Nitartha Digital Library
Tibetan
 
previousགསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།next

གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།

གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ་བཞུགས་སོ། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཀ་དག་སྤྲོས་བྲལ་ནང་དབྱིངས་དང་། །དབྱེར་མེད་ལྷུན་གྲུབ་རིག་པའི་གདངས། །བགྲེས་རྒུད་དང་བྲལ་ཡེ་ཤེས་སྐུ། །འཇམ་དཔལ་གཞོན་ནུས་ཤིས་པ་སྩོལ། །ཆོས་ཀུན་མཉམ་པ་ཉིད་ཀྱི་གཞི་དབྱིངས་སུ། །རང་སྣང་སྐུ་གསུམ་རོལ་པའི་རྩལ་རྫོགས་པས། །སྒྲིབ་བྲལ་གདོད་མའི་མགོན་པོ་ཀློང་ཆེན་པ། །དྲི་མེད་འོད་ཟེར་ཞབས་ཀྱིས་བདག་སྐྱོངས་ཤིག །སྨྲ་བའི་སེང་གེ་གང་གི་རིགས་པའི་མེས། །སྲིད་འདིར་ལོག་སྨྲའི་ཚང་ཚིང་ཀུན་བསྲེགས་ཀྱང་། །འཇམ་དཔའི་དཔལ་གྱུར་བདུད་རྩིའི་སྐུ་བརྙེས་པ། །རོང་ཟོམ་ཆོས་ཀྱི་བཟང་པོ་རྒྱལ་གྱུར་ཅིག །དགོངས་བརྡ་སྙན་བརྒྱུད་རིག་འཛིན་བླ་མ་དང་། །ཞི་ཆགས་ཁྲོ་བོའི་ཚུལ་འཆང་ཡི་དམ་ལྷ། །གནས་གསུམ་མཁའ་འགྲོ་རྒྱུད་གསུམ་དྲེགས་ཚོགས་བཅས། །རབ་འབྱམས་རྩ་གསུམ་ལྷ་ལ་གུས་ཕྱག་འཚལ། །སྣང་སྲིད་གདོད་ནས་དག་མཉམ་བདེ་ཆེན་གྱི། །ཐེག་མཆོག་སེང་གེའི་ང་རོས་ས་གསུམ་ན། །ལོག་སྨྲའི་རི་དྭགས་ཚོགས་ཀུན་སྐྲག་མཛད་པ། །ཆེ་བ་དྲུག་ལྡན་གསང་སྔགས་སྔ་འགྱུར་གྱི། །ཟབ་ཅིང་རྒྱ་ཆེ་རྡོ་རྗེའི་རྒྱུད་དོན་གནད། །ལེགས་བཤད་ཉི་ཟླའི་སྤྲིན་གྱི་སྣང་བ་ཡིས། །ཕྱོགས་བཅུའི་མུན་པ་རྣམ་པར་འཇོམས་བྱེད་པའི། །སྤྱི་དོན་སྙིང་པོ་མདོར་བསྡུས་ཚུལ་གྱིས་བཤད། །དེ་ལ་འདིར་སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ་དཔལ་སྒྱུ་འཕྲུལ་དྲྭ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཆེན་པོ་འདི་འཆད་པ་ལ། བཤད་བྱ་རྒྱུད་ཀྱི་ཆེ་བ་དང་། རྒྱུད་དོན་རྣམ་པར་བཤད་པ་གཉིས་ལས། དང་པོ། སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ཆེན་པོ་གསང་བ་བས་ཀྱང་ཆེས་གསང་བ་འདི་ལྟ་བུ་ནི། རྡོ་རྗེ་ཐེག་པའི་སྔགས་རྒྱུད་རྒྱ་མཚོ་ལྟ་བུ་མཐའ་དག་གི་དགོངས་པའི་གནད་གསལ་བར་བྱེད་པ་ཡིན་ཏེ། དེ་ཡང་སྤྱིར་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ། །རྫོགས་པ་ཨ་ནུ་ཡོ་ག་ནི་ཆོས་ཐམསཅད་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ། །ཞེས་གསུངས་པ་བཞིན་དུ། མ་ཧཱ་ཡོ་གར་སྔགས་ཀྱི་ཐེག་པ་ཐམས་ཅད་ཀྱི་གཞི་ལམ་འབྲས་བུའི་དོན་མཐའ་དག་སྟོན་པས་ན། དེ་ཉིད་གཞིར་བཞག་གི་སྟེང་ནས་སྔགས་ཀྱི་ཉམས་ལེན་མཐའ་དག་ལ་ངེས་པ་བསྐྱེད་དགོས་ཤིང་། དེ་ལྟ་བུའི་གསང་སྔགས་ནང་གི་རྒྱུད་མ་ཧཱ་ཡོ་ག་དེ་ལ་ནང་གསེས་སུ་དབྱེ་ན་རྒྱུད་ཀྱི་རྣམ་གྲངས་ཚད་མེད་པ་ཡོད་དེ། གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པར་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་པ་ལྷ་སྔགས་ཏིང་འཛིན་གྱི་འཇུག་པ་ཚད་མེད་པ་ཡོད་པས་ན་མཐའ་འདི་ཙམ་ཞེས་གཟུང་དུ་མེད་ཀྱང་། ངོ་བོའི་ཆ་ནས་རྒྱ་ཆེ་བ་ཐུན་མོང་སྣ་ཚོགས་པའི་རྒྱུད་དང་། ཟབ་པ་ཐུན་མིན་སྙིང་པོའི་རྒྱུད་གཉིས་སུ་ཡོད་ཅིང་། དང་པོ་ཐུན་མོང་སྤྱིར་བཏང་གི་དབང་དུ་བྱས་ན་རྒྱུད་ཀྱི་རྣམ་གྲངས་མཐའ་ཡས་པ་དེ་དག་རིགས་བསྡུ་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིགས་ལྔ་དང་དབྱེར་མེད་པ་ཁྱབ་བདག་ཧེ་རུ་ཀའི་རིགས་སམ། དྲུག་པ་རྡོ་རྗེ་འཆང་གི་རིགས་ཀྱི་རྒྱུད་དེ་རྒྱུད་དྲུག་ཏུ་འདུ་བ་ཡིན་ལ། བརྗོད་བྱའི་སྒོ་ནས་ཐབས་ཀྱི་ཕྱོགས་གཙོ་ཆེར་སྟོན་པ་དང་། ཤེས་རབ་ཀྱི་ཕྱོགས་གཙོ་ཆེར་སྟོན་པ་དང་། ཐབས་ཤེས་གཉིས་སུ་མེད་པའི་ཡེ་ཤེས་རྩལ་དུ་ནས་འཆད་ཚུལ་གྱིས། རིམ་པ་ལྟར་ཕ་རྒྱུད་དང་མ་རྒྱུད་དང་གཉིས་མེད་ཀྱི་རྒྱུད་ཅེས་རྣམ་པར་བཞག་སྟེ། དཔེར་ན་སྒྱུ་ལུས་གསལ་པོར་སྟོན་པ་གསང་བ་འདུས་པ་དང་། འོད་གསལ་གཙོ་བོར་སྟོན་པ་འཁོར་ལོ་བདེ་མཆོག་དང་། ཟུང་འཇུག་གི་ཡེ་ཤེས་རྩལ་དུ་བཏོན་ནས་བཤད་པ་དུས་ཀྱི་འཁོར་ལོ་ལྟ་བུ་ཡིན་ཏེ། དུས་འཁོར་ལས་ནི་མཚོན་བྱ་དོན་གྱི་ཡེ་ཤེས་ཟུང་འཇུག་ཉིད་རྩལ་དུ་བཏོན་པས་ན་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་ཞེས་གཉིས་སུ་མེད་པའི་རྒྱུད་ཡིན་པར་གསུངས་སོ། །དེའི་ཕྱིར་སྔགས་རྙིང་མའི་གཞུང་དུ་མ་ཧཱ་ཡོ་ག་ལ་ཡང་མ་ཧཱའི་མ་ཧཱ་སོགས་གསུམ་དུ་ཕྱེ་བ་ཡིན་ནོ། །གཉིས་པ་ཟབ་མོ་ཐུན་མིན་བྱེ་བྲག་གི་རྒྱུད་ལ་ཡང་རྒྱ་ཆེ་བ་རྒྱུད་སྡེ་དང་། ཟབ་མོ་སྒྲུབ་སྡེ་གཉིས་སུ་ཡོད་པའི་དང་པོ་ནི། ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཅེས་གྲགས་པ་ཡིན་ལ། དེ་ཀུན་གྱི་གཞིའམ་སྙིང་པོར་གྱུར་པ་ནི་གསང་བའི་སྙིང་པོའི་རྒྱུད་འདི་ཡིན་ཅིང་། ཅིའི་ཕྱིར་རྒྱུད་འདི་དག་ཐུན་མོང་མིན་པ་དང་། ཟབ་པ་ཡིན་སྙམ་ན། གསང་སྔགས་ནང་གི་རྒྱུད་སྡེ་མཐའ་དག་གི་དགོངས་པའི་གནད་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་འདི་ལ་རག་ལས་པའི་ཕྱིར་རོ། །དེའི་རྒྱུ་མཚན་སྔགས་བླ་མེད་ཐམས་ཅད་ཀྱང་། དབང་བཞིས་སྨིན་པར་བྱས་ནས་རིམ་པ་གཉིས་ཀྱི་ལམ་ལ་གནད་དུ་བསྣུན་པར་འདྲ་ཡང་། རྒྱུད་གཞན་ཕལ་མོ་ཆེ་ན་ལྷ་སྔགས་ཀྱི་རྣལ་འབྱོར་དང་། རྫོགས་རིམ་རྩ་རླུང་ཐིག་ལེར་གནད་དུ་བསྣུན་པའི་ཐབས་ཙམ་ཞིག་བསྟན་གྱི། དེ་དག་གི་གནད་གང་ལ་ཐུག་པ་སྣང་སྲིད་དག་མཉམ་ཆེན་པོའི་ལྟ་བ་དང་། མཚོན་བྱ་དོན་གྱི་ཡེ་ཤེས་གསལ་བར་ངོ་སྤྲོད་པའི་ཚུལ་ནི་རྡོ་རྗེའི་ཚིག་ཏུ་སྦས་པར་གྱུར་པ་གང་ཡིན་པ་དེ་ནི་རྒྱུད་འདི་དག་ཏུ་གསལ་པོར་བསྟན་པའི་ཕྱིར་ཏེ། དཔེར་ན་དུས་ཀྱི་འཁོར་ལོ་ལས་ནི། རྡོ་རྗེ་ཅན་གྱིས་རྡོ་རྗེའི་ཚིག་ཏུ་སྦས་པའི་གནད་གསལ་པོར་བསྟན་པས་ན། རྒྱུད་དེ་ནི་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པ་ཡིན་ཞེས་གསུངས་པ་བཞིན་ཏེ། དེའི་ཚུལ་ཡང་རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་པོ་དབང་བཞི་པའི་ཡེ་ཤེས་ཡིན་ལ། དེ་ནི་རྒྱུད་གཞན་དུ་བཞི་པ་དེ་ཡང་དེ་བཞིན་ནོ་ཞེས། གསུམ་པའི་ཤུགས་ལ་འཕང་པ་ཙམ་ལས་གསལ་པོར་མ་གསུངས་ཞིང་། དེའི་དབང་གིས་རྒྱུད་ཀྱི་གནས་འཆད་པའི་རྒྱ་གར་པ་དག་ལ། བཞི་པའི་ཡེ་ཤེས་སྙོམས་འཇུག་ཚོར་བདེ་ཙམ་དང་། ཆགས་བྲལ་གྱི་སེམས་དང་། སྟོང་པའི་གོ་ཡུལ་ཙམ་ལ་འདོད་པ་སོགས་རྣམ་པ་མང་པོར་བྱུང་བ་ནི། ཁ་སྦྱོར་བདུན་གྱི་འགྲེལ་པ་དང་། ཨིནྡྲ་བྷུ་ཏིས་ཡེ་ཤེས་གྲུབ་པ་སོགས་ལས་གསལ་བར་བཀག་པ་ལྟ་བུ་སྟེ། དེང་སང་བསིལ་ལྡན་འདིར་ཡང་། བཞི་པའི་ཡེ་ཤེས་ངོ་སྤྲོད་པའི་མན་ངག་ལ་སྐུར་པ་འདེབས་པ་དང་། ཚོར་བདེ་དང་སྟོང་འཛིན་གྱི་འདུ་ཤེས་གསར་དུ་སྦྱར་བ་ལྷན་སྐྱེས་སུ་འདོད་པ་སོགས་མུན་སྤྲུལ་དུ་མ་བྱུང་བ་བཞིན་ནོ། །དེ་ལྟ་བུའི་དོན་གྱིས་ན་དུས་ཀྱི་འཁོར་ལོ་ལས་ནི། འགྱུར་མེད་ཀྱི་བདེ་བ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ། མཚོན་བྱ་དོན་གྱི་ལྷན་ཅིག་སྐྱེས་པ། རྡུལ་དང་སེམས་ཀྱི་ཆོས་ལས་འདས་པའི་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་དེ་ཉིད། རྒྱུད་ཉིད་དང་འགྲེལ་པའི་ཡེ་ཤེས་གྲུབ་པའི་སྐབས་སོགས་ལས་ཤིན་ཏུ་གསལ་པོར་བསྟན་པ་ནི་རྒྱུད་སྡེ་མཐའ་དག་གི་དགོངས་གནད་ལ་ཁྱབ་བྱེད་དུ་འཇུག་དགོས་པའི་མན་ངག་དམ་པ་ཡིན་ནོ། །དེ་ལྟར་རྒྱུད་ནི་རྒྱུད་གཞན་གྱིས་ཤེས་པར་བྱ་ཞེས་ལུང་ལས་གྲགས་པ་བཞིན་དུ། སྔགས་བླ་ན་མེད་པའི་ལྟ་སྒོམ་གྱི་གནད་མ་སྦས་པར་སྟོན་པའི་རྒྱུད་ཆེན་པོ་འདིས་ནི། རྡོ་རྗེ་ཐེག་པ་མཐའ་དག་གི་དགོངས་དོན་ཇི་ལྟ་བ་བཞིན་གཏན་ལ་འབེབས་པ་ཡིན་པས་འཇིག་རྟེན་གསུམ་གྱི་རིན་ཆེན་གཅིག་པུ་པ་ཡིན་ཏེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། སངས་རྒྱས་ཀུན་གྱི་ཉེ་ལམ་ཆེན་པོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུག་དམ་པར་གྱུར་པའི་ཆེ་བའི་ཡོན་ཏན་རྨད་དུ་བྱུང་བ་དང་ལྡན་པའོ། །དེས་ན་རྒྱུད་འདི་ལས་གསུངས་བ་ལྟ་བུའི་གནད་མེད་པར། སྔགས་རྒྱུད་ཀྱི་རྡོ་རྗེའི་ཚིག་ཟབ་མོ་ཉི་ཚེ་བ་རེ་རང་བློའི་ནུས་པ་དང་འཚམས་པར་རྟོག་གེའི་ཞེན་ཡུལ་དུ་ཁྲིད་ནས་བབ་ཅོལ་དུ་བརྩམས་པའི་གཞུང་རྣམས་ནི་སྲོག་དང་བྲལ་བའི་རོ་བཞིན་དུ་གནད་ཀྱིས་དབེན་པར་ཤེས་ནས། རྡོ་རྗེའི་ཐེག་པར་འདུན་པ་མཆོག་དང་ལྡན་པའི་སྐལ་བཟང་རྣམས་ཀྱིས་འདི་ལྟ་བུའི་རྒྱུད་འཆད་ཉན་བྱེད་པ་ལ་ལུས་དང་སྲོག་ལའང་ཕངས་པ་མེད་པར་ནན་ཏན་དུ་བྱ་བར་རིགས་སོ། །གཉིས་པ་རྒྱུད་དོན་རྣམ་པར་བཤད་པའི་ཚུལ་ལ་ཤིང་རྟའི་ལམ་སྲོལ་ཆེན་པོ་གཉིས་ཏེ། རྒྱ་ཆེ་བ་ཐུན་མོང་གི་བཤད་ཚུལ་དང་། ཟབ་པ་ཐུན་མིན་གྱི་འཆད་ཚུལ་གཉིས་ལས། དང་པོ་རིག་སྔགས་འཆང་བ་ཀུན་གྱི་རྒྱལ་པོ་དཔལ་ལྡན་ཟུར་པའི་བཀའ་སྲོལ་རྨད་དུ་བྱུང་བ་སྟེ། མ་ཧཱ་ཡོ་ག་རང་གཞུང་ལྟར་འཆད་པའོ། །གཉིས་པ་ནི་སྨྲ་བའི་སེང་གེ་རོང་ཀློང་རྣམ་གཉིས་ཀྱི་དགོངས་པ་བླ་ན་མེད་པ་སྟེ། དེ་ཡང་རྒྱུད་འདི་ནི་མ་ཧཱའི་ཨ་ཏི་ཡིན་པས། རྫོགས་ཆེན་ལ་གསུམ་དུ་ཕྱེ་བའི་ཨ་ཏིའི་མ་ཧཱ་དང་གནད་གཅིག་པས་ན། གསང་བ་རྫོགས་པ་ཆེན་པོ་ལ། བསྐྱེད་རྫོགས་དབྱེར་མེད་སེམས་དང་ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་བསྟན་པ་དང་། བསྐྱེད་རྫོགས་ལ་མི་ལྟོས་པར་སེམས་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་དང་། ཡེ་ཤེས་རང་སྣང་བའི་ངོ་བོར་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་གསུམ་ལས་སྔ་མ་ལྟར་དུ་འཆད་པའོ། །འཆད་ཚུལ་དེ་གཉིས་མཐར་ཐུག་གི་གནད་ལ་དགོངས་པ་རོ་གཅིག་ན་ཡང་། སྐབས་འདིར་ནི་ཟབ་མོ་མན་ངག་གི་གནད་དང་ལྡན་པ་ལུགས་ཕྱི་མའི་ཚུལ་བཤད་པར་བྱ་བ་ཡིན་ནོ། །དེ་ལ་གསུམ་སྟེ། བརྗོད་བྱ་རྟོགས་པའི་ཡན་ལག་མཚན་དོན་བཤད་པ། བརྗོད་བྱའི་དོན་གྱི་གནད་རྣམས་བསྡུས་ཏེ་བསྟན་པ། རྫོད་བྱེད་རྒྱུད་ཀྱི་ཚིག་དོན་རྒྱས་པར་བཤད་པའོ། །དང་པོ་བུམ་པ་ཞེས་པའི་མིང་ལས་ལྟོ་ལྡིར་བའི་དངོས་པོ་གོ་བ་བཞིན་དུ། དབང་པོ་རབ་མགོ་སྨྲོས་པས་གོ་བ་རྣམས་ཀྱིས་ནི། འདི་ལྟ་བུའི་མཚན་དོན་རྟོགས་པས་ཀྱང་། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་དུ་བསྟན་པའི་རྒྱུད་དོན་ཁོང་དུ་ཆུད་པར་འགྱུར་བས་ཐོག་མར་མཚན་གྱི་དོན་བཤད་ན། སྤྱིར་ཏནྟྲའི་སྒྲ་ལས་དྲངས་པའི་རྒྱུད་ཅེས་བྱ་བ་ནི། དོན་དུ་གཉེར་བྱ་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པའི་ཐབས་སུ་གྱུར་པའི་ལྷ་སྔགས་ཏིང་འཛིན་ལ་སོགས་པའི་ཚུལ་སྣ་ཚོགས་འགྲེལ་བར་སྟོན་པའི་ཚིག་དོན་རྒྱུད་མར་གནས་པ་ལ་རྒྱུད་ཅེས་བྱ་ཞིང་། བྱེ་བྲག་ཏུ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ་ནི། འདི་ལྟར་འཁོར་འདས་ཀྱི་ཆོས་ཀུན་དབྱེར་མེད་པར་སངས་རྒྱས་ཏེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་ཡེ་ནས་གནས་པ་ནི་གསང་བ་ཞེས་བྱ་སྟེ། དེ་ཉིད་ཚུལ་བཞིན་རྟོགས་པ་ནི་རྒྱལ་བའི་དགོངས་པ་ཟབ་མོ་ཡིན་ལ། སྣོད་དུ་མ་གྱུར་པའི་སྒྲིབ་པ་ཅན་གྱིས་མི་རྟོགས་པའི་ཕྱིར་ན་གསང་བའོ། །གསང་ཚུལ་ནི་སྐུ་གསུམ་རང་ལ་ཡོད་ཀྱང་གློ་བུར་གྱི་སྒྲིབ་པས་བསྒྲིབས་ནས་མ་མཐོང་བ་དང་། དེའི་ཚུལ་སྟོན་པའི་ལྷ་དགོངས་ཟབ་མོ་རྣམས་ཀྱང་རང་སྟོབས་ཀྱིས་མ་ཤེས་ཤིང་། གཞན་གྱིས་སྟོན་པ་མེད་པས་སམ་བསྟན་ཀྱང་རྟོགས་པར་དཀའ་བ་ནི་གབ་པ་དང་། ཚུལ་འདིའི་ལྟ་སྒོམ་སྤྱོད་པ་ཐུན་མིན་རྣམས་སྣོད་མིན་ལ་མ་སྦས་ན་གསང་སྒོ་འཆོལ་བས་སྒྲོ་སྐུར་གྱི་གནས་སུ་འགྱུར་བའི་ཕྱིར་མི་སྟོན་པ་ནི་སྦས་པ་སྟེ་དེ་ལྟར་གབ་སྦས་ཀྱི་གསང་བ་གཉིས་ཀྱི་ཚུལ་གྱིས་གསང་བའོ། །སྙིང་པོ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་དུ་ཡེ་ནས་སངས་རྒྱས་པ་མཉམ་ཉིད་རྫོགས་པ་ཆེན་པོ་དང་། དེའི་རྗོད་བྱེད་ཟབ་དང་རྒྱ་ཆེ་བ་དང བཅས་པ་འདི་ནི་ཆོས་ཀུན་གྱི་གཞིའམ་བཅུད་དམ་མཆོག་ཏུ་གྱུར་པ་ཡིན་པས་ན་སྙིང་པོར་གྱུར་པའོ། །དེ་ཁོ་ན་ཉིད་ནི་སྐུ་གསུང་འདུ་འབྲལ་མེད་པའི་རང་བཞིན་དེ་ཉིད། དངོས་པོ་ཀུན་ལ་ཁྱབ་ཅིང་ཐམས་ཅད་དེ་ཁོ་ནའི་བདག་ཉིད་དུ་གྱུར་པ་དང་། གནས་ལུགས་དེ་ཁོ་ན་ཉིད་ཡིན་ཅིང་ཕྱིན་ཅི་མ་ལོག་པས་བསླུ་བ་མེད་པ་དང་། གནས་ལུགས་དེ་ལྟ་བུ་ནི་རྟག་ཏུ་རང་གི་རང་བཞིན་ཇི་ལྟ་བ་ལས་ཉམས་པ་མི་སྲིད་པས་འགྱུར་པ་མེད་པས་ན་དེ་སྐད་དུ་བྱའོ། །ངེས་པ་ནི་ཚུལ་དེ་ལྟ་བུར་བསྟན་པ་གདུལ་བྱ་གཞུག་པའི་ཐབས་སུ་བསྟན་པའི་དྲང་དོན་མ་ཡིན་གྱི། དེ་བཞིན་གཤེགས་པ་ཉིད་ཀྱིས་ཇི་ལྟར་ཐུགས་སུ་ཆུད་པའི་དོན་མཐར་ཐུག་པ་གདུལ་བྱ་སྐལ་བ་དང་ལྡན་པ་ལ་ཇི་ལྟ་བ་བཞིན་དུ་བསྟན་པ་ངེས་པའམ་མཐར་ཐུག་གི་དོན་ཡིན་པས་དེ་སྐད་ཅེས་བྱ་སྟེ། མཚན་གྱི་རྣམ་གྲངས་བཞི་པོ་འདིས་ཡེ་ནས་སངས་རྒྱས་པ་དག་མཉམ་ཆེན་པོའི་དོན་ལ་ཡོན་ཏན་གྱི་སྒོ་ནས་མཚན་གྱི་རྣམ་གྲངས་བཞིའི་ལྡོག་པ་ནས་བསྟན་པར་རིག་པར་བྱའོ། །གཞན་ཡང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་གཞི་གསང་བའི་སྙིང་པོ། དེ་ཉིད་བསྐྱེད་རྫོགས་གཉིས་སུ་མེད་པས་ཉམས་སུ་ལེན་པ་ལམ་དེ་ཁོ་ན་ཉིད། དེའི་མཐར་ཐུག་སྐུ་གསུང་ལྷུན་གྱིས་གྲུབ་པ་འབྲས་བུ་གཞི་ཐོག་ཏུ་ངེས་པའོ། །ཡང་ན་མཚན་གྱི་རྣམ་གྲངས་བཞི་པོའི་སྒྲ་འཇུག་པའི་ཡུལ་ལ་སྤྱིར་དབྱེ་ན། བརྗོད་བྱ་དོན་གྱི་སྒོ་ནས་གཞི་ལམ་འབྲས་གསུམ་དང་། རྗོད་བྱེད་ཚིག་གི་སྒོ་ནས་སྒྲར་སྣང་བ་དང་དེ་རྒྱུར་བྱས་ཏེ་སྒྲར་གྲགས་པ་དང་། དེའི་བརྡར་གྱུར་པ་གླེགས་བམ་དུ་གཏོགས་པ་རྣམས་སུ་ཡོད་དེ་ཐམས་ཅད་ལ་ཡང་སྒྲ་བཤད་འཇུག་གི་ཚུལ་མཚུངས་པར་སྦྱར་རོ། །གཉིས་པ་ལ། རྟོགས་ལྡན་འཇུག་པའི་ཡན་ལག་ཏུ་རྒྱུད་ཀྱི་དགོས་འབྲེལ་བཤད་པ་དང་། དགོས་པ་དེ་ལྡན་གྱི་རྒྱུད་དོན་རྣམ་པར་བཞག་པ་གཉིས། དང་པོ་འཇུག་ལྡོག་གི་གནས་ལ་རྣམ་པར་དཔྱོད་པ་ཅན་དག་འདི་སྙམ་དུ། རྒྱུད་འདིའི་བརྗོད་པར་བྱ་བ་ནི་གང་ཞིག །རྗོད་པར་བྱེད་པ་ནི་ཅི་ལྟ་བུ། བརྗོད་བྱ་རྟོགས་པ་ལ་དགོས་པ་ཅི་ལྟ་བུ་ཞེས་དོན་གྱི་འབྲེལ་པ་ལ་རྣམ་པར་གཞིགས་པ་རྣམས་ལ་བཤད་པ། རྒྱུད་འདིའི་བརྗོད་བྱ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་དག་མཉམ་ཆེན་པོར་ཡེ་ནས་སངས་རྒྱས་པའི་རང་བཞིན་གཞི་ཡི་དཀྱིལ་འཁོར་དང་དེ་དངོས་སམ་བརྒྱུད་ནས་མངོན་དུ་བྱེད་པའི་ཐབས་ཀྱི་རྣམ་པ་སྣ་ཚོགས་ཀྱི་ལམ་དང་། ཡོངས་སུ་དག་པ་མཐར་ཕྱིན་པ་འབྲས་བུའི་དཀྱིལ་འཁོར་ཏེ། མདོར་ན་གཞི་ལམ་འབྲས་བུས་བསྡུས་པ་སྔགས་ཀྱི་དགོངས་དོན་ཟབ་མོ་གང་ཡིན་པའོ། །དེ་གང་གིས་རྗོད་པར་བྱེད་པ་ནི་མིང་ཚིག་ཡི་གེ་དུ་མ་ཚོགས་ནས་སྐབས་ཀྱི་དོན་མཐའ་དག་སྟོན་པ་རྩ་རྒྱུད་ལེའུ་ཉེར་གཉིས་པའི་བདག་ཉིད་ཅན་འདི་ཉིད་དེ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དབྱེར་མེད་པའི་བདག་ཉིད་ཅན། དཀྱིལ་འཁོར་གྱི་བདག་པོའི་ཡེ་ཤེས་རང་སྣང་བའི་རྣམ་རོལ་རྡོ་རྗེ་གསང་བའི་ཚིག་ཏུ་ཤར་བ་སྟེ། རང་སྣང་འོག་མིན་ན་ཉིད་ལས་མི་གཞན་པའི་འཁོར་ལ་ཡེ་ཤེས་རང་སྣང་གི་དོན་རྩོལ་བ་མེད་པར་རིག་པའི་ཚུལ་གྱིས་གསུངས་པ་དང་། སངས་རྒྱས་ཀྱི་བྱིན་རླབས་དང་གདུལ་བྱའི་དཀར་པོ་རྣམ་པར་འཕེལ་བའི་སྟོབས་ལས་གཞན་དོན་ཙམ་དུ་གསུངས་པ་དྲང་བའི་དོན་མིན་པ་ངེས་དོན་མཐར་ཐུག་འཕགས་པའི་ཡེ་ཤེས་དགོད་བའི་དབང་དུ་བྱས་པའི་གསང་བ་མཆོག་གི་རྒྱུད་ཀྱི་ཚིག་རྣམས་སྒྲ་སྤྱིའི་རྣམ་པས་བློ་ལ་སྣང་བ་ནི་སྒྲར་སྣང་བའི་རྒྱུད་དང་། དེ་དང་མཐུན་པར་བརྗོད་འདོད་ཀྱི་རྟོག་པས་རླུང་གཡོས་ནས། སྒྲའི་གནས་དང་བྱེད་པ་སོགས་ཀྱི་འདུ་བྱེད་བསྐུལ་བ་ལས་ངག་ཏུ་བརྗོད་པ་ནི་སྒྲར་གྲགས་པའི་རྒྱུད་དང་། དེ་བརྗོད་པའི་རྟེན་ནམ་མཚན་མར་གྱུར་པ་ཕྱི་རོལ་ཡི་གེའི་གཟུགས་བརྙན་གླེགས་བམ་ལ་བཀོད་པ་ནི་བརྡར་གྱུར་པའི་རྒྱུད་དེ། བརྗོད་བྱ་གླེང་གཞི་ལ་སོགས་པ་རྒྱུ་རྐྱེན་འབྲས་བུའི་ཚུལ་དུ་འབྲེལ་བའི་དོན་དེ་ཉིད། རྗོད་བྱེད་མིང་ཚིག་ཡི་གེའི་ངག་གི་རྒྱུན་འབྲེལ་མར་གནས་པའི་སྒོ་ནས་རྫོགས་པར་གསལ་བར་བྱེད་པས་ན་རྒྱུད་དོ། །དེ་ཡང་མཚོན་བྱ་དོན་གྱི་རྒྱུད་གསུམ་གྱི་རང་བཞིན་དེ་དག །རྗོད་བྱེད་ཡི་གེའི་རྒྱུད་ཀྱིས་མཚོན་པར་བྱས་ནས་ཁོང་དུ་ཆུད་པ་ནི་དགོས་པ་སྟེ། སྒྲ་དོན་འདྲེས་པའི་དོན་སྤྱི་བློ་ཡུལ་དུ་ཤར་བ་ལ་ཡུལ་རང་མཚན་དུ་ཞེན་པའི་ཚུལ་གྱིས་བརྡ་དོན་ལ་འབྱོར་ནས་ཐ་སྙད་འགྲུབ་པ་ནི་ཚིག་ཀུན་གྱི་ཚུལ་ལོ། །དེ་ལྟ་བུའི་བརྗོད་དོན་རྟོགས་པ་ལ་བརྟེན་ནས་མཆོག་ཐུན་གྱི་དངོས་གྲུབ་མངོན་དུ་གྱུར་བ་ནི་ཉིང་དགོས་སོ། །ཉིང་དགོས་དགོས་པ་ལ་རག་ལས། དགོས་པ་བརྗོད་བྱ་རྟོགས་པ་ལ་རག་ལས། དོན་རྟོགས་པ་རྗོད་བྱེད་ལ་རག་ལས་པས་ན། བརྗོད་བྱ་རྗོད་བྱེད་ཤེས་བྱ་ཤེས་བྱེད་དང་། རྗོད་བྱེད་དགོས་པ་ཐབས་དང་ཐབས་བྱུང་དང་། དགོས་པ་ཉིང་དགོས་དེ་ལས་དེ་བྱུང་དང་། ཉིང་དགོས་བརྗོད་བྱ་གཉིས་དོན་གྱིས་བདག་གཅིག་གི་འབྲེལ་པ་གྲུབ་པས་ན། གནས་སྐབས་དང་མཐར་ཐུག་གི་དོན་གཉིས་བདེ་བླག་ཏུ་གྲུབ་པའི་དགོས་པ་རྒྱུད་འདི་ལ་ཡོད་པ་ཤེས་པར་བྱ་ཞིང་། དོན་མ་རྟོགས་ཀྱང་རྒྱུད་ཀྱི་སྒྲ་ཙམ་རྣ་བར་ཐོས་པ་དང་གླེགས་བམ་མཐོང་བ་ཡང་ཕན་ཡོན་མཆོག་དང་ལྡན་པས་སྔོན་ཚོགས་ཁྱད་པར་ཅན་བསགས་པའི་སྟོབས་ལས་བྱུང་བ་ཡིན་པར་ལུང་ལས་འབྱུང་བ་བཞིན་ནོ། །གཉིས་པ་ལ། རྒྱུད་འབྱུང་བའི་རྒྱུ་གླེང་བཞི། རྐྱེན་གླེང་སློང་། འབྲས་བུ་ཡོངས་སུ་ཤེས་པར་བྱ་བ་རྒྱུད་དོན། མཇུག་རྫོགས་པར་ཡོངས་སུ་གཏད་པ་སྟེ་རྡོ་རྗེ་བཞིའི་གྲངས་དང་མཚུངས་པར་གནས་པ་ལས། དང་པོ་ཕུན་སུམ་ཚོགས་པ་ལྔ་སྟེ། དེ་ཡང་རྒྱུད་ཆེན་པོ་འདིའི་དབང་དུ་བྱས་ནས་ཐུན་མོང་མིན་པར་འཆད་དགོས་པས། སྟོན་པ་ནི་དཔལ་ཀུན་ཏུ་བཟང་པོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་ཆོས་ཐམས་ཅད་ཀྱི་རང་བཞིན་གདོད་མ་ཉིད་དུ་མངོན་པར་སངས་རྒྱས་པ་ཉིད་སྟོན་པར་འདོད་ཀྱི། གང་ཟག་གི་རྒྱུད་གཅིག་ལམ་སྦྱངས་ནས་སངས་རྒྱས་པའི་ཡེ་ཤེས་ཀྱི་རྒྱུད་ཀྱིས་བསྡུས་པའི་གཟུགས་སྐུ་ལྟ་བུ་ཉི་ཚེ་བ་གཅིག་སྟོན་པར་འདོད་པ་ལྟར་མ་ཡིན་ནོ། །གནས་ནི་འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆོས་ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱི་དཀྱིལ་འཁོར་དུ་རང་སྣང་བརྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ཡིན་གྱི། དག་པ་དང་མ་དག་པའི་ཞིང་ཁམས་ཕྱོགས་ཀྱི་ཆས་ཕྱེ་བའི་གནས་རིས་སུ་ཆད་པ་ནི་མ་ཡིན་ནོ། །འཁོར་ནི་ཡེ་ཤེས་ཆེན་པོ་རང་སྣང་བའི་རྣམ་པར་འཕྲུལ་པ་གང་ཞིག །ཟག་བཅས་ཟག་མེད་ཀྱི་ཆོས་དབྱེར་མེད་པའི་རང་བཞིན་བྱང་ཆུབ་ཆེན་པོའི་ཚུལ་འཆང་བའི་སྟོན་པ་ཉིད་ལས་རྒྱུད་མི་གཞན་པ་གང་ཡིན་པ་དེར་འདོད་ཀྱི། འགྲོ་བ་གཞན་རང་གི་རྒྱུད་དག་པའམ་དད་པས་འདུས་པ་ལྟ་བུ་མ་ཡིན་ནོ། །དུས་ནི་དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་འཕོ་འགྱུར་ལས་འདས་པའི་ངང་ན་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་ཀྱི། འདས་པ་དང་ད་ལྟ་དང་མ་འོངས་པས་རྣམ་པར་འབྱེད་པའམ། སྐད་ཅིག་དང་ཐང་ཅིག་ལ་སོགས་པའི་དུས་ཀྱི་ཕྱེ་བའི་དུས་ཉི་ཚེ་བ་ནི་མ་ཡིན་ནོ། །རྒྱུད་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གདོད་མ་ནས་དབྱེར་མེད་པར་དག་མཉམ་ཆེན་པོའི་རང་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པར་སྟོན་གྱི། རྒྱུ་འབྲས་བླང་དོར་དུ་བྱས་ནས་རིགས་དང་བཤེས་གཉེན་སོགས་ལ་བརྟེན་ཏེ་སངས་རྒྱས་པའི་རྒྱུ་བསྒྲུབས་པས་འབྲས་བུ་གདོད་འབྱུང་བར་སྟོན་པ་ལྟ་བུ་ནི་མ་ཡིན་ནོ། །འདི་དག་ཀྱང་འདི་སྐད་བཤད་པའི་དུས་ན་ཞེས་གླེང་གཞི་མདོར་བསྟན་པའི་ཚིག་ལས་ཀྱང་ཤེས་པར་བྱ་སྟེ། སྟོན་འཁོར་དགོངས་པ་དབྱེར་མེད་ཀྱི་དབང་ལས་འདི་སྐད་བཤད་ཅེས་དང་། དུས་ན་སྨྲོས་ཀྱི་དུས་གཅིག་ན་ཞེས་མ་སྨོས་པ་ལའང་དོན་ཁྱད་ཅན་ཡོད་པ་ཡིན་ནོ། །དེ་ལྟ་བུར་གླེང་གཞི་མདོར་བསྟན་པའི་ཚིག་གི་དོན་ཡང་། ཕྱི་རྒྱུད་འབྱུང་བ་གླེང་གཞིའི་ཚུལ་དང་། ནང་ལྟར་བཀོད་པ་བྱང་ཆུབ་སེམས་དང་། གསང་བ་འོད་གསལ་ཡེ་ཤེས་ཀྱི་ཚུལ་དང་སྦྱར་ནས་འཆད་པར་བྱ་ཞིང་། ཕུན་སུམ་ཚོགས་པའི་ཚུལ་རྒྱས་པ་ནི། གཞི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཐུགས་རྗེའི་ངང་ལས་འཆར་ཚུལ་དང་། དེ་ལས་ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་འཕྲོས་པའི་ཚུལ་ལས་བརྩམ་སྟེ་ཤེས་པར་བྱ་ཞིང་། རྒྱས་པར་རྡོ་རྗེའི་རྒྱུད་ཀྱི་ཚིག་དོན་འགྲེལ་བས་ཞིབ་ཏུ་བཤད་པ་ལས་ཤེས་པར་བྱའོ། །གཉིས་པ་གླེང་སློང་བ་ལ་ཐུན་མོང་དུ་ནི་སྟོན་པས་གླེང་སློང་བ་ཞིག་ན། ཞལ་འཛུམ་པ་དང་། འོད་འགྱེད་པ་དང་། ལྗགས་ཀྱི་དབང་པོ་རྐྱོང་བ་ལ་སོགས་པའི་སྒོ་ནས་བསྐུལ་བ་དང་། འཁོར་གྱི་གླེང་སློང་བ་ན། ཞུ་བའི་སྦྱོར་བ་དང་ཞུས་པའི་ཚིག་དག་གི་སྒོ་ནས་དོན་གང་ཡིན་པ་གླེང་སློང་བར་བྱེད་ཀྱང་། ཐུན་མོང་མིན་པ་འདིའི་སྐབས་སུ་ཆོས་ཐམས་ཅད་ཡེ་ནས་དག་མཉམ་ཆེན་པོའི་དཀྱིལ་འཁོར་དུ་སངས་རྒྱས་པའི་དོན་སངས་རྒྱས་ཉག་གཅིག་གི་དགོངས་པ་ལ་གསལ་བའི་ཚུལ་གང་ཡིན་པ་དེ་ལ་ངམ་ཞིང་ངོ་མཚར་བའི་ཚུལ་གྱིས་དེ་བཞིན་གཤེགས་པ་ཉིད་ལ་ཉིད་ཀྱིས་ཆེད་དུ་བརྗོད་པའི་ཚུལ་གྱིས་གླེང་སློང་བ་ཡིན་ཞིང་། དེ་ཡང་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་གདོད་ནས་དག་པར་སངས་རྒྱས་པའི་ཆེ་བའི་སྒོ་ནས་ཐབས་ཀྱི་ཆ་བཟུང་བ་ཀུན་ཏུ་བཟང་པོས་གླེང་སློང་བ་ནི། ཨེ་མ་ཧོ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །ཞེས་སོགས་གསུངས་ཏེ་མདོར་ན་སྣོད་བཅུད་དག་པ་ཆེན་པོར་བསྟན་པའོ། །དེ་ཉིད་མཚན་མ་མེད་པའི་ངང་དུ་ལྷུན་གྱིས་གྲུབ་པས་ཆོས་དབྱིངས་མཉམ་པ་ཆེན་པོར་སངས་རྒྱས་པའི་ཆེ་བའི་སྒོ་ནས་ཤེས་རབ་ཀྱི་ཆ་བཟུང་བ་ཀུན་ཏུ་བཟང་མོས་གླེང་སློང་བ་ནི། ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །ཞེས་སོགས་གསུངས་ཏེ་མདོར་ན་སྣང་སྲིད་མཉམ་པ་ཆེན་པོར་བསྟན་པའོ། །དག་མཉམ་བདེན་པ་དབྱེར་མེད་རྫོགས་པ་ཆེན་པོའི་ཚུལ་དུ་སངས་རྒྱས་པའི་ཆེ་བའི་སྒོ་ནས་ཡབ་ཡུམ་ཐབས་ཤེས་འདུ་འབྲལ་མེད་པའི་བདག་ཉིད་ཆེན་པོས་གླེང་སློང་བ་ནི། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །ཞེས་སོགས་གསུངས་ཏེ་མདོར་ན་བདེན་གཉིས་དབྱེར་མེད་རང་བྱུང་གི་ཡེ་ཤེས་སུ་བསྟན་པའོ། །ཆོས་ཐམས་ཅད་གནས་ལུགས་དེ་ལྟ་བུ་ལས་མ་གཡོས་མི་གཡོས་གཡོ་བར་མི་འགྱུར་ན་ཡང་། གསང་བ་བཞིས་ཆོད་དེ་མ་རྟོགས་པའི་འགྲོ་བ་རྣམས་ལ་འདུལ་བྱེད་ཐུགས་རྗེའི་སྤྲུལ་པ་གང་འདུལ་རྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཚད་མེད་པར་བསྟན་པ་དག་ཀྱང་། གདུལ་བྱའི་ཡུལ་རིགས་དྲུག་དང་འཚམས་པར་སྤྲུལ་པའི་སྐྱེས་བུ་ཐུབ་པ་དྲུག་ཏུ་བསྡུས་ནས་བསྟན་ཅིང་། བསྟན་པ་ཆོས་ཀྱི་རྣམ་གྲངས་ཀྱང་གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པར་གསུངས་པ་ཚད་མེད་ཀྱང་། ཐེག་པའི་རྣམ་གྲངས་ལྔར་རིགས་བསྡུས་ཏེ་བསྟན་པ་དང་། གཞན་ཡང་ཤིན་ཏུ་གདུལ་བར་དཀའ་བའི་གདུལ་བྱ་གདུག་པ་ཅན་ལ་ཁྲོ་བོའི་ཚུལ་གྱིས་རྒྱུད་གྲོལ་བ་མཛད་པའི་ཚུལ་དང་བཅས་པའོ། །གསུམ་པ་ཡོངས་སུ་ཤེས་པར་བྱ་བ་རྒྱུད་དོན་ལ། རྒྱུད་གསུམ་གྱི་རྣམ་བཞག་སྤྱིར་བསྟན་པ། ལམ་རྒྱུད་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་གཞི་ལམ་འབྲས་བུ་གསུམ་ལས། དང་པོ་གང་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད་ལ། གཞི་རང་བཞིན་གྱི་དཀྱིལ་འཁོར་བསྟན་པ། དེ་མ་རྟོགས་པས་འཁྲུལ་ཚུལ། འཁྲུལ་ཀྱང་རང་བཞིན་ལས་མ་འདས་པའི་ཚུལ། འཁྲུལ་པ་ལྡོག་ཚུལ་དང་བཞིས་ཤེས་པར་བྱ་བ་ལས། དང་པོ། བཅིང་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་གསུངས་པ་ལྟར། འདི་ལྟར་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་དག་ཅིང་། མཚན་མ་མཐའ་དག་དང་བྲལ་བས་ན་སོ་སོར་རིས་སུ་མ་ཆད་པར་མཉམ་པ་ཉིད་ཆེན་པོར་སངས་རྒྱས་པ་ནི་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཞེས་བྱ་སྟེ། གླེང་སློང་གི་སྐབས་སུ་ཇི་སྐད་བསྟན་པ་བཞིན་ནོ། །དེ་ལྟ་བུའི་ངོ་བོ་ལ་སུས་ཀྱང་བཅིང་བ་མེད་ལ། དེ་མེད་པས་རྣམ་པར་གྲོལ་བའང་མེད་དེ། གཉིས་ཆོས་ཀྱི་ཚུལ་ཀུན་དང་བྲལ་བས་ན་རྒྱ་ཆད་ཕྱོགས་ལྷུང་མེད་པ་དང་བདེན་པ་གཉིས་དབྱེར་མེད་པའི་རང་བཞིན་དུ་བཞུགས་པ་ནི་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ཞེས་བྱ་སྟེ། དེ་དེ་བཞིན་དུ་རྟོགས་ན་མྱང་འདས་དང་། མ་རྟོགས་ན་འཁོར་བའི་གཞིར་གྱུར་ཅིང་། འཁོར་འདས་ཀྱི་ཆོས་ཐམས་ཅད་དེའི་རང་བཞིན་དུ་མ་གྱུར་པ་མེད་པས་ན་གཞི་ཞེས་བྱ་ཞིང་། དེ་ཉིད་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་རང་བཞིན་འགྱུར་བ་མེད་པར་རྒྱུན་ཆགས་སུ་འཇུག་པས་ན་རྒྱུད་དོ། །གཞི་དེ་དག་པ་མངོན་དུ་གྱུར་པའི་སྟོབས་ཀྱིས་འབྲས་བུ་མཐར་ཕྱིན་པའི་སྐུ་དང་ཡེ་ཤེས་སུ་སྣང་བས་ན་སྣང་ཚུལ་ལ་བརྟེན་ནས་རྒྱུའི་རྒྱུད་ཅེས་སུའང་བཞག་གོ། །དེ་ལྟ་བུའི་གཞི་དེ་ཉིད་ལ་སྟོང་པ་ཉིད་ཀྱི་ཆ་ནས་རྒྱལ་བའི་ཡུམ་ལ་སོགས་པ་ལས་ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་ལ་སོགས་པའི་མིང་གིས་བསྟན་ཅིང་། སྐུ་དང་ཡེ་ཤེས་ཀྱི་སྣང་བ་དང་བཅས་པའི་ཆ་ནས་སྙིང་པོ་བསྟན་པའི་མདོ་ལ་སོགས་པ་ནས་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པའི་མིང་གིས་བསྟན་ལ། ངེས་དོན་སྔགས་ཀྱི་ཐེག་པ་འདིར་ནི་སྣང་སྟོང་བདེན་པ་དབྱེར་མེད་དག་མཉམ་ཆེན་པོའི་བདག་ཉིད་གདོད་མ་གཞི་ཡི་དཀྱིལ་འཁོར་ཞེས་བྱའོ། །དེ་ཇི་ལྟ་བ་བཞིན་དུ་རྟོགས་པ་ན་གནས་ལུགས་དེ་བཞིན་ཉིད་དང་རོ་མཉམ་པར་སོན་པས་དེ་བཞིན་གཤེགས་པ་དང་། གནས་ལུགས་མཐར་ཐུག་པའི་དོན་ལ་ཡང་དག་པའི་ཡེ་ཤེས་རྒྱས་པས་སངས་རྒྱས་ཞེས་བྱ་ཞིང་། ཅི་རིགས་པར་རྟོགས་པ་ལ་ལམ་བཞེས་བྱའོ། །གཉིས་པ། གཞི་དེ་ཉིད་ཇི་ལྟ་བ་བཞིན་དུ་མ་རྟོགས་པར་འཁྲུལ་པ་གློ་བུར་བས་བསླད་ནས་ཕྱིན་ཅི་ལོག་ཏུ་སྣང་ཞིང་ཞེན་པ་ལ་འཁྲུལ་པ་བཏགས་པའི་གཞི་ཞེས་ཀྱང་བྱ། མ་དག་འཁྲུལ་པའི་སྣང་བ་ཞེས་ཀྱང་བྱ་སྟེ། དེ་ཡང་གདོད་མའི་གཞི་དབྱིངས་ནི་ངོ་བོ་ཀ་ནས་དག་ཀྱང་། རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་དང་མི་འབྲལ་བར་ཟུང་འཇུག་ཡིན་པའི་གནད་ཀྱིས། གནས་ཚུལ་བཞིན་རྟོགས་ན་སངས་རྒྱས། མ་རྟོགས་ན་སེམས་ཅན་འབྱུང་རུང་སྟེ། དཔེར་ན་སེམས་ཞེས་བྱ་བ་སྤྱིར་བཏང་དུ་ཡུལ་རིག་པར་བྱེད་པའི་བདག་ཉིད་ཅན་མིན་ན་འཁྲུལ་ཀྱང་མི་སྲིད་ལ། མ་འཁྲུལ་པའི་དོན་རྟོགས་པའང་མི་སྲིད་མོད། སེམས་ནི་ཡུལ་འཛིན་པའི་ངང་ཚུལ་ཅན་ཡིན་པས་ན། དེས་ཡུལ་གྱི་རང་བཞིན་ཇི་ལྟ་བ་བཞིན་དུ་བཟུང་བ་ཐག་པ་ལ་ཐག་པར་འཛིན་པ་དང་། རྐྱེན་གྱིས་གོལ་ཏེ་ཕྱིན་ཅི་ལོག་ཏུ་བཟུང་བ་ཐག་པ་ལ་སྦྲུལ་དུ་འཛིན་པ་གཉིས་སྲིད་པ་བཞིན་དུ། གདོད་མའི་རིག་མདངས་མ་འགགས་པ་ཉིད་ཀྱིས་ལྷུན་གྱིས་གྲུབ་པའི་རང་སྣང་ལ་ཡུལ་དུ་བཟུང་བའི་གཟུང་འཛིན་འཁྲུལ་པའི་ས་བོན་ལས་སྲིད་པའི་སྣང་བ་རྒྱ་འབྱམས་སུ་མཆེད་པའི་ཚེ། ཆུ་ཉིད་ཆབ་རོམ་འབའ་ཞིག་ཏུ་གྱུར་པ་ལྟར། འདི་ལྟར་གང་དང་ཅི་སྣང་བ་ཐམས་ཅད་ལ་གཟུང་འཛིན་ཐ་མལ་དུ་སྣང་ཞིང་ཞེན་པའི་ངོར་དག་མཉམ་ཆེན་པོའི་དོན་མི་སྣང་ལ། ཕྱིན་ཅི་ལོག་ཏུ་དམིགས་པའི་བློ་དེ་ཡང་ཡེ་ཤེས་ཀྱི་ཚུལ་དང་མི་མཐུན་པས། རང་བཞིན་གཞིར་གནས་ཀྱི་དོན་བག་ལ་ཞ་སྟེ་མི་སྣང་བར་འཁྲུལ་པ་འབའ་ཞིག་གི་ཚུལ་དུ་སྣང་ངོ་། །དེ་ལྟར་འཁྲུལ་པ་དེས་གནས་ལུགས་ལ་སྒྲིབ་པའི་ཚུལ་རྒྱལ་པར་ཕྱེ་ན་ཚད་མེད་ཀྱང་། མདོར་བསྡུས་ན་གནས་སྐབས་བཞིའི་སྒྲིབ་པ་སྟེ། སད་པའི་ཚེ་ན་ཚོགས་དྲུག་གི་ཤེས་པ་ཡུལ་ལ་རྒྱུ་བ་རགས་ཤིག་གསལ་བའི་ཚུལ་གྱིས་ཐ་མལ་གྱི་སྣང་བ་སྣ་ཚོགས་པར་འཛིན་པས་སྣང་སྲིད་རྣམ་དག་སྒྱུ་འཕྲུལ་དྲྭ་བ་སྤྲུལ་པ་སྐུའི་རང་བཞིན་ལ་སྒྲིབ། རྨི་ལམ་གྱི་ཚེ་རླུང་སེམས་ཙམ་གྱི་སྣང་བ་སྣ་ཚོགས་རང་སྣང་འལ་འོལ་དུ་ཤར་བ་ལ་ཞེན་པས་ཡེ་ཤེས་རང་སྣང་ལོངས་སྤྱོད་རྫོགས་སྐུའི་རང་བཞིན་ལ་སྒྲིབ། གཉིད་འཐུག་གི་ཚེ་སེམས་སེམས་བྱུང་གི་རྒྱུ་བ་ལོག་ནས་ཅི་ཡང་དྲན་མེད་མུན་པ་ལྟ་བུའི་ངང་དུ་འཕྱན་པས་མི་རྟོག་ཆོས་སྐུའི་རང་བཞིན་ལ་སྒྲིབ། སྙོམས་འཇུག་གི་ཚེ་རགས་པའི་བྱུང་ཚོར་མཐའ་དག་བདེ་བའི་རོས་བཅོམ་ནས་གནས་པ་ལ་དེར་འཛིན་ཞིང་ཞེན་པས་ཟུང་འཇུག་ངོ་བོ་ཉིད་སྐུའི་རང་བཞིན་ལ་སྒྲིབ་པའི་ཚུལ་གྱིས་འཁྲུལ་པར་འཁོར་མོ་ཡུག་ཏུ་འཕྱན་ནས་རང་གནས་སྐུ་བཞིའི་དོན་མཐོང་བར་མི་འགྱུར་རོ། །དེ་ལ་འཁྲུལ་བ་དེ་དག་རྒྱུ་མེད་པར་འབྱུང་མི་སྲིད་པས་འདིའི་རྩ་བ་གང་ཡིན་སྙམ་ན། ཐུན་མོང་གི་ཐེག་པར་སེམས་བྱུང་མ་རིག་པ་ཉིད་རྩ་བར་གསུངས་ལ། སྔགས་རྒྱུད་ལས་ནི་སེམས་དེ་ཡང་གཟུང་འཛིན་དུ་གཡོ་བའི་རྐྱེན་ལས་རླུང་ཕྲ་མོའམ། ཕྲ་བའི་ཁུ་རྡུལ་རླུང་གསུམ་གྱི་བྱེད་ལས་སྣང་གསུམ་འཕོ་བའི་བག་ཆགས་སུ་གསུངས་ཤིང་། དེ་འདྲའི་རླུང་སེམས་ཤིན་ཏུ་ཕྲ་བའི་རྩ་བའང་གདོད་མའི་རང་སྣང་མ་འགགས་པ་ལས་བྱུང་བས་ན། ཐེག་པ་ཐམས་ཅད་ཀྱི་གཞི་བཤད་པ་ཀུན་རྫོགས་ཆེན་གྱི་གཞི་ལ་མཐར་ཐུག་པ་ཤེས་པར་བྱའོ། །གསུམ་པ་ནི། དེ་ལྟར་སྣང་དུས་ཉིད་ན་ཡང་རང་བཞིན་གཞི་ཡི་ཆོས་ཉིད་ལས་ནི་གཞན་དུ་གྱུར་པ་རྡུལ་ཙམ་མེད་དེ། དུང་སེར་པོར་སྣང་བའི་ཚེ་ན་ཡང་གནས་ཚུལ་ལ་དུང་དཀར་པོའི་རང་བཞིན་ལས་གཞན་དུ་གྱུར་བ་མེད་པ་བཞིན་དུ། འདི་ལྟར་སྣང་སྲིད་ཀྱིས་བསྡུས་པའི་ཆོས་རྣམས་ནི། རྟོགས་ཀྱང་རུང་མ་རྟོགས་ཀྱང་རུང་རང་གི་རང་བཞིན་དག་མཉམ་ཆེན་པོ་ལས་གཡོ་བ་མེད་དེ། མདོ་སྡེ་ཟབ་མོ་དག་ལས་ཀྱང་། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཀྱང་རུང་ཆོས་རྣམས་ཀྱི་ཆོས་ཉིད་ནི་ཡེ་ནས་གནས་པའོ། །ཞེས་གསུངས་པ་ལྟ་བུའོ། །བཞི་པ་ནི། གནས་ཚུལ་དང་མཐུན་པར་ཞུགས་པའི་ཡང་དག་པའི་ཡེ་ཤེས་དངོས་སམ། དེ་དང་རྗེས་སུ་མཐུན་པའི་ཤེས་རབ་ཁྱད་པར་ཅན་གྱི་བྱེད་པ་ལ་བརྟེན་ནས་འཁྲུལ་པ་དེ་དག་ལྡོག་པར་འགྱུར་ཏེ་སྣང་བས་མུན་པ་ཉམས་པར་བྱེད་པ་བཞིན་ནོ། །དེ་ཡང་ཐོས་བསམ་གྱི་སྒོ་ནས་གཞི་ཡི་བཞུགས་ཚུལ་ལ་སྒྲོ་འདོགས་ཆོད་པའི་སྔགས་ཀྱི་ལྟ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་གང་ཟག་ལས་དང་པོ་པའི་ངོར་ཐ་མལ་གྱི་ཞེན་པ་སྲབ་ཀྱང་སྣང་བ་ལྡོག་པར་མི་འགྱུར་ཏེ། རྗེས་དཔག་ཚད་མ་ལ་བརྟེན་ནས་དུང་དཀར་པོར་ངེས་པའི་ངོར་སེར་པོའི་སྣང་བ་མ་ལོག་ཀྱང་དེར་ཞེན་ལོག་པ་བཞིན་ནོ། །ལྟ་བའི་དོན་བཞིན་སྒོམ་པ་སྟོབས་སུ་གྱུར་པའི་རིམ་པ་དང་མཚུངས་པར། ལམ་གྱི་སྐབས་སུ་ཆབ་རོམ་རིམ་བཞིན་ཆུ་རུ་ཞུ་བ་ལྟར་འཁྲུལ་པའི་སྣང་ཞེན་ཇེ་ཆུང་དང་། དག་པའི་མཐོང་བ་ཇེ་ཆེར་སོང་ན་ཡང་ད་རུང་དྲི་མ་དང་བཅས་པ་ཡིན་ལ། མཐར་འཁྲུལ་པའི་ས་བོན་ཕྲ་བའང་ལྡོག་པའི་ཚེ། ཆབ་རོམ་ཆུ་འབའ་ཞིག་ཏུ་སོང་བ་ལྟར་ཡེ་ཤེས་འབའ་ཞིག་སྟོབས་སུ་གྱུར་པས་ན་སླར་ལྡོག་པ་མེད་དོ། །འདི་རྣམས་ཀྱང་རྒྱུད་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །ཞེས་སོགས་དང་། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །ཞེས་སོགས་ཀྱི་བསྟན་ཅིང་། དེ་དག་གི་ཚུལ་ཐུན་མོང་གི་རིགས་པ་དང་མཐུན་པར་ཡང་བསྒྲུབ་ནུས་ཏེ། རྣམ་འགྲེལ་ལས། རྣམ་ཤེས་ནི་ཡུལ་རིག་ཅིང་འཛིན་པ་ཡི་ཆོས་སམ་རང་བཞིན་ཡིན་ལ། དེ་ཡང་ཡུལ་ཅན་གྱི་ངོས་ནས་ཡུལ་ཇི་ལྟར་ཡོད་པ་དེ་འཛིན་པ་དང། ཡུལ་གྱི་ངོས་ནས་རང་གི་ངོ་བོ་ཇི་ལྟར་ཡོད་པ་ཡི་ནི་བདག་ཉིད་དེ། ཡུལ་ཅན་ཤེས་པ་འདི་ཡི་བསྐྱེད་པར་བྱེད་པའང་ཡིན་ཏེ་གཟུང་དོན་ཡིན་པས་སོ། །དེ་ལྟ་ན་ཡུལ་ཡུལ་ཅན་གྱི་རང་བཞིན་ནམ་གནས་ཚུལ་འདི་ལྟ་བུ་ཡིན་ཀྱང་རང་བཞིན་འདི་ལས་སེམས་དེ་རྟག་བདག་སོགས་སུ་སྒྲོ་འདོགས་པའི་རྐྱེན་གཞན་གྱིས་ནི་ཕྱིན་ཅི་ལོག་ཏུ་གོལ་བར་འགྱུར་ཞིང་། གོལ་བ་དེ་ཡང་རང་གར་མི་ལྡོག་པར་དེ་སླར་ལྡོག་པ་ཡང་ནི་དེ་ལ་གནོད་པ་ཅན་གྱི་ཚད་མས་དྲངས་བའི་ལམ་གོམས་པའི་རྐྱེན་ལ་ལྟོས། རྐྱེན་ལས་མི་ལྡོག་པའང་ཡིན་ཏེ་གློ་བུར་བ་ཡིན་པས་མི་བརྟན་ཏེ་ཚད་མས་གནོད་པས་ན་ཐག་པ་ལ་སྦྲུལ་གྱི་བློ་བཞིན་ནོ། །དེས་ན་སེམས་ཀྱི་རང་བཞིན་ནི་ཇི་ལྟ་བར་འཛིན་པ་གཉེན་པོའི་ཕྱོགས་དང་འབྲལ་མི་རུང་བའི་འོད་གསལ་བ་ཡིན་ཏེ། ཕྱིན་ཅི་ལོག་གི་རྟོག་པ་བདག་ལྟ་དང་ཆགས་སོགས་དྲི་མ་རྣམས་ནི། དེའི་གཤིས་ལ་འབྲལ་རུང་གི་གློ་བུར་བ་ཡིན་པ། དེ་ཕྱིར་སྔར་ཐོས་བསམ་གྱིས་དཔྱང་པའི་དུས་ན་ཡང་ཕྱིན་ཅི་ལོག་གི་རྟོག་པས་ཡང་དག་པའི་དོན་མཐོང་བ་ལ་གནོད་པའི་ནུས་པ་མེད་པ་རྣམས། ལམ་གོམས་པ་མཐར་ཕྱིན་ནས་བློ་གཉེན་པོ་དེ་ཡི་བདག་ཉིད་དམ་རང་བཞིན་དུ་གྱུར་པ་ལ་ཕྱིས་གནོད་པའི་ནུས་པ་མེད་པ་ལྟ་ཅི་སྨོས། བག་ཆགས་མ་ཟད་པའི་རྒྱུད་ལ་ལར་ཅུང་ཟད་གནོད་ནུས་པ་ཡོད་ན་ཡང་དེ་ལྟར་འཛིན་པ་ལ་གནོད་པ་ཅན་གྱི་ཚད་མ་རང་རྒྱུད་ལ། སྐྱེད་ནུས་པའི་སྙིང་པོ་ཅན་སློབ་པའི་སེམས་རྒྱུད་ཉིད་ལ་ཕྱིན་ལོག་གི་རྟོག་པ་དེ། ཡུན་དུ་གནས་པའི་ནུས་པ་ཡོད་པ་མིན་ཏེ། རྒྱུད་ཡང་དག་པའི་ལྟ་བས་ཁྱབ་པས་ན་ས་རློན་ལ་ནི་མེ་ཅུང་ཟད་འབར་ཀྱང་ཡུན་དུ་མ་ིགནས་པ་བཞིན་ནོ། །སྡུག་བསྔལ་གྱིས་འཚེ་བ་མེད་པ་ཡིན་པ་དང་ཕྱིན་ཅི་མ་ལོག་པའི་ཡང་དག་པའི་དོན་ཡིན་པ་དང་། བློ་དེའི་རང་བཞིན་ནམ་ངང་ཚུལ་དུ་གྱུར་པ་ལ་ནི་བཟློག་ཕྱོགས་ཕྱིན་ཅི་ལོག་གིས། འབད་དུ་ཟིན་ཀྱང་ཅུང་ཟད་ཀྱང་ནུས་པ་མེད་པས་སླར་མི་ཟློག་སྟེ། བློ་ནི་ཡང་དག་པ་དེའི་ཕྱོགས་འཛིན་ཏེ་བཟློག་ནུས་ཀྱི་ཚད་མ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་དང་སྒྲུབ་ཐབས་ཀུན་བཟང་སོགས་ལས་ཀྱང་ཚུལ་དེ་དང་མཚུངས་པར་གསུངས་པ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་གང་གིས་རྟོགས་པར་བྱེད་པ་ཐབས་སམ་ལས་གྱི་རྒྱུད་ལ་གསུམ་སྟེ། ལམ་གྱི་ངོ་བོ་དང་། དབྱེ་བ་དང་། ལམ་བགྲོད་ཚུལ་ལོ། །དང་པོ་ནི། གཞི་རྒྱུད་ཀྱི་དོན་ཇི་ལྟ་བ་བཞིན་དུ་ཤེས་ཤིང་དེའི་དོན་ལ་ཚུལ་བཞིན་འཇུག་པའི་རྣལ་འབྱོར་གྱི་མཐུས་གློ་བུར་འཁྲུལ་བའི་དྲི་མ་མཐའ་དག་སྤངས་ནས་གནས་ལུགས་མངོན་དུ་བྱེད་པ་སྟེ། མདོར་ན་ལམ་ལྔའི་ཡེ་ཤེས་འཁོར་དང་བཅས་པའོ། །དེ་ཡང་རྒྱུད་ལས། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་པ་བཞིན་ནོ། །དེ་ཡང་ཚུལ་འདི་ལ་བརྟེན་ནས་སམ་ཞུགས་ནས་འབྲས་བུ་མངོན་དུ་བྱེད་པས་ན་ལམ་དང་། ཚུལ་འདི་ཐོབ་བྱ་མངོན་དུ་བྱེད་པའི་ཐབས་ཡིན་པ་དང་། འདིས་གཞི་ཤེས་པར་བྱེད་ཅིང་རིམ་བཞིན་རྒྱུན་ཆགས་སུ་འབྱུང་བའི་ལམ་གྱིས་འབྲས་བུ་ཐོབ་པར་བྱེད་པས་ན་རྒྱུད་ཅེས་བྱའོ། །གཉིས་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ལ་ཐེག་པ་གཉིས་སུ་ཕྱེ་བ་དང་། ལྔར་བསྟན་པ་དང་། དགུར་བཞག་པའོ། །དང་པོ། ཐུན་མོང་ངེས་འབྱུང་གི་ཐེག་པ་བཞི་ཕྱི་རྒྱུད་སྡེ་གསུམ་དང་བཅས་པ་སྐབས་འདིར་རིང་བའི་ལམ་ཞེས་བྱ་ཞིང་། ཐུན་མིན་རྡོ་རྗེའི་ཐེག་པ་ནི་འབྲས་བུ་ལ་ཉེ་བའི་ལམ་སྟེ་གཉིས་ཡིན་ནོ། །གཉིས་པ་ལྔར་ཕྱེ་ན། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པ་བཞིན་དུ། །ལྷ་མིའི་ཐེག་པ། ཉན་ཐོས་ཀྱི་ཐེག་པ། རང་བྱང་ཆུབ་ཀྱི་ཐེག་པ། བྱང་ཆུབ་སེམས་དཔའི་ཐེག་པ། གསང་བ་བླ་མེད་ཀྱི་ཐེག་པ་ལྔ་ལས། དང་པོའི་གྲུབ་པའི་མཐའ་ནི་ལས་འབྲས་ཆུད་མི་ཟ་བར་ཡིད་ཆེས་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བའི་རྗེས་སུ་འབྲངས་ནས། དགེ་བཅུ་དང་བསམ་གཟུགས་ཀྱི་ཏིང་འཛིན་སྒྲུབས་པས་མི་དང་འདོད་གཟུགས་ཀྱི་ལྷར་སྐྱེ་བར་བྱེད་པའོ། །གཉིས་པའི་གྲུབ་པའི་མཐའ་ནི་བདེན་པ་བཞིའི་དོན་ལ་ཡང་དག་པར་ལྟ་བ་དང་རྗེས་སུ་མཐུན་པར། ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལྡན་པའི་སྒོ་ནས་གང་ཟག་གི་བདག་མེད་པ་གོམས་པས་གནས་སྐབས་ཀྱི་འབྲས་བུ་རྒྱུན་ཞུགས་ལ་སོགས་པ་བདུན་དང་། མཐར་འབྲས་ཁམས་གསུམ་ཀུན་ཏུ་སྦྱོར་བ་བཟད་པའི་དགྲ་བཅོམ་པ་ཐོབ་པར་བྱེད་ལ། དེ་ལའང་གྲུབ་པའི་མཐའ་བྱེ་བྲག་སྨྲ་བ་དང་མདོ་སྡེ་བ་གཉིས་སུ་ཡོད་དོ། །གསུམ་པ་ནི། སྔོན་གོམས་པའི་སྟོབས་ཀྱིས་སྲིད་པ་ཐ་མ་པར་གྱུར་པ་ན་དགེ་བའི་བཤེས་གཉེན་མེད་པར་ཆོས་ཉིད་ཀྱི་སྟོབས་ལས་ཕྱི་ནང་གི་རྟེན་འབྲེལ་ཟབ་མོའི་ཚུལ་ལས་བདེན་པ་བཞི་རྟོགས་ཤིང་། བདག་མེད་ཕྱེད་དང་གཉིས་ཀྱི་དོན་མཐོང་བ་ལ་བརྟེན་ནས་རང་སངས་རྒྱས་ཀྱི་དགྲ་བཅོམ་པ་མངོན་དུ་བྱེད་ལ། དེར་ཡང་རྟེན་དབང་པོ་རྣོ་རྟུལ་དང་ལམ་ཚོགས་ཀྱི་ཁྱད་པར་ལས་འབྲས་བུ་ཚོགས་སྤྱོད་དང་བསེ་རུ་ལྟ་བུ་གཉིས་སུ་ཡོད་དོ། །བཞི་པ་ནི། དོན་དམ་དམིགས་མེད་དང་ཀུན་རྫོབ་སྒྱུ་མ་ལྟ་བུའི་ཚུལ་གྱིས་སེམས་རྣམ་པ་གཉིས་བསྐྱེད་ནས། ལམ་ཕར་ཕྱིན་བཅུ་ལ་སྤྱོད་ཅིང་བདག་མེད་གཉིས་ཀྱི་དོན་ལ་བསྐལ་པ་གྲངས་མེད་གསུམ་སོགས་སུ་གོམས་པ་ལས་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྲུབ་པར་འདོད་པའོ། །དེ་ལའང་བདག་མེད་ཀྱི་ལྟ་བ་ཡོངས་སུ་རྫོགས་པ་དབུ་མ་པ་དང་། གཉིས་སྟོང་གི་རང་རིག་བདེན་པར་ཁས་ལེན་པས་ཆོས་བདག་མེད་ཕྲ་བ་མ་རྫོགས་པའི་སེམས་ཙམ་པ་གཉིས་སུ་ཡོད་དོ། །ལྔ་པ་ནི། མཐར་ཐུག་འབྲས་བུའི་དཀྱིལ་འཁོར་ཉིད། ལྟ་སྤྱོད་ཁྱད་པར་ཅན་གྱི་སྒོ་ནས་ད་ལྟ་ནས་ཅི་རིགས་པར་ལམ་དུ་བྱེད་པའི་ཐབས་ལ་བརྟེན་ནས་སངས་རྒྱས་ཉིད་མྱུར་དུ་འགྲུབ་པ་སྟེ། དེ་ལ་ཡང་བསྒྲུབ་བྱའི་ལྷ་དང་བདག་གཉིས་བཟང་ངན་དང་ཐ་དད་མེད་པར་མཉམ་པའི་ཚུལ་གྱིས་སྒྲུབ་པ་སྔགས་ནང་པ་དང་། ཀུན་རྫོབ་ཏུ་བཟང་ངན་ནམ་ཐ་དད་པའི་རྣམ་པར་བདག་གི་རྒྱུད་ལྷའི་བྱིན་གྱིས་རློབ་པའི་ཚུལ་གྱིས་སྒྲུབ་པ་སྔགས་ཕྱི་པ་གཉིས་སུ་ཡོད་ལ། ཕྱི་པ་ལའང་གསུམ་སྟེ། དོན་དམ་པར་བདག་དང་ལྷ་ཐ་དད་དུ་མ་གྲུབ་ཀྱང་། ཀུན་རྫོབ་ཏུ་ཡོན་ཏན་མཐར་ཕྱིན་པའི་ལྷ་དེ་བདག་བྱིན་གྱིས་རློབ་པ་པོར་བཟུང་ནས་བདག་དང་ལྷ་རྗེ་ཁོལ་གྱི་ཚུལ་དུ་ལྟ་བ་སྟེ། དེ་ལ་མཆོག་དམན་དུ་ལྟ་བ་ཙམ་ཞིག་འདི་པའི་ལྟ་བ་ཁྱད་པར་འཕགས་ཆོས་མིན་ཀྱང་། རྗེ་བོས་ཁོལ་པོ་ལ་མཆོག་སྦྱིན་ནུས་པ་ལྟར་ལྷ་དང་སྔགས་ལ་སྟེན་ནས་བདག་གི་རྒྱུད་ལ་དངོས་གྲུབ་གཉིས་གདོན་མི་ཟ་བར་གྲུབ་པའི་ངེས་ཤེས་ཁྱད་པར་ཅན་ཏེ། དེའི་དོན་ཀྱང་དངོས་གྲུབ་བསྩལ་ནུས་པར་ཤེས་པ་ཙམ་མིན་པར་རང་མཐར་ཐུག་ལྷ་དེ་དང་ངོ་བོ་དབྱེར་མེད་པར་འགྲུབ་པའི་ཚུལ་ལ་ཡིད་ཆེས་པས་ན་ངེས་ཤེས་ཁྱད་པར་ཅན་ཡིན་ནོ། །དེའི་གནས་ནི་དོན་དམ་པར་བདག་དང་ལྷ་མཉམ་པ་ཉིད་ཡིན་པ་དང་། ཀུན་རྫོབ་བསླུ་བ་མེད་པའི་རྟེན་འབྲེལ་ཟུང་དུ་ཆུད་པའི་དོན་ལ་ཡིད་ཆེས་པས་ན་ལྷའི་མཚན་མ་སྐུ་དང་སྔགས་སོགས་ལ་གཞུང་ལས་བསྟན་པ་ལྟར་ཚུལ་བཞིན་ཞུགས་པའི་ཐབས་ཀྱིས་མྱུར་བ་ཉིད་དུ་བདག་ཉིད་ལྷའི་ངོ་བོར་སངས་རྒྱས་པར་བྱེད་པ་གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བྱེད་པ་བཞིན་དུ་རྟོགས་པའི་ལྟ་བ་རྣམ་པར་དག་པ་གཞིར་བྱས་ནས། དེ་དང་རྗེས་སུ་མཐུན་པར་ལྷ་སྔགས་ཏིང་འཛིན་ལ་བརྩོན་པ་དང་། དེ་ཡང་རྒྱུ་རྐྱེན་ཚོགས་པ་ལས་འབྲས་བུ་འགྲུབ་པས་ན། ཕྱིའི་ཁྲུས་དང་གཙང་སྦྲ་སོགས་ཆོ་གའི་ཡན་ལག་མ་ཉམས་པར་ལུས་ངག་གི་བྱ་བ་གཙོ་བོར་བཏོན་ཏེ་ལྷ་མཉེས་པའི་ཐབས་ལྷུར་བླངས་པས། ལྷའི་མཐུས་གནས་སྐབས་སུ་འདོད་གཟུགས་ཀྱི་རིག་འཛིན་སོགས་ཐུན་མོང་གི་གྲུབ་པ་དང་། མཐར་ཐུག་མི་ཚེ་བཅུ་དྲུག་ན་རིགས་གསུམ་གྱི་བདེ་བར་གཤེགས་པའི་གོ་འཕང་འགྲུབ་པར་འདོད་པ་ནི་བྱ་བའི་རྒྱུད་དང་། དེ་ལས་ལྟ་དགོངས་གོང་འཕེལ་དུ་གྱུར་པས་བདག་དམ་ཚིག་པ་དང་ལྷ་ཡེ་ཤེས་པ་གཉིས་མཉམ་པ་སྤུན་དང་གྲོགས་པའི་ཚུལ་དུ་ལྟ་བ་དང་རྗེས་སུ་མཐུན་པར་སྤྱོད་པ་ཀྲི་ཡ་དང་སྒོམ་པ་ཡོ་ག་དང་མཚུངས་པར་ཉམས་སུ་བླངས་པས་མི་ཚེ་བདུན་ན་རིགས་བཞིའི་སངས་རྒྱས་སུ་འགྲུབ་པར་འདོད་པ་ཨུ་པ་ཡ་སྟེ་གཉིས་ཀའི་རྒྱུད་ཀྱི་ཐེག་པ་ཞེས་ཀྱང་བྱའོ། །དེ་ལས་ཀྱང་བདེན་གཉིས་ཟུང་འཇུག་གི་ཚུལ་ལ་ངེས་པ་ཆེར་འཕེལ་བས་བདག་དང་ལྷ་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་བསྒྲུབ་ཏུ་རུང་བར་མཐོང་བའི་ལྟ་བ་དང་རྗེས་སུ་མཐུན་པར་ཕྱིའི་བྱ་བ་ལ་མ་ལྟོས་ཀྱང་ནང་གི་རྣལ་འབྱོར་ཁོ་ནས་ཀྱང་འགྲུབ་པར་མཐོང་ནས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་མཛད་པ་དང་བཅས་པའི་ཕྱག་རྒྱ་བཞིས་རྒྱས་བཏབ་སྟེ་བསྒོམས་པས་ཚེ་གསུམ་ན་རིགས་ལྔའི་བདག་ཉིད་དུ་སངས་རྒྱས་པར་འདོད་པ་རྣལ་འབྱོར་རྒྱུད་ཀྱི་ཐེག་པ་སྟེ། དེ་ལྟར་ཕྱི་རྒྱུད་སྡེ་གསུམ་ལའང་དག་པ་མཐར་ཕྱིན་པ་འབྲས་བུའི་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་ལྷ་ཉིད་མཚན་མ་དང་སྔགས་ཀྱི་རྣམ་པར་ཤར་བ་ལམ་དུ་བྱེད་པའི་སྒོ་ནས་སངས་རྒྱས་ཀྱི་མཛད་པ་ལ་ད་ལྟ་ནས་ཅི་རིགས་པར་འཇུག་པའི་ཆ་ནས་འབྲས་བུ་ལམ་བྱེད་ཀྱི་ཚུལ་ཡོད་ཅིང་དེའི་དབང་གིས་མདོ་ལམ་ལས་ཐབས་ཀྱིས་འཕགས་ཤིང་མྱུར་བར་ཡང་གྲུབ་བོ། །གཉིས་པ་རྣལ་འབྱོར་ཆེན་པོ་སྔགས་ནང་པ་བླ་མེད་ཀྱི་ཐེག་པར་ནི་བདག་དང་ལྷ་ཡེ་ནས་འདུ་འབྲལ་མེད་ཅིང་སྣང་སྲིད་དག་མཉམ་དུ་རྟོགས་པའི་ལྟ་བ་ཟབ་མོ་དང་རྗེས་སུ་མཐུན་པར། རིམ་གཉིས་ཟབ་མོ་བསྒོམ་ཞིང་བླང་དོར་མེད་པའི་སྤྱོད་པས་གང་སྣང་ཆོས་ཉིད་དག་པའི་རོལ་པར་སྤྱད་པས་ཚེ་འདི་ལ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མི་སློབ་པའི་ཟུང་འཇུག་དྲུག་པ་རྡོ་རྗེ་འཆང་ཆེན་པོར་འགྲུབ་པར་འདོད་པ་ཡིན་ནོ། །དེ་ལའང་བསྐྱེད་རྫོགས་རྫོགས་ཆེན་གསུམ་ལས། དང་པོ་མ་ཧཱ་ཡོ་ག་པས་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་འབྲས་བུ་དོན་དམ་དང་། ཡེ་ཤེས་དོན་དམ་དང་། དབྱིངས་དོན་དམ་དང་གསུམ་པོ་ཡེ་ནས་འདུ་འབྲལ་མེད་པ་ལ་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ་མདོར་ན་སྐུ་དང་ཡེ་ཤེས་ཀྱིས་བརྒྱན་པའི་དབྱིངས་ནི་འབྲས་དུས་ཀྱི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དེ། དེ་ནི་ལྷག་པའི་དོན་དམ་བདེན་པ་ཡིན་ལ། དེའི་རྩལ་སྣང་སྣོད་བཅུད་དུ་སྣང་བ་འདི་རྣམས་ཀྱང་སྐུ་དང་ཡེ་ཤེས་སུ་རང་བཞིན་གྱིས་གནས་ཤིང་བདེན་པར་མ་གྲུབ་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་ལྷག་པའི་ཀུན་རྫོབ་བདེན་པ་སྟེ་བདེན་གཉིས་རེ་རེའི་སྟེང་དུ་ཡང་སྣང་སྟོང་འདུ་འབྲལ་མེད་པར་གནས་ལ། དེ་ཡང་སྐུ་དང་ཡེ་ཤེས་སུ་དག་པའི་ཆ་ནས་ཐུན་མོང་གི་བདེན་གཉིས་ལས་ལྷག་པའོ། །ཡང་དག་པར་ན་འདི་ལྟར་ཀུན་རྫོབ་གཞི་དང་ལམ་གྱི་དུས་ན་སྣང་བ་རྣམས་དང་། མཐར་ཕྱིན་འབྲས་དུས་ན་སྣང་བའི་དོན་དམ་མཐར་ཐུག་གཉིས་གཞི་འབྲས་ངོ་བོ་དབྱེར་མེད་པ་ལྷག་པའི་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོར་ལྟ་བ་ཡིན་ལ། མདོར་ན་སྐུ་དང་ཡེ་ཤེས་ཀྱི་སྣང་བ་དང་ཟུང་དུ་འཇུག་པའི་དབྱིངས་ཏེ་སྣང་སྟོང་ཟུང་འཇུག་གོ། །དེ་དང་མཐུན་པར་སྒོམ་པའི་རྩལ་རྫོགས་པའི་དོན་དུ་ཏིང་འཛིན་རྣམ་གསུམ་ཡན་ལག་དང་བཅས་པའི་རྣལ་འབྱོར་གྱིས་རིག་འཛིན་རྣམ་པ་བཞིའི་ལམ་བགྲོད་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་མངོན་པར་བྱང་ཆུབ་པར་འདོད་པའོ། །ཨ་ནུ་ཡོ་གར་ནི། གཞི་རང་བཞིན་གྱི་དཀྱིལ་འཁོར་དེ་ཡང་ཕྱི་སྤྲོས་རྩོལ་གྱི་ལམ་ལ་མི་ལྟོས་པར་ནང་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེར་གནད་དུ་བསྣུན་པ་ལས་འཆར་བར་བསྟན་ཞིང་། དེའི་ངོ་བོ་ཡང་དབྱིངས་སྟོང་ཉིད་ཀུན་ཏུ་བཟང་མོའི་དཀྱིལ་འཁོར་དང་། ཐབས་བདེ་བ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་གཉིས་དབྱེར་མེད་པ་སྲས་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡིན་ལ་དེ་ཉིད་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཏུ་ངེས་པའི་བདེ་སྟོང་དབྱེར་མེད་ཀྱི་ལྟ་བ་དང་རྗེས་སུ་མཐུན་པར་རང་ལུས་གཞན་ལུས་ཀྱི་རྣལ་འབྱོར་སོགས་བདེ་ཆེན་གྱི་ཡེ་ཤེས་གཙོ་བོར་གྱུར་པའི་ལམ་ལ་བསླབས་པས་ལམ་ལྔ་མཐར་ཕྱིན་ནས་མི་སློབ་པའི་ཟུང་འཇུག་འགྲུབ་པར་འདོད་པའོ། །ཨ་ཏི་ཡོ་ག་ལས་ནི་གནས་ལུགས་ཀྱི་དོན་དེ་ཉིད་གཟོད་མ་ནས་བྱང་ཆུབ་པའི་རང་རིག་ངོ་བོ་ཀ་ནས་དག་པ་དང་། རང་བཞིན་ལྷུན་གྱིས་གྲུབ་པ་དབྱེར་མེད་པའི་ངང་ནས་ཐུགས་རྗེའི་རྩལ་སྣང་མ་འགགས་པར་འཆར་བའི་སྐུ་གསུམ་རང་ཆས་ཀྱི་དོན་ལ་བསྐྱེད་པ་དང་རླུང་བཅིང་བ་སོགས་ཐབས་ཀྱི་རྩོལ་བ་ལ་ལྟོས་མི་དགོས་པར་བྱར་མེད་རང་གསལ་བསལ་བཞག་མེད་པའི་ཚུལ་དུ་ངེས་པ་རིག་སྟོང་གཉུག་མའི་ལྟ་བ་དང་རྗེས་སུ་མཐུན་པར་ཁྲེགས་ཆོད་ཅོག་བཞག་བཞི་དང་ཐོད་རྒལ་སྒྲོན་མ་བཞིའི་ཉམས་ལེན་ལ་བརྟེན་ནས་ལམ་སྣང་བཞི་མཐར་ཕྱིན་ཏེ་ལྷུན་གྲུབ་གདོད་མའི་དབྱིངས་སུ་རང་གྲོལ་བར་འདོད་པའོ། །དེ་ལྟར་ཐེག་པའི་རྣམ་གྲངས་ལྔ་ནང་གསེས་དང་བཅས་པར་བསྟན་པ་དེ་དག་གི་གྲུབ་པའི་མཐའ་བསྡུས་ན་ལྔ་སྟེ། ལས་འབྲས་ཆུད་མི་ཟ་བར་འདོད་པ་འཇིག་རྟེན་པའི་ཡང་དག་པའི་གྲུབ་མཐའ་དང་། གཟུང་འཛིན་གྱི་བསྡུས་པ་ཕྱི་དང་ནང་གི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བའི་ཚུལ་གྱིས་སྐྱེ་བ་འདི་ལ་ཕྱིན་ཅི་ལོག་གི་འཛིན་པ་འཁྲུལ་པས་གང་ཟག་སོགས་སུ་སྒྲོ་འདོགས་ཀྱི་དོན་ལ་གང་ཟག་གི་བདག་མེད་པའམ་གཟུང་བ་ཕྱི་དོན་ཀྱང་མེད་པ་དང་། འཛིན་སེམས་ཀྱང་མ་གྲུབ་པའི་ཆོས་ཀྱི་བདག་མེད་པར་རྟོགས་པའི་སྒོ་ནས་འཁྲུལ་བ་བཟློག་ནས་མྱང་འདས་མངོན་དུ་བྱེད་པ་མཚན་ཉིད་ཀྱི་ཐེག་པའི་གྲུབ་མཐའ་སྟེ། དེ་ལ་རྟོགས་པ་རྫོགས་མ་རྫོགས་ཀྱི་སྒོ་ནས་ཉན་ཐོས་སེམས་ཙམ་དབུ་མ་གསུམ་མོ། །ཡང་འཁྲུལ་སྣང་རྟེན་འབྲེལ་གྱི་སྣང་བ་དེ་ཉིད་ལས་འབྲས་བསླུ་མེད་ཀྱི་ཚུལ་དུ་ཤར་ཀྱང་ལྷ་སྔགས་ཀྱི་ཐབས་མང་པོ་ལ་བརྟེན་ན་མྱུར་དུ་དེ་ལས་གྲོལ་བ་སྟེར་གྱི་སྲིད་པའི་ལས་དང་ལས་ཀྱི་འབྲས་བུས་མི་གོས་ཞེས་སྟོན་པ་ཕྱི་རྒྱུད་སྡེ་གསུམ་གྱི་གྲུབ་མཐའ་དང་། ཡང་སྡུག་བསྔལ་ཉིད་བྱང་ཆུབ། ཉོན་མོངས་ཉིད་རྣམ་གྲོལ་གྱི་ཡེ་ཤེས་ཆེན་པོར་རྟོགས་ནས་ལམ་སྦྱངས་ན་ལས་འབྲས་ཀྱིས་གོས་པར་མི་འགྱུར་པར་སྟོན་པ་རྣལ་འབྱོར་བླ་མེད་སྤྱི་ཡི་གྲུབ་མཐའ་དང་། ཡང་འཁོར་འདས་ཀྱི་ཆོས་ཀུན་གདོད་མ་ནས་དག་མཉམ་ཆེན་པོར་ལྷུན་གྱིས་གྲུབ་པས། ལམ་གྱི་རྩོལ་བ་ལ་མི་ལྟོས་པར། ཐ་མལ་ལས་འབྲས་ཀྱི་འཆིང་བས་ཡེ་ནས་གོས་སུ་མེད་པར་སྟོན་པ་མཐར་ཕྱིན་པའི་གྲུབ་མཐའ་རྫོགས་པ་ཆེན་པོ་སྟེ། ལམ་ཐམས་ཅད་ཀྱི་མཐར་ཐུག་པ་དེ་ཁོ་ནའོ། །དེ་ཡང་རྒྱུད་ཉིད་ལས། དེ་དག་ཐམས་ཅད་ཀྱང་གཟུང་བ་དང་ཞེས་སོགས་ཀྱི་སྐབས་ནས་བསྟན་ལ་དེའི་ཚིག་འགྲེལ་ཚུལ་རོང་ཀློང་རྣམ་གཉིས་སོགས་ཅུང་མི་མཐུན་ཀྱང་སྐབས་འདིར་གནད་མཐུན་པར་འདི་ལྟར་བཤད་དོ། །གསུམ་པ་དགུར་ཕྱེ་བ་ནི། རྣམ་གྲོལ་གྱི་ལམ་འཇིག་རྟེན་ལས་འདས་པའི་ཐེག་པ་གོང་དུ་བཤད་པ་ད