་ནི་ལྷའི་ཐུགས་ཀར་བསྙུག་ཅིང་བྱུང་བ་སྟེ་བསྐུས་པས་དྲིས་རེག་པ་ཚིམ་པ་ཉམས་སུ་མྱོང་བར་བྱེད་པ་ཡིན་ལ། འདིར་ཡབ་ཡུམ་གཉིས་སུ་མེད་པའི་བདེ་བའི་རོ་སྐུ་ཉམས་སུ་བསྟར་བ་མྱོང་བའི་རིག་པ་ཚིམས་པས་དྲི་ཆབ་མ་དང་སྦྱར་རོ། །ཡང་། པྲ་ཝེ་ཤ་ཞེས་པ་འབྱེད་པའི་ཚིག་སྟེ། པདྨའི་འདབ་མ་ཕྲལ་བའོ། །ཨ་ཝེ་ཤ་ཞེས་པ་འབེབས་པའི་ཚིག་སྟེ། བྱང་སེམས་མཁའ་ལ་ཕབ་པའོ། །སུ་གི་རཱི་ཞེས་པ་བདེ་བ་ཆེན་པོ་ཞེས་ཏེ། བྱང་ཆུབ་ཀྱི་སེམས་བདེ་བའི་རོ་སྐུ་ཉམས་སུ་བསྟར་བའོ། །ཙིཏྟ་ནི་ཐུགས་ཏེ། བདེ་བ་ཆོས་ཉིད་དུ་རྟོགས་པ་དང་། ཐུགས་ཡེ་ཤེས་དངོས་པོ་ཐམས་ཅད་ཀྱི་འཛིན་པ་དང་བྲལ་བས་ཙིཏྟའོ། །ཡེ་ཤེས་པ་སྤྱན་དྲང་བ་ནི། ༀ་ཨེ་ཧྱེ་ཧི་ཞེས་པ་ལ་སོགས་པ་སྟེ། ཨཱོཾ་ཡེ་ཤེས་རྣམ་པ་ལྔ། ཨེ་ཧྱེ་ཧི་རྒྱས་པའི་ངོས་ནས་ཀྱེ་ཀྱེ་ཞེས་པའམ་འབོད་པའམ་བསྐུལ་བའོ། །བསྐུལ་བའི་ངོ་བོ་ནི་བྷ་ག་ཝཱན་ཞེས་པ། བཅོམ་ལྡན་འདས་ཏེ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དོ། །མ་ཧཱ་ནི་ཆེན་པོ། ཀཱ་རུ་ཎི་ཀཱ་ནི་ཐུགས་རྗེ་ཆེན་པོའོ་དོན་གྱིས་བྱོན་པར་ཞུ་ཞེས་པ་ལྟ་བུའོ། །དྲྀ་ཤྱ་ཧོཿཞེས་པ། སྐུ་གསུང་ཐུགས་གསུམ་གྱི་དམ་ཚིག་གིས་དགྱེས་པར་མཛོད་ལ་བྱོན་ཞེས་པ་ལྟ་བུའོ། །ས་མ་ཡ་སྟྭཾ་ཞེས་པ། ས་མ་ཡ་དམ་ཚིག་སྟེ་རྣལ་འབྱོར་པ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ཐོབ་ཀྱི་བར་དུ་བཞུགས་ཏེ། ཁྱོད་ལ་ཐུགས་དམ་གྱི་དམ་ཚིག་ཡོད་པས། སྟྭཾ། དེ་ལས་མི་འདའ་བར་བརྟན་པར་བཞུགས་ཞེས་པའོ། །ཛཿཧཱུྃ་བྃ་ཧོཿཞེས་པ། དཀྱིལ་འཁོར་གྱི་འཁོར་ལོ་འདིར་བསྐྱེད་པ་དང་འདྲ་བ་གཅིག་རང་བཞིན་གྱི་གནས་ནས་བྱོན་ཏེ། མེ་རི་འདབ་འབྱོར་དུ་བཞུགས་པར་བསྒོམ་མོ། །དེ་ལ་ས་མ་ཡ་སྟྭཾ་ཡན་ཆད་ནི་སྙན་གསན་དབབ་པའོ། །སྤྱན་དྲང་བའི་དངོས་གཞི་ནི། ཛཿཧཱུྃ་བྃ་ཧོཿབཞིའོ། །དཀྱིལ་འཁོར་ལ་དམ་ཚིག་བསྐུལ་ཞིང་རིག་པ་དབྱེར་མེད་པར་བྱ་བ་ནི། ཡི་གེ་ཨོཾ་དང་ཧཱྃ་གི་བར་དུ་གཏོར་བ་རྣམས་སྡེབ་སྟེ། ༀ་བཛྲ་ས་མ་ཡ་ༀ། ཨཱྃ་བཛྲ་ས་མ་ཡ་ཨཱྃ། ལྔ་ཀ་དེས་འགྲེ་བས་ལན་ལྔ་བརྗོད་དེ་རྣལ་འབྱོར་པའི་རིག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་གཏད་དེ་རིག་པ་དབྱེར་མེད་པར་བསམ་མོ། །དེ་ལ་སྤྱིར་སྔགས་ནི་ཀུན་ཏུ་བཟང་པོའི་ཞལ་ནས་གསུངས་པ་དང་། བྱིན་གྱིས་བརླབས་པའི་ངོ་བོ་རང་སྣང་བ་ཡིན་པ་དང་། སྒྲའི་ཡན་ལག་མང་པོ་ལ་འཇུག་པ་ཡིན་པའི་གཏན་ཚིགས་གསུམ་གྱིས་རང་གི་བློ་ངོར་བདེ་བའི་སྒྲ་ཙམ་དུ་བཤད་མི་རུང་སྟེ། རིགས་ལྔ་དང་ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡིན་པ་ཙམ་དུ་བཞག་གོ། །དེ་ལྟར་རིག་པའི་མེ་ཏོག་དོར་ནས། ཡེ་ཤེས་པ་ལ་དངོས་གྲུབ་གསོལ་བ་གདབ་པ་ནི། ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཞེས་པ་ལ་སོགས་པ། ༀ་ནི་ཡེ་ཤེས་རྣམ་པ་ལྔ་དབྱེར་མེད་པའི་ངོ་བོ་འཁོར་འདས་ཐམས་ཅད་ཀྱི་བདག་ཉིད་རང་བྱུང་གི་ཡེ་ཤེས་ནི། ཡེ་ཤེས་རྣམ་པ་ལྔར་མ་འགག་པས་སྟོང་པའི་མཐའ་ལས་རྒྱལ། རང་བྱུང་གི་ཡེ་ཤེས་ལས་མ་གཡོས་པས་དངོས་པོའི་མཐའ་ལས་རྒྱལ། །དོན་དེ་གཉིས་མཐའ་གཉིས་དབང་དུ་བསྡུས་པས་ཀྱང་རྒྱལ་པོ་སྟེ། སྐུ་ལྔ་ལྷུན་གྲུབ་རྨད་བྱུང་། ཐུགས་ལྔ་ལྷུན་གྲུབ་རྨད་བྱུང་། ཡོན་ཏན་ཕྲིན་ལས་གཉིས་ཀྱང་འགྲེ་བས་རྨད་པོ་ཆེ། དེ་ལྟ་བུའི་དོན་དེ་དུས་ད་ལྟ་ཁོ་ན་ཉིད་དུ་བདག་རྣལ་འབྱོར་པ་དང་མཉམ་པར་སྦྱོར་བའི་ཕྱིར་ཕྱག་རྒྱ་ཆེན་པོར་བྱས་པ་གོང་གི་སྐུ་གསུང་ཐུགས་ལྔ་ལས་མི་འདའ་བས་ཀྱང་ཕྱག་རྒྱ་ཆེན་པོ། དེས་རྒྱས་ཐེབས་པས་ཀྱང་ཕྱག་རྒྱ་ཆེན་པོ་བདག་དང་ལྷ་ཁོ་ན་སྦྱོར་ཅིག་ཅེས་བྱིན་རླབས་དབབ་པའི་བསྐུལ་བའོ། །རིག་པའི་མེ་ཏོག་དོར་བའི་སྔགས་ནི། ༀ་བཛྲ་ས་མ་ཡ་ཧཱུྃ། རྡོ་རྗེའི་དམ་ཚིག་སྡུས་ཤིག་ཅེས་པའོ། །ༀ་བཛྲ་ས་མ་ཡ་སྟྭཾ། རྡོ་རྗེའི་དམ་ཚིག་བརྟན་པར་མཛོད་ཅེས་པའོ། །ༀ་བཛྲ་ས་མ་ཡ་ཧོཿ རྡོ་རྗེ་དམ་ཚིག་གིས་མཉེས་པའོ། །དོན་ལ་རྣལ་འབྱོར་པས་སྐུ་གསུམ་མ་ཐོབ་ཀྱི་བར་དུ་ཡེ་ཤེས་པ་བརྟན་པར་བཞུགས་པའོ། །ཛཿཧཱུྃ་བྃ་ཧོཿ ཞེས་པ། ཛཿས་སྤྱན་དྲངས། ཚུར་ཧཱུྃ་གིས་བསྟིམ་པ་སྟེ། གཞལ་ཡས་གཞལ་ཡས་ལ་ཐིམ། ལྷ་གཙོ་འཁོར་རྣམས་སོ་སོར་མ་འཆོལ་བར་ཐིམ་པའོ། །བྃ་གྱིས་ཆུ་ལ་ཆུ་ཐིམ་པའམ། མར་ལ་མར་ཐིམ་པ་བཞིན་དུ་ཡེ་ཤེས་དམ་ཚིག་དབྱེར་མེད་པར་བྱས། ཧོཿས་དབྱེར་མེད་པ་སྟེ་རྒྱས་པའི་ངོ་བོར་གྱུར་པ་བསམ་མོ། །སྙན་གསན་དབབ་པ་ནས་བསྟིམ་པའི་བར་གྱི་རིམ་པ་འདི་རྣམས་ལེའུ་དྲུག་པ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་བསྟན་པ་དང་། སྔགས་ཀྱི་ལེའུར་ཚོགས་གསོག་པའི་དཀྱིལ་འཁོར་དང་། ཡི་དམ་ནར་མའི་དཀྱིལ་འཁོར་དང་གསུམ་ཐུན་མོང་ཡིན་པར་ཤེས་པར་བྱའོ། །དེ་དག་ཆེ་བའི་ཡོན་ཏན་ནི་ཞེས་བརྗོད་པས། ཞེས་པ་སྟོན་པ་ཀུན་ཏུ་བཟང་པོས་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་བརྗོད་པའོ། །གསུང་གི་དཀྱིལ་འཁོར་འདི་དག་གིས། །ཞེས་པ་ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་ལྷ་སྔགས་བཞི་བཅུ་རྩ་གཉིས་དང་། ལས་ཀྱི་རིམ་པའི་སྔགས་གོང་དུ་སྨོས་པ་དེ་དག་བརྗོད་པའམ་གྲགས་པ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད། ཁྱབ་པར་ཞེས་པ། འཇིག་རྟེན་ཆགས་ཚུལ་དྲུག་གམ། ཡང་ན་འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་ཀྱིས་ཕྱོགས་བཅུ་ཐམས་ཅད་དུ་ཁྱབ། དེ་རེ་རེའི་ལུས་ལ་ཡང་རྟོག་པ་བཞི་བཅུ་རྩ་གཉིས་ཀྱིས་ཁྱབ། དེའི་དོན་དུ་ཡེ་ཤེས་རང་གནས་ཀྱི་དབང་དུ་བྱས་ན། ལྷ་ཞེ་གཉིས་ཀྱི་ས་བོན་རྩ་མདུད་ལ་རང་གྲུབ་ཏུ་ཡོད་པ་ལ་ཁྱབ་ཅེས་བྱ་བ། རྒྱུ་དེ་ལས་རྐྱེན་སྔགས་རྣམས་བརྗོད་པས་ཡེ་ཤེས་རང་གནས་ཀྱི་དོན་གསལ་བ་སྟེ། རྟོག་པ་དག་ནས་ལྷ་ཞེ་གཉིས་སུ་གསལ་བའི་དངོས་པོ་ལ་རིག་པ་ལ་རིག་པར་མཇལ་བ་ལ་ནི་གྲགས་པ་དང་འདྲ་བས་གྲགས་སོ་ཞེས་བྱས་སྟེ་བློ་དམན་གྱི་ངོའོ། །རབ་ཏུ་གྲགས་སོ་ཞེས་པ། བློ་འབྲིང་པོའི་ངོ་སྟེ་རྟོགས་པ་མཇལ་བ་སྔ་མ་བས་སྟོབས་སུ་གྱུར་པའོ། །ཀུན་ཏུ་གྲགས་སོ་ཞེས་བྱ་བ། དབང་པོ་རབ་ལ་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་ཕྱོགས་ཀུན་ནས་ཀུན་ཏུ་གསལ་བ་མ་ནི་ཀུན་ཏུ་གྲགས་སོ་ཞེས་བྱ། ཡང་ན་རྟོགས་པའི་རིག་པ་གཅིག་ལ་གཡོ་བ་དང་ཐོབ་པ་དང་བརྟན་པ་ལ་གསལ་བར་བྱས་པའོ། །དབང་བསྐྲུན་ཞིང་བྱིན་གྱིས་བརླབ་པའི་ལོ་རྒྱུས་བརྗོད་པ་ལ་གཉིས་ཀྱི། དང་པོ་ནི་དེ་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱི་མན་ངག་གིས་གོང་དུ་བཤད་པའི་སྔགས་ཀྱི་སྟོབས་ཀྱིས་རྟོགས་པ་འཕེལ་བ་གསུམ་གྱི་བསྟན་པའི་དོན་དེ་རྟོགས་པའི་རྣལ་འབྱོར་པས་དངོས་གྲུབ་ཀྱི་དབང་བླང་བའི་ཐབས་འདི་མན་ཆད་ཀྱིས་སྟོན་ཞེས་གསུངས་ཏེ། རྣལ་འབྱོར་པ་བློ་ཡང་རབ་ཀྱི་སྤྱོད་ཡུལ་ལོ། །དེ་ཡང་དབང་དང་དངོས་གྲུབ་ཐམས་ཅད་ཀྱི་མཚུངས་ལྡན་གྱི་རྒྱུ་ཡེ་ནས་རྣལ་འབྱོར་པ་ལ་གནས་པ་ལ་གནས་པའི་རྐྱེན་སྔགས་དང་ཏིང་ངེ་འཛིན་གྱིས་བྱས་ནས། དོན་དེ་རང་ལས་རང་ཤར་བ་ལ་ནི་དངོས་གྲུབ་མངོན་དུ་གྱུར་པ་ཞེས་བྱའོ། །དེ་དག་སྤྱིའི་ཁོག་དོན་ནོ། །དེ་ནས་ཞེས་པ། ཚིག་གི་དེ་མ་ཐག་པ་ནི་སྔས་གསུངས་པའི་ཡོན་ཏན་སྣང་བ་ལ་འབྲེལ་ཏོ། །དོན་གྱི་དེ་མ་ཐག་པ་ནི་ལེའུ་དྲུག་པར་དཀྱིལ་འཁོར་བསྐྱེད། ལེའུ་བདུན་པར་རྐྱེན་སྔགས་བསྟན་ནས། དབང་བསྐུར་བྱིན་བརླབ་རྣམས་འབྲེལ་བས་དེ་ནས་ཞེས་བྱའོ། །བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ནི་ཀུན་ཏུ་བཟང་པོའོ། །བྱ་བ་མོ་རྡོ་རྗེ་ནི་ཀུན་ཏུ་བཟང་མོའོ། །དེ་གཉིས་སུ་མེད་པ་ནི་ཡབ་ཡུམ་མོོ། །དཀྱིལ་འཁོར་ལ་ཐིམ་པར་མཛད་དེ་ཞེས་པ། གཉིས་སུ་མེད་པའི་རོལ་པ་མཛད་པའི་ལྷག་པ་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁའ་ལ་བབས་པ་དང་། ཡབ་ཡུམ་གཉིས་ཀ་ཞུ་ནས་བྱང་སེམས་ལ་ཐིམ། དེ་ནས་དཀྱིལ་འཁོར་ཀུན་ཀྱང་འོད་དུ་ཞུ་སྟེ་དེ་ཉིད་ལ་ཐིམ་སྟེ་འོད་ཕུང་གཅིག་ཏུ་གྱུར་པ་དེ་ཁོ་ན། སྔོན་བྱུང་བུདྡྷའི་མཛད་པ། རྗེས་འཇུག་རྣལ་འབྱོར་པས་ཀྱང་དངོས་གྲུབ་བླང་བའི་ཐབས་ལ་དེ་ལྟར་ལག་ཏུ་བླང་བར་བསྟན་ཏོ། །དེའི་དོན་ནི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་འབྱུང་ཡང་དབྱིངས་ཡེ་ཤེས་སུ་འདུས་པའི་ཕྱིར། བསྒྲུབ་པ་ཉམས་སུ་བླང་བའི་དུས་སུ་བདག་སྔོན་གྱི་བུདྡྷ་ཡིན་པས་བདག་གི་སྲས་སུ་བདེར་གཤེགས་རྣམས་བསྒྲུབ་པ་དང་། རིག་པ་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་ཀྱི་ཕུང་པོ་ལས་ཡིག་འབྲུར་བྱུང་། དེ་ལས་ཆོ་ག་གསུམ་གྱིས་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་སྐུར་བསྐྱེད