cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ང་ལྔ་པ།

གླེགས་བམ། རི༽

གུ་རུ་པདྨ་རྒྱལ་པོའི་གསུང་།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་ཉི་མའི་སྙིང་པོ་བཀའ་མཆིམས་ཕུ་མ།

སྨད་ཆ། རྩ་རྒྱུད་གསང་བའི་སྙིང་པོའི་འགྲེལ་པ་ཉི་མའི་སྙིང་པོ་ཞེས་བྱ་བ་གུ་རུ་པདྨ་རྒྱལ་པོའི་གསུང་རྒྱུན་མན་ངག་སྙན་བརྒྱུད་ཆོས་རྗེ་ཀཿཐོག་པ་ཆེན་པོའི་བཤད་སྲོལ་ལེའུ་དགུ་པ་མན་གྱི་སྨད་ཆ་བཞུགས་སོ། །ད་ནི་ལེའུ་དགུ་པ་གཞན་དོན་ཆེད་དུ་གཉེར་བ་སྟོན་ཏེ། དེ་ཡང་ལེའུའི་མཚམས་ཐག་སྦྲེལ་ན། བཞི་པ་ལྔ་པ་དྲུག་པ་བདུན་པ་བརྒྱད་པ་དང་ལྔས་ལྟ་བ་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྔགས་ཕྱག་རྒྱ་དང་བཅས་པ་དང་། མཐར་ཕྱིན་པ་སྤྲོས་པའི་དཀྱིལ་འཁོར་རྣམས་ཀྱང་བསྟན་ནས། རྟེན་གྱི་གང་ཟག་དེ་ལས་གཞན་རྒྱུད་སྨིན་པའི་ནུས་པ་ཡོད་པས། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དབང་བསྐུར་མ་རག་པའི་བར་དུ་སྟོན་ཏོ། །ལེའུ་དགུ་པ་འདིས་རྒྱུད་གསུམ་ལས་ན་ལམ་གྱི་རྒྱུད། སྨད་འབྲས་བུའི་རྒྱུད་ཟུར་ཙམ་སྟོན། རྒྱུད་ཀྱི་དངོས་པོ་བཅུ་ལས་ན་དབང་ཡིན་ལ། དབང་གི་གཞི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། དེ་བྱིན་གྱིས་བརླབ་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཟུར་ཙམ་སྟོན། དཀྱིལ་འཁོར་ལ་མཆོད་པ་དགོས་པས་རྒྱུད་ཀྱི་དངོས་པོ་བཅུའི་མཆོད་པའི་རྣམ་གྲངས་རྣམས་ཀྱང་སྟོན་ཏོ། །དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་དུ་བྱས་ན། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཤས་ཆེ། དེ་ཡང་གོང་དུ་ལྷག་པ་ཏིང་ངེ་འཛིན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྟན་ནས། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བརྟེན་ཏེ་དངོས་པོ་བཅུའི་ཡང་དབང་དང་བསྒྲུབ་པ་དང་། ཕྲིན་ལས་གསུམ་པོ་ཡང་ཤས་ཕྲ་མོ་ཙམ་སྟོན་པ་དཀྱུས་སུ་གློ་གློར་ཤེས་པར་བྱའོ། །དཀྱུས་ལ་འཇུག་སྟེ་གསུང་བ་ལོ་རྒྱུས་ནི། དེ་ནས། དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་ཞེས་པ་ལ་སོགས་ཏེ། ཚིག་གི་དེ་མ་ཐག་པ་ནི་ལེའུ་བརྒྱད་པ་སོང་བའི་རྗེས་ཐོག་གོ། །བསྐྱེད་རིམ་ལ་ཕྱག་རྒྱ་གཅིག་པ་ལ་བརྟན་པ་ཡན་ཆད་སེམས་ཀྱི་གནས་རྙེད་པའོ། །དེ་བཞིན་གཤེགས་པ་ནི་འབྲས་བུ་མངོན་དུ་བྱས་པའི་ཀུན་ཏུ་བཟང་པོའོ། །དེའི་མཚན་ཉིད་ནི། དགྱེས་པ་ཞེས་པ། ཐུན་མོང་དགའ་བ་འདོད་ཁམས་པ་དབང་པོ་ལྔ་ཡུལ་ལྔ་ལ་སྤྱོད་ཅིང་དེའི་གཟུང་འཛིན་གྱི་བདེ་བ་དང་། གཟུགས་ཁམས་པ་རྟོག་དཔྱོད་ལ་སོགས་པའི་ཏིང་ངེ་འཛིན་བཞིའི་སྟོབས་ཀྱིས་སྡུག་བསྔལ་དང་བྲལ་ཞིང་འདུ་ཤེས་ཀྱི་འཛིན་པའི་བདེ་བ་དང་། མཐོང་བའི་ལམ་པས་དོན་དམ་པའི་བདེན་པ་མངོན་དུ་གྱུར་ཏེ། ཆོས་ཐམས་ཅད་རྣམ་པར་དག་པ་ལ་མཐར་འཛིན་གྱི་སྐྱོན་མ་དམིགས་པའི་བདེ་བ་ལ་འཛིན་པ་ཕྲ་བ་དང་མ་བྲལ་བ་རྣམས་ཏེ། ཆེད་འཛིན་ཕྲ་རགས་དང་བཅས་པ་སྤངས་པས་དགྱེས་པ་ཞེས་བྱའོ། །ཆེན་པོ་ནི། རྒྱལ་བ་ཀུན་ཏུ་བཟང་པོ་ལ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཕྱིར། གོང་དུ་བསྟན་པའི་དགའ་བ་གསུམ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པའི་བསམ་གྱིས་མི་ཁྱབ་ལྷུན་གྱིས་གྲུབ་པ་ལ་འོག་མ་རྣམས་ལས་ལྟོས་ན་ཆེ་བ་ཙམ་མ་ཡིན་ཏེ། དབྱེར་མེད་པའི་ངོ་བོ་ཉིད་དུ་ཡང་གཟུང་བ་མེད་པ་ནི་རང་གི་ངོ་བོ་ཉིད་ལས་མཚན་བཏགས་པའོ། །རྡོ་རྗེ་གསང་བའི་དམ་ཚིག་བཀོད་པ་ཞེས་བྱ་བ་ནི། རང་བཞིན་གནས་ཚུལ་གྱི་དོན་རྟོགས་པ་ལྷུན་གྱིས་གྲུབ་པ་ཉིད་རང་བཞིན་འབྲས་བུ་མཐར་ཕྱིན་པ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་སྐུའི་མུ་དྲ། གསུང་གི་མུ་དྲ། ཐུགས་ཀྱི་མུ་དྲ་ཐམས་ཅད་མེ་ལོང་དུ་གཟུགས་བརྙན་སྣང་ཡང་མེ་ལོང་ལས་མ་གཡོས་པ་བཞིན། རང་རིག་པ་རང་བྱུང་གི་ཡེ་ཤེས་ཆོས་གསུམ་གྱིས་མཚོན་པའི་རྡོ་རྗེ་ལྟ་བུའི་ངོ་བོར་ལྷུན་གྱིས་གྲུབ་པ་དེ། ཀུན་ཏུ་བཟང་པོ་ལས་མ་གཏོགས་པའི་ཕལ་གྱི་སྤྱོད་ཡུལ་དུ་མ་གྱུར་པས་ན་གསང་བའོ། །དམ་ཚིག་ནི་རང་བཞིན་གསང་བའི་སྙིང་པོ་དེ་མཚོན་པའི་ཕྱིར་ལྷག་པ་གཟུགས་བརྙན་སྐུའི་དཀྱིལ་འཁོར་གྱིས་རང་བཞིན་གསང་བའི་སྙིང་པོར་སྦྱོར་བ་ལས་མི་འདའ་བའོ། །བཀོད་པ་ཞེས་པ། གཏན་ཚིགས་དེའི་ཕྱིར། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བྱ་བའི་རིམ་པ་དང་། རྒྱས་བསྡུས་ཀྱི་ཚད་དང་། དཀྱིལ་འཁོར་རྒྱས་བསྡུས་ཀྱི་ངོ་བོ་དང་། སློབ་དཔོན་འཇུག་པ་སློབ་མ་འཇུག་པ་དང་། དབང་ཐོབ་ནས་དངོས་གྲུབ་བསྒྲུབ་པ་དང་། འབྲས་བུ་རྣམས་གདུལ་བྱ་ལ་སྣང་བའི། སྙོམས་པར་ཞུགས་ནས་ཞེས་པ། བཀོད་པ་དེ་རྣམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེ་གདུལ་བྱའི་དབང་ངོ་། །ཆེད་དུ་བརྗོད་པ་ཞེས་པ། གོ་ཕྱེ་བའི་འཁོར་ཁོ་ནའི་དབང་ངོ་། །ལེའུ་འདི་བརྗོད་དོ་ཞེས་བྱའོ། །ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གཞི་ཤས་ཆེ་བ་གོང་དུ་བསྟན་ན། སོར་བཞི་པ་དང་སོར་བརྒྱད་པ་གཉིས་གསང་བའི་བདག་པོ་དང་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་བརྟེན་པ་དང་གཉིས་ཀྱི་དབང་ངོ་། །ཁྲུ་གང་བ་དང་ཁྲུ་བཞི་པ་གཉིས་ནི་དཀྱིལ་འཁོར་བསྡུས་པའི་བྲི་གཞིའོ། །ཁྲུ་བཅུ་གཉིས་པ་དང་བཅུ་དྲུག་པ་གཉིས་ནི་དཀྱིལ་འཁོར་འབྲིང་པོའི་བྲི་གཞིའོ། །ཉི་ཤུ་པ་དང་ཉི་ཤུ་རྩ་ལྔ་པ་གཉིས་ནི་དཀྱིལ་འཁོར་རྒྱས་པའི་བྲི་གཞིའོ། །རྒྱང་གྲགས་དང་དཔག་ཚད་གཉིས་ནི་སྤྲོས་པའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རོ། །ནམ་མཁའི་མཐའ་དང་མཉམ་པ་ནི་མཐར་ལམ་པའི་ཏིང་ངེ་འཛིན་གྱི་ཚད་དོ། །རྡུལ་ཚོན་གྱི་དཀྱིལ་འཁོར་རྣམས་ལ་གཉིས་གཉིས་བྱུང་བ་ནི། རྡོ་རྗེ་སློབ་དཔོན་བཟོ་མི་བཟོ་དང་། སློབ་མ་འབྱོར་པ་ཆེ་ཆུང་གི་ཁྱད་དོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་གཉིས་བྱུང་བ་ནི་རྟོགས་པ་མཐོ་དམན་དང་ཏིང་ངེ་འཛིན་གོམས་མ་གོམས་སོ། །དང པོ་དཀྱིལ་འཁོར་ལ་སློབ་དཔོན་གྱི་མཚན་ཉིད་དེ་བསྙེན་པར་བྱ་བ་ལས་མི་འདའ་བ་བསྟན་པ་ནི། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཅེས་པ། འདི་བྲི་བ་ལ་བརྟེན་པའི་དཀྱིལ་འཁོར་བཞི་ཀའི་སྔོན་དུ་འགྲོ་ལ། དེ་ལས་ཀྱང་ལུང་ལ་བརྟེན་པའི་དཀྱིལ་འཁོར་གཅེས་སོ། །རྣལ་འབྱོར་པས་དེ་བཞིན་ཉིད་ཀུན་ཏུ་སྣང་རྒྱུའི་ཏིང་ངེ་འཛིན་ལ་གོམས། དེ་ལས་ཀྱང་རྒྱས་པ་ནས་བཤད་པའི་རྡོ་རྗེ་སེམས་དཔའ་ཕྲ་མོའི་སྐུའམ། གསང་སྙིང་ནས་བཤད་པའི་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་སྐུ་ལ་གོམས་པ་ནི། དཀྱིལ་འཁོར་རྒྱས་པ་ལ་ལྟོས་ན་ཕྲ་བས་སོ། །ཡང་ཕྲ་མོའི་ཏིང་ངེ་འཛིན་གྱིས་ཐུགས་ཀྱི་སྒྲིབ་པ་སྦྱངས་པ་ཤིན་ཏུ་ཕྲ་བའི་ཞེས་པས། བསྙེན་པའི་ཏིང་ངེ་འཛིན་གྱི་འཕྲོ་འདུ་ཡིག་འབྲུའམ། རྡོ་རྗེ་ཕྲ་མོའི་འདུ་འཕྲོ་ལ་སེམས་འབྱོངས་པ་སྟེ། བྱིངས་རྨུགས་རྒོད་འགྱོད་ཀྱི་རྐྱེན་དང་བྲལ་ནས་ཇི་ཙམ་གནས་ཀྱི་བར་དུ་གནས་པ་ལ་སྐྱོ་དུབ་མེད་པའོ། །དེས་དག་གིས་བསྙེན་པ་གྲངས་དང་དུས་དང་མཚན་མ་གསུམ་དམ་བཅས་པ་བཞིན་དུ་མཐར་ཕྱིན་པར་བྱའོ། །དེ་ལྟ་བུ་དེ་ནི་དམ་ཚིག་མཆོག །ཅེས་པས་གཞན་དོན་བྱེད་པའི་རྣལ་འབྱོར་པས་དེ་ལས་མི་འདའ་བས་ཀྱང་དམ་ཚིག །དེ་ལྟ་བུ་ལས་སློབ་མ་སྨིན་པ་ལས་མི་འདའ་བས་ཀྱང་དམ་ཚིག་མཆོག་ནི་བདག་གཞན་གྱི་དོན་གང་བརྩམ་ཡང་འགྲུབ་པས་ན་མཆོག་ཅེས་བྱའོ། །ཡང་ན་ཤིན་ཏུ་ཕྲ་བ་ནི་ཟུར་གཉིས་པ་སྟེ། ལུས་ལ་བརྟེན་པའི་དཀྱིལ་འཁོར། སོར་བཞི་པ་དང་སོར་བརྒྱད་པ་གཉིས་ཚད་བསྟན་པ་རྣམས་ཀྱི་ནང་ན་ཆུང་བས་ཀྱང་ཤིན་ཏུ་ཕྲ་བ་ཞེས་བྱའོ། །སྐབས་སུ་ལུང་ལ་བརྟེན་པའི་མགོ་ཕྱོགས་ཙམ་བཤད་པར་བྱ་སྟེ། ཉེ་བར་སོར་བཞི་བའི་དཀྱིལ་འཁོར་སྟོན་ཏེ་བྲི་བ་དང་། བསྒོམ་པ་དང་། མཆོད་པ་དང་། སློབ་དཔོན་གྱི་འཇུག་པ་རྣམ་པ་གཉིས་དང་། དབང་བསྐུར་བ་དངོས་གཞི་དང་བཞིའོ། །བྲི་བ་ལ་བྲི་བའི་དགོངས་པ་དང་། དཀྱིལ་འཁོར་བྲི་བ་དང་། ཆེ་ཆུང་ཇི་ཙམ་བྲི་བའི་ཚད་དང་། དེ་ལ་གོ་མ་ཡེ་བྱ་བ་དང་། ཐིག་གདབ་པ་དང་། དཀྱིལ་འཁོར་དབྱིབས་དང་། གདན་དགོད་པ་དང་། སྐུ་གསུང་ཐུགས་ཀྱི་རྟགས་དགོད་པ་དང་། རྒྱན་དགོད་པ་དང་བཅུའོ། །དཀྱིལ་འཁོར་གྱི་ཚད་ཆུང་ངུ་གཉིས་ལ་བརྟེན་ཏེ། རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་བརྟེན་པའི་དབང་བསྐུར་བའི་དཀྱིལ་འཁོར་ནི། དང་པོ་བྲི་བའི་གཞི་དང་ཚད་བསྟན་པ་ནི། ཕྱག་རྒྱ་ཆེན་པོའི་ལག་མཐིལ་དུ། །ལག་མཐིལ་དུ་ཞེས་པ། མཉམ་བཞག་མཛད་པའི་ཕྱག་སྟེང་མའོ། །དེར་དཀྱིལ་འཁོར་བྲི་བའི་ངོ་བོ། ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ། །ཞེས་པ་སྤྱིར་སྐུའི་སྒྱུ་འཕྲུལ། གསུང་གི་སྒྱུ་འཕྲུལ། ཐུགས་ཀྱི་སྒྱུ་འཕྲུལ་དང་གསུམ་ལས། འདིར་ཐུགས་རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བ་སྟེ། རྡོ་རྗེ་སེམས་དཔས་གཙོ་བོར་བྱེད་པའི་གཏན་ཚིགས་སོ། །དཀྱིལ་འཁོར་ནི་རྒྱས་འབྲིང་བསྡུས་གསུམ་ལས་འདིར་འབྲིང་པོ་གཙོ་ཆེ་བའོ། །དམ་པ་ནི་བུདྡྷ་ཐམས་ཅད་ཐུགས་ཀྱི་གཙོར་འདུས་པས་འདིར་དེ་གཙོ་བོར་བྱེད་པའམ། ཡང་ན་གསང་དབང་གི་དཀྱིལ་འཁོར་ཡིན་པས་བྱང་ཆུབ་སེམས་ལ་དམ་པ་ཞེས་བྱའོ། །བྲི་བའི་གཞི་དང་ཚད་ནི། སོར་ནི་བཞི་ཡི་ཚད་དུ་བྱ། །ཞེས་པ། རྒྱུ་ཙནྡན་ནམ་ཤུག་པ་ལྟ་བུ་ལ་ཤིང་ལེབ་ལེགས་པར་སོར་བཞི་པར་སྨོས་པས་ཞར་ལ་སོར་བརྒྱད་པའང་གཟུང་ངོ་། །དེའང་གསེར་དངུལ་ལ་བྱ་བ་ནི་སློབ་དཔོན་བུདྡྷས་བཤད་དོ། །དེ་ལ་གོ་མ་ཡེ་བྱ་བ་ནི་རྫས་སུམ་ཅུ་སྙོམས་པས་བྱུགས་ཏེ། རྒྱས་བཤད་ཞིབ་མོ་ནི་ཕྱི་ནས་འཆད་བར་འགྱུར་རོ། །མཐུག་སྲབ་གླང་ཀོ་ཙམ་དུ་བྱུག་པར་བཤད། ཐིག་གདབ་པ་ནི། འདི་ལ་ཐིག་གཞུང་བཞིན་གདབ་ཏུ་མེད་དེ། རིག་པས་ཐིག་ནི་གདབ་པར་བྱ། །ཞེས་པ་རྡོ་རྗེ་སློབ་དཔོན་གྱི་རིག་པས་ཕྱི་ནང་ཆ་བགོས་ཏེ། ཕོ་བྲང་དང་། སྒོ་དང་། རྟ་བབས་རྣམས་སུ་ས་བཅད་ལ་བཟོ་ཐིག་བྱའོ། །དེ་ནས་བྲི་བ་ནི། དབུས་ཀྱི་ལྟེ་བ་དང་། རྩིབས་བཞི་མུ་ཁྱུད་གྲུ་ཆད་བར་ཁྱམས་སྒོ་ཁྱུད་དང་ལྡན་པར་བྱའོ། །དེ་ཡང་རི་མོར་བྱ་བ་དང་ཚོན་བཀྱེ་བ་གཉིས་ལས། ཚོན་ཆུ་ཚོན་དུ་བྱ་སྟེ་བྱིན་རླབས་ཀྱང་གཞུང་བཞིན་དུ་བྱའོ། །དེ་ལ་ཕྱག་རྒྱ་དགོད་པ་ནི། སེན་ཟླུམ་ཙམ་གྱི་ཉི་ཟླ་ལ། །ཙ་ནའི་འབྲུ་ཙམ་པདྨའི་གདན། །ཡུངས་འབྲུ་ཙམ་གྱི་ཡི་གེ་ལས། །ཕྱག་རྒྱ་ཏིལ་འབྲུ་ཙམ་དུ་བྲི། །ཞེས་སྨོས་ཏེ། འདིར་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་སྐུ་གསུང་ཐུགས་ཚང་བར་དགོད་པའི་གཏན་ཚིགས་ཡིན་ལ། འདིར་དངོས་སུ་ཡི་གེ་ཆུང་ངུ་བྲི་བ་ཙམ་དུ་བྱའོ། །དེ་ནས་དུས་ཚོད་བཟང་པོ་ལ་ས་གཞི་ག་དར་བྱས་པའི་གནས་སུ་སྟན་འབོལ་པོ་ལ་རྡོ་རྗེ་སློབ་དཔོན་བཞུགས། ཕྱག་གཉིས་མཉམ་བཞག་མཛད་པའི་ཐོག་ཏུ་དཀྱིལ་འཁོར་སོར་བཞི་པའམ་མཛུབ་གང་བ་བཞུགས། མདུན་དུ་མཎྜལ་གཅིག་གི་ཐོག་ཏུ་མེ་ཏོག་ཚོམ་བུ་ཞིག་གི་ཐོག་ཏུ་བུམ་པ་ཆས་སུ་སྩལ་བ་གཟུངས་ཐག་དང་བཅས་པ་བཞུགས། དེ་ནས་དེ་ལ་པཱུ་ཛ་བཀོད་པ་ནི་ཕྱིའི་མཆོད་པ་རྣམ་པ་ལྔ་ཡང་བུངས་ཆེ་བས་བསྐོར། བཅོས་བུའི་རས། རས་ཁ་དོག་ཚོས་སུ་བྱས་པ་མང་པོ་དང་། ཁ་རྒྱན་དང་མགུལ་རྒྱན་ལ་སོགས་པ་རྒྱན་གྱི་བྱེ་བྲག་མང་པོ་དང་། བཟའ་བཏུང་བྲོ་བ་ཞལ་ཟས་ཀྱི་ཚོགས་གཡོས་ཀྱི་བྱེ་བྲག་མང་པོ་དང་། གླུ་ཚིག་སྒྲའི་བྱེ་བྲག་རྣམས་ཀྱིས་ཀྱང་བསྐོར། དེ་ལྟར་བཅས་ཚར་ནས་རྡོ་རྗེ་སློབ་དཔོན་གྱིས་མདུན་གྱི་དཀྱིལ་འཁོར་རབ་གནས་བྱ་སྟེ་གཞུང་བཞིན་དུ་བསྒོམ། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། ཕྱིའི་པཱུ་ཛ་རྣམ་པ་ལྔ་རྒྱས་པར་འབུལ། དེའི་རྟིང་ལ་ཞིང་ཁམས་རྣམ་པར་དག་པའི་པཱུ་ཛ་དང་ཀུན་ཏུ་བཟང་པོའི་པཱུ་ཛ་རྣམས་འབུལ། ནང་གི་པཱུ་ཛ་རྣམ་གསུམ་འབུལ། དེ་ནས་བསྟོད་པ་ཡང་བྱ། དེ་ཚར་བ་དང་མདུན་གྱི་བུམ་པ་མི་དམིགས་པ་ལས་གཞལ་ཡས་ཁང་དུ་བསྒོམ། ནང་དུ་སྔགས་ཀྱིས་ལྷ་བཞི་བཅུ་རྩ་གཉིས་བསྐྱེད། ཡེ་ཤེས་པ་སྤྱན་དྲང་ལ་བསྟིམ། མཆོད་པ་ལྔ་དང་བདུད་རྩི་སྨན་གྱི་མཆོད་པ་འབུལ། དེ་ནས་བསྙེན་པ་བྱ་བ་ལ་གཙོ་བོ་ལ་བརྒྱ་རྩ་བརྒྱད། རིགས་བཞི་ལ་ལྔ་བཅུ་རྩ་བཞི་རེ། འཁོར་རྣམས་ལ་བདུན་ནམ་ཉེར་གཅིག་རེ། དེ་ནས་བསྟོད་པ་བྱ། འོད་དུ་ཞུ་བ་ཡེ་ཤེས་ཀྱི་ཆུར་བསྒོམ། དེ་ནས་སློབ་དཔོན་ཏིང་ངེ་འཛིན་གྱིས་བདག་འཇུག་བྱ། དེ་ནས་སློབ་མ་འཇུག་པ་ནི། ཞུ་བ་གསོལ་བ་ཙམ་བྱ། དམ་ཚིག་ཕོག །དེ་ནས་མེ་ཏོག་ནི་སོར་བཞི་པའི་དཀྱིལ་འཁོར་ལ་འབུལ་བའམ། ཡང་ན་སློབ་དཔོན་གྱི་ཐུགས་ཀར་འབུལ། མིག་བྱེ། དཀྱིལ་འཁོར་གྱི་དོན་བཤད་པ་ཙམ་བྱ། དེ་ནས་བར་དེར་ཚོགས་བྱས་ལ། སློབ་མའི་སྣོད་དང་སྦྱར་ལ་དབང་རྣམས་བསྐུར་བ་གཞུང་བསྙག །དེ་ནི་སློབ་དཔོན་པདྨའི་གདམས་ངག་གོ། །རྒྱས་པར་གཞུང་ལ་འཇུག་སྟེ་མན་ང ག་གིས་ཉམས་སུ་བླངས་ན། སློབ་དཔོན་གྱི་མཚན་ཉིད་དང་། བསྙེན་པ་བྱ་བ་ལས་མི་འདའ་བར་བསྟན་པ་གཞུང་ཚིགས་བཅད་གཅིག་གིས་བསྟན་པ་སོང་ཟིན། ད་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བཅུ་གཅིག་གིས་བསྟན་པའི་དང་པོ་སའི་ཆོ་ག་བསྟན་པ་ནི། འོག་ཡང་ན་ས་གཞི་རབ་བསྙམ་ལ། །ཞེས་པ། ཡང་ན། ཞེས་པ་དགར་བའི་ཚིག་སྟེ། རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་འོག་མིན་ན་བཞུགས་པ་ལྟར་བསྒོམས་པས་འདིར་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་མཚོན་པ་བྲིས་ནས་སློབ་མ་ལ་སྟོན་པས་ཡང་ན་ཞེས་བྱ། ཡང་ན་སྔར་གྱི་སོར་བཞི་པའི་དཀྱིལ་འཁོར་ས་གཞི་ལ་མི་རྟེན་པས་སའི་ཆོ་ག་མི་དགོས་པས་ན་ཡང་ན་ཞེས་བྱའོ། །ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ས་གཞི་ལ་བརྟེན་དགོས། དེའི་དབང་གིས་ས་གཞི་སྙོམས་པ་ནི། སའི་སྐྱོན་ཐམས་ཅད་དག་པར་བྱས་ན་ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་བ་དེའི་དབང་གིས་སའི་ཆོ་ག་བསྟན་པ་ནི། དང་པོ་ས་བཙལ་ཏེ་དཀྱིལ་འཁོར་བྱ་བའི་གནས་བདག་ལ་ཡོད་ན་ལྷག་པོ་བཙལ་མི་དགོས། གཞན་ལ་ཡོད་ན་རྒྱལ་པོའམ་བློན་པོའམ་དགེ་འདུན་སྡེ་བོ་ཆེའི་མངའ་རིས་ཡིན་ན། དང་པོ་ཚིག་གིས་ཞུ་བ་བྱ། དེས་མ་བྱུང་ན་བརྔན་པ་སྦྱིན། དེས་མ་བྱུང་ན་རིན་འཇལ་བར་བཤད་དོ། །དེའི་སྔོན་དུ་ཡང་ཕྱི་བརྟག་པ་སྟེ་བཟང་བའི་མཚན་ཉིད། གནམ་འཁོར་ལོ་རྩིབས་བརྒྱད་འདྲ་བ། ས་པདྨ་འདབ་བརྒྱད་འདྲ་བ། བར་སྣང་འོ་ཁའི་ཆུ་ལྟར་དྭངས་པ། ཕྱོགས་བཞི་མཚམས་བཞིའི་བརྟགས་པ་རྣམས་རྒྱས་པར་བྱའོ། །དེ་རྣམས་བཟང་ན་སྣང་བ་མི་ལས་བསླང་བ་གོང་ལྟར་བྱའོ། །དེ་ནས་མི་མ་ཡིན་པ་ལ་བསླང་བ་ནི། སའི་ལྷ་མོའི་སྟ་གོན་གྱི་ཆོ་ག་རྒྱས་པར་བྱ། དེའི་ཞར་ལ་ས་བདག་ལྷ་ཀླུ་རྣམས་ལ་གཏོར་མ་སྦྱིན། དབང་བསྐུར་བའི་དོན་དུ་གསོལ་བ་གདབ། བར་ཆད་མི་འོང་བར་སྨོན་ལམ་གདབ་བོ། །ནང་དུ་བརྟག་པ་ནི། དཀྱིལ་འཁོར་གང་དུ་བྱེད་པའི་སའི་དབུས་སུ་རྒྱར་ཁྲུ་གང་པའི་གྲུ་བཞི་པུས་ནུབ་ཙམ་དུ་བརྐོ་སྟེ། དེའི་ས་རྣམས་ཆུད་མི་ཟ་བར་སྤུངས། དེ་ནས་ཆུས་བརྟགས་པ་ནི། དེ་ནས་ཆུ་གཙང་མས་བཀང་ལ་ཁ་མཉམ་པར་བྱ། ཡི་གེ་བརྒྱ་པ་བཟླ་ཞིང་ཤར་ཕྱོགས་སུ་གོམ་པ་དྲང་པོས་ལྔ་བཅུ་རྩ་བཞིར་འགྲོ། ཚུར་ལ་འོང་ཆུ་འགྲམ་དུ་ཕྱིན་ཙ་ཆུ་བྲི་ནས་ཕྱེད་ལ་སོགས་པར་བྱིང་ན་ཡེ་མི་ཉན་པས་སྤོ། ཅུང་བྲི་བའམ་སོར་འོག་ཙམ་བྲི་བར་གྱུར་ཀྱང་སྔགས་བཟླ། ཏིང་ངེ་འཛིན་གྱི་གོམས་པས་སྦྱངས་ནས་མཎྜལ་བྱ། དེ་ནས་སས་བརྟགས་པ་ནི། སྔ་མའི་ས་རྣམས་བླུགས་ཏེ། བརྡུང་ཡག་བྱས་ནས་ལྷག་ན་དངོས་གྲུབ་ཀྱི་རྟགས་ཡིན། ཆ་མཉམ་ནའང་བཟང་། ཅུང་མ་གང་ནའང་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་སྦྱང་། སྦྱང་བ་ལ་ལས་དང་བྱ་བས་སྦྱང་བ། སྔགས་ཀྱིས་སྦྱང་བ། ཏིང་ངེ་འཛིན་གྱིས་སྦྱང་བའོ། །ལས་དང་བྱ་བས་སྦྱང་བ་ནི། སྔ་མ་བརྐོས་པའི་ནང་དུ་སའི་རོ་ལྔ་བསལ་ཏེ། སེམས་ཅན་གྱི་རོ་རུས་པ་དང་། རྡོའི་རོ་ཁར་གོང་། ཤིང་གི་རོ་སོལ་བ། རྫས་ཀྱི་རོ་གྱོ་མོ། འབྲུའི་རོ་ཕུབ་མ་གང་བྱུང་ཡང་བསལ་ལོ། །གཏེར་གཞུག་པ་དང་དཀྱིལ་འཁོར་གྱི་བཅས་ཐམས་ཅད་བྱེད་པ་ནི་ལས་དང་བྱ་བས་སྦྱང་བའོ། །སྔགས་ཀྱིས་སྦྱང་བ་ནི། ལས་ཐམས་ཅད་པའི་སྔགས་བརྒྱ་ལ་སོགས་པ་བཟླའོ། །ཏིང་ངེ་འཛིན་གྱིས་སྦྱང་བ་ནི། མཚན་མ་མེད་པ་ཤཱུ་ནྱ་ཏཱའི་སྔགས་བརྗོད་ཅིང་སྟོང་པ་ཉིད་ཀྱིས་སྦྱང་བའོ། །ས་གཟུང་བ་ནི། ལས་དང་བྱ་བ་གཟུང་བ་ནི་དཀྱིལ་འཁོར་གྲུ་བཞི་ལྷམ་པར་བྱ། ཕྱོགས་མཚམས་མ་ནོར་བ་གལ་ཆེའོ། །ཏིང་ངེ་འཛིན་གྱིས་གཟུང་བ་ནི། དཀྱིལ་འཁོར་གྱི་ཐོག་ཏུ་གཞལ་ཡས་ཁང་དབུབ་པར་འདོད་པ་ཡང་ཡོད། ལག་པ་རྩེ་གསུམ་གྱི་ཕྱག་རྒྱས་ས་ལ་བརྡབ་ཅིང་། ༀ་བཛྲ་ཀྲོ་དྷ་ཧ་ན་ཧ་ནའི་སྔགས་བརྗོད་པའོ། །གཟུང་བའི་རྣམ་གྲངས་མང་པོ་གཞན་དག་ནས་རྒྱས་པར་ཡང་བསྟན་ཏོ། །བསྲུང་བ་ནི་མཚམས་བཅད་པ་ཁོ་ན་ཡིན་པས། རྡོ་རྗེ་སློབ་དཔོན་དཀྱིལ་འ ཁོར་གྱི་ཐོ ག་ཏུ་བཞུགས་མཆོད་པ་དང་གཏོར་མ་རྣམས་ཀྱིས་བསྐོར། མངོན་པར་རྟོགས་པ་གཞུང་བཞིན་བྱ། པཱུ་ཛ་རྣམས་འབུལ། དེ་ནས་བསྲུང་བའི་རིམ་པ་རྣམས་གཞུང་བཞིན་དུ་བྱ་སྟེ། གཡས་གཡོན་གྱི་ལྟ་སྟངས་ཀྱིས་བསྲུང་བ་དང་། མཚོན་ཆའི་གུར་གྱིས་བསྲུང་བ་དང་སྟངས་སྟབས་དང་། ཕུར་པ་གདབ་པ་རྣམས་རྒྱས་པར་བྱའོ། །དཀྱིལ་འཁོར་གྱི་ཚད་བསྟན་པ་ནི། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། །ཞེས་པ་ལོགས་རེ་ལ་ཁྲུ་རེའོ། །ཡང་ན་ལུས་གང་ཚད་དུ་བྱ། །ཞེས་པ་འདོམ་གང་སྟེ་ལུས་རེ་རེའི་ཚད་དོ། །དེ་གཉིས་ནི་སྒྱུ་འཕྲུལ་གྱི་དཀྱིལ་འཁོར་བསྡུ་བ། གཙོ་བོ་ཡབ་ཡུམ་གཉིས་ལ་ལྷ་བཅུ་དྲུག་གིས་བསྐོར་བས་བཅོ་བརྒྱད་པའི་དཀྱིལ་འཁོར་བྲི་གཞིའོ། །དཀྱིལ་འཁོར་འབྲིང་པོ་བཞི་བཅུ་རྩ་གཉིས་ཀྱི་བྲི་གཞི་ནི། ཡང་ན་ལུས་ནི་བཅུ་གཉིས་སམ། །ཞེས་པ་ངོས་རེ་ལ་འདོམ་གསུམ་གསུམ་ཡོད་པའོ། །ཡང་ན་ཁྲུ་ནི་བཅུ་དྲུག་པ། །ཞེས་པ་ངོས་རེ་ལ་འདོམ་བཞི་ཡོད་པ་སྟེ་དེ་གཉིས་ནི་དཀྱིལ་འཁོར་འབྲིང་པོའི་བྲི་གཞིའོ། །ཉི་ཤུའམ་ཉི་ཤུ་རྩ་ལྔར་བྱ། །ཞེས་པ་ཁྲུ་ཉི་ཤུ་ནི་ངོས་རེ་ལ་འདོམ་ལྔ་པའོ། །ཉི་ཤུ་རྩ་ལྔ་ནི་ངོས་རེ་ལ་འདོམ་དྲུག་དང་ཁྲུ་གང་ཡོད་པའོ། །དེ་གཉིས་ནི་སྒྱུ་འཕྲུལ་རྒྱས་པའི་བྲི་གཞི་སྟེ། ཚད་གཉིས་གཉིས་སྨོས་པ་ནི་རྡོ་རྗེ་སློབ་དཔོན་བཟོ་མི་བཟོ་སློབ་མ་འབྱོར་པ་ཆེ་ཆུང་གི་དབང་ངོ་། །གཟུགས་བརྙན་ལས་གཞན་དུ། འོག་ཡང་ན་རྒྱང་གྲགས་དཔག་ཚད་དམ། །ཞེས་པ་རྣལ་འབྱོར་པ་གོམས་པ་ཆེ་ཆུང་དང་། ཏིང་ངེ་འཛིན་འབྱོངས་མ་འབྱོངས་ཀྱི་ཚད་ཀྱིས་གཉིས་ཏེ། རྒྱང་གྲགས་ལྷས་གང་བ་དང་། དཔག་ཚད་ལྷས་གང་བའོ། །ནམ་མཁའི་ཁམས་ནི་མཐའ་ཡས་པར། །ཞེས་པ་མཐར་ལམ་པའི་དགོངས་པའི་ཚད་དོ། །བུདྡྷའི་དཀྱིལ་འཁོར་སྣ་ཚོགས་བསྒོམ། །ཞེས་པ་ཏིང་ངེ་འཛིན་གྱིས་གོང་དུ་བུདྡྷ་ཉི་ཁྲི་བཞི་སྟོང་བསྟན་པ་དང་། དེ་ལྟ་བུའི་དཀྱིལ་འཁོར་ལས་གདུལ་བྱ་མཐོང་སྣང་གི་དབང་གིས་དཀྱིལ་འཁོར་སྣ་ཚོགས་སུ་ཡང་ཤར་བ་སྟེ། ལུས་ལས། སློབ་དཔོན་མཐར་ཉེ་ལམ་གནས་པས། །རྒྱང་གྲགས་དཔག་ཚད་ལ་སོགས་པར། །རྡོ་རྗེའི་ཐིག་ཚད་དོར་ཙམ་གྱིས། །མུ་དྲའི་དཀྱིལ་འཁོར་གསལ་ལྡང་བ། །དཀྱིལ་འཁོར་སྣ་ཚོགས་མཆོག་ཏུ་གསུངས། །ཞེས་པས། འདིར་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེ་བ་ལ་མཆོག་ཅེས་བྱ་སྟེ། དེ་ཡང་མཆོག་ཏུ་གྱུར་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མཆོག་ཏུ་བསྟན་པ་ཡིན་ཏེ། སློབ་མ་ལས་དག་པ་དྲོད་ཐོབ་པ་ཡན་ཆོད་ཀྱི་སྣང་བ་ཡིན་པས་དེ་དག་གི་སྤྱོད་ཡུལ་ལོ། །མ་བསྲུང་བའི་དངོས་པོ་གོ་མ་ཡེ་བྱ་བ་ནི། གོང་ན་འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །ཞེས་པ་ལ་སོགས་པ་སྟེ། ཕུང་པོ་ལྔ་དག་ཅིང་སྐུ་ལྔ་ཐོབ་པར་བྱ་བའི་ཕྱིར། འབྲུ་ལྔ་ནི་ཞེས་པ། འབྲས་དང་མོན་སྲན་གྲེའུ་དང་གྲོ་དང་ནས་དང་ཏིལ་དཀར་པོ་དང་ལྔའོ། །དབང་པོ་ལྔ་དག་ཅིང་ཕྲིན་ལས་ལྔ་ཐོབ་པར་བྱ་བའི་ཕྱིར། སྤོས་ལྔ་ནི། ཙནྡན། གུར་གུམ། ལ་ཀུ། ཀཎྜ་ཀ་རི་དང་ལྔའོ། །ཡུལ་ལྔ་དག་པ་དང་ཡོན་ཏན་ལྔ་ཐོབ་པར་བྱ་བའི་ཕྱིར་རིན་པོ་ཆེ་ལྔ་ནི། གསེར། དངུལ། མུ་ཏིག །བྱེ་རུ། ནོར་བུ་རིན་པོ་ཆེ་དང་ལྔའོ། །རྣམ་ཤེས་ལྔ་དག་ཅིང་ཡེ་ཤེས་ལྔ་ཐོབ་པར་བྱ་བའི་ཕྱིར་སྙིང་པོ་ལྔ་ནི། སྦྲང་རྩི། མར། ལན་ཚྭ། བུ་རམ། གསེར་དང་ལྔའོ། །འདོད་ཡོན་ལྔ་དག་ཅིང་གསུང་ལྔ་ཐོབ་པར་བྱ་བའི་ཕྱིར་སྨན་ལྔ་ནི། བྲི་ཏ་ཧ་སྟི། སི་ཏྲི། ཧ་ས་བག་ཤ་ཏྲ། སླེ་ཏྲེས། ཀ་རི་ཨར་ཙི་ཏྲ་སྟེ་ལྔའོ། །ཁམས་ལྔ་དག་ཅིང་རིགས་ལྔ་ཐོབ་པར་བྱ་བའི་ཕྱིར་བདུད་རྩི་ལྔ་སྟེ། དེ་དག་ཆ་མཉམ་པར་བྱས་ནས། ལག་ཚག་གིས་ཚོན་རྩི་བཞིན་དུ་བྱས་ནས་དཀྱིལ་འཁོར་ཆེ་ཆུང་གང་ཡིན་རྣམས་ལ་ལྡེ་གུས་གླང་ཀོ་ཙམ་བྱུགས་ལ་དེར་ས་བསྲུང་བར་བྱའོ། །ཆ་རྐྱེན་འདི་དག་ལ་ཀྲི་ཡ་ཡོ་ག་མ་ཧཱ་ཡོ་ག་གཞུང་ཐ་དད་ནས་འབྱུང་བ་ཡིན་པས། དོན་གྱི་ངོ་བཟུང་མི་འདྲ་བ་མང་པོ་ཡོད་དེ། གཞུང་གཅིག་བཞིན་ཉམས་སུ་བླང་། གོ་མ་ཡེ་འདི་ཁ་ཤས་ནི་སྟ་གོན་སྔོན་དུ་བྱེད་པ་འབྱུང་། ཁ་ཤས་ནི་རྡུལ་ཚོན་ཐིག་གདབ་ཀ་ན་འབྱུང་སྟེ། འདིར་ས་བཟུང་བའི་ངོ་བོར་བྱས་པ་ཡིན་པས་འདི་བཞིན་དུ་བྱའོ། །འོག་ནས་སྟ་གོན་གྱི་ཆོ་ག་ནི། རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ། །ཞེས་པ་སྟ་གོན་ནུབ་མོ་ལ་ཕྱིན་ནས་དཀྱིལ་འཁོར་ག་དར་ལེགས་པར་བྱས་པ་ལ་དྲི་བཟང་གི་ཆུ་བག་ཙམ་གྱིས་བྱུག །དེ་ནས་སྟ་གོན་གྱི་ལྷ་དང་རྡུལ་ཚོན་གྱི་ལྷའི་གནས་རྣམས་གཅིག་ཏུ་བབ་པར་བྱ་བའི་ཕྱིར། སྟ་གོན་གྱི་ཉིན་མོ་ཐིག་གདབ་སྟེ། གོང་ཕུར་བུ་སྲད་བུ་ཚོན་ཕྱེ་དང་། །ཞེས་པས་ཐིག་སྐུད་དེ་རས་བལ་ལམ་བཀྲ་ཤིས་པ་ལས་བྱུང་བའི་ཐིག་སྐུད་ཀྱི་རྒྱུ་ལས་ཡེ་ཤེས་ཀྱི་ཐིག་ལྔ་བསྒྲིལ། ལས་ཐིག་གསུམ་བསྒྲིལ་བ། རིང་ཐུང་གི་ཚད་ནི། ཉིས་འགྱུར་ཞེས་པས། དཀྱིལ་འཁོར་གྱི་ངོས་གཉིས་དང་མཉམ་པ་དེ་ཡང་བྱིན་གྱིས་བརླབ་སྟེ། ཡེ་ཤེས་ཀྱི་ཐིག་ནི་ཡེ་ཤེས་ལྔར་བྱིན་གྱིས་བརླབས་པ་གཞུང་བཞིན་དུ་བྱ། ལས་ཐིག་ཀྱང་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་པ་གཞུང་བཞིན་དུ་བྱ། ཐིག་གདབ་པའི་གྲོགས་ཀྱང་། ཡིད་འོང་གྲོགས་ཞེས་པས། རྒྱལ་རིགས་ཀྱི་བུ་མོ་ལོ་བཅུ་དྲུག་མ་ཡུམ་ཀུན་ཏུ་བཟང་མོར་བྱིན་གྱིས་བརླབ་པའམ། ཡང་ན་སློབ་མ་ཀུན་ཏུ་བཟང་མོར་བྱིན་གྱིས་བརླབ་པའི་གཡོག་དང་བཅས་པས་ཐིག་གདབ་སྟེ། ཐིག་མཚམས་བཅད། ཕྱོགས་བཅུའི་བུདྡྷ་བསྐུལ་བ་བྱ། དེ་ནས་ནམ་མཁའ་ལ་ཐིག་གདབ་པ་ནི། སྤྱིར་ནི་ས་ཐིག་ཇི་ཡོད་ཀྱི་གྲངས་གདབ་པར་འབྱུང་སྟེ། ཐིག་བཞི་བཏབས་པས་དཀྱིལ་འཁོར་ཆ་བརྒྱད་ཙམ་ཞིག་འབྱུང་བས་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྲུབ་པར་བསྒོམ། ཐིག་གདབ་པས་ཕྱོགས་བཅུ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་ཤར་བར་མོས། ལུང་ལས་ཀྱང་། ཚངས་ཐིག་བཏབས་པའི་སྒྲས་ཕྱོགས་བཅུ་ཐམས་ཅད་དཀྱིལ་འཁོར་ཤར་ཞེས་འབྱུང་ངོ་། །དེ་ནས་ས་ཐིག་གདབ་པ་ནི། དཀྱིལ་འཁོར་རྒྱས་བསྡུས་གཉིས་གང་ཡིན་ཡང་གཞུང་བཞིན་དུ་རྒྱས་པར་བྱ་སྟེ། རྒྱས་པ་ཡིན་ན་དབུས་ཀྱི་ཕོ་བྲང་ཆེན་པོ་དགོས། གཞན་ཁྱད་མེད། ཕལ་ཆེར་ལག་ལེན་དཀྱིལ་འཁོར་འབྲིང་པོ་ཡིན་པས་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ས་ཐིག་གདབ་ནས། ཛཿཧཱུྃ་བྃ་ཧོཿ བཛྲ་ཨ་ཝེ་ཤ་ཞེས་བརྗོད་པས། ནམ་མཁའི་ཡེ་ཤེས་ཀྱི་ཐིག་ས་ཐིག་ལ་བསྟིམ། དེ་ནས་ཡེ་ཤེས་དམ་ཚིག་དབྱེར་མེད་པའི་ཐིག་དེ་ས་འཛིན་བཏེགས་པའི་མུ་དྲས་ནམ་མཁའ་ལ་བཀྱགས་ཏེ། ཐིག་འགོམས་པའི་ཉེས་པ་མི་འོང་བའི་ཕྱིར་རོ། །དེ་ནས་ཕུར་པ་བཙུག་ལ་ཕྱི་ནང་གི་འཁོར་ལོ་རྣམས་བསྐོར་རོ། །རྡོ་རྗེ་ལས་རིམ་ནས་ནི། ཚོན་རྩི་མཛུབ་གང་བ་ཞིག་ནུབ་མོ་ནས་དྲང་བྷནྡྷས་བཀབ། ཕྱིར་ནང་བྷནྡྷ་བཀྱག་ནས་ལྟས། བརྟག་པར་འབྱུང་། དེ་ནས་སྟ་གོན་གྱི་ཚོམ་བུ་བཀོད་དེ། རྡོ་རྗེ་སློབ་དཔོན་གྱི་ཏིང་ངེ་འཛིན་ལ་བཞུགས། སློབ་མས་བྱ་བ་ལག་ལེན་བྱ་སྟེ། བྱང་ཆུབ་མཆོག་ཏུ་ཉི་ཟླ་འཆར། །དེ་ཉིད་བཞུགས་གནས་ཡིན་པར་གསུངས། །ཞེས་བྱ་བའམ། ཡང་ན་དྲི་བཟང་གི་ཐིག་ལེ་དབུས་སུ་གྲུ་བཞི་ཞིག་བྱ། དེའི་ཐོག་ཏུ་མེ་ཏོག་གི་ཚོམ་བུ་བཀོད། རྡོ་རྗེ་སློབ་དཔོན་གྱིས། པྃ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་སཱུརྱ་མཎྜ་ལ། ཧཱུྃ་བཛྲ་དྷྲྀཀ྄ །མཱུྃ་དྷཱ་ཏྭཱེ་ཤྭ་རི། ཏིཥྛ་བཛྲ་ས་མ་ཡ་སྟྭྃ་ཞེས་བརྗོད་པས། ཚོམ་བུ་མི་བསྐྱོད་པ་ཡབ་ཡུམ་སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་ལྡན་པར་བསྒོམ་མོ། །དེ་ལྟར་རིགས་བཞི་ཡབ་ཡུམ་བརྒྱད། སྒོ་བ་ཡབ་ཡུམ་བཞི། ཀུན་བཟང་ཡབ་ཡུམ་དེ་རྣམས་ཁག་གཉིས་སུ་དགོད། ཐུབ་པ་དྲུག་རྣམས་དྲི་བཟང་གི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་དང་། རྡོ་རྗེ་སློབ་དཔོན་གྱིས་སྔགས་བརྗོད་པ་དང་། ལྷ་བསྒོམ་པ་རྣམས་མ་ནོར་བར་གཙོ་བོ་ནས་རིམ་པ་བཞིན་འགྲེའོ། །དེ་ཡན་ཆད་ནི་ལྷ་སྟ་གོན་གྱི་དམ་ཚིག་པའོ། །བུམ་པ་སྟ་གོན་ནི། རྒྱས་པར་བྱས་ན་ལྷ་རེ་ལ་བུམ་པ་རེ། བསྡུས་ན་བུམ་པ་ལྔ། ལས་ཐམས་ཅད་པ་དང་དྲུག །བུམ་པ་ཆས་སུ་བཅུག་པའི་ཆོ་ག་རྣམས་རྒྱས་པར་བྱས་ནས་དཀྱིལ་འཁོར་གྱི་ཕྱོགས་བཞི་དབུས་དང་ལྔར་བཞུགས་པའམ། ཡང་ན་ལོགས་སུ་མཎྜལ་ཞིག་གི་ཕྱོགས་བཞི་དབུས་དང་ལྔར་ཡང་བཏུབ། ཡང་ན་ཕྲེང་དུ་བྱས་ནས་གྲལ་རིམ་མ་ནོར་ན་ཡང་བཏུབ་སྐད། དེ་ནས་མཆོད་པ་གཏོར་མ་རྣམས་ཀྱིས་དཀྱིལ་འཁོར་གྱི་ཐ་མ་རྒྱས་པར་བསྐོར། རྡོ་རྗེ་སློབ་དཔོན་ཤར་ཕྱོགས་སུ་བཞུགས་ཏེ་བདག་ཉིད་རྣལ་འབྱོར་པའི་བྱ་བ་ཚར་ནས། མདུན་གྱི་ལྷ་རྣམས་གསལ་གདབ། ཡེ་ཤེས་པ་སྤྱན་དྲང་པ་ནས་བཟུང་སྟེ། ལས་འགྲིགས་བཞིན་དུ་བསྟིམ་པ་དང་། མཆོད་པ་རྒྱས་པར་འབུལ། བསྟོད་པའི་བར་དུ་བྱ། དེ་ནས་བུམ་པ་རབ་གནས་བྱ་བ་ན། ལྷ་རེ་རེ་བཞིན་དུ་བསྐྱེད། སྤྱན་དྲངས་ནས་བསྟིམས། པཱུ་ཛ་ལྔ་དང་བདུད་རྩི་འབུལ། བསྟོད་པ་བྱེད། དེ་ནས་བསྙེན་པ་ནི། ཡབ་ཀྱི་ཐུགས་ཀ་ནས་སྔགས་བྱུང་། ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས། ཡུམ་གྱི་ཐུགས་ཀ་ནས་ཡབ་ཀྱི་ཐུགས་ཀར་སྒ་ར་ར་འཁོར་ཚར་བ་དང་འོད་དུ་བཞུ། ཡང་ལྷ་བསྐྱེད་པ་རིམ་པ་བཞིན་དུ་བྱའོ། །དབུས་བུམ་དུ་དཀྱིལ་འཁོར་རྒྱས་པར་བཞེད་པའང་མཆིས། ཤར་བུམ་དང་པོ་རྣམ་སྣང་། དེ་ནས་ས་སྙིང་ཡབ་ཡུམ། དེ་ནས་བྱམས་པ་ཡབ་ཡུམ། དེ་ནས་ཤར་གྱི་སྒོ་བ། དེ་ནས་ལྷའི་ཐུབ་པའོ། །དེ་རིམ་པ་བཞིན་དུ་བྱ་བའང་འགྲེའོ། །ཐུབ་པ་དྲུག་ལ་ཡུམ་མེད་པས་བསྙེན་པ་ནི། ཞལ་ནས་ལྟེ་བར་ཐིམ་སྟེ་ཁོང་ནས་བརྒྱུད་ཅིང་ཞལ་དུ་ཐོན་པའོ། །ལས་བུམ་ནི་ཁྲོ་བོ་བདུད་རྩི་འཁྱིལ་བའི་བྱིན་རླབས་བྱའོ། །འདིར་ཞིབ་པར་བརྗོད་པས་ཡི་གེས་འཇིགས། དེ་ནས་སློབ་མ་སྟ་གོན་ནི་ཞུ་བ་གསོལ། ཀུན་རྫོབ་སེམས་བསྐྱེད། དོན་དམ་སེམས་བསྐྱེད། ཁྲུས་བྱས། རྡོ་རྗེ་སེམས་དཔར་བསྒོམ། དེ་ནས་བསྲུང་སྐུད་གདགས་པ་དང་། སོ་ཤིང་དོར་བ་དང་། བསངས་ཆུ་བླུད་པ་དང་། ཀུ་ཤ་གཏད་པ་རྣམས་བྱ་སྟེ། དེ་ནས་ལྷ་ལ་གསོལ་བ་གདབ་པ་རྣམས་བྱའོ། །དཀྱིལ་འཁོར་མི་བསྡུ་བར་སར་བཞག །རྨི་ལམ་བརྟགས། སྟ་གོན་གྱི་ཆོ་གའོ། །ཐིག་གི་ཆོ་ག་ལ་གཉིས་ཏེ། གོ་མ་ཡེ་བྱ་བ་དང་། ཐིག་བྱིན་གྱིས་བརླབ་པ་དང་གཉིས་ཡིན་ལ། སང་ནང་མོ་ཉི་མ་འཆར་ཀས་འཛིན་བཏེག་པའི་ཕྱག་རྒྱས་སྟ་གོན་གྱི་ལྷ་རྣམས་བཀྱགས་ནས་ནམ་མཁའ་ལ་བཞུགས། བུམ་པ་རྣམས་གདན་འགོད་སར་བཞུགས། མེ་ཏོག་རྣམས་བསྡུ་ལ་མཆོད་གནས་སུ་རུང་བ་ཡིན། ཐིག་འདིར་བྱེད་ན། ཕུར་བུ་སྲད་བུ་ཚོན་ཕྱེ་དང་། །ཞེས་པ་ལ་སོགས་པ། ཕུར་བུ་ནི་དཀྱིལ་འཁོར་གྱི་དབུས་ན་གཙུག་ནས་བསྐོར་བའི་ཕུར་པའོ། །སྲད་བུ་ནི་ཐིག་སྐུད་དོ། །ཚོན་ཕྱེ་ནི་ས་ཚོན་རྣམས་སོ། །ཡིད་འོང་གྲོགས་ནི་ཐིག་གཡོག་གོ། །ཐིག་གདབ་ཆོ་ག་ཕུན་སུམ་ཚོགས་ནི། རྒྱས་འབྲིང་བསྡུས་གསུམ་གྱི་དཀྱིལ་འཁོར་གང་ཡིན་པ་མ་ནོར་བ་དང་། རྟ་བབས་ཚུན་ཆད་ཀྱི་ཐིག་རྣམས་མ་འཆུགས་པར་བྱ་བ་དང་། ཐིག་གི་སྐོར་ཕྱོགས་རྣམས་མ་ནོར་བ་ཕུན་སུམ་ཚོགས་པ་ཞེས་བྱའོ། །མཁས་ལྡན་ཆེན་པོ་ནི། རྒྱུད་ཀྱི་དོན་ལ་མཁས་པ་དང་། ལྟ་བ་དང་ཏིང་ངེ་འཛིན་དུ་ལྡན་པས་མི་ནོར་བར་བྱ་བའི་ཕྱིར། དམ་ཚིག་པའི་ཐིག་དང་ཡེ་ཤེས་པའི་ཐིག་གཉིས་ཏེ། གདབ་པའི་ཏིང་ངེ་འཛིན་ནི། ལས་ཐིག་ནི་ཐུགས་ཀ་ནས་དྲང་བར་བསྒོམ་ལ། ཡེ་ཤེས་ཀྱི་ཐིག་ནི་མཁའ་གསང་ནས་བྱང་ཆུབ་སེམས་ཀྱི་ཐིག་ཡེ་ཤེས་ལྔ་དང་ལྡན་པར་བརླབ་བོ། །ཚོན་ལ་གཉིས་ཀྱི་ཚོན་བྱིན་གྱིས་བརླབ་པ་ནི། རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ། །གསུངས་ཏེ། ཚོན་རབ་རིན་པོ་ཆེའི་ཕྱེ་མ། འབྲིང་འབྲུ་ཁ་དོག་བསྒྱུར་བ། ཐ་མ་ས་ཚོན་སྣ་ལྔ་ཁ་དོག་གསལ་བ་ལ། སྣོད་བྷནྡྷའམ་རིན་པོ་ཆེའི་སྣོད་མ་ཉམས་པར་བླུགས་ཏེ། སྔོན་པོ་ལ་ཧཱུྃ་བྲིས་པ་དབུས། དཀར་པོ་ལ་ༀ་བྲིས་པ་ཤར། སེར་པོ་ལ་སྭཱ་བྲིས་པ་ལྷོ། དམར་པོ་ལ་ཨཱ་བྲིས་པ་ནུབ། ལྗང་གུ་ལ་ཧཱ་བྲིས་པ་བྱང། དེ་ནས་ཚོན་ལྔ་མི་དམིགས་པ་ལས་ཡི་གེ་ལྔ་ལས་དབུས་མི་བསྐྱོད་པ། ཨཱོཾ་ལས་རྣམ་སྣང་། སྭཱ་ལས་རིན་འབྱུང་། ཨཱྃ་ལས་སྣང་བ་མཐའ་ཡས། ཧཱ་ལས་དོན་གྲུབ་ཡུམ་དང་ཕྱག་མཚན་བཅས་པ་ལོངས་སྐུར་བསྒོམ། མིག་འབར་བའི་ལྟ་བ་རྫི་མ་ལྷེབ་དང་བཅས་པས་འོག་མིན་ནས་སྤྱན་དྲངས་ལ་བསྟིམ། པཱུ་ཛ་འབུལ་བསྟོད་པ་བྱ་སྟེ་སོ་སོའི་སྙིང་པོ་ཚར་བདུན་བདུན་ཙམ་བརྗོད། ཡབ་ཡུམ་སྙོམས་འཇུག་གིས་འོད་དུ་ཞུ་ནས་འོད་ཕུང་ཁ་དོག་འབར་བ་ལྔར་བསྒོམ། ལག་པ་གཡོན་སོར་མོ་ལ་ཡིག་འབྲུ་བསྒོམ་ལ། ཚོན་རྩི་རྣམས་བུམ་པ་ལྟ་བུར་ཡར་སྤུངས། ཚོན་བྱིན་གྱིས་བརླབ་པའོ། །དེ་ཡང་དཀྱིལ་འཁོར་རྒྱས་པ་ན་ནི། ཚོན་སྣ་ཉི་ཤུ་རྩ་ལྔ་དགོས་ཏེ། དཀར་པོ་གཅིག་ལ་ཡང་དཀར་པོ་དངོས། དཀར་སྔོ། དཀར་སེར། དཀར་དམར། དཀར་ལྗང་། བཞི་པོ་ལའང་དེས་འགྲེའོ། །འབྲིང་པོའི་དབང་དུ་ལྔ་ཉིད་དོ། །ཚོན་གྱི་ཁ་དོག་གི་དགོས་པ་ནི། འོག་མ་མཐོང་རྨོངས་ལ་སྟོན་ཕྱིར་མཚོན། །ཞེས་པ་ལ་སོགས་ཏེ། གཞི་སེམས་ཉིད་ཡེ་ནས་ཡེ་ཤེས་ལྔ་དང་། ཡེ་ཤེས་ཉི་ཤུ་རྩ་ལྔ་ཡིན་པའི་དོན་མ་མཐོང་ཞིང་མ་རིག་པ་གཉིས་ཀྱིས་ནོན་པའི་རྨོངས་པ་རྣམས་ལ་བསྟན་པའི་ཕྱིར་ཚོན་གྱི་སྒོ་ནས་བསྟན་པས་ཀྱང་མཚོན་ཞེས་བྱ་ལ། རང་བཞིན་ལྷུན་གྲུབ་འོག་མིན་ན་བཞུགས་པའི་མཐར་ཕྱིན་པའི་སྐུ་དང་ཡེ་ཤེས་མ་མཐོང་ཞིང་རྨོངས་པའི་གདུལ་བྱ་རྣམས་ལ་བསྟན་པའི་ཕྱིར་ལྷག་པ་རྡུལ་ཚོན་གྱི་སྒོ་ནས་མཚོན་པའོ། །དེའི་ཕྱིར་དཀྱིལ་འཁོར་རྒྱས་པའི་དབང་དུ། ཁ་དོག་གོང་དུ་བསྟན་པ་ལྟར་ཉི་ཤུ་རྩ་ལྔའམ། འབྲིང་པོ་དང་བསྡུས་པའི་དབང་དུ་ཁ་དོག །ལྔ་ཡི་མཚོན་གྱིས་བྲི་བར་བྱ། །ཞེས་སོ། །དེ་ཡང་རྒྱས་པ་ལས། སེམས་ཅན་མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །རང་གི་རྣམ་རྟོག་སྒྲིབ་བྱང་ནས། །ཡེ་ཤེས་ལྔ་ཡི་དོན་མཐོང་ཕྱིར། །དེ་ལྟར་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་དང་དམར་དང་སེར་བ་དང་། །ནག་པོ་ལ་སོགས་བསྟན་པ་ཡིན། །ཞེས་གསུངས་སོ། །འདུལ་བའི་ཆོ་ག་བཞིན་དུ་བྲི། །ཞེས་པ་ནི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་སློབ་མ་གང་ལ་དད་པ་དང་། སློབ་དཔོན་གང་ལ་མོས་པ་གཉིས་ལས། འདིར་སློབ་བུའི་དོན་ཡིན་པས་སློབ་བུ་གང་ལ་དད་པ་བཞིན་བྲི་བ་སྟེ། རྒྱས་པ་ནི་ཚོན་སྣ་ཉི་ཤུ་རྩ་ལྔ། འབྲིང་བསྡུས་གཉིས་ལ་ཚོན་སྣ་ལྔའོ། །དཀྱིལ་འཁོར་ཚོན་གྱིས་བྲི་བ་ནི། ལྟེ་བ་རྩིབས་དང་ལྡན་པ་ཡི། །རྩིབས་བཞི་འཁོར་ལོ་མུ་ཁྱུད་བཅས། །ཞེས་པ་ལ་སོགས་ཏེ། དཀྱིལ་འཁོར་རྒྱས་པའི་དབང་དུ་ན། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་ཟེར་བས། ལྟེ་བ་རྩིབས་བཞི་མུ་ཁྱུད་དང་ལྡན་པའི་རྩིབས་མཆན་ཞིག་གི་སྟེང་དུ། རྩིབས་བཞི་འཁོར་ལོ་མུ་ཁྱུད་བཅས། །ཞེས་པས་དཀྱིལ་འཁོར་རྩིབས་བཞི་ལྟེ་བ་དང་ལྔའི་སྟེང་དུ་རྩིབས་བཞི་དང་བཅས་པའི་འཁོར་ལོ་མུ་ཁྱུད་དང་བཅས་པ་ལྔ་སྟེ། དབུས་སུ་གཅིག་རྩིབས་བཞི་ལ་བཞིའོ། །དེ་ལ་ནི་འཁོར་ལོ་དྲུག་པ་ཞེས་ཀྱང་བྱ་སྟེ། སྟེང་གི་ཆུང་ངུ་ལྔ། ཞབས་ཀྱི་ཆེན་པོ་དང་དྲུག་གོ། །འབྲིང་པོ་ལ་ནི། ལྟེ་བ་རྩིབས་བཞི་དང་ལྡན་པའི་འཁོར་ལོ་མུ་ཁྱུད་དང་བཅས་པའོ། །གྲུ་ཆད་བཞི་དང་། དབྱིབས་གྲུ་བཞི་དང་། བར་ཁྱམས་ལྷ་སྣམ་དང་། སྒོ་བཞིའི་སྒོ་ཁྱུད་རྟ་བབས་དང་བཅས་པ་ནི་རྒྱས་པ་དང་འབྲིང་པོ་གཉིས་ཀྱི་ཐུན་མོང་ངོ་། །བསྡུས་པ་ལ་ནི་ལྷ་སྣམ་མེད་པ་སྟེ། སྒོ་བཞི་ཕྱིན་ཆད་ནི་གསུམ་ཀ་མཐུན་ནོ། །མུ་དྲ་དགོད་པ་ནི། འོག་སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། །ཅེས་པ་ཁྲུ་གང་བ་ལ་སོགས་པ་རྒྱས་འབྲིང་བསྡུས་གསུམ་གྱི་གཟུགས་བརྙན་ལ། ལྷའི་གནས་སུ་ལྷ་སོ་སོའི་སྐུའི་གཟུགས་བརྙན་བྲིས་པའམ་དགོད་པ་ནི་སྐུའི་དཀྱིལ་འཁོར་རོ། །སྙིང་པོ་ཧཱུྃ་མཱུྃ་ལ་སོགས་པའམ། ཏ་ཐ་ལ་སོགས་པ་དགོད་པ་ནི་གསུང་གི་དཀྱིལ་འཁོར་རོ། །ཐུགས་མཚན་རྣམས་དགོད་པ་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །འདི་ལ་ཡང་སློབ་དཔོན་པདྨའི་བཞེད་ཀྱིས། རིགས་ལྔ་ལ་སྐུ་གསུང་ཐུགས་གསུམ་ཀ་དགོད། སེམས་དཔའ་རྣམས་ལ་ཐུགས་དང་གསུང་དགོད། ཐུབ་པ་དང་ཁྲོ་བོ་ལ་གསུང་ངམ་ཐུགས་སམ་རེ་རེ་དགོད། སློབ་དཔོན་པདྨའི་བཞེད་ཀྱིས། ཡི་གེའམ་གདན་ནམ་སྙིང་པོའམ། །ལ་སོགས་པ་དཀྱིལ་འཁོར་ཁྲུ་གང་བ་ལ་ཡི་གེ་ཏ་ཐའམ། གདན་པདྨའམ། སྙིང་པོ་ཧཱུྃ་མཱུྃ་ཙམ་དགོད། རྒྱས་འབྲིང་གཉིས་ལ་རིགས་ལྔ་ལ་སྐུ་གསུང་ཐུགས་གསུམ་ཀ་ལྡན་པར་དགོད། ཕྱག་རྒྱའམ་ཞེས་པ། སེམས་དཔའི་ཕྱིན་ཆད་དགོད་པར་འབྱུང་། གནམ་རྒྱན་ས་རྒྱན་རྣམས་བཀྲམ་པ་ནི། གོང་བཅོས་བུའི་རས་ནི་སྣ་ཚོགས་དང་། །ཞེས་པ་ལ་སོགས་ཏེ། རས་ནི་རྒྱུ་སྟེ་དར་ཡང་བསྡུའོ། །བཅོས་བུ་ནི་ཁ་དོག་བཅོས་པ་དང་དབྱིབས་བཅོས་པ་གཉིས། ཁ་དོག་བཅོས་པ་ནི་དཀར་པོ་དང་སྔོན་པོ་ལ་སོགས་པ་སྣ་ཚོགས་པ་ཁྲ་བོ་དང་རི་མོ་ཅན་རྣམས་སོ། །དབྱིབས་བཅོས་པ་ནི། དེ་ལས་བཟོར་བྱས་པའི་བླ་རེ་དང་། འགྲིགས་ཡོལ་དང་། འཕན་དང་། བ་དན་དང་། གདུགས་དང་། རྒྱལ་མཚན་དང་། དར་གྱི་ལྡ་ལྡི་ལ་སོགས་པ་རྣམས་ཀྱིས་ཕྱོགས་ཀུན་ཏུ་བསྐོར་བར་བྱའོ། །རྒྱན་ཞེས་པ། ལྷ་རྣམས་ཀྱི་སྐུ་ལ་འབུལ་བའི་རྒྱན་སྙན་ཆ། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སྐ་རག །སེ་མོ་དོ། དོ་ཤལ་རྣམས་ཀྱིས་དཀྱིལ་འཁོར་འཁོར་བར་བྱའོ། །ཕྲེང་བ་ཞེས་པ། རིན་པོ་ཆེ་ལས་བྱས་པའི་ཕྲེང་བ་ཁ་དོག་ལྔ་སོ་སོ་ན་གསལ་བའི་ཕྲེང་བ། དཀྱིལ་འཁོར་དྲྭ་བ་དྲྭ་ཕྱེད་ཀྱིས་བརྒྱན་ཏོ། བཏུང་བ་ཞེས་པས། འབྲས་ཆད་རྒུན་ཆང་བུ་རམ་ཆང་། ཆབ་ཚ་ལེགས་པ་ལ་སོགས་པ། སྣོད་བཟང་པོའི་ནང་དུ་བླུགས་ལ་དཀྱིལ་འཁོར་བསྐོར་རོ། །བྲོ་བ་ཞེས་པ། བཟའ་བའི་ཚོགས་ཏེ་ཤ་དང་མཐུད་དང་མར་དང་ཁུར་བ་དང་སི་ཏེའུ་ལ་སོགས་ཏེ་གཡོས་ཀྱི་བྱེ་བྲག་རྣམས་དང་། ཚོད་མའི་བྱེ་བྲག་རྣམས་ཀྱིས་བསྐོར་རོ། །གཞན་ཡང་། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དྲི་དང་མེ་ཏོག་བདུག་སྤོས་དང་། །མར་མེ་བརྒྱ་ནི་དབུལ་བྱ་ཞིང་། །རྒྱལ་མཚན་ལྷ་བཤོས་བརྒྱ་བརྒྱ་འབུལ། །ཞེས་པས་མར་མེ་ལ་སོགས་པ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བར་བྱའོ། །རབ་གནས་ལ་འཇུག་སྟེ། འོག་ལུས་ངག་སེམས་དང་ཆོས་ཐམས་ཅད། །ཅེས་པ་ལ་སོགས་ཏེ། སྐུའི་གཟུགས་བརྙན་ཙཀ་ལི། གསུང་གི་གཟུགས་བརྙན་ཡིག་འབྲུ། ཐུགས་ཀྱི་གཟུགས་བརྙན་ཕྱག་མཚན་དང་། ཆོས་ཐམས་ཅད་ཅེས་པ། ངོ་བོ་གཞལ་ཡས་ཁང་ཡིན་ལ། དེས་མཚོན་པའི་ཕྱི་ནང་གི་ཆོས་ཐམས་ཅད་སེམས་ཉིད་མཉམ་པ་ཉིད་ལས་མ་གཏོགས་པ་མེད་པའི་ཕྱིར། སྣོད་བཅུད་ཡུལ་སེམས་གང་དུའང་མི་གནས་པ་ཉིད་ཡུལ་དང་ཡུལ་ཅན་གྱི་འཛིན་པ་མི་དམིགས་པ་ཉིད་ཆུའི་གཟུགས་བརྙན་ལྟར། སྣང་བ་མ་འགག་པ་ཙམ་རྣམ་པ་ཐམས་ཅད་དུ་འགོག་པ་མ་ཡིན་ཏེ། མིག་ཡོར་ཞེས་པ། འཁྲུལ་པའི་ངོ་ལ་མིག་གི་ཐད་ཀ་ན་སྣང་བ་ཅི་བྱུང་ཡང་ངོ་བོ་ལ་གཏན་མ་གྲུབ་པ་བཞིན། ཕྱི་ནང་གི་དཀྱིལ་འཁོར་ཐམས་ཅད་དེ་ལྟ་བུའི་ཚུལ་དུ་བསྒོམ་པ་ནི། རྟོགས་པ་མངོན་དུ་གྱུར་པ་སྟེ། ཡིས་ཞེས་པ། རྟོགས་པ་དེ་ལྟ་བུ་དང་ལྡན་པའི་རྣལ་འབྱོར་པས་བསྒོམ་པའི་དུས་སུ། ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་པ། སེམས་ཀྱི་ཆོས་ཉིད་འདི་ལྟ་བུའོ་ཞེས་བྱ་བའི་ངོ་བོར་དམིགས་སུ་མེད་པ་བཏང་སྙོམས་ཆེན་པོའི་ངང་ལ་བསྒོམ་པའི་དུས་སུ། ནམ་མཁའ་བསྒོམ་ཞེས་པ། བློ་ནམ་མཁའ་ལྟར་དམིགས་བྱ་དམིགས་བྱེད་མེད་པར་རེ་དོགས་ཕྲ་བའང་མེད་དེ། ཅིར་ཡང་མི་དམིགས་པར་རང་གསལ་བར་འདུག་གོ། །དེ་བརྟན་པའི་ཕྱིར་ཤཱུ་ཱུནྱ་ཏའི་སྔགས་ཀྱང་བརྗོད་དོ། །དེ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངོ་བོ་ཡིན་ཀྱང་ལྷག་པ་རྡུལ་ཚོན་གྱི་སྐབས་འདིར། རྡུལ་ཚོན་དངོས་ཀྱི་ལྷག་ཆད་རྣམས་དག་པར་བྱ་བ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དང་། དེས་གཞི་བྱས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་ཏེ། གསང་སྔགས་ཀྱི་སྟོང་པ་ཉིད་ནི་མཐའ་ཐམས་ཅད་ཀྱིས་སྟོང་པའི་སྟོང་ཆེན་རིག་པ་རང་གསལ་གྱི་ངོ་བོ་ཉིད་ཡིན་ཏེ། གང་དུ་ཡང་མ་གྲུབ་པ་ཉིད་ཅིར་ཡང་འཆར་བའི་བདག་ཉིད་པས། དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་སྣང་བའི་རྒྱུར་ངེས་སོ། །དེ་བས་ཏིང་ངེ་འཛིན་དེ་ལ་ནན་ཏན་དུ་བྱ་བ་དང་། སྔགས་ཀྱང་བདུན་ཙམ་བརྗོད་པར་བྱའོ། །རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྐྱེད་པ་ནི། འོག་ཏིང་འཛིན་རོལ་མོ་མཐའ་ཡས་མཆོག །ཅེས་པ། དང་པོར་རོལ་མོ་དཔེ་བཤད་དེ། དཔེར་ན་རོལ་མཁན་གྱིས་རོལ་མོ་སྣ་ཚོགས་ཅི་བྱེད་ཀྱང་གཞི་གཅིག་ཏུ་ངེས་པ་མེད་པ་ལས་ཡན་ལག་གི་འགྱུར་བའི་ཐབས་ཀྱིས་ཁྲིད་ནས་བེམ་རིག་གི་ཆོས་སྣ་ཚོགས་ཀྱི་གཟུགས་སུ་སྣང་བ་ལ་འདི་མི་བཏུབ་བྱ་བ་མེད་པ་བཞིན། གོང་དུ་བཤད་པའི་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་སེམས་ཉིད་རང་སྣང་གི་ཡེ་ཤེས་ཆེན་པོ་ལས། རོལ་མོ་ཞེས་པ། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་ཡེ་ཤེས་སྐད་ཅིག་མར་གསལ་བའི་ངང་ལས་རིག་པས་དབང་བསྒྱུར་ནས། མཐའ་ཡས་མཆོག་ཅེས་པ། རྒྱུའི་ཏིང་ངེ་འཛིན་ནས་དཀྱིལ་འཁོར་རྫོགས་པའི་བར་རྣམས་ཅིར་ཡང་རྫོགས་ཏེ། དེ་ཡང་དབང་བསྒྱུར་བའི་ངོ་བོ་ནི། སྟོང་པ་ཆེན་པོའི་རྣལ་འབྱོར་ཅིར་ཡང་སྣང་བའི་རྒྱུ་ལས་སྙིང་རྗེ་ཆེན་པོའི་རྐྱེན་གྱིས་རྒྱུའི་ཡི་གེ་ཨ་དང་ཧཱུྃ་གང་ཡིན་པར་སྣང་ནས་དེ་ལས་བདག་ཉིད་ལས་ཀྱི་ལྷར་གསལ་བའི་ཐུགས་ཀ་ནས་དྭངས་མའི་འབྱུང་བ་ལྔའི་ངོ་བོ་ལས་ཨེ་འཕྲོས་མདུན་དུ་ནམ་མཁའ་གྲུ་གསུམ་པ། ཡྃ་འཕྲོས་པས་རླུང་། བྃ་འཕྲོས་པ་ལས་ཆུ། ལམ་ལས་གསེར་གྱི་ས་གཞི། སུྃ་ལས་རཏྣ་སྣ་བཞི་ལས་གྲུབ་པའི་རི་རབ། བྷྲཱུྃ་འཕྲོས་པ་ལས་གཞལ་ཡས་ཁང་རྒྱན་གདན་དང་བཅས་པའོ། །དེ་ཡང་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གང་ཡིན་པ་གདན་དང་བཅས་པ་གཞུང་དང་མཐུན་པར་བསྒོམ། ཡི་གེའམ་གདན་ནམ་སྙིང་པོའམ། །ཞེས་པའི་ཡི་གེ་ཀ་ཁ་བཞི་བཅུ་སྟེ། སྔར་དཀྱིལ་འཁོར་འབྲིང་པོ་ལ་ཡང་དེ་དགོད་པ་ཡིན་པས། འདིར་ལྷ་རྣམས་ཡིག་འབྲུ་ལས་བསྐྱེད། སྙིང་པོའམ་ཞེས་པ། དཀྱིལ་འཁོར་རྒྱས་པའི་དབང་སྟེ། ཕྱིས་ཀྱང་ལྷ་བསྐྱེད་པའི་ས་བོན་ཧཱུྃ་མཱུྃ་ལ་སོགས་པ་དགོད། གདན་ནམ་ཞེས་པ། གདན་ཙཀ་ལི་བཀོད་པ་ཡིན་པས་དཀྱིལ་འཁོར་རྒྱས་འབྲིང་གང་ལའང་འགྲོ་སྟེ་སྐུའི་དཀྱིལ་འཁོར་རོ། །ཕྱག་རྒྱ་ཞེས་པ། ཐུགས་ཀྱི་དཀྱིལ་འཁོར་སྟེ་ཀུན་ལས་འགྲོ་བ་ཡིན་པས། གང་ཡིན་ཡང་ཏིང་ངེ་འཛིན་གྱི་གནས་སྐབས་སུ་གསུང་གི་ཡི་གེར་བཀོད། དེ་ལས་ཕྱག་རྒྱར་གསལ། དེ་ལས་སྐུར་གསལ་བས་དེར་སྐུ་གསུང་ཐུགས་དང་ལྡན་པའི་ལྷ་རྒྱས་བསྡུས་འབྲིང་གསུམ་གྱི་གྲངས་བཞིན་དུ་གསལ་ནས། དབང་བསྐུར་བ་དང་བྱིན་རླབས་ཀྱང་བྱ་སྟེ། བྱིན་རླབས་ཡ་མཚན་རྨད་པོ་ཆེ། །ཞེས་བྱིན་རླབས་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ནས་བསྟིམ་པའོ། །དེའི་ཡོན་ཏན་ནི། ཡ་མཚན་ཞེས་པ། སེམས་ཉིད་གང་དུ་ཡང་མ་གྲུབ་པ་ལ་ཏིང་ངེ་འཛིན་གྱིས་ཇི་ལྟར་སྣང་བའོ། །རྨད་པོ་ཆེ་ནི་སློབ་མའི་དགོས་པ་ཐམས་ཅད་རྫོགས་པའོ། །འགྲུབ་འགྱུར་ནི་དེས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ནི་གྲུབ་པའི་རྒྱུ་ཡིན་པས་འགྲུབ་འགྱུར་ཞེས་བྱའོ། །འགྲུབ་པའི་གཏན་ཚིགས་ནི། སངས་རྒྱས་ཀུན་གྱི་དམ། །ཞེས་པ་ཁམས་གསུམ་གྱི་ཆོས་ཐམས་ཅད་རང་བཞིན་གྱི་དཀྱིལ་འཁོར། དེ་རྟོགས་པ་མངོན་དུ་གྱུར་པ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར། དེ་གཉིས་དབྱེར་མེད་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་བྱས་པ་དང་གསུམ་དབྱེར་མེད་པར་བྱ་བའི་ངང་ལ་དངོས་གྲུབ་རྣམ་གཉིས་ལྷུན་གྱིས་གྲུབ་པ་ལས་མི་འདའ་བས་དམ་ཞེས་བྱ་སྟེ། སངས་རྒྱས་ཀུན་གྱི་ངོ་བོ་ཉིད་ཡིན་ཞེས་པའོ། །ཏིང་ངེ་འཛིན་གྱིས་སྦྱངས་ཤིང་བསྐྱེད་པའི་ཡོན་ཏན་འཐད་པ་དང་བཅས་པ་བསྟན་པ་ནི། གོང་མ་ལྟ་བུ་ན། འབྲས་བུའམ་ཡོན་ཏན་གཞན་དུ་ཚོལ་བར་མ་གྱུར་ཏམ་ཞེ་ན། དེ་དཔེས་མ་གྱུར་པར་བསྟན་པ་ནི། ས་ལ་སོགས་ལ་ཕྱག་རྒྱར་བྱས། །ཞེས་པ་ལ་སོགས་ཏེ། སོགས་ཁོངས་སུ་རིན་པོ་ཆེའང་བསྡུ་སྟེ། དཔེར་ན་སས་ཕྱག་རྒྱ་བདེ་བར་གཤེགས་པའི་སྐུ་བྱས་ན། དེའི་ཡོན་ཏན་གྱི་འབྲས་བུ་ལམ་གོང་ནས་གོང་དུ་ཡོན་ཏན་ཐོབ་པར་འགྱུར། བ་སོའམ་རྒྱུ་དེ་བས་བཟང་བ་ལ་བྱས་ན་བསོད་ནམས་དེ་བས་ཆེ། མཁར་བ་ལ་བླུགས་ན་འབྲས་བུ་དེ་བས་ཀྱང་མཐོ། དངུལ་ལྟ་བུ་ལ་བྱས་ན་དེ་བས་ཀྱང་རྣམ་གྲོལ་མཐོ། རྒྱུ་གསེར་ལས་བྱས་ན་དེ་བས་ཀྱང་འབྲས་བུ་རྣམ་གྲོལ་མཐོ་སྟེ། དེ་རྣམས་རྒྱུའི་རིམ་པས་བསོད་ནམས་ཆེ་ཆུང་ཁྱད་ཡོད་ཀྱང་། འབྲས་བུའི་དངོས་རྒྱུ་མ་ཡིན། བརྒྱུད་པའི་རྒྱུ་ཡིན་པས་རིམ་པ་ཞེས་སྨོས་སོ། །འདིར་དངོས་རྒྱུ་ནི། དག་པའི་ཡེ་ཤེས་ཀྱིས་སྦྱངས་པ། །ཞེས་པ་འདིར་དག་པའི་ཡེ་ཤེས་ནི། སྟོང་པ་ཆེན་པོའི་རྣལ་འབྱོར་མཐའ་ཐམས་ཅད་དང་བྲལ་བ་ནི། རོལ་མོ་ལྟ་བུའི་རྣལ་འབྱོར་གང་དུ་ཡང་མ་གྲུབ། ཅིར་ཡང་སྣང་བ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་གཉིས་ནི་རིག་པར་མཐས་མ་གོས་པའི་ཡེ་ཤེས་དང་། རིག་པ་རང་སྣང་མཐའ་དང་བྲལ་བའི་ཡེ་ཤེས་གཉིས་ཀྱིས་སྦྱངས་ནས་དཀྱིལ་འཁོར་གྱི་ཚོགས་རྣམས་སུ་སྣང་བ་ནི། དངོས་གྲུབ་ཐོབ་བམ་མི་ཐོབ་སྨོས་ཀྱང་ཅི་དགོས་ཏེ། དཀྱིལ་འཁོར་གསུམ་ལྷུན་གྱིས་གྲུབ་པ་རང་རིག་པར་མངོན་དུ་གསལ་བ་དེ་ཉིད་ཁོ་ན་ཡིན་ཞེས་བྱའོ། །རབ་གནས་ཀྱི་ངོ་བོ་ཡེ་ཤེས་པ་བསྟིམ་པ་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་མཚན་ཉིད་ནི། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །ཞེས་པ་ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པའི། དཀྱིལ་འཁོར་ཞེས་པ། གསང་སྔགས་ཕྱི་ནང་དང་། རྒྱུའི་ཐེག་པའི་གཟུགས་སྐུ་གཉིས་གཙོ་བོ་དང་འཁོར་དུ་བཅས་པའི་དཀྱིལ་འཁོར་ཐམས་ཅད་དབྱེར་མེད་པའི་བདག་ཉིད་ཆེན་པོ་ནི། སྙིང་པོ་བྱང་ཆུབ་ཀྱི་སེམས་རྒྱུ་རྐྱེན་དང་བྲལ་བས་རང་བྱུང་གི་ཡེ་ཤེས་འཁོར་འདས་ཐམས་ཅད་ཀྱི་བདག་ཉིད་ཆེ་བ་ནི་ཆོས་ཐམས་ཅད་ལ་ཁྱབ་ཀྱང་དམིགས་ཡུལ་དང་བྲལ་ཞིང་ཐམས་ཅད་ཉིད་དུ་ལྷུན་གྱིས་གྲུབ་པའོ། །དེའི་ངོ་བོ་ཉིད་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་ཀྱང་དེ་དག་གང་གིས་ཀྱང་མ་རེག་ཅིང་མ་གྲུབ་པའི་ངོ་བོ་ཡུལ་ཡུལ་ཅན་མེད་པས་མི་དམིགས་ཞེས་བྱ་ལ། དེ་ཉིད་དུས་གསུམ་དུ་འགྱུར་བ་མེད་པས་ཐུགས་སྟོང་པ་ཆེན་པོའི་ཡེ་ཤེས་བཞིའི་འཁོར་དང་ལྡན་པས། དཀྱིལ་འཁོར་ལས་ཞེས་པ། གཞི་དེ་ལས། དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །ཞེས་པས་གོང་གི་ཡེ་ཤེས་ལྔ་རེ་རེ་ལ་ཡང་བཞི་བཞི་འཕྲོ་བས། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལས་དེ་གསལ་བར་མི་འགག་པའི་སྐུ་བསམ་གྱིས་མི་ཁྱབ་པར་ཤར་བས་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་སྟེ། དེས་ན་ཆོས་ཀྱི་དབྱིངས་ཀྱི་ཁྱབ་ཚད་ཀྱི་དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ལ་བསྟིམ་པའོ། །དམ་ཚིག་པ་ལ་བསྟིམ་པ་འབྲས་བུ་དང་བཅས་པ་ནི། རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །ཞེས་པ་ལ་སོགས་ཏེ། ཡོང་གིས་ན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་ཡང་རྣལ་འབྱོར་པའི་རིག་པ་རང་སྣང་བ་ཡིན། དེ་ཡང་མིན་པ་ཞིག་ལ་ཡིན་པར་ནན་གྱིས་བཏགས་པ་མིན་ཏེ། ཐ་མལ་པའི་གཟུང་འཛིན་གྱི་སྣང་བ་ལ་ཕུང་པོ་ཁམས་དང་སྐྱེ་མཆེད་དུ་སྣང་ཡང་། རྒྱ་མཚོ་ཆེན་པོ་ལ་གཟུགས་བརྙན་གྱི་ཚོགས་སྣང་བ་ཕར་ངོས་ཚུར་ངོས་ཐམས་ཅད་ཆུར་སྣང་བ་བཞིན། སྣོད་བཅུད་བེམ་རིག་ཐམས་ཅད་རང་སྣང་བས་རྟོག་པ་སེམས་ཉིད་ལས་མ་གཡོས་པར་སེམས་ཉིད་སྣང་། དེ་རྣལ་འབྱོར་པས་ལྷར་བསྒོམ་པའི་དུས་སུ་རྟོག་པ་སྐུ་དང་ཡེ་ཤེས་སུ་སྣང་བ་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་ངང་ལ་ལྷའི་དཀྱིལ་འཁོར་སྣང་སྟོང་དབྱེར་མེད་ཏིང་ངེ་འཛིན་གྱི་ངོ་བོ་ལ་ལྷུན་གྱིས་གྲུབ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་པ་ཡང་། སྤྱན་དྲང་ཚད་པ་ཡང་སེམས་སྣང་། སྤྱན་དྲང་བ་ཡང་སེམས་སྣང་། བྱོན་པ་ཡང་སེམས་སྣང་། བསྟིམས་པ་ཡང་སེམས་སྣང་བས། ཐམས་ཅད་སེམས་ཉིད་ཀྱི་ངང་དུ་གསལ་བ་ལ་ཡུལ་ཤེས་ཀྱི་དམིགས་པ་དང་བྲལ་བའི་དབང་གིས། གོང་དུ་སྤྱན་དྲངས་ཤིང་བསྟིམས་པ་དེ་ཡང་གུད་ན་མེད་དེ། སེམས་སྣང་བའི་ཕུང་པོ་ཁམས་སྐྱེ་མཆེད་རྟོག་པ་རྣམས་རིག་པ་རང་སྣང་བའི་སྐུ་དང་ཡེ་ཤེས་སུ་དབྱེར་མེད་པའི་དཀྱིལ་འཁོར་དེ་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་ཕྱག་རྒྱ་བཞི་ཡིས་དམ་ཚིག་པ་ལ་བསྟིམས་ནས། ཡེ་ཤེས་དམ་ཚིག་རང་སྣང་གཉིས་སུ་མེད་པར་གྱུར་པ་དེ་ལ། འཇུག་པའི་མཚན་ཉིད་མཉམ་སྦྱོར་བའི། །ཞེས་པ་རྐྱེན་འཇུག་པའི་མཚན་ཉིད་ནི་ལམ་པས་ཉམས་སུ་བླང་བའི་ངོ་བོ་ཡིན་པས་ལྟ་བ་དང་ཏིང་ངེ་འཛིན་དབྱེར་མེད་པར་ཉམས་སུ་ལོན་པར་བསྒོམ་པ་ནི་མཉམ་སྦྱོར་བ་ཞེས་བྱའོ། །དེ་ལ་དཀྱིལ་འཁོར་ཐམས་ཅད་རྫོགས་པའི་ཕྱིར། ཕྱོགས་བཅུ་དུས་བཞི་ཀུན་ནས་གཤེགས་པ་ནི་འབྲས་བུ་མངོན་དུ་བྱས་པའི་སངས་རྒྱས་ཐམས་ཅད། བསྙེན་པ་ནི་གོང་གི་འཇུག་པའི་མཚན་ཉིད་ཉམས་སུ་ལེན་པའི་རྣལ་འབྱོར་པ་དེ་འབྲས་བུ་ལ་བསྙེན་པའི་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པ་རབ་ཏུ་རྫོགས། དེས་འབྲས་བུར་སྣང་བ་ལ་ནི་ཉེ་བར་གྱུར་པའི་དེ་ལས་མི་འདའ་བ་དམ་ཚིག་མཆོག་སྟེ། ཅི་འདོད་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་བྱའོ། །ཡེ་ཤེས་པ་བསྟིམས་ནས་ཕྱི་ནང་གི་པཱུ་ཛ་བྱ་བ་ནི། གོང་གླུ་ཚིག་བྲོ་གར་རོལ་མོ་ཡི། །ཞེས་པ་ལ་སོགས་ཏེ། དེ་ཡང་མཆོད་པ་འབུལ་བའི་རིམ་པ་ནི། དང་པོ་ཕྱིའི་མཆོད་པ་བྱ་སྟེ། མཆོད་པ་རྣམ་ལྔ་ཚིགས་བཅད་དང་སྔགས་དང་ལྡན་པར་བྱ་བ་ཡང་ཟླ་གསང་ཐིག་ལེ་ནས་འབྱུང་བ་བཞིན་དུ་བྱའོ། །བླ་རེ་དང་འཕན་དང་། རོལ་མོའི་རྣམ་པ་དང་། རྒྱན་གྱི་བྱེ་བྲག་རྣམས་དང་། ཁྲུས་ཀྱི་བྱེ་བྲག་རྣམས་ཀྱང་འབུལ་བ་ཡང་ཚིགས་བཅད་དང་། ཏིང་ངེ་འཛིན་དང་། སྨོན་ལམ་དང་བཅས་པར་སློབ་དཔོན་བུདྡྷ་གསང་བའི་མངོན་རྟོགས་བཞིན་བྱའོ། །ནང་གི་དམ་རྫས་རྣམས་འབུལ་བ་དང་། བྲོ་གར་བཅུ་དྲུག་གླུ་ཚིགས་སུ་ར་ཏོ་བཅུ་དྲུག་གིས་འབུལ་བ་དང་། རོལ་མོའི་ཆ་བྱད་རྣམས་འབུལ་བ་དང་། ཡུམ་དང་ཞེས་པས། གསང་བའི་ཡུམ་བཞི་སྟེ། རྒྱས་འདེབས་རྨོངས་བྱེད་ཟ་བ་མོ་ཚེ་འཕེལ་མོ་བཞིའི་མཆོད་པ་འབུལ་བ་དང་། འཇོ་མ་ཞེས་པ་ལཱ་སྱེ། མཱ་ལེ། གཱིརྟི། རྣཱིརྟི་བཞི་ཚིགས་བཅད་སྔགས་དང་ཏིང་ངེ་འཛིན་དང་ལྡན་པས་འབུལ་བ་དང་། སེམས་མ་ཞེས་པས། དྷཱུ་པེ། པུཥྤེ། གནྡྷེ། ཨཱ་ལོ་ཀེ་བཞི་ཚིགས་བཅད་དང་སྔགས་དང་ཏིང་ངེ་འཛིན་དང་ལྡན་པས་འབུལ་ལོ། །ཇི་ལྟར་འདོད་པའི་ལས་བཞིན་མཆོད། །ཅེས་པ་བསྒྲུབ་བྱའི་དངོས་པོ་ཞི་རྒྱས་དབང་དྲག་བཞི་གང་འདོད་ཀྱང་དེའི་བསམ་པས་འབུལ་བ་དང་། སློབ་མ་སྨིན་པར་འདོད་ཀྱང་དེའི་བསམ་པས་འབུལ། རང་དོན་ཡང་གང་འདོད་ཀྱང་དེ་དང་དེའི་བསམ་པས་འབུལ་བ་ནི། ཆོས་ཐམས་ཅད་རིག་པ་རང་སྣང་ཞིང་རིག་པ་ལ་དབང་བསྒྱུར་བའི་དོན་ནོ། །ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པའི་མདོར་བསྟན་པ་ནི། འོག་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །ཞེས་པ། པཱུ་ཛ་ནི་སྤྱིར་ན་གང་དང་གང་གིས་ཡུལ་གང་ཡིན་པ་དེ་མཉེས་པར་འགྱུར་པ་ལ་ནི་མཆོད་པའི་མཆོག་ཅེས་བྱ་སྟེ། འདིར་ནི་འདོད་པའི་ཡོན་ཏན་རྣམ་པ་ལྔ་ཐེག་པ་འོག་མ་གསང་སྔགས་ཕྱི་པ་མན་ཆད་ཀྱི་སྤང་བྱ་ཡིན་པ་དེ། འདིར་ལྟ་བ་དང་ཏིང་ངེ་འཛིན་གཉིས་སུ་འཛོམ་ནས་རིག་པ་ལ་རིག་པ་ཐིམ། རིག་པ་མཉེས་པའི་དགོངས་པ་དང་ལྡན་པས་མིག་གི་ཡུལ་གཟུགས་མཐོང་བྱ་མཐོང་བྱེད་གཟུང་འཛིན་ངང་གིས་དག་སྟེ། བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་མཉེས་བྱ་མཉེས་བྱེད་མེད་པར་མཉམ་པ་ཉིད་ཀྱི་གདེངས་ཐོབ་པ་ནི། འདུ་ཤེས་ཐམས་ཅད་དང་བྲལ་བས་མཉེས་པའི་མཆོག་གོ། །ཡུལ་བཞི་པོ་དེས་འགྲེ། དེ་ལྟ་བུའི་ངང་ལས་མི་འདའ་བ་ཕྱག་རྒྱ། དེའི་རྒྱས་ཐེབས་པས་ཀྱང་ཕྱག་རྒྱ་སྟེ་ཐེག་པ་འདི་ཉིད་ཀྱི་ཡིན་པས་ཆེན་པོའོ། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཞེས་པ་སེམས་རིག་པ་རང་གསལ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བས་ཅིར་ཡང་མི་འགག་པར་སྣང་བ་ཉིད་མཆོད་པའི་ཚོགས་སུ་སྣང་སྟེ། དེ་ཡང་སྤྲིན་ཞེས་པས། མང་བ་དང་འཁྲིགས་པ་དང་རྒྱུན་མི་ཆད་པ་སྟེ། མཆོད་པའི་ཚོགས་འོག་ནས་འབྱུང་བ་རྣམས་ཀྱང་ནམ་མཁའ་ལ་སྤྲིན་བཞིན་དུ་འཁྲིགས། བར་སྣང་ལ་ཆར་བཞིན་དུ་བབ། ས་གཞི་ལ་རྩི་ཤིང་བཞིན་དུ་སྐྱེས་པས་ཐམས་ཅད་དུ་འཁྲིགས་པའོ། །མཆོད་པ་རྒྱས་བཤད་ནི། ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །ཞེས་པ་ལ་སོགས་ཏེ། རང་གི་ཐུགས་ཀ་ནས་བྷྲཱུྃ་སྤྲོས་པས་ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་པས་འཇིག་རྟེན་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་བདེ་བ་ཅན་དང་པདྨོ་ཅན་ལྟ་བུར་བརླབ་སྟེ། མཉེས་ཞེས་པ། མནན་ན་ནེམ་པ་བཏེགས་ན་འཕར་བའི་འབོལ་བའོ། །འཇམ་པ་ནི་ཟུག་རྔུ་མེད་པ་སྟེ་གང་རེག་པ་ཐམས་ཅད་བདེ་བ་འཕེལ་བའོ། །དེ་ལྟ་བུའི་གཞི་ལ་རིན་པོ་ཆེ་ཁ་དོག་སྣ་ཚོགས་པ་དཀར་པོ་དང་སེར་པོ་ལ་སོགས་པ་ཁ་དོག་རྣམས་ལེགས་ཤིང་མཛེས་པ་ནེའུ་ལེགས་པ་ལྟ་བུའི་ས་གཞི་འཇམ་པོ་ལ། མཛེས་པར་བྲིས་ཤིང་ཞེས་པ། གཞིའི་ཁ་དོག་དང་ཐིག་ལེ་ཁ་དོག་མི་གཅིག་པ་སྤེའུ་ལེགས་པས་བྲིས་པ་ལྟ་བུ་སྟེ། བྲི་གཞི་དང་ཐིག་གཉིས་གཅིག་གིས་གཅིག་ལ་ཡ་འབྱིན་པས་ཤིན་ཏུ་ལེགས་པ་ལ་ཡང་སྤྲས་ཞེས་བྱ་ལ། ཡང་ན་ཐིག་མདོ་རྣམས་སུ་རིན་པོ་ཆེ་ལས་བྱུང་བའི་མེ་ཏོག་ཁ་དོག་སྣ་ཚོགས་པས་བྲིས་ཤིང་སྤྲས་པ་ལྟ་བུར་སྣང་བའོ། །དེ་ལྟ་བུའི་མཚན་ཉ ིད་དང་ལྡན་པ་དཀྱིལ་འཁོར་ལ་འབུལ་ལོ། །དེ་ནི་མཆོད་པ་རྣམས་ཀྱི་གཞི་ལྟ་བུའང་ཡིན་ནོ། །ཡང་ཐུགས་ཀ་ནས་ཏྲཱྃ་འཕྲོས་འཇིག་རྟེན་གྱི་དཀྱིལ་འཁོར་ལོ་ཀ་དང་ཕུང་པོ་ཐམས་ཅད་ལ་ཕོག་པས། ཀུན་འབྱུང་རིན་ཆེན་ཕུང་པོ་འབར། །ཞེས་པ་འདོད་ཡོན་ལྔ་ལ་སོགས་པ་དགོས་པ་སྐོང་བའི་ཡོན་ཏན་གྱི་ཆོས་ཐམས་ཅད་འབྱུང་བའི་རིན་པོ་ཆེ་སྣ་ཚོགས་ཕུང་པོ་འོད་འབར་བ་བསྒོམ་ལ་འབུལ་ལོ། །རང་གི་ཐུགས་ཀ་ནས་བྃ་སྤྲོས་འཇིག་རྟེན་གྱི་ཆུ་ཐམས་ཅད་ལ་ཕོག་པས་དབྱིབས་ལེགས་པ་ནི་ཟླུམ་པོ་དང་གྲུ་བཞི་དང་ཟླ་གམ་སྟེ། དེ་ཡང་ཟླ་གམ་མོ། །དེའི་རྫིང་བུ་ཆེ་ཆུང་གི་བྱེ་བྲག་གོ། །ངོས་རིན་པོ་ཆེ་ཁ་དོག་མི་གཅིག་པས་བསྐྱོར། འོག་གཞི་ཁ་དོག་མི་གཅིག་པ་ལ་བྱས། གསེར་གྱི་བྱེ་མ་བདལ་བ། དྲི་དང་རོ་གཉིས་གཞན་ལས་མཆོག་ཏུ་དཔགས་པ། རེག་ན་ཤེས་རྒྱུད་ཚིམ་པར་བྱེད་པ་ལ་ནི། བསིལ་ཞེས་བྱ་སྟེ། དེ་ལྟ་བུ་དཀྱིལ་འཁོར་ལ་འབུལ་ལོ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །ཞེས་པ། རང་གི་ཐུགས་ཀ་ནས་བྷྲཱུྃ་སྤྲོས་འཇིག་རྟེན་ཁམས་ཀྱི་ཁང་པ་རྣམས་ལ་ཕོག །དེས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་པ། མཐོ་བ་དང་དམའ་བ། ཆེ་བ་དང་ཆུང་བ་སྣ་ཚོགས་པ་དང་། ཕྱི་ནས་བལྟས་ན་ནང་གསལ། ནང་ནས་བལྟས་ན་ཕྱི་གསལ་བ། ཐོགས་པ་མེད་པ་རྒྱན་སྣ་ཚོག་ས་འཕྱང་བ་སྟེ་རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད་ལ་སོགས་པ་སྣ་ཚོགས་འབུལ་ལོ། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །ཞེས་པ་རང་གི་ཐུགས་ཀ་ནས་ཏྲཱྃ་སྤྲོས་པས་འཇིག་རྟེན་གྱི་ཁམས་ཀྱི་ཤིང་ཐམས་ཅད་ལ་ཕོག་པས་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་དཔག་བསམ་གྱི་ཤིང་སྟེ་རྩ་བ་དང་། སྡོང་པོ་དང་། ལོ་མ་དང་། འབྲས་བུ་རྣམས་རིན་པོ་ཆེ་ཁ་དོག་མི་གཅིག་པས་སྤེལ་ལེགས་པར་བྱས་པ། དགོས་འདོད་ཐམས་ཅད་བསམ་པ་ཙམ་གྱིས་ཡོད་པར་འབུལ་ལོ། །གཞན་ཡང་རིན་པོ་ཆེ་ཁ་དོག་སྣ་ཚོགས་ལས་གྲུབ་པ་ལྗོན་པའི་ཚལ་ཁ་དོག་དང་དབྱིབས་ལེགས་པ་བལྟ་ན་སྡུག་པར་བྱིན་གྱིས་བརླབ་ལ་འབུལ་ལོ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །ཞེས་པ་འཇིག་རྟེན་གྱི་ཁམས་ན་བེམ་རིག་གི་སྒྲ་ཅི་ཡོད་པ་ཐམས་ཅད་ལ་ཐུགས་ཀ་ནས་ཤྲཱི་འཕྲོས་པས་ཁྱབ་སྟེ། སྐྱེ་བ་མེད་པའི་ཚིག་དང་། གསང་སྔགས་བརྗོད་པ་དང་། བསྟོད་པའི་ཚིགས་བརྗོད་པའི་ངག་གི་གླུ་དང་། གྲེ་འགྱུར་གྱི་དབྱངས་སུ་སྒྲ་ཐམས་ཅད་བྱིན་གྱིས་བརླབ་ལ་འབུལ་ལོ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །ཞེས་པ་ཐུགས་ཀ་ནས་བྷྲཱུྃ་སྤྲོས་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པས་ཉི་ཟླ་དང་སྐར་མ་དང་སྤྲིན་དང་སྨིག་པ་ལ་སོགས་པ་ཐམས་ཅད། དར་དང་རས་དང་རིན་པོ་ཆེ་དང་སྟག་ལས་གྲུབ་པའི་བླ་རེ་སྣ་ཚོགས་དང་། རྒྱལ་མཚན་མང་པོ་དང་། ན་བཟའ་ཁ་དོག་མི་གཅིག་པ་སྣ་ཚོགས་དང་། གདུགས་དང་། བ་དན་དང་། འཕན་རྣམས་སུ་བརླབ་ལ་འབུལ་ལོ། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །ཞེས་ཐུགས་ཀ་ནས་ཧྲཱིཿའཕྲོས་འཇིག་རྟེན་གྱི་ཁམས་ཀྱི་རྒྱན་དང་བཟའ་བཏུང་ཐམས་ཅད་ལ་ཕོག་པས། རིན་པོ་ཆེའི་དོ་ཤལ་དང་། སེ་མོ་དོ་དང་། མགུར་ཆུ་དང་། སྙན་ཆ་དང་། དཔུང་རྒྱན་དང་། ཕྱག་གདུབ་དང་། ཞབས་གདུབ་རྣམས་སུ་བརླབ་ལ་འབུལ་ལོ། །བཟའ་དང་བཏུང་བའི་ཚོགས་རྣམས་དང་། །ཞེས་པས་ཐུགས་ཀ་ནས་ༀ་འཕྲོས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ། དེ་ལས་བྱུང་བའི་བཟའ་བའི་བྱེ་བྲག་སྣ་ཚོགས་པ་རྣམས་དང་། བཏུང་བའི་བྱེ་བྲག་སྣ་ཚོགས་རྣམས་ལྷ་དང་མི་ལས་ཁྱད་པར་དུ་འཕགས་པས་མཆོད་དེ་དེ་དག་འབུལ་ལོ། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །ཞེས་པ་ཐུགས་ཀ་ནས་ཧཱུྃ་སྤྲོས་ཏེ་ཐམས་ཅད་དུ་ཁྱབ་པ་ལས་བྱུང་བའི་ལྷ་དང་ལྷའི་བུ་དང་བུ་མོ་རྣམས་ཀྱིས་རྒྱན་སྣ་ཚོགས་ཐོགས། ན་བཟའ་སྣ་ཚོགས་ཀྱིས་བརྒྱན་ནས། བྲོ་གར་སྣ་ཚོགས་བསམ་ཡས་ཀྱིས། །ཞེས་པ་རྐང་པས་བྲོ་བརྡུང་། ལག་པས་གར་བྱེད་པ། ཞལ་ནས་གླུ་ལེན་པ་བསམ་ཡས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དང་ས་གཞི་ཐམས་ཅད་བཀངས་ནས། དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །ཞེས་པ། སྔར་ཡེ་ཤེས་པ་བསྟིམ་པའི་དུས་སུ་སྨོན་པ་བཞིན་དུ་ཕྱོགས་བཅུའི་བུདྡྷ་མ་ལུས་པ་ཐམས་ཅད་འདུས་པའི་དཀྱིལ་འཁོར་འདི་ཉིད་ཡིན་པས་མཆོད་པ་རྣམས་རྒྱས་པར་འབུལ་བའོ། །དེས་ན་སངས་རྒྱས་གང་མཆོད་ཀྱང་དཀྱིལ་འཁོར་འདི་ཉིད་མཉེས། འདི་ཉིད་མཆོད་པས་བུདྡྷ་ཐམས་ཅད་མཉེས་པར་འགྱུར་རོ། །འབུལ་ཚུལ་གྱི་གདམས་པ་བརྗོད་པ་ནི། སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །ཞེས་པ་སྐལ་ལྡན་ནི་རྟེན་གྱི་གང་ཟག་རྡོ་རྗེ་སློབ་དཔོན་ནོ། །གསལ་བ་ནི་ཏིང་ངེ་འཛིན་ཏེ། མཆོད་པ་འབུལ་བ་ལ་ཏིང་ངེ་འཛིན་གསལ་ན་གནས་སུ་ཐེངས་པའི་རྒྱུ་མཚན་གྱིས་གཅིག་ཏུ་གསལ་ན་པཱུ་ཛ་རྣམས་ཅིག་ཅར་དུ་འབུལ། གཅིག་ཅར་དུ་མི་གསལ་ན་རིམ་གྱིས་ཕུལ། དེ་ནི་རྟེན་གང་ཟག་གི་ཏིང་ངེ་འཛིན་མཐོ་དམན་གྱིས་ཕྱེའོ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །ཞེས་པས། རྡོ་རྗེ་སློབ་དཔོན་ལྟ་བསྒོམ་གྱི་དགོངས་པ་བཟང་ན་ཆེད་དུ་ཆོས་ཀྱི་དབྱིངས་དང་སྦྱར་མི་དགོས། ཅིག་ཅར་དུ་འབུལ་བའི་དུས་སུ་རིག་པ་མཉམ་པ་ཉིད་ཀྱི་ངང་དུ་གསལ་བས་འབུལ་བྱ་དབུལ་བྱེད་ངོ་བོ་ལ་མ་གྲུབ་པས་ཆོས་ཀྱི་དབྱིངས་སུ་སྦྱོར་བ་ལྷུན་གྱིས་གྲུབ་པའོ། །དེ་མཆན་རིམ་གྱིས་གསལ་བའི་རྣལ་འབྱོར་བ་ནི་མཆོད་པའི་ཚོགས་རྣམས་སེམས་ཉིད་ཀྱི་ངང་དུ་གསལ་བས་ལྟ་བསྒོམ་གྱི་རེས་མོས་ཕྲ་མོ་ཙམ་ཡོད་པའོ། །དེ་མཆན་གྱིས་ཏིང་ངེ་འཛིན་ཡང་བློའི་སྙམ་བློ་ཕྲ་བ་དང་བཅས་པས་ཆོས་ཀྱི་དབྱིངས་དང་སྦྱར་བའང་བློས་བྱས་མོས་འཇོག་གོ། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །ཞེས་པ་ཕྱོགས་བཅུ་ཐམས་ཅད་མཆོད་པའི་ངོ་བོ་ཉིད་ལས་མི་འདའ་བ་དེའི་རྒྱས་ཐེབས་པའི་ཕྱིར་ཕྱག་རྒྱ་སྟེ། གོང་དུ་བཤད་པ་ལྟར་རྒྱ་ཆེ་བ་དང་ཆོས་ཀྱི་དབྱིངས་དང་སྦྱོར་བ་གཉིས་ཀྱིས་ཆེན་པོ་སྟེ། འོག་མ་ལས་དཔགས་པས་སོ། །དེ་ལྟར་བསྒོམ་པར་བྱའོ་ཞེས་གདམས་པའོ། །གསང་མཆོད་འབུལ་ཚུལ་ཕན་ཡོན་དང་བཅས་པ་ནི། གསལ་ལྡན་མའམ་བྱིན་རླབས་ལ། །ཞེས་པ་ལ་སོགས་ཏེ། ཡུམ་གྱི་མཚན་ཉིད་ནི་གསལ་ལྡན་ཞེས་པ། ལྟ་བ་རྟོགས་ཏིང་ངེ་འཛིན་ཤེས་པ་ཡོད་པ་སྟེ་གསལ་མི་དགོས་པའོ། །དེ་ལྟར་མིན་ན་ཡང་། བྱིན་རླབས་ཞེས་པས་དངོས་སུ་གཙོ་བོས་ཡུམ་དུ་བསྒོམ། གསང་ཡུམ་ལྔ་དང་ཁྲོ་བོ་བཞིར་བརླབ། མཁའ་གསང་། བརླབས་ལ་ཞེས་པ་གཞིའི་དོན་ནོ། །སྟོང་གསུམ་ཡུངས་འབྲུར་གཞུག་ཚུལ་དུ། །ཞེས་པ་བྱང་ཆུབ་སེམས་དཔའ་མཐུ་བོ་ཆེས་སྟོང་གསུམ་ཡུངས་འབྲུར་ཆུད་པར་བྱས་པར། སྟོང་གསུམ་མ་འགྲིབ་ཡུངས་འབྲུ་མ་འཕེལ་བར་དེ་ཉིད་གསལ་བ་ལྟར། སྣ་རྩེ་ཡུངས་འབྲུ་ཙམ་གྱི་གཞལ་ཡས་སུ། །རྒྱས་བསྡུས་ཀྱི་ལྷ་ཚང་བར་བཀོད་པས་གཞལ་ཡས་མ་འཕེལ། ལྷ་མ་བསྡུས་པར་དེ་ཉིད་དུ་གསལ་བའོ། །དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད། །ཅེས་པ་རང་རིག་པ་མཉམ་པའི་དབྱིངས་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་སྤྱན་དྲངས་ཏེ་ཡུངས་འབྲུའི་ལྷ་རྣམས་ལ་བསྟིམས་ནས། ཐབས་དང་ཤེས་རབ་རོལ་པའི་བྱང་ཆུབ་སེམས་བདེ་བ་ཆེན་པོ་ཅི་ལྟར་མྱོང་བ་ཉིད་ལྷ་ཐམས་ཅད་ཀྱིས་མྱོང་ནས་མཉེས་ཏེ། བསྒྲུབ་པའི་དམ་ཚིག་ཅེས་པ། གསང་བའི་མཆོད་པ་ནི་འབྲས་བུ་དངོས་སུ་སྣང་བས་ན་བསྒྲུབ་པ། དེ་ལས་མི་འདའ་བས་ན་དམ་ཚིག་མཆོག་ཅེས་བྱའོ། །མཆོད་སྦྱིན་གྱི་ངེས་ཚིག་ནི། བདག་ཉིད་ཆེན་པོ་མཆོད་པ་ཡིས། །ཞེས་པ་ལ་སོགས་ཏེ། བདག་ཉིད་ཆེན་པོ་ནི་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་བཞི་བཅུ་རྩ་ལྔར་འདུས་ལ། དེ་ཡང་རིག་མ་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པ་ལ་བདག་གཞན་མི་མངའ་བའི་བདག་ཉིད་ཆེན་པོ་ནི་དེ་ཙམ་དུའང་འཛིན་པ་མེད་པའོ། །མཆོད་པ་ནི་རྣལ་འབྱོར་པས་མཆོད་པའི་ངོ་བོ་མྱོང་བ་ཉིད། ཡུངས་འབྲུའི་དཀྱིལ་འཁོར་ལྷ་ཐམས་ཅད་མཉེས་པའི་པཱུ་ཛས་སངས་རྒྱས་ཐམས་ཅད་དབྱེར་མེད་པས། གཅིག་མཆོད་ན་ཀུན་མཉེས་པའི་བདག་ཉིད་ཀྱིས་ཕྱོགས་བཅུའི་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་ཐམས་ཅད་མཉེས་པར་འགྱུར་ཏེ་མཆོད་པའོ། །འོ་ན་སྦྱིན་པ་ཇི་ལྟ་བུ་ཞེ་ན། སྲིད་གསུམ་འགྲོ་བ་ཐམས་ཅད་ལ། །དགའ་བ་ཆེན་པོས་ཁྱབ་པར་འགྱུར། །ཞེས་པ་རྣལ་འབྱོར་པའི་རྟོགས་པ་མཉེས་པས། སྲིད་པ་གསུམ་གྱི་འགྲོ་བ་རྣམས་ལ་རྟོགས་པས་མ་ཁྱབ་པ་མེད། དེས་ན་འགྲོ་བ་ཐམས་ཅད་ཀྱི་རྟོག་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དགའ་བ་ཆེན་པོས་ཁྱབ་པར་གྱུར་ཏེ་སྦྱིན་པའོ། །མཆོད་པ་དེའི་འབྲས་བུ་ནི། སྒྱུ་འཕྲུལ་དྲྭ་བ་བརྟན་པ་ཡིས། །ཞེས་པ་ལ་སོགས་ཏེ། སྒྱུ་མ་ནི་སྣང་བཞིན་མ་གྲུབ་པ་ལ་སོགས་ཏེ། རྟོག་ཚོགས་ཐམས་ཅད་སྣང་ཡང་སེམས་ཉིད་དུ་མ་སྐྱེས་པའོ། །འཕྲུལ་པ་ནི་མེད་བཞིན་དུ་སྣང་བ་སྟེ་སེམས་ཉིད་སྐྱེ་བ་མེད་པའི་ངང་ལ་རྟོག་པ་བཞི་བཅུ་རྩ་གཉིས་མ་འགག་པའོ། །དྲྭ་བ་ནི་དབྱེར་མེད་པ་སྟེ་སྣང་སྟོང་དབྱེར་མེད་པ་མཉམ་པ་ཉིད་ཕྱོགས་འཛིན་དང་བྲལ་བ་རིག་པ་གདེངས་སུ་ཆུད་ནས་འདུ་ཤེས་ཀྱི་གཟུང་བ་མི་མངའ་བ་ནི་ལྟ་བ་བརྟན་པའོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས་དོན་དམ་པའི་ཤེས་རབ་ཀྱི་རྟགས་སུ་ཡུམ་རྣམས་གསལ་བ་ནི་སྒྱུ་མའོ། །ཐབས་སམ་ཀུན་རྫོབ་ཀྱི་བདག་ཉིད་ཡབ་རྣམས་གསལ་བ་ནི་འཕྲུལ་པའོ། །དྲྭ་བ་ནི་ཐེག་པ་འདི་ཉིད་ཀྱི་ལྷ་རྣམས་ཞལ་སྦྱོར་དུ་བསྒོམ་པའོ། །བརྟན་པ་ནི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གྱི་ཏིང་ངེ་འཛིན་མངོན་དུ་གྱུར་པའོ། །དེ་ལྟ་བུའི་རྣལ་འབྱོར་པས་གསང་མཆོད་ཀྱི་ཏིང་ངེ་འཛིན་ལ་གོམས་ཏེ། ཐ་མལ་པའི་རྣམ་རྟོག་གིས་མ་བསླད་པའི་མཆོད་པ་ཉམས་སུ་ལོན་པའི་འབྲས་བུ་ནི། ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་རང་དོན་དང་གཞན་དོན་རྣམ་གཉ ིས་ལ་གཤེགས་པའི་སྤངས་མཁྱེན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱི་ཞལ་མཐོང་བ་དང་གསུང་ཐོས་པ་དང་། ཕྱག་བརྐྱང་བ་དང་ལུང་སྟོན་པར་འགྱུར་རོ། །དེར་མ་ཟད་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་ཀྱི་དུས་དང་གནས་སྐབས་དང་སེམས་ཀྱི་རྣམ་གྲངས་ཐམས་ཅད་མངོན་དུ་གྱུར་པ་ཐོབ་བོ། །མདོར་བསྡུས་ན། མཆོད་པའི་ངོ་བོ་རིག་པ་བྱང་ཆུབ་ཀྱི་སེམས་འཁོར་འདས་ཐམས་ཅད་ཀྱི་བདག་ཉིད་གསལ་བ་མངོན་དུ་གྱུར་ནས། མངོན་ཤེས་དང་མཁྱེན་པ་ཐམས་ཅད་དངོས་ཀྱི་རྒྱུ་ཡིན་པས་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པར་ཤར་རོ། །རབ་ཏུ་གནས་པའི་དུས་སུ་སྦྱིན་སྲེག་བྱ་བ་ནི། གོང་དབྱིབས་དང་ཁ་དོག་མཚན་ལྡན་པར། །ཞེས་པ་ལ་སོགས་པས་སྦྱིན་སྲེག་བྱེད་པའི་ཐབ་ཁུང་སྟེ། བཤད་རྒྱུད་སྒྱུ་འཕྲུལ་རྒྱས་པ་ལས། ཕྲིན་ལས་བཞི་ལས་ཧོམ་ཁུང་བརྒྱད་བསྟན་ཏེ། དེ་ཡང་འདིར་རྒྱས་པའི་ལས་ཀྱི་དུས་ཡིན་པས་རྒྱས་པའི་དབྱིབས་ཁ་དོག་མཚན་མ་རྣམས་བརྗོད་དེ། དབྱིབས་གྲུ་བཞི་སྟེ་ངོས་རེ་ལ་ཁྲུ་རེ་ཡོད་པ། ཟབས་སུ་ཁྲུ་ཕྱེད་བརྐོས་པ། ཁ་ཁྱེར་སོར་བཞི་ཕྱིར་བཀྱེད། སོར་བཞི་ཡར་བརྩིག །ཁ་ཁྱེར་གྱི་ཞེང་ལ་སོར་བཞི། ཡང་སོར་བཞི་མར་སྨད། རྒྱབ་ཏུ་ཞེང་སོར་བཞི་པ་ཞིག་བྱའོ། །ཡང་ན་རིན་པོ་ཆེ་ཟུར་བརྒྱད་ལྟ་བུ་སྟེ་གྲུ་བཞི་ལ། ལོགས་བཞིར་ཟུར་བཞི་བཏོད་པ་སྟེ་ཟབས་དང་ཁ་ཁྱེར་རྣམས་སྔར་དང་འདྲའོ། །ཁ་དོག་ནི་ཕྱི་ནང་ཐམས་ཅད་སེར་པོ་ཁོ་ནའོ། །ཐབས་མཚན་ནི་དབུས་སུ་རིན་པོ་ཆེ་བྲི། ཁ་ཁྱེར་ནང་མ་ལ་རིན་པོའི་སྒྲོམ། བར་པ་ཁ་ཁྱེར་དངོས་ལ་རྡོ་རྗེའི་ཕྲེང་བ། ཕྱི་མཐའ་ལ་ཞགས་པའི་ཕྲེང་བའོ། །དེར་ཤིང་སེར་པོ་ཁྲུ་གང་བརྩིག །མཆོད་པ་རྣམ་ལྔ་ཆ་གསུམ། བསྲེག་རྫས་རྣམས་ཚོགས་པར་བྱས་ཏེ། མེ་སྤར་ལ་མེ་ནང་དུ་ཡི་གེ་རྃ་ལས་མེ་ལྷ་ཁ་དོག་སེར་པོ་བསྐྱེད། ར་སྐྱེས་བཅིབས་པ་ཞལ་གཅིག་ཕྱག་གཉིས། གཡས་ན་རིན་པོ་ཆེའི་སྒྲོམ་ཐོགས། གཡོན་པས་གུནྡྷེ་དང་ཕྲེང་བ་བསྣམས་པ་རལ་པ་ནག་པོའི་ཐོར་ཚུགས་ཅན་བསྐྱེད། ཐབ་དངོས་གཞལ་ཡས་ཁང་དུ་བསྒོམ་པའི་ནང་དུ་བྱའོ། །མེ་ལྷའི་སྐུ་གསུང་ཐུགས་བརླབ། ཚིགས་ཤར་དང་སྔགས་ཕྱག་རྒྱས་ཤར་ལྷོ་མཚམས་ནས་སྤྱན་དྲངས་ལ་བསྟིམས། ཁྲུས་བྱས་དབང་བསྐུར་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་ལྗགས་ལ་ཡི་གེ་རྃ་བསྒོམ། དེ་ནས་མཆོད་པ་རྣམ་ལྔ་འབུལ། བསྲེག་རྫས་རྣམས་རིམ་པ་བཞིན་དུ་འབུལ། ཚར་ནས་བསྟོད་པ་བྱ། ཕྲིན་ལས་བཅོལ། བསང་ཆབ་ཀྱིས་བསང་སྐབས་སུ་བྱེད་པ་རྣམས་ཤེས་པར་བྱའོ། །དེ་ནས་མེ་ལྷའི་ལྟོ་བ་གཞལ་ཡས་ཁང་དུ་བསྒོམ་པའི་ནང་དུ་ལྷ་རྣམས་རྒྱས་པའི་ཆ་ལུགས་སུ་བསྐྱེད། རིན་ཆེན་འབྱུང་ལྡན་གྱིས་གཙོ་བོར་བྱེད། མི་བསྐྱོད་པ་ལྷོར་བཞུགས། སྔགས་ཀྱིས་ཡེ་ཤེས་པ་སྤྱན་དྲང་ལ་བསྟིམ། མཆོད་པ་ལྔས་མཆོད། དེ་ནས་བསྲེག་རྫས་འབུལ་བ་ནི། བ་དམར་སེར་ལ་སོགས་པའི་མར། དེ་ནས་ཤུག་ཏོག །བདུད་རྩི། གསེར་ལ་སོགས་པའི་ཆབ། འབྲས་དང་འབྲུ་སེར་པོའི་ཆན། བུ་ཐག །རྟིང་པ་ལ་མར་འབུལ། ལྷ་སོ་སོའི་སྔགས་ཀྱི་རྟིང་པ་ལ་ཆེ་གེ་མོ་པུཥྚཾ་ཀུ་རུ་བཏགས། བསྟོད་པ་ཞིག་བྱ། འདོད་པའི་དོན་ལ་གསོལ་བ་བཏབ། མེ་ནང་གི་ཡེ་ཤེས་དམ་ཚིག་བཅས་པ་རང་གི་ཐུགས་ཀར་བསྡུ། དེ་ནས་མེ་ལྷ་གསལ་གདབ། ལྷག་ཆད་ཁ་བསྐངས་ཀྱི་མཆོད་པ་རྣམས་འབུལ། བསྟོད་པ་བྱ། ཚར་ནས་མེ་ལྷའི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དེ་རྣམས་ནི་ལག་ཏུ་ལེན་པའི་རིམ་པ་བསྡུས་པ་ཡིན་ཏེ། ཞལ་དུ་གྱུར་པའི་མེ་བོས་ལ། །ཞེས་པ། སྔོན་ལྷ་དང་ལྷ་མ་ཡིན་འཐབ་པའི་དུས་སུ་ལྷ་ཕམ་ལྷ་མ་ཡིན་རྒྱལ་བས། ལྷ་མ་ཡིན་གྱི་ཁྲག་ཐིག་པ་རེ་རེ་ལའང་རྟ་བྲ་ནག་ཅན་རེ་རེ་ཚོ་རེད་ནས་ལྷ་ཕམ་ནས་རྣམ་པར་རྒྱལ་བའི་ཁང་བཟང་ན་འདུག་པའི་དུས་སུ། ལྷ་རྣམས་ཀྱིས་བགྲོས་བྱས་མངོན་ཤེས་ཀྱིས་གཟིགས་ནས་རི་རབ་ཀྱི་བྱང་ཤར་མཚམས་ན་མ་ཧཱ་དེ་ཝ་འདོད་ཆགས་ཟད་པའི་ཏིང་ངེ་འཛིན་ལ་ཞུགས་པ་དེ་དཀའ་བཟློག་ཐུབ་ན་ལྷ་མ་ཡིན་གྱི་དམག་ཕམ་པར་དག་གཟིགས་ནས་ལྷ་རྣམས་ཀྱི་མདངས་ལས་སྤྲུལ་པའི་ལྷ་མོ་ལན་ཚ་མ་བྱ་བ་ཕྱུངས་ནས་མ་ཧཱ་དེ་ཝའི་དཀའ་བཟློག་སོང་བ་ལ། མ་ཧཱ་དེ་ཝ་ལ་འདོད་ཆགས་ཟད་པའི་རྟིང་པ་སྣའི་རྩེ་མོ་ན་ཡུངས་ཀར་གྱི་འབྲུ་གུ་ཙམ་ཞིག་ལ། དེ་དང་ཚུལ་མཐུན་པར་གཡོག་མོ་ཞིག་གི་སྣ་ལ་ཟངས་ཀྱི་འཛེར་བུ་ཞིག་བཏབས་ནས་སོང་། མ་ཧཱ་དེ་ཝས་དེ་མཐོང་བས་ཁོ་བདག་གི་སྣ་འདོད་ཆགས་ཀྱི་ལྷག་མ་ཡོད་པ་གཉིས་འཛོམ་པས་འཛུམ་གཅིག་ཤོར་བས་གླགས་རྙེད། དེར་ལྷ་མོ་ལན་ཚ་མ་དང་མ་ཧཱ་དེ་ཝ་གཉིས་ཉལ་པོ་བྱས་པས་ཡེ་བྱེ་མ་ཐུབ། འཕགས་པ་འཇམ་དཔལ་གྱིས་འདོད་ཆགས་ཀྱིས་ཆོག་པའི་ཆོས་བཤད་ཀྱང་མ་བྱེ། དེར་མེ་ལྷས་ཁྲི་རྐང་ལ་མེ་བཀྱེས་ནས་ཨེ་བྱེ་བ་བལྟས་ཙ་ལྷ་མོ་ཁྲོས་པས་མོ་བདག་གི་རྐང་བར་ནས་ས་བོན་ཁྱོར་གང་བླངས་པ་མེ་ལྷའི་ཁར་བརྒྱབས། མེ་ལྷའི་ཁོང་དུ་སོང་བས་མེ་ལྷ་ཕོ་རྨུན་རེད། དེར་བཅོམ་ལྡན་འདས་ཀྱིས་ལྷ་ཐམས་ཅད་ཀྱི་ཞལ་འབྱུང་པོ་ཐམས་ཅད་ཀྱི་ཁར་བྱིན་གྱིས་བརླབས་པས་སྦྱིན་སྲེག་གཞལ་ཡས་ཁང་དུ་གྱུར་པའོ། །བོས་པ་ནི་ཡེ་ཤེས་པ་སྤྱན་དྲང་པ་སྟེ་དེའི་སྔོན་དུ་དམ་ཚིག་པ་བསྐྱེད་པའི་བཤད་པ་རྣམས་བྱའོ། །བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ཞེས་པ། བསྲེག་རྫས་ཏེ་དྲི་ཞིམ་རོ་ཞིམ་པ་རེག་ན་དགའ་བ་བསྐྱེད་པའི་ཞལ་ཟས་རྣམས་སོ། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་པ་ནི། ཞི་བའི་ལས་ལ་སོགས་པ་བཞིའི་སྒོ་ནས། མཆོད་པར་རབ་ཏུ་སྦྱིན་ནི། ཕྲིན་ལས་བཞིའི་སྦྱིན་སྲེག་བྱེད་པ་སྟེ། དེ་ཡང་ས་ཆོག་གི་དུས་ལ་ཞི་བའི་སྦྱིན་སྲེག་བྱེད། སྟ་གོན་དུས་རྨི་ལམ་ངན་ན་དྲག་པོའི་སྦྱིན་སྲེག་བྱེད། དཀྱིལ་འཁོར་རབ་གནས་རྒྱས་པའི་སྦྱིན་སྲེག་བྱེད་པ་གོང་དུ་སྨོས་པ་དེ་ཉིད་དོ། །དབང་བསྐུར་བའི་དུས་སུ་དངོས་གྲུབ་དབང་དུ་བྱ་བའི་ཕྱིར་དབང་གི་སྦྱིན་སྲེག་བྱའོ། །དེས་ན་དབང་བསྐུར་བ་གཅིག་ལ་སྦྱིན་སྲེག་བཞི་ཀ་འགྲོ་སྟེ། སྦྱིན་སྲེག་བཞི་ཀའི་མངོན་པར་རྟོགས་པ་ནི་སྦྱིན་སྲེག་གི་ཆོ་ག་དངོས་སུ་ཤེས་པར་བྱའོ། །ཁྲོ་བོ་དཀྱིལ་འཁོར་གྱི་ཆོ་ག་བསྟན་པ་ནི། ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ། ཞེས་པས། ཞི་བའི་སྐབས་སུ་བསྟན་པའི་སའི་ཆོ་ག་དང་། དཀྱིལ་འཁོར་གྱི་ཚད་དང་། གོ་མ་ཡེ་བཏང་བ་ལ་སོགས་པ་མགོ་སྒྲེ་མཐུན། དཀྱིལ་འཁོར་རྒྱས་བསྡུས་ཀྱང་ཁྲོ་བོ་ལའང་གསུམ་ཡོད་པས་མཐུན། སྟ་གོན་ཀྱང་ལྷ་ཐམས་ཅད་ཁྲོ་བོར་བསྒོམ་པ་མིན་པས་མཐུན། ཁྲོ་བོ་ན་ཐིག་སྐུད་བ་སུ་ཏ་ལ་བྱེད། ཚོན་རྣམས་དུར་ཁྲོད་ལས་བྱུང་བའི་ཚོན་ལ་བྱེད་དེ། སྒྱུ་འཕྲུལ་རྒྱས་པ་ན་གསལ་ལོ། །སྦྱིན་སྲེག་ཀྱང་འདི་བཞིན་དུ་བྱའོ། །ཤིན་ཏུ་ཕྲ་ལ་སྦྱངས་པ་ཡིས། །ཞེས་པ། ཁྲོ་བོ་ནའང་གོང་དུ་བསྟན་པ་བཞིན་ཕྲ་མོའི་ཏིང་ངེ་འཛིན་ལ་སྦྱངས་པར་བྱའོ། །བསམ་ཡས་དག་ལའང་དེ་བཞིན་བྱ། །ཞེས་པ་ཞི་ཁྲོ་གང་ཡིན་པའི་དཔག་ཚད་དང་རྒྱང་གྲགས་ལ་སོགས་པའི་གནས་སྐབས་སུ་ཡང་སྦྱིན་སྲེག་བཤད་པ་བཞིན་དུ་བྱའོ་ཞེའོ། །རིག་པས་དཔག་པ་ཙམ་དུའོ། །ཞེའོ། །ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དཔག་ཚད་དང་རྒྱང་གྲགས་ལ་སོགས་པའི་ཚད་བསྟན་ཀྱང་། དེ་བས་ཆེ་ཡང་རུང་ཆུང་ཡང་རུང་སྟེ། མདོར་ན་རྣལ་འབྱོར་པའི་རིག་པས་ཇི་ཙམ་དཔགས་པ་དེས་ཚོད་བཟུང་སྟེ། ཏིང་ངེ་འཛིན་གསལ་བ་ཁོ་ན་གཙོར་ཆེ། ཞེས་པའོ། །དེ་ནི་ཞར་བྱུང་ལྟ་བུའང་ཡིན་ནོ། །སློབ་དཔོན་སློབ་མ་འཇུག་པ་ནི། འོག་ཀུན་བྱས་དབང་ཕྱུག་རིག་པས་འཇུག །ཞེས་པ་འདིར་སློབ་མ་ལ་དབང་བསྐུར་ཞིང་བྱིན་རླབས་ནོད་པས། དེ་རྒྱུ་རྐྱེན་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར། རབ་ཏུ་གནས་པར་བྱས་པའི་དཀྱིལ་འཁོར་བྱིན་རླབས་ཅན་དུ། རྡོ་རྗེ་སློབ་དཔོན་འཇུག་པ་ཡང་། །ཀུན་བྱས། ཞེས་པ། རབ་ཏུ་གནས་པའི་མཇུག་ནས་སྦྱིན་སྲེག་བྱ་བ་ལ་སོགས་པའི་ལས་ཐམས་ཅད་རྫོགས་ནས། དབང་ཕྱུག་ཅེས་པ་རྡོ་རྗེ་སློབ་དཔོན་ཏེ། དབང་མང་པོ་ཐོབ་ནས་ཕྱུག་པའམ་དབང་བཞི་ཐོབ་ནས་རྫོགས་པར་ཕྱུག་པའམ། ཡང་ན་ཐེག་པ་འདིའི་ལུགས་ཀྱི་དབང་ཕྱུག་ནི། དབང་ཐོབ་ལྟ་བ་རྟོགས་ཏིང་ངེ་འཛིན་གོམས། འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པར་གསལ་བས། ལྷ་ཡང་སྐུ་དང་ཡེ་ཤེས་གསལ་བ་དུས་མཚུངས་པ་སྟེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དབང་ཐོབ་ཅིང་དངོས་གྲུབ་ཟད་པ་མེད་པའི་བདག་ཉིད་དུ་བཞུགས་པ་ནི་ཕྱུག་པའོ། །སློབ་དཔོན་རྒྱས་པའི་གོས་ལྔ་དང་ལྡན་པས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་བཞུགས་སོ། །ལེའུ་བདུན་པར་གསུངས་པའི་ཚིག་གིས་གསོལ་བ་གདབ། ཧཱུྃ་བཛྲ་ས་མ་ཡ་ལ་སོགས་པའི་སྔགས་ལྔ་བརྗོད། དཀྱིལ་འཁོར་ལ་མེ་ཏོག་འཐོར་ནས་རང་ཉིད་གཙོ་བོའི་ཐུགས་ཀར་བསྟིམས་ནས། གཙོ་བོ་དང་དབྱེར་མེད་པར་བསྒོམ་པ་ནི་རིག་པས་འཇུག་པའོ། །ཡང་ན་ཤར་ནས་སྔགས་གཉིས་བརྗོད། ལྷོ་ནས་གཅིག །ནུབ་ནས་གཅིག །བྱང་ནས་གཅིག་བརྗོད་པའི་ལན་བཞིར་ཞུགས་པའི་ཏིང་ངེ་འཛིན་གོང་དང་མཐུན། དེ་ནས་སློབ་མ་གཞུག་པར་བྱ། །ཞེས་པ། སློབ་དཔོན་ཞུགས་པའི་རྗེས་ཐོག་དེ་ནས་སློབ་མ་གཞུག་པ་ནི། དྲི་བཟང་གིས་ཁྲུས་བྱ། གདོང་གཡོགས། དེ་ནས་ལས་ཀྱི་སློབ་དཔོན་གྱིས་ནང་དུ་ཁྲིད་ལ། དཀྱིལ་འཁོར་གྱི་འགྲམ་དུ་ཁྲིད་ལ་བགེགས་བསྐྲད། དེ་ནས་ཅི་ལ་དགའ་བའི་དྲི་བ་བྱ། བླ་མ་དང་སངས་རྒྱས་ལ་ལུས་འབུལ། བྱིན་གྱིས་བརླབ། དམ་ཚིག་དཔོག །ཆུ་ནན་དང་། ལྷ་བསྒོམས་པའི་ནན་ཅག་བྱ། དམ་ཚིག་བསྒྲག །མེ་ཏོག་དོར། མེ་ཏོག་གང་ལ་ཕོག་པའི་ལྷ་བསྟིམ། མིག་ཕྱེ། དཀྱིལ་འཁོར་བསྟན། ལྷག་པའི་ལྷ་ངོ་བསྟན་པར་བྱ། ཞུགས་པའི་ཡོན་ཏན་དངོས་ནི། འོག་བདེ་བ་ཆེན་པོའི་དཀྱིལ་འཁོར་ལ། །ཞེས་པ་ལ་སོགས་ཏེ་རིགས་ལྔ་ཐམས་ཅད་དང་ཤེས་རབ་འབྲེལ་བ་ནི་བདེ་བ་ཆེན་པོའི་དཀྱིལ་འཁོར་ཞེས་བྱ་སྟེ། འདོད་ཁམས་པ་འདོད་ཡོན་ལྔའི་བདེ་བ་དང་། གཟུགས་ཁམས་གཟུགས་མེད་ཏིང་ངེ་འཛིན་གྱི་བདེ་བ་དང་། ཉན་ཐོས་དང་རང་རྒྱལ་བ་དག་ཞི་བ་ཕྱོགས་གཅིག་པའི་བདེ་བ་དང་། བྱང་ཆུབ་སེམས་དཔའ་དག་ས་དང་པོ་ནས་བཅུ་པའི་བར་གྱི་བདེ་བ་རྣམས་སྣང་སྟོང་དབྱེར་མེད་པར་རང་རིག་པའི་ངང་དུ་རྫོགས་ཏེ། དེའི་ངང་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འགག་པར་སྣང་བ་ནི་འཁོར་བའི་བདེ་བ། ངོ་བོ་བྱང་ཆུབ་སེམས་སུ་རྫོགས་ཏེ་སྣང་སྟོང་གི་མཐའ་དང་བྲལ་བ་ནི་མྱ་ངན་ལས་འདས་པའི་བདེ་བ། དེ་གཉིས་དབྱེར་མེད་པ་ཕྱོགས་འཛིན་དང་བྲལ་བ་ནི་ཀུན་ཏུ་བཟང་པོ་མིན་པ་གང་གིའང་སྤྱོད་ཡུལ་མ་ཡིན་པས་ན་ཆེན་པོ་སྟེ། དེའི་ངོ་བོ་ཉིད་ནི་རང་བྱུང་གི་ཡེ་ཤེས་ལ་ཡེ་ཤེས་ལྔའི་འཁོར་གྱིས་བསྐོར་བས་དཀྱིལ་འཁོར་རོ། །དེ་ཉིད་རང་སྣང་བ་མི་འགག་པའི་སྐུ་རིགས་ལྔར་སྣང་བ་ལ་ནི་དགོངས་པ་གོང་དུ་བསྟན་པ་དེ་ཉིད་རྫོགས་པ་ལ་བདེ་བ་ཆེན་པོ་ཞེས་བྱའོ། །སྟངས་དཔྱལ་གཉིས་སམ་ཡང་ན་ལྔ། །ཞེས་པ། དེ་དག་ལྷག་པ་གཟུགས་བརྙན་གྱི་སྐབས་སུ་དཀྱིལ་འཁོར་བསྡུས་པ་ལ་རིགས་ལྔ་གང་རུང་ཞིག་གིས་གཙོ་བོར་བྱེད་པའི་ཡབ་ཡུམ་གཉིས་ནི། སྟངས་དཔྱལ་ནི་ཡབ་ཡུམ་སྟེ་དེ་ལ་འཁོར་བཅུ་དྲུག་གིས་བསྐོར་བའོ། །ཡང་ན་ལྔ་ཞེས་པ། རྒྱས་པ་དང་འབྲིང་པོ་གཉིས་ལ་རིགས་ལྔ་ཡབ་ཡུམ་བཅུ་བཅུས་གཙོ་བོར་བྱེད་པ་འདྲའོ། །འཁོར་རྒྱས་འབྲིང་རྣམས་གཞུང་བཞིན་ནོ། །བྱས་ཏེ། ཞེས་པ་བྲི་བ་ནས་སྦྱིན་སྲེག་གི་བར་རོ། །དད་ལྡན་རབ་ཞུགས་ནི་སློབ་མ་སྟེ། དད་པ་ནི་ཀུན་གྱི་སྔོན་དུ་འགྲོ་བས་དང་པོར་སྨོས་ཀྱི། ཤེས་རབ་དང་བརྩོན་འགྲུས་དང་འབྱོར་པ་དང་གཏོང་བ་དང་བརྟུལ་ཞུགས་དང་མོས་གུས་ཆེན་པོ་དང་ལྡན་པའི་སློབ་མའོ། །རབ་ཞུགས་ནི་འཇུག་པའི་ཐབས་སུ་རྒྱས་པར་བཤད་པ་བཞིན་ནོ། །ན་ནི་དེ་ལྟར་ཉམས་སུ་བླངས་པའི་ཚེ་སྐབས་ནའོ། །འདོད་པ་ནི་ཡིད་ལ་དམིགས་པའི་བྱིན་རླབས་དང་དངོས་གྲུབ་རྣམས་སོ། །ཡིད་འོང་ནི་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པའོ། །མཉམ་པར་འགྱུར་ནི་འོག་མིན་དུ་ས་བཅུ་པ་རྣམས་ཀུན་ཏུ་བཟང་པོའི་སྤྱན་སྔར་བཞུགས་པ་དང་མཉམ་ཞེས་བྱ་སྟེ། ལུང་གཞན་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །དཀྱིལ་འཁོར་མངོན་དུ་མཐོང་བ་ཡི། །བསོད་ནམས་ཐོབ་པ་གང་ཡིན་པ། །ཕྱིས་བྱས་པའང་དེ་བཞིན་ནོ། །ཞེས་སོ། །ཕོགས་པའི་ལྷ་བསྒོམ་པར་ནན་ཏན་བྱ་བ་ནི། སྐལ་བ་མཉམ་པའི་ཡེ་ཤེས་ཏེ། །ཞེས་པ་སྐལ་པ་མཉམ་པ་ནི། ངོ་བོ་ཉིད་ཀྱིས་མཉམ་པ་དང་། སྦྱངས་པས་མཉམ་པ་གཉིས་ཏེ། ངོ་བོས་མཉམ་པ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་རང་སྣང་བ་ཡིན་པའི་ཕྱིར། རྣལ་འབྱོར་པ་བདག་གི་ལུས་ངག་ཡིད་གསུམ་རང་བཞིན་སྐུ་གསུང་ཐུགས་རྡོ་རྗེར་ལྷུན་གྲུབ་གྱིས་གྲུབ་པ་དང་། ཡི་དམ་གྱི་ལྷ་རང་བཞིན་མངོན་དུ་གྱུར་པའི་སྐུ་གསུང་ཐུགས་རྡོ་རྗེར་ལྷུན་གྱིས་གྲུབ་པ་ལ་ནི་ཁྱད་མེད་དེ་དབྱེར་མེད་པ་ནི་སྐལ་བ་མཉམ་པའོ། །སྦྱངས་པས་མཉམ་པ་ནི། རྣལ་འབྱོར་བས་ཐོག་མ་ནས་སྦྱངས་བསགས་ཡུན་རིང་བའི་སྟོབས་ཀྱིས་ཡི་དམ་གྱི་ལྷ་དང་འབྲེལ་ནས་མངོན་དུ་གྱུར་པ་ནི་སྦྱངས་པའི་འབྲས་བུ་ཡིན་པས་མཉམ་པ་ཞེས་བྱའོ། །ཡེ་ཤེས་ནི་རང་བྱུང་གི་ཡེ་ཤེས་རང་སྣང་བའི་ཡི་དམ་ལྷ་རིགས་ལྔ་གང་ཡིན་པ་དེ་ཉིད་དོ། །དེ་ལྟར་མཉམ་པའི་གཏན་ཚིགས་ཀྱིས་གཟུང་འཛིན་ཕྲ་རགས་རྣམས་ཀྱིས་རང་གི་ངོ་བོ་བསྒྲིབ་པ་དེ། གཉེར་ན་ཉེ་བར་འབྱུང་བ་ཡི། །ཞེས་པ། དེ་བསལ་བའི་ཐབས་ཏེ། ཉེ་བར་འབྱུང་བའི་རྒྱུ་ནི་ཏིང་ངེ་འཛིན་ལ་ནན་ཏན་དང་བརྩོན་འགྲུས་བྱས་ན་མྱུར་དུ་འགྲུབ་སྟེ། ཡ་མཚན་ཆེན་པོ་ནི་ཁམས་གསུམ་སྐུ་དང་ཡེ་ཤེས་སུ་གསལ་བ་འབྲས་བུ་མཐར་ཕྱིན་པའོ། །འབྱུང་བར་ངེས་ནི་རིག་འཛིན་མཐོ་དམན་རྣམས་དང་། ཐུན་མོང་གི་དངོས་གྲུབ་རྣམས་ཐེ་ཚོམ་མི་ཟ་བའོ། །དེ་བས་ན་དམ་ཚིག་ཏུ་ཡང་ཐམས་ཅད་ཀྱི་རྩ་བ་ཡི་དམ་གྱི་ལྷ་ཡིན་པ་དང་། རྡོ་རྗེ་སློབ་དཔོན་ཡིན་པ་གཉིས་ཀྱི་ཕྱིར། བླ་མེད་མི་སྤང་བླ་མ་བཀུར། །ཞེས་གསུངས་སོ། །དད་མེད་ཉམས་ན་ཕུང་བར་འགྱུར། །ཞེས་པ་དད་པ་མེད་པ་ནི་སྐྱོན་ཐམས་ཅད་ཀྱི་རྩ་བ་ཡིན་པར་སྨོས་སོ། །ཉམས་པ་ནི་རྩ་བ་དང་ཡན་ལག་ཐམས་ཅད་དེ་ཡི་དམ་གྱི་ལྷ་དང་བླ་མ་གཉིས་སོ། །ཉམས་པ་ནི་གཉིས་ཏེ། ཡི་དམ་ནི་སྒྲུབ་པའི་དམ་ཚིག་ཡིན་པ་ལ་བསྒྲུབ་པ་དུས་ལས་འགྱངས་པའོ། །བླ་མ་བསྲུང་བའི་དམ་ཚིག་ཡིན་པས་ལུས་ངག་ཡིད་ཀྱིས་མཉེས་པར་བྱ་བ་ལས་ཉམས་པའོ། །དམ་ཚིག་ཉམས་ན་ས་གཞི་མེད་པའི་ལོ་ཏོག་དང་འདྲ་བར། དགེ་བ་དང་བསོད་ནམས་ཅི་བྱས་ཀྱང་འབྲས་བུ་མེད་ཅིང་ངན་སོང་གསུམ་དུ་ཕུང་བར་འགྱུར་རོ། །དབང་གི་སྔོན་དུ་འགྲོ་བ་རིགས་ལྔ་དང་སྦྱར་བའི་ཡོན་འབུལ་བ་ནི། གོང་དེ་ནས་རིགས་ཀྱི་བུ་མཆོག་དེས། །ཞེས་པ་ལ་སོགས་པ། དཀྱིལ་འཁོར་དུ་གཞུག་པའི་ཡོན་ཏན་དང་། ལྷ་བསྒོམ་པའི་གུ་ཎ་བཤད་པ་དེ་ནས། རིགས་ཀྱི་བུ་ནི་གདུང་འཚོབ་ངེས་པས་ན་བུ་སྟེ། སངས་རྒྱས་ལ་སྦྱོར་བ་ནི་ཐེ་ཚོམ་མེད་པའོ། །དེ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་ཡོད་པས་འདིར་ནི་མཆོག་ཅེས་བྱ་སྟེ། ཚེ་གཅིག་གིས་སངས་རྒྱས་ལ་སྦྱོར་བའོ། །དེ་ཡང་སློབ་མ་དེས་དད་པ་དང་མོས་གུས་རྒྱ་ཆེན་པོ་དང་ལྡན་པས། སྒོ་གསུམ་ནས་གཡོ་སྒྱུ་མེད་པ་འཇིག་རྟེན་གྱི་བྱ་བྱེད་ཀྱིས་མ་གོས་པ་འབྲས་བུ་ཁོ་ན་དོན་དུ་གཉེར་བ་ནི། བུ་དེས། རྒྱལ་སྲིད་དང་ནི་རང་གི་ལུས། །ཞེས་པ། མེ་ཏོག་ཕོག་པའི་ལྷ་དེ་བཞིན་གཤེགས་པའི་རིགས་ཡིན་ན། རཱ་ཛ་ཡིན་ན་རཱ་ཛའི་སྲིད་འབུལ། རྒྱལ་པོ་མིན་ཡང་རྒྱལ་སྲིད་དང་འདྲ་བས་འཁོར་བཅས་འབུལ། ལྷ་རྡོ་རྗེའི་རིགས་ཡིན་ན་རང་ལུས་འབུལ། ལུས་ཕུལ་ནས་རི་བའི་རིན་གྱིས་ཀྱང་འབུལ་བར་བཤད་དོ། །པདྨའི་རིགས་ཡིན་ན་བུ་དང་ཆུང་མ་འབུལ། རིན་པོ་ཆེའི་རིགས་ཡིན་ན་རིན་པོ་ཆེའི་རིགས་འབུལ་ཏེ། རིན་པོ་ཆེ་བསྒྲུབས་ནས་འབུལ་བའམ། ཡང་ན་ནོར་རིགས་འགང་ཆེ་བ་འབུལ། ལས་ཀྱི་རིགས་ལ་ན། རབ་ཏུ་གཅེས་དང་ཞེས་པ། རང་གི་ཡིད་ལ་གང་གཅེས་པ་དེ་འབུལ། བདག་པོའི་རིགས་ཀུན་ཏུ་བཟང་པོ་ཡབ་ཡུམ་ལ་མེ་ཏོག་ཕོག་ན། ཡིད་འཐད་འབུལ་ཞེས་པས། བླ་མའི་ཡིད་ལ་གང་འཐད་པ་འབུལ་ལོ། །ཡོན་འབུལ་བའི་ཡོན་ཏན་བསྟན་པ་ནི། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །ཞེས་པ་ལ་སོགས་ཏེ། དེ་ཡང་དབང་ཕྱུག་ནི། སློབ་མས་དངོས་གྲུབ་ཅི་འདོད་པ་ཐམས་ཅད་ལ་མངའ་བརྙེས་ཤིང་དབང་བསྒྱུར་བའོ། །ལོངས་སྤྱོད་ལྔ་ནི་འདོད་ཡོན་ལྔ་སྟེ་ཡོ་བྱད་གོང་དུ་སྨོས་པ་རྣམས་སོ། །མཆོད་པ་ནི་འབུལ་བ་གང་བྱས་ཀྱང་བླ་མ་མཉེས་པར་འགྱུར་བ་སྟེ། མི་མཉེས་པ་ནི་སྤང་བྱའོ། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཞེས་པ། བླ་མའི་ཐུགས་ཕྱོགས་བཅུ་དུས་བཞིའི་དཀྱིལ་འཁོར་ཐམས་ཅད་དང་དབྱེར་མེད་པ་དང་། ལུས་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་གསལ་བ་དང་། ངག་གི་བརྗོད་པའང་ཡེ་ཤེས་ཆེན་པོའི་དོན་ཁོ་ན་བརྗོད་པ་སྟེ། དེས་ན་བླ་མ་མཉེས་པས་ཕྱོགས་བཅུའི་སངས་རྒྱས་མ་ལུས་པ་མཉེས་སོ། །ཡང་དོན་དང་ལྡན་པའི་བླ་མ་ལ་བསྙེན་བཀུར་བྱས་པས་སངས་རྒྱས་ཐམས་ཅད་མཉེས་པ་ནི། མདོ་དགོངས་འདུས་ལས། དོན་དང་ལྡན་པའི་དམ་པ་ལ། །ཕྱོགས་བཅུའི་སངས་རྒྱས་ཀུན་འདུས་ཏེ། །ཉིན་དང་མཚན་མོ་ལན་གསུམ་དུ། །བསྔགས་དང་འདུན་པས་ཕྱག་མཛད་དོ། །ཅི་ཕྱིར་ཕྱོགས་བཅུའི་སངས་རྒྱས་རྣམས། །སློབ་དཔོན་དག་ལས་བརྟེན་ནས་བྱུང་། །སློབ་དཔོན་དག་ལ་མ་བརྟེན་པའི། །སངས་རྒྱས་མ་བྱུང་འབྱུང་མི་འགྱུར། །ཞེས་གསུངས་སོ། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཞེས་པ་ཉེ་བའི་དཀྱིལ་འཁོར་ནི་ཡི་དམ་གྱི་ལྷའོ། །དེ་རྡོ་རྗེ་སློབ་དཔོན་ལས་བྱུང་བས་མཉེས་ཞེས་བྱའོ། །སློབ་དཔོན་བྲ་མན་ཤཱནྟིཾ་གརྦྷས་ནི། བླ་མ་ཉིད་ལ་འཇོག་གོ། །སྤང་བྱ་སྤོང་བ་ནི། ཉེས་པ་ཐམས་ཅད་དག་པར་འགྱུར། །ཞེས་པ། འཇིག་རྟེན་པའི་ཉེས་པ་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཉེས་སྡིག་ཐམས་ཅད་བྱང་ལ། གསང་སྔགས་ཕྱི་ནང་གི་ཉམས་པ་དང་ཉེས་པ་ཐམས་ཅད་ཀྱང་ལྷག་མ་མ་ལུས་པར་དག་པར་འགྱུར་ཞེས་བྱ་སྟེ། ཡོན་ཏན་ཤིན་ཏུ་ཆེ་བས་ཡོན་འབུལ་བ་ལ་སེར་སྣ་མི་བྱའོ། །གསང་དབང་གི་དཀྱིལ་འཁོར་བྲི་གཞི་ཆུང་བའི་ཚད་ནི། གོང་ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཅེས་པ་ལ་སོགས་ཏེ། དཀྱིལ་འཁོར་རྒྱས་བསྡུས་རྣམས་ཀྱི་ཆུང་བ་ཡིན་པས་ཀྱང་ཤིན་ཏུ་ཕྲ་བའོ། །དེས་གསང་དབང་གི་རྒྱུ་རྐྱེན་རྟེན་འབྲེལ་རྣམས་འཛོམ་པ་ལས་མི་འདའ་བས་ན་དམ་ཚིག་གོ། །ཕྱག་མཐིལ་ནི་རྡོ་རྗེ་སློབ་དཔོན་མཉམ་བཞག་མཛད་པའི་ཕྱག་གོ། །དེར་དཀྱིལ་འཁོར་བྲི་ཚར་ཟིན་ཏེ་བཞུགས་པའོ། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ། །ཞེས་པ་སློབ་དཔོན་གྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དགའ་བ་བཅུ་དྲུག་གི་འཁོར་དང་བཅས་པ་ནི་དཀྱིལ་འཁོར་རོ། །དེར་རྡོ་རྗེ་སློབ་དཔོན་གྱིས་མྱོང་བ་དེ་ཉིད་སློབ་མའི་སྤྱོད་ཡུལ་དུ་མ་གྱུར་པས་གསང་བའམ་དམ་པ་ཞེས་བྱ་ལ། སློབ་མ་ལ་དབང་བསྐུར་བ་དོན་དམ་རྟོག་མེད་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ལ་ཡང་དམ་པ་ཞེས་བྱའོ། །ཆེ་ཆུང་གི་ཚད་ནི། སོར་ནི་བཞི་ཡི་ཚད་དུ་བྱ། །ཞེས་པ། རྒྱུ་དང་བྱ་ཐབས་རྣམས་གོང་དུ་བསྟན་ཟིན་ཏོ། །གསང་བའི་དཀྱིལ་འཁོར་རྒྱས་པའི་ཚད་ནི། འོག་ཕྱག་རྒྱ་ཆེན་པོའི་པང་དུ་ནི། །ཞེས་བྱ་བ་ལ་སོགས་ཏེ། རྡོ་རྗེ་སློབ་དཔོན་སྐུ་ཕྱག་རྒྱ་ཆེན་པོར་བཞུགས་པའི་པང་ཕྱག་མཐིལ་ནི་དཀྱིལ་འཁོར་བཞུགས་པའོ། །ཆེ་ཆུང་གི་ཚད་ནི། དཀྱིལ་འཁོར་མཛུབ་གང་ཚད་དུ་ཡང་། །ཞེས་པ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གཞི་ཆེ་ཆུང་མཛུབ་གང་བ་སྟེ། སོར་བརྒྱད་པ་དང་མཚུངས་སོ། །མཁས་པས་ཆོ་ག་ཇི་བཞིན་བྱ། །ཞེས་པ། མཁས་པ་ནི་རྡོ་རྗེ་སློབ་དཔོན་ནོ། །ཆོ་ག་ནི་གོ་མ་ཡེ་དང་བྲི་བ་རྣམས་སོ། །ཇི་བཞིན་པ་ནི་སོར་བཞིའི་དཀྱིལ་འཁོར་གྱི་སྐབས་སུ་བསྟན་པ་བཞིན་དུ་བྱའོ། །བྲི་བ་ནི། ལྟེ་བ་རྩིབས་དང་ལྡན་པ་ཡི། །ཞེས་པ་དཀྱིལ་འཁོར་འབྲིང་པོའི་བྲི་ཐབས་རྣམས་ལ་རྟགས་དགོད་པ་ནི། སེན་ཟླུམ་ཙམ་གྱི་ཉི་ཟླ་ལ། །ཞེས་པ་ལ་སོགས་ཏེ། སེན་མོ་སྔོན་པོ་ཟླུམ་པ་ཙམ་གྱི་ཉི་ཟླའམ། ཙ་ནའི་འབྲུ་ཙམ་གྱི་པདྨའི་གདན། ཡུངས་འབྲུ་ཙམ་གྱི་ཡི་གེ། ཏིལ་འབྲུ་ཙམ་གྱི་ཕྱག་རྒྱ་དགོད་པའོ། །དབང་བསྟན་པ་ནི། འོག་དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཞེས་པ་ལ་སོགས་ཏེ། དད་པ་ཆེ་བ་སྟེ་ཚེ་འདི་ལ་བསྒྲུབ་པ་ཚོགས་ཀྱིས་ཉམས་སུ་ལེན་པར་ནི་ཅུང་མི་ནུས་པ་སྟེ། ཐེག་པ་འདི་ཉིད་དང་བླ་མ་ལ་མ་བུ་གཅིག་པ་ལ་སེམས་པ་བཞིན་དུ་མི་བརྗེད་པའི་དད་པ་དང་ལྡན། ཡོ་བྱད་ཅི་གཏོང་བའང་སེར་སྣ་མེད་པས་དད་པ་མི་འགྱུར་བ་དང་ལྡན་ན། ཕན་པའི་དབང་ཞེས་པས། དབང་བཅུ་བསྐུར་ཏེ། ཕན་པ་ནི་ཚེ་འདི་ལ་ཕན་པ་ནི་ཟག་བཅས་ཀྱི་ཉེས་པ་ཐམས་ཅད་དག་པ་དང་། དེས་བར་ཆད་ཐམས་ཅད་ཞི་བ་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་བཀུར་བའོ། །ཕྱི་མ་ལ་ཕན་པ་ནི་ངན་སོང་གི་འཇིགས་པ་དང་བྲལ་བ་དང་། བདེ་འགྲོ་ལྷ་མིའི་གོ་འཕང་ཐོབ་པའོ། །བརྩོན་འགྲུས་ཞེས་པ་ལྔ་སྟེ། རྒྱུད་ཉན་པའི་བརྩོན་འགྲུས་དང་ལྡན་པ། ཤེས་རབ་ཆེ་བ། བརྩོན་འགྲུས་ཆེ་བ། ཉན་པ་མིན་པ་འཇིག་རྟེན་གྱི་བྱ་བ་དོར་བ། དེ་དག་དང་ལྡན་ན་ཉན་པའི་དབང་བསྐུར། དེའི་ཐོག་ཏུ་བསྒྲུབ་པའི་བརྩོན་འགྲུས་ནི། ཡི་དམ་གྱི་བསྒོམ་བཟླས་ལ་རབ་ཆུ་བོ་རྒྱུན་གྱི་རྣལ་འབྱོར། འབྲིང་ཐུན་དྲུག །ཐ་མ་ཐུན་བཞིའི་རྣལ་འབྱོར་ནུས་ན་བསྒྲུབ་པའི་བརྩོན་འགྲུས་དང་ལྡན་པས་དེའི་དབང་བསྐུར། དེའི་ཐོག་ཏུ་བདག་གཞན་གྱི་དོན་དུ་ཕྲིན་ལས་བཞི་གང་བྱེད་པའི་དཀྱིལ་འཁོར་དང་ཆོ་གའི་འགྲིགས་དང་ངག་གི་བཟླས་པ་དང་། ཏིང་ངེ་འཛིན་གསལ་ན་ཕྲིན་ལས་ལ་ཐོགས་པ་མེད་པར་ནུས་པའི་དབང་བསྐུར། དེའི་ཐོག་ཏུ་འཆད་ནུས་པ་སྟེ་གཞན་གྱི་དོན་རྣམས་ལ་མཁས། རྒྱུད་ལུང་མན་ངག་གསུམ་གྱིས་ལྟ་སྤྱོད་བསྒོམ་གསུམ་སོ་སོར་ཕྱེད། སློབ་མའི་བློ་ཤེས་རབ་ཁ་ཕྱེ་ནུས་ན་འཆད་པའི་དབང་བསྐུར། གཞུང་ཐམས་ཅད་ལ་མཁས། ལྟ་བ་རྟོགས། ཏིང་ངེ་འཛིན་གསལ། ལག་ལེན་གྱི་དོན་གྱིས་གཞན་གྱི་ཤེས་པ་འདྲེན་པ་དང་མོས་གུས་ཀྱིས་རྒྱུད་བྱིན་གྱིས་རློབ་ནུས་ན། དཀྱིལ་འཁོར་གྱི་ལས་ནུས་པ་རྡོ་རྗེ་རྒྱལ་པོའི་དབང་སྦྱིན་ནོ། །དེ་ནི་ནུས་པའི་དབང་ལྔའོ། །བརྟུལ་ཞུགས་རབ་རྟོགས་ན། །ཞེས་པ། བརྟུལ་ཞུགས་གསུམ་སྟེ། དེ་ཡང་སྤྱོད་པའི་བརྟུལ་ཞུགས་ནི་ལྟ་བསྒོམ་གྱི་དོན་གྱིས་སེམས་གནད་ཆུད་ན་དམིགས་འཛིན་དག་སྟེ། དམ་རྫས་ལྔ་སྤྱོད་པ་ལ་སྤོང་ལེན་གྱི་སེམས་ཕྲ་བའང་མི་འབྱུང་ན། རིམ་པ་བཞིན་དུ་སྦྱིན་པར་བྱ། །ཞེས་པས་གསང་བའི་དབང་སྦྱིན་ནོ། །རིག་པའི་བརྟུལ་ཞུགས་ནི་ལྟ་བསྒོམ་སྟོབས་སུ་གྱུར་པས་ཐབས་ཤེས་རབ་གཉིས་སུ་མེད་པའི་བདེ་སྟོང་གིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་དུ་རིག་ནུས་ན། བདེ་བ་ཆེན་པོའི་དབང་སྦྱིན་པར་བྱའོ། །མཉམ་པའི་བརྟུལ་ཞུགས་ནི། འཁོར་འདས་དབྱེར་མེད་མཉམ་པ་ཉིད་ཀྱི་དགོངས་པ་ལ་ཕྱོགས་འཛིན་ཕྲ་བའང་མེད་ན་དེ་ཉིད་མངོན་དུ་གྱུར་ཅིང་དབང་ཐོབ་པའི་ཕྱིར། ཤིན་ཏུ་བརྟན་པའི་དབང་སྦྱིན་ནོ། །སྙིང་རྗེས་ཆུད་མ་ཟོས་པར་གཟུང་། །ཞེས་པ་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་བརྩེ་བ་དང་དོན་དུ་འགྱུར་བར་བྱ་བའི་ཕྱིར་དང་། སློབ་མ་ལ་ཕན་པར་བྱ་བའི་ཕྱིར་དབང་བསྐུར་གྱི། འོག་མའི་ས་ཚོད་ལ་མཐོན་པོའི་དབང་བསྐུར་ན། བོང་བུ་ལ་གླང་པོ་ཆེའི་ཁལ་བཀལ་བ་ལྟར་མི་ཁྱོག་སྟེ་སླར་ཉེས་པར་འགྱུར་བས་སློབ་མའི་བློ་ཚོད་ཀྱི་མཐོ་དམན་བཟུང་སྟེ་རིམ་པ་བཞིན་དུ་བསྐུར་བར་བྱའོ། །ཚོགས་བསྒྲུབ་པ་ལ་གསུམ་གྱི་སྒྲུབ་པ་པོ་བསྒྲུབ་པའི་ཡན་ལག་དང་བཅས་པ་ནི། འོག་ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཞེས་པ་ལ་སོགས་ཏེ། འདི་ན་མར་ལྔ་གསུམ་བཅོ་ལྔ་པ་གཉིས་ལས། འདིར་ལས་དང་པོ་པའི་ཆོ་ག་ལྔ་གསུམ་བཅོ་ལྔ་བརྩི་ན་གཡོ་སྒྱུ་མེད་པའི་དད་པ་དང་ལྡན་པ་དང་། བླ་མ་གུས་ནས་མཉེས་པ་དང་། དམ་ཚིག་མནོས་ནས་མ་ཉམས་པ་དང་། དཀྱིལ་འཁོར་དུ་བཞུགས་ནས་སྔགས་ཀྱི་མཚན་ཉིད་ཤེས་པ་དང་། དབང་ཐོབ་ནས་ལུང་མནོས་ཏེ་བསྒོམ་བསྒྲུབ་ལ་བརྩོན་པའོ། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །ཞེས་པ། གནས་གཞུང་དང་མཐུན་པ་ཡིད་དུ་འོང་བ་དང་། སྒྲུབ་པའི་གྲོགས་འཁོར་གྱི་རྣམ་གྲངས་རྣམས་ཚང་བ་དང་། ཐབས་ཤེས་རབ་ལ་མི་འབྲལ་བའི་གཟུངས་མ་དང་། རྡོ་རྗེ་ལ་སོགས་པའི་སྔགས་ཆ་སྨོས་པ་རྣམས་དང་། མཆོད་པ་དང་འཚོ་བའི་ཡོ་བྱད་དུ་ལྡན་པའོ། །གཟུངས་མ་ནི་གྲོགས་ཀྱི་ནང་དུ་བརྩི་བས་ལྔའོ། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །ཞེས་པ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་དབྱིངས་དང་། དེའི་གཟུགས་བརྙན་ཉི་ཟླ་པདྨའི་དཀྱིལ་འཁོར་དང་། དེའི་སྟེང་དུ་ཡིག་འབྲུ་དང་། དེ་ལས་ཕྱག་མཚན་དང་། དེ་ལས་ལྷའི་སྐུ་ཕྱག་རྒྱ་ཡུམ་དང་བཅས་པའོ། །ཡང་ན་བཟླས་པ་ལ་བརྩི་སྟེ། ཐུགས་ཀར་ཉི་མ་ཟླ་བའི་དཀྱིལ་འཁོར་དང་། དེའི་སྟེང་དུ་ཐུགས་ཕྱག་མཚན་དང་། དེ་ལས་ས་བོན་དང་ལྡན་པ་དང་། དེ་ལས་ཆོས་ཀྱི་ཕྱག་རྒྱ་བཟླས་པའི་སྔགས་ཀྱིས་བསྐོར་བ་དང་། དེ་ལས་ཡིག་འབྲུ་འཕྲོས་པའི་ཏིང་ངེ་འཛིན་འོད་ཟེར་སྤྲོ་བསྡུའི་ཏིང་ངེ་འཛིན་གཉིས་གཅིག་ཏུ་བརྩི་བས་ལྔའོ། །ཚོགས་བསྒྲུབ་པ་ལ་ཉེ་བའི་བཅོ་ལྔ་ནི། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཞེས་པ། སྟོང་པ་ཆེན་པོའི་རྣལ་འབྱོར་བསྒོམ་པའི་དུས་སུ་ཤེས་རབ་ཀྱི་སྤྱོད་པ་ཞེས་བྱ་སྟེ། གང་མཐོང་ཅི་བྱེད་ཐམས་ཅད་སྟོང་པ་ཉིད་དུ་བྱའོ། །སྙིང་རྗེའི་རྣལ་འབྱོར་གྱི་དུས་སུ་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། ཚད་མེད་པ་བཞི་ལ་གནས་པར་བྱའོ། །དེ་ནས་ཡིག་འབྲུ་ལ་སེམས་སྦྱང་བའི་དུས་སུ་ཆོས་ཐམས་ཅད་སྣང་སྟོང་དབྱེར་མེད་དུ་བརླབ་བོ། །དེ་ནས་ཕྱག་མཚན་ལ་སེམས་སྦྱངས་པའི་དུས་སུ་ཆོས་ཐམས་ཅད་ཐུགས་རིག་པའི་ངོ་བོར་བརླབ་བོ། །དེ་ནས་ལྷའི་སྐུ་རྒྱན་གཅིག་པ་ལ་སློབ་ཅིང་སྦྱང་བའི་དུས་སུ་སྣང་བ་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ་ཁོ་ནར་བྱིན་གྱིས་བརླབ་བོ། །དེ་དག་འབྱོངས་པ་ལ་ནི་རྫོགས་ཞེས་བྱའོ། །སྔགས་ཀྱི་ཡན་ལག་ཅེས་པ། སྔགས་ནི་མནྟྲ་ཞེས་བྱ་སྟེ། མ་མ་ན་ནི་ཡིད། ཏྲ་ཏྲ་ཡ་ནི་སྐྱོབ་པ། ཡིད་སྐྱོབ་པར་བྱེད་པའི་དོན་གྱིས་སྔགས་ཏེ། དེའི་དོན་ནི་བྱིན་རླབས་ཀྱིས་དོན་གྱིས་འཁོར་བའམ་ཉོན་མོངས་པ་ལས་སྐྱོབ་པའི་ཕྱིར་སྔགས་ཞེས་བྱ་སྟེ། དེ་ཉིད་ནི་ལྷའི་དཀྱིལ་འཁོར་སྣང་བའོ། །དེ་ལ་འདིར་དོན་གྱིས་ལུས་ཀྱི་ཡན་ལག་མགོ་དང་བཞི་པོ་ལ་ལྷའི་སྐུ་ཕྱག་རྒྱ་ལྔ་བཅུ་ཐམ་པ་ཕྱག་རྒྱའི་ལེའུ་སྟོད་དུ་སྨོས་པ་བཞིན་དུ་བཀོད་པ་སྟེ། དབུ་ལ་དེ་བཞིན་གཤེགས་པའི་རིགས་ཡབ་ཡུམ་བཅུ། ལག་པ་གཡས་པ་ལ་རྡོ་རྗེའི་རིགས་ཡབ་ཡུམ་བཅུ། གཡོན་པ་ལ་རིན་ཆེན་རིགས་ཡབ་ཡུམ་བཅུ། རྐང་པ་གཡས་པ་ལ་ལས་ཀྱི་རིགས་ཡབ་ཡུམ་བཅུ། རྐང་པ་གཡོན་པ་ལ་པདྨའི་རིགས་ཀྱི་ཡབ་ཡུམ་བཅུ་སྟེ་ལྔ་བཅུའི་དཀྱིལ་འཁོར་བསྒོམ་པ་ནི་གོང་དུ་ཡན་ལག་ཅེས་པས་གསལ་ལོ། །རྟོག་པའི་ཡན་ལག་ཕུང་པོ་ལ་སོགས་པ་རྟོག་པ་བཞི་བཅུ་ཞེ་གཉིས་ལྷ་བཞི་བཅུ་ཞེ་གཉིས་སུ་སྣང་བ་རྣམ་པར་འབྱེད་པ་ཐབས་ཀྱི་ལྷ་དང་། དེ་ལ་ཤེས་རབ་ཀྱི་ལྷ་ཡེ་ཤེས་སེམས་དཔའ་བཞི་བཅུ་དང་། སྐུ་གསུང་ཐུགས་ཀྱི་ལྷ་བཞི་བཅུ་པོ་ཚོ་གསུམ་དང་། དེ་རྣམས་བརྩིས་པའི་ལྷ་བརྒྱ་ལ་རིགས་ལྔ་ལྔ་རྫོགས་པ་སྟེ། ཡན་ལག་གི་ལྷ་སངས་རྒྱས་ཉི་ཁྲི་བཞི་སྟོང་ལ་གོམས་ནས་བསྒྲུབ་པ་ལ་འཇུག་སྟེ། འཁོར་ཁང་རུ་གསུམ་པ་བྱས་པའི་ནང་དུ་དཀྱིལ་འཁོར་གྱི་འཁོར་ལོའི་འབུར་དུ་བྱས་པ་ལ་ལྷ་གནས་རྣམས་སུ་སྟན་ནང་ཚངས་ཅན་གྱི་སྟེང་དུ་རྣལ་འབྱོར་པ་ཡབ་ཡུམ་རྣམས་བཞུགས། སྐོར་ཁང་བར་མ་མཆོད་པ་བྱེད་པའི་རོལ་མོ་པའི་འགྲིམ། ཕྱི་མཐའ་ཚང་མང་ས་དང་ཡོ་བྱད་ཀྱི་བཞག་ས་བྱ་སྟེ། ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །ཞེས་པ་བཟའ་བ་དང་བཅའ་བ་བཏུང་བ་རྣམས་གཅིག །གོས་རྒྱན་དང་གཉིས། བྲོ་གར་གླུ་ཚིགས་དང་གསུམ། རོལ་མོའི་ཆ་བྱད་རྣམས་དང་བཞི། ཨཱ་ལིའི་ག་ན་དང་ལྔ་མ་ཚོགས་པ་མེད་པར་ལྡན་ཞེས་བྱའོ། །དེས་ཚོགས་བསྒྲུབ་པར་བྱའོ་ཞེས་སྨོས་སོ། །མ་ཉམས་འཇུག་ལ་རབ་བརྩོན་པས། །ཞེས་པས་མ་ཉམས་པ་ནི་ཆོ་ག་ལྔ་རྫོགས། ཡོ་བྱད་ལྔ་ཚང་། སྔགས་ཀྱི་ཡན་ལག་ལྔ་མཐར་ཕྱིན་པའོ། །ཡང་ན་ལྟ་བ་དང་དམ་ཚིག་གཉིས་ཚད་དུ་སྐྱོལ་བ་དང་ཕྲ་བའི་ཕྲ་བའང་མ་ཉམས་པའོ། །འཇུག་པ་ནི་ལམ་ཉམས་སུ་བླངས་པའི་ངོ་བོ་སྟེ། ཚོགས་ཀྱི་སྤྱོད་པའི་ངོ་བོ་རྣམས་ཉམས་སུ་བླང་བའོ། །བརྩོན་འགྲུས་ནི་ཐ་མལ་གྱི་ཤེས་པ་སྐད་ཅིག་ཀྱང་མི་རྒྱུ་བར་བཅོ་ལྔ་པའི་ལྟ་སྤྱོད་འཛོམ་པ་ལ་རྒྱུན་ཆད་མེད་པའོ། །པས་ཞེས་པ་བྱེད་པ་སྟེ། དེས་མྱུར་བར་འབྲས་བུ་ལ་འཇུག་གོ། །ཚེ་དབང་འགྲུབ་པའི་དུས་ནི། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །ཞེས་པ་ལ་སོགས་པ། ཞག་སུམ་ཅུ་ཕྲག་དྲུག་ནི་ཟླ་བ་དྲུག་སྟེ། སྔོན་གྱི་སྦྱངས་བསགས་སྟོབས་ཆེ་བ་དུས་དེ་ཉིད་ཤེས་རབ་དང་། ཏིང་ངེ་འཛིན་དང་། སྦྱངས་བསགས་མཆོག་ཏུ་གྱུར་པ་དབང་པོ་རབ་ཀྱི་རྟེན་གྱི་གང་ཟག་གིས་ཟླ་བ་དྲུག་གིས་ཚེ་དབང་ལ་སྦྱོར། རབ་འོག་བཅུ་གཉིས་ཞེས་པ། དབང་པོ་རབ་འོག་གིས་ཟླ་བ་བཅུ་གཉིས་ཀྱིས་སྦྱོར། དེ་བས་ཅུང་དམན་པས་ཀྱང་ཟླ་བ་བཅུ་བཞིས་སྦྱོར། དབང་པོ་ནང་གི་དམན་པ་ཟླ་བ་བཅུ་དྲུག་གིས་སྦྱོར་ཏེ། སྦྱོར་བའི་འབྲས་བུ་ཅི་ལྟ་བུ་ཞེ་ན། དབང་བསྒྱུར་ཞེས་པས། ཚེ་ལ་དབང་བསྒྱུར་བ་སྟེ་སྐྱེ་ཤི་དང་བྲལ། འབྱུང་བཞིའི་དགྲས་མི་འཇིགས་ཏེ། རིགས་ཀྱི་དམ་པ་འགྲུབ་ཅེས་པས། བསྒྲུབ་པ་བྱས་པའི་འབྲས་བུ་གཉིས་ཏེ། རྣམ་པར་སྨིན་པའི་རིག་འཛིན་དང་། ཚེ་ལ་དབང་བའི་རིག་འཛིན་ནོ། །རྣམ་པར་སྨིན་པའི་རིག་འཛིན་ནི། རྣམ་སྨིན་གྱི་ལུས་བཞག་ནས་རིག་པ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བའོ། །ཚེ་ལ་དབང་བའི་རིག་འཛིན་ནི། ཏིང་ངེ་འཛིན་དང་། ལྟ་བ་དང་། སྤྱོད་པ་གསུམ་བསྒྲུབ་པའི་རིང་ལ་དབྱེར་མེད་ནས་འདོད་ཡོན་ལྔ་ཆོས་ཉིད་དུ་རོལ་ཏེ། དེ་ལ་འབྱོངས་ནས་གཟུང་འཛིན་རང་དག་སྟེ་ཆེད་འཛིན་ཕྲ་བའང་མེད་པས། དཔེར་ན་ནམ་མཁའ་ལ་བྱ་འཕུར་བ་ལམ་ལ་འཛིན་པ་མེད་པ་བཞིན་མཛད་སྤྱོད་ཐམས་ཅད་ཆོས་ཉིད་དུ་ཤར་བས་དམིགས་འཛིན་དག་སྟེ། མཉམ་པ་ཉིད་ཀྱི་དགོངས་པ་ལྷུན་གྱིས་གྲུབ་པ་རྣམ་སྨིན་གྱི་ལུས་ལྷའི་ལུས་སུ་གསལ། ལྷའི་ལུས་རིག་འཛིན་གྱི་སྐུར་གསལ་ནས་སྐྱེ་འཆི་དང་བྲལ་ཏེ་འབྱུང་བཞིའི་གནོད་པ་བྲལ། ཟག་པ་གསུམ་ཟད། ཁམས་གསུམ་གྱི་འཇིགས་པ་དང་བྲལ་ནས་ཆོས་ཉིད་བདེན་པའི་དོན་མཐོང་། གཞན་ངོ་ལ་ནི་སྔ་མའི་རྟེན་དེར་སྣང་། རང་ངོ་ལ་ནི་ལྷའི་དཀྱིལ་འཁོར་དུ་སྣང་བས་ན། རིག་འཛིན་དམ་པ་ནི་ཚེ་དབང་གི་རིག་འཛིན་ཡིན་པས་དེ་འགྲུབ་བོ། །དེས་བུདྡྷ་ལ་སྦྱོར་ཚུལ་ནི། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །ཞེས་པ་ལ་སོགས་པ། རིག་འཛིན་དེའི་ཚེ་ནི། རིག་འཛིན་དངོས་ལ་ཚེ་ལོ་བརྩི་རྒྱུ་མེད་དེ། སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་ཙ་ན་སྐྱེ་རྒུ་ཚེ་ལོ་བརྒྱ་པ་ཡིན་པས་དེའི་ཚོད་བཟུང་བ་སྟེ། བཅུ་དང་དྲུག་པ་ནི་བརྒྱ་ཚོ་དྲུག་ཡིན་ཏེ། ཚུན་ཆད་ཅེས་པ། དེའང་བློ་དམན་གྱི་འགྲུབ་པའི་ཡུན་རིང་ཚད་བརྩི་བ་ཡིན་པས། ཤེས་རབ་དང་བརྩོན་འགྲུས་ཆེ་ཆུང་གི་དབང་གིས་བརྒྱ་ཕྲག་གཅིག་ན་འབྲས་བུ་ལ་སྦྱོར་བའང་ཡོད། ཉ ིས་བརྒྱ་ན་སྦྱོར་བའང་ཡོད། དེའི་རིམ་པའི་བྱེ་བྲག་གིས་བརྒྱ་ཕྲག་བཅུ་དྲུག་གི་རིང་ཚད་ཡིན་ཏེ། ཕྱིན་ཆད་དུ་མི་འགྱངས་ཞེས་སོ། །དེ་ཡང་རྒྱས་པའི་རྒྱུད་ལས། ཚེ་ནི་བཅུ་དང་དྲུག་པ་ཡི། །བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་པ། །ཞེས་འབྱུང་ངོ་། །སྐུ་ལྔ་ལྷུན་གྱིས་གྲུབ་པ་ནི། །ཞེས་པ། སྐུ་ལྔ་ནི། ཆོས་སྐུ་དང་ལོངས་སྐུ་དང་སྤྲུལ་སྐུ་དང་རྡོ་རྗེའི་སྐུ་དང་མངོན་པར་བྱང་ཆུབ་པའི་སྐུ་དང་ལྔ་སྟེ། གོང་དུ་རྒྱས་པར་བཤད་དོ། །འདིར་སེམས་རང་ཐོག་ཏུ་ཕྱིན། རིག་པ་རང་ས་ཟིན། ངོ་བོ་ཉིད་ཀྱི་སྐུ་མངོན་དུ་གྱུར་པས་སྐུ་ལྔའི་རིག་པའི་ངང་ལ་ལྷུན་གྲུབ་ཏུ་གསལ་ཏེ། འབྲས་བུ་མཐར་ཕྱིན་པའི་དོན་ནི། །ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཞེས་པ། རིག་འཛིན་དགོངས་པ་མཐར་ཐུག་པའི་རིག་པ་རང་སར་ཕྱིན་པའི་དགོངས་པ་ནི། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཡེ་ནས་ཡིན་པ་རིག་འཛིན་གྱིས་རྟོགས་པ་མངོན་དུ་གྱུར་པ་ཡེ་ཤེས་ཀྱི་ངོ་བོ་ཉིད་ལས་མ་གཏོགས་པ། ཤེས་བྱ་ཤེས་བྱེད་མེད་པའི་བདག་ཉིད་ནི་ཡེ་ཤེས་སོ། །ཐིག་ལེ་ནི་དགོངས་པ་དེ་ལྟ་བུའི་ངང་ལ་འཁོར་བ་དང་འདས་པ་སྣང་བ་དང་མི་སྣང་བ་བེམ་རིག་ཡུལ་སེམས་ལ་སོགས་ཏེ། དམིགས་ཀྱི་ཕྲ་རགས་སྤངས་པ་མེད་པར་རང་དག་པ་ཉིད་སྤྲོས་པའི་མཐའ་དང་བྲལ་བས་ཐིག་ལེའོ། །སྤྲོས་བྲལ་ཡུལ་དུ་འཛིན་པ་ལྟ་བུ་ནི་མ་ཡིན་ཏེ་མཉམ་པ་ཉིད་ཀྱི་ངང་ངོ་། །དེ་ཉིད་ལ་ཞེས་པ་ངོ་བོ་བཟུང་བ་སྟེ་བུདྡྷའི་དགོངས་པ་ཉིད། རྣལ་འབྱོར་པའི་དགོངས་པར་ལྷུན་གྱིས་གྲུབ་པ་དེ་ཉིད་ལ། ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །ཞེས་པ། མཐར་ཕྱིན་པའི་བུདྡྷ་དགོངས་པ་མཉམ་པ་ཉིད་ཀྱི་ངང་ལ་རང་བྱུང་གི་ཡེ་ཤེས་ཅིར་ཡང་མི་འགག་པའི་རྩལ་རང་སྣང་བའི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་བདག་ཉིད། སྣང་བ་ཞེས་པས། མཐུན་པ་ལ་མཐུན་པར་སྣང་སྟེ། ཡུལ་དང་བྲལ་བར་རང་སྣང་བ་ཡང་གཉིས་སུ་མེད་པའི་ཚུལ་གྱིས་རང་སྣང་བས་ལྷུན་གྱིས་གྲུབ་པའི་འབྲས་བུ་ཞེས་ཀྱང་བརྗོད་དེ། ཆུ་ལ་ཆུ་ཐིམ་པ་ལྟ་བུ་ལ་ནི་ཉིད་ལས་ཉིད་སྣང་ཞེས་བརྗོད་དེ། དོན་ལ་དུས་གསུམ་གྱི་བུདྡྷ་དང་དགོངས་པ་གཉིས་སུ་མེད་པའི་ཡེ་ཤེས་ལ་དབྱེར་མེད་པ་ལ། བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །ཅེས་བྱ་སྟེ། ངོ་བོ་དང་རྣམ་གྲངས་གཉིས་ལས་ངོ་བོ་བསམ་གྱིས་མི་ཁྱབ་པ་ནི། རིག་འཛིན་གྱི་ལམ་མཐར་ཕྱིན་པའི་དགོངས་པ་བསམ་གྱིས་མི་ཁྱབ་པ་ཉིད་ལ། བུདྡྷའི་དགོངས་པ་བསམ་གྱིས་མི་ཁྱབ་པ་དང་དབྱེར་མེད་པར་གྱུར་པ་ལ་ནི། ཤར་ཕྱོགས་ཀྱི་ནམ་མཁའ་དང་ནུབ་ཕྱོགས་ཀྱི་ནམ་མཁའ་དབྱེར་མེད་པ་བཞིན་ནོ། །གཉིས་སུ་མེད་པའི་ཐུགས་རྗེ་མངོན་དུ་གྱུར་པས་རིག་པ་ཆོས་ཀྱི་དབྱིངས་དང་མཉམ་པ་ནི་ངོ་བོ་བསམ་གྱིས་མི་ཁྱབ་པའོ། །རྣམ་གྲངས་སམ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ནི། སྐུ་རིག་རྒྱན་གྱི་འཁོར་ལོ་ནི་ཉི་ཤུ་རྩ་ལྔ་ལྷུན་གྱིས་གྲུབ་པའི་མཛད་པའི་ཕྲིན་ལས་ཆོས་ཀྱི་དབྱིངས་དང་མཉམ་པར་རང་སྣང་སྟེ་གདུལ་བྱའི་རེ་བ་སྐོང་བའོ། །བགྲངས་ཀྱིས་མི་ལང་བས་ན་བསམ་ཡས། མཆོག་ནི་གདུལ་བྱ་འདུལ་བྱེད་མཛད་པ་ཐམས་ཅད་སེམས་ཉིད་དུ་ལྷུན་གྱིས་གྲུབ་པའོ། །དེ་དག་ཀྱང་ལྷུན་གྲུབ་རིག་འཛིན་གྱི་སྣང་བ་ཡིན་པས་མཉམ་རྗེས་ཕྲ་བ་དང་བཅས་པའོ། །མ་བཙལ་བར་སྣང་བའི་ངོ་བོ་ནི། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །ཞེས་པ་ལ་སོགས་པ། ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པའི་ཁམས་གསུམ་གྱི་ཆོས་ཐམས་ཅད་རང་རིག་པའི་མངོན་སུམ་དུ། མ་འདྲེས་ལ་ཡོངས་སུ་རྫོགས་པ་མཉམ་པ་ཉིད་ལྷག་པའི་ཆོས་སྐུར་རྫོགས་པའི་ཆོས་ཀྱི་དབྱིངས་མཐའ་ཀླས་པའི། ཞིང་ཁམས་རྣམ་དག་བསམ་ཡས་དང་། །ཞེས་པ་ཀུན་ཏུ་བཟང་པོའི་ཞིང་ཁམས་དང་། རིགས་ལྔའི་ཞིང་ཁམས་བསམ་ཡས་པ་དང་། འགྲོ་དྲུག་གི་ངོ་ལ་སྣང་བའི་སྤྲུལ་པའི་སྐུའི་ཞིང་ཁམས་བསམ་ཡས་པ་དང་། དེ་དག་བཞུགས་གནས་རྒྱ་ཁྱོན་ཚད་བཟུང་དུ་མེད་པའི་གཞལ་ཡས་ཁང་གླེང་བཞིའི་ལེའུར་སྨོས་པ་བཞིན་དུ་སྣང་བ་སྟེ། འོག་གཞི་འཁོར་ལོ་དང་རིན་པོ་ཆེ་ལས་གྲུབ་པའི་ཕྱི་ནང་གི་རྒྱན་རྣམས་དང་། འདོད་ཡོན་ལྔའི་རོལ་མོའི་ལོངས་སྤྱོད་ཀྱི་ཚོགས་དཔག་ཏུ་མེད་པ་དང་བཅས་པ་དང་། དཀྱིལ་འཁོར་མ་ལུས་མཐའ་ཡས་ཀུན། །ཅེས་པས། རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་རྒྱུ་འབྲས་ཀྱི་སྤྲུལ་པ་བསམ་ཡས་ཀུན། མཐོང་ནས། ཞེས་པ་དེ་དག་ཐམས་ཅད་ཡུལ་དང་ཡུལ་ཅན་མེད་པར་རིག་པའི་ངང་ལ་དུས་གཅིག་ཏུ་རིག་པ་རང་གསལ་བར་སྣང་ནས། ཉེ་བར་མཉེས་པ་དང་བྱ་བ་ཐམས་ཅད་རིག་པའི་ངང་དུ་རང་སྣང་ལས་ཡུལ་དང་ཡུལ་ཅན་མེད་པ་ནི་མཉེས་པའི་མཆོག་གོ། །རྒྱ་ཆེན་གསུང་ལས། ཞེས་པ་གསུང་ལྔ་ལྷུན་གྲུབ་ཀྱི་གསུང་། གསུང་གི་བརྗོད་པ་མི་མངའ་བར་ཆུ་ཟླ་ལྟར་རིག་པ་ལས་བརྡ་མཇལ་བ་དེའི་གསུང་གིས་རིག་འཛིན་གྱི་སྔགས་བརྗོད་ཅིང་། དོན་འབྱུང་བ་ཞེས་པས། མ་འདྲེས་ལ་ཡོངས་སུ་རྫོགས་པ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་གྱུར་ནས་ལེའུ་གཉིས་པར་བཤད་པ་བཞིན་དབང་ཐོབ་སྟེ། མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་པ་སྟོན་པ་དང་མཐར་ལམ་པ་དགོངས་པ་མཐུན་པ་སྟེ་དབྱེར་མེད་པའི་རང་བྱུང་གི་ཡེ་ཤེས་རང་སྣང་། མཐར་ལམ་པའི་དགོངས་པ་དང་བུདྡྷའི་དགོངས་པ་ཆུ་ལ་ཆུ་ཐིམ་པ་བཞིན་དུ་དབྱེར་མེད། ཆོས་སྐུ་ཆེན་པོ་མངོན་དུ་གྱུར་བའོ། །དོན་དེ་ལ་ནི་ལམ་པས་ལྟ་བསྒོམ་མཐར་ཐུག་པའི་ཡེ་ཤེས་དང་དུས་གསུམ་གྱི་བུདྡྷ་འབྲས་བུ་མངོན་དུ་བྱས་པའི་ཡེ་ཤེས་དང་། དེ་དབྱེར་མེད་པ་ཉིད་ལམ་བསྒྲུབ་པ་མཐར་ཕྱིན་པ་འབྲས་བུའི་ངོ་བོ་ཡིན་པ་གསུམ་གཅིག་ཏུ་དབྱེར་མེད་པ་ལ་ནི་མཐུན་པའི་ཡེ་ཤེས་ཞེས་བྱ་སྟེ། དེ་ཉིད་རྒྱུ་རྐྱེན་དང་བྲལ་བའི་ཚུལ་གྱིས་རང་སྣང་ཞེས་སྨོས་སོ། །རང་སྣང་གི་དཔེ་བསྟན་ནི། གོང་དཔག་བསམ་ཤིང་དང་ཡིད་བཞིན་གྱི། །ཞེས་པ་ལ་སོགས་ཏེ། དཔག་བསམ་ནི་བྱང་སྒྲ་མི་སྙན་གྱི་ལོངས་སྤྱོད་དཔག་བསམ་གྱི་ཤིང་ལས་དགོས་འདོད་ཐམས་ཅད་ཚིག་གིས་ཟློ་མི་དགོས་བསམ་པ་ཙམ་གྱི་འབྱུང་ཡང་ཤིང་ལ་འདི་ལ་འདིའོ་སྙམ་པའི་རྟོག་པ་མེད་པ་དང་། དེ་དང་འདྲ་བར་དེ་བཞིན་སེམས་ཀྱི་ཡེ་ཤེས་ཆེན་པོ་རྟོགས་པ་མཐར་ཕྱིན་པའི་དུས་སུ། མཐར་ལམ་པའི་དགོངས་པ་ཐམས་ཅད་སྐོང་བ་ལ་མ་ཚོགས་པ་མེད་པའོ། །འོ་ན་དཔག་བསམ་གྱི་ཤིང་ནི་སྒྲ་མི་སྙན་ཡིན་གྱི། གླིང་གསུམ་པོ་དང་མི་འབྲེལ། བྱང་ཆུབ་ཀྱི་སེམས་ནི་ཕྱོགས་ཐམས་ཅད་པ་ཡིན་པས་དཔེ་དེས་མི་མཚོན་ཞེ་ན། ཡིད་བཞིན་གྱི། རིན་པོ་ཆེ་ཞེས་པ། རིན་པོ་ཆེ་ཀླུའི་དབང་པོ་ལ་ཡོད་པ་སྐྱེས་བུ་ཆེན་པོས་བླངས་ནས་གདུལ་བྱ་མཐོ་དམན་རྣམས་ཀྱིས་གསོལ་བ་གང་བཏབ་སྣང་བ་བཞིན། བྱང་ཆུབ་སེམས་རྟོགས་ཚབས་ཆེ་ཆུང་གི་དབང་གིས་བློ་ངོ་བཞིན་དུ་དགོས་པ་སྐོང་བའོ། །འོ་ན་དཔེ་དེའི་དབང་དུ་བྱས་ན་བྱང་ཆུབ་སེམས་ཕྱོགས་ཐམས་ཅད་པ་ཡིན་ཀྱང་ལམ་པ་ལ་འགྲོ་བ་རང་རྒྱུད་པ་ལ་མི་ཕན་ནོ་ཞེ་ན། འབྱུང་བ་ཀུན། ཟེར་བས། འབྱུང་བ་ལྔའི་རྟེན་འབྲེལ་གྱིས་ཁམས་གསུམ་གྱི་དགོས་པ་ཐམས་ཅད་ལྷུན་གྱིས་གྲུབ་པ་བཞིན་བྱང་ཆུབ་སེམས་ཕྱོགས་གཅིག་པ་དང་བྲལ་ཞིང་རང་སྣང་མི་འགག་པའི་ངོ་བོ་དཔེ་གསུམ་ཡང་དེའི་རྩལ་ལས་སྣང་བས་ཕྱོགས་ཐམས་ཅད་པའོ། །དེ་བས་ན་དཔེ་གསུམ་གྱིས་དགོས་པ་སྐོང་བ་ཡང་དཔེ་གསུམ་དེ་དག་རྫས་ཡོད་མ་ཡིན་ཏེ། དངོས་པོ་རང་རྒྱུད་དུ་གྲུབ་པ་མེད་དེ། དེ་གསུམ་གྱི་ཡུལ་ཅན་རྣམས་ཀྱང་རང་གི་སེམས་རང་སྣང་བའི་བསོད་ནམས་ཀྱི་ངོ་བོ་བསྟན་པ་ཉིད་ཡོན་ཏན་གྱི་ཚོགས་གསུམ་དུ་སྣང་ངོ་། །དོན་ནི། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །ཞེས་པ། གཞི་སེམས་ཡེ་ཤེས་ཀྱི་རང་བཞིན་འཁོར་འདས་ལ་སོགས་པ་བཏགས་པའི་ཐ་སྙད་ཐམས་ཅད་ཀྱིས་མ་རེག་པ་ནི་ངོ་མཚར་བའོ། །ཆོ་འཕྲུལ་ནི། དེ་ཉིད་ལས་སྐུ་ལྔ་ལ་སོགས་པ་ཉི་ཤུ་རྩ་ལྔ་ཅིར་ཡང་འཆར་བ་ཅིར་ཡང་བྱ་བྱེད་མེད་པར་འགྲོ་བའི་དགོས་པ་སྐོང་བའོ། །རྨད་དུ་བྱུང་བ་ནི་དེས་འགྲོ་བའི་དོན་ཇི་ཙམ་མཛད་ཀྱང་མཛད་བྱ་མཛད་བྱེད་ལ་སོགས་པ་གཉིས་འཛིན་གྱི་ཆོས་ཕྲ་བའང་མི་མངའ་བའོ། །དེ་ལྟ་བུའི་འབྲས་བུ་ལྷུན་གྲུབ་ཀྱི་ཡེ་ཤེས་ཐེག་པ་དགུའི་ལམ་པ་རྣམས་ཀྱིས་བསྒྲུབ་ནས་མཐར་ཕྱིན་པའི་ངོ་བོ་དེ། གཞན་ཞིག་ན་ཡོད་པ་ལམ་གྱི་སྟོབས་ཀྱིས་བཀུག་པའམ། ཡང་ན་དག་པའི་ཞིང་གཞན་ཞིག་ན་ཡོད་པ་ལམ་པས་བགྲོད་ནས་དེར་ཕྱིན་པའམ། ཡང་ན་རྒྱུ་རྐྱེན་གྱིས་བསྒྲུབས་ནས་དེས་འགྲུབ་པ་ལྟ་བུ་མ་ཡིན་ཏེ། ཐབས་ལ་བརྟེན་པའི་ཤེས་རབ་ཉ ིད། །ཅེས་པས། ཐེག་པ་འདི་ཉིད་ཀྱི་སྐབས་སུ་ཕུང་པོ་ལ་སོགས་པ་རྟོགས་པ་བཞི་བཅུ་རྩ་གཉིས་སྤངས་པ་མེད་པར་ཉམས་སུ་བླངས་ཏེ། དང་པོར་གསུང་གི་ཕྱག་རྒྱ་ཡི་གེ་བཞི་བཅུ་རྩ་གཉིས་སུ་གསལ། དེ་ལས་ཐུགས་ཀྱི་ཕྱག་རྒྱ་ཐུགས་ཕྱག་མཚན་བཞི་བཅུ་རྩ་གཉིས་སུ་གསལ། དེ་ལས་སྐུ་ཕྱག་རྒྱ་བཞི་བཞུ་རྩ་གཉིས་སུ་གསལ་བ་དེ་ནི་མ་འགག་པས་ཐབས་ཞེས་བྱའོ། །དེ་ལ་བརྟེན་པའི་ཤེས་རབ་ནི་གསུང་གི་དཀྱིལ་འཁོར་གསལ་བའི་དུས་སུ་ཡང་རང་རིག་པ་ཉིད་གསུང་དུ་སྣང་བས་སྣང་སྟོང་གི་མཐའ་དང་བྲལ། དེ་དང་འདྲ་བས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་གང་བསྒོམ་ཡང་རང་རིག་པ་ཉིད་རང་སྣང་བས་དེ་ལས་སྣང་འཛིན་སྟོང་འཛིན་གང་གིའང་འདུ་ཤེས་མི་འཇུག་པ་ནི། སྐུ་གསུང་ཐུགས་ཕྱག་རྒྱའི་ཐབས་ལ་བརྟེན་པའི་རང་རིག་པ་དངོས་པོ་ཐམས་ཅད་དང་བྲལ་བའི་ངང་ལ་གནས་པ་ནི་རྒྱུད་དུ་བསྒོམ་པ་ཤེས་རབ་ཀྱི་བདག་ཉིད་དེ། དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཞེས་པ། འབྲས་བུ་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཡི་གེ་འཁོར་ལོའི་ས་ཉིད་ལམ་གྱི་ངོ་བོར་བྱས་ནས་ལམ་འདྲིས་ཤིང་གོམས་པ་མཐར་ཕྱིན་པ་ཉིད་འབྲས་བུའི་ངོ་བོ་བས་རྒྱུ་འབྲས་གཉིས་སུ་མེད་པ་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ངང་དུ་རང་སྣང་བ་ལ་བྱུང་ཞེས་བྱའོ། །རྒྱུ་རྐྱེན་གྱིས་མ་གོས་པའི་ཕྱིར། ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད། །ཅེས་པ་ལ་སོགས་ཏེ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཉིད་རང་རིག་པ་ལས་མི་གཞན་པས་གང་དུ་ཡང་མ་དམིགས་པ་ནི་ལྷག་པའི་ཤེས་རབ་བོ། །དེ་ཉིད་འོག་མའི་ཤེས་རབ་བཞིན་སྤྲོས་བྲལ་གྱི་མཐའ་ལྟ་བུ་མ་ཡིན་ཏེ། རང་གསལ་བའི་བདག་ཉིད་ནི་མི་འགག་པའི་ངོ་བོ་ཉིད་དུ་བཞུགས་པས་དབྱིངས་གསུམ་ལས་མཉམ་པ་ཉིད་ཀྱི་དབྱིངས་སོ། །དེ་བཞིན་ཉིད་ཅེས་པ་མེད་ལ་ཟད་མི་ཤེས་སྟོང་ལ་ཐམས་ཅད་འབྱུང་བའི་མཚན་ཉ ིད་དང་ལྡན་པའི་དབྱིངས་ནི་རང་རིག་རང་གསལ་བ་ཡེ་ནས་ལྷུན་གྱིས་གྲུབ་པའི་བདག་ཉིད་ནི། སེམས་ཀྱི་ཆོས་ཉིད་རིག་པ་ཉིད་དེ། དེ་ལས་ཡུལ་དང་ཡུལ་ཅན་མེད་པས་གཞན་པ་མ་དམིགས་པས་ཉིད་དོ། །ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར། །ཞེས་པ། ལྷུན་གྲུབ་ཀྱི་ཡེ་ཤེས་ཉིད་གདོད་ནས་རང་སྣང་མི་འགག་པའི་རྩལ་ཅིར་འཆར་བས་ཐབས་སུ་སྣང་སྟེ། ཕྱག་རྒྱ་ནི་སེམས་ཀྱི་ཆོས་ཉིད་ལས་མི་གཞན་ཞིང་དེ་ཉིད་ཀྱི་རྒྱས་ཐེབས་པས་སྣང་ཙམ་ཉིད་ན་རིག་པ་ལས་མི་གཞན་པས་ཕྱག་རྒྱ་ཞེས་བྱའོ། །གྱུར་པ་ནི་དེའི་དུས་སུ་སྣང་བྱ་སྣང་བྱེད་རྒྱུ་འབྲས་ཀྱི་རྩོལ་བ་དང་བྲལ་བ་ནད་ལས་མཚོན་པའི་ཐ་སྙད་དུ་གྱུར་པ་ཞེས་བྱ་བའོ། །གཏན་ཚིགས་དེ་ལྟ་བུའི་ཕྱིར། ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །ཞེས་པ། ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་མཐར་ཕྱིན་པའི་རང་བྱུང་གི་ཡེ་ཤེས་ཉིད་ལས་ལམ་པས་འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་མ་འདྲེས་ལ་ཡོངས་སུ་རྫོགས་པ་འབྲས་བུ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སུ་རང་སྣང་བ་ལ། རྒྱུ་འབྲས་སམ་དོན་རྟགས་སམ་ཤེས་བྱ་ཤེས་བྱེད་མེད་པའི་ངོ་བོ་ཉིད་ལས་མི་འདའ་བ་ལ་རོལ་ཞེས་བྱའོ། །རོལ་ཞེས་པ། གཉིས་འཛིན་དུ་མ་སོང་ངམ་ཞེ་ན། ཡེ་ཤེས་རོལ་པ་ཉིད་ཀྱང་གསོག །ཅེས་པ། གོང་དུ་བསྟན་པའི་ཡེ་ཤེས་ལས་ཡེ་ཤེས་རོལ་ནས་ལྷུན་གྲུབ་ཀྱི་ཡེ་ཤེས་ཆེན་པོ་ཉིད་དུ་གྱུར་ཙམ་ན། གསོག་ཅེས་པས། འཁོར་བ་ལས་གྲོལ་བའི་སངས་རྒྱས་ཐོབ་པའི་འབྲས་བུ་དག་པ་མངོན་དུ་གྱུར་པའམ། ལམ་མཐར་ཕྱིན་པ་ལྟ་བུའི་འདུ་ཤེས་ཀྱི་འཛིན་པ་ཐམས་ཅད་ནམ་མཁའ་དངོས་པོར་མི་སྣང་བ་ལྟར་འདུ་ཤེས་ཐམས་ཅད་དག་པ་ལ་ནི་གསོག་ཅེས་བྱ་སྟེ། དེ་དག་གི་འཛིན་པ་གཞི་ནས་མ་དམིགས་པའོ། །མདོ་སྡེ་ལས་ཀྱང་། འདུ་ཤེས་ཐམས་ཅད་དང་བྲལ་བ་ནི་བཅོམ་ལྡན་འདས་སོ་ཞེས་གསུངས་སོ། །གསོག་ན་འགྲོ་དོན་མི་ནུས་སོ་སྙམ་ན། འགྲོ་དོན་སྣང་བའི་མཚན་ཉིད་བསྟན་པ་ནི། རྒྱལ་བ་མངོན་བྱུང་སྐྱོབ་པ་དང་། །ཞེས་པ་ལ་སོགས་པ། རྒྱལ་བ་མངོན་བྱུང་ཞེས་པ། གདུལ་བྱ་འགྲོ་བ་དྲུག་ལ་སྣང་བའི་རྒྱལ་བ་སྤྲུལ་པའི་སྐུ་མཛད་པ་བཅུ་གཉིས་ཀྱིས་འགྲོ་དོན་མཛད་དེ། སྐུ་གསུང་ཐུགས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་གདུལ་བྱའི་མངོན་སུམ་དུ་བྱུང་བ་དང་། དེས་གདུལ་བྱ་ཁམས་གསུམ་པ་རྣམས་ངན་སོང་དང་འཁོར་བ་ལས་སྐྱོབ་པའི་བསྟན་པ་སྡེ་སྣོད་རིན་ཆེན་གསུངས་པ་ཐམས་ཅད་དང་། བྱིན་རླབས་སྟོན་པའང་དེ་བཞིན་ཏེ། །ཞེས་པ། གདུལ་བྱ་ཟག་མེད་ལ་སྣང་བའི་ཆོས་ཀྱི་སྐུའི་བྱིན་རླབས་སྟོན་པ་དང་། ལོངས་སྐུས་ཀྱང་སྤྲུལ་སྐུ་བཞིན་གསུང་གིས་མི་སྟོན་ཏེ། སྐུ་དང་ཐུགས་ཀྱི་བྱིན་རླབས་ཀྱིས་ཤེས་བྱའི་སྒྲིབ་པ་སྦྱོང་བའི་ཆོས་སྟོན་པ་ཡང་། དེ་བཞིན་ཏེ་ཞེས་པས། ཏིང་ངེ་འཛིན་གྱིས་ཤེས་བྱའི་སྒྲིབ་པ་སྦྱོང་བར་བྱེད་ཅིང་འབྲས་བུ་ལ་སྦྱོར་བར་བྱེད་པ་གདུལ་བྱའི་དོན་མཛད་པ་ནུས་པ་ཐོགས་མེད་དང་ལྡན་པའང་འགྲོ་དོན་མཛད་པ་སྤྲུལ་སྐུ་བཞིན་ཏེ། སྣང་སྟོང་དབྱེར་མེད་པའི་ཚུལ་ལོ། །བྱ་བྱེད་ནུས་པའི་གཟི་བྱིིན་གྱིས། །ཞེས་པ། སྤྲུལ་པའི་སྐུས་གསུང་གི་སྒོ་ནས་གདུལ་བྱའི་བྱ་བ་བྱེད་ནུས་ཏེ། ངན་སོང་དང་འཁོར་བ་ལས་འདྲེན་ཞིང་མཐོ་རིས་དང་ཐར་པར་སྦྱོར་ནུས་པ་དང་། ལོངས་སྐུས་སྐུ་དང་ཐུགས་ཀྱི་སྒོ་ནས་ས་ལ་གནས་པ་རྣམས་ཀྱི་སྒྲིབ་པ་སྦྱོང་ཞིང་གོང་ནས་གོང་དུ་འཕར། མཐར་ཐུག་འབྲས་བུ་ལ་སྦྱོར་བའི་སྐུ་གསུང་ཐུགས་གསུམ་རིག་པ་རང་སྣང་བའི་གཟི་བྱིན་དང་། སྒྱུ་མ་ཞེས་པ། སྣང་བཞིན་དུ་མ་གྲུབ། མ་གྲུབ་བཞིན་དུ་སྣང་། ལྟད་མོ་བའི་མིག་གི་ཤེས་པ་འདྲེན་པའི་བྱ་བ་བྱེད་པ་བཞིན། སྐུ་གཉིས་ཀྱིས་མཛད་པའི་ཕྲིན་ལས་སྣང་སྟོང་དབྱེར་མེད་པ་སྒྱུ་མ་ལྟ་བུས་གདུལ་བྱ་དང་ཡུལ་དང་ཡུལ་ཅན་མེད་པར་རང་ལ་རང་རོལ་ཏེ་འགྲོ་དོན་ལྷུན་གྱིས་གྲུབ་པའི་དུས་ན། རྡོ་རྗེ་བཙན་པོ་ཞེས་པ། མཛད་པའི་ཕྲིན་ལས་ཉིད་ངོ་བོ་འདུས་མ་བྱས་པ་དང་། མཚན་ཉིད་གདུལ་བྱ་གདུལ་བྱེད་མཛད་པ་ཐམས་ཅད་དབྱེར་མེད་པའི་ཕྱིར་སྐྱེ་འགག་མེད་པས་རྡོ་རྗེའི་སྐུ་སྟེ། དུས་གསུམ་དུ་འགྱུར་བ་མེད་པས་བཙན་པོ། ཐེག་འོག་གི་སངས་རྒྱས་ལས་འཕགས་པས་མཆོག་གོ། །དགོངས་པ་ཆོས་སྐུར་བསྟན་པ་ནི། འོག་གཅིག་དང་དུ་མར་བྲལ་བ་ཡི། །ཞེས་པ་ལ་སོགས་པས། འདིར་འབྲས་བུའི་ཆོས་སྐུའི་ངོ་བོ་བསྟན་ཏེ། གོང་དུ་ཕྱོགས་བཅུ་དུས་བཞིི་མངོན་རྫོགས། ཞེས་པ་ནས་ཞིང་ཁམས་དང་གཞལ་ཡས་ཁང་རྣམས་བསྟན། མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་པས། དེ་རྣམས་གུད་ན་ལོག་པ་གཅིག་ཡོད་དམ་སྙམ་ན། གོང་དུ་བསྟན་པ་རྣམས་ནི་མཐར་ལམ་པ་ཡི་སྣང་བ་ཡིན་ལ། འདིར་སངས་རྒྱས་ཀྱི་ངོ་བོ་སྟོན་པས་གཅིག་དང་དུ་མ་ཞེས་པ། སྤྱིར་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་རང་གསལ་བ་ནི་ཐ་སྙད་དུ་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་ཅེས་བྱ་སྟེ། ནམ་མཁའ་ལ་ཕན་ཚུན་ཡུལ་མ་གྲུབ་པ་བཞིན་དུ་དཔེ་དེས་རང་བྱུང་གི་ཡེ་ཤེས་ལ་ལྟོས་པ་མེད་པར་གསལ་ཡང་དེ་ཉིད་དུའང་གཟུང་བ་མེད་པ་ནི་གཅིག་པའི་མཐའ་མ་སྤངས་བྲལ་བའོ། །བྱང་ཆུབ་ཀྱི་སེམས་རང་སྣང་གི་ཡེ་ཤེས་ཉིད་གང་དུ་ཡང་མ་གྲུབ་པ་ཉིད་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པའི་ཕྱིར་འགྲོ་དྲུག་སོ་སོ་ལ་ཡང་མཐུན་སྣང་སོ་སོར་སྣང་ལ། ལམ་པ་དམའ་བ་ལ་དམའ་བ། མཐོ་བ་ལ་མཐོ་བ་ཅིར་ཡང་འཆར་ཏེ། དེ་ཡང་སོ་སོར་མ་འདྲེས་པར་ཤར་བ་ནི་ལྷ་ལ་དམྱལ་བའི་སྣང་བ་མི་ཤར་བ་ལྟ་བུའོ། །དེ་ཡང་རྒྱས་པ་ལས། ཐབས་ཆེན་མ་འདྲེས་རྣམ་པར་ཐར་པ་ཡིས། །དམིགས་མེད་བདེར་གཤེགས་ཉིད་དབྱིངས་ཐུགས་ཆུད་པས། །དུས་བཞིའི་རྒྱལ་བ་ཀུན་དང་མཉམ་པ་འཇུག །ཅེས་སོ། །ཐམས་ཅད་རང་སྣང་བས་ནི་གཅིག་པའི་མཐའ་དང་བྲལ། ངོ་བོ་གང་དུ་མ་གྲུབ་པ་ནི་དུ་མའི་མཐའ་དང་བྲལ་ཏེ། དེ་གཉིས་ཀྱང་ཚིག་གི་ཐ་སྙད་ལ་རིམ་པས་ཡོད་ཀྱང་ངོ་བོ་དབྱེར་མེད་ཅིག་ཅར་དུ་ལྷུན་གྱིས་གྲུབ་སྟེ་དེ་ཉིད་དུ་ཡང་འཛིན་པ་མེད་པ་ནི་མཐར་ཐུག་པའོ། །དེ་ལྟ་བའི་དོན་ལ་ནི་ཡོད་པའི་མཐའ་དང་བྲལ་ཏེ་གང་དུ་ཡང་མ་གྲུབ། མེད་པའི་མཐའ་དང་བྲལ་ཏེ་ཅིར་ཡང་རང་སྣང་། མཐའ་གཉིས་དང་བྲལ་ཏེ་དབུས་སུ་ཡང་གྲུབ་པ་མེད་པའི་ངང་ལ་སྐྱེ་འགག་དྲན་རྟོག་རྟག་ཆད་འགྲོ་འོང་ལ་སོགས་པའི་མཐའ་ཐམས་ཅད་ལས་འདས་པའི་ཕྱིར། ངོ་བོ་ཉིད་བསྟན་དུ་མེད་པ་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་། རང་སྣང་བའི་རང་བྱུང་གི་ཡེ་ཤེས་དེ་བཞིན་ཉིད་དེ་མངོན་དུ་བྱས་པའི་ཕྱིར་དོན་གཏིང་ཕེབས་པས་དེ་བཞིན་ཉིད་དུ་གཤེགས་པ་ཞེས་བྱའོ། །ཁམས་གསུམ་གྱི་ཆོས་ཐམས་ཅད་འབྲས་བུ་སྐུ་དང་ཡེ་ཤེས་སུ་རྫོགས་པས་ཡང་དག་པར་རྫོགས་པ་ཞེས་བྱའོ། །ཤེས་བྱའི་སྒྲིབ་པ་ཕྲ་བའི་ཕྲ་བའང་སངས་ནས་མཁྱེན་པ་གཉིས་རྒྱས་པས་སངས་རྒྱས་ཞེས་བྱའོ། །སྤྱོད་ཡུལ་ཐམས་ཅད་ཡོངས་སུ་དག་པས་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། དེ་ནི་གནས་བྱ་གནས་བྱེད་གཉིས་མེད་པའི་གཏན་ཚིགས་ཀྱིས་ཐམས་ཅད་དུ་རང་སྣང་བ་ཞེས་བྱའོ། །མཁྱེན་པ་མི་འགག་པར་ཤར་ཚུལ་ནི་གཉིས་སྣང་མེད་ན་གདུལ་བྱ་མི་གཟིགས་པས་གཞན་དོན་མི་འབྱུང་ངོ་སྙམ་ན། གདུལ་བྱ་མཁྱེན་ཚུལ་བསྟན་ཏེ། ལོག་པར་རྟོག་བརྟགས་རྣམ་དག་ཅིང་། །ཞེས་པ་འཁོར་འདས་སམ་སྣོད་བཅུད་ཀྱི་ཆོས་ཐམས་ཅད་དུ་རང་སྣང་མི་འགག་པའི་ཆོས་ཅན་གྱི་དངོས་པོ་ཐམས་ཅད་རང་རིག་པ་ཁོ་ནའི་ཕྱིར། ཡུལ་ཡང་རིག་པ་ཡུལ་ཅན་ཡང་རིག་པ། སྣང་སྟོང་ལ་སོགས་པ་ཐམས་ཅད་རང་རིག་པའི་ཕྱིར་ཡུལ་དང་ཡུལ་ཅན་མེད་དེ་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་ལ་དེ་མ་ཤེས་པས་འཁྲུལ་པ་དག་གིས་སྣོད་བཅུད་ལ་སོགས་པ་གཉིས་སུ་རྟོགས་པ་ཐམས་ཅད་ནི་ལོག་རྟོག་སྟེ། ལོག་རྟོག་གི་རྒྱུན་གྱིས་ལོག་རྟོག་སྔ་ཕྱི་རྒྱུ་འབྲས་སུ་སྣང་བ་ནི། ཀུན་ཏུ་བརྟགས་པའི་མ་རིག་པ་སྟེ་གློ་བུར་གྱི་གཟུང་འཛིན་གཉིས་སོ། །རྩ་བ་དེས་བསྐྱེད་པའི་བདག་ཏུ་འཛིན་པ་ལས་སྣང་བའི་ཉོན་མོངས་པ་ལྔ་ནི་ཉོན་མོངས་པའི་སྒྲིབ་པའོ། །དེ་དག་ཀྱང་ལྟ་བསྒོམ་གཉིས་ཀྱི་འདུ་ཤེས་རགས་པ་དང་ཕྲ་བ་དང་ཕྲ་བའི་ཕྲ་བའང་དག་པའོ། །དག་པའི་ཚུལ་ཡང་ཐུན་མོང་གི་ཐེག་པས་ནི་ཡུན་བསྐལ་པ་གྲངས་མེད་གསུམ་གྱིས་སྦྱངས་ཏེ་ཚོགས་ལམ་དུ་ཚོགས་བསགས་ཏེ། རྣམ་པར་དཀར་བ་དགེ་བའི་ལས་ནི་ལམ་གྱི་གཞིའམ་ངོ་བོ་ཡིན་པས་དེས་མི་མཐུན་པའི་གནག་ལས་རྣམས་འཇོམས་ཏེ་མི་གནས་པར་བྱས་པ་ནི། ཚོགས་ལམ་ཆེན་པོ་སྟེ་སྤྲུལ་པའི་སྐུའི་ཞལ་མཐོང་བའོ། །སྦྱོར་ལམ་དུ་ཆོས་དང་གང་ཟག་གི་བདག་མེད་སྦྱངས་ཏེ་མཐོང་ལམ་དུ་དོན་དམ་པའི་བདེན་པ་མངོན་དུ་གྱུར་ཏེ་འཁོར་བའི་འཇིགས་པ་དང་བྲལ་བ་ནི་ཉོན་མོངས་པའི་སྒྲིབ་པ་དག །བདག་མེད་མངོན་དུ་གྱུར་ཐུན་མོང་གི་ལོངས་སྐུ་མཐོང་། བསྒོམ་ལམ་དང་མཐར་ལམ་དུ་ཤེས་བྱའི་སྒྲིབ་པ་རགས་པ་དང་ཕྲ་བ་རྣམས་སྦྱངས་ནས། ས་བཅུ་རྒྱུན་གྱི་ཐ་མར་ཤེས་བྱའི་སྒྲིབ་པ་ཕྲ་བ་དག་ནས་སངས་རྒྱས་ཏེ། གཞན་དོན་ཡང་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་གདུལ་བྱའི་དོན་མཛད་པ་ཡུལ་ཡུལ་ཅན་ནོ། །འདིར་ཐེག་པ་འདི་ཉིད་ཀྱི་ལུགས་ཀྱིས་སྒྲིབ་པ་གསུམ་དུས་གཅིག་སྦྱངས་ཏེ། དབང་པོ་རབ་ཀྱིས་ལྟ་བ་རྟོགས་པའི་དུས་སུ་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་སུ་རྟོགས་པས་གཉིས་འཛིན་དག་སྟེ། དེས་མུན་པ་སྣང་བར་གྱུར་པ་དང་འདྲ་བར། ལས་སྒྲིབ་རང་བྱུང་ཡེ་ཤེས་སུ་གསལ་བས། སྤང་བྱ་མ་དམིགས་པར་རང་དག་གོ། །དེས་རང་བྱུང་ཡེ་ཤེས་ཀྱི་ངང་ལ་བདག་གཞན་མ་དམིགས་པས་བདག་འཛིན་དག་སྟེ། ཡུལ་དང་ཡུལ་ཅན་མ་དམིགས་པས་ཉོན་མོངས་པ་དག་གོ། །ཤེས་བྱའི་སྒྲིབ་པ་ནི་ལྟ་བསྒོམ་ལ་དམ་པར་འཛིན་པ་སྟེ། འདིར་རིག་པ་ཕྱོགས་འཛིན་ཐམས་ཅད་དང་བྲལ་བའི་ངང་ལ་ལྟ་བསྒོམ་ལ་འཛིན་པ་མ་དམིགས་པར་རང་དག་གོ། །དེ་ཡང་དཔེར་ན་ལྕགས་ཀྱི་ཐུར་མ་དང་དངུལ་དང་གསེར་གྱི་ཐུར་མ་གསུམ་རིམ་པ་བཞིན་དུ་བདར་ན་རིམ་པ་བཞིན་དུ་ཟད་པ་ནི་ཐེག་པ་འོག་མའི་གཞུང་ངོ་། །ཅིག་ཅར་དུས་གཅིག་བདར་ན་དུས་གཅིག་ཟད་པ་ནི་ཐེག་པ་འདི་ཉིད་ཀྱི་ལུགས་ཞེས་བླ་མ་བདེ་བར་གཤེགས་པས་གསུངས་སོ། །རྣམ་དག །ཅེས་པས་དེ་དག་པའི་ཚུལ་ནི་གཞི་ལ་ཡོད་ན་ལན་གཅིག་དག་ཀྱང་སླར་འབྱུང་བ་ལ་ཆུའི་རྙོག་མ་ལྟར་ཡང་། གཞི་ལ་མེད་པ་བརྟགས་པའི་དབང་གིས་གློ་བུར་དུ་སྣང་བས་དེ་དག་པ་ནི་མཐར་ཕྱིན་པའི་བུདྡྷའོ། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཞེས་པ་སངས་རྒྱས་ཀྱི་ངོ་བོ་རང་རིག་པ་རང་བྱུང་གི་ཡེ་ཤེས་ནི། གསལ་ལ་མི་འགག་པའི་ངོས་ནས་ཡེ་ཤེས་ཞེས་བྱའོ། །མཐའ་ཐམས་ཅད་དང་བྲལ་བ་ཉིད་རང་སྣང་བའི་གཞིའི་ངོ་བོར་བཞུགས་པ་ལ་ནི་དབྱིངས་ཞེས་བྱ་སྟེ། དེ་གཉིས་དབྱེར་མེད་པ་ནི་རང་རིག་པའི་ཡེ་ཤེས་ཏེ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད་དོ། །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང་དེ་ལས་མི་གཞན་ཏེ། རྟོགས་མ་རྟོགས་ཙམ་ལས་མ་གཏོགས་པར་ཁྱབ་ཆེ་ཆུང་མེད་པར་ཀུན་ཏུ་བཟང་པོས་གསུངས་སོ། །ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །ཞེས་པ་དབྱིངས་རིག་པ་དབྱེར་མེད་ནི་བུདྡྷ་ཐམས་ཅད་ཀྱི་ཐུགས་ཡིན་པས། བེམ་རིག་གི་ཆོས་ཐམས་ཅད་ལ་ཁྱབ་པ་ནི་རྗེ་ཞེས་བྱའོ། །དེ་ལ་ནི་གཉིས་སུ་མེད་པའི་ཐུགས་རྗེ་ཆེན་པོ་ཞེས་ཀྱང་བྱ་སྟེ། གདུལ་བྱ་འདུལ་བྱེད་ཐམས་ཅད་དབྱིངས་ཡེ་ཤེས་ཀྱི་ངང་དུ་དབྱེར་མེད་པའོ། །འོ་ན་ཁམས་གསུམ་ཇི་ལྟར་འཁྲུལ་ཅེ་ན་རང་གི་ལོག་རྟོག་གི་གཞི་ལས་མ་གྲུབ་པ་འཁྲུལ་པ་གློ་བུར་དུ་སྣང་བ་ལ་མེ་ལོང་གི་གཡའ་དང་ནམ་མཁའི་སྤྲིན་བཞིན་ཏེ། རྟོག་པ་ཙམ་གྱིས་རང་བྱུང་གི་ཡེ་ཤེས་བསྒྲིབ་སྟེ། དཔེར་ན་ཕ་ལ་དགྲར་བརྟགས་པ་ལྟ་བུའོ། །འབྲེལ་བ་ནི་ཞེས་པ། ཐུགས་རྗེ་ཆེན་པོ་དེས་གདུལ་བྱ་མཐོ་དམན་ཐམས་ཅད་འཛིན་པ་དང་། ཐམས་ཅད་ལ་ཁྱབ་བྱ་ཁྱབ་བྱེད་མེད་པར་ཁྱབ་པ་དང་། དག་མ་དག་གིས་གདུལ་བྱ་འདུལ་བྱེད་གཉིས་སུ་འཛིན་པ་མི་མངའ་བའི་ཕྱིར་གསུམ་གྲུབ་སྟེ། དེའི་ཕྱིར་ན་ཐུགས་རྗེ་ཆེན་པོ་ཞེས་བྱ། དགོངས་པ་དེ་ལྟ་བུ་ལ་སྨོན་ལམ་གྱི་སྟོབས་ཀྱིས་ཀྱང་བསྟངས་པའོ། །དེས་ན་ཐུགས་རྗེ་ཆེན་པོ་གསུམ་ཡང་ཐུགས་རྗེ་ཆེན་པོའི་རྩལ་རང་སྣང་བའོ། །དེ་ཉིད་ནི་གསང་སྔགས་ནང་པ་གསུམ་གྱི་ཐུགས་རྗེའི་ངོ་བོའོ། །རྒྱུ་དེས། འགྲོ་དྲུག་དུས་གནས་མ་ལུས་མཁྱེན། །ཞེས་པ། མེ་ལོང་གཟུགས་བརྙན་སྣང་བ་ལྟར་རིག་པ་བྱང་ཆུབ་ཀྱི་སེམས་ཆོས་སྐུ་ལས་མ་རྟོགས་པའི་འགྲོ་བ་ཐམས་ཅད་མ་གཡོས་པའི་ཕྱིར་ཡུལ་དུ་བྱས་པ་མེད་པར་གདུལ་བྱ་འགྲོ་བ་དྲུག་གི་དུས་ཐོག་མ་མེད་པ་ནས་ཐ་མ་མེད་པའི་བྱ་བ་ཐམས་ཅད་དང་། འགྲོ་བ་དྲུག་གི་གནས་ཀྱི་ནང་གི་དམའ་བ་སྲིན་བུ་ཤི་ཀ་ཙམ་ཞིག་ཀྱང་མ་ལུས་པར་མཁྱེན་ཏེ། དེ་དག་རིམ་པ་བཞིན་དུ་བརྒྱུད་པ་མ་ཡིན་པར་སྐད་ཅིག་ལ་ཇི་ཡོད་དུས་གཅིག་ལ་མཁྱེན་པ་སྟེ། ཐམས་ཅད་མཁྱེན་པ་གང་ཡིན་པ་ཡེ་ཤེས། ཡེ་ཤེས་གང་ཡིན་ཐམས་ཅད་མཁྱེན་པ། དེ་བཞིན་དུ་ཐུགས་རྗེ་དང་མཛད་པ་ཐམས་ཅད་ལྷུན་གྱིས་གྲུབ་པ་ནི་གདུལ་བྱ་ཐམས་ཅད་ཉིད་ལས་མི་གཞན་པ་ནི་ཇི་སྙེད་མཁྱེན་པའོ། །མཁྱེན་བྱ་མཁྱེན་བྱེད་ཀྱི་རྟོག་པ་ལས་གྲོལ་བ་ནི་ཇི་ལྟ་བ་མཁྱེན་པའོ་ཞེས་པ་དང་། ཡང་རྟོག་པ་མེད་པར་རང་གསལ་བའོ་ཞེས་བརྗོད་དོ། །ཞེས་ཆེད་དུ་བརྗོད་དོ་ཞེས་པ། སྟོན་པ་ཀུན་ཏུ་བཟང་པོས་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་བརྗོད་པའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རྡོ་རྗེ་བཀོད་པ་གསང་བའི་དམ་ཚིག་ཅེས་པ། ལེའུ་ཀླད་དུ་བཤད་ཟིན། དགུ་པ་མན་ངག་གི་རིམ་པས་བཤད་པའོ།། ༈ །།ལེའུ་བཅུ་པ་ལ་འཇུག་པར་བྱ་སྟེ། ལེའུའི་མཚམས་ཐག་སྦྲེལ་བ་ནི། ལེའུ་དགུ་པར་དཀྱིལ་འཁོར་དང་འཇུག་པ་དང་ཡོན་ཏན་རྣམས་བཤད་ནས་འཇུག་པའི་རྟིང་ལ་འོང་བ་སྟེ། འདིར་དཀྱིལ་འཁོར་གོང་དུ་བསྟན། དབང་བསྐུར་བ་དངོས་གཞི་ལེའུ་བཅུ་པར་བསྟན་པ་ནི་གོ་ཕྱེ་བའི་འཁོར་ཕྱི་རབས་པ་རང་བྱན་དུ་འཇུག་པ་དགག་པའི་ཕྱིར། ཐུགས་རྗེ་ཆེན་པོས་རྒྱུད་དཀྲུགས། ལུང་གཅུས། མན་ངག་སྦས་པ་རྡོ་རྗེ་སློབ་དཔོན་ལ་རག་ལས་པའི་ཕྱིར་རོ། །ལེའུ་བཅུ་པ་དབང་གི་གསུང་བ་ལོ་རྒྱུས་ནི། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཞེས་པ། ཚིག་གི་དེ་མ་ཐག་པ་ནི་ལེའུ་དགུ་པ་སོང་བའི་རྗེས་ཐོག་གོ། །དོན་གྱི་དེ་མ་ཐག་པ་ནི་དགུ་པར་རྡོ་རྗེ་སློབ་དཔོན་དང་སློབ་མ་འཇུག་པ་ཚར་ནས་དབང་བས་དེ་ནས་ཞེས་བྱའོ། །བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཀུན་ཏུ་བཟང་པོ་གོང་དུ་བཤད་པ་བཞིན་ནོ། །རྒྱལ་པོ་སྦྱིན་པ་ནི། ལམ་པ་གོང་མས་འོག་མ་ལ་ལམ་ཐད་སོའི་ཆོས་ལ་དབང་ཐོབ་པའི་ཆོས་ཀྱི་ལོངས་སྤྱོད་སྦྱིན་པ་སྟེ། བྱིན་པས་དབང་བསྒྱུར་བས་རྒྱ྄ལ་པོ་ཞེས་བྱའོ། །དེ་ཡང་ལས་དང་པོའི་དུས་སུ་རྡོ་རྗེ་སློབ་དཔོན་དྲོད་ཐོབ་པས་སློབ་མ་དད་པ་ཅན་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས། རྟེན་ཅིང་འབྲེལ་བར་འབྱུང་བ་ཚོགས་པའི་མཐུས་དབང་བསྐུར་བ་ནི། དབང་གི་ས་བོན་གཞག་པའོ། །སློབ་དཔོན་མཐོང་ལམ་ཡན་ཆད་བསྒོམ་ལམ་པས་སློབ་མ་དྲོད་ཐོབ་པའི་སྐྱེས་བུ་ལ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བརྟེན་པ་ཞེས་བྱ་སྟེ། སློབ་དཔོན་གྱི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་སྤྲུལ་པ་སློབ་མས་མཐོང་ནུས་པ་ནི་ལྷག་པ་ཏིང་ངེ་འཛིན་གྱི་དབང་བསྐུར་ཞེས་བྱ་སྟེ་དབང་གི་ནུས་པ་གཞག་པའོ། །དེ་ནས་སློབ་དཔོན་ཕྱོགས་བཅུའི་སངས་རྒྱས་ཀྱིས། སློབ་མ་མཐར་ལམ་མཐར་ཕྱིན་པ་ལ་དབང་བསྐུར་བ་ནི། རྒྱུད་འདིའི་ལེའུ་གཉིས་པ་ལྟ་བུ་སྟེ་དབང་མངོན་དུ་གྱུར་པའོ། །དེས་ན་དབང་བསྐུར་གསུམ་ཐོབ་ན་སངས་རྒྱས་ཞེས་ཀྱང་སྨོས་སོ། །འབྲུ་ལ་བཅར་ན་རྒྱལ་པོ་སྦྱིན་པ་ཞེས་བྱ་བ་ནི། རྒྱལ་པོ་དང་སྦྱིན་པ་གཉིས་ཏེ། རྒྱལ་པོ་ནི་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་ལུས་ལ་མཚན་དཔེ་དང་ལྡན་པ་དབང་བསྐུར་བས་གླིང་བཞི་ལ་དབང་བསྒྱུར། ལོངས་སྤྱོད་རཏྣ་སྣ་བདུན་དང་ལྡན། གླིང་བཞི་དཀར་པོ་ལ་བཀོད། དེ་བཞིན་དུ་དབང་གི་རིམ་པ་རྣམས་བསྐུར་བས། ཕན་དབང་གིས་ཚེ་འདི་དང་ཕྱི་མ་ཐམས་ཅད་འགྲུབ། ནུས་པའི་དབང་ལྔས་སོ་སོའི་ལས་ལྔ་ལ་དབང་བསྒྱུར། ཟབ་མོའི་དབང་གསུམ་གྱིས་དོན་དམ་རྟོག་མེད་ཀྱི་ཡེ་ཤེས་དང་། རང་རིག་རང་གསལ་གྱི་ཡེ་ཤེས་དང་། ཐམས་ཅད་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པ་གསུམ་ལ་དབང་བསྒྱུར་བའི་ཕྱིར་རྒྱལ་པོ་ཞེས་བྱའོ། །མཚོན་པའི་ཐ་སྙད་དུ་དབང་ཕྱུག་ཅེས་ཀྱང་སྨོས་སོ། །སྦྱིན་པ་ནི་རྡོ་རྗེ་སློབ་དཔོན་ལ་བརྟེན་ཏེ་ཐོབ་པས་སྦྱིན་པ་ཞེས་བྱའོ། །རྒྱལ་པོ་དང་དབང་བསྒྱུར་བ་གཉིས་ནི་མིང་དང་མཁན་ལྟ་བུ་སྟེ་གཅིག་གོ། །དེ་ལྟ་བུའི་དོན་དེ་སྣོད་བཅུད་འཛོམ་པར་སློབ་དཔོན་གྱིས་སློབ་མ་ལ་ཕོག་པ་ལ་ནི་སྦྱིན་པ་ཞེས་བྱའོ། །བསྐུར་བའི་རིམ་པ་ལ་འདིར་ཡང་ལག་ལེན་མན་ངག་གི་རིམ་པས་འཇུག་སྟེ། བསྐུར་བའི་རིམ་པས་ཕན་དབང་བསྐུར་བ་ནི། དང་པོར་དབང་ཚོ་གསུམ་སྟེ། ཕན་པ་བཅུ་ནུས་པ་ལྔ་ཟབ་མོ་གསུམ། དེ་གསུམ་ཀུན་ལ་མཚུངས་ལྡན་གྱི་རྒྱུ་རང་ལ་གནས་པ་དང་། དེ་རྐྱེན་གྱིས་སློང་བ་དང་། དབང་དུ་གྲུབ་པ་དང་གསུམ་མོ། །དེ་ལ་དབང་བཅུ་ལ་བུམ་པ་སྔོན་དུ་འགྲོ་སྟེ། དེ་ཡང་དང་པོར་དཀྱིལ་འཁོར་གྱི་ཤར་སྒོར་སློབ་མ་དབང་སྟེགས་དུ་འདུག་བཅུག་སྟེ། དེ་ཡང་སྔོན་དུ་ཡོན་འབུལ་མཎྜལ་ཞུ་བ་བྱེད། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་དབང་གི་ཆས་ལྔ་གསོལ། ཕྱོགས་བཅུའི་བུདྡྷ་ལ་བྱིན་རླབས་རྩོལ་བའི་གསོལ་བ་གདབ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ནམ་མཁའ་ལ་འདུས་པ་ཀུན་ཀྱང་ལོངས་སྐུ་ཐབས་དང་ཤེས་རབ་དབྱེར་མེད་དུ་བསྒོམ། དེ་ནས་སློབ་མའི་ལུས་ངག་གི་བག་ཆགས་དག་པའི་ཆོ་ག་བྱ། བུམ་ཆུ་རྣམས་རྣམ་རྒྱལ་དུ་བསྡུ་སྟེ། འདིའི་དུས་སུ་སངས་རྒྱས་ཐམས་ཅད་ཐུགས་དམ་ལས་མི་འདའ་བའི་ཕྱིར། རིགས་ལྔ་ནི་ཏིང་ངེ་འཛིན་ལ་བཞུགས་པར་བསྒོམ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། རིགས་ཀྱི་ཡུམ་བཞིས་ཡེ་ཤེས་བདུད་རྩིས་ཁྲུས་ཆུ་བླུགས། སེམས་མ་ཡུམ་རྣམས་ཀྱིས་མཆོད་པའི་ཚོགས་ཀྱིས་འབུལ། ཁྲོ་བོ་བཅུས་བར་ཆོད་ཀྱི་བགེགས་བསྲུང་བར་བསྒོམ། སངས་རྒྱས་རྣམས་ཀྱིས་གདུལ་བྱའི་དོན་ལ་དེ་ལྟར་མཛད་པ་ཡིན་པས་སོ། །དངོས་སུ་བཀྲ་ཤིས་ཀྱང་བརྗོོད་དོ། །དེ་ལ་མཚུངས་ལྡན་གྱི་རྒྱུ་ནི། བུམ་པའི་མཚུངས་ལྡན་གྱི་རྒྱུ་ནི་ལུས་ཀྱི་རྩ་ཐམས་ཅད་བྱང་ཆུབ་སེམས་ཀྱིས་གང་ནས་ཡོད་པ་ནི་རྒྱུའོ། །དེ་དབང་དུ་སློང་བའི་རྐྱེན་ནི། བླ་མའི་ཏིང་ངེ་འཛིན་དང་། སྔགས་དང་། ཚིགས་བཅད་དང་། དབང་རྫས་དང་། སློབ་མའི་དད་མོས་དང་། མཆོད་པ་འབུལ་བ་དང་། ཚོགས་གསོག་པ་རྣམས་སོ། །རྒྱུ་རྐྱེན་གཉིས་མཚུངས་པ་ལས་དབང་གི་ནུས་པའི་ས་བོན་དུ་འགྱུར་རོ། །དངོས་སུ་ནི་རིག་འཛིན་གྱི་སྲས་དམ་པར་འགྱུར་ནས་ལྷ་མི་ཐམས་ཅད་ཀྱི་མཆོད་པའི་གནས་སུ་འགྱུར་རོ། །ཕྱི་མར་མཐོ་རིས་དངོས་སུ་མྱུར་དུ་ཐོབ་ནས་ཐར་བའི་ལམ་ལ་བར་ཆོད་མེད་པར་འགྱུར་རོ། །དེའི་དུས་སུ་མེ་ཏོག་ཕོག་པའི་ལྷ་གང་ཡིན་པའམ་ཡང་ན་གཙོ་བོ་རྡོ་རྗེ་སེམས་དཔར་བསྒོམ། དེ་ནས་དབུ་རྒྱན་གྱིས་དབང་བསྐུར་ཏེ། དེའི་མཚུངས་ལྡན་གྱི་རྒྱུ་ནི་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔའི་བདག་ཉིད་ཡིན་པའོ། །དེ་ལས་རིགས་ལྔར་སྣང་། ཚིགས་བཅད་དང་སྔགས་དང་སྒོམ་པ་རྣམས་ལག་ལེན་ལ་གསལ། དེ་ནས་དར་མཐིང་དམར་གྱི་ཅོད་པན་རིན་ཆེན་འབྱུང་ལྡན་གྱི་རབ་གནས་ཅན་གྱིས་དབང་བསྐུར་ཏེ། མཚུངས་ལྡན་ནི་རྩ་ལ་ལ་ན་དང་ར་སཱ་ན་གཉིས་ཀྱིས་ལུས་མགོ་མཇུག་ཏུ་གཡོ་བའོ། །དེ་རཏྣའམ་མེ་ཏོག་གི་ཕྲེང་བ་སྣང་བ་མཐའ་ཡས་ཀྱིས་རབ་གནས་བྱས་པས་དབང་བསྐུར་ཏེ། མཚུངས་ལྡན་ནི་རྩ་དབུ་མ་ལ་མདུད་པ་སུམ་ཅུ་རྩ་གཉིས་ཡོད་པའོ། །དེ་ནས་གོ་ཆ་དོན་གྲུབ་ཀྱི་རབ་གནས་ཅན་བསྐུར་ཏེ། ལུས་ལ་རྩའི་དྲྭ་བས་ཁྱབ་པའོ། །དེ་ནས་ཆུ་སྲིན་ལ་སོགས་པའི་རྒྱལ་མཚན་མི་བསྐྱོད་པའི་རབ་གནས་ཅན་བསྐུར་ཏེ། མཚུངས་ལྡན་ནི་གསང་བའི་དབང་པོའོ། །དེ་ནས་ཕྱག་རྒྱའི་དབང་ལ་རྒྱས་པ་དང་བསྡུས་པ་གཉིས། རྒྱས་པ་ལ་དཀྱིལ་འཁོར་གསུམ་གྱི་འབྲིང་པོའི་དབང་དུ་བྱས་ཏེ། ལེའུ་བྱང་རྣམས་ཀྱིས་དབང་བསྐུར་བ་ནི་གཞུང་བཞིན་དུ་བསྐུར་བའི་གནས་ནི་སྤྱི་བོ། བསྟིམ་པའི་གནས་ནི་ཐུགས་ཀ་རིམ་བཞིན་དུ་བྱ་སྟེ། སོ་སོ་རང་སྐལ་གྱི་རྟོག་པ་དག་ནས་ལྷ་དེའི་ངོ་བོར་གྱུར་པར་བསྒོམ། བསྡུས་པ་ཡིན་ན་ཕྱག་རྒྱ་ལྔ་སྟེ། བསྐུར་ཐབས་སྔར་དང་འདྲ་བ་ལས་རྡོ་རྗེས་དབང་བསྐུར་བས་རང་བྱུང་གི་ཡེ་ཤེས་དང་ལྡན་པ་དང་། འཁོར་ལོས་དབང་བསྐུར་བས་འགྲོ་བའི་རྒྱུད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། རཏྣས་དབང་བསྐུར་བས་གདུལ་བྱའི་དགོས་འདོད་སྐོང་བ་དང་། པདྨས་དབང་བསྐུར་བས་མཐའ་གཉིས་ཀྱི་སྐྱོན་གྱིས་མ་གོས་པ་དང་། རལ་གྲིས་དབང་བསྐུར་བས་བདག་གཞན་གྱི་མཐའ་གཉ ིས་ལས་རྒྱལ་བའི་དབང་ངོ་། །རྒྱས་པའི་མཚུངས་ལྡན་ནི་རྟོག་པ་བཞི་བཅུ་ཞེ་གཉིས་སོ། །བསྡུས་པའི་མཚུངས་ལྡན་ནི་ཕུང་པོ་ལྔའོ། །དེ་ནས་དར་རམ་རས་སམ་རྨ་བྱ་ལ་སོགས་རྒྱུ་བཟང་པོ་ལས་བྱས་པའི་གདུགས་རྣམ་སྣང་གི་རབ་གནས་ཅན་བསྐུར་ཏེ། མཚུངས་ལྡན་ནི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའོ། །དེ་ནས་བཟའ་བཏུང་ཞལ་ཟས་ཀྱི་དབང་བསྐུར་ཏེ། བྱིན་རླབས་བྱས་པས་བདུད་རྩིའི་ཁ་ལ་ༀ་ལས་འདོད་ཡོན་གྱི་ལྷ་མོ་རྣམས་སྤྲོ་བས་བསྐོར་ཏེ། མཚུངས་ལྡན་ནི་མགྲིན་པ་དངོས་གྲུབ་ཀྱི་འཁོར་ལོའོ། །སྙིང་པོ་ལྔས་དབང་བསྐུར་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ལྷ་རྣམས་བཀོད་པའོ། །དེ་ལྟར་ཕན་པའི་དབང་བསྐུར་ནས་ཉན་ནུས་ན་ཉན་པའི་དབང་བསྐུར་ཏེ། དེ་ནས་ནུས་པའི་དབང་ལ་ལྔའི་ཉན་པའི་དབང་ནི། ཉན་བྱེད་འཁོར་ལོའི་གཞལ་ཡས་སུ། །ཞེས་པ་ལ་སོགས་ཏེ། ཉན་པའི་དབང་བསྐུར་བའི་གནས་ནི་ཉན་བྱེད་ནི་སྒྲ་ཉན་པར་བྱེད་པ་རྣ་བའི་དབང་པོའོ། །འཁོར་ལོ་ནི་སྒྲ་རྒྱུན་མི་ཆད་པའོ། །གཞལ་ཡས་སུ་ནི་དེར་གཞལ་ཡས་ཁང་བསྒོམ་པ་སྟེ། རྣ་བ་གཉིས་འདུས་པའི་ངོ་བོའི་རྩའི་ནང་ན་སྒྲ་མི་འགག་པར་བྱེད་པའི་བཅུད་འདུས་པའི་ཐིག་ལེ་ཤིན་ཏུ་དྭངས་པ་ཞིག་གནས་པ་ནི་མཚུངས་ལྡན་གྱི་རྒྱུའོ། །དེར་ཐིག་ལེ་ཞིག་བཞག་པ་ལ་བྷྲཱུྃ་དུ་བསྒོམ། བྷྲཱུྃ་ཞུ་བ་ལས་རྩའི་ཙཀྲ་གཞལ་ཡས་ཁང་འོག་གཞི་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་སྒོ་བཞི་དང་བཅས་པའི་རིན་པོ་ཆེའི་གཞལ་ཡས་ཆུང་ངུ་གཅིག་བསྒོམ། རྩིབས་བཞིའི་ལྟེ་བ་དང་ལྔ་ལ་པད་ཟླ་ཉི་མའི་གདན་སུམ་བརྩེགས་ལྔ་བསྒོམ། སྒོ་བཞིར་ཉི་མ་བཞི་བསྒོམ། ཏྲཱྃ་གི་ཕྱག་རྒྱའི་ཚོགས་མཆོག་ལས། །ཞེས་པ་འཁོར་ལོ་རྩིབས་བཞིའི་ལྟེ་བ་དང་ལྔ་ལ་ཏྲཱྃ་ཟུང་ལྔ་བསྒོམ། དེ་ནས་ཏྲཱྃ་ཟུང་ལྔ་ཡ་བཅུ་འོད་དུ་ཞུ་བ་ལས་རིན་ཆེན་འབྱུང་ལྡན་འཁོར་དང་བཅས་པའི་ཡབ་ཡུམ་བཅུར་གྱུར་ཏེ་བསྐྱེད། དབུས་སུ་རིན་ཆེན་འབྱུང་ལྡན་དང་ཡུམ་མཱ་མ་ཀཱི། དེའི་མདུན་དུ་རྡོ་རྗེ་རིན་ཆེན་དང་ཕྲེང་བ་མ། གཡས་སུ་རྡོ་རྗེ་གཟི་བརྗིད་དང་མེ་ཏོག་མ། རྒྱབ་ཏུ་རྡོ་རྗེ་རྒྱལ་མཚན་དང་ཞགས་པ་མ། གཡོན་དུ་རྡོ་རྗེ་བཞད་པ་དང་བདེ་བ་མ། ཀུན་ཀྱང་སྐུ་མདོག་སེར་པོ། སྒོ་བཞིར་ཧཱུྃ་ཕཊ་བཞི་ལས་ཁྲོ་བོ་ཡབ་ཡུམ་བཞི་སྟེ། དཀྱིལ་འཁོར་གྱི་སྒོ་བཞི་དང་མཐུན། ལྷ་བཅོ་བརྒྱད་པོ་དེ་བསྐྱེད་ཐོན་པ་དང་། ཐུགས་ཀ་ནས་འོད་ཟེར་སྤྲོས་ཏེ་རང་བཞིན་གྱི་གནས་ནས་བཅོ་བརྒྱད་པོ་གཞལ་ཡས་ཁང་དང་བཅས་པ་སྤྱན་དྲངས་ལ་རྣ་བའི་ལྷ་ལ་བསྟིམ། དེ་ལ་བདུད་རྩིའི་མཆོད་པ་ཞིག་བྱེད་པ་ཡང་འབྱུང་སྟེ། མ་བྱས་ཀྱང་བཏུབ། དཀྱིལ་འཁོར་འོད་དུ་ཞུ་ནས་རྣ་བ་ལ་ཐིམ། དེ་ཉིད་དུ་སློབ་མ་ཉིད་རིན་ཆེན་འབྱུང་ལྡན་རིན་པོ་ཆེ་དང་དྲིལ་བུ་བསྣམས་པ་ལོངས་སྐུར་བསྐྱེད། དབང་རྫས་པོ་ཏི་ལག་ཏུ་གཏད་དེ་བསྐུར་བའི་ཚིག །ཏྲཱྃ། གསང་བ་གསང་ཆེན་གསང་མཆོག་གང་། །ཞེས་པ་ལས་སོགས་ཏེ། ཏྲཱྃ་ནི་འབོད་པ་རིགས་ཀྱི་ས་བོན། གསང་བ་མ་ཧཱ་ཡོ་ག །གསང་ཆེན་ཨ་ནུ། གསང་མཆོག་ཨ་ཏི་གང་ཡིན་པ་རྣམས། གསང་བ་ཀུན་ལས་མཉན་པར་བྱ། །ཞེས་པ། གསང་བ་ཀུན་ལས་མཉན་པ། གསང་བའི་དེ་ཉིད་བརྟག་པ་ལས། །ཞེས་པ་གྲོགས་པོ་དང་ཟིན་མ་ཟིན་གཏམ་དབང་ཡོད་ཀྱི། སློབ་དཔོན་གྱི་དབང་མ་ཐོབ་པར་སློབ་དཔོན་གྱིས་བཤད་པ་མི་དབང་བར། གཞན་དུ་སྨྲ་བར་བྱ་བ་མིན། །ཞེས་སོ། །ཉན་དབང་ཐོབ་པའི་སྨོན་ལམ་ཡང་གདབ་བོ། །དེ་ནས་བསྒྲུབ་ནུས་ན་བསྒྲུབ་པའི་དབང་བསྐུར་བ་ནི། གསལ་བའི་འཁོར་ལོའི་གཞལ་ཡས་སུ། །ཞེས་པ་ལ་སོགས་པ་ཏེ། ཡིད་ཀྱི་ཤེས་པ་གསལ་བའི་བདག་ཉིད་སྙིང་གའོ། །འཁོར་ལོ་ནི་གསལ་བ་རྒྱུན་མི་འཆད་པའོ། །གཞལ་ཡས་སུ་ནི་ཐིག་ལེའི་ཐིགས་པ་ལས་བྷྲཱུྃ་དམར་སྨུག་འོད་དུ་ཞུ་བ་ལས་གཞལ་ཡས་ཁང་གདན་དང་བཅས་པ་སྔར་དང་འདྲ་བར་གྱུར། གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཅེས་པ་རིག་པ་གསལ་བ་ལ་དྭངས་པའི་ཐིག་ལེ་ཡོད་པ་དེ་མཚུངས་ལྡན་གྱི་རྒྱུ་ཡིན། ཡི་གེ་ཕྲེང་བའི་ཚོགས་མཆོག་ལས། །ཞེས་པ། ཡི་དམ་དེ་བཞིན་གཤེགས་པའི་རིགས་ཡིན་ན་ༀ། རྡོ་རྗེའི་རིགས་ཡིན་ན་ཧཱུྃ། རིན་ཆེན་རིགས་ན་སྭཱ། པདྨའི་རིགས་ན་ཨཱྃ། ལས་ཀྱི་རིགས་ན་ཧཱ་སྟེ་ཐམས་ཅད་རྡོ་རྗེ་རིགས་ཡིན་པས། ཧཱུྃ་ཟུང་ལྔ་ཡ་བཅུ་ལས། རིགས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ། །ཞེས་པ་རིགས་ལྔའི་གང་བསྒོམ་པ་བཟུང་སྟེ། འདིར་རྡོ་རྗེའི་རིགས་བསྒོམ་པ་ཡིན་པས། རྡོ་རྗེ་རིགས་ཀྱི་ལྷ་སྟེ་དབུས་སུ་མི་བསྐྱོད་པ་དང་བུདྡྷ་སྤྱན་གཉིས། དེའི་མདུན་དུ་རྡོ་རྗེ་སེམས་དཔའ་དང་སྒེག་མོ། གཡས་སུ་རྡོ་རྗེ་རྒྱལ་པོ་དང་བདུག་པ་མ། རྒྱབ་ཏུ་རྡོ་རྗེ་ཞགས་པ་དང་ལྕགས་ཀྱུ་མ། གཡོན་དུ་རྡོ་རྗེ་ལེགས་པ་དང་སྒྲོལ་མ་སྦྱོར་བའི་ཚུལ་དུ་བསྒོམ། སྒོ་བཞིར་སྒོ་བ་ཡབ་ཡུམ་སྔར་དང་འདྲ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བསྟིམ། འོད་དུ་ཞུ་བ་ཐུགས་ཀར་ཐིམ། སློབ་མ་མི་བསྐྱོད་པར་བསྐྱེད། དབང་རྫས་ཕྲེང་བ་ལག་ཏུ་གཏད་དེ། བསྐུར་བྱང་ནི། ༀ། དུས་གསུམ་རྒྱལ་བའི་སྲས་ཆེན་པོ། །ཞེས་པས། རིགས་ཀྱི་བུ་ཁྱོད་སྒྲུབ་པ་བྱེད་པས་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་གདུང་འཚོབ་པ་ཡིན་ཏེ། སྲས་ནི་བྱང་ཆུབ་སེམས་དཔའ་ལའང་ཡོད་ཀྱང་ཁྱོད་གསང་སྔགས་ཀྱི་སྒོ་ནས་སྲས་ཆེན་པོ་ཡིན། ཡི་དམ་ལྷའི་སྐུ་རྡོ་རྗེ་ལྟ་བུ། གསུང་རྡོ་རྗེ་ལྟ་བུ། ཐུགས་རྡོ་རྗེ་ལྟ་བུ་ལ། ཟུང་ནི་རྒྱུན་དུ་གནས་པར་གྱིས་ཤིག་པའོ། །བསྒྲུབ་པའི་ངོས་ནས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་མཆོད་པས་མཉེས་པར་གྱིས་ལ། དེ་ལྟར་བསྒྲུབ་པའི་དུས་སུ་ཡང་ལུས་ངག་ཡིད་གསུམ་རྒྱལ་བའི་སྐུ་གསུང་ཐུགས་དང་མཉམ་པར་སྦྱོར་ལ་མཐར་འབྲས་བུ་ཡང་དེ་ཉིད་ཐོབ་པར་གྱིས་ཤིག་པའོ། །དེ་ནས་བདག་གཞན་གྱི་དོན་དུ་ཕྲིན་ལས་བསྒྲུབ་ནུས་ན། ཕྲིན་ལས་ཀྱི་དབང་བསྐུར་ཏེ། ལག་པའི་མཐིལ་གཉིས་བརྩེགས་ལ་ཐིག་ལེ་བཞག་སྟེ། བྷྲཱུྃ་འོད་དུ་ཞུ་བ་ལས་གཞལ་ཡས་ཁང་གདན་དང་བཅས་པ་སྔར་དང་འདྲ་བར་བསྒོམ། གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཅེས་པ་ལག་པའི་རྩ་ལ་བྱ་བ་ཐམས་ཅད་ངོ་བོ་ཉིད་ཀྱིས་འགྲུབ་པར་བྱེད་པའི་རྩའི་དྭངས་མ་ཡོད་པ་ནི་མཚུངས་ལྡན་གྱི་རྒྱུའོ། །དེ་གཉིས་ཀྱི་ངོ་བོ་ཉིད་ལས་གཞལ་ཡས་ཀྱི་གདན་ཐོག་ཏུ་ཧཱྃ་ཟུང་ལྔ་ཡ་བཅུ་སྒོ་བའི་ཡི་གེ་དང་བཅས་པ་བསྒོམ། ཡི་གེ་འོད་དུ་ཞུ་བ་ལས་དབུས་སུ་དོན་གྲུབ་དང་སྒྲོལ་མ། མདུན་དུ་རྡོ་རྗེ་ལས་དང་ཡུམ་གར་མཁན་མ། གཡས་སུ་རྡོ་རྗེ་བསྲུང་བ་དང་དྲི་ཆབ་མ་གཉིས། རྒྱབ་ཏུ་རྡོ་རྗེ་གནོད་སྦྱིན་དང་དྲིལ་བུ་མ་གཉིས། གཡོན་དུ་རྡོ་རྗེ་ཁུ་ཚུར་དང་འབེབས་མ་གཉིས་སྦྱོར་བའི་ཚུལ་དུ་བསྒོམ། སྒོ་བཞིར་སྒོ་བ་སྔར་དང་འདྲ། སྤྲོས་ཐིམ་ཞེས་པས་འོད་ཟེར་སྤྲོས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། གཞལ་ཡས་ཁང་དང་བཅས་པ་འོད་དུ་ཞུ་ནས་ལག་པ་ཐིམ། སློབ་མ་དོན་ཡོད་གྲུབ་པ་ཕྱག་མཚན་དང་བཅས་པར་བསྒོམ། དབང་རྫས་རྡོ་རྗེ་རྒྱ་གྲམ་ལག་ཏུ་གཏད་ལ་བསྐུར་བྱང་ནི། ༀ། ཁྱོད་ནི་རྡོ་རྗེ་སོགས་ཏེ། ༀ་རིགས་ཀྱི་བུ་ཁྱོད་ནི་རྡོ་རྗེ་ལས་སུ་དབང་བསྐུར་བས། རྡོ་རྗེ་ལས་ཡིན་ཏེ། ཕྲིན་ལས་རྣམ་པ་བཞི་མ་ལུས་པ་ཀུན་བདག་གཞན་གྱི་དོན་དུ་གྱིས་ཤིག །ཁྱོད་དབང་བསྐུར་བས་ལས་འགྲུབ་པར་བྱེད་པའི་ཕོ་ཉའི་འཕྲོ་འདུ་ཀུན། རིགས་ཀྱི་བུ་ཁྱོད་ཀྱི་དགོས་པ་ཐམས་ཅད་བྱེད་པ་ཡིན་ཞེས་སོ། །སྨོན་ལམ་གདབ། དེ་ནས་འཆད་པར་ནུས་ན་འཆད་པའི་དབང་བསྐུར་ཏེ། སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ། །ཞེས་པ་ལ་སོགས་ཏེ། སྨྲ་བྱེད་འཁོར་ལོ་ནི་ལྕེའོ། །དེར་ཐིག་ལེ་བཞག་པ་ལས་བྷྲཱུྃ་ལས་གཞལ་ཡས་ཁང་སྔར་དང་འདྲ་བ་གདན་དང་བཅས་པ་བསྒོམ། གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཞེས་པ་ལྕེ་ལ་སྒྲ་གསལ་བར་བྱེད་པའི་རྩའི་དྭངས་མ་ཐིག་ལེའི་ངོ་བོ་ཉིད་ཡོད་པ་མཚུངས་ལྡན་གྱི་རྒྱུ་སྟེ། དེ་ཉིད་ངོ་བོ་ལས་ཧྲིཿཟུང་ལྔ་ཡ་བཅུ་སྒོ་བའི་ཡིི་གེ་དང་བཅས་པ་བསྒོམ། ཧྲཱིཿཟུང་ལྔ་ཡ་བཅུ་འོད་དུ་ཞུ་བ་ལས་དབུས་སུ་སྣང་མཐའ་དང་གོས་དཀར་མོ། མདུན་དུ་རྡོ་རྗེ་ཆོས་དང་དབྱངས་མཁན་མ། གཡས་སུ་རྡོ་རྗེ་རྣོན་པོ་དང་མར་མེ་མ། རྒྱབ་ཏུ་རྡོ་རྗེ་འཁོར་ལོ་དང་ལྕགས་སྒྲོག་མ། གཡོན་ཏུ་རྡོ་རྗེ་སྨྲ་གསུང་དང་གསལ་བཀྲ་མ་རྣམས་སྦྱོར་བའི་ཚུལ་དུ་བསྒོམ། སྒོ་བཞིར་ཁྲོ་བོ་ཡབ་ཡུམ་སྔར་བཞིན་བསྒོམ། འོད་ཟེར་སྤྲོས་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། དཀྱིལ་འཁོར་ལྕེ་ལ་ཐིམ་པས་སློབ་མ་སྣང་མཐའ་ཕྱག་མཚན་དང་བཅས་པར་བསྒོམ། དབང་རྫས་འཁོར་ལོ་ལག་ཏུ་གཏད་དེ་ལུང་བསྟན་པ་ནི། ༀ། ཆོས་ཀྱི་བདུད་རྩི་བླ་མེད་ཀྱིས། །ཞེས་པ་ལ་སོགས་པས། མཐའ་གཉིས་ཀྱི་ནད་ལས་གསོ་བའི་གསང་སྔགས་ནང་པ་བླ་ན་མེད་པས། སློབ་མ་དད་པ་དང་ལྡན་པའི་སྐྱེས་བུ་སྦྱངས་པ་ཅན་ཤེས་རབ་དང་ལྡན་པ། ངོམས་པ་ནི་བློའི་རིམ་པ་བཞིན་དུ་ཚིམ་པའོ། །བྱོས་པ་ནི་གྱིས་ཤིག་པའོ། །འོན་ཀྱང་སློབ་མ་བློ་རབ་འབྲིང་དང་ཐ་མའི་བློ་ཅན་རྣམས་ལ་བློ་དང་མཐུན་པར་གསང་བ་བསྒྲགས་ཏེ། བློ་རབ་ལ་ཨ་ཏི། བློ་འབྲིང་ལ་ཨ་ནུ། བློ་ཐ་མ་ལ་མ་ཧཱ་བཤད་དེ། གཞན་དུ་མིན་ཞེས་པ། བློ་ཐ་མ་ལ་རྫོགས་ཆེན་བཤད་པ་ལྟ་བུ་མི་བྱའོ། །དེ་ནས་རྡོ་རྗེ་རྒྱལ་པོའི་ལས་ནུས་ན། བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །ཞེས་པ་བསྐྱོད་ཆེན་ནི་ཡན་ལག་བཞི་མགོ་དང་ལྔའོ། །དེ་ལྔ་ལ་ཐིག་ལེ་ལྔ་བཞག་སྟེ། མགོ་བོ་ནི་མཚོག་མ་སྐྲ་མཚམས། ལག་མཐིལ་གཉིས། རྐང་པའི་བོལ་གཉིས་དེར་ཐིག་ལེ་ལྔ་ལས་བྷྲཱུྃ་གྱུར། བྷྲཱུྃ་འོད་དུ་ཞུ་བ་ལས་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་གདན་དང་བཅས་པ་ལྔ་བསྒོམ། དེ་ཡང་རྐང་ལག་བཞི་ནི་སོར་མོ་ལྔའི་ངོ་བོའོ། །མགོ་ནི་དབང་པོ་བཞི་མགོ་དངོས་དང་ལྔའི་ངོ་བོའོ། །དེས། བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཅེས་པ། མགོ་ཡན་ལག་གི་སྤྱི་ཡིན་པ་ལ་སྤྱི་ལ་ཁྱབ་པའི་རྩའི་དྭངས་མ་གནས་དག་ན་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཡིན་པ་དང་། ལག་པ་གཡས་པ་རྡོ་རྗེའི་རིགས་ཀྱི་ངོ་བོ། གཡོན་པ་རིན་ཆེན་རིགས། རྐང་པ་གཡས་པ་ལས་ཀྱི་རིགས། གཡོན་པ་པདྨའི་རིགས། དེ་དག་གི་ངོ་བོ་རྩའི་དྭངས་མ་ཐིག་ལེའི་ཚུལ་དུ་གནས་པ་ནི་མཚུངས་ལྡན་གྱི་རྒྱུའོ། །དེ་རྣམས་ལ་ཡི་གེའི་འབྲུར་གསལ་བ་ནི། ཧཱུྃ་ཨཱོཾ་སྭཱ་ཨཱྃ་ཧཱྃ་ལྔ་སྟེ། མགོའི་འཁོར་ལོ་ལ་ཨཱོཾ་ཟུང་ལྔ་ཡ་བཅུ། ལག་པ་གཡས་པ་ལ་ཧཱུྃ་ཟུང་ལྔ་ཡ་བཅུ། གཡོན་པ་ལ་ཏྲཱྃ་ཟུང་ལྔ་ཡ་བཅུ། རྐང་པ་གཡོན་པ་ལ་ཧྲཱིཿཟུང་ལྔ་ཡ་བཅུ། གཡས་པ་ལ་ཧཱ་ཟུང་ལྔ་ཡ་བཅུ། དཀྱིལ་འཁོར་དང་ལྔ་ཁྲོ་ཕྲེང་བསྒོམ། །ཞེས་པ་རིགས་ལྔའི་དཀྱིལ་འཁོར་ལྔ་སྟེ། དབུའི་ༀ་འོད་དུ་ཞུ་བ་ལས་དབུས་སུ་རྣམ་པར་སྣང་མཛད་དང་ཐམས་ཅད་བདག་ཉིད་མ། མདུན་དུ་རྡོ་རྗེ་སེམས་དཔའ་དང་བརྟན་མ་རྡོ་རྗེ་གཉིས། གཡོན་དུ་རིན་ཆེན་རྡོ་རྗེ་དང་སྡུད་མ་རྡོ་རྗེ་གཉིས། རྒྱབ་ཏུ་ཆོས་ཀྱི་རྡོ་རྗེ་དང་འབར་མ་རྡོ་རྗེ་གཉིས། གཡོན་དུ་ལས་ཀྱི་རྡོ་རྗེ་དང་སྤྱོད་མ་རྡོ་རྗེ་སྦྱོར་བའི་ཚུལ་དུ་བསྒོམ། ལག་པ་གཡས་པ་ཧཱུྃ་ལས་སྔར་སྙིང་གར་བསྒོམ་པའི་ཡབ་ཡུམ་བཅུ་བསྒོམ། གཡོན་པའི་ཏྲཱྃ་ལས་སྔར་རྣ་བ་ལ་བསྒོམ་པའི་ཡབ་ཡུམ་བཅུ་བསྒོམ། རྐང་པ་གཡས་པའི་ཧཱ་ལས་སྔར་ལག་པ་ལ་བསྒོམ་པའི་ཡབ་ཡུམ་བཅུ་བསྒོམ། གཡོན་པ་ཧྲཱིཿལས་སྔར་ལྕེ་ལ་བསྒོམ་པའི་ཡབ་ཡུམ་བཅུ་བསྒོམ། ཕྱི་རོལ་འཁོར་བར་ཁྲོ་བོ་ཡབ་ཡུམ་ཉི་ཤུ་བསྒོམ། དེ་ལྟར་བསྒོམ་ཐོན་པ་དང་དབུའི་ཐུགས་ཀ་ནས་འོད་ཟེར་སྤྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་དཔའ་ཡབ་ཡུམ་བཅུ་སྤྱན་དྲངས་ལ་དབུའི་དམ་ཚིག་པ་ལ་བསྟིམ། དེ་ནས་ལག་གཡས་པའི་ལྷ་ལས་འོད་ཟེར་སྤྲོས་ཏེ་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། གསུམ་པོ་ལའང་དེ་བཞིན་དུ་བྱའོ། །ཁྲོ་བོ་བཅུ་ལ་ཡང་འོད་ཟེར་སྤྲོས་ཏེ་ཡེ་ཤེས་པ་རེ་རང་བཞིན་གྱི་གནས་ནས་སྤྱན་དྲངས་ལ་བསྟིམ། དེ་ནས་དབུའི་ལྷ་འོད་དུ་ཞུ་བས་དབུ་ལ་ཐིམ། ཡན་ལག་བཞི་པོའང་འོད་དུ་ཞུ་ནས་སོ་སོར་ཐིམ ། ཁྲོ་བོ་བཅུ་ཡང་འོད་དུ་ཞུ་སྟེ་སྐུ་ལ་ཐིམ། སློབ་མ་ཉིད་ལས་ཀུན་ཏུ་བཟང་པོ་ཞལ་གསུམ་ཕྱག་དྲུག་པར་བསྒོམ་སྟེ། སྐུ་མདོག་སྔོན་པོ་ཞལ་གཡས་དཀར་གཡོན་དམར། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་བསྣམས་ཏེ་ཡུམ་ལ་འཁྱུད་པའི་ཕྱག་རྒྱ། བར་པ་གཉིས་པང་དུ་མཉམ་བཞག །ཐ་མ་གཉིས་ཀྱིས་ཕྱོགས་བཅུའི་བུདྡྷ་བསྡུ་བའི་ཕྱག་རྒྱ་སེ་གོལ་གཏོགས་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པའོ། །དེ་ནས་དབང་རྫས་ནི་གཡས་པར་རྡོ་རྗེ་གཡོན་པར་དྲིལ་བུ་གཏད་ལ། ༀ། ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི། །ཞེས་པ་ལ་སོགས་པ། ཨཱོཾ་ཡེ་ཤེས་རྣམ་པ་ལྔའི་མགོ་འདྲེན་ནོ། །ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པའི་བུདྡྷ་ཐམས་ཅད་སྐུ་རྡོ་རྗེེ་ལྟ་བུ་དང་། གསུང་རྡོ་རྗེ་ལྟ་བུ་དང་། ཐུགས་རྡོ་རྗེ་ལྟ་བུ་དང་ལྡན་པའི་བདག་ཉིད་དུ་ཁྱོད་དབང་བསྐུར་བ་ཡིན་པས་ཁྱོད་ལ་དེ་དག་གི་བྱིན་རླབས་དང་ནུས་པ་ཡོད་པས་གསང་སྔགས་ཀྱི་གཞུང་གི་དཀྱིལ་འཁོར་ཐམས་ཅད་ལ་མངའ་བརྙེས་ཤིང་དབང་བསྒྱུར་བའི་བྱེད་པ་པོ་ཡིན་པས། སློབ་མ་གང་ལ་གང་དད་ལ་དཀྱིལ་འཁོར་ཀུན་གྱི་སྒོ་ནས་དབང་བསྐུར་ཞིང་དཀྱིལ་འཁོར་བསྒོམ་པར་གཉེར་གཏད་པའི་སྦྱིན་པ་སྤྱོད་ཅེས་སོ། །ཟབ་མོའི་དབང་གསུམ་བསྟན་པ་ནི། གོང་ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཞེས་པ་ལ་སོགས་པ་སྟེ། སློབ་མ་ལ་ཟབ་མོའི་དབང་གསུམ་ལེན་པའི་ནུས་པ་དང་ལྡན་ཏེ། བརྟུལ་ཞུགས་གསུམ་གང་དང་གང་ཡིན་པ་དང་ལྡན་ན་དབང་གསུམ་རིམ་པ་བཞིན་དུ་བསྐུར་ཏེ། དང་པོ་གསང་བའི་དབང་ནི། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཞེས་པ། ཤེས་རབ་ནི་ཡུམ་ལོ་གྲངས་དང་མཚན་ཉིད་དང་ལྡན་པ་སྟེ་ཡུམ། དབང་ངེས་འབྱེད་དང་། དབང་གི་གལ་པོ་ནས་བསྟན་པ་བཞིན་ནོ། །ཐབས་ནི་ཡབ་རྡོ་རྗེ་སློབ་དཔོན་ཏེ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་དང་ལྡན་པའོ། །དེར་ཡུམ་ཡང་ཡུམ་དུ་བསྒོམ་སྟེ། ཡབ་ཡུམ་གཉིས་ཀྱི་མཁའ་གསང་བྱིན་གྱིས་བརླབ་པ་གཞུང་བཞིན་བྱ། དབང་དུ་སོར་བཞི་པའི་དཀྱིལ་འཁོར་ཆོ་ག་བཞིན་བྱས་པ་བཞག །དེ་ལ་ཡུམ་གྱི་མཁར་བྱང་ཆུབ་སེམས་ལས་གཞལ་ཡས་ཁང་བསྐྱེད། བྱང་སེམས་ལས་ཡིག་འབྲུ་རྣམས་བཀོད། དེ་ལ་སྐུར་གསལ་བ་དཀྱིལ་འཁོར་རྒྱས་པར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། མཆོད་པ་རྣམས་རྒྱས་པར་བྱ། སློབ་མ་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་ཡང་གཞུང་བཞིན་བྱ། དེ་ནས་དངོས་གཞི་ནི་ཤེས་རབ་ནི་ཡུམ་བྱིན་གྱིས་བརླབ་པའོ། །ཐབས་ནི་རྡོ་རྗེ་སློབ་དཔོན་ཏེ་ལྷའི་ཏིང་ངེ་འཛིན་དང་བཅས་པའོ། །ཕྱག་རྒྱ་ནི་ཕྱག་རྒྱ་རྣམ་པ་བཞི་སྟེ། ཛཿཧཱུྃ་བྃ་ཧོཿབཞིའི་ལས་ཀྱི་ཡབ་ཡུམ་རོལ་པའོ། །བདེ་བའི་འབྲུ་ཚོགས་ཞེས་པ། ཐབས་དང་ཤེས་རབ་དབྱེར་མེད་པར་རོལ་བས་མྱོང་བའི་ཡེ་ཤེས་ཀྱི་བདེ་བ་དང་བཅས་པའི་སེམས་ཀྱི་རྒྱུན་ཡིག་འབྲུ་ཧཱུྃ་གི་ཚོགས་སུ་གསལ་བའི་བྱང་ཆུབ་སེམས་ཀྱི་རྒྱུན། རྡོ་རྗེའི་ལམ་ནས་ཞེས་པ། གསང་བའི་རྡོ་རྗེ་ཉིད་བྱང་སེམས་ཧཱུྃ་དུ་གསལ་བ་ཉིད་འགྲིམ་པའི་ལམ་ཡིན་པ་དེ་ནས། པདྨོར་བསྐྱིལ་ཞེས་པ། རྡོ་རྗེའི་རྩེ་མོ་ནས་འཕྲོས་པས་ཡུམ་གྱི་མཁར་འཁྱིལ་བ་དེ། རྩེ་ནས་བསྟིམ་ཞིང་། ཞེས་པ་ཡབ་ཀྱི་ལྗགས་རྡོ་རྗེ་རྩེ་ལྔ་པར་བྱིན་གྱིས་བརླབས་པས། ཡུམ་གྱི་མཁའ་ནས་བླངས་ཏེ། སློབ་མའི་ལྕེ་ལ་གཏིགས་པ་ལ་ནི། རྩེ་ནས་བསྟིམ་ཞེས་སོ། །དཀྱིལ་འཁོར་བསྒྱུར་ཞེས་པ། བྱང་ཆུབ་ཀྱི་སེམས་ཧཱུྃ་གི་ཚོགས་སུ་གསལ་བ་སློབ་མའི་ལྕེ་ཐོག་ཏུ་བཞག་པ་དེ། སློབ་མས་ཧཱུྃ་གི་ཚོགས་སུ་གསལ་བ་མིད་དེ་སྙིང་ག་ཆོས་ཀྱི་འཁོར་ལོར་ཕྱིན་ཙ། ཆོས་ཀྱི་ཙཀྲའི་རྩ་ལ་ཨ་ནྲི་ལ་སོགས་པའི་རིགས་དྲུག་གི་ས་བོན་ཧཱུྃ་གི་འོད་ཟེར་གྱིས་བསྲེགས་ཏེ་ཧཱུྃ་གི་ཚོགས་ལས་རྡོ་རྗེ་སེམས་དཔའ་ཐིམ་པ་ནམ་པར་གྱུར་ནས། དེ་ལ་ལུང་སུམ་རྒྱུད་དུ་བསྒོམ་སྟེ། སྐབས་དེར་གསང་བ་ནང་གི་ཕན་པའི་དབང་བཅུ། ཤུན་གྱི་ཅོད་པན་ལ་སོགས་པ་བསྐུར་རོ། །སྦྱིན་ཚུལ་དེ་ལ་ནི་ཐབས་ཀྱི་གསང་དབང་ཞེས་བྱའོ། །ཤེས་རབ་ཀྱི་གསང་དབང་དང་ཕྱིའི་གསང་དབང་ཡང་བསྐུར་རོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ནི། ཡང་གཟུངས་མ་བདེ་བ་ཆེན་པོའི་ཡུམ་གྱི་མཚན་ཉིད་རྣམས་དང་ལྡན་པ་ལ་གསང་བའི་དབང་ཐོབ་པ་ཡུམ་དུ་བསྒོམ། ཡན་ལག་བྱིན་གྱིས་བརླབ། མཁའ་གསང་བྱིན་གྱིས་བརླབ་པ་ནི་ཤེས་རབ་བོ། །ཐབས་ནི་སློབ་མ་སྟེ་རྡོ་རྗེ་སེམས་དཔར་བསྒོམ། ཡན་ལག་གི་ལྷ་རྣམས་བཀོད། མཁའ་གསང་བྱིན་གྱིས་བརླབ་པའོ། །འདི་ལ་གོང་སྒོའི་ཐབས་ལམ་ལ་གོམས། རླུང་བཟུང་སྟེ་བྱང་སེམས་དབབ་བཟློག་ལ་དབང་ཐོབ་པ་དགོས། ཕྱག་རྒྱ་ནི་སྔར་དང་འདྲ་སྟེ་སྒོ་བཞིའི་ཕྱག་རྒྱས་ཡབ་ཡུམ་རོལ་པའོ། །བདེ་བའི་འབྲུ་ཚོགས་ནི་རྟེན་གྱི་ཡེ་ཤེས་གསལ་བའི་ངང་ལ་རྟེན་ཅན་གྱི་ཡེ་ཤེས་བདེ་སྟོང་དབྱེར་མེད་ཀྱི་ངོ་བོ་རིག་པ་གསལ་བའི་རྒྱུན་རྟེན་དང་རྟེན་ཅན་གྱི་ཡེ་ཤེས་དབྱེར་མེད་པ་སྐད་ཅིག་མ་བཅུ་དྲུག་གི་རྒྱུན་དང་བཅས་པའོ། །འདིའི་དུས་སུ་གསང་བའི་ལྷ་མོ་བཅུ་གཉིས་ངོས་བཟུང་བར་ཡང་བཤད། རྡོ་རྗེ་ནི་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་དང་ལྡན་པའི་གསང་བའི་རྡོ་རྗེ་དེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟེན་དང་བརྟེན་པར་བཅས་པའི་རྟེན་རྡོ་རྗེའི་ལམ་ནས་བྱུང་ནས་ཤེས་རབ་མའི་པདྨར་འཁྱིལ་བའོ། །རྩེ་ནས་བསྟིམ་ཞིང་ཞེས་པ། སློབ་མ་གོང་སྒོའི་རླུང་ལ་གོམས་པ་དང་། ལུས་ཀྱི་འཁྲུལ་འཁོར་མཁས་པ་དང་། རིག་པ་ཡང་དབང་ཅུང་ཐོབ་པ་དང་། སའི་རླུང་རྒྱུ་བ་དང་འཛོམ་པའི་དུས་སུ་གོ་བཟློག་སྟེ། མཁའ་ནས་རྡོ་རྗེའི་རྩེ་མོ་ན་ཚུར་ལ་བསྟིམས་ཤིང་བཟློག་པས་བྱང་སེམས་གྱེན་དུ་བཟློགས་ཏེ་སྔར་གྱི་ཕུང་པོའི་གནས་རྣམས་སུ་བསྟིམ་ཞིང་གནས་རྣམས་སུ་ཕྱིན་པ་དང་། རྟོག་ཚོགས་རྣམས་ལྷའམ་ཡེ་ཤེས་སུ་གཉིས་མེད་དུ་གསལ་བ་ལ་ནི་དཀྱིལ་འཁོར་བསྒྱུར་ཞེས་བྱའོ། །དེ་ལ་ཡང་བྱང་སེམས་བླང་ཐབས་གསུམ་ཡང་ཤེས་པར་བྱའོ། །ཤིན་ཏུ་བརྟན་པའི་དབང་ནི་དབང་གི་འབྲས་བུ་ལྟ་བུ་ཡང་ཡིན་ཏེ། ཐབས་ལམ་ལམ་དུ་སློབ་པའང་ཡིན་པས། གོང་གི་བཤད་པ་གཉིས་པོའི་དོན་ཉམས་སུ་བླངས་པ་ཡིན་པས་དེས་འབྲས་བུ་ལ་སྦྱོར་བའོ། །དེས་ན་རྣལ་འབྱོར་རབ་ཀྱིས་ཉམས་སུ་བླང་བ་ནི་གཉིས་དེས་མཆོག་གོ། །དབང་མ་ཐོབ་པའི་སྐྱོན་ནི། འོག་སློབ་དཔོན་མཉེས་པར་མ་བྱས་ཤིང་། །ཞེས་པ་སྟེ། རྡོ་རྗེ་སློབ་དཔོན་ནི་ཚེ་འདི་དང་ཕྱི་མ་འབྲས་བུ་བྱང་ཆུབ་མ་ཐོབ་བར་དུ་ཡོན་ཏན་ཐམས་ཅད་འབྱུང་བས་སྤྱོད་ལམ་ཅིའི་སྒོ་ནས་ཀྱང་མཉེས་པར་བྱ་དགོས་པ་ལ། ལུས་ངག་ཡིད་གསུམ་གྱིས་མཉེས་པར་མ་བྱས་ན། སྐྱོན་ཐམས་ཅད་ཀྱི་རྩ་བ་ཡིན་པས་སོ། །སློབ་དཔོན་མཉེས་པར་བྱས་ཀྱང་། དབང་རྣམས་ཐོབ་པར་མ་བྱས་པར། །ཞེས་པ། ཕན་པའི་དབང་བཅུ་ནི་སྣོད་དག་པར་བྱས་པ་ལྟ་བུ་ཡིན་པས་ཀུན་གྱི་ཐོག་མར་འགྲེའོ། །ཉན་པའི་དབང་མ་ཐོབ་པར་ཉན་པར་རྩོམ་པ་དང་། སོགས་ཁོངས་སུ་བསྒྲུབ་པའི་དབང་མ་ཐོབ་པར་བསྒྲུབ་པར་རྩོམ་པ་དང་། ཕྲིན་ལས་ཀྱི་དབང་མ་ཐོབ་པར་ཕྲིན་ལས་རྩོམ་པ་དང་། འཆད་པའི་དབང་མ་ཐོབ་པར་འཆད་པར་རྩོམ་པ་དང་། རྡོ་རྗེ་རྒྱལ་པོའི་དབང་མ་ཐོབ་པར་གཞན་ལ་དབང་བསྐུར་རྩོམ་པ་ནི། གསང་སྔགས་བྱིན་རླབས་ཀྱི་ལམ་པ་ཡིན་པས་དབང་ཐོབ་ནས་གཟོད་པ་རྩམས་ན་བྱིན་རླབས་ཀྱི་ངོ་བོ་སྣང་བའི་དབང་གིས་འགྲུབ་ལ། དབང་མ་ཐོབ་ན་བྱིན་རླབས་བརྒྱུད་པ་ཆད་པའི་དབང་གིས་མི་སྣང་བས། ལྔ་པོ་གང་ཡང་ཉན་དབང་མ་ཐོབ་ན་ཉན་པ་འབྲས་བུ་མེད་དེ། སེམས་ཀྱི་རྒྱུད་ལ་མི་ཕན། བདག་གཞན་གྱི་རྒྱུད་དགྲོལ་བར་མི་ནུས་པས་དམ་ཚིག་ཉམས་པའི་དབང་གིས་ཚེ་ཕྱི་མ་ལ་དམྱལ་བར་གཏན་བརླག་པར་འགྱུར་རོ། །དེ་བཞིན་དུ་བཞི་པོ་ལ་ཡང་དེ་དང་འདྲ་བར་ཚེ་འདི་ལ་འབྲས་བུ་མེད་ཅིང་ཕྱི་མ་ངན་སོང་གསུམ་དུ་དམྱལ་བར་བརླག་པར་འགྱུར་རོ། །ཕན་དབང་གི་ཡོན་ཏན་ནི། འོག་དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ཞེས་པ་ལ་སོགས་ཏེ། ཕན་པའི་དབང་ཐོབ་པའི་དུས་སྐད་ཅིག་མ་ཕྱིན་ཆད་ལ། རྒྱལ་བའི་སྲས་ཞེས་པ། དམ་ཚིག་མ་ཉམས་གཞུང་བཞིན་དུ་སྤྱད་ན། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་རྒྱལ་བའི་རིག་པ་འཛིན་པ་ཡིན་པས་སྲས་སུ་ངེས་པ་དམ་པའོ། །དེའི་ཕྱིར་ན། ངན་སོང་ཐམས་ཅད་མེད་པ་དང་། །ཞེས་པ་དམྱལ་བ་ཡི་དྭགས་བྱོལ་སོང་གསུམ་དུ་མི་སྐྱེ་སྟེ། སྔར་རྒྱུ་དང་ལས་ས་བོན་བག་ཅིག་ཡོད་ཀྱང་མེ་འབར་བ་ལ་སྦྲང་བུ་མི་ཆུད་པ་དང་འདྲ་བར། དབང་བསྐུར་བའི་བྱིན་རླབས་ཀྱིས་ཉེས་པ་ཐམས་ཅད་དག་སྟེ་མི་གནས་པར་བྱེད་དོ། །དེ་ནི་ཚེ་ཕྱི་མའི་ཡོན་ཏན་ནོ། །ཚེ་འདིའི་ཡོན་ཏན་ནི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཚེ་རིང་བ་ཡིན་པ་དང་། གཞན་ཡང་བདེ་བ་ཕུན་སུམ་ཚོགས། །ཞེས་པ་ལོངས་སྤྱོད་ཆེ་བ་དང་། ལོངས་སྤྱོད་རྟག་པ་དང་། ན་ཚ་མེད་པ་དང་། རིགས་རྒྱུད་འཕེལ་བ་དང་། ངོ་རི་ཆེ་བ་དང་། ཐམས་ཅད་ཀྱིས་བཀུར་བ་དང་། ཡིད་ལ་ཅི་འདོད་པ་ཐམས་ཅད་ལྷུན་གྱིས་གྲུབ་བོ། །ཕྱི་མ་ལ་ལྷ་དང་མིར་སྐྱེ་ནས་ཀྱང་ཀུན་ལ་མངའ་བརྙེས་པའི་དབང་པོར་གྱུར་ཏེ། ལྷར་སྐྱེས་ཀྱང་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྟ་བུའོ། །མིར་སྐྱེས་ཀྱང་འཁོར་ལོས་སྒྱུར་བ་དང་མཁར་གྱི་རྒྱལ་པོར་སྐྱེའོ། །དེ་བས་ན་མཐོ་རིས་ཞེས་བྱའོ། །ཐར་པ་ཞེས་པ། ནུས་པའི་དབང་ཐོབ་ནས་ཐར་པའི་ལམ་སྟོན་པའི་བདག་པོ་སྟེ། སྤྲུལ་སྐུར་གྱུར་ནས་འགྲོ་དྲུག་ལ་ཐར་པའི་ལམ་སྟོན་པར་འགྱུར་རོ། །ལོངས་སྐུར་གྱུར་ནས་ཟག་མེད་ཀྱི་ལམ་པ་རྣམས་ལ་ས་ལམ་གོང་ནས་གོང་དུ་འཕེལ་ཞིང་འབྲས་བུ་ལ་སྦྱོར་བའི་སྟོན་པར་འགྱུར་རོ། །ཟབ་མོའི་དབང་ཐོབ་པས་ནི་རིགས་ཀྱི་བདག་པོ་དྲུག་པ་རྡོ་རྗེ་འཆང་དུ་འགྱུར་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་མངའ་བརྙེས་པའི་བདག་པོར་འགྱུར་ཞེས་བྱའོ་ཞེས་བརྗོད་དོ། །ཞེས་པ་རིགས་ཀྱི་བདག་པོས་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་བརྗོད་པའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། དབང་སྦྱིན་པའི་ལེའུ་ཞེས་པ། ལེའུ་ཀླད་དུ་བཤད་ཟིན། གྲངས་ཀྱི་བཅུ་པའི་བཤད་པའོ།། ༈ །།ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པ་བསྡེབས་ཏེ་བཤད་ན། རྒྱུད་གསུམ་ལས་ལམ་གྱི་རྒྱུད་དོ། །རྒྱུད་ཀྱི་དངོས་པོ་བཅུ་ལས་ན་ལྟ་བ་དང་ཚོགས་བསྒྲུབ་པ་བསྟན། དཀྱིལ་འཁོར་བཅུ་གཉིས་ལས་ཚོགས་ཀྱི་དཀྱིལ་འཁོར་བསྟན། ལམ་པ་ལྟ་བ་རྟོགས་ནས་ཕྱག་རྒྱ་སྤྲོས་པ་ཡན་ཆད་ཀྱི་ཡུལ་ལོ། །དེ་ཡང་ལྷག་པ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ཏེ་དབང་ཐོབ་ནས་བདག་གཞན་གྱི་དོན་དུ་དངོས་གྲུབ་བསྒྲུབ་པ་ལ། དགུ་པར་སྒྲུབ་པ་པོ་དང་། བསྒྲུབ་པའི་དུས་དང་། འབྲས་བུའི་ཐོབ་ཚུལ་ཇི་ལྟར་ཡིན་བསྟན་ནས། ལེའུ་གཉིས་ཀྱིས་ཚོགས་ཀྱི་འཁོར་ལོ་ལ་བརྟེན་ཏེ་སྒྲུབ་ཐབས་དངོས་བསྟན་ཏོ། །ལེའུའི་མཚམས་ཐག་སྦྲེལ་ན། ལེའུ་དྲུག་པ་ཡན་ཆད་གོང་དུ་བཤད་པ་བཞིན་ནོ། །བདུན་པར་དེའི་སྔགས་བསྟན། བརྒྱད་པར་ཕྱག་རྒྱ་དང་སྣང་བ་རྣམ་པར་འབྱེད་པ་བསྟན། ལེའུ་དགུ་པར་དབང་གི་དཀྱིལ་འཁོར་བསྟན། ལེའུ་བཅུ་པར་དབང་བསྐུར་བ་དངོས་གཞི་བསྟན། དབང་ཐོབ་ནས་བདག་གཞན་གྱི་དོན་དུ་བསྒྲུབ་པ་ཉམས་སུ་བླང་བ་བཅུ་གཅིག་བཅུ་གཉིས་སུ་བསྟན་པ་སྟེ། དེ་ལ་ལོ་རྒྱུས་ལ་གཉིས་ཀྱི་དང་པོ་ཚོགས་ཀྱི་བསྒྲུབ་པ་ལ་འཇུག་པའི་དུས་ནི། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། ཚིག་གི་དེ་མ་ཐག་པ་ནི་བཅུ་པ་ལ་འབྲེལ་ཏོ། །དོན་གྱི་དེ་མ་ཐག་པ་ནི་དབང་ཐོབ་སྤྲོས་པ་མཐར་ཕྱིན་ནས་ཚོགས་བསྒྲུབ་པས་དེར་འབྲེལ་ལོ། །དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་ནི། དྲུག་པ་ཀུན་ཏུ་བཟང་པོ་སྟེ་གོང་དུ་ཡང་ཡང་བཤད་པ་བཞིན་ནོ། །སྒྱུ་འཕྲུལ་དྲྭ་བ་ནི་སྒྱུ་མ་སྣང་བཞིན་མ་གྲུབ་པར་ཆོས་ཀྱི་དབྱིངས་སོ། །འཕྲུལ་པ་ནི་མེད་བཞིན་དུ་མི་འགག་པར་སྣང་བ་རིག་པ་རང་སྣང་བ་སྟེ། འདིར་ཤེས་རབ་མཚོན་པའི་ཡུམ་རྣམས་དང་། ཐབས་མཚོན་པའི་ཡབ་རྣམས་དང་། ཐབས་དང་ཤེས་རབ་དབྱེར་མེད་པ་དྲྭ་བ་ལྟར་མི་ཕྱེད་པའོ། །དེའི་ཕྱིར་ཚོགས་ཀྱི་བསྒྲུབ་པ་འདིའི་སྐབས་སུ་རྣལ་འབྱོར་པ་རྣམས། ཡབ་རྣམས་ཡབ་ཏུ་བསྒོམ། ཡུམ་རྣམས་ཡུམ་དུ་བསྒོམ་སྟེ། ཐབས་དང་ཤེས་རབ་དྲྭ་བ་ལྟར་འབྲེལ་བར་བསྒོམ་པའོ། །དེས་ཡོ་བྱད་རྣམ་པ་ལྔ་ལས་མ་བཀག་མ་དམིགས་པ་དབྱེར་མེད་པ་གསུམ་གཅིག་ཏུ་ཚོགས་པར་ལྟ་སྤྱོད་བསྒོམ་གསུམ་མཉམ་པ་ཉིད་དུ་ཆུད་པ་ལ་ཡང་སྒྱུ་འཕྲུལ་དྲྭ་བ་ཞེས་བྱའོ། །རྒྱལ་པོ་བསྒྱུར་ཞེས་པ། ཚོགས་ཀྱི་སྐབས་འདིར་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གྱི་ལྷའི་གྲངས་སམ། ཚོམ་བུ་རྒྱས་འབྲིང་བསྡུས་གསུམ་གྱི་ལྷའི་གྲངས་རྣམས་སྒྱུ་འཕྲུལ་དྲྭ་བའི་དོན་གྱིས་ཡབ་ཡུམ་འབྲེལ་བ་ཡང་ཐམས་ཅད་ཀྱི་བླར་གྱུར་པས་ཀྱང་རྒྱལ་པོའོ། །བསྒྲུབ་པ་ཉམས་སུ་བླང་བའི་དུས་སུ་ཡོ་བྱད་ལྔ་ཚོགས་པར་སྤྱད་པ་ཡང་ཐམས་ཅད་ལོངས་སྤྱོད་པའི་དོན་གྱིས་ཀྱང་རྒྱལ་པོ་ཞེས་བྱའོ། །བསྒྱུར་བ་ནི། རྣལ་འབྱོར་པ་འདུས་པ་ཆེ་ཆུང་གི་གྲངས་མང་ཉུང་དེ་དག་རྟོགས་པ་རྣམ་པ་བཞིའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་མ་འགག་པ་སྐུ། མ་དམིགས་པ་ཡེ་ཤེས་ཁོ་ནར་གསལ་བའི་ཕྱིར། ཐ་མལ་པའི་གཟུང་འཛིན་མི་མངའ་བས་སྤྱོད་ཡུལ་ཐམས་ཅད་ཡོངས་སུ་དག་པ་ནི། ལྟ་བསྒོམ་གཉིས་ཀྱིས་ཆོས་ཐམས་ཅད་རྟོགས་པ་རྣམ་གཉིས་སུ་གསལ་བ་ནི་ཐ་མལ་ལས་སྤགས་པས་བསྒྱུར་བ་ཞེས་བྱའོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་པ་ནི། གོང་དུ་བཤད་པའི་རྒྱལ་པོ་དང་བསྒྱུར་བ་གཉིས་ཀྱི་དོན་གོ་ཕྱེ་བའི་འཁོར་ལ་སྣང་བའི་དགོངས་པ་མངོན་དུ་སྣང་བའོ། །ཐམས་ཅད་མཁྱེན་པ་ལ་བཞེངས་བཞུགས་མི་མངའ་ཡང་། །གདུལ་བྱའི་སྣང་བ་ཁོ་ནའོ། །བསྒྲུབ་པ་ཉམས་སུ་བླངས་པའི་དུས་ནི། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཞེས་པ་སྟེ། དེ་ནས་ཞེས་པ་ཚིག་གི་དེ་མ་ཐག་པ་ནི་བཅུ་གཅིག་པ་ལ་འབྲེལ་ཏོ། །དོན་གྱི་དེ་མ་ཐག་པ་ནི་ལེའུ་བཅུ་གཅིག་པར་བསྙེན་པ་ཉེ་བསྙེན་གོང་དུ་སོང་ནས་བསྒྲུབ་པ་ཉམས་སུ་བླང་བའོ། །དགྱེས་པ་ཆེན་པོ་ཡན་ཆད་བཤད་པ་ཡིན་བཞིན་ནོ། །རོལ་མོའི་སྤྲིན་རྣམ་པར་འཕྲོས་ཏེ་ཞེས་པ། རོལ་མོ་ནི་ངོ་བོའི་གཞི་མ་ངེས་པ་ལས་ཐབས་ཀྱི་བྱེ་བྲག་གི་རིམ་པ་སྣ་ཚོགས་ཀྱིས་གཞན་གྱི་ཡིད་འདྲེན་པར་བྱེད་པའི་བྱེ་བྲག་སྣ་ཚོགས་སུ་སྣང་བས་ལྟད་མོ་བ་ཐམས་ཅད་ཀྱི་ཡིད་ཚིམ་པར་བྱེད་པ་སྟེ། འདིར་ནི་དངོས་གྲུབ་ཉམས་སུ་ལེན་པའི་ཐབས་ཏེ། དེ་ཡང་དངོས་གྲུབ་ཉིད་རང་རིག་ལ་གཞི་གང་དུའང་མ་ངེས་པ་ལས་རྣལ་འབྱོར་པའི་བློའི་རིམ་པ་བཞིན་ཅིར་ཡང་འཆར་བ་ཟད་པ་མེད་པ་སྤྲིན་རྣམ་པར་འཕྲོ་བ་ལྟ་བུའམ། ཡང་ན་རོལ་མོ་ནི་དངོས་ཏེ་ཡོ་བྱད་ལྔ་ཡིན་ལ། སྤྲིན་རྣམ་པར་འཕྲོས་པ་ནི། རོལ་མོ་ལོངས་སྤྱོད་ཀྱི་ཚོགས་གཏིབས་པ་རྒྱུན་ཆད་མེད་པ་ལས་ལྟ་སྤྱོད་བསྒོམ་གསུམ་འཕྲུགས་པའི་སྟོབས་ཀྱིས་རྣམ་པར་འཕྲོས་པ་ནི་རྣལ་འབྱོར་པའི་དབང་པོའི་མཐོ་དམན་རིམ་པ་བཞིན་དུ། དངོས་གྲུབ་ཀྱི་ཚོགས་རྣམས་རང་སྣང་བའོ། །སྤྱིར་བསྒྲུབ་པ་དངོས་ཀྱི་སྐབས་འདིར་བསྙེན་པ་ཉེ་བསྙེན་སྟོབས་སུ་གྱུར་པས་ལྟ་བསྒོམ་སྟོབས་སུ་གྱུར་ཏེ། སྤྱོད་པ་རང་སྣང་བ་ཉིད་རིག་པ་རང་སྣང་གི་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་རྣལ་འབྱོར་པའི་བློས་བྱེད་མི་དགོས་པར་རང་ཤར་དུ་གསལ་བའི་དུས་ན། ཚོགས་ཀྱི་ལོངས་སྤྱོད་ལ་སྤྱོད་པ་ཉིད་ན་ཡེ་ཤེས་ཀྱི་སྤྱོད་པ་རང་ཤར་བ་ཉིད་ལས་མ་གཏོགས་པ་ཐ་མལ་པ་ཟུར་ཙམ་ཡང་མི་གནས་པའོ། །རྒྱན་བཀོད་པའི། ཞེས་པ་ཏིང་ངེ་འཛིན་གྱི་ཁྱད་པར་ཏེ། འདིར་རྣལ་འབྱོར་པ་ལྟ་བསྒོམ་སྟོབས་སུ་ཕྱིན་པའི་དུས་སུ་སྤྱོད་པའི་དངོས་པོ་ཉིད་རིག་པ་ཆོས་ཉིད་མ་སྐྱེས་པའི་ངང་ལས་རང་སྣང་མ་འགག་པ་སྣང་བ་བཞིན་མ་གྲུབ་པ་སྒྱུ་མ་ལྟ་བུའི། སྣང་སྟོང་དབྱེར་མེད་པ་མཉམ་པ་ཉིད་ཀྱི་ཕྱག་རྒྱ་མང་པོ་རང་སྣང་བ་ལ་བཀོད་པ་ཞེས་བྱ་སྟེ། དེ་དག་རང་སྣང་ཕྱི་ནང་གི་ཆོས་ཐམས་ཅད་འཁོར་འདས་དབྱེར་མེད་པ་གཉིས་སུ་མེད་པར་ལྟ་སྤྱོད་བསྒོམ་གསུམ་དབྱེར་མེད་པར་བསྒྲུབ་པའི་ཐབས་སུ་མཛེས་པ་ལ་ནི་རྒྱན་ཞེས་བྱའོ། །རང་སྣང་ལྷུན་གྱིས་གྲུབ་པ་ལ་ནི་བཀོད་པ་ཞེས་བྱ་སྟེ། དེར་སྣང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་གདུལ་བྱའི་སྣང་བའོ། །གོ་ཕྱེ་བའི་འཁོར་གྱི་ཆེད་དུ་བརྗོད་པ་འོག་ནས་འབྱུང་བ་འདི་དག་བརྗོད་ཅེས་བྱའོ། །ཚོགས་ཀྱི་གཞུང་མདོར་བསྟན་པ་ནི། ལེའུ་འོག་མ་ནང་། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །ཞེས་པ་ལ་སོགས་ཏེ། འདིར་ལམ་ཀུན་གྱི་སྡོམ་ཡང་ཡིན་པས་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་གཉིས་སམ། ཐབས་ཀྱི་ལམ་དང་ཤེས་རབ་ཀྱི་ལམ་གཉིས་ཀའི་ཐུན་མོང་དུ་བསྟན་ཏེ། དེ་ཡང་རིག་འཛིན་གྱི་སྤྱི་བསྡོམ། ཤེས་པའི་མཚན་ཉིད་འཇུག་པའི་མཚན་ཉིད་མ་ཉམས་པར་མགོ་མཉམ་པ་ནི་སར་ཆུད་པའི་གཟུངས་ཀྱིས་ཟིན་པས། དེ་ཕྱིན་ཆད་འཁོར་བར་མི་ལྟུང་བའི་མཚན་ཉིད་ཅན་ནོ། །དེ་ནས་རིག་པ་འཛིན་པའི་བསྒོམ་པའི་ལམ་རྙེད་དེ་མངོན་དུ་གྱུར་པའོ། །དེ་ནས་ས་དགུ་པ་མན་ཆད་ཀྱི་ཡོན་ཏན་ལྡན་ཞེས་ཀྱང་འཆད་དོ། །རྒྱུ་རྐྱེན་གཉིས་པ་ལ་གནས་པ་དེ་རྒྱུ་རྐྱེན་གཉིས་ཚོགས་ནས་འབྲས་བུ་ཐོགས་པ་མེད་པའི་མཚན་ཉིད་དོ། །ཁོག་དོན་ནོ། །ད་འབྲུ་ལ་གསོལ་ན། རྒྱུ་ཤེས་པའི་མཚན་ཉིད་ནི་སྔོན་དུ་གཞལ་བྱ་ཕྱི་ནང་གི་ཆོས་ཐམས་ཅད་ལ་གསང་སྔགས་འདི་ཉིད་ཀྱི་གཏན་ཚིགས་རྟོགས་པ་རྣམ་པ་བཞི་སྟེ། རྒྱུ་གཅིག་པས་འཁོར་འདས་དབྱེར་མེད་མཉམ་པ་ཉིད་དུ་རྟོགས། ཡིག་འབྲུའི་ཚུལ་དུ་ཆོས་ཐམས་ཅད་སྐྱེ་མེད་ཨས་མཚོན་པ་དང་། དེ་གསང་སྔགས་རང་གཞུང་གི་བདེན་པ་དབྱེར་མེད་ༀ་གྱིས་མཚོན་པ་དང་། ཡི་གེ་གསུམ་གྱི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་སྣང་སྟོང་དབྱེར་མེད་སྐུ་གསུམ་དུ་བྱིན་གྱིས་བརླབ་པ་དང་། དོན་དེའང་བཤད་པ་ཡིད་ཡུལ་མ་ཡིན་པས་རྣལ་འབྱོར་པའི་རིག་པ་དེ་ཉིད་དུ་གྱུར་ནས་རང་རིག་པའི་མངོན་སུམ་དུ་གསལ་བ་ནི་ཐེག་པ་འདི་ཉིད་ཀྱི་གཏན་ཚིགས་ཏེ། གཞལ་བའི་ངོས་ནས་གཏན་ཚིགས་དེ་ཉིད་འབྲས་བུ་རིག་པ་ཉིད་གྲུབ་མཐར་གྱུར་པ་ནི་གྲུབ་མཐའོ། །དེ་ལྟ་བུའི་དོན་གྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་ནས་རིག་པ་མཉམ་པ་ཉིད་དུ་གྱུར་པས་ལྟ་མཁན་བྲལ། ཡུལ་མཉམ་པ་ཉིད་དུ་གྱུར་པས་གཟུང་ཡུལ་མ་གྲུབ་པའི་དུས་སུ་ཆོས་ཐམས་ཅད་རང་སྣང་རིག་པར་གསལ་བ་ཉིད། སྣང་སྟོང་གི་ཞེ་འདོད་ཐམས་ཅད་དང་བྲལ་བར་ལྷུན་གྱིས་གྲུབ་པ་ནི་མཉམ་རྫོགས་ཆེན་པོའི་དོན་ཞེས་བྱ་སྟེ། དེ་ཉིད་རྣལ་འབྱོར་པའི་རིག་པར་གསལ་ནས་དོན་དང་རིག་པ་དབྱེར་མེད་པ་ལ་ནི་རྒྱུ་ཤེས་པའི་མཚན་ཉིད་ཅེས་བྱ་སྟེ། ལམ་གྱི་ངོ་བོ་བསྒོམ་པའི་ཏིང་ངེ་འཛིན་ཡིན་པའི་གཞིའམ་རྒྱུ་ཞེས་བྱ་སྟེ། དེ་ལ་ཤེས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱིས་གོམས་པར་མ་བྱས་པའམ་མ་འདྲིས་པའི་དབང་གིས་ཡེངས་དང་མ་ཡེངས་ཡོད། རྐྱེན་གྱིས་འཕྲོག་པ་ཡོད་པ་དང་ཡུལ་བྲལ་ཡིན་ཀྱང དེ་ལ་དེར་འཛིན་གྱི་ཤེས་པ་ཕྲ་བ་གཅིག་དང་བཅས་པས་རྒྱུ་ཤེས་པའི་མཚན་ཉིད་ཅེས་བྱའོ། །རྐྱེན་འཇུག་པའི་མཚན་ཉིད་ནི་ལྟ་བ་དེ་དང་ལྡན་ན་ཏིང་ངེ་འཛིན་གྱིས་མཉམ་རྫོགས་ལྷུན་གྲུབ་ཀྱི་ངང་ལ་སྤྱོད་ཡུལ་རྣམ་བཞིར་འདའ་བ་མེད་པ་ལ་ནི་རྐྱེན་འཇུག་པའི་མཚན་ཉིད་ཅེས་བྱ་སྟེ་བསྒོམ་པའོ། །ལྟ་བསྒོམ་གཉིས་དེ་ལྟར་ཡིན་ན་སྤྱོད་པ་ཅི་ལྟར་སྤྱད་ཅེ་ན། གཞུང་ནས། སྤྱོད་པ་ཅི་ལའང་ཐོགས་མེད་པའོ། །ཞེས་པས། བྱ་ནམ་མཁའ་ལ་འཕུར་བའི་ལམ་ལ་འཛིན་པ་མེད་པ་བཞིན། སྤྱོད་པའི་དངོས་པོ་མཐོ་དམན་ཇི་ལྟར་སྤྱད་ཀྱང་ཆགས་ཞེན་རེ་དོགས་ཆེད་བསྒྲུབ་ཆེད་སྤང་གི་ཤས་མི་བྱ་བ་ནི་སྤྱད་པའི་ངོ་བོ་སྟེ། དེ་ལྟ་བུའི་རིག་པ་ཐག་ཆོད་ན་ལྟ་སྤྱོད་བསྒོམ་གསུམ་མགོ་སྙོམས་པ་དེ་ལ་ནི་འབྲས་བུ་འགྲུབ་པའི་རྐྱེན་ཞེས་བྱ་སྟེ། ཚིག་གི་ཐ་སྙད་ཙམ་མོ། །དེ་ལྟ་བུའི་རིག་པ་གདེངས་ཆོད་དེ་དེ་ཉིད་དུ་ཡང་འཛིན་པ་མེད་ན། ཁམས་གསུམ་གྱི་འཇིགས་པ་དང་བྲལ་ནས་ཟག་མེད་ཀྱི་ལམ་པའོ། །ནུས་མཐུ་ཅན་དུ་གང་གྱུར་པ། །ཞེས་པ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་གོམས་པ་སྐྱེད་དུ་སོང་བ་ནུས་པ་མཐུ་ཅན་དུ་གྱུར་ཏེ། རྟོགས་བསྒོམ་གོང་ནས་གོང་དུ་འཕེལ་ནས་ལྷུན་གྱིས་གྲུབ་པའི་རིག་འཛིན་འབྱུང་ལ་མ་རག་པར་གནས་པ་ནི་དགོངས་པ་རང་གི་ངོ་བོ་ཡོངས་སུ་སྨིན་ཏེ། དེ་ཉིད་འབྲས་བུ་ཉེ་བར་ལེན་པའི་ཕྱིར་འབྲས་བུའི་མཚན་ཉིད་དེ། དེ་དག་ནི་རྫོགས་རིམ་གྱི་ལམ་ཤས་ཆེ་བའོ། །དེ་ལ་བསྐྱེད་རིམ་ལྷའི་སྐུ་ཕྱག་རྒྱའི་རྣལ་འབྱོར་བ་ནི། རང་གི་ཡི་དམ་གྱི་ལྷ་དཀྱིལ་འཁོར་གྱི་འཁོར་ལོ་སོ་སོ་གང་ཡིན་པ་དེ་དང་། དེ་ཉིད་དུ་གནས་ཏེ། ལམ་ནུས་པ་མཐུ་ཅན་དུ་གྱུར་པའི་སྐབས་ན་རྣམ་སྨིན་གྱི་ལུས་བཞགས་ནས། ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བ་དང་། ལུས་མ་བཞགས་ནས་ཚེ་དབང་གིས་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བ་སྟེ། དེ་དག་གི་སྐབས་སུ་ཕྱག་རྒྱའི་རྣལ་འབྱོར་པ་ལ་ལྷའི་སྐུ་རིག་པར་སྣང་བ་སྣང་སྟོང་དབྱེར་མེད་པ་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་མ་གཏོགས་པའི་ལྟ་སྤྱོད་བསྒོམ་གསུམ་རྫོགས་རིམ་པ་དང་མཐུན་ནོ། །དེ་དག་ནི་བློ་ཆེ་བའི་དབང་སྟེ། བློ་དམན་རིམ་འཇུག་གི་དབང་དུ་ན་ཏིང་ངེ་འཛིན་ཡུལ་གྱིས་མི་འཕྲོག་ཡན་ཆད་རིག་འཛིན་ཞེས་བྱ་སྟེ། ཏིང་ངེ་འཛིན་གྱི་འགལ་རྐྱེན་དག་པའོ། །འོན་ཀྱང་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་དུ་གྱུར་པ་མིན་པ་བསྒོམ་བྱ་སྒོམ་བྱེད་ཀྱི་ཡིད་ལ་བྱེད་པ་ནི་འདིར་མི་ཆུད་དེ། རྡོ་རྗེའི་ཐེག་པ་ཆེན་པོ་ཞེས་བརྗོད་པས་ཏིང་ངེ་འཛིན་ལ་ཡུལ་དང་ཡུལ་ཅན་གྱི་བརྟགས་པ་དང་། དོན་སྤྱི་ཡིད་ལ་བྱེད་པའི་སྤྱིའི་མཚན་ཉིད་ཙམ་ལ་འཛིན་པ་དང་། རྒྱུ་རྐྱེན་གཞན་གྱིས་བསྒྲུབ་ཅིང་གཞན་དབང་ལས་ཡོངས་སུ་གྲོལ་བའི་ཕྱིར་རོ། །རིམ་འཇུག་འདི་ཉིད་ཀྱིས་ཚེ་དབང་ལ་སོགས་ཀྱི་རིག་འཛིན་གསུམ་ཉམས་སུ་མྱོང་བའོ། །ཡོ་ག་ལ་སོགས་པའི་ལུགས་ཀྱི་ལམ་པ་དག་གིས་འདིའི་དོན་ལ་མི་ཆུད་དོ། །རྟོགས་པའི་གཏན་ཚིགས་ནི། ལེའུ་གོང་མར། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །ཞེས་པ་ལ་སོགས་ཏེ་ལྟ་བའི་གཏན་ཚིགས་སྟོན་ཏེ། ཞེན་པ་དག་པས་ལྷག་པའི་ཆོས་སྐུ་ཉིད། མེ་ལོང་གཡའ་དག་ན་གཟུགས་བརྙན་ཕུན་སུམ་ཚོགས་པ་ཉིད་ཁམས་གསུམ་དང་ལམ་གྱི་འདུ་ཤེས་ཕྲ་རགས་དག་པ་གདུལ་བྱའི་ངོ་ལ་རང་སྣང་བའི་སྐུ་གཉིས་ཀྱི་མཛད་པ་ཐམས་ཅད་འབྲས་བུའི་ངོ་བོ་སྟེ། རྣལ་མ་དོན་གྱི་ཀུན་གཞི་རྟོགས་པའི་རང་བྱུང་གི་ཡེ་ཤེས་ཆོས་སྐུ་དབྱེར་མེད། ཁམས་གསུམ་གྱི་ཆོས་སྣོད་བཅུད་ཀྱིས་བསྡུས་པའི་བདེ་སྡུག་གི་དངོས་པོ་ཐམས་ཅད། རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་གིས་ཀུན་གཞིའི་རྣམ་པར་ཤེས་པར་སྣང་བས་དབྱེར་མེད། དེས་ན་འཁོར་འདས་གཉིས་ཀྱང་གཟུང་འཛིན་གྱི་ཞེན་པ་དང་། ལམ་གྱི་ཞེན་པ་བསལ་བའི་དབང་གིས་ཐ་དད་ཀྱང་ངོ་བོ་རྣམས་ལ་རྣལ་མ་དོན་གྱི་ཀུན་གཞིར་གཅིག་སྟེ། རྣལ་མ་དོན་གྱི་ཀུན་གཞི་ཉིད་ལས་ཡེངས་པའི་ཚུལ་དུ་ལྷན་ཅིག་སྐྱེས་པའི་མ་རིག་པ་ནི་འཁོར་བའི་རྒྱུའོ། །རྐྱེན་ལས་དང་ཉོན་མོངས་པ་གཉིས་ཀྱིས་བྱས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་རིགས་འཁྱར་ཡང་ངོ་བོ་མི་འགྱུར་བ་བཞིན། རྒྱས་པ་ལས། ཕྱིན་ཅི་ལོག་གཉིས་ཡང་དག་སྟེ། །མ་རིག་པ་ཉིད་ཡེ་ཤེས་གསལ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །ཅེས་འབྱུང་བས། འཁོར་བ་ལོག་རྟོག་ཙམ་ཉིད་ན་རྣལ་མ་དོན་གྱི་ཀུན་གཞི་རང་སྣང་བས་དེ་ཉིད་རང་བྱུང་གི་ཡེ་ཤེས་ཏེ། ངོ་བོ་བསྟན་དུ་མེད་པ་ནི་རྣལ་མ་དོན་གྱི་ཀུན་གཞི་མཉམ་པ་ཉིད་ཀྱི་དབྱིངས་སུ་གསལ་བས་འཁོར་འདས་ལམ་པ་ཐམས་ཅད་དེར་སྣང་ཞིང་དེར་གཅིག་པ་ལ་ནི་རྒྱུ་གཅིག་ཞེས་བྱ་སྟེ། དེའི་དོན་རྣལ་འབྱོར་པས་རྟོགས་ནས་རིག་པ་སྐད་ཅིག་ལ་གསལ་བ་ནི་རྒྱུ་གཅིག་པའི་རྟོགས་པ་ཞེས་བྱའོ། །ཡིག་འབྲུའི་ཚུལ་དུ་རྟོགས་པ་ནི། ཡི་གེ་འབྲུ་གསུམ་སྟེ་འཁོར་འདས་ཐམས་ཅད་རིག་པ་བྱང་ཆུབ་སེམས་སུ་དབྱེར་མེད་པའི་གཏན་ཚིགས་ཀྱིས་ཐམས་ཅད་སེམས་ཉིད་ལས་དངོས་པོའི་ཆོས་གང་ཡང་མ་གྲུབ་པ་དང་། སེམས་ཉིད་རྣལ་མ་དོན་གྱི་ཀུན་གཞི་ནི་མཐའི་ངོ་བོ་ཅིར་ཡང་མ་སྐྱེས་པ་ཉིད་མཚོན་བྱ་དོན་ཏེ། དེ་མཚོན་པར་བྱེད་པའི་གཏན་ཚིགས་ནི་ཡི་གེ་ལས་སྐྱེ་མེད་མཚོན་པ་ཨ་སྟེ། སྐུ་གསུང་ཐུགས་གསུམ་ལས་ན་གསུང་ངོ་། །དེས་ན་གསུང་གང་དུ་ཡང་མ་འགག་ཅིར་ཡང་འཆར་འོན་ཀྱང་ངོ་བོ་ལ་གྲུབ་པ་མེད་པའོ། །ཨས་མཚོན་པའི་སེམས་ཀྱི་ངོ་བོ་ཉིད་གཅིག་ཏུ་མ་གྲུབ་པ་ཉིད་རིག་པ་རང་གསལ་བ་ཅིར་ཡང་མི་འགག་པར་སྣང་བ་ནི་མཚོན་བྱ་དོན་ནོ། །དེ་མཚོན་བྱེད་ཀྱི་ཚིག་ནི་སྟོང་པ་སྣང་བར་གསལ་བ་མཚོན་པ་ཨ་ལས་ན་རོ་བཞག་པས་ཨོ་ལྟ་བུ་སྟེ། དེ་ནི་སྣང་བ་མི་འགག་པའི་ངོས་ནས་སྐུའོ། །སྣང་སྟོང་དེ་གཉིས་ཀྱི་ཚིག་ལ་སྔ་ཕྱིར་བྱུང་ཡང་དོན་དབྱེར་མེད་པས་གཅིག་པར་རྟོགས་པའི་རིག་པ་ཉིད་ཡེ་ཤེས་ལྔར་གསལ་ཏེ། རིག་པ་དངོས་པོ་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད་གསལ་བ་ཅིར་ཡང་མི་འགག་པར་སྣང་བ་ནི་མེ་ལོང་ལྟ་བུ་མི་འགག་པ་ཉིད་ཅིར་ཡང་འཆར་བ་གདུལ་བྱའི་དགོས་པ་སྐོང་བ་ཆོས་ཐམས་ཅད་སོ་སོར་རྟོག་པ་དེ་ཙམ་ཉིད་ན་ཆོས་ཀྱི་དབྱིངས་ལས་མ་གཡོས་པ་སྣང་སྟོང་གི་ཕྱོགས་འཛིན་དང་བྲལ་བ་མཉམ་པ་ཉིད། མ་འགག་པས་གདུལ་བྱ་རྣམས་ཀྱི་རེ་འདོད་སྐོང་བ་བྱ་བ་གྲུབ་པ་སྟེ་མཚོན་བྱའི་དོན་ནོ། །དེ་མཚོན་བྱེད་ནི་ཡི་གེ་ཆ་ལྔ་པ་ༀ་སྟེ་རང་བྱུང་གི་ཡེ་ཤེས་ཐུགས་ཁོ་ནའོ། །ཡི་གེ་ༀ་འབྲུ་གཅིག་ཡིན་པ་ལས་སྐུ་གསུང་ཐུགས་གསུམ་གྱིས་མཚོན་ནས་ཕྱི་ནང་གི་ཆོས་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་གོང་དུ་བཤད་པའི་སྐུ་གསུང་ཐུགས་གསུམ་སྟེ། མ་འགག་པ་སྐུར་བུདྡྷ་དབྱེར་མེད་པ་ཐུགས་སུ་བུདྡྷ་བ་སྟེ། དེ་ཡང་བུདྡྷའི་གཏན་ཚིགས་ནི་ཐ་མལ་པ་གཟུང་འཛིན་གྱི་ཞེན་པ་ཡི་གེ་གསུམ་གྱི་གཏན་ཚིགས་ཀྱིས་གཏན་ནས་དག་སྟེ། དེས་མེད་པ་ཕྱོགས་གཅིག་ཏུ་འཛིན་པ་ལྟ་བུ་མ་ཡིན་ཏེ། རྟོག་པའི་དོན་རང་བྱུང་གི་ཡེ་ཤེས་ཐམས་ཅད་གསལ་བ་ནི་རྒྱས་པའོ། །དེ་ལྟ་བུའི་དོན་གྱིས་ཕྱི་ནང་གི་ཆོས་ཐམས་ཅད་དེ་ཉིད་དུ་གསལ་བ་ནི། དཔེར་ན་རས་དཀར་པོ་དམར་པོར་བྱིན་གྱིས་བརླབས་པའི་མཐུ་བཙོད་ལ་ཡོད་པས་དམར་པོར་བྱིན་གྱིས་བརླབ་པའི་ཕྱིར་ན། བྱིན་གྱིས་བརླབས་ཞེས་གསུངས་སོ། །མངོན་སུམ་པར་ཞེས་པ། གང་གི་རྟོགས་པ་གསུམ་པོ་དེ་བདེ་བར་གཤེགས་པའི་ལུང་དང་བླ་མའི་མན་ངག་ཐ་སྙད་ཙམ་ལ་བརྟེན་པ་ཡིན་ཏེ། ལུང་དང་མན་ངག་གི་དོན་རིག་པ་ལ་གདེངས་སུ་ཆུད། ལུང་དང་མན་ངག་ལ་མ་བརྟེན་པར་ཡང་མ་ཡིན་ཏེ། ལུང་དང་མན་ངག་གིས་མཚོན་པའི་དོན་མ་ནོར་བ་མངོན་དུ་བྱས་པ་ཡིན། དོན་མ་ནོར་བ་མངོན་དུ་བྱས་པ་དེ་ཡང་ཐོས་པའི་ཤེས་རབ་དང་བསམ་པའི་ཤེས་རབ་ཙམ་དུ་བཞག་པ་མ་ཡིན་ཏེ། ཐོས་བསམ་གྱི་དོན་བསྒོམ་སྟེ། བསྒོམ་པའི་ཤེས་རབ་ཀྱི་འབྲས་བུ་མངོན་སུམ་བཞིའི་ཐ་མ་རང་རིག་པའི་མངོན་སུམ་དུ་ཆུ་ལ་ཆུ་བསྣན་ཐིམ་པ་བཞིན་དུ་བལྟ་བྱ་ལྟ་བྱེད་མེད་པར་རིག་པར་ལྷུན་གྱིས་གྲུབ་པའོ། །རྟོགས་པ་དེས་འཁོར་འདས་སམ་ཡུལ་སེམས་ཀྱི་ཆོས་ཐམས་ཅད་གཏན་ཚིགས་གསུམ་གྱི་རྗེས་སུ་ལྷུན་གྱིས་གྲུབ་སྟེ། གཟུང་འཛིན་གྱི་ཤེས་པ་གཏན་ནས་དག་པ་ནི་རབ་ཏུ་རྟོགས་པ་ཞེས་བྱ་སྟེ། རྟོགས་པ་ཙམ་ནི་ཐེག་པ་འོག་མ་རྣམས་ལའང་ཡོད་དེ། དོན་སྤྱི་ཡིད་ཀྱི་ཡུལ་དུ་བྱེད་པ་ཙམ་ཡིན་ལ། འདིར་རབ་ཏུ་ཞེས་པས། བལྟ་བྱ་ལྟ་བྱེད་གཉིས་མེད་པ་ནི་རྟོགས་པ་མཐར་ཕྱིན་པས་རབ་ཏུ་ཞེས་བྱ་ལ། ཡང་ན་འོག་མ་རྣམས་ལས་དཔགས་པས་རབ་ཏུ་ཞེས་བྱའོ། །རྟོགས་པ་གོང་དུ་བསྟན་པ་རྣམ་པ་བཞི་པོ་ཡིས། ཐམས་ཅད་མཉམ་རྫོགས་རྒྱལ་པོ་ཆེས། །ཞེས་པ། འཁོར་འདས་འདུས་བྱས་འདུས་མ་བྱས་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཡེ་ནས་ཡིན་པའི་དོན་རྟོགས་པ་མངོན་དུ་གྱུར་པ་ནི། ཆོས་ཐམས་ཅད་སྐུ་གསུང་ཐུགས་གསུམ་དུ་མ་རྫོགས་པ་མེད་པ་སྟེ། སྣང་བ་སྐུར་རྫོགས། རང་བཞིན་མེད་པ་གསུང་། དབྱེར་མེད་པ་ཐུགས་སུ་རྫོགས་པས་མཐའ་གཉིས་ལས་རྒྱལ་ཏེ། མ་འགག་པས་སྟོང་པའི་མཐའ་ལས་རྒྱལ། མ་དམིགས་པས་དངོས་པོའི་མཐའ་ལས་རྒྱལ། དེ་གཉིས་ཀྱང་དབྱེར་མེད་པས་ཕྱོགས་འཛིན་གྱི་ཐ་སྙད་ཕྲ་བ་ཡང་མི་གནས་པ་ནི་ཆེ་ཞེས་བྱའོ། །དག་མཉམ་གྱི་གཏན་ཚིགས་ནི། འོག་སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་པ་འདིར་དག་མཉམ་གྱི་གཏན་ཚིགས་ཏེ། རྟོགས་པ་བཞི་རྒྱུད་འདི་ཉིད་ནས་དེའི་ངོ་བོ་ཉིད་ཡིན་པས་རྟོགས་པའི་དུས་སུ་གཟུང་འཛིན་གྱི་ཤེས་པ་མི་གནས་པར་སེམས་སུ་ཆོས་ཐམས་ཅད་དག་པའི་ཕྱིར། འཁོར་འདས་སྣོད་བཅུད་ཀྱི་ཆོས་ཐམས་ཅད་སེམས་ཀྱི་ཡེ་ཤེས་ཁོ་ནར་རང་གསལ་བས་གོང་དུ་སྐུ་དང་གསུང་དུ་བསྟན་པའི་གཏན་ཚིགས་ཀྱིས། འདིར་སྐུ་དང་ཡེ་ཤེས་ཤ་སྟག་ལས་སྣོད་ཡུལ་འབྱུང་བ་ཆེན་པོ་ལྔ་རིགས་ཀྱི་ཡུམ་ལྔར་དག་སྟེ། ནམ་མཁའ་ཆོས་ཐམས་ཅད་ཀྱི་བདག་ཉིད་གསལ་ལ་གོ་འབྱེད་པའི་ངོ་བོ་ཉིད་དུ་བཞུགས་ཀྱང་འདུ་ཤེས་དག་པའི་ངོ་བོ་ཉིད་པས་སྐྱོན་ངང་གིས་མ་གྲུབ་པ་ལ་ཀུན་ཏུ་བཟང་མོ་ཞེས་ཐ་སྙད་དུ་འདོགས་སོ། །བར་གྱི་བསྐལ་པ་གཅིག་ལ་རྟག་ཅིང་བརྟན་པ་མི་འགྱུར་བ་སྟེ། སྣོད་བཅུད་ཀྱི་ཆོས་ཐམས་ཅད་དང་། རྩི་ཤིང་ནགས་ཚལ་ལོ་འབྲས་ལ་སོགས་པ་རྣམས་ནར་སོན་པར་བྱེད་པའི་བདག་ཉ ིད་སྐད་ཅིག་མས་གོ་ཕྱེ་བ་ཉིད། སེམས་ཀྱི་ཆོས་ཉིད་རང་བྱུང་ཡེ་ཤེས་སུ་གསལ་ལ་སྣང་བྱ་སྣང་བྱེད་དམ་སྣང་སྟོང་ལ་སོགས་པའི་ཕྱོགས་འཛིན་ཐམས་ཅད་དང་བྲལ་བ་ཉིད་ཐམས་ཅད་ཀྱི་རྟེན་བྱེད་ཀྱང་དེ་ཉིད་ཀྱི་འཛིན་པ་ཡང་མི་མངའ་བ་ནི་མཉམ་པ་ཉིད་ཀྱི་དབྱིངས་ཏེ། དངོས་པོ་སྣང་ཙམ་ལས་མིང་བཏགས་པས་སངས་རྒྱས་སྤྱན་ཞེས་བྱའོ། །འབྱུང་བ་ཆུ་བར་གྱི་བསྐལ་པ་གཅིག་ལ་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་མི་གྱེས་ཤིང་གོང་ནས་གོང་དུ་སྐྱེད་པར་བྱེད་པའི་བདག་ཉིད་སེམས་ཀྱི་དབྱིངས་སུ་གསལ་ནས་མཉམ་པ་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་སྐྱེད་བྱེད་དུ་གནས་པ་ནི་ཡུམ་མཱ་མ་ཀཱིའི་བདག་ཉིད་དོ། །འབྱུང་བ་མེ་བར་གྱི་བསྐལ་པ་གཅིག་ལ་དངོས་པོ་ཐམས་ཅད་བསྲེག་ཅིང་གསལ་ཏེ། རྩི་འབྲས་སྨིན་པའི་བདག་ཉིད་སེམས་སུ་ལྷུན་གྱིས་གྲུབ་ནས་སྣང་སྟོང་དབྱེར་མེད་པ་ཉིད། ཡུམ་གོས་དཀར་མོ་སྟེ་མཐའ་གཉིས་མི་གནས་པར་བྱེད་པའི་མཚན་ནོ། །འབྱུང་བ་རླུང་བར་གྱི་བསྐལ་པ་གཅིག་ལ་གཡོ་བའི་བདག་ཉིད་སེམས་སུ་གསལ་ནས་སྣང་སྟོང་དབྱེར་མེད་པ་ཡུམ་སྒྲོལ་མ་སྟེ། གདུལ་བྱ་གོང་ནས་གོང་དུ་བསྐྱེད་པའོ། །དེ་ནི་ཡུལ་འབྱུང་བ་ལྔ་གནས་སུ་དག་པའོ། །བཅུད་དག་པ་ནི། ཕུང་པོ་ལྔ་རིགས་ལྔར་དག་པ་སྟེ། རྣམ་པར་ཤེས་པའི་ཚོགས་བརྒྱད་སེམས་སུ་གསལ་བ་ཉིད་སྣང་སྟོང་གི་མཐའ་ཐམས་ཅད་དང་བྲལ་བ་མཉམ་པ་ཉིད་དེ་དངོས་པོ་དང་བྲལ་བས་སྐྱེ་འཇིག་མེད་པ་རྡོ་རྗེའི་རིགས་མི་བསྐྱོད་པའོ། །གཟུགས་ཀྱི་ཕུང་པོ་སེམས་སུ་གསལ་བ་སྣང་སྟོང་དབྱེར་མེད་པ་ཉིད་མི་འགག་པར་རང་སྣང་བ་རྣམ་པར་སྣང་མཛད་དེ་མི་འགག་པར་སྣང་བའི་མཚན་ནོ། །ཚོར་བའི་ཕུང་པོ་བདེ་སྡུག་བཏང་སྙོམས་གསུམ་སེམས་སུ་གསལ་བ་མཉམ་པ་ཉིད་རྟོག་པ་མེད་ཀྱང་དགོས་འདོད་སྐོང་བ་རིན་པོ་ཆེའི་རིགས་ཏེ། དོན་དང་ལྡན་པའི་མཚན་ཉིད་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ཀྱི་ཕུང་པོ་རྒྱ་ཆེ་ཆུང་ཚད་མེད་པ་གསུམ་སེམས་སུ་གསལ་བ་སྣང་སྟོང་དབྱེར་མེད་པ་ཉིད་རང་སྣང་མི་འགག་པར་བདེན་པ་གཉིས་ཀྱི་ཚུལ་དུ་གསལ་བ་ནི་ཕྱོགས་འཛིན་དང་བྲལ་ཞིང་མཐའ་ཡས་པས་སྣང་བ་མཐའ་ཡས་སོ། །འདུ་བྱེད་ཀྱི་ཕུང་པོ་འདུ་བྱེད་ལྔ་བཅུ་རྩ་གཅིག་སེམས་སུ་གསལ་བ་སྣང་སྟོང་དབྱེར་མེད་པ་མཉམ་པ་ཉིད་རང་སྣང་མི་འགག་པས་དོན་ཐམས་ཅད་གྲུབ་པས་དོན་ཡོད་གྲུབ་པའོ། །རྒྱུད་དག་པ་ནི་བར་གྱི་རྣམ་པར་ཤེས་པའི་ཚོགས་བརྒྱད་སྣོད་བཅུད་ཀྱི་འབྲེལ་བས་རྒྱུད་ཅེས་བྱ་སྟེ། དེ་ཡང་ཡེ་ཤེས་ལྔར་དག་པའི་ཕྱིར་སྒོ་ལྔའི་ཤེས་པ་ལྷུན་གྱིས་གྲུབ་པས་ཡུལ་དང་ཡུལ་ཅན་མེད་དེ། མ་འགག་པ་ཙམ་མཐོང་བྱ་མཐོང་བྱེད་ལ་སོགས་པ་བྲལ་ཏེ། མ་ཆགས་པ་ཉིད་རང་བྱུང་གི་ཡེ་ཤེས་སུ་གསལ་བས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡིད་ཀྱི་ཤེས་པ་གསལ་ཆ་ཉིད་སྣང་སྟོང་དབྱེར་མེད་པ་སེམས་ཉིད་དུ་གསལ་བས་ཆོས་ཐམས་ཅད་རང་བཞིན་མེད་པ་ནི་དོན་དམ། མཁྱེན་པ་མ་འགགས་པར་གསལ་བ་ནི་ཀུན་རྫོབ་མཁྱེན་པ་སོ་སོར་རྟོགས་པའི་ཡེ་ཤེས་སོ། །དེའི་དུས་སུ་ཉོན་མོངས་པ་ཅན་གྱི་ཡིད་བདག་འཛིན་དག་སྟེ། བདག་གཞན་ནམ་ཕྱོགས་རིས་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཀུན་གཞིའི་རྣམ་ཤེས་འཁྲུལ་པ་ལ་ཁ་བལྟས་པའི་དུས་སུ་འཁོར་བ་མི་འགག་པ་ཡིན་ལ་འདིར་འཁྲུལ་པ་དག་སྟེ་སེམས་ཀྱི་རང་བཞིན་མངོན་དུ་སྣང་བ་མེ་ལོང་ལྟ་བུའི་ཡེ་ཤེས་གསལ་ལ་འགག་པ་མེད་པའོ། །དེ་བཞི་གནས་སུ་དག་པ་དེ་ལྟར་གྱུར་པས་རྣལ་མ་དོན་གྱི་ཀུན་གཞི་མངོན་དུ་གྱུར་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡི་ཤེས་སོ། །དེ་ལྟར་སྣོད་བཅུད་རྒྱུད་རྣམས་ཡེ་ནས་དག་པའི་ངོ་བོ་ཉིད་རྣལ་འབྱོར་མངོན་དུ་གྱུར་པ་ནི་རྟོགས་ཞེས་བྱའོ། །ཤིང་ཞེས་པས་གཞན་སྡུད་དེ། མཉམ་གཉིས་ལྷག་པའི་མཉམ་གཉིས་དང་། །ཞེས་པ། མཉམ་གཉིས་ནི་དོན་དམ་པར་ཆོས་ཐམས་ཅད་མ་བྱུང་མ་སྐྱེས་སྐྱེ་བ་མེད་པར་མཉམ་པ་དོན་དམ། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་བ་སྒྱུ་མ་ཙམ་དུ་མཉམ་པ་ནི་ཀུན་རྫོབ་ཏུ་མཉམ་པ་སྟེ་མདོ་སྡེའི་གཞུང་དང་མཐུན་ནོ། །འོ་ན་དེ་འབྲས་བུའི་སྐབས་འདིར་བསྟན་ཅི་དགོས་ཞེ་ན། དེ་ནི་བློ་དམན་རིམ་གྱིས་འཇུག་པ་བསྟན་པ་དང་། འབྲས་བུའི་ཐེག་པ་ཁྱད་འདོན་པའོ། །ལྷག་པའི་མཉམ་པ་གཉིས་ནི། གོང་མ་གཉིས་ལས་ལྷག་པ་ཀུན་རྫོབ་མ་འགག་པར་སྣང་ཙམ་ཉིད་ན། ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོར་གསལ་བ་ནི་མདོ་སྡེ་ལས་ལྷག་པ་ཀུན་རྫོབ་བོ། །དོན་དམ་མཉམ་པ་ནི་རང་བྱུང་གི་ཡེ་ཤེས། ཡེ་ཤེས་ལྔར་མཉམ་པ་སྟེ་མདོ་སྡེ་ལས་ལྷག་པས་སོ། །དག་པ་གསུམ་དང་ལྷག་པའི་མཉམ་པ་གཉིས་དོན་ལ་དབྱེར་མེད་ཀྱང་རྒྱུད་གཞུང་གིས་མཚོན་པའི་ཐ་སྙད་སོ་སོའི་དེ་དག་གི་ཡོན་ཏན་ནམ་འབྲས་བུའམ་དག་པ་མངོན་སུམ་དུ་གྱུར་པ་ནི། དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་པ། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་བཤད་པའི་རྟོགས་པ་བཞི་དག་པ་གསུམ་དང་མཉམ་པ་བཞིས་གཞལ་ནས། ལོག་རྟོག་གི་དཀྱིལ་འཁོར་འཁྲུལ་པ་སྣང་བ་ཉིད་རྟོགས་པས་དག་ནས། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་མ་འགག་པ་སྐུ། མ་དམིགས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་དག་པར་རྟོགས་ཏེ་གནས་པ་ནི། སྐུ་དང་ཡེ་ཤེས་ལས་མ་གཏོགས་པ་འཁྲུལ་པ་ཕྲ་བའང་མི་གནས་པས་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། ངོ་བོ་ཉིད་ཀྱི་ཞིང་ཁམས་རྟོགས་པ་ཀུན་ཏུ་བཟང་པོའི་ཞིང་ཁམས་སུ་ལྷུན་གྱིས་གྲུབ་བའོ། །དེ་ལྟ་བུ་རྟོགས་པའི་རྣལ་འབྱོར་པས། བྱེད་སྤྱོད་ཚོགས་ཆེན་གཉིས་འགྱུར་ནས། །ཞེས་པ་ཀུན་ཏུ་བཟང་པོའི་ཞིང་ཁམས་གསལ་བས་བྱེད་སྤྱོད་མི་འགག་པའི་ཆོས་ཐམས་ཅད་མ་འགག་པ་བསོད་ནམས་ཀྱི་ཚོགས། མ་དམིགས་པ་ཡེ་ཤེས་ཀྱི་ཚོགས། དེ་ཡང་དབྱེར་མེད་པས་སྐད་ཅིག་ལ་ལྷུན་གྱིས་གྲུབ་པས་ཆེན་པོ་སྟེ། གཞན་ཡང་ཆེན་པོ་ནི། མདོ་སྡེ་པ་ལས་དགར་བ་སྟེ། རྒྱུ་འབྲས་དབྱེར་མེད་པ་དང་རྩ་བ་དག་པས་རང་སྣང་མིན་པ་ཆེད་བསྒྲུབས་བྲལ་བའོ། །ནས་ནི་སྔོན་དུ་སོང་ནས་བསྒྲུབ་པ་ཕྱི་མ་ལ་འཇུག་པའི་ཚུལ་ཏེ། དེ་ཡན་ཆད་རྒྱུ་ཤེས་པའི་མཚན་ཉིད་བསྟན་ནས་ལྟ་བ་དང་ལྡན་ནས། རྐྱེན་འཇུག་པ་སྒྲུབ་པ་བྱའོ། །ཞེས་སྨོས་སོ། །སྒྲུབ་པ་པོ་ནི། ཡན་ལག་མ་ཉམས་ཡོ་བྱད་ལྡན། །ཞེས་པ་ལ་སོགས་ཏེ། སྤྱིར་སྒྲུབ་པའི་རྣལ་འབྱོར་པས་ལྟ་སྤྱོད་ཏིང་འཛིན་འཕྲུགས་པར་བྱ་བའི་ཕྱིར་དེ་ཉིད་བསྟན་ཏེ། དེ་ལ་སྔགས་ཀྱི་ཡན་ལག་ལྔ། །ཞེས་པ། བླ་མ་དམ་པ་ལ་དབང་རྣམས་རིམ་བཞིན་དུ་མནོས་ནས་རྫོགས་པས། དེས་དམ་ཚིག་དང་ལྡན་ནས་དམ་ཚིག་ཕྲ་བའང་མ་ཉམས་པ་དང་། དེ་ནས་ཏིང་ངེ་འཛིན་གསུམ་གོམས་པར་བྱས་པའི་དུས་སུ་རྒྱུ་ཡིག་འབྲུའི་གདན་མ་ཉམས་པ་དང་། ཡིག་འབྲུའི་ཏིང་ངེ་འཛིན་གསལ་བ་མ་ཉམས་པ་དང་། དེ་ལས་ཕྱག་རྒྱར་གསལ་བ་དང་། དེ་ལས་སྐུ་ཕྱག་རྒྱ་ཆེན་པོར་གསལ་བ་མ་ཉམས་པ་ནི་སྔགས་ཀྱི་ཡན་ལག་ལྔ་ཞེས་བྱ། ཡང་ན་འདིར་མཆོག་གི་དངོས་གྲུབ་སྒྲུབ་པ་ཡིན་པས་གོང་མ་ལྔ་པོ་བས་ཀྱང་ཅུང་ལྷག་སྟེ། དབང་རིམ་པ་བཞིན་དུ་མནོས་པ་དང་། དེ་ནས་ལྟ་བའི་དམ་ཚིག་གསུམ་གྱིས་ཕྱི་ནང་གི་ཆོས་ལ་གཞལ་བས་ལྟ་བ་དེ་ཁོ་ན་ཉིད་ཀྱི་དོན་བློ་དང་འབྱོར་བར་བྱས་པ་ནི་གཞིའོ། །དེ་ནས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཀུན་ཏུ་སྣང་གི་ཏིང་ངེ་འཛིན། རྒྱུའི་ཏིང་ངེ་འཛིན། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་བཞི་ལ་རིམ་པར་སེམས་སྦྱངས་ཏེ། སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ལ་དབང་ཐོབ་པའི་རྣལ་འབྱོར་པ་ཕོ་མོ་ཚོམ་བུ་རྒྱས་འབྲིང་གི་གྲངས་དང་མཐུན་པས། ཡོ་བྱད་ལྡན་ཞེས་པ། གནས་རྒྱུད་ཀྱི་གཞུང་དང་མཐུན་པའི་བར་ཆོད་མེད་པའི་གནས་སུ། དབུ་རྩེ་ནང་མ་སྒྲུབ་པ་པོའི་བཞུགས་ས། བར་པ་རོལ་མོའི་ལོངས་སྤྱོད་ཀྱི་རོལ་ས། ཕྱི་ཐ་གཡོས་ཁང་དང་ཡོ་བྱད་ཀྱི་སྣོད་དུ་བྱས་ཏེ། དེ་ནས་ཡོ་བྱད་དངོས་ནི། བཟའ་བ་དང་བཏུང་བ། བགོ་བ་དང་རྒྱན། བྲོ་གར་གླུ་ཚིག །ཨཱ་ལི་ཀཱ་ལི་གཉིས་དང་ལྔའོ། །ཡང་ན་ལས་དང་པོ་པའི་ལྔ་ནི། དེ་བྱི་དང་། སྔགས་ཆ་དང་། གྲོགས་མཆོག་དང་། མཆོད་པའི་ཡོ་བྱད་དང་། གོས་རྒྱན་དང་ལྔའོ། །ཆོ་ག་ལྔ་ནི། ངག་གི་བརྗོད་པ་དབྱངས་དང་བཅས་པ་དང་། བཟླས་པའི་ཏིང་ངེ་འཛིན་དང་། ཡན་ལག་གི་གར་གྱི་ཕྱག་རྒྱ་དང་། རྔ་ཐབས་དང་། བྲོ་དང་། ཨཱ་ལི་ཀཱ་ལི་ལས་ཀྱི་གོ་རིམ་མ་ནོར་བར་མཁས་པར་ཤེས་པར་བྱའོ། །ཡང་ན་ཆོ་ག་ལྔ་ནི། ཏིང་འཛིན་བཞིའི་མཐར་ཕྱིན་པ་དང་། སྣང་བ་རྣམ་འབྱེད་ལ་གོམས་པའོ། །རྣལ་འབྱོར་ཚོགས་པའི། ཞེས་པ་དཀྱིལ་འཁོར་རྒྱས་འབྲིང་གི་གྲངས་དང་མཐུན་པའི་ཕོ་མོའི་ཚོགས་ཀྱིས་དཀྱིལ་འཁོར་དུ་བཀོད་པ་དང་བསྒོམ་པས་དཀྱིལ་འཁོར་ཞེས་བྱའོ། །ངེས་པ་ནི་ཐེ་ཚོམ་མི་ཟའོ། །ལེགས་པའི་དགོས་པ་འགྲུབ་ནི་རིག་འཛིན་གསུམ་དང་། མཐར་སྐུ་ལྔའང་ལྷུན་གྱིས་གྲུབ་པའོ་ཞེས་བྱའོ། །བསྒྲུབ་པའི་དུས་བསྟན་པ་ནི། འོག་སྒྲུབ་པའི་ཞག་དང་ཚེས་གྲངས་རྣམས། །རྒྱུད་ལས་གསུངས་པ་བཞིན་དུ་བཤད། །ཅེས་པ་འདི་ཉིད་ལས་གསུངས་ཏེ། བསྒྲུབ་པ་འགྲུབ་པའི་ཞག་གྲངས་ནི། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །ཞེས་པ་དབང་པོ་རབ་ཀྱིས་སོ། །བཅུ་གཉིས་ཞེས་པ་རབ་འོག་གིས་སོ། །བཅུ་བཞི་ཞེས་པ། མཐའ་ལྟག་གིས་སོ། །དབང་པོ་དམན་པས་ཀྱང་བཅུ་དྲུག་ཕྱིན་ཆད་མི་འགྱངས་པས་ན་བཅུ་དྲུག་གིས་ཏེ་གྲངས་ནི་ཟླ་བའོ། །ལེའུ་དགུ་པར་བཤད་དོ། །ཚེས་གྲངས། རྒྱུད་ལས་སྨོས་པ་བཞིན་དུ་བཤད། །ཅེས་པ། ཚེས་གྲངས་བཟང་པོ་དང་ཡར་ངོ་དང་། དེ་རྣམས་ནི་ཀུན་འདུས་དང་། རྔམ་པ་གློག་གི་འཁོར་ལོ་དང་བམ་བརྒྱད་ནས་ཀྱང་སྟོན་ཏོ། །གནས་དང་ལོངས་སྤྱོད་བསྟན་པ་ནི། གོང་གནས་དང་ལོངས་སྤྱོད་ཅི་བདེ་དང་། །ཞེས་པ། སྒྲུབ་པའི་གནས་ནི། ཤིན་ཏུ་དབེན་པའི་ས་ཕྱོགས་སུ། །འཁོར་ཁང་རིམ་གསུམ་དྲི་ཞིམ་པ། །ཡངས་པ་རྒྱན་གྱིས་སྤྲས་བྱ་བ། །ཞེས་པ། གོང་དུ་རིམ་གསུམ་བཤད་པ་དེ་ཡངས་པ་དང་། འཇམ་པ་གཟུགས་བརྙན་འཆར་བ་ལྟ་བུར་བྱས་པ་དང་། དྲི་ཞིམ་པ་སྣ་ཚོགས་ཀྱིས་བྱུགས་པ། གནམ་རྒྱན་དང་བར་རྒྱན་ལ་སོགས་པ་རྒྱན་སྣ་ཚོགས་ཏེ་ཡིད་དུ་འོང་བས་ཉམས་དགའ་བར་བྱས་པ་ནི། རྣལ་འབྱོར་པ་ཉམས་དགའ་བས་ཏིང་ངེ་འཛིན་གསལ་བ་དང་། ཡེ་ཤེས་ཀྱི་ལྷ་གཤེགས་པའི་ཡང་རྒྱུའོ། །ལོངས་སྤྱོད་ནི་ཡོ་བྱད་རྣམ་པ་ལྔའོ། །ཅི་བདེ་ནི་ལྟ་བསྒོམ་སྟོབས་སུ་གྱུར་པས་ལོངས་སྤྱོད་ལྔ་ལ་སྤྱོད་པའི་དུས་སུ། སྤང་བླང་དང་ལྟ་སྤྱོད་བསྒོམ་གསུམ་མགོ་སྙོམས་པ་སྤྱོད་པའི་ངོ་བོ་ཡིན་པ་བློས་བྱས་ཀྱི་རི་མོ་མེད་པ་སྟེ། མཉམ་པ་ཉིད་ཀྱི་ངང་ལ་འདི་བྱ་འདི་མི་བྱ་མེད་པར་འཇོལ་ཉོག་ཏུ་སྤྱོད་པའོ། །མ་ཉམས་ནི་དམ་ཚིག་རྣམས་ཕྲ་བའི་ཕྲ་བའང་མ་ཉམས་པའོ། །བློ་ནི་རབ་ལྡན་ཞེས་པ། དང་པོ་རྟོགས་པ་ལྟ་བའི་བློ་དང་ལྡན་པས་མཉམ་པ་ཉིད་གདེངས་ཆུད། བསྒོམ་པ་ཏིང་ངེ་འཛིན་གྱི་བློ་དང་ལྡན་པས་བྱ་ལམ་རྗེས་མེད་ཀྱི་དགོངས་པས་ཆེད་འཛིན་ཕྲ་བའང་མེད་པ་གསུམ་ལྡན་པའི་རྣལ་འབྱོར་པས། དང་པོར་དམ་མནོས་བཞིན་དུ་བྱ། །ཞེས་པ་བླ་མས་དབང་བསྐུར་བའི་དུས་སུ་དང་པོར་ཕོག་པའི་དམ་ཚིག་རྣམས་ཕྲ་བ་ཡང་མི་ཉམས་པར་གཞུང་ཐུབ་པར་བྱ་བ་དང་། དེ་ནས་བསྒྲུབ་པ་ལ་འཇུག་པའི་དུས་སུ་ཚོམ་བུ་རྒྱས་བསྡུས་ཀྱི་བྱེ་བྲག་རྣམས་གང་གི་སྒོ་ནས་བསྒྲུབ་པ་བླ་མ་ལས་ལུང་ནོས་ལ་བླ་མས་འདི་ལྟར་སྒྲུབས་ཤིག་པའི་ལུང་ཕོགས་པ་བཞིན་དུ་བསྒྲུབ་པ་ཉ མས་སུ་བླང་བར་བྱའོ། །དེའི་ཞར་ལ་ཨཱ་ལི་ཀཱ་ལི་ལ་སྤྱད་ཐབས་ཀྱང་བླ་མས་གསུངས་པ་བཞིན་དུ་བྱའོ། །ལེ་ལོ་སྒྱིད་སྙོམས་མེད་པ་ཡི། །ཞེས་པ་ལ་སོགས་པ་ལེ་ལོ་ནི་བསྒྲུབ་བྱའི་དོན་ལ་ལྷོད་ནས་གཞན་གྱིས་ཕྲོག་པའོ། །རྒྱུད་སྙོམས་ལས་སུ་སོང་བ་ནི་ཞན་པ་སྟེ་ལུས་པའོ། །མེད་པའི་ཞེས་པ། དེ་གཉིས་ཀ་བརྩོན་འགྲུས་དྲག་པོས་སེལ་ཏེ་ཆུ་གཞོལ་ཕྱོགས་སུ་འབབ་པ་བཞིན་རྒྱུན་མི་ཆད་པར་བྱའོ། །ཐེ་ཚོམ་ནི་བྱ་མི་བྱ་དང་འགྲུབ་མི་འགྲུབ་ཀྱི་ཡིད་གཉིས་ཏེ། གང་སྒྲུབ་པ་ཐམས་ཅད་ཀྱི་གེགས་ཆེན་པོ་ཡིན། རིག་པ་རྩེ་གཅིག་ཏུ་མི་ཡེངས་པའི་བརྩོན་འགྲུས་ཀྱིས་འབད་པའོ། །དེ་ལྟ་བུ་ནི་དངོས་གྲུབ་ཀྱི་རྒྱུའོ། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པ་འགྲུབ་པའི་འབྲས་བུ་སྟེ། འདི་ཉིད་སྒྲུབ་པ་ཉམས་སུ་བླངས་ན་བཞི་བཅུ་རྩ་གཉིས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས། འབྲས་བུ་སངས་རྒྱས་ཐམས་ཅད་དབྱེར་མེད་པའི་ངོ་བོ་ཡང་དག་པར་རྫོགས་པའི་སངས་རྒྱས་འགྲུབ་བོ། །བསྙེན་བསྒྲུབ་བཞི་མདོར་བསྟན་པ་ནི། གོང་བསྙེན་པ་དང་ནི་ཉེ་བསྙེན་དང་། །ཞེས་པ་ལ་སོགས་ཏེ། བསྙེན་བསྒྲུབ་བཞི་འདི་ལམ་གྱི་ངོ་བོ་ཡིན་པས། སྤྱིར་ན་འདོད་སོ་མང་ཡང་། འདིར་དང་པོ་བསྐྱེད་པའི་རིམ་པ་དང་སྦྱར་ན་བསྙེན་པ་དང་ལྟ་བ་སྟེ། ཆོས་ཐམས་ཅད་དག་མཉམ་གྱི་གཏན་ཚིགས་ཀྱིས་གོང་ལྟར་གཞལ་བས་ཐ་མལ་གཟུང་འཛིན་ཤེས་པ་དག་སྟེ། སེམས་ཉིད་མཉམ་པ་ཉིད་ཀྱི་དོན་ཤེས་པའོ། །དེ་ནི་འབྲས་བུ་སྒྲུབ་པར་བྱེད་པའི་ལམ་གྱི་གཞི་སྟེ་ལམ་གྱི་གོ་བཟློག་པས་བསྙེན་པ་ཞེས་བྱའོ། །ཉེ་བའི་བསྙེན་པ་ནི། གོང་དུ་ཆོས་ཐམས་ཅད་ལྟ་བའི་ངང་དུ་དག་པས་རྣལ་འབྱོར་པ་བདག་ཉིད་ཀྱང་ཡེ་ནས་དག་པ་ལྷའི་རང་བཞིན་ཡིན་པར་ཤེས་པ་ནི། གོང་མ་བས་ལམ་ལ་ཉེ་བས་ཉེ་བའི་བསྙེན་པ་ཞེས་བྱའོ། །དེ་ནི་བདག་ཉིད་ལྷར་བསྐྱེད་ནས་སྐུ་མདོག་རྒྱན་དང་ཆ་ལུགས་གསལ་བའོ། །སྒྲུབ་པ་ནི་ཡུམ་བསྐྱེད་པ་སྟེ། ཡུམ་ནི་མཁའ་དབྱིངས་ས་ཐམས་ཅད་ཀྱི་བདག་ཉིད་མ། ཆོས་ཐམས་ཅད་བསྐྱེད་པའི་ཡུམ་འབྱུང་བ་བཞི་ཐོན་པ་ལས་སྲས་སྤྲུལ་པ་ལྕམ་དྲལ་དུ་ཐོན་པ་ནི་ལྟ་བའི་ངོ་བོ་ཡིན་པས་འདིར་དངོས་སུ་ཡུམ་བསྐྱེད་པའོ། སྒྲུབ་པ་ཆེན་པོ་ནི་གོང་དུ་བསྟན་པ་ལྟར་ཐབས་ཤེས་རབ་དབྱེར་མེད་ལས་སྲས་ལྕམ་དྲལ་སྤྲོས་ཏེ། དཀྱིལ་འཁོར་བསྐྱེད་ཐོན་པ་ནི་འབྲས་བུ་ལྟ་བུ་སྟེ་སྤྱིར་བསྟན་པའོ། །འདིར་ཉེ་བར་ཚོགས་སྒྲུབ་པ་པོ་འཇུག་ནས་འབྲས་བུ་མཐར་ཕྱིན་པའི་བསྙེན་སྒྲུབ་བཞིའི་བསྙེན་པ་ནི། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དོན་དམ་པ་བྱང་ཆུབ་ཀྱི་སེམས་ལ་སྦྱངས་པ་མཐར་ཕྱིན་པ་དང་། དེ་ནས་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་རིག་པ་རང་གསལ་ལ་སྦྱངས་པ་མཐར་ཕྱིན་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཉིས་ནི་ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་གྱི་རྒྱུར་ངེས་པས་བསྙེན་པ་ཞེས་བྱའོ། །ཉེ་བའི་བསྙེན་པ་ནི་གོང་མ་གཉིས་ལས་འབྲས་བུ་ལ་གུད་ཉེ་བས་ཉེ་བསྙེན་ཞེས་བྱའོ། །ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་ལ་འབྱོངས་པ་དང་། སྤྲོས་པ་ལ་འབྱོངས་པ་ལ་གཉིས་མངོན་དུ་བྱས་པའོ། །སྒྲུབ་པ་འདིར་རྒྱུ་འབྲས་དབྱེར་མེད་པ་ཡིན་པས་འདིར་འབྲས་བུ་ཉམས་སུ་ལེན་ནས་རིམ་པར་སྦྱངས་ཤིང་སློབ་པ་སྟེ། དངོས་སུ་ཡོ་བྱད་ལྔ་ལ་ལྟ་སྤྱོད་མགོ་སྙོམས་པའི་ངོས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྒྱུ་འབྲས་དང་བྲལ་བས་བསླབ་ཅིང་སྦྱངས་ཏེ་མངོན་དུ་གྱུར་པའོ། །སྒྲུབ་པ་ཆེན་པོ་ནི་ཡོ་བྱད་ལྔ་ལས་བསྐྱེད་པའི་དུས་སུ་ཨཱ་ལི་ཀཱ་ལི་གཉིས་ཀྱི་དོན་ཉམས་སུ་ལོན་ནས་འབྲས་བུ་ཚེ་དབང་རིག་འཛིན་ཐོབ་པ་ལ་མ་རག་པའོ། །གསང་བའི་བསྙེན་སྒྲུབ་བཞི་ནི་སྐབས་སུ་འཆད་པར་འགྱུར་རོ། །རྒྱས་བཤད་ཀྱི་བསྙེན་པ་ནི། ལེའུ་འོག་མ་ནང་། མཁའ་དབྱིངས་དྭངས་པའི་དབྱིངས་ཉི་ཟླ། །ཞེས་པ་ལ་སོགས་ཏེ། མཁའ་ནི་ཆོས་ཉིད་ཀྱི་ནམ་མཁའ་སྟེ། ཆོས་ཉིད་བསམ་དུ་མེད་པས་ནམ་མཁའ་ཆེ། །ཞེས་པས། ཞེ་འདོད་ཐམས་ཅད་བྲལ་བའི་ངང་ལ་བློའི་དམིགས་པ་ཕྲ་བ་ཡང་མི་གནས་པ་ནི་རང་གསལ་བའོ། །དཀྱིལ་ནི་དེ་ཉིད་ལ་སྤྲོས་པ་བརྒྱད་ལ་སོགས་པའི་མཐའ་མ་དམིགས་པ་དེ་ལ་དཀྱིལ་ཞེས་བྱ་སྟེ་ཐ་སྙད་ཙམ་མོ། །དྭངས་པ་ནི་མི་མཐུན་པའི་སྒྲིབ་བྱེད་ཀྱི་སྐྱོན་ཐམས་ཅད་རང་དག་པ་སྟེ། དཔེར་ན་ཆུ་དྭངས་བྱ་བ་དང་མཚུངས་སོ། །དབྱིངས་ནི་དེ་ཉིད་སྤྲོས་བྲལ་འབའ་ཞིག་གི་མཐའ་མ་ཡིན་པས་ཅིར་ཡང་འཆར་བ་ལས་དཀྱིལ་འཁོར་དུ་གསལ་བའོ། །སྔོན་ལ་ཏིང་ངེ་འཛིན་ལ་གོམས་པས་ལུང་གི་དགོངས་པ་ཉམས་སུ་ལེན་པའོ། །རིམ་གྱིས་པས་ན་ལྷ་ཡབ་ཡུམ་བསྣོལ་བའང་སྟོན་ཏོ། །ཉི་ཟླ་ལ་སོགས་པའི་གདན་གྱི་ཐོག་ཏུ། ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། །ཞེས་པ། འཁོར་འདས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རང་བྱུང་གི་ཡེ་ཤེས། རྒྱལ་པོ་ཞེས་པ། གསལ་ལ་མི་འགག་པར་རང་སྣང་བས་སྟོང་པའི་མཐའ་ལས་རྒྱལ། མཚན་ཉིད་ཇི་ལྟར་ཤར་ཡང་ངོ་བོ་རང་བྱུང་ཡེ་ཤེས་ལས་མ་གཡོས་པས་དངོས་པོའི་མཐའ་ལས་རྒྱལ་བས་རྒྱལ་པོ། སྟངས་ནི་ཡབ་ལྔའོ། །དཔྱལ་ནི་ཡུམ་ལྔའོ། །ཉི་མ་དང་འོད་ལྟར་སེམས་དཔའ་སེམས་མ་རྣམས་ཀྱང་གསལ་ལོ། །འདི་ལས་མང་པོ་བསྒོམ་མི་ནུས་པས་མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་ལྷ་ཡབ་ཡུམ་གཉིས་ཁོ་ན་ཡི་དམ་དུ་བསྒོམ་པར་ཡང་བཞེད་དོ། །དེ་ལྟར་བསྒོམ་པས། རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན། །ཞེས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་ཀུན་ཏུ་བཟང་པོ་ཉིད། གདུལ་བྱའི་ངོ་ལ་སྣང་བའི་དཀྱིལ་འཁོར་ཐམས་ཅད་རིགས་ལྔར་མ་འདུས་པ་མེད་པ་དང་ཐམས་ཅད་ཀུན་ཏུ་བཟང་པོའི་ངོ་བོ་ཉིད་དུ་མ་གྱུར་པ་མེད་པས། མ་ལུས་པར་ནི་བསྒོམས་པར་འགྱུར། །ཞེས་པས། ཐམས་ཅད་དབྱེར་མེད་པ་ཡིན་པའི་བདག་ཉིད་ནི་ངོ་བོ་ཉིད་ཀྱི་ཡིན་ཚུལ་ལོ། །རྣལ་འབྱོར་པའི་རྟོགས་པའི་དེ་ཉིད་དུ་གྱུར་པ་དགོས་ཏེ། གོང་དུ་དག་རྟོགས་ཀྱི་གཏན་ཚིགས་ཀྱིས་མཉམ་པ་ཉིད་དུ་བསྟན་པའོ། །དེ་ལྟར་མིན་པའི་གང་ཟག་ལྟར་བུདྡྷའི་རྒྱུད་སོ་སོར་འཛིན་པ་རྣམས་ལ་ནི་སེམས་བརྟགས་པ་ལྟར་སྣང་བའོ། །གཏན་ཚིགས་དེས་ན། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །ཞེས་པ། འདིར་བསྐྱེད་རྫོགས་གཉ ིས་སམ་ཐབས་ལམ་གྲོལ་ལམ་གཉིས་ལམ་ཀུན་གྱི་ཐུན་མོང་གི་དོན་ཡིན་ཏེ། སྤྱིར་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་ལས། འདིར་སངས་རྒྱས་ནི་ཚིགས་ཡུལ་དུ་བྱེད་པ་རྣམས་ཀྱི་ལུགས་ཀྱིས་བསྟན་པ་ལྟར་ཀྱང་མི་རྙེད་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་བདུན་དང་ལྡན་པའི་དྲུག་པ་ཞེས་བྱ་བ་ནི། གདུལ་བྱའི་དབང་གི་མཚན་དེ་ཉིད་དུ་གདགས་སུ་ཟིན་ཀྱང་ངོ་བོ་ཉིད་ནི་སངས་རྒྱས་དེ་ཉིད་མིན་པ་གང་གི་ཡང་སྤྱོད་ཡུལ་དུ་མ་གྱུར་པས་བསྟན་པར་དཀའ་བའི་ཕྱིར། དུས་བཞི་དང་། ཕྱོགས་བཅུ་དང་། སྣོད་བཅུད་དང་། ཡུལ་སེམས་གང་ནས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་བཤད་པ་ཉིད་ནི་ཐ་སྙད་གང་གིས་ཀྱང་མ་རེག་པས་རྙེད་པར་མི་འགྱུར་ཏེ་རྙེད་མི་འགྱུར་ཞེས་བྱའོ། །འོ་ན་ཡེ་འབྲེལ་བ་མེད་པ་རྒྱང་ཆད་དོ་སྙམ་ན། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །ཞེས་པ་ལམ་གྱི་གཞི་ལྟ་བ་ཐག་ཆོད་པའི་དུས་སུ་ཁམས་གསུམ་སེམས་ཉིད་ཡེ་ཤེས་སུ་གསལ་བ་ནི་ཆོས་ཐམས་ཅད་སྤངས་པ་མེད་པར་ཉི་མའི་དཀྱིལ་འཁོར་ཤར་ན་མུན་པ་སྣང་བར་གྱུར་པ་དང་འདྲ་བར། མ་འགགས་པ་སྐུ། མ་དམིགས་པ་ཡེ་ཤེས་སུ་གྱུར་པ་ཉིད་བདག་ཉིད་ཆེན་པོའི་ངོ་བོ་ཉིད་ལ་དམིགས་བྱ་དམིགས་བྱེད་མེད་པར་དམིགས་པ་ཐམས་ཅད་དང་བྲལ་བ་ནི་ངོ་བོ་ཉིད་དེ་ལམ་མཐར་ཕྱིན་པའི་ངོས་ནས་རྙེད་པ་ཞེས་ཀྱང་བྱ། ནམ་མཁའ་ནམ་མཁའ་ལས་མི་འདའ་བ་ལྟར་གནས་པ་ཞེས་བྱ་སྟེ། ཆེད་དུ་བཙལ་བ་མེད་པར་རང་གསལ་བ་ནི་ཡེ་ནས་ཡིན་པའི་དོན་གྱིས། བུདྡྷ་གཞན་དུ་མ་ཚོལ་ཞིག །ཅེས་གདམས་པ་བརྗོད་པ་སྟེ། གཞན་དུ་ཚོལ་བའི་འདུ་ཤེས་ཉིད་ཀྱིས་སླར་སྒྲིབ་པའི་ཕྱིར་རོ། །དེའི་ཕྱིར་སྒྱུ་འཕྲུལ་རྡོ་རྗེ་ལས། རང་བཞིན་གནས་ཕྱིར་གཞན་ནས་འོང་ཐོབ་མེད། །ཞེན་པ་ལོག་པས་བདག་ཞལ་བདག་གིས་མཐོང་། །ཞེས་གསུངས་སོ། །དཀྱིལ་འཁོར་ཀུན་ཏུ་རབ་སྦྱོར་བས། །ཞེས་པ། དཀྱིལ་འཁོར་ཀུན་ནི་དུས་གསུམ་གྱི་བུདྡྷ་ཐམས་ཅད་དབྱེར་མེད་པ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུས་གསུམ་སྤྱོད་ལམ་བཞིར། ཀུན་ཏུ་རབ་སྦྱོར་ཞེས་པ། ཏིང་ངེ་འཛིན་གྱིས་བསྒོམ་བྱ་སྒོམ་བྱེད་ལས་ཀྱང་གྲོལ་ཏེ། རྣལ་འབྱོར་པ་དེའི་ངོ་བོ་ཉིད་དུ་གྱུར་པས་དེ་སྣང་བའི་དཀྱིལ་འཁོར་ཐམས་ཅད་དུ་རྣལ་འབྱོར་པའི་རིག་པ་གསལ་བ་ནི་འགྲུབ་པར་འགྱུར་ཞེས་བྱའོ། །ཆོ་ག་ལྷག་གམ་མ་ཚང་ནའང་། །སྐྱོན་ཉིད་དག་སྟེ་ཉེས་པ་མེད། །ཅེས་པ། རྣལ་འབྱོར་པ་ལྟ་བ་རྟོགས་དམ་ཚིག་ཕྲ་བའང་མ་ཉམས་པ་ཏིང་ངེ་འཛིན་ལས་སུ་རུང་ནས་བརྟན་ན། ཡོ་བྱད་དང་། དུས་དང་། གནས་ལ་སོགས་པའི་ཆོ་ག་རྣམས་ལྷག་པ་ནི་དགོས་པ་འཕེལ་བ་ལ་མ་ཚང་བ་ནི་དགོས་པ་མ་ཆོག་པ་སྟེ་གང་ཡིན་ཡང་། དེའི་སྐྱོན་ཉིད་ཀྱིས་མི་གོས་པས་ན་དག་སྟེ་ལྟ་བསྒོམ་གྱི་དོན་གྱིས་ཉེས་པ་མེད་ཅེའོ། །ཚོམ་བུ་ལྔ་པ་ལ་བསྙེན་པ་བྱ་བ་ནི། ལེའུ་གོང་མར། ལྔ་དང་ལྔ་ཡི་སྦྱོར་བ་ཡིས། །ཞེས་པ་ལ་སོགས་པ། ལྔ་དང་ཞེས་པས། དབུས་ཀྱི་རྡོ་རྗེའི་རིགས་ཡབ་ལྔ་དང་ཡུམ་ལྔ་སྦྱོར་བ་སྟེ་དབུས་མི་བསྐྱོད་པ་ཡབ་ཡུམ་གྱི་རྣལ་འབྱོར་པ་ཡབ་ཡུམ་གཉིས། དེའི་མདུན་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས། ལྷོར་རྡོ་རྗེ་རཱ་ཛ་ཡབ་ཡུམ་གཉིས། ནུབ་ཏུ་རྡོ་རྗེ་འདོད་པ་ཡབ་ཡུམ་གཉིས། བྱང་དུ་རྡོ་རྗེ་ལེགས་པ་ཡབ་ཡུམ་གཉིས། དེ་བཞིན་དུ་ཤར་གྱི་དཀྱིལ་འཁོར་རྩིབས་བཞི་དབུས་དང་ལྔ་ལ། དབུས་སུ་རྣམ་སྣང་ཡབ་ཡུམ་གཉིས། དེའི་མདུན་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས། གཡས་སུ་རིན་ཆེན་རྡོ་རྗེ་ཡབ་ཡུམ་གཉིས། ནུབ་ཏུ་ཆོས་ཀྱི་རྡོ་རྗེ་ཡབ་ཡུམ་གཉིས། བྱང་དུ་ལས་ཀྱི་རྡོ་རྗེ་ཡབ་ཡུམ་གཉིས། ལྷོར་འཁོར་ལོ་རྩིབས་བཞི་ལ་དབུས་སུ་རིན་འབྱུང་ཡབ་ཡུམ་གཉིས། མདུན་དུ་རྡོ་རྗེ་རིན་ཆེན་ཡབ་ཡུམ་གཉིས། གཡས་སུ་རྡོ་རྗེ་གཟི་བརྗིད་ཡབ་ཡུམ་གཉིས། རྒྱབ་ཏུ་རྡོ་རྗེ་རྒྱལ་མཚན་ཡབ་ཡུམ་གཉིས། གཡོན་དུ་རྡོ་རྗེ་བཞད་པ་ཡབ་ཡུམ་གཉིས། ནུབ་ཏུ་འཁོར་ལོ་རྩིབས་བཞི་ལ། དབུས་སུ་སྣང་བ་མཐའ་ཡས་ཡབ་ཡུམ་གཉིས། མདུན་དུ་རྡོ་རྗེ་ཆོས་ཡབ་ཡུམ་གཉིས། གཡས་སུ་རྡོ་རྗེ་འཁོར་ལོ་ཡབ་ཡུམ་གཉིས། རྒྱབ་ཏུ་རྡོ་རྗེ་རྣོན་པོ་ཡབ་ཡུམ་གཉིས། གཡོན་དུ་རྡོ་རྗེ་སྨྲ་གསུང་ཡབ་ཡུམ་གཉིས། བྱང་གི་འཁོར་ལོའི་རྩིབས་བཞི་ལ། དབུས་སུ་དོན་གྲུབ་ཡབ་ཡུམ་གཉིས། མདུན་དུ་རྡོ་རྗེ་ལས་ཡབ་ཡུམ་གཉིས། གཡས་སུ་རྡོ་རྗེ་བསྲུང་བ་ཡབ་ཡུམ་གཉིས། རྒྱབ་ཏུ་རྡོ་རྗེ་གནོད་སྦྱིན་ཡབ་ཡུམ་གཉིས། །གཡོན་དུ་རྡོ་རྗེ་ཁུ་ཚུར་ཡབ་ཡུམ་གཉིས་བསྒོམ་མོ། །དེ་ལྟར་རིགས་ལྔའི་ཚོམ་བུ་ལྔ་ལས་ཡབ་ཡུམ་ལྔ་བཅུ་ཐམ་པ་ནི། ཚོམ་བུ་ལྔ་ཡི་ལྷ་བཀོད་པས། །ཞེས་སོ། །དེའི་ཕྱིར་རོལ་དུ་འཁོར་ལོ་རྩིབས་བཅུ་པ་ཞིག་ལ་ཁྲོ་བོ་ཡབ་བཅུ་དང་། ཁྲོ་མོ་ཡུམ་བཅུ་ཐབས་དང་ཤེས་རབ་དབྱེར་མེད་པ། འཁོར་ལོའི་ཚུལ་དུ་རྣམ་པར་བསྒོམ། །ཞེས་པ་ལྷ་ལྔ་བཅུའི་རྒྱབ་ན་ཚུར་འཁོར་བར་ཡབ་ཡུམ་བཅུ་བསྒོམ་མོ། །དེས་ན་ཚོམ་བུ་རྒྱས་པ་ལ་ལྷ་བདུན་ཅུའོ། །ཚོམ་བུ་གསུམ་པ་ནི། དེ་བཞིན་རིགས་དང་རྡོ་རྗེའི་རིགས། །ཞེས་པ་ལ་སོགས་ཏེ། འཁོར་ལོའི་དབུས་སུ་སྔར་ལྔ་པའི་གཙོ་བོ་རྡོ་རྗེའི་རིགས་མི་བསྐྱོད་པ་ཡབ་ཡུམ་བཅུ་བསྒོམ། ཤར་གྱི་དཀྱིལ་འཁོར་ལ་རྣམ་སྣང་གིས་གཙོ་བོར་བྱས་པའི་ཡབ་ཡུམ་བཅུ་བསྒོམ། ནུབ་ཀྱི་དཀྱིལ་འཁོར་ལ། པདྨའི་རིགས་ཞེས་པས་སྣང་བ་མཐའ་ཡས་ཀྱིས་གཙོ་བོར་བྱས་པའི་ཡབ་ཡུམ་བཅུ་བསྒོམ། ཁྲོ་བོའི་ཚོགས་དང་ལྡན་པ་ཡི། །ཞེས་པ། འདི་ལ་སྟེང་འོག་གི་ཁྲོ་བོ་མི་བསྒོམ་སྟེ། ཕྱོགས་མཚམས་ཀྱི་ཁྲོ་བོ་བརྒྱད་ཡབ་ཡུམ་བཅུ་དྲུག་བསྒོམ། ཚོམ་བུ་གསུམ་པ་ལ། སྐུ་གསུང་ཐུགས། ཞེས་པས་རྣམ་སྣང་སྐུའི་ཚོམ་བུ། སྣང་བ་མཐའ་ཡས་གསུང་གི་ཚོམ་བུ། མི་བསྐྱོད་པ་ཐུགས་ཀྱི་ཚོམ་བུ་དང་གསུམ་མོ། །འོ་ན་ཡོན་ཏན་ཕྲིན་ལས་གཉིས་མི་བསྒོམ་པ་ཅི་ཞེ་ན། ཡོན་ཏན་གྱི་རིགས་ནི་སྐུར་བསྡུ་སྟེ། བདེ་བར་གཤེགས་པའི་ཡོན་ཏན་གདུལ་བྱའི་དགོས་པ་རྣམས་སྐུ་ལས་སྣང་བའོ། །ཕྲིན་ལས་ནི་ཐུགས་སུ་བསྡུ་སྟེ། མཛད་པའི་ཕྲིན་ལས་གཞན་དོན་གྲུབ་པ་རྣམས་ཐུགས་ཀྱི་ལས་ཡིན་པས་སོ། །དེས་ན་རིགས་ལྔ་ཀ་ཚང་ངོ་། །ཚོམ་བུ་བར་པ་ལ་དབུས་སུ་ཡབ་ཡུམ་སུམ་ཅུ། ཁྲོ་བོ་ཡབ་ཡུམ་བཅུ་དྲུག་དང་བཞི་བཅུ་རྩ་དྲུག་གོ། །ཚོམ་བུ་གཅིག་པ་ནི། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག །ཅེས་པ་ལ་སོགས་པ། རིགས་ཀྱི་ནི་རིགས་ལྔའོ། །རིགས་ཏེ་བྱ་བ་ནི། རྡོ་རྗེའི་རིགས་ཐུགས་ཡིན། ཐུགས་སུ་ཐམས་ཅད་འདུས་པས་རྡོ་རྗེའི་རིགས་སུ་རིགས་ལྔ་འདུས་པའོ། །རིགས་ཀྱི་གཙོ་ཞེས་པ། རྡོ་རྗེའི་རིགས་ནི་རྒྱུད་འདི་ནི་ཐུགས་ཀྱི་སྒྱུ་འཕྲུལ་གྱི་རྒྱུད་ཡིན་པས་དེའི་དཀྱིལ་འཁོར་གྱི་སྐབས་ཀྱིས་རིགས་ཀྱི་གཙོ་བོ་ཁོ་ནའོ། །སེམས་ཉིད་སྣང་སྟོང་གི་མཐའ་དང་བྲལ་བ་སྟོང་པ་ཆེན་པོའི་ཡེ་ཤེས་ནི་མཐའ་ཐམས་ཅད་ལས་གྲོལ་བས་རིགས་འགྱུར་ཏེ། རྣམ་སྣང་དབུས་སུ་བསྒོམ་པ་ལྟ་བུ་ཡང་ཡིན་ཀྱང་ཡེ་ཤེས་མི་འགྱུར་ཏེ། དེས་ན་ཐུགས་ཀྱི་ཞེས་པ། ཡེ་ཤེས་ལྔ་སྟེ་དེ་ཡང་རང་བྱུང་ཡེ་ཤེས་ཁོ་ནར་འདུས་པས་ཐུགས་ཏེ། དེ་ནི་ཡེ་ཤེས་ཐམས་ཅད་མཐའ་དང་བྲལ་བ་སྟོང་པ་ཆེན་པོའི་ཡེ་ཤེས་ཀྱི་ངང་ལས་མི་འདའ་བས་ཡེ་ཤེས་ཐུགས་ཀྱི་མཆོག་ཅེས་བྱའོ། །ཁྲོ་བོའི་ཚོགས་དང་ལྡན་པ་ཡི། །ཞེས་པ། ཡབ་ཡུམ་བརྒྱད་དེ་སྒོ་བ་ཡབ་ཡུམ་བརྒྱད་ཁོ་ནའོ། །ཚོམ་བུ་གཅིག་པ་ནི་རིགས་ལྔ་ཐུགས་ཀྱི་ལྷར་འདུས་པས་དེ་ཉིད་ཀྱི་ལྷ་བཅུའོ། །ཁྲོ་བོ་ཡབ་ཡུམ་བརྒྱད་ད ང་ལྷ་བཅོ་བརྒྱད་དེ་ཚོམ་བུ་གཅིག་པའི་ལྷ་རྣམས་བསྒོམ་པའོ། །བསྒྲུབ་པའི་རྣལ་འབྱོར་པས་ལྷ་སྤྱིའི་བྱེ་བྲག་སོ་སོར་བསྒོམ་པ་ནི། འོག་རྣལ་འབྱོར་སྔགས་འཆང་དངོས་གྲུབ་ནི། །ཞེས་པ་ལ་སོགས་པ་འདིར་རྟོགས་པ་མཆོག་ཏུ་གྱུར་པས་ལྟ་སྤྱོད་ཟུང་དུ་འབྲེལ་ཏེ། ལྟ་སྤྱོད་བསྒོམ་གསུམ་མཉམ་པ་ཉིད་དུ་གྱུར་ནས་གང་ལ་ཡང་འཚོ་རྫི་མི་དགོས་པའི་རྟེན་གྱི་གང་ཟག་གིས་ཀྱང་བློ་རབ་ཅིག་ཅར་བའི་ལམ་ཐུན་མོང་དུ་སྟོན་ཏེ། དེ་ལ་རྣལ་འབྱོར་ནི་གསུམ་སྟེ། རང་བཞིན་གྱི་རྣལ་འབྱོར་ནི་རྟོགས་པའི་ལྟ་བ་མཉམ་པ་ཉིད་ལ་ཡུལ་ཤེས་མེད་པ་སྟེ་ལམ་གྱི་གཞིའོ། །ལྷུན་གྱིས་གྲུབ་པའི་རྣལ་འབྱོར་ནི་རྟོགས་པ་མཐར་ཕྱིན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དེ། ཕྱོགས་ཀྱི་འཛིན་པ་ཐམས་ཅད་དང་བྲལ་ནས་མཉམ་པ་ཉིད་ལྷུན་གྲུབ་ཀྱི་ཡེ་ཤེས་ཁོ་ནའོ། །ལམ་ལ་ཕྱག་རྒྱའི་རྣལ་འབྱོར་ལྷའི་སྐུར་བསྒོམ་པ་དང་། ཡེ་ཤེས་ཀྱི་རྣལ་འབྱོར་རང་བྱུང་གི་ཡེ་ཤེས་མཐའ་དང་བྲལ་བ་ལེའུ་དྲུག་པའི་སྟོད་དུ་བསྟན་པ་ཁོ་ན་ཉིད་དེ། རྒྱུད་འདིར་ཕྱག་རྒྱའི་དཀྱིལ་འཁོར་བསྒོམ་པའི་དུས་ན་ཡང་སྐུ་དང་ཡེ་ཤེས་རང་སྣང་བ་ཁོ་ནར་གསལ་བས་ཅིག་ཅར་དུ་བསྒོམ་པས་ཉམས་སུ་བླང་བའི་དུས་སུ་མི་འབྱེད་པ་ཁོ་ནའོ། །སྔགས་ཞེས་པ། སྐུ་དང་ཡེ་ཤེས་མཐོ་དམན་གྱིས་ཁ་ཁར་བསྒོམ་ཡང་རུང་། བློ་རབ་ཀྱིས་ཅིག་ཅར་དུ་གསལ་ཏེ་བསྒོམ་ཀྱང་རུང་སྟེ། མ་ན་ཡིད། ཏྲ་ཡ་ན་སྐྱོབ་པ་ཞེས་བྱ་བས་ཐ་མལ་པའི་ཡིད་འཁོར་བའི་གཟུང་འཛིན་གྱི་རྩ་བ་དེ་སྤངས་པ་མེད་པར་རང་དག་སྟེ་སྐུ་དང་ཡེ་ཤེས་སུ་གསལ་བ་ནི། ཡིད་ཀྱི་ཤེས་པ་ཉིད་དག་པ་རང་རིག་པའི་ཐོག་ཏུ་ཕྱིན། དེ་ཉིད་ལམ་པའི་བློ་ལ་སྐུ་དང་ཡེ་ཤེས་སུ་གསལ་བས་ཁམས་གསུམ་རྒྱུ་འབྲས་རྩ་བ་ནས་དག་པས་ཡིད་སྐྱོབ་པ་ཞེས་བྱ་ལ། ཡིད་སྐྱོབ་པའི་དོན་གྱིས་རང་བྱུང་གི་ཡེ་ཤེས་རང་སྣང་བ་མི་འགག་པའི་རྩལ་ལས་ལམ་པའི་བློ་ངོ་ལ། ཐུན་མོང་དང་མཆོག་ལས་བཞི་འགྲུབ་པ་ཡན་ཆད་ཀྱི་བྱིན་རླབས་སྣང་བ་དང་། མཐར་ཕྱིན་པ་འབྲས་བུའི་དུས་སུ། སེམས་ཕྱི་མོའི་གནས་སླེབས་རིག་པ་རང་ས་ཟིན་ནས་ཆོས་སྐུ་ལྷུན་གྱིས་གྲུབ་པའི་དུས་སུ་གདུལ་བྱའི་དགོངས་པ་ལྷུན་གྲུབ་ཏུ་འཆར་བ་ནི་མི་འགག་པའི་བྱིན་རླབས་ཀྱི་རྩལ་རང་སྣང་བའོ། །འཆང་བ་ཡང་རྣལ་འབྱོར་གྱི་མངོན་སུམ་དུ་འཆང་བ་དང་། རང་རིག་པའི་མངོན་སུམ་དུ་འཆང་བ་སྟེ། རྣལ་འབྱོར་གྱི་མངོན་སུམ་ནི་བསྒོམ་པའི་ཡུལ་དུ་རིག་འཛིན་ལ་མ་སྦྱར་གྱི་བར་དུ། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་གསལ་བ་ལ་བསྒོམ་བྱ་སྒོམ་བྱེད་ཀྱི་འདུ་ཤེས་རགས་པ་མི་མངའ་ཡང་། དགོངས་པ་ལ་དེར་འཛིན་གྱི་ཤེས་པ་ཕྲ་བ་དང་བཅས་པའོ། །དེ་ལ་ནི་འཆང་བ་ཞེས་བྱའོ། །རང་རིག་པའི་མངོན་སུམ་ནི་འབྲས་བུའི་ངོ་བོ་སྟེ་རྣལ་འབྱོར་པ་རང་ཉིད་ཀྱི་ངོ་ལ་མེ་ལོང་གཡའ་དག་པ་ལ་གཟུགས་བརྙན་གསལ་བ་མེ་ལོང་ལ་འཛིན་པ་མེད་པ་བཞིན། རྣལ་འབྱོར་པ་ཉིད་དུ་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ་དེ་ཉིད་ལས་མ་གཏོགས་པའི་རྣལ་འབྱོར་པའི་རྒྱུད་དག་ནས། ཆུ་གཤེར་བ་ལས་མི་འདའ་བ་བཞིན་རང་རིག་པའི་མངོན་སུམ་དུ་ལྷུན་གྱིས་གྲུབ་པ་སྟེ། རྣལ་འབྱོར་མངོན་སུམ་ལ་ལྟོས་ན་ཤིན་ཏུ་འཆང་བ་ཞེས་བྱའོ། །དེ་ཉིད་ལའང་ཚེ་དབང་རིག་འཛིན་ནས་སངས་རྒྱས་པའི་བར་ལ་སྐྱེད་དུ་འགྲོ་བའོ། །དངོས་གྲུབ་ཀྱང་གཉིས་ཏེ། འདིར་གཙོ་བོར་རིག་འཛིན་གྱི་ལམ་སྟེགས་ལ་བགྲོད་པ་མཆོག་གི་དངོས་གྲུབ་ཡིན་ཀྱང་། འབྲས་དང་ཕུབ་མ་ལྟར་ཐུན་མོང་གི་དངོས་གྲུབ་ཀྱང་ཞར་ལ་འབྱུང་ངོ་། །མཉམ་རྫོགས་ལྷུན་གྲུབ་ངང་གནས་ཤིང་། །ཞེས་པ། རྒྱས་པ་ལས། ཐབས་ཀྱི་ཐེག་པ་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པས། །དོན་དམ་དུ་ནི་དཀོར་བདུན་ནོ། །ལྷུན་གྲུབ་ཏུ་ནི་མཉམ་རྫོགས་སོ། །ཞེས་གསུངས་པས། སེམས་དངོས་པོ་མེད་པར་རིག་པ་ཉིད་དངོས་པོའི་ཆོས་འཁོར་འདས་སམ་སྣོད་བཅུད་རང་སྣང་བས། གཏན་ཚིགས་དེས་ན་འཁོར་འདས་གཉིས་ཀ་རང་རིག་པ་ཉིད་མ་འགགས་པ་སྐུ། མ་དམིགས་པ་ཡེ་ཤེས་སུ་གསལ་བར་དོན་དེ་ལ་གཉིས་འཛིན་ནམ། དག་མ་དག་གམ། བཟང་ངན་ནམ། གཉིས་སུ་མེད་པའི་ཐ་སྙད་ཐམས་ཅད་ཚིག་གིས་མཚོན་པའི་དོན་ཉིད་ལ་མཉམ་པ་ཆེན་པོའི་ངང་ལ། འབྲས་བུའི་ཆོས་ཐམས་ཅད་དེ་ཉིད་ལས་མ་གཏོགས་པའི་ལོགས་སུ་གྲུབ་པ་མེད་པར་ལྷུན་གྱིས་རྫོགས་པ་ལ་རྒྱུ་འབྲས་དང་བྱ་བཙལ་མེད་པར་རང་སྣང་བ་ལ་ནི་ལྷུན་གྲུབ་ཅེས་བྱའོ། །ངང་ལ་གསུམ་སྟེ། སྐྱེ་བ་མེད་པའི་ངང་ནི་སེམས་ཉིད་རྒྱུ་རྐྱེན་ལས་འདས་པའི་ངོ་བོ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་ཉིད་དོ། །མཉམ་པ་ཉིད་ཀྱི་ངང་ནི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ངང་ལས་བཟང་ངན་སྣང་སྟོང་རྒྱུ་འབྲས་ལ་སོགས་པའི་ལྟོས་པའི་ཆོས་ཐམས་ཅད་མི་གནས་ཏེ། ནམ་མཁའ་དང་འདྲ་བར་རིག་པ་རང་གསལ་མཉམ་པ་ཉིད་དོ། །ལྷུན་གྱིས་གྲུབ་པའི་ངང་ནི་འཁོར་འདས་སྣང་སྲིད་སྣོད་བཅུད་ཚིག་གིས་གདགས་སུ་རུང་བའི་ཆོས་ཐམས་ཅད་སེམས་ཉིད་ཁོ་ནའི་ཕྱིར་སེམས་རང་བྱུང་ཡེ་ཤེས་ཉིད་ཅིར་ཡང་མ་ཡིན་པ་ཉིད་རང་སྣང་བའི་ཡོན་ཏན་རང་འཆར་བ་ནི། གདུལ་བྱའི་བློ་ངོ་བཞིན་ཅིར་ཡང་འཆར་བ་རྒྱུན་ཆད་མེད་ཀྱང་། འཆར་བྱ་འཆར་བྱེད་ཀྱི་འདུ་ཤེས་དང་བྲལ་ཏེ་ལྷུན་གྲུབ་ཏུ་གནས་པའོ། །ངང་ཞེས་བྱ་བ་ནི་གནས་ཚུལ་ཡིན་ཚུལ་གྱི་དོན་ལ་སྒྲོས་མ་བཏགས་སྐུར་པ་མ་བཏབ་དབྲི་བསྣན་བྲལ་བ་ཉིད། ཕྱོགས་གཅིག་གི་མཐའ་མ་ཡིན་པས་རང་སྣང་ལྷུན་གྱིས་གྲུབ་པའོ། །གོང་མའི་བཤད་པའི་དོན་དེ་རྣམས་ནི་གནས་ཚུལ་ཏེ། ལམ་པས་དེ་ཉིད་སྟོན་པའི་ལུང་དང་བླ་མ་དམ་པའི་མན་ངག་གིས་ཐོས་བསམ་གྱི་སྒོ་ནས་གཞི་ཇི་ལྟ་བར་རིག་པ་ལ་མངོན་དུ་གྱུར་པ་ནི་བལྟ་བྱ་ལྟ་བྱེད་མེད་ཀྱང་། དེའི་ངང་ལས་མི་འདའ་བ་ནི་ལྟ་བ་ཞེས་བྱ་སྟེ། ལམ་གྱི་གཞིའི་རྒྱུ་ཤེས་པའི་མཚན་ཉིད་ཡིན་པ། ལམ་བསྒྲུབ་པའི་གཞི་ཡིན་པས་དགོས་འབྲེལ་བཞིའི་དབང་དུ་བྱས་ན་དགོས་པ། བསྙེན་བསྒྲུབ་བཞིའི་དབང་དུ་བྱས་ན་འབྲས་བུ་ལ་བསྙེན་པ་ཙམ་ཡིན་པས་བསྙེན་པའོ། །ཐེག་པ་མཆོག་གི་ཐར་ལམ་པ་གང་གིས་ལྟ་བ་རྟོགས་པ་དེ་ལྟར་འདྲིས་ཤིང་གོམས་ཏེ་དབང་བསྒྱུར་བའི་ཕྱིར་ཏིང་ངེ་འཛིན་གྱིས་བསྒོམ་པས་ཉམས་སུ་བླང་བ་ནི། སྐུ་དང་ཡེ་ཤེས་ཀྱི་ངོ་བོ་ལ་གནས་བྱ་གནས་བྱེད་མེད་པའི་ཚུལ་གྱིས་ཏིང་ངེ་འཛིན་ལ་མི་འགྱུར་བར་གནས་པ་ནི་སྔགས་འཆང་བ། ལམ་གྱི་རྣལ་འབྱོར་ཞེས་བྱ་སྟེ། འབྲས་བུ་ཐོབ་པར་བྱེད་པའི་རྐྱེན་བསྒོམ་པའི་ཏིང་ངེ་འཛིན་གྱིས་ལམ་ལ་འཇུག་པའི་མཚན་ཉིད་དེ། ལྟ་བ་ནི་ཤེས་པ་ཞེས་བྱ་སྟེ། དཔེར་ན་རྡོ་རྗེ་གདན་ལོ་རྒྱུས་ཀྱི་སྒོ་ནས་ཤེས་པ་ལྟ་བུའོ། །རྐྱེན་འཇུག་པའི་ཏིང་ངེ་འཛིན་ནི། ལོ་རྒྱུས་ཀྱི་སྒོ་ནས་ཤེས་པའི་ཡུལ་དེ་མཐོང་ཞིང་ཉམས་སུ་མྱོང་བར་བྱ་བའི་ཕྱིར། ལམ་ལ་འཇུག་ནས་གོམ་པ་འདོར་བ་ལྟ་བུའོ། །དེས་ན་ཏིང་ངེ་འཛིན་ལ་རྐྱེན་འཇུག་པ་ཞེས་བྱའོ། །སྤྱོད་པ་ཅི་ལའང་ཐོགས་མེད་པའི། །ཞེས་པ། གོང་དུ་བཤད་པའི་ལྟ་བ་རྟོགས། བསྒོམ་པས་ཉམས་སུ་བླང་བའི་སྤྱོད་པའི་སྒོ་ནས་ཀྱང་རྐྱེན་འཇུག་བསྟན་ཏེ། ཅི་ལའང་ཐོགས་པ་མེད་པ་ཡི། །ཞེས་པའི་སྤྱོད་པའི་དངོས་པོ་གང་ཡང་འགག་པ་མེད་པ་ཁོ་ན་སྟེ། ལྟ་སྤྱོད་གཉིས་ཀྱི་འབྲེལ་པ་ནི་སྤྱོད་པས་གང་ལ་ཡང་ཆགས་ཞེན་མི་བྱེད། ཆེད་བསྒྲུབ་ཆེད་སྤངས་མེད། དང་དུ་ལེན་པ་མེད། རང་སྣང་དུ་དཔེར་ན་ཐང་ཤིང་ཡལ་ག་རླུང་གིས་གཡོ་བ་ལྟ་བུའི་དོན་དམ་དང་ལྡན་ན། ལྟ་བ་ཀློང་དུ་གྱུར་ལ་དབང་སྒྱུར་བར་བྱེད། ཅེས་པ་ཀློང་ནི་ཆུ་ཀླུང་ཆེན་པོ་འཁྲུགས་ན། ཆུའི་འགལ་རྐྱེན་ཤིང་རྡོ་ས་གསུམ་ལ་སོགས་པ་ཐམས་ཅད་ཆུའི་ནང་དུ་ཕྱིན་ན་སླར་ཆུའི་སྡོངས་སུ་འགྱུར་ཏེ། ནུས་པ་ཆེ་བ་བོངས་ཆེ་བ་ཀློང ཆེ་བ་བཞིན་དུ་ལ་བཟླ་བའི་དབང་དུ་བྱས་ན་གནག་ལས་སྤྱོད་ཀྱང་རང་བྱུང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པའོ། །དེས་ན་སྤྱོད་པ་ནི་ལྟ་བསྒོམ་གཉིས་ཀྱི་རླན་ཞེས་བྱའོ། །ལྟ་བ་སྤྱོད་པའི་རླན་ཞེས་བྱ་སྟེ། ལྟ་བ་མཉམ་པ་ཉིད་ཆེད་འཛིན་ཐམས་ཅད་དང་བྲལ་བས་དེ་ཉིད་རང་སྣང་བར་སྤྱོད་པ་ལྟ་བའི་དབང་གིས་སྤྱོད་པ་ཇི་ལྟར་སྤྱད་ཀྱང་དེའི་དབང་གིས་གོས་པ་མེད་པ་ནི། སྤྱད་པས་དཀར་ནག་གི་ལས་གང་ལ་ཡང་བྱ་བའི་ཡུལ་དང་བྱེད་པ་པོའི་བྱེད་མཁན་དང་དངོས་སུ་བྱེད་བདོ་བའི་དངོས་པོ་རྣམས་ཡིད་ལ་བྱེད་པ་ནི། ཐོགས་པ་དང་བཅས་པ་ཞེས་བྱ་སྟེ་འདུ་ཤེས་ཀྱི་གཟུང་འཛིན་དང་བཅས་པའོ། །གང་དེ་བསྲུང་གི་འཛིན་པ་མེད་པ་རང་སྣང་དུ་ཤར་བ་ནི་ཐོགས་པ་མེད་པ་ཞེས་བྱའོ། །གང་ལའང་སྤང་བསྒྲུབ་བག་ཚ་བ་དོགས་པ་མེད་པ་ནི་བུ་ཆུང་ལྟ་བུའོ་ཞེས་ཀྱང་གསུངས་སོ། །ཐམས་ཅད་ཡེ་ནས་དབྱེར་མེད་པའོ། །ཞེས་པ་གོང་གི་ལྟ་སྤྱོད་བསྒོམ་གསུམ་དབྱེར་མེད་པའི་གཏན་ཚིགས་ཏེ། ཡུལ་དུ་བྱས་པའི་བཏགས་པ་ཐམས་ཅད་ནི་གདོད་མ་ཉིད་ནས་སེམས་ཀྱི་ཡེ་ཤེས་སུ་སྣང་སྟོང་གཉིས་སུ་དབྱེར་མེད་པ་ཁོ་ནར་གནས་པའི་ཕྱིར། དོན་གྱི་གནས་ཚུལ་དེ་ཉིད་ལ་གནས་ཚུལ་བཞིན་དུ་ལྟ་སྤྱོད་བསྒོམ་གསུམ་དབྱེར་མེད་པའི་སྒོ་ནས་ཉམས་སུ་བླངས་པ་གོམས་པ་མཐར་ཕྱིན་པ་འབྲས་བུའི་ཕྱིར་ཐེག་པའི་དངོས་གཞིའོ། །དེ་ལྟར་ལྟ་སྤྱོད་གཉིས་དང་ལྡན་པ་ནི་རྐྱེན་འཇུག་པ་རྟེན་གྱི་གང་ཟག་གིས་ཉམས་སུ་ལེན་པ་ལྟ་སྤྱོད་འབྲེལ་བ་དང་ཉེས་པའི་བསྙེན་པ་སྟེ། མི་ཕྱེད་པའི་གཟུངས་ཀྱི་རྒྱལ་མོ་དང་། འདུ་འབྲལ་མེད་པ་བསྒྲུབ་པའི་ངོ་བོའོ། །དེ་ཉིད་མངོན་དུ་བྱས་པ་ནི་བསྒྲུབ་པ་ཆེན་པོའི་འབྲས་བུའི་མཚན་ཉིད་དེ་དགོས་པའི་དགོས་པ་ཞེས་བྱའོ། །ཚོམ་བུ་གཅིག་པ་ལ་སྒྲུབ་པ་ནི། རྡོ་རྗེའི་རིགས་སུ་ཐམས་ཅད་དཀྱིལ། །ཞེས་པ་ལ་སོགས་ཏེ། འདི་ལ་རྣལ་འབྱོར་པ་གྲངས་མང་ཉུང་ངེས་པ་མེད་པས་ཐམས་ཅད་ཀྱིས་གསང་ཆེན་རྡོ་རྗེ་སེམས་དཔའ་ཁོ་ནར་བསྒོམ། དེ་ནས་ཏིང་ངེ་འཛིན་གྱི་འཕྲོ་འདུ་དང་། ཡོ་བྱད་ལ་སྤྱད་པ་རྣམས་མཐུན་པ་ཉིད་དུ་བྱའོ། །ཚོམ་བུ་གཅིག་པའི་དབང་དུ་ན་ཚོགས་ཀྱི་དཀྱིལ་འཁོར་སྒྲུབ་པའི་དབང་དུ་བསྒྲུབ་པའི་ཐབས་སྟོན་པ་ནི། རྡོ་རྗེའི་རིགས་སུ་རིགས་བཞི་པོ་འདུས་པའི་ཕྱིར་ཐམས་ཅད་དཀྱིལ་ཞེས་བྱ་བ་ཁོ་ནའོ། །དྲུག་པ་རྡོ་རྗེ་འཆང་གི་རིགས་ཀྱང་། རིགས་ཐམས་ཅད་དབྱེར་མེད་ཅིང་ལྷུན་གྱིས་གྲུབ་པར་མི་ཕྱེད་པའི་དོན་གྱིས་བླ་དྭགས་སུ་རྡོ་རྗེའི་རིགས་ཞེས་བྱའོ། །འོད་འཕྲོ་འབར་བ་རབ་ཏུ་བསྒོམ། །ཞེས་པའི་འོད་འཕྲོ་བ་ནི་ཚོམ་བུ་གཅིག་པའི་ལྷ་རྣམས་ཀྱི་ཡན་ལག་གི་ལྷ་རྣམས་དང་བཅས་པར་བསྒོམ་པའོ། །འབར་བ་ནི་རྩ་བ་དང་ཡན་ལག་གི་ལྷ་རྣམས་དང་བཅས་པ་འོད་འབར་བ་དང་བཅས་པ་ཏིང་ངེ་འཛིན་གསལ་བ་ལ་བསྒོམ་ཞེས་བྱའོ། །ཆགས་མེད་ཚུལ་གྱིས་བསྟིམ་པར་བྱ། །ཞེས་པ་རྣལ་འབྱོར་བ་རྣམས་བསྒྲུབ་པའི་ལོངས་སྤྱོད་རྣམས་ལ་སྤྱོད་པའི་ཚེ། ནམ་མཁའི་བྱ་ལམ་ལྟར་ཆགས་པ་མེད་འཛིན་པ་མེད་དེ། འདུ་ཤེས་ཐམས་ཅད་དང་བྲལ་བས་ལྷའི་འོད་ཟེར་འཕྲོ་བ་ཉིད་རྣལ་འབྱོར་པ་རྣམས་ཀྱིས་ནང་དུ་སོ་སོར་བསྟིམ་པ་དང་། བྱས་འཛིན་གྱི་ངོ་བོ་མེད་པར་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པ་ལ་ཐིམ་པ་ཞེས་བྱའོ། །གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ། །ཞེས་སོ། །ཨཱ་ལི་ཀཱ་ལི་མ་གཏོགས་པའི་ཡོ་བྱད་བཞི་པོ་ལྟ་སྤྱོད་གཉིས་སུ་མེད་པའི་དགོངས་པ་གྱུར་པ་ནི་གཉེན་པོས་མ་བཅོས་པས་དེ་ཉིད་དུ་རང་བྲལ་བ་སྟེ། འབྲས་བུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་བོ། །ཡོ་བྱད་ལྔ་ལ་ཨཱ་ལི་ཀཱ་ལི་ལ་སྤྱད་པས་ནི། ཉི་ཟླ་གཉིས་སུ་མེད་པའི་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་སྟེ། ལྷུན་གྱིས་གྲུབ་པའི་རིག་འཛིན་ལྷུན་གྱིས་གྲུབ་པའོ། །ཚོམ་བུ་གསུམ་པ། ཡང་ན་སྐུ་གསུང་ཐུགས་ཉིད་དེ། །ཞེས་པ། ཡང་ན་ནི་ཚོམ་བུ་གཅིག་པ་ལས་དགར་བའོ། །སྐུ་གསུང་ཐུགས་ཉིད་དེ་ཞེས་པ། ཤར་དུ་སྐུ་རྣམ་པར་སྣང་མཛད་ཡབ་ཡུམ་བཅུ། གསུང་རྒྱབ་ཏུ་པདྨའི་རིགས་ཡབ་ཡུམ་བཅུ། ཐུགས་དབུས་སུ་མི་བསྐྱོད་པའི་རིགས་ཡབ་ཡུམ་བཅུ་སྟེ་ཁྲོ་བོ་ཡབ་ཡུམ་བརྒྱད་ཟུང་ངོ་། །དེ་ལྟར་ཚོམ་བུ་གསུམ་པ་བསྒོམ་པའི་དགོས་པ་ནི་བསྒྱུར་བྱ་ཁམས་གསུམ་གྱི་ཆོས་ཐམས་ཅད་སྣང་བ་སྐུ། གྲགས་པ་གསུང་། དྲན་རྟོག་ཐམས་ཅད་ཐུགས་སུ་ལྷུན་གྱིས་གྲུབ་པའི་ཕྱིར། དེ་སྦྱོང་བར་བྱེད་པའི་ལམ་དུ་ཡང་། ཚོམ་བུ་གསུམ་པའི་བསྒྲུབ་པ་སྟོན་པས་ལྷ་བཞི་བཅུ་རྩ་དྲུག་གི་ཏིང་ངེ་འཛིན་རིག་པ་ལྷུན་གྱིས་གྲུབ་ཅིང་གསལ་བ་དང་། འོད་ཟེར་ཕར་འཕྲོ་ཚུར་འཕྲོ་དང་བཅས་པར་བསྒོམ། གཉིས་མེད་དབྱིངས་ཀྱི་ངང་དུ་ཐིམ། །ཞེས་པ། ལོངས་སྤྱོད་ལ་ལོངས་སྤྱད་པའི་དུས་སུ། ལྟ་སྤྱོད་གཉིས་སུ་མེད་པར་གྱུར་པའི་དོན་བྱས་འཛིན་དང་བྲལ་བ་དབྱིངས་ཀྱི་ངང་དུ་ཐིམ་སྟེ་མཉམ་པ་ཉིད་ཀྱི་དགོངས་པ་གསལ་བའོ། །རིག་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་པ། རྣལ་འབྱོར་པས་ཡོ་བྱད་རྣམ་པ་ལྔ་ལ་སྤྱད་པའི་དུས་སུ། ལྟ་སྤྱོད་སྒོམ་གསུམ་མགོ་སྙོམས་པའི་དགོངས་པར་ལྷུན་གྱིས་གྲུབ་པས་མཉམ་པ་ཉིད་ཀྱི་དབྱིངས་ལས་མ་གཏོགས་པའི་འདུ་ཤེས་ཀྱི་རྒྱུ་བ་རྒྱུན་དག་པའི་དུས་སུ་འབྲས་བུ་རིག་པ་འཛིན་པ་གསུམ་ལས། ཐ་མ་ཚེ་དབང་། འབྲིང་ཕྱག་རྒྱ་ཆེན་པོ། མཆོག་ལྷུན་གྱིས་གྲུབ་པའི་རིག་འཛིན་ཏེ། དེ་ཐོབ་པ་ནི་དབང་པོ་ཡང་རབ་ཀྱི་སྤྱོད་ཡུལ་ཏེ། ལམ་རིམ་ནས་ཀྱང་། བརྒྱ་དོར་ཅིག་ཅར་མཐར་འགྲོ་བའོ། །ཞེས་སོ། །ཡང་ན་རིག་འཛིན་ལ་ཡང་། བཅུད་ལེན་སྨན་གྱི་རིག་འཛིན་དང་། རྩ་རླུང་སྒྲོལ་མའི་རིག་འཛིན་དང་། འཇིག་རྟེན་པའི་རིག་འཛིན་མེ་ཆུ་རླུང་གི་རིག་འཛིན་བཤད་པ་རྣམས་ཀྱང་། དངོས་པོ་མེད་ཀྱང་དངོས་པོ་ལྟར་སྣང་བ་དངོས་གྲུབ་ཏུ་བཤད་པ་ཡིན་པར་དེ་ཉིད་ལས་དགར་ཏེ། འདིར་རིག་འཛིན་རྣམ་གསུམ་གང་ཡིན་ཡང་། ལྟ་སྤྱོད་སྒོམ་གསུམ་དབྱེར་མེད་པའི་འབྲས་བུ་དངོས་པོ་མེད་པའི་ངོ་བོ་ཉིད་མངོན་དུ་འགྲུབ་པ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱའོ། །དཀྱིལ་འཁོར་མ་ལུས་འབར་བ་འགྲུབ། །ཅེས་བྱ་བ་ནི། བསྒྲུབ་པ་མཐར་ཕྱིན་པའི་དྲོད་ཚད་སྒྲུབ་པ་ཆེན་པོ་འབྲས་བུ་ལ་ཉེ་བ་སྟེ། ལྟ་སྤྱོད་མགོ་སྙོམས་པའི་སྤྱོད་པའི་དངོས་པོ་འཇོལ་ཉོག་ཏུ་གཞུང་དང་མཐུན་པར་ཉམས་སུ་ལོན། ཏིང་ངེ་འཛིན་གྱི་སྤྲོ་བསྡུ་རྣལ་འབྱོར་པ་ནང་དུ་གཅིག་ལ་གཅིག་གི་འོད་ཟེར་བསྟིམ་པ་གོམས་པ་མཐར་ཕྱིན་པའི་དུས་སུ། རྩོལ་བ་ཕྲ་བ་ཙམ་ཡང་མི་དགོས་པར་རང་སྣང་དུ་ལྷུན་གྱིས་གྲུབ་པའི་དུས་སུ་དཀྱིལ་འཁོར་མ་ལུས་ནི། ཚོམ་བུའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་འོང་ཕུང་དུ་གྱུར་པའོ། །འབར་ཞེས་པ། འོད་ཟེར་འཕྲོ་བ་དང་བཅས་ཏེ་ཤར་ཕྱོགས་ཀྱི་འོད་ཕུང་རྣམས་ནུབ་ཕྱོགས་པ་ལ་ཐིམ་པ་ལ་སོགས་པའི་ཕྱོགས་ཕྱོགས་རྣམས་གཅིག་ལ་གཅིག་ཐིམ་ནས་འོད་ཕུང་དུ་གྱུར་པའི་དུས་སུ། ཕྱོགས་བཅུའི་བུདྡྷས་ཀྱང་འོད་ཟེར་བསྟིམ་པ་རྣལ་འབྱོར་པའི་རིག་པ་ལ་གསལ་ནས་གྲུབ་པ་མཐར་ཕྱིན་པའི་དྲོད་ཚད་དོ། །ཡོན་ཏན་ནི། ཉོན་མོངས་སྡུག་བསྔལ་སེལ་བར་བྱེད། །ཅེས་པ་ས་ཚོད་ན་མཐོང་བའི་ལམ་ཡན་ཆད་ཀྱི་རིམ་པ་རྣམས་ཡིན་པའི་དབང་གིས་ལམ་པ་རང་ངོ་ལ་ཁམས་གསུམ་རྟོགས་པའི་ངོ་ལ་རང་སར་དག་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་དག་པ་ནི་རྒྱུད་དག་པའོ། །དེས་ཁམས་གསུམ་གྱི་སྡུག་བསྔལ་མུན་པ་སྣང་བར་གྱུར་པ་དང་འདྲ་བ་་ནི་འབྲས་བུ་དག་པའོ། །སེལ་བ་ནི་ལམ་པ་ལ་ཉམས་སུ་བླངས་པའི་སྟོབས་ཀྱིས་ཏེ། དབང་པོ་མཐོ་དམན་གྱི་བྱེ་བྲག་གིས་རིག་འཛིན་གསུམ་ལ་གནས་པའོ། །རྡོ་རྗེའི་རིགས་སུ་སྐྱེ་བའོ་གནས། །ཞེས་པ། འབྲས་བུ་མངོན་དུ་བྱས་པའི་དཀྱིལ་འཁོར་ཐམས་ཅད་སྐུ་གསུང་ཐུགས་ཁོ་ནར་འདུས་ལ། དེ་དག་ཀྱང་དབྱེར་མེད་ཅིང་མི་ཕྱེད་དེ། ཐུགས་རྡོ་རྗེའི་རིགས་ཀྱི་ངོ་བོ་ཡིན་པ་ནི། སྐྱེ་བའི་གནས་ཞེས་པས། རིག་འཛིན་རྣམ་གསུམ་གོང་ནས་གོང་དུ་སོན་པ་ལས་གཞན་དུ་མ་ཡིན་པས་ན་གནས་ཞེས་སྨོས་སོ། །ཚོམ་བུ་ལྔ་པ་ནི། སྔགས་འཆང་དངོས་གྲུབ་ཡང་དག་ནི། །ཞེས་པ་ལ་སོགས་ཏེ། སྔགས་འཆང་ནི་འདིར་རྟེན་གྱི་གང་ཟག་གོང་དུ་བཤད་པའི་རྣལ་འབྱོར་གྱི་མངོན་སུམ་དུ་འཆང་བའི་མཚན་ཉིད་དང་ལྡན་པའོ། །དངོས་གྲུབ་ནི་མཆོག་སྟེ་ཚེ་དབང་ཡན་ཆད་དོ། །ཡང་དག་ནི་དེ་ལས་སྣང་བའི་འབྲས་བུ་བུདྡྷའོ། །དེ་བསྒྲུབ་པའི་ཕྱིར་ཚོམ་བུ་ལྔ་པ་བསྟན་པ་ནི། ཐབས་དང་ཤེས་རབ་ཐམས་ཅད་ཀྱིས། །ཞེས་པ་ཐབས་ནི་ཡབ་རྣམས་སོ། །ཤེས་རབ་ནི་ཡུམ་རྣམས་སོ། །དཀྱིལ་འཁོར་ལྔ་ཞེས་པ། ཚོམ་བུ་ལྔའི་དཀྱིལ་འཁོར་ཏེ་ཉེ་བསྙེན་གྱི་སྐབས་སུ་བཤད་པ་བཞིན་དུ་ཤེས་པར་བྱའོ། །ཁྲོ་ཕྲེང་ནི་ཁྲོ་བོ་ཡབ་ཡུམ་ཉི་ཤུ་སྟེ་གོང་དུ་བསྟན་པ་བཞིན་བསྒོམ་མོ། །ཆགས་པ་མེད་པའི་ཚུལ་གྱིས་ནི། །ཞེས་པ། དེ་ལྟར་ཚོམ་བུ་རྒྱས་པའི་ལྷ་རྣམས་ཀྱིས་སྒྲུབ་པའི་ཡོ་བྱད་ལྔ་ལ་སྤྱད་པའི་དུས་སུ། ཡོ་བྱད་ལྔ་ཡུལ་ལྔའི་ལོངས་སྤྱོད་དུ་མ་འདུས་པ་མེད་པས། གཟུགས་ཐམས་ཅད་མིག་གིས་མཐོང་། མཐོང་བྱ་མཐོང་བྱེད་གཉིས་འཛིན་མི་མངའ་བ་མཉམ་པ་ཉིད་ཀྱི་ངང་ལ་ཡུལ་དང་ཡུལ་ཅན་མེད་པས་ཆགས་མེད། རྣ་བས་གླུ་གར་རོལ་མོའི་སྒྲ་ཐོས། ཐོས་བྱ་ཐོས་བྱེད་མེད་པ་སེམས་ཀྱི་ཡེ་ཤེས་སུ་གསལ། མཉམ་པ་ཉིད་ཀྱི་ངང་ལ་ཡུལ་དང་ཡུལ་ཅན་མེད། གཉིས་འཛིན་མི་མངའ་བས་མཉམ་ཉིད་ངང་དུ་ཐིམ། ཡུལ་དྲུག་གི་ཆོས་ཐམས་ཅད་དེས་འགྲེ་བ་ནི་ཆགས་པ་མེད་པ་ཞེས་བྱ། ཚུལ་ནི་དེ་ལྟ་བུའི་དགོངས་པ་ལ་འབྲས་བུ་ལམ་དུ་བྱེད་པའི་གཏན་ཚིགས་ཀྱིས། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཚུལ་གྱིས་ཉམས་སུ་ལེན་པར་བྱེད་པའོ། །འོད་ཟེར་རྣམ་པ་མང་པོ་འཕྲོ། །ཞེས་པ། ཏིང་ངེ་འཛིན་གྱི་འོད་ཟེར་རྣལ་འབྱོར་པའི་ནང་དུ་འཕྲོ་བ་སྔར་བཤད་པ་བཞིན་བྱ་བ་དང་། ཕྱོགས་བཅུར་སྤྲོས་ནས་མཛད་པ་བཅུ་གཉིས་ཀྱིས་འགྲོ་དོན་བྱེད་པ་རྣམས་ཀྱང་ཤེས་པར་བྱའོ། །གཉིས་སུ་མེད་པར་བསྟིམ་པར་བྱས། །ཞེས་པ། དེ་ལྟར་སྒྲུབ་པ་མཐར་ཕྱིན་པ་ལྟ་བའི་སྐབས་ཏེ། སྤྱོད་པའི་དངོས་པོ་ཅི་སྤྱད་ཀྱང་ལྟ་སྒོམ་སྤྱོད་གསུམ་དབྱེར་པའི་ངང་ལ་བྱ་བ་དང་བྱེད་པའམ་ཡུལ་དང་ཡུལ་ཅན་ནམ། སྤྱོད་བྱ་སྤྱོད་བྱེད་གཉིས་སུ་མེད་པར་ཉམས་སུ་བླངས་ཏེ། བརྟན་པ་མཐར་ཕྱིན་ནས་རང་གི་ངོ་བོ་ཉིད་དུ་གྱུར་ཏེ་འཛིན་པ་ཕྲ་བ་ཡང་མེད་པར་གོམས་པ་ལ་ནི་བསྟིམ་པར་བྱ་ཞེས་བྱ་སྟེ། འདུ་ཤེས་དག་པར་རོ། །འདིའི་སྐབས་སུ་སློབ་དཔོན་པདྨས། ཞི་བའི་བསྙེན་བསྒྲུབ་བྱས་ནས། ཁྲོ་བོའི་སྒོ་ནས་དངོས་གྲུབ་ཉམས་སུ་བླང་བའི་ཆོ་ག་བྱས་ནས། དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། །ཅེས་བྱ་བ་ནི། དངོས་གྲུབ་མཆོག་མཐར་ཕྱིན་པའི་འབྲས་བུ་སྐུ་ལྔ་ལྷུན་གྱིས་གྲུབ་པ་སྟེ། སྙིང་པོ་ནི་སྒྲ་གསུམ་ལས་འདིར་རྩ་བའམ་གཞི་ལས་འདིར་ས་བོན་ལྟ་བུར་གྱུར་པའི་དོན་གྱིས་སྙིང་པོ་སྟེ། སྐུ་ལྔ་ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་སྣང་བས་དེ་འགྲུབ་ཅེས་བྱའོ། །རྣལ་འབྱོར་ཐབས་དང་ཤེས་རབ་ཀྱིས། །ཞེས་པ་ལ་སོགས་པ། འདི་ནི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གྱི་སྤྱི་ཁྱབ་ཏུ་བསྟན་ཏེ། རྣལ་འབྱོར་ནི་རྟེན་གྱི་གང་ཟག་གོ། །ཐབས་ནི་ཡབ་བོ། །ཤེས་རབ་ནི་ཡུམ་མོ། །ཐབས་ཡབ་རྣམས་ཀྱིས་དེ་བཞིན་གཤེགས་པར་བསྒོམ། ཤེས་རབ་རྣམས་ཡུམ་དུ་བསྒོམ། སེམས་དཔའ་ཞེས་པ། ཡབ་རྣམས་ཀྱིས་སེམས་དཔར་བསྒོམ། ཡུམ་རྣམས་ཀྱིས་སེམས་མར་བསྒོམ། གཙོ་བོ་དང་སེམས་དཔའ་ཡབ་དང་ཡུམ་རྣམས་ཀྱི་སོ་སོའི་སྔགས་མ་འདྲེས་པ་དང་། ཕྱག་རྒྱ་བསྒོམ་པ་དང་འཆིང་བ་སོ་སོར་མ་འདྲེས་པ་དང་། སོ་སོའི་ཏིང་ངེ་འཛིན་ཡང་དག་པར་སོ་སོར་གསལ་བར་བསྒོམ་ཞེས་བྱ་སྟེ། དཀྱིལ་འཁོར་གྱི་ལྷ་སྤྱི་ཁྱབ་ཡིན། སློབ་དཔོན་སྒེག་པའི་རྡོ་རྗེས་ནི། དཀྱིལ་འཁོར་བསྡུས་པའི་ལྷ་བཅོ་བརྒྱད་དུའང་བཞེད་དེ། འདི་སྤྱིར་ཚོགས་ཀྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཀུན་དང་སྦྱར་ཏེ། ཚོགས་བསྒྲུབ་པའི་ཞར་བྱུང་ལྟ་བུའོ། །དེས་ན། སོ་སོའི་སྔགས་དང་ཕྱག་རྒྱ་དང་། །ཏིང་འཛིན་ཡང་དག་སོ་སོར་གསལ། །ཞེས་པས། རྣལ་འབྱོར་པ་རྣམས་དཀྱིལ་འཁོར་གཅིག་ཡིན་ཀྱང་དེ་རྣམས་སོ་སོར་མ་འདྲེས་པར་གདམས་པའོ། །ཡོ་བྱད་བཞི་ལ་སྤྱད་ཐབས་ནི། གོང་ཡན་ལག་དབང་པོ་རྣམ་ཤེས་ཀུན། །ཞེས་པ་ལ་སོགས་པ། ཡན་ལག་ནི་རྣམ་པ་ལྔ་སྟེ་མགོ་ལ་སོགས་པ་ལྔའོ། །དབང་པོ་ཡང་མིག་གི་དབང་པོ་ལ་སོགས་པ་ལྔའོ། །རྣམ་ཤེས་ཀྱང་མིག་ལ་སོགས་པའི་རྣམ་ཤེས་ལྔ་སྟེ་ཡུལ་ཅན་ཐབས་ཀྱི་ཆའོ། །དེ་ཡང་འདིར་སྤྱོད་པའི་དུས་ཀྱི་ལྟ་བ་སྙམ་བློ་ཡང་མ་ཡིན། ཉམས་སུ་མྱོང་བའི་ཏིང་ངེ་འཛིན་ཁོ་ན་སྟོན་ཏེ། འདིར་ཟག་བཅས་ལས་འདས་ཏེ་ཟག་མེད་ཁོ་ན་མངོན་དུ་སྣང་བར་བྱས་པའི་སྒྲུབ་པ་ཡིན་པས། ད་ལྟའི་ལྟ་བ་ཡིད་ཡུལ་ཙམ་དང་ཏིང་ངེ་འཛིན་ཆེད་བྱས་སྙམ་བློ་ཙམ་གྱིས་ལ་མི་ཆོད་དེ། དེའི་དུས་ཀྱི་རྣལ་འབྱོར་པས་ལྟ་བ་རྟོགས་པ་གདེངས་ཆུད། ཏིང་ངེ་འཛིན་སྤྲོས་པ་མཐར་ཕྱིན་པ་ཡན་ཆད་སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱས་པའང་བཏུབ་སྟེ། དེ་དག་གི་སྐབས་ཀྱི་ཏིང་ངེ་འཛིན་ནི། བསྒོམ་བྱ་སྒོམ་བྱེད་བྲལ་བའི་རིག་པ་རང་སྣང་ཁོ་ན་ཡིན་ཞིང་བཙལ་བ་མེད་པས་མི་འགག་པ་ཁོ་ནའོ། །དེས་ན་སྤྱོད་པ་སྤྱད་པའི་ཏིང་ངེ་འཛིན་ཉམས་སུ་མྱོང་བའི་ལྟ་བས་བློ་བྱས་ཀྱི་དེ་ཡིན་སྙམ་པའི་ཏིང་ངེ་འཛིན་གྱི་ཉམས་ཀྱིས་བསྒོམས་ནས་གཅིག་བསྒོམ་པ་ལྟ་བུ་མ་ཡིན་ཏེ། རྩོལ་བ་བྲལ་བས་བསྒོམ་བྱ་སྒོམ་བྱེད་མ་དམིགས་པར་རང་སྣང་དུ་ལྷུན་གྱིས་གྲུབ་པའོ། །དེའི་གཏན་ཚིགས་ཀྱང་ཡན་ལག་དབང་པོ་རྣམ་ཤེས་ལ་སོགས་ཏེ། ཕྱི་ནང་གི་ཆོས་ཐམས་ཅད་སེམས་རང་རིག་པ་ཉིད་རང་སྣང་བས་རྟོགས་ཏེ་བརྟན་ནས་སྣང་བྱ་སྣང་བྱེད་མ་དམིགས་པ་ནི་ལྟ་བའི་ངོ་བོའོ། །དེ་དག །རྣམ་སྨིན་ཞེས་པས། གཟུང་འཛིན་ཐ་མལ་པའི་ཡུལ་གྱི་རྣམ་པ་བཟང་ངན་བར་མ་གསུམ་དུ་མི་དམིགས་ཏེ། གཏན་ཚིགས་ནི་སེམས་རང་རིག་པར་དབྱེར་མེད་པས་དེ་ཉིད་ལ་ཡུལ་དང་ཡུལ་ཅན་མེད་པ་དང་། དེའི་དབང་གིས་འདུ་ཤེས་ཀྱི་གཟུང་འཛིན་ལས་གྲོལ་བ་དང་། མཉམ་པ་ཉིད་ཀྱི་ངང་ལས་མ་དམིགས་པའོ། །དེ་ལས་གྲོལ་བའི་ངོ་བོ་གང་ཡིན་ན་སྣང་སྟོང་མཉམ་པ་ཉིད་སེམས་ཉིད་རང་རིག་པའི་ངང་དུ་གསལ་བ་ནི། ཨཱོཾ་ཡི་གེ་ཆ་ལྔ་པ་ཡི་གེའི་བདག་ཉིད་སྣང་སྟོང་དབྱེར་མེད་ཅེས་བྱ་སྟེ། སྣང་འཛིན་སྟོང་འཛིན་དག་མ་དག་གཉིས་འཛིན་ཐམས་ཅད་དག་སྟེ་བཙལ་ཀྱང་མ་རྙེད་བྱས་ཀྱང་ནམ་མཁའ་གཟུགས་སུ་མི་སྣང་བ་དང་འདྲ་བར་ལྷུན་གྱིས་གྲུབ་པའི་རང་རིག་པ་རང་བྱུང་གི་བདག་ཉིད་ནི་ཡེ་ཤེས་ལྔར་སྣང་སྟེ། དངོས་པོ་ཐམས་ཅད་དང་བྲལ་བས་མཐའ་སྟོང་བས་སྟོང་པ་ཉིད་ཀྱི་ཡེ་ཤེས། སྟོང་པའི་མཐའ་མ་ཡིན་པར་རང་གསལ་བའི་བདག་ཉིད་དུ་བཞུགས་པས་མེ་ལོང་ལྟ་བུའི་ཡེ་ཤེས། རང་གསལ་བ་ཉིད་ཅིར་ཡང་མི་འགག་པར་སྣང་བ་སོ་སོར་རྟོགས་པའི་ཡེ་ཤེས། དགོས་པ་ཐམས་ཅད་ཚིམ་པར་བྱེད་པ་བྱ་བ་གྲུབ་པའི་ཡེ་ཤེས། ཇི་ལྟར་སྣང་ཡང་ཆོས་ཀྱི་དབྱིངས་ལས་མ་གཡོས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས། དེས་ན་དབང་པོ་དང་རྣམ་ཤེས་མ་འགག་ཡུལ་ཅན་གྱི་ཆོས་ཐམས་ཅད་སྤྱོད་པ་ལ་རོལ་བདོ་བའི་དུས་སུ། ༀ་དུ་ཤེས་པར་བྱ་ཞེས་པས། ཡེ་ཤེས་ལྔའི་ངོ་བོ་དེ་ཉིད་རང་གསལ་བའི་དགོངས་པ་ཉམས་སུ་ལོན་པ་ལ་ནི་ཤེས་པར་བྱ་ཞེས་སོ། །དེ་ལ་རྒྱུད་འདིའི་གཞུང་གིས་མ་བསྒྱུར་རྣལ་མའི་དཀྱིལ་འཁོར་ཞི་བ་དང་། བསྒྱུར་བ་ཁྲག་འཐུང་གི་དཀྱིལ་འཁོར་ཁྲོ་བོ་གཉིས། ཞི་བ་ལ་ཡང་དཀྱིལ་འཁོར་རྒྱས་བསྡུས་ཚོམ་བུ་རྒྱས་བསྡུས་དྲུག །ཁྲོ་བོ་ལ་ཡང་དཀྱིལ་འཁོར་ཚོམ་བུ་གསུམ་དྲུག་ཞི་ཁྲོ་གཉིས་མཉམ་པས། འདིར་ཞི་བ་གཙོ་ཆེ་བར་བཤད་དེ། ཁྲོ་བོ་ཞི་བའི་ཤུགས་ཀྱིས་མགོ་བསྒྲེ་སྟེ། ཤེས་པར་གདམས་པའི་ཕྱིར། ཡོ་བྱད་ཀྱི་སྐབས་འདིར་ཡང་ཞི་བ་དངོས་སུ་བཤད་ནས་ཁྲོ་བོ་ཤུགས་ལས་བསྟན་པའོ། །དེ་ལ་ཞི་ཁྲོ་གཉིས་ཀའི་སྐབས་སུ་མཆོག་གི་བསྒྲུབ་པ་ཉམས་སུ་བླང་བའི་དུས་སུ་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་གཙོ་བས་བསྒྲུབ་པ་དངོས་གཞི་ཁྲོ་བོའི་དཀྱིལ་འཁོར་ཡིན་ཀྱང་། ལོངས་སྤྱོད་རྣམས་ཞི་བའི་དཀྱིལ་འཁོར་བྱས་ཀྱང་མི་སྟོ་སྟེ། ཞི་ཁྲོ་གཉིས་དབྱེར་མེད་པའི་ཕྱིར་ཁྲོ་བོའི་དཀྱིལ་འཁོར་ཡང་བཤད་དེ། གོང་དུ་ལྟ་བ་བསྟན་ནས་ཏིང་ངེ་འཛིན་དངོས་ནི། འདིར་བསྐྱེད་པའི་རིམ་པའི་ལམ་ཡིན་པའི་དབང་གིས་ཡན་ལག་ལྔའམ་རྣམ་ཤེས་ལྔ་རྣམས། རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཞེས་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཡང་དག་པར་རྫོགས་པའི་དཀྱིལ་འཁོར་ནི་རིགས་ལྔ་ཉིད་དུ་བསྒོམ་ཞེས་བྱའོ། །ཡང་ན་ཞེས་པ། ཞི་བ་ལས་དགར་ཏེ། ཁྲོ་བོའི་བསྒྲུབ་པ་ཡིན་ན་ཁྲག་འཐུང་ལྔའི་དཀྱིལ་འཁོར་དུ་བསྒོམ་མོ། །ཡུལ་ལྔ་བརླབ་པ་ནི། གཟུགས་སྒྲ་དྲི་རོ་རེག་ལ་སོགས། །ཞེས་པ་ཡུལ་བརླབ་པ་སྟེ། ཡུལ་ལྔ་པོ་དེར་ཆོས་ཐམས་ཅད་མ་འདུས་པ་མེད་པར་སོགས་ཁོངས་སུ་གོང་མ་རྣམས་བསྡུ་བ་སྟེ། འོན་ཀྱང་གོས་རྒྱན་བཟའ་བཏུང་ལོགས་སུ་དགར་བའང་མི་འགལ་ལོ། །དེའི་ལྟ་བ་ནི་གོང་དུ་ཡུལ་ཅན་གྱི་སྐབས་སུ་བཤད་པའང་འགྲེ་སྟེ། བདག་ཉིད་ཆེན་པོ་ལས་མི་གཞན་པའི་ཕྱིར། རྣམ་སྨིན་ནི་ཐ་མལ་པའི་འདུ་ཤེས་དག་པའོ། །དེའི་ངང་ལས་སྣང་བྱ་སྣང་བྱེད་མེད་པར་རང་སྣང་དུ་གསལ་བ་ནི་དབྱིངས་གསུམ་ལས་མཉམ་པ་ཉིད་ཀྱི་དབྱིངས་ཏེ། དབྱིངས་མཚོན་པ་ནི་ཡི་གེ་མཱུྃ་དུ་ཤེས་པར་བྱའོ། །ཤེས་པ་ནི་རྟོགས་པ་མངོན་དུ་གྱུར་ནས་གསལ་བའོ། །ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཞེས་པ་ཡུལ་ལྔ་སྣང་ཙམ་ཉིད་ན་ཀུན་ཏུ་བཟང་མོ་ལ་སོགས་པ་ཡུམ་ལྔར་བསྒོམས་ནས། ཡུལ་དང་རྣམ་ཤེས་འཛོམ་པའི་མྱོང་བ་རིགས་ལྔ་ཡབ་ཡུམ་ཐབས་དང་ཤེས་རབ་དབྱེར་མེད་པ་དགོངས་པ་གསལ་བའོ། །ཡང་ན་ཁྲོ་མོའི་དཀྱིལ་འཁོར་བསྒོམ། །ཞེས་པ། ཁྲོ་བོའི་བསྒྲུབ་པ་ཡིན་ན་ཁྲག་འཐུང་ཡུམ་ལྔར་བསྒོམ་པའི་དགོངས་པ་ཞི་བ་དང་མཐུན་ནོ། །དེ་ཡན་ཆད་ནི་སྤྱིར་འགྲོ་བ་སྟེ་ཚོགས་ཀྱི་སྤྱོད་པའི་དུས་སུ་ལྟ་བསྒོམ་སྤྱིའི་བདག་ཉིད་དུ་ཤེས་པར་བྱའོ། །ཚོགས་ཀྱི་ཡོ་བྱད་བཞི་སོ་སོར་བྱིན་གྱིས་བརླབ་པའི་ཕྱིར། གོས་རྒྱན་བཟའ་བཏུང་གླུ་དང་ཚིག །ཞེས་པ་ལ་སོགས་པ། ཞི་བའི་སྐབས་སུ་གོས་ནི་མནབས་པའི་ཡན་ལག་སྟེ་དར་ཟབ་དང་སྤུ་སླག་ལ་སོགས་པ་རྣམས་སོ། །རྒྱན་ནི་རིན་པོ་ཆེའི་རྒྱན་ལ་སོགས་པ་ལྔའོ། །བཟའ་བ་ནི་ཞལ་ཟས་ཀྱི་ཚོགས་ཤ་ཐུད་དང་གཡོས་ཀྱི་ཚོགས་སོ། །བཏུང་བ་ནི་འབྲས་ཆང་དང་རྒུན་ཆང་ལ་སོགས་པ་རྣམས་སོ། །གླུ་ནི་གྲེ་བའི་འགྱུར་ཀ་གཞན་གྱི་ཡིད་འཕྲོག་པར་བྱེད་པའི་ངག་གོ། །ཚིག་ནི་བསྟོད་པ་དང་དངོས་སུ་སྐྱེ་མེད་སྟོན་པར་བྱེད་པའི་ཚིགས་རྣམས་སོ། །བྲོ་ནི་རྐང་པའི་ལས། གར་ནི་ལག་པའི་ལས་ཏེ་རིགས་སོ་སོའི་བྲོ་གར་རྒྱུད་གཞུང་རྣམས་ནས་སྟོན་པ་དང་། རིགས་སྤྱིའི་བྲོ་གར་ནི་རྒྱས་པའི་རྒྱུད་ནས་ལེའུ་གཅིག་གིས་སྟོན་པ་དེ་དག་གོ། །དེ་དག་མང་ཞིང་བུང་ཆེ་བར་བྱ་བའི་ཕྱིར་ཀུན་ཚོགས་པ་ལ་ནི་ཚོགས་ཞེས་བྱའོ། །བུངས་ཆེ་བ་ལ་ནི་སྤྲིན་དཔུང་ཞེས་སྨོས་སོ། །ཧཱུྃ་དུ་ཤེས་པས་རབ་སྤྱད་ན། །ཞེས་པ། གོང་དུ་བཤད་པ་ལྟར་རང་རིག་རང་སྣང་དུ་དགོངས་པ་ལྷུན་གྱིས་གྲུབ་པ་ནི་ཧཱུྃ། རིག་པ་རང་སྣང་བས་ཧཱུྃ་དུ་ཞེས་བྱ་སྟེ། རབ་སྤྱད་ནི། སྤྱོད་པའི་དུས་སུ་རབ་ཏུ་སྤྱད་པ་ནི། གཟུང་འཛིན་གྱིས་མ་གོས་པ་ཡིན་ཏེ། སྤྱོད་བཞིན་དུ་མ་ཆགས་པ་སྤྱོད་བྱ་སྤྱོད་བྱེད་མེད་པར་ཉ་ཆུ་ལས་འཕྱོ་བ་ཁ་གཏིང་གར་ཡང་ཆུ་ལས་མི་འདའ་བ་བཞིན། སྤྱོད་པའི་དངོས་པོ་ཅི་སྤྱད་ཀྱང་ལྟ་བ་ལ་འཕེལ་འགྲིབ་མེད་པའོ། །བྱ་ནམ་མཁའ་ལ་འཕུར་བ་བདེ་བླག་ཏུ་དབང་བསྒྱུར་ཞིང་རྗེས་ལ་འཛིན་པ་མེད་པ་བཞིན། སྤྱོད་པའི་དངོས་པོ་ཇི་ལྟར་སྤྱད་ཀྱང་ལྟ་སྤྱོད་སྒོམ་གསུམ་གྱི་ངང་ལ་ཚོགས་གཉིས་རྒྱུ་འབྲས་མེད་པར་ཅིག་ཅར་རྫོགས་ཏེ། མ་འགག་པར་རང་སྣང་བ་བསོད་ནམས། མ་དམིགས་པ་ཡེ་ཤེས་དེ་གཉིས་ཀྱང་ཅིག་ཅར་དུ་ལྷུན་གྱིས་གྲུབ་པ་ནི་ཐེག་པ་འོག་མའི་སྤང་བྱ་འདིར་ཚོགས་གཉིས་ལྷུན་གྱིས་གྲུབ་པ་ནི་ངོ་མཚར་ལ་དེ་བས་ཆེ་བ་མེད་ན། མཉམ་པ་ཉིད་ཀྱི་མཆོད་པ་ཞེས་བྱ་སྟེ། ཡུལ་དང་བྲལ་བའི་མཉེས་པ་ཆེན་པོ་མཆོད་པའི་འབྲས་བུ་ལྷུན་གྱིས་རྫོགས་པའོ། །འབྱུང་བའི་དཀྱིལ་འཁོར་མཉེས། །ཞེས་པ། དངོས་གྲུབ་ཐམས་ཅད་འབྱུང་བའི་དཀྱིལ་འཁོར་ཉིད་སྤྱོད་པ་ཉམས་སུ་ལོན་པས་ཕུལ་བ་མེད་པར་མཉེས་པའི་མཆོག་འབྲས་བུ་སྣང་བའོ། །ཨཱ་ལིའི་སྤྱད་ཐབས་དངོས་ནི། ལྷ་མོ་ཀླུ་མོ་རིགས་ངན་མོ། །ཞེས་པ་ལ་སོགས་ཏེ། དེའི་དུས་སུ་འདི་དག་དངོས་སུ་བཀུག་པ་ཡང་ཡིན་ལ། ཡང་ལོ་གྲངས་ཀྱི་དབང་དུ་བྱས་པ་ཡིན་ན། ལྷ་མོ་ཀླུ་མོ་གསུམ་གྱི་ཐད་སོར་ལོ་བཅུ་གཉིས་མ་དང་། བཅུ་དྲུག་མ་དང་། ཉི་ཤུ་མ་དང་གསུམ་མོ། །མཚན་རབ་འབྲིང་གསུམ་ལས། དུང་ཅན་མ་དང་། མཉམ་མ་དང་། ཞར་མ་གསུམ་མོ། །ཡང་ན་ཟླ་བ་དང་ཉི་མ་དང་གཉིས་ཀ་དང་གསུམ། ཡང་ན་ཐབས་ཀྱི་སྒོ་ནས་ཀྱང་སྟོན་ནོ། །དབྱེ་འམ་ཡང་ན་མི་དབྱེ་བར། །ཞེས་པས། དབྱེའམ་ཞེས་པ་ནི་རང་གི་རྟོགས་པའི་ངོ་སྟེ། ལྟ་བ་དང་ཏིང་ངེ་འཛིན་དང་སྤྱོད་པའི་ངང་ལ་སྤང་བླང་གི་ཆ་ཡོད་ན་དབྱེ་ལ་བཟང་ན་གདམ། མི་དབྱེ་ཞེས་པ། དགོངས་པ་ལ་བཟང་ངན་གྱི་འདུ་ཤེས་དང་བྲལ་ན་མི་དབྱེ་བའོ། །ཉམས་སུ་བླང་བའི་ཐབས་དངོས་ནི། དེ་ལ་བསྙེན་པ་ནི་འདིར་སྦྱོར་བའི་བསྙེན་བསྒྲུབ་བཞི་སྟེ། རྙེད་ན་ལུས་ངག་ཡིད་གསུམ་གྱི་ཆོས་ཀྱིས་བརྟན་པར་བྱ་བ་སྟེ། ལུས་ཀྱི་སྒོ་ནས་ཟས་བསྲུང་དྲི་བཟང་གིས་ཁྲུས་བྱ། བསྟན་བཅོས་སྦྱང་། ངག་གི་སྒོ་ནས་སྔགས་དང་བརྡ་ཚིགས་དང་ཐ་མལ་པའི་འདུ་ཤེས་མི་བརྗོད་པོར་བསླབ། སེམས་ཀྱི་སྒོ་ནས་ཏིང་ངེ་འཛིན་དང་སེམས་ཀྱི་ལས་རྣམས་བསླབ་སྟེ་གོམས་པར་བྱས་པ་ནི་བསྙེན་པའོ། །ཡོ་བྱད་གོས་རྒྱན་དང་བཟའ་བཏུང་གི་ཚོགས་ཀྱིས་མཉེས་པར་བྱས་པ་དང་། ཀ་ར་ནའི་ཆོས་ཀྱིས་ཡེ་ཤེས་རྒྱས་པ་ནི་ཉེ་བའི་བསྙེན་པའོ། །མུ་དྲ་བཞིས་རོལ་ཏེ། ཕྱག་རྒྱ་བཞིའི་དོན་དངོས་ཉམས་སུ་བླངས་པ་ནི་བསྒྲུབ་པའོ། །ཉམས་སུ་བླང་བའི་དུས་སུ་བདེ་བའི་ཡེ་ཤེས་ལ་སྒོ་མ་བཞི་དང་། སྒེག་མོ་བཞི་དང་། མཉེས་པའི་ལྷ་མོ་བཞི་དང་བཅུ་གཉིས་ཉམས་སུ་མྱོང་ནས་སེམས་ལ་འབེབས་པའི་ཚེ། ཉི་ཟླ་གཉིས་ལྕེ་རྡོ་རྗེ་རྩེ་ལྔ་པར་བྱིན་གྱིས་བརླབས་པས་བླངས་པ་ནི་བསྒྲུབ་པ་ཆེན་པོ་སྟེ། དེ་ཉིད་གསལ་བར་བསྟན་པའི་ཕྱིར། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །ཞེས་པ་ལ་སོགས་པ་གསུངས་ཏེ་ཡུམ་ནི་དངོས་སོ། །པདྨ་ནི་སྣ་རྩེར་ཡུངས་འབྲུའི་གཞལ་ཡས་ཁང་ངོ་། །དཀྱིལ་འཁོར་ནི་དེང་ལྷ་ཞེ་གཉིས་སམ། ཡང་ན་བདུན་ཅུའམ། བཞི་བཅུ་རྩ་དྲུག་གམ། བཅོ་བརྒྱད་ཀྱི་ལྷ་གང་ཡིན་པ་མཁའ་ཉིད་བྷྲཱུྃ་ལས་གཞལ་ཡས་ཁང་གདན་དང་བཅས་པར་གྱུར་ནས། དེར་བྱང་སེམས་ལས་ཡིག་འབྲུ་རྣམས་གདན་ཐོག་ཏུ་བཀོད། དེ་ལས་ཐུགས་ཕྱག་རྒྱ། དེ་ལས་སྐུ་རྫོགས་པར་བསྐྱེད་ན། དབྱིངས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་བསྟིམ་དབྱེར་མེད་པ་ལ། བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན། ལྷན་ཅིག་སྐྱེས་པའི་དགའ་བའི་བདེ་བ། རྟེན་དང་བརྟེན་ཅན་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ནི་ཐུགས་ཀྱི་བདག་ཉིད་ཡིན་པས་ཐུགས་ཀྱི་ཞེས་བྱའོ། །དཀྱིལ་འཁོར་སྤྲོ་ཞིང་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁའ་ལ་སྤྲོས་པ་ལས། མཁའི་དཀྱིལ་འཁོར་ཐམས་ཅད་ཀྱང་དེའི་རོ་མྱོང་བར་བསྒོམ་པ་ནི་མཆོད་པའོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། །ཞེས་པ། ཕྱོགས་བཅུའི་བུདྡྷ་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་མཁའི་དཀྱིལ་འཁོར་དུ་འདུས་པའམ། དཀྱིལ་འཁོར་ཐམས་ཅད་ཀྱི་རྩ་བ་ཡིན་པས་མཁའི་དཀྱིལ་འཁོར་མཉེས་པས་བུདྡྷའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ལ་དགྱེས་པ་ཆེན་པོའི་ལོངས་སྤྱོད་ཀྱིས་མྱོང་ནས་མཉམ་པ་ཆེན་པོའི་མཆོད་པ་མཆོག་ཏུ་འགྱུར་རོ། །ཡང་། མཆོག་གི་སྦྱིན་པས་བསྟིམ་ཞེས་པ། རྒྱལ་བ་དེ་ལྟར་མཉེས་བས་ཁམས་གསུམ་གྱི་རྟོག་ཚོགས་ལའང་བདེ་བ་ཆེན་པོའི་རོ་མྱོང་བར་འགྱུར་པས་སྦྱིན་པས་བསྟིིམ་ཞེས་བྱའོ། །དེ་ནས་བསྒྲུབ་པ་ཆེན་པོ་དངོས་གྲུབ་བླང་བ་ནི། བསྒྲུབ་པ་ཉི་ཟླའི་སྙིང་པོ་དེ། །ཞེས་པ། ཐབས་དང་ཤེས་རབ་དབྱེར་མེད་པ་ཕྱག་རྒྱ་བཞི་ཡིས་རོལ་པ་ཉམས་སུ་བླངས་པ་ནི་སྒྲུབ་པ་ཞེས་བྱའོ། །ཉི་ཟླའི་སྙིང་པོ་ནི་ཉི་ཟླ་གཉིས་གཅིག་ཏུ་འདྲེས་ཏེ། སྙིང་པོ་ནི་དེ་ཉིད་ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་གསལ་བའོ། །དཀྱིལ་འཁོར་ནི་རྟེན་ཅན་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་རྟེན་ཉི་ཟླ་གཉིས་འདྲེན་པའོ། །རྡོ་རྗེ་ལྕེ་ཡིས་བླང་ཞེས་པ། འདིར་ཐབས་གཉིས་ཏེ། རྡོ་རྗེ་ཉིད་ལྕེའི་ངོ་བོ་ཡིན་པས་རླུང་ལ་དབང་ཐོབ་པའི་སྐྱེས་བུས་རྔུབས་ནས་ལུས་ཀྱི་གནས་རྣམས་སུ་བཀྲམས་པ། རྟོག་ཚོགས་བཞི་བཅུ་རྩ་གཉིས་སྐུ་དང་ཡེ་ཤེས་སུ་གསལ་བ་ནི་དངོས་གྲུབ་བོ། །དེ་མི་ནུས་པ་རྣམས་ཀྱི་དོན་དུ། རྡོ་རྗེ་ལྕེ་ཡིས་བླང་ཞེས་པ། ལྕེ་ལ་རྡོ་རྗེ་རྩེ་ལྔ་པ་བསྒོམས་ནས་དེས་ལེན་པ་སྟེ། བླངས་པའི་ཡོན་ཏན་ནི། འདིར་ཡོན་ཏན་སྤྱི་ཁྱབ་ཡིན་ཀྱང་། ལྕེ་རྡོ་རྗེར་བསྒོམས་ནས་བླངས་པའི་ཡོན་ཏན་ནི། མཁའ་འགྲོ་ཞེས་པས། ནམ་མཁའ་ལ་བྱ་བཞིན་དུ་ཐོགས་པ་མེད་པར་འགྲོ་བ་དང་། གསལ་འབར་ཞེས་པས། ལུས་ཤིན་ཏུ་གསལ་ཏེ་གཞན་གྱི་ཡིད་དུ་མི་འོང་བ་མེད་པ་དང་། ལུས་ལ་འོད་འབར་བ་འདོད་ཁམས་ཀྱི་ལྷའི་རྒྱལ་པོ་ལྟ་བུ་དང་། ཚེ་རིང་སྟེ་ཉི་ཟླ་དང་མཉམ་པ་དང་། སོགས་ཁོངས་སུ་མཐོང་སྣང་གི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པར་བསྟན་ཏེ་ཐུན་མོང་ཤས་ཆེ་བ་ལྟ་བུའོ། །རྡོ་རྗེ་དངོས་ཀྱིས་བླངས་པའི་འབྲས་བུ་ནི། ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞེས་པ་རིགས་ཀྱི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོར་གྱུར་ནས། གཞན་དོན་གྱི་མཛད་པ་རྟོག་པ་མེད་ཀྱང་དགོས་འདོད་སྐོང་བ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་དང་། དེའང་རྒྱུན་ཆད་མེད་པར་མང་ལ་གཏིབས་པ་སྤྲིན་ཕུང་ལྟ་བུར་འགྱུར་རོ། །ཡང་ན་གོང་མ་ནི་གནས་སྐབས་ཀྱི་འབྲས་བུ་ཡིན་ལ། འོག་མ་ནི་མཐར་ཐུག་གི་འབྲས་བུའོ། །ཀཱ་ལིའི་ཕྲིན་ལས་ཀྱི་སྤྱོད་པ་སྟོན་ཏེ། ཞིང་གྱུར་མཆོག་དང་མཆོག་ཕྲན་རྣམས། །ཞེས་པ་ཞིང་ནི་གཉིས་ཏེ། བཀྲ་ཤིས་དག་པའི་ཞིང་དང་། ཐུགས་རྗེའི་ཞིང་གཉིས་སོ། །བཀྲ་ཤིས་དག་པའི་ཞིང་ནི་ཕ་སྐྱེ་བ་བདུན་པ་ལྟ་བུ་སྟེ། རྟེན་འབྲེལ་གྱིས་དངོས་གྲུབ་སྣང་བའོ། །འདིར་ཐུགས་རྗེའི་ཞིང་སྟེ། བསྒྲལ་བའི་ཞིང་བཅུ་ལྟ་བུའོ། །དེ་ལ་མཆོག་དང་མཆོག་ཕྲན་ཞེས་བརྗོད་པས། མཆོག་བདུན་ནི་དཀོན་མཆོག་གསུམ་ལ་གནོད་པ་དང་། རྡོ་རྗེ་སློབ་དཔོན་ལ་གནོད་པ་དང་། རྩ་བའི་དམ་ཚིག་ཉམས་ནས་རྡོ་རྗེ་དམྱལ་བར་འགྲོ་ངེས་པ་ལྟ་བུ་དང་། བནྡེ་ཡིན་ཀྱང་དམ་ཚིག་མི་བསྲུང་བ་དང་། དགེ་བ་བྱེད་པ་ཐམས་ཅད་ཀྱི་བར་གཅོད་བྱེད་པ་དང་། སེམས་ཅན་ཡོངས་ལ་གནོད་པའི་མི་ནག་ལྟ་བུ་དང་། དམ་ཚིག་ཅན་གཅིག་པའི་དགྲ་བྱེད་ཅིང་ཆོས་བྱེད་པའི་དགྲ་བྱེད་པ་དང་བདུན་ནི་མཆོག་ཆེན་ནོ། །ངན་སོང་གསུམ་ནི་མཆོག་ཕྲ་བ་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་ཡུལ་ལོ། །ཐབས་ནི། ཉི་ཟླའི་དཀྱིལ་དུ་མཁས་པས་བཞག །ཅེས་པ། ཨེ་གྲུ་གསུམ་གྱི་ཐོག་ཏུ་ཉི་ཟླ་བསྒོམ་སྟེ། མཁས་པས་ཞེས་པས། ཧེ་རུ་ཀའི་ཏིང་ངེ་འཛིན་མ་ཡེངས་པར་འཁོར་བ་རུ་བཟློག་པའི་ཚུལ་དུ་གནན་པའོ། །ཡང་ན་ཉི་ཟླ་གཉིས་ནི་གནས་སྤར་བའི་དུས་སུ་ཡང་འགྲོའོ། །ང་རྒྱལ་ལག་གི་འདུ་བྱེད་བསྒོམ། །ཞེས་པ་རང་ཉིད་ཡི་དམ་ལྷའི་ང་རྒྱལ་དང་ལྡན་པ་ནི་ང་རྒྱལ་ལོ། །ལག་གི་འདུ་བྱེད་བསྒོམ་པ་ནི། རང་ཉིད་ཡི་དམ་གྱི་ཏིང་ངེ་འཛིན་དང་ལྡན་པས་ལག་པ་གཡས་པའི་སོར་མོ་ལ་ཡབ་ལྔའི་ས་བོན། གཡོན་པ་ལ་ཡུམ་ལྔའི་ས་བོན། དེ་བཅུ་ལས་རིགས་ལྔ་ཡབ་ཡུམ་བཅུར་བསྒོམ་སྟེ། ཐབས་དང་ཤེས་རབ་དབྱེར་མེད་པའི་འོད་ཟེར་གྱིས་བསྒྲུབ་བྱའི་སྙིང་ག་ན་གནས་པའི་འགྲོ་བ་རིས་དྲུག་གི་ས་བོན་བསྲེགས་ཏེ་སྦྱངས་ནས་སེམས་མི་ཤིགས་པའི་ཐིག་ལེའི་ངོ་བོ་ཉིད་ཧཱུྃ་དེ་ཉིད་རྣམ་ཤེས་རྣམ་པར་དག་པའི་ངོ་བོའོ། །དེ་ནས། དབྱིངས་སུ་ཐིམ་ནས་ཕྱག་རྒྱར་འབར། །ཞེས་པ་བདག་གི་ཤངས་སུ་ཐིམ་ནས་ཀླད་པ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་དབུས་ནས། ཞེས་པ་ནི་དབྱིངས་སུ་ཐིམ་པའོ། །ཕྱག་རྒྱར་འབར་བ་ནི། ཀླད་པ་ནས་སྒལ་པ་ལ་བརྒྱུད། གསང་བའི་རྡོ་རྗེ་ནས་ཡུམ་གྱི་མཁའ་ལ་ཕབས་ཏེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་བསྟིམས་ཏེ་བག་ཆགས་དག་པར་བྱས་པས་ཧཱུྃ་ལས་ཐུགས་དམ་ཚིག་གི་ཕྱག་རྒྱ་འོད་འབར་བ་དང་བཅས་པ་རྡོ་རྗེ་རྩེ་ལྔ་པར་གྱུར། དེ་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཏེ། འོད་ཟེར་འཕྲོ་བས་བརྗིད་ཅེས་པ། དངོས་ཀྱི་ཉོན་མོངས་པ་ལྔ་གནས་སུ་དག་པ་སྐུ་ཆུང་ངུ་འོད་ཟེར་སྣ་ལྔ་དང་ལྡན་པར་བསྒོམ། གཙུག་ཏུ་རྣམ་པར་རྒྱལ་བར་བསྒོམ། །ཞེས་པ་རྡོ་རྗེ་སེམས་དཔའི་སྤྱི་གཙུག་ཏུ་ཀུན་ཏུ་བཟང་པོའི་སྐུ་ཚོན་གང་བ་གཅིག་བསྒོམ་པ་ནི། བསྒྲུབ་བྱ་ཉིད་འཁོར་བ་ལས་རྒྱལ་བའི་རྟགས་སོ། །དེ་ནས་ཉི་ཟླའི་དཀྱིལ་འཁོར་ཁ་སྦྱར་དུ་བཅུགས་ནས་འོག་མིན་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་འཕང་ངོ་། །ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཞེས་པ། ཡོ་ག་མན་ཆད་ཀྱི་ཐེག་པ་ལ་མེད་ཅིང་། དེ་དག་གི་འགལ་རྐྱེན་དུ་གྱུར་པའི་མཛད་པ་འདི་ངོ་མཚར་ཆེ་ཞེས་བྱའོ། །དེའི་གཏན་ཚིགས་ནི། ཁོ་དག་ལ་ངན་སོང་གི་རྒྱུ་མ་གཏོགས་པ་མཐོ་རིས་དང་ཐར་པའི་ས་བོན་ཙམ་ཡང་མེད་པ་ལས་ཐེག་པ་འདི་ཉིད་ཀྱི་སྟོབས་ཀྱིས་ཐར་པའི་ས་ལ་བཀོད་པ་སྟེ་ངོ་མཚར་ཆེ་ཞེས་བྱའོ། །བརྩད་པའི་སྐྱོན་སྤང་བ་ནི། ལུས་སེམས་ཕྲལ་བ་ནི། ངན་སོང་གསུམ་གྱི་རྒྱུ་ཡིན་པས་དེར་མི་འགྲོའམ་ཞེ་ན་མི་འགྲོ་བར་བསྟན་པ་ནི། ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །ཅེས་པ། སྤྱོད་པ་དེ་དག་གི་ངོ་བོ་ཡེ་ནས་ཡིན་ཚུལ་གྱི་སྣང་བ་ནི། ཆོས་ཐམས་ཅད་ཡེའམ་ཐོག་མ་ནས་རྒྱུ་རྐྱེན་དང་བྲལ་བས་སྐྱེ་མེད་དེ་ཁོ་ན་ཉིད་སེམས་ཀྱི་དེ་བཞིན་ཉིད་དུ་ཡེ་ནས་ཡིན་པའོ། །སྒྱུ་མར་སྣང་བ་མིག་ཡོར་ཚུལ། །ཞེས་པ། གཞི་དེ་ཉིད་ལས་སྒྱུ་མ་རྒྱུ་རྐྱེན་གྱིས་བསྐྱེད་པའི་ཚུལ་བཞིན་དུ། རང་གི་མ་རིག་གཉིས་ཀྱིས་རྒྱུ། ལས་དང་ཉོན་མོངས་པས་རྐྱེན་བྱས། རྒྱུ་རྐྱེན་འདུས་པ་ཙམ་ལས་འཁོར་བའི་འཁྲུལ་འཁོར་སྣང་བ་ནི། ངོ་བོ་ལ་སྣང་བྱ་སྣང་བྱེད་མེད་ཀྱང་འཁྲུལ་ངོའི་ཤེས་པ་ཙམ་སྒྱུ་མ་ལྟ་བུར་སྣང་བའོ། །དེ་ལ་ངོ་བོ་ཉིད་མེད་པ་ལ་ཡོད་པར་མཐོང་བ་ནི། མིག་ཡོར་ཚུལ་ཞེས་པས། ཐོ་ཡོར་ལས་མིར་སྣང་ནས་འཁྲུལ་པའི་ཤེས་པ་བསྐྱེད་པ་ལྟ་བུའོ། །དེའི་དབང་གིས་སྒྱུ་མ་དང་མིག་ཡོར་ལྟ་བུར་རྟོགས་པའི་རྣལ་འབྱོར་པས་ལྟ་སྤྱོད་བསྒོམ་གསུམ་མགོ་སྙོམས་པས་འོག་མའི་སྤང་བྱ་ཀུན་བྱས་པ་ལྟ་བུར་སྣང་ཡང་། ཡུལ་དང་ཡུལ་ཅན་བྱ་བྱེད་ཀྱི་ཆོས་རྡུལ་ཕྲ་རབ་ཙམ་ཡང་བྱས་པ་མེད་པར་མཉམ་པ་ཉིད་ཀྱི་ངང་ལས་འདུ་ཤེས་ཐམས་ཅད་དང་བྲལ་ཏེ་གང་དུ་ཡང་མ་གྲུབ་པའོ། །ཁྲོ་བོའི་དཀྱིལ་འཁོར་བསྡུས་ཏེ་བསྟན་པ་ནི། འོག་ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་པོ། །ཞེས་པ་ལ་སོགས་ཏེ། འདིར་ཚོམ་བུ་རྒྱས་བསྡུས་ཀྱི་གྲངས་དང་། བསྙེན་པ་ཉེ་བསྙེན་བསྒྲུབ་པ་སྒྲུབ་པ་ཆེན་པོ་བཞི་དང་། ཡོ་བྱད་ལྔ་ལ་སྤྱད་ཐབས་རྣམས་ནི་རྣལ་འབྱོར་པ་ཁྲོ་བོར་བསྒོམ་པ་ཙམ་མིན་པས་ཐམས་ཅད་མཐུན་པའི་ཞི་བས་བསྒྲེའོ། །དེ་ལ་ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་པོ། །ཞེས་པ་ནི་ཁྲོ་བོ་ཁྲག་འཐུང་ཡབ་ལྔའོ། །ཁྲོ་མོ་ནི་ཁྲག་འཐུང་ཡུམ་ལྔའོ། །དེ་ཡང་ཚོམ་བུ་རྒྱས་པའི་དབང་དུ་ན་ལྷ་ལྔ་བཅུ་ཁྲོ་བོ་ཁྲོ་མོ་ལྔ་བཅུའོ། །འབྲིང་པོའི་དབང་དུ་བྱས་ནས་ཁྲོ་བོ་ཁྲོ་མོ་སུམ་ཅུའོ། །ཆུང་ངུའི་དབང་དུ་བྱས་ན་ཁྲོ་བོ་ཡབ་ཡུམ་བཅུའོ། །དེ་ལ་ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་པོ་ཞེས་བྱའོ། །ཞི་བ་བས་ལྷག་པ་ཁྲོ་བོ་ལ། ཕོ་ཉ་ཕྱག་བརྙན་བཀའ་ཉན་སོགས། །ཞེས་པས། ཕོ་ཉ་ནི་གནས་ཀྱི་ལྷ་མོ་བརྒྱད། ཕྱག་བརྙན་ནི་ཡུལ་གྱི་ལྷ་མོ་བརྒྱད། བཀའ་ཉན་ནི་སྒོ་མ་བཞི་དང་ཉི་ཤུའོ། །ཅི་བགྱིས་ཞེས་པས། ཞི་རྒྱས་དབང་དྲག་གི་ལས་ལ་མངའ་མཛད་པ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། སོགས་ཁོངས་སུ་ཁྲོ་བོ་ཡབ་ཡུམ་ཉི་ཤུ་བསྡུ་བ་སྟེ། རྣལ་འབྱོར་པ་ཕོ་མོ་བདུན་ཅུ་རྩ་བརྒྱད་ཚོགས་པ་རྣམས་ཀྱིས་བསྒྲུབས་ན། དངོས་གྲུབ་ལས་རྣམས་རྫོགས་པར་བྱེད། །ཅེས་པ། ལས་ནི་རྣམ་བཞི་དངོས་གྲུབ་ནི་མཆོག་ཐུན་མོང་གཉིས་ཀ་ཡང་འགྲུབ་བོ་ཞེས་བྱ་བའོ། །ཡོ་བྱད་ལྔ་ལ་སྤྱད་པའི་འབྲས་བུ་ནི། ལེའུ་འོག་མའི་མགོ་སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །ཞེས་པ་ལ་སོགས་པ། སྒྱུ་མ་ནི་སྣང་བཞིན་དུ་མ་གྲུབ་པ་ཤེས་རབ་ཀྱི་བདག་ཉིད་ཡུམ་རྣམས་སོ། །འཕྲུལ་པ་ནི་མེད་བཞིན་དུ་མི་འགག་པར་འཆར་བ་དཀྱིལ་འཁོར་རྒྱས་བསྡུས་ཀྱི་ཐབས་རྣམས་སོ། །དྲྭ་བ་ནི་དབྱེར་མེད་པ་སྟེ་དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད། རྟགས་ཐབས་དང་ཤེས་རབ་གཉིས་སུ་མེད། ལྷ་ཡབ་ཡུམ་ཐབས་དང་ཤེས་རབ་དབྱེར་མེད་པ་སྟེ། ཚོམ་བུ་རྒྱས་བསྡུས་འབྲིང་གསུམ་གང་ཡིན་པའི་སྒོ་ནས་ཚོགས་སྒྲུབ་པར་འདོད་པའི་རྟེན་གྱི་གང་ཟག་གིས། འདི་གཉིས་ཀྱི་ཚོགས་ཀྱི་ལས་རྒྱས་འབྲིང་བསྡུས་གསུམ་ལ་བློ་སྦྱང་སྟེ། སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ཐོབ་པ་དེས་བསྒྲུབ་ཅེས་པ་སྟེ། སྤྱིར་ན་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ལ་བློ་འབྱོངས་ནས་སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ལས་སུ་རུང་བས། གཟོད་སྒྲུབ་པ་ཚོམ་བུ་གསུམ་གང་མོས་ལ་བསྒྲུབ་པ་བྱའོ་ཞེས་ཀྱང་བཤད་དོ། །ཡང་ཞི་བའི་དཀྱིལ་འཁོར་ལ་བློ་འབྱོངས་ནས་སྣང་བ་རྣམ་འབྱེད་ཐོབ་པས། ཁྲོ་བོ་ལ་སྒྲུབ་པ་ཉམས་སུ་བླང་བར་བྱས་ན་དངོས་གྲུབ་ཉེ་བར་སློབ་དཔོན་པདྨས་གསུངས་སོ། །སྤྱིར་སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ལ་གོམས་ན་ལམ་པའི་རིག་པ་རྩལ་རྫོགས་པས་གང་ལྟར་ཡང་འགྲུབ་པ་ལ་ཐོགས་པ་མེད་དོ། །དེས་ན་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་རང་རིག་པའི་མངོན་སུམ་དུ་རྫོགས་པ་སྣང་བ་རྣམ་འབྱེད་མཐར་ཕྱིན་པས་ནི། དཀྱིལ་འཁོར་གང་བསྒོམ་ཡང་ངོ་བོ་ཉིད་དུ་གྱུར་པ་ལ་ནི་བརྟན་པ་ཞེས་བྱ་སྟེ། དེ་ནི་དངོས་གྲུབ་ཀྱི་དངོས་རྒྱུ་ཡིན་པ་སྟེ་སྤྱིར་བསྟན་པའོ། །ཡོ་བྱད་ལྔ་ལ་སྤྱད་ཐབས་འབྲས་བུ་དང་བཅས་པ་སོ་སོར་བསྟན་པ་ནི། བྲོ་གར་ཕྱག་རྒྱའི་འཕྲོ་འདུ་ཡིས། །ཞེས་པ། དཀྱིལ་འཁོར་གནས་ཁང་དང་ས་གཞི་ཐམས་ཅད་རྡོ་རྗེའི་ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་བལྟ་ན་སྡུག་པར་བྱིན་གྱིས་བརླབ། དེ་ནས་རྣལ་འབྱོར་པ་ལྷར་གསལ་བའི་ཡན་ལག་ལྔ་ལ་ལྷ་ལྔ་བཅུའི་དཀྱིལ་འཁོར་བཀོད། ཡན་ལག་གི་ལྷ་ཀུན་གསལ་བར་བྱས་ནས་དར་བེར་དང་སྤུ་སླག་གྱོན། ལུས་པོ་ལ་རྒྱན་གྱིས་བརྒྱན། དེ་ནས་དག་པ་རིགས་ལྔའི་བྲོ་སྟབས་ཀྱིས་ཕྱག་རྒྱ་དང་། ལག་པའི་གར་སྣ་ཚོགས་དང་། དེའི་དུས་སུ་འདུ་འཕྲོ་ཡིས། །ཞེས་པ། འོད་ཟེར་གྱི་འདུ་འཕྲོ་རྣལ་འབྱོར་པའི་ནང་དུ་བསྟིམ་པ་དང་། ཕྱོགས་བཅུར་སྤྲོས་པས་བུདྡྷ་ཐམས་ཅད་ཀྱི་ཐུགས་དམ་བསྐུལ་བ་དང་། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སྦྱང་བའི་འཕྲོ་འདུ་རྒྱུན་མི་ཆད་པར་བྱ་སྟེ། གླུ་ཚིག་སྒྲ་ཞེས་པས། དེའི་དུས་སུ་སྒྱུ་འཕྲུལ་རྒྱས་པ་ལས་འབྱུང་བའི་གླུ་རྣམས་སམ། རྒྱུད་ལུང་སོ་སོ་ནས་འབྱུང་བའི་གླུའི་ཚོགས་རྣམས་ངག་གི་གྲེ་འགྱུར་དང་བཅས་པས་བརྗོད་དོ། །ངག་གི་བརྗོད་པ་དབྱངས་ཀྱི་གྲེ་འགྱུར་གྱི་རྒྱུན་མི་ཆད་པའོ། །ལུས་བྲོ་གར་རྒྱུན་མི་ཆད་པ། སེམས་ལྷ་དང་ཏིང་ངེ་འཛིན་རྒྱུན་མི་ཆད་པ་སྟེ། ཡན་ལག་ལྔ་བསྐྱོད་པའི་དཀྱིལ་འཁོར་ལྔ་ལ་ཡང་སྤྲུལ་པའི་འཕྲོ་འདུ་རྒྱུན་མི་ཆད་པ་སྟེ། ད་ལྟའི་རྣལ་འབྱོར་པ་བཞིན་ཨ་ཐོག་ཧཱུྃ་བཞག་མ་ཡིན། ཏིང་ངེ་འཛིན་མང་པོ་ཞིག་དུས་གཅིག་བསྒོམ་ཡང་མི་གསལ་བ་མེད་པའི་དོན་མངོན་དུ་གྱུར་པ་ཡིན་པས། དེ་དག་གི་འབྲས་བུ་ནི། བྲོ་གར་ཕྱག་རྒྱའི་འཕྲོ་འདུ་ཡིས། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །ཞེས་པས། རི་དང་བྲག་དང་ས་གཞི་ལ་འཛུལ་ཞིང་ཀླུ་ལྷ་མ་ཡིན་ལ་སོགས་པའི་ས་འོག་གི་ཕྱག་རྒྱ་མོ་རྣམས་ལ་སྤྱོད་པ་དང་། ནམ་མཁའ་ལ་བྱ་བཞིན་བྱ་བ་བྱེད་དེ་འགྲོ་ཞིང་ལྷ་དང་གནོད་སྦྱིན་མོ་རྣམས་ལ་སྤྱོད། ལྷ་མ་སྲིན་སྡེ་བརྒྱད་བྲན་གྱི་ཐ་མར་འཁོལ་བར་འགྱུར་རོ། །ནམ་མཁའ་ལ་འགྲོ་ཞིང་གྱེན་དུ་འགྲོ་ནས་གཞན་འཕྲུལ་དབང་བྱེད་དང་། གཟུགས་ཁམས་དང་། འོག་མིན་དུའང་བཞུད་པར་འགྱུར་རོ། །གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཞེས་པ་སྒྲའི་བརྗོད་པ་ཐམས་ཅད་སྐུ་གསུང་ཐུགས་ལས་འདའ་བ་མེད་པ་རང་བཞིན་གྱི་ཕྱག་རྒྱ་ཡིན་ལ། དེ་ཉིད་རྟོགས་པ་མངོན་དུ་གྱུར་བས་དེ་ལས་མི་འདའ་བའི་ཕྱག་རྒྱ་ཡིས། ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་པ། ཆོས་མི་སློབ་པ་རྒྱུན་གྱི་ཏིང་ངེ་འཛིན་མངོན་དུ་བྱས་པས་གདུལ་བྱ་འགྲོ་བ་དྲུག་ལ་སོ་སོའི་སྐད་དང་མཐུན་པར་ཆོས་སྟོན་པར་འགྱུར་པ་དང་། ཡང་ཕྱོགས་བཅུའི་བུདྡྷ་དང་རིག་འཛིན་གོང་མ་རྣམས་ཀྱིས་བདག་ལ་ལམ་གོང་ནས་གོང་དུ་འཕེལ་བའི་ཆོས་སྟོན་པར་འགྱུར་རོ། །རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །ཞེས་པ། ཞི་བ་ནི་དབུ་རྒྱན་ལ་སོགས་ཞི་བའི་རྒྱན་ཐམས་ཅད་དོ། །ཁྲོ་བོ་ནི་རུས་པའི་རྒྱན་ལྔ་དང་། ཐོད་ཕྲེང་དང་། སྦྲུལ་རྒྱན་དང་། བྱུག་པའི་རྒྱན་གསུམ་མོ། །བགོ་བ་ནི་ཞི་བ་ལ་ཆས་ལྔ་དང་གྱོན་པའི་བྱེ་བྲག་རྣམས་སོ། །ཁྲོ་བོ་ལ་གླང་པོ་ཆེའི་པགས་པ་ལ་སོགས་པ་གསུམ་མོ། །ཕྱག་རྒྱ་ཡིས་ཞེས་པ། རང་རིག་པ་སེམས་ཉིད་ལས་མ་གཡོས་ཤིང་མི་འདའ་བ་དང་། མ་འགག་པ་ཙམ་གོང་དུ་དབང་ཡུལ་གྱི་རྟོག་པ་དང་ལྡན་པས་ལྷ་ལ་ལྷ་རོལ། ཆོས་ཉིད་ལ་ཆོས་ཉིད་རོལ་པ་མ་གཏོགས་པ་ཐ་མལ་པའི་འདུ་ཤེས་ཕྲ་བའང་མི་གནས་པ་ལས་རང་སྣང་དུ་རོལ་པ་ནི་མ་འགག་པ་དང་མ་དམིགས་པའི་ཕྱག་རྒྱ་གཉིས་ལས་མི་འདའ་བའོ། །འབྲས་བུ་ནི། འབར་བའི་རྒྱལ་པོ་ཐུབ་མེད་འགྱུར། །ཞེས་པ། འདོད་ཁམས་ཀྱི་ལྷ་མིའི་རྒྱལ་པོ་དང་། ཚངས་པའི་རྒྱལ་པོ་ལྟ་བུ་སྟེ་ལུས་གཞན་པས་དཔགས་ཤིང་ལུས་ལ་འོད་འབར་བ་དང་། གཟི་བྱིན་ཆེ་བས་གཞན་ཐམས་ཅད་ཟིལ་གྱིས་གནོན་ཞིང་གཞན་དབང་དུ་བསྡུ་བའི་རྒྱལ་པོར་འགྱུར་ལ། གཞན་གྱི་དཔུང་བཞིའི་ཚོགས་ཀྱིས་དྲངས་ཀྱང་ཐུབ་པ་མེད་པ་སྟེ། རིག་འཛིན་མཆོག་ཏུ་གྱུར་པའོ། །བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཞེས་པ། དམ་རྫས་ལྔས་གཞི་བྱས་པའི་བཟའ་བ་དང་བཏུང་བའི་བྱེ་བྲག་ཐམས་ཅད་གོང་གི་དབང་ཡུལ་གྱི་ལྟ་བ་དང་ལྡན་པས་འདོད་ཡོན་གྱི་ལྷ་མོར་བརླབས་ནས། གོང་དུ་བསྟན་པ་བཞིན་མ་འགག་པ་ལྷ་ལ་ལྷ་ཐིམ། མ་དམིགས་པ་ཡེ་ཤེས་ལ་ཡེ་ཤེས་རོལ་པའི་ཕྱག་རྒྱ་ཡིས། ཡིད་བཞིན་སྐུ་དང་ཞེས་པ། འབྱུང་བའི་ལུས་དག་ནས། ཡིད་ཀྱི་སྐུ་རིན་པོ་ཆེ་ཚོན་ཤེལ་དུ་བཅུགས་པ་ལྟ་བུར་ལུས་ཅིར་ཡང་བསྒྱུར་དུ་རུང་ཞིང་འོད་ཟེར་འབར་བ་དང་ལྡན་པ་དང་། ལུས་མི་སྣང་བ་དང་ལུས་ལ་བདུད་རྩི་འབྱུང་བ་དང་། དེས་འགྲོ་བ་རྣམས་ཀྱི་ན་བ་གསོ། འཆི་བ་སློང་བར་བྱེད་པ་དང་། འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པས་ཀྱང་བདུད་རྩི་འགྲུབ་ཅེས་བྱའོ། །ཨ་ལི་ཀ་ལིའི་ཕྱག་རྒྱ་ཡིས། །ཞེས་པ། ཨ་ལི་ནི་ཡུམ་མོ། །ཀ་ལི་ནི་ཡབ་བོ། །ཕྱག་རྒྱ་ནི་ཡབ་ཡུམ་བྱིན་གྱིས་བརླབ་པ་ཡན་ལག་གི་ལྷ་དང་བཅས་པ་རྫོགས་ནས། པདྨ་ཡུངས་འབྲུའི་གཞལ་ཡས་སུ། སྒྱུ་འཕྲུལ་གྱི་དཀྱིལ་འཁོར་བཀོད། བྱང་སེམས་བདེ་བ་ཆེན་པོས་དཀྱིལ་འཁོར་མཆོད་པ་དང་། འགྲོ་བ་ཐམས་ཅད་ལ་ཁྱབ་པའི་སྦྱིན་པ་གཉིས་གོང་དུ་ཡང་བཤད། ལེའུ་དགུ་པར་ཡང་བཤད་པའི་དོན་ཕྱག་རྒྱ་ཡིན་ཏེ། གསང་སྔགས་འདི་ཉིད་ཀྱི་འབྲས་བུ་དང་དངོས་གྲུབ་ཀྱི་གཞི་ཁོ་ནའོ། །ཐམས་ཅད་ཐམས་ཅད་ཅེས་པས། ལས་དང་དངོས་གྲུབ་གཉིས་སམ། ཡང་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་གཉིས་རྒྱུ་འབྲས་དཀར་བ་ཐ་དད་དུ་བྱེད་པ་མེད་པས་རྣལ་འབྱོར་པས་ཅི་འདོད་པ་ཐམས་ཅད་བསམ་པ་ཡོངས་སུ་རྫོགས་པར་བྱེད་དོ། །དཀྱིལ་འཁོར་གྱི་ཆོ་ག་ཉམས་པ་ཐམས་ཅད་ཀྱང་འདིས་སྐོངས། དམ་ཚིག་གི་ཆག་ཉམས་རྣམས་ཀྱང་འདིས་སྐོངས་སོ། །ཚེ་དབང་གི་མཚན་ཉིད་ནི། འོག་མི་དང་ལྷ་དང་ཚངས་པ་ཡི། །ཞེས་པ་ལ་སོགས་ཏེ། དེ་ལྟར་བསྒྲུབ་པ་མཐར་ཕྱིན་ནས་ཁམས་གསུམ་ལས་འདས་གསང་སྔགས་ཀྱི་དོན་གྱི་གཟུངས་ཀྱིས་ཟིན་པའི་སྐྱེས་བུ་དེ། ཆ་ལུགས་ནི་མིའི་འཁོར་ལོས་སྒྱུར་བའི་རྒྱལ་པོའམ། འདོད་ཁམས་ཀྱི་ལྷ་ལ་བརྒྱ་བྱིན་ནམ་ཚངས་པ་ནི་གཟུགས་ཁམས་ཀྱི་ལྷའི་རྒྱལ་པོ་སྟེ། དེ་དག་གི་དངོས་པོ་གྲུབ་ནས། སྐྱེ་བ་རྣམ་དག་ཅེས་པ། ཟག་བཅས་ཀྱི་དགེ་བས་འདོད་ཁམས་ལྷ་མིའི་རྒྱལ་པོར་སྐྱེ་བ་དང་། འཇིག་རྟེན་པའི་བསམ་གཏན་གྱིས་ཚངས་པའི་རྒྱལ་པོ་འགྲུབ་པ་ནི་སྐྱེ་བ་མ་དག་པ་སྟེ། ཟག་བཅས་ཀྱིས་བསྒྲུབ། ཟག་བཅས་ལ་སྣང་བ་སྟེ་འཁོར་བ་ལས་མི་འདའ་བ་དང་། སླར་ལྟུང་བའང་སྲིད་པའོ། །སྐྱེ་བ་རྣམ་དག་ཅེས་པས། རིག་འཛིན་འདི་ཉིད་ལྟ་སྒོམ་སྤྱོད་པ་གསུམ་མགོ་སྙོམས་པའི་སྟོབས་ཀྱིས་འཁོར་བ་དག་སྟེ། ལས་དག་ནས་རང་དབང་ཅན་དུ་གྱུར་ཏེ། ས་ལམ་གོང་ནས་གོང་དུ་འཕེལ་བར་བྱེད་པས་ན། ལྷ་མིར་སྐྱེས་ཀྱང་འཕགས་པ་ལས་འཕགས་པས་སྐྱེ་བ་རྣམ་དག་ཅེས་བྱ། འཛིན་པ་ཞེས་པ་ནི། རང་སྣང་གིས་དེ་ལྟར་སྣང་བའོ། །འོན་ཀྱང་ཆ་ལུགས་དེ་འཛིན་ཀྱང་། །ཁྱད་པར་ས་ལ་གནས་འགྱུར་ཡིན། །ཞེས་པ། ཚེ་དབང་ས་དང་པོ་པ་དང་མཉམ། ཕྱག་རྒྱ་ཆེན་པོ་ས་བརྒྱད་པ་དང་མཉམ། ལྷུན་གྲུབ་རིག་འཛིན་ས་བཅུ་པ་དང་སྐལ་བ་མཉམ་པས། ཁམས་གསུམ་པ་དང་མཐུན་ཀྱང་དགོངས་པ་སའི་ཁྱད་པར་བསྟན་པ་དེ་དག་གོ། །ཡང་ན་མིའི་འཁོར་ལོས་སྒྱུར་བ་ས་དང་པོ་སྟེ་མཐོང་ལམ་པ། བརྒྱ་བྱིན་དང་དབང་པོར་སྣང་བ་ས་བརྒྱད་པ། ཚངས་པ་ས་བཅུ་པའོ། །མཐར་ཕྱིན་པའི་འབྲས་བུ་བསྟན་པ་ནི། ཕ་རོལ་ཕྱིན་པ་ཀུན་ཏུ་རྫོགས། །ཞེས་པ། སྤྱིར་ཐེག་པ་སྤྱི་སྐད་ཀྱི་ལམ་གྱི་ངོ་བོ་ས་བཅུ་ཡིན། དེ་ཕ་རོལ་ཏུ་ཕྱིན་པ་བཅུ་ཉམས་སུ་བླངས་པ་ལས་སྣང་བས། འདིར་རིག་འཛིན་གྱི་ལམ་ལ་རྫོགས་ན་ཇི་ལྟར་རྫོགས། མ་རྫོགས་ན་འབྲས་བུ་སྣང་བཏུབ་བམ་ཞེ་ན། འདིར་རིག་འཛིན་གྱིས་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པ་ནི། རྒྱུ་ཤེས་པའི་མཚན་ཉིད་ལྟ་བའི་དུས་སུ་ཡང་རྫོགས་ལ། རྐྱེན་འཇུག་པའི་མཚན་ཉིད་ཏིང་འཛིན་དང་སྤྱོད་པའི་དུས་སུ་ཡང་རྫོགས་ཏེ། དེ་ལྟ་སྤྱོད་གཉིས་འོག་མ་བཞིན་དུ་རྟེན་གྱི་གང་ཟག་གཅིག་གིས་བསྒོམ་པའི་ངོ་བོ་བསྒོམ་བྱ་སྒོམ་བྱེད་དང་བཅས་པ་ཞིག་ལ་དུས་ཚོད་ཀྱིས་འཇུག་སྟེ། སྤྱོད་པའི་ངོ་བོ་སྤྱད་བྱ་སྤྱོད་བྱེད་དང་བཅས་པ་ཞིག་ལ་གཟུང་འཛིན་གྱིས་བསྒྲུབ་པ་ལྟ་བུ་འདིར་མ་ཡིན་ཏེ། ལྟ་བ་བློས་བྱས་བྲལ་བའི་རིག་པས་ཐོག་ཏུ་ཕེབས། བལྟ་བྱ་ལྟ་བྱེད་མེད་ཀྱང་ལྟ་བའི་ངང་ལས་མི་འདའ། དེ་ཙ་ཏིང་ངེ་འཛིན་དེ་གཞིན་ཉིད་དང་ཀུན་ཏུ་སྣང་གཉིས་ཀྱིས་ཉམས་སུ་ལོན། མི་འགག་པའི་རྩལ་རང་སྣང་བ་རྒྱུའི་ཏིང་ངེ་འཛིན་ཕྱག་རྒྱ་གཅིག་པ་རགས་པ་ཕྲ་བ་རྣམས་གོང་ནས་གོང་དུ་སྟོབས་སུ་འགྱུར། སྔོན་དུ་ལྟ་སྒོམ་གཉིས་ལ་གོམས་པའི་དབང་གིས་ལྷའི་སྐུ་རྒྱས་པར་བསྒོམ་ཀྱང་རྒྱ་མཚོ་དྭངས་པའི་གཟུགས་བརྙན་ཐམས་ཅད་ཆུར་མཚུངས་པ་དང་འདྲ་བར་དཀྱིལ་འཁོར་རྒྱས་བསྡུས་གཉིས་ཀྱི་ལྷ་ཐམས་ཅད་རིག་པར་གསལ་བས་སྣང་འཛིན་སྟོང་འཛིན་གང་ཡང་མི་མངའ་བའི་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ། རིག་པ་མཉམ་པ་ཉིད་འདུ་ཤེས་དང་བྲལ་བས་ལྷར་གསལ་བ་ཡང་དེ་ཉིད་དུ་ལྷུན་གྱིས་གྲུབ་སྟེ། ཕྱི་ནང་གི་ཆོས་ཐམས་ཅད་ཀྱང་དེ་ལྟར་གསལ་ཏེ། འོན་ཀྱང་དོན་དེ་ཉིད་ལ་ལམ་དམའ་བའམ། བར་པའི་བློ་ངོ་མཐར་ཕྱིན་པའི་བློ་ངོ་རྣམས་ལ་སྐྱེད་ཀྱི་བྱེ་བྲག་གིས་གཡོ་བ་དང་། ཐོབ་པ་དང་། བརྟན་པ་དང་། མཐར་ཕྱིན་པ་ནི་ཡོད་དེ། སྐྱེ་བ་མེད་པ་ནི་འབྲས་བུའི་ངོ་བོའོ། །དེ་ལྟ་བུའི་ངང་ན་རིག་འཛིན་གྱི་དགོངས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པ་ནི། རིག་འཛིན་ལྟ་སྒོམ་སྟོབས་སུ་གྱུར་པ་རིག་པ་མཉམ་པ་ཉིད་ཀྱི་ངང་ལ་འཁོར་འདས་ཀྱི་འཛིན་པའང་མ་དམིགས་པའི་རང་བྱུང་གི་ཡེ་ཤེས་ལ་ལྟ་བསྒོམ་སྟོབས་སུ་གྱུར་པའི་དབང་གིས་རང་གི་ལྟ་བསྒོམ་ལ་འཛིན་པ་ཕྲ་བའང་མེད་ན། ཡུལ་འཛིན་རགས་པ་ལྟ་ག་ལ་ཡོད་དེ། དོན་དེ་ཉིད་ནི་ཡུལ་དུ་བྱས་པ་མེད་པའི་ཕྱིར་སྦྱིན་པའོ། །རིག་པ་དེ་ལྟ་བུའི་ངང་ལ་བཟང་ངན་བར་མ་གསུམ་མཉམ་པ་ཉིད་དུ་གྱུར་པས་ཆགས་བྱའི་ཡུལ་དག །དེས་སྡང་བའང་དག །དེ་ཉིད་ཉམས་པ་རྒྱུ་ནས་དག་པ་ཚུལ་ཁྲིམས་སོ། །མཉམ་པ་ཉིད་ཀྱི་ངང་ལ་གཞན་མ་གྲུབ་དེས་བདག་འཛིན་རྩ་བ་ནས་དག་པ་ནམ་མཁའ་ལྟ་བུར་གྱུར། སྲིན་པོའི་དམག་ཚོགས་སྟོང་དུ་བྱུང་ཡང་གཅེས་པར་འཛིན་པའི་འདུ་ཤེས་མི་མངའ་བས་བ་སྤུ་གཡོ་བའང་མི་མངའ་བ་ནི་བཟོད་པའོ། །ཆུ་བོ་འབབ་པ་གཤེར་བའི་རང་བཞིན་ལས་རྒྱུན་ཆད་པ་མེད་པ་ལྟར། སྤྱོད་ལམ་བཞི་དུས་གསུམ་དུ་དེའི་ངང་ལས་མི་འདའ་བ་ནི་བརྩོན་འགྲུས་སོ། །ནམ་མཁའ་ནམ་མཁའ་མི་ཚོལ་ཡང་ནམ་མཁའ་ལས་མི་འདའ་བ་བཞིན་དུ། བསྒོམ་བྱ་སྒོམ་བྱེད་མེད་པའི་ངང་ལས་གཡོ་བ་མེད་པ་ནི་བསམ་གཏན་ནོ། །ཆོས་ཐམས་ཅད་དེ་ཉིད་དུ་གསལ་ཡང་དེ་ཉིད་དུ་འཛིན་པའང་མེད་པའི་རང་གསལ་བ་ནི་ཤེས་རབ་བོ། །དེ་ལྟ་བུའི་དོན་མངོན་དུ་གྱུར་པ་ལས་གཞན་དུ་དམིགས་བྱ་མེད་པ་ནི་སྨོན་ལམ་མོ། །རྒྱུས་འབྲས་བུ་ལོགས་སུ་ཚོལ་བ་ལས་དཔགས་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུས་དཔེས་རང་ཉིད་ལ་ལྷུན་གྱིས་གྲུབ་པ་ཐབས། ཕྱོགས་འཛིན་ཅན་གྱི་ལྟ་བ་ཐམས་ཅད་ཟིལ་གྱིས་གནོན་ཞིང་མི་གནས་པ་སྟོབས། འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པ་རང་གསལ་བ་ཡེ་ཤེས་ཏེ་བཅུའོ། །ལམ་པའི་དབང་དུ་དེ་ལྟ་བ་ཤས་ཆེ་བ་ཡིན་པས་སྤྱོད་པའི་ངོས་ནས་བཅུ་པོ་སྤྱོད་ལ་མི་འཛིན་པ་སྣང་བའོ། །ཀུན་ཏུ་རྫོགས་ཞེས་པས། སྤྱོད་ལམ་བཞི་དུས་གསུམ་དུ་འདའ་བ་མེད་པའི་ངོ་བོ་ཡང་ཡིན་ལ། བཤད་པ་བཅུའི་ནང་དུ་འཁོར་འདས་ཡུལ་སེམས་སྣོད་བཅུད་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པའི་དོན་ནོ། །ས་ཡི་ཁྱད་པར་བཅུ་དང་གསུམ། །ཞེས་པ། མཉམ་པ་ཉིད་ཀྱི་དབྱིངས་མཐོང་བས་རབ་ཏུ་དགའ་བ་སྟེ། འདིར་དགའ་བའི་དངོས་པོ་མ་དམིགས་ཀྱང་འཛིན་པ་ཐམས་ཅད་དང་བྲལ་བས་ཟུག་རྔུ་མ་དམིགས་པའི་ངོ་བོའོ། །དགོངས་པ་དེ་ཉིད་ཀྱི་ངང་ལ་ཐེག་པ་འོག་མ་རྣམས་ཀྱི་མཐར་འཛིན་གྱི་ལྟ་བ་མི་གནས་པ་གཉིས་པ་དྲི་མ་མེད་པ། སེམས་མཉམ་པ་ཉིད་རང་གསལ་བ་ལས་རང་སྣང་བ་མི་འགག་པས་འགྲོ་དོན་བྱེད་པ་གསུམ་པ་འོད་བྱེད་པ། ཡུལ་གྱི་དངོས་པོ་ཅི་བྱེད་པ་ཐམས་ཅད་རང་རིག་ཏུ་སྣང་བས་བཞི་པ་འོད་འཕྲོ་བ། རིག་པའི་ངང་ལས་བདག་གཞན་གྱི་དོན་གཉིས་ཅིག་ཅར་དུ་རྫོགས་པས་ལྔ་པ་སྦྱངས་དཀའ་བ། ཡེངས་མེད་རང་གསལ་གྱི་ཡེ་ཤེས་ཆེན་པོ་མངོན་དུ་གྱུར་པ་དྲུག་པ་མངོན་དུ་གྱུར་པ། མཐར་འཛིན་གྱི་ལྟ་བ་སྤངས་པ་མེད་པར་རང་དག་པ་བདུན་པ་རིང་དུ་སོང་བ། ཐམས་ཅད་རིག་པར་གསལ་བས་ཡུལ་མ་གྲུབ། ཡུལ་ཅན་ནམ་མཁའ་ལྟར་དག་པས་གཡེང་བྱ་གཡེང་བྱེད་མི་མངའ་བས་བརྒྱད་པ་མི་གཡོ་བ། ཡོན་ཏན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་མངའ་བས་དགུ་པ་ལེགས་པའི་བློ་གྲོས། མཐར་ཐུག་པའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་བཅུ་པ་ཆོས་ཀྱི་སྤྲིན་ནོ། །གསུམ་ཞེས་པ། སངས་རྒྱས་ཀྱིས་གསུམ་སྟེ་ཕྱི་ནས་འཆད་དོ། །རྒྱུ་འབྲས་ཁྱད་པར་ལྷུན་གྱིས་རྫོགས། །ཞེས་པ། རྒྱུ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ས་བཅུའོ། །འབྲས་བུ་ཁྱད་པར་ཞེས་པ། གོང་དུ་ལྟ་བའི་ངང་དུ་ཡང་རྒྱུའི་ས་དང་། ཕ་རོལ་ཏུ་ཕྱིན་པས་མ་ཆུད་པ་མེད་ལ། སྤྱོད་པ་བཅུ་མ་འགག་མི་དམིགས་པའི་ངང་དུ་ཡང་ཀུན་རྫོགས་ཏེ། རྒྱུ་ལས་འབྲས་བུའི་ས་བཅུ་ཁྱད་པར་ཆེ་བས་རྒྱུའི་ས་བཅུ་མ་འདྲེས་ལ་ཡོངས་སུ་རྫོགས་པའི་དོན་གྱིས་སྤངས་པ་མེད་པར་རང་བཞིན་དུ་ལྷུན་གྱིས་རྫོགས་སོ། །ཐབས་དང་ཤེས་རབ་ཐབས་ཀྱི་མཆོག །ཞེས་པས། འདིར་གོང་དུ་འཆད་པར་འགྱུར་བས་ཁས་བླངས་པའི་འབྲས་བུའི་ས་གསུམ་སྟོན་ཏོ། །འདིར་ལྷ་རྗེ་ཟུར་པས་ཐབས་ནི་གཞན་དོན་གྱི་སྣང་བ་མི་འགག་པ། ཤེས་རབ་ནི་གཞན་དོན་མཛད་པ་བདོ་ཙམ་ནས་ཆོས་ཀྱི་དབྱིངས་ལས་མ་གཡོས་པ་ཡུལ་ཡུལ་ཅན་མེད་པ། མཛད་བྱ་མཛད་བྱེད་མེད་པ་རྩོལ་བ་དང་བྲལ་བར་འགྲོ་དོན་ལྷུན་གྱིས་གྲུབ་པ་ནི། ཐབས་ཀྱི་མཆོག་ཅེས་གསུངས་པ་འབྲས་བུ་ཁོ་ནའི་གནས་སྐབས་སོ། །འདི་ཉིད་ཀྱི་དབང་དུ་ན། ཐབས་ནི་ལམ་སྟེ་ཉམས་སུ་བླངས་པས་ནུས་པ་སྟོབས་སུ་གྱུར་ཏེ་འབྲས་བུ་མངོན་དུ་སྣང་བར་བྱེད་པའི་མཐུ་དང་ལྡན་པ་ནི་ཐབས་སོ། །དེ་ཡང་གདུལ་བྱ་དབང་པོ་རབ་འབྲིང་གི་དབང་གིས་ཐེག་པ་སོ་སོ་ལ་ལམ་གྱི་ངོ་བོ་རེ་རེ་ཡོད་དེ། འདིར་ཐེག་པ་འདི་ཉིད་ཀྱི་ལམ་གྱིས། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་ཅེས་པ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ནི་ཆོས་ཐམས་ཅད་དག་མཉམ་གྱི་ཚུལ་དུ་གནས་པ་རྟོགས་པ་བཞིའི་ཚུལ་གྱིས་མངོན་དུ་གྱུར་པ་ལ་ཡུལ་དང་ཡུལ་ཅན་མེད་པར་ལྷུན་གྱིས་གྲུབ་པ་ནི་གཞིའོ། །འཇུག་པ་ལ་ལམ་གྱི་ངོ་བོ་ནི། གཞི་དེ་ལས་ཏིང་ངེ་འཛིན་བཞིའི་གནས་སྐབས་སུ་སྣང་སྟོང་དབྱེར་མེད་པ་མཉམ་པའི་ངང་ལ་གནས་པ་དང་། དེ་ཉིད་ནུས་པ་སྟོབས་སུ་གྱུར་ནས་སྣང་བ་རྣམ་འབྱེད་ཀྱི་དུས་སུའང་ཐམས་ཅད་རིག་པར་གསལ་བ་མཉམ་པའི་ངང་དང་། ཚོགས་བསྒྲུབ་པའི་དུས་སུ་ལྟ་སྤྱོད་བསྒོམ་གསུམ་མགོ་སྙོམས་པར་མཉམ་པའི་ངང་ལ་གནས་པ་ནི། ཐེག་པ་འདི་ཉིད་ཀྱི་དབང་དུ་ལྟ་བ་མངོན་དུ་གྱུར་པ་ནི་མཐོང་ལམ། ཚོགས་ཀྱི་ལྟ་སྤྱོད་མགོ་སྙོམས་པ་མན་ཆད་རྣམས་ནི་བསྒོམ་ལམ་དུའང་བཞེད་དེ། དེ་ནས་བསྒྲུབ་པ་མཐར་ཕྱིན་པའི་སྐབས་སུ་ལམ་སྟོབས་སུ་གྱུར་པ་དགོས་པས་རིག་པ་རང་བྱུང་གི་ཡེ་ཤེས་ལམ་མཐར་ཕྱིན་པ་ནུས་པའི་མཐུ་དང་ལྡན་པ་ནི། ཆོས་ཐམས་ཅད་རིག་པ་མཉམ་པ་ཉིད་ཀྱི་ངང་དུ་གསལ་བ་ལ་ཕྱོགས་སུ་འཛིན་པའི་ཐ་སྙད་དང་བྲལ་ནས་སྒྲོ་སྐུར་ཕྲ་བའི་ཕྲ་བ་ཡང་མི་མངའ་བ་ནི་དོན་གྱི་ལུང་མངོན་དུ་གྱུར་པ་ཞེས་བྱ་སྟེ་ལུང་ཐམས་ཅད་མཐར་ཕྱིན་པའོ། །ཆོས་ཐམས་ཅད་རིག་པར་གསལ་བ་ནི། དབང་མཐར་ཕྱིན་པ་རང་གི་ངོ་བོ་ཡིན་པས་ཐོབ་པ་ཞེས་བྱ། ཚིག་གི་ཐ་སྙད་དུ་ཐར་ལམ་པ་བྱ་སྟེ། དེ་མན་ཆོད་ནི་ལམ་སྟེ་འབྲས་བུ་ལ་སྦྱོར་བའི་ཐབས་ཡིན་པས་སོ། །ཤེས་རབ་ཅེས་པ། ལུང་མངོན་དུ་གྱུར་དབང་ཐོབ་པའི་ནུས་པ་མཐུ་གོ་ཕྱེ་ནས་ཀུན་ཏུ་འོད་མངོན་དུ་གྱུར་པ་ནི། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྤྲོས་པ་དང་བྲལ་བས་ཤེས་རབ་སྟེ། དེ་ཡང་རིག་པ་ཉིད་ཐུགས་རྗེ་ཆེན་པོའི་སྐབས་སུ་བཤད་པ་བཞིན་ཆོས་ཐམས་ཅད་ལ་ཁྱབ་པ་འདིར་མངོན་དུ་བྱས་པས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པ་ནི་ཀུན་ཏུ་འོད་ཅེས་བྱའོ། །ཐབས་ཀྱི་མཆོག་ཅེས་པ། ཐབས་ནི་ནམ་མཁའ་དང་སྤྲིན་ལྟར་རང་སྣང་བ་མ་འགག་པ་སྟེ། མཐར་ཕྱིན་པའི་འབྲས་བུའི་གཞན་དོན་ཏེ། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་དུ་གདུལ་བྱའི་ངོ་ལ་མཛད་པའི་བྱེ་བྲག་གདུལ་བྱ་སོ་སོའི་བློ་ངོ་དང་མཐུན་པར་དུས་གཅིག་ཅར་དུ་འཆར་ནས་དོན་མཛད་ཀྱང་རྩོལ་བ་ཕྲ་བ་ཡང་མི་མངའ་ཞིང་དགོངས་པ་མཉམ་པ་ཉིད་ཀྱི་དབང་གིས་གོས་པ་ཕྲ་བའང་མེད་དེ། པདྨ་འདམ་ན་གནས་པ་ཉིད་འདམ་གྱི་སྐྱོན་གྱིས་མ་གོས་པ་བཞིན་པས་པདྨ་སྤྱན་ནོ། །ཤེས་རབ་མཆོག་གི་ཞེས་པ། པདྨ་སྤྱན་གྱིས་སྟོན་ཏེ། དེ་ཡང་ཤེས་རབ་ཆོས་ཀྱི་སྐུ་ནི་ཀུན་ཏུ་ཁྱབ་པར་གནས་སོ་ཞེས་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སེམས་ཉིད་མ་བཅོས་པའི་ངོ་བོ་ཉིད་ཆུ་ཐམས་ཅད་ལ་གཤེར་བས་ཁྱབ་པ་བཞིན་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པ་ནི་མཚན་ཉིད་ཐམས་ཅད་དང་བྲལ་བའོ། །དེ་ནི་ཀུན་ཏུ་འོད་ཅེས་པས། ཀུན་ཏུ་ནི་ཆོས་ཐམས་ཅད་དོ། །འདི་ནི་དངོས་པོ་མེད་ཀྱང་ཐམས་ཅད་ལ་ཐོགས་ཆགས་མེད་པའི་བདག་ཉིད་དོ། །ཐོག་མའི་མུ་ནས་རྒྱུ་རྐྱེན་དང་བྲལ་བས་རང་བྱུང་ཡེ་ཤེས་ཞེས་ཀྱང་བྱའོ། །གསལ་བྱ་གསལ་བྱེད་མེད་ཀྱང་ནམ་མཁའ་ལྟར་རང་གསལ་བ་ནི་དོན་གྱི་ཡེ་ཤེས་ཞེས་ཀྱང་བྱའོ། །དེ་ནི་མཚན་མ་མེད་པ་ཕྱོགས་གཅིག་གི་མཐའ་ལྟ་བུ་སྟེ། འདིར་ཐ་སྙད་ཙམ་དུ་མཚོན་པའི་ཕྱིར་རིག་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་ལ་བལྟས་ན་ཆོས་ཀྱི་དབྱིངས་ཡོད་མེད་གང་དུ་ཡང་མ་གྲུབ་པས་ཡོད་པའི་ངོ་བོར་ཡང་མ་གཟིགས། རང་སྣང་མི་འགག་པས་མཐའ་གཉིས་ཀྱི་ཡང་འདུ་ཤེས་གཏན་ནས་མ་གྲུབ་སྟེ། མཐའ་གཉིས་ཀྱི་སྐྱོན་དང་བྲལ་བ་ལ་ནི་པདྨ་ཞེས་བྱའོ། །སྤྱན་ཞེས་བྱ་བ་ནི་རིག་བྱ་དང་རིག་བྱེད་མེད་པའི་རིག་པ་རང་གསལ་ལ་ཡང་སྤྱན་ཞེས་བྱ་སྟེ། ཆོས་ཐམས་ཅད་དེའི་ངང་དུ་གསལ་བ་ལ་སྤྱན་ཞེས་བྱའོ། །དེ་ལ་ཤེས་རབ་རྐྱང་བ་ནི། མཚན་མ་མེད་པ་འབའ་ཞིག་གི་ཕྱོགས་ལྟ་བུ་ཡིན་ལ། མཆོག་ནི་སྤྱན་གྱིས་མཐའ་གཉིས་ཀྱི་སྐྱོན་གྱིིས་མ་གོས་པའོ། །དེའི་དུས་སུ་པདྨ་སྤྱན་གྱི་ངང་ལ་འབྲས་བུའི་མཐོང་བ་མེད་པའི་ཚུལ་གྱིས་མཐོང་བ་དང་། སྒྲ་ཐམས་ཅད་དང་བྲལ་བའི་ཚུལ་གྱིས་ཐོས་པ་དང་ཞེས་པ་ལ་སོགས་པ་རྣམས་ལྷུན་གྱིས་གྲུབ་བོ། །མཆོག་གྱུར་པ་ཞེས་པ། ཡི་གེའི་འཁོར་ལོ་ཚོགས་ཆེན་གྱི་ས་སྟེ། ཀུན་ཏུ་འོད་ཀྱི་ས་མཐའ་གཉིས་བྲལ་བ་ཉིད་རང་སྣང་མི་འགག་པའི་རྩལ་རང་སྣང་བ་ཁམས་གསུམ་གྱི་ཆོས་མ་འགག་པ་ཙམ་ཉིད་རང་སྣང་བ་སྐུ་དང་ཡེ་ཤེས་སུ་རྩལ་རྫོགས་ཏེ། གདུལ་བྱའི་དགོས་པ་བསམ་གྱིས་མི་ཁྱབ་པ་ལྷུན་གྱིས་གྲུབ་སྟེ། རང་བྱུང་གི་ཡེ་ཤེས་རང་སྣང་བས་ཡི་གེ་འཁོར་ལོ་ཚོགས་ཆེན་ནོ། །འབྲས་བུའི་ཡོན་ཏན་ནི། འོག་དཀྱིལ་འཁོར་ཀུན་ཏུ་རབ་སྦྱོར་བར། །ཞེས་པ་ལྟ་སྤྱོད་བསྒོམ་གསུམ་དབྱེར་མེད་པ་མཉམ་པ་ཉིད་ལྷུན་གྱིས་གྲུབ་པའང་བུདྡྷའམ་དཀྱིལ་འཁོར་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་སྦྱོར་བ་ནི་ཉམས་སུ་མྱོང་བའི་ངོ་བོའོ། །དེ་ཡང་མཉམ་སྦྱོར་ལས། སངས་རྒྱས་ཀུན་དང་མཉམ་སྦྱོར་བས། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །སངས་རྒྱས་ཀུན་དང་མཉམ་པའི་ཕྱིར། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པ་མཐར་ཕྱིན་པའི་དུས་སུ་ཕྱོགས་བཅུ་དུས་བཞིའི་དཀྱིལ་འཁོར་རྣམས་དང་དབྱེར་མེད་པར་འགྲུབ་པར་འགྱུར་བའོ། །ཡང་ན་དཀྱིལ་འཁོར་ཀུན་ནི་ཞི་ཁྲོའི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་མོ། །སྦྱོར་བ་ནི་བསྒྲུབ་པ་ཉམས་སུ་བླང་བའོ། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པ་རྒྱས་འབྲིང་བསྡུས་གསུམ་དུ་ཕྱོགས་བཅུའི་དཀྱིལ་འཁོར་ཐམས་ཅད་འདུས་པས་རྒྱས་འབྲིང་བསྡུས་གསུམ་གྱི་བསྒྲུབ་པ་ཉམས་སུ་བླངས་པས་རྒྱུ་འབྲས་མི་བསླུ་བས་དེ་ཁོ་ན་ཉིད་ཉམས་སུ་མྱོང་བའོ། །རྒྱུ་ལ་འཇུག་པ་ནི། ཞེས་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་ཞེས་པ། སྟོན་པ་ཀུན་ཏུ་བཟང་པོས་དེ་སྐད་གསུངས་པས། མ་བྱོན་པའི་དེ་བཞིན་གཤེགས་པ་གོ་ཕྱེ་བའི་འཁོར་ལ་ཆེད་དུ་བརྗོད་པའོ། །འབྲས་བུ་ལ་འཇུག་པ་ནི། ཞེས་ཆེད་དུ་བརྗོད་པས། ཞེས་པ་ལ་སོགས་པ། གོ་ཕྱེ་བའི་འཁོར་གྱི་ཆེད་དུ་བརྗོད་པ་བསྐྱོད་པ་དང་ཏིང་ངེ་འཛིན་གང་དུ་ཡང་མ་གྲུབ་ཅིར་ཡང་སྣང་བས་རོལ་མོ་སྟེ། མཆོག་དང་ཐུན་མོང་གི་དངོས་གྲུབ་སྤྲིན་དང་འདྲ་བ་རྒྱུན་ཆད་མེད་པར་སྣང་བའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཚོགས་ཀྱི་འཁོར་ལོ་ཞེས་པ། བསྙེན་སྒྲུབ་བཞིའི་ངོས་ནས་ཞི་ཁྲོ་གཉིས་ཀྱི་ཚོམ་བུ་རྒྱས་བསྡུས་རྣམས་བསྟན་པའོ། །དེ་གཞུང་སྐྱོང་བས་ལེའུ་བཅུ་སྟེ་བཅུ་གཅིག་པ་བཤད་པའོ། །མཚན་འགྲེ། ཚོགས་སྒྲུབ་ཅེས་པ། སྒྲུབ་པ་ཆེན་པོ་མཐར་ཕྱིན་པའི་འབྲས་བུ་མཐར་ཕྱིན་པ་སངས་རྒྱས་དང་བཅས་པ་བསྟན་པ་སྟེ། བཅུ་གཉིས་པའི་བཤད་པའོ།། ༈ །།ལེའུ་བཅུ་གསུམ་པ་ཤིན་ཏུ་གསང་བ་མན་ངག་གི་ལེའུ་ལ་རྒྱུད་གསུམ་ལས་ལམ་གྱི་རྒྱུད་སྟོན། གཞི་ཡང་ཟུར་ཙམ་སྟོན། རྒྱུད་ཀྱི་དངོས་པོ་བཅུ་ལས་དབང་པོ་འབྲིང་གི་ལྟ་བ་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལམ་རིམ་དང་བཅས་པ་དང་བྱང་ཆུབ་སེམས་ཀྱི་དཀྱིལ་དཀྱིལ་འཁོར་སྟོན། དེ་ཡན་ཆད་གྲོལ་ལམ་ཤས་ཆེ་བས། ལེའུ་འདིས་ཐབས་ལམ་དང་རྫོགས་པ་ཆེན་པོ་རྒྱས་པར་སྟོན་ཏེ། དེ་ཡང་ལེའུའི་མཚམས་ཐག་སྦྲེལ་ན་ལེའུ་གསུམ་པ་ཡན་ཆད་སྔར་བཞིན། དེ་མན་ཆད་ཀྱི་གྲོལ་ལམ་གཙོ་ཆེར་སྟོན་པ་ལས། བཞི་པས་ལྷའི་དཀྱིལ་འཁོར་བཀོད་པའི་ས་བོན་བསྟན། ལྔ་པས་དེའི་སྒོ་ནས་ཐུན་མོང་གི་དངོས་གྲུབ་བསྟན། དྲུག་པས་སྐུའི་དཀྱིལ་འཁོར་བསྐྱེད་པ་བསྟན། བདུན་པས་བསྐྱེད་པའི་རྐྱེན་སྔགས་བསྟན། བརྒྱད་པས་མཆོད་པ་ཕྱག་རྒྱ་བསྟན། བསྐྱེད་རིམ་འཁོར་ལོ་རྫོགས་པའི་ནུས་པ་དང་ལྡན་པས་གཞན་དོན་དབང་བསྐུར་བའི་དཀྱིལ་འཁོར་དགུ་པས་བསྟན། བཅུ་པས་དབང་གི་དངོས་གཞི་སེམས་དང་སྦྱར་ནས་རིམ་པར་བསྐུར་བར་བསྟན། དབང་ཐོབ་པའི་སྐྱེས་བུས་ཚོགས་བསྒྲུབ་པ་ལེའུ་བཅུ་གཉིས་པ་དང་བཅུ་གཅིག་པ་དང་གཉིས་ཀྱིས་སྟོན་ཏེ། འབྲས་བུ་རིག་འཛིན་དང་སངས་རྒྱས་པ་ལ་སོགས་པ་སྟོན། ལེའུ་བཅུ་གསུམ་པ་འདིས་གྲོལ་ལམ་གྱི་མདོར་བསྡུས་པ་དང་། ཐབས་ལམ་གོང་འོག་གཉིས་ཀྱི་བྱེ་བྲག་ཉམས་སུ་ལེན་པ་དང་། རྒྱུད་ཀྱི་དོན་དཀྱིལ་འཁོར་བཅུ་གཉིས་རྒྱས་པར་བསྟན་པ་དང་། མཐར་ཐུག་པའི་དོན་རྫོགས་པ་ཆེན་པོའི་ལམ་རིམ་རྒྱས་པར་སྟོན་ཏོ། །སྨད་ཀྱིས་དེ་རྣམས་མཐར་ཕྱིན་པའི་འབྲས་བུ་སྟོན། ད་ནི་དཀྱུས་ལ་འཇུག་སྟེ་ལེའུ་བཅུ་གསུམ་པ་ཤིན་ཏུ་གསང་བ་མན་ངག་གི་ལེའུའི་ལོ་རྒྱུས་ཀྱི་དོན་ནི། དེ་ནས་དེ་བཞིན་གཤེགས་པ་ཕྱོགས་བཅུ་དུས་བཞིའི་ཞེས་པ་ལ་སོགས་ཏེ། དེ་ནས་ཞེས་པ། ཚིག་གི་དེ་མ་ཐག་པ་ནི་ལེའུ་བཅུ་གཉིས་པའི་རྗེས་ཐོག་གོ། །དོན་གྱི་དེ་མ་ཐག་པ་ནི་གོང་དུ་གྲོལ་ལམ་རིམ་གྱིས་པའི་ལམ་རྫོགས་པའི་ཁོང་དུ་བཅུ་བཞི་པའི་བསྟོད་པའང་འདུས་པར་སོང་ནས་ཤིན་ཏུ་གསང་བ་མན་ངག་གི་ལེའུ་འདིས་རང་བཞིན་གསང་བའི་སྙིང་པོ་མངོན་དུ་མཐོང་བར་བྱ་བའི་ཕྱིར་མན་ངག་རྣམས་བསྟན་ཏོ། །དེ་བཞིན་གཤེགས་པ་ནི་རང་བཞིན་ལྷུན་གྱིས་གྲུབ་པ་འབྲས་བུ་མངོན་དུ་བྱས་པ་རྣམས་ཏེ། གནས་ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་རང་དོན་དགོངས་པ་མངོན་དུ་གྱུར་པ་དང་། ཐུགས་རྗེས་གཞན་དོན་ལ་གཤེགས་པ་རྣམས་ཀྱི་སྐུ་མ་འགག་པ་སྐུའི་དཀྱིལ་འཁོར། གསུང་མ་འགག་པར་རང་སྣང་བ་གསུང་གི་དཀྱིལ་འཁོར། ཐུགས་མ་འགག་པར་གསལ་བ་ཐུགས་ཀྱི་དཀྱིལ་འཁོར་ཐམས་ཅད། གཅིག་ཏུ་འདུས་ནས་ཞེས་པ། འདིར་རྒྱུད་ཀྱི་དོན་རང་བཞིན་གསང་བའི་སྙིང་པོ་ཅིག་ཅར་དུ་མཐོང་བའི་ཐབས་སྟོན་པས་གལ་ཆེ་ཞིང་། ཐུགས་ཀྱི་དགོངས་པ་མངོན་དུ་སྣང་བར་བྱ་བའི་ཕྱིར་གཅིག་ཏུ་ཚོགས་པ་ལྟ་བུར་སྣང་བ་ཡང་བཀག་པ་མ་ཡིན་ཏེ་གདུལ་བྱའི་སྣང་བ་ཡིན་པའི་ཕྱིར་རོ། །འོན་ཀྱང་ཆུ་ཐམས་ཅད་གཤེར་བར་མཚུངས་པ་བཞིན་དུ། འདིར་དགོངས་པ་མཚུངས་པའི་ངོ་བོ་སྟེ་ཐམས་ཅད་སེམས་ཀྱི་ཆོས་ཉིད་རང་སྣང་བའི་ཕྱིར། སྐུ་གསུང་ཐུགས་ཀྱི་བྱེ་བྲག་རྣམས་རང་རིག་པ་ཁོ་ནར་མི་ཕྱེད་པ་ལས་མཚོན་པའི་བླ་དྭགས་སུ་རྡོ་རྗེ་ཞེས་ཀྱང་སྨོས་པས། དོན་དེ་ལ་ནི་ཕྱོགས་འཛིན་གྱི་ཐ་སྙད་ཐམས་ཅད་མ་སྤངས་ངང་གིས་དག་པས་རྣམ་པའམ་ཟླ་དང་བྲལ་བ་གཅིག་ཏུ་འདུས་པ་ཞེས་བརྗོད་དོ། །དོན་དེ་ཉིད་ལེའུ་འདིས་ཐ་དད་དུ་ཕྱེས་ནས་སྟོན་པས་ཀྱང་དེ་སྐད་ཅེས་བྱའོ། །རང་བྱུང་ཡེ་ཤེས་ཀྱིི་ངང་ལ་ཐམས་ཅད་དབྱེར་མེད་པའི་བདག་ཉིད་བསྟན་པས། ཕྱོགས་དུས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་དགོངས་པ་རྫོགས་པར་འགྱུར་བའི་ཕྱིར། ལེའུ་འདི་ཉིད་ལས། རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་པས། དུས་གསུམ་གྱི་རྒྱལ་བའི་དཀྱིལ་འཁོར་ལ་དགོངས་མཛད་ཐམས་ཅད་དབྱེར་མེད་པའི་རང་བྱུང་གི་ཡེ་ཤེས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་དགྱེས་པའོ། །མ་འདྲེས་ལ་ཡོངས་སུ་རྫོགས་པའི་ངོ་བོ་ཉིད་ཙམ་ལ་ཕྱོགས་འཛིན་མ་སྤངས་ངང་གིས་དག་པ་ལ་ནི་ཆེན་པོ་ཞེས་བྱ་སྟེ། དངོས་དྲུག་པ་ཀུན་ཏུ་བཟང་པོའོ། །ཆོས་ཐམས་ཅད་ཅེས་པ། ཆོས་ནི་དངོས་པོ་གཉིས་ཀྱིས་བསྡུས་པ་ཐམས་ཅད་དེ། དེ་ནི་ཡེ་ནས་ཞེས་པ། རྒྱུ་རྐྱེན་དང་བྲལ་བའི་རང་བྱུང་གི་ཡེ་ཤེས་ཆེན་པོ་ཉིད་དུ་ཡེ་ནས། རྫོགས་པ་ཆེན་པོར། ཞེས་པས་ཆོས་ཐམས་ཅད་རང་རིག་པ་ཉིད་དུ་གསལ་བ་ལ་སྣང་སྟོང་གི་འཛིན་པ་མ་སྤངས་པ་ཉིད་མ་དམིགས་པས་རང་སྣང་ཐམས་ཅད་མ་འགག་པ་ཡུལ་དུ་མ་སྐྱེས་བདག་ཉིད་དུ་གསལ་ཡང་། གསལ་བྱ་གསལ་བྱེད་མེད་དེ། དེའི་ངང་ལ་སྣང་བ་སྐུ། གྲགས་པ་གསུང་། དྲན་རིག་ཐུགས་སུ་གསལ་བས་དེ་ལས་མ་གཏོགས་པའི་ཆོས་མ་དམིགས་པས་རྫོགས་པ་ཆེན་པོ་ཞེས་བྱའོ། །དོན་དེ་ཉིད་ལ་ཐེག་པ་འོག་མ་ལ་ལྟོས་པའི་ཀུན་བརྟགས་པ་རྣམས་ཀྱིས་ཕྱི་ནང་གི་ཆོས་ཐམས་ཅད་རྒྱུ་རྐྱེན་གྱི་རྣམ་པ་ཁོ་ན་བརྗོད་ཀྱང་། བརྗོད་པ་དང་བརྟགས་པ་གཉིས་རང་བྱུང་གི་ཡེ་ཤེས་ཉིད་ལས་རྒྱུ་རྐྱེན་མེད་པར་རང་སྣང་བ་ལས་འདའ་མི་སྲིད་པ་དང་། རང་གི་ངོ་བོ་ཉིད་འགྱུར་བ་མེད་པའི་བདག་ཉིད་དེ། རང་སྣང་དུ་ལྷུན་གྱིས་གྲུབ་པ་ལས་མི་འདའ་བ་ནི་དམ་ཚིག་གོ། །ཤིན་ཏུ་གསང་བའི་སྙིང་པོ། ཞེས་པ་མཆོག་ཏུ་གསང་བ་ཞེས་པ་དང་ཤིན་ཏུ་གསང་བ་འདྲ་སྟེ། རྫོགས་པ་ཆེན་པོའི་ངོ་བོ་རང་བཞིན་གསང་བའི་སྙིང་པོ་ནི་ཤིན་ཏུ་གསང་སྟེ་དངོས་པོ་ཐམས་ཅད་དང་བྲལ་བ་དང་། རང་གི་ངོ་བོ་ཉིད་ཡིན་པ་དང་། འཛིན་པ་ཕྲ་རགས་ཀྱིས་བསྒྲིབས་པས་གསང་ལ། སྙིང་པོ་ཞེས་པ། དངོས་པོ་ཐམས་ཅད་དང་བྲལ་བ་ཉིད་རང་སྣང་ཅིར་ཡང་འཆར་བས་ན་གཞིའམ་རྩ་བ་ལྟ་བུ་སྟེ་སྙིང་པོའོ། །སྤྲིན་བཀོད་པ་ཞེས་པ། སྟོང་པ་ཉིད་མི་འགག་པ་ལས་འོག་ནས་འབྱུང་བའི་གདམས་པའི་ངོ་བོ་ལྔ། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་གཉིས་མང་པོ་སྤྲིན་འབྱུང་བའོ། །དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་པ། དོན་དེ་ཉིད་སྟོན་པའི་དགོངས་པ་ལ་མི་གཡོ་བ་སྟེ་གསང་བའི་སྙིང་པོའི་ངོ་བོ་དངོས་སོ། །གོ་ཕྱེ་བའི་འཁོར་གྱི་ནང་ན་ཡང་། གསང་བའི་མན་ངག་གི་སྐལ་བ་ཅན་རྣམས་ཀྱི་ཆེད་དུ་བརྗོད་པ་འོག་ནས་འབྱུང་བ་འདི་བརྗོད་དོ། །མཚོན་བྱའི་དོན་ནི། མ་རྟོགས་པ་དང་ལོག་པར་རྟོགས། །ཞེས་པ་མ་རྟོགས་པ་ནི་འཇིག་རྟེན་འདིའི་རྒྱུ་འབྲས་ལ་ཡང་ཤེས་རབ་མ་ཞུགས་པ་སྟེ། དེ་ལ་ཡང་གཉིས་ཀྱི་ཤེས་རབ་ཤིན་ཏུ་ཞན་པ་སོ་སོའི་སྐྱེ་བོ་ཕྱུགས་དང་འདྲ་བ་འཕྲལ་གྱི་ཟ་གྱོན་ཁོ་ན་ཙམ་མིན་པ་བསམ་པ་མེད་པ་དང་། དེ་བས་ཅུང་ལྷགས་པ་འཇིག་རྟེན་འདིའི་བཙན་ཕྱུག་ལ་སོགས་པ་བསྒྲུབ་པའི་ཕྱིར། སྲོག་གི་མཆོད་སྦྱིན་གྱིས་ལྷ་དགའ་བར་བྱེད་པ་དང་། བོན་བྱེད་པ་དང་། མོ་འདེབས་པ་དང་། རྣམ་རྟོག་བསྲུང་བ་རྣམས་ཏེ། ཡང་དག་པ་རྒྱུ་འབྲས་ཀྱི་དོན་ལས་ནི་རིང་དུ་སོང་། འཇིག་རྟེན་གྱི་ཕན་ཡོན་ཁོ་ན་བསྒྲུབ་པས་རྒྱང་འཕེན་པ་ཞེས་བྱ་སྟེ། དེ་གཉིས་ནི་ཞེན་ཞིང་རྨོངས་པའི་དབང་གིས་ཡང་དག་པའི་དོན་ལས་རིང་དུ་འགྱང་ངོ་། །ལོག་པར་རྟོགས་པ་ནི་གཉིས་ཏེ། མུར་རྟུགས་པ་དང་། མུ་སྟེགས་པའོ། །མུར་རྟུགས་པ་ནི། ཚེ་འདི་འབའ་ཞིག་ཀྱང་མི་དཔྱད། ཚེ་ཕྱི་མ་མེད་པ་ཁོ་ནར་ལྟ་སྟེ། མིག་བཙུམས་ནས་ཅི་ཡང་མེད་པར་ལྟའོ། །མུ་སྟེགས་ལ་ནི་ལྟ་བ་སུམ་བརྒྱ་དྲུག་ཅུ་ཡོད་ཀྱང་ཆད་ལྟ་རྟག་ལྟ་གཉིས་སུ་འདུས་ཏེ། དེ་ལས་ཆད་ལྟ་བ་ནི་སེམས་ཀྱི་མཚན་ཉིད་མཐའ་ཐམས་ཅད་དང་བྲལ་བའི་ཕྱོགས་ལ་གོལ་ཏེ། ཚེ་སྔ་མའང་མེད་དེ། རྒྱུ་མེད་པའི་རྐྱེན་ལས་སེམས་ཅན་གྱི་ལུས་སུ་གྲུབ་པ་ནི། དཔེར་ན་དབྱར་གྱི་ཤ་མོང་ས་བོན་མེད་པ་ལས་རླན་དང་ཆར་པའི་རྐྱེན་གྱིས་ཤ་མོང་དུ་གྲུབ་པ་བཞིན། འབྱུང་བ་བཞིའི་རྐྱེན་གྱིས་ལུས་པོར་གྲུབ་ལ། ཤི་ན་ཚེ་ཕྱི་མ་མེད། །ཤ་ས་ལ་ཐིམ། ཁྲག་ཆུ་ལ་ཐིམ། དྲོད་མེ་ལ་ཐིམ། དབུགས་རླུང་པ་ཐིམ། སེམས་ནམ་མཁའ་ལ་ཐིམ་སྟེ་མེད་པར་འདོད་པ་ཆད་ལྟ་བའི་གཏན་ཚིགས་མང་ངོ་། །རྟག་པར་ལྟ་བ་ནི། སེམས་ཀྱི་རང་བཞིན་དུས་གསུམ་དུ་གཡོ་བ་མེད་པ་ལས་གོལ་ཏེ། སེམས་ཅན་གྱི་སེམས་རང་རིག་རང་གསལ་ཆེ་ན་མཐེ་བོང་ཙམ་ཆུང་ན་ཡུངས་འབྲུ་ཙམ་ཕྲ་ན་རྟ་རྔ་ཙམ་སྦོམ་ན་ལྕག་ཡུ་ཙམ་ཅི་ན་ཡང་མི་འགྱུར་བ་གཅིག་ཡོད་པས། ཐམས་ཅད་བྱེད་པར་འདོད་པ་ལ་སོགས་པ་རྟག་པར་ལྟ་བའི་གཏན་ཚིགས་མང་དུ་སྨྲའོ། །མུ་སྟེགས་སྤྱིར་རང་བཞིན་གྱིས་ལོག་པ་དང་། གཞན་རྐྱེན་གྱིས་ལོག་པ་དང་། ཞར་བྱུང་གི་མུ་སྟེགས་དགུ་ལ་སོགས་པ་ལོགས་སུ་ཤེས་པར་བྱའོ། །དེ་དག་ནི་འཁོར་བའི་ཁམས་པའོ། །འདས་པའི་ཁམས་པ་བསྟན་པའི་ཕྱིར། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །ཞེས་པ། ཕྱོགས་ཞེས་པ། ཕྱོགས་ཙམ་རྟོགས་པ་ཉན་ཐོས་དང་རང་རྒྱལ་བ་སྟེ། གཉིས་ཀས་ཡུལ་སྣང་བ་དངོས་པོ་རགས་པ་ནི་ཀུན་རྫོབ། རྡུལ་ཕྲ་རབ་ཏུ་བཤིགས་པ་རྡུལ་ཕྲན་ཆ་མེད་འབྱར་ལ་མ་རེག་པ་ཙམ་དོན་དམ་པ་ཞེས་བརྗོད་ལ། ནང་འཛིན་པའི་སེམས་རགས་པ་ཀུན་རྫོབ། སྐད་ཅིག་མ་ཆ་མེད་དོན་དམ་པར་འདོད་པ་ཕྱོགས་ཙམ་ཞེས་བྱ་ལ། རང་རྒྱལ་བས་དེའི་ཐོག་ཏུ་གཟུགས་ཀྱི་ཕུང་པོ་ཆོས་ཀྱི་ཕྱོགས་གཅིག་བདག་མེད་པར་རྟོགས་པས། སྤྲུལ་པས་འགྲོ་དོན་ནུས་པའོ། །དེ་གཉིས་ནི་དོན་དམ་པ་ལས་ཕྱོགས་ཙམ་རྟོགས་པས་ཕྱོགས་རྟོགས་ཞེས་བྱའོ། །ཡང་དག་ཉིད་མ་རྟོགས་ནི་ཐེག་པ་ཆེན་པོ་སྟེ། དེ་ལ་གཉིས་ཀྱི་སེམས་ཙམ་ནི་ཆོས་ཐམས་ཅད་སེམས་སྣང་བ་ཙམ་རྟོགས་པས་ཕྱོགས་གཅིག་ཅེས་བརྗོད་ཀྱང་། སེམས་རང་རིག་རང་གསལ་བུམ་པ་ནང་གི་མར་མེ་རླུང་གིས་མ་བསྐྱོད་པ་བཞིན་གསལ་ལ་མི་གཡོ་བའི་འཛིན་པ་དང་བཅས་པས་ཕྱོགས་གཅིག་རྟོགས་པའོ། །དབུ་མ་ནི། ཡང་དག་ཅེས་པས། མཐར་ཕྱིན་པའི་དོན་རྫོགས་པ་ཆེན་པོ་སྟེ་གཞི་རང་བཞིན་དོན་དམ། ལམ་ཡེ་ཤེས་དོན་དམ། འབྲས་བུ་ཆོས་སྐུ་དོན་དམ་ཕྱི་ནང་གི་ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་ངོ་བོ་ཉིད་དུ་གསལ་བ་གསུམ་དབྱེར་མེད་པའི་དོན་མ་རྟོགས་ཏེ། བདེན་པ་གཉིས་དབྱེར་མེད་པ་སྤྱོད་ཡུལ་དང་བྲལ་བ་མངོན་དུ་མ་བྱས་པའོ། །འདུལ་བ་དགོངས་པ་གསང་བ་དང་། །ཞེས་པ་ལ་སོགས་པ། འདུལ་བ་ནི་ཡང་དག་པ་ཉིད་རྟོགས་པར་བསྟན་པའི་ཕྱོགས་སུ་བསྡུ་བ་ཡིན་མོད་ཀྱང་། ཁྲུས་དང་གཙང་སྦྲ། གཟའ་དང་དུས་ཚིགས་དག་གཙང་གི་དགོས་པ་ཆེད་དུ་བླངས་པས། ལུས་ངག་ཡིད་གསུམ་འདུལ་བར་བྱེད་པ་ཀྲི་ཡ་པའོ། །དགོངས་པ་ནི་ཡོ་ག་སྟེ་སྤྱོད་པ་ཆེད་དུ་གཉེར་ཡང་ཀྲི་ཡ་བཞིན་མི་རགས་ལ། དགོངས་པ་ཏིང་ངེ་འཛིན་གཙོར་བྱེད་པ་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་ལྷའི་སྐུ་བསྐྱེད་པ་ལ་ནན་ཏན་བྱེད་པའོ། །གསང་བ་ནི་མ་ཧཱ་ཡོ་གའི་ལྟ་སྤྱོད་དེ། ཡོ་ག་ཕྱིན་ཆད་ཀྱི་སྤྱོད་ཡུལ་མ་ཡིན་པའི་ལྟ་བ་དག་མཉམ་རྟོགས་པ་གསུམ་གྱིས་སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མྱོང་བ་དང་། སྤྱོད་པའི་དངོས་པོ་ལྔ་ཕྲག་གསུམ་དང་། ཨཱ་ལི་ཀཱ་ལི་རྣམས་ཉམས་སུ་ལེན་པའི་མ་ཧཱ་ཡོ་ག་དང་། རང་བཞིན་གསང་བའི་དོན་ནི་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་གོང་དུ་བཤད་པའི་བདེན་པ་གསུམ་དབྱེར་མེད་པར་རང་བཞིན་གྱི་འབྲས་བུར་ཡེ་ནས་གནས་ཀྱང་། བརྟགས་པའི་ཞེན་པའི་རིམ་པ་སྣ་ཚོགས་ཀྱིས་བསྒྲིབས་པ་དབྱིངས་ཡེ་ཤེས་ཀྱི་ཆ་ནས་སྐད་ཅིག་མས་རྟོགས་པ་ཨ་ནུ་ཡོ་ག་དང་། དོན་ཇི་ལྟ་བ་ཉིད་སྐད་ཅིག་མ་དང་བྲལ་བར་རང་རིག་པའི་མངོན་སུམ་དུ་གསལ་བ་ཨ་ཏི་ཡོ་གའོ། །དེ་དག་གི་དོན་མཚོན་པར་བྱེད་པའི་ཐབས་ནི། ཡི་གེའི་སྒྲས་བཏགས་མིང་ཚོགས་ལ། །ཞེས་པ་ལ་སོགས་པ། ཡི་གེ་ནི་སྤྱིར་མྱ་ངན་ལས་འདས་པའི་ཡི་གེ་སྟེ་ༀ་ཧཱུྃ་མཱུྃ་མོ། འཇིིག་རྟེན་པའི་ཡི་གེ་ལ་ལྷའི་ཡི་གེའི་རིགས་རྣམས་དང་། ཐུན་མོང་གི་ཡི་གེ་ཀ་ཁ་ལ་སོགས་པ་དང་། ས་བོན་ཡི་གེ་ཨ་ནྲི་སུྃ་ཏྲི་པྲེ་དུཿའོ། །དེ་ལ་འདིར་ནི་ཡི་གེ་ཐམས་ཅད་ཀྱི་གཞིའམ་རྩ་བ་ཐུན་མོང་གི་ཡི་གེའི་ནང་ན་ཨ་ཐུང་ངུ་སྟེ། སྤྲུལ་པའི་འཁོར་ལོའམ་ཀུན་ཏུ་བཟང་མོའི་འཁོར་ལོའི་དབུས་ན་གནས་སོ། །ཨའི་ནང་ལས་བྱུང་བ་ནི་སྒྲ་ཡིག་སོ་གཉིས་སོ། །ཨ་དངོས་ལས་བྱུང་བ་ནི་དབྱངས་ཡིག་བཅུ་གཉིས་སོ། །གཉིས་ཀ་ལས་བྱུང་བ་ནི་མ་ནིང་གི་ཡི་གེ་བཞིའོ། །སྒྲས་བཏགས། ཞེས་པ་སྒྲ་ཡིག་བསྡེབས་ན་མིང་དུ་གྲུབ་སྟེ། དཔེར་ན་ཀ་བ་ལྟ་བུའམ་བུམ་པ་ལྟ་བུའོ། །མིང་འདུས་པ་ལས་ཚིག་གི་ཚོགས་ཏེ། དཔེར་ན་ཚིགས་རྐང་གཅིག་ལྟ་བུའོ། །ཚིགས་རྐང་བཞི་ལས་ཚིགས་སུ་བཅད་པ་ཤོ་ལོ་ཀ་གཅིག །དེ་སུམ་བརྒྱ་ལ་བམ་པོ་གཅིག །དེའི་ཚོགས་འདུས་པ་ལས་སོ་སོའི་གཞུང་དབུ་ཞབས་ཚང་བ་སྟེ་རྒྱུད་འདི་ཉིད་ཀྱི་ལེའུ་ཉི་ཤུ་རྩ་གཉིས་ལྟ་བུའོ། །བདེ་བར་གཤེགས་པས་གསུངས་པའི་མིང་གི་ཚོགས་གསང་སྙིང་ལྟ་བུ་ལ་བརྟེན་ནས། རྡོ་རྗེ་སློབ་དཔོན་གྱི་གསུང་མཚོན་བྱེད་ཚིག་གིས་མཚོན་བྱ་དོན་རབ་ཏུ་སྟོན་ཏེ། ཇི་ལྟར་སྟོན་ཞེ་ན། རྡོ་རྗེ་སློབ་དཔོན་ལ་རག་ལས་པ་ནི། ཁོང་ནས་གབ་སྦས་དོན་འབྱིན་པ། །ཞེས་པ། རྗོད་བྱེད་ཀྱི་ཚིག་གིས་མཚོན་པའི་བརྗོད་བྱའི་དོན་ནི། རང་བཞིན་གསང་བའི་སྙིང་པོ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གཟུང་འཛིན་གྱིས་ཞེན་པས་བརྟགས་པའི་དབང་གིས་གབ་པ་ལྟར་མི་རྟོགས་པ་ནི་སྟོན་པ་ཀུན་ཏུ་བཟང་པོས་འབྱིན་ལ། དེ་མཚོན་པའི་ལམ་གྱི་རྒྱུད་འདི་ལས་སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་རྗེས་གསང་སྔགས་བྱིན་རླབས་ཀྱི་ལམ་ཡིན་པས་བླ་མ་ལ་ཐུག་པའི་ཕྱིར། རྒྱུད་དཀྲུགས་ལུང་གཅུས་མན་ངག་སྦས་པ་རྣམས་རྡོ་རྗེ་སློབ་དཔོན་གྱིས་འབྱིན་པས། རྡོ་རྗེའི་ཐུགས་ལ་གནས་ཞེས་བྱ་སྟེ། ཀུན་ཏུ་བཟང་པོའི་ལུང་རྒྱུད་ཀྱི་གཞུང་ཡོད་ཀྱང་བླ་མ་ལ་རག་ལས་ལ། དེའི་ནང་དུ་ལེའུ་འདི་བླ་མ་ལ་རག་ལས་པ་ཁོ་ན་བས་དེའི་དབང་གིས་བླ་མ་མཉེས་པར་བྱ་བ་ཡང་ཤུགས་ལས་འབྱུང་ངོ་། །གྲོལ་ལམ་རིམ་གྱིས་པས་བསྐྱེད་པའི་རིམ་པའི་སྒོ་ནས་རིག་འཛིན་ལ་ལམ་སྟེགས་བཅས་པས་ཕྱི་ལྟར་བཤད་ན། དཀྱིལ་འཁོར་ལྡན་པའི། ཞེས་པ་ལ་སོགས་པས་ལྟ་བ་སྔོན་དུ་སོང་བས་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་ཁོ་ན་སྟོན་ཏེ། སེམས་ཀྱི་ཆོས་ཉིད་མ་བཅོས་པའི་ངོ་བོ་འཕགས་པའི་ནོར་བདུན་དང་ལྡན་པ་ནི་དོན་དམ་པའི་དཀྱིལ་འཁོར་རོ། །སེམས་རང་བྱུང་གི་ཡེ་ཤེས་གསལ་ལ་མ་འགག་པ་ཕུང་པོ་ཁམས་དང་སྐྱེ་མཆེད་རང་སྣང་བ་ཉིད་ན་ཆུའི་གཟུགས་བརྙན་ལྟར་སྣང་སྟོང་གི་ཆོས་ཉིད་ཐམས་ཅད་དང་བྲལ་བ་མཉམ་རྫོགས་ནི་ཐ་སྙད་དུ་ཀུན་རྫོབ་ཀྱི་དཀྱིལ་འཁོར་རོ། །དེ་གཉིས་བརྗོད་པ་ལ་སྔ་ཕྱི་བྱུང་ཡང་ཆུ་དང་གཤེར་བ་བཞིན་དུ་རིག་པ་ལ་སྐད་ཅིག་གིས་རྫོགས་པ་ནི་བདེན་པ་དབྱེར་མེད་ཀྱི་དཀྱིལ་འཁོར་རོ། །དོན་དེ་ཉིད་གཞལ་བྱ་གཞལ་བྱེད་མེད་པར་རང་རིག་པའི་ངོ་བོ་ཉིད་དུ་གསལ་ཏེ། རྟོགས་སྙམ་གྱི་འདུ་ཤེས་དང་བྲལ་བ་ནི་ལྟ་བའི་ངོ་བོ་ཐོག་ཏུ་ཕེབས་པ་སྟེ། ལྡན། ཞེས་པའི་ཚིག་གིས་མཚོན་ནོ། །དངོས་པོ་གང་ལ་ལྡན་ན་འཁོར་འདས་ཐམས་ཅད་ལ་ལྡན་ནོ། །སངས་རྒྱས་ལ་ལྡན་པ་ལྟ་བ་ངོ་བོ་ཉིད་ཡིན་ན། སེམས་ཅན་འཁྲུལ་པ་ལ་ལྡན་པ་ཇི་ལྟར་ལྡན་ཞེ་ན། ལྡན་པ་མ་ཤེས་པ་ནི། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་ལུས་ལ་མཚན་དཔེ་དང་ལྡན་པ་རིགས་འཁྱར་ནས་འབངས་ཐ་མལ་པ་དང་ལྡན་པ་བཞིན། འཁྲུལ་པ་བརྟགས་པ་ཉིད་ཀྱིས་ངོ་བོ་ཉིད་མ་མཐོང་ཡང་རྟོགས་པའི་དོན་གྱིས་ངོ་བོ་ལ་སངས་རྒྱས་སེམས་ཅན་ལ་ཆེ་ཆུང་དུ་སོང་བ་མེད་དོ། །དེ་ཡང་ཚུལ་ཇི་ལྟར་ལྡན་ན། ཁྱབ་བྱ་ཁྱབ་བྱེད་མེད་དེ་ནམ་མཁའ་དང་སྟོང་གསལ་བཞིན་རང་བཞིན་གྱིས་བཞུགས་སོ། །དེས་ནི་ལམ་གྱི་གཞི་ལྟ་བ་བསྟན་ཏོ། །དཀྱིལ་འཁོར་གྱིས་ཞེས་པས། ལྟ་བ་རྟོགས་པ་དང་ལྡན་པའི་ལམ་གྱི་གཞི་ཡིན་པའི་གཏན་ཚིགས་སོ། །དཀྱིལ་འཁོར། ཞེས་པ་གོང་དུ་བསྟན་པའི་ལྟ་བ་དེ་ཉིད། ལ་ནི། ཞེས་པ་བསྒོམ་པའི་གཞིར་གཞག་པའོ། །བསྒོམ་པ་རང་གི་ངོ་བོ་ནི། དཀྱིལ་འཁོར་བསྒོམ། །ཞེས་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྣང་སྟོང་གང་གི་ཡང་ཞེ་འདོད་མེད་པའི་ངང་ལས་མི་རྟོགས་པ་ཆེན་པོའི་ངོ་བོར་རང་བཞག་པར་བསྒོམ་པའོ། །སྙིང་རྗེ་ཆེན་པོ་བསྒོམ་པ་ནི། དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཞེས་པ་སྟེ། དཀྱིལ་འཁོར། ཞེས་པ་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་ཏེ་ཕྱི་ནང་གི་ཆོས་ཐམས་ཅད་རིག་པ་རང་གསལ་གྱི་ངང་ལས་རང་སྣང་གི་ཆོས་ཐམས་ཅད་སྣང་བྱ་སྣང་བྱེད་མེད་པར་མེ་ལོང་གི་གཟུགས་བརྙན་བཞིན། རིག་པ་མ་འགག་ཆོས་ཐམས་ཅད་དུ་སྣང་རིག་པར་དབྱེར་མེད་པས་སྣང་བྱ་སྣང་བྱེད་ཀྱི་འདུ་ཤེས་དང་ཡུལ་དུ་འཛིན་པ་ཡང་མི་མངའ་སྟེ། མ་འགག་པའི་ངོས་ནས་ཀུན་རྫོབ་བྱང་ཆུབ་སེམས་ཞེས་ཀྱང་བྱ། སྣང་བ་དང་མ་གྲུབ་པ་དབྱེར་མེད་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་ཀྱང་བྱ། རང་རིག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་ཀྱང་། ཁྱབ་བྱ་ཁྱབ་བྱེད་ཀྱི་འཛིན་པ་མེད་པས་སྙིང་རྗེ་ཆེན་པོའི་རྣལ་འབྱོར་ཞེས་ཀྱང་བྱའོ། །གཏན་ཚིགས་གསུམ་དེས་དཀྱིལ་འཁོར་གྱི་ངེས་ཚིག་གྲུབ་བོ། །དཀྱིལ་འཁོར་ལས་བྱུང་བ་ཞེས་པ། སྙིང་རྗེ་ཆེན་པོའི་རྣལ་འབྱོར་དེ། དེ་བཞིན་ཉིད་ལས་འབྱུང་ངམ་སྣང་ཞེས་བྱ་སྟེ། དཔེར་ན་ཆུ་རྙོག་མ་གཏན་ནས་དག་ན་གཟུགས་བརྙན་གསལ་བ་མཐར་ཕྱིན་པ་བཞིན། སྟོང་པ་ཆེན་པོའི་ཏིང་ངེ་འཛིན་ལ་འདུ་ཤེས་ཀྱི་གཟུང་བའི་ཕྲ་རགས་རྙོག་མ་དང་འདྲ་བ་མི་མངའ་ན། སེམས་རང་གསལ་ཡིན་པའི་རང་ཐོག་ཏུ་ཕྱིན་པས། རང་གསལ་མི་འགག་པ་ཡེ་ཤེས་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའོ། །ཕྱག་རྒྱ་གཅིག་པར་བསྒོམ་པ་ནི། ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །ཅེས་པ་ཐུགས་ཀྱི་དཀྱིལ་འཁོར་ནི། སྒྱུ་མ་ལྟ་བུའི་སྐབས་སུ་ཁམས་གསུམ་གྱི་ཆོས་ཐམས་ཅད་རང རིག་པར་གསལ་བའོ། །དཀྱིལ་འཁོར་མཆོག་ནི་རིག་པ་དེ་ཉིད་ཧཱུྃ་ཆ་ལྔ་པ་ལྟ་བུའི་རང་བཞིན་དུ་བསྡུས་པའོ། །ཡང་། ཐུགས་ཀྱི་དཀྱིལ་འཁོར་ཞེས་པ། ཧཱུྃ་ལས་ཕྱག་རྒྱ་གཅིག་པ་ཕྲ་བ་སྐུ་རྒྱན་གཅིག་པ་ལྟ་བུར་སྣང་བ་ནི་བདེན་པ་དབྱེར་མེད་ཀྱི་ངོ་བོ་ཡིན་ཏེ། སྟོང་པ་ཆེན་པོ་དོན་དམ་པ་དཀྱིལ་འཁོར་སྤྲོས་པ་ཀུན་རྫོབ་དེ་ཉིད་རྡོ་རྗེ་སེམས་དཔའི་སྐུ་རྒྱན་གཅིག་པར་འདུས་པ་དབྱེར་མེད་དེ། དབྱེར་མེད་ཀྱི་དོན་ནི་གཉིས་ཅན་གྱི་མཐའ་ཐམས་ཅད་དང་བྲལ་བས་དེ་ཉིད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡིན། ཐུགས་མཚོན་པའི་རྡོ་རྗེ་སེམས་དཔའོ། །དཀྱིལ་འཁོར་མཆོག་ཅེས་པ། བདེན་པ་གཉིས་སོ་སོར་འཛིན་པ་ལས་འཕགས་པའོ། །སྤྲོས་པའི་དཀྱིལ་འཁོར་དངོས་ནི། གསང་བའི་ཐིག་ལེའི་དཀྱིལ་འཁོར་དབྱིངས། །ཞེས་པ་ལ་སོགས་ཏེ། གསང་བ་ནི་ཐུགས་ཀྱི་རིགས་མཚོན་པའི་རྡོ་རྗེ་སེམས་དཔའི་སྐུ་རྒྱན་གཅིག་པ་ངོ་བོ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རིགས་བདེན་པ་དབྱེར་མེད་ཀྱི་དོན་ཡིན་པས། བུདྡྷ་འབའ་ཞིག་གི་ཡུལ་ཡིན་ཏེ། ཕལ་གྱི་སྤྱོད་ཡུལ་དུ་མ་གྱུར་པས་རང་བཞིན་གྱིས་གསང་བའོ། །ཐིག་ལེ་ནི་སྤྲོས་པ་དང་བྲལ་བས་ཟླུམ་པ་སྟེ། བདེན་པ་དབྱེར་མེད་ཀྱི་ལྷ་ཕྱག་རྒྱ་གཅིག་པའི་ཁོངས་སུ་སྟོང་པ་ཆེན་པོའི་རྣལ་འབྱོར་ལས་མ་གཡོས་དཀྱིལ་འཁོར་སྤྲོས་པ་དངོས་པོའི་མཐའ་དང་བྲལ། སྤྲོས་པ་མ་འགག་པར་སྣང་བས་དངོས་པོ་མེད་པའི་མཐའ་དང་བྲལ་བའོ། །དེ་ལྟར་ཕྱག་རྒྱ་གཅིག་པ་ལ་གོམས་ན་སྤྲོས་པའི་དཀྱིལ་འཁོར་སྣང་བས་དཀྱིལ་འཁོར་ཞེས་བྱ་ལ། སྤྲོས་པའི་དཀྱིལ་འཁོར་སྣང་བའི་རྒྱུའི་འབྱུང་ཁུངས་ལྟ་བུར་གྱུར་པས་དབྱིངས་ཞེས་བྱའོ། །དཀྱིལ་འཁོར་རྒྱས་པ་བསྟན་པ་ནི། དེ་ལྟར་དཀྱིལ་འཁོར་སྤྲོས་པ་ལ་འཇུག་པའི་དུས་སུ། སྤྲོས་པ་མངོན་དུ་གྱུར་པའི་རྒྱུ་ནི་སྟོང་པ་ཆེན་པོའི་རྣལ་འབྱོར་བསྒོམ་པའི་དུས་སུ། ཁམས་གསུམ་མཐའ་ཐམས་ཅད་དང་བྲལ་བའི་སྟོང་པ་ཆེན་པོའི་ངོ་བོར་རྫོགས། རིག་པ་སྒྱུ་མ་ཉིད་ས་བོན་གྱི་དུས་སུ་རྒྱུའི་ཡི་གེ་གང་ཡིན་པར་གསལ། དེ་ལས་ཕྱག་རྒྱ་གཅིག་པ་རྒྱན་གཅིག་པར་གསལ། དེ་དག་གི་སྟོབས་ཀྱིས་འདིར་དཀྱིལ་འཁོར་རྒྱས་པ་བསྒོམ་པའི་དུས་སུ་ཁམས་གསུམ་དཀྱིལ་འཁོར་དུ་གསལ་བ་ཡིན་པས། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཞེས་པ་ཐ་མལ་པ་རྟོགས་པའི་དུས་སུ་ས་ཆུ་མེ་རླུང་ནམ་མཁའ་ལྔ། རིགས་ལྔའི་ཡུམ་དུ་གསལ་ཏེ། དེ་ཡང་ནམ་མཁའ་ས་ཆུ་མེ་རླུང་ལྔ་ལས། འབྱུང་བ། ཞེས་པ་ནམ་མཁའི་ངང་ལས་ས་ཆུ་མེ་རླུང་བཞི་སྣང་། དེ་ལས་སྣོད་ཀྱི་འཇིག་རྟེན་ཡང་དེ་ལས་བྱུང་། བཅུད་ཀྱི་འཇིག་རྟེན་ཡང་དེ་ལས་བྱུང་བས། བསྐྱེད་ཅིང་འབྱུང་བའི་ཕྱིར་ན་ཡུམ་ཞེས་ཀྱང་བྱ། རྒྱུར་སྨོས་པས་འབྱུང་བ་ཞེས་ཀྱང་བྱའོ། །ཤེས་རབ་ནི་འབྱུང་བ་ལྔ་སོ་སོར་གཞིག་ན་འབྱུང་བའི་མཚན་ཉིད་མི་རྙེད་དེ་ས་གཅིག་པུ་ལའང་རགས་པ་སྲ་བའི་མཚན་ཉིད་འཛིན་པ་ཙམ་སའི་ས། ས་གཅིག་ཏུ་འདུས་ནས་མི་གྱེས་ཤིང་མི་འབོ་བ་སའི་ཆུ། མི་རུལ་ཞིང་མི་རླག་སྟེ་སའི་རླུང་། ས་གོང་ནས་གོང་དུ་སྨིན་ཞིང་བརྟས་པར་བྱེད་པ་སའི་མེ། དེ་རྣམས་ཀྱིས་གཞིག་ཅིང་དཔྱད་ན་སའི་དངོས་པོ་གྲུབ་པ་མེད་ཅིང་ནམ་མཁར་གསལ་བ་སའི་ནམ་མཁའ་འབྱུང་བ་ལྔ་ཀ་ལ་དེ་ལྟར་གཞལ་བས་དངོས་པོར་གྲུབ་པ་མེད་ཅིང་ཐམས་ཅད་ལ་ཁྱབ་པ་ཉིད་ཐབས་དང་ཤེས་རབ་ལན་ཤེས་རབ་བོ། །ཡང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་བསྐྱེད་པ་དང་། སྣོད་བཅུད་དང་མི་ཕྱེད་པའི་དོན་གྱིས་ཡུམ་གཉིས་ཏེ་ཤེས་རབ་བོ། །དེ་དག་ཐམས་ཅད་ཀྱི་བདག་ཉིད་དེ། ཏིང་ངེ་འཛིན་གྱི་ངོ་བོ་རིགས་ཀྱི་ཡུམ། ཞེས་པ་རིགས་ནི་ལྔ་སྟེ་ཡུམ་ཡང་ལྔའོ། །ས་སངས་རྒྱས་སྤྱན་མ་རྣམ་སྣང་གི་ཡུམ། ཆུ་མཱ་མ་ཀཱི་རིན་འབྱུང་གི། མེ་གོས་དཀར་མོ་མཐའ་ཡས་ཀྱི། རླུང་སྒྲོལ་མ་དོན་གྲུབ་ཀྱི། ནམ་མཁའ་ཀུན་ཏུ་བཟང་མོ་རྡོ་རྗེ་སེམས་དཔའི་ཡུམ་མོ། །ཆེན་པོའི་རིགས་ཏེ་དེ་བཞིན་ཏེ། །ཞེས་པ། ཆེན་པོ་ཕུང་པོ་ལྔ་སྟེ་གཟུགས་ལ་སོགས་པ་ལྔ་སྟོབས་རགས་ཏེ། ཁམས་གསུམ་སྣོད་བཅུད་ཐམས་ཅད་ཕུང་པོར་ལྔར་འདུས། ལས་ཀྱི་ནུས་པ་ཆེ་སྟེ་འཁོར་བ་རྒྱུ་འབྲས་འཕེལ་བར་བྱེད། ཁྱབ་ཆེ་སྟེ་ཁམས་གསུམ་ཡོངས་ལ་ཁྱབ། རྩ་བ་དང་ཡན་ལག་མང་སྟེ་གཟུགས་ལ་གཟུགས་ཆེན་བཅོ་ལྔ་ལྟ་བུ་སྟེ་ཀུན་ལ་དེས་འགྲེ། རིགས་ཏེ་ཞེས་པ། དངོས་པོ་རགས་པར་སྣང་བ་དེ་བཞིན་གཤེགས་པ་ལྔར་སྣང་བས་དེ་བཞིན་ཏེ། དེ་ཡང་བསྒོམ་པའི་ཏིང་ངེ་འཛིན་གྱི་ངོ་ལ་གཟུགས་ཀྱི་ཕུང་པོ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད། ཚོར་བ་རིན་ཆེན་འབྱུང་ལྡན། འདུ་ཤེས་སྣང་མཐའ། འདུ་བྱེད་དོན་གྲུབ། རྣམ་ཤེས་རྡོ་རྗེ་སེམས་དཔའོ། །བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །ཞེས་པ་རང་བཞིན་ཉིད་ཀྱི་དུས་སུ་སེམས་ཉིད་བདེན་པ་གསུམ་པའི་དོན་ནི་བྱང་ཆུབ་སྟེ། དོན་དམ་གྱི་ངོས་ནས་དངོས་པོ་ཐམས་ཅད་དང་བྲལ་བས་བྱང་། ཀུན་རྫོབ་ཀྱི་ངོས་ནས་རང་སྣང་མི་འགགས་པའི་རྩལ་ཅིར་ཤར་ཡང་བྱང་བ་ལས་མ་གཡོས་པས་ཆུབ། དེ་གཉིས་དབྱེར་མེད་པ་བདེན་པ་དབྱེར་མེད་ཀྱི་དོན་ལ་དུས་གསུམ་འདའ་བ་མེད་པས་སེམས། དེ་རང་སྣང་བ་མི་འགག་པ་ལས་དབང་ཡུལ་གྱི་ཆོས་ཅི་སྣང་ཡང་དབྱེར་མེད་ཀྱི་དོན་ལས་མི་འདའ་བས་རྡོ་རྗེ་ཚོགས་ནི་ཁམས་དང་སྐྱེ་མཆེད་རྣམས་སོ། །བསྒོམ་པའི་དུས་སུ་བྱང་ཆུབ་སེམས་ནི་ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབས་པས་འཁོར་བསྐྱེད་པའི་རྒྱུ་བྱང་ཆུབ་ཀྱི་སེམས་སྤྲོས་པས་སྐུ་གསུང་ཐུགས་རྡོ་རྗེ་མཚོན་པའི་རྡོ་རྗེ་སེམས་དཔའ་དང་སེམས་མའི་ཚོགས་སུ་གསལ་བའོ། །དབང་པོ་ཡུལ་དུས་རིག་པ་རྣམས། །ཞེས་པ་རྒྱས་བཤད་དེ། དང་པོ་རིག་པ་ཞེས་པ། རྣམ་པར་ཤེས་པ་སྟེ་མིག་གི་རྣམ་ཤེས་དང་། རྣ་བ་སྣ་ལྕེ་ས་སྙིང་ལ་སོགས་པ་བཞིར་གསལ། ལུས་ཀྱི་རྣམ་ཤེས་ཁྲོ་བོ་གཤིན་རྗེ་གཤེད་པོའོ། །མིག་གི་དབང་པོ་ལ་སོགས་པ་བཞི་བྱམས་པ་ལ་སོགས་པ་བཞིར་བསྒོམ། ལུས་ཀྱི་དབང་པོ་ནི་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེའོ། །མིག་གི་ཡུལ་གཟུགས་ལ་སོགས་པ་བཞི་ནི་སྒེག་མོ་ལ་སོགས་པ་བཞི་ནང་གི་སེམས་དཔའ་བཞིའི་ཡུམ་མོ། །ལུས་ཀྱི་རེག་བྱ་ནི་ཁྲོ་བོ་རྟ་མགྲིན་ནོ། །དུས་འདས་པ་ལ་སོགས་པ་བཞི་བདུག་སྤོས་མ་ལ་སོགས་པ་བཞི་སྟེ། ཕྱིའི་སེམས་དཔའ་བཞིའི་ཡུམ་མོ། །རྣམས་ཀྱི་ཁོངས་སུ་ལུས་ཀྱི་རེག་ཤེས་ནི་བདུད་རྩི་འཁྱིལ་བའོ། །ཉོན་མོངས་པ་དྲུག་ནི་ཐུབ་པ་དྲུག་གོ། ཡིད་དང་ཀུན་གཞི་གཉིས་ནི་ཀུན་ཏུ་བཟང་པོ་དང་བཟང་མོའོ། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །ཞེས་པ་ཁམས་གསུམ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ་ཙ་བསྒོམ་པ་ཏིང་ངེ་འཛིན་གྱི་ངོ་ལ་དཀྱིལ་འཁོར་ལས་མ་གཏོགས་པའི་དངོས་པོའི་ཆོས་ཕྲ་བ་གཅིག་ཀྱང་མ་དམིགས་པ་ནི་བློ་ལ་གཟུང་འཛིན་ཕྲ་རགས་ཀ་ནས་དག་པས་སྤྱོད་ཡུལ་དག་པ་ལ་ནི། ཀུན་ཏུ་བཟང་པོ་ཞེས་བརྗོད་ལ། ཐམས་ཅད་ལྷུན་གྱིས་གྲུབ་པས་དཀྱིལ་འཁོར་རོ། །ཡན་ལག་གི་ལྷ་ནི། བདག་ཉིད་ཆེན་པོ་ལྷག་པ་ཡི། །ཞེས་པ་ལ་སོགས་ཏེ། བདག་ཉིད་ཆེན་པོ་ཞེས་པ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རིག་པ་རང་སྣང་བ་ལས། གཞན་ཡུལ་སེམས་ལ་སོགས་པའི་གཉིས་འཛིན་ངང་གིས་དག་པའོ། །ལྷག་པའི་ཞེས་པ། རྩ་བ་ལས་ལྷག་པ་ཡན་ལག་གི་ལྷ་སྟེ་ལྷ་དགུའམ་བཅུ་གཅིག་བསྒོམ་སྟེ། དེའང་དགུའི་དབང་དུ་བྱས་ན་དབུ་ལ་རིགས་ལྔ་སྐུ་གསུང་ཐུགས་ཀྱི་གསུམ། ཡེ་ཤེས་སེམས་དཔའ་དང་དགུའོ། །བཅུ་གཅིག་གི་དབང་དུ་ན་དགུའི་ཐོག་ཏུ་ཡོན་ཏན་ཕྲིན་ལས་ཀྱི་ལྷ་གཉིས་དང་བཅུ་གཅིག་གོ། །ཐུགས་ཀྱི་ཡེ་ཤེས་ལྔ་ལྟ་ཞིང་། །ཞེས་པ་བྱེ་བྲག་ཏུ་དབུ་རྒྱན་གྱི་ལྷ་ངོ་སྟོན་པའོ། །ཚོགས་བསྒྲུབ་པ་ནི། སྙིང་པོ་ཐིག་ལེ་མཉམ་སྦྱོར་བས། །ཞེས་པ་ལ་སོགས་ཏེ། བསྐྱེད་རིམ་མཐར་ཕྱིན་ནས་ཚོགས་བསྒྲུབ་པ་སྟེ་ཡོ་བྱད་ལ་སོགས་པ་བཅོ་ལྔ་ཚོགས་ནས་བསྙེན་བསྒྲུབ་བཞིས་ཉམས་སུ་བླངས་པའི་བསྒྲུབ་པའི་མཐའ་བསྒྲུབ་པ་ཆེན་པོ་ལ་སྦྱོར་ལ་ཁད་ཀྱི་དུས་སུ། ལྟ་སྤྱོད་བསྒོམ་གསུམ་དབྱེར་མེད་པར་མགོ་སྙོམས་པར་འབྱོངས་པའི་དུས་སུ་ཐེག་འོག་དང་མི་འདྲ་བར་རྒྱུ་འབྲས་གཉིས་སུ་མེད་པར་ཉམས་སུ་བླང་བའི་སྙིང་པོ་སྟེ་ལས་འོག་མ་རྣམས་ཀྱི་འབྲས་བུ་ཡིན་པས་སྙིང་པོ། གོང་མ་རྣམས་ཀྱི་གཞིའམ་རྩ་བ་ཡིན་པས་སྙིང་པོའོ། །ཐིག་ལེ་ནི་སྙིང་པོ་དེ་ཉིད་སྤྲོས་པ་དང་བྲལ་བ་སྟེ། ཐོབ་བྱ་རིག་འཛིན་གྱི་དགོངས་པའི་ངོ་བོ་སྣང་སྟོང་ལ་སོགས་པའི་མཐའ་དང་བྲལ་བའོ། །དོན་དེ་ཉིད་ལ་ཚོགས་ཀྱི་སྒྲུབ་པས་ནུས་མཐུ་བསྐྱེད་དུ་སོང་བས་མཐར་ལམ་དུ་མཉམ་པར་སྦྱོར་བའོ། །བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཞེས་པ། བདེ་བ་ནི་ཚོགས་ཀྱི་བསྒྲུབ་པ་མ་འདྲེས་ཡོངས་རྫོགས་ཉམས་སུ་བླངས་པས་གྲུབ་པའི་རྟགས་ཐོན་པའི་དངོས་གྲུབ་ལ། འདུ་ཤེས་ཀྱི་ཟུག་རྔུ་དང་བྲལ་བས་བདེ་བའོ། །དེ་ཉིད་རང་བྱུང་ཡེ་ཤེས་ལམ་པས་རྟོགས་པའི་མགོ་ཟུག་པའི་ཡེ་ཤེས་སོ། །རོལ་མོ་ཡིས་ཞེས་པ། དཔེར་ན་རོལ་མོས་ལྟད་མོ་བའི་ཡིད་ཚིམ་པ་བཞིན། འདིར་དོན་གྱི་རོལ་མོ་རིག་པའི་ཡེ་ཤེས་བདེ་ཆེན་གྱི་དངོས་གྲུབ་ཀྱིས་ལམ་པའི་ཡིད་ཚིམ་པར་བྱེད་པའོ། །ཡེ་ཤེས་དགྱེས་ལ་རོལ་པར་མཆོད། །ཅེས་པ། ལམ་པའི་རྟོགས་པ་རང་བྱུང་གི་ཡེ་ཤེས་ལ་ཉོན་མོངས་པའི་འདུ་ཤེས་ཀྱིས་འཛིན་པའི་གདུང་བ་མེད་པས་མཉམ་པ་ཉིད་ཀྱི་ངང་ལས་མཐར་འཛིན་མི་གནས་པ་ནི། རིག་པ་མཉམ་པ་ཉིད་དེ་དགྱེས་པའི་ངོ་བོའོ། །མཆོད་པ་ནི་མཉེས་པའི་ངོ་བོ་སྟེ། དཔེར་ན་མི་ཟས་ཀྱིས་མཉེས་ན་བཏང་སྙོམས་སུ་འདུག་པ་བཞིན་མཉམ་པ་ཉིད་ཀྱི་དགོངས་པ་མངོན་དུ་སྣང་བའོ། །འབུལ་བ་ནི་ཡུལ་ཡུལ་ཅན་མེད་པར་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པའོ། །ནང་ལྟར་རྫོགས་པའི་རིམ་པ་རིམ་འཇུག་ཏུ་བཤད་ན། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །ཞེས་པ་སྙིང་ག་ཆོས་ཀྱི་འཁོར་ལོ་ཙིཏྟ་སྨུག་པོ་གུར་ཕུབ་པ་འདྲ་བའི་གཞལ་ཡས་ཁང་གི་ནང་ནས་ཆོས་ཀྱི་འཁོར་ལོ་ཀུན་ཏུ་བཟང་པོའི་ངོ་བོ་སྟེ། ཆོས་ཀྱི་ཙཀྲའི་དབུས་ན་རྩ་བ་རྩ་བཞི། དེ་ལས་གྱེས་པས་གསུམ་གསུམ་དུ་སོང་བས་དྲུག་མ་གྱེས་པ་གཉིས་དང་བརྒྱད་ནི་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་བརྒྱད་དོ། །རྩ་དེ་ཡང་རྩ་བ་གཅིག་ལས་གྱེས་པ་ལྟ་བུ་མ་ཡིན་ཏེ། རྩ་བཞིའི་ཁུག་པ་གཉིས་གཉེ་མའི་སྙིང་པོ་འཁྱིལ་བ་ལྟ་བུའོ། །ཐ་སྙད་དུ་སྦྲུལ་འཁྱིལ་བ་ལྟ་བུ་ཞེས་ཀྱང་བརྗོད་དོ། །དེ་ནས་འབྱུང་བ་ལྔའི་དྭངས་མ་ལྔ་ཡོད་དེ། དྭངས་མ་ལྔ་ནི་ཡེ་སངས་རྒྱས་ཀྱི་ངོ་བོའོ། །སེམས་ཅན་རྣམས་ཀྱི་སེམས་རང་བཞིན་གྱིས་ཡེངས་པ་ཡིན་པ་དང་མཚུངས་པར་སེམས་མ་རྟོགས་ན་འཁོར་བར་སྣང་བ་བཞིན་དུ། དྭངས་མའི་འབྱུང་བ་ལྔ་དེ་མ་རྟོགས་ན་མ་རྟོགས་པའི་སྐྱོན་གྱིས་འཕངས་པའི་འཁོར་བ་འབྱུང་བའི་རྒྱུ་འབྲས་རྣམས་སུ་སྣང་ལ། འཁོར་ལོ་བཞི་བསྒོམ་པའི་སྟོབས་ཀྱིས་དྭངས་མའི་འབྱུང་བ་ལྔ་མངོན་དུ་གྱུར་ཏེ་མཐོང་ན་སེམས་རྟོགས་ན་བུདྡྷའི་ངོ་བོ་ཡིན་པས་སྙིགས་མའི་འབྱུང་བ་དག་ནས་བུདྡྷའི་ངོ་བོ་ཉིད་དུ་གྱུར་པའོ། །དེ་ནས་སྙིང་ག་ཆོས་ཀྱི་ཙཀྲ་ན་མ་རྟོགས་ན་འཁོར་བའི་ས་བོན་ཡི་གེ་དྲུག་ཀྱང་རྩ་མདུད་ལ་ཡོད། རྟོགས་ན་འབྲས་བུ་སངས་རྒྱས་ཀྱི་ངོ་བོ་ༀ་ཨཱཿཧཱུྃ་གསུམ་ཡང་རྩ་མདུད་ལ་ཡོད་པའོ། །དེ་ལ་དྭངས་མ་ལྔ་ནི་ཆོས་ཀྱི་ཙཀྲའི་དབུས་འབྱུང་བ་སའི་དྭངས་མ་དར་དཀར་གྱི་སྐུད་པ་འདྲ་བའམ། རྒྱུས་པ་ནར་མ་འདྲ་བ་དཀར་ལ་དྭངས་པ་མཉེན་པ་ཞིག་ཡོད་དེ། ཕུང་པོའི་རྟེན་བྱེད་པའི་བདག་ཉིད། ཡུམ་ལྡན་བུདྡྷ་སྤྱན་གྱི་ངོ་བོའོ། །སྐུ་ལྔ་མངོན་པར་བྱང་ཆུབ་པའི་སྐུ། ཡེ་ཤེས་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཆོས་ཐམས་ཅད་མཐའ་དང་བྲལ་བའི་དག་པའི་ངང་དུ་སྐྱེད་པའི་རྟེན་བྱེད་པའོ། །དེ་ནས་ཁྲག་གི་དྭངས་མ་མཚལ་ཅོག་ལ་མའི་ཁ་དོག་ལྟ་བུ། སྐད་ཅིག་མའི་ལུས་འདེགས་པར་བྱེད་པའི་བདག་ཉིད་ཆུའི་དྭངས་མ་སྟེ་ཡུམ་ཆེན་མོ་མཱ་མ་ཀཱིའི་ངོ་བོ། སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ། ཡེ་ཤེས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་སྡུད་པར་བྱེད་པའི་ལས་སོ། །དེ་ནས་དབུགས་ཀྱི་དྭངས་མ་གསེར་ས་འོག་ན་ཡོད་པའི་རླངས་པ་ཙམ་ཕུང་པོ་གཡོ་བར་བྱེད་པའི་ལས་ཅན་འབྱུང་བ་ན་རླུང་། ཡུམ་ན་དམ་ཚིག་སྒྲོལ་མ། ཡེ་ཤེས་ན་བྱ་བ་གྲུབ་པའི་ཡེ་ཤེས། སྐུ་ནི་སྤྲུལ་པའི་སྐུ། མཉམ་པ་ཉིད་ཀྱི་དབྱིངས་སུ་བསྐྱོད་པར་བྱེད་པའི་ལས་ཅན་ནོ། །དེ་ནས་དྲོད་ཀྱི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པ འི་ངད་ཙམ། ཕུང་པོ་སྨིན་པར་བྱེད་པའི་བདག་ཉིད་ཡུམ་ན་གོས་དཀར་མོ། སྐུ་ན་རྡོ་རྗེའི་སྐུ། ཡེ་ཤེས་ན་སོ་སོར་རྟོགས་པའི་ཡེ་ཤེས། ཆོས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངང་དུ་རྟོག་པར་བྱེད་པའི་བདག་ཉིད་དོ། །དེ་ནས་སེམས་ཀྱི་དྭངས་མ་སྲོག་མི་ཤིགས་པའི་ཐིག་ལེ་ཁ་དོག་གང་དུ་ཡང་མ་གྲུབ་ལ་ཅིར་ཡང་སྣང་བ་ཆེ་ཆུང་སྲན་ཕྱེད་ཙམ་ཕུང་པོ་གསལ་བར་བྱེད་པའི་ལས་ཙམ། འབྱུང་བ་ནམ་མཁའ། ཡུམ་ཀུན་ཏུ་བཟང་མོ། སྐུ་ན་ཆོས་སྐུ། ཡེ་ཤེས་ན་བདལ་ཁྱབ་ཆེན་པོའི་ཡེ་ཤེས། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་གོ་སྐབས་འབྱེད་པའི་བདག་ཉིད་དོ། །དེ་ཉིད་འགྲོ་བ་རྣམས་ལ་རང་ཆས་སུ་ཡོད་པ་སྟེ། དེ་ནི་དཀྱིལ་འཁོར་ལྡན་པའི་ཞེས་པའོ། །དཀྱིལ་འཁོར་གྱིས་ཞེས་པ། དེ་ལྟ་བུའི་ཡེ་ཤེས་སྐད་ཅིག་མ་ལ་ཡེ་ཤེས་གསལ་བར་བསྒོམ་པའི་གནས་ལུགས་ཇི་ལྟ་བ་བཞིན་བསྒོམ་པའོ། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། ཞེས་པ། སྙིང་ག་ཆོས་ཀྱི་འཁོར་ལོ་ཡེ་ཤེས་ལྔའི་དཀྱིལ་འཁོར་བསྒོམ་པའི་གཞིར་བཞག་པ་ལ་ནི་ལ་ཞེས་བྱའོ། །དཀྱིལ་འཁོར་བསྒོམ་ཞེས་པ། ལམ་རྣམ་པར་བཀོད་པར་སྒོམ་ཐབས་བཞི་བཤད་པ་བཞིན་ཤེས་པར་བྱ་བའམ། ཡང་ན་འདི་ལྟར་བསྒོམ་སྟེ། དཀྱིལ་འཁོར། ཞེས་པ་ཡེ་ཤེས་ལྔའི་དཀྱིལ་འཁོར་རོ། །ཡེ་ཤེས་ལྔ་ཉིད་སྙིང་ག་ཆོས་ཀྱི་འཁོར་ལོའི་དྭངས་མའི་འབྱུང་བ་ལྔ་འཁོར་ལོའི་མན་ངག་བཞིན་བསྒོམས་པའི་སྟོབས་ལས་བྱུང་བ་སྟེ། འབྱུང་བའི་ལུགས་ནི། ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །ཅེས་པ་ཐུགས་ཀྱི་དཀྱིལ་འཁོར་ནི་འབྱུང་བ་ནམ་མཁའི་དྭངས་མ་སྲོག་མི་ཤིགས་པའི་ཐིག་ལེ་འོད་དུ་འབར་བས་རྩ་བཞི་ལས་སྐུ་གསུང་ཐུགས་ཀྱི་ཡི་གེ་ༀ་ཨཱཿཧཱུྃ་གསུམ་བསྐུལ་བས། འགྲོ་དྲུག་གི་ས་བོན་ཡི་གེ་ཨ་ནྲི་སུྃ་ཏྲི་པྲེ་དུཿདྲུག་དང་། ཤེས་པ་བཞིའི་བག་ཆགས་སྦྱངས་ནས་སླར་ཐིག་ལེ་ཡེ་ཤེས་སྙིང་པོ་ལ་འདུས་ཏེ། ཅིར་ཡང་མི་དམིགས་པའི་ཡེ་ཤེས་ལྔར་རང་རིག་གསལ་བའོ། །དཀྱིལ་འཁོར་མཆོག་ནི་རང་རིག་ཡེ་ཤེས་ལྔར་གསལ་བ་ཉིད་དེའི་གོང་ན་གཞན་མེད་པས་མཆོག་གོ། །དེ་ནི་ཀུན་ཏུ་བཟང་པོའི་འཁོར་ལོ་བསྒོམ་པའོ། །ད་ནི་ཀུན་ཏུ་བཟང་མོའི་ཐིག་ལེ་བསྒོམ་པ་ནི། གསང་བའི་ཐིག་ལེའི་དཀྱིལ་འཁོར་དབྱིངས། །ཞེས་པ། གསང་བའི་ཞེས་པ། ཀུན་ཏུ་བཟང་མོའི་ཐིག་ལེ་རྟོགས་དཀའ་བའོ། །དེ་ཉིད་གསང་བའི་ལྟེ་བ་ན་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ན་ཀུན་ཏུ་བཟང་མོའི་ཐིག་ལེ་ཡུམ་ལྔའི་དཀྱིལ་འཁོར་དུ་གསལ་བ་སྟེ་ཡི་གེ་ཨ་ཐུང་ངུའི་དབྱིབས་སོ། །དཀྱིལ་འཁོར་དབྱིངས། ཞེས་པ་ཡུམ་ལྔའི་དཀྱིལ་འཁོར་གྱི་ངོ་བོ་ཨ་ཐུང་ངུ་དེ་ལས་དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པས་དབྱིངས་ཞེས་བྱའོ། །འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཆེན་པོའི་རིགས་ཏེ་དེ་བཞིན་ཏེ། །ཞེས་པ་འབྱུང་བ་ལྔ་ཤེས་རབ་ནི་འབྱུང་བ་ལྔའི་ཆ་ཕྲ་བ་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཆ་ཙམ་མོ། །དེ་ཉིད་འབྱུང་བ་ལྔའི་ངོ་བོའོ། །ཆེན་པོ་ནི་འབྱུང་བ་ལྔའི་རགས་པ་ཡབ་ལྔའི་ངོ་བོའོ། །བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །ཞེས་པ་བསྒོམ་པའི་སྟོབས་ཀྱིས་འབྱུང་བ་ཕྲ་བ་དང་རགས་པ་རྣམས་ཡུམ་དང་ཡབ་ཏུ་དག་ནས། དགོངས་པ་ཉམས་སུ་མྱོང་བའི་ངོ་བོ་གསང་བའི་སྐུའི་བསྟན་པ་ནི་བདེ་སྟོང་དབྱེར་མེད་ཀྱི་བྱང་ཆུབ་སེམས་ཏེ། རྟོགས་པའི་རྩལ་གྱིས་ཁམས་དང་སྐྱེ་མཆེད་རྣམས་ཀྱང་མ་འགགས་པ་སྐུ། མ་དམིགས་པ་ཡེ་ཤེས་སུ་ཤར་ཏེ། སྡོང་པོ་དང་ཡལ་གའི་དཔེ་ངོ་ཏི་བསྟན་པ་ནི། དབང་པོ་ཡུལ་དུས་རིག་པ་རྣམས། །ཞེས་པ་གོང་དུ་ཀུན་ཏུ་བཟང་མོའི་ཐིག་ལེ་ཆོས་ཐམས་ཅད་སྣང་བར་བྱེད་པའི་གཞི་དབྱིངས་ཀྱང་སྨོས་ལ། མ་རྟོགས་པའི་རྟོག་པ་རྣམས་ཀྱང་ཀུན་ཏུ་བཟང་མོའི་ངང་དུ་སྣང་ལ། བསྒོམས་ན་འཁོར་ལོའི་དོན་མངོན་དུ་གྱུར་པའི་དུས་སུ་འབྱུང་བའི་ཆ་ཕྲ་བ་ཡུམ་ལྔར་དག །རགས་པ་ཡབ་ལྔར་དག །རྩ་བ་ཤིང་གི་སྡོང་པོ་དང་འདྲ་བ་ཕྲ་རགས་ཡབ་ཡུམ་བཅུར་དག་ཙ། ཤིང་གི་ཡལ་ག་དང་འདྲ་བའི་རྣམ་ཤེས་ལྔ། དབང་པོ་ལྔ། ཡུལ་ལྔ། དུས་བཞི་ལ་སོགས་པ་རྣམས་དག་པ་ཀུན་བསྐྱེད་རིམ་གྱི་སྐབས་སུ་བཤད་པ་བཞིན་ཏེ། དེའི་དོན་ནི་རྣམ་ཤེས་ལྔ་སྣང་སྟོང་དབྱེར་མེད་པ་རང་བྱུང་ཡེ་ཤེས་སུ་གསལ། དེ་ཉིད་སེམས་དཔའ་བཞི་དང་གཤིན་རྗེ་གཤེད་པོའི་ངོ་བོ། ཡུལ་གཟུགས་ལ་སོགས་པ་ལྔ་སྣང་སྟོང་དབྱེར་མེད་པའི་ཡེ་ཤེས་སུ་གསལ། དེ་ཉིད་ལྷ་མོ་བཞི་དང་རྟ་མགྲིན་གྱི་ངོ་བོ། དབང་པོ་ལྔ་སྣང་སྟོང་དབྱེར་མེད་པ་ཡེ་ཤེས་སུ་གསལ། དེ་ཉིད་སེམས་དཔའ་བཞི་དང་སྟོབས་པོ་ཆེའི་ངོ་བོ། དེ་ལ་སོགས་ཏེ་དག་བྱའི་ངོས་ནས་སོ་སོར་བརྩི་བ་ནི། ཕྱི་བཤད་བསྐྱེད་རིམ་དང་མཐུན་ལ་ངོ་བོ་ཡེ་ཤེས་ཁོ་ནའོ། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །ཞེས་པ་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བས་སྤྱོད་ཡུལ་ཡོངས་སུ་དག་པ་ནི་ཀུན་ཏུ་བཟང་པོའོ། །དཀྱིལ་འཁོར་ལ། ཞེས་པ་དེ་ལྟ་བུའི་དོན་བསྒོམ་པའི་གཞིར་བསྟན་པའོ། །བསྒོམ་ཐབས་ནི་རྣམ་བཀོད་ལྟར་ཡི་གེ་བཞི་པོའམ་ཡང་ན་འདི་ལྟར་བསྒོམ་སྟེ། བདག་ཉིད་ཆེན་པོ་ལྷག་པ་ཡི། །ཞེས་པ་དངོས་པོ་ཕྱི་ནང་གི་ཆོས་ཐམས་ཅད་ཡིད་རང་བྱུང་གི་ཡེ་ཤེས་སུ་གསལ་བ་དེ་ཉིད་ལས་མ་གཏོགས་པའི་གཞན་མེད་པས་བདག་ཉིད་ཆེན་པོ་ཞེས་བྱའོ། །ལྷག་པ་ནི་གོང་གི་སྙིང་གི་ཐིག་ལེ་ལ་ཡེ་ཤེས་ལྔ་ཡེ་ནས་ཡོད་པ་ལས་འདིར་ཁྱད་པར་དུ་ཡིད་ཡེ་ཤེས་ལྔའི་ངོ་བོར་བསྒོམ་པས་ལྷག་པ་ཞེས་བྱའོ། །ཐུགས་ཀྱི་ཡེ་ཤེས་ལྔ་ལྟ་ཞིང་། །ཞེས་པ་ཐུགས་ནི་སྙིང་ག་ཀུན་ཏུ་བཟང་པོའི་འཁོར་ལོའོ། །ཡེ་ཤེས་ལྔ་ནི་སྙིང་ཡེ་ཤེས་ལྔའི་ཐིག་ལེ་དྭངས་མ་ཆེན་པོའི་ངོ་བོ་མི་རྟོག་པའི་ངང་ལས་འོད་དུ་འབར་ནས་རྩ་ཀུན་དར་མའི་ནང་ན་མར་ཞུགས་ཏེ། ལྟེ་བ་སྤྲུལ་པའི་ཐིག་ལེ་ལ་ཡེ་ཤེས་ལྔའི་བདེ་བ་གསལ་བས་ལྟ་ཞེས་བྱ་སྟེ། དོན་ལ་དབབ་བཟློག་གི་ངོ་བོའི་བསྐུལ་མས་འཛག་པའོ། །དེའི་དུས་ན་ཡིད་ཀྱི་རྒྱུ་བ་འདུ་ཤེས་ཀྱི་རྒྱུན་ཆད་དེ་གཞིའི་འཁོར་ལོ་རང་གི་ངོ་བོ་ཡང་མི་དམིགས་ཏེ། མཐའ་དང་བྲལ་བ་ནི། ཀུན་ཏུ་བཟང་པོའི་ཐིག་ལེ་དང་ཕྲད་དེ་རྙེད་མཐོང་བའི་ངོ་བོའོ། །སྦྱོར་བ་དག་པའི་མན་ངག་ནི། སྙིང་པོ་ཐིག་ལེ་མཉམ་སྦྱོར་བས། །ཞེས་པ། སྙིང་པོ་ནི་གསུམ་ལས། འདིར་བཅུད་འདུས་པའི་སྙིང་པོ་སྟེ། གོང་གི་སྤྲུལ་པའི་ཐིག་ལེ་རྒྱུ་འབྲས་ཐམས་ཅད་ཀྱི་བཅུད་འདུས་པའི་དོན་གྱི་སྙིང་པོའོ། །ཐིག་ལེ་ཞེས་པ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་མ་བཅུ་དྲུག་གི་དབུས་ན་ཐིག་ལེ་བཞུགས་པའོ། །མཉམ་སྦྱོར་ཞེས་པ། སྤྲུལ་པ་བདེ་བའི་འོད་རྩ་ཀུན་དར་མའི་ནང་ན་ཡར་ཞུགས་ནས་ལོངས་སྤྱོད་ཀྱི་ཐིག་ལེ་ལ་འོད་ཕོག་པས། འོད་ཀྱི་སྟོབས་ཀྱིས་ཆབ་རོམ་ཞུ་བ་བཞིན་དུ་འབབ་པས། ཡེ་ཤེས་ཀྱི་ཐིག་ལེ་བདེ་བ་སྐྱེས་པས་ཐིག་ལེ་གཉིས་ངོ་བོས་མཉམ་པར་སྦྱོར་བའོ། །དེའི་དུས་སུ་བདེ་བའི་ཡེ་ཤེས་ཞེས་པ། ཐིག་ལེ་གཉིས་ངོ་བོར་མཉམ་པའི་བདེ་བ་ལ་ཆེད་དུ་འཛིན་པའི་ཟུག་རྔུ་མེད་པའོ། །རོལ་མོ་ཡིས་ཞེས་པ། དཔེར་ན་རོལ་མོ་མཁན་གྱིས་ལྟད་མོ་བའི་ཡིད་ཚིམ་པར་བྱེད་པ་སྟེ། དཔེ་དེ་བཞིན་དུ་ཐིག་ལེ་གཉིས་ངོ་བོས་རོ་མཉམ་པའི་བདེ་བས་རྣལ་འབྱོར་པའི་རིག་པ་ཚིམ་པའོ། །ཚིམ་པའི་མཚན་ཉིད་ནི་རེག་པ་ཞེ་འདོད་ཐམས་ཅད་དང་བྲལ་ནས་ཟག་པ་མེད་པའི་བཏང་སྙོམས་ཆེན་པོར་བཞུགས་པའོ། །ཡེ་ཤེས་དགྱེས་ལ་མཆོད་པ་འབུལ། །ཞེས་པ་ལྷན་ཅིག་སྐྱེས་པའི་བདེ་བའི་ཡེ་ཤེས་ལ། དགྱེས། ཞེས་པ་ཉོན་མོངས་པ་རྟོག་པའི་གདུང་བ་མེད་པར་ཡིད་ཚིམ་པ་ནི་དགྱེས་པ་ཆེན་པོའོ། །དེ་ཉིད་ཙམ་དུ་ཡང་འཛིན་པ་མེད་པས་མཆོད་པ་ཕུལ་བ་གནས་སུ་སྟོབ་པ་ཕན་ཡོན་དང་བཅས་པའོ། །བདལ་ཁྱབ་ཆེན་པོའི་མན་ངག་གི། ཟག་པ་མེད་པའི་བསོད་ནམས་ཀྱིས། །ཞེས་པ་ལ་སོགས་པ། འབྲུ་བསྒྱུར་ཏེ་མགྲིན་པ་དང་ལྟེ་བའི་འཁོར་ལོའི་བདེ་བ་རིམ་པར་སྐྱེས་ནས་མགྲིན་པ་རོ་དྲུག་གི་བདེ་བ་མ་འགགས་པ་ནི་བསོད་ནམས་ཏེ་བདེ་བའི་ངོ་བོ་ཉིད་ལམ་པའི་དགོངས་པ་ཉམས་སུ་ལེན་པ་ནི་བསོད་པ་ཡིན་ལ། དེ་ཉིད་ཀྱིས་འབྲས་བུ་ལ་སྦྱོར་བ་ནི། ནམས་མི་འགྱུར་བའི་ངོ་བོ་གཏན་དུ་བའོ། །དེ་ལྟ་བུའི་ཉམས་སུ་མྱོང་བའི་དུས་སུ་ཡུལ་གྱི་ཆོས་ལ་སྤྱད་ཀྱང་འཛིན་པ་མེད་པས་བག་ཆགས་བྲལ་ཏེ། འགལ་བ་མེད་པ་ནི་ཁམས་གསུམ་གྱི་ཟག་པ་དང་བྲལ་བས་ཟག་པ་མེད་པ་ཞེས་བྱའོ། །ཀྱིས་ཞེས་པ་བྱེད་པའམ་ནུས་པའི་ཚིག་སྟེ། གོང་གི་བདེ་སྟོང་གི་ཡེ་ཤེས་དེ་འོད་ཟེར་དྲུག་ཏུ་འབར་ནས་རྩ་ཀུན་དར་ནང་ན་ཡར་སོང་བས་ཀླད་པ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་ཀྱི་དབུས་ན། བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་འོད་ཕོག་པའོ། །ཡེ་ཤེས་སྒྱུ་མ་རང་སྣང་བ། །ཞེས་པ་བདེ་ཆེན་གྱི་འཁོར་ལོའི་ཐིག་ལེ་འོད་དུ་ཞུ་ནས་བདེ་བའི་ཡེ་ཤེས་སུ་སྐྱེས་པ་ནི་སྣང་ལ་རང་བཞིན་མེད་པའི་དཔེ་སྒྱུ་མ་ལྟ་བུར་རང་རིག་པའི་སེམས་ཉིད་སྣང་བའོ། །རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག །ཅེས་པ་རོལ་མོ་ནི། རོལ་མོ་མཁན་གྱི་ལུས་གཞི་གང་དུ་ཡང་མ་ངེས་པ་ལས་ལུས་དང་ཡན་ལག་གི་ཐབས་ཀྱི་དྲངས་ན། བེམ་རིག་གི་དངོས་པོ་མི་འདྲ་བ་སྣ་ཚོགས་སུ་སྣང་བ་དང་། དེས་ལྟད་མོ་བའི་ཡིད་ཚིམ་པར་བྱེད་པ་སྟེ་དཔེའོ། །དོན་ནི་འཁོར་ལོ་འབར་འཛག་གིས་མྱོང་བས་བདེ་བའི་ཡེ་ཤེས་ཀྱིས་བསྒོམ་པ་པོའི་རིག་པ་ཚིམ་པར་བྱེད་པའོ། །དཀྱིལ་འཁོར། ཞེས་བྱ་སྟེ་རྒྱུན་མི་ཆད་པའི་བདག་ཉིད་དོ། །དེས་ཅི་སྣང་ཞེ་ན། མཐའ་ཡས་མཆོག །ཅེས་པ་ཐིག་ལེ་དེའི་འོད་སྤྱི་བོ་ཚངས་པའི་བུ་ག་ནས་འཕྲོས་ཏེ། རྒྱལ་བའི་ཞིང་ཁམས་མཐའ་ཡས་པར་ཁྱབ་སྟེ། དེ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས་ནམ་མཁའ་ལ་བྱོན་པ་རྣམས་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བདག་གི་སྤྱི་བོ་ནས་མར་ཐིམ་པ་ན་འཁོར་ལོ་སྟོང་པ་ཐམས་ཅད་གསོ་སྟེ་ལུས་པོ་ཀུན་ལ་ཁྱབ་པས་རྟོག་པ་བཞི་བཅུ་རྩ་གཉིས་གཞི་དག་ནས་བདེ་བའི་ཡེ་ཤེས་སུ་གསལ་བ་བུདྡྷ་བཞི་བཅུ་རྩ་གཉིས་སུ་གསལ་བས་མཐའ་ཡས་མཆོག་ཅེས་བྱའོ། །གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །ཞེས་པ་གསང་བ་ནི་ཡོ་ག་ཕྱིན་ཆད་ཀྱི་ཡུལ་མ་ཡིན་ལ། ཐེག་པ་འདི་ཉིད་ཀྱི་བསྐྱེད་རིམ་པའི་རྟེན་གྱི་གང་ཟག་གི་ཡུལ་མ་ཡིན་པས་གསང་བའམ། ཡང་ན་ཐིག་ལེ་དེ་ཉིད་བདེ་བ་ཆེན་པོའི་ངོར་གནས་ཀྱང་། རིག་པ་ལ་ཉམས་སུ་མྱོང་ཞིང་བློ་དངོས་འཕྲོད་པའི་རྟོགས་དཀའ་བས་ན་གསང་བའི་ཐིག་ལེའོ། །ཉིད་ཀྱི་དབྱིངས་ཞེས་པ། ཉིད་ནི་བདེ་བ་ཆེན་པོའི་ངོ་བོ་དེ་སྣང་བའམ་འབྱུང་ཁུངས་སུ་གྱུར་པས་དབྱིངས་སོ། །དེ་ནི་སངས་རྒྱས་ཀུན་གྱི་དངོས། །ཞེས་པ། དེ་ནི། ཞེས་པ་དངོས་པོ་ཉེ་བར་བཟུང་བ་སྟེ་ལས་ཀྱིས་ཀྱང་བུདྡྷ་ཡིན་ཏེ། གང་བསྒོམ་ཞིང་ཉམས་སུ་བླངས་པ་ཉིད་བུདྡྷ་ལས་མི་འགྱུར་བའོ། །ངོ་བོས་ཀྱང་སངས་རྒྱས་ཡིན་ཏེ་ཆོས་ཐམས་ཅད་ལ་ཁྱབ། རང་བྱུང་གི་ཡེ་ཤེས་ལ་གཞན་དོན་ལྷུན་གྱིས་གྲུབ་པའོ། །ཀུན་གྱི་དངོས་ཞེས་པ། དེར་རྒྱལ་བ་ཐམས་ཅད་དང་རང་རིག་བདེ་བ་ཆེན་པོ་ཐ་མི་དད་པས། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །ཞེས་པ་ཚིགས་བཞི་གསུངས་ཏེ། འབྲས་བུའི་སྐབས་ཡིན་པས་གཞན་དུ་ཡང་འཆད་པས་གོ་སླའོ། །དེ་ནི་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་བཤད་པའོ། །ད་ནི་གསང་བ་ལྟར་བཤད་ན། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །ཞེས་པ་ལ་སོགས་ཏེ། དེ་ཡང་རྟེན་གྱི་གང་ཟག་རྫོགས་པ་ཆེན་པོའི་དོན་ཅིག་ཅར་རྟོགས་པ་གོང་དུ་སོང་བ་དེའི་འོག་མའམ་དེ་ལ་ཉེ་བ་སྟེ། སྦྱངས་པ་དཔག་ཏུ་མེད་པ་སོང་བའི་སྐྱེས་བུ་ཤེས་རབ་ཏིང་ངེ་འཛིན་དང་བརྩོན་འགྲུས་དང་གོ་བ་དང་བརྟུལ་ཞུགས་རབ་དང་ལྡན་པས། སྔོན་དུ་བྱ་བའི་ཆོ་ག་རྣམས། དབང་ངེས་འབྱེད་དང་། མི་འཇིགས་ཕྲེང་བ་ནས་བཤད་པ་བཞིན་དུ་བྱ་བ་རྣམས་རྫོགས་ནས་དངོས་གཞི་ལ་འཇུག་པ་སྟེ། དཀྱིལ་འཁོར་ལྡན་པའི། ཞེས་པ་འདིར་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བདེ་བ་ཡེ་ཤེས་ཀྱི་རོ་དང་བཅས་པ་ཡབ་ཡུམ་གཉིས་ཀ་ལ་རང་བཞིན་གྱིས་ལྡན་པའོ། །དཀྱིལ་འཁོར་གྱིས། ཞེས་པ་གསང་བ་ཐབས་ལམ་གྱི་ལུང་དང་། མན་ངག་གིས་གཏན་ལ་འབེབས་པའི་བྱེད་པ་པོ་བརྗོད་དོ། །དཀྱིལ་འཁོར་ལ་ནི་ཞེས་པ། ཡབ་ཡུམ་གྱི་སྐུ་ལྷ་ཡབ་ཡུམ་གྱི་སྐུ་ལྷ་ཡབ་ཡུམ་གཉིས་སུ་བྱིན་གྱིས་བརླབ་པའི་ཕྱིར་གསལ་གདབ་པའོ། །ཡུམ་གྱི་མཁའ་ལ་པྃ་ལས་པདྨ་འདབ་བརྒྱད་བསྒོམ་པ་དང་། ཡབ་ཀྱི་དབང་པོ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པར་བསྒོམ་ནི་མཁའ་གསང་བྱིན་གྱིས་བརླབ་པའི་གསལ་འདེབས་སོ། །དཀྱིལ་འཁོར་དཀྱིལ་འཁོར་ཞེས་པ། གཉིས་སྨོས་པ་ནི། ཡབ་ལྷའི་དཀྱིལ་འཁོར་དུ་མོས་པ་དང་། ཡུམ་ལྷའི་དཀྱིལ་འཁོར་དུ་མོས་པ་གཉིས་ཞལ་སྦྱོར་དུ་བཞུགས་པའོ། །ལས་འབྱུང་བ་ཞེས་པ། ཡབ་ཡུམ་གཉིས་ཐབས་དང་ཤེས་རབ་དབྱེར་མེད་པ་རོལ་པ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བདེ་བ་འབྱུང་བའོ། །དེའི་འབྱུང་ལུགས་ནི། ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །ཅེས་པ་ཐུགས་ནི་ཡབ་ཀྱི་བྱང་ཆུབ་སེམས་རྡོ་རྗེ་ནོར་བུའི་དབུ་ལ་སྣང་བའི་དུས་ན་གཉིས་སུ་མེད་པའི་ཡེ་ཤེས་སུ་གསལ་བ་ནི་དཀྱིལ་འཁོར་གྱི་ངོ་བོའོ། །དཀྱིལ་འཁོར་མཆོག་ནི་དེ་ཉིད་བདེ་བ་མི་རྟོག་པ་དགོངས་པ་མ་ནོར་བའི་ངོ་བོ་ཡིན་པས་མཆོག་གོ། །ཤེས་རབ་ཉིད་ཐབས་སུ་སྦྱོར་བ་ནི། གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། །ཞེས་པ་གསང་བ་ནི་ཡུམ་ཤེས་རབ་ཀྱི་རང་བཞིན་ཡིན་པས་དེ་ཉིད་རྟོགས་དཀའ་བའོ། །ཡུམ་གྱི་ཐིག་ལེ་ལས་བདེ་བ་སྐྱེས་པའི་དུས་སུ་གཉིས་སུ་མེད་པའི་རྟོགས་པ་སྐྱེས་ནས་བདེ་ལ་མི་རྟོག་པར་སྣང་བའི་དུས་སུ་འདས་པ་བུདྡྷའི་རྒྱུད་འགྱུར་ལ། མ་རྟོགས་ན་གཟུང་འཛིན་ཐ་མལ་པ་ཞེན་པར་སོང་ནས་འཁོར་བ་སྣང་བས་ཉེན་ཆེ་བར་བསྟན་པའོ། །དཀྱིལ་འཁོར་དབྱིངས། ཞེས་པ་ཐིག་ལེ་ལ་བདེ་བ་སྐྱེས་པའི་རོ་མྱོང་ཙམ་ན་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་གཟུང་འཛིན་གྱི་འདུ་ཤེས་དག་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གསལ་བའི་དུས་ན། ལྷན་སྐྱེས་ལ་དབྱེ་བ་ངོས་གཟུང་མེད་ཀྱང་། རྟོགས་པའི་ངོས་ནས་གཞལ་བས་རྟོག་ཚོགས་ལྷར་གསལ་ཞེས་བྱ་སྟེ་དེའི་རྒྱུའམ་གཞི་ཡིན་པས་དབྱིངས་ཞེས་བྱའོ། །ལྷར་གསལ་བ་དངོས་གང་ཞེ་ན། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཞེས་པ་ལ་སོགས་པ། འབྱུང་བ་ལྔའི་ངོ་བོ་ཆ་ཕྲ་བ་གཟུང་དཀའ་བ་ནི་ཤེས་རབ་ཅེས་བྱ་སྟེ་རིགས་ཀྱི་ཡུམ་ལྔའོ། །ཆེན་པོའི་རིགས། ཞེས་པ་འབྱུང་བ་ལྔ་རགས་པར་སྣང་བ་ནི་ཆེན་པོ་རིགས་ལྔའི་དེ་བཞིན་གཤེགས་པའོ། །དེ་ལྟར་ཕྲ་རགས་དག་པའི་ངང་ལ་དབང་པོ་ལྔ་དུས་བཞི་ལ་སོགས་པའི་རྟོགས་པ་རྣམས་ལྷན་ཅིག་སྐྱེས་པ་བདོ་བའི་ཡེ་ཤེས་སུ་གསལ་བས། རྟོག་པ་སྨོས་པའི་གྲངས་ཀྱི་ལྷ་རྣམས་སུ་གསལ་བའོ། །དེས་ན་རྟེན་གྱི་བྱང་ཆུབ་ཀྱི་སེམས་ལས་རྟེན་ཅན་བྱང་ཆུབ་སེམས་རིག་ཡེ་ཤེས་སུ་གསལ་བ་ལ་དབྱེར་མི་ཕྱེད་པས་རྡོ་རྗེ། རྟོག་པའི་ངོས་ནས་རྣམ་གྲངས་མང་པོ་སྨོས་པས་ཚོགས་ཡེ་ཤེས་ཀྱི་ངོས་ནས་དབྱེ་བ་མེད་ཀྱང་། ཐམས་ཅད་དེ་ཉིད་དུ་གྱུར་པས་ལྷར་གསལ་ཞེས་བྱའོ། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །ཞེས་པ། སྣང་གྲགས་ཐམས་ཅད་རྟེན་དང་བརྟེན་ཅན་དབྱེར་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྣམ་པར་དག་པས་ལྷར་གསལ་བ་ལ་ནི་མཐར་འཛིན་པ་མི་མངའ་བས་སྤྱོད་ཡུལ་ཡོངས་སུ་དག་པ་ལ་ནི་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། ཐམས་ཅད་དེར་གསལ་བས་དཀྱིལ་འཁོར་རོ། །ལ་ཞེས་པ་གཞི་སྟེ་དེ་ཉིད་རང་སྣང་བ་ལས། བདག་ཉིད་ཆེན་པོ་ལྷག་པ་ཡི། །ཞེས་པ་ཡུམ་གྱི་ཐིག་ལེ་པདྨའི་ཟེའུ་འབྲུར་ཐོན་ཙམ་ན། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གསལ་བའི་ངང་ལ་ང་དང་བདག་མེད་ཕྱོགས་དང་རིས་མེད་གཉིས་ཅན་ཐམས་ཅད་དེ་ཉིད་དུ་གསལ་བས་གཉིས་ཅན་མ་གྲུབ་པ་ལ་ནི་བདག་ཉིད་ཅེས་བྱ་སྟེ། དོན་དེ་ཙམ་དུ་ཡང་འཛིན་པ་མེད་པ་ནི་ཆེན་པོའོ། །ལྷག་པའི། ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡེ་ནས་གནས་བྱ་གནས་བྱེད་མེད་པའི་ངང་ལས་མི་འདའ་བ་ནི་གནས་ཚུལ་ལོ། །དེ་ལ་ཏིང་ངེ་འཛིན་གྱིས་བསྒོམས་ནས་མྱོང་བ་ནི་ཡིན་ཚུལ་ལས་ལྷག་པའོ། །ཐུགས་ཀྱི་ཡེ་ཤེས་ལྔ། ཞེས་པ་རྟེན་གྱི་བདེ་བ་ཉིད་ཀྱང་ཐུགས་བྱང་སེམས་སྣང་བ་ཡིན་ལ། དེ་ཉིད་བརྟེན་ཅན་གྱི་རང་བྱུང་ཡེ་ཤེས་མཐའ་གང་དུ་ཡང་མི་རྟོགས་པས་ཐུགས་ཏེ་དེ་ཉིད་ཡེ་ཤེས་ལྔར་གསལ་བའོ། །ལྟ་ཞིང་། ཞེས་པ་ཐམས་ཅད་སྣང་ལ་རང་བཞིན་མེད་པར་གསལ་ཞིང་དངོས་གྲུབ་འབྱུང་བའི་ཞིང་ངོ་། །ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱོར་བའི་མན་ངག་ནི། སྙིང་པོ་ཐིག་ལེ། ཞེས་པ་སྙིང་པོ་ནི་ཡབ། ཐིག་ལེ་ནི་ཡུམ་སྟེ། ཡབ་ཡུམ་གྱི་ཐིག་ལེ་འཁོར་འདས་ཀྱི་བདེ་བ་ཐམས་ཅད་ཀྱི་འདུས་པའོ། །མཉམ་སྦྱོར། ཞེས་པ་ཡབ་ཡུམ་གྱི་ཐིག་ལེ་དུས་མཉམ་དུ་སྦྱོར་བ་ནི་འདྲེས་པ་སྟེ། བདེ་བ་ནི་གཉིས་ངོ་བོས་མཉམ་པར་སྦྱོར་བའོ། །བདེ་བའི་ཡེ་ཤེས། ཞེས་པ་དངོས་པོའི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ངོ་བོ་ངོས་གཟུང་མེད་པས་འདུ་ཤེས་ཀྱིས་བཟུང་བའི་གདུང་བ་མེད་པ་སྟེ་མཉམ་པ་ཉིད་དུ་གསལ་བའོ། །རོལ་མོ་ཡིས་ཞེས་པ། རོལ་མོ་གཞི་མ་ངེས་པ་ལས་ཐབས་ཐ་དད་ཀྱིས་དྲངས་ནས་དངོས་པོ་སྣ་ཚོགས་སུ་འགྱུར་བས་ལྟད་མོ་བའི་ཡིད་ཚིམ་པ་བཞིན། རླུང་ལ་གོམས་པའི་ཐབས་ཀྱིས་དྲངས་ཏེ་བཟློག་ནས་འགྲེམས་པའི་ཐབས་ཀྱིས་བཀྲམས་ན་རྟོག་པ་སྐུ་དང་ཡེ་ཤེས་སུ་གསལ་བས་རྣལ་འབྱོར་པའི་ཡིད་ཚིམ་པས་བཏང་སྙོམས་ཆེན་པོའི་ངོ་བོར་གནས་པའོ། །ཡེ་ཤེས་དགྱེས་ལ་མཆོད་པར་འབུལ། །ཞེས་པ་རང་བཞིན་ལྷན་ཅིག་སྐྱེས་པ་ཡེ་ཤེས་ལ་འདུ་ཤེས་ཀྱི་རྟོག་པའི་ཟུག་རྔུ་མེད་པས་དགྱེས་པའོ། །གཞི་དེ་ལ། མཆོད་པར་འབུལ། ཞེས་པ་ཐིག་ལེ་ཡར་བཟློག་ནས་ཐིག་ལེ་ཕྱི་མོའི་གནས་གསོས་བཏབ་པ་མངོན་དུ་བྱས་པ་ནི་དགྱེས་ཤིང་ཚིམ་པར་མཆོད་པའོ། །ཟག་པ་མེད་པ། ཞེས་པ་ཆགས་པ་ཐབས་ཀྱིས་ཟིན་པ་སྟེ་ཟག་པ་མེད་ཅེས་འཁོར་བར་མི་ལྡོག་པའོ། །དེ་ཉིད་བསོད་ནམས། ཞེས་པ་ཡང་དག་པའི་འདོད་ཆགས་སྤྱོད་ལ་མི་འཛིན་པ་འབྲས་བུ་སངས་རྒྱས་ཀྱི་དངོས་རྒྱུ་ཡིན་པས་བསོད་ནམས་ཞེས་བྱའོ། །ཡེ་ཤེས་སྒྱུ་མ་རང་སྣང་བ། །ཞེས་པ། དངོས་པོའི་ཆོས་ཐམས་ཅད་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དཔེ་སྒྱུ་མ་བཞིན་མ་གྲུབ། མ་གྲུབ་བཞིན་དུ་སྣང་། དམིགས་འཛིན་ཐམས་ཅད་དང་བྲལ་བར་རྒྱུ་རྐྱེན་དང་བྲལ་བའི་སེམས་ཉིད་སྣང་བའོ། །རོལ་མོའི་དཀྱིལ་འཁོར། ཞེས་པ་ལྷན་ཅིག་སྐྱེས་པའི་བདེ་བ་དེ་ཉིད་ཀྱིས་རྣལ་འབྱོར་པའི་ཡིད་ཚིམ་པ་དང་། ཡོན་ཏན་སྣ་ཚོགས་སུ་འཆར་བས་དཀྱིལ་འཁོར་ཞེས་སོ། །མཐའ་ཡས། ཞེས་པས། ཡོན་ཏན་གྲངས་ལས་འདས་པ་བརྩིར་མི་བཏུབ་པའོ། །མཆོག་ནི་དེ་ཙམ་དུ་ཡང་བཟུང་བ་མེད་པ་དང་། ས་བཅུ་པས་ཀྱང་མི་དཔོགས་པའོ། །གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །ཞེས་པ་རྟོགས་པར་དཀའ་ཞིང་ངོས་གཟུང་དང་བྲལ་བས་ཐིག་ལེ་དེ་ཉིད་སེམས་མཉམ་པ་ཉིད་ཀྱི་དབྱིངས་སུ་གསལ་བའོ། །དེ་ནི་སངས་རྒྱས་ཀུན་གྱི་དངོས། །ཞེས་པ་དེ་ནི་དངོས་པོ་བཟུང་བ་སྟེ་གང་ཞེ་ན། བདེ་ལ་མཉམ་པའི་དབྱིངས་རྒྱལ་བ་ཀུན་ཏུ་བཟང་པོ་ཉིད་ཡིན་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་དངོས་གཞི་ཡིན་ཞེས་བྱའོ། །དེར་རྒྱལ་བ་མ་ལུས་པ་འདུས་ལ། དེ་ཡང་རང་སེམས་དང་ཐ་མི་དད་དེ་རིག་པ་རང་ལ་ངང་གིས་དབང་སྒྱུར་བ་ནི། ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པའི་སངས་རྒྱས་ཁམས་གསུམ་གྱི་ཆོས་མ་ལུས་པ་རང་རིག་པའི་མངོན་སུམ་དུ། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གསལ་ཏེ་འཁོར་བ་རྡུལ་ཙམ་ཡང་མ་གྲུབ་པས་སངས་རྒྱས་ཞེས་བྱ་བའི་ཐ་སྙད་ཀྱང་མི་གནས་པའི་ངང་ལ། སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ཕྲིན་ལས་ལྔ་ཉི་ཤུ་རྩ་ལྔ་མ་ལུས་པ་སྐད་ཅིག་མ་དང་པོ་ལ་ཡུལ་དང་ཡུལ་ཅན་མེད་པར་ཞལ་མཐོང་། སྐད་ཅིག་མ་གཉིས་པ་དེ་ཉིད་དུ་ལྷུན་གྱིས་གྲུབ་པས་ཉི་ཤུ་རྩ་ལྔ་ལ་དབང་སྒྱུར། འབྲས་བུ་སྐུ་ལྔ་ལྷུན་གྱིས་གྲུབ་པ་ནི་མཆོག་ཉིད་འདུ་ཤེས་ཐམས་ཅད་དང བྲལ་བའི་རིག་པ་རང་གསལ་བས་ཆེད་བྱས་ཀྱི་ཆོས་ཕྲ་བའང་མེད་ཀྱང་། གདུལ་བྱའི་མཛད་པ་མི་འགག་པར་རང་འཆར་བ་ནི་དམ་པ་ཡིན་ཞེས་བྱའོ། །ལམ་གྱི་འབྲས་བུ་ཚེ་དབང་ནི། ཟག་པ་མེད་པའི་བསོད་ནམས་ཀྱིས། །ཞེས་པ་ཚོགས་ཀྱི་སྒྲུབ་པ་མཐར་ཐོན་ནས་ཚེ་ལ་དབང་བའི་རིག་འཛིན་གྱི་ངོ་བོ་བཤད་པ་སྟེ། ཟག་པ་ནི་གསུམ་སྟེ། ལུས་ཀྱི་ཟག་པ་སྐྱེ་ཤི་ཅན་ཏེ། འདིར་ཟག་པ་མེད་པའི་ལམ་མངོན་དུ་བྱས་པས་ལས་ཀྱི་བག་ཆགས་དག །ཉོན་མོངས་པའི་བག་ཆགས་དག་པས་བདག་འཛིན་མི་མངའ་སྟེ། ནམ་མཁའ་ལ་རྡུལ་མི་ཆགས་པ་དང་འདྲ་བས་ལས་བསགས་པའི་གཞི་མེད། དེས་ལས་དབང་དག་སྟེ་རང་དབང་མངོན་དུ་གྱུར་པའོ། །ཁམས་ཀྱི་ཟག་པ་ནི། ཁམས་ཀྱི་ཟས་དང་བྲལ་ཏེ་ལུས་ལ་སྙིགས་མ་མི་གནས་པ་ནི་ཁམས་ཀྱི་ཟག་པ་ཟད་པའོ། །སྐྱེ་གནས་ཀྱི་ཟག་པ་ཟད་པ་ནི་ལས་ཀྱིས་རང་དབང་མེད་པར་མངལ་ཁ་མི་འགྲིམ་པ་སྟེ། འདིར་ལས་དག་པས་གཞན་དབང་མེད་དེ་ལས་ཀྱི་མངལ་ཁ་མི་འགྲིམ་པ་ནི་སྐྱེ་གནས་ཀྱི་ཟག་པ་ཟད་པའོ། །དེས་ན་ཟག་པ་ཟད་པའི་བསོད་ནམས་ནི་ཏིང་ངེ་འཛིན་མཐར་ཕྱིན་ནས་ཚོགས་བསྒྲུབས་ཏེ་ཡོ་བྱད་ལྔ་ལ་རོལ། ལྟ་སྤྱོད་བསྒོམ་གསུམ་མགོ་སྙོམས་པའི་དགོངས་པ་མཆོག་ཏུ་གྱུར་པས། ཐེག་པ་འོག་མའི་སྤང་བྱ་འདིར་ཐབས་ཁྱད་པར་ཅན་གྱི་མཐུས་ཟག་པ་མེད་པའི་ལམ་གྲུབ་པའི་སྣང་བ་སྟེ་འབྱུང་བའི་ལུས་ཏིང་ངེ་འཛིན་གྱི་ལུས་སུ་གྲོལ། དེ་ཉིད་ཡེ་ཤེས་ཀྱི་ལུས་སུ་གྲོལ་བའི་སྐུ་ཅན་ནོ། །ཀྱིས། ཞེས་པ་དགོངས་པ་སྟོན་པ་སྟེ། ཡེ་ཤེས་སྒྱུ་མ་རང་སྣང་བ། །ཞེས་པ། དཔེར་ན་སུམ་ཅུ་རྩ་གསུམ་གྱི་ལྷའི་རྒྱལ་པོ་ལས་ཅན་ཞིག་དམྱལ་བའི་གནས་སུ་ཕྱིན་ན་སུམ་ཅུ་རྩ་གསུམ་སྣང་བར་འགྱུར་བ་བཞིན། འདིར་ཚེ་དབང་གི་རིག་འཛིན་གྱི་སྣང་བ་ཡེ་ཤེས་ཀྱི་སྣང་བ་ཡིན་པས། སྤྱོད་ཡུལ་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་གསལ་ཏེ་ཆོས་ཐམས་ཅད་རིག་པ་རང་སྣང་བས་བདག་ཉིད་ལས་མི་གཞན་བཞིན་སྣང་འཛིན་སྟོང་འཛིན་གྱི་འདུ་ཤེས་ཐམས་ཅད་དག་ནས་སྣང་ལ་མ་དམིགས་པའི་ངང་ལ། དཔེ་སྒྱུ་མ་ལྟར་ཆོས་ཐམས་ཅད་རང་སྣང་ལ་གང་དུའང་ངོས་གཟུང་མེད་ལ། རང་སྣང་བ་ཞེས་པ། རང་སེམས་ཉིད་ཡུལ་མེད་པར་རང་སྣང་སྟེ། སྣང་བྱ་སྣང་བྱེད་མ་དམིགས་ཀྱང་རང་གསལ་འཛིན་མེད་ཀྱི་དགོངས་པ་ལྷུན་གྱིས་གྲུབ་པའོ། །དེ་ཉིད་སྤྱོད་ལམ་བཞི་དུས་གསུམ་དུ་དེའི་ངང་ལས་མི་འདའ་བའོ། །རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག །ཅེས་པ་རོལ་མོ་ནི་གཞི་མ་ངེས་པ་ལས་ཇི་ལྟར་ཡང་བསྒྱུར་དུ་བཏུབ་པས་ལྟད་མོ་བའི་ཡིད་འདྲེན་པ་སྟེ། ཚེ་དབང་གི་དགོངས་པའི་འཆར་ལུགས་སྣང་ཚུལ་ལོ། །དཀྱིལ་འཁོར་ནི་ཚེ་དབང་གི་དགོངས་པ་སེམས་མཉམ་པ་ཉིད་ཀྱི་དབྱིངས་ཀྱི་དཀྱིལ་ལ། རང་སྣང་མི་འགག་པའི་འཁོར་དང་བཅས་པའོ། །མཐའ་ཡས་ནི་ཚེ་དབང་གི་དགོངས་པ་རང་བྱུང་གི་ཡེ་ཤེས་ཅིར་ཡང་འཆར་བ་དང་། མཐར་ཕྱིན་པའི་སངས་རྒྱས་ཀྱི་མཛད་པའི་ཆོ་འཕྲུལ་གཟིགས་པ་སྟེ་དེ་གཉིས་ལྟ་བའི་ངོ་བོ་ལ་དབྱེར་མེད་པས་མཆོག་གོ། །གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །ཞེས་པ་ཚེ་དབང་གི་དགོངས་པའི་ངོ་བོ་ནི། དགོངས་པ་འདུས་པ་ལས། གཞི་གསུམ་པ་ནི་གསང་སྔགས་ཀྱི་ངོ་བོ་ཉིད་ལ་འཇུག་གོ། །ཞེས་པ་ཚེ་དབང་གི་གསང་སྔགས་ཀྱི་ངོ་བོ་ཉིད་མངོན་དུ་འགྱུར་བའི་མགོ་ཟུག་པ་སྟེ། གསང་སྔགས་ཀྱི་དོན་དེ་ཉིད་ཟབ་ཅིང་རྟོགས་དཀའ་བས་གསང་བའོ། །ཐིག་ལེ། ཞེས་པ་ཐིག་ལེ་ནི་ཟླུམ་པོ་སྟེ་ཚེ་དབང་གི་དགོངས་པ་ཡོད་མེད་ལ་སོགས་པ་མཐའི་སྤྲོས་པ་ཐམས་ཅད་རང་ཞི་བའོ། །ཡང་ན་ཐིག་ལེ་གཅིག་པུ་ཡ་མེད་ཡིན། དེ་བཞིན་དུ་དགོངས་པ་དམིགས་འཛིན་གྱི་མཐའ་ཐམས་ཅད་དང་བྲལ་བའོ། །དབྱིངས། ཞེས་པ་དབྱིངས་གསུམ་ལས་འདིར་མཉམ་པ་ཉིད་ཀྱི་དབྱིངས་སོ། །དེ་ནི་སངས་རྒྱས་ཀུན་གྱི་དངོས། །ཞེས་པ་གང་དུ་བཤད་པའི་དོན་རྣམས་ཀྱི་དགོངས་པ་ཆོས་ཉིད་རང་གི་མཚན་ཉིད་མངོན་དུ་གྱུར་པ་སྟེ། རང་གི་མཚན་ཉིད་ནི་དུས་གསུམ་གྱི་བུདྡྷ་ཐམས་ཅད་ཀྱི་དགོངས་པ་མ་ནོར་བའི་ངོ་བོ་ཉིད་ཡིན་ཏེ། དཔེར་ན་མཐའི་རྒྱ་མཚོ་ཆེན་པོ་གཤེར་བ་ལས་མ་འདས་པ་དང་། ལྟེང་ཀ་ཆུང་ངུ་ཞིག་གཤེར་བ་ལས་མ་འདས་པ་གཉིས་རྒྱ་ཆེ་ཆུང་ཡོད་ཀྱང་གཤེར་བར་མཚུངས། དཔེ་དེ་དང་འདྲ་བར་མཐར་ཕྱིན་པའི་སངས་རྒྱས་ཀྱི་དགོངས་པ་དང་། ཚེ་དབང་གི་དགོངས་པ་མཐར་ཕྱིན་མ་ཕྱིན་གྱི་ངོས་ནས་ཁྱད་ཆེ་ཡང་། ཆོས་ཉིད་རང་གི་མཚན་ཉིད་དུ་དབྱེར་མེད་པས་སངས་རྒྱས་ཀུན་གྱི་དངོས་གཞི་ཉིད་ཅེས་བྱའོ། །དེ་ལྟ་བུའི་དགོངས་པ་མངའ་བའི་ཚེ་དབང་གི་སྤྱོད་ཡུལ་དུ། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །ཞེས་པ་ལ་སོགས་པ། ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པའི་ཁམས་གསུམ་གྱི་ཆོས་རང་རིག་པའི་མངོན་སུམ་དུ་སངས་རྒྱས་ཀྱི་སར་རྫོགས་པ་ནི་འབྲས་བུ་མཐར་ཕྱིན་པའི་ངོ་བོ་སྟེ། དེའི་སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ་ཕྲིན་ལས་ལྔ་མ་ལུས་པ་ཐམས་ཅད། ཚེ་དབང་བདག་ཉིད་ཀྱི་ཞལ་མཐོང་། འོན་ཀྱང་ཐ་མལ་པའི་མཐོང་བྱ་མཐོང་བྱེད་ལྟ་བུ་མ་ཡིན་ཏེ། བདག་ཉིད་ཞལ་མཐོང་། ཞེས་པ་ཚེ་དབང་བདག་ཉིད་ཀྱི་རང་རིག་པ་ཉིད་འབྲས་བུའི་ཆོས་སུ་སྣང་བ་རང་ཞལ་རང་གིས་མཐོང་བ་ལྟ་བུ་སྟེ། དེ་ཡང་ལྟ་བ་ཤས་ཆེ་བ་ལྟ་བུའི་ཤས་ཡིན་པས་དེ་ཤེས་པའམ་རྟོགས་པའི་རིག་པ་སྙམ་ཙམ་ཕྲའུ་གཅིག་དང་བཅས་པའོ། །དབང་སྒྱུར་མཆོག་ཉིད་དམ་པ་ཡིན། །ཞེས་པ་ཡུལ་ཡུལ་ཅན་མེད་པར་རང་གསལ་བ་ལ་ཇི་ལྟར་ཡང་འཆར། ཇི་ལྟར་ཡང་ལོངས་སྤྱོད་པ་ནི་དབང་བསྒྱུར་ཞེས་བྱའོ། །དེ་ལ་གཉིས་འཛིན་ཕྲ་བའང་མི་གནས་པ་ནི་ཆོས་ཉིད་རང་གི་མཚན་ཉིད་མཐོང་བ་བརྟན་པ་ཞེས་བྱ། ཇི་ལྟར་ན་ཡང་དགོངས་པ་མཉམ་པའི་ངང་ལས་མི་གཡོ་བ་དམ་པ་ཡིན་ཞེས་བྱའོ། །དེ་ནི་གསང་སྔགས་ཀྱི་མཐོང་ལམ་ཚེ་ལ་དབང་བའི་རིག་འཛིན་ནོ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི། དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །ཅེས་པ་ལ་སོགས་པ་སྟེ། གོང་དུ་ཚེ་དབང་རིག་འཛིན་མགོ་རྟིང་བཤད་པ་དེ་རྣམས་ནི། བསྐྱེད་པའི་རིམ་པ་མཐར་ཕྱིན་ནས་ཚོགས་སྒྲུབ། དེ་ནས་ཚེ་དབང་ནས་རིམ་པ་བཞིན་དུ་འཇུག་པའི་ལས་སྒྲིགས་ཡིན་ལ། ཐབས་ལམ་གཉིས་པོའི་དབང་དུ་བྱས་ན་ཚོགས་སྒྲུབ་དང་ཚེ་དབང་རིག་འཛིན་རྣམས་ཏིང་ངེ་འཛིན་གྱི་ཕྱི་རྟིང་ལ་རྫོགས་ཟིན་པས་ལོགས་སུ་བརྩི་མི་དགོས། ཕྱག་རྒྱ་ཆེན་པོའི་རིག་འཛིན་མན་ཆད་ནི་ལམ་གསུམ་ཀའི་ཐུན་མོང་ཡིན་པར་ཤེས་པར་བྱའོ། །དེ་ལ་ཚེ་དབང་རིག་འཛིན་གྱི་དགོངས་པ་ནི་དཀྱིལ་འཁོར་གྱི་དགོངས་པར་གནས་ལ་དཀྱིལ་འཁོར་གྱི་ཆ་ལུགས་ནི་ལྷ་མིའི་ཆ་ལུགས་ཏེ་དེ་ལ་ཡང་ཤས་ཆེ་བར་སྔར་གྱི་སྒྲུབ་པ་པོའི་ཆ་ལུགས་སུ་བཞུགས་ཏེ། དེས་ན་རང་སྣང་གི་ལྷའི་དཀྱིལ་འཁོར་གཞན་སྣང་ལྷ་མིའོ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི་འབྱུང་བའི་ལུས་དག །ཏིང་ངེ་འཛིན་གྱི་ལུས་ཀྱང་ཡེ་ཤེས་སུ་གྲོལ་བའི་མགོ་ཟུག་སྟེ། དཀྱིལ་འཁོར་ལ་གནས་ཞེས་པ། སྔར་བསྒོམ་པའི་ཏིང་ངེ་འཛིན་ཡེ་ཤེས་ཀྱི་ལུས་ཀྱི་མགོ་ཟུག་པ་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ལ་རང་གི་ངོ་བོ་ཉིད་དུ་གྱུར་ཏེ། སྤྱོད་ལམ་རྣམ་བཞིར་ནམ་མཁའ་ནམ་མཁའ་ལས་མི་འདའ་བ་ལྟ་བུའི་ཏིང་ངེ་འཛིན་ལ། ཆ་ལུགས་དང་དགོངས་པ་གཉིས་ཀ་དེ་ཉིད། གཞན་དུ་ཡང་མཐོང་བའི་སྐལ་པ་དང་ལྡན་པའི་ལམ་པ་ལ་དགོངས་པ་དེ་ཉིད་མིན་པ་གཞན་མི་མངའ་སྟེ། དེ་ལ་ནི་དཀྱིལ་འཁོར་ལ་གནས་ཞེས་བྱའོ། །དཀྱིལ་འཁོར་ཉིད་ཅེས་པ་དེ་ལྟ་བུ་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱའོ། །འདིར་ལམ་རིམ་ས་འཛིན་ཙམ་དུ་བསྟན་པ་ཡིན་གྱི། གཞན་ཕྱག་རྒྱ་ཆེན་པོ་རིག་འཛིན་གྱི་དགོངས་པ་དང་། མཛད་པ་དང་། ས་གང་ནོན་པ་དང་། སྒྲིབ་པ་གང་དག་པ་དང་། སྟོན་པ་གང་ཡིན་པ་དང་། གདུལ་བྱ་འདུལ་བའི་ཐབས་རྣམས་སྒྱུ་འཕྲུལ་ལམ་རིམ་ན་ཞིབ་པས་དེར་ཤེས་པར་བྱའོ། །ལྷུན་གྲུབ་རང་གི་ངོ་བོ་ནི། རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཅེས་པ་ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་འབྲས་བུ་མཐར་ཕྱིན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་ཅེས་བྱ་སྟེ། དེ་ལ་སྤྱིར་ན་གསང་སྔགས་ཀྱི་ལུགས་ཀྱིས་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་ལས་ལྷུན་གྲུབ་རིག་འཛིན་ནི་སངས་རྒྱས་ཞེས་བྱ་སྟེ། མཉམ་རྗེས་རྣམ་པ་གཉིས་དང་ལྡན། མཉམ་བཞག་གི་དུས་སུ་མཐར་ཕྱིན་པའི་ཆོས་ཀྱི་སྐུ་དང་དབྱེར་མེད་ཀྱང་། རྗེས་ལ་དག་པ་འཇིག་རྟེན་པའི་ཡེ་ཤེས་སྒྱུ་མའམ་རྨི་ལམ་ལྟ་བུར་གཟིགས། མཉམ་རྗེས་ཕྲ་བ་དང་བཅས་པ་དང་། མཉམ་བཞག་ལས་ལྡང་དཀའ་བ་ལྟ་བུ་ཡོད་པ་ནི་ཤེས་བྱའི་སྒྲིབ་པ་ཕྲ་བ་དང་བཅས་པ་སྟེ་ད་ལྟའི་རྣལ་འབྱོར་པའི་བློས་མི་རེག་པའོ། །དེས་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདུལ་བས་གདུལ་བྱ་འདུལ་བ་ལ་སྤྲུལ་པའི་སྐུ་དང་མཉམ་པའོ། །མཛད་པ་བཅུ་གཉིས་སྟོན། རྒྱུའི་ཐེག་པའི་སྡེ་སྣོད་གསུམ་གསུང་ནུས། གདུལ་བྱའང་དེ་ཙམ་ཞིག་སྒྲོལ་བ་སྟེ། དེ་བས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་དགོངས་པ་མ་འདྲེས་ལ་ཡོངས་སུ་རྫོགས་པར་ལྷུན་གྱིས་གྲུབ་སྟེ། མཉམ་རྗེས་གཉིས་ཀྱི་དབང་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་མཐར་ཕྱིན་པ་ནི་མ་ཡིན་ཏེ། ལྟ་བ་བློ་དངོས་འཕྲོད་པའི་དགོངས་པ་མཐར་ཕྱིན་པ་མངོན་དུ་གྱུར་པའོ། །རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། །ཞེས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཚན་དཔེ་རྣམས་ལྷུན་གྱིས་གྲུབ་པ་སྟེ། ཐུན་མོང་ནི་ཕྱག་ཞབས་འཁོར་ལོའི་མཚན་སོགས་སོ་གཉིས་དང་བརྒྱད་ཅུའོ། །ཐུན་མོང་མ་ཡིན་པ་ནི་སེམས་དཔའ་བཅུ་དྲུག་དང་། སེམས་མ་བཅུ་དྲུག་རྣམས་ཏེ་གོང་དུ་བཤད་པ་རྣམས་རྫོགས་པར་ཤེས་པར་བྱའོ། །དེའང་ལྷུན་གྲུབ་རིག་འཛིན་གྱི་གནས་སྐབས་སུ། ལྷུན་གྲུབ་མཐར་ཕྱིན་པ་ལ་གཡོ་བ་སྟེ། སེམས་ཀྱིས་ཁྱབ་ཚད་དཀྱིལ་འཁོར་དུ་གསལ། སྐད་ཅིག་མ་གཉིས་པ་ལ་ཐོབ་པ་སྟེ་ནམ་མཁས་ཁྱབ་ཚད་གསལ། སྐད་ཅིག་མ་གསུམ་པ་ལ་མཐར་ཕྱིན་པ་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་སྐུ་དང་ཡེ་ཤེས་སུ་གསལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་ལ་འདིར་ལྷུན་གྲུབ་རིག་འཛིན་གྱི་སྐབས་ཡིན་པས་སེམས་ཀྱིས་ཁྱབ་ཚད་རྫོགས་ལ། གཞན་ཡང་རང་བཞིན་གྱི་དཀྱིལ་འཁོར་ལ་སོགས་པ་དཀྱིལ་འཁོར་བཅུ་གཉིས་ཀྱང་དགོངས་པ་མ་འདྲེས་ལ་ཡོངས་སུ་རྫོགས་པའོ། །འབྲས་བུ་ལ་སྦྱོར་ཚུལ་དངོས་ནི། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཞེས་པ་ལ་སོགས་པ། ལྷུན་གྲུབ་རིག་འཛིན་གྱིས་འབྲས་བུ་ལ་སྦྱོར་བའི་ཚུལ་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་ཡང་དག་པར་རྫོགས་པ་མངོན་དུ་བྱེད་པའི་ཀུན་ཏུ་བཟང་པོའི་ངོ་བོ་ཉིད་ལ་མཐར་ལམ་པ་ཡི། ཐོས་བསམ་སྒོམ་པའི་རྣལ་འབྱོར་གྱིས། །ཞེས་པ། ཐོས་པའི་ཤེས་རབ། སྒོམ་པའི་ཤེས་རབ། བསམ་པའི་ཤེས་རབ་གསུམ་གྱིས་འབྲས་བུ་མཐར་ཕྱིན་པ་ལ་སྦྱོར་བ་སྟེ། མཐར་ལམ་པའི་སྐྱེས་བུས་འཁོར་འདས་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། དྲུག་པ་ཀུན་ཏུ་བཟང་པོ་སྟོན་པ་ཕུན་སུམ་ཚོགས་པ་ལ། བསྟན་པ་རང་བཞིན་གསང་བའི་སྙིང་པོ་འཁོར་འདས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བརྗོད་པའི་ཚུལ་ནི། གསུང་ལྔ་ལྷུན་གྲུབ་ཀྱི་དོན་སྟོན་པ་ཞལ་ཟུམ་པའང་མ་བགྱིས་པར་ཆུ་དྭངས་པ་ལ་ཉི་ཟླའི་གཟུགས་བརྙན་འཆར་བ་ལ་འགྲོ་འོང་མེད་པར་ནམ་མཁའི་ཟླ་བ་དང་ཆུ་ནང་གི་ཟླ་བ་དུས་གཅིག་སྣང་བ་བཞིན་དུ། འཁོར་གྱི་རིག་པ་ལ་རང་གསལ་དུ་ཤར་བ་ནི་མཐར་ལམ་པའི་བསྒོམ་གསུམ་གྱི་ངོ་བོ་སྟེ། མཉམ་པ་ཉིད་ཀྱི་ངང་ལ་རིམ་པར་བརྩིར་མེད་ཀྱང་། སྐད་ཅིག་མ་དང་པོ་ཐོས་པ། གཉིས་པ་བསམ་པ། གསུམ་པ་བསྒོམ་པའི་ངོ་བོའི་འབྲས་བུ་ལ་སྦྱོར་བ་དངོས་ཏེ། ཚུལ་ཇི་ལྟར་སྦྱོར་ན། སྟོན་པའི་ཐུགས་མཉ མ་པ་ཉིད་དང་། མཐར་ལམ་པའི་ཐུགས་མ ཉམ་པ་ཉིད་ངོ་བོ་ཉིད་ཀྱི་སྐུ་ལ་ཡེ་ནས་དབྱེར་མེད་པ་ཡིན། ལམ་མཐར་ཕྱིན་པས་སེམས་ཕྱི་མོའི་གནས་སླེབས། སེམས་རང་ས་ཟིན་ཞེས་བྱ་སྟེ། དགོངས་པ་དབྱེར་མེད་པའི་དོན་ལ་ཡེ་ནས་ཡིན་པའི་དོན་མཐོང་བའི་དབང་གིས་འབྲས་བུ་ཐོབ་པའི་མཐར་ཕྱིན་པ་ཞེས་བྱ་བའི་ཐ་སྙད་ཕྲ་བའང་མི་གནས་ཏེ། རང་གསལ་གྱི་ཡེ་ཤེས་ཉིད་ཆོས་ཀྱི་དབྱིངས་དང་མཉམ་པའོ། །དེ་ནི། རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་པ། ཆོས་སྐུ་རང་བྱུང་གི་ཡེ་ཤེས་ཆོས་སྐུའི་ངོ་བོ་ཉིད་ཡོན་ཏན་ལྷུན་གྲུབ་ཏུ་བཞུགས་པ་ནི། དཔེས་མཚོན་དུ་མེད། སེམས་ཀྱིས་བསམ་དུ་མེད་པས། ཀུན་ངམ་ཞེས་བྱའོ། །དེ་ལྟ་བུའི་དོན་རང་བཞིན་གསང་བའི་སྙིང་པོ་ལ་སྣང་བའི་ཕྱིར་ལྷུན་གྲུབ་ཅེས་བྱའོ། །འདི་ནི་བུདྡྷ་ཐམས་ཅད་ཀྱི། །ཞེས་པ་དེ་ལྟ་བུའི་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད་རང་བཞིན་བསང་བའི་སྙིང་པོ་འདི་ནི། འབྲས་བུ་མངོན་དུ་བྱས་པའི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་དམ་ཚིག་ཡིན་པས་འདའ་བར་མི་མཛད། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་དམ་ཚིག་མཆོག་ཅེས་བྱའོ། །འབྲས་བུ་རང་དོན་ནི། རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་ལས། །ཞེས་པ་རང་དོན་ཏེ། རྫོགས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་སྣང་ཀུན་ཏུ་བཟང་པོའི་ངང་དུ་ལྷུན་གྱིས་གྲུབ། འཁོར་བའི་ཆོས་རྡུལ་ཕྲ་རབ་ཙམ་ཡང་མ་དམིགས་པར་སྣོད་བཅུད་ཀྱི་ཆོས་ཐམས་ཅད་སྤངས་པ་མེད་པར་སྐུ་དང་ཡེ་ཤེས་སུ་རྫོགས་པ་ལ། ཡང་དག་པར་རྫོགས་ཞེས་ཐ་སྙད་གདགས་ཏེ། མ་འགག་པ་ནི་སྐུར་རྫོགས། མ་དམིགས་པ་ནི་ཡེ་ཤེས་སུ་རྫོགས་པས། ཐམས་ཅད་དཀྱིལ་འཁོར་དུ་གསལ་བ་ནི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའོ། །དེའི་དུས་སུ་རང་བྱུང་གི་ཡེ་ཤེས་ལ་གཡོས་པ་ཕྲ་བའི་ཕྲ་བ་ཡང་མེད་པ་ཉིད་ཆོས་ཀྱི་དབྱིངས་སུ་ཁྱབ་བདལ་བ་ནི་ཀུན་ཏུ་འོད་ཀྱི་སའོ། །སྐུར་མ་འགག་པ་མཚན་མ་མེད་པའི་མཐའ་ལས་འདས་པ་ནི་མཐའ་གཉིས་ལས་མ་ཆགས་པས་པདྨ་སྤྱན་གྱི་སའོ། །དེར་སྐུ་གསུམ་མ་འདྲེས་ལ་ཡོངས་སུ་རྫོགས་པར་ལྷུན་གྱིས་གྲུབ་བོ། །འོ་ན་འཁོར་བ་མ་དམིགས་པས་རྣམ་དག་འབའ་ཞིག་གི་མཐར་གྱུར་ཏེ། གཞན་དོན་མེད་དོ་སྙམ་ན་ལྷུན་གྲུབ་ཀྱི་ཡེ་ཤེས་ཉིད་མཛད་པ་མི་འགག་པར་སྣང་བས་གཞིར་བཞག་པས་ལས་ཞེས་སྨོས་སོ། །གཞན་དོན་ཇི་ལྟར་སྣང་ན། ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། །ཞེས་པས། འདིར་ཐུགས་རྗེ་ཆེན་པོ་སྟེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རང་རིག་པས་བདག་ཉིད་ནི་ཁྱབ་པ་དང་ཟིན་པ་མི་གཏོང་བ་དང་། ཡུལ་དང་འཕྲད་ན་མཛད་པ་མི་འགགས་པར་འབྱུང་བའི་ཕྱིར་དང་། ཐུགས་རྗེའི་ངེས་ཚིག་འགྲུབ་བོ། །དོན་དེ་ལ་སྔོན་གྱི་སྨོན་ལམ་གྱིས་བསྟངས་ནས་ཉེ་བར་བཟུང་བའི་ཐུགས་རྗེ་གསུམ་སྣང་བ་ནི་ཆེན་པོའི་བ་སྦུའི་ཆ་ཙམ་དུ་རྫོགས་སོ། །ཆེད་དུ་དགག་སྒྲུབ་གང་ཡང་མི་དགོས་སོ། །དཀྱིལ་འཁོར་ནི། གཉིས་སུ་མེད་པའི་ཐུགས་རྗེ་ཆེན་པོའི་རྩལ་ལས་གདུལ་བྱ་བློ་རབ་འབྲིང་གི་ཆ་ཡིས་ཐུགས་རྗེ་དེ་ལྟར་སྣང་སྡེ་ཐུགས་རྗེ་ཆེན་པོ་ལ་འདི་བསྟན་འདི་མི་བསྟན་གྱི་དབྲི་བཀོལ་མེད་ཀྱང་། གདུལ་བྱའི་བློ་དང་མཐུན་པར་སྣང་བ་མེ་ལོང་ལྟ་བུའོ། །སྤྲུལ་པ་འབྱུང་འཇུག་བྲལ་བ་ཆུ་ཟླ་ལྟ་བུའོ། །མ་རྟོགས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སེམས་ཆོས་སྐུ་ཡིན་པས་དེ་ལས་སྣང་ཞེས་ཀྱང་བྱ་སྟེ་ལ་བཟླ་བའོ། །ཆོས་ཐམས་ཅད་སེམས་ཡིན་པར་ཐག་བཅད་པ་དང་ཡང་མཐུན་ནོ། །ཡོངས་ཀྱིས་འབྱུང་། ཞེས་པ་ཆུ་རྙོག་མ་དྭངས་ནས་རྐྱེན་ནམ་མཁའ་དྭངས་པའི་ཟླ་བ་དང་འཛོམ་ན། བསམ་པ་སྔོན་དུ་བཏང་མི་དགོས་པར་ཆུ་ཟླ་རང་ཤུགས་ཀྱིས་འཆར། དེ་བཞིན་དུ་སེམས་ཀྱི་སྒྲིབ་བྱེད་གསུམ་དག་པ་མཐར་ཕྱིན་ན་མཛད་པ་མི་འགགས་པར་འཆར་བའི་ངོ་བོ་ཉིད་ཡིན་པས། ཡོང་ངམ་ངང་གིས་འབྱུང་ཞེས་བྱའོ། །དེ་བས་ན་མཁྱེན་པའི་ཡེ་ཤེས་དང་། འཆར་བའི་ཐུགས་རྗེ་དང་། མཛད་པའི་ཕྲིན་ལས་རྣམས་སྐད་ཅིག་དུས་གཅིག་ལ་ལྷུན་གྲུབ་ཏུ་འཆར་ཏེ། རེས་མོས་བྲལ་བས་མ་དམིགས་སོ། །འདུ་ཤེས་ཀྱི་རྒྱུན་ལས་གྲོལ་ནས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་རང་གསལ་བའོ། །དེ་ལྟར་ཐུགས་རྗེ་ཤར་ནས་ཅི་མཛད་ཅེ་ན། མ་རྟོགས་པའི་ཕྱོགས་བཅུ་དུས་བཞིས་བསྡུས་པའི་ལོག་རྟོག་འཁྲུལ་པའི་ཕུང་པོ་ཁམས་སྐྱེ་མཆེད་རྣམས་ནི་གདུལ་བྱའོ། །དེ་དག་འདུལ་བྱེད་ནི་དེ་རྣམས་འབྲས་བུར་རྫོགས་པོའི་ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པའི་བུདྡྷའི་དཀྱིལ་འཁོར་ཐམས་ཅད་ཀྱི་གདུལ་བྱ་རྣམས། འདུལ་བའི་མགོན། ཞེས་པ། འཁོར་བ་དག་ནས་མ་གྲུབ་པར་མཛད་པའི་ཕྱིར་རོ། །སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡིས། །ཞེས་པ་རྟོགས་པ་སངས་རྒྱས་ཀྱི་སྒྱུ་མ་ནི། སྐུ་གཉིས་ཀྱི་བྱ་བ་ཐམས་ཅད་དེ་རྒྱུ་རྐྱེན་གྱིས་བསྐྱེད་རྒྱུ་བུདྡྷའི་ཡེ་ཤེས་གང་དུ་ཡང་མ་གྲུབ་ཅིར་ཡང་མི་འགག་པ་ལས་རྐྱེན་གདུལ་བྱའི་དབང་པོ་དང་འཛོམ་ནས་སྣང་བའོ། །མཐུན་པར་སྣང་སྟེ་ཟག་མེད་པ་རྣམས་ལ་ལོངས་སྐུར་སྣང་། ཟག་བཅས་པ་རྣམས་ལ་སྤྲུལ་སྐུར་སྣང་ལ། རུ་དྲ་དང་གཤིན་རྗེ་རྣམས་ལ་ཁྲོ་བོར་སྣང་། དོན་བྱེད་ནུས་ཏེ་ཟག་མེད་ཀྱི་ལམ་པ་རྣམས་ལ་དེའི་དོན་བྱེད། ཟག་བཅས་རྣམས་ལ་དེའི་དོན་བྱེད། བརྟགས་པས་དབེན་ཏེ། ཆོས་ཀྱི་སྐུ་ལས་དེ་དག་གང་དུ་ཡང་གྲུབ་པ་མེད། དེ་ལྟ་བུའི་དོན་གྱིས་རྟོགས་པ་སྒྱུ་མ་ལྟ་བུའི་སྟོན་པས། མ་རྟོགས་པ་སྒྱུ་མ་ལྟ་བུའི་འཁོར་བའི་དཀྱིལ་འཁོར་ཐམས་ཅད་འཁོར་བ་མ་གྲུབ་ཀྱང་གཟུང་འཛིན་གྱིས་བརྟགས་པའི་སྨིག་རྒྱུའི་རྒྱ་མཚོ་ལྟ་བུ་ལས་སྒྲོལ་བ་ཡིས་དེ་ལྟར་མཛད་ཀྱང་། མཛད་བྱ་མཛད་བྱེད་ཀྱི་རྩོལ་བ་དང་། དོན་དང་བྱེད་པའི་འཛིན་པ་དང་། ཆེད་བྱས་ཀྱི་ཆོས་ཐམས་ཅད་དང་བྲལ་བས་བྱ་བྱེད་མེད་པར་ཞེས་བྱའོ། །དེ་ལྟ་བུའི་རྩོལ་བྲལ་གྱི་སྒོ་ནས་རྟོགས་པའི་དཀྱིལ་འཁོར་གྱིས་མ་རྟོགས་པའི་དཀྱིལ་འཁོར་གྱི་དོན་སྤྱོད་ཀྱང་། སྤྱོད་བྱ་སྤྱོད་བྱེད་མ་དམིགས་པའོ། །རྒྱུད་འདིའི་དོན་ལ་མོས་པའི་ཡོན་ཏན་ནི། གང་ཞིག་འདི་ལ་མོས་འགྱུར་བ། །ཞེས་པ་ལ་སོགས་ཏེ། གང་ཞིག་ནི་ཚོལ་བའི་ཚིག་སྟེ་འོག་ནས་སྨོས་པའི་ཐོས་བསམ་བསྒོམ་གསུམ་ལ་སྦྱངས་པ་རྣམས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསགས་པས། གསང་བའི་སྙིང་པོའི་རྒྱུད་འདི་ཉིད་བརྗོད་བྱ་རྗོད་བྱེད་བཤད་པའི་གདམས་ངག་གསུམ་པོའི་དོན་འདི་ལ་མོས་པ་སྐྱེ་བར་འགྱུར་པའི་གང་ཟག་དེ་ཡང་། སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱི་ཕྱོགས་བཅུ་དུས་བཞི་ཀུན་ནས་ཀུན་ཏུ་སྤྱོད་ལམ་ཐམས་ཅད་དུ། དཀྱིལ་འཁོར་མ་ལུས་བསྙེན་པ་ཡིན། །ཞེས་པ་དཀྱིལ་འཁོར་མ་ལུས་པ་ཀུན་ལ་མོས་པ་བྱས་པས་བསྙེན་པའི་ངོ་བོ་བྱས་པ་སྟེ། དེས་ན་སངས་རྒྱས་ཐམས་ཅད་ཀྱི་ཉེ་བའི་སྲས་ནི་བྱང་ཆུབ་སེམས་དཔའ་དེ་ལས་དགར་བ་སྟེ། ཡོ་ག་ཕྱི་པ་མན་ཆད་ལ་ཉེ་བས་ཚེ་གཅིག་གིས་སངས་རྒྱས་ཏེ། དེ་བཞིན་དུ་ཐུགས་ཀྱི་དགོངས་པར་འགྱུར་ཏེ་མོས་པའི་ཡོན་ཏན་ནོ། །སྣོད་ལྡན་གྱི་སྤྱོད་ཡུལ་དུ་བསྟན་པ་ནི། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཞེས་པ་ལ་སོགས་ཏེ། བསྐལ་པ་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡུལ་ཕྲ་རབ་ཏུ་བསིལ་བ་དེའི་གྲངས་ཀྱི་རྡུལ་སྙེད་ཀྱི་བསྐལ་པ། ཤིན་ཏུ་སྦྱངས་ལ། ཞེས་པ་ཡུལ་ནི་ཉན་ཐོས་དང་ཨ་ནུའི་བར་ཐེག་པ་བརྒྱད་ལ་ཤིན་ཏུ་སྦྱངས་པ་ནི་མ་ཡེངས་པ་དང་། ཐེག་པ་ཀུན་གྱི་དོན་མཐར་ཕྱིན་པར་བྱས་པའོ། །རབ་གནས་ཤིང་། །ཞེས་པ་ལྟ་བ་དང་ཏིང་ངེ་འཛིན་ལ་གནས་པ་དང་། དམ་ཚིག་ལ་གནས་པས། ཕྱོགས་དུས་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་བསྙེན་བསྙེན་པའི་འབྲས་བུ་ནི། གསང་ཆེན་འདི་ཡིན། ཞེས་པ་རང་བཞིན་གསང་བའི་སྙིང་པོ་དང་། མཐོང་བའི་ཐབས་གདམས་པའི་གསུམ་པོ་འདི་ཡིན་ཞེས་བྱའོ། །རྒྱལ་བའི་གཤེགས་ཤུལ་ཡིན་པའི་ཆེ་བ་ནི། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །ཞེས་པ་འཇིག་རྟེན་དག་ནི་ལྗིད་འབེབས་པ་དྲུག་གོ། །ཕྱོགས་བཅུ་ནི་མཐའ་ཡས་པ་སྟེ་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་དོ། །ཞིང་ཁམས་དེ་ན་འདས་པའི་བུདྡྷ། ད་ལྟའི་བུདྡྷ། ཕྱིས་འབྱུང་བའི་བུདྡྷ། མ་བྱོན་པའི་བུདྡྷ་དང་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱིས་གསང་བའི་སྙིང་པོའི་དོན་བརྙེས་ནས་འབྲས་བུ་མཐར་ཕྱིན་ཏེ་སྐུ་ལྔ་ལྷུན་གྱིས་རྫོགས་སོ། །རྣལ་འབྱོར་པའི་ལམ་ཡིན་པའི་ཆེ་བ་ནི། འབྱུང་དང་མ་འོངས་ཐམས་ཅད་ཀུན། །ཞེས་པ། འབྱུང་ནི་རྣལ་འབྱོར་པ་སྐྱེ་བ་གཅིག་གིས་བུདྡྷ་བ་ལྟ་བུའོ། །མ་འོངས་པ་ནི་དེ་ཕྱིན་ཆོད་ཀྱི་རྣལ་འབྱོར་པ་ཐམས་ཅད་ཀུན་རང་བཞིན་གསང་བའི་སྙིང་པོ་འདིའི་འབྲས་བུ་ལྷུན་གྱིས་གྲུབ་པར་འགྱུར་ཞེས་བྱའོ། །དགོངས་པའི་ཞེ་ཕུགས་ནི། འདི་ནི་གསང་ཆེན་ངེས་པ་ཡི། །ཞེས་པ་ལ་སོགས་པ་ནི། གསང་བའི་སྙིང་པོ་མཚོན་བྱ་མཚོན་བྱེད་ནི་གསང་བའི་ནང་ན་གསང་ཆེན་ཏེ་རང་བཞིན་རྟོགས་དཀའ་བའོ། །དཀྲི་བ་མ་ཡིན་པས་ངེས་པའི་དོན་ཅིག་ཅར་གཏན་ལ་ཕབ་པའི་འབྲས་བུ་ཆོས་སྐུ་ལམ་དུ་སྦྱངས་པའི་ཐབས་ལམ་གཉིས་པའོ། །ཆོས་སྐུ་ལམ་དུ་སྦྱང་བ་ནི་བསྐྱེད་རིམ་བསྒོམ་པ་ཚོགས་བསྒྲུབ་དང་བཅས་པའོ། །དེས་ན་འབྲས་བུ་ལམ་དུ་བྱེད་པ་ཞེས་བྱ་བའི་རྒྱུ་མཚན་ནོ། །ཕྱོགས་བཅུའི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ལ་གསང་བའི་སྙིང་པོ་འདི་ལས་མ་གཏོགས་པའི་ཐུགས་ལ་བརྣག་པའི་གསང་བའི་ངེས་དོན་མེད། གལ་ཏེ་ལོགས་སུ་བཙལ་ན་རྒྱལ་བས་ཀྱང་ལོགས་སུ་མི་རྙེད་དེ། དེའི་གཏན་ཚིགས་ནི། ཀུན་གྱི་ཕྱག་རྒྱ་ཆེན་པོའི་མཆོག །ཅེས་པ་ཕྱོགས་དུས་ཀྱི་བུདྡྷ་ཀུན་གྱི་སྐུ་ཕྱག་རྒྱ་ཆེན་པོ། གསུང་ཕྱག་རྒྱ་ཆེན་པོ། ཐུགས་ཕྱག་རྒྱ་ཆེན་པོ་རྣམས་འདི་ཉིད་དུ་དབྱེར་མེད་པས་མཆོག་ཅེས་བྱའོ། །སྣོད་བཟང་ངན་གྱི་མཚན་ཉིད་ནི། དེ་ཡང་དང་པོ་བཟང་པོ་སྟེ། ཐོས་བསམ་བསྒོམ་ལ་རབ་སྦྱངས་པའི། །ཞེས་པ་ལ་སོགས་པ། ཐོས་པའི་ཤེས་རབ་ཀྱིས་གསང་སྔགས་འདི་ཉིད་མཐོང་བར་ནུས་པ། བསམ་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་སྦྱངས་པ་འདི་ཉིད་ཀྱི་དོན་སེམས་ཐོག་ཏུ་ཕེབས་ཏེ་ལྟ་བ་མངོན་དུ་གྱུར་པ། བསྒོམ་པའི་ཤེས་རབ་ཀྱིས་སྦྱངས་པ་འབྲས་བུ་ལ་སྦྱོར་ནུས་པ། དེ་ལྟ་བུ་དེ་ནི་གོང་དུ་བསྟན་པ་བཞིན་གྲངས་མེད་པ་ནས་སྦྱངས་པའི་འཕྲོ་ཅན་ཡིན་པས་སྦྱངས་པའི་ཞེས་པ་དང་། འདི་ཉིད་ལ་ཡང་སྦྱངས་པ་སྟོབས་སུ་གྱུར་པ་སྟེ་ཤེས་རབ་གསུམ་མོ། །དེ་ལྟ་བུ་དེ་ནི་སྦྱངས་པའི་ཤེས་རབ་དང་ལྡན་ཞིང་འདི་ཉིད་ཀྱི་དོན་མཐོང་བར་ནུས་པའི་མིག་དང་ལྡན་པ་ནི། དབང་པོ་ཡང་རབ་ཀྱི་བློ་ཅན་རྣམས་ཀྱིས་གཟུང་བར་བྱའོ་ཞེས་སོ། །གཞན་ཡང་། སྣོད་ལྡན་ཞེས་པ། སྔོན་དུ་སྦྱངས་པའི་སྟོབས་འདི་ཉིད་ཀྱི་སྣོད་དུ་རུང་སྟེ། ངང་ཚུལ་བཟང་ལ་བརྟན། ཞེས་པས་ངང་རིང་བ་ཆུ་བོ་ལྟ་བུ་སྟེ། ཤེས་རབ་གསུམ་སོ་སོའི་དོན་མ་གྲུབ་ཀྱི་བར་དུ་མི་འདོར་བ། ཚུལ་ཤེས་པ་དགེ་སློང་གསར་པ་ལྟ་བུ་སྟེ་བག་དང་ལྡན་པས་ཉེས་པ་ཕྲ་བས་ཀྱང་མི་གོས་པ། རང་བཞིན་བཟང་བ་ཉི་མ་ལྟ་བུ་སྟེ། ཐམས་ཅད་ལ་སྙོམས་ཤིང་བདེ་བ་ཁོད་སྙོམས་པའོ། །བརྟན་པ་རི་རབ་ལྟ་བུ་སྟེ་དོན་མ་གྲུབ་ཀྱི་བར་དུ་རྐྱེན་དབང་དུ་མི་འགྲོ་ཞིང་ཐེ་ཚོམ་སོམ་ཉི་ཡིད་གཉིས་མེད་པའོ། །རྣོ་བ་རལ་གྲི་གནའ་མ་ལྟ་བུ་སྟེ་ཤེས་རབ་ཀྱི་ཆོས་ཐམས་ཅད་ཀྱི་གཏིང་ཕོལ་བའོ། །གཞན་ཡང་རྡོ་རྗེ་སློབ་དཔོན་གྱི་བཀའ་ཟུར་ཙམ་ཡང་མི་འདའ་བ་སེམས་ཅན་གྱི་དོན་ལྷུར་ལེན་པ། འཇིག་རྟེན་གྱི་ཁེ་གྲགས་ཆེད་དུ་མི་གཉེར་བ། འཕྱར་གཡེངས་ཅན་མ་ཡིན་པ་བསྒྲུབ་པ་ལ་གཞོལ་བའོ། །ཆོས་དང་བླ་མའི་ཕྱོགས་སུ་ལུས་དང་ལོངས་སྤྱོད་པ་སེར་སྣ་མེད་པར་གཏོང་ཕོད་པ་ལ་རྒྱུད་འདི་བཤད་པར་བྱའོ། །སྣོད་ངན་པའི་མཚན་ཉིད་ནི། གཞན་དུ་ནམ་ཡང་སྦྱིན་མི་བྱ། །ཞེས་པ། གོང་མའི་ཡོན་ཏན་རྣམས་མེད་ན་ཡོན་ཏན་ལས་གཞན་དུ་གྱུར་པ་ནི་གཞན་ནོ། །ནམ་ཡང་ཞེས་པ། སྙིང་སྒོར་ཕྱུང་བའི་ཉེན་དང་བསྡོས་ཀྱང་སྦྱིན་པར་མི་བྱའོ། །རྨོངས་ལ་འཕྱར་བས་གལ་ཏེ་སྦྱིན། །ཞེས་པ་སློབ་དཔོན་སློབ་མའི་སྣོད་བརྟག་མི་ཤེས་པས་རྨོངས་པའོ། །སྣོད་ངན་ལ་བཤད་པ་ནི་འཕྱར་བ་སྟེ། བརྒྱ་ལ་གལ་ཏེ་བཤད་ན་རྡོ་རྗེ་སློབ་དཔོན་དམ་ཚིག་དང་འགལ་བས་ཚེའི་དུས་མིན་པར་དམ་ཚིག་ཉམས་པའི་ཆད་པས་སྲོག་ཟད་ནས་གཤིས་ངན་འཆི་སྟེ། བསྲེག་པ་ཚ་བའི་དམྱལ་བ་སྦྲེབས་པ་གྲང་བའི་དམྱལ་བར་རྡོ་རྗེ་དམྱལ་བའི་ཚེ་ཚད་ཀྱིས་ཡུན་རིང་བར་གནས་ན། ཡུན་རིང་མོ་ལོན་ནས་དེ་ལས་ཐར་ལས་ཀྱང་། ཡང་སྦྲེབས་པ་ནི་ཡི་དྭགས་ཏེ་ངན་སོང་གསུམ་ཁ་བརྒྱུད་ནས། མིར་སྐྱེས་ཀྱང་མཐའ་འཁོབ་ཀླ་ཀློར་སྐྱེས་ན་བདེ་བ་མི་མྱོང་ཞེས་བྱའོ། །དེ་ལྟར་གོང་ཡན་ཆོད་དུ་བསྐྱེད་རིམ་གྱི་ལམ་རིམ་ཏིང་ངེ་འཛིན་ལྔའི་སྒོ་ནས་ཚོགས་བསྒྲུབ་སྟེ། རིག་འཛིན་གསུམ་གྱིས་རིམ་པར་བུདྡྷ་ལ་སྦྱོར་བ་སོང་ནས། ལེའུ་འདི་ཉིད་རྫོགས་པ་ཆེན་པོ་ལྟར་བཤད་པ་ནི་རྫོགས་པ་ཆེན་པོའི་ངོ་བོ་ཡིན་ཀྱང་། འདིར་མ་ཧཱ་ཡོ་གའི་སྒོ་ནས་རིམ་གྱིས་འཇུག་པས་རྫོགས་རིམ་ཞེས་བྱ་སྟེ། དེ་ཡང་ཐེག་པ་འདི་ཉིད་ཀྱི་གཞུང་གིས་ཆོས་ཐམས་ཅད་དག་པ་གསུམ་དང་མཉམ་པ་བཞི་དང་ལྔའི་ངང་དུ་ཡེ་ནས་བུདྡྷ་བ་ངོ་བོ་ཉིད་ཡིན་པ་ནི་ཆུ་གཤེར་བ་ལས་མ་འདས་པ་ལྟ་བུ་སྟེ་ཡིན་ཚུལ་བཞིའི་དོན་ནོ། །འཇུག་པ་ལམ་གྱི་དང་པོ་ནི། རྟོགས་པ་རྣམ་པ་བཞིའི་ཚོགས་ཀྱིས་སྐབས་སུ་བཤད་པའི་གཏན་ཚིགས་ཀྱིས་རང་རིག་པའི་མངོན་སུམ་དུ་གཏན་ལ་ཕེབས་ཏེ། ཡིད་ཆེས་པ་ནི་ལྟ་བ་སྟེ་རྒྱུ་ཤེས་པའི་མཚན་ཉིད་དོ། །དེར་རྐྱེན་འཇུག་པ་ནི་མཚན་ཉིད་གསུམ་དང་དགོས་འབྲེལ་གྱིས་ལམ་མཚོན་ནས་བསྙེན་བསྒྲུབ་རྣམ་པ་བཞིས་ལམ་གྱི་དོན་མཐར་ཕྱུང་སྟེ། བདུད་བཏུལ་བས་འབྲས་བུ་ལྷུན་གྱིས་གྲུབ་པར་སྟོན་པ་སྟེ་བསྡུས་པའི་དོན་ནོ། །ཡན་ལག་རྒྱས་པར་བཤད་པ་ནི་ལེའུ་འདིའི་ལོ་རྒྱུས་ཀྱི་དོན་ལ་གཉིས་ཀྱི་ཟབ་མོའི་དོན་སྣང་བའི་སྦྱོར་བ་ནི། འདིར་རྫོགས་པ་ཆེན་པོའི་དོན་གདུལ་བྱ་དབང་པོ་རབ་ལ་སྣང་བའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ། ཞེས་པ་ལ་སོགས་པས། དེ་བཞིན་གཤེགས་པ་ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པའི་སྐུ་གསུང་ཐུགས་མི་ཕྱེད་པ་རྡོ་རྗེ་ལྟ་བུ་མངའ་བའི། དཀྱིལ་འཁོར་ཐམས་ཅད་གཅིག་ཏུ་འདུས་ནས། ཞེས་པ་འཁོར་འདས་དབྱེར་མེད་པའི་མ་འདྲེས་ལ་ཡོངས་སུ་རྫོགས་པ། རྫོགས་པ་ཆེན་པོའི་དོན་བྱང་ཆུབ་ཀྱི་སེམས་ནི་རྟོགས་མ་རྟོགས་ཀྱི་འཁོར་འདས་གཉིས་སུ་ཡང་སྣང་ལ། འདིར་བསྟན་པ་སྣང་བའི་དོན་གྱིས་བུདྡྷ་ཐམས་ཅད་དེ། དེ་དག་ཐམས་ཅད་རིག་པ་རང་སྣང་བས་རིག་པའི་ངང་ལས་སོ་སོར་དབྱེར་མེད་པ་ལ་ཡང་གཅིག་ཅེས་བྱ་སྟེ་ངོ་བོ་ཀུན་ཏུ་བཟང་པོ་ཉིད་དོ། །དེས་ན་ཆེད་དུ་བསྡུས་པ་མེད་པར་ངོ་བོ་ཉིད་དུ་འདུས་པའི་བདག་ཉིད་དོ། །འོན་ཀྱང་འདིར་བསྟན་པ་ཟབ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །ཞེས་འདི་ཉིད་དུ་གསུངས་པའི་དགོངས་པ་མངོན་དུ་སྣང་བའི་ཕྱིར་གཅིག་ཏུ་ཚོགས་པ་ལྟ་བུ་ཡང་བཀག་པ་མེད་དེ་གདུལ་བྱའི་སྣང་བའོ། །སྣང་བ་དངོས་ཀྱི་ཏིང་ངེ་འཛིན་ལ་དོན་བརྗོད་པ་ནི། དགྱེས་པ་ཆེན་པོས། ཞེས་པ་འཁོར་འདས་དབྱེར་མེད་པའི་ལོངས་སྤྱོད་ལ་ཡུལ་ཡུལ་ཅན་མེད་པར་ལོངས་སྤྱོད་རང་སྣང་དུ་སྤྱོད་ཀྱང་། དམིགས་པ་ཕྲ་བ་ཡང་མི་མངའ་བ་ནི་ཆེན་པོ་སྟེ་དྲུག་པ་ཀུན་ཏུ་བཟང་པོའོ། །དེས་གཞལ་བྱའི་ཆོས་ཐམས་ཅད་ལ་བྱས་པ་མེད་པར་ཡེ་ནས་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་མཉམ་པ་ཉིད་ཀྱི་ངང་ལས་ལྷུན་གྱིས་གྲུབ་པར་བྱ་བའི་དམ་ཚིག་དེ་ལས་མི་འདའ་དེའི་རྒྱས་ཐེབས་པས་དམ་ཚིག་སྟེ་རྫོགས་པ་ཆེན་པོའི་དོན་རྟོགས་དཀའ་བས་ཤིན་ཏུ་གསང་བ། རང་སྣང་མི་འགག་པའི་ངོ་བོ་ཉིད་དུ་བཞུགས་པས་སྙིང་པོའི་སྤྲིན་བཀོད་པ་ནི་ཆོས་ཐམས་ཅད་སྣང་ལ། སྒོས་སུ་མན་ངག་གིས་གཞུང་འདི་ཉིད་ཐ་གྲུ་རྒྱས་པར་སྣང་བ་འབྲས་བུའི་ཡོན་ཏན་ཐམས་ཅད་ཀྱི་ཆོས་ལྷུན་གྱིས་གྲུབ་པས་ཀྱང་སྤྲིན་བཀོད་པ་སྟེ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཞེས་པ་དེའི་ངོ་བོ་ཉིད་ལས་མི་འདའ་བ་དང་གདུལ་བྱའི་ངོ་བོ་ལ་ཞུགས་པ་ལྟར་སྣང་བ་དང་། འདུལ་བྱེད་བསྟན་པ་ཐམས་ཅད་རྫོགས་པ་ཆེན་པོའི་དོན་ལས་མ་འདས་པ་དང་གསུམ་མོ། ཆེད་དུ་བརྗོད་པ་ནི་མ་འགག་པའོ། །རིམ་འཇུག་གི་རྟེན་ལོག་པ་ནི། མ་རྟོགས་པ་དང་། ཞེས་པ་ལ་སོགས་པ། མ་རྟོགས་པ་ནི་ཕྱལ་བ་དང་རྒྱང་འཕེན་ནོ། །ལོག་པར་རྟོག་པ་ནི་མུར་རྟུགས་པ་དང་མུ་སྟེགས་པའོ། །མུ་སྟེགས་པ་ནི་རྒྱུ་ཡོད་ལ། འབྲས་བུ་མེད་པར་ལྟ་བ་དང་། རྒྱུ་འབྲས་ལོག་པར་ལྟ་བ་དང་གསུམ་སྟེ། གཞན་ན་ཞིབ་བོ། །མ་རྟོགས་པ་དང་། ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །ལ་སོགས་ཏེ། ཕྱོགས་རྟོགས་པ་ནི་ཉན་རང་གཉིས་སོ། །ཡང་དག་ཉིད་མ་རྟོགས་པ་ནི་དབུ་མའོ། །འདུལ་བ་ཀྲི་ཡ། དགོངས་པ་ཡོ་ག །གསང་བ་མ་ཧཱ་ཡོ་ག་ལ་སོགས་ཏེ་རྒྱས་པར་གོང་དུ་སོང་ངོ་། །མཚོན་པར་བྱེད་པ་རྗོད་བྱེད་རྟོགས་པ་བཞི་བསྟན་པ་ནི། སྤྱིར་རང་བཞིན་རྫོགས་པ་ཆེན་པོ་དང་། གྱུར་པ་རྫོགས་པ་ཆེན་པོ་གཉིས་ལས། དང་པོ་རང་བཞིན་ཡིན་ཚུལ་བསྟན་པ་ནི། རྒྱུད་འདི་ཉིད་ཀྱི་གཞུང་གིས་དག་པ་གསུམ་མཉམ་པ་བཞིའམ་ལྔའི་ངང་དུ་ཆོས་ཐམས་ཅད་བྱས་ལ་མེད་པར་རང་གཞིན་གྱི་གནས་ཞེས་གསུངས་ཏེ། དེ་ཡང་ལེའུ་གསུམ་པ་ལྟ་བའི་སྐབས་སུ། བདག་དང་གཞན་དང་རྟོགས་པའི་རྒྱུན། །རྣམ་དག་བླ་མེད་ཐེག་པའི་མཆོག །ཅེས་པས་དག་པ་གསུམ་བསྟན། ཡང་ལེའུ་བཅུ་གཅིག་པར། སྣོད་བཅུད་རྒྱུད་རྣམ་དག་རྟོགས་ཤིང་། །མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །ཞེས་པས་དག་མཉམ་གཉིས་ཀ་བསྟན། ལེའུ་གཉིས་པར་ཀུན་ཏུ་བཟང་པོས་རིག་པའི་ངོས་ནས་གླེང་བསླང་བའི་སྐབས་སུ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་པ་ལ་སོགས་པར་གསུངས་པ་ནི། རྒྱུད་འདིའི་རང་བཞིན་རྫོགས་པ་ཆེན་པོ་སྟེ། སློབ་དཔོན་པདྨས་ཀྱང་རྫོགས་པ་ཆེན་པོའི་ཚུལ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དབྱེར་མེད་པ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ཡེ་ནས་ཡིན་པར་ཞེས་པ་གནས་ཚུལ་ལོ། །རྟོགས་པ། ཞེས་པ་རྒྱུ་ཤེས་པའི་མཚན་ཉིད་དོ། །བསྒོམ་པ། ཞེས་པ་རྐྱེན་འཇུག་པ་ལམ་གྱི་ངོ་བོ་སྟོན་ཏེ། དེ་ཡང་གནས་ཚུལ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་སེམས་ཉིད་ཀྱི་ངང་དུ་སྐྱེ་འགག་དང་བྲལ་བ་ནི། ཉིད་ལས་རྟོག་ཚོགས་ཀྱི་ཆོས་ཐམས་ཅད་བྱ་བ་བྱེད་པའི་ནུས་པ་སྒྱུ་མ་ཙམ་སྣང་བ་ཉིད་བདེ་བར་གཤེགས་པའི་ངོ་བོར་བསལ་ཏེ། ཕུང་པོ་ལྔ་ནི་ཡབ་ལྔ། འབྱུང་བ་ལྔ་ནི་ཡུམ་ལྔ། རྣམ་ཤེས་བཞི་སེམས་དཔའ་བཞི། དབང་པོ་བཞི་སེམས་དཔའ་བཞི། ཡུལ་བཞི་དང་དུས་བཞི་སེམས་མ་བརྒྱད། ལུས་ཀྱི་ཆོས་བཞི་ཁྲོ་བོ་བཞི། རྟག་ཆད་མཐའ་བཞི་ཁྲོ་མོ་བཞི། ཡིད་ཀྱི་རྣམ་ཤེས་ཀུན་ཏུ་བཟང་པོ། ཡུལ་ཆོས་དབྱིངས་ཀུན་ཏུ་བཟང་མོའི་རང་བཞིན་ཏེ། སྐུ་གསུང་ཐུགས། ཞེས་པས་འདིར་འཁྲུལ་པ་གཟུང་འཛིན་གྱི་ངོ་གཞལ་བྱ་མ་ཡིན་ཆུ་གཤེར་བ་ལས་མ་འདས་པ་དང་འདྲ་བར། རང་བཞིན་གྱིས་ཡིན་ཚུལ་ལམ་གནས་ཚུལ་གཞལ་བྱ་སྟེ། རྟོག་པ་བཞི་བཅུར་སྣང་ཙམ་ཉིད་ན་སེམས་ཉིད་དུ་གསལ་ཞིང་མ་གཡོས་པས་སྣང་སྟོང་གི་མཐའ་ལས་གྲོལ་ཏེ། གཟུང་འཛིན་དག་པས་རྟོག་པའི་ཐ་སྙད་ཀ་ནས་དག་སྟེ། དེ་དག་གི་རང་བཞིན་ནམ་དོན་གྱི་ངོ་བོ་ཐ་སྙད་དང་བྲལ་ཡང་། མཐར་ཐུག་གི་དོན་ལ་དག་འཛིན་དང་བཅས་པ་ནི་མ་ཧཱ་ཡོ་ག་འདི་ཉིད་ཀྱི་གཞུང་ངོ་། །རྟོགས་པ་དག་ནས་འབྲས་བུ་ལྷར་དག་འཛིན་དང་བཅས་པ་ནི་མ་ཧཱ་ཡོ་ག་ཐབས་ཕྱོགས་གཅིག་པ་དང་ཤེས་རབ་ཕྱོགས་གཅིག་པ་རྣམས་ཀྱི་གཞུང་ངོ་། །རྟོགས་པ་དང་ལྷ་མཉམ་པ་ཉིད་ཕྱོགས་ཞེན་ཐམས་ཅད་དང་བྲལ་བ་ཡུལ་སེམས་སྣོད་བཅུད་འཁོར་འདས་ཐམས་ཅད་དེ་ཉིད་ལས་མ་གཡོས་པའི་ངོ་བོ་འདུ་ཤེས་ཕྲ་རགས་ཐམས་ཅད་དག་པའི་མཉམ་པ་ཉིད་ནི་རིག་པ་རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ། རྫོགས་པ་ཆེན་པོ་རང་གི་ངོ་བོ་ཉིད་དེ། དེ་ནི་རྟོགས་བྱ་མཐར་ཕྱིན་པའི་དོན་ལྟ་བུའོ། །རྒྱུད་འདིར་ནི་ཐབས་དང་ཤེས་རབ་དབྱེར་མེད་པའི་མ་ཧཱ་ཡོ་ག་སྟེ། གོང་དུ་བསྟན་པའི་མ་ཧཱ་ཡོ་ག་བློ་རབ་ཀྱི་དོན་ཏེ། རྫོགས་པ་ཆེན་པོའི་དོན་རྟོགས་པའི་ཐབས་སམ་ལམ་སྟེགས་གཙོ་ཆེར་དེ་སྟོན་ཏོ། །དེ་ཡང་སྐུ་གསུང་ཐུགས་ཞེས་པས། རྟོག་པ་དང་ལྷ་དབྱེར་མེད་པའི་ངོ་བོ་མ་འགག་པ་ནི་སྐུ། རང་བཞིན་མེད་པ་གསུང་། དབྱེར་མེད་པ་ནི་ཐུགས་ཏེ་རྫོགས་པ་ཆེན་པོའི་ངོ་བོ་ཉིད་དོ། །དེ་ནི་རང་བཞིན་གནས་ཚུལ་གྱི་དཀྱིལ་འཁོར་ཏེ། སྣོད་དག་པ་འབྱུང་བ་ཡུམ་དུ་དག །བཅུད་དག་པ་ཕུང་པོ་ཡབ་ཏུ་དག །རྒྱུད་དག་པ་ཁམས་དང་སྐྱེ་མཆེད་ཐམས་ཅད་སེམས་དཔའ་དང་སེམས་མར་དག་པའོ། །མཉམ་པ་ལྔ་ཡང་དེ་ཉིད་དུ་ལྷུན་གྱིས་གྲུབ་སྟེ། དོན་དམ་སེམས་ཀྱི་ཆོས་ཉིད་སྐྱེ་བ་མེད་པར་དག །ཀུན་རྫོབ་མ་འགག་པ་ལྷ་དང་ལྷ་མོར་དག །མཉམ་པ་གསུམ་ནི་དག་པ་གསུམ་དང་མཐུན་ནོ། །རང་བཞིན་གསང་བ་རྫོགས་པ་ཆེན་པོའི་དོན་དེ་ཉིད་རྟོགས་པར་བྱེད་པའི་ཐབས། མཚོན་པར་བྱེད་པའི་ཐབས་རྟོགས་པ་བཞི་ནི། ཡི་གེ་སྒྲས་བཏགས། ཞེས་པས་རྒྱུ་གཅིག་པ་དང་ཡིག་འབྲུ་དང་བྱིན་གྱིས་བརླབས་དང་མངོན་སུམ་བཞིའོ། །རྒྱུ་གཅིག་པར་རྟོགས་པ་ནི། ཆོས་ཐམས་ཅད་ཡེ་ཤེས་སུ་དབྱེར་མེད་ནི་རྒྱུ་རྐྱེན་དང་བྲལ་བ་སེམས་ཀྱི་ཆོས་ཉིད་དུ་གཅིག་སྟེ། དེ་ཡང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཆོས་སྐུར་གཅིག །འཁོར་བའི་ཆོས་ཐམས་ཅད་རྣལ་མ་དོན་གྱི་ཀུན་གཞིར་གཅིག །དེ་གཉིས་ནམ་མཁའི་ངང་དུ་དབྱེར་མེད་པ་བཞིན་ནི་དོན་དམ་པར་རྒྱུ་གཅིག་པའོ། །ཀུན་རྫོབ་ཏུ་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འགག་པ་སྣང་བཞིན་མ་གྲུབ་སྒྱུ་མ་ལྟ་བུ་སོ་སོའི་བྱ་བ་བྱེད་ནུས་པ་ཙམ་དུ་མཚུངས་པ་ནི་ཀུན་རྫོབ་ཏུ་རྒྱུ་གཅིག །སྒྱུ་མ་ལྟ་བུ་སྣང་ཙམ་ཉིད་ན་ཆུ་ཟླ་ལྟར་དངོས་པོར་མ་གྲུབ་སེམས་ཉིད་ཀྱི་ངང་ལས་མ་གཡོས་པ་ནི་དབྱེར་མེད་དུ་གཅིག་པའོ། །ཡིག་འབྲུའི་ཚུལ་ནི་དོན་དེ་གསུམ་ཡིག་འབྲུ་གསུམ་གྱིས་བསྣན་པ་ལྟ་བུ་སྟེ། ཆོས་ཐམས་ཅད་མ་བྱུང་མ་སྐྱེས་དོན་དམ་པ་ནི་ཨ་སྐྱེ་མེད་ཀྱི་ཡི་གེ་ཡིན་པས་མཚོན་ཏེ་སྐུ་གསུང་ཐུགས་གསུམ་ལས་ན་གསུང་གི་རང་བཞིན་ནོ། །དོན་དམ་པ་ཉིད་ཀུན་རྫོབ་སྒྱུ་མ་ཙམ་དུ་སྣང་ཞིང་རྟེན་འབྲེལ་གྱི་བྱ་བ་བྱེད་ནུས་པ་ནི་ཨ་ལས་ན་རོ་བསྣན་པ་ལྟ་བུ་སྟེ། སྐུ་གསུང་ཐུགས་ལས་མི་འགག་པ་སྐུའི་བདག་ཉིད་དོ། །སྣང་སྟོང་དབྱེར་མེད་པ་དེ་ལྟ་བུར་རྟོགས་པའི་རང་སྣང་སྒྱུ་མའི་ཡེ་ཤེས་མཐའ་དབུས་དང་བྲལ་བའི་ངོ་བོ་ནི་ཨོ་ལས་ཐིག་ལེ་བསྣན་པས་ༀ་སྟེ། ཐུགས་རང་བྱུང་གི་ཡེ་ཤེས། ཡེ་ཤེས་ལྔ་དང་ལྡན་པའི་རྟགས་ཨཱོཾ་ཆ་ལྔ་པ་ཐུགས་སུ་རྟོགས་པ་སྟེ། རྟོགས་པའི་ཡེ་ཤེས་མཐར་ཕྱིན་པའི་ངོ་བོའོ། །བྱིན་གྱིས་བརླབས་ཀྱིས་རྟོགས་པ་ནི། དཔེར་ན་རས་དཀར་པོ་དམར་པོར་བྱིན་གྱིས་བརླབས་པའི་མཐུ་བཙོད་ལ་ཡོད་པ་བཞིན་དུ། ཆོས་ཐམས་ཅད་ཐུགས་ཀྱི་རང་བཞིན་དུ་སངས་རྒྱས་པར་བྱིན་གྱིས་བརླབ་པའི་མཐུ་ཡང་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གྱི་མཐུ་ལས་སྣང་བའོ། །མིང་ཚོགས་ལས་ཞེས་པས། རྗོད་བྱེད་གསང་བའི་སྙིང་པོ་ཉིད་ཀྱིས་ཆོས་ཐམས་ཅད་རྒྱུ་གཅིག་པ་ཡིག་འབྲུའི་ཚུལ་གྱིས་སངས་རྒྱས་པ་དེ་ཡང་བདེ་བར་གཤེགས་པའི་ལུང་དང་བླ་མའི་མན་ངག་དང་བྲལ་བ་ཡང་མ་ཡིན་ཏེ། གསང་བའི་སྙིང་པོ་དང་དེ་སྟོན་བྱེད་ཀྱི་བླ་མ་གཉིས་དང་ལྡན། ལུང་དང་མན་ངག་གཉིས་ཀྱི་ཚིག་ཙམ་ལ་བརྟེན་པའང་མ་ཡིན་ཏེ། ལུང་དང་མན་ངག་གི་དོན་རིག་པས་བློའི་གཏིང་དུ་རང་རིག་པའི་མངོན་སུམ་དུ་རྟོགས་པའོ། །དེས་ནི་རྫོགས་པ་ཆེན་པོའི་དོན་ལ་དང་པོ་འཇུག་པའི་སྒོ་སྟེ། ཚིག་གིས་རབ་མཚོན་ཏེ། སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་པས་གབ་པ་དང་སྦས་པ་གཉིས་ནི་རང་བཞིན་གསང་བའི་སྙིང་པོའི་རྒྱུད་ཆོས་ཐམས་ཅད་ཀྱི་ཁོངས་ན་གབ་པ་ནི་སྟོན་པ་ཀུན་ཏུ་བཟང་པོས་འབྱིན་པ་རྗོད་བྱེད་གསང་བའི་སྙིང་པོ་ཉིད་ཡིན་ལ། རྒྱུད་ཀྱི་ཁོངས་ན་ཐམས་ཅད་མཁྱེན་པའི་ཐུགས་རྗེས་རས་ཆོད་ཅན་གཟུ་ལུམས་སུ་འཇུག་པ་དགག་པའི་ཕྱིར་རྗོད་བྱེད་ཀྱི་ཚིག་གི་ནང་དུ་སྦས་པ་ནི་རྡོ་རྗེ་སློབ་དཔོན་གྱིས་འབྱིན་པས། རྡོ་རྗེ་སློབ་དཔོན་བཀུར་བར་བྱ་བ་མན་ངག་གོ། །དེས་ན། ལེའུ་འདི་ལ་ཤིན་ཏུ་གསང་བ་མན་ངག་ཅེས་ཀྱང་བརྗོད་དོ། །རྒྱུ་ཤེས་པའི་མཚན་ཉིད་ནི། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །ཞེས་པ་ཆོས་ཐམས་ཅད་དག་མཉམ་གྱི་ངོ་བོ་ཉིད་དུ་ཡེ་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གོང་དུ་བཤད་པ་ལྟར་གནས་པ་ལ་རྟོགས་པ་བཞིའི་གཏན་ཚིགས་ཀྱིས་མངོན་དུ་བྱས་པ་ནི་ལྡན་པ་སྟེ། རྟོགས་པའི་དོན་རང་རིག་པའི་མངོན་སུམ་དུ་བྱས་ནས་ཡུལ་བྲལ་རང་གསལ་གྱི་མཉམ་པ་ཉིད་ནི། ལམ་གྱི་གཞི་འབྲས་བུའི་རྒྱུ་ཡིན་པས་རྒྱུ་ཞེས་འདོགས་ཏེ། དགོངས་པ་དེ་ལྟ་བུ་དང་ལྡན་པའི་རྣལ་འབྱོར་ལ་ནི་དཀྱིལ་འཁོར་གྱིས་ཞེས་བྱའོ། །རྐྱེན་འཇུག་པ་ནི། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །ཞེས་པ་རང་བཞིན་རྫོགས་པ་ཆེན་པོའི་དོན་དག་མཉམ་གྱི་དགོངས་པ་སེམས་ཉིད་རང་སྣང་མཉམ་པ་ཉིད་ཀྱི་ངང་ལ་རྒྱུན་དུ་གནས་པ་ནི། ལམ་བགྲོད་པར་རང་གི་ངོ་བོ་གོམ་པ་འདོར་བ་དང་འདྲ་བ་སྟེ་འབྲས་བུ་མངོན་དུ་བྱེད་པའི་རྐྱེན་ཡིན་པས་དཀྱིལ་འཁོར་བསྒོམ་ཞེས་བྱ་སྟེ། དེ་ལ་ནི་ཟག་བཅས་ཟག་མེད་གཉིས་དེ་གཉིས་ལ་ཡང་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པ་ལྔ་རྣལ་འབྱོར་པས་ཉམས་ཚོད་བཟུང་ངོ་། །འབྲས་བུའི་མཚན་ཉིད་ནི། དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཞེས་པ་ལ་སོགས་ཏེ། ལམ་གོམས་པའི་མཐུ་མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་དེ། རྒྱན་གྱི་འཁོར་ལོ་ཉེར་ལྔ་འབྲས་བུའི་དཀྱིལ་འཁོར་ནི་ལམ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རྟོགས་པ་རང་བྱུང་གི་ཡེ་ཤེས། ལམ་རིག་པ་ཡེ་ཤེས་ལྔའི་ངོ་བོར་གསལ་བ་གོམས་པ་མཐར་ཐུག་པ་ལས་བྱུང་བ་ནི་ཐུགས་རང་བྱུང་གི་ཡེ་ཤེས་ཏེ། ཡེ་ཤེས་ལྔ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་འཕྲོ་བས་དཀྱིལ་འཁོར་ཞེས་བྱ་ལ། དཀྱིལ་འཁོར་མཆོག་ནི་དེ་ཉིད་གདུལ་བྱའི་ངོ་བོ་རང་སྣང་བའི་ཕྱི་ནང་གི་དཀྱིལ་འཁོར་ཐམས་ཅད་ཤར་ཡང་ཐུགས་རང་བྱུང་གི་ཡེ་ཤེས་ལས་མ་གཡོས་ཏེ། སྣང་བྱ་སྣང་བྱེད་མ་དམིགས་པས་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་གདུལ་བྱ་འདུལ་བྱེད་མཛད་པའི་ཕྲིན་ལས་གསུམ་དབྱེར་མེད་པ་ནི། རྒྱུད་འདི་ཉིད་ཀྱི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་སྟེ་གོང་ན་མེད་པས་འབྲས་བུའི་མཆོག་གོ། །མཚན་ཉིད་གསུམ་དགོས་འབྲེལ་གསུམ་དང་སྦྱར་བ་ནི། དཀྱུས་དང་སྦྱར་བ་མེད་དེ་མཚན་ཉིད་གསུམ་གྱི་དོན་གྱི་འབྲེལ་ཡིན་པས་སོ། །དེ་ཡང་འབྲེལ་བ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་སྣང་བ་སྐུ། རང་བཞིན་མེད་པ་གསུང་། དབྱེར་མེད་པ་ཐུགས་ཀྱི་བདག་ཉིད་རང་བཞིན་གྱིས་སངས་རྒྱས་པས་མེད་ལ་མི་ཟད་པའི་དབྱིངས་དང་། དེ་ཉིད་རང་སྣང་བའི་བྱིན་རླབས་ཀྱི་མཚན་ཉིད་རང་བཞིན་རྫོགས་པ་ཆེན་པོའི་དོན་རྟོགས་པ་བཞིའི་ཚུལ་དུ་རིག་པ་ནི་བླ་ན་མེད་པའི་སངས་རྒྱས་སུ་འགྲུབ་པའི་རྒྱུ་ཡིན་པའི་དོན་དང་འབྲེལ་ཏེ། དེ་ཡང་རྟོགས་པ་བཞིའི་ཚུལ་དུ་རིག་ནས་ལྟ་བ་མངོན་དུ་གྱུར་པ་ནི་ཐབས། དེ་ལས་འབྲས་བུར་སྣང་བ་ནི་ཐབས་བྱུང་། རྒྱུ་ཤེས་པའི་མཚན་ཉིད་ནི་རྒྱུ། དེ་ལས་འབྲས་བུར་སྣང་བ་ནི་འབྲས་སྟེ་རྒྱུ་འབྲས་གྱི་འབྲེལ་པའོ། །དགོས་པ་ནི་དག་མ་དག་འཁོར་འདས་གཉིས་སུ་འཛིན་པ་དང་། བཟང་ངན་གཙང་སྨེ་གཉིས་ཅན་གྱི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་མཉམ་པ་ཆེན་པོའི་ངོ་བོ་ལ། ལྟ་བས་རྟོགས་ཏིང་ངེ་འཛིན་གྱིས་བསྒོམ། སྤྱོད་པས་ཉམས་སུ་བླངས་ཏེ། ལྟ་སྒོམ་སྤྱོད་གསུམ་དབྱེར་མེད་པར་གྱུར་པ་ནི་རྐྱེན་འཇུག་པའི་མཚན་ཉིད་དེ། དེ་ནི་འབྲས་བུ་འགྲུབ་པར་བྱེད་པའི་རྐྱེན་ཡིན་པའི་ཕྱིར་དགོས་པ་སྟེ། རྐྱེན་ནི་ཆུ་ལུད་བསྲུང་བྲན་དང་འདྲའོ། །དགོས་པའི་དགོས་པ་ནི་འབྲས་བུའི་མཚན་ཉིད་དེ། །འཁོར་འདས་དང་ཐ་སྙད་ཀྱིས་བཏགས་པའི་གཉིས་ཅན་གྱི་ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོའི་ངང་ལ་མཉམ་པ་ཆེན་པོའི་དབྱིངས་སུ་ལམ་མཐར་ཕྱིན་རྩོལ་བ་དག་ནས། ལྟ་བའི་ངོ་བོ་ཉིད་གོམས་པ་མཐར་ཐུག་སྟེ་ལྷུན་གྱིས་གྲུབ་པ་ནི། ཁམས་གསུམ་འཁོར་བའི་ཆོས་ཐམས་ཅད་སྤངས་པ་མེད་པར་མཉམ་པ་ཆེན་པོའི་ངང་དུ་ལྷུན་གྱིས་གྲུབ་པ་སྟེ་འབྲས་བུའི་མཚན་ཉིད་ཡིན་ལ། རྒྱན་གྱི་འཁོར་ལོ་ཉེར་ལྔ་ལྷུན་གྱིས་གྲུབ་པས་ཡང་དགོས་སོ། །བསྙེན་པ་ནི། གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། །ཞེས་པ་རང་བཞིན་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཤེས་པ་སྟེ། གསང་བ་ནི་དག་མཉམ་གྱི་ངོ་བོ་བྱང་ཆུབ་ཀྱི་སེམས་ནི་དངོས་པོ་ཐམས་ཅད་དང་བྲལ་བས་བློའི་ཡུལ་དུ་མ་གྲུབ་པ་དང་། བདག་གི་ངོ་བོ་ཉིད་པས་ཡུལ་དུ་བྱར་མེད་དེ་གསང་བ་བཞིས་ཆོད་པ་གཅིག་དང་དུ་མ་བྲལ། མཐའ་དབུས་ཀྱི་ངོ་བོ་མ་དམིགས་པ་ནི་མཆོག་ཏུ་གསང་བའོ། །ཐིག་ལེ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བས་ཆོས་ཐམས་ཅད་ཡེ་ནས་དག་རྟོགས་ཀྱི་ངོ་བོར་སངས་རྒྱས་པའི་ངོ་བོའོ། །དཀྱིལ་འཁོར་དབྱིངས་ནི་གཉིས་སུ་མེད་པའི་ཆོས་ཉིད་དེ་ཉིད་མི་འགག་པའི་རྩལ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་བས། དེ་ལྟ་བུས་དོན་མ་འདྲེས་ཡོངས་རྫོགས་ཡེ་ནས་ཡིན་པའི་ངོ་བོ་ཉིད་ཡིན་པར་རྟོགས་པའི་རང་རིག་པའི་མངོན་སུམ་དུ་ལྷུན་གྱིས་གྲུབ་པའོ། །ཉེ་བའི་བསྙེན་པ་ནི། ཆེན་པོ་རིགས་ཏེ་དེ་བཞིན་ཏེ། །ཞེས་པ་གོང་གི་བསྙེན་པའི་ངོ་བོ་གཞི་ཤེས་པ་ལྷུན་གྱིས་གྲུབ་པས་རང་ཉིད་ཀྱང་དེ་ཉིད་གསལ་བ་ལ་ཡུལ་དང་ཡུལ་ཅན་མེད་པར་ལྷུན་གྱིས་གྲུབ་པས་བདག་ཉིད་ལྷར་ཤེས་པ་ཞེས་བྱ་སྟེ། ཆེན་པོ་ནི་འབྱུང་བ་ལྔའི་སྣོད་བཅུད་ཀྱི་རགས་པ་ཐམས་ཅད་དེ་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་ལ་སོགས་པ་ལྔའོ། །དེ་ཡང་གཟུགས་ཀྱི་ཕུང་པོ་ཞེས་པས་རྣལ་འབྱོར་པའི་ལུས་ལ་བཟུང་ནས་ཡུལ་ལོགས་སུ་ལུས་པ་ལྟ་བུ་མ་ཡིན་ཏེ། གཟུགས་ཆེན་བཅོ་ལྔ་ནི་ཡུལ་སེམས་ཐམས་ཅད་དེར་མ་འདུས་པ་མེད་པས་སྣོད་བཅུད་ཀྱི་རགས་པ་ཐམས་ཅད་དོ། །དེ་བཞིན་དུ་ཚོར་བ་སོགས་བཞི་པོའི་ཡུལ་སེམས་གཉིས་ཀ་བསྡུས་པས་འབྱུང་བ་ལྔ་པོ་ལྔ་ལས་གཞན་དུ་མ་ཡིན་ནོ། །དེས་ན་སེམས་རང་རིག་པ་ཉིད་མ་འགག་པ་ཕྱི་ནང་གི་གཟུགས་ཀྱི་ཕུང་པོར་སྣང་། སེམས་སུ་གསལ་བས་སྣང་བྱ་སྣང་བྱེད་མེད་པས་སེམས་མཉ མ་པ་ཉིད་ཀྱི་ངང་ལ་སྒྱུ་མའི་མཚན་ཉིད་ཙམ་ལ་འགག་པ་ནི་དོན་དང་མཐུན་པའི་མཚན་རྣམ་པར་སྣང་མཛད་ཅེས་བྱ་སྟེ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་ཅེས་བྱའོ། །བཞི་པོ་ཡང་དེས་འགྲེ་བར་ཤེས་པར་བྱའོ། །དེ་ལ་ཆེན་པོ་ནི་ཕུང་པོ་ལྔ། རིགས་ཏེ་ཞེས་པ། རིགས་ལྔའི་རང་བཞིན། དེ་བཞིན་ཏེ་ཞེས་པས། དག་འཛིན་ནམ་མཁའ་གསལ་འཛིན་ལྟ་བུ་མ་ཡིན་ཏེ། རྟོགས་པའི་ངང་མཉམ་པ་ཉིད་དག་མཉམ་གྱི་ངོ་བོ་མངོན་དུ་གྱུར་པའོ། །དེ་ལ་ནི་རྟོགས་པ་བཞིའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་སངས་རྒྱས་པའི་རང་བཞིན་ཡིན་པས་རྣལ་འབྱོར་པས་བདག་ཀྱང་གཞལ་བྱ་བྱེད་དེ་དག་ཏུ་ལྷུན་གྱིས་གྲུབ་པ་ནི་ལྷའི་རང་བཞིན་ཡེ་ནས་ཡིན་གྱི། ལམ་ཀྱི་བསྒྲུབ་པ་མ་ཡིན་པར་རྟོགས་པའོ། །སྒྲུབ་པ་ནི། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཞེས་པ་འབྱུང་བ་ནི་ནམ་མཁའ་ལ་སོགས་པ་ལྔ་སྟེ། ཤེས་རབ་ནི་འབྱུང་བ་ལྔའི་ཆ་ཕྲ་བ་ལས་ཀྱི་ནུས་པ་འཛིན་པ་ཙམ་ལྔ་སྟེ། སེམས་ཀྱི་ཆོས་ཉིད་རིག་པ་རང་གསལ་བ་སྣོད་བཅུད་ཀྱི་ཆོས་ཐམས་ཅད་དང་མི་གཉིས་པས། ཆོས་ཐམས་ཅད་ཀྱང་དེ་ཉིད་རང་སྣང་བའི་ཕྱིར། ཆོས་ཐམས་ཅད་ཀྱི་གཞི་ཐམས་ཅད་བསྐྱེད་ཅིང་ཐམས་ཅད་དབྱེར་མེད་པའི་བདག་ཉིད་ཀྱིས་ཡུམ་སྟེ། ངོ་བོ་ནམ་མཁའི་ཆོས་རྣམས་མཚུངས་པ་ནི། སྣོད་བཅུད་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པ་དང་། ཆོས་ཐམས་ཅད་འབྱུང་བའི་གཞིར་གྱུར་པ་དང་། ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བས་གང་གི་ཡང་ཕྱོགས་སུ་སོང་བ་མེད་པས་དབྱིངས་ཞེས་བརྗོད་དེ། ནམ་མཁའ་ཉིད་མི་འགག་པ་ལས་ས་ཆུ་མེ་རླུང་བཞིར་སྣང་ཞིང་། ནམ་མཁས་གོ་སྐབས་འབྱེད་པའི་ཡུམ་བྱེད། སས་བརྟན་ཞིང་མི་འགྱུར་བའི་ཡུམ་བྱེད། ཆུས་བསྐྱེད་ཅིང་སྡུད་པ། མེས་དྲོ་ཞིང་སྨིན་པ། རླུང་གིས་ཡང་ཞིང་གཡོ་བའི་ལས་བྱེད་དེ། ཕྱི་ནང་གི་ཆོས་ཐམས་ཅད་བསྐྱེད་པ་དང་མ་ཕྱེད་པའི་དོན་གྱིས་ཡུམ་སྟེ། ཕུང་པོ་ལྔ་དང་དབྱེར་མེད་པས་རིགས་ཀྱི་ཡུམ་ཞེས་བྱའོ། །དེ་ཡང་འདིར་ལམ་པས་ཉམས་སུ་མྱོང་བའི་ངོ་བོ་ཡིན་པས། རིགས་ལྔ་གོང་དུ་བཤད་པ་བཞིན་དུ་སེམས་སུ་གསལ། སྣང་སྟོང་དབྱེར་མེད་དེར་འཛིན་མི་མངའ་བའི་ངང་ལ་སྒྱུ་མ་ཙམ་རང་སྣང་བ་ཆེད་འཛིན་ཐམས་ཅད་དང་བྲལ་བ་ནི། འབྱུང་བ་ལྔ་སྣང་སྟོང་དབྱེར་མེད་པ་རིག་པར་གསལ་བའི་དོན་ཏེ། ཐབས་ཤེས་རབ་གཉིས་ལས་ཤེས་རབ་ཀྱི་ཆ་ལྟ་བུ་ཡིན་པས་བསྒྲུབ་ཡུམ་བསྐྱེད་ཅེས་བྱ་སྟེ། རིམ་འཇུག་གི་སྒྲུབ་པ་ལ་ལྟོས་པའོ། །སྒྲུབ་ཆེན་དངོས་ནི། བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །ཞེས་པ་འདིར་ཐབས་ཤེས་རབ་འབྲེལ་བ་སྟེ། དེ་ཡང་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་སུ་གསལ་བའི་ངང་ལས་འབྱུང་བ་ཆེན་པོ་ལྔའི་མཚན་ཉ ིད་འཛིན་པ་དྲྭ་བ་ལྔ་ནི། སེམས་ཉིད་དུ་གསལ་ཞིང་སེམས་ཉིད་དུ་དབྱེར་མེད་པས་ཆེན་མོ་ཞེས་བྱ་ལ། སེམས་ཀྱི་དབྱིངས་སུ་གསལ་བས་འབྱུང་བའི་འཛིན་པ་དག་པ་ནི་ཤེས་རབ་ཀྱི་བདག་ཉིད་ཡིན་ལ། དེ་ཉིད་ཆོས་ཐམས་ཅད་དང་མི་ཕྱེད་པའི་གཞིར་གྱུར་པས་ཡུམ་སྟེ། དེའི་ངོ་བོ་ཉིད་ནི་ཐམས་ཅད་གསལ་ཞིང་གོ་འབྱེད་པའི་བདག་ཉིད་དུ་བཞུགས་པས་མཁའ་ཞེས་བརྗོད་ལ། དེའི་རང་བཞིན་སྣང་སྟོང་གི་མཐའ་དང་བྲལ་བའི་ཡུམ་ལ་སྟོང་པ་ཉིད་ཅེས་བརྗོད་དེ་ཤེས་རབ་ཀྱི་བདག་ཉིད་དོ། །ཐབས་ནི་ཡུམ་གྱི་མཁའ་སྟོང་པ་ཉིད་རང་སྣང་བའི་ཕུང་པོ་ལྔ་རགས་པའི་མཚན་ཉིད་འཛིན་པར་བཤད་པའི་སངས་རྒྱས་ལྔ་ནི་ཐབས་ཀྱི་རང་བཞིན་ཏེ། མཉམ་པ་ཉིད་ཀྱི་ངང་ལ་སྨོན་བྱའི་ཡུལ་མ་དམིགས་པས་སྨོན་པ་མེད་པ་དེ་ནི་སྣང་སྟོང་དབྱེར་མེད་པ་ཡེ་ནས་ཟུང་དུ་འབྲེལ་བ་ནི་སྒྲུབ་པ་ཆེན་པོའི་ངོ་བོ་རྫོགས་པ་ཆེན་པོའི་དོན་མཐར་ཐུག་པ་སྙིང་པོ་བྱང་ཆུབ་ཀྱི་སེམས་མངོན་དུ་གྱུར་པ་སྟེ། མེ་ལོང་གཡའ་དག་པ་མཐར་ཕྱིན་ནས་གཟུགས་བརྙན་གསལ་བ་མཐར་ཕྱིན་པ་བཞིན། རྡོ་རྗེ་ལྟ་བུའི་ཆོས་ཉིད་མི་འགག་པ་ལས། ཚོགས་ནི་དབང་ཡུལ་རྣམ་ཤེས་གནས་སུ་དག་པ་སྟེ། དབང་པོ་ལྔ། ཡུལ་ལྔ། དུས་བཞི། རིག་པ་ཞེས་པ་རྣམ་ཤེས་ལྔ། རྣམས་ཞེས་པ་རྟག་ཆད་མཐའ་བཞི། རང་སྣང་སེམས་ཉིད་དུ་དབྱེར་མེད། རྟོག་ཚོགས་སྤངས་པའམ་བཅོས་པའམ་བཤིག་པ་མེད་པར་སེམས་དཔའ་དང་སེམས་མར་དག་སྟེ། སྤྲུལ་པའམ་སྲས་ལྕམ་དྲལ་ཞེས་པ། ཕུང་པོ་འབྱུང་བ་གོང་ལྟར་རྟོགས་པའི་ངང་དུ་ལྷུན་གྱིས་གྲུབ། ཁམས་དང་སྐྱེ་མཆེད་ཀྱང་རང་དག་པས་གཞི་རྟོགས་པའི་ངོས་ནས་གྲངས་དེ་ལྟར་བརྗོད་ཀྱི། རྟོགས་པའི་ངོ་ལ་སོ་སོར་འཛིན་པ་མ་གྲུབ་པའོ། །སྤྱོད་ཡུལ་དག་པས་ཡེ་ཤེས་ལྔར་གསལ་བ་ནི། ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །ཞེས་པ་ལ་སོགས་ཏེ་ཀུན་ཏུ་བཟང་པོ་ནི་རང་བཞིན་རྫོགས་པ་ཆེན་པོའི་དོན། གཞི་ཀུན་ཏུ་བཟང་པོའི་ངོ་བོ་ཉིད་ལ་རྒྱུ་ཤེས་པའི་མཚན་ཉིད་ཀྱིས་ཉམས་སུ་མྱོང་ནས། རྟོག་ཚོགས་ཡེ་སངས་རྒྱས་ཀྱི་དོན་ལ་མཉམ་པ་ཉིད་ལྷུན་གྱིས་གྲུབ་པ་ལ་ཡུལ་མ་དམིགས་པས་ཐ་སྙད་དུ་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། དཀྱིལ་འཁོར། ཞེས་པ་ཕྱི་ནང་གི་ཆོས་ཐམས་ཅད་དེ་ཉིད་དུ་ལྷུན་གྱིས་གྲུབ་པའི་ངང་ལ་ཡེ་ཤེས་རྣམ་པ་ལྔར་གསལ་ཏེ། བདག་ཉིད་ཆེན་པོ། ཞེས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་སུ་གསལ་བ་ལས་གཞན་པ་མ་དམིགས་པས་བདག་ཉིད་ཆེན་པོའོ། །ལྷག་པའི། ཞེས་པ་རང་བྱུང་ཡེ་ཤེས་ལ་གསལ་བའི་དབྱེ་བས་དབྱེ་ན། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་རང་བྱུང་ཡེ་ཤེས་ནི་ཐུགས་ཏེ། ཡེ་ཤེས་ལྔ། ཞེས་པ་རང་བྱུང་གི་ཡེ་ཤེས་མཐའ་ཐམས་ཅད་ཀྱིས་སྟོང་པས་སྟོང་པ་ཉིད་ཀྱི་ཡེ་ཤེས། དེ་ཉིད་གསལ་ལ་མི་འགག་པས་མེ་ལོང་ལྟ་བུ། མཁྱེན་པ་གཉིས་ཅིར་ཡང་འཆར་བས་སོ་སོར་རྟོགས་པ། གདུལ་བྱའི་དགོས་པ་སྐོང་བས་བྱ་བ་གྲུབ་པ། སྟོང་པའི་ངང་ལས་མ་གཡོས་པ་མཉམ་པ་ཉིད། ལྟ་ཞིང་། ཞེས་པ་དེ་ལ་དུས་གསུམ་དུ་མི་གཡོ་བའོ། །ཡུལ་སེམས་ཟག་མེད་ཀྱི་ངོ་བོ་ནི། སྙིང་པོ་ཐིག་ལེ་མཉམ་སྦྱོར་བས། །ཞེས་པ་སྙིང་པོ་ནི་རིག་པ་རང་བྱུང་གི་ཡེ་ཤེས་མི་འགག་པ་ཅིར་ཡང་སྣང་བ་སྟེ་རྩ་བའི་ས་བོན་ལྟ་བུ་བས་སྙིང་པོ་སྟེ་ཐབས་ཀྱི་ཆའོ། །ཐིག་ལེ་ནི་སྙིང་པོ་དེ་ཉིད་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བས་ཤེས་རབ་ཀྱི་ཆའོ། །མཉམ་པ་ནི་སྙིང་པོ་ཐབས་ཉིད་ཐིག་ལེ་ཤེས་རབ་ཉིད་ཐབས་མ་འགག་པ་སྙིང་པོར་གསལ་བས་སོ་སོར་འབྱེད་པའི་ཐ་སྙད་བྲལ་བས་མཉམ་པའོ། །སྦྱོར་བ་ནི་དེའི་དོན་རིག་པ་ལ་གདེངས་ཆུད་དེ་རྣལ་འབྱོར་པ་དེའི་ངོ་བོ་ཉིད་དུ་གྱུར་པའོ། །པས། ཞེས་པ་གཏན་ཚིགས་ཏེ་དེའི་དུས་སུ་ཡུལ་སེམས་རྒྱུ་འབྲས་སྣང་སྟོང་འཁོར་འདས་ཐམས་ཅད་མཉམ་སྦྱོར་གྱི་གཏན་ཚིགས་ཀྱིས་རང་སྣང་བཀག་པ་མ་ཡིན་པས། སྒྱུ་མ་ལ་སྒྱུ་མར་སྣང་། སྒྱུ་མ་ལ་སྒྱུ་མར་རོལ། རོལ་བྱ་རོལ་བྱེད་སྣང་བྱ་སྣང་བྱེད་མེད་པའི་ངོ་བོ་ཉིད་ལྷུན་གྱིས་གྲུབ་པའོ། །དེའི་དུས་སུ། བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཞེས་པ་ཡུལ་ཡུལ་ཅན་མེད་པའི་སྒྱུ་མ་ལ་སྒྱུ་མ་རོལ་པ་ཉིད་ཕྱོགས་འཛིན་གྱི་ཟུག་རྔུ་ཕྲ་བའང་མི་མངའ་བའི་དགོངས་པ་མཉམ་པ་ཉིད་ནི་བདེ་བའོ། །དེ་ནི་ལམ་པས་བསྒྲུབ་པ་མ་ཡིན་ཏེ། ཡེ་ནས་ཡིན་པའི་དོན་རྒྱུ་ཤེས་པའི་མཚན་ཉིད། རྐྱེན་འཇུག་པའི་མཚན་ཉིད་ཀྱིས་མངོན་དུ་བྱས་པ་ནི་ཤེས་པའོ། །རོལ་མོ་ནི་ཡུལ་ཡུལ་ཅན་མེད་པའི་སྒྱུ་མའི་རོལ་མོ་ལྔར་བཤད་པ་ཉིད་དོ། །ཡེ་ཤེས་དགྱེས་ལ་མཆོད་པ་འབུལ། །ཞེས་པ་ཡེ་ཤེས་ནི་བསྒྲུབ་པ་ཆེན་པོའི་དོན་མངོན་དུ་གྱུར་པ་རང་བྱུང་གི་ཡེ་ཤེས་སོ། །དགྱེས་པ་ནི་ལམ་པའི་འདུ་ཤེས་ཀྱི་འཛིན་པ་རགས་པ་དང་ཕྲ་བ་དང་ཕྲ་བའི་ཕྲ་བ་རྣམས་དག་པ་མཐར་ཕྱིན་པ་ལ་ཉམས་པ་མེད་པའོ། །མཆོད་པ་འབུལ་ཞེས་པ། མ་འགག་པར་ཡུལ་ཡུལ་ཅན་མེད་པ་སྒྱུ་མའི་རྒྱུན་ཉིད་ཀྱིས་རང་བྱུང་གི་ཡེ་ཤེས་གསལ་བ་འབུལ་བྱ་དབུལ་བྱེད་ཕུལ་བ་མེད་པའི་མཆོད་པ་གནས་སུ་སྟོབ་པའོ། །བསོད་ནམས་རང་སྣང་དུ་བསྟན་པ་ནི། ཟག་པ་མེད་པའི་བསོད་ནམས་ཀྱིས། །ཞེས་པ་དེ་ལྟར་རང་སྣང་གི་ཡེ་ཤེས་རང་ལ་རང་རོལ་པའི་དུས་སུ་ཟག་པ་ནི་བདག་འཛིན་ཏེ། དེ་མེད་པ་ནི་ཕྱི་ནང་གི་ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་གསལ་བ་ལ་ནམ་མཁས་རང་ལ་རང་དུ་མི་འཛིན་པ་ལྟར། བདག་འཛིན་དག་པའི་རང་རིག་པ་ནམ་མཁའ་དང་འདྲ་བའོ། །བསོད་ནམས་ནི་ཚོགས་གཉིས་རྫོགས་པའི་ངོ་བོ་སྟེ། རིག་པ་རང་སྣང་སྒྱུ་མའི་མཚན་ཉིད་རང་ལ་རང་སྣང་ཡུལ་དང་ཡུལ་ཅན་མེད་པར་ལྷུན་གྲུབ་ཏུ་གསལ་བའི་དུས་ན་རྒྱུ་འབྲས་དབྱེར་མེད་པར་མ་འགག་པ་བསོད་ནམས་ཀྱི་ཚོགས་མི་འཛིན་པ་ཡེ་ཤེས་ཀྱི་ཚོགས་འབྲས་བུ་ཉིད་དུ་གསལ་བའོ། །ཡེ་ཤེས་རང་སྣང་གི་མཛད་པ་མཚན་མ་མེད་པས་ཅིར་ཡང་འཆར་བ་ནི། ཡེ་ཤེས་སྒྱུ་མ་རང་སྣང་བ། །ཞེས་པ་མཐར་ཕྱིན་པའི་རང་བྱུང་གི་ཡེ་ཤེས་ཉི་མ་སྟོང་དུས་གཅིག་ཤར་ན་མུན་པ་གཞི་དག་པ་བཞིན། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་གསལ་བས་དག་མ་དག་གི་ཐ་སྙད་དུ། འདུ་ཤེས་ཀྱི་འཛིན་པ་ཐམས་ཅད་གཏན་ནས་དག་པས་རང་བྱུང་གི་ཡེ་ཤེས་འབའ་ཞིག་ཏུ་གསལ་ཏེ། གཉིས་སུ་འཛིན་པའི་མཚན་མ་མེད་པའི་དོན་གང་གི་ངོ་བོར་ཡང་མི་དམིགས་པའི་དོན་ནམ་མཁའི་ཀློང་ཆེན་པོ་འདྲ་བར་ལྷུན་གྱིས་གྲུབ་པ་ནི་ཡེ་ཤེས་ཀྱི་ངོ་བོ་སྟེ། གཞན་དོན་མི་འགག་པའི་ཚུལ་ནི་སྣང་བཞིན་མ་གྲུབ་པ་སྒྱུ་མ་ལྟ་བུ་རྒྱུ་རྐྱེན་དང་བྲལ་བར་གདུལ་བྱའི་ངོ་ལ་རང་སྣང་བ་ནི། རྙོག་མ་དྭངས་པའི་ཆུ་ལ་ལྟ་བ་པོའི་ངོ་ལ་ཆུ་ཟླ་རང་སྣང་བ་བཞིན་སྣང་བྱ་སྣང་བྱེད་བྲལ་བའོ། །རོལ་མོའི་དཀྱིལ་འཁོར། ཞེས་པ་རོལ་མོ་མཁན་ལུས་ལ་མ་གོད་པར་རོལ་མོ་ཇི་ལྟར་འཆར་བས་ལྟད་མོ་བའི་ཡིད་འདྲེན་པ་བཞིན། འདིར་ཡེ་ཤེས་ཀྱི་ངང་ལ་འབྱུང་འཇུག་མི་མངའ་བར་གདུལ་བྱའི་བློ་ངོ་བཞིན་དུ་ཅིར་ཡང་འཆར་བས་དགོས་པ་སྐོང་བ་བཞིན་ཏེ། སྤྱིར་གདུལ་བྱའི་སྣང་བ་ཐམས་ཅད་ཡིན་ཀྱང་། འདིར་རྒྱུད་འདི་ཉིད་ཀྱི་དབང་གིས། དཀྱིལ་འཁོར། ཞེས་པས་ཕྱི་ནང་གི་དཀྱིལ་འཁོར་ཐམས་ཅད་དོ། །མཐའ་ཡས། ཞེས་པ་གདུལ་བྱའི་བློ་ངོའོ། །མཆོག་ནི་ཆོས་སྐུ་ལས་གཡོས་པ་མེད་པའོ། །གདུལ་བྱའི་ངོ་སྣང་ཚུལ་འདི་ཉིད་ནི་འབྲས་བུ་ལ་ཡེ་ནས་ལྷུན་གྲུབ་ཏུ་ལྡན་པའི་ཆ་ནས་བརྗོད་པའོ། །སྣང་བ་དངོས་ནི་འོག་ནས་འཆད་པར་འགྱུར་རོ། །གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །ཞེས་པ་གོང་གི་འབྲས་བུ་ལྷུན་གྲུབ་ཀྱི་དོན་དེ་ཉིད་རང་བཞིན་གསང་བའི་ངོ་བོ་ཉིད་ཡིན་ལ། སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བས་ཐིག་ལེ། གཞན་ལ་མི་མངའ་བས་ཉིད་ཀྱིས་ཏེ་འབྲས་བུ་ཆོས་སྐུའོ། །དེ་ཉིད་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པས་དབྱིངས་ཞེས་སྨོས་སོ། །བཤད་པའི་དོན་དེ་ལྟ་བུ་འདི་ནི་ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པའི་འབྲས་བུ་མངོན་དུ་བྱས་པའི་སངས་རྒྱས་ཀུན་གྱི་དངོས་གཞིའོ། །དེས་ནི་ལམ་གྱི་རྩོལ་བ་ཟད་རྟོགས་པ་མཐར་ཐུག་པའི་ཀློང་དུ་གྱུར་པས་གཞི་དེ་བཞིན་ཉིད་མཐར་ཕྱིན་པས། འབྲས་བུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཞེས་བྱའོ། །འོ་ན་ཐེག་པ་ཐམས་ཅད་ནས་འབྲས་བུ་ལྷུན་གྱིས་གྲུབ་པ་ནི་བདུད་བཞི་ཐུལ་བ་ཡིན་པ་ལ། འདིར་བདུད་བཞི་བཏུལ་བ་མ་སྨོས་པས་འབྲས་བུ་ལྷུན་གྱིས་ཇི་ལྟར་གྲུབ་ཅེ་ན། བདུད་བཞི་བཏུལ་བ་ནི་ཐ་སྙད་པ་རྣམས་ཀྱིས་གཙོར་ཆེ་བ་ཡིན་ལ། འདིར་ཡང་ཤུགས་ཀྱིས་གྲུབ་སྟེ་ཉོན་མོངས་ཉིད་རང་བྱུང་ཡེ་ཤེས་སུ་གསལ་བས་ཉོན་མོངས་པའི་བདུད་དག །ཕུང་པོ་ལྔ་ཉིད་མ་སྤངས་པར་རིགས་ལྔའི་ངང་དུ་གསལ་བས་ཕུང་པོའི་བདུད་དག །གཉིས་སུ་མེད་པ་རང་བྱུང་ཡེ་ཤེས་ཀྱི་ངང་ལ་གཉིས་འཛིན་མི་མངའ་བར་གཉེན་པོ་ཆོས་དང་བྲལ་བས་ལྷའི་བུའི་བདུད་དག །རང་བྱུང་ཡེ་ཤེས་རྒྱུ་རྐྱེན་དང་བྲལ་ཏེ་སྐད་ཅིག་མ་མ་གྲུབ་པས་འགག་པ་མེད་པས་འཆི་བདག་གི་བདུད་དག །དེ་ནས་འོག་མ་བཞིན་ཆེད་དུ་བཅོམ་པ་མེད་པར་རང་དག་པའོ། །དེ་བས་དེ་ལྟར་བདུད་བཞི་རང་དག་པའོ། །འབྲས་བུ་མཐར་ཕྱིན་པའི་ངོ་བོ་ནི། ཕྱོགས་བཅུ་དུས་བཞིར་མངོན་རྫོགས་པའི། །ཞེས་པ་ལ་སོགས་པ། འདིར་ཐེག་པ་འདི་ཉིད་ཀྱི་འབྲས་བུ་ནི། ཁམས་གསུམ་གྱི་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་སུ་རྫོགས་པས་འཁོར་འདས་དབྱེར་མེད་པའི་བདག་ཉིད་མངོན་དུ་གྱུར་པ་ཡིན་ཏེ། དེ་ཡང་དག་པའི་ཕྱོགས་བཅུ་དུས་བཞི་ནི་འབྲས་བུ་མངོན་དུ་བྱས་པའི་སྐུ་གསུམ་སྟེ། ཆོས་ཀྱི་སྐུ་ལ་ཕྱོགས་དུས་ཀྱི་མཚན་མ་མི་མངའ་ཡང་། གདུལ་བྱས་གཞལ་བའི་ངོས་ནས་མཚོན་པའི་ཐ་སྙད་ཙམ་དུ་གཞལ་དུ་ཡོད་པས་སོ། །འདིར་ཉེ་བར་བཟུང་བ་ནི། གཟུགས་སྐུ་གཉིས་ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པའི་སངས་རྒྱས་མ་ལུས་པ་ཐམས་ཅད་དང་། འཁོར་བའི་ཆོས་ཀྱང་གནས་ཕྱོགས་བཅུ་ཐུག་པ་མེད་པ་དང་། དུས་བཞི་མཐར་ཐུག་པ་མེད་པ་རྣམས་དབྱེར་མེད་པར་འཁོར་འདས་གཉིས་ཐོབ་བྱའི་འབྲས་བུ་རང་རིག་པ་བྱང་ཆུབ་ཀྱི་སེམས་སུ་ལྷུན་གྱིས་རྫོགས་ནས་འཁོར་བ་ཐ་སྙད་ཙམ་ཡང་མ་དམིགས་པ་ནི། འཁོར་བ་སྤངས་པ་དང་ལུས་པ་མེད་པར་མཐར་ཕྱིན་པའི་དོན་དུ་རྫོགས་པའི་དུས་སུ་འཁོར་བཟླ་མ་དམིགས་པས། འབྲས་བུ་སངས་རྒྱས་སམ་དག་པ་རྟགས་སུ་འཛིན་པ་བྲལ་ཏེ་ལམ་གྱི་བྱ་བ་ཟད་པས་རྫོགས་པ་ཞེས་བྱའོ། །འོན་ཀྱང་དེ་ཉིད་ལམ་མཐར་ཕྱིན་པའི་སྐྱེས་བུའི་དགོངས་པ་ལ་ལྟ་བས་ཡུལ་དང་ཡུལ་ཅན་མེད་པར་ལྷུན་གྱིས་གྲུབ་ཀྱང་ད་དུང་དབང་དང་ལུང་ཆེན་པོ་ལ་རག་ལས་པས། འདིར་ཡུལ་དུ་སྨོས་པ་ལྟ་བུ་ཡིན་ཏེ་ཤེས་བྱའི་སྒྲིབ་པ་རྐང་དང་པྲི་ལ་གནས་པ་དང་མཚུངས་སོ། །འཁོར་འདས་དབྱེར་མེད་གོང་དུ་བཤད་པ་ལྟ་བུའི་མཛད་པ་ཅིར་ཡང་འཆར་བའི་སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ་ཕྲིན་ལས་ལྔ་སྟེ་རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་ནི་ཆོས་སྐུ་དང་། ཆོས་སྐུའི་གསུང་དང་ཆོས་ཀྱི་དབྱིངས་ཀྱི་ཐུགས་གསུམ་ནི། སངས་རྒྱས་རང་ངོ་ལ་ཉི་ཤུ་རྩ་གཉིས་པོ་ནི་གདུལ་བྱ་མཐོ་དམན་གྱི་ངོ་སྟེ། མ་ལུས་བདག་ཉིད་ཞལ་མཐོང་བ། །ཞེས་པ་འདིར་ལམ་མཐར་ཕྱིན་པའི་སྣང་བ་ཡིན་པས་འགའ་ནི་མཐོང་། འགའ་ནི་མི་མཐོང་བ་ལྟ་བུའམ། ཤས་ཆེ་ཆུང་ལྟ་བུ་མ་ཡིན་ཏེ། འབྲས་བུའི་ཡོན་ཏན། མ་ལུས་པ་བདག་ཉིད་ཅེས་པ། ལམ་མཐར་ཕྱིན་པའི་སྐྱེས་བུས་རིག་པའི་ངོ་ལ་མངོན་དུ་སྣང་བ་ནི་སྐད་ཅིག་མ་དང་པོའི་སྣང་བའོ། །དེ་ཡང་ཞལ་མཐོང་བའི་ཚུལ་ནི། བདག་ཉིད་ཞལ་མཐོང་། ཞེས་པས་འབྲས་བུའི་ཡོན་ཏན་ཉེར་ལྔ་ལམ་པ་རང་གི་རིག་པ་རང་སྣང་བ་རྟོགས་པའི་ངང་ལས་མཐོང་བྱ་མཐོང་བྱེད་བྲལ་བའི་རང་གསལ་ལྷུན་གྱིས་གྲུབ་པས་བདག་ཉིད་ཞལ་མཐོང་བ་ཞེས་བྱའོ། །ཡང་ན་ལམ་པ་རང་གི་སེམས་ཉིད་མ་ཕྲིས་མ་བསྣན་པ་འབྲས་བུའི་ངོ་བོ་དེ་ཉིད་ཡིན་པ་སྒྲིབ་པ་རྣམས་ཀྱིས་བསྒྲིབས་པས་མ་མཐོང་སྟེ། ལམ་གྱི་ངོ་བོ་མཐོང་བསྒོམ་མཐར་ཕྱིན་ཉམས་སུ་བླངས་པས་སྒྲིབ་པ་རྣམས་དག་སྟེ་ཆུ་རྙོག་མ་དག་ན་གཟུགས་བརྙན་གསལ་བ་དང་འདྲ་བར། སེམས་རང་ས་ཟིན་རང་ངོ་ཤེས་རང་མལ་དུ་ཕེབས་པ་ནི་བདག་ཞལ་བདག་གིས་མཐོང་ཞེས་བྱ་སྟེ། སྐད་ཅིག་མ་དང་པོའི་སྣང་བའོ། །སྐད་ཅིག་མ་གཉིས་པ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱི་དབང་བསྐུར། གསུང་ལྔ་ལྷུན་གྲུབ་ཀྱི་ལུང་ཆེན་པོ་ཐོབ་པས་རང་བཞིན་གསང་བའི་སྙིང་པོའི་དོན་མངོན་དུ་གྱུར་ནས་རིགས་བདག་དང་སྐུ་གསུང་ཐུགས་དབྱེར་མེད་པར་གྱུར་ཏེ། ཉི་ཤུ་རྩ་ལྔའི་ངོ་བོ་ཉིད་དུ་གྱུར་པ་ནི་དབང་སྒྱུར་བ་ཞེས་བྱ་སྟེ། འབྲས་བུ་མངོན་དུ་གྱུར་པ་དེ་ཉིད་ཀྱི་རྩལ་དུ་འཆར་བའོ། །དེ་ཡང་དབང་བསྒྱུར་བའི་ངོ་བོ་ནི་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་གྱུར་པའི་རང་བྱུང་གི་ཡེ་ཤེས་ལ་བྱ་བྱེད་རྒྱུ་འབྲས་དག་སྣང་འབྲས་བུ་ཐོབ་ཅེས་བྱ་བ་གཏན་ནས་མི་མངའ་སྟེ། མདོའི་ལམ་རིམ་ལས། འདུ་ཤེས་ཟད་པའི་རང་རིག་ཉིད། །རང་སྣང་ཉིད་དུ་བྱུང་བའོ། །ཞེས་པས་གདུལ་བྱའི་དོན་དུ་གདུལ་བྱ་ཇི་ཙམ་པ་དེ་ཙམ་དུ་ཤར་བ་ལ་ནི་དབང་སྒྱུར་ཞེས་བྱའོ། །མཆོག་ཉིད་ཅེས་པ། ཀུན་ཏུ་བཟང་པོའི་བདག་ཉིད་དུ་གྱུར་ནས་འབྲས་བུ་མཐར་ཆུབ་སྟེ་ལོགས་སུ་མ་ལུས་པའོ། །དམ་པ་ཡིན། །ཞེས་པ་རང་རིག་པའི་གསལ་ལ་མ་འགག་པ་དོན་དམ་པ་གསུམ་མངོན་དུ་གྱུར་པ་ཤེས་བརྗོད་ཀྱི་ཡུལ་དང་བྲལ་བ་ནམ་མཁའ་ལྟ་བུ་སྟེ་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་དེ་ཁོ་ན་ཉིད་དོ། །འོ་ན་གདུལ་བྱ་འཁོར་བ་མ་དམིགས་ཏེ་གདུལ་བྱའི་སྣང་བ་ཡང་འགག་པས། མཐར་མི་འགྱུར་རམ་ཞེ་ན། གདུལ་བྱ་དང་མཛད་པའི་ཕྲིན་ལས་རྣམས་ཀྱང་འཆད་པར་འགྱུར་རོ། །འབྲས་བུ་དེ་ཉིད་འཁོར་འདས་དབྱེར་མེད་དུ་བསྟན་པ་ནི། དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །ཅེས་པ་འདིར་དཀྱིལ་འཁོར་དང་པོ་ནི། རྟོག་ཚོགས་རང་སྣང་གི་དཀྱིལ་འཁོར་འཁྲུལ་བའི་སེམས་ཅན་རྣམས་ཀྱི་ངོ་བོ། གདུལ་བྱ་ཡུལ་དེ་ལས་གསང་སྔགས་འདི་ཉིད་ཀྱི་གཏན་ཚིགས་རྟོགས་པ་བཞིས་གཞལ་བ་དང་། རང་བཞིན་རྫོགས་པ་ཆེན་པོ་དག་མཉམ་གྱི་དོན་རང་རིག་པའི་མངོན་སུམ་དུ་གྱུར་པ་ནི་གཞིའི་ལོག་རྟོག་སྤངས་པ་མེད་པར་ལྟ་བའི་ངོ་བོར་གྱུར་པ་ནི། ལམ་པའི་ལྟ་བ་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །དེ་ཉིད་ཏིང་ངེ་འཛིན་གྱིས་མངོན་དུ་བྱས་པ་ནི་རྟོག་ཚོགས་ཀྱི་སྣང་བ་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་དག་པའི་དཀྱིལ་འཁོར་རོ། །དེ་ཉིད་ཚོགས་བསྒྲུབས་ནས་ཟག་མེད་ལ་སྦྱོར་བ་ནི་ལྷག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་མགོ་ཟུག་པ་སྟེ་བསྐྱེད་རིམ་པའི་གཞུང་ངོ་། །འདི་ཉིད་ཀྱི་གཞུང་དུ་ལྟ་བ་རྟོགས་པ་ཡན་ཆད་མཐུན་པ་ལས་རྫོགས་རིམ་གྱིས་ཉམས་སུ་བླངས་པའི་དུས་སུ། མཚན་ཉིད་གསུམ། དགོས་འབྲེལ་གསུམ། བསྙེན་བསྒྲུབ་བཞི་ཉམས་སུ་བླངས་པ་ན་ལམ་པ་རྫོགས་པའི་རིམ་པའི་དཀྱིལ་འཁོར་རོ། །ལམ་པ་དེ་ལྟ་བུའི་དཀྱིལ་འཁོར་ལ་གནས་པ་ནུས་པ་མཐུ་ཅན་དུ་གྱུར་པ་མཐར་ཕྱིན་པ་ནི། དཀྱིལ་འཁོར་ཉིད། ཅེས་པ་ཉི་ཤུ་རྩ་ལྔ་ལྷུན་གྱིས་གྲུབ་པ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཉིད་དོ། །རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཅེས་པ་རྫོགས་པ་ནི་གོང་དུ་བཤད་པ་ལྟར་ཁམས་གསུམ་གྱི་དཀྱིལ་འཁོར་ཐམས་ཅད་ཉི་མ་ཤར་ནས་མུན་པ་སྣང་བར་གྱུར་པ་དང་འདྲ་བར་སྤངས་པ་དང་ལུས་པ་རྡུལ་ཕྲ་རབ་ཙམ་ཡང་མེད་པར་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ལྷུན་གྱིས་གྲུབ་པ་ནི་རྫོགས་པ་ཞེས་བྱའོ། །དཀྱིལ་འཁོར་ནི། རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་སྟེ། ལྷུན་གྱིས་གྲུབ་ནི་ཐོབ་བྱ་ཐོབ་བྱེད་ཀྱི་རྩོལ་བ་དང་བྲལ་ཏེ་ངོ་བོ་ཉིད་དུ་གྱུར་པ་ནི་ཆུ་ཀླུང་ཆེན་པོ་རྒྱ་མཚོར་འདྲེས་ན་རོ་མི་ཕྱེད་པ་ལྟར་གྱུར་པའོ། །རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། །ཞེས་པ་ལྷག་པའི་ཆོས་སྐུ་ཉིད་མི་འགག་པའི་རྩལ་ལས་གཞི་ལམ་འབྲས་བུ་གསུམ་དབྱེར་མེད་པའི་དོན་གྱིས་མ་འདྲེས་ཡོངས་རྫོགས་ཀྱི་དགོངས་པ་ལ་དཀྱིལ་འཁོར་བཅུ་གཉིས་རང་སྣང་བ་ནི། གདུལ་བྱ་མཐོ་དམན་མ་ལུས་པའི། །རེ་བ་སྐོང་བས་རྒྱན་དུ་ཐོགས། །ཞེས་བྱ་སྟེ། བརྒྱན་བྱ་རྒྱན་བྱེད་དང་གཞི་དང་གཞི་ཅན་ནི་གཏན་ནས་མ་གྲུབ་བོ། །ཐུགས་རྗེའི་ངོ་བོ་ཉིད། རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བས། །ཞེས་པ་ལ་སོགས་ཏེ། ཁས་བླངས་པའི་ཐུགས་རྗེ་དང་མཛད་པ་སྟོན་ཏེ། རྫོགས། ཞེས་པ་གཞི་ངོ་བོ་ཉིད་ཀྱི་སྐུ་ཆོས་ཀྱི་དབྱིངས་མཉམ་པ་ཆེན་པོའི་ངང་ལ་རིག་པ་རང་སྣང་བའི་འཁོར་འདས་སྣོད་བཅུད་བདག་གཞན་ལ་སོགས་པ་གཉིས་ཅན་གྱི་ཐ་སྙད་ཐམས་ཅད་སེམས་ཉིད་ངོ་བོ་ཉིད་ཀྱི་ངང་དུ་རྫོགས་ནས། རིག་པ་རང་བྱུང་གི་ཡེ་ཤེས་སུ་འཛིན་པའི་ཐ་སྙད་ཕྲ་བའང་མི་གནས་པ་ནི། དག་པའི་ངོ་ལ་སངས་རྒྱས་ཀྱི་ཐུགས་མ་ནོར་བ་སྟེ། དཀྱིལ་འཁོར་ནི་ངོ་བོ་གང་དུ་ཡང་མ་གྲུབ་པ་ལས་རང་གསལ་བ་ཅིར་ཡང་སྣང་བའི་འཁོར་རོ། །མཉམ་ཞེས་པས་འཁོར་བ་རྒྱུ་འབྲས་སྣོད་བཅུད་ཐམས་ཅད་ལ་ཆུ་གཤེར་བས་ཁྱབ་ཅིང་གཤེར་བ་ལས་མི་འདའ་བ་བཞིན། ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དེས་འཁོར་བའི་ཆོས་ཐམས་ཅད་ལ་བདལ་བ་མེད་པར་ཁྱབ་པ་ལ་ནི་བུདྡྷ་ཞེས་བྱ་སྟེ། དེས་ན་ཁྱབ་བྱ་དང་ཁྱབ་བྱེད་མེད་པ་ནི་གཉིས་སུ་མེད་པའི་ཐུགས་རྗེ་ཞེས་བྱའོ། །ཕྱོགས་འཛིན་གྱི་ཆོས་ཐམས་ཅད་དང་བྲལ་བ་ནི་མི་རྟོགས་ཐུགས་རྗེ་ཞེས་ཀྱང་བྱའོ། །ངོ་བོ་ཉིད་ནི་སྐུ་གསུང་ཐུགས་མ་ནོར་བའི་ངོས་ནས་ཐུགས་རྗེ་ཆེན་པོ་ཞེས་བྱ་སྟེ། ཁྱབ་བྱ་ཁྱབ་བྱེད་མེད་པར་རང་བཞིན་དུ་བཞུགས་པའོ། །པས། ཞེས་པས་ཐུགས་རྗེ་བཤད་པ་དེ་རྣམས་ཀྱི་གཏན་ཚིགས་ཀྱིས་མཛད་པ་མི་འགག་པར་འཆར་བ་སྟེ། ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། །ཞེས་པས། ཁྱབ་པའི་ཐུགས་རྗེ་ཉིད་རང་གསལ་མི་འགག་པའི་ངོ་བོ་ནམ་མཁའ་དང་འདྲ་བ་ལས། འོག་མའི་ཐུགས་རྗེ་གསུམ་རྒྱུ་རྐྱེན་དང་བྲལ་བར་རང་ཤར་དུ་སྣང་བས་དཀྱིལ་འཁོར་ཞེས་བྱ་སྟེ། སྐུ་གཉིས་ཀྱི་མཛད་པ་ཐུགས་རྗེ་ཆེན་པོ་ཉིད་མི་འགག་པའི་རྩལ་ལས་ཤར་ཏེ་བློ་མཐོ་དམན་གྱི་བྱེ་བྲག་རྣམས་ཀྱི་དགོས་པ་སོ་སོར་སྐོང་བར་བྱེད་དེ། དེ་ཡང་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཀྱི་གདུལ་བྱའི་ངོ་ལ་འདུལ་བྱེད་དང་འདུལ་ཐབས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ཤར་ཏེ། ཐམས་ཅད་མཁྱེན་པའི་འདུ་ཤེས་ཀྱི་རྒྱུན་ལས་གྲོལ་བས་བསམ་གྱིས་མི་ཁྱབ་པའི་རང་རིག་པ་ཅིར་ཡང་སྣང་བ་དང་། ཆོས་སྐུ་སྤྲོས་བྲལ་གྱི་ངོ་བོ་འདུ་ཤེས་ཀྱི་ཡུལ་དུ་བྱས་པ་མ་གྲུབ་པ་དང་། གདུལ་བྱ་རྣམས་ཀྱི་ཤེས་རྒྱུད་ཐུགས་རྗེ་ཆེན་པོའི་ངོ་བོ་ཡིན་པས་འདུལ་བྱེད་དང་མཛད་པ་རང་སེམས་ལས་སྣང་ཞེས་བྱ་སྟེ། ད་ལྟ་གཟུང་འཛིན་གྱི་དུས་སུ་ཆོས་སེམས་སྣང་ཞེས་པ་དང་མཐུན་ནོ། །ཡོངས་ཀྱིས་འབྱུང་། །ཞེས་པ་མཛད་པའི་ཕྲིན་ལས་སྣང་བ་ཡང་ཡེ་ཤེས་སྔོན་དུ་འགྲོ་བ་དང་། འདུལ་བའི་ཐབས་གཟིགས་པ་དང་། འདུལ་དུས་གཟིགས་པ་རྣམས་དང་བྲལ་ཏེ། གདུལ་བྱའི་སྤྲོ་བསྡུ་དང་ཡང་སྤྲུལ་དང་ཉིང་སྤྲུལ་ལ་སོགས་པ་མི་མངའ་སྟེ། འདུལ་བྱེད་མཐོ་དམན་ཇི་ལྟར་སྣང་ཡང་ཆོས་སྐུ་ལས་སྣང་བ་མ་གཏོགས་པ་སྤྲོ་བསྡུ་བྲལ་ཏེ། སྤར་ཁབ་མཁན་པོས་ཀྱང་ཡང་སྤྲུལ་དང་ཉིང་སྤྲུལ་ནི་ཁ་གོམ་པོ་ཞེས་གསུངས་སོ། །མེ་ལོང་གཡའ་དག་པ་གཟུགས་བརྙན་འཆར་བའི་ངོ་བོར་བཞུགས་པ་ལས། ལྟ་བ་པོའི་དབང་གིས་ཇི་ལྟར་ཡང་འཆར་བ་བཞིན་ནོ། །མཛད་པ་མི་འགག་པ་དངོས་ནི། ཕྱོགས་དུས་དཀྱིལ་འཁོར་འདུལ་བའི་མགོན། །ཞེས་པ་ཕྱོགས་བཅུ་དུས་བཞིས་བསྡུས་པའི་གདུལ་བྱའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད། འདུལ་བ། ཞེས་པ་འོག་མའི་འདུལ་ཐབས་རྣམས་ཀྱིས་རིམ་གྱིས་རིམ་འཇུག་གི་དབང་དུ་འདི་ཉིད་ཀྱི་ལམ་ཡིན་ལ། འདི་ཉིད་ཀྱིས་འདུལ་བ་རང་གི་ངོ་བོ་ནི་དག་མཉམ་གྱི་དོན་རྟོགས་གོམས་མཐར་ཕྱིན་པ་འདུལ་བའི་ངོ་བོར་རང་མལ་དུ་ཕེབས་པའོ། །མགོན་ནི་གཟུགས་སྐུ་གཉིས་ཀྱི་བྱེ་བྲག་གི་སྣང་བ་རྣམས་ཀྱིས་གདུལ་བྱ་རྣམས་འབྲས་བུ་སངས་རྒྱས་སར་སྐྱོལ་བའོ། །འོ་ན་མཛད་པའི་ཕྲིན་ལས་ཀྱིས་གདུལ་བྱ་རྣམས་འཁོར་བ་ལས་སྒྲོལ་ཞིང་ཐར་བར་སྦྱོར་བས་བསྒྲལ་བྱ་སྒྲོལ་བྱེད་འདུ་ཤེས་ཀྱི་མཚན་མ་དང་བཅས་སོ་ཞེ་ན། དེ་མི་མངའ་བར་བསྟན་པ་ནི། སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡིས། །ཞེས་པ་དཔེར་ན་སྒྱུ་མ་མཁན་གྱིས་སྒྱུ་མའི་ཆུ་དང་གྲུ་དང་བསྒྲལ་བྱའི་མི་དང་སྒྲོལ་མཁན་དུ་སྣང་བར་བྱས་ནས་མི་མང་པོ་བསྒྲལ་བ་ལྟར་སྣང་བའི་དུས་སུ་གཞན་སྣང་དེ་ཁོ་ན་ལྟར་སྣང་ཡང་། སྒྱུ་མ་མཁན་པོ་ལ་རྡུལ་ཕྲ་རབ་ཙམ་ཡང་མ་གྲུབ་པ་བཞིན་དུ། ཆུ་ལྟ་བུའི་ཁམས་གསུམ་འཁོར་བ་ལས། གྲུ་ལྟ་བུའི་ཐེག་པ་མཐོ་དམན་རྣམས་སྦྱར་ནས། སྒྲོལ་མཁན་ལྟ་བུའི་དེ་བཞིན་གཤེགས་པ་དང་བླ་མས། ལམ་པ་རྣམས་ཁམས་གསུམ་ལས་སྒྲོལ་བ་ལྟར་སྣང་ཡང་ཆོས་ཀྱི་དབྱིངས་ཀྱི་སེམས་ཉིད་ངང་ལས་བྱས་འཛིན་མ་གྲུབ་པ་སྟེ་གདུལ་བྱ་སྒྱུ་མའི་དཀྱིལ་འཁོར། འཁོར་བ་ཆུ་ལྟ་བུ་ལས་བསྒྲལ་བྱ་སྒྲོལ་བྱེད་མ་དམིགས་པ་མ་གྲུབ་པའི་དཔེ་བཞིན་ནོ། །དེས་ན། བྱ་བྱེད་མེད་པར། ཞེས་པ་གདུལ་བྱའི་ངོས་ནས་གོང་དུ་བསྟན་པ་བཞིན་བསྒྲལ་བྱ་སྒྲོལ་བྱེད་མི་དམིགས་ཀྱང་། དཀྱིལ་འཁོར་སྤྱོད། ཅེས་པ་གདུལ་བྱའི་ངོས་ནས་འཁོར་བ་ཆུ་ལྟ་བུ་ལས་གདུལ་བྱ་སྒྱུ་མའི་སྐྱེས་བུ་རྣམས་འཁོར་བ་ལས་སྒྲོལ་ཞིང་ཐར་པ་ལ་འགོད་པ་ལྟར་སྤྱོད་པ་མ་འགག་པར་སྣང་བའོ། །གཞལ་ཡས་ཀྱི་ངོ་བོ་བསྟན་པ་ནི། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཞེས་པ་སྟེ། ཆོས་ཐམས་ཅད་གདོད་མ་ནས་རྣམ་པར་དག་པའི་ངོ་བོ་རང་བྱུང་གི་ཡེ་ཤེས་སུ་རྫོགས་པ་ལ། གང་དུ་ཡང་མ་གྲུབ་ཅིང་ཅིར་ཡང་སྣང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བ་མཐའ་དབུས་གཞལ་དུ་མེད་དེ་ཆོས་ཀྱི་དབྱིངས་དང་མཉམ་པའི་འཁོར་འདས་ཐམས་ཅད་ཀྱི་བཞུགས་གནས་ཀྱི་ཁང་པ་རྒྱ་ཆེ་ཆུང་གང་དུ་ཡང་མ་ཆད་པ་རང་བྱུང་གི་ཡེ་ཤེས་ལ་ཡེ་ཤེས་བཞི་ལྷག་པའི་རྟགས་སུ་འོག་གཞི་འཁོར་ལོ་ལྟ་བུ་ཡེ་ནས་བླ་ན་མེད་པའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་ལ་ནི། གཞལ་ཡས་ཀྱི་ངོ་བོའོ། །མིག་ཕྱེ་བ་ནི་ཞེས་པ་སྟེ། ཐབས་ཀྱི་ཐེག་པ་འདི་ཉིད་ཀྱི་གཞུང་ཐོས་ནས་ཁམས་གསུམ་གྱི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཡིན་པའི་དོན་བློའི་ཡུལ་དུ་བྱས་པ་ནི། རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ནས་མིག་བྱེ་བ་ལྟ་བུ་སྟེ། ཐོས་པའི་ཤེས་རབ་ཀྱིས་ཡུལ་ལྟ་བ་དོན་སྤྱི་ཡིད་ཀྱི་ཡུལ་དུ་བྱས་པའོ། །བསམ་པའི་ཤེས་རབ་ཀྱིས་ཐོས་པའི་དོན་ཡང་ནས་ཡང་དུ་བསམ་སྟེ་ཐ་སྙད་ཀྱི་རྗེས་སུ་འབྲང་ནས་ཐོས་པ་ཐ་སྙད་ཀྱི་སྒྲོན་མས། དོན་མུན་ནག་ནང་གི་གསེར་རྙེད་པ་ལྟར་བསམ་པའི་ཤེས་རབ་མཐར་ཕྱིན། དོན་རྟོགས་པ་གདེངས་སུ་ཆུད། ལྟ་བ་སེམས་ཐོག་ཏུ་ཕེབས་པ་ནི་དཀྱིལ་འཁོར་མཐོང་བ་ལྟ་བུའོ། །རིག་པ་གདེངས་ཆུད་པ་ནི་དཀྱིལ་འཁོར་དུ་ཞུགས་པ་ལྟ་བུའོ། །བསྒོམ་པའི་རྣལ་འབྱོར་གྱིས་ཞེས་པ། ལྟ་བ་རྟོགས་པའི་ངང་ལ་མ་ཡེངས་པར་གནས་ཏེ། དུས་གསུམ་དུ་སྤྱོད་ལམ་བཞིར་ཏིང་ངེ་འཛིན་ལས་མ་འདས་པར་རྟོགས་པའི་དོན་ལ་གོམས་པར་བྱེད་པ་ནི། བསྒོམ་པ་རང་གི་ངོ་བོ་རྣལ་འབྱོར་ཞེས་བྱ་སྟེ། དཀྱིལ་འཁོར་དུ་ཞུགས་ནས་དཀྱིལ་འཁོར་གྱི་ལྷ་དང་རྣལ་འབྱོར་པ་དབྱེར་མེད་པར་བྱས་པ་ལྟ་བུའོ། །དངོས་གྲུབ་ཐོབ་པ་ལས་མི་འདའ་བ་ནི། རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཞེས་པ་བསྒོམ་པ་ལ་ཞུགས་ནས་ལམ་མཐར་ཕྱིན་འབྲས་བུ་མངོན་དུ་གྱུར་པ་ནི། རང་བྱུང་ཡེ་ཤེས་ཀྱི་ངང་ལ་རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་རྫོགས། རང་དོན་ལྷུན་གྱིས་གྲུབ་པ་དང་། གཞན་དོན་ལྷུན་གྱིས་གྲུབ་པ་དུས་གཅིག་པ་ནི་ས་བཅུ་པས་ཀྱང་མི་རེག་པས་ཀུན་ངམ། གཞན་དོན་ཡང་གོང་དུ་བསྟན་པ་བཞིན་ཡེ་ཤེས་སྔོན་དུ་འགྲོ་མི་དགོས་པར་གང་ལ་གང་འདུལ་དེ་ལ་དེར་སྟོན་དུ་ཐ་སྙད་དུ་ལྷུན་གྱིས་གྲུབ་སྟེ། ཐ་སྙད་དུ་དངོས་གྲུབ་ཆེན་པོ་ལྷུན་གྱིས་གྲུབ་ཅེས་བྱའོ། །དེ་ལྟ་བུ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་བདག་དོན་དང་གཞན་དོན་གང་ཡང་དེའི་ངང་ལས་མི་འདའ་བས་ན་འདའ་བར་མི་མཛད་ཅེས་བྱ་ལ། འདའ་བར་མི་མཛད་པའི་རྒྱུ་ནི་ངོ་བོ་ཉིད་ཀྱི་དམ་ཚིག་གི་མཆོག་ཡིན་ཏེ། དཔེར་ན་ནམ་མཁའི་མཐའ་ཐམས་ཅད་དང་བྲལ་བ་ཉིད་ལས་སྤྲིན་དང་ཁུ་རླངས་དང་འཇའ་ཚོན་ཐམས་ཅད་མི་འདའ་ཞིང་དབྱེར་མེད་པ་བཞིན་དུ་ལྷུན་གྱིས་གྲུབ་པའི་དམ་ཚིག་གོ། །སྣོད་བཟང་པོས་མོས་པའི་ཡོན་ཏན་ནི། གང་ཞིག །ཅེས་པ་རྟེན་གྱི་གང་ཟག་དབང་པོ་ཡང་རབ། འདི་ལ་ཞེས་པ་དངོས་པོ་སྟོན་པ་སྟེ། རྫོགས་པ་ཆེན་པོར་འཇུག་པའི་ཐབས་མ་ཧཱ་ཡོ་ག་རང་གཞུང་གི་རྫོགས་རིིམ་མངོན་དུ་མ་གྱུར་མོས་པ་ཙམ་བྱས་པའི་ཡོན་ཏན་ཡང་། བུདྡྷ་དཀྱིལ་འཁོར་ཞེས་པ་ནས་ཚིགས་བརྒྱད་ཀྱིས་བསྟན་ཏེ། འབྲུ་གནོན་སྔར་བསྟན་པ་བཞིན་ནོ། །རྫོགས་རིམ་འདི་ཉིད་རྒྱལ་བའི་གཤེགས་ཤུལ་ཡིན་པར་བསྟན་པ་ནི། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །ཞེས་པ་ནས་ཚིགས་བཞིས་བསྟན་ཏོ། །རྣལ་འབྱོར་པའི་ལམ་ཡིན་པ་ནི། འབྱུང་དང་མ་འོངས་སོགས་ཚིགས་གཉིས་ཀྱིས་བསྟན་ཏོ། །ངེས་དོན་རྙེད་དཀའ་བ་རིན་པོ་ཆེ་ལྟར་བསྟན་པ་ནི། འདི་ནི་གསང་ཆེན་ངེས་པ། ཞེས་པ་ནས། ཀུན་གྱི་ཕྱག་རྒྱ་ཆེན་པོའི་མཆོག་གི་བར་ཚིགས་དྲུག་གིས་བསྟན་ཏོ། །སྣོད་བཟང་པོ་ནི། ཐོས་བསམ་བསྒོམ་ལ་རབ་སྦྱངས་པའི། །ཞེས་པ་ནས་ཚིགས་བཞིས་བསྟན་ཏོ། །ངན་པ་ནི། གཞལ་ལ་ནམ་ཡང་། ཞེས་པ་ནས་ཚིགས་བཞི་བསྟན་ཏོ། །དེ་དག་གི་འབྲུ་གནོན་སྔར་བཞིིན་ནོ། །ལེའུ་འདི་དཀྱིལ་འཁོར་བཅུ་གཉིས་དང་སྦྱར་ཏེ་བཤད་ན། ལོ་རྒྱུས་ཀྱི་དོན་ནི་འབྲུ་གནོན་ཐམས་ཅད་འདྲ་བ་ལས། དེ་བཞིན་གཤེགས་པ་ཀུན་གཅིག་ཏུ་འདུས་པ་ནི། གདུལ་བྱ་དབང་པོ་རབ་ཀྱི་དོན་དུ་དཀྱིལ་འཁོར་བཅུ་གཉིས་ཀྱི་དོན་བཤད་པའི་དགོངས་པ་དབྱེར་མེད་པར་གྱུར་པའོ། །ལྷུན་གྱིས་གྲུབ་པའི་དམ་ཚིག་སྙིང་པོ་སྤྲིན་བཀོད་པ། ཞེས་པ། ལྷུན་གྱིས་གྲུབ་པ་ནི་ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ངང་ལ་དཀྱིལ་འཁོར་བཅུ་གཉིས་རང་སྣང་བ་ལས་མི་འདའ་བས་དམ་ཚིག །དཀྱིལ་འཁོར་བཅུ་གཉིས་རྟོགས་དཀའ་བས་གསང་བ། འཁོར་འདས་ཐམས་ཅད་ཀྱི་རང་བཞིན་སྣུམ་བྱེད་ཡིན་པས་སྙིང་པོ། ཆེ་བའི་ཡོན་ཏན་སྤྲིན་བཀོད་པ་ལྟར་ལྷུན་གྱིས་གྲུབ་པས་སྤྲིན་གདུལ་བྱའི་ཆེད་དུ་སྙོམས་པར་ཞུགས་པ་ལྟ་བུའོ། །གསང་སྔགས་ཀྱི་མན་ངག་མདོར་བསྡུས་པ་ནི། འདི་ཉིད་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་བརྗོད་པའོ། །མ་རྟོགས་པ་ཡོ་ག་མན་ཆ ད་ཀྱི་དཀྱིལ་འཁོར་བཅུ་གཉིས་སུ་དཀྲི་ཞིང་དྲང་བའི་ཐབས་སུ་བསྟན་པ་ནི། མ་རྟོགས་པ་དང་། ཞེས་པ་ལ་སོགས་ཏེ། དེ་ལ་མ་རྟོགས་པ་ནི་ཕྱལ་བ་དང་རྒྱང་འཕེན་གཉིས་སོ། །ལོག་པར་རྟོགས་པ་ནི་མུར་རྟུགས་པ་དང་མུ་སྟེགས་པ་གཉིས་སོ། །ཕྱོགས་ཙམ་རྟོགས་པ་ནི་ཉན་ཐོས་དང་རང་རྒྱལ་བ་དང་བྱང་ཆུབ་སེམས་དཔའ་དང་། འདུལ་བ་ཀྲི་ཡ་དང་། ཞར་ལས་བྱུང་བ་ཨུ་པ་དང་། དགོངས་པ་ཏིང་ངེ་འཛིན་གཙོར་བྱེད་པ་ཡོ་ག་སྟེ། ཐམས་ཅད་མཁྱེན་པས་གསང་སྔགས་ཟབ་མོའི་དོན་རྟོགས་པར་བྱ་བའི་ཐབས་ཀྱི་ལམ་གྱི་རིམ་པ་སྟེ། སྐས་ཀྱི་གདང་བུ་དང་འདྲའོ། །རང་བཞིན་གསང་དོན་གབ་སྦས་རྡོ་རྗེ་སློབ་དཔོན་གྱིས་འབྱིན་པར་བསྟན་པ་ནི། སྟོན་པ་ཀུན་ཏུ་བཟང་པོས་གསུངས་པའི་གསང་སྔགས་མ་ཧཱ་ཡོ་གའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རྒྱུད་རྣམས། ཆོས་ཐམས་ཅད་ཀྱི་ཁོང་ན་གབ་པ་རང་བཞིན་གསང་བའི་སྙིང་པོ་བཅུ་གཉིས་ཀྱི་དོན་རིགས་ཀྱི་བདག་པོས་འབྱིན་པའི་རྗོད་བྱེད་ཀྱི་ཚིག་རྣམས་ལ། ཐམས་ཅད་མཁྱེན་པའི་ཐུགས་རྗེས་སྦས་པ་རྣམས་མིང་ཚིག་གི་ཚོགས་རྒྱུད་ཀྱི་གཞུང་ལ་བརྟེན་པའི་ཚིག་རྣམས་ཀྱིས་རབ་ཏུ་མཚོན་ཏེ། ཐམས་ཅད་མཁྱེན་པའི་ཐུགས་རྗེས་དགོངས་པའི་དབང་གིས་དོན་གབ་ཅིང་སྦས་པ་རྣམས་རྒྱུད་འདིའི་ཁོང་ན་གབ་པའི་དོན་ཐེག་པ་ཀུན་ལ་མཁས་པའི་རྡོ་རྗེ་སློབ་དཔོན་གྱིས་འབྱིན་ཏེ། རྒྱུད་འདིས་ཐེག་པ་ཀུན་གྱི་དོན་སྟོན་པའི་ཕྱིར་རོ། །དེ་བས་ན་རྒྱུད་དངོས་ལས་ཀྱང་། གསང་བའི་སྙིང་པོ་དེ་ཁོ་ན། །ཞེས་གསུངས་སོ། །ཡང་འབྱུང་གནས་གཏན་ལ་འབེབས། ཞེས་ཀྱང་གསུངས་སོ། ། ཡང་། སྣ་ཚོགས་སྨྲ་ཞིང་དོན་ཆེན་གསུངས། །ཞེས་ཀྱང་གསུངས་སོ། །དཀྱིལ་འཁོར་བཅུ་གཉིས་མདོར་བསྟན་པ་ནི། དཀྱིལ་འཁོར་ལྡན་པའི། ཞེས་པས་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་བསྟན། དཀྱིལ་འཁོར་གྱིས། ཞེས་པས་རང་བཞིན་གྱི་དཀྱིལ་འཁོར་བསྟན། དཀྱིལ་འཁོར་ལ་ནི། ཞེས་པས་གཟུགས་བརྙན་དང་ལྷག་པ་གཟུགས་བརྙན་གཉིས། དཀྱིལ་འཁོར་བསྒོམ། ཞེས་པས་ཏིང་ངེ་འཛིན་དང་ལྷག་པ་ཏིང་ངེ་འཛིན་གཉིས་བསྟན། དཀྱིལ་འཁོར། ཞེས་པས་ཚོགས་ཀྱི་དཀྱིལ་འཁོར། དཀྱིལ་འཁོར་ལས་བྱུང་། ཞེས་པས། འདུལ་བའི་དཀྱིལ་འཁོར། ཐུགས་ཀྱི་དཀྱིལ་འཁོར། ཞེས་པས། བྱང་ཆུབ་སེམས་དང་ལྷག་པ་བྱང་ཆུབ་སེམས་གཉིས། དཀྱིལ་འཁོར་མཆོག །ཅེས་པ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །རྒྱུད་ཀྱི་དབུ་ཞབས་མ་ལུས་པ་དཀྱིལ་འཁོར་བཅུ་གཉིས་སུ་འདུས་པར་བསྟན་ནོ། །དེ་སྟོན་པའི་ཕྱིར་ལེའུ་བཅུ་གསུམ་པ་འདི་ལ་ཤིན་ཏུ་གསང་བའི་མན་ངག་ཅེས་བརྗོད་པའོ། །དེ་ལ་དཀྱིལ་འཁོར་བཅུ་གཉིས་ལས་ནི། དེ་བཞིན་ཉིད་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། རྣལ་མ་དོན་གྱི་ཀུན་གཞི་ཆོས་ཐམས་ཅད་རང་སྣང་བ་ཡིན་ཀྱང་། ངོ་བོ་སྤྲོས་པ་དང་བྲལ་བ་འཁོར་འདས་ཐམས་ཅད་ཀྱི་རང་བཞིན་ནོ། །རང་བཞིན་གྱི་དཀྱིལ་འཁོར་ནི། ཕྱི་ནང་གི་ཆོས་ཐམས་ཅད་རྟོག་ཚོགས་བཞི་བཅུ་རྩ་གཉིས་བསལ་སྤངས་མེད་པར་སྐུ་དང་ཡེ་ཤེས་སུ་གསལ་བ་འབྲས་བུའི་དཀྱིལ་འཁོར་ལྟ་བུའོ། །གཟུགས་བརྙན་ལ་གཉིས་ཏེ། དབྱིངས་ཀྱི་གཟུགས་བརྙན་དང་། ཡེ་ཤེས་ཀྱི་གཟུགས་བརྙན་ལས། དབྱིངས་ཀྱི་གཟུགས་བརྙན་ནི་ཆོས་ཀྱི་དབྱིངས་མི་འགག་པའི་རྩལ་ལས་འབྱུང་བ་ལྔ་དང་། འབྱུང་བ་ལྔ་ལས་གྱུར་པའི་སྣོད་བཅུད་ཐམས་ཅད་དོ། །དེ་ཆོས་ཀྱི་དབྱིངས་མི་འགག་པའི་རྩལ་ཡིན་པས་ཀྱང་གཟུགས་བརྙན། དེ་ལ་བརྟེན་ཏེ་ཆོས་ཀྱི་དབྱིངས་རྟོགས་པ་མཚོན་པའི་ཕྱིར་གཟུགས་བརྙན་ཏེ་སྣོད་བཅུད་ཀྱི་ཆོས་སོ། །ཡེ་ཤེས་ཀྱི་གཟུགས་བརྙན་ནི། རང་བྱུང་གི་ཡེ་ཤེས་གཅིག་མཚོན་པའི་རྟགས་སུ། རིགས་ཀྱི་བདག་པོ་དྲུག་པ། ཡེ་ཤེས་ལྔ་མཚོན་པའི་རྟགས་སུ་རིགས་ལྔ། ཡེ་ཤེས་ལྔ་རེ་རེའང་བཞི་བཞིར་ཤར་བའི་རྟགས་སུ་རིགས་ལྔ་རེ་རེ་ལ་སེམས་དཔའ་བཞི་བཞིས་བསྐོར་བ་ལ་སོགས་པའོ། །ལྷག་པ་གཟུགས་བརྙན་ནི་བསྒྲུབ་པའི་བྱ་བྱེད་ཀྱིས་ལྷག་པ་སྟེ་སྐུ་གསུང་ཐུགས་ཀྱི་གཟུགས་བརྙན་རིས་སུ་བྲིས་པ། ལུགས་སུ་བླུགས་པ། འབུར་དུ་བཏོད་པ། ལྷག་པ་རྡུལ་ཚོན་གྱི་དཀྱིལ་འཁོར་རྣམས་སོ། །བྱང་ཆུབ་སེམས་ནི་སེམས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོར་གསལ་བའོ། །ལྷག་པ་བྱང་ཆུབ་སེམས་ནི། ཐབས་དང་ཤེས་རབ་འདུ་འཕྲོ་ལས་བྱུང་བའི་ཀུན་རྫོབ་བྱང་ཆུབ་སེམས་རྟེན་དང་བརྟེན་དུ་བཅས་པའོ། །ལྷག་པའི་ཏིང་ངེ་འཛིན་ནི་སེམས་ཀྱི་མཚན་ཉིད་སྣང་སྟོང་དབྱེར་མེད་པ་ཕྱོགས་འཛིན་ཐམས་ཅད་དང་བྲལ་བ་དེ་བཞིན་ཉིད་དོ། །ལྷག་པ་ཏིང་ངེ་འཛིན་ནི་ཞི་ཁྲོའི་དཀྱིལ་འཁོར་རྒྱས་བསྡུས་ཀྱི་བྱེ་བྲག་རྣམས་སོ། །ཐུགས་རྗེའི་དཀྱིལ་འཁོར་ནི། གདུལ་བྱའི་དོན་སྣང་བ་མ་འགག་པ་སྟེ་གཉིས་སུ་མེད་པའི་ཐུགས་རྗེ་ལས་གསུམ་པོ་དང་ལྡན་པའོ། །འདུལ་བའི་དཀྱིལ་འཁོར་ནི། སྐུས་འདུལ་བ་དང་། གསུང་དང་། ཐུགས་དང་། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པས་འདུལ་བའོ། །ཚོགས་ཀྱི་དཀྱིལ་འཁོར་ནི། ཟག་བཅས་ཀྱིས་ཟག་མེད་བསྒྲུབ་པར་བྱ་བའི་ཕྱིར། ཁམས་གསུམ་གྱི་ལོངས་སྤྱོད་ཐམས་ཅད་གཉིས་མེད་ཀྱི་དགོངས་པས་ཟག་མེད་ཀྱི་ལོངས་སྤྱོད་དུ་རོལ་པའོ། །ལྷུན་གྲུབ་ཀྱི་དཀྱིལ་འཁོར་ནི། དཀྱིལ་འཁོར་བཅུ་གཅིག་པོ་དེའི་ནང་དུ་འཁོར་འདས་ཀྱི་ཆོས་མ་འདུས་པ་མེད་པས། དེ་དག་ཐམས་ཅད་ཆོས་ཀྱི་དབྱིངས་མཉམ་པ་ཆེན་པོ་ལས་མ་གཡོས་ཤིང་སྣང་སྟོང་དབྱེར་མེད་པ་ནི་ལྷུན་གྲུབ་ཀྱི་དཀྱིལ་འཁོར་རོ། །རྒྱས་པར་བཤད་པའི་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་ནི། གསང་བའི་ཐིག་ལེའི་དཀྱིལ་འཁོར་དབྱིངས། །ཞེས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་རྣལ་མ་དོན་གྱི་ཀུན་གཞི་ནི། མི་འགག་པའི་རྩལ་རང་སྣང་བ་རྟོགས་མ་རྟོགས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ཡང་། རང་གི་ངོ་བོ་ཉིད་རྟོགས་དཀའ་བས་གསང་བ་ཞེས་བྱ་སྟེ། འཁོར་བའི་ཆོས་ཐམས་ཅད་དེ་མི་འགག་པའི་རྩལ་རང་སྣང་ཡང་། ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་པས་ཟུར་ཙམ་ཡང་མ་མཐོང་བའི་ཁམས་གསུམ་འཁོར་བ་རྣམ་ཤེས་ཚོགས་བརྒྱད་དོ། །སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ཀྱང་ཡུལ་དུ་མ་དམིགས་ཤིང་། རང་གི་རང་བཞིན་ཡིན་ཏེ་གསང་བ་ཞེས་བྱའོ། །དེ་ཉིད་རང་གི་ངོ་བོ་ཉིད་ལ་འཁོར་བའི་ཆོས་ཐམས་ཅད་སྣང་ཡང་། སྣང་བྱ་སྣང་བྱེད་དམ། རྒྱུ་དང་འབྲས་བུའི་དམིགས་པ་མེད་ཅིང་རང་གི་ངོ་བོ་ཉིད་ལ་ནམ་མཁའ་དང་འདྲ་སྟེ་ཆུང་བའམ་མི་གསལ་བ་མེད་པས་སྤྲོས་པ་རང་དག་པ་དང་། འདས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ཡང་། དག་པ་དང་གསལ་བ་དང་ཆེ་བ་ལྟ་བུའི་དམིགས་པ་མེད་ཅིང་ཕྱོགས་སུ་འཛིན་པའི་སྤྲོས་པ་བྲལ་བས་ཐིག་ལེ་ཞེས་བརྗོད་དོ། །དེ་ཉིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་བའི་ངོ་བོ་ཉིད་དུ་བཞུགས་པས་དབྱིངས་ཞེས་བྱ་སྟེ། ཕྱོགས་འཛིན་གྱི་རྟོག་པ་ཐམས་ཅད་དང་བྲལ་བ་དང་། ཆོས་ཐམས་ཅད་ལ་ཁྱབ་པ་དང་། ཅིར་ཡང་འཆར་ཞིང་མི་འགག་པའི་བདག་ཉིད་དུ་བཞུགས་པ་དང་། བཙལ་ན་རིས་སུ་མི་རྙེད་ལ། དངོས་པོ་ཐམས་ཅད་ལ་ཁྱབ་པའི་ཕྱིར་ངེས་ཚིག་འགྲུབ་ལ། དེས་ནི་དཀྱིལ་འཁོར་བཅུ་གཉིས་ཀྱི་ཡང་རྩ་བ་རང་སྣང་བས་དཀྱིལ་འཁོར་དབྱིངས་ཞེས་བྱའོ། །རང་བཞིན་གྱི་དཀྱིལ་འཁོར་ནི། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཞེས་པ་ལ་སོགས་པ། འབྱུང་བ་ནི་ནམ་མཁའ་ཆོས་ཐམས་ཅད་མི་འགག་པའི་གཞི་ཡིན་པས། དེ་ལས་འབྱུང་བ་བཞིར་སྣང་བ་ནི་སྣོད་བཅུད་ཀྱི་ཆོས་ཐམས་ཅད་སྣང་བས་འབྱུང་བའོ། །དེས་ན་འབྱུང་བ་ལྔ་པོ་ཉིད་འབྱུང་ཆུང་ཉི་ཤུ་རྩ་ལྔས་གཞིག་ན་རང་བཞིན་མེད་དེ། སྤྲོས་པའི་མཐའ་དང་བྲལ་བ་ནི་ཤེས་རབ་སྟེ། ཆེན་པོ་རིགས་ཏེ་དེ་བཞིན་ཏེ། །ཞེས་པ། འབྱུང་བ་ལྔ་རགས་པ་རང་སྣང་བ་ཕུང་པོ་ལྔའི་ངོ་བོ་ནི་མ་འགག་པ་ཐབས་ཡབ་ལྔའི་ངོ་བོའོ། །དེ་དག་རེ་རེ་བཞིན་ངོ་ཏི་སྤྲད་པ་ནི་ཤེས་རབ་བོ། །དེ་དག་ཡབ་ཡུམ་གྱི་སྐུར་མ་འགག་པ་ནི་སྐུའོ། །སྐུར་སྣང་ཙམ་ཉིད་ན་སེམས་ཉིད་དུ་གསལ་བ་ནི་སྣང་སྟོང་གི་འདུ་ཤེས་ཐམས་ཅད་དང་བྲལ་བ་རང་བྱུང་གི་ཡེ་ཤེས་ཏེ། སྐུ་དང་ཡེ་ཤེས་སུ་གསལ་བ་ནི་བཞི་བཅུ་རྩ་གཉིས་ཀུན་ལ་ཤེས་པར་བྱའོ། །དེ་ལྟར་འབྱུང་བ་ཕྲ་རགས་རིགས་ལྔ་ཡབ་ཡུམ་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པས་དེ་གཉིས་སུ་མེད་པར་རང་སྣང་བའི་བྱང་ཆུབ་ཀྱི་སེམས་རང་སྣང་བ་སྐྱེ་འཇིག་མེད་པ་རྡོ་རྗེ་ལྟ་བུའི་ལྷ་ཚོགས་རྣམས་ནི་གང་ཡིན་ཞེ་ན། དབང་པོ་ཡུལ་དུས། ཞེས་པས་དབང་པོ་བཞི་ཡུལ་དྲུག་དུས་བཞི། །རིག་པ། ཞེས་པ་རྣམ་ཤེས་དྲུག །ཕྱིན་ཅི་ལོག་པ་བཞི་རྣམས་ནི་གོང་དུ་ཕུང་པོའི་མཚན་ཉིད་བཤད་པ་ལྟར་ཡུལ་དང་ཡུལ་ཅན་འཛོམ་པ་ཐམས་ཅད། སེམས་དཔའ་དང་སེམས་མར་གསལ་བ་གོང་དུ་ཡང་ཡང་བཤད་པ་ལྟར་ཤེས་པ་ཉིད་རང་བཞིན་གྱི་དཀྱིལ་འཁོར་ཞེས་བྱ་སྟེ། དེ་ཡང་རང་བཞིན་གཞིའི་དཀྱིལ་འཁོར་ནི། ཆོས་ཐམས་ཅད་ཡེ་ནས་རྟོག་པ་བཞི་བཅུ་རྩ་གཉིས་ཉིད། རྒྱལ་བ་བཞི་བཅུ་རྩ་གཉིས་སྐུ་དང་ཡེ་ཤེས་ཡེ་ནས་ཡིན་པ་ནི། རང་བཞིན་གཞིའི་དཀྱིལ་འཁོར་རོ། །ལམ་གྱི་རྐྱེན་གྱིས་མངོན་དུ་སྣང་སྟེ། རྟོག་པ་བསལ་བ་ཡང་མེད་སྤངས་པ་མེད་པར་རྟོག་པ་ཉིད་རང་སར་དག་ནས། སྐུ་དང་ཡེ་ཤེས་གསལ་བ་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་ནི། འཁོར་འདས་གཉིས་རྟ་རྔ་འགྲེས་གང་ཞེས་ཀྱང་དེ་ལ་བྱའོ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །ཞེས་པ་གོང་དུ་བཤད་པ་ལྟར། རྟོག་པ་བཞི་བཅུ་རྩ་གཉིས་རང་སར་དག་ནས་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་ལྷུན་གྱིས་གྲུབ་པའི་ངང་ལས། གཉིས་འཛིན་ནམ་བྱེ་བྲག་གི་ཆོས་ཐམས་ཅད་མ་སྤངས་ངང་གིས་དག་པ་ལ་གཉིས་འཛིན་མི་མངའ་བས་ཐ་སྙད་དུ་ཀུན་ཏུ་བཟང་པོ་ཞེས་བྱའོ། །ཡང་ཐ་སྙད་ཙམ་དང་བྲལ་བའི་ངང་ལ་སྣང་སྟོང་དབྱེར་མེད་པས་དཀྱིལ་འཁོར་ཞེས་བྱ་སྟེ། རྟོགས་པའི་རང་བཞིན་དེ་ལྟ་བུའི་གཞི་ལ། ཐུགས་ཀྱི་ཡེ་ཤེས་ལྔ་ལྟ་ཞིང་། །ཞེས་པ་དེ་ལྟ་བུའི་གཞི་རང་བྱུང་གི་ཡེ་ཤེས་ལ་རྣལ་འབྱོར་པས་རང་བཞིན་དེ་ཉིད་དུ་འགྱུར་བ་མེད་ཅིང་མཐའ་ཐམས་ཅད་ཀྱིས་སྟོང་པས་སྟོང་པ་ཉིད་ཀྱི་ཡེ་ཤེས། དེ་ཉིད་ཉི་ཚེ་བའི་མཐའ་མ་ཡིན་ཏེ་རང་གསལ་བས་མེ་ལོང་ལྟ་བུ། རང་གསལ་ཉིད་མི་འགག་པར་ཅིར་ཡང་འཆར་བས་སོ་སོར་རྟོགས་པ། འཆར་བ་དེ་ཉིད་ཀྱིས་གདུལ་བྱ་མཐོ་དམན་གྱི་དགོས་པ་སྐོང་བས་བྱ་བ་གྲུབ་པ། མཛད་པ་ཇི་ལྟར་འཆར་ཡང་ཆོས་ཀྱི་དབྱིངས་ལས་འགྱུར་པ་མེད་པ་མཉམ་པ་ཉིད་དེ། དུས་གསུམ་གྱི་བུདྡྷ་ཐམས་ཅད་ཀྱི་ཐུགས་སེམས་ཅན་ཐམས་ཅད་ཀྱི་སེམས་ཡེ་ཤེས་ལྔར་གསལ་བ་ནི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །ལྷག་པ་བྱང་ཆུབ་སེམས་ནི། བདག་ཉིད་ཆེན་པོ་ལྷག་པ་ཡི། །ཞེས་པ་ལ་སོགས་པ། རྣལ་འབྱོར་པའི་དགོངས་པ་ཐུགས་ཡེ་ཤེས་ལྔ་དང་ལྡན་པ་ཉིད་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་ཉིད་ནི། ཆོས་ཐམས་ཅད་དེ་ཉིད་གསལ་བ་ལ་ཟླ་དང་བྲལ་བས་ཀྱང་བདག་ཉིད་ཆེན་པོ། མཚོན་བྱ་དོན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་ཀྱང་བདག་ཉིད་ཆེན་པོ། ཐམས་ཅད་དང་བྲལ་བས་གཉེན་པོ་མེད་པས་ཀྱང་བདག་ཉིད་ཆེན་པོ། ལྷག་པའི། ཞེས་པ་ལྷག་པ་བྱང་ཆུབ་ཀྱི་སེམས་སྣང་བ་སྟེ། སྣང་ཚུལ་ནི། སྙིང་པོ་ཐིག་ལེ་མཉམ་སྦྱོར་བས། །ཞེས་པ་ཡུམ་བྱིན་གྱིས་བརླབས་པའི་པདྨའི་སྙིང་པོ་དང་། ཡབ་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་རྩེ་མོར་ཕྱིན་པའི་དུས་སུ། མཉམ་སྦྱོར། ཞེས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེ་སྟོང་གི་ཡེ་ཤེས་ཀྱི་ངང་དུ་དབྱེར་མེད་ཅིང་སྙོམས་པར་འཇུག་པའི་རོ་མཉམ་པར་སྦྱོར་བ་ནི་ལྷག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །ཚོགས་ཀྱི་དཀྱིལ་འཁོར་ནི། བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཞེས་པ་ལ་སོགས་པ། སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་མངོན་དུ་གྱུར་པའི་རྣལ་འབྱོར་པས་གནས་ལ་སོགས་པ་ཆ་རྐྱེན་ཐམས་ཅད་ཚོགས་པར་བྱས་ལ། སྐལ་ལྡན་མིའི་ཚོགས་དཀྱིལ་འཁོར་རྒྱས་བསྡུས་ཀྱི་གྲངས་དང་མཉམ་པ་དང་། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་ཡོ་བྱད་ལྔ་ལ་སོགས་པ་ཐམས་ཅད་ཚོགས་པར་བྱས་ལ། བདེ་ལྡན་ལྷའི་ཚོགས་བསྒོམས་ནས་ཡོ་བྱད་ལ་རོལ་པའི་དུས་སུ། བདེ་བའི་ཞེས་པ། ལྟ་སྤྱོད་བསྒོམ་གསུམ་མགོ་སྙོམས་པས། ལྷ་ལ་ལྷ་རོལ། ཆོས་ཉིད་ལ་ཆོས་ཉིད་རོལ་ནས་ཐ་མལ་པའི་འཛིན་པའི་འདུ་ཤེས་དག་པ་ནི་འཛིན་པའི་ཟུག་རྔུ་མེད་པས། བདེ་བའི་ཞེས་པ་བདེ་བའི་ལོངས་སྤྱོད་ཅེས་བྱའོ། །ཟུག་རྔུ་དང་བྲལ་བའི་གཏན་ཚིགས་ནི། ཡེ་ཤེས་ཞེས་བྱ་སྟེ་ལྟ་སྤྱོད་བསྒོམས་གསུམ་མགོ་སྙོམས་པ་ནི། རང་བྱུང་གི་ཡེ་ཤེས་མངོན་དུ་གྱུར་པ་སྟེ། ལོངས་སྤྱོད་ཐམས་ཅད་ཀྱི་མཆོག་ཡིན་པས་མི་ཟད། རོལ་མོ་ཡིས། །ཞེས་པ་སྤྱོད་པའི་དངོས་པོ་རང་སྣང་བ་མི་འགག་པ་ཉིད་ལྟ་བསྒོམ་གྱི་སྲོག་གིས་ཟིན་པས་གང་དུ་ཡང་མ་གྲུབ་ཅིང་ཡང་མ་འགག་པར་སྣང་བ། རོལ་མོ་ལྟ་བུ་ཡིས། ཡེ་ཤེས་དགྱེས་ལ། ཞེས་པ་རང་བྱུང་གི་ཡེ་ཤེས་མངོན་དུ་གྱུར་པའི་ཕྱོགས་ཀྱི་བུདྡྷ་མ་ལུས་པ་ཐམས་ཅད་ལ། དགོངས་པ་མཉམ་པ་ཉིད་ཀྱི་ངང་ལ་མཐར་འཛིན་ཕྲ་བའང་མི་མངའ་བའི་དགྱེས་པ་ཆེན་པོ་ལ། ལོངས་སྤྱོད་ལྔ་རིགས་ལྔ་རང་སྣང་མཐར་འཛིན་མི་མངའ། མཉེས་པ་མཆོག་གི་མཆོད་པར་འབུལ་བ་སྟེ། འབུལ་བ་རང་གི་ངོ་བོ་ནི་འདུ་ཤེས་ཐམས་ཅད་དང་བྲལ་བའི་མཉམ་པ་ཉིད་དེ། དཔེར་ན་མི་གཅིག་ཟས་སྐོམ་གྱིས་འགྲངས་ནས་ཚིམ་སྟེ་སྐད་ཅིག་མ་གཅིག་ལ་བཏང་སྙོམས་སུ་ཞུགས་པ་ལྟ་བུར་ཕྱོགས་འཛིན་ཐམས་ཅད་དང་བྲལ་བའི་རིག་པ་མངོན་དུ་གྱུར་པ་ནི། མཆོད་པ་ཕུལ་ཟིན་དངོས་གྲུབ་ཀྱང་མངོན་དུ་གྱུར་པའོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། ཟག་པ་མེད་པའི་བསོད་ནམས་ཀྱིས། །ཞེས་པ་ལ་སོགས་པ། ཟག་པ་མེད་པ་ནི་ཆོས་ཐམས་ཅད་དང་དབྱེར་མེད་པའི་རང་རིག་པ་རང་བྱུང་གི་ཡེ་ཤེས་ནི་དངོས་པོ་ཐམས་ཅད་དང་བྲལ་ཏེ་ཕྱི་དང་ནང་མེད། འཁོར་འདས་ཀྱི་འཛིན་པ་མ་དམིགས་པ་ཐམས་ཅད་བདག་ཉིད་ཆེན་པོར་གྱུར་ཀྱང་དེ་ཙམ་དུ་ཡང་འཛིན་པ་མེད་པ་ནི། འཁོར་བའི་ཆོས་གཏན་ནས་དག་པས་ཟག་པ་མེད་པའི་ངོ་བོ་སྟེ། བསོད་ནམས། ཞེས་པ་དེ་ཉིད་རང་སྣང་བ་མི་འགག་པའི་བདག་ཉིད་ཆོས་ཐམས་ཅད་ཀྱི་རྒྱུའི་ངོ་བོ་ཉིད་དུ་བཞུགས་པ་ནི། བསོད་ནམས་ཏེ། བསོད་ནི་རང་སྣང་ལ་ཕན་པའི་བདག་ཉིད། ནམས་ནི་མི་འགྱུར་བ་སྟེ། རིག་པ་དེ་ལྟ་བུ་ཉིད་རང་སྣང་བའི། ཡེ་ཤེས་སྒྱུ་མ་རང་སྣང་བ། །ཞེས་པ། ཟག་མེད་བསོད་ནམས་རང་སྣང་བའི་ངོ་བོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། ཡེ་ཤེས་རང་སྣང་བ་ཕྱི་ནང་གི་རྟོག་ཚོགས་ཐམས་ཅད་སྣང་སྟོང་དབྱེར་མེད་པ་རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ཏེ། རྣལ་འབྱོར་མཆོག་གི་ཐིག་ལེ་ཆེན་པོའི་ངང་ཉིད་ལ། བསྒོམ་པ་རྣམ་གསུམ་དུས་གཅིག་རྫོགས། །ཞེས་པ་ཅིག་ཅར་དབྱེར་མེད་བསྒོམ་པ་ནི་མཆོག་གི་ཡུལ་ལོ། །དེ་ཙམ་མི་ནུས་པས་ཀྱང་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་མཉམ་བཞག་རིག་པ་རང་སྣང་རྗེས་ཀྱི་ཤེས་པ་སྟེ་གཉིས་ཀ་ཏིང་ངེ་འཛིན་ནོ། །ལྷག་པའི་ལྷག་པ་ཏིང་ངེ་འཛིན་ནི། གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །ཞེས་པ་རྒྱུའི་ཡི་གེ་ལས་ཡབ་ཡུམ་དུ་གསལ་ནས་གསང་བའི་གནས་གཉིས་བྱིན་གྱིས་བརླབ་པའི་རོལ་པའི་ཐིག་ལེ་ཉིད་ཡུམ་གྱི་མཁའ་ལ་སྤྲོས་ནས། དབྱིངས། ཞེས་པས་དཀྱིལ་འཁོར་ཐམས་ཅད་བསྐྱེད་པའི་རྒྱུའི་ངོ་བོ་ཉིད་དེ། འདི་ནི་ཞེས། མཁའ་གསང་བྱིན་གྱིས་བརླབ་སྟེ་ཡབ་ཡུམ་རོལ་པའི་ཐིག་ལེ་འདི་ནི། ཡིག་འབྲུ་ལས་ཕྱག་མཚན་ལས་སྐུར་རྫོགས་ཏེ། བུདྡྷ་བཞི་བཅུ་རྩ་གཉིས་ཀུན་གྱི་དངོས་གཞི་ཡིན་ལ། བུདྡྷ་ཐམས་ཅད་དེར་འདུས་པས་ཀུན་གྱི་དངོས་གཞི་སྟེ། དེ་ལ་རྒྱལ་བའི་དཀྱིལ་འཁོར་དུ་བསྒོམས་པ་ནི་བསྐྱེད་ཚུལ་གྱི་རིམ་པ་རྣམས་ཀྱིས་ལྷག་པས། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རོ། །གཟུགས་བརྙན་དང་ལྷག་པ་གཟུགས་བརྙན་གཉིས་ཐུན་མོང་དུ་བསྟན་པ་ནི། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་པ་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་ལོག་རྟོག་རང་སྣང་གི་ཆོས་ཐམས་ཅད་རང་བཞིན་གྱི་དཀྱིལ་འཁོར་རྟོགས་པ་ལྷུན་གྲུབ་ཀྱི་ངང་ལ་རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་དུ་མ་འདྲེས་ལ་ཡོངས་སུ་རྫོགས་པའི་དོན་ལ་བཤད་པའི། སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ་ཕྲིན་ལས་ལྔ་མ་ལུས་པ་ཐམས་ཅད་རང་རིག་པའི་མངོན་སུམ་དུ་བདག་ཉིད་ཀྱིས་ཞལ་མཐོང་བ་ཡང་ཡུལ་དང་ཡུལ་ཅན་མེད་པར་རང་ཞལ་རང་གིས་མཐོང་བ་ནི། རིག་པ་སྣང་སྟོང་དང་བྲལ་བ་ཉིད་རང་སྣང་བ་ལ་དབང་བསྒྱུར་བ་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་མངོན་དུ་གྱུར་པ་མཐར་ཕྱིན་པས་ངོས་གཟུང་ཐམས་ཅད་དང་བྲལ་བ་ཉིད་དོ། །དེ་ལ་གཟུགས་བརྙན་དང་ལྷག་པ་གཟུགས་བརྙན་གཉིས་ཀ་ཚང་སྟེ། རིག་པ་བྱང་ཆུབ་ཀྱི་སེམས་རང་སྣང་བ་ལས་ཕྱི་ནང་གི་རྟོག་ཚོགས་ཐམས་ཅད་སྣང་བ་ནི་དབྱིངས་ཀྱི་གཟུགས་བརྙན་ཏེ་དབྱིངས་ཉིད་མི་འགག་པ་མཚོན་པ་དང་། དེ་དག་ལ་བརྟེན་ནས་ཆོས་ཀྱི་དབྱིངས་མཚོན་པའི་ཕྱིར་ན་གཟུགས་བརྙན་ནོ། །ཡེ་ཤེས་ཀྱི་གཟུགས་བརྙན་ནི་རིག་པ་རང་བྱུང་ཉིད་མི་འགག་པའི་རྩལ་ལས་ཕུང་པོ་འབྱུང་བ་ཁམས་སྐྱེ་མཆེད་ཇི་ལྟར་སྣང་ཡང་། རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མར་གསལ་བས། ཉི་མའི་དཀྱིལ་འཁོར་ཤར་ན་མུན་པ་གཞི་དག་པ་དང་འདྲ་བས་ལོག་རྟོག་ཕྲ་བ་ཡང་མི་གནས་པ་ནི་ཡེ་ཤེས་ཀྱི་གཟུགས་བརྙན་ནོ། །ལྷག་པ་གཟུགས་བརྙན་ནི་ཆེད་དུ་བྱས་པའི་སྐུ་གསུང་ཐུགས་ཀྱི་གཟུགས་བརྙན་ཏེ། རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མའི་སྐུ་ལས་དང་བྱ་བ་ལྷག་པོས་བྱས་པའི་རྒྱུ་མི་འདྲ་བ་ལས་དབྱིབས་མི་འདྲ་བའི་སྐུ་སྣ་ཚོགས་བཞེངས་པའོ། །དེ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རྣམས་ཀྱང་ཡིན་ཏེ། ཡེ་ཤེས་ལྔ་མཚོན་པའི་ཕྱིར་ཁ་དོག་ལྔའོ། །ལྷུན་གྲུབ་ཀྱི་དཀྱིལ་འཁོར་ནི། དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །ཅེས་པ་ལ་སོགས་པ་སྣང་སྟོང་དབྱེར་མེད་པ་སྟེ། བཞི་བཅུ་རྩ་གཉིས་སམ་སྣང་བ་རྣམ་པར་འབྱེད་པའི་དཀྱིལ་འཁོར་ལ་གནས་ཏེ་མངོན་དུ་གྱུར་ནས། བསྒོམ་བྱ་སྒོམ་བྱེད་མེད་པར་གདེངས་ཆུད་པ་ཕྱིན་ཆད་ནས་མཐར་ཕྱིན་པའི་བར་དུ། དཀྱིལ་འཁོར་ཉིད། །ཅེས་པ་སྐྱེས་བུ་དེ་ལ་ཕྱོགས་བཅུ་དུས་བཞི་བདེ་གཤེགས་མ་ལུས་པ་ཐམས་ཅད་ལྷུན་གྱིས་གྲུབ་པས་ཉིད་ཅེས་བྱའོ། །དེ་ལ་ནི། རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཞེས་པ་ཁམས་གསུམ་གྱི་ཆོས་ཐམས་ཅད་རང་སར་དག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པས་མཐར་ཕྱིན་པ་ལས་མ་གཏོགས་པའི་འཁོར་བ་དང་ལམ་གྱི་ཆོས་ཐ་སྙད་ཙམ་ཡང་མི་གནས་སོ། །རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། །ཞེས་པ་རྟོགས་པའི་བློ་ངོ་ལ་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་ཁམས་གསུམ་གྱི་ཆོས་ཐམས་ཅད་རང་སར་དག་ནས་གསལ་བ་ནི། དཀྱིལ་འཁོར་ཆེན་པོའི་བདག་ཉིད་ལ་རྒྱུ་འབྲས་དང་བྲལ་བའི་ཚུལ་གྱིས་རང་སྣང་བས་མ་ལུས་ཐོགས་ཞེས་བྱ་སྟེ། དཀྱིལ་འཁོར་བཅུ་གཉིས་ཀྱང་དེའི་ངང་ལ་རྫོགས་པའོ། །ཁམས་གསུམ་གྱི་ཆོས་རང་སར་དག་ནས་བུདྡྷ་ཙམ་ལས་ཀྱང་འདས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ལྷུན་གྱིས་གྲུབ་པ་ནི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །འོ་ན་མྱ་ངན་ལས་འདས་པའི་མཐའ་འབའ་ཞིག་ཏུ་གྱུར་ཏེ། འཁོར་བ་མ་གྲུབ་པས་ཐུགས་རྗེའི་ཡུལ་མེད་པར་འགག་གོ་ཞེ་ན། ཐུགས་རྗེའི་དཀྱིལ་འཁོར་བསྟན་པ་ནི། རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བས། །ཞེས་པ་ཁམས་གསུམ་གྱི་ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པས་ལྷག་པའི་ཆོས་སྐུ་ཆེན་པོ། མཉམ་པ་ཉིད་ཀྱི་ངང་དུ་སྦྱོར་བས་རང་ངོ་ལ་འཁོར་བ་མ་དམིགས་ཀྱང་མཉམ་པ་སྦྱོར་བ་ཆོས་སྐུའི་ངང་ལས་མ་རྟོགས་པའི་འཁོར་བ་ཆོས་སྐུའི་ངོ་བོ་ཉིད་ལས་རང་གི་རྟོགས་པས་འཁྲུལ་པར་སྣང་སྟེ། དཔེར་ན་མེ་ལོང་གཡའ་དག་པ་ལས་གཟུགས་བརྙན་འཆར་བ་མེ་ལོང་ལས་མ་གཡོས་ཀྱང་གཟུགས་བརྙན་གསལ་བ་བཞིན་ནོ། །ཐུགས་རྗེ་ཆེན་པོའི་འབྲེལ་བ་ཡང་ཡིན་ནོ། །གདུལ་བྱ་ཉིད་ལས་མི་གཞན་པ་ཡང་མཉམ་སྦྱོར་ཏེ་གདུལ་བྱ་ཆོས་སྐུ་ལས་མ་གཡོས་པར་གདུལ་བྱའི་རྒྱུད་མཁྱེན་བྱ་མཁྱེན་བྱེད་ཀྱི་རྟོག་པ་ལས་གྲོལ་བ་ནི་ཇི་ལྟ་བ་མཁྱེན་པ་ཞེས་བྱའོ། །ཡེ་ཤེས་གཉིས་རིམ་པར་སྨོས་ཀྱང་ཅིག་ཅར་དུ་རྫོགས་པ་ནི་དབྱེར་མེད་པ་མཁྱེན་པའོ། །ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། །ཞེས་པ་གཉིས་སུ་མེད་པའི་ཐུགས་རྗེ་སེམས་ཅན་ཐམས་ཅད་ལ་ཡེ་ཁྱབ་ཏུ་ཡོད་པའི་གཞི་ལས་གདུལ་བྱའི་ངོར་ཐུགས་རྗེ་གསུམ་ཡང་རྫོགས་ཏེ། ཡོངས་ཀྱིས་འབྱུང་། ཞེས་རྩ་བ་དངོས་པོ་ཐམས་ཅད་དང་བྲལ་བ་ལས་ཟག་པ་མེད་པ་མཐར་ཐུག་པ་མེད་པར་འབྱུང་བ་དང་། སྔོན་འགྲོ་རྗེས་འཇུག་མེད་པར་རང་སྣང་བ་དང་། འདུ་ཤེས་ཐམས་ཅད་དང་བྲལ་བར་སྣང་བའོ། །འདུལ་བའི་དཀྱིལ་འཁོར་ནི། ཕྱོགས་བཅུ་དུས་བཞི་འདུལ་བའི་མགོན། །ཞེས་པ། གནས་ཀྱི་ངོས་ནས་ཕྱོགས་བཅུ་དུས་བཞིས་བསྡུས་པའི་འགྲོ་བ་རིགས་དྲུག་གི་ལོག་རྟོག་རང་སྣང་གི་དཀྱིལ་འཁོར་མ་ལུས་པ་རྣམས་འདུལ་བྱེད་སངས་རྒྱས་ཀྱི་སྤྲུལ་པའི་དཀྱིལ་འཁོར་མ་ལུས་པས་ལོག་རྟོག་གཟུང་འཛིན་རྣམས་འདུལ་ཞིང་འགྲོ་བ་རྣམས་ཀྱི་མགོན་དུ་གྱུར། གཟུགས་སྐུ་ཇི་སྙེད་པ་རྣམས་ཀྱིས་གདུལ་བྱ་སྒྱུ་མ་སྟེ། སྒྱུ་མ་ནི་དཔེར་ན། རྡེའུ་དང་སྔགས་དང་སྒྱུ་མའི་རྫས་ལ་སྒྱུ་མའི་མཁན་པོས་ལྟད་མོ་བའི་ངོ་ལ། གླང་དང་། རྟ་དང་། བུད་མེད་ཀྱི་ཚོགས་སུ་སྣང་ཡང་སྒྱུ་མ་མཁན་པོ་ལས་དེ་དག་མ་གྲུབ་པ་བཞིན། འདིར་འགྲོ་བ་དྲུག་གི་རྒྱུད་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་ཀུན་བརྟགས་གཉིས་ལས། རྐྱེན་ལས་དང་ཉོན་མོངས་པ་སྦྱར་ནས། འབྲས་བུ་སྒྱུ་མ་ལྟར་འགྲོ་བ་དྲུག་ཏུ་སྣང་ཡང་མ་གྲུབ་པ་བཞིན། འདུལ་བྱེད་སྒྱུ་མ་ལོག་རྟོག་གི་དཀྱིལ་འཁོར་སྣ་ཚོགས་སྒྲོལ་བ་ནི། ཐམས་ཅད་མཁྱེན་པའི་ཐབས་ཁྱད་པར་ཅན་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པ་དང་། བཞིའི་ཐབས་ཀྱིས། བྱ་བྱེད་མེད་པར། ཞེས་པ་གོང་དུ་ཐུགས་རྗེའི་སྐབས་སུ་བཤད་པ་བཞིན་གདུལ་བྱ་རང་ལས་མི་གཞན་བཞིན་བྱ་བ་དང་བྱེད་པའི་འདུ་ཤེས་མེད་པར་གདུལ་བྱའི་དཀྱིལ་འཁོར་འདུལ་བའི་ཐབས་ཀྱི་རང་སྣང་བ་ལ་ནི་སྤྱོད་ཅེས་བྱ་སྟེ། དེ་ནི་འདུལ་བའི་དཀྱིལ་འཁོར་རོ། །མོས་པའི་ཡོན་ཏན་གྱི་འཐད་པ་ནི། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཞེས་པ་ཀུན་གཞི་ཀུན་ཏུ་བཟང་མོ་དེ་ཉིད་ཡིད་ཀུན་ཏུ་བཟང་པོས་རྟོགས་ནས། ཡིད་དང་ཀུན་གཞི་དབྱེར་མེད་པའི་རང་བྱུང་གི་ཡེ་ཤེས་མི་འགགས་པའི་ངང་ལས། འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཡིད་དགོངས་པ་ཉིད་གདུལ་བྱ་བློ་མཆོག་གི་དོན་དུ། དཀྱིལ་འཁོར་བཅུ་གཉིས་སུ་གསལ་བ། གསང་སྙིང་རང་གཞུང་ལས། ཐོས་བསམ་བསྒོམ་པའི་རྣལ་འབྱོར་གྱིས། །ཞེས་པ། ཐོས་པའི་ཤེས་རབ་བསམ་པའི་ཤེས་བསྒོམ་པའི་ཤེས་རབ་གསུམ་གྱིས་སྣོད་ཀྱི་སྐྱོན་བཞི་སྤངས་ཏེ། རྫོགས་ཆེན་གྱི་སྐབས་སུ་བཤད་པ་ལྟར་གྱི་དཀྱིལ་འཁོར་བཅུ་གཉིས་ཀྱི་དོན་མཉམ་པར་སྦྱོར་བའི་རྣལ་འབྱོར་གྱིས། རང་བྱུང་དཀྱིལ་འཁོར་བཅུ་གཉིས་ཀྱི་དོན་མངོན་དུ་གྱུར་པ་མཐར་ཕྱིན་ནས། ཀུན་ངམ། ཞེས་པ་དགོངས་པའི་ངོ་བོ་ཉིད་ལ་བསྟོད་ཅིང་ངམ་པ་ཕུན་སུམ་ཚོགས་ཏེ། དཀྱིལ་འཁོར་བཅུ་གཉིས་ཀྱི་དོན་མ་འདྲེས་ཡོངས་སུ་རྫོགས་པར་ལྷུན་གྱིས་གྲུབ་པ་འདི་ནི། བུདྡྷ་ཐམས་ཅད་ཀྱི་ངོ་བོ་རྒྱལ་བ་ཀུན་ཏུ་བཟང་པོ་ཡང་དེའི་ངོ་བོ་ཉིད་ཡིན་པས་འདའ་བར་མི་མཛད་དེ། ཅིའི་ཕྱིར་ན། ནམ་མཁའ་ནམ་མཁའ་ལས་མི་འདའ་བ་དང་འདྲ་བར་དམ་ཚིག་མཆོག་གོ། །ཡོན་ཏན་དངོས་ནི། གང་ཞིག་འདི་ལ་མོས་འགྱུར་པ། །ཞེས་པ་ལ་སོགས་པ། སྦྱངས་བསགས་མཆོག་ཏུ་གྱུར་པའི་སྐྱེས་བུ་གང་ཞིག་དོན་དཀྱིལ་འཁོར་བཅུ་གཉིས་དང་། རྗོད་བྱེད་ཀྱི་ཚིག་གསང་བའི་སྙིང་པོ་ལ་མོས་པའི་སྐྱེས་བུ་ལ། ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པའི་བུདྡྷའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱོགས་བཅུ་དུས་བཞི་ཀུན་ནས་ཀུན་ཏུ། རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་བསྙེན་པ་ཡིན་པས། ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཞེས་པ་རྒྱུའི་ཐེག་པ་ཆེན་པོ་ལས་ཉེ་བའི་ཚེ་གཅིག་བུདྡྷ་བའི་སྲས་དམ་པར་དགོངས་པར་འགྱུར། རྙེད་དཀའ་བའི་གཏན་ཚིགས་ནི། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཞེས་པ་ལ་སོགས་པ་ཚིགས་བཞིས་སྟོན་ཏོ། །འབྲུ་གཉེར་གོང་དུ་བསྟན། རྙེད་དཀའ་བའི་འཐད་པ་ནི། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །ཞེས་པ་ནས། བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །ཞེས་པའི་བར་གྱིས་སྟོན་ཏེ། བརྙེས་ནས། ཞེས་པ་དཀྱིལ་འཁོར་བཅུ་གཉིས་ཀྱི་དོན་ནོ། །འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར། །ཞེས་པ། དཀྱིལ་འཁོར་བཅུ་གཉིས་ཀྱི་དོན་འདི་ཡིས། དཀྱིལ་འཁོར་བཅུ་གཉིས་ཀྱི་དོན་འདི་ནི་གསང་ཆེན་ངེས་པ་ཞེས་བྱའོ། །དཀྱིལ་འཁོར་བཅུ་གཉིས་ཀྱི་དོན་འདི་ལས་མ་གཏོགས་པའི། གསང་བའི་ངེས་དོན་ལོགས་ན་མེད། །ཅེས་སོ། །འདི་གཏད་པའི་སྣོད་ཀྱི་མཚན་ཉིད་བཟང་པོ་ནི། ཀུན་གྱི་ཕྱག་རྒྱ་ཆེན་པོའི་མཆོག །ཅེས་པ་ནས་ཚིགས་དྲུག་གིས་བསྟན་ཏེ། འབྲུ་གནོན་གོང་དུ་བསྟན་ཟིན། ལེའུའི་ཞབས་དོན་ནི། དེ་བཞིན་གཤེགས་པ་ཉིད། ཅེས་པ་བུདྡྷ་ཐམས་ཅད་དབྱེར་མེད་པའི་རྒྱལ་བ་དྲུག་པའོ། །དེ་བཞིན་གཤེགས་པ་ཉིད་ལ། ཞེས་པ་གོ་ཕྱེ་བའི་འཁོར་ཕྱིས་འབྱུང་བའི་དེ་བཞིན་གཤེགས་པ་ཉིད་ལ། ལམ་ཉམས་སུ་ལེན་ཞིང་འབྲས་བུ་ལ་སྦྱོར་བའི་ཆེད་དུ་བརྗོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཤིན་ཏུ་གསང་བ་མན་ངག་གི་ལེའུ་ཞེས་པ། རྒྱུད་ཀྱི་དོན་གདམས་ངག་ལྔ་པོ་དེ་ཡོ་ག་ཕྱིན་ཆད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས་གསང་བ། མ་ཧཱ་ཡོ་གར་ཞུགས་པ་ཡང་དབང་པོ་རབ་ཀྱི་སྤྱོད་ཡུལ་ཡིན་པས་ཀྱང་ཤིན་ཏུ་གསང་བ། རྒྱུད་ཀྱི་གཞུང་ན་དོན་ཚང་བར་ཡོད་ཀྱང་བླ་མ་དགོངས་ཉམས་དང་ལྡན་པ་ལ་མ་བསྟེན་པར་མི་རྟོགས་པས་ཀྱང་ཤིན་ཏུ་གསང་བའོ། །མན་ངག་ནི་བུང་ཆུང་བ་ལ་དོན་ཆེ། དོན་ཐོག་ཏུ་ཕེབས་ནས་འབྲས་བུ་ལ་སྦྱོར་བ་ཐེ་ཚོམ་མི་ཟ་བ་སྟེ་གདམས་ངག་ལྔ་པོ་གང་ཡང་རྣལ་འབྱོར་པས་ཉམས་སུ་བླངས་ན། ཚེ་གཅིག་གིས་འབྲས་བུ་ལ་སྦྱོར་བའོ། །དེ་དག་གཞུང་སྐྱོང་བའི་ལེའུ་བཅུ་གསུམ་པའི་བཤད་པའོ།། ༈ །།ལེའུ་བཅུ་བཞི་པ་བསྟོད་པ་ལ། རྒྱུད་གསུམ་ལས་ན་ལམ་གྱི་རྒྱུད། རྟེན་གྱི་གང་ཟག་ལས་ན་དབང་པོ་རབ་འབྲིང་གི་སྤྱོད་ཡུལ། རྒྱུད་ཀྱི་དངོས་པོ་བཅུ་ལས་ན་མཆོད་པ། ལེའུའི་འབྲེལ་ཀ་བརྩི་ན། ལེའུ་བདུན་པ་སྐུའི་དཀྱིལ་འཁོར་ལ་མཆོད་པ་འབུལ་དགོས་པས་དེར་འབྲེལ་བ་དང་། ཚོགས་ཀྱི་བསྒྲུབ་པ་ལེའུ་གཉིས་ཀྱིས་སྟོན་པའི་གླུ་ཡེ་ཤེས་ཀྱི་མཆོད་པ་བསྟན་ཏོ། །དེ་ཡང་ལམ་པའི་ངོས་ནས་དེ་ལྟར་ཡིན་ཀྱང་། གནས་ཚུལ་གྱི་ངོས་ནས་སྐུ་ལྔ་འབྲས་བུ་མཐར་ཕྱིན་པ་ཡིན་པས་རྒྱུད་གསུམ་ན་འབྲས་བུའི་རྒྱུད། ལམ་པ་མཐར་ལམ་པའི་སྤྱོད་ཡུལ། དཀྱིལ་འཁོར་བཅུ་གཉིས་ན་རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་རོ། །དེ་ཡང་དཀྱིལ་འཁོར་ལ་སྐུ་ལྔའི་སྒོ་ནས་བསྟོད་པ་སྟེ། ཆོས་ཐམས་ཅད་སྐུ་ལྔའི་ངོ་བོར་བཞུགས་པའོ། །སྤྱིར་ཡོན་ཏན་མེད་ཀྱང་ཡོན་ཏན་ཤོབ་པ་ནི་སྒྲོ་བཏགས་པ། ཡོན་ཏན་ཡོད་ཀྱང་བཅད་ནས་སྐྱོན་བརྗོད་པ་ནི་སྐུར་པ། འདིར་ཡོན་ཏན་ཇི་ལྟ་བར་བཞུགས་བཞིན་དུ་བརྗོད་པ་བསྟོད་པ་ཁོ་ན་སྟེ། དེ་ཡང་རྒྱུད་ཀྱི་གཞུང་གི་བསྟོད་པ་ནི་དང་པོའི་འགྲེལ་བརྩི་ན། རྒྱུད་ཀྱི་གཞུང་དང་པོ་འཁོར་གྱིས་ཞུས་ན་ཕྱིས་བསྟོད་པ་ཡང་འཁོར་གྱིས་བྱེད། དང་པོ་ཡུམ་གྱིས་ཞུས་ན་ཕྱིས་ཡུམ་གྱིས་བསྟོད་པ་ཡིན་ཏེ། འདིར་རྒྱུད་ཟབ་པས་འཁོར་གྱིས་ཞུ་མ་ནུས་ནས། སྟོན་པ་ཡབ་ཡུམ་གྱིས་གླེང་བསླང་སྟེ། ལེའུ་གཤམ་རྣམས་ན་ཆེད་དུ་བརྗོད་ཅེས་པའི་མཚན་ཉིད་དོ། །དེས་ན་འདིར་བསྟོད་པ་ཡང་། དགྱེས་པའི་གླུང་བླང་བ་ཞེས་པ། རང་ལ་རང་བསྟོད་དུ་བརྗོད་པའོ། །དེ་ཡང་འཁོར་འདས་དབྱེར་མེད་པའི་བདག་ཉིད། དྲུག་པ་ཀུན་ཏུ་བཟང་པོའི་ངོ་བོ་ཉིད། ལོངས་སྤྱོད་ཆེན་པོ་ལྷུན་གྱིས་གྲུབ་པ་མི་འགྱུར་བ་གཡུང་དྲུང་གི་དཀྱིལ་འཁོར་ལ། རྒྱུ་རྐྱེན་དང་བྲལ་བར་ལྷུན་གྱིས་གྲུབ་པའི་རང་སྣང་གི་འཕྲོ་བའི་སྤྲུལ་པས་ངོ་བོ་ཉིད་ཀྱིས་འགྲོ་བ་འདུལ་བའི་ཕྲིན་ལས་རང་ཤར་བས་ལྷུན་གྲུབ་ཀྱི་མཛད་པ་ལ་དགྱེས་པའོ། །གསུང་པ་ལོ་རྒྱུས་ནི། དེ་ནས། ཞེས་པ་ལ་སོགས་ཀྱིས་ཚིག་གི་དེ་མ་ཐག་པ་ནི་བཅུ་གསུམ་པ་ཉིད་དོ། །དོན་གྱི་དེ་མ་ཐག་པ་ནི། དཀྱིལ་འཁོར་བཀོད་ཡེ་ཤེས་བསྟིམ་ནས། མཆོད་པ་ལ་བབ་པའི་དུས་སུ་མཆོད་པར་འབྲེལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་གླེང་གཞིའི་དུས་སུ་ལྷན་ཅིག་པའི་གཙོ་འཁོར་ཐམས་ཅད་དོ། །རྣལ་འབྱོར་པས་ཉམས་སུ་བླངས་པའི་དུས་སུ། དཀྱིལ་འཁོར་གྱི་འཁོར་ལོ་རྒྱས་འབྲིང་གང་ཡིན་པའི་ལྷ་གཙོ་འཁོར་སྤྱི་སྟེ། འདི་ཉེ་བར་ན་བཞི་བཅུ་རྩ་གཉིས་སུ་ཀུན་འདུས་པའོ། །དེ་ཡང་གླུ་དངོས་ལ་ཡང་ཚིགས་བཅད་ལྔ་དང་། བསྡུས་པ་དྲུག་ཏུ་བརྗོད་བྱ་རྗོད་བྱེད་ཐམས་ཅད་འདུས་པའི་ཕྱིར་རོ། །དགྱེས་པ་ཆེན་པོ། ཞེས་པ་འཁོར་ཐམས་ཅད་ངོ་བོ་ཉིད་སྐུ་ལྔར་འདུས་ལ། དེའི་རྗོད་བྱེད་གླུའི་ཚིག་གིས་དོན་སྐུ་ལྔ་དབྱེར་མེད་པའི་ངོ་བོ་མཚོན་པ་ལྟར་བཞུགས་པ་གླུ་བརྗོད་པ་ཉིད་ཀྱི་སྒྲས་རིག་པ་ལ་གསལ་བར་སྣང་བ་ཉིད་ལ་ཕྱོགས་འཛིན་གྱི་ཆོས་ཕྲ་བའང་མི་མངའ་བ་ནི་དགྱེས་པ་ཞེས་བྱ་སྟེ། མཉམ་པ་ཉིད་ཀྱི་རང་གི་ངོ་བོའོ། །ཆེན་པོ་ནི་དགྱེས་པ་ཐམས་ཅད་དབྱེར་མེད་པའི་བདག་ཉིད་དོ། །འོན་ཀྱང་ལམ་པ་བཞིན་གླུའི་རྐྱེན་གྱིས་བསྐུར་ནས་གཟོད་དོན་གསལ་བ་ལྟ་བུ་ནི་མ་ཡིན་ཏེ། ནམ་མཁའ་ལྟ་བུའི་ཕྱིར་ཡེ་ནས་དེ་ཉིད་ཡིན་པའོ། །འོན་ཀྱང་གདུལ་བྱའི་སྣང་བ་ཙམ་འགོག་པའང་མ་ཡིན་ནོ། །སྐུ་ལ་བསྟོད་པ་ནི། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་པ་ལ་སོགས་པ་སྟེ། སྤྱིར་ཕྱོགས་དུས་ཀྱི་བུདྡྷ་ཐམས་ཅད་ཀྱི་སྐུ་ལ་བསྟོད། སྒོས་སུ་རྣམ་སྣང་ལྟ་བུ་སྟེ། ༀ་ནི་གླུའི་མགོ་འདྲེན་པའོ། །གླུ་ཡེ་ཤེས་ཀྱི་རྒྱན་ཞེས་བྱ་སྟེ། དྲང་སྲོང་གི་རྗེས་སུ་འབྲངས་པའི་གླུ་སྟེ། ཆོས་ཐམས་ཅད་ཡེ་ཤེས་ལྔའམ་སྐུ་ལྔ་ཉིད་ཡེ་ཤེས་ལྔའི་ངོ་བོར་རྫོགས་པའོ། །དང་པོའི་ཚིག་འདིས་སྐུ་ལྔ་ལས་ན། མངོན་པར་བྱང་ཆུབ་པའི་སྐུ་བསྟན་ཏེ། འཇིག་རྟེན་གྱི་ཁམས་མཐར་ཐུག་པ་མེད་པའི་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་ཆོས་ཐམས་ཅད་རང་རིག་པ་བྱང་ཆུབ་ཀྱི་སེམས་གཡོས་ཏེ་དབྱེར་མེད། མཉམ་པ་ཉིད་ཀྱི་ངང་དུ་ལྷུན་གྱིས་གྲུབ་པས་རྫོགས་པའི་ངོ་བོ་ལ་སྣང་བའི་དངོས་པོ་མ་སྤངས་ངང་གིས་དག་སྟེ། ཆོས་ཀྱི་དབྱིངས་ནམ་མཁའ་ལྟར་ལྷུན་གྱིས་གྲུབ། སྟོང་པའི་ངོ་བོ་མ་དམིགས་ཏེ་ཆུ་ཟླ་བཞིན་སྒྱུ་མའི་མཚན་ཉིད་རང་གསལ་བས་རང་རིག་པའི་མངོན་སུམ་དུ་ཡོངས་སུ་རྫོགས་པ་ནི་མངོན་པར་བྱང་ཆུབ་པའི་སྐུའོ། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །ཞེས་པ་རང་བྱུང་གི་ཡེ་ཤེས་གསལ་ལ་མི་འགག་པ་ལ་སོགས་པའི་ཡེ་ཤེས་ལྔའི་འཁོར་དང་བཅས་པའི་དཀྱིལ་འཁོར་ཉིད། ཐིག་ལེ། ཞེས་པས་ངོ་བོ་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་གསལ་ཞིང་ལྷུན་གྱིས་གྲུབ་སྟེ། དེའི་ངང་ལ་ཕྱོགས་འཛིན་གྱི་ཐ་སྙད་མ་སྤངས་ངང་གིས་དག་པ་ནི་སྤྲོས་པ་དང་བྲལ་བས་ཐིག་ལེ་སྟེ། ཆེ་བ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་ཉིད་དུ་དབྱེར་མེད་ཅིང་རིག་པ་རང་གསལ་ཁྱབ་བདལ་ཆེན་པོའི་ངོ་བོར་གནས་པ་ནི་ཆོས་ཀྱི་སྐུའོ། །བསོད་ནམས་དཀྱིལ་འཁོར་ཞེས་པ། བསོད་ནམས་ནི་ལྷུན་གྱིས་གྲུབ་ཅིང་གང་ཡང་མ་སྤངས་པ་སྟེ། ཡུལ་དྲུག་འདོད་ཡོན་ལྔའི་དངོས་པོ་ཐམས་ཅད་རང་རིག་པ་ཉིད་སྣང་། རང་རིག་པ་ཉིད་རོལ། ཡུལ་དང་ཡུལ་ཅན་མེད་པར་ལྷུན་གྱིས་གྲུབ་པ་ཉིད་ལ་བདག་ཏུ་འཛིན་པ་ཕྲ་བའང་མེད་པས་སྤངས་བསྒྲུབ་ཀྱི་མཐའ་དང་བྲལ་བ་ནི། ཟག་པ་མེད་པའི་བསོད་ནམས་རང་སྣང་བའི་ངོ་བོ་སྟེ། རང་རིག་པ་མཐའ་དང་བྲལ་བའི་དཀྱིལ་ལ་རང་སྣང་མི་འགག་པའི་འཁོར་གྱིས་བསྐོར་བས་འཁོར་འདས་དབྱེར་མེད་པ་ནི་ཐེག་པ་འདི་ཉིད་ཀྱི་ལོངས་སྐུ་ཆེན་པོའོ། །སྐུ་ཡི་ཚོགས། ཞེས་པ་དག་སྣང་གི་ངོ་ལ་སྣང་བའི་གཟུགས་སྐུ་ཐམས་ཅད་དེ། ཚོགས་མང་པོའི་སྒྲས་ཟག་མེད་ཀྱི་ལམ་པ་རྣམས་ལ་འོག་མིན་གྱི་རྣམ་སྣང་ཆེན་པོ་ལ་སོགས་ཏེ་ལོངས་སྐུའི་བྱེ་བྲག་ཐམས་ཅད་སྣང་། མོས་པ་སྤྱོད་པ་འགྲོ་དྲུག་གི་ས་པ་རྣམས་ལ་སྤྲུལ་པའི་སྐུ་བྷ་ག་ཝཱན་སྣང་བ་ཡང་། གླིང་བཞི་བྱེ་བ་ཕྲག་བརྒྱ་ན་སྤྲུལ་པ་བྱེ་བ་ཕྲག་བརྒྱ་སྣང་བ་དང་། གཟུགས་ཁམས་པ་ལ་ཚངས་པ་ལྟ་བུ་དང་། འདོད་ཁམས་པ་ལ་བརྒྱ་བྱིན་ལྟ་བུ་དང་། ལྷ་མ་ཡིན་ལ་ཐག་ཟངས་རིས་ལྟ་བུ་དང་། མི་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པ་དང་། དུད་འགྲོ་ལ་སེང་གེ་ཡི་དམ་བརྟན་པ་ལྟ་བུ་ཉིད་དེ། ནང་ཚན་མི་འདྲ་བ་སྣ་ཚོགས་པ་དང་། ཡི་དྭགས་ལ་ཁ་འབར་མ་དང་། དམྱལ་བ་ལ་ཆོས་ཀྱི་རྒྱལ་པོ་ལ་སོགས་པ་སྟེ་སྤྲུལ་སྐུ་ཁོ་ནའོ། །ནང་སྟོང་ཐིག་ལེ་ཀུན་ཏུ་རྫོགས། །ཞེས་པ་ཕྱི་ནང་གི་ཆོས་དང་སྐུ་ལྔར་ཕྱེས་པ་ཐམས་ཅད་ངོ་བོ་མ་འགག་པར་སྣང་། གང་དུའང་མ་གྲུབ་པས་སྟོང་། མེ་ལོང་དང་གཟུགས་བརྙན་ལྟར་སྣང་སྟོང་གཉིས་སུ་མི་ཕྱེད་ཅིང་མཚོན་པའི་ཐ་སྙད་དང་བྲལ་བའི་དོན་གྱིས་འགྲོ་བའི་དོན་ཇི་ལྟར་མཛད་ན་ཡང་ནམ་མཁའ་ལ་རྡུལ་མི་ཆགས་པ་དང་འདྲ་བས་འཛིན་པའི་མཐས་མི་གོས་ཤིང་ངོ་བོ་ལ་འགྱུར་བ་མེད་པ་སྟེ། མཐའ་བྲལ་གྱི་ངོ་བོ་ཉིད་ལ་མཐའི་སྤྲོས་པ་མི་མངའ་བས་ཐིག་ལེ། ཕྱི་ནང་གི་ཆོས་ཐམས་ཅད་དེ་ལས་མི་འདའ་བའི་ངང་དུ་ལྷུན་གྱིས་གྲུབ་པས་ཀུན་ཏུ་རྫོགས་ཞེས་བྱའོ། །ཧོཿཞེས་པ་དེ་ལྟར་སྐུ་ལྔ་ལ་བསྟོད་པའི་སྒོ་ནས་དེའི་དོན་གྱིས་མཉེས་པ་ནི། ཧོཿཞེས་བྱ་བ་སྟེ་དགྱེས་པའི་བདག་ཉིད་དོ། །གསུང་ལྔ་ལ་བསྟོད་པ་ནི། ༀ། རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །ཞེས་པ་སྤྱིར་བདེ་གཤེགས་ཐམས་ཅད་ཀྱི་གསུང་ལ་བསྟོད། ཁྱད་པར་དུ་གསུང་སྣང་བ་མཐའ་ཡས་ལ་བསྟོད་པ་སྟེ། ༀ་གསུང་ལྔ་ལ་བསྟོད་པའི་མགོ་འདྲེན། རྡོ་རྗེ་ནི་འཁོར་འདས་དབྱེར་མེད་པའི་རིག་པ་རང་བྱུང་གི་ཡེ་ཤེས། ངོ་བོ་འགྱུར་བ་མེད་པ་རྡོ་རྗེ་ལྟ་བུ། ཆོས་ཐམས་ཅད་དེ་ཉིད་ཀྱི་ངང་དུ་འཇོམས་པས་རྡོ་རྗེ་ལྟ་བུ། མི་ཕྱེད་པ་དང་འཇོམས་པ་གཉིས་རང་བཞིན་ངང་ནས་དབྱེར་མེད་པས་རྡོ་རྗེ་ལྟ་བུའོ། །བསོད་ནམས། ཞེས་པ་རང་རིག་པ་རང་བྱུང་གི་ཡེ་ཤེས་རྡོ་རྗེ་ལྟ་བུ་མི་འགག་པའི་ངང་ལས། ལོངས་སྤྱོད་རྫོགས་པའི་སྐུ་སྟེ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་ལ་གང་ཡང་མ་སྤངས་པ་ལོངས་སྐུ་ཆེན་པོ་ཉིད་ཀྱི་ཚིག་གིས་གསུང་བ་མི་མངའ་ཡང་། སྐུ་དང་ཐུགས་གཉིས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་བྱའི་སྒྲིབ་པ་སྦྱོང་བར་བྱེད་པ་མེ་ལོང་ལྟ་བའི་གསུང་གིས་དགོངས་པ་བརྡ་སྤྲོད་པར་བྱེད་པ་ནི་ལོངས་སྤྱོད་པའི་གསུང་ངོ་། །ཐིག་ལེ་ཆེ། ཞེས་པ་ཆོས་ཀྱི་སྐུའི་གསུང་སྐྱེ་མེད་དོན་གྱི་གསུང་སྟེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་སྐྱེ་བ་མེད་པའི་དོན་ཉིད། ས་བཅུ་པ་ཡན་ཆད་ཀྱི་སྤྱོད་ཡུལ་དུ་ཆོས་སྐུ་སྐྱེ་བ་མེད་པའི་ངོ་བོ་འབྱུང་འཇུག་མེད་པར་གོ་ཞིང་བརྡ་འཕྲོད་པར་བྱེད་པ་ལ་མི་འགག་པའི་ངོས་ནས་སྐྱེ་མེད་དོན་གྱི་གསུང་ཞེས་བྱའོ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །ཞེས་པ་རང་རིག་པ་རང་བྱུང་གི་ཡེ་ཤེས་གཉིས་འཛིན་གྱི་ཐ་སྙད་དག་པ་ལ་ནི་མི་ཕྱེད་པའི་དོན་གྱི་རྡོ་རྗེ་ཞེས་བརྗོད་ལ། ཡེ་ཤེས་ནི་རང་རིག་པའི་ཡེ་ཤེས་ཡེ་ཤེས་ལྔ་དང་ལྡན་པས་ན་དཀྱིལ་འཁོར། དེས་སྣོད་བཅུད་བེམ་རིག་ཐམས་ཅད་ལ་ཁྱབ་པའི་ངོ་བོར་བཞུགས་པ་ནི་ལྡན་པ་སྟེ། དེའི་བྱིན་རླབས་དང་སྣང་བ་དོན་མངོན་དུ་གྱུར་པའི་རྣལ་འབྱོར་པ་ལ་ཕྱི་ནང་གི་ཆོས་ཐམས་ཅད་ཡེ་ཤེས་ལྔའི་ངང་དུ་གསལ་བར་བྱེད་པ་ནི། མངོན་པར་བྱང་ཆུབ་པའི་སྐུ་རིག་པ་བྱིན་རླབས་ཀྱི་གསུང་ངོ་། །རིག་པ་བྱིན་རླབས་ཀྱི་གསུང་དེའི་བྱིན་རླབས་ཀྱིས་འཁྲུལ་ཆོས་ཐམས་ཅད་དཔྱད་མི་དགོས་པར་རིག་པ་ལ་བརྡ་འཕྲོད་པ་ཡང་དེའི་རྩལ་ལོ། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །ཞེས་པ་རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས། སྒྲ་ཆེ་བ་ནི་ངོ་བོ་ཉིད་ཀྱི་གསུང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ལ་ཆོས་ཀྱི་སྐུས་མ་ཁྱབ་པ་མེད་པའོ། །དེའི་རྩལ་རང་སྣང་བ་བེམ་རིག་གི་སྒྲ་མི་འགགས་པའི་རྩལ་དངོས་པོ་ཐམས་ཅད་བརྡ་འཕྲོད་པར་བྱེད་པ་ཡིན་ལ། དེའི་ནང་དུ་དག་སྣང་གི་སྤྲུལ་པའི་སྐུའི་གསུང་ཡན་ལག་སུམ་བརྒྱ་དྲུག་ཅུ་འགྲོ་བ་རིགས་དྲུག་གི་སྐད་དང་མཐུན་པ་སྣ་ཚོགས་པ་ཅིར་ཡང་སྣང་བ་ནི། སྤྲུལ་སྐུས་བརྗོད་པ་ཚིག་གི་གསུང་ངོ་། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོཿ །ཞེས་པ་རྡོ་རྗེ་ནི་གསུང་གི་རང་བཞིན་དབྱེར་མེད་ཀྱི་ཡེ་ཤེས་སོ། །རྒྱལ་པོ་ནི་དཔེར་ན་རྒྱལ་པོ་ཐམས་ཅད་ལ་དབང་ཆེ་ཞིང་ཐམས་ཅད་མངར་འདུས་པ་བཞིན་དུ་གཉིས་སུ་མེད་པའི་ཡེ་ཤེས་ལ་རིག་པ་རང་དབང་སྒྱུར་བས་མཐའ་གཉིས་ཀྱི་སྐྱོན་གྱིས་མི་གོས་པའོ། །ཐིག་ལེ་ནི་ཕྱོགས་འཛིན་གྱི་སྤྲོས་པ་ཐམས་ཅད་མ་སྤངས་ངང་གིས་དག་པའོ། །དེ་ནི་སྣང་སྟོང་དབྱེར་མེད་རྡོ་རྗེའི་གསུང་། གྲགས་སྟོང་དབྱེར་མེད་ཀྱི་དོན་གྱིས་ཆོས་ཀྱི་དབྱིངས་དང་མཉམ་པའོ། །ཧོ་དེའི་དོན་གྱིས་མཉེས་པའོ། །ཐུགས་ལྔའི་བསྟོད་པ་ནི། ༀ། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཞེས་པ། ༀ་ཐུགས་ལྔའི་གླུའི་མགོ་འདྲེན་ནོ། །སྐུ་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། ཐམས་ཅད་ཀྱི་རྟེན་བྱེད་པའི་ཕྱིར་ན་སྐུའོ། །དེ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་གསལ་ལ་མི་འགག་པའི་ངོ་བོར་བཞུགས་པས། བུདྡྷ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྟེན་གྱི་བདག་ཉིད་དོ། །མེ་ལོང་ལྟ་བུའི་ཡེ་ཤེས་མ་འགག་པ་རྣམ་པར་སྣང་མཛད་དུ་སྣང་བས་ཀྱང་སྐུ་མཚོན་ནོ། །གསུང་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཏེ། གསུང་ནི་དངོས་པོ་ཐམས་ཅད་བརྡ་སྤྲོད་ཅིང་རིག་པ་ལ་འཇལ་བར་བྱེད། ཅིར་ཡང་མ་འགག་པར་གྲགས་ཀྱང་། དངོས་པོ་ཐམས་ཅད་དང་བྲལ་བ་བཞིན་སོ་སོར་རྟོགས་པའི་ཡེ་ཤེས་ཀྱང་མེ་ལོང་ལྟ་བུ་མི་འགག་པའི་ངོ་བོ་ཉིད་ལས། མི་འགག་པ་ཅིར་ཡང་སྣང་བ་གདུལ་བྱ་རྣམས་ཀྱི་རྒྱུད་དུས་བཞི་ཐོག་མཐའ་གང་ལ་གང་འདུལ་དེ་ལ་དེར་སྟོན་རང་གསལ་བར་ལྷུན་གྱིས་གྲུབ་པ་ཉིད་ཇི་སྙེད་མཁྱེན་པ། ངོ་བོ་ཆོས་ཀྱི་དབྱིངས་ལས་མ་གཡོས་པ་ནི་ཇི་ལྟ་བ་མཁྱེན་པ། མཁྱེན་པ་གཉིས་ཀྱི་མཐའ་གཉིས་ཀྱི་སྐྱོན་དང་བྲལ་ཞིང་སྐྱོན་གྱིས་མ་གོས་པས་གསུང་ཞེས་བྱ་ལ། དེ་ཉིད་སྐུར་སྣང་བའི་དུས་ན་གསུང་ཆོས་ཀྱི་རིགས་སྣང་བ་མཐའ་ཡས་སུ་སྣང་བའོ། །ཐུགས་ནི་སྟོང་པ་ཉིད་ཡེ་ཤེས་ཏེ། ཐམས་ཅད་མཁྱེན་པའི་ཐུགས་ནི་སྣང་སྟོང་གི་མཐའ་དང་བྲལ། ཆོས་ཐམས་ཅད་ལ་བསྣོལ་བ་མེད་པར་ཁྱབ། བཙལ་ན་རིས་སུ་མི་རྙེད་དེ། དེ་བཞིན་དུ་སྟོང་པ་ཆེན་པོའི་ཡེ་ཤེས་ཀྱང་དུས་གསུམ་དུ་མི་འགྱུར། ཆོས་ཐམས་ཅད་ལ་བསྒོས་པ་མེད་པར་ཁྱབ། སྣང་སྟོང་གི་སྐྱོན་དང་བྲལ་བ་སྟེ་ཡེ་ཤེས་ཐམས་ཅད་ཀྱི་ཡང་གཞིའམ་རྩ་བ་ལྟ་བུའོ། །རྫོགས། །ཞེས་པས་ཆོས་ཐམས་ཅད་མ་འགག་པ་སྐུ། མ་དམིགས་པ་གསུང་། དབྱེར་མེད་པ་ཐུགས་སུ་རྫོགས་པའི་བདག་ཉིད་ལས་གཞན་མ་ཡིན་པའོ། །ཆེ་བ་ནི་ཐམས་ཅད་དེ་ཉིད་དུ་གསལ་བའོ། །ཡོན་ཏན། ཞེས་པས་མཉམ་པ་ཉིད་ཡེ་ཤེས་ནི་སྟོང་པ་ཆེན་པོའི་ངང་ལས་ཡེ་ཤེས་བཞིར་སྣང་ཡང་མཉམ་ཉིད་ཡེ་ཤེས་དེ་དག་ཏུ་སོང་བ་མེད་དེ། སྟོང་པ་ཉིད་ལས་མ་གཡོས་པ་ཡེ་ཤེས་བཞིའི་ཕྱོགས་སུ་སོང་བ་མེད། ཡེ་ཤེས་བཞིར་མ་འགག་པས་སྟོང་པ་ཉིད་ཀྱི་ཕྱོགས་སུ་སོང་བ་མེད་པའི་ཕྱོགས་འཛིན་ཐམས་ཅད་དང་བྲལ་བ་མཉམ་པ་ཉིད་དེ། གང་གི་ཡང་ཕྱོགས་སུ་མ་སོང་བའི་བདག་ཉིད་ནམ་མཁའ་ལྟ་བུ་ཕྱོགས་ཐམས་ཅད་པར་ལྷུན་གྱིས་གྲུབ་སྟེ། ཐམས་ཅད་མཁྱེན་པའི་ཆེ་བའི་ཡོན་ཏན་ཅིར་ཡང་འཆར་བའོ། །དེ་ཉིད་སྐུར་སྣང་བའི་དུས་ན་རིན་ཆེན་འབྱུང་ལྡན་ཏེ་མཉམ་ཉིད་ཡེ་ཤེས་ཞེས་བྱའོ། །ཕྲིན་ལས་ནི་བྱ་གྲུབ་ཡེ་ཤེས་ཏེ། ཐམས་ཅད་མཁྱེན་པའི་ཕྲིན་ལས་ཀྱི་འགྲོ་དོན་ཅི་ལྟར་མཛད་ཀྱང་། ཡུལ་དང་ཡུལ་ཅན་དབྱེར་མེད་ཀྱི་ངང་ལས་དོན་ཐམས་ཅད་ལྷུན་གྱིས་གྲུབ་པ་ནི་གཉིས་སུ་མེད་པའི་མཛད་པ་སྟེ་བུདྡྷའི་ཕྲིན་ལས་ཀྱི་ངོ་བོའོ། །ཀུན་ཏུ་རྫོགས། ཞེས་པ་དུས་དང་གནས་སྐབས་ཀུན་དུ་གདུལ་བྱའི་དོན་མི་མཛད་པའི་དུས་ཀྱང་མེད་ལ་ལྷུན་གྲུབ་ཏུ་རྫོགས་ཏེ། ཀུན་ཏུ་རྫོགས་ཞེས་བྱའོ། །དེ་ཡང་གློ་བུར་དུ་གྲུབ་པ་མ་ཡིན་ཏེ། ཡེའམ་ཐོག་མ་ནས་ཆོས་ཐམས་ཅད་ཡེ་ཤེས་ལྔ་རུ་བྱས་པ་མེད་པར་རང་སྣང་དུ་ལྷུན་གྱིས་རྫོགས་ཏེ། དེའི་ངང་ལ་ཡེ་ཤེས་ལྔ་མ་གཏོགས་པའི་ཐ་སྙད་མི་གནས་ལ་ཟླ་བྲལ་བས་ཡེ་ཤེས་ལྔའི་དག་བརྟགས་ཀྱང་མ་དམིགས་པ་ལ་ནི་མཉམ་པ་ཉིད་ཀྱི་ངང་སྟེ་ཐ་སྙད་ཙམ་དུ་ཀུན་ཏུ་བཟང་པོ་ཞེས་བྱའོ། །འདུས་པའི་ཚོགས་ཆེན་ཞེས་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འདུས་ལ། དེ་ཉིད་ཀྱང་ཡེ་ཤེས་ལྔར་རང་སྣང་བ་གསལ་བར་རྫོགས་ཏེ། སྣང་སྟོང་མཉམ་པ་ཉིད་ནི་ཆེན་པོའོ། །ཡེ་ཤེས་ལྔའི་ངང་ལ་མཐར་ལམ་པའི་འཛིན་པ་ཙམ་ཡང་མི་མངའ་བ་ནི་སྤྲོས་མཐའ་དང་བྲལ་བས་ཐིག་ལེ་སྟེ། ཆོས་ཐམས་ཅད་དེ་ཉིད་དུ་གསལ་བས་ཆེ། ཧོཿ དེའི་དོན་གྱིས་མཉེས་པའོ། །ཡོན་ཏན་ལ་བསྟོད་པ་ནི། ༀ། མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །ཞེས་པ་ལ་སོགས་པ་སྟེ། ༀ་ཡོན་ཏན་ལྔ་ལ་བསྟོད་པའི་མགོ་འདྲེན། མི་དམིགས། ཞེས་པ་སེམས་ཉིད་རང་རིག་པ་ཉིད་ཅིར་ཡང་མི་དམིགས་པའི་ངོ་བོའོ། །སྒྱུ་འཕྲུལ། ཞེས་པ་སྒྱུ་མ་ནི་སྣང་བ་བཞིན་དུ་མ་གྲུབ་པ། འཕྲུལ་པ་ནི་མེད་བཞིན་དུ་མི་འགག་པར་འཆར་བ་སྟེ། སེམས་ཀྱི་ཡེ་ཤེས་རང་སྣང་བ་ཉིད་སྣང་སྟོང་གཉིས་སུ་མེད་པ་མཉམ་པ་ཉིད་ཀྱི་དབྱིངས་བཞུགས་གནས་གཞལ་ཡས་ཁང་སྟེ། ཕྱི་ནང་དང་རྒྱ་ཆེ་ཆུང་གཞལ་དུ་མེད་པའི་རིག་པ་རང་སྣང་བའི་གཞལ་ཡས་ཁང་ངོ་། །མཐའ་ཡས་ཀུན་ནས། ཞེས་པ་ཞིང་ཁམས་ཏེ་འདིར་རྒྱལ་བ་དྲུག་པའི་ཞིང་ཁམས་ནི་ཆོས་ཀྱི་དབྱིངས་ཡིན་པས། ཕྱོགས་བཅུར་མཐར་ཐུག་པ་མེད་པས་མཐའ་ཡས་ཏེ་ཆོས་ཀྱི་དབྱིངས་དང་མཉམ་པས་ཀུན་ནས་ཞེས་བྱའོ། །སྣ་ཚོགས་འཕྲོ། ཞེས་བྱ་བ་ནི། འོད་ཟེར་ཏེ་སྤྲུལ་པའི་སྐུ་བཞིན་གནས་ངེས་པ་ཅན་གདམས་པ་ལྟ་བུ་མ་ཡིན་པས། བ་སྤུ་རེ་རེའི་ཁུང་བུ་ནས་ཀྱང་འོད་ཟེར་བྱེ་བ་ཕྲག་དྲུག་ཅུ་དྲུག་ཅུ་འཕྲོ་སྟེ་བྱེ་བ་ཕྲག་ནི་གྲངས་སོ། །དྲུག་ནི་ཁ་དོག་དྲུག་གོ། །བཅུ་ནི་ཕྱོགས་བཅུར་འཕྲོ་བའོ། །བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཅིར་ཡང་སྣང་བས་རྒྱུན་ཆད་མེད་པའི་འཕྲོ་བའོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །ཞེས་བྱ་བ་ནི་ལོངས་སྤྱོད་དེ། མཐའ་ཡས་པ་ནི་ཆོས་ཀྱི་དབྱིངས་དང་མཉམ་པའི་ཕྱོགས་བཅུ་མཐར་ཐུག་པ་མེད་པའོ། །ཡང་མཐའ་ཡས་ཞེས་པ། འདོད་ཡོན་ལྔ་ཆོས་ཀྱི་དབྱིངས་དང་མཉམ་པར་མཐར་ཐུག་པ་མེད་པར་ལྷུན་གྱིས་གྲུབ་པའོ། །ཀུན་ནས། ཞེས་པ་དུས་གསུམ་ཀུན་ཏུ་སྤྱོད་ལམ་བཞི་ཀུན་ནས་ཀུན་ཏུ་འདོད་ཡོན་ལྔ་རང་སྣང་བ་མྱོང་བ་མེད་པའི་ཚུལ་གྱིས་ལོངས་སྤྱོད་པ་ནི་རང་སྣང་བས་ལྷུན་གྱིས་གྲུབ། གཟུགས་སྤྱན་དང་དབྱེར་མེད། སྒྲ་སྙན་དང་དབྱེར་མེད་པ་རྣམས་ལ་ནི་ཆོས་ཀྱི་དབྱིངས་དང་མཉམ་པས་ཐིམ་ཞེས་བྱའོ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ། །ཞེས་པ། གདན་ཁྲི་སྟེ་སྣ་ཚོགས་ནི་ནང་རྟགས་ཕྱི་རུ་ཤར་བ་མི་འཇིགས་པ་བཞིའི་རྟགས་སུ་སེང་གེའི་ཁྲི། སྟོབས་བཅུའི་རྟགས་སུ་གླང་པོ་ཆེ། རྫུ་འཕྲུལ་གྱི་རྐང་པ་བཞིའི་རྟགས་སུ་རྟ། དབང་བཅུའི་རྟགས་སུ་རྨ་བྱ། ཕྲིན་ལས་བཞིའི་རྟགས་སུ་ཤང་ཤང་ཏེའུའོ། །དེ་ནི་ཡོན་ཏན་གྱི་བྱེ་བྲག་སྣ་ཚོགས་སུ་སྣང་བ་སྟེ། རིན་པོ་ཆེའི་གདན་ཁྲི་མཛོད་མིག་བདུན་དང་ལྡན་པ་ཡང་བཟུང་ངོ་། །སྐུ་ནི་གསལ་བ་སྐྱོན་མེད་པ་འགྲོ་བའི་རབ་རིབ་སེལ་བའི་ཟླ་བའོ། །གསུང་ནི་ཐམས་ཅད་དུ་ཁྱབ་པའི་བདག་ཉིད་བས་གསལ་བསྲེག་ཐུན་མོང་པ་ཉི་མའོ། །ཐུགས་ནི་མཐའ་གཉིས་ཀྱི་སྐྱོན་དང་བྲལ་བ་མ་གོས་པའི་ངོ་བོ་པདྨའོ། །ཆེན་པོ་ནི་རྣམ་གྲངས་སམ་སོ་སོར་མཚོན་ཀྱང་ངོ་བོའི་རིག་པ་མཉམ་པའི་ངང་དུ་དབྱེར་མེད་པའོ། །ཧོཿདེའི་དོན་གྱིས་མཉེས་པའོ། །ཕྲིན་ལས་ནི། ༀ། ཕྱོགས་བཅུ་འཇིག་རྟེན་རྡུལ་སྙེད་དུ། །ཞེས་པ་ༀ་ནི་ཕྲིན་ལས་རྣམ་པ་ལྔ་ལ་བསྟོད་པའི་མགོན་འདྲེན་ནོ། །ཕྱོགས་བཅུ་ནི་དོན་བྱ་བའི་གནས་ཏེ། ཕྱོགས་རེ་རེ་ཡང་བཅུ་བཅུ་དང་ལྡན་པས་མཐར་ཐུག་པ་མེད་པ་ཆོས་ཀྱི་དབྱིངས་དང་མཉམ་པའོ། །འཇིག་རྟེན་ནི་སྣོད་བཅུད་འཇིགས་པ་ལ་འཇིག་པ་བརྟེན་པས་ཟག་བཅས་སོ། །སྤྱིར་ན་འཇིག་རྟེན་གྱི་ཁམས་ལ་ཡང་དག་པ་དང་མ་དག་པ་དང་བར་མ་གསུམ་སྟེ། དག་པ་ནི་ལོངས་སྐུ་དང་ལྷ་གོང་མ་རྣམས་སོ། །མ་དག་པ་ནི་ངན་སོང་གསུམ་མོ། །བར་མ་ནི་མིའི་འཇིག་རྟེན་ལྟ་བུ་སྟེ། རྡུལ་སྙེད་དུ་བྱ་བ་གྲངས་མེད་པའི་དཔེ་སྟེ་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་ཏུ་བསིལ་བ་དེའི་གྲངས་དང་མཉམ་པའི་འཇིག་རྟེན་དུ། རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །ཅེས་པ་རྒྱལ་བ་ནི་ཁམས་གསུམ་གྱི་སེམས་ཅན་རྣམས་རྟོག་ཚོགས་རྒྱལ་བའི་ངོ་བོ་ཉིད་ལས་མ་འདས་པའོ། །དེས་ན་ཕྱིས་འབྱུང་བའི་རྒྱལ་བ་རྣམས་ཀྱི་དོན་རྣམས་ནི། ཞི་རྒྱས་དབང་དྲག་ཕྲ་རགས་ཀྱི་བྱེ་བྲག་གིས། རྡུལ་ཕྲན་སྙེད། ཅེས་པ་སྤྱིར་གདུལ་བྱ་རྡུལ་ཕྲན་སྙེད་བསམ་གྱིས་མི་ཁྱབ། གདུལ་བྱ་གཅིག་གི་རྒྱུད་ལ་ཡང་རྣམ་རྟོག་སྐད་ཅིག་མ་རྡུལ་ཕྲན་དང་མཉམ་པ་ཡོད་པ་རྣམས་ཀྱི་དོན་འགྲུབ་པས་ན་རྡུལ་ཕྲན་སྙེད་ཅེས་བྱའོ། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །ཞེས་པ་དོན་བྱེད་མཁན་ཏེ། འདིར་འདུལ་བྱེད་ཀྱང་གདུལ་བྱའི་གྲངས་དང་མཉམ་པར་འཆར་ཏེ། ཆོས་སྐུ་ལ་མ་གྲུབ་བཞིན་གདུལ་བྱའི་བློ་ངོ་ལ་གློ་བུར་དུ་སྣང་བས་སྤྲུལ་པ་སྟེ། ལོངས་སྐུ་དང་སྤྲུལ་སྐུའི་བྱེ་བྲག་མཐོ་དམན་རྣམས་དང་། མདོར་ན་བེམ་པོས་འདུལ་བ་ལ་བེམ་པོར་སྣང་། བུང་བ་དང་བྱེ་མ་ལེབ་རྣམས་ལ་ཡང་དེ་དང་མཐུན་པར་སྣང་བ་ཐམས་ཅད་དོ། །གདུལ་བྱའི་ངོ་ལ་འདུལ་བྱེད་ཀྱང་རྡུལ་ཕྲན་བསམ་ཡས་པར་སྣང་བ་སྟེ། ཞི་ཁྲོ་ལ་སོགས་པ་སྣ་ཚོགས་པའོ། །དོན་བྱེད་ཚུལ་ནི། སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཅེས་པ་གྲུབ་བམ་མི་གྲུབ་ཐེ་ཚོམ་མེད་དེ། རང་སྣང་མི་འགག་པ་བྱས་འཛིན་བྲལ་བར་སོ་སོའི་ངོ་ལ་སྣང་བའི་སྤྲུལ་པ་དེ་དག་གིས་གདུལ་བྱ་སོ་སོའི་གནས་སུ་ཡུད་ཙམ་གྱིས་སོང་བ་མེད་པར་ཁྱབ་ནས་གདུལ་བྱ་དེ་དག་བྱ་བ་རྫོགས་པའི་སྐད་ཅིག་མས་ཆེད་དུ་མ་བཙལ་བར་ལས་རྫོགས་པའི་ཕྱིར་ན། ལྷུན་གྱིས་གྲུབ། ཅེས་བྱ་སྟེ། ཧོཿདེའི་དོན་གྱིས་མཉེས་པའོ། །དེས་ན་ལས་བཞི་དང་ལྷུན་གྱིས་གྲུབ་པའི་ལས་དང་ལྔའོ། །སྤྱིར་བསྟོད་པ་ནི། ༀ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཞེས་པ། ༀ་འབྲས་ཆོས་ཉི་ཤུ་རྩ་ལྔ་ལྷུན་གྱིས་གྲུབ་པའི་མགོ་འདྲེན། ཐམས་ཅད་ནི་བཤད་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་མཚོན་ནས། འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱང་། སྣང་བ་མ་འགག་པ་སྐུ། གྲགས་སྟོང་མ་འགག་པ་གསུང་། རིག་སྟོང་གསལ་བ་མ་འགག་པ་ཐུགས། ཐམས་ཅད་ཀྱི་ཡོན་ཏན་གསལ་བའི་བདག་ཉིད། དོན་ཕྱོགས་ལ་མི་མཛད་པ་མེད་པ་ཕྲིན་ལས་ཏེ། ལྔར་རང་གསལ་བ་ཞེས་བྱའོ། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །ཞེས་པ། འཁོར་བའི་ཆོས་ཐམས་ཅད་བཤད་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་གསལ་བ་ལས་མ་གཏོགས་པ་ཕྱོགས་འཛིན་གྱི་ཆོས་ཐམས་ཅད་ཕྲ་བ་ཡང་མི་གནས་པ་ནི། སྐུ་གསུང་ཐུགས་བདག་ཉིད་ཆེན་པོ་ལས་གཞན་མེད་པ་སྟེ། དེ་ལ་ནི་བདག་ཉིད་ཆེན་པོ་ཞེས་བྱའོ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །ཅེས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔས་མྱ་ངན་ལས་འདས་པའི་ཆོས་ལ་ཁྱབ་པ་ནི་བཤད་ཟིན་ཏེ། འཁོར་བའི་ཆོས་ཀྱང་དེ་ཉིད་ལས་གཞན་དུ་མ་སོང་བས་ན་ཀུན་ཏུ་ཁྱབ་ཅེས་བྱའོ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ། །ཞེས་པ་ནི་བཤད་པའི་དོན་སྐུ་ལ་སོགས་པ་ལྔ་པོ་ཉིད་ཀྱང་ཕན་ཚུན་ཐ་མི་དད་དེ། སྐུ་མི་འགགས་པ་ཉིད་གསུང་གྲགས་སྟོང་དུ་དབྱེར་མེད། ཐུགས་གཉིས་མེད་ཀྱི་ཡེ་ཤེས་སུ་དབྱེར་མེད་པ་ལ་སོགས་པ་ལྷུན་གྱིས་གྲུབ་པས་ཕྱོགས་རེའི་འདུ་ཤེས་ཀྱི་འཛིན་པ་མ་སྤངས་ངང་གིས་དག་པ་ནི། སྤྲོས་པའི་ཐ་སྙད་དང་བྲལ་བས་ཐིག་ལེ་སྟེ་ཆོས་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་ཆེ་བའོ། །ཧོ༔དེའི་དེའི་དོན་གྱིས་ཁྱབ་པའོ། །ཞེས་ཆེད་དུ་བསྒྲགས་སོ། །ཞེས་པ་གོ་ཕྱེ་བའི་འཁོར་གྱིས་ལམ་གྱི་ངོ་བོ་ཉམས་སུ་བླང་བའི་ཆེད་དུ་ལྷན་ཅིག་པའི་འཁོར་དང་བཅས་པ་རྣམས་ཀྱིས། དགྱེས་པའི་གླུར་བླང་བ་ལ་བསྒྲགས་སོ་ཞེས་བྱའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། མཉེས་པ་ཞེས་པ། འཁོར་འདས་དབྱེར་མེད་ཀུན་ཏུ་བཟང་པོའི་དགོངས་པ་ལ་བསྟོད་པའི་དོན་རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་ལྷུན་གྱིས་གྲུབ་སྟེ། དེ་ཡང་འཁོར་འདས་ཀྱི་ངོ་བོ་ཉིད་དུ་གསལ་བས་ཕྱོགས་འཛིན་བྲལ་ཏེ། དབྱིངས་རིག་པ་དབྱེར་མེད་ཆོས་སྐུའི་ངང་ལས་གཡོ་བ་མེད་པ་ནི་མཉེས་པ་ཆེན་པོ་སྟེ། ཉི་ཤུ་རྩ་ལྔའི་ཡོན་ཏན་སྣང་བའི་མཉེས་པ་ཡང་བཀག་པ་མ་ཡིན་ཏེ་གདུལ་བྱའི་སྣང་བའོ། །ལེའུ་བཅུ་བཞི་པའི་བཤད་པའོ།། ༈ །།བཅོ་ལྔ་པ་ཁྲོ་བོ་རང་བཞིན་གྱི་ལེའུ་འདི་ལ། རྒྱུད་གསུམ་ལས་འབྲས་བུའི་རྒྱུད་ཁྲོ་བོའི་མཛད་པའོ། །རྒྱུད་ཀྱི་དངོས་པོ་བཅུ་ལས་རང་བཞིན་སྐུའི་དཀྱིལ་འཁོར། ལམ་པ་མཐར་ལམ་པའི་སྤྱོད་ཡུལ། དེ་ཡན་ཆད་དུ་མ་བསྒྱུར་རྣལ་མ་ཞི་བའི་སྒོ་ནས་བྱ་བ་ཀུན་རྫོགས་ཏེ་གྲུབ་པའི་འབྲས་བུ་དང་བཅས་པ་བསྟན་ནས། དེ་དག་གི་སྐབས་སུ་ཁྲོ་བོ་ལྷག་པ་གཟུགས་བརྙན་ཟུར་ཙམ། ཁྲོ་བོའི་ཚོགས་ཀྱི་དཀྱིིིལ་འཁོར་ཡང་ཟུར་ཙམ་ཞིག་བསྟན་པས་བསྣོན་པར་བྱས་ཏེ། འདི་ནས་ཁྲོ་བོའི་དཀྱིལ་འཁོར་དང་པོའི་འབྱུང་ཚུལ་དང་བཅས་པ་རྒྱས་པར་སྟོན་ཏོ། །ལེའུ་བཅོ་ལྔ་པ་ལ་གསུམ་གྱིི། གསུངས་པ་ལོ་རྒྱུས་ནི། དེ་ནས། ཞེས་པ་ལ་སོགས་ཏེ། ཚིག་གི་དེ་མ་ཐག་པ་ནི་ཞི་བའི་གཞུང་ཚར་བའི་བཅུ་བཞི་པ་སོང་བའི་རྗེས་ཐོག་གོ། །དོན་གྱི་དེ་མ་ཐག་པ་ནི་གདུལ་བྱ་ལུགས་འབྱུང་གི་དོན་དུ་གདུལ་བྱ་དང་མཐུན་པ་ཞི་བའི་མཛད་པ་རྣམས་ཚར་ནས། དཔྱང་ཐག་ཆད་པ་སྲིད་པའི་ས་བོན་རྩུབ་མོས་འཕངས་པའི་ལས་ཀྱི་རུ་དྲ་ལ་སོགས་པ་གདུལ་བྱ་རྒྱུད་རྩུབ་པ་རྣམས་ཀྱི་དོན་དུ་ཁྲོ་བོའི་དཀྱིལ་འཁོར་དུ་སྣང་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག །ཞེས་པ་ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པའི་གདུལ་བྱའི་ངོ་ལ་ལོངས་སྤྲུལ་གཉིས་སུ་སྣང་བ་མ་ལུས་པ་ཐམས་ཅད་རིགས་ལྔར་འདུས་ལ། རིགས་ལྔ་དབྱེར་མེད་པའི་ངོ་བོ་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོའོ། །སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད། ཅེས་པ་ཞི་བ་དང་ཁྲོ་བོ་ལ་སོགས་པའི་གདུལ་བྱའི་ངོ་ལ་སྣང་བའི་དཀྱིལ་འཁོར། ཐམས་ཅད་ངོ་བོ་ཉིད། ཅེས་པ་ཆུ་ཐམས་ཅད་ལ་གཤེར་བས་ཁྱབ་པ་ལྟར་ལྷག་པའི་ཆོས་སྐུར་དབྱེར་མེད་ལ། ཆོས་སྐུ་ཉིད་གཅིག་པའི་མཐའ་དང་བྲལ་བས་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་ངོ་ལ་གཟུགས་སྐུའི་ཚོགས་སུ་སྣང་། དེ་ཉིད་ནའང་ཆོས་ཀྱི་སྐུ་ལས་མ་གཡོས་པས་དུ་མའི་མཐའ་དང་བྲལ་ཏེ། མཐའ་ཐམས་ཅད་དང་བྲལ་བའི་རང་བྱུང་གི་ཡེ་ཤེས་སྣང་སྟོང་དབྱེར་མེད་པ་ལྷུན་གྱིས་གྲུབ་པའི་ངོ་བོ་ཉིད་དུ་བཞུགས་པས་དྲུག་པ་ཀུན་ཏུ་བཟང་པོ་ནི། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཁོ་ན་སྟེ་སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཅན་ཞེས་ཀྱང་བྱའོ། །ཞེས་པ་ནི་གདུལ་བྱའི་སྣང་བས་མཛད་པ་ཐམས་ཅད་འཆར་བའི་གཞིའམ་རྩ་བ་ལྟ་བུར་བསྟན་ཏེ། མེ་ལོང་དང་གཟུགས་བརྙན་བཞིན་ནོ། །དེས་ན་འདུལ་བྱེད་ཀྱི་དཀྱིལ་འཁོར་ཐམས་ཅད་སྣང་བ་ལ་མེ་ལོང་དང་ལྟ་བ་པོ་དང་མཐུན་པར་གཟུགས་བརྙན་སྣང་བ་བཞིན། འདིར་གདུལ་བྱ་ལས་ཀྱི་ཁྲོ་བོའི་དབང་གིས། ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་དེ། ཞེས་པ། ངང་ཁྲོ་ཤུགས་ཁྲོ་ཁྲོ་བར་བཅས་དང་བཅོས། །ཞེས་པས་ངང་གིས་ཁྲོ་བོ་དྲུག་པའི་ངོ་བོ་འཁོར་འདས་དབྱེར་མེད་པའི་བདག་ཉིད་རང་བྱུང་གི་ཡེ་ཤེས་ལ། མི་མཐུན་པའི་ཆོས་རྡུལ་ཕྲ་རབ་ཙམ་ཡང་མ་དམིགས་ཏེ། ནམ་མཁའ་དང་འདྲ་བར་ཐམས་ཅད་ཡེ་ཤེས་སུ་རྫོགས་པའོ། །མི་མཐུན་པ་ཞིག་ཡོད་ན་ཡང་དེ་ཉིད་ཡེ་ཤེས་ཀྱི་རང་བཞིན་ཡིན་པས། དཔེར་ན་མེའི་ཕུང་པོར་ཤིང་སྤུངས་པ་དང་འདྲ་སྟེ། ཡེ་ཤེས་སུ་གསལ་བས་ངང་གིས་ཁྲོ་བ་ཞེས་བྱ་སྟེ་ཆོས་སྐུའི་དགོངས་པའོ། །ཤུགས་ཀྱིས་ཁྲོ་བ་ནི། དགོངས་པ་དེ་ལྟ་བུའི་ངང་ལས་ཆེད་དུ་བྱ་བའི་ཆོས་མ་དམིགས་ཀྱང་། མེ་ལོང་ལ་བལྟ་བ་པོའི་དབང་གིས་གཟུགས་བརྙན་འཆར་བ་བཞིན། གདུལ་བྱ་རུ་དྲ་ལ་སོགས་པ་ཁྲོ་བོའི་ངོ་ལ་འདུལ་བྱེད་ཀྱི་ཁྲོ་བའི་ཚོགས་རྣམས་སུ་སྣང་བ་ནི། གདུལ་བྱ་དྲག་པོའི་རྐྱེན་ཤུགས་ཀྱིས་གདུལ་བྱ་དང་མཐུན་པའི་ངོ་བོ་ལྟར་སྣང་བའོ། །ཁྲོ་བར་བཅས་པ་ནི་ནམ་མཁའ་ལ་རྡུལ་མི་གོས་པ་དང་འདྲ་བར་ཆོས་ཀྱི་སྐུ་ལ་དམིགས་འཛིན་གྱི་ཐ་སྙད་མི་གནས་པའོ། །ཁྲོ་བར་བཅོས་པ་ནི། ཆོས་ཀྱི་སྐུ་ལ་ཁྲོ་བྱ་ཁྲོ་བྱེད་མ་དམིགས་ཀྱང་གདུལ་བྱའི་དབང་གིས་ཁྲོ་བར་སྣང་བའོ། །ཡང་ན་ཁྲོ་བོ་ནི་གསུམ་སྟེ། ཤེས་རབ་ཆེན་པོའི་ཁྲོ་བོ་དང་། ཡེ་ཤེས་ཆེན་པོའི་ཁྲོ་བོ་དང་། ཕྱག་རྒྱ་ཆེན་པོའི་ཁྲོ་བོའོ། །དེ་ལ་ཤེས་རབ་ཆེན་པོའི་ཁྲོ་བོ་ནི། ཡང་དག་ཡེ་ཤེས་ཆེན་པོ་ནི། མཚན་མ་འཇོམས་ཕྱིར་ཁྲོ་བོའི་མཆོག །ཅེས་པས། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཡིན་ཚུལ་གྱི་དོན་ཇི་ལྟ་བ་རྟོགས་པ་ལ་ནི་ཡང་དག་པ་ཞེས་བྱ་སྟེ། དེ་ནི་ཤེས་པ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་པ་སྟེ། མེ་ཀློང་དྲོས་པའི་རྩེ་མོ་ན་གཞན་ཅི་ཡང་མི་གནས་པ་བཞིན་དུ་རྟོགས་པ་དེ་ལྟ་བུའི་ངང་ལ་ཕྱོགས་འཛིན་ཕྲ་བ་ཡང་མི་གནས་པའོ། །ཡེ་ཤེས་ཆེན་པོའི་ཁྲོ་བོ་ནི། རྒྱས་པའི་རྒྱུད་ལས། རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཕྱོགས་བཅུ་ཁམས་རྣམས་དབང་བསྡུས་ནས། །ཀུན་ཀྱང་མི་དམིགས་དབྱིངས་སུ་ཐིམ། །ཐམས་ཅད་ཁྲོ་བོའི་ཚོགས་སུ་འགྱུར། །ཞེས་སོ། །ཕྱག་རྒྱ་ཆེན་པོའི་ཁྲོ་བོ་ནི་འོག་ནས་འཆད་པར་འགྱུར་བ་སྟེ། ཁྲོ་བོ་མཛད་པ་དེ་རྣམས་གདུལ་བྱའི་ངོ་ལ་བྱ་བྱེད་ཀྱི་རྩོལ་བ་ལྟ་བུ་སྣང་ཡང་ངོ་བོ་ནི། རང་རིག་ལྷུན་གྲུབ་ཀྱི་ངང་ལ་རང་སྣང་བ་མ་གཏོགས་པ་རྩོལ་བར་ཐལ་བ་མེད་དེ། ཤུགས་ཀྱིས་ཁྲོ་བོའི་ཚུལ་ལོ། །དཀྱིལ་འཁོར་ནི་ལྔ་བཅུ་རྩ་བརྒྱད་ཀྱི་ཚོགས་སོ། །མངོན་པར་འདུ་མཛད་པ་ནི། མངོན་པ་ནི་གདུལ་བྱའི་ངོར་རོ། །འདུ་མཛད་པ་ནི། མེ་ལོང་གཡའ་དག་པ་ནི་གདུལ་བྱའི་རྐྱེན་གྱིས་གཟུགས་བརྙན་སྣང་ཡང་། མེ་ལོང་ལ་གཟུགས་བརྙན་སྣང་བར་བྱེད་པའི་རྩོལ་བ་མེད་ཀྱང་གཡའ་དག་པ་དང་ལྟ་མཁན་འཛོམ་པའི་གཟུགས་བརྙན་བཞིན་དུ། དྲུག་པའི་རྒྱལ་བའི་དགོངས་པ་མཐའ་ཐམས་ཅད་བྲལ་བ་ཉིད། གདུལ་བྱའི་རྐྱེན་གྱིས་ཅིར་ཡང་སྣང་བའི་ངོ་བོར་བཞུགས་པ་ལས། གདུལ་བྱ་ལས་ཀྱི་ཁྲོ་བོའི་རྐྱེན་གྱིས་ཁྲོ་བོའི་དཀྱིལ་འཁོར་དུ་སྣང་བའོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་པ་ཧེ་རུ་ཀའི་དཀྱིལ་འཁོར་སྣང་བའི་གཏན་ཚིགས་ཀྱིས་དྲིས་པས་ཁྲོ་བོར་སྣང་བའི་དགོས་པ་ཚོལ་བ་སྟེ། དགོས་པ་གང་ཡིན་ཞེ་ན། སེམས་ཅན་གོལ་བར་བསྟན་པ་ནི། བདག་ཏུ་རྨོངས་པའི་རྟོག་པ་དང་། ཞེས་པ་ལ་སོགས་པ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྣལ་མ་དོན་གྱི་ཀུན་གཞི་འཁོར་འདས་ལ་ཁྱབ་ཆེ་ཆུང་མེད་པར་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ཡིན་ཀྱང་མ་ཤེས་པས་ཡེངས་པ་ལྟ་བུར་གྱུར་པ་ལ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱ། ཆོས་ཉིད་དང་དུས་མཚུངས་པས་ནི་ལྷན་ཅིག །ཆོས་ཉིད་མ་རིག་པ་སྐད་ཅིག་མ་ཙམ་ལ་སྐད་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱ། བརྟགས་པ་ལ་ཞེས་པ། ཀུན་ཏུ་བརྟགས་པའི་མ་རིག་པ་སྟེ་ཡུལ་སེམས་གཉིས་ངོ་བོ་མ་གྲུབ་པ་ལས་ལྷན་སྐྱེས་ཀྱི་དབང་གིས་ཡོད་པར་བརྟགས་པའི་གཟུང་འཛིན་གཉིས་ལ་དུས་དང་རྣམ་པ་ཀུན་ཏུ་ཞེན་པ་སྟེ། སྐད་ཅིག་མ་སྔ་ཕྱི་རྒྱུན་མ་ཆད་པ་ནི་མངོན་པར་ཞེན་པ་དང་ཞེས་བྱའོ། །ཡང་དག་པའི་ལམ་དང་བྲལ་བ་དག །ཅེས་པ་ཡང་དག་པ་ནི་ཐེག་པ་དགུའི་ནང་ན་ཡང་ཐེག་པ་འདི་ཉིད་དེ། ཆོས་ཐམས་ཅད་ཀྱི་གནས་ཚུལ་ཇི་ལྟ་བའི་དོན་བདེ་བར་གཤེགས་པའི་ལུང་དང་། དེ་བླ་མ་དམ་པའི་མན་ངག་གིས་ཟིན་པའི་ལམ་མ་ནོར་བར་བསྐྱེད་རྫོགས་གཉིས་ཀྱི་དོན་ཁོ་ན་སྟེ། འགྲོ་བ་གང་ལ་དེ་དག་མེད་པ་ནི་བྲལ་བའོ། །དེ་ཡང་སྤྱིར་ཁམས་གསུམ་གྱི་སེམས་ཅན། སྒོས་རུ་དྲའོ། །ཁྱད་པར་རུ་དྲའི་རྒྱུ་ནི། སྔོན་གྱི་བསྐལ་པ་ལས་རུ་དྲའི་རྒྱུ་དགེ་སློང་ཐར་པ་ནག་པོའི་ལོ་རྒྱུས་སོ། །དེའི་ལོ་རྒྱུས་ཅི་ལྟ་བུ་ཞེ་ན། གབ་པའི་གསང་བ་མ་རྟོགས་པར། ཞེས་པ་སྔོན་སངས་རྒྱས་མངོན་བྱུང་རྒྱལ་པོའི་བསྟན་པ་ལ། ད་ལྟ་ཤཱཀྱ་ཐུབ་པའི་བསྟན་པ་བཞིན་དུ་གསང་སྔགས་ཟབ་མོ་ཀུན་ཏུ་དར་ནས། དེའི་བསྟན་པ་འཛིན་པའི་དགེ་སློང་ཐུབ་དཀའ་གཞོན་ནུ་ཞེས་བྱ་བ་འགྲོ་བའི་འདྲེན་པ་ཆེན་པོ་མཛད་པ་ལ། ཁྱིམ་བདག་གི་རིགས་སུ་བྱུང་བའི་ཐར་པ་ནག་པོ་ཞེས་བྱ་བ། གཡོག་དན་ཕག་དང་བཅས་པས་ཆོས་ཞུས་པའི་དུས་སུ་ཐར་པ་ནག་པོ་དགེ་སློང་བྱས། གཡོག་དགེ་བསྙེན་བྱས་ནས་གསང་སྔགས་བཤད་དེ། གདམས་པའི་དོན་ཞུས་པའི་དུས་སུ་སློབ་དཔོན་གྱིས། ཇི་བཞིན་པ་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་སྤྱད་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །དེ་ནི་རྣལ་འབྱོར་དམ་པའི་ལམ། །ཞེས་གསུངས་པ། དཔོན་གྱིས་མ་གོ་བས་ཐ་མལ་པར་སོང་། གཡོག་གིས་གོ་བས་ཆོས་ཉིད་ཀྱི་དོན་རྟོགས། བསྒོམས་པས་ད་ལྟ་གསང་བའི་བདག་པོ་ཉིད་དུ་བཞུགས། དཔོན་གྱིས་མ་གོ་བས་འཇིག་རྟེན་རང་ག་མར་སོང་སྟེ། སློབ་དཔོན་ལ་ཡང་དམ་ཉམས། གྲོགས་པོ་ལ་ཡང་དམ་ཚིག་ཉམས་པ་སྟེ། ལྟ་བའི་ངོ་བོ་ཇི་བཞིན་པ་ཆོས་ཐམས་ཅད་ཀྱི་ཁོང་ན་གབ་པ་རང་བཞིན་གསང་བའི་སྙིང་པོ་མ་རྟོགས་པའོ། །སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས། ཞེས་པ་ཐམས་ཅད་མཁྱེན་པས་བློ་དམན་གྱི་ཆེད་དུ་ལམ་གྱི་རྒྱུད་དུ་སྦས་པའི་བློ་དམན་ལ་གསང་བ་ཏ་ན་ག་ཎ་དང་། སྤྱོད་པའི་དམ་ཚིག་ལྔ་ཕྲག་གསུམ་རྣམས་ཐབས་ཀྱིས་གསང་བའི་སྤྱོད་པ་རྣམས་ལ་དངོས་སུ་གཟུང་འཛིན་དུ་བྱས་ནས་མངོན་པར་འཆེལ་བ་ནི་རྒྱུན་དུ་དེ་ལ་གནས་པ་སྟེ་རྒྱུན་མི་ཆད་པར་སྤྱོད་པའོ། །དེས་ན་རྒྱུ་དང་འབྲས་བུ་ལ་རྨོངས་པ། ཞེས་བྱ་བ་ནི་རྨོངས་པའི་གཙོ་བོ་ལྟ་བ་མ་རྟོགས་པ་ཡིན་ལ་སྤྱོད་པ་རང་གར་སྤྱད། ལྷའི་སྐུ་བསྒོམ། དྲག་སྔགས་རྩུབ་མོར་བཟླས་པ་དང་། རྒྱུ་མི་དགེ་བ་ལས་འབྲས་བུ་ངན་སོང་གསུམ་མྱོང་བར་མི་ཤེས་པས་རྨོངས་ཏེ། དེས་དངོས་པོ་མི་དགེ་བ་ཁོ་ནར་གྱུར་པའོ། །རྐྱེན་ནི། སྲིད་པའི་ས་བོན་རྩུབ་མོས་འཕངས་ནས། ཞེས་པ་སྲིད་པ་ནི་ཁམས་གསུམ་གྱི་ནང་ན་ཡང་ངན་སོང་གསུམ་མོ། །དེའི་ས་བོན་ནི་ལས་དང་ཉོན་མོངས་པ་རང་ག་མ་སྤྱད་པ་རྣམས་ཀྱི་མི་དགེ་བའི་བག་ཆགས་ཉེས་པ་ཆེན་པོ་བསྐྱེད་པའི་རྒྱུ་ལ་ནི་ས་བོན་རྩུབ་མོ་ཞེས་བྱའོ། །འཕངས་པ་ནི་སྐྱེ་བ་མཚམས་སྦྱོར་ཏེ་དམྱལ་བར་སྣང་བའོ། །རྣམ་པར་སྨིན་པའི་འབྲས་བུ་ལ་དམྱལ་བ་སྣང་བར་བསྟན་པ་ནི། མཚམས་མེད་པའི་རབ་ཏུ་ཚ་བའི་དམྱལ་བར་སྐྱེས་སོ། །ཞེས་པ་སྡུག་བསྔལ་མྱོང་བ་ལ་བར་མཚམས་མེད་པ་ནི་མཚམས་མེད་ཅེས་བྱ་སྟེ། རབ་ཏུ་ཚ་བ་ནི་མནར་མེད་པའི་ཚ་བ་སྟེ་ཚ་བའི་དམྱལ་བ་བརྒྱད་ནི། ཡ་ཐ་སྟེང་མ་ཡང་སོས་ཡིན་ཏེ་དེ་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་སྟེ་བརྒྱད་དོ། །དེ་དག་གི་ཚེ་ཚད་དང་སྡུག་བསྔལ་གྱི་མཚན་ཉིད་རྣམས་ནི་ཐུན་མོང་གི་ཐེག་པ་ན་ཞིབ་པས་དེར་རྒྱས་པར་ཤེས་པར་བྱའོ། །མནར་མེད་ཀྱི་ཞབས་ན་འབྱུང་བ་རླུང་གི་དཀྱིལ་འཁོར་ཡོད་པས་དེ་ལས་མར་བརྩིར་མེད་དེ། རྡོ་རྗེ་དམྱལ་བའི་གནས་ནི་མནར་མེད་ཀྱི་ཕྱོགས་ཀྱི་དགོན་པ་ལྟ་བུ་ཞིག་ན་ཡོད་དོ་ཞེས་ཐ་སྙད་པ་རྣམས་ཀྱིས་བཞེད་དོ། །ཚ་བའི་སྡུག་བསྔལ་མྱོང་བའི་དུས་སུ་ཚ་བའི་སྡུག་བསྔལ་མ་བཟོད་ནས། འདི་བས་ཤིན་ཏུ་གྲང་ན་ཅི་མ་རུང་སྙམ་པའི་མོད་ལ་ཞེས་པ་ལ་སོགས་པ་ཚ་བའི་སྡུག་བསྔལ་གྱི་ལས་ཟད་པའི་སྐད་ཅིག་མ་ལ་གྲང་བའི་དམྱལ་བར་སྐྱེས་ཏེ། རབ་ཏུ་སྦྲེབས་པ་ནི་ཅིས་ཀྱང་སྤྱད་དུ་མེད་པས་གྲང་བ་སྟེ། པདྨ་ལྟར་གས་པ་ནི་གྲང་བའི་དམྱལ་བ་བརྒྱད་ཀྱི་གྲངས་གཅིག་སྟེ། གྲང་བའི་སྡུག་བསྔལ་གྱི་ཕུང་པོ་ལ་རྒྱ་གྲམ་དུ་གས་པ་བརྒྱད་དང་བཅུ་དྲུག་པ་ལྟ་བུའོ། །གྲང་བའི་སྡུག་བསྔལ་དྲག་པོ་དག་གིས་ལུས་ངག་ཡིད་གསུམ་རབ་ཏུ་ཉེན་ཏེ་མནར་མེད་པའོ། །གོང་དུ་བསྟན་པ་འདི་ལྟ་བུའི། སྡུག་བསྔལ་རབ་ཏུ་ཚ་བ་ལ་སོགས་པ་བརྒྱད། ཅེས་པ་ལ་སོགས་པ་གོང་དུ་བསྟན་ཟིན། ཤིན་ཏུ་གྲང་བ་ལ་སོགས་པ་བརྒྱད་ནི། ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་ཅན་དང་། སོ་ཐམ་ཐམ་པ་དང་། ཨ་ཆུ་ཆུ་དང་། ཀྱི་ཧུད་ཅེས་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གས་པ་དང་བརྒྱད་དོ། །འཇིག་རྟེན་གྱི་ཁམས་བརྒྱུད་ཅིང་། ཞེས་པ་དམྱལ་བའི་རྣམ་སྨིན་གྱི་ཚེ་མ་ཟད་པར་འཇིག་རྟེན་གྱི་ཁམས་དེ་འཇིག་ནས། གནས་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚ་གྲང་གང་ཡིན་པའི་དམྱལ་བར་སྐྱེས་ཏེ། དེའི་བར་དུ་ཡང་ངལ་བསོ་བའི་བར་སྐབས་མེད་དེ། སེ་གོལ་གཅིག་གིས་ཕྱིན་པར་བྱེད། །ཅེས་པས་སྐད་ཅིག་མས་འཕོ་བའོ། །དམྱལ་བ་སྤྱིའི་ཡུན་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་སུ་མྱོང་ངོ་། །ཞེས་པ་བསྐལ་པ་ཆེན་པོ་ནི་འཇིག་ཆགས་སྟོང་གནས་བཞི་ཀ་དུས་གཅིག་ཏུ་བརྩིས་པས་བསྐལ་པ་ཆེན་པོ་གཅིག་ཡིན་ལ། དེ་འདྲ་བ་སྟོང་ཕྲག་བཅུ་གཉིས་སུ་མྱོང་ཞེས་བྱའོ། །དེ་ལ་རྡོ་རྗེ་དམྱལ་བའི་ཚེ་ཚད་ནི། ལྕགས་ཀྱི་རི་བོ་རི་རབ་ཀྱི་ཚད་དང་ལྡན་ཞིག་ལ། བྱ་རེག་འཇམ་གྱི་པགས་པས་དྲུད་ནས་ནམ་ཟད་པ་དེ་རྡོ་རྗེ་དམྱལ་བའི་ཚེ་ཚད་དུ་གཏོར་རྒྱུད་ཆེན་པོ་ནས་བཤད། དམ་ཚིག་འགྲེལ་ཆེན་ནས་ནི་ཕྱིའི་རྒྱ་མཚོ་ཆེན་པོ་ལ་སྐྲ་ཉག་མ་གཅིག་གིས་བླངས་ཏེ་གཏོར་ནས་ཟད་པ་དེ་རྡོ་རྗེ་དམྱལ་བའི་ཚེ་ཚད་དུ་བཤད་དོ། །དེ་ལ་སྡུག་བསྔལ་མྱུར་དུ་ཟད་པ་ནི། དང་པོ་མནར་མེད་ལྟ་བུར་འགྲོ་ནས། དེ་ནས་རིམ་པ་བཞིན་དུ་ཇེ་ཡང་ཇེ་ཡང་དམྱལ་བ་ལ་ཐ་རྒྱབ་ཏུ་མྱོང་བ་ཡིན་སྐད། སྡུག་བསྔལ་དར་དྲག་ལ་ཡུན་རིང་བ་རྣམས་ནི། དང་པོ་ཡང་སོས་ལྟ་བུ་མྱོང་ནས་དེ་ནས་ཇེ་ཟབ་ཇེ་ཟབ་ལ་མནར་མེད་རྟིང་པ་ལ་མྱོང་བར་བཤད་དོ། །ཡི་དྭགས་སུ་སྐྱེ་བ་ནི། དེ་ནས་རྣམ་པར་སྨིན་པ་དེ་ཟད་པ་དང་། ཞེས་པ་སོགས་ཏེ་དམྱལ་བར་སྐྱེས་པ་དེ་ནས་དམྱལ་བར་སྦྱངས་པས་ལས་ཀྱི་ས་བོན་ཟད་དེ་རྣམ་སྨིན་འབྲས་བུ་དམྱལ་བ་ཚེ་ཟད་ནས་ཏེ། དེ་ཡང་རྣམ་པ་སྨིན་པའི་ངོ་བོ་ནི། ཐར་པ་ནག་པོའི་དུས་སུ་ཕོ་བྱུང་བསད་པ་དང་། མོ་བྱུང་སྤྱད་པ་དང་། གཞན་བརྡེག་པ་དང་། ལྟ་བསྒོམ་གྱི་གདེངས་མེད་པར་རང་ག་མའི་ཕྲིན་ལས་གཞན་ལ་གདུག་པའི་ལས་ཅན་དང་། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་དང་། རང་ཆེ་བའི་ང་རྒྱལ་གྱིས་དྲེགས་པས་གཞན་ལ་ཕྲག་དོག་གི་དབང་གིས་དམན་པའི་ཐབས་བྱ་བ་ལ་སོགས་པའི་བྱས་པ་རྣམས་ཀྱི་འབྲས་བུ་སྟེ་ལས་ཟད་པའོ། །དམྱལ་བ་ནས་འཕོས་ནས་ཡི་དྭགས་སུ་སྐྱེས་པ་སྟེ། ལྟོགས་པ། ཞེས་པ་བཟའ་རྒྱུ་མེད་ནས་ལོ་མང་པོ་ལ་བཀྲེས་པའོ། །བསྐོམ་པ་ནི་བཏུང་རྒྱུ་མེད་པས། སྐོམ་པའི་སྡུག་བསྔལ་གྱིས་ཉེན། ཞེས་པ་ནི་ཟ་འཐུང་གཉིས་ཀྱི་འདོད་པ་མིན་པ་གཞན་གྱི་བསམ་པ་ཅི་ཡང་མི་འབྱུང་བས་རྨོངས་པའོ། །འདོད་པའི་དངོས་པོ་རྣམས་ཡིད་དུ་མི་འོང་བ་དང་། ཞེས་པ་འདོད་པའི་དངོས་པོ་སྤྱིར་ནི་འདོད་ཡོན་ལྔ་ཡིན་ཏེ། ཡི་དྭགས་ལས་ཀྱིས་མནར་ཏེ་དམའ་བས་ལྷ་དང་མི་སྟོད་རིམ་བཞིན་དུ་ལོངས་སྤྱོད་ཀྱིས་གཡེང་བའི་སེམས་མི་སྐྱེ་བའོ། །འོན་ཀྱང་ཁོ་བདག་གི་འདོད་པའི་དངོས་པོ་ནི་ཟས་སྐོམ་གཉིས་ཁོ་ན་སྟེ། དེ་དག་མཐོང་ཡང་ཡིད་དུ་མི་འོང་བ་རྣག་ཁྲག་དང་ཁྲོ་ཆུ་ཞུན་མ་དང་མེ་དཔུང་དུ་མཐོང་བའོ། །དེ་ནི་ཕྱིའི་སྒྲིབ་པ་ཅན་ཞེས་བྱའོ། །གདུག་ཅིང་རྩུབ་པའི་དངོས་པོ་སྣ་ཚོགས་སུ་འགྱུར་བ། ཞེས་པ་གདུག་པ་ནི་རེག་ན་གནོད་པར་བྱེད་པ་ཁྲོ་ཆུ་ཁོལ་མ་དང་། ལྕགས་སྲེག་གི་ཐུ་ལུམ་མོ། །རྩུབ་པ་ནི་མཚོན་ཆའི་རྣམ་གྲངས་སོ། །དེ་ལྟ་བུར་གྱུར་ཏེ་ཟོས་ཀྱང་ཟུག་རྔུ་སྣ་ཚོགས་འབྱིན་ནས་ལུས་ཚིག་མགྲིན་པ་ཚིག་གཞོབ་བྲོ་བ་ལ་སོགས་པའི་སྡུག་བསྔལ་འབྱིན་པ་ནི་མེ་ལྕེའི་འཁོར་ལོ་ཅན་ཞེས་ཀྱང་བྱ་སྟེ། ནང་གི་སྒྲིབ་པ་ཅན་ཞེས་བྱའོ། །ཡོང་མེད་པར་ཡང་འགྱུར་ཞིང་ཞེས་པ། བཟའ་བཏུང་རྒྱུ་རྒྱང་ནས་མཐོང་སྟེ་དྲུང་དུ་གཏུགས་ན་མེད་པ་སྟེ། དཔེར་ན་ཆུ་འབབ་པ་མཐོང་ནས་དྲུང་དུ་ཕྱིན་ན་སྐམས་ཏེ་གྲམ་པར་སོང་བ་བཞིན་ནོ། །རིད་པ་ནི་ཤ་མེད་པའོ། །སྐམས་པ་ནི་རླན་དང་བྲལ་ཏེ་འགྲོ་བའི་དུས་སུ་ཚིགས་རྣམས་ལ་རུས་གཞོབ་འཐུལ་བའོ། །ལུས་དང་ཡན་ལག་དང་དབང་པོ་མ་འཚམས་པ། ཞེས་པ་གསུས་པ་ཤིན་ཏུ་ཆེ་བ། ཡན་ལག་རྩ་འཇག་བཞིན་ཕྲ་བས་མི་འཚམས་པ། མགོ་ཆེ་བ་ཁ་དང་མིག་རྣམས་ཁབ་མིག་ཙམ་པའོ། །གྲེ་བ་རྟ་རྔ་ཙམ་བཟའ་རྒྱུ་ཁ་ན་མི་ཤོང་། ཁར་ཤོང་ཡང་མིད་པ་ལ་མི་ཐར། ལྟོ་བ་ཡུལ་ལྗོངས་ཙམ་གང་བ་མེད་པ་ནི་ནང་གི་སྒྲིབ་པ་ཅན་ཞེས་སོ། །ཡི་དྭགས་ཀྱི་གནས་དེར་བསྐལ་པ་ཆེན་པོ་སྟོང་ཕྲག་དྲུག་ཏུ་སྐྱེས་པའོ། །ལས་ཀྱི་སྲིན་པོའི་ལས་དང་སྦྱོད་ཡུལ་ནི། དེ་ནས་ལས་ཀྱི་སྒྲིབ་པའི་ས་བོན། ཞེས་པ་ལ་སོགས་པ། ཡི་དྭགས་ཀྱི་ལས་ཟད་པ་དེ་ནས་བདག་འཛིན་གྱིས་བསྐྱེད་པའི་མི་དགེ་བའི་ལས་མཐོ་རིས་དང་བྱང་ཆུབ་བསྒྲུབ་པའི་ས་བོན། སྡུག་བསྔལ་སྐྱེད་པར་བྱེད་པས་རྩུབ་མོ་དམྱལ་བ་དང་། ཡི་དྭགས་སུ་རྣམ་པར་སྨིན་པ་རིམ་པ་བཞིན་དུ་ཟད་དེ་བསྲབས་པ་དང་། རུ་དྲར་སྐྱེས་པ་ནི་སྔོན་ཁྲོ་བོར་བསྒོམས་པ་དང་། དྲག་སྔགས་བཟླས་པ་དང་། ཕྲ་མེན་མ་ལ་སོགས་པ་བསྒོམས་ནས། སྦྱོར་སྒྲོལ་ལ་སོགས་པའི་བརླང་པོ་ཉམས་སུ་བླངས་པ་ནི་རྒྱུ་མཐུན་པ་སྟེ། དེས་འབྲས་བུ་རུ་དྲར་མཚམས་སྦྱར་ནས་སྐྱེ་བ་བླངས་པ་ནི་རུ་དྲ་སྟེ། ཡི་དྭགས་ཀྱི་ལོ་རྒྱུས་ཞིབ་མོ་རྣམས་དགོངས་པ་འདུས་པ་ན་གསལ་ལོ། །འགྲོ་བ་རིགས་དྲུག་གི་དབང་དུ་བྱས་ནས་ཡི་དྭགས་ཀྱི་ཕྱོགས་ཏེ། གཤིན་རྗེ་དང་ཆོས་མཐུན་པའོ། །སྲིན་མོའི་བུར་སྐྱེས་པ་དང་སྲིན་པོའི་ཆ་ལུགས་སུ་སྐྱེས་པ་ནི་ཡི་དྭགས་སྲིན་པོ་ཞེས་བྱ་སྟེ། སྔོན་ལྷ་བསྒོམ་དྲག་སྔགས་བཟླས་པའི་སྟོབས་ཀྱིས། འཇིག་རྟེན་ན་ཡང་མི་འཇོམས་པ་མེད་པས་ཆེན་པོའོ། །ལུས་རབ་ཏུ་གདུག་པ་སྟེ་གང་གིས་མཐོང་བ་ཐམས་ཅད་ཧག་སྔངས། གང་ལ་རེག་པ་ཙམ་གྱིས་རྡུལ་དུ་བརླག །ཁ་ནས་མེ་འབར་བས་དངོས་པོ་ཐམས་ཅད་བསྲེག །ཁ་རླངས་དང་ལུས་ཀྱི་བ་སྤུའི་འོད་ཟེར་ལས་སྣ་ཚོགས་འཕྲོ་བས་འཇིག་རྟེན་པ་ཐམས་ཅད་དམྱལ་ཐག་གཅོད་པའོ། །གཏུམ་པ་ནི་སེམས་ཏེ་བྱམས་པ་དང་སྙིང་རྗེ་ཟུར་ཙམ་ཡང་མེད་ནས་གང་དབང་དུ་མ་འདུས་པ་ཐམས་ཅད་རྡུལ་དུ་བརླག་པའི་བསམ་པ་ཅན་ཁོ་ནའོ། །ལུས་ཀྱི་མཚན་ཉིད་ནི། ལུས་པོ་མིའི་ལུས་པོ་ལྟ་བུ་ཞིག་ལ་མགོ་བོ་སེམས་ཅན་སྣ་ཚོགས་ཀྱི་མགོ་བརྒྱ་ཡོད་པ། མགོ་སྣ་ཚོགས་པ་དང་། ཞེས་པ་སྟག་དང་། སེང་གེ་དང་། སྦྲུལ་ལ་སོགས་ཏེ་དུད་འགྲོའི་མགོ་སྣ་ཚོགས་དང་མིའི་མགོ་འཆང་བ། ལུས་བརྒྱ་ལ་མགོ་གཅིག་པ། ཞེས་པ་ལུས་བརྒྱ་དེ་ཡང་མི་དང་དུད་འགྲོ་སྣ་ཚོགས་པའི་ལུས་འཆང་བ། ལུས་གཅིག་ལ་ཡན་ལག་མང་པོ་དང་ལྡན་པ་སྟེ་དཔེར་ན་རྟ་བླ་མོ་ལྟ་བུའོ། །ཡན་ལག་སྣ་ཚོགས་པ་ནི། མི་དང་དུད་འགྲོ་སྣ་ཚོགས་ཀྱི་ཡན་ལག་འཆང་བའོ། །གདུག་པའི་ལག་ཆ་སྣ་ཚོགས་ཐོགས་པ། ཞེས་པ། གདུག་པ་ནི་གཞན་ལ་གནོད་པའོ། །ལག་ཆ་ནི་ལག་ན་བསྣམས་པའི་མཚོན་ཆ་ལ། སྣ་ཚོགས་ཐོགས་པ་ནི་རལ་གྲི་དང་མདུང་དང་ཐོད་དབྱུག་དང་ཞིང་དབྱུག་དང་། མི་རོའི་གློ་སྙིང་ལ་སོགས་པའི་ནང་ཁྲོལ་རྣམས་ཐོགས་པའོ། །མཚན་ཉིད་འགྱུར་བ་ཅན་དང་བཅས་པའི་གཙོ་བོ་དེ་ལ་ཡུམ་གྱི་བྱེ་བྲག་རྣམས་དང་། ཧེ་རུ་ཀའི་འཁོར་གྱི་མ་མོ་བཞིན་དུ་ལས་ཀྱི་སྲིན་མོའི་འཁོར་མང་པོ་དང་ལྡན་པའོ། །འཁོར་དེ་དག་འཇིགས་པའི་གཟུགས་སྣ་ཚོགས་དང་ལྡན་པ་སྟེ། སྟག་སེང་གེ་ལ་སོགས་པའི་མགོ་དང་མཚོན་ཆ་སྣ་ཚོགས་ཐོགས་པའོ། །འཇིགས་པའི་ང་རོ་སྣ་ཚོགས་སྒྲོགས་པ་ནི། རུ་དྲའི་རྔམ་སྐད་ར་ལ་ར་ལ་དང་། རུ་ལུ་རུ་ལུ་དང་། ཧུ་ལུ་ཧུ་ལུ་ལ་སོགས་པའོ། །སྒྲ་སྐད་སྣ་ཚོགས་སྒྲོགས་པ་ནི། ཁམས་གསུམ་སེམས་ཅན་དཔའ་བཀོང་བའི་མི་དང་གཅན་གཟན་གྱི་སྐད་ལུགས་སྟོང་ལ་སོགས་པ་མི་སྲུན་པ་རྣམས་སོ། །རྩལ་དང་ནུས་པ་ནི། གཟུགས་དང་། ཞེས་པ་དངོས་དང་ང་རོ་སྐད་གདངས་དང་ལུས་ལས་འབྱུང་བའི་དྲི་དང་དབུགས་ཀྱི་ཁ་རླངས་ཀྱིས་ཁམས་གསུམ་ཐམས་ཅད་གང་དང་གང་ལ་རེག་པས་ཤི་བ་དང་། བརྒྱལ་བ་དང་། འབོག་པ་དང་། ནད་སྣ་ཚོགས་ཀྱིས་འདེབས་ཏེ་གནོད་པའི་སྦྱོར་བ་ཁོ་ནར་སྣང་བའོ། །རབ་ཏུ་འཇིགས་པའི་རླུང་ནག་ནི། ཁ་རླངས་དང་། ཤངས་དང་། རྣ་བུག་ནས་འཕྲོ་བ་སྟེ། རླུང་འཚུབས་མ་འཕྲོ་བས་གྲང་བའི་ནད་དང་། ཁ་ནས་ཚ་བའི་དབུགས་ཀྱིས་ཁམས་གསུམ་གྱི་ཕྱོགས་ཀུན་ཏུ་ནད་ཀྱིས་འཁྲུག་པར་བྱེད་པ་དང་། འགྲོ་བ་རྣམས་ནད་བཞི་བརྒྱ་རྩ་བཞིས་འདེབས་པར་བྱེད་པ་དང་། འགྲོ་བ་རྣམས་ཀྱི་སེམས་མྱོས་ཤིང་དྲན་པ་ཉམས་པར་བྱེད་པའི་མཐུས། འགྲོ་བའི་ནང་ནས་འོག་ན་གནས་པའི་ཀླུའི་རིགས་དང་། རི་རབ་ཀྱི་ཁོང་གསེང་ན་གནས་པ་ལྷ་མ་ཡིན་གྱི་རིགས་དང་། གཉའ་ཤིང་འཛིན་གྱི་ཡན་ཆད་ནས་འདོད་ཁམས་ཀྱི་ལྷ་རིས་དྲུག་དང་། གཟུགས་ཁམས་ལ་ཚངས་པའི་རིས་མཐོ་དམན་པ་རྣམས་དང་། ཚངས་རིས་ཀྱི་ལྷ་ཡ་ཐ་གསུམ་སྟེ། འོད་གསལ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་ཏེ། གནས་གཙང་མ་རིགས་ལྔ་མ་གཏོགས་པ། ཁམས་གསུམ་རངས་པ་དབང་དུ་བསྡུས་སོ། །དེའི་ལོ་རྒྱུས་ཞིབ་མོ་རྣམས་དགོངས་འདུས་ལྟར་ཤེས་སོ། །ཇི་ལྟར་བཏུལ་བ་མདོར་བསྟན་པ་ནི། དེ་སྔོན་གྱི་རྟེན་པའི་སྟོབས་ཞེས་པ་ལ་སོགས་ཏེ། དེ་ནི་རུ་དྲའོ། །སྔོན་རྟེན་པའི་སྟོབས་ནི་སློབ་དཔོན་དགེ་སློང་ཐུབ་དཀའ་གཞོན་ནུ་ལ། ཐེག་པ་ཆེན་པོར་སེམས་བསྐྱེད་གསང་སྔགས་ཀྱི་སྒོར་ཞུགས། ལྟ་བ་མ་རྟོགས་ཀྱང་སྤྱོད་པ་ཕྱོགས་མོས་ཀྱིས་ཉམས་སུ་བླངས་པའི་སྟོབས་ཀྱིས་ནི་ངོ་བོ་ཉིད་ཀྱིས་འབྲེལ་བའོ། །ཐམས་ཅད་མཁྱེན་པས་གཟིགས་ནས། ཞེས་པ་ཐུགས་རྗེའི་འབྲེལ་བ་དེས་རུ་དྲ་ནག་པོ་ཁོ་བདག་གི་ལོག་པར་སོང་བས་ཁམས་གསུམ་ལོག་ལྟ་དགུ་ལ་བཙུད་པ། སྤྱིར་ཁམས་གསུམ་རངས་པོ་ལ་གཟིགས། སྒོས་སུ་འབྲེལ་བའི་སྟོབས་ཀྱིས་རུ་དྲ་ལ་གཟིགས་ནས། ཐུགས་རྗེས་འདུལ་བར་གྱུར་ཏེ། ཞེས་པ་ཐུགས་རྗེ་བཞིའི་ནང་ནས་ཡུལ་དང་ཕྲད་ནས་ཐུགས་རྗེ་སྐྱེ་བ་སྟེ་གདུལ་བྱ་རུ་དྲའི་ངོའོ། །འདུལ་བར་གྱུར་ཏེ། ཞེས་པ་འདུལ་ཐབས་ཕྲིན་ལས་བཞི་ལས་གདུལ་བྱ་རྩུབ་སྟེ་གསུམ་པོས་མི་འདུལ་བས། དྲག་པོའི་སྒོ་ནས་ལུས་སེམས་ཕྲལ་བའི་དུས་ལ་བབ་པའོ། །ཆེ་མཆོག་གི་དཀྱིལ་འཁོར་སྣང་བའི་དགོས་པ་ནི། དེ་ནས་དེ་བཞིན་གཤེགས་པ། ཞེས་པ་ལ་སོགས་ཏེ། དེ་ནས་ནི་གདུལ་བྱ་གྲུབ། འདུལ་ཐབས་གཟིགས་ནས་འདུལ་དངོས་ལ་ཞུགས་ཏེ། དེ་བཞིན་གཤེགས་པ་ནི་དྲུག་པ་ཀུན་ཏུ་བཟང་པོའོ། །ཆེ་བ་ནི་འཁོར་འདས་དབྱེར་མེད་པའི་དབང་གིས་གདུལ་བྱ་རུ་དྲ་དངོས་ཀྱང་ཀུན་ཏུ་བཟང་པོའི་དགོངས་པར་དབྱེར་མེད་པས་གཉིས་སུ་མ་དམིགས་པའོ། །རྡོ་རྗེ་ནི་དོན་དེ་ཉིད་ལ་མི་ཕྱེད་པའི་དོན་གྱིས་སོ། །བཀོད་པ་ནི་རང་བཞིན་ལྷུན་གྲུབ་ཀྱི་བུདྡྷ་ཁམས་གསུམ་གྱི་རྟོག་པ་ཀུན་ཏུ་བཟང་པོའི་དགོངས་པར་གསལ་བས། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཉིད་ཀུན་ཏུ་བཟང་པོའི་ཐུགས་རང་སྣང་བའོ། །སྒྱུ་འཕྲུལ་དྲྭ་བ་ནི། སྣང་སྟོང་དབྱེར་མི་ཕྱེད་པའི་དྲྭ་བ་ལས་སྣང་བ་མ་འགག་པ་ཐབས་དང་ཤེས་རབ་དབྱེར་མི་ཕྱེད་པ་དྲྭ་བ་ལྟར་མི་ཕྱེད་པའི་བདག་ཉིད་དུ་བཞུགས་པའོ། །རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཉིད་ལས་ཁྲོ་བོར་སྣང་བའི་དགོས་པ་ནི། འཇིག་རྟེན་དྲུག་གི་ཕྱོགས་བཅུའི། ཞེས་པ་ལ་སོགས་པ། འཇིག་རྟེན་དྲུག་ནི་ཕན་ཚུན་དང་ཡན་མན་གྱི་འཇིག་རྟེན་དྲུག་གམ། ཡང་ན་འགྲོ་བ་རིགས་དྲུག་གི་གནས་སོ། །ཕྱོགས་བཅུ་ཤེས་པར་བས། སྲིད་པ་གསུམ་གྱི་བདག་པོ་ནི་རུ་དྲ་སྟེ་ཁམས་གསུམ་ལོག་པའི་ལམ་དུ་བཙུད་པའོ། །དབང་དྲག་གི་སྒོ་ནས་འདུལ་བའི་རུ་དྲའི་ལོག་པའི་ང་རྒྱལ་འདུལ་བའི་ཕྱིར། དགོངས་པ་ཆོས་སྐུའི་ངང་ལས་གཡོ་བ་མེད་པའི་ངང་ང་རྒྱལ་ཆེན་པོས་རུ་དྲའི་ལོག་པའི་ང་རྒྱལ་འདུལ་བའི་ཕྱིར། གཟི་བརྗིད། ཞེས་པ་སྐུ་གསུང་ཐུགས་ཏེ། སྐུའི་གཟི་བརྗིད་ནི་གར་དགུ་ལ་སོགས་ཏེ་ཁྲོ་ཚུལ་དྲུག་ཅུ་དང་ལྡན་པའོ། །གསུང་གི་གཟི་བརྗིད་ནི་ད་ཧ་པ་ཙ་ལ་སོགས་ཏེ་རུ་དྲའི་ངག་གི་ནུས་པ་ཕྲོག་པར་བྱེད་པའོ། །ཐུགས་ཀྱི་གཟི་བརྗིད་ནི་རང་བྱུང་གི་ཡེ་ཤེས་འཇིག་པའི་དུས་ཀྱི་མེ་དཔུང་ལྟ་བུས་རུ་དྲའི་སེམས་ཀྱི་རྟོག་པ་གདུག་པ་དང་བཅས་པ་སྐད་ཅིག་མ་ལ་མི་གནས་པར་མཛད་པའོ། །དེ་ལྟ་བུ་རུ་དྲའི་ངོ་ལ་སྣང་བ་ལ་ནི་བསྟན་པ་ཞེས་བྱ་སྟེ་དགོས་ཆེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ཞེས་པ་ཐམས་ཅད་རིགས་ལྔས་བསྡུས་པ་སྟེ། སྐུ་རྡོ་རྗེ་ལྟ་བུ། གསུ ང་རྡོ་རྗེ་ལྟ་བུ། ཐུགས་རྡོ་རྗེ་ལྟ་བུ་དེ་གསུམ་ཡང་མི་ཕྱེད་ཅིང་དབྱེར་མེད་པ་རྡོ་རྗེའི་བདག་པོ་ནི་ཀུན་ཏུ་བཟང་པོའོ། །དེའི་མཚན་ཉིད་ནི་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ནི་འཁོར་འདས་དབྱེར་མེད་པའི་བདག་ཉིད་དེ། ལོངས་སྤྱོད་གཉིས་ལ་དུས་གཅིག་ཏུ་ཡུལ་བྲལ་དུ་རོལ་པས་དགྱེས་པ་ཆེན་པོའོ། །ཁྲོ་བོའི། ཞེས་པ་ཁྲོ་ཚུལ་རྣམ་པ་བཞི་དང་ལྡན་པའི་ཁྲག་འཐུང་གི་དཀྱིལ་འཁོར་ཐམས་ཅད་ཀྱི་རྩ་བ་རིགས་ལྔའི་ཧེ་རུ་ཀ་ཡིན་ལ། དེའི་ཡང་དབྱེར་མེད་པས་རྒྱལ་པོ་ལྟ་བུ་ནི་ཀུན་བཟང་ཧེ་རུ་ཀ་སྟེ། དངོས་སུ་ཆེ་མཆོག་གི་སྐུར་སྣང་བའོ། །དེ་ལས་རུ་དྲ་འདུལ་བའི་ཕྱིར། ཁམས་གསུམ་ཁྲོ་བོའི་དཀྱིལ་འཁོར་དུ་སྣང་བར་བྱེད་པའི་གཞི། སྤྲིན་ཆེན་པོ། ཞེས་པ་ཧེ་རུ་ཀའི་དགོངས་པ་གཞི་མ་ངེས་པ་ལས་ཁྲོ་བོའི་ཚོགས་ཅིར་ཡང་སྣང་བ་ལ་ནི་རྣམ་པར་འཕྲོ་བ་ཞེས་བྱ་སྟེ། དེ་ཡང་ཐབས་ཤེས་རབ་དབྱེར་མེད་པའི་དཀྱིལ་འཁོར་འཕྲོ་བ་ལ་ནི་སྒྱུ་འཕྲུལ་དྲྭ་བ་ཞེས་བྱའོ། །རྒྱལ་པོ་ནི་དེ་ལྟར་མཛད་པའི་ཕྲིན་ལས་ལ་རིག་པ་རང་དབང་བསྒྱུར་བའོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལྟར་སྣང་བ་ནི་གདུལ་བྱའི་སྣང་བའོ། །ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ནི། །དེ་བཞིན་ཉིད་ཀྱི་དབྱིངས་ནས་ཞེས་པ་ལ་སོགས་ཏེ། དེ་བཞིན་ཉིད་ནི་དོན་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་ལ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱ་སྟེ། དབྱིངས་ནི་མཛད་པའི་ཕྲིན་ལས་མི་འགག་པའི་ངོ་བོ་སྟེ། རྟགས་ཆེ་མཆོག་གི་ཐུགས་ཀ་ནས་སོ། །ཁྲོ་མོ་ནི་ཤེས་རབ་ཀྱི་རང་བཞིན་ཆེ་མཆོག་གི་ཡུམ་མོ། །དབང་ཕྱུག་ནི་ཆོས་ཐམས་ཅད་ལ་མངའ་བརྙེས་པའོ། །ཆེན་མོ་ནི་ཀྲོ་དྷི་ཤྭ་རི་མ་སྟེ། ཐུགས་ཀ་ནས་སྐུ་རྫོགས་པར་ཕྱུང་སྟེ་གཡོན་དུ་བཞུགས་པའི་ཚུལ་ལོ། །ཧི་ཧི་དགྱེས་པའི། ཞེས་པ་ཡབ་ཡུམ་གཅིག་ལ་གཅིག་དགྱེས་པའི་གད་མོ་ནི་ཧི་ཧི་སྟེ་ངག་ཏུ་འབྱིན་པའོ། །གད་མོ་དེ་བརྗོད་པའི་གཟི་མདངས་ཀྱིས་རྟོག་པ་མེད་ཀྱང་དགོས་འདོད་སྐོང་བས་རིན་ཆེན། མཐའ་གཉིས་ཀྱི་སྐྱོན་དང་བྲལ་བས་པདྨ། དགྱེས་མཛད་ནི་གདུལ་བྱ་དང་མཐུན་པར་བདེ་བ་རྒྱས་པ་ལྟ་བུར་མཛད་ནས། གཉིས་སུ་མེད་པར་ཡབ་ཡུམ་ཐབས་ཤེས་རབ་དབྱེར་མེད་པར་འཁྲིལ་བའི་བདེ་བ་མྱོང་བ་ལྟ་བུའི་དགྱེས་པས་དགོངས་པ་གཅིག་ཏུ་གྱུར་པ་ལྟ་བུ་ལ་ནི་ཐིམ་ནས་ཞེས་བྱའོ། །ཁྲོ་བོ་འཆོལ་བའི་རྒྱུ་རྐྱེན་ནི། ཡབ་ཀྱི་བྱང་ཆུབ་ཀྱི་སེམས་ཉི་ཟླ་གཉིས་ཡུམ་གྱི་མཁའ་ལ་སྤྲོས་ཏེ། ཁྲོ་བོ་ཐམས་ཅད་ཀྱི་རྒྱུ་ཡིན་པ་དང་། ཁྲོ་བོའི་ཚོགས་ཟད་པ་མེད་པར་འཕྲོ་ཞིང་ཅིར་ཡང་སྣང་བས་སྤྲིན་ཏེ་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱུའོ། །རྐྱེན་ནི། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ལ་སོགས་པའི་སྔགས་ཏེ། ཧཱུྃ་གསུམ་ནི་སྐུ་གསུང་ཐུགས་གསུམ་མོ། །བི་ཤྭ་ནི་སྣ་ཚོགས། བཛྲ་རྡོ་རྗེ། ཀྲོ་དྷ་ཁྲོ་བོ། ཛྭ་ལ་འབར་བ། མཎྜལ་དཀྱིལ་འཁོར། ཕཊ྄་གསུམ་སྐུ་གསུང་ཐུགས། ཧ་ལ་གསུམ་དུག་གསུམ་སྒྲོལ་བ་སྟེ། དེ་ཡང་སྐུ་གསུང་ཐུགས་ལས་སྣང་བའི་རྡོ་རྗེ་ཁྲོ་བོ་སྣ་ཚོགས་ནང་དུ་ཡེ་ཤེས་འབར་ཕྱི་རོལ་དུ་ཕྲིན་ལས་འབར་བའི་མཎྜལ་དཀྱིལ་འཁོར་སྐུ་གསུང་ཐུགས་ཀྱི་སྒོ་ནས། རུ་དྲའི་ལུས་ངག་ཡིད་གསུམ་བསྒྲལ་བས་ཕཊ྄་གསུམ། སྐུ་གསུང་ཐུགས་ཀྱི་སྒོ་ནས་རུ་དྲའི་དུག་གསུམ་བསྒྲལ་ནས་ཧཱུྃ་ཡེ་ཤེས་ལྔའི་ནང་དུ་སྡུས་ཤིག་པའོ། །ཆེ་མཆོག་ཧེ་རུ་ཀས་སྔགས་དེ་བརྗོད་པའི་རྐྱེན་གྱིས་ཁྲོ་བོ་འཆོལ་བའི་ཚོགས་དངོས་སུ་སྤྲོ་བ་ནི། འཇིག་རྟེན་དྲུག་གི་ཕྱོགས་བཅུ། ཞེས་པ་ལ་སོགས་ཏེ། ཡབ་ཡུམ་རོལ་པའི་བྱང་ཆུབ་སེམས་ལས་སྔགས་ཀྱི་རྐྱེན་གྱིས་ཁྲོ་བོའི་ཚོགས་སྤྲོས་ཏེ། གནས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པར་ཁྲོ་བོའི་ཚོགས་ཀྱིས་ཁྱབ་སྟེ། དེ་ཡང་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་ཆེ་ཆུང་གི་ཚད་ནི་སྟོང་གསུམ་གྱི་འཇིག་རྟེན་ཙམ། མང་ཉུང་ནི་ཕྱོགས་བཅུའི་རྡུལ་ཕྲ་མོ་སྙེད་ཐོན་པར་གྱུར་ནས། བྱིན་རླབས་ཀྱིས་ཕྱི་ནང་གི་ས་གཡོས་པ་ནི། འཇིག་རྟེན་དྲུག་གི་ཕྱོགས་བཅུ། ཞེས་པ་ལ་སོགས་ཏེ། ཁྲོ་བོའི་སྣང་བའི་ཆོ་འཕྲུལ་གྱིས་གཡོས་ཚབས་ཆུང་ངུ་གཡོས། དེ་བས་ཀྱང་ཚབས་ཆེ་བ་རབ་ཏུ་གཡོས། དེ་བས་ཀྱང་ཆེ་བར་ཀུན་ཏུ་གཡོས་སོ། །དེ་ནི་ཕྱི་ལྟར་ས་གཡོ་བ་གསུམ་མོ། །ནང་དུ་ན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་མགོ་ཟུག་པས་གཡོས། རབ་ཏུ་གཡོས་ཐོབ་པ། ཀུན་ཏུ་གཡོས་བརྟན་པའོ། །ས་གཡོ་བའི་དུས་སུ་འུར་འུར་གྱི་སྒྲ་གྲགས་པ་རབ་ཏུ་འུར་འུར། དེ་བས་ཆེ་བ་ཀུན་ཏུ་འུར་འུར། དེ་བས་ཀྱང་ཚབས་ཆེ་བར་སོང་བ་ཕྱིའོ། །ནང་ལྟར་ན་ཀུན་ཏུ་སྣང་གི་ཏིང་འཛིན་གཡོ་ཐོབ་བརྟན་པ་གསུམ་མོ། །ཆེམ་ཆེམ་ནི་འཇིག་རྟེན་ཞིག་པ་ལྟ་བུའི་སྒྲ་ཚབས་ཆེ་ཆུང་གསུམ་མོ། །ནང་དུ་ཕྱག་རྒྱ་གཅིག་པའི་གཡོ་ཐོབ་བརྟན་པ་གསུམ་མོ། །ཤིག་ཤིག་གསུམ་ནི་འཇིག་རྟེན་ཞིག་པའི་སྒྲ་ཆེ་ཆུང་གསུམ་མོ། །ནང་དུ་ཕྱག་རྒྱ་གཅིག་པ་རགས་པའི་གཡོ་ཐོབ་བརྟན་པ་གསུམ་མོ། །གཏོར་གཏོར་ནི་འཇིག་རྟེན་ཞིག་ནས་རླུང་གིས་ཁྱེར་ཏེ་མི་གནས་པ་ལྟ་བུའི་སྒྲ་ཆེ་ཆུང་གསུམ་མོ། །ནང་དུ་ཕྱག་རྒྱ་སྤྲོས་པའི་གཡོ་ཐོབ་བརྟན་པ་གསུམ་མོ། །དྲེགས་པ་རྣམས་ལས་སེམས་ཚར་བཅད་པ་ནི། འཇིག་རྟེན་དྲུག་གི་ཕྱོགས་བཅུ། ཞེས་པ་ལ་སོགས་ཏེ། དབང་ཆེ་བ་ནི་མ་ཧཱ་དེ་ཝའོ། །གཟི་བརྗིད་ཆེ་བ་ནི་ཚངས་པའོ། །མཐུ་ཆེ་བ་ནི་ཁྱབ་མཇུག་སྟེ། དབང་ཕྱུག་ཆེན་པོ་ནི་རུ་དྲ་དངོས་ཏེ་ཁམས་གསུམ་ལ་དབང་བསྒྱུར་བའོ། །སོགས་ཁོངས་སུ་རུ་དྲའི་འཁོར་དུ་གྱུར་པ་ལྷ་མ་སྲིན་སྡེ་བརྒྱད་ཀྱི་གཙོ་བོ་མ་ལུས་པ་བསྡུས་ཏེ། གོང་དུ་ཆོ་འཕྲུལ་རྣམས་ཀྱི་བྱིན་རླབས་ཀྱིས་བརྒྱལ་བ་ནི། ཁམས་འཁྲུགས་ཏེ་དྲན་པ་ཉམས་པའི་སྐད་ཅིག་མ་དང་པོའོ། །རབ་ཏུ་བརྒྱལ་བ་ནི་དྲན་པ་ཡེ་ཉམས་ཏེ་ནག་ཐོམས་ཀྱིས་སོང་བའོ། །ཀུན་ཏུ་རབ་ཏུ་བརྒྱལ་བ་ནི། ཕྱིས་ཀྱང་ནུས་པ་ལྡང་རྒྱུ་མེད་པའོ། །ཡང་ན་བརྒྱལ་བ་ནི་ལུས་འགྱེལ་བའོ། །རབ་ཏུ་བརྒྱལ་བ་ནི་སེམས་མྱོས་པའོ། །ཀུན་ཏུ་རབ་ཏུ་བརྒྱལ་བ་ནི་གདུག་པ་ཕྱིས་ལྡང་རྒྱུ་མེད་པའོ། །ཞེ་སྡང་རྡོ་རྗེའི་ཡབ་གཙོ་བོའི་ཆ་ལུགས་ནི། འཇིག་རྟེན་དྲུག་གི། ཞེས་པ་ལ་སོགས་པ་སྟེ། གདུལ་བྱའི་ངོ་ལ་སྐབས་འདིར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྲག་འཐུང་གི་གཞལ་ཡས་ཁང་དུ་གྱུར་ཏེ། འོག་གཞི་འབྱུང་བའི་དཀྱིལ་འཁོར་རྣམས་ཀྱང་དུར་ཁྲོད་ཀྱི་འབྱུང་བ་རྣམས་སུ་གྱུར་ཏེ། ཁྲག་འཐུང་གི་དཀྱིལ་འཁོར་ལས་མ་གཏོགས་པ་ཐ་མལ་པའི་འཇིག་རྟེན་གྱི་སྣང་བ་མ་དམིགས་པ་ལྟ་བུའོ། །དེར་གཞལ་ཡས་ཁང་གི་ནང་དུ་རུ་དྲ་ལ་སོགས་པ་རྣམས་ཀྱང་འགྱེལ་བས་གདན་དུ་གྱུར་པ་ལྟ་བུའོ། །ཁྲོ་བོ་འཆོལ་བའི་ཚོགས་སྤྲོས་ནས། དེ་རྣམས་ཀྱི་བྱིན་བརླབས་ཀྱིས་གོང་གི་ཆོ་འཕྲུལ་རྣམས་བྱུང་། རུ་དྲ་ལ་སོགས་པའི་དྲེགས་བྱེད་ཐམས་ཅད་བསྒྱེལ་ཏེ་ཉམས་པར་བྱས་ནས་མཛད་པ་དེ་རྣམས་ཀྱི་དུས་སུ་ཆེ་མཆོག་ཧེ་རུ་ཀ་ཡང་བུས་དཔའ་བྱས་ན་ཕ་ངམ་པ་སྐྱེ་བ་བཞིན་དུ་ཞལ་ཕྱག་འདི་ལྟ་བུར་གྱུར་པ་ཡིན་ཏེ། དགྱེས་པ་ཆེན་པོ་ཉིད་ཆེ་མཆོག་ཧེ་རུ་ཀའོ། །ནང་དུ་ཉོན་མོངས་པ་འཇིག །ཕྱི་རོལ་དུ་རུ་དྲ་ལ་སོགས་མི་གནས་པར་མཛད་པ་ཉིད་རང་བྱུང་གི་ཡེ་ཤེས་སྣང་བས། འཇིགས་བྱེད་ཆེན་པོ་ཤིན་ཏུ་རྔམ་པ་ནི། ནང་དུ་ཉོན་མོངས་པ་ཕྱི་རོལ་དུ་རུ་དྲ་ལ་རྔམ་པའོ། །སྐྱི་བུང་། ཞེས་པ་རུ་དྲ་ལ་སོགས་པའི་གནོད་བྱེད་རྣམས་ཉོན་མོངས་པ་ཧེ་རུ་ཀ་མཐོང་བ་ཙམ་གྱིས་བདག་འཛིན་རྩད་ནས་དག་སྟེ་མི་གནས་པས། སྐྱི་བུང་ཞེས་བྱེད་པའི་ནང་ཡེ་ཤེས་འབར་ལ། ཕྱིའི་བསྐལ་པའི་མེ་དཔུང་ན་བཞུགས་པས་འབར་བ་ཆེན་པོའི་དཔལ་གསུམ་གསུམ་དང་ལྡན་པའི་ཧེ་རུ་ཀ་ཁམས་གསུམ་གྱི་འདོད་ཆགས་ཟད་པར་མཛད་པའི་རྟགས་སུ་ཁྲག་འཐུང་བ་ལྟར་སྣང་བ། སྐུ་སྨུག་ནག་གི་འབར་བ་རུ་དྲ་དབང་དུ་མཛད་པའི་རྟགས། ནག་པོ་དྲག་པོའི་སྒོ་ནས་ཚར་བཅད་པའི་རྟགས་སུ་སྣང་བ། འོན་ཀྱང་གདུལ་བྱའི་ངོ་ལ། ཅིར་ཡང་འགྱུར་བ། ཞེས་པ་ཞི་རྒྱས་ཀྱི་ཕྲིན་ལས་ཀྱང་འཆར་དུ་རུང་བ་དབུ་དང་ཕྱག་ཞབས་ངེས་པ་མེད་པར་གྲངས་བསམ་གྱིས་མི་ཁྱབ་པ། ཕྱག་མཚན་ཡང་མཚོན་སྣ་ཚོགས་པར་གྱུར་པ་སྟེ། ཁྲོ་བོ་འཆོལ་བ་རྣམས་ཀྱིས་རུ་དྲ་ཚར་བཅད་པའི་དུས་སུའོ། །དེའི་སྐུ་ཆེན་པོ་དེས་རུ་དྲ་འཁོར་དང་བཅས་པ་གདན་དུ་བཏིང་ནས། དབུ་གསུམ་ཕྱག་དྲུག་ཞབས་བཞི་པར་གྱུར་ཏེ། དབུ་གསུམ་རྣམ་ཐར་གསུམ། ཕྱག་དྲུག་ཡེ་ཤེས་དྲུག །ཞབས་ཕྲིན་ལས་བཞིའི་དོན་ནོ། །གྱུར་ཏེ་ནི་དབུ་ཕྱག་མང་པོ་སྐད་ཅིག་མས་སྣང་བའོ། །དུར་ཁྲོད་ཆེན་པོར་དགྱེས་ནས། ཞེས་པ། དགོངས་པ་དང་མཛད་པ་གཉིས། དགོངས་པའི་དུར་ནི་ཆོས་སྐུ་མཉམ་པ་ཆེན་པོ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་དེར་གཅིག་པ་ནི་དུར་རོ། །གཟུགས་སྐུ་གཉིས་གདུལ་བྱའི་ངོ་ལ་ཅིར་ཡང་སྣང་བ་ནི་ཁྲོད་པའོ། །ཆེན་པོ་ནི་དེ་ཉིད་དབྱེར་མེད་པའོ། །དགྱེས་པ་ནི་དེ་ཉིད་ལ་འཛིན་པའི་ཆོས་ཕྲ་བ་ཡང་མ་དམིགས་པའོ། །མཛད་པ་ནི་དཔལ་ཧེ་རུ་ཀའི་མཛད་པ་དྲག་པོའི་སྒོ་ནས་རུ་དྲ་འཁོར་བཅས་འདུལ་བ་སྟེ། འཇིག་རྟེན་དྲག་བྱེད་མ་ལུས་པ་གནས་དེར་སྡུད་པ་ནི་དུར་རོ། །འདུལ་བའི་ཐབས་ཀྱི་ཕྲིན་ལས་ཅིར་ཡང་འཆར་བ་ནི་ཁྲོད་པའོ། །ལས་ཀྱི་རུ་དྲ་འདུལ་བའི་ཕྱིར། གདུལ་བྱའི་ངོ་ལ་ལྟར་སྣང་གི་གནས་དུར་ཁྲོད་གྱི་རྒྱུད་དུར་ཁྲོད་ཅི་ལྟར་སྣང་ཡང་རུ་དྲ་བཞིན་དངོས་འཛིན་མ་དམིགས་ཏེ། མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་པ་ཆེན་པོའོ། །དགྱེས་པ་ནི་གདུལ་བྱ་རུ་དྲ་འདུལ་བ་ལ་གདུལ་བྱ་འདུལ་བྱེད་མ་དམིགས་ཀྱང་། ཡུལ་དང་འཛོམ་པའི་དུས་སུ་མཛད་པའི་ཕྲིན་ལས་རང་ཤར་བ་ལ། མེ་ལོང་གི་གཟུགས་བརྙན་ལྟར་སྣང་བའོ། །ཁྲག་གི་རྒྱ་མཚོའི་དཀྱིལ། ཞེས་པ་ཁམས་གསུམ་གྱི་འདོད་ཆགས་མ་སྤངས་གནས་སུ་དག་པའི་ཕྱིར་འབྱུང་བ་ཆུའི་རྒྱ་མཚོའི་དོད་པའོ། །ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་། ཞེས་པ་རུས་པ་སྣ་ཚོགས་བརྩིགས་པའི་རི་རབ་ནི་ང་རྒྱལ་མ་སྤངས་གནས་སུ་དག་པའོ། །དེའི་སྟེང་ན་རང་བྱུང་གི་ཡེ་ཤེས་ཕྱི་ནང་མེད་པར་འབར་བའི་རྟགས་སུ། མེ་འབར་བའི་དཀྱིལ་ན་གཞལ་ཡས་ཁང་བཞུགས་པའོ། །དེའི་ཤུགས་ལ་ཤ་ཆེན་གྱི་ས་གཞི་ལ་སོགས་པ་གཞན་མའང་རང་གྲུབ་ཏུ་གཟུང་ངོ་། །གཞལ་ཡས་ཁང་གི་འཁོར་ལོ་རྩིབས་བཞིའི་དབུས་སུ། དབང་ཕྱུག་ཆེན་པོ་ནི་མ་ཧཱ་དེ་ཝའོ། །དུར་ཁྲོད་བདག་པོ་ནི་རུ་དྲའོ། །ཁྱོ་ཤུག་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་གདན་ལ་ཞབས་བཞི་ཐབས་དང་ཤེས་རབ་ཀྱི་ཚུལ་གྱིས་བརྐྱང་བསྐུམ་དུ་བཞུགས་ཏེ། ཚམ་རྔམ་དྲག་པོས་ལྷ་ཆེན་འདར་བསྒྱེལ་བརྫིས་ཞེས་པའོ། །རིགས་བཞི་ཧེ་རུ་ཀ་བསྟན་པ་ནི། ཁྲོ་བོའི་དཀྱིལ་འཁོར་སྤྲིན་དཔུང་དེ་དག་ཀྱང་སྔར་བྱང་ཆུབ་སེམས་ལས་འཕྲོས་པ་ཕྱོགས་བཅུར་ཁྱབ་པ་ཐམས་ཅད་དོ། །ལ་ལ་ནི་དཔལ་ཁྲག་འཐུང་། ཞེས་པས། ལ་ལ། ཞེས་པ་ཕྱོགས་བཞིར་བགོས་པའི་ཤར་ཕྱོགས་ཀྱི་ཁྲོ་བོ་མ་ལུས་པ་ཐམས་ཅད་གཅིག་ཏུ་འདུས་པ་དེ། ཡེ་ཤེས་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་བཛྲ་ཧེ་རུ་ཀའི་སྐུར་གྱུར་ཏེ། ཤར་ཕྱོགས་སུ་བཞུགས་སོ། །ཞེས་པ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི། ཞལ་གཡས་དཀར་གཡོན་དམར་དབུས་མཐིང་། ཤར་གྱི་འཁོར་ལོ་རྩིབས་ལ་བརྐྱང་བསྐུམ་དུ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེ། ཞེས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ལྷོ་ཕྱོགས་ཀྱི་ཁྲོ་བོ་ཐམས་ཅད་གཅིག་ཏུ་འདུས་པ་ལས་རཏྣ་ཧེ་རུ་ཀ་སེར་ནག །དབུ་གསུམ་ཕྱག་དྲུག་ཞབས་བཞི་དང་ལྡན་པ་ལྷོའི་འཁོར་ལོ་རྩིབས་ལ་བཞུགས་སོ། །དཔལ་ཁྲག་འཐུང་པདྨ། ཞེས་པ་སོ་སོར་རྟོགས་པའི་ཡེ་ཤེས་ལས་གྲུབ་པའི་ནུབ་ཕྱོགས་ཀྱི་ཁྲོ་བོ་ཐམས་ཅད་གཅིག་ཏུ་འདུས་པ་པདྨ་ཧེ་རུ་ཀ་དམར་ནག་དབུ་གསུམ་ཕྱག་དྲུག་པར་གྱུར་ཏེ་ནུབ་ཀྱི་རྩིབས་ལ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས། ཞེས་པ་བྱ་བ་གྲུབ་པའི་ཡེ་ཤེས་ལས་སྣང་བའི་ཀརྨ་ཧེ་རུ་ཀ་སྟེ་ལྗང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་འཁོར་ལོ་རྩིབས་ཀྱི་བྱང་ཕྱོགས་སུ་བཞུགས་སོ། །དེ་དག་གི་ཆ་ལུགས་ནི། དེ་དག་ཀུན་ཀྱང་། ཞེས་པ་རིགས་བཞི་ཧེ་རུ་ཀ་དེ་དག་ཀུན་ཀྱང་འཇིགས་བྱེད་ཆེན་པོའི་ཆ་ལུགས་ནི། དུར་ཁྲོད་ཀྱི་ཆས་དང་ལྡན་པ་གཙོ་བོ་དང་མཐུན་ནོ། །རྔམས་པའི་ང་རོ་ནི་གདུལ་བྱ་རྔམས་པའི་ཧ་ལ་དང་ད་ཧ་པ་ཙ་ལ་སོགས་པའོ། །མེ་འབར་བའི་ཀློང་ན་དབུ་གསུམ་ཕྱག་དྲུག་ཞབས་བཞི། ཞེས་པ་བཛྲ་ཧེ་རུ་ཀས་དྲི་ཟ་ཕོ་མོ་བསྣོལ་བ། ཀརྨ་ཧེ་རུ་ཀས་གནོད་སྦྱིན་ཕོ་མོ་བསྣོལ་བ། པདྨ་ཧེ་རུ་ཀས་སྲིན་པོ་ཕོ་མོ་བསྣོལ་བ། རཏྣ་ཧེ་རུ་ཀས་གཤིན་རྗེ་ཕོ་མོ་བསྣོལ་བ། སོགས་ཁོངས་སུ་ནང་རྟགས་ཕྱི་རུ་ཤར་བའི་གདན་རིན་པོ་ཆེ་དང་། སེམས་ཅན་ལྔ་དང་། པད་ཟླ་ཉི་མ་རྣམས་བསྡུས་སོ། །ཁྱོ་ཤུག་ནི་གདན་རྣམས་ཀྱི་ཕོ་མོ་བསྣོལ་བའོ། །གདན་ལ་བརྐྱང་བསྐུམ་བཞུགས་སོ། །ཡུམ་བསྟན་པ་ནི། བཙུན་མོ་ཁྲག་འཐུང་ཆེན་མོ་ཞེས་པ་ལ་སོགས་ཏེ། སོ་སོའི་ཡབ་ལ་མཉེས་པ་སྟོབ་པའི་ཕྱིར་ན་བཙུན་མོ་ཁྲག་འཐུང་གི་ཡུམ་ཡིན་པས་ན་ཁྲག་འཐུང་ཆེན་མོ་སྔར་སྤྲོས་པའི་དུས་སུ་མང་བས་ཚོགས་རྣམས་ཀྱང་ཡབ་ཡུམ་དུས་གཅིག་སྐུ་གྲུབ་པས། ཡབ་སོ་སོའི་སྐུ་ལ་ཐབས་དང་ཤེས་རབ་འཁྲིལ་པའི་ཚུལ་གྱིས་བཞུགས་ཏེ། ཡུམ་རྣམས་ནི་ཞལ་གཅིག་ཕྱག་གཉིས་སོ། །དྲེགས་པ་ང་རྒྱལ་སྟོན་པ་ནི། དེ་ནས་དྲེགས་པ་ཆེན་པོ། ཞེས་པ་ལ་སོགས་པ་སྟེ། དྲེགས་པ་གནོན་པའི་ཕྲིན་ལས་དེ་ནས་དྲེགས་པ་ཆེན་པོ་རུ་དྲའོ། །སོགས་ཁོངས་སུ་འཁོར་ཐམས་ཅད་བསྡུས་སོ། །གཏུམ་པའི་སེམས་ནི་ཁོ་གནོན་པ་ང་རྒྱལ་བསྐྱེད་པ་ལྟ་བུའོ། །གདུག་པའི་རྫུ་འཕྲུལ་ཆེན་པོ་ནི། སླར་ཧེ་རུ་ཀ་ལ་རྒོལ་བའི་བསམ་པ་སྟེ། སྤྲུལ་པ་བརྫུ་བའི་རྫུ་འཕྲུལ་བསྟན། ཞེས་པ་བདུད་ཀྱི་རུ་མཚོན་ཕུགས་སུ་བཙུགས། མཚོན་ཆ་སྣ་ཚོགས་བསྣམས་པ་ལ་སོགས་པ་དགོངས་པ་འདུས་པ་ནས་བསྟན་པའི་རྫུ་འཕྲུལ་རྣམས་ཏེ་ལུས་ཀྱི་སྒོ་ནས་སོ། །ངག་གི་སྒོ་ནས་མགྲིན་གཅིག་ཏུ་བརྗོད་པའོ། །སེམས་ཀྱི་སྒོ་ནས་རྒོལ་བའི་བསམ་པ་ཅན་ནི་གདུག་པའོ། །ང་རོ་ནི་བརླང་ཚིག་སྨྲ་བའོ། །གཏུམ་པ་ནི་རྒོལ་བའི་བསམ་པ་ཞེ་སྡང་གིས་ཚིག་པའོ། །ཐོང་ཐོང་ནི་དེ་ཙུག་མ་བྱེད་ངམ་མནན་ཞེས་པ་ལྟ་བུའོ། །གནད་ཚིག་གིས། ཁྱོད་སྙིང་རྗེའི་བདག་པོ་ཡིན་ཅིང་ཞེ་སྡང་གི་ལས་དེ་ལྟར་བྱེད་དམ། ཞེས་ངག་ཏུ་བརྗོད་ཅིང་། ཤིན་ཏུ་གདུག་ཅིང་ཞེ་སྡང་གི་སེམས་ཀྱིས་ཧེ་རུ་ཀ་ལ་རྔམས་ནས་ཁྲོས་པའི་ཚུལ་སྟོན་པའོ། །ཕོ་རྣམས་བསྒྲལ་བ་ནི། དེ་ནས་བཅོམ་ལྡན་འདས་དགྱེས་པ། ཞེས་པ་ལ་སོགས་པ་སྟེ། འདིར་གཅིག་གིས་མང་པོ་འདུལ་བའི་ངོ་མཚར་ཡིན་པས་ཧེ་རུ་ཀ་གཅིག་ཏུ་བསྟིམ་པ་ལྟ་བུ་ཡང་བཞེད། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ནི། རིགས་ལྔ་དབྱེར་མེད་པའི་དབུ་དགུ། ཕྱག་བཅོ་བརྒྱད། ཞབས་བརྒྱད་དུ་གནས་ནས། ཞེས་པ་རིགས་ལྔའི་ཧེ་རུ་ཀ་ལས་རྡོ་རྗེ་སྲིན་པོར་གྱུར་པའམ། ཡང་ན་གཙོ་བོ་དངོས་ཏེ་དབུ་དགུ་ནི་རྣམ་པར་ཐར་པ་དགུའི་ངོ་བོ་དགུ་ཀློང་གི་ཞལ་ཏེ་རིགས་ལྔ། རཀྴ་ཧེ་རུ་ཀ །ས་ནུ་ཧེ་རུ་ཀ །ཡཀྴ་ཧེ་རུ་ཀ །གུ་ཧྱ་ཧེ་རུ་ཀ་དང་དགུའི་ཞལ་གྱི་ངོ་བོའོ། །ཕྱག་བཅོ་བརྒྱད་ནི། སྟོང་པ་བཅོ་བརྒྱད་དམ། ཡང་ན་མཛད་པ་ཕྲིན་ལས་ཀྱི་ངོས་ནས་གིང་ཆེན་པོ་བཅོ་བརྒྱད་དོ། །ཞབས་བརྒྱད་ནི་ཐེག་པ་ཆེན་པོ་བརྒྱད་དམ། ཡང་ན་ཕྲིན་ལས་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་དང་བརྒྱད་ཀྱི་རྟགས་སོ། །སྐུ་དེ་ལྟ་བུར་བསྟན་ནས། གསུང་རྔམས་པའི་སྐད་ཀྱིས་འོག་ནས་འབྱུང་བའི་སྔགས་བརྗོད་ཅིང་། ཐུགས་རྗེས་འདུལ་བའི་ཐབས་ཀྱིས། །ཞེས་པ་གཉིས་སུ་མེད་པའི་ཐུགས་རྗེའི་ངང་ལ་གདུལ་བྱ་འདུལ་བྱེད་དབྱེར་མེད་པ་ཉིད་ལས་ཡུལ་དང་འཕྲད་པའི་ཐུགས་རྗེའི་སྟོབས་ཀྱིས་ངོ་བོ་ལ་བྱ་བྱེད་མ་དམིགས་ཀྱང་། འདུལ་བའི་ཕྲིན་ལས་རང་སྣང་བའི་ཐབས་ཀྱི་དྲག་པོའི་སྒོ་ནས་རུ་དྲའི་དོན་ཆེན་པོ་མངོན་དུ་ཤར་བར་མཛད་པའོ། །ཤིན་ཏུ་ཁྲོས་པ་ནི་དགོངས་པ་ཆོས་སྐུ་ལས་མི་འདའ་བ་ངང་གིས་ཁྲོ་བ་མཛད་པའི་ཕྲིན་ལས་རུ་དྲའི་ངོ་ལ་ཁྲོས་པ་ལྟར་སྣང་བ་ཤུགས་ཀྱིས་ཁྲོ་བའོ། །ཧཱུྃ་གསུམ་ནི་སྐུ་གསུང་ཐུགས་ཀྱི་ངང་དུ་སྡུད་པའོ། །ཧ་གསུམ་ནི་སྐུ་གསུང་ཐུགས་ཀྱི་ངོས་ནས་བདག་དོན་དང་གཞན་དོན་གཉིས་དགྱེས་པས་རུ་དྲ་རྔམ་པའི་སྐད་དོ། །ཁཱ་ཧི་གསུམ་ནི་རྟིང་པ་ལ་ཤ་ཁྲག་གསོལ་བ་སྟེ་སྐུ་གསུང་ཐུགས་ཀྱི་ངང་དུ་གསོལ་ནས་སྡུད་པའོ། །སྔགས་བརྗོད་པས། དབང་ཕྱུག་ཆེན་པོ་ལ་སོགས་པ་རུ་དྲ་གདུག་པའི་ཚོགས་ཀུན་རང་ལས་བསགས་ས་མེད་པར་ཡུལ་དང་འཕྲད་པའི་ཐུགས་རྗེས་གདུལ་བྱའི་ཚོགས་རྫོགས་པར་བྱ་བའི་ཕྱིར། དེ་དག་གི་སྙིང་དང་དབང་པོ་ཀུན་ཕྱུངས། ཞེས་པ་བདག་འཛིན་རྩ་ནས་དག་པའི་ཕྱིར་སྙིང་ཕྱུང་བའོ། །དབང་པོ་ཀུན་ཕྱུང་བ་ནི། སྒོ་ལྔའི་རྣམ་ཤེས་གཟུང་འཛིན་རྩ་ནས་དག་པའི་ཕྱིར་རོ། །ནང་ཁྲོལ་ཀུན་ཕྱུངས་པ་ནི། ཡུལ་ལྔ་ལ་མངོན་པར་ཞེན་པའི་སྐད་ཅིག་མ་སྔ་ཕྱི་འབྲེལ་བ་གཏན་ནས་དག་པའི་ཕྱིར་རོ། །ཡན་ལག་ཀུན་བཅད་གཏུབས་པ་ནི། ལས་ངན་པའི་རྒྱུན་བཅད་པའམ། བྱ་བྱེད་ཀྱི་རྩོལ་བ་བདག་འཛིན་གྱིས་བསྐྱེད་པ་དག་པའོ། །འདོད་ཆགས་ཟད་པར་བྱ་བའི་ཕྱིར་ཁྲག་འཐུང་། གཏི་མུག་ཟད་པའི་ཕྱིར་ཤ་ཟོས། ཞེ་སྡང་དག་པའི་ཕྱིར་རུས་པ་ཀུན་འཆོས་པའོ། །བསྡུ་བའི་རྒྱུ་ནི། དེ་ནས་ཧཱུྃ་ཧཱུྃ་ཧཱུྃ། བྷྱོ་ཞེས་པ་ལ་སོགས་པ་ནི། འདིར་འཇིག་རྟེན་པས་བླ་བཏབ་མགོ་ཁྱེར་ཞེས་འཇིག་རྟེན་པས་བརྗོད་པ་ལྟ་བུ་སྟེ། ཧཱུྃ་གསུམ་ནི་སྐུ་གསུང་ཐུགས་ཏེ་དེའི་གཟི་བྱིན་གྱི་སྡུད་པའོ། །ངོ་བོ་གང་བསྡུ་ན། བྷྱོ་ཞེས་པས་ཉི་ཤུ་རྩ་བརྒྱད་དོ། །ཨེ་ཨ་རལླི་ནི། མཁའ་འགྲོ་མ་དགུག་པའི་སྔགས་ཏེ། ཛཿགཉིས་ནི་ངེས་པར་ཁུག་ཅིག་པའོ་ཞེས་བརྗོད་པས། སྣོད་བཅུད་རངས་པ་སྡུད་པ་སྟེ། སྔགས་བརྗོད་པའི་བྱིན་རླབས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པ་ནི་བསྡུ་བྱའི་དངོས་པོའོ། །ཡུངས་འབྲུ་གཅིག་ཙམ་དུ་བསྡུས། ཞེས་པ་ནི་ཕྱི་ལྟར་ན་དྲེགས་པ་བསྒྲལ་བའི་རྣམ་ཤེས་རྣམས་བསྡུས་ཏེ་ཆོས་ཉིད་དུ་ཚུད་ནས་བདེན་པ་མཐོང་བར་བྱས་པའོ། །ནང་ལྟར་ན་དབང་ཕྱུག་མའི་བདེ་བ་ཐམས་ཅད་སྣ་རྩེ་ཡུངས་འབྲུའི་གཞལ་ཡས་ཁང་གི་ནང་དུ་བསྡུས་པའོ། །དེ་ནས་ནི་དེ་ལྟར་བསྡུས་པའོ། །འབྱུང་པོ་ནི་རུ་དྲའི་རིགས་སུ་གྱུར་པ་ཐམས་ཅད་དོ། །དེ་མ་ལུས་པའི་ཡང་རྒྱལ་པོ་ནི། ཚངས་པ་བརྒྱ་བྱིན་དབང་ཕྱུག་ཆེན་པོ་ལ་སོགས་པའོ། །དེ་དག་གི་ཡང་རྒྱལ་པོ་དྲེགས་པ་ཆེན་པོ་ནི་རུ་དྲའོ། །སོགས་ཁོངས་སུ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་ཁྱོ་རྣམས་ཀྱང་བསྡུས་སོ། །དེ་དག་གི་ཆུང་མ་རུ་དྲ་འཁོར་དང་བཅས་པའི་ཆུང་མ་ཡིན་པས་ན་འབྱུང་མོ། ཐམས་ཅད་ཀྱི་རྗེ་མོ་ནི་ཉི་ཤུ་རྩ་བདུན་གྱི་ཆུང་མའོ། །དེ་དག་གི་ཡང་རྗེ་མོ་སྲིང་མོ་ཆེན་མོ་མིའི་སྲིན་མོ་ནི་རུ་དྲའི་ཆུང་མའོ། །དེ་ནི་སྐུ་མདོག་དམར་ནག་གཡོན་བྷནྡྷ་དམར་པོ་ཁྲག་གིས་བཀང་བ། གཡས་རྡོ་རྗེ་རྩེ་ལྔ། ཚུལ་ཞི་ཁྲོ། ཚངས་མ། ཞེས་པ་ལྷ་ཚངས་པའི་ཆུང་མ་མདོག་དཀར་དབུ་བཞི་ཀུན་ཏུ་ཞལ། གཡོན་པདྨ་དཀར་པོ། གཡས་འགྲེ། ཚུལ་ཞི་བ། འཁྲུག་མོ་ནི་ལྷ་ཆེན་པོའི་ཆུང་མ་མདོག་དཀར་ལྗང་གཡོན་ཏྲི་ཤཱུ་ལ། ཚུལ་ཞི་ཁྲོ། དབང་མོ་བརྒྱ་བྱིན་གྱི་ཆུང་མ་གཡོན་རྡོ་རྗེ་རྩེ་གསུམ་གདེངས་སོ། །ཚུལ་ཞི་བ་མདོག་དཀར་པོ། འཇུག་སྲེད་མོ་ཁྱབ་མཇུག་གི་ཆུང་མ་མདོག་སྔོ་གཡོན་འཁོར་ལོ། ཚུལ་ཞི་བ། གཞོན་ནུ་མོ་དབང་ཕྱུག་ཆེན་པོའི་ཆུང་མ་མདོག་དམར། གཡོན་མདུང་ཐུང་། ཚུལ་ཞི་བ། དམར་མོ་འདི་ལ་ཁྱོ་མེད་མ་ཞེས་ཀྱང་བརྗོད། འཇུག་སྲེད་ཀྱི་ཆུང་མ་ཞེས་ཀྱང་བརྗོད། མདོག་དམར་སེར། གཡོན་ཐོད་ཁྲག །ཚུལ་ཞི་མ་ཁྲོ། བདུད་རྩི་མ་ཉི་མའི་ཆུང་མ་མདོག་དམར། གཡོན་པདྨ་དམར་པོ། ཚུལ་ཞི་བ། ཞི་བ་མོ་ཟླ་བའི་ཆུང་མ་མདོག་དཀར། གཡོན་པུན་དྷ་རི་ཀ །ཚུལ་ཞི་བ། བེ་ཅོན་མོ་གནོད་སྦྱིན་བེ་ཅོན་གྱི་ཆུང་མ་མདོག་ལྗང་གུ། གཡོན་དབྱུག་ཏོ། ཚུལ་ཞི་བ། སྲིན་མོ་གཟའ་མིག་དམར་གྱི་ཆུང་མ་མདོག་དམར་སེར། གཡོན་ཐོད་ཁྲག །ཚུལ་ཞི་ཁྲོ། ཟ་བ་མོ་སྲིན་པོ་ཟ་བྱེད་ཀྱི་ཆུང་མ་ཡང་ཟེར། མ་ཧཱ་ཀཱ་ལའི་ཆུང་མ་ཡང་ཟེར། མདོག་དམར་ནག །གཡོན་རྒྱུ་ཞགས་འདྲེན་ཞིང་ཟ་བ། དགའ་བ་མོ་དགའ་བྱེད་ཀྱི་ཆུང་མ་མདོག་དམར་ནག་གཡོན་གྲི། ཚུལ་ཞི་ཁྲོ། ར་རོ་ཁྲག་འཐུང་མ་སྟོབས་བཟང་གི་ཆུང་མ་མདོག་དཀར་གཡོན་གཤོལ། ཚུལ་ཁྲོ་མོ། གཅིག་པུར་སྤྱོད་མ་བྷྲྀཾ་གི་རི་ཏིའི་ཆུང་མ་མདོག་དམར་སེར་གཡོན་གྲི། ཚུལ་ཞི་ཁྲོ། ཡིད་འཕྲོག་མ་འདོད་ལྷའི་ཆུང་མ། མདོག་དམར་གཡོན་མདའ་གཞུ། ཚུལ་ཞི་བ། གྲུབ་མོ་ནོར་བསྲུང་གི་ཆུང་མ་མདོག་དཀར། གཡོན་བུམ་པ་བསྣམས། ཚུལ་ཞི་ཁྲོ། རླུང་མ་རླུང་ལྷའི་ཆུང་མ་མདོག་སྔོ། གཡོན་བ་དན། ཚུལ་ཞི་ཁྲོ། གསོད་བྱེད་མོ་གནོད་སྦྱིན་གསོད་བྱེད་ཀྱི་ཆུང་མ་མདོག་དམར་ནག །གཡོན་རལ་གྲི། ཚུལ་ཁྲོ་མོ། མེ་མོ་མེ་ལྷའི་ཆུང་མ་མདོག་དམར་སེར། གཡོན་སྒྲོན་མེ། ཚུལ་ཞི་ཁྲོ། ཕག་མོ་ས་བདག་ཕག་ཆེན་གྱི་ཆུང་མ་མདོག་དམར་ནག །གཡོན་ཕག་རྒོད་ཀྱི་མཆེ་བ་བཏགས་པའི་ཞགས་པ། ཚུལ་ཞི་ཁྲོ། རྒན་བྱེད་མོ་གཤིན་རྗེའི་ཆུང་མ་མདོག་དམར་སྨུག །གཡོན་བྱིས་པའི་རྒྱུ་མ་ཞལ་དུ་གསོལ། ཚུལ་ཁྲོ་མོ། སྣ་ཆེན་མོ་བྱི་ན་ཡ་ཀའི་ཆུང་མ་མདོག་དམར་ནག །གཡོན་ཐོད་ཁྲག །ཚུལ་ཞི་ཁྲོ། ཆུ་ལྷ་མོ་ཝ་རུ་ཎཱའི་ཆུང་མ་མདོག་དཀར། གཡོན་སྦྲུལ་ཞགས་མགོ་ཆུ་སྲིན། ཚུལ་ཁྲོ་མོ། ནག་མོ་ཆེན་མོ་ནག་པོ་ཆེན་པོའི་ཆུང་མ། གཡོན་ལྕགས་ཀྱུ། གཡས་ཏྲི་ཤཱུལ། ཚུལ་ཁྲོ་མོ། ར་མགོ་དམར་སེར་ཆེན་མོ་སྲིན་པོ་ར་མགོའི་ཆུང་མ་གཡོན་ཞགས་པ། ཚུལ་ཁྲོ་མོ། བུམ་སྣ་སྔོ་ནག་ཆེན་མོ་སྲིན་པོ་བུམ་སྣའི་ཆུང་མ་མདོག་དམར་ནག །གཡོན་ལྕགས་སྒྲོག །ཚུལ་ཁྲོ་མོ། གསུས་འཛིན་སེར་ནག་ཆེན་མོ་གནོད་སྦྱིན་གསུས་འཛིན་གྱི་ཆུང་མ་མདོག་ལྗང་ནག །གཡོན་དྲིལ་བུ། ཚུལ་ཞི་ཁྲོའོ། །སོགས་ཁོངས་སུ་འཁོར་རྣམས་བསྡུ་སྟེ། ཕྱི་འཁོར་གྱི་དམན་མོ་གཡོག་དང་ཡང་གཡོག་ལ་སོགས་ཏེ་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་དབང་དུ་སྡུད་པ་ནི་ཧེ་རུ་ཀའི་མདུན་དུ་ཚོགས་པའོ། །ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་རྒྱུ་ནི། དེ་ནས་བཅོམ་ལྡན་དགྱེས་པ་ཆེན་པོ་ཞེས་པ་ལ་སོགས་པ། རྡོ་རྗེ་སྲིན་པོ་དངོས་ཏེ། མོ་རྣམས་སྦྱོར་ཏེ་འདུལ་བའི་ཐབས་ཀྱིས། ཡང་སྐུ་ལས་རིགས་ལྔའི་འཇིགས་བྱེད་ཆེན་པོར་དབང་མོའི་ངོ་ལ་སྣང་བར་བྱས་ནས། དབང་མོ་དེ་དག་ཀུན་ཐབས་དང་ཤེས་རབ་དབྱེར་མེད་པའི་དགྱེས་པར་རོལ་པ་ལས། དཀྱིལ་འཁོར་གྱི་སྤྲིན་ཞེས་པ། འཁོར་ཅིར་ཡང་འབྱུང་བའི་ཆོ་འཕྲུལ་གྱིས་ཏིང་ངེ་འཛིན་ལ་བཞུགས་ནས། སྐུ་གསུང་ཐུགས་དབྱེར་མེད་པའི་རྡོ་རྗེ་ལས་འོག་ནས་འབྱུང་བའི་སྔགས་འདི་དག་རང་གྲག་ཏུ་ཕྱུང་ངོ་། །ཨཱོཾ་ཧཱུྃ་ཨཱྃ་སྐུ་ཐུགས་གསུང་ངོ་། །བཛྲ་ནི་རྡོ་རྗེ་སྟེ་གསང་བའི་རྡོ་རྗེ་དངོས་སོ། །པྲ་ཝེ་ཤ་པདྨའི་འདབ་མ་དབྱེ་བའོ། །ཨ་ལ་ལ་ཧོཿ ཨ་ཆོས་ཉིད་ཀྱི་ངོ་བོའོ། །ཡང་ན་ཨ་ཆོས་སྐུ། ལ་ལ་གཟུགས་སྐུ་གཉིས། ཧོ་དེའི་དོན་གྱིས་མཉེས་པ། དོན་ལ་གསང་བའི་རྡོ་རྗེས་པདྨའི་འདབ་མ་ཕྲལ་ནས་བྱང་ཆུབ་སེམས་སྐུ་གསུམ་གྱི་ངོ་བོ་དབབ་པའོ། །དངོས་སྐུ་ལ་སྟོན། ཞེས་བརྗོད་པས། འབྱུང་པོའི་རྒྱལ་མོ་རྣམས་ཧེ་རུ་ཀ་ལ་ཆགས་པའི་ཡིད་གཡོས་ནས་དབང་མོའི་པདྨོའི་དཀྱིལ་འཁོར་སྡུད་པ་ནི། ཡུངས་འབྲུའི་སྣ་རྩེའི་བདེ་བ་སྡུད་པའོ། །ཅིང་ནི་དེའི་སྟོབས་ཀྱིས་བདེ་བས་ལུས་རྒྱས་པ་ཆགས་པའི་ངོ་བོར་གྱུར་ནས། དཔེར་ན་རྡོ་ཁབ་ལེན་ལ་ལྕགས་རང་བཞིན་གྱིས་འདུ་བའི་ཚུལ་དུ་བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་བཛྲ་ཧེ་རུ་ཀ་གཙོ་བོ་ཡིན་པའི་སྐུ་ལ། མིའི་སྲིན་མོ་ལ་སོགས་ཕྱོགས་བཞིའི་དང་པོའི་བཞི། སྒོ་མ་བཞི་དང་བརྒྱད་འཁྲིལ་བ་གཞུང་ན་གསལ། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་བུདྡྷ་ཧེ་རུ་ཀའི་སྐུ་ལ་ཚངས་མ་ལ་སོགས་ཏེ་ཤར་གྱི་ལྔ་འཁྲིལ། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རཏྣ་ཧེ་རུ་ཀའི་སྐུ་ལ། བདུད་རྩི་མོ་ལ་སོགས་ཏེ་ལྷོའི་ལྔ་འཁྲིལ། བཅོམ་ལྡན་འདས་པདྨ་ཧེ་རུ་ཀའི་སྐུ་ལ་ཁྲག་གིས་མྱོས་མ་ལ་སོགས་པ་ནུབ་ཀྱི་ལྔ་འཁྲིལ། བཅོམ་ལྡན་འདས་ཀརྨ་ཧེ་རུ་ཀའི་སྐུ་ལ། མེ་མོ་ལ་སོགས་པ་བྱང་གི་ལྔ་འཁྲིལ་ལོ། །དེ་དག་ཀྱང་ཧེ་རུ་ཀའི་སྐུ་ལ་མ་མོ་རྣམས་ཀྱི་སོ་སོ་རང་རང་གི་ངོ་བཞིན་དུ་མཐོང་བས་ཧེ་རུ་ཀ་ལ་གཡོ་བ་མེད་ཀྱང་། མ་མོའི་ངོ་བཞིན་བརྒྱད་དང་ལྔ་ལ་སོགས་པར་སྣང་བའོ། །ངོ་མཚར་ཚོགས་ཀྱི་དཀྱིལ་འཁོར་མདོར་བསྟན་པ་ནི། དེ་ནས་བཅོམ་ལྡན་དགྱེས་པ་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། མ་མོ་རྣམས་ཀྱི་སྐུ་ལ་འཁྲིལ་བ་དེ་ནས། ཁྲོ་བོའི་དཀྱིལ་འཁོར་དེ་དག་ནི་རིགས་ལྔའོ། །ཧཱུྃ་སྡུད་པའི་ལས་ཅན་ཡིན་པ་བརྗོད་པས། དབང་མོ་རྣམས་ཀྱི་པདྨའི་དཀྱིལ་འཁོར་གྱི་ཚོགས་རྣམས་ཧེ་རུ་ཀ་ལ་ཆགས་པའི་དབང་གི་བསྡུས་ནས། ཤིན་ཏུ་བཅུམ་པར་གྱུར་ཏེ། ཞེས་པ་ཡབ་ཀྱི་གསང་བའི་རྡོ་རྗེ་བཅུམ་པ་དང་། ཕྱག་རྒྱ་བཞིའི་ལས་ཀྱིས་སྟོད་སྨད་ནས་འཁྱུད་པ་ཡང་གཟུང་ངོ་། །དེ་ནས་འཁོར་བསྐྱེད་པ་དངོས་ནི། དེ་ནས་དགྱེས་ཏེ་ཧ་ཞེས་བརྗོད་པས། ཞེས་པ་ཧེ་རུ་ཀ་དང་དབང་མོ་ཡབ་ཡུམ་སྦྱོར་བའི་མཁའ་ལས་རྒྱུ་བྱང་སེམས་ལས་རྐྱེན་ཧ་བརྒྱད་བརྗོད་པས། དབང་མོའི་མཁའི་བྱང་ཆུབ་སེམས་ཀྱི་སྤྲིན་ལས་འབྲས་བུ་མ་མོ་རྣམས་སུ་སྣང་སྟེ། དཀར་མོའི་ཚོགས་དང་། ཞེས་པ་དཔལ་ཆེན་པོའི་ཐུགས་ལས་བྱུང་སྟེ། ཐུགས་ལ་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་དཀར་མོ་ཞེས་བྱ་སྟེ། ཕྲིན་ལས་ཞི་བའི་ལས་མཛད་པའོ། །ཐུགས་འགྱུར་བ་མེད་པའི་རྟགས་སུ་སྐུ་མདོག་སྔོན་མོ། ཕྱག་ན་བྱིས་པའི་དབྱུག་པ་འཛིན་པ་ནི་ཉོན་མོངས་པ་ལྔ་གནས་སུ་དག་པ་དང་། གདུལ་བྱའི་ཉེར་ལེན་གྱི་ཕུང་པོ་ལྔ་བཅོམ་པའི་རྟགས་སོ། །ཚོགས་རྣམས་ནི་འཕྲོ་བའི་དུས་སུ་མང་པོར་སྣང་བ་ལས་བཀོད་པའི་དུས་སུ་སྐུ་རེ་རེར་གྱུར་ནས་བཞུགས་པ་སྟེ། ཀུན་ལ་འགྲེའོ། །རྐུན་མོ་ཙ་རཱི་མ་སྟེ་ཕྱག་ན་ཐབས་ཤེས་རབ་ཀྱི་མདའ་གཞུ་འགེངས་ནས་འབྲས་བུའི་གུ་ཎ་ཐམས་ཅད་བསྡུས་ནས་སྒྲུབ་པ་པོའི་ཐུགས་ཀར་བསྟིམ་པའི་ཕྱིར་ན་རྐུན་མོ་ཞེས་བྱ་སྟེ། རིགས་ནི་སྐུའི་རིགས། སྐུ་མདོག་སེར་བ་ནི་སྐུ་ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པས་གདུལ་བྱའི་དགོས་པ་སྐོང་བའི་རྟགས་སོ། །རྨོངས་མོའི་ཚོགས། ཞེས་པ་པྲ་མོ་ཧ་སྟེ་མཐའ་གཉིས་ཀྱི་རྟོག་པ་མི་གནས་པར་མཛད་པའི་རྟགས་སུ་རྨོངས་མོ། མཐའ་གཉིས་དབང་དུ་བསྡུས་པའི་ཕྱིར་སྐུ་མདོག་དམར་མོ་སྟེ་དབང་གི་ལས་སོ། །གཡས་ན་ཆུ་སྲིན་རྒྱལ་མཚན་བསྣམས་པ་ནི་གསུང་གི་སྒོ་ནས་གདུལ་བྱ་ལ་ཐུགས་རྗེ་བསྐྱེད་པས་གཟུང་ཤེས་གཏོང་མི་ཤེས་ཀྱི་རྟགས་སུ་ཆུ་སྲིན། མཐའ་གཉིས་ལས་རྒྱལ་བའི་རྟགས་སུ་རྒྱལ་མཚན། གཡོན་ཐོད་ཁྲག་ནི་ཐུགས་རྗེས་ནམ་ཡང་ཆགས་པ་དང་མ་བྲལ་བའོ། །དབང་གི་ལས་སོ། །ཐལ་བྱེད་མ། ཞེས་པ་ཕྲིན་ལས་ཀྱི་མ་མོ་སྟེ། ཕྲིན་ལས་ཅི་མཛད་ཀྱང་སྐད་ཅིག་ལ་ལྷུན་གྱིས་གྲུབ་པས་བསྐྱར་མི་དགོས་པས་ཐལ་བྱེད་མ་ཞེས་བྱ་སྟེ། གཡོན་གྱིས་བྱིས་པའི་རོ་ཟ་བ་ནི་ཉེར་ལེན་གྱི་ཕུང་པོ་ལྔ་གནས་སུ་དག་པའོ། །གཡས་ཀྱིས་རྡོ་རྗེ་བསྣམས་པ་ནི་ཁམས་གསུམ་ཡེ་ཤེས་ཀྱི་ངང་དུ་སྦྱོར་བར་མཛད་པའོ། །སྦོས་མོ། ཞེས་པ་སྐུ་མདོག་དམར་སེར་གཡོན་གྱིས་ཞིང་འཛིན། གཡས་པས་རྒྱུ་ཞགས་འདྲེན་ཏེ། སྦོས་པ་ནི་ཐམས་ཅད་མཁྱེན་པའི་ཡོན་ཏན་གྱིས་རྒྱས་པའོ། །གཡོན་གྱི་ཞིང་ནི་འཁོར་བ། གཡས་ཀྱིས་རྒྱུ་མ་འདྲེན་པ་ནི་ཐུགས་རྗེས་འགྲོ་བའི་གནས་ནས་གདུལ་བྱ་རྣམས་འདྲེན་ནས་ཐར་པར་སྒྲོལ་བའོ། །གཏུམ་མོ་ནི་གྷསྨ་རཱི་སྐུ་མདོག་ལྗང་གུ་སྟེ། གཏུམ་པ་ནི་དྲག་ཤུལ་གྱི་བདག་ཡིན་པས་ལས་དྲག་པོ་ལ་མངའ་མཛད་པའོ། །ཕྱག་གཉིས་ཀྱིས་ཞིང་ཁུར་བ་ནི་ཁམས་གསུམ་འཁོར་བ་དང་ལེན་ནས་སྒྲོལ་བའི་རྟགས་སོ། །སྐུ་མདོག་ལྗང་བ་ནི་ཕྲིན་ལས་སྣ་ཚོགས་ལ་མངའ་མཛད་པའོ། །སྨེ་ཤ་ཅན་ནི། ཉིང་ཤ་ཉིང་གིས་ཟ་ཞེས་པ་ལྟ་བུ་སྟེ། ལས་ཀྱི་དངོས་པོ་ཐམས་ཅད་ཁམས་གསུམ་གནས་སུ་སྒྲོལ་ནས་ཁམས་གསུམ་གྱི་རྩ་བ་གཅོད་པ་སྟེ། སྐུ་མདོག་ནི་མཐིང་ནག་ཆོས་ཉིད་མི་འགྱུར་བ་མཚོན། །ཕྱག་གཉིས་ཀྱིས་ཞིང་གཅིག་བཟུང་ནས་སྙིང་ག་ནས་སྙིང་དང་བཅས་པ་ཚེམས་ཀྱིས་འདྲེན་པ་སྟེ་ཁམས་གསུམ་གྱི་རྩ་བ་གཟུང་འཛིན་རྩད་ནས་བཅད་པའི་རྟགས་སོ། །མ་ཚོགས་མ། ཞེས་པ་ཚེའི་ལྷ་མོ་ཙཎྜ་ལཱི་ཚེ་འཕེལ་བར་བྱེད་པ་རྒྱས་པའི་ལས་ལ་དབང་སྟེ། ཞིང་གི་རྐེ་བཅད་ནས་གཡས་ཀྱིས་མགོ་བསྣམས། གཡོན་པས་ཁོག་པ་བསྣམས་པ་ནི་གཟུང་འཛིན་རྩད་ནས་དག་པར་མཛད་པའི་རྟགས་སོ། །མ་མོ་ཉི་ཤུའི་ཚོགས་རྣམས་ཧེ་རུ་ཀའི་ཐུགས་སྣང་བས་ཧེ་རུ་ཀའི་ཆེ་བའི་ཡོན་ཏན་སྣང་བའོ། །རང་རང་གི་ལག་ཆ་དང་། ཞེས་པ་སྔར་བཤད་པའི་ལག་ཆ་རྣམས་སོ། །ངོ་མཚར། ཞེས་པ་ནང་དུ་ཉོན་མོངས་པ་འདུལ་བ་ངོ་མཚར། ཕྱི་རུ་དྲ་འཁོར་དང་བཅས་པ་འདུལ་བ་ལ་ངོ་མཚར་བ་དང་། རྒྱན་དང་ཆ་ལུགས་དང་བཅས་ནས་ཡབ་ཡུམ་གྱི་མཁའ་གསང་ནས་འཐོན་ཞེས་བྱའོ། །དེ་ལྟར་འཐོན་ནས་ཀྱང་གར་བཞུགས་ཞེ་ན། མཁའ་ནས་འཐོན་ནས་སྔར་བཤད་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྐལ་པའི་མེ་རི་འབར་བ་དང་བཅས་པའི་ཤར་ལྷོའི་རྩིབས་མཆན་ནས་ཤར་ཕྱོགས་ནས་གཡས་བསྐོར་དུ་འཁོར་བར་གདུལ་བྱ་འཇོམས་པར་བྱེད་པས་འཇིགས་པའི་གཟུགས་དང་རང་རང་གི་ལག་ཆ་དང་བཅས་པ་ཕྱོགས་ཕྱོགས་སུ་འཁོད་དོ། །དེ་ནས་ཡང་གནས་ཀྱི་མ་མོ་བརྒྱད་བསྐྱེད་ཚར་བ་དེ་ནས་ཡབ་ཡུམ་གཅིག་ལ་གཅིག་ཤིན་ཏུ་དགྱེས་ནས། རྒྱུ་བྱང་ཆུབ་ཀྱི་སེམས་ལས་རྐྱེན་ཧེ་བརྒྱད་བརྗོད་པས་ཡུམ་གྱི་མཁའ་ནས། སེང་གདོང་ཆེན་མོའི་ཚོགས་དང་། ཞེས་པ་སིངྷ་མ་བཏོན་ཏེ་སྐུ་མདོག་སེར། སེང་གེའི་དབུ་ཅན། ཐུགས་རྗེས་འཁོར་བ་དང་མི་འབྲལ་བའི་རྟགས་སུ་ཁ་ན་རོ་ཟ་བ། ཕྱག་གཡས་གཡོན་གཉིས་རྩེ་གསུམ་གྱི་ཕྱག་རྒྱ་བསྣོལ་བ་སྟེ་སྣོད་བཅུད་སྐུ་གསུང་ཐུགས་སུ་ཤར་བའོ། །ཚོགས་རྣམས་སྔར་དང་འདྲ། སྟག་གདོང་ཆེན་མོ། ཞེས་པ་སྟག་གི་དབུ་ཅན་ཏེ་སྐུ་མདོག་དམར་མོ་ཡུལ་སེམས་དབང་དུ་བསྡུས་པའི་རྟགས་སོ། །ཕྱག་གཉིས་རྩེ་གཅིག་བསྣོལ་བ་སྟེ་སྣོད་བཅུད་རིག་པའི་ཡེ་ཤེས་སུ་ཤར་བའི་རྟགས། མདུན་ན་ཞིང་གཅིག་ལ་ཙིག་གེ་གཟིགས་པ་ནི་ཐུགས་རྗེས་འཁོར་བ་ལ་རྒྱུན་ཆད་མེད་པར་གཟིགས་པའི་རྟགས་སོ། །ཝ་གདོང་ཆེན་མོ། ཞེས་པ་གསུང་གི་ངོ་བོ་ཝའི་དབུ་ཅན་ཏེ་སྐུ་མདོག་ནག་མོ་ཆོས་སྐུ་ལས་མི་འགྱུར་བའི་རྟགས་སོ། །ཕྱག་གཉིས་ཀྱིས་ཞིང་གཅིག་བཟུང་ནས་ལྕེས་ཆུ་སེར་ལྡག་པ་ནི། གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཤེས་བྱའི་སྒྲིབ་པ་ཕྲ་བའི་ཕྲ་བ་ཡོད་པ་སྦྱོང་བའི་རྟགས་སོ། །ཁྱི་གདོང་ཆེན་མོ། ཞེས་པ་ཁྱི་རྒོད་སྤྱང་ཀུའི་དབུ་ཅན་ཏེ་ཐུགས་ཆོས་ཉིད་འགྱུར་བ་མེད་པའི་རྟགས་སྐུ་མདོག་མཐིང་། ཕྱག་གཉིས་ཀྱིས་ཞིང་ཆུང་ངུ་ཞིག་གི་གློ་སྙིང་ལ་ཙིག་གེ་གཟིགས་པ་ནི་ཁམས་གསུམ་གྱི་རྩ་བ་གཟུང་འཛིན་ལ་གནས་པས་ཆོས་ཉིད་དུ་གཟིགས་པའི་བརྡའོ། །བཞད་གདོང་ཆེན་མོ། ཞེས་པ་བཞད་གདོང་དཀར་མོ་བྱ་རྒོད་ཀྱི་དབུ་ཅན་ཏེ། སྐུ་མདོག་དམར་བ་ནི་འཁོར་འདས་དབང་དུ་མཛད་པའོ། །གཡོན་ཐོད་པའི་ནང་ན་གློ་སྙིང་དང་རྒྱུ་མ་བསྣམས་ཏེ། རྒྱུ་མ་འདྲེན་ཞིང་ཞལ་དུ་གསོལ་བ་ནི་ཐུགས་རྗེས་འཁོར་བ་འདྲེན་པའོ། །གཡས་ཀྱིས་གྲི་ཐོགས་པ་འཁོར་བའི་རྩ་བ་གཅོད་པའི་རྟགས་སོ། །ཀང་ཀའི་གདོང་ཆེན་མོ། ཞེས་པ་བྱ་ཀང་ཀ་མཆུ་རིངས་ཀྱི་དབུ་ཅན་ཏེ། སྐུ་མདོག་ནི་སྣར། ཞེས་པ་སྔོ་དམར་བ་སྟེ་དབང་དྲག་འདུས་པའི་ཕྲིན་ལས་ལ་མངའ་མཛད་པའོ། །ཕྱག་གཉིས་ཀྱིས་ཞིང་གཅིག་ཕྲག་པ་ལ་ཁུར་བ་ནི་འཁོར་བ་དང་དུ་ལེན་པའི་རྟགས་སོ། །དུར་བྱའི་གདོང་ཆེན་མོ། ཞེས་པ་བྱ་རོག་སྟེ་དུར་བྱ་ནག་མོ་རོ་གར་ཡོད་པའི་ས་ན་རྒྱུག་པའོ། །ཆོས་ཉིད་མི་འགྱུར་བའི་རྟགས་སུ་སྐུ་མདོག་སྔོ་ནག །ཆོས་སྐུ་ཐུགས་སུ་ཆུད་པའི་རྟགས་སུ་ཁ་ན་རོ་བཟུང་། གཡས་གྲི་ནི་འཁོར་བའི་རྩ་བ་གཅོད་པའོ། །གཡོན་ཐོད་ཁྲག་ནི་ཁམས་གསུམ་ཉོན་མོངས་པ་རིག་པའི་ཡེ་ཤེས་སུ་དག་པར་མཛད་པའོ། །འུག་པའི་གདོང་ཅན། ཞེས་པ་སྐུ་མདོག་ལྗང་གུ་འུག་པའི་མགོ་ཅན་གཡོན་དུང་ཁྲག །གཡས་ལྕགས་ཀྱུ་སྟེ། སྐུ་མདོག་ལྗང་པ་ནི་ཕྲིན་ལས་ཐམས་ཅད་ལ་འཇུག་པའོ། །གཡོན་ཐོད་ཁྲག་ནི་འཁོར་བ་དག་པར་མཛད་པའོ། །གཡས་ལྕགས་ཀྱུ་ནི་གདུལ་བྱ་སེམས་ཅན་འདྲེན་ནས་ཐར་བ་ལ་འགོད་པ་དང་། བུདྡྷའི་ཐུགས་རྗེ་འདྲེན་ནས་འཁོར་བ་སྦྱོང་བ་སྟེ་ཕྲིན་ལས་ཀྱི་མ་མོའོ། །རང་རང་གི་ལག་ཆ་ནི་ཕྱག་མཚན་བཤད་པ་རྣམས་སོ། །ཕྱི་ནང་གཉིས་ལ་ངོ་མཚར་བ་དང་བཅས་པ་ཡབ་ཡུམ་གྱི་མཁའ་གསང་ནས་འཐོན་ཏོ། །འཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ། ཞེས་པ་གྲུ་ཆད་ཀྱི་ལྷ་རྣམས་ལ་ཤར་ནས་བཟུང་སྟེ་ཕྱོགས་བཞི། ཤར་ལྷོ་ནས་བཟུང་སྟེ་མཚམས་བཞིར་དཀྱིལ་འཁོར་འཁོར་བར་ཕྱི་ནང་གཉིས་ལ་རྔམ་པའི་གཟི་མདངས་ཀྱིས་འཁོད་དོ། །སྒོ་མ་ནི། དེ་ནས་ཡང་ཧེ་རུ་ཀ་ཡབ་ཡུམ་ཤིན་ཏུ་དགྱེས་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་ཕྱོགས་བཅུའི་ཞིང་མ་ལུས་པར་ཁྱབ་ནས། རྒྱུ་བྱང་ཆུབ་སེམས་ལས་རྐྱེན་ཕཊ་བཞི་བརྗོད་ནས། རྡོ་རྗེ་སྲིང་འགྲོ་མའི་ཚོགས་དང་། ཞེས་པ་སྐུ་མདོག་མཐིང་ནག་ཐུགས་ཀྱི་རིགས་ཡིན་པས་རྟའི་དབུ་ཅན་ནམ། ཡང་ན་གཡས་རྡོ་རྗེ་ལྕགས་ཀྱུ། གཡོན་བྷནྡྷ་བདུད་རྩིས་བཀང་བའི་ནང་ན་རྟ་མགོ་ལྗང་ཞུར་བྱུང་བས་རྟ་སྐད་འདོན་པ་སྟེ། སྲིང་འགྲོ་མ་ཞེས་པ། རྟ་བདག་པོས་ཞོན་ནས་འགྲོ་བའི་དུས་སུ་གནས་སུ་མ་ཕྱིན་བར་དུ་བར་མ་དོར་མི་བསྐྱུར་བ་དང་འདྲ་བར་ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པའི་དུས་སུ་གདུལ་བྱས་འབྲས་བུ་མ་ཐོབ་ཀྱི་བར་དུ་བར་མ་དོར་མི་བསྐྱུར་བ་མཚོན་ནོ། །རྡོ་རྗེ་གདོང་མོའི་ཚོགས། ཞེས་པ་ཞགས་པ་མ་སྟེ། གདོང་མོ་ཞེས་པས། ཕག་གི་དབུའམ། ཡང་ན་ཞགས་པའི་རྩེ་མོ་ལ་ཕག་མགོ་བཏགས་པ་བསྣམས་ཏེ། ཕག་གིས་གདོང་ཚུགས་སུ་ས་རྐོ་བ་དང་འདྲ་བར་གདུལ་བྱའི་དོན་མཛད་པའི་དུས་སུ། གདུལ་བྱའི་ཉོན་མོངས་པ་ས་གཞི་དང་འདྲ་བ་སྲ་བ་ལ། གཡས་སྐོར་དང་གཡོན་འཇབ་མ་བྱེད་པར་ཕྲིན་ལས་ཐད་སོར་མཛད་པའི་རྟགས་སོ། །རྡོ་རྗེ་འཇིག་རྟེན་མ། ཞེས་པ་ལྕགས་སྒྲོག་མ་དབང་གི་མ་མོ་སྐུ་མདོག་དམར། ཕྱག་གཉིས་ཀྱིས་ལྕགས་སྒྲོག་བསྣམས་ཏེ་ཁོག་ཙེར་སྨིན་མཚམས་ཀྱི་ཐད་ཀར་བབ་པའི་ནང་ན་ཉི་ཟླའི་གའུའི་ནང་ན་རྣལ་འབྱོར་པའི་ཚེ་འཛིན་པ་སྟེ། འཇིག་རྟེན་མ་ཞེས་པ། འཇིག་རྟེན་ན་གསལ་བྱེད་ཉི་ཟླ་གཉིས་ཡིན་པ་ཁོག་རྩེར་བཅུག་ནས་བསྣམས་པའོ། །རྡོ་རྗེ་རོ་ལངས་མ། ཞེས་པ་དྲིལ་བུ་མ་སྟེ་སྐུ་མདོག་ལྗང་ཁུ་ཕྱག་གཡས་དྲིལ་བུ། གཡོན་བྷནྡྷ་བདུད་རྩིས་བཀང་བའི་ནང་ན་བུདྡྷ་སྣང་བ་མཐའ་ཡས་སྐུ་ལྟེ་བ་ཡན་ཆད་འབྱུང་བ་བསྣམས་སོ། །ཚེའི་མ་མོ་སྟེ། རོ་ལངས་མ། ཞེས་པ་མི་ཤི་ནས་ཐལ་བར་སོང་བ་ཡང་བསླང་ནུས་ན། རོ་བསླང་བ་ལྟ་ཅི་སྨོས་པའོ། །ཚོགས་རྣམས་ནི་སྔར་བཤད་ཟིན་ཏོ། །རང་རང་གི་ལག་ཆ་ནི་སྔར་བཤད་པ་བཞིན་ནོ། །ཕྱི་ནང་གཉིས་ལ་ངོ་མཚར་བ་དང་བཅས་པ་འཐོན་ཏོ། །བཏོན་ནས་བཞུགས་པ་ནི། འབར་བའི་དཀྱིལ་འཁོར་གྱི་སྒོ་བཞིར་ལྕགས་ཀྱུ་མ་ཤར་དུ་བཞུགས་པས་གཞན་འགྲེ། ཕྱི་ནང་གཉིས་ལ་ཤིན་ཏུ་རྔམ་པའི་གཟུགས་ཀྱིས་སྒོ་བཞིར་གནས་སོ། །ཁྲོས་པར་བསྐུལ་བ་ནི། དཀྱིལ་འཁོར་བཀོད་ཐོན་པ་དེ་ནས་ཡབ་ཡུམ་རོལ་པས་དགྱེས་པའི་བྱང་ཆུབ་སེམས་ཀྱི་སྤྲིན་ཕྱོགས་བཅུར་སྤྲོས་པ་ལས། ཕཊ་ཅེས་པས་དཀྱིལ་འཁོར་ཐམས་ཅད་ཁྲོས་པའི་ཆ་བྱད་ཅན་གྱི་ཐོག་ཏུ་ཕཊ་ཀྱི་སྒྲས་ཤིན་ཏུ་ཁྲོས་པ་ལྟ་བུ་སྟེ་གདུལ་བྱ་འདུལ་བའི་ཕྲིན་ལས་ཐོགས་པ་མེད་པར་མཛད་པའི་དགོས་པའོ། །ཕྱི་རབས་པའི་རྣལ་འབྱོར་པས་ཕྲིན་ལས་གང་མཛད་པའི་སྔོན་དུ་ཏིང་ངེ་འཛིན་གསལ་གདབ་པར་ཡང་མངོན་ནོ། །དེ་ནི་ཕཊ་ཀྱི་སྒྲས་དཀྱིལ་འཁོར་གསལ་འདེབས་སོ། །ཡང་ཕཊ་ཀྱི་སྒྲས་མ་མོ་རྣམས་གནས་སུ་བཀྱེ་བའི་མ་མོ་ཐམས་ཅད་དབང་དུ་བསྡུས་རང་དབང་མེད་པར་སྦྱོར། དཀྱིལ་འཁོར་བཀོད་པ་རྫོགས། མ་མོ་རྣམས་དཔལ་དང་སྦྱོར་བས་དབང་མནོས། བདེ་བའི་ཡེ་ཤེས་མྱོང་ནས་མཐོང་ལམ་ཡན་ཆོད་ལ་གནས་པར་གྱུར་པ་ནི་མོ་རྣམས་སྦྱོར་ཏེ་འདུལ་བ་འབྲས་བུ་ཟག་མེད་ལ་སྦྱོར་བའོ། །དེས་ན་མ་མོ་རྣམས་ལ་ཕྲ་མེན་ཞེས་བརྗོད་པ་ཡང་། མ་འཇིག་རྟེན་པ་དང་། མོ་ཡེ་ཤེས་པ་གཉིས་ལས་བྱུང་བས་ཕྲ་མེན་ཞེས་བྱའོ། ། མ་མོ་ཐམས་ཅད་ཕཊ་ཀྱི་སྒྲས་རང་རང་གནས་སུ་ཡུད་ཙམ་གྱིས་ཕྱིན་པར་བཀྱེའོ། །དྲེགས་པ་གནས་སྤར་བའི་ཏིང་ངེ་འཛིན་ལ་བཞག་ཅིང་སྔགས་བརྗོད་པ་ནི། དེ་ནས་བཅོམ་ལྡན་འདས། ཞེས་པ་ལ་སོགས་ཏེ། དཔལ་ཁྲག་འཐུང་གི་རྒྱལ་པོ་དེ་དག་ཀུན་ནི་རིགས་ལྔའོ། །ཐུགས་རྗེ་ཆེན་པོ་ནི་གཉིས་སུ་མེད་པའི་ཐུགས་རྗེ་སྟེ། དེ་ཉིད་མི་འགག་པ་ལས་རུ་དྲ་ལྟར་སྣང་ཞིང་གཡོ་བའི་དགོངས་པའོ། །བདུད་རྩི་འབྱུང་བ་ནི་རུ་དྲ་འདུལ་བའི་ཐབས་སུ་སྔར་བསྒྲལ་ནས་གསོལ་བ་རྣམས་བདུད་རྩིའི་ངོ་བོར་བྱས་ནས་ངོ་མཚར་གྱི་ཆོ་འཕྲུལ་བསྟན་པའི་ཕྱིར། །སྣམ་དུ་བདུད་རྩིར་འབྱུང་བའི་ཏིང་ངེ་འཛིན་ལ་བཞུགས་ནས། སྐུ་གསུང་ཐུགས་མི་ཕྱེད་པའི་རྡོ་རྗེ་ལས། རྐྱེན་སྔགས་འདི་ཕྱུང་ངོ་། །ཨཱོཾ་ཡེ་ཤེས་ལྔ། བཛྲ་རྡོ་རྗེ། མ་ཧཱ་ཆེན་པོ། ཨ་མྲྀ་ཏ་བདུད་རྩི། མ་ཧཱ་ཆེན་པོ། ཀྲོ་དྷ་ཁྲོ་བོ། ཨཾ་གསུམ་བདུད་རྩི་ཉམས་སུ་མྱོང་བའི་ངོ་བོ་སྐུ་གསུང་ཐུགས་ཏེ་རུ་དྲ་གསོལ་བ་ལས་སླར་བསླང་བའི་སྔགས་ཏེ། ཕྱི་རབས་པས་ཀྱང་ཏིང་ངེ་འཛིན་ལས་སུ་རུང་བས་སྔགས་འདི་བརྗོད་ན་ཤི་བ་ལས་སླར་སོས་པས་རོ་ལངས་བསྒྲུབ་པའི་སྔགས་ཀྱི་མཆོག་གོ། །འདི་ནི་དོན་གྱིས་རུ་དྲ་ལ་གསང་བའི་དབང་བསྐུར་བ་ཡང་ཡིན་ཏེ། བདུད་རྩི་ལྕེ་ལ་བཞག་པའི་ངོ་བོའོ། །ༀ་གསུམ་ནི་བདུད་རྩི་ལྕེ་ལ་ལན་གསུམ་བཞག་པའི་ངོ་བོའོ། །རུ་དྲ་སྣང་ནས་སྒྲིབ་པ་དག་ཚུལ་ནི། ཞེས་བརྗོད་པས། དབང་ཕྱུག་ཆེན་པོ་ཞེས་པ་ལ་སོགས་པ། ཧེ་རུ་ཀས་གོང་གི་སྔགས་བརྗོད་པས། དབང་ཕྱུག་ཆེན་པོ་ལ་སོགས་པ་སྔར་རུ་དྲ་འཁོར་བཅས་གསོལ་བ་ཐམས་ཅད། བཅོམ་ལྡན་འདས་ཁྲོ་བོའི་རིགས་ལྔ་པོ་དེ་དག་གི་སྣམ་ནས་དྲི་ཆེན་གྱི་ཚུལ་དུ་བཏོན་ཏེ། ཐང་དུ་གནས་པའི་དུས་སུ་རུ་དྲ་ལ་མི་གཙང་བའི་འདམ་གྱི་རྒྱ་མཚོར་ཆུད་པའི་སྣང་བ་བྱུང་བ་ནི་སྔར་གྱི་སྒྲིབ་པའི་ལྷག་མའོ། །དེ་དག་པའི་ཕྱིར་སྣམ་ནས་ཨུ་ཙུཥྨ་ཀྲོ་དྷ་བྱུང་བ་ནི་ཁྲོ་བོ་སྨེ་བརྩེགས་ཏེ། འདམ་ཀུན་འཐུངས་པ་ནི་སྒྲིབ་པའི་ལྷག་མ་ཟད་པའོ། །ལྟོ་བར་དབང་བསྐུར་བའི་བྱིན་རླབས་ཀྱིས་སླར་དྲན་པ་རྙེད་པ་ནི་སེམས་ཉིད་ཀྱི་གནས་ལུགས་མངོན་དུ་གྱུར་པ་སྟེ་ཟག་མེད་མངོན་དུ་བྱས་པའོ། །དེའི་བྱིན་བརླབས་ཀྱིས་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་མཐོང་བ་ནི། ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་དེ་དག་ཐམས་ཅད་ཀྱང་། ཞེས་པ་རིགས་ལྔ་ཁྲག་འཐུང་གི་ཚོགས། དེ་དག་ཐམས་ཅད་ཀྱང་ཞེས་པ། ཁྲག་འཐུང་གི་སྣང་བ་ལས་མ་གཏོགས་པ་ཐ་མལ་གྱི་སྣང་བ་མ་དམིགས་པའོ། །ཁྲག་འཐུང་ཐམས་ཅད་ཀྱང་སྣང་བ་རྣམ་འབྱེད་ཀྱི་སྣང་བ་ལྷུན་གྱིས་གྲུབ་སྟེ། དབུ་དགུ་བརྒྱ། ཕྱག་སྟོང་བརྒྱད་བརྒྱ། ཞབས་བརྒྱད་བརྒྱ་ནི་དགུ་ཀློང་ཐུག་པ་མེད་པར་འཕྲོས་པའོ། །དེ་ལྟ་བུའི་ཕྱི་ནང་གཉིས་ཀྱི་འབར་བ་ཆེན་པོའི་དཀྱིལ་འཁོར་ན་བཞུགས་པར་རུ་དྲ་ཟག་མེད་མངོན་དུ་བྱས་པའི་སྣང་བ་དག་པའོ། །ཕྲིན་ལས་ཐམས་ཅད་ཀྱི་ཞབས་སྡུད་བསྟན་པ་ནི། དེའི་དུས་སུ་འཇིག་རྟེན་དྲུག་གི་ཕྱོགས་བཅུ། ཞེས་པ་ལ་སོགས་པ། ཆེ་མཆོག་ཧེ་རུ་ཀས་ལས་ཀྱི་རུ་དྲ་ནག་པོ་ཕོ་མོ་འཁོར་དང་བཅས་པ་བཏུལ་བ་དེའི་དུས་སུ་འཇིག་རྟེན་ནི་སྣྲེལ་ཞི་ལ་སོགས་པ་དྲུག་གམ། ཡང་ན་འགྲོ་བ་རིགས་དྲུག་ལ་སོགས་པ་དྲུག་གམ། འགྲོ་བའི་རིགས་དྲུག་གི་གནས་སོ། །ཕྱོགས་བཅུ་ནི་མཐར་ཐུག་པ་མེད་པའོ། །སྲིད་པ་ནི་ཁམས་གསུམ་སྟེ་ནང་བཅུད་དོ། །ཀུན་ཏུ་ནི་མཐར་ཐུག་པ་མེད་པ་བསྡུས་པ་སྟེ་ཞིང་ཁམས་སོ། །གནས་དེ་ན་ཁམས་གསུམ་ཀུན་ཏུ་དྲེགས་པའི་དབང་ཕྱུག་ནི་ལོག་པའི་ལས་ཀྱི་སྟོབས་ཀྱིས་ཁམས་གསུམ་ལོག་པའི་ལམ་དུ་བཙུད་ནས་དབང་ཆེ་བ་ལས་ཀྱི་རུ་དྲ་ནག་པོའོ། །ཐམས་ཅད་ནི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་རིས་སུ་གྱུར་པའི་རུ་དྲའི་དཔུང་དུ་གྱུར་པ་ཐམས་ཅད་དོ། །དེའི་འདུལ་བའི་ཐབས་སྣ་ཚོགས། ཞེས་པ་འདིར་ཆེ་མཆོག་ཧེ་རུ་ཀ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཡིན་པའི་དོན་གྱིས་མཛད་པ་ཆོས་ཀྱི་དབྱིངས་དང་མཉམ་པས་རུ་དྲ་འདུལ་བ་དང་དུས་མཚུངས་པར་པདྨ་ཧེ་རུ་ཀར་སྣང་ནས་སྲིན་པོ་དང་བདུད་ཀྱི་རིགས་བཏུལ། རྡོ་རྗེ་གཞོན་ནུར་སྣང་ནས་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་བཏུལ། གཤིན་རྗེ་གཤེད་ཀྱི་རིགས་སུ་སྣང་ནས་གཤིན་རྗེའི་རིགས་སུ་གྱུར་པ་ཐམས་ཅད་བཏུལ། ཕྱག་ན་རྡོ་རྗེར་སྣང་ནས་གནོད་སྦྱིན་དང་ཀླུའི་རིགས་རྣམས་བཏུལ། རྟ་མགྲིན་དུ་སྣང་ནས་སྲིན་པོ་དང་ཀླུ་བཏུལ། མ་རྒྱུད་ཀྱི་དཀྱིལ་འཁོར་རྣམས་སུ་སྣང་ནས་མཁའ་འགྲོ་མའི་རིགས་ཐམས་ཅད་བཏུལ། བྱ་ཁྱུང་དུ་སྣང་ནས་ཀླུ་འདུལ་བ་ལ་སོགས་པ་ཐམས་ཅད་དུས་གཅིག་ཏུ་སྣང་ངོ་། །དེ་དག་ཀྱང་འདུལ་བའི་ཐབས་སྣ་ཚོགས་ནི། ཞི་རྒྱས་དབང་དྲག་གི་བྱེ་བྲག་སྣ་ཚོགས་པ་སྣང་བས། བཏུལ་བ་གདུལ་བྱའི་སྣང་བ་སྟེ། བསམ་གྱིས་མི་ཁྱབ་པར། ཞེས་པ་འདུལ་བྱེད་ཀྱི་སྣང་བ་སྟེ་མཛད་པའི་ཕྲིན་ལས་ཅི་ལྟར་ཤར་ཡང་ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལ་མངའ་བརྙེས་པས། མཛད་བྱ་མཛད་བྱེད་ཀྱི་རྩོལ་བ་ཕྲ་བ་ཡང་མི་གནས་པའི་ངང་ལས་རང་བྱུང་གི་ཡེ་ཤེས་རང་སྣང་བ་གདུལ་བྱའི་བློ་ངོ་བཞིན་དུ་ཤར་བ་སྟེ། དཔེར་ན་མེ་ལོང་གཡའ་དག་པ་ལ་གཟུགས་བརྙན་འཆར་བའི་རྩོལ་བ་མེད་ཀྱང་། ལྟ་བ་པོའི་རྐྱེན་གྱིས་གཟུགས་བརྙན་ལྷུན་གྲུབ་ཏུ་འཆར་བ་བཞིན་ནོ། །དེས་ན་བསམ་གྱིས་མི་ཁྱབ་པར་ཞེས་བྱའོ། །སོ་སོར་སྣང་བ་ནི་གདུལ་བྱའི་སྣང་བ་ལ་འདུལ་བྱེད་སོ་སོར་སྣང་བས་བཏུལ་བའི་ངོ་བོའོ། །སངས་རྒྱས་ལ་རང་སྣང་མིན་པའི་རྩོལ་བ་ཕྲ་བའང་མ་དམིགས་ཏེ། རང་སྣང་དུ་འཛིན་པ་ལས་ཀྱང་གྲོལ་ལོ། །དེས་ན་གཞི་གཅིག་ལ་སྣང་བ་སོ་སོར་འཆར་བ་སྟེ། གདུལ་བྱའི་སྣང་བའང་མི་མཁྱེན་པ་མེད་དེ། གདུལ་བྱའི་སྣང་བ་ཐོག་མཐའ་ཐམས་ཅད་མཁྱེན་པ་ཇི་སྙེད་མཁྱེན་པའོ། །མཁྱེན་བྱ་མཁྱེན་བྱེད་ཀྱི་རྟོག་པ་ལས་གྲོལ་བ་ནི་ཇི་ལྟ་བ་མཁྱེན་པའོ། །དེས་ན་ཡེ་ཤེས་མིང་གཉིས་དངོས་གཅིག་པའོ་ཞེས་བྱའོ། །གདུལ་བྱ་མ་ལུས་པ་ཐམས་ཅད་དུས་གཅིག་ཏུ་གདུག་པ་མི་གནས་པར་བྱས་པ་བཏུལ་ལོ་ཞེས་བྱའོ། །དྲེགས་པ་ཅན་བདག་འཛིན་དག་ནས་དམ་བཅའ་སྟེ། ལུས་གདན་དུ་ཕུལ་བ་ནི། དེ་ནས་དེ་དག་ཤིན་ཏུ་བྲེད་ཅིང་། ཞེས་པ་ལ་སོགས་པ་དྲེག་པ་ཅན་བསྒྲལ་ནས་སྣང་བ་རྣམ་འབྱེད་མཐོང་བ་དེ་ནས་ལས་ངན་པ་དག་པའི་རུ་དྲ་དེ་དག་ཤིན་ཏུ་འདར་བ་ནི། སྔ་མའི་ལས་དཔག་ཏུ་མེད་པ་རྣམས་དྲན་པས་ལུས་འདར་བ་དང་ཆེ་མཆོག་ལ་གུས་པ་གཉིས་འཛོམ་པའོ། །བྲེད་པ་ནི་རྣམ་པར་སྨིན་པ་རྩུབ་མོ་རྣམས་ཀྱིས་སེམས་བྲེད་ནས་བདག་འཛིན་རྩ་ནས་དག་པ་ཞུམ་པའི་ང་རོ་ནི། སྔར་གྱི་རྣམ་སྨིན་ལ་བྲེད་པ་དང་། ཆེ་མཆོག་ལ་གུས་པ་དང་ངག་གི་བརྗོད་པའོ། །འབངས་སུ་མཆི། དང་པོ་ནི་བདག་དོན་ནོ། །གཉིས་པ་ནི་གཞན་དོན་ནོ། །ཡང་ན་དང་པོ་ནི་ལུས་དབུལ་བ་ཙམ་མོ། །གཉིས་པ་ནི་ངེས་པར་འཕུལ་བའོ། །འབངས་སུ་ནན་ཏན་མ་བགྱིས་ན། འབངས་སུ་ཕུལ་ནས་བྲན་གྱི་ཐ་མའི་ལས་རྣམས་བྱེད་དགོས་པའི་ལས་ལ་ནན་ཏན་བགྱིས་ནས་ཁས་བླངས་པ་ལས་འགལ་ན། མནའ་བོར་བའི་ཚིག་སྟེ་མགོ་ལུས་དུམ་བུ་བརྒྱར་འགས་ཤིང་སྙིང་ཡང་དུམ་བུར་འགས་ཤིང་ཕྱེ་མར་གཏུབས་གྱུར་ཅིང་། ལུས་རུལ་ཞིང་མྱགས་ནས་སེམས་མེས་འཚིག་པ་ལྟ་བུའི་ཟུག་གཟེར་མྱོང་ནས་སྐྱེ་བ་ལ་འདི་ལ་བརླག་པ་དང་། ཕྱི་མ་ལ་དམྱལ་བར་ལྷུང་ནས། དམྱལ་བའི་འོ་དོད་འབོད་པར་ཤོག་ཅེས་རང་སྲོག་ལ་ཕོད་བཙུག་པའོ། །ཞེས་མནའ་བོར་ནས། ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་གདན་དུ་བཞག་གོ། །འཁོར་ཕུལ་ཞིང་རྣལ་འབྱོར་བསྐྱང་བར་ཁས་བླངས་པ་ནི། ཐམས་ཅད་ཀྱིས་མགྲིན་གཅིག །ཅེས་པ་ལ་སོགས་པ་ཕོ་མོ་ཐམས་ཅད་ཀྱིས་ངག་མཐུན་པར་མགྲིན་གཅིག་ཏུ་སྨྲས་པ། བདག་ཅག་རུ་དྲ་འཁོར་བཅས་ཀྱི་མཆིས་འབྲང་ནི་ཆུང་མའོ། །མ་སྲིང་བུ་མོ་རྣམས་དཀྱིལ་འཁོར་ཆེན་པོ་ནི་ཆེ་མཆོག་འབར་བའི་དཀྱིལ་འཁོར་རོ། །བཞེས་སུ་གསོལ། ཞེས་པ་ནི་ཉེ་གནས་བཞིའི་ཚུལ་དུ་འཁོར་རོ། །དཔའ་བོ་ནི་ཕྱི་ནང་གཉིས་སོ། །ལྷ་རྗེ་ནི་སངས་རྒྱས་ཐམས་ཅད་དབྱེར་མེད་པའི་དྲུག་པ་ཀུན་ཏུ་བཟང་པོའོ། །བདག་ཅག་སོ་སོ་འཁོར་བཅས་ནི་འཁོར་ཕུལ་ནས་ཁས་བླངས་པ་སྟེ་རུ་དྲ་ཐམས་ཅད་ཀྱི་དཔོན་ཡིན་པ་ལ། སོ་སོ་ནི་རུ་དྲའི་འཁོར་ལྷ་ཆེན་བརྒྱད་ལ་སོགས་པ་རྣམས་སོ་སོ་ན་འཁོར་སྡེ་དཔུང་དང་བཅས་པའོ། །དམ་བཅའ་བའི་ཚིག་གི་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་ནི་ཁྲག་འཐུང་ངོ་། །མིང་ཙམ། ཞེས་པ་ཕྱི་རབས་ཀྱི་རྣལ་འབྱོར་པ་དམ་ཚིག་མ་ཉམས་ན་བསྐྱེད་རིམ་ཙམ་ལ་གནས་པ་མིང་ཙམ་འཛིན་པ་སྟེ། དེ་ཡན་ཆད་ཀྱི་རྣལ་འབྱོར་པ་ཐམས་ཅད་ལྷ་ཀླུའི་དབང་པོའི་གཙུག་ན་ནོར་བུ་ཡོད་པ་བཀུར་བ་བཞིན། རྣལ་འབྱོར་པ་རྣམས་དེ་ལྟར་གུས་པས་བཀུར་བར་བགྱིའོ། །ལུས་སེམས་ཀྱི་གཡོ་སྒྱུ་མེད་ཅིང་གུས་པའི་སེམས་ཀྱིས་དད་པར་བླངས་ཏེ། བཀུར་བར་བགྱི་ཞེས་པའོ། །རྣལ་འབྱོར་པའི་དགོས་པ་ཅི་ཡོད་པ་རྣམས་བསྒྲུབ། གལ་ཏེའམ་བརྒྱ་ལ་ན། སྤྱན་སྔར་ད་ལྟ་སྨོས་པ་བཞིན་དུ་མ་བསྒྲུབ་ན་བདག་ཅག་ལུས་སེམས་ལ་ཚད་འཛུགས་པ་སྒྲ་བཞིན་ནོ། །འཁོར་རྣམས་ཀྱིས་དམ་བླངས་ནས་དབང་བསྐུར་བ་ནི། དེ་ནས་རུ་དྲ་དེ་དག་གི་ཆུང་མ་ལ་སོགས་པ་སྒྲ་བཞིན་ནོ། །སྔར་དཀྱིལ་འཁོར་ནས་རང་གི་གནས་སུ་བཀྱེས་པ་ལས་སླར་ཡང་དམ་བླང་བའི་ཕྱིར། ཡུད་ཙམ་གྱིས་འོངས་ནས་ངག་མཐུན་པར་སྨྲས་པ། བདག་ཅག་འཁོར་ཚོགས་ཞེས་པ་ལ་སོགས་པ་སྒྲ་བཞིན་ཏེ། ལས་ཀྱི་དངོས་གྲུབ་ནི་ཕྲིན་ལས་བཞི་གང་དང་གང་ལ་དབང་བའི་དམ་ཚིག་དང་དངོས་གྲུབ་ཞུས་པའོ། །དེས་ན་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ནི་རུ་དྲའི་ཆུང་མ་ཡིན་པའི་དུས་སུ་སླས་ཞེས་བྱའོ། །རུ་དྲ་བསྒྲལ་ནས་མ་ཚོར་བར་དཔལ་གྱི་སྐུ་ལ་འཁྲིལ་བ་ནི་བྱི་མོ་ཞེས་བྱའོ། །ཕྱིས་ཀྱང་ཡུད་ཙམ་གྱིས་འོངས་ནས་དམ་བླངས། དབང་བསྐུར་ནས་དཀྱིལ་འཁོར་དུ་འཁོད་པ་ནི་བྲན་མོ་ཞེས་བྱའོ། །དེ་ནས་ཆེ་མཆོག་ཧེ་རུ་ཀས་དབང་བསྐུར། དབང་རྟགས་རྡོ་རྗེ་རྩེ་གསུམ་པ་བྱིན། རྡོ་རྗེས་དྲངས་པའི་མིང་སྲིང་མོ་ལ་སོགས་པའི་མིང་བཏགས། དཀྱིལ་འཁོར་གྱི་ཕྱི་རོལ་དུ་འཁོད་པ་ནི། མ་མོ་ཉིད་ཀྱིས། དབུས་ལ་མཆིས་སྐལ་མི་ལྡན་གྱི། །འབར་བའི་དཀྱིལ་འཁོར་མཐའ་ལ་ཞོག །ཕུད་ལ་འཚལ་སྐལ་མི་ལྡན་གྱི། །ལྷག་མ་ཞལ་ཆབ་བྲན་ལ་སྩོལ། །ཅེས་སོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཁྲོ་བོ་ནི་ཚུལ་བཞི་དང་ལྡན་པའོ། །རང་བཞིན་མཐར་ཕྱིན་པའི་ཞི་ཁྲོ་གཉིས་ལས། ཁྲོ་བོའི་དཀྱིལ་འཁོར་སྤྲིན་དངོས་པོ་གང་དུ་ཡང་མ་ངེས་པ་ལས་ཆར་བབ་ནས་འགྲོ་བའི་ལོ་ཏོག་བསྐྱེད་པ་བཞིན། ཧེ་རུ་ཀའི་དགོངས་པ་གང་དུ་ཡང་མ་ངེས་ཅིར་ཡང་འཆར་བ་ལས་རྣམ་པར་སྤྲོས་པ་ནི་ཁྲོ་བོའི་དཀྱིལ་འཁོར་ཏེ། ཁམས་གསུམ་རངས་པ་ཁྲོ་བོ་ལས་མ་གཏོགས་པ་ཅི་ཡང་མི་མངའ་བའོ། །ལེའུ་བཅོ་ལྔ་པ་བཤད་པའོ།། ༈ །།ལེའུ་བཅུ་དྲུག་པ་ནི། རྒྱུད་གསུམ་ལས་ལམ་གྱི་རྒྱུད་དོ། །རྒྱུད་ཀྱི་དངོས་པོ་བཅུ་ལས་དབང་པོ་འབྲིང་གི་དོན་དུ་སྔགས་བསྟན་ཏེ་ཁྲོ་བོའི་སྔགས་སོ། །དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་དུ་བྱས་ན། ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་རོ། །ཕྱག་རྒྱ་གཅིག་སྤྲོས་གཉིས་ཀ་ཐུན་མོང་ངོ་། །དེ་ཡང་ཁྲོ་བོ་རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་བསྟན་ནས། དེ་ལྷག་པའི་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་ཉམས་སུ་བླངས་ཐབས་བསྟན་ཏོ། །གསུང་པ་ལོ་རྒྱུས་ནི། དེ་ནས་ཞེས་པ། ལ་སོགས་ཏེ། ཚིག་གི་དེ་མ་ཐག་པ་ནི། བཅོ་ལྔ་པའི་རྗེས་ཐོག་གོ། །དོན་གྱི་དེ་མ་ཐག་པ་ནི་ལམ་པས་ལྟ་བ་རྟོགས། དེ་བཞིན་ཉིད་ཀུན་ཏུ་སྣང་རྒྱུའི་ཏིང་ངེ་འཛིན་གོམས། སྤྲོས་པ་ལ་འཇུག་པའི་དུས་སུ། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གོང་དུ་བསྟན་པ་ལྟར་ཉམས་སུ་བླང་བ་ལ་གསུང་སྔགས་ཀྱིས་བསྐྱེད་པ་དང་། མཆོད་པ་དང་། ལས་གང་དང་གང་བཅོལ་བ་དང་། ཡེ་ཤེས་པ་སྤྱན་དྲང་པ་དང་། དངོས་གྲུབ་རྩོལ་བ་དང་། དམ་ཚིག་ལ་བསྟིམ་པ་རྣམས་རྐྱེན་སྔགས་ལ་རག་ལས་པས་དེར་འབྲེལ་ཏེ་བསྟན་པའོ། །བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ནི་གོང་དུ་བཤད་པ་ལྟར་རོ། །དཀྱིལ་འཁོར་ཚོགས་ཆེན་པོ་འདི་དག་ནི། བཅོ་ལྔ་པ་རང་བཞིན་ལྷུན་གྲུབ་ཁྲོ་བོའི་དཀྱིལ་འཁོར་རོ། །ཚོགས་ནི་དུས་གསུམ་གྱི་བུདྡྷ་མ་ལུས་པ་འདུས་པའོ། །ཆེན་པོ་ནི་ཐམས་ཅད་རིག་པར་གསལ་བའོ། །གཙོ་བོ་དང་འཁོར་དུ་བཅས་པ་དེ་དག་ཕྱི་རབས་ཀྱི་རྣལ་འབྱོར་པས་ཉམས་སུ་བླང་བའི་དུས་སུ། དམ་ཚིག་གིས་འགྲུབ་པར་བྱ་བའི་ཕྱིར། ཞེས་པ་དམ་ཚིག་ནི་སེམས་ཉིད་རང་སྣང་བ་ངོ་བོ་ཉིད་ཀྱི་དམ་ཚིག་ལས་མི་འགག་པར་སྣང་བ་སྔགས་ཀྱི་ཚོགས་ཀྱིས་ལྷ་བསྐྱེད་ཅིང་སྐུར་སྣང་བ་ལས་འདའ་བ་དང་། དེ་ལས་ཐུན་མོང་མཆོག་གི་དངོས་གྲུབ་སྣང་བ་ལས་མི་འདའ་བས་དམ་ཚིག །སྔགས་ཀྱིས་ལྷ་ལྔ་བཅུ་རྩ་བརྒྱད་དཀྱིལ་འཁོར་དུ་གྲུབ་པར་བྱ་བའི་ཕྱིར་འབྲས་བུ་མཐར་ཕྱིན་པའི་དེ་བཞིན་གཤེགས་པ་ཁྲོ་བོ་ཐམས་ཅད་ཀྱི་རྒྱལ་པོ་ཁྲག་འཐུང་ལྔ། ཆེན་པོ་ནི་ཀུན་བཟང་ཧེ་རུ་ཀ་བཙུན་མོ་ཡུམ་དང་བཅས་པའི་དཀྱིལ་འཁོར་གྱི་ཚོགས་དེ་དག་གི་སྐུ་གསུང་ཐུགས་མི་ཕྱེད་པས་རྡོ་རྗེ་ལྟ་བུའི་ཡེ་ཤེས་རྔམ་པ། ཞེས་པ་རང་བྱུང་གི་ཡེ་ཤེས་ནི་དངོས་པོ་ཐམས་ཅད་ཡེ་ཤེས་ཀྱི་ངང་དུ་མི་གནས་པར་མཛད་པ། དཔེར་ན་བསྐལ་པ་འཇིག་པའི་མེ་དང་མཚུངས་ཏེ། དེ་ནི་རང་བཞིན་ནམ་དགོངས་པའི་ཡེ་ཤེས་ཀྱི་ཁྲོ་བོ་ཞེས་བྱའོ། །དེ་ཉིད་རང་སྣང་བའི་ཧེ་རུ་ཀའི་སྐུ་ཡང་རྟགས་ཡེ་ཤེས་ཀྱི་ཁྲོ་བོའོ། །རྔམ་པ་ནི་སྐད་ཅིག་ལ་མི་གནས་པར་མཛད་པའི་ཚུལ་ཅན་ཏེ། ནང་དུ་ཉོན་མོངས་པ་ལ་རྔམ། ཕྱི་བདུད་དང་དྲེགས་བྱེད་ལ་རྔམ་པའོ། །གཞི་དང་གཞི་ཅན་མེད་ཀྱང་། གདུལ་བྱའི་ངོ་ལ་གཞི་དེ་ལྟ་བུ་ལས་སྣང་བས་ལས་ཞེས་བྱའོ། །གསུང་གི་དཀྱིལ་འཁོར་ནི་ལྔ་བཅུ་རྩ་བརྒྱད་ཀྱི་སྔགས་ཡན་ལག་རྣམས་དང་བཅས་པའོ། །གཞུང་ལ་རིགས་ལྔ་ཡབ་ཡུམ་གྱི་རྩ་བ་བསྐྱེད་སྔགས་དང་བཅས་པ་ནི། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ །ཞེས་པ་ལ་སོགས་ཏེ། འདི་ཡང་རྣལ་འབྱོར་པས་ཉམས་སུ་ལེན་ན་བདག་སྲས་གཞན་སྲས་ཀྱི་ཡུམ་གྱི་མཁར་དཀྱིལ་འཁོར་བསྐྱེད་ནས། སྔགས་འདི་དག་གིས་ཕྱིའི་དཀྱིལ་འཁོར་དུ་འདོན་པ་མངོན་པར་རྟོགས་པ་བཞིན་ནོ། །གོང་གི་ཞི་བའི་སྔགས་དང་འོག་གི་ཁྲོ་བོའི་སྔགས་འདི་དག་སྒྲ་བསྒྱུར་ན་དྲུག་ཅུ་རྩ་གཉིས་རེ་རེ་ཙམ་ཡོད་སྐད། མ་བསྒྱུར་ན་བྱིན་རླབས་ཆེ་བར་སློབ་དཔོན་པདྨས་གསུངས་སྐད་དོ། །འདིར་འཕྲལ་སྐད་ཐང་ལོག་བརྡ་སྤྲད་པ་ཙམ་ཡིན་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་ནི། ༀ་ནི་ཡེ་ཤེས་རྣམ་པ་ལྔ། སརྦ་ནི་ཐམས་ཅད། ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ། མ་ཧཱ་ནི་ཆེན་པོ། ཤྲཱི་དཔལ། ཧེ་རུ་ཀ་ཁྲག་འཐུང་། མ་ཧཱ་ཆེན་པོ། ཙཎྜ་གཏུམ་པོ། སརྦ་ཐམས་ཅད། དུཥྚཱན་སྡང་བ། ཏ་ཀ་ན་གཏོགས་ཤིག །ཧ་ན་རྒྱོབ་ཅིག །ད་ཧ་ཆོམས་ཤིག །པ་ཙ་ཚོས་ཤིག་པའོ། །ཧཱུྃ་གསུམ་ནི་སྐུ་གསུང་ཐུགས་སུ་བསྡུས་ཤིག །ཕཊ྄་ནི་སྒྲོལ་ཅིག་པའམ་སོད་ཅིག་པའོ། །ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །ཞེས་པ་རྡོ་རྗེ་དཔལ་ཆེན་པོའི་ཁྲག་འཐུང་ངོ་། །གཞན་མ་སྔར་གྱིས་འགྲེ། རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ །ཞེས་པ་རིན་པོ་ཆེའི་དཔལ་ཁྲག་འཐུང་ཆེན་པོའོ། །པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ །པདྨ་ཆེན་པོའི་དཔལ་ཁྲག་འཐུང་ངོ་། །ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ །ལས་ཆེན་པོའི་དཔལ་ཆེན་པོ་ཧེ་རུ་ཀའོ། །གཞན་མ་འགྲེའོ། །ཡུམ་རྣམས་ནི། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རི་སརྦ་དུཥྚཱན་ཧཱུྃ་ཕཊ། ཞེས་པ་བུདྡྷ་ཁྲག་འཐུང་གི་ཡུམ་སྟེ། ༀ་ཡེ་ཤེས་རྣམ་པ་ལྔ། ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ། སརྦ་ཐམས་ཅད། མ་ཧཱ་ཆེན་མོ། ཀྲོ་དྷཱི་ཁྲོ་མོ། ཤྭ་རཱི་དབང་ཕྱུག །སརྦ་དུཥྚཱན་སྡང་བ་ཐམས་ཅད། ཧཱུྃ་སྡུས། ཕཊ྄་ཀྱིས་སྒྲོལ་ཅིག་པའོ། །བཛྲ་ཁྲག་འཐུང་གི་ཡུམ་ནི། ༀ་ཡེ་ཤེས་ལྔ། མ་ཧཱ་ཆེན་པོ། བཛྲ་དྷ་ར་རྡོ་རྗེ་རིགས་ཀྱི་གཟུངས་མ། མ་ཧཱ་ཀྲོ་དྷཱི་ཆེན་མོ་ཁྲོ་མོ། ཤྭ་རི་དབྱིངས་ཕྱུག །ཛྭ་ལི་ནི་འབར་མ། ཧཱུྃ་སྡུས་ལ། ཕཊ྄་སྒྲོལ་ཅིག་པའོ། །རཏྣ་ཁྲག་འཐུང་གི་ཡུམ་ནི། ཨཱོཾ་མ་ཧཱ་ཆེན་མོ། སཱུརྱ་ཉི་མ། རཏྣ་རིན་པོ་ཆེ། མ་ཧཱ་ཆེན་མོ། ཀྲོ་དྷཱི་ཁྲོ་མོ། ཤྭ་རི་དབང་ཕྱུག །བིད་མ་མཉམ་པ་ཉིད་དོ། །ཧཱུྃ་ཕཊ྄་སྡུས་སྒྲོལ། པདྨ་ཧེ་རུ་ཀའི་ཡུམ་ནི། ཧྲཱིཿཔདྨ་ཤྭཏྟ་སྡོང་པོ། ས་མནྟ་མི་འདའ་བ། མ་ཧཱ་ཆེན་མོ། ཀྲོ་དྷཱི་ཁྲོ་མོ། ཤྭ་རི་དབྱིངས་ཕྱུག །ཁཱ་ཧི་གསོལ་བ་སྟེ་གསུང་གི་ལས། ཧཱུྃ་ཕཊ་སྡུས་སྒྲོལ། ༀ་སརྦ་ཨ་མོ་གྷ་ཐམས་ཅད་དོན་ཡོད་པ། མ་ཧཱ་ཀྲོ་དྷཱི་ཤྭ་རི་འགྲེ། བི་ཤྭ་ནི་སྣ་ཚོགས། ཧཱུྃ་ཕཊ྄་སྡུས་སྒྲོལ། དེ་དག་ནི་རྩ་བ་ལས་སྔགས་དང་བཅས་པའོ། །མ་མོ་བརྒྱད་ནི། བཛྲ་ཀ་རཱི་ཧ། ཞེས་པ་ཀ་རཱི་མའི་སྙིང་པོ་སྟེ། མགོར་ༀ་བཏགས་མཇུག་ཏུ་ཛ་ཛ་ཧཱུྃ་བཏགས་ནས། ཏིང་ངེ་འཛིན་ལས་སུ་རུང་བའི་རྣལ་འབྱོར་པས། ཀ་རཱི་མ་ལ་སྟོང་རྩ་བརྒྱད་བཟླས་ན་བུདྡྷ་ཡང་འགུགས་ནུས་ན། གཞན་འགུགས་པ་ལྟ་ཅི་སྨོས་ཞེས་བྱའོ། །བཛྲ་ཙ་རཱི་ཧ། ཕྱག་ན་རྡོ་རྗེའང་མཐུ་རྐུ་ནས་མེད་པར་ནུས་ན། གཞན་ལྟ་ཅི་སྨོས་ཞེས་སོ། །བཛྲ་པྲ་མོ་ཧ། གོང་ལྟར་བཟླས་ན་ལག་ན་རྡོ་རྗེ་ཡང་མཐུ་བོར་ནས་འགུགས་ནུས་ན་གཞན་ལྟ་ཅི་སྨོས། བཛྲ་བཻཏྟ་ལཱི་ཧ། གོང་ལྟར་བཟླས་ན་ལས་ཐམས་ཅད་འགྲུབ་བོ། །བཛྲ་པུཀྐ་སཱི་ཧ་ཞེས་པ། གོང་ལྟར་བཟླས་ན་ཕྱག་ན་རྡོ་རྗེ་ཡང་བཅིངས་ནས་རྨོངས་ཏེ་མི་འགུལ་བར་ནུས་སོ། །བཛྲ་གྷསྨ་རཱི་ཧ། གོང་ལྟར་བཟླས་ན་ཕྱག་ན་རྡོ་རྗེ་ཡང་མགོ་མྱོས་པར་འགྱུར་རོ། །བཛྲ་སྨ་ཤ་ནཱི་ཧ། གོང་ལྟར་བཟླས་ནས་ལས་བཅོལ་ན་ཐམས་ཅད་འགྲུབ་བོ། །བཛྲ་ཙནྜ་ལཱི་ཧ། གོང་ལྟར་བཟླས་ཏེ་ལས་བཅོལ་ན་ཚེ་དང་རིགས་རྒྱུད་དབང་ཐང་འཕེལ་ལོ། །ཧ་བརྒྱད་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས་སོ། །མིང་རྣམས་ནི་བསྐྱེད་པ་རྐྱེན་གྱི་སྔགས་དང་ལས་བཅོལ་བའོ། །བརྗོད་པས་སྐུར་གྲུབ་པ་དང་བཞུགས་གནས་རྣམས་ཤེས་སོ། །བཛྲ་སིངྷ་མུ་ཁཱ་ཧེ། འདི་མན་ཆད་བཞི་པོ་ལ་མགོར་ༀ་གཤམ་དུ་ཧཱུྃ་ཕཊ྄་ཀྱིས་བསྣན་ཏེ། ཏིང་ངེ་འཛིན་ལས་སུ་རུང་བས་སྟོང་ལ་སོགས་པ་བཟླས་ཏེ། དྲག་པོ་ཚར་གཅད་པའི་ལས་བཅོལ་ན། བསྒྲུབ་བྱའི་གནས་རྟེན་ཡན་ལག་དང་བཅས་པ་མི་གནས་པར་བྱེད་པས་ཚར་བཅད་པས་ལས་ལ་ཤེས་སོ། །བཛྲ་བྱཱ་གྷྲི་མུ་ཁཱ་ཧེ། ཞེས་པ་བཞིན། མགོར་ༀ་རྟིང་པར་ཧཱུྃ་ཕཊ྄་བསྣན་ཏེ། ཏིང་ངེ་འཛིན་ལས་སུ་རུང་བས་སྟོང་ལ་སོགས་པ་བཟླས་ན། མིག་ལ་སོགས་པའི་དབང་པོ་རྣམས་འབྱིན་པས་ཚར་གཅོད་ཀྱིས་ལས་སོ། །ཧེ་བརྒྱད་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས། མིང་རྣམས་ནི་བསྐྱེད་པ་རྐྱེན་གྱི་སྔགས་སོ། །ལྷ་རྗེ་ཟུར་ཚོས་མ་མོ་རྣམས་ཀྱི་དབུ་ལ་བཛྲ་རེ་རེ་བྱུང་བ་ནི། དབུ་ལ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་རེ་རེ་ཡོད་པ་ཡིན་གསུངས་སོ། །ༀ་བཛྲ་ཨཱརྱ་ཏེ་ཛ་ཏེ་ང་ཛཿ ཞེས་པ་འདི་མན་ཆད་བཞི་པོ་གོང་ལྟར་ༀ་ཧཱུྃ་གིས་བསྣན་ནས། ཏིང་ངེ་འཛིན་ལས་སུ་རུང་བའི་རྣལ་འབྱོར་པས་སྟོང་སོགས་བཟླས་ན། ལྕགས་ཀྱུ་མས་བཀུག་པ་དང་། ཞགས་པ་མས་འཆིང་བ་དང་། ལྕགས་སྒྲོག་མས་འཛིན་ཏེ་མི་གཏོང་སྟེ་སྡོམ་པ་དང་། དྲིལ་བུ་མས་སེམས་མྱོས་ཏེ་གནོན་པ་དང་དེའི་ལས་བཞིའོ། །ཛཿཧཱུྃ་བྃ་ཧོཿབཞི་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས་སོ། །བྷྱོ་ཉི་ཤུ་རྩ་བརྒྱད་ནི་དབང་མོའི་སྔགས་ཏེ། རྒྱུ་མ་ནོར་བ་རྩ་བའི་སྔགས་ཡིན། རྒྱུ་མ་ནོར་རྩ་བའི་སྙིང་པོ་སྟེ། དང་པོ་དྲུག་ཤར་དུ་དགོད། ཞི་བའི་ལས་མཛད། རྣལ་འབྱོར་པ་ལམ་ལྟར་བྱམས་པའོ། །དེ་ནས་དྲུག་ལྷོར་དགོད། རྒྱས་པའི་ལས་མཛད། རྣལ་འབྱོར་པ་ལ་སྲིང་ལྟར་གདུང་བའོ། །དེ་ནས་དྲུག་ནུབ་ཏུ་དགོད། དབང་གི་ལས་མཛད། རྣལ་འབྱོར་པ་ལ་མཛའ་ལྟར་ཡིད་དུ་འོང་བའོ། །དེ་ནས་དྲུག་བྱང་དུ་དགོད། ལས་དྲག་པོ་ལ་དབང་། བྲན་ལྟར་བཀའ་ཉན་གྱི་མ་མོའོ། །བཞི་ནི་སྒོ་བཞིར་དགོད་དོ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་པ་ནི་དཀྱིལ་འཁོར་བསྐྱེད་ཐོན་ནས་ཡེ་ཤེས་པ་སྤྱན་དྲང་བའི་སྔོན་དུ་འགྲོ་བར་བྱོན་པར་ཞུ་བའི་སྙན་གསན་དབབ་པའོ། །སྤྱན་དྲང་བ་དངོས་ནི། ཨེ་ཧྱེ་ཧི་ཞེས་པ། ཀྱེ་ཀྱེ་ཞེས་པའོ། །ཨཱ་ན་ཡ་ཧོ་ནི་འདིར་གཤེགས་ཅེས་པའོ། །ཛཿཧཱུྃ་བྃ་ཧོཿནི་རང་བཞིན་གྱིས་གནས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་བྱོན་ཏེ་ནམ་མཁའ་ལ་བཞུགས་པ། རྃ་ཞེས་པ་གཞལ་ཡས་ཁང་གི་རྒྱབ་ལ་མེ་འབར་བ། མེ་རི་འདབ་འབྱོར་དབྱེར་མེད་དུ་གྱུར་པ་སྟེ། ཤེས་རབ་ཀྱི་ངང་ལ་དབྱེར་མེད་པ་ལྟ་བུ་མཚོན་ནོ། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ་ཞེས་པ་ནི། ཡེ་ཤེས་པ་ལ་རིག་པའི་མེ་ཏོག་དོར་བ་སྟེ། ༀ་ཡེ་ཤེས་ལྔ། བཛྲ་རྡོ་རྗེ་དབྱེར་མེད་པ། ཀྲོ་དྷ་ཁྲོ་མོ། ས་མ་ཡ་དམ་ཚིག །ཧཱུྃ་བསྡུ་བ་སྟེ། ཡེ་ཤེས་ལྔའི་རྡོ་རྗེ་ཁྲོ་བོ། དམ་ཚིག་དབྱེར་མེད་པར་མཛོད་ཅིག་བྱ་བ་ལྟ་བུ་སྟེ། རིག་པའི་ངང་ལ་ཡེ་ཤེས་དམ་ཚིག་དབྱེར་མེད་དུ་མོས། དེ་ནས་དངོས་གྲུབ་བསྐུལ་བ་ནི། ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཞེས་པ་ལ་སོགས་པ་སྟེ། ཁྲོ་ལ་ནི་ལས་ཀྱི་ཁྲོ་བོ་རུ་དྲའོ། །ཁྲོས་པ་ལྟར་སྣང་བའི་ཡེ་ཤེས་ཀྱི་ཁྲོ་བོའོ། །ཞི་མཛད་པ་ནི་ལས་ཀྱི་ཁྲོ་བོའི་ཉོན་མོངས་པ་རྩ་བ་ནས་དག་པར་མཛད་པའོ། །ཐུགས་རྗེས་ཁྲོས་པ་ནི་དགོངས་པ་ཆོས་སྐུ་ལ་ཁྲོ་བྱ་ཁྲོ་བྱེད་མ་དམིགས་པ་སྟེ། རུ་དྲའི་ངོ་ལ་ཐུགས་རྗེ་ཁྲོས་པའོ། །དཔལ་ནི་དཔལ་གསུམ་དང་ལྡན་པའི་ཧེ་རུ་ཀའོ། །རྔམས་པ་ནི་ཕྱི་ནང་གཉིས་སུ་རྔམ་པ་དང་ལྡན་པའོ། །ཚོགས་ནི་ཁྲག་འཐུང་གི་དཀྱིལ་འཁོར་ཐམས་ཅད་དོ། །འབར་བ་ནི་དོན་རང་བྱུང་གི་ཡེ་ཤེས་འབར་བས་རྟགས་ཧེ་རུ་འབར་བའི་གར་དགུ་དང་ལྡན་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་གང་དུ་ཡང་མ་གྲུབ་པ་ལ་ཅིར་ཡང་འཆར་བའི་རྨད་པོ་ཆེ། དུས་ད་ལྟ་ཁོ་ན་རྣལ་འབྱོར་བདག་ལ་རྩོལ་ཅིག་པའོ། །དེའི་སྔགས་ནི། ༀ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། རྡོ་རྗེ་ཁྲོ་བོ་དམ་ཚིག་དུས་ལ་བབ་ཅེས་ཏེ་དངོས་གྲུབ་རྩོལ་བའོ། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། རྡོ་རྗེ་ཁྲོ་བོ་དམ་ཚིག་གིས་དབྱིངས་སུ་སྡུས་པ་ལ་སོལ་ཅིག་པའོ། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ རྡོ་རྗེ་ཁྲོ་བོ་དམ་ཚིག་གིས་མཉེས་པར་མཛོད་ཅིག་པའོ། །དེ་ལྟར་གསོལ་བ་བཏབ་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཐུགས་ཀ་ནས་ཕཊ་ནག་པོ་ཞིག་བྱུང་སྟེ་བདག་གི་ཐུགས་ཀར་ཐིམ་ནས་སྒྲིབ་པ་མ་ལུས་པ་དག་པར་བསྒོམ་པ་ནི་དངོས་གྲུབ་རྩོལ་བའི་འབྲས་བུའོ། །དེ་ནས་དྲིན་ལན་གྱི་ཚུལ་དུ་མཆོད་པ་འབུལ་ཏེ། ཨ་ལི་ཨུ་ལི་ཞེས་པ་ལ་སོགས་པ། ཨ་ལི་ནི་བཟའ་བའི་རྣམ་གྲངས་རྣམས་སོ། །ཨུ་ལི་ནི་བཏུང་བའི་རྣམ་གྲངས་རྣམས་སོ། །ཏཱ་ལི་ནི་འབྲས་བུའི་བྱེ་བྲག་རྣམས་སོ། །ཏ་པཱ་ལི་ནི་བཅའ་བའི་བྱེ་བྲག་རྣམས་སོ། །དེ་རྣམས་གང་ལ་མཆོད་ན། དུཥྛཱ་ཞེས་པ་མཆེ་བ་ཅན་གྱི་ཚོགས་ཏེ་ཁྲག་འཐུང་ལྔའོ། །ག་ཎ་ནི་ཡོན་ཏན། ར་ཏྲི་ནི་དྲག་མོ་སྟེ་མ་མོ་ཉི་ཤུའི་ཚོགས་སོ། །ཁ་རཾ་ཡོ་གི་ནཱི་ཞལ་འབར་མ་རྣལ་འབྱོར་མའི་ཚོགས་ཏེ། ཁ་རཾ་ནི་ཞལ་འབར་མ། ཡོ་གི་ནཱི་རྣལ་འབྱོར་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དོ། །ཁཱ་ཧི་གསོལ། ཧོཿམཉེས་པར་མཛོད་ཅིག །ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ་ནི། དམ་ཚིག་གི་དཀྱིལ་འཁོར་ལ་བསྟིམ་པ་སྟེ། ཧཱུྃ་གིས་ཁྲག་འཐུང་ཡབ་ཡུམ་བསྟིམ། ཧས་ནང་གི་ལྷ་མོ། ཧེས་ཕྱིའི་ལྷ་མོ། ཕཊ྄་ཀྱིས་སྒོ་བ་བཞི། བྷྱོས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། རྃ་གྱིས་གཞལ་ཡས་ཁང་མེ་དཔུང་དང་བཅས་པ་ལ་བསྟིམ་མོ། །སྔགས་གསུངས་པ་དང་ཡེ་ཤེས་བསྟིམས་པ་གཉིས་ཀྱི་ཡོན་ཏན་ནོ། །ཞེས་བརྗོད་པས་ཚིག་རབ་ཏུ་ཚིག་ཀུན་ཏུ་ཚིག་གོ། །ཞེས་པ་སྔགས་གསུངས་པའི་ཡོན་ཏན་ཏེ་འཇིག་རྟེན་ཐམས་ཅད་ཀྱི་རྣམ་པར་རྟོག་པ་མི་གནས་པར་བྱས་པ་ནི་ཚིག་པ་གསུམ། ཚབས་ཆེ་ཆུང་གསུམ་མོ། །དེ་ནི་ལས་སྔགས་བརྗོད་པའི་ཡོན་ཏན་ལྟ་བུ་ཡང་ཡིན། འབར་རབ་ཏུ་འབར་ཀུན་ཏུ་འབར་གྱིས་བྱ་བ་གསུམ་ནི། བསྐྱེད་པ་རྐྱེན་གྱི་སྔགས་ཀྱིས་ཕྱོགས་བཅུ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་འབར་བ་ཚབས་ཆེ་ཆུང་གསུམ་མོ། །ཡང་ན་ཡེ་ཤེས་སེམས་དཔའ་བསྟིམས་པའི་ཡོན་ཏན་ཡང་ཡིན་ནོ། །ཐམས་ཅད་དུ། ཞེས་པ་དུས་དང་རྣམ་པ་ཐམས་ཅད་ཁྲག་འཐུང་འབར་བའི་དཀྱིལ་འཁོར་གྱི་ཚོགས་ཀྱིས་གང་རབ་ཏུ་གང་ཀུན་ཏུ་གང་། ཞེས་བྱ་བ་ཚབས་ཆེ་ཆུང་གསུམ་ནི་དམ་ཚིག་ལ་ཡེ་ཤེས་བསྟིམས་པས། ཡེ་ཤེས་ཀྱི་རྣལ་འབྱོར་པའི་ཏིང་ངེ་འཛིན་རྒྱས་པ་ཇེ་བརྟན་ཇེ་རྒྱས་ལ་སོང་བ་གསུམ་མོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཁྲོ་བོའི་ཚོགས་ནི་ཕྱོགས་བཅུའི་ཁྲོ་བོ་མ་ལུས་པ་ཐམས་ཅད་དེའི་གསུང་གི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་དྲུག་པ་བཤད་པའོ།། ༈ །།ལེའུ་བཅུ་བདུན་པ་ཁྲོ་བོའི་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་བསྟན་པ་ནི། རྒྱུད་གསུམ་ལས་ན་ལམ་གྱི་རྒྱུད་དོ། །རྒྱུད་ཀྱི་དངོས་པོ་བཅུ་ལས་ན་དཀྱིལ་འཁོར་ཏེ་ཁྲོ་བོའི་སྐུ་དང་ཐུགས་སོ། །དཀྱིལ་འཁོར་བཅུ་གཉིས་ལས་ན་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར། ཁྲོ་བོའི་སྐུ་དང་ཐུགས་བསྟན་པའོ། །དེ་ཡང་དེ་ཡན་ཆད་དུ་ཞི་ཁྲོའི་དཀྱིལ་འཁོར་རྒྱས་པར་བསྟན་ནས་རྣལ་འབྱོར་པས་དེ་ཉམས་སུ་བླང་བའི་ཆ་རྐྱེན་ཙམ་མོ། །གསུང་པ་ལོ་རྒྱུས་ནི། དེ་ནས་ཞེས་པ་ལ་སོགས་ཏེ། དེ་ཡང་ཚིག་གི་དེ་མ་ཐག་པ་ནི་བཅུ་དྲུག་པའི་རྟིང་ཐོག་གོ། །དོན་ནི་རྣལ་འབྱོར་པས་དབང་ཐོབ་དམ་ཚིག་དང་ལྡན་ལྟ་བ་རྟོགས་ནས། ལམ་ལ་འཇུག་པ་ཉམས་སུ་བླང་བར་འབྲེལ་ཏོ། །བཅོམ་ལྡན་འདས་དགྱེས་པ་ཆེན་པོ། ཞེས་པ་བཤད་ཟིན། དེ་དག་གི། ཞེས་པ་ལེའུ་བཅོ་ལྔ་པར་སྨོས་པའི་ཁྲག་འཐུང་གི་དཀྱིལ་འཁོར་དེ་དག །དཀྱིལ་འཁོར་བསྟན་པའི་ཕྱིར། ཞེས་པ་ཕྱི་རབས་ཀྱི་རྣལ་འབྱོར་པས་ཉམས་སུ་བླང་བའི་ལྷག་པའི་ཏིང་འཛིན་གྱི་དཀྱིལ་འཁོར་བསྒོམ་པའི་ཆོག་སྒྲིག་མ་ནོར་བསྟན་པའི་དགོས་ཆེད་དོ། །གོ་ཕྱེ་བའི་འཁོར་གྱི་ཆེད་དུ་བརྗོད་པ་ལེའུ་འདི་བརྗོད་དོ་ཞེས་བྱའོ། །འདིར་ཁྲོ་བོའི་དཀྱིལ་འཁོར་བསྟན་པ་ལའང་ལེའུ་དགུ་པར། ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ། །ཞེས་པ་ཞི་ཁྲོའི་མཚན་ཉིད་མི་འདྲ་ཡང་ཆོ་གའི་སྒྲིགས་མཐུན་པར་བསྟན་པའོ། །ཡང་། ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཞེས་པས། ཞི་བར་བསྟན་པའི་དབང་པོ་རབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བསྒོམ་པ་དང་། དེ་མངོན་དུ་མི་ནུས་པས་བསྐྱེད་རིམ་གྱི་དཀྱིལ་འཁོར་བསྒོམས་ཏེ། དེ་བཞིན་ཉིད་དང་ཀུན་ཏུ་སྣང་དང་རྒྱུའི་ཏིང་ངེ་འཛིན་ལས་འོག་གཞི་འབྱུང་བ་རིམ་བརྩེགས་ཀྱང་ཁྲག་འཐུང་དང་དུར་ཁྲོད་ཀྱི་འབྱུང་བ་བསྐྱེད་དེ། ཀེང་རུས་ཀྱི་རི་རབ། ཅེས་ཁ་ལ་མེ་དཔུང་འབར་བའི་ནང་དུ། བྷྲཱུྃ་སྨུག་ནག་གི་འཕྲོ་འདུ་ལས་དུར་ཁྲོད་ཀྱི་གཞལ་ཡས་ཁང་བསྐྱེད་པ་སྟེ། སྐུ་གསུམ་གྱི་རྟགས་སུ་ཐོད་པ་རྣམ་གསུམ་གྱི་རྩིག་པ། སྦྲུལ་གྱི་དྲྭ་བ་དྲྭ་ཕྱེད་དང་། བུམ་པ་ཟླུམ་པོའི་རྩེ་མོ་རྡོ་རྗེ་རྩེ་དགུ་པས་མཚན་པ་དང་། རྟ་བབས་བཞི་དུར་ཁྲོད་ཀྱི་རྒྱན་དང་བཅས་པ་དང་། ཁྲག་འཐུང་གི་གཞུང་དང་མཐུན་པར་བསྐྱེད་དོ། །དེ་ནས་གཞུང་ལ་འཇུག་སྟེ། གཞལ་ཡས་ཀྱི་ངོ་བོ་ནི། འབར་བའི་འཁོར་ལོ་རྩིབས་བཞི་པ། །ཞེས་པ་ལྟེ་བ་འཁོར་ལོ་རྩིབས་བཞི་པ། ཡེ་ཤེས་བཞི་ཀུན་ཏུ་ཀུན་ནས་འབར་བའི་རྟགས་སུ་རྩིབས་བཞི་ལ་མེ་འབར་བ། ལྟེ་བའི་དབུས་གྲུ་གསུམ་མཐིང་ནག་ཆོས་དབྱིངས་ཡེ་ཤེས་རྣམ་ཐར་གསུམ་དང་ལྡན་པའི་རྟགས་སུ་གྲུ་གསུམ། ཆོས་ཐམས་ཅད་སྐུ་གསུང་ཐུགས་དབང་དུ་བསྡུས་པའི་ཕྱིར་ཟླ་གམ་གསུམ་དང་ལྡན་པ། ཡེ་ཤེས་བཞི་ཆོས་དབྱིངས་ཡེ་ཤེས་ལས་མ་འདས་པའི་རྟགས་སུ་རྡོ་རྗེ་གདུང་ཟླུམ་རྡོ་རྗེ་རྭ་བ་འགྲེང་རྭ་དང་བཅས་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས་པའི་རྟགས་སུ་གྲུ་བཞི་གྲུ་ཆད་བཞི་དང་ལྡན་པ། ཡེ་ཤེས་བཞི་འཕྲོ་བའི་རྟགས་སུ་གློ་འབུར་བཞི་དང་བཅས་པ། གཞལ་ཡས་ཁང་གི་ཕྱི་དབྱིབས་ཆོས་དབྱིངས་ཡེ་ཤེས་ཀྱིས་རྒྱས་པའི་རྟགས་སུ་ཕྱི་དབྱིབས་གྲུ་བཞིར་འདུག་པ། རྣམ་ཐར་བཞིའི་སྒོ་ནས་གདུལ་བྱ་འཇུག་ཅིང་ཐུགས་རྗེ་ཤར་བའི་རྟགས་སུ་ཕྱོགས་བཞི་སྒོ་ཁྱུད་བཞི་དང་ལྡན་པ། འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། ཞེས་པ་སློབ་དཔོན་ཁ་ཤས་ཀྱིས་སྒྱུ་འཕྲུལ་བླ་མ་ནས་སྤོར་མ་བརྒྱད་ཡོད་པས་དེའི་གནས་ཡིན་པར་ཡང་བཤད་དེ། ངེས་པར་ནི་ཕྲ་མེན་མ་དང་དབང་ཕྱུག་མའི་གནས་ཏེ། སྒོ་གཅིག་གི་ལྷ་སྣམ་ལ་ཕྱི་ནང་དུ་བྱེད་པ་དང་། སྒོ་ཉིས་རིམ་གྱི་ལྷ་རྣམ་གཉིས་སུ་བྱེད་པ་དང་གཉིས་ལས། སློབ་དཔོན་པདྨས་དབང་ཕྱུག་མ་ལ་ཡང་སྒོ་མ་ཡོད་པས་ཉིས་རིམ་དུ་འདོད་ལ། སློབ་དཔོན་བི་མ་ལས་སྒོ་རྐྱང་ལྷ་སྣམ་གཉིས་སུ་འདོད་པས་དབང་ཕྱུག་མའི་སྒོ་མ་ལ་ཕུགས་ན་བཞུགས་པར་བཞེད་དོ། །རྒྱན་ནི། ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད། །ཅེས་པ་ཐོད་པ་ནི་གསུམ་སྟེ། ནང་ཐོད་པ་རློན་པ་ནི། སྐུ་གསུམ་ལས་ལོངས་སྐུ། དུས་གསུམ་ལས་མ་བྱོན་པ། ཐེག་པ་གསུམ་ལས་གསང་སྔགས་ཀྱི་ཐེག་པའོ། །བར་ཐོད་པ་ར་རི་ནི། སྐུ་གསུམ་ལས་སྤྲུལ་པ། དུས་གསུམ་ལས་ད་ལྟའི་བུདྡྷ། ཐེག་པ་གསུམ་ལས་བྱང་ཆུབ་སེམས་དཔའི་ཐེག་པའོ། །ཕྱི་ཐོད་པ་སྐམ་པོ་ནི། སྐུ་གསུམ་ལས་ཆོས་སྐུ། དུས་གསུམ་ལས་འདས་པའི་བུདྡྷ། ཐེག་པ་ནི་ཉན་རང་གི་ཐེག་པའོ། །སྦྲུལ་ནི། སྦྲུལ་གྱི་དྲྭ་བ་དྲྭ་ཕྱེད་དེ་ཁ་དོག་སྣ་ཚོགས་པ་དབྱིབས་སྣ་ཚོགས་པའོ། །ཉི་མས་བརྗིད་ནི། སྦྲུལ་གྱི་དྲྭ་བའི་མིག་ན་ཉི་མ་འོད་ཟེར་འབུམ་འཕྲོ་བ་འབར་བ་འགྲོ་དོན་རྒྱུན་མི་ཆད་པའོ། །འབར་བའི་འཕྲོ་བ་མང་པོ་འཁྲུག །ཅེས་པ་གཞལ་ཡས་ཁང་གི་ཕྱི་ནང་ཀུན་ནས་མེ་ལྕེ་རྡོ་རྗེ་རྩེ་ལྔ་པའི་དབྱིབས་ཅན་སྤུངས་པ་འཕྲོ་བའི་གསེབ་ནས་མེའི་ཁྲོ་བོ་མང་པོ་འཕྲོ་བས་ཕྱི་ནང་གི་གདུག་པ་ཅན་ཐམས་ཅད་མི་གནས་པར་མཛད་པའོ། །གདན་བསྟན་པ་ནི། ཁྱུ་མཆོག་མ་ཧེ་གཟིག་དང་སྟག །ཅེས་པ་ཁྱུ་མཆོག་ལ་མི་མཐུན་ཏེ། བོད་གཡག་ཞོལ་ཅན་ལ་ཟེར་བྱ་བ་དང་། ཟ་ཧོར་གླང་རྒོད་ལ་ཟེར་བྱ་བ་དང་། ཡང་ཁ་ཤས་ཞིག་གིས་སྟོབས་ཆེ་བ་གླང་པོ་ཆེ་ལ་ཟེར་བྱ་བ་དང་། དུད་འགྲོ་ཁྱུས་འགྲོ་བ་རྣམས་ཀྱི་མཆོག་སེང་གེ་ཡིན་ཟེར་ཏེ། སློབ་དཔོན་པདྨའི་སྲོལ་གྱིས། ཐུགས་ནི་མི་འཇིགས་སེང་གེས་བདུད་བཞི་འཇོམས། །ཞེས་པ་བཛྲ་ཧེ་རུ་ཀའི་གདན་དབུས་སུ་སེང་གེ་བརྒྱད་ཀྱི་ཁྲིའོ། །ཤར་དུ། མ་ཧེ། ཞེས་པ་དཔེར་ན་མ་ཧེ་ཞོ་ཆེ་བས་གྲོང་ཆེན་པོ་སྐྱོང་བ་བཞིན་དུ། ཐེག་མཆོག་སྐྱོང་། ཞེས་བུདྡྷ་ཧེ་རུ་ཀའི་སྐུའི་སྒོ་ནས་གདུལ་བྱ་ཐམས་ཅད་ཐེག་པ་ཆེན་པོའི་ངང་དུ་སྐྱོང་བར་བྱེད་པའི་རྟགས་སུ་ཤར་དུ་མ་ཧེ་བརྒྱད་དོ། །ཡོན་ཏན། གཟིག །ཅེས་པས་རཏྣ་ཧེ་རུ་ཀའི་གདན་ཏེ། ཡོན་ཏན་གཟི་འབར་གཟིག་གིས་བརྗིད། །ཅེས་པས་གཟིག་ལ་རི་མོ་ཟླུམ་པོ་ཡོད་པས། དེས་སྤ་ཞིང་བརྗིད་པ་ལྟར་མཉམ་པ་ཉིད་ཀྱི་ཡེ་ཤེས་མཐའ་གཉིས་ཀྱི་སྤྲོས་པ་དང་བྲལ་ཏེ་སོ་སོར་རྟོགས་པའི་ཡེ་ཤེས་ཅིར་ཡང་འཆར་བའང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་མ་གཡོས་པས་དངོས་པོའི་མཐར་མ་སོང་། རང་སྣང་ཅིར་ཡང་འཆར་བས་དངོས་པོ་མེད་པའི་མཐར་མ་སོང་སྟེ། མཉམ་པ་ཉིད་ཅེས་པས། ཕྱོགས་ཞེན་གྱི་ཆོས་ཕྲ་བ་ཡང་མ་དམིགས་པའི་ཡེ་ཤེས་ཉིད་མཐའ་གཉིས་ཀྱི་སྤྲོས་པ་དང་བྲལ་བ་བུདྡྷའི་ཡོན་ཏན་ཐམས་ཅད་འཆར་བའི་གཞིར་གྱུར་པ་ནི། གཟིག་ཐིག་ལེ་ཟླུམ་པོས་བརྗིད་པ་དང་འདྲ་བར་རཏྣ་ཁྲག་འཐུང་གི་གདན་ནོ། །སྟག་ནི་པདྨ་ཁྲག་འཐུང་གི་གདན་ཏེ། མཐའ་གཉིས་འཇོམས་བྱེད་སྟག་གི་གདན། །ཞེས་པ་སྟག་ལ་རི་མོ་ཚོམས་སུ་གཅོད་པ་དང་འདྲ་བར་སོ་སོར་རྟོགས་པའི་ཡེ་ཤེས་གདུལ་བྱ་ཚོམས་ཚོམས་སུ་གཅོད་པའི་ཕྱིར་པདྨ་ཧེ་རུ་ཀའི་གདན་སྟག་གོ། །ཀརྨ་ཧེ་རུ་ཀའི་གདན་དོམ་སྟེ། ཕྲིན་ལས་བཤོལ་བ་མེད་པས་དོམ་དུ་བསྟན། །ཅེས་པ་དཔེར་ན་དོམ་གྱིས་ནུབ་མོ་རྨི་ལམ་རྨིས་ན་ཕྱིར་ཉིན་གང་དང་འཕྲད་པའི་ཐོག་ན་རྒྱུག་པའི་དུས་སུ་གཞན་གྱིས་ཟློག་བྱེད་མེད་པ་ལྟར། ཐམས་ཅད་མཁྱེན་པའི་ཐུགས་རྗེས་གདུལ་བྱའི་དོན་མཛད་པའི་ཚེ། གཞན་གྱིས་བར་གཅོད་མེད་ཅིང་ཕྲིན་ལས་བསྐྱར་མི་དགོས་ཏེ། སྐད་ཅིག་ལ་ལྷུན་གྱིས་གྲུབ་པའི་ཕྱིར་དོམ་གྱི་གདན་ནོ། །སྤར་བས་ནི། ཞེས་པ་སེམས་ཅན་ལྔའི་སྤར་མོའི་ཞབས་ན་གདན་རྣམས་ཡོད་པ་སྟེ། དབུས་སུ་དབང་ཕྱུག་ཆེན་པོ་སྲིད་པ་གསུམ་ལ་མཐུ་ཆེ་བའི་རུ་དྲ་དང་། ལྷ་མ་ཧཱ་དེ་ཝ་ཡབ་ཡུམ་བྱི་ཆིངས་སུ་བསྣོལ་བ་སེམས་ཅན་གྱི་སྤར་མོའི་ཞབས་ན་ཡོད་པའོ། །ཤར་དུ་མ་ཧེའི་ཞབས་སུ་དྲི་ཟ་ཕོ་མོ། བྱང་དུ་གནོད་སྦྱིན་ཕོ་མོ། ནུབ་ཏུ་ཀླུ་ཕོ་མོ། ལྷོར་སྲིན་པོ་ཕོ་མོ་སྟེ། ཀུན་ཀྱང་སེམས་ཅན་རྣམས་ཀྱི་སྤར་མོའི་ཞབས་ན་གནས་པའོ། །སེམས་ཅན་གྱི་བར་ན་རིན་པོ་ཆེའི་ཁྲི། དེའི་སྟེང་དུ་མཐའ་གཉིས་ཀྱི་སྐྱོན་དང་བྲལ་བའི་པདྨ། དེའི་སྟེང་དུ་ཤེས་རབ་ཀྱིས་གདུལ་བྱ་རྣམས་ཉོན་མོངས་པའི་ཚ་གདུང་བའི་བསིལ་བར་བྱེད་པའི་ཟླ་བ། དེའི་སྟེང་དུ་ཐབས་ཐུགས་རྗེ་ཆེན་པོས་གདུལ་བྱའི་ཉོན་མོངས་པ་གསལ་བསྲེག་ཐུན་མོང་བའི་ཉི་མའོ། །ནང་གི་ཁྲོ་མོ་བརྒྱད་ཀྱི་གདན་ནི། ངོ་བོ་ཕྱོགས་སྐྱོང་བརྒྱད་དེ་ཕོ་མོ་བསྣོལ་བ་བརྒྱད་ཀྱི་ཐོག་ཏུ་ཉི་མ་རེ་རེའོ། །ལྷ་སྣམ་ཕྲ་མེན་བརྒྱད་ཀྱི་གདན་ལ་རོ་རེའི་ཐོག་ཏུ་ཉི་མ་རེ་རེའོ། །དེའི་ཕྱི་རིམ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་དར་གྱི་འབོལ་རེ་རེ་བསྒོམ་པའང་ཡོད་དེ། འདིར་སྐུ་འཇིག་རྟེན་པ་སེམས་ཅན་མྱ་ངན་ལས་འདས་པའི་རྟགས་སུ་རོ་ཕྱེད་ཚལ་དང་ཉི་མ་ཕྱེད་ཚལ་གྱི་གདན་ནོ། །སྒོ་མ་བཞི་ནི་རིམ་པར་བདུད་བཞིའི་ཐོག་ཏུ་ཉི་མ་རེ་རེའོ། །རྟེན་པ་ལྷའི་དཀྱིལ་འཁོར་ལ་སྐུ་མདོག་ཞལ་ཕྱག་དང་བཅས་པ་ནི། བདག་སྲས་གཞན་སྲས་གསང་བའི་དཀྱིལ་འཁོར་ནས་བཏོན་ཏེ་ཕྱིའི་དཀྱིལ་འཁོར་དུ་བཀོད་པ་ཁྲག་འཐུང་སུམ་ཅུ་བསྒོམས་ནས་དབང་ཕྱུག་མ་བརྫུས་སྐྱེས་སུ་བྱའམ། ཡང་ན་ཧེ་རུ་ཀ་ཡབ་ཡུམ་གྱི་མཁའ་ལས་ཡིག་འབྲུ་བཏོན་ཅིང་ཕྱི་རོལ་གྱི་གནས་སུ་བཀོད་དེ། སྐུ་མདོག་ཕྱག་མཚན་གསལ་གདབ་པའི་སྐབས་རིགས་ལྔ་ཁྲག་འཐུང་གི་སྐུ་མདོག་ནི། སྨུག་ནག །ཅེས་པ་ལ་སོགས་ཏེ། བུདྡྷ་ཧེ་རུ་ཀ་སྨུག་ནག་སྟེ་ཁྲག་འཐུང་ཐམས་ཅད་ཀྱི་སྐུའི་མཚན་ཉིད་པས། ཁྲོ་བོ་རང་བཞིན་གྱི་ལེའུ་ནས་ཀྱང་། སྐུ་སྨུག་ནག་ཅིར་ཡང་འགྱུར་བ། ཞེས་པ་སྐུའི་སྒོ་ནས་འགྲོ་བ་རྣམས་ཀྱི་དོན་མཛད་པའི་རྟགས་སུ་སྨུག །ནག་པ་ནི་གདུལ་བྱ་རུ་དྲའི་རྐྱེན་གྱིས་ཕྲིན་ལས། དྲག་པོ་བརྣན་པ་ནན་ཏུར་གྱི་ལས་ཀྱིས་གདུལ་བྱའི་ཉོན་མོངས་པ་གཅོད་པའི་རྟགས་སོ། །སྔོ་ནག་ནི་བཛྲ་ཧེ་རུ་ཀའི་སྐུ་མདོག་སྟེ། སྔོན་པོ་ལ་ཚོན་གཞན་གྱིས་བསྒྱུར་དུ་མེད་པ་བཞིན། ཁྲག་འཐུང་ཐམས་ཅད་ཀྱི་ཐུགས་བཛྲ་ཧེ་རུ་ཀ་ནམ་མཁའ་དང་འདྲ་བ་ཅིས་ཀྱང་བསྒྱུར་དུ་མེད་པའོ། །ནག་པ་རྣམས་འགྲེ། སེར་བ་ནི་ཁྲག་འཐུང་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སྣང་སྟོང་གི་ཡང་ཕྱོགས་སུ་སོང་བ་མེད་པ་ཉིད་ཐམས་ཅད་འཆར་བའི་ངོ་བོ་ཉིད་དུ་བཞུགས་པས་ཆེ་བའི་ཡོན་ཏན་རྒྱས་པའི་རྟགས་སུ་རྒྱས་པའི་ཁ་དོག་སེར་པོ་གསེར་མདོག་གོ། །དམར་བ་ནི་ཁྲག་འཐུང་ཐམས་ཅད་ཀྱི་གསུང་པདྨ་ཧེ་རུ་ཀའི་སྐུ་མདོག་སྟེ། སོ་སོར་རྟོགས་པའི་ཡེ་ཤེས་སྟོང་ཞིང་བདག་མེད་པ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་དུ་གྱུར་པས་མྱ་ངན་འདས་པའི་ཆོས་ཐམས་ཅད་མངའ་བརྙེས་ཤིང་དབང་བསྒྱུར། ཆོས་རང་གི་མཚན་ཉིད་ཀུན་རྫོབ་ཀྱི་དངོས་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་ཐོག་མཐའ་ཐམས་ཅད་མཁྱེན་པས་མཐའ་གཉིས་དབང་དུ་འདུས་ཏེ་མངའ་བརྙེས་པ་སྐུ་མདོག་དམར་པོའོ། །ལྗང་། ཞེས་པ་ཀརྨ་ཧེ་རུ་ཀའི་སྐུ་མདོག་སྟེ། ཚོན་ལྔ་གཅིག་ཏུ་འདྲེས་པའི་ཁ་དོག་ཡིན་པས་ཀརྨ་ཧེ་རུ་ཀས་འགྲོ་དོན་མཛད་པ་ལ་ཕྲིན་ལས་རྣམ་པ་བཞིས་གཞི་བཟུང་ནས། འགྲོ་བའི་དོན་དུ་ཕྲིན་ལས་ཅིར་ཡང་འཆར་བས་ལྗང་གུའོ། །ནག་ཤས་རྣམས་ནི་གདུལ་བྱ་རུ་དྲའི་རྐྱེན་གྱིས་ཕྲིན་ལས་དྲག་པོའི་སྒོ་ནས་ནན་ཏུར་གྱི་ལས་ཀྱིས་གདུལ་བྱའི་དོན་རྫོགས་པར་མཛད་པའོ། །འཇིགས་པའི་སྐུ། ཞེས་པ་ནང་དུ་རང་བྱུང་ཡེ་ཤེས་ཀྱིས་ཉོན་མོངས་པ་མི་གནས་པར་མཛད་ལ། ཕྱིར་རུ་དྲ་ལིང་པ་ཚར་བཅད་པ། ཕྱིར་འབར་བའི་གར་དགུ་ཁྲོ་ཚུལ་དྲུག་ཅུ་དང་ལྡན་པའོ། །སྐུ་ནི་དངོས་སུ་ཧེ་རུ་ཀའི་སྐུར་སྣང་བའོ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད། །ཅེས་པ། ཁྲག་འཐུང་ལྔའི་མཚན་ཉིད་དེ། དོན་རྟགས་འདི་དག་ལུང་ཨ་ནུ་ཡོ་ག་ལྟར་ན་གྲུབ་པ་རྟགས་ཀྱི་ཕྱག་རྒྱ་དང་། མཛད་པ་རྟགས་ཀྱི་ཕྱག་རྒྱ་གཉིས་སུ་དབྱེའོ། །མ་ཧཱ་ཡོ་ག་ལྟར་ན། གཉིས་སུ་བྱེ་བྲག་མི་ཕྱེད་པར་གནས་ཚུལ་ལམ་ཡིན་ཚུལ་གྱི་ངོས་ནས་གྲུབ་མཛད་གཉིས་འདྲེས་ཏེ། ཤས་ཆེ་ཆུང་དུ་བྱེད་དོ། །དེ་ཡང་དབུ་གསུམ་ནི་རྣམ་ཐར་སྒོ་གསུམ་དང་ལྡན་པའི་རྟགས་སུ་དབུ་གསུམ་སྟེ། མཚན་ཉིད་ལ་སྨོས་པ་ནི་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཕྱོགས་གཅིག་པར་འཛིན་པ་དང་བཅས་། མཚན་མ་མེད་པ་སྨོན་པ་མེད་པ་དེ་དང་འདྲ་བར་ཕྱོགས་འཛིན་གྱི་འདུ་ཤེས་ཅན་ཡིན་ལ། གསང་སྔགས་ཀྱི་སྒོ་ནས་སྒྲ་མཐུན་ཡང་དོན་དཔག་སྟེ། འཁོར་འདས་སམ་སྣོད་བཅུད་ཐམས་ཅད་རིག་པའི་ཡེ་ཤེས་སུ་གསལ་བ་ལ་ཡོད་མེད་སྣང་སྟོང་ལ་སོགས་པའི་མཐའ་ཐམས་ཅད་ངང་གིས་དག་ནས། ངོ་བོ་མཐའ་བྲལ་གྱི་སྟོང་པ་ཉིད་དེ་ཙམ་དུ་ཡང་དམིགས་འཛིན་བྲལ་བའི་ངོ་བོ་ཉིད་ལ་དོན་ལ་དམ་པར་འཛིན་པ་ཡང་མེད་པ་ནི་སྟོང་པ་ཆེན་པོའོ། །དེ་ལྟ་བུའི་ངང་ལས་སྣོད་བཅུད་ཀྱི་ཆོས་ཐམས་ཅད་རང་སར་དག་ནས་སྣང་སྟོང་འཁོར་བ་འདས་པ་ཐ་སྙད་ཐམས་ཅད་རང་དག་པའི་སེམས་ཉིད་མཉམ་པ་ཉིད་ཀྱི་ངང་ལ་འདུ་ཤེས་ཀྱིས་བཟུང་བའི་ཆོས་ཕྲ་བའང་མེད་དེ། འདུ་ཤེས་གཞི་ནས་དག་པ་ནི་མཚན་མ་མེད་པའོ། །དགོངས་པ་དེ་ལྟ་བུ་ལྷུན་གྱིས་གྲུབ་པས་ཆོས་ཐམས་ཅད་རང་སར་དག །རྒྱུ་རྐྱེན་རྟེན་འབྲེལ་ཀུན་རྫོབ་ཀྱི་སྣང་བ་ལ་རིག་པར་གསལ་བར་སྒྱུ་མ་མཁན་པོ་ལ་སྒྱུ་མ་མཐོང་བ་བཞིན། རིག་པ་རང་གསལ་གྱི་ངང་ལ་འཁོར་བའི་ཆོས་ཐ་སྙད་ཙམ་ཡང་མ་དམིགས་པས་མྱ་ངན་ལས་འདས་པའམ། དག་པ་ཞེས་བྱ་བའི་འདུ་ཤེས་རང་དག་ནས་མ་དམིགས་ཏེ། འབྲས་བུའི་བུདྡྷ་ལ་རེ་སྨོན་གྱི་འདུ་ཤེས་ནམ་མཁའ་གཟུགས་སུ་མི་སྣང་བ་དང་འདྲ་བར་རང་དག་པ་ནི་སྨོན་པ་མེད་པའོ། །དེ་ནི་གསང་སྔགས་ཀྱི་རྣམ་ཐར་སྒོ་གསུམ་མོ། །ཧེ་རུ་ཀའི་དབུ་གསུམ་ཡང་དོན་དེ་གསུམ་དང་ལྡན་པའི་རྟགས་སུ་དབུ་གསུམ་དུ་སྣང་སྟེ། བཛྲ་ཧེ་རུ་ཀའི་སྐུ་མདོག་མཐིང་ནག་ཡིན་པས། ཞལ་དབུས་མ་མཐིང་ནག་ཐུགས་འགྱུར་བ་མེད་པ་སྨོན་པ་མེད་པ། ཞལ་གཡས་པ་དཀར་བ་སྐུ་སྟེ། དཀར་བ་སྐུ་སྐྱོན་གྱིས་མ་གོས་པའི་རྟགས་སུ་དཀར་བ་ཡང་སྐྱོན་དང་བྲལ་བ་བཤད་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་དོ། །ཞལ་གཡོན་པ་དམར་བ་ནི་གསུང་མཚན་མ་མེད་པ་སྟེ་བདེ་བར་གཤེགས་པའི་གསུང་མི་འགག་པས་འགྲོ་དོན་ཇི་ལྟར་མཛད་ཀྱང་། ཡོད་མེད་ཀྱི་མཐའི་མཚན་མ་མི་མངའ་བ་བཞིན་ཧེ་རུ་ཀའི་ཞལ་གཡོན་དམར་བ། མཚན་མ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་མཐའ་གཉིས་དབང་དུ་འདུས་པའི་སྐུ་མདོག་དམར་པོ་གསུང་མཚན་མ་མེད་པའོ། །བུདྡྷ་ཧེ་རུ་ཀ་ཐམས་ཅད་ཀྱི་སྐུ་ཡིན་པས་ཞལ་དབུས་མ་སྨུག་ནག་སྐུ་སྟོང་པ་ཉིད། ཞལ་གཡས་པ་དམར་པོ་གསུང་མཚན་མ་མེད་པ། གཡོན་པ་མཐིང་ནག་ཐུགས་སྨོན་པ་མེད་པའོ། །རཏྣ་ཁྲག་འཐུང་ཡོན་ཏན་གྱི་རིགས་སྐུར་འདུས་པས་ཞལ་དབུས་མ་སེར་པོ་སྐུ་སྟོང་པ་ཉིད། གཡས་དམར་གསུང་མཚན་མ་མེད་པ། གཡོན་སྔོ་ཐུགས་སྨོན་པ་མེད་པའོ། །པདྨ་ཧེ་རུ་ཀ་ཁྲག་འཐུང་ཐམས་ཅད་ཀྱི་གསུང་སྟེ། ཞལ་དབུས་མ་དམར་བ་གསུང་མཚན་མ་མེད་པ། གཡས་དཀར་སྐུ་སྟོང་པ་ཉིད། གཡོན་སྔོ་ཐུགས་སྨོན་པ་མེད་པའོ། །ཀརྨ་ཧེ་རུ་ཀ་ཁྲག་འཐུང་ཐམས་ཅད་ཀྱི་ཕྲིན་ལས་ཏེ། ཕྲིན་ལས་ཐུགས་སུ་འདུས་པས་ཞལ་དབུས་མ་ལྗང་ཐུགས་སྨོན་པ་མེད་པ། གཡས་དཀར་སྐུ་སྟོང་པ་ཉིད། གཡོན་དམར་གསུང་མཚན་མ་མེད་པའོ། །ཕྱག་དྲུག་ནི་ཡེ་ཤེས་དྲུག་སྟེ། སྟོང་པ་ཉིད་ལ་སོགས་པ་དྲུག་སྟེ་བཛྲ་ཧེ་རུ་ཀའི་ཕྱག་གཡས་ཀྱི་དང་པོ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས། གཉིས་པ་དེ་མི་འགག་པའི་མཚན་ཉིད་ཅན་མེ་ལོང་ལྟ་བུ། ཐ་མ་མཐའ་ཐམས་ཅད་དང་བྲལ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས། ཕྱག་གཡོན་གྱི་དང་པོ་ཡེ་ཤེས་ལྔའི་ཡུལ་ལམ་རང་བཞིན་ལྟ་བུ་ཆོས་ཀྱི་དབྱིངས་ཁོ་ནའོ། །གཉིས་པ་སོ་སོར་རྟོགས་པ། གསུམ་པ་བྱ་བ་གྲུབ་པའོ། །ཕྱག་མཚན་དྲུག་ཀྱང་ཡེ་ཤེས་དྲུག་གིས་འགྲོ་བའི་དོན་མཛད་པའི་རྟགས་ཏེ། བཛྲ་ཧེ་རུ་ཀའི་གཡས་ཀྱིས་དང་པོ་རྡོ་རྗེ་མཐིང་ནག་རྩེ་དགུ་བསྣམས་ཏེ། སྟོང་པ་ཆེན་པོའི་ངོ་བོ་ཅིར་ཡང་འགྱུར་དུ་མེད། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་ངང་དུ་འཇོམས་པར་མཛད་པའི་ཕྱིར། རྡོ་རྗེ་མཐིང་ནག་ཡེ་ཤེས་དགུའི་རྟགས་སུ་རྩེ་མོ་དགུ་པའོ། །གཡོན་གྱི་དང་པོ་ན་ཐོད་ཁྲག་བསྣམས་པ་ནི། ཐོད་པ་དཀར་པོ་སྟོང་པ་ནི་ཆོས་ཀྱི་དབྱིངས་ཡིན་ལ། ཆོས་ཀྱི་དབྱིངས་མ་རྟོགས་པའི་ཁམས་གསུམ་གྱི་སེམས་ཅན་གྱི་ཉོན་མོངས་པ་ཁྲག་ཞག་དང་འདྲ་བའི་རྟགས་སུ་བྷནྡྷ་ཁྲག་གིས་གང་བའོ། །ཉོན་མོངས་པ་ཐེག་པ་འོག་མ་པས་གཉེན་པོ་སྐྱོང་བ་ལས་འདིར་དཔགས་ཏེ་རིག་པའི་ཡེ་ཤེས་ཀྱི་ངང་དུ་སྦྱོར་བའི་རྟགས་སུ་རྡོ་རྗེ་རྩེ་དགུ་པས་དཀྲུག་པའོ། །ཐེག་པ་འོག་མས་ཉོན་མོངས་པ་སྤོང་བ་ལ་འདིར་མ་སྤངས་པར་གནས་སུ་དག་པར་བྱེད་པའི་ཕྱིར་ཁྲག་འཐུང་ཉིད་ཀྱི་ཞལ་དུ་གསོལ་བའོ། །ཞབས་བཞིར་བསྒྲད་པ་ནི། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་རྟགས་ཏེ། ཞབས་དང་པོ་གཉིས་གཡས་བསྐུམ་གཡོན་བརྐྱང་པ་སྟེ། དེ་ཡང་གཡས་བསྐུམ་པ་ནི་ཐུགས་རྗེས་འགྲོ་བའི་དོན་མཛད་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པའི་རྟགས་སོ། །གཡོན་བརྐྱང་བ་ནི་ཐབས་ཀྱིས་འགྲོ་དོན་ཇི་ལྟར་མཛད་ཀྱང་ཤེས་རབ་ཀྱིས་ཆོས་ཀྱི་དབྱིངས་ལས་མི་འགྱུར་བའི་རྟགས་སོ། །དེའི་ཕྱི་ཐ་གཉིས་གཡས་བརྐྱང་པ་ནི། ཐབས་ཐུགས་རྗེ་ཆེན་པོས་འཁོར་བ་མ་སྟོང་གི་བར་དུ་འགྲོ་དོན་རྒྱུན་མི་ཆད་པའི་རྟགས་སོ། །གཡོན་བསྐུམ་པ་ནི་ཤེས་རབ་ཀྱི་ཉན་ཐོས་བཞིན་ཞི་བ་ཕྱོགས་གཅིག་པའི་མཐའ་ལ་མི་གནས་ཏེ། མྱ་ངན་ལས་འདས་པའི་མཐས་མ་གོས་པའོ། །རྒྱན་ནི། ཀོ་རློན་གོས་ནི་སྣ་ཚོགས་གྱོན། །ཞེས་པ་སྣ་ཚོགས་ནི་གསུམ་སྟེ། སྐུ་སྟོད་ལ་ཐེག་པ་མཆོག་གི་རྒྱན་གླང་པོ་ཆེའི་ཀོ་རློན། གདུལ་བྱ་བླང་དོར་མེད་པའི་རྒྱན་ཞིང་ལྤགས་ཀྱི་རྐེད་དཀྲིས། དཔའ་བརྟུལ་ཟ་བྱེད་ཀྱི་རྒྱན་སྟག་གི་ཤམ་ཐབས་གསུམ་སྟེ། རློོན་པ་ནི་ཁྲག་ཞག་དང་བཅས་པ་སྟེ་ཁམས་གསུམ་གྱི་ཉོན་མོངས་པ་ཐེག་པ་འོག་མ་བཞིན་མི་སྤོང་སྟེ། ཐེག་པ་འདི་ཉིད་དུ་རིག་པའི་ཡེ་ཤེས་སུ་སྦྱོང་བའི་རྟགས་སུ་སྐུ་ལ་གསོལ་བའོ། །རྔམ་པའི་སྒྲ་ཆེན་འཇིགས་པར་སྒྲོགས། །ཞེས་པ་ནང་དུ་ཉོན་མོངས་པ་ལ་རྔམ། ཕྱི་བདུད་དང་དྲེགས་བྱེད་ལ་རྔམ་པའི་ད་ཧ་དང་པ་ཙ་དང་ཁཱ་ཧི་དང་ཧ་ཧ་ཧེ་ཧེ་ལ་སོགས་པའི་སྒྲ་ཆེན་པོ་ནི། ཀུན་ཏུ་ཁྱབ་པ་དང་། དེའི་ནང་དུ་གདུལ་བྱ་རྣམས་ཀྱི་རྟོག་པ་འཇོམས་པའི་ཆེ་ཆུང་གི་བྱེ་བྲག་མང་པོ་ཤར་བའོ། །འཇིགས་པ་ནི་གདུལ་བྱ་རྣམས་ཀྱི་མི་མཐུན་པའི་རྟོག་པ་གཅོད་པ་རྩ་ནས་དག་པར་བྱེད་པའི་སྒྲ་ནི་གཤེ་བའོ། །སྐད་ཅིག་མ་ལ་སྣང་བས་སྒྲའི་བྱེ་བྲག་མྱུར་བར་སྟོན་པའོ། །སྦྲུལ་དང་ཐོད་རློན་ཉི་མར་བཅས། །ཞེས་པ་སྦྲུལ་ནི་ཀླུ་ཆེན་བརྒྱད་ཀྱི་ཆས་ཏེ། ཀླུ་ཆེན་བརྒྱད་རིགས་བཞིར་འདུས་ཏེ། དབུ་དང་སྐུ་ལ་རྒྱལ་རིགས་དཀར་པོ། སྙན་ཆ་ལ་བྲམ་ཟེའི་རིགས་སེར་པོ། ཕྱག་གདུབ་ལ་རྗེའུ་རིགས་དམར་པོ། ཞབས་གདུབ་ལ་གདོལ་བ་ནག་པོ། ཐོད་རློན་ཞེས་པ་ཐོད་པ་རློན་པ་བཅད་མ་ཐག་པ་ལྔ་བཅུ་རྩ་གཅིག་གི་ཕྲེང་བ་སེ་རལ་ཁ་ན་ཐོགས་པ། འདོད་ཡོན་མ་སྤངས་པ་ལོངས་སྐུའི་རྒྱན། དབུའི་སྐྲ་མཚམས་ན་ཐོད་པ་དཀར་པོ་ལྔ་ལྔ་ཡོད་པ་རླན་དང་བྲལ་བ་གཟུང་འཛིན་རྣམ་པར་དག་པ་ཆོས་སྐུའི་རྒྱན་ཏེ། ཡེ་ཤེས་ལྔ་མཚོན་པའི་ཕྱིར་དབུ་གསུམ་རེ་རེ་ལའང་ལྔ་ལྔའོ། །ཐོད་པ་ར་རི་ལ་ལ་ནི་ཤ་འབྱར། ལ་ལ་ནི་རུས་པ་མངོན་པའི་ཕྲེང་བས་དཔུང་པ་ལ་བརྒྱན་པ་སྤྲུལ་པའི་སྐུ་སྟེ། སྤྲུལ་པས་འགྲོ་དོན་མཛད་ཀྱང་། རུས་པ་མངོན་པ་ནི་ཆོས་ཀྱི་དབྱིངས་ལས་མི་གཡོ་བའི་རྟགས། ཤ་འབྱར་བ་ནི་གདུལ་བྱ་དང་མཐུན་པར་སྣང་བའི་རྟགས་སོ། །ཉི་མས་བརྗིད། ཅེས་པ་སྙན་གོང་གཡས་ན་ཉི་མ། གཡོན་ན་ཟླ་བས་བརྒྱན་ནས་འོད་ཟེར་གྱིས་འགྲོ་བ་རྣམས་ཀྱི་མུན་པ་སེལ་ཞིང་ཉོན་མོངས་སྐེམ་པར་བྱེད་པ་ཐབས་དང་ཤེས་རབ་ཀྱི་རྒྱན་ནོ། །དེར་ཀོ་རློན་མནབས་པའི་རྒྱན་གསུམ། ཉི་ཟླ་དང་ཐོད་ཕྲེང་ཐོགས་པའི་རྒྱན་གཉིས། བྱུག་པའི་རྒྱན་གསུམ་ནི་དོན་དམ་བཅུད་ཀྱི་རྒྱན་ཞག་གི་ཟོ་རིས་ཀུན་ཏུ་འོད་ཀྱིས། རཀྟ་ཐུགས་རྗེ་ཆགས་པའི་རྒྱན་པདྨ་སྤྱན། ཐལ་བ་འདུལ་བྱེད་ཕྲིན་ལས་ཀྱི་རྒྱན་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས། དེ་གསུམ་བྱུགས་པའི་རྒྱན་གསུམ་དང་དཔལ་ཆས་བརྒྱད་དོ། །ཕྱག་མཚན་ནི། སྟོང་གི་འཇིག་རྟེན་ཁོར་ཡུག་བཅས། །ཞེས་པ་བུདྡྷ་ཧེ་རུ་ཀའི་ཕྱག་མཚན་ཏེ། སྟོང་གི་འཇིག་རྟེན་གྱི་ཁམས་ཁོར་ཡུག་དང་བཅས་པ་བསྣམས་པ་སྟེ་བུདྡྷ་ཧེ་རུ་ཀའི་ཕྱག་མཚན་ཉིད་ཀྱིས་གདུལ་བྱ་སེམས་ཅན་དང་མི་འབྲལ་བར་འགྲོ་བའི་རྒྱུད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས། ཉེ་བར་ཉམས་སུ་ལེན་ན་འཁོར་ལོ་སྟེ་གཡས་ཀྱི་དང་པོས་བསྣམས་སོ། །རྡོ་རྗེ་ནི་བཛྲ་ཧེ་རུ་ཀའི་རང་རྟགས་ཏེ་བཤད་ཟིན་ཏོ། །དུང་ཆེན་རཀྟས་གང་བ་ནི་ལྔ་ཀའི་གཡོན་དང་པོ་སྟེ། གཡས་རང་རྟགས་ཀྱི་ཕྱག་རྒྱས་ཁམས་གསུམ་གྱི་ཉོན་མོངས་པ་སྦྱོང་བར་མཛད་པ་བཛྲ་ཧེ་རུ་ཀའི་སྐབས་སུ་བཤད་པ་དང་མཐུན། རལ་གྲི་ནི་རཏྣ་ཧེ་རུ་ཀའི་རང་རྟགས་གཡས་དང་པོ་སྟེ་རལ་གྲི་སོ་གཉིས་ཀྱིས་གཅོད་པ་དང་འདྲ་བ་མཉམ་པ་ཉིད་ཀྱིས་མཐའ་གཉིས་གཅོད་པར་མཛད་པའོ། །དགྲ་སྟྭ་པདྨ་ཧེ་རུ་ཀའི་གཡས་དང་པོ་སྟེ་དགྲ་སྟྭས་གང་ལ་བབ་པ་ཐམས་ཅད་གཅོད་ཅིང་འཇོམས་པ་ལྟར། པདྨ་ཧེ་རུ་ཀ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་མཐའ་གཉིས་གཅོད་པར་མཛད་པའོ། །གཤོལ་ནི་ཀརྨ་ཧེ་རུ་ཀའི་རང་རྟགས་གཡས་དང་པོ་སྟེ་གཤོལ་གྱིས་ཐ་བ་བརློག་ས་བོན་བཏབ་འབྲས་བུ་སྨིན་འགྲོ་བའི་གསོས་སུ་གྱུར་པ་ལྟར། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་གདུལ་བྱའི་ཉོན་མོངས་པའི་རྒྱུད་ཐ་རྒོད་དང་འདྲ་བ་བརློག །མཐོ་རིས་དང་ཐར་པའི་ས་བོན་བཏབ་འབྲས་བུ་སྨིན། བུདྡྷ་ནས་སེམས་ཅན་གྱི་འདྲེན་པ་ཆེན་པོར་གྱུར་པའོ། །སོགས། ཞེས་པས་ཧེ་རུ་ཀའི་ཕྱག་དྲུག་གི་ཕྱག་མཚན་སྒྱུ་འཕྲུལ་རྒྱས་པ་ནས་འབྱུང་བ་ལྟ་བུའོ། །སྒྱུ་འཕྲུལ་རྡོ་རྗེ་ནས་འབྱུང་བའམ། སྙིང་རྗེ་རོལ་པའི་རྒྱུད་ནས་འབྱུང་བའམ། རྡོ་རྗེ་རྣོན་པོ་ནས་འབྱུང་བ་རྣམས་བཟུང་བ་སྟེ། འདིར་སློབ་དཔོན་པདྨའི་བཞེད་ཀྱིས་སོགས་ཁོངས་སུ་ཕྱག་མཚན་ལྔ་དེ་དཀྲུག་པ་བསྡེབ་པས་བཛྲ་ཧེ་རུ་ཀས། རྡོ་རྗེ་འཁོར་ལོ་རལ་གྲི་གཡས། །བྷནྡྷ་དགྲ་སྟ་གཤོལ་ཤིང་གཡོན། །བུདྡྷ་ཧེ་རུ་ཀས། རྡོ་རྗེ་འཁོར་ལོ་རལ་གྲི་གཡས། །གཡོན་སྔར་དང་འདྲ། རཏྣ་ཧེ་རུ་ཀས། རལ་གྲི་རྡོ་རྗེ་འཁོར་ལོ་གཡས། །གཡོན་སྔར་དང་འདྲ། པདྨ་ཧེ་རུ་ཀས། དགྲ་སྟྭ་རྡོ་རྗེ་འཁོར་ལོ་གཡས། །བྷནྡྷ་རལ་གྲི་གཤོལ་ཤིང་གཡོན། །ཀརྨ་ཧེ་རུ་ཀས། གཤོལ་ཤིང་རྡོ་རྗེ་འཁོར་ལོ་གཡས། །བྷནྡྷ་རལ་གྲི་དགྲ་སྟྭ་གཡོན། །རང་གི་ལག་ཆ་སྣ་ཚོགས་བསྣམས། །ཞེས་པ་རང་རྟགས་ཀྱི་ཕྱག་རྒྱ་བྷནྡྷ་དང་རྡོ་རྗེ་ལ་སོགས་པའོ། །སྣ་ཚོགས་ནི་ཕྱག་མཚན་དཀྲུག་པ་དེ་ཉིད་དེ། ཡེ་ཤེས་དྲུག་གི་འགྲོ་བའི་དོན་མཛད་པའི་ཕྱིར། ཡེ་ཤེས་དྲུག་ཕྱག་རྒྱར་སྣང་བས་དོན་མཛད་ཚུལ་ནི་རྡོ་རྗེས་གདུལ་བྱ་རྣམས་ཀྱི་རྒྱུད་ཡེ་ཤེས་སུ་སྦྱོང་བའོ། །འཁོར་ལོ་ནི་ཐེག་པ་དགུའི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །རལ་གྲིས་རྒྱུད་ཀྱི་ཉོན་མོངས་པ་གཅོད་པའོ། །དགྲ་སྟྭས་བདག་འཛིན་རྩ་ནས་དག་པར་མཛད་པའོ། །གཤོལ་ནི་བཤད་ཟིན་པ་ཉིད་དོ། །ཡུམ་ནི། བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །ཞེས་པ་བཙུན་མོ་ནི་ཡབ་ལ་མཉེས་པ་སྟོབ་པའི་དོན་ནོ། །འཇིགས་པ་ནི་ཡབ་ཧེ་རུ་ཀའི་ཆ་ལུགས་དང་མཐུན་པར་ཁྲོ་མོའི་ཚུལ་དང་ལྡན་པ་སྟེ། ཞལ་གཅིག་ཕྱག་གཉིས་གཡས་རང་རྟགས་གཡོན་ཐོད་ཁྲག །ཚོགས་ནི་ཁྲག་འཐུང་ཡུམ་ལྔའོ། །རྒྱན་དང་ཆ་ལུགས་ནི་ཤེས་པར་ཟད་དོ། །འཁོར་མ་མོ་ཉི་ཤུ་ནི། གནས་དང་ཡུལ་གྱི་ཕྱག་རྒྱ། ཞེས་པ་གནས་ནི་ཡུལ་ཅན་ཡུལ་སྣང་བར་བྱེད་པའི་བདག་ཉིད་རྣམ་ཤེས་བཞི་དང་དབང་པོ་བཞི་གནས་གྱུར་པའི་ཀོ་རཱི་མ་བཞི་དང་། པུཀྐ་མ་བཞི་དང་བརྒྱད་དེ། ཡུལ། ཞེས་པ་རྣམ་ཤེས་ཀྱི་ཡུལ་གཟུགས་ལ་སོགས་པ་བཞི་དག་པ་སིངྷ་མ་བཞིའོ། །ཡུལ་དུས་བཞི་དག་པའི་ལྷ་མོ་གྲྀ་ཌྷ་མ་ལ་སོགས་པ་བཞི་སྟེ། སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་རྣམས་ནི། ཀ་རི་བྷན་དམར་བྱིས་དབྱུག་སྔོ། །ལ་སོགས་པ་དང་། སིངྷ་ཁ་རོ་བསྣོལ་སེར་སེང་། །ལ་སོགས་པ་སྐུ་མདོག་ཕྱག་མཚན་དང་རྒྱན་དང་ཆ་ལུགས་རྣམས་ཚོགས་པ་ཕྱག་རྒྱ་སྟེ། །ཁྲོ་བོ་རང་བཞིན་གྱི་ལེའུར་རྒྱས་པར་བཤད་དོ། །སྒོ་བཞིའི་ཕྱག་རྒྱས་རབ་མཛེས་ཤིང་། །ཞེས་པ། རྟ་གདོང་མཐིང་ནག་ལྕགས་ཀྱུ་འཛིན། །ཕག་གདོང་སེར་མོ་ཞགས་པ་འཛིན། །ཉི་ཟླ་ལྕགས་སྒྲོག་མེ་འབར་མ། །ཐལ་བྱེད་ལྗང་གུ་དྲིལ་བུ་འཛིན། །ཞེས་པ་རྣམས་རང་བཞིན་གྱི་ལེའུར་བཤད་དོ། །གདན་གོང་དུ་བཀོད་ཟིན་གྱི་ཐོག་ཏུ་གནས་མ་བརྒྱད་ནི་གློ་འབུར་གྲུ་ཆད་བརྒྱད་ལའོ། །ཡང་ན་གློ་འབུར་གྱི་བཞི་དེ་གྲུ་ཆད་བཞི་ལ་བཞུགས་པར་ཡང་བཞེད་དོ། །ཡུལ་མ་བརྒྱད་ནི། ལྷ་སྣམ་ནང་མ་ཕྱོགས་བཞི་མཚམས་བརྒྱད་ལ་བཞུགས་སོ། །དབང་ཕྱུག་མ་ནི། སླས་དང་བྱི་མོ་ཚོགས་ཀྱི་གཙོ། །ཞེས་པ་ལ་སོགས་པ་སྟེ། སླས་ནི་རུ་དྲའི་ཆུང་མ་ཡིན་པའི་དུས་སོ། །བྱི་མོ་ནི་དཔལ་ཆེན་པོས་མོ་རྣམས་སྦྱོར་ཏེ་འདུལ་བའི་དུས་སུ། རུ་དྲས་མ་ཚོར་བར་དཔལ་གྱི་སྐུ་ལ་འཁྲིལ་བའོ། །ཚོགས་ནི་འཁོར་ཡང་འཁོར་དང་བཅས་པ་རྣམས་སོ། །གཙོ་མོ་བཅུ་ཚོ་གཉིས་ནི་ཉི་ཤུ་ཐམ་པའོ། །དེའི་ཐོག་ཏུ་བརྒྱད་ཀྱིས་ནི་ཉི་ཤུ་རྩ་བརྒྱད་དེ། ཕྱོགས་བཞིར་དྲུག་དྲུག་སྒོ་བཞིར་བཞིའོ། །མཛེས་པ་ནི་དཔལ་ཆེན་པོའི་མཛད་པས་རུ་དྲ་ཕོ་མོ་འཁོར་དང་བཅས་པ་བཏུལ་ནས་འཁོར་བཅས་འཁོར་དུ་བྱས། ཉོན་མོངས་པ་ཡེ་ཤེས་སུ་གསལ། མུན་པ་སྣང་བར་གྱུར། དགྲས་སྡང་། གཉེན་གྱིས་བྱམས་པར་གྱུར་པ་ལྟ་བུའོ། །དེ་ལ་དབང་ཕྱུག་མ་རྣམས་ནི་སྔགས་བརྗོད་པའི་རྐྱེན་གྱིས་རང་རང་གི་གདན་སྨོས་པ་རྣམས་དང་། ལག་ཆ། སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ལ་སོགས་པ་དང་། སོ་སོའི་རྒྱན་རྣམས་དང་བཅས་པ་གྲུབ་ནས་དཔལ་ཆེན་པོ་ཅི་བགྱིས་བཀའ་སྩོལ་བཀའ་ཉན་ཞེས་པ་དང་ཆས་ཏེ་ཅིག་ཅར་དུ་འགྲུབ་པའོ། །དེ་ལྟར་བསྐྱེད་པ་ཚར་ནས། དབང་བསྐུར་བྱིན་གྱིས་བརླབས། སྙན་གསན་དབབ། ཡེ་ཤེས་པ་སྤྱན་དྲང་བ་ལ་སོགས་ཆོ་གའི་རིམ་པ་མ་ནོར་བར་རྒྱས་པར་བྱའོ། །ཡོན་ཏན་ནི། ཞེས་བརྗོད་པ། ལ་སོགས་ཏེ། ཆེ་མཆོག་ཧེ་རུ་ཀས་དེ་ལྟར་གསུངས་པས་ཕྱོགས་བཅུ་ཐམས་ཅད་ཁྲག་འཐུང་འབར་བའི་དཀྱིལ་འཁོར་གྱིས་སྣོད་བཅུད་ཐམས་ཅད་ཀུན་ཏུ་གང་བར་གྱུར་པ་ནི། རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་གྱི་དུས་སུ་རང་བཞིན་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་རོ། །ལམ་པས་ཉམས་སུ་བླང་བའི་དུས་སུ་ཏིང་ངེ་འཛིན་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་རོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། གདུལ་བྱ་དྲག་པོའི་རྐྱེན་གྱིས་སྣང་བའི་ཁྲོ་ཚུལ་བཞི་དང་བཅས་པའི་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར། གོ་ཕྱེ་བའི་འཁོར་གྱིས་ཉམས་སུ་བླང་བའི་དོན་བསྟན་པའི་ལེའུ་སྟེ། བཅུ་བདུན་པའི་བཤད་པའོ།། ༈ །།ལེའུ་བཅོ་བརྒྱད་པ་འདི་ལ་རྒྱུད་གསུམ་ལ་ན་ལམ་གྱི་རྒྱུད། རྒྱུད་ཀྱི་དངོས་པོ་བཅུ་ལས་ན་མཆོད་པ། དཀྱིལ་འཁོར་བཅུ་གཉིས་ན་ལྷག་པའི་ཏིང་ངེ་འཛིན་དང་ལྷག་པ་གཟུགས་བརྙན་དང་འབྲེལ། དེ་ལྟར་དེ་ཡན་ཆད་དུ་ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་རྒྱས་པར་བསྟན་ནས། ཞི་ཁྲོ་གཉིས་ཀ་ལ་དགོངས་ཤིང་གཉིས་ཀའི་ཆ་རྐྱེན་མཆོད་པ་བསྟན་ཏོ། །འབྲུ་ལ་ན། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ། ཞེས་པ་ལ་སོགས་པ་གསུངས་པའི་ལོ་རྒྱུས་ཏེ་ཚིག་གི་དེ་མ་ཐག་པ་ནི་བཅུ་བདུན་པའི་རྗེས་ཐོག་གོ། །དོན་གྱི་དེ་མ་ཐག་པ་ནི་ཞི་ཁྲོ་གཉིས་ཀྱི་མཆོད་པའི་སྐབས་སུ་འབྲེལ་བའོ། །དེ་ལ་འདིར་འོག་མ་དང་ཐུན་མོང་མ་ཡིན་པའི་མཆོད་པ་ཆེན་པོ་རྣམས་སྟོན་པས་ཞི་ཁྲོ་གཉིས་ཀྱི་ཚོགས་བསྒྲུབ་པ་ཁོ་ན་ལ་འབྲེལ་ཏོ། །དགྱེས་པ་ཆེན་པོ་ནི་ཀུན་བཟང་ཧེ་རུ་ཀའོ། །མཉེས་པ་ནི་ཡུལ་དང་ཡུལ་ཅན་གྱི་མཉེས་པ་ལྟ་བུ་མ་ཡིན་ཏེ། མཆོད་པ་འདི་དག་ལྟ་སྤྱོད་བསྒོམ་གསུམ་མགོ་སྙོམས་པར་ཉམས་སུ་བླངས་པས་འབུལ་བྱ་འབུལ་བྱེད་དབུལ་མཁན་སེམས་ཉིད་ཡེ་ཤེས་ཆེན་པོའི་ངང་དུ་དབྱེར་མེད་པར་ལྷུན་གྱིས་གྲུབ་པ་ལ་ཡེ་ནས་ཡིན་པའི་དོན་མངོན་དུ་གྱུར་པས་རང་ས་ཟིན། རང་མལ་མཐོང་། རང་ངོ་ཤེས་པའི་དུས་སུ་བྱ་བྱེད་ཀྱི་རྩོལ་བ་རྡུལ་ཕྲ་རབ་ཀྱང་མ་དམིགས་པ་ནི། རེ་དོགས་ཐམས་ཅད་དང་བྲལ་ནས་མཉམ་པ་ཉིད་དུ་གསལ་བ་མཉེས་པའི་མཆོག་སྟེ། དོན་གྲུབ་པའི་བྱ་བ་བྱས་པ་ལྟ་བུའི་འདུ་ཤེས་ཀྱི་བྱ་བ་ཐམས་ཅད་དག་པ་ནམ་མཁའ་ལྟ་བུའོ། །དེ་ལྟ་བུ་མཐོང་བར་བྱ་བའི་མཆོད་པ་ཆེན་པོ་ནི། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ཕྱི་པ་གསུམ་གྱིས་མ་རེག་པའི་ངོ་བོ། ཐེག་པ་འདི་ཉིད་ཀྱི་མཆོད་པ་ནི་སྦྱོར་སྒྲོལ་དང་། འདོད་ཡོན་གྱི་མཆོད་པ་དང་། དམ་རྫས་ཀྱི་མཆོད་པ་སྟེ་འོག་མའི་སྤང་བྱ་རྣམས་འདིར་བླང་སྟེ། ལམ་དང་མཆོད་པའི་ངོ་བོར་བྱས་པས་མཉེས་པ་ཆེན་པོ་ཐོབ་པའི་མཆོད་པ་ཆེན་པོ་འདི་ཀུན་བཟང་ཧེ་རུ་ཀས་གོ་ཕྱེ་བའི་འཁོར་རྣམས་ཀྱི་ཆེད་དུ་བརྗོད་དོ། །སྒྲོལ་མཆོད་ནི། དེ་ལ་མཆོད་སྦྱིན་དམ་པ་ནི། །ཞེས་པ་ལ་སོགས་ཏེ། མཆོད་སྦྱིན་ཆེན་པོ་གོང་དུ་བསྟན་པ་དེ་ལས་མཆོད་པ་ཆེན་པོའི་ངོ་བོ་ནི། འཕགས་པ་ལ་མཆོད་པ་དང་། སེམས་ཅན་ལ་སྦྱིན་པ་དུས་གཅིག་སྟེ། སྒྲོལ་མཆོད་དགར་ནས་བསྟན་པའི་སྒྲོལ་བའི་མཆོད་པ་ཆེན་པོ་ནི་ཚོགས་གཉིས་ཅིག་ཅར་རྫོགས་ཏེ། ཕུང་པོ་ཚོགས་སུ་བསྔོས་པས་བསོད་ནམས་ཀྱི་ཚོགས་རྫོགས། རྣམ་ཤེས་གནས་སྤར་བས་ཡེ་ཤེས་ཀྱི་ཚོགས་རྫོགས། དེས་འཕགས་པ་མཆོད། བསྒྲལ་བྱ་ཁོ་བདག་བསོད་ནམས་མེད་པ་ལས་གསང་སྔགས་ཀྱི་ཕྲིན་ལས་ཀྱིས་ཟག་མེད་མཐོང་། སེམས་ཅན་ལ་སྦྱིན་པའི་མཆོག་ཏུ་འགྱུར། མཆོད་སྦྱིན་གཉིས་རྒྱུ་འབྲས་དབྱེར་མེད་པར་འབྲས་བུ་ལ་སྦྱོར་བ་ནི་དམ་པའོ། །དེ་ཡང་དང་པོ་རྟེན་གྱི་གང་ཟག་ནི། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །ཞེས་པ་རྟེན་གྱི་གང་ཟག་རྣལ་འབྱོར་པས་དང་ཐོག་མར་ལྟ་བ་ཤེས་པར་བྱ་སྟེ། ལྟ་བའི་དང་པོ་སྔོན་དུ་འགྲོ་བ་ཕྱི་ནང་གི་ཆོས་ཐམས་ཅད་རྟོགས་པ་བཞིའི་སྒོ་ནས་སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པར་རྟོགས་པ་ཁོང་དུ་ཆུད་པར་གཞི་ཤེས་པའོ། །གོམས། ཞེས་པ་རྐྱེན་འཇུག་པ་ཏིང་ངེ་འཛིན་གྱིས་བསྐྱེད་རྫོགས་རྣམ་པ་གཉིས་ཀྱི་དོན་ཏིང་ངེ་འཛིན་གྱིས་ཉམས་དྲོད་བརྟན་པའི་སྟོབས་དང་ལྡན་པ་ནི་བསྐྱེད་རྫོགས་གཉིས་ཀྱི་སྒོ་ནས་ཟག་མེད་ཀྱི་དོན་མངོན་དུ་བྱས་པ་ནི་བདག་ཉིད་བསྒྲལ་བའོ། །རྟེན་གྱི་གང་ཟག་དེས་བར་སྐབས་ཐད་སོར་བསྒྲལ་བའི་ལྟ་བ་ནི། དེ་ནས་གཉིས་མེད་བློ་ཡིས་ནི། །ཞེས་པ་གོང་དུ་བདག་ཉིད་བསྒྲལ་ཏེ་ཁམས་གསུམ་གྱི་འཇིགས་པ་དང་བྲལ་ངེས་པ། དེ་ནས་གཉིས་མེད་ཅེས་པ། སྤྱིར་འཁོར་འདས་གཉིས་སུ་མེད་པའི་རིག་པ་གདེངས་ཆུད། སྣོད་བཅུད་གཉིས་སུ་མེད་པ་དང་ཡུལ་སེམས་གཉིས་མེད་ཀྱི་གདེངས་ཆུད་དེ། བདག་གཞན་གྱི་འདུ་ཤེས་གཏན་ནས་དག་སྟེ་མཛད་སྤྱོད་ཅི་མཛད་ཀྱང་གཉིས་སུ་མེད་པའི་མཉམ་པ་ཆེན་པོ་ལས་བློ་གཡོ་བ་མེད་པའི་གདེངས་ཅན་གྱིས། ཕྲིན་ལས་ཉམས་སུ་བླང་བའི་དུས་སུ་ཡང་དེ་ཁོ་ན་ཉིད་དུ་གསལ་བའོ། །བློ་ངན་སེམས་ཅན་སྙིང་རེ་རྗེ། །ཞེས་པ་བློ་ངན་པ་ནི་བསྒྲལ་ཞིང་བཅུ་སྟེ། དམ་ཉམས་དམ་ལས་ལོག་པ་དང་། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །ཞེས་སོ། །དེ་དག་ནི་བློ་ཞན་པས་གནས་ལུགས་མི་ཤེས་པ་དང་། ཐེག་པ་མཆོག་ལ་དད་པ་མེད་པ་དང་། ལས་རྒྱུ་འབྲས་མི་ཤེས་པས་རྣམ་པར་དཀར་བའི་ལས་དང་བྲལ་ཞིང་གནག་ལས་ཀྱིས་རྩུབ་མོ་རྣམས་སྤྱོད་པའོ། །དེ་དག་གི་ལས་རྩུབ་མོ་རྣམས་ཀྱིས་གནས་ཐ་མ་གསུམ་དུ་འཁོར་ཞིང་འཁོར་བ་ལས་མི་འདའ་བའོ། །དེ་ནི་ལམ་པ་རྣལ་འབྱོར་པའི་སྙིང་རྗེ་ལས་མི་འདའ་ཞིང་བསྒྲལ་ཞིང་དུ་གྱུར་པའོ། །བསྒྲལ་བའི་ཐབས་ནི། གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞེས་པ་ཐབས་ནི་ལེའུ་བཅུ་གཅིག་པ་བཞིན་ཏེ། དགོངས་པ་གཉིས་སུ་མེད་པའི་ཡེ་ཤེས་སུ་གསལ་བའོ། །འབྲས་བུ་གནས་སྤར་བ་ནི། བསྒྲལ་བར་བྱ་ཞེས་པ། ཉི་ཟླའི་ཐབས་ཀྱིས་འོག་མིན་དུ་འཕངས་ནས། རྡོ་རྗེ་འཛིན་པ་ཡབ་ཡུམ་ཐབས་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་ནས། རིགས་ངེས་པར་བྱ་བའི་ཕྱིར་ཀུན་ཏུ་བཟང་པོས་དབུ་བརྒྱན་པའོ། །ག་ཎའི་མཆོད་པ་ནི། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །ཞེས་པ། ཡབ་ཡུམ་ལྷར་གསལ། ཡུམ་ཡང་དག་གསལ་ལྡན་མའམ། བྱིན་རླབས་གང་ཡང་རུང་བ་ཡན་ལག་གི་ལྷར་གསལ། མཁའ་གསང་བྱིན་གྱིས་བརླབ། སྣ་རྩེ་ཡུངས་འབྲུའི་གཞལ་ཡས་སུ་སྒྱུ་འཕྲུལ་ཞི་ཁྲོ་གང་ཡིན་གྱི་དཀྱིལ་འཁོར་བསྒོམ། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམས། སྒོ་བ་བཞིའི་ཕྱག་རྒྱས་ཡབ་ཡུམ་ཐབས་དང་ཤེས་རབ་དབྱེར་མེད་པར་འཁྲིལ་བས་དགའ་བ་བཅུ་དྲུག་གི་ལས་ཀྱིས་ཉི་ཟླའི་སྦྱོར་བས་ལྷན་སྐྱེས་ཀྱི་ཡེ་ཤེས་རྟོག་ཚོགས་ཡེ་ཤེས་སུ་གསལ་བའི་མཆོད་པ་ཆེན་པོ་ནི་ཡོ་ག་ཕྱིན་ཆད་ལས་སྤགས་པའོ། །མཉམ་སྦྱོར་ནི་ཡུངས་འབྲུའི་སྒྱུ་འཕྲུལ་གྱི་དཀྱིལ་འཁོར་དེ་ཁོ་ན་བཞིན་དུ་སྦྱོར་བས། བདག་ཉིད་རྣལ་འབྱོར་པ་ལྷན་སྐྱེས་ཀྱིས་མཉེས་པས་དེ་ཉིད་ཡུངས་འབྲུའི་དཀྱིལ་འཁོར་ལ་འབུལ་བས། མཆོད་པས་བུདྡྷ་ཐམས་ཅད་མཆོད་པས་ངོ་བོ་ཉིད་དུ་གསལ་ལོ། །རྒྱས་པར་ནི་ལེའུ་བཅུ་གཅིག་པ་བཞིན་ནོ། །དམ་རྫས་ཀྱི་མཆོད་པ་ནི། མཉམ་པའི་གྲུབ་རྫས་ཆེན་པོ་དག །ཞེས་པ་མཉམ་པ་ནི་རང་བཞིན་གྱིས་མཉམ་པ་དམ་རྫས་ཀྱི་ངོ་བོ་དང་རྣལ་འབྱོར་པའི་ངོ་བོ་ཆོས་ཀྱི་དབྱིངས་སུ་མཉམ་པའོ། །དེ་ཡང་བདུད་རྩི་ཆེན་པོའི་རྒྱུད་ལས། བྱང་སེམས་རྡོ་རྗེ་སེམས་དཔའ་དཀར། །ཞེས་པ་ལ་སོགས་པས་གསལ་ལོ། །ལས་ཀྱིས་མཉམ་པ་ནི་བདུད་རྩི་ལྔ་ལྟ་སྤྱོད་བསྒོམ་གསུམ་དབྱེར་མེད་པས་ཉམས་སུ་བླངས་ན། རིགས་ལྔ་ཡེ་ཤེས་ལྔ་འགྲུབ་པའོ། །གྲུབ་པ་ནི་བཞི་སྟེ། ཆོས་ཉིད་རང་གི་རང་བཞིན་གྱིས་གྲུབ་པ། ཆོས་ཅན་རང་གི་ངོ་བོས་གྲུབ་པ། བདུད་རྩི་རྣམ་པ་ལྔའི་བདག་ཉིད་ཀུན་རྫོབ་ནུས་པའི་མཐུས་གྲུབ་པ་དང་། བྱིན་གྱིས་བརླབས་ཀྱིས་གྲུབ་པའོ། །ཆེན་པོ་ནི་ཡོ་ག་ཕྱིན་ཆད་ཀྱི་སྤྱོད་ཡུལ་མ་ཡིན་པའོ། །འབུལ་བའི་གནས་ནི། བདག་དང་མཉམ་པའི་ཚོགས་ལ་འབུལ། །ཞེས་པ། བདག་རྣལ་འབྱོར་པ་དང་། མཆོད་པ་དམ་རྫས་དང་། འབུལ་བའི་ཡུལ་སྒྱུ་འཕྲུལ་གྱི་ལྷ་རྣམས་སེམས་ཀྱི་དབྱིངས་སུ་གསལ་བ་དེ་ཉིད་དུ་ཡང་འཛིན་པ་མེད་པ་ནི་འཁོར་གསུམ་ཡོངས་སུ་དག་པ་སྟེ་མཉམ་པ་ཉིད་ཀྱི་མཆོད་པའོ། །ཚོགས་ནི་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་རོ། །འབུལ་བྱ་དབུལ་བྱེད་མེད་ཀྱང་འབུལ་བ་ལྟར་སྣང་བའོ། །འདོད་ཡོན་གྱི་མཆོད་པ་ནི། བཟའ་དང་བཅའ་དང་བཏུང་དང་བགོ། །ཞེས་པ་བཟའ་བ་ནི་ཞལ་ཟས་ཀྱི་ཚོགས་ཐམས་ཅད་དོ། །བཅའ་བ་ནི་རུས་པ་དང་འབྲས་བུའི་རིགས་རྣམས་སོ། །བཏུང་བ་ནི་ཆང་གི་བྱེ་བྲག་རྣམས་སོ། །བགོ་བ་ནི་ན་བཟའི་བྱེ་བྲག་རྣམས་སོ། །ལོངས་སྤྱོད་ལྔ་ལྡན་ནི། མིག་གི་ལོངས་སྤྱོད་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱང་མིག་གིས་མཐོང་བ་ཡིད་དུ་འོང་བ་མིག་གི་ལོངས་སྤྱོད་ཡིན་ལ། རྣ་བའི་ལོངས་སྤྱོད་ནི་ཚོགས་ཀྱི་ལེའུར་བཤད་པའི་གླུ་ཚིག་གི་ཚོགས་སོ། །སྣའི་ལོངས་སྤྱོད་དྲི་སྟེ་གོང་མ་རྣམས་ལ་ཡང་དྲི་བྲོའང་ཡོད་ལ། སྤོས་དང་དྲི་བཟང་གི་ཚོགས་སོ། །ལྕེའི་ལོངས་སྤྱོད་རྣམས་ཏེ་གོང་དུ་བསྟན་པ་རྣམས་སོ། །རེག་བྱའི་ལོངས་སྤྱོད་གོང་དུ་བགོ་བའི་གོས་རྣམས་ཏེ། དེ་རྣམས་ཚོགས་པ་ལ་ནི་ལྡན་པ་ཞེས་བྱའོ། །ཡང་ན་རེ་རེ་ལ་ཡང་ལོངས་སྤྱོད་ལྔ་ཚང་བས་ལྡན་ཞེས་བྱའོ། །ཐམས་ཅད་ནི་འདོད་ཡོན་ལྔའོ། །ལོངས་སྤྱོད་ཚུལ་ནི། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །ཞེས་པ་འདིར་རྒྱས་པར་བྱེད་ན་ཡི་གེ་མང་བར་འགྱུར་པས་ཚོགས་ཀྱི་ལེའུར་རྒྱས་པར་བཤད་ཟིན་པས་ཤེས་པར་བྱའོ། །འབྲས་བུའམ་ཡོན་ཏན་ལ་གཉིས་ཀྱི་དངོས་ནི། ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །ཞེས་པ་ལ་སོགས་པ། ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པའི་ཡང་དག་པར་རྫོགས་པའི་བུདྡྷའི་འབྲས་བུ་མངོན་དུ་བྱས་པའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་རྒྱན་གྱི་འཁོར་ལོ་ཉེར་ལྔའོ། །རྨད་ཆེ་བ་ནི་ངོ་བོ་གང་དུ་ཡང་མ་གྲུབ་པར་རྣམ་པ་ཅིར་ཡང་མི་འགག་པར་འཆར་བ་སྣང་སྟོང་རིས་སུ་མི་རྙེད་པ་ཟད་པ་མེད་པའོ། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །ཞེས་པ་སེམས་ཀྱི་ཆོས་ཉིད་ལས་མ་གཏོགས་པ་དུས་སམ་ཡུལ་ལམ་གནས་གཞན་ཞིག་ནས་ཡོད་པ་ཐོབ་པ་མ་ཡིན་ཏེ། རང་སེམས་རྟོགས་པ་མཐར་ཕྱིན་པ་ཉིད་འབྲས་བུ་ལྷུན་གྱིས་གྲུབ་པའི་ངོ་བོའོ། །དེས་འཇིག་རྟེན་གྱི་ལྷ་དང་སྲིན་པོ་དང་། སོགས་ཁོངས་སུ་ལྷ་མ་སྲིན་སྡེ་བརྒྱད་ཀྱི་རྫུ་འཕྲུལ་ཅན་ཐམས་ཅད་བསྡུ་སྟེ། དེ་དག་གི་རྫུ་འཕྲུལ་རྣམས་ཀྱང་རང་སེམས་སྣང་བ་ལས་མ་གཏོགས་པ་མེད་པ་ཐག་གཅད་དོ། །ཐེ་ཚོམ་བསལ་བ་ནི། རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །ཞེས་པ་ལ་སོགས་པ། རྣལ་མའི་དོན་ལ་འབྱོར་པ་ནི་ལྟ་བ་རྟོགས་པ་གདེངས་ཆུད་པ། ཡུལ་དང་ཡུལ་ཅན་མ་དམིགས་པ་རྟོགས་སྙམ་གྱི་འདུ་ཤེས་ཀྱང་དག་པའོ། །ལས་སུ་རུང་བ་ནི་ཏིང་ངེ་འཛིན་ཏེ། རྫོགས་པའི་ཏིང་ངེ་འཛིན་ཀྱང་། སེམས་ཉིད་ཏིང་ངེ་འཛིན་དུ་གསལ་ནས། གཡོ་ཐོབ་གོམས་བརྟན་མྱོང་བ་ལ་ནི་ལས་སུ་རུང་བ་ཞེས་བྱ་སྟེ། དེ་བཞིན་ཉིད་དང་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་མཐར་ཕྱིན་པའོ། །དེའི་རྣལ་འབྱོར་རྣམས་ཀྱིས། ཕྱག་རྒྱ་ཆེན་པོ་རྫོགས་འགྱུར་ཞིང་། ཞེས་པ་ལྷའི་སྐུ་ཕྱག་རྒྱ་གཅིག་པ་དེ་ལ་གོམས་ནས་སྤྲོས་པ་རྫོགས་པ་ནི་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ཏེ། གསལ་བ་ཡིད་གཉིས་མེད་པས་ན། །ཞེས་པ་གསལ་བ་ནི་ཏིང་ངེ་འཛིན་གྱི་སྐྱོན་དང་བྲལ་བའོ། །དེའི་ཞར་ལ་ལྟ་བ་དང་ལྷ་གཉིས་སོ་སོར་མེད་དེ། མེ་ལོང་མཐོང་བ་དང་གཟུགས་བརྙན་མཐོང་བ་དབྱེར་མེད་པ་བཞིན་དུ། ཡིད་གཉིས་ཞེས་པ། འགྲུབ་མི་འགྲུབ་ཀྱི་ཡིད་གཉིས་མེད་པ་སྟེ། དེའི་དྲོད་ཚད་ནི་ལྷའི་སྐུ་སྣང་སྟོང་དབྱེར་མེད་པར་གསལ་བ་ལས་ཐ་མལ་པའི་གནས་སྐབས་མི་རྙེད་ན་ཐེ་ཚོམ་གཞི་ནས་དག་པ་ཡིན་པས། ནམ་མཁའ་གཟུགས་སུ་མི་འདྲ་བའི་ཚེ་སྐབས་ན། དཀྱིལ་འཁོར་ཆེན་པོ་འབར་བར་འགྱུར། །ཞེས་པ་འབྲས་བུའི་ངོ་བོ་སྟེ། རང་བཞིན་ལྷུན་གྱིས་གྲུབ་པ་འབྲས་བུའི་དཀྱིལ་འཁོར་དང་། རྣལ་འབྱོར་པས་བསྒོམ་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། བསྒྲུབ་པའི་དཀྱིལ་འཁོར་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དང་དབྱེར་མེད་པ་རང་བྱུང་ཡེ་ཤེས་སུ་གསལ་བ་ནི། འབྲས་བུ་མཐར་ཕྱིན་པའི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་གསལ་བ་ནི་དཀྱིལ་འཁོར་ཆེན་པོ་ཞེས་བྱའོ། །འབར་བ་ནི་ཆོས་ཐམས་ཅད་རང་རིག་པ་སྐུ་གསུང་ཐུགས་མཐའ་གཉིས་དང་བྲལ་བའི་ངོ་བོར་ལྷུན་གྱིས་གྲུབ་སྟེ། དེ་ལས་མ་གཏོགས་པ་གཞན་མེད་པས་རང་དབང་བསྒྱུར་བ་སྟེ། མཐར་ཕྱིན་པས་འགྱུར་ཞེས་བྱའོ། །ཡོན་ཏན་ནི། ཞེས་བརྗོད་པས། ཞེས་པ་ལ་སོགས་པ་སྟེ། མཉེས་པ་ནི་སྦྱོར་སྒྲོལ་དམ་རྫས་འདོད་ཡོན་ལྔའི་མཆོད་པས་རྣལ་འབྱོར་པ་ལྟ་བསྒོམ་སྤྱོད་པ་གདེངས་སུ་གྲུབ་པའི་རྩལ་ཅན་གྱིས་མཆོད་པ་འདི་དག་ཉམས་སུ་བླངས་པས་རྒྱུ་འབྲས་དབྱེར་མེད་པའི་དགོངས་པས་མཆོད་པ་མཉམ་པ་ཉིད་ཀྱི་ངང་ལ་ཕྱོགས་སུ་འཛིན་པ་ཕྲ་བ་ཡང་མེད་པའོ། །ངོ་བོ་ནི་དང་པོར་བསྟན་པའི་མཆོད་པ་ཆེན་པོ་ནི་གོང་དུ་བསྟན་པ་བཞི་པོ་སྟེ། བློ་དམན་གྱི་སྤྱོད་ཡུལ་དུ་མ་གྱུར་པ་བློ་མཆོག་གི་རང་བྱུང་ཡེ་ཤེས་སུ་གསལ་བར་བྱེད་པ་བློས་བྱས་དང་བྲལ་བའི་མཆོད་པ་འཁོར་གསུམ་དག་པ་ཉིད་ལྷུན་གྱིས་གྲུབ་པ་ནི་ཆེན་པོའོ། །དེས་འཇིག་རྟེན་ཐམས་ཅད་ཁྱབ་པ་ནི་སྔོན་བྱུང་རང་བཞིན་ལྷུན་གྲུབ་ཀྱི་དུས་སུ་འབྲས་བུའི་རྩལ་གྱིས་ཆོས་ཐམས་ཅད་མཆོད་པ་བསམ་ཡས་ལྷུན་གྲུབ་ཏུ་གསལ་བའོ། །རྗེས་འཇུག་ཀྱང་ཏིང་ངེ་འཛིན་བསམ་ཡས་ལྷུན་གྲུབ་ཀྱི་ངོ་ལ་མཆོད་པས་བུདྡྷའི་དཀྱིལ་འཁོར་མཉེས་པ་དང་། དེའི་ཞར་ལ་སྦྱིན་པས་ཁམས་གསུམ་འགྲོ་བ་རྣམས་ཚིམ་པ་གཉིས་ཏིང་ངེ་འཛིན་གྱི་ངོ་ལ་གསལ་བའོ། །སྦྱོར་སྒྲོལ་གྱི་མཆོད་པ་གཉིས་ནི། ལས་དང་པོ་ལས་ནི་ཏིང་ངེ་འཛིན་གྱི་ཡུལ་ལོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། གོང་དུ་བསྟན་པའི་མཆོད་པ་རྣམས་ནི་འོག་མ་དང་མི་འདྲ་བས་མཆོད་པ་དང་སྦྱིན་པ་ཐུན་མོང་ཡིན་ཏེ། འཕགས་པ་མཆོད་པ་དང་། རྟོག་ཚོགས་མཉེས་པས་འགྲོ་བ་མཉེས་པ་དང་། མཆོད་སྦྱིན་དུས་གཅིག་པར་བསྟན་ཏེ། ཡོ་ག་མན་ཆད་ཀྱི་སྤྱོད་ཡུལ་མ་ཡིན་པས་ཀྱང་དམ་པ། འོག་མའི་སྤང་བྱ་བླངས་པས་ཚོགས་གཉིས་སུ་གྱུར་པས་ཀྱང་དམ་པ། རྒྱུ་འབྲས་དབྱེར་མེད་པར་ཚེ་གཅིག་གིས་འབྲས་བུ་ལ་སྦྱོར་བས་ཀྱང་དམ་པའོ། །དེ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པ་བཤད་པའོ།། ༈ །།ལེའུ་བཅུ་དགུ་པ་ལ་འཇུག་སྟེ། རྒྱུད་གསུམ་ལས་ལམ་གྱི་རྒྱུད་དོ། །རྒྱུད་ཀྱི་དངོས་པོ་བཅུ་ལས་གཞི་དམ་ཚིག་གོ། །ལམ་པ་མཐོ་དམན་ཀུན་གྱི་སྤྱོད་ཡུལ་ལོ། །ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་མཆོད་པ་དང་བཅས་པ་སོང་ནས། གཞི་ལམ་འབྲས་བུ་གསུམ་ཀའི་གཞི་དམ་ཚིག་སྟོན་པའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ། ཞེས་པ་ལ་སོགས་པ། སྒྲའི་དེ་མ་ཐག་པ་ནི་ལེའུ་བཅོ་བརྒྱད་པའི་རྗེས་ཐོག་གོ། །དོན་གྱི་དེ་མ་ཐག་པ་ནི་མཚན་ཉིད་དང་ལྡན་པའི་སློབ་མ་དཀྱིལ་འཁོར་དུ་ཞུགས་ནས། དབང་གི་སྔོན་དུ་འགྲོ་བ་ས་གཞི་དང་འདྲ་བའི་དམ་ཚིག་ཡིན་པས་དེར་འབྲེལ་ཏོ། །དགྱེས་པ་ཆེན་པོ་བཤད་ཟིན་ཏོ། །སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར། ཞེས་པ་སྔགས་འཆང་ནི། གསང་སྔགས་ཞེས་པས། མནྟྲ་ཞེས་ཏེ། ཐད་སོར་བསྒྱུར་ན་ཤེས་སྐྱོབ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཤེས་པས་འཁོར་བ་རང་སར་དག་ནས་སྐྱོབ་པས། དོན་དེ་ཉིད་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པས་ན་མནྟྲ་སྟེ། ལྟ་སྤྱོད་གཉིས་འཆང་བའི་རྣལ་འབྱོར་གྱི་མངོན་སུམ་དུ་འཆང་བ་ནི་ལམ་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །རང་རིག་པའི་མངོན་སུམ་དུ་འཆང་བ་ནི། ས་བཅུ་པ་ཡན་ཆད་ཀྱི་བུདྡྷ་རྣམས་ཀྱི་སྤྱོད་ཡུལ་རྣམས་ཏེ། འདིར་ནི་ལམ་པ་རྣམས་ཀྱི་ངོར་རྒྱས་པར་བཤད་པ་ནི་ལེའུ་བཅུ་གཅིག་པར་སོང་ཟིན། དོན་ཡོད་པར་བྱ་བའི་ཕྱིར། ཞེས་པ་དོན་ནི་གཉེར་བྱའི་ངོ་བོ་སྟེ་ཐུན་མོང་གི་དངོས་གྲུབ་དང་། མཆོག་གི་དངོས་གྲུབ་སྟེ་དེ་དག་དང་ལྡན་པའོ། །དེ་ལ་ཐེག་པ་འདི་ཉིད་ཀྱི་དམ་ཚིག་ནི། ལམ་དང་འབྲས་བུ་གཉིས་ཀའི་ངོ་བོ་སྟེ། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཕྲ་བ་ཡང་མ་ཉམས་པ་ནི་ལམ་གྱི་ངོ་བོ་རྫོགས་པ་ཡིན་ལ། ལམ་མ་ཉམས་པ་དང་ལྡན་པ་སྟེ། རྣལ་འབྱོར་པས་གང་བསྒྲུབ་པ་ཐམས་ཅད་འགྲུབ་ལ། འདི་ཉིད་ནས། དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །ཞེས་པས་བུདྡྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱང་དེ་ལས་མི་འདའ་བ་དང་དེའི་རྒྱས་ཐེབས་པའི་ཕྱིར་དམ་ཚིག་སྟེ་འབྲས་བུའི་ངོ་བོ་ཉིད་དོ། །དེ་ནས་དམ་ཚིག་རྣམས་ཐུན་མོང་གི་འབྲས་བུ་གནས་སྐབས་ལ་བརྟེན་ན་རྒྱུད་ཀྱི་ཤེས་པར་བྱ་བའི་དངོས་པོ་རྣམས་ཉེ་བར་བསྒྲུབ་པའི་ཕྱིར། གཞི་དམ་ཚིག་གིས་གཟུང་བ། ཞེས་ཀྱང་སྨོས་སོ། །དམ་ཚིག་ཆེན་པོ་ནི། ཐེག་པ་འདི་ཉིད་ཀྱི་གཞུང་གི་དམ་ཚིག་ནི་ཐེག་པ་འོག་མ་རྣམས་ལས་སྤགས་པ་སྟེ། དེ་ཡང་ཆེན་པོ་རྣམ་པ་བདུན་དང་ལྡན་པའོ། །དེ་ལ་དམ་ནི་རྡོ་རྗེ་སློབ་དཔོན་གྱི་སྤྱན་སྔར་བཀའ་འདི་ཉིད་ལས་བྱུང་བའི་བསྲུང་བྱ་རྣམས་གཞུང་བཞིན་ཁས་བླངས་ནས་བསྲུང་ཐུབ་ན་འཁོར་བ་རྒྱུ་འབྲས་མི་གནས་པས་ཚིག་པ་དང་འདྲ་བས་ཚིག་པ་དང་། བསྲུང་མ་ཐུབ་ན་མཐོ་རིས་དང་ཐར་པ་གཏན་བརླགས་ནས་ཚིག་པའོ། །ཆེན་པོ་ནི་བདུན་ཏེ་ཐེག་པ་འདི་ཉིད་ལ་རྒྱུ་འབྲས་དུས་གཅིག་ལ་རྫོགས་པས་ཆེ་བ་དང་། དམ་ཚིག་མ་ཉམས་ལྟ་བ་དང་ལྡན་པས་ཅི་སྤྱོད་ཀྱང་འདུ་ཤེས་བྲལ་བས་ལས་དང་བག་ཆགས་སུ་མི་འགྱུར་བས་ཆེ་བ་དང་། འོག་མ་བཞིན་རྒྱུ་བསྒྲུབ་པས་འབྲས་བུ་ཡུན་རིང་པོ་ཞིག་ན་སྣང་བ་མ་ཡིན་ཏེ། ལྟ་སྤྱོད་བསྒོམ་གསུམ་འཛོམ་པའི་རྣལ་འབྱོར་པས་བསྒྲུབས་པའི་ངོ་བོ་མཐར་ཕྱིན་པ་ཉིད་འབྲས་བུ་ཡིན་པས་ན་བསྒྲུབ་པ་ཆེན་པོ་དང་། འབྲས་བུ་རང་བྱུང་གི་ཡེ་ཤེས་ཡུལ་ལམ་རྒྱུད་དང་བྲལ་ཏེ། རང་སྣང་དུ་ལྷུན་གྱིས་གྲུབ་པ་ཆེན་པོ་དང་། འགྲོ་བའི་དོན་ལ་ཆེད་དམིགས་ཅན་མ་ཡིན་པ་དང་། དམིགས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ལྷུན་གྱིས་གྲུབ་པ་དང་། ཁམས་གསུམ་མ་ལུས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གསལ་བ་གྲུབ་པ་ཆེན་པོ་དང་། ཁམས་གསུམ་གྱི་ཆོས་ཉིད་འཕགས་པའི་ནོར་བདུན་དུ་ལྷུན་གྱིས་གྲུབ་པ་ཉིད་ཡོན་ཏན་ཆེན་པོ་དང་། འཁོར་བ་རྒྱུ་འབྲས་རྣམས་རང་བྱུང་ཡེ་ཤེས་སུ་གསལ་བས་སྤང་བྱ་ཐབས་སུ་སོང་བས་ཐབས་ཆེན་པོ་དེ་བདུན་དང་ལྡན་པའོ། །ཡང་ན་ཆེན་པོ་བདུན་ནི། རྒྱུད་ཉིད་ལས། དམ་ཚིག་དང་ལྡན་པའི་རྟེན་གྱི་གང་ཟག་དེ་འཇིག་རྟེན་པའི་གཙོ་བོས་བཀུར་ཏེ། ཚངས་པ་དང་བརྒྱ་བྱིན་ལ་སོགས་པའོ། །འཁོར་གྱིས་བཀུར་ཏེ་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་སྤྱི་གཙུག་ཏུ་ལེན་ཏོ། །དམ་པ་མཆོག་བུདྡྷས་སྲས་དམ་པར་འཛིན་ཏོ། །དམ་པ་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྲས་དང་དམ་པར་དགོངས་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱིན་གྱིས་བརླབ་པའོ། །བདེར་གཤེགས་ཉིད་ཀྱི་ཡུལ་ལ་བཞུགས། །ཞེས་པས་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས་དམ་ཚིག་ལ་གནས་པ་ནི། བདེར་གཤེགས་ཉིད་ཀྱི་ངོ་བོ་ཉིད་ཡིན་ཏེ། སྐུའི་དམ་ཚིག་རྫོགས་པ་མཐར་ཕྱིན་པ་བདེ་བར་གཤེགས་པའི་སྐུའི་ངོ་བོ་ཉིད། གསུང་གི་དམ་ཚིག་རྣམས་བདེར་གཤེགས་ཀྱི་གསུང་གི་ངོ་བོ་ཉིད། ཐུགས་ཀྱི་དམ་ཚིག་རྣམས་ཐུགས་ཀྱི་ངོ་བོ་ཉིད། ཡན་ལག་གི་དམ་ཚིག་རྣམས་བདེར་གཤེགས་ཀྱི་སྤྱོད་པའི་ངོ་བོ་ཉིད་པས་དམ་ཚིག་རྣམས་བདེར་གཤེགས་དངོས་ཡིན་པ་ལ་རྣལ་འབྱོར་པ་བཞུགས་པའོ། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་པ་དམ་ཚིག་མངོན་དུ་གྱུར་པའི་རྣལ་འབྱོར་པ་ལ། ཁམས་གསུམ་གྱི་འཇིགས་པ་དང་བྲལ་ཞིང་མཐར་ཀུན་ཏུ་བཟང་པོར་འགྱུར་བས་ངོ་བོ་ཉིད་ལས་མི་འདའ་བའོ། །དེས་ན་ཆེ་བ་བདུན་དེ་དང་ལྡན་ནོ། །འདི་ཆེད་དུ་བརྗོད་དོ། །ཞེས་པ་དམ་ཚིག་གི་ལེའུ་འདི་གོ་ཕྱེ་བའི་རྣལ་འབྱོར་པའི་ཆེད་དུ་ལེའུ་འདི་བརྗོད་དོ་ཞེས་བྱའོ། །དམ་ཚིག་གི་ཆེ་བའི་མདོ་ནི། བླ་མེད་ཐེག་པ་རབ་ངེས་ན། །ཞེས་པ་ལ་སོགས་པ། ཚིག་འདི་དམ་ཚིག་བསམ་གྱིས་མི་ཁྱབ་པ་རྣམས་ཀྱང་ཚིགས་བཅད་འདི་ལས་འཕྲོས། དེ་བས་ན་དམ་ཚིག་ཚུལ་ཁྲིམས་སྡོམ་པ་ཐམས་ཅད་ཀྱི་རྒྱུའམ་རྩ་བ་ལྟ་བུ་ཡིན་ཏེ། དེ་ཡང་བླ་ན་མེད་པ་ནི་ཐེག་པ་འདི་ཉིད་དེ་ལམ་བླ་ན་མེད་པ་དང་། འབྲས་བུ་བླ་ན་མེད་པ་གཉིས། དེ་ལ་ལམ་བླ་ན་མེད་པ་ནི། འདི་ཉིད་མ་གཏོགས་པའི་ཐེག་པ་རྣམས་ཀྱིས་ཁམས་གསུམ་གྱི་ཆོས་འདི་སྤང་བྱར་བྱས་ཏེ། འདིའི་གཉེན་པོ་གཅིག་ལོགས་སུ་བླངས་ནས་དེ་ཉིད་ལམ་གྱི་ངོ་བོ་ཡིན་པར་འདོད་ལ། འདིར་ནི་ཁམས་གསུམ་གྱི་ཆོས་ཐམས་ཅད་དག་མཉམ་གྱི་ངོ་བོ་ཉིད་ཡིན་པས་སྤང་བར་བྱ་བའི་ཆོས་མ་དམིགས་པ་ལ། རྟོགས་པ་བཞིའི་གཏན་ཚིགས་ཀྱིས་རྟོག་པ་བཞི་བཅུ་རྩ་གཉིས་སྐུ་དང་ཡེ་ཤེས་སུ་གཏན་ལ་ཕབས་ནས་གོམས་པ་མཐར་ཕྱིན་པ་ནི་འབྲས་བུའི་ངོ་བོ་ཉིད་ཡིན་པས། དེས་ན་སྤང་བར་བྱ་བའི་ཆོས་མ་དམིགས་ཏེ་ཁམས་གསུམ་རང་སར་དག་པ་ལ། ཡང་དག་པར་རྫོགས་པའི་བུདྡྷ་ཞེས་བརྗོད་པས། འབྲས་བུའི་ཐེག་པ་ཞེས་བྱ་བ་དང་། རྡོ་རྗེའི་ཐེག་པ་ཞེས་བྱ་བའི་རྒྱུ་མཚན་གྱིས་ཁམས་གསུམ་ཉིད་ལམ་གྱི་ངོ་བོ་ཐེག་པར་ལྷུན་གྱིས་གྲུབ་པ་ནི་ལམ་བླ་ན་མེད་པ་ཞེས་བྱའོ། །འབྲས་བུ་བླ་ན་མེད་པ་ནི་ཁམས་གསུམ་ཉིད་ཡང་དག་པར་རྫོགས་པའི་བུདྡྷར་གྱུར་ཏེ་འཁོར་བ་ཞེས་མ་དམིགས་པས། བུདྡྷའམ་འབྲས་བུ་ཞེས་བྱ་བ་ཡང་གདགས་གཞི་དང་བྲལ་བ་ལ། ངོ་བོ་ཁམས་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་གསལ་བས་འཁྲུལ་པ་ཕྲ་བ་ཙམ་ཡང་མ་དམིགས་པ་ཉིད་མཐས་མ་གོས་པར་རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་ལྷུན་གྱིས་གྲུབ་པས། མ་རྟོགས་པ་ཁམས་གསུམ་གྱི་སེམས་ཅན་ལ་ཐབས་ཀྱི་མཛད་པ་སྣ་ཚོགས་རྒྱུད་དང་བྲལ་བ་རང་སྣང་དུ་ཤར་བས་འགྲོ་དོན་རྒྱུན་མི་ཆད་པའི་ངོ་བོ་ཉིད་དོ། །རབ་ངེས་ན། ཞེས་པ་ཐེག་པ་འདི་ཉིད་ཀྱི་གཞུང་གིས་དམ་ཚིག་ཉམས་སུ་ལོན་ཏེ་ཆུ་དང་གཤེར་བ་ལྟར་མི་ཕྱེད་པ་ངོ་བོ་ནི་ཉམས་སུ་ལོན་པའོ། །དེ་ཡང་ལྟ་སྤྱོད་བསྒོམ་གསུམ་དུ་འདུས་ཏེ་ལྟ་བའི་དམ་ཚིག་བླ་ན་མེད་པ་ནི། དག་པ་གསུམ་དང་མཉམ་པ་རྣམ་པ་བཞིའི་དོན་གདེངས་ཆུད་མངོན་དུ་གྱུར་པ་དང་། སྤྱོད་པའི་དམ་ཚིག་བླ་ན་མེད་པ་མངོན་དུ་གྱུར་པའི་དུས་སུ་རང་རིག་རང་སྣང་ལས་མ་གཏོགས་པ་ཆེད་བྱས་ཕྲ་བ་ཡང་མ་དམིགས་པ་རང་སྣང་གི་སྤྱོད་པར་ལྷུན་གྱིས་གྲུབ་པ་དང་། བསྒོམ་པའི་དམ་ཚིག་རིགས་ལྔ་ཡེ་ཤེས་ལྔ་ལ་སོགས་པ་མངོན་དུ་གྱུར་པ་གཡོ་ཐོབ་བརྟན་པ་མཐར་ཕྱིན་པ་ནི། ཕྱི་ནང་གི་ཆོས་ཐམས་ཅད་ཡེ་ཤེས་རང་སྣང་མ་གཏོགས་པ། ཉོན་མོངས་འཁོར་བ་ངང་གིས་མེད། །ཅེས་པ་སྤྱོད་ཡུལ་ཡོངས་སུ་དག་པའི་རྣལ་འབྱོར་པ་ལ་ལ་བཟླ་བའི་ཚིག་ཏུ། ཉོན་མོངས་ལས་རྣམས་ཀུན་སྤྱད་ཀྱང་། །ཞེས་པ་ཉོན་མོངས་པ་ནི་ལྔའོ། །ལས་ནི་གསུམ་མོ། །མདོར་ན་ཁམས་གསུམ་པའི་སྤྱོད་ཡུལ་རྣམས་ཀུན་སྤྱད་ན། ཀྱང་གི་སྒྲས་བག་ཆགས་སོགས་པར་མི་འགྱུར་བ་བསྟན་ཏེ། བྱས་ལ་མི་སོགས། ཞེས་པ། ཉན་ཐོས་ལ་སོགས་པ་འོག་མ་རྣམས་ཀྱིས་ནི། མ་བྱས་ཤིང་བསྡམས་པས་བག་ཆགས་མི་སོགས་ལ། འདི་ཉིད་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པས་ནི། དམ་ཚིག་གི་ངེས་པ་གོང་དུ་བཤད་པ་ལྟར་མངོན་དུ་གྱུར་པས་ལས་རྣམས་ཆེད་དུ་བྱས་པ་ནི། བདག་འཛིན་གྱིས་བསྒྲིབས་པ་ཡིན་པས་དེར་སོགས་ཏེ་འཁོར་བར་འགྱུར་ལ། འདིར་ནི་བདག་འཛིན་གཏན་ནས་དག་པས་ནམ་མཁའ་ལ་རྡུལ་མི་ཆགས་པ་དང་འདྲ་བས་སྐྱོན་དུ་མི་འགྱུར་ལ། སླར་ཚོགས་གཉིས་སུ་འགྱུར་ཏེ། མ་འགགས་པ་བསོད་ནམས་ཚོགས། མི་འཛིན་པ་ཡེ་ཤེས་ཚོགས་སུ་འགྱུར་རོ། །དེས་ན་མདོ་སྡེ་ལས་ཀྱང་། བྱས་ལ་མི་སོགས་པ་དང་། མ་བྱས་ལ་སོགས་པ་སྟེ། བྱས་ལ་མི་སོགས་པ་ནི་གཉེན་པོ་ལྔ་བརྟེན་པའོ། །མ་བྱས་ལ་སོགས་པ་ནི་གཉེན་པོ་ལྔ་དང་བྲལ་བའི་སོ་སོའི་སྐྱེ་བོའོ། །རྟོགས་པ་གདེངས་དང་ལྡན་པའི་རྣལ་འབྱོར་པ་བྱས་ལ་མི་སོགས་པར་མ་བས་གསང་སྔགས་ཀྱི་དམ་ཚིག་མ་ཉམས་པའི་ཐོག་ཏུ་སོ་སོར་ཐར་པའི་ཚུལ་ཁྲིམས་དང་། བྱང་ཆུབ་སེམས་དཔའི་སྡོམ་པའང་རྫོགས་ཏེ། དེ་རྫོགས་པའི་ཚུལ་ནི། ཐེག་པ་གཉིས་པོའི་སྡོམ་པ་རྣམས་ཀྱི་རྩ་བ་སྲོག་མི་གཅོད་པ་ལ་སོགས་པ་བཞི་འདི་ཉིད་ཀྱིས་འཆད་པར་འགྱུར་པའི་རྩ་བ་བཞིའི་སྐབས་སུ་རྫོགས་ལ། ཡན་ལག་ཐམས་ཅད་ནི་གསུམ་དུ་འདུས་ཏེ། ཐེག་པ་འདི་ཉིད་ཀྱི་དམ་ཚིག་གོང་དུ་བཤད་པ་བཞིན་དུ་ངེས་པའི་དུས་ན། ལྷག་པ་ཚུལ་ཁྲིམས་ལྷག་པ་ཤེས་རབ་ལྷག་པ་ཏིང་ངེ་འཛིན་གསུམ་དུ་འདུས་པ་སྟེ། འདི་ཉིད་ཀྱི་མཚོན་ནས། མ་ལུས་ཀུན་འདུས་རྣམ་པར་དག །ཅེས་པས་འདི་ཉིད་ཀྱི་རྩ་བ་བཞིའི་ནང་དུ་ཀུན་འདུས་པས་ཐམས་ཅད་དག་པར་བསྟན་ཏེ། རྟེན་གྱི་གང་ཟག་དེ་ལ་ཚུལ་ཁྲིམས་སྡོམ་པ་ཐམས་ཅད་སོ་སོར་ངོ་སྐལ་བྱས་ནས་བསྲུང་བ་མ་དམིགས་ཀྱང་བདག་འཛིན་བྲལ་བའི་མཉམ་པ་ཉིད་ཀྱི་ངང་ལ་ཉེས་པ་ཕྲ་བ་ཡང་མི་འབྱུང་བས་ཕུན་སུམ་ཚོགས་སོ། །དེའི་མཚན་ཉིད་ལ་ངོ་བོས་རྫོགས་པ། རྣམ་གྲངས་ཀྱིས་རྫོགས་པ། འབྲས་བུའི་ངོས་ནས་རྫོགས་པར་བཤད་ཀྱང་། ཡི་གེས་འཇིགས་སོ། །ཕུན་སུམ་ཚོགས་པ་ནི། བླ་མེད་མཆོག་གི་དམ་ཚིག་ཏུ། །ཞེས་པ་བླ་མེད་ནི་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་པ་འདི་ཉིད་དོ། །མཆོག་ནི་གོང་གི་ལྟ་བསྒོམ་དང་ལྡན་པའི་རྣལ་འབྱོར་པས། ཁམས་གསུམ་ཉིད་ཡི་གེའི་འཁོར་ལོའི་སར་གསལ་བའོ། །དམ་ཚིག་ནི་གོང་དུ་བཤད་པ་ཉིད་དོ། །དེའི་ངང་དུ་རྒྱུའི་ཐེག་པའི་སྡོམ་པ་དང་ཚུལ་ཁྲིམས་འདུས་པར་བསྟན་ཏེ། འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཞེས་པ་སྦྱངས་སྟོབས་ཆུང་ཞིང་ཤེས་རབ་ཞན་པས་ཉན་ཐོས་ཀྱི་ཐེག་པའི་གདུལ་བྱར་གྱུར་པ་འདུལ་བའི་ངོར། དེའི་བློ་ཚོད་ཀྱི་དབང་གིས་བྱིས་པ་ཆུང་ངུ་བྲིད་པ་དང་འདྲ་བའི་ཚུལ་ཤིན་ཏུ་ཁྲིམས་ལ་གནས་པ་ནི། དགེ་བསྙེན་གྱི་གཏན་ཚིགས་ལྔ་ཡན་ཆད། དགེ་སློང་གི་བརྒྱ་ཕྲག་ཕྱེད་གསུམ་མན་ཆད་རྣམས་ནི་འོག་མའི་ངོ་བོ་ཡིན་ལ། འདིར་ནི་དམ་ཚིག་ཆེན་པོ་འདི་ཉིད་ལ་གནས་པའི་དུས་ན་གོང་དུ་བཤད་པ་ལྟར་དམ་ཚིག་མངོན་དུ་གྱུར་པས་ལས་དང་ཉོན་མོངས་པ་རིལ་ལ་སྤྱད་ཀྱང་། བདག་འཛིན་མི་མངའ་བས་ཆེད་འཛིན་དང་བྲལ་ཏེ། བྱ་ནམ་མཁའ་ལ་འཕུར་བ་ལ་ལམ་ལ་འཛིན་པ་མེད་པ་བཞིན། འཛིན་པ་དང་བྲལ་བས་ཅིར་ཡང་བྱས་པ་མེད་པ་ནི་སྡོམ་པའི་ཚུལ་ཁྲིམས་རྫོགས་ཏེ། ངོ་བོས་ཉེས་པ་མེད་པ་དང་། སྡོམ་པ་ཉམས་པ་ནི་བདག་འཛིན་གྱི་ཉམས་པའི་རྒྱུ་མེད་པ་ལ་འབྲས་བུ་མི་སྣང་བ་བཞིན་ནོ། །ཇི་སྙེད་སྡོམ་པ་བསམ་ཡས་པ། །ཞེས་པ་བྱང་ཆུབ་སེམས་དཔའི་སྡོམ་པ་ནི་ཤས་ཆེ་བར་གཞན་དོན་གྱི་གཞི་བཟུང་བའི་རྣམ་གྲངས་ཇི་སྙེད་པ་བརྗོད་པའི་སྡོམ་པའི་གྲངས་དང་ངོ་བོ་བསམ་ཡས་པའི་གསང་སྔགས་ཀྱི་སྤྱོད་པའི་དབང་དུ་གཉིས་ལ་སོགས་པ་གཞན་དོན་དུ་འགྱུར་ན། སྲོག་གཅོད་པ་ལ་སོགས་པ་གང་ཡང་མི་འདོར་བ་ནི་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སོ། །གནས་སྐབས་ཏིང་ངེ་འཛིན་གྱི་འཕྲོ་འདུ་བསམ་ཡས་པའོ། །སྒོ་གསུམ་ལྟ་བསྒོམ་དབྱེར་མེད་པ་ལྷའི་སྐུ་རིག་པར་གསལ་བའི་ཕྱག་རྒྱ་ཆེན་པོའི་ངང་ལས་འདའ་བ་མེད་པ་ནི་སྤྱོད་ལམ་བཞིར་ལམ་གྱི་ངོ་བོ་ཉིད་ལས་སྐད་ཅིག་ཀྱང་མ་ཡེངས་པ་ནི་དགེ་བ་ཆོས་སྡུད་པ་སྟེ། མ་ལུས་ཀུན་འདུས། ཞེས་པ་ཐེག་པ་ཆེ་ཆུང་གི་བསྲུང་བྱ་མ་ལུས་པ་རྣམས་ཀུན་དམ་ཚིག་འདིར་འདུས་པ་གོང་དུ་བཤད་པའི་དོན་གྱིས་འདི་ཉིད་ལ་སྐྱོན་གཏན་ནས་མ་གྲུབ་པས་རྣམ་དག་གི་ངོ་བོ་ཉིད་ལས་མི་འདའ་བའོ། །སྲོག་གཅོད་པ་ལ་དེ་ཉིད་སྤོང་བ་ཡང་རྫོགས་པ་ནི། ཡོད་མེད་དབུ་མའང་མི་དམིགས་ཤིང་། །ཞེས་པ་ལ་སོགས་པ། འདི་དག་ཚུལ་ཁྲིམས་དང་སྡོམ་པའི་རྩ་བ་བཞི་འདི་ཉིད་དུ་འདུས་པར་བསྟན་ཏོ། །འདི་དག་མ་འགག་པ་ཙམ་སྣང་བ་ནི། དམ་ཚིག་གི་སྤྱོད་པ་ལྟ་བུར་ཡང་འགྱུར་ཏེ། ཐེག་པ་འོག་མའི་ཡོད་མེད་དབུ་མའང་མི་དམིགས་པ་ནི། ཆོས་ཅན་སྣོད་བཅུད་ཀྱི་ཆོས་ཐམས་ཅད་རགས་པར་སྣང་བ་ནི་ཡོད་པ་ཀུན་རྫོབ། དེ་རྡུལ་ཕྲ་རབ་ཏུ་གཞིག །རྡུལ་ཕྲ་རབ་ཕྱོགས་ཆ་དྲུག་གིས་གཞིག་ན་མ་གྲུབ་པའི་སྟོང་པ་ནི་དོན་དམ་པ། དེ་ཉིད་བློའི་ཡུལ་དུ་བྱས་ནས་ཡོད་མེད་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་ཡོད་པའི་དངོས་པོར་མ་གྲུབ། མེད་པ་ཕྱོགས་གཅིག་པ་ཕྱང་ཆད་པ་བློའི་ཡུལ་དུ་བྱས་པ་མེད་པའི་དངོས་པོར་མ་གྲུབ། མཐའ་གཉིས་དང་བྲལ་བས་དབུ་མ་ཡང་མ་དམིགས་པ་ལ་ནི་མཐའ་དབུས་དང་བྲལ་ཞེས་བརྗོད་ལ། འདིར་གསང་སྔགས་ཀྱི་མཐའ་དབུས་མི་དམིགས་པ་ནི། ཆོས་ཐམས་ཅད་སེམས་ཀྱི་ཆོས་ཉིད་དུ་གསལ་བ་ལ་རིག་པ་རང་སྣང་བའི་དབང་གིས་དངོས་པོ་ཐམས་ཅད་སྣང་སྟོང་གི་འདུ་ཤེས་རིལ་དང་བྲལ་ཏེ་སྣང་བ་ཙམ་ཉིད་ན་མཉམ་པ་ཉིད་དུ་གསལ་བས་སྣང་སྟོང་གི་འདུ་ཤེས་དང་བྲལ་བའོ། །རྩ་བ་རང་རིག་པའང་མཚན་ཉིད་བཞིན་དོན་དམ་སྤྲོས་བྲལ་ཕྱོགས་གཅིག་ཏུ་བློའི་ཡུལ་དུ་བྱ་བ་མེད་དེ། སེམས་རང་རིག་པ་ངོ་བོ་གང་དུ་ཡང་མ་གྲུབ་པ་ཉིད་དངོས་པོ་ཐམས་ཅད་དང་བྲལ་ཏེ་རང་གསལ་བའི་བདག་ཉིད་ལ་ཕྱོགས་འཛིན་ཐམས་ཅད་དང་བྲལ་ཡང་གསལ་བྱ་གསལ་བྱེད་ཡུལ་དུ་བྱ་བ་ཐམས་ཅད་དང་བྲལ་བ་ཡོད་མེད་དབུས་གསུམ་ལས་འདས་ཏེ། ཕྱོགས་འཛིན་གྱི་ཆོས་རྣམ་པར་དག་པ་ཉིད་ནི་ཆོས་ཐམས་ཅད་དོན་དམ་པར་མཉམ་པ་ཁོ་ནའོ། །རྒྱུད་རྒྱས་པ་ལས་ཀྱང་། དོན་དམ་དུ་ནི་དཀོར་བདུན་ནོ། །ཞེས་པ་མཚན་ཉིད་བཞིན་དོན་དམ་བློའི་ཡུལ་དུ་བྱ་བ་དང་བྲལ་བ་ཞིག་ཆེད་དུ་དམིགས་པ་ལྟ་བུ་མ་ཡིན་ཏེ། རིག་པ་རང་བྱུང་གི་ཡེ་ཤེས་ཡེ་ཤེས་ལྔ། དབྱིངས་ཡེ་ཤེས་གཉིས་དང་བདུན་རྫོགས་པས་སོ། །ཀུན་རྫོབ་ཀྱི་མཉམ་པ་ནི། སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། །ཞེས་པ། སྒྱུ་མ་ནི་སྒྱུ་མའི་རྒྱུ་རྐྱེན་འདུས་པ་ལས་སྒྱུ་མའི་ཚོགས་སྣང་བ་ཡང་སྒྱུ་མ་མཁན་པོ་ལ་དངོས་སུ་མ་གྲུབ་པ་ལྟར། ཀུན་རྫོབ་ལོག་རྟོག་གི་རྒྱུ་རྐྱེན་འདུས་པ་ཙམ་ཉིད་རང་རྒྱུད་དུ་ལྟད་མོ་བ་བཞིན་ཡོད་པར་མཐོང་བ་ནི། བརྟགས་པ་ཙམ་དུ་མཉམ་པས་བརྟགས་པ་ལས་སྣང་བ་དེ་དག །མིག་ཡོར། ཞེས་པས་ཐོ་ཡོར་ལ་མི་ལྟ་བུར་ཤེས་པ་ནི་ཀུན་རྫོབ་ཏུ་མཉམ་པའོ། །དེ་ལྟར་མཉམ་པ་གཉིས་དེ་ཐ་སྙད་ཡིད་ཡུལ་ཁ་བཤད་ཙམ་མ་ཡིན་པར་རིག་པ་ལ་གདེངས་ཆུད་པའི་དུས་སུ། སྲོག་སེམས་ཉིད་དུ་དག་སྟེ་སྒྱུ་མ་མིག་ཡོར་བཞིན་དུ་གསལ་བས་དེ་ལ་གཅད་བྱ་གཅོད་བྱེད་མེད་པའི་དོན་གྱིས་གཅད་དུ་ཡང་མེད་དེ་སེམས་ཉིད་མཉམ་པ་ཉིད་ཀྱི་ངང་ལ་མ་དམིགས། གཅད་བྱ་གཅོད་བྱེད་ཀྱི་དངོས་པོ་གསུམ་དུ་ཡང་གྲུབ་པ་མེད་དོ། །དགོངས་པའི་དོན་ཉམས་སུ་མ་ལོན་ཁ་བཤད་ཚིག་གི་ཐ་སྙད་ལ་ཞེན་ནས་བདག་འཛིན་ཁ་ཡང་མ་བྲི་བར་གཟུང་འཛིན་གྱིས་གནག་པའི་ལས་སྤྱད་པ་ནི། སྨན་མ་ཞུ་བ་ཉིད་དུག་ཏུ་ཆེ། ངན་སོང་གསུམ་ལས་མི་ཐར་རོ། །འོན་ཀྱང་དད་མོས་བྱས་པའི་འབྲེལ་པའི་སྟོབས་ཀྱིས་ནམ་ཞིག་ན་འཕྲད་པའི་རྒྱུར་འགྱུར་བའོ། །དེས་ན། སྲོག་དང་སྐྱེས་བུ་ལོག་རྟོག་ཙམ། །ཞེས་པ་དགོངས་པ་མཉམ་པ་ཉིད་ཀྱི་དོན་རིག་པ་མངོན་དུ་གྱུར་པ་ནི། གཅོད་བྱའི་སྲོག་དང་གཅོད་བྱེད་ཀྱི་སྐྱེས་བུ་སེམས་མཉམ་པ་ཉིད་ཀྱི་ངང་ལ་ཀ་ནས་དག་པའི་ཕྱིར། ལོག་རྟོག་ཙམ་ལས་མ་དམིགས་པས་ལ་བཟླ་བའི་དབང་དུ་བཅད་ཀྱང་དེར་འཛིན་ཞིང་དམིགས་པའི་འདུ་ཤེས་དག་པས་གཅད་པ་མེད་པ་ཉིད་ནི། སྲོག་གི་སྡོམ་པ་འདུས་ལ་དག་པའི་ཕྱིར། སྲོག་མེད་སྲོག་ཀྱང་གཅད་དུ་མེད། །ཅེས་གོང་དུ་བསྟན་པ་ཉིད་དོ། །མ་བྱིན་པར་ལེན་པ་བསྟན་པ་ནི། བདེན་པ་གཉིས་ཀ་དབྱེར་མེད་པས། །ཞེས་པ་ལ་སོགས་པ། བདེན་པ་གཉིས་ནི་ཀུན་རྫོབ་དང་དོན་དམ་པ་གཉིས་ཏེ། འཁོར་འདས་ཡུལ་སེམས་བདག་གཞན་ཐམས་ཅད་གོང་དུ་བསྟན་པ་ལྟར་དོན་དམ་པར་རིག་པ་བྱང་ཆུབ་སེམས་སུ་གསལ་བ་ལ་སྣང་སྟོང་གི་འདུ་ཤེས་མ་དམིགས་པ་ཉིད་དོན་དམ་པར་དབྱེར་མེད་པའོ། །ཀུན་རྫོབ་ཏུ་དབྱེར་མེད་པ་ནི། ལོག་རྟོག་ཅན་གྱི་ངོ་ལ་རྒྱུ་རྐྱེན་འདུས་པའི་དངོས་པོར་སྣང་ཙམ་ཉིད་ན། སྒྱུ་མའི་མཁན་པོས་སྒྱུ་མ་མཐོང་བ་བཞིན་མ་གྲུབ་སྟེ། མིག་ཡོར་བཞིན་དུ་གསལ་བ་ནི་ཀུན་རྫོབ་སྒྱུ་མ་ཙམ་དུ་མཉམ་པའོ། །དེ་གཉིས་ཀྱང་བདེན་པ་གསུམ་པའི་དོན་གྱིས་རང་རིག་པའི་ངོ་བོར་ལྷུན་གྱིས་གྲུབ་པ་ནི་དབྱེར་མེད་པར་མཉམ་པའོ། །འདིར་རྣལ་འབྱོར་པའི་ཉམས་ལེན་ཡིན་པས་ཡིན་ཚུལ་བཤད་པ་ལ་བློ་རྟེན་འཆའ་བ་ནི་ལམ་པའི་དམུ་གབ་ཆེན་པོ་ཡིན་པས་རིག་པ་ལ་གདེང་དུ་སོན་དགོས། འོན་ཀྱང་དོན་སྤྱི་ཡིད་ཀྱི་ཡུལ་དུ་བྱེད་པའང་ལས་དང་པོ་པ་རྣམས་ཀྱིས་འཇུག་པའི་སྒོ་ཐོས་པའི་ཤེས་རབ་ཀྱི་ཡུལ་ལོ། །པས། བྱ་བ་གཏན་ཚིགས་ཏེ་རྟོགས་པ་དེ་ལྟ་བུ་དང་ལྡན་པ་ལ་འཁོར་འདས་དབྱེར་མེད་སྣང་སེམས་དབྱེར་མེད་བདག་གཞན་དབྱེར་མེད་ཐམས་ཅད་རིག་པའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་པ་ལ་བདག་གཞན་ལ་སོགས་པའི་འདུ་ཤེས་མ་སྤངས་ངང་གིས་དག་པའོ། །དོན་དེ་ལྟ་བུ་ལ་དངོས་པོ་ཐམས་ཅད། འཕྲུལ་དགའི་ཚུལ་ཏེ་ཐ་དད་མེད། །ཅེས་པ་འཕྲུལ་དགའི་ལྷ་རྣམས་ཀྱིས་ལོངས་སྤྱོད་ཀྱི་དངོས་པོ་ཐམས་ཅད་རང་གིས་སྤྲུལ་ནས་རང་གིས་ལོངས་སྤྱོད། ཚུལ་ཏེ། ཞེས་པས་དེའི་ཚུལ་དང་མཐུན་པར་རྣལ་འབྱོར་པ་ལྟ་སྒོམ་སྟོབས་སུ་གྱུར་པས། སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་རང་སེམས་སྣང་བས་དེ་ལ་ཡུལ་དང་ཡུལ་ཅན་མེད་དེ་བདག་ཉིད་ཆེན་པོ་ཞེས་ཀྱང་བརྗོད་དོ། །དོན་དེས། ཐ་དད་མེད། ཅེས་པས་དཔེར་ན་གཞན་གྱི་ཡོ་བྱད་ཅིག་བླངས་ཀྱང་། ལེན་མཁན་རང་ཉིད་ཀྱང་སེམས་སྣང་། ཡུལ་ནོར་གྱི་བདག་པོའང་སེམས་སྣང་། ནོར་ཀྱང་སེམས་སྣང་། བླངས་པའང་སེམས་སྣང་བས་འདུ་ཤེས་ཀྱིས་ཆེད་དུ་འཛིན་པ་ཕྲ་བ་ཡང་མེད་པ་ནི་ཐ་དད་མེད་ཅེས་བྱ་སྟེ། དེའི་ངང་ལ་ནོར་གྱི་བདག་པོ་གཞན་པ་མ་གྲུབ། བླངས་པའི་ཆེད་འཛིན་ཡང་མེད་པས་ཐམས་ཅད་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པའི་ངང་ལ་མ་བྱིན་བླངས་ཀྱང་ལེན་བྱ་ལེན་བྱེད་མེད་པའི་ཕྱིར་ཆེད་དུ་བླངས་པ་མེད་དེ། གཏན་ཚིགས་ཅིའི་ཕྱིར་ན། ཆོས་ཐམས་ཅད་སེམས་ཉིད་ཀྱི་དབྱིངས་སུ་ལྷུན་གྱིས་གྲུབ་པ་ནི་ཉིད་ཀྱི་དབྱིངས་ཞེས་བྱ་སྟེ། དེས་ན་ཅི་བླངས་ཀྱང་ལེན་བྱ་ལེན་བྱེད་མེད་པར་དབྱིངས་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པ་ནི། འོག་མའི་མ་བྱིན་པར་ལེན་པ་འདུས་ལ་སྐྱོན་གྱིས་མ་གོས་པས་དག་པའི་ངོ་བོ་ཉིད་དོ། །རྫུན་གྱི་དམ་ཚིག་ནི། ཆོས་རྣམས་སྒྱུ་མ་ལྟ་བུ་དང་། །ཞེས་པ་ལ་སོགས་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གྱི་བྱེད་མཁན་མེད་པར་རང་གི་མཚན་ཉིད་འཛིན་པའི་ཆོས་རྣམས་ནི་རྣམ་གྲངས་མི་འགག་པ་རྣམས་ཏེ། དཔེ་སྒྱུ་མ་ནི་རྫས་ཀྱི་དངོས་པོ་དང་རྡེལ་དང་སྔགས་དང་མཁན་པོའི་ལག་གི་རྩོལ་བ་ལས། སྒྱུ་མའི་ཚོགས་རྟ་དང་གླང་པོ་དང་ཚོགས་སུ་སྣང་ནས་བདེན་པ་རྟག་པར་བཟུང་ཡང་། སྒྱུ་མ་མཁན་པོས་ལོ་རྒྱུས་ཤེས་པས་དངོས་པོར་གྲུབ་པ་མེད་པ་བཞིན། ཕྱི་ནང་གི་ཆོས་ཐམས་ཅད་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ། རྐྱེན་ལས་དང་ཉོན་མོངས་པས། འཁྲུལ་ངོ་ལ་དངོས་པོ་ལྟར་སྣང་ཡང་སེམས་ཉིད་རང་རིག་པའི་ངང་ལ་གྲུབ་པ་མེད་དེ་སྣང་སྟོང་གང་གི་ཡང་དངོས་གཞི་མ་དམིགས་པ་ནི། ངོ་བོ་ཉིད་ཀྱིས་གཞི་ནས་མ་གྲུབ་པས་སྣང་ཙམ་ཉིད་ན་རྫུན་པ་དང་། འོ་ན་སྣོད་བཅུད་ཡུལ་སེམས་བཟང་ངན་ལ་སོགས་པ་མིང་དང་ཚིག་ཏུ་བཏགས་ནས་བསྟན་པ་འདི་དག་ཇི་ལྟར་ཡིན། མིང་དང་ཚིག་ཏུ་བཏགས་པས་རྫུན། །ཞེས་པ་མིང་མ་གྲུབ་པ་ལ་མིང་དུ་བཏགས་པ་ཉིད་ཀྱིས་རྫུན་ཏེ། ཐུན་མོང་གི་ཐེག་པའི་དབང་དུ་བྱས་ན། ཀ་བ་ལྟ་བུའི་ཆོས་ཅན་གཅིག་ལ་ཀ་བ་ཞེས་པའི་མིང་གི་ཐ་སྙད་དེ་ཀ་བའི་ནང་དུའང་བཙལ་ན་མི་རྙེད། ཕྱིར་ཡང་མི་རྙེད། བར་ན་ཡང་མི་རྙེད་པས་ཀ་བའི་གདགས་གཞི་མ་གྲུབ། ཆོས་ཅན་ཐམས་ཅད་ལ་དེས་འགྲེ་སྟེ། མིང་དང་ཐ་སྙད་རྫུན་པའི་གཏན་ཚིགས་སོ། །གསང་སྔགས་འདི་ཉིད་ཀྱི་གཞུང་གིས་ཀ་བ་སྣང་བ་ཉིད། རིག་པ་རང་སྣང་བས་ཀ་བ་ཉིད་སྣང་ཙམ་ན་རིག་པ་ཆོས་ཀྱི་མཐའ་དང་བྲལ་བའི་བདག་ཉིད་དུ་དབྱེར་མེད་པས། སྣང་འཛིན་སྟོང་འཛིན་གང་ཡང་མ་དམིགས་ཡུལ་དང་ཡུལ་ཅན་རིག་པར་ལྷུན་གྱིས་གྲུབ་པས། མཉམ་པ་ཉིད་ཀྱི་ངང་ལ་ཀ་བའི་མིང་གི་ཐ་སྙད་ཀྱི་དེ་ཉིད་དུ་དག་པས་ཆོས་ཅན་དངོས་ཀྱི་མིང་དང་། དེས་མཚོན་པའི་ཚིག་གི་ཐ་སྙད་ཐམས་ཅད་སྒྲ་ཙམ་བཏགས་པ་ཙམ་ལས་མ་གཏོགས་པ་ངོ་བོ་ལ་གྲུབ་པ་མེད་པས་རྫུན་ཞེས་བྱ་སྟེ། བཏགས་པ་ཙམ་བྲག་ཅ་དང་མཚུངས་སོ། །དེའི་དབང་གིས། རྫུན་ཉིད་ལ་ནི་རྫུན་སྤྱོད་ཕྱིར། །ཞེས་པ། ཀུན་བརྟགས་ཀྱི་ཡུལ་གྱི་ཕྱི་ནང་གི་ཆོས་ཐམས་ཅད་ཀུན་རྫོབ་སྣང་ཙམ་ཉིད་ན་རང་བཞིན་མ་ཤེས་པས་སྒྱུ་མ་ལ་བདེན་པར་འཛིན་པ་ལྟ་བུ་བས་རྫུན་ཞེས་བྱའོ། །ཡུལ་དེ་ལྟ་བུ་ལ། རྫུན་སྤྱོད་ཕྱིར་ཞེས་པ་ཡུལ་ཅན་འགྲོ་བའང་རྫུན་ཏེ། དབང་པོ་དང་རྣམ་ཤེས་ཀྱི་འཛིན་བྱེད་ཀྱི་ཤེས་པ་ཇི་ལྟར་སྣང་ཡང་། སེམས་ཉིད་ཀྱི་ངང་ལས་དེ་དག་མ་གྲུབ་བཞིན་དུ་འཁྲུལ་པའི་ཤེས་པས་རྫུན་སྤྱོད་བདོ་བས་རྫུན་ཁོ་ན་ལས་མ་གཏོགས་པ་བདེན་པ་མ་དམིགས་ཏེ། བདེན་པ་ཆེན་པོའི་ངོ་བོ་ནི་སེམས་ཉིད་སྣང་སྟོང་གི་མཐའ་དང་བྲལ་བ་ཡིན་པ་ལ་མ་ཤེས་པའི་སྐྱོན་གྱིས་སོ། །དེས་ན་ཆོས་ཐམས་ཅད་རྫུན་དུ་ལྷུན་གྱིས་གྲུབ་པས་དེའི་ནང་དུ་རྩ་བ་བཞིའི་ངོ་རྫུན་ཞེས་བྱ་བ་ནི་ལོགས་སུ་བཏགས་པ་ཙམ་ཡང་ཡོད་པ་མ་ཡིན། དེ་ལྟ་བུའི་དོན་རྟོགས་པའི་རྣལ་འབྱོར་པས་དཔེར་ན་མི་ཆོས་བླ་མའི་རྫུན་སྨྲས་ཀྱང་འདུ་ཤེས་དང་བྲལ་བས་མི་གོས། གོས་པ་མེད་པས་རྫུན་དུ་སྨྲ་བའི་སྡོམ་པ་རྫོགས་པའོ། །མི་ཚངས་པར་སྤྱོད་པ་བསྟན་པ་ནི། མ་ཆགས་པ་ལ་ཆགས་པ་དང་། །ཞེས་པ་མ་ཆགས་པ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་ལ་རང་སྣང་གི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ཀྱང་འཁོར་བའི་ཐ་སྙད་ཀྱི་འཛིན་པའང་མ་དམིགས། མྱ་ངན་ལས་འདས་པའང་མ་དམིགས་མཐའ་དང་བྲལ་བ་ལ་ནི་མ་ཆགས་པ་ཞེས་བྱའོ། །གཞི་དེ་ལ། ཆགས་པ་དང་ཞེས་པ་རིག་པས་ཆོས་དེ་ཉིད་ཀྱི་གཏིང་ཕོལ་ཏེ་མངོན་དུ་བྱས་ནས་ཡུལ་སེམས་དབྱེར་མེད་པའི་དུས་སུ་དངོས་པོ་ཐམས་ཅད་དེ་ཉིད་དུ་ལྷུན་གྱིས་གྲུབ་པས་དགོངས་པ་དེ་ཉིད་རང་གསལ་བ་ལྷུན་གྱིས་གྲུབ་པ་མ་ཆགས་པའི་དགོངས་པ་ཞེས་བྱའོ། །ཆགས་པ་ཉིད་ནའང་ཆགས་པ་མེད། །ཅེས་པ་དོན་དེ་ལྟ་བུ་མ་རྟོགས་པས་ཕོ་མོ་གཉིས་སུ་ཞེན་པ་ནི་ལོག་པའི་འདོད་ཆགས་ཏེ། འདིར་གོང་མའི་ལྟ་བ་གཏིང་ཕོལ་བས་སྤྱོད་པའི་ངོས་ནས་གཉིས་ཞེན་པ་ལྟར་སྣང་ཡང་། སེམས་ཀྱི་ཡེ་ཤེས་སུ་གསལ་བས་གཉིས་སུ་འཛིན་པ་མེད་པའི་ལྟ་བ་དང་། སྤྱོད་པའི་ངོས་ནས་གསང་སྔགས་ཀྱི་ཐབས་ཀྱིས་ཟིན་པའི་མྱོང་བའི་རོ་དེ་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གསལ་བས་གོལ་ས་མེད་པའི་ཕྱིར། ཆགས་པ་ཉིད་ན་ཆགས་པ་མེད། །ཅེས་བྱའོ། །དེ་ནི་ཚངས་མཆོག་རྒྱལ་པོ་སྟེ། །ཞེས་པ་གོང་དུ་ལྟ་སྤྱོད་བསྒོམ་གསུམ་དབྱེར་མེད་པའི་གོལ་ས་དག་པའི་བདག་ཉིད་ནི། ཚངས་མཆོག །ཅེས་པས་ལམ་དང་ལམ་གྱི་གོལ་ས་དང་སྐྱོན་ཐམས་ཅད་དག་པས་ཚངས་ཞེས་བྱའོ། །མཆོག་ནི་མཐར་ཕྱིན་པ་འབྲས་བུའི་ངོ་བོ་སྟེ། རྒྱལ་པོ། ཞེས་པ་ལྟ་སྤྱོད་བསྒོམ་གསུམ་འཛོམ་པའི་རྣལ་འབྱོར་པས་སྤྱོད་པ་དངོས་སུ་མ་འགགས་པ་ཙམ་ནི་མྱ་ངན་ལས་འདས་པའི་མཐའ་ལས་རྒྱལ། དགོངས་པ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་ནི་འཁོར་བའི་མཐའ་ལས་རྒྱལ་ཏེ། ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །ཞེས་པ་ཤིན་ཏུ། ཞེས་པ་ནམ་མཁའ་ནམ་མཁའ་ལ་མི་འགྱུར་བ་དང་འདྲ་བར་རྟོགས་པ་མཐར་ཕྱིན་པའི་ངོ་བོ་སྟེ། དེས་ན་དེ་བཞིན་གཤེགས་པའི་ངོ་བོ་ཉིད་དེ། ཆགས་པ་ཆེན་པོ་ནི་འཁོར་འདས་ཡུལ་སེམས་སྣོད་བཅུད་ཐམས་ཅད་གཉིས་སུ་མེད་པ་རང་བྱུང་ཡེ་ཤེས་ཆེན་པོར་ལྷུན་གྱིས་གྲུབ་པའོ། །དེ་ལ་སྡོམ་པ་རྣམས་འདུས་ལ་རྫོགས་པའོ། །རྩ་བའི་དམ་ཚིག་ནི། བླ་མེད་མི་སྤང་བླ་མ་བཀུར། །ཞེས་པ་ལ་སོགས་པ། དམ་ཚིག་གི་རྣམ་གྲངས་བསྟན་པའི་སྐབས་ལས་འདིར་མདོར་བསྡུས་པ་སྟེ། བླ་མེད། ཅེས་པ་བྱང་ཆུབ་ཀྱི་སེམས་ཏེ། དེ་ལ་ཡང་ཀུན་རྫོབ་བྱང་ཆུབ་སེམས་དང་དོན་དམ་བྱང་ཆུབ་སེམས་གཉིས། དོན་དམ་བྱང་ཆུབ་སེམས་ནི་འཁོར་འདས་ཐམས་ཅད་རིག་པར་གསལ་བ་དེ་ཉིད་འཕགས་པའི་ནོར་བདུན་དང་ལྡན་པའོ། །ཀུན་རྫོབ་བྱང་ཆུབ་སེམས་ནི་དེ་ཉིད་མི་འགག་པར་སྣང་བ་ཕུང་ཁམས་སྐྱེ་མཆེད་རྣམས་ལྷའི་ངོ་བོར་གསལ་བ་སྟེ་ལྟ་བའི་ངོ་བོ་ཡིན་ལ་འདིར་བསྒོམ་པས་ཉམས་སུ་བླང་བའི་སྐབས་སུ་ཡི་དམ་ལྷའི་སྐུ་དཀྱིལ་འཁོར་གྱི་ངོ་བོ་སྣང་སྟོང་གཉིས་སུ་མེད་དེ། རིག་པ་དཀྱིལ་འཁོར་དུ་སྣང་། དཀྱིལ་འཁོར་རིག་པ་དབྱེར་མེད། བྱང་སེམས་རྣམ་གཉིས་གཅིག་ཏུ་བསྒོམ་པ་ཁོ་ན་སྟེ། བླ་མེད། ཅེས་པ་ངོ་བོ་བླ་ན་མེད་པ་ནི་འཁོར་འདས་དབྱེར་མེད་ཀུན་བཟང་པོ་ཉིད་སྣང་བ་དང་། ལམ་བླ་ན་མེད་པ་ནི་འབྲས་བུ་ཉིད་ལམ་དུ་བྱེད་པའི་ངོ་བོ་སྟེ་གོམས་པ་མཐར་ཕྱིན་པ་འབྲས་བུའོ། །མི་སྤང་བ་ནི་གོང་དུ་བཤད་པའི་ལྟ་བསྒོམ་གཉིས་ཀྱི་དོན་ལ་རྒྱུན་དུ་གནས་པའོ། །བླ་མ་ནི་རྡོ་རྗེ་སློབ་དཔོན་ཏེ་དེ་ལ་འདིར་ཉེ་བས་གསང་སྔགས་ཁོ་ན་བས། འདྲེན་པ་དང་། དབང་དང་། སྐོང་བ་དང་། ཤེས་རྒྱུད་དགྲོལ་བ་དང་། མན་ངག་དབོགས་པ་དང་ལྔ་སྟེ་གསལ་བཀྲར་བསྟན་པ་བཞིན་ནོ། །བཀུར་བ་ནི་སྒོ་གསུམ་གྱི་སྒོ་ནས་ཟོལ་སྒྱུ་མེད་པར་མཉེས་པའི་རྩལ་འབྱུང་བ་ཁོ་ནའོ། །བཀུར་ཐབས་རྒྱས་པ་ནི། དམ་ཚིག་གི་གཞུང་རྒྱས་པ་དང་། དགོངས་པ་འདུས་པ་ལ་སོགས་པར་ཤེས་སོ། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཅེས་པ་སྔགས་ནི་གསུམ་སྟེ། རྒྱུ་མ་ནོར་བའི་སྔགས་ནི་རུ་ལུ་འབྲུ་བརྒྱད་ལྟ་བུའོ། །བསྐྱེད་པ་རྐྱེན་གྱི་སྔགས་ཧཱུྃ་ཧ་ཧེའམ་སོ་སོའི་མིང་སྔགས་སོ། །བསྐུལ་བ་ལས་ཀྱི་སྔགས་ནི། ད་ཧ་དང་པ་ཙ་ལ་སོགས་པའི་ལས་སོ། །ཕྱག་རྒྱ་བཞི་སྟེ། སྐུ་ཕྱག་རྒྱ་ཆེན་པོ་ལྷའི་སྐུ་བསྒོམ་པའོ། །གསུང་ཆོས་ཀྱི་ཕྱག་རྒྱ་ནི་ས་བོན་བསྒོམ་པ་དང་ངག་གི་བཟླས་པའོ། །ཐུགས་དམ་ཚིག་གི་ཕྱག་རྒྱ་ནི། ཐུགས་མཚན་བསྒོམ་པ་དང་བཅའ་བ་དང་འཆང་བ་རྣམས་སོ། །འཕྲོ་འདུ་ཕྲིན་ལས་ཀྱི་ཕྱག་རྒྱ་ནི། ཏིང་ངེ་འཛིན་གྱི་འཕྲོ་འདུའི་སྐབས་ཐམས་ཅད་དོ། །རྒྱུ་གཅིག་པ་ནི་སྒྲུབ་པ་པོས། རབ་ཆུ་བོ་རྒྱུན་གྱི་རྣལ་འབྱོར། འབྲིང་ཐུན་དྲུག །དེ་རྩ་བའི་ཐུན་བཞི། ཐ་མའང་ཐུན་གཅིག་རྒྱུན་མི་ཆད་པའོ། །ཡང་དག་ལམ་དུ་ཞུགས་ལ་བྱམས། །ཞེས་པ་གྲོགས་ཀྱི་དམ་ཚིག་སྟེ། ས་མ་ཡ་བཀོད་པ་ན་གྲོགས་ལ་བཞིར་བཤད་ཀྱང་། འདིའི་གཞུང་དུ་ཉེ་བར་བཀོལ་བ་སྤྱིར་ཐེག་པ་ཆེན་པོའི་ནང་དུ་ཞུགས་པ་ཀུན་གྱི་ནང་དུ་ཡང་བཀྲི་དྲང་གི་ལམ་དང་བྲལ་བའི་ཡང་དག་པའི་ལམ་ནི། བུདྡྷ་ཀུན་གྱི་དགོངས་པ་གདུལ་བྱ་དབང་པོ་ཡང་རབ་ཀྱི་ངོ་ལ་སྣང་བ་ལྟ་བསྒོམ་དབྱེར་མེད་ཀྱི་ངོས་ནས་བསྐྱེད་རྫོགས་གཉིས་ཀྱི་དོན་གཅིག་ཅར་དུ་བསྒོམ་པ་རིག་པ་དཀྱིལ་འཁོར་དུ་སྣང་། དཀྱིལ་འཁོར་རིག་པར་དབྱེར་མེད་པའི་དོན་ཉམས་སུ་ལེན་པ་ནི་ཐེག་པ་འདི་ཉིད་ཀྱི་ཉེ་བའི་སྤུན་ཏེ། བྱམས་པ་ནི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་རྡོ་རྗེ་སློབ་དཔོན་དང་འདྲ་བར་བཀུར་བའོ། །སྤྱིར་སྐུའི་དམ་ཚིག་ལ་བླ་མ་གཙུག་གི་ཡིད་བཞིན་ནོར་བུ་རིན་པོ་ཆེ་བཞིན་དུ་བཀུར། མཆེད་གྲོགས་མིག་གི་འབྲས་བུ་བཞིན་དུ་བཙའ། ཞེས་གསུངས་སོ། །ཐུགས་ཀྱི་དམ་ཚིག་ནི། གསང་བ་དོན་ཕྱིར་སྨྲ་མི་བྱ། །ཞེས་པ་གསང་བ་ནི་བཅུ་སྟེ། སྤྱིར་གསང་བཞི། བར་གསང་བཞི། འོས་པ་དང་གཉེར་གཏད་པ་དང་གཉིས་ཏེ་བཅུའོ། །དོན་ཕྱིར་སྨྲ་མི་བྱ། །ཞེས་པ་འདིའི་དོན་ཏེ། ཁེ་གྲགས་ཆབ་སྐྱོམ་ང་མཁས་དང་། གཞན་གྱི་ངོ་དགའ་དང་། འཇིག་རྟེན་འདིའི་རེ་འདོད་གང་དང་གང་གི་དོན་དུ་གསང་བྱའི་ཡུལ་རྣམས་ལ་སྨྲ་བར་མི་བྱ་སྟེ། གསལ་བཀྲའི་གཞུང་བཞིན་དུ་རྒྱས་པར་ཤེས་པར་བྱའོ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །ཞེས་པ་གོང་དུ་བཤད་པའི་རྩ་བ་ལྔ་པོ་དེ་ལ་རྩ་བ་ཞེས་བྱ་སྟེ། དཔེར་ན་ཤིང་སྡོང་པོའི་རྩ་བ་མ་ཉམས་ན་ཡན་ལག་གཅིག་ཉམས་ཀྱང་གནོད་མི་ནུས་སླར་སོར་ཆུད་སླ། རྩ་བ་ཉམས་ན་ཡན་ལག་མ་ཉམས་ཀྱང་སྐམས་པ་དང་འདྲ་བར་ལྔ་པོ་དེ་མ་ཉམས་པར་ཡོད་ན་ལམ་དང་འབྲས་བུ་ཐམས་ཅད་དོན་དང་བཅས་པ་དང་། རྩ་བ་ལ་སྐྱོན་ཞིག་བྱུང་ན། ཡན་ལག་ཚང་བར་ཡོད་ཀྱང་། དེས་ལམ་འབྲས་གང་ཡང་དོན་མི་འབྱིན་པ་དང་། རྩ་བ་མ་ཉམས་ནས་ཡན་ལག་གཅིག་ཉམས་ན་སོར་ཆུད་སླ་བ་དང་། རང་བཞིན་གྱིས་ཉམས་པ་ཡང་སྲིད་པ་དང་། ཡན་ལག་རྣམ་གྲངས་རྒྱས་པ་རྣམས་རྩ་བའི་དམ་ཚིག་དེ་དག་ལ་སྣང་བས་རྩ་བ་ཞེས་བྱའོ། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་པ་སྔགས་དང་ཕྱག་རྒྱ་གཉིས་ནི་རྒྱུན་དུ་ཉམས་སུ་བླང་རྒྱུ་ཡིན་པས་བསྒྲུབ་པའི་དམ་ཚིག་ཅེས་བྱའོ། །སྐུ་གཉིས་ཐུགས་དང་གསུམ་ནི་ཡུལ་ལ་བསྲུང་བའི་བདག་ཉིད་ཡིན་པས་ཡུལ་གང་དང་གང་འཕྲད་པའི་ཚེ་བསྲུང་བ་ལས་མི་འདའ་བར་བྱའོ། །དེ་དག་རྒྱས་པར་དམ་ཚིག་གསལ་བཀྲ་ལྟར་ཤེས་པར་བྱ་སྟེ། དེར་གསལ་བས་འདིར་བསྡུས་པའོ། །ཡན་ལག་གི་དམ་ཚིག་ནི། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །ཞེས་པ་འདིར་གསང་སྔགས་ནང་པའི་དུག་ལྔ་མི་སྤང་བ་སྟེ། དངོས་པོ་རང་རྒྱུད་དུ་བཞག་ན་ནི་སོ་སོ་སྐྱེ་བོ་ཐ་མལ་པ་སྟེ། ས་མ་ཡ་བཀོད་པ་ལས། གཏི་མུག་འབྱེད་པའི་ཤེས་རབ་མེད་པ་ནི་དམ་ཚིག་ཉམས་པའོ། །འདོད་ཆགས་ཡུལ་དང་ཡུལ་ཅན་ཆགས་ཤིང་ཞེན་པ་ནི་དམ་ཚིག་ཉམས་པའོ། །ཞེ་སྡང་མནར་སེམས་དགུ་དང་ལྡན་པ་ནི་དམ་ཚིག་ཉམས་པའོ། །ང་རྒྱལ་རང་གི་ཉོན་མོངས་པས་ཁེངས་པ་ནི་དམ་ཚིག་ཉམས་པའོ། །ཕྲག་དོག་གཞན་གྱི་ཡོན་ཏན་ལ་སྨད་པར་འདོད་པ་ནི་དམ་ཚིག་ཉམས་པའོ་ཞེས་གསུངས་སོ། །འོ་ན་ཐེག་པ་མཆོག་གི་སྒོ་འདིར་དུག་ལྔ་མི་སྤང་བ་ཇི་ལྟར་བྱ་ཞེ་ན། རྒྱས་པའི་རྒྱུད་ལས་ཀྱང་། ཡང་དག་པའི་དུག་ལྔ་དང་ལོག་པའི་དུག་ལྔར་བསྟན། དེ་ལས་ལོག་པའི་དུག་ལྔ་ཉིད། རྒྱས་པའི་རྒྱུད་ཉིད་ལས། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱི་གཏན་ཚིགས་ཀྱིས་གཞིག་པས་གྲུབ་མཐའ་རང་རིག་པ་ཉིད་དུ་ལྷུན་གྱིས་གྲུབ་པས་དེ་ཉིད་མ་འགགས་པ་ནི་སྐུ། མ་དམིགས་པ་ནི་གསུང་། དབྱེར་མེད་པ་ནི་ཐུགས་སུ་ལྷུན་གྱིས་གྲུབ་པས། མཉམ་པ་ཉིད་རང་རིག་པར་ལྷུན་གྱིས་གྲུབ་པའི་ཡོན་ཏན་རང་སྣང་བ་དུག་ལྔ་གཟུགས་བརྙན་ཏེ། རིག་པ་ཉིད་ལས་གཞན་པར་གྱུར་པ་མེད་པ་ཉིད་དུ་ལྷུན་གྱིས་གྲུབ་པ་ནི། གསལ་བཀྲ་ནས་ཀྱང་། དུག་ལྔ་རང་རིག་རང་སྣང་ཕྱིར། །ཞེས་པ་དང་། ཉི་མའི་དཀྱིལ་ན་མུན་མེད་ལྟར། །ཡེ་ཤེས་རང་སྣང་མ་གཏོགས་པ། །ཉོན་མོངས་འཁོར་བ་ངང་གིས་མེད། །ཅེས་གསུངས་སོ། །དེས་ན་ཡང་དག་པའི་དུག་ལྔ་ལ་ལྟ་བའི་དུག་ལྔ་དང་སྤྱོད་པའི་དུག་ལྔའོ། །དེ་ལ་ལྟ་བའི་གཏི་མུག་ནི་གཉིས་སུ་མེད་པ་མཉམ་པ་ཉིད་ཀྱི་ངང་ལ་གཉིས་འཛིན་གྱི་ཐ་སྙད་དམ། རྒྱུ་འབྲས་ངང་གིས་མ་གྲུབ་པ་ནི་ཡང་དག་པའི་གཏི་མུག་གོ། །དེའི་ངང་ལ་ཕྱོགས་འཛིན་གྱི་ཆོས་རྩ་བ་ནས་དག་པ་ནི་ཞེ་སྡང་ངོ་། །རིག་པ་མཉམ་པ་ཉིད་ཀྱི་ངང་ལ་དབྱེར་མེད་པ་ནི་འདོད་ཆགས་སོ། །ཐེག་པ་འོག་མ་གང་གིས་ཀྱང་མ་རེག་པ་ནི་ང་རྒྱལ་ལོ། །ཐེག་པ་འོག་མའི་ལྟ་བ་གང་དང་ཡང་མ་འདྲེས་པ་ནི་ཕྲག་དོག་གོ། །སྤྱོད་པའི་དུག་ལྔ་ནི། བསྒྲལ་བའི་ཞིང་བཅུ་གསང་སྔགས་ཀྱི་ཕྲིན་ལས་ཀྱིས་ཚར་གཅོད་པ་ནི་ཞེ་སྡང་། ཐབས་ལམ་གྱིས་དངོས་པོ་ཡང་དག་པའི་ཡེ་ཤེས་མངོན་དུ་གསལ་བ་ནི་འདོད་ཆགས་སོ། །དམ་རྫས་ཀྱི་དངོས་པོ་ཅི་ལ་ཡང་རྣམ་རྟོག་མི་སྐྱེ་བ་ནི་གཏི་མུག་གོ། །དམ་མ་འདྲེས་པ་དང་། ཉམས་པའི་རྣམ་གྲངས་རྣམས་དང་ཚོགས་མི་བསྲེ་བ་ནི་ཕྲག་དོག་གོ། །ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པ་ནི་ང་རྒྱལ་ལོ། །ཡང་དག་པའི་འདོད་ཆགས་བཅུ་མི་སྤང་བ་ནི་ལམ་གྱི་ངོ་བོ་རྫོགས་པའོ། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་བཅུད་མི་དོར་རོ། །ཞེས་པ་རྫས་ཀྱི་དངོས་པོ་ནི་ཤེས་སླའོ། །དམ་རྫས་ཀྱི་དངོས་པོ་ལྔ་ལ་ངོ་བོ་ཉིད་ཀྱིས་གྲུབ་བཞིས་བརྒྱན་པ་སྟེ་རང་བཞིན་གྱིས་གྲུབ་པ། ངོ་བོས་གྲུབ་པ། མཐུས་གྲུབ་པ། བྱིན་གྱིས་བརླབས་ཀྱིས་གྲུབ་པ་བཞི་དང་ལྡན་པར་ཐེག་པ་འདི་དག་གི་སྒོར་ཞུགས་ཏེ། ལམ་ལ་གནས་པའི་རྣལ་འབྱོར་པས་དང་དུ་བླང་བ་སྟེ། དེ་ཡང་གཙང་དམེའི་རྟོག་པ་སྦྱང་བའི་ཕྱིར་ཡང་ཡིན་ཏེ། ཐེག་པ་འདི་ཉིད་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པས་སྤྱོད་པའི་དངོས་པོ་ནི་གཉིས་སུ་འཛིན་པ་དག་པར་བྱ་བ་ཁོ་ན་ཡིན་པས། དེའི་རྩ་བའང་གཙང་གཙོག་ཏུ་འཛིན་པ་རྟོག་པ་རགས་པས་དེ་དག་ཅིང་སྙོམས་ན་གཉིས་འཛིན་ཐམས་ཅད་དག་པར་འགྱུར་པའི་ཆེད་དུ་བླང་བ་དང་། ནད་ལྔ་བསལ་བ་ནི། བྱང་ཆུབ་སེམས་ཀྱིས་ཚ་ནད་སེལ། རཀྟས་འབྲུམ་ནད་སེལ། དྲི་ཆུས་དུག་ནད་སེལ། ཤ་ཆེན་གྱིས་གྲང་ནད་སེལ། དྲི་ཆེན་གྱིས་མཛེ་ནད་སེལ་བའོ། །ཐུན་མོང་གི་དགོས་པ་ནི། བྱང་ཆུབ་སེམས་ཀྱིས་བརྗིད་པའི་གཟུགས་ཐོབ། རཀྟས་བཀྲག་གསལ། དྲི་ཆུས་སྐད་སྙན། ཤ་ཆེན་གྱིས་མཐུ་ཆེ། དྲི་ཆེན་གྱིས་ཚེ་རིང་བའོ། །རིགས་ལྔར་གྲུབ་པ་ནི། བྱང་སེམས་རྡོ་རྗེ་སེམས་དཔའ་དཀར། །དྲི་ཆེན་གསེར་མདོག་རྣམ་སྣང་མཛད། མཱཾ་ས་རིན་ཆེན་འབྱུང་ལྡན་སྔོ། །རཀྟ་སྣང་བ་མཐའ་ཡས་དམར། །དྲི་ཆུ་དོན་ཡོད་གྲུབ་པ་ལྗང་། །ཞེས་པས་དེ་དག་གྲུབ་པའི་དགོས་པས་ནང་པའི་རྣལ་འབྱོར་པས་རྒྱུན་དུ་སྤྱད་པར་བྱའོ། །ཡན་ལག་བཅུའི་དམ་ཚིག་ཅེས་བྱ་བ་ནི། རྩ་བ་ལྔ་མ་ཉམས་པ་ལས་འདི་དག་འབྱུང་ཞིང་འབྲས་བུ་བུདྡྷ་བསྒྲུབ་པའི་གྲོགས་ཆེར་བྱེད་པས་ཡན་ལག་ཅེས་བྱ་བ་དང་། རྩ་བ་བཤད་པའི་སྐབས་སུ་ཡང་རྒྱས་པར་བཤད་དོ། །དེ་ནས་དག་མཉམ་རྟོགས་པས་སྤྱད། །ཅེས་པ་ཆོས་ཐམས་ཅད་ཡེ་ནས་དག་པ་གསུམ་མཉམ་པ་བཞི་ཚོགས་ཀྱི་སྐབས་སུ་བཤད་པ་ལྟར། དོན་དེ་ལས་མི་འདའ་བར་དེ་དག་རྟོགས་པའི་རྣལ་འབྱོར་པས་དངོས་སུ་སྤྱོད་པ་དང་། རྟོགས་པར་འདོད་པས་སྤྱད་པ་གཉིས་ཏེ། རྟོགས་པ་མངོན་དུ་གྱུར་པའི་རྣལ་འབྱོར་པས་སྤྱད་པ་ནི་བྱས་འཛིན་མེད་པར་སྤྱོད་པ་གཞུང་དུ་ཆུད་པའི་བདག་ཉིད་དོ། །དག་མཉམ་རྟོགས་པར་འདོད་པས་སྤྱད་པ་ནི་དང་པོ་ཏིང་ངེ་འཛིན་ཙམ་ལ་བརྟེན། དེ་ནས་རིམ་གྱིས་བློའི་རྟོགས་པ་དང་སྦྱར་ནས་ལྟ་སྤྱོད་མགོ་མཉམ་པར་བྱའོ། །ཡོང་ཉོན་མོངས་པ་ལྔ་ནི་དག་རྟོགས་ཀྱི་སྒོ་ནས་རྟོགས་པར་བྱས་ལ་བདུད་རྩི་ལྔ་ནི་སྤྱད་པ་ལས་མི་འདའ་བའི་དམ་ཚིག་གོ། །ཉམས་པ་སྐྱོན་གྱི་སྒོ་ནས་འདའ་བར་དཀའ་བ་བསྟན་པ་ནི། བསྲུང་ཞིང་སྒྲུབ་པའི་དམ་ཚིག་ལྔ། །ཞེས་པ་བསྲུང་བའི་དམ་ཚིག་ནི་བླ་མ་དང་གྲོགས་པོ་ཐུགས་ཀྱི་དམ་ཚིག་གསང་བ་བཅུའོ། །སྒྲུབ་པའི་དམ་ཚིག་ནི། སྔགས་གསུམ་ཕྱག་རྒྱ་བཞི། ཡི་དམ་གྱི་ལྷའི་སྒོམ་བཟླས་སོ། །ཉམས་སུ་བླང་ཞིང་བསྲུང་བ་ལས་མི་འདའ་བས་དམ་ཚིག་སྟེ། ལྔ་ནི་སྐུའི་གཉིས་ཐུགས་དང་གསུམ་བསྒྲུབ་པའི་དམ་ཚིག་གཉིས་སོ། །རྩ་བ་ཡིན་ཏེ་རིགས་མེད་འགྱུར། །ཞེས་པ། དཔེར་ན་ཤིང་སྡོང་པོ་ཆེན་པོའི་རྩ་བ་ལས་ཡལ་ག་ཐམས་ཅད་སྐྱེ་ཞིང་འདུས་པ་འདྲ་ལ། རྩ་བ་ཉམས་ན་ཡལ་ག་དང་བཅས་པ་བརླག་པ་དང་འདྲ་བར་རྩ་བ་ཉམས་ན་རྡོ་རྗེ་དམྱལ་བར་འགྲོ་ཞིང་བྱང་ཆུབ་ཀྱི་རིགས་གཏན་ཆད་དེ་ཡུན་རིང་མོ་ལ་འགྱངས་པ་རུ་དྲ་བཞིན་ནོ། །མི་སྤང་མི་དོར་ལྔ་གཉིས་ནི་ཡན་ལག་དམ་ཚིག་འདའ་དཀའོ་ཞེས་པའོ། །མི་སྤང་བ་ནི་དུག་ལྔ། མི་དོར་བ་ནི་བདུད་རྩི་ལྔ། ལྔ་ཚོ་གཉིས་པོ་ནི་ཉམས་སུ་བླང་བའི་ཐབས་ཀྱི་གོང་དུ་བཤད་པ་རྣམས་དང་མ་ལྡན་ན་དམ་ཚིག་གི་ཡན་ལག་ཡིན་པས་འབྲས་བུ་གཏན་མི་ཐོབ་པ་ལ་མི་གནོད། བྱང་ཆུབ་ལས་ཡུན་རིང་འགྱངས་པས་འདའ་བར་དཀའོ་ཞེས་བྱའོ། །འདི་ལ་སློབ་དཔོན་སྒེག་པའི་རྡོ་རྗེས། ལོག་དུག་ལྔ་ཉན་ཐོས་ལྟར་སྤང་བ་ནི་ཉན་ཐོས་ལྟར་འགྱུར་ཏེ། གསང་སྔགས་སུ་ཞུགས་ནས་ཉན་ཐོས་ལྟར་སྤྱོད་པས་ལམ་ནོར་བ་སྟེ་གཉིས་སུ་མེད་པའི་མཉམ་པ་ཉིད་ལྟ་བའི་ཀློང་མ་རྟོགས་ཏེ་ལྟ་བ་ལས་ཉམས་སོ། །ཡང་དག་པའི་དུག་ལྔ་སྤང་བ་ནི། ལྟ་བ་སྤངས་པས་རང་དོན་མི་འགྲུབ། སྤྱོད་པ་སྤངས་པས་གཞན་དོན་མི་འགྲུབ་པ་སྟེ་ལྟ་སྤྱོད་ཡ་ཆ་བས་བྱིན་རླབས་མེད་པར་འགྱུར་རོ། །དམ་རྫས་ལྔ་སྤང་བ་ནི། ཀྲི་ཡ་ལྟར་འགྱུར་བས་ལྟ་བ་དང་སྤྱོད་པ་མ་འབྲེལ་ཏེ་འབྲས་བུའི་ཐེག་པ་འདིར་མི་ཆུད་པ་ཁོ་ནའོ། །དེའི་ཕྱིར་ན་འདའ་བར་དཀའ་བ་ཞེས་སྨོས་སོ། །མཉམ་པའི་དམ་ཚིག་སྐྱོན་དང་བཅས་པ་ནི། མདོར་བསྡུ་ན་དམ་ཚིག་གཅིག་གཅིག་པ་འདི་ཉིད་དུའང་བསྟན་པ་ཡིན་ཏེ། མཉམ་ལ་མཉམ་པར་སྦྱོར་བ་ཡི། །ཞེས་པ་མཉམ་པ་ནི། ཕྱིའི་འབྱུང་བ་ལྔ་ཡུམ་ལྔར་མཉམ། ནང་ཕུང་པོ་ལྔ་རིགས་ལྔར་མཉམ། བར་རྣམ་པར་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་མཉམ་པ་སྟེ། དེའི་བྱེ་བྲག་ཞིབ་པ་རྣམས་ནི་ལེའུ་གསུམ་པར་བཤད་ཟིན་ཏོ། །དེ་ནི་ཆོས་ཐམས་ཅད་ཀྱི་ཡིན་ཚུལ་ལམ་གནས་ཚུལ་ཡིན་ལ། མཉམ་སྦྱོར་བའི། ཞེས་པ་རྟོགས་ཚུལ་ཏེ་ཡིན་པའི་དོན་ལ་ལུང་ཟབ་མོ་དང་། བླ་མ་དམ་པའི་མན་ངག་གིས་རྣལ་འབྱོར་པས་ཉམས་སུ་ལོན་ཏེ། རིག་པ་དེ་ཉིད་དུ་གྱུར་ནས་ཐ་སྙད་ཀྱི་རྗེས་སུ་བློ་འབྲང་བ་མ་ཡིན་ཏེ། ཡུལ་དང་ཡུལ་ཅན་མེད་པར་རྟོགས་པ་གསལ་བ་ནི་སྦྱོར་བའོ། །དེ་ལྟ་བུའི་དོན་དེ་ལ་ནི་མཉམ་པའི་དམ་ཚིག་ཅེས་བྱ་སྟེ། ཆུ་གཤེར་བ་ལས་མི་འདའ་བ་དང་འདྲ་བར་དུས་གསུམ་གྱི་བུདྡྷ་ཡང་དེ་ལས་མི་འདའ་བས་རྟོགས་པ་མཐར་ཕྱིན་པའི་དམ་ཚིག་ཡིན་ཚུལ་གྱི་ངོས་ནས་ཆོས་ཐམས་ཅད་ཀྱང་དེ་ལས་མི་འདའ་བས་ངོ་བོ་ཉིད་ཀྱི་དམ་ཚིག །རྣལ་འབྱོར་པས་ཀྱང་དེ་ལྟར་རྟོགས་ནས་འདའ་བྱ་འདའ་བྱེད་མེད་པ་ནི་ལྟ་བའི་དམ་ཚིག་སྟེ། ལ་གནས། ཞེས་པ་དེ་ལྟ་བུའི་ངང་ལ་ལྟ་བས་རྟོགས་ཏེ་ཏིང་ངེ་འཛིན་གྱིས་གོམས་པ་ལ་གནས་ན་འབྲས་བུ་ནི། མཉམ་རྫོགས་ཆེན་པོ་ཐོབ་འགྱུར་བས། །ཞེས་པས་འཁོར་འདས་མཉམ་པ་ཉིད་ཀྱི་དགོངས་པ་མཐར་ཕྱིན་ནས། ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཕྱི་ནང་གི་ཆོས་ཐམས་ཅད་རང་སྣང་ཀུན་ཏུ་བཟང་པོའི་ངོ་བོ་ཉིད་དུ་རྫོགས་པས་སྤང་བྱའི་ཆོས་མ་དམིགས་པ་བླང་བྱ་ཡང་མ་གྲུབ་སྟེ། འཁོར་འདས་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཆེན་པོ་ཐོབ་པར་འགྱུར་བས། འདས་ན་སངས་རྒྱས་མ་ཡིན་ནོ། །ཞེས་པ་མཉམ་པ་ཉིད་ཀྱི་དམ་ཚིག་འདི་ཉིད་ལས་འདས་ན་ཉམས་པའི་སྐྱོན་ཡིན་པས་འཁོར་བ་ལས་མི་འདའ་བས་བུདྡྷ་མ་ཡིན་ནོ་ཞེས་བྱའོ། །འདས་ན་བྱ་བ་དེ་ཉིད་ལས་བུདྡྷ་ལོགས་སུ་མི་རྙེད་དེ། དེ་བཞིན་གཤེགས་པ་ཡང་འདིའི་ངོ་བོ་ཉིད་ལས་མི་འདའ་བར་བཞུགས་པའི་ཕྱིར། སྐྱེས་བུ་གང་ཞིག་བདག་ཉིད་ཆེན་པོ་ལས་མ་གཏོགས་པ་བུདྡྷ་ལོགས་སུ་མཐོང་བ་གཅིག་ཐོབ་པར་འདོད་པ་ནི་འདི་ཉིད་ལས་གོལ་བའོ། །ཉམས་པ་དང་འགྲོགས་པའི་སྐྱོན་བསྟན་པ་ནི། རྩ་བ་ཉམས་པའི་ཕྱལ་བ་དག །ཅེས་པ་སྐྱེས་བུ་གང་ཞིག་དབང་མནོས་དམ་ཚིག་དང་ལྡན་བསྒྲུབ་པ་ཉམས་སུ་ལོན་པ་ཡང་མནོལ་བའི་རྐྱེན་གྱིས་རྩ་བའི་དམ་ཚིག་ཉམས་ཏེ། ཕྱལ་བ་ནི་དམ་ཚིག་ལ་ཆེད་དུ་གནས་པའི་བསམ་པ་མེད་པའོ། །དག་ནི་རྟེན་གྱི་གང་ཟག་གསང་སྔགས་ནི་ཉན་ཐོས་དང་མི་འདྲ་བས་དམ་ཚིག་ཉམས་ཀྱང་། སླར་གཞུང་བཞིན་དུ་གསོལ་བ་ལ་བརྩོན་ན། གསེར་དངུལ་གྱི་སྣོད་ཞོམ་པ་བཅོས་པ་དང་འདྲ་བར་སླར་ཉམས་པ་སོར་ཆུད། དེའི་ཐོག་ཏུ་སྒྲུབ་པར་ཡང་འོང་བ་ལྟ་བུ་ཡིན་པས་ཡོན་ཏན་ཆེ་བ་ལ། གསོ་བ་ལ་ཉེ་བར་མི་བརྩོན་ནས་ཕྱལ་བར་བཏང་ན་ཉམས་པ་ཅན་དེ་དང་། དམ་ཚིག་ཅན་ཡུན་ཐུང་བའི་ཚད་སྐད་ཅིག་ཡུད་ཙམ་ཡང་འཕྲད་པར་མི་བྱེད་ན། ཡུན་རིང་མོར་གཏམ་སྨྲ་བ་ལྟ་ཅི་སྨོས། ཉམས་འགྱུར་ཉེས་པ་བརྗོད་མི་ལང་། །ཞེས་པ་དམ་ཚིག་ཉམས་པའི་ཉེས་པ་ནི། ཚེ་འདི་དང་ཕྱི་མ་བསམ་གྱིས་མི་ཁྱབ་པ་ས་མ་ཡ་བཀོད་པ་དང་། དམ་ཚིག་གི་གཞུང་རྣམས་ཅི་ཙམ་ཡང་བསྟན་པ་ཤེས་པར་བྱའོ། །དགོངས་པ་འདུས་པ་ལས་ཀྱང་། རྣལ་འབྱོར་མ་རུང་གཅིག་གིས་ནི། །རྣལ་འབྱོར་ཀུན་འདུས་མ་རུང་འགྱུར་། །ཞེས་གསུངས་སོ། །ཡང་མན་ངག་ལས་ཀྱང་། རྟེལ་རིང་རྔོན་ཅན་གྱིས་ཡོ་མ་ཁྱུ་ཕྱུང་། འོ་མ་རུལ་བ་ཐིགས་གཅིག་གིས་ཕུ་ཏག་ཟངས་གང་མ་རུང་པར་འགྱུར་པ་ལ་སོགས་པའོ། །རྩ་བ་ཉམས་པའི་སྐྱོན་ནི། རྩ་བའི་དམ་ཚིག་ཉམས་འགྱུར་ན། །ཞེས་པ་ལ་སོགས་པ། རྩ་བ་ནི་བཤད་པ་ལྔ་པོའི་དམ་ཚིག་སྟེ། རྡོ་རྗེ་སློབ་དཔོན་ལ་ཉམས་ནས་འགལ་བའམ། གྲོགས་པོ་ལ་ཉམས་ཏེ་འགལ་བའམ། གསང་བའི་དམ་ཚིག་རྣམས་སྣོད་མིན་ལ་བཤད་པའི་སྔགས་དང་ཕྱག་རྒྱའི་རྒྱུན་བཅད་ནས་ཕྱལ་བར་བཏང་ན་སྒོམ་སྒྲུབ་ལས་འགྱངས་ཏེ། ཡི་དམ་ཕྱལ་བར་དོར་ན། བསྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཞེས་པ་སྤྱིར་རྩ་བའི་དམ་ཚིག་ཉམས་ན་བསྒྲུབ་པ་ལ་ཚིག་འབྲས་བུ་མེད་པར་འགྱུར། འཇིག་རྟེན་འདིའི་བསྒྲུབ་པ་ཐམས་ཅད་ཀྱང་མི་འགྲུབ་སྟེ་ལོག་པར་འགྱུར། གཞན་ཡང་ཡིད་ལ་མི་འདོད་པ་ཐམས་ཅད་འདུས་ཏེ། མཛེ་དང་འབྲས་དང་ཕོལ་མིག་དང་ལྷོག་པ་དང་མི་འདོད་པའི་ནད་འོང་། ལོ་ཉེས་སད་སེར་ལ་སོགས་པས་ཁྱེར། རིགས་རྒྱུད་ཆད་པ་ལ་སོགས་ཏེ་དམ་ཚིག་ཉམས་པའི་འབྲས་བུ་ཡིད་དུ་མི་འོང་བ་ཐམས་ཅད་འདུ་བར་འགྱུར་རོ། །བསྒྲུབ་པའི་དམ་ཚིག་ཉམས་ན་དགྲ་ལ་མཐུ་བྱས་ཀྱང་མཐུ་མི་འོང་། སླར་བཀྲ་ཤིས་པར་འགྱུར། བགེགས་ལ་མཐུ་བྱས་ཀྱང་བྱིན་རླབས་མི་འོང་སྟེ་སླར་རང་ལ་གནོད་པར་འགྱུར་རོ། །སྐྱོན་དེ་ལྟར་ཆེ་བས་བཤགས་པ་གལ་ཆེ་སྟེ། སློབ་དཔོན་དང་སྤུན་ལ་ཉམས་ན་ཡོ་བྱད་ཚོགས་ཚད་ལ་སོགས་པ་ཕུལ་ལ་གང་ཉམས་པའི་གནས་སུ་བཤགས་ཏེ་གནས་སུ་དག་པར་བྱའོ། །ཡི་དམ་གྱི་སྔགས་རྒྱ་ཉམས་ན་བསྒྲུབ་པ་ཆེན་པོ་ལན་གསུམ་གྱིས་བཤགས་ནས་བསྒྲུབ་པས་སོབས་ཀྱི་བར་དུ་གསོའོ། །གསང་བ་ཐུགས་ཀྱི་ཉམས་ན། ཐུགས་ཀྱི་དམ་ཚིག་ཉམས་པ་ན་ལྟ་བ་དང་ཏིང་ངེ་འཛིན་གྱིས་ཤེས་རབ་ཆེན་པོའི་ངང་དུ་གསོ། སྐྱོན་ཆེ་བས་གསོ་བ་ལ་འབད་པར་བྱའོ། །ཡན་ལག་གི་དམ་ཚིག་ཉམས་པ་ནི། ཡན་ལག་དམ་ཚིག་ཉམས་འགྱུར་ན། འབྲས་བུ་མེད་ཅིང་ངན་སོང་ལྟུང་། །ཞེས་པ། ཡན་ལག་ལྔ་ཚོ་གཉིས་ཉམས་པ་ནི། ཡང་དག་དུག་ལྔ་མ་རྟོགས་པ་དང་། ལོག་པའི་དུག་ལྔ་ཡུལ་དུ་བྱས་ནས་སྤང་བ་དང་། བདུད་རྩི་ལྔ་ལྟ་བསྒོམ་གྱིས་ཉམས་སུ་མ་བླངས་ཏེ་ཕྱལ་བར་བོར་ན། ཅི་བསྒྲུབ་པ་ཐམས་ཅད་ལ་འབྲས་བུ་མེད་ཅིང་ཡན་ལག་བཅུའི་དམ་ཚིག་ཐུན་མོང་ཁ་ཐག་ཉེ་བ་ཡིན་པས་ཉམས་ན་དེ་དག་མེད་པ་དང་། ཚེ་ཕྱི་མ་ལ་དམྱལ་བ་ཕལ་པ་ལ་སོགས་ཏེ་ངན་སོང་གསུམ་དུ་སྐྱེ་བར་འགྱུར་རོ། །གཏན་ཚིགས་དེས་ན། དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཞེས་པ་དམ་ཚིག་གི་རང་བཞིན་བསྟན་ཏེ། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་གོང་དུ་བསྟན་པ་རྣམས་མཉམ་པ་ཉིད་སེམས་ཀྱི་ཆོས་ཉིད་དུ་དབྱེར་མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་དང་། བུདྡྷས་ཀྱང་འདའ་བར་དཀའ་སྟེ་རང་བཞིན་ཡིན་པས་དེའི་དོན་གྱིས་འདའ་བར་དཀའ་བས་ན་རྡོ་རྗེ་དང་། རྣལ་འབྱོར་པས་ཀྱང་མ་འདས་ན་བུདྡྷ་ལ་སྦྱོར་བས་མི་འགྱུར་བ་རྡོ་རྗེ་དང་། ཡང་ན་ཉེས་པ་ཆེ་སྟེ་ངན་སོང་གསུམ་ལས་ཐོན་དཀའ་བས་རྡོ་རྗེ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་དང་། རྣལ་འབྱོར་པས་ཉམས་སུ་བླང་བའི་ལམ་དང་། དུས་གསུམ་གྱི་བུདྡྷ་མ་ལུས་པའི་ངོ་བོ་ཉིད་ཀྱི་ཕྱིར་རྡོ་རྗེ་ཆེ་ཞེས་བྱ་སྟེ། བུདྡྷ་ཀུན་གྱི་བདག་ཉིད་ཡིན། །ཞེས་པ་དུས་གསུམ་གྱི་བུདྡྷའི་ཐུགས་རྗེ་ཆེན་པོ་སྐལ་བ་མཆོག་གི་སྐྱེས་བུའི་བློ་ལ་དམ་ཚིག་ཏུ་སྣང་སྟེ། མ་ཉམས་ན་བུདྡྷར་སྦྱོར་བས་བདག་ཉིད་ཡིན། །ཞེས་བྱའོ། །དམ་ཚིག་སུམ་བརྒྱ་དྲུག་ཅུར་དབྱེ་བ་ནི། རྩ་བའི་དམ་ཚིག་ལྔ་ལ་ནི། །ཞེས་པ་ལྔ་ནི་བླ་མེད་མི་སྤང་བ་དང་། བླ་མ་བཀུར་བ་དང་། ཡང་དག་ལམ་དུ་ཞུགས་ལ་བྱམས་པ་གྲོགས་པོ་ལ་བསྲུང་བ་དང་། གསུང་གི་དམ་ཚིག་སྔགས་དང་ཕྱག་རྒྱ་དང་། ཐུགས་ཀྱི་དམ་ཚིག་གསང་བ་བཅུ་དང་ལྔའོ། །ནི། ཞེས་པ་དབྱེ་གཞིར་གཞག་པའོ། །གཅིག་ལའང་གཉིས་དང་ཞེས་པ། བླ་མེད་མི་སྤང་ཞེས་པ་ལྟ་བུ་གཅིག་ལ། གཉིས་ནི་ཐབས་དང་ཤེས་རབ་གཉིས་སུ་དབྱེ་སྟེ། ཡི་དམ་ལྷའི་སྐུ་གསལ་ལ་མ་འགགས་པ་ཐབས་སྣང་ཙམ་ཉིད་ན་མེ་ལོང་གི་གཟུགས་བརྙན་ལྟར་མཚན་ཉིད་ཐམས་ཅད་དང་བྲལ་བའི་ཆོས་ཉིད་ནི་མ་དམིགས་པ་ཤེས་རབ་བོ། །དང་གི་སྒྲས་དབྱེ་བ་གཞན་ཡང་སྡུད་དེ། ཐབས་དང་ཤེས་རབ་གཉིས་ཀྱི་ཐབས་ཡི་དམ་ལྷའི་སྐུ་མ་འགག་པ་ལ་ཡང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་ལྡན་ཏེ། སྐུ་མ་འགགས་པར་སྣང་བས་ཐམས་ཅད་ཀྱི་རྟེན་བྱེད་པའི་ངོས་ནས་སྐུ་ཞེས་བྱ་ལ། དེ་ཉིད་རིགས་ལྔའི་དབང་དུ་བྱས་ཀྱང་སྐུའི་རིགས་རྣམ་པར་སྣང་མཛད་གསལ་བ་རང་སྣང་བའི་ངོ་བོའོ། །དེ་ཉིད་ལ་གསུང་རྫོགས་ཏེ་ཡི་དམ་གྱི་ལྷར་གསལ་བའི་ངོས་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་མཚོན་ཞིང་བརྡ་སྤྲོད་པར་བྱེད་པ་སེམས་ཉིད་སྟོང་པ་ཉིད་ཀྱི་ངང་ལས་མ་གཡོས་ཏེ་དངོས་པོ་དང་བྲལ་བ་གསུང་ཡིན་ལ། དེ་ཉིད་རིགས་ལྔ་ལས་གསུང་གི་རིགས་སྣ་ཚོགས་སྣང་བ་མཐའ་ཡས་ཏེ། གསུང་མི་འགག་པར་མཚོན་ཞིང་བརྡ་སྤྲོད་པ་ལྟར་སོ་སོར་རྟོགས་པའི་ཡེ་ཤེས་མཁྱེན་པ་མི་འགག་པས་གདུལ་བྱའི་རྒྱུད་མ་ལུས་པ་ཐམས་ཅད་གསལ་བར་བརྡ་སྤྲོད་པའོ། །ཡི་དམ་ལྷའི་སྐུ་མ་འགག་པ་ཉིད་ལ་ཐུགས་རྫོགས་ཏེ། ཐུགས་ནི་ཡི་དམ་ལྷའི་རང་བཞིན་སྣང་སྟོང་གི་མཚན་མ་ཐམས་ཅད་དང་བྲལ་ཞིང་ཆོས་ཐམས་ཅད་ལ་ཁྱབ་ཀྱང་ཁྱབ་བྱ་ཁྱབ་བྱེད་མེད་ལ་རྐྱེན་ཅིས་ཀྱང་དུས་གསུམ་དུ་འགྱུར་བ་མེད་པའོ། །དེ་ཉིད་རིགས་ལྔ་ན་ཐུགས་རྡོ་རྗེ་སེམས་དཔའ་སྟེ། ཐུགས་བཤད་པའི་ངོ་བོ་ཉིད་དབྱེར་མེད་ཅིང་དུས་གསུམ་དུ་མི་འགྱུར་བས་རྡོ་རྗེ་ལ་སྟོང་པ་ཕྱོགས་གཅིག་པའི་མཐའ་དང་བྲལ་ཏེ་རང་གསལ་བ་སྤྲོས་མཐས་མ་གོས་པ་ནི་སེམས་དཔའོ། །ཡི་དམ་ཐབས་མ་འགགས་པ་དེ་ཉིད་ལ་ཡོན་ཏན་རྫོགས་ཏེ། ཡོན་ཏན་གྱི་ངོ་བོ་ནི་རང་སྣང་བས་གདུལ་བྱའི་དོན་དུ་འགྱུར་བ་སྟེ། ཡི་དམ་གྱི་སྐུ་སེམས་ཉིད་དུ་གསལ་བསྒོམ་པས་རྣལ་འབྱོར་པའི་ལམ་རྫོགས་ཏེ། མ་འགགས་པ་བསོད་ནམས། མི་འཛིན་པ་ཡེ་ཤེས་ཏེ་ཚོགས་གཉིས་ཅིག་ཅར་རྫོགས་ལ། དེའི་ཡོན་ཏན་གྱིས་རྣལ་འབྱོར་པས་ལམ་མཐོ་དམན་གྱི་བྱེ་བྲག་གིས་བདག་གཞན་གྱི་དོན་རིམ་པ་བཞིན་སྣང་བ་ཡོན་ཏན་ནོ། །དེ་ལ་རིགས་ལྔ་ལ་ན་ཡོན་ཏན་གྱི་རིགས་རིན་ཆེན་འབྱུང་ལྡན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྟོག་པ་མེད་ཀྱང་དགོས་འདོད་སྐོང་བ་ཟད་ཅིང་མཐར་ཐུག་པ་མེད་པ་བཞིན། བུདྡྷའི་ཡོན་ཏན་ཡང་དེ་དང་འདྲ་བས་རིན་ཆེན་འབྱུང་ལྡན་ནོ། །ཡི་དམ་ལྷའི་སྐུ་མ་འགགས་པ་ལ་ཕྲིན་ལས་རྫོགས་ཏེ། ཕྲིན་ལས་ནི་ཡི་དམ་ལྷའི་སྐུ་གསལ་བ་ཉིད་ཀྱིས་ལམ་དང་འབྲས་བུའི་དགོས་པ་ཐམས་ཅད་སྐོང་ཞིང་། མཆོག་དང་ཐུན་མོང་དངོས་གྲུབ་འགྲུབ་ལ། རྣལ་འབྱོར་པས་ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་བདག་གཞན་གྱི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པའོ། །རིགས་ལྔ་ལ་དོན་ཡོད་གྲུབ་པ་སྟེ། ཕྲིན་ལས་ཀྱི་ངོ་བོ་ཐམས་ཅད་བདག་གཞན་དོན་ལྷུན་གྱིས་གྲུབ་པ་ལ་བྱ་བྱེད་ཀྱི་རྩོལ་བ་མི་མངའ་སྟེ། བདག་འཛིན་མ་དམིགས་པའི་དོན་གྱིས་སོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ། རིགས་ལྔ་ནི་དང་གི་སྒྲས་བསྡུས་སོ། །བཅུ་ཕྲག་གསུམ། ཞེས་པ་ལྔ་པོ་རེ་རེ་ཡང་སྐུ་གསུང་ཐུགས་གསུམ་དང་ལྡན་ཏེ། བཅུ་ཕྲག །ཅེས་པ་ནི་ཐབས་ཀྱི་ངོས་ནས་ལྔ། ཤེས་རབ་ཀྱི་ངོས་ནས་ལྔ་དང་བཅུའོ། །སྐུ་གསུང་ཐུགས་གསུམ་ལ་ཡང་གཅིག་ལ་ཉེ་བར་བཟུང་ན། གོང་དུ་བཤད་པའི་སྐུ་ལྔ་ལ་དངོས་པོ་མ་འགགས་པར་སྣང་ཞིང་ཡོན་ཏན་གྱི་རྟེན་དུ་གྱུར་པས་སྐུ། སྐུ་སྣང་ཙམ་ན་མཚན་ཉིད་གང་དུ་ཡང་མ་གྲུབ་ཅིང་བརྡ་སྤྲོད་པའི་མཚན་ཉིད་དང་ལྡན་པས་གསུང་། སྐུ་དང་གསུང་གཉིས་སྣང་སྟོང་དབྱེར་མེད་པ་ཆུ་དང་གཤེར་བ་ལྟར་སྐད་ཅིག་ལ་རྫོགས་པ་ནི་ངོ་བོ་གང་དུ་ཡང་མ་གྲུབ་དུས་གསུམ་དུ་འགྱུར་བ་མེད། གཉེན་པོ་དང་བྲལ་བས་ཐུགས་སོ། །དེ་ལྟར་གསུང་ལ་ཡང་གསུམ་རྫོགས་ཏེ། གསུང་གི་ངོ་བོ་ཙམ་དུ་མ་འགགས་པ་གོང་བཞིན་རྟོགས་ཏེ་མངོན་དུ་གྱུར་བཏུབ་པ་ནི་སྐུའོ། །དེ་ཙམ་ཉིད་ན་མཐའ་ཐམས་ཅད་དང་བྲལ་ཞིང་རང་གསལ་མི་འགག་པ་ནི་གསུང་ངོ་། །དེ་གཉིས་དབྱེར་མེད་པ་ནི་བཤད་པ་བཞིན་ཐུགས་ཏེ་གསུམ་རྫོགས་སོ། །དེ་བཞིན་དུ་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ལའང་ཤེས་པར་བྱའོ། །དེས་ན་ཡི་དམ་ལྷའི་སྐུ་ཐབས་མ་འགགས་པ་གཅིག་པུ་ལ་སྐུ་གསུང་ཐུགས་ལྔ། ལྔ་པོ་རེ་རེ་ལའང་སྐུ་གསུང་ཐུགས་གསུམ་གསུམ་རྫོགས་པས་ལྔ་གསུམ་བཅོ་ལྔ། དེའི་ཐོག་ཏུ་རྩ་བའི་སྐུ་མ་འགགས་པ་དངོས་བསྣན་པ་བཅུ་དྲུག་གོ། །ངོ་བོ་མ་དམིགས་པ་ཤེས་རབ་ལ་ཡང་བཅུ་དྲུག་སྟེ། འོ་ན་ཐབས་མ་འགགས་པ་ལ་ལྷ་ཡན་ལག་རྣམས་བརྩིར་ཡོད་པ་ལ། ཤེས་རབ་དམིགས་པ་མེད་པ་ཇི་ལྟར་བརྩི་ཞེ་ན། ཡི་དམ་ལྷའི་སྐུ་ཡང་དམིགས་པ་མེད་པ་ཤེས་རབ་ཀྱི་བདག་ཉིད་ལའང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་རྫོགས་ཏེ། དམིགས་པ་མེད་པ་ཤེས་རབ་ཀྱི་བདག་ཉིད། ཉིད་གཞལ་དུ་ཡོད། བསྒྲུབ་ཏུ་ཡོད། གྲུབ་ཏུ་ཡོད། གདུལ་བྱའི་བློས་འཛིན་པ་ནི་སྐུའོ། །དེ་ཉིད་ཀྱང་སྣང་སྟོང་གི་དངོས་པོ་དང་བྲལ་ཞིང་བརྡ་སྤྲོད་པར་བྱེད་པས་གསུང་ངོ་། །ཤེས་རབ་ཉིད་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པས་འགྱུར་བ་མེད་པ་ནི་ཐུགས་སོ། །མཐའ་བྲལ་དེ་ཉིད་ལས་རང་གསལ་བའི་བདག་ཉིད་དུ་བཞུགས་པ་ནི་ཡོན་ཏན་ནོ། །རང་གསལ་ཅིར་ཡང་འཆར་བས་གདུལ་བྱའི་དགོས་པ་འགྲུབ་པས་ཕྲིན་ལས་སོ། །དེ་ལྔ་ཡང་སྐུ་གསུང་ཐུགས་གསུམ་དང་ལྡན་ཏེ། ཤེས་རབ་ཀྱི་སྐུ་ཉིད་སྔར་གྱི་བཤད་པ་ནི་དོན་དང་ལྡན་པ་ནི་སྐུའོ། །ངོ་བོ་གང་དུ་ཡང་མ་གྲུབ་པ་ནི་གསུང་ངོ་། །དེ་གཉིས་དབྱེར་མེད་པ་ནི་ཐུགས་སོ། །དེ་བཞིན་དུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་ཡང་སྐུ་གསུང་ཐུགས་གསུམ་གསུམ་དང་ལྡན་པ་བཤད་པ་བཞིན་ནོ། །དེས་དམིགས་བྲལ་ཤེས་རབ་ལ་ཡང་གྲངས་བཅོ་ལྔའོ། །རྩ་བའི་ཤེས་རབ་དང་བཅུ་དྲུག་གོ། །བཅུ་དྲུག་གཉིས་བསྡོམས་པ་ནི་སུམ་ཅུ་རྩ་གཉིས་ཏེ་བླ་མེད་མི་སྤང་བ་ལྡན་ནོ། །དེ་ལྟར་བརྩིས་པས་བླ་མ་བཀུར་བ་ལ་སུམ་ཅུ་རྩ་གཉིས། གྲོགས་མཆེད་ལ་སུམ་ཅུ་རྩ་གཉིས། སྔགས་དང་ཕྱག་རྒྱ་ལ་སུམ་ཅུ་རྩ་གཉིས། གསང་བ་བཅུ་ལ་སུམ་ཅུ་གཉིས་དང་དེ་རྣམས་བསྡོམས་པ་ལས་རྩ་བའི་དམ་ཚིག་ལྔ་ལས་བརྒྱ་དྲུག་ཅུའོ། །ཡན་ལག་དམ་ཚིག་ལྔ་གཉིས་ལའང་། །ཞེས་པ་ལྔ་ཚོ་གཉིས་ནི། མི་སྤང་བ་དུག་ལྔ། མི་དོར་བ་བདུད་རྩི་ལྔའོ། །དེ་ལའང་། གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། །ཞེས་པས། ཞེ་སྡང་ལྟ་བུ་གཅིག་ལ་གཉིས་སུ་དབྱེ་སྟེ་རྩ་བ་དང་མཐུན་པར་མ་འགག་པ་ཐབས་དང་། མ་དམིགས་པ་ཤེས་རབ་གཉིས་སུ་དབྱེའོ། །བཅུ་ཕྲག་ནི་ཡན་ལག་ཀུན་ལ་གོང་ལྟར་གཉིས་སུ་དབྱེ་ཞེས་བྱའོ། །དེས་ན་ཞེ་སྡང་གི་དངོས་པོ་མ་འགགས་པར་སྣང་བ་ནི་ཐབས་སོ། །མ་དམིགས་པ་ནི་ཤེས་རབ་བོ། །དེས་ན་ཡན་ལག་བཅུ་པོ་ལ་ཐབས་བཅུ་ཤེས་རབ་བཅུ་དང་ཉི་ཤུ། ཞེ་སྡང་ལྟ་བུའི་ཐབས་ཀྱི་ཆ་ལ་སྐུ་གསུང་ཐུགས་གསུམ་སྟེ། མ་འགགས་མ་དམིགས་པ་དབྱེར་མེད་པ་གསུམ། དེ་རེ་རེ་ལ་ཡང་སྐུ་གསུང་ཐུགས་གསུམ་གསུམ་སྟེ་རྩི་ཐབས་རྩ་བའི་དམ་ཚིག་གི་སྐབས་དང་འདྲ། དེས་ན་གྲངས་དགུ། གཞི་པོའི་ཐབས་དང་བཅུ། ཤེས་རབ་ལ་ཡང་བཅུ་སྟེ་བརྩི་བ་ཐབས་དང་འདྲ། །དེས་ན་ཡན་ལག་བཅུ་རེ་རེ་ལ་ཉི་ཤུ་རེ་རེ། དེ་རྣམས་བསྡོངས་པས་ཉིས་བརྒྱའོ། །རྩ་བའི་བརྒྱ་དྲུག་ཅུ་དང་སུམ་བརྒྱ་དྲུག་ཅུའོ། །བརྩི་ཐབས་འདི་དག་གསང་སྔགས་ཀྱི་གཞུང་གིས་སེམས་ཉིད་རིག་པ་གང་དུ་ཡང་མ་གྲུབ་ཅིར་ཡང་འཆར་བ་ལས་དེ་ལྟར་བརྩིར་བཏུབ་ཀྱི། མཚན་ཉིད་ཀྱི་དོན་དམ་པའི་བདེན་པ་སྟོང་པ་ཕྱོགས་ཆད་ལ་བརྩིར་མེད་དོ། །བསམ་གྱིས་མི་ཁྱབ་པར་དབྱེ་བ་དགོས་པ་དང་སྦྱར་བ་ནི། དམ་ཚིག་འདི་ནི་རྨད་པོ་ཆེ། །ཞེས་པ་ལ་སོགས་ཏེ། ཐེག་པ་ཆེན་པོ་གསང་སྔགས་ཐེག་པ་ཐམས་ཅད་ཀྱི་གཞི་རྩ་འདིའི་དམ་ཚིག་རྣམས་ནི། རྨད་པོ་ཆེ། ཞེས་པ་མེ་ལོང་གཡའ་དག་པ་ལ་གཟུགས་བརྙན་རྒྱུན་ཆད་མེད་པར་འཆར་བ་དང་། གཟུགས་བརྙན་ལྟ་བ་པོ་བཞིན་འཆར་བ་དང་འདྲ་བར་འདི་ཉིད་ཀྱི་དམ་ཚིག་ནི། གདུལ་བྱའི་རྐྱེན་གྱིས་གཅིག་ཏུ་རྒྱ་ཆད་ཅིང་ངེས་པ་མེད་དེ་ཅིར་ཡང་འཆར་བའོ། །དེས་ན་ངོ་བོ་གང་དུ་ཡང་མ་ངེས་ཅིར་ཡང་འཆར་བས་རྨད་ཆེ། གདུལ་བྱའི་བློ་ངོ་བཞིན་དུ་འཆར་བས་རྨད་ཆེ། དེས་གདུལ་བྱའི་དགོས་པ་ཐམས་ཅད་འགྲུབ་པའོ། །དེ་ཉིད་ཉེ་བར་བསྟན་པའི་ཕྱིར་གནས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། བཅུད་སྲིད་པ་གསུམ་གྱི་འགྲོ་བ་ཇི་སྙེད་པ་ཐམས་ཅད་ཀྱི་རྟོག་པ་གདུལ་བྱའི་གཉེན་པོར་དམ་ཚིག་དེ་ཉིད་སྤྲོས་ཏེ། རྟོགས་པ་འདུལ་བའི་ཐབས་ནི། གདུལ་བྱ་དབང་པོ་མཐོ་དམན་གྱི་བྱེ་བྲག་གི་དབང་གིས་འདུལ་བའི་ཐབས་སྣ་ཚོགས་ཏེ། གཉེན་པོའི་སྒོ་ནས་འདུལ་བ་ནི། ལྷ་མིའི་ཐེག་པ་དགེ་བ་བཅུས་མི་དགེ་བ་འདུལ་བ་ལྟ་བུའམ། ཡང་ན་ཉན་ཐོས་དང་རང་རྒྱལ་བ་གཉིས་ཞེ་སྡང་གི་གཉེན་པོར་བྱམས་སྙིང་རྗེ། གཏི་མུག་གི་གཉེན་པོར་ཁམས་ཀྱི་དབྱེ་བ། འདོད་ཆགས་ཀྱི་གཉེན་པོར་མི་གཙང་བ་བསྒོམ་པ་ལྟ་བུའོ། །སྦྱངས་པས་འདུལ་བ་ནི་ཐེག་པ་ཆེན་པོ་དབུ་མ་སྟེ། དུས་གསུམ་གཅིག་དང་དུ་བྲལ་གྱིས་གཞིག་ནས་དོན་དམ་པའི་བདེན་པས་སྦྱངས་པའོ། །བསྒྱུར་བས་འདུལ་བ་ཀྲི་ཡོག་གཉིས་ཏེ་དུག་གསུམ་རིགས་གསུམ་དུ་བསྒྱུར་བ་དང་། ཉོན་མོངས་པ་རིགས་ལྔས་སྦྱང་བའོ། །དག་པས་འདུལ་བ་ནི་མ་ཧཱ་ཡོ་ག་སྟེ་ཉོན་མོངས་པ་ཡེ་ཤེས་ལྔའི་ངང་དུ་དག་པར་བྱེད་པའོ། །ཡང་ན་དག་པས་འདུལ་བ་ནི་ཀྲི་ཡོག་སྟེ་སེམས་ཀྱི་ཆོས་ཉིད་དོན་དམ་པའི་བདེན་པ་སྤྲོས་པ་རྣམ་པར་དག་པ་ཉིད་གོམས་པའི་རྩལ་གྱིས་ཕྱི་ནང་གི་ཆོས་ཐམས་ཅད་དག་པར་བྱེད་པའི་ངོ་བོའོ། །ངོ་ཤེས་པས་འདུལ་བ་ནི་ནང་པ་གསུམ་སྟེ་ཆོས་ཐམས་ཅད་སེམས་ཀྱི་མཚན་ཉིད་རང་སྣང་བ། སྣང་སྟོང་གི་མཐའ་དང་བྲལ་བ་བདག་ཉིད་ཆེན་པོའི་ངོ་བོ་ཉིད་ཤེས་པ་ནི་རྟོགས་པ་དེ་ཉིད་དུ་གྱུར་པ་ལ་ཡུལ་ཡུལ་ཅན་མེད་པའོ། །ནང་པ་གསུམ་ལས་ཀྱང་ཤས་ཆེ་བ་ཨ་ཏིའོ། །དེ་བས་ན་ཐེག་པ་མཆོག་གི་དམ་ཚིག་གདུལ་བྱའི་བློ་རྟོག་འདུལ་བའི་ཐབས་མཐོ་དམན་ངོ་བོར་ཐེག་པ་དགུ་སྟེ། གདུལ་བྱའི་རྟོག་པ་ལ་གྲངས་མེད་པས། དམ་ཚིག་ས་མ་ཡ་འབུམ་སྡེ་ཞེས་ཐ་སྙད་དུ་བརྗོད་དོ། །དེས་ན་དམ་ཚིག་ནི་གདུལ་བྱའི་དབང་གིས་གཅིག་ཏུ་ཆད་པ་མེད་པས་གྲངས་ལས་འདས་སོ། །དམ་ཚིག་བསྲུངས་པའི་འབྲས་བུ་མཐར་ཐུག་ཀུན་བཟང་འགྲུབ་པ་ནི། གཞན་ཡང་རྒྱལ་མཆོག་ཀུན་བཟང་གི། །ཞེས་པ་ལ་སོགས་པ་ཏེ། གཞན་ཡང་ཞེས་པ་དགར་བའི་ཚིག་སྟེ་གོང་དུ་དམ་ཚིག་གི་ངོ་བོ་རྣམ་གྲངས་དང་བཅས་པ་བསྟན་པ་ནི། དུས་གསུམ་བུདྡྷའི་ངོ་བོ་ཉིད་དམ་ཚིག་བསམ་གྱིས་མི་ཁྱབ་པར་སྣང་ནས་འགྲོ་བ་མ་ལུས་པའི་དོན་མཛད་དེ། བུདྡྷའི་དགོངས་པ་མཉམ་རྫོགས་ཀྱི་ངོ་བོ་ཉིད་གདུལ་བྱ་ལ་སྣང་བས་འབྲས་བུ་ལ་སྦྱོར་བར་མཛད་པའི་དམ་ཚིག་གི་བར་དུ་གཞི་ལམ་འབྲས་བུ་གསུམ་དབྱེར་མེད་པར་བསྟན་པ་ལས་དགར་བས་གཞན་ཡང་ཞེས་བྱའོ། །དེས་ན་མ་ཉམས་པའི་འབྲས་བུ་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དབྱེར་མེད་པ་ནི་མཆོག་སྟེ། དངོས་འཁོར་འདས་དབྱེར་མེད་པ། མཚན་ཉིད་ལྔ་དང་ལྡན་པའི་དྲུག་པ་ཀུན་ཏུ་བཟང་པོའོ། །དེའི་ངོ་བོ་ཇི་ལྟ་བུ་ཞེ་ན། ཐམས་ཅད་མ་ལུས་ཕྱག་རྒྱའོ། །ཞེས་པ་ངོ་བོ་གཉིས་ཀྱིས་བསྡུས་པ་རིལ། ཕྱག་རྒྱའི་ཞེས་པ། སྐུ་གསུང་ཐུགས་ཏེ་ཕྱི་ནང་གི་ཆོས་མ་འགགས་པ་སྐུའི་ཕྱག་རྒྱ། བེམ་རིག་གི་སྒྲ་ཐམས་ཅད་གསུང་གི་ཕྱག་རྒྱ། དྲན་རྟོག་ཐམས་ཅད་ཐུགས་ཀྱི་ཕྱག་རྒྱ། ཡེ་ནས་ལྷུན་གྲུབ་ཏུ་བཞུགས་པ་ལ། བསྒྲུབ་མེད། ཞེས་པ་འཁོར་བ་སྤངས་པ་མེད། འདས་པའམ་ཡོན་ཏན་བླངས་པ་མེད་པ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རང་བྱུང་གི་ཡེ་ཤེས་དངོས་གཞི་གང་དུའང་མ་གྲུབ་ཅིང་དུས་གསུམ་དུ་མི་འགྱུར་བའི་ངོ་བོ་སྟེ། དེས་མ་ལུས་འགྲུབ། ཅེས་པ་ཀུན་ཏུ་བཟང་པོའི་ཡོན་ཏན་ལུང་ནས་བཤད་པ་ཐམས་ཅད་འགྲུབ་ཅེས་བྱའོ། །སྤྱིར་ཡོན་ཏན་ཐམས་ཅད་བརྗོད་ལས་འདས་པར་བསྟན་པ་ནི། དེ་ལ་སོགས་པ་མཐའ་ཡས་མཆོག །ཅེས་བྱ་བ་ཀུན་ཏུ་བཟང་པོའི་ཡོན་ཏན་འགྲུབ་པར་བསྟན་པ་དེ་ལ་སོགས་པ་རྣམ་གྲངས་མཐའ་ཡས་བརྗོད་ཀྱིས་མི་རྫོགས་ཏེ། ཐམས་ཅད་ཀུན་བཟང་ཉིད་སྣང་བས་རང་སྣང་དུ་ལྷུན་གྱིས་གྲུབ་སྟེ། འོག་མ་བཞིན་རྒྱུ་འབྲས་སམ་དོན་རྟགས་མ་ཡིན་པས་མཆོག་གོ། །གནས་སྐབས་ཆེ་བ་བདུན་ལ་སོགས་པ་བསྟན་པ་ནི། རྒྱལ་བའི་རིགས་མཆོག་འཛིན་པ་དེ། །ཞེས་པ་ལ་སོགས་པ། རྒྱལ་བ་ནི་ཀུན་ཏུ་བཟང་པོའོ། །དེའི་ཡོན་ཏན་རང་སྣང་བའི་དམ་ཚིག་འདི་དག་ལྟ་སྤྱོད་མགོ་འབྱོར་ཏེ། མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བ་ནི་ལྟ་བ་གཏིང་གོལ་བས་དང་པོ་སྟེ་སར་ཆུད་པའི་རིག་འཛིན་ནོ། །རྒྱུན་དུ་གནས་པ་ཏིང་ངེ་འཛིན་ལ་གནས་པས་གནས་པ་སྟེ་ས་ལ་གནས་པའོ། །སྟོབས་སུ་གྱུར་པ་ནི་ས་ཡོངས་སུ་སྨིན་པའི་རིག་འཛིན་ནོ། །ལྟ་སྤྱོད་མགོ་སྙོམས་པའི་ངོ་བོ་ནི། རིག་མཆོག་སྟེ་གསང་སྔགས་འདི་ཉིད་དེ། དེས་རྟེན་གྱི་གང་ཟག་བསྟན་ནས་ཡོན་ཏན་དངོས་ནི། འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །ཞེས་པ། རྣལ་འབྱོར་པ་དེ་ལ་འཇིག་རྟེན་པའི་གཙོ་བོ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷ་ཀླུ་སྟེ་བརྒྱད་ཀྱིས་བཀུར་བ་དང་། འཁོར་གཡོག་ཡང་གཡོག་དང་བཅས་པས་བཀུར་ཏེ་དགོས་པ་བསྒྲུབ། ཅི་འདོད་བྱེད། ཅི་བསམ་པ་འགྲུབ་པའོ། །དམ་པ་མཆོག་བུདྡྷའི་རིགས་མཆོག་གི་སྲས་དམ་པར་དགོངས་པ་དང་། དམ་པ་བྱང་ཆུབ་སེམས་དཔའ་དང་རིག་འཛིན་རྣམས་ཀྱིས་སྤུན་དུ་དགོངས་ཤིང་བྱིན་གྱིས་བརླབ་པ་དང་། བདེ་གཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །ཞེས་པ་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་དེ་བཞིན་གཤེགས་པའི་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་དང་། བདེ་གཤེགས་ཀྱི་དགོངས་པ་ཉིད་དམ་ཚིག་རྣམས་སུ་སྣང་བ་དང་། དེས་གདུལ་བྱ་རྣམས་འབྲས་བུ་ལ་སྦྱོར་བ་དང་། བདེ་གཤེགས་རྣམས་ཀྱི་ཕྲིན་ལས་ཀྱི་ངོ་བོ་ཡིན་པས་དམ་ཚིག་ཉམས་སུ་མྱོང་བ་ཉིད། བདེ་གཤེགས་རྣམས་ཀྱི་ཡུལ་ལ་ཞུགས་ཞེས་བྱའོ། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་པ་སྒྲུབ་པ་པོ་དམ་ཚིག་ཉམས་སུ་ལེན་པ་དེ་ལྟ་བུས་སྤང་བྱ་འཁོར་བའི་ཆོས་ལ་སྤྱོད་ཀྱང་བྱས་འཛིན་མེད་པ་ནམ་མཁའི་མདུད་པ་འདྲ་བ་ལྟུང་བའི་འཇིགས་པ་མེད་དེ། བྱེད་མཁན་ནམ་མཁའ་བཞིན་དུ་དག་པའོ། །ཡུལ་སེམས་སྣོད་བཅུད་ཀྱི་ཆོས་ཐམས་ཅད་སྣང་སྟོང་དབྱེར་མེད་སེམས་ཀྱི་ཆོས་ཉིད་དུ་རྫོགས་པས་ཡུལ་སེམས་མཉམ་པ་ཉིད་དུ་གསལ་ཏེ། འཁོར་བ་ཐ་སྙད་ཙམ་དུ་ཡང་མ་དམིགས་ཏེ། སྤྱོད་ཡུལ་ཡོངས་སུ་དག་པས་དུས་དང་གནས་སྐབས་ཀུན་ཏུ་བཟང་པོར་སྦྱོར་ཞེས་བྱའོ། །ཇི་བཞིན་ཉིད་དང་འདུལ་བའི་ཐབས། །ཞེས་པ་སྣོད་བཅུད་ཀྱི་ཆོས་ཐམས་ཅད་རང་སར་དག་པ་བྱེད་པ་པོས་མ་བྱས། བཅོས་པ་པོས་མ་བཅོས། ཡེ་ཡིན་ཚུལ་གྱི་དོན་ཇི་བཞིན་པ་དེ་ཉིད་མངོན་དུ་བྱེད་པའི་དམ་ཚིག་ནི། མཉམ་ལ་མཉམ་པར་སྦྱོར་བའི་མཉམ་པའི་དམ་ཚིག་གོ། །འདུལ་བའི་ཐབས་ནི་གོང་དུ་བསྟན་པ་ལྟར། འདུལ་ཐབས་རྒྱས་པར་ནི་ས་མ་ཡ་འབུམ་སྡེ། བསྡུ་ན་བཅོ་ལྔ་ལ་སོགས་པར་ཐམས་ཅད་ཆེད་དུ་མ་བཙལ་བར། མེ་ལོང་གི་གཟུགས་བརྙན་ལྟར་ལྷུན་གྲུབ་ཏུ་འཆར་བའི་ཕྱིར། ཇི་སྙེད་སྡོམ་པ་མཐའ་ཡས་པ། །ཞེས་པ་ཐེག་པ་དགུ་དང་། ཕྱི་ནང་བར་གྱི་ཐེག་པ་གསུམ་རྣམ་གྲངས་བསམ་ཡས་པ་ཐམས་ཅད། མ་ལུས་རྣམ་དག་ལྷུན་གྱིས་གྲུབ། །ཅེས་པ་བསམ་ཡས་པ་མ་ལུས་པ་རྣམས་ཇི་བཞིན་ཉིད་ཀྱི་ངང་ལ་དམིགས་འཛིན་ཕྲ་བ་ཡང་མེད་པ་རྣམ་པར་དག །གདུལ་བྱའི་ངོ་ལ་བཤད་པ་བཞིན་མ་བཙལ་བར་ལྷུན་གྱིས་གྲུབ་བོ། །ཉམས་ན་བསྐང་བས་རྫོགས་པ་དང་། །ཞེས་པ་ཉན་ཐོས་ནི་ཉམས་ན་གསོར་མེད་རྫ་མ་ཆག་པ་དང་འདྲ། བྱང་ཆུབ་སེམས་དཔའ་ཉམས་ཀྱང་གསོར་ཡོད་པས་གསོས་ནས་སོབས་ཀྱང་། ལན་གཅིག་ཉམས་པའི་སྐྱོན་གྱིས་ལམ་ལ་འགྱངས། གསང་སྔགས་ནི་དམ་ཚིག་རྣམས་ལ་གཏན་ལོག་པ་མ་ཡིན་ན་རྐྱེན་གྱིས་ཉམས་ཀྱང་མྱུར་བར་གསོས་ན་ཉམས་པ་སོབས་ལ་ལམ་ཡང་མི་འགྱངས་ཏེ། དམ་ཚིག་རྣམས་ལས་མ་ལོག་པའི་ཡོན་ཏན་གྱིས་སོབས་ནས་སླར་བསྒྲུབས་པ་ལྟ་བུར་འགྱུར་སྐད། དེས་ན་རྫོགས་པ་ཞེས་ཀྱང་བྱའོ། །དམ་ཚིག་མ་ཉམས་པའི་ཡོན་ཏན་དེ་དག་ལ་སོགས་ཏེ་རྒྱས་པར་བརྗོད་ཀྱིས་མི་ལང་བས་མཐའ་ཡས་མཆོག་ཅེས་བྱ་སྟེ། དགོངས་པ་འདུས་པ་དང་། རྒྱུད་སོ་སོའི་ནང་ནས་ཇི་ཙམ་ཡང་རྒྱས་པར་སྟོན་ཏོ་ཞེས་བརྗོད་པས། ཀུན་ཏུ་བཟང་པོས་དེ་སྐད་ཅེས་གོ་ཕྱེ་བའི་འཁོར་གྱི་དོན་དུ་བརྗོད་པས། དེ་བཞིན་གཤེགས་པ་ཉིད་རྒྱལ་བ་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་ཉིད་ལ་ལྷན་ཅིག་པའི་འཁོར་རྣམས། ཉིད་ལ་འདུལ་བར་གྱུར་ཏེ། ཞེས་པ་བུདྡྷ་ཐམས་ཅད་ཀྱི་དམ་ཚིག་གི་རང་བཞིན་ཡིན་པའི་ཕྱིར་དང་། རྒྱལ་བ་རྣམས་ཀྱང་འདི་ལས་མི་འདའ་ན། ལམ་པ་གཞན་གྱིས་ལྟ་ཅི་སྨོས་ཞེས་བྱའོ། །ཡང་ན་སྔ་མ་ནི་འབྲས་བུ་མངོན་དུ་བྱས་པ་རྣམས་ཡིན་ལ། ཕྱི་མ་ནི་མ་འོངས་པའི་བུདྡྷ་གོ་ཕྱེ་བའི་འཁོར་རྣམས་ཏེ། འདུལ་བ་ནི་འབྲས་བུ་སངས་རྒྱས་པའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། དམ་ཚིག་གི་ལེའུ་ཞེས་པ་མཉམ་པ་ཉིད་ཀྱི་དམ་ཚིག་དང་མི་འགག་པའི་དམ་ཚིག་གཉིས། མི་འགག་པ་ལ་རྒྱས་བསྡུས་ཀྱི་རྣམ་གྲངས་བསྟན་པ་བཞིན། དེ་དག་གི་ངོ་བོ། བསྲུང་ཐབས། ཉམས་པའི་སྐྱོན། མ་ཉམས་པའི་ཡོན་ཏན་རྣམས་བསྟན་པའི་ལེའུ་སྟེ། བཅུ་དགུ་པའི་བཤད་པའོ།། ༈ །།ལེའུ་ཉི་ཤུ་པ་ཕྲིན་ལས་ནི། རྒྱུད་གསུམ་ལས་ལམ་གྱི་རྒྱུད་དོ། །དཀྱིལ་འཁོར་བཅུ་གཉིས་ལས་འདུལ་བའི་དཀྱིལ་འཁོར་རོ། །རྒྱུད་ཀྱི་དངོས་པོ་བཅུ་ལས་གཞན་དོན་གྱི་ཕྲིན་ལས་སོ། །ལམ་པ་ཕྱག་རྒྱ་གཅིག་པ་ནས་སྤྲོས་པའི་བར་གྱི་ཡུལ་ལོ། །དེ་ཡང་དེ་ཡན་ཆད་དུ་ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་གསུམ་འཛོམ་པས་བསྒྲུབ་པ་རྣམ་གཉིས་རྫོགས་ནས། དེ་རྣམས་ཀུན་ལ་ཡང་སྐབས་སྐབས་སུ་དགོས་པའི་ཕྲིན་ལས་ཡིན་པས་དེའང་ཞི་ཁྲོ་གཉིས་ཀ་དང་འབྲེལ་ཏོ། །དྲག་པོ་ནི་ཁྲོ་བོ་ཁོ་ནའོ། །ཞི་རྒྱས་གཉིས་ནི་ཞི་བ་ཁོ་ནའོ། །དབང་ཡང་ཁྲོ་བོ་ཤས་ཆེ་ཞི་བ་དང་ཡང་འབྲེལ་ལོ། །དཀྱུས་ལ་ལོ་རྒྱུས་ནི། དེ་ནས། ཞེས་པ་ཚིག་ནི་ལེའུ་བཅུ་དགུ་པའི་རྗེས་ཐོག་གོ། །དོན་ནི་ལམ་པ་ཞི་ཁྲོ་གཉིས་ཀའི་ཕྱག་རྒྱ་གཅིག་ཡན་ཆད་ནས་སྤྲོས་པའི་བར་རོ། །དགོས་པ་ནི། བདག་གཞན་གཉིས་ཀ་ལ་ནམ་དགོས་པ་བྱུང་བའི་དུས་སུའོ། །དགྱེས་པ་ཆེན་པོ་ནི་ཡན་ཆད་དུ་བཤད་ཟིན་ནོ། །ལྷུན་གྱིས་གྲུབ་པའི་དམ་ཚིག །ཅེས་པ་ལ་སོགས་ནི། སེམས་རང་རིག་པའི་ཡེ་ཤེས་ཉིད་ལ་ཕྲིན་ལས་བཞི་རང་བཞིན་གྱིས་གྲུབ་པར་གནས་ཏེ། དེ་ལ་ཡང་གཉིས། ངོ་བོ་དང་རྣམ་པ་མ་འགགས་པ་གཉིས། ངོ་བོས་གནས་པ་ནི་སེམས་ཀྱི་རང་བཞིན་རང་བྱུང་གི་ཡེ་ཤེས་ལ་མཐར་འཛིན་གྱི་སྤྲོས་པ་ཡེ་ནས་མི་གནས་པ་ནི་ཞི་བའོ། །རང་བྱུང་གི་ཡེ་ཤེས་ཆོས་ཀྱི་དབྱིངས་དང་མཉམ་པ་ལ་ཆེ་ཡོན་ཡེ་རྫོགས་སུ་གནས་པ་ནི་རྒྱས་པའོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་ལས་གཞན་དུ་མ་ཡིན་པ་ནི་དབང་ངོ་། །གཉིས་སུ་འཛིན་པའི་ཆོས་གཏན་ནས་མི་གནས་པ་ནི་དྲག་པོའོ། །ངོ་བོ་ཉིད་ཀྱི་ཕྲིན་ལས་བཞི་ལ་འདའ་བ་མེད་དེ་ནམ་མཁའ་ནམ་མཁའ་ལས་མི་འདའ་བ་ལྟ་བུ་དམ་ཚིག་གོ། །མི་འགག་པ་ནི་དགོངས་པ་ལྷུན་གྲུབ་ཀྱི་ཡེ་ཤེས་གང་དུའང་མ་གྲུབ་པ་དེ་ཉིད་མེ་ལོང་གཡའ་དག་པར་གཟུགས་བརྙན་གསལ་བ་གང་བལྟས་བཞིན་ཤར་བ་ལྟར། གདུལ་བྱའི་རྐྱེན་གྱིས་ཕྲིན་ལས་བཞི་གང་བསྒྲུབ་པ་དེ་ཉིད་དུ་སེམས་ཉིད་ཤར་ནས་ཕྲིན་ལས་བཞི་འགྲུབ་པ་སྟེ། རྣལ་འབྱོར་པ་དམ་ཚིག་གཙང་། ལྟ་སྒོམ་སྤྱོད་པ་དང་ལྡན་ན། ཕྲིན་ལས་གང་བསྒྲུབ་པ་མངོན་དུ་སྣང་བས་དམ་ཚིག་གོ། །བྱིན་གྱིས་རློབ་པ། ཞེས་པ་ནི་དེ་ལྟ་བུ་ལས་ཞི་རྒྱས་དབང་དྲག་བཞིའི་ཆོ་ག་བཞིས་བསྐུལ་བས་མངོན་དུ་ལས་ཀྱི་འབྲས་བུ་སྣང་བར་བྱེད་པ་ལ་ནི་བྱིན་གྱིས་རློབས་པ་ཞེས་བྱ་སྟེ། དཔེར་ན་ཉི་མའི་བྱིན་རླབས་ཀྱིས་མུན་པ་སེལ་བའམ། ཆུའི་བྱིན་རླབས་ཀྱིས་ལོ་ཐོག་བསྐྱེད་དེ་འབྲས་བུར་ལྷགས་པ་ལྟ་བུའོ། །ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ནི། ཀུན་ཏུ་བཟང་པོ་ལ་ཞུགས་མ་ཞུགས་མི་མངའ་ན་ཡང་། གདུལ་བྱའི་སྣང་བ་དང་ཕྱི་རབས་པ་རྣམས་ཀྱང་། ལས་བཞི་གང་བསྒྲུབ་ཀྱང་ཏིང་ངེ་འཛིན་ལས་མི་གཡོ་བའི་གདམས་པ་བརྗོད་པའོ། །གོ་ཕྱེ་བའི་ཆེད་དུ་སྟོན་པས་བརྗོད་པ་འོག་ནས་འབྱུང་བ་འདི་བརྗོད་དོ། །དཀྱིལ་འཁོར་བཅའ་བ་བསྐྱེད་པ་དང་ཐུན་མོང་དུ་བསྟན་པ་ནི། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་པ་ཨེ་ནི་ཐབ་ཁུང་གི་དབྱིབས་ཏེ། གྲུ་གསུམ་ནག་པོ་ཁ་ཁྱེར་ལ་ཁྲུ་གང་ཡོད་པ། ཟབས་སུ་ཁྲུ་ཕྱེད། སོར་བཞི་ཕྱིར་བཀྱེད། སོར་བཞི་ཡར་བརྩེག །སོར་བཞི་ཕྱིར་བཀྱེད། སོར་བཞི་མར་དམའ། དེ་ཀུན་ཕྱི་ཐའི་ཞེང་ས་ལའང་སོར་བཞི་ཡོད་པར་བྱ། ཀུན་ཀྱང་དུར་ཁྲོད་ཀྱི་སོལ་བ་དང་ཁྲག་གིས་ནག་པོ་བྱ། ཐབ་མཚན་རྣམས་དགོད། ཏིང་ངེ་འཛིན་ནི། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་པ་ཨེ་ནི་དྲག་པོ་སྟེ། ཕྲིན་ལས་དྲག་པོ་ལ་མངའ་མཛད་པ་ཁྲོ་བོའོ། །ཚོགས་ནི་ཀུན་ཀྱང་ཁྲོ་བོར་བཞུགས་པའོ། །དཀྱིལ་འཁོར་ནི་ལྔ་བཅུ་རྩ་བརྒྱད་དོ། །མཆོག་ནི་ཐུགས་མཉམ་ཉིད་ལས་མ་གཡོས་པའོ། །འབར་བ་གཏུམ་ཆེན་རྔམ་པ་ལ། །ཞེས་པ་དཀྱིལ་འཁོར་ན་སྐུ་འབར་བའི་གར་དགུ་དང་ལྡན་པ། དྲག་པོའི་ཕྲིན་ལས་ཐོགས་པ་མེད་པར་མཛད་པས་གཏུམ་ཆེན། ནང་དུ་ཉོན་མོངས་པ་ལ་རྔམ། ཕྱི་བདུད་དང་དྲེགས་བྱེད་ལ་རྔམ་པ་ཧེ་རུ་ཀའི་ཚོགས་ལ་དམ་ཚིག་བསྐྱེད་ཡེ་ཤེས་བསྟིམས་ནས། མཆོད་པ་འབུལ་བ་ཡང་དྲག་པོའི་མཆོད་པ་དུག་གསུམ་གྱི་མཆོད་པ་གཙོ་ཆེ་བར་བྱའོ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག་ནི་ལས་ཀྱི་འབྲས་བུ་སྟེ། བསོད་ནམས་ལས་གྲུབ་པའི་གཟུགས་སྐུ་ཡང་འཇིག་ཅེས་བྱའོ། །ལིངྒ་བཅའ་བ་ནི། བདུད་རྩི་ལྔའམ་ཟས་ལྔ་ལ། །ཞེས་པ་བདུད་རྩི་ལྔ་ནི་བསྒྲུབ་བྱའི་བདུད་རྩི་ལྔ་ཡིན། དེ་ཡང་དྲག་པོ་ལ་ནི་ཨ་མུ་ཀའི་རྫས་དྲུག་ཀྱང་གཟུང་ངོ་། །ཟས་དང་། ཞེས་པ་ཤ་ལྔའང་འདོད། ཡང་ན་ཤ་ཆེན་དང་། ཉ་ཤ་དང་། བུ་རམ་དང་། ཏིལ་དང་། སྦྲང་ལྔ་བཟུང་བའོ། །མཚན་མ་མིང་དུ་བཅས་པར་བྱ། །ཞེས་པས་རྫས་ལྔ་པོ་དང་བདུད་རྩི་ལྔ་ཕྱེ་མ་ཞིབ་བུར་བྱས་ནས་བག་ཕྱེ་དང་བསྲེས་ཏེ། བསྒྲུབ་བྱའི་མཚན་མ་མགོ་དང་ཡན་ལག་སྐྱེ་མཆེད་དོད་ཡགས་བྱས་པ་སོར་བརྒྱད་པའི་ཚད་དུ་བྱས་ཏེ། མིང་དུ་བཅས། ཞེས་པ་ལིངྒ་བྲིས་ནས་སྙིང་གར་བཅུག་པ་དྲག་པོ་ལ་ན་ལས་ཀྱི་དཀྱིལ་འཁོར་ནག་པོ་གྲུ་གསུམ་བྱས་པའི་ནང་དུ་གན་རྐྱལ་དུ་གཞག་གོ། །མགོ་ལྷོ་ནུབ་མཚམས་སུ་བསྟན་ཏོ། །ཕོ་ཉས་དགུག་ཅིང་བསྒྲལ་ནས་ཞལ་དུ་བསྟབ་པ་ནི། བཀུགས་ལ་རྡོ་རྗེ་ཕུར་པས་གདབ། །ཅེས་པ་རང་ཉིད་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་མཆོད་བསྙེན་རྣམས་ཚར་ནས་ཐུགས་ཀ་ནས་ལྕགས་ཀྱུ་ཅན་ལ་སོགས་པ་བཞི་སྤྲོས་པ་དང་། དཀྱིལ་འཁོར་གྱི་ལྷ་རྣམས་ལའང་ཕོ་ཉ་ནས་རང་གི་སྤྲོས་ནས་རང་གི་གནས་ནས་བཀུགས་ལ་གཟུགས་ལ་བསྟིམ། དེ་ནས་རྡོ་རྗེ་ཕུར་པས་གདབ། །ཅེས་པ་རྡོ་རྗེ་བཛྲ་ཧེ་རུ་ཀ་སྟེ་དེས་མགོ་དྲངས་པའི་ཕུར་པས་གདབ་ལས་གཞུང་བཞིན་དུ་བྱ། དེ་ནས་གཏོར་མའི་ལས་བྱ། དེ་ནས་ཐོ་བའི་ལས་བྱ། དེ་ནས་མཚོན་ཆའི་ལས་ཀྱིས་གཏུབ་ནས། རྡུལ་དུ་བྱས་ནས་ཚོགས་ལ་འབུལ། །ཞེས་པ་ཁྲག་འཐུང་རྣམས་ལ་བསྟབ་པར་བྱའོ། །སྦྱིན་སྲེག་བྱ་བ་ནི། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཞེས་པས་ཐབ་ཁུང་དུ་ཤིང་བརྩེག་མེ་སྤར། མཆོད་རྫས་བསྲེག་རྫས་རྣམས། མཆོད་རྫས་གཡས་སུ་བཞག །བསྲེག་རྫས་རྣམས་གཡོན་དུ་བཞག །བར་དུ་རྡོ་རྗེ་དྲིལ་བུ་དང་གང་གཟར་བླུགས་གཟར་བཞག་སྟེ། ཐབ་ཁུང་གྲུ་གསུམ་དུ་བསྐྱེད། དྲག་པོའི་མེ་ལྷ་བསྒོམ། སྐུ་གསུང་ཐུགས་བརླབ། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། ཁྲུས་བྱ། མི་བསྐྱོད་པས་དབུར་བརྒྱན། ལྕེ་ལ་རཾ་བསྒོམ། མཆོད་པ་ལྔ་འབུལ། བསྲེག་རྫས་རྣམས་འབུལ། བསྟོད་པ་བྱ། ཕྲིན་ལས་བཅོལ། མེ་ལྷའི་ལྟོ་བར་གཞལ་ཡས་ཁང་བསྒོམ། ཚོགས་ཀྱི་དཀྱིལ་འཁོར་དུ་ཞེས་པས། དྲག་པོའི་ལས་མཛད་པའི་ཁྲོ་བོའི་ཚོགས་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་སྔགས་ཀྱིས་བསྐྱེད། ཡེ་ཤེས་པ་སྤྱན་དྲང་ལ་བསྟིམ། འབར་བ་གཏུམ་ཆེན་རྔམ་པ། ཞེས་པ། ཡེ་ཤེས་འབར། ཕྱི་མེ་རི་འབར་བའི་ནང་ན་བཞུགས་པའི། ནང་དུ་ཉོན་མོངས་ལ་གཏུམ། ཕྱི་བདུད་དང་དྲེགས་བྱེད་ལ་གཏུམ་པའི་སྐུའི་ཆ་ལུགས་ཕྱི་ནང་དུ་རྔམ་པ་གཉིས་དང་བཅས་པའི་ལྔ་བཅུ་རྩ་བརྒྱད་ཀྱི་ཚོགས་ལ། ཁྲོས་པའི་ཡིད་ཀྱིས་མཆོད་པ་འབུལ་བ་ནི། ཁྲོས་པའི་ཡིད། ཅེས་པ། སྟངས་ཀྱི་སེམས་ཏེ་ཤིན་ཏུ་ཁྲོས་ནས་སྐད་ཅིག་མ་ལ་ཐམས་ཅད་བརླག་པར་བྱེད་པའི་བསམ་པས་སྦྱིན་སྲེག་གི་རྫས་རྣམས་འབུལ་བ་སྟེ། སྔགས་ཀྱི་རྟིང་པ་ལ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཁཱ་ཧི་ཞེས་པས་དབུལ་ལོ། །རྫས་འབུལ་ཚར་ནས་བསྟོད་པ་བྱ། དེས་ནི་སངས་རྒྱས་ཀྱི་བསོད་ནམས་ལས་གྲུབ་པའི་གཟུགས་སྐུ་ཡང་འཇིག་ན་གཞན་ལྟ་ཅི་སྨོས། ཞེས་ལ་དོར་བའོ། །དེ་ནས་བྲོ་བྱ་བ་ནི། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ཞེས་བྱ་བ། སྦྱིན་སྲེག་ཐབ་ཁུང་ལ་རྣལ་འབྱོར་པ་རྣམས་བསྐོར་ཏེ། ཚོགས་ནི་ཁྲོ་བོར་བསྒོམ་པའོ། །དཀྱིལ་འཁོར་དུ་ནི་ཐབ་ཁུང་དུ་ལྷ་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་དཀྱིལ་འཁོར་དུ་བསྒོམས་པ་དེ་ཉིད་དོ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །ཞེས་པ་རྣལ་འབྱོར་པ་ཁྲོ་བོར་བསྒོམས་པ་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས་མི་ཤོར་བ་བྱས་ནས་ལུ་གུ་རྒྱུད་བཅིང་སྟེ། སྤྱོད་པ་ནི་རྐང་པ་བྲོ་ཐབས་སུ་བྱས་ལ་ཐབ་ལ་དབྱིབས་ཟུར་གསུམ་དུ་བྱས་ནས་གཡོན་སྐོར་དུ་བསྐོར། ངག་ཏུ་བྲོ་ཚིག་དང་སྔགས་བརྗོད། ཏིང་ངེ་འཛིན་གྱིས་ཧེ་རུ་ཀའི་སྐུར་བསྒོམ་པ་དང་། འོད་ཟེར་གྱིས་དངོས་པོ་རྣམས་ཚར་བཅད་པར་བྲོའི་ཚུལ་དུ་བསྒོམས་ནས་ཕྱོགས་བཅུར་གཡོ་བ་ནི་ཏིང་ངེ་འཛིན་ཏེ། དེའི་འབྲས་བུ་ནི་སེམས་མྱོས་ནས་འགས་ལུས་ཚིག་པར་འགྱུར་ཏེ་ལུས་སེམས་འབྲལ་བའོ། །དབང་གི་ལས་ནི། དཀྱིལ་འཁོར་བཅའ་བ་སྐྱེད་པ་དང་ཐུན་མོང་དུ་བསྟན་པ་ནི། བྃ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ། ཞེས་པ་བྃ་རྒྱ་གར་གྱི་བྃ་དབྱིབས་ཟླ་གམ་སྟེ། ཐབ་ཁུང་རིམ་པ་ནས་ནི་དྲག་པོ་དང་མཐུན་ལ། དབྱིབས་ནི་ཟླ་གམ། ཁ་དོག་དམར་པོ། ཐབ་མཚན་རྣམས་དབང་གི་གཞུང་བཞིན་དུ་བཀོད། ཁ་ཁྱེར་ནང་མ་ཁྲུ་གང་། ཟབས་སུ་ཁྲུ་ཕྱེད་དོ། །ཚོགས་ནི་དབང་གི་ལྷའི་སྐུ་མདོག་དམར་པོར་བསྒོམ་པ་པདྨ་ཧེ་རུ་ཀའམ། སྣང་བ་མཐའ་ཡས་ཀྱིས་གཙོ་བོར་བྱས་པའི་དཀྱིལ་འཁོར་ལ་ནི་མཆོག་ཅེས་བྱའོ། །འབར་བ་ནི་དབང་གི་ལྷ་རྣམས་མེ་དང་འོད་ཟེར་འབར་བའོ། །གཟི་བརྗིད་ནི་གཞན་ཐམས་ཅད་དབང་གིས་རང་བཞིན་དུ་འདུ་བའི་གཟི་བརྗིད་ཅན་ནོ། །ལྷུན་ཆེན་ནི་དེའི་ངོ་བོར་བཞུགས་པའོ། །དེ་ལྟ་བུའི་དེའི་དཀྱིལ་འཁོར་བསྐྱེད་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ། མཆོད་པ་འབུལ་བསྟོད་བསྙེན་བྱ་བའོ། །དེའི་ལིངྒ་བཅའ་བའི་ཐབས་ནི། རྒྱུ་བདུད་རྩི་ལྔ་དང་ཟས་ལྔ་བསྲེས་པའི་བག་ཟན་ཆེ་ཆུང་སོར་བརྒྱད་པ་མཚན་མ་སྐྱེ་མཆེད་རྣམས་དོད་ཡགས་བྱས་པ་མིང་ནི་ལིངྒ་སྟེ། མིང་གི་ཐ་མར་ཝ་ཤཾ་ཀུ་རུ་ཧོཿ དབང་དུ་འདུས་པར་གྱུར་ཅིག་བྲི་ལ་སྙིང་གར་བཅུག །གཟུགས་ཀྱི་རྒྱབ་སེང་ལྡེང་གི་ཁུ་བའམ་རྫས་དམར་པོས་བྱུགས་ཏེ། ལོགས་སུ་དབང་གི་ཐབ་ཁུང་ཟླ་གམ་དམར་པོ་གཅིག་གི་ནང་དུ་སྐྱིལ་ཀྲུང་བཅས་ཏེ་བཞག །ཕོ་ཉས་བཀུག་ཅིང་བསྒྲལ་ནས་ཞལ་དུ་སྟོབ་པ་ནི། རྡོ་རྗེ་ཆགས་པའི་ཕུར་པས་གདབ། །ཅེས་པས། ཧེ་རུ་ཀའི་དཀྱིལ་འཁོར་བསྒོམ། ཐུགས་ཀ་ནས་ཕོ་ཉ་མང་པོ་ཅན་སྤྲོས། དབང་དུ་བྱ་བའི་བསྒྲུབ་བྱ་གང་ཡིན་པ་གཟུགས་ལ་བསྟིམ་ཏིང་ངེ་འཛིན་གྱིས་ཁུགས་པ་དང་། ཕུར་པ་པདྨ་ཧེ་རུ་ཀ་སྐུ་མདོག་དམར་པོ་གཟུགས་ཀྱི་སྙིང་གར་གདབ། ཕུར་པའི་རྩེ་མོ་ན་ཧྲཱིཿདམར་པོ་ཡོད་པའི་འོད་ཀྱིས་ཁོའི་ཤེས་པ་ལ་ཁྱབ་པས་ཆགས་ཤིང་བདག་ལ་ཞེན་པར་བསྒོམ། དབང་གི་དལ་དུ་གཞུང་དང་མཐུན་པར་བྱས་ལ་ཁོའི་ཁར་བྱིན་པས་རང་ལ་ཆགས་ཤིང་ཞེན་ཏེ་དབང་དུ་འདུས་པར་བསྒོམ། དེ་ནས་ཐོ་བ་ལ་དབང་གི་ལྷ་རྣམས་བསྒོམ་པའི་འོད་ཀྱིས་ཆགས་ཤིང་དབང་དུ་འདུས་པར་བསྒོམ། དེ་ནས་གཟུགས་ཟངས་གྲིས་དུམ་བུར་གཏུབ་ལ། ཆགས་པའི་ཚོགས་ལ་ཐིམ་པར་འབུལ། །ཞེས་པས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་བསྟབས། དེ་ནས་སྦྱིན་སྲེག་བྱ་སྟེ། སྔར་གྱི་དབང་གི་ཐབ་ཁུང་དུ་ཤིང་བརྩིགས་མེ་སྤར། བསྲེག་རྫས་མཆོད་རྫས་རྣམས་སྟ་གོན་བྱ། མེ་ནང་དུ་དབང་གི་མེ་ལྷ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། མཆོད་པ་ལྔ་དང་བསྲེག་རྫས་འབུལ། སྔགས་ཀྱི་མཐའ་བརྟེན་ལ་ཆེ་གེ་མོ་ཝཱ་ཤཾ་ཀུ་རུ་ཧོཿཞེས་བཏགས། དེ་ནས་མེ་ལྷ་ལ་བསྟོད་པ་བྱ། ཕྲིན་ལས་བཅོལ། དེ་ནས་མེ་ལྷ་སྦྱིན་སྲེག་གི་ཕྱག་ཚང་བ་བྱེད་པའམ། ཡང་ན་མེ་ལྷའི་ལྟོ་བར་སྔགས་ཀྱིས་དབང་གི་ལྷ་ཚོགས་ཀྱི་དཀྱིལ་འཁོར་རྣམས་བསྒོམ། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། མཆོད་པ་བསྲེག་རྫས་རྣམས་སྔགས་ཀྱིས་དབུལ། དབང་གི་མེ་ནང་གི་ལྷ་རྣམས་འོད་འབར་བ་དང་བཅས་པ་གཟི་བརྗིད་ཀྱིས་གཞན་དབང་དུ་འགྱུར་བ་དེའི་ལྷུན་ཆེན་པོ་དང་ལྡན་པ་ལ། རྣལ་འབྱོར་པའང་གཞན་དུ་ཆགས་པ་ཁོ་ནའི་སེམས་ཀྱིས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་སྦྱིན་གཞུང་བཞིན་བྱ། དེའི་འབྲས་བུ་ནི་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་གཉིས་མངའ་བའི་སངས་རྒྱས་ཀྱང་རྣལ་འབྱོར་པའི་དབང་དུ་འདུ་བར་འགྱུར་ན། གཞན་ཐ་མལ་པ་ལྟ་ཅི་སྨོས་ཞེས་བྱའོ། །དེ་ནས་བྲོ་ནི། བྃ་ཟླ་གམ་གྱིས་མཚན་པའི་དབང་གི་ཚོགས་ཀྱི་དཀྱིལ་འཁོར་ཐབ་ཁུང་ལ་བསྐོར་ཏེ། རྣལ་འབྱོར་པ་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ཏེ་བསྡམས་ལ་དབྱིབས་ཟླ་གམ་དུ་བྱས་ལ་ཐབ་ཁུང་གཡོན་དུ་བསྐོར། ངག་ཏུ་སྔགས་དང་གྱེར་མོ་བརྗོད། རྐང་པས་བྲོ་བརྡུང་། རྣལ་འབྱོར་པ་རྣམས་དབང་གི་ཧེ་རུ་ཀར་བསྒོམ་པའི་སྐུ་ལས་འོད་ཟེར་སྤྲོས་ཏེ། ཁམས་གསུམ་དབང་དུ་གྱུར་པར་བསྒོམས་ནས་བསྒྲུབ་བྱ་འགུགས་ཏེ་དབང་དུ་གྱུར་པ་ལ་ཐེ་ཚོམ་མེད་དེ། ལས་དེས་ནི་ཕྱག་ན་རྡོ་རྗེ་ཡང་ཕྱི་བཞིན་དུ་འབྲང་བར་འགྱུར་ན། དབང་དུ་བྱས་ནས་ཅི་འདོད་འགྲུབ་པས། ཅི་འདོད་དེ་བཞིན་འོང་བར་འགྱུར། །ཞེས་ཏེ། ལྷ་མོ་ཀླུ་མོ་འགུགས་པ་དང་། ལྷ་ཡུལ་ནས་བདུད་རྩི་ལེན་དུ་བཅུག་པ་དང་། དཔག་བསམ་ཤིང་གི་འབྲས་བུ་ལེན་དུ་བཅུག་པ་རྣམས་འགྲུབ་པའོ། །རྒྱས་པའི་ལས་ཀྱི་དཀྱིལ་འཁོར་བཅའ་བ་བསྐྱེད་པ་དང་ཐུན་མོང་དུ་བསྟན་པ་ནི། མྃ་ཡིག་ཚོགས་ཀྱི་དཀྱིལ་འཁོར་དུ། །ཞེས་པ་མྃ་ནི་གྲུ་བཞི་སྟེ་རྒྱས་པའི་དཀྱིལ་འཁོར་གྲུ་བཞི་པ་ཁ་ཁྱེར་ནང་མ་ལ་ཁྲུ་གང་། ཟབས་སུ་ཁྲུ་ཕྱེད་བརྐོས་པ་བང་རིམ་རྣམས་དྲག་པོའི་དུས་དང་འདྲ། ཕྱི་ནང་ཀུན་སེར་པོ། རྒྱས་པའི་ཐབ་མཚན་རྣམས་བཀོད་པའོ། །རྒྱས་པའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་རྣམས་གཞུང་བཞིན་དུ་བསྒོམ། ཡེ་ཤེས་པ་སྤྱན་དྲང་ལ་བསྟིམ། དེའི་ལྷ་རྣམས་ཀྱི་མཚན་ཉིད་ནི། མེ་རི་དང་འོད་ཟེར་འབར། འོད་ཟེར་ཕར་འཕྲོ་བས་དཔལ་དང་ཡེ་ཤེས་འཕེལ། ཚུར་བུདྡྷའི་ཡེ་ཤེས་འདུ་བའི་འདུ་འཕྲོ་དང་བཅས་པའི་གཟི་བརྗིད་ཆེན་པོ་དང་ལྡན་པའི་ལྷ་ཚོགས་རྣམས་ལ་མཆོད་པ་འབུལ་བའོ། །ལིངྒའི་རྒྱུ་ནི། བདུད་རྩི་ལྔའམ་ཟས་ལྔ་ལ། །ཞེས་པ་སྔར་དང་འདྲ། དེ་རྒྱས་པའི་ལིངྒ་ལ་བསྲེ་སྟེ་ལིངྒ་སོར་བརྒྱད་བྱ། སྐྱེ་མཆེད་དོད་པ། ལིངྒའི་མིང་གི་ཐ་མར་ཆེ་གེ་མོ་པུཥྚིཾ་ཀུ་རུའི་རྟིང་པ་ལ་ཚེ་དང་བསོད་ནམས་རྒྱས་པར་གྱུར་ཅིག་ཀྱང་སྙིང་གར་བཅུག །ལིངྒའི་རྒྱབ་དུག་མ་ཡིན་པའི་རྫས་སེར་པོས་བྱུག །གྲུ་བཞི་སེར་པོ་ཆུང་ངུ་ཞིག་གི་ནང་དུ་འདུག་བཅུག །ཡོན་ཏན་ཡིད་བཞིན་གཏེར་དུ་བརྟག །ཅེས་པ་བསྒྲུབ་བྱ་གང་ཡིན་པའི་ཚེ་དཔལ་ཡོན་ཏན་ཡིད་བཞིན་རིན་ཆེན་བཞིན་རྒྱས་ཤིང་འཕེལ་བ་ཐམས་ཅད་འཚོགས་པས་གཏེར་དུ་བརྟག །ཕོ་ཉས་བཀུག་ཅིང་བསྒྲལ་ནས་བསྟབ་པ་བྱ་བ་ནི། ང་རྒྱལ་དགའ་འཕྲོའི་ཕུར་པས་གདབ། །ཅེས་པ་རང་ཉིད་ཧེ་རུ་ཀའི་ཐུགས་ཀ་ནས་ཕོ་ཉ་ཁ་དོག་སེར་པོ་ལྕགས་ཀྱུ་སེར་པོ་བཟུང་བ་སྤྲོས་ནས་བཀུག་ཅིང་གཟུགས་ལ་བསྟིམ། ཕྲིན་ལས་ཅི་བྱེད་པའི་དུས་སུ་དགའ་བ་འཕེལ་བ་རྒྱས་པའི་བསམ་བློ་གཅིག་པུ་བྱ། གཟུགས་ལ་བསྟིམས་ཏེ་ཏིང་ངེ་འཛིན་གྱིས་ཁུག་ནས། ང་རྒྱལ་དགའ་འཕྲོའི་ཕུར་པས་གདབ། །ཅེས་པ་ང་རྒྱལ་ནི་རྒྱས་པའི་ལྷ་རཏྣ་ཧེ་རུ་ཀའོ། །དགའ་བ་འཕེལ་བ་དང་རྒྱས་པའོ། །ཁྲོ་བ་ཡང་རྒྱས་པའི་མཚན་ཉིད་ཡིན་པས། ཕུར་པ་སྟོད་རཏྣ་ཧེ་རུ་སྐུ་མདོག་སེར་པོ་བསྒོམ་པའི་ཕུར་པ་གདབ་པས། ཕུར་པའི་རྩེ་མོ་ལས་ཏྲཱྃ་སེར་པོའི་འོད་ཀྱིས་ཁོའི་ཚེ་བསོད་དབང་ཐང་འཕེལ་བར་བསྒོམས་ནས་གདབ་བོ། །རྒྱས་པའི་གཏོར་མ་ཡང་དེ་ལྟར་བྱའོ། །དེ་ནས་རྒྱས་པའི་ཐོ་བས་ཀྱང་བྱའོ། །དེ་ནས་གཟུགས་དེ་རྣལ་འབྱོར་པའི་ལག་པས་འཕུར་ཏེ་ཕྱེ་མར་བྱས་ལ་བསྟབས་པས་རྣལ་འབྱོར་པའི་དབང་ཐང་འཕེལ་བར་བསྒོམ། དེའི་ཡོན་ཏན་ནམ་འབྲས་བུ་ནི། རྡོ་རྗེ་གཟི་བརྗིད་འཕེལ་བར་འགྱུར། །ཞེས་པས་རྡོ་རྗེའི་ཡེ་ཤེས་ཀྱིས་གཟི་བརྗིད་འཕེལ་བར་འགྱུར་པ་བུདྡྷའི་འབྲས་བུའང་ཐོབ་པར་འགྱུར་ན། གཞན་འཇིག་རྟེན་འདིའི་ཚེ་དང་བསོད་ནམས་ལ་སོགས་པ་རྣམས་ཅི་སྨོས་ཞེས་བྱའོ། །སྦྱིན་སྲེག་ནི། མྃ་ཡིག །ཅེས་པས་རྒྱས་པའི་ཐབ་ཁུང་དུ་རྒྱས་པའི་ཤིང་བརྩིག་མེ་སྤར། རྒྱས་པའི་མེ་ལྷ་བསྐྱེད། སྤྱན་དྲང་ལ་བསྟིམ། བསྲེག་རྫས་འབུལ་བསྟོད་པ་བྱ་ཕྲིན་ལས་བཅོལ། ཚར་ནས་མེ་ལྷའི་ལྟོ་བར་སྔགས་ཀྱིས་རྒྱས་པའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་དུ་བསྐྱེད། སྤྱན་དྲང་ལ་བསྟིམ། ལྷའི་མཚན་ཉིད་ནི་འོད་ཟེར་དང་མེ་རི་འབར་བ་འོད་ཟེར་གྱི་འཕྲོ་འདུས་སངས་རྒྱས་ཀྱི་འོད་ཟེར་དང་། དཔལ་དང་ཡེ་ཤེས་བསོད་ནམས་འདུ་བ་དེ་ལྟ་བུའི་གཟི་བརྗིད་ཆེན་པོ་དང་ལྡན་པའི་རྒྱས་པའི་ལྷ་རྣམས་ལ་རྣལ་འབྱོར་པ་དགའ་བ་འཕེལ་བ་དང་། རྒྱས་པའི་ཡིད་ཀྱིས་སྦྱིན་སྲེག་གི་མཆོད་སྦྱིན་རྣམས་འབུལ་བར་བྱའོ། །སྔགས་ཀྱི་ཤམ་བུ་ནི། ཆེ་གེ་མོ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཚེ་དང་ཡེ་ཤེས་འཕེལ་བར་གྱུར་ཅིག །དེ་ལྟར་སྦྱིན་སྲེག་བྱས་པའི་ཡོན་ཏན་ནི། ནམ་མཁའི་མཐའ་དང་མཉམ། །ཞེས་པ་མཐར་ཐུག་བུདྡྷའི་ཡེ་ཤེས་གནས་སྐབས་སུ་ཚེ་དང་བསོད་ནམས་རྣམས་འཕེལ་བའོ། །དེ་ནས་བྲོ་ནི། མ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ཞེས་པ་ཐབ་ཁུང་དེ་ཉིད་ལ་རྣལ་འབྱོར་པ་རྣམས་གྲུ་བཞིར་བསྒྲིགས་ལ་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ལ་བསྡམ། རྐང་པས་བྲོ་བརྡུང་སྟེ་བསྐྱོད། གཡས་སྐོར་དུ་གྲུ་བཞིར་བྱ་སྟེ། ཏིང་ངེ་འཛིན་ནི། གཟི་བརྗིད་འབར་བའི་འཕྲུལ་ཆེན་སྤྲོ། །ཞེས་པ་ཧེ་རུ་ཀའི་དཀྱིལ་འཁོར་ལས། བསོད་ནམས་དང་ཡེ་ཤེས་ཀྱི་གཟི་བརྗིད་འབར་བའི་འོད་ཟེར་འཕྲུལ་ཆེན་པོ་སྤྲོ་སྟེ། སེམས་ཅན་ཐམས་ཅད་ལ་ཁྱབ་པས་བསོད་ནམས་འཕེལ་བར་བྱས། བསྒྲུབ་བྱ་ལ་ཁྱབ་པས་ཚེ་བསོད་ཡེ་ཤེས་འཕེལ་བར་བསྒོམས་ན་བསོད་ནམས་ཀྱི་ཚོགས་ཡིད་བཞིན་རིན་པོ་ཆེ་དང་འདྲ་བར་ནམ་མཁའ་གང་བར་འགྱུར། མཐར་ཐུག་ཡེ་ཤེས་ནམ་མཁའ་གང་བར་འགྱུར་རོ། །ཞི་བའི་ལས་ནི། དཀྱིལ་འཁོར་དང་བསྐྱེད་པ་ཐུན་མོང་དུ་བསྟན་པ་ནི། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ཞེས་པ་ཡ་ནི་ཟླུམ་པོ་སྟེ་ཐབ་ཁུང་ཟླུམ་པོ་ཁ་དཀྱིལ་ན་ཕར་ལ་ཁྲུ་གང་། ཟབས་སུ་ཁྲུ་ཕྱེད་པ་རྐོས་པ། བང་རིམ་མཚན་ཉིད་དྲག་པོ་དང་མཐུན་པ་ཁ་དོག་ཕྱི་ནང་དཀར་པོ་བྱ། ཞི་བའི་ཐབ་མཚན་རྣམས་བཀོད་དོ། །ཞི་བའི་ལྷ་ཚོགས་ནི་བུདྡྷ་ཧེ་རུ་ཀ་རྣམ་སྣང་གིས་གཙོ་བོ་བྱས་པའོ། །དཀྱིལ་འཁོར་ནི་གཙོ་བོ་དང་འཁོར་དུ་བཅས་པའོ། །དེའི་དཀྱིལ་འཁོར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། པཱུ་ཛ་འབུལ། ལྷའི་མཚན་ཉིད་ནི་གསལ་བར་བྱ་བ་ཆོས་མཉམ་པ་ཉིད་ལ་མཐར་འཛིན་གྱི་སྐྱོན་གྱིས་མ་གོས་པའི་རྟགས་སུ་སྐུ་མདོག་དཀར་བ། འོད་ཟེར་དཀར་པོ་གཟི་བརྗིད་འཚེར་བ་དང་བཅས་པ་ལ་མཆོད་བསྙེན་རྣམས་བྱ་བའོ། །གཟུགས་ཀྱི་རྒྱུ་ནི་བདུད་རྩི་ལྔའམ་ཟས་ལྔ་སྔར་དང་འདྲ། གཟུགས་སོར་བརྒྱད་པ་དོད་པར་བྱ། སྨན་ལྔ་དང་དཀར་གསུམ་མངར་གསུམ་གྱིས་བྱུག་གོ། །སྙིང་གར་ཆེ་གེ་མོའི་ནད་དང་གནོད་པ་དང་གདུག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱའི་མཐའ་ཅན་བཅུག །ལས་ཀྱི་ཐབ་ཁུང་ཟླུམ་པོ་ཆུང་ངུ་ཞིག་བྱས་པའི་ནང་དུ་གཟུགས་ཙོག་འདུག་གིས་བཞག །གཏུམ་རྔམ་འཁྲུག་པའི་ངོ་བོར་བརྟག །ཅེས་པ་བསྒྲུབ་བྱ་དེ་ལ་གནོད་པའི་གཏུམ་རྔམ་འཁྲུག་པ་མི་མ་ཡིན་ལྟ་བུ་དང་། གནོད་བྱེད་ཐམས་ཅད་ཞི་བའི་ངོ་བོར་བརྟག །ཕོ་ཉས་བཀུག་ཅིང་ཞལ་དུ་བསྟབས་པའི་ལས་ནི། ལྷན་ནེར་གསལ་བའི་ཕུར་པས་གདབ། །ཅེས་པ་རང་ཉིད་ཧེ་རུ་ཀའི་ཐུགས་ཀ་ནས་ཕོ་ཉ་དཀར་པོ་ལྕགས་ཀྱུ་ཅན་སྤྲོས་ལ་བསྒྲུབ་བྱ་ལ་གནོད་བྱེད་ཀྱི་མི་མ་ཡིན་རྦོད་གཏོང་ནད་དང་གནོད་པ་གང་ཡིན་པ་རྣམས་བཀུག་སྟེ་གཏུམ་རྔམ་འཁྲུག་པ་རྣམས་བསྟིམ་མོ། །ཏིང་ངེ་འཛིན་གསལ་བ་དང་། ལྷན་ནེ་ནི་ཞི་བ་སྟེ་བུདྡྷ་ཧེ་རུ་ཀའི་སྐུར་གསལ་བའི་སྨད་ཕུར་པ་འདུག་པས་གདབ་སྟེ། ཕུར་པའི་དབལ་སོ་དཀར་པོ་ལས་འོད་ཟེར་དཀར་པོ་བྱུང་བས། བསྒྲུབ་བྱའི་ལུས་ཕྱི་ནང་ལ་ཁྱབ་སྟེ། གདུག་པ་དང་གནོད་བྱེད་དང་ནད་དང་གཏུམ་རྔམ་འཁྲུག་པ་རྣམས་ཞི་སྟེ་དག་ནས་ནམ་མཁའི་སྤྲིན་དག་པ་བཞིན་དུ་བསྒོམ་མོ། །དེ་ནས་བ་ལིཾ་གིས་ལས་ཀྱིས་ཀྱང་དེ་ལྟར་བྱ། ཐོ་བའི་ལས་ཀྱིས་ཀྱང་དེ་ལྟར་བྱས་པས་ལག་པ་གཉིས་ཀྱིས་གཟུགས་དེ་འཕུར་ཏེ་ཕྱེ་མར་བྱས་པས། འབར་བ་ནི་ཡེ་ཤེས་ཀྱི་འོད་ཟེར་འབར། ལྷན་ནེ་ནི་ཞི་བའི་ལྷ་སྟེ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་རྣམས་ལ་བསྟབ་པར་བྱའོ། །དེ་ནས་སྦྱིན་སྲེག་ནི། ཡའི་ཚོགས་ཀྱི་ཐབ་ཁུང་དུ་ཤིང་བརྩིག །ཞི་བའི་མེ་སྦར། ཞི་བའི་མེ་ལྷ་བསྐྱེད། ཡེ་ཤེས་སྤྱན་དྲང་ལ་བསྟིམ། དབང་བསྐུར་པཱུ་ཛ་འབུལ། བསྲེག་རྫས་འབུལ། སྔགས་ཀྱི་མཐའ་མར་ཤཱཏྣིཾ་ཀུ་རུ་བཏགས་བསྟོད་པ་བྱ། དེ་ནས་མེ་ལྷའི་ལྟོ་བར་སྔགས་ཀྱིས་ཞི་བའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་བསྒོམ། ཡེ་ཤེས་པ་སྤྱན་དྲང་ལ་བསྟིམ། པཱུ་ཛ་འབུལ། བསྲེག་རྫས་རྣམས་རིམ་པ་བཞིན་དུ་འབུལ། དེ་ཡང་མེ་ནང་གི་ལྷ་གསལ་བའི་གཟི་བརྗིད། ཅེས་པས་ཆོས་ཉིད་སྤྲོས་པ་མེད་པ་ལ་མཚན་མའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་ཞི་བའི་ལྷ་སྐུ་མདོག་གསལ་བ་འོད་ཟེར་དཀར་པོའི་ཚོགས་ཀྱི་གཟི་བརྗིད་འཚེར་བ་དང་བཅས་པ་ལ་རྣལ་འབྱོར་པ་སེམས་དྭངས་ཤིང་ཞི་བ་སྙོམས་པའི་ཡིད་ཀྱིས་སྦྱིན་སྲེག་གི་མཆོད་སྦྱིན་བྱ། རྟིང་པ་ལ་བསྟོད་པ་འབུལ། ཕྲིན་ལས་བཅོལ། དེ་ལྟར་སྦྱིན་སྲེག་གི་འབྲས་བུ་ནི། གཏུམ་ཆེན་འབར་བ་ནི་དངོས་སུ་རུ་དྲ་སྟེ། དེ་ལ་སོགས་པའི་མི་མཐུན་པ་ཐམས་ཅད་གནོད་པའི་སེམས་དང་ལྡན་པས་རྔམ་པ་གནོད་སེམས་དང་བྲལ་ནས། ཞི་ཞིང་སྙོམས་པ་ལ་ནི་ལྷན་ནེར་འགྱུར་ཞེས་བྱའོ། །ཞི་བའི་བྲོ་ནི། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ཞེས་པ། ཐབ་ཁུང་ཟླུམ་པོར་ཞི་བའི་ལྷའི་དཀྱིལ་འཁོར་གྱི་སྦྱིན་སྲེག་བྱས་པའི་ཐབ་དེ་ཉིད་བསྐོར་ཏེ། རྣལ་འབྱོར་པ་རྣམས་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ནས་བསྡམ། རྐང་པ་བྲོ་སྟབས་བྱ་སྟེ། ཟླུམ་པོས་གཡས་སྐོར་དུ་བསྐོར། ངག་ཏུ་སྔགས་དང་བྲོ་ཚིག་གྱེར། འབར་བ་ལྷན་ནེའི་བྱིན་གྱིས་ཁྱབ། །ཅེས་པ་སེམས་ཞི་བའི་ལྷར་བསྒོམ་པ་ཞི་བའི་འོད་ཟེར་དཀར་པོ་ལྷན་ནེ་བའི་བྱིན་གྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པས་ཀྱང་གདུག་པ་ཞི་བར་བསྒོམ། བསྒྲུབ་བྱ་ལ་ཡང་ཁྱབ་སྟེ་གནོད་པ་ཐམས་ཅད་ཞི་བར་བསྒོམས་ནས་འབྲས་བུ་ནི། ཐམས་ཅད་གཡོ་བ་མེད་པར་འགྱུར། །ཞེས་པ་སྣོད་བཅུད་ཐམས་ཅད་གཡོ་བ་མེད་པ་དང་། ནམ་མཁའི་རླུང་ཡང་མི་གཡོ་སྟེ་ཞི་བར་འགྱུར་ན། གཞན་གྱི་གདུག་སེམས་དང་བསྒྲུབ་བྱའི་བར་ཆོད་རྣམས་ཞི་བ་ལྟ་ཅི་སྨོས་ཞེས་པའོ། །དབང་ཕྱུག་མའི་ལས་ཀྱི་མདོར་བསྟན་ནི། སླས་དང་བྱི་མོ་བྲན་མོའི་ཚོགས། །ཞེས་པས། འདིར་ལས་བཞིའི་ཞབས་སྡུད་ཀྱང་ཡིན་ཏེ། ཁྲག་འཐུང་གི་སྒོ་ནས་ལས་བཞི་གང་བསྒྲུབ་ཀྱང་། ལྷག་མའི་ལས་ཀྱི་སྒོ་ནས་དབང་ཕྱུག་མ་ལ་ལས་བཅོལ་བ་སྟེ། སླས་ནི་རུ་དྲའི་ཆུང་མ་ཡིན་པའི་དུས་སུའོ། །བྱི་མོ་ནི་རུ་དྲ་བསྒྲལ་ནས་གསོལ་ཏེ་ལྟོ་བ་ན་ཡོད་པའི་དུས་སུ། ཆུང་མ་རྣམས་བསྡུས་ཏེ་ཁྲག་འཐུང་ལྔའི་སྐུར་འཁྲིལ་བ་རུ་དྲས་མ་ཚོར་བ་ལ་ནི་བྱི་མོ་ཞེས་བྱའོ། །བྲན་མོ་ནི་ཕྱིས་རུ་དྲ་འཁོར་བཅས་འབངས་སུ་ཕུལ་ནས་དབང་མོ་རྣམས་ཀྱང་འདུས་ཏེ། དམ་བླངས་དབང་བསྐུར་རྡོ་རྗེའི་མིང་བཏགས་དབང་མོར་ཁས་བླངས་པ། ཕུད་ལ་འཚོལ་སྐལ་མི་ལྡན་གྱི། །ལྷག་མ་ཞལ་ཆབ་བྲན་ལ་ཞོག །ཅེས་པ་ལ་སོགས་པ་སྟེ། ཚོགས་ཀྱི་དཀྱིལ་འཁོར་བསྲུང་བར་ཁས་བླངས་ནས། མིང་ཙམ་འཛིན་པའི་རྣལ་འབྱོར་པའང་ལས་བསྒྲུབ་པར་དམ་བཅས་པས་བྲན་མོ་ཞེས་བྱའོ། །ཚོགས་ནི་གཡོག་ཡང་གཡོག་དང་བཅས་པའོ། །ལྷག་མས་མཆོད་པའི་གཏན་ཚིགས་ནི། དབང་མོ་ཉིད་ཀྱིས། ཕུད་ལ་འཚལ་སྐལ་མི་ལྡན་གྱི། །ལྷག་མ་ཞལ་ཆབ་བྲན་ལ་སྩོལ། །ཞེས་པས་དམ་ཚིག་འདོད་པ་ཡིན་པས་སྦྱིན་པར་བྱའོ། །རང་གི་དམ་ཚིག་རབ་བསྒྲགས་ནས། །ཞེས་པ་འབོད་པའི་སྔགས་དང་ཕྱག་རྒྱ་དང་། སྙིང་པོ་དང་དམ་ཚིག་གི་སྔགས་དང་། ཟིལ་གྱིས་མནན་པའི་སྔགས་དང་། སྔོན་དཔལ་ཆེན་པོའི་སྤྱན་སྔར་དམ་བཅས་པ་འོག་ནས་འབྱུང་བ་རྣམས་བསྒྲགས་ནས། རྣལ་འབྱོར་པས་གང་འདོད་པའི་ལས་བཞི་བྱེད་པའི་བསྒོ་བ་བྱའོ། །གདུལ་ཐབས་སྔོན་གྱི་གླེང་གཞི་བརྗོད་པ་ནི། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ །ཞེས་པ་ལ་སོགས་པ། སྔོན་དཔལ་ཆེན་པོས་རུ་དྲ་བཏུལ་བའི་ཚེ། དཔལ་རྡོ་རྗེ་ཧེ་རུ་ཀས་ཐུགས་ཤིན་ཏུ་གདུག་ཅིང་ལུས་གཏུམ་པ་ཅན་གྱིས་རུ་དྲ་འཁོར་དང་བཅས་པ་ཁམས་གསུམ་པ་མ་ལུས་པ་ཐམས་ཅད་འདུལ་བར་མཛད་པའི་ནུས་པ་དང་ལྡན་པ་དབང་དང་བྱིན་རླབས་ངོ་མཚར་གྱི་རྨད་ཆེན་པོ་དང་ལྡན་པས་ལྷ་ཆེན་པོ་ལ་སོགས་པའི་རུ་དྲ་འཁོར་དང་བཅས་པ་དབང་དུ་སྡུད་པ་སྤྱོད་པའི་སྒོ་ནས་བདུད་བཞི་བཏུལ་བའི་དུས་སུ། འཁོར་དབང་ཕྱུག་མ་རྣམས་འཁོར་དུ་བྱས་ཏེ་དམ་ཕོག་དབང་བསྐུར། ཕྲིན་ལས་བཞི་སོ་སོར་བསྒོས་པ་སྟེ་དམ་བདར་ནི། རང་གིས་ཅི་ལྟར་ཁས་བླངས་ཤིང་དམ་བཅས་པ་དེ་མ་ཐག་པར་མྱུར་དུ་མངོན་པར་ཕྱུངས་ཤིག །ལས་མ་བྱས་པའི་སྐྱོན་ནི། སྔོན་དམ་བཅས་པ་བཞིན་ད་ལྟ་རྣལ་འབྱོར་པས་བསྒོས་པ་མ་བྱས་ན། སྔོན་དཔལ་གྱི་སྤྱན་སྔར་ཇི་ལྟར་རང་གིས་མནའ་བོར་བ་དང་ནི་དམ་ཚིག་བཅས་པ་དེ་ལས་འདའ་བར་མ་བྱེད། དེ་ལས་འདས་པར་གྱུར་ན། མགོ་དང་ལུས་རྡུལ་ཕྲ་རབ་ཏུ་འགྱུར་པ་དང་། སྙིང་ཡང་ཚལ་པར་གས་ཏེ། ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱིས་ལུས་ཀྱི་ནང་ནས་གཏུབས་པར་འགྱུར། ཉེས་པ་ཆེན་པོ་དེ་ལྟ་བུ་ཡོད་པ་དེ་བས་ཕྱི་རབས་ཀྱི་སྔགས་འཆང་གིས་ཇི་ལྟར་བཅོལ་བ་བཞིན་དུ་ལས་བྱོས། ལས་དེ་མངོན་སུམ་དུ་མ་བྱས་ན། དཔལ་གྱི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་ལུས་རུལ་བཞིན་མྱགས་སེམས་འཚིག་ནས། ཕྱི་མ་ལ་དམྱལ་བ་དང་ངན་སོང་ཁ་བརྒྱུད་པར་འགྱུར་རོ། །ལས་བྱས་པའི་ཡོན་ཏན་ནི། རྣལ་འབྱོར་དམ་ལ་གནས་གྱུར་པའི། །ཞེས་པ་ལ་སོགས་པ། རྣལ་འབྱོར་ནི་རྟོགས་པ་གཏིང་ཕོལ་བའི་ལྟ་བ་ལ་འབྱོར་པ་དང་། བསྒོམ་པའི་ཏིང་ངེ་ཉམས་སུ་ལེན་པ་གཉིས་དང་ལྡན་ན་དེའི་རྣལ་འབྱོར་པ་དམ་ལ་གནས་པ་སྒོས་སུ་སྨོས་མི་དགོས་ཏེ། དམ་ཚིག་ཉམས་པའི་འགལ་རྐྱེན་མེད་པས་སོ། །འདིར་ནི་འདུན་པས་སེམས་པའི་རྣལ་འབྱོར་ལྟ་བསྒོམ་གཉིས་གཞུང་དུ་མ་ཚུད་ཀྱང་། དམ་ཚིག་རྣམས་མ་ཉམས་ན་མཁའ་འགྲོས་ཀྱང་དེའི་དོན་བྱེད་པས་མཁའ་འགྲོ་རང་གི་དམ་ཚིག་ཡིན་པས་ཅི་བཅོལ་བའི་ལས་རྣམས་ཐོགས་པ་མེད་པར་བྱ་བ་དང་། སྔགས་འཆང་དེའི་འཁོར་རྣམ་བཞི་བུ་གཅིག་བཞིན་དུ་སྐྱོང་ན། མཁའ་འགྲོས་དཔལ་ཆེན་པོའི་སྤྱན་སྔར་ཁས་བླངས་པའི་དམ་ཚིག་མ་ཉམས་པས་ཕྲ་མེན་ནི་དབང་ཕྱུག་མ་སྟེ། ལུས་འཇིག་རྟེན་པའི་ཆ་བཟུང་ཡང་སེམས་སངས་རྒྱས་ཀྱི་ས་ལ་གནས་པས་སོ། །དེས་ན་མཁའ་འགྲོས་ཀྱང་། ཁས་བླངས་པའི་དམ་ཚིག་མ་ཉམས་པས་བསྒྲུབ་པར་འགྲོ་བས་དངོས་གྲུབ་ཐོབ་པས་དམ་ཚིག་ཅན་གྱི་ཅི་བཅོལ་བའི་ལས་རྣམ་བཞི་མངོན་སུམ་དུ་འགྲུབ་པར་བྱོས་ཞེས་བསྒོ་བར་བྱའོ། །དཀྱིལ་འཁོར་སོ་སོའི་ངོས་ནས་ལས་བཅོལ་བའི་མདོ་ནི། ཁྲོ་བོ་བསྒྲུབ་པའི་ལས་ཀྱི་གཙོ་བོ་ནི་འདི་ཡིན་ནོ། །ཞེས་པ་སློབ་དཔོན་སྒེག་པའི་རྡོ་རྗེས་ཁྲོ་བོའི་ཚོགས་ཀྱི་དཀྱིལ་འཁོར་གྱི་དུས་སུ་ལས་ཀྱི་བྱ་བའི་མཆོག་ནི་འཆད་པར་འགྱུར་བའི་བྲོ་གར་ཡིན་ནོ་ཞེས་བཤད། སློབ་དཔོན་པདྨས་རྒྱུད་འདིའི་དབུ་ཞབས་ནས་འབྱུང་བའི་ཁྲོ་བོའི་ཚོགས་རྣམས་དང་། ཁྱད་པར་དུ་ཡང་ཁྲོ་བོའི་ཚོགས་བསྒྲུབ་པའི་དུས་དངོས་གྲུབ་མྱུར་དུ་ལེན་པའི་ཐབས་ནི་གསང་སྔགས་འདི་ཡིན་ཏེ། གསང་བ་ནི་དགོངས་པའི་ལྟ་བ་བསམ་བརྗོད་དང་བྲལ་བའོ། །སྔགས་ནི་བཟླས་པ་སྟེ། དེ་ཡང་གསང་བ་ལྟ་བའི་ངོ་བོ་དང་། ལྷའི་སྐུ་བསྐྱེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་དང་། ངག་གི་བཟླས་པ་བྲག་ཅ་ལྟ་བུ་གསུམ་གཉིས་སུ་མེད་པར་བསྒོམས་ཏེ། གཉིས་སུ་མེད་པའི་དབྱིངས་དེ་བཞིན་ཉིད་རང་གི་སེམས་སུ་གསལ་བར་མཉམ་པ་ཉིད་རང་སྣང་གི་ངང་ལས་མ་གཡོས་པར་བཟླས་པའི་ཚེ། བདག་ཉིད་ཁྲོ་བོ་དང་ཁྲོ་མོའི་དཀྱིལ་འཁོར་རང་རིག་པར་གསལ་བ་ལ་ཡུལ་ཡུལ་ཅན་མེད་པས་ཐ་སྙད་དུ་བདག་ཉིད་ཆེན་པོར་བསྒོམ་ལ། རང་ཧེ་རུ་ཀའི་ཡ་རྐན་ལ་ༀ། མ་རྐན་ལ་ཨཱཿ ལྕེ་ལ་ཧཱུྃ་བསྒོམས་ཏེ་འོད་འཕྲོ་བར་བསྒོམ་པར་བྱ་བའམ། ཡང་ན་བདག་ཉིད་ཀྱི་ལྕེ་རྡོ་རྗེ་རྩེ་གསུམ་པར་བསྒོམ་པ་ལས། ཁ་དོག་དབྱིབས་དང་འོད་དུ་ལྡན་པར་བྱ་བ་ནི་བཟླས་པའི་ཐབས་ཀྱི་གདམས་ངག་གོ། །དེ་ནས་བསྒྲུབ་པ་བྱ་བའི་གནས་ནི་དུར་ཁྲོད་དམ། རི་བྲག་གཉན་པོ་དང་། གཤིན་རྗེ་གདུག་པའི་གནས་སུ་བསྒྲུབ་བོ། །གཞན་ཡང་སྡོང་གཅིག་དང་། མེས་རེག་དང་། ལྗོན་པ་དང་། ལྕུག་ཕྲན་ནི་དངོས་སོ། སྡོང་གཅིག་ནི་ཤིང་གཅིག་འགྲེང་གི་རྩ་བའོ། །མེས་ཚིག་ནི་ཤིང་དངོས་སུ་ཡན་ལག་ཚིག་པའི་སྡོང་པོའོ། །དུས་དེར་འདོད་པའི་ཡོན་ཏན་ཐམས་ཅད་ཚོགས་པར་བྱ་བ་སྟེ། ཚོགས་སུ་བཤད་པའི་ཡོ་བྱད་ལྔའོ། །དེ་བྱི་བཀྲ་མི་ཤིས་པ་བྱད་མི་སྡུག་པ། རལ་པ་ནག་པོ་ཅན་ཤིན་ཏུ་སྐྱི་བུང་ཞེས་བྱེད་པ་གཅིག་གམ་གཉིས་སམ་གསུམ་མམ། བཞི་ལ་སོགས་པ་བྱའོ། །ཁ་ཟས་ནི་ཞིང་གསར་རྙིང་མ་ཆད་པར་རྣལ་འབྱོར་པས་བཟའ། དཔལ་ཆེན་པོ་ལ་ཡང་མཆོད། ཕྱི་ནང་གི་ཕྲ་མེན་མ་ལ་ཡང་གཏོར་མ་བྱིན་ཞིང་ལས་ལ་བསྐུལ་གཟུགས་མངོན་དུ་སྟོན་ཅིག་ཀྱང་བསྒོའོ། །གཟུགས་ཉེ་བར་མི་སྟོན་ནས་ཅུང་འགྱངས་ན་ཧཱུྃ་བྷྱོ་ཨེ་ཨ་རལླི་ཛཿཞེས་བརྗོད་ཅིང་གཟིར་གནོན་དུ་བྱ། མངོན་དུ་བྱུང་ན་ཅི་འདོད་པའི་ལས་གྱིས་ཤིག་པར་བསྒོ་སྟེ། མ་བྱས་ན་སོ་སོ་རང་གི་དཔལ་གྱི་སྤྱན་སྔར་མནའ་བོར་བ་བཞིན་དུ་མྱོང་ནས་དམྱལ་བ་དང་འབོད་སྒྲོགས་གནས་སུ་སྐྱེ། འཇིག་རྟེན་གྱི་བྱ་བྱེད་བསྒྲུབ་ན་དགུག་དང་མཐུ་རྐུ་དབང་དུ་བྱེད་པ་ལ་སོགས་པ་རྣམས་གང་བྱེད་ཀྱང་ཕྲ་མེན་མ་བཅུ་དྲུག་གི་སྔགས་བཟླ། ཕྱག་རྒྱ་གསལ་བར་བསྒོམས་ལ། སྟོང་ཚིག་གིས་སྨན་པཉྩ་ཨ་མྲྀ་ཏ་ཕུལ་ཞིང་ནང་ནུབ་དུ་གཏོར་མ་ཆེན་པོ་གཏོང་། སྔགས་འབུམ་ཕྲག་གྲངས་མེད་པ་བཟླ་བ་གཙོ་ཆེ། ལས་གང་དང་གང་འགྲུབ་པའི་དྲོད་ཚད་ནི། གང་བསྒྲུབ་ཀྱང་བཅས་འདི་བཞིན་བྱ་སྟེ། མི་མགོ་གསུམ་སྒྱེད་པོར་བཙུགས། དེའི་ཁ་ལ་ཐོད་སྐམ་ཆེན་པོ་གཅིག་བཞག་སྟེ་ནང་ཁྲག་གིས་བཀང་། སྐབས་སྐབས་སུ་དེ་ལ་མེ་འབར་བ་བསྒོམས་ན་གྲུབ་པའི་རྟགས་ཐོད་པའི་ཁྲག་ལྷག་ལྷག་ཁོལ་བར་འགྱུར་རོ། །དེ་ལྟར་བྱུང་ན་མ་མོ་རྣམས་མངོན་དུ་འབྱུང་ངོ་། །དེ་ལ་ཅི་འདོད་པ་བྱེད་དུ་གཞུག་གོ། །ཁྲག་འཐུང་ཡབ་ཡུམ་གྱི་ལས་ནི། ཁྲག་འཐུང་ཆེན་པོ་ལ་སོགས་པ། །ཞེས་པ་སོགས་ཁོངས་སུ་ཡབ་ཡུམ་བཅུའི་ཏིང་ངེ་འཛིན་དུ་གནས་ཏེ། སོ་སོའི་སྔགས་བརྗོད་བྲོ་ཚིག་གྱེར་བའི་སྐུར་བསྒོམས་ན་རྐང་པའི་བྲོ། ལག་པའི་གར་བརྗོད་པའི་གླུ་ཚིག་ཆེན་མོ་ནི་ཡབ་ཡུམ་བཅུ་ཡིན་པས་སོ། །ཐམས་ཅད་དང་པོ་ཐུན་མོང་གི་དངོས་གྲུབ། ཕྱི་ཐ་མཆོག་གི་དངོས་གྲུབ། ཐུན་མོང་ལ་ཡང་མང་སྟེ་ནམ་མཁའ་རྡོ་རྗེ་བྲག་ལ་སོགས་པའོ། །མཆོག་ལ་ཡང་རིག་འཛིན་གསུམ་སངས་རྒྱས་དང་བཞི་དེ་དག་གང་འདོད་འགྲུབ་སྟེ། དངོས་གྲུབ་གཉིས་པོ་ཐམས་ཅད་རྣལ་འབྱོར་པ་ལ་སྣང་བར་བྱེད་པ་ཡིན་ཞེས་བྱའོ། །མཛོད་ལྡན་ཆེན་མོ་ལ་སོགས་པ། །དཔལ་ཆེན་པོའི་ཐུགས་ཉིད་སྣང་བ་ཡིན་པས་ཐུན་མོང་དང་མཆོག་གི་དངོས་གྲུབ་མཛོད་དང་ལྡན་པ་ཀེའུ་རི་མ་ལ་སོགས་པ་བཞིས། འདུ་བར་འདོད་ན་འདུ་བར་བྱེད། །ཅེས་པ་གང་དབང་དུ་བྱ་བར་འདོད་པ་ཡན་ཆད་ནས་སངས་རྒྱས་ཀྱི་ཡེ་ཤེས་སོ། །འཕེལ་བ་ནི་རྒྱས་པ་སྟེ་ཚེ་བསོད་དབང་ཐང་ནས་བུདྡྷའི་ཡེ་ཤེས་ཀྱི་བར་རྒྱས་པའོ། །སྦོས་མོ་ཆེན་མོ་ནི་པུཀྐ་སཱི་ལ་སོགས་ཏེ་མཚམས་མ་བཞི། ལྷན་ནེར་འདོད་ན་ལྷན་ནེར་བྱེད། །ཅེས་པ་ཞི་བའི་ལས་ཏེ། ཕྱི་ནང་གི་ཟུག་རྔུ་ཐམས་ཅད་མི་གནས་པའོ། །རྨོངས་པ་ནི་དྲག་པོའི་ལས་ཏེ་སེམས་དྲན་པ་མེད་པར་བྱེད་པའོ། །སེང་གདོང་ཆེན་མོ་ལ་སོགས་པ། །ཞེས་པ་ལ་སོགས་པ། ཕྱོགས་ཀྱི་གཅན་མགོ་ཅན་བཞི་སྟེ། བྲོ་གར་གླུ་ཚིག་འགྲེ། དྲག་པོའི་གདུལ་བྱ་གང་ལ་ཡང་ཟ་བར་བྱེད་པ་ལུས་སེམས་ཚར་གཅད་པའོ། །རྡུལ་ཕྲ་མོའི་ཆ་ཙམ་ཡང་མེད་པར་བྱེད་དོ། །བཞད་གདོང་ནི་མཚམས་མ་བྱ་མགོ་ཅན་བཞི་སྟེ། བྲོ་གར་གླུ་ཚིག་འདྲ། གདུལ་བྱ་ཐམས་ཅད་ལ་གདམ་ང་མེད་པར་འབྱིན་པ་ནི། མིག་འབྱིན་པ་ལ་སོགས་པ་དབང་པོ་ལྔ་མེད་པར་བྱེད་པ། ཉམས་པར་བྱེད། ཅེས་པ་དབང་པོ་ལྔའི་ལས་གསལ་ཆ་མེད་པར་བྱེད་པའོ། །དབང་ཕྱུག་མའི་བྲོ་གར་གླུ་ཚིག་གིས་ནི། སྔགས་དང་ཏིང་ངེ་འཛིན་གྱིས་རྦད་ཅིང་ཕོ་ཉ་ལ་ལས་བཞི་གང་བསྒྲུབ་པའི་ཕོ་ཉ་བཏང་བ་སྟེ། ཞི་རྒྱས་དབང་དྲག་ལས་ཀུན་ལ་ཐམས་ཅད་བྱེད་པ་ཡིན་ཞེས་སོ། །གནས་དང་གཟུངས་མ་དང་སེམས་བསྟན་པ་ནི། ལྗོན་པ་དང་ནི། ཞེས་པ་ཤིང་ལྗོན་པ་ཡལ་ག་རྒྱས་པ་སྐྱེ་བ་ལྟ་བུ། ནགས་ལེགས་པའི་གློ་མོ་སྟེ་ཞི་བ་བསྒྲུབ་པའི་གནས་སོ། །ཡང་ན་ཞི་བའི་ཡུམ་སྟེ་ཤིང་ལྗོན་པ་མཉེན་པ་དང་འཁྲིལ་བ་དང་ལྡེམ་པ་དང་འདྲ་བར་ཞི་བའི་ཡུམ་ལྟར་ལྡེམ་པ་དང་། དཀར་མོ་བོང་ཆུང་སྐད་ཆེ་བ། །བཞིན་ལུས་གཙུག་ཕུད་གཡས་སུ་འཁྱིལ། །ཡན་ལག་ཕྲ་འཇམ་སྐད་གསལ་ཞིང་། །རླུང་ཁར་ལྕི་བས་ཞི་བ་བྱ། །ཞེས་སོ། །ལྕུག་ཕྲན་ཚལ། །ཞེས་པ་ཤིང་ཕྲན་མང་པོ་སྐྱེ་བ་ཡན་ལག་རྒྱས་པ་སྐྱེ་བདོ་བའི་གནས་སུ་རྒྱས་པ་བསྒྲུབ་བོ། །ཡང་ན་ཡུམ་སྟེ། ཟླ་དང་ཡན་ལག་མང་བ་དང་། །ཕྲ་ཞིང་བཤན་ལ་གཟིངས་སུ་རིང་། །བཞིན་ལུས་སེར་ཞིང་གྲུ་བཞིར་གནས། །རྣ་དཔྱངས་ཤ་དང་ནུ་མ་རྒྱས། །འཕེལ་བའི་དུས་སུ་འདི་དག་གཟུང་། །ཞེས་སོ། །སྡོང་གཅིག་ནི་དབང་གི་གནས་ཏེ། ཤིང་གཅིག་འགྲེང་གི་རྩ་བའོ། །དེ་ན་མཁའ་འགྲོ་ཕོ་མོ་མང་པོ་འདུ་བའོ། །ཡང་ན་དབང་གི་ཡུམ་སྟེ། བཞིན་མདོག་པད་འདྲ་སོག་ཁ་ལ། །སྨིན་དཀྱུས་རིང་ལ་སྟོད་སྨད་ཕྱེད། །ལུས་ལ་ཆུ་རླུང་དྲི་ཞིམ་ཞིང་། །བདེ་བ་ལྡན་ཞིང་ཡན་ལག་མེད། །འདི་ནི་བརྒྱུད་པའི་མཆོག་ཏུ་འགྱུར། །ཞེས་སོ། །མེས་རེག་ནི་དྲག་པོའི་གནས་ཏེ། ཁང་རལ་ནག་པོའམ། གློ་གླེའམ། ས་གདུབ་རྩུབ་ཆེ་བའི་གནས་སུ་བསྒྲུབ་བོ། །ཡང་ན་མེས་རེག་དྲག་པོའི་ཡུམ་སྟེ། ནག་མོ་གྲུ་གསུམ་རྩིད་མགོ་མ། །ཁྲོ་གཉེར་བྱིས་པའི་ལུས་ལྡན་ཞིང་། །གཏུམ་ཞིང་བརླང་ཚིག་འཛེམ་པ་མེད། །གཙང་སྨེའི་རྟོག་བྲལ་གསོད་པར་བྱེད། །ཅེས་སོ། །དང་བས་ཞེས་པ། ཞི་བའི་ལས་བསྒྲུབ་པའི་དུས་སུ། སེམས་དགའ་བ་དྲང་བ་སྙོམས་པ་ནམ་མཁའ་ལྟ་བུ་སྟེ་སྟངས་ཀྱི་སེམས་སོ། །རྒྱས་པའི་དུས་སུ་དགའ་བ་རྒྱ་ཆེ་བ་འཕང་མཐོ་བའོ། །ཆགས་པ། ཞེས་པ་དབང་གི་དུས་ཏེ། སྤྱིར་ཡང་ཆགས་ཤིང་ཞེན་པ་ལྟ་བུ། སྒོས་སུ་བསྒྲུབ་བྱ་གང་ཡིན་པ་དེ་ལ་ཆགས་ཤིང་ཞེན་པ་ལྟ་བུར་བྱའོ། །ཁྲོས་པ་ནི་དྲག་པོའི་སེམས་ཏེ། ད་ལྟ་ཁོ་ནར་གསོད་སེམས་ཅན་ལྟ་བུར། ཀཱ་ལི། ཞེས་པས་སྐད་ཅིག་མ་ལ་ལུས་སེམས་ཕྲལ་ཞིང་ཤེས་པ་བསྒྲལ་བའི་སེམས་གཅིག་པུས་བྱའོ། །ཡོན་ཏན་ནི། དྲུག་པའི་སྐྱེས་བུས་དེ་སྐད་བརྗོད་པས། དེ་བཞིན་གཤེགས་པ་ཉིད་ལ། ཞེས་པ་འཁོར་ལ་དེ་བཞིན་གཤེགས་པ་ཉིད་སྟོན་པའི་ཕྲིན་ལས་མཐར་ཕྱིན་པ་སྤྱོད་པར་གྱུར་ཏོ། །ཡང་ན་དེ་བཞིན་གཤེགས་པ་སྔ་མ་ནི་གོ་ཕྱེ་བའི་འཁོར་རོ། །ཕྱི་མ་ནི་ལྷན་ཅིག་པའི་འཁོར་རོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ལྷུན་གྱིས་གྲུབ་པའི་ཕྲིན་ལས་ནི། རྒྱུད་གཞུང་འདིའི་ཕྲིན་ལས་ནི་ཡོ་གའི་གཞུང་དང་མི་འདྲ་ལ། སྟོན་པའི་རིགས་བདག་གི་དགོངས་པ་ལྷུན་གྲུབ་ཀྱི་ཕྲིན་ལས་ཉིད་དུ་བཞུགས་པ་ནམ་མཁའ་ལྟ་བུ་ལ་གཡོ་བ་མི་མངའ་བའོ། །བྱིན་གྱིས་རློབ་པ་ནི། གདུལ་བྱའི་ངོ་ལ་དེ་ཉིད་མི་འགག་པར་སྣང་བ་ཕྲིན་ལས་བཞིའི་བྱེ་བྲག་ཏུ་ཤར་བ་ལ་བྱ་བཙལ་མེད་པར་རང་སྣང་བ་ནི་དམ་ཚིག་གི་ངོ་བོ་སྟེ། དེའི་ལེའུ་སྟེ་ཉི་ཤུ་པ་བཤད་པའོ།། ༈ །།ལེའུ་ཉེར་གཅིག་པ་བསྟོད་པ་ནི། རྒྱུད་གསུམ་ལས་རང་བཞིན་ལྷུན་གྲུབ་ཁྲོ་བོའི་དཀྱིལ་འཁོར་འབྲས་བུའི་རྒྱུད་དོ། །རྒྱུད་ཀྱི་དངོས་པོ་བཅུ་ལས་གླུ་ཡེ་ཤེས་ཀྱི་མཆོད་པའོ། །དཀྱིལ་འཁོར་བཅུ་གཉིས་ལས་ཁྲོ་བོ་ལྷག་པ་ཏིང་ངེ་འཛིན་ནོ། །དེ་ཡང་ཁྲོ་བོའི་དཀྱིལ་འཁོར་དང་བསྒྲུབ་པ་ཏིང་ངེ་འཛིན་བསྟན་ནས། གླུ་ཡེ་ཤེས་ཀྱི་མཆོད་པ་ཁྲོ་བོའི་དཀྱིལ་འཁོར་ལ་བསྟོད་པའོ། །ལོ་རྒྱུས་ནི། དེ་ནས་བཅོམ་ལྡན་འདས། ཞེས་པ་ལ་སོགས་ཏེ་དེ་ནས། ཞེས་པ། སྒྲའི་དེ་མ་ཐག་པ་ནི་ལེའུ་ཉི་ཤུ་པའོ། །དོན་གྱི་དེ་མ་ཐག་པ་ནི། ཁྲོ་བོའི་དཀྱིལ་འཁོར་བསྒྲུབ་པ་དང་། ཏིང་ངེ་འཛིན་སྐབས་སུ་གླུ་ཡེ་ཤེས་ཀྱི་མཆོད་པའི་སྐབས་དེ་ཉིད་དོ། །བཅོམ་ལྡན་འདས་ལ་སོགས་པ་སྔར་བཞིན་ནོ། །ཚོགས་ཀྱི་དཀྱིལ་འཁོར་གྱིས། ཞེས་པ་ཡུལ་ཕྱི་ནང་གཉིས་ལ་རབ་ཏུ་རྔམ་པའི་ཁྲོ་བོའི་ཁྲོ་ཚུལ་བཞི་དང་ལྡན་པ། རང་བཞིན་ལྷུན་གྱིས་གྲུབ་པ་ཁྲོ་བོའི་དཀྱིལ་འཁོར་རབ་ཏུ་སྣང་བའི་ཚོགས་རྣམས། ཤིན་ཏུ་རྔམ་པའི་མདངས་ཞེས་པ། ཞལ་ཤིན་ཏུ་རྔམ་པ་ཁྲོ་ཚུལ་དང་ལྡན་པ་ཆོས་ཀྱི་སྐུ་མཚན་མ་ཐམས་ཅད་དང་བྲལ་བ་ཉིད་རང་སྣང་བའི་ཚུལ་གྱིས་ཁྲོ་བོ་ཉིད་འཛུམ་པའི་མདངས་དང་ལྡན་པས། གླུ། ཞེས་པ་ཁྲོ་བོའི་བསྟོད་པའི་ཚིག་ཉིད་ཀྱིས་རང་བྱུང་གི་ཡེ་ཤེས་ཉིད་གསལ་བ་ནི། ཐ་མལ་པའི་འཁྲུལ་པ་ཉིད་གཏན་ནས་དག་པར་བྱེད་པས་གླུ་ཡེ་ཤེས་ཏེ། ཕྱི་རབས་པས་ངག་གི་གྲེ་འགྱུར་དང་བཅས་པས་བསྟོད་པ་སྟེ། དགྱེས་པའི་གླུར་བླང་བ་ཞི་བའི་སྐབས་སུ་རྒྱས་པར་བཤད་པ་བཞིན་འདིར་ཡང་ཤེས་པར་བྱའོ། །སྤྱིར་ཁྲོ་བོ་ཐམས་ཅད་ཀྱི་སྐུ་ལ་བསྟོད་པ། སྒོས་སུ་བུདྡྷ་ཧེ་རུ་ཀ་ལ་བསྟོད་པ་ནི། ཧཱུྃ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །ཞེས་པ་ལ་སོགས་པ། ཧཱུྃ་ནི་ཕྲིན་ལས་དྲག་པོའི་སྒོ་ནས་ཡེ་ཤེས་ལྔ་མཚོན་པ་སྟེ། གླུ་ཉིད་རང་བྱུང་གི་ཡེ་ཤེས་རང་སྣང་བ་མི་འགག་པའི་རྐྱེན་གྱི་ཕྱིར་མགོ་འདྲེན་ནོ། །གཏུམ་པ་ནི་འབར་བ་ཆེན་པོའི་སྐུ་གཏུམ་པ་སྟེ་རང་བྱུང་གི་ཡེ་ཤེས་མཚོན་པ་བསྐལ་པའི་མེ་ཕུང་ནང་ན་བཞུགས་པའི་སྐུ་གར་དགུ་དང་། ཁྲོ་ཚུལ་དྲུག་ཅུ་རྩ་གཉིས་དང་ལྡན་པས་གདུལ་བྱ་སྐད་ཅིག་མ་མི་གནས་པར་མཛད་པ་ནི་གཏུམ་པའོ། །མཚོན་པར་བྱེད་པའི་གསུང་གཏུམ་སྟེ། ཐུགས་རང་བྱུང་གི་ཡེ་ཤེས་རང་སྣང་བའི་གདུལ་བྱའི་ངོ་ལ་ད་ཧ་དང་པ་ཙ་དང་ཧ་ཧ་དང་ཧི་ཧི་ལ་སོགས་པ་སྐུ་ཉིད་ཀྱི་སྒོ་ནས་བསྒྲག་པས། རྒྱ་མཚོ་གཤེར་བ་ལས་མ་འདས་པས་དེ་ལས་སྣང་བའི་རླབས་དང་ཆུ་ཡང་གཤེར་བ་ལས་མི་འདའ་བ་བཞིན་དུ། རང་བྱུང་ཡེ་ཤེས་མཐའ་དང་བྲལ་བ་རང་སྣང་བའི་གསུང་ཡང་བརྗོད་པ་ཇི་ལྟར་བརྗོད་ཀྱང་མཐའ་གཉིས་དག་པ་ལས་མ་གཡོས་པས། དེས་གདུལ་བྱ་རུ་དྲ་ལ་སོགས་པ་དྲག་པོ་རྣམས་སྐད་ཅིག་གིས་དམིགས་འཛིན་དག་ནས་ཡེ་ཤེས་རང་གསལ་བར་མཛད་དོ། །མཐའ་ལས་འདས་པའི་ཐུགས་གཏུམ་པ་ཧེ་རུ་ཀའི་ཐུགས་རང་བྱུང་གི་ཡེ་ཤེས་ཆོས་སྐུ་ཁོ་ན་དེའི་ངང་ལས། འཁོར་འདས་སྣོད་བཅུད་ཡུལ་སེམས་བདག་གཞན་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་ལ། ཉི་མའི་སྙིང་པོ་ལ་མུན་པ་གཞི་དག་པ་དང་འདྲ་བར་དེ་ལ་གཉིས་འཛིན་གྱི་ཆོས་ཐམས་ཅད་དེ་ཉིད་ཀྱི་ངང་དུ་རིག་པ་སྐད་ཅིག་མ་ལ་རྫོགས་པས་ཐུགས་གཏུམ་པའོ། །ཕྲིན་ལས་དྲག་ཤུལ་མཛད་པའི་ཕྱག་གཏུམ་པ་ནི། ཕྱག་དྲུག་ཡེ་ཤེས་དྲུག་སྟེ། ཆོས་ཐམས་ཅད་དེ་ཉིད་དུ་གཅོད་པ་དང་། གདུལ་བྱ་གདུལ་བའི་ཕྲིན་ལས་ཐམས་ཅད་ཀྱི་བྱ་བ་བྱེད་པ་ཕྱག་ཡིན་པས། འབྲས་བུའི་ཐེག་པའི་བཞེད་ཀྱིས་འགྲོ་དོན་བསྐྱར་མི་དགོས་པར་འདིར་ཁྲོ་བོའི་སྐབས་ཀྱི་དྲག་པོའི་ལས་ཀྱིས་མཛད་པའོ། །རྒྱུ་དྲུག་སྒྲོལ་བའི་ཚེམས་གཏུམ་པ་ནི། སྐྱེ་བ་བཞི་གཅོད་པའི་རྟགས་སུ་ཞལ་རེ་རེ་ལ་ཡང་མཆེ་བ་བཞི་བཞི་སྟེ། རིག་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་སྐད་ཅིག་གིས་གཅོད་པའམ་སྤངས་པ་མེད་པར་རང་བྱུང་ཡེ་ཤེས་སུ་རྫོགས་པའི་རྟགས་སུ། ལས་ཀྱི་རུ་དྲ་ནག་པོ་ཞལ་དུ་གསོལ་ནས་མིད་པའི་ཚུལ་ལོ། །ཆེ་བ་ནི། གདུལ་བྱ་འཁོར་བ་དང་ས་བཅུ་མན་ཆད་ཀྱིས་མི་རེག་པའི་དཔལ་ཧེ་རུ་ཀའི་དགོངས་པ་ལ་བྱ་བྱེད་ཀྱི་རྩོལ་བ་ཕྲ་བ་ཡང་མི་དམིགས་ཀྱང་། གདུལ་བྱའི་ངོ་ལ་བསད་བཅད་འཇིགས་སྐྲག་ལ་སོགས་པར་སྣང་ཡང་། དགོངས་པ་ལ་མ་གྲུབ་པས་ཆེན་པོའོ། །མཛད་པ་དེ་ལྟ་བུའི་དཔེ་ནི། དུས་མཐའི་མེ་ལྟར་འབར། ཞེས་པ་བསྐལ་པ་འཇིག་པའི་དུས་ཀྱི་མེས་ཆེ་བསྲེགས་ཆུང་ངུ་བསྲེགས་ཏེ། རྡུལ་ཕྲ་རབ་མེར་འབར་བ་དང་རི་རབ་མེར་འབར་བ་ལ་དཀའ་ལས་མེད། སྐམ་བསྲེག་རློན་དུ་བསྲེག་སྟེ། རྫས་སྐམ་པོ་ཞིག་མེར་འབར་བ་དང་། རྒྱ་མཚོ་མེར་འབར་བ་ལ་ཡང་དཀའ་ལས་མེད་དེ། སྟོང་གསུམ་མེའི་ཕུང་པོར་གྱུར་ནས་གཞན་ཅི་ཡང་མེད་པ་ལྟར། དཔལ་ཧེ་རུ་ཀའི་ཐུགས་རང་བྱུང་གི་ཡེ་ཤེས་ཀྱི་ངང་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པས་འཁོར་འདས་ཀྱི་ཐ་སྙད་ཙམ་ཡང་མ་དམིགས་ནས་རང་བྱུང་ཡེ་ཤེས་ཞེས་བྱ་བའང་བརྗོད་གཞི་མེད་པ་ནི་དཔལ་ཧེ་རུ་ཀའི་ངོ་བོ་སྟེ། དེ་ཉིད་གདུལ་བྱ་རུ་དྲའི་ངོ་ལ་སྣང་བ་ནི། རུ་དྲ་ཉིད་མ་གཏོགས་པ་འཁོར་འདས་སྣོད་བཅུད་ཐམས་ཅད་ཧེ་རུ་ཀའི་སྐུར་སྣང་ནས་དེ་ལས་བྲོས་ས་ཡང་མེད་པ་ལྟ་བུ་སྟེ། རྟགས་བསྐལ་པའི་མེ་དཔུང་གི་ནང་ན་བཞུགས་པའི་ཁྲོ་བོ་ཐམས་ཅད་འཇིག་པར་བྱེད་པས། འཇིག་པའི་དུས་ཀྱི་མེ་དཔུང་གཅིག་ཏུ་བྱས་པ་དཔེའོ། །སྐུ་དེ་ལྟ་བུ་ལས་བསྐལ་པའི་མེ་དཔུང་ཆེན་པོ་འཁྲིགས་པ་བཟོད་པར་དཀའ་བ་དུས་ཀྱི་མཐའི་མེ་ལྟ་བུའོ། །དེ་ནི་སྐུ་དངོས་ཀྱི་ཚུལ་ལོ། །སྐུ་དེ་ལས་འོད་ཟེར་འཕྲོ་བའི་ཚུལ་ནི། འོད་ཟེར་ཉི་མ་འབུམ་གྱི་གཟི། །ཞེས་པ་ཐབས་ལ་མཁས་པའི་འོད་ཟེར་དང་། མུན་པ་སེལ་བའི་འོད་ཟེར་དང་། ཐུགས་རྗེ་ཆེན་པོས་ཀུན་ཏུ་ཁྱབ་པའི་འོད་ཟེར་རོ། །མུན་པ་སེལ་བའི་འོད་ཟེར་ནི། དཔལ་གྱི་ཐུགས་རང་བྱུང་ཡེ་ཤེས་ནི་རང་བྱུང་གི་ཡེ་ཤེས་རང་གི་ངོ་བོ་ལ་མུན་པ་གཞི་ནས་གྲུབ་མ་མྱོང་བ་ཉི་མའི་སྙིང་པོ་དང་འདྲ་བས། དེས་ཁམས་གསུམ་གྱི་མུན་པ་སེལ་ཞིང་མི་གནས་པར་མཛད་པའི་དོན་དུ། མཛད་པའི་ཆོ་འཕྲུལ་ཅིར་ཡང་སྣང་བ་ཉིད་ཡེ་ཤེས་རང་སྣང་བའི་ཕྱིར་སྐུའི་འོད་ཟེར་བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་དྲུག་ཅུ་དྲུག་ཅུ་འཕྲོ་བ་ལ་གསལ་བའི་ངོ་བོ་ཉིད་ཀྱིས་གདུལ་བྱ་ཐམས་ཅད་ཀྱང་རང་བྱུང་ཡེ་ཤེས་ངང་དུ་ལྷུན་གྱིས་གྲུབ་པའོ། །ཐབས་མཁས་པའི་འོད་ཟེར་མང་པོ་ནི། གདུལ་བྱ་སེམས་ཅན་བསམ་གྱིས་མི་ཁྱབ་གདུལ་བྱ་སེམས་ཅན་གཅིག་གི་རྒྱུད་ལའང་དུས་ཐོག་མ་དང་ཐ་མའི་བར་རྣམ་རྟོག་སྐད་ཅིག་མའི་གྲངས་བསམ་གྱིས་མི་ཁྱབ་པ་འདུལ་བ་ལ་མཛད་པའི་ཕྲིན་ལས་ཀྱང་དེ་ལྟར་ཤར་བས་ཕྲིན་ལས་མི་ཤར་བའི་དུས་མེད་དོ། །དེས་ན་གང་ལ་གང་འདུལ་དེ་ལ་དེ་སྟོན་དུ་ཤར་བ་སྤྱིར་སེམས་ཅན་ཐམས་ཅད། སྒོས་སུ་སེམས་ཅན་གཅིག་གི་རྒྱུད་སྐད་ཅིག་མའི་འགྱུར་བ་ཅན་ལ་དེ་དང་མཐུན་པའི་མཛད་པ་ཤར་བའི་ཕྱིར། ཁ་དོག་དཀར་པོ་ལ་སོགས་པ་སྣ་ཚོགས་པ་དང་། གྲངས་ཀྱང་རང་བྱུང་གི་ཡེ་ཤེས་འདུ་ཤེས་ཀྱི་རྒྱུན་ལས་གྲོལ་ཞིང་བསམ་གྱིས་མི་ཁྱབ་པའི་རིག་པ་ལ་དབང་བསྒྱུར་བའི་ཕྱིར། སྐད་ཅིག་ལ་གདུལ་བྱ་ཐམས་ཅད་ཀྱི་བློ་བཞིན་ཤར་བའང་འགལ་བ་མེད་དེ། གཏན་ཚིགས་གོང་དུ་སོང་བས་སོ། །དེའི་ཕྱིར་ཧེ་རུ་ཀའི་འོད་ཟེར་གསལ་བའི་ནང་ན་གསལ་བའང་མི་བསྒྲིབ་པར་ཕྲིག་ཕྲིག་དུས་རེར་མང་པོ་རེ་འགྱུ་བའོ། །ཐུགས་རྗེ་ཆེན་པོས་ཁྱབ་པའི་འོད་ཟེར་ནི། ཧེ་རུ་ཀའི་ཐུགས་རང་བྱུང་གི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བསྒོས་པ་མེད་པར་ཁྱབ་སྟེ། འཁོར་འདས་དང་དགོངས་པའི་ཆོས་སྐུ་མཐའ་མེད་པར་མཉམ་པ་ནི་སྟོང་ཁམས་ཐུགས་ཀྱི་ཏིལ་འབྲུ་ཙམ་ཞེས་གསུངས་སོ། །དེའི་ཕྱིར་ཧེ་རུ་ཀའི་སྐུ་ལས་འོད་ཟེར་གསལ་བ་དང་མང་བ་གཉིས་ཀ་མི་འགྲིབ་པའི་འོད་དཀར་པོ་རྟབ་རྟབ་པོ་དངོས་པོར་གྲུབ་པ་མེད་པ་གཅིག་གིས་དུས་ཐམས་ཅད་དུ་གསལ་བས་ཆོས་ཐམས་ཅད་ལ་ཁྱབ་པ་ནི་ཐུགས་རྗེ་ཆེན་པོའི་འོད་ཟེར་རོ། །འོད་ཟེར་གསུམ་པོ་དབྱེར་མེད་པའི་དཔེ་ནི། ཉི་མ་འབུམ་དུས་གཅིག་ཤར་བ་ལྟ་བུ་སྟེ་ནང་དུ་རིག་པའི་ཡེ་ཤེས་སོ། །ཕྱི་རོལ་དུ་སྐུའི་འོད་དོ། །ཐམས་ཅད་དེའི་ཟིལ་གྱིས་གནོན་ཅིང་མི་གནས་པར་བརླག་པར་མཛད་པའི་གཟི་བརྗིད་དང་ལྡན་པ་སྟེ། དེའི་རྩལ་ལས་གཉིས་སུ་འཛིན་པའི་ཐ་སྙད་ནི་ཟུར་ཙམ་ཡང་མི་གནས་ལ། གདུལ་བྱ་རུ་དྲའི་ཉོན་མོངས་པའི་ཚོགས་དག་པར་མཛད་པ་ནི་ལས་སོ། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །ཞེས་པ་གདུལ་བྱའི་དབང་གིས་ཞི་བ་ལ་མེད་དེ། ཁྲོ་བོ་ཡིན་པས་ཁྲོ་གཉེར་རོ། །སྨིན་མཚམས་ན་ཡོད་དེ། ཡབ་ཐབས་ཀྱི་རང་བཞིན་སྟོབས་བཅུ་དང་ལྡན་པའི་རྟགས་སུ་ཁྲོ་གཉེར་བཅུ་སྟེ། རྩེ་མོ་སྨིན་མཚམས་སུ་བསྡུས་ནས་སྨིན་མའི་གོང་དུ་གཡས་གཡོན་དུ་ལྔ་ལྔར་གྱེས་པའོ། །ཡུམ་ཤེས་རབ་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བ་རྣམ་ཐར་སྒོ་གསུམ་མཚོན་པའི་ཕྱིར། སྨིན་མཚམས་ནས་གྱེན་དུ་སྤྱན་དབུ་མའི་གཡས་གཡོན་ནས་འགྲེང་བའོ། །དེ་དག་ལ་དབང་དུ་སྡུད་པའི་ཁྲོ་གཉེར་བསྡུས་པ་སྟེ། ཁྲོ་གཉེར་ཇི་ལྟར་གྱེས་ཀྱང་རྩ་བ་སྨིན་མཚམས་སུ་བསྡུས་པ་སྟེ། དཔལ་ཆེན་པོའི་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་ལས་གདུལ་བྱའི་དབང་གིས་ཇི་ལྟར་འཆར་ཡང་རང་བྱུང་གི་ཡེ་ཤེས་མ་གཡོས་པའི་རྟགས་སུ། སྨིན་མཚམས་སུ་ཁྲོ་གཉེར་གཡོ་བ་གློག་སྟོང་དུས་གཅིག་གཡོ་བ་བཞིན་དུ་འཁྲུགས་པས། གདུལ་བྱ་རུ་དྲ་ལ་སོགས་པ་རྒྱུད་དྲག་པོ་རྣམས་དབང་དུ་བསྡུས་ཤིང་འདུལ་བའི་མགོ་ཟུག་པའོ། །ཟིལ་གྱིས་གནོན་པའི་ཁྲོ་གཉེར་རྣམས་ནི། ཁྲོ་གཉེར་གཡས་གཡོན་གྱི་རྩེ་མོ་རྣམས་གྱེན་དུ་འགྲེང་བ་ཀྲུག་ཀྲུག་འཁྲུག་པ་སྟེ་དེ་ནི་དཔལ་ཆེན་པོའི་ཐུགས་རང་བྱུང་གི་ཡེ་ཤེས་ཀྱིས་འཁོར་བ་དང་ལམ་པ་དང་ས་བཅུ་པའི་ཡེ་ཤེས་མན་ཆད། ཉི་མ་ཤར་ན་སྲིན་བུ་མེ་ཁྱེར་དང་འདྲ་བར་ཆོས་ཐམས་ཅད་ཟིལ་གྱིས་གནོན་པའི་ངོ་བོར་བཞུགས་ལ། དེའི་རྟགས་སུ་ཁྲོ་གཉེར་གྱེན་འགྲེང་རྣམས་འཁྲུགས་པ་དང་། དེའི་འོད་གློག་སྟོང་འགྱུ་བ་ལྟ་བུས་རུ་དྲ་ལ་སོགས་པ་དྲག་པོ་རྣམས་ཟིལ་གྱིས་གནོན་ཏེ་དཔའ་ཞུམ་ནས། ང་རྒྱལ་ཆག་སྟེ་རྒོལ་བའི་བསམ་པ་དང་བྲལ་བ་ནི་འདུལ་བའི་ཐབས་གཉིས་པའོ། །ཐབས་མཁས་འོད་ཟེར་སྣ་ཚོགས་སུ་གཡོ་བ་སྟེ། ཁྲོ་གཉེར་བཅུ་ཀ་དུས་གཅིག་ཏུ་གཡོ་བ་ལ་གང་ཟག་གི་འདུ་ཤེས་ཀྱི་རྒྱུད་ཀྱིས་བཟུང་བའི་གཅིག་མིན་པ་མི་འདྲ་བ་གཉིས་གསུམ་ལ་སོགས་པ་མི་བཏུབ་པ་བཞིན་མ་ཡིན་ཏེ། འདིར་དཔལ་ཆེན་པོའི་ཐུགས་རིག་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ཁམས་གསུམ་མ་ལུས་པའི་འདུལ་ཐབས་ཀྱང་དུས་གཅིག་ཤར་བ་ལ་མངའ་བརྙེས་ཏེ། དེ་ལྟ་བུའི་ཡེ་ཤེས་ཀྱི་མཛད་པ་ལ་སོལ་བ་ཐལ་བ་མེད་པར་རང་ཤར་བ་ནི། རྒྱུ་དེས་མཛད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཤར་ཏེ། ཚོམས་སུ་བསྡུ་ན་རུ་དྲ་དངོས་ལ་ཡང་ཕོ་བསྒྲལ་ཏེ་འདུལ་བ་དང་། མོ་སྦྱོར་ཏེ་འདུལ་བའང་དཔལ་ཆེན་པོ་ལ་དུས་མཚུངས་ཀྱང་། གདུལ་བྱ་ལ་ཁ་ཁར་སྣང་བ་ལྟ་བུའོ། །སྔར་ཡེ་ཤེས་ཀྱི་སྐབས་སུ་བཤད་པ་དང་འདྲ་བར་མཛད་པའི་ཕྲིན་ལས་ལྷུན་གྲུབ་ཏུ་བསམ་གྱིས་མི་ཁྱབ་པར་ཤར་ཏེ། དེ་ལྟ་བུ་རང་བྱུང་གི་ཡེ་ཤེས་ལ་གང་ཟག་གི་རྒྱུད་ཀྱིས་གཞལ་བའི་བློ་ཆུང་དག་ག་ཆད་དེ་ངལ་ལོ། །ཁྲོ་གཉེར་དེའི་མཚན་ཉིད་ནི། གློག་སྟོང་འགྱུ། ཞེས་པ་ནམ་མཁའ་ལ་གློག་འགྱུ་བའི་གཟི་བྱིན་གྱིས། ང་རྒྱལ་ཆེན་པོ་ཅན་རྣམས་ཀྱང་ག་ཆད་ཅིང་བརྒྱལ་བའོ། །གློག་ལ་ཡང་སྐུ་གསུམ་ཚང་སྟེ། གློག་ཐམས་ཅད་ཀྱི་གཞི་མ་དཀར་པོ་རྟབ་རྟབ་པོ་དངོས་མེད་ལ་གནས་པ་མི་འགྱུར་བ་ཞིག་ཡོད་པ་ནི་ཆོས་སྐུའི་རྟགས་སོ། །དེའི་ངང་ལ་དངོས་པོ་སྣང་ཞིང་གསལ་བར་བྱེད་པའི་བར་སྐབས་དང་བཅས་པ་ནི་ལོངས་སྐུའི་རྟགས་སོ། །དེ་ཉིད་ཀྱི་ངང་ལས་བྲིག་བྲིག་པོ་ཞིབ་བུ་ཅིར་ཡང་འགྱུར་བ་ཞིག་ཡོད་པ་ནི་སྤྲུལ་སྐུའི་རྟགས་སོ། །མཆེ་བ་ཟངས་ཡག་ཟ་བྱེད་ཆེ་ཧོཿ ཞེས་པ་མཆེ་བ་ལ་ཡང་སྐྱེ་ཤི་རྩ་བ་གཅོད་པའི་མཆེ་བ་དཀར། གདུག་པ་ཟ་བར་བྱེད་པའི་མཆེ་བ་དམར། ཕྲིན་ལས་ལས་ལ་རྔམ་པའི་མཆེ་བ་རྣོ། ཐུགས་སྤྲོས་པ་དང་བྲལ་བའི་མཆེ་བ་ཟླུམ་པོ། དེ་ལ་སྐྱེ་ཤི་རྩ་བ་གཅོད་པའི་མཆེ་བ་དཀར་བ་ནི། དཔལ་ཆེན་པོའི་ཐུགས་རིག་པའི་ཡེ་ཤེས་ལ་མཐར་འཛིན་གྱི་ཆོས་ཕྲ་བའི་ཕྲ་བ་ཡང་མེད་པ་ནི། ཡེ་ཤེས་ཁོ་ནར་གསལ་བས་དེའི་ངང་ལ་རྒྱུ་རྐྱེན་དང་བྲལ་བས་སྐྱེ་འཇིག་མ་གྲུབ་པས་དེའི་རྟགས་སུ་སྣང་བ་ནི་ཞལ་གྱི་མཆེ་བ་ཤིན་ཏུ་དཀར་ཏེ། འདུ་ཤེས་ཀྱི་འཛིན་པ་ཕྲ་རབ་དང་བྲལ་བས་དེ་དཀར་པོ་ཁ་དོག་གཞན་གྱིས་མ་བསླད་པ་ལྟ་བུའོ། །དོན་དེས་ཁམས་གསུམ་གྱི་སྐྱེ་ཤིའི་རྩ་བ་གཅོད་པའི་རྟགས་སོ། །གདུག་པ་ཟ་བར་བྱེད་པའི་མཆེ་རྩ་དམར་བ་ནི། དཔལ་གྱི་ཐུགས་རང་བྱུང་གི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ལ་མ་ཁྱབ་པ་མེད་པ་ནི་ཆགས་པའི་བདག་ཉིད་དེ་རྩ་དམར་བ་ཡིན་ལ། དེ་ཉིད་རྟགས་སུ་ཕྲིན་ལས་དྲག་པོའི་མཛད་པས་གདུལ་བྱའི་ཤ་ཁྲག་གསོལ་བས་ཁྲག་མཆེ་བ་ལ་མི་གོས་པ་ལྟ་བུ་སྟེ། རཀྟ་རཱ་གའི་སྒྲས་ཁམས་གསུམ་གྱི་འདོད་ཆགས་ཟད་པར་བྱེད་པའི་རྟགས་སུ་མཆེ་བ་དམར་བའོ། །ཕྲིན་ལས་རྔམ་པའི་མཆེ་བ་རྣོ་བ། ཐུགས་ཡེ་ཤེས་ཀྱིས་ཁམས་གསུམ་གྱི་ཆོས་རྒྱུ་འབྲས་ཐམས་ཅད་རིག་པར་དབྱེར་མེད་པ་ན། མཆེ་བ་ལྟ་བུས་ཟང་ཐལ་དུ་གནས་པར་མཛད་པའི་རྟགས་སུ། མཛད་པའི་ཕྲིན་ལས་ཀྱིས་གདུལ་བྱ་དྲག་པོ་རྣམས་སྐད་ཅིག་གིས་འཇོམས་པའི་རྟགས་སོ། །རྣོ་བ་ནི་ཅི་ལ་ཡང་ཐོགས་པ་མེད་པའོ། །ཐུགས་སྤྲོས་པ་དང་བྲལ་བའི་མཆེ་བ་ཟླུམ་པ་ནི། དཔལ་ཆེན་པོའི་ཐུགས་རིག་པ་ཆོས་ཀྱི་སྐུ་ལ་སྤྲོས་པའི་མཚན་མ་ཕྲ་བའང་མི་གནས་པ་ནི། དེ་མཚོན་པའི་ཐ་སྙད་དུ་ཟླུམ་ཞེས་བྱ་བ། དེ་ཉིད་གདུལ་བྱའི་ངོ་ལ་མཛད་པར་སྣང་བའི་དུས་སུ་མཆེ་བ་དངོས་ཟླུམ་པ་སྟེ། འབར་འབུར་དང་གཤང་གཤོང་མེད་པ་སྟེ་ཤིན་ཏུ་རྣོ་ལ་ཟླུམ་པའོ། །ཟངས་ཡག་ནི། སྤྱིར་ན་དཔལ་ཆེན་པོའི་མཆེ་བ་ནི་མས་ཀྱི་མཆེ་བས་ཡས་ཀྱི་སྨིན་མཚམས་སུ་སླེབས་པ། ཡས་ཀྱི་མཆེ་བས་མས་ཀྱི་ནུ་ཕྲག་ཏུ་སླེབས་ཏེ། གདུལ་བྱའི་དབང་དུ་ཡས་ཀྱི་མཆེ་བས་སྲིད་པའི་རྩེ་མོ་ནས་དམྱལ་བ་མནར་མེད་པར་ཐལ་ཕྱུང་། མས་ཀྱི་མཆེ་བས་མནར་མེད་ནས་སྲིད་པའི་རྩེ་མོར་ཐལ་ཕྱུང་བ་སྟེ་ཁམས་གསུམ་རངས་པ་དཔལ་ཆེན་པོའི་ཞལ་དུ་ཆུད་པའོ། །ཟ་བྱེད་ནི། ནང་དུ་ཉོན་མོངས་པ་དང་གཟུང་འཛིན་མི་གནས་པར་བྱེད། ཕྱི་རོལ་དུ་རུ་དྲ་ལ་སོགས་པའི་གདུལ་བྱ་རྒྱུད་དྲག་པོ་རྣམས་མི་གནས་པར་བྱེད་པའང་འདིར་ཞལ་དུ་གསོལ་བ་སྟེ། གདུལ་བྱའི་དུག་གསུམ་ཤ་ཁྲག་རུས་པ་དུག་གསུམ་དུ་སྣང་བ་གསོལ་བས་ཡེ་ཤེས་ཀྱི་ངང་དུ་སྦྱང་བ་དུག་གསུམ་མི་གནས་པར་མཛད་པའོ། །ཆེ་ཞེས་པ། ཕྲིན་ལས་དྲག་པོའི་མཛད་པ་གདུལ་བྱ་འདུལ་བྱེད་དུ་སྣང་བ་རིག་པ་ཆོས་སྐུའི་ངང་ལ་དངོས་པོར་གྲུབ་པ་རྡུལ་ཕྲ་རབ་ཙམ་ཡང་མེད་ལ། སྤྱོད་པའི་དངོས་པོར་མ་འགགས་པ་སྣང་བ་གཉིས་སྐད་ཅིག་ལ་ལྷུན་གྱིས་གྲུབ་སྟེ། སྣང་སྟོང་གི་ཆེད་འཛིན་ཕྲ་བའང་མ་དམིགས་པ་ནི་སངས་རྒྱས་འབའ་ཞིག་གི་སྤྱོད་ཡུལ་ཡིན་པས་ཆེ་བའོ། །ཧོ་དེའི་དོན་གྱིས་དགྱེས་པའོ། །སྤྱིར་ཁྲག་འཐུང་ཐམས་ཅད་ཀྱི་གསུང་ལ་བསྟོད། སྒོས་སུ་པདྨ་ཧེ་རུ་ཀ་ལ་བསྟོད་དེ། ཧཱུྃ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །ཞེས་པ་རྔམ་པ་ནི་གསུང་སྤྱིའི་གདངས་ཡིན་ཏེ། རྟོགས་པ་རང་བྱུང་གི་ཡེ་ཤེས་རྔམ་པས་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཅིག་ཅར་དུ་འཇོམས། གཉིས་སུ་མེད་པར་ཁྱབ་པའི་ཐུགས་རྗེས་རྔམ་པ་ནི། སྣོད་བཅུད་ཀྱི་ཆོས་ཐམས་ཅད་ལ་ཐུགས་རྣམ་པར་མི་རྟོག་པ་སེམས་ཅན་ཐམས་ཅད་ལ་ཡེ་ཁྱབ་ཏུ་ཡོད་པས་ཐུགས་རྗེ་ལ་ཅིག་ཅར་དུ་སྤྲོ་བསྡུ་མེད་པས་ཐུགས་རྗེ་རྔམ། མཛད་པའི་ཕྲིན་ལས་རྔམ་པ་ནི་གདུལ་བྱ་ལ་འདུལ་མི་འདུལ། ཐུབ་མི་ཐུབ་ཀྱི་ཐེ་ཚོམ་མེད་པར་རུ་དྲ་ལྟ་བུ་ཅིག་ཅར་དུ་འཇོམས་པ་དོན་དེ་ལྟ་བུའི་ཕྱིར། གསུང་རྔམ་པའི་གདངས་ངར་དང་བཅས་པས་གདུལ་བྱ་ཚར་བཅད་པའི་ཕྱིར། ང་རོ་ནི་གསུང་གི་རྒྱུན་དེའི་གཟི་བརྗིད་ཀྱི་དཔེ་ནི་འབྲུག་སྟོང་ལྡིར་བ་ལྟ་བུ་སྟེ་འབྲུག་གི་སྐད་ལ་ལྡི་རི་རི་ཞེས་པ། རྒྱུན་མི་ཆད་པ་ལྟ་བུ་ཀུན་གྱི་ཡིད་དུ་འོང་ཞིང་རྒྱུན་མི་ཆད་པ་ཆོས་ཀྱི་སྐུའི་རྟགས་སོ། །ནང་ན་ཚག་ཆེམ་དྲག་པོ་གྲགས་པ་ནི་ལོངས་སྐུ་མཚོན་པའོ། །སྒྲའི་བྱེ་བྲག་འགྱུར་བ་ཅན་མང་པོར་གྲགས་པ་ནི་སྤྲུལ་སྐུའི་རྟགས་སོ། །ཐུག་ཆེམ་རི་རབ་འབུམ་སྙིལ་སྐད། །ཅེས་པ་ལྷ་གཤེགས་པ་ཐུག་ཆེམ་ནི་ཡེ་ཤེས་པ་སྤྱན་དྲང་བའི་དུས་སྐད་གདངས་ཆེ་ལ་རྣར་སྙན་པ་ཡིད་དུ་འོང་བ་དང་བཅས་པའོ། །ཕྲིན་ལས་མཛད་པའི་ཐུག་ཆེམ་ནི་རུ་དྲ་ལ་སོགས་པ་འདུལ་བའི་ལས་ཀྱི་དུས་སུ་སྟེ། གཏུམ་ལ་དྲག་པ་གཞན་ཞེ་གཅོད་ཅིང་དཔའ་བཀོང་བ་དང་ལྡན་པའོ། །སྤྲུལ་པ་འཕྲོ་བའི་ཐུག་ཆེམ་ནི། གཞན་དོན་མཛད་པའི་དུས་སུ་སྤྲུལ་པའི་མཚན་ཉིད་མི་འདྲ་བ་སྤྲོ་བའི་དོན་དུ་ཐུག་ཆེམ་ཡང་དྲག་ཞན་མི་འདྲ་བ་མང་པོ་འཕྲོ་བའོ། །ཐུག་ཆེམ་དེའི་དཔེ་ནི། རི་རབ་འབུམ་དུས་གཅིག་བསྙིལ་བའི་སྐད་ཆོམ་ཆོམ་འུར་འུར་ཆེམ་ཆེམ་ཤིག་ཤིག་ལ་སོགས་ཏེ། དྲག་ཞན་ཆེ་ཆུང་བྱེ་བྲག་མང་པོ་འབྱུང་བས་གདུལ་བྱ་རྒྱུད་དྲག་པོ་རྣམས་ཚར་གཅོད་པའོ། །ཨ་ལ་ཧ་ལའི་གད་རྒྱང་ཆེ། །ཞེས་པ་ལ། ཨ་ལ་ནི་རྔམ་པའི་གད་མོ་སྟེ། ནང་དུ་ཡེ་ཤེས་རྔམ་པས་གཟུང་འཛིན་སྐད་ཅིག་གིས་རྩད་གཅོད། ཕྱི་རོལ་དུ་ཕྲིན་ལས་རྔམ་པས་གདུལ་བྱ་སྐད་ཅིག་གིས་འཇོམས་ཏེ། ཡེ་ཤེས་རྔམ་པའི་ཨ་ལ་ནི་རང་བྱུང་ཡེ་ཤེས་མིན་པ་ཡུལ་མེད་པས་དགྱེས་པ་ལྟ་བུའོ། །མཛད་པའི་ཕྲིན་ལས་དཔའ་བ་ནི། གདུལ་བྱ་རྒྱུད་དྲག་པོ་སྐད་ཅིག་གིས་འདུལ་བ་རྔམ་པའམ་དཔའ་བསྐྱེད་པ་ལྟ་བུ་ལ་རྔམ་པའོ། །གཏུམ་པའི་གད་མོ་ཧ་ཧ་ནི། ནང་རིག་པའི་ཡེ་ཤེས་གཏུམ་པས་ཆོས་ཐམས་ཅད་ཡེ་ཤེས་སུ་གཅོད་དེ། ཡེ་ཤེས་མིན་པའི་ཡུལ་མེད་པས་ཧ་ཧ་བདག་ཁོ་ནའོ་ཞེས་པ་ལྟ་བུའོ། །ཕྲིན་ལས་གཏུམ་པ་ནི། མཛད་པའི་ཕྲིན་ལས་ཀྱིས་ལས་དྲག་པོ་མཛད་པ་ལ་ཐོགས་པ་མེད་པ་ཧ་ཧ་ཁྱོད་ལྟ་ཅི་དཀའ་ཞེས་པ་ལྟ་བུའོ། །དགྱེས་པའི་གད་མོ་ནི་དགོངས་པ་ཆོས་ཀྱི་དབྱིངས་ལ་དགྱེས་པའི་གད་མོ་མཛད་པ་གདུལ་བྱ་འདུལ་བ་ལ་དགྱེས་པའི་གད་མོ་ཧི་ཧིའོ། །གད་རྒྱངས་ནི་ཡི་གེ་གསུམ་གྱི་གདངས་ངར་གང་བར་སྒྲོགས་པའོ། །དེ་ཙམ་ཉིད་ནའང་སྣང་སྟོང་དབྱེར་མེད་པ་ནི་ཆེ་བའི། སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོཿ ཞེས་པ་ནི། འཁོར་སྡུད་པའི་བཤུགས་པ་ནི་འཁོར་གྱི་མ་མོ་རྣམས་བསྡུ་བ་སྟེ། ཕྲ་ལ་སྙན་པ་འདུར་མང་ལ་ཡུན་རིང་བའོ། །གདུག་པ་གདུལ་བའི་བྱུག་པ་ནི། ཆེ་ལ་སྦོམ་འདུར་གྱི་བར་མཚམས་སོས་དལ་འདུར་ཐུག་ཆེམ་དང་བཅས་པ་གཞན་སྐྱི་གཡའ་བར་བྱེད་པའོ། །བྱིན་ཕེབས་པའི་བཤུགས་པ་ནི། ཆེ་ལ་སྦོམ་པ་རྣར་སྙན་ཡིད་དུ་འོང་བའོ། །འཐོར་རླུང་། ཞེས་པ་ནི་བཤུགས་པ་བརྗོད་པའི་དུས་སུ་དབུགས་ཀྱི་རྒྱུན་ལས་འཐོར་རླུང་ཆེན་པོ་བྱུང་བས་ཁམས་གསུམ་རངས་པ་རས་བལ་རླུང་གིས་གཏོར་བ་བཞིན་དུ་འུར་མེར་ཐོར་ཤིག་མི་གནས་པར་མཛད་པའོ། །ཆེ་བ་གོང་དང་འདྲ། ཧོ་དགྱེས་པ་མཐུན། སྤྱིར་ཁྲག་འཐུང་ཐམས་ཅད་ཀྱི་ཐུགས་ལ་བསྟོད་པ་དང་། སྒོས་སུ་བཛྲ་ཧེ་རུ་ཀ་ལ་བསྟོད་པ་སྟེ། ཧཱུྃ། ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཞེས་པ་ཧཱུྃ་མགོ་འདྲེན་མཐུན། ཁྲོ་བོ་ནི་གཉིས་ལས། འདིར་ངང་གིས་ཁྲོ་བོ་དང་ཡེ་ཤེས་ཆེན་པོའི་ཁྲོ་བོ་སྟེ། དེ་ཉིད་སྣོད་བཅུད་ཀྱི་ཆོས་ཐམས་ཅད་རང་རིག་བར་གསལ་བར་བྱེད་པ་ཤེས་རབ་ཆེན་པོ་ཉིད་ཁྲོ་བོའི་ངོ་བོ་སྟེ། དེས་མཐར་འཛིན་གྱི་ལྟ་ངན་མ་ལུས་པ་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་ངང་ལ་མི་གནས་པར་བྱེད་པས་ཁྲོ་བོ་ཡང་ཡིན་ལ། དེ་ཉིད་མཐར་ཐུག་པ་ཉིད་ཤེས་རབ་ཀྱི་ངོ་བོ་ཆོས་སྐུ་ཡིན་པས་སོ། །འོད་ནི་རང་གསལ་དངོས་པོ་མེད་པར་ཐམས་ཅད་ལ་ཐོགས་ཆགས་མེད་པའི་བདག་ཉིད་ཡིན་པ་བཞིན། གོང་དུ་བསྟན་པའི་ཤེས་རབ་ཀྱི་ཁྲོ་བོ་དེ་རང་ལ་དངོས་པོ་མ་གྲུབ་པས་ནམ་མཁའ་དང་འདྲ་སྟེ་སྒྲིབ་བྱེད་བྲལ་བ་དང་། སྒྲིབ་བྱེད་མེད་པ་ཉིད་ཀྱིས་རང་གསལ་ལ། གཞན་ཐམས་ཅད་ཀྱི་ཡང་གསལ་བྱེད་དུ་གནས་པ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་ཅིང་ངོ་བོ་ཉིད་དུ་བཞུགས་པས་འོད་དེ། དེ་ཙམ་དུའང་འཛིན་མེད་པ་ནི་རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་ཆེ་བའོ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །ཞེས་པ་རང་བྱུང་གི་ཡེ་ཤེས་ཉིད་ཡེ་ཤེས་ལྔའི་དཀྱིལ་དང་འཁོར་དུ་རང་སྣང་ལ། ཀུན་ཏུ་གསལ་ཞེས་བ། ཐུགས་ཡེ་ཤེས་ལྔ་ཡིས་ཤེས་བྱ་མ་ལུས་པ་ཐམས་ཅད་ཡེ་ཤེས་ལྔའི་ངང་དུ་མཁྱེན་ཏེ། ཐམས་ཅད་ཡེ་ཤེས་ལྔར་རྫོགས་པའི་ངང་ལ་དེ་ཉིད་མ་རྟོགས་པའི་གདུལ་བྱ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་དུས་དང་གནས་སྐབས་མི་མཁྱེན་པ་མེད་ལ། ཡུལ་དང་ཡུལ་ཅན་མེད་པར་རང་གསལ་བའི་ཕྱིར་ཀུན་ཏུ་གསལ་ཞེས་བྱའོ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །ཞེས་པ་ཐུགས་རང་བྱུང་གི་ཡེ་ཤེས། སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོཿ ཞེས་པ་སྣ་ཚོགས་ཡེ་ཤེས་ནི། རང་བྱུང་གི་ཡེ་ཤེས་ལ་ཡེ་ཤེས་བཞིར་ཤར། དེ་རེ་རེ་ལ་ཡང་བཞི་བཞི་ཤར་བས་བསམ་གྱིས་མི་ཁྱབ་པར་འཕྲོས་ཏེ། རྩིས་ལས་འདས་པའི་བར་རམ། ཡང་ན། སྣ་ཚོགས། ཞེས་པས་ཕྱོགས་རེ་ཕྱོགས་རེ་ནས་གཞལ་བ་སྟེ། རྩ་བའི་ཡེ་ཤེས་ལྔ། རང་བྱུང་གི་ཡེ་ཤེས་དང་དྲུག །ཡེ་ཤེས་ཡིན་པ་ལ་བཅས་བཅོས་མ་བྱས་པ་དེ་བཞིན་ཉིད་ཀྱི་ཡེ་ཤེས་དང་བདུན། ཡེ་ཤེས་ཀྱི་ངོ་བོ་འདི་ལྟ་བུ་ཞེས་ཡུལ་དུ་མེད་པས་མི་གནས་པའི་ཡེ་ཤེས་དང་བརྒྱད། དེ་ལ་མཁྱེན་པ་གཉིས་ཅིག་ཅར་དུ་རྫོགས་པས་དགུ། ཀྲྀ་ཡོག་གི་ཡེ་ཤེས་རྣམས་ཀྱང་རྩིས་པས་འདོད་ཕྱོགས་ཐ་སྙད་ཙམ་དུ་བརྗོད་དོ། །སྒེག་པའི་རྡོ་རྗེས་ནི་སྟོང་པ་བཅོ་བརྒྱད་མཚན་ཉིད་ཀྱི་དབང་དུ་སྤྲོས་བྲལ་ཟང་ཀ་མ་ཡིན་པས་ཡེ་ཤེས་ཀྱི་མིང་མེད་ཀྱང་། གསང་སྔགས་འདི་ཉིད་དུ་བཅོ་བརྒྱད་པོ་རང་རིག་པར་སྣང་བས་ཡེ་ཤེས་བཅོ་བརྒྱད་དུ་གསལ་ཏེ། སྣ་ཚོགས། ཞེས་དེ་ལ་བརྗོད་དོ། །སྣ་ཚོགས། ཞེས་པས་དངོས་པོར་མ་སོང་ངམ་ཞེས་ན་མ་སོང་སྟེ། རང་བྱུང་ཡེ་ཤེས་སུ་དབྱེར་མེད་པས་ཡེ་ཤེས། ཡེ་ཤེས་ཀྱི་ངང་དུ་ཟླུམ་པ་ལ་མི་མཐུན་པ་མེད་པས་ཐིག་ལེ། ཆེ་བ་ནི་རྣམ་གྲངས་ཐ་སྙད་མང་པོར་བརྗོད་ཀྱང་། ཐེག་པ་འདི་ཉིད་གཞུང་གིས་མི་གནས་པའི་ཡེ་ཤེས་ཆེན་པོར་ལྷུན་རྫོགས་པ་ནི་ཆེ་བའོ། །ཧོ་དེའི་དོན་གྱིས་མཉེས་པའོ། །སྤྱིར་ཁྲག་འཐུང་ཐམས་ཅད་ཀྱི་ཡོན་ཏན་ལ་བསྟོད་པ། སྒོས་སུ་རཏྣ་ཧེ་རུ་ཀ་ལ་བསྟོད་པ་ནི། ཧཱུྃ། ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །ཞེས་པ་ཧཱུྃ་མགོ་འདྲེན། ཁྲོ་བའི་རྒྱལ་པོའི་ངང་གི་ཁྲོ་བོ་རང་བྱུང་ཡེ་ཤེས་བཤད་པ་ཉིད། །ངོ་བོ་གང་དུའང་མ་གྲུབ་པ་འཁོར་བའི་མཐའ་ལས་རྒྱལ། རྣམ་པར་མི་འགག་པ་ཁྲོ་བོའི་དཀྱིལ་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་ཆོས་ཀྱི་དབྱིངས་དང་མཉམ་པར་ཤར་བ་མྱ་ངན་ལས་འདས་པའི་མཐའ་ལས་རྒྱལ། དེས་ནི་རང་བྱུང་གི་ཡེ་ཤེས་ཆོས་སྐུ་ལྟ་བུར་བསྟན། སྤྲིན་ཆེན་པོ། ཞེས་པ་ལོངས་སྐུ་སྟེ་ནམ་མཁའ་གཞི་དག་པ་ལས་སྤྲིན་གྱི་ཚོགས་སུ་ཆགས་པ་དང་འདྲ་བར། ཆོས་ཀྱི་སྐུ་ཁྲོ་བོ་ནམ་མཁའ་ལྟ་བུ་ལས་ལོངས་སྤྱོད་རྫོགས་པའི་སྐུར་སྣང་སྟེ། དགོངས་པ་ངང་གིས་ཁྲོ་བོ་མ་གཡོས་པ་ལས་ཤུགས་ཀྱིས་ཁྲོ་བོའི་རྩལ་མ་འགག་པར་སྣང་། དེ་ཙམ་ཉིད་ན་ཆོས་སྐུ་ལས་མ་གཡོས་མ་འགག་དབྱེར་མེད་པ་ཉིད་ནི། ལོངས་སྤྱོད་རྣམ་གཉིས་ལྷུན་གྱིས་གྲུབ་པ་སྟེ། སྤྲིན་གཞི་མ་ངེས་པ་ལས་ཅིར་ཡང་འཆར་བ་བཞིན་འཁོར་འདས་དབྱེར་མེད་ཀྱི་ངོ་བོ་ཁྲོ་བོའི་ལོངས་སྐུ་གཞི་མ་ངེས་པ་སྤྲིན་ལྟ་བུ་ལས། ཁྲོ་བོའི་དཀྱིལ་འཁོར་འཆར་ཆེན་འབེབས། །ཞེས་པ་དཔེར་ན་ནམ་མཁའ་ལ་སྤྲིན་ཆགས། དེ་ལས་ཆར་བབ་པས་ལོ་ཐོག་བསྐྱེད་ནས་འབྲས་བུར་སྨིན་ནས་འགྲོ་བའི་གསོས་སུ་གྱུར་བ་ལྟར། ཁྲོ་བོ་ལོངས་སྐུ་སྤྲིན་ལྟ་བུ་ལས་སྤྲུལ་སྐུ་ཆར་ལྟ་བུ་བབ་ནས་གདུལ་བྱའི་རྒྱུ་ཐ་རྒོད་དང་འདྲ་བ་ལ་ཆར་གྱིས་རྒྱུད་བརླན་ཏེ། མཐོ་རིས་དང་ཐར་པའི་ས་བོན་ལོ་ཐོག་བསྐྱེད་ནས་འབྲས་བུ་སྨིན་ཏེ་འགྲོ་བའི་གསོས་སུ་འགྱུར་བའོ། །དེ་བས་ན་ཆར་ཆེན་པོ་ནི་ཁྲོ་བོ་སོ་སོའི་དཀྱིལ་འཁོར་སོ་སོའི་སྤྲུལ་པ་དང་བཅས་པས་གདུལ་བྱ་ཐ་དད་ལ་སྣང་ནས་རང་རང་གི་བློ་ངོ་དང་མཐུན་པར་དོན་མཛད་པའོ། །སྤྲུལ་པའི་དཀྱིལ་འཁོར་དེ་དག་ཀྱང་གདུལ་བྱ་མ་ཟད་ཀྱི་བར་དུ་ཟད་པ་མེད་པའི་ཕྱིར། དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །ཞེས་ཏེ། གསང་སྔགས་ཕྱི་ནང་ཕ་རྒྱུད་མ་རྒྱུད་རྩ་བ་དང་ཡན་ལག་རྒྱུད་རེ་རེ་ལ་ཡང་རྒྱས་བསྡུས་ཀྱི་བྱེ་བྲག་མང་པོ་རྣམས་གདུལ་བྱའི་བློ་དང་མཐུན་པར་འཆར་བའི། ཡིད་བཞིན་འབྱུང་བའི་གཏེར་ནི། གདུལ་བྱའི་བློ་དང་འཐད་པ་བཞིན་དུ་འབྱུང་བ་ལ་འདི་མི་ཤར་བྱ་བ་མེད་པ་དང་། རྒྱུན་ཆད་མེད་པའི་ཕྱིར་གཏེར་ཞེས་གསུངས་སོ། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ། །ཞེས་པ་རང་བྱུང་གི་ཡེ་ཤེས་གང་དུ་ཡང་མ་གྲུབ་ཅིང་ཅིར་ཡང་འཆར་བས་སྣ་ཚོགས་ཁྲོས་པ་ཞེས་བྱ་ལ། ཡང་ཁྲོ་བོའི་དཀྱིལ་འཁོར་སྣ་ཚོགས་སྣང་བ་རྣམས་གདུལ་བྱའི་བློའི་དགོས་པ་སྐོང་བའི་ཡོན་ཏན་སྣ་ཚོགས་དང་ལྡན་པའི་ཤུགས་ཀྱིས་ཁྲོ་བའི་ཁྲོ་བོ་རྣམས། ཐིག་ལེ། ཞེས་པ་མ་འགགས་པར་སྣང་ཙམ་ཉིད་ན་ངང་གིས་ཁྲོ་བའི་ཆོས་སྐུར་དབྱེར་མེད་ཅིང་སྤྲོས་མཐའ་དང་བྲལ་བས་ཐིག་ལེ་ཆེ་ཞེས་བྱའོ། །ཧོ་དེའི་དོན་གྱིས་མཉེས་པའོ། །ཁྲག་འཐུང་ཐམས་ཅད་ཀྱི་ཕྲིན་ལས་ལ་བསྟོད་པ། སྒོས་སུ་ཀརྨ་ཧེ་རུ་ཀ་ལ་བསྟོད་པ་ནི། ཧཱུྃ། བདུད་ཀུན་གྱི་ནི་བདག་ཆེན་པོ། །ཞེས་པ་བདུད་ཀུན་ནི་བཞི་སྟེ། ཕུང་པོའི་བདུད། ཉོན་མོངས་པའི་བདུད། འཆི་བདག་གི་བདུད། ལྷའི་བུའི་བདུད་ད ང་བཞིའོ། །བདག་ཆེན་པོ་ཞེས་པ། བདུད་བཞི་པོ་ངང་གིས་ཁྲོ་བོའི་དགོངས་པ་རིག་པའི་ངང་དུ་དབྱེར་མེད་པས་དེའི་ངང་ལ་ཟག་པའི་ཕུང་པོ་ལྔ་མ་དམིགས་པས་ཕུང་པོའི་བདུད་རང་སར་དག །དེ་ལྟ་བུའི་དགོངས་པ་ལ་བདག་ཏུ་གྲུབ་པ་མ་དམིགས་པས་གཞན་དག །གཉིས་འཛིན་དག་པས་ཉོན་མོངས་པ་ཆགས་སྡང་མ་དམིགས་པས་ཉོན་མོངས་པའི་བདུད་རང་སར་དག །དེ་ལྟ་བུའི་ཡེ་ཤེས་ལ་སྐད་ཅིག་མ་དང་བྲལ་བས་སྐྱེ་འཇིག་མེད། དེས་ནི་འཆི་བདག་གི་བདུད་དག །བདག་ཉིད་ཆེན་པོའི་ངང་ལ་གཞན་པ་མ་དམིགས། དེས་གཉེན་པོ་དང་བྲལ་བས་ལྷའི་བུའི་བདུད་བཅོམ། རང་རིག་པ་བདག་ཉིད་ཆེན་པོའི་ངང་ལ་གཞན་མེད་པས་གཉེན་པོ་མེད། དེ་བས་ན་བདུད་ཀུན་གྱི་བདག་ཉིད་དུ་གྱུར་པས་སྤངས་པ་མེད་པར་རིག་པ་བྱང་ཆུབ་སེམས་སུ་རྫོགས་ཏེ། བདག་ཉིད་ཆེན་པོར་མངའ་བསྒྱུར་ཡང་དེ་ཙམ་དུ་ཡང་འཛིན་པ་མེད་པ་ནི་བདག་ཉིད་ཆེན་པོ་ཞེས་བྱའོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །ཞེས་པ་བདུད་དང་པོ་ནི་རུ་དྲ་སྟེ་མཐོ་རིས་དང་ཐར་པའི་བར་གཅོད་དུ་བྱེད་པའོ། །བདུད་དེ། ཞེས་པ་དཔལ་ཆེན་པོས་དེ་འཇོམས་ཏེ། རུ་དྲ་སྡེ་དང་བཅས་པ་སྤྱོད་པས་བདུད་བཞི་བཏུལ་བའི་ངོས་ནས་བསྒྲལ་ཏེ་གནས་སྤར་ནས། ཡང་གཟུགས་བརྙན་ཙམ་ཞིག་སྐུ་ལས་ཕྱུངས་ཏེ་ཕྱི་རོལ་དུ་ལམ་པར་སྣང་བ་ནི་བཅོམ་ཞེས་བྱའོ། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །ཞེས་པ་འཇིགས་པའི་ཚོགས་ནི་རུ་དྲ་ནག་པོ་སྡེ་དཔུང་དང་བཅས་པ་སྟེ། དེས་ཁམས་གསུམ་པ་རྣམས་བསད་བཅད་བརླགས་ལོག་ལྟ་དགུ་ལ་བཀོད་ནས་མུན་པའི་རྒྱལ་ཁམས་སུ་བྱས་པའོ། །འཇིགས་བྱེད་པ། ཞེས་པ། དཔལ་ཆེན་པོས་དེ་དག་སྡེ་དཔུང་དང་བཅས་པ་བསྒྲལ་ཏེ་མི་གནས་པར་བྱས་ནས། དགྲའི་དམ་པ་གཉེན་གྱི་དམ་པར་གྱུར་པ་ལྟ་བུ་ནི་འཇིགས་བྱེད་པ་ཞེས་བྱའོ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོཿ ཞེས་བྱ་བ་ནི། རུ་དྲ་བདག་འཛིན་གྱི་སྟོབས་རྒྱས་པའི་རྩལ་ལས་སྣང་བའི་དྲེགས་ཚོགས་མ་ལུས་པ་བསྒྲལ་ཏེ་མི་གནས་པར་བྱས་པས་ན་འཇིགས་བྱེད་དོ། །ཆེན་པོ་ཐིག་ལེ་ཆེ་ནི། ངང་གིས་ཁྲོ་ནི་ཡེ་ཤེས་ཀྱི་མཛད་པ་ལྷག་པའི་ཆོས་སྐུ་ཉིད་ལས་མ་གཡོས་པར་སྤྲོས་པ་དང་བྲལ་བས་ཐིག་ལེ་ཆེ་ཧོཿ ཞེས་སོ། །ངོ་བོ་ཉིད་ཀྱི་རིགས་ཀྱི་ཡུམ་བཞིའམ་དབང་ཆེན་ལ་བསྟོད་པའི་སྒོ་ནས་བསྟོད་པའི་ཞབས་བསྡུ་བ་ནི། ཧཱུྃ། རྡོ་རྗེ་བྲག་ཆེན་སྲ་བ་པོ། །ལ་སོགས་པ་སྟེ། ངང་ཁྲོ་ཤུགས་ཁྲོ་གཉིས་ཀྱིས་བསྡུས་པའི་ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་སྣང་སྟོང་དབྱེར་མེད་པ་གཞིག་ཅིང་གཞོམ་དུ་མེད་དེ། མི་ཕྱེད་པའི་དོན་གྱིས་ཀྱང་རྡོ་རྗེ། དེས་གཉིས་འཛིན་གྱི་དངོས་པོ་ཐམས་ཅད་ཡེ་ཤེས་དེ་ཉིད་ཀྱི་ངང་དུ་འཇོམས་པས་ཀྱང་རྡོ་རྗེ་སྟེ། དཔེར་ན་མེས་བསྲེག་པ་ལྟ་བུའོ། །བྲག་ཆེན་སྲ་བ་པོ། །ཞེས་པ་རྡོ་རྗེ་ལྟ་བུ་ཉིད་མི་འགག་པའི་རྩལ་ལས། བྲག་ཆེན་སྲ་བ་པོ་ནི། བྲག་ནི་ས་སྟེ་འབྱུང་བ་ས་ལྟ་བུར་ཡང་སྣང་། སྣང་ཡང་རྡོ་རྗེ་ལྟ་བུའི་ངང་ལས་མ་གཡོས། སྣང་སྟོང་དབྱེར་མེད་པ་ནི་ཁྲོ་མོའི་དུས་སུ་བུདྡྷ་ཀྲོ་དྷི་ཤྭ་རི་མའི་སྐུར་སྣང་བའོ། །ཡང་རྡོ་རྗེ་ལྟ་བུ་ཉིད་མི་འགག་པའི་རྩལ་ལས། རྡོ་རྗེ་ཆུ་བོ་སྡུད་ཆེན་པོ། །ཞེས་པ་ལ་སོགས་པ་འབྱུང་བ་ཆུ་ལྟ་བུར་ཡང་སྣང་། སྣང་ཡང་རྡོ་རྗེ་ལྟ་བུ་ལས་མ་གཡོས་ཏེ་དབྱེར་མེད་པ་ཉིད་རཏྣ་ཀྲོ་དྷི་ཤྭ་རི་མར་སྣང་སྟེ། སྡུད་ཆེན་པོ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །ཡང་རྡོ་རྗེ་ལྟ་བུ་ཉིད་མི་འགག་པའི་རྩལ་ལས་འབྱུང་བ་མེ་ལྟ་བུར་ཡང་སྣང་། སྣང་ཡང་རྡོ་རྗེ་ལྟ་བུའི་ཆོས་ཉིད་ལས་མ་གཡོས། སྣང་སྟོང་དབྱེར་མེད་པ་ཉིད་པདྨ་ཀྲོ་དྷི་ཤྭ་རི་མར་སྣང་སྟེ་སོ་སོར་རྟོགས་པའི་ཡེ་ཤེས་སྤྱི་དང་རང་གི་མཚན་ཉིད་རང་བྱུང་གི་ཡེ་ཤེས་སུ་གསལ་བ་ལ་ནི་ཀུན་འབར་ཆེ་ཞེས་བྱའོ། །རྡོ་རྗེ་ལྟ་བུ་མི་འགག་པའི་རྩལ་ལས་འབྱུང་བ་རླུང་ལྟ་བུར་ཡང་སྣང་། སྣང་ཡང་རྡོ་རྗེ་ལྟ་བུ་ལས་མ་གཡོས། སྣང་སྟོང་དབྱེར་མེད་པ་ཉིད་ཀརྨ་ཁྲག་འཐུང་གི་ཡུམ་ཀྲོ་དྷཱི་ཤྭ་རི་མར་སྣང་སྟེ། འཐོར་རླུང་ཆེ་ནི། རླུང་གིས་ཀུན་ནས་ཀུན་ཏུ་བསྐྱོད་བཞིན་དུ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་གདུལ་བྱ་གོང་ནས་གོང་དུ་འབྲས་བུ་ལ་བསྐྱོད་པའོ། །བཛྲ་ཀྲོ་དྷཱི་ཤྭ་རི་ཡུམ་ནམ་མཁའ་ནི་འབྱུང་བ་སྤྱི་ཁྱབ་ཏུ་གནས་པ་དོན་གྱིས་ཚང་བར་ཤེས་པར་བྱའོ། །ཡང་ན་དུར་ཁྲོད་ཧེ་རུ་ཀའི་བཞུགས་གནས་འོག་གཞིའི་དུར་ཁྲོད་ཀྱི་འབྱུང་བ་བཞི་པོ་ཡང་ཐ་མལ་བའི་སྣང་བ་བཞིན། གཟུང་འཛིན་གྱི་ཡུལ་དང་ཡུལ་ཅན་ལྟ་བུ་མ་ཡིན་ཏེ། དཔལ་ཧེ་རུ་ཀའི་ཐུགས་རིག་པ་ཉིད་རང་སྣང་བ་ཡེ་ཤེས་རྡོ་རྗེའི་ངོ་བོ་ཡིན་པར་བསྟོད་པ་སྟེ། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཉིད་མི་འགག་པའི་རྩལ་ལས་བྲག་ཆེན་སྲ་བ་པོ་མཱཾ་སའི་ས་གཞི་ལྟར་སྣང་ཡང་ངོ་བོ་ཡེ་ཤེས་རྡོ་རྗེ་ལས་མ་གཡོས། རང་བྱུང་ཡེ་ཤེས་རྡོ་རྗེ་ལྟ་བུ་མི་འགག་པ་ལས་ཆུ་བོ་རཀྟའི་རྒྱ་མཚོ་ལྟར་ཡང་སྣང་། ཡེ་ཤེས་རྡོ་རྗེ་ལས་མ་གཡོས། རྡོ་རྗེ་ལྟ་བུའི་རྩལ་ལས་ཀུན་འབར་ཆེ་མེའི་དཀྱིལ་འཁོར་ལྟ་བུར་སྣང་། ཡེ་ཤེས་རྡོ་རྗེ་ལས་མ་གཡོས། རང་རིག་མི་འགག་པའི་རྩལ་ལས་འབྱུང་བ་རླུང་གི་དཀྱིལ་འཁོར་ལྟ་བུར་སྣང་། ངོ་བོ་ཡེ་ཤེས་རྡོ་རྗེ་ལས་མ་གཡོས། དེས་ན་འབྱུང་བ་བཞི་ལ་བསྟོད་པ་ཡང་ཞར་ལ་བཤད་པའོ། །ཞེས་ཆེད་དུ་གླུར་བླངས་སོ། །ཞེས་པ་རྒྱུད་འབྱུང་བའི་དུས་ཀྱི་གཙོ་འཁོར་རངས་པས་རང་ལ་རང་བསྟོད་ཀྱི་ཚུལ་དུ་གླུ་བླངས་པ་སྟེ་གོ་ཕྱེ་བའི་འཁོར་གྱིས་ཆེད་དུ་བརྗོད་པའོ། །དེས་ན་རྗེས་འཇུག་པས་ཀྱང་དགྱེས་པས་གླུ་བླང་བར་བྱའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཁྲོ་བོ་ལ་བསྟོད་པའི་ལེའུ་ཞེས་པ། འབྲས་བུ་མཐར་ཕྱིན་ཁྲོ་བོའི་དཀྱིལ་འཁོར་ཡིན་ལ། ཕྱི་རབས་པས་ལྷག་པ་ཏིང་ངེ་འཛིན་ཁྲོ་བོའི་དཀྱིལ་འཁོར་བསྟོད་པ་ཡང་། སྒྲོ་མ་བཏགས། སྐུར་པ་མ་བཏབ། ཡོན་ཏན་ཇི་ལྟར་གནས་པ་དེ་ཉིད་ཀྱི་ཚུལ་དུ་བསྟོད་པ་སྟེ། ལེའུ་ཉི་ཤུ་གཅིག་པ་བཤད་པའོ།། ༈ །།ད་ནི་ལེའུ་ཐ་མ་གདམས་ཤིང་གཏད་པ་བསྟན་ཏེ། རྒྱུད་ཀྱི་གཞུང་ལེའུ་ཉི་ཤུ་རྩ་གཉིས་ལས། ལེའུ་དང་པོ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་ལྷུན་གྱིས་གྲུབ་པ་འབྲས་བུའི་དཀྱིལ་འཁོར་ཕུན་སུམ་ཚོགས་པའི་གླེང་གཞི་འཛོམ། རང་བཞིན་གསང་བའི་སྙིང་པོའི་དོན་མངོན་དུ་སྣང་བར་བྱ་བའི་ཕྱིར། སྟོན་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱིས་གླེང་བསླང་བ་རྒྱུད་སྣང་བའི་རྐྱེན། ལེའུ་སྨད་བྱང་ཆུབ་སེམས་རྣམ་ལྔ་རྒྱུད་ཀྱི་དངོས་པོ་ཤེས་བྱའི་དོན་དེའི་སྔོན་དུ་འགྲོ་བ་གཉིས་སུ་མེད་པའི་ཐུགས་རྗེ་ཆེན་པོས་ཆོས་ཐམས་ཅད་ལ་ཁྱབ་པ་ངོ་བོ་ཉིད་ཀྱི་འབྲེལ་བ་བསྟན། རྒྱུད་ཀྱི་དོན་ཐུན་མོང་མ་ཡིན་པ་དེ་གོ་ཕྱེ་བའི་འཁོར་ལ་སྣང་བར་བྱ་བའི་ཕྱིར། ལེའུ་གསུམ་པའི་སྟོད་དུ་ཐུན་མོང་དུ་སྤྲུལ་པའི་སྐུའི་གླེང་གཞི་བསྟན། སྟོན་པས་བསྟན་པ་ཐེག་པ་ལྔ་གསུངས་ཏེ། ཆོས་ཐམས་ཅད་གཏན་ལ་དབབ་པ་ཞེས་བྱའོ། །ཐུན་མོང་གི་ཐེག་པ་དེ་དག་གིས་གསང་སྔགས་ཀྱི་སྣོད་དག་པར་བྱས་པ་ལྟ་བུའམ། ས་གཞི་ཕུན་སུམ་ཚོགས་པ་ལྟ་བུའི་ཕྱིར་རྟེན་དག་པར་བྱས་ནས་བཅུད་བླུགས་པ་ལྟ་བུའི་རྒྱུད་ཀྱི་སྡུད་པ་པོ་གསང་བའི་བདག་པོ་ཆེན་པོས། སྣོད་ཁྱད་པར་ཅན་ས་བཅུ་པའི་བྱང་ཆུབ་སེམས་དཔའ་དམ་པའི་རིགས་ཅན་ལྔ་ལ་སོགས་པ་རྣམས་ལ་བརྒྱུད་ནས་སྣང་བ་སྟེ། སྤྲུལ་པའི་སྐུ་ཞལ་བཞུགས་པའི་དུས་སུ་སྐྱེས་བུ་ཆེན་པོ་རྣམས་ལ་གསང་སྔགས་སྣང་བའི་ཚོད་མ་ཡིན། གདུལ་བྱ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་མི་སྣང་བ་ནི། སྟོན་པ་གཅིག་ལ་བསྟན་པ་གཉིས་མི་སྲིད་པ་དང་། སྤྲུལ་པའི་སྐུས་གསང་སྔགས་ནང་པ་གསང་བ་སྟོན་པ་དང་བསྟན་པ་མི་མཐུན་པའི་ཕྱིར་ཡིན་ལ། སྤྲུལ་པའི་སྐུས་ཐེག་པ་འོག་མ་རྣམས་གསུངས། གདུལ་བྱས་ཉམས་སུ་བླངས་སྣོད་དག་པར་བྱས་པ་ལྟ་བུ་ལ་བཅུད་བླུག་པར་བྱ་བ་ལྟ་བུར་གསང་སྔགས་དར་བའོ། །དེས་ན་ཐེག་པ་དགུ་ཡང་གདུལ་བྱ་གཅིག་གི་ལམ་གང་ཟག་གི་རིམ་པ་སྟེ་སྐས་ཀྱི་གདང་བུ་ལྟ་བུའོ། །དེ་ལྟར་རང་བཞིན་གསང་བའི་སྙིང་པོ་མཚོན་པར་བྱེད་པའི་རྗོད་བྱེད་ཁྱད་པར་ཅན་དེ་རྟེན་གྱི་གང་ཟག་ཕྱི་རབས་པ་རིམ་གྱིས་འཇུག་པ་རྣམས་ལ་ཚིག་གིས་བསྟན་དགོས། ཚིག་ཡི་གེ་ལ་རག་ལས་པས་ལེའུ་བཞི་པ་ཡི་གེ་ཕྲེང་བའི་འཁོར་ལོ་བསྟན། ཞར་ལ་རྟོག་ཚོགས་བཞི་བཅུ་རྩ་གཉིས་ཡེ་ནས་བུདྡྷའི་ངོ་བོ་ཉིད་ཡིན་པར་བསྟན། ལེའུ་ལྔ་པས་ཡི་གེ་ལ་བརྟེན་ཏེ་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་བསྟན། མཆོག་གི་དངོས་གྲུབ་ཀྱང་ཟུར་ཙམ་བསྟན། ལེའུ་དྲུག་པ་ཕྱི་རབས་ཀྱི་རྣལ་འབྱོར་པས་ཉམས་སུ་བླང་བའི་ངོ་བོ་བཞི་བཅུ་རྩ་གཉིས་ཀྱི་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན། བདུན་པས་བསྐྱེད་པའི་སྔགས་དང་སྤྱན་དྲངས་པ་ལ་སོགས་པའི་སྔགས་བསྟན། བརྒྱད་པས་ལྷའི་ཕྱག་རྒྱ་བཞི་ཤེས་པར་བྱ་བ་དང་། མཆོད་པའི་ཕྱག་རྒྱ་བསྟན། ལེའུ་དགུ་པས་དེ་དག་གི་སྔོན་དུ་འགྲོ་བ་དབང་ལ་དགོས་པའི་ལྷག་པ་རྡུལ་ཚོན་གྱི་དཀྱིལ་འཁོར་བསྟན། རྒྱུད་ཀྱི་གཞུང་གི་དོན་རྣལ་འབྱོར་པའི་ཉམས་ལེན་ཞི་ཁྲོ་གཉིས་ཡིན་པས་ཁྲོ་བོའང་འཆད་པར་འགྱུར་བས་མགོ་བསྒྲེ་ཟུར་ཙམ་བསྟན། ལེའུ་བཅུ་པས་དབང་གི་རིམ་པ་རྣམས་རྒྱས་པར་བསྟན། བཅུ་གཅིག་པ་དང་བཅུ་གཉིས་པ་གཉིས་ཀྱིས་ཞི་བའི་ཏིང་ངེ་འཛིན་གོམས་ནས་མཆོག་བསྒྲུབ་པའི་ཕྱིར་ཚོགས་བསྒྲུབ་པ་འབྲས་བུ་དང་བཅས་པ་བསྟན། ཁྲོ་བོའི་ཚོགས་བསྒྲུབ་པའང་མགོ་བསྒྲེ་ཙམ། ལེའུ་བཅུ་གསུམ་པས་རྒྱུད་ཀྱི་གཞུང་གི་ལམ་བསྐྱེད་རིམ་དང་རྫོགས་རིམ་གཉིས་དང་། རྒྱུད་ཀྱི་དོན་དཀྱིལ་འཁོར་བཅུ་གཉིས་ཀྱི་མཚན་ཉིད་བསྟན། ལེའུ་བཅུ་བཞི་པས་ཚོགས་བསྒྲུབ་ཀྱི་ཞི་བ་གླུའི་དཀྱིལ་འཁོར་སྟོན། མཆོད་པ་དང་ཕྲིན་ལས་འོག་ནས་ཟུར་ཙམ་སྟོན་ཀྱང་། དེ་ཡན་ཆད་དུ་ཞི་བ་ཚར་ནས། བཅོ་ལྔ་པ་ཞི་བས་མི་འདུལ་བའི་རུ་དྲ་ལ་སོགས་པའི་རྒྱུད་དྲག་པོ་རྣམས་འདུལ་བའི་ཕྱིར། དྲུག་པ་ཀུན་ཏུ་བཟང་པོ་ངང་གིས་ཁྲོ་བ་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། ཤུགས་ཀྱིས་ཁྲོ་བ་རུ་དྲའི་ངོ་ལ་སྣང་བས་ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་པ། ཕོ་བསྒྲལ་ཏེ་འདུལ་བ་དང་། མོ་སྦྱོར་ཏེ་འདུལ་ཐབས་གཉིས་ཀྱིས་མཛད་པ་མཐར་ཕྱིན་པའོ། །སྔོན་བྱུང་སངས་རྒྱས་ཀྱི་མཛད་པ། རྗེས་འཇུག་རྣལ་འབྱོར་པས་ཉམས་སུ་བླང་བའི་ཕྱིར། དཀྱིལ་འཁོར་བསྐྱེད་པ་ལ་སྔགས་དགོད་པས་བཅུ་དྲུག་པ་ཁྲོ་བོའི་སྔགས་བསྟན། བཅུ་བདུན་པས་སྐུའི་དཀྱིལ་འཁོར་དང་ཕྱག་རྒྱ་བསྟན། བཅོ་བརྒྱད་པ་ལ་ཞི་ཁྲོ་གཉིས་ཀ་ལ་དགོས་པའི་མཆོད་པ་བསྟན། བཅུ་དགུ་པས་ཞི་ཁྲོ་ཐུན་མོང་གི་དམ་ཚིག་སྟོན། ཉི་ཤུ་པས་ཞི་ཁྲོ་གཉིས་ཀའི་ལམ་གྱི་བར་སྐབས་སུ་དགོས་པའི་ཕྲིན་ལས་རྣམ་པ་བཞི་དང་། ཞར་ལ་ཁྲོ་བོ་དངོས་ཀྱི་ཕྲིན་ལས་བྲོ་གར་དང་ལྷག་མའི་ལས་བསྟན་ཏོ། །ཉི་ཤུ་རྩ་གཅིག་པས་ཁྲོ་བོའི་གླུའི་མཆོད་པ་སྟོན་ཏོ། །དེ་ལྟར་ལེའུ་ཉི་ཤུ་རྩ་གཅིག་ཡན་ཆད་ཀྱིས་སངས་རྒྱས་ཀྱི་མཛད་པ། རྣལ་འབྱོར་པའི་ལམ་གྱི་ངོ་བོ་ཞི་ཁྲོ་གཉིས་ཀྱི་བྱ་བའི་སྒོ་ནས་འབྲས་བུའི་ངོ་བོ་ལེའུ་དང་པོར་བཀོད་པ་དང་འདྲ་བའི་ཀུན་ཏུ་བཟང་པོའི་ངོ་བོ་ཉིད་མངོན་དུ་སྣང་བར་བྱ་བའི་ཐབས་རྗོད་བྱེད་ཚིག་གི་རྒྱུད་བསྟན་ནས། གོ་ཕྱེ་བའི་འཁོར་གྱི་དོན་དུ་མི་ནུབ་ཅིང་དར་བའི་ཕྱིར་དངོས་སུ་སྡུད་པ་པོ་ལ་གཏད་པ་དང་། ཤུགས་ཀྱིས་གོ་ཕྱེ་བའི་འཁོར་ལ་གཏད་པ་གཉིས་བསྟན་པའི་ཕྱིར། ལེའུ་ཉི་ཤུ་རྩ་གཉིས་པ་སྟེ་རྒྱུད་གསུམ་ལས་ན་རང་བཞིན་གཞིའི་རྒྱུད་ཤས་ཆེའོ། །འདིར་རྒྱུད་མི་ནུབ་པའི་ཕྱིར་གཏད་པ་ཡིན་པས། རྒྱུད་ཀྱི་དངོས་པོ་བཅུ་ལ་སྦྱར་རྒྱུ་ཆེན་པོ་མེད་ཀྱང་། ལམ་པ་ལས་དང་པོའི་ཟུར་ཙམ་སྟོན། མཐར་ལམ་པ་ཤས་ཆེའོ། །བསྡུས་ན་རྒྱུད་ཀྱི་དོན་མི་ནུབ་པའི་ཕྱིར། གང་ཟག་གཉིས་ལ་རིམ་པ་བཞིན་དུ་གཏད་པའོ། །དེ་ལ་ལོ་རྒྱུས་ནི། དེ་ནས་ཞེས་པ་ལ་སོགས་ཏེ། ཚིག་དོན་གཉིས་ཀ་ཉི་ཤུ་རྩ་གཅིག་པ་ལ་འབྲེལ་ཏོ། །དེ་བཞིན་གཤེགས་པ་ཉིད་ལ་ཞེས་པ། ལྷན་ཅིག་པའི་འཁོར་གྱི་དབང་དུ་བྱས་ན། དེ་བཞིན་གཤེགས་པ་ཉིད་ནི་སྡུད་པ་པོ་རྡོ་རྗེ་སེམས་དཔའོ། །ཤུགས་ལ་གོ་ཕྱེ་བའི་འཁོར་ཡང་གཟུང་སྟེ། མ་འོངས་པའི་དེ་བཞིན་གཤེགས་པ་ཉིད་ཅེས་བྱའོ། །གཏད་པའི་ངོ་བོ་ནི། གསང་སྔགས་ཀྱི་རྒྱལ་པོ་འདི། ཞེས་པ་གསང་བ་ནི་རང་བཞིན་གསང་བའི་སྙིང་པོར་སྨྲར་མེད་ཅིང་སྤྱོད་ཡུལ་དང་བྲལ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྒྱུད་ཀྱི་མཚན་དངོས་སོ། །སྔགས་ནི་ཡོན་ཏན་ཐམས་ཅད་འབྱུང་བའི་གཞི་སྟེ། རང་བཞིན་གསང་བའི་སྙིང་པོ་མ་རྟོགས་ཀྱང་རང་སྣང་བ་ཕྱི་ནང་གི་ཆོས་རྟེན་འབྲེལ་གྱི་ནུས་པ་དགོས་པ་སྐོང་བ་ཐམས་ཅད་དོ། །ལམ་གྱི་དུས་སུའང་ལམ་འོག་མ་ནས་གོང་མར་འཕོ་བ་དང་འབྲས་བུ་ལ་སྦྱོར་བའི་ཡོན་ཏན་ཐམས་ཅད་དོ། །འབྲས་བུའི་དུས་སུ་མཛད་པ་གཉིས་གདུལ་བྱའི་དགོས་པ་སྐོང་བ་མཐར་ཐུག་པ་མེད་པའོ། །རྒྱལ་པོ་ནི་མཐའ་གཉིས་ལས་ཀྱང་རྒྱལ་བས་རཱ་ཛ་སྟེ། གསང་བ་དང་སྔགས་ཀྱི་དོན་གཉིས་སོ། །བརྗོད་བྱ་མཚོན་པར་བྱེད་པའི་རྗོད་བྱེད་ཀྱི་ཚིག་འདི་ཉིད་ཀྱང་རྒྱལ་པོ་སྟེ། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་བསྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་པས་གསལ་ལོ། །འདི། ཞེས་པ་དངོས་པོ་ཉེ་བར་བཟུང་བ་སྟེ་བརྗོད་བྱ་རྗོད་བྱེད་མངོན་དུ་གྱུར་པ་འདི་ཉིད་དོ། །བརྟན་པར་གཟུང་བ། ཞེས་པ་དོན་བརྟན་པར་བཟུང་བ་ལྷན་ཅིག་པའི་སྡུད་པ་པོ་ལ་ཤས་ཆེ་སྟེ། ཕྱི་རབས་པའང་ལྟ་བ་ཁ་ལྟ་མ་ཡིན་པར་བློ་ལ་གནད་དུ་ལོན་པ། སྒོམ་པ་དམིགས་འཛིན་དང་བྲལ་བ་གོམས་པ་དེའི་ངང་ལ་སྤྱོད་པ་ལྷུན་གྲུབ་ཏུ་འཆར་བ་ནི་མི་ནུབ་པར་བརྟན་པར་གཟུང་བ་སྟེ་གོ་ཕྱེ་བའི་འཁོར་ལ་གདམས་པ་ཤས་ཆེའོ། །འདི། ཞེས་པ་ལེའུ་གཞུང་ངོ་། །སྡུད་པ་པོ་ལ་བརྗོད་པ་ལྟར་སྣང་ཡང་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་བརྗོད་པའོ། །གཏད་པའི་གཞི་རྒྱུད་ཀྱི་དོན་སྣང་བ་བཞིར་གདམས་པ་ལས་རང་བཞིན་གྱི་སྣང་བའོ། །ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་བསྟན་པ་ནི། ཀྱེ་ཀྱེ། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །ཞེས་པ། ཀྱེ་ཀྱེ། ཞེས་པ་སྤྱིར་གསང་བའི་སྙིང་པོའི་དོན་བརྗོད་པ་ཚར་ནས། དེའི་ངང་ལ་ཤེས་བྱ་གཞིའི་སྣང་བ། མ་རྟོགས་པ་འཁྲུལ་པའི་སྣང་བ། རྟོགས་པར་བྱ་བའི་ཐབས་གདུལ་བྱ་ལམ་གྱི་སྣང་བ། རྟོགས་པའི་འབྲས་བུ་བདེ་བར་གཤེགས་པའི་སྣང་བ་བཞི། སེམས་སུ་དབྱེར་མེད་པའི་ངོ་བོ་དངོས་པོ་བཞིར་ཁ་ཁར་འཛིན་པའང་མ་དམིགས་པ་དོན་འདི་ལས་ལྷག་པ་མེད་ཅེས་དམིགས་པ་ཐམས་ཅད་དང་བྲལ་བར་བསྟན་པ་དང་། དེ་སྟོན་པའི་ཕྱིར་ལྷན་ཅིག་པ་དང་གོ་ཕྱེ་བའི་འཁོར་གཉིས་ལ་འབོད་པའོ། །བོས་པའི་དོན་ཅི་ཡིན་ཞེ་ན། ཕྱོགས་བཅུས་བསྡུས་པའི་ཆོས་ཐམས་ཅད་དང་། དུས་བཞིས་བསྡུས་པའི་གཞལ་བྱ་འཁོར་འདས་ཀྱི་ཆོས་ཐམས་ཀྱི་སྣང་ཚུལ་གྱི། རང་བཞིན་འདི། ཞེས་པ་རང་བཞིན་ལ་ཆོས་ཅན་གྱི་རང་བཞིན་དང་། ཆོས་ཉིད་ཀྱི་རང་བཞིན་གཉིས། ཐེག་པ་འོག་མས་ཀུན་རྫོབ་དང་དོན་དམ་ཞེས་གཉིས་སུ་ཕྱེས་ནས་སོ་སོར་བསྟན་ཀྱང་། ཐེག་པ་འདི་ཉིད་ཀྱི་སྐབས་སུ་བདེན་པ་དབྱེར་མེད་དུ་སྟོན་པས། སྣང་སྟོང་དབྱེར་མེད་དུས་མཉམ་པ་ནི། འདི་ཉིད་ཀྱི་རྣལ་འབྱོར་པའི་སྣང་བ་སྟེ་སོ་སོ་སྐྱེ་བོའི་གཟུང་འཛིན་གྱི་ཡུལ་ལས་གྲོལ་བའོ། །དེས་ནི་སྣོད་བཅུད་ཀྱི་སྣང་བ་འདི་རིག་པ་སྣང་། སྣང་བྱ་སྣང་བྱེད་མེད་མཉམ་པ་ཉིད་ཀྱི་དབྱིངས་ལས་རང་སྣང་བ་ཙམ་ལས་ནི་རང་བཞིན་ཞེས་བྱའོ། །འདི་དངོས་པོ་ཉེ་བར་བཟུང་བ་ནི་རྣལ་འབྱོར་པའི་ཡུལ་ལོ། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། ཞེས་པ་ཐེག་པ་འདི་ཉིད་ཀྱི་སྐབས་སུ་སྣང་གྲགས་ཀྱི་ཆོས་ཐམས་ཅད་རྟོག་པ་བཞི་བཅུ་རྩ་གཉིས་སུ་འདུས་ལ། དེ་ཉིད་སྣང་སྟོང་དབྱེར་མེད་པའི་དོན་གྱིས་མ་འགགས་པ་སྐུའི་དཀྱིལ་འཁོར། མ་དམིགས་པ་ཡེ་ཤེས་སུ་རྐྱེན་གྱིས་མ་བསྒྲུབས་པར་ཡེ་ནས་གནས་པའི་རང་བཞིན། གསང་བའི་སྙིང་པོའི་ངོ་བོ་ཉིད་དེ། དེ་བཞིན་གཤེགས་པ། ཞེས་པ་ཡེ་ནས་མ་བཅོས་པའི་དོན་སེམས་ཀྱི་ཡེ་ཤེས་མ་ནོར་བའི་ངོ་བོ་ཉིད་ནི། མ་བཅོས་པའི་དེ་བཞིན་ཉིད་དམ། སྣང་སྟོང་དང་བྲལ་བས་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་དམ། སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བས་མ་ནོར་བའི་དེ་བཞིན་ཉིད་དེ། གནས་ཚུལ་གྱི་དོན་རྟོགས་པ་མཐར་ཕྱིན་པ་ནི་ཀུན་ཏུ་བཟང་པོའི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་དེ་ཉིད་དུ་ཐག་ཆོད་པ་ལ་གཞི་ལམ་འབྲས་བུའི་ཐ་སྙད་དང་བྲལ་བ་ནི། གསང་བའི་སྙིང་པོའི་ངོ་བོ་ཉིད་དེ་ལྷག་མ་ཟུར་ཙམ་ཡང་མ་ལུས་པར་བསྟན་པ་དེ་ནི་རང་བཞིན་གྱི་སྣང་བ་ཡིན་ཚུལ་ཏེ་མི་འགྱུར་བར་གདམས་པའོ། །འཁྲུལ་པའི་སྣང་བ་མ་རྟོགས་པས་བཅིངས་པར་བསྟན་པ་ནི། གཟུང་འཛིན་སྤྲོས་ལ་འཆེལ་བ་ཡིས། །ཞེས་པ་ལ་སོགས་པ། ལམ་གྱི་རྒྱུད་ཀྱི་གདམས་པ་ཡང་ཡིན། སྣང་བའི་དགོས་པའང་ཡིན་ཏེ། གཞི་གདམས་པའི་དོན་གོང་དུ་བསྟན་པ་ཉིད་ཡིན་མོད་ཀྱི། ལྷན་ཅིག་སྐྱེས་པའི་མ་རིག་པའི་བདག་ལས་བྱུང་བའི་ཀུན་ཏུ་བརྟགས་པའི་མ་རིག་པ་འཁྲུལ་པའི་སྣང་བ་གཟུང་འཛིན་རང་ག་མ་སྣོད་བཅུད་ཀྱི་ཆོས་ལ་བློ་ཕྱིན་ཅི་ལོག་གི་རྟོག་པའི་ཐོག་ཏུ་གནས་ན་མི་འགྱུར་བ་ནི་འཆེལ་བ་སྟེ། ཐོག་མ་མེད་པ་ནས་འཆེལ་བ་ལ་གོམས་པ་སྟོབས་སུ་གྱུར་པའི་འཛིན་པ་ལ་ནི་རྣམ་རྟོག་ཅེས་བྱ་སྟེ། སྐད་ཅིག་མའི་རྒྱུན་ཞགས་པ་དང་འདྲ་བས་འཁྲུལ་པའི་ངང་ལ་བཅིངས་པས་འགྲོ་དྲུག་གི་གནས་སོ་སོར་ཟིན་ནས་ཐར་བར་དཀའ་བའོ། །དེའི་རྒྱུ་གཞིའི་དོན་བདག་ཉིད་ཆེན་པོ་མི་ཤེས་པ་དག་ཞེན་པ་བཀྲོལ་བ་ཉིད་ཀྱིས། ཁམས་གསུམ་གྱི་འདུ་ཤེས་ལོག་པ་ལས་གྲོལ་ནས་གྲོལ་ཐར་པ་གཉིས་དུས་མཉམ་དུ་འཆར་བའི་ཕྱིར། ཐུགས་རྗེ་ཆེན་པོས་གདུལ་བྱའི་སྣང་བ་ལམ་གྱི་རྒྱུད་ཐེག་པ་རིམ་དགུ་བློ་ཚོད་དང་སྦྱར་ནས་གསུངས་པའོ། །འོ་ན་འདིར་གསང་བའི་སྙིང་པོའི་སྐབས་ཡིན་པས། ཐེག་པ་འོག་མ་སྨོས་པ་ལ་དགོས་པ་མེད་དོ་སྙམ་ན། ཐེག་པ་འོག་མ་རྣམས་གསང་བའི་སྙིང་པོ་འདི་ཉིད་ཀྱི་ལམ་ཡིན་པར་བསྟན་པ་ནི། ས་རྣམས་ཁྱད་པར་བཀོད་པ་ཡང་། །ཞེས་པ་ལ་སོགས་ཏེ། ས་ནི་རྟེན་བསྐྱེད་ཀྱི་དོན་གྱིས་ས་སྟེ། ལམ་གྱི་ངོ་བོ་གང་ཡིན་པ་གཅིག་ལ་གནས་ནས་ཡོན་ཏན་གོང་མ་བསྐྱེད་པའོ། །རྣམས་ནི་ངེས་འབྱུང་གི་ཐེག་པ་སྟེ། དེ་ཡང་རང་བཞིན་གསང་བའི་སྙིང་པོ་རྟོགས་དཀའ་བས་སྦྱངས་པ་ཆུང་བ་ཕལ་གྱི་ཡུལ་མ་ཡིན་ཡང་། སྐས་ལ་འཛེགས་པ་དང་འདྲ་བར་ལམ་རིམ་པས་སྦྱངས་ནས་མྱོང་དུ་རུང་བའི་ཕྱིར་ངེས་འབྱུང་གི་ཐེག་པ་རྣམས་བསྟན་ཏེ། ལྷ་དང་མིའི་ཐེག་པ་དགེ་བ་བཅུ་དང་ཚངས་པའི་གནས་བཞིས་ངན་སོང་གསུམ་ལས་ངེས་པར་འབྱུང་ཞིང་ལྷ་མི་ལ་སྦྱོར། ཉན་ཐོས་ཀྱིས་འཁོར་བ་ལས་འབྱུང་། རང་སངས་རྒྱས་ཀྱིས་ཉན་ཐོས་ལས་འབྱུང་། བྱང་ཆུབ་སེམས་དཔས་ཉན་ཐོས་རང་རྒྱལ་ལས་འབྱུང་། རྒྱུའི་ཐེག་པས་གསང་སྔགས་སུ་སྦྱོར་བ་ཡིན་ཀྱང་། གསང་སྔགས་ཕྱི་པ་གསུམ་རིམ་པ་བཞིན་དུ་སྦྱངས་ནས་རིམ་པ་བཞིན་དུ་སྦྱོར་བས། ཡོ་ག་མན་ཆད་ཀྱི། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པ་འདི་ཉིད་རྟོགས་པར་བྱ་བའི་ལམ་སྟེགས་ཏེ། ལམ་གྱི་བྱེ་བྲག་རྣམས་འདི་ཉིད་ཀྱི་ཁྱད་པར་ལས་སྣང་བ་ཁོ་ནའོ། །འབྲས་བུ་བདེ་བར་གཤེགས་པའི་སྣང་བ་ནི། ཡེ་ཤེས་ངོ་མཚར་རབ་འབྱམས་ཀྱིས། །ཞེས་པ་སོགས་པ། ལམ་ཉམས་སུ་བླངས་པའི་འབྲས་བུ་ལྟ་བུ་ཡིན་ཏེ། རང་བྱུང་གི་ཡེ་ཤེས་ཀུན་ཏུ་བཟང་པོའི་ངོ་བོ་ནི་སྐུ་ངོ་མཚར་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་སྐུའི་ངོ་བོ་ཉིད་དུ་སྣང་བ་སྣང་སྟོང་གི་མཐའ་དང་བྲལ་བའོ། །བེམ་རིག་གི་སྒྲ་ཐམས་ཅད་རིག་པའི་ངང་ལ་གྲགས་སྟོང་དབྱེར་མེད་པར་ཀུན་ཏུ་བཟང་པོའི་གསུང་ངོ་མཚར་བའོ། །དྲན་རིག་གི་ཚོགས་ཐམས་ཅད་རང་སྣང་བ་རིག་སྟོང་དབྱེར་མེད་པར་ཀུན་ཏུ་བཟང་པོའི་ཐུགས་སུ་སངས་རྒྱས་པར་ངོ་མཚར་བའོ། །རབ་འབྱམས་ཀྱིས། ཞེས་པ་སྣོད་བཅུད་ཀྱི་ཆོས་ཐམས་ཅད་མི་ཟད་པ་རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་ལྷུན་གྱིས་གྲུབ་པ་ལས་མ་གཏོགས་པའི། ཐ་སྙད་གཞན་བཅད་པ་ནི་ཡི་གེའི་འཁོར་ལོ་ཚོགས་ཆེན་གྱི་སའོ། །དེ་ལྟ་བུའི་བདག་ཉིད་ཀུན་ཏུ་བཟང་པོས། དོན་དུ་མི་འགྱུར་ཡོངས་མ་གསུངས། །ཞེས་པ་གདུལ་བྱའི་དོན་དུ་མི་འགྱུར་བའི་ཆོས་ཀུན་ཏུ་བཟང་པོས་ཡོངས་སུ་མ་གསུངས་ཏེ། ཐེག་པར་མི་འདུ་བའི་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཀྱང་གདུལ་བྱའི་དོན་དུ་འགྱུར་བ་ཀུན་ཏུ་བཟང་པོའི་ངོ་བོ་ཉིད་དོ། །རྒྱུད་དོན་རྟོགས་པའི་སྐྱེས་བུའི་ཡོན་ཏན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཞེས་པ་རྒྱུད་ཀྱི་ཆེ་བ་བརྗོད་པའི་ངོས་ནས་སྡུད་པ་པོ་ཡོན་ཏན་སྨྲ་བ་ལ་གཏད་པའང་ཤུགས་ཀྱིས་ཡིན་ཏེ། ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པ་མ་ལུས་པ་ཐམས་ཅད་ནི་རྒྱལ་བ་ཀུན་ཏུ་བཟང་པོའི་ངོ་བོ་ཉིད་དེ། དེ་ཉིད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་སྒྲོ་སྐུར་དང་བྲལ་བར་མངོན་དུ་སྣང་བ་ནི་བརྗོད་བྱ་རྗོད་བྱེད་དབྱེར་མེད་པའི་གསུང་ཆོས་ཀྱི་ཕྱག་རྒྱ་རང་བཞིན་གྱི་རྒྱུད་འདི་ཉིད་རིག་ཅིང་རྟོགས་པར་དཀའ་བས་གསང་ཆེན། ཐེག་པ་དགུ་འདི་ཉིད་ལས་སྣང་བས་སྙིང་པོ་སྟེ་རྒྱུད་འདི་ཡིན་ནོ། །རྟོགས་ནས་སྨྲ་བར་གང་བྱེད་པ། །ཞེས་པ་རང་བཞིན་གསང་བའི་སྙིང་པོའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་ནས་གཞན་ལ་དོན་དེ་འཆད་པར་བྱེད་པ་གང་ཡིན་པ་དེ་ཉིད། ང་ཡིན། ཞེས་པ་ཀུན་ཏུ་བཟང་པོའི་དགོངས་པ་བརྗོད་པར་ནུས་པ་ཕྱི་རབས་པ་ལ་ཀུན་ཏུ་བཟང་པོ་མངོན་དུ་སྣང་བ་དང་འདྲ་བར་བསྟན་པའོ། །དེ་ནི་རིག་པ་རང་རྩལ་གྱི་དབང་ཡང་རྫོགས་པ་སྟེ། དགོངས་འདུས་ལས། གང་གི་སེམས་ཀྱི་དེ་ཁོ་ན། །གསང་བའི་སྙིང་པོ་ངེས་རྙེད་ན། །དབང་རྣམས་ཀུན་གྱི་མཆོག་ཡིན་ཏེ། །སྲིད་པ་གསུམ་གྱིས་དེ་དབང་བསྐུར། །ཞེས་པས་ཤུགས་ལས་ལུང་བསྟན་པ་ཡང་ཡིན་ནོ། །དགོངས་པའི་ཞེ་ཕུགས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཞེས་པ་ལ་སོགས་ཏེ། ཕྱོགས་བཅུར་བཞུགས་ཤིང་དུས་བཞིར་གཤེགས་པ་ཐམས་ཅད་ལ། རང་བཞིན་གསང་བའི་སྙིང་པོ་མངོན་དུ་སྣང་བ་བརྗོད་བྱ་དང་རྗོད་བྱེད་འདི་ལས་ལྷག་པ་གཞན་ཅི་ཡང་མི་མངའ་སྟེ། དགོངས་པ་ཐམས་ཅད་ཀྱི་ཞེ་ཕུགས་སུ་བསྟན་པའོ། །དེའི་མཚན་ཉིད་ནི། སྒྲོ་དང་སྐུར་པ་ཞི་བ་ཡི། །ཞེས་པ་རང་བཞིན་གསང་བའི་སྙིང་པོ་མེད་པ་ལ་ཡོད་པའི་སྒྲོ་མ་བཏགས། ཡོད་པ་ལ་མེད་པའི་སྐུར་པ་མ་བཏབ། སྒྲོ་སྐུར་གྱི་མཐས་མ་གོས་པས་ཞི་བ་ཞེས་བྱ་ལ། དེ་ནི། གསང་བའི་སྙིང་པོ་དེ་ཁོ་ན། །ཞེས་པ་རྟོགས་དཀའ་བས་གསང་བ། བཅུད་འདུས་པས་སྙིང་པོ། མ་ནོར་བས་དེ་ཁོ་ན་ཉིད། ཐུགས་ཆོས་ཉིད་ཀྱི་ངོ་བོ་དེ། ཉིད་དེ་ངེས་པའི་དབྱིངས། ཞེས་པ་གཞི་ལམ་འབྲས་བུ་གསུམ་དབྱེར་མེད་པ་སྒྲོ་སྐུར་དང་བྲལ་བ་ངེས་པའི་ལུང་ཉིད་ཐམས་ཅད་ལ་ཁྱབ་ཅིང་རང་སྣང་བའི་དབྱིངས་ནས་གདུལ་བྱའི་ངོ་ལ་རྒྱུད་སྣང་བ་ལ་ཕྱུང་ཞེས་ཐ་སྙད་དུ་བརྗོད་དོ། །རང་བཞིན་རྒྱུད་གསང་བའི་སྙིང་པོ་ནི་ལམ་གྱི་རྒྱུད་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པས། དེས་ན་རྒྱུད་འདི་ཉིད་ཀྱང་སྣང་བའོ། །ངེས་པའི་ལུང་ཞེས་ཀྱང་བྱ། མངོན་དུ་ཕྱུང་བའི་ལུང་ཞེས་ཀྱང་བྱ། དེས་ན་སྡུད་པ་པོ་ལ་ཟུངས་ཤིག་པར་གདམས་པའོ། །དེ་ནི་ངེས་པར་ལུང་བསྟན་ཏེ། །ཞེས་པ་ལ་སོགས་པ། དེ་ནི། ཞེས་པ་རང་བཞིན་གསང་བའི་སྙིང་པོའི་དོན་ཕྱི་ཅི་མ་ལོག་པར་རྟོགས་པ་དེ་ནི་མྱུར་བར་བདེ་གཤེགས་ཉིད་ཀྱི་ཡུལ་ལ་བཞུགས་པས་ངེས་པར་ལུང་བསྟན་ཏེ་ཞེས་བྱའོ། །སྲས་ཀྱི་ནང་ན་ཡང་རང་རིག་པའི་ཕྱིན་ཅི་མ་ལོག་པར་རྟོགས་པ་ཐུགས་ལས་སྐྱེས་པ་ཡིན་ཞེས་བྱ་སྟེ་བྱང་ཆུབ་སེམས་དཔའ་ལས་དགར་བའོ། །ལུང་བསྟན་པ་གང་སྙམ་ན། ས་རབ་རིག་པ་འཛིན་ལ་གནས། །ཞེས་པས་མ་ཧཱ་ཡོ་གའི་ལྟ་བ་རྟོགས་པ་འདི་འོག་མའི་ས་རྣམས་ལས་མཆོག་ཏུ་གྱུར་པ་སྟེ། སར་ཆུད་པའི་རིག་འཛིན་ཞེས་བྱའོ། །དེ་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་སྣང་རིག་པས་མངོན་བྱས་པ། །རིག་འཛིན་མཆོག་དེ་མངོན་གྲུབ་པའོ། །ཏིང་འཛིན་ནུས་པའི་མཐུ་མེད་ཀྱང་། །ས་སྦྱོང་སེམས་དཔས་སད་དུ་མེད། །བདེར་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །ཅེས་བྱའོ། །ཞེས་པ་གསུངས་སོ། །དེ་ཡན་ཆད་སྟོན་པ་ཀུན་ཏུ་བཟང་པོས་གསུངས་པའི་རྒྱུད་ཀྱི་གཞུང་ཚར་ནས། རྒྱུད་གསུངས་པའི་ཞབས་དོན་ནི་སྟོན་པ་ཀུན་ཏུ་བཟང་པོས་གདུལ་བྱའི་ཆེད་དུ། རྒྱུད་ཀྱི་དོན་དེ་ལྟར་གསུངས་པ། ཞེས་བརྗོད་པས། ཟུར་སྲོལ་གྱིས་ལེའུའི་མཚན་འདིར་བཏགས་གསུངས། ཞབས་དོན་རྒྱུད་ཀྱི་བྱ་བ་ཚར་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པར་དགྱེས་ནས། ཞེས་པ་དེ་བཞིན་གཤེགས་པ་ནི་དུས་གསུམ་གྱི་རྒྱལ་བ་ཆོས་ཀྱི་དབྱིངས་དང་མཉམ་པ་རིལ་རྒྱལ་བ་ཀུན་ཏུ་བཟང་པོས་གསང་བའི་སྙིང་པོའི་དོན་གསུངས་པའི་དགོངས་པ་མཉམ་པ་ཉིད། རང་བཞིན་གསང་བའི་སྙིང་པོ་འཁོར་འདས་ཀྱི་བདེ་བ་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོ་ལྷག་པའི་ཆོས་སྐུ་དབྱེར་མེད་པ་ནི། བསམ་གྱིས་མི་ཁྱབ་པའི་བདེ་བ་ཆེན་པོ་ཞེས་བརྗོད་དེ། ཆོས་ཀྱི་སྐུ་མཉམ་པ་ཉིད་ཀྱི་ངང་ལ་ཡུལ་བྲལ་བསམ་གྱིས་མི་ཁྱབ་པའི་དགྱེས་པ་ལྷུན་གྱིས་གྲུབ་པའོ། །དེའི་མཚན་ཉིད་ནི། དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས། །ཞེས་པ་འདས་པ་དང་། ད་ལྟར་དང་། མ་བྱོན་དང་། ཕྱིས་འབྱུང་བ་བཞི་སྟེ། དུས་ཐོག་མ་མེད་པ་ནས་ཐ་མ་མེད་པའི་བར་ཐམས་ཅད་རང་རིག་པ་རང་བྱུང་གི་ཡེ་ཤེས་ཁོ་ན་བས་གཞན་པ་ངང་གིས་མ་དམིགས་པ་ལ་ནི་མཉམ་པ་ཉིད་ཅེས་བྱ་སྟེ། དེ་ནི་མཐའ་ལ་ཞེན་པ་ལྟ་བུ་མ་ཡིན་པས། དེ་ཉིད་ངོ་བོ་གང་དུ་ཡང་མ་གྲུབ་པ་དང་། ཆོས་ཐམས་ཅད་ལ་ཁྱབ་པ་དང་། རིས་སུ་མི་རྙེད་པ་མི་འགག་པར་རང་སྣང་བའི་ཕྱིར་ན་དབྱིངས་ཞེས་བྱ་སྟེ། དབྱིངས་དེ་ཉིད་སྣང་སྟོང་རིས་སུ་མི་ཕྱེད་པའི་ངོ་བོ་ཉིད་དུ་བཞུགས་པ་ལ། སྐུ་གསུང་ཐུགས་ལྷུན་གྲུབ། ཅེས་པ་དབྱིངས་རང་སྣང་བ་མི་འགག་པའི་རྩལ་ལས། མ་འགགས་པར་སྣང་བ། སྣང་སྟོང་དབྱེར་མེད་པ་སྐུའི་ངོ་བོ་ཉིད། སྒྲ་ཐམས་ཅད་གྲགས་སྟོང་དབྱེར་མེད་པ་བརྡ་འཕྲོད་ཅིང་གོ་བར་བྱེད་པ་གསུང་གི་ངོ་བོ་ཉིད་དུ་གསལ་བ། དྲན་རྟོག་ཐམས་ཅད་གསལ་སྟོང་དབྱེར་མེད་པ་ཐུགས་ཀྱི་ངོ་བོ་ཉིད་དུ་གསལ་བ། ལྷུན། ཞེས་པ་བརྗོད་པ་དེ་དག་རེ་མོས་མ་ཡིན་ཏེ། སྣང་སྟོང་གྲགས་སྟོང་དྲན་སྟོང་། མ་དམིགས་པ། མ་འགགས་པ། རིག་པ་སྐད་ཅིག་མ་ལ་མ་འགགས་པར་ལྷུན་གྱིས་གྲུབ་སྟེ། ཕྱོགས་སུ་འཛིན་པ་མ་སྤངས་བྲལ་བ་ཅིག་ཅར་དུ་ལྷུན་གྱིས་གྲུབ་པ་ནི་རྒྱུན་དུ་དེའི་ངོ་བོ་ཉིད་དུ་བཞུགས་པའོ། །ལྷག་པའི་ཆོས་སྐུ་ཆེན་པོའི་མཚོན་པའི་ཐ་སྙད་དམ། ཡོན་ཏན་གྱི་ཆ་ལྟ་བུ་སྟེ་དོན་ལ་ཡིད་ལ་བྱ་བ་ཐམས་ཅད་འདུ་ཤེས་ཡིན་པས་འདུ་ཤེས་ཀྱི་མཐའ་ཐམས་ཅད་དང་བྲལ་བའོ། །ཆོས་སྐུ་སྤྲོས་བྲལ་ཟང་ཀ་མ་འདུ་ཤེས་ཀྱི་ཡུལ་དུ་བྱས་པ་ནི། འདུ་ཤེས་ཀྱི་ཡུལ་ཏེ་སྒྲོ་སྐུར་རོ། །སྟུག་པོ་བཀོད་པའི་རྒྱན། ཞེས་པ་རང་བྱུང་ཡེ་ཤེས་ཀྱི་ངང་ལ་མཐར་འཛིན་གྱི་སྐྱོན་ས་བཅུ་པའི་དགོངས་པ་ལྟ་བུ་ཡང་མ་གྲུབ་སྟེ། ཐམས་ཅད་རང་བྱུང་གི་ཡེ་ཤེས་ཁོ་ནར་གསལ་བའོ། །བཀོད་པ་ནི་རང་བྱུང་གི་ཡེ་ཤེས་དེ་ཉིད་གདུལ་བྱའི་ངོ་ལ་མཐའ་ཡས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་གདུལ་བྱའི་བློ་བཞིན་སྣང་བ་ནི་བཀོད་པའོ། །རྒྱན། ཞེས་པ་ཕྱོགས་འཛིན་གྱི་ཐ་སྙད་ཐམས་ཅད་དང་བྲལ་བ་སྟེ། རིག་པ་རང་སྣང་བ་ཉིད་རང་གསལ་གྱི་ཡེ་ཤེས་འཛིན་པའི་གཞན་སེལ་མེད་པར་ཐམས་ཅད་དེ་ཉིད་དུ་གྱུར་པ་ནི་ཡུལ་དང་ཡུལ་ཅན་མེད་པར་ཉིད་ལ་ཉིད་སྣང་། ཉིད་ལས་ཉིད་ཤར། ཉིད་ལ་ཉིད་རོལ་པས་ཉིད་ཅེས་བྱའོ། །བཞུགས་སོ། །ཞེས་པ་མཐའ་དང་བྲལ་བར་དེ་ལྟ་བུ་ཁོ་ནར་བཞུགས་པས། ཏིལ་གྱི་གོང་བུ་ཏིལ་འབྲས་ཀྱིས་གང་བ་ལྟར། ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པར་བདལ་བ་སྟེ་མཐའ་མེད་པར་བཞུགས་པའོ། །དེ་དག་གི་དོན་བསྡུ་ན། རྒྱན་ནི་ཤིན་ཏུ་མཛེས་པས་བརྒྱན་ཏེ། མཛེས་པ་ནི་ཡིད་དུ་འོང་ཞིང་ཟུག་རྔུ་མེད་པ་སྟེ། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སུ་གསལ་བ་ཉིད། རང་གི་རང་བཞིན་མངོན་དུ་སྣང་བས་མཉེས་པ་དང་། ཕྱོགས་འཛིན་གྱི་ཐ་སྙད་ཕྲ་བའང་མི་གནས་པ་ནི་ཟུག་རྔུ་མེད་པའོ། །ཡང་རྒྱན་ནི། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་སྣང་སྟོང་གི་མཐའ་དང་བྲལ་བས་ངོ་བོ་ཉིད་བརྗོད་པར་དཀའ་བས་ཕྱོགས་འཛིན་གྱི་ཐ་སྙད་ཐམས་ཅད་དང་བྲལ་ཏེ། དགོངས་པ་མཉམ་པ་ཉིད་ཀྱི་ངང་ལ་ལྟ་བས་མི་ངོམས་པའི་ངོ་བོ་དང་། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཕྱོགས་དང་དུས་ཐམས་ཅད་དུ་གདུལ་བྱའི་ངོ་ལ་ཅིར་ཡང་སྣང་བའི་ཕྱིར་རང་རིག་པ་ཉིད་ཅིར་ཡང་སྣང་བ་ལ་སྣང་སྟོང་གི་མཐའ་དང་བྲལ་བས་རྒྱན་དང་རྒྱན་མེད་པར་རང་སྣང་གི་རྒྱན་ཁོ་ན་སྟེ། ཕན་ཚུན་དང་རྒྱུ་འབྲས་དང་གཞི་དང་གཞི་ཅན་ངོ་བོ་ལ་མ་གྲུབ་པ་ཁོ་ནའོ། །འཁོར་བའི་ཡུལ་སེམས་ཀྱི་དངོས་པོ་ཐམས་ཅད་དགོངས་པ་ལྟ་བུའི་ངོ་བོར་གནས་པ་མེད་པའི་ཚུལ་དུ་གནས་པ་ནི་ཆོས་རང་མལ་དུ་ཕྱིན་སེམས་རང་ས་ཟིན། ངོ་བོ་ཉིད་ཀྱི་སྐུ་མངོན་དུ་གྱུར་པའི་བདག་ཉིད་དེ། ནམ་མཁའ་ནམ་མཁའ་ལས་མི་འགྱུར་བ་དང་འདྲ་བར། དེ་ལ་འགྱུར་བ་མེད་པ་ནི་བཞུགས་པ་ཞེས་བྱ་སྟེ། དོན་དེ་ལྟ་བུའི་གནས་ཚུལ་གྱི་ངོ་བོ་ཉིད་དང་། དགོངས་པའི་བདག་ཉིད་ནི་ནམ་དུ་ཡང་བཞེངས་པ་དང་བཞུགས་པ་མི་དམིགས་པས་རྟག་པ་རྣམ་པ་གསུམ་སྟེ། བདག་རྟག་པ་ནི་མུ་སྟེགས་པའོ། །རྒྱུན་གྱི་རྟག་པ་ནི་སྐད་ཅིག་མ་སྟེ་ཐེག་པ་འོག་མ་རྣམས་སོ། །ངོ་བོ་ཉིད་ཀྱི་རྟག་པ་ཁོ་ནའོ། །ཞེས་ཀུན་ཏུ་བཟང་པོས་ལུང་དུ་མར་གསུངས་སོ། །ཐུན་མོང་མ་ཡིན་པའི་ཐེག་པའི་མཚན་ནི། འཕགས་པ་རྟོག་པའི་རྒྱལ་པོ། ཞེས་བྱ་བ་ལ་སོགས་པ་སྟེ། འཕགས་པ་ནི་ཐེག་པ་དགུ་ཀ་ལའང་འཕགས་པ་རེ་རེ་ཡོད་ཀྱང་། ཐེག་པའི་འདི་ཉིད་ཀྱི་ལུགས་ཀྱིས་ཤེས་བྱ་གཞན་ལས་འཕགས་པ་འཁོར་འདས་དབྱེར་མེད་པའི་སེམས་ཀྱི་ཆོས་ཉིད་དུ་གཏན་ལ་དབབ་པ་དང་། ལམ་གྱི་ཐབས་གཞན་ལས་འཕགས་པ་ཐེག་པ་འོག་མའི་སྤང་བྱ་ཉོན་མོངས་པ་ཉིད་རང་བྱུང་གི་ཡེ་ཤེས་སུ་རྟོགས་པ་དང་། དུས་གཞན་ལས་འཕགས་པ་ཚེ་གཅིག་གི་འབྲས་བུ་ལ་སྦྱོར་བ་དང་། འབྲས་བུ་གཞན་ལས་འཕགས་པ་འཁོར་འདས་དབྱེར་མེད་ཡི་གེ་འཁོར་ལོའི་སར་བསྟན་པས་སོ། །རྟོག་པའི་རྒྱལ་པོ། ཞེས་པ་ངོ་བོ་ཉིད་ཀྱི་རྟོག་པ་ཐོག་མའི་དུས་ནས་རྟོག་པ་སྙིང་ཟུག་གམ། ཆོས་ཉིད་ལ་དམ་པར་འཛིན་པའོ། །ལོག་པའི་རྟོག་པ་ནི་མུ་སྟེགས་རྟག་ཆད་གཉིས་ཀྱི་རྟོག་པའོ། །རྣམ་པར་རྟོག་པ་ནི་འཁོར་བ་སྤང་བྱ་མྱ་ངན་ལས་འདས་པ་བླང་བྱར་རྟོག་པའོ། །ཡང་དག་པའི་རྟོག་པ་ནི་འཁོར་འདས་དབྱེར་མེད་ཆོས་སྐུ་མངོན་དུ་གྱུར་པ་སྟེ། ཡང་དག་པའི་དོན་ཡིན་ལ་གཏན་དུ་མི་འགྱུར་བས་རྟོག་པ་ཞེས་བྱ་སྟེ་ཡང་དག་པའི་རྟོག་པའོ། །དེའི་ཕྱིར་ན་རྒྱལ་པོ་ཞེས་བྱའོ། །སྒྱུ་འཕྲུལ་དྲྭ་བ་ནི་དོན་དམ་ཀུན་རྫོབ་དབྱེར་མེད་པ་གསུམ་སྟེ་ཡང་ཡང་བཤད་དོ། །དེ་མཚོན་པར་བྱེད་པའི་རྗོད་བྱེད་ལ་ཡང་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཅེས་བྱའོ། །གཞུང་ཚད་ལེའུ་སྟོང་ཕྲག་བརྒྱ་པ་ལས། གསང་བའི་སྙིང་པོ་འདི་ཉིད་རྩ་བའི་རྒྱུད་ཡིན་པ་ལས། མཚན་ཉིད་ཀྱི་ཐེག་པ་སྡེ་སྣོད་གསུམ་དང་། གསང་སྔགས་ཕྱི་ནང་གི་རྒྱུད་དྲུག་པོ་ཐམས་ཅད་གསང་བའི་སྙིང་པོ་ལས་བྱུང་ཞིང་། གསང་བའི་སྙིང་པོར་འདུས་པས་ལུང་ཐམས་ཅད་ཀྱི་སྤྱིའི་བདག་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ནི་དགོངས་པའི་ཞེ་ཕུགས་ཏེ་རྟོགས་པར་དཀའ་བའི་མཚན་ཉིད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ནི། འདི་ཉིད་ཀྱི་མཚན་གསུམ་ལས་དོན་རང་གི་ངོ་བོའི་མཚན་ཏེ་བཤད་ཟིན་ནོ། །གཞི་དེ་ལས་ཐམས་ཅད་ནི་ཐེག་པ་དགུའོ། །མ་ལུས་པ་ནི་གདུལ་བྱ་གང་ལ་གང་འདུལ་དེ་ཉིད་དུ་ཤར་བའོ། །སྤྲོས་ཏེ། ཞེས་པ་ལེའུ་གསུམ་པར་བསྟན་པ་བཞིན་ནོ། །འཁོར་ལོ་བསྐོར་བ། ཞེས་པ་སངས་རྒྱས་ཀྱིས་ཐེག་པ་རིམ་དགུ་རྣམས་གདུལ་བྱའི་དོན་དུ་བསྒྲགས་པ་ནི་འཁོར་ལོ་ཞེས་བྱ་སྟེ། བསྐོར་བའི་དོན་གྱིས་ན་འཁོར་ལོ་སྟེ་བུདྡྷས་གདུལ་བྱའི་ངོ་ལ་དོན་དམ་ངེས་པའི་ཐེག་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། གདུལ་བྱའི་རྒྱུད་རྒྱུན་མི་ཆད་པར་བསྐོར་བས་ན་འཁོར་ལོའོ། །འཁོར་བའི་དོན་གྱིས་ཀྱང་འཁོར་ལོ་སྟེ་འཁོར་ལོ་རྩིབས་བརྒྱད་པ་ལ་སོགས་པ་རྩིབས་གཅིག་འཁོར་ན་ཀུན་འཁོར་བ་དང་འདྲ་བར། ཐེག་པ་རིམ་དགུ་གདུལ་བྱའི་དབང་པོའི་བྱེ་བྲག་གི་དབང་གིས་རྒྱུན་མི་ཆད་པས་འཁོར་ལོའོ། །གཅོད་པའི་དོན་གྱིས་ཀྱང་འཁོར་ལོ་སྟེ། རལ་གྲིའི་འཁོར་ལོ་བསྐོར་ན་གདོང་དུ་གང་བབ་གཅོད་པ་དང་འདྲ་བར། ཐེག་པ་སོ་སོའི་གཞུང་གི་ཚུལ་གྱིས་གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པ་གཅོད་ཚུལ་མི་འདྲ་བའི་ཚུལ་གྱིས་གཅོད་པས་ན་འཁོར་ལོའོ། །དེ་དག་གི་ཞེས་པ་ཐེག་པ་དགུ་པོ་དེ་དག་གི་ས་མཐར་ཕྱིན་པའི་འབྲས་བུའི་ངོ་བོ་འདི་ཉིད་ཡིན་པས། དེ་དག་གི་འབྲས་བུའི་མཆོག་ནི་རང་བཞིན་གསང་བའི་སྙིང་པོ་འཁོར་འདས་དབྱེར་མེད་མཐར་ཐུག་པ་ཀུན་ཏུ་བཟང་པོའི་ངོ་བོ་ཉིད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། མཉེས་པ་དང་ཡོངས་སུ་བཟུང་བའི་ལེའུ་སྟེ། ཞེས་པ་མཉེས་པ་ནི་གདམས་པ་ཡིན་པས། རང་བཞིན་གསང་བའི་སྙིང་པོ་མངོན་སུམ་དུ་བསྟན་པ་ལེའུ་སྟོད་དུ་བསྟན་ཏོ། །གཏད་པ་ནི་སྡུད་པ་པོ་ལ་གཏད་པ་དང་། ཕྱི་རབས་པ་གང་ཟག་ཆོས་ཀྱི་མིག་ཅན་ལ་ཡོན་ཏན་བརྗོད་པ་དང་། གཏད་པ་གཉིས་བསྟན་ཏོ། །དེས་བརྗོད་བྱ་རྗོད་བྱེད་ཐམས་ཅད་མཐར་ཕྱིིན་པ་ནི། རྫོགས་སོ་ཞེས་བྱའོ།། ༈ །།ཁྱབ་བདག་ཀུན་ཏུ་བཟང་པོའི་དགོངས་པ་ཉིད། །སྦྱངས་པ་མཆོག་གྱུར་བློ་མཆོག་དོན་ཆེད་དུ། །སྣང་བས་ཞར་བྱུང་ཐེག་པ་བསམ་ཡས་རྣམས། །འཁོར་སྒྱུར་ལོངས་སྤྱོད་དཔུང་དང་བཅས་པ་བཞིན། །ཐེག་པའི་གཞི་རྩ་ཞར་བྱུང་འཕྲོས་པ་རྣམས། །སྟོན་བྱེད་ཐུགས་ཀྱི་སྒྱུ་འཕྲུལ་དྲྭ་བ་སྟེ། །རྩ་བར་གྱུར་པ་ལེའུ་ཉི་ཤུ་གཉིས། །གསུང་སྒྲོས་ཟེར་ཙམ་གཞན་གྱིས་བསྐུལ་བ་ཡིས། །ལུང་དང་མི་འགལ་བླ་མའི་གསུང་བཞིན་བྲིས། །འགལ་འཁྲུལ་མཆིས་ན་བླ་མ་སངས་རྒྱས་དང་། །མཁའ་འགྲོ་རྣམས་ལ་རང་སེམས་ངང་དུ་བཤགས། །ངལ་བའི་དགེ་རྩ་འགྲོ་བ་ཡོངས་ལ་བསྔོ། །ཚིག་གི་སྒྲོན་མ་ཡིག་གེར་བཀོད་པ་འདིས། །བློ་ལྡན་རྣམས་ཀྱིས་ཉམས་སུ་བླངས་བྱས་ནས། །ཀུན་ཀྱང་རྡོ་རྗེ་འཆང་གི་གྲལ་ཐོབ་སྟེ། །མཐའ་མེད་སྲིད་མཚོ་འདྲེན་པའི་སྟོན་པར་ཤོག །སྡེ་སྣོད་འབྱུང་གནས་ཀུན་གྱི་གྲོལ་ཕུགས་ཀྱི། །རྩ་རྒྱུད་གསང་བའི་སྙིང་པོ་ཡི། །འབྲུ་འགྲེལ་ཉི་མའི་སྙིང་པོ་ནི། །སྦྱངས་སྟོབས་མཆོག་གྱུར་སྐྱེས་ཆེན་རྣམས་ཀྱིས་ཞུས། །དུས་གསུམ་སངས་རྒྱས་དགོངས་པ་ཡི་གེར་བཀོད། །སྐལ་ལྡན་ཆོས་ཀྱི་སྤྱན་ཅན་རྣམས་ལ་ནི། །དུང་གི་མཆོད་རྟེན་དག་ལ་ནི། །སྔོན་མེད་ཟླ་ལྟར་ཆེས་དཀར་ཤོག །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་འཇིག་རྟེན་གསུམ་གྱི་རིན་ཆེན་རྙེད་པར་དཀའ་བའི་གཏེར་དཔལ་གསང་བ་སྙིང་པོའི་རྣམ་པར་བཤད་པ་འདི་ནི། བླ་མ་ཆེན་པོ་ཤར་ཀཿཐོག་པ་དམ་པ་བདེ་བར་གཤེགས་པ་ལ་སློབ་དཔོན་པདྨ་རྒྱལ་པོའི་གསུང་སྒྲོས་འཕྱུགས་པ་མེད་པའི་སྙན་རྒྱུད་མན་ངག་གི་བཤད་པ་བཞུགས་པ་བཞིན། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་བཞུགས་པ་ཆོས་རྗེ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་གསུང་ཡི་གེར་བཀོད་པའི་བཤད་སྲོལ་ངོ་མཚར་བ་སྟེ། ཡུལ་དུས་འདིར་ཟབ་མོའི་གླེགས་བམ་ནུབ་པ་ལྟར་གྱུར་པའི་སྐབས་སུ། སི་ཏུ་པ་ཆོས་ཀྱི་རྒྱ་མཚོས་ལེགས་པར་མཇལ་ཏེ་གླེགས་བམ་འདི་ཐང་ཤིང་བྲོ་བརྡུང་གི་གནས་དགོན་བགྲེས་པོ་ནས་སྤྱན་དྲངས་པ་ལགས་པས། དེང་ཕྱིན་ཆད་འཇིག་རྟེན་གསུམ་གྱི་རིན་ཆེན་རྒྱུད་རྒྱལ་ཐུགས་སྒྱུ་འཕྲུལ་དྲྭ་བ་གསང བ་སྙིང་པོ་འཆད་པ་དང་། བསམ་པ་དང་། སྒོམ་པ་ལ་དགའ་བའི་སྐལ་ལྡན་ཆོས་ཀྱི་སྤྱན་ཅན་མཐའ་དག་གིས་དད་པས་མཇལ་ཏེ་དོན་ཡིད་ལ་སེམས་པ་དང་། ཁོང་དུ་ཆུད་པར་བྱས་ཏེ། དངོས་གྲུབ་ཀྱི་གཏེར་མཛོད་ཟབ་མོའི་རྒྱུད་རྒྱལ་ལ་སྐལ་པ་བཟང་པོ་རེའི་བག་ཆགས་འཇོག་པ་ཚུན་ཆད་ལ་ཅི་ནུས་སུ་བརྩོན་པར་བྱ་བ་ནི་དགོས་པའི་སྙིང་པོ་ཡིན་ནོ་ཞེས་འདོམས་པའང་གྲུབ་པའི་གནས་མཆོག་ཀཿཐོག་རྡོ་རྗེའི་གདན་དུ་དགེ་ལེགས་རྣམ་པར་འཕེལ། །དགེའོ། །དགེའོ། །དགེའོ།། ༈ །།ༀ་སྭ་སྟི། རྒྱལ་བས་ཆོས་ཚུལ་ཇི་སྙེད་གསུངས་པ་གང་། །དཔལ་ལྡན་རྒྱུད་ཀྱི་རྒྱལ་པོ་འདི་ལ་དགོངས། །ལུང་གི་སྤྱི་ཆེན་ཐེག་པ་ཀུན་གྱི་འགྲེལ། །འདི་ནི་སྲིད་ཞི་ཀུན་གྱི་ཏོག་ཏུ་གྱུར། །རིམ་གྱིས་འཇུག་པའི་ས་རྣམས་བཀོད་པ་ནི། །གསང་བའི་སྙིང་པོར་འགྲོ་བའི་ལམ་པོ་ཆེ། །འདིར་གཞོལ་འདིར་འབབས་རྒྱ་མཚོ་ཆེན་པོ་ལ། །འཛམ་གླིང་ཆུ་ཀླུང་ཇི་སྙེད་འབབ་དང་མཚུངས། །ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ཡི། །ཐུགས་ཀྱི་གསང་བའི་བརྣག་པ་འདི་ཁོ་ན། །འདི་མེད་རྒྱུད་རྣམས་ཀུན་གྱི་སྙིང་དང་བྲལ། །དེ་ཕྱིར་ཏནྟྲ་ཀུན་གྱི་སྲོག་སྙིང་དངོས། །དངོས་པོའི་རང་བཞིན་གཤིས་ཀྱི་གནས་ཚུལ་དང་། །མ་རྟོགས་འཁྲུལ་ཚུལ་ཐུགས་རྗེས་ཇི་ལྟར་གཟིགས། །དེ་ཉིད་སྐྱེ་དང་འགྲོ་དོན་མཛད་ཚུལ་བཅས། །སྤྱོད་དོན་ལྔ་ཡི་བདག་ཉིད་གསང་བའི་སྙིང་། །རྒྱལ་བ་རིག་འཛིན་གང་ཟག་སོ་སོ་ལ། །དགོངས་རིག་རྣ་བར་བརྒྱུད་པའི་རྒྱུད་ཆེན་འདི། །ཆེ་བ་བརྒྱད་ལྡན་དབང་རབ་རྣམས་ཀྱི་ཡུལ། །འདི་ཉིད་སྣང་བ་བཞི་དང་རྒྱུད་གསུམ་གནས། །རྒྱུ་ཤེས་ལྟ་དང་རྐྱེན་འཇུག་ཏིང་ངེ་འཛིན། །འབྲས་མཐར་ཕྱིན་ཏེ་མཚན་ཉིད་གསུམ་དུ་འཆད། །དབང་རིམ་མཚན་བསྟན་རྣམ་དབྱེ་འབྲུ་གཉེར་དགྲོལ། །ཤེས་བྱའི་རྒྱུད་དོན་ལྟ་སྤྱོད་དཀྱིལ་འཁོར་དབང་། །དམ་ཚིག་ཕྲིན་ལས་བསྒྲུབ་པ་ཏིང་ངེ་འཛིན། །མཆོད་འཆིང་ཟློས་སྔགས་ཕྱག་རྒྱ་རྣམ་བཅུ་སྟེ། །ཟབ་མོའི་རྒྱུད་ཀྱི་བསྡུས་དོན་འདི་ལྟ་བུས། །ལེགས་པར་འཆད་པའི་བཀའ་སྲོལ་རྣམ་གཉིས་ལས། །འཕུར་འགྲོའི་སློབ་དཔོན་པདྨ་རྒྱལ་པོ་ཡིས། །རྒྱལ་བ་མཆོག་དབྱངས་རྨ་གཉགས་སོགས་ལ་བཤད། །བཀའ་སྲོལ་ཁྱད་འཕགས་མན་ངག་སྙན་བརྒྱུད་ཀྱིས། །རྒྱུད་དོན་འགྲེལ་པ་ཁ་འབབ་རྣམ་བཞིའི་རྒྱུན། །བདེ་ལྡན་ཞིང་ན་སེམས་དཔའ་བློ་གྲོས་སྙིང་། །མ་འོངས་རྒྱལ་བ་ཚེ་དཔག་མེད་ཅེས་གྲགས། །ཁ་བ་ཅན་དུ་ཆོས་རྗེ་ཀཿཐོག་པ། །དམ་པ་བདེ་བར་གཤེགས་ཀྱི་ཐུགས་མཚོར་བསྐྱིལ། །དེའི་གསུང་བདུད་རྩིས་ལུས་སྟོབས་རབ་རྒྱས་པ། །རྡོ་རྗེ་རྒྱལ་མཚན་རྒྱལ་བའི་སྲས་ཆེན་དེས། །ཕྱི་རབ་འགྲོ་ལ་བརྩེ་བ་ཆེན་པོ་ཡིས། །མངོན་པར་སྣང་བྱས་རྒྱུད་ཀྱི་འགྲེལ་ཆེན་འདི། །དུས་ཀྱི་དབང་གི་ནུབ་པ་ལྟར་གྱུར་ཀྱང་། །ཀུན་ཏུ་བཟང་པོའི་ཕྲིན་ལས་འགོག་མེད་མཐུས། །ཐམས་ཅད་མཁྱེན་གཟིགས་ཆོས་ཀྱི་རྒྱ་མཚོ་ལ། །པུ་སྟི་གླེགས་བམ་དབང་བསྐུར་ཐོབ་པ་དང་། །རིང་བརྒྱུད་ཚོགས་སློབ་གངྒཱ་སིནྡྷུའི་ཀླུང་། །གང་ཐུགས་དཔལ་གྱི་བེའུར་འཁྱིལ་བ་དང་། །ཉེ་བརྒྱུད་བྱིན་རླབས་གཟི་འོད་སྟོང་འཕྲོ་བས། །སྔ་འགྱུར་ཆོས་ཀྱི་སྙིང་པོ་གསལ་བར་བྱས། །དེ་ཕྱིར་གཅིག་ཏུ་རིན་ཐང་ལྕི་བ་ཡི། །ནོར་བུ་བསམ་འཕེལ་གྱིས་ཀྱང་མི་མཚོན་པའི། །གླེགས་བམ་འདི་ཉིད་སྤར་དུ་བསྐྲུན་པའི་དགེས། །ཀུན་མཁྱེན་བླ་མའི་ཟབ་དགོངས་རྫོགས་པར་ཤོག །འདིར་བརྩོན་བདག་གཞན་སྒྱུ་འཕྲུལ་དྲྭ་བ་ཡི། །དེ་ཁོ་ན་ཉིད་མངོན་དུ་རྟོགས་པའི་མཐུས། །ངེས་པའི་ལམ་མཆོག་བགྲོད་ནས་རྡོ་རྗེ་སེམས། །མི་བསྐྱོད་རྒྱལ་པོའི་གོ་འཕང་ཐོབ་གྱུར་ཅིག །བསྟན་འཛིན་སྐྱེས་རྣམས་ཞབས་པད་ཡུན་དུ་བརྟན། །བསྟན་ལ་གནོད་བྱེད་མིང་ཙམ་མེད་པར་གྱུར། །བསྟན་པའི་སྙིང་པོ་བཤད་དང་སྒྲུབ་པ་འཕེལ། །བསྟན་པ་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །གཞི་ཡི་རང་བཞིན་མངོན་སུམ་རྟོགས་པ་དང་། །ལམ་གྱི་སྣང་བ་མ་ལུས་བགྲོད་བྱས་ཏེ། །འབྲས་བུ་བདེ་གཤེགས་སྣང་བའི་འོད་ཆེན་གྱིས། །སྲིད་གསུམ་མུན་པ་དྲུང་ནས་འབྱིན་གྱུར་ཅིག །ཆོས་འདིའི་ཕྲིན་ལས་འཛད་མེད་བསྐལ་པའི་ཐ་མར་ཡང་། །རིག་འཛིན་རྣམས་ཀྱིས་ལེགས་བཟུངས་སྐལ་བ་ཅན་ལ་སྣང་། །མ་ནོར་རྟོགས་ཤིང་ཡང་དག་ལམ་མཆོག་སྣང་བར་བྱས། །དམ་ལྡན་ཆོས་སྐྱོང་སྲུང་མས་འདི་ཡི་གཉེར་མཛོད་ཅིག །ཅེས་པའང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བྱིན་རླབས་ཀྱི་ཆ་ཤས་ཙམ་ཐོབ་པ་རྣམ་དཀར་སྒྲུབ་པ་པོ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་རང་ཉིད་ཀྱི་སྤར་བྱང་སྨོན་ཚིག་ཏུ་བྲིས་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག། ༈ །།ཐེག་པའི་རྒྱལ་པོ་ཤིན་ཏུ་དར་གྱུར་ཅིག །བསྟན་པ་འཛིན་རྣམས་ཞབས་པད་བརྟན་གྱུར་ཅིག །བསྟན་ལ་གནོད་རྣམས་མིང་ཙམ་སྟོང་གྱུར་ཅིག །འགྲོ་ཀུན་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་པ་འདི་ཆོས་རྗེ་ཀཿཐོག་པ་དམ་པ་ཤེས་རབ་སེང་གེ་མྱ་ངན་འདའ་ཀའི་ཞལ་ཆེམས་ཚིགས་སུ་བཅད་པ་ལས་ཕྱུང་བའོ།། ༈ །།ཀཿཐོག་པ་ཞེས་དཀར་པོའི་གླིང་དུ་གྲགས། །གྲགས་པ་མཐའ་ཡས་རྒྱལ་བའི་ཞིང་ཀུན་ཁྱབ། །ཁྱབ་བདག་རྒྱལ་བ་ཀུན་དང་དབྱེར་མེད་རྗེ། །རྗེ་དེས་བཀྲ་ཤིས་ཡུན་རིང་བརྟན་གྱུར་ཅིག། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ།། །།མངྒ་ལཾ། ཤུབྷཾ།། །།