ེ་དག་ཉན་རང་བྱང་སེམས་ཏེ་ངེས་འབྱུང་འདྲེན་པའི་ཐེག་པ་གསུམ། ཀྲི་ཡ་ཨུ་པ་ཡོ་ག་སྟེ་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ། མ་ཧཱ་ཨ་ནུ་ཨ་ཏི་སྟེ་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་དང་དགུར་རྣམ་པར་བཞག་པ་ཡིན་ནོ། །དེ་ལྟ་བུའི་ཐེག་པ་དགུ་ལ་ལྟ་བའི་རྣམ་གཞག་ཐ་དད་མེད་པར་འདོད་པ་ནི། ལྟ་བ་དང་ལྟ་ཡུལ་མ་ཕྱེད་ཅིང་མདོ་སྔགས་ཀྱི་ལྟ་བ་ཁྱད་མ་ཕྱེད་པ་སྟེ། བདེན་གཉིས་དབྱེར་མེད་ལ་ངེས་པ་འདྲོངས་ཚུལ་གྱི་ཡུལ་ཅན་གོང་ནས་གོང་དུ་འཕགས་པའི་ཁྱད་པར་ལས། ཀུན་རྫོབ་ཏུ་རྗེ་ཁོལ་གྱི་ཚུལ་དུ་ལྟ་བ་སོགས་ཡོད་པ་སུས་ཀྱང་དགག་མི་ནུས་ལ། ཀུན་རྫོབ་ཀྱི་ཡུལ་ཅན་ལྟ་བ་མིན་ན། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། བདེན་བཞིའི་རྣམ་པའི་སྟོང་བདག་མེད་མ་གཏོགས་པ་གཞན་པ་རྣམས་དང་། ཐ་སྙད་ཀྱི་ཡུལ་ཇི་བཞིན་ངེས་པའི་ལྟ་བ་ཀུན་ལྟ་བ་མིན་པར་ཐལ་དགོས་ན། དེ་འདྲ་ལམ་གྱི་རྣམ་གཞག་ཆགས་པ་སུས་ཀྱང་མི་སྨྲའོ། །ལྟ་བ་ཡིན་ཀྱང་དོན་དམ་པའི་ཡུལ་ཅན་མིན་པས་ན་ཐེག་པའི་ཁྱད་པར་འཕགས་ཆོས་སུ་མི་རུང་སྙམ་ན་ཡང་། དོན་དམ་ལ་གསལ་སྣང་ཐོབ་ཚུལ་གྱིས་ཀུན་རྫོབ་ལ་ངེས་པ་སྐྱེ་ཚུལ་ཁྱད་པར་བ་ཡིན་པས་ན་ཤིན་ཏུ་ཡང་ཁྱད་པར་འཕགས་ཆོས་སུ་རུང་ངོ་། །ཡང་སངས་རྒྱས་དང་སེམས་ཅན་མེད་པར་སྟོན་པ་ཐམས་ཅད་ལྟ་བའི་དབང་དུ་བྱས་པ་དང་། ཡོད་པར་སྟོན་པ་རྣམས་སྒོམ་པའི་དབང་དུ་བྱས་པའི་ཕྱིར་ཀུན་རྫོབ་ཏུ་ལྷར་བལྟ་བ་སོགས་ལྟ་བ་མིན་པར་བསྒྲུབ་པ་ཡང་ཆེས་དཀའ་སྟེ། སྐབས་འདིར་མེ་ཡོད་ཀྱི་གཞིར་གྲང་རེག་མེད་པར་ལྟ་བ་དང་། ཁྱི་ལ་འཇིགས་དུས་སེང་གེར་སྒོམ་པ་ལྟ་བུ་ཙམ་མིན་ཏེ། སྒྲིབ་གཉིས་སྤོང་ཞིང་མཐར་འབྲས་འགྱུར་མེད་ལ་སྦྱོར་བའི་ལམ་རྣམ་དག་གི་ལྟ་སྒོམ་ཡིན་པས་ན། དེ་ལྟ་བུའི་ལྟ་སྒོམ་ནི་རིག་པ་དང་རྐང་པར་ལྡན་དགོས་པའི་ཕྱིར། ལྟ་བའི་ངེས་པ་དང་བྲལ་བའི་སྒོམས་པ་དང་། སྒོམ་པའི་ཉམས་ལེན་དང་བྲལ་བའི་ལྟ་བ་ནི་ཤར་དུ་བལྟས་ནས་ནུབ་ཏུ་འགྲོ་བའི་དཔེ་དང་འདྲ་ལ། དངོས་པོའི་གནས་ཚུལ་དང་མཐུན་པར་འཇུག་པའི་ལམ་བདེན་གཉིས་ཀྱི་ཡུལ་ཅན་ཐམས་ཅད་ལ། ལྟ་བ་རྣམ་དག་སྔོན་དུ་འགྲོ་བར་ངེས་ཏེ། ཚད་མའི་སྒོ་ནས་ངེས་པ་རྣམ་དག་བསྐྱེད་དུ་ཡོད་པའི་ཕྱིར་རོ། །ཡོད་མེད་ཅེས་པའང་ཐ་སྙད་དང་དོན་དམ་དཔྱོད་བྱེད་ཀྱི་ངོར་ཡིན་ལ། དེ་ལྟ་ན་དོན་དམ་ལ་སྒོམ་པ་མེད་པ་དང་། ཐ་སྙད་ལ་ཚད་མས་ངེས་པ་བསྐྱེད་དུ་མེད་པར་ཐལ་བའི་ཕྱིར་རྣམ་ཞག་ཤིན་ཏུ་མི་བདེ་བའོ། །དེས་ན་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་ལས་ངེས་པའི་ཆོས་ཅན་ལྟ་བ་དང་། མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མ་ལས་ངེས་པ་ཆོས་ཉིད་ལྟ་བ་གཉིས་སུ་ཡོད་པ་ཤེས་པར་བྱའོ། །གཞན་ཡང་ཨ་ཏི་ཡོ་ག་ནི་ཡེ་ཤེས་ཡིན་གྱི་ཐེག་པ་མིན་པར་སྨྲ་བའི་ལུགས་ཀྱང་བཞག་དཀའ་སྟེ། སྤྱིར་ལམ་དང་འབྲས་བུའི་ཡེ་ཤེས་གང་ཡིན་ཀྱང་ཐེག་པ་ཡིན་པར། འདིས་འདེགས་པ་དང་འདིར་འདེགས་པའི་ཐེག་པ་ཞེས་ལུང་སྤྱི་ལས་གྲགས་པ་ཡིན་ནོ། །ཁྱད་པར་སྔགས་བླ་མེད་ཀྱི་ལམ་གྱི་ཡེ་ཤེས་མཐར་ཐུག་ཡིན་པས་ན་ཐེག་པ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ཅིང་། དེ་རྩལ་དུ་བཏོན་པའི་གཞུང་ཉིད་ཐེག་པ་ཐམས་ཅད་ཀྱི་རྩེ་མོར་གྲུབ་པ་ཡིན་ནོ། །དེ་ལྟར་ཐེག་པ་ནི་གདུལ་བྱའི་བློ་རིམ་དང་མཐུན་པར་བསྟན་པས་དབྱེ་བསྡུའི་ཚུལ་ཀྱང་སྣ་ཚོགས་ཏེ། གཉིས་དང་གསུམ་ལ་སོགས་པ་དུ་མར་ཕྱེ་ཡང་དོན་འདིར་བསྟན་པ་དེ་ཙམ་དུ་ཟད་པས་རྒྱུད་འདི་ནི་ལུང་ཐམས་ཅད་ཀྱི་སྤྱི་ཡིན་ནོ། །གཉིས་པ་བྱེ་བྲག་སྔགས་བླ་མེད་ཀྱི་ལམ་བཤད་པ་ལ། ངོ་བོའི་ཆ་ནས་བསྐྱེད་རྫོགས་གཉིས་སུ་བཤད་པ། ཉམས་སུ་ལེན་ཚུལ་གྱི་སྒོ་ནས་ཐབས་གྲོལ་གཉིས་སུ་བཤད་པའོ། །དང་པོ་ལ་བསྐྱེད་རྫོགས་གཉིས་ལས། དང་པོ་ནི། རང་བཞིན་གཞི་རྒྱུད་ཀྱི་དོན་ངེས་པའི་ལྟ་བ་དང་རྗེས་སུ་མཐུན་པར་སྣང་སྲིད་དག་མཉམ་གྱི་ཚུལ་ལ་བློས་བཅོས་ཤིང་གོམས་པའི་ཚུལ་གྱིས་འཇུག་པ་སྟེ། དེ་ལ་བསྐྱེད་པའི་རིམ་པའམ་ལུང་གཞན་ལས་རྗེས་སུ་དཔག་པའི་རྣལ་འབྱོར་ཞེས་ཀྱང་བྱ། བཅོས་མའི་ལམ་ཞེས་ཀྱང་བྱའོ། །བསྐྱེད་པའི་རིམ་པ་དེ་ཡང་སྲིད་པ་རིམ་པར་སྨིན་ཚུལ་དང་མཐུན་པར། སྟོང་པ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་དང་ལྔའི་ཚུལ་གྱིས་བསྒྲུབས་པས་མར་འཁོར་བའི་བག་ཆགས་དག །ཡར་མྱང་འདས་ཀྱི་འབྲས་བུ་རྫོགས། རྫོགས་པའི་རིམ་པའི་སྨིན་བྱེད་དུ་འགྱུར་པ་སྟེ། མདོར་ན་བཅོས་མའི་བློ་ངོར་སྣང་སྲིད་དག་པ་རབ་འབྱམས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་འཆར་བའི་བར་དུ་བསླབས་པས་བརྐྱེད་རིམ་མཐར་ཕྱིན་ཏེ་སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་རིམ་ཞེས་བྱའོ། །དེ་ལ་སྤྱིར་བསྐྱེད་རིམ་རྐྱང་པས་འོག་མིན་གྱི་བར་གྱི་འཇིག་རྟེན་པའི་དངོས་གྲུབ་ཀུན་སྒྲུབ་ནུས་ཀྱི་འདས་ལམ་མངོན་དུ་བྱ་མི་ནུས་ནའང་། བསྐྱེད་རྫོགས་ཟུང་འཇུག་གི་ཚུལ་ཟབ་མོ་འདི་ལྟ་བུ་མཐར་ཕྱིན་པས་ནི་རྫོགས་རིམ་ངང་གིས་དྲངས་ནས་བདེན་དོན་མཐོང་བ་ཡང་ཡོད་པ་ལ་རིགས་པས་གནོད་པ་མེད་དེ་མདོ་ལམ་གྱིས་ཀྱང་རིང་མོ་ཞིག་ན་བདེན་དོན་མཐོང་བ་འདྲེན་ཐུབ་པ་བཞིན་ནོ། །དེར་མ་ཟད་གསང་འདུས་སོགས་ན་སེམས་དབེན་སྒྲུབ་པའི་ཚུལ་སྙིང་གའི་ནཱ་ད་ལ་དམིགས་པ་དང་། གཞན་ཡང་རྒྱུད་སྡེ་སོ་སོའི་ཕྲ་ཐིག་གི་གནད་རྣམས་དང་སྟོང་གཟུགས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་ཚུལ་དང་། མ་བཅོས་སོར་བཞག་གི་རྫོགས་རིམ་རྣམས་ལ་རྣལ་འབྱོར་བཞི་མཐར་ཕྱིན་པ་འདིས་ཚེགས་མེད་པར་འཇུག་ནུས་པའི་ཕྱིར་རོ། །རིམ་པ་དེའི་དབྱེ་སྒོ་གཞན་ཡང་རྒྱས་བསྡུས་དང་རྒྱུད་ཀྱི་ཆོ་གའི་འགྲོས་སྣ་ཚོགས་དང་སྦྱར་བས་དུ་མར་འགྱུར་རོ། །གཉིས་པ་རྫོགས་རིམ་ནི། ཐབས་ཀྱི་མན་ངག་ཟབ་མོས་གཞི་རྒྱུད་དག་མཉམ་ཆེན་པོ་རང་གནས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་མངོན་དུ་འཆར་བར་བྱེད་པ་སྟེ། དེ་ལ་རྫོགས་རིམ་མམ་མངོན་སུམ་གྱི་རྣལ་འབྱོར་དང་གཉུག་མའི་ལམ་ཞེས་ཀྱང་བྱའོ། །རྫོགས་རིམ་དེ་ལ་རྣམ་གྲངས་མང་དུ་མཆིས་ཀྱང་རྟེན་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པ་འཁྲུལ་འཁོར་བུམ་ཅན་ཕྲ་ཐིག་ཞུ་བདེ་ལྟ་བུ་དང་། བརྟེན་པ་འོད་གསལ་གྱི་ཐིག་ལེ་ལ་གནད་དུ་བསྣུན་པ་སྟོང་གཟུགས་དང་ཐོད་རྒལ་ལྟ་བུ་སྟེ་མདོར་ན་རྡོ་རྗེ་བཞིའི་ཡེ་ཤེས་མངོན་དུ་བྱེད་པའི་ཐབས་སྣ་ཚོགས་པ་དེ་དག་ཀྱང་རྒྱུད་རྣམས་སུ་ཅི་རིགས་པར་བསྟན་ཏེ། རིམ་པ་ལྔ་དང་སྦྱོར་བ་དྲུག་ཅེས་པ་ལ་སོགས་པ་བཞིན་ནོ། །དེ་ལྟར་ཡོངས་སུ་རྫོགས་པ་དང་ཉི་ཚེ་བར་བསྟན་པ་ཐམས་ཅད་ཀྱང་ཉམས་སུ་ལེན་ཚུལ་གྱི་སྒོ་ནས་ཡིད་ཀྱི་དམིགས་པ་དང་ལུས་ངག་གི་རྩོལ་བ་ལ་བརྟེན་པ་མཚན་བཅས་ཀྱི་ལམ་དང་། རྩོལ་བྲལ་མཚན་མ་མེད་པའི་རྫོགས་རིམ་གཉིས་སུ་འདུ་ལ། ཉམས་སུ་བླང་བྱའི་ངོས་ནས་སྟོང་པའི་ཡེ་ཤེས་འོད་གསལ། སྣང་བའི་ཡེ་ཤེས་སྒྱུ་ལུས། དེ་གཉིས་ཟུང་དུ་འཇུག་པའི་ཡེ་ཤེས་ཏེ་གསུམ་ཡོད་ཅིང་། རྫོགས་རིམ་དེ་ཐམས་ཅད་ཀྱང་ལས་རླུང་དབུ་མར་བསྟིམས་ནས་དག་པའི་ཡེ་ཤེས་མངོན་དུ་འཆར་བ་ལ་དངོས་སམ་བརྒྱུད་ནས་འཇུག་པ་ཤ་སྟག་ཡིན་ནོ། །རྒྱུད་འདིར་ནི་མཚན་བཅས་ཀྱི་རྫོགས་རིམ་འཁོར་ལོ་བཞིར་ཕྲ་ཐིག་གི་རྣལ་འབྱོར་དང་། ཐབས་ལམ་རིམ་གྱིས་པ་སྟེང་སྒོ་དང་། གཅིག་ཆར་བ་འོག་སྒོའི་མན་ངག་དང་། མཚན་མེད་འོད་གསལ་རྫོགས་པ་ཆེན་པོའི་གདམས་ངག་བསྟན་ནོ། །དེ་ལྟར་རིམ་གཉིས་ལམ་གྱིས་དྲི་མ་བསལ་སྟོབས་ཀྱིས་གནས་ཚུལ་མངོན་དུ་གྱུར་པ་ཡིན་གྱི། རང་བཞིན་གྱིས་དག་པ་མིན་ན་གནས་ཚུལ་དང་འགལ་བར་ཡིད་ལ་བྱེད་པའི་བསྐྱེད་རིམ་དང་། ཐ་མལ་གྱི་ལུས་ལ་རླུང་དགག་པ་སོགས་ཀྱིས་བསྒྲུབས་པའི་དངོས་པོ་རྣམས་རང་ངོར་ལྷ་སྐུར་ཤར་བ་དེ་ཡང་། སྒྱུ་མའི་རྡེའུ་ལ་རྟ་གླང་དུ་སྣང་བ་ལྟར་དངོས་པོ་ལ་མི་གནས་པའི་འཁྲུལ་སྣང་དང་། དེ་འཛིན་པ་ཡང་ལོག་ཤེས་སུ་འགྱུར་ཞིང་། དུག་ལྔ་ལམ་དུ་ཁྱེར་བ་དང་། སྤྱོད་པ་བླང་དོར་མེད་པ་ཡང་ཚུལ་དེ་དང་འདྲ་ན། དེ་འདྲའི་ལམ་དེ་མདོ་ལས་ཀྱང་འཕགས་པར་ཁས་ལེན་པ་ནི་ཤིན་ཏུ་ཡ་མཚན་ནོ། །མདོ་སྔགས་ཐབས་ཙམ་ཞིག་ལས་ལྟ་ཁྱད་མེད་ན་བདེ་ཞིང་མྱུར་བའི་ཐབས་དེ་མདོ་ལས་ཀྱང་ཅིས་མི་སྟོན། དེས་ན་རྒྱུའི་ཐེག་པར་རྒྱུ་འབྲས་ལྷུན་གྲུབ་ཏུ་ལྟ་བ་མེད་པས་ཐབས་དེ་དག་ཀྱང་རེ་ཞིག་བསྟན་པའི་སྣོད་དུ་མ་གྱུར་པར་ཤེས་པར་བྱ་ཞིང་། ཡེ་ནས་དག་མཉམ་ཆེན་པོའི་ཡིན་ལུགས་མ་ཤེས་པར་ཐབས་ཙམ་ཞིག་གིས་བཙན་ཐབས་སུ་སེམས་ཅན་སངས་རྒྱས་སུ་བསྒྱུར་བར་སྨྲ་བ་རྣམས་ཀྱིས་ནི། རིམ་པ་གཉིས་པོ་དངོས་པོའི་གནས་ཚུལ་དང་མཐུན་པར་འཇུག་པའི་ལམ་དུ་སྒྲུབ་མ་ནུས་པར་སྔགས་ལ་སྐུར་པ་ཆེན་པོ་བཏབ་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ལ་ཐབས་ཀྱིས་ངེས་པའི་ལམ་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་ལམ་གཉིས། དང་པོ། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །ཞེས་གསུངས་པ་བཞིན་དུ། གཙོ་བོར་ཐབས་ཀྱི་སྤྱོད་པ་རྨད་དུ་བྱུང་བས་རང་གཞན་གྱི་ཡེ་ཤེས་བཙན་ཐབས་སུ་འཆར་བའི་སྒོ་ནས་འབྲས་བུ་མྱུར་དུ་འགྲུབ་པར་བྱེད་པ་སྟེ་མ་ཀྵི་ཀའི་སྦྱོར་བས་ལྕགས་ཁམས་ཡུད་ཙམ་གྱིས་གསེར་དུ་བསྒྱུར་བ་བཞིན་ནོ། །དེ་ཡང་འཁོར་ལོ་དྲུག་ལ་བརྟེན་ནས་འབར་འཛག་གི་སྦྱོར་བས་བདེ་བའི་ཡེ་ཤེས་བསྐྱེད་པ་ལ་བསླབ་པ་དང་། མཁའ་གསང་སྦྱོར་བའི་དབབ་བཟུང་ལྡོག་ཁྱབ་ལ་བརྟེན་ནས་ཞུ་བདེ་འགྱུར་མེད་ཀྱི་ཡེ་ཤེས་བསྐྱེད་པ་གཙོ་བོར་བྱས་ནས། དེ་ཡི་ཡན་ལག་བདེ་ཆེན་གྱི་བརྟུལ་ཞུགས་བསྒྲུབ་པའི་སྤྱོད་པའི་རྣམ་པ་དུ་མ་དང་བཅས་པའོ། །དེ་ཡང་བརྩོན་འགྲུས་ཅན་ཐབས་ཀྱི་སྒོ་ནས་རྟོགས་བྱ་གཞི་རྒྱུད་བདེན་པ་དབྱེར་མེད་སྤྲོས་བྲལ་བློ་འདས་ཀྱི་དོན་མཉམ་བཞག་ཏུ་ཅི་རིགས་པར་མྱོང་བའི་སྟོབས་ལས། རྗེས་ཐོབ་སྣང་སྲིད་དག་མཉམ་ཆེན་པོའི་ཚུལ་ལ་ངེས་པ་ཤུགས་ཀྱིས་འདྲོངས་ཤིང་རྣམ་རྟོག་གི་བཞོན་པར་གྱུར་པའི་རླུང་དང་། རྐྱེན་དུ་གྱུར་པའི་ཁམས་ཕྲ་རགས་རྣམས་རྩ་ཡི་གནད་ལ་བརྟེན་ཏེ་བཅིངས་པས། གཡོ་བྱེད་ཀྱི་རླུང་འཆིང་བ་ན་ཡིད་ཀྱང་རང་བཞིན་གྱིས་འཆིང་བ་ཆོས་ཉིད་ཡིན་པས། ཀུན་རྟོགས་བཞོན་པ་དང་བཅས་པ་བདེ་སྟོང་དྷཱུ་ཏཱིའི་དབྱིངས་སུ་ཐིམ་བ་ལས། ཁམས་དང་རྩ་ཡི་འགྲོས་དག་ནས་འཁོར་ལོ་བཞིའི་རླུང་སེམས་ལས་སུ་རུང་ཞིང་དབུ་མའི་རྩ་མདུད་གྲོལ་བ་ལས་ཡེ་ཤེས་ཀྱི་སྣང་བ་རིམ་བཞིན་མཆེད་ནས་འཕོ་བའི་བག་ཆགས་མ་ལུས་པ་ལོག་པ་འབྲས་བུའི་མཐར་ཐུག་བདེ་ཆེན་རྡོ་རྗེའི་སྐུར་འགྲུབ་པའོ། །གཉིས་པ། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་དམ་ལྷུན་གྱིས་གྲུབ། །ཅེས་གསུངས་པ་བཞིན་དུ། གཙོ་བོར་ཐོས་བསམ་སྒོམ་པའི་ཤེས་རབ་ཁྱད་པར་ཅན་གྱི་སྒོ་ནས་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་པ་ལྷུན་གྱིས་རྫོགས་པའི་དཀྱིལ་འཁོར་ཆེན་པོར་གཏན་ལ་ཕབ་ཅིང་བསྒོམས་པས། ལམ་བགྲོད་ནས་རང་སྣང་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མཉམ་པ་ཆེན་པོར་གྲོལ་བར་བྱེད་པ་སྟེ་རིན་པོ་ཆེ་ཀོ་སྟུ་བྷ་དང་ལྷན་ཅིག་བཞག་པའི་རྡོའི་ཁམས་རིམ་གྱིས་གསེར་དུ་འགྱུར་བ་བཞིན་ནོ། །དེ་ལ་དབང་རབ་རྟོགས་གོམས་ཆིག་ཆོད་ཀྱི་ཚུལ་གྱིས་འཇུག་པ་གཅིག་ཅར་བའི་ལམ་དང་། ཐོག་མར་ལྟ་བ་གཏན་ལ་ཕབ་ནས་དེའི་དོན་བཞིན་ཏིང་འཛིན་ལ་རྩལ་སྦྱང་བ་རིམ་གྱིས་པའི་ལམ་གཉིས་སུ་ཡོད་ལ། ཏིང་འཛིན་དེ་ཡང་ཚད་དུ་མ་འཁྱོལ་ཀྱང་སྤྱིའི་རྣམ་པ་ཙམ་སྒོམ་པ་མོས་སྒོམ་ཞེས་བྱ་སྟེ། ལམ་མཚན་ཉིད་པ་རྒྱུད་ལ་སྐྱེ་བའི་ནུས་པ་འཇོག་པ་དང་། གནས་སྐབས་ལས་སྣ་ཚོགས་སྒྲུབ་པའི་ཕན་ཡོན་དང་ལྡན་པའོ། །འཆི་བ་དང་བར་དོ་སྐྱེ་བའི་རིམ་པ་དང་སྦྱར་བའི་སྟོང་ཆེན་ལ་སོགས་པ་རྣལ་འབྱོར་ལྔ་པོ་རིམ་པ་བཞིན་ཚད་དུ་འཁྱོལ་བར་སྒོམ་པ་ནི་ལམ་ངེས་རྫོགས་ཞེས་བྱ་སྟེ་དེ་ལ་བརྟེན་ནས་རིག་འཛིན་བཞིའི་གོ་འཕང་མངོན་དུ་བྱེད་པའོ། །དེ་ལྟར་ཤེས་རབ་ཅན་གྱིས་ཐོས་བསམ་གྱི་སྒོ་ནས་དག་མཉམ་ཆེན་པོའི་དོན་ཚུལ་བཞིན་ངེས་པའི་ལྟ་བ་ཁྱད་པར་ཅན་སྔོན་དུ་བཏང་ནས། དེའི་ཚུལ་དང་མཐུན་པར་འཇུག་པའི་ལམ་གྱི་ཏིང་འཛིན་རྩལ་སྦྱང་བའི་མཉམ་རྗེས་ཀྱི་རྣལ་འབྱོར་ལ་བརྟེན་ནས་ཐ་མལ་འཁྲུལ་པའི་རྟོག་པ་རྣམས་རང་གྲོལ་དུ་འགྱུར་ལ། ཀུན་རྟོག་གི་སེམས་གྲོལ་ན་དེ་དང་དབྱེར་མེད་པར་འཇུག་པའི་རླུང་ཁམས་ཀྱི་འཕོ་བ་ཡང་ཡེ་ཤེསཀྱི་དབྱིངས་སུ་གྲོལ་བ་ཆོས་ཉིད་ཡིན་པས། གཟུང་འཛིན་འཁྲུལ་སྣང་གི་ཀུན་རྟོག་རྐྱེན་དང་བཅས་པ་རང་ཞི་རང་གྲོལ་དུ་སོང་ནས་གནས་ལུགས་དོན་གྱི་བདེན་པ་མངོན་དུ་བྱས་ཏེ་མི་སློབ་པའི་འབྲས་བུ་ལ་སྦྱོར་བར་བྱེདདོ། །ཐབས་གྲོལ་གྱི་ལམ་དེ་གཉིས་ཀྱང་ཐབས་ཤེས་ཀྱི་བྱེད་པ་གཙོ་ཆེ་ཆུང་གི་སྒོ་ནས་བཞག་གི་གཅིག་ཤོས་ལ་གཅིག་ཤོས་མེད་པ་མ་ཡིན་ལ། གནས་ལུགས་ཀྱི་དོན་མཐོང་བ་ལ་དོན་གཅིག་པར་ཤེས་པར་བྱའོ། །དེ་ཡང་ཚོགས་སྒྲུབ་ཀྱི་སྐབས་སུ་རྣལ་འབྱོར་པའི་ནུས་པ་དང་བསྟུན་ནས་མཚོན་བྱེད་དཔེ་ཡི་ཡེ་ཤེས་ཙམ་རྒྱུད་ལ་སྐྱེ་བ་དང་། འདོད་གཟུགས་ཀྱི་རིག་འཛིན་གྲུབ་པ་དང་། ཐ་ནའང་སྔགས་ཀྱི་ཐབས་ཟབ་མོ་དང་ལྡན་པའི་སྒྲུབ་པ་ཁྱད་པར་ཅན་དང་འབྲེལ་བའི་ཕྱིར་དངོས་གྲུབ་ཅི་རིགས་པ་འཐོབ་ལ། ལམ་ངེས་རྫོགས་ཀྱི་ཚོགས་སྒྲུབ་མཚན་ཉིད་པ་ཡིན་ན་མཆོག་གི་དངོས་གྲུབ་ཐོབ་ནས་ཚོམ་བུ་དང་བཅས་པ་རིག་འཛིན་གྱི་ས་ལ་གཤེགས་པར་འགྱུར་ཏེ། དེའི་རྒྱུ་མཚན་སྟོང་ཆེན་གྱི་ཏིང་འཛིན་ཚུལ་བཞིན་བསྒྲུབས་པའི་དུས་ན་ཡང་དུ་བ་སོགས་རྟགས་བཅུ་རྫོགས་ཤིང་། སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་རིམ་གྲུབ་པའི་རྣལ་འབྱོར་པ་དེས། མཉམ་བཞག་ཏུ་སྟོང་བཞིའི་འོད་གསལ་དྲངས་ཤིང་དེའི་ངང་ལས་རླུང་སེམས་ཙམ་གྱི་ལྷ་སྐུར་ལྡངས་ཏེ། རྗེས་ཐོབ་དག་པ་རབ་འབྱམས་ཀྱི་སྣང་བ་མུ་མེད་པའི་ནུས་པ་རྫོགས་པའི་ཕྱིར་ན། ཚོགས་སྒྲུབ་ཀྱི་སྒྲུབ་པ་ཆེན་པོའི་སྐབས་སུ་ཕྱག་རྒྱའི་ཉེ་རྒྱུ་ལ་བརྟེན་ནས་ཆོས་ཉིད་དོན་གྱི་བདེན་པ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །གསུམ་པ་ལམ་བགྲོད་ཚུལ་ལ། སྐབས་འདིར་བསྟན་བགྲོད་བྱ་ལམ་གྱི་རང་བཞིན་ནི་རྣམ་གྲོལ་མཐར་ཐུག་གི་འབྲས་བུའི་འཇུག་ངོགས་བླ་ན་མེད་པ་ཡིན་ལ། དབྱེ་ན་སྔགས་བླ་མེད་ཀྱི་ལམ་ལྔར་ཡོད་ཅིང་། ཇི་ལྟར་བགྲོད་ཚུལ་ནི། གང་ཞིག་མཐའ་ཡས་པའི་སེམས་ཅན་མ་ལུས་པ་སྒྲོལ་བའི་དོན་དུ་ཚེ་འདི་ལ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་འདོད་པའི་སྙིང་རྗེ་ཆེན་པོ་ཕུལ་དུ་བྱུང་བ་དང་ལྡན་པའི་གང་ཟག་དེས། མཐར་ཐུག་གི་འབྲས་བུ་འགྲུབ་པའི་ལམ་ཡང་རྡོ་རྗེ་ཐེག་པ་འདི་ཁོ་ན་ལ་རག་ལས་པར་ཤེས་ནས། མཚན་ཉིད་དང་ལྡན་པའི་བླ་མ་ལས་སྨིན་བྱེད་དབང་བཞིས་བདག་རྒྱུད་ལེགས་པར་སྨིན་པར་བྱས་ཤིང་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ལ་སྲུང་སྡོམ་ཚུལ་བཞིན་བགྱིས་ཏེ། སྣང་སྲིད་དག་མཉམ་ཆེན་པོའི་ལྟ་བ་རྣམ་དག་དང་རྗེས་སུ་མཐུན་པར་ལམ་རིམ་པ་གཉིས་ལ་ཚུལ་བཞིན་བསླབས་པས་ལམ་ལྔ་པོ་རིམ་བཞིན་རྫོགས་པར་འགྱུར་ཏེ། དེ་ཡང་དང་པོར་རང་གཞན་གྱི་ལུས་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོར་ཡེ་ནས་དག་པ་བཞིན་དུ་སྒོམ་ཞིང་། དེ་ཡང་སྟོང་ཉིད་སྤྲོས་བྲལ་མཉམ་པ་ཆེན་པོ་དང་ཟུང་དུ་འཇུག་པའི་ཚུལ་ལ་བློ་བཞག་པ་ནི་ལུས་དྲན་པ་ཉེ་བར་བཞག་པ། བྱུང་ཚོར་གྱི་རྟོག་པ་བདེ་བ་ཆེན་པོའི་ཡེ་ཤེས་སུ་བསྒྱུར་བ་ཚོར་བ་དྲན་པ་ཉེ་བར་བཞག་པ། སེམས་སེམས་བྱུང་གི་སྤྲོས་པ་མ་ལུས་པ་སེམས་ཉིད་འོད་གསལ་གཉུག་མའི་དབྱིངས་སུ་སྡོམ་པ་སེམས་དྲན་པ་ཉེ་བར་བཞག་པ། འཁོར་འདས་སྣང་བཏགས་ཀྱི་ཆོས་ཐམས་ཅད་དག་མཉམ་བླང་དོར་དང་བྲལ་བར་སྤྱོད་པ་ཆོས་དྲན་པ་ཉེ་བར་བཞག་པ་སྟེ་རྒྱུད་སྒྱུ་འཕྲུལ་དམ་པ་ནས་ཇི་སྐད་བསྟན་པ་ལྟ་བུའོ། །དེ་ཡང་ཐེག་དམན་ལས་ཐེག་ཆེན་གྱི་དྲན་ཉེ་འཕགས་ཚུལ་དབུས་མཐའ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །དམིགས་དང་ཡིད་ལ་བྱེད་པ་དང་། འཐོབ་པས་དེ་ཉིད་ཁྱད་པར་འཕགས། །ཞེས་གསུངས་པ་བཞིན་དུ། མདོ་ལས་སྔགས་འཕགས་ཚུལ་ཀྱང་དེ་དང་འདྲ་སྟེ། རང་གཞན་གྱི་ལུས་སོགས་མདོར་ན་འཁོར་བ་དང་མྱང་འདས་ཀྱི་ཆོས་ཐམས་ཅད་ལ་དམིགས་ནས། དེ་ཐམས་ཅད་ཡེ་ནས་དག་མཉམ་ཆེན་པོར་དབྱེར་མེད་པར་ཡིད་ལ་བྱེད་པས། མཐར་འབྲས་ལ་ལམ་གཞན་བར་དུ་བརྒྱུད་མི་དགོས་པར་འཐོབ་པ་ནི་སྔགས་ཀྱི་ཚུལ་ལོ། །དེས་ན་མདོ་ལམ་ན་ཀུན་རྫོབ་ཏུ་འཁོར་འདས་སྤང་བླང་དུ་བྱེད་ཅིང་། འདིར་འཁོར་འདས་དབྱེར་མེད་མཉམ་པར་སྦྱོར་ཚུལ་གྱིས་ལམ་ལ་འཇུག་པ་ཡིན་ནོ། །དེ་ལྟར་དྲན་པ་ཉེར་བཞག་བཞིའི་རང་ཞིན་ཅན་གྱི་སྔགས་ཀྱི་ཚོགས་ལམ་ཆུང་དུ་སྐྱེ་ལ། དེ་གོང་དུ་འཕེལ་བ་ལས་ཡང་དག་སྤོང་བཞིའི་རང་བཞིན་ཅན་གྱི་ཚོགས་ལམ་འབྲིང་པོ་དང་། དེ་གོང་དུ་འཕེལ་བས་རྫུ་འཕྲུལ་རྐང་བཞིའི་རང་བཞིན་ཅན་གྱི་ཚོགས་ལམ་ཆེན་པོ་སྐྱེའོ། །དེ་ལྟར་ཚོགས་ལམ་ན་ཐོས་བསམ་གཙོ་ཆེ་བའི་སྒོ་ནས་དག་མཉམ་བདེན་པ་དབྱེར་མེད་ཀྱི་དོན་གོ་ཡུལ་ཙམ་གཙོ་ཆེར་འཇལ་ཞིང་། འཕགས་ལམ་རང་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་པའི་བསྐྱེད་རྫོགས་ལ་འབད་པའི་སྐབས་ཡིན་པས་ཚོགས་ལམ་ཞེས་བྱའོ། །དེ་ནས་བསྐྱེད་རྫོགས་ཀྱི་ཉམས་ལེན་གོང་འཕེལ་དུ་གྱུར་པ་ལས། སྒོམ་པའི་ཉམས་མྱོང་གཙོ་བོར་གྱུར་པའི་སྒོ་ནས་མཚོན་བྱ་དོན་གྱི་གནས་ལུགས་དོན་སྤྱིའི་ཚུལ་གྱིས་འཇལ་བ་སྦྱོར་ལམ་བཞི་སྐྱེ་བར་འགྱུར་ཏེ། དེ་ཡང་མཐོང་ལམ་ཡེ་ཤེས་མེ་ལྟ་བུ་འབྱུང་བའི་སྔ་ལྟས་མཚོན་བྱེད་དཔེ་ཡི་ཡེ་ཤེས་རྒྱུད་ལ་དང་པོར་སྐྱེས་པ་ན་སྦྱོར་ལམ་དྲོད་ཅེས་བྱ་ལ། དེ་ཡང་དག་མཉམ་བདེན་པ་དབྱེར་མེད་ཀྱི་གནས་ལུགས་རྟོགས་པའི་ཤེས་རབ་དང་དེའི་གྲོགས་སུ་དད་སོགས་དང་བཅས་པའི་དབང་པོ་ལྔ་ཡི་རང་བཞིན་ཅན་ཡིན་ནོ། །དེ་གོང་འཕེལ་དུ་གྱུར་པ་ལས་དད་སོགས་ལྔ་སྟོབས་སུ་འགྱུར་མ་ནུས་ཀྱང་། དགེ་རྩ་གཡོ་བའི་ནང་ན་རྩེ་མོར་གྱུར་པ་སྦྱོར་ལམ་རྩེ་མོའི་རྟོགས་པ་སྐྱེའོ། །རྩེ་མོའི་སྐབས་ཀྱི་དབང་པོ་ལྔ་པོ་རང་རང་གི་མི་མཐུན་ཕྱོགས་ཀྱིས་བརྫི་མི་ནུས་པའི་སྟོབས་ལྔའི་རང་བཞིན་ཅན་གྱི་མངོན་རྟོགས་རྒྱུད་ལ་ནམ་སྐྱེས་པ་ན་སྦྱོར་ལམ་བཟོད་པ་ཞེས་བྱ་སྟེ། ཆོས་ཉིད་དོན་གྱི་གནས་ལུགས་ལ་ཉམས་མྱོང་ཁྱད་པར་ཅན་གྱི་སྒོ་ནས་བློས་ལྕོགས་པས་ན་དེ་སྐད་དུ་བྱའོ། །དེ་གོང་འཕེལ་དུ་གྱུར་པ་ལས་དོན་གྱི་ཡེ་ཤེས་དངོས་སུ་འདྲེན་ནུས་པའི་དཔེ་ཡི་ཡེ་ཤེས་མཐར་ཐུག་པ་རྒྱུད་ལ་སྐྱེས་པ་ནི་ཆོས་མཆོག་ཅེས་བྱ་སྟེ། འཇིག་རྟེན་པའི་ལམ་ལ་དེ་བས་མཆོག་གཞན་མེད་པར་དེས་འཕགས་ལམ་འདྲེན་ཐུབ་པས་དེ་སྐད་ཅེས་བྱའོ། །དེ་ལྟར་སྦྱོར་ལམ་འདི་དག་གིས་མཐོང་ལམ་ལ་སྦྱོར་བས་ན་མིང་དེ་སྐད་གདགས་སོ། །སྦྱོར་ལམ་ཡིན་མིན་གྱི་ས་མཚམས་ཀྱང་དཔེ་ཡི་ཡེ་ཤེས་རྒྱུད་ལ་སྐྱེས་མ་སྐྱེས་ཀྱི་སྒོ་ནས་འཛིན་དགོས་ཀྱི། བསྐྱེད་རིམ་ཚོགས་ལམ་དང་། རྡོར་བཟླས་སོགས་རྫོགས་རིམ་སྦྱོར་ལམ་ནས་ཉམས་སུ་ལེན་པར་བཤད་པའང་། རིམ་གྱིས་པ་ལ་དེ་ལྟར་འོང་བ་ཡོད་ཀྱང་མཐའ་གཅིག་ཏུ་དེ་ལྟར་ངེས་པ་མེད་དེ། དབང་དུས་ན་ཡེ་ཤེས་ངོ་འཕྲོད་པ་སོགས་ཀྱིས་རྟོགས་གོམས་གཅིག་ཅར་བ་སྲིད་པའི་ཕྱིར་དང་། དང་པོ་ནས་ཀྱང་བསྐྱེད་རྫོགས་ཟུང་འབྲེལ་དུ་ཉམས་སུ་ལེན་པ་ཡོད་པའི་ཕྱིར་དང་། སྣང་སྟོང་ཆུ་ཟླའི་ཚུལ་དུ་ཤེས་པའི་བསྐྱེད་རིམ་ཟབ་མོས་དཔེའི་ཡེ་ཤེས་འདྲེན་པར་སྲིད་པའི་ཕྱིར་དང་། རྡོར་བཟླས་སོགས་ལ་རྣལ་འབྱོར་དུ་བྱས་ཀྱང་དཔེ་ཡི་ཡེ་ཤེས་མ་འདྲོང་བར་ཚོགས་ལམ་ཙམ་དུ་གནས་པའི་སྐབས་སྲིད་པའི་ཕྱིར་ན། རྒྱུད་སྡེ་སོ་སོར་བསྟན་པའི་བསྐྱེད་རྫོགས་ཀྱི་ཚུལ་གང་ཉམས་སུ་བླངས་ཀྱང་རུང་། དོན་ལ་དཔེ་ཡི་ཡེ་ཤེས་རྒྱུད་ལ་ནམ་སྐྱེས་པ་དེ་ལ་སྔགས་ཀྱི་སྦྱོར་ལམ་ཞེས་བྱ་བ་གནད་ཀྱི་དོན་ཏོ། །དཔེ་ཡི་ཡེ་ཤེས་དེ་ལའང་སྦྱོར་ལམ་སྔ་མ་གཉིས་སུ་རི་མོར་བྲིས་པའི་ཟླ་བ་ལྟ་བུ་རྗེས་མཐུན་པ་དང་། ཕྱི་མ་གཉིས་སུ་ཆུ་ནང་གི་ཟླ་གཟུགས་ལྟ་བུར་མཚན་ཉིད་པ་གཉིས་སུ་ཡོད་དོ། །དེ་ལྟར་སྦྱོར་ལམ་གྱི་རྟོག་པ་མཐར་ཐུག་པ་དེས་མཚོན་བྱ་དོན་གྱི་ཡེ་ཤེས་ནམ་མཁའི་ཟླ་བ་དངོས་ལྟ་བུའི་རང་མཚན་དེ་ཉིད་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པར་མཐོང་བའི་མཐོང་ལམ་དྲངས་ནས་ཆོས་ཉིད་ཀྱི་བདེན་པ་མངོན་དུ་གཟིགས་པའི་ཤེས་རབ་ལ་སོགས་པ་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་དང་ལྡན་པའི་མངོན་རྟོགས་དང་ལྡན་པར་འགྱུར་རོ། །དེ་ནས་སྣང་སྲིད་དག་མཉམ་ཆེན་པོར་དངོས་སུ་གཟིགས་པའི་ཡང་དག་པའི་ལྟ་བ་སོགས་འཕགས་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་ཅན་སྔགས་ཀྱི་སྒོམ་ལམ་རྒྱུད་ལ་སྐྱེ་ཞིང་། དེ་ཡང་ས་དགུར་ཕྱེ་བའི་སྒྲིབ་པ་རྣམ་པ་དགུ་ལས། སྒོམ་སྤང་ཆེན་པོའི་ཆེན་པོའི་གཉེན་པོར་གྱུར་པའི་སློབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ས་གཉིས་པ་ཡིན་པ་སོགས་རིམ་བཞིན་སྦྱར་ཏེ། མཐར་སྒོམ་སྤང་ཆུང་ངུའི་ཆུང་ངུའི་གཉེན་པོ་ས་བཅུ་པ་ཐོབ་པའི་རྒྱུན་མཐར་སློབ་པའི་ཡེ་ཤེས་མཐར་ཐུག་པ་ན་མཐར་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གནས་ལུགས་མཐར་ཐུག་ལ་མཉམ་པར་བཞག་པའི་སྟོབས་ཀྱིས་སྒྲིབ་གཉིས་ཀྱི་ས་བོན་ཕྲ་ཞིང་ཕྲ་བའང་དྲུང་ནས་བྱུང་བའི་དེ་མ་ཐག་ཏུ་རྣམ་གྲོལ་གྱི་ལམ་ལ། འབྲས་བུའི་མཆོག་མི་སློབ་པའི་ཟུང་འཇུག་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྐུ་ཉིད་དུ་སངས་རྒྱས་པར་འགྱུར་རོ། །དེ་ཡང་ས་དེ་དག་གི་མིང་ནི་ཕར་ཕྱིན་ཐེག་པ་དང་མཐུན་ལ། སོ་སོའི་ཡོན་ཏན་དང་རྟགས་ཚད་རྣམས་ཀྱང་མདོ་སྔགས་མཐུན་པར་གཞུང་རྣམས་ལས་ཇི་སྐད་གསུངས་པ་བཞིན་དུ་ངེས་པར་བྱའོ། །དེ་ལྟར་ལམ་ལྔ་པོ་དེ་ནི་ཆོས་ཉིད་མཉམ་པ་ཉིད་གནས་ལུགས་དོན་གྱི་འོད་གསལ་མཐོང་ཚུལ་ལས་རྣམ་པར་བཞག་པ་སྟེ། འདི་ལྟར་ཚོགས་ལམ་ན་ཐོས་བསམ་གྱིས་གོ་ཡུལ་ཙམ་གྱི་འོད་གསལ་དང་། སྦྱོར་ལམ་དཔེ་ཡི་འོད་གསལ། མཐོང་ལམ་དོན་གྱི་འོད་གསལ། སྒོམ་ལམ་སློབ་པའི་འོད་གསལ། མི་སློབ་ལམ་ན་མཐར་ཐུག་གི་འོད་གསལ་ཉིད་ཡོད་པ་ཤེས་པར་བྱ་ལ། འཕགས་པའི་སར་ཆོས་དབྱིངས་མངོན་སུམ་གཟིགས་ཚུལ་ཙམ་ལ་ཁྱད་མེད་ཀྱང་། གསལ་སྣང་གོང་ནས་གོང་དུ་ཐོབ་ཚུལ་ལ་ཁྱད་པར་ཆེ་ན་ཡང་དེ་ནི་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ལས། བར་སྣང་གི་བྱ་རྗེས་བཟུང་དུ་མི་ནུས་པ་ལྟར་ཐོས་བསམ་གྱི་བློས་སོ་སོར་བསམ་པར་མི་ནུས་ཀྱང་། གསལ་སྣང་ཐོབ་ཚུལ་ལ་བརྟེན་ནས་རྗེས་ཐོབ་ཀྱི་ངེས་པ་སྐྱེ་ཚུལ་དང་སྤང་རྟོགས་ཀྱི་ཡོན་ཏན་འཕགས་ཚུལ་ལས་བརྩམས་ཏེ་ས་བཅུའི་ཁྱད་པར་གཏན་ལ་འབེབས་པ་ཡིན་ནོ། །དེ་ལྟར་ཆོས་ཉིད་ལ་གསལ་སྣང་གོང་ནས་གོང་དུ་འཕེལ་བའི་ཁྱད་པར་ལས་སྣང་སྲིད་དག་པར་མཐོང་བའི་ཚུལ་ཀྱང་འདི་ལྟར་ཚོགས་ལམ་དུ་མོས་པའི་ལྷ་སྐུ། སྦྱོར་ལམ་རླུང་སེམས་ཀྱི་ལྷ་སྐུ། མཐོང་ལམ་འོད་གསལ་གྱི་ལྷ་སྐུ། སྒོམ་ལམ་སློབ་པའི་ཟུང་འཇུག་གི་ལྷ་སྐུ། མཐར་ཐུག་མི་སློབ་པའི་ཟུང་འཇུག་གི་ལྷ་སྐུ་ཞེས་རྣམ་པར་བཞག་པ་སྟེ། འདི་ལྟ་བུའི་ཚུལ་གཉིས་པོ་འདིས་ཀྱང་དག་པ་དང་མཉམ་པ་ཆེན་པོའི་དོན་ལམ་གྱིས་ཇི་བཞིན་གཏན་ལ་ཕབ་པ་ཡིན་ལ། དག་མཉམ་བདེན་པ་དབྱེར་མེད་ཀྱི་དོན་རེས་འཇོག་མེད་པར་གཅིག་ཆར་མངོན་དུ་གྱུར་པ་ནི་མི་སློབ་མའི་ཟུང་འཇུག་ཅེས་སངས་རྒྱས་ཀྱིས་ས་རྣམ་པར་བཞག་སྟེ། དེ་ལ་ངོ་བོའི་ཆ་ནས་བདེན་གཉིས་དབྱེར་མེད་པའི་ཡེ་ཤེས་ཀྱི་སྐུ་ཡིན་པས་ཐ་དད་མིན་ན་ཡང་། སྐུ་གསུམ་གྱི་ལྡོག་ཆ་ནས་ཀུན་ཏུ་འོད་དང་། པདྨ་ཅན་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ཞེས་བཞག་གོ། །སྐུ་གསུམ་དང་སྦྱར་ལུགས་ཀྱི་བཞེད་པ་མི་འདྲ་བ་ཡོད་ཀྱང་དོན་ལ་གང་ལྟར་ཀྱང་འགལ་བ་མེད་དེ། འདི་གསུམ་ལ་སྤང་རྟོགས་མཐོ་དམན་མེད་པར་ལྡོག་ཆས་ཕྱེ་བ་ཙམ་དུ་འདོད་པ་མཐུན་པས་སོ། །གཞན་ཡང་བདེ་བ་ཆེན་པོ་དང་། ཡེ་ཤེས་བླ་མའི་ས་ལ་སོགས་པ་རྣམ་གཞག་མི་འདྲ་བ་དག་ཀྱང་ཚུལ་དེ་དང་འདྲ་བར་ཟད་དོ། །ས་ལམ་འདི་དག་ཐབས་ལམ་དང་སྦྱར་ན་འཁོར་ལོ་ལྔའི་རླུང་སེམས་ལས་སུ་རུང་བ་ལས་ལམ་ལྔའི་ཡོན་ཏན་སྐྱེ་བ་དང་། དབུ་མར་རོ་རྐྱང་གི་མདུད་པ་ཉེར་གཅིག་གྲོལ་བ་ལས་ས་བཅུ་གཅིག་གི་ཡེ་ཤེས་འཆར་བའི་ཚུལ་སྔགས་རྒྱུད་སྤྱི་ལས་གྲགས་པ་བཞིན་ནོ། །སྤྱིར་སྔགས་ཀྱི་ས་ལམ་འདི་ལ་རྒྱུ་ཡི་ས་དང་འབྲས་བུའི་སའི་ཚུལ་གྱིས་དབྱེ་བ་དང་། གྲངས་འདྲེན་ཚུལ་དང་མིང་གི་ཁྱད་པར་སོགས་མི་འདྲ་བ་དུ་མ་རྒྱུད་སོ་སོར་གསུངས་ཏེ། དགའ་བཞི་ཁོ་ན་ལའང་ལམ་ལྔ་སྦྱར་བ་ལྟ་བུའི་རྣམ་གཞག་སྣ་ཚོགས་ཡོད་ཀྱང་། དོན་དུ་ལམ་བགྲོད་ཚུལ་ལ་ཐམས་ཅད་ཁྱད་མེད་པར་ཚུལ་འདིར་དགོངས་གནད་གཅིག་པ་ཉིད་དུ་ཤེས་པར་བྱའོ། །དེ་ལྟ་བུའི་ལམ་དེ་རིག་འཛིན་རྣམ་པ་བཞི་དང་སྦྱར་བ་ལ་བཞེད་ཚུལ་མི་འདྲ་བ་ཡོད་དེ། ཀུན་མཁྱེན་ཆེན་པོས་ནི། མོས་སྤྱོད་ཀྱི་ལམ་མཐར་ཐུག་པ་ན་ཡིད་ལྷའི་རྣལ་འབྱོར་དུ་སྨིན་ཀྱང་། ལུས་རྣམ་སྨིན་གྱི་གཟུགས་ལས་གནས་མ་གྱུར་པ། ལུས་རྒྱ་དང་བྲལ་ནས་ཕྱག་རྒྱ་ཆེན་མཐོང་ལམ། མཆན། པོའི་སྐུ་ཐོབ་པ་རྣམ་སྨིན་རིག་འཛིན། མཐོང་ལམ་ཡན་ཆད་སློབ་པའི་ལམ་ན་རྣམ་སྨིན་གྱི་ལུས་རྡོ་རྗེའི་ལུས་སུ་གནས་གྱུར་ཞིང་ལུས་དེ་མ་སྤངས་པར་སངས་རྒྱས་ཀྱི་སར་སྦྱོར་ལ། ཕུང་པོའི་ཟག་པ་མེད་ཅིང་ཡེ་ཤེས་ཀྱི་གཟིགས་པ་དང་ལྡན་པ་ཚེ་དབང་རིག་འཛིན། འཕགས་པ་སློབ་པའི་ལམ་ཁྱད་པར་ཅན་གང་ཞིག་རང་ལུས་གང་བསྒོམས་པའི་ལྷར་གྱུར་ཏེ་སངས་རྒྱས་དང་མཛད་པ་ཆ་འདྲ་ཡང་སྒྲིབ་པ་མཐའ་དག་མ་ཟད་པས་མཐར་འབྲས་དངོས་མ་ཐོབ་པ་ཕྱག་ཆེན་རིག་འཛིན། སྤང་རྟོགས་མཐར་ཕྱིན་ནས་མི་སློབ་པ་མངོན་དུ་མཛད་པ་ལྷུན་གྲུབ་རིག་འཛིན་དུ་བཞེད། བཀའ་སྡེ་ཟུར་པས་ནི་རིག་འཛིན་བཞི་ག་འཕགས་པ་སློབ་པའི་སས་བསྡུས་པར་བཞེད་དེ། ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་བློའི་ནུས་སྟོབས་ཆེ་ཆུང་གིས་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱོང་བར་ནུས་པ་རྣམ་སྨིན་རིག་འཛིན། སྦྱོང་ནུས་ཏེ་སྐྱེ་འཇིག་མེད་པ་དྭངས་མའི་ལུས་སུ་གྱུར་པ་ཚེ་དབང་རིག་འཛིན་ཏེ་མཐོང་ལམ་ལ་གཉིས་སུ་དབྱེ་ཞིང་། སྒོམ་ལམ་པ་ཡེ་ཤེས་སྒྱུ་མའི་སྐུ་ཅན་ཕྱག་ཆེན་རིག་འཛིན་སློབ་ལམ་མཐར་ཕྱིན་ནས་སངས་རྒྱས་སུ་འགྱུར་མ་རག་པ་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཆ་ལུགས་འཛིན་པ་ལྷུན་གྲུབ་རིག་འཛིན་དུ་བཞེད་དོ། །ངེས་ཚིག་ནི་བིདྱ་དྷ་རའི་སྒྲ་ལས་དྲངས་ན། བིད་ཡ་ནི་རིག་པ་སྟེ་ཤེས་རབ་ཡེ་ཤེས་ཀྱི་བདག་ཉིད་ཅན་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དྷ་ར་ནི་འཆང་བ་སྟེ་དེ་ལྟ་བུའི་དོན་རང་རྒྱུད་ལ་འཆང་ཞིང་ལྡན་པའོ། །དེས་ན་རིག་འཛིན་བཞི་འདི་ས་མཚམས་གང་ལྟར་སྦྱར་ཀྱང་འགལ་བ་མེད་དེ་བསྙེན་སྒྲུབ་ཡན་ལག་བཞི་ལ་སོགས་པ་བཞིན་ནོ། །སྔགས་གྲུབ་པ་ལའང་དེའི་སྒྲ་འཇུག་སྟེ་འདོད་གཟུགས་ཀྱི་རིག་འཛིན་དང་རལ་གྲིའི་རིག་འཛིན་ཞེས་པ་ལ་སོགས་པ་བཞིན་ནོ། །གཞན་ཡང་སར་ཆུད་པ། ས་ལ་གནས་པ། སར་སྨིན་པའི་རིག་འཛིན་གསུམ་དང་། སྒོམ་ལམ་ཁོ་ན་ལའང་། རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་རལ་གྲིའི་རིག་འཛིན་ལྔར་ཕྱེ་བ་ལ་སོགས་པ་དུ་མ་ཡོད་པ་ཡིན་ནོ། །གསུམ་པ་གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་ནི། དུས་གསུམ་རྒྱལ་བའི་ཐུགས་ཆུད་པའི། །དངོས་གྲུབ་མཆོག་གི་སྙིང་པོ་ནི། །ཟད་པའི་དུས་མེད་ཡིད་བཞིན་མཛོད། །འཕེལ་འགྲིབ་མེད་པར་འབྱུང་བ་སྟེ། །ཞེས་དང་། གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་དང་། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ཅེས་སོགས་ཀྱིས་བསྟན་པ་ལྟར་ལམ་བསྒོམས་པའི་སྟོབས་ཀྱིས་གློ་བུར་བའི་དྲི་མ་བག་ཆགས་དང་བཅས་པ་རྩད་ནས་སྤངས་པ་ན། གཞི་དག་མཉམ་དབྱེར་མེད་ཆེན་པོ་རང་བཞིན་གྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་མངོན་དུ་གྱུར་པ་སྟེ། དེ་ཡང་ཆོས་ཐམས་ཅད་དབྱེར་མེད་པར་མངོན་པར་རྫོགས་པར་བྱང་ཆུབ་པ་རང་བྱུང་གི་ཡེ་ཤེས་ཉག་གཅིག་གི་ངོ་བོར་གྱུར་པ་རྡོ་རྗེ་ལྟ་བུའི་སྐུ། བདེ་བ་ཆེན་པོ་རྟག་ཁྱབ་ཀྱི་རང་བཞིན། རྣམ་པ་ཐམས་ཅད་པར་འཆར་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་མངའ་བདག །འབྲས་བུ་མཐར་ཕྱིན་པ་མི་སློབ་པའི་ཟུང་འཇུག་གི་བདག་ཉིད་ཡིན་ལ། དེའི་ཁྱད་པར་མདོར་བསྡུ་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལྔ་སྟེ་འབྲས་ཆོས་ཉེར་ལྔའི་རང་བཞིན་དང་། དེ་ཡང་བསྡུས་ན་རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་ཏེ་གསུམ་གྱི་རྣམ་པར་འདུ་ལ། རྒྱས་པར་ཕྱེ་ན་ཆོས་ཀྱི་དབྱིངས་ཀུན་ནས་འགེངས་པའི་ཤེས་བྱའི་རྣམ་པ་ཐམས་ཅད་དང་མཚུངས་པར་ཡོན་ཏན་གྱི་ཁྱད་པར་ཚད་དཔག་ཏུ་མེད་པའི་སྒོ་ནས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཕན་བདེའི་མཛད་པ་ནམ་མཁའ་ཇི་སྲིད་དུ་རྟག་ཁྱབ་ལྷུན་གྱིས་གྲུབ་པར་འཇུག་པ་ཡིན་ནོ། །ཅི་ཕྱིར་འབྲས་བུའི་རྒྱུད་ཅེས་བྱ་ན། དོན་དུ་གཉེར་བྱ་བླ་ན་མེད་པའི་མཐར་ཐུག་པ་ཡིན་པས་སམ། དེ་ཡང་སྣང་ཚུལ་ལ་གློ་བུར་དྲི་མ་ལམ་གྱིས་གསལ་སྟོབས་ཀྱིས་མངོན་དུ་གྱུར་བས་ན་འབྲས་བུ་ཞེས་བྱ་ཞིང་། ནམ་ཡང་རྒྱུན་མི་འཆད་པས་ན་རྒྱུད་ཅེས་བྱའོ། །གཉིས་པ་ལམ་རྒྱུད་བྱེ་བྲག་ཏུ་བཤད་པ་ལ། དབྱེ་བསྡུའི་རིམ་པ་སྣ་ཚོགས་གསུང་ཚུལ་དང་། སྐབས་ཀྱི་དོན་བཤད་པའོ། །དང་པོ་ལ་རྡོ་རྗེ་ཐེག་པའི་ལམ་གྱི་ཚུལ་འདི་དག་རྒྱུད་དང་དགོངས་འགྲེལ་ཆེན་པོ་རྣམས་ལས་དབྱེ་བསྡུའི་ཚུལ་སྣ་ཚོགས་སུ་གསུངས་ཏེ། གསང་སྔགས་ཀྱི་ལམ་ནི་ཐབས་ཤེས་གཉིས་སུ་མེད་པའི་རྣལ་འབྱོར་གཅིག་པུའི་རྣམ་པར་བསྟན་པ་དང་། ཡང་བསྐྱེད་རྫོགས་གཉིས་སམ་ཐབས་གྲོལ་གཉིས་སོགས་ཀྱི་ཚུལ་དུ་བཤད་པ་དང་། ཡང་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་གསུམ་མམ། ལྟ་སྒོམ་སྤྱོད་པ་གསུམ་དང་། བསྙེན་སྒྲུབ་ལས་གསུམ་ལ་སོགས་པ་གསུམ་ཚན་གྱི་རྣམ་པར་བཤད་པ་དང་། ཡང་རྡོ་རྗེ་བཞི་ཡི་ཡེ་ཤེས་ལམ་དུ་བྱེད་པའི་རྣལ་འབྱོར་གྱི་རིམ་པ་བཞི་དང་། སངས་རྒྱས་ཀྱི་སྐུ་གསུང་ཐུགས་མཛད་པ་དང་བཅས་པ་ལམ་དུ་བྱེད་པའི་ཆ་ནས་ཕྱག་ཆེན་དང་ཆོས་དང་དམ་ཚིག་དང་ལས་ཀྱི་ཕྱག་རྒྱ་རྣམ་པ་བཞིའི་ཆིང་གིས་བཅིང་སྟེ་བསྟན་པ་དང་། ཡང་དབང་དང་དམ་ཚིག་དང་ལྟ་བ་དང་སྒྲུབ་པ་དང་ཕྲིན་ལས་ཏེ་རྣམ་པ་ལྔའི་ཁོངས་སུ་ལམ་ཀུན་བསྡུས་ནས་འཆད་པ་དང་། ཡང་གསང་སྔགས་ནི་བསླབ་རྫོང་འཕྲེང་། མཆན། པའི་མཐའ་དྲུག་ཏུ་འཆད་དེ། གཞི་དམ་ཚིག་གིས་བཟུང་། ཐག་ལྟ་བས་བཅད། ལ་སྤྱོད་པས་དོར། རིམ་པ་དབང་གིས་བགྲོད། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་། དོན་མན་ངག་གིས་སྒྲུབ་པའོ། །ཞེས་གསུངས། ཡང་ལྟ་སྤར་ཁབ། བ། སྤྱོད་པ། ཏིང་ངེ་འཛིན། དབང་། དམ་ཚིག །ཕྲིན་ལས། སྒྲུབ་པ་བདུན་གྱི་སྒོ་ནས་འཆད་པ་དང་། ཡང་བདུན་པོ་དེའི་སྟེང་དུ་དཀྱིལ་འཁོར་བསྣན་ཏེ་བརྒྱད་དུ་བྱེད་པ་དང་། ཡང་དཀྱིལ་རོང་ཟོམ། འཁོར་དམ་ཚིག་སྒྲུབ་དབང་དང་ཕྲིན་ལས་ཏེ་གཞི་རྣམ་པ་ལྔ། སྔགས་དང་ཕྱག་རྒྱ་ཏིང་འཛིན་མཆོད་པ་སྟེ་ཡན་ལག་བཞི་དང་དགུར་འཆད་དེ་ལྟ་སྤྱོད་ནི་ཐམས་ཅད་ལ་ཁྱབ་བྱེད་དུ་འགྲོ་བས་ལོགས་སུ་མ་སྨོས་པའོ། །ཡང་ལྟ་བ་དང་སྤྱོད་པ་དང་དཀྱིལ་འཁོར་དང་དབང་དང་དམ་ཚིག་དང་མཆོད་པ་དང་སྔགས་དང་ཏིང་འཛིན་དང་ཕྲིན་ལས་དང་སྒྲུབ་པ་སྟེ་རྒྱུད་ཀྱི་དངོས་པོ་བཅུའི་ཁོངས་སུ་ལམ་ཀུན་བསྡུས་ཏེ་སྟོན་ཞིང་སྔགས་དང་ཕྱག་རྒྱ་ནི་ཚན་གཅིག་ཏུ་བསྡུ་བར་མཛད་དོ། །དེ་ལྟར་དབྱེ་བསྡུ་སྣ་ཚོགས་པ་དེ་དག་ཀྱང་རང་རང་གི་སྐབས་ཀྱི་བཤད་བྱ་གཙོ་བོར་བཟུང་ནས་གཞན་དེའི་ཡན་ལག་ཏུ་བསྟན་པའི་སྒོ་ནས་ཚུལ་བཞིན་བཤད་ན་གང་ལྟར་ཀྱང་གསང་སྔགས་ཀྱི་ལམ་ཀུན་ལ་ཁྱབ་པར་འཆད་ནུས་པས་ན་ཁྱད་མེད་དོ། །གཉིས་པ་སྐབས་ཀྱི་དོན་རང་ལུགས་སུ་ནི་རྒྱས་པའི་དབྱེ་སྒོ་ལྟར་འཆད་ན་བདེ་བས། རྒྱུད་ཀྱི་དངོས་པོ་བཅུ་གཅིག་གམ་བསླབ་པའི་མཐའ་བཅུ་གཅིག་གི་ཚུ ལ་དུ་འཆད་དེ། དེ་ཁོ་ན་ཉིད་ལྟ་བ། མི་གཡོ་བ་ཏིང་འཛིན། ལ་དོར་བ་སྤྱོད་པ་གསུམ་དང་། བཀོད་པ་དཀྱིལ་འཁོར། རིམ་པ་བགྲོད་པ་དབང་། མི་འདའ་བ་དམ་ཚིག་གསུམ་དང་། དོན་དུ་གཉེར་བ་བསྒྲུབ་པ། གནས་སུ་སྟོབ་པ་མཆོད་པ། རོལ་པ་ཕྲིན་ལས་ཏེ་གསུམ་དང་། འཆི་བ་ཕྱག་རྒྱ་དང་། ཟློས་པ་སྔགས་ཏེ་ས་བཅུ་གཅིག་གི་གྲངས་དང་མཚུངས་པར་བཞག་གོ། །དེ་དག་སོ་སོར་འཆད་པའི། དང་པོ་ལྟ་བ་ནི། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབ་དང་མངོན་སུམ་པར། །རབ་ཏུ་རྟོག་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་སོགས་གསུངས་པ་ལྟར། དག་མཉམ་ཆེན་པོའི་ལྟ་བ་ནི་སྔགས་བླ་མེད་ཀྱི་ལམ་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་བསླབ་པ་གཞན་ཀུན་དེའི་རྗེས་སུ་འབྲང་དགོས་པས་ལྟ་བ་ཉིད་ཤིན་ཏུ་གལ་ཆེ་བས་ན་དེ་ཅུང་ཟད་རྒྱས་པར་བཤད་པ་ལ། ངོ་བོ་དང་། དབྱེ་བ་དང་། དེའི་ཚུལ་བསྒྲུབ་པ་དང་། དགོས་པ་དང་བཞི་ལས། དང་པོ་ལ་ཐུན་མོང་སྤྱིར་བསྟན་པ་དང་། ཐུན་མིན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། དྲྀཥྚའི་སྒྲ་ལས་དྲངས་ན་ལྟ་བ་ཞེས་བྱ་སྟེ། གཞལ་བྱའི་ཡུལ་གང་ལ་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་ནས་མཐའ་གཅིག་ཏུ་ངེས་པར་འཛིན་བའི་བློའོ། །དེ་ལའང་ཤེས་རབ་ཀྱི་ཁྱད་པར་ལས་ཡུལ་ཇི་བཞིན་པར་གཏན་ལ་ཕེབ་མ་ཕེབ་ཀྱི་ཚུལ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་བ འི་ལྟ་བའི་རིམ་པ་སྣ་ཚོགས་སུ་གནས་ཏེ། རྒྱུད་འདི་ལས། མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་གསུངས་པ་བཞིན་སྣང་ཚུལ་འདི་ལ་བདེན་པར་ཞེན་པའི་བདག་དང་ཆོས་སུ་ལྟ་བ་ལ་གནས་པ་ཙམ་ལས་གྲུབ་མཐའི་དཔྱད་པ་གཞན་མ་ཞུགས་པའི་འཇིག་རྟེན་ཕལ་པ་ནས་བརྩམས་ཏེ་སྣང་སྲིད་དག་མཉམ་ཆེན་པོ་རང་བཞིན་གཞི་ཡི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་གཏན་ལ་ཕབ་པ་དཔལ་ལྡན་གསང་བའི་སྙིང་པོའི་གྲུབ་པའི་མཐའི་བར་དུ་གོང་ནས་གོང་དུ་འཕགས་པའི་ཚུལ་གྱི་གནས་པ་ཡིན་ནོ། །གཉིས་པ་ནི། ལྟ་བ་ཐམས་ཅད་ཀྱི་ཡང་རྩེ། གྲུབ་མཐའ་ཐམས་ཅད་ཀྱི་མཐར་ཐུག །ལམ་ཐམས་ཅད་ཀྱི་སྐྱེལ་སོ་ཐེག་པ་བླ་ན་མེད་པ་འདི་པའི་ལུགས་ཀྱི་ལྟ་བ་ཐུན་མོང་མིན་པ་ནི། སྣང་སྲིད་དག་མཉམ་ཆེན་པོར་ངེས་པའི་བློ་ཡིན་ནོ། །དེ་ཡང་ལྟ་བ་ཞེས་པ་གཏན་ལ་དབབ་བྱའི་དོན་དེ་ངེས་བཟུང་གི་རྣམ་པ་ཅན་ཞིག་ལ་འཇོག་པས་གཙོ་བོར་རྗེས་ཐོབ་ཀྱི་ངེས་ཤེས་ལ་བཞག་དགོས་ཏེ། མཐོང་ལམ་མཉམ་བཞག་ལྟ་བུ་ལ་ཤེས་རབ་དང་ཡེ་ཤེས་ཀྱི་མིང་གིས་གདགས་ཀྱི་ལྟ་བ་ཞེས་ཆེར་མ་བརྗོད་ཀྱང་། ཡང་དག་པའི་དོན་མཐོང་བའི་ཆ་ནས་ལྟ་བའི་མིང་བཏགས་ཀྱང་འགལ་བ་མེད་མོད། །འོན་ཀྱང་འཕགས་པའི་མཉམ་བཞག་གི་སྐབས་ན་ཆོས་དབྱིངས་གཟིགས་པའི་ཚུལ་ནི་སོ་སོ་རང་གིས་རིག་པར་བྱ་བ་ལས་སྒྲ་རྟོག་གི་ཡུལ་ལས་འདས་ཀྱང་། མཉམ་བཞག་ཏུ་གསལ་སྣང་ཐོབ་ཚུལ་ལས་རྗེས་ཐོབ་ཏུ་ངེས་པ་ཤུགས་ཀྱིས་འདྲེན་ཚུལ། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །ཅེས་སོགས་གསུངས་པ་ལྟར། རྗེས་ཀྱི་ངེས་པ་ལས་སའི་ཁྱད་པར་དང་འཕགས་པ་རྣམས་ཀྱི་ཡང་དག་པའི་ལྟ་བ་བཞག་པ་བཞིན་དུ། འདིར་ནི་དབང་དུས་ཀྱི་ཡེ་ཤེས་འཕོ་བ་དང་ལམ་ཁྱད་པར་བ་གོམས་པའི་མཐུ་ལས་ཟུང་འཇུག་སྤྲོས་བྲལ་ཆེན་པོའི་དོན་ལ་མཉམ་པར་བཞག་ཅིང་། དེའི་སྟོབས་ཀྱིས་རྗེས་ཐོབ་ཏུ་སྣང་སྲིད་དག་མཉམ་ཆེན་པོར་ངེས་པ་འདི་སྔགས་ཀྱི་ལྟ་བ་ཐུན་མིན་ཡིན་ཏེ། བདེན་པ་གཉིས་ཀྱི་དོན་ལ་ངེས་པ་ཁྱད་པར་ཅན་དུ་གྱུར་པ་དངོས་སྟོབས་ཀྱི་གྲུབ་པའི་ཕྱིར་རོ། །གཉིས་པ་དབྱེ་བ་ལ། སྔ་འགྱུར་གྱི་རྒྱུད་སྡེ་རྣམས་ནས་ཡོངས་སུ་གྲགས་པ་ལྟར། ཆོས་ཅན་ལྟ་བའི་ལྟ་བ། ཆོས་ཉིད་ལྟ་བའི་ལྟ་བ། རང་རིག་ལྟ་བའི་ལྟ་བ་གསུམ་དུ་ཡོད་ལ། དེ་གསུམ་ནི་སྐབས་འདིར་མ་ཟད་ལྟ་བ་ཐམས་ཅད་ཀྱི་ཁྱབ་བྱེད་ཀྱང་ཡིན་ཏེ། ཐ་སྙད་ཀྱི་ཡུལ་ཅན་དང་། དོན་དམ་པའི་ཡུལ་ཅན་དང་། བདེན་གཉིས་དབྱེར་མེད་པར་ངེས་པའི་ཡུལ་ཅན་གྱི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་རོ། །འོན་ཀྱང་སྐབས་འདིའི་དེ་གསུམ་ནི་ཐུན་མོང་མིན་པའི་ཚུལ་དུ་གནས་ཏེ། དེ་ལ་ཆོས་ཅན་ལྟ་བ་ནི་སྣོད་བཅུད་རྟེན་བརྟེན་པའི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དག་པ་ཆེན་པོར་ལྟ་བ་ཡིན་ལ། ཆོས་ཉིད་ལྟ་བ་ཆོས་ཐམས་ཅད་དབྱེར་མེད་མཉམ་པ་ཆེན་པོར་ལྟ་བ་དང་། ལྷག་པའི་བདེན་པ་དག་མཉམ་གཉིས་པོ་དབྱེར་མེད་པ་ཆོས་སྐུ་ཆེན་པོར་སོ་སོར་རང་གིས་རིག་པར་བྱ་བ་ནི་རང་རིག་ལྟ་བའི་ལྟ་བ་ཡིན་ནོ། །གསུམ་པ་དེའི་ཚུལ་རིགས་པས་སྒྲུབ་པ་ལ། མདོ་ལས་སྔགས་ཀྱི་ལྟ་བ་འཕགས་ཚུལ་སྒྲུབ་པ་དང་། ཁྱད་པར་འཕགས་པ་སྔགས་ཀྱི་ལྟ་བ་ཟབ་མོ་ཉིད་སྒྲུབ་པའོ། །དང་པོ་ལ་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་ཡོད་དམ་མེད་ཅེ་ན། གཞལ་བྱ་ཆོས་དབྱིངས་སྤྲོས་བྲལ་དུ་གཏན་ལ་འབེབས་པ་ཙམ་ལ་ཁྱད་མེད་ཀྱང་། ཆོས་དབྱིངས་མཐོང་ཚུལ་གྱི་ཡུལ་ཅན་ལ་ཁྱད་ཡོད་ལ། ལྟ་བ་ནི་ཡུལ་ཅན་གྱི་ངོས་ནས་འཇོག་པས་ན་ཁྱད་ཤིན་ཏུ་ཆེའོ། །དེ་ལ་ལྟ་བས་གཏན་ལ་དབབ་བྱའི་ཡུལ་ཆོས་དབྱིངས་དེ་བཞིན་ཉིད་གཅིག་མིན་ན། ཆོས་རྣམས་ཀྱི་དེ་བཞིན་ཉིད་ལ་རིགས་མི་འདྲ་བར་ཡོད་པར་ཐལ་བ་དང་། མདོ་ཡི་མཐོང་ལམ་གྱིས་དེ་བཞིན་ཉིད་མ་མཐོང་བར་ཐལ་བ་དང་། མཐའ་བཞིའི་སྤྲོས་པ་ལས་ལྷག་པའི་སྤྲོས་པ་གཅོད་རྒྱུ་རིགས་པས་གྲུབ་དགོས་པས་ན། མདོ་སྔགས་ཀྱི་མཐོང་ལམ་ཆོས་ཉིད་མངོན་སུམ་མཐོང་བ་ལ་གནད་གཅིག་པར་མཁས་གྲུབ་ཐམས་ཅད་བཞེད་པ་མཐུན་ནོ། །འོ་ན་ལྟ་བའི་ཡུལ་གཅིག་པས་ན་ལྟ་བ་འཕགས་པར་ནི་གྲུབ་སྙམ་ན་ཤིན་ཏུ་ཡང་གྲུབ་སྟེ། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པ་བཞིན་དུ་ཤེས་རབ་ཀྱིས་མ་རྨོངས་པའི་ཁྱད་པར་དང་། གནས་ལུགས་མྱུར་དུ་མཐོང་བའི་ཐབས་ཀྱི་ཁྱད་པར་མང་བ་གཉིས་ཀྱིས་འཕགས་ལ། དེ་ལ་བརྟེན་ནས་ལམ་བདེ་ཞིང་མྱུར་བས་དཀའ་བ་མེད་པ་དང་། རྟེན་གྱི་གང་ཟག་རྒྱུའི་ཐེག་པ་ཁོ་ནས་གདུལ་བྱ་རྣམས་ལས་དབང་པོ་རྣོན་པོར་གྱུར་པ་དག་གི་སྤྱོད་ཡུལ་ཡིན་པས་ཁྱད་པར་འཕགས་པའོ། །དེ་ཡང་རྒྱང་རིང་པོའི་གཟུགས་གཅིག་ལ་མིག་གསལ་བ་དང་མི་གསལ་བས་བལྟས་པ་བཞིན་དུ་མཐོང་བ་བཟང་ངན་གྱི་ཁྱད་ཡོད་པའི་ཕྱིར་ཏེ། ཇི་ལྟར་ན་མདོ་ལས་སྔགས་ནི་མཉམ་བཞག་ཏུ་གསལ་སྣང་ཐོབ་ཚུལ་དང་། རྗེས་ཐོབ་ཏུ་ངེས་པ་སྐྱེ་ཚུལ་གཉིས་ཀྱི་འཕགས་སོ། །དང་པོ་མདོ་ལམ་དུ་ཆོས་དབྱིངས་དེ་རྗེས་དཔག་ལ་བརྟེན་ནས་ཡིད་དཔྱོད་ཀྱིས་སྒོམ་ཞིང་། ཚོགས་རྒྱ་ཆེན་པོ་བསགས་པ་དང་བཅས་པས་གདོད་རིང་མོ་ཞིག་ན་མངོན་དུ་རྟོགས་པར་བྱ་བ་དེ། འདིར་རང་གི་སེམས་ཉིད་ཀྱི་སྟེང་དུ་ཡིད་དཔྱོད་དང་བྲལ་བར་ཐད་དཀར་མྱོང་བའི་ཚུལ་གྱིས་རྟོགས་ནུས་པ་སྟེ། དེ་ཡང་དབང་གིས་སྨིན་པར་བྱས་པ་དང་། མན་ངག་གི་གནད་ཁྱད་པར་ཅན་དང་ལྡན་པའི་སྟོབས་ཀྱིས་གནས་ལུགས་ལ་གསལ་སྣང་ཐོབ་པ་ན། མིག་སྨན་ལ་སོགས་པའི་སྦྱོར་བས་རྒྱང་རིང་པོའི་གཟུགས་གསལ་བར་མཐོང་བའམ། འཁྲུལ་འཁོར་བཅད་པའི་གནད་ལ་མཁས་པས་གསང་ཐག་བཀྲོལ་བ་ལ་སོགས་པ་བཞིན་ནོ། །དེ་ཡང་མདོ་ཡི་ལམ་གྱིས་ཡིད་དཔྱོད་ཀྱིས་སྒོམ་པའི་གནད་ཀྱང་མཐར་གཏུག་ན་བདེན་གཉིས་དབྱེར་མེད་ལ་འབབ་ཀྱང་། ལས་དང་པོ་བས་བདེན་གཉིས་ཟུང་འཇུག་རོ་མཉམ་དུ་ངེས་པ་དང་མྱང་བར་དཀའ་བས། མཐའ་རྣམས་སོ་སོ་ནས་བཀག་པའི་སྟོང་པར་ཞེན་པ་གཙོ་ཆེ་ཞིང་། སྔགས་སུ་ཟུང་འཇུག་འོད་གསལ་བའི་ཡེ་ཤེས་རང་སར་སྟོན་པ་སྟེ། དུས་ཀྱི་འཁོར་ལོ་ལས། དོན་སྨྲ་བའི་འདོད་པ་ལྟར་སྲིད་པ་གསུམ་པོ་རྡུལ་དང་ཤེས་པ་ཕྲ་རགས་ཀྱི་གཟུགས་སུ་གྲུབ་པ་མིན་ཏེ་འདིར་ནི་གཟུང་འཛིན་མེད་པའི་རྣམ་པར་ཤེས་པ་ཙམ་གྲུབ་བོ་ཞེས་སེམས་ཙམ་པས་འདོད་ལ། དེ་ཡང་དཔྱད་ན་རྡུལ་ཕྲན་དེ་བཞིན་དུ་རྣམ་པར་ཤེས་པ་ཉིད་ཀྱང་གྲུབ་པ་མེད་དོ། །སངས་རྒྱས་ཀྱི་ཤེས་རབ་ནི་ཆོས་གང་དུའང་གནས་པ་མ་ཡིན་ཏེ་དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་པའི་ཚིག་ནི་སངས་རྒྱས་པ་རྣམས་སྟོན་པར་འགྱུར་བ་གང་གིས། འགྱུར་མེད་ཀྱི་བདེ་བ་དང་བྲལ་ཏེ་དེ་དང་མི་ལྡན་པའི་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་ཙམ་ཡིད་ལ་བཟུང་ནས་སྟོང་པར་ལྟ་བར་བྱེད་ཅིང་དམིགས་པ་ཀུན་དང་བྲལ་མི་ནུས་པ། དེས་ན་གཙོ་བོས་ཏེ་དུས་ཀྱི་འཁོར་ལོས་གང་ཞིག་འཕོ་བའི་འགྱུར་བ་མེད་པ་ལྷན་སྐྱེས་ལུས་ཀྱི་བདེ་བ་ལུས་གནས་ལུས་ལས་མ་སྐྱེས་པ་དག་ནི་སྔགས་ཀྱི་ཐེག་པར་བསྟན་པ་ཡིན་ནོ། །ཞེས་གསུངས་པ་བཞིན་དུ་བདེ་སྟོང་ངམ་དབྱིངས་རིག་ཟུང་འཇུག་གི་དོན་རྗེན་པར་མྱོང་བ་ནི་མཉམ་བཞག་ཏུ་གསལ་སྣང་ཐོབ་པའི་ཚུལ་གྱིས་འཕགས་པ་ཡིན་ནོ། །གཉིས་པ་ནི། དེ་ལྟ་བུར་བདེ་སྟོང་ངམ་དབྱིངས་རིག་ཟུང་འཇུག་ཏུ་མྱོང་བ་ན། ཆོས་ཀུན་གྱི་གནས་ལུགས་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་དེ་ནི་རིག་པའི་ཆ་ལ་སྐུ་དང་ཡེ་ཤེས་ངོ་བོ་ཉིད་དུ་འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ་པ་ཡིན་ཏེ། གནས་ལུགས་སྣང་སྟོང་ཟུང་འཇུག་ཏུ་གྲུབ་ཅིང་སྣང་བ་ཡང་མ་དག་པ་གནས་ཚུལ་ལ་མེད་པས་ན། གནས་ལུགས་འོད་གསལ་བའི་ངང་ན་སྐུ་དང་ཡེ་ཤེས་སུ་རང་སྣང་ཞིང་། དེའི་དབྱེ་བ་ཚད་མེད་པ་གང་གཱའི་ཀླུང་གི་རྡུལ་གྱི་གྲངས་ལས་འདས་བའི་སངས་རྒྱས་ཀྱི་ཆོས་རྣམས་དང་ལྡན་པ་སྟེ། སྔགས་སུ་མ་ཟད་ཐུན་མོང་གི་ཐེག་པ་ཆེན་པོར་ཡང་འདོད་དེ། རྒྱུད་བླ་མ་ལས། གཞན་མེད་གང་གཱའི་བྱེ་མ་ལས་འདས་པ། །བསམ་མེད་མཉམ་མེད་ཡོན་ཏན་རྣམས་དང་ལྡན། །དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། །བག་ཆགས་བཅས་པའི་ཉེས་པ་རྣམ་སྤངས་པའོ། །ཞེས་ཡོངས་སུ་དག་པ་འབྲས་བུའི་དུས་ཀྱི་དབྱིངས་དང་རང་བཞིན་དུ་གནས་པའི་རིགས་ལ་ངོ་བོའི་ཆ་ནས་འགྱུར་བ་དང་བཟང་ངན་གྱི་ཁྱད་པར་མེད་པར་བསྟན་པ་ཡིན་ནོ། །དེས་ན་མཉམ་བཞག་ཏུ་ཆོས་ཉིད་ལ་གསལ་སྣང་ཐོབ་པའི་མཐུ་ལས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཆོས་ཉིད་མཉམ་པ་ཆེན་པོའི་དབྱིངས་ལས་མི་འདའ་ཞིང་མཉམ་པ་ཉིད་དུ་འདུ་འབྲལ་མེད་པའི་སྣང་བ་མ་ལུས་པ་ཡེ་ནས་དག་པའི་དོན་ལ་ངེས་པ་མཆོག་ཏུ་སྐྱེས་པ་ནི་རྗེས་ཀྱི་ངེས་ཤེས་ཁྱད་པར་ཅན་ཏེ་གསང་སྔགས་ཀྱི་ལྟ་བའོ། །དེ་ལྟར་འོད་གསལ་བའི་དབྱིངས་དེ་ཇི་ལྟ་བ་བཞིན་དུ་གཟིགས་པ་མདོ་ཡི་མཐོང་བ་ལམ་གྱི་ཡེ་ཤེས་ཐོབ་པས་ནི། མཉམ་གཞག་ཏུ་གཟུང་འཛིན་གཉིས་སུ་མེད་པའི་ཚུལ་གྱིས་ཆོས་དབྱིངས་མཉམ་པ་ཆེན་པོའི་དོན་གཟིགས་པ་ན། དེའི་ངོར་དག་མ་དག་དང་ཡོད་མེད་ལ་སོགས་པའི་སྤྲོས་པ་མི་མངའ་ཡང་། ཆོས་དབྱིངས་མངོན་དུ་མཐོང་བའི་སྟོབས་ཀྱིས། རྗེས་ཐོབ་ཀྱི་ངེས་ངོར་དག་མཉམ་ཆེན་པོའི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་ཏེ། རྒྱུད་བླ་མ་ལས་ཀྱང་། སེམས་དེ་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པས། །གང་དག་འགྲོ་ཀུན་བདག་མེད་མཐའ་ཞི་ཡང་དག་རྟོགས་ནས་ཐམས་ཅད་ལ། །རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ་སྒྲིབ་པ་མེད་པའི་བློོ་མངའ་བ། །སེམས་ཅན་རྣམ་དག་མཐའ་ཡས་ཡུལ་ཅན་ཡེ་ཤེས་གཟིགས་མངའ་དེ་ལ་འདུད། །ཅེས་གསུངས་པ་བཞིན་ནོ། །དེས་ན་རྒྱུ་འབྲས་དབྱེར་མེད་སྔགས་ཀྱི་ལམ་དག་མཉམ་ཆེན་པོའི་དོན་འདི་ལྟ་བུ་མ་རྟོགས་པར་སངས་རྒྱ་བ་ཕར་ཞོག །ཆོས་ཉིད་ཀྱི་བདེན་པ་ནི་ལྟ་བ་བཞིན་དུ་མཐོང་མི་ནུས་སོ། །འོ་ན་མདོ་ལམ་ན་སྣང་སྲིད་ཀུན་ཡེ་ནས་སངས་རྒྱས་པའི་རང་བཞིན་དག་པ་ཆེན་པོར་མ་བསྟན་པས་མདོ་ལམ་ཁོ་ནས་བདེན་པ་མཐོང་བ་མི་སྲིད་སྙམ་ན། མདོ་ལམ་ན་ཆོས་ཀུན་མཉམ་པ་ཉིད་དུ་བསྟན་པའི་དོན་དེ་བསྐལ་པ་གྲངས་མེད་གཅིག་གི་ཚོགས་བསགས་དང་ལྡན་པར་གོམས་པས་རང་ལམ་ན་སྦས་དོན་དུ་སོང་བ་ལྟ་བུའི་སྣང་སྲིད་དག་པ་ཆེན་པོ་ལའང་དུས་རིང་མོ་ཞིག་ན་ངེས་པ་རང་ཤུགས་ཀྱིས་འདྲེན་ཐུབ་སྟེ། དཔེར་ན་དག་ས་གསུམ་ན་སྣོད་བཅུད་དག་པར་མཐོང་བ་དང་། སྲིད་ཞི་མཉམ་ཉིད་དུ་རྟོགས་པ་ཡོད་པ་བཞིན་ནོ། །དག་པའི་ཉམས་ལེན་སྲིད་ཞི་མཉམ་ཉིད་དང་ཞིང་དག་སྦྱོར་གཉིས་པོ་འདི་ནི་སྔགས་ནས་བཤད་པའི་དག་མཉམ་མངོན་དུ་གྱུར་པ་ཡིན་ལ། དེས་ཐབས་མཁས་སྦྱོར་བས་མྱུར་དུ་འཚང་རྒྱ་བ་སྔགས་ཀྱི་ཐབས་རྣམས་ཀྱང་རང་སྟོབས་ཀྱིས་མངོན་དུ་བྱེད་ནུས་པ་ལྟ་བུའོ། དེར་མ་ཟད་ས་དང་པོ་ཐོབ་ནས་འདོད་ན་ཞག་བདུན་གྱིས་སངས་རྒྱ་ནུས་པར་མདོ་ལས་གསུངས་པ་བཞིན་ནོ། །དེས་ན་སྔགས་ལ་བརྟེན་ནས་མྱུར་དུ་སངས་རྒྱ་བ་དང་། སྔགས་ནས་བསྟན་པའི་དོན་རིང་མོ་ཞིག་ན་རྟོགས་པ་སྟེ་གཉིས་སུ་གནས་ཀྱི། དགོངས་པ་མི་འགལ་བར་གནད་གཅིག་ཏུ་ཤེས་པར་བྱའོ། །སྐབས་འདིར་བརྗོད་དགོས་པ་མང་ཡང་གཞན་དུ་བཤད་པར་བྱའོ། །རྒྱུ་མཚན་དེས་ན་དོན་དམ་པར་ཆོས་ཀུན་མཉམ་པ་ཆེན་པོར་གནས་ཀྱང་ཀུན་རྫོབ་ཏུ་རྒྱུ་འབྲས་སྤང་བླང་ཐ་དད་དུ་བྱེད་ཀྱི་འཁོར་བ་ཉིད་སངས་རྒྱས་སུ་མི་འདོད་པ་དེས་ན་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཞེས་བྱ་ཞིང་། དེའི་དབང་གིས་བདེན་དོན་མངོན་སུམ་མ་མཐོང་བར་དུ་ཆོས་ཀུན་སངས་རྒྱས་པའི་དོན་ལ་རྨོངས་པའི་ཆ་ཡོད་ལ། སྔགས་ལམ་དུ་དང་པོར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་དུས་ནས་ཀྱང་འཁོར་འདས་དབྱེར་མེད་དག་པ་ཆེན་པོར་ལྟ་བས་ན་ལྟ་བ་མ་རྨོངས་པ་ཡིན་ནོ། །དེའི་ཕྱིར་ཀུན་འབྱུང་ལམ་བདེན་དང་སྡུག་བསྔལ་འགོག་བདེན་གྱི་ངོ་བོར་ཤར་བས་ཉོན་མོངས་པ་ཡེ་ཤེས་དང་སྡུག་བསྔལ་བདེ་བ་ཆེན་པོར་གྲོལ་བས་ན་རྒྱུ་འབྲས་དབྱེར་མེད་དུ་ལྟ་བས་འབྲས་བུའི་ཐེག་པ་དང་། རྡོ་རྗེའི་ཐེག་པ་ཞེས་བྱ་སྟེ། དེའི་དབང་གིས་ཕུང་ཁམས་སྐྱེ་མཆེད་ལའང་རྡོ་རྗེའི་མིང་གིས་བསྟན་ཏོ། །གཉིས་པ་སྔགས་ཀྱི་ལྟ་བ་ཉིད་བསྒྲུབ་པ་ལ། སོ་སོར་བསྒྲུབ་པ་དང་། ཐུན་མོང་དུ་བསྒྲུབ་བ་གཉིས དང་པོ་ལ། དག་པར་བསྒྲུབ་པ། མཉམ་པར་བསྒྲུབ་པ། དབྱེར་མེད་དུ་བསྒྲུབ་པའོ། །དང་པོ་ལ་དག་པའི་ཚུལ་བསྒྲུབ་པ་དང་། དེ་ལ་མི་འཐད་པ་སྤང་བའོ། །དང་པོ་ལ་སྣང་བ་ལྷར་བསྒྲུབ་པ་དང་། ཡུལ་ཅན་ཡེ་ཤེས་སུ་བསྒྲུབ་པ་གཉིས། དང་པོ་ལ་ཐ་སྙད་དཔྱོད་པའི་ཚད་མས་དངོས་སུ་བསྒྲུབ་པ་དང་། དོན་དམ་དཔྱོད་པའི་ཚད་མའི་སྟོབས་ལས་བསྒྲུབ་པ་གཉིས། དང་པོ་འདི་ལྟར་སྣང་བ་འདི་དག་སྣང་ཚུལ་ལྟར་ཕྱི་དོན་ཡོད་པར་ཁས་ལེན་པའི་ངོར་སྣང་བ་ལྷར་བསྒྲུབ་པ་ལ་རིགས་པའི་སྒོ་མང་དུ་མཆིས་ཀྱང་སྙིང་པོའི་གནད་ཙམ་བསྟན་ན། འདིར་ཆུ་གཅིག་ལའང་ཡི་དྭགས་ཀྱིས་རྣག་ཁྲག་མིའི་ཆུ། ཞིང་དག་པ་ན་གནས་པས་བདུད་རྩིའི་རྒྱུན། གཟིགས་པ་དག་པའི་འཕགས་པ་རིག་འཛིན་པ་རྣམས་ལ་མཱ་མ་ཀཱིའི་སྐུར་སྣང་སྟེ། དེ་ལ་རེག་པས་བརླན་པའི་བྱ་བ་བྱེད་ལ། རོལ་པའི་བདེ་བ་དང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཡང་སྐྱེད་པར་བྱེད་དོ། །བག་ལ་ཉལ་ཡོངས་སུ་ཟད་པའི་སངས་རྒྱས་རྣམས་ཀྱི་ཇི་ལྟ་བའི་གཟིགས་ངོར་སྣང་བ་ཐམས་ཅད་དང་བྲལ་ཏེ་སྤྲོས་པ་མ་ལུས་པ་ཞི་བ་དང་། ཇི་སྙེད་པའི་གཟིགས་ངོར་ཤིན་ཏུ་དག་པ་རང་སྣང་ཡེ་ཤེས་ཀྱི་སྤྱོད་ཡུལ་ཚད་མེད་པར་སྣང་བའི་བདག་ཉིད་དུ་གཟིགས་སོ། །དེ་ལྟར་མཐོང་བ་དེ་དག་ལས་གང་ཞིག་ཚད་མ་དང་། ཡུལ་གང་ཞིག་ཐ་སྙད་ཀྱི་གནས་ཚུལ་དུ་གྲུབ་སྙམ་ན་ཡུལ་ཅན་ཇི་ལྟ་ཇི་ལྟར་དག་པ་དེ་ལྟར་ཚད་མ་དང་། དེས་མཐོང་བ་གནས་ཚུལ་ཡིན་པར་གྲུབ་སྟེ། དུང་སེར་འཛིན་དང་དཀར་འཛིན་གྱི་བློ་དང་ཡུལ་བཞིན་ནོ། །དེའི་ཕྱིར། འདི་ལྟར་སྣང་བ་ཐམས་ཅད་ཆོས་ཅན། གནས་ཚུལ་ལ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གྲུབ་སྟེ། ཕྱིན་ཅི་ལོག་གི་བསླད་པ་དང་བྲལ་བའི་འཕགས་པ་རྣམས་ཀྱིས་དག་པར་གཟིགས་པའི་ཕྱིར། མིག་སྐྱོན་མེད་པས་དུང་དཀར་པོར་མཐོང་བ་བཞིན་ནོ། །རྟགས་ནི་ལུང་དང་རིགས་པས་གྲུབ་སྟེ། དང་པོ་ནི་གནས་གྱུར་པའི་ཡེ་ཤེས་ཐོབ་པས་དག་པའི་ས་ལ་གནས་པ་སོགས་ལ་ཞིང་སོགས་དག་པར་སྣང་བ་ལུང་སྤྱི་ལས་གྲགས་པ་བཞིན་ནོ། །འཕགས་པས་མཐོང་བ་རང་སྣང་ཡིན་ལ་ཐ་མལ་པའི་མཐོང་བའི་ཡུལ་འདི་རྣམས་དག་པར་མཐོང་བ་མིན་སྙམ་ན། དེ་ལྟ་ན་རྒྱུད་དག་པ་དང་མ་དག་པས་བལྟ་བྱ་ཐུན་མོང་བ་གཅིག་མེད་པར་ཐལ་ནའང་། དེ་ལྟ་མ་ཡིན་ཏེ་ཤཱ་རིའི་བུས་སངས་རྒྱས་ཀྱི་ཞིང་འདི་མ་དག་པར་མཐོང་ཞིང་། ཚངས་པ་རལ་བ་ཅན་གྱིས་དག་པར་མཐོང་ནས་བརྩད་པ་ན། སངས་རྒྱས་ཀྱི་ཞིང་དག་པར་ཐམས་ཅད་ཀྱིས་མཐོང་བར་མཛད་ནས་ངའི་ཞིང་ནི་རྟག་ཏུ་འདི་ལྟར་དག་ཀྱང་ཁྱེད་རྣམས་ཀྱིས་མ་མཐོང་ངོ་ཞེས་གསུངས་པ་བཞིན་དུ་ཤེས་པར་བྱ་སྟེ། གལ་ཏེ་ཡུལ་གཅིག་ལ་དེའི་རང་བཞིན་ཇི་ལྟ་བ་བཞིན་དུ་མཐོང་བ་དང་། ཕྱིན་ཅི་ལོག་ཏུ་མཐོང་བའི་ཚུལ་གྱིས་འཇལ་བར་མི་བྱེད་ན། རང་རང་གི་གང་མཐོང་བ་ཙམ་ཚད་མར་གྲུབ་པས་དུང་སེར་སྣང་དང་དཀར་སྣང་ལ་བདེན་རྫུན་གྱི་ཁྱད་པར་སྒྲུབ་མི་ནུས་པས། དེ་ལྟར་སྨྲ་བའི་ལུགས་ལ་ཚད་མ་དང་ཚད་མིན་གྱི་རྣམ་བཞག་མ་ལུས་པ་ནུབ་པར་འགྱུར་རོ། །དེས་ན་རང་སྣང་དག་པ་དེ་ཉིད་ལས་དོན་མ་དག་པ་ལོགས་སུ་ཡོད་པ་མིན་ཏེ། སྡུད་པ་ལས། གཟུགས་ཀྱི་དག་པ་འབྲས་བུ་དག་པར་རིག་པར་བྱ། །འབྲས་བུ་གཟུགས་དག་ཐམས་ཅད་མཁྱེན་ཉིད་དག་པར་འགྱུར། །ཐམས་ཅད་མཁྱེན་ཉིད་འབྲས་བུ་དག་དང་གཟུགས་དག་པ། །ནམ་མཁའི་ཁམས་དང་མཚུངས་ཏེ་དབྱེར་མེད་གཅད་དུ་མེད། །ཅེས་གསུངས་པ་བཞིན་དུ། ཡུལ་ཅན་དྲི་མས་དག་པ་ན་ཡུལ་དག་པར་མཐོང་བ་དེ་ཡུལ་གྱི་རང་བཞིན་ཇི་ལྟ་བ་མངོན་དུ་གྱུར་བ་ཡིན་ཏེ་དུང་སེར་འཛིན་ལོག་པའི་སྣང་བ་བཞིན་ནོ། །གཉིས་པ་རིགས་པས་ཀྱང་གྲུབ་སྟེ། འདི་ལྟར་ཡུལ་གཅིག་ལ་སྣང་བ་མི་འདྲ་བར་མཐོང་བ་ནི་འཇིག་རྟེན་ན་མངོན་སུམ་གྱིས་གྲགས་ཤིང་གྲུབ་ལ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་དབྱིངས་དང་གཉིས་སུ་མེད་པར་གོམས་པ་ན། རང་བཞིན་གྱིས་དག་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་སྣང་བ་འབའ་ཞིག་ཏུ་སྣང་བ་ལ་གསལ་སྣང་རབ་ཀྱི་མཐར་ཐུག་པ་འབྱུང་བར་རྗེས་དཔག་གིས་གྲུབ་པའི་ཕྱིར་རོ། །རྩ་བའི་གཏན་ཚིགས་དེ་ལ་ཁྱབ་པ་ཡོད་དེ་དག་པས་མཐོང་བ་ནི་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་དེས་མཐོང་བ་ལྟར་དོན་ལ་གནས་པས་ཁྱབ་བོ། །གལ་ཏེ་མ་ཁྱབ་ན་དག་པས་མཐོང་བ་རྫུན་ལ་མ་དག་པས་མཐོང་བ་བདེན་དགོས་པས་ན། འཕགས་པ་རྣམས་ལོག་ཤེས་ཅན་དང་ཕལ་པ་རྣམས་ཡང་དག་པའི་ཤེས་པ་ཅན་དུ་ཁས་ལེན་དགོས་ན་དེ་ལྟ་བུ་བསྟན་པ་འདི་ལ་གུས་པ་དང་རིགས་པ་ཤེས་པ་སུ་ཞིག་གིས་སྨྲ་བར་ནུས། དེ་ལྟར་མཐོང་བ་གོང་མས་འོག་མ་སུན་འབྱིན་ནུས་ལ། འོག་མས་གོང་མ་ལ་གནོད་མི་ནུས་ཏེ་འཇུག་པ་ལས། མིག་ནི་རབ་རིབ་ཅན་གྱིས་དམིགས་པ་ཡིས། །རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས། །དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །ཞེས་གསུངས་པ་བཞིན་ནོ། །དེའི་ཕྱིར་དྲི་མ་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཇི་སྙེད་པའི་གཟིགས་ངོར་ཆོས་ཐམས་ཅད་དག་པའི་ཚུལ་གྱིས་གཟིགས་པ་གང་ཡིན་པ་དེ་ལས་བོགས་དབྱུང་དུ་མེད་པའི་ཕྱིར་དེ་ཀུན་རྫོབ་ཀྱི་ཆོས་རྣམས་ཀྱི་ཐ་སྙད་ཀྱི་གནས་ཚུལ་མཐར་ཐུག་ཡིན་པར་གྲུབ་བོ། །ཚུལ་དེས་ན་ཀུན་རྫོབ་ཇི་སྙེད་པའི་ཆོས་འདི་དག་ལ། འཁྲུལ་ངོར་སྣང་ཚུལ་དང་། ཀུན་རྫོབ་རང་གི་གནས་ཚུལ་གཉིས་སུ་ཡོད་པར་ཤེས་པ་ཅི་ནས་གལ་ཆེ་སྟེ། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་ནི་ཐ་མལ་པའི་ཚུར་མཐོང་ཁོ་ན་ཡིན་པ་དང་། དེས་མཐོང་བ་ཙམ་ཐ་སྙད་ཀྱི་གནས་ཚུལ་མཐར་ཐུག་ཡིན་བསམ་ན་ནི་བློ་གྲོས་ཤིན་ཏུ་རྒྱ་ཆུང་བ། ལེགས་པར་བརྟགས་ན་དུང་དཀར་འཛིན་དང་སེར་འཛིན་ལ་ཚད་མ་དང་ཚད་མིན་གྱི་རྣམ་དབྱེ་འཐད་ཚུལ་ཡང་མ་ཕྱེད་པ་ཙམ་དུ་བློ་རྩིང་བར་ཟད་དེ། ཐ་མལ་པ་རང་ལ་ཇི་ལྟར་སྣང་བ་འདི་ལས་དངོས་པོའི་གནས་ཚུལ་གཞན་མེད་ན། སེར་འཛིན་ཅན་ལ་དུང་སེར་པོར་སྣང་བའང་དུང་གི་གནས་ཚུལ་ལ་བདེན་པར་འགྱུར་ཞིང་། དེ་འཁྲུལ་རྒྱུས་བསླད་པའི་མཐོང་བ་ཡིན་པས་གནས་ཚུལ་མཐོང་བ་མིན་སྙམ་ན། བག་ཆགས་ཕྱིན་ཅི་ལོག་གིས་བསླད་པའི་མ་དག་པའི་སྣང་བ་འདི་རྣམས། ཐ་མལ་པ་ལ་སྣང་ཡང་རུང་འདིའི་གནས་ཚུལ་ནི་བག་ཆགས་ཀྱིས་བསླད་པ་དང་བྲལ་བའི་རྒྱུད་དག་པ་རྣམས་ལ་སྣང་བ་ལྟར་ཡིན་པར་ཁས་བླང་བ་ལས་འོས་མེད་དོ། །དེའི་ཕྱིར་ན་ཤིན་ཏུ་ཟབ་པའི་གནད་ཅུང་ཟད་བསྟན་ན། ཀུན་ཏུ་ཐ་སྙད་པའི་ཚད་མ་ལ་གཉིས་སུ་ཡོད་དེ། ཚུ་རོལ་མཐོང་བ་ལ་བརྟེན་པ་ཀུན་ཏུ་ཐ་སྙད་པའི་ཚད་མ་དང་། དག་པའི་གཟིགས་པ་ལ་བརྟེན་པ་ཀུན་ཏུ་ཐ་སྙད་པའི་ཚད་མ་གཉིས་སུ་གནས་པའི་ཕྱིར་རོ། །དེ་གཉིས་ཀྱི་ཁྱད་པར་ཅུང་ཟད་བརྗོད་ན། རྒྱུ་དང་ངོ་བོ་བྱེད་ལས་འབྲས་བུའི་ཁྱད་པར་བཞི་ལས། དང་པོའི་རྒྱུ་ནི་རང་ཡུལ་ཆོས་ཅན་ཉི་ཚེ་བ་ལ་ཚུལ་བཞིན་བརྟགས་པའི་སྟོབས་ལས་སྐྱེས་པའོ། །ངོ་བོ་རང་ཡུལ་ཙམ་ལ་གནས་སྐབས་མི་བསླུ་བའི་རིག་པའོ། །བྱེད་ལས་ཚུར་མཐོང་གི་ཡུལ་ལ་སྒྲོ་འདོགས་སེལ་བའོ། །འབྲས་བུ་སྐབས་དོན་ཡོངས་སུ་བཅད་ནས་འཇུག་པའོ། །ཕྱི་མའི་རྒྱུ་ཆོས་ཉིད་ཇི་ལྟ་བ་ཚུལ་བཞིན་དམིགས་པའི་རྗེས་ལས་ཐོབ་པའོ། །ངོ་བོ་ཇི་སྙེད་པའི་ཡུལ་ཅན་རྒྱ་ཆེ་བའི་ཤེས་རབ་བོ། །བྱེད་ལས་ཐ་མལ་པའི་རྒྱུད་ཀྱི་ཚུར་མཐོང་གི་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ལ་སྒྲོ་འདོགས་སེལ་བའོ། །འབྲས་བུ་ཇི་སྙེད་མཁྱེན་པའི་ཡེ་ཤེས་འགྲུབ་པའོ། །འདི་གཉིས་ཀྱི་དཔེ་ནི་མི་དང་ལྷའི་མིག་ལྟ་བུ་དེ། ཚུར་མཐོང་གི་ཡུལ་ཕྱི་མས་ཤེས་ཀྱང་། ཕྱི་མའི་ཡུལ་ཚུར་མཐོང་གིས་མི་ཤེས་པའོ། །དེས་ན་ཕྱི་མ་འདིའི་རང་ཡུལ་ཐུན་མིན་ནི། རྡུལ་གཅིག་གི་ཁྱོན་ལ་རྡུལ་སྙེད་ཀྱི་ཞིང་སྣང་བ། དུས་སྐད་ཅིག་ལ་བསྐལ་བ་མང་པོའི་མཛད་པ་སྟོན་པ། ཆོས་དབྱིངས་འགྱུར་མེད་ལས་མ་གཡོས་བཞིན་དུ་སྤྲུལ་པའི་རོལ་བ་སྟོན་པ། རྣམ་རྟོག་དང་བྲལ་བའི་ཐུགས་ཀྱིས་ཤེས་བྱ་ཐམས་ཅད་དུས་གཅིག་ཏུ་མཁྱེན་པ་སོགས། བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་གང་ཞིག་ཐ་མལ་པའི་ཚུར་མཐོང་གི་ཡུལ་དུ་འགལ་བ་ལྟ་བུར་སྣང་སྟེ་བསྒྲུབ་པར་མི་ནུས་པ་རྣམས་ཚད་མ་འདིས་ཤིན་ཏུ་འཐད་པར་བསྒྲུབ་ནུས་པའི་ཕྱིར། ཡེ་ཤེས་རྣམ་དག་གི་ཚད་མ་འདི་ནི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་རིགས་པའི་སྟོབས་ལས་བྱུང་བས་ན། ཤིན་ཏུ་སྟོབས་དང་ལྡན་ཞིང་ནམ་དུ་ཡང་མི་བསླུ་བ། འཇིག་རྟེན་ལས་འདས་པ་དང་དག་པ་དང་བླ་ན་མེད་པ་དང་མཉམ་པ་མེད་པ་ཡིན་ནོ། །དེས་ན་ཐུན་མོང་དུ་སྟོན་པ་ཚད་མར་བསྒྲུབ་པ་ལ་སོགས་པ་ཚུར་མཐོང་གི་ལམ་ནས་ཀྱང་བསྒྲུབ་པར་ནུས་པ་རྣམས་ནི་སྔ་མས་བསྒྲུབ་ལ། ཐུན་མིན་དེ་བཞིན་གཤེགས་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་རྣམས་ནི་ཆོས་ཉིད་ལ་རྗེས་སུ་སོན་པའི་ཚུལ་གྱིས་ཕྱི་མས་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལྟར་ན་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ལ་སོགས་པ་དོན་ཟབ་མོ་རྣམས་ཚུར་མཐོང་ཁོ་ནས་བསྒྲུབ་པ་མ་ཡིན་ཞིང་། སྒྲུབ་བྱེད་ཀྱི་ཚད་མ་གཏན་མེད་པའང་མ་ཡིན་པར་གནད་ཀྱི་དོན་ལ་མཁས་པར་བྱའོ། །ཚུལ་དེ་ལྟར་མ་ཤེས་ནས་ཤིང་རྟའི་འཕང་ལོའི་ཁྱོན་ཙམ་ལ་ཕྱི་རོལ་པའི་ཆགས་བྲལ་དང་འཕགས་པ་བཞིས་སེམས་ཅན་མཐོང་བ་ཁྱད་ཞུགས་པ་ལྟ་བུ་ལ། ལོག་པའི་ཤེས་པ་ཇེ་ཆེར་སོང་བ་ལྟ་བུ་ལས་གཟིགས་པ་ཇེ་བཟང་དུ་སོང་བའི་ཁྱད་བསྒྲུབ་མི་ནུས་ལ། ཁྱིམ་བདག་དཔལ་སྐྱེས་ཀྱི་རྒྱུད་ཀྱི་ཐར་པའི་ས་བོན་སངས་རྒྱས་ཀྱིས་གཟིགས་དགྲ་བཅོམ་པས་མ་གཟིགས་པ་ལྟ་བུ་འོག་མས་མི་ཤེས་ལ་གོང་མས་ཤེས་པ་དག་ལའང་བཟང་ངན་མི་འབྱེད་པ་དང་། མདོ་ལས། སྐྲ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པར་གྱུར་པ་མེད། །ཅེས་པ་ལ་སོགས་པར་བསྟན་པ་དག་ལ་ཡིད་ཆེས་རྙེད་པར་མི་འགྱུར་རོ། །དེས་ན་མདོ་སྔགས་གང་ལའང་གནད་འདི་ག ལ་ཆེའོ། །གཉིས་པ་དོན་དམ་དཔྱོད་པའི་ཚད་མའི་སྟོབས་ལས་དག་པར་བསྒྲུབ་ན། འདི་ལྟར་མ་དག་པ་ཞེས་བྱ་བ་ཡང་སྡུག་བསྔལ་དང་ཀུན་འབྱུང་གིས་བསྡུས་པའི་སྣང་བ་འདི་ལས་གཞན་དུ་ཅུང་ཟད་ཀྱང་མེད་ལ། བདག་གཉིས་ཀྱིས་སྟོང་པའི་དབྱིངས་དང་ཟུང་དུ་ཞུགས་པའི་སྣང་བ་རྣམས་ནི། བདག་འཛིན་ལ་སོགས་པ་ཉོན་མོངས་པའི་ངོ་བོ་དང་དམིགས་པ་དང་། ཉོན་མོངས་དེས་བསྐྱེད་པའི་ལས་དང་སྡུག་བསྔལ་གྱི་ངོ་བོར་གཏན་ནས་མ་གྲུབ་པས་ན། སྡུག་ཀུན་གྱིས་བསྡུས་པའི་མ་དག་པ་མིང་ཙམ་ཡང་མེད་པར་རང་བཞིན་གྱིས་དག་པར་གནས་ཤིང་། སྟོང་ཉིད་མཉམ་པ་ཆེན་པོའི་རང་བཞིན་དུ་མ་གྱུར་པའི་ཆོས་འགའ་ཡང་མེད་པའི་ཕྱིར་སྣང་སྲིད་ཐམས་ཅད་ཡེ་ནས་དག་པ་ཆེན་པོར་གྲུབ་བོ། །འདིའི་དག་ཚུལ་དེ་ཆོས་རྣམས་མ་གྲུབ་པའི་སྟོང་ཆ་ནས་དག་པར་བརྗོད་པ་ཙམ་མིན་གྱི་སྟོང་པ་དང་དབྱེར་མེད་པའི་ཕྱིར་ཇི་ལྟར་སྣང་བ་ཉིད་ཀྱང་ཡེ་ནས་དག་པ་ཀུན་བཟང་བདེ་བ་ཆེན་པོར་བསྟན་པ་ཡིན་ནོ། །གཉིས་པ་ཡུལ་ཅན་ཡེ་ཤེས་སུ་བསྒྲུབ་པ་ནི། བལྟ་བྱ་ཐུན་མོང་བའི་ཕྱི་དོན་མི་འདོད་པར་ཆོས་ཐམས་ཅད་སེམས་ཀྱི་རང་སྣང་ཙམ་དུ་ཁས་ལེན་པའི་གྲུབ་མཐའ་སྨྲ་བའི་ངོར་དག་པ་ཆེན་པོ་བསྒྲུབ་པའི་ཚུལ་ནི། འདི་ལྟར་སེམས་ལ་གཟུང་བ་དང་འཛིན་པའི་རྣམ་རྟོག་སྣ་ཚོགས་པ་གོམས་པའི་བག་ཆགས་མཐུ་བརྟས་པ་ལས་རིགས་དྲུག་གི་སྣང་བ་སྣ་ཚོགས་སུ་སྣང་བ་མ་དག་པའི་སྐབས་དང་། ཕྱིན་ཅི་ལོག་དང་བྲལ་བའི་ལམ་གྱི་གནས་སྐབས་ན་དག་པའི་སྣང་བ་དང་། སྒྲིབ་པ་མཐའ་དག་ཟད་པ་འབྲས་བུའི་སྐབས་ན་ཤིན་ཏུ་དག་པའི་སྣང་བ་མཐའ་ཡས་པར་ཤར་བ་ཐམས་ཅད་རང་གི་སེམས་ཀྱི་རང་སྣང་ཙམ་ལས་གཞན་དུ་མེད་ཀྱང་། དེ་ཀུན་གྱི་གཞིར་གྱུར་པའི་སེམས་ནི་བདག་གཉིས་ཀྱིས་སྟོང་ཞིང་འོད་གསལ་བ་སྣང་བ་སྣ་ཚོགས་མ་འགགས་པར་འཆར་བ་ཙམ་དུ་གནས་ལ། སེམས་དེའི་འཛིན་པ་གནས་ཚུལ་དང་མཐུན་པར་མ་ཞུགས་པར་བདག་དང་གཟུང་འཛིན་དུ་བཟུང་བས་ཉོན་མོངས་དང་། དེ་ལས་ལས་དང་དེ་དག་གིས་སྡུག་བསྔལ་བདེན་པས་བསྡུས་པའི་སྣང་བ་སྣ་ཚོགས་རྨི་ལམ་ལྟར་ཤར་བ་ནི་འཁྲུལ་སྣང་སྟེ། དོན་ལ་མི་གནས་ཤིང་མི་བརྟན་ལ་བསླུ་བའོ། །སེམས་རང་གི་གནས་ཚུལ་དང་མཐུན་པར་ལམ་སྦྱངས་པས་རང་སྣང་འཁྲུལ་པའི་ཆ་རྣམས་རིམ་བཞིན་ལོག་པ་ན། དག་པའི་སྣང་བ་སྐྱོན་མེད་པར་ཤར་བ་ནི་སླར་མི་ལྡོག་ཅིང་མི་བསླུ་ལ་དོན་དང་མཐུན་པའི་ཕྱིར། ཐ་སྙད་ཙམ་གྱི་རང་སྣང་སྐྱོན་མེད་དུ་སྣང་བ་ཡིན་ནོ། །དེས་ན་འཁྲུལ་སྣང་མི་བདེན་ལ། དག་སྣང་ནི་བསླད་པ་དང་བྲལ་བའི་ཕྱིར་བདེན་ཏེ། དཔེར་ན་གསེར་གྱི་ཁམས་དང་ལྕགས་ལས་བྱུང་བ་དང་འཛམ་བུའི་ཆུ་གསེར་སོགས་དང་། རྡོ་སོལ་དང་ཆུ་དང་སྨན་སོགས་ལས་བྱུང་བའི་དངུལ་ཆུའི་ཁམས་སྣ་ཚོགས་འདྲེས་པ་ན་མར་གསར་གྱི་གོང་བུ་ལྟ་བུ་གཅིག་ཏུ་གྱུར་པ་དེར། མིག་སོགས་དབང་པོའི་ཡུལ་དུ་ནི་ཁམས་སྣ་ཚོགས་མི་སྣང་ཡང་ཡིད་ཀྱི་སྤྱོད་ཡུལ་དུ་ཁམས་སྣ་ཚོགས་ཡོད་པར་ཡང་ཤེས་ཤིང་། དེ་ལ་འཁྲུལ་བའི་གང་ཟག་རྣམས་ཀྱིས་མར་དང་ཞག་ལ་སོགས་པའི་གོང་བུར་འཛིན་ཞིང་ཁ་ཅིག་གིས་མེ་དང་འཕྲད་ན་གསེར་དུ་འགྱུར་བ་ཙམ་མཐོང་ནས་གསེར་གྱི་རྒྱུ་ཞིག་ཡིན་པར་འཛིན་ཏོ། །མཁས་པ་རྣམས་ཀྱིས་ཁམས་སྣ་ཚོགས་པ་ཅན། རྐྱེན་སྣ་ཚོགས་གང་དང་འཕྲད་པ་ལ་བརྟེན་ནས་དེ་དང་འདྲ་བར་སྣང་ནུས་པར་འཛིན་ནོ། །དེ་འདྲའི་གོང་བུ་དེ་གྲང་བའི་རྐྱེན་དང་ལྡན་ན་དུས་ཤིན་ཏུ་ཡུན་རིང་པོར་འདུག་ཀྱང་མར་གསར་གྱི་གོང་བུ་ལྟར་འདུག་གོ། །མེས་རེག་པས་ཅུང་ཟད་གདུང་བར་གྱུར་ན་ནི་ཟངས་དང་འཁར་བ་དང་ར་གན་གྱི་མདོག་ཏུ་གནས་སོ། །དེ་བཞིན་དུ་མེས་ཆེར་གདུང་བ་ན་གསེར་ཐ་མལ་བའི་རང་བཞིན་དུ་གནས་སོ། །ཤིན་ཏུ་བསྲེགས་ན་འཛམ་བུ་ཆུ་བོའི་གསེར་གྱི་རང་བཞིན་དུ་གནས་ཏེ། དེ་ཕན་ཆད་ཚ་གྲང་གི་རྐྱེན་གང་དང་ཕྲད་ཀྱང་རུང་རང་བཞིན་གཞན་དུ་མི་འགྱུར་རོ། །དེ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པའང་རིག་པར་བྱ་སྟེ། ཀུན་གཞི་ནི་ས་བོན་ཐམས་ཅད་པ་སྣང་བ་ཐམས་ཅད་དུ་འཆར་བ་ཡིན་ལ། གོང་བུ་དེ་ཉིད་དབང་པོའི་སྤྱོད་ཡུལ་དུ་རྐྱེན་ལས་སྣ་ཚོགས་སུ་སྣང་བ་ཇི་ལྟ་བར། དག་པ་དང་མ་དག་པ་དང་ཤིན་ཏུ་དག་པའི་གནས་ལུས་སྤྱོད་ཡུལ་རྣམས་སུ་གནས་སྐབས་སོ་སོར་སྣང་བར་འགྱུར་རོ། །གོང་བུ་ལ་ཁམས་སྣ་ཚོགས་ཡོད་པར་རྟོགས་པ་བཞིན་དུ་ཀུན་གཞི་ལས་དངོས་སུ་སྣང་བ་དང་། དངོས་སུ་མི་སྣང་ཡང་ཕྱོགས་དུས་ཀྱི་སྣང་བ་མུ་མེད་པར་སྣང་བའི་ས་བོན་ཀུན་གཞི་ལ་ཡོད་པར་ཡིད་ཀྱི་ཤེས་པས་རྟོགས་སོ། །གོང་བུ་ལ་མར་གྱི་གོང་བུར་འཁྲུལ་བ་ལྟར་ཀུན་གཞི་ཐམས་ཅད་པའི་སྣང་བ་ལ་ཁ་ཅིག་གིས་བདག་དང་ཆོས་སུ་འཛིན། གོང་བུ་ལ་དངུལ་ཆུར་འཛིན་པ་ལྟར་ཁ་ཅིག་གི་ཕུང་པོ་ལྔ་པོ་འདི་ལས་ཀྱི་རྣམ་པར་སྨིན་པའི་བདག་ཉིད་སྡུག་བསྔལ་གྱི་ཆོས་སུ་འཛིན། གོང་བུ་ལ་གསེར་གྱི་རྒྱུར་འཛིན་པ་ལྟར་ཁ་ཅིག་གིས་ཕུང་པོ་འདི་ཉིད་ཀྱང་ཞིང་དག་པ་ན་གནས་པ་རྣམས་ཀྱི་ལུས་དང་སྤྱོད་ཡུལ་ཡོངས་སུ་དག་པའི་རྒྱུ་ཉིད་དུ་རུང་བར་འཛིན། མཁས་པ་རྣམས་ཀྱིས་གོང་བུ་དེ་གསེར་ཉིད་དུ་མི་སྣང་ཡང་གསེར་གྱི་རང་བཞིན་དང་བྲལ་བ་མ་ཡིན། དངུལ་ཆུ་ཉིད་དུ་སྣང་ཡང་གསེར་དངུལ་ཆུར་གནས་གྱུར་པའང་མ་ཡིན། དངུལ་ཆུའི་རང་བཞིན་མེད་པའང་མ་ཡིན་མོད་ཀྱི། དངུལ་ཆུའི་རང་བཞིན་མི་བརྟན་པ་སྣ་ཚོགས་སུ་འགྱུར་བར་སླ་བ་ཟད་པར་འགྱུར་བར་སྨྲའོ། །གསེར་གྱི་རང་བཞིན་དེ་བས་ཆེས་བརྟན་པས་འགྱུར་དཀའ་བ་སླར་ངན་པར་མི་འགྱུར་བ་མེ་དཔུང་དྲག་པོ་འབར་བས་ཀྱང་ཟད་པར་དཀའ་བ་ཡིན་པར་ཤེས་སོ། །དེ་བཞིན་དུ་སྣང་བ་མ་དག་པ་རྣམས་ནི་མི་བརྟན་པ་ཤིན་ཏུ་བསླུ་བའི་ཆོས་ཅན། སྐྱེ་བ་སྔ་ཕྱིའི་སྣང་བ་འགྱུར་སླ་བ་ལམ་བསྒོམས་པས་ཟད་པའོ། །སྣང་བ་དག་པ་རྣམས་ནི་དེ་ལས་ལྡོག་སྟེ་ལུས་དང་སྤྱོད་ཡུལ་དག་པ་ལ་དབང་བསྒྱུར་ཕན་ཆོད། སླར་མ་དག་པ་ལ་སྤྱོད་པར་ཡང་མི་འགྱུར་ལ་ཕྱིར་ཞིང་ཆེས་ཤིན་ཏུ་དག་པ་དང་སྡུག་བསྔལ་ལས་གྲོལ་བའི་བདེ་བ་མཆོག་སྐྱེད་པས་ན་བརྟན་ཞིང་མི་བསླུ་བ་ཡིན་ནོ། །དེ་བས་ན་ཁམས་སྣ་ཚོགས་ཅན་གྱི་གོང་བུ་དེ་ཡང་ཕན་ཚུན་ལྟོས་ན་གསེར་གྱི་རང་བཞིན་དུ་བདེན་པར་འགྱུར་རོ། །དེ་བཞིན་དུ་ཀུན་གཞི་ཁམས་དང་སྣང་བ་སྣ་ཚོགས་པ་ཅན་དེ་ཡང་སྣང་བ་དག་པའི་སྤྱོད་ཡུལ་ལྟར་བདེན་པར་འགྱུར་རོ། །གློ་བུར་འཁྲུལ་བའི་བག་ཆགས་ཐམས་ཅད་ཟད་པ་ན་དེས་བསྐྱེད་པའི་སྣང་བའང་མི་མངའ་མོད། གདོད་མའི་གཞི་དབྱིངས་ཀྱི་རང་མདངས་མ་འགགས་པའི་སྣང་བ་ལྷུན་གྱིས་གྲུབ་པ་ནི་ནམ་ཡང་ལྡོག་པར་མི་སྲིད་དེ་ངོ་བོ་ཉིད་ཀྱིས་འབྲལ་མི་རུང་བའི་ཕྱིར་རོ། །དེ་ལྟར་ན་བསླད་པ་དང་བྲལ་བའི་ཡེ་ཤེས་ཀྱི་རང་སྣང་དག་པ་ལྟར་དོན་ལ་གནས་པར་ཤེས་པར་བྱའོ། །དེ་ལྟར་འཁོར་བའི་ཆོས་རྣམས་ཡོངས་སུ་དག་པའི་ལྷ་ཡི་ངོ་བོར་སྒྲུབ་ན། ཡོངས་སུ་དག་པའི་ལྷ་ཞེས་པ་གང་ཡིན་སྙམ་ན། ཆོས་ཉིད་དོན་གྱི་ལྷ་ནི་སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས། འཕོ་བའི་སྒྲིབ་པ་དང་བྲལ་བའི་རྡོ་རྗེའི་སྐུ། ཆོས་ཉིད་དེ་བཞིན་ཉིད་ལ་སྒྲིབ་པའི་བག་ཆགས་ཕྲ་མོ་ཡང་ཟད་དེ་རོ་མཉམ་དུ་སངས་རྒྱས་པ། གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་བསམ་གྱིས་མི་ཁྱབ་པ། མཚན་མའི་སྤྱོད་ཡུལ་ཐམས་ཅད་དང་བྲལ་ཀྱང་ཤེས་བྱའི་རྣམ་པ་ཐམས་ཅད་དུ་འཆར་བའི་བདག་ཉིད། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་པའི་རང་བྱུང་ཡེ་ཤེས་ཀྱི་སྐུ་སྟེ། འཁོར་འདས་ཐམས་ཅད་མཉམ་པ་ཉིད་དུ་སངས་རྒྱས་པའོ། །དེ་ནི་རིགས་ཀུན་གྱི་ཁྱབ་བདག་དོན་གྱི་ལྷའོ། །ཆོས་ཅན་རྟགས་ཀྱི་ལྷ་ནི་ཡེ་ཤེས་ཀྱི་སྐུ་མཚན་མའི་སྤྱོད་ཡུལ་ལས་འདས་པ་དེ་ཉིད་རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཤར་བ། ཞལ་ཕྱག་མཚན་མའི་རྣམ་པར་སྣང་བའི་ཞི་བ་དང་ཁྲོ་བོ་གཙོ་བོ་དང་འཁོར་རྟེན་དང་བརྟེན་པའི་རྣམ་པར་སྣང་བ་སྟེ་རྒྱུད་སྡེ་སོ་སོ་ན་བསྟན་པ་བཞིན་ནོ། །དེས་ན་ཆོས་ཐམས་ཅད་སྣང་སྟོང་མཉམ་ཉིད་ཀྱི་དབྱིངས་སུ་ཚུལ་གཅིག་པས་ཡེ་ཤེས་རྡོ་རྗེའི་སྐུ་ཅན་གྱི་དཀྱིལ་འཁོར་གྱི་གཙོ་བོའི་ངོ་བོར་དག་ལ། ཡང་ན་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གནས་པས་རིགས་གསུམ་དང་། ཕུང་ལྔ་རིགས་ལྔར་དག་པ་སོགས་རིགས་ལྔ་དང་རིགས་བརྒྱ་ལ་སོགས་པ་བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་རིགས་ཀྱི་བར་དུ་ཡང་དབྱེ་རུང་སྟེ། མ་དག་པའི་སྣང་ཚུལ་ཇི་སྙེད་པ་དང་མཚུངས་པར་དག་པའི་དབྱེ་བ་རུ ང་དང་། ཆོས་གཅིག་ལའང་དེའི་ངོ་བོ་རང་བཞིན་གྱིས་དག་ཅིང་མཉམ་པ་ཆེན་པོའི་ངང་ཚུལ་ལས་མི་གཡོ་བའི་ཕྱིར། ཆོས་ཉིད་ཅི་ཡང་མ་ཡིན་པ་ལས་ཅི་ཡང་འཆར་དུ་རུང་བའི་གནད་ཀྱིས་རང་སྣང་རིས་མེད་ཀྱི་སྣང་བ་མུ་མེད་པ་སྒྱུ་འཕྲུལ་དྲྭ་བའི་རོལ་པ་ཡིན་པས་ན། སངས་རྒྱས་གྲངས་མེད་པའི་ཞིང་དང་བཅས་པར་ཡོངས་སུ་དག་པ་ཡིན་ཀྱང་། དབྱེ་བསྡུའི་ཁྱད་པར་ཇི་ལྟར་སྦྱར་ཀྱང་མི་འགལ་ཏེ་ཆོས་ཐམས་ཅད་གཅིག་དང་ཐ་དད་ལས་གྲོལ་བའི་ཆོས་ཉིད་དག་མཉམ་ཆེན་པོ་རང་བྱུང་ཡེ་ཤེས་ཀྱི་བདག་ཉིད་ལས་མ་འདས་པའི་ཕྱིར་རོ། །དེ་ལྟ་བས་ན་རྒྱུད་སྡེ་རྣམས་ནས་རང་རག་གི་ལྷ་གྲངས་དང་སྦྱར་ཏེ་དག་པ་སྦྱོར་ཚུལ་སྣ་ཚོགས་སུ་གསུངས་པ་ཡིན་ནོ། །དག་པ་ཆེན་པོའི་ཚུལ་དེ་ལྟར་བསྟན་པ་ཡང་རྒྱུད་འདི་ལས། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་དང་། གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། །འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཆེན་པོ་རིགས་ཀྱི་དེ་བཞིན་ཉིད། །བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །དབང་པོ་ཡུལ་དུས་རིག་པ་རྣམས། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །བདག་ཉིད་ཆེན་པོ་ལྷག་པ་ཡི། །ཐུགས་ཀྱི་ཡེ་ཤེས་ལྔས་ལྟ་ཞིང་། །ཞེས་པ་ལ་སོགས་བས་བསྟན་ལ། །རྒྱུད་གཞན་དུ་ཡང་། ཀྱཻ་རྡོ་རྗེ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་དང་། དུས་འཁོར་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །ཞེས་དང་། རྣལ་འབྱོར་མའི་རྒྱུད་ཀུན་ཏུ་སྤྱོད་པ་ལས། འགྲོ་བ་འདི་ཀུན་སངས་རྒྱས་ལྔའི་བདག་ཉིད། །གར་མཁན་དག་དང་རི་མོ་བཟང་ལྟར་སྣང་། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་དང་། ཧེ་རུ་ཀའི་གལྤོ་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་ཡིས། །སེམས་ཅན་སངས་རྒྱས་རྒྱུ་རུ་ཤེས། །འབྲས་བུ་སྔགས་ཀྱི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་ཉིད་དུ་བསྒོམ། །ཞེས་གསུངས་པ་ལ་སོགས་པ་བཞིན་ནོ། །གཞན་ཡང་ཐུན་མོང་གི་ཐེག་པ་ཆེན་པོར་ཡང་། ཆོས་ཐམས་ཅད་ནི་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའོ། །ཞེས་གསུངས་སོ། །གཉིས་པ་དེ་ལ་མི་འཐད་པ་སྤང་བ་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་བློ་དམན་པ་དག་ན་རེ། སྣོད་བཅུད་འདི་དག་ལམ་བསྒོམས་ན་དག་པར་སྣང་དུ་རུང་བའི་རྒྱུ་ཙམ་ཡིན་གྱི་དངོས་སུ་དག་པ་མ་ཡིན་ཏེ། འདི་ལྟར་སྡུག་བསྔལ་དང་ཀུན་འབྱུང་གི་རང་བཞིན་ཅན་དུ་སྣང་བའི་ཕྱིར་ཞེ་ན། རང་རེ་མ་དག་པའི་བློོ་མིག་ཅན་རྣམས་ལ་སྣང་ཚུལ་མ་དག་པར་སྣང་བར་བདག་ཅག་ཀྱང་འདོད་དེ། མཐུན་པར་ཀུན་ལ་དག་པར་སྣང་ན་རྩོད་པའི་གཞི་ཡང་ཅི་ཞིག་ཡོད། སྣང་ཚུལ་ལ་དེ་ལྟར་སྣང་ཡང་གནས་ཚུལ་ལ་དེ་ལྟར་མ་ཡིན་པར་རང་བཞིན་གྱིས་དག་པར་གནས་ཞེས་འདོད་ན། གནས་ཚུལ་བཞིན་དུ་སྣང་མི་དགོས་ཏེ་འཁྲུལ་བས་བསླད་པའི་བློ་ལ་ཞིན་ཅི་ལོག་ཏུ་སྣང་བའི་ཕྱིར། གངས་རི་སྔོན་པོར་སྣང་བའི་མིག་ཤེས་བཞིན་ནོ། །དེས་ན་དབུ་མ་ལས། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་གིས་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་གསུངས་པ་ལྟར་ཤེས་པར་བྱ་སྟེ། དཔེར་ན་ཆོས་ཀུན་སྟོང་པར་གཏན་ལ་འབེབས་པའི་ཚེ་མི་སྟོང་པའི་སྒྲུབ་བྱེད་དུ། ལས་རྒྱུ་འབྲས་དང་འཁོར་བ་དང་མྱང་འདས་ཀྱིས་ཆོས་གང་བཀོད་ཀྱང་། སྒྲུབ་བྱེད་དེ་ཉིད་སྔ་མ་བསྒྲུབ་བྱ་དང་མཚུངས་ཏེ་ཁོ་རང་ཡང་རང་བཞིན་མ་གྲུབ་བར་སྒྲུབ་ནུས་པས་ན། ཅི་ཙམ་མི་སྟོང་པར་བསྒྲུབ་པའི་སྒྲུབ་བྱེད་བཀོད་པ་ཐམས་ཅད་ཀྱང་བུད་ཤིང་མེ་ལ་བསྣན་པ་ལྟར་སྟོང་ཉིད་སྒྲུབ་པའི་རིགས་པའི་གྲོགས་སུ་འགྲོ་བས་ན་སྟོང་པ་ཉིད་སུན་འབྱིན་པའི་རིགས་པ་ཤེས་བྱའི་ཁོངས་ནས་མི་རྙེད་པ་བཞིན་དུ། འདིར་ཡང་ཆོས་རྣམས་དག་པ་མིན་པའི་སྒྲུབ་བྱེད་དུ་གང་དང་ཅི་བཀོད་ཀྱང་སྒྲུབ་བྱེད་དེ་ཉིད་ཁོ་རང་དག་པར་བསྒྲུབ་བྱ་ཡིན་པས་ན་ཤེས་བྱའི་ཁོངས་ན་ཆོས་ཀུན་གནས་ཚུལ་ལ་དག་པར་སྒྲུབ་པའི་རིགས་པ་ལ་སུན་འབྱིན་ནུས་པའི་གཏན་ཚིགས་མི་རྙེད་དེ། དག་པ་ཆེན་པོས་བརྩད་བྱས་ཚེ། །གང་གིས་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་བྱའོ། །སེམས་ཅན་སངས་རྒྱས་ཡིན་ན་སེམས་ཅན་དམྱལ་བར་སྡུག་བསྔལ་ཚེ་སངས་རྒྱས་ལ་སྡུག་བསྔལ་ཡོད་པར་ཐལ་བ་སོགས་ཀྱང་མི་འགྲུབ་སྟེ། དམྱལ་བར་སྡུག་བསྔལ་བ་ནི་གནས་ཚུལ་མ་རྟོགས་པའི་འཁྲུལ་བ་ཅན་གྱི་ངོར་སྣང་ཚུལ་ཙམ་ཡིན་གྱི་སྣང་ཚུལ་དེའི་ངོར་སངས་རྒྱས་མ་ཡིན་པས་སྐྱོན་དེ་མེད་ལ། གནས་ཚུལ་ལ་སྡུག་བསྔལ་བ་སོགས་མེད་དེ། སྒྱུ་འཕྲུལ་རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཉིད་འོད་མིན་དགའ་དོན་གནས། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་ཆོས་ཀུན་ཡེ་ནས་སངས་རྒྱས་པའི་རང་བཞིན་ཡིན་ན་ཀུན་ལ་སྣང་བར་ཐལ་བ་དང་། ལམ་བསྒོམ་མི་དགོས་པར་ཐལ་བ་སོགས་འཕེན་པ་ནི་བློ་གྲོས་ཤིན་ཏུ་རྩིང་བ་སྙིང་རྗེའི་གནས་ཏེ། དུང་དཀར་པོ་ཡིན་ན་མིག་སྐྱོན་ཅན་ལའང་དེ་ལྟར་སྣང་བར་ཐལ་བ་དང་། མིག་སྐྱོན་དག་པའི་ཐབས་ལ་འབད་མི་དགོས་པར་ཐལ་ཞེས་སྨྲ་བ་དང་ཀུན་ནས་མཚུངས་པའི་ཕྱིར་རོ། །དེས་ན་གནས་ཚུལ་ལྟར་མི་སྣང་བ་ནི་འཁྲུལ་པས་བསླད་པ་ལས་བྱུང་བས་ན་འཁྲུལ་བ་སེལ་ཕྱིར་ལམ་གོམས་དགོས་ཏེ་ཆོས་ཀུན་གྱི་རང་བཞིན་སྟོང་པ་ཉིད་ཡིན་ཀྱང་། དེ་མངོན་དུ་བྱ་བའི་ཕྱིར་ལམ་ལ་གོམས་དགོས་པ་བཞིན་ནོ། །དེ་བས་ན་དག་པ་ཆེན་པོ་ལ་སུན་འབྱིན་པའི་རིམ་པ་ཇི་སྙེད་པ་རྣམས་ལ། སྟོང་པ་ཉིད་སུན་འབྱིན་པ་ལ་ལན་ཇི་ལྟར་བསྟན་པའི་རིམ་པ་དང་མཚུང་པར་སུན་འབྱིན་བརྗོད་པར་བྱ་སྟེ། དག་མཉམ་གཉིས་པོ་ནི་ཕན་ཚུན་གཅིག་ལ་གཅིག་གྲོགས་སུ་འགྱུར་ཞིང་རིགས་པའི་འཇུག་པ་གནད་གཅིག་ལ། དེ་གཉིས་དངོས་པོའི་ཆོས་ཉིད་ཡིན་པས་ན། དག་པ་ཆེན་པོར་སྒྲུབ་པ་ནི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཤིན་ཏུ་སྟོབས་དང་ལྡན་པ་ཡིན་པས་སུས་ཀྱང་ཟིལ་གྱིས་མི་ནོན་ལ་མཆོག་ཏུ་གྱུར་པ་ཡིན་ནོ། །གཉིས་པ་ཁ་ཅིག་ན་རེ། དེ་ལྟར་དག་པར་གྲུབ་ཏུ་ཆུག་ཀྱང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་དག་པའི་བདག་ཉིད་འབའ་ཞིག་ཏུ་གཟིགས་ན། འགྲོ་བ་འཁྲུལ་པ་རྣམས་ཀྱི་ངོར་སྣང་བའི་ཡུལ་དང་ཡུལ་ཅན་འདི་དག་གཟིགས་སམ་མི་གཟིགས། མི་གཟིགས་ན་རྣམ་མཁྱེན་མ་ཡིན་པར་འགྱུར་ལ། གཟིགས་ན་མ་དག་པའི་ཆོས་ཀྱང་གཟིགས་པར་འགྱུར་རོ་ཞེ་ན། མ་དག་པ་ལྟར་སྣང་བ་རྣམས་ཀྱང་ཇི་ལྟར་སྣང་བ་ལྟར་མཁྱེན་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །དེ་ལྟ་ནའང་དེའི་སྣང་བ་མ་དག་པ་དོན་ལ་ཡོད་པ་དང་སངས་རྒྱས་ཀྱིས་མ་དག་པའི་ཆོས་སུ་གྲུབ་པ་གཟིགས་པར་མི་འགྱུར་ཏེ། འདི་ལྟར་བདེན་ཞེན་ཅན་གྱི་ངོར་ཡུལ་བདེན་གྲུབ་ལྟ་བུར་སྣང་བ་དང་ཡུལ་ཅན་བདེན་འཛིན་འདི་ཇི་ལྟ་བ་བཞིན་ཏུ་སངས་རྒྱས་ཀྱིས་གཟིགས་ཀྱང་དེས་སངས་རྒྱས་ཀྱིས་བདེན་པར་གྲུབ་པ འི་ཆོས་གཟིགས་པར་མི་འགྱུར་བ་བཞིན་ཏེ། བདེན་པར་གྲུབ་པ་རྡུལ་ཙམ་ཡང་སངས་རྒྱས་ཀྱིས་གཟིགས་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན་ཤེས་བྱའི་ཆོས་ཐམས་ཅད་སངས་རྒྱས་རང་སྣང་གི་གཟིགས་པས་རྣམ་པར་དག་པ་ཉིད་དུ་གཟིགས་པར་གྲུབ་བོ། །གཉིས་པ་མཉམ་པ་ཆེན་པོ་སྒྲུབ་པ་ལ། །གཏན་ཚིགས་གང་གིས་བསྒྲུབ་པ་དང་། དེ་ལས་མཉམ་པ་ཉིད་དུ་ངེས་པའི་ཚུལ་ལོ། །དང་པོ་འཁོར་འདས་ཀྱི་ཆོས་རྣམས་ལ་གཅིག་དུ་བྲལ་ལ་སོགས་པ་དབུ་མའི་གཏན་ཚིགས་རྣམས་ཀྱིས་ཚུལ་བཞིན་དཔྱད་པས། མ་དག་འཁོར་བའི་ཆོས་དང་། དག་པ་སྐུ་དང་ཡེ་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་བདེན་པར་གྲུབ་པའི་དངོས་པོ་རྡུལ་ཕྲ་བ་ཙམ་ཡང་མེད་པར་ངེས་པར་བྱའོ། །གཉིས་པ་ལ། དབང་རྣོན་ཁ་ཅིག་སེམས་ལ་བྱུང་གནས་འགྲོ་གསུམ་ཙམ་དཔྱད་པས་རྒྱུ་འབྲས་ངོ་བོ་ཉིད་གསུམ་གྱིས་སྟོང་པའི་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་དུ་མྱོང་བའི་སྟོབས་ཙམ་ལས་སྣང་སྟོང་མཉམ་ཉིད་ཀྱི་དོན་ལ་གཅིག་ཅར་དུ་ངེས་པ་སྐྱེ་བའང་ཡོད་མོད། མཉམ་པ་ཉིད་ལ་ངེས་པ་རིམ་གྱིས་སྐྱེ་བའི་དབང་དུ་ན། ལས་དང་པོ་པའི་གཅིག་དུ་བྲལ་སོགས་སྟོང་ཉིད་སྒྲུབ་པའི་རིགས་པ་རྣམས་ཀྱིས་ཚུལ་བཞིན་བརྟགས་ཚེ། བུམ་སོགས་མ་གྲུབ་པའི་དོན་ལ་བསམ་ནས། མ་དཔྱད་པའི་ངོར་ཡོད་ཀྱང་དཔྱད་ན་མི་རྙེད་པའི་ཕྱིར། མ་གྲུབ་པ་ཉིད་གནས་ལུགས་སོ་སྙམ་པས་སྣང་སྟོང་རེས་འཇོག་གི་ཚུལ་དུ་སྟོང་པའི་རྣམ་པ་ཞིག་འཆར་ཞིང་། དེའི་ཚེ་དེའི་མེད་པ་ཉིད་ཀྱང་བཏགས་པ་ཙམ་ལས་དོན་ལ་མ་གྲུབ་པའམ། ཡེ་ནས་སྟོང་བཞིན་དུ་སྣང་བ་ཡིན་པའི་ཚུལ་ལ་བསམས་པས་ཆུ་ཟླ་ལྟར་སྣང་བཞིན་སྟོང་ལ་སྟོང་བཞིན་སྣང་བའི་ངེས་པ་ཁྱད་པར་ཅན་སྐྱེ་སྟེ། དེའི་ཚེ་རང་བཞིན་མེད་པ་དང་རྟེན་འབྱུང་འགལ་མེད་དུ་ཤར་བའམ་ཟུང་འཇུག་ཏུ་གོ་བ་ཞེས་བྱ་ཞིང་། དེ་དུས་རང་བཞིན་མེད་པ་དང་རྟེན་འབྱུང་དེ་གཉིས་ཚིག་གིས་བརྗོད་ཚུལ་ལ་ཐ་དད་ཡོད་ཀྱང་ངོ་བོ་ལ་ཐ་དད་ཅུང་ཟད་མེད་པར་དབྱེར་མེད་པའི་ཚུལ་ལ་ངེས་ཤེས་བསྐྱེད་པས། དགག་གཞི་སྣང་བ་དང་དགག་བྱ་བཅད་པ་སྦྱར་ནས་འཛིན་པའི་རྣམ་རྟོག་རང་སར་ཞིག་སྟེ། དགག་སྒྲུབ་བསལ་བཞག་མེད་པར་སོར་བཞག་ཏུ་ནུས་པ་ལྟ་བུའི་སྤྲོས་བྲལ་གྱི་རྣམ་པར་འཆར་ཞིང་། དེ་འདྲའི་སྤྲོས་བྲལ་ལ་ཡང་ནས་ཡང་དུ་གོམས་པས། ཆོས་ཅན་རེ་རེ་བ་ལ་ལྟོས་པའི་ཆོས་ཉིད་སོ་སོ་ལྟ་བུའི་བློ་རིས་ཆད་ཀྱི་དམིགས་པའི་སྤྱོད་ཡུལ་གཉིས་ཆོས་ཀྱི་རྣམ་པ་ཐམས་ཅད་དག་ནས་ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་ལ་ངེས་ཤེས་ཁྱད་པར་ཅན་སྐྱེ་བས་མཐར་ཕྱིན་ཏོ། །དེ་ལྟར་སྟོང་པ་དང་། ཟུང་འཇུག་དང་། སྤྲོས་བྲལ་དང་། མཉམ་པ་ཉིད་དེ་དེ་བཞི་པོ་སྔ་མ་སྔ་མ་ཤེས་པ་ལ་བརྟེན་ནས་ཕྱི་མ་ཕྱི་མའི་ཚུལ་ལ་འཇུག་གི། སྔ་མ་ལ་ངེས་པ་མ་རྙེད་བར་དུ་ཕྱི་མ་གཏན་ལ་ཕེབ་པ་མི་འབྱུང་ངོ་། །དེས་ན་རྣམ་གྲངས་པའི་དོན་དམ་བདེན་མེད་རྐྱང་པ་ཙམ་ལ་གནས་ལུགས་སོ་སྙམ་དུ་བློ་རྩེ་གཏད་པས་ནི་སྐབས་འདིའི་མཉམ་པ་ཉིད་ཀྱི་ཕྱོགས་ཙམ་དུ་ཡང་མི་ཕྱིན་ཏེ། བདེན་གྲུབ་བཅད་ཙམ་གྱི་ལྡོག་པ་ཀ་བ་དང་བུམ་པ་སོགས་ཀྱི་སྟེང་ན་སོ་སོར་ཡོད་པར་གོ་བ་ཙམ་ཞིག་གིས། ཆོས་ཐམས་ཅད་ལ་བླང་དོར་དང་མཚན་མའི་འདུ་ཤེས་གཞིག་པ་མཉམ་པ་ཉིད་ཀྱི་བྱ་བ་བྱེད་མི་ནུས་ཏེ། དམངས་ཀྱིས་རྒྱལ་པོའི་བྱ་བ་བྱེད་མི་ནུས་པ་བཞིན་ནོ། །དེས་ན་དབུ་མའི་ལམ་གྱི་སྤྲོས་བྲལ་མཐར་ཕྱིན་པས་ཆོས་ཀུན་མཉམ་པ་ཉིད་དུ་མཐོང་བ་ནི་སྐབས་འདིའི་མཉམ་པ་ཆེན་པོ་རྟོགས་པའོ། །དེ་ལྟར་ཡང་རྒྱུད་ལས། གང་གིས་དམིགས་མེད་མི་ཤེས་པ། །དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པས་དམིགས་མེད་ཤེས་པར་གྱིས། །ཞེས་སོགས་དང་། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་པ་ལ་སོགས་པས་བསྟན་ཏོ། །དེར་མ་ཟད་ཐུན་མོང་གི་ཐེག་པར་ཡང་། དམ་ཆོས་པདྨ་དཀར་པོ་ལས། འོད་སྲུངས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ན་མྱ་ངན་ལས་འདས་པ་ཡིན་ལ། དེ་ཡང་གཅིག་ཡིན་གྱི་གཉིས་དང་གསུམ་ནི་མ་ཡིན་ནོ། །ཞེས་ཚུལ་འདིའི་སྒོ་ནས་མཐར་ཐུག་ཐེག་པ་གཅིག་ཏུ་ཡང་བསྟན་པར་མཛད་དོ། །བྱང་ཆུབ་ཕྱོགས་བསྟན་པའི་མདོ་ལས། འཇམ་དཔལ་སུས་ཆོས་ཐམས་ཅད་མི་མཉམ་པ་མེད་ལ་གཉིས་སུ་མེད་ཅིང་། གཉིས་སུ་དབྱེར་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལྟ་བའོ། །ཞེས་གསུངས་སོ། །གསུམ་པ་དབྱེར་མེད་དུ་བསྒྲུབ་པ་ནི། དེ་ལྟར་སྣང་ངོས་ནས་དག་པར་གྲུབ་པ་དང་། སྟོང་ངོས་ནས་མཉམ་པར་གྲུབ་པ་དེ་གཉིས་པོ་ཆོས་ཐམས་ཅད་ལ་དབྱེར་མེད་རོ་གཅིག་པའི་ཚུལ་གྱིས་གནས་པ་ནི་སྔ་མ་གཉིས་པོའི་ཤུགས་ལས་གྲུབ་སྟེ། གང་དག་པར་སྣང་བ་དེ་མཐའ་ཀུན་གྱིས་སྟོང་ལ། གང་སྟོང་པ་མཐའ་ཀུན་དང་བྲལ་བའི་མཉམ་པ་ཉིད་དེ་ཤིན་ཏུ་རྣམ་དག་སྒྱུ་འཕྲུལ་དྲྭ་བའི་སྣང་བ་སྣ་ཚོགས་སུ་འཆར་བས་ན། དེ་གཉིས་དབྱེར་མེད་པ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ཟླུམ་པ་ནི། དམ་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་སྟེ་ཟུང་འཇུག་རྫོགས་པ་ཆེན་པོའི་ཚུལ་ཡིན་ནོ། །དེ་དག་ཀྱང་རྒྱུད་ལས། གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །དེ་ནི་སངས་རྒྱས་ཀུན་གྱི་དངོས། །ཕྱོགས་བཅུ་དུས་བཞིར་མངོན་རྫོགས་པར། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །མ་ལུས་བདག་ཉིད་ཞལ་མཐོང་བ། །དབང་བསྒྱུར་མཆོག་ཉིད་དམ་པ་ཡིན། །ཞེས་དང་། རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་པ་ལ་སོགས་པས་བསྟན་ལ། དེ་ལ་རྣལ་འབྱོར་དུ་བྱ་བའི་ཚུལ་ཀྱང་། སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་བསྒྱུར། །ངོ་མཚར་སྐུ་གསུང་ཡོན་ཏན་ཞིང་ཁམས་ལས། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་སོགས་གསུངས་སོ། །གཞན་ཡང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། བདེན་གཉིས་ཐ་དད་གྱུར་པ་ན། །ཡེ་ཤེས་ལམ་ནི་དོན་མེད་འགྱུར། །གསལ་སྟོང་གཉིས་ནི་ཐ་དད་ན། །རྟག་ཆད་མཐར་ནི་ལྟུང་བར་འགྱུར། །ཞེས་དང་། ཆོས་ཀུན་སྙིང་པོ་ལམ་ལས་འདས་པས་ན། །མཐར་ཕྱིན་གྱུར་པས་འབད་རྩོལ་ལས་ལས་གྲོལ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྣམ་དག་པ། །ཟུང་འཇུག་རབ་ཏུ་མི་གནས་གྱུར་པའོ། །ཞེས་དང་། གཉིས་མེད་རྣམ་རྒྱལ་ལས། ཟབ་དང་རྒྱ་ཆེ་དབྱེར་མེད་པས། །སྣང་སྟོང་ཐ་དད་མེད་པར་འདྲེས། །སངས་རྒྱ་ཞེས་ནི་དེ་ལ་གསུངས། །བྱང་ཆུབ་ཚུལ་འདིའི་བསྟན་པའོ། །ཞེས་དང་། རྡོ་རྗེ་ཕྲེང་བའི་རྒྱུད་ལས། ཀུན་རྫོབ་དང་ནི་དོན་དམ་དག །རྟོག་པ་གཉིས་དང་རྣམ་པར་བྲལ། །གང་དུ་ཡང་དག་འདྲེས་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་བཤད། །ཅེས་གསུངས་པ་ལ་སོགས་པ་བཞིན་ནོ། །གཉིས་པ་ཐུན་མོང་དུ་བསྒྲུབ་པ་ལ། སྐལ་བ་ཅན་ལ་སྐབས་དོན་ཐད་དཀར་བསྒྲུབ་པ་དང་། ཐེ་ཚོམ་ཅན་ལ་དེའི་ཚུལ་བརྒྱུད་ནས་བསྒྲུབ་ཚུལ་གཉིས། དང་པོ། དེ་ལྟར་དག་མཉམ་དབྱེར་མེད་བློ་འདས་ཀྱི་དོན་དེ་ནི་འདི་ལྟར་ཆོས་ཐམས་ཅད་ཆོས་དབྱིངས་མཉམ་པ་ཉིད་དུ་རྒྱུ་གཅིག་པའམ་ཚུལ་གཅིག་པར་བསྒྲུབ་ལ། དེའི་སྣང་ཆ་སྐུ་དང་ཡེ་ཤེས་ནི་ཡིག་འབྲུའི་ཚུལ་གྱིས་བསྒྲུབ་སྟེ་ཡི་གེ་ཨ་ཡི་གདངས་གཅིག་གནས་སོགས་ཀྱི་རྐྱེན་ལས་ཡི་གེ་སྣ་ཚོགས་སུ་སྣང་བ་བཞིན་ནོ། །དེ་གཉིས་ཕན་ཚུན་གཅིག་གིས་གཅིག་བྱིན་གྱིས་བརླབས་ཏེ་འདུ་འབྲལ་མེད་པ་དང་། དེ་ལྟར་དག་མཉམ་དབྱེར་མེད་ཆོས་སྐུ་ཆེན་པོའི་དོན་དེའང་སོ་སོ་རང་གིས་རིགས་པའི་ཚུལ་གྱིས་བློ་ལས་འདས་པར་མྱོང་བ་དང་བཞིས་གཏན་ལ་ཕབ་པ་ནི་རིམ་གྱིས་པའི་བཤད་ཚུལ་ཡིན་ལ། ཡང་དག་མཉམ་བདེན་པ་དབྱེར་མེད་ཀྱི་ངོ་བོར་ཆོས་ཀུན་རོ་གཅིག་པ་རྒྱུ་གཅིག་པ། དེའི་དཔེ་ནི་ཡིག་འབྲུ་ༀ་སྟེ་ཨ་ཨུ་མ་གསུམ་གྱིས་མཚོན་པའི་རྣམ་ཐར་སྒོ་གསུམ་དང་སྐུ་གསུང་ཐུགས་ཀྱི་རང་བཞིན་དབྱེར་མེད་པར་བསྟན་པའོ། །དཔེ་དོན་གྱི་གཏན་ཚིགས་གཉིས་པོ་དེའི་མཐུའམ་བྱིན་རླབས་ནི་ཆོས་ཀུན་ཡེ་ནས་སངས་རྒྱས་པ་དག་མཉམ་ཆེན་པོར་གཏན་ལ་འབེབས་པའོ། །དེ་ལྟ་བུའི་དོན་དེ་ལུང་དང་མན་ངག་དང་མཐུན་པར་བསྟན་ཀྱང་ལུང་དང་མན་ངག་གི་ཚིག་ཙམ་ལ་བརྟེན་པའི་ཡིད་དཔྱོད་མིན་པར་རང་བློའི་གཏིང་དུ་མངོན་སུམ་ཡིད་ཆེས་པ་བཞིས་སྔགས་ཀྱི་ལྟ་བ་གཏན་ལ་ཕབ་པ་ནི། དང་པོ་ནས་ཟུང་འཇུག་ཏུ་བསྟན་པའི་ཕྱིར་གཅིག་ཅར་བའི་བཤད་ཚུལ་ཡིན་ལ། དེ་གཉིས་གང་ལྟར་ཡང་རྒྱུ་གཅིག་པ་ལ་སོགས་པ་བཞི་པོ་ནི་སྔགས་ཀྱི་ལྟ་བ་ཟབ་མོ་ལ་འཇུག་པའི་ཚུལ་བསླུ་བ་མེད་པ་ཡིན་པའི་ཕྱིར་གཏན་ཚིགས་ཞེས་བྱའོ། །གཉིས་པ་ནི། དེ་ལྟར་ཆོས་ཀུན་ཡེ་ནས་སངས་རྒྱས་པའི་དོན་འདི་ལྟ་བུ་བློར་ཆུད་པར་དཀའ་བས་མི་འཐད་པར་སེམས་པ་ལ་བརྒྱུད་ནས་བསྒྲུབ་ཚུལ་མདོ་ཙམ་བཤད་ན། དང་པོ་ཕྱི་རོལ་པས་སངས་རྒྱས་ཚད་མའི་སྐྱེས་བུ་ཡིན་པར་ཐེ་ཚོམ་ཟ་བ་ལ། ཁོ་རང་གི་འདོད་པ་རིག་བྱེད་ཀྱི་ལུང་ལས། ཨུ་དུམྦ་རའི་མེ་ཏོག་བཞིན་དུ་བརྒྱ་ལམ་ན་སྟོན་པ་ཐམས་ཅད་མཁྱེན་པ་འཇིག་རྟེན་དུ་རྒྱལ་རིགས་དང་བྲམ་ཟེའི་རིགས་ལས་འབྱུང་བ་ན། ལྷུམས་སུ་འཇུག་ཚེ་གླང་པོའི་རྣམ་པས་ཞུགས་པ་ཡུམ་གྱིས་རྨིས་པ་དང་། བལྟམས་ནས་མཚན་དཔེ་དང་ལྡན་ཞིང་དེ་རབ་ཏུ་མ་བྱུང་ན་འཁོར་བསྒྱུར་དང་བྱུང་ན་སངས་རྒྱས་སུ་འགྱུར་ཞེས་པའི་ལུང་གིས་སངས་རྒྱས་ཡོད་པར་གྲུབ་ལ། རིགས་པ་ནི་སངས་རྒྱས་དེས་བསྟན་པའི་ལམ་གང་ཟག་གི་བདག་མེད་སོགས་དངོས་སྟོབས་ཀྱི་རིགས་པས་གྲུབ་ཅིང་དེ་ཐར་པའི་ལམ་དུ་གྲུབ་པས་ན། སངས་རྒྱས་ནི་ཐར་འདོད་རྣམས་ཀྱིི་སྟོན་པ་ཚད་མ་དང་དེས་བསྟན་པའི་ལམ་ཡང་དག་གྲུབ་སྟེ་ཚད་མ་གྲུབ་པ་སོགས་ལས་བསྟན་པ་ལྟར་བསྒྲུབ་ཅིང་། ཡང་སངས་རྒྱས་ཁས་ལེན་ཀྱང་ཐེག་ཆེན་ནས་བསྟན་པའི་སྟོང་ཉིད་མི་འདོད་པའི་ཉན་ཐོས་པ་དག་ལ། ལུང་ནི་ཐེག་དམན་རང་གི་མདོ་ལས། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཞེས་སོགས་གསུངས་པ་དང་། རིགས་པས་ཡང་ཕུང་པོ་ལྔ་དུ་མ་དང་སྐད་ཅིག་གི་ཚུལ་དུ་མི་བདེན་པར་མ་མཐོང་ན་གང་ཟག་གི་བདག་མེད་ཀྱང་མི་འགྲུབ་པས། སྟོང་པ་ཉིད་ལ་བརྟེན་ནས་ཐར་པ་འགྲུབ་པའི་ཚུལ་རིན་ཆེན་ཕྲེང་བ་ལས་གསུངས་པ་ལྟར་བསྒྲུབ་པ་དང་། ཡང་མདོ་ལམ་པ་གང་དག་གསང་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་ཁས་མི་ལེན་པ་དག་ལ། ལུང་ནི་མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས་སྔགས་རྗེས་སུ་འབྱུང་བར་ལུང་བསྟན་པ་དང་། སྡོང་པོ་བཀོད་པའི་མདོ་ལས། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་སྟེ། །དེ་དག་དེ་བཞིན་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་ཕུང་ལྔ་དེ་བཞིན་གཤེགས་པའི་རང་བཞིན་དུ་བསྟན་པ་དང་། དྲི་མ་མེད་པར་གྲགས་པའི་མདོ་ལས། ཉོན་མོངས་པ་ནི་དེ་བཞིན་གཤེགས་པའི་གདུང་ངོ་ཞེས་དང་། ཆགས་སོགས་དང་བྲལ་བ་རྣམ་པར་གྲོལ་བར་བསྟན་པ་ནི་ང་རྒྱལ་ཅན་ལ་བསྟན་ཏེ་ང་མེད་པ་རྣམས་ཀྱི་ཆགས་སོགས་ཀྱི་རང་བཞིན་རྣམ་པར་གྲོལ་བར་བསྟན་པ་དང་། ཡང་འཇམ་དཔལ་རྣམ་པར་རོལ་པ་ལ་སོགས་པའི་མདོ་ལས། ཉོན་མོངས་པ་རྣམས་ནི་བྱང་ཆུབ་རྡོ་རྗེའི་གཞི་ལགས་སོ། །ཞེས་པ་ལ་སོགས་པས་ཉོན་མོངས་ཉིད་ཡེ་ཤེས་སུ་བསྟན་པ་དང་། འཇམ་དཔལ་རྣམ་པར་འཕྲུལ་བ་སོགས་པས། འཁོར་བ་བསལ་ནས་མྱ་ངན་ལས་འདས་པ་བསྒོམ་པར་བྱ་བ་མ་ཡིན་གྱི། འཁོར་བར་དམིས་པ་ཉིད་མྱ་ངན་ལས་འདས་པའོ། །ཞེས་འཁོར་བ་བྱང་ཆུབ་ཏུ་བསྟན་པ་དང་། ཡང་ཕལ་པོ་ཆེ་ལས། འཇིག་རྟེན་ཁམས་མང་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང་། །ནམ་མཁའ་འཇིག་པར་མི་འགྱུར་བ། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་སོགས་ཀྱིས་རང་བྱུང་གི་ཡེ་ཤེས་བསྟན་པ་དང་། གཞན་ཡང་མདོ་ལས་སེམས་ཅན་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་བསྟན་པ་དང་། སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་འདི་རྟག་ཏུ་དག་ཀྱང་མི་མཐོང་བའི་ཚུལ་གསུངས་པ་ལ་སོགས་པ་ཚད་མེད་ཅིང་། བུད་མེད་ཀྱི་ལུས་ཀྱིས་སངས་རྒྱས་མཉེས་པར་བྱ་བ་ཡང་མདོ་ལས། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཡོངས་སུ་མཉེས་པར་བྱ་བའི་ཕྱིར་རང་གི་ལུས་བུད་མེད་ཀྱི་ལུས་སུ་མངོན་པར་སྤྲུལ་ནས་དེ་བཞིན་གཤེགས་པའི་མདུན་དུ་རྟག་ཏུ་གནས་སོ། །ཞེས་པ་དང་། ཆོས་ལ་གནོད་པ་སོགས་སྙིང་རྗེས་ཚར་གཅོད་པའི་ཚུལ་མང་དུ་གསུངས་པ་སོགས་ཀྱི་ལུང་དང་། རིག་པ་ནི་ཇི་ལྟར་དགོས་པ་ལ་སྣང་བ་བཞིན་དུ་ཆོས་ཀུན་རང་བཞིན་གྱིས་དག་པ་དང་། ཆོས་ཀུན་མཉམ་པ་ཉིད་ཀྱི་ཕྱིར་འཁོར་འདས་བཟང་ངན་བླང་དོར་དུ་མ་གྲུབ་པའི་ཚུལ་གོང་དུ་ཇི་སྐད་བསྟན་པ་ལྟ་བུས་གསང་སྔགས་ཉིད་ཐེག་པའི་མཆོག་ཏུ་གྲུབ་སྟེ། སྟོང་ཉིད་ཁས་བླངས་ཕན་ཆོད་དག་པའང་རིམ་གྱིས་འགྲུབ་པར་ངེས་པའོ། །ཡང་སྔགས་ཕལ་མོ་ཆེ་ན་བཤད་པ་ཙམ་ལ་བློ་ཕྱོགས་ནས་བྱར་མེད་རྫོགས་ཆེན་གྱི་དོན་ལ་མི་འཐད་པར་སེམས་པ་དག་ལ། སྔགས་བླ་མེད་ཀྱི་རྒྱུད་རྣམས་ན་སེམས་ཅན་སངས་རྒྱས་ཀྱི་ངོ་བོར་བསྟན་པ་དང་། ཕུང་ཁམས་སོགས་ལྷར་དག་པ་སྦྱར་བ་དང་། མཐར་ཐུག་གི་དོན་ལ་དཀྱིལ་འཁོར་དང་གཏོར་མ་སོགས་བྱ་བ་ལ་མི་ལྟོས་ཚུལ་དང་། བཞི་པའི་ཡེ་ཤེས་ངོ་སྤྲད་པའི་ལུང་རྣམས་ཀྱིས་བསྒྲུབ་ཅིང་། རིགས་པའང་སྣོད་བཅུད་ཡེ་ནས་དག་མཉམ་དུ་གྲུབ་པ་ཉིད་ལམ་གྱིས་གསར་དུ་བསྒྲུབ་མི་དགོས་ཤིང་། དེ་ལྟར་རྟོགས་པའི་གདེང་དང་ལྡན་པ་ལ་བྱ་རྩོལ་གྱི་འཆིང་བ་ལམ་གྱི་གེགས་སུའང་ཆེ་བར་གྲུབ་པས། རང་བབ་སོར་བཞག་གི་རྣལ་འབྱོར་ལ་བརྟེན་ནས་རང་རྩལ་ཡེ་ཤེས་ཀྱི་སྣང་བ་ལ་དབང་བསྒྱུར་བའི་ཚུལ་རྣམ་བདེ་བླག་ཏུ་འགྲུབ་པ་ཡིན་ནོ། །དེ་ལྟར་ན་སྔ་མ་སྔ་མ་མ་གྲུབ་པ་ལ་ཕྱི་མ་ཕྱི་མ་བསྒྲུབ་པར་མི་བྱ་སྟེ། སངས་རྒྱས་ཀྱིས་ཀྱང་རིག་ཁམས་ནོར་བུ་སྦྱོང་བའི་ཚུལ་དུ་སྐས་ཀྱི་གདང་བུ་ལྟར་ཐེག་པའི་རིམ་པ་བསྟན་པར་མཛད་དོ། །དེས་ན་སྔ་མ་སྔ་མ་ལ་ངེས་པ་མ་རྙེད་པའི་བློ་ཆུང་ལ་གསང་བ་ཟབ་མོ་བཤད་ན་སྐྲག་པས་འདོར་བའམ་སྒྲོ་སྐུར་གྱི་གནས་སུ་འགྱུར་བའི་ཕྱིར་ཤིན་ཏུ་ཡང་གསང་བར་གདམས་པ་ཡིན་ནོ། །མདོ་ཡི་མཉམ་པ་ཆེན་པོའི་དོན་ལ་ངེས་པ་རྙེད་པ་དག་ལ་སྔགས་བླ་མེད་ཀྱི་ལྟ་དགོངས་ཟབ་མོ་བསྟན་ན་ཤིན་ཏུ་གྲུབ་པར་འགྱུར་ཏེ་དེས་ན་ཐེག་པའི་རིམ་པ་ཀུན་ལ་མཁས་པས་མཐར་ཕྱིན་རྡོ་རྗེ་རྩེ་མོའི་གྲུབ་པའི་མཐའ་སྒྲུབ་ནུས་པ་ཡིན་པར་ཤེས་པར་བྱའོ། །དེ་དག་ནི་རིགས་པའི་སྒོ་ཙམ་སྟེ་ཞིབ་པར་ཕྱེ་ན་ཚད་མེད་དོ། །བཞི་པ་དགོས་པ་ལ་སྤྱི་བྱེ་བྲག་གཉིས་ལས། དང་པོ་ལམ་སྒྲུབ་པ་ཐམས་ཅད་རང་རང་གི་ལྟ་བ་དང་རྗེས་སུ་མཐུན་པར་འཇུག་པ་ཆོས་ཉིད་ཡིན་པས། རྡོ་རྗེ་ཐེག་པའི་སྒོམ་པ་ལ་སོགས་པ་ཀུན་ཀྱང་དག་མཉམ་རྟོགས་པ་འདིའི་ཚུལ་དང་མཐུན་པར་འཇུག་པ་འབའ་ཞིག་ཡིན་པས། མིག་དང་འདྲ་བའི་ལྟ་བ་འདི་མེད་ན་རིག་པ་དང་རྐང་པར་ལྡན་པ་མི་འབྱུང་བའི་ཕྱིར་ལམ་བསྒོམས་པ་སོགས་གཟུགས་བརྙན་ཙམ་དུ་འགྱུར་ལ། ཡང་དག་པའི་ལྟ་བ་འདི་ལྟ་བུས་ཟིན་པའི་སྒོམ་པ་ལ་སོགས་པ་ནི་རྡོ་རྗེ་ཐེག་པའི་ལམ་མཚན་ཉིད་པར་འགྱུར་བས་ལམ་ཀུན་གྱི་གནད་འདི་ཁོ་ནར་ཐུག་པའི་ཕྱིར་ཤིན་ཏུ་གལ་ཆེ་བའོ། །གཉིས་པ། སྒོམ་པ་ཕྱིན་ཅི་མ་ལོག་པར་འགྱུར་པ། སྤྱོད་པ་དོན་ཡོད་པ། དཀྱིལ་འཁོར་དོན་དང་མཐུན་པ། དབང་བསྐུར་བས་ཐོབ་པ། དམ་ཚིག་འདའ་བར་དཀའ་བ། སྒྲུབ་པ་ཆུད་མི་ཟ་བ། མཆོད་པ་རྣམ་པར་དག་པ། ཕྲིན་ལས་ལ་དབང་འབྱོར་བ། སྔགས་དང་ཕྱག་རྒྱ་ཕུལ་དུ་བྱུང་བ་རྣམས་འདིའི་སྟོབས་ལས་འབྱུང་སྟེ། དེ་ཡང་འདི་ལྟར་ཆོས་ཐམས་ཅད་དག་མཉམ་དུ་གནས་པ་མིན་ན་སྣོད་བཅུད་རྟེན་བརྟེན་པའི་ལྷར་བསྒོམས་པ་མིན་པ་ལ་ཡིན་པར་བསྒོམ་པའི་ཕྱིར། སྒོམ་པ་ཕྱིན་ཅི་ལོག་པར་འགྱུར་ན་ཡང་དེ་ལྟ་མ་ཡིན་པར་ཡིན་ལ་ཡིན་པར་བསྒོམ་པས་སྒོམ་པ་ཕྱིན་ཅི་མ་ལོག་པར་འགྱུར་བ་དང་། སྤྱོད་པ་ཡང་འདོད་ཡོན་ལ་ཅི་བདེར་རོལ་པ་དང་བླང་དོར་མེད་པ་དང་སྦྱོར་སྒྲོལ་སོགས་བརྟུལ་ཞུགས་ཀྱི་སྤྱོད་པ་དང་དུ་ལེན་པ་རྣམས། དག་མཉམ་ཡིན་ན་ལྟ་བ་དང་རྗེས་སུ་མཐུན་པའི་སྤྱོད་པ་དེ་ལྟར་འཐད་ཀྱི། མིན་ན་ཐུན་མོང་ཐེག་པར་དེ་དག་སྤང་བྱར་བཤད་པ་ལྟར་དོན་ལ་གནས་པས་ན་འདི་དག་ཐོ་ཅོའི་སྤྱོད་པར་འགྱུར་ནའང་། དག་མཉམ་ཡིན་པའི་གནད་ཀྱིས་སྔགས་ཀྱི་སྤྱོད་པ་དེ་དག་ཀྱང་དོན་ཡོད་པར་འགྱུར་རོ། །དཀྱིལ་འཁོར་ཡང་། རང་བཞིན་ཞི་འབྲས་དབྱེར་མེད་ཀྱི་དཀྱིལ་འཁོར་དེ་མཚོན་པར་བྱེད་པ་གཟུགས་བརྙན་དང་ལམ་གྱི་དཀྱིལ་འཁོར་ཡིན་ལ། ལམ་ལས་འབྲས་དཀྱིལ་མངོན་དུ་འབྱུང་བ་ཡང་། གཞི་དེ་ལྟར་མིན་ན་ལམ་ཡང་དག་མིན་ལ་དེ་ལས་འབྲས་བུ་དག་པ་འབྱུང་མི་ཤེས་ནའང་། གཞི་ཇི་བཞིན་པར་གཏན་ལ་ཕབ་པ་ཡིན་པས་དཀྱིལ་འཁོར་དོན་དང་མཐུན་པ་དང་། དབང་ཡང་རང་གི་སྒོ་གསུམ་ཆ་མཉམ་དང་བཅས་པ་རྡོ་རྗེ་བཞིར་ཡེ་ནས་གནས་པ་ཉིད། དབང་གི་སྟོབས་ལས་མར་མེས་བུམ་པའམ་མཛུབ་མོས་ཟླ་བ་ལྟར་གོ་མྱོང་རྟོགས་པར་བྱ་བ་ཡིན་གྱི། རང་བཞིན་དེ་ལྟ་བུ་མིན་པའི་དོན་དབང་གིས་ངོ་སྤྲད་དུ་མེད་པའི་ཕྱིར། དབང་བསྐུར་བས་ཐོབ་པ་ཡང་དེ་ལ་རག་ལས་པ་དང་། སྔགས་ཀྱི་དམ་ཚིག་ཏུ་ཆོས་ཀུན་རང་བཞིན་གྱིས་ལྷ་དག་པ་བཤད་པ་ལ་ཐེ་ཚོམ་ཟ་བ་དང་། མིང་སོགས་བྲལ་བའི་མཉམ་པ་ལ་མཚན་མའི་འདུ་ཤེས་ཀྱིས་རྟོག་པ་མི་རུང་བར་གསུངས་པ་འདི་དག་ཀྱང་། དག་པ་དང་མཉམ་པ་མིན་ན་དེ་ལ་དེ་ལྟར་བཟུང་བ་བློ་དོན་མཐུན་ཞིག་གིས་སྔགས་ཀྱི་རྩ་ལྟུང་བསྐྱེད་པ་མི་རིགས་ཤིང་། ཡང་ཆགས་བྲལ་གྱི་ལམ་གྱི་སྐབས་སུ་བསྟན་པ་དང་མི་མཐུན་པ། ཕུང་པོ་གདུང་བར་མི་བྱ་བ་དང་། འདོད་ཡོན་དང་དམ་རྫས་ཕྱག་རྒྱ་དང་དུ་ལེན་པ་སོགས་སྤྱོད་པའི་དམ་ཚིག་འདི་དག་ཀྱང་། དག་མཉམ་གྱི་དོན་དང་རྗེས་སུ་མཐུན་གྱི། དེ་ལྟ་མིན་ན་ཐེག་པ་འོག་མ་ནས་བསྟན་པ་ལྟར་དོན་ལ་གནས་པའི་ཕྱིར། སྤང་བྱ་ཡིན་པ་ཞིག་སྤངས་པས་རྩ་ལྟུང་བསྐྱེད་པར་མི་རིགས་པས་སྔགས་ཀྱི་དམ་ཚིག་རྣམས་འདའ་བར་མི་རུང་བ་མིན་ན་ཡང་། དག་མཉམ་ཡིན་པའི་གནད་ཀྱིས་ལྟ་བ་དེ་དང་དེའི་དབང་གིས་བཞག་པའི་སྤྱོད་པ་རྣམས་ལ་རྒྱབ་ཀྱིས་ཕྱོགས་པའི་ཚུལ་གྱི་འདའ་མི་རུང་བར་ངེས་པས་ན་དམ་ཚིག་འདའ་བར་དཀའ་བ་དང་། སྒྲུབ་པའང་ཕུང་ཁམས་སྐྱེ་མཆེད་ལྷ་དང་གཉིས་སུ་མེད་པར་སྒྲུབ་པ་ཡིན་ལ། དེ་གནས་ཚུལ་དེ་ལྟར་ཡིན་ན་ལམ་སྒྲུབ་པས་ཇི་བཞིན་མངོན་དུ་འགྱུར་བ་འཐད་ཀྱང་། མ་ཡིན་ན་སོལ་བ་བཀྲུས་ཀྱང་མི་དཀར་བའམ། སེམས་བེམ་པོ་ཡིན་པར་ཇི་ལྟར་གོམས་ཀྱང་དེར་འགྱུར་བ་མི་སྲིད་པ་བཞིན་དུ། ལྷ་དང་གཉིས་སུ་མེད་པར་གྲུབ་པ་མི་སྲིད་པར་སྒྲུབ་པ་ཆུད་ཟ་བར་གྱུར་ན་ཡང་། དག་མཉམ་ཡིན་པའི་གནད་ཀྱིས་དེ་ལྟར་སྒྲུབ་པ་ཆུད་མི་ཟ་བ་དང་། མཆོད་པའང་སྔགས་ན་ཤ་ལྔ་དང་བདུད་རྩི་ལྔ་སོགས་འཇིག་རྟེན་ན་དམེ་བར་གྲགས་པ་རྣམས་མཆོད་པའི་གཙོ་བོར་སྦྱོར་ལ། དེ་མ་དག་པ་ཡིན་ན་ལྷ་ལ་ཕུལ་མི་རུང་ཞིང་། སྔགས་དང་ཕྱག་རྒྱས་བརླབས་པས་དག་པར་གྱུར་སྙམ་ནའང་། དག་པའི་དངོས་པོ་རྣམས་སྔགས་དང་ཕྱག་རྒྱས་བརླབས་ནས་འབུལ་བར་རིགས་ཀྱིས་མ་དག་པ་ཕུལ་བ་ལ་དོན་ལྷག་པོ་ཅི་ཞིག་ཡོད། དེས་ན་བྱ་རྒྱུད་བཞིན་དུ་གཙང་བར་སྦྱར་འོས་ན་ཡང་། འདིར་གཙང་དམེ་བླང་དོར་གཞིག་པའི་ཕྱིར་བདུད་རྩི་ལྔ་སོགས་དང་དུ་ལེན་པ་ཡིན་ལ། དེ་དག་ཀྱང་རང་བཞིན་གྱིས་དག་ཅིང་མཉམ་པའི་གནད་ཀྱིས་འབྱུང་བས་ན་མཆོད་པ་རྣམ་དག་ཏུ་འགྱུར་བ་དང་། ཕྲིན་ལས་ཀྱང་སྔགས་ནང་པའི་སྐབས་སུ་བདག་ཉིད་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་དང་ཡེ་ཤེས་གཉིས་སུ་མེད་པར་གསལ་བའི་སྒོ་ནས་ཕྲིན་ལས་ཀྱི་བྱེ་བྲག་བསྒྲུབ་པ་རྣམས་ཀྱང་། དེ་བཞིན་གཤེགས་པའི་མཛད་པ་དང་ཚུལ་མཐུན་པར་སྟོབས་མཆོག་ཏུ་གྱུར་པ་ཡིན་ལ། གལ་ཏེ་བདག་ཉིད་ཡེ་ནས་ལྷའི་ངོ་བོར་གྱུར་པ་མིན་ན་དོན་དང་མི་མཐུན་པའི་ཡིད་བྱེད་དེ་ཁྱད་པར་འཕགས་པ་ཉིད་དུ་མ་གྲུབ་ཀྱང་། དག་མཉམ་ཆེན་པོའི་རང་བཞིན་ཡིན་པས་དོན་ལ་བདག་དང་ལྷ་ཐ་དད་དུ་མེད་པས་ན། སྔགས་ནང་པ་འདིའི་རྣལ་འབྱོར་ནི་བྱ་བའི་རྒྱུད་ཀྱི་ཚུལ་སོགས་ལས་འཕགས་པའི་ཕྱིར་ཕྲིན་ལས་ལ་དབང་འབྱོར་བར་འགྱུར་པ་དང་། སྔགས་དང་ཕྱག་རྒྱ་ཡང་སྔགས་ཕྱི་པའི་ཚུལ་དུ་འཆིང་བ་དང་ཟློས་པ་ལས་སྟོབས་ཆེ་བར་གྱུར་པ་ནི། ལྷ་དང་གཉིས་སུ་མེད་པར་རྟོགས་གོམས་ཀྱི་རྣལ་འབྱོར་ལ་གནས་པའི་མཐུས་ཡིན་ལ། དེ་དག་གནས་ཚུལ་དང་མཐུན་པར་ཞུགས་པ་མིན་ན་རང་བཞིན་དུ་སངས་རྒྱས་ཀྱི་གཟུངས་བཟླས་པ་སོགས་ལས། སྔགས་ནང་པའི་ཚུལ་དུ་སྔགས་དང་ཕྱག་རྒྱ་ཟློས་ཤིང་འཆང་བ་ཆེས་བྱིན་གྱིས་རློབ་པར་མི་གྲུབ་ནའང་། སྔགས་བླ་མེད་ཀྱི་བསྐྱེད་རྫོགས་དང་འབྲེལ་བའི་སྔགས་དང་ཕྱག་རྒྱ་ཆེས་བྱིན་གྱིས་རློབ་པའི་སྟོབས་ཕུལ་དུ་བྱུང་བ་དང་ལྡན་པ་ཡང་དག་མཉམ་ཆེན་པོའི་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་ནུས་པའི་དབང་གིས་གྲུབ་པ་ཡིན་ནོ། །དེས་ན་ལྟ་བས་གཏན་ལ་ཕབ་པའི་ཡུལ་དག་མཉམ་ཆེན་པོ་ཡང་དག་པའི་དོན་ཡིན་པའི་གནད་ཀྱིས། སྔགས་ཀྱི་སྒོམ་པ་ལ་སོགས་པ་འདི་ཀུན་ཕྱིན་ཅི་མ་ལོག་པའི་བདག་ཉིད་བདེ་ཞིང་མྱུར་བའི་ལམ་དུ་གྲུབ་ལ། དག་མཉམ་ཆེན་པོའི་དོན་རྟོགས་པའི་ལྟ་བ་ལས་སྔགས་ཀྱི་ལམ་ཀུན་ལ་ངེས་པ་མཆོག་ཏུ་རྙེད་ནས་གདིང་དང་ལྡན་པར་འགྱུར་ཞིང་། ལྟ་བ་དེས་ཟིན་པའི་ལམ་ཀུན་སྔགས་ཀྱི་ལམ་ཡང་དག་པར་འགྱུར་རོ། །དེ་དག་གིས་གསང་སྔགས་ཀྱི་བསླབ་པའི་མཐའ་དང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་བའི་སྐབས་ཅུང་ཟད་བཤད་ཟིན་ཏོ། །གཉིས་པ་ཏིང་ངེ་འཛིན་ལ། ངོ་བོ། དབྱེ་བ། སྒྲུབ་ཚུལ། དགོས་པ་བཞི། དང་པོ། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །སྔགས་དང་ཕྱག་རྒྱ་རབ་བརྟེན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་གསུངས་པ་ལྟར། ས་མ་དྷཱིའི་སྒྲ་ལས་མཉམ་པའི་བློ་སྟེ་སེམས་ལས་སུ་རུང་བའི་སྒོ་ནས་གང་དམིགས་པའི་ཡུལ་ལ་རྩེ་གཅིག་པར་གནས་པའམ། ཡང་ན་ཡུལ་དང་མཐུན་པའམ་མཚུངས་བར་གནས་པ་སྟེ་བྱིང་རྒོད་སོགས་ཀྱིས་མི་མཉམ་པ་མེད་པའོ། །གཉིས་པ་ལ་ངོ་བོའི་དབྱེ་བ་དང་། དུས་ཀྱིས་དབྱེ་བ་གཉིས། དང་པོ་ལ་བསྐྱེད་པའི་ཏིང་འཛིན་དང་རྫོགས་པའི་ཏིང་འཛིན་གཉིས་ཀྱི་དང་པོ་བསྐྱེད་རིམ་སྒོམ་པ་ལའང་སྐྱེ་གནས་བཞིའི་བག་ཆགས་སྦྱོང་བྱེད་བདག་སྲས་གཞན་སྲས་མངོན་བྱང་ལྔ་བསྐྱེད་རྡོ་རྗེའི་ཆོ་ག་བཞི་བསྐྱེད་སོགས་རྒྱས་དང་། འབྲིང་པོ་ཆོ་ག་གསུམ་བསྐྱེད་དང་། བསྡུས་པ་ཨ་ནུ་ལྟར་སྔགས་ཙམ་ལས་བསྐྱེད་པ་དང་། ཤིན་ཏུ་བསྡུས་པ་ཨ་ཏི་ལྟར་སྐད་ཅིག་དྲན་རྫོགས་སུ་བསྒོམ་པ་བཞིའམ། ཡང་ན་མངལ་སྐྱེས་དང་བརྫུས་སྐྱེས་གཉིས་དང་བསྟུན་ཏེ་རིམ་གྱིས་པ་དང་ཅིག་ཅར་བའི་བསྐྱེད་རིམ་གཉིས་སུ་ཡང་གསུངས་སོ། །ཡང་ན་ནི་སྟོང་པ་ཆེན་པོ་ལ་སོགས་པ་རྣལ་འབྱོར་ལྔའི་རིམ་པས་ཕྱེ་བ་ལྔ་ཡོད་ལ། གཞན་ཡང་སྐུ་གསུང་ཐུགས་མཛད་པར་བཅས་པའི་ཕྱག་རྒྱ་བཞིའི་དོན་ལ་དམིགས་པའི་ཏིང་འཛིན་སོགས་དབྱེ་སྒོོ་ཤིན་ཏུ་མང་ཡང་། དོན་ལ་བསྐྱེད་རིམ་གྱི་ཁོངས་སུ་གཏོགས་པ་ཐམས་ཅད་ལ་དེའི་ཏིང་འཛིན་ཞེས་བྱའོ། །གཉིས་པ་རྫོགས་རིམ་ལ་ཐབས་ལམ་སྟེང་འོག་གི་སྒོ་ལ་བརྟེན་པ་སོགས་དང་། གྲོལ་ལམ་ཟུང་འཇུག་རྣམ་པར་མི་རྟོག་པའི་རྣལ་འབྱོར་རིམ་གཅིག་ཅར་གྱིས་བསྡུས་པ་རྣམས་སོ། །གཉིས་པ་ནི་བྱིན་གྱིས་བརླབ་པའི་རྣལ་འབྱོར། ཡོངས་སུ་བརྟགས་པའི་རྣལ་འབྱོར། རྫོགས་པའི་རྣལ་འབྱོར་གསུམ་སྟེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་དོན་གྱི་ལྷ་དང་། དེའི་དབང་གིས་སྣང་བ་གཟུགས་སྐུ་རྟགས་ཀྱི་ལྷ་དེ། དེ་ལྟ་བུའི་ལྷ་ལ་དམིགས་པ་ན། བདག་གི་དེ་ཁོ་ན་ཉིད་ལ་ལྷའི་དེ་ཁོ་ནས་ཉིད་ཀྱིས་བྱིན་གྱིས་བརླབས་ཤིང་བསྒོམས་ན་ལྕགས་ལ་གསེར་འགྱུར་གྱི་རྩི་བཏང་བ་བཞིན་དུ་ཤེས་ནས་མོས་པས་བསྒོམ་པ་དང་པོ་དང་། གསེར་སོགས་བཞུས་པ་ལས་སྐུ་གཟུགས་བྱེད་པ་བཞིན་བྱང་ཆུབ་ཀྱི་སེམས་དག་པ་ལས་གཟུགས་སྐུ་སྐྱེད་པར་ཤེས་ནས་ལས་སུ་རུང་བའི་ཚུལ་གྱིས་བསྒོམ་པ་གཉིས་པ་དང་། ཆུ་དྭངས་པར་གཟུགས་བརྙན་འཆར་བ་རྩོལ་བ་མེད་པ་བཞིན་རང་བཞིན་དག་པར་རྟོགས་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་སྐད་ཅིག་མས་རྫོགས་པ་གསུམ་སྟེ། འདི་གསུམ་གྱིས་སྔགས་མཐའ་དག་བསྡུས་ཤིང་དེར་མ་ཟད་མཚན་ཉིད་ཐེག་པ་ཉན་ཐོས་སེམས་ཙམ་དབུ་མ་ཡང་བསྡུས་པ་རྣམ་སྣང་སྒྱུ་དྲྭ་ལས་གསུངས་པ་བཞིན་ནོ། །གསུམ་པ་ཏིང་ངེ་འཛིན་དེ་སྒྲུབ་པའི་ཚུལ་ནི་སྔགས་ཀྱི་ཐབས་ཁྱད་པར་ཅན་ལ་བརྟེན་པའི་ཞི་གནས་རྣམས་ནི་དོན་ཆེ་ཞིང་འགྲུབ་སླ་བ་མ་གཏོགས་སྒྲུབ་ཚུལ་ནི་མདོ་དང་ཐུན་མོང་ཡིན་ཏེ། གང་ལྟར་ཀྱང་སེམས་ལས་སུ་རུང་བའི་བརྟན་པ་ཐོབ་དགོས་པ་དེ་རིམ་བཞིན་བསྒྲུབ་དགོས་པའི་ཕྱིར་རོ། །དེ་ཡང་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བརྟེན་པའི་སྒོ་ནས། །སྟོབས་དྲུག་གིས་ཡིད་ལ་བྱེད་པ་བཞིའི་གནས་སྐབས་ཅན་གྱི་སེམས་གནས་པའི་ཐབས་དགུ་རིམ་བཞིན་གོམས་པ་ན། རིམ་པ་ལྟར་བསམ་གཏན་གྱི་ཉམས་ལྔ་སྐྱེས་ནས་ཤིན་ཏུ་སྦྱངས་པ་དང་ལྡན་པའི་ཞི་གནས་འགྲུབ་བོ། །དེ་ལ་བསམ་གཏན་མི་འགྲུབ་པའི་ཉེས་པ་ལྔ་ནི། ལེ་ལོ་དང་། གདམས་ངག་བརྗེད་པ་དང་། བྱིང་རྒོད་དང་། གཉེན་པོ་འདུ་མི་བྱེད་པ་དང་། བྱིང་རྒོད་ཞི་ན་ཡང་ཧ་ཅང་འདུ་བྱེད་པའོ། །དེ་ལ་དང་པོ་གཉིས་ཀྱིས་ཏིང་འཛིན་ལ་འཇུག་པའི་སྦྱོར་བ་ལ་གེགས་བྱེད། གསུམ་པས་དངོས་གཞི་དང་། ཐ་མ་གཉིས་ཀྱིས་ཏིང་འཛིན་གོང་འཕེལ་དུ་འགྱུར་པ་ལ་གེགས་བྱེད་པས་དེ་དག་སྤོང་བའི་གཉེན་པོ་བརྒྱད་ནི། དད་པ་འདུན་པ་རྩོལ་བ་ཤིན་སྦྱངས་དྲན་པ་ཤེས་བཞིན་སེམས་པ་བཏང་སྙོམས་ཏེ། དང་པོ་བཞིས་ལེ་ལོ་སྤོང་སྟེ་ཏིང་འཛིན་ཐོབ་པ་ལ་དད་པས་འདུན་ཅིང་དོན་དུ་གཉེར་ནས་རྩོལ་བ་བསྐྱེད་པས་ཤིན་ཏུ་སྦྱངས་པ་ཐོབ་སྟེ་ལེ་ལོ་སྤོང་ངོ་། །གདམས་ངག་མི་བརྗེད་པའི་དྲན་པ་དང་། བྱིང་རྒོད་བྱུང་བ་ལ་རྟོག་པའི་ཤེས་བཞིན་དང་། བྱུང་ན་སྤོང་བའི་གཉེན་པོ་འདུ་བྱེད་པ་སེམས་པ་དང་། བྱིང་རྒོད་ཞི་ཚེ་རྣམ་རྟོག་འདུ་མི་བྱེད་པར་བཏང་སྙོམས་སུ་གནས་པ་རྣམས་ནི་གདམས་ངག་བརྗེད་པ་ལ་སོགས་པའི་གཉེན་པོ་རིམ་པ་བཞིན་ནོ། །ཚུལ་དེ་ལྟ་བུས་ཏིང་འཛིན་བསྒྲུབ་པ་ལ་སྟོབས་དྲུག་དང་ལྡན་དགོས་ལ་དེ་ནི། ཐོས་པ་བསམ་པ་དྲན་པ་ཤེས་བཞིན་བརྩོན་འགྲུས་ཡོངས་སུ་འདྲིས་པའི་སྟོབས་སོ། །དེས་ཡིད་ལ་བྱེད་པ་བཞིའི་གནས་སྐབས་ཅན་གྱི་སེམས་གནས་པའི་ཐབས་དགུ་རིམ་བཞིན་བསྒྲུབ་དགོས་པས་ཡིད་བྱེད་བཞི་ནི། བསྒྲིམས་ཏེ་འཇུག་བའི་ཡིད་བྱེད། ཆད་ཅིང་འཇུག་པའི་ཡིད་བྱེད། ཆད་པ་མེད་པར་འཇུག་པའི་ཡིད་བྱེད། རྩོལ་བ་མེད་པར་འཇུག་པའི་ཡིད་བྱེད་བཞིའོ། །སེམས་གནས་པའི་ཐབས་དགུ་ནི། འཇོག་པ་དང་རྒྱུན་འཇོག་པ་དང་བླན་ཏེ་འཇོག་པ་དང་ཉེ་བར་འཇོག་པ་དུལ་བ་ཞི་བ་ཉེ་བར་ཞི་བ་འདུ་བྱེད་བཅས་པ་མཉམ་པར་བཞག་པའོ། །འདི་དག་ལ་མདོ་ལས། འཇོགས་པར་བྱེད། ཡང་དག་པར་འཇོག་པར་བྱེད། བསྡུས་ཏེ་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད། ཏིང་ངེ་འཛིན་དུ་བྱེད། ཅེས་གསུངས་སོ། །དེ་ཡང་ཐོས་པས་འཇོག །བསམ་པས་རྒྱུན་འཇོག །དྲན་པས་བླན་འཇོག་དང་ཉེར་འཇོག །ཤེས་བཞིན་གྱིས་དུལ་བ་ཞི་བ། །བརྩོན་འགྲུས་ཀྱིས་རྣམ་ཞི་རྩེ་གཅིག །ཡོངས་སུ་འདྲིས་པས་མཉམ་བཞག་གྲུབ་པ། དེ་ལ་སེམས་དང་པོ་གཉིས་ཀྱི་སྐབས་ན་ཡིད་བྱེད་དང་པོ་དང་དེ་ནས་བདུན་པའི་བར་དུ་གཉིས་པ། བརྒྱད་པ་ལ་གསུམ་པ། དགུ་པར་ཡིད་བྱེད་བཞི་པ་ཡོད་པ་ཡིན་ནོ། །གནས་སྐབས་དགུ་པོ་དེ་དག་ཀྱང་གཡོ་བ་རི་གཟར་གྱི་འབབ་ཆུ་ལྟ་བུ། ཐོབ་པ་རོང་ཁུང་དོག་པའི་ཆུ་ལྟ་བུ། གོམས་པ་ཆུ་ཀླུང་ལྟ་བུ། བརྟན་པ་རྒྱ་མཚོ་རླབས་བྲལ། མཐར་ཕྱིན་རི་བོ་ལྟ་བུའི་ཉམས་ཏེ་ཉམས་ལྔའི་ཚུལ་གྱིས་བགྲོད་པ་ཡིན་ནོ། །ད་ནི་ཚུལ་དེ་དག་གནད་མཐུན་པར་ཉམས་སུ་ལེན་པའི་མན་ངག་ཏུ་བསྟན་ན། ཏིང་འཛིན་མ་ཐོབ་པའི་སྐྱོན་དང་ཐོབ་པའི་ཡོན་ཏན་དང་སེམས་བཞག་ཐབས་ཀྱི་གདམས་ངག་ཐོས་པའི་སྟོབས་ཀྱིས་དད་འདུན་བསྐྱེད་ལ་ཤིན་ཏུ་བསྒྲིམ་བའི་རྩོལ་བས་ལེ་ལོ་སོགས་སྤངས་ནས་དམིགས་པའི་ཡུལ་གང་དང་ཅི་ཡིན་པའི་བསྐྱེད་རྫོགས་ཀྱི་དོན་ལ་བཞག་པར་བྱས་པ་ནི་ཐབས་དང་པོའོ། །དེའི་ཚེ་ན་སྐད་ཅིག་ཀྱང་མི་སྡོད་པར་གློག་བཞིན་གཡོ་ན་ཡང་སྤྲོ་རྩོལ་བསྐྱེད་དེ་ཡང་ཡང་སྦྱང་བར་བྱ་ཞིང་། ཏིང་འཛིན་གྱི་གདམས་དག་ཐོས་པའི་དོན་བསམ་པའི་སྟོབས་ཀྱིས་དམིགས་པ་སྔ་མ་ལ་གནས་པའི་རྒྱུན་མཐུད་ཅི་ནུས་སུ་བྱ་བ་གཉིས་པའོ། །ཐབས་དང་པོ་འདི་གཉིས་ཀྱི་དུས་ན་རྒྱུན་ལ་གནས་པར་དཀའ་ཡང་བསྒྲིམ་ཞིང་བསྒྲིམ་པའི་ཡིད་བྱེད་ཀྱིས་རྒྱུན་དེ་ལ་བཞག་པར་བྱའོ། །སེམས་སྐར་མདའ་བཞིན་དུ་གཡོ་བ་དེ་དམིགས་པ་སྔ་མའི་རྒྱུན་ལས་གཞན་དུ་གཡེང་ཚེ། ཆུ་དྲག་པོ་ལམ་སྲོལ་དུ་འཛུད་པ་ལྟར་དྲན་པས་སླར་ཡང་རང་ཤུལ་དུ་བླན་ཏེ་བཞག་པ་ནི་གསུམ་པའོ། །བཞག་ཐབས་དང་པོ་འདི་གསུམ་གྱི་དུས་ན་ཤོག་སྐྱ་རླུང་གིས་ཁྱེར་པའམ་རི་གཟར་གྱི་ཆུ་བཞིན་དུ་གཡོ་བའི་ཉམས་ཀྱི་སྐབས་ཡིན་པས། རྣམ་རྟོག་ཤུགས་དྲག་དེ་གནས་པའི་གོ་སྐབས་རྙེད་དཀའ་བས་དཔེར་ན་ཆུ་དྲག་པོ་ལ་ཆུ་ལོན་བརྩིགས་པ་ལྟར་མ་ཞུམ་པར་རབ་ཏུ་འབད་པར་བྱ་སྟེ། ཤིན་ཏུ་གདུལ་བར་དཀའ་བའི་སེམས་ཀྱི་རྟ་རྒོད་པོ་དེ་ཉིད། དྲན་པའི་ཐག་པས་དམ་དུ་བཅིང་ཞིང་ལྷོད་པའི་བཏང་སྙོམས་ཀྱི་ར་བར་བཅུག་ལ། རྩོལ་བའི་སྲབ་ཀྱིས་ཁ་ལོ་དྲང་བར་གཅེས་སོ། །སྔ་མ་ལས་དྲན་པ་ཅུང་ཟད་སྟོབས་སུ་གྱུར་པའི་ཚེ་ན་དམིགས་ཡུལ་དེ་ཉིད་བློ་ཡི་མདུན་ན་མི་གསལ་བའི་ཚུལ་དུ་གནས་ཙམ་གྱི་སེམས་ཅུང་བརྟན་པར་རྩོམ་པ་ན། རྩེ་གཅིག་པའི་ཚུལ་གྱིས་ནང་དུ་བསྡུས་ནས་དམིགས་པ་ཁོ་ན་ལ་ཉེ་བར་འཇོག་པ་ནི་བཞི་པའོ། །འདི་ཡི་དུས་གཟེན་ལ་འདབ་ཆགས་འཁོར་ནས་མཁའ་ལ་ལྡིང་བ་ན་གཟེན་དེ་བཞག་ནས་གཞན་དུ་ཡང་མི་འགྲོ་ལ། གཟེན་དེ་ཡི་སྟེང་དུ་བབས་ནས་གནས་ཀྱང་མ་ནུས་པར་ཕན་ཚུན་འཕུར་བཞིན་གཟེན་ལ་འཁོར་བ་ལྟར་བློ་དམིགས་པ་ལ་ཅུང་འཁོར་བ་ཡིན་པས་དྲང་པའི་རྒྱུན་བསྟན་པར་བྱ་བ་ཁོ་ན་གལ་ཆེའོ། །དེ་ནས་ཏིང་ངེ་འཛིན་དེ་ལ་ངང་གིས་སྤྲོ་བ་ཅུང་ཟད་སྐྱེས་ནས་བུང་བ་གནས་གཅིག་ཏུ་ཡུན་རིང་མི་སྡོད་པར་མྱུར་དུ་གཡོ་བཞིན་པར་རྩི་བཅུད་འཐུང་བ་ལྟར་བཞག་པ་ལ་མོས་པ་སྐྱེས་པའི་ཚེ་ན། སྔ་མ་ལྟ་བུའི་རྣམ་རྟོག་གི་གཡོ་བ་མི་བཟད་པ་རྣམས་ཅུང་ཟད་དུལ་བ་ཐོབ་པ་ནི་ལྔ་པའོ། །ཉེར་འཇོག་དང་དུལ་བ་འདི་གཉིས་པོ་གནས་སྐབས་དང་པོ་རྣམས་ལས་ཅུང་ཟད་བཞག་བདེ་བ་ཡིན་པས། ཐོབ་པའི་ཉམས་ཞེས་བྱ་སྟེ་ཏིང་འཛིན་སྐྱེ་བའི་མགོ་དང་པོར་རྩོམ་པའམ་དྲོད་ཅུང་ཟད་ཐོབ་པ་ཡིན་ནའང་། དཔེ་རོང་ཁུང་གི་ཆུ་ལྟར་རྣམ་རྟོག་ཕྲ་བ་མང་པོ་བྲེལ་བཞིན་འཚུབས་པའི་རྒྱུན་འཁྲིགས་པ་ཡོད་དོ། །དེ་ལྟ་ནའང་རི་གཟར་གྱི་ཆུ་ལས་རོང་ཁུང་གི་ཆུ་ཅུང་ཟད་དལ་བ་ལ་དཔེར་བྱས་སོ། །དུལ་བ་འདི་ཡི་སྐབས་ན་ནི་བུམ་པར་བཙུད་པའི་བུང་བ་མ་བཏང་བར་དུ་གཞན་དུ་འགྲོ་དབང་མེད་ཀྱང་བུམ་པའི་ནང་ནས་མི་སྡོད་པར་འགྲོ་བ་བཞིན་དུ་དམིགས་པ་ལ་སེམས་གཏད་པའི་ཚེ། དམིགས་པ་ཡིད་ཡུལ་ནས་མི་འབོར་ཀྱང་རྟོག་པ་གཡོ་བ་རྒྱུན་མི་འཆད་པ་ཡིན་ལ་དེའི་དུས་སུ་དམིགས་པ་དེའི་ངང་དུ་མི་བསྒུལ་བར་ཤེས་བཞིན་གནས་པ་གཅེས་སོ། །དེ་ལྟར་ཤེས་བཞིན་དུ་དེར་གནས་ཚེ་བྱིང་རྒོད་བྱུང་ན་དེ་བསལ་ཕྱིར་སེམས་པས། སོ་སོའི་གཉེན་པོ་ཚུལ་བཞིན་འདུ་བྱེད་པའི་སྒོ་ནས་གེགས་སུ་གྱུར་པའི་རྣམ་རྟོག་སྣ་ཚོགས་རང་བཞིན་འདུ་བ་དེ་ཞི་བར་བྱས་པ་ནི་དྲུག་པ་སྟེ། དེ་ལྟར་ཞི་བར་གྱུར་ན་བྱིང་རྒོད་ཀྱི་སྐྱོན་མེད་པའི་ཆུ་རྙོགས་པ་དྭངས་པ་ལྟ་བུ་དེ་མི་བསྒུལ་བར་བཞག་པར་བྱ་སྟེ། སྐྱེས་བུ་ངལ་བསོ་བ་ལྟར་བཏང་སྙོམས་ཀྱི་ངང་ལ་ཤེས་བཞིན་དུ་གནས་པར་བྱའོ། །རྣམ་རྟོག་ཅུང་ཟད་ཞི་བའི་ཚུལ་དེ་གོང་འཕེལ་དུ་གྱུར་པ་ལས། རྣམ་རྟོག་རྣམས་རྒྱས་པར་བྱེད་པའི་གནས་སུ་གྱུར་བ་ཉེ་བའི་ཉོན་མོངས་པ་རྣམས་ཀྱང་། ཆུ་རྙོགས་རིམ་གྱིས་དྭངས་པ་བཞིན་ཉེ་བར་ཞི་བའི་ཚུལ་གྱིས་གཡེང་བ་སྤོང་བ་ནི་བདུན་པའོ། །གཡེངས་པའི་སྐྱོན་རྣམས་ཐག་བསྲིང་བར་གྱུར་པ་ཞི་བ་དང་ཉེར་ཞི་གཉིས་པོ་འདིའི་ཚེ་ན་གོམས་པའི་ཉམས་ཆུ་ཀླུང་ལྟ་བུ་ཞེས་བྱ་སྟེ། ཆུ་ཀླུང་དལ་འབབ་ལ་རྒྱང་ནས་བལྟས་ན་གཡོ་བ་མེད་པར་འདྲ་ཡང་། དྲུང་ནས་བལྟས་ན་བར་མ་ཆད་པར་འགྲོ་བ་བཞིན་དུ་སེམས་གནས་པ་ལྟར་སྣང་ཡང་ཞིབ་ཏུ་བལྟས་ན་གཡོ་བ་ཕྲ་མོ་མང་བ་ཡིན་ནོ། །དེ་ཡི་དུས་ན་བརྩོན་པས་གོང་ནས་གོང་དུ་སྤེལ་བར་བྱ་བ་གནད་དོ། །བླན་འཇོག་ནས་བརྩམས་ཏེ་འདིའི་བར་དུ་བྱིང་རྒོད་ཀྱིས་བར་བཅད་ནས་སླར་ཡང་དམིགས་པ་ལ་འཇུག་པའི་ཡིད་བྱེད་ཀྱི་སྐབས་ཡིན་པས་ཤེས་བཞིན་སེམས་པ་བཏང་སྙོམས་གསུམ་གྱིས་ཅི་རིགས་པར་འདུལ་བ་གནད་ཆེའོ། །བརྩོན་པ་བསྐྱེད་པའི་སྟོབས་ཀྱིས་སྔ་མ་ལས་འཕགས་ཏེ་རྩོལ་བ་མ་བཏང་ན་རྟོག་བས་བར་བཅད་མི་ནུས་པར་དམིགས་པ་ལ་རྩེ་གཅིག་གནས་པ་ནི་འདུ་བྱེད་དང་བཅས་པའམ་རྩེ་གཅིག་པ་ཞེས་བྱ་སྟེ་བརྒྱད་པའོ། །འདི་ལ་བརྟན་པའི་ཉམས་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་ཟེར་ཏེ། དམིགས་པ་ལ་གནས་ཤིང་རྩོལ་བ་དང་བཅས་ན་རྒྱུན་ཆད་པ་མེད་པར་འཇུག་པའི་ཡིད་བྱེད་ཀྱི་སྐབས་ཡིན་ལ་འདི་དུས་དམིགས་པ་ལ་བཏང་སྙོམས་སུ་གནས་པ་གལ་ཆེའོ། །འདུ་བྱེད་དང་བཅས་པའི་སྐབས་དེ་གོང་ནས་གོང་དུ་འཕེལ་བ་ལས་རྩོལ་མི་དགོས་པར་ངང་གིས་འཇུག་པའི་མཉམ་པར་བཞག་པ་ཐོབ་པ་ནི་སེམས་གནས་པ་དགུའི་ཐ་མ་སྟེ། འདོད་པའི་སེམས་རྩེ་གཅིག་པ་ཞེས་ཀྱང་བྱ་ལ། སྔ་མ་རྣམས་གོམས་ཞིང་ཡོངས་སུ་འདྲིས་པའི་སྟོབས་ཀྱིས་ཐོབ་པ་ཡིན་ནོ། །མཐར་ཕྱིན་པའི་ཉམས་རི་བོ་ལྟ་བུ་གཡོ་འགུལ་མེད་པ་ནི་འདི་ནས་མགོ་བརྩམ་སྟེ་འབྱུང་བའོ། །དེ་འདྲའི་འདོད་སེམས་རྩེ་གཅིག་དེ་གྲུབ་ན་སེམས་གཏད་པའི་དམིགས་པ་ལ་རྩོལ་བ་མེད་པར་འདྲེ་ཞིང་། སྤྱོད་པས་ཀུན་ཏུ་ངང་གིས་གནས་པ་དང་། རང་གར་ཅི་ཡང་མི་བསམ་པར་བཞག་ན་སྣང་བ་འགག་ཅིང་སེམས་ནམ་མཁའ་དང་འདྲེས་པ་ལྟ་བུའི་ཉམས་འཆར་ལ། དེ་ལས་ལང་ཚེ་ལུས་གློ་བུར་དུ་བྱུང་བ་ལྟ་བུ་དང་། རྗེས་ཀྱི་ཚེའང་ཆགས་སྡང་སོགས་ཤུགས་ཞན་ཅིང་རྒྱུན་མི་མཐུད་ལ། གསལ་ཉམས་ཆེ་དུས་ཀ་བ་སོགས་ཀྱི་རྡུལ་ཕྲ་མོ་རྣམས་ཀྱང་བགྲང་ཐུབ་སྙམ་བྱེད་པ་སོགས་བདེ་གསལ་མི་རྟོག་ཅི་རིགས་སྐྱེ་ཞིང་། གཉིད་ཀྱང་ཏིང་འཛིན་དང་འདྲེས་པ་ལྟ་བུ་དང་རྨི་ལམ་ཕལ་ཆེར་དག་པ་འབྱུང་ཡང་། འདི་འདྲའི་ཏིང་འཛིན་དེ་ཡང་བདེན་པའི་རྣམ་ཅན་ནམ་ཞི་རགས་རྣམ་པ་ཅན་གྱི་ཕྱི་ནང་ཐུན་མོང་གི་ལམ་གྱི་གཞིར་སྒྲུབ་དགོས་ཀྱི། ད་རུང་ཤིན་སྦྱངས་ཀྱིས་མ་ཟིན་ན་ཞི་གནས་མཚན་ཉིད་པའང་མིན་ན་ལྷག་མཐོང་ག་ལ་ཡིན། དེས་ན་བདེ་གསལ་མི་རྟོག་པའང་དེ་ཁོ་ན་ཉིད་ལ་མཉམ་བཞག་གི་སྒོམ་གྱི་ཉམས་ཡིན་མིན་གཉིས་སུ་ཡོད་པས། སེམས་གནས་པའི་ཉམས་ཐན་ཐུན་ལ་ལམ་མཐོན་པོར་རློམ་པ་མི་བྱ་བར་ལམ་གྱི་གནད་ལ་མཁས་པར་བྱ་དགོས་སོ། །དེ་འདྲའི་འདོད་སེམས་རྩེ་གཅིག་པ་དེ་ཡི་ངང་དུ་གོམས་པར་བྱས་པས་ལུས་དང་སེམས་ལས་སུ་རུང་བར་གྱུར་པ་ནི་ཤིན་སྦྱངས་ཞེས་བྱ་སྟེ། སེམས་དེ་རྟ་ཤིན་ཏུ་དུལ་བ་རང་དབང་དུ་གྱུར་པ་བཞིན་དུ་དགེ་བའི་དམིགས་པ་ལ་ཇི་འདོད་བཀོལ་དུ་བཏུབ་ཅིང་། སེམས་འཚེར་བག་སོགས་མི་བདེ་བ་ལྟ་བུའི་གནས་ངན་ལེན་དང་ཡོངས་སུ་བྲལ་ཏེ་བདེ་བ་དང་། དེའི་སྟོབས་ཀྱིས་ལས་སུ་རུང་བའི་རླུང་ལུས་ལ་རྒྱུ་བས་ལུས་ལྕི་བ་སོགས་བཀོལ་དུ་མི་བཏུབ་པའི་གནས་ངན་ལེན་དང་བྲལ་ཏེ། རྒལ་ཚིགས་གསེར་གྱི་དོང་རྩེ་བརྩེགས་པ་ལྟ་བུ་དང་ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་བ་འོ་མའི་ཆུ་རྒྱུན་དྲོན་མོས་ལུས་ལ་ཅིག་ཆར་ཁྱབ་པ་ལྟར་བདེ་བའི་རྣམ་པས། དགེ་བ་ལ་འདོད་དགུར་བཀོལ་དུ་བཏུབ་པ་ལུས་ཤིན་སྦྱངས་ཏེ། དེ་འདྲའི་ཤིན་ཏུ་སྦྱངས་པ་དེ་ཡང་དང་པོ་རགས་པ་དང་། དེ་ནས་ཕྲ་བ་རིམ་བཞིན་སྐྱེ་ལ། རགས་པའང་དང་པོ་ཕྲ་མོ་ནས་བརྩམས་མཐར་ཡོངས་སུ་རྫོགས་པ་གསལ་པོར་འབྱུང་ཞིང་། རགས་པ་དེས་སེམས་གཡོ་བས་ན་རིམ་བཞིན་དེའི་ཤུགས་ཟད་ནས། གྲིབ་མ་ལྟར་སྲབ་པའི་ཤིན་སྦྱངས་ཕྲ་མོ་མི་གཡོ་བ་ཏིང་ངེ་འཛིན་དང་མཐུན་པ་འབྱུང་ངོ་། །དེ་ལ་ཞི་གནས་ཞེས་བྱ་སྟེ། ཚུལ་དེས་བསྐྱེད་རྫོགས་གང་བསྒོམས་ཀྱང་ཚད་དང་ལྡན་པར་འགྱུར་རོ། །ཚུལ་དེ་དག་ནི་ཏིང་འཛིན་སྒྲུབ་ཚུལ་རྒྱས་པར་བསྟན་པ་སྟེ། བསྡུ་ན་ཏིང་འཛིན་ལ་སྤྲོ་བས་དམིགས་པ་ལ་བཞག །དེའི་རྩོལ་བ་རྒྱུན་མ་ཆད་པར་བསྐྱེད། དྲན་པ་རྒྱུན་ཆགས་སུ་བཟུང་། ཤེས་བཞིན་གྱིས་བྱིང་རྒོད་སྤངས། སྐྱོན་མེད་པ་ན་བཏང་སྙོམས་སུ་འདུག་པ་སྟེ་སྤྲོ་རྩོལ་དྲན་དང་ཤེས་བཞིན་བཏང་སྙོམས་ལྔས་ཡང་ནས་ཡང་དུ་བསྒྲུབས་པས། ངང་གིས་གཡེང་བ་དང་བྲལ་ཏེ་ལེགས་པར་གཡོ་མེད་དུ་གནས་པ་ན་གྲུབ་པའོ། །ཡང་ན་སྤྲོ་བས་བཞགས་ལ་རྩོལ་བ་སྐྱེད་ཅིང་ཤེས་བཞིན་གྱིས་བསྲིངས་ནས་བཏང་སྙོམས་སུ་གནས་པ་སྟེ་བཞིའི་སྒོ་ནས་བསྒྲུབ་པ་དང་། ཡང་ན་སྤྲོ་བ་བསྐྱེད་ནས་དམིགས་པ་ལ་གནས་པར་བྱ་བ་སྟེ་གཉིས་སམ། དེ་ཡང་བསྡུས་ན་དམིགས་པ་ལ་ཇི་གནས་སུ་འཇོག་པ་གཅིག་པུ་སྟེ་གདམས་ངག་གི་རིམ་པ་སྣ་ཚོགས་སུ་བསྟན་པ་བཞིན་ནོ། །བཞི་པ་དགོས་པ་ནི་ལྟ་བ་དག་མཉམ་ཆེན་པོས་གཏན་ལ་ཕབ་པའི་དོན་དེ་ཚུལ་བཞིན་རང་རྒྱུད་ལ་འབྱོར་བར་འགྱུར་བ་ནི་ཏིང་ངེ་འཛིན་གྱི་རྩལ་རྫོགས་པ་ལ་རགས་ལས་པས་ན། ཤིན་ཏུ་གལ་ཆེ་སྟེ་ལས་དང་དངོས་གྲུབ་སྒྲུབ་པའི་རྒྱུའི་གཙོ་བོ་ཡིན་ནོ། །དེས་ན་རིགས་པ་དང་རྐང་པར་ལྡན་པར་བྱ་དགོས་ཀྱི། ཁ་ལྟ་སྟོང་སྐད་ཀྱིས་འཕགས་ལམ་ཐོབ་པར་རློམ་པ་མང་ཡང་། འདོད་སེམས་རྩེ་གཅིག་པ་ཙམ་ཡང་གྲུབ་པར་དཀོན་པ་དེང་སང་གི་དུས་ན། སྔགས་ཀྱི་ལས་ཕྲ་མོ་རྣམས་ཀྱང་ཚུལ་བཞིན་གྲུབ་པ་ཉུང་བ་ནི་ཏིང་ངེ་འཛིན་མེད་པ་ལས་བྱུང་བས་ན། ལས་དང་དངོས་གྲུབ་འདོད་པ་རྣམས་ཀྱིས་ཏིང་ངེ་འཛིན་ལ་ནན་ཏན་དུ་བྱའོ། །མདོར་ན་ཏིང་ངེ་འཛིན་འདིས་ལྟ་བའི་དོན་ལ་འཇུག་ཅིང་། དེའི་དྲོད་ཚད་ལས་སྤྱོད་པ་འབྱུང་ལ། དེ་ལས་མི་འདའ་བ་དམ་ཚིག་དང་། ཏིང་འཛིན་དེ་ཉིད་དཀྱིལ་འཁོར་དུ་ཡང་སྣང་ལ། དེ་དང་ལྡན་པའི་སྒོ་ནས་དབང་དང་སྒྲུབ་པ་ཕྲིན་ལས་མཆོད་པ་རྣམས་བྱ་ཞིང་། དེས་སྔགས་དང་ཕྱག་རྒྱ་ཡང་བྱིན་གྱིས་རློབ་པས་ན་ཐམས་ཅད་དུ་ཁྱབ་པར་འགྲོ་ལ། ཆོས་ཐམས་ཅད་རང་བཞིན་དག་མཉམ་ཆེན་པོའི་དོན་ལ་གདིང་དང་ལྡན་པར་གྱུར་པ་ན་བསྒོམ་པ་དང་མི་བསྒོམ་པའི་མཐའ་ལས་འདས་ཏེ་རྩོལ་མེད་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་རྫོགས་པ་ཆེན་པོར་མཐར་ཕྱིན་པར་ཤེས་པར་བྱ་སྟེ། རྒྱུད་འདི་ལས། རྣམ་པར་དག་པའི་དབྱིངས་ཉིད་ཚུལ། །ཉིད་ལ་དབང་བསྒྱུར་ཉིད་སྤྱོད་ཕྱིར། །བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་དག་བླ་མེད་ཐེག་པའི་མཆོག །ཅེས་དང་། གསང་འདུས་ལས། དངོས་པོ་མེད་ལ་བསྒོམ་པ་མེད། །བསྒོམ་པ་བསྒོམ་པ་མ་ཡིན་ཉིད། །དེ་ལྟར་དངོས་པོ་དངོས་མེད་དེ། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་པ་བཞིན་ནོ། །དེ་དག་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཏིང་ངེ་འཛིན་གྱི་སྐབས་བསྟན་ཏོ། །གསུམ་པ་སྤྱོད་པ་ལ། ངོ་བོ། དབྱེ་བ། དེའི་ཚུལ་སྒྲུབ་པ། དགོས་པ་བཞི་ལས། དང་པོ། རྣལ་འབྱོར་སྔགས་འཆང་དངོས་གྲུབ་ནི། མཉམ་རྫོགས་ལྷུན་གྲུབ་ངང་གནས་ཤིང་། །སྤྱོད་པས་ཅི་ལའང་ཐོགས་མེད་པས། །ཐམས་ཅད་ཡེ་ནས་དབྱེར་མེད་པའོ། །ཞེས་གསུངས་པ་ལྟར་ཙརྱའི་སྒྲ་ལས་སྤྱོད་པ་ཞེས་བྱ་སྟེ་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་སྤྱད་པར་བྱ་བའི་ཡུལ་ལ་ཚུལ་བཞིན་སྤྱོད་པའི་སྔགས་པའི་སྒོ་གསུམ་གྱི་ལས་ཐམས་ཅད་དོ། །གཉིས་པ་ལ་རྟེན་གྱི་སྒོ་ནས་དབྱེ་ན་ལུས་ངག་ཡིད་ཀྱི་སྤྱོད་པ་གསུམ་དང་། ངོ་བོས་དབྱེ་ན་ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་གཉིས། དང་པོ་ལ་ཐུན་མོང་སྤྱི་ཡི་སྤྱོད་པ་དང་། ཁྱད་པར་ཅན་སྦྱོར་སྒྲོལ་གྱི་སྤྱོད་པ་གཉིས་སོ། །གཉིས་པ་གྲོལ་ལམ་ལ་དད་བརྩོན་གྱིས་སྤྱོད་པ་སོགས་བདུན་ནི་རིམ་གྱིས་པའི་སྤྱོད་པ་དང་། བླང་དོར་མེད་པར་སྤྱོད་པ་ཅིག་ཅར་བའི་སྤྱོད་པ་གཅིག་དང་བརྒྱད་དུ་ཡང་བཤད་དོ། །གཞན་ཡང་སྤྱོད་པ་ལ་མཉམ་བཞག་ཏུ་ཏིང་འཛིན་བསྒོམ་པ་དང་། རྗེས་ཐོབ་ཏུ་གང་སྣང་སྒྱུ་མ་ལྟར་བལྟ་བས་འདོད་པའི་ཡོན་ཏན་ཅི་བདེར་སྤྱོད་པ་སོགས་དབྱེ་སྒོ་ཤིན་ཏུ་མང་ཡང་། སྤྱོད་པ་ཕལ་ཆེ་བ་རྗེས་ཐོབ་ཀྱི་སྐབས་ནས་བཞག་ལ། དེ་ཡང་ནང་གི་དྲོད་ཐོབ་ཚུལ་དང་ཉམས་ལེན་ལ་བོགས་ཐོན་ཚུལ་ལས་སྤྱོད་པ་དུ་མར་འགྱུར་ཏེ། སྤྲོས་བཅས་དང་སྤྲོས་མེད་ཤིན་ཏུ་སྤྲོོས་མེད་ཞེས་པ་དང་། ལས་དང་པོ་བ་དགེ་སྦྱོང་གཞོན་ནུའི་སྤྱོད་པ། རྐྱེན་ཐུབ་ནས་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ། བརྟན་པ་ཐོབ་ནས་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་ཞེས་གསུངས་པ་དང་། གཞན་ཡང་ཀུན་འདར་དང་ཀུན་བཟང་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ལ་སོགས་པ་མིང་གི་ཚུལ་སྣ་ཚོགས་དང་དབྱེ་བ་དུ་མར་འགྱུར་རོ། །དུས་ཀྱི་དབང་དུ་བྱས་ན་དང་པོ་འཇུག་པའི་སྤྱོད་པ་དང་། བར་དུ་དངོས་གྲུབ་སྒྲུབ་པའི་སྤྱོད་པ་དང་། མཐར་གྲུབ་པའི་སྤྱོད་པའོ། །དེ་ལ་དང་པོ་སློབ་དཔོན་བཀུར་ཞིང་དབང་ནོད་ནས་དམ་ཚིག་སྲུང་བ་དང་ཇི་ལྟར་སྒྲུབ་པའི་མན་ངག་ཞུས་ལ་བཀའ་ལས་མི་འདའ་བར་བྱེད་པའོ། །གཉིས་པ་བསྙེན་སྒྲུབ་ཀྱི་ཡན་ལག་ཏུ་གཏོགས་པ་རྣམས་སོ། །གསུམ་པ་གྲུབ་པའི་སྤྱོད་པ་ནི་དངོས་གྲུབ་གྲུབ་ནས་ལས་ལ་སྦྱོར་བ་ཐམས་ཅད་དོ། །དེ་གསུམ་གྱིས་ནི་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཀྱང་བསྡུས་པ་ཡིན་ནོ། །གསུམ་པ་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་ནི། ཐུན་མོང་གི་ཐེག་པར་འདོད་ཡོན་རྣམས་ལམ་གྱི་གེགས་སུ་བསྟན་པ་ལ་འདིར་དང་དུ་བླང་བར་བྱ་བ་ཅི་ཞེ་ན། ཆོས་ཐམས་ཅན་དག་མཉམ་བདེ་བ་ཆེན་པོར་གནས་པའི་ཕྱིར་བླང་དོར་མ་དམིགས་ལ། རང་བཞིན་རྟོགས་པ་དང་རྗེས་སུ་མཐུན་པར་ཅི་བདེ་བར་གནས་པའི་ལམ་གྱིས་བདེ་ཞིང་མྱུར་བར་མིག་འཕྲུལ་བཞིན་དུ་གྲོལ་བ་སྟེར་གྱི། དཀའ་ཐུབ་ལ་སོགས་པས་གདུང་བས་ནི་དེ་ལྟ་མ་ཡིན་ཏེ་གེགས་བྱེད་པས་ན་སྔགས་པས་རང་གི་ཕུང་པོ་བརྙས་པ་དང་གདུང་བར་བྱེད་ན་རྩ་བའི་ལྟུང་བར་གསུངས་སོ། །དེས་ན་འདོད་ཡོན་ལ་ཅི་བདེར་རོལ་པ་ཡང་ཐབས་ཀྱིས་དབང་བསྒྱུར་བ་དང་ཤེས་རབ་ཀྱིས་མ་རྨོངས་པའི་གནད་ཀྱིས་ཐུན་མོང་གི་ཐེག་པ་ལས་འཕགས་པར་འགྱུར་རོ། །དེ་ལྟར་ཡང་རྡོ་རྗེ་མཁའ་འགྲོ་ལས། དཀའ་ཐུབ་སྡོམ་པ་མི་བཟད་པས། །ལུས་ནི་བསྐམས་ཞིང་སྡུག་བསྔལ་འགྱུར། །སྡུག་བསྔལ་གྱིས་ནི་སེམས་གཡེངས་ན། །གཡེངས་བས་དངོས་གྲུབ་གཞན་དུ་འགྱུར། །ཞེས་དང་། རྣལ་འབྱོར་མའི་རྒྱུད་ཀུན་སྤྱོད་ལས། གཉིས་མེད་ཡེ་ཤེས་སེམས་ལྡན་པས། །མི་བྱ་བ་ནི་ཅི་ཡང་མེད། །མི་རྟོག་བདག་ཉིད་སེམས་ཀྱིས་ནི། །འདོད་པའི་ཡོན་ཏན་ལྔ་རྣམས་སྤྱད། །ཅེས་དང་། སྒྱུ་འཕྲུལ་ཐལ་བ་ལས། གང་གིས་བསྐལ་པ་གྲངས་མེད་པར། །དཀའ་ཐུབ་སྡུག་བསྔལ་སྤྱད་པ་ཡིས། །འབྲས་བུ་གཉིས་མེད་མི་ཐོབ་པ། །དགའ་བདེས་ཚེ་འདིར་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དེར་མ་ཟད་མདོ་ལས་ཀྱང་། ཇི་ལྟར་གྲོང་ཁྱེར་སྐྱེ་བོའི་མི་གཙང་ལུད། །བུ་རམ་ཤིང་པ་རྣམས་ཀྱི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་སངས་རྒྱས་ཆོས་འགྲུབ་པ་ལ་ཕན། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ལ་ཤེས་རབ་ཀྱིས་སྦྱོར་བ་དང་ཐབས་ཀྱིས་སྒྲོལ་བའི་ཚུལ་བསྒྲུབ་པ་གཉིས་ཀྱི་དང་པོ། སྔགས་ལ་ཞུགས་ཀྱང་སྔགས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་ལ་མི་མོས་པ་དག་སྦྱོར་བ་ལ་སྨད་པར་བྱེད་པ་ནི་ཤིན་ཏུ་མི་རུང་སྟེ་ལྷན་སྐྱེས་ཀྱི་ཡེ་ཤེས་བཙན་ཐབས་སུ་འཆར་བའི་རྒྱུར་ལས་ཀྱི་ཕྱག་རྒྱ་དང་རྟེན་ཀུནྡ་ལྟ་བུའི་བྱང་སེམས་མེད་དུ་མི་རུང་བ་ཡིན་པས་དེ་སྤང་བ་ནི་སྔགས་ཀྱི་རྩ་ལྟུང་དུ་གསུངས་ལ། ཤེས་རབ་ཀྱི་སྤྱོད་པ་རྨད་དུ་བྱུང་བ་ནི་སྦྱོར་བ་ཡིན་པར་གསུང་སྟེ། ཐུན་མོང་གི་ལམ་གྱིས་བསྐལ་པ་གྲངས་མེད་ཀྱི་མཐར་རྟོགས་པར་བྱ་བའི་གནས་ལུགས་ལྷན་ཅིག་སྐྱེས་པའི་དོན། །རང་ལ་ཡེ་ནས་གནས་པ་ཉིད་ཐབས་འདི་ལས་བླ་མའི་མན་ངག་གི་གནད་ལ་མཁས་པའི་ཤེས་རབ་ཅན་གྱིས་མངོན་དུ་མཐོང་ནས་གཉིས་ཆོས་ཀྱི་འཛིན་པ་མ་ལུས་པ་དབྱིངས་ཡེ་གཉིས་སུ་མེད་པའི་ངང་དུ་སྡོམ་པར་བྱེད་པས་གཉིས་སུ་མེད་པར་སྦྱོར་བ་ཞེས་བྱ་བ་ཡིན་ནོ། །དེས་ན་བདེ་མཆོག་སངས་རྒྱས་མཉམ་སྦྱོར་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་ཆེ། །ཞེས་དང་། སམྦུ་ཊ་ལས། དེ་ཕྱིར་དེ་རྒྱས་ཅི་ཞིག་བྱ། །མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་ལྟར་སངས་རྒྱས་གང་ཐོབ་པ། །གང་གིས་དམ་པའི་བདེ་བ་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར་། །ཞེས་པ་དང་། གཏུམ་པོ་དཔའ་བོ་གཅིག་པའི་རྒྱུད་ལས། ཆགས་བྲལ་ལས་ནི་སྡིག་གཞན་མེད། །བདེ་ལས་བསོད་ནམས་གཞན་པ་མེད། །དེ་ཕྱིར་སེམས་ནི་མཉམ་བཞག་ནས། །འདོད་པའི་བདེ་བ་བསྐྱེད་པར་བྱ། །ཞེས་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། ཇི་ལྟར་འོ་མ་དང་ཏིལ་དག་ལ་མངོན་པར་འདུས་བྱས་པ་མེད་པར་མར་དང་ཏིལ་མར་མི་འབྱུང་བ་དེ་བཞིན་དུ། སྔགས་དང་ཕྱག་རྒྱ་མངོན་པར་འདུས་བྱས་པའི་རྡོ་རྗེ་དང་པདྨ་མཉམ་སྦྱར་བ་མེད་པར་རྣམ་པར་ཤེས་པ་གསུམ་མཚོན་པར་མི་ནུས་སོ། །གང་གིས་བྷ་ག་དང་ལིངྒ་ཡང་དག་པར་སྦྱོར་བར་མི་ནུས་པ་དེས་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་མི་རྙེད་དོ། །བདེ་བ་ཆེན་པོའི་ཏིང་ངེ་འཛིན་དེ་འབའ་ཞིག་ལ་ལྷག་པར་མོས་པ་ཙམ་གྱིས་ནི་ལས་དང་པོ་པའི་ས་ལ་གནས་པར་འགྱུར་ཏེ། ཕྱིར་མི་ལྡོག་པ་ལ་ཡང་སློབ་པར་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་ཐབས་མཆོག་སྒྲོལ་བའི་ཚུལ་ལའང་མི་དད་པར་མི་བྱ་སྟེ། འདི་ལྟར་དཀོན་མཆོག་གསུམ་ལ་རྒྱབ་ཀྱིས་ཕྱོགས་ཞིང་ལས་ངན་མཐར་ཐུག་པ་བསགས་པའི་འགྲོ་བ་གང་ཞིག །གཉེན་པོ་གཞན་གྱིས་སྤངས་པས་སྐྱབས་མེད་པར་ངན་སོང་དུ་བརྒྱུད་མར་འགྲོ་བ་རྣམས་ལ་མཚུངས་པ་མེད་པའི་སྙིང་རྗེའི་རྒྱུ་ལས། སྔགས་ཀྱི་ཐབས་ཟབ་མོས་ལས་ངན་གྱི་སྲོག་རྒྱུན་བཅད་ནས་བདེ་བླག་ཏུ་གྲོལ་བར་བྱེད་པ་ཡིན་ཏེ། མཉམ་ཉིད་ཀྱི་ལྟ་བ་གདིང་དུ་གྱུར་ཅིང་རིམ་གཉིས་ཀྱི་སྒོམ་པ་རྩལ་རྫོགས་པའི་རྣལ་འབྱོར་པས། བསྒྲལ་བྱའི་སྲོག་འཕྲོག་ཅིང་འབྲས་བུ་འཚེངས་པ་གསུམ་ལྡན་དུ་ནུས་པའི་སྤྱོད་པས་རང་གཞན་གྱི་དོན་ཆེན་པོ་སྒྲུབ་པ་ནི་སྔགས་ཀྱི་སྤྱོད་པ་གཞན་ལས་ངོ་མཚར་རྨད་དུ་བྱུང་བ་ཡིན་ལ། དེ་ལྟ་བུའི་སྒྲོལ་བ་དེ་དུས་སུ་བབས་ཀྱང་དང་དུ་མི་ལེན་པ་རྩ་བའི་ལྟུང་བར་གསུངས་ལ་ཚུལ་བཞིན་ཤེས་ནས་མོས་པ་ཙམ་ལའང་ཕན་ཡོན་དཔག་ཏུ་མེད་དོ། །དེང་སང་ནི་ཟན་ལིང་ལ་ཕུར་པ་རྔམ་རྔམས་སུ་གདེངས་པ་མང་སྟེ། རྒྱུ་ལས་ཉོན་ཚབས་ཆེ་བ་དང་འབྲས་བུ་ངན་སོང་གསུམ་གྱི་སེམས་ཅན་རྣམས་རྟེན་དེ་ལ་བཀུག་ནས། སྔགས་ཀྱིས་བསྒྲལ་བའི་ཆོ་གས་གནས་སྤར་བའི་ཚུལ་ལ་འདུན་པ་གཏོད་པ་ནི་ཉུང་བར་འདུག་མ་གཏོགས་བསྒྲལ་བའི་ཆོ་ག་ལ་རྗེས་མཐུན་ཙམ་དུ་ཞུགས་པ་ལའང་ཕན་ཡོན་ཚད་མེད་དེ། བསམ་པ་སྙིང་རྗེ་མཚུངས་པ་མེད་པ་དང་། སྦྱོར་བ་སྔགས་ཀྱི་ཐབས་མཁས་ལ་བརྟེན་པའི་ཕྱིར་བློ་སྦྱོང་ཕལ་དང་བསྒོམ་སྒྲུབ་ཕལ་གྱིས་མཚོན་དུ་མེད་དོ། །དེ་ལྟར་ཡང་གསང་བ་འདུས་པ་ལས། རྡོ་རྗེ་སློབ་དཔོན་སྨོད་པ་གཞན། །ཐེག་པ་ཆེ་མཆོག་སྨོད་པ་དག །རབ་ཏུ་འབད་དེ་བསད་པར་བྱ། །ཡང་ན་གནས་ནས་སྤོ་བར་བྱ། འདི་ཡིས་བྱང་ཆུབ་མཆོག་གི་ནི། །སྔགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང་། གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། ཀྱེ་མ་བསད་བྱ་ལེགས་པར་བྱས། །གསད་པར་བྱ་བ་མ་བསད་དེ། །ཇི་སྲིད་སྡིག་རྣམས་གྲོལ་བར་བྱེད། །ཤི་བ་དེ་ཡང་མ་ཤི་སྟེ། །སྡིག་པ་སྟོང་ཕྲག་བྱས་པ་ཡིས། །མནར་མེད་ལ་སོགས་མི་སྐྱེའོ། །ཨེ་མ་བདག་ཉིད་ཆེན་པོ་སྟེ། །བསད་པས་སངས་རྒྱས་བྱང་ཆུབ་ཐོབ། །སླར་ཡང་བརྩེ་བས་སེམས་ཅན་རྣམས། །གསད་པར་བྱ་བས་བསད་པར་བྱ། །ཨེ་མ་སྙིང་རྗེའི་སྟོབས་ཀྱིས་ཏེ། །སྙིང་རྗེ་དམན་པས་འགྲུབ་མི་འགྱུར། །ཞེས་དང་། ཕུར་པའི་རྒྱུད་རྩ་བའི་དུམ་བུ་ལས། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ཏེ། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་གསུངས་སོ། །དེ་ལྟར་སྔགས་ཀྱི་སྤྱོད་པ་བརླང་པོ་རྣམས་ལ་མི་གུས་པ་སྤངས་ཏེ་གནད་ཟབ་མོ་རྟོགས་པའི་བློས་མཆོག་ཏུ་གུས་པ་བསྐྱེད་པར་བྱའོ། །བཞི་པ་དགོས་པ་ནི། སྤྱིར་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་བསྒྲུབ་པ་དང་། ཁྱད་པར་དུས་ཚོད་དང་འབྲེལ་བའི་ཉེ་རྒྱུའི་སྤྱོད་པ་ཟབ་མོ་རྣམས་ཀྱིས་རང་རྒྱུད་ཀྱི་རྟོག་པ་མཆོག་ཏུ་བོགས་དབྱུང་ནས་མྱུར་དུ་འཚང་རྒྱ་བར་བྱེད་པའོ། །དེ་ལྟར་མདོར་ན་ལྟ་སྒོམ་གྱི་ཉམས་ལེན་དང་མཐུན་པར་རྗེས་ཐོབ་ཀྱི་སྤྱོད་པ་ཅི་རིགས་པར་སྤྱད་ཅིང་དཀྱིལ་འཁོར་ཟབ་མོར་འཇུག་ཅིང་བསྒོམ་པ་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་འབྲི་བ་དང་། དབང་ནོད་པའམ་བསྐུར་བ་དང་། དམ་ཚིག་ལ་གནས་པ་དང་། བསྙེན་སྒྲུབ་བྱེད་པ་དང་། ལྷ་མཉེས་པའི་དོན་དུ་མཆོད་པ་བྱེད་པ་དང་། ཕྲིན་ལས་སྒྲུབ་པ་དང་། སྔགས་བཟླ་བ་དང་། ཕྱག་རྒྱ་འཆང་བ་རྣམས་ཀྱང་སྤྱོད་པའི་བྱེ་བྲག་ཏུ་གྱུར་པས་ན་ཐམས་ཅད་ལ་ཁྱབ་པར་འཇུག་ཅིང་། མཐར་ཐུག་གི་དོན་ལ་གང་སྣང་ཅི་སྤྱོད་པའི་སྣང་སྤྱོད་ཐམས་ཅད་ཆོས་ཉིད་དག་མཉམ་བདེན་པ་དབྱེར་མེད་ཀྱི་རོལ་པ་འབའ་ཞིག་ཏུ་གནས་པ་བཞིན་ཉམས་སུ་མྱོང་བའི་དུས་ན་སྤྱོད་པ་དང་མི་སྤྱོད་པའི་མཐའ་ལས་འདས་ཏེ་རང་ཤར་རང་གྲོལ་གཉུག་མའི་སྤྱོད་པ་ཤུགས་འབྱུང་དུ་སྐྱོང་བ་ནི། རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རྣམས་ཀྱི་མཛད་པའི་ཚུལ་ཏེ། དེར་ནི་སྤྱོད་པ་རྣམ་མཐར་ཕྱིན་པར་ཤེས་པར་བྱའོ། །དེ་ལྟར་ཡང་རྒྱུད་ལས། ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མར་སྣང་བ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་གསུངས་སོ། །དེ་དག་གིས་སྔགས་ཀྱི་སྤྱོད་པ་ཟབ་མོ་རྣམས་དང་དུ་ལེན་པར་བཟོད་པ་དང་། སྣང་སྤྱོད་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་སྤྱད་དུ་བཟོད་པས་ན་བཟོད་པའི་ཕ་རོལ་དུ་ཕྱིན་པ་སྤྱོད་པའི་སྐབས་བསྟན་ཏོ། །བཞི་པ་དཀྱིལ་འཁོར་ལ། ངོ་བོ། དབྱེ་བ། དེ་དག་གི་ཚུལ་ལ་འཇུག་པ། དགོས་པ་དང་བཞི་ལས། དང་པོ་ནི། ཐ་དད་མིན་ལས་ཐ་དད་པའི། །ནང་དང་ནང་གི་ཕྱིར་རོལ་གྱི། །དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ། །འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག །ཅེས་གསུངས་ཏེ། དེ་ཡང་མཎྜལ་ཞེས་པའི་སྒྲ་ལས་དྲངས་ན། མཎྜ་ནི་སྙིང་པོའམ་བཅུད་དང་། ལ་ནི་ལེན་ཅིང་འཛིན་པ་སྟེ་སྙིང་པོའི་ཡོན་ཏན་འཛིན་པའི་གཞིར་གྱུར་པའམ། རྣམ་པ་གཅིག་ཏུ་སྒྲ་འབྲེལ་མར་ཐད་ཀར་བསྒྱུར་ན་ཀུན་ནས་ཟླུམ་ཞིང་ཡོངས་སུ་བསྐོར་བའི་དོན་དུ་འཇུག་པས་དཀྱིལ་འཁོར་ཞེས་བྱ་སྟེ། གང་གཙོ་བོ་ལ་འཁོར་གྱིས་བསྐོར་བའམ། ཆོས་ཀྱི་རྒྱལ་པོ་བཅོམ་ལྡན་འདས་འཁོར་ཕོ་བྲང་དང་བཅས་པ་ལ་འཇུག་པས་ན་སྐབས་འདིར་ཡོན་ཏན་མཆོག་གི་གཞི་འཛིན་པ་ཡོངས་སུ་དག་པའི་རྟེན་དང་བརྟེན་པའི་བདག་ཉིད་དུ་སྣང་བ་གང་ཡིན་པའོ། །གཉིས་པ་དབྱེ་ན་གཞི་ལམ་འབྲས་བུའི་དཀྱིལ་འཁོར་གསུམ་སྟེ། དང་པོ་གཞི་རང་བཞིན་གྱི་དཀྱིལ་འཁོར་ནི། སྣོད་བཅུད་རྟེན་དང་བརྟེན་པར་བཅས་པའི་ལྷར་ཡེ་ནས་གནས་པ་ཡིན་ལ། དེ་ལ་ཡང་རིགས་གཅིག་ནས་བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་བར་དུ་དབྱེ་བར་ཞིང་། ངོ་བོ་དག་མཉམ་བདེན་པ་དབྱེར་མེད་ཉིད་མ་འགགས་པར་གང་འདུལ་གྱི་བཀོད་པར་འཆར་བ་ཡིན་ནོ། །གཉིས་པ་ལམ་བསྒོམ་པའི་དཀྱིལ་འཁོར་ལ། མཚོན་བྱེད་དཔེ་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། མཚོན་བྱ་དོན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གཉིས། དང་པོ་ལ། རྡུལ་ཚོན། རས་བྲིས། ཐིག་དང་ཚོམ་བུ་བཞི་ཡོད་ལ། གཉིས་པ་སྐུ་དཀྱིལ་ལུས་ལྷར་གསལ་བ་དཔའ་བོ་གཅིག་པ་ནས་དལ་ཡོངས་རྫོགས་ཀྱི་ལྷ་དང་གཞལ་ཡས་སུ་གསལ་བ་དང་། གསུང་དཀྱིལ་ལྷ་གཙོ་འཁོར་གྱི་སྔགས་གསལ་ཞིང་ངག་ཏུ་བརྗོད་པ། ཐུགས་དཀྱིལ་དུག་ལྔ་ཡེ་ཤེས་ལྔར་ལམ་དུ་བྱས་པས་འཁོར་བ་མ་སྤངས་གནས་སུ་དག་པའོ། །གསུམ་པ་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་ནི། ལམ་ཡོངས་སུ་རྫོགས་པ་ན་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་སྟེ། དེ་ལའང་སྐུ་གསུམ་དང་ཡེ་ཤེས་ལྔའི་དཀྱིལ་འཁོར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དཀྱིལ་འཁོར་ལ་སོགས་པའི་རྣམ་དབྱེ་རུང་ངོ་། །གཞན་དཀྱིལ་འཁོར་བདུན་དུ་དབྱེ་བ་སོགས་ཀྱང་གཞི་ལམ་འབྲས་བུའི་དཀྱིལ་འཁོར་འདིར་མ་འདུས་པ་མེད་དོ། །ཡང་དབྱེ་སྒོ་གསུམ་སྟེ། རྟེན་གཞལ་ཡས་ཁང་གི་དཀྱིལ་འཁོར་ནི་ལྟེ་བ་ལ་ཕྱོགས་ཀྱི་བཀོད་པས་ཀུན་ནས་བསྐོར་བའི་དལ་ཏེ་གནས་ཕུན་སུམ་ཚོགས་པའོ། །བརྟེན་པ་ལྷ་ཡི་དཀྱིལ་འཁོར་ནི་གཙོ་བོ་ལ་འཁོར་གྱི་ལྷ་ཚོགས་ཀྱིས་བསྐོར་བ་སྟེ་སྟོན་འཁོར་ཕུན་སུམ་ཚོགས་པའོ། །གཉིས་མེད་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ནི། རང་བྱུང་གི་ཡེ་ཤེས་ལ་དྲན་རིག་གི་ཤེས་པས་བསྐོར་བ་སྟེ། དེ་ཡང་གཡོ་བྱེད་གཟུང་འཛིན་སྤྲོས་བྲལ་ནང་གནས་ཀྱི་ཡེ་ཤེས་ཀུན་ཏུ་བཟང་པོ་ལ། དེའི་ངང་ལས་འཕྲོས་པའི་དུག་ལྔ་སོགས་རྟོག་ཚོགས་ནི་རྩལ་གྱི་ཡེ་ཤེས་དེ་བཞིན་གཤེགས་པ་ལྔ་སོགས་སངས་རྒྱས་བཞི་བཅུ་རྩ་གཉིས་སུ་བསྟན་པ་རྣམས་ཡིན་ཏེ། རིག་པ་གནས་པ་དག་འཕྲོ་བ་ཉིད་ཡེ་ནས་དཀྱིལ་འཁོར་དུ་བསྟན་པའོ། །དེ་ནི་ཆོས་དང་དུས་ཕུན་སུམ་ཚོགས་པའོ། །གཞན་ཡང་། རང་བཞིན་དང་ཏིང་ངེ་འཛིན་དང་གཟུགས་བརྙན་གྱི་དཀྱིལ་འཁོར་གསུམ་དང་། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་བཞི་ལ་སོགས་པའི་རིམ་པས་དབྱེ་བསྡུ་སྣ་ཚོགས་ཡོད་ལ། རྒྱུད་འདི་ཉིད་ཀྱི་ཕྱི་མ་ལས། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་དཀྱིལ་འཁོར་བདུན་དུ་གསུངས་ཏེ། དང་པོ་ལ། ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པ་གནས་ལུགས་གཞི་ཡི་དཀྱིལ་འཁོར་དང་། གློ་བུར་གྱི་དྲི་མ་བྲལ་ནས་གཞི་ཇི་བཞིན་པ་མངོན་དུ་གྱུར་པ་མཐར་ཕྱིན་འབྲས་བུའི་དཀྱིལ་འཁོར་ཏེ་གཉིས་སུ་དབྱེ་བ་ཡོད་ན་ཡང་། དོན་ལ་གཞི་འབྲས་བུ་དབྱེར་མེད་དག་མཉམ་ཆེན་པོའི་དཀྱིལ་འཁོར་ནི་མ་བྱས་ལྷུན་གྱིས་གྲུབ་པ་རང་བཞིན་གྱི་དཀྱིལ་འཁོར་ཞེས་བྱའོ། །གཉིས་པ་མ་དག་འཁོར་བའི་ཆོས་སུ་སྣང་བ་རྣམས་ལ་གཟུགས་བརྙན་གྱི་དཀྱིལ་འཁོར་ཞེས་བྱ་སྟེ། དག་པའི་རྟེན་བརྟེན་པ་རྣམས་དང་རྣམ་པ་ཆ་འདྲ་ལ་ངོ་བོ་ཡེ་ནས་དག་པར་གནས་པའི་ཕྱིར་རོ། །གསུམ་པ་དག་པའི་རྟེན་བརྟེན་པ་མཚོན་པའི་ཕྱིར་རྡུལ་ཚོན་ལ་སོགས་པ་གཞལ་ཡས་ཁང་གི་རྣམ་པ་དང་། སྐུ་གཟུགས་དང་གསུང་རབ་མཆོད་རྟེན་ལ་སོགས་པ་ཕྱག་རྒྱའི་མཚན་མར་གྱུར་པ་རྣམས་ནི་མ་དག་འཁོར་བའི་མཚན་མ་རྣམས་ལས་ཐ་སྙད་དུ་ལྷག་པའི་ཕྱིར་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཞེས་བྱ་ལ། དབང་དང་སྒྲུབ་མཆོད་ཕྲིན་ལས་ཀྱི་དོན་དུ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་འབྲི་བ་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ལས། དང་པོ་ལ་གནམ་ས་བར་སྣང་གི་དཔྱད་ཤེས་པའི་སྒོ་ནས་ས་བརྟག་པ་དང་། རུང་བར་མཐོང་ན་སྣང་བ་དང་མི་སྣང་བའི་བདག་པོ་ལས་ས་བསླང་བ་དང་། ཕུར་བུ་པདྨ་ཀཱི་ལ་ཡར་བསྐྱེད་པ་གདབ་སྟེ་ས་དབང་དུ་བྱ་བ་དང་། ལྟོ་འཕྱེ་བརྟག་པ་དང་གཏེར་སྦ་བ་དང་བསྙོམས་ལ་སྐྱང་ནུལ་བྱ་བའི་ལས་དང་། སྦྱིན་སྲེག་དང་། སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་ལྔས་ཡོངས་སུ་སྦྱོང་བ་དང་། མཚོན་ཆ་ལྔས་མཚམས་བཅད་དེ་ས་གཞི་བསྲུང་བ་དང་། ལྷ་ཡབ་ཡུམ་རོལ་པའི་འོད་ས་ལ་བསྟིམ་པས་དཀྱིལ་འཁོར་གྱི་རང་བཞིན་དུ་བསམས་པས་ས་བཟུང་བ་སྟེ་ལས་རིམ་དྲུག་གི་སྒོ་ནས་ས་གཞི་དཀྱིལ་འཁོར་འབྲི་བའི་གཞིར་རུང་བར་བྱའོ། །དངོས་གཞི་ལ་བྱིན་གྱིས་བརླབ་པའི་ཕུར་བུ་དང་སྲད་བུ་ཚོན་ཕྱེ་འདུས་བྱས་ལ། མཚན་ཉིད་དང་ལྡན་པའི་གྲོགས་དང་ལྷན་ཅིག་ཏུ་བསྐོར་ཕྱོགས་ལ་སོགས་པའི་ལས་ཀྱི་རིམ་པ་མ་ནོར་བའི་སྒོ་མས་དཀྱིལ་འཁོར་ཆེ་ཆུང་གི་ཚད་དང་འཚམས་པའི་ཐིག་གདབ་པ་དང་། ཚོན་དགྱེ་བ་དང་། མཚན་མ་འགོད་པ་དང་། རབ་ཏུ་གནས་པར་བྱ་བ་དང་། དེར་མཆོད་པ་སྣ་ཚོགས་སྦྱིན་སྲེག་གི་མཐར་ཐུག་པར་བྱ་བ་དང་ལྔས་དངོས་གྲུབ་ཀྱི་གཞིར་རུང་བར་བྱ་བའོ། །གསུམ་པ་དེ་ལྟ་བུའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་སློབ་མ་ལ་དབང་བསྐུར་བ་ལ་སོགས་ལས་ཀྱི་རིམ་པ་ཐམས་ཅད་བྱ་བའོ། །བཞི་པ་ཆོས་ཐམས་ཅད་དབྱེར་མེད་པ་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་གནས་པའི་རང་བཞིན་གྱི་དཀྱིལ་འཁོར་ཡུལ་དུ་བྱས་ནས་བསྒོམ་པ་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེས་བྱའོ། །ལྔ་པ་གཞི་དེ་ལས་བྱེ་བྲག་ཏུ་ཐུགས་རྗེ་ཞི་བ་དང་བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་གང་ཡང་རུང་བའི་རྟེན་དང་བརྟེན་པའི་རྣམ་པ་མ་འདྲེས་ཡོངས་རྫོགས་ཀྱི་ཚུལ་དུ་གསལ་སྣང་ཐོབ་པའི་སྒོ་ནས་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་རྣམས་སྒྲུབ་ཐབས་ལས་བྱུང་བ་ལྟར་བསྒོམ་པ་ནི་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེས་བྱའོ། །དྲུག་པ་རྩ་རླུང་ཐིག་ལེ་ལམ་དུ་བྱེད་པ་ལ་བརྟེན་ནས་རང་གནས་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་ཤར་བ་ནི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ་ལམ་གྱི་དཀྱིལ་འཁོར་གྱི་དམ་པའོ། །བདུན་པ་ལྷའི་རྣལ་འབྱོར་དང་ལྡན་པའི་སྐྱེ་བོ་ཕོ་མོ་རྣམས་སྒྲུབ་པ་ཟབ་མོའི་ཕྱིར་ལྷན་ཅིག་ཏུ་ཚོགས་པ་ནི་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །གསུམ་པ་ནི། འདི་ལྟར་དཀྱིལ་འཁོར་ཞེས་བྱ་བ་འདིས་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་བུའི་དོན་ཐམས་ཅད་བསྡུས་པས་ན། ཤེས་པར་བྱ་བ་དང་། བསྒྲུབ་པར་བྱ་བ་དང་། ཐོབ་པར་བྱ་བའང་ཡིན་ཏེ་གཞི་རང་བཞིན་གྱི་དཀྱིལ་འཁོར་ཤེས་པར་བྱ་བ་དང་། ལམ་བསྒོམ་པའི་དཀྱིལ་འཁོར་ཉམས་སུ་བླངས་ནས་བསྒྲུབ་པར་བྱ་བ་དང་། འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐོབ་པར་བྱ་བ་ཡིན་པའི་ཕྱིར་རོ། །ཡང་ཤེས་པར་བྱ་བའི་ངོ་བོ་དང་། བསྒྲུབ་པར་བྱ་བའི་ངོ་བོ་དང་། ཐོབ་པར་བྱ་བའི་ངོ་བོའང་ཡིན་ཏེ། སྣང་སྲིད་ཀྱི་ཆོས་མ་ལུས་པ་ཤེས་བྱ་གཞི་རྒྱུད་བདེན་པ་དབྱེར་མེད་ཀྱི་དོན་ལས་མི་འདའ་བས་ན་དེའི་ངོ་བོ་དང་། ལམ་ཉམས་སུ་ལེན་པ་ཐམས་ཅད་བསྒྲུབ་པར་བྱ་བའི་དཀྱིལ་འཁོར་དེའི་ངོ་བོའམ། དངོས་པོ་ཉིད་ཡིན་ལ། གཞི་འབྲས་དབྱེར་མེད་པས་ན་གཞི་དང་ལམ་གྱི་གནས་སྐབས་ཀྱི་སྣང་བ་ཐམས་ཅད་དོན་ལ་ཐོབ་བྱ་འབྲས་བའི་ངོ་བོར་ལྷུན་གྱིས་གྲུབ་པའང་ཡིན་ནོ། །ཡང་ཤེས་པར་བྱར་མེད་པ་དང་། བསྒྲུབ་པར་བྱར་མེད་པ་དང་། ཐོབ་པར་བྱར་མེད་པའང་ཡིན་ཏེ། གཞི་དག་མཉམ་བདེན་པ་དབྱེར་མེད་ཀྱི་གནས་ལུགས་ནི་སྨྲ་བསམ་བརྗོད་པ་ཀུན་དང་བྲལ་བས་ན་བློ་ལས་འདས་པ་ཡིན་ལ། དེས་ན་དེ་དམིགས་པའི་ཚུལ་གྱིས་ཤེས་པར་བྱར་མེད་པ་ཡིན་ནོ། །ཡེ་ནས་གནས་པའི་ཕྱིར་ད་ལམ་གྱིས་བསྒྲུབ་མི་དགོས་ལ་བསྒྲུབ་པར་བྱ་བའི་ཆོས་ཀྱང་བརྟགས་ན་དབེན་པའི་ཕྱིར་བསྒྲུབ་ཏུ་མེད་པ་ཡིན་ནོ། །ཡེ་ནས་ལྷུན་གྱིས་གྲུབ་པས་གསར་དུ་ཐོབ་པ་མེད་ལ་དོན་དམ་པར་ཐོབ་པར་བྱ་བའི་ཆོས་མི་དམིགས་པའི་ཕྱིར་ཐོབ་པ་མེད་པའང་ཡིན་ནོ། །དེ་ལྟ་ན་སྣང་ཚུལ་ཐ་སྙད་ལ་བསྒྲུབ་པ་དང་གནས་ཚུལ་དོན་དམ་ལ་བསྒྲུབ་པ་མེད་པར་གནས་པའི་བདེན་གཉིས་ཟབ་མོའི་དོན་མཐོང་བའི་བློས། སྒྲུབ་མེད་མ་ལུས་ཐམས་ཅད་འགྲུབ། །ཅེས་གསུངས་པ་བཞིན་དུ་དཀྱིལ་འཁོར་གྱི་ཚུལ་ཤེས་པ་ལ་འཇུག་པར་བྱའོ། །བཞི་པ་ནི། བདག་ཉིད་ཆེན་པོ་རྣམས་ཀྱིས་ཆོས་ཀྱི་རྒྱལ་སྲིད་བསྒྲུབ་པ་ལ་རྒྱུ་ཡི་གཙོ་བོ་ཆོས་ཀྱི་རྒྱལ་པོ་ཉིད་ཡིན་པའི་ཕྱིར། འདི་ལ་བརྟེན་ནས་སྔགས་ཀྱི་ལམ་ཀུན་འབྱུང་ཞིང་ལམ་དང་འབྲས་བུ་ཐམས་ཅད་འདིའི་ངོ་བོ་ཉིད་དུ་གྱུར་པས་ན་ཤིན་ཏུ་གལ་ཆེ་བའོ། །མདོར་ན་དཀྱིལ་འཁོར་འདི་ནི། ལྟ་བས་ཤེས་པར་བྱ་བ་དང་། བསྒོམ་པས་ཉམས་སུ་བླང་བར་བྱ་བའི་གཞིར་གྲུབ་ལ། སྤྱོད་པའང་འདི་དང་མ་བྲལ་བར་འཇུག་དགོས་པ་དང་། དབང་འབྱུང་བའི་གནས་དང་། སྒྲུབ་པས་འཇུག་པར་བྱ་བའི་གཞི་དང་། མཆོད་པ་སྟོབ་པའི་ཡུལ་དང་། ཕྲིན་ལས་དང་སྔགས་ཕྱག་རྒྱ་རྣམས་ཀྱི་གཞིར་གྱུར་ལ། དེ་ལས་མི་འདའ་བ་དམ་ཚིག་ཡིན་པའི་ཕྱིར་བསླབ་པའི་གནས་ཀུན་ལ་ཁྱབ་པར་འགྲོ་ཞིང་། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་ངང་དུ་བྱ་རྩོལ་མེད་པར་རྫོགས་པ་ན་མཐར་ཕྱིན་པ་སྟེ། རྒྱུད་ལས། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་གསུངས་པ་བཞིན་ནོ། །དེ་དག་གིས་ཡེ་ཤེས་ཀྱི་རང་སྣང་དཀྱིལ་འཁོར་གྱི་རྣམ་པར་ཤར་བ་བསྟན་པས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དཀྱིལ་འཁོར་གྱི་སྐབས་བཤད་པའོ། །ལྔ་པ་དབང་ལ། ངོ་བོ། དབྱེ་བ། དེ་དབང་དུ་གྲུབ་ཚུལ། དགོས་པ་བཞི་ལས། དང་པོ། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །སྙིང་རྗེས་ཆུད་མ་ཟོས་པར་གཟུང་། །ཞེས་གསུངས་ཏེ། ཨ་བྷི་ཥིཉྩ་ཞེས་པའི་སྒྲ་ལས་དྲངས་ན་ཨ་བྷི་མངོན་པ་ཥིཉྩ་གཏོར་བའམ་བླུགས་པའི་དོན་ཡིན་པས་སྔགས་ཀྱི་དབང་བསྐུར་བའི་ཆོ་ག་ཟབ་མོ་ལ་བརྟེན་ནས། སློབ་བུའི་སྒོ་གསུམ་ཆ་མཉམ་དང་བཅས་པའི་དྲི་མ་འཁྲུད་པའམ་གཏོར་བར་བྱེད་ཅིང་། རྡོ་རྗེ་བཞིར་སྨིན་པའི་ཡེ་ཤེས་འཆར་བའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའམ་བླུགས་པར་བྱེད་པའོ། །གཉིས་པ་གཞི་དུས་ཀྱི་གནས་སྐབས་བཞི་ཡི་དྲི་མ་སེལ་ཞིང་། ལམ་བཞི་བསྒོམ་པ་དང་། འབྲས་དུས་སྐུ་བཞི་ཐོབ་པའི་དོན་གྱིས་དབང་རྣམ་པ་བཞི་སྟེ། ལུས་དང་རྩ་སྤྲུལ་སྐུར་དག་པར་བྱེད་པ་བུམ་པའི་དབང་། ངག་དང་རླུང་ལོངས་སྐུར་དག་པར་བྱེད་པ་གསང་བའི་དབང་། ཡིད་དང་ཐིག་ལེ་ཆོས་སྐུར་དག་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། སྒོ་གསུམ་ཆ་མཉམ་དུ་ངོ་བོ་ཉིད་སྐུར་དག་པར་བྱེད་པ་ཚིག་གི་དབང་སྟེ་བཞིར་ཡོད་ལ། འདི་ཡི་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་གསུངས་པའང་དེའོ། །ཡང་དབང་བཞི་པོ་དེ་ལ་དབྱེ་བ་སྡུའི་རིམ་པ་དང་སོ་སོའི་ཆོ་གའི་བྱེ་བྲག་མི་འདྲ་བ་དུ་མ་ནི་རྒྱུད་སོ་སོ་ནས་བསྟན་ཏེ། རྒྱུད་འདིར་ཡང་ཕན་ནུས་ཟབ་མོའི་དབང་གསུམ་དུ་གསུངས་ཤིང་། ཟབ་དབང་ཡང་ནུས་དབང་གི་ཁོངས་སུ་བསྡུས་ན་གཉིས་ཡིན་ལ། ཟབ་དབང་ལ་གསུམ་དུ་དབྱེ་ན་དབང་ལྔ་སྟེ། དེ་དག་གིས་དང་པོས་ས་བོན་འཇོག །གཉིས་པས་ནུས་པ་སྨིན། གསུམ་པས་ཉམས་མྱོང་བསྐྱེད། བཞི་པས་དེ་བརྟན་པར་བྱེད། ལྔ་པས་བརྟན་པ་མཐར་ཕྱིན་ནས་མཆོག་གི་དངོས་གྲུབ་འགྲུབ་པར་བསྟན་ཏོ། །དེ་ལྟར་ན་བུམ་དབང་ལ་ཕན་ནུས་གཉིས་སུ་ཕྱེ་སྟེ། ཞི་བའི་ཕན་དབང་ལ་སྙིང་པོ་ལྔ་དང་དབུ་རྒྱན་ལ་སོགས་པ་བཅུ་དང་། ཁྲོ་བོའི་ཕན་དབང་ལ་གདན་དང་ལྷ་དབང་ཕྱག་མཚན་ལ་སོགས་པ་ནང་གསེས་ཉེར་བརྒྱད་དུ་གྲགས་པ་རྣམས་ནི་ཕན་པར་བྱེད་པ་ཡིན་ཀྱང་། ད་ལྟ་ནས་སྔགས་འཆད་ཉན་སྒྲུབ་པ་སོགས་ཀྱི་ལས་བྱེད་ནུས་པར་དབང་བསྐུར་བ་མིན་པས་ན་ཕན་པའི་དབང་ཞེས་བྱ་ལ། གསང་བ་ཉན་པའི་དབང་དང་། དངོས་གྲུབ་སྒྲུབ་པའི་དབང་གཉིས་གཙོ་ཆེར་བདག་དོན་ནུས་པའི་ཆེད་དུ་དང་། གསང་བ་འཆད་པའི་དབང་དང་། ཕྲིན་ལས་སྤྱོད་པར་དབང་བསྐུར་པ་གཉིས་ནི་གཙོ་བོར་གཞན་དོན་ནུས་པའི་ཆེད་དུ་དང་། གཉིས་ཀའི་དོན་ནུས་པའི་ཆེད་དུ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་སྟེ། དེ་ལྟར་ལྔ་ནི་ནུས་དབང་ཞེས་བྱ་སྟེ། དེ་དག་ཕན་པའང་ཡིན་མོད་གཙོ་བོར་ལས་དེ་དག་ནུས་པར་དངོས་སུ་དབང་བསྐུར་བའི་ཕྱིར་རོ། །ཟབ་དབང་གསུམ་ནི། ཤ་ལྔ་དང་བདུད་རྩི་ལྔ་སོགས་ལ་གཙང་དམེ་མེད་པར་རོལ་པ་ལ་སོགས་སྤྱོད་པའི་བརྟུལ་ཞུགས་ཅན་ལ་གསང་བའི་དབང་བསྐུར་བ་དང་། རིག་མའི་བརྟུལ་ཞུགས་ཅན་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དང་། ཆོས་ཀུན་མཉམ་པའི་བརྟུལ་ཞུགས་ཅན་ལ་དབང་བཞི་པ་བསྐུར་བ་ནི་ཟབ་མོའི་དབང་གསུམ་དང་དབང་གོང་མ་གསུམ་ཞེས་ཀྱང་བྱའོ། །གསུམ་པ་ནི། དབང་འདི་ནི་སྔགས་ཉམས་སུ་ལེན་པ་ལ་ཐོག་མའི་འཇུག་སྒོ་མེད་དུ་མི་རུང་བ་སྟེ། དེ་ཡི་རྒྱུ་མཚན་ཤིན་ཏུ་རྟོགས་པར་དཀའ་བ་དག་མཉམ་བདེན་པ་དབྱེར་མེད་གཞི་ཡི་དཀྱིལ་འཁོར་ཡེ་ནས་རང་ལ་གནས་པ་ཉིད། དབང་བསྐུར་བའི་ཆོ་ག་ཟབ་མོས་བཙན་ཐབས་སུ་འཆར་བར་བྱེད་པ་སྟེ། རྡོ་རྗེ་བཞི་ཡི་ཡེ་ཤེས་སྨིན་པར་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །ཇི་ལྟར་སྨིན་པར་བྱེད་ཅེ་ན་རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པའི་རྒྱུ་རྐྱེན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་ལས་ཟབ་མོ་སྔགས་ཀྱི་རྟོགས་པ་ཁྱད་པར་ཅན་དངོས་སུ་སྐྱེ་བའམ། སྐྱེ་རུང་གི་ནུས་པ་རྒྱུད་ལ་འཇོག་པ་ཡིན་ནོ། །དེ་ཡང་མཚུངས་ལྡན་གྱི་རྒྱུ་ནི་སློབ་མའི་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་ལ་དབྱེར་མེད་པར་ཁྱབ་པའི་ཆོས་ཉིད་དག་མཉམ་བདེ་བ་ཆེན་པོའོ། །ལྷན་ཅིག་བྱེད་པའི་རྒྱུ་ནི་བུམ་པ་སོགས་དབང་དང་པོའི་རྫས་དང་། བླ་མ་ཡབ་ཡུམ་གྱི་བྱང་སེམས་གཉིས་པའི་རྫས་དང་། ཤེས་རབ་མ་གསུམ་པའི་རྫས་དང་། བརྡ་དང་ཚིག་གི་བརྗོད་པ་བཞི་པའི་དབང་རྫས་ཏེ། དེ་རྣམས་སྔགས་ཀྱི་ལྟ་དགོངས་ཁྱད་པར་ཅན་གྱིས་རབ་ཏུ་གནས་པ་དང་། ཟིན་པར་བྱས་པའི་བྱིན་རླབས་དང་ལྡན་པར་གྱུར་པའོ། །རྐྱེན་བཞི་ནི་དབང་བསྐུར་དུ་རུང་བའི་སྣོད་ལྡན་གྱི་སློབ་མ་དད་པ་དང་ཤེས་རབ་ཅན་ནི་རྒྱུའི་རྐྱེན། སྔགས་ལམ་གྱི་ནུས་པ་རྙེད་པས་སློབ་མའི་རྒྱུད་བྱིན་གྱིས་རློབ་པའི་དབང་བསྐུར་ནུས་པའི་སློབ་དཔོན་མཚན་ཉིད་དང་ལྡན་པ་བདག་པོའི་རྐྱེན། ནུས་པའི་ཁྱད་པར་དང་ལྡན་པའི་རྫས་དང་སྔགས་དང་ཏིང་འཛིན་ནི་དམིགས་པའི་རྐྱེན། དབང་དང་ཆོ་ག་སྔ་མ་སྔ་མས་གོ་ཕྱེ་ནས་ཕྱི་མ་ཕྱི་མ་འབྱུང་བས་ན་སྔ་མ་སྔ་མ་ནི་དེ་ཐེག་པའི་རྐྱེན་ཏེ། དེ་ལྟར་རྒྱུ་གཉིས་དང་རྐྱེན་བཞི་སྟེ་དྲུག་ཚོགས་པའི་མཐུ་ལས། རང་གནས་ཀྱི་ཡེ་ཤེས་མངོན་དུ་འཆར་བ་ནི། ཆོས་ཉིད་བདེ་བ་ཆེན་པོ་དང་ཆོས་ཅན་རྟེན་འབྲེལ་བསླུ་མེད་ཀྱི་སྟོབས་བསམ་གྱིས་མི་ཁྱབ་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པའི་མཐུ་བསམ་གྱིས་མི་ཁྱབ་པ་དང་། ཐབས་ལ་མཁས་པ་གསང་སྔགས་ཀྱི་སྤྱོད་པ་ཁྱད་པར་ཅན་སྔགས་དང་ཕྱག་རྒྱའི་ནུས་པ་བསམ་གྱིས་མི་ཁྱབ་པའི་དབང་གིས་ཡིན་པས་ན། ནོར་བུ་དང་སྨན་གྱི་ནུས་པ་བཞིན་བསྙོན་དུ་མེད་པ་ཉིད་དེ། ཕུར་བའི་རྒྱུད་ལས། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱི་རླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཞེས་གསུངས་པ་བཞིན་ནོ། །དེས་ན་དབང་ལ་བརྟེན་ནས་རྡོ་རྗེ་བཞི་ཡི་དོན་ལ་གོ་མྱོང་རྟོགས་པ་ཅི་རིགས་སྐྱེས་པ་དེ་ཉིད་གོང་ནས་གོང་དུ་སྤེལ་བའི་ལམ་ལ་ཚུལ་བཞིན་འབད་ན་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་ནུས་ལ། ཚེ་འདིར་ལམ་ལ་ཆེད་དུ་མ་འབད་ཀྱང་དམ་ཚིག་མ་ཉམས་ན་རིང་པོར་མི་ཐོགས་པར་འཚང་རྒྱ་ནུས་པར་གསུངས་སོ། །བཞི་པ་ནི་སངས་རྒྱས་ཀྱི་གོ་འཕང་བདེ་ཞིང་མྱུར་བའི་ཚུལ་གྱིས་ཐོབ་པར་བྱེད་པ་སྔགས་ཀྱི་ལམ་ནི་དབང་གིས་སྨིན་པར་བྱེད་པ་ལས་འབྱུང་གི། གཞན་དུ་ནམ་ཡང་མ་ཡིན་ཏེ། མདོ་ཡི་ལམ་ན་བསྐལ་པ་གྲངས་མེད་པར་ཚོགས་གཉིས་རླབས་པོ་ཆེ་བསགས་པའི་རང་འབྲས་བུ་གྱུར་པའི་ཡེ་ཤེས་དེ་ལ། སོ་སོའི་སྐྱེ་བོ་ལས་དང་པོ་པའི་ས་ནས་ཀྱང་བཙན་ཐབས་སུ་འཇུག་ནུས་པ་ནི། དབང་གི་མཐུ་ལས་ཡིན་ཏེ། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་པ་ལྟ་བུའོ། །དབང་མ་ཐོབ་ན་གསང་རྒྱུད་ཟབ་མོ་རྣམས་ཀྱི་གླེགས་བམ་བལྟ་བ་དང་ཉན་པ་ཙམ་ཡང་མི་རུང་ན་སྒྲུབ་པ་སོགས་ལྟ་ཅི་སྨོས་ཏེ། རྒྱུད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང བརླག་པར་འགྱུར། །ཞེས་དང་། ཕྱག་ཆེན་ཐིག་ལེ་ལས། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ལས་མར་མེད་ལྟར། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་ལ་གསལ་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། །ཞེས་གསུངས་སོ། །དབང་ཐོབ་ན་དེ་ལས་ལྡོག་སྟེ་བཀའ་ཐོབ་པའི་ཕྱིར་གསང་སྔགས་ཀྱི་ལམ་དང་དངོས་གྲུབ་ཐམས་ཅད་ལ་ཚུལ་བཞིན་འཇུག་པར་འགྱུར་བས་ན། རིམ་བརྒྱུད་ཀྱི་བྱིན་རླབས་དང་ལྡན་པའི་བླ་མ་ལས་སྔགས་ཀྱི་དབང་ཚད་དང་ལྡན་པ་ནོད་པར་བྱ་བ་ནི་མེད་དུ་མི་རུང་ལ། དེ་ལས་ཕན་ཡོན་ཚད་མེད་པའང་འཐོབ་སྟེ། རྒྱུད་ལས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་གསུངས་ཤིང་། གཞན་ཡང་དཀྱིལ་འཁོར་མཐོང་བ་ཙམ་ལའང་ཕན་ཡོན་ཚད་མེད་ཡོད་པ་རྒྱུད་རྣམས་ནས་གསུངས་པ་བཞིན་ནོ། །མདོར་ན་རྡོ་རྗེ་ཐེག་པའི་ལམ་གྱི་ཐོག་མའི་འཇུག་སྒོ་གཅིག་པུར་གྱུར་བ་དབང་ཞེས་བྱ་བ་ནི། ལམ་བསྒོམ་པ་དང་། འབྲས་བུ་ཐོབ་པ་ལ་དབང་བར་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་པས་ན། འདི་ལ་བརྟེན་ནས་སྔགས་ཀྱི་ལྟ་བ་རྒྱུད་ལ་སྐྱེ་བ་དང་། དེའི་དོན་བཞིན་བསྒོམ་པ་དང་། སྤྱོད་པ་ལ་ནུས་པ་ཐོབ་པ་དང་། སྒྲུབ་པ་དང་མཆོད་པ་ཕྲིན་ལས་སྔགས་དང་ཕྱག་རྒྱ་རྣམས་དོན་ཡོད་པ་དང་དམ་ཚིག་ཐོབ་པར་བྱེད་པས་ན་དབང་ནི་ཀུན་གྱི་འབྱུང་གནས་ལྟ་བུ་དང་། གོ་འཕང་གི་རིམ་པ་ཐོབ་པར་བྱེད་པ་ལ་རྒྱལ་པོ་ལྟ་བུ་ཡིན་པས་ན་ཐམས་ཅད་འདི་ལ་བརྟེན་པར་གྱུར་ཅིང་མཐར་ཐུག་གི་དོན་ལ་བསྐུར་ཐོབ་མེད་པར་ཡེ་ནས་ཆོས་སྐུ་ཆེན་པོར་རྫོགས་པའི་དོན་མཐོང་ན་རང་རིག་པ་རྩལ་གྱི་དབང་ཐོབ་པ་སྟེ་རྫོགས་པ་ཆེན་པོའི་ཚུལ་ཉིད་དུ་ནི་དབང་ཐམས་ཅད་མཐར་ཕྱིན་པ་ཡིན་ནོ། །དེ་ལྟར་ཡང་རྒྱུད་ལས། གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ། །ཞེས་གསུངས་པ་བཞིན་ནོ། །དེ་དག་གིས་ཡེ་ཤེས་རྒྱུད་ལ་འཇོག་པ་ལ་སྟོབས་མཆོག་དང་ལྡན་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབང་གི་སྐབས་བསྟན་ཏོ། །དྲུག་པ་དམ་ཚིག་ལ། ངོ་བོ། དབྱེ་བ། དེ་དག་གི་གནད་ཀྱི་ཚུལ། དགོས་པའོ། །དང་པོ། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གི་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་གསུངས་ཏེ། དེ་ལ་ས་མ་ཡ་ཞེས་པའི་སྒྲ་ལས་དམ་ཚིག་སྟེ་འདའ་བར་བྱ་བ་མ་ཡིན་པའི་དོན་ཅན་ནོ། །དེ་ཡང་བདག་ཉིད་ཆེན་པོ་རྣམས་ཀྱིས་བཀའ་བཅད་པ་གང་ཞིག་རྣལ་འབྱོར་དབང་ཕྱུག་རྣམས་ཀྱིས་བསླབས་པར་གྱུར་པའི་གནས་དེ་ལས་མི་འདའ་བར་འཇུག་ལྡོག་ཚུལ་བཞིན་བྱེད་པའོ། །གཉིས་པ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྔགས་ཀྱི་དམ་ཚིག་མདོར་བསྡུ་ན། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གསུམ་དུ་འདུས་ཏེ། སྤྱི་ཡི་དམ་ཚིག་ནི་སོ་ཐར་གྱི་སྡོམ་པ། བྱང་སེམས་ཀྱི་བསླབ་པ། སྔགས་ཕྱི་པའི་དམ་ཚ ིག་ཏུ་གསུངས་པ་རྣམས་ཀྱང་དགོས་མེད་དུ་འདའ་བྱ་མིན་པས་སྔགས་བླ་མེད་ཀྱི་དམ་ཚིག་གི་གཞིའམ་ཡན་ལག་ཏུ་གྱུར་པས་ཐུན་མོང་སྤྱི་ཡི་དམ་ཚིག་ཅེས་ཀྱང་བྱའོ། །ཁྱད་པར་གྱི་དམ་ཚིག་ནི་སྔགས་བླ་མེད་རང་ལ་གྲགས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཏུ་གསུངས་པ་རྣམས་སོ། །ཡང་སྤྱི་ནི་སོ་བྱང་སྔགས་ཀྱི་སྡོམ་པ་ཐམས་ཅད་གང་ཟག་སྤྱི་ཡི་བསྲུང་བྱ་ཡིན་པས་སྤྱི་དང་། རྣལ་འབྱོར་པ་བློ་ཡི་རྩལ་འཕང་མཐོ་དམན་སོ་སོའི་གནས་སྐབས་ན་ལྟ་སྤྱོད་ཕྲིན་ལས་སོགས་རང་རང་གི་ཉམས་དང་སྦྱར་ཏེ་བསྲུང་བ་ནི་ཐུན་མིན་གང་ཟག་སོ་སོའི་བསྲུང་བྱ་ཡིན་པས་ཁྱད་པར་གྱི་དམ་ཚིག་ཅེས་བཤད་པའང་ཡོད་དོ། །ལྷག་པའི་དམ་ཚིག་ནི་སྒྲུབ་པ་ཆེན་པོའི་དུས་སྐབས་སུ་རྒྱུན་གྱི་བསྲུང་བྱ་ལས་ལྷག་པར་དམིགས་བསལ་ཏེ་གསུངས་པ། སེང་གེའི་ཁོག་པ་མི་བཤིག་པ་ལ་སོགས་པ་ལྟ་བུའོ། །གཉིས་པ་ལ་རྒྱུད་གཞན་ལས་ནི་རྩ་ལྟུང་བཅུ་བཞི་དང་། ཡན་ལག་སྦོམ་པོའི་ལྟུང་བ་བརྒྱད་དང་། གཞན་ཡང་རྒྱུད་སོ་སོའི་དམ་ཚིག་གི་རིམ་པ་དབྱེ་བསྡུ་མང་ཉུང་སྣ་ཚོགས་སུ་གསུངས་ཀྱང་། འདི་ནི་རྩ་བ་ལྔ། ཡན་ལག་བཅུ་སྟེ་བཅོ་ལྔར་གསུངས་སོ། །ཚུལ་འདི་གསང་སྔགས་ནང་པའི་དམ་ཚིག་ཐམས་ཅད་ཀྱི་གནད་འགག་མཐར་ཐུག་པ་ཡིན་པས། འདིའི་ཚུལ་ཤེས་པ་དང་། དེ་ལས་མ་འདས་ན་དམ་ཚིག་མ་ཉམས་པ་ཡིན་པས་འདིའི་གནད་ཤེས་ཤིང་བསྲུང་བ་གལ་ཆེའོ། །དེ་ལ་རྩ་བའི་དམ་ཚིག་ལྔ་ནི། བླ་མེད་མི་སྤང་བ་དང་། བླ་མ་བཀུར་བ་དང་། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་པ་དང་། ཡང་དག་པའི་ལམ་དུ་ཞུགས་པ་ལ་བྱམས་པ་དང་། གསང་བའི་དོན་སྣོད་མིན་ལ་མི་བཤད་པ་སྟེ་ལྔའོ། །ཡན་ལག་བཅུ་ནི། དུག་ལྔ་མི་སྤང་བ་དང་། བདུད་རྩི་ལྔ་དང་དུ་ལེན་པའོ། །དེ་ལ་དང་པོ་བླ་མེད་མི་སྤང་བ་ནི། བླ་མེད་ཅེས་པ་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་དག་མཉམ་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོ་དེ་ཡིན་ལ། དེ་ནི་བླ་ན་མེད་པ་སྟེ་དེ་ཉིད་རྟོགས་པ་དང་ཐོབ་པ་ལས་གོང་དུ་གྱུར་པའི་ལམ་དང་འབྲས་བུ་མི་སྲིད་པའི་ཕྱིར་རོ། །དེས་ན་དེ་ལ་ཡིད་ཆེས་ཤིང་མི་སྤོང་བ་ཡིན་ནོ། །དེ་མ་སྤངས་ན་དཀོན་མཆོག་གསུམ་དང་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱང་ངོ་བོ་ཉིད་ཀྱིས་མི་སྤོང་བར་འགྱུར་ཏེ། ཆོས་ཉིད་དོན་གྱི་གནས་ལུགས་དེ་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་སངས་རྒྱས་དང་། ཅི་རིགས་པ་རྟོགས་པ་དགེ་འདུན་ཡིན་ལ། བླ་མེད་ཉིད་ལ་ཡིད་ཆེས་ཤིང་མ་སྤངས་ན་དེ་མཐོང་བའི་འཕགས་པ་རིག་པ་འཛིན་པ་དང་སངས་རྒྱས་དང་དེ་དག་གི་ཐུགས་རྒྱུད་ལ་མངའ་བའི་ཆོས་ཀྱང་སྤོང་བ་མི་སྲིད་པ་དང་། དེས་ཆོས་ཉིད་ཀྱི་ཚལ་དུའང་གཞི་དང་ལམ་དང་འབྲས་བུའི་དཀོན་མཆོག་གསུམ་བསྡུས་ཏེ། གཞི་དུས་ན་སེམས་ཅན་གྱི་སེམས་ཉིད་སངས་རྒྱས་པའི་ངོ་བོར་གནས་པ་དང་། དེ་དང་འབྲལ་མེད་དུ་ཆོས་ཀྱང་ཉི་མ་དང་ཟེར་བཞིན་ཡོད་ལ་ངག་ཡི་གེའི་འཁོར་ལོར་གནས་པ་དང་། ཆོས་ཉིད་དེ་ལྟ་བུ་དང་ལྡན་པའི་ཕྱིར་སེམས་ཅན་རྣམས་བསོད་ནམས་བསྒྲུབ་པའི་ཞིང་དུ་གྱུར་པས་དགེ་འདུན་ཏེ་དཀོན་མཆོག་གསུམ་དུ་གྲུབ་ལ། ཡང་ལམ་པའི་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ངོ་བོར་ཡེ་ནས་སངས་རྒྱས་པ་དང་། ལམ་བསྐྱེད་རྫོགས་ནི་ཆོས་དང་དེ་ཉམས་སུ་ལེན་པ་དགེ་འདུན་ཏེ་ལམ་དུས་ཀྱི་དཀོན་མཆོག་གསུམ་དང་། ཡང་ལམ་མཐར་ཕྱིན་པའི་སངས་རྒྱས་དང་། དེས་བསྟན་པ་ཆོས་དང་། དེ་ཉམས་སུ་ལེན་པ་དགེ་འདུན་ཏེ་ཡོངས་སུ་གྲགས་པའི་དཀོན་མཆོག་གསུམ་དང་། སངས་རྒྱས་པ་ན་ཐུབ་པ་ཆོས་ཀྱི་སྐུ་ཅན་དང་སློབ་པ་མཐར་ཐུག་པའི་ཕྱིར་འབྲས་བུའི་སྐྱབས་གསུམ་སྟེ། དེ་ལྟར་གཞི་ལམ་འབྲས་བུའི་དུས་ཀྱི་དཀོན་མཆོག་ཐམས་ཅད་ཀྱང་དག་མཉམ་བདེན་པ་དབྱེར་མེད་ཀྱི་ཚུལ་གཅིག་ལས་ཐ་དད་མེད་པར་གྱུར་པ་གནས་ལུགས་དོན་གྱི་དཀོན་མཆོག་སྟེ་དེར་ཐམས་ཅད་མཉམ་པར་རྫོགས་པས་ན། བླ་མེད་ཉིད་བཟུང་བས་དེ་ཀུན་བཟུང་བ་ཡིན་ལ། འཛིན་ཚུལ་ཀྱང་ངེས་པ་མ་རྙེད་ནའང་ལུང་ལས་བྱུང་བ་ལྟར་མོས་པས་འཛིན་པ་དང་། ལྟ་བའི་དོན་ལ་ཡིན་ཆེས་རྙེད་ནས་དེ་ལྟར་ཡེ་ནས་ཡིན་པའི་ཕྱིར་དེ་སྤང་དུ་མེད་པར་ཤེས་པ་ན་ངེས་པས་འཛིན་པ་སྟེ་གཉིས་སུ་ཡོད་ལ། ཕྱི་མ་ལ་ནི་ཕྱིར་ལྡོག་པ་མེད་དེ་ལམ་དམན་པར་འཇུག་པ་སོགས་ཀྱང་ངེས་པ་དེ་ཉིད་ཀྱིས་འགོག་ནུས་པ་ཡིན་ནོ། །དེའི་ཕྱིར་ལྟ་བ་དེ་ལྟ་བུ་དང་ལྡན་པ་ལ་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ་སྔགས་ཀྱི་དེ་ཁོ་ན་ཉིད་རྡོ་རྗེ་ལྟ་བུ་རང་རྒྱུད་ལ་བཟུང་ནས་སྲིད་ཞིའི་རྒུད་པ་ཀུན་གྱི་ཕྱོགས་འཇོམས་པའི་ནུས་པ་དང་ལྡན་པའི་ཕྱིར་རོ། །དོན་དམ་སེམས་བསྐྱེད་ཀྱང་མི་སྤོང་སྟེ་དོན་དམ་མཐར་ཐུག་པ་གནས་ལུགས་དག་མཉམ་བདེན་པ་དབྱེར་མེད་བཟུང་བའི་ཕྱིར་རོ། །ཀུན་རྫོབ་སེམས་བསྐྱེད་ཀྱང་མི་སྤོང་སྟེ་སེམས་ཅན་ཐམས་ཅད་རྒུད་པ་ལས་སྐྱོབ་པའི་དོན་དུ་བདག་ཉིད་སངས་རྒྱས་སུ་བསྒྲུབ་པའི་བསམ་སྦྱོར་མི་གཏོང་བ་ནི་ཀུན་རྫོབ་སེམས་བསྐྱེད་ཡིན་ལ། འདིར་སེམས་ཅན་མཐའ་ཡས་པའི་དོན་རྟག་ཁྱབ་ཏུ་མཛད་པའི་སངས་རྒྱས་ཉིད་དུ་འགྲུབ་ངེས་པར་མཐོང་ནས། དེ་ལས་བློ་ཕྱིར་ཕྱོགས་པ་དང་སེམས་ཞུམ་པ་དང་འཁོར་བར་སྐྱོ་བ་ལ་སོགས་པ་དམན་ལམ་ཡིད་བྱེད་ཀྱི་དྲི་མ་ཀུན་གཏན་ནས་ཁེགས་པ་ཡིན་ཏེ། རྒྱུད་ལས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པ་བཞིན་ནོ། །དེ་ཡང་རྒྱུ་ལམ་གྱི་སྟོབས་ཁོ་ནས་འབྲས་བུ་སངས་རྒྱས་གདོད་འགྲུབ་པར་འདོད་པ་རྣམས་ཀྱིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ཀྱང་། རང་དོན་ཡིད་བྱེད་དང་འཁོར་བར་སྐྱོ་བ་སོགས་ཀྱི་བློ་དང་སེམས་ཞུམ་པའི་སྒོ་ནས་སེམས་བསྐྱེད་དེ་འདོར་བའང་སྲིད་དེ་འདི་ལྟར་རྒྱུ་ལ་གེགས་བྱེད་པ་སྲིད་པ་ཡིན་ལ་རྒྱུ་མ་ཚང་ན་ས་བོན་ཚིག་བའི་མྱུ་གུ་བཞིན་དུ་སངས་རྒྱས་མི་འགྲུབ་པས་བདག་གི་སྟོབས་ཁོ་ན་ལ་རག་ལས་པར་མཐོང་ལ། བདག་གི་ཡིད་ཀྱང་རྐྱེན་གྱི་ཁ་ན་ལས་པའི་ཕྱིར་སེམས་བསྐྱེད་ལ་དམ་བཅའ་བརྟན་པོར་བྱ་བ་ཙམ་ལས། རྣམ་པ་ཀུན་ཏུ་མི་གཏོང་བའི་གདིང་སོ་སོའི་སྐྱེ་བོས་མི་ཐོབ་ཀྱང་། འདིར་ནི་ཀུན་རྫོབ་དང་དོན་དམ་པའི་སེམས་དབྱེར་མེད་པར་བསྐྱེད་ཚུལ་ལ་མ་རྨོངས་པའི་སྒོ་ནས་ཀུན་རྫོབ་སེམས་བསྐྱེད་ཀྱང་གཏོང་བ་མི་སྲིད་པའི་ཚུལ་དུ་ཆེས་བརྟན་པའི་གདིང་སོ་སོ་སྐྱེ་བོའི་ས་ནས་ཀྱང་ཐོབ་པ་ཡོད་པ་དེའི་ཕྱིར། སྔགས་ཀྱི་དེ་ཁོ་ན་ཉིད་ལ་ཞུགས་པའི་གང་ཟག་ལས་དང་པོ་པའང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པར་བསྟན་པ་ཡིན་ནོ། །དེ་ལྟར་བླ་ན་མེད་པ་སྔགས་ཀྱི་དེ་ཁོ་ན་ཉིད་ནི་ཆོས་ཉིད་དོན་གྱི་ལྷ་ཡིན་ལ། དེ་ཉིད་རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཤར་བའི་ལྷ་ཐམས་ཅད་ཀྱང་འདིའི་སྒོ་ནས་མི་སྤོང་བར་གྲུབ་བོ། །དེས་ན་དམ་ཚིག་དང་སྒོམ་སྒྲུབ་ཐམས་ཅད་ཀྱི་སྲོག་ལྟ་བ་འདིས་བཟུང་ནས་ཡོངས་སུ་མི་ཉམས་ཤིང་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་སྔགས་ཀྱི་དེ་ཁོ་ན་ཉིད་བླ་ན་མེད་པའི་དོན་ལ་ངེས་པ་གདིང་དུ་གྱུར་པའི་ལྟ་བ་ཡོད་ན་རྩ་བ་གནད་ནས་ཉམས་པ་མི་སྲིད་ཀྱང་། མོས་པས་སྔགས་ལ་ཞུགས་པ་དག་གིས་བླ་མེད་སྤོང་བའི་ཚུལ་ནི། ལྟ་བ་ཟབ་མོ་དག་མཉམ་དབྱེར་མེད་ཀྱི་དོན་དང་། དེ་དང་རྗེས་སུ་མཐུན་པའི་སྔགས་ཀྱི་སྤྱོད་པ་བརླང་པོ་རྣམས་ལ་མི་དད་ཅིང་རྒྱབ་ཀྱིས་ཕྱོགས་ན་ལྟུང་བར་འགྱུར་ཏེ། རྩ་ལྟུང་བཅུ་བཞིར་བསྟན་པ་བཞིན་ནོ། །དེ་ཡང་སྣོད་བཅུད་ལྷར་དག་པའི་དོན་ལ་འདི་ནི་གདུལ་བྱ་བཀྲི་བའི་དོན་དུ་བསྟན་པ་ཙམ་ཡིན་གྱི། དོན་ལ་དག་པ་མིན་ནོ་སྙམ་དུ་སོམ་ཉི་ཟ་བ་དང་། མཉམ་པའི་དོན་ལ་དམིགས་གཏད་ཀྱི་མཚན་མ་ཅན་དུ་བཟུང་ནས་མཉམ་པ་ཆེན་པོ་མ་ཡིན་པར་འཛིན་པའི་རྩ་ལྟུང་གཉིས་ནི་སྔགས་ཀྱི་ལྟ་བ་ལ་རྒྱབ་ཀྱིས་ཕྱོགས་པས་ན། སྔགས་ཀྱི་དེ་ཁོ་ན་ཉིད་རང་གི་རྒྱུད་ལ་སྐྱེ་བ་དང་ཤིན་ཏུ་ཡང་འགལ་བའི་ཕྱིར་རྩ་ལྟུང་ཡིན་ལ། ཕུང་པོར་གདུང་བ་བསྐྱེད་པ་དང་། དམ་རྫས་དང་དུ་མི་ལེན་པ་དང་། བྱང་སེམས་ཀུནྡ་ལྟ་བུ་སྤང་བ་དང་། བུད་མེད་ལ་སྨོད་པ་དང་། བསྒྲལ་བྱ་མི་སྒྲོལ་བ་རྣམས་ནི་སྔགས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་དང་འགལ་བས་ན། དང་དུ་བླང་བྱ་འདི་དག་ལ་གཏན་དུ་ཡིད་ལོག་པའི་རྣམ་པས་རྒྱབ་ཀྱིས་ཕྱོགས་ན་སྔགས་ཀྱི་སྤྱོད་པ་ཟབ་མོ་དེ་དག་རང་གིས་ཉམས་སུ་ལེན་པའི་སྐལ་བ་འཆད་པས་ན་རྩ་ལྟུང་ཡིན་ལ། རྩ་ལྟུང་ལྷག་མ་རྣམས་ནི་སྔགས་ཀྱི་དོན་ཟབ་མོ་རང་ལ་དངོས་སུ་སྟོན་པ་སློབ་དཔོན་དང་སྔགས་དོན་འཛིན་པ་མཆེད་དང་། སྔགས་ཀྱིས་གདུལ་བར་བྱ་བ་སེམས་ཅན་དང་། སྔགས་རྒྱུད་ཆུད་མི་ཟ་བའི་ཕྱིར་གསང་བ་དང་། སྔགས་ཀྱི་དོན་དེ་ཉིད་དངོས་སམ་བརྒྱུད་ནས་སྟོན་པ་རྒྱལ་བའི་བཀའ་དང་སློབ་དཔོན་གྱི་གསུང་རྣམས་དང་། སྔགས་ཀྱི་མཐའ་སྣ་ཚོགས་རྣམ་པར་དབྱེ་བའི་དོན་དུ་གྲུབ་པའི་མཐའ་སྣ་ཚོགས་སུ་སྣང་བ་རྣམས་ལ་བརྟེན་ཏེ་རྩ་ལྟུང་བཞག་པ་ནི། ལྟ་སྤྱོད་ཕུལ་དུ་བྱུང་བའི་སྔགས་ཉིད་དང་འབྲེལ་བ་ལས་ཡུལ་དེ་དག་ཀྱང་དེ་ལྟར་གཉན་པར་གྲུབ་པས་དེ་རྣམས་ལ་གཅེས་སྤྲས་སུ་མ་བྱས་ན། སྔགས་ཆུད་འཛའ་བའི་ཕྱིར་རྩ་ལྟུང་དུ་བཞག་པ་ཡིན་ནོ། །དེས་ན་སློབ་དཔོན་བཀུར་བ་དང་། སྔགས་གསང་བར་གདམས་པ་ལ་སོགས་པ་འདི་དག་ཚུལ་བཞིན་མ་བསྲུངས་ན་ཉེས་དམིགས་ཆེ་བས་སྔགས་རྒྱུད་རྣམས་ན་བཀས་བཅད་དེ་གསུངས་པའི་ཕྱིར། དེ་དང་འགལ་ན་སྔགས་དང་མི་མཐུན་པས་ན་འདི་རྣམས་ཀྱང་སྔགས་ཀྱི་སྤྱོད་པ་དང་འགལ་བ་ཡིན་ཏེ། དེ་ལྟར་ན་སྔགས་ཀྱི་ལྟ་སྤྱོད་དང་ཆེས་འགལ་བ་བཅུ་བཞི་པོ་འདི་ཙམ་རྩ་ལྟུང་དུ་གསུངས་སོ། །དེས་ན་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་རྣམས་རང་གི་ཉམས་འོག་ཏུ་མ་ཆུད་ཀྱང་། སྨོད་པར་མི་བྱ་སྟེ་ཆོས་སྤོང་བའི་ཉེས་པ་ཤིན་ཏུ་མི་བཟད་པས་རེག་པ་དང་། དབང་ཐོབ་པ་ཞིག་ཡིན་ན་རྩ་ལྟུང་དུ་འགྱུར་བའི་ཕྱིར་རོ། །དེ་བས་ན་དབང་ཐོབ་ཕན་ཆད་སྔགས་ཀྱི་སྤྱོད་པ་ཟབ་མོ་རྣམས་ད་ལྟ་ནས་ཉམས་སུ་ལེན་མ་ནུས་པ་ལ་འགལ་བ་མེད་ཀྱང་། ནམ་ཞིག་ཅི་ནས་ཀྱང་དང་དུ་བླང་བར་བྱ་སྙམ་དུ་མོས་པར་བྱ་དགོས་ཀྱི་རྒྱབ་ཀྱིས་ཕྱོགས་པར་མི་བྱ་ལ། ལྟ་བ་ཟབ་མོ་དག་ལའང་ཡིད་ཆེས་མ་ཐོབ་ཀྱང་འདི་ནི་རྡོ་རྗེ་ཐེག་པའི་དགོངས་པ་ཟབ་མོ་མཐར་ཐུག་པ་ཡིན་པས། འདི་ལྟ་བུ་ཅིས་ཀྱང་རང་གི་རྒྱུད་ལ་སྐྱེ་བར་ཤོག་སྙམ་དུ་མོས་པས་བཟུང་དགོས་ཀྱིས། འདི་མ་ཡིན་ཞེས་འདོར་བར་མི་རུང་ངོ་། །དེ་ལྟར་ཡང་། བདེ་མཆོག་ཉུང་ངུའི་རྒྱུད་ལས། ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨོད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །གང་གིས་འདི་བདག་ཡུལ་མིན་པ། །གང་གིས་ཆོས་ཉིད་མི་ཤེས་ཡིན། །རྫོགས་སངས་རྒྱས་དང་དེའི་སྲས་ནི། །བདག་ཉིད་ཆེན་པོ་རྣམས་ཀྱིས་མཁྱེན། །ཞེས་གསུངས་པ་ལྟར་བསམ་པར་བྱའོ། །གཉིས་པ་བླ་མ་བཀུར་བ་ནི། སྤྱིར་ལམ་གྱི་ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཕྱིར། མདོ་སྡེ་རྣམས་ལས་ཀྱང་དགེ་བའི་བཤེས་གཉེན་སངས་རྒྱས་དང་འདྲ་བར་བལྟ་དགོས་པར་གསུངས་ལ། ཁྱད་པར་གསང་སྔགས་ཀྱི་ལམ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་དང་མན་ངག་ལ་མ་བརྟེན་པའང་རྒྱུད་ལ་སྐྱེ་བའི་གོ་སྐབས་མི་སྲིད་པའི་ཕྱིར། ངོ་བོ་སངས་རྒྱས་ཀུན་དང་མཉམ་ལ། བཀའ་དྲིན་གྱི་ངོས་ནས་ལྷག་པའི་ཕྱིར་ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་མཆོད་པ་བས་བླ་མའི་བ་སྤུའི་ཁུང་བུ་གཅིག་མཆོད་པ་ཕན་ཡོན་ཆེ་བར་གསུངས་པ་ལྟར་ཡིན་པས་ན། རྡོ་རྗེ་ཐེག་པའི་དབང་དང་གདམས་ངག་སྟོན་པའི་བླ་མ་ཡིད་ཀྱིས་སྤང་ཞིང་ལུས་ངག་གི་སྒོ་ནས་ཐུགས་དང་འགལ་བར་བྱེད་པ་ནི་རྩ་བའི་ལྟུང་བ་དང་པོ་སྟེ་ཤིན་ཏུ་ལྕི་བ་ཡིན་ནོ། །དེ་ལ་བླ་མ་ལ་སྤྱིར་དབྱེ་བ། འདྲེན་པའི་བླ་མ་ནི་ཆོས་སྒོར་འདྲེན་པ་སྟེ་རབ་ཏུ་བྱུང་བའི་མཁན་པོ་ལྟ་བུ་ཤེས་རྒྱུད་གྲོལ་བའི་བླ་མ་ཆོས་འཆད་པ། མན་ངག་གི་ལུང་འབོག་པའི་བླ་མ་སེམས་བསྐྱེད་པའི་བཤེས་གཉེན་ལྟ་བུ། ཉམས་ཆག་སྐོང་བའི་སློབ་དཔོན་སྡིག་པ་བཤགས་པའི་ཡུལ་དུ་གྱུར་པ། དམ་ཚིག་དབང་གི་བླ་མ་ནི་དབང་སྐུར་བར་བྱེད་པ། དེ་ལྔ་པོ་མིན་ཀྱང་བཀའ་དྲིན་ཅུང་ཟད་ཐོབ་པ་དགེ་བའི་བཤེས་གཉེན་གཞན་ནི་སྤྱིའི་བླ་མ་སྟེ་དྲུག་པོ་དེ་ལ་ཐུན་མོང་གི་བླ་མ་རྣམས་ལ་ནད་པས་སྨན་པ་བསྟེན་པ་ལྟར་བཀུར་ཞིང་། ཐུན་མིན་སྔགས་ཀྱི་ལམ་སྟོན་པའི་བླ་མ་ལ་སངས་རྒྱས་དངོས་སུ་ལྟ་བས་བཀུར་སྟི་བྱའོ། །ཡང་ན་སྤྱིའི་བླ་མ་ནི་དགེ་བའི་བཤེས་གཉེན་ཐམས་ཅད་དང་། འདྲེན་པའི་བླ་མ་ནི་རང་ལ་ཕ་རོལ་ཏུ་ཕྱིན་པའི་ཆོས་སྣང་བར་བྱེད་པ། གཞན་བཞི་ནི་སྔགས་ཀྱི་དབང་བསྐུར་བ། རྒྱུད་འཆད་པ་ཉམས་ཆགས་སྐོང་བ། མན་ངག་སྟོན་པ་སྟེ་དེ་དག་བཀུར་ཚུལ་ཀྱང་རིམ་པ་ལྟར། རྒྱལ་པོ་དང་ཁུ་བོ་དང་ཕ་དང་མ་དང་མིག་དང་སྙིང་ལས་ལྷག་པའི་ཚུལ་གྱིས་བཀུར་བར་གསུངས་ལ། དབང་སྐུར་རྒྱུད་བཤད་མན་ངག་སྟོན་པ་གསུམ་ཆར་མཛད་པའི་སློབ་དཔོན་ནི་བཀའ་དྲིན་གསུམ་ལྡན་ཏེ་ཤིན་ཏུ་ཡང་བཀུར་དགོས་སོ། །གསུམ་པ་སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་ནི་གསུང་དང་སྐུའི་མཚན་མར་གྱུར་པའི་སྔགས་དང་ཕྱག་རྒྱ་སྟེ། དེ་ལ་བདག་དང་ལྷ་དང་གསང་སྔགས་དང་བཟླས་བརྗོད་དང་འཕྲོ་འདུའི་དེ་ཁོ་ན་ཉིད་དེ། དེ་ཁོ་ན་ཉིད་ལྔ་དང་ལྡན་པའི་ཚུལ་གྱིས་སྔགས་རྒྱུན་མི་གཅོད་པ་དང་། ཕྱག་རྒྱ་ཆེན་པོ་ལྷ་ཡི་སྐུར་གསལ་བ་དང་། བསམ་པ་ཆོས་རྒྱ། བརྗོད་པ་དམ་རྒྱ། བསྒྱུར་བ་ལས་རྒྱ་སྟེ་ཕྱག་རྒྱ་བཞི་རྒྱུན་མི་གཅོད་པའོ། །ཅི་ལྟར་རྒྱུན་མི་གཅོད་ན་རབ་ཀྱིས་ཉིན་ཞག་གཅིག་ལའང་དུས་བཞི་དང་གསུམ་སོགས་སུ་སྔགས་དང་ཕྱག་རྒྱ་བྱ་བ་རྒྱུན་མི་གཅོད་པ་དང་། །ཉིན་ཞག་ཕྲུག་རེ་ལ་ཐུན་རེ་ཙམ་རྒྱུན་མི་གཅོད་པ་དང་། འབྲིང་གིས་ཟླ་བ་རེའི་ནང་གི་དུས་བཞིའམ་དུས་དྲུག་ཏུ་བྱ་བ་དང་། ཐ་མས་ཀྱང་ཟླ་བ་རེ་རེའི་ནང་དུ་ལན་རེའམ། ར་བ་རེ་ལ་ལན་རེ་མ་ཆག་པ་བྱ་སྟེ་མཆོད་པ་ཡང་ཅི་འབྱོར་དུ་བྱ་དགོས་ཀྱི། མཆོད་པ་ལོ་ཟླར་འདས་པར་མི་བྱའོ། །ལྷ་སྒྲུབ་པར་བྱེད་པའི་སྔགས་དང་ཕྱག་རྒྱའི་བརྩོན་པ་འདོར་བའི་བློ་སྐྱེས་ན་རྩ་བའི་དམ་ཚིག་ཉམས་པར་འགྱུར་རོ། །བཞི་པ་ཡང་དག་ལམ་དུ་ཞུགས་པ་ལ་བྱམས་པ་མཆེད་ཀྱི་དམ་ཚིག་ནི། སྤྱིར་ཐེག་པ་ཆེན་པོ་དང་། ཁྱད་པར་སྔགས་དང་། དེ་ལས་ཀྱང་ཁྱད་པར་དུ་སློབ་དཔོན་གཅིག་དང་དཀྱིལ་འཁོར་གཅིག་ལ་བརྟེན་ཏེ་དབང་དང་མན་ངག་ལྷན་དུ་ནོད་པ་རྡོ་རྗེའི་སྤུན་རྣམས་ལ་བྱང་ཆུབ་བར་དུ་འགྲོགས་པའི་བརྩེ་གདུང་རྒྱུན་བཅད་པར་མི་བྱ་སྟེ། སྙིང་ནས་འདོར་བ་སོགས་རྩ་ལྟུང་ངོ་། །སྤྱིར་མཆེད་ལ་བཞིར་བཤད་དེ། སེམས་ཅན་ཐམས་ཅད་བདེ་བཤེགས་སྙིང་པོ་གཅིག་གིས་བསྡུས་པས་སྤྱི་ཡི་མཆེད། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ཐམས་ཅད་རིང་བའི་མཆེད། ལྟ་སྤྱོད་མཐུན་པ་ཉེ་བའི་མཆེད། དབང་ལྷན་ཅིག་ཞུས་པ་ནང་འདྲེས་པའི་མཆེད་དོ། །ཡང་བཞི་པོ་དེ་སྟེང་། བླ་མ་གཅིག་པ་འདྲེས་པའི་མཆེད། ཆོས་ལྷན་ཅིག་ཉན་པ་ཉེ་བའི་མཆེད་གཉིས་བསྣན་ཏེ་དྲུག་ཏུ་ཡང་བཤད་ལ། ཐམས་ཅད་ལ་ཡང་བྱམས་པའི་སེམས་བཏང་བར་མི་བྱའོ། །ལྔ་པ། གསང་བའི་དོན་ཕྱིར་སྨྲ་མི་བྱ། །ཞེས་གསང་བ་མི་སྨྲ་བ་ནི། གང་ཞིག་སྨྲ་བའི་སྣོད་མ་ཡིན་པ་ཕྱིར་གྱུར་པ་གཞན་ལ་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་དང་སྔགས་འཛིན་པ་བླ་མ་མཆེད་ལྕམ་གྱི་སྐྱོན་སོགས་བཤད་པར་མི་འོས་པ་ཤེས་བཞིན་སྨྲ་བའོ། །དེ་ལ་ཡང་སྤྱིར་གསང་བཞི་ནི། སྔགས་ཀྱི་ལྟ་བ་ཟབ་མོ་སྤྱོད་པ་བརླང་པོ་དང་། ལྷ་ཡི་མིང་གཟུགས་དང་། གྲུབ་རྟགས་རྣམས་དུས་རྒྱུན་དུ་ཡང་དོན་མེད་པར་མི་བཤད་པ་དང་། བར་གསང་བའི་བཞི་ནི་སྒྲུབ་པའི་གནས་དུས་གྲོགས་རྫས་བཞི་སྒྲུབ་པ་མ་ཚར་བར་དུ་གསང་དགོས་པ་དང་། གསང་བར་འོས་པ་ནི་གཞན་མ་དད་པ་སྐྱེ་བའམ་དངོས་གྲུབ་ལ་གནོད་པའི་ཕྱིར་སྔགས་ཀྱི་དམ་རྫས་ཡོ་བྱད་རྣམས་སྦས་ཏེ་སྤྱད་པ་དང་། གསང་བར་གཉེར་གཏད་པ་བླ་མ་དང་མཆེད་ལྕམ་གྱིས་གསང་བར་གྱིས་ཞེས་སྨྲས་པ་གང་ཡིན་པའོ། །དེ་དག་སུ་ལ་གསང་ན་དམ་ཉམས་དང་དབང་མ་ཐོབ་པ་དང་མ་དད་པ་རྣམས་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཅི་རིགས་པར་གསང་ངོ་། །དེ་ལྟར་ཡིད་བླ་མེད་ཀྱི་དོན་ལ་གནས་པ་དང་། ངག་སྔགས་བཟླ་བ་དང་། ལུས་ཕྱག་རྒྱ་དང་ལྡན་པར་བྱ་བ་ནི་ཡོན་ཏན་ཁྱད་པར་ཅན་སྒྲུབ་པའི་དམ་ཚིག་སྟེ། འདི་གསུམ་པོའང་བསྒྲུབ་བྱ་ཡིན་ལ་སྔགས་ཀྱི་བསླབ་བྱ་ཐམས་ཅད་ཀྱང་དེར་དོན་གྱིས་འདུའོ། །གཞན་གསུམ་ནི་སྔ་མ་དེའི་གྲོགས་སུ་གྱུར་པ་བྱ་བ་མ་ཡིན་པ་བསྲུང་བའི་དམ་ཚིག་སྟེ་སློབ་དཔོན་གྱི་ཐུགས་དང་འགལ་བ་ལ་སོགས་སྤངས་པའམ་སྲུང་བ་ཡིན་ནོ། །ཡང་ན་ནི་དངོས་གྲུབ་ཀྱི་འབྱུང་གནས་བླ་མ་བཀུར་བའང་སྒྲུབ་པའི་དམ་ཚིག་ཏུ་བསྡུ་སྟེ། དེ་མཉེས་པར་སྒྲུབ་པ་ནི་སྔ་མ་གཉིས་ཀྱི་ཡང་གཞིར་གནས་སོ། །འདི་ལྔ་ནི་ལྗོན་ཤིང་གི་རྩ་བ་ལྟ་བུ་སྟེ་སྔགས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་གཞི་འཛིན་པའོ། །དེ་ལྔ་པོ་རེ་རེ་ལ་ཡང་ལུས་ངག་ཡིད་ཀྱི་སྒོ་ནས་འཇུག་པས་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་ཆ་ཡོད་ལ་སྲུང་བ་དང་སྒྲུབ་པའི་ཆ་ཡང་དབྱེ་རུང་ངོ་། །གཉིས་པ། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤོང་ངོ་། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་པ་ལྟར་དུག་ལྔ་པོ་འདི་དག་ཉན་ཐོས་པས་སྤང་བྱར་འཛིན། བྱང་ཆུབ་སེམས་དཔས་སྦྱང་བྱར་འཛིན། སྔགས་ཀྱིས་ལམ་དུ་བྱེད་པའི་ཁྱད་པར་གྱིས་གོང་ནས་གོང་དུ་མ་རྨོངས་པ་དང་ཐབས་ཀྱིས་འཕགས་སོ། །དེ་ལ་དུག་ལྔ་པོ་ཅིའི་ཕྱིར་མི་སྤང་ན། དོན་དམ་པར་སྤང་བྱའི་རྫས་མ་གྲུབ་སྟེ་སྨིག་རྒྱུའི་ཆུ་ལ་ཆུ་རགས་མི་དགོས་པ་ལྟ་བུ་ཡིན་པ་དང་། ཀུན་རྫོབ་ཏུ་ཐབས་ཀྱིས་ཟིན་ན་ལམ་གྱི་གྲོགས་སུ་འགྱུར་ཏེ་དུག་བདུད་རྩིར་འགྱུར་བ་ལྟ་བུ་དང་། མཐར་ཐུག་གི་དོན་ལ་ཡེ་ནས་དག་མཉམ་ཆེན་པོར་སངས་རྒྱས་པའི་ཕྱིར་དགྲ་རུ་འཁྲུལ་པའི་གཉེན་ངོ་ཤེས་པ་བཞིན་ནོ། །དེ་ལས་སྔ་ཕྱི་གཉིས་ཀྱི་དོན་བཤད་ཟིན་ལ། ཐབས་ཀྱིས་ཟིན་ན་ལམ་གྱི་གྲོགས་སུ་འགྱུར་ཚུལ་ལ། ཕར་ཕྱིན་ཐེག་པ་ལྟར་ན་ཡང་། ཉོན་མོངས་དེ་ལ་བརྟེན་ནས་ཚོགས་རྫོགས་པ་ནི་ཡོ་བྱད་བྱིན་པ་ལས་ལུས་བྱིན་པ་ཕན་ཡོན་ཆེ་བ་དེ་དག་སུ་ལ་ལྷག་པར་ཆགས་པའི་དབང་གིས་ཡིན་པ་ལ་སོགས་པ་བཞིན་ནོ། །དགེ་བ་རྒྱ་ཆེན་པོ་འགྲུབ་པའི་རྒྱུ་བྱེད་པ་ཡང་ཡོད་དེ། དབང་མ་ཐོབ་པའི་བྱང་ཆུབ་སེམས་དཔའ་གང་དག་འདོད་པའི་ཉོན་མོངས་ཆེད་དུ་མི་སྤོང་བར་འདོད་པར་སྐྱེས་ནས་ཚོགས་རྫོགས་པར་བྱེད་པ་ལ་སོགས་པ་བཞིན་ནོ། །ཐབས་ཀྱིས་ཟིན་ན་རང་གི་ངོ་བོ་དགེ་བར་གྱུར་པའང་ཡོད་དེ་བྱང་ཆུབ་སེམས་དཔའ་མོས་སྤྱོད་ཀྱི་ས་ལ་གནས་པས། སྙིང་རྗེའི་དབང་གིས་འདོད་པས་གདུང་བའི་བུད་མེད་ཀྱི་རེ་བ་རྫོགས་པའི་ཕྱིར་ཆགས་པ་ཆེད་དུ་བསྐྱེད་ནས། ཆགས་པ་སྐྱེས་པ་དང་དགའ་བའི་བདེ་བ་ཉམས་སུ་མྱོང་བའི་ཚིམ་པར་བྱེད་པ་བཞིན་ནོ། །དེ་ཆགས་པ་ཡིན་ཀྱང་སྙིང་རྗེའི་ཐབས་ཀྱིས་ཟིན་པའི་ཕྱིར་དགེ་བ་ཡིན་ནོ། །དེ་ལྟར་ཉོན་མོངས་གཞན་ལའང་ཅི་རིགས་པར་སྦྱར་དུ་ཡོད་ལ། སྔགས་ཀྱི་ཐེག་པ་འདིར་ནི་ཉོན་མོངས་ལྔ་དེ་བཞིན་ཤེགས་པའི་རིགས་ཡིན་པ་དང་། ཐབས་ཀྱིས་ལམ་དུ་བྱས་ན་དེ་ལས་ཡེ་ཤེས་འཆར་བ་དང་། དེ་ཉིད་རྟོགས་པས་ཟིན་ན་ཡེ་ཤེས་ཀྱི་ངོ་བོར་གྱུར་བ་དང་གསུམ་གྱིས་མི་སྤོང་བར་གྲུབ་བོ། །དང་པོ། འདོད་ཆགས་ནི་སེམས་ཡུལ་ལ་འདུན་ཅིང་དང་དུ་ལེན་པའི་རྣམ་པ་ཅན་ཡིན་ལ། དེ་ལྟ་བུའི་རྩལ་སེམས་ལ་ཡོད་པའི་དབང་གིས་ལམ་དུས་སུ་ལམ་དང་འབྲས་བུའི་ཆོས་ལ་མཆོག་ཏུ་འདུན་ཞིང་། འབྲས་བུའི་དུས་ན་ཆོས་ཀུན་ལ་རྒྱབ་ཀྱིས་མ་ཕྱོགས་པར་དང་དུ་བླང་བའི་ཚུལ་གྱིས་གཟིགས་པ་སོར་རྟོག་ཡེ་ཤེས་ཀྱི་བདག་ཉིད་ཅན་སྣང་བ་མཐའ་ཡས་སུ་འགྲུབ་པའོ། །ཞེ་སྡང་ནི་མི་མཐུན་པའི་ཡུལ་འདོར་བའི་རྣམ་པ་ཅན་ཡིན་ལ། དེ་ལྟ་བུའི་རྩལ་སེམས་ལ་ཡོད་པས། ལམ་དུས་ལམ་གྱི་མི་མཐུན་ཕྱོགས་རང་རྒྱུད་ལ་མི་གནས་པར་བྱེད་ལ། འབྲས་དུས་ཇི་ལྟ་བའི་རང་བཞིན་ལ་འཁྲུལ་བའི་དྲི་མ་བསལ་བ་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་ཅན། བདུད་དང་བར་དུ་གཅོད་པ་ཀུན་འཇོམས་པ་རྡོ་རྗེ་མི་བསྐྱོད་པར་འགྲུབ་བོ། །གཏི་མུག་ནི་ཡུལ་གྱི་རང་བཞིན་ལ་རྒྱབ་ཀྱིས་ཕྱོགས་པའི་རྣམ་པས་ཡུལ་དེ་ལ་མི་རྟོག་པར་བཏང་སྙོམས་སུ་གནས་པའི་ངང་ཚུལ་ཅན་ཡིན་ལ། དེ་ལྟ་བུའི་རྩལ་སེམས་ལ་ཡོད་པས་ལམ་དུས་ན་མཚན་མར་མི་འཛིན་པ་དང་། འབྲས་དུས་ན་སྤྲོས་པའི་སྤྱོད་ཡུལ་ཀུན་ལ་རྣམ་པར་མི་རྟོག་པ་ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་དུ་འགྲུབ་བོ། །ང་རྒྱལ་ནི་མཐོ་བའི་རྣམ་པར་འཇུག་པ་ཅན་ཡིན་ལ། དེ་ལྟ་བུའི་རྩལ་སེམས་ལ་ཡོད་པས། ལམ་དུས་སུ་བསྒྲུབ་པ་ཐམས་ཅད་ལ་མི་ཞུམ་པར་འཇུག་པ་དང་སྔགས་ལམ་དེ་ལས་མཆོག་གཞན་མེད་པར་འཛིན་ཞིང་། འབྲས་དུས་སུ་ཡོན་ཏན་ཐམས་ཅད་ཀྱིས་འབྱོར་པས་དབུལ་བའམ་ཞུམ་པའི་རྣམ་པ་མེད་ཅིང་ཐམས་ཅད་དུ་མི་མཉམ་པའི་ཟུག་རྔུ་མེད་པ་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་འབྱུང་ལྡན་དུ་འགྲུབ་བོ། །ཕྲག་དོག་ནི་བདག་གཞན་ལ་དམིགས་ནས་མི་མཉམ་པར་འཇུག་ཅིང་མི་བཟོད་པའི་བློ་སྟེ། དེ་ལྟ་བུའི་རྩལ་སེམས་ལ་ཡོད་པའི་དབང་གིས། ལམ་དུས་སུ་བསྒྲུབ་བྱ་དང་བསྒྲུབ་བྱ་མིན་པ་ལ་འཇུག་ལྡོག་བྱེད་ཅིང་། འབྲས་དུས་སུ་གདུལ་བྱ་ལ་ཕན་པ་སྒྲུབ་པ་དང་གནོད་པ་སྤོང་བའི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་དོན་ཡོད་གྲུབ་པ་འགྲུབ་བོ། །དེ་ལྟར་སྨན་གྱི་ནུས་པ་དང་ནོར་བུའི་འོད་བཞིན་དུ་སེམས་ལ་རང་རྩལ་ལྔ་པོ་འདི་ཡེ་ནས་ཡོད་པས་ན། མ་རྟོགས་པའི་དུས་ན་འཁོར་བའི་ལས་ཐམས་ཅད་འདི་ལྔས་བྱེད་ཀྱང་། རྟོགས་པའི་དུས་ན་དག་པ་མྱང་འདས་ཀྱི་བྱ་བ་ཀུན་བྱེད་པ་ཡིན་གྱི། རྩལ་ཤུགས་དེ་ལྔ་དང་བྲལ་ན་མདའ་འཕང་བ་ཤུགས་ཟད་པའམ། འཁྲུལ་འཁོར་གྱི་འཕུལ་བྱེད་ལོགས་པ་བཞིན་དུ་དོན་ཡོངས་སུ་རྫོགས་པར་བསྒྲུབ་མི་ནུས་ཏེ་ཉན་ཐོས་ཞི་བར་ཞུགས་པ་བཞིན་ནོ། །དེས་ན་སེམས་ཀྱི་རང་རྩལ་གཏན་དུ་མི་འབྱུང་བར་ཁེགས་པ་མི་སྲིད་ལ། བཀག་ཀྱང་མི་དགོས་ཏེ་འཁྲུལ་བས་མ་བསླད་ན་ཡེ་ཤེས་ལྔར་འཆར་བའི་ཕྱིར་རོ། །ཚུལ་འདི་དྲི་མ་མེད་པར་གྲགས་པའི་མདོ་ལས་ཀྱང་། པདྨ་ནི་སྐམ་ས་དང་དགོན་དུང་ལས་མི་སྐྱེ་ཡི་ཆུ་དང་འདམ་ལས་སྐྱེའོ། །དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། ཉན་ཐོས་ཉོན་མོངས་པ་སྤངས་ཤིང་འདུས་མ་བྱས་མཐོང་བ་རྣམས་ལ་མི་སྐྱེ་ཡི་འཇིག་ཚོགས་ལ་ལྟ་བ་རི་རབ་ལྟ་བུ་བསྐྱེད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བས། དེའི་ཕྱིར་ཉོན་མོངས་པ་རྣམས་ནི་དེ་བཞིན་གཤེགས་པའི་གདུང་ངོ་། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ནི་ཇི་སྐད་དུ། འཇིག་རྟེན་ཆགས་པ་མེད་པས་འདུལ། །ཕྱག་རྒྱ་གྲུབ་པ་ཆགས་ལས་བྱུང་། །ཞེས་གསུངས་པ་ལྟར་འཇིག་རྟེན་ན་ཆགས་པ་སྐྱོན་དུ་ཆེ་བས་ཆགས་པ་མེད་པས་འདུལ་བར་བསྟན་པའང་ཡོད་མོད་ཀྱི། ཆགས་པ་མེད་དུ་མི་རུང་བའི་སྐབས་ཀྱང་ཡོད་དེ། སྔགས་ཕྱི་པ་ལྟར་ན་དམ་ཚིག་ཅན་གྱི་སྐྱེ་བོས་བརྟགས་པའི་ལྷར་བཤད་པའི་ཕྱག་རྒྱ་རྣམས་ལ་ཡིད་ཆགས་པར་མ་གྱུར་ན་དངོས་གྲུབ་ཐོབ་པར་མི་འགྱུར་ལ། སྔགས་ནང་པ་ལྟར་ན་གཟུགས་ཀྱི་ཕྱག་རྒྱ་ལ་ཡིད་ཤིན་ཏུ་ཆ གས་པར་མ་གྱུར་ན། ཡེ་ཤེས་དང་དངོས་གྲུབ་མི་འཐོབ་པས་དེ་ལྟར་ཕྱག་རྒྱའི་དངོས་གྲུབ་དེ་དག་ནི་ཆགས་པ་མེད་ན་མི་འགྲུབ་པར་གསུངས་པ་བཞིན་ཏེ། འདི་ལྟར་འདོད་ཁམས་ཀྱི་ཆགས་པ་དང་ལྡན་པའི་དབང་པོ་ལས་སུ་རུང་བ་སོགས་ཆགས་པ་ཅི་ཙམ་ཡོད་པ་དེ་ཙམ་བདེ་བ་འཕེལ་ལ། ཐབས་ཀྱིས་ཟིན་པའི་བདེ་བ་ཅི་ཙམ་ཡོད་པ་དེ་ཙམ་ཡེ་ཤེས་མཐོང་བ་རླབས་ཆེ་བ་བུད་ཤིང་གིས་མེའམ་དུག་གིས་རྨ་བྱའི་མདངས་འཕེལ་བ་བཞིན་ནོ། །དེ་བཞིན་དུ་ཉོན་མོངས་གཞན་དག་ཀྱང་ཐབས་ཀྱིས་ཟིན་པ་དང་མ་ཟིན་པ་ལས། ཡོན་ཏན་དང་ཉེས་སྐྱོན་གྱི་རྐྱེན་དུ་གནས་པ་ལས་རྐྱེན་གྱི་ངོ་བོ་ལ་ཐ་དད་མེད་ཅིང་། འདི་ལྟར་ཟག་བཅས་ཀྱི་ཡུལ་ལ་འདོད་པ་ཆགས་པ་དང་། རྣམ་བྱང་གི་ཆོས་ལ་འདུན་པ་ཆགས་པ་མིན་པར་བསྟན་ཀྱང་། ཡུལ་དང་རྣམ་པ་སོགས་ཀྱི་ཁྱད་པར་ལས་དེ་དག་གི་བྱེད་ལས་སོ་སོར་གྱུར་པ་ཙམ་ལས། སེམས་ཀྱི་རྩལ་ཡུལ་ལ་གཡོ་ཚུལ་གཅིག་པ་ཡིན་ནོ། །དེ་ལྟ་བུ་མདོ་ལས་ཀྱང་གསུངས་ཏེ། བློ་གྲོས་རྒྱ་མཚོས་ཞུས་པ་ལས། ཇི་ལྟ་ཇི་ལྟར་མེས་ནི་རྩ་རྙེད་པ། དེ་ལྟ་དེ་ལྟར་དེ་སྟོབས་ཕྱིར་ཞིང་འཕེལ། །ཇི་ལྟར་བྱང་ཆུབ་སེམས་དཔའི་ཉོན་མོངས་སྲིད། །དེ་ལྟར་ཤེས་རབ་མེ་རབ་འཕེལ། །ཞེས་གསུངས་སོ། །གསུམ་པ། འདི་ལྟར་སྣང་བ་ཀུན་ལ་ཐ་མལ་དུ་ཞེན་པ་དང་། དེ་ལ་དམིགས་ནས་བདག་དང་ཆོས་སུ་བདེན་པར་འཛིན་པའི་ངོར་སེམས་ཀྱི་རྩལ་དེ་དུག་ལྔར་སྐྱེ་ལ། ཆོས་ཐམས་ཅད་དག་པ་དང་དེ་ལའང་བདག་དང་ཆོས་ཀྱི་རང་བཞིན་གང་ཡང་མ་གྲུབ་པས་མཚན་མའི་དམིགས་གཏན་ཀུན་དང་བྲལ་བར་མཉམ་པ་ཉིད་དུ་མཐོང་བའི་དུས་ན། རིག་པའི་རྩལ་རྣམ་པ་ལྔ་པོ་གང་སྐྱེས་ཀྱང་ཡེ་ཤེས་ཡིན་ཏེ། དཔེར་ན་ཡུལ་ཡིད་འོང་མཐོང་བ་ན་ཐ་མལ་པ་རྣམས་ཡུལ་དང་ཡུལ་ཅན་དུ་ཞེན་པས་ཆགས། དཀའ་ཐུབ་པ་རྣམས་ཀྱིས་མི་སྡུག་པ་སོགས་ཀྱི་སྒོ་ནས་ཆགས་པའི་བློ་དེ་ཟློག་པར་བྱེད་ཀྱང་། འདིར་གང་ཤར་གྱི་རྟོག་པ་དེ་ཉིད་མ་བཀག་པར་སྐྱེ་བཅུག་ལ། དེ་ཁོ་ན་ཉིད་རྟོགས་པའི་བློ་ཟིན་པར་བྱས་དུས། ཡུལ་ཡུལ་ཅན་གྱི་སྣང་བ་དང་བདེ་བའི་མྱོང་བ་མ་འགགས་ལ། གཏད་ཞེན་གྱི་དམིགས་པ་གང་ཡང་མེད་པར་ཟང་ཐལ་དུ་མྱོང་བ་ནི་འདོད་ཆགས་སོར་རྟོག་ཡེ་ཤེས་སུ་ཤར་བ་སྟེ། ཡུལ་མ་འགགས་མ་འདྲེས་པར་གསལ་ཤིང་བདེ་བའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །དེ་བཞིན་གཞན་ལའང་འགྲེ་བར་བྱའོ། །དེ་ལྟ་བུ་ཡང་སྔགས་ན་ལམ་ཁྱེར་གྱི་མན་ངག་བསྟན་པ་མ་གཏོགས་རང་བཞིན་ཡིན་ཚུལ་ཙམ་ནི་མདོ་ནས་ཀྱང་གསུངས་ཏེ། དད་པའི་སྟོབས་སྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། ཉོན་མོངས་པའི་རང་བཞིན་ལས་ཡེ་ཤེས་གཞན་མེད་པར་ཉོན་མོངས་པའི་རང་བཞིན་ཉིད་ཡེ་ཤེས་ཡིན་ཏེ། ཞེས་གསུངས་སོ། །མི་འདོར་བ་ལྔ་ནི་བདུད་རྩི་ལྔ་མི་འདོར་བ་སྟེ། དེ་ཡང་མཉམ་པ་ཉིད་ཀྱི་ངོས་ནས་གཙང་དམེ་གཉིས་སུ་མེད་པས་དོར་བྱ་མིན་བ་དང་། དག་པ་ཡིན་པས་ཀྱང་དང་དུ་བླང་བར་བྱ་བ་ཡིན་པ་དང་། གཙང་དམེ་མེད་པར་སྤྱོད་པ་ལས་མཉམ་པ་ཉིད་ཉམས་སུ་མྱོང་ཞིང་མཚན་མའི་རྟོག་པ་ཟིལ་གྱིས་གནོན་པ་དང་། བརྟུལ་ཞུགས་ཀྱི་སྤྱོད་པས་དངོས་གྲུབ་མྱུར་དུ་ཐོབ་པ་དང་། ཐབས་ཀྱིས་ཟིན་པའི་དངོས་པོ་དེ་དག་འཇིག་རྟེན་གྱི་བདུད་རྩིར་གྱུར་པ་དང་། རང་གི་ངོ་བོ་གྲུབ་པའི་རྫས་སུ་གནས་པས་ན་དང་དུ་བླང་བར་བྱའོ། །དངོས་གྲུབ་ནི་བཀའ་བཞིན་བྱས་པ་ལས་འབྱུང་བ་དུས་དུས་སུ་བདུད་རྩིའི་མཆོད་པ་མི་བཅག་པར་བྱའོ། །འདི་ལྟ་བུའི་སྤྱོད་པ་དག་ཀྱང་ཟབ་མོའི་དོན་རྟོགས་པ་མེད་པར་འཇོལ་ཉོག་ཏུ་སྤྱད་ན་ཐོ་ཅོའི་སྤྱོད་པས་རང་རྒྱུད་ཆུད་ཟ་ལ། རྟོགས་པ་ཀློང་དུ་གྱུར་ནས་ནི་ཆེད་དུ་སྤྱད་ཀྱང་མི་དགོས་པའི་ཕྱིར། རང་གི་རྟོགས་པའི་ཉམས་དང་སྦྱར་ནས་དེའི་གྲོགས་སུ་འགྱུར་པའི་ཚུལ་གྱིས་ཅི་རིགས་པར་བརྟེན་པར་བྱ་སྟེ། རང་གྲིའི་གར་ཐབས་སློབ་པས་ཤིང་དང་ཞ་ཉེ་དང་རལ་གྲི་དངོས་ལ་རིམ་བཞིན་སློབ་པ་བཞིན་ནོ། །དེ་ལྟར་ཡན་ལག་གི་དམ་ཚིག་འདི་བཅུ་མེད་ན་ཉོན་མོངས་པ་ལམ་དུ་ཁྱེར་བ་སོགས་བདེ་མྱུར་གྱི་ལམ་ཁྱད་པར་བ་དང་དུ་ལེན་པ་མི་འབྱུང་ལ། དེ་ལྟར་དང་དུ་བླངས་པས་ཉོན་མོངས་ཉིད་ཡེ་ཤེས་སུ་ཤར་ན་ཀུན་འབྱུང་ལམ་བདེན་གྱི་ངོ་བོར་གྱུར་པ་དང་། ཡང་རྣམ་སྨིན་གྱི་ཕུང་པོ་ཉིད་དག་པའི་ཡེ་ཤེས་སུ་ཤར་བས་སྡུག་བསྔལ་བྱང་ཆུབ་ཀྱི་ངོ་བོར་གྱུར་པའང་ཡིན་པས་ན། ལམ་ཆེས་སྟོབས་དང་ལྡན་པ་ཡིན་ནོ། །ཡན་ལག་གི་དམ་ཚིག་འདི་དག་ཡོད་ན་དེ་ལ་བརྟེན་ནས་སྔགས་ཀྱི་སྤྱོད་པ་ཟབ་མོ་རྣམས་ཀྱང་དེའི་རྒྱུད་ལ་ངང་གིས་ཡོད་པར་འགྱུར་རོ། །དེ་ལྟ་བུའི་རྩ་བ་དང་ཡན་ལག་གི་དམ་ཚིག་ལ་རྒྱས་པར་ཕྱེ་ན་སུམ་བརྒྱ་དྲུག་ཅུར་འགྱུར་ཏེ་གཞུང་གཞན་ན་གསལ་བ་ལྟར་རོ། །མདོར་ན་དག་མཉམ་ཆེན་པོའི་དོན་ལས་མི་འདའ་བ་ནི་སངས་རྒྱས་ཉིད་དངོས་སུ་འགྲུབ་པའི་དམ་ཚིག་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ལ། དེར་དངོས་དང་བརྒྱུད་ནས་ཕན་པའི་དམ་ཚིག་གི་རིམ་པ་རྒྱས་པར་ཕྱེ་ན་ཚད་མེད་དེ། སེམས་ཅན་གྱི་རྣམ་རྟོག་དང་འཚམས་པར་དེ་འདུལ་བའི་དམ་ཚིག་གི་རིམ་པ་སྣ་ཚོགས་ཡོད་པའི་ཕྱིར་རོ། །གསུམ་པ་དེ་དག་གི་གནད་ཀྱི་ཚུལ་ནི། ཐབས་ཆེན་སྔགས་ཀྱི་ཐེག་པའི་དམ་ཚིག་འདིར་སོ་བྱང་གི་ཚུལ་ཁྲིམས་དང་སྡོམ་པ་མ་ལུས་པ་ཀུན་འདུས་ཤིང་། འོག་མའི་སྤྱོད་པ་ལས་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །དེ་ཡང་འདི་ལྟར་ཐུན་མོང་དུ་མཐུན་པའི་སྤྱོད་པ་རྣམས་ལྟ་ཅི་འོག་མ་དང་འགལ་བ་ལྟར་སྣང་བའི་སྤྱོད་པ་རྣམས་ཀྱང་མི་འགལ་བར་མ་ཟད་ཆེས་འཕགས་ཏེ། སོ་ཐར་གྱི་སྐབས་ན་ཡུལ་བསམ་སྦྱོར་བ་མཐར་ཐུག་ཚང་བའི་སྒོ་ནས་རྩ་བའི་ཕམ་པར་གྱུར་པའི་དངོས་པོ་བཞིར་གསུངས་པ་ལྟ་བུ་ལའང་། སོ་ཐར་ནི་གཞན་གནོད་སྤོང་བ་ཙམ་ཡིན་ལ། བྱང་སེམས་ནི་དེའི་སྟེང་དུ་གཞན་ཕན་ལ་ཞུགས་པ་ཡིན་པས། བྱང་ཆུབ་སེམས་དཔའ་རང་དོན་ཡིད་བྱེད་ཀྱི་དྲི་མ་མེད་པར་སྙིང་རྗེའི་བསམ་པས་མི་ཚངས་པ་ལ་སོགས་པ་དེ་དག་སྤྱད་ཀྱང་ཉེས་པ་མེད་པར་མ་ཟད་ཡོན་ཏན་ཐོབ་པ་ཡོད་ཀྱང་། རང་དོན་ལ་ཆགས་པས་ཀུན་ནས་བསླངས་པའི་བདག་བསྟོད་གཞན་སྨོད་དང་སེར་སྣས་ཆོས་ནོར་མི་སྟེར་བ་སོགས་ཕམ་པར་གསུངས་སོ། །སྔགས་ཀྱི་ཐེག་པར་ནི་མཉམ་ཉིད་ཀྱི་ལྟ་བ་གདེང་དུ་གྱུར་པས་ཡུལ་དང་ཡུལ་ཅན་མ་དམིགས་པས་ན་ལྟར་སྣང་སྲོག་གཅོད་པ་སོགས་ལ་ཐ་མལ་པའི་ཡུལ་བསམ་སྦྱོར་བ་མཐར་ཐུག་ཅུང་ཟད་མེད་ལ། ཤེས་རབ་དང་ཐབས་མཁས་ཀྱི་མཛད་པས་ཀུན་རྫོབ་ཙམ་དུ་དོན་གཉིས་སྒྲུབ་པའི་ཚུལ་ཁྱད་པར་ཅན་ཡིན་པས་ན། ཉེས་པས་མ་གོས་པའི་ཆ་ནས་སོ་ཐར་དང་། གཞན་ཕན་ལ་ཞུགས་པའི་ཆ་ནས་བྱང་སེམས་ཀྱི་དོམ་པའང་འདི་ལ་ཚང་ཞིང་འདུས་ཏེ། ལྕགས་དངུལ་དང་གསེར་དུ་རིམ་བཞིན་གྱུར་པ་ན་སྔ་མའི་རིན་ཐང་ཕྱི་མ་ལ་ཚང་བ་བཞིན་དང་། ཡང་ཟངས་ཀྱི་སྣོད་གཅིག་ཆོལ་ཟངས་སུ་བྱས་ནས་བརྩོགས་པར་གྱུར་པ་ལ། གཞོང་བར་བྱས་ཚེ་གཙང་ཞིང་ལྷ་མཆོད་པའི་ཡོ་བྱད་བྱས་ཚེ་ཤིན་ཏུ་གཙང་བ་དང་། སངས་རྒྱས་ཀྱི་སྐུ་གཟུགས་བྱས་ན་མཆོད་པའི་གནས་སུ་གྱུར་པ་ལྟར། སྒོ་གསུམ་གྱིས་ལས་རྣམས་ཉོན་མོངས་དང་མཚུངས་པར་ལྡན་པས་སྤྱད་ན་འཁོར་བར་འཆིང་བ་དེ་ཉིད། ཤེས་རབ་དང་ཐབས་ཕྱོགས་གཅིག་གིས་བཟུང་ནས་བྱ་བ་མ་ཡིན་པ་ལས་བཟློག་སྟེ་སྤྱད་ན་བདེ་འགྲོ་དང་ཐར་བའི་རྒྱུར་འགྱུར་ལ། ཐབས་ཤེས་ཆེན་པོས་ཟིན་པར་སྤྱད་ན་བླ་མེད་བྱང་ཆུབ་ཀྱི་རྒྱུར་འགྱུར་ཞིང་། ཐབས་ཤེས་ཆེན་པོའི་ཡང་ཆེན་པོས་ཟིན་པར་སྤྱད་ན་བྱང་ཆུབ་ཆེན་པོ་རྩོལ་མེད་ལྷུན་གྱིས་འགྲུབ་པའི་རྒྱུར་འགྱུར་པའི་ཕྱིར་དེ་ལྟར་གནས་གྱུར་པའི་ཚུལ་གྱི་འོག་མ་ལས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །དེ་ཡང་མདོར་ན་མི་ཚངས་པར་སྤྱོད་པ་ལྟ་བུ་ལ། ཐ་མལ་པ་རྣམས་ཀྱིས་ཕོ་མོ་འཕྲད་པའི་བདེ་བ་ལ་ཆགས་པའི་ཀུན་སློང་གིས། དངོས་གཞི་ཁམས་དབྱུང་བའི་བདེ་བ་ལ་ཞེན་ཅིང་། མཐར་ཆགས་པའི་ས་བོན་སེམས་ལ་བཞག་སྟེ་འཆིང་བར་བྱེད་དོ། །རྣལ་འབྱོར་པ་རྣམས་ཀྱིས་ཟག་མེད་བདེ་བ་ཆེན་པོ་ལ་འདུན་པའི་འདུ་ཤེས་སོགས་ཀུན་སློང་བསོད་ནམས་ཆེན་པོའི་རྒྱུ་སྔོན་དུ་བཏང་ནས་དངོས་གཞི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབ་པའི་མཐུ་དང་། རླུང་སེམས་དབུ་མར་འཆིང་བའི་མན་ངག་གི་ཐབས་ཀྱི་སྟོབས་དང་། ཡེ་ཤེས་ལ་མངོན་དུ་ཕྱོགས་པའི་ཤེས་རབ་ཀྱི་ནུས་པས་ཐ་མལ་པའི་འདོད་བདེ་ཡེ་ཤེས་སུ་འཆར་བ་དང་། མཐར་ཐ་མལ་བའི་སེམས་བག་ཆགས་ཀུན་སྡུད་པའི་ཚང་ཚིང་ལྟ་བུ་རྣམས་ཡེ་ཤེས་མེ་ལྟ་བུས་སྲེག་པར་བྱེད་པས་ན་སྔགས་ཀྱི་སྤྱོད་པ་མཆོག་ཏུ་འཕགས་པར་གྲུབ་སྟེ་གཞན་ལའང་དེ་ལྟར་ཅི་རིགས་པར་སྦྱར་རོ། །དེ་ལྟ་ན་སྤྱོད་པ་རྣམ་པར་དག་པ་རྣམས་ཡེ་ཤེས་ཀྱི་སྟོབས་ལས་གྲུབ་ལ། ཡེ་ཤེས་ནི་ལྟ་བ་རྣམ་པར་དག་པ་ལས་བྱུང་བའམ་ངོ་བོ་ཡིན་པས་དམ་ཚིག་གི་སྲོག་ནི་ལྟ་བས་བཟུང་བ་ཡིན་པར་ཤེས་པར་བྱ་སྟེ། རྔམ་གློག་ལམ། དེ་བས་ཚིག་ཅེས་བྱ་བ། །རང་གི་ལྟ་བ་ཡིན་པར་གསུངས། །ཞེས་སོ། །བཞི་པ་དགོས་པ་ནི། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་ཡོན་ཏན་བདུན་བསྟན་པའོ། །དང་པོ་དམ་ཚིག་འདི་ནི་ཡིད་བཞིན་གྱི་ནོར་བུ་ལྟར་དགོས་པ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དང་། དགེ་བའི་དབང་པོ་ཐམས་ཅད་ཀྱི་སྲོག་ལྟ་བུ་ཡིན་ལ། གང་ཞིག་འདི་ལས་འདས་པར་གྱུར་ན་སྣོད་ཆག་པ་ན་བཅུད་གནས་པའི་ཐབས་མེད་པ་ལྟར་སྔགས་ཀྱི་སྒྲུབ་པ་ཀུན་ཆུད་ཟ་བས་ན། དམ་ཚིག་ནི་ས་གཞི་བཞིན་དུ་ཡོན་ཏན་མཐའ་དག་གི་གཞི་རྟེན་དུ་གྱུར་པའི་ཕྱིར། བདག་ཉིད་ཆེན་པོ་རྣམས་ཀྱི་ཆོས་ཀྱི་རྒྱལ་སྲིད་བསྒྲུབ་པར་བྱ་བ་ལ་མེད་དུ་མི་རུང་བའི་གཞིར་གྱུར་པ་ཡིན་ནོ། །གཉིས་པ་སྔགས་ཀྱི་དམ་ཚིག་འདི་ལྟ་བུ་དང་ལྡན་ན་མཆོག་ཏུ་འཕགས་པའི་ཡོན་ཏན་ཚད་མེད་པ་ཐོབ་སྟེ། འདི་ལྟར་ཐེག་པ་སྤྱིའི་ཚུལ་ལས་ལྟ་སྤྱོད་གྲོགས་གསུམ་ཞེས་ཤེས་རབ་ཏིང་འཛིན་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་དུ་བཞག་པའི་ཚུལ་ཁྲིམས་དེ་ཡང་། འོག་མ་ལས་གོང་མ་འཕགས་ཏེ་སོ་ཐར་གྱི་ཚུལ་ཁྲིམས་ལས་བྱང་སྡོམ་འཕགས་ཚུལ་ཚད་མེད་ཀྱང་མདོར་བསྡུ་ན། ཐེག་ཆེན་ནི་དམིགས་པ་ཆེན་པོ་སོགས་བདུན་གྱིས་འཕགས་པ་ལྟར་དེའི་གྲོགས་སྡོམ་པ་ཡང་དེ་ལྟར་འཕགས་ཏེ། ཟབ་ཅིང་རྒྱ་ཆེ་བ་དང་། དོན་གཉིས་སྒྲུབ་པ་དང་། བདག་མེད་གཉིས་དང་མི་འགལ་བ་སོགས་ཀྱི་སྒོ་ནས་གཏིང་དཔག་དཀའ་བ་ཡིན་ལ། བྱང་སེམས་ཀྱི་སྡོམ་པ་ལས་སྔགས་ཀྱི་དམ་ཚིག་ནི་ཟབ་ཅིང་རྒྱ་ཆེ་བའི་ཡོན་ཏན་གྱིས་འཕགས་ཚུལ་ཚད་མེད་ཀྱང་། རེ་ཞིག་བསྡུ་ན་རྒྱུད་འདི་ལས། གཞན་ཡང་རྒྱལ་མཆོག་ཀུན་བཟང་གི། །ཞེས་པ་ལ་སོགས་པས་བསྟན་པ་ལྟར་བདུན་དུ་ཡོད་དོ། །དེ་ལ་དང་པོ་ཀུན་ཏུ་བཟང་པོའི་ཕྱག་རྒྱས་བཏབ་པས་ཡོན་ཏན་བཙལ་བ་མེད་པར་ལྷུན་གྱིས་གྲུབ་པ་ནི། འདི་ལྟར་ཉན་ཐོས་རྣམས་ནི་སངས་རྒྱས་ཀྱི་གསུང་ལས་སྐྱེས་པ་ཙམ་སྟེ། སངས་རྒྱས་ཀྱི་རིགས་མ་ཡིན་པས་སངས་རྒྱས་ཉིད་ཀྱི་ཕྱག་རྒྱས་མ་བཏབ་ལ་བྱིན་གྱིས་བརླབས་ཀྱི་ཕྱག་རྒྱས་བཏབ་པ་ཙམ་མོ། །བྱང་སེམས་རྣམས་སངས་རྒྱས་ཀྱི་རིགས་སུ་གྱུར་པའི་ཕྱིར་སངས་རྒྱས་ཉིད་ཀྱི་ཕྱག་རྒྱས་བཏབ་ཀྱང་། དེ་དག་གིས་སངས་རྒྱས་གདོད་འགྲུབ་པར་འདོད་པས་ན་ལྷུན་གྱིས་གྲུབ་པའི་ཕྱག་རྒྱས་མ་བཏབ་ལ། སྔགས་བླ་མེད་དུ་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སངས་མ་རྒྱས་པ་མེད་པའི་ངང་ཚུལ་ལ་གནས་པའི་ཕྱིར། ཀུན་ཏུ་བཟང་པོའི་ཕྱག་རྒྱས་བཏབ་པ་ཞེས་བྱ་སྟེ། དེས་ན་འབྲས་བུ་ཆེ་བའི་ཡོན་ཏན་ཐམས་ཅད་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པ་ཡིན་ནོ། །གཉིས་པ་འཇིག་རྟེན་པའི་གཙོ་བོ་དང་འཁོར་རྣམས་ཀྱི་བཀུར་གནས་དམ་པར་མཐོང་བས་མཐུ་བྱིན་ཁྱད་པར་འཕགས་པ་ནི། ཉན་ཐོས་རྣམས་ཀྱང་ཚངས་དབང་རྒྱ་བྱིན་སོགས་ཀྱིས་བཀུར་ཀྱང་། བྱང་སེམས་ལྟར་མི་བཀུར་ལ། བྱང་སེམས་ཀྱིང་སངས་རྒྱས་ལྟ་བུར་མི་བཀུར་ཀྱང་སངས་རྒྱས་ཉིད་ཆེས་བཀུར་བ་ལྟར། དེ་དག་གི་སྤྱོད་ཡུལ་ལ་ཞུགས་པའི་སྡོམ་པ་ཅན་དག་ལའང་གོང་གི་རིམ་པ་དང་མཚུངས་པར་བཀུར་བའི་ཕྱིར། སངས་རྒྱས་ཀྱི་སྤྱོད་ཡུལ་ཞུགས་པའི་སྔགས་ཀྱི་དམ་ཚིག་ཅན་རྣམས་ལ་འཇིག་རྟེན་པའི་ལྷ་ཆེན་པོ་འཁོར་མ་མོ་མཁའ་འགྲོ་དང་བཅས་པ་སོགས་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས། སངས་རྒྱས་བཞིན་དུ་བཀའ་ཉན་ཞིང་གཙུག་གི་ནོར་བུར་བཀུར་བས་དེ་དག་གི་སྡོང་གྲོགས་ཀྱི་མཐུས་སྟོབས་དང་ལྡན་པར་འགྱུར་རོ། །གསུམ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྲས་དང་སྤུན་དུ་དགོངས་པས་བྱིན་རླབས་མྱུར་དུ་འབྱུང་བ་ནི། འཁོར་སྒྱུར་གྱི་སྲས་མཚན་དང་ལྡན་པ་རྒྱལ་སར་འབྱུང་ངེས་པ་བཞིན་དུ། སངས་རྒྱས་ཉིད་ཀྱི་དགོངས་སྤྱོད་དང་མཐུན་པའི་རིག་པ་འཛིན་པ་དེ། དེ་བཞིན་གཤེགས་པའི་གདུང་འཛིན་པའོ་ཞེས་ཉེ་བར་དགོངས་ཤིང་། ཆུ་དྭངས་བར་གཟུགས་བརྙན་འབྱུང་བ་ལྟར་ལྟ་སྒོམ་དག་པས་གྲོགས་དམ་ཚིག་ནུས་ལྡན་དུ་བྱས་པའི་རྒྱུད་ལ་དེ་དག་གི་བྱིན་རླབས་ཀྱང་མྱུར་བའི་ཚུལ་གྱིས་འཇུག་པའོ། །བཞི་པ་དེ་བཞིན་གཤེགས་པ་ཉིད་དང་སྤྱོད་ཡུལ་མཐུན་པས་ན་སྤྱོད་ཡུལ་ཁྱད་པར་དུ་འཕགས་པ་ནི། གསང་སྔགས་པ་གདོད་ནས་དག་མཉམ་བླང་དོར་མེད་པའི་དོན་ལ་གནས་བཞིན་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་གཅོད་པས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་མཐུན་པར་ཞུགས་པ་ཡིན་ལ། སྡོམ་པ་གཞན་གཉིས་ནི་དེ་ལྟ་མ་ཡིན་ཏེ་འཕགས་པ་དགྲ་བཅོམ་པ་རྣམས་དང་། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་པ་ཡིན་ནོ། །དེས་ན་སྔགས་ཀྱི་དམ་ཚིག་ནི་སྤྱོད་ཡུལ་ཁྱད་པར་དུ་འཕགས་པའོ། །ལྔ་པ་ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་ཞིང་དུ་སྦྱོར་བས་འཇིགས་པ་དང་བག་ཚ་བ་ཐམས་ཅད་མེད་པ་ནི། འཁོར་བའི་ཆོས་ཐམས་ཅད་གདོད་ནས་དག་མཉམ་ཆེན་པོར་གནས་པའི་ཕྱིར་བླང་དོར་མེད་པར་གྱུར་པ་ནི་ཀུན་ཏུ་བཟང་པོའི་ཞིང་ཡིན་ལ། དེ་ལྟར་རྟོགས་པའི་བློས་འཁོར་བའི་ཉོན་མོངས་དང་སྡུག་བསྔལ་གྱིས་བག་ཚ་བ་དང་། ལམ་ལས་ཉམས་པར་དོགས་པའི་འཇིགས་པ་ཐམས་ཅད་མེད་པའི་ངང་ཚུལ་ལ་གནས་པ་སྟེ། རྨི་ལམ་དུ་ཆུས་ཁྱེར་བ་རྨིས་པ་ན་རྨི་ལམ་དུ་ངོ་ཤེས་པ་དག་མི་སྐྲག་ཅིང་། གཉིད་སད་ན་སྣང་བ་དེ་དག་ཀྱང་ལྡོག་པར་ཤེས་ནས་གཉིད་སད་པའི་ཐབས་ལ་བརྩོན་པ་ལྟར། འཁོར་འདས་སྤང་གཉེན་དུ་ལྟ་བ་དང་བྲལ་བས་ཉོན་མོངས་སྤོང་བའི་ལམ་ལ་རྩོལ་བ་མི་བྱེད་ཀྱི། ཉོན་མོངས་སོགས་ཀྱི་རང་བཞིན་ཤེས་རབ་མཆོག་གིས་ཟིན་པའི་ཤེས་བཞིན་ཆེན་པོ་ལས་མི་ཉམས་པ་ཙམ་དུ་གནས་སོ། །དྲུག་པ་བཀྲི་བ་དང་ངེས་པའི་དོན་དུ་གསུངས་པའི་སྡོམ་པ་ཇི་སྙེད་པ་ཐམས་ཅད་ཀྱང་རང་བཞིན་ལྷུན་གྱིས་གྲུབ་པའི་ཚུལ་དུ་འདུས་ཤིང་རྣམ་པར་དག་པ་ནི་གོང་དུ་བསྟན་པ་བཞིན་ནོ། །བདུན་པ་ཉམས་པར་གྱུར་ཀྱང་སྐོང་བའི་ཐབས་ཀྱིས་སོར་ཆུད་པར་འགྱུར་བ་ནི། ཉན་ཐོས་ཆོས་རྣམས་ལ་དངོས་པོར་ཞེན་པའི་དབང་དང་། ལུས་ངག་གི་ལས་ཀྱི་དངོས་པོ་གཙོ་བོར་བཟུང་བས། ཉམས་ན་རྫ་གྱོ་མོ་ཆག་པ་ལྟར་སླར་གསོ་ཐབས་མེད་ལ། བྱང་སེམས་ཆོས་ཀུན་དངོས་པོར་མ་ཞེན་པའི་དབང་དང་། སེམས་གཙོ་བོར་བཏོན་པའི་དབང་གིས་ཉམས་པ་རྣམས་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཤིན་ཏུ་ལྷག་པར་བྱར་རུང་སྟེ། གསེར་བུམ་གྱི་སྣོད་ཆགས་རལ་དུ་གྱུར་པ་མགར་བ་མཁས་པས་སྔར་བས་ལྷག་པར་བྱར་བཏུབ་པ་བཞིན་ནོ། །སྔགས་ན་ནི་དག་མཉམ་ཆེན་པོ་རྟོགས་པའི་དབང་དང་སྒྱུ་མའི་རོལ་པ་ལ་རིག་པ་དབང་བསྒྱུར་བ་གཙོ་བོར་འདོད་པས་ཉམས་པ་རྣམས་གཞན་ལ་མ་བརྟེན་ཀྱང་རང་སྟོབས་ཀྱིས་གསོ་ནུས་ཏེ། གསེར་དངུལ་གྱི་སྣོད་ཞོམ་པ་མགར་བ་མེད་ཀྱང་རང་གི་རྩོལ་བས་བཅོས་བཏུབ་པ་ལྟ་བུའོ། །དེ་ལྟར་ཡོན་ཏན་བདུན་དང་ལྡན་ལ་རྒྱས་པར་ཕྱེ་ན་ཚད་མེད་དོ། །ཡང་ན་ཡོན་ཏན་དང་པོ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དམ་ཚིག་བསམ་གྱིས་མི་ཁྱབ་པ་ཡིན་ལ། བཞི་པ་དང་ལྔ་པ་ངོ་བོ་དང་བྱེད་ལ ས་ཀྱི་ཚུལ་དུ་གཅིག་ཏུ་བསྡོམས་ཏེ་ཡོན་ཏན་ལྔར་བྱས་ནའང་རུང་ངོ་། །མདོར་ན་དམ་ཚིག་ནི་མི་འདའ་བ་སྟེ། ལྟ་བའི་དོན་ལས་མི་གཡོ་བ་དང་། དཀྱིལ་འཁོར་ལ་གནས་པ་དང་། དབང་གི་དོན་རྒྱུད་ལ་འཛིན་པ་དང་། སྒོམ་པ་དང་སྤྱོད་པ་དང་སྒྲུབ་པ་དང་། མཆོད་པ་དང་ཕྲིན་ལས་དང་སྔགས་དང་ཕྱག་རྒྱ་རྣམས་ལས་མི་འདའ་བ་ནི་དམ་ཚིག་ཡིན་ལ། དེ་དག་གི་མི་མཐུན་ཕྱོགས་སུ་གྱུར་པ་རྣམས་འགོག་པ་ནི་དགག་པའམ་སྲུང་བའི་དམ་ཚིག་སྟེ། ཀུན་ལ་ཁྱབ་བྱེད་དུ་འགྲོ་ཞིང་སྔགས་ཀྱི་ལམ་ལས་མི་འདའ་བར་གནས་པའི་ངོ་བོ་ཡིན་པས་ལྷ་ཡི་བདག་ཉིད་དང་རྡོ་རྗེ་སྔགས་ཀྱི་ཚུལ་ཡིན་ལ། མཐར་ཐུག་གི་དོན་ལ་ཆོས་ཐམས་ཅད་ཡེ་ནས་དག་མཉམ་ཆེན་པོར་གནས་པའི་ཕྱིར་དགག་སྒྲུབ་བླང་དོར་དང་བྲལ་བར། མེད་པ་ཕྱལ་བ་ལྷུན་གྲུབ་གཅིག་པུའི་ཚུལ་དུ་རང་བཞིན་རྫོགས་པ་ཆེན་པོར་མཐར་ཕྱིན་པར་ཤེས་པར་བྱའོ། །དེ་ལྟར་ཡང་རྒྱུད་ལས། མཉམ་པ་མཉམ་པར་སྦྱོར་བ་ཡི། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་འགྱུར་བས། །འདས་ན་སངས་རྒྱས་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །དེ་དག་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམ་ཚིག་གི་སྐབས་བསྟན་ཏོ། །བདུན་པ་སྒྲུབ་པ་ལ། ངོ་བོ། དབྱེ་བ། སྒྲུབ་ཚུལ། དགོས་པ་བཞི་ལས། དང་པོ། ལེ་ལོ་སྒྱིད་སྙོམས་མེད་པ་ཡིས། །ཐེ་ཚོམ་མེད་པར་བསྒྲུབ་བྱས་ན། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་གསང་མཆོག་དམ་པ་འཐོབ། །ཅེས་དང་། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཞེས་གསུངས་པ་ལྟར། དེ་ཡང་སདྷ་ནའི་སྒྲ་ལས་ཀུན་ཏུ་ལེན་པ་སྟེ་འདོད་པའི་དོན་ལེན་ཅིང་ཐོབ་པར་བྱེད་པའམ་སྒྲུབ་པར་བྱེད་པས་ན་སྒྲུབ་པ་ཞེས་བྱ་བ་དང་། ཡང་སིདྡྷིའི་སྒྲ་ལས་དངོས་གྲུབ་སྟེ་བསྒྲུབ་པར་བྱ་བའི་དངོས་གྲུབ་ཀྱི་རིམ་པ་སྣ་ཚོགས་ཀྱི་སྒོ་ནས་དེ་དང་དེ་སྒྲུབ་པ་ལ་དངོས་གྲུབ་ཀྱི་མིང་གིས་བརྗོད་ལ་ངོ་བོ་ནི་གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་གྱི་སྒོ་ནས། དོན་དུ་གཉེར་བྱ་མཆོག་དང་ཐུན་མོང་གི་དངོས་གྲུབ་གང་འདོད་པ་སྒྲུབ་པར་བྱེད་པ་བསྙེན་སྒྲུབ་ཀྱིས་བསྡུས་པའོ། །གཉིས་པ་ལ་སྤྱིར་བསྟན་པ་དང་། །ཁྱད་པར་ཅན་ཚོགས་སྒྲུབ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ལ་བཞི་ལས། དང་པོ་བསྒྲུབ་བྱའི་སྒོ་ནས་དབྱེ་ན་ཐུན་མོང་དང་མཆོག་གི་དངོས་གྲུབ་གཉིས་ཡོད་ལ། ཐུན་མོང་ལའང་ལས་ཕྲ་མོ་དང་ཆེན་པོ་གཉིས་དང་། མཆོག་ལའང་གནས་སྐབས་དང་མཐར་ཐུག་གི་དབྱེ་བས་གཉིས་ཡོད་དོ། །དེ་ཡང་རོ་ལངས་ཚེ་དང་པྲ་སྒྲུབ་སོགས་གསུངས་པ་ཐུན་མོང་དང་། རྡོ་རྗེ་སེམས་དཔའ་དང་ཚོགས་སྒྲུབ་དང་སྨན་སྒྲུབ་སོགས་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པ་ཡིན་ནོ། །གཉིས་པ་རྟེན་གྱི་སྒོ་ནས་དབྱེ་ན་ཕྱི་རོལ་གྱི་ཡོ་བྱད་སྣ་ཚོགས་པའི་རྫས་དང་། ནང་ངག་གིས་སྔགས་བཟླས་པ་དང་ཡིད་ཏིང་འཛིན་ལ་གནས་པ་དང་ལྟ་སྟངས་སོགས་ལུས་ཀྱི་རྩོལ་བ་དང་རྣམ་པ་བཞི་ལ་བརྟེན་ཏེ་དངོས་གྲུབ་བསྒྲུབ་པ་དང་། དེ་དག་གཉིས་ལྡན་སུམ་ལྡན་བཞི་ལྡན་དང་སོ་སོའི་ནང་གི་དབྱེ་བ་ཚད་མེད་དོ། །འོན་ཀྱང་རྫས་ཙམ་ལ་བརྟེན་ནས་ལས་ཕྲ་མོ་བསྒྲུབ་པ་ལ་སོགས་པ་རྣམས་ལ་སྒྲུབ་པའི་མིང་འཇུག་ཀྱང་། སྒྲུབ་པ་མཚན་ཉིད་པ་མིན་ཏེ། དངོས་པོ་བཅུ་གཅིག་གི་སྒྲུབ་པ་མཚན་ཉིད་པ་ནི་མཐར་ཐུག་གི་འབྲས་བུ་བདེ་མྱུར་དུ་སྒྲུབ་པའི་ཐབས་ཁྱད་པར་ཅན་ཡིན་ནའང་། ལས་ཕྲ་མོ་རྣམས་ཀྱང་སྙིང་རྗེ་ལ་སོགས་པ་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་ན་ཡང་དག་པའི་ལམ་གྱི་ཡན་ལག་ཏུ་འགྱུར་བ་དང་། གནས་སྐབས་ཀྱི་དགོས་པའི་དབང་གིས་དེ་དག་སྒྲུབ་མི་རུང་བའང་མ་ཡིན་ནོ། །ཕྲིན་ལས་དང་སྒྲུབ་པ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། ཕྲིན་ལས་ཀྱང་སྒྲུབ་པའི་ཁོངས་སུ་གཏོགས་མོད་ཀྱི་སྒྲུབ་པ་ཐབས་དང་ཕྲིན་ལས་ཐབས་བྱུང་གི་ལྡོག་པ་ནས་མི་འདྲ་ལ། དེ་བཞིན་དུ་དེ་གཉིས་ཀའང་སྤྱིར་སྤྱོད་པའི་ཁོངས་སུ་གཏོགས་མོད་ཀྱང་སྤྱི་དང་བྱེ་བྲག་གི་ཁྱད་ཡོད་པ་སོགས་སོ་སོའི་འདུ་ཚུལ་དང་དབྱེ་ཚུལ་ཤེས་པར་བྱའོ། །གསུམ་པ་ངོ་བོས་དབྱེ་ན་བསྐྱེད་རིམ་ལ་བརྟེན་ཏེ་སྒྲུབ་པ་དང་རྫོགས་རིམ་ལ་བརྟེན་ནས་སྒྲུབ་པ་གཉིས་སོ། །བཞི་པ་སྒྲུབ་ཚུལ་གྱིས་དབྱེ་ན་བསྙེན་པ་དང་སྒྲུབ་པ་གཉིས་སམ། དེ་རེ་རེ་ལའང་རྒྱུ་འབྲས་གཉིས་སུ་ཕྱེ་བས་བསྙེན་པ་དང་ཉེ་བར་བསྙེན་པ་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་སྟེ་བསྙེན་སྒྲུབ་ཡན་ལག་བཞིར་ཡོད་དོ། །གཉིས་པ་ཁྱད་པར་ཅན་བྱེ་བྲག་ཏུ་བཤད་པ་ནི་ཚོགས་སྒྲུབ་བསྟན་པ་སྟེ། ཅིའི་ཕྱིར་འདི་ལ་སྒྲུབ་ཁྱད་པར་ཅན་བྱ་སྙམ་ན། རྒྱུ་དང་ངོ་བོ་འབྲས་བུ་གསུམ་གྱིས་ཁྱད་པར་འཕགས་པ་སྟེ། དང་པོ་ཕྱིའི་ཡོ་བྱད་ཚང་བ་དང་ནང་ནུས་པ་ཐོབ་པའི་རྣལ་འབྱོར་ཕོ་མོ་ལྷན་ཅིག་ཏུ་ཚོགས་པའི་མཐུས་དངོས་གྲུབ་སྒྲུབ་པ་ལ་བྱིན་རླབས་ལྷག་པར་གྱུར་པའོ། །གཉིས་པ་བསྙེན་སྒྲུབ་ཡན་ལག་བཞི་རྒྱུན་ཆགས་སུ་བརྩོན་པས་འབྲས་བུ་བར་ཆད་མེད་པར་ཐོབ་ནུས་པའོ། །གསུམ་པ་ཟག་པ་མེད་པ་རིག་འཛིན་གྱི་གོ་འཕང་འགྲུབ་པའོ། །དེ་ལྟ་བུའི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ནི། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་བཞི་བཟུང་། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲངས་པས། འབྲས་བུ་རིག་འཛིན་རྣམ་བཞིའི་གོ་འཕང་ཞག་སོ་དྲུག་སོགས་དུས་མྱུར་བར་འགྲུབ་པ་ཡིན་ནོ། །དེ་ལ་ཕུན་སུམ་ཚོགས་པ་ལྔ་ནི། གནས་དུས་སྟོན་འཁོར་རྫས་དང་ལྔ་ལས་དང་པོ། དཔྱད་ལེགས་ཤིང་བར་ཆད་མེད་ལ་བཀྲ་ཤིས་པའི་གནས་གང་ཡིན་པའོ། །གཉིས་པ་རྣལ་འབྱོར་བ་རྣམས་ཚོགས་ཀྱི་སྒྲུབ་པ་ལ་འཇུག་པའི་དུས་སུ་བབས་པ་ན། ཐོག་མར་ཚེས་གྲངས་དང་གཟའ་སྐར་དུས་ཀྱི་སྦྱོར་བ་སོགས་བཀྲ་ཤིས་པ་ནས་མགོ་བརྩམས་ཏེ་དངོས་གྲུབ་ཆེན་པོའི་བྱ་བ་ཡོངས་སུ་གྲུབ་པའི་བར་གྱི་གནས་སྐབས་གང་ཡིན་པའོ། །གསུམ་པ་གསང་སྔགས་ཟབ་མོའི་གཞུང་ལ་མཁས་ཤིང་དོན་ལ་ནུས་པ་རྙེད་པའི་སློབ་དཔོན་རྡོ་རྗེ་རྒྱལ་པོར་འོས་པ་གང་ཡིན་པའོ། །བཞི་པ་རྒྱལ་ཐེབས་དང་གཟུངས་མ་གིང་དང་ཀརྨ་དང་སྤྱན་པ་དང་ཕྱག་ཚང་བ་སོགས་སོ་སོའི་ཡོན་ཏན་ལྡན་པ་དང་། དཀྱིལ་འཁོར་ཟབ་མོ་དེར་འདུ་བར་འོས་པའི་རྣལ་འབྱོར་ཕོ་མོ་ཚོམ་བུ་དུ་བསྒྲུབ་པའི་ལྷ་ཡི་གྲངས་དང་མཉམ་པའོ། །ལྔ་པ་འཚོ་བ་ཟས་ནད་ཟློག་སྨན་དགོས་པ་ཡོ་བྱད་སྒྲུབ་པ་རྫས་དང་བཞི་མ་ཚང་བ་མེད་པར་འདུ་བྱ་བའོ། །དེ་ལྟ་བུར་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་སྒོ་ནས་སྒྲུབ་པ་ཟབ་མོ་ལ་བསྙེན་སྒྲུབ་བཞིའི་ཚུལ་གྱིས་འཇུག་པ་ནི། ཐོག་མར་ལྷ་མཉེས་པའི་ཚུལ་གྱིས་བསྙེན་པ་དང་། དེ་ལས་དངོས་གྲུབ་འགྲུབ་པ་ལ་མངོན་དུ་ཕྱོགས་པར་གྱུར་པ་ཉེ་བསྙེན་དང་། དེ་ནས་དངོས་གྲུབ་སྒྲུབ་པ་དང་། དངོས་གྲུབ་བླངས་ནས་ཡོངས་སུ་གྲུབ་པ་སྒྲུབ་པ་ཆེན་པོ་དང་བཞི་ཡིན་ནོ། །དེ་ཡང་འགལ་རྐྱེན་བསལ་བའི་སླད་དུ་ཕྱི་མཚམས་བཅད་པ་དང་དམ་སྲི་མནན་པ་དང་ནང་གི་མཚམས་བཅད་པ་བྱས་ལ་དཀྱིལ་འཁོར་བཞེངས་བར་བྱའོ། །དེ་ལའང་དཀྱིལ་འཁོར་ལྷ་དང་སློབ་དཔོན་རྫས་སློབ་མ་ལྔ་སྟ་གོན་དུ་བྱ་བ་སྔོན་འགྲོ་དང་། མ་ཏྲཾ་བསྒྲལ་བའི་ཁོག་པར་བྱིན་གྱིས་བརླབས་པའི་གནས་སུ་གཟུགས་བརྙན་གྱི་དཀྱིལ་འཁོར་བྲིས་ཤིང་དེར་སྒྲུབ་རྫས་བཀོད་ལ་དེ་དང་གཞན་ཡང་ཡོ་བྱད་ཐམས་ཅད་ཚུལ་བཞིན་བྱིན་གྱིས་བརླབ་པར་བྱ་བ་དངོས་གཞི་དང་། དཀྱིལ་འཁོར་དེ་ལ་བཟླས་ཤིང་མཆོད་པ་སྣ་ཚོགས་བྱ་བ་དང་། དེར་འཇུག་ཅིང་དབང་ནོད་པ་རྗེས་ཏེ་དེ་ཡན་ཆད་ནི་བསྙེན་པའོ། །དེ་ནས་སྒྲུབ་པའི་གཞུང་ཚུལ་བཞིན་བསྲངས་ནས་བཟླས་སྒོམ་ལ་འབད་བས་དངོས་གྲུབ་ཉེ་བའི་མཚན་མ་མཐོང་བ་ནི་ལྷ་ཉེ་བར་བསྙེན་པའོ། །དེ་ནས་ཞི་བ་ཡིན་ན་ཁྲོ་བོར་གནས་བསྒྱུར་བའམ་སྔ་མ་བསྒྲུབ་པའི་ཞི་ཁྲོ་གང་ཡིན་པ་དེའི་འཕྲོ་འདུའི་དམིགས་པ་དང་། བཟླས་བརྗོད་ལ་འབད་ཅིང་བཟའ་བཏུང་རྒྱན་གོས་སོགས་འདོད་ཡོན་བདེ་སྟོང་དུ་རོལ་པ་དང་། བྲོ་གར་ཕྱག་རྒྱ་ལ་སོགས་པའི་སྒོ་ནས་ལྷ་མཉེས་པར་བྱས་ཏེ་བསྒྲུབ་པས་དངོས་གྲུབ་ཀྱི་མཚན་མ་བརྟན་པོ་མངོན་དུ་གྱུར་པ་ནི་སྒྲུབ་པའོ། །དེ་ནས་དངོས་གྲུབ་བླང་བར་བྱ་བ་ནི་སྒྲུབ་པ་ཆེན་པོ་སྟེ། དེ་ཡང་ཉི་མ་ནུབ་ནས་སྐྱ་རེངས་མ་ཤར་བའི་བར་གྱི་མཚན་གཅིག་ལ་སྲོད་ལ་འཕྲོ་འདུ་ལམ་དུ་བྱས་ཏེ་ལྷ་ལས་དངོས་གྲུབ་ལེན་པ་དང་། ནམ་གུང་སྒྲོལ་བ་ལམ་དུ་བྱས་ཏེ་དགྲ་ལས་དངོས་གྲུབ་ལེན་པ་དང་། ཐོ་རེངས་སྦྱོར་བ་ལམ་དུ་བྱས་ཏེ་ཡུམ་ལས་དངོས་གྲུབ་ལེན་པ་དང་གསུམ་གྱི་ཚུལ་དུ་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བྱེད་པའོ། །དེ་ལྟ་བུའི་ཚོགས་སྒྲུབ་ལ་བརྟེན་ནས་དཔེ་དོན་གྱི་ཡེ་ཤེས་རིམ་བཞིན་དྲངས་ནས་འཕགས་པའི་ས་ལ་གནས་པར་འགྱུར་ཞིང་། རྟོགས་པ་སྔ་མ་སྔ་མ་ཐོབ་ཟིན་པ་ཡིན་ན་ཕྱི་མ་ཕྱི་མ་མི་སློབ་པའི་ཟུང་འཇུག་གི་བར་དུ་གོང་ནས་གོང་དུ་འཕེལ་པར་བྱེད་བས་ན་རིག་འཛིན་རྣམ་པ་བཞིར་འགྲུབ་པར་འགྱུར་རོ། །གསུམ་པ་སྒྲུབ་ཚུལ་ལ། ཇི་ལྟར་བསྒྲུབ་པའི་ཚུལ་དང་། དེ་ལྟར་བསྒྲུབས་པའི་འབྲས་བུ་གཉིས། དང་པོ་ལའང་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་ལས། དང་པོ་མདུན་དུ་བཞག་པའི་ལྷ་སྐུ་སོགས་དམིགས་པའི་རྟེན་བློ་བཞག་ཅིང་གོམས་པའི་སྒོ་ནས་ཉམས་ལྔ་མཐར་ཕྱིན་པར་བྱས་པས་སྣང་སྲིད་ལྷ་སྐུའི་རྣལ་འབྱོར་ལ་རྩལ་འབྱོངས་པ་ན་གྲུབ་པ་སྟེ། དེ་ཡང་དབང་ནོད་ཅིང་དམ་ཚིག་བཟུང་ལ་གདམས་ངག་བསླབ་པ་བསྙེན་པའི་ཡན་ལག །རྩེ་གཅིག་ཏུ་ལྷར་བསྒོམ་པ་ཉེ་བར་བསྙེན་པའི་ཡན་ལག །བརྟན་པ་ཐོབ་པ་སྒྲུབ་པའི་ཡན་ལག །མཐར་ཕྱིན་པ་སྒྲུབ་པ་ཆེན་པོའི་ཡན་ལག་གོ། །གཉིས་པ་རྫོགས་རིམ་ལ་ཐབས་མཚན་བཅས་ཀྱི་རྫོགས་རིམ་དང་། ཐབས་བྱུང་མཚན་མེད་ཀྱི་རྫོགས་རིམ་གཉིས་ཀྱི་དང་པོ་རང་ལུས་ལ་བརྟེན་པ་ཕྲ་ཐིག་དང་རླུང་སྦྱོར་གཏུམ་མོ་རྣམས་ཀྱིས་བདེ་སྟོང་ལ་མྱོང་བ་ཐོན་པར་བྱ་བ་བསྙེན་པ་དང་། གཞན་ལུས་ལ་བརྟེན་ཏེ་དབབ་གཟུང་ལྡོག་ཁྱབ་ཀྱི་སྦྱོར་བས་ལྷན་སྐྱེས་མངོན་དུ་བྱེད་པ་སྒྲུབ་པ་སྟེ་གཉིས་སུ་ཡོད་ལ། དེ་རེ་རེ་ལའང་ཐབས་དང་ཐབས་བྱུང་གི་དབྱེ་བས་བསྙེན་སྒྲུབ་བཞིར་ཡང་འགྱུར་ཞིང་། རང་ལུས་ཐབས་ལྡན་ལའང་གདམས་ངག་ཐོབ་པ་དང་། དེ་ལ་གོམས་པར་བྱ་བ་དང་། གོམས་པ་བརྟན་པ་དང་། མཐར་ཕྱིན་པའི་རིམ་པས་བསྙེན་སྒྲུབ་བཞི་དང་། གཞན་ལུས་ལའང་གདམས་ངག་ཤེས་ཤིང་རིག་མ་འདུ་བྱ་བ་སོགས་བསྙེན་པ། བྱིན་གྱིས་བརླབས་ནས་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ཉེ་བསྙེན། དགའ་བ་སྔ་མ་གསུམ་སྐྱེས་པ་སྒྲུབ་པ། ལྷན་སྐྱེས་ཉམས་སུ་མྱོང་བ་སྒྲུབ་ཆེན་ནོ། །དེར་མ་ཟད་དགའ་བ་བཞི་ཡང་བསྙེན་སྒྲུབ་ཡན་ལག་བཞིར་གནས་ཏེ། སྔ་མ་སྔ་མ་རྒྱུ་དང་ཕྱི་མ་ཕྱི་མ་འབྲས་བུར་གྱུར་པའི་ཆ་ནས་བཞག་པའོ། །མདོར་ན་བསྙེན་སྒྲུབ་ཡན་ལག་བཞི་བོ་འདི་དངོས་གྲུབ་གང་བསྒྲུབས་ཀྱང་དེ་དངོས་སུ་སྒྲུབ་པའི་ལམ་དང་། དེའི་རྒྱུ་སྔ་མ་སྟེ་གཉིས་སུ་ཕྱེ་ལ། དེ་ལ་ནང་གི་དབྱེ་བ་རྒྱུ་འབྲས་གཉིས་སུའང་བྱར་རུང་བས་ན་ལམ་ལྔ་ཡོངས་རྫོགས་ལ་སྦྱར་བ་དང་། ཉམས་ལེན་ཐུན་གཅིག་ལ་སྦྱར་བའི་བར་གྱི་སྦྱོར་ཚུལ་སྣ་ཚོགས་ཡོད་པར་ཤེས་པར་བྱའོ། །གཉིས་པ་ནི་མཚན་མེད་འོད་གསལ་རྫོགས་པ་ཆེན་པོ་སྟེ་མཚན་བཅས་ཀྱི་ལམ་མཐའ་དག་ཀྱང་འདི་རྟོགས་པའི་ཐབས་ཙམ་དུ་ཟད་ལ། རིམ་གྱིས་པས་ལམ་དེ་དག་གི་ཐབས་གོམས་པ་ལས་གདོད་འདི་ལ་འཇུག་ནུས་ཤིང་། ཅིག་ཆར་པའམ་རྫོགས་ཆེན་གྱིས་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་རྣོན་པོ་དག་ནི་ཐབས་ཞུ་བདེ་སོགས་ལ་མི་ལྟོས་པར། བླ་མའི་མན་ངག་དང་བྱིན་རླབས་འཕོ་བ་ཁོ་ནའི་སྟོབས་ལས་ཚུལ་འདི་ལ་འཇུག་ནུས་སོ། །གང་ལྟར་ཀྱང་འདི་ནི་རྫོགས་རིམ་གཞན་ཐམས་ཅད་ཀྱི་འབྲས་བུ་དམ་པའོ། །དེ་ཡང་བླ་མའི་མན་ངག་གིས་རང་གི་སེམས་ཉིད་རིག་སྟོང་གཉུག་མ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་སུ་ཐད་ཀར་རྗེན་པར་ངོ་སྤྲད་པ་ལྟར་དགག་སྒྲུབ་བཅོས་བསླད་མེད་པར་འཇོག་པ་སྟེ། དེ་ལ་ཡང་ངོ་སྤྲོད་ཀྱི་མན་ངག་ཐོས་པ་ནི་བསྙེན་པའི་ཚུལ་ཏེ། རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཕྱིར་མིག་ཕྱེ་བ་ལྟ་བུའོ། །དེའི་དོན་རང་གིས་གོ་བ་ནི་ཉེར་བསྙེན་ཏེ་དཀྱིལ་འཁོར་མཐོང་བ་ལྟ་བུའོ། །གོ་བ་བཞིན་དུ་གོམས་པར་བྱས་པས་རང་གནས་ཀྱི་ཡེ་ཤེས་ལ་མྱོང་བ་ཐོན་པ་ནི་སྒྲུབ་པ་སྟེ་དཀྱིལ་འཁོར་དུ་ཞུགས་པ་ལྟ་བུའོ། །གོམས་པ་བརྟན་ནས་ལམ་གྱི་བྱ་རྩོལ་དང་ཐེག་བརྒྱད་གྲུབ་མཐའི་ཞེ་འདོད་ཀྱི་འཛིན་པ་ཞིག་སྟེ་རྫོགས་པ་ཆེན་པོའི་དོན་ལ་གདེང་ཐོབ་པ་ནི་སྒྲུབ་པ་ཆེན་པོ་སྟེ་དཀྱིལ་འཁོར་དུ་དབང་བསྐུར་བ་ལྟ་བུའོ། །དེས་ན་རང་བཞིན་གྱི་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པ་ནི་མཚན་མ་རྫས་སོགས་ཀྱི་སྒོ་ནས་འཇུག་མི་ནུས་ཏེ་རང་རིག་པ་རྩལ་གྱིས་འཇུག་པ་ཡིན་ནོ། །དེ་ལ་མ་བཅོས་པར་འཇོག་པ་ནི་བཞག་ཐབས་ཡིན་ལ། དེ་ལས་རང་བཞིན་མ་བཅོས་པའི་དོན་མཐོང་བའི་ཡེ་ཤེས་རང་གསལ་དུ་ཤར་བ་རྫོགས་ཆེན་གྱི་ལམ་སྟེ་བཞག་ཐབས་ཀྱི་འབྲས་བུའོ། །གཉིས་པ་དེ་ལྟར་ལམ་བསྒྲུབ་པ་ལས་ཡེ་ཤེས་འཆར་ཚུལ་ལ་གསུམ་སྟེ། སྣང་བའི་ཡེ་ཤེས། སྟོང་པའི་ཡེ་ཤེས་ཟུང་འཇུག་གི་ཡེ་ཤེས་སོ། །དང་པོ་ནི་བསྐྱེད་རིམ་པའི་ངོར་བཅོས་མའི་ལྷ་སྐུར་ཤར་བ་དང་། རྫོགས་རིམ་པས་འོད་གསལ་གྱི་ངང་ལས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པ། རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སྐུ་སོགས་སྣང་བ་མུ་མེད་པ་རང་སྣང་ཙམ་དུ་ཤར་བའོ། །གཉིས་པ་བསྐྱེད་པའི་ཏིང་འཛིན་བརྟན་པས་ལྷར་སྣང་བསྡུས་ཏེ་མི་དམིགས་པར་བསམ་པ་དང་། རྫོགས་རིམ་པས་མཚན་བཅས་ཐབས་ཀྱི་རྣལ་འབྱོར་ལ་བརྟེན་ནས་སྟོང་པ་བཞི་ཉམས་སུ་མྱོང་བ་སྟེ། དེ་ཡང་སྟོང་པ་ཐ་མའི་དུས་སུ་ལྷན་ཅིག་སྐྱེས་པའི་འོད་གསལ་མཐོང་བའོ། །གསུམ་པ་ནི་ཆོས་ཀུན་གྱི་གནས་ལུགས་དབྱིངས་རིག་ཟུང་དུ་འཇུག་པ་དེ་རང་གི་སེམས་ཉིད་ཀྱི་སྟེང་དུ་རང་གསལ་མ་བཅོས་ལྷུག་པར་མྱོང་བས། བཅོམ་མས་བསྐྱེད་པ་དང་ཐབས་ཀྱི་འབད་རྩོལ་དང་བྲལ་བར་གནས་པ་རྫོགས་པ་ཆེན་པོ་སྟེ་གསུམ་མོ། །དེ་གསུམ་ཀྱང་དག་པ་དང་མཉམ་པ་དབྱེར་མེད་བའི་གནས་ལུགས་རྟོགས་པའི་ཡེ་ཤེས་ཀྱི་ཆ་ནས་བཞག་ཀྱང་། ངོ་བོ་ལ་སྒྱུ་ལུས་ཀྱང་སྟོང་པར་སྣང་། འོད་གསལ་ཀྱང་རང་སྣང་མ་འགགས་པ་ཡིན་པས་ཟུང་འཇུག་ཡིན་མོད། གཙོ་ཆེ་ཆུང་གིས་དེ་ལྟར་བསྟན་ཏོ། །དེ་དང་མཚུངས་པར་དག་མཉམ་ཞེས་པའི་མིང་འདི་དག་ཀྱང་གཉིས་ཀའི་སྒྲ་འདོམས་ན་སོ་སོའི་ལྡོག་ཆ་ནས་བརྗོད་པ་ཡིན་ལ། གང་རུང་རེས་ཀྱང་གཉིས་ཀ་སྟོན་ཏེ། དག་པ་ཞེས་སྨོས་པས་ཀུན་རྫོབ་ཏུ་ལྷར་དག་པ་དང་། དོན་དམ་སྤྲོས་པའི་མཚན་མས་དག་པར་སྟོན་ལ། མཉམ་པས་ཀྱང་ཀུན་རྫོབ་ཏུ་སངས་རྒྱས་དང་སེམས་ཅན་དབྱེར་མེད་པར་མཉམ་པ་དང་། དོན་དམ་པར་སྤྲོས་པ་མེད་པའི་དབྱིངས་སུ་མཉམ་པར་སྟོན་པས་ན། ཚིག་དེ་གཉིས་གང་བརྗོད་ཀྱང་ཡེ་ནས་སངས་རྒྱས་པའི་དོན་མཚོན་པར་ནུས་པས་ན་རྒྱུད་རྣམས་སུ་ཡང་དེ་ལྟར་སྣ་ཚོགས་སུ་གསུངས་པ་རིག་པར་བྱའོ། །དེ་ལྟ་བུའི་སྒྱུ་ལུས་སོགས་ཡེ་ཤེས་གསུམ་པོ་འདི་ལ་ཉམས་དང་རྟོགས་པའི་ཁྱད་པར་དང་། ཉམས་ལའང་བརྟན་མི་བརྟན་སོགས་སྣ་ཚོགས་ཡོད་ལ། དབྱེ་སྒོ་གཞན་ཡང་ཕར་ཕྱིན་ཐེག་པ་དང་མཐུན་པའི་ཚིག་དོན། བསྐྱེད་པའི་རིམ་པ་དང་མཐུན་པའི་སྤྱི་དོན། མཚན་བཅས་རྫོགས་རིམ་དང་མཐུན་པའི་སྦས་དོན། མཚན་མེད་རྫོགས་ཆེན་ནམ་འབྲས་བུ་དང་མཐུན་པ་མཐར་ཐུག་གི་དོན་ཏེ་ཚུལ་བཞི་པོའང་རེ་རེ་བཞིན་དུ་སྦྱར་དུ་ཡོད་ལ། ཚུལ་བཞི་པོ་སྔ་མ་སྔ་མའི་དོན་ལས་ཕྱི་མ་འཕགས་ཤིང་། ཐམས་ཅད་མཐར་ཐུག་གི་དོན་ལ་གཞོལ་བར་ཤེས་པར་བྱའོ། །དེ་ཡང་ལམ་ཕྲ་ཐིག་སོགས་གོམས་པའི་ཏིང་འཛིན་ཁོ་ནས་སྟོང་བཞིའི་ཉམས་མྱོང་དྲངས་པ་དང་། སྙོམས་འཇུག་དང་གཉིད་འཐུག་དང་འཆི་བའི་སྐབས་ཀྱི་འོད་གསལ་ཟིན་ཚུལ་རྣམས་སྤྱི་ཙམ་དུ་འདྲ་ཡང་། རླུང་སེམས་ཀྱི་གཡོ་བ་ཕྲ་མོ་འགོག་ཚུལ་ལ་ཁྱད་ཆེ་ལ། གང་དུ་རླུང་སེམས་ཕྲ་མོ་མ་ཐིམ་པ་དེ་སྲིད་དུ་འོད་གསལ་མཐར་ཐུག་མིན་ཞིང་། རང་བཞིན་བརྒྱད་ཅུའི་ཀུན་རྟོག་བཞོན་པ་དང་བཅས་པ་མཐའ་དག་ཐིམ་པའི་འོད་གསལ་བའི་དབྱིངས་རིག་གདངས་མ་འགགས་པའི་བདག་ཉིད་ཅན་ནི། སེམས་དང་ཡེ་ཤེས་གཉིས་ཀྱི་ཟླས་ཕྱེ་བའི་ཡེ་ཤེས་ཡིན་གྱི་སེམས་མ་ཡིན་ལ། ཆོས་ཉིད་ཡིན་གྱི་ཆོས་ཅན་མིན་ཏེ། རིམ་པ་ལྟར་དབྱིངས་དང་རོ་གཅིག་པ་གཟུང་འཛིན་མེད་པའི་རིག་གདངས་ཡིན་པའི་ཕྱིར་དང་། །སེམས་ཀྱི་གནས་ལུགས་སྣང་སྟོང་ཟུང་འཇུག་བརྗོད་པ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །སྐབས་འདིར་བརྗོད་དགོས་པ་མང་ཡང་གཞན་དུ་བཤད་པར་བྱའོ། །ཚུལ་དེ་ལྟ་བུ་ནི་ཕར་ཕྱིན་ཐེག་པ་ལས་ཀྱང་གསུངས་ན་རྡོ་རྗེ་ཐེག་པར་ལྟ་ཅི་སྨོས་ཏེ། བློ་གྲོས་རྒྱ་མཚོའི་ཞུས་པའི་མདོ་ལས། ཅི་སྟེ་ནམ་མཁའ་ཉོན་མོངས་བྱ་བར་ནུས། །དེ་ལ་རྗེས་ཀྱང་བསྟན་པར་ནུས་སྲིད་ཀྱི། །རང་བཞིན་འོད་གསལ་རྫོགས་པའི་བྱང་ཆུབ་སེམས། །དེ་ནི་ནམ་ཡང་ཉོན་མོངས་བྱར་མི་ནུས། །ཞེས་དང་། མདོ་སྡེ་རྒྱན་ལས། སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་འདོད། །དེ་ནི་གློ་བུར་ཉེས་པས་མ་རུངས་བྱས། །ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་དང་། རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་གསུངས་པ་བཞིན་ནོ། །སྐབས་འདིར་གཞི་བདེན་པ་དབྱེར་མེད་ཟུང་འཇུག་གི་དོན་ལ་གོ་བ་རྣལ་མ་མ་ཆགས་ན་གཞི་འོད་གསལ་གཏན་ལ་དབབ་མི་ནུས་ཏེ། འོད་གསལ་ཞེས་པ་སྟོང་པ་མེད་རྐྱང་ཙམ་གྱི་ཆ་ནས་བཟུང་ན་ནི་སེམས་སེམས་བྱུང་མཐའ་དག་ལོག་པའི་ཚེ་ན་སེམས་གཏན་མེད་། སེམས་མེད་ན་སྟོང་པ་ནམ་མཁའ་ལྟ་བུ་ཞིག་ཡོད་དུ་ཆུག་ཀྱང་དེ་སུ་ཞིག་གིས་ངོས་ཟིན་པར་བྱ། གལ་ཏེ་ཐ་མལ་པའི་སེམས་གསལ་རིག་ཙམ་གྱི་ཆ་ནས་བཟུང་ཞིང་དེ་ལ་གཟུང་འཛིན་གྱི་རྟོག་དཔྱོད་ཀྱང་གནས་རྙེད་པར་སྨྲ་ན། རང་བཞིན་བརྒྱད་ཅུའི་ཀུན་རྟོག་གཞན་ཀྱང་དེ་ལ་གནས་ཅིའི་ཕྱིར་མི་རྙེད་དེ་ཚུལ་མཚུངས་སོ། །དེས་ན་སེམས་ཀྱི་ཆོས་ཉིད་ཡེ་ནས་དབྱིངས་རིག་འདུ་འབྲལ་མེད་པ་ནི་གཟུང་འཛིན་གྱི་རྟོག་པའི་ཡུལ་ལས་འདས་ཤིང་། ཡེ་ནས་ནམ་མཁའ་ལྟར་འཕོ་འགྱུར་དང་བྲལ་བར་གནས་པ་ལ། གློ་བུར་གཟུང་འཛིན་གྱི་ཀུན་རྟོག་སྤྲིན་ལྟ་བུ་དང་བྲལ་བའི་སྐབས་ན། ལམ་གྱི་སྟོབས་ཀྱིས་ཆོས་ཉིད་རང་གི་རྩལ་ལས་ཤར་བའི་ཡེ་ཤེས་ཀྱིས་ཡུལ་དང་ཡུལ་ཅན་མེད་པར་རང་གསལ་དུ་མྱོང་བ་ལ་འོད་གསལ་མཐོང་བ་ཞེས་བྱའོ། །རང་རྩལ་གྱི་ཡེ་ཤེས་མ་གཡོས་ན་ནི་འཁྲུལ་པའང་མིན་ལ་གྲོལ་བའང་མིན་ཏེ་གཞི་ཙམ་དུ་གནས་སོ། །རང་རྩལ་ལས་གཡོས་པ་དེ་ཉིད་རྐྱེན་ལས་གོལ་ཏེ་གཞི་དང་མི་མཐུན་པར་གཟུང་འཛིན་ཅན་དུ་སོང་ན་སེམས་ཞེས་བྱ་སྟེ་འཁྲུལ་བ་ཡིན་ཞིང་འཁོར་བའི་བག་ཆགས་ཐམས་ཅད་ཀྱི་གཞི་འཛིན་པ་རྩྭ་སོག་གི་གཟེབ་ལྟ་བུའོ། །ཕྱིན་ཅི་མ་ལོག་པར་ཤར་ན་ཡེ་ཤེས་ཞེས་བྱ་སྟེ། ཇི་ལྟར་ན་མེ་དང་འདྲ་བར་གཟུང་འཛིན་འཁོར་བའི་བག་ཆགས་ཚང་ཚིང་ལྟ་བུ་རྣམས་སྲེག་པར་བྱེད་ཅིང་རྣམ་པརགྲོལ་བར་བྱེད་པས་ན་འདི་གཉིས་གནད་མ་ལོག་པ་གལ་ཆེའོ། །རྣམ་ཤེས་དང་ཡེ་ཤེས་ཀྱི་ཁྱད་པར་རྫོགས་ཆེན་གྱི་གཞུང་རྣམས་ནས་ཤིན་ཏུ་གསལ་བར་བསྟན་ལ། ལང་ཀར་གཤེགས་པ་ལས་ཀྱང་། སེམས་ཀྱིས་སུ་ནི་ལས་རྣམས་སོགས། །ཡེ་ཤེས་ཀྱིས་ནི་རྣམ་པར་འབྱེད། །ཅེས་དང་། ཏིང་འཛིན་རྒྱལ་པོ་ལས། སེམས་ཀྱི་རང་བཞིན་ཤེས་པས་ནི། །ཕྱིར་ཡང་ཡེ་ཤེས་འབྱུང་བར་འགྱུར། །ཞེས་གསུངས་སོ། །རྣམ་ཤེས་དང་ཡེ་ཤེས་འདི་གཉིས་གསལ་ཞིང་རིག་པ་ཙམ་གྱི་མཚན་ཉིད་དུ་མཚུངས་ཀྱང་། ཡུལ་ཇི་བཞིན་མ་རིག་པར་ཕྱིན་ཅི་ལོག་ཏུ་འཛིན་པ་དང་། ཇི་བཞིན་རིག་པ་གཉིས་ཀྱི་ཁྱད་ཡོད་ལ། གཟུང་འཛིན་ཅན་གྱི་རྣམ་ལོག་ཤེས་ཀྱང་འདི་མི་ལྡོག་པར་ཤེས་པར་བྱ་སྟེ། གཞི་སེམས་ཅན་གྱི་སྐབས་ནའང་ཆབ་རོམ་དང་ཆུ་བཞིན་ནོ། །དེ་ལྟར་འཁྲུལ་ཀྱང་འོད་གསལ་གྱི་ངང་ནས་འཁྲུལ། སླར་གྲོལ་ཀྱང་འོད་གསལ་གྱི་ངང་དུ་གྲོལ་ཚུལ་ཤེས་པ་འདི་ཤིན་ཏུ་གལ་ཆེ་སྟེ། དུས་ཀྱི་འཁོར་ལོ་ལས། ཕྱི་རོལ་བའི་བསྟན་བཅོས་སོགས་དེ་ཁོ་ན་ཉིད་རིག་པ་མིན་ལ་རིག་པ་ཞེས་པ་གང་ཞེ་ན་ནང་རིག་པ་སྟོང་པ་ཉིད་དང་འགྱུར་མེད་ཀྱི་བདེ་བ་དག་ཀྱང་སྟེ་དེ་དག་འཇིག་རྟེན་འདིར་ནི་ཐུབ་པ་རྣམས་ཀྱིས་རབ་གསུངས་ཉིད་དེ། དེ་གང་ཞེ་ན་གང་དུ་འཇིག་རྟེན་གསུམ་པོ་མཐའ་དག་ཏུ་སྣང་བར་འགྱུར་ཞིང་ཀྱེ་མི་ཡི་བདག་པོ་སླར་ཡང་གང་དུ་ཐིམ་པ་འོད་གསལ་མི་འགྱུར་བ་དེའོ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་གཞི་འདི་ལ་ཡེ་ཤེས་སུ་བཞག་པ་ཡང་། ཆོས་དབྱིངས་སྣང་སྟོང་ཟུང་འཇུག་ཡིན་པས་ན་སྟོང་རྐྱང་ཙམ་མིན་པར་རིག་གདངས་ཀྱི་ཆ་ཡོད་པ་དང་། རང་གི་ངོ་བོ་འཁྲུལ་གྲོལ་ལས་འདས་པ་དེ་ལས་མ་གཡོས་པས་ནམ་འཁྲུལ་པ་ཙམ་གྱི་ཆ་ནས་བཞག་གི། གཞི་ལས་རྩལ་ཤར་བའི་ཡེ་ཤེས་ཀྱིས་ཇི་བཞིན་པར་རྟོགས་ནས་གྲོལ་ཟིན་པའི་ཡེ་ཤེས་དང་ནོར་བར་མི་བྱ་སྟེ་ཤིན་ཏུ་གལ་ཆེའོ། །གཞི་ལས་གཞི་སྣང་འཆར་ཚུལ་དང་། དེ་ལས་འཁྲུལ་གྲོལ་འབྱུང་ཚུལ། འཁྲུལ་པ་གཞི་ལ་ལྡོག་ནས་སླར་འཁྲུལ་མི་སྲིད་པའི་ཚུལ་རྣམས་རྫོགས་ཆེན་གྱི་གཞུང་ཁོ་ན་ནས་གསལ་བར་བཤད་པ་ལས་ཤེས་པར་བྱ་ཞིང་། སྤྱི་ཙམ་ནི་གཞིའི་སྐབས་སུའང་སྨྲས་ཟིན་ཏོ། །དེ་ལྟར་བསྐྱེད་རྫོགས་གཙོ་བོར་གྱུར་པའི་སྔགས་དང་ཕྱག་རྒྱ་ལ་སོགས་པ་གསང་སྔགས་ཀྱི་བསླབ་པའི་གནས་ཐམས་ཅད་དཔུང་བསྒྲིལ་ཏེ། གང་ལ་གང་དགོས་པའི་ལམ་གྱི་ཡན་ལག་ཚང་བའི་སྒོ་ནས་གནས་སྐབས་དང་མཐར་ཐུག་གི་དོན་བདེ་ཞིང་མྱུར་བ་མིག་འཕྲུལ་ལྟ་བུར་སྒྲུབ་པ་ལ་ནི་གསང་སྔགས་ཀྱི་སྒྲུབ་པ་ཞེས་བྱའོ། །བཞི་པ་དགོས་པ་ནི། གནས་སྐབས་དང་མཐར་ཐུག་གི་འདོད་པའི་དངོས་པོ་ཡོངས་སུ་ཐོབ་པ་འདི་ལ་རག་ལས་པའི་ཕྱིར་ཤིན་ཏུ་ཡང་དོན་ཆེ་བ་ཉིད་དོ། །མདོར་ན་སྒྲུབ་པ་ཞེས་བྱ་བ་འདིས་ནི་ལྟ་བས་གཏན་ལ་དབབ་པའི་དོན་མངོན་དུ་གྱུར་ནས་མཐར་ཐུག་གི་གཏན་སྲིད་ཟིན་པར་བྱེད་ལ། དེ་ཡང་དཀྱིལ་འཁོར་དང་ཏིང་ངེ་འཛིན་དང་དམ་ཚིག་དང་དབང་དང་མཆོད་པ་དང་སྔགས་དང་ཕྱག་རྒྱ་རྣམས་དང་ལྡན་པར་བརྩོན་འགྲུས་ཀྱི་སྤྱོད་པས་དངོས་གྲུབ་གྲུབ་པར་བྱས་ནས། གཞན་དོན་དུ་ཕྲིན་ལས་སྣ་ཚོགས་ཇི་ལྟ་འདོད་པ་ལྟར་བྱེད་པས་ན་བསླབ་པའི་དངོས་པོ་གཞན་ཐམས་ཅད་ལ་ཁྱབ་པར་འཇུག་ཅིང་། མཐར་ཐུག་གི་དོན་ལ་སྒྲུབ་དང་བསྒྲུབ་བྱ་ཐམས་ཅད་རང་སྣང་ཙམ་ཡིན་ལ་རང་སེམས་ཡེ་ནས་སངས་རྒྱས་པའི་དོན་ལ་སྒྲུབ་ཏུ་མེད་པར་ཤེས་ནས་མཉམ་རྫོགས་ལྷུན་གྲུབ་ཀྱི་ངང་དུ་གནས་པ་ན་སྒྲུབ་པ་མཐར་ཕྱིན་པ་སྟེ། རྒྱུད་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་ནས་མ་འཚོལ་ཅིག །ཅེས་གསུངས་པ་བཞིན་ནོ། །དེ་དག་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པའི་སྐབས་བསྟན་ཏོ། །བརྒྱད་པ་མཆོད་པ་ལ། ངོ་བོ། དབྱེ་བ། མཆོད་པའི་ཚུལ། དགོས་པ་བཞི་ལས། དང་པོ། སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །ཞེས་གསུངས་ཏེ། དེ་ལ་པཱུ་ཛའི་སྒྲ་ལས་སྔོན་དུ་བསྐྱེད་པར་བྱ་བའམ། ཡང་ཡང་དགྱེས་པ་བསྐྱེད་པའམ། བཀུར་བའི་དོན་ཅན་ཏེ། དགེ་བའི་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའམ་ལྷ་མཉེས་པར་བྱ་བ་དང་ལས་སྒྲུབ་པ་ཀུན་གྱི་སྔོན་དུ་བསྐྱེད་པར་བྱ་བ་ཡིན་པས་སམ། བཀུར་བའི་ཚུལ་གྱིས་དགྱེས་པ་ཡང་ནས་ཡང་དུ་བསྐྱེད་པའི་དོན་ཏེ། དེ་ཡང་མཆོད་པའི་ཡུལ་རྣམས་ལ་སྒོ་གསུམ་གྱིས་བཀུར་ཞིང་མཆོད་པའི་བསམ་པས་ཕྱི་དང་ནང་གི་དངོས་པོ་སྣ་ཚོགས་སྟོབ་པའི་སྒོ་ནས་མཉེས་པར་བྱེད་པའི་ལས་ཀྱི་བདག་ཉིད་དོ། །གཉིས་པ་དབྱེ་བ་ལ་ཐུན་མིན་སོ་སོའི་དབྱེ་བ། ཐུན་མོང་ཚོགས་ཀྱི་འཁོར་ལོ་བཤད་པ་གཉིས་ལས་དང་པོ་ནི། སྤྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པ་དང་། བླ་ན་ཡོད་པ་དང་བླ་ན་མེད་པ་དང་། དངོས་སུ་བཤམས་པ་དང་ཡིད་ལས་བྱུང་བ་གཉིས་དང་། ཞིང་དང་བསམ་པ་དངོས་པོའི་བྱེ་བྲག་ལས་ཐུན་མོང་དང་ཁྱད་པར་གྱི་མཆོད་པ་དང་། རྟེན་གྱི་སྒོ་ནས་ནང་སྒོ་གསུམ་གྱི་རྒྱུད་དུ་གཏོགས་པ་དང་། ཕྱི་རོལ་རྫས་དང་ཡོ་བྱད་ཀྱིས་བསྡུས་པ་གཉིས་དང་། རྣམ་པའི་ཆ་ནས་བཀུར་སྟི་དང་ཟང་ཟིང་དང་སྒྲུབ་པའི་མཆོད་པ་གསུམ་དང་། ཕྱི་ཐུན་མོང་གི་མཆོད་པ་འཇིག་རྟེན་ན་ཉེར་སྤྱད་དུ་འོས་པའི་རིགས་ཤགས་ཕྱི་རྒྱུད་སོགས་སུའང་མཆོད་པར་ཡོངས་སུ་གྲགས་པ་དང་། ནང་ཐུན་མིན་ཁྱབ་པར་གྱི་མཆོད་པ་སྔགས་ནང་པ་རང་གི་མཆོད་རྫས་རྟེན་རྫས་སྐོང་རྫས་སྒྲུབ་རྫས་སུ་གཏོགས་པ་རྣམས་སོ། །གསང་བ་རྨད་བྱུང་གི་མཆོད་པ་དུག་ལྔ་ཡེ་ཤེས་ལྔར་མཆོད་པ། སྣང་སྲིད་བདེ་བ་ཆེན་པོར་མཆོད་པ་སྟེ་ལྟ་བ་དག་མཉམ་ཆེན་པོ། སྒོམ་པ་སྣང་སྲིད་གཞིར་བཞེངས། སྤྱོད་པ་གང་ཤར་རང་གྲོལ་གྱི་སྒོ་ནས་བྱོར་སྒྲོལ་ལ་སོགས་པ་དང་དུ་ལེན་པའོ། །དེ་དག་ཐམས་ཅད་ངོ་བོའི་རིགས་བསྡུས་ན། ཕྱི་ཉེར་སྤྱོད་ཀྱི་མཆོད་པ། ནང་དམ་རྫས་ཀྱི་མཆོད་པ། གསང་བ་སྦྱོར་སྒྲོལ་གྱི་མཆོད་པ། དེ་ཁོ་ན་ཉིད་མཉམ་པ་ཆེན་པོའི་མཆོད་པའོ། །དང་པོ་ཕྱི་མཆོད་ལའང་། ཕྱག་རྒྱ་གར། བསྟོད་པ་གླུ། ཏིང་འཛིན་ཡིད། སྣ་ཚོགས་འདོད་ཡོན། རྨད་བྱུང་མཐུན་རྫས། ཁྱད་འཕགས་ཐབས། སྣང་སྲིད་གཞིར་བཞེངས་ཀྱི་མཆོད་པ་དང་བདུན་ནོ། །དེ་ལས་དང་པོ་ལའང་རྐང་པའི་བྲོ་ལག་པའི་གར་མིག་གི་ལ་སྟངས་ལུས་ཀྱི་འདུག་ཚུགས་གར་གྱི་ཉམས་ལ་སོགས་པའི་ཕྱག་རྒྱའི་རྣམ་པ་མང་དུ་འགྱུར་ལ། གཉིས་པ་ལའང་དབྱངས་ཀྱི་ཆ་ནས་ཤ་ཏ་པ་ལ་སོགས་པ་སྣ་ཚོགས་སུ་འགྱུར་ཞིང་། ཚིག་གི་ཆ་ནས་ཐུགས་དམ་བསྐུལ་བ་དང་བསྟོད་པ་དང་གསོལ་བ་གདབ་པ་དང་དགྱེས་པ་བསྐྱེད་པ་མཆོད་པའི་སྔགས་ཚིག་སོགས་དུ་མར་འགྱུར་རོ། །གསུམ་པ་དང་གུས་ཀྱིས་གཞི་བཟུང་ནས་ཏིང་ངེ་འཛིན་གྱིས་མཆོད་པའི་སྤྲིན་རབ་འབྱམས་སུ་སྤྲུལ་ལ་ཤེས་རབ་ཀྱིས་རང་བཞིན་མེད་པར་ཤེས་པའོ། །བཞི་པ་ལ་ཉེར་སྤྱོད་བདུན་དང་། འདོད་ཡོན་དྲུག་དང་། བྱེ་བྲག་ཏུ་གོས་རྒྱན་བཟའ་བཏུང་ཡོ་བྱད་གནས་ཁང་ཡུལ་ཕྱོགས་འབྱོར་པ་དང་བཅས་པ་རྣམས་སོ། །ལྔ་པ་ནི་ལྷ་དང་སྲུང་མ་རྣམས་རང་རང་གི་ཐུན་མོང་མིན་པའི་མཆོད་རྫས་དང་རྟེན་རྫས་གཞུང་ལས་གྲགས་པ་རྣམས་སོ། །དྲུག་པ་ནི་སྦྱིན་སྲེག་ལ་སོགས་པ་སྟེ་ཇི་ལྟར་ན་མེ་ལ་བརྟེན་པའི་མཆོད་པ་ནི་ལྷ་རྣམས་ཁྱད་པར་དུ་ཚིམས་པའི་ཐབས་ཡིན་པས་མཆོད་པ་གཞན་ལས་འཕགས་ཤིང་། དེ་བཞིན་དུ་མཆོད་སྐོང་གི་མདོས་ལ་སོགས་པ་ཐབས་ཀྱི་སྒོ་ནས་ཚེགས་ཆུང་ལ་དོན་ཆེ་བ་ཇི་སྙེད་པ་རྣམས་ཀྱང་ཡིན་ནོ། །བདུན་པ་ནི་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་གཅིག་ཏུ་བློས་བླངས་ཏེ་མཆོད་པ་འབུལ་བ་སྟེ། དེ་ཡང་ཐུན་མོང་གི་ཐེག་པར་ཞིང་ཁམས་འབུལ་བ་དང་ཚུལ་འདྲ་ཡང་། འདིར་ནི་སྣོད་བཅུད་དག་པ་དང་མ་དག་པ་ཐམས་ཅད་ཡེ་ནས་དག་མཉམ་བདེ་བ་ཆེན་པོར་གནས་པའི་ཕྱིར་སྣང་སྲིད་ཐམས་ཅད་བདེ་སྟོང་མཆོད་པའི་ཕྱག་རྒྱར་འབུལ་བ་སྟེ། འདི་ལ་སྣང་སྲིད་གཞིར་བཞེངས་ཀྱི་མཆོད་པའམ་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་མཆོད་པ་ཞེས་ཀྱང་བྱའོ། །གཉིས་པ་ནང་མཆོད་ལ། དམ་རྫས་བདུད་རྩི། དམར་ཆེན་རཀྟ། བ་ལིང་གཏོར་མ་གསུམ་དངོས་སུ་གསུངས་ལ། གཞན་ཡང་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེའི་ཁམས་རྣམ་པར་དག་པའི་མཆོད་པ་སྣ་ཚོགས་སུ་ཤར་བ་དག་ཀྱང་ཡིན་ནོ། །གསུམ་པ་གསང་མཆོད་སྦྱོར་སྒྲོལ་དངོས་སུ་གསུངས་ལ་གཞན་ཡང་དུག་ལྔ་ཡེ་ཤེས་ལྔ། དུག་གསུམ་སྐུ་གསུང་ཐུགས་སུ་མཆོད་པ་སོགས་སོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི་སྣང་སྲིད་དག་མཉམ་བདེ་བ་ཆེན་པོ་ཆོས་སྐུ་ཐིག་ལེ་ཉག་གཅིག་ལ་མཆོད་པ་དང་མཆོད་ཡུལ་མཆོད་བྱེད་མ་དམིགས་པར་རང་བཞིན་མཉམ་པ་ཉིད་དུ་ཤེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པ་མཆོད་པའི་རྒྱལ་པོའོ། །དེ་ལྟར་ཕྱི་མཆོད་ལ་སོགས་པ་བཞི་པོ་འདི་ནི། དབང་བཞི་དང་རྗེས་སུ་འབྲེལ་བའི་ལྟ་སྒོམ་དམ་ཚིག་དང་མཐུན་པར་འཇུག་པ་ཡིན་ནོ། །དེ་ལྟར་མཆོད་པབ་ལ་ནང་གི་དབྱེ་བ་ཚད་མེད་པས་རྒྱུད་སྡེ་སོ་སོ་ན་མང་ཉུང་སྣ་ཚོགས་སུ་གསུངས་ཀྱང་། རྒྱུད་འདིར་དངོས་སུ་རྫས་དང་སྦྱིན་སྲེག་ཏིང་འཛིན་སྦྱོར་སྒྲོལ་བདུད་རྩི་བསྟོད་པ་གླུ་ཡི་མཆོད་པ་ཙམ་གསུངས་ལ། བླ་མ་སྔ་མ་རྣམས་ཀྱི་མན་ངག་གིས་ཞི་ཁྲོའི་མཆོད་པ་བཅུ་བཞི་གསུངས་ཏེ། གུས་པའི་ཕྱག་དང་ཕྱག་རྒྱ་གར། །ཀུན་བཟང་ཞབས་བསིལ་བཞི་བསྣོལ་ཏེ། །བདུད་རྩི་གཏོར་མ་གསང་ནན་དང་། །ལྷག་པ་ཏིང་འཛིན་སྦྱོར་དང་སྒྲོལ། །འདོད་ཡོན་རོལ་མོ་གླུ་ཡེ་ཤེས། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ཁྲོ་བོ་ལ་ལྷག་ཏིང་གི་ཚབ་ཏུ་རཀྟ་ཚར་གསུམ་ཕྱར་བའི་མཆོད་པ་སྦྱར་བ་མ་གཏོགས་གཞན་འདྲའོ། །གཉིས་པ་ཐུན་མོང་ཚོགས་མཆོད་བཤད་པ་ལ། ཐུན་མོང་ཡིན་ཚུལ། དེ་ཡི་དགོས་པ། ཇི་ལྟར་བྱ་ཚུལ་གསུམ་གྱི། དང་པོ་འདི་ལ་ཐུན་མོང་ཞེས་པ་ཅི་ཡིན་ན་གོང་དུ་མཆོད་པའི་དབྱེ་བ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དུ་བསྟན་པ་ཐམས་ཅད་འདིར་ཚང་བས་ན་ཐུན་མོང་ཞེས་བྱའོ། །གཉིས་པ་མཆོད་པ་ཉི་ཚེ་བ་མ་ཡིན་པ་ལ་སོགས་པའི་ཁྱད་པར་གྱིས་མཆོད་པ་ཀུན་ལས་འཕགས་པ་སྟེ། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཅེས་གསུངས་པ་བཞིན་ནོ། །གསུམ་པ་མདོར་བསྟན་རྒྱས་བཤད་གཉིས། དང་པོ་སྐལ་ལྡན་འདུས་པའི་ཚོགས་ཀྱིས། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་འདུ་བྱས་ལ། དངོས་གྲུབ་ལྷའི་ཚོགས་ལ་ཕུལ་བས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པའོ། །གཉིས་པ་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་གསུམ་ལས། དང་པོ་སྔགས་ཀྱི་ཀུན་སྤྱོད་ཟབ་མོ་ལ་འདུ་བར་འོས་པའི་གནས་སུ་དཀྱིལ་འཁོར་རྒྱས་པའམ། སྐུ་གསུང་ཐུགས་ཀྱི་རྟེན་བཀོད་པའམ། མེ་ཏོག་གི་ཚོམ་བུ་ལྷ་གྲངས་དང་མཉམ་པ་བཀོད་ལ་བྱིན་གྱིས་བརླབས་ནས་ཚོགས་ཀྱི་ཡོ་བྱད་ཕྱི་ནང་གསང་བའི་མཆོད་རྫས་སུ་འོས་པ་ཅི་འབྱོར་པར་བསགས་ཤིང་། ཐ་ནའང་ཤ་ཆང་ནི་མེད་དུ་མི་རུང་ངོ་། །དེ་ནས་དམ་ཚིག་དང་ལྡན་པའི་རྣལ་འབྱོར་ཕོ་མོ་ཐབས་ཤེས་ཟུང་དུ་ཚོགས་པ་སྟེ། གཉིས་ནས་རབ་ཏུ་མང་པོའི་བར་ཅི་ཙམ་ཚོགས་པ་རྣམས་ཀྱང་ཡབ་ཡུམ་ཟུང་དུ་ལྡན་པ་ཤ་སྟག་ཏུ་བྱའོ། །གལ་ཏེ་ཟུང་དུ་མ་ལྡན་པར་དཔའ་བོ་མང་ན་ནི་དཔའ་བོའི་དགའ་སྟོན་དང་། དཔའ་མོ་མང་ན་ནི་དཔའ་མོའི་སྟོན་མོ་ཙམ་དུ་འགྱུར་གྱི་ཚོགས་མཆོད་མཚན་ཉིད་པ་མིན་ནོ། །དེ་ནས་རྣལ་འབྱོར་བ་འདུ་བར་འོས་པ་དེ་དག་ཞི་ཁྲོ་གང་བྱེད་པའི་རང་གི་མེ་ཏོག་ཕོག་པའི་ལྷའི་ཆས་སུ་བྱས་ཏེ་ཚོགས་ཁང་དུ་ཞུགས་པ་ན། སྒོ་བཞིའི་ཁྲོ་བོའི་ཚུལ་དུ་སྒོ་ཁང་ན་སྡོད་པས་ལེགས་པར་འོངས་སམ་ཞེས་དྲི་བའི་བརྡར་མཛུབ་མོ་གཅིག་བསྒྲེངས་པའི་ལན་དུ་འོངས་སོ་ཞེས་མཛུབ་མོ་གཉིས་བསྒྲེངས་ཏེ་བསྟན་ལ་ནང་དུ་ཞུགས་པ་ན། ལས་ཀྱི་རྡོ་རྗེས་རིགས་གང་ཡིན་ཞེས་པའི་བརྡར་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་གདེངས་པའི་ལན་དུ། རིགས་གང་ལ་མེ་ཏོག་ཕོག་པའི་གཙོ་བོ་དེའི་ཕྱག་རྒྱ་བསྟན་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་ལ་ཕྱག་འཚལ་ཏེ། དབང་ཐོབ་སྔ་ཕྱི་དང་ཡེ་ཤེས་ལ་དབང་བ་སོགས་ཀྱི་གྲལ་རིམ་བཞིན་དུ། གཙོ་བོའི་གཡས་གཡོན་དང་གུང་གྲལ་ལ་རིགས་ལྔའི་གྲལ་མཚོན་པའི་ཕྱག་མཚན་སོགས་བཞག་པ་དེར་རང་གི་རིགས་གང་ཡིན་པའི་གྲལ་ལ་འཁོད་པར་བྱའོ། །དེ་ནས་ལས་ཀྱི་རྡོ་རྗེས་ཕྱག་འཚལ་ལ་ཏིང་འཛིན་གྱི་དཀྱིལ་འཁོར་ལ་གནས་པར་གསོལ་བ་གདབ་པ་རྣམས་ནི་སྔོན་འགྲོའོ། །གཉིས་པ་བགེགས་ལ་གཏོར་མ་བྱིན་ཅིང་མཚམས་བཅད་པ་ནས་བརྩམས་ཏེ་ལས་གཞུང་རྒྱས་པར་བསྲངས་ལ། ཚོགས་མཆོད་རྣམས་བསང་སྦྱང་སྤེལ་བསྒྱུར་ཇི་ལྟ་བ་བཞིན་དུ་བྱས་ལ་བདག་དང་གཉིས་སུ་མེད་པའི་ལྷ་རྣམས་མཆོད་པར་བྱའོ། །དེ་ནས་ལས་རྡོར་གྱིས་ཕྱག་འཚལ་ཞིང་ཐབས་ཤེས་ཀྱི་རྫས་པདྨའི་ཕྱག་རྒྱས་བྲིམས་ལ། བརྡ་དང་བརྡ་ལན་གྱི་ཚུལ་དུ་རོལ་པས་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་ཐམས་ཅད་ཟག་མེད་བདེ་བ་ཆེན་པོས་ཚིམ་པར་བྱའོ། །ཚོགས་ཀྱི་གྲལ་དུ་ཐ་མལ་པའི་སྣང་ཞེན་སྤངས་ཏེ་ལྷ་སྔགས་ཏིང་འཛིན་གྱི་རོལ་པ་འབའ་ཞིག་གི་ཚུལ་དུ་གན ས་པ་ལས། ཐ་མལ་གྱི་རྩེད་མོ་ཅ་ཅོ་འཕྱ་སེམས་སོགས་ཅུང་ཟད་ཀྱང་མི་རུང་སྟེ་གཙང་དམེ་མེད་པའི་ཚུལ་དུ་ཚོགས་རྫས་རྣམས་ལ་མཉམ་པར་རོལ་བར་བྱའོ། །དེ་ནས་རྡོ་རྗེའི་གླུ་དང་གར་དང་དེ་སྟོང་སྦྱོར་བའི་མཆོད་པ་ལ་སོགས་པ་ཉམས་དང་སྦྱར་ལ་ཅི་རིགས་པར་བྱ་སྟེ་མདོར་ན་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམས་ཡོངས་སུ་རྫོགས་པར་བྱ་བ་ཡིན་ནོ། །གསུམ་པ་མཇུག་ཚོགས་ཀྱི་ལྷག་མ་བསོགས་འཇོག་མེད་པར་བསྡུས་ལ་གཏོར་མ་བཏང་། རྡོ་རྗེ་གླུ་བྲོ་སོགས་དཀྱིལ་འཁོར་རྗེས་ཀྱི་བྱ་བ་རྣམས་ཚང་བར་བྱའོ། །གསུམ་པ་གསང་སྔགས་བླ་མེད་ཀྱི་མཆོད་པ་རྣམས་ནི་འོག་མའི་མཆོད་སྦྱིན་ལས་ཁྱད་པར་འཕགས་ཏེ། ཡུལ་དང་བསམ་པ་དང་དངོས་པོ་མཆོག་ཏུ་གྱུར་པས་སོ། །ཡུལ་ནི་བསོད་ནམས་ཀྱི་ཞིང་གི་མཐར་ཐུག་པ་སངས་རྒྱས་ཉིད་ཡིན་ལ། དེ་ལ་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་དག་པའི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ་པ་ཉིད་དུ་ཤེས་པས་ལྷ་གཅིག་མཆོད་ཀྱང་སྲིད་ཞི་ཐམས་ཅད་མཉམ་པ་ཉིད་དུ་ཚིམ་པ་དང་། སྒོ་གསུམ་རྡོ་རྗེ་གསུམ་གྱི་རྣམ་པས་ཡུལ་ལ་རོལ་པས་ན་སངས་རྒྱས་ཉིད་དངོས་སུ་མཆོད་པ་དང་ཁྱད་མེད་པས་འཕགས་སོ། །དེ་ཡང་མཉམ་ཉིད་ཡེ་ཤེས་ཀྱི་སྐུ་ཅན་སངས་རྒྱས་རྣམས་ལ་མཉེས་མི་མཉེས་ཀྱི་རྟོག་པ་མེད་ཀྱང་། ཡེ་ཤེས་ཀྱི་སྐུ་རྣམ་པ་ཐམས་ཅད་པ་ཉིད་གདུལ་བྱའི་བློ་དང་མོས་པ་དང་འཚམས་པར་འཇུག་པས་ན་སྔགས་ཀྱི་ལྷ་ཤིན་ཏུ་མཉེས་པའི་ཚུལ་གྱིས་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་ཐོབ་པའོ། །གཉིས་པ་བསམ་པ་ནི་ཆོས་ཉིད་དག་མཉམ་ཆེན་པོའི་ངང་དུ་འཛིན་ཞེན་མེད་པར་རོལ་པས་སྦྱིན་སོགས་ཕར་ཕྱིན་དང་དད་དང་སྙིང་རྗེ་སོགས་བྱང་ཆུབ་ཆེན་པོའི་རྒྱུ་ཡི་ཆོས་རྣམས་མ་ལུས་པ་མ་ཚང་བ་མེད་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་བདེ་བ་ཆེན་པོ་རོ་གཅིག་པའི་བདག་ཉིད་དུ་འགྱུར་ཏེ། ཆོས་ཀུན་ལ་ཡོངས་སུ་འཛིན་པ་དང་བཀག་པ་མེད་པར་སྤྱོད་པ་སྦྱིན་པའི་ཕར་ཕྱིན་འབྲས་བུ་དང་བཅས་པ་རྩོལ་བ་མེད་པར་ལྷུན་གྱིས་རྫོགས་པའོ། །དེ་བཞིན་དུ་མཉམ་པ་ཉིད་དུ་རྟོགས་པས་སྐྱོན་གང་གིས་ཀྱང་གོས་པ་མེད་པ་དང་བླ་ན་མེད་པ་ཚུལ་ཁྲིམས་སོ། །འཁྲུགས་པ་མེད་པ་དང་ཡེ་ཤེས་ཀྱི་མཚན་ཡོངས་སུ་རྫོགས་པས་བཟོད་པ། ཉམས་པ་མེད་པ་དང་བྱེད་སྤྱོད་ཚོགས་སུ་འགྱུར་པ་བརྩོན་འགྲུས་སོ། །དབང་པོ་ཀུན་ཡུལ་ལ་འཇུག་ཀྱང་མཉམ་ཉིད་ལས་མི་གཡོ་ཞིང་ཆོས་ཀུན་གྱི་རང་བཞིན་མཐོང་བ་ལ་གནས་པ་བསམ་གཏན། རང་བཞིན་ཕྱིན་ཅི་མ་ལོག་པར་རྟོགས་པས་ཆོས་ཀུན་མ་བཀག་པར་གསལ་ཞིང་དངོས་པོའི་མཚན་མ་ལས་ཡོངས་སུ་འདས་པ་ཤེས་རབ། བདག་གཞན་གྱི་དོན་རྩོལ་བ་མེད་པར་བྱེད་པས་ཐབས། ཞིང་དང་སྤྱོད་ཡུལ་ཡོངས་སུ་དག་པ་སྨོན་ལམ། མི་མཐུན་པའི་ཕྱོགས་ཀྱིས་ཡོངས་སུ་མི་བརྫི་བ་སྟོབས། དོན་ཇི་ལྟ་བ་བཞིན་རྟོགས་པས་གཉིས་ཆོས་ཀྱི་འཛིན་པ་ཀུན་དང་བྲལ་ཏེ་གཉིས་སུ་མེད་པ་ནི་ཡེ་ཤེས་སོ། །གཞན་ཡང་འགྲོ་བ་ཐམས་ཅད་ལ་ཕྱོགས་དུས་ཀུན་ཏུ་ཕན་བདེ་ལྷུན་གྲུབ་ཏུ་མཛད་པ་སངས་རྒྱས་ཉིད་གཉིས་སུ་མེད་པའི་ཚུལ་གྱིས་བཟུང་བས་དད་པ་དང་སྙིང་རྗེ་ལ་སོགས་པ་ལམ་གྱི་ཆོས་ཀུན་ལྷུན་གྱིས་གྲུབ་པས་འཕགས་པའོ། །གསུམ་པ་དངོས་པོ་ནི་མཆོད་པའི་རྫས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་བས་ཐ་མལ་པ་མ་ཡིན་པ་སྟེ། འདི་ལྟར་རང་བཞིན་གྱིས་དག་ཅིང་མཉམ་པས་ན་ཆོས་ཉིད་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་འཆར་དུ་རུང་བའི་ཕྱིར་དམིགས་པ་དང་སྔགས་དང་ཕྱག་རྒྱས་ཅི་ལྟར་བསྒྱུར་བ་བཞིན་དུ་རྡུལ་གཅིག་གི་ཁྱོན་ལའང་མཁའ་ཁྱབ་ཀྱི་ཞིང་གི་བཀོད་པའི་འབྱོར་པ་རབ་འབྱམས་ཀུན་ཏུ་ཟང་པོའི་སྤྲིན་བདེ་བ་ཆེན་པོ་མཛད་པ་མེད་པའི་གཏེར་དུ་གྱུར་པའོ། །བཞི་པ་དགོས་པ་ནི། གསང་སྔགས་ཀྱི་ལྷ་ཉེ་བར་མཉེས་པའི་ཐབས་ཁྱད་པར་ཅན་འདིའི་སྒོ་ནས་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་འབད་མེད་དུ་འགྲུབ་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པའི་སྒོ་ཡིན་པས་ཤིན་ཏུ་གལ་ཆེའོ། །མདོར་ན་མཆོད་པ་ནི་ཡེ་ཤེས་ཀྱི་ལྷ་མཉེས་པར་བྱེད་པ་ཡིན་ལ། མཉེས་པར་བྱེད་པའི་ཐབས་མཐར་ཐུག་པ་ནི་སྔགས་ཀྱི་དོན་ལ་ཞུགས་པ་ཡིན་ཏེ། མདོ་དགོངས་པ་འདུས་པ་ལས། ཐེག་ཆེན་གསང་བའི་ཚིག་གཅིག་ཙམ། །ཁོང་དུ་ཆུད་པར་གྱུར་པ་ནི། །སྐྱེ་བོ་ཉན་ཐོས་བསམ་ཡས་དང་། །རྒྱལ་བ་མཐའ་ཡས་སྲས་བཅས་ལ། །མཆོད་ཡོན་ཚོགས་ཆེན་སྤེལ་བས་ནི། །འབུམ་གྱི་ཆར་ཡང་མི་ཕོད་དོ། །ཅི་ཕྱིར་ཐེག་ཆེན་འདི་ཤེས་པས། །རྒྱལ་བ་མཉེས་པའི་མཆོག་འདི་ཡིན། །ཞེས་གསུངས་པ་བཞིན་ནོ། །དེས་ན་སྒྲུབ་པ་དང་ཟང་ཟིང་དང་བཀུར་སྟིའི་མཆོད་པ་གང་རུང་དུ་མ་གྱུར་བའི་སྔགས་ཀྱི་ལམ་གཞན་མེད་དེ་འདི་ལྟར་ལམ་ལྟ་སྒོམ་སྤྱོད་པ་གསུམ་དང་། གཞི་འཛིན་པ་དཀྱིལ་འཁོར་དབང་དང་དམ་ཚིག་གསུམ་དང་། ཉམས་ལེན་སྒྲུབ་མཆོད་ཕྲིན་ལས་གསུམ་དང་། ཐབས་སྔགས་དང་ཕྱག་རྒྱ་སྟེ་བསླབ་པའི་མཐའ་བཅུ་གཅིག་ཏུ་གྲགས་པའི་ནང་ཚན་སྐབས་འདིར་བཤད་བྱ་མཆོད་པ་ཉིད་ཀྱི་ཁོངས་སུ་དོན་གྱིས་གཞན་བཅུ་ཡང་བསྡུར་རུང་བས་ན་ཀུན་ལ་ཁྱབ་ཅིང་སྐབས་ཀྱི་རང་གི་ངོ་བོའི་ལྡོག་ཆ་ནས་བསླབ་མཐའ་གཞན་དང་ཡང་མ་འདྲེས་པར་འཆད་ནུས་པ་ཤེས་པར་བྱ་ལ། ཆོས་ཉིད་དག་མཉམ་ཆེན་པོའི་དོན་ལ་མཆོད་བྱ་དང་མཆོད་བྱེད་མཆོད་པ་མ་དམིགས་པར་རང་བཞིན་ལྷུན་གྲུབ་ཆེན་པོར་རང་སྣང་གི་བཀོད་པ་རང་ཤར་དུ་བརྡལ་བའི་རྫོགས་པ་ཆེན་པོའི་དོན་ལ་མཆོད་པ་ཐམས་ཅད་མཐར་ཕྱིན་པར་ཤེས་པར་བྱའོ། །དེ་ལྟར་ཡང་རྒྱུད་ལས། སྒྱུ་འཕྲུལ་དྲྭ་བ་བརྟན་པ་ཡིན། །ཕྱོགས་བཅུར་དུས་བཞིར་གཤེགས་པ་ཡི། །སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས། །ཁམས་གསུམ་འགྲོ་རྣམས་མངོན་དུ་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་དག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཆོད་པའི་སྐབས་བསྟན་ཏོ། །དགུ་པ་ཕྲིན་ལས་ལ། ངོ་བོ། དབྱེ་བ། དེ་སྒྲུབ་ཚུལ། དགོས་པ་བཞི་ལས། དང་པོ་རྒྱུད་ལས། ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད། །ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར། །ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །ཡེ་ཤེས་རོལ་པ་ཉིད་ཀྱང་གསོག །རྒྱལ་བ་མངོན་བྱུང་སྐྱོབ་པ་དང་། །བྱིན་རླབས་སྟོན་པའང་དེ་བཞིན་ཏེ། །བྱ་བྱེད་ནུས་པའི་གཟི་བྱིན་གྱིས། །སྒྱུ་མ་རྡོ་རྗེ་བཙན་པོའི་མཆོག །ཅེས་གསུངས་པ་ལྟར། ཀརྨ་ཞེས་པའི་སྒྲ་ལས་སྒོ་གསུམ་གྱི་བྱ་བའི་ལས་ཏེ། དེ་ཡང་ཚད་མེད་པ་བཞིའི་རྒྱུ་ལས་བྱུང་བའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་ཆེན་པོས་ཟིན་པའི་སྒོ་ནས་གཙོ་བོར་གཞན་དོན་སྒྲུབ་པ་ལ་དམིགས་པའི་ཐབས་མཁས་ཀྱི་མཛད་སྤྱོད་ཁྱད་པར་ཅན་ནོ། །གཉིས་པ་ལ་བསྒྲུབ་བྱའི་སྒོ་ནས་མཆོག་ཐུན་གྱི་ལས་གཉིས་ཏེ། དང་པོ་ནི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་སྔགས་དང་ཕྱག་རྒྱ་སོགས་ཀྱི་སྒོ་ནས་གཞན་རྒྱུད་ལ་ཐར་པའི་ས་བོན་བསྐྲུན་པ་རྣམ་སོ། །ཐུན་མོང་ནི་གནས་སྐབས་ཀྱི་བདེ་འབྲས་མངོན་དུ་བྱེད་པ་ཐམས་ཅད་དོ། །རྟེན་གྱི་སྒོ་ནས་དབྱེ་ན་ཕྱི་རོལ་གྱི་རྫས་དང་ནང་གི་ལུས་ངག་ཡིད་གསུམ་ལ་བརྟེན་པའོ། །དེ་ཡང་ཕྱིའི་རྫས་བྲིས་པའི་འཁྲུལ་འཁོར་དང་། སྦྱིན་སྲེག་དང་། མཆོད་རྟེན་དང་། སྐུ་དང་། ཕྱག་མཚན་དང་། བམ་ཆེན་དང་། ཤ་ལྔ་སོགས་རྫས་སྣ་ཚོགས་ལ་བརྟེན་པ་ཚད་མེད་པའོ། །ལུས་ཀྱི་ནི་ཕྱག་རྒྱ་དང་བྲོ་དང་གར་དང་ལྟ་སྟངས་དང་འདུག་ཚུལ་ལ་སོགས་པ་དང་། ངག་གིས་སྔགས་དང་གླུ་དང་བདེན་ཚིག་བརྗོད་པ་ལ་སོགས་པའོ། །ཡིད་ཀྱི་ནི་འདུན་པ་དང་ཏིང་ངེ་འཛིན་གྱིས་ལས་བསྒྲུབ་སྟེ། དེ་དག་ཀྱང་རེ་རེ་བ་དང་ཕན་ཚུན་ཚོགས་པའི་ཚུལ་གྱིས་བསྒྲུབ་པ་དང་། ནང་གི་དབྱེ་བ་དང་བསྒྲུབ་བྱའི་སྒོ་ནས་ནི་མཚན་མེད་པར་འགྱུར་ཏེ་གནས་སྐབས་དང་མཐར་ཐུག་གི་བསྒྲུབ་བྱ་སེམས་ཅན་རྣམས་ཀྱི་བསམས་པ་དང་མཐུན་པར་སྔགས་ཀྱི་ལས་ཀྱིས་བསྒྲུབ་ནུས་པའི་ཕྱིར་རོ། །ངོ་བོའི་ཆ་ནས་ཕན་འདོགས་པ་དང་ཚར་གཅོད་པའི་བྱེ་བྲག་ལས། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་བཞིའོ། །ཞི་བ་ལའང་ནད་གདོན་སྡིག་སྒྲིབ་དགྲ་འཇིགས་པ་བར་ཆད་བྱད་ཕུར་ཞི་བ་སོགས་དང་། རྒྱས་པ་ལ་ཚེ་བསོད་ནམས་ཡེ་ཤེས་བཀྲག་མདངས་འཁོར་ནོར་སྟོབས་དཔལ་བདེ་བ་ཆོས་སོགས་རྒྱས་པར་བྱེད་པ་དང་། དབང་ལའང་རྒྱལ་བློན་བཙུན་མོ་པཎྜི་ཏ་སོགས་མི་དང་ལྷ་ཀླུ་གནོད་སྦྱིན་སོགས་མི་མ་ཡིན་པ་དང་། ཉམས་རྟོགས་ཡོན་ཏན་སོགས་དཔལ་དང་བཟའ་བཏུང་གོས་རྒྱན་སོགས་འབྱོར་པ་དབང་དུ་བྱ་བ་དང་། དྲག་པོ་ལའང་དགུག་པ་དབྱེ་བ་བཅིང་བ་མནན་པ་བཟློག་པ་བསད་པ་བསྐྲད་པ་རྣམས་དང་། བྱས་པ་བཤིག་པ། སྨྱོ་རུ་གཞུག་པ་སོགས་གཟིར་བ། ལྟས་ངན་ཐོག་སེར་སོགས་དབབ་པ་ལ་སོགས་པ་དུ་མ་ཡོད་དོ། །ཡོན་ཏན་གྱིས་དབྱེ་ན་ལས་གང་ཡིན་ཀྱང་ཕལ་པ་དང་མཆོག་གཉིས་སུ་ཡོད་དེ། རང་དོན་ལ་ཆགས་པ་སོགས་དུག་གསུམ་གྱི་ཀུན་སློང་དང་ལྡན་ལ་ངོ་བོ་ཐབས་ལ་མཁས་པའི་དགོངས་སྤྱོད་ཀྱིས་མ་ཟིན་པ་དང་། འབྲས་བུ་གནས་སྐབས་མཐར་ཐུག་གི་དོན་ཆེན་པོ་དང་མ་འབྲེལ་བ་ནི་ལྟར་སྣང་སྔགས་ཀྱི་ལས་ཡིན་ཀྱང་དོན་ལ་ཕལ་པའི་ལས་ཏེ་སྐབས་འདིར་སྤང་བར་བྱ་བ་ཡིན་ནོ། །མཆོག་ནི་གཞན་དོན་ལ་དམིགས་པ་སྙིང་རྗེ་ཆེན་པོའི་ཀུན་སློང་གི་རྒྱུ་བྱས་ནས། ངོ་བོ་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སྔགས་ཀྱི་དགོངས་སྤྱོད་དང་ལྡན་པ། འབྲས་བུ་གནས་སྐབས་དང་མཐར་ཐུག་གི་དོན་ཆེན་པོ་བདེ་བླག་ཏུ་བསྒྲུབ་པའོ། །དེ་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཉིད་མྱུར་དུ་སྒྲུབ་པའི་རིག་པ་འཛིན་པ་རྣམས་ཀྱིས་རང་གི་ལམ་ལ་བར་དུ་གཅོད་པའི་དགྲ་བགེགས་བསྒྲལ་བ་དང་། རང་གི་ནད་སོགས་ཞི་བའི་ལས་སྒྲུབ་པའང་དངོས་སུ་རང་དོན་དང་བརྒྱུད་ནས་གཞན་དོན་ཡིན་པ་དང་དགོངས་སྤྱོད་ཟབ་མོས་ཟིན་པའི་ཕྱིར་རྒྱུ་དང་ངོ་བོ་འབྲས་བུ་གསུམ་དམན་པ་མ་ཡིན་ལ། དཀོན་མཆོག་གསུམ་གྱི་སྐུ་དགྲའི་སྔགས་ཟློག་ལ་སོགས་པ་བྱེད་པ་ནི་གཞན་ཉི་ཚེ་བའི་དོན་ལྟར་སྣང་ཡང་རྒྱུ་འབྲས་ངོ་བོ་གསུམ་ཀ་ཕལ་པའི་ལས་དང་མཐུན་པ་ཡིན་པས་སྤང་བར་བྱའོ། །དེས་ན་ལམ་དང་མི་འགལ་བར་ལས་རྩོམ་པའི་དུས་ཤེས་པ་དང་། ལས་སྒྲུབ་ཚུལ་ཤེས་པ་དང་། ལས་སྒྲུབ་པའི་འབྲས་བུ་བྱང་ཆུབ་ཀྱི་ལམ་དུ་འགྱུར་ཚུལ་ལ་མཁས་པ་ནི་ཤེས་རབ་ཡིན་ལ། སྔགས་དང་ཕྱག་རྒྱ་ལ་སོགས་པ་ལས་སྒྲུབ་པ་ལ་སྟོབས་མཆོག་ཏུ་གྱུར་པ་དང་། དེ་དག་སྔགས་ཀྱི་དགོངས་སྤྱོད་ཟབ་མོས་ཟིན་པ་ནི་ཐབས་སོ། །དེ་ལྟ་བུར་ཐབས་ཤེས་དང་ལྡན་པས་ལས་གང་ཡིན་པ་བདེ་བདེ་བླག་ཏུ་འགྲུབ་བ་ནི་གནས་སྐབས་ཀྱི་འབྲས་བུ་དང་། དེ་ལས་རིམ་གྱིས་བྱང་ཆུབ་ཆེན་པོ་འགྲུབ་པ་ནི་མཐར་ཐུག་གི་འབྲས་བུ་སྟེ། སངས་རྒྱས་ཀྱི་མཛད་པའང་སེམས་ཅན་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་གྲུབ་པ་ཡིན་ལ། དེ་དག་ཕྱི་མའི་རེ་སྨོན་ཙམ་དུ་མ་སོང་བར་སྔགས་ཀྱི་ཐབས་མཁས་ལ་བརྟེན་ནས་ད་ལྟ་ཉིད་དུ་སྒྲུབ་པ་ནི་སངས་རྒྱས་ཀྱི་མཛད་པ་ལ་ཞུགས་པ་ཡིན་ཏེ། དཔེར་ན་ལས་ངན་དྲག་པོ་བསགས་པའི་སེམས་ཅན་དང་། ལོག་པར་ལྟུང་བ་ཤིན་ཏུ་ཡ་ང་བ་དག་ལ། དངོས་སུ་ཕན་གདགས་མ་ནུས་པའི་བྱང་ཆུབ་སེམས་དཔའ་ཕལ་གྱིས་མ་འོངས་པ་ན་ཕན་འདོགས་པའི་སྨོན་པ་ཙམ་ལས་མི་ནུས་ཀྱང་། འདིར་ཐབས་མཁས་སྒྲོལ་བ་དྲག་པོས་དངོས་སུ་ལས་ངན་གྱི་རྒྱུན་གཅོད་པ་དང་། དེབཞིན་ཞི་སོགས་ཀྱི་ལས་ཀྱང་ཇི་ལྟར་འདུན་ཞིང་སྨོན་པ་ལྟར་སྔགས་ཀྱི་ཐབས་ལ་བརྟེན་ནས་མངོན་དུ་བྱ་ནུས་པ་ནི་གསང་སྔགས་ཀྱི་ཕྲིན་ལས་ཏེ། རྒྱུད་ལས། དེ་ཉིད་ཡེ་ཤེས་རང་སྣང་བའི། །མིང་ཚིག་གཟུགས་སོགས་ཡིད་བཞིན་གྱིས། །མུན་ལ་སྣང་བྱུང་ཇི་བཞིན་དུ། །འགྱུར་བ་གསེར་འགྱུར་སྨན་གྱི་ཚུལ། །ཞེས་གསུངས་པ་བཞིན་ནོ། །དེ་ཡང་བྱང་ཆུབ་སེམས་དཔའི་སྨོན་ལམ་ནི་ཚད་མེད་དེ་སེམས་ཅན་ཐམས་ཅད་ཀྱི་ཁམས་དབང་བསམ་པ་དང་མཐུན་པར་གནས་སྐབས་དང་མཐར་ཐུག་གི་དོན་བསྒྲུབ་དགོས་པའི་ཕྱིར་རོ། །དེ་བཞིན་དུ་གསང་སྔགས་ཀྱི་ཕྲིན་ལས་ཀྱང་ཚད་མེད་ལ། སྨོན་ལམ་གྱི་ཁྱད་པར་རྣམས་ཀྱང་སྔགས་ལ་བརྟེན་ནས་འབྲས་བུ་མངོན་དུ་འབྱིན་ནུས་པའི་ཕྱིར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའང་ཡིན་ཏེ། མདོ་སྡེ་རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །ཞེས་དང་། སེམས་ལས་མོད་ལ་འབྲས་བུ་ཅན། །ཞེས་གསུངས་པ་དང་མཚུངས་སོ། །གསུམ་པ་སྔགས་ཀྱི་ལམ་དེ་དག་ཇི་ལྟར་སྒྲུབ་པའི་ཚུལ་ལ་མཆོག་འབྲིང་ཕལ་པ་གསུམ་ལས། དང་པོ་ནི་རྫོགས་རིམ་ལ་བརྟེན་ནས་སྒྲུབ་པ་སྟེ། དེ་ཡང་དབང་པོ་ཡང་རབ་ཤེས་རབ་ཅན་མཚན་མེད་རྫོགས་པ་ཆེན་པོའི་དོན་ལ་འཇུག་ནུས་པའི་གྲོལ་ལམ་པས་ནི་ཆོས་ཐམས་ཅད་རང་གི་སེམས་ཉིད་གཉུག་མའི་ཀློང་དུ་ཐག་ཆོད་པའི་རང་རིག་པ་རྩལ་གྱི་དབང་ཐོབ་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རང་དབང་བསྒྱུར་ནུས་པ་ཡིན་པས་གང་བཞེད་པའི་དོན་ཆེད་དུ་རྩོལ་བ་མེད་པར་བཞེད་པ་ཙམ་གྱིས་འགྲུབ་ཅིང་། དེ་ལྟ་བུར་ཀློང་དུ་མ་གྱུར་ནའང་ལས་ཐམས་ཅད་ལ་ལྟ་བ་དེས་ཟིན་པར་སྤྱད་ན་མཆོག་ཏུ་འགྱུར་རོ། །བརྩོན་འགྲུས་ཅན་མཚན་བཅས་རྫོགས་པའི་རིམ་པ་ལ་གོམས་པས་སྲོག་ཅེས་པ་རླུང་དང་གཟུགས་སྟོང་གཟུགས་ཏེ་དེ་ལྟ་བུའི་སྲོག་གཟུགས་འདྲེས་ནས་རླུང་སེམས་ཀྱི་སྐུ་གྲུབ་པ་ན། ལས་གང་གི་དོན་དུ་གཉེན་པོའི་ལྷ་སོགས་གང་ལ་དམིགས་པ་གཏད་པ་ཙམ་གྱིས་དེ་ལྟར་དངོས་སུ་སྣང་བའི་སྒོ་ནས་ལས་བདེ་བླག་ཏུ་འགྲུབ་ནུས་སོ། །གཉིས་པ་ནི་བསྐྱེད་རིམ་ལ་བརྟེན་ནས་ལས་སྒྲུབ་པ་སྟེ། དེ་ཡང་བསྐྱེད་རིམ་རྐྱང་པ་རགས་པ་དང་ཕྲ་བའི་གསལ་སྣང་མཐར་ཕྱིན་པའི་ཚེ་ན་སྔགས་དང་ཕྱག་རྒྱ་ལ་སོགས་པ་གྲོགས་སུ་ལྡན་པའི་སྒོ་ནས་འོག་མིན་གྱི་བར་གྱི་འཇིག་རྟེན་པའི་དངོས་གྲུབ་མཐའ་དག་འགྲུབ་ནུས་སོ། །དེ་ལྟ་བུའི་བསྐྱེད་རིམ་གྲུབ་ན་དམིགས་པ་ཁོ་ནས་ཀྱང་ལས་ཅི་རིགས་འགྲུབ་པར་འགྱུར་རོ། །གསུམ་པ་ནི་སྔགས་བཟླས་པས་ལས་སྒྲུབ་པ་སྟེ། དེ་ཡང་དབང་ཐོབ་ཅིང་དམ་ཚིག་མ་ཉམས་པས་ཆོ་ག་དང་ལྡན་པར་དད་བའི་སྒོ་ནས་གསང་སྔགས་བཟླས་ན་སྔགས་ཀྱི་མཐུས་ལས་སྣ་ཚོགས་བསམ་པ་བཞིན་དུ་འགྲུབ་ནུས་ཤིང་། དེ་ལ་ཆོ་ག་ནི་ནད་སོགས་ཞི་བ་ལྟ་བུ་ལ་མཚོན་ན། རྫས་དང་དམིགས་པ་སོགས་འདི་ལྟ་བུ་ཞིག་དང་ལྡན་པའི་སྒོ་ནས་སྔགས་བཟླ་ཞེས་རྒྱུད་སོ་སོ་ན་གསུངས་པ་དེ་ཡིན་ལ་ཆོ་ག་དེ་ལྟ་བུ་དང་བྲལ་ན་རྒྱུ་རྐྱེན་མ་ཚང་བའི་ཕྱིར་ལས་མི་འགྲུབ་པའམ། འགྲུབ་ཀྱང་འབྲས་བུ་ཤིན་ཏུ་འགྱང་བར་འགྱུར་ཏེ། འཇམ་དཔལ་རྩ་རྒྱུད་ལས། གང་ཡང་ལྷ་ཡི་བླ་མ་དང་། །གང་ཡང་རྟག་ཏུ་ལྷ་མིན་བླ། །སྔགས་རྣམས་དེ་དག་གིས་བསྒྲུབས་ཀྱང་། །ཆོ་ག་སྤངས་ན་ནུས་མེད་ཡིན། །ཞེས་དང་། ཆོ་ག་ལྡན་པའི་སྔགས་ཀྱིས་ནི། །མྱུར་དུ་གྲུབ་པ་རབ་ཏུ་ཐོབ། །ཅེས་དང་། སྔགས་ནི་ཆོ་ག་མེད་པར་སྤྱོད། །ཡུན་རིང་དུས་སུ་འཁོར་བ་ན། །ནམ་ཞིག་ཅིག་ན་གྲུབ་པར་འདོད། །ཅེས་གསུངས་པ་བཞིན་ནོ། །དེར་ཡང་དམིགས་པ་གསལ་ན་ཚད་དང་ལྡན་པའི་ཕྱིར་ལྟ་ཅི་སྨོས་ཀྱང་། དམིགས་པ་མོས་སྒོམ་ཙམ་ལས་མེད་ཀྱང་དད་པ་ཡོད་ན་སྔགས་གྲུབ་པར་འགྱུར་ལ་མེད་ན་འགྲུབ་པའི་ཐབས་མེད་དེ། སྔ་མ་ལས། སྔགས་ལ་དད་པ་མེད་པས་ནི། །འབད་པ་དུ་མ་བྱས་གྱུར་ཀྱང་། །སྔགས་རྣམས་གྲུབ་པར་མི་འགྱུར་བས། །མ་རུངས་དམ་ཚིག་མི་བསྟན་ནོ། །ཞེས་གསུངས་སོ། །དད་པ་དེ་ཡང་ལྷ་སྔགས་དབྱེར་མེད་དུ་ཤེས་པའི་ཡིད་ཆེས་སོགས་ཟབ་མོའི་གནས་ལ་ཐེ་ཚོམ་དང་བྲལ་བའི་དད་པ་ཡོད་ན་ལྟ་ཅི་སྨོས་ཏེ། གཤིན་རྗེ་གཤེད་ཀྱི་རྒྱུད་རྟོག་པ་གསུམ་པ་ལས། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཞེས་གསུངས་སོ། །དེ་ལྟར་མ་ཤེས་ཀྱང་ལུང་ལས་བྱུང་བ་ལྟར་ཡིན་ནོ་སྙམ་དུ་སོམ་ཉི་མེད་པར་དད་པས་རྩེ་གཅིག་ཏུ་བཟླས་ན་ཡང་འགྲུབ་སྟེ། སྔ་མ་ལས། ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །ཞེས་གསུངས་སོ། །སྔགས་དོན་ཟབ་མོ་ཚུལ་བཞིན་མཐོང་བའི་ཤེས་རབ་ནི་མེད་ལ། དངོས་གྲུབ་ཀྱི་གེགས་བྱེད་པའི་རྟོག་དཔྱོད་མགོ་མཁྲེགས་ལངས་པས་སྔགས་དང་སྔགས་ཀྱི་ཆོ་ག་སོགས་ལ་ཡིན་ནམ་མིན་ཞེས་སྣ་ཚོགས་སུ་དཔྱད་ནས་དད་པ་བརླག་པ་རྣམས་ལ་དངོས་གྲུབ་མི་འབྱུང་སྟེ། སྔ་མ་ལས། རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང་། །བླ་མས་མན་ངག་བསྟན་བྱས་ཀྱང་། །སློབ་མ་ཡིན་གཉིས་ཡོད་པ་ན། །དེ་ལ་དངོས་གྲུབ་རིང་བར་བཤད། །བླ་མས་མན་ངག་སྦས་བྱས་ཀྱང་། །སློབ་མ་ཡིད་གཉིས་མི་ཟ་ཞིང་། །བླ་མའི་མན་ངག་དམ་པ་ཞེས། །གཅེས་སྤྲས་བྱས་ན་འགྲུབ་པར་ངེས། །ཞེས་དང་། སྔགས་དང་རྫས་ཀྱི་སྦྱོར་བ་ལ། །དཔྱད་ན་དངོས་གྲུབ་མི་འབྱུང་སྟེ། །གལ་ཏེ་ཡིད་གཉིས་ཟ་གྱུར་རམ། །བསམ་པ་འགྱུར་རམ་དད་པ་ཉམས། །དེ་ཚེ་དངོས་གྲུབ་ཉེ་བ་ཡང་། །ཕྱིར་ལྡོག་འགྱུར་བར་གདོན་མི་ཟ། །ཞེས་གསུངས་པ་བཞིན་ནོ། །དེས་ན་སྔགས་བཟླ་བ་ལ་དད་པ་ཤིན་ཏུ་གལ་ཆེ་སྟེ། དད་པས་བཟླས་ན་སྔགས་གྲུབ་པ་ཡོད་ལ་སྔགས་གྲུབ་ན། ལུས་འདོད་གཟུགས་ཀྱི་རིག་འཛིན་གྲུབ་སྟེ་འཆི་བ་མེད་པ་དང་། ངག་བདེན་ཚིག་གྲུབ་པ་དང་སེམས་ལ་རྟོགས་པ་ཤར་ནས་རིམ་གྱིས་ལྷག་པའི་ལྷ་དང་སྐལ་པ་མཉམ་པར་འགྱུར་བས་དད་པས་སྔགས་བཟླ་བ་ལ་འབད་དགོས་ཏེ། ལུང་སྔ་མ་ལས། དད་པ་བརྟན་པོས་བསྒྲུབས་པ་ན། །ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་བསླུ་བ་མི་སྲིད་ན། །འདོད་ཆགས་བྲལ་བས་བཤད་པ་ཡི། །གསང་སྔགས་སྦྱོར་བས་བསླུ་བ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་དང་། དད་པ་སངས་རྒྱས་དད་པ་ཆོས། །དད་པ་དགེ་འདུན་དད་པ་མ། །དད་པ་བླ་མ་དད་པ་ཕ། །དད་པ་ལམ་ཆེན་དད་པ་གྲུ། །དད་པ་ཡིན་བཞིན་ནོར་བུ་སྟེ། །དད་པ་གསང་སྔགས་དངོས་གྲུབ་ཉིད། །དད་པ་བསོད་ནམས་ནོར་ཉིད་དེ། །དེ་ཡི་ཕྱིར་ན་སྔགས་པ་ཡིས། །རང་སེམས་དད་པ་བསྐྱེད་པའི་ཕྱིར། །གཞན་ལ་གུས་པས་མཆོག་ཏུ་བཀུར། །ཞེས་གསུངས་སོ། །དེ་ཡང་དམིགས་པ་བརྟན་པོ་སོགས་སྔགས་ཀྱི་ཆོ་གའི་རྒྱུ་རྐྱེན་ཅི་ཙམ་བཟང་བ་དེ་ཙམ་སྔགས་མྱུར་དུ་འགྲུབ་པ་དང་སྟོབས་ཆེ་བ་ཡིན་ནའང་། མ་མཐའ་དད་པ་ཙམ་གྱིས་བཟླས་པའི་སྔགས་ཀྱིས་ཀྱང་ལས་སྣ་ཚོགས་བྱེད་པར་ཤེས་པར་བྱའོ། །གཞན་ཡང་རྫས་ཙམ་གྱི་སྒོ་ནས་དབང་དུ་བྱ་བ་སོགས་ལས་སྣ་ཚོགས་སྒྲུབ་པ་ཡོད་ཀྱང་། དེ་གསང་སྔགས་ཀྱི་དགོངས་སྤྱོད་ཟབ་མོས་ཟིན་ན་ལས་ཀྱི་ཡན་ལག་ཙམ་དུ་འགྱུར་ནའང་། སྔགས་ཀྱི་ཐབས་མཁས་ལ་བརྟེན་པའི་ལས་མཚན་ཉིད་པ་མ་ཡིན་ཏེ་གསོ་རིག་ནས་བཤད་པའི་སྨན་ལ་སོགས་པ་བཞིན་ནོ། །བཞི་པ་དགོས་པ་ནི། ཇི་ལྟར་འདོད་པའི་དོན་མཐའ་དག་སྔགས་ཀྱི་ཐབས་མཁས་ལ་བརྟེན་ནས་ཡིད་བཞིན་རྗེས་སུ་སྒྲུབ་པའི་སྒོ་ནས་ལམ་བདེ་མྱུར་དུ་རྫོགས་པར་བྱེད་པས་ན། ཕྲིན་ལས་འདི་ནི་སྔགས་ལམ་གྱི་མཐུ་དང་ངོ་མཚར་དང་དགོས་པ་རྨད་དུ་བྱུང་བ་དང་ལྡན་པ་ཡིན་ཏེ། འཇམ་དཔལ་དཔའ་བོ་གཅིག་གྲུབ་ལས། སྔགས་པས་ཡིད་བཞིན་ནོར་བུ་ལྟར། །འབད་དེ་སེམས་ཅན་དོན་བྱེད་དོ། །ཞེས་གསུངས་པ་བཞིན་ནོ། །མདོར་ན་འདི་ལྟ་བུའི་ཕྲིན་ལས་རྨད་དུ་བྱུང་བའི་གཞི་ནི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་ལས་བྱུང་ཞིང་། ཇི་ལྟར་སྒྲུབ་པའི་ཐབས་ལྟ་སྒོམ་སྤྱོད་པས་ཟིན་ཞིང་སྒྲུབ་པ་དང་མཆོད་པ་སྔགས་དང་ཕྱག་རྒྱ་རྣམས་དང་མ་བྲལ་བའི་སྒོ་ནས་བསྒྲུབ་དགོས་པས་ན། ལམ་ཐམས་ཅད་ཀྱང་ཕྲིན་ལས་ཀྱི་གཞི་དང་ཐབས་ཀྱི་ཚུལ་དུ་བསྡུས་པས་ན་ཐམས་ཅད་མ་སྤངས་པར་ལྡན་ལ། མཐར་ཐུག་བྱ་བྱེད་ལས་གསུམ་གྱི་དམིགས་པ་དང་རྩོལ་བ་མེད་པར་རང་བཞིན་མཉམ་རྫོགས་ཆེན་པོའི་དབྱིངས་སུ་གནས་པ་ན། རྩོལ་བ་མེད་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཐར་ཕྱིན་པ་ཡིན་ཏེ། རྒྱུད་ལས། ལོག་པར་རྟོག་བཏགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་གསུངས་པ་བཞིན་ནོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཕྲིན་ལས་ཀྱི་སྐབས་བསྟན་པའོ། །བཅུ་པ་ཕྱག་རྒྱ་ལ། ངོ་བོ། དབྱེ་བ། དེ་དག་གི་ཚུལ། དགོས་པ་བཞི་ལས། དང་པོ། སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པ། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །གསང་བ་དེ་ཉིད་ངེས་པ་ཡི། །སྙིང་པོའི་ཕྱག་རྒྱ་འདའ་དཀའོ། །ཞེས་གསུངས་པ་ལྟར། མུ་དྲ་ཞེས་པའི་སྒྲ་ལས་འདེབས་ཤིང་མཚོན་པར་བྱེད་པའམ། རྒྱས་བཏབ་པ་ལས་འདའ་བར་དཀའ་བའི་དོན་གྱིས་ན་ཕྱག་རྒྱ་ཞེས་བྱ་ལ། དེ་ཡང་བདག་ཉིད་ཆེན་པོ་རྣམས་ཀྱི་སྐུ་གསུང་ཐུགས་མཛད་པ་དང་བཅས་པ་མཚོན་པར་བྱེད་པའི་སྒོ་ཁྱད་པར་ཅན་གང་གིས་གང་ལ་བཏབ་པ་དེ་ཉིད་དེ་ལས་འདའ་བར་དཀའ་བའི་བདག་ཉིད་དུ་གྱུར་པའོ། །དེ་ལ་སྤྱི་དང་། བྱེ་བྲག །ཁྱད་པར་གྱི་དབྱེ་བ་གསུམ་གྱི། དང་པོ་ལ་གཞི་ལམ་འབྲས་གསུམ་ལས། དང་པོ་རང་བཞིན་གནས་ལུགས་ཀྱི་ཕྱག་རྒྱ་སེམས་ཉིད་གདོད་ནས་དག་པ་ཕྱག་རྒྱ་ཆེན་པོའི་ངང་ལས་སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོས་སྐུའི་རང་བཞིན་དུ་གནས་པའོ། །གཉིས་པ་གནས་སྐབས་ལམ་གྱི་ཕྱག་རྒྱ་ནི་དེ་ལྟ་བུའི་དོན་ལ་རྩལ་སྦྱང་ཕྱིར་སེམས་ཀྱི་གནས་ལུགས་ལྷན་ཅིག་སྐྱེས་པའི་བདེ་བ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་རྡོ་རྗེའི་ངང་ལས་སྒོ་གསུམ་གསང་བ་གསུམ་གྱི་རོལ་པར་སྒྲུབ་པའོ། །གསུམ་པ་མཐར་ཐུག་འབྲས་བུའི་ཕྱག་རྒྱ་ནི་རང་བྱུང་ཡེ་ཤེས་ཀྱི་སྐུ་རྣམ་པ་ཐམས་ཅད་པ་བརྙེས་པ་ན། སྐུ་གསུང་ཐུགས་མཛད་པ་བསམ་གྱིས་མི་ཁྱབ་པས་ནམ་མཁའ་ཇི་སྲིད་དུ་སེམས་ཅན་མཐའ་ཡས་པའི་དོན་མཛད་པའོ། །གཉིས་པ་ལམ་གྱི་ཕྱག་རྒྱ་བྱེ་བྲག་ཏུ་བཤད་པ་ལ། བསྐྱེད་རིམ་དང་སྦྱར་བ་དང་། རྫོགས་རིམ་དང་སྦྱར་བ་གཉིས་ཀྱི་དང་པོ། སྐུ་ཕྱག་རྒྱ་ཆེན་པོ། གསུང་ཆོས་ཀྱི་ཕྱག་རྒྱ། ཐུགས་དམ་ཚིག་གི་ཕྱག་རྒྱ། ཕྲིན་ལས་ལས་ཀྱི་ཕྱག་རྒྱའོ། །གཉིས་པ་རྫོགས་རིམ་དང་སྦྱར་བ་ལའང་། རྟེན་གཟུངས་མ་དང་། ལམ་སྐྱེ་ཚུལ་དང་། འབྲས་བུ་ཡེ་ཤེས་བཞི་ལ་སྦྱར་ཚུལ་གསུམ་ལས། དང་པོ་ཆོས་ཀྱི་ཕྱག་རྒྱ་ནི་ཆོས་ཀུན་གྱི་རང་བཞིན་སྟོང་པ་ཉི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ་དོན་གྱི་གཟུངས་མའོ། །ལས་ཀྱི་ཕྱག་རྒྱ་ནི་སྐྲ་དང་ནུ་མར་ལྡན་པ་བུད་མེད་ཀྱི་ལུས་སུ་སྣང་བ་ཐམས་ཅད་དོ། །དམ་ཚིག་གི་ཕྱག་རྒྱ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ་རང་གི་ཡིད་ལས་སྤྲུལ་པའི་ལྷ་མོའོ། །ཕྱག་རྒྱ་ཆེན་པོ་ནི་རླུང་སེམས་སྟོང་གཟུགས་ཀྱི་རང་བཞིན་ལྷ་མོར་ཤར་བ་སྟེ་ཕྱག་རྒྱ་དེ་དག་གིས་རྒྱས་བཏབ་པ་ལས་མི་འགྱུར་བའི་བདེ་བ་འགྲུབ་པའོ། །གཉིས་པ་ལས་ཀྱི་ཕྱག་རྒྱ་ནི་བདེ་བ་ཆེན་པོ་དཔེ་ཡི་ཡེ་ཤེས་སྒྲུབ་པའི་རྟེན་དུ་གྱུར་པ་གཟུངས་མ་དང་མཉམ་པར་སྦྱོར་བ་སོགས་སོ། །ལས་དེ་ཉིད་ཀྱིས་ཆོས་དབྱིངས་བདེ་བ་ཆེན་པོ་རྗེས་མཐུན་ཙམ་མྱོང་བ་ནི་ཆོས་ཀྱི་ཕྱག་རྒྱའོ། །ཀུན་རྟོག་ཐམས་ཅད་དང་བྲལ་ཏེ་ལྷན་སྐྱེས་དངོས་སུ་མྱོང་བ་ནི་ཕྱག་རྒྱ་ཆེན་པོའོ། །དེའི་ངང་ལས་རྗེས་ཐོབ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སྣང་བ་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་ཡང་དགའ་བ་བཞི་དང་སྦྱར་ན་དགའ་བ་མཆོག་དགའ་ལྷན་སྐྱེས་ཀྱི་དགའ་བ། དགའ་བྲལ་གྱི་དགའ་བ་བཞིར་སྦྱོར་ཏེ། རྒྱུད་རྣམས་ན་གོ་རིམ་དུ་དགའ་བྲལ་གསུམ་པར་བསྟན་ཀྱང་། འདིར་ཆགས་པའི་གདུང་བ་ཟད་ནས་དགའ་བ་དང་བྲལ་བའི་གནས་སྐབས་ལ་མཛད་དོ། །ཡང་གཞུང་གཞན་ཀུན་ན་དགའ་བ་བཞིར་གསུངས་པ་དང་མི་འགལ་ལམ་ཞེ་ན་མི་འགལ་ཏེ་ལུགས་གཉིས་པོས་ཀྱང་། ལྷན་སྐྱེས་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་རྩེ་མོའི་མཐར་ཐུག་པར་བབ་པས་དགའ་བ་ཡོངས་སུ་རྫོགས་པའི་མཐའ་དང་། ཆགས་བྲལ་དང་པོ་རྩོམ་པའི་དབུས་སུ་ཆགས་དང་ཆགས་བྲལ་བདེ་དང་བདེ་མིན་གྱི་ཆ་ལས་འདས་པའི་ཡེ་ཤེས་སྐད་ཅིག་མ་ལ་འདོད་དོ། །དེས་ན་སྔ་མ་གསུམ་བཞིར་བྱས་ཀྱང་མི་འགལ་ལ། བཞི་པོ་གནས་སྐབས་གསུམ་དུ་བསྡུས་ཀྱང་མི་འགལ་ལོ། །སྦྱར་ཚུལ་དེ་དག་ནི་ཀླུ་སྒྲུབ་ཀྱིས་ཕྱག་རྒྱ་བཞི་གཏན་ལ་དབབ་པ་ལས་ཤེས་པར་བྱའོ། །གསུམ་པ་སྣང་སྟོང་སྐུ་ཡི་རྡོ་རྗེ་ནི་ལས་ཀྱི་ཕྱག་རྒྱ། གསལ་སྟོང་གསུང་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ། བདེ་སྟོང་ཐུགས་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ། དེ་ཐམས་ཅད་དབྱེར་མེད་པར་མཉམ་པ་ཉིད་རིག་སྟོང་ཡེ་ཤེས་རྡོ་རྗེ་ཕྱག་རྒྱ་ཆེན་པོའོ། །དེ་ལ་སོགས་པ་ཕྱག་རྒྱ་བཞི་པོ་འདི་དོན་དང་གནས་སྐབས་ལ་སྦྱར་ཚུལ་དུ་མ་དང་གཞན་ཡང་མཚན་བཅས་མཚན་མེད་ཀྱི་ཕྱག་རྒྱ་ལ་སོགས་པ་ཕྱག་རྒྱའི་མིང་གིས་བརྗོད་པ་ལ་ནི་ཚད་མེད་པ་ཡོད་དོ། །གསུམ་པ་སྐབས་འདིར་བསྟན་བྱའི་གཙོ་བོ་ནི་ཡེ་ཤེས་པའི་ལྷའི་སྐུ་གསུང་ཐུགས་མཛད་པ་དང་བཅས་པ་ཅི་རིགས་པར་མཚོན་པར་བྱེད་པའི་སྒོར་གྱུར་པ་ལག་པའི་ཕྱག་རྒྱ་བཅའ་བ་ཉིད་བསྟན་ཏེ། འདི་ཡང་མི་འདའ་བའི་དོན་གྱིས་ན་སྤྱི་སྒྲ་བྱེ་བྲག་ལ་བཏགས་པ་ཡིན་ནོ། །དེ་ལའང་ནང་གི་དབྱེ་བས་ཕྱག་རྒྱ་བཞི་ཚང་སྟེ། བཅའ་བའི་ཕྱག་རྒྱ་རང་གི་ངོ་བོ་དམ་ཚིག་གི་ཕྱག་རྒྱ། དེ་བསྒྱུར་ཞིང་དགྲོལ་བ་ལ་སོགས་པའི་བྱ་བ་ནི་ལས་ཀྱི་ཕྱག་རྒྱ། ས་བོན་སོགས་གསལ་ཞིང་སྔགས་བརྗོད་པ་ཆོས་ཀྱི་ཕྱག་རྒྱ། རང་ཉིད་ལྷ་སྐུར་གནས་པ་ཕྱག་རྒྱ་ཆེན་པོའོ། །དེ་ལ་ལག་པ་གཉིས་ལྷན་དུ་སྦྱར་ནས་བཅའ་བའི་ཕྱག་རྒྱ་ཐམས་ཅད་ཀྱི་གཞི་ནི་ཐལ་མོ་སྦྱར་བའམ། ཐལ་མོ་རྣམས་རྩེ་བསྣོལ་ཏེ་སྦྱར་བ་རྡོ་རྗེ་ཐལ་མོ་སྟེ་དེ་གཉིས་ཡིན་ལ། ལག་གཉིས་སོ་སོར་ཕྲལ་ཏེ་བཅའ་བའི་ཕྱག་རྒྱ་རྣམས་ཀྱི་གཞི་ནི་མཐེ་བོང་ནང་དུ་བཅུག་ནས་སོར་མོ་གཞན་རྣམས་བསྐུམས་པ་རྡོ་རྗེའི་ཁུ་ཚུར་ཡིན་ནོ། །དེ་ལས་རིགས་ལྔ་ལ་སོགས་པའི་ཞི་བ་དང་ཁྲོ་བོའི་ལྷ་རྣམས་རང་རང་གི་རྩ་བའི་ཕྱག་རྒྱ་དང་། སྤྱན་འདྲེན་པ་དང་དབང་བསྐུར་བ་མཆོད་པ་འབུལ་བ་ལ་སོགས་པ་ཡན་ལག་གི་ཕྱག་རྒྱའི་རིམ་པ་སྣ་ཚོགས་སུ་ཡོད་ལ། དེ་དག་ཀྱང་པད་སྐོར་དང་གར་པད་ལ་སོགས་པའི་ཚུལ་དུ་མཛེས་པར་བསྒྱུར་ཞིང་ཉམས་དང་ལྡན་པར་བཅས་ལ་མཐར་སེ་གོལ་གྱི་སྒྲ་དང་བཅས་པས་དཀྲོལ་བར་བྱའོ། །གསུམ་པ་ལ་ཕྱག་རྒྱའི་ཚུལ་ཤེས་པ་དང་། དེས་རྒྱས་གདབ་ཚུལ་ཤེས་པར་བྱ་བ་གཉིས་ལས། དང་པོ་ལ་གཞུང་དང་གང་ཟག་སོ་སོའི་རྟོག་པའི་དབང་གིས་བརྟག་པ་རྣམ་པ་དྲུག་ཏུ་འགྱུར་ཏེ། དང་པོ་ཁ་ཅིག་གིས་ཕྱག་རྒྱ་དང་སྔགས་འདི་དག་རྣམ་པར་སྨིན་པའི་ལུས་དང་ངག་གིས་ཕྱེ་བའི་བྱེ་བྲག་ཞིག་སྟེ་ལུས་ཀྱི་མཚན་མ་ཞིག་ལ་ཕྱག་རྒྱ་དང་། ངག་གི་བརྗོད་པ་ཞིག་ལ་སྔགས་ཞེས་བཏགས་པའོ་སྙམ་དུ་ཐ་མལ་པའི་ལུས་ངག་གི་རྣམ་པར་རིག་བྱེད་ཙམ་དུ་འདོད་དོ། །གཉིས་པ་འདི་དག་ཀྱང་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་མཚོན་པ འི་བརྡར་གྱུར་བ་སྟེ་ལག་པའི་བརྡ་དང་མིང་གིས་དོན་གོ་བ་བཞིན་ནོ་སྙམ་པ་དང་། གསུམ་པ་མཚན་མ་འདི་དག་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་བྱེད་པའི་ནུས་པ་ཅན་ཏེ་རྟེན་འབྲེལ་བསླུ་བ་མེད་པ་ཙམ་མོ་སྙམ་དུ་རྟོག་པ་དང་། བཞི་པ་ཕྱག་རྒྱ་དང་སྔགས་འདི་དག་རང་གི་ལས་ཀྱི་སྣང་བ་ལུས་ངག་གིས་བསྡུས་པ་ཡིན་ཀྱང་། དེ་ལྟ་བུའི་སྣང་བ་དེ་དག་དེ་བཞིན་གཤེགས་པའི་བྱིན་རླབས་ཀྱི་སྟོབས་ལས་འཕྲུལ་པའང་ཡིན་ཏེ་དཔེར་ན་བདུད་སྡིག་ཅན་འཇམ་དཔལ་གྱིས་བྱིན་གྱིས་བརླབས་ནས་ཐེག་པ་ཆེན་པོའི་ཆོས་འཆད་པ་ན་ངག་གི་སྒྲ་དེ་ཁོ་རང་གི་རྒྱུད་ཀྱིས་བསྡུས་ཀྱང་འཕགས་པའི་བྱིན་རླབས་ལས་འཕྲུལ་པའང་ཡིན་པ་ལྟར། དེ་བཞིན་གཤེགས་པའི་བྱིན་རླབས་ལས་འཕྲུལ་པ་དང་། རང་གི་ལས་སྣང་འདྲེན་ནས་སྣང་བའི་སྙམ་དུ་རྟོག་པ་དང་། ལྔ་པ་ནི་ཆུ་སྣོད་ཟླ་གཟུགས་འཕོས་པ་ན་གཟུགས་བརྙན་དེ་ཆུ་ནང་ན་ཡོད་པ་ལྟར་སྣང་ཡང་ཟླ་བའི་རྣམ་འཕྲུལ་ལས་མ་འདས་པ་ལྟར། དེ་བཞིན་གཤེགས་པའི་བྱིན་རླབས་ལས་འཕྲུལ་པའི་སྔགས་དང་ཕྱག་རྒྱ་དངོས་གྲུབ་པའི་ནུས་པ་ཅན་འདི་ལ། དམ་ཚིག་ཅན་གྱི་སྐྱེ་བོ་རྣམས་ཀྱིས་ལྷ་ཉིད་དུ་ཀུན་ཏུ་བརྟགས་པར་བྱས་ཏེ་བསྒྲུབས་པས། ཞེན་པས་ཞུགས་པ་ལྟར་དོན་ལ་འབྲེལ་བའི་དབང་གིས་མི་བསླུ་སྟེ། དཔེར་ན་དོན་སྤྱི་ལ་ཡུལ་དུ་ཞེན་པས་ཞུགས་པ་ན་དོན་རང་མཚན་ཐོབ་པར་ནུས་པ་ལྟར། མཚན་མ་འདི་དག་ལས་ལྷ་ཉིད་གྲུབ་པར་འགྱུར་རོ་སྙམ་དུ་རྟོག་པ་དང་། དྲུག་པ་ནི་རྒྱལ་བ་རྣམས་ཀྱི་སྐུ་མཐར་ཐུག་པ་རྣམ་པ་ཐམས་ཅད་པའི་ཡེ་ཤེས་ཆེན་པོ་དེ་ཉིད་ཐུགས་རྗེ་དང་སྨོན་ལམ་གྱི་དབང་གིས་སྔགས་དང་ཕྱག་རྒྱའི་མཚན་མར་བྱིན་གྱིས་བརླབས་ནས་སྣང་བ་སྟེ། དཔེར་ན་བག་ཆགས་ཀྱི་དབང་གིས་སེམས་ཉིད་ཡུལ་དང་ལུས་སུ་སྣང་བ་ལྟ་བུ་ཡིན་པས། དོན་ལ་སྔགས་དང་ཕྱག་རྒྱ་གཉིས་པ་འདི་དང་ཡེ་ཤེས་ཀྱི་སྐུ་བརྙེས་པའི་ལྷ་འདི་གཉིས་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པར་ཕྱག་རྒྱ་དང་སྔགས་ལྷའི་ངོ་བོར་རྟོགས་པའོ། །དེ་ལྟར་དྲུག་པོ་དེ་དག་སྔ་མ་ལས་ཕྱི་མ་འཕགས་ཤིང་ཐམས་ཅད་ཀྱི་མཆོག་ཏུ་གྱུར་བ་དྲུག་པ་འདི་ནི་སྔགས་དང་ཕྱག་རྒྱའི་ཚུལ་ཇི་ལྟ་བ་བཞིན་རྟོགས་པ་དང་ལྡན་པའི་ཕྱིར་འདི་ཁོ་ན་ལྟར་སྔགས་དང་ཕྱག་རྒྱའི་ཚུལ་ཤེས་པར་བྱའོ། །གཉིས་པ་ལ་དགོས་པ་གང་གི་ཕྱིར་འདེབས་པ་དང་། ཇི་ལྟར་འདེབས་པའི་ཚུལ་གཉིས། དང་པོ་སྔགས་ཕྱི་པ་ལྟར་ན་འདི་ལྟར་ཕྱག་རྒྱ་ནི་རྒྱུ་ཆོས་དབྱིངས་རྣམ་དག་དང་ཡེ་ཤེས་ཆེན་པོའི་རྣམ་པར་འཕྲུལ་བའི་གཟུགས་བརྙན་དུ་གྱུར་པ་དང་། རང་གི་ངོ་བོ་རྣམ་པར་ཐར་པའི་སྒོ་མཐའ་ཡས་པ་མཚོན་པའི་གནས་སུ་གྱུར་པ་དང་། འབྲས་བུ་ལས་དང་དངོས་གྲུབ་ཐམས་ཅད་བྱེད་པའི་ནུས་པ་ཡོད་པ་སྟེ་གསུམ་དང་ལྡན་པའི་ཕྱིར། བདག་ཉིད་ཆེན་པོ་རྣམས་ཀྱི་མཚན་མར་གྱུར་པ་དང་། གང་གིས་ཀྱང་འདའ་ཞིང་གཞིག་ཏུ་མི་རུང་བ་དང་། ཆོས་ཀྱི་རྒྱལ་པོ་ཉག་གཅིག་གི་རྒྱ་རྟགས་ཡིན་གྱི་ཐུན་མོང་མ་ཡིན་པ་དང་། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་སྒྲུབ་པར་ནུས་པའི་ཕྱིར། འདིའི་རྒྱས་བཏབ་ན་རང་རྒྱུད་འཆིང་བ་ལས་གྲོལ་བ་དང་། བགེགས་ཆེན་པོ་མི་ཤེས་པའི་གྲོང་ཁྱེར་འཇོམས་པ་དང་། ལུས་བརྟན་ཅིང་བགེགས་ལ་སོགས་པ་གང་གིས་ཀྱང་མི་ཕྱེད་པ་དང་། དབང་བསྐུར་བ་ཐོབ་པ་དང་ལྡན་པ་དང་། ལས་རྣམས་ཆུད་མི་ཟ་བར་གྲུབ་པ་དང་། འདིའི་དོན་དང་མ་བྲལ་ན་དམ་ཚིག་མི་ཉམས་པ་དང་། གཞན་ཡང་ཕྱག་རྒྱ་ནི་མོའི་རྟགས་དང་ཡང་ལྡན་པ་ཡིན་པས། ལྷ་མོ་རྣམས་སྦས་པའི་སྐུ་སྟེ་གང་ཞིག་ལ་འདི་བསྟན་ན་དམ་ཚིག་གི་ངོ་བོ་ཉིད་ཀྱི་དགྱེས་པ་སྐྱེད་པར་བྱེད་པ་ལ་སོགས་པ་ཡིན་པས་ན་དགོས་པ་དེ་ལྟ་བུའི་སླད་དུ་འདེབས་པའོ། །སྔགས་ནང་པ་ལྟར་ན་དགོས་པ་དེ་དག་གི་ཕྱིར་ཡང་ཡིན་མོད་ཀྱི། གཙོ་བོར་ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་ཡེ་ཤེས་ཆེན་པོའི་ངང་ནས་ལྷག་པར་འཕྲུལ་བའི་ཕྱག་རྒྱ་དེ་ནི། བདེ་བར་གཤེགས་པ་དང་སེམས་ཅན་ཐམས་ཅད་དབྱེར་མེད་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་འགྲོ་བ་ཀུན་གྱི་སྙིང་ལ་གནས་པ་སད་པར་བྱེད་པ་དང་། ཐུན་མོང་མིན་པའི་མངའ་དབང་ཆེན་པོ་རྩོལ་མེད་དུ་བརྙེས་པར་བྱ་བ་དང་། གཞན་འགྲོ་བ་རྣམས་ཀྱི་དོན་དུ་སངས་རྒྱས་ཀྱི་ཕྲིན་ལས་སྣ་ཚོགས་ཡིད་བཞིན་དུ་བྱེད་པའི་ཕྱིར་འདེབས་སོ། །གཉིས་པ་ཇི་ལྟར་འདེབས་པའི་ཚུལ་ལ། སྔགས་ཕྱི་བ་ལྟར་ན་རྒྱལ་པོའི་བཀའ་གཙིགས་ཀྱི་ཕྱག་རྒྱས་བཏབ་ན་དེ་ལས་འདའ་མི་ནུས་པ་ལྟར། བདག་གི་དེ་ཁོ་ན་ཉིད་ལ་ལྷའི་མཚན་མར་གྱུར་པའི་ཕྱག་རྒྱས་བཏབ་ན་བྱིན་གྱིས་བརླབས་པའི་མཐུས་དེ་ཉིད་དུ་གྲུབ་པར་འདོད་དོ། །སྔགས་ནང་པ་ལྟར་ན་ལྷའི་ངོ་བོར་གྱུར་པའི་ཕྱག་རྒྱ་དེས་བདག་ལ་གཉིས་སུ་མེད་པར་ལྷ་ལ་ལྷ་ཐིམ་པ་ཆོས་ཉིད་ལ་ཆོས་ཉིད་འདྲེས་པ་ཡེ་ཤེས་ལ་ཡེ་ཤེས་རོལ་བའི་ཚུལ་དུ་རྒྱས་བཏབ་པས་རང་ཉིད་ལྷ་ལ་ལྷ་ཉིད་རང་གི་ངོ་བོར་གྱུར་པའི་ཚུལ་གྱིས་རང་གནས་བདེ་བ་ཆེན་པོ་ཉིད་ཐབས་དེས་སད་པར་བྱེད་ཅིང་མངོན་དུ་འགྱུར་བར་འདོད་དོ། །བཞི་པ་དགོས་པ་ནི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་ཐབས་ཁྱད་པར་ཅན་འདི་ལ་བརྟེན་ནས་འགྲུབ་ཅིང་། སངས་རྒྱས་ཀྱི་མཛད་པ་སྒྲུབ་ནུས་པའི་ཕྱིར་ན་ཡོན་ཏན་མཆོག་དང་ལྡན་པའོ། །མདོར་ན་ཕྱག་རྒྱ་འདིས་མཚོན་དོན་གྱི་སྒོ་ནས་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་བསྡུས་ཤིང་། སྔགས་ཀྱི་ཐབས་ཁྱད་པར་ཅན་འདི་ནི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་ལ་གནས་པས་འཆང་བར་བྱ་བ་ཡིན་གྱི། གཞན་ལ་ཤིན་ཏུ་གསང་བར་བྱ་བ་ཡིན་ཞིང་། ལྟ་སྒོམ་དང་རྗེས་སུ་མཐུན་ཞིང་སྤྱོད་པ་དང་སྒྲུབ་པའི་གནས་སྐབས་ཁྱད་པར་ཅན་དུ་གྱུར་ལ་ལྷ་མཉེས་པ་དང་ལས་སྒྲུབ་པ་དང་སྔགས་ཀྱི་སྟོབས་བསྐྱེད་པ་ལ་བླ་ན་མེད་པའི་ཐབས་གཅིག་པུ་ཡིན་པས་ལམ་ཀུན་དང་འབྲེལ་ཞིང་། མཐར་ཐུག་གི་དོན་ལ་བསྒྱུར་འཆིང་དགྲོལ་བའི་བྱ་བ་ལ་མི་ལྟོས་པར་ཆོས་ཐམས་ཅད་དང་སྒོ་གསུམ་གྱི་གཡོ་བ་མཐའ་དག་ཕྱག་རྒྱའི་རང་བཞིན་དུ་བྱ་རྩོལ་མེད་པར་རྫོགས་པའི་ངང་དུ་མཐར་ཕྱིན་པ་ཡིན་ནོ། །དེ་སྐད་དུ་ཡང་རྒྱུད་ལས། ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ནི་། །ཐབས་དང་ཤེས་རབ་ལྡན་འབྱོར་ན། །མ་བསྐྱོད་མ་བསྒུལ་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་དང་། རྔམ་གློག་ལས། ཆོས་ཉིད་མཉམ་པའི་ངང་གནས་ན། །བསྒུལ་ཞིང་བསྐྱོད་པ་ཐམས་ཅད་ཀུན། །ཕྱག་རྒྱ་ཡིན་པར་དཔའ་བོས་གསུངས། །ཞེས་གསུངས་པ་བཞིན་ནོ། །ཐབས་ཆེན་ཕྱག་རྒྱའི་སྐབས་སོ། །བཅུ་གཅིག་པ་སྔགས་ལ། ངོ་བོ། དབྱེ་བ། དེའི་ཚུལ་ལ་འཇུག་པ། དགོས་པ་དང་བཞི་ལས། དང་པོ་རྒྱུད་ལས། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །ཞེས་གསུངས་ཏེ། དེ་ཡང་མནྟྲའི་སྒྲ་ལས་ཤེས་སྐྱོབ་དང་ཡིད་སྐྱོབ་ཀྱི་དོན་ལ་སྔགས་ཞེས་བཏགས་ཏེ་ཤེས་པ་ཤེས་རབ་དང་སྐྱོབ་བྱེད་ཐབས་ཟུང་དུ་འབྲེལ་བའམ། ཡང་ན་འདིས་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པ་སྟེ་མདོར་ན་ཐབས་ཁྱད་པར་ཅན་ཞིག་ལ་སྔགས་ཞེས་བྱ་ཞིང་། དེ་ཡང་སྐབས་འདིར་བཤད་བྱ་སྔགས་ཀྱི་ངོ་བོ་ནི། རྒྱུ་ཐབས་དང་ཤེས་རབ་ཀྱི་ཡི་གེ་ལས་བཟླ་བར་བྱ་བའི་སྔགས་ཀྱི་ངོ་བོར་གྱུར་པ་གང་ཞིག །གྲུབ་པ་བཞི་དང་ལྡན་པས་དངོས་གྲུབ་སྒྲུབ་པ་ལ་ནུས་པ་ཐོགས་པ་མེད་པར་གྱུར་པའོ། །ངོ་བོ་དེ་དག་ཅུང་ཟད་བཤད་ན། སྔགས་ཀྱི་རྒྱུ་ཡི་གེ། ངོ་བོ་གྲུབ་པ་བཞི་ལྡན། འབྲས་བུ་ནུས་པ་ཐོགས་མེད་བཤད་པ་གསུམ་མོ། །དང་པོ་ལ་གཉིས་ཏེ། དང་པོ་ངོ་བོ་སྒྲ་གདང་གི་རྣམ་པ་སོ་སོར་གསལ་བའི་རང་བཞིན་ཨ་སོགས་ཤེས་རབ་དབྱིངས་ཀྱི་ཡི་གེ་བཅུ་དྲུག །ཀ་སོགས་གསལ་བྱེད་ཐབས་ཀྱི་ཡི་གེ་སུམ་ཅུ་རྩ་བཞི་སྟེ་ལྔ་བཅུ་ནི་ཡི་གེ་ཐམས་ཅད་ཀྱི་གཞིའམ་ཕྱི་མོ་ཡིན་ལ། དེ་འདུས་པ་ༀ་ལ་སོགས་པ་དག་ཀྱང་ཡི་གེའི་རང་བཞིན་ལས་མ་འདས་པའི་ཕྱིར་ཡི་གེ་རྗོད་པར་བྱེད་དོ། །གཉིས་པ་དེ་ལ་དབྱེ་ན། ལུས་གནས་རྩ་ཡི་ཡི་གེ། ཕོ་བྲང་ལྷ་ཡི་ཡི་གེ། ཆོ་འཕྲུལ་སྤྲུལ་པའི་ཡི་གེ། མཚོན་བྱེད་སྒྲའི་ཡི་གེ་བཞི་ཡོད་ལ། དང་པོ་ལུས་ཀྱི་རྩ་འདབ་ན་ཡི་གེ་གནས་ཚུལ་རྒྱུད་རྣམས་ལས་ཇི་སྐད་གསུངས་པ་རྣམས་ཡིན་ལ། རྒྱུད་འདིར་གནས་གསུམ་དུ་ༀ་ཨཱཿཧཱུྃ་གསུམ་གནས་པར་གསུངས་པ་ལ་སོགས་པའོ། །གཉིས་པ་ནི། ལྷ་བསྒོམ་ཚེ་དཀྱིལ་འཁོར་གྱི་གནས་རྣམས་སུ་བསྒོམ་པའི་ས་བོན་ནོ། །གསུམ་པ་ནི་སངས་རྒྱས་ལོངས་སྤྱོད་རྫོགས་སྐུའི་གསང་བ་གསུམ་ལས་ཡི་གེའི་སྤྲིན་སྤྲོས་ཏེ་སྤྲུལ་པ་དུ་མས་འགྲོ་དོན་མཛད་པའོ། །བཞི་པ་སྔགས་ཀྱི་སྒྲ་སོ་སོར་ངག་ཏུ་བརྗོད་པའོ། །དེ་དག་ཀྱང་གཞིར་གནས་ཀྱི་ཡི་གེའི་སྒྲ་གདངས་ལས་སྒྲ་རུ་བརྗོད་པ་དང་། དེ་མཚོན་བྱེད་དབྱིབས་ཀྱི་རྣམ་པར་བསྒོམ་པ་ཡང་འབྱུང་ལ། ཡོངས་སུ་དག་པ་ན་འབྲས་བུ་ཡེ་ཤེས་ཀྱི་རང་སྣང་ཡི་གེའི་སྤྲིན་འགྲུབ་བོ། །གཉིས་པ་ངོ་བོ་བཤད་པ་ལ་སྤྱིར་ཡི་གེ་རྣམས་འདུས་པ་ལ་བརྟེན་ནས་ཐ་སྙད་དུ་ཀུན་བྱང་གིས་བསྡུས་པའི་དོན་ཐམས་ཅད་གསལ་ནུས་པས་སངས་རྒྱས་ཀྱི་མཛད་པ་ཀུན་ཡི་གེས་དངོས་དང་བརྒྱུད་པའི་ཚུལ་གྱིས་བསྒྲུབ་ལ། དེའི་ཕྱིར་འཇིག་རྟེན་པའི་སྤྱོད་ཡུལ་རྣམས་ཀྱི་ནང་ན་ཡི་གེ་ལས་མཐུ་དང་ངོ་མཚར་ཆེ་བ་མེད་ལ། ཀུན་རྫོབ་ཏུ་དེ་ལྟར་བརྗོད་ཅིང་གསལ་བར་བྱེད་པའི་རྟེན་འབྱུང་གི་སྣང་བ་མ་འགགས་བཞིན་དུ། དོན་དམ་པར་བརྗོད་བྱ་མེད་པས་དེའི་རྗོད་བྱེད་དུའང་མ་གྲུབ་ལ། རྗོད་བྱེད་ཉིད་ཀྱང་ཅུང་ཟད་མ་གྲུབ་པས་དེས་གང་ཡང་བརྗོད་པ་མེད་པར་གནས་ཤིང་། དེ་ལྟ་བུའི་བདེན་པ་གཉིས་པོ་མཉམ་པ་ཉིད་དུ་ཡི་གེ་འབྲུ་གཅིག་གི་སྟེང་དུ་མཐོང་ནའང་། དེ་ལས་གཟུངས་སྒོ་བཞི་ཐོབ་པར་འགྱུར་རོ། །བྱེ་བྲག་ཏུ་སངས་རྒྱས་ཀྱིས་གསུངས་པའི་སྔགས་རྣམས་ནི་གྲུབ་པ་བཞི་དང་ལྡན་ཏེ། ཆོས་ཉིད་ངོ་བོ་ཉིད་ཀྱིས་གྲུབ་པ་ནི་ཡི་གེ་ཐམས་ཅད་སྟོང་ཆེན་མཉམ་པ་ཉིད་ཀྱི་ངོ་བོ་ཅན་དུ་ཡེ་ནས་གྲུབ་པའོ། །ཆོས་ཅན་རང་བཞིན་གྱིས་གྲུབ་པ་ནི་རང་རང་གི་ངོ་བོ་ཐུན་མོང་མིན་པར་སྣང་བའི་རང་བཞིན་བསླུ་མེད་དུ་གྲུབ་པའོ། །དེ་གཉིས་སྔགས་ཙམ་དུ་མ་ཟད་ཆོས་ཀུན་ལའང་ཡོད་མོད་ཀྱི། དེ་ལྟ་བུ་ཡིན་པའི་དབང་གིས་བྱིན་གྱིས་བརླབ་རུང་བ་དང་། ནུས་པ་ཐོགས་མེད་འབྱུང་རུང་སྟེ་ཆོས་ཉིད་ཅི་ཡང་མིན་པ་ལས་ཅི་ཡང་འཆར་བའི་རྟེན་འབྲེལ་བསླུ་མེད་ཀྱི་དབང་གིས་སོ། །བྱིན་གྱིས་བརླབས་པས་གྲུབ་པ་ནི་ཆོས་ཀུན་ལ་མངའ་དབང་འབྱོར་བའི་སངས་རྒྱས་རྣམས་ཀྱིས་ཡི་གེ་གཅིག་ནས་མང་པོའི་བར་གྱི་སྔགས་རྣམས་སུ་ཡེ་ཤེས་ཉིད་རྣམ་པར་འཕྲུལ་པར་བསྟན་པས་ན་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་གྲུབ་པའོ། །ནུས་པ་མཐུས་གྲུབ་པ་ནི་སྨན་དང་ནོར་བུའི་ནུས་པ་བཞིན་དུ་སྔགས་དེ་དག་ལ་དངོས་གྲུབ་སྒྲུབ་པའི་ནུས་པ་ཐོགས་པ་མེད་པ་མི་བསླུ་བར་ཡོད་པའོ། །གཞན་ཡང་ངག་ཐམས་ཅད་ཡེ་ནས་དག་མཉམ་དུ་གནས་པའི་ཕྱིར་གནས་ཚུལ་ལ་སྒྲར་གྲགས་པ་མཐའ་དག་གསུང་གི་དཀྱིལ་འཁོར་ཡིན་ནོ། །དེ་ལྟ་ན་སེམས་ཅན་ཀུན་གྱི་ངག་བརྗོད་པ་ཐམས་ཅད་ལ་ཕན་ཡོན་ཅི་སྟེ་མེད་ཅེ་ན། སེམས་ཅན་རྣམས་ཀྱི་དེ་ལྟར་མ་ཤེས་པས་ཕན་ཡོན་མི་འབྱུང་བར་མ་ཟད། རང་སྣང་ལ་ཐ་མལ་དུ་ཞེན་ནས་འཆིང་བའི་རྒྱུར་ཡང་འགྱུར་ཏེ་ཐག་པ་སྦྲུལ་དུ་བཟུང་ནས་འཇིགས་སྐྲག་སྐྱེ་བ་བཞིན་ནོ། །ཚུལ་དེ་ནི་འདི་ཙམ་དུ་མ་ཟད་བསྒུལ་བསྐྱོད་ཕྱག་རྒྱ་དང་བཟའ་བཏུང་ཚོགས་ཡིན་པ་སོགས་ལའང་འདྲའོ། །འོ་ན་སངས་རྒྱས་དང་ཚངས་པ་སོགས་ཀྱིས་བྱས་པའི་སྔགས་རྣམས་ནུས་པ་མཉམ་པར་འགྱུར་ཞེ་ན། དེ་ནི་སྣང་ངོས་ནས་མི་འདྲ་སྟེ་སངས་རྒྱས་ཀྱིས་གདུལ་བྱའི་དོན་དུ་བྱིན་གྱིས་བརླབས་པ་དང་། དེ་ཡིན་པར་ལུང་ཚད་མས་ངེས་པའི་སྔགས་རྣམས་ནི་མཚུངས་པ་མེད་པ་ཡིན་ནོ། །འོ་ན་སྒྲ་ཐམས་ཅད་རྣམ་གྲོལ་མཚོན་པའི་སྒོར་མ་གྱུར་པ་མེད་པས་གདུལ་བྱའི་ངོར་གསུངས་པའི་སྔགས་ཀྱང་ཚད་མེད་ལ། རྩ་བའི་ཡི་གེ་རྣམས་བྱིན་གྱིས་བརླབས་པས་དེ་ལས་བྱུང་བ་ཀུན་ཀྱང་སྔགས་ཡིན་པར་གསུངས་པ་དང་། སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་པ་རིས་སུ་ཆད་པ་མིན་པའི་ཕྱིར་ཐམས་ཅད་གསུངས་སུ་བསྟན་ན། སྔགས་བཟླས་པ་དང་ཕལ་པའི་གཏམ་སོགས་འབྲས་བུ་མི་འདྲ་བ་ཅི་ཡིན་ཞེ་ན། དེ་ནི་སྔགས་ལ་ལྷ་ཡི་སྔགས་སུ་དམིགས་ནས་དད་པས་བཟླ་ལ། གཞན་ལ་དེ་མེད་པས་ཡིན་ནོ། །སྔགས་ལའང་སྔགས་ཡིན་པར་མ་ཤེས་ནས་ཕལ་པ་དང་འདྲ་བར་བཟུང་ན་སྔགས་ཀྱི་ལས་མི་བྱེད་དེ། སྔགས་ནི་རྟོག་མེད་ཡིད་བཞིན་ནོར་བུའི་ཚུལ་ཅན་ཡིན་ལ། དེའི་བྱིན་རླབས་ནི་ཟླ་གཟུགས་ཆུ་ལ་འཕོས་པ་བཞིན་རང་གི་རྒྱུད་ལ་འཇུག་དགོས་ན། ཆུ་མེད་པ་ལྟར་རང་རྒྱུད་ལ་སྔགས་ཀྱི་དངོས་གྲུབ་ཐོབ་པའི་རྐྱེན་དད་སོགས་མེད་པའི་ཕྱིར་རོ། །འོན་ཀྱང་སངས་རྒྱས་ཀྱི་རྣམ་འཕྲུལ་བསམ་མི་ཁྱབ་པའི་མཐུས་དེ་བཞིན་གཤེགས་པའི་རིག་སྔགས་ཀྱི་སྒྲ་ཐོས་པ་ཙམ་ཡང་དོན་གཏན་མེད་པ་མ་ཡིན་ཏེ། འཇམ་དཔལ་རྩ་བའི་རྟོགས་པ་ལས། དེ་བཞིན་གཤེགས་པའི་སྔགས་བཟླས་པ། །དེ་ལྟར་སྔགས་རྣམས་དོན་ཡོད་དེ། །སེམས་ཅན་མིག་ཟུར་གྱིས་བལྟས་པའང་། །རྗེས་སུ་བཟུང་བ་ཉིད་དུ་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེས་ན་ཐ་སྙད་སྣང་ཚུལ་ལ་སངས་རྒྱས་ཀྱི་བསྟན་པའི་སྔགས་ཡིན་པ་དང་། རང་གི་མོས་པ་འཛོམ་ན་བྱིན་རླབས་ཇི་བཞིན་འབྱུང་སྟེ། རྒྱུ་རྐྱེན་ཚང་བའི་ཕྱིར་ས་བོན་དང་ས་ཆུ་སོགས་འཛོམས་པས་མྱུ་གུ་སྐྱེ་བའམ། རྒྱུད་དག་པའི་གང་ཟག་དང་དེ་ལ་དམ་པར་ལྟ་བའི་སློབ་མ་དངོས་སུ་འཛོམ་ན་བྱིན་རླབས་འཇུག་པ་བཞིན་ནོ། །གསུམ་པ་འབྲས་བུ་ནི། དེ་ལྟར་གྲུབ་པའི་སྔགས་དེས་གནས་སྐབས་དང་མཐར་ཐུག་གི་དོན་སྒྲུབ་པར་མི་ནུས་པ་མེད་དེ་སྔགས་ལྷ་ཡི་ངོ་བོ་ཡིན་པའི་ཕྱིར་རོ། །དེས་ན་སོ་སོ་སྐྱེ་བོའི་ས་ནའང་དེ་བཞིན་གཤེགས་པའི་སྟོབས་གྲོགས་སུ་བཀུག་སྟེ་ལས་སྣ་ཚོགས་བྱེད་པ་ནི་སྔགས་ཡིན་པས། ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་པ་རྣམས་ལ་སྔགས་དང་མཚུངས་པའི་དངོས་གྲུབ་སྦྱིན་པ་གཞན་འཇིག་རྟེན་ན་མེད་དེ། ཚངས་དབང་དཔག་བས མ་ནོར་བུ་སོགས་ཀྱིས་ཀྱང་སྔགས་ཀྱི་ནུས་པ་ལ་ཆ་ཙམ་འགྲན་དུ་མེད་དོ། །ལྟ་སྒོམ་ཟབ་མོ་ལ་སོགས་པ་ནི་རྒྱུད་དག་པ་འགའ་ཞིག་གི་ཡུལ་ཡིན་གྱི་ཀུན་གྱི་ཐུན་མོང་མ་ཡིན་ལ། སྔགས་ནི་ཐུན་མོང་དུ་བཟླ་བར་བཏུབ་བོ། །དེ་དག་ནི་སྔགས་ཀྱི་ངོ་བོ་བཤད་པའོ། །གཉིས་པ་དབྱེ་བ་ལ། སྤྱི། བྱེ་བྲག །ཁྱད་པར་གསུམ། དང་པོ་གཞི་ལམ་འབྲས་གསུམ་སྟེ། དེ་ཡང་ཆོས་ཐམས་ཅད་ཡེ་ནས་དག་མཉམ་ཆེན་པོར་གནས་པ་གང་ཞིག་རང་གི་སེམས་ཉིད་བདེ་བ་ཆེན་པོའི་ངང་དུ་རྫོགས་པ་ནི་སེམས་ཀྱི་དཀྱིལ་འཁོར་རང་བཞིན་གྱིས་འོད་གསལ་སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་སྟེ་གཞི་ཡི་སྔགས་སོ། །ལམ་ནི་དེ་ཉིད་མངོན་དུ་བྱ་བའི་ཕྱིར་ཐབས་ཤེས་ཀྱི་རྣལ་འབྱོར་ཁྱད་པར་ཅན་དང་ལྡན་པས་སེམས་བདེ་མྱུར་དུ་སྐྱོབ་པའི་སྔགས་ཀྱི་ལམ་ཐམས་ཅད་དོ། །འབྲས་བུ་སེམས་ཉིད་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་ཏེ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་དཔུང་གཉེན་དམ་པར་གྱུར་པས་འགྲོ་ཀུན་ཕན་བདེ་ལ་འགོད་པའོ། །གཉིས་པ་བྱེ་བྲག་ཏུ་སྔགས་ཞེས་པ་འཇུག་པའི་ཡུལ་སྣ་ཚོགས་སུ་ཡོད་དེ། སྤྲོས་པ་མེད་པའི་དོན་ལ་ཡང་སྔགས་ཞེས་བྱ་སྟེ། རྣམ་སྣང་མངོན་བྱང་ལས། སྤྲོས་པ་མེད་པའི་དོན་གསང་སྔགས་ཀྱི་དངོས་པོ་དེ་ཉིད་ཞེས་གསུངས་པ་ལྟ་བུའོ། །གཉིས་སུ་མེད་པའི་ཡེ་ཤེས་ལ་ཡང་སྔགས་ཞེས་གསུངས་ཏེ། སྔ་མ་ལས། གཉིས་མེད་ཡེ་ཤེས་འདི་ཉིད་ནི། །ཐུབ་པས་སྔགས་ཞེས་གསུངས་པ་ཡིན། །ཞེས་དང་། དོན་དེ་ལྟ་བུའི་རྟགས་སུ་གྱུར་པ་ལྷ་རྣམས་ཀྱི་སྐུ་ལའང་སྔགས་ཞེས་བཤད་དེ། དེ་ཉིད་ལས། སྔགས་རྣམས་ཐམས་ཅད་ཉིད་ལ་ཡང་། །རྨད་དུ་བྱུང་བའི་གཏོར་མ་འབུལ། །ཞེས་སོགས་གསུངས་པ་བཞིན་ནོ། །གཞན་ཡང་གཞུང་གི་ཚོགས་དང་སྦྱིན་སྲེག་ལ་སོགས་པའི་ཐབས་ཀྱི་ཆོ་ག་རྣམས་ལའང་སྔགས་ཞེས་བྱ་སྟེ་དེ་ལྟར་དོན་མང་པོ་ལ་སྔགས་ཀྱི་མིང་གིས་བསྟན་ཏོ། །གསུམ་པ་ཁྱད་པར་ནི་སྐབས་འདིར་བཤད་བྱ་ཟློས་པའི་སྔགས་ཡིན་ཏེ། གོང་གི་དབྱེ་བ་དེ་དག་ནི་སྤྱིར་སྔགས་ཀྱི་སྒྲས་བརྗོད་པའི་རིགས་ཀྱི་དབྱེ་བ་ཙམ་ཡིན་ལ། སྔགས་ཀྱི་ཐེག་པ་ཐམས་ཅད་ལ་བདེ་ཞིང་མྱུར་བར་སྐྱོབས་པའི་སྔགས་ཀྱི་མིང་གིས་བསྟན་པའི་སྤྱི་མིང་དེ་ཟློས་པའི་སྔགས་ལ་བྱེ་བྲག་ཏུ་ཞུགས་པ་ནི་འདི་ཉིད་ཐབས་ཁྱད་པར་ཅན་ཡིན་པའི་ཕྱིར་ནའོ། །དེ་ལྟ་བུའི་སྔགས་དེ་ལ་སྤྱིར་གསང་སྔགས་རིག་སྔགས་གཟུངས་སྔགས་གསུམ་དུ་བཤད་དེ། དེ་དག་གི་དོན་ནི་མཚོན་བྱ་དོན་གྱི་དབང་དུ་བྱས་ན་སྟོང་པ་རིག་པ་ཟུང་འཇུག་གསུམ་མམ་ཡང་ན་ལྡོག་སྟེ་སྦྱར་ནའང་རུང་ངོ། །རྟགས་ཀྱི་ཕྱག་རྒྱ་སྐུ་ཡི་དབང་དུ། ཟུང་འཇུག་དང་། ལྷ་ཡབ་དང་། ལྷ་མོའི་རྣམ་པའམ། སྔགས་རང་གི་རྟགས་ཀྱི་དབང་དུ་ན། གསང་སྔགས་ནི་ལྷ་ཕོའི་རྣམ་པ་དང་། གཞན་གཉིས་ལྷ་མོའི་གཟུགས་སུ་བཞུགས་ཞེས་ཀྱང་གསུངས་སོ། །ཡང་སྔགས་བླ་མེད་དང་སྔགས་ཕྱི་པ་དང་མདོ་ནས་གསུངས་པའི་ཆོ་ག་དང་འབྲེལ་བའི་སྔགས་ཀྱི་ཁྱད་པར་དང་། ཡང་རྒྱུ་དང་བྱེད་ལས་ཀྱི་སྒོ་ནས་ཐབས་ཤེས་གཉིས་མེད་ཀྱི་ཡེ་ཤེས་སྔགས་སུ་ཤར་བ་ལོག་རྟོག་གི་གཉེན་པོར་གྱུར་པ་ཤིན་ཏུ་གསང་བའི་ངོ་བོར་གྱུར་པ་དང་། ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་སྔགས་ཀྱི་རྣམ་པར་ཤར་བ་མ་རྟོགས་པའི་གཉེན་པོར་གྱུར་པ་དང་། དྲན་པ་དང་ཤེས་རབ་ཀྱི་རང་བཞིན་མི་བརྗེད་པའི་གཟུངས་ཀྱི་རྣམ་པ་སྔགས་སུ་ཤར་བ་དྲན་པ་ཉམས་པའི་གཉེན་པོར་གྱུར་པའོ། །ལྷ་ཕོ་ཡི་རིག་སྔགས་ཡིན་ཀྱང་སྟོང་པ་དབྱིངས་ཀྱི་ལྷ་མོ་ལ་གནས་པའི་ཕྱིར་བུད་མེད་ཀྱི་རྟགས་མཐའ་ཅན་དུ་མཛད་པ་སོགས་དུ་མ་ཡོད་ལ། ཡང་ན་རྒྱུ་གཟུངས་ཐོབ་པ་ལས་སྔགས་སུ་བྱིན་གྱིས་བརླབས་པའི་ཕྱིར་གཟུངས་སྔགས་དང་། ངོ་བོ་རིག་པ་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པས་རིག་སྔགས་དང་། ཐབས་གསང་ཞིང་བཟླ་བར་བྱ་བ་ཡིན་པས་གསང་སྔགས་ཏེ་ལྡོག་པའི་དབྱེ་བ་ཙམ་ལས་ངོ་བོ་ལ་ཁྱད་མེད་པ་སོགས་སྦྱར་ཚུལ་སྣ་ཚོགས་ཡོད་པར་ཤེས་པར་བྱའོ། །བྱེ་བྲག་ཏུ་དཀྱིལ་འཁོར་གང་ཡང་རུང་བའི་སྔགས་ལའང་། རྒྱུ་མ་ནོར་བ་རྩ་བའི་སྔགས་ས་བོན་དང་། བསྐྱེད་པ་རྐྱེན་གྱི་སྔགས་ལྷ་བསྐྱེད་པ་དང་དབང་བསྐུར་སྤྱན་འདྲེན་མཆོད་པ་སོགས་ཀྱི་དུས་སུ་བརྗོད་པ་དང་། ལྷའི་སྙིང་པོ་ཡང་ནས་ཡང་དུ་བཟླ་བར་བྱ་བ་བཟླས་པ་ལས་ཀྱི་སྔགས་དང་གསུམ་ཡོད་ལ། ཕྱི་མ་འདི་ལའང་གཙོ་བོའི་སྔགས་དང་། འཁོར་གྱི་སྔགས་དང་། སྤྱི་དྲིལ་གྱི་སྔགས་དང་། ལས་ཀྱི་ཤམ་བུའི་སྔགས་ལ་སོགས་པ་དང་། གཞན་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་དང་། རྩ་སྔགས་དང་སྙིང་པོ་ཉེ་སྙིང་ལ་སོགས་པ་ནང་གི་དབྱེ་བ་དུ་མ་རྒྱུད་དང་སྒྲུབ་ཐབས་རྣམས་ན་གྲགས་པ་བཞིན་ནོ། །གསུམ་པ་སྔགས་དེ་ཡི་ཚུལ་ལ་འཇུག་པ་ལ། ཤེས་རབ་ཟབ་མོས་སྔགས་ལ་ཡིད་ཆེས་བསྐྱེད་པ། ཏིང་འཛིན་ཟབ་མོས་སྔགས་ཀྱི་དམིགས་པ་ལ་གནས་པ། བརྩོན་འགྲུས་ཟབ་མོས་སྔགས་ཀྱི་སྤྱོད་པ་མཐར་དབྱུང་བ་གསུམ། དང་པོ་ལ་ལྷ་སྔགས་དབྱེར་མེད་དུ་ལྟ་བ་དང་། དེའི་གེགས་སུ་གྱུར་པའི་ཀུན་རྟོག་གསུམ་སྤང་བའོ། །དང་པོ་བརྟག་པ་རྣམ་པ་དྲུག་གི་ཚུལ་གྱིས་གཏན་ལ་ཕབ་དགོས་ལ། དེ་ནི་ཕྱག་རྒྱ་དང་ཐུན་མོང་དུ་བཤད་ཟིན་ཅིང་། དེའི་ནང་གི་བརྟག་པ་ཐ་མ་ལྟར་ལྷ་སྔགས་དབྱེར་མེད་དུ་ཡིད་ཆེས་པར་བྱ་སྟེ། དེ་ཡང་དོན་དམ་པར་ཆོས་ཐམས་ཅད་དག་མཉམ་ཆོས་སྐུ་ཆེན་པོའི་ཀློང་ན་རིས་སུ་མ་ཆད་པ་དང་། ཀུན་རྫོབ་ཏུ་ལྷ་ཡི་སྐུ་དངོས་དང་སྔགས་གཉིས་ཀ་གདུལ་བྱའི་དོན་དུ་ཡེ་ཤེས་རྣམ་པར་འཕྲུལ་བ་ཙམ་ལ་ཁྱད་མེད་པར་རྟོགས་པས་སྔགས་ཉིད་ལྷར་འཛིན་པར་བྱའོ། །གཉིས་པ་ལ་གསུམ་ལས་དང་པོ། ལྷ་སྔགས་ལ་བཟང་ངན་དུ་སྣང་བའི་སྒོ་ནས་དོན་ལ་ཐ་དད་དུ་རྟོག་པ་བསལ་བ་ནི། འདི་ལྟར་སངས་རྒྱས་ཀྱི་ཡེ་ཤེས་ནི་གདུལ་བྱའི་ངོར་རྣམ་པ་ཐམས་ཅད་པར་འཆར་རུང་བ་ཡིན་ལ། དེའང་སངས་རྒྱས་ཀྱིས་གདུལ་བ་ལ་སངས་རྒྱས་དངོས་སུ་སྣང་བ་དང་། ཕལ་པས་འདུལ་བ་ལ་ཕལ་བར་སྣང་བ་གཉིས་སངས་རྒྱས་གཅིག་གི་ཡེ་ཤེས་ཀྱི་རོལ་པར་ཁྱད་མེད་པས་དོན་ལ་བཟང་ངན་མེད་པ་ལྟར། འདིར་ཡང་སངས་རྒྱས་ཉིད་ཕལ་པའི་ངོར་སྔགས་ཀྱི་རྣམ་པར་བསྟན་པ་ཡིན་ལ། སྔགས་གྲུབ་པས་ལྷ་མངོན་སུམ་བྱོན་པ་ཡང་ལྷ་ཉིད་སྔགས་སུ་འཕྲུལ་པ་བསྒྲུབས་པས་སྔགས་ཉིད་ལྷར་འཕྲུལ་པའི་ཚུལ་གྱིས་གདུལ་བྱ་ལ་དངོས་གྲུབ་སྩོལ་བ་ཙམ་དུ་ཟད་པར་ཤེས་པར་བྱའོ། །གཉིས་པ་རྣམ་པ་ཐ་དད་པས་དོན་ལ་ཐ་དད་དུ་འཛིན་པ་བསལ་བ་ནི། སྔགས་ནི་ངག་གིས་བརྗོད་པ་དང་། དེ་ཡི་གེར་བྲིས་པ་ཙམ་སྟེ་དེ་ལ་ཡེ་ཤེས་མེད་པ་སོགས་རྣམ་པའི་ཆ་ཤིན་ཏུ་ཐ་དད་པའི་ཕྱིར་ལྷ་དང་ཐ་དད་དུ་རྟོག་ན། སེམས་ཀྱང་རྨི་ལམ་གྱི་གནས་སྐབས་སོགས་ན་བག་ཆགས་ཀྱི་རྗེས་སུ་མཐུན་པར་བེམ་པོའི་རྣམ་པར་སྣང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་སྐུ་དང་ཞིང་ཁམས་སྣ་ཚོགས་སུ་སྣང་བ་ཡང་སེམས་དང་ཡེ་ཤེས་ཀྱིས་མ་བསྡུས་པར་འགྱུར་ལ། སངས་རྒྱས་གཅིག་ཉིད་ཞི་བ་དང་ཁྲོ་བོ་སོགས་བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་རོལ་པར་འཆར་བ་དེ་དག་གི་ནང་ནས་གཅིག་ལྷ་ཡིན་གྱི་གཞན་ལྷ་མིན་པར་འགྱུར་ཏེ་རྣམ་པ་ཐ་དད་པའི་ཕྱིར་རོ། །དེས་ན་རྣམ་པ་ཐ་དད་ཀྱང་ཡེ་ཤེས་ཀྱི་རོལ་པ་ལས་མ་འདས་པར་ཤེས་པར་བྱའོ། །གསུམ་པ་རང་རྒྱུད་དང་གཞན་རྒྱུད་ཀྱིས་བསྡུས་པར་སྣང་བས་དོན་ལ་ཐ་དད་དུ་རྟོག་པ་ནི། འདི་ལྟར་སྔགས་དང་ཕྱག་རྒྱ་ནི་རང་གི་རྒྱུད་ཀྱིས་བསྡུས་པའི་ཆོས་ཡིན་ལ། ཡེ་ཤེས་ཀྱི་ལྷ་ནི་གཞན་ན་ཡོད་པས་དེ་གཉིས་ཐ་དད་དོ་སྙམ་ན། ཆོས་ཐམས་ཅད་ཀྱི་གནས་ལུགས་ཟུང་འཇུག་གཞི་ཡི་དེ་བཞིན་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བའི་གནས་སྐབས་ཀྱི་ཟུང་འཇུག་གི་སྐུར་རང་བྱུང་ཡེ་ཤེས་ཀྱི་བདག་ཉིད་ཅན་ནི་ངེས་པ་དོན་གྱི་ལྷ་ཡིན་ལ། དེའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་སྣ་ཚོགས་སུ་སྣང་བར་མ་ཤེས་པར། གཞན་རྒྱུད་ཀྱི་ལྷ་ཞེས་བྱ་བ་ཕྱོགས་ག་ཤེད་ན་གྲུབ་གྲུབ་མོ་སྒོ་གསུམ་ཉི་ཚེ་བ་ཅན་ཡོད་ན། དེ་ཡང་རྡུལ་དང་སྐད་ཅིག་མའི་ཆ་ཅན་ཡིན་པས་ཕྱོགས་དུས་ཀུན་ཏུ་ཁྱབ་ཅིང་རྣམ་པ་ཐམས་ཅད་པའི་ཡེ་ཤེས་ཀྱི་སྐུར་ཡང་མི་འགྱུར་ལ། གང་ན་ཡོད་བཞིན་པའི་ཕྱོགས་དེ་ལས་གཞན་དུ་མཐོང་བ་ནི་ལྷ་དངོས་མིན་དགོས་ནའང་། ཕྱོགས་བཅུའི་འཇིག་རྟེན་གྱི་གདུལ་བྱ་སྐལ་བ་ཅན་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་སངས་རྒྱས་ཀྱི་སྐུ་གཅིག་ཅར་སྣང་པར་མཛད་པ་ན། དེ་ལས་གཅིག་སངས་རྒྱས་དངོས་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་སྨྲ་བར་མི་ནུས་སོ། །དེས་ན་ཐེག་པ་ཆེན་པོའི་ཚུལ་ལ་བློ་གྲོས་སྦྱངས་ཏེ་སངས་རྒྱས་ཀྱི་ཚུལ་ཤེས་པ་ཙམ་ནི་མེད་དུ་མི་རུང་བ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་སྤྱིར་བསྟན་ནས་སྐབས་སུ་བབ་པ་སྔགས་སོགས་རང་རྒྱུད་ཀྱིས་བསྡུས་པ་ལྟར་སྣང་ཡང་གནས་ལུགས་ཆོས་ཉིད་མཉམ་པའི་དོན་ལ་རྒྱུད་ཐ་དད་དུ་ཡང་མ་གྲུབ་ལ། སྣང་ཚུལ་ལྟར་ན་ཡང་དོན་ལ་མི་འགལ་ཏེ། རང་གི་སེམས་ཀྱི་སྣང་བ་ལ་གཞན་དུ་སྣང་བ་རྨི་ལམ་གྱི་སྣང་བ་ལྟ་བུ་དང་། ཆོས་ཐ་དད་དུ་མ་ལ་རང་གི་རྒྱུད་ཀྱིས་བསྡུས་པའི་ཆོས་གཅིག་ཡིན་པར་སྣང་བ་ལུས་ལྟ་བུ་སྟེ། སྣང་ཚུལ་སྣ་ཚོགས་པ་ཡོད་ཀྱང་དོན་ལ་དེ་ལྟར་མ་གྲུབ་ལ། རང་རྒྱུད་གཞན་རྒྱུད་ཀྱིས་བསྡུས་པ་གང་ལྟར་སྣང་ཡང་རུང་སྔགས་དང་ཕྱག་རྒྱར་སྣང་བ་ཉིད་ཀྱིས་སངས་རྒྱས་ཀྱི་མཛད་པ་སྒྲུབ་ཅིང་སངས་རྒྱས་ཀྱི་སར་རིམ་གྱིས་འཁྲིད་ནུས་པས་ན་སྣང་བ་དེ་ཉིད་བདེ་བར་གཤེགས་པའི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པར་འདོད་ཀྱི། ཐ་མལ་གྱི་བློ་ལ་སྣང་ཚུལ་ཙམ་ཞིག་གིས་ནི་ཆོས་ཐམས་ཅད་ལ་མངའ་དབང་འབྱོར་བའི་སངས་རྒྱས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ཁེགས་པར་མི་ནུས་སོ། །གཞན་ཡང་རྨི་ལམ་དང་ཏིང་ངེ་འཛིན་དང་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་དུ་སངས་རྒྱས་ཀྱི་བྱིན་རླབས་སྣང་བ་ཡང་དོན་ལ་རང་སྣང་ཙམ་ལས་གཞན་དུ་སྒྲུབ་པར་མི་ནུས་ཏེ། རང་ངོར་སྣང་བ་ཡིན་ཕན་ཆད་རང་སྣང་ཡིན་པར་དངོས་སྟོབས་ཀྱི་རིགས་པས་གྲུབ་ཚུལ་ལུང་རྣམས་ནས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེས་ན་རང་སེམས་དྲི་མ་དག་པའི་རིམ་པ་དང་མཚུངས་པར་སངས་རྒྱས་ཀྱི་ཆོ་འཕྲུལ་དང་བྱིན་རླབས་ཇེ་མངོན་དུ་སོང་བ་ཡིན་ལ། མཐར་དྲི་མ་ཡོངས་སུ་དག་ནས་གནས་ལུགས་མངོན་དུ་གྱུར་པ་ན་སངས་རྒྱས་ཐམས་ཅད་ཀྱང་རང་ཉིད་དང་། རང་ཉིད་ཀྱང་སངས་རྒྱས་ཐམས་ཅད་དེ་དུས་གསུམ་གྱི་སངས་རྒྱས་ཀུན་དང་གཉིས་སུ་མེད་པའི་ཆོས་ཉིད་ཡེ་ཤེས་ཀྱི་སྐུ་བརྙེས་པ་ཡིན་ནོ། །དེས་ན་ད་ལྟ་སངས་རྒྱས་རྣམས་རང་ངོར་སྔགས་ཀྱི་རྣམ་པར་བྱོན་ནས་གནས་སྐབས་དང་མཐར་ཐུག་གི་དོན་སྒྲུབ་པར་མཛད་པ་ཡིན་ནོ་ཞེས་སྔགས་ལ་ཡིད་ཆེས་ཁྱད་པར་ཅན་བསྐྱེད་པ་ནི་སྔགས་འགྲུབ་པའི་རྒྱུའི་གཙོ་བོ་ཡིན་པས་ཅིས་ཀྱང་ཤིན་ཏུ་གལ་ཆེའོ། །དེ་ལྟར་ཡང་། འཇམ་དཔལ་དཔའ་བོ་གཅིག་གྲུབ་ལས། ལྷ་ཉིད་གསང་སྔགས་ཚུལ་གྱིས་ནི། །དངོས་གྲུབ་ཐམས་ཆད་སྩོལ་མཛད་པ། །སྔགས་པས་དེ་ཉིད་བསྒོམས་ནས་ནི། །དེ་གྲུབ་ན་ནི་འགྲུབ་འགྱུར་ཏེ། །ཞེས་དང་། དཔུང་བཟང་གིས་ཞུས་པ་ལས། གང་ཞིག་ལས་དང་རྣམ་སྨིན་མཁྱེན་པ་ཡིས། །འགྲོ་བ་ཀུན་དང་ཇི་ལྟར་མཐུན་པ་ཡི། །གསང་སྔགས་གཟུགས་ཀྱི་རྗེས་སུ་འཇུག་མཛད་པ། །སྔགས་ཀྱི་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། སམྦུ་ཊ་ལས། སྔགས་ཀྱི་གཟུགས་ཀྱི་ལུས་ཅན་གྱི། །ལས་ཀྱི་ཚོགས་ནི་བྱེད་པར་འགྱུར། །ཞེས་དང་། བདེ་མཆོག་འབྱུང་བའི་རྒྱུད་ལས། སྔགས་ཉིད་རྣལ་འབྱོར་མ་ཡི་གཟུགས། །རྣལ་འབྱོར་མ་ཉིད་སྔགས་ཀྱི་གཟུགས། །ཅི་སྟེ་གོ་འཕང་མཆོག་འདོད་ན། །དེ་གཉིས་དབྱེ་བར་མི་བྱའོ། །ཞེས་གསུངས་པ་ལ་སོགས་པ་བཞིན་ནོ། །གཉིས་པ་ཏིང་འཛིན་ལ་དངོས་གཞི་ཏིང་འཛིན་གསལ་བ། གྲོགས་ལྟ་བས་ཟིན་པ་གཉིས་ཀྱི་དང་པོ། སྐུ་དང་ཐུགས་སྲོག་སྔགས་ཕྲེང་འཕྲོ་འདུའི་ཚུལ་རྣམས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་རྣམ་པ་ཤིན་ཏུ་གསལ་བ་དང་། དེ་ཡང་རང་གི་ཡིད་ངོར་ཤར་བ་ཙམ་དུ་མི་རྟོག་པར་ལྷ་དང་གཉིས་སུ་མེད་པར་བདག་ཉིད་ལྷའི་ང་རྒྱལ་དུ་བྱ་བ་དང་། ལྷ་དེ་ཡང་རང་རྒྱུད་ལ་མིང་གཟུགས་མཚན་མའི་རྣམ་པ་ཉི་ཚེ་བ་ཅན་དུ་མི་བཟུང་བར་སྤངས་རྟོགས་མཐར་ཕྱིན་པ་མཐར་ཐུག་འབྲས་བུའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཉིད་ལྷ་སྔགས་ཀྱི་རྣམ་པར་ཤར་བའི་དག་པ་དྲན་པ་དང་ལྡན་པར་བྱའོ། །གཉིས་པ་དེ་ཐམས་ཅད་ཀྱང་ཡེ་ནས་དག་མཉམ་བདེན་པ་དབྱེར་མེད་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ངང་ཚུལ་ལས་མ་འདས་པར་ཤེས་པར་བྱས་ནས་དམིགས་པ་གཞན་གྱིས་བར་མ་ཆོད་པར་རྩེ་གཅིག་ཏུ་གནས་པར་བྱའོ། །དེ་ཡང་ཞི་གནས་གྲུབ་པའི་སྐབས་ན་གསལ་བརྟན་དག་གསུམ་ཇི་སྙེད་པའི་ལྷག་མཐོང་དང་། ལྟ་བས་ཟིན་པ་ཇི་ལྟ་བུའི་ལྷག་མཐོང་དུ་འགྲོ་བ་ཡིན་ནོ། །གསུམ་པ་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ལས། དང་པོ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་གང་གིས་བླ་མ་མཉེས་པར་བྱས་ལ་སྔགས་བཏུ་སོགས་ཀྱི་སྒོ་ནས་སྔགས་དག་པ་དང་བཟླ་ཚུལ་གྱི་མན་ངག་རྣམས་ཚུལ་བཞིན་ཤེས་པར་བྱའོ། །གཉིས་པ་ལ་ཡིད་ཀྱིས་བཟླས་པ་དང་། ཤུབ་བུར་བཟླས་པ་དང་། དབྱངས་སུ་བཟླས་པ་གསུམ་ཡོད་པའི་དང་པོ་སྙིང་གར་སྔགས་ཕྲེང་དང་ས་བོན་དམིགས་ལ་དེར་རང་སྒྲ་སྒྲོགས་པའི་ཚུལ་དུ་ཡིད་ཀྱིས་ཡང་ནས་ཡང་དུ་བཟླ་བར་བྱ་བ་ལས་མཆུ་འགུལ་བ་སོགས་ཀྱི་རྩོལ་བ་མེད་པའོ། །དེ་ལའང་ཡིད་བཟླས་ཙམ་དང་། རླུང་དང་སྦྱར་ན་འགོག་བཟླས་རྡོར་བཟླས་བུམ་ཅན་གསུམ་ཡོད་པའི་དང་པོ་ལ་སྲོག་རྩོལ་འགོག་པའམ་བསྡམ་པའི་བཟླས་པ་ཞེས་བྱ་སྟེ། སྲོག་ནི་རླུང་དང་རྩོལ་བ་དྲན་པའམ་ཡིད་ཀྱི་རྒྱུ་བ་ཡིན་ལ། རླུང་གི་རྒྱུ་བ་དང་དྲན་རྩོལ་ཐམས་ཅད་ནང་དུ་བསྡམས་ཏེ་ཡིད་ཀྱིས་བཟླས་པས་ལུས་ངག་གི་རྩོལ་བ་ཤུགས་ཀྱིས་ཁེགས་ལ་ཡོན་ཏན་ཁྱད་པར་ཅན་འགྲུབ་བོ། །གཉིས་པ་རླུང་འབྱུང་འཇུག་གནས་གསུམ་སྔགས་དང་སྦྱར་ཏེ་དམིགས་པ་མ་ཡེངས་པར་བྱེད་པ་དང་། གསུམ་པ་སྦྱོར་བ་ལ་བཞི་དང་ལྡན་པའི་བུམ་ཅན་དང་སྦྲགས་ཏེ་ཡིད་བཟླས་བྱེད་པའོ། །གཉིས་པ་ཤུབ་བཟླས་ནི་དབྱངས་མེད་ཀྱང་མཆུ་དང་མགྲིན་པའི་བྱེད་རྩོལ་ཅུང་ཟད་གཡོ་བའི་སྒོ་ནས་སྒྲ་ཤུབ་ཤུབ་ཏུ་བཟླ་བའོ། །གསུམ་པ་དབྱངས་བཟླས་ལ་དྲུག་སྟེ། དང་པོ་སྔགས་ཀྱི་ཡི་གེ་སྒྲ་སྒྲོགས་པའི་དབྱངས་ནི་སྒྲ་ཧ་ཅང་མི་ཆེ་མི་ཆུང་ངག་མི་མྱུར་མི་དལ་བ་བཞི་དང་། གཞན་ལ་སྨྲ་བཞིན་དུ་མ་ཡིན་པ་དང་། གཡེང་བཞིན་བཟླས་པ་མིན་པ་དང་། སྔགས་འབྲུ་ལ་ཆད་པ་མེད་པ་དང་། ལྷག་པ་མེད་པ་དང་། ཀླད་སྐོར་སོགས་ཡན་ལག་ཕྲ་མོ་ཡང་མ་ཉམས་པས་སྒྲ་དག་པ་དང་། ཡི་གེ་རང་རང་གི་སྐྱེ་གནས་དང་བྱེད་པ་སོགས་མ་ལོག་པར་ཟུར་ཕྱིན་པར་བརྗོད་པ་སྒྲ་གསལ་བ་སྟེ་ཡོན་ཏན་བཅུ་དང་ལྡན་པར་བཟླས་པའོ། །གཉིས་པ་མཁུར་བ་དབུགས་ཀྱི་རླུང་འབྱིན་པའི་དབྱངས་ནི་ལྕེ་ཡ་རྐན་ལ་གཏད་དབུགས་སྣ་བུག་ཏུ་དབྱུང་སྟེ་བུང་བའི་སྐད་ལྟར་ཁོང་དལ་ཞིང་རྒྱུན་རིང་བར་མཁུར་བའི་དབུགས་ཀྱི་རང་ཤུགས་ཙམ་དང་བསྟུན་ཏེ་སྒྲ་ལྷོད་པོར་བཟླ་བའོ། །གསུམ་པ་ཚངས་པའི་དབྱངས་ཀྱི་འདྲེན་ཚུལ་གྱི་དབྱངས་ནི་སྐད་སྙན་ཞིང་ཕྲ་ལ་དཀྱུས་རིང་བ་འགྱུར་ཁུགས་ཀྱི་དེའུ་དང་བཅས་པར་སོ་བསྡམས་ནས་ཚངས་པའི་དབྱངས་བཞིན་ཡིད་འཕྲོག་པའི་ཉམས་དང་ལྡན་པར་བཟླ་བའོ། །བཞི་པ་འཁུན་ཞིང་གདུང་བའི་སྒྲ་འབྱིན་པའི་དབྱངས་ནི་མཆུ་བཙུམ་ཞིང་ལྕེ་ཡ་རྐན་ལ་གཏད་དེ་གཅོམ་ཆུང་བའི་གདངས་ཀྱིས་རྔ་མོང་གི་བུ་སྟོར་བ་ལྟར་འཁུན་ཞིང་གདུང་བའི་ཚུལ་དུ་བཟླས་པའོ། །ལྔ་པ་འབྲུག་སྒྲ་ལྟར་ཟབ་ཅིང་སྒྲོགས་པའི་དབྱངས་ནི་འབྲུག་གི་སྒྲ་ལྟར་གདངས་ཆེ་ཞིང་དྲག་ལ་ཚིག་འབྲུ་ཅུང་ཟད་མྱུར་བ་ངར་ངར་པོ་བྲག་ཁ་ནས་ཆུ་དྲག་འབབ་པ་ལྟར་བཟླས་པའོ། །དྲུག་པ་རྡོ་རྗེ་སྲིན་པོའི་ངུར་སྐད་ཀྱི་དབྱངས་ནི་མཆུ་བཙུམས་ཏེ་བུང་བ་རྫ་མར་བཅུག་པ་ལྟར་ཚིག་འབྲུ་མི་གསལ་ཞིང་སྐད་གདངས་ཆེ་བ་སྲིན་པོ་ཁྲོས་པའི་ངུར་སྒྲའི་ཚུལ་དུ་བཟླས་པའོ། །དེ་དག་ལ་དབྱངས་དྲུག་ཏུའང་བརྗོད་དེ་རིམ་པ་ལྟར་ཅང་ཀ་དེའུ་དང་པང་ཀ་དེའུ། བྲེང་ངེ་བ་དང་དུང་ངེ་བ། ཤར་ཏ་པ་དང་གར་ཏ་པ་ཞེས་བྱ་ལ། དབྱངས་དེ་དག་གནས་སྐབས་དང་བསྟུན་ཏེ་བརྗོད་པར་བྱའོ། །ཡང་སྲིན་པོ་ངུར་སྒྲ་ཤར་ཏ་པ། འབྲུག་སྒྲ་གར་ཏ་པ། མཁུར་དབུགས་ཅང་ཀ་དེའུ། མཁུན་གདུང་པང་ཀ་དེའུ། སྔགས་སྒྲ་སྒྲོགས་པ་བྲེང་ངེ་བ། ཚངས་དབྱངས་ལ་དུང་ངེ་བ་ཞེས་ཀྱང་གསུངས། དབྱངས་དྲུག་ལ་རྣམ་པར་བཞག་པ་གཞན་ཡང་ཡོད་དོ། །དེ་ལྟར་བཟླས་པའི་སྐབས་སུ་དྲན་ཤེས་བག་ཡོད་དང་ལྡན་པས་སྒོ་གསུམ་གྱི་གཡེང་བ་སྤངས་ལ་ཚུལ་བཞིན་དུ་བཟླ་ཞིང་ལྟ་སྒོམ་དང་མ་བྲལ་བར་བྱའོ། །གསུམ་པ་རྗེས་ཏེ་ཐུན་མཚམས་ཀྱི་བྱ་བ་ལ། འགལ་རྐྱེན་དུ་གྱུར་པ་འདོད་ཡོན་གྱི་གཡེང་བ་སོགས་བྱུང་ན་བར་ཆད་དུ་ཤེས་པས་སྤང་། ནད་གདོན་རྣམ་རྟོག་མང་བ་སོགས་མི་མཐུན་པ་བྱུང་ན་ལས་ངན་འཛད་པ་ཡིན་སྙམ་དུ་མི་ཞུམ་པར་བྱ། ཉམས་པ་དང་འགྲོགས་པ་སོགས་སྔགས་འགྲུབ་པ་ལ་གནོད་པར་གསུངས་པ་ཐམས་ཅད་རྒྱང་དུ་དོར། ཤ་ཆང་སོགས་སྐབས་གཞན་དུ་བཀག་པ་རྣམས་གསང་སྔགས་ཀྱི་སྐབས་སུ་སྔགས་དམིགས་ཕྱག་རྒྱས་ཕན་པའི་རྫས་སུ་བརླབས་པར་བྱའོ། །སྔགས་འགྲུབ་པའི་མཐུན་རྐྱེན་དུ་གྱུར་པ་ཚོགས་བསགས་སྒྲིབ་སྦྱང་ཅི་རིགས་བྱ། རང་རྒྱུད་དག་པའི་ཕྱིར་དད་པ་དང་དམ་ཚིག་དམ་བཅའ་རྣམས་བརྟན་པོར་བཟུང་། ཨཱ་ལི་ཀཱ་ལི་བཟླ་བ་སོགས་སྔགས་ཀྱི་ནུས་པ་སྐྱེད་པའི་གདམས་ངག་རྣམས་ལ་འབད། གོས་རྒྱན་བཟའ་བཏུང་ལ་སོགས་པ་ཐམས་ཅད་སྔགས་དམིགས་ཕྱག་རྒྱས་ཡེ་ཤེས་ཀྱི་རོལ་པར་བརླབ་པར་བྱའོ། །དེ་ལྟར་འགལ་རྐྱེན་སྤངས་ཞིང་མཐུན་རྐྱེན་ཚོགས་པའི་སྒོ་ནས་སྔགས་མ་གྲུབ་ཀྱི་བར་དུ་མི་གཏོང་བའི་བརྩོན་པས་སྔགས་སྒྲུབ་པའི་བྱ་བ་མཐར་དབྱུང་བར་བྱའོ། །བཞི་པ་དགོས་པ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་སྤྲོ་བའི་རྒྱུ་དང་རྐྱེན་གྱི་བྱ་བ་བྱེད་ཅིང་སྙིང་པོ་ཡེ་ཤེས་ཀྱི་ཚུལ་དུ་གྱུར་པ་དང་། ཆོས་ཀྱི་ཕྱག་རྒྱར་གྱུར་པས་ལྷ་རྣམས་མཆོག་ཏུ་མཉེས་པར་བྱེད་པ་དང་། སངས་རྒྱས་ཀྱི་བྱིན་རླབས་རང་གི་རྒྱུད་ལ་སྤྲ་བ་ལ་མེ་བཞིན་དུ་ཞུགས་ནས་སྒྲིབ་པའི་ཚང་ཚིང་བསྲེགས་ཏེ་གཟུངས་དང་ཏིང་འཛིན་ཡེ་ཤེས་སོགས་ལམ་གྱི་ཡོན་ཏན་ཐམས་ཅད་བདེ་བླག་ཏུ་སྐྱེ་བ་དང་། རང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་ཐུན་མོང་དང་མཆོག་གིས་བསྡུས་པའི་དངོས་གྲུབ་མ་ལུས་པ་འགྲུབ་ཅིང་ཐོབ་པར་བྱེད་པས་ན་ཡིད་བཞིན་གྱི་ནོར་བུས་ཀྱང་མཚོན་དུ་མི་ནུས་ཏེ་སངས་རྒྱས་ཀྱི་རྣམ་པར་རོལ་པ། སངས་རྒྱས་ཀྱི་མཛད་པ་སྒྲུབ་པ། སངས་རྒྱས་ཀྱི་གོ་འཕང་སྦྱིན་པ་ཉིད་ཡིན་པས་དགོས་པ་བླ་ན་མེད་པ་དང་ལྡན་པའོ། །མདོར་ན་སྔགས་ཞེས་བྱ་བ་འདི་ནི་ལྷ་དང་དཀྱིལ་འཁོར་གྱི་རྒྱུ་དང་ངོ་བོ་ཡིན་ལ། དབང་བསྐུར་བར་བྱེད་པ་དང་དམ་ཚིག་གི་ཁྱད་པར་ཀྱང་ཡིན། ཡིག་འབྲུའི་ཚུལ་སོགས་ཀྱིས་ལྟ་བ་མཚོན་པའི་སྒོ་ཁྱད་པར་ཅན་དང་ལྟ་སྒོམ་ཟབ་མོ་རྒྱུད་ལ་སྐྱེ་བའི་ཐབས་དམ་པའང་ཡིན། སྒོམ་པ་དང་སྤྱོད་པ་ཁྱད་པར་ཅན་གྱི་གནས་སྐབས་ཀྱང་ཡིན། སྒྲུབ་མཆོད་ཕྲིན་ལས་རྣམས་ཀྱི་ཐབས་མཆོག་ཏུ་གྱུར་པ་དང་ཕྱག་རྒྱ་ལ་རྒྱས་འདེབས་པར་བྱེད་པའང་ཡིན་པས་བསླབ་པའི་དངོས་པོ་ཀུན་ལ་རྗེས་སུ་འགྲོ་ཞིང་། དེ་དག་གི་གནས་སྐབས་ན་སྙིང་པོར་གྱུར་པའི་ཆོས་གཅིག་པུ་ཡིན་ལ། སྔགས་ཀྱི་ངོ་བོ་ཡེ་ཤེས་ཀྱི་ལྷ་ཡིན་པས་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱང་དེའི་དོན་ལ་འཇུག་པའི་ཡན་ལག་ཏུ་གྱུར་པའང་ཡིན་ནོ། །མཐར་ཐུག་གི་དོན་ལ་བརྗོད་པ་དང་རྗོད་བྱེད་བྲལ་པར་མཉམ་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་བརྗོད་པ་དང་བྲལ་བ་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ཀློང་དུ་རྫོགས་པ་ན་སྔགས་མཐར་ཕྱིན་པ་སྟེ། བཟླས་རྩོལ་མེད་པར་གསུང་རྣམ་པ་ཐམས་ཅད་པ་ལྷུན་གྱིས་གྲུབ་པ་ཡིན་ནོ། །དེ་སྐད་དུ་ཡང་རྒྱུད་ལས། གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། །བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ། །སྒྲ་དང་མིང་ཚིག་སོ་སོར་གྲགས། །ཐམས་ཅད་གསུང་གི་ཕྱག་རྒྱའི་མཆོག །ཅེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་ཆོས་ཉིད་ལ་གནས་པ་ནི་མི་གསུང་མཉམ་པར་བཞག་པ་སྔགས་ཀྱི་རྒྱལ་པོ་ཞེས་ཀྱང་བྱ་ལ་ངག་ཏུ་བརྗོད་པ་ཐམས་ཅད་ཀྱང་སྔགས་སུ་མ་གྱུར་པ་མེད་དེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། མཉམ་ཉིད་ངང་ལ་གནས་པ་ཡི། །ཡན་ལག་བསྐྱོད་པ་ཇི་སྙེད་དང་། །ཚིག་ཏུ་བརྗོད་པ་ཇི་སྙེད་པ། །དེ་སྙེད་གསང་སྔགས་ཕྱག་རྒྱ་ཡིན། །ཞེས་གསུངས་སོ། །ཐབས་མཆོག་སྔགས་ཀྱི་སྐབས་སོ། །དེ་ལྟར་ན་སྐབས་ཕྱི་མ་འདི་གཉིས་ཀྱིས་ནི་ཐབས་ཀྱི་ཕ་རོལ་ཏུ་ཡིན་པ་ཕྱག་རྒྱ་དང་སྔགས་ཀྱི་དོན་ལེགས་པར་བཤད་ཟིན་ཏོ། །ད་ནི་བཞི་པ་མཇུག་ཡོངས་སུ་རྫོགས་པར་གཏད་པ་ལ། ཟབ་མོའི་རྒྱུད་དོན་གཉིས་སུ་མེད་པའི་ཚུལ་གྱིས་གཏད་པ་དང་། གཏད་པའི་སྣོད་ཀྱི་ཆེ་བ་བསྟན་པ་གཉིས་ཀྱི་དང་པོ་རྒྱུད་ཀྱི་སྟོན་པ་དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་བདེ་བ་ཆེན་པོའམ་དགྱེས་པ་ཆེན་པོས་ཡེ་ཤེས་རང་སྣང་གི་འཁོར་ལ་ཀྱེ་ཀྱེ་ཞེས་བོས་ནས། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་ཆོས་ཀུན་གྱི་རང་བཞིན་ནམ་གནས་ལུགས་ནི། ཡེ་ནས་དག་མཉམ་ཆེན་པོར་སངས་རྒྱས་པ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་ཞིང་དོན་དེ་ལ་གསང་བའི་སྙིང་པོ་དང་རྫོགས་པ་ཆེན་པོ་ལ་སོགས་པའི་མཚན་དུ་གྲགས་པའོ། །དེ་ལྟར་དོན་ལ་ཡེ་ནས་སངས་རྒྱས་ཀྱི་རང་བཞིན་ལས་མ་གཡོས་ཀྱང་དོན་དེ་ཚུལ་བཞིན་མ་རྟོགས་པར་གཟུང་འཛིན་གྱི་སྤྲོས་པ་ལ་འཆེལ་བའམ་ཞེན་པ་ཅན་འདི་ཡིས་ནི། རང་གི་རྣམ་རྟོག་གི་ཞགས་པས་རང་ཉིད་སོ་སོར་བཅིང་བའམ་འཛིན་པར་བྱེད་དེ། དུང་དཀར་པོ་ལ་སེར་པོར་མཐོང་བ་ལ་སོགས་པ་བཞིན་ནོ། །དེ་ལྟ་བུའི་འཁྲུལ་པ་དེ་བཟློག་པའི་ཕྱིར་ཐེག་པ་སོ་སོའི་སའམ་གནས་སྐབས་རྣམས་ཁྱད་པར་མི་འདྲ་བའི་ཚུལ་གྱིས་རིམ་པར་བཀོད་པ་སྣ་ཚོགས་ཡོད་པ་ཡང་། མཐར་ཐུག་གི་ཐེག་པ་གསང་བའི་སྙིང་པོ་འདིར་འགྲོ་བའི་ལམ་ཙམ་དུ་ཟད་དེ། ཀུན་གྱི་ཐ་མར་འདི་ལ་ཞུགས་ནས་སངས་རྒྱས་དགོས་ཤིང་ཐེག་པ་དེ་དག་ནི་འདིར་འཇུག་པའི་ལམ་སྟེགས་ཡིན་པའི་ཕྱིར་རོ། །དེས་ན་སྤངས་རྟོགས་མཐར་ཕྱིན་པའི་ཡེ་ཤེས་ཆེན་པོ་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པའི་ངོ་མཚར་རབ་འབྱམས་དང་ལྡན་པ་བརྙེས་པའི་སངས་རྒྱས་རྣམས་ཀྱིས་ནི་གདུལ་བྱའི་དོན་དུ་མི་འགྱུར་བ་ཅུང་ཟད་ཀྱང་མ་གསུངས་ཏེ་ཐེག་པའི་རིམ་པ་སྣ་ཚོགས་སུ་གསུངས་པ་དེ་དག་གནས་སྐབས་སུ་རང་ལམ་གྱི་སྤང་རྟོགས་བསྐྱེད་ནས་མཐར་ཐུག་འདི་ལ་གཞོལ་བའི་ཐབས་ཡིན་པའི་ཕྱིར་རོ། །ཚུལ་དེ་ལྟ་བུས་ན་ཕྱོགས་དུས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་དམ་པ་ནི་གསང་ཆེན་གསང་བའི་སྙིང་པོ་འདི་ཡིན་ཏེ། འདི་ལས་འདའ་བ་མེད་པ་དང་སུས་ཀྱང་མི་ཤིགས་པའི་ཕྱིར་རྒྱས་པོའི་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིན་དུ། སངས་རྒྱས་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཕྱག་རྒྱ་ནི་འདི་ཡིན་ནོ། །དེས་ན་འདི་ཚུལ་བཞིན་དུ་རྟོགས་ནས་གཞན་ལ་མ་ནོར་བར་སྨྲ་བར་གང་གིས་བྱེད་པ་དེ་ཉིད་ཀུན་ཏུ་བཟང་པོ་ང་ཉིད་དང་ཐ་མི་དད་པ་ཡིན་ཞིང་། དབང་ཡང་རང་བཞིན་གྱིས་རྫོགས་པ་ཡིན་པས་དེ་དག་གིས་གཞུང་འདི་བཟུང་ལ་མི་ནུབ་པར་གྱིས་ཤིག་ཅེས་དོན་གྱིས་གདམས་པ་སྟེ། དེ་ལ་ཆོས་འཛིན་པའི་ཚུལ་ལ་གཉིས་ཏེ་རྟོགས་པའི་ཆོས་ཉམས་སུ་ལེན་པ་དང་། ལུང་གི་ཆོས་བཤད་པ་གཉིས་ཡོད་པས། རྒྱུད་དོན་རྟོགས་ནས་སྨྲ་བར་བྱེད་པ་དེས་རྒྱུད་བཟུང་བ་ཡིན་པས་ན་དེ་ལ་དོན་གྱིས་གཏད་པ་ཡིན་ཞིང་། དེས་ཆོས་ཉིད་ཟབ་མོའི་དོན་དེ་ལྟ་བུ་ཁོང་དུ་ཆུད་པས་ན་རྒྱུད་སྟོན་པ་པོ་དང་དགོངས་པ་གཉིས་སུ་མེད་པ་ཡིན་ལ། དབང་ཡང་རྫོགས་པ་ཡིན་ཏེ་དབང་གི་དོན་ནི་ཟབ་མོའི་ཡེ་ཤེས་འདི་ལྟ་བུ་སྐྱེད་པ་ཙམ་དུ་ཟད་པའི་ཕྱིར་རོ། །དེས་ན་སྣང་སྲིད་ཡེ་ནས་སངས་རྒྱས་པ་གསང་བ་སྙིང་པོའི་དོན་ལ་རྒྱབ་ཀྱིས་ཕྱོགས་བཞིན་དུ། དབང་བསྐུར་བ་དང་རྒྱུད་འཆད་པ་ལ་སོགས་པ་བྱས་ཀྱང་ལྟར་སྣང་གཟུགས་བརྙན་ཙམ་དུ་འགྱུར་གྱི་རྒྱུད་བཟུང་བ་མ་ཡིན་ལ། བློ་གྲོས་ཀྱི་རྩལ་ཞན་པས་རྒྱུད་ཆུད་གསོན་པའང་སྲིད་དེ། ནག་པོ་ཆེན་པོའི་རྒྱུད་རྒྱལ་ལས། སློབ་དཔོན་ཅོལ་ཆུང་མཆོག་ཏུ་ཟབ་པ་གང་གིས་མི་ཤེས་པའི་མི་དེས་གཉིས་སུ་མེད་པའི་ཡེ་ཤེས་ཚིག་ཙམ་དུ་ཡང་དྲན་པར་མི་འགྱུར་རོ། །ཞེས་གསུངས་པ་བཞིན་ནོ། །དེས་ན་དག་མཉམ་ཆེན་པོའི་དོན་འཆད་པ་ན་རིག་འཛིན་བརྒྱུད་པའི་མན་ངག་གི་བཤད་ཚུལ་ལས་མ་འདས་པར་སྨྲ་དགོས་ཀྱི། བྱིས་པ་རྟོག་གེ་བློ་རྩལ་ཆུང་བ་རྣམས་ཀྱི་གནས་སྐབས་རང་བློར་གང་བདེ་བའི་ཚིག་ཙམ་ལ་འཛིན་མཚམས་བྱས་པའི་བརྗོད་སྒྲོས་དང་བསྟུན་པར་མི་བྱ་སྟེ། རྒྱུད་དོན་ཟབ་མོ་ལོག་པར་བཤད་ན་ཉེས་པ་ཤིན་ཏུ་ཆེ་བའི་ཕྱིར་ཏེ། ཀུན་འདུས་རིག་པའི་རྒྱུད་ལས། ཆོས་ཀྱི་མིག་དང་མ་ལྡན་ན། །མུ་མཐའ་ཡས་པའི་ཚིག་རྣམས་ཀྱིས། །དོན་གྱི་ཐ་སྙད་ཅི་བརྗོད་ཀྱང་། །ནོར་མ་ནོར་གྱི་དོན་མི་དཔོགས། །ཚིག་ཕྱིར་བློ་འབྲངས་དམུ་རྒོད་དེ། །བསླབ་པའི་ས་དང་ལམ་པ་ཡིན། །ཚིག་དོན་འབུམ་ཕྲག་ཅི་བརྗོད་ཀྱང་། །གཞན་ལ་སྟོན་པར་མ་བྱེད་ཅིག །བསྟན་ན་རྡོ་རྗེའི་བཀའ་རྐུན་དེ། །དམྱལ་བ་རྡོ་རྗེར་དེ་ལྟུང་འགྱུར། །གང་དག་ཚུལ་འཆོས་མཁན་དག་གིས། །དོན་ལ་བློ་ཤེད་མ་ཕྱེ་བར། །ཚིག་དང་ཡི་གེས་ཁྲིད་ནས་ནི། །མི་ཤེས་བཞིན་དུ་ཆོས་བསྟན་ན། །སེམས་ཅན་ཐམས་ཅད་སྲོག་འཕྲོག་པ། །མི་ཤེས་ཆོས་སྟོན་དེ་བས་ལྕི། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་རྒྱུད་གཏད་པ་འདིས་དངོས་སུ་རང་སྣང་གི་འཁོར་དང་གསང་བའི་བདག་པོ་ལ་གཏད་ཅིང་། དོན་གྱིས་དམ་ཚིག་གི་བྱ་ར་བ་མ་མོ་མཁའ་འགྲོ་རྣམས་དང་མ་འོངས་པའི་གང་ཟག་ཆོས་ཀྱི་མིག་དང་ལྡན་པ་རྣམས་ལ་དགོངས་པའི་རྩལ་གྱིས་གཏད་པར་ཤེས་པར་བྱའོ། །དོན་ལ་ཁྱད་མེད་ཀྱང་འཆད་ཚུལ་གཞན་ཡང་། ཀྱེ་ཀྱེ་ཕྱོགས་བཅུ་དུས་བཞི་ཞེས་པ་ལ་སོགས་པའི་ཚིག་རྐང་གཉིས་རེ་གཉིས་རེས་རིམ་པ་ལྟར་གཞི་རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས་པ། ལོག་རྟོག་འཁྲུལ་བའི་སྣང་བ་དག་བྱར་གདམས་པ། གདུལ་བྱ་ལམ་གྱི་སྣང་བ་འགྲོད་བྱར་གདམས་པ། འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པ་སྟེ་སྣང་བ་བཞིར་རྒྱུད་དོན་ཐམས་ཅད་བསྡུས་ཏེ་གདམས་ནས་རྒྱུད་དེ་ཉིད་འཁོར་རྣམས་ལ་གཏད་པར་བཞེད་དོ། །གཉིས་པ་ནི་ཕྱོགས་དུས་ཀྱི་དེ་བཞེན་གཤེགས་པ་ཐམས་ཅད་ལ་སྐུ་གསུང་ཐུགས་ཀྱི་གསང་བ་མཐར་ཐུག་པ་འདི་ལས་གཞན་མི་མངའ་སྟེ་འཕགས་པའི་ཡེ་ཤེས་འགོད་པའི་དབང་དུ་བྱས་པ་ངེས་པའི་དོན་མཐར་ཐུག་པ་ཡིན་ཅིང་། གནས་ལུགས་ཀྱི་དོན་ཇི་བཞིན་པར་བསྟན་པས་སྒྲོ་འདོགས་དང་སྐུར་པ་འདེབས་པའི་མཐའ་ཡོངས་སུ་ཞི་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་དེ་ནི་མཆོག་དང་རབ་དང་ཕུལ་དུ་གྱུར་པ་ཡིན་ནོ། །དེ་ལྟ་བུའི་དོན་དེ་ནི་ཀུན་ཏུ་བཟང་པོའི་ཐུགས་ངེས་པའི་དབྱིངས་ནས་ཕྱུངས་ཏེ་འཁོར་རྣམས་ལ་བསྟན་པའམ། ཡང་ན་རྒྱལ་བ་རྣམས་ཀྱི་གསང་བ་ཟབ་མོ་ཡིན་པས་གསང་བའི་སྙིང་པོ་དང་། སྒྲོ་སྐུར་ཞི་བའི་དེ་ཁོ་ན་ཉིད་ངེས་པའི་དབྱིངས་ཀུན་ཏུ་བཟང་པོའི་ཐུགས་ཀྱི་ཀློང་ནས་བྱུང་ཞིང་སྐྱེས་པ་ནི་རྒྱུད་དོན་རྟོགས་པའི་གང་ཟག་དེ་ཡིན་ཏེ། དཔེར་ན་རྒྱ་མཚོ་ལས་རླབས་བྱུང་བ་ཞིན་དུ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་དང་གཉིས་སུ་མེད་པའི་གཞི་དབྱིངས་ལས་རང་རྩལ་ཡེ་ཤེས་ཀྱི་སྣང་བས་རང་གི་ཆོས་ཉིད་མ་ནོར་བར་རྟོགས་པའི་གང་ཟག་དེ་ཡང་དེའི་ངང་ལས་གཞན་དུ་མ་གྱུར་པའི་ཕྱིར་རོ། །དེ་ལྟ་བུའི་གང་ཟག་དེ་ནི་རྒྱུད་ཀྱི་སྟོན་པ་དཔལ་ཀུན་ཏུ་བཟང་པོས་ངེས་པར་ཏེ་ཕྱིར་མི་ལྡོག་པར་མྱུར་དུ་སངས་རྒྱ་བར་ལུང་བསྟན་ཏོ། །འཁོར་སྒྱུར་གྱི་བུ་ཐུ་བོ་རྒྱལ་ཚབ་ཏུ་གྱུར་པ་བཞིན་དུ་བདེ་བར་གཤེགས་པའི་སྲས་ཀྱི་དམ་པར་གྱུར་པ་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལས་སྐྱེས་པ་ཞེས་བྱ་སྟེ་ཐུགས་ཀྱི་གསང་བ་འདི་ལྟ་བུ་ལས་སྐྱེས་པའི་ཕྱིར་རོ། །དེས་ན་གཞན་ལ་རྒྱུད་སྟོན་པ་རིག་པའི་སྐྱེས་བུ་ཡིན་ཞིང་། རང་ཉིད་ས་ཐམས་ཅད་ཀྱི་རབ་མཆོག་རིག་པ་འཛིན་པའི་ས་ཞེས་ཀྱང་བྱ། རྡོ་རྗེ་འཛིན་པའི་ས་ཞེས་ཀྱང་བྱ། ཐབས་དང་ཤེས་རབ་མཆོག་གི་ས་ཞེས་ཀྱང་བྱ། སངས་རྒྱས་ཀྱི་ས་བཅུ་གསུམ་པ་ཞེས་ཀྱང་བྱ་སྟེ། མཐར་ཐུག་གིས་འདི་ལ་གནས་པར་འགྱུར་རོ་ཞེས་ལུང་བསྟན་པའོ། །ཡང་དཔེར་ན་མི་དབུལ་པོའི་ཁྱིམ་གྱི་འོག་ན་རིན་པོ་ཆེའི་གཏེར་ཡོད་པ་འབྱིན་པའི་རྩོལ་པ་ལ་གནས་པའི་ཚེ་གཏེར་དངོས་སུ་མིག་ལམ་དུ་མ་གྱུར་པས་དབུལ་པོར་བརྗོད་ཀྱང་། གཏེར་ཆེན་ལ་དབང་བར་ཐག་ཆོད་པས་འབྱོར་པ་ཅན་ཡིན་པའམ་ལྕགས་ཀྱུས་ཟིན་པའི་ཉ་ཆུ་ནང་ན་ཡོད་ཀྱང་སྐམ་ལ་གནས་པ་དང་འདྲ་བ་བཞིན་དུ་མཐར་ཐུག་གི་ས་ལ་གནས་པར་གྱུར་པར་ཡང་གསུངས་སོ། །མདོར་ན་ཐེག་པ་འོག་མའི་གནས་སྐབས་སམ་ས་ཐམས་ཅད་ཀྱི་རབ་ཏུ་གྱུར་པ་ནི་མཐར་ཐུག་སྔགས་ཀྱི་ཐེག་པའི་ས་ཡིན་ལ། དེ་ནི་སེམས་ཀྱི་དཀྱིལ་འཁོར་རང་བཞིན་གྱིས་འོད་གསལ་བ་རང་བྱུང་གི་ཡེ་ཤེས་སྔགས་ཀྱི་དེ་ཁོ་ན་ཉིད་རྟོགས་པས་ཁྱད་པར་དུ་བྱས་པ་ཡིན་ཞིང་། རྟོགས་པ་དེ་དང་ལྡན་ན་རིག་པ་འཛིན་པ་ཞེས་ཀྱང་བྱ། རྡོ་རྗེ་འཛིན་པ་ཞེས་ཀྱང་བྱ། སྔགས་འཆང་བ་ཞེས་ཀྱང་བྱ་སྟེ། སྔགས་ཀྱི་དེ་ཁོ་ན་ཉིད་ལ་ཐེ་ཚོམ་མེད་པའི་ངེས་ཤེས་སྐྱེས་པ་ཙམ་གྱིས་ཀྱང་ཕྱིར་མི་ལྡོག་པར་ལུང་བསྟན་པ་ཡིན་ཏེ། མཚོན་བྱེད་དཔེའི་དཀྱིལ་འཁོར་མཐོང་བ་ཙམ་ལའང་ཕྱིར་མི་ལྡོག་པར་སངས་རྒྱ་བའི་ཕན་ཡོན་གསུངས་ན། མཚོན་བྱ་དོན་གྱི་དཀྱིལ་འཁོར་དག་མཉམ་དབྱེར་མེད་སྔགས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ནི་ལྟ་ཅི་སྨོས་ཏེ། འདིར་རྟོགས་པ་ཞེས་པའང་ལས་དང་པོ་པས་ཤེས་རབ་ཀྱི་དབང་པོས་སྒྲོ་འདོགས་ཆོད་ནས་ངེས་པ་སྐྱེས་པ་ལ་གསུངས་སོ། །དེས་ན་སྔགས་ཀྱི་ས་ལ་ཚུལ་བཞིན་ཞུགས་པའི་ལས་དང་པོ་པའང་ཅི་ལྟར་དམན་ཀྱང་བྱང་སེམས་ཕྱིར་མི་ལྡོག་པ་དང་སངས་རྒྱ་བ་ལ་སྐལ་བ་མཉམ་ཞིང་། ལམ་དེ་བས་ཀྱང་མྱུར་བས་ན་སྲིད་པ་ཐ་མ་པ་སོགས་དང་སྐལ་བ་མཉམ་པ་ཡོད་དོ། །ཚུལ་བཞིན་ཞུགས་པ་ཞེས་བྱ་བ་གང་ཞེ་ན་དབང་ཐོབ་ཅིང་དབང་དོན་གྱི་ཡེ་ཤེས་སྣང་སྲིད་དག་མཉམ་ཆེན་པོ་ལ་ཡིད་ཆེས་སྐྱེས་པ་ནས་ཡིན་ནོ། །དེའི་ཕྱིར་སྔགསཀྱི་དེ་ཁོ་ན་ཉིད་ལ་ཡིད་ཆེས་བསྐྱེད་པ་ལ་འབད་པར་བྱའོ། །དེ་ལྟར་ཡང་། རྡོ་རྗེ་མེ་ལོང་ལས། རང་རིག་ཡེ་ཤེས་རྒྱུད་སྟོན་ཕྱིར། །རང་སྣང་རིག་པས་མངོན་བྱས་པ། །རིག་འཛིན་མཆོག་སྟེ་ལྷུན་གྲུབ་པའི། །ཏིང་འཛིན་ནུས་པའི་མཐུ་མེད་ཀྱང་། །ས་སྦྱོང་སེམས་དཔས་བསྐྱོད་དུ་མེད། །བདེ་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །རིག་པའི་སྐྱེས་བུའི་ལུང་ཐོབ་པའོ། །ཞེས་དང་། མདོ་དགོངས་པ་འདུས་པ་ལས། རྒྱལ་བ་རྣམས་ཀྱི་གསང་བའི་ཐུགས། །རྟོགས་ནས་གང་ལ་གསལ་བྱེད་པ། །དབང་རྣམས་ཀུན་གྱི་མཆོག་ཡིན་ཏེ། །སྲིད་པ་གསུམ་གྱིས་དེ་དབང་བསྐུར། །ཞེས་དང་། སྙིང་པོ་དོན་རིག་སྐད་ཅིག་ཙམ་གྱིས་ཀྱང་། །བྱིན་རླབས་ཡོན་ཏན་རྒྱལ་བས་བཤད་མི་རྫོགས། །དཀར་པོ་མཐར་ཐུག་བསོད་ནམས་ཀུན། །སེན་མོའི་ཐོག་གི་ས་རྡུལ་འདྲ། །རྡོ་རྗེ་སྙིང་པོར་གཅིག་བསྐྱེད་པ། །ས་ཡི་དཀྱིལ་འཁོར་ཆེན་པོ་ཙམ། །ཞེས་གསུངས་སོ། །དེ་ལྟ་བུའི་ཕྱིར་ན་རིག་པ་འཛིན་པ་དེ་དག་ནི་འཇིག་རྟེན་ན་མཚུངས་པ་མེད་པའི་མཆོད་གནས་ཡིན་ཏེ། མདོ་དགོངས་པ་འདུས་པ་ལས། དོན་དང་ལྡན་པའི་དམ་པ་ལ། །དུས་གསུམ་དུས་ནི་ཐམས་ཅད་དུ། །ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །བདེ་གཤེགས་རྒྱལ་བ་ཀུན་བྱོན་ནས། །སྔགས་དང་འདུན་པས་ཕྱག་མཛད་དོ། །ཞེས་དང་། གང་ཞིག་རྡོ་རྗེ་སྙིང་པོ་གསང་འཛིན་པ། །ཤིང་རྟ་ལ་སོགས་རྟ་ལ་འདུག་སྤྱོད་པ། །དེ་ཡི་བྱ་བ་བྱེད་པ་གཞན་མེད་ན། །དེ་ཡི་རྟ་སྟེགས་རྒྱལ་བའི་དབུས་བཀུར་མཛད། །ཅེས་དང་། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། གང་གིས་གཙོ་བོ་སྒྲུབ་པ་པོ་མཐོང་རེག་པ་དང་། །ལེགས་པར་དྲན་དང་མིང་ཙམ་ངེས་པར་ཐོས་པ་དང་། །དད་པར་བྱེད་ཅིང་ཕྱོགས་གཅིག་ཙམ་ཞིག་འཛིན་པ་དག །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་གསང་སྔགས་ཀྱི་ཚུལ་ལ་མོས་པ་བསྐྱེད་པ་ཙམ་ལའང་ཕན་ཡོན་ཚད་མེད་དེ། དགོངས་པ་འདུས་པའི་མདོ་ལས། སྙིང་པོའི་དོན་ལ་རིག་པའི་མཐུ་མེད་ཀྱང་། །སེམས་བསྐྱེད་ཙམ་གྱིས་དབུ་མ་ཟིལ་གྱིས་གནོན། །ཞེས་དང་། རྒྱལ་བ་རྣམས་ཀྱི་གསང་འདི་ལ། །གང་དགའ་གང་ཞིག་འདུན་བསྐྱེད་པ། །གཞན་གྱིས་བར་ཆད་མི་འབྱུང་བར། །ཇི་ལྟར་མོས་པ་དེ་མྱུར་ཐོབ། །ཅེས་སོགས་རྒྱུད་རྣམས་སུ་རྒྱ་ཆེར་བསྟན་པ་བཞིན་ནོ། །དེ་ཡན་ཆད་ཀྱིས་རྒྱུད་ཀྱི་བརྗོད་བྱའི་གནས་རྣམས་རྒྱུད་གསུམ་དངོས་པོ་བཅུ་གཅིག་གི་བདག་ཉིད་དུ་བསྡུས་ཏེ་སྤྱི་དོན་གྱི་ཚུལ་དུ་རྣམ་པར་བཤད་ཟིན་ཏོ། །ད་ནི་གསུམ་པ་བརྗོད་བྱེད་རྒྱུད་ཀྱི་ཚིག་དོན་རྒྱས་པར་བཤད་པ་ནི་རོང་ཀློང་རྣམ་གཉིས་ཀྱི ས་ལེགས་པར་བཤད་པ་ལས་རྟོགས་པར་བྱའོ། །དེ་ལྟར་སྔགས་བླ་མེད་ཀྱི་ལམ་གྱི་ཚུལ་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་འཇུག་པའི་སྒོ་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་སྤྱི་དོན་གྱི་གནད་ཅུང་ཟད་ཙམ་ནི། རིག་འཛིན་བརྒྱུད་པ་སྤྱི་དང་། ཁྱད་པར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་། དཔལ་རོང་ཟོམ་པཎྜི་ཏ་ཆེན་པོ་རྣམ་པ་གཉིས་ཀྱི་དགོངས་པ་བཞིན་དུ་མདོ་ཙམ་བསྟན་པ་ཡིན་ལ། འོན་ཀྱང་དེའི་གནད་ཟབ་མོ་རང་རྒྱུད་ལ་རྗེན་པར་མྱོང་བ་ནི། རིག་འཛིན་བརྒྱུད་པའི་གདམས་ངག་ལ་མྱོང་བ་དང་བྱིན་རླབས་ཀྱི་བརྒྱུད་པ་ཡོད་པའི་བླ་མ་མཚན་ཉིད་པ་ལས། དབང་གིས་སྨིན་པར་བྱས་ནས་དོན་བརྒྱུད་ཀྱི་བྱིན་རླབས་ཐོབ་པ་དང་། གྲོལ་བྱེད་ཀྱི་མན་ངག་ཟབ་མོ་ཞལ་ལས་མཉན་པར་བྱ་བ་ལ་རག་ལས་སོ། །དེ་ལྟར་སྔགས་རྙིང་མའི་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་བསྟན་པའི་དོན། རིག་འཛིན་རྣམས་ཀྱི་ཞལ་ནས་སྙན་དུ་བརྒྱུད་པའི་སྔགས་ཀྱི་གནད་ཟབ་མོ་འདི་ལྟ་བུ་རྣམས་ནི་ལུགས་གཞན་ན་ཚུལ་བཞིན་སྨྲ་བ་མེད་དེ། ཟླ་བ་གྲགས་པས། འདི་ལས་གཞན་ན་ཆོས་འདི་ནི། །ཇི་ལྟར་མེད་པ་དེ་བཞིན་དུ། །འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་རྣམས་ངེས་པར་མཛོད། །ཅེས་གསུངས་པ་བཞིན་ནོ། །དེས་ན་རྙེད་པར་དཀའ་བའི་འདུ་ཤེས་ཀྱིས་ཤིན་ཏུ་གཅེས་སྤྲས་སུ་བྱ་ཞིང་འཆང་བར་བྱ་ཡི། དད་མེད་བློ་ཆུང་རྣམས་ལ་གར་ཐོད་ཐོད་དུ་བསྟན་ན་མི་རུང་སྟེ། དབྱིངས་ཀྱི་མཁའ་འགྲོ་རྣམས་ཀྱིས་ཀྱང་སྔགས་ཀྱི་ཟབ་དོན་འདི་ལྟ་བུ་རྣམས་སྙིང་ཁྲག་གི་དྭངས་མ་བཞིན་དུ་མཆོག་ཏུ་སྲུང་བར་གསུངས་པས་ན་སྣོད་མིན་ལ་གསང་བར་བྱ་ཞིང་། བློ་ལྡན་སྐལ་བ་བཟང་པོ་སྔགས་ལ་མཆོག་ཏུ་དད་པ་རྣམས་ལ་ལེགས་པར་བསྟན་པའི་སྒོ་ནས་གསང་སྔགས་སྙིང་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་རྒྱས་པར་བྱའོ། །འདིར་སྨྲས་པ། ཡུལ་དུས་གང་ཟག་དམན་ཀྱང་བདག་ཅག་གི། །སྙིང་ལ་དད་པའི་ཆུ་མཚོ་མ་རྙོགས་པས། །རིག་འཛིན་བརྒྱུད་པའི་བྱིན་རླབས་ཟླ་སྐར་གཟུགས། །གཅིག་ཅར་ཡིད་ལ་འཆར་བ་སྙམ་དུ་སེམས། །གདོད་མའི་མགོན་པོ་དྲིན་ཅན་བླ་མ་ཡིས། །གསུང་གི་གནང་བ་ཡང་ཡང་བྱིན་ནས་སུ། །དགྱེས་པའི་ཐུགས་ཀྱི་དགོངས་པ་གཏད་པའི་མཐུས། །འདི་ཚུལ་སྨྲ་བའི་སྤོབས་པ་ཅུང་ཟད་ཐོབ། །ཟབ་གསང་རྗེན་པར་བཀྲལ་དང་བདག་བློའི་སྐྱོན། །གང་མཆིས་རྩ་གསུམ་ལྷ་ལ་བཤགས་བགྱི་ཞིང་། །རིག་འཛིན་བརྒྱུད་པའི་ལུང་དང་བླ་མ་ཡི། །མན་ངག་ལ་བརྟེན་ལེགས་པར་བཤད་པའི་དགེས། །ཆོས་དབྱིངས་དང་མཉམ་དག་པའི་སྣང་བ་ནི། །མཆོག་ཏུ་འོད་གསལ་བདེ་བའི་སྙིང་པོ་ཅན། །འཇམ་པའི་དཔལ་གྱུར་བདུད་རྩིའི་གོ་འཕང་གིས། །འགྲོ་ཀུན་ཡིད་ལ་རབ་དགའ་སྦྱིན་གྱུར་ཅིག །འཇིགས་བྲལ་སྔ་འགྱུར་བསྟན་པའི་རྒྱལ་མཚན་བསྒྲེངས། །ལུང་རྟོགས་ཆོས་ཀྱི་རྒྱལ་རྔ་ཕྱོགས་ཀུན་བསྒྲགས། །རིགས་ལམ་སེང་གེའི་ང་རོས་ས་གསུམ་ཁྱབ། །མཚུངས་མེད་དགེ་མཚན་སྣང་བ་རྒྱས་གྱུར་ཅིག །ཅེས་པའང་རྒྱལ་དབང་མཚོ་འཁྲུངས་རྒྱལ་བའི་རྒྱལ་ཚབ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པས་གསུང་གི་བསྐུལ་བ་སྔ་ཕྱིར་གནང་བ་དང་། ཁྱད་པར་ཀུན་མཁྱེན་ཆེན་པོའི་དུས་མཆོད་དང་འབྲེལ་བར་ཚོགས་ཀྱི་མཆོད་པའི་དུས་སུ་རྩ་གསུམ་ལྷ་ལ་གནང་ལ་བ་ཞུས་ཤིང་། དེ་ཉིད་ནས་བརྩམས་ཏེ་བྲིས་ཤིག་ཅེས་གསུང་གི་གནང་བ་བྱིན་པ་ལ་བརྟེན་ནས། བདག་འཇམ་དཔལ་དགྱེས་བའི་རྡོ་རྗེས་ཀྱང་མར་མེ་ཁྲི་ཕྲག་དང་ཚོགས་ཀྱི་མཆོད་པ་སོགས་ཕུལ་ནས་རྩ་གསུམ་ལྷ་ཡི་ཚོགས་ལ་གསོལ་བ་དྲག་ཏུ་བཏབ་སྟེ། རིག་འཛིན་བརྒྱུད་པའི་ལུང་དང་། དཔལ་མགོན་བླ་མ་རྣམས་ཀྱི་གསུང་གི་སྣང་བ་དང་མ་བྲལ་བའི་བློ་གྲོས་ཀྱི་འཇུག་པས། ས་སྐྱོང་གི་ལོ་ཧོར་ཟླ་གསུམ་པའི་དཀར་ཕྱོགས་ཀྱི་ཚེས་བཅུ་ལ་རྫོགས་པར་གྲུབ་པ་ཉིད་དུ་བགྱིས་པ་འདིས་ཀྱང་། གསང་སྔགས་སྙིང་པོའི་བསྟན་པ་ཕྱོགས་དུས་ཐམས་ཅད་པར་འཕེལ་ཞིང་རྒྱས་པའི་རྒྱུ་ལས་འགྲོ་ཀུན་བྱང་ཆུབ་མཆོག་གི་གནས་ཐོབ་པར་འགྱུར་ཅིག །མངྒལཾ།། །།


previousགསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།next