། ཡབ་ཡུམ་མཁའ་གསང་བྱིན་བརླབ། སྦྱོར་བའི་བརྡས་བསྐུལ། བྱང་སེམས་མཁའ་ལ་བབས་པ་ལས། ཆ་དང་པོ་ལས་གཞལ་ཡས་ཁང་གདན་དང་བཅས་པར་གྱུར། ཆ་གཉིས་པ་ལས་གསུང་གི་དཀྱིལ་འཁོར་ཡིག་འབྲུ་བཀོད། ཡིག་འབྲུ་དེ་དག་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་ཡང་བྱིན་གྱིས་བརླབས་ནས། དབུས་ཀྱི་ཧཱུྃ་དང་མཱུྃ་གཉིས་ལས་སྔགས་བརྗོད་པས་མི་བསྐྱོད་པ་ཡབ་ཡུམ་དུ་བསྐྱེད། ཛཿས་བཏོན་འབྲུ་གསུམ་གྱིས་བརྟན་པ་ནས་བཟུང་སྟེ་འོད་ཟེར་བསྡུས་ཏེ་རྩ་བའི་སྐུ་ལ་ཐིམ་པའི་བར་གོང་དུ་བསྟན་པ་དང་། མི་བསྐྱོད་པ་ཡབ་ཡུམ་བདག་ཀུན་བཟང་གི་ཐུགས་ཀར་ཐིམ། ཀུན་བཟང་ཡབ་ཡུམ་མི་བསྐྱོད་པ་ཡབ་ཡུམ་དུ་གྱུར་བར་བསྒོམ། དེ་ལྟར་མཁར་བསྐྱེད་པ་དང་ཚུར་བསྡུས་ནས་རྩ་བ་ལ་ཐིམ་པ་རྣམས་མཐུན་པར་དཀྱིལ་འཁོར་རྒྱས་པར་བཀོད་པ་ནི། བདག་གི་སྲས་སུ་རྒྱལ་བ་བསྐྱེད་པ་ཡིན་ནོ། །དེ་བཞིན་གཤེགས་པའི་སྲས་སུ་བདག་བསྐྱེད་པ་ནི། མི་བསྐྱོད་པ་གཙོ་བོའི་ཐུགས་ཀ་ནས་བདག་སྔོན་གྱི་ཀུན་བཟང་གི་ཆ་འཛིན་པ་ལྟ་བུ་ཀུན་བཟང་གི་སྐུར་བྱུང་ནས། དཀྱིལ་འཁོར་ནུབ་ཕྱོགས་ཀྱི་སྒོར་ཆ་ལུགས་ལྷའི་ཆ་ལུགས་འོད་ཀྱི་ངོ་བོར་གནས་པ་དེ་དཀྱིལ་འཁོར་ལ་གཡོན་བསྐོར་གསུམ་བྱས་བརྐྱང་ཕྱག་བྱས་ནས་ཙོག་པུར་འདུག་ཐལ་མོ་སྦྱར་ནས། དཀྱིལ་འཁོར་ལྷ་རྣམས་ལ་གསོལ་བ་གདབ་པ་ནི། ༀ། སྔོན་གྱི་ཐུགས་དམ་ཆེན་པོ་ནི། །ཞེས་པ་ནས། བདག་སྦྱོར་ཅིག་གི་བར་བསྐུལ་ནས་ལྷ་རྣམས་ལས་ཐུགས་ཡེ་ཤེས་ལྔའི་རྟགས་འོད་ཟེར་ལྔ་གསལ་བ་རྣོ་ལ་མྱུར་བ་བྱུང་བས་རང་ལུས་ལ་ཐིམ་པས་ལུས་ངག་ཡིད་གསུམ་ཐུན་མོང་དང་ཁྱད་པར་གྱི་སྒྲིབ་པ་རྣམ་སྦྱངས་ན། དེའི་ཞར་ལ་ལུས་ཀྱང་མི་དམིགས་ནས་ཡིད་ཀུན་གཞི་མ་སྐྱེས་པའི་རྟགས་དཀར་ལ་འཚེར་བ་མེ་མར་ལྟ་བུ་ཞིག་སྣང་ལྷ་རྣམས་ཀྱི་ཐུགས་ཀ་ནས་སྐུ་གསུང་ཐུགས་ཀྱི་རྟགས་ཡིག་འབྲུ་གསུམ་བྱུང་ནས་འོད་ལ་ཐིམ་པས་ཧཱུྃ་དུ་གྱུར། ཧཱུྃ་རླུང་གི་དཀྱིལ་འཁོར་གྱིས་བཀྱགས་ཏེ། མེ་ཏོག་ལ་བུང་བ་ལྡིང་བའི་ཚུལ་དུ་མི་བསྐྱོད་པའི་ཐུགས་ཀར་ཐིམ། སྐུའི་དབྱིབས་བརྒྱུད། དེ་ནས་བྱང་ཆུབ་སེམས་ཐུགས་ཀར་ཐིམ་པ་དང་། རྡོ་རྗེའི་ལམ་ནས་བྱུང་ནས་ཡུམ་གྱི་བཀའ་ལ་བབས། ཡབ་ཡུམ་གཉིས་ཀ་ཞུ་ནས་བྱང་ཆུབ་སེམས་ལ་ཐིམ། ལྷ་ཐམས་ཅད་ཞུ་ནས་བྱང་སེམས་ལ་ཐིམ། འོད་ཕུང་ཞིག་ཏུ་གྱུར་པ་སྔར་ལྟར་དངོས་གྲུབ་བླང་བའི་ངོ་བོ་ཡང་ཡིན། ཡིད་ལ་ཧཱུྃ་དྲན་པ་ཙམ་གྱིས་བྱང་སེམས་ཧཱུྃ་དུ་གྱུར། ཆོ་ག་གསུམ་གྱི་མི་བསྐྱོད་པ་ཡབ་ཡུམ་གྱི་སྐུར་གསལ། མཁའ་གསང་བྱིན་གྱིས་བརླབ། བརྡས་བསྐུལ་གཉིས་སུ་མེད་པར་རོལ་པའི་བྱང་སེམས་མཁའ་ལ་བབས་པའི་ཆ་དང་པོས་གཞལ་ཡས་ཁང་དུ་གྱུར། ཆ་གཉིས་པས་ཡིག་འབྲུ་རྣམས་གདན་ཐོག་ཏུ་བཀོད་ནས་ལྷ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་སྔ་མ་ལྟར་བསྐྱེད་པ་ནི་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བའོ། །དེ་ནས་འོག་ནས་འབྱུང་བ་བཞིན་ཡེ་ཤེས་ལྔས་དབང་བསྐུར་བ་དང་། སྐུ་གསུང་ཐུགས་བྱིན་བརླབ་བྱའོ། །དབང་དང་བྱིན་བརླབས་སྣང་ཚུལ་ནི། དེ་ནས་ཞེས་པ། གོང་དུ་བྱང་སེམས་འཁོར་ལ་ཐིམ་པ་དེ་ནས་ཕྱོགས་བཅུར་བཞུགས་ཤིང་དུས་བཞིར་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པའི་བདག་ཉིད་ཆེན་པོ་ཀུན་ཏུ་བཟང་པོས། བདག་ཉིད་ཆེན་པོ་ཞེས་པ། ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་དབྱེར་མེད་པའི་ཀུན་བཟང་གི་གོ་ཕྱེ་བའི་འཁོར་གྱི་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ། ཡེ་ཤེས་ལྔའི་དབང་བསྐུར་བ་དང་། སྐུ་གསུང་ཐུགས་ལྔའི་བྱིན་རླབས་བསྡུ་བ་ཞེས་བྱ་བ་འོག་ནས་འབྱུང་བ་འདི། སྐུ་དང་། གསུང་དང་། ཐུགས་དབྱེར་མེད་པའི་མི་ཕྱེད་པའི་དོན་གྱིས་རྡོ་རྗེ་རང་སྣང་མི་འགག་པ་སྒྱུ་འཕྲུལ་ཆོས་ཀྱི་དབྱིངས་སུ་མི་ཕྱེད་པའི་དྲྭ་བ་གཞི་དེ་ལས་སྣང་བས་ན་ཕྱུང་ངོ་ཞེས་བྱའོ། །དབང་བསྐུར་བ་སྟོན་ཏེ། དེ་ལ་གོང་དུ་ཀུན་བཟང་ཡབ་ཡུམ་བྱང་ཆུབ་སེམས་སུ་དབྱེར་མེད་པར་བསྟན་པའི་གཏན་ཚིགས་ཀྱིས། རྗེས་འཇུག་རྣལ་འབྱོར་པས་ཉམས་སུ་བླང་བ་ཡང་། རྣལ་འབྱོར་པའི་ཐུགས་ཀ་ནས་འོད་ཟེར་སྤྲོས་ཏེ་ཕྱོགས་བཅུའི་བུདྡྷ་ནམ་མཁའ་ལ་བསྡུས། ཀུན་ཀྱང་ཡབ་ཡུམ་ཐབས་དང་ཤེས་རབ་དབྱེར་མེད་པར་བསྒོམ། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་བདག་ལ་དབང་བསྐུར་བའོ་དོན་དུ་གཏིབས་པར་བསྒོམ་ལ། དེ་ནས་སྔགས་བརྗོད་པ་ནི། ༀ་མ་ཧཱ་ཤཱུ་ཧྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་བརྗོད་དེ། དེ་ཡང་སྔགས་ནི། ༀ་ཡེ་ཤེས་ལྔ། མ་ཧཱ་ནི་ཆེན་པོ། ཤཱུ་ནྱ་ཏཱ་སྟོང་པོ་ཉིད། ཛྙཱ་ན་ནི་ཡེ་ཤེས། བཛྲ་རྡོ་རྗེ། སྭ་བྷཱ་ཝ་རྣམ་པར་དག་པ། ཨཱཏྨ་ཀོ྅་ཧྃ་ངའི་བདག་ཡིན་ཞེའོ། །སྟོང་པ་ཆེན་པོའི་ཡེ་ཤེས་རྡོ་རྗེ་ལྟར་མི་ཕྱེད་པའི་བདག་ཉིད་རྣམ་པར་དག་པ་བདག་ཡིན་ནོ་ཞེས་བརྗོད་དེ། མི་བསྐྱོད་པའི་གཙུག་ཏུ་བྷ་ག་ཝཱན་མི་བསྐྱོད་པ་སྐུ་མདོག་སྔོན་པོ་རྡོ་རྗེ་དྲིལ་བུ་ཅན་པད་ཟླའི་གདན་ལ་བཞུགས་པ་ཝལ་གྱིས་བསྒོམ། ཕྱིན་ཅི་མ་ལོག་པར་གྱུབ་པར་རྟོགས་པའི་དུས་ན་སྟོང་པ་ཆེན་པོའི་ཡེ་ཤེས་ཞེས་བྱ་སྟེ། བདག་སྟོང་པ་ཆེན་པོའི་ཡེ་ཤེས་ཡིན་ནོ་བའི་ང་རྒྱལ་བྱ། ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀ ོ྅་ཧཾ་ཞེས་བརྗོད་པས། གཞན་འདྲ་བ་ལས། ཨཱ་དཪྴ་མེ་ལོང་ལྟ་བུའོ། །དཔྲལ་བར་རྣམ་པར་སྣང་མཛད་འཁོར་ལོ་དྲིལ་བུ་ཅན་བསྒོམ། ཀུན་གཞིའི་རྣམ་ཤེས་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་བདག་ཡིན་ནོ་སྙམ་པའི་ང་རྒྱལ་བྱ། ༀ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་པས། ལྟག་པར་སྣང་མཐའ་དམར་པོ་པདྨ་དང་དྲིལ་བུ་ཅན་བསྒོམ། པྲ་ཏྱཱ་བེཀྵ་ཎ་ཞེས་པ་སོ་སོར་རྟོགས་པ་སྟེ། ཡིད་ཀྱི་ཤེས་པ་གནས་སུ་དག་པ་སོ་སོར་རྟོགས་པའི་ཡེ་ཤེས་བདག་ཡིན་ནོ་ཞེས་བསྒོམ། ༀ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉ་ཧཾ་ཞེས་པ། རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་རིན་པོ་ཆེ་དང་དྲིལ་བུ་ཅན་བསྒོམ། ས་མ་ཏཱ་ཞེས་པ་ཏིང་ངེ་འཛིན་ཞེས་བྱ་སྟེ་མཉམ་ཉིད་ཡེ་ཤེས་ཡིན་པས། ཉོན་མོངས་ཅན་གྱི་ཡིད་དག་པ་མཉམ་ཉིད་ཡེ་ཤེས་ཡིན་ནོ་བར་བསྒོམ། ༀ་མ་ཧཱ་ཀྲྀ་ཏྱ་ནུཥྛཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་པས། རྣ་ལྟག་གཡོན་དུ་དོན་གྲུབ་ལྗང་གུ་རལ་གྲི་དྲིལ་བུ་ཅན་བསྒོམ། ཀྲྀ་ཏྱཱ་ནུཥྛཱ་བྱ་བ་གྲུབ་ཅེས་པ་སྟེ། སྒོ་ལྔའི་ཤེས་པ་གནས་སུ་དག་པ་བྱ་བ་གྲུབ་པའི་ཡེ་ཤེས་བདག་ཡིན་ནོ་བར་བསྒོམ། དེའི་དུས་སུ་དཀྱིལ་འཁོར་སྤྱི་ལ་དབུ་རྒྱན་གདགས་པ་ནི་རིགས་ལྔ་ལ་དབུ་རྒྱན་རིགས་ལྔ་སྟེ། རྣམ་སྣང་ལ་རྣམ་སྣང་གིས་གཙོ་བོ་བྱེད། མི་བསྐྱོད་པ་མཚོག་མར་བསྒོམ། རིན་འབྱུང་ལ་གཙོ་བོ་རིན་འབྱུང་། མི་བསྐྱོད་པ་རྣ་ལྟག་གཡོན་དུ་བཞུགས། སྣང་མཐའ་ལ་གཙོ་བོ་སྣང་མཐའ། མི་བསྐྱོད་པ་ལྟག་པར་བཞུགས། དོན་གྲུབ་ལ་གཙོ་བོ་དོན་གྲུབ། མི་བསྐྱོད་པ་རྣ་ལྟག་གཡོན་དུ་བཞུགས་སོ། །ཕྱི་མ་སེམས་དཔའ་རྣམས་ལ་ཤར་དང་ཤར་ལྷོའི་སེམས་དཔའ་གཉིས་ལྷ་མ་ཡིན་གྱི་ཐུབ་པ་དང་བཅས་པ་ལ་རྣམ་སྣང་ཁོ་ནའོ། །ལྷོ་དང་ལྷོ་ནུབ་ཀྱི་སེམས་དཔའ་གཉིས་མིའི་ཐུབ་པ་ལ་རིན་འབྱུང་ཁོ་ནའོ། །བྱང་དང་བྱང་ཤར་གྱི་སེམས་དཔའ་གཉིས་དུད་འགྲོའི་ཐུབ་པ་ལ་དོན་གྲུབ་ཁོ་ནའོ། །ཁྲོ་བོ་བཞི་ལྷའི་ཐུབ་པ་དང་དམྱལ་བའི་ཐུབ་པ་ལ་མི་བསྐྱོད་པའོ། །ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས་རིགས་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་ཐམས་ཅད་ཁོའི་དབུ་རྒྱན་དུ་འོང་བསམ་བྱས་ཀྱང་མི་སྟོ་སྟེ། རྣལ་འབྱོར་པའི་བློ་ངོ་ལ་བྱེད་ན་དངོས་ཀུན་བཟང་གི་གཙོ་བོ་བྱས་པའི་རིགས་གཞིའོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་པ། ༀ་ཡེ་ཤེས་ལྔ། སརྦ་ཐམས་ཅད། ཏ་ཐཱ་ག་ཏ་ངེ་བཞིན་གཤེགས་པ། མ་ཧཱ་ནི་ཆེན་པོ། ཀཱ་ཡ་སྐུ། བཛྲ་རྡོ་རྗེ། སྭ་བྷཱ་ཝ་རྣམ་པར་དག་པ། ཨཱཏྨ་ཀོ྅་ཧཾ་བདག་ཡིན་ནོ། །དོན་དུ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་ཆེན་པོ་རྣམ་པར་དག་པ་བདག་ཡིན་ནོ་ཞེའོ། །སྔགས་བརྗོད་པས་ལྷ་ཐམས་ཅད་ཀྱི་སྤྱི་བོ་དུང་ཁང་གི་ནང་དུ་ཟླ་བའི་གདན་ལ་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་འཁོར་ལོ་གཡོན་དྲིལ་བུ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཐུགས་ཀར་འཁོར་ལོ་ༀ་གྱིས་མཚན་པ་བསྒོམ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་པ། ཝཱ་ཀ་ནི་གསུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