Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དྲུག་བཅུ་པ།


   
   
   
   
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་སྒྲོལ་མ།


 
previousདཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་སྒྲོལ་མ།no next

དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་སྒྲོལ་མ།

དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་ཞེས་བྱ་བ་བཞུགས་སོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས། འབྲས་བུ་ཐམས་ཅད་ཀྱི་ཐུག་ས། སྔར་འདས་པའི་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ་དམ་པ། ཆེ་བའི་ཡོན་ཏན་བརྒྱད་དང་ལྡན་པ། སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ། སྒྱུ་འཕྲུལ་རྩ་བའི་རྒྱུད་དཔལ་གསང་བའི་སྙིང་པོ་འདི་བཤད་པའི་དབང་དུ་བགྱིས་ན། ཇི་སྐད་དུ། ཁོག་གཞུང་གསལ་བའི་སྒྲོན་མེ་ལས། མཚོན་བྱ་རང་བཞིན་གཞི་ཡི་རྒྱུད། །སྒྲོ་སྐུར་མེད་པར་སྟོན་པ་ནི། །མཚན་བྱེད་སྒྱུ་འཕྲུལ་དྲྭ་བ་དེ། །མཛུབ་མོས་རི་བོང་ཅན་བཞིན་ནོ། །ཞེས་གསུངས་པས། མཚོན་བྱ་རང་བཞིན་གཞིའི་རྒྱུད་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་སངས་རྒྱས་པ་དེ་ཡིན་ལ། དེ་མཚོན་བྱེད་ལམ་རྐྱེན་ཡི་གེ་རྒྱུད་ཀྱི་བཤད་ཐབས། སྤྱི་དོན་རྣམ་པ་གསུམ་གྱི་སྒོ་ནས་སྟོན་པར་བྱེད་དེ། སྤྱིར་ན་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གདུལ་བྱ་སེམས་ཅན་རྣམས་ཀྱི་དོན་དུ། བསྟན་པ་དང་ཐེག་པ་ཇི་ལྟར་གསུངས་པའི་ཚུལ་དང་། དེ་དག་གི་ནང་ནས་བསྟན་པ་དང་ཐེག་པ་གང་ཡིན་པར་བསྡུས་ཏེ་ངོས་བཟུང་བ་དང་། དེ་བཤད་པའི་ཐབས་སོ། །དང་པོ་བསྟན་པ་དང་ཐེག་པ་ཇི་ལྟར་གསུངས་པའི་ཚུལ་ནི། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་ལ་མཁས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དགོངས་པ་དང་ལྡན་པ་རྣམས་ཀྱིས་གདུལ་བྱ་སེམས་ཅན་ཁམས་གསུམ་དང་འཁོར་ཞིང་རྒྱུད་དྲུག་ཏུ་འཁྱམས་པ་རྣམས་ཀྱི་དོན་དུ་བསྟན་པ་དང་ཐེག་པ་ཇི་ལྟར་གསུང་ཞེ་ན། གསུངས་པའི་ཚུལ་གསུམ་སྟེ། ཉོན་མོངས་པ་ལ་དགོངས་ཏེ་གསུངས་པ་དང་། ཐེག་པའི་རྐང་གྲངས་ལ་དགོངས་ཏེ་གསུངས་པ་དང་། ཐབས་སམ་གཉེན་པོ་ལ་དགོངས་ཏེ་གསུངས་པའོ། །དང་པོ་ཉོན་མོངས་པ་ལ་དགོངས་ཏེ་གསུངས་པ་ནི། འདི་ཉིད་ཀྱི་གསུམ་པ་ལས། མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གཉེན་པོར། ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཞེས་པས་གདུལ་བྱ་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པས། དེ་དག་འདུལ་བའི་གཉེན་པོར་དམ་པའི་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་སོ། །དེ་དག་ཀྱང་མདོར་བསྡུ་ན། ཉོན་མོངས་པ་འདོད་ཆགས་ཀྱི་ཆ་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་དམ་པའི་ཆོས་འ དུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། ཉོན་མོངས་པ་ཞེ་སྡང་གི་ཆ་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་དམ་པའི་ཆོས་མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། ཉོན་མོངས་པ་གཏི་མུག་གི་ཆ་ལས་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་དམ་པའི་ཆོས་མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། ཉོན་མོངས་པ་དུག་གསུམ་མམ་ལྔ་ལ་སོགས་པ་མཐའ་དག་གི་གཉེན་པོ་རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས་ཏེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །མདོར་ན་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །ཉོན་མོངས་འདུལ་བའི་གཉེན་པོར་གསུངས་པར་ཟད། །ཅེས་གསུངས་པས་མངོན་ནོ། །དེ་ཡང་སྔར་འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་སོ། །ད་ལྟར་གྱི་སངས་རྒྱས་རྣམས་ཀྱིས་གསུང་ངོ་། །མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་བར་འགྱུར་རོ། །གཉིས་པ་ཐེག་པའི་རྐང་གྲངས་ལ་དགོངས་ཏེ་གསུངས་པ་ནི། འདི་ཉིད་ཀྱི་ལེའུ་གསུམ་པ་ལས། ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་བྱང་ཆུབ་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པ་སྔགས་ཀྱི་ཐེག་པས། ཞེས་པས་ཐེག་པ་ལྔ་རུ་འདུས་པར་ཡང་གསུངས། འཇམ་དཔལ་མཚན་བརྗོད་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པས་ཐེག་པ་བཞི་རུ་འདུས་པར་ཡང་གསུངས། དགོངས་འདུས་ལས། ལང་ཀའི་བདག་པོ་གཞན་ཡང་གང་། །དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་ཐེག་པ་གསུམ་དུ་འདུས་པར་ཡང་གསུངས། ཀུན་བྱེད་ལས། ཐེག་པ་རྣམས་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུའི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་པས་ཐེག་པ་གཉིས་སུ་འདུས་པར་ཡང་གསུངས། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པ་དག་ལ་ཐུག་པ་མེད། །སེམས་ནི་ཡོངས་སུ་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བ་མེད། །ཐེག་པ་གཅིག་ཏུ་ང་སྨྲ་སྟེ། །ཐེག་པའི་རྣམ་གཞག་ཡོད་མ་ཡིན། །བྱིས་པ་རྣམས་ནི་ཡོངས་དྲང་ཕྱིར། །ཐེག་པ་ཐ་དད་ངས་བཤད་དོ། །ཞེས་པ་དང་། ཇི་སྲིད་འདུ་ཤེས་མེད་ཀྱི་བར། །ཐེག་པའི་སྒོ་ཡང་དེ་ལས་མེད། །ཇི་སྲིད་འདུ་ཤེས་གནས་མ་ཐག །ཐེག་པའི་སྒོ་ཡང་བསམ་མི་ཁྱབ། །ཅེས་པ ས་ཐེག་པ་གཅིག་ཏུ་འདུས་པར་ཡང་གསུངས་ཤིང་། ཐེག་པ་བསམ་གྱིས་མི་ཁྱབ་པར་ཡང་གསུངས་སོ། །གསུམ་པ་ཐབས་སམ་གཉེན་པོ་ལ་དགོངས་ཏེ་གསུངས་པ་ནི། འདི་ཉིད་ཀྱི་ལེའུ་གསུམ་པ་ལས། དེ་དག་ཐམས་ཅད་ཀྱང་གཟུང་བ་དང་འཛིན་པའི་དབང་གིས་ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་འཛིན་པ་འཁྲུལ་པས་ལས་འདོགས་པ་དང་། ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང་། ལས་དང་ལས་ཀྱི་འབྲས་བུས་མི་གོས། གོས་པར་མི་འགྱུར། གོས་སུ་མེད་པ་སྟོན་པའི་མཐར་ཐུག་གོ། །ཞེས་པས་གཉེན་པོ་ཡང་། ཐེག་པ་ཆུང་ངུས་ཉོན་མོངས་པ་སྤོང་འགེགས་དང་། མཚན་ཉིད་ཀྱི་ཐེག་པ་ལ་སྦྱོང་བ་དང་། སྔགས་ཕྱི་རྒྱུད་པ་ལ་ལྷར་བསྒྱུར་བ་དང་། ནང་པ་བསྐྱེད་རྫོགས་གཉིས་ལ་དབང་དུ་བྱེད་པ་དང་། ཨ་ཏི་ལ་སྤང་གཉེན་རོ་གཅིག་པའི་ཚུལ་གྱིས་ཏེ། མདོར་ན་ཉོན་མོངས་པ་རང་ཁ་མའི་རྟོག་པ་འཇོམས་པར་བྱེད་པའི་གཉེན་པོའང་ལྔའམ་དྲུག་ཏུ་འདུས་པར་གསུངས་སོ། །སྤྱི་དོན་གཉིས་པ་དེ་དག་གི་ནང་ནས་བསྟན་པ་དང་ཐེག་པ་གང་ཡིན་པར་བསྡུས་ཏེ་ངོས་བཟུང་བ་ནི། ཐེག་པའི་རྐང་གྲངས་མང་དུ་གསུངས་ཀྱང་ཡོངས་སུ་གྲགས་པའི་དབང་དུ་ཐེག་པ་རིམ་པ་དགུར་འདུས་ཏེ། འདི་ཉིད་ཀྱི་ལེའུ་གསུམ་པ་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་བསྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཅེས་པས་ཐེག་པ་རིམ་པ་དགུ་ལས། རྒྱུད་གཞུང་འདི་ནི་མཚན་ཉིད་སྡེ་གསུམ་ཡང་མ་ཡིན། ཕྱི་རྒྱུད་སྡེ་གསུམ་ཡང་མ་ཡིན། ནང་རྒྱུད་དུ་ངོས་བཟུང་ངོ་། །འདི་ལ་ཡང་གསུམ། བསྐྱེད་པ་སྐུའི་རྒྱུད་བྱིན་ཆེ་བར་སྟོན་པ་མ་ཧཱ་ཡོ་ག །རྫོགས་པ་གསུང་གི་རྒྱུད་གཞལ་གསལ་བར་སྟོན་པ་ཨ་ནུ་ཡོ་ག །བསྐྱེད་རྫོགས་གཉིས་སུ་མེད་པར་སྟོན་པ་ཨ་ཏི་ཡོ་ག་ལས། འདིར་མ་ཧཱ་ཡོ་གར་ངོས་བཟུང་ངོ་། །འདི་ལ་རྒྱ་གར་ན་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་ཡོད་པ་ལས། བོད་དུ་བསྒྱུར་བ་ལ་སྒྱུ་འཕྲུལ་སྡེ་བརྒྱད། བཤད་རྒྱུད་སྡེ་བཞི། དེ་དག་གི་མན་ངག་ཕྲ་མོ་དྲུག་ཅུ་རྩ་བཞི་དང་བཅས་པ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲའི་ཞལ་སྔ་ནས། ཞུ་ཆེན་གྱི་ལོ་ཙཱ་བ་རྨ་རིན་ཆེན་མཆོག་གིས་བསྒྱུར་བ་ལས། རྒྱུད་གཞུང་འདི་ཉིད་ནི། སྒྱུ་འཕྲུལ་སྡེ་བརྒྱད་ནང་ནས་ཀྱང་རྩ་བའི་རྒྱུད་དུ་གྱུར་པ། དཔལ་གསང་བའི་སྙིང་པོ་དེ་ཁ ོ་ན་ཉིད་ངེས་པ་ཞེས་པར་ངོས་བཟུང་ངོ་། །སྤྱི་དོན་གསུམ་པ་དེ་ལྟར་ངོས་བཟུང་བའི་རྒྱུད་གཞུང་འདི་ཉིད་བཤད་ཐབས་ཀྱི་ཡན་ལག་དུ་ཞེ་ན། ཁོག་གཞུང་གསལ་བའི་སྒྲོན་མེ་ལས། ཕས་ཀྱི་ལན་གདབ་འབྲུ་སྣོན་ཚིག །ཁོག་དབུབ་ས་བཅད་བཞི་རུ་གསུངས། །ཞེས་པས་ཁོག་དབུབ་པ་སྟོང་ཐུན་གྱི་དོན་དང་སྦྱར་ཏེ་བཤད་པ་དང་གཅིག །ས་བཅད་པ་དཀྱུས་ཀྱི་དོན་དང་སྦྱར་ཏེ་བཤད་པ་དང་གཉིས། འབྲུ་སྣོན་པ་ཚིག་གི་དོན་དང་སྦྱར་ཏེ་བཤད་པ་དང་གསུམ། གནས་སྐབས་བརྒལ་ལན་གྱི་དོན་དང་སྦྱར་ཏེ་བཤད་པ་དང་བཞིས་སྟོན་པ་ལས། དང་པོ་ཁོག་དབུབ་པ་སྟོང་ཐུན་གྱི་དོན་དང་སྦྱར་ཏེ་བཤད་པ་ནི། རྒྱུད་ཐམས་ཅད་ཀྱི་སྤྱི་དོན་ལྔའི་སྒོ་ནས་འཆད། མན་ངག་ཐམས་ཅད་རྩིས་འགོ་ལྔ་ནས་འཆད་པ་ཡིན་པས། འདིར་སྤྱི་དོན་ལྔའི་སྒོ་ནས་བཤད་ལ། སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་ཇི་ལྟར་གནས་ཚུལ། དེ་ལྟར་མ་རྟོགས་ཏེ་འཁྲུལ་ཚུལ། དེ་ལ་ཐམས་ཅད་མཁྱེན་པོའི་ཐུགས་རྗེས་གཟིགས་ཚུལ། གཟིགས་ནས་ཐུགས་རྗེ་བསྐྱེད་ཚུལ། ཐུགས་རྗེ་བསྐྱེད་ནས་འགྲོ་བའི་དོན་མཛད་ཚུལ་བསྟན་པ་དང་ལྔའི་འཆད་དེ། དེ་ལྟར་ཡིན་པར་གང་གིས་ཤེས་ན། འདི་ཉིད་ཀྱི་ལེའུ་གཉིས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་དང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མེད་ནའང་། ཞེས་པས་གནས་ལུགས་དང་། འགྲོ་བའི་རྣམ་པར་རྟོག་པ་མ་རིག་པ་ལས། འགྲོ་བ་ལྔའི་རིགས་བསམ་གྱིས་མི་ཁྱབ་པ་སྨིན་པ་ལ་ཞེས་པས་འཁྲུལ་ཚུལ་དང་། ཐུགས་རྗེ་ཆེན་པོ་ཞེས་པས་ཐུགས་རྗེས་གཟུགས་ཚུལ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས་ཞེས་པས་ཐུགས་རྗེ་བསྐྱེད་ཚུལ་དང་། ཆེད་དུ་བརྗོད་པ་འདི་བརྗོད་དོ་ཞེས་པས་འགྲོ་བའི་དོན་མཛད་ཚུལ་དང་ལྔ་ལས། སྤྱི་དོན་དང་པོ་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་ཇི་ལྟར་འདུག་ཚུལ་ནི། ཡ་ཀི་རྒྱལ་བ་ཀུན་ཏུ་བཟང་པོ་ནས། མ་ཀི་འཇག་མིག་གི་སྲིན་བུ་ཡན་ཆད་དུ། ཤེས་བྱའི་གཤིས། གནས་ལུགས་ཀྱི་འདུག་ཚུལ་ནི། རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་སངས་རྒྱས་པ་ཡིན་ཏེ། སྒྱུ་འཕྲུལ་རྒྱས་པའི་ལེའུ་བཅོ་ལྔ་པ་ལས། འཇིག་རྟེན་འདས་དང་འཇིག་རྟེན་པའི། །མཐའ་ཡས་དཀྱིལ་འཁོར་མ་ལུས་ཀུན། །རྒྱལ་བའི་ཡུམ་གྱི་དབྱིངས་སུ་ཐིམ། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཞེས་པ་དང་། རྒྱས་པའི་དོན་གཉིས་པ་ལས། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཞེས་པ་དང་། འདི་ཉིད་ཀྱི་ཐ་མ་ལས། ཀྱེ་ཀྱེ། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་པས་མངོན་ནོ། །སྤྱི་དོན་གཉིས་པ་དེ་ལྟར་མ་རྟོགས་ཏེ་འཁྲུལ་ཚུལ་ནི། གཞི་ཡེ་ནས་སངས་རྒྱས་སུ་གནས་ཀྱང་། ངེས་པའི་ཤེས་པ་མ་སྐྱེས་པ་ན། རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ་སྟེ། རང་ངོ་རང་གིས་མ་ཤེས་པའོ། །དཔེ་རིགས་མཉམ་པའི་རྒྱལ་བུ་ཕྲུག་གུ་དམངས་སུ་འཁྱམས་པ་ལྟ་བུའོ། །དེ་ལྟར་ཡིན་པར་ཡང་སྤོང་རྡོར་ལས། སེམས་ཉིད་ཡེ་ནས་སངས་རྒྱས་ཀྱང་། །མུན་པས་བསྒྲིབས་ཏེ་ངོ་མ་ཤེས། །ཞེས་དང་། ཡེ་ནས་ད་ལྟར་གནས་མོད་ཀྱང་། །མ་རིག་པ་ཡི་ལིང་ཐོག་གིས། །གསལ་བའི་སྒྲོན་མེ་བསྒྲིབས་གྱུར་ཏེ། །ཞེས་དང་། སྤར་ཁབ་ལས། སེམས་རང་བཞིན་གྱི་འོད་གསལ་བ་ཡིན་ཡང་། ངེས་པའི་ཤེས་པས་ངེས་པར་མ་བྱ་པ་ནི། ལྷན་ཅིག་སྐྱེས་པའི་མ་རིག་པའོ། །ཞེས་པས་མངོན་ནོ། །དེར་མ་ཟད་ལྷན་ཅིག་སྐྱེས་པའི་མ་རིག་པས་རང་ངོ་མ་ཤེས་པས་དེ་ཀ་ལ། སེམས་བླུན་ནེ། རྨུག་གེ། མྱོག་གེ། ཐིབས་སེ་སྡོད་དམ་ཞེ་ན། མི་སྡོད་དེ། རྐྱེན་ཀུན་ཏུ་བརྟགས་པའི་མ་རིག་པས། བདག་ལས་གཞན་འདྲ། གཅིག་ལས་གཉིས་འཛིན། ཕྱི་ནང་ཡུལ་ཤེས། གཟུང་འཛིན་སྣ་ཚོགས་སུ་སྣང་ནས་འཁྲུལ་ལོ། །དཔེ་རྒྱལ་བུ་དྭ་ཕྲུག་དེ་ཡང་། དམངས་སུ་འཁྱམས་པ་རང་ངོ་མ་ཤེས་པ་ཙམ་ལ་མུན་ནེ་ཐོམ་མེ་སྡོད་དམ་ཞེ་ན། མི་སྡོད་དེ། ཟས་སུ་ཤ་རྗེན་ཟ། གོས་སུ་རེ་བ་གྱོན། ལག་ཏུ་ཁྱི་གསོད་ཀྱི་བེར་ཀ་ཐོགས་ནས། དམངས་ཕལ་བའི་སྤྱོད་ངན་སྣ་ཚོགས་བྱེད་དོ། །དེ་ལྟར་ཡིན་པར་ཡང་རྒྱས་པའི་དོན་གཉིས་པ་ལས། ཕྱིན་ཅི་ལོག་ལས་འཇོལ་ཉོག་སྤྱོད། །གཟུང་འཛིན་དོན་ལ་ཤིན་ཏུ་ཆགས། །དེ་ནས་འཁོར་བར་རྟག་ཏུ་འཁྱམས། །ཞེས་པ་དང་། ང་གསུམ་པ་ལས། ཆོས་དང་བདག་དང་དངོས་པོ་རྣམས། །ངོ་བོ་ཡོད་ལ་སོགས་བརྟགས་པས། །རྟོག་པ་སྒྱུ་མའི་རླུང་གྱུར་ཏེ། །ཞེས་སོ། །དེ་ལྟར་མ་རིག་པ་གཉིས་ཀྱིས་འགགས་པའི་ལམ་དང་བྲལ་ཞིང་སྡུག་བསྔལ་ཉམས་སུ་མྱོང་བའི་ཉེས་པ་ནི། སྤྱན་འགྲེལ་ལས། རང་བཞིན་དག་པའི་སངས་རྒྱས་དང་། །ཐབས་དང་ལྷན་ཅིག་མི་གནས་པར། །མ་གྲོལ་ཁམས་གསུམ་འཁོར་བའོ། །ཞེས་པ་དང་། འདི་ཉིད་ཀྱི་གསུམ་པ་ལས། མི་མཐུན་བདེ་སྡུག་མྱོང་བར་འགྱུར། །ཞེས་པས་མངོན་ནོ། །དཔེ་རྒྱལ་བུ་དྭ་བུ་དེ་རིགས་མ་ཉམས་པ་རྒྱལ་བུ་ཡིན་པར་སྟོན་པའི་བློན་རྒྱུས་མ་དང་བྲལ་བའམ། རྒྱུས་མེད་ལམ་མཁན་དང་བྲལ་བ་ལྟ་བུའོ། །སྤྱི་དོན་གསུམ་པ་དེ་ལ་ཐམས་ཅད་མཁྱེན་པའི་ཐུགས་རྗེས་གཟིགས་ཚུལ་ནི། འདི་ཉིད་ཀྱི་དགུ་པ་ལས། ལོག་པར་རྟོག་བཏགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་པས་དེ་ལ་ཐུགས་རྗེས་གཟིགས་ཚུལ་གསུམ་དུ་དབྱེ་ན། དབྱིངས་ལས་མི་གཞན་པ་ལས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱ་འདུལ་བྱེད་མ་དམིགས་པར་གཟིགས་ཚུལ་ནི། རྒྱས་པ་ལས། ཐམས་ཅད་མཁྱེན་པའི་ཐུགས་ལྡན་པ། །གཞི་རྩ་མེད་དབྱིངས་སྐད་ཅིག་མ། །མཐའ་དང་དབུས་ཀྱང་བརྟག་ཏུ་མེད། །ཅེས་པ་དང་། འདི་ཉིད་ཀྱི་གསུམ་པ་ལས། ཡང་དག་རྟོགས་པས་རབ་བརྟགས་ན། །རང་བཞིན་མེད་ལས་ཅིར་ཡང་འགྲུབ། །ཅེས་སོ། །ཡེ་ཤེས་ལས་མི་གཞན་པ་ལས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་མ་འགགས་པར་གཟིགས་ཚུལ་ནི། རྒྱས་པ་ལས། མཐོ་དམན་ཀུན་གྱི་གཟུགས་རྣམས་དང་། །བློ་མེད་བྱང་ཆུབ་སྐུར་སྣང་བས། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །སྣ་ཚོགས་ཁ་དོག་དབྱིབས་སུ་སྣང་། །ཞེས་པ་དང་། ཡང་ཤེས་རབ་ཆེན་པོའི་མིག་ལྡན་པས། །མཐོ་དམན་གནས་དང་ལམ་དྲུག་གནས། །སོ་སོའི་དེ་བཞིན་འཁོར་བར་གཟིགས། །ཞེས་སོ། །དབྱིངས་ཡེ་ཤེས་དབྱེར་མེད་དེ་ཇི་ལྟ་ཇི་སྙེད་དབྱེར་མེད་དུ་མཁྱེན་པའི་ཡེ་ཤེས་ཀྱིས་དབྱེར་མེད་དུ་གཟིགས་ཚུལ་ནི། རྒྱས་པ་ལས། རྣམ་པར་རྟོག་པ་མི་མངའ་སྟེ། །དེ་ཡིས་མི་མཁྱེན་གང་ཡང་མེད། །ཅེས་སོ། །དེ་ལྟར་ཐུགས་རྗེས་གཟིགས་ཚུལ་གསུམ་ལ་བརྟག་པ་ཡང་གསུམ་སྟེ། ཡུལ་ཡོད་མེད་དབྱེར་མེད་གསུམ་ལས། དང་པོ་ལྟར་ན། སངས་རྒྱས་ཀྱི་ཡེ་ཤེས་གཟུང་འཛིན་ཅན་དུ་འགྱུར་བའི་སྐྱོན། གཉིས་པ་ལྟར་ན། དབུ་མ་ཡེ་ཤེས་རྒྱུན་ཆད་པ་ལྟར། སངས་རྒྱས་ཀྱི་ཡེ་ཤེས་རྒྱུན་ཆད་པར་འགྱུར་བའི་སྐྱོན། གསུམ་པ་ལྟར་ན། ཐུགས་རྗེ་གང་ལ་གང་གིས་གང་ལྟར་གཟིགས་ཏེ། གཟིགས་པའི་ཐ་སྙད་རང་མི་འཐད་དོ་ཞེ་ན། དེ་ལ་ལན་འདེབས་ལུགས་གཉིས་ཏེ། སྤང་དོག་པ་དང་། ཡང་བའོ། །དང་པོ་ནི། ཐུགས་རྗེའི་ཡུལ་ཡོད་པར་སྒྲོ་མི་འདོགས། མེད་པར་སྐུར་པ་མི་འདེབས། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་གཞོན་ནུ་མ་ལ་པྲ་ཕབ་པ་བཞིན་དུ་རྟོག་མེད་རང་གསལ་དུ་གཟིགས་སོ། །ལན་གཉིས་པ་ནི། ཡུལ་དུའང་གཟིགས་ཏེ། དུས་གསུམ་གྱིས་བསྡུས་པའི་ཁམས་གསུམ་པའི་སེམས་ལས་བྱུང་བ་ཐམས་ཅད། ལག་མཐིལ་གྱི་སྐྱུ་རུ་ར་གཞིན་དུ་གསལ་མཁྱེན་མ་འགགས་པར་སྣང་། ཡུལ་མེད་དུའང་གཟིགས་ཏེ། ཇི་ལྟར་སྣང་ཡང་བདེན་པའི་ངོ་བོས་སྟོང་། དབྱེར་མེད་དུའང་གཟིགས་ཏེ། ཤེས་བྱའི་གཤིས་ལ་ཐུགས་རྗེས་སྐྱེ་བའི་ཡུལ་ཁམས་གསུམ་གྱི་སེམས་ཅན་དང་། སྐྱེ་མཁན་རྣམ་མཁྱེན་གྱི་སངས་རྒྱས་གཉིས་དམིགས་སུ་མེད་པའི་ཕྱིར་རོ། །དམིགས་སུ་མེད་པ་དེ་ཐུགས་རྗེར་ཅི་འགྱུར་ཞེ་ན། ཐུགས་རྗེ་ནི་སྙིང་རྗེའི་ཞེས་པ་ཡིན་ལ། སྙིང་རྗེ་ནི་སྡུག་བསྔལ་ལས་སྐྱོབ་པ་ཞིག་ཡིན་ཏེ། དེ་ཡང་སེམས་ཅན་དང་ཆོས་ལ་དམིགས་པའི་སྙིང་རྗེ་ནི་བྱིས་པའི་སྙིང་རྗེ་ཡིན་ལ། དམིགས་པ་མེད་པའི་སྙིང་རྗེ་ནི་སྙིང་རྗེ་ཆེན་པོ་སྟེ། སྡུག་བསྔལ་མཐའ་དག་ལས་སྐྱོབ་པའི་ཕྱིར་རོ། །དེ་ཡང་རྫོགས་པ་ཆེན་པོ་སྒོམ་པ་དོན་དྲུག་པ་ལས། སངས་རྒྱས་སེམས་ཅན་གཉིས་སུ་མེད་རྟོགས་ན། །ཐུགས་རྗེ་ཆེན་པོར་སྐྱེས་ཞེས་དེ་ལ་བྱ། །ཞེས་གསུངས་པས་མངོན་ནོ། །དེ་ལྟར་ཡིན་པ་ཀས་ཐུགས་རྗེས་གཟིགས་པའམ་སྐྱེས་པའི་ཐ་སྙད་མི་འགྲུབ་བོ་ཞེ་ན། མ་ཡིན་ཏེ། དངོས་པོའི་གཤིས་ལ་སངས་རྒྱས་དང་སེམས་ཅན་མ་དམིགས་པ་ལས་མ་དམིགས་པ་ལྟར་གཟིགས་ཤིང་། དེ་ལྟར་མ་ཤེས་པས་ཟག་པ་བཞིའི་རྒྱ་ལ་འཐུམ་པ་རྣམས་གྲོལ་བར་བྱེད་པའི་ཐབས་ཀྱང་ཡིན་ཏེ། དཔེར་ན་སྐྱེས་བུ་མངོན་ཤེས་ཅན་ཞིག་གི་དྲུང་ན། སྐྱེས་བུ་གཞན་ཞིག་གཉིད་དུ་སོང་བའི་རྨི་ལམ་དུ། རྣག་མཛེ་རབ་ཏུ་འབར་བས་ལུས་སེམས་སྡུག་བསྔལ་བར་གྱུར་པ་ལ། སྐྱེས་བུ་མངོན་ཤེས་ཅན་དེའི་ཐུགས་ཡུལ་ལ། གཉིད་དུ་སོང་བའི་སྐྱེས་བུ་དེ་ལ་མཛེ་མ་བྱུང་བ་ཡང་མཁྱེན། མཛེ་མ་བྱུང་བཞིན་དུ་ཁོ་མཛེ་ནད་བྱུང་བའི་སྣང་བས་ཉམ་ཐག་པ་ཡང་མཁྱེན། དེ་ལས་གྲོལ་བར་བྱེད་པའི་ཐབས་གཉིད་སད་པར་བྱེད་པ་ཡང་མཁྱེན་པ་བཞིན་ནོ། །ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །ཚུལ་འདི་དག་མ་གོ་བ་ཁ་ཅིག །སངས་རྒྱས་ཀྱི་ཡེ་ཤེས་དང་། སེམས་ཅན་གྱི་འཁྲུག་རྟོག་ལ་ལྷན་ཅིག་དམིགས་ངེས་ཞུགས་མ་ཞུགས་ཀྱི་བརྟག་པ་བྱེད་དོ། །གྱི་ནའི་བརྒལ་ལན་དུ་རིག་པར་བྱའོ། །སྤྱི་དོན་བཞི་པ་དེ་ལྟར་གཟིགས་ནས་ཐུགས་རྗེ་སྐྱེད་ཚུལ་ནི། རེ་ཞིག་སློབ་དཔོན་བི་མ་ལའི་དགོངས་པ་ལྟར་བཞི་རུ་དབྱེ་ན། རིམ་གསུམ་ལས། རྟག་རྒྱུན་རང་བཞིན་ཤུགས་གསོལ་དང་། །ཡུལ་དང་འཕྲད་ནས་འབྱུང་བར་སྣང་། །ཞེས་པས་དང་པོ་རྟག་པ་རྒྱུན་གྱི་ཐུགས་རྗེ་སྐྱེ་ཚུལ་ཆུ་བོ་ཆེན་པོའི་གཞུང་ལྟ་བུ་ནི། དཔེར་ན་ཆུ་བོ་ཆེན་པོའི་གཞུང་དབྱར་དགུན་དང་། སྟོན་དཔྱིད་མེད་པར་བྲེང་ངེ་འབྱུང་བ་ལྟར། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆེན་པོ་རྣམས་ཀྱི་ཐུགས་རྗེ་སྐྱེ་བ་ནི་རྒྱུན་ཆད་མེད་དེ། དེ་ཡང་ལེའུ་དང་པོའི་བསྡུ་བ་ལས། ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང་། །ཞེས་སོ། །གཉིས་པ་རང་བཞིན་ཤུགས་ཀྱི་ཐུགས་རྗེ་སྐྱེ་ཚུལ་ཉི་མའི་འོད་ཟེར་ལྟ་བུ་ནི། དཔེར་ན་ཉི་མ་ནམ་མཁའི་མཐོངས་སུ་ཤར་བས་འོད་ཟེར་དྲོ་འཇམ་རྩོལ་མེད་དུ་ངང་ངམ་ཤུགས་ཀྱིས་འབྱུང་བ་བཞིན་དུ། རྒྱལ་བའི་ཐུགས་རྗེ་ལ་རྩོལ་རྟོག་དང་སྐྱོ་དུབ་མེད་པར་ངང་ངམ་ཤུགས་ཀྱིས་འབྱུང་བའོ། །དེ་ཡང་བཅུ་གསུམ་པ་ལས། ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱི་འབྱུང་། །ཞེས་སོ། །གསུམ་པ་བསྐུལ་ཞིང་གསོལ་བ་བཏབ་པའི་རྐྱེན་གྱི་ཐུགས་རྗེ་སྐྱེ་ཚུལ་སྡུག་འབོད་སློང་བ་ལ་སྟེར་བ་ལྟ་བུ་ནི། དཔེར་ན་སློང་མོ་བ་རྣམས་ཀྱི་སྨྲེ་སྔགས་ཀྱི་འོ་དོད་འབོད་པས་ཕམ་ཕབ་བསྡུས་ནས་སྟེར་བ་བཞིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ཡང་བསྐུལ་ཞིང་གསོལ་བ་བཏབ་པ་ན། ཐུགས་རྗེ་ཁྱད་པར་ཅན་སྐྱེ་སྟེ། དེ་ཡང་ལེའུ་གཉིས་པར། ལྷན་ཅིག་པའི་འཁོར་གྱི་རྟོགས་ནའང་། མ་འོངས་པའི་དོན་དུ་རྒྱུད་གསུང་བར་ཞུས་པ། ཨེ་མ་ཡེ་ནས་གསང་བའི་ཆོས། །ཞེས་པ་ཚིག་བཞིའོ། །སྟོན་པས་ལན་གནང་བ་ནི། ཨེ་མ་བདེ་གཤེགས་སྙིང་པོ་ལས། ཞེས་པ་ནས། བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་པའི་བར་གྱིས། འདི་ཉིད་དངོས་སུ་ཉན་པའི་སྐལ་བ་ཡོད་པ་རྣམས་ལ་དགྱེས་པ་ཚུལ་དྲུག་གི་སྒོ་ནས་གསུངས། ཉན་པའི་སྐལ་བ་མེད་པ་རྣམས་ལ། ལམ་སྟེགས་ཀྱི་སྟོན་པ་ཐུབ་པ་དྲུག་ཏུ་སྤྲུལ་ནས་གསུངས་པ་ཡིན་སྐད། བཞི་པ་ཡུལ་དང་འཕྲད་པའི་རྐྱེན་གྱི་ཐུགས་རྗེ་སྐྱེ་ཚུལ། ལོང་སྤྲང་གི་སྨྲེ་སྔགས་བཏོན་པ་བས་ཀྱང་། མཛེ་ནད་གདུག་པ་ཅན་གྱིས་ཟིན་པའི་མཛེ་ཕོ་ལ་ལྷག་པར་སྟེར་བ་ལྟ་བུ་ནི། དཔེར་ན་སྤྱིར་སྡུག་ཡོངས་ཐམས་ཅད་སྙིང་རྗེའི་ཡུལ་ཡིན་ཡང་། ཁྱད་པར་དུ་མཛེ་ཕོ་རྐང་ཆད་ལག་རྡུམ་དང་ཕྲད་ན་བཟོད་ཐབས་མེད་པའི་སྙིང་རྗེ་སྐྱེ་བ་བཞིན། སྤྱིར་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ཐུགས་རྗེའི་ཡུལ་ཡིན་ཡང་། ཁྱད་པར་དུ་རུ་དྲ་ཐར་པ་ནག་པོ་ལྟ་བུ་ཉོན་མོངས་པ་དུག་གསུམ་རགས་པར་སྨིན་པ་ལ་ཐུགས་རྗེ་ཁྱད་པར་ཅན་སྐྱེ་བ་ཡིན་ཏེ། འདི་ཉིད་ཀྱི་བཅོ་ལྔ་པ་ལས། དེ་སྔོན་བསྟེན་པའི་སྟོབས་ཀྱི་ཐམས་ཅད་མཁྱེན་པས་གཟིགས་ནས་ཐུགས་རྗེས་འདུལ་བར་གྱུར་ཏོ། །ཞེས་སོ། །སྤྱི་དོན་ལྔ་པ་ཐུགས་རྗེ་སྐྱེས་ནས་འགྲོ་བའི་དོན་མཛད་ཚུལ་ནི། རྗེ་འཁུན་ཕུ་བའི་བཞེད་ཀྱིས། སྤྱིར་ཐེག་པ་ལྔས་དོན་མཛད་ཚུལ་དང་། ཁྱད་པར་དུ་གསུང་གསང་བའི་བསྟན་པ་རྒྱུད་འདི་ཉིད་ཀྱིས་དོན་མཛད་ཚུལ་གཉིས་ལས། ཐེག་པ་ལྔས་དོན་མཛད་པ་ལ་སྐོལ་མོད་ལྔ་པ་སྦྱོར་ལ། ཁྱད་པར་རྒྱུད་འདི་ཉིད་ཀྱིས་དོན་མཛད་ཚུལ་བཞི་རུ་བཞེད་ཀྱང་། རྗེ་སྒྲུབ་ཕུག་པའི་བཞེད་ཀྱིས་སྤྱིར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་དོན་མཛད་པ་དང་། ཁྱད་པར་དུ་གསུང་གསང་བའི་བསྟན་པ་རྒྱུད་འདི་ཉིད་ཀྱིས་དོན་མཛད་པ་གཉིས་སུ་བཞེད་དོ། །དང་པོ་ནི་རྒྱས་པའི་ལེའུ་དོན་གཉིས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །འགྲོ་བའི་ཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །གདུལ་བྱ་རྣམས་ནི་ཆུད་མ་ཟོས། །ངན་སོང་སྦྱོང་ཞིང་བྱང་ཆུབ་ཞིང་། །ཡེ་ཤེས་ཚོགས་རྫོགས་ཀུན་ཏུ་སྟོན། །ཞེས་པས་མངོན་ནོ། །ཁྱད་པར་དུ་གསང་བའི་བསྟན་པ་རྒྱུད་འདི་ཉིད་ཀྱིས་དོན་མཛད་པ་ལ་གཉིས་ཏེ། འདིའི་བྱིན་རླབས་ཀྱི་དོན་མཛད་པ་དང་། འདི་ཉིད་དངོས་ཀྱི་དོན་མཛད་པའོ། །དང་པོ་འདི་ཉིད་ཀྱི་ལེའུ་གསུམ་པ་ལས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་ཞེས་བྱ་བའི་རིག་པའི་སྐྱེ་བུ་ཐུབ་པ་དྲུག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །ཞེས་པས་རྒྱུད་འདི་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་རྗེའི་བྱིན་རླབས་ལས་ཐུབ་པ་དྲུག་འཕྲོས་ཏེ། སྐུ་དང་། ཐུགས་དང་། བསམ་གྱིས་མི་ཁྱབ་པ་དང་། གསུང་དང་བཞིས་དོན་མཛད་པ་སྟེ། དེ་ཡང་སྐུས་དོན་མཛད་པ་ནི། འདི་ཉིད་ཀྱི་གསུམ་པ་ལས། བལྟམས་པ་དང་། རབ་ཏུ་བྱུང་བ་དང་། དཀའ་ཐུབ་མཛད་པ་དང་། ཞེས་པ་ནས། སྟོན་པའི་ཐུབ་པ་ཞེས་པའི་བར་གྱིས་སྟོན། །ཐུགས་ཀྱི་མཛད་པ་ཡང་འདི་ཉིད་ལས། དུས་བཞི་ཀུན་ཏུ་མཁྱེན་པ་དང་། །ཞེས་པ་དང་། མངོན་པར་ཤེས་པ་ཆེན་པོ་དྲུག་དང་། ཞེས་པའི་བར་གྱིས་སྟོན། བསམ་གྱིས་མི་ཁྱབ་པའི་མཛད་པ་ནི། འདི་ཉིད་ལས། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཞེས་པ་ནས། བསམ་གྱིས་མི་ཁྱབ་པ་གྲངས་མེད་པ་ཕྱོགས་བཅུར་སྣང་བར་གྱུར་ཏོ། །ཞེས་པའི་བར་གྱིས་སྟོན་ནོ། །གསུང་གི་མཛད་པ་ལ་གསུམ་སྟེ། ཐེག་པའི་རྐང་གྲངས་དང་། ཉོན་མོངས་པ་དང་། ཐབས་སམ་གཉེན་པོ་ལ་དགོངས་ཏེ་གསུངས་པའོ། །དང་པོ་ནི་འདི་ཉིད་ཀྱི་གསུམ་པ་ལས། ཐམས་ཅད་ཀྱང་འདི་ལྟ་སྟེ། ཞེས་པ་ནས། བླ་ན་མེད་པའི་ཐེག་པ་ཞེས་པའི་བར་གྱིས་སྟོན་ནོ། །འདི་ལ། སྤྱིར་ཐེག་པའི་གོ་བའམ། མཚན་ཉིད་ཇི་ལྟ་བུ་ཞེ་ན། འོག་ནས་གོང་དུ་འདེགས་པར་བྱེད་པའི་དོན་གྱིས་ན་ཐེག་པ་ཞེས་པའམ། ས་ལམ་ལས་གཞན་པའི་རྟོགས་པས་མྱང་འདས་ཀྱི་ཁུང་འཁྱེར་བའི་དོན་གྱིས་ན་ཐེག་པ་ཞེས་བྱའོ། །དེ་ལྟ་བུའི་ཐེག་པ་ལ་རྣམ་གྲངས་ངེས་པའི་ཇི་ལྟ་བུ་ཡོད་སྙམ་ན། གདུལ་བྱའི་བློའི་རིམ་པའི་དབང་དུ། ཐེག་པའི་རྣམ་གྲངས་ཀྱང་མ་ངེས་པར་སྣང་སྟེ། ཐེག་པ་རིམ་པ་དགུ་དང་། ལྔ་དང་། གསུམ་དང་། གཉིས་དང་། གཅིག་དང་། བསམ་གྱིས་མི་ཁྱབ་པ་ལ་སོགས་པར་སྣང་ཡང་། སྐབས་འདིར་ཐེག་པའི་གྲངས་ཇི་ལྟར་ངེས་ན། ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས། ཞེས་པས། གསུང་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་བསྡུ་ན་འོག་ནས་འབྱུང་བ་འདི་ལྟ་སྟེ། གདུལ་བྱའི་བློ་དང་མོས་པ་ཐ་དད་པ་འདུལ་བའི་དབང་གིས་ཐེག་པའི་རྣམ་གྲངས་ཀྱང་ལྔར་སྣང་བའོ། །དེ་ཡང་ལྷ་དང་མིའི་ཐེག་པ་དང་། ཞེས་པ་འདི་ལ། སྒྱུ་འཕྲུལ་རྒྱས་པའི་ལེའུ་ལྔ་པ་རིགས་ཀྱང་སོ་སོར་དབྱེ་བ་ལས། དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ། །ཚངས་གནས་ལ་སོགས་སྐྱེ་བའི་རྒྱུ་ཡིན་ནོ། །ཞེས་པས་ལྷ་ཞེས་པ་དང་། མི་ཞེས་པའི་མིང་ནི་འདོད་རྒྱལ་ཏེ། འཇུག་པའི་སྒོ་མི་དགེ་བཅུ་སྤོང་པའི་སྒོ་ནས་འཇུག །སྤྱད་བྱ་དགེ་བ་བཅུ་དང་དུ་ལེན་ཞིང་སྤྱོད། རྟོག་པའི་ལྟ་བ་ལས་རྒྱུ་འབྲས་ཀྱི་མི་བསླུ་བར་རྟོགས། བསྒོམ་བྱའི་ཏིང་ངེ་འཛིན་ཚད་མེད་བཞི་དང་། སྙོམས་འཇུག་བརྒྱད་བསྒོམ། དེ་ལྟར་བསྒོམས་པས་འབྲས་བུ་ལྷ་དང་མིའི་གནས་རིགས། འདོད་ཁམས་ཀྱི་མཐོ་རིས་གནས་བཅུ་དང་། ཁམས་གོང་མ་གཉིས་ཀྱི་སྟོད་རིགས་སུ་འདེགས་པར་བྱེད་པའམ་ཐོབ་པར་བྱེད་པའི་དོན་གྱིས་ན་ལྷ་དང་མིའི་ཐེག་པ་དང་། དེ་ལྟར་འབྲས་བུ་ཐོབ་པ་ལྟར་དུ་སྣང་ནས་དོན་མཛད་པ་ཡང་། རྒྱུད་འདི་ཉིད་ཀྱི་བྱིན་རླབས་ཀྱི་ཤུགས་ལས་སྣང་བའོ། །དེ་ལྟར་ན་ལྷ་དང་མིའི་ཐེག་པ་འདི། ཐེག་པ་མཚན་ཉིད་པ་ཡིན་ནམ་ཞེ་ན། འདས་པའི་ཐེག་པ་མཚན་ཉིད་པ་མ་ཡིན་ཏེ། གཏན་ཚིགས་ནི་ལམ་རིམ་ལས། བཞི་ཡི་ཐེག་པ་དང་པོར་ཞོག །ཅེས་པས་ངེས་འབྱུང་བཞིའི་ཐེག་པ་ལ། དང་པོ་ལྷ་མིའི་ཐེག་པ་ནི། འདས་པའི་ཐེག་པ་རྣམས་འབྱུང་བའི་གཞིའམ། རྒྱུ་ཡིན་པར་ཞོག་ཅིག་ཅེས་པས། འདིའི་འབྲས་བུ་ལྷ་མིའི་སྟོད་རིགས་ནས། འདས་པའི་ཐེག་པ་མཚན་ཉིད་པ། ཉན་ཐོས་ཀྱི་ཐེག་པ་ལ་སོགས་པའི་ཐེག་པ་རིམ་པ་དགུར་འཇུག་པའི་ཕྱིར་རོ། །དེ་ཡང་ཐེག་པ་རིམ་པ་དགུ་ནི། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་ནི། ཕྱི་མཚན་ཉིད་ཀྱི་ཐེག་པ་སྡེ་གསུམ་མོ། །ཀྲྀ་ཡ་དང་། ཨུ་པ་དང་། ཡོ་གའི་ཐེག་པ་གསུམ་ནི། སྔགས་ཕྱི་རྒྱུད་ཀྱི་ཐེག་པ་གསུམ་མོ། །མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་ག་དང་། ཨ་ཏི་ཡོ་གའི་ཐེག་པ་གསུམ་ནི། སྔགས་ནང་རྒྱུད་ཀྱི་ཐེག་པ་གསུམ་མོ། །ཉན་ཐོས་ཀྱི་ཐེག་པ་དང་། ཞེས་པ་ནི། རྒྱས་པ་ལས། བདེན་བཞིའི་དོན་རྟོགས་རབ་ཏུ་སྤོང་བ་ཡི། །ཡེ་ཤེས་བཅུ་དྲུག་ཆ་སྦྱང་རབ་ཞི་བ། །རྒྱུན་ཞུགས་ལ་སོགས་རིམ་པར་སྦྱངས་ནས་ནི། །ཉོན་མོངས་དགྲ་རྣམས་འཇོམས་པའི་ས་རུ་འགྲོ། །ཞེས་པས་ཉན་ཐོས་ཀྱི་སྒྲ་དོན་ནམ་ངེས་ཚིག་ནི། གཞན་བརྟེན་ཐོས་སྒྲོག་ཅེས་པ་སྟེ། སློབ་དཔོན་གཞན་ལ་བརྟེན་ཅིང་། དེ་ལས་ཐོས་པའི་དོན་གཞན་ལ་སྒྲོག་པའི་ཕྱིར་ཉན་ཐོས་ཞེས་བྱའོ། །འཇུག་པའི་སྒོ་འཕགས་པའི་བདེན་པ་བཞིའི་སྒོ་ནས་འཇུག །སྤྱད་བྱའི་ཚུལ་ཁྲིམས་སོ་སོར་ཐར་པ་རིགས་བརྒྱད་ཀྱི་བསྲུང་བྱའམ། ཁྱད་པར་དུ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རང་དོན་དུ་སྤྱོད། རྟོགས་པའི་ལྟ་བ་གང་ཟག་གི་བདག་རང་བཞིན་མེད་པར་རྟོགས། བསྒོམ་བྱའི་ཏིང་ངེ་འཛིན་བདེན་པ་བཞི་པོ་རེ་རེ་ཡང་། ཆོས་ཤེས་ཆོས་བཟོད་གཉིས་རྗེས་ཤེས་རྗེས་བཟོད་གཉིས་ཏེ་ཡེ་ཤེས་བཅུ་དྲུག་རིམ་པ་བཞིན་བསྒོམ། དེ་ལྟར་བསྒོམས་པས་གནས་སྐབས་ཀྱི་འབྲས་བུ་རྒྱུན་ཞུགས་དང་། ལན་ཅིག་ཕྱིར་འོང་མི་འོང་གཉིས་མཐར་ཐུག་རྒྱན་བཅས་དང་རྒྱན་མེད་ཀྱི་དགྲ་བཅོམ་པ་སྟེ། ལྷག་བཅས་དང་ལྷག་མེད་ཀྱི་མྱང་འདས་ཀྱི་གནས་སུ་འདེགས་པར་བྱེད་པའམ་ཐོབ་པར་བྱེད་པའི་དོན་གྱིས་ན་ཉན་ཐོས་ཀྱི་ཐེག་པ་དང་། དེ་ལྟར་འབྲས་བུ་ཐོབ་པ་ལྟར་དུ་སྣང་ནས་དོན་མཛད་པ་ཡང་རྒྱུད་འདི་ཉིད་ཀྱི་བྱིན་རླབས་ཀྱི་ཤུགས་ལ་སྣང་བའོ། །རང་བྱང་ཆུབ་ཀྱི་ཐེག་པ་དང་། ཞེས་པ་ནི། ཕྱི་ནང་རྟེན་འབྲེལ་སྒྱུ་མ་མིག་ཡོར་ཚུལ་ཤེས་ཤིང་། །དངོས་པོའི་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག །དགེ་བཤེས་མི་སློབ་རང་གི་རིག་པས་རྟོགས། །བྱང་ཆུབ་ས་བགྲོད་ཡིད་བཞིན་བདེན་བ་མཆོག །ཅེས་པས་རང་བྱང་ཆུབ་ཀྱི་སྒྲ་དོན་ནམ་ངེས་ཚིག་ནི། སྦྱོར་ལམ་བཟོད་པ་འབྲིང་པོ་ནས་རིགས་བྱ་སྟེ། རང་གི་འབྲས་བུ་མ་ཐོབ་ཀྱི་བར་དུ་རྐྱེན་སློབ་དཔོན་གཞན་ལ་མི་ལྟོས་པར་རང་གི་ཤེས་རབ་ཀྱིས་དུར་ཁྲོད་ཀྱི་ཀེང་རུས་ལ་བརྟགས་ནས་མ་རིག་པ་བཀག་པས། རང་གི་བྱང་ཆུབ་རང་གིས་ཐོབ་པར་འདོད་པས་རང་བྱང་ཆུབ་ཅེས་པའམ། སློབ་དཔོན་གྱི་ལུང་མེད་པར་བདག་ཉིད་གཅིག་པུའི་ཕྱིར་སངས་རྒྱས་པས་ན་རང་སངས་རྒྱས་ཞེས་བྱའོ། །འཇུག་པའི་སྒོ་རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་འཇུག །སྤྱད་བྱའི་ཚུལ་ཁྲིམས་ཁྲིམས་ཉིས་བརྒྱ་ལྔ་བཅུ་རང་དོན་དུ་སྤྱོད་པ་ཉན་ཐོས་དང་མཚུངས་ལ། ཁྱད་པར་དུ་ཐེག་པ་ཆེན་པོ་མེད་པའི་སར། རྫུ་འཕྲུལ་ཡ་མ་ཟུང་གི་སྒོ་ནས་གཞན་དོན་ཤས་འགའ་སྤྱོད། རྟོགས་པའི་ལྟ་བ་བདག་མེད་པ་ཕྱེད་དང་གཉིས་རང་བཞིན་མེད་པར་རྟོགས། བསྒོམ་བྱའི་ཏིང་ངེ་འཛིན་ནི་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་བཀག་ནས་ལུགས་ལྡོག་སྟོང་པ་བཅུ་གཉིས་ཁྲིགས་ཆགས་སུ་བསྒོམ། དེ་ལྟར་བསྒོམས་པའི་འབྲས་བུ་བསེ་རུ་ལྟ་བུ་གཅིག་པུར་གནས་པའམ། ཚོགས་ན་སྤྱོད་པ་ནེ་ཙོ་ལྟ་བུར་ཁྱུ་ལྡིང་བས་མཐར་ཐུག་གི་དགྲ་བཅོམ་པ་ཡིད་བཞིན་བདེ་བ་མཆོག་གི་སར་འདེགས་པར་བྱེད་པའམ་ཐོབ་པར་བྱེད་པའི་དོན་གྱིས་ན་རང་བྱང་ཆུབ་ཀྱི་ཐེག་པ་དང་། དེ་ལྟར་འབྲས་བུ་ཐོབ་པ་ལྟར་དུ་སྣང་ནས་དོན་མཛད་པ་ཡང་རྒྱུད་འདི་ཉིད་ཀྱི་ཤུགས་ལས་སྣང་བའོ། །བྱང་ཆུབ་སེམས་དཔའི་ཐེག་པ་དང་། ཞེས་པ་ནི། བདག་མེད་གཉིས་རྟོགས་ཕ་རོལ་ཕྱིན་རྫོགས་པའི། །ས་བཅུ་རིམ་གྱིས་བགྲོད་པའི་རྣལ་འབྱོར་པས། །སངས་རྒྱས་ས་བགྲོད་གོ་འཕང་ཐོབ་པའི་ལམ། །བདེན་པ་གཉིས་ཀྱིས་རབ་ཏུ་ཐོབ་པར་འགྱུར། །ཞེས་པས་བྱང་ཆུབ་སེམས་དཔའི་སྒྲ་དོན་ནམ་ངེས་ཚིག་ནི། བདག་དོན་དུ་བྱང་ཆུབ་པ་གཞན་དོན་ལ་སེམས་དཔས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །འཇུག་པའི་སྒོ་བདེན་པ་གཉིས་སམ་སྨོན་འཇུག་གཉིས་ཀྱི་སྒོ་ནས་འཇུག །སྤྱད་བྱའི་ཚུལ་ཁྲིམས་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་གཞན་དོན་འབའ་ཞིག་ཏུ་སྤྱོད། རྟོགས་པའི་ལྟ་བ་གང་ཟག་དང་ཆོས་ཀྱི་བདག་གཉིས་རང་བཞིན་མེད་པར་རྟོག །བསྒོམ་བྱའི་ཏིང་ངེ་འཛིན་ནི། ས་བཅུ་རིམ་གྱིས་སྤྲོས་བྲལ་དུ་བསྒོམས་པས་སྒྲིབ་གཉིས་བག་ཆག་དང་བཅས་པ་སྤོང་ལ། དེ་ལྟར་བསྒོམས་པའི་གནས་སྐབས་ཀྱི་འབྲས་བུ་ས་བཅུ་རིམ་གྱི་བགྲོད། མཐར་ཐུག་གི་འབྲས་བུ་བཅུ་གཅིག་ཀུན་ཏུ་འོད་ཀྱི་སར་འདེགས་པར་བྱེད་པའམ་ཐོབ་པར་བྱེད་པའི་དོན་གྱིས་ན་བྱང་ཆུབ་སེམས་དཔའི་ཐེག་པ་དང་། དེ་ལྟར་འབྲས་བུ་ཐོབ་པ་ལྟར་དུ་སྣང་ནས་དོན་མཛད་པ་ཡང་རྒྱུད་འདི་ཉིད་ཀྱི་བྱིན་རླབས་ཀྱི་ཤུགས་ལས་སྣང་བའོ། །བླ་ན་མེད་པ་སྔགས་ཀྱི་ཐེག་པས་ཞེས་པ་ནི། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་པས་བླ་ན་མེད་པ་སྔགས་ཀྱི་ཐེག་པའི་སྒྲ་དོན་ནམ་ངེས་ཚིག་ནི། གོང་གི་ཐེག་པ་དེ་དག་ལས་ཀྱང་ལྟ་སྒོམ་སྤྱོད་འབྲས་མཆོག་ཏུ་གྱུར་པས་ན། བླ་ན་མེད་པའི་མཆོག་ཏུ་གྱུར་པ་སྔགས་ཀྱི་ཐེག་པ་སྟེ། དེ་ལ་ཡང་ཕྱེ་ན། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པའོ། །དང་པོ་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ལ་གསུམ་ལས། དང་པོ་བྱ་བའི་རྒྱུད་ཀྲི་ཡའི་ཐེག་པ་ནི། འཇུག་པའི་སྒོ་ཁྲུས་དང་གཙང་སྦྲའི་སྒོ་ནས་འཇུག །སྤྱད་བྱའི་རྫས་དཀར་གསུམ་མངར་གསུམ་ལ་སྤྱོད། རྟོགས་པའི་ལྟ་བ་སེམས་དག་པའི་མཐའ་བཞི་དྲི་མ་དང་བྲལ་བར་རྟོགས། བསྒོམ་བྱའི་ཏིང་ངེ་འཛིན་ནི་མཚན་བཅས་ལྷ་ཡེ་ཤེས་སེམས་དཔའ་རྗེ་བོ་དང་། བདག་དམ་ཚིག་སེམ་དཔའ་ཁོལ་པོའི་ཚུལ་གྱིས་མཆོད་པ་ཕར་འབུལ་ཞིང་དངོས་གྲུབ་ཚུར་ཞུ་བ་དང་། མཚན་མ་མེད་པ་བདེན་པ་གཉིས་རེས་མོས་སུ་སྒོམ། དེ་ལྟར་བསྒོམ་པའི་འབྲས་བུ་རིགས་གསུམ་རྡོ་རྗེ་འཛིན་པའི་སར་འདེགས་པར་བྱེད་པའམ་ཐོབ་པར་བྱེད་པའི་དོན་གྱིས་ན་ཀྲི་ཡའི་ཐེག་པ་དང་། གཉིས་པ་སྤྱོད་པའི་རྒྱུད་ཨུ་པ་ཡའི་ཐེག་པ་ནི། འཇུག་དང་སྤྱོད་པ་བྱ་བའི་རྒྱུད་དང་མཐུན། ལྟ་བ་དང་སྒོམ་པ་རྣལ་འབྱོར་གྱི་རྒྱུད་དང་མཐུན། དེ་ལྟར་བསྒོམས་པའི་འབྲས་བུ་རིགས་བཞི་རྡོ་རྗེ་འཆང་གི་སར་འདེགས་པར་བྱེད་པའམ་ཐོབ་པར་བྱེད་པའི་དོན་གྱིས་ན་ཨུ་པ་ཡའི་ཐེག་པ་དང་། གསུམ་པ་རྣལ་འབྱོར་གྱི་རྒྱུད་ཡོ་གའི་ཐེག་པ་ནི། འཇུག་པའི་སྒོ་ཏིང་ངེ་འཛིན་གྱི་སྒོ་ནས་འཇུག །སྤྱད་བྱའི་དམ་རྫས་ཁ་ཡར་ལ་སྤྱོད། རྟོགས་པའི་ལྟ་བ་སེམས་རང་རིག་རང་གསལ་དག་པ་ལྷ་སོ་བདུན་གྱི་རང་བཞིན་དུ་རྟོགས། བསྒོམ་བྱའི་ཏིང་ངེ་འཛིན་མཚན་བཅས་ལྷ་ཡེ་ཤེས་སེམས་དཔའ་དང་། བདག་དམ་ཚིག་སེམས་དཔའ་གྲོགས་པོའམ་མཉམ་པོའི་ཚུལ་དུ་བསྒོམས་ནས། སྐྱེས་དང་སྐྱེས་ལན་གྱི་ཚུལ་དུ་ཕན་ཚུན་མཆོད་པ་མཉམ་པོར་འབུལ་བ་དང་། མཚན་མ་མེད་པའི་བདེན་པ་གཉིས་མགོ་མཉམ་དུ་བསྒོམ། དེ་ལྟར་བསྒོམ་པའི་འབྲས་བུ་རིགས་ལྔ་སྟུག་པོ་བཀོད་པའི་སར་འདེགས་པར་བྱེད་པའམ་ཐོབ་པར་བྱེད་པའི་དོན་གྱིས་ན་ཡོ་གའི་ཐེག་པ་དང་། དེ་ལྟར་འབྲས་བུ་ཐོབ་པ་ལྟར་དུ་སྣང་ནས་དོན་མཛད་པ་ཡང་། རྒྱུད་འདི་ཉིད་ཀྱི་བྱིན་རླབས་ཀྱི་ཤུགས་ལས་སྣང་བའོ། །གཉིས་པ་ནང་པ་ཐབས་ཀྱི་རྒྱུད་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཀྱི་ཐེག་པ་ལ་ཡང་། བསྐྱེད་པ་མ་ཧཱ་ཡོ་ག །རྫོགས་པ་ཨ་ནུ་ཡོ་ག །བསྐྱེད་རྫོགས་གཉིས་སུ་མེད་པར་སྟོན་པ་ཨ་ཏི་ཡོ་གའི་ཐེག་པ་དང་གསུམ་དུ་སྟོན་པ་ལས། ནང་པ་མ་ཧཱ་ཡོ་གའི་སྐོལ་མདོ་ན། གཞུང་ཧྲིལ་པོ་ཡིན་པས་སྦྱར་མི་དགོས་གསུང་ཡང་། མ་སྦྱར་ན་ངོས་མི་ཟིན་པས། མ་ཧཱ་ཡོ་ག་ནི། འཇུག་པའི་སྒོ་ཐབས་ཤེས་གཉིས་ཀྱི་སྒོ་ནས་འཇུག །སྤྱད་བྱའི་རྫས་དམ་རྫས་བདུད་རྩི་ལྔ་ལ་འཇོལ་ཉོག་ཏུ་སྤྱོད། རྟོགས་པའི་ལྟ་བ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་རྟོགས། བསྒོམ་བྱའི་ཏིང་ངེ་འཛིན་ལྷ་དང་རྟོགས་པ་དབྱེར་མེད་དུ་བསྒོམ། དེ་ལྟར་བསྒོམས་པའི་འབྲས་བུ་པདྨ་ཅན་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་འདེགས་པར་བྱེད་པའི་དོན་གྱིས་ན་བསྐྱེད་རིམ་གཙོ་ཆེ་བར་སྟོན་པ་མ་ཧཱ་ཡོ་གའི་ཐེག་པ་དང་། དེ་ལས་ཀྱང་རྫོགས་རིམ་གཙོ་ཆེ་བར་སྟོན་པ་ཨ་ནུ་ཡོ་གའི་ཐེག་པ་དང་། དེ་ལས་ཀྱང་གཉིས་སུ་འཛིན་པའི་རྩོལ་བ་དང་བྲལ་ནས་བསྐྱེད་རྫོགས་གཉིས་སུ་མེད་པར་སྟོན་པ་ཨ་ཏི་ཡོ་གའི་ཐེག་པའོ། །དེ་ལྟར་འབྲས་བུ་ཐོབ་པ་ལྟར་དུ་སྣང་ནས་དོན་མཛད་པ་ཡང་། རྒྱུད་འདི་ཉིད་ཀྱི་བྱིན་རླབས་ཀྱི་ཤུགས་ལས་སྣང་བའོ། །གཉིས་པ་ཉོན་མོངས་པ་ལ་དགོངས་ཏེ་གསུངས་པ་ནི། འདི་ཉིད་ཀྱི་གསུམ་པ་ལས། མ་རིག་པའི་རྣམ་པར་རྟོག་པ་ཞེས་པ་ནས། གསུང་བར་འགྱུར་རོ། །ཞེས་པའི་བར་ཏེ། རྒྱས་པར་བསྟན་པ་དང་། ཐེག་པ་ཇི་ལྟར་གསུངས་པའི་སྐབས་སུ་བཤད་པར་བྱའོ། །གསུམ་པ་ཐབས་སམ་གཉེན་པོ་ལ་དགོངས་ཏེ་གསུངས་པ་ནི། གསུམ་པ་ལས། དེ་དག་ཐམས་ཅད་ཀྱང་ཞེས་པ་ནས། མཐར་ཐུག་གོ་ཞེས་པའི་བར་ཏེ། རྒྱས་པར་གཞུང་བཤད་ཀྱི་སྐབས་སུ་ཤེས་པར་བྱའོ། །ཁྱད་པར་དུ་གསུང་གསང་བའི་བསྟན་པ་རྒྱུད་འདི་ཉིད་དངོས་ཀྱི་དོན་མཛད་པ་ལ་བཞི་སྟེ། རྒྱུད་འདི་ཉིད་ཇི་ལྟར་བྱུང་ཚུལ་གྱི་རྒྱུད་ལུང་བསྟན་པ་དང་། དེ་ལྟར་རྒྱལ་བ་རིག་འཛིན་གང་ཟག་རྣམ་རིམ་པ་བཞིན་བརྒྱུད་པའི་རྒྱུད་སྡེ་ཟབ་མོ་འདི་ཉིད་ཆེ་བ་བརྒྱད་དང་ལྡན་ཚུལ་བསྟན་པ་དང་། ཆེ་བ་བརྒྱད་ལྡན་གྱི་རྒྱུད་འདི་ཉིད་གང་ཟག་ཕལ་གྱི་ཡུལ་མ་ཡིན་ཞིང་། དབང་པོ་ཡང་རབ་ཀྱི་སྤྱོད་ཡུལ་དུ་བསྟན་པ་དང་། དབང་པོ་ཡང་རབ་ཀྱི་སྤྱོད་ཡུལ་རྒྱུད་སྡེ་ཟབ་མོ་འདི་ཉིད་ཀྱི་གནས་ཚུལ་སྣང་བ་བཞིའམ་རྒྱུད་གསུམ་དུ་གནས་པ་ལས། གནས་པ་ལྟར་ཁོག་དབུབ་པའོ། །དེ་ལ་དང་པོ་རྒྱུད་སྡེ་ཟབ་མོའི་འདི་ཇི་ལྟར་བྱུང་བའི་ཚུལ་ནི། རྒྱལ་བ་རིག་འཛིན་གང་ཟག་གསུམ། །དགོངས་པ་རིག་པ་རྣ་བར་བརྒྱུད། །གང་ལ་ཐུག་གི་བར་དུའོ། །ཞེས་པས་གསུམ་སྟེ། རྒྱལ་བ་དགོངས་པར་བརྒྱུད་པ་ནི། རྒྱལ་བ་ཀུན་ཏུ་བཟང་པོས། རྒྱལ་ཚབ་རིགས་ལྔ་ལ་བརྒྱུད། རིགས་ལྔས་རྒྱལ་སྲས་སེམས་དཔའ་ལ་སོགས་པ་ལྷན་ཅིག་པའི་འཁོར་ལ་བརྒྱུད་པའོ། །རིག་འཛིན་རིག་པར་བརྒྱུད་པ་ནི། མི་མ་ཡིན་པ་ལ་བརྒྱུད་པ་དང་། མི་དང་མི་མ་ཡིན་པ་གཉིས་ཀ་ལ་བརྒྱུད་པའོ། །དང་པོ་ནི་ཐུབ་པའི་དབང་པོ་འདས་ནས། ལོ་ཉི་ཤུ་རྩ་བརྒྱད་ཀྱི་བར་དུ་རྒྱལ་བ་རིགས་གསུམ་གྱིས་བརྒྱུད་པ། འཇམ་དཔལ་གྱིས་ལྟ་བ། སྤྱན་རས་གཟིགས་ཀྱི་སྒྲུབ་པ། ཕྱག་རྡོར་གྱིས་སྤྱོད་པ་བསྟན་ཟེར་ཡང་། གསང་སྔགས་ཀྱི་ལྟ་སྤྱོད་སྒྲུབ་པ་གསུམ་ཀའི་དོན། འཇམ་དཔལ་གཞོན་ནུ་མཛེས་པའི་སྐུ་དང་ལྡན་པ་དེས་ལྷ་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་ཆོས་བསྟན་ཏེ། འཇམ་དཔལ་རྡོ་རྗེེ་རྣོན་པོས། ལྷ་གྲངས་ལྡན་ཕྱོགས་སྐྱོང་ལ་བཤད། དེས་རིན་ཆེན་འོད་འབར་ལ་བཤད། དེས་སྐྱེ་རྒུའི་བདག་པོ་ཚངས་པ་ལ། དེས་ཚངས་པ་ཀུན་གྲོལ་ལ། དེས་ཚངས་པ་གཙུག་ཕུད་འཛིན་ལ། དེས་དབང་པོ་བརྒྱ་བྱིན་ལ། དེས་ལྷའི་རིག་འཛིན་ཚོམ་བུ་འབུམ་སྡེ་ལ་བཤད། དེ་ལྟར་གྱུར་པའི་ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་རིགས་འཛིན་ཅིང་། རྒྱལ་བ་རྣམས་ཀྱི་གདུང་འཚོབ་པར་གྱུར་ཏོ། །སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུ་དང་ལྡན་པ་དེས། ཀླུ་གདུག་ཅན་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པས། ཀླུ་རྒྱལ་མགྲིན་ནག་པོ་ལ་བཤད། དེ་ཀླུ་མོ་ཁ་འདུལ་མ་ལ། དེས་ཀླུ་མོ་འདུལ་ཚང་མ་ལ། དེས་ཀླུ་ཡིད་འོང་དགའ་བ་ལ། དེས་འཇོག་པོ་ལ། དེས་ཀླུ་ཚོམ་བུ་འབུམ་སྡེ་ལ། དེ་ལྟར་ཀླུ་རྣམས་ཀྱང་གོང་ལྟར་གྱུར་ཏོ། །ཕྱག་ན་རྡོ་རྗེ་འཇིགས་ཚུལ་བསྡིགས་པའི་སྐུ་དང་ལྡན་པ་དེས། གནོད་སྦྱིན་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པ། གནོད་སྦྱིན་གྲགས་ལྡན་མཆོག་སྐྱོང་ལ་བཤད། དེས་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ། དེས་གནོད་སྦྱིན་ལག་ན་རྡོ་རྗེ་ལ། དེ་གནོད་སྦྱིན་སྐར་མདའ་གདོང་ལ། དེས་གནོད་སྦྱིན་ཚོམ་བུ་འབུམ་སྡེ་ལ། དེ་ལྟར་གནོད་སྦྱིན་རྣམས་ཀྱང་གོང་ལྟར་གྱུར་ཏོ། །མི་དང་མི་མ་ཡིན་པ་གཉིས་ཀ་ལ་བརྒྱུད་པ་ནི། གསང་བའི་བདག་པོས། ལྷ་གྲགས་ལྡན་མཆོག་སྐྱོང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་ལང་ཀ་མགྲིན་བཅུ། མི་ལས་སྐལ་ལྡན་ལི་ཙ་དྲི་མ་མེད་པར་གྲགས་པ་ལ་སོགས་པ་རིག་པ་འཛིན་པ་འདུས་པའི་འཁོར་ལ། མ་ལ་ཡའི་རྩེར་གསུངས་ཤིང་བརྒྱུད་དོ། །གང་ཟག་རྣ་བར་བརྒྱུད་པ་ནི། གསང་བདག་གིས་རིམ་ལ་ཡའི་རྩེར་ཆོས་ཀྱི་འཁོར་ལོ་བསྐོར་བའི་བྱིན་རླབས་རྒྱལ་པོ་ཛཿལ་རྨི་ལྟས་བདུན་ཤར་ཅིང་། དངོས་སུ་པོ་ཏི་དང་གླེགས་བམ་གྱི་ཆར་བབས་སོ། །དེ་ཡང་རྨི་ལྟས་བདུན་ནི། རི་མ་ལ་ཡ་དེའི་ཤར་ལྷོ་ན། ཏྲི་ཤཾ་ཨ་སུ་རའི་བྲག་ཕུག་ཅེས་བྱ་བ། ཕུག་རིན་པོ་ཆེ་ཟུར་བརྒྱད་ཡོད་པ། སྒོ་རིན་པོ་ཆེ་ཟླ་གམ་དུ་ཡོད་པ། ལོགས་ལ་ངོ་མཚར་གྱི་རི་མོ་རང་བྱུང་བ། ལོགས་ལ་བྲག་སེང་གེ་དཀར་པོ་ཁྱི་ཚུགས་ལྟ་བུ་ཡོད་པ། མཁར་ཡང་དོག་གསུམ་རིམ་དང་བཅས་པ། སྟེང་ན་བྱ་ཀ་ལནྟ་ཀའི་ཚང་བཅས་ནས་ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་ཏུ་སྒྲོགས་པ་ཡོད་པ། རྩ་བ་ན་བདུད་རྩའི་ཆུ་མིག་རང་རྡོལ་དུ་ཡོད་པ་མདུན་ན་མེ་ཏོག་གི་སྣམ་བུ་ཡོད་པ། ཤིང་ཡལ་ག་ཕྱོགས་བཞིར་གྱེས་པས་དུས་བཞིའི་དགྲ་ལས་སྐྱོབ་པ་ལྟར་དུ་ཡོད་པ། ཤིང་དེའི་མེ་ཏོག་དང་འབྲས་བུ་སྨན་དུ་གྱུར་ཏེ། ཟོས་པས་ནད་སྣ་ཚོགས་སེལ་བ། དེ་ལྟ་བུའི་ཉམས་དགའ་བའི་གནས་ཁང་དེར། ལས་དང་སྐལ་བར་ལྡན་པ་རྣམས་ཀྱིས་ནི་བགྲོད་དུ་ཐར་ལ། ལས་དང་སྐལ་བར་མི་ལྡན་པ་རྣམས་ཀྱིས་ནི་མི་ཐར་བའི་བར་ཁང་ན་སྐལ་ལྡན་རྒྱལ་པོ་ཛཿགསང་སྔགས་ཕྱི་རྒྱུད་ལ་སྒྲུབ་པ་མཛད་ཀྱིན་བཞུགས་པ་ལ། རྨི་ལྟས་བདུན་ཞག་རེ་རེ་ལ་རྨི་ཡང་སྐད། ཞག་གཅིག་ལ་རྨི་ཡང་སྐད་དེ། རྨི་ལྟས་དང་པོ་ལ། གསང་བདག་ཕྱག་ན་རྡོ་རྗེ་མདུན་གྱི་ནམ་མཁའ་ལ་བྱོན་ཏེ། སྐུའི་གནས་ན་འོད་ཟེར་འཕྲོས་ཏེ། གདུལ་བྱ་ཐམས་ཅད་ཀྱི་རྟོག་སྒྲིབ་སྦྱངས། གསུང་གི་གནས་ནས་བསྟན་པ་དང་ཐེག་པའི་སྒྲ་བསྒྲགས་པས། གདུལ་བྱ་ཐམས་ཅད་ཀྱིས་གོ་བར་མཛད། ཐུགས་ཀྱི་གནས་ནས་རྡོ་རྗེ་འབར་བ་བྱུང་ནས། རྒྱལ་པོའི་ཐུགས་ཀར་ཐིམ། སྤྱི་བོའི་གཙུག་ནས་ཉི་མ་བྱུང་ནས་རྒྱལ་པོའི་སྤྱི་གཙུག་ཏུ་ཐིམ་པར་རྨིས་སོ། །དེ་ཡང་དགོངས་འདུས་ཀྱི་འགྲེལ་པ་ལུང་བསྟན་རྡོ་རྗེ་ལས། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །ཞེས་པའི་དོན་ནོ། །རྨི་ལྟས་གཉིས་པ་ལ། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཉི་མ་དང་ཟླ་བ་ལ་ཆིབས། ཕྱག་ན་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་བསྣམས་ན་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་རྨིས་སོ། །དེ་ཡང་ཆོས་ཀྱི་བགྲོ་བ་མཛད་པ་དང་། །ཞེས་པའི་དོན་ནོ། །རྨི་ལྟར་གསུམ་པ་ལ། ནམ་མཁའ་ལ་སྤྲིན་གསེར་གྱི་ཁ་དོག་ཅན་ནི་ཆགས། སྣང་སྲིད་གསལ་བའི་གློག་འཁྱུག །ཆོ་འཕྲུལ་གྱི་འབྲུག་སྒྲ་དམ་པ་ཆོས་ཀྱི་སྒྲ་རུ་དི་རི་རི་སྒྲོག་པ་རྨིས་ཏེ། དེ་ཡང་ཆོས་སྒྲ་ཆེན་པོ་སྒྲོག་པ་དང་། །ཞེས་པའི་དོན་ནོ། །རྨི་ལྟས་བཞི་པ་ལ། ནམ་མཁའི་སྤྲིན་གསེབ་ནས་བདུད་རྩིའི་ཆུ་རྒྱུན་བབས་ཏེ། ས་ཕྱོགས་ཐམས་ཅད་ཆག་ཆག་བཏབ། གདུལ་བྱ་ཐམས་ཅད་ཀྱི་རྟོག་སྒྲིབ་སྦྱངས་ནས། ཀུན་ཀྱང་རྡོ་རྗེ་རྣལ་འབྱོར་ཞེས་གསང་སྔགས་ཀྱི་སྒྲ་དི་རི་རི་སྒྲོག་པ་ཞིག་རྨིས་སོ། །དེ་ཡང་བདུད་རྩི་ཆར་དུ་བབས་པ་དང་། །ཞེས་པའི་དོན་ནོ། །རྨི་ལྟས་ལྔ་པ་ལ། ནམ་མཁའི་སྤྲིན་གསེབ་ནས་རིན་པོ་ཆེའི་སྒྲོམ་གྱི་ནང་ན། རིན་པོ་ཆེ་མཐིང་གི་ཤོག་བུ་ལ། གསེར་གྱི་རྒྱ་རང་ནན་དུ་བྲིས་པའི་པོ་ཏི་དང་གླེགས་བམ། སྐར་མདའ་ཐང་ལ་བབས་པ་ཙམ་དུ་ལྷུང་བར་རྨིས་སོ། །དེ་ཡང་རིན་ཅེན་ཆར་དུ་བབས་པ་དང་། །ཞེས་པའི་དོན་ནོ། །རྨི་ལྟས་དྲུག་པ་ལ། པོ་ཏི་གླེགས་བམ་དེ་རྣམས་ལ་རིག་འཛིན་དང་བྱང་ཆུབ་སེམས་དཔའ་རྣམས། ལ་ལ་ནི་མཆོད་པ་འབུལ། ལ་ལ་ནི་བསྐོར་བ་བྱེད། ལ་ལ་ནི་བསྟོད་པ་བྱེད་པའི་སྒྲ་སྒྲོག་པ་ཞིག་རྨིས་སོ། །དེ་ཡང་པཱུ་ཛ་རྒྱ་ཆེན་བྱས་པ་དང་། །ཞེས་པའི་དོན་ནོ། །རྨི་ལྟས་བདུན་པ་ལ། ནམ་མཁའི་མཐོངས་ནས་གཟུགས་སུ་མ་གྲུབ་པ་ལུང་སྟོན་པའི་སྒྲ། ལས་དང་སྐལ་བར་རབ་ལྡན་ཞིང་། །བསོད་ནམས་ཆེན་པོའི་དྲ་མ་ཁྱོད། །སྤྲུལ་པ་ཇི་ལྟར་ལུང་བསྟན་བཞིན། །རྒྱལ་བ་འབྱུང་བར་ལུང་བསྟན་པའི། །བསྟན་པའི་སྙིང་པོ་དམ་པ་ཞིག །སྐལ་ལྡན་ཁྱོད་ལ་སྒྲོག་པར་བྱའོ། །ཞེས་པ་རྨིས་པས། དེར་རྒྱལ་པོ་མནལ་སད་དེ། མཁར་གྱི་ཡང་ཐོག་ཏུ་སྐུ་འཆག་ཏུ་བྱོན་པས། གསང་བདག་ཕྱག་ན་རྡོ་རྗེའི་སྐུ་རྒྱུ་རིན་པོ་ཆེན་སྨུག་པོ་ལས་གྲུབ་པ་ཁྲུ་གང་པ་ཞིག་བཞུགས་ཀྱིན་ཡང་སྐད། དེ་ལ་ཕྱག་དང་བསྐོར་བ་ལན་གསུམ་བྱས། ཞབས་སྤྱི་བོའི་གཙུག་ཏུ་བླངས་ཏེ། ཨེ་མ་ངོ་མཚར་མཆོག་གི་སྐུ། །འདྲེན་པ་མཆོག་གི་དཔལ་ལགས་གང་། །མོས་པའི་ཡིད་ཀྱི་ལྷ་མཆོག་ཁྱོད། །ལས་ཀྱི་འབྲེལ་བའི་ལྷ་མཆོག་ཁྱོད། །བསྐལ་པ་བརྒྱར་ཡང་མི་གཏོང་ངོ་། །གསུངས་ཏེ་ཡི་དམ་གྱི་ལྷར་བཟུང་ནས་ཟླ་བ་བདུན་དུ་སྒྲུབ་པ་མཛད་པས། པོ་ཏི་དང་གླེགས་བམ་རྨི་ལམ་དུ་བྱུང་བ་རྣམས་མངོན་སུམ་དུ་བབས་ཤིང་། དེའི་བྱིན་གྱིས་བརླབས་ཀྱི་སྣང་བ་དཔེ་ཆར་ཤར་བ་ཡིན་སྐད། དེར་རྒྱལ་པོས་པོ་ཏི་དང་གླེགས་བམ་དེ་རྣམས་ལ་བརྟགས་པ་རྟོགས་པར་འདུག་ཀྱང་། གདུལ་བྱ་གཟུ་ལུམ་རས་ཆོད་ཅན་དག་དགགས་པར་བྱ་བའི་ཕྱིར་དུ། མ་རྟོགས་པ་ལྟར་གནང་ནས། འཇིག་རྟེན་གྱི་ཁམས་ན་མཁྱེན་པ་སུ་ཆེ་ཞེས་དྲིས་པས། ཟ་ཧོར་གྱི་ཡུལ་ན་རྒྱལ་པོ་ཨུ་པ་རཱ་ཛ་ཞེས་བྱ་བ་མཁྱེན་རྒྱ་ཆེའོ་ཞེས་ཟེར་ཏེ། སྤྱན་འདྲེན་དུ་བཏང་བས། ཁོང་ཉིད་ཀྱིས་ཀྱང་། རྒྱལ་པོའི་ཐུགས་ཀྱི་རྟོག་པ་མ་ཆོད་ཀྱིས་དོགས་ནས་འབྱོན་དུ་མ་བཞེད་སྐད། པོ་ཏི་དང་གླེགས་བམ་རྣམས་རྟ་དང་གླང་པོ་ཆེ་ལ་ཁོལ་ལ་ཏོང་ཤིག་ངས་བརྟག་གོ་གསུངས་ནས། པོ་ཏི་དང་གླེགས་བམ་རྣམས་སྟག་སྒྲོ་དང་གཟིག་སྒྲོའི་ནང་དུ་བཅུག་ནས། ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་སྤོས་སྣ་ཚོགས་དང་། གདུག་དང་རྒྱལ་མཚན་ལ་སོགས་པ་པཱུ་ཛ་སྣ་ཚོགས་དང་བཅས་ཏེ་སྤྱན་དྲངས་ཏེ། ཁོང་གི་བརྟག་པས་ཚིག་གཅིག་ཀྱང་བརྡ་མ་འཇལ་སྐད། སྔོན་གྱི་མཚན་རྟགས་དང་སྦྱར་ན་རྒྱལ་པོ་ཉིད་རང་གིས་རྟོགས་པར་འགྱུར་རོ་གསུངས་ནས་ཚུར་སྤྱན་དྲངས་སྐད། ཡང་རྒྱལ་པོ་ཉིད་ཀྱིས་བརྟགས་པས་རྟོགས་པར་འདུག་ཀྱང་། མ་རྟོགས་པ་ལྟར་གནང་ནས། ཡང་འཇིག་རྟེན་གྱི་ཁམས་ན་མཁྱེན་པ་སུ་ཆེ་ཞེས་དྲིས་པས། སངས་རྒྱས་རིན་ཅེན་མང་གི་སྦྲུལ་པ་དགེ་སློང་ཀུ་ཀུ་རཱ་ཛ་ཞེས་བྱ་བ་མཁྱེན་རྒྱ་ཆེའོ་ཟེར་ནས། སྤྱན་འདྲེས་དུ་བཏང་བས་རྒྱལ་པོའི་ཐུགས་ཀྱི་རྟོག་པ་མ་ཆོད་ཀྱིས་དོགས་ནས་འབྱོན་དུ་མ་གནང་བར་པོ་ཏི་དང་གླེངས་བམ་སྟག་སྒྲོ་དང་གཟིག་སྒྲོའི་ནང་དུ་བཅུག །ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་པ་སྤོས་སྣ་ཚོགས་དང་། གདུགས་དང་རྒྱལ་མཚན་ལ་སོགས་པ་མཆོད་པའི་བྱེ་བྲག་སྣ་ཚོགས་དང་བཅས་པས་སྤྱན་དྲངས་ནས། དགེ་སློང་ཀུ་ཀུ་རཱ་ཛ་ཉིད་ཀྱིས་བརྟགས་པས། སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པའི་རྒྱུད་བྱ་བ་དེའི་ནང་ནས། རྡོ་རྗེ་སེམས་དཔའ་ཐུགས་སྒྲུབ་པའི་ལེའུའམ། རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུར་རྟོགས་ཏེ། ཟླ་བ་བདུན་དུ་སྒྲུབ་པ་མཛད་པས། རྡོ་རྗེ་སེམས་དཔའ་ཏིང་ངེ་འཛིན་གྱི་ངོ་ལ་བྱོན་ཏེ། རིགས་ཀྱི་བུ། སིདྡྷི་ཅི་འདོད་ཅེས་གསུངས་པ་ལས། བསྟན་པ་དང་ཐེག་པ་མཐའ་དག་རྟོགས་པའི་དངོས་གྲུབ་ཞུ་ཞེས་ཞུས་པས། ཕྱག་ན་རྡོ་རྗེས་ལུང་སྟོན་པར་འགྱུར་གྱི་གསུངས་ནས་མི་སྣང་བར་སོང་སྐད། ཡང་ཟླ་བ་བདུན་སྒྲུབ་པ་མཛད་པས། ཕྱག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ནས། རྡོ་རྗེ་ལན་གསུམ་སྤར་ནས། སྤོང་ལེན་བརྟུལ་ཞུགས་སྤྱོད་པའི་དབང་། །དགེ་བར་བསྐུར་ན་སྡིག་པ་མེད། །ཅེས་གསུངས་ནས། རྩོལ་བ་དབ་བཅས་པ་མཚན་ཉིད་ཀྱི་ཐེག་པ་སྤངས་ནས། རྩོལ་བ་མེད་པ་གསང་སྔགས་ཀྱི་ཐེག་པ་ཉམས་སུ་ལེན་པ་ཁྱོད་ལ། དོན་གྱི་བསྟན་པ་དང་། ཐེག་པ་ཐམས་ཅད་རྫོགས་པར་དབང་བསྐུར་རོ། །ཚིག་གི་བསྟན་པ་དེ་དག་དགེ་བསྙེན་ལི་ཙ་བྱི་དྲི་མ་མེད་པ་ལ་ཞུས་ཤིག་ཅེས་ལུང་བསྟན་ནོ། །ཀུ་ཀུ་རཱ་ཛས་གསང་བའི་བདག་པོའི་བཀའ་བཞིན་བསྒྲུབ་ཤིང་། སྒྱུ་འཕྲུལ་དྲྭ་བ་སྟོང་ཕྲག་བརྒྱ་པའི་རྒྱུད་ལས། ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་ཕྱེ་ནས། སྐལ་ལྡན་རྒྱལ་པོ་ཛཿལ་གསུངས། ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ལ། སྐུའི་རྒྱུད་གསུམ་ནི། སངས་རྒྱས་མཉམ་སྦྱོར། གླང་པོ་ཆེ་རབ་འབོག །གླ་པོ་ཆེ་ཆུར་ཞུགས། གསུང་གི་རྒྱུད་གསུམ་ནི། ཟླ་གསང་ཐིག་ལེ། གཅིག་ལས་འཕྲོས་པས། དུ་མ་འཕྲོས་པ། ཐུགས་ཀྱི་རྒྱུད་གསུམ་ནི། གསང་བ་འདུས་པ། རི་བོ་བརྩེགས་པ། རྩེ་གཅིག་འདུས་པ། ཡོན་ཏན་གྱི་རྒྱུད་གསུམ་ནི། དཔལ་མཆོག་དང་པོ། བདུད་རྩི་མཆོག་དང་པོ། ཡིད་བཞིན་ནོར་བུའི་རྒྱུད། ཕྲིན་ལས་ཀྱི་རྒྱུད་གསུམ་ནི། ཀརྨ་མཱ་ལེ། སྒྲོན་མ་འབར་བ། ཀཱི་ལ་ཡ་ཡིག་འབྲུ་བཅུ་གཉིས་ཀྱི་རྒྱུད། སྤྱིའི་རྒྱུད་གསུམ་ནི། དེ་དག་ཐམས་ཅད་ཀྱི་སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བའི་རྒྱུད། དམ་ཚིག་ས་མ་ཡ་འབུམ་སྡེ་བཀོད་པའི་རྒྱུད། རྡོ་རྗེ་ཐབས་ཀྱི་ཞགས་པའི་རྒྱུད་དེ། དེ་ལྟར་ཏནྟྲ་སྡེ་ཆེན་པོ་བཅོ་བརྒྱད་པོ་རྒྱལ་པོ་ཛཿས། སིང་ཧ་རཱ་ཛ་ལ། དེས་སྲས་མོ་གོ་མ་ས་ལ། དེས་ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛ་ལ། དེས་རོ་ལངས་བདེ་བའི་དངོས་གྲུབ་ལ། དེས་རྡོ་རྗེ་བཞད་པ་ལ། དེས་ཟ་ཧོར་གྱི་རྒྱལ་པོ་པྲ་བྷ་ཧསྟི་ལ། དེས་སློབ་དཔོན་སངས་རྒྱས་གསང་བ་ལ། དེས་སློབ་དཔོན་བི་མ་ལ་མི་ཏྲ་ལ་སོགས་པ་པཎྜི་ཏ་ལྔ་བརྒྱ་ལ་གསུངས་སོ། །དེའི་དུས་ན་བོད་ཀྱི་ཡུལ་ན་ཆོས་ཀྱི་སྐྱོང་བའི་རྒྱལ་པོ་མངའ་བདག་རལ་པ་ཅན་བྱ་བ་བཞུགས་པས། ཁོང་གིས་རྒྱ་གར་གྱི་ཡུལ་ན་རྗེ་མི་ལ་བཀུར་ཞེས་བྱ་བ་ལ། མཆོད་གནས་པཎྜི་ཏ་ལྔ་བརྒྱ་ཙམ་ཞིག་བཞུགས་པ་གསན་ནས། འཁོན་ཀླུའི་དབང་པོ། ཅོག་རོ་ཀླུའི་དབང་ཕྱུག །ཉང་པོ་ཀླུའི་རྒྱལ་མཚན་དང་གསུམ་ལ་གསེར་ཕྱེ་མ་བྲེ་དོ། གསེར་གྱི་པ་ཏྲ་གཉིས་སྐྱེས་སུ་བསྐུར་ནས། སྐྱེས་ལན་དུ་པཎྜི་ཏ་སྒྲ་དོན་ཚིག་ལ་མཁས་པ་གཅིག་བརྫང་བར་ཞུ་ཞེས་ཞུ་བ་ཕུལ་བས། རྗེ་མི་ལ་བཀུར་གྱི་མཆོད་གནས་པཎྜི་ཏ་ལྔ་བརྒྱ་རྩ་གཅིག་པོ་བསགས་ནས། ཆོས་སྟོན་ཡོན་དང་བཅས་པ་རེ་དྲངས་ཏེ། ཁྱེད་རྣས་ཀྱི་ནང་ནས་པཎྜི་ཏ་སྒྲ་དོན་ཚིག་ལ་མཁས་པ་ཞིག །བོད་ཀྱི་ཡུལ་དུ་ཆོས་སྐྱོང་བའི་རྒྱལ་པོའི་མཆོད་གནས་ལ་གཤེགས་པར་ཞུ་འཚལ་ཞེས་ཞུས་པས། ཡར་གྱི་ཉིས་བརྒྱ་ལྔ་བཅུས་ཀྱང་མར་གཟིགས་མར་གྱི་ཉིས་བརྒྱ་ལྔ་བཅུས་ཀྱང་ཡར་གཟིགས། དེ་རྣམས་ཀྱི་དབུས་ན་སློབ་དཔོན་བི་མ་ལ་མི་ཏྲ་བཞུགས་པས། ཁོང་གིས་བོད་དུ་འབྱོན་པར་ཐུགས་ཀྱིས་དགོངས་ནས། བང་ཆེན་པ་མི་གསུམ་གྱིས་དཔལ་གྱི་བསམ་ཡས་སུ་སྤྱན་དྲངས་ཤིང་། ལོ་ཙཱ་བ་རྣམས་ཀྱིས་ཆོས་མང་དུ་བསྒྱུར་ཏེ། ཁྱད་པར་དུ་གཉགས་ཛྙཱ་ན་ཀུ་མ་རས། མདོ་དང་སེམས་ཕྱོགས་བསྒྱུར། ཨ་ཙརྱ་རྨ་རིན་ཆེན་མཆོག་གིས་མཚན་ཉིད་དང་སྒྱུ་འཕྲུལ་བསྒྱུར། དེ་ཡང་སྒྱུ་འཕྲུལ་སྡེ་བརྒྱད། བཤད་རྒྱུད་སྡེ་བཞི། དེ་དག་གི་མན་ངག་རྣམས་དང་བཅས་པ་བསྒྱུར་སྐད། སྡེ་བརྒྱད་ལ། སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ་སྒྱུ་འཕྲུལ་རྩ་བའི་རྒྱུད་གསང་བའི་སྙིང་པོ། རོལ་པ་མངོན་པར་བརྗོད་པ་ལྷ་མོ་སྒྱུ་འཕྲུལ། དཀྱིལ་འཁོར་རྫོགས་པར་སྟོན་པ་སྒྱུ་འཕྲུལ་རྒྱས་པ། ཕྲིན་ལས་རྫོགས་པར་སྟོན་པ་སྒྱུ་འཕྲུལ་བཞི་བཅུ་པ། དབང་གཙོ་བོར་སྟོན་པ་སྒྱུ་འཕྲུལ་བླ་མ། ཡོན་ཏན་མཐར་ཕྱིན་པར་སྟོན་པ་སྒྱུ་འཕྲུལ་བཅུ་པ། སྡེ་སྣོད་ཡོངས་ལ་ཁྱབ་པ་སྟོན་པ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཆེན་པོ། དམ་ཚིག་མཆོག་ཏུ་སྟོན་པ་སྒྱུ་འཕྲུལ་ལེ་ལག་དང་བརྒྱད་དོ། །བཤད་རྒྱུད་སྡེ་བཞི་ལ། གྲོལ་ལམ་རིམ་དང་ཅིར་ཅར་སྟོན་པ་ཡེ་ཤེས་སྙིང་པོ་དང་རྡོ་རྗེ་མེ་ལོང་གཉིས། ཐབས་ལམ་རིམ་དང་ཅིར་ཅར་སྟོན་པ་སྒྱུ་འཕྲུལ་ཐལ་བ་དང་། རྒྱ་མཚོ་གཉིས་ཏེ་བཞིའོ། །དེ་རྣམས་ལས་བཤད་རྒྱུད་སྡེ་བཞི་མ་གཏོགས་པ་རྣམས། ལོ་ཙཱ་བ་རྨ་རིན་ཅེན་མཆོག་གིས། གཙུག་རུ་རིན་ཅེན་གཞོན་ནུ་དང་། གྱེ་རེ་མཆོག་སྐྱོང་ལ། དེ་གཉིས་ཀྱིས་དར་རྗེ་དཔལ་གྱི་གྲགས་པ་དང་། ཞང་རྒྱལ་བའི་ཡོན་ཏན་གཉིས་ལ་བཤད། དེ་གཉིས་ནི་དར་རྗེ་དཔལ་གྱི་གྲགས་པ་མཁས། བླ་མ་ཡང་གང་ཟག་ཡིན་པས་བརྟགས་ལ་བྱ་གསུངས་ནས། བླ་མའི་བཀའ་བཞིན་མི་མཛད་པས། བཀའ་ཡོངས་གྲགས་པར་གྲགས། འགྲོ་ཕན་ཆེར་མ་བྱུང་། ཞང་རྒྱལ་བའི་ཡོན་ཏན་ནི་བླ་མའི་བཀའ་བཞིན་མཛད་པས། བཀའ་མཆིམས་ཕུ་པར་གྲགས། འགྲོ་ཕན་ཤིན་ཏུ་ཆེ་བར་བྱུང་སྐད། མཆིམས་ཕུ་པའི་ལུགས་ནི། ཞང་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་སྒྱུ་འཕྲུལ་སྡེ་བརྒྱད་གསན་ནས། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་མ་གཏོགས་པ་རྣམས་སོ་ཡེ་ཤེས་དབང་ཕྱུག་ལ་གསུངས། དེས་དབང་ཐུང་བྱང་ཆུབ་རྒྱལ་མཚན་ལ། དེས་ཀོང་བཙུན་ཤེས་རབ་ཡེ་ཤེས་ལ། དེས་གཙང་གེར་ཐུང་ཤེས་རབ་ཚུལ་ཁྲིམས་ལ། དེས་ཉང་ཤེས་པ་མཆོག་ལ། དེས་ཉང་ཡེ་ཤེས་འབྱུང་གནས་ལ། དེས་ལྷ་རྗེ་འུག་བྱ་ལུང་པ་ལ་གསུངས། ཡང་ལུགས་གཅིག་ལ། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས། ཁུ་ལུང་ཡོན་ཏན་རྒྱ་མཚོ་ལ། དེས་སྲས་ཡེ་ཤེས་རྒྱ་མཚོ་ལ། དེས་ཉང་བན་ཤེས་རབ་མཆོག་ལ། དེས་ཉང་ཡེ་ཤེས་འབྱུང་གནས། དེས་ཟུར་པོ་ཆེ་ཤཱཀ་འབྱུང་། དེས་འབར་རྩེ་མོ་བཞི་རྩེ་ལྐོག་དང་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་ལ་སོགས་པ་གསུངས། རྩེ་མོ་བཞི་ལ། ར་སའི་ཞང་འགོས་ཆུང་པ་མཁྱེན་རྒྱའི་རྩེ་མོ། ཤངས་མཚོ་ཉའི་བཟང་སྒོམ་ཤེས་རབ་རྒྱལ་པོ་སྒོམ་སྒྲུབ་ཀྱི་རྩེ་མོ། བན་གྱི་མི་ཉག་འབྱུང་གྲགས་བཤད་པའི་རྩེ་མོ། ཐག་གི་བདེ་བཤེགས་རྒྱ་བོ་ལྟ་དགོངས་ཀྱི་རྩེ་མོའོ། །དེ་ལ་སློབ་མ་ཀ་བ་བཞི། གདུང་མ་བརྒྱད། གདུང་ཕྲན་སུམ་ཅུ་རྩ་གཉིས། ཡུས་པོ་ཆེའི་མི་གཉིས་ལ་སོགས་པ་མང་དུ་བྱུང་ངོ་། །དེ་ཡང་ཀ་བ་བཞི་ལ། གོང་བུའི་སྐྱོ་སྟོན་ཤཱཀ་ཡེ་རྫོགས་ཆེན་གྱི་ཀ་བ། ནག་པོ་རི་གསེབ་ཀྱི་འདན་ཏིག་ཆོས་ཤཱཀ་ཕྲིན་སྒྲུབ་ཀྱི་ཀ་བ། སྐྱེད་ལུང་གི་ཡང་ཁྱེད་བླ་མ་མདོའི་ཀ་བ། ཆུ་བར་གྱི་གླན་ཤཱཀྱ་བཟང་པོ་སྒྱུ་འཕྲུལ་གྱི་ཀ་བའོ། །གདུང་མ་བརྒྱད་ལ། སྣ་ནམ་གྱི་གནུབས་སྟོན་བག་མ། ཆུ་སྒོའི་མ་ཐོག་བྱང་འབར། ནེ་སེར་གྱི་སྐྱོ་ཆོས་སེང་། དབུས་པ་ས་ཐོར་ར། རྩེ་འགྲོམ་བྱང་དཔལ། བྱང་པ་བླ་གྲགས། རྩ་ག་བླ་མ། གླན་ཉ་ཚལ་བའོ། །ཡུས་པོ་ཆེ་མི་གཉིས་ནི། བྷ་སྒོམ་དི་མ་དང་། བོན་སྒོམ་དོ་པོའོ། །ལྷ་རྗེ་ཟུར་ཆུང་གི་སྲས། ཤཱཀྱ་རྡོ་རྗེ་རྒྱན་མཚན་དང་། ཤཱཀྱ་སེང་གེ་གཉིས་ལ། ཤཱཀྱ་སེང་གེས། ཡབ་ཀྱི་སློབ་མ་ཀ་བཞི་གདུང་བརྒྱད་ཀུན་ལ་གསན་ཀྱང་། གཞུག་སླན་ཉ་ཚལ་བ་ལག་གཏུགས་སྐད། ལྷ་རྗེ་ཤཱཀྱ་སེང་གེས་སྒྲོ་ཕུག་བཟུང་བའི་དུས་སུ། སློབ་མ་མང་དུ་བྱོན་ཀྱང་། དེ་རྣམས་ཀྱི་ནང་ནས་བུ་ཆེན་ནག་པོ་བཞི། སྟོན་པ་བཞི། མེས་བཞི་བྱུང་བ་ལས། ནག་པོ་བཞི་ནི། ཟུར་ནག་འཁོར་ལོ། རྒྱ་ནག་གི་མཁར་བ། ཉང་ནག་མདོ་བོ། མདའ་ནག་གཙུག་ཏོར་དབང་ཕྱུག་གོ། །སྟོན་པ་ཆེན་པོ་བཞི་ནི། ཉེ་སྟོན། ཞང་སྟོན། གྱབས་སྟོན། རྒྱ་སྟོན་ནོ། །མེའམ་མེས་བཞི་ནི། གཙང་པ་བྱིས་སྟོན། གཡུང་སྟོན་ཧོར་པོ། སྤོང་སྟོན་ལྕགས་ཀྱུ། དབུས་པ་ཆོས་སེང་ངོ་། །གཙང་པ་བྱིས་སྟོན་དང་། སློབ་དཔོན་ཉེ་སྟོན་གཉིས་ཀྱིས། སློབ་དཔོན་གཙང་ནག་འོད་འབར་ལ་གསུངས། དེས་བླ་མ་སྣ་བཞི་པ་གཡུ་སྟོན་སངས་རྒྱས་ལ། དེས་བླ་མ་རྒྱ་གབ་གོང་པ་ལ། དེས་བླ་མ་སྣ་བཞི་པའི་སྲས་གཡུང་སྟོན་ཆོས་མགོན་ལ། དེས་བླ་མ་ལྕེ་སྟོན་སྒྲུབ་པ་འབུམ་ལ། དེས་ཟུར་ཐམས་ཅད་མཁྱེན་པ་ཆོས་རྗེ་ཆེན་པོ་བྱམས་པ་སེང་གེ་ལ། དེས་གཡུང་སྟོན་རྡོ་རྗེ་དཔལ་དང་། འཇམ་པའི་དབྱངས་ཆེན་པོ་བསམ་གྲུབ་རྡོ་རྗེ་ལ། ཡང་ལུགས་གཅིག་ལ། སློབ་དཔོན་གཙང་ནག་འོད་འབར་གྱིས། བླ་མ་མེས་སྟོན་མགོན་པོ་ལ་གསུངས། དེས་བླ་མ་བྲོ་ཆེན་པོ་ཤེས་རབ་རྒྱལ་མཚན་ལ། དེས་བླ་མ་རྟ་ནག་པ་བདུད་འདུལ་འབུམ་ལ། དེས་བླ་མ་མདའ་སྟོན་ཆེན་པོ་ཡོངས་འཛིན་ཤཱཀྱ་འཕེལ་ལ། དེས་ཟུར་ཐམས་ཅད་མཁྱེན་པ་ཆོས་རྗེ་བྱམས་པ་སེང་གེ་ལ། དེས་ཁམས་གསུམ་མུན་པའི་ཁྲོད་དུ་འཁྱམས་པ་ལ་ཡེ་ཤེས་ཀྱི་སྒྲོན་མེ་སྤོར་བར་མཛད་པ་འཇམ་པའི་དབྱངས་བསམ་གྲུབ་རྡོ་རྗེ་ལ། དེས་མཚན་ལན་གཅིག་ཐོས་པའམ་ཡིད་ལ་དྲན་པ་ཙམ་གྱིས། འཁོར་བ་དང་ངན་སོང་གི་སྡུག་བསྔལ་མཐའ་དག་སེལ་ཞིང་། སྲིད་པ་དང་ཞི་བའི་བདེ་འབྲས་ཕུན་སུམ་ཚོགས་པ་སྩོལ་བར་མཛད་པ་མཚུངས་མེད་ཆོས་ཀྱི་རྗེ་ཀུན་དགའ་ལེགས་པ་དང་། གསང་སྔགས་ཀྱི་བསྟན་པའི་མངའ་བདག་སྙིགས་མའི་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་འགྲོ་བའི་མགོན་པོ་སྒྲོལ་མ་བ་སངས་རྒྱས་རིན་ཅེན་རྒྱལ་མཚན་དཔལ་བཟང་པོ་མི་འགྱུར་བསྟན་པའི་རྡོ་རྗེ་གཉིས་ལ་གསུངས། དེས་མཁྱེན་རབ་དང་ཐུགས་རྗེའི་བདག་ཉིད་འགོས་ལོ་གཞོན་ནུ་དཔལ་ལ། དེས་ལོ་ཆེན་བསོད་ནམས་རྒྱ་མཚོ་ལ། ཡང་བརྒྱུད་ལུགས་གཅིག་ལ་འགོས་ལོ་ལ་བརྒྱུད་མི་དགོས་པར། སྒྲོལ་མ་བ་སངས་རྒྱས་རིན་ཆེན་གྱིས། དབོན་ཆོས་གྲགས་དཔལ་བཟང་། དེས་སེམས་དཔའ་ཆེན་པོ་ནམ་མཁའི་རྣལ་འབྱོར། དེས་སེ་སྟོན་རིན་ཅེན་རྒྱལ་མཚན་ལ། དེ་ནས་གོང་མཚུངས་པ། ལོ་ཆེན་བསོད་ནམས་རྒྱ་མཚོ་ལ། དེས་སེ་སྟོན་རིན་ཅེན་རྒྱལ་མཚན་ལ། དེས་གཉགས་སྟོན་ནམ་མཁའ་རྒྱལ་མཚན་ལ། དེས་མཁས་གྲུབ་ཆེན་པོ་ཕུན་ཚོགས་རབ་བརྟན་ལ། དེས་མཁྱེན་དང་བརྩེ་བའི་མངའ་བདག་དུས་གསུམ་གྱི་རྒྱལ་བ་ཀུན་འདུས་ཀྱི་ངོ་བོ་བཀའ་དྲིན་སྲིད་མཐའི་བར་དུ་འཁོར་བ་མེད་པ་བདག་ཅག་གི་རྩ་བའི་བླ་མ་འབྲོ་སྟོན་ཆེན་པོ་ནམ་མཁའ་ཕྲིན་ལས་ལ། དེས་བདག་འབྲོའི་སྔགས་འཆང་ནམ་མཁའ་ཆོས་དབང་ལ་བཀའ་དྲིན་དུ་སྩལ་བ་ལགས་སོ། །གཉིས་པ་དེ་ལྟར་བརྒྱུད་པ་གསུམ་དང་ལྡན་པའི་ཆོས་འདི་ཆེ་བ་དུ་དང་ལྡན་ཞེ་ན། ཁོག་གཞུང་གསལ་བའི་སྒྲོོན་མེ་ལས། རང་བཞིན་གསང་བའི་སྙིང་པོ་འདི། །གཞན་ལས་སྤགས་པ་ཆེ་བ་བརྒྱད། །ཅེས་པས། གཞན་ལས་ཁྱད་པར་དུ་འཕགས་པའི་ཆེ་བ་བརྒྱད་དང་ལྡན་པ་ཡིན་ཏེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པས་ན་ངེས་པར་ཆེ་བ་གཟི་ལྡན་གསལ་བའི་ཉི་མ་ལྟ་བུའོ། །དེ་ཡང་རྒྱས་པའི་ལེའུ་ལྔ་བཅུ་པ་ལས། གསང་བའི་སྙིང་པོ་ངེས་པ་འདི། །གསང་སྔགས་ཀུན་གྱི་རྒྱལ་པོ་ཡིན། །ཞེས་སོ། །ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པས་ན་ངེས་པར་ཆེ་བ་དབུས་ཀྱི་རི་བོ་མཆོག་རབ་ལྟ་བུའོ། །དེ་ཡང་རྒྱས་པའི་ལེའུང་ལྔ་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་སོ། །བསྟན་པ་ཐམས་ཅད་ཀྱི་འབྱུང་ཁུང་ཡིན་པས་ན་ཆེ་བ་འབྱུང་བ་ནམ་མཁའ་ལྟ་བུའོ། །དེ་ཡང་འདི་ཉིད་ཀྱི་གསུམ་པ་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །ཞེས་སོ། །ལུང་ཐམས་ཅད་ཀྱི་སྤྱི་འགྲེལ་ཡིན་པས་ན་ངེས་པར་ཆེ་བ་ནམ་མཁས་སྣང་སྲིད་ཀྱི་གོ་ཕྱེ་བ་ལྟ་བུའོ། །དེ་ཡང་། རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་བཞེད་ཕུགས་ཡིན་པས་ན་ངེས་པར་ཆེ་བ་རྒྱལ་པོའི་བཀའ་གསང་ཐོབ་པའི་མི་ལྟ་བུའོ། །དེ་ཡང་བཅུ་གསུམ་པ་ལས། འདི་ནི་གསང་ཆེན་ངེས་པ་སྟེ། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་སོ། །འབྲས་བུ་ཐམས་ཅད་ཀྱི་ཐུགས་ཡིན་པས་ན་ངེས་པར་ཆེ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ལྟ་བུའོ། །དེ་ཡང་འདི་ཉིད་ཀྱི་གསུམ་པ་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས་ན་ངེས་པར་ཆེ་བ་སྟོང་གི་ཤུལ་ལྟ་བུའོ། །དེ་ཡང་འདི་ཉིད་ཀྱི་བཅུ་གསུམ་པ་ལས། འདས་དང་ད་ལྟར་བྱུང་བ་ཡི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །བརྙེས་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །ཞེས་སོ། །མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ་ཡིན་པས་ན་ངེས་པར་ཆེ་བ་ཁྲིའི་ལམ་ལྟ་བུའོ། །དེ་ཡང་། འབྱུང་དང་མ་འོངས་ཐམས་ཅད་ཀུན། །འདི་ཡིས་ལྷུན་གྱིས་འགྲུབ་པར་འགྱུར། །ཞེས་སོ། །གསུམ་པ་གང་ཟག་གི་ཡུལ་ཡིན་པ་སྣོད་ཀྱི་ཚུལ་ནི། སྤྱིར་བློ་རྩལ་རབ་ཀྱི་ཡུལ་དུ་གྱུར་པ་ཡིན་ཏེ། རྒྱས་པ་ལས། དེ་བཞིན་གཤེགས་པའི་སྤྱོད་ཡུལ་དེ། །སྐྱེས་བུ་བློ་རྩལ་རབ་ཀྱིས་རྟོགས། །ཞེས་སོ། །དེ་ལ་ཡང་གཉིས་ཏེ། རང་བཞིན་གྱི་དབང་པོ་རྣོན་པོ་དང་། སྦྱངས་པའི་དབང་པོ་རྣོན་པོ་གཉིས་སོ། །དང་པོ་ནི་དོན་ལྔ་པ་ལས། ཡངས་ལ་རྒྱ་ཆེ་གཏིང་ཟབ་པའི། །ཤེས་རབ་ཟབ་པས་རྟོགས་པར་འགྱུར། །ཞེས་པ་དང་། དེ་ཕྱིར་བློ་ཅན་རྣམས་ཀྱིས་བརྩོན། །ཞེས་སོ། །གཉིས་པ་ནི་བཅོ་ལྔ་པ་ལས། ཡོན་ཏན་མཆོག་གི་སྙིང་པོ་འདི། །རྟོག་གེའི་སྤྱོད་ཡུལ་ཡོད་མ་ཡིན། །ཟབ་ཅིང་རྒྱ་ཆེ་རབ་སྦྱངས་པའི། །གསལ་ལྡན་བརྟན་པའི་སྤྱོད་ཡུལ་ཏེ། །ཞེས་པ་དང་། འདི་ཉིད་ལས། ཐོས་བསམ་སྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་གཟུང་། །ཞེས་སོ། །བཞི་པ་རྒྱུད་ཀྱི་དོན་ཇི་ལྟར་གནས་ཚུལ་དུ་ལྟར་ཁོག་དབུབ་པ་ནི། ཐུགས་ཐིགས་ལས། རང་བཞིན་བདེ་གཤེགས་གདུལ་བྱ་ཡི། །སྣང་བ་གསུམ་གྱི་ངོ་བོ་ལ། །རྒྱུད་ཀྱི་དབྱེ་བ་རྣམ་པར་བཞག །གཅིག་ལ་གསུམ་གྱི་ངོ་བོ་ནི། །འཁྲུལ་པའི་སྣང་བས་གསུམ་དུ་འགྱུར། །དེས་ན་སྣང་བ་བཞི་དག་ཏུ། །ལུང་རིག་ཀུན་ལས་གསལ་བར་བཤད། །ཅེས་པས་སྣང་བ་བཞིའམ་རྒྱུད་གསུམ་དུ་གནས་པའོ། །དེ་ལ་གཉིས་ཏེ། སྣང་བཞི་རྒྱུད་གསུམ་སྤྱིའི་གོ་དོན་བརྒལ་ལན་དང་བཅས་ཏེ་བསྟན་པ་དང་། བྱེ་བྲག་ཏུ་ཕྱེ་སྟེ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། གོ་དོན་གཞག་པ་དང་། བརྒལ་ལན་གྱི་སྒོ་ནས་མཐའ་ཡོངས་སུ་དཔྱོད་པར་བྱའོ། །དང་པོ་གོ་དོན་གཞག་པ་ནི། གཞི་རང་བཞིན་གྱི་སྣང་བའམ་རྒྱུད་ཅེས་བྱ་སྟེ། གཞི་ནི་ཆོས་ཐམས་ཅད་ཀྱི་འབྱུང་གཞི། རང་བཞིན་ནི་བཅོས་བསླད་དང་བྲལ་བ། སྣང་བ་ནི་རང་རིག་པ་ཐམས་ཅད་དུ་རྩལ་མ་འགགས་པར་སྣང་བའོ། །དེ་དག་ལ་སྐབས་ཀྱི་རྒྱུད་ཅེས་བྱ་སྟེ། གང་ཞིག་དགོས་པ་ཚང་ཞིང་འབྲེལ་བ་དང་ལྡན་པས་ན་རྒྱུད་དོ། །དེ་ཇི་ལྟར་ཞེ་ན། གཞི་ལ་ཤེས་བྱ་ཡོན་ཏན་གྱི་དགོས་པ་ཚང་ཞིང་། གཞི་དང་ལམ་གཉིས་ཤེས་བྱ་ཤེས་བྱེད་དུ་འབྲེལ་ལ། གཞི་དང་འབྲས་བུ་གཉིས་བདག་ཉིད་གཅིག་པར་འབྲེལ་བའོ། །གདུལ་བྱ་ལམ་གྱི་སྣང་བའམ་རྒྱུད་ནི། ཐུན་མོང་དང་མཆོག་གི་སེམས་ལྔ་བསྐྱེད་པའམ་སྐྱེད་དུ་རུང་བ་གཅིག་གདུལ་བྱ། འཇུག་ཅིང་བགྲོད་པ་བྱེད་པ་ཞིག་ལམ་པ། བསྟན་པ་བློ་དང་འཚམས་པར་སྣང་བ་ཞིག་སྣང་བའོ། །དེ་ཀ་ལ་སྐབས་ཀྱི་རྒྱུད་ཅེས་ཀྱང་འདོགས་ཏེ། ལམ་ལ་བགྲོད་པ་ཡོན་ཏན་གྱི་དགོས་པ་ཚང་ཞིང་། ལམ་དང་གཞི་གཉིས་ཤེས་བྱེད་དང་ཤེས་བྱར་འབྲེལ་ལ། ལམ་དང་འབྲས་བུ་གཉིས་ཐོབ་བྱེད་དང་ཐོབ་བྱར་འབྲེལ་བའོ། །འབྲས་བུ་བདེ་བར་གཤེགས་པའི་སྣང་བའམ་རྒྱུད་ནི། གང་ཞིག་སྨིན་པ་ཞིག་འབྲས་བུ། ནར་སོན་པས་ན་བདེ་གཤེགས། རྟོགས་པའི་རིག་པ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའོ། །དེ་ཀ་ལ་སྐབས་ཀྱི་རྒྱུད་ཅེས་ཀྱང་འདོགས་ཏེ། འབྲས་བུ་ལ་ཐོབ་བྱ་ཡོན་ཏན་གྱི་དགོས་པ་ཚང་ཞིང་། འབྲས་བུ་དང་གཞི་བདག་ཉིད་གཅིག་པར་འབྲེལ་ལ། འབྲས་དང་ལམ་གཉིས་ཐོབ་བྱ་ཐོབ་བྱེད་དུ་འབྲེལ་བས་ན་རྒྱུད་དོ། །ལོག་རྟོག་འཁྲུལ་པའི་སྣང་བ་ནི། ཡུལ་ཅན་གཉིས་མེད་ལས་ལོག་ཅིང་གཉིས་སུ་རྟོག་པས་ན་ལོག་རྟོག །དེ་མ་ཡིན་པ་ལ་དེར་བཟུང་བས་འཁྲུལ་པ། ལས་དང་ལོག་རྟོག་གི་བློར་སྣང་བའོ། །དེ་ལ་འབྲེལ་པ་དང་དགོས་པ་མེད་པས་ན། འཁྲུལ་པའི་སྣང་བ་ནི་སྣང་བ་ཡིན་ཀྱང་རྒྱུད་མ་ཡིན་ནོ། །གཉིས་པ་བརྒལ་ལན་ནི། རང་རིག་པ་ཐམས་ཅད་དུ་རྩ་ལ་མ་འགགས་པར་སྣང་བ་ཞིག་གཞི་རང་བཞིན་གྱི་སྣང་བ་ཡིན་ནམ་མ་ཡིན། མ་ཡིན་ན། སྤར་ཁབ་ལས། རང་རིག་པ་ཐམས་ཅད་རྩལ་མ་འགགས་པར་སྣང་བ་ནི་རང་བཞིན་གྱི་སྣང་བའོ། །ཞེས་པས་འགལ་ལ། ཡིན་ན་དེའི་སྟེང་ན་སྣང་བ་གསུམ་པོ་སྣང་ངམ་མི་སྣང་། མི་སྣང་ན་རྩལ་མི་འགགས་པར་སྣང་བ་དང་འགལ་ལ། སྣང་ན་གསུམ་དུ་ཕྱེ་བ་དགོས་མེད་དུ་ཐལ། འདོད་ན་ཕྱེ་བས་གསལ་ལོ། །ཞེ་ན། གཞིའི་སྟེང་དུ་འཆར་གཞི་ཙམ་དུ་སྣང་ལ། བྱེ་བྲག་གསལ་བར་མི་སྣང་བྱས་པས་སྐྱོན་ལས་གྲོལ་ལོ། །བསྟན་པ་བློ་དང་འཚམས་པར་སྣང་བ་གདུལ་བྱའི་སྣང་བ་ཡིན་ནམ་མ་ཡིན། མ་ཡིན་ན་རྒྱས་པའི་རིགས་ཁྱད་དབྱེ་བ་ལས། ཆོས་ཀྱི་དབྱིངས་ཀྱི་ཀུན་ལ་ཁྱབ་པ་ཡི། །བླ་མེད་ཐེག་པ་བསམ་ཡས་གསུངས་པ་ཡང་། །སོ་སོར་རང་རིག་བློ་ལ་སྣང་བར་ཟད། །ཅེས་གསུངས་པ་དང་འགལ་ལ། ཡིན་ན་དེ་ཉམས་སུ་བླངས་པས་སྔགས་མཐར་ཐུག་གི་འབྲས་བུ་ཐོབ་བམ་མི་ཐོབ། མི་ཐོབ་ན་ལམ་ཉམས་སུ་བླངས་པ་ལ་དོན་མེད་པར་ཐལ། འདོད་ན་བཅུ་གསུམ་པ་ལས། ཐོས་བསམ་སྒོམ་པའི་རྣལ་འབྱོར་གྱིས། །རང་བྱུང་སྐུ་ལྔ་ལྷུན་གྱིས་གྲུབ། །ཅེས་གསུངས་པས་གསལ་ལོ། །ཐོབ་ན་མུ་སྟེགས་རྟག་ཆད་ཀྱང་ཐོབ་པར་ཐལ། འདོད་ན་ལམ་རིམ་ལས། རྟག་ཆད་གཉིས་སུ་གང་གིས་བློ་ཞེན་པ། །དོན་གྱི་སྙིང་པོ་ཉིད་ལས་གོལ་བར་གསུངས། །ཞེས་པས་གསལ་ལོ་ཞེ་ན། བསྟན་པ་བློ་དང་འཚམས་པར་སྣང་བ་ཞིག་ལམ་གྱི་སྣང་བ་ཡིན་ལ། དེ་ཉམས་སུ་བླངས་པས་སྔགས་ཀྱི་འབྲས་བུ་ལ་ལས་དངོས་སུ་ཐོབ། ལ་ལས་བརྒྱུད་ནས་ཐོབ་བོ་བྱས་པས་སྐྱོན་ལས་གྲོལ་ལོ། །རྟོགས་པའི་རིག་པ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ཞིག་འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཡིན་ནམ་མིན། མ་ཡིན་ན་ལུང་དང་འགལ་ལ། ཡིན་ན་མཐར་ལམ་ལྷུན་གྲུབ་རིག་འཛིན་ཆོས་ཅན། འདིར་ཡང་མཐར་ཐུག་པའི་འབྲས་བུར་ཐལ། ལམ་རིམ་ལས། ཡི་གེ་འཁོར་ལོ་སྔོན་གཟིགས་ན། །ཞེས་གསུངས་པའི་ཕྱིར་རོ། །འདོད་ལམ་མ་ཡིན་པས་གསལ་ལོ་ཞེ་ན། རྟོགས་པའི་རིག་པ་མཐར་ཐུག་པ་ཞིག་སྐུ་དང་ཡེ་ཤེས་སུ་སྣང་བ་དེ་འབྲས་བུའི་སྣང་བ་ཡིན་ནོ། །བྱས་པས་སྐྱོན་ལས་ལོག་ཅིང་གཉིས་སུ་བཟུང་བས་འཁྲུལ་པའི་སྣང་བ་ཡིན་ནམ་མ་ཡིན། མ་ཡིན་ན་ལུང་དང་འགལ་ལ། ཡིན་ན་འགྲོ་ལ་ཤེས་རྒྱུད་གཉིས་འཆང་དུ་ཐལ། འདོད་ན་འཕྲུལ་གྱི་མེ་ལོང་ལས། འགྲོ་ལ་ཤེས་རྒྱུད་གཉིས་མི་འཆང་། །ཞེས་པས་གསལ་ལོ་ཞེ་ན། ལས་དང་ལོག་རྟོག་གི་བློ་སྣང་བ་ཞིག་འཁྲུལ་སྣང་ཡིན་ཡང་། འཁྲུལ་པར་སྣང་བའི་སྣང་བ་དེ་ཉིད་ཤེས་བྱའི་གཤིས་ལ་མ་གྲུབ་པའི་ཕྱིར། འགྲོ་ལ་ཤེས་རྒྱུད་གཉིས་འཆང་དུ་མི་འགྱུར་རོ་བྱས་པ་སྐྱོན་ལས་གྲོལ་ལོ། །ཡང་སྣང་བཞི་གཅིག་གམ་ཐ་དད་ཅེ་ན། སྣང་བ་བཞི་པོ་ངོ་བོ་བདེ་གཤེགས་སྙིང་པོ་ལས་མ་གཡོས་པར་གཅིག་ལ། རང་ལྡོག་ནི། གཞི་ནི་མ་རྟོགས་པས་འཁྲུལ་པ་ཡིན། འཁྲུལ་པ་ནི་མ་རྟོགས་པ་འཁྲུལ་པ་ཡིན། ལམ་པ་ནི་རྟོགས་བཞིན་འཁྲུལ་པ་ཡིན། འབྲས་བུ་ནི་རྟོགས་པས་འཁྲུལ་པ་ཡིན་པས་ཐ་དད་དོ། །གཉིས་པ་སྣང་བ་བཞིན་བྱེ་བྲག་ཏུ་ཕྱེ་སྟེ་རྒྱས་པར་བཤད་ན་གསུམ་སྟེ། གཞི་རང་བཞིན་གྱི་སྣང་བ་ལོག་རྟོག་འཁྲུལ་པའི་སྣང་བ་དང་སྦྱར་ཏེ་བཤད་པ་དང་། གདུལ་བྱ་ལམ་གྱི་སྣང་བ་མཚོན་བྱེད་ཡི་གེའི་རྒྱུད་དང་སྦྱར་ཏེ་བཤད་པ་དང་། འབྲས་བུ་བདེ་གཤེགས་ཀྱི་སྣང་བ་འབྲས་བུ་ཐོབ་ཚུལ་དང་སྦྱར་ཏེ་བཤད་པའོ། །སྤྱི་དོན་དང་པོ་གཞི་རང་བཞིན་གྱི་སྣང་བ་ནི། ལེའུ་གཉིས་པ་ལས། བཅིང་མེད་རྣམས་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་པས། གཞི་འཆིང་གྲོལ་མེད་པའི་རིག་པ་རང་སྣང་བའོ། །དེ་ལ་ལྔ་སྟེ། དགོངས་འདུས་ལས། གང་དུ་དགོས་པ་གང་ངེས་དང་། །ངོ་བོ་དམིགས་དང་བཅས་པའོ། །ཞེས་གསུངས་པས། གཞིའི་དགོས་ཆེད། ངེས་ཚིག །ངོ་བོ། རྣམ་གྲངས་རྣམ་པར་ཕྱེ་སྟེ་དོན་གྱི་དམིགས་གཟུང་བ། ཞོར་ལ་འཁྲུལ་ཚུལ་བསྟན་པའོ། །དང་པོ་དགོས་ཆེད་ནི། གཞི་ཆོས་ཉིད་ཡེ་གདོད་མ་ནས་སངས་རྒྱས་སུ་ཡོད་པས། ལྷན་ཅིག་པ་དང་གོ་ཆེ་བའི་འཁོར་གྱིས་ཤེས་སུ་བཏུབ། རྟོགས་སུ་བཏུབ་པའི་དགོས་ཆེད་ཡོད་དེ། ཡུངས་ཀར་ལ་མར་ནག་ལྷུན་གྲུབ་ཏུ་ཡོད་པས་བཏགས་བཙགས་བྱས་ནས་མར་ནག་འབྱུང་བ་ལྟ་བུའོ། །གཉིས་པ་ངེས་ཚིག་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་སམ་གཞི་ཡིན་པའི་ཕྱིར་རོ། །གསུམ་པ་ངོ་བོ་ནི། ཆོས་ཐམས་ཅད་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་སྤྱོོད་ཡུལ་དང་བྲལ་བར་ཡེ་ནས་གནས་པའོ། །དེ་ཡང་སྒྱུ་འཕྲུལ་རྒྱས་པའི་དོན་ལྔ་པ་ལས། ཀུན་གཞིའི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་སྟེ། །ཞེས་པ་དང་། དོན་གསུམ་པ་ལས། རྣམ་རྟོག་ཀུན་གཞི་ལམ་ཡིན་ལ། །རང་བཞིན་མེད་པ་དོན་གྱི་གཞི། །ཞེས་པ་དང་། སྣང་དང་མི་སྣང་གཉིས་ཀ་མིན། །ཡོད་མེད་གཉིས་ཀ་དབྱེར་མེད་དེ། །ཞེས་པ་དང་། འདུས་མ་བྱས་ཉིད་འདུས་བྱས་སྣང་། །འདུ་བྱས་སྣང་བའང་རྡོ་རྗེ་ཉིད། །ཅེས་པ་དང་། ཉེར་བདུན་པ་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཅེས་པའི་ལུང་དུ་མས་གསལ་ལོ། །བཞི་པ་དོན་གྱི་དམིགས་གཟུང་བ་ནི། ལམ་རིམ་ལས། དེ་ཡང་རྣམ་གསུམ་གནས་ཚུལ་བཞག །ཅེས་པས། གསུམ་པ་ལས། དོན་དམ་གནས་ཚུལ་ནི། སྒྱུ་འཕྲུལ་རྒྱས་པའི་དོན་གསུམ་པ་ལས། དོན་དམ་སྐྱེ་འགག་མེད་པར་མཉམ་པ་ནི། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་དང་སྟོང་པ་ཡི། །ཡང་དག་ཉིད་དང་ཆོས་ཀྱི་དབྱིངས། །མཚན་ཉིད་མེད་དང་དམིགས་སུ་མེད། །བཟུང་དུ་མེད་ཅིང་སྨོན་དུ་མེད། །ཡེ་ནས་མྱ་ངན་འདས་པ་ཡིན། །ཐམས་ཅད་ནམ་མཁའིི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཅེས་པ་དང་། དོན་གཉིས་པ་ལས། མེད་པ་ཉིད་ན་སྣ་ཚོགས་སྣང་། །ཐམས་ཅད་ཤེས་རབ་དབྱིངས་ལས་འབྱུང་། །ཞེས་པ་དང་། འདི་ཉིད་ཀྱི་ལྔ་པ་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཞེས་པ་ལ་སོགས་པས། ལྷག་པ་དོན་དམ་གྱི་གནས་ཚུལ་སེམས་ཉིད་ཅིར་ཡང་མ་ཡིན་པས་ཅིར་ཡང་སྣང་བ་ནི། ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་པའོ། །ལྷག་པ་ཀུན་རྫོབ་ཀྱི་གནས་ཚུལ་ནི། རྒྱས་པའི་དོན་གཉིས་པ་ལས། ཀུན་རྫོབ་སྒྱུ་མར་མཉམ་པ་ཡང་། །འདུས་བྱས་དངོས་པོ་སྣ་ཚོགས་ནི། །སྒྱུ་མའི་ཚུལ་དུ་ཐམས་ཅད་སྣང་། །འབྲལ་སྣང་བྱ་བ་ཀུན་བྱེད་ཀྱང་། །རྟོག་པ་ཀུན་གྱི་ཚད་མར་སྣང་། །འདི་དག་ཐམས་ཅད་གཟུགས་བརྙན་ཏེ། །བྱ་བྱེད་སྣང་ཞིང་དངོས་པོ་མེད ། །ཆུ་ཟླའི་ཚུལ་དུ་ཐམས་ཅད་གནས། །ཐམས་ཅད་སྣང་ལ་རང་བཞིན་མེད། །ཅེས་པ་དང་། དོན་གཉིས་པ་ལས། སྣང་བ་ཉིད་ན་རང་བཞིན་མེད། །དེ་ཉིད་ཤེས་རབ་ཡིན་པར་བཤད། །རྟག་ཏུ་ཐབས་ཉིད་མི་སྣང་བའོ། །ཞེས་པ་དང་། ཡང་དེ་ཉིད་ལས། གཤེགས་སྐུ་སྒྱུ་མར་སྣང་བ་དང་། །ལོག་རྟོག་སྒྱུ་མར་སྣང་བ་གཉིས། །ཡང་དག་ལོག་རྟོག་ཁྱད་པར་བསམ། །སྒྱུ་མ་ཡིན་ཕྱིར་རང་བཞིན་མཉམ། །ཞེས་པ་ལ་སོགས་པ་ལྷག་པ་ཀུན་རྫོབ་ཆོས་ཐམས་ཅད་རང་རིག་སྒྱུ་མར་སྣང་བ་ཙམ་དུ་མཉམ་པར་གནས་པའོ། །དབྱེར་མེད་གནས་ཚུལ་གྱི་དོན་གོང་དུ་བསྟན་ཟིན་ལ། དེ་དཔེས་མཚོན་ཏེ་བསྟན་ན། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། གསེར་ལ་བཟོ་ཡི་རྣམ་པ་ལྟར། །སྣང་བ་དང་པོ་རང་རིག་པས། །ཞེས་གསུངས་པས། དཔེར་ན། གསེར་ལ་བཟོའི་རྣམ་པ་དུ་མར་བྱས་ཀྱང་། ངོ་བོ་གསེར་དུ་དབྱེར་མེད་པ་བཞིན་དུ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་དབྱེར་མེད་དུ་གནས་སོ། །དེ་ཡང་རྒྱས་པའི་དོན་དྲུག་པ་ལས། ཆོས་རྣམས་ཐམས་ཅད་དབྱེར་མེད་གཅིག་པ་སྟེ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཉིད་དུའོ། །ཞེས་པས་མངོན་ནོ། །ཞོར་ལ་འཁྲུལ་ཚུལ་བསྟན་པ་ནི། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། རྒྱུ་རྐྱེན་འབྲས་བུ་འབྱུང་བའི་དུས། །ཚུལ་དང་ཉེས་པ་འགྲུབ་བྱེད་པ། །ཉེ་བར་མཚོན་པས་རྣམ་པར་དབྱེ། །ཞོར་ལ་སྤྱི་དགོས་བཤད་པའོ། །ཞེས་པས་འཁོར་བ་འཁྲུལ་པའི་ཚུལ་ནི་དགུ་ལས། དང་པོ་འཁྲུལ་པའི་རྒྱུ་ལ་ལྔ་སྟེ། བརྒྱུད་རྒྱུ་དེ་བཞིན་གཤེགས་པའི་སྙིང་པོ་འཁོར་འདས་ཀུན་གྱི་སྤྱི་གཞིའོ། །དེ་ཡང་འདི་ཉིད་ཀྱི་གཉིས་པ་ལས། ཨེ་མ་བདེ་གཤེགས་སྙིང་པོ་ལས། །ཞེས་སོ། །མཚུངས་ལྡན་གྱི་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པའོ། །དེ་ཡང་སྤར་ཁབ་ལས། སེམས་རང་བཞིན་གྱི་འོད་གསལ་བ་ཡིན་ཡང་། ངེས་པའི་ཤེས་པས་ངེས་པར་མ་བྱས་པ་ནི། ལྷན་ཅིག་སྐྱེས་པའི་མ་རིག་པའོ། །ཞེས་སོ། །ལྷན་ཅིག་བྱེད་པའི་རྒྱུ་ཀུན་ཏུ་བཏགས་པའི་རིག་པས་འགྲོ་བ་རིགས་དྲུག་དང་ལྷན་ཅིག་བྱེད་པའོ། །དེ་ཡང་འདི་ཉིད་ཀྱི་གསུམ་པ་ལས། མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཞེས་སོ། །ཉེ་བར་ལེན་པའི་རྒྱུ་བག་ཆགས་མཐུ་ཅན་ཏེ། བཅོ་ལྔ་པ་ལས། སྲིད་པའི་ས་བོན་རྩུབ་མོས་འཕངས་ནས། ཞེས་པ་དང་། རྒྱས་པའི་གསུམ་པ་ལས། རྟོག་པའི་བག་ཆགས་སྟུག་པོ་ཡིས། །ཞེས་སོ། །སྤྱིའི་རྒྱུ་བདག་ཏུ་རྟོག་པའོ། །དེ་ཡང་འདི་ཉིད་ཀྱི་གསུམ་པ་ལས། སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །ཞེས་སོ། །གཉིས་པའི་འཁྲུལ་པའི་རྐྱེན་ལ་གཉིས་ཏེ། ལས་དང་ཉོན་མོངས་པའོ། །ལས་ལ་གསུམ་ལས། དགེ་བའི་ལས་ཀྱིས་མཐོ་རིས་གནས་བཅུ། སྡིག་པའི་ལས་ཀྱིས་ངན་སོང་གནས་བཅུ། མི་གཡོ་བའི་ལས་ཀྱིས་ཁམས་གོང་མ་གཉིས་སུ་སྐྱེ་བའི་རྐྱེན་བྱེད་དེ། འདི་ཉིད་ཀྱི་གཉིས་པ་ལ། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་སོ། །ཉོན་མོངས་པ་ལྔ་ལས། ཞེ་སྡང་གི་རྐྱེན་གྱིས་དམྱལ་བར་སྐྱེ། སེར་སྣས་ཡི་དྭགས། གཏི་མུག་གིས་དུད་འགྲོ། འདོད་ཆགས་ཀྱིས་མི། ཕྲག་དོག་གིས་ལྷ་མ་ཡིན། ང་རྒྱལ་གྱིས་ལྷར་སྐྱེ་བའི་རྐྱེན་བྱེད་དེ། རྒྱས་པའི་དོན་གསུམ་པ་ལས། ཐམས་ཅད་མཉམ་པར་མ་ཤེས་ཤིང་། །མ་ལུས་ཀུན་ལ་ཞེ་སྡང་བས། །སྙིང་རྗེ་ཡང་དག་མེད་གྱུར་ན། །འདི་ནི་མི་བཟད་ཆེན་པོ་ཡིན། །དམྱལ་ཁམས་བཅུ་དྲུག་དག་ཏུ་བརྒྱུད། །ཅེས་པ་ལ་སོགས་པ་གསུངས་སོ། །གསུམ་པ་འཁྲུལ་པའི་ངོ་བོའམ་འབྲས་བུ་ནི། ཕྱི་ནང་སྣོད་བཅུད་འཇིག་རྟེན་སྣང་ཞེན་གྱིས་བསྡུས་པའི་ཆོས་ཐམས་ཅད་དེ། འདི་ཉིད་ཀྱི་གསུམ་པ་ལས། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །ཞེས་པ་དང་། ཡང་། རྒྱུད་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ། །ཞེས་སོ། །བཞི་པ་འཁྲུལ་པའི་དུས་ནི། ཐོག་མ་མེད་པ་ནས་འཁོར་ཞིང་འཁྲུལ་ཏེ། རྒྱས་པའི་དོན་གཉིས་པ་ལས། སེམས་ཅན་ཁམས་གསུམ་འཁོར་བ་ཡི། །ཐོག་མ་མེད་ནས་སེམས་ཡན་བཏང་། །ཞེས་པ་དང་། ལམ་རིམ་ལས། རྩོལ་མེད་གཞི་དུས་ཀུན་ཏུ་ཉམས། །ཞེས་སོ། །ལྔ་པ་འཁྲུལ་པའི་འཁྲུལ་ཚུལ་ནི། རྟེན་ཅིང་འབྲེལ་བ་བཅུ་གཉིས་ཀྱིས་ཚུལ་དུ་འཁོར་ཏེ། ཕྱི་རྟེན་ཅིང་འབྲེལ་བ་བཅུ་གཉིས་ནི། རྒྱུ་དང་འབྲེལ་པ་དྲུག །རྐྱེན་དང་འབྲེལ་བ་དྲུག་མང་ཉུང་གི་ཚུལ་དུ་འཁོར། ནང་རྟེན་ཅིང་འབྲེལ་བ་བཅུ་གཉིས་ནི། ལུས་ཅན་རྣམས་ལ་དངོས་སུ་འཁོར་ལ། ལུས་མེད་རྣམས་ལ་བག་ཆགས་ཀྱི་ཚུལ་དུ་འཁོར་ཏེ། དེ་ཡང་འདི་ཉིད་ཀྱི་གསུམ་པ་ལས། ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །ཞེས་སོ། །དྲུག་པ་འཁྲུལ་པའི་ཉེས་པ་ནི་གཉིས་ཏེ། འཕགས་པའི་ལམ་དང་བྲལ་བའི་ཉེས་པ་ནི། རྒྱས་པའི་དོན་ག སུམ་པ་ལས། སེམས་ཅན་མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །རང་གི་རྣམ་རྟོག་བསྒྲིབས་བྱས་ནས། །ཡེ་ཤེས་ལྔ་ཡི་དོན་མ་མཐོང་། །ཞེས་སོ། །སྡུག་བསྔལ་ཉམས་སུ་མྱོང་བའི་ཉེས་པ་ནི། འདི་ཉིད་ཀྱི་གསུམ་པ་ལས། མི་མཐུན་བདེ་སྡུག་མྱོང་བར་འགྱུར། །ཞེས་སོ། །བདུན་པ་འཁྲུལ་པའི་སྒྲུབ་བྱེད་ནི་གཉིས་ཏེ། འཁོར་འདས་གཉིས་ཀ་སྒྲུབ་པ་ནི། བཅོ་ལྔ་པ་ལས། མ་བཅོས་རྒྱུན་གྱི་སྐད་ཅིག་མ། །དེ་ཡིས་མ་བྱས་གང་ཡང་མེད། །ཅེས་སོ། །བྱེ་བྲག་འཁོར་བ་སྒྲུབ་པར་བྱེད་པ་ནི། ལོག་རྟོག་རྒྱུན་གྱི་སྐད་ཅིག་མ། །དེ་ཡིས་མ་བྱས་གང་ཡང་མེད། །ཅེས་པ་དང་། འདི་ཉིད་ཀྱི་གསུམ་པ་ལས། བདག་དང་གཞན་དང་རྟོག་པའི་རྒྱུན། །ཞེས་པས་སོ། །བརྒྱད་པ་འཁྲུལ་པ་མཚོན་པའི་དཔེ་ནི་གཉིས་ཏེ། འཁོར་བའི་དཔེ་ཟོ་ཆུའི་ཁྱུད་མོ་ལྟ་བུ་ནི། རྒྱས་པའི་དོན་གསུམ་པ་ལས། རྩྭ་དང་སོག་མའི་མེ་བཞིན་དུ། །ཁམས་གསུམ་དབང་དུ་འཁོར་བར་བྱེད། །ཅེས་སོ། །མཆེད་པའི་དཔེ་ནི། རྩྭ་དང་སོག་མ་ལ་མེ་མཆེད་པ་བཞིན་ཏེ། རྩ་དང་སོག་མའི་འཁོར་ལོ་བཞིན། །ལོང་རྟགས་རྒྱས་ཤིང་བརྒྱུད་པར་འགྱུར། །ཞེས་སོ། །དགུ་པ་ཞོར་ལ་ལ་བཟླ་བ་ནི། འཁོར་འདས་རང་བཞིན་དབྱེར་མེད་ལས་མ་གཡོས་པ་སྟེ། དེ་ཡང་རྒྱས་པའི་དོན་གསུམ་པ་ལས། རྣམ་པར་འབྱང་དང་སྡུག་བསྔལ་དག །ཡེ་ནས་ངོ་བོ་ཡོད་མིན་ན། །ཉོན་མོངས་སྤང་ཞིང་བསྒྲུབ་བྱ་མེད། །ཅེས་པ་དང་། དོན་གཉིས་པ་ལས། མཆོག་གསུམ་རྫོགས་པ་མན་ཆོད་ནས། །ངན་སོང་གནས་རྣམས་ཐམས་ཅད་ཀུན། །ཡང་དག་པར་ནི་དབྱེར་མེད་དེ། །གང་ཡང་སྤར་བར་བྱ་བ་ཡིན། །ཞེས་པ་དང་། འདི་ཉིད་ལས། རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་པས་མངོན་ནོ། །དེ་ལྟ་བུའི་གཞི་དེ་ལེའུའི་གཞུང་ལས་དངོས་བཟུང་ན། འདི་ཉིད་ཀྱི་ལེའུ་གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བརྒྱད་པ། བཅུ་གཉིས་པ། བཅུ་གསུམ་པ། བཅོ་ལྔ་པ། བཅུ་དགུ་པ། ཉེར་གཉིས་པ་དང་། དེ་ལྟར་ལེའུ་བཅུ་གཅིག་གིས་ཤས་ཙམ་སྟོན་ནོ། །སྤྱི་དོན་གཉིས་པ་གདུལ་བྱ་ལམ་གྱི་སྣང་བ་མཚོན་བྱེད་ཡི་གེའི་རྒྱུད་དང་། སྦྱར་ཏེ་བཤད་ན། རིགས་བརྒྱད་དབྱེ་བ་ལས། ཆོས་ཀྱི་དབྱིངས་ནི་ཀུན་ལ་ཁྱབ་པ་ཡི། །བླ་མེད་ཐེག་པ་བསམ་ཡས་གསུངས་པ་ཡང་། །སོ་སོར་རང་གི་བློ་ལ་སྣང་བར་ཟད། །ཅེས་གསུངས་པ་དང་། འདི་ཉིད་ཀྱི་དྲུག་པ་ལས། དེ་བཞིན་ཉིད་ཀྱིས་མ་བཅོས་ཀྱང་། །ལས་འཕྲོའི་དབང་གིས་སོ་སོར་སྣང་། །ཞེས་པས་བསྟན་པ་བློ་དང་འཚམས་པར་སྣང་བའོ། །དེ་ལ་ཡང་བཞི་ལས། ལམ་གྱི་དགོས་ཆེད་ནི། གཞི་ཤེས་པར་བྱ་པ་ལ་དགོས་ཏེ། བཅུ་གསུམ་པ་ལས། ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཞེས་སོ། །འབྲས་བུ་ཐོབ་པར་བྱེད་པ་ལ་དགོས་ཏེ། དགུ་པ་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཞེས་སོ། །གཉིས་པ་ངེས་ཚིག་ནི། འཇུག་ཅིང་བགྲོད་པའི་ཕྱིར་རོ། །ཞོར་ལ་རྒྱུད་ཀྱི་ངེས་ཚིག་ནི། འགྲེལ་པ་ལས། རང་བཞིན་འབྲས་བུ་རྣམ་གཉིས་ཀྱིས། །ཤེས་ཐོབ་བཏགས་མིང་ངེས་ཚིག་གཉིས། །རྒྱུ་རྐྱེན་ཐབས་འབྲེལ་དགོས་སོགས་ཕྱིར། །རང་གི་ངེས་ཚིག་བཞི་རུ་འགྱུར། །ཞེས་པ་ལ་སོགས་པའི་ངེས་ཚིག་དྲུག་སྟེ། གཞན་ལས་བཏགས་པའི་ངེས་ཚིག་གཉིས་ནི། ཤེས་བྱ་གཞི་ལ་རྒྱུད་དུ་མིང་ཐོབ་པས། དེ་ཤེས་བྱེད་ལམ་ལ་ཡང་རྒྱུད་དུ་མིང་ཐོབ། ཐོབ་བྱ་འབྲས་བུ་ལ་རྒྱུད་དུ་མིང་ཐོབ་པས། དེ་ཐོབ་བྱེད་ལམ་ལ་ཡང་རྒྱུད་དུ་མིང་ཐོབ་བོ། །གང་ལས་ཐོབ་པའི་ངེས་ཚིག་ནི། རྒྱུ་གླེང་གཞི། རྐྱེན་གླེང་བསླང་། འབྲས་བུ་རྒྱུད་དོན། དགོས་འབྲེལ་གདམས་གཏད་དང་བཞི་ནི། རྒྱུད་དོན་གྱི་ངེས་ཚིག་གོ། །གསུམ་པ་ངོ་བོ་ནི། སེམས་ལྔ་སྐྱེའམ་སྐྱེས་པ་སྟེ། སྤྱན་འགྲེལ་ལས། རང་བཞིན་མངོན་བྱེད་རྣལ་འབྱོར་པ། །ངོ་བོ་རྐྱེན་གྱིས་རྣམ་པར་དབྱེ། །རིགས་དང་རིགས་སུ་ངེས་པ་ཡི། །དང་པོ་རྣམ་པ་གཉིས་གྱུར་པ། །ལྔ་སེམས་ལྡན་པའི་ཤེས་རབ་ཉིད། །སྐྱེ་བའི་གཞི་དང་སྐྱེ་ངེས་པའོ། །ཞེས་པས་སྤྱིར་སེམས་སྐྱེ་བའི་རྒྱུ། རྐྱེན། སྐྱེ་བ། སྐྱེས་པའི་ངོ་བོ་རྣམས་རིམ་པར་དབྱེ་རུ་རུང་མོད། འོན་ཀྱང་ལམ་གྱི་ངོ་བོ་ལ་དབྱེ་ན་འདོད་ལུགས་མང་སྟེ། ལམ་རིམ་ལས། ཀུན་ཀྱང་སྨིན་ཟིན་བགྲོད་པ་མེད། །དེ་ཉིད་ལམ་གྱི་ངོ་བོ་སྟེ། ཞེས་པས། བགྲོད་བྱའི་ངོས་ནས་ལམ་གྱི་ངོ་བོར་བཞག །རིམ་གསུམ་ལས། ངོ་བོ་ཤེས་རབ་རྣམ་གསུམ་སྟེ། །སེམས་ལྔ་སྐྱེས་པར་བསྟན་པ་ཡིན། །ཞེས་པས། བགྲོད་ཚུལ་གྱི་ངོས་ནས་ལམ་གྱི་ངོ་བོར་བཞག །མདོ་དོན་བསྡུས་ཀྱི། ངོ་བོ་ཐབས་དང་ཤེས་རབ་སྟེ། །ཞེས་པས། རྣམ་གྲངས་ཀྱི་ངོས་ནས་ལམ་གྱི་ངོ་བོར་བཞག་སྟེ། ཁོག་གཞུང་ལས། ངོ་བོ་སེམས་ལྔ་སྐྱེས་པ་དང་། །ཞེས་པ་དང་། དཔེ་ཆུང་རང་གནས་ལས། འཇིག་ལྡང་ལ་སོགས་བྱང་སེམས་ལྔ། །ངེས་པར་སྐྱེ་བའི་ངོ་བོར་འདོད། །ཅེས་པས། ལམ་གྱི་ངོ་བོ་སེམས་ལྔ་ལ་བཞག་སྟེ། དེའི་དབང་དུ་བྱས་ན། ཐུན་མོང་སེམས་ལྔ་ནི་སྦྱངས་པའི་དབང་པོ་རྣོན་པོའི་སྐབས་སུ་སྐྱེ་བས་ཞོར་ལ་བཤད་དོ། །སྐབས་འདིར་མཆོག་གི་སེམས་ལྔ་ལ་གཉིས་ཏེ། གྲོལ་ལམ་གྱི་སེམས་ལྔ་ནི། སྐྱེ་བོ་དང་མུ་སྟེགས་ཐེག་པ་འོག་མ་རྣམས་ཀྱི་ཞེ་འདོད་ལས་གྲོལ་ནས། གསང་སྔགས་སུ་འགོ་གཡོ་བ་ནི། གཡོ་ལྡང་བྱང་ཆུབ་ཀྱི་སེམས་དང་། ཞི་བདེ་དབྱེར་མེད་ཀྱི་དོན་ཁོང་དུ་ཆུད་པར་སྨོན་པ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། དབྱེར་མེད་ཀྱི་དོན་ལ་འཇུག་པ་ནི་འཇུག་པའི་སེམས་དང་། ཞུགས་ནས་དབྱེར་མེད་ཀྱི་དོན་ལ་གནས་པ་ནི་གནས་པའི་སེམས་དང་། གནས་པས་ལམ་ལྔ་མཐར་ཕྱིན་པ་མཐར་ཕྱིན་པའི་སེམས་སྐྱེ་བའོ། །ཐབས་ལམ་གྱི་སེམས་ལྔ་ནི། ཁམས་ཉེར་གཅིག་པ་ལས། འཇིག་དང་ལྡང་དང་གནས་པ་དང་། །སྨོན་པ་བྱང་ཆུབ་སེམས་ཡིན་ནོ། །གཡོ་དང་སྐྱེད་དང་ལྡང་དང་གནས། །ཞེས་པས། གཡོ་ལྡང་བྱང་ཆུབ་ཀྱི་སེམས་ནི། ལམ་པས་ཐབས་ལམ་ཉམས་སུ་ལེན་པའི་དུས་སུ། རྩ་གནས་ནས་ཐིག་ལེ་འགོ་གཡོ་ཙམ་ན། བདེ་བ་འགོ་ལྡང་བའི་ཚུལ་དུ་འདུག་པས་ན་གཡོ་ལྡང་བྱང་ཆུབ་ཀྱི་སེམས་སོ། །བདེ་བ་སྔ་མ་འཇིག་ཅིང་ཕྱི་མ་ལ་འཇུག་པ་ནི་འཇིག་འཇུག་བྱང་ཆུབ་ཀྱི་སེམས་སོ། །ལུས་རྩ་དང་ཐིག་ལེ་རྣམས་རང་སར་གནས་པས། བདེ་བ་ཡང་རང་སར་གནས་པ་ནི་གནས་པ་བྱང་ཆུབ་ཀྱི་སེམས་སོ། །སྔ་མའི་བདེ་བ་ལ་དམིགས་ཤིང་ཕྱི་མའི་བདེ་བ་ལ་སྨོན་པ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་སོ། །ཐིག་ལེ་རྡོ་རྗེའི་རྩེ་མོ་ནས་ཕར་འགྲོ་བ་དང་། པདྨའི་ཟེའུ་འབྲུ་ནས་ཚུར་འོང་བ་ནི་འགྲོ་འོང་བྱང་ཆུབ་ཀྱི་སེམས་སོ། །འོ་ན་ལམ་གྱི་ངོ་བོ་སེམས་ལྔ་ཡིན་ན། ལམ་པ་གང་གིས་བྱེད་ཅེ་ན། སེམས་ལྔ་སྐྱེ་བའི་གཞི་མའི་ངོས་ནས་ལམ་པ་ཡིན་ལ། སྐྱེས་པ་རང་གི་ངོས་ནས་ལམ་གྱི་ངོ་བོ་ཡིན་ནོ། །འོ་ན་ཅིག་ཅར་བའི་རྟེན་གྱི་གང་ཟག་ལ་སེམས་ལྔ་རིམ་གྱི་སྐྱེའམ་ཅིག་ཅར་སྐྱེ། སྔ་མ་ལྟར་ན་ཅིག་ཅར་བ་ཡིན་པ་དང་འགལ། ཕྱི་མ་ལྟར་ན་གཡོ་ལྡང་བྱང་ཆུབ་ཀྱི་སེམས་སྐྱེས་པའི་ཚེ་ན། མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་སྐྱེའམ་མི་སྐྱེ། སྐྱེ་ན་བར་གྱི་སེམས་གསུམ་ལ་དགོས་པ་མེད་པར་འགྱུར། མི་སྐྱེ་ན་རིམ་གྱིས་པ་དང་ཁྱད་མེད་པར་འགྱུར་རོ་ཞེ་ན། འདི་ལ་བླ་མ་གོང་མ་རྣམས་ཀྱི་བཞེད་ཀྱིས། སེམས་ལྔ་མྱུར་བར་སྐྱེ་བ་ལ་ཅིག་ཅར་བ་དང་། བུལ་བར་སྐྱེ་བ་ལ་རིམ་གྱིས་པར་གསུངས་ཏེ། དཔེར་ན། རྟ་མགྱོགས་པར་རྒྱུག་པ་དང་བུལ་བར་རྒྱུག་པ་ལྟ་བུའམ། ཤོ་མང་འདབ་མ་ལྔ་སྦྲགས་ལ་ལག་མྱུར་པོས་ཁབ་གཙག་བྱེད་པ་དང་། ཤིང་ལེབ་ལྔ་སྦྲགས་ལ་གསོར་གྱིས་འབུགས་པ་ལྟ་བུ་ཡིན་གསུང་། རྒྱ་གབ་གོང་པའི་བཞེད་ཀྱིས། རྟེན་གྱི་གང་ཟག་བློ་ཆེ་བ་ལ་སེམས་ལྔ་ཅིག་ཅར་དུ་སྐྱེ་ལ། སྐྱེ་ལུགས་ནི་སེམས་ལྔའི་ངོ་བོ་དབྱེར་མེད་དུ་སྐྱེ་བ་ཡིན་ཏེ། དེ་ཡང་སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། ལྷུན་གྱིས་རྟོགས་ནས་ལྷུན་གྱིས་བསྒོམ། །རིམ་བྲལ་དེ་ཉིད་གསལ་འགྱུར་འབྲེལ། །སྐབས་ཀྱིས་རྫོགས་པ་ཆེན་པོར་བརྗོད། །ཅེས་གསུངས་པས་མངོན་ནོ། །བཞི་པ་དོན་གྱི་དམིགས་བཟུང་ནས་རྣམ་གྲངས་རྣམ་པར་ཕྱེ་ན། བློ་ཆེ་ཆུང་གི་སྒོ་ནས་རིམ་དང་ཅིག་ཅར་གཉིས་སུ་དབྱེ། མཚན་མ་ཆེ་ཆུང་གི་སྒོ་ནས་ལྷ་དང་རྟོག་པ་གཉིས་སུ་དབྱེ། གདུལ་བྱ་འདྲག་ཞན་གྱི་སྒོ་ནས་ཞི་ཁྲོ་གཉིས་སུ་དབྱེ། རིམ་པ་འདོར་མི་འདོར་གྱི་སྒོ་ནས་ཐོད་བརྒལ་མཐར་ཆགས་གཉིས་སུ་དབྱེ་སྟེ། ད་རེས་སྒྱུ་འཕྲུལ་རྒྱ་མཚོ་དང་། འདི་ཉིད་ཀྱི་ལེའུ་བདུན་པའི་རྗེས་སུ་འབྲང་ནས་ཆགས་པའི་ཆེ་ཆུང་གི་སྒོ་ནས་ཐབས་ལམ་གྲོལ་ལམ་གཉིས་སུ་དབྱེ་ན། འདི་ཉིད་ཀྱི་བདུན་པ་ལས། གྲོལ་ཐར་ལམ་དང་འཁོར་བའི་སྒྲ། །ཞེས་པ་དང་། རྒྱ་མཚོ་ལས། གཞི་དང་སྐབས་ཀྱི་སྐྱེ་འགྱུར་པ། །གྲོལ་ལམ་ཐབས་སུ་རྣམ་པར་བཤད། །ཅེས་པས། ཐབས་ལམ་ནི་ཐབས་ཀྱི་མན་ངག་དང་ལྡན་པས་ཉོན་མོངས་པ་ལ་སྤྱད་ཀྱང་མི་འཆིང་ཞིང་གྲོལ་བ་སྟེ། འདི་ཉིད་ཀྱི་བཅུ་པ་ལས། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །བདེ་བའི་འབྲུ་ཚོགས་གསལ་བའི་རྒྱུན། །རྡོ་རྗེ་ལམ་ནས་པདྨོར་འཁྱིལ། །ཞེས་པ་དང་། བཞི་པ་ལས། ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་སོགས་རྒྱུ་འཁོར་ལོ། །འབྲས་བུ་རྒྱལ་བ་སྨིན་གྲུབ་ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། །ཞེས་སོ། །གྲོལ་ལམ་ནི། ཆོས་ཉིད་ཀྱི་དོན་ལ་ཤེས་རབ་རྣམས་པ་གསུམ་གྱིས་སྦྱོར་བ་སྟེ། འདི་ཉིད་ཀྱི་བཅུ་གསུམ་པ་ལས། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་སྐུ་ལྔ་ལྷུན་གྱིས་གྲུབ། །ཅེས་པ་དང་། རྒྱས་པའི་དོན་གསུམ་པ་ལས། དེ་བས་ཐོས་བསམ་སྒོམ་པ་ཡིས། །ཡང་དག་དོན་ཉིད་རྟོགས་བྱ་སྟེ། །ཞེས་སོ། །དེ་ལ་དང་པོ་ཐབས་ལམ་ལའང་རིམ་ཅིག་ཅར་གཉིས་ལས། རིམ་གྱིས་པ་ནི་སྟེང་སྒོ་འཁོར་ལོ་འཇུ་འདུལ་གྱི་མན་ངག་ཉམས་སུ་བླངས་པས་བདེ་བའི་ཡེ་ཤེས་རིམ་གྱིས་སྐྱེ་བ་སྟེ། དེ་ཡང་རྒྱ་མཚོ་ལས། འཁོར་ལོ་བཞི་དང་སྲོག་ཤིང་གསུམ། །མེ་རླུང་འགྲོ་བ་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། །ཞེས་པ་དང་། བཅུ་གསུམ་པ་ལས། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །ཞེས་པ་ལ་སོགས་པ་གསུངས་སོ། །ཐར་ལམ་ཅིག་ཅར་བ་ནི། འོག་སྒོ་ཟབ་མོའི་དབང་གསུམ་གྱི་མན་ངག་ཉམས་སུ་བླངས་པས་བདེ་བའི་ཡེ་ཤེས་ཅིག་ཅར་དུ་སྐྱེ་བ་སྟེ། དེ་ཡང་ཁམས་ཉེར་གཅིག་པ་ལས། དཀྱིལ་འཁོར་བཞི་བཅུ་རྩ་གཉིས་དང་། །ཕུན་སུམ་ཚོགས་པའི་ལྷུན་གྲུབ་རྣམས། །གསང་དབང་མཆོག་གིས་སྦྱིན་པར་བྱེད། །ཅེས་པ་དང་། རྒྱས་པའི་དོན་གསུམ་པ་ལས། ཅིག་ཅར་དབང་ལྔ་རྫོགས་པའི་དམ་ཚིག་ནི། །ཞེས་པ་ལ་སོགས་པ་གསུངས་སོ། །འོ་ན་ཐབས་ཀྱི་ལམ་དེ་དག་གསལ་བར་སྟོན་པའི་གཞུང་གང་ལ་ངོས་འཛིན་ཞེ་ན། ལེའུ་གཉིས་པ། བཞི་པ། ལྔ་པ། བཅུ་པ། བཅུ་གསུམ་པ་རྣམས་ཀྱིས་སྟོན་ནོ། །གཉིས་པ་གྲོལ་ལམ་ལ་ཡང་རིམ་དང་ཅིག་ཅར་གཉིས་ཏེ། འདི་ཉིད་ཀྱི་དགུ་པ་ལས། སྐལ་ལྡན་གསལ་བའི་ཁྱད་པ་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཞེས་པ་དང་། རེ་བརྒྱད་པ་ལས། བློ་ཡི་ཤེས་རབ་ཆེ་ཆུང་གིས། །ཡང་ན་ཅིག་ཅར་བསྒོམ་པར་བྱ། །ཞེས་པས་མངོན་ནོ། །འོ་ན་དེ་གཉིས་ཀྱི་ཁྱད་པར་གང་ཞེ་ན། ལྟ་བ་གཏན་ལ་འབེབས་པའི་དུས་སུ། རིམ་གྱིས་གཏན་ལ་ཕབ་ནས། སྒོམ་པས་ཉམས་སུ་ལེན་པའི་དུས་སུ་བདེན་པ་ཁ་ཕྲལ་ནས་བསྒོམ། འབྲས་བུ་མཐར་ཕྱིན་པའི་དུས་སུ་རིམ་གྱིས་མཐར་ཕྱིན་པར་བྱེད་པ་ཞིག་རིམ་གྱིས་སོ། །ཅིག་ཅར་བ་ནི། ལྟ་བ་གཏན་ལ་འབེབས་པའི་དུས་སུ་དབྱེར་མེད་ཅིག་ཆོད་དུ་རྟོགས། སྒོམ་པས་ཉམས་སུ་ལེན་པའི་དུས་སུ་དབྱེར་མེད་གཅིག་ཆོད་དུ་བསྒོམ། འབྲས་བུ་མཐར་ཕྱིན་པའི་དུས་སུ་དབྱེར་མེད་ཅིག་ཆོད་དུ་ཕྱིན་པར་བྱེད་པ་ཞིག་ཅིག་ཅར་བའོ། །ཡང་ན་རྟོགས་གོམས་རིམ་གྱིས་མཐར་ཕྱིན་པ་རིམ་གྱིས། རྟོགས་གོམས་ཐམས་ཅད་ཅིག་ཆོད་དུ་མཐར་ཕྱིན་པ་ཅིག་ཅར་རོ། །དེ་གཉིས་ཀར་ཡང་མཚན་ཉིད་གསུམ་དང་སྦྱོར་བ་ཡིན་ཏེ། འདི་ཉིད་ཀྱི་བཅུ་གཉིས་པ་ལས། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པ་དང་། ལྟ་ཕྲེང་ལས། མཚན་ཉིད་གསུམ་གྱིས་དོན་མཐར་ཕྱིན་པར་བྱེད་དོ། །ཞེས་སོ། །དེ་ཡང་བརྗོད་བྱ་ཉུང་བས་ཅིག་ཅར་བ་ཐོག་མར་བཤད་ན། རྟོགས་གོམས་དུས་གཅིག་ལ་མཐར་ཕྱིན་པས་ཅིག་ཅར་བ་ཡིན་ཏེ། བཅུ་དགུ་པ་ལས། མཉམ་ལ་མཉམ་པར་སྦྱོར་བ་ཡི། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་འགྱུར་བས། །ཞེས་པ་དང་། སྒྱུ་འཕྲུལ་བླ་མ་ལས། ཐིག་ལེ་ཆེན་པོའི་རང་བཞིན་ལས། །བསྒོམ་པ་རྣམ་གསུམ་དུས་གཅིག་རྫོགས། །དེ་ནི་དེ་བཞིན་ཉིད་ཀྱི་དབྱིངས། །དེ་ནི་ཀུན་ཏུ་སྣང་གི་དང་། །དེ་ནི་རྒྱུ་ཡི་རིམ་པར་བསྟན། །ཞེས་པ་དང་། རེ་བརྒྱད་པ་ལས། མ་བཅོས་ཇི་བཞིན་ངང་བཞག་ནས། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འབྱུང་། །ཞེས་པ་དང་། བྱེ་བྲག་བསྟན་པ་ལས། ལྷུན་གྱིས་གྲུབ་ནས་ལྷུན་གྱིས་བསྒོམ། །རིམ་བྲལ་དེ་ཉིད་གསལ་གྱུར་འབྲེལ། །སྐབས་ཀྱི་རྫོགས་པ་ཆེན་པོར་བརྗོད། །ཅེས་སོ། །གྲོལ་ལམ་ཅིག་ཅར་བདེ་དག་གསལ་བར། ལེའུ་དྲུག་པ། དགུ་པ། བཅུ་གཅིག་པ། བཅུ་གཉིས་པ། བཅུ་དགུ་པ་རྣམས་ཀྱིས་སྟོན་ནོ། །གྲོལ་ལམ་རིམ་གྱིས་པ་རྟོགས་གོམས་རིམ་གྱིས་མཐར་ཕྱིན་པར་བྱེད་པ་ལ། ལམ་གྱི་བྱེ་བྲག་བཞིར་ཕྱེ་ན། ཟག་པ་མེད་ལ་ལྡོག་པ་ཡོད་པའི་ལམ་པ་ནི། འཕགས་པ་དགྲ་བཅོམ་པའི་རྟེན་གྱི་གང་ཟག་གང་ཞིག །ཐེག་ཆེན་གྱི་ཚོགས་སྦྱོར་གྱི་ལམ་ལ་གནས་པ་དེའོ། །ཟག་ལྡོག་གཉིས་ཀ་ཡོད་པའི་ལམ་པ་ཚོགས་ལམ་གྱི་རྣལ་འབྱོར་བཞིའོ། །ཟག་པ་ཡོད་ལ་ལྡོག་པ་མེད་པའི་ལམ་པ། སྦྱོར་ལམ་ཚོམ་བུ་ཚོགས་ཀྱི་རྣལ་འབྱོར་རོ། །ཟག་ལྡོག་གཉིས་ཀ་མེད་པའི་ལམ་པ། མཐོང་ལམ་རྣམ་པ་གཉིས་ཡན་ཆོད་དོ། །དེ་ལ་ཟག་པ་ནི་ཆོས་མངོན་པ་ལས། ཟག་པའི་སྒོ་དྲུག་ཏུ་བཤད་ཀྱང་། སློབ་དཔོན་ཆེན་པོ་སངས་རྒྱས་གསང་བ། ལུས། ཁམས། སྐྱེ་གནས་ཀྱི་ཟག་པ་གསུམ་དུ་བཞེད་དོ། །ལྡོག་པ་ནི་ལམ་ཕྱིར་ལྡོག་པ་སྟེ། འདི་ནི་སྲིད་པ་ལ་དགོངས་ཀྱིས་ཁྱབ་པ་ནི་མེད་དོ། །སྤྱིར་དེ་ལྟར་ཡིན་གྱིས། སྐབས་འདིར་མན་ངག་ལྟ་ཕྲེང་རྗེས་སུ་འབྲངས་ནས་མཚན་ཉིད་གསུམ་དུ་འཆད་དེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་དང་གསུམ་ལས། དང་པོ་ལའང་གཉིས་ཏེ། ལྟ་བ་རྟོགས་པ་གདམས་པ་ནི། འདི་ཉིད་ལས། གང་གིས་དམིགས་མེད་མི་ཤེས་པ། །དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པས། །འཇིག་པས་དམིགས་མེད་ཤེས་པར་གྱིས། །ཞེས་སོ། །ལྟ་བ་རང་གི་ངོ་བོ་ནི། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིག་བརྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་སོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ་ལྔ་སྟེ། སྟོང་པ་ཆེན་པོའི་རྣལ་འབྱོར་ནི། སྒྲུབ་ཐབས་ལས། དངོས་རྣམས་ཉིད་ན་དངོས་མེད་པས། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་པའོ། །ཞེས་སོ། །སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ནི། དེ་བཞིན་ཉིད་ལ་སྤྲོས་མེད་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་རྣམས་ལ་སྙིང་རྗེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་སོ། །ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ལ་ཕྲ་རགས་གཉིས་ལས། ཕྲ་བ་ཡིག་འབྲུ་ལ་བསླབ་པ་ནི། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེའི་ཡིད་བཞིན་རིན་ཅེན་སྤྲིན། །ཞེས་པ་དང་། རྒྱས་པ་ལས། ཕྱི་ནང་སྣོད་བཅུད་ཧཱུཾ་དུ་བསྡུ། །ཞེས་སོ། །རགས་པ་ལྷ་སྐུ་ལ་བསླབ་པ་ལ་གཉིས་ཏེ། རྟེན་གཞལ་ཡས་ཁང་བསྒོམ་པ་ནི། འཁོར་ལོ་རྩིབས་བཞི་མུ་ཁྱུད་པ་བཅས། །གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང་། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་པ་ཞི་བའི་གཞལ་ཡས་ཁང་དང་། ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །ཕྱོགས་བཅུ་རྒྱ་ཡོངས་མ་ཆད་པའི། །འབར་བའི་འཁོར་ལོ་རྩིབས་བཞི་པ། །གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད། །འབར་བའི་འཕྲོ་བ་མང་པོ་འཁྲུག །ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པ་དོམ་གྱི་སྦར་བས་ནི། །དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། །ཞེས་ཁྲོ་བོའི་གཞལ་ཡས་ཁང་ངོ་། །བརྟེན་པ་ལྷ་སྒོམ་པ་ནི། དེ་བཞིན་གཉིས་མེད་གསལ་གྱུར་ནས། །སྐུ་གཅིག་རྡོ་རྗེ་དྲིལ་འབར་སྒོམ། །ཞེས་པ་དང་། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། །ཞེས་པས་སོ། །ཕྱག་རྒྱ་སྤྲོས་པ་དང་བཅས་པའི་རྣལ་འབྱོར་ནི། ཞི་ཁྲོའི་ལྷ་ཚོགས་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་དང་། ཚོམ་བུ་གཅིག །གསུམ། ལྔ་པ་གང་སྒོམ་ཡང་། རྩ་བ་ཡན་ལག་ལྷག་པའི་ལྷ་དང་བཅས་པ་བསྒོམ་སྟེ། དེ་ཡང་རྣམ་གྲངས་ཀྱི་དབང་དུ་བྱས་ན། སྒྱུ་འཕྲུལ་འབྲིང་པོའི་ལྷ་ཚོགས་ཚོམ་བུ་སྟོང་དང་། ཉི་ཁྲི་བཞི་སྟོང་དང་། བསམ་ཡས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་སོགས་པ་རྣམ་པར་སྣང་བྱེད་ཀྱི་ཏིང་ངེ་འཛིན་བསྒོམ་པའོ། །དེ་ཡང་འདི་ཉིད་ལས། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །དེ་ཉིད་ཡན་ལག་སྤྲོས་བདག་སྟེ། །བཞི་བཅུ་རྩ་གཉིས་གསུམ་འཕྲོར་འགྱུར། །དེ་ལྟར་ལྡན་པའི་གཙོ་མཆོག་གིས། །རྒྱལ་བ་རྒྱལ་མཆོག་ཇི་བཞིན་དུ། །བཅུ་གཉིས་དྲུག་གི་འོད་འཕྲོ་འབར། །ཞེས་སོ། །དེ་བཞིན་དུ་དཀྱིལ་འཁོར་འཁོར་དང་ཚོམ་བུའི་ལྷ་ཚོགས་ཐམས་ཅད་ལ་ཤེས་པར་བྱའོ། །དེ་རྣམས་ནི་ཚོགས་ཀྱི་ལམ་མོ། །བར་ཆད་མེད་པའི་ལམ་ཚོམ་བུ་ཚོགས་སྒྲུབ་པ་ལ་ཞི་ཁྲོ་གཉིས་ལས། ཞི་བ་ནི། ཚོམ་བུ་གཅིག །གསུམ། ལྔ་ལས། གཅིག་པ་ནི། འདི་ཉིད་ཀྱི་བཅུ་གཅིག་པ་ལས། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །ཐུགས་ཀྱི་ཐུགས་ཏེ་ཐུག་ཀྱི་མཆོག །ཅེས་སོ། །གསུམ་པ་ནི། དེ་བཞིན་རིགས་དང་རྡོ་རྗེའི་རིགས། །པདྨའི་རིགས་ཏེ་སྐུ་གསུང་ཐུགས། །ཁྲོ་བོའི་ཚོགས་དང་ལྡན་པ་ཡི། །ཚོམ་བུ་གསུམ་པའི་ལྷ་རྣམས་བསྒོམ། །ཞེས་སོ། །ལྔ་པ་ནི། ལྔ་དང་ལྔ་ཡི་སྦྱོར་བ་ཡིས། །ཚོམ་བུ་ལྔ་ཡི་ལྷ་རྣམས་བསྒོམ། །ཞེས་སོ། །ཁྲོ་བོའི་ཚོགས་སྒྲུབ་པ་ནི། ཕོ་ཉ་ཕྱག་བརྙན་བཀའ་ཉན་ཚོགས། །ཅི་བགྱི་ལ་སོགས་ཚོགས་རྣམས་ཀྱིས། །དངོས་གྲུབ་ལས་རྣམས་རྫོགས་པར་བྱེད། །ཅེས་སོ། །དེ་དག་ནི་སྦྱོར་བའི་ལམ་མོ། །གསུམ་པ་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་ལ་གཉིས་ཏེ། གནས་སྐབས་ལམ་འགྱུར་གྱི་འབྲས་བུ་རིག་འཛིན་བཞི་དང་། མཐར་ཐུག་སངས་རྒྱས་ཀྱི་འབྲས་བུ་སྐུ་ལྔའོ། །དེ་ལ་རྣམ་པར་སྨིན་པའི་རིག་འཛིན་དང་། ཚེ་ལ་དབང་བའི་རིག་འཛིན་གཉིས་ནི། འདི་མཐོང་ལམ་པ་ཡིན་ཏེ། འདི་ཉིད་ཀྱི་དགུ་པ་ལས། དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་དང་། རྡོ་རྗེ་ལས། གསང་བའི་ཡོ་བྱད་ལྔ་ལྡན་པས། །བརྩོན་པས་ཚུལ་བཞིན་རབ་བསྒྲུབས་ན། །རྡོ་རྗེའི་ལུས་དང་རྣམ་སྨིན་དུ། །ཐ་མལ་འདི་ཡིས་འགྲུབ་པར་འགྱུར། །ཞེས་དང་། ལམ་རིམ་ལས། ལམ་མཆོག་དབྱེ་ས་གཅིག་ཡིན་ནོ། །ཞེས་སོ། །ཕྱག་རྒྱ་ཆེན་པོའི་རིགས་འཛིན་ནི་སྒོམ་ལམ་པ་ཡིན་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །བསྒོམ་པ་མངོན་དུ་འགྱུར་བའི་ལྷ། །མངོན་ཤེས་དྲུག་དང་མཚན་བཟང་པོས། །ཕྱག་རྒྱ་ཆེན་པོའི་རིགས་སུ་གྲགས། །ཞེས་པ་དང་། འདི་ཉིད་ཀྱི་བཅུ་གཅིག་པ་ལས་ཀྱང་། གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ། །ཞེས་སོ། །ལྷུན་གྱིས་གྲུབ་པའི་རིག་འཛིན་ནི། མཐར་ཕྱིན་པའི་ལམ་པ་ཡིན་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་གི་རིག་པ་མངོན་བྱས་པས། །རིག་འཛིན་མཆོག་ཀྱང་ལྷུན་གྲུབ་པའོ། །ཞེས་པ་དང་། བཅུ་གཅིག་པ་ལས་ཀྱང་། རིག་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་སོ། །འདིའང་གསལ་བར་ལེའུ་བཞི་པ། ལྔ་པ། བརྒྱད་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། བཅུ་གསུམ་པ་རྣམས་ཀྱིས་སྟོན་ནོ། །ཞོར་ལ་མཚོན་བྱེད་ཡི་གེའི་རྒྱུད་ཀྱི་བཤད་ཐབས་ལ་གཉིས་ཏེ། རྒྱུད་གཞུང་ངོས་བཟུང་བ་དང་། བཤད་པའི་ཐབས་སོ། །དངོས་པ་ནི། དཔེ་ཆུང་རང་གནས་ལས། ཐབས་དང་ཤེས་རབ་མ་ནིང་རྒྱུད། །བསྟན་པའི་རྒྱུད་ལམ་རྐྱེན་དུ་འདོད། །ཅེས་པས། སྤྱིར་གྱི་རྒྱུད་ལ་གསུམ་སྟེ། ལྷ་ཡབ་དང་ལམ་སྟེང་སྒོ་གཙོ་བོར་སྟོན་པ་གསང་བ་འདུས་པ་ལ་སོགས་པ་ཐབས་ཕའི་རྒྱུད་དང་། ལྷ་ཡུམ་དང་ལམ་འོག་སྒོ་གཙོ་བོར་སྟོན་པ་བདེ་མཆོག་འཁོར་ལོ་ལ་སོགས་པ་ཤེས་རབ་མའི་རྒྱུད་དང་། ལྷ་ཡབ་ཡུམ་འགོ་མཉམ་དང་ལམ་སྟེང་འོག་ཁ་སྦྱོར་གཙོ་བོར་སྟོན་པ་སངས་རྒྱས་མཉམ་སྦྱོར་ལ་སོགས་པ་མ་ནིང་ངམ། ཐབས་ཤེས་གཉིས་མེད་ཀྱི་རྒྱུད་དོ། །འདིར་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་འདི་ནི། རྒྱུད་སྡེ་མཐའ་དག་གི་འབྱུང་ཁུངས་ཀྱང་ཡིན་ལ་གཏན་ལ་དབབ་བྱའང་ཡིན་པའི་ཕྱིར་ཀུན་གྱི་སྤྱི་རྒྱུད་ཡིན་ཏེ། འདི་ཉིད་ཀྱི་ཐ་མ་ལས། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། ཞེས་པ་དང་། སྒྱུ་འཕྲུལ་ལེ་ལག་ལས། ལུང་གི་སྤྱི་ནི་ཤིན་ཏུ་ཟབ་པའི་ཕྱིར། ཁམས་ཉི་ཤུ་རྩ་གཅིག་ཏུ་བསྟན་ཅེས་པ་དང་། འགྲེལ་པ་མངོན་རྟོགས་ལས། ལུང་གི་སྤྱི་རུ་གྲགས་པ་ནི། །རྣམ་པར་དབྱེ་བས་ལྔ་རུ་འགྱུར། །ཞེས་གསུངས་པས། སྤྱི་རྒྱུད་དུ་ངོས་བཟུང་ངོ་། །གཉིས་པ་དེ་བཤད་པའི་ཐབས་ནི། འདི་ཉིད་ཀྱི་བཅུ་པ་ལས། རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་བསྒྲགས་གཞན་དུ་མིན། །ཞེས་པ་དང་། ཁོག་གཞུང་ལས། རབ་མཚན་ཐ་སྙད་གསུམ་དུ་གྲགས། །སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། །གཞོན་ནུས་རྩ་བཞིན་དབུ་ཞབས་རྟོགས། །རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མ་འབྲུ་གཉེར་དགྲོལ་བའོ། །ཞེས་པས། རབ་ལ་མཚན་བསྟན་པས་གོ་བ། དཔེར་ན། སྨན་འཚོ་བྱེད་གཞོན་ནུས་ལག་གི་རྩ་ལ་བལྟས་པས། ལུས་མགོ་འཇུག་གི་ནད་རྟོགས་པ་ལྟ་བུའོ། །འབྲིང་ལ་སྤྱི་དོན་རྣམ་པར་ཕྱེ་བས་རྟོགས་པ་སྨན་སྣོད་ཀྱི་ཁ་བྱང་ལྟ་བུའོ། །ཐ་མ་འབྲུ་རེ་གཉེར་རེའི་སྒོ་ནས་བསྙད་པས་རྟོགས་པས། སྨན་རེ་རེ་ཡང་དབྱིབས་ཁ་དོག་རོ་ནུས་བཞུ་རྗེས་འདྲ་དཔེ་རྣམས་ཀྱིས་གཏན་ལ་འབེབས་པ་ལྟ་བུའོ། །དེ་ལ་དང་པོ་མཚན་བསྟན་པ་ཡང་བཞི་ལས། དགོས་ཆེད་ནི། དབང་པོ་རབ་ཀྱིས་མཚན་མཐོང་བའམ་ཐོས་པ་ཙམ་གྱིས་རྒྱུད་དབུ་ཞབས་ཀྱི་དོན་ཁོང་དུ་ཆུད་པ་དང་། འབྲིང་གིས་དོན་མདོ་ཙམ་རྟོགས་པ་དང་། ཐ་མས་ཀྱང་རྒྱུད་གཞུང་འདི་ནི་འདི་སྐད་བྱ་བ་ཡིན་པར་འདུག་སྙམ་དུ་མྱུར་དུ་ངོས་ཟིན་པར་བྱ་བའི་དགོས་པ་ཡོད། ངེས་ཚིག་ནི། དོན་མཚོན་པར་བྱེད་པའི་བླ་དྭགས་ཡིན་པའི་ཕྱིར་རོ། །ངོ་བོ་ནི། རྒྱུད་ཀྱི་དོན་རྟོགས་དཀའ་བ་བཅུད་འདུས་པ་གཞན་སེལ་བ་ངེས་དོན་ཐེ་ཚོམ་དང་བྲལ་བ་རྣམས་མཚོན་པའི་མིང་གི་རྣམ་གྲངས་ཞིག་ཡིན་ནོ། །རྣམ་གྲངས་རྣམ་པར་ཕྱེ་སྟེ་དོན་གྱི་དམིགས་བཟུང་བ་ནི། སྤྱིར་གྱི་གདུལ་བྱ་སྣ་ཚོགས་པའི་བསམ་པ་ལ་དགོངས་ནས། ཡུལ་དང་དུས་དང་གནས་ལ་སོགས་པའི་དབང་གིས། མཚན་གྱི་རྣམ་གྲངས་སྒྱུ་འཕྲུལ་སྙིང་པོ་དང་། ལུང་གི་སྤྱི་དང་། འཕགས་པ་རྟོགས་པའི་རྒྱལ་པོ་ལ་སོགས་པ་བསམ་གྱིས་མི་ཁྱབ་ཅིང་། ཁྱད་པར་དུ་དོན་ལ་མཚན་དུ་བཏགས་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཡིན་ནོ། །འབྲིང་ལ་རྣམ་པར་དབྱེ་བ་ནི། སྤྱན་འགྲེལ་ལས། ལུང་གི་སྤྱི་རུ་གྲགས་པ་ནི། །རྣམ་པར་དབྱེ་བས་ལྔ་རུ་འགྱུར། །ཞེས་པ་དང་། སྤར་ཁབ་ལས། རྒྱུད་ཀྱི་རྒྱུ་དང་རྐྱེན་དང་ཡོངས་སུ་ཤེས་པར་བྱ་བ་དང་། དགོས་འབྲེལ་དང་། ཡོངས་སུ་གཏད་པའོ་ཞེས་པ་དང་། འགྲེལ་པ་མངོན་རྟོགས་ལས་ཀྱང་། རྒྱུད་གཞུང་གཞི་བསླང་ཡོངས་སུ་ཤེས། །དགོས་འབྲེལ་གཏད་པ་ཡོངས་སུ་རྫོགས། །ཞེས་པས་ལྔ་སྟེ། རྒྱུད་ཀྱི་རྒྱུ་གླེང་གཞི། རྐྱེན་གླེང་བསླང་། ཡོངས་སུ་ཤེས་པར་བྱ་བ་དངོས་པོ་རྒྱུད་ཀྱི་དོན། དགོས་འབྲེལ་གདམས་གཏད་དང་ལྔའོ། །དང་པོ་གླེང་གཞི་ལ་ཡང་བཞི་ལས། དགོས་ཆེད་ནི་གཉིས་ཏེ། གླེང་གཞི་ཚོགས་པས་བསྟན་པ་འབྱུང་བའི་རྒྱུ་བྱེད་པ་དང་། གླེང་གཞི་ཚོགས་ལུགས་ཀྱི་ལོ་རྒྱུས་ལ་བརྟེན་ནས་རྗེས་འཇུག་གི་ལམ་པ་ཡིད་ཆེས་ཤིང་འཇུག་པའི་དགོས་པ་ཡོད། ངེས་ཚིག་ནི། བསྟན་པ་འབྱུང་བའི་རྒྱུའང་གཞི་ཡིན་པའི་ཕྱིར་རོ། །ངོ་བོ་ནི། ཕུན་སུམ་ཚོགས་པ་དྲུག་ལྡན་ཞིག་ཡིན། རྣམ་གྲངས་རྣམ་པར་ཕྱེ་ན་བཞི་སྟེ། ཐུན་མོང་མ་ཡིན་པའི་གླེང་གཞི། རྒྱུད་ཁྱད་པར་གྱི་གླེང་གཞི། བསྟན་པ་འབྱུང་བ་སྤྱིའི་གླེང་གཞི། གདུལ་བྱ་དགོས་ཆེད་ཀྱི་གླེང་གཞིའོ། །དང་པོ་ནི། སྔགས་ཀྱི་རྒྱུད་ཡོ་ག་མན་ཆད་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། དེ་ལ་ཡང་གཉིས་ཏེ། ནང་དང་། གསང་བའོ། །ནང་ལྟར་ན། གནས་སྙིང་ག་ཆོས་ཀྱི་འཁོར་ལོ། སྟོན་པ་སྲོག་མི་ཤིགས་པའི་ཐིག་ལེ་ཡི་གེ་བཾ་གྱི་དབྱིབས་ཅན། འཁོར་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་རྟོགས་པ། བསྟན་པ་དོན་དམ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ནམ་མཁའི་གཟུགས་ཅན་ནོ། །དུས་སྔ་ཕྱིའི་རྟོག་པ་དང་བྲལ་ཏེ་བསམ་གྱིས་མི་ཁྱབ་པའི་དུས་སོ། །སྡུད་པ་པོ་ཚོགས་བདུན་ཀུན་གྱིས་རྗེས་སུ་འཇུག་པའི་ཡིད་ཀྱི་རྣམ་ཤེས་སོ། །ཡང་གསང་བ་ལྟར་ན། གནས་ཡུམ་གྱི་བྷ་ག །སྟོན་པ་གསང་བའི་རྡོ་རྗེ། འཁོར་བདེ་བ་སྡོམ་པར་བྱེད་པའི་ཡིད་ལ་སོགས་པའི་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟོག་པ། བསྟན་པ་དགའ་བ་བཅུ་དྲུག་གི་མཐའི་སྐད་ཅིག་མ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དུས་སྟོན་པ་གསང་བའི་སྐུ་གཙུག་ཏོར་འཁོར་ལོ་སྒྱུར་བའི་དུས་སོ། །སྡུད་པ་པོ་བདེ་བ་སྡོམ་པར་བྱེད་པའི་ཡིད་དོ། །འདི་དག་གང་གིས་སྟོན་ན། སཾ་སྐྲྀ་ཏའི་སྒྲ་ལ། ཨེ་བཾ་མ་ཡ། ཞེས་པའི་འདི་སྐབས་འདིར་ཐུན་མོང་མ་ཡིན་པའི་གླེང་གཞི་དབང་བཙན་དུ་བྱས་ན། སྔོན་ཀྱི་ལོ་ཙཱ་བ་མཁས་པ་རྣམས་ཀྱིས་འདི་སྐད་བཤད་པའི་དུས་ན་ཞེས་བསྒྱུར་བ་ཡིན་ནོ། །དེ་ལས་གཞན་དུ་འདི་སྐད་ཐོས་སུ་བསྒྱུར་བ་རྣམས་ནི། ཐུན་མོང་གི་གླེང་གཞི་མདོར་བསྟན་ཡིན་པར་རིག་པར་བྱའོ། །གཉིས་པ་རྒྱུད་ཁྱད་པར་ཅན་གྱི་གླེང་གཞི་ནི། རྒྱུད་གཞུང་འདི་ཉིད་འབྱུང་བའི་གླེང་གཞི་ཡིན་ཏེ། གནས་ནི་འོག་མིན་ཆེན་པོའོ། །སྟོན་པ་ནི་དྲུག་པ་སྤྱིའི་གཟུགས་ཅན་ནོ། །འཁོར་ནི་དགོངས་པ་གཉིས་སུ་མེད་པའི་འཁོར་རིགས་ལྔ་ཡབ་ཡུམ། རིག་པ་ཁྱད་པར་ཅན་གྱི་འཁོར་སེམས་དཔའ་སེམས་མ། འཇོམས་བྱེད་ཁྲོ་བོའི་འཁོར་ཁྲོ་བོ་དང་ཁྲོ་མོ་རྣམས་སོ། །བསྟན་པ་ནི་རྒྱུད་གཞུང་འདི་ཉིད་དོ། །སྡུད་པ་པོ་ནི། རྒྱལ་སྲས་སེམས་དཔའི་འཁོར་གྱི་ནང་ནས་ཕྱག་ན་རྡོ་རྗེས་བསྡུས་སོ། །འདི་དག་གང་གིས་སྟོན་ན། རྒྱུད་འདི་ཉིད་ཀྱི་ལེའུ་དང་པོས་སྟོན་ནོ། །གསུམ་པ་བསྟན་པ་འབྱུང་བའི་སྤྱིའི་གླེང་གཞི་ནི། གནས་ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པའོ། །སྟོན་པ་ཐུབ་པ་དྲུག་གོ། །འཁོར་འགྲོ་བ་རིགས་ལྔའམ་དྲུག་གོ། །བསྟན་པ་འདུལ་བ་རྣམ་པ་བཞིས་གདུལ་བྱའི་བསམ་པ་དང་མཐུན་པའི་ཆོས་སྟོན་པའོ། །དུས་ནི་སྟོན་འཁོར་གནས་གསུམ་ནམ་འཛོམ་པའི་དུས་སོ། །འདི་དག་གང་གིས་སྟོན་ན། རྒྱུད་འདི་ཉིད་ཀྱི་ལེའུ་གསུམ་པའི་སྟོད་ཀྱི་སྟོན་ནོ། །བཞི་པ་གདུལ་བྱ་དགོས་ཆེད་ཀྱི་གླེང་གཞི་ནི། གནས་བཟོད་པར་དཀའ་བའི་དུར་ཁྲོད་ཆེན་པོ། སྟོན་པ་དཔལ་ཆེན་བཛྲ་ཧེ་རུ་ཀ །འཁོར་རུ་ཏྲ་འཁོར་དང་བཅས་པ། བསྟན་པ་ཡི་གེ་འབྲུ་གསུམ། དུས་གདུལ་བྱ་སྐབས་ལ་བབས་པའི་དུས་སོ། །འདི་དག་གང་གིས་སྟོན་ན། རྒྱུད་འདིའི་ལེའུ་བཅོ་ལྔ་པས་སྟོན་ནོ། །གཉིས་པ་རྐྱེན་གླེང་བསླང་བ་ལ་ཡང་བཞི་ལས། དགོས་ཆེད་ནི། བསྟན་པ་མྱུར་དུ་འབྱུང་བའི་དགོས་ཆེད་ཡོད་དོ། །ངེས་ཚིག་ནི། དྲིས་ལན་ལ་བརྟེན་ནས་བསྟན་པ་འབྱུང་བའི་རྐྱེན་བྱེད་པའི་ཕྱིར་རོ། །ངོ་བོ་ནི། སྟོན་འཁོར་གྱིས་དྲིས་ལན་ནོ། །རྣམ་གྲངས་རྣམ་པར་དབྱེ་ན་གསུམ་སྟེ། སྟོན་པས་མདུན་བསུས་ཏེ་གླེང་བསླང་བ་དང་། འཁོར་གྱིས་གུས་པས་དྲི་བ་དྲིས་ཏེ་གླེང་བསླང་བ་དང་། སྐབས་ལ་གླེང་དུ་བསླང་བའོ། །སྤྱིར་གྱིས་གླེང་བསླང་ལུགས་དེ་ལྟར་ཡིན་ཀྱང་། སྐབས་འདིར་སྟོན་པས་མདུན་བསུས་ཏེ་གླེང་བསླང་བ་ནི། ཐུན་མོང་མ་ཡིན་པའི་གླེང་བསླང་ཡིན་ཏེ། ལྷན་ཅིག་པའི་འཁོར་རྣམས་ལ་དོན་དམ་ངེས་པའི་ཚིག་གིས་རང་བཞིན་གསང་བའི་སྙིང་པོའི་དོན་ངོས་སུ་སྟོན་པའི་ཕྱིར་རོ། །འཁོར་གྱིས་གུས་པས་བྲི་བ་དྲིས་ཏེ་གླེང་བསླང་བ་ནི། ཐུན་མོང་གི་གླེང་བསླང་བ་ཡིན་ཏེ། གོ་ཕྱེ་བའི་འཁོར་གྱི་དོན་དུ་ཐུན་མོང་གི་བསྟན་པ་དང་ཐེག་པ་གསུང་བར་ཞུས་པའི་ལན་དུ། ལམ་སྟེང་ཀྱི་སྟོན་པ་ཐུབ་པ་དྲུག་སྤྲོ་བར་ཞལ་གྱིས་བཞེས་ནས། བཀྲི་དྲང་བརྒྱུད་པའི་ཚིག་གིས་རང་བཞིན་གསང་བའི་སྙིང་པོའི་དོན་བརྒྱུད་ནས་སྟོན་པའི་ཕྱིར་རོ། །དེ་བཞིན་དུ་སྐབས་ལ་གླེང་གླེང་དུ་བསླང་བ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བྱེ་བྲག་ཤེས་པར་བྱའོ། །འདི་དག་གང་གིས་སྟོན་ན། འདི་ཉིད་ཀྱི་ལེའུ་གཉིས་པའི་སྟོད་དུ་ཟབ་མོའི་དབང་གསུམ་བསྐུར་བ་བསྟན་ནས། སྨད་དུ་བསྟན་པ་འབྱུང་བའི་རྐྱེན་གླེང་བསླང་སྟོན་ནོ། །གསུམ་པ་ཡོངས་སུ་ཤེས་པར་བྱ་བ་རྒྱུད་ཀྱི་དོན་ལ་ཡང་བཞི་ལས། དགོས་ཆེད་ནི། ལམ་པས་ཉམས་སུ་བླངས་པས་རང་བཞིན་གསང་བའི་སྙིང་པོའི་དོན་ཁོང་དུ་ཆུད་པར་འགྱུར་བའི་དགོས་ཆེད་ཡོད་དོ། །ངེས་ཚིག་ནི། ལམ་རྐྱེན་ཡི་གེའི་རྒྱུད་ཀྱང་མཚོན་བྱ་དོན་གྱི་རྒྱུད་ཀྱི་ཤེས་བྱེད་ཡིན་པའི་ཕྱིར་རོ། །ངོ་བོ་དང་དམིགས་བཟུང་ཐུན་མོང་དུ་བསྟན་པ་ནི། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །མཆོད་སྔགས་ཏིང་འཛིན་ཕྲིན་སྒྲུབ་ཀྱིས། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱ། །ཞེས་པས། རྒྱུད་དོན་ཡོངས་སུ་ཤེས་བྱེད་ཀྱི་དངོས་པོ་བཅུ་རུ་གསུངས་ཏེ། གང་ཞེ་ན། དེ་ཁོ་ན་ཉིད་ལྟ་བ། ལ་དོར་བ་སྤྱོད་པ། བཀོད་པ་དཀྱིལ་འཁོར། རིམ་པ་བགྲོད་པ་དབང་། མི་འདའ་བ་དམ་ཚིག །རོལ་པ་ཕྲིན་ལས། དོན་དུ་གཉེར་བ་སྒྲུབ་པ། མི་གཡོ་བ་ཏིང་ངེ་འཛིན། གནས་སུ་སྟོབ་པ་མཆོད་པ། འཆིང་ཟློས་སྔགས་དང་ཕྱག་རྒྱ་དང་བཅུ་ལས། དང་པོ་ལྟ་བ་ལ་བཞི་སྟེ། དགོས་ཆེད། ངེས་ཚིག །ངོ་བོ་རྣམ་གྲངས་རྣམ་པར་ཕྱེ་སྟེ་དོན་གྱི་དམིགས་བཟུང་བ། ཞོར་ལ་ལྟ་བ་མ་རྟོགས་པ་དང་རྟོགས་པའི་སྐྱོན་ཡོན་བསྟན་པའོ། །དགོས་ཆེད་ནི་གཉིས་ཏེ། གཞན་སེལ་དང་། དོན་གཉེར་རོ། །དང་པོ་གཞན་སེལ་ནི་ལེའུ་བཅུ་གསུམ་པ་ལས། མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །ཞེས་པས། མ་རྟོགས་ཕྱལ་པ་དང་། རྒྱང་འཕེན་ལོག་པར་རྟོགས་པ་རྟག་པ་དང་ཆད་པ། ཕྱོགས་རྟོགས་ཉན་ཐོས་དང་རང་རྒྱལ། ཡང་དག་ཉིད་མ་རྟོགས་པ་དབུ་མ་དང་སེམས་ཙམ་སྟེ། དེ་རྣམས་ཀྱི་ལྟ་བ་སེལ་ལོ། །དོན་གཉེར་ལ་གསུམ་སྟེ། ཆོས་ཉིད་ཟབ་མོའི་དོན་ལ་བློ་འབྱོར་བའི་དགོས་ཆེད་དང་། འཁོར་བའི་སྡུག་བསྔལ་ལ་ཇི་མི་སྙམ་པའི་དགོས་ཆེད་དང་། འབྲས་བུ་མ་བཙལ་བ་ལྷུན་གྱིས་གྲུབ་པའི་དགོས་ཆེད་ཡོད་དོ། །དང་པོ་ནི། རྒྱས་པའི་དོན་གསུམ་པ་ལས། ཆོས་ཀྱི་རང་བཞིན་ཇི་ལྟ་བུ། །བདག་གིས་ཡང་དག་རྟོགས་བྱ་སྟེ། །ཞེས་སོ། །གཉིས་པ་ནི། ཐབས་དང་ཤེས་རབ་རྟོགས་པ་ཡི། །དུག་གསུམ་སྡུག་བསྔལ་གནོད་མི་འགྱུར། །ཞེས་སོ། །གསུམ་པ་ནི། ཡང་དག་ཡེ་ཤེས་རབ་རྟོགས་ན། །སྐྱེ་ཤི་མེད་པའི་གཡུང་དྲུང་གནས། །ཞེས་སོ། །ངེས་ཚིག་ནི། སེམས་ཉིད་དངོས་པོའི་གཤིས་དང་མི་འགལ་བར་རྗེས་སུ་རྟོགས་པའི་ཕྱིར་རོ། །དེ་ཡང་རྒྱས་པ་ལས། ལྟ་དང་བལྟ་བར་བྱར་མེད་པས། །ཡེ་ཤེས་སྒྲོན་མ་བསྒྲེངས་པས་ནི། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་མཐོང་། །ཞེས་སོ། །ངོ་བོ་དང་རྣམ་གྲངས་རྣམ་པར་ཕྱེ་སྟེ་དོན་གྱི་དམིགས་བཟུང་བ་ཐུན་མོང་དུ་བསྟན་པ་ལ་གསུམ་སྟེ། གཏན་ཚིགས་ཀྱིས་གཏན་ལ་ཕབ་སྟེ་དོན་གྱི་དམིགས་བཟུང་། གོལ་སྒྲིབ་ཀྱི་གདར་ཤ་བཅད་དེ་དོན་གྱི་དམིགས་བཟུང་། རྣམ་གྲངས་རྣམ་པར་ཕྱེ་སྟེ་དོན་གྱི་དམིགས་བཟུང་བའོ། །དང་པོ་གཏན་ཚིགས་ཀྱིས་གཏན་ལ་དབབ་པ་ལ་གསུམ་ལས་གཞལ་བྱ་ནི། འཁོར་འདས་གཉིས་ལ་རང་མཚན་དང་། སྤྱི་མཚན་དུ་ཞེན་པའོ། །གཏན་ཚིགས་ནི་གསུམ། རྟོགས་པ་དང་། དག་པ་གསུམ་དང་། མཉམ་པ་གཉིས་སམ་བཞི་སྟེ། དང་པོ་ནི་འདི་ཉིད་ཀྱི་བཅུ་གཅིག་པ་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་སོ། །གཉིས་པ་ནི། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་སོ། །གསུམ་པ་ནི། མཉམ་ཉིད་ལྷག་པའི་མཉམ་གཉིས་ཀྱིས། །ཞེས་སོ། །གཏན་ཚིགས་དེ་དག་གིས་གཏན་ལ་ཕབ་པའི་གྲུབ་མཐའ་ནི། བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཞིག་ཡིན་ཏེ། དེ་ཡང་དོན་དམ་པའི་བདེན་པ་ནི། མཐའ་གང་དུ་ཡང་མ་རེད་པའི་སེམས་ཉིད་ཡེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབྱིངས་དང་ཡེ་ཤེས་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པ་སྟེ། དོན་དམ་དུ་ནི་དཀོར་བདུན་ནོ། །ཞེས་སོ། །དེ་ཉིད་ཀྱི་རྩལ་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ཡིན་ཏེ། ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཞེས་སོ། །དེ་དག་མཚོན་བྱེད་ཀྱི་ཚིག་ལ་སྔ་ཕྱི་བྱུང་ཡང་། མཚོན་བྱའི་དོན་མཉམ་པ་ཉིད་དུ་གནས་ཏེ། ཡང་དག་སྐྱེས་མཆོག་དམ་པ་ཡི། །དོན་དམ་ཀུན་རྫོབ་དབྱེར་མེད་པར། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །ཞེས་པ་དང་། འདི་ཉིད་ལས། ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །བདག་དང་བདག་གི་གཞན་མེད་དེ། །རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ། །ཞེས་གསུངས་སོ། །གཉིས་པ་གོལ་སྒྲིབ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྟ་བ་ཐམས་ཅད་ཀྱི་གོལ་ས་དང་སྒྲིབ་པ་ངོས་བཟུང་ནས། མཐར་ཐུག་མཉམ་པ་ཉིད་དུ་ལ་ཟློས་པར་བྱེད་པའོ། །དེ་ཡང་རྒྱས་པའི་དོན་གསུམ་པ་ལས། ཀུན་ཁྱབ་མཉམ་པ་ཉིད་ཡིན་པས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །སོ་སོའི་ལྟ་བ་བརྗོད་མི་ལང་། །ཞེས་སོ། །གསུམ་པ་རྣམ་གྲངས་རྣམ་པར་ཕྱེ་སྟེ་དོན་གྱི་དམིགས་བཟུང་བ་ལ་གཉིས། མིང་གི་རྣམ་གྲངས་དང་། དོན་གྱི་རྣམ་གྲངས་སོ། །དང་པོ་ནི། ཤེས་རབ་ཀྱི་ཚོགས་བརྒྱད་དེ། །ཤེས་དང་སྤྱོད་ཡུལ་གཉིས་མེད་པས། །ཐམས་ཅད་མ་ལུས་གཅིག་གི་ངང་། །མ་འདྲེས་ཡོངས་རྫོགས་གསལ་སྟོང་གཟུགས། །ལྟ་དང་བལྟ་བར་བྱར་མེད་པར། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་མཐོང་། །གང་དུའང་མ་མཐོང་སྤྱན་གྱི་མཆོག །ཅེས་པས། དོན་མཐོང་བ་ནི་ཤེས་རབ་སྤྱན་གྱི་ལྟ་བའོ། །ཁྱབ་གསལ་རང་རིག་གོ་བའི་སྒྲ། །ཐོས་པ་མེད་པར་ཐོས་པ་ཡི། །ཞེས་པས། དོན་ཐོས་པ་ཤེས་རབ་སྙན་གྱི་ལྟ་བའོ། །དང་བས་ཚིམ་བྱེད་ཆོས་ཀྱི་དྲི། །སྒོམ་བྱེད་མེད་པར་ཚོར་བའི་ཤངས། །ཞེས་པས། དོན་ཚེར་བ་ཤེས་རབ་སྤངས་ཀྱི་ལྟ་བའོ། །མྱོང་བའི་བྱ་བྱེད་གཉིས་མེད་མྱོང་། །ཞེས་པས། ཉམས་སུ་མྱོང་བ་ཤེས་རབ་ལྗགས་ཀྱི་ལྟ་བའོ། །ཡང་དག་དོན་ལ་རེག་པ་ཉིད། །རེག་པ་ཀུན་དངོས་རེག་དང་བྲལ། །ཞེས་པས། ཤེས་རབ་ལུས་ཀྱི་ལྟ་བའོ། །ཆོས་ཁམས་སྣ་ཚོགས་ཀུན་མཁྱེན་པ། །རང་རིག་རྒྱལ་པོ་རང་སྣང་བའོ། །ཞེས་པས། བདག་ཉིད་ཆེན་པོར་རྟོགས་པ་ཤེས་རབ་ཡིད་ཀྱི་ལྟ་བ། དེ་བས་བདག་འཛིན་རང་གསལ་བ། །བདག་ཅེས་བདག་དང་བྲལ་བའི་ཡིད། །ཅེས་པས། ཐམས་ཅད་རང་སྣང་རང་གསལ་བ་ཤེས་རབ་ཉོན་ཡིད་ཀྱི་ལྟ་བའོ། །དོན་དང་སེམས་རྟོགས་མེད་གསལ་བ། །རང་བྱུང་ཡེ་ཤེས་ཐམས་ཅད་མཁྱེན། །ཞེས་པས། དོན་སེམས་རྟོག་མེད་དུ་གསལ་བ་ཤེས་རབ་ཀུན་གཞིའི་ལྟ་བའོ། །དོན་གྱི་རྣམ་གྲངས་ལ་གཉིས་ཏེ། ལམ་གྱི་རིམ་པའི་ལྟ་གྲངས་དགུ་དང་། རྒྱུད་དོན་གྱི་ལྟ་གྲངས་དགུའོ། །དང་པོ་ནི། རྣམ་པ་ཀུན་ལྡན་སྟོང་ཆེན་མཐོང་། །རང་རིག་ཡེ་ཤེས་སྙིང་རྗེས་གཟིགས། །ཕྱག་རྒྱ་གཅིག་སྐུ་འབྲས་བུར་ལྟ། །ཐམས་ཅད་གསལ་བའི་ལྟ་བ་དང་། །བར་ཆད་མེད་པའི་ཚོགས་ཆེན་མཐོང་། །དབང་སྒྱུར་མཉམ་ཉིད་མི་གཡོ་བ། །ཡེ་ཤེས་ཀུན་མཁྱེན་ལྟ་བ་དགུ། །ཞེས་གསུངས་སོ། །རྒྱུད་དོན་གྱི་ལྟ་གྲངས་དགུ་ནི། རྒྱས་པ་ལས། དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་ལྟ་བ་དམ་ཚིག་ཡིན། །ཞེས་པས། དམ་ཚིག་བསྲུང་བྱ་སྲུང་བྱེད་དབྱེར་མེད་དུ་རྟོགས་པའོ། །སྤྱོད་པར་བྱེད་དང་སྤྱད་མེད་པ། །སྤྱོད་བྱེད་མེད་པའི་ཚུལ་གྱིས་སུ། །ཀུན་ལ་ཐོགས་པ་མེད་པར་སྤྱད། །ཅེས་པས། སྤྱད་བྱ་སྤྱོད་བྱེད་དབྱེར་མེད་དུ་རྟོགས་པའོ། །བཞི་ཡི་ལས་དང་གཅིག་པུ་ཡང་། །ཐིག་ལེ་ཆེན་པོའི་ངང་དུ་ངེས། །ཞེས་པས། ཕྲིན་ལས་བཞིའི་ངོ་བོ་དབྱེར་མེད་དུ་རྟོགས་པའོ། །མཆོད་པའི་རྒྱན་དང་ལོངས་སྤྱོད་ཀུན། །རང་རིག་བྱང་ཆུབ་སེམས་ཆེན་པོ། །ཕུལ་བ་མེད་པར་ཐམས་ཅད་མཉེས། །ཞེས་པས། མཆོད་པ་དབུལ་བྱ་འབུལ་བྱེད་དབྱེར་མེད་དུ་རྟོགས་པའོ། །གཞལ་ཡས་ཁང་དང་དཀྱིལ་འཁོར་དང་། །ཁྲོ་ཚོགས་འདུ་འཕྲོ་མང་པོ་ཡང་། །སེམས་ཀྱི་ཆོ་འཕྲུལ་ཆེན་པོ་ཡིན། །དེ་བས་རྣམ་མཁྱེན་རིག་པའི་ངང་། །ཞེས་པས། དཀྱིལ་འཁོར་རང་རིག་ཏུ་རྟོགས་པའོ། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །དབང་ལྔ་མ་བཙལ་ལྷུན་གྱིས་རྫོགས། །བཅོ་བརྒྱད་རང་རིག་ཆོ་འཕྲུལ་སྣང་། །ཞེས་པས། དབང་རང་རིག་པའི་ཆོ་འཕྲུལ་དུ་རྟོགས་པའོ། །ཨེ་མ་མ་སྒྲུབ་སྒྲུབ་ཆེན་པོ། །སྒྲུབ་པ་ཆེན་པོ་ཡེ་ཤེས་ཆེ། །ཞེས་པས། བསྙེན་སྒྲུབ་བཞི་རང་རིག་ཏུ་རྟོགས་པའོ། །ཏིང་འཛིན་ལྟ་བའི་བྱེ་བྲག་ཀུན། །རང་རིག་སྣང་བྱེད་ཆུ་བུར་དང ། །ནམ་མཁའ་ལྟ་བུའི་རང་བཞིན་པས། །ཞེས་པས། ཏིང་འཛིན་ཆུ་བུར་རམ་ནམ་མཁའ་ལྟ་བུར་རྟོགས་པའོ། །སྔགས་དང་ཕྱག་རྒྱ་སེམས་ཉིད་ཕྱིར། །བྲག་ཅ་ཆུ་ཟླ་འདྲར་བྱས་ནས། །ཞེས་པས། སྔགས་དང་ཕྱག་རྒྱ་ཆུ་ཟླའམ་བྲག་ཅ་ལྟ་བུར་ཤེས་པར་བྱའོ། །ཞོར་ལ་མ་རྟོགས་པའི་རྐྱེན་ལ་གཉིས་ཏེ། སངས་རྒྱས་ཀྱི་ཞིང་ངན་སོང་གི་གནས་སུ་མཐོང་བའི་སྐྱོན་ནི། རིགས་བརྒྱད་དབྱེ་བ་ལས། ཡང་དག་རྟོགས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཞེས་སོ། །དགེ་བའི་ལས་སྤྱད་ཀྱང་འཁོར་བ་ལས་མ་གྲོལ་བའི་སྐྱོན་ནི། ཐབས་ལ་མཁས་པས་མ་ཟིན་ན། །ལམ་གྱི་དགེ་སྤྱད་སྟེགས་སྤྱད་ཀྱང་། །སྐྱེ་ཤི་མེད་པའི་ས་མི་ཐོབ། །ཅེས་སོ། །རྟོགས་པའི་ཡོན་ཏན་ལ་གསུམ་སྟེ། ངན་སོང་གི་གནས་ཀྱང་སངས་རྒྱས་ཀྱི་ཞིང་དུ་མཐོང་བའི་ཡོན་ཏན་ནི། ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པས་ན། །ངན་སོང་གནས་ཀྱང་བདེ་གཤེགས་ཞིང་དུ་མཐོང་། །ཞེས་སོ། །ཉོན་མོངས་པ་ཅི་སྤྱད་ཀྱང་མི་འཆིང་བ་ནི། འདི་ཉིད་ཀྱི་བཅུ་དགུ་པ་ལས། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་ལས་རྣམས་ཅི་སྤྱད་ཀྱང་། །བྱས་ལ་མི་སོགས་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་སོ། །འཁོར་བར་མི་ལྡོག་ཅིང་སངས་རྒྱས་ཐོབ་པའི་ཡོན་ཏན་ནི། རྒྱས་པ་ལས། དངོས་གྲུབ་མཆོག་གི་སྙིང་པོ་ནི། །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། །དང་པོ་དོན་རྟོགས་མཐར་མི་སྟོང་། །སྤྱོད་ཡུལ་ཀུན་ཏུ་ཚད་དཔག་མེད། །ཅེས་སོ། །འདི་དག་ལེའུ་གསུམ་པ། ལྔ་པ། བརྒྱད་པ། བཅུ་གཅིག་པ། བཅུ་གཉིས་པ། བཅུ་གསུམ་པ་རྣམས་ཀྱིས་སྟོན་ནོ། །གཉིས་པ་སྤྱོད་པ་ལའང་བཞི་ལས། དགོས་ཆེད་ནི། གཞན་སེལ་སྒྲིབ་པ་འབྱང་ཞིང་བག་ཆགས་འདག །དོན་གཉེར་ཚོགས་རྫོགས་ཤིང་ལྟ་སྒོམ་བོགས་འདོན་པར་བྱེད་དོ། །ངེས་ཚིག་ནི། སྒོ་གསུམ་དོན་ཡོད་པར་སྤྱོད་པའི་ཕྱིར་རོ། །ངོ་བོ་དམིགས་བཟུང་ཐུན་མོང་ཏུ་བསྟན་པ་ལ་གཉིས་ཏེ། ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། གྲོལ་ལམ་བག་ཡོད་ཀྱི་སྤྱོད་པའོ། །དང་པོ་ནི། རྒྱས་པའི་གསུམ་པ་ལས། སེམས་ཅན་རྟོག་པ་བཟློག་ཕྱིར་སྨན། །གཙོ་བོར་དང་དུ་བླང་བར་བྱ། །ཞེས་སོ། །གཉིས་པ་གྲོལ་ལམ་ལ་གཉིས། ཅིག་ཅར་བའི་སྤྱོད་པ་ནི། རྒྱས་པའི་དོན་གསུམ་པ་ལས། རྣལ་འབྱོར་སྤྱོད་པ་ཆེན་པོ་ནི། །ཐམས་ཅད་ཀུན་ལ་དབྱེར་མེད་སྤྱོད། །ཅེས་སོ། །རིམ་གྱིས་པའི་སྤྱོད་པ་ལ་བདུན་ཏེ། དད་བརྩོན་གྱི་སྤྱོད་པ། ཤེས་རབ་དང་མཐུན་པའི་སྤྱོད་པ། ཐབས་དང་མཐུན་པའི་སྤྱོད་པ། ཕྱོགས་གཅིག་པའི་སྤྱོད་པ། སྤྲོས་བཅས་ཀྱི་སྤྱོད་པ། ཚོགས་ཀྱི་སྤྱོད་པ། རིག་པ་འཛིན་པའི་སྤྱོད་པའོ། །དང་པོ་ནི། ལམ་རིམ་ལས། ཐོས་བསམ་བཅུ་སྤྱོད་ཆེད་དུ་གཉེར། །ཞེས་པ་དང་། ལམ་ཆུང་ལས། གཞན་ཕྱིར་སོ་སོའི་རྣལ་འབྱོར་གྱིས། །དོན་བྱེད་ཅི་སྨོས་དང་པོ་བཅུ། །གཞན་ལ་སྟོན་ཅིང་བཀྲི་བར་གྱིས། །ཞེས་སོ། །གཉིས་པ་ནི། རྒྱས་པའི་ཉེར་གསུམ་པ་ལས། བྱ་བ་མེད་པས་བྱ་མེད་བྱ། །མི་གནས་གནས་ལ་རྣམ་པར་སྤྱོད། །ཅེས་སོ། །གསུམ་པ་ནི། དོན་གསུམ་པ་ལས། ཐབས་ཀྱི་ཕ་རོལ་ཕྱིན་པར་སྤྱོད། །སྙིང་རྗེ་ཆུད་མ་ཟོས་པར་བཟུང་། །ཞེས་སོ། །བཞི་པ་ནི། ཕྱོགས་གཅིག་སྤྱོད་པ་གང་གནས་པ། །ཞེས་སོ། །ལྔ་པ་ནི། འདི་ཉིད་ལས། ཡན་ལག་དབང་པོ་རྣམ་ཤེས་ཀུན། །རྣམ་སྨིན་ཨཱོཾ་དུ་ཤེས་པར་བྱ། །རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཞེས་པ་དང་། ལམ་རིམ་ལས། སྤྱོད་ཡུལ་ལྷ་དང་ལྷ་མོར་བསླབ། །ཅེས་སོ། །དྲུག་པ་ནི། འདི་ཉིད་ལས། གོས་རྒྱན་བཟའ་བཏུང་གླུ་དང་ཚིག །བྲོ་གར་ཚོགས་ཀྱི་སྤྲིན་ཕུང་ལ། །ཧཱུཾ་དུ་ཤེས་པར་རབ་སྤྱད་ན། །ངོ་མཚར་འབྱུང་བའི་དཀྱིལ་འཁོར་བརྙེས། །ཞེས་པ་དང་། བྲོ་གར་འདུ་འཕྲོའི་ཕྱག་རྒྱ་ཡི། །ཞེས་པ་ནས། ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། ཞེས་པའི་བར་གྱིས་ཡོ་བྱད་ལྔ་ལ་སྤྱོད་པའོ། །བདུན་པ་ལ་བཞི་ལས། རྣམ་སྨིན་རིགས་འཛིན་གྱི་སྤྱོད་པ་ནི། དཀྱིལ་འཁོར་རོལ་པའི་ཚུལ་སྤྱོད་པ། །ཚོགས་གཉིས་རྫོགས་པ་བདག་གི་དོན། །ཞེས་པས་བདག་དོན་དང་། དམིགས་པས་ཕྲིན་ལས་རྫོགས་བྱེད་པ། །མི་འདོར་འགོད་པ་བཞིན་བྱའོ། །ཞེས་པས་གཞན་དོན་གྱི་སྤྱོད་པའོ། །ཚེ་དབང་གི་སྤྱོད་པ་ནི། ཀུན་ཏུ་འགྲོ་བ་བདག་གི་དོན། །ཞེས་པས་བདག་དོན་དང་། བཞི་ཡི་ཐོག་མས་དོན་སྤྱོད་པ། །མཁས་ལ་སྤྱོད་པའི་རིགས་འཛིན་གནས། །ཞེས་པས་གཞན་དོན་གྱི་སྤྱོད་པའོ། །ཕྱག་རྒྱ་ཆེན་པོའི་སྤྱོད་པ་ནི། ལྷན་ཅིག་གནས་པས་སྒྲིབ་པ་སྦྱོང་། །ཞེས་པས་བདག་དོན་དང་། རྔོན་དང་སྨད་འཚོང་ལ་སོགས་ལ། །སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། །ཅེས་པས་གཞན་དོན་སྤྱོད་པའོ། །ལྷུན་གྲུབ་ཀྱི་སྤྱོད་པ་ནི། ཉིད་ཕྱིར་རྡོ་རྗེ་འཛིན་སོགས་པ། །སྐད་ཅིག་དུས་ཀྱི་བསླབ་རྫོགས་ནས། །བག་ལ་ཉལ་བ་འཇོམས་བྱེད་ཅིང་། །བཅོམ་ལྡན་འདས་པར་གྱུར་པ་ཡུན། །ཞེས་པས་བདག་དོན་དང་། ལ་ལར་ལྷུམས་ཞུགས་བལྟམས་པ་དང་། །ཁབ་དང་རྒྱལ་སྲིད་བཞེས་པ་དང་། །ཞེས་པས་གཞན་དོན་གྱི་སྤྱོད་པའོ། །ཞོར་གྱི་སྐྱོན་ཡོན་གོང་དུ་བསྟན་པའི་དགོས་ཆེད་བཞི་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའོ། །འདི་དག་ལེའུ་ལྔ་པ། དྲུག་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། བཅུ་གསུམ་པ། བཅོ་བརྒྱད་པ། བཅུ་དགུ་པ། ཉི་ཤུ་པ་རྣམས་ཀྱིས་སྟོན་ནོ། །གསུམ་པ་དཀྱིལ་འཁོར་ལ་ཡང་བཞི་ལས། དགོས་ཆེད་ནི། གཞན་སེལ་དབང་དང་སྒྲུབ་པའི་སྣོད་དུ་མི་རུང་བ་བསལ་ནས། དོན་གཉེར་ཐུན་མོང་དང་། མཆོག་གི་དངོས་གྲུབ་སྒྲུབ་པའི་རྟེན་བྱེད་དོ། །ངེས་ཚིག་ནི། དཀྱིལ་ལ་འཁོར་གྱིས་བསྐོར་བའི་ཕྱིར་རོ། །དེ་ཡང་དམིགས་ཀྱིས་བཀར་ནས། རང་བཞིན་ཉིད་ཀྱི་དཀྱིལ་འཁོར། གཟུགས་བརྙན་གྱི་དཀྱིལ་འཁོར། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་གསུམ་གྱི་ངེས་ཚིག་ནི། རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཞེས་སོ། །རང་བཞིན་འབྲས་བུ་མཐར་ཕྱིན་གྱི་ངེས་ཚིག་ནི། འདས་པ་རྟག་ཏུ་དཀྱིལ་ཡིན་ཏེ། །འཇིག་རྟེན་སྣ་ཚོགས་འཁོར་དུ་གསུངས། །ཞེས་སོ། །ལྷག་པ་གཟུགས་བརྙན་དང་། ལྷག་པ་ཏིང་ངེ་འཛིན་དང་། ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་དང་གསུམ་གྱི་ངེས་ཚིག་ནི། རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིག་བཞི་ལྷ་དང་ལྷ་མོ་འཁོར། །ཞེས་སོ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་ངེས་ཚིག་ནི། །སྙིང་པོ་ཐམས་ཅད་དུས་སུ་དཀྱིལ། །གང་ཡང་ཡན་ལག་འཁོར་དུ་གསུངས། །བཅོ་བརྒྱད་ཁམས་གསུམ་སྙིང་པོ་ཉིད། །དེ་དག་འཁོར་ཏེ་བདེ་བའི་ཁམས། །བྱང་སེམས་བདེ་བའི་ཡེ་ཤེས་ཏེ། །བརྟེན་ཅན་ཇི་བཞིན་རྟེན་ཇི་བཞིན། །ཞེས་སོ། །ངོ་བོ་དང་དམིགས་བཟུང་པ་ཐུན་མོང་དུ་བསྟན་པ་ནི། རྒྱས་པའི་དགུ་པ་ལས། འདི་ནི་རང་བཞིན་གྱི་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་པས། དཀྱིལ་འཁོར་བདུན་ལས། དང་པོ་རང་བཞིན་གྱི་དཀྱིལ་འཁོར་ལ་གཉིས་ཏེ། རང་བཞིན་ཉིད་དང་། རང་བཞིན་འབྲས་བུ་མཐར་ཕྱིན་ནོ། །དང་པོ་ལ་གཉིས་ཏེ། རང་བཞིན་དོན་དམ་གྱི་དཀྱིལ་འཁོར་ནི། རྒྱས་པའི་དོན་བཞི་པ་ལས། རང་བཞིན་དཀྱིལ་འཁོར་ཡང་དག་ནི། །ཆོས་དབྱིངས་བདག་དང་དབྱེར་མེད་པས། །མཉམ་པར་སྦྱོར་ཞིང་དག་པའོ། །ཞེས་སོ། །རང་བཞིན་ཀུན་རྫོབ་ཀྱི་དཀྱིལ་འཁོར་ནི། དོན་གཉིས་པ་ལས། ཕྱི་ནང་སྣོད་བཅུད་དག་རྣམས་ལ། །རང་བཞིན་དཀྱིལ་འཁོར་ཡེ་ནས་གནས། །ཞེས་སོ། །གཉིས་པ་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ལ་གཉིས་ཏེ། ཞི་བ་དང་། ཁྲོ་བོའོ། །དེ་གཉིས་ཀ་ལ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལྔ་སྟེ། འདི་ཉིད་ལས། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་གྱི་རྫོགས། །ཞེས་སོ། །གཉིས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། ལྷ་རྗེ་མདའ་ནི། དོན་དམ་པའི་གཟུགས་བརྙན་ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་བྱུང་བ་ལ་བཞེད། ལྷ་རྗེ་གླན་ནི། རྟོག་པ་ཕྲ་རགས་ཀྱི་ལྷ་ཡབ་ཡུམ་མཚོན་པ་ལ་བཞེད་དེ། གཉིས་ཀ་མཐུན་པའི་ལུང་བཞིན། དོན་བཞི་པ་ལས། གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི། །ཆེན་པོ་རགས་པ་ཐབས་སུ་རྟོགས། །སོ་སོའི་མཚན་ཉིད་ཤེས་རབ་རྟོགས། །གཉིས་མེད་འབྲེལ་པ་ཐབས་ཆེན་ཡིན། །ཞེས་སོ། །གསུམ་པ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། ལས་དང་བྱ་བ་ལྷག་པས་ཏེ། རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་བའི་རྣམ་པ་དང་། །རབ་གནས་སྦྱིན་སྲེག་འཇུག་པ་དང་། །ཡོན་ཏན་རྣམ་བཅུས་རྒྱས་ཞེས་བྱ། །ཞེས་གསུངས་པ་བཞིན་ལ། དགོས་ཆེད་ཀྱི་དབང་གིས་སྐབས་ལྔར་དབྱེ་སྟེ། ཞི་ཁྲོའི་ལྷ་ཚོགས་སྒྲུབ་ཅིང་མཆོད་པ་མཆོད་པའི་དཀྱིལ་འཁོར་དང་། དབང་བསྐུར་བ་དབང་གི་དཀྱིལ་འཁོར་དང་། ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པ་སྒྲུབ་པའི་དཀྱིལ་འཁོར་དང་། ཞི་རྒྱས་དབང་དྲག་གིས་ཕྲིན་ལས་སྒྲུབ་པ་ཕྲིན་ལས་ཀྱི་དཀྱིལ་འཁོར་དང་། སྐུ་གསུང་ཐུགས་ཀྱི་རབ་གནས་ནི་བསོད་ནམས་རྟེན་གྱི་དཀྱིལ་འཁོར་རོ། །བཞི་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། རྒྱས་པའི་ཉི་ཤུ་པ་ལས། དེ་བཞིན་ཏིང་འཛིན་དཀྱིལ་འཁོར་གྱིས། །ཐམས་ཅད་དབྱིངས་སུ་བསྡུས་ནས་ནི། །ཉིད་ཀྱི་ཐུགས་ལ་ཐིམ་བྱས་ཏེ། །ཐམས་ཅད་ཆོས་སྐུའི་ཕྱག་རྒྱ་ཆེན། །ཞེས་སོ། །ལྔ་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། བསྒོམ་པའི་བྱ་བས་ལྷག་པ་སྟེ། དེ་བཞིན་ཉིད་དང་། ཀུན་ཏུ་སྣང་དང་། རྒྱུའི་ཏིང་ངེ་འཛིན་ནོ། །དང་པོ་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་བསྒོམ་པ་སྟེ། དངོས་པོ་དང་མཚན་མར་འཛིན་པའི་གཉེན་པོའོ། །གཉིས་པ་ནི། སྙིང་རྗེ་ཆེན་པོ་ནམ་མཁའ་དང་མཉམ་པ་བསྒོམ་པ་སྟེ། སྟོང་པ་ཕྱང་ཆད་དུ་འཛིན་པའི་གཉེན་པོའོ། །གསུམ་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་སྐུ་དང་ཡེ་ཤེས་ལྷའི་དཀྱིལ་འཁོར་དུ་བསྒོམ་པ་སྟེ། སྟོང་ཉིད་སྙིང་རྗེའམ་ཐབས་ཤེས་རབ་བམ། བདེན་པ་གཉིས་སམ་སྣང་སྟོང་ཐ་དད་དུ་འཛིན་པའི་གཉེན་པོའོ། །དེ་ལའང་གཉིས་ཏེ། ཕྲ་བ་ཡིག་འབྲུ་ལ་བསླབ་པ་དང་། རགས་པ་ལྷ་སྐུ་ལ་བསླབ་པའོ། །ལྷ་སྐུ་ལ་བསླབ་པ་ལ་ཞི་ཁྲོ་གཉིས་སོ། །གཉིས་ཀ་ལ་ཡང་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་གསུམ་མོ། །ཞི་བའི་སྐུའི་དཀྱིལ་འཁོར། ལེའུ་བཞི་པ་དང་། དྲུག་པས་སྟོན། གསུང་གི་དཀྱིལ་འཁོར་བདུན་པའི་སྔགས་ཀྱིས་སྟོན། ཐུགས་ཀྱི་དཀྱིལ་འཁོར་བརྒྱད་པའི་ཕྱག་རྒྱས་སྟོན་ནོ། །དེ་བཞིན་དུ་ཁྲོ་བོའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལེའུ་བཅུ་དྲུག་པ་དང་བཅུ་བདུན་པས་སྟོན་ནོ། །དྲུག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། ཕྱི་བྱང་ཆུབ་ཀྱི་སེམས་རྩ་དང་རླུང་། ནང་བྱང་ཆུབ་ཀྱི་སེམས་ཐིག་ལེ། གསང་བ་བྱང་ཆུབ་ཀྱི་སེམས་བདེ་བའི་ཡེ་ཤེས་སོ། །བདུན་པ་ཚོམས་བུ་ཚོགས་ཀྱི་དཀྱིལ་འཁོར་ནི། ཚོམ་བུ་གཅིག་གསུམ་ལྔའོ། །དེ་ལྟར་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་གསུམ་ནི། རང་བཞིན་གྱི་སྣང་བ་སྟོན་པའི་ལེའུ་རྣམས་ཀྱིས་སྟོན། ལྷག་པ་གཟུགས་བརྙན་ལེའུ་དགུ་པས་སྟོན། ལྷག་པ་ཏིང་ངེ་འཛིན་ལེའུ་བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ་རྣམས་ཀྱིས་སྟོན། ཁྲོ་བོའི་དཀྱིལ་འཁོར། བཅུ་དྲུག་པ་དང་བཅུ་བདུན་པས་སྟོན། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། ལེའུ་གཉིས་པ་དང་བཅུ་གསུམ་པས་སྟོན། ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་བཅུ་གཅིག་པས་སྟོན། རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་འབྲས་བུའི་མཚན་ཉིད་སྟོན་ནོ། །བཞི་པ་དབང་ལ་ཡང་བཞི་ལས། དགོས་ཆེད་ནི། གཞན་སེལ་སྒོ་གསུམ་གྱི་དྲི་མ་དག །དོན་གཉེར་སྐལ་བ་དང་ལྡན་ཞིང་ནུས་པ་དངོས་སུ་སྐྱེད་པས་སོ། །ངེས་ཚིག་ནི། ཆེ་བའི་ཡོན་ཏན་མ་ཐོབ་པ་ཐོབ་པར་བྱེད་པའི་ཕྱིར་རོ། །ངོ་བོ་དང་དམིགས་བཟུང་བ་ཐུན་མོང་དུ་བསྟན་པ་ལ་གཉིས་ཏེ། དབང་གི་རྒྱུ་དང་། དམིགས་བཟུང་བ་དངོས་སོ། །རྒྱུ་ནི་ཡོན་དབུལ་བ་ཡིན་ཏེ། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཞེས་སོ། །དམིགས་བཟུང་དངོས་ལ། དཀྱིལ་འཁོར་ཁྱད་པར་གྱིས་དམིགས་བཟུང་བ་དང་། རྣམ་གྲངས་ཀྱི་ཁྱད་པར་གྱི་དམིགས་བཟུང་བའོ། །དང་པོ་ལ་གསུམ་སྟེ། སློབ་མ་ཚོགས་ལམ་པ་ལ་སློབ་དཔོན་དྲོད་ཐོབ་པའི་གང་ཟག་གིས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་དབང་བསྐུར། སློབ་མ་མཐོང་སྒོམ་གཉིས་ཀྱི་རིགས་འཛིན་ལ། སློབ་དཔོན་མཐར་ལམ་པས་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་རོ། །སློབ་མ་མཐར་ཕྱིན་པའི་ལམ་པ་ལ་སློབ་དཔོན་རྫོགས་པའི་སངས་རྒྱས་ཀྱིས་རང་བཞིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའོ། །རྣམ་གྲངས་ཀྱི་ཁྱད་པར་གྱིས་དམིགས་བཟུང་བ་ནི། དད་པ་ཅན་ལ་ཕན་པའི་དབང་བཅུ། བརྩོན་འགྲུས་ཅན་ལ་ནུས་པའི་དབང་ལྔ། བརྟུལ་ཞུགས་ཅན་ལ་ཟབ་མོའི་དབང་གསུམ་སྟེ། རྣམ་གྲངས་བཅོ་བརྒྱད་དོ། །ཁྲོ་བོའི་དབང་ཆོག་སོ་དྲུག་ནི། རྔམ་གློག་ལས། ཕྱི་ཡི་དབང་ནི་བཅུ་དང་གཅིག །ནང་གི་དབང་ནི་བཅུ་དང་གཉིས། །གསང་དབང་བཅུ་དང་སྒྲུབ་དབང་གསུམ། །ཞེས་གསུངས་སོ། །ཞོར་ལ་དུས་དང་སྐྱོན་ཡོན་བསྟན་པ་ནི། རྒྱུ་དུས་ཀྱི་དབང་ནི། ལམ་གྱི་སྔོན་འགྲོ་ཡིན་པས་ཐོག་མ་དང་། ལམ་དུས་ཀྱི་དབང་ནི། ལམ་གྱི་བོགས་འདོན་ཡིན་པས་དུས་ལ་ནམ་བབས་ཀྱི་སྐབས་དང་། འབྲས་དུས་ཀྱི་དབང་ནི། ལམ་ལྔ་མཐར་ཕྱིན་ནས་མཐར་ཐུག་སངས་རྒྱས་ཀྱི་ས་ལ་སྦྱོར་བ་ཡིན་པས་ཐ་མར་དབང་བསྐུར་རོ། །དབང་མ་ཐོབ་པའི་སྐྱོན་ནི། འདི་ཉིད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །ཞེས་པ་ནས། བརླག་པར་འགྱུར་ཞེས་པའི་བར་གྱིས་མངོན་ནོ། །ཐོབ་པའི་ཡོན་ཏན་ནི། དུས་འདི་ཕྱིན་ཆད་ཅེས་པ་ནས། བདག་པོར་འགྱུར་ཞེས་པའི་བར་གྱིས་མངོན་ནོ། །དེ་དག་ལེའུ་གཉིས་པ་དང་། བདུན་པ་དང་། དགུ་པ་དང་། བཅུ་པ་དང་། བཅུ་གསུམ་པ་དང་། བཅོ་ལྔ་པ་རྣམས་ཀྱིས་སྟོན་ནོ། །ལྔ་པ་ངེས་ཚིག་ལའང་བཞི་ལས། དགོས་ཆེད་ནི། གཞན་སེལ་ངན་སོང་དང་ཐེག་དམན་དུ་མི་ལྟུང་ཞིང་། དོན་གཉེར་ལམ་གྱི་ངལ་བ་དོན་ཅན་དུ་བྱེད་དོ། །ངེས་ཚིག་ནི། འདའ་བར་དཀའ་ལ། གལ་ཏེ་འདས་ན་ཐར་པའི་ས་བོན་འཚིག་པར་བྱེད་པའི་ཕྱིར་རོ། །ངོ་བོ་ནི། སྒོ་གསུམ་གྱི་སྲུང་སྡོམ་དམ་དུ་བཅས་པ་ལས་མི་འདའ་བ་ཞིག་ཡིན་ནོ། །རྣམ་གྲངས་རྣམ་པར་དབྱེ་སྟེ་དོན་གྱི་དམིགས་བཟུང་བ་ནི་ལྔ་སྟེ། དམ་ཚིག་གི་རང་བཞིན་ནི། རྒྱས་པའི་དོན་གཅིག་པ་ལས། དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་ལྟ་བ་དམ་ཚིག་ཡིན། །ཞེས་སོ། །དམ་ཚིག་གི་དངོས་གཞི་ནི། འདི་ཉིད་ལས། དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་དམ་ཚིག་ཡིན། །ཞེས་སོ། །དམ་ཚིག་གི་མདོ་ནི། མཉམ་ལ་མཉམ་པར་སྦྱོར་བ་ཡི། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །ཞེས་སོ། །དམ་ཚིག་གི་ཆེ་བ་ནི། བླ་མེད་མཆོག་གི་དམ་ཚིག་ནི། །འདུལ་བའི་དབང་གི་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་མཐའ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་སོ། །དམ་ཚིག་གི་རྣམ་གྲངས་ནི། བླ་མེད་ཅེས་པ་ནས། སྨྲ་མི་བྱ་ཞེས་པའི་བར་གྱིས་རྩ་བའི་དམ་ཚིག་ལྔ། གཏི་མུག་ཅེས་པ་ནས། མི་འདོར་རོ་ཞེས་པའི་བར་གྱིས་ཡན་ལག་གི་དམ་ཚིག་བཅུ། དེ་དག་ལས་ཀྱང་སྤྲོས་ན། རྩ་བའི་དམ་ཚིག་ཅེས་པ་ནས། དབྱེ་ཞེས་པའི་བར་གྱིས་སུམ་བརྒྱ་དྲུག་ཅུར་དབྱེ་ཞིང་། དེ་ལས་གཞན་དུ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །སྲིད་གསུམ་འགྲོ་བ་ཇི་སྙེད་ལ། །རྟོག་འདུལ་དམ་ཚིག་ཆེན་པོར་སྤྲོ། །ཞེས་པས་བརྗོད་ཀྱིས་མི་ལང་ངོ་། །ཞོར་ལ་བསྲུང་བའི་དུས་དང་། བསྐང་ཐབས་སྐྱོན་ཡོན་བསྟན་པ་ནི། དང་པོ་དམ་བཅས་པ་ནས། ཇི་སྲིད་མཐར་ཐུག་གི་འབྲས་བུ་མ་ཐོབ་ཀྱི་བར་དུའོ། །ཉམས་ན་བསྐང་ཐབས་ནི། ཉམས་ན་ཞེས་སོགས་སོ། །ཉམས་པའི་སྐྱོན་ནི་གསུམ་སྟེ། རྩ་བ་དང་། ཡན་ལག་དང་། ཉམས་པ་དང་འགྲོགས་པའི་སྐྱོན་ནོ། །དང་པོ་ནི། རྩ་བའི་དམ་ཚིག་ཅེས་རྐང་པ་བཞིའོ། །གཉིས་པ་ནི། ཡན་ལག་ཅེས་རྐང་པ་གཉིས་སོ། །གསུམ་པ་ནི། རྩ་བ་ཉམས་པའི་ཞེས་རྐང་པ་བཞིའོ། །དམ་ཚིག་བསྲུངས་པའི་ཡོན་ཏན་ནི། རྒྱལ་བའི་རིག་པ་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབས། །བདེ་གཤེགས་ཀུན་གྱི་ཡུལ་ལ་ཞུགས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་སོ། །འདི་དག་ལེའུ་བཅུ་དགུ་པས་སྟོན་ནོ། །དྲུག་པ་ཕྲིན་ལས་ལའང་བཞི་ལས། དགོས་ཆེད་ནི། ཞི་བའི་ཕྲིན་ལས་ཀྱིས་ཕྱི་རུ་གདུག་ཅིག་གཏུམ་ལ་མ་རངས་པ་རྣམས་དང་། ནང་དུ་རྣམ་པར་རྟོག་པའི་མཚན་མ་ཞི་བར་བྱེད་པའི་དགོས་པ་ཡོད། དེ་བཞིན་དུ་རྒྱས་པས་ཕྱི་རུ་འཁོར་དང་ལོངས་སྤྱོད། ནང་དུ་ཚེ་དང་བསོད་ནམས། ཉམས་དང་རྟོགས་པ་འཕེལ། དབང་གིས་ཕྱི་རུ་གང་དབང་དུ་བསྡུ་བར་འདོད་པ། ནང་དུ་རང་གི་སེམས་ལ་དབང་ཐོབ། །མངོན་སྤྱོད་ཀྱིས་ཕྱི་རུ་དགྲ་བགེགས་དང་། ནང་དུ་ཉོན་མོངས་པ་ཕྲ་རགས་འཇོམས་པའི་དཔའ་ཡོད། ངེས་ཚིག་ནི། ཕྲིན་ལས་བཞིས་རང་གཞན་གྱི་དོན་སྒྲུབ་པའི་ཕྲིན་ལས་བྱེད་པའི་ཕྱིར་རོ། །ངོ་བོ་དང་རྣམ་གྲངས་རྣམ་པར་ཕྱེ་སྟེ་དོན་གྱི་དམིགས་བཟུང་བ་ཐུན་མོང་དུ་བསྟན་པ་ལ་བཞི་སྟེ། དམིགས་བཟུང་དངོས། གཟུངས་མའི་མཚན་ཉིད། གཙོ་བོའི་སེམས། དུས་དང་ཁྱད་པར་རོ། །དང་པོ་ལ་ལྔ་སྟེ། མེའི་སྒོ་ནས་ཕྲིན་ལས་བྱ་བ། འདི་ཉིད་ཀྱི་དགུ་པ་ལས། དབྱིབས་དང་ཁ་དོག་ཅེས་རྐང་པ་བཞིས། རྫས་ཀྱི་སྒོ་ནས་བྱ་བ་ནི། ཉི་ཤུ་པ་ལས། བདུད་རྩི་ལྔའམ་ཞེས་རྐང་པ་བཞིས། ལུ་གུ་རྒྱུད་ཀྱི་སྒོ་ནས་བྱ་བ་ནི། ལུ་གུ་རྒྱུད་དུ་སྦྲེལ་ཞེས་རྐང་པ་གསུམ། མཆོད་རྟེན་གདབ་པའི་སྒོ་ནས་བྱ་བ་ནི། རྒྱས་པའི་ཉི་ཤུ་པ་ལས། མཆོད་རྟེན་ནག་པོ་འོད་འབར་གྱིས། །བགེགས་ཀྱི་ལིང་ག་མནན་པར་བྱ། །ཞེས་སོ། །ཕྱག་རྒྱའི་སྒོ་ནས་བྱ་བ་ལ་གཉིས་ཏེ། ཕྱག་རྒྱ་བཅའ་བའི་སྒོ་ནས་བྱ་བ་ནི། རེ་གཉིས་པ་ལས། ལུས་ངག་སྙིང་པོ་གཅིག་ཏུ་བསྡམ། །རྩེ་ལྔ་རྩེ་བཅུ་རྩེ་དགུ་དང་། །ལས་རྣམས་སོ་སོ་རབ་ཏུ་བསྒོམ། །ཞེས་སོ། །རྡོ་རྗེ་དྲིལ་བུའི་སྒོ་ནས་བྱ་བ་ནི། བཅོ་བརྒྱད་པ་ལས། རྡོ་རྗེ་ལན་གསུམ་གསོར་བ་ཡིས། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དམ་ཅན་རྣལ་འབྱོར་དབང་དུ་འགྱུར། །ཞེས་སོ། །གཟུངས་མའི་མཚན་ཉིད་ནི། འདི་ཉིད་ལས། ལྗོན་པ་དང་ནི་ཞེས་པ་རྐང་པ་གཉིས་སོ། །གཙོ་བོའི་སེམས་ནི། དང་བས་དགའ་བས་ཞེས་རྐང་པ་གཉིས་སོ། །ཞོར་ལ་དུས་གང་དུ་དགོས་པ་ནི། སྐབས་བཞི་སྟེ། ཐུགས་ཐིག་ལས། དུས་ནི་དབང་དང་སྒྲུབ་པ་དང་། །མཆོད་བཤགས་ཚེ་དང་དུས་བབས་ཚེ། །ཞེས་སོ། །དེ་དག་ལེའུ་དགུ་པ་དང་བཅོ་ལྔ་པ་དང་ཉི་ཤུ་པས་སྟོན་ནོ། །བདུན་པ་སྒྲུབ་པ་ལ་བཞི་ལས། དགོས་ཆེད་ནི། ཐུན་མོང་དང་མཆོག་གི་དངོས་གྲུབ་མྱུར་དུ་འགྲུབ་པའི་དགོས་ཆེད་ཡོད་དོ། །ངེས་ཚིག་ནི། དངོས་གྲུབ་སྒྲུབ་པར་བྱེད་པའི་ཕྱིར་རོ། །ངོ་བོ་ནི། ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་ནས། བསྙེན་སྒྲུབ་བཞི་གཞུང་སྲོང་བ་ཞིག་ཡིན་ནོ། །དོན་གྱི་དམིགས་བཟུང་བ་ནི་གཉིས་ཏེ། ཐུན་མོང་དང་། མཆོག་གི་སྒྲུབ་པའོ། །ཐུན་མོངས་གི་སྒྲུབ་པ་ནི། སྤྱིར་གྱི་ཚེ་དང་། རྐང་མགྱོགས་དང་། མིག་མཐོང་དང་། མཁའ་སྤྱོད་ལ་སོགས་པ་གྲུབ་ཆེན་བརྒྱད་དང་། གཞན་ཡང་ཡུངས་ཀར་རྒྱལ་པོ་དང་། ཐལ་ཆེན་ཚོམ་བུ་དང་། པྲ་དང་། རོ་ལངས་བསྒྲུབ་པ་ལ་སོགས་པ་མང་དུ་གསུངས་ཀྱང་། རྒྱུད་འདི་ཉིད་ཀྱི་དབང་དུ། ལེའུ་ལྔ་པ་ལས། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ལོངས་སྤྱོད་འབྱུངས་ཞིང་ངན་སོང་སྦྱོང་། །ཅི་ཡང་གཞན་དུ་འགྱུར་བ་འགྲུབ། །ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་། །འབར་ནས་མེ་ཡང་འཚིག་པ་དང་། །ཆུ་འགྱུར་འབབས་པའང་དེ་བཞིན་ཏེ། །འཇིག་རྟེན་ཁམས་ནི་འཐོར་བ་དང་། །ཐམས་ཅད་སྟོངས་ཤིང་ལྟུང་བར་འགྱུར། །དགུག་དང་བཏང་དང་བཅིང་དང་དགྲོལ། །གསོ་དང་བསད་དང་ཕམ་དང་རྒྱལ། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་གསུངས་སོ། །མཆོག་གི་སྒྲུབ་པ་ནི། སྤྱིར་གྱི་འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་པ་ཕྲིན་ལས། རྦོད་གཏོང་མ་མོ། དམོད་པ་དྲག་སྔགས། འདུས་པ་མདོ་རྣམས་ཡིན་ཀྱང་། གསང་བ་སྒྱུ་འཕྲུལ་གྱི་ལུགས་ཀྱི། ཞི་ཁྲོའི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་དང་། ཚོམ་བུ་གཅིག་གསུམ་ལྔ་པ་གང་མོས་བསྒྲུབ་པ་ཡིན་ཏེ། དེ་དག་གི་ལུང་ཁུངས་ནི། གོང་དུ་དཀྱིལ་འཁོར་གྱི་སྐབས་སུ་སྦྱར་ཟིན་ཏོ། །ཞོར་ལ་སྒྲུབ་པའི་དུས་བསྟན་པ་ནི། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །ཞེས་པས་མངོན་ནོ། །འདི་དག་ལེའུ་བཞི་པ། ལྔ་པ། དགུ་པ། བཅུ་གཅིག་པ། བཅུ་གཉིས་པ་རྣམས་ཀྱིས་སྟོན་ནོ། །བརྒྱད་པ་ཏིང་ངེ་འཛིན་ལ་བཞི་ལས། དགོས་ཆེད་ནི། མཆོག་ཐུན་མོང་གི་དངོས་གྲུབ་གང་སྒྲུབ་ཀྱང་བདེ་བླག་ཏུ་འགྲུབ་པའི་དགོས་པ་ཡོད་དོ། །ངེས་ཚིག་ནི། སེམས་རྩེ་གཅིག་ཏུ་ཟིན་པའི་ཕྱིར་རོ། །ངོ་བོ་དང་། དོན་གྱི་དམིགས་བཟུང་བ་ཐུན་མོང་དུ་བསྟན་པ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ནོ། །བསྐྱེད་པའི་རིམ་པ་ལ་ཞི་ཁྲོ་གཉིས་སོ། །རྫོགས་པའི་རིམ་པ་ལ་མཚན་བཅས་དང་མཚན་མེད་གཉིས་སོ། །མཚན་བཅས་ལ་རྩོལ་བཅས་སྟེང་སྒོ་བསྒོམ་པའི་ཏིང་ངེ་འཛིན་དང་། རྩོལ་མེད་འོག་སྒོ་བསྒོམ་པའི་ཏིང་ངེ་འཛིན་ནོ། །མཚན་མ་མེད་པ་ནི། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཏེ། ཏིང་འཛིན་གྱི་མཐར་ཐུག་གོ། །ཞོར་ལ་སྐྱོན་ཡོན་བསྟན་པ་ནི། གལ་ཏེ་ཏིང་