་ཆེན་པོ་རྣམ་པར་དག་པ་བདག་ཡིན་ནོ་བའི་ང་རྒྱལ་བྱ། མགྲིན་པར་པདྨ་འདབ་བརྒྱད་ཀྱི་སྟེང་དུ་གསུང་རྡོ་རྗེ་སྐུ་མདོག་དམར་པོ་པདྨ་དྲིལ་བུ་ཅན་བསྒོམ། ཐུགས་ཀར་པདྨ་ཨཱྃ་གིས་མཚན་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་པས། ཙིཏྟ་ནི་ཐུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཆེན་པོ་རྣམ་པར་དག་པ་བདག་ཡིན་ནོ་བའི་ང་རྒྱལ་བྱ། ཐུགས་ཀར་ཉི་མའི་ཐོག་ཏུ་ཐུགས་རྡོ་རྗེ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་ཅན། དེའི་ཐུགས་ཀར་རྡོ་རྗེ་ཧཱུྃ་གྱིས་མཚན་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་པ། ཨ་ནུ་རཱ་ག་ནི་ཆགས་པ་ཆེན་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆགས་པ་ཆེན་པོའི་རྡོ་རྗེ་བདག་ཡིན་ནོ་ཞེས་པ། ལྟེ་བར་རིན་པོ་ཆེ་ཟུར་བརྒྱད་ཀྱི་སྟེང་དུ་ཆགས་པའི་རྡོ་རྗེ་སྐུ་མདོག་སེར་པོ། གཡས་རིན་པོ་ཆེ། གཡོན་དྲིལ་བུ་བསྣམས་པ། དེའི་ཐུགས་ཀར་རིན་པོ་ཆེ་སྭཱས་མཚན་པ་བསྒོམ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་པ། པཱུ་ཛ་ནི་མཆོད་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་རྡོ་རྗེ་ཆེན་པོ་རྣམ་པར་དག་པ་བདག་ཡིན་ནོ་ཞེས་ང་རྒྱལ་བྱའོ། །གསང་བའི་གནས་སུ་ཆོས་འབྱུང་གྲུ་གསུམ་གྱི་ཐོག་ཏུ་མཆོད་པའི་རྡོ་རྗེ་སྐུ་མདོག་ལྗང་གུ་རལ་གྲི་དང་དྲིལ་བུ་ཅན་བསྒོམ། དེའི་ཐུགས་ཀར་རལ་གྲི་ཧཱས་མཚན་པ་བསྒོམ་མོ། །ཀུན་ཏུ་བཟང་པོས་གོང་དུ་གསུངས་པའི་སྔགས་དེ་ལྟར་བརྗོད་པས། ཐིམ་པར་གྱུར་ཅེས་པ། ཆོས་ཐམས་ཅད་ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ངང་དུ་ཐིམ་པར་གྱུར། གསལ་བར་གྱུར་ནི་ཐུགས་ཡེ་ཤེས་རྟོགས་པར་གསལ་བའོ། །འབར་བ་ནི། ཐུགས་ཡེ་ཤེས་རྟོགས་པ་གོང་ནས་གོང་དུ་འབར་བར་གྱུར་ཏོ། །ཡང་ན་བཞི་བཅུ་རྩ་གཉིས་ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས་ལྔར་དབྱེར་མེད་པ་ལ་ནི་ཐིམ་པ་ཞེས་བྱའོ། །གསལ་བར་གྱུར་ནི། ལྷ་བཞི་བཅུའི་སྐུའི་ཡོན་ན་ཕུན་སུམ་ཚོགས་པ་གསལ་བའོ། །འབར་བར་གྱུར་ནི། ཁ་དོག་དང་འོད་འབར་བ་དེ་ཉིད་ཡེ་ཤེས་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པའོ། །ཡང་ན་ཐིམ་པར་གྱུར་པ་ནི། ཡེ་ཤེས་ལྔའི་དབང་རྒྱུན་མི་ཆད་པར་བདག་ཡེ་ཤེས་ལྔ་དང་དབྱེར་མེད་པ་ལ་ནི་ཐིམ་པ་ཞེས་བརྗོད་དོ། །གསལ་བར་གྱུར་ནི། ལྷ་གསུམ་གྱིས་སྐུ་གསུང་ཐུགས་གཟི་བྱིན་ཅན་དུ་བྱས་པ་ནི་གསལ་བའོ། །འབར་བ་གྱུར་ནི། ཡོན་ཏན་ཕྲིན་ལས་གཉིས་ཀྱི་གཟི་བྱིན་དང་ལྡན་པ་ལ་འབར་ཞེས་བརྗོད་དོ། །རང་བཞིན་གསུང་གི་དཀྱིལ་འཁོར་ལ། སྐྱེ་མེད་དོན་གྱི་གསུང་ནི། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །ཞེས་པ་ལ་སོགས་ཏེ། ཨེ་མ་ཧོཿ ཞེས་པ་ངམ་ཞིང་ངོ་མཚར་བ་སྟེ། ཆོས་ཀྱི་སྐུའི་གསུང་། སྒྲ་དང་མིང་ཚིག་ལས་འདས་ཏེ། སྒྲ་དང་མིང་ཚིག་མ་འགག་པར་སྣང་བ་དེ་དག་ཀྱང་ཆོས་སྐུའི་ངང་དུ་དབྱེར་མེད་པར་དམ་པའི་དོན་གྱིས་ཨེ་མ་ཧོཿ ངོ་མཚར་ཞེས་པ། སྐྱེ་མེད་དོན་གྱི་གསུང་གང་དུའང་མ་གྲུབ་སྨྲ་བརྗོད་ལས་འདས་པ་ཉིད་རང་སྣང་མི་འགག་པའི་གསུང་ཅིར་ཡང་སྣང་ལ། སྣང་བ་དེ་ཉིད་ཀྱིས་སོ་སོའི་དགོས་པ་སྐོང་ལ་དེ་ལྟ་ནའང་སྐྱེ་མེད་ཀྱི་དོན་ལས་མ་གཡོས་པས་ངོ་མཚར་ཆེ། རྨད་ཀྱི་ཆོས་ཞེས་པ། སྒྲའི་བྱེ་བྲག་སྣ་ཚོགས་བསམ་གྱིས་མི་ཁྱབ་ཀྱང་དེ་བཞིན་ཉིད་དང་ཐ་མི་དད་ལ་མི་འགག་པའི་དོན་གྱིས་བརྡ་སྟོན་ཅིང་དོན་ཉམས་སུ་མྱོང་བར་བྱེད་པ་ནི་རྨད་དུ་བྱུང་བའོ། །དེའི་ཆོས་དེ་སུ་ལ་མངའ་ན། ཚོགས་གཉིས་རྫོགས་ཤིང་སྤངས་མཁྱེན་ལྷུན་གྱིས་གྲུབ་པའི་བུདྡྷ་ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པ་ཀུན་གྱི་སྐྱེ་མེད་དོན་གྱི་གསུང་ཐུགས་ལ་བརྣག་པ་ཁོ་ནའོ། །སྒྲ་དང་མིང་ཚིག་ཀུན་ལས་འདས། །ཞེས་པ་སྐྱེ་མེད་དོན་གྱི་གསུང་ནི། སྒྲ་དང་མིང་དང་ཚིག་དང་། ཕྱི་ནང་གི་ཆོས་ལས་མ་གཏོགས་པའི་བརྗོད་བྱའི་ངོ་བོ་ཞིག་གུད་ན་འདི་འདྲར་མི་ཕྱེད་པའི་ཕྱིར། བརྗོད་པ་ཐ་སྙད་ཀྱིས་མཚོན་པའི་སྒྲ་དང་། མཚོན་པར་བྱེད་པའི་མིང་དང་། རྗོད་བྱའི་ཚིག་གི་ཚོགས་ཀུན་གྱི་ཐ་སྙད་ཐམས་ཅད་ལས་འདས་ཏེ་ངོ་བོ་བརྗོད་པ་དང་བྲལ་བའོ། །སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་། །ཞེས་པ། སྐྱེ་མེད་དོན་གྱི་གསུང་བརྗོད་པ་དང་བྲལ་བ་ཉིད། བསམ་པའི་ཆོས་དང་། བརྗོད་པའི་ཆོས་སྣ་ཚོགས་མ་ལུས་པ་ཉིད། སྣ་ཚོགས་ནི་འཁོར་བ་དང་ལམ་པ་དང་འདས་པའི་ཐ་སྙད་ཐམས་ཅད་དོ། །སྒྲ་ནི་བེམ་པོ་དང་རིག་པ་གཉིས་འདུས་པ་རྣམས་ཏེ། དོན་གྱི་གསུང་མི་འགག་པ་ལས་གདུལ་བྱ་རྣམས་ཀྱི་བློ་ངོ་དང་འཕྲོད་པ་གསལ་བར་རང་སྣང་བ་ལ་འབྱུང་ཞེས་བྱའོ། །སྤྲུལ་པའི་གསུང་ཡན་ལག་བསམ་གྱིས་མི་ཁྱབ་པ་ནི། གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། །ཞེས་པ། ཡང་དག་པར་རྫོགས་པའི་བུདྡྷའི་སྐྱེ་མེད་དོན་གྱི་གསུང་མ་བཅོས་པའི་ངོ་བོ་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ལ་ནི་གཅིག་ཅེས་བྱའོ། །འོན་ཀྱང་སྤོས་བྲལ་ཕྱོགས་གཅིག་པ་ལྟ་བུ་མ་ཡིན་ཏེ། རང་སྣང་མི་འགག་པའི་རྩ་གྱིས་སྐྱེ་མེད་དོན་གྱི་གསུང་དེ་བརྒྱུད་པ་དང་ཅིག་ཅར་དུ་མཐོང་བར་བྱ་བའི་ཐབས་སུ་བརྗོད་པ་ཚིག་གི་གསུང་ཡན་ལག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་ལྟ་བུར་སྣང་བ་ནི། རྩ་བ་དང་ཡན་ལག་ཏུ་བཅས་པ་ཐམས་ཅད། བསམ་གྱིས་མི་ཁྱབ་ཅེས་པ། གོང་དུ་བསྟན་པ་ལྟར་གྲངས་བསམ་གྱིས་མི་ཁྱབ་པ་དང་། ངོ་བོ་སྣང་ཙམ་ཉིད་ན་སྐྱེ་མེད་དོན་གྱི་གསུང་ལས་མ་གཡོས་པར་བསམ་གྱིས་མི་ཁྱབ་པ་སྟེ། ཁམས་གསུམ་གྱི་ཆོས་ལ་མ་ཁྱབ་པ་མེད་པས་མ་འགག་པ་དང་། མ་དམིགས་པ་དང་། དབྱེར་མེད་པ་གསུམ་གྱི་ངོ་བོར་བཞུགས་སོ། །སྒྲ་དང་མིང་ཚིག་སོ་སོར་གྲགས། །ཞེས་པ། དག་སྣང་གི་དབང་དུ་ཐེག་པ་རིམ་པ་དགུ་སོ་སོ་ནི་ཚན་དུ་མ་འདྲེས་པ་མཚོན་པའི་མིང་དང་། ཐེག་པ་སོ་སོའི་བློ་ངོ་བཞིན་དུ་སྣང་བ་དང་། འགྲོ་དྲུག་གི་སྐད་སོ་སོ་དང་མཐུན་པ་དང་། ཕྱི་ནང་གི་ཆོས་ཐམས་ཅད་ཀྱང་ཚིག་གི་ཐ་སྙད་ཀྱིས་གཏན་ལ་ཕབ་ཀྱང་སོ་སོའི་བློ་ངོ་བཞིན་དུ་དོན་དང་མཐུན་ཞིང་ཚིགས་སོ་སོར་གསལ་བ་ལ་གྲགས་ཞེས་བརྗོད་དོ། །ཐམས་ཅད་གསུང་གི་ཕྱག་རྒྱའི་མཆོག །ཅེས་པ་གསུང་ནི་མ་འགག་པ་དང་། དོན་མཚོན་པ་དང་། དོན་ཐོག་ཏུ་ཕེབས་པ་དང་། མཚོན་བྱ་དོན་གྱི་ཐོག་ཏུ་ཕྱིན་པའི་ཕྱིར་ན་གསུང་ངོ་། །ཐམས་ཅད་ཅེས་པ། སྣོད་བཅུད་ཀྱི་ཆོས་ཐམས་ཅད་མ་འགག་པར་སྣང་བས་ཀྱང་གསུང་། སོ་སོའི་དགོས་པ་སྐོང་ཞིང་དོན་མཚོན་པས་ཀྱང་གསུང་། ཐེག་པ་གང་གི་སྒོ་ནས་གཞལ་ཀྱང་རང་རང་གི་བརྗོད་བྱའི་དོན་གྱི་ངོ་བོ་དེ་གཏན་ལ་ཕེབས་པས་ཀྱང་གསུང་། གཞུག་སྐྱེ་མེད་དོན་གྱི་གསུང་འབྲས་བུ་སྣང་བས་ཀྱང་གསུང་ངོ་། །དེ་བས་ན་ཆོས་ཐམས་ཅད་ལ་གསུང་གི་མུ་དྲས་ཁྱབ་ཅིང་གསུང་གི་ཕྱག་རྒྱ་ལས་མི་འདའ་བའོ། །མཆོག་ནི་ཚིག་གི་གསུང་མ་འགག །དོན་གྱི་གསུང་མ་དམིག་ཏེ་དབྱེར་མེད་པའོ། །རིག་པ་བྱིན་རླབས་ཀྱི་གསུང་ནི། རྒྱུད་མཆོག་སྒྱུ་འཕྲུལ་དྲྭ་བ་ལས། །ཞེས་པ་ལ་སོགས་པ་སྟེ། གཞི་ལམ་འབྲས་བུ་གསུམ་དུ་འབྲེལ་བའི་རྒྱུད་ཐམས་ཅད་ལས་མཆོག་ཏུ་གྱུར་བ་ནི་གསང་བའི་སྙིང་པོ་ཡིན་པས་མཆོག །སྒྱུ་འཕྲུལ་དྲྭ་བའི་བརྗོད་བྱའི་དོན་ནི་གསང་བའི་སྙིང་པོ་སྟེ། རང་བཞིན་གསང་བའི་སྙིང་པོ། བདེ་ལྡན་གསུང་གི་དོན་འབྱུང་བའང་། །ཞེས་པ། བདེ་བ་ཆེན་པོ་སེམས་ཀྱི་ཆོས་ཉིད་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་རང་སྣང་མི་འགག་གསུང་གི་དོན་འབྱུང་བ་ནི། ཐམས་ཅད་ཅེས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒྲ་ཐམས་ཅད། པདྨའི་ངང་གྱུ་ན་ཞེས་པ། སྣང་ཡང་སྣང་སྟོང་དབྱེར་མེད་པ་སེམས་ཉིད་ཁོ་ནའི་ཕྱིར། སྒྲ་ལྟ་བུ་གྱུར་པ་ནི་རྟོགས་པ་སྟེ་སྣང་སྟོང་གི་ཕྱོགས་འཛིན་ཐམས་ཅད་བྲལ་བའི་རིག་པ་མངོན་དུ་གྱུར་པའི་གནས་སྐབས་ན། གྲོལ་ཐར་ལམ་དང་འཁོར་བའི་སྒྲ། །ཞེས་པ། གྲོལ་བ་ནི་འཁོར་བ་ལས་ཐར་པའོ། །ཐར་པ་ནི་འཁོར་བས་མ་ཟིན་ཏེ་འབྲས་བུ་མངོན་དུ་བྱས་པའོ། །དེ་མངོན་དུ་བྱས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲ་དང་། ལམ་ནི་ཚོགས་སྦྱོར་མཐོང་སྒོམ་པ་རྣམས་ཀྱི་ཐ་སྙད་ཐམས་ཅད་དང་། འཁོར་བའི་སྒྲ་ནི་བེམ་རིག་འདུས་པའི་སྒྲ་མཐའ་དག་གོ། །ཇི་སྙེད་བརྗོད་ཀྱང་གསུང་མཆོག་སྟེ། །ཞེས་པ། གོང་དུ་བསྡུས་པའི་སྒྲ་གསུམ་པ་ཇི་སྐད་བརྗོད་ཀྱང་བརྗོད་པའི་དུས་ཉིད་ན། སྣང་སྟོང་དབྱེར་མེད་པ་དོན་གྱི་གསུང་ཁོ་ན་བས་མཆོག་སྟེ། དེ་ཉིད་རང་སྣང་བར་བསྟན་པ་ནི། ཐེག་པ་མཐོ་དམན་ཐམས་ཅད་དང་། །ཞེས་པ་ཐེག་པ་དགུ་དང་། ལོག་འགྲོ་མ་ལུས་ཐམས་ཅད་སྐད། །ཅེས་པ་འགྲོ་དྲུག་གི་སྐད་མ་ལུས་པ་ཐམས་ཅད། བྱང་ཆུབ་རྡོ་རྗེའི་གསུང་དུ་བསྡུ། །ཞེས་བྱང་ཆུབ་ནི་གོ་འཕང་ཆེན་པོ་ཆོས་སྐུའོ། །རྡོ་རྗེ་ཆོས་ཐམས་ཅད་བྱང་ཆུབ་ཀྱི་ངང་དུ་དབྱེར་མེད་པ་དོན་གྱི་གསུང་ངོ་། །ཐམས་ཅད་བྱང་ཆུབ་ཀྱི་སེམས་རང་སྣང་གི་ཡེ་ཤེས་ཆེན་པོ་སྣང་སྟོང་དབྱེར་མེད་པའི་གསུང་ལས་མ་གཡོས་ཤིང་། མི་གཉིས་པས་བསྡུས་ཞེས་བྱའོ། །བསྡུས་ཉིད་ཕྱོགས་བཅུར་རྣམ་པར་གྲགས། ཞེས་པ། བསྡུས་པ་དོན་གྱི་གསུང་ཉིད་མི་འགག་པའི་རྩལ་ལས་གདུལ་བྱ་ཕྱོགས་བཅུ་རྣམས་སུ་སྒྲ་གཉིས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ལ་ནི་གྲགས་ཞེས་བྱའོ། །གྲགས་པ་ཉིད་མ་འགག་པར་སྣང་ཙམ་ཉིད་ན་སྣང་སྟོང་གི་འདུ་ཤེས་བྲལ་བ་ལ་ནི་མ་ཆགས་ཞེས་བྱ། བརྗོད་པ་སྒྲའི་བྱེ་བྲག་ཐམས་ཅད་དེའི་ངང་དུ་དབྱེར་མེད་པ་ལ་ནི་གསུང་ཞེས་བྱའོ། །གསུང་བ་ཉིད་ན་བརྗོད་དུ་མེད། །ཅེས་པ། ཐམས་ཅད་མཁྱེན་པས་གདུལ་བྱའི་དབང་པོ་མཐོ་དམན་གྱི་ངོར་ཐེག་པ་མཐོ་དམན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང་། ངོ་བོ་ལ་གསུང་བརྗོད་ཐམས་ཅད་དང་བྲལ་བར་སེམས་ཉིད་དུ་ལྷུན་གྱིས་གྲུབ་པར། བརྗོད་དུ་མེད་ཅེས་པ། བྷ་ག་ཝཱ ན་གྱི་མོད་སྡེ་ནས་ཀྱང་། ངས་ནི་ཆོས་ཚིག་གཅིག་ཀྱང་མ་གསུངས་ཞེས་པ་བཞིན་ནོ། །གསུང་གི་ལས་ལ་གཉིས་ཀྱི། ལས་དངོས་ནི། བརྗོད་མེད་དེ་བཞིན་སྣ་ཚོགས་སྒྲ། །ཞེས་པ། སྐྱེ་མེད་དོན་གྱི་གསུང་བརྗོད་དུ་མེད་པ་ལས་མི་འགག་པར་རང་སྣང་བ་གོང་དུ་བསྟན་པ་དེ་བཞིན། འཁོར་འདས་ལམ་པའི་སྒྲ་གོང་དུ་བཤད་པ་བཞིན་སྣ་ཚོགས་སྣང་། ལས་བྱེ་བྲག་པ་ནི། ཀུན་ལ་གྲགས་ཤིང་སོ་སོར་འཇལ། །ཞེས་པ་ལམ་པ་རྣམས་ལ་རང་གི་དབང་པོ་མཐོ་དམན་གྱི་བྱེ་བྲག་གི་བློ་དང་མཐུན་པར་མཐོ་དམན་ཀུན་ལས་གྲགས་ཤིང་མཚོན་བྱའི་དོན་སོ་སོར་འཇལ་བར་བྱེད། འགྲོ་དྲུག་ལ་ཡང་རང་གི་སྐད་དང་མཐུན་པར་གྲགས་ཤིང་དོན་སོ་སོར་འཇལ་བར་བྱེད། ཚིག་གཅིག་གིས་དོན་སོ་སོར་འཇལ་བར་བྱེད་པའི་དཔེ་ནི། དཔེར་ན་དེ་བཞིན་སྤྲིད་སངས་བཞིན། །ཞེས་པ། བྷ་ག་ཝ ན་གྱི་རིང་ལ་ནད་པ་ཞིག་ཡོད། བུད་མེད་ཅིག་ཡོད། སྨན་པ་ཞིག་གི་སྨན་བྱེད་པ་ནད་ཡུན་རིང་བས་མ་སོས་ཏེ། སོ་སོར་བསམ་པ་གསུམ་བྱུང་། ནད་པས་ཀྱང་ཟས་ནོར་ཟད་ཤི་ནའང་རུང་སྙམ། བུད་མེད་ཀྱིས་ནད་ཡུན་ནི་རིང་། ཁོ་བདག་ཤི་ན་འང་ང་བདག་ལ་མི་བདག་པོ་ཞིག་དང་འཕྲད་སྙམ། སྨན་པས་ཀྱང་ད་ཁོའི་མཆན་དུ་འདུག་ཡུན་རིང་བས་རྙེད་པ་མ་རྙེད། ཁོ་ཤི་ན་ང་བདག་ལོགས་སུ་རྙེད་པ་ཚོལ་བསམ་པའི་དུས་བྱུང་བའི་ཚེ། དེ་བཞིན་གཤེགས་པ་བསོད་སྙོམས་ལ་རྒྱུ་བ་སྒོ་དྲུང་དུ་བྱོན་ནས་བསམ་པ་གསུམ་མཁྱེན་ནས་སྤྲིད་པ་ཞིག་བསང་བས་དེ་ལ་སོ་སོར་གོ་བ་གསུམ་བྱུང་སྟེ། ནད་པས། རིན་ཆེན་སྲོག་དང་མ་བྲལ་ན། །སྒྱུ་མའི་ནོར་ནི་གསོག་ཏུ་ཡོད། །ཅེས་པར་གོ། །བུད་མེད་ཀྱིས། ཕྱི་ནས་ཅིར་འགྱུར་ཆ་མེད་ཀྱི། །སྔ་མ་ལེགས་པར་གསོལ་དང་རུང་། །ཞེས་པར་གོ། །སྨན་པས། ནོར་གྱི་མཆོག་ནི་སྙིང་རྗེ་ཡིན། །ཞེས་པར་གོ་ནས། གསུམ་ཀ་སོ་སོར་འབད་པས་ནད་པ་སོས་པར་གྱུར་སྐད། གསུང་སྒྲ་གཅིག་ལ་དོན་སོ་སོར་གོ་བའི་བརྡ་ཡི། དེ་ནས་བཅོམ་ལྡན་འདས་ཀྱིས་གསུང་གཅིག་པའི་སྒྲ་ཡིས་འགྲོ་བ་རིས་དྲུག་དང་། ལམ་པ་མཐོ་དམན་ཐམས་ཅད་ཀྱིས་སོ་སོའི་དོན་རིག་པ་ལ་འཇལ་བར་གོ་བའོ། །དེ་ནི་གསུང་མཆོག་རྒྱལ་པོ་ཡིན། །ཞེས་པ་སྒྲ་གཅིག་གིས་དོན་ཐམས་ཅད་གོ་བའི་བདེ་བར་གཤེགས་པའི་གསུང་དེ་ནི་ལམ་པ་ལས་བླང་གྱུར་པ་འབྲས་བུའི་གསུང་ཡིན་པས་མཆོག །གསུང་གི་བརྗོད་པ་ཐམས་ཅད་དེ་ལས་འཕྲོས་ཤིང་དེར་འདུས་པས་མཐའ་གཉིས་ལས་རྒྱལ་བས་ཀྱང་རྒྱལ་པོ། ཐམས་ཅད་འདུས་པས་ཀྱང་རྒྱལ་པོ་ཡིན། དེས་ན། ཐེག་པ་མཐོ་དམན་བསམ་ཡས་ཀྱང་། ཟེར་བ། ཐེག་པ་ཐོ་དམན་རིམ་པ་དགུའི་ནང་ཚན་མི་འདྲ་བ་བསམ་ཡས་པ་རྣམས་ཀྱང་དེ་བཞིན་ཉིད་ཀྱི་གསུང་ལས་ཚིག་ཀྱང་མ་གསུངས་ཏེ། བརྗོད་དུ་མེད་པའི་ངང་ལས་དོན་གྱི་གསུང་མེ་ལོང་གཡའ་དག་པ་དང་འདྲ་བར་རྐྱེན་གྱིས་ཅིར་ཡང་འཆར་བྱ་འཆར་བྱེད་ཀྱི་རྩོལ་བ་མེད། དཔེ་དེ་བཞིན་དོན་གྱི་གསུང་མ་འགག་པ་ཅིར་ཡང་འཆར་བའི་ངོ་བོ་ཉིད་དུ་བཞུགས་ཀྱང་གསུང་བྱ་གསུང་བྱེད་ཀྱི་རྩོལ་མི་མངའ་ཡང་། གདུལ་བྱའི་ཐབས་སུ་སོ་སོར་ཐོས། །ཞེས་པ། གདུལ་བྱ་ཉན་ཐོས་པ་ལ་རང་བློ་དང་མཐུན་པའི་ཐབས་སུ་ཉན་ཐོས་ཀྱི་ཐེག་པ་ཐོས། དེ་བཞིན་དུ་གསང་སྔགས་ཀྱི་གདུལ་བྱ་འདུལ་བའི་ཐབས་སུ། རང་རང་གི་གདུལ་བའི་ཐབས་སུ་སོ་སོར་ཐོས་ཏེ། ཐེག་པ་ཕྱི་ནང་རྣམས་གདུལ་བྱའི་བློ་ལ་སྣང་བའོ། །དེ་བས་ན་ལུང་ལས་ཀྱང་། སྟོན་པ་དེ་བཞིན་ཉིད་འབའ་ཞིག་ལས་གསུང་བྱ་གསུང་བྱེད་མེད་ཀྱང་། དེ་བཞིན་ཉིད་ཕྱོགས་གཅིག་པའི་སྤྲོས་བྲལ་ལྟ་བུ་མ་ཡིན་ཏེ། དག་མ་དག་གི་སྒྲའི་བྱེ་བྲག་ཐམས་ཅད་དེ་བཞིན་ཉིད་ལ་རྫོགས། དེ་བཞིན་ཉིད་ལ་ལྷུན་གྱིས་གྲུབ། དེ་བཞིན་ཉིད་མ་འགག་པར་སྣང་བའི་དཔེས་བསྟན་པ་བཞིན་ནོ། །དེ་ཉིད་དོན་གྱི་གསུང་དུ་བསྟན་པ་ནི། ཇི་ལྟར་གསུང་རབ་ཀུན་བརྗོད་ཀྱང་། །ཞེས་པ། བདེ་བར་གཤེགས་པས་དོན་མཚོན་པར་བྱེད་པའི་བསྟན་པ་རྒྱུ་འབྲས་ཀྱི་ཐེག་པ་མ་ལུས་པ་ཐམས་ཅད་རྗོད་བྱེད་ཀྱི་ཚིག་གི་ཐ་སྙད་ཀུན་བརྗོད་པ་མ་འགག་པར་སྣང་ཡང་དོན་གྱི་གསུང་དེ་བཞིན་ཉིད་སྟོན་པའི་དགོངས་པ་ཆོས་སྐུ་སྐྱེ་བ་མེད་པའི་ངང་ལས་ཚིག་གཅིག་ཀྱང་གསུངས་པ་མེད་དེ་རྩོལ་བ་བྲལ་བའི་ཕྱིར་རོ། །ཡི་གེ་མེད་དང་རིག་པའི་གསུང་། །ཞེས་པ་རིག་པའི་གསུང་ནི། རང་རིག་པ་རང་བྱུང་གི་ཡེ་ཤེས་གང་དུའང་མ་གྲུབ་པ་ཅིར་ཡང་སྣང་བའི་ངོ་བོ་ཡིན་པ་སྟེ། དེའི་ཕྱིར་ན་ཡི་གེ་མེད་པས་སྨྲ་བརྗོད་དང་བྲལ་ཏེ། ལྗགས་ཀྱི་རྩེ་མོར་མ་ཕྱུང་ཡང་། །ཞེས་པ་སྤྲུལ་པའི་གསུང་བཞིན་ཚིག་གི་བརྗོད་མི་མངའ་བའི་ངོ་བོའོ། །འོ་ན་གདུལ་བྱའི་དོན་ཆེད་དམ་ཞེ་ན་། ཐུགས་རྗེའི་གསུང་གི་བྱིན་རླབས་ཀྱིས། །ཞེས་པ། དེ་ནི་ཐུགས་རིག་པ་ཉིད་སྤྲོས་པ་དང་བྲལ་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བསྒོས་པས་ཁྱབ་པར་བཞུགས་པ་སྟེ། དེའི་ངོ་བོ་ཉིད་ལ་ནི་ཚིག་གིས་བརྗོད་པས་མི་རེག་པའོ། །འོན་ཀྱང་རིག་པ་ཁྱབ་པ་ཆེན་པོ་ཉིད་ལས་ཆོས་ཐམས་ཅད་དང་སྒྲ་རིལ། མཉམ་པ་ཉིད་ཀྱི་ངང་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པའི་བྱིན་རླབས་ནི་ཡང་སྣང་བ་སྟེ། འགྲོ་དོན་སྣ་ཚོགས་སོ་སོར་གསལ། །ཞེས་པ་གཉིས་སུ་མེད་པའི་ཐུགས་རྗེ་མི་འགག་པའི་རྩལ་ལས་སྤྱིར་ན་བརྡ་སྤྲོད་པར་བྱེད་པའི་ཆོས་ཐམས་ཅད་ཀྱང་ཡིན་ལ། མདོར་ན་ཐེག་པ་རིམ་དགུའི་གདུལ་བྱ་རྣམས་ཀྱི་སོ་སོའི་བློ་མི་འདྲ་བ་སྣ་ཚོགས་ཀྱི་དོན་སོ་སོར་བརྡ་སྤྲད་པས་གསལ་བའོ། །གསལ་ཉིད་གསུང་གི་རྡོ་རྗེ་མཆོག །ཅེས་པ་འགྲོ་བ་རྣམས་ཀྱི་དགོས་པ་སྐོང་བ་གསལ་བ་ཙམ་ཉིད་ན། གསུང་བརྗོད་པ་ཐམས་ཅད་ཀྱི་ངོ་བོ་རིག་པ་སྤྲོས་པ་དང་བྲལ་བ་རྡོ་རྗེ་ལྟ་བུ་ལས་མ་གཡོས་པར་སྣང་སྟོང་གི་མཐའ་དང་བྲལ་བས་མཆོག་གོ། །དེ་ལ་ནི་ཚིག་གི་ཐ་སྙད་དུ་ཀུན་ཏུ་བཟང་པོའི་གསུང་ཞེས་ཀྱང་བརྗོད་དེ། གསུང་ལྔ་ལྷུན་གྱིས་གྲུབ་པའོ། །དེ་བཞིན་གསུང་གི་འགྲོ་དོན་རྣམས། །ཞེས་པ་གོང་དུ་ཐུགས་རྗེའི་གསུང་མི་འགག་པར་བསྟན་པ་དེ་བཞིན་དུ། ཐམས་ཅད་མཁྱེན་པ་རང་ངོ་ལ་གདུལ་བྱ་སོ་སོ་ལ་ཚིག་སོ་སོར་བརྗོད་པ་མེད་བཞིན་དུ། གདུལ་བྱའི་ངོ་ལ་བརྗོད་པར་སྣང་བའི་གསུང་ཐེག་པ་རིམ་པ་དགུ་ཡིས་འགྲོ་དོན་རྣམས་ལྷུན་གྱིས་གྲུབ་སྟེ། དེ་བཞིན་ངང་ལས་མ་གཡོས་ཀྱང་། །ཞེས་པ་སྐྱེ་མེད་དོན་གྱི་གསུང་སྤྲོས་པ་མེད་པའི་ངང་ལས་གསུང་བྱ་གསུང་བྱེད་ཀྱི་རྩོལ་བ་མི་མངའ་བ་ལ། དཔེར་ན་བྲག་ཅའི་སྒྲ་བཞིན་ནོ། །ཞེས་པ་བྲག་ཅའི་སྒྲ་ནི་འབོད་མཁན་གྱིས་ཚིག་གི་ཐ་སྙད་ཅིག་བཟླས་པ་རྣམས་གསལ་པོར་ཐོས་ཀྱང་བྲག་ལ་དེ་དག་གི་རྩོལ་བ་མེད་པ་བཞིན་དུ། གཉིས་སུ་མེད་པའི་རང་རིག་པ་ཐུགས་རྗེ་ཆེན་པོའི་གསུང་ལ་བརྗོད་བྱ་རྗོད་བྱེད་ཀྱི་རྩོལ་བ་མ་དམིགས་ཀྱང་། གདུལ་བྱ་དབང་པོ་མཐོ་དམན་གྱི་བྱེ་བྲག་གིས་རང་བློ་དང་མཐུན་པར་ཐེག་པ་དགུར་སྣང་བའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། དཀྱིལ་འཁོར་བསྡུ་བ་དང་གསང་སྔགས་ཀྱི་ལེའུ་ཞེས་པ། འདིར་གསུང་གི་ལེའུ་སྟོད་ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར། སྨད་འབྲས་བུ་མཐར་ཕྱིན་པ་གསུང་ལྔའི་འཁོར། རྣལ་འབྱོར་པའི་ཤེས་བྱ་ཉམས་སུ་བླང་བྱ་གཉིས་ངོ་བོ་ལ་སོ་སོར་བརྗོད་པ་མེད་བཞིན་དུ། གདུལ་བྱ་ལ་བརྗོད་པ་ལྟར་སྣང་བ་ནི་འདིར་གསུང་གི་དཀྱིལ་འཁོར་ཏེ། དེའང་གདུལ་བྱའི་ངོས་ནས་བསམ་གྱིས་མི་ཁྱབ་ཀྱང་། འདིར་གསུང་ལྔར་བསྡུས་ཏེ་བསྟན་པ་ནི་གསུང་གི་དཀྱིལ་འཁོར་བསྡུའོ། །གསང་སྔགས་ཀྱི་ལེའུ་ཞེས་པ། སྔགས་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་སྔགས་ལས་སྣང་བས། གཞལ་ཡས་ཁང་ནས་བཟུང་སྟེ། ལྷ་རྣམས་ཀྱི་སྔགས་དང་དབང་བསྐུར་བ་དང་། བྱིན་གྱིས་བརླབ་པ་དང་། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་སོགས་པའི་སྔགས་རྣམས་བསྟན་པ་སྟེ་བདུན་པའི་བཤད་པའོ།། ༈ །།ད་ནི་ལེའུ་བརྒྱད་པ་ལ་འཇུག་སྟེ། དེ་ཡང་གཞི་ལམ་འབྲས་བུ་གསུམ་ལས་ལམ། རྒྱུད་ཀྱི་དངོས་པོ་བཅུ་ལས་ཕྱག་རྒྱ། དཀྱིལ་འཁོར་བཅུ་གཉིས་ལས་ལྷག་པའི་ཏིང་ངེ་འཛིན་ཐུགས་ཀྱི་དཀྱིལ་འཁོར། ལེའུ་སྟོད་ལམ་པ་ཕྱག་རྒྱ་གཅིག་པ་ཡན་ཆད་ཀྱི་སྤྱོད་ཡུལ། ལེའུ་སྨད་སྣང་བ་རྣམ་པར་འབྱེད་པ་ཟག་མེད་ཀྱི་ལམ་པའི་སྤྱོད་ཡུལ་ལོ། །ལེའུའི་མཚམས་ཐག་སྦྲེལ་ན། ཆོས་གཏན་ལ་དབབ་པའི་ལེའུ་ན་ཐེག་པ་ཐམས་ཅད་གསང་སྔགས་སུ་བསྡུས། ལེའུ་བཞི་པར་གསང་སྔགས་ཀྱི་བསྒྲུབ་པ་ཉམས་སུ་ལེན་པའི་ཡིག་འབྲུ་བསྟན། ལྔ་པས་ཞར་བྱུང་བསྒྲུབ་པ་བསྟན། དྲུག་པས་ཡིག་འབྲུ་ལས་སྐུའི་དཀྱིལ་འཁོར་རྫོགས་པར་བསྟན། བདུན་པས་དེ་བསྐྱེད་པའི་རྐྱེན་སྔགས་བསྟན། བརྒྱད་པས་བྱིན་གྱིས་བརླབས་པའི་ཕྱག་རྒྱ་བསྟན་ཏེ། ཕྱག་རྒྱ་ལ་ཡང་བཞི་སྟེ། སྐུ་ཕྱག་རྒྱ་ཆེན་པོ། གསུང་ཆོས་ཀྱི་ཕྱག་རྒྱ། ཐུགས་དམ་ཚིག་གི་ཕྱག་རྒྱ། འཕྲོ་འདུ་ཕྲིན་ལས་ཀྱི་ཕྱག་རྒྱ་དང་བཞིའོ། །སྐུ་ཕྱག་རྒྱ་ཆེན་པོ་ལ་གཉིས་ཏེ། མ་སྐྱེས་པ་ཆོས་ཀྱི་སྐུའི་ཕྱག་རྒྱ་དང་། མ་འགག་པ་གཟུགས་ཀྱི་སྐུའི་ཕྱག་རྒྱའོ། །དེ་ལ་ཡང་རྒྱས་པར་ནི། དགོངས་པ་འདུས་པ་དང་གསལ་བཀྲའི་ཡི་གེར་བཀོད་པ་བཞིན་ནོ། །རང་བཞིན་ལྷུན་གྲུབ་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་དང་། རང་བཞིན་ལྷུན་གྲུབ་མཚོན་པའི་སྐུ་ཕྱག་རྒྱ་ཆེན་པོ་དང་། ལྷག་པ་གཟུགས་བརྙན་གྱི་སྐུ་ཕྱག་རྒྱ་ཆེན་པོའོ། །རང་བཞིན་ལྷུན་གྲུབ་ནི་རིགས་ལྔ་ལ་སོགས་པའི་སྐུའོ། །རང་བཞིན་ལྷུན་གྲུབ་མཚོན་པ་ནི་རིས་སུ་བྲིས་པ་ལུགས་སུ་བླུགས་པ་འབུར་དུ་གཏོད་པ་རྣམས་སོ། །ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་རྣལ་འབྱོར་པས་རྣལ་འབྱོར་བསྒོམ་པའོ། །ཆོས་ཀྱི་ཕྱག་རྒྱ་ལ་བསམ་པ་ཆོས་ཀྱི་ཕྱག་རྒྱ་ནི་ཡིག་འབྲུ་བསྒོམ་པའོ། །བརྗོད་པ་ཆོས་ཀྱི་ཕྱག་རྒྱ་ནི་སྔགས་བཟླ་བ་ལ་སོགས་པ་ངག་གི་བརྗོད་པའོ། །ཐུགས་ཀྱི་ཕྱག་རྒྱལ་བསམ་པ་ཐུགས་ཀྱི་ཕྱག་རྒྱ། བཅའ་བ་ཐུགས་ཀྱི་ཕྱག་རྒྱ། འཛིན་པ་ཐུགས་ཀྱི་ཕྱག་རྒྱ། འཕྲོ་འདུ་ཕྲིན་ལས་ཀྱི་ཕྱག་རྒྱ་ནི་ཀུན་ལ་འགྲོ་སྟེ། སྤྱིར་ཤེས་པར་བྱའོ། །ལེའུ་བརྒྱད་པ་ལ་གསུམ་གྱི་ལོ་རྒྱུས་ཀྱི་ཚུལ་གྱིས་མདོར་བསྟན་པ་ནི། དེ་ནས། ཞེས་བྱ་བ་ཚིག་གི་དེ་མ་ཐག་པ་ནི་ལེའུ་བདུན་པའི་རྗེས་སོ། །དོན་གྱི་དེ་མ་ཐག་པ་ནི་སྤྱིར་ནི་བསྐྱེད་པའི་རིམ་པ་མཐར་ཕྱིན་ནས་ཡན་ལག་ལྔ་ལྷ་ལྔ་བཅུའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ་ཕན་ཡོན་འབྱུང་བ་ནི་ཕྱག་རྒྱ་སྤྲོས་པ་ཚོགས་བསྒྲུབ་དང་འབྲེལ་ལོ། །སྒོས་སུ་དཀྱིལ་འཁོར་བསྐྱེད་རིམ་བསྒོམ་པའི་དུས་སུ་ཡེ་ཤེས་བསྟིམས་ནས་མཆོད་པ་འབུལ་བ་སྟེ་ཕྱག་རྒྱ་གར་ཚོགས་དང་འབྲེལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ། ཐམས་ཅད་དབྱེར་མེད་པའི་རྒྱལ་བ་ཀུན་ཏུ་བཟང་པོས་སོ། །ཡན་ལག་ཐམས་ཅད་ཅེས་པ། འདིར་ལུས་ཀྱི་ཡན་ལག་ལྔ་ནི་མགོ་བོ་ལ་སོགས་པ་ལྔའོ། །རྟོག་པའི་ཡན་ལག་ནི་ཕུང་པོ་ཁམས་སྐྱེ་མཆེད་རྣམས་སོ། །དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་ཞེས་པ། ཡན་ལག་དཀྱིལ་འཁོར་ལྔ་རུ་ཡེ་ནས་ལྷུན་གྱིས་གྲུབ་པ་ནི་རང་བཞིན་གྱི་ཕྱག་རྒྱ་སྟེ། དེ་ཡང་སྒྱུ་འཕྲུལ་རྒྱས་པ་ལས། རང་བཞིན་ཕྱག་རྒྱ་ཆེན་པོ་ནི། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །རིགས་ལྔ་བདེ་གཤེགས་ཡབ་ཡུམ་གྱི། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་པས་ཕུང་པོ་ལྔ་དང་འབྱུང་བ་ལྔ་རིགས་ལྔ་ཡབ་ཡུམ་ཉི་མ་དང་ཟེར་ལྟར་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དེ་ལྟར་ཡེ་ནས་ཡིན་པ་དེ་ལ་རྣལ་འབྱོར་པས་ཤེས་ནས། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་བསྒོམ་པ་ནི་རྟོག་པའི་ཡན་ལག་ཡེ་ནས་ལྷུན་གྲུབ་ཡིན་པ་རྣལ་འབྱོར་པའི་བློ་ལ་ལྷག་པ་ཏིང་ངེ་འཛིན་དུ་ལྷུན་གྱིས་གྲུབ་པའོ། །ལུས་ཀྱི་ཡན་ལག་དང་རིགས་ལྔ་འཁོར་དང་བཅས་པའི་དཀྱིལ་འཁོར་ཡེ་ནས་ལྷུན་གྲུབ་ཡིན་པ་ནི། འཕགས་པ་ཐབས་ཞགས་ལས། དབུ་མིག་རྣ་བ་སྣ་ལྕེ་ལ། །ༀ་ཞེས་བྱ་བ་ལྔ་བཞག་སྟེ། །ཞེས་པ་དང་། ལག་པ་གཡས་པའི་སོར་མོ་ལ། །ཧཱུྃ་ཞེས་བྱ་བ་ལྔ་བཞག་སྟེ། །ཞེས་པ་ལ་སོགས་པ་རྣམས་ཀྱིས། ཡན་ལག་རིགས་ལྔ་སོ་སོའི་དཀྱིལ་འཁོར་ཡིན་ཏེ། མགོ་ལུས་ཀྱི་སྤྱི་ཡིན་པས་དབང་པོ་རྣམས་ཀྱང་ཚང་བས་དེ་བཞིན་གཤེགས་པའི་རིགས་ལྷུན་གྱིས་གྲུབ། ལག་པ་གཡས་པས་སྐྱོན་སེལ་ཞིང་ཡོན་ཏན་ལེགས་པར་བྱེད་དེ་རྡོ་རྗེ་རིགས་དང་ཆོས་མཐུན་པས་རྡོ་རྗེ་རིགས་ལྷུན་གྱིས་གྲུབ། ལག་པ་གཡོན་པས་དགོས་པ་ཐམས་ཅད་དམ་དུ་འཛིན་པར་བྱེད་དེ། རིན་ཆེན་རིགས་ཀྱི་བུདྡྷའི་ཡོན་ཏན་འབྱུང་བས་རིན་ཆེན་རིགས་ལྷུན་གྱིས་གྲུབ། རྐང་པ་གཡས་པས་དང་པོ་འདོར་ཞིང་ཕ་རོལ་གྱི་གནས་སླེབས་པར་བྱེད་པ་ལས་ཀྱི་རིགས་ལྷུན་གྱིས་གྲུབ། རྐང་པ་གཡོན་པས་མཆོང་བའི་ཚེ་དམ་དུ་བརྟན་པར་བྱེད་པས་པདྨའི་རིགས་ལྷུན་གྱིས་གྲུབ། དེ་ལྟར་ཡེ་ནས་ཡིན་པ་ལ་ལྷུན་གྱིས་གྲུབ་པ་ནི། རྟོག་པ་ཞེ་གཉིས་ལྷར་བྱིན་གྱིས་རློབ་པ་དང་། ཡན་ལག་ལྔ་རིགས་ལྔའི་དཀྱིལ་འཁོར་བྱིན་གྱིས་རློབ་པ་གཉིས་ཏེ། ཡིན་ཚུལ་གྱི་དོན་ཤེས་ནས་རིག་པ་ལ་ལོན་པ་ནི་ལྟ་བའི་ཕྱག་རྒྱའོ། །རྟོགས་ནས་ཏིང་ངེ་འཛིན་གྱིས་བསྒོམས་ཏེ། གོམས་པས་ཆེད་དུ་མ་བྱས་པས་བརྩལ་བ་མི་མངའ་བཞིན་དུ་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་མངོན་དུ་གྱུར་པ་བཞིན་དུ། གཟུང་འཛིན་གྱི་སྣང་བ་མ་དམིགས་ཏེ། ཐམས་ཅད་ལྷའི་སྣང་བ་མིན་པ་མ་དམིགས་པས། ལྷའི་དཀྱིལ་འཁོར་དུ་གསལ་བ་ནི་ལྷུན་གྱིས་གྲུབ་པ་ཞེས་བྱའོ། །དེ་ལྟར་སྟོན་པའི་ལེའུ་འདི་སྟོན་པས་གོ་བའི་འཁོར་གྱི་ཆེད་དུ་བརྗོད་དོ། །ཕྱག་རྒྱའི་ངེས་ཚིག་དང་རང་བཞིན་གྱི་ཕྱག་རྒྱ་ཐུན་མོང་དུ་བསྟན་པ་ནི། དང་པོར་རང་བཞིན་གྱི་ཕྱག་རྒྱ་སྟེ། སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའོ། །ཞེས་པས། གོང་གི་ཡན་ལག་གཉིས་ཀྱི་རྟོག་པ་ཐམས་ཅད། སྒྱུ་འཕྲུལ་ཞེས་པས། དེར་འཛིན་གྱི་ཤེས་པ་ཀུན་རྫོབ་ཀྱི་ཆ་མེད་བཞིན་དུ་མི་འགག་པར་འཆར་བ་དང་། སྣང་བ་བཞིན་དུ་མ་གྲུབ་པ་སྒྱུ་མ་ལྟ་བུ་དོན་དམ་པ་གཉིས། དྲྭ་བ་ཞེས་པས། དབྱེར་མེད་པ་ཆུ་དང་གཤེར་བ་བཞིན་དབྱེར་མེད་པ་ནི་རང་བཞིན་གྱི་གནས་ཚུལ་ལོ། །དེ་རྟོགས་ཚུལ་ནི། མངོན་རྫོགས་པའི་ཞེས་པས། གནས་ཚུལ་གྱི་དོན་དེ་རང་རིག་པའི་མངོན་སུམ་དུ་གྱུར་པ་ནི་རྫོགས་པའོ། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །ཞེས་པ་སྣོད་བཅུད་བེམ་རིག་ཡུལ་ལྔ་ལ་སོགས་པ་ཐམས་ཅད་རྟོགས་པའི་དཀྱིལ་འཁོར་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ལ་འདའ་བ་མེད་པ་ནི་རང་བཞིན་གྱི་ཕྱག་རྒྱ་སྟེ། དེ་ལས་མི་འདའ་ཞིང་དེའི་རྒྱ་ཐེབས་པའོ། །ཡིན་པའི་དོན་དེ་ཉིད་ལུང་དང་བླ་མའི་སྟོབས་ཀྱིས་རྟོགས་པས་རིག་པ་གཞི་ཉིད་དུ་ལྷུན་གྱིས་གྲུབ་ནས་དེའི་ངང་ལས་མི་འདའ་བ་ནི་ལྟ་བའི་ཕྱག་རྒྱའོ། །དེ་ལྟར་བསྒོམས་ནས་རང་རིག་པའི་མངོན་སུམ་དུ་གྱུར་པས་རྟོག་པ་གཉིས་པོ་ཐམས་ཅད་ཡན་ལག་ལྔའི་རྟོག་པ་ལྷ་ལྔ་བཅུའི་དཀྱིལ་འཁོར་དུ་དག་པའམ། བཞི་བཅུ་རྩ་གཉིས་ཀྱི་རྟོག་པ་ལྷ་བཞི་བཅུ་རྩ་གཉིས་ལ་སོགས་པར་རང་སྣང་བ་ནི་གནས་པའི་དོན་མངོན་དུ་བྱས་པས་ལྷག་པའི་ཕྱག་རྒྱ་ཞེས་བྱ་སྟེ། ཟག་པ་མེད་པའི་ལམ་ཡན་ཆད་ཀྱི་ཡུལ་ལོ། །གསང་བ་དེ་ཉིད་ངེས་པ་ཡི། །སྙིང་པོ་ཕྱག་རྒྱ་འདའ་དཀའོ། །ཞེས་པས། ཐེག་པ་གཞན་ལས་འཕགས་པའི་གཞུང་ཕྱག་རྒྱ་ཡང་གཞན་ལས་འཕགས་པར་བསྟན་པ་སྟེ་སྙིང་པོ་ཡན་ཆད་ཀྱི་འབྲུ་གནོན་ཤེས། ཕྱག་རྒྱ་ནི་ཐོག་མའི་མུ་ན་ཆོས་ཐམས་ཅད་བཤད་པའི་དོན་དེའི་རྒྱས་ཐེབས་ཤིང་དེ་ལས་མི་འདའ་བའོ། །ཕྱག་རྒྱའི་རྒྱུ་ནི། མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། །ཞེས་པ་ལ་སོགས་ཏེ། སྔར་བཤད་པའི་གཏན་ཚིགས་ཀྱིས་ལག་པ་གཡས་པའོ། །དེའི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་སྲན་ཆུང་ཙམ་ལྔའི་སྟེང་དུ། དཀྱིལ་ཡི་གེ་ཞེས་པས། གུང་མོ་ལ་ཧཱུྃ། འཛུམ་མོ་ལ་ཨཱོཾ། མཐེ་བོང་ལ་སྭཱ། སྲིན་ལག་ལ་ཨཱྃཿ མཐེའུ་ཆང་ལ་ཧཱཾ། རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། །ཞེས་པ་ལག་གཡོན་རིན་ཆེན་རིགས་ཀྱི་སོར་མོ་ལ་ཟླ་བའི་དཀྱིལ་འཁོར་སྲན་ཆུང་ཙམ་ལ། གུང་མོ་ལ་མཱུྃ། འཛུབ་མོ་ལ་ལཱྃ། མཐེ་བོང་ལ་མཱྃ། སྲིན་ལག་ལ་པྱཱཾ། མཐེའུ་ཆུང་ལ་ཏཱྃ་མོ། །ལྔ་གཉིས་ཟུང་དུ་སྤྲད་པ་ལས། །ཞེས་པ། ལྔ་གཉིས་ནི་ལག་པ་གཡས་གཡོན་ཏེ། དེ་ཡང་ལག་པ་གཡས་པ་ནི་ཐབས་སམ་ཀུན་རྫོབ་བམ་ཡེ་ཤེས་སོ། །གཡོན་པ་ནི་ཤེས་རབ་བམ་དོན་དམ་པའི་དབྱིངས་སོ། །དེ་གཉིས་སྦྱར་བ་ནི། དབྱེར་མེད་པ་ཆོས་སྐུའི་ངོ་བོ་སྟེ་དོན་ཕྱག་རྒྱ་འབྱུང་བའི་རྒྱུའོ། །རྟགས་ཕྱག་རྒྱ་འབྱུང་བའི་རྒྱུ་ནི་རིགས་ལྔ་ཡབ་ཡུམ་དབྱེར་མེད་པ་ལས་ཕྱག་རྒྱ་རྣམས་འབྱུང་བའི་རྒྱུའོ། །ལྔ་གཉིས་ཟུང་དུ་སྤྲད་པ་ལས། གཡས་གཡོན་གྱི་སོར་མོའི་ཡི་གེ་ལྔ་ཚོ་གཉིས་ནི་བཅུ་སྟེ། ཐལ་མོ་སྦྱར་ནས་ཡབ་ཡུམ་ཟུང་དུ་བསྡེབས་པ་ནི་སྤྲད་པ་ཞེས་བྱའོ། །དེ་ནི་ཕྱག་རྒྱ་ཐམས་ཅད་འབྱུང་བའི་རྒྱུ་ཡིན་པས་ཕྱག་རྒྱ་གང་བཅའ་ན་ཡང་འབྱུང་བའི་རྒྱུ་ཡིན་ནོ། །ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་འབྱུང་བའི་རྒྱུ་ནི། ཐལ་མོ་དེ་ཉིད་ལ་རྟིང་པ་ཕྱེ་སྟེ། ༀ་དང་མཱུྃ་གཉིས་རྩེ་སྦྱར་ཏེ། །ཞེས་པ། ལག་པ་གཡས་པའི་མཛུབ་མོ་ལ་ༀ་ཡོད་པ་དང་། གཡོན་པའི་གུང་མོ་ལ་མཱུྃ་ཡོད་པ་གཉིས་རྩེ་སྤྲད། གཡས་པའི་གུང་མོ་ལ་ཧཱུྃ་དང་གཡོན་པའི་མཛུབ་མོའི་རྩེ་མོ་ལ་ལཱཾ་ཡོད་པ་རྩེ་སྤྲད་དེ། ༀ་མཱུྃ་གཉིས་མ་གཏོགས་པའི་འབྲུ་བརྒྱད་ཀྱི་སོར་མོ་རྣམ་བསྣོལ་ཏེ་རྩེ་སྤྲད་པ་ནི། རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་དུས་གསུམ་གྱི་རྒྱལ་བ་ཀུན་དང་མཉམ་པར་སྦྱོར་བའི་བདེ་བ་ཆེན་པོ་ནི་ཆོས་སྐུ་སྟེ་སྦྱིན་པའི་རྒྱའོ། །རིགས་ལྔ་ཡབ་ཡུམ་གྱི་ཕྱག་རྒྱ་ནི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཞེས་པ་ལ་སོགས་ཏེ། ལག་པ་གཡས་པ་གནོད་སྦྱིན་གྱི་ཁུ་ཚུར་ལ་ནི་འབྲུ་བཞིར་སྦས་པའོ། །ཐུགས་ཀར་བཀན་པ་ནི། ལག་པའི་རྒྱབ་ཐུགས་ཀར་ཀླན་པའོ། །ཧཱུྃ་བསྒྲེང་ནི་གུང་མོའི་རྩེ་མོ་ན་ཧཱུྃ་ཡོད་པ་བརྐྱངས་ཏེ་བསྒྲེང་བའོ། །རྩེ་མོར་རྡོ་རྗེ་འབར་ནི། གུང་མོའི་རྩེ་མོའི་ཧཱུྃ་འོད་དུ་ཞུ་བ་ལས་རྡོ་རྗེ་རྩེ་ལྔ་ལ་འོད་འབར་བར་གྱུར་པར་བསམ་པ་སྟེ་ཕྱག་རྒྱ་བཅིང་བ་དམ་ཚིག་གི་ཕྱག་རྒྱ། རྡོ་རྗེ་རྩེ་ལྔ་པར་བསམ་པ་དམ་ཚིག་གི་ཕྱག་རྒྱ། རྡོ་རྗེའི་ལྟེ་བ་ལ་ཧཱུྃ་བསམ་པ་ཆོས་ཀྱི་ཕྱག་རྒྱའོ། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །ཞེས་པ་ཟླ་བ་ནི་གཡོན་པའོ། །བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །ཞེས་པ་ནི་སོར་མོ་རྣམས་གནོད་སྦྱིན་གྱི་ཁུ་ཚུར་བྱས་ཏེ། འབྲུ་སྦས་ཏེ་དྲིལ་བུ་དང་བཅས་པའོ། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །ཞེས་པ ། ཡུམ་ལ་འཁྲིལ་ཞིང་འཁྱུད་པའི་ཚུལ་གྱིས་བརྟེན་པ་ནི་ཡུམ་ལ་སྐུ་མཉེས་པ་ལྟ་བུའོ། །འཁྱུད་པའི་ཚུལ་དུ་བྱས་པ་ནི་ཕྱག་རྒྱའོ། །ཡུམ་དངོས་སུ་བསམ་པ་ལས་ཀྱི་ཕྱག་རྒྱ་སྟེ་ཡབ་ཡུམ་འཁྲིལ་བའི་ཚུལ་ལོ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན་པ་ནི་ལག་པ་གཡོན་པ་གཡས་པ་བཞིན་བྱས་པའོ། །མཱུྃ་ནི་གུང་མོ་སྟེ་བསྒྲེང་བའོ། །དེའི་རྩེ་མོར་མཱུྃ་འོད་དུ་ཞུ་བས་དྲིལ་བུ་འོད་འབར་བ་བསམ་པ་ནི། བསམ་པ་དམ་ཚིག་གི་ཕྱག་རྒྱའོ། །གུང་མོ་བསྒྲེང་བ་ནི་བཅའ་བ་དམ་ཚིག་གི་ཕྱག་རྒྱའོ། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །ཞེས་པ་ལག་པ་གཡས་པའི་རྩེ་མོ་ལྔ་ལས་ཡབ་ལ་འཁྲིལ་བའི་ཚུལ་དུ་བྱའོ། །དེ་ནི་ལས་ཀྱི་ཕྱག་རྒྱའོ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །ཟེར་བ་ཡབ་ལ་བཏུད་དེ་ཞལ་འཛུམ་པའི་མདངས་ཀྱིས་ཡབ་ལ་བལྟ་བའོ། །ཡབ་ཡུམ་གཉིས་ཀྱི་ཕྱག་རྒྱ་བཅའ་བའི་དུས་སུ་སྐུ་གསལ་གདབ་པ་ནི། སྐུ་ཕྱག་རྒྱ་ཆེན་པོ་ནི་སྤྱིར་ཤེས་པར་བྱ་སྟེ་འགྲེའོ། །རྣམ་སྣང་ཡབ་ཡུམ་གྱི་ཕྱག་རྒྱ་ནི་ལག་པ་གཡས་པའི་འབྲུ་བཞི་སྦས་ནས་ཐུགས་ཀར་བཀན་པ་ནི་ལག་རྒྱབ་བྲང་ལ་ཀླན་པའོ། །ༀ་མཛུབ་མོ་བསྒྲེང་བའི་རྩེ་མོར་ཨཱོཾ་ལས་འཁོར་ལོ་འོད་འབར་བ་བསྒོམ། སྙིང་པོར་ༀ་བསྒོམ། ཟླ་བརྟུལ་ནི་གཡོན་བསྐུམ་པ་སྟེ་ཁུ་ཚུར་བཅས་བ་དྲིལ་བུ་གསིལ་ཞིང་འཁྲིལ་བ་ཡུམ་ལ་འཁྱུད་པའི་ཚུལ་གྱིས་ཆོས་ཡུམ་ལ་བརྟེན། ཕྱག་རྒྱ་རྣམས་ཀྱི་བཤད་པ་མི་བསྐྱོད་པ་བཞིན་ཤེས་པར་བྱའོ། །ཡུམ་གྱི་ཕྱག་རྒྱ་ནི་ལག་པ་གཡོན་པའི་འབྲུ་བཞི་ཁུ་ཚུར་བཅངས་ཏེ་སྦས་ནས་ཐུགས་ཀར་བཀན་པ་ནི་ཡབ་བཞིན་ནོ། །ལཱྃ་མཛུབ་མོ་བསྣོལ་བའི་རྩེ་མོར་ལཱྃ་ལ་དྲིལ་བུ་འོད་འབར་བ་བསྒོམ། ཉི་མ་ལག་པ་གཡས་པ་འབྲུ་སོར་མོ་ལྔ་ལས་ཡབ་ལ་འཁྲིལ་བའོ། །ཡབ་ལ་བཏུད་དེ་འཛུམ་པའི་མདངས་ཀྱིས་ཡབ་ལ་བལྟ། རིན་འབྱུང་ཡབ་ཡུམ་ནི། ལག་པ་གཡས་པའི་འབྲུ་བཞི་སྦས་པ་ནི། ཁུ་ཚུར་བཅངས་ནས་ཐུགས་ཀར་བཀན། སྭཱ་གཡས་པའི་མཐེ་བོང་བསྒྲེང་བའི་རྩེ་མོར་སྭཱ་ལས་རིན་པོ་ཆེར་གྱུར་པ་ལས་སྭཱས་མཚན་པ་བསྒོམ། ཟླ་བ་གཡོན་པ་སྟེ་འབྲུ་སྦས་ཁུ་ཚུར་བཅངས་ནས་དྲིལ་བུ་གསིལ་བའོ། །འཁྲིལ་བས་ཡུམ་ལ་འཁྱུད་པའི་ཚུལ་གྱིས་ཆོས་ཡུམ་ལ་བརྟེན། །དེའི་ཡུལ་སྟེ་ལག་པ་གཡོན་པའི་འབྲུ་བཞི་སྦས་ནས་ཐུགས་ཀར་བཀན་པ་གོང་བཞིན་ནོ། །མཱྃ་མཐེ་བོང་བསྒྲེང་བའི་རྩེ་མོར་མཱྃ་ལས་དྲིལ་བུ་འོད་དང་བཅས་པ་བསྒོམ། ཉི་མ་གཡས་པའི་འབྲུ་སོར་མོ་ལྔ་ལས་ཡབ་ལ་འཁྲིལ་བའི་ཚུལ་ལོ། །ཡབ་ལ་བཏུད་དེ་འཛུམ་པའི་མདངས་ཀྱིས་ཡབ་ལ་བལྟ། སྣང་མཐའ་ཡབ་ཡུམ་གྱི་མུ་དྲ་ནི་ལག་པ་གཡས་པ་འབྲུ་བཞི་སྦས་ནས་ཐུགས་ཀར་བཀན་པ་སྔར་དང་འདྲ། ཨཱྃ་སྲིན་ལག་བསྒྲེང་བའི་རྩེ་མོར་ཨཱྃ་ལས་པདྨ་འབར་བ་འོད་དང་བཅས་པ་ཨཱྃ་གིས་མཚན་པར་བསྒོམ། ཟླ་བ་གཡོན་བརྟུལ་བ་འབྲུ་སྦས་ཁུ་ཚུར་གྱིས་དྲིལ་བུ་གསིལ་ཞིང་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་ཆོས་ཡུམ་ལ་བརྟེན། ཡུམ་གྱི་ཕྱག་རྒྱ་ནི་ལག་པ་གཡོན་པའི་འབྲུ་བཞི་སྦས་ནས་ཐུགས་ཀར་བཀན་པ་ཡབ་ལྟར་བརྟེན། པྱཱྃ་སྲིན་ལག་བསྒྲེང་བའི་རྩེ་མོར་པྱཱྃ་ལས་དྲིལ་གསིལ་འོད་འབར་བར་བསྒོམ། ཉི་མ་གཡས་པ་འབྲུ་ལྔ་ལས་ཡབ་ལ་འཁྲིལ། ཡབ་ལ་བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། དོན་གྲུབ་ཡབ་ཡུམ་ནི་གཡས་འབྲུ་བཞི་སྦས་ནས་ཐུགས་ཀར་བཀན་པ་སྔར་དང་འདྲ། ཧཱྃ་མཐེའུ་ཆུང་བསྒྲེངས་པའི་རྩེ་མོར་ཧཱྃ་ལས་རལ་གྲི་འོད་འབར་བ་ཧཱྃ་གིས་མཚན་པར་བསྒོམ། ཟླ་གཡོན་བརྟུལ་འབྲུ་སྦས། ཁུ་ཚུར་བཅང་བ་དྲིལ་བུ་གསིལ་ཞིང་ཡུམ་ལ་འཁྱུད་པའི་ཚུལ་གྱིས་ཡུམ་ལ་བརྟེན། དེའི་ཡུམ་ནི་འབྲུ་བཞི་སྦས་ཐུགས་ཀར་བཀན་པ་སྔར་དང་འདྲ། ཏཱྃ་མཐེའུ་ཆུང་བསྒྲེང་བའི་རྩེ་མོར་ཏཱྃ་ལས་དྲིལ་གསིལ་འོད་འབར་བ་བསྒོམ། ཉི་མ་གཡས་འབྲུ་སོར་མོ་ལྔ་ལས་ཡབ་ལ་འཁྲིལ་བའི་ཚུལ་དུ་འཁྲིལ། དབུ་བཏུད་དེ་འཛུམ་པའི་མདངས་ཀྱིས་ཡབ་ལ་བལྟ། སེམས་དཔའ་ཡབ་ཡུམ་གྱི་ཕྱག་རྒྱ་ནི། ཨུཏྤལ་ནི་བྱང་ཤར་མཚམས་ཀྱི་འཇམ་དཔལ་ལོ། །ཀླུ་ཤིང་ནི་ཤར་ལྷོ་མཚམས་ཀྱི་བྱམས་པའོ། །སོགས་ཁོངས་སུ་སེམས་དཔའ་གཞན་མ་རྣམས་བསྡུས་ཏེ། གང་ཞེ་ན། རིན་ཆེན་མྱུ་གུ་ས་སྙིང་། རལ་གྲི་འབར་བ་ནམ་སྙིང་། པདྨ་དཀར་པོ་སྤྱན་རས། རྡོ་རྗེ་འབར་བ་ཕྱག་རྡོར། ཆོས་ཀྱི་འཁོར་ལོ་སྒྲིབ་སེལ། རིན་ཆེན་སྙེ་མ་ཀུན་བཟང་། ཡུམ་རྣམས་ནི། གཟུགས་མཛེས་མེ་ལོང་ལཱ་སྱཱེ་མ། །རིན་ཆེན་ཕྲེང་བ་མཱ་ལེ་མ། །པི་ཝཾ་གར་མཆོད་དེ་ཉིད་དེ། །ཞེས་པ་ནཱི་རྟི་མ། ཕྱིའི་ལྷ་མོ་བཞི་ནི། མེ་ཏོག་ཕྲེང་བ་པུཥྤེམ། སྤོས་མཆོད་དྷཱུ་པེ་མ། མར་མེ་ཨཱ་ལོ་ཀེ། བྱུག་པ་གནྡྷེ་མ་སོགས་ཁོངས་སུ་གོང་མ་རྣམས་བསྡུས་པའོ། །ཡང་ན་སྤར་ཁབ་བཞིན་ཞལ་གསུམ་ཕྱག་དྲུག་པའོ། །ཡུམ་རྣམས་ལས་ཡབ་ལ་འཁྲིལ་བའི་ཚུལ་དང་། ཡབ་རྣམས་ཆོས་ཡུམ་ལ་བརྟེན་པའི་ཚུལ། ཡབ་ཡུམ་གྱི་དབུ་རྣམས་ཡབ་ཀྱིས་ཡུམ་ལ་འབྱོ་ཞིང་འདུད་པའི་ཚུལ་དང་། ཡུམ་རྣམས་ཡབ་ལ་འབྱོ་ཞིང་འདུད་པའི་ཚུལ་ལོ། །གོང་དུ་རིགས་ལྔའི་སྐུ་ཕྱག་རྒྱ་ཆེན་པོ་བཤད་པ་བཞིན་དུ། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་དབྱིངས་ཀྱི་ངང་དུ་འཁྲིལ་བའོ། །སེམས་དཔའ་ཡབ་ཡུམ་གྱི་ཕྱག་རྒྱ་བཅིངས་པ་འདི་རྣམས་རྒྱས་པ་ན། སོར་མོ་གཡས་གཡོན་གྱི་བཞི་བཞི་ལ་སེམས་དཔའ་ཡབ་ཡུམ་བཞི་བཞི་བཀོད་ནས་ངག་ཏུ་བརྗོད་པ་ཚིག་རེ་རེ་བརྗོད་ནས་ཕྱག་རྒྱ་བཅིང་བའམ། རྔམ་པ་གློག་གི་འཁོར་ལོ་ནས། ཚིགས་བཞི་བཞི་ཕྱག་མཚན་རྣམས་དངོས་སུ་བཅའ་བ་འབྱུང་བ་གང་རུང་ཞིག་གིས་བྱ་སྟེ། འདིར་ཕྱག་མཚན་རྣམས་སྨོས་པས་རྔམ་གློག་བཞིན་བྱས་ན་ལེགས་གསུངས་པས། ཕྱག་ལེན་ཡང་དེ་བཞིན་མཛད་དོ། །རྔམ་གློག་ན་ནི། མན་ཆད་ཀྱི་ལྷ་རྣམས་ཀྱང་རྒྱས་པར་འབྱུང་ངོ་། །སྒོ་བ་ཡབ་ཡུམ་བསྟན་ཏེ། སྒོ་བཞི་ན་ཁྲོ་བོ་ཆེན་པོ་བཞི་བཞུགས་པའི་མུ་དྲ་ནི། ནྲྀ་མགོ་ཞེས་པ། ཐོད་དབྱུག་སྟེ་གཤིན་རྗེ་གཤེད་པའི་ཕྱག་མཚན་གདེངས་པ་མི་གཞན་ལ་འཕྱར་བའི་ཚུལ་དུ་བྱེད་པའོ། །རྡོ་རྗེ་གནོན་ནི་རྡོ་རྗེ་མཚན་པའི་དབྱུག་པ་བསྣམས་པ་སྟེ་ལྷོའི་སྟོབས་པོ་ཆེའོ། །ཐོད་སྦྲུལ་ཆེན་པོ་གནོན་ནི་ཐོད་རློན་གྱི་དབྱུག་པ་ལ་སྦྲུལ་དཀྲིས་པ་རྟ་མགྲིན་གྱི་ཕྱག་རྒྱའོ། །རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན་ནི་རྒྱ་གྲམ་གྱིས་མཚན་པའི་དབྱུག་པ་སྟེ་བདུད་རྩི་འཁྱིལ་བའོ། །སྒོ་མའི་ཕྱག་རྒྱ་ནི། ལྕགས་ཀྱུ་ཤར་གྱི་སྒོ་མ། ཞགས་པ་ལྷོ། སྥོ་ཊ་ལྕགསས་སྒྲོག་ནུབ། ཧོཿབྱང་གི་སྒོ་མའོ། །སྒོ་བཞིར་གནས་པའི་ཡབ་ཡུམ་དེ་དག་ཀྱང་། གཅིག་ལ་གཅིག་འདུད་པའི་ཚུལ་དང་དབྱེར་མེད་པར་འཁྲིལ་བ་ནི་གོང་མ་བཞིན་ནོ། །ཐུབ་པ་དྲུག་འགྲོ་བ་དྲུག་འདུལ་བའི་སྟོན་པ་ཡིན་པའི་ཕྱིར། འདུལ་པའི་ཐབས་ཀྱི་རྟགས་ནང་རྟགས་ཕྱི་རུ་ཤར་བ་ཕྱག་རྒྱ་སྣ་ཚོགས་རིག་པ་མེད་ཀྱང་། མདོར་བསྡུ་ན་དྲུག་ཏུ་འདུས་ཏེ། ལྷའི་ཐུབ་པ་པི་ཝཾ་ལ་སོགས་པ་དྲུག་ལེའུ་དྲུག་པར་བསྟན་པ་བཞིན་ནོ། །ཐེག་པ་འདི་ཉིད་ཀྱི་སྐབས་སུ་ལྷ་ཐམས་ཅད་ཐམས་དང་ཤེས་རབ་དབྱེར་མེད་པའི་རང་བཞིན་ཡིན་པ་ལ། ཐུབ་པ་དྲུག་འགྲོ་དྲུག་གི་སྟོན་པ་ཡིན་པས། འགྲོ་དྲུག་ཟག་བྲལ་གྱི་སྐུས་འདུལ་བས། ཡུམ་དངོས་སུ་མ་དམིགས་པས་ན་ཡུམ་དམིགས་མེད་ཅེས་བྱའོ། །འོན་ཀྱང་ཐེག་པ་འདི་དང་མི་འགལ་བར་ཆོས་ཀྱི་དབྱིངས་ཀྱིས་ཐམས་ཅད་དུ་ཁྱབ་པར་བཞུགས་པས་དབྱེར་མི་ཕྱེད་པ་དང་། ཆོས་ཀྱི་དབྱིངས་ལས་སྣ་བའི་དོན་གྱིས་ཡུམ་མོ། །ཀུན་བཟང་ཡབ་ཡུམ་ནི། ཀུན་བཟང་མཉམ་གཞག་ཡེ་ཤེས་འཕྲོ། །ཞེས་པ་མཉམ་བཞག་ལ་སོར་མོ་རྣམས་འོད་འཕྲོ་བ་བཞིན་ཏེ། དོན་རྟགས་ལེའུ་དྲུག་པར་བཤད་ཟིན། ཡུམ་ཀུན་ཏུ་བཟང་མོ་ནི་འཁོར་འདས་ཐམས་ཅད་ཀྱི་ཡུམ་དུ་གྱུར་ཀྱང་མཉམ་གཞག་ནི་མཉམ་གཞག་ཁོ་ན་ཡིན་ལ། པདྨའི་དཀྱིལ་ཞེས་པ། མཉམ་གཞག་ལས་མཐེ་བོང་གཉིས་ངོ་སྤྲད་པའོ། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ། །ཞེས་པ། ཀུན་ཏུ་བཟང་པོའི་ཕྱག་རྒྱ་ནི། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་མ་ལུས་པ་ཐམས་ཅད་མཛད་པ་དང་བཅས་པ་ཡིན་པས་གཅིག་ཏུ་ཆད་པ་མེད་དོ། །ཡང་ན་དེ་བཞིན་གཤེགས་ཉིད་དམ། །ཞེས་པ། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བྱང་ཆུབ་མཆོག་གོ། །ཡང་ན་རྡོ་རྗེ་ཐལ་མོ་ཉིད། །ཅེས་པས། ཕྱག་རྒྱ་འབྱུང་བའི་རྒྱུར་སྨོས་པ་དེ་ཉིད་དོ། །ལྟ་བའི་ཕྱག་རྒྱ་ནི། ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ནི། །ཞེས་པ་ལ་སོགས་ཏེ། ཕུང་པོ་དང་འབྱུང་བ་དང་ཁམས་དང་སྐྱེ་མཆེད་རྣམས་ལྷ་ཡབ་ཡུམ་གྱི་ངོ་བོ་ཉིད་ཡེ་ནས་ཡིན་པ་དེ་སྐུ་གསུང་ཐུགས་ཀྱི་མུ་དྲ་ལྟ་བའི་ངོས་ནས་ཤེས། དེ་ཏིང་ངེ་འཛིན་གྱིས་བསྒོམ་ནས་གོམས་པས་མཐར་ཕྱིན། སྣང་གྲགས་ཀྱི་དཀྱིལ་འཁོར་ཐམས་ཅད་རང་སར་དག་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའི་ཚོགས་ལ་མངའ་བརྙེས་ནས། ཐབས་དང་ཤེས་རབ་འབྱོར་ལྡན་ན། །ཞེས་པ། སྣང་བ་ལྷར་མ་འགག་པ་ནི་ཐབས། རང་བཞིན་མེད་པ་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ་ནི། ཤེས་རབ་སྟེ། ཐབས་དང་ཤེས་རབ་དབྱེ་མེད་པར་འབྱོར་བ་རིག་པ་ལ་གསལ་བ་མཐར་ཕྱིན་པ་ནི་ལྡན་པ་ཞེས་བྱ་སྟེ། ན་ཞེས་པ། དེའི་དུས་ན། མ་བསྐྱོད་མ་བསྒུལ་ཞེས་པ། ལུས་ངག་ཡིད་གསུམ་གྱིས་ཅི་ཡང་མ་བྱས་པའི་བཏང་སྙོམས་ཆེན་པོར་བཞུགས་པ་དང་། རྐྱེན་གྱི་སྒོ་ནས་བསྐྱོད་བསྒུལ་ཐམས་ཅད་ཀུན། ཕྱག་རྒྱ་ཆེན་པོ་ངང་དུ་གནས། །ཞེས་པ། སྐུ་མ་འགག་པ་སྐུ་ཕྱག་རྒྱ་ཆེན་པོ་ལས་འདའ་བ་མེད། བརྗོད་པ་ཐམས་ཅད་གསུང་ཕྱག་ཆེན་པོ་ལས་འདའ་བ་མེད། དྲན་རྟོགས་ཐམས་ཅད་ཐུགས་ཕྱག་རྒྱ་ཆེན་པོ་ལས་འདའ་བ་མེད་པའི་ངང་ལས་མ་གཡོས་མི་ཉམས་པར་གནས་པ་ནི། ཕྱག་རྒྱ་མཆོག་གི་ངང་ལ་གནས་ཞེས་བྱའོ། །སྣང་བ་རྣམ་པར་འབྱེད་པ་ལ་བསླབ་པ་ནི། ཡན་ལག་གཉིས་པ་རྟོགས་པའི་ཡན་ལག་རྣམས་ཟུང་ཞིག་སྟེ་རྣམ་ཤེས་ཕུང་པོ་དང་འབྱུང་བ་ནམ་མཁའ་གཉིས་ལ་ཡང་རྟོག་པ་བཞི་བཅུ་ཡོད་པའི་ཕྱིར། ཡབ་ཡུམ་ལ་ལྷ་བཞི་བཅུ་བསྒོམ་སྟེ། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །ཞེས་པ་ཡན་ལག་གི་ལྷ་བཞི་བཅུ་རྩ་བ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས་ལ་ལྡན། ཞེས་པ་སྟེ། དེ་བསྒོམ་པའི་ཚུལ་ནི་བདག་ཉིད་མི་བསྐྱོད་པ་ཡབ་ཡུམ་དུ་གསལ་བའི་རྩ་བ་གཉིས་སོ། །དེ་ཡང་ཡབ་ལ་ཡབ་ཉི་ཤུ་རྩ་གསུམ་དུ་བསྒོམ། ཡུམ་ལ་ཡུམ་བཅུ་བདུན་བསྒོམ་པ་སྟེ། ཡབ་ཀྱི་སྤྱི་བོར་རྣམ་སྣང་། ལྐོག་མར་སྣང་བ་མཐའ་ཡས། ལྟེ་བར་རིན་ཆེན་འབྱུང་ལྡན། གསང་གནས་སུ་དོན་གྲུབ། སྙིང་གར་ཀུན་ཏུ་བཟང་པོ། མིག་གི་རྩའི་ནང་དུ་སའི་སྙིང་པོ། རྣ་བའི་ནང་དུ་ནམ་མཁའི་སྙིང་པོ། སྣ་ལ་སྤྱན་རས། ལྕེ་ལ་ཕྱག་རྡོར། མིག་གི་རྩའི་ཕྱི་རོལ་དུ་བྱམས་པ། རྣ་བའི་རྒྱབ་ཏུ་སྒྲིབ་སེལ། སྣ་ལ་ཀུན་ཏུ་བཟང་པོ། ལྕེ་ལ་འཇམ་དཔལ་ལོ། །ལག་པ་གཡས་པ་གཤིན་རྗེ་གཤེད། གཡོན་པ་སྟོབས་པོ་ཆེ། རྐང་པ་གཡོན་པ་རྟ་མགྲིན། གཡས་པ་བདུད་རྩི་འཁྱིལ་བ། སྤྱི་བོར་ལྷའི་ཐུབ་པ། དཔུང་པ་ལ་ལྷ་མ་ཡིན་གྱི་ཐུབ་པ། སྙིང་གར་མིའི་ཐུབ་པ། པུས་མོ་ལ་བྱོལ་སོང་གི་ཐུབ་པ། མགྲིན་པར་ཡི་དྭགས་ཡི་ཐུབ་པ། རྐང་མཐིལ་དུ་དམྱལ་བའི་ཐུབ་པ། ཡུམ་ལ་ཐུབ་པ་དྲུག་མ་གཏོགས་པ་ཡུམ་བཅུ་བདུན། ཡབ་ཀྱི་གནས་དང་མཐུན་པར་ཡུམ་ལ་དགོད། དེ་ལྟར་ཡན་ལག་བཞི་བཅུ་བསྒོམ་པ་ནི་ཐབས་ཀྱི་ལྷའོ། །དེ་ཉིད་ཡན་ལག་སྤྲོས་བདག་སྟེ། །ཞེས་པ། དེ་ཉིད་ནི་ཐབས་ཀྱི་ལྷ་དེ་ཉིད་དོ། །ཡན་ལག་སྤྲོས་པ་ནི་འོག་ནས་སྨོས་པ་རྣམས་སོ། །སྤྲོས་པའི་ནང་དུ་ཉེ་བར་བཟུང་བ་ནི། བདག་སྟེ་ཞེས་པ། ཐུགས་ཀ་བཞི་བཅུར་ཡེ་ཤེས་སེམས་དཔའ་བཞི་བཅུ་བསྒོམ་པ་ནི་ཤེས་རབ་ཀྱི་ལྷའོ། །བཞི་བཅུ་རྩ་གཉིས་སུམ་འཕྲོར་འགྱུར། །ཞེས་པ་རྩ་བ་ཉིད་ལ་སྐུ་གསུང་ཐུགས་ཀྱི་ལྷ་བཞི་བཅུ་ཚན་གསུམ་དུ་འཕྲོས་པས། རྩ་གཉིས་ནི་རྩ་བ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས་སྤྲོས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་སྨོས་པའོ། །བཞི་བཅུ་རྩ་གསུམ་འཕྲོ་བར་འགྱུར། །ཞེས་སྦྱར་ཏེ། བཞི་བཅུ་པོ་བཞི་པོ་དེ་ལ་སྤྱི་བོར་སྐུའི་ལྷ་བཞི་བཅུ། མགྲིན་པར་གསུང་གི་ལྷ་བཞི་བཅུ། ཐུགས་ཀར་ཐུགས་ཀྱི་ལྷ་བཞི་བཅུ་སྟེ་བརྒྱ་ཉི་ཤུའོ། །གོང་གི་ཐབས་ཤེས་རབ་ཀྱི་ལྷ་བརྒྱད་ཅུ་དང་བསྡོམས་པས་ཉིས་བརྒྱ་ནི་གྲངས་ཀྱི་གཞི་མའོ། །བདག་སྟེ་ཞེས་པས། བདག་པོའི་ལྷ་དབུ་རྒྱན་ལྔ་ལྔ་བས་ནམ་པས་ལྔ་ཚན་ཉིས་བརྒྱ་ལ་སྟོང་ཡོད་དེ། དབུ་རྒྱན་ཁོ་ནའི་གྲངས་སོ། །དེ་ལྟར་ལྡན་པའི་གཙོ་མཆོག་གིས། །ཞེས་པ། གཙོ་བོ་མི་བསྐྱོད་པ་ཡབ་ཡུམ་ལ་དབུ་རྒྱན་གྱི་ལྷ་སྟོང་དེའི་རྩ་བ་ཉིས་བརྒྱ་དེ་ལོགས་སུ་ཡོད་པའོ། །གིས་ཞེས་པས། བྱེད་པ་པོ་སྟེ་ལྷ་བཞི་བཅུ་པོ་ཀུན་ལ་བསྒོམ་པར་བསྟན་པའོ། །རྒྱལ་བ་རྒྱལ་མཆོག་དེ་བཞིན་དུ། །ཞེས་པ། རྒྱལ་བ་ནི་རིགས་བཞི་པོ་ཡབ་ཡུམ་མོ། །དེ་བཞིན་དུ་ཞེས་པ། རྡོ་རྗེ་སེམས་དཔའ་ལ་བསྒོམ་པ་ཇི་ལྟ་བ་བཞིན་རིགས་བཞི་ཡབ་ཡུམ་ལ་ཡང་བསྒོམ་སྟེ། རིགས་བཞི་ཡབ་ཡུམ་ལ་ཡང་རྩ་བ་ཉིས་བརྒྱ་རེ་རེ། ཡན་ལག་དབུ་རྒྱན་སྟོང་སྟོང་ཡོད་པས་བཞི་སྟོང་ངོ་། །རྒྱལ་མཆོག་དེ་བཞིན་དུ། །ཞེས་པ་རྒྱལ་བའི་མཆོག་ནི་ཐམས་ཅད་ཀྱི་རྩ་བ་ཀུན་ཏུ་བཟང་པོ་ཡབ་ཡུམ་སྟེ། རྩ་བ་གཉིས་བརྒྱ་ཡན་ལག་དབུ་རྒྱན་སྟོང་། བཅུ་གཉིས་དྲུག་གི་འོད་འཕྲོ་འབར། །ཞེས་པ་བཅུ་གཉིས་ནི་སེམས་དཔའ་ཡབ་ཡུམ་བཅུ་དྲུག །སྒོ་བ་ཡབ་ཡུམ་བརྒྱད་དེ་ཉི་ཤུ་རྩ་བཞི། ཡབ་ཡུམ་གཉིས་གཉིས་གཅིག་ཏུ་བརྩིས་པས་བཅུད་དང་གཉིས་ཏེ། དེ་ལ་ཡན་ལག་དབུ་རྒྱན་གྱི་ལྷ་སྟོང་ཚོ་བཅུ་གཉིས་ཡོད་དོ། །དྲུག་གི་འོད་འཕྲོ་འབར། །ཞེས་པ་ཐུབ་པ་དྲུག་ལ་ཡུམ་མེད་པ་ལ་ཡུམ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིན་པས་ལུས་ལ་ཆ་གཉིས་སུ་བྱས། གཡས་པ་ཐབས་ཡབ། གཡོན་པ་དབྱིངས་ཡུམ་གྱི་ཆར་བགོས་པ་གཡས་ཀྱི་ཕྱོགས་ལ་ཡབ་རྣམས་བཀོད། གཡོན་གྱི་ཕྱོགས་ལ་ཡུམ་རྣམས་བཀོད་དེ། དེས་ཡེ་ཤེས་སེམས་དཔའ་དང་སྐུ་གསུང་ཐུགས་ཀྱི་ལྷ་ཡང་འགྲེ་བས་དབུ་རྒྱན་སྟོང་ཚོ་དྲུག་ཡོད། དེ་ཚོ་ལ་རྩ་བ་ཉིས་བརྒྱ་པོ་མ་བརྩིས་པའི་ཡན་ལག་དབུ་རྒྱན་སྟོང་ཚོ་ཉི་ཤུ་རྩ་བཞི་ཡོད་པ་ལ་བུདྡྷ་ཉི་ཁྲི་བཞི་སྟོང་བསྒོམ་ཞེས་པའོ། །དེ་ནི་ཕྱག་རྒྱ་སྤྲོས་པའི་སྐབས་སུ་ལམ་མཐར་ཆགས་པའི་དབང་དུ་བྱས་པ་ཡིན། ལམ་ཐོད་རྒལ་བའི་དབང་དུ་ནི་དངོས་སུ་བསྒོམ་ནུས་ཏེ། ཚོགས་བསྒྲུབ་མི་དགོས་པར་ཚེ་དབང་དུ་སྦྱོར་བ་མི་འགལ་བའོ། །སྤྲོས་པའི་རྣལ་འབྱོར་དེའི་དོན་གྱིས་ཐུབ་པ་དྲུག་ལ་ཡུམ་མེད་པས་ཐེག་པ་འདི་ཉིད་ཀྱི་ལྷ་མིན་པར་མི་འགྱུར། དོན་གྱི་ཡུམ་ཆོས་ཀྱི་དབྱིངས་གོང་དུ་སྨོས་པ་ཉིད་དོ། །ལྷ་རྗེ་ཆུ་བར་པས་རྟགས་ཀྱི་ཡུམ་ཀུན་ཏུ་བཟང་མོར་འདོད་སྐད། ལྷ་རྗེ་བཙད་ཙ་ན་རེ། རྟགས་ཀྱི་ཡུམ་མེད་པ་མི་སྟོ་སྟེ། ལུང་ལས། མུ་སྟེགས་ཅན་ལ་ཕན་གདགས་ཕྱིར། །བདེ་གཤེགས་བཙུན་མོ་རབ་ཏུ་སྦས། །ཞེས་པས་སོ། །མཐར་ལམ་གྱི་སྣང་བ་ནི། དེ་ལ་སོགས་པ་བསམ་མི་ཁྱབ། །ཅེས་པ། གོང་མ་དེ་དག་ལས་སུ་རུང་ནས་རྣལ་འབྱོར་པ་རིག་པའི་རྩལ་འབྱོངས་པས་སོགས་ཁོངས་སུ་བསྒོམ་ལམ་མཐར་ལམ་ཡང་བསྡུ་སྟེ། དངོས་པོ་རིལ་དཀྱིལ་འཁོར་དུ་མ་གྱུར་པ་མེད་དེ། སྟོང་གསུམ་དཀྱིལ་འཁོར་གང་བ་དང་། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བ་ལ་སོགས་པ་ཏིང་ངེ་འཛིན་རིག་པའི་རྩལ་བསམ་གྱིས་མི་ཁབ་པར་བསྟན་ཏོ། །དེས་འགྲོ་དོན་མཛད་ཚུལ་གྱི་མདོར་བསྟན་ན། ཕྱོགས་བཅུ་དུས་བཞི་བསམ་ཡས་སུ། །ཞེས་པ། ཕྱོགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བསམ་གྱི་མི་ཁྱབ་པའི་དཀྱིལ་འཁོར་དུ་མ་གྱུར་མེད་པས་དེས། འདུལ་བའི་ཐབས་རྣམས་སོ་སོར་སྟོན། །ཞེས་པས། རིག་པ་རང་སྣང་མི་འགག་པའི་རྩལ་ལས་འགྲོ་བའི་རིས་རིགས་སོ་སོའི་གདུལ་བྱ་དང་མཐུན་པའི་འདུལ་བྱེད་དེ་བཞིན་དུ་སྣང་སྟེ། མཐོ་བ་དང་དམའ་བ། ཆེ་བ་དང་ཆུང་བ། བེམ་པོ་དང་རིག་པ་ཅན་གདུལ་བྱ་འདུལ་བའི་ཐབས་ཐམས་ཅད་དུ་འཆར་རོ། །གཞི་དེ་ལྟར་ཡིན་ན་གཞི་ལྷའི་འཁོར་ལོ་ལ་སྣང་བའི་ཕྱིར་དཀྱིལ་འཁོར་ཁོ་ནས་དོན་བྱེད་དོ་སྙམ་ན། རྒྱས་པར་བཤད་པ་གསུང་གི་ཐེག་པ་བསྟན་པའི་ཕྱིར། གོང་དུ་སྐུས་མཛད་པར་བསྟན་པ་ནི་ཕྱོགས་གཅིག་ཡིན་གྱི། ཐེག་པ་མཐོ་དམན་ཐམས་ཅད་དང་། །ཞེས་པ་ཐེག་པ་རིམ་པ་དགུའི་གདུལ་བྱ་རྣམས་ལ་དེ་བཞིན་དུ་སྣང་བ་དོན་དམ་ངེས་པའི་ཐེག་པའོ། །དེས་འདུལ་བའི་སྐལ་བ་མེད་པ་རྣམས་ལ། ཕྱིན་ཅི་ལོག་རྣམས་བསམ་ཡས་དང་། །ཞེས་པ་ཕྱིན་ཅི་ལོག་ནི་མུ་སྟེགས་པ་སྟེ། རྟག་ཆད་ཀྱི་ལྟ་བ་སྟོན་པའི་སྟོན་པ་གཉིས་དང་། བསམ་ཡས་ཞེས་པ། ལྷ་དང་ཀླུ་དང་གནོད་སྦྱིན་དང་སྲིན་མོ་རྣམས་ལ་སོ་སོའི་མོས་པ་ལྟར་སྣང་བས་གཅིག་ཏུ་ངེས་པ་མེད་པའི་ཕྱིར། སངས་རྒྱས་མཉམ་སྦྱོར་ལས། ས་གསུམ་ཐམས་ཅད་ཀུན་ཏུ་ནི། །སེམས་དཔའ་ཆེན་པོས་སྟོན་བྱེད་པ། །རེས་འགའ་བྱང་ཆུབ་རེས་འགའ་ལྷུམས། །རེས་འགའ་ཞི་ལ་རེས་འགའ་དྲག །རེས་འགའ་གདོན་ཆེན་བགེགས་མཛད་དེ། །དེ་ལ་སོགས་པ་མཐའ་ཡས་མཆོག །རི་དང་སྐྱེ་བོ་ཐམས་ཅད་དོ། །ཞེས་འབྱུང་སྟེ། ཞི་བས་འདུལ་བ་ལ་ཞི་བ། ཁྲོ་བོས་འདུལ་བ་ལ་ཁྲོ་བོ། །དེ་གཉིས་ཀྱི་རྩ་བ་དང་ཡན་ལག་གཙོ་བོ་དང་འཁོར་ཚོགས་ཆེན་པོ་དང་བཅས་པས་གདུལ་བྱ་ཐམས་ཅད་ལ་སོ་སོའི་བློ་དང་མཐུན་པར་ཕྱོགས་ཀུན་ཏུ། དུས་ཀུན་ཏུ་སྣང་སྟེ་རྒྱུན་ཆད་པ་མེད་དོ། །ལྷུན་གྲུབ་ཏུ་བསྟན་པ་དཔེས་བསྟན་པ་ནི། དཔེར་ན་གར་མཁན་ཉིད་འདྲ་བར། །ཞེས་པ། དཔེར་ན་གར་མཁན་གྱིས་འགྲོ་བ་རྣམས་ཀྱི་ཡིད་འདྲེན་པར་བྱ་བའི་ཕྱིར། དག་པ་བུདྡྷའི་ཆ་ལུགས་བྱང་ཆུབ་སེམས་དཔའི་ཆ་ལུགས་འགྲོ་བ་དྲུག་སོ་སོའི་ལུས་འདྲ་བ་སྐྱེས་པ་བུད་མེད་བེམ་པོ་རིག་པ་ཅན་གང་དང་གང་གི་གཟུགས་བྱས་ཀྱང་རང་གི་ལུས་ལས་མ་གཡོས་པར་སྟངས་དེ་དག་གིས་འགྲོ་བའི་ཡིད་ཚིམ་པར་བྱེད། ལྟད་མོ་པའི་ཡིད་ཚིམ་ཡང་རང་གི་ལུས་ལ་གོད་པ་མེད། དེ་བཞིན་དུ་གཞན་དོན་གྱི་མཛད་པ་ཐམས་ཅད་ཅིར་ཡང་འཆར་བ་ནི། རིག་པ་བྱང་ཆུབ་སེམས་གཞི་མ་ངེས་པ་ལས་མཛད་པ་ཐམས་ཅད་དུ་འཆར་ཏེ། འདི་མི་འཆར་བྱ་བའི་མཐར་ཐུག་པ་མེད་པ་གར་མཁན་ལུས་ལས་མ་གཡོས་པར་ཐམས་ཅད་དུ་སྣང་བ་བཞིན། རིག་པ་རང་བྱུང་གི་ཡེ་ཤེས་གང་དུ་ཡང་མ་གཡོས་པར་གདུལ་བྱའི་ངོར་ཀུན་ཀྱང་འཆར། ཐོག་མཐར་མཛད་པ་ཤར་ནས་འགྲོ་དོན་མཛད་པའི་དུས་སུ་རིག་པ་མཉམ་པ་ཉིད་ལས་བྱ་བཙལ་ཕྲ་བའང་མི་གནས་པ་ནི། ལུས་ལ་མ་གོད་པའི་དཔེའོ། །དེས་ན་མཛད་པ་ཐམས་ཅད་ཕྱོགས་འཛིན་དང་བྱ་བཙལ་མི་མངའ་བར་ལྷུན་གྲུབ་ཀྱི་མཛད་པའོ། །ཕྱག་རྒྱའི་རྣམ་གྲངས་མཇུག་བསྡུ་བ་དང་བཅས་པ་ནི། མདོར་ན་ཕྱག་རྒྱ་ཐམས་ཅད་ནི། །ཞེས་པ་ལ་སོགས་ཏེ། འདིར་ཉེ་བར་བསྡུས་ཏེ་བསྟན་ན། སྐུ་དང་གསུང་དང་ཐུགས་དང་དམ་ཚིག་གི་ཕྱག་རྒྱ། དེ་རེ་རེ་ལ་ཡང་འཕྲོས་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་རྣམས་ལས། ཉེ་བར་བསྡུས་ན་སྐུ་ཕྱག་རྒྱ་ཆེན་པོ་དེ་ལས་འཕྲོས་པ་གོང་དུ་སངས་རྒྱས་ཉི་ཁྲི་ཆིག་སྟོང་རྣམས་བསྡུས་ན། མ་སྐྱེས་པ་ཆོས་ཀྱི་སྐུའི་ཕྱག་རྒྱ་སེམས་ཉིད་རང་རིག་པའི་ངང་ལས་མ་གཡོས་ཏེ། དེ་ལས་ཕྱག་རྒྱའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཇི་ལྟར་ཤར་བ་གཅིག་ལ་དམ་དུ་འཛིན་ནས་འདི་ཁོ་ནའོ་ཞེས་བརྗོད་དུ་མེད་དེ་སེམས་ཀྱི་ངང་ལ་མི་གནས་པའོ། །འོ་ན་ཆོས་སྐུ་སྐྱེ་མེད་འབའ་ཞིག་གོ་ཞེ་ན། དེ་ཉིད་དུ་རྣམ་དག་ཕྱོགས་གཅིག་ཏུ་འཛིན་པ་མེད་པས་མཚོན་པ་ལས་འདས་ཏེ། དེ་ཉིད་རང་སྣང་བ། གཉིས་དང་གསུམ་དུ་རྣམ་པར་འཕྲོ། །ཞེས་པ། གཉིས་ནི་རྟོག་པའི་དབང་དུ་བྱས་ན་ཀུན་གཞི་མི་འགག་པའི་རྩལ་ལས་ཡིད་རིག་པ་སྣང་བ་གཉིས་རྟོག་པ་བཞི་བཅུ་ཡིད་དང་ཀུན་གཞི་གཉིས་སུ་འདུས་པས་གཉིས་ཞེས་བྱའོ། །དག་པའི་གནས་སྐབས་སུ་རྒྱལ་བའི་དཀྱིལ་འཁོར་བཞི་བཅུ། ཀུན་བཟང་ཡབ་ཡུམ་གཉིས་སུ་འདུས་པས་གཉིས་ཞེས་བྱའོ། །གསུམ་ནི་གཞི་དུས་སུ་ཡང་ཡིད་ཀུན་གཞི་དབྱེར་མེད་དང་གསུམ། འབྲས་བུའི་དུས་སུ་ཀུན་ཏུ་བཟང་མོ་དབྱིངས། ཀུན་ཏུ་བཟང་པོ་ཡེ་ཤེས། དེ་དབྱེར་མེད་པ་ཆོས་སྐུའི་ངོ་བོ་ཉིད་དང་གསུམ་ལས། རྣམ་པར་འཕྲོ་ཞེས་པ། རྩ་བ་ཐབས་དང་ཤེས་རབ་དབྱེར་མེད་གསུམ་ལས། ཐབས་དང་ཤེས་རབ་ཀྱི་ལྷ་བརྒྱད་ཅུ་དང་། སྐུ་གསུང་ཐུགས་ཀྱི་ལྷ་གཞི་པོ་གསུམ་དང་། རྣམ་པར་འཕྲོ་བ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟོང་ལ་སོགས་པར་ཕྱག་རྒྱའི་གྲངས་མ་ངེས་ཞེས་པའོ། །བསྐྱོད་དང་སྤྲོ་བའང་དེ་བཞིན་ཉིད། །ཅེས་པ། བསྐྱོད་པ་ནི་ཡན་ལག་ལྔ་ལས་ཡན་ལག་གི་ལྷ་ལྔ་བཅུ་བཀོད་ནས་ཡན་ལག་གི་བསྐྱོད་བསྒུལ་ཐམས་ཅད་དོ། །སྤྲོ་བ་ནི་གོང་དུ་བསྟན་པ་ལྟར་བུདྡྷ་ཉི་ཁྲི་བཞི་སྟོང་བཀོད་ནས་གོམས་པའི་དུས་སུ་སྣང་སྟོང་མཉམ་པ་ཉིད་ནི། མདོར་ན་ཕྱག་རྒྱ་ཐམས་ཅད་ཀུན། །ཅེས་པ་གོང་དུ་བསྟན་པའི་གོམས་པ་ཀློང་དུ་གྱུར་པའི་དུས་སུ། དབང་པོ་ལྔའི་ཡན་ལག་གི་འཕྲོ་འདུ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བ་ཉིད་ཕྱག་རྒྱ་ཆེན་པོའི་ངང་དུ་ཐ་མལ་པའི་གཟུང་འཛིན་དག་པའོ། །དེས་ན་དེ་ལས་མི་འགྱུར་བས་ན་གནས་ཞེས་བྱ་སྟེ། གནས་ཞེས་པ་ནི། རང་བཞིན་གྱི་ཕྱག་རྒྱ་སྐུ་དང་ཡེ་ཤེས་སུ་ཡིན་ཚུལ་དུ་གནས་པ་ལྟ་བའི་ཕྱག་རྒྱ་རྟོགས་ཏེ་མངོན་དུ་བྱས། ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱས་རིག་པ་ལ་མངོན་དུ་གོམས་པའི་དུས་ན། ཡུལ་དྲུག་གི་ཆོས་ཅིར་སྣང་ཅིར་བྱས་ཐམས་ཅད་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ། དེའི་དུས་སུ་སྣང་བ་སྐུ། གྲགས་པ་གསུང་། དྲན་རིག་ཐུགས་ཁོ་ན་ལས་མི་འདའ་བ་ལ་གནས་ཞེས་བྱ་སྟེ། དེའི་དུས་སུ་དེ་ཙམ་དུ་ཡང་བློས་འཛིན་པ་མེད་པ་ནི། མི་གནས་པ་ཞེས་བྱའོ། །དེ་ལ་ནི་ལྷུན་གྲུབ་ཀྱི་ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བརྗོད་དོ། །དེ་སྐད་དག་མཆོག་ཉིད་ཀྱིས་བཤད། །ཅེས་པ་དེ་སྐད་ནི་གོང་དུ་གསུང་པའི་ལེའུ་སྟོད་དུ་ཡན་ལག་སྤྲོས་པ། ལེའུ་སྨད་དུ་རྟོག་པ་སྤྲོས་པ། བར་དུ་ཕྱག་རྒྱའི་རྣམ་གྲངས་ཉམས་སུ་བླང་བ་དེ་དག་སུས་གསུངས་ཞེ་ན། དག་པ་ནི་འཁོར་འདས་གཉིས་ཀྱི་འདུ་ཤེས་དག་པ་སྟེ་རིག་པ་མཉམ་པ་ཉིད་ཆོས་ཀྱི་དབྱིངས་སོ། །དེ་ཙམ་དུ་ཡང་འཛིན་པ་མེད་པ་ནི་མཆོག་གོ། །དག་མཆོག་ཉིད་དུ་ལྷུན་གྱིས་གྲུབ་པ་ནི་ཀུན་ཏུ་བཟང་། དེས་བཤད་ཅེའོ། །ཚིག་རྐང་འདི་ནི་སྡུད་པ་པོའི་ཚིག་སྟེ། ཁུངས་བཤད་པ་དང་མཚམས་སྦྱར་བའི་ཚིག་གོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཡན་ལག་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས་ཞེས་པ། ཡན་ལག་ནི་གཉིས་ཏེ། ལུས་ཀྱི་ཡན་ལག་ནི་མགོ་ལ་སོགས་པ་ལྔའོ། །རྟོག་པའི་ཡན་ལག་ནི་བཞི་བཅུ་རྩ་གཉིས་སོ། །ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབ་པ་ནི་ལུས་ཀྱི་ཡན་ལག་རིགས་ལྔའི་བུདྡྷ་ལྔ་བཅུའི་དཀྱིལ་འཁོར་བྱིན་གྱིས་བརླབ་པའོ། །རྟོག་པའི་ཡན་ལག་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་བྱིན་གྱིས་བརླབ་པའོ། །ཕྱག་རྒྱ་སྤྲོས་པ་ནི་བུདྡྷ་ཉི་ཁྲི་བཞི་སྟོང་གི་བར་དང་བསམ་གྱིས་མི་ཁྱབ་པར་བསྟན་པ་རྣམས་སོ། །ལེའུ་བརྒྱད་པའི་བཤད་པའོ།། །།དགེའོ།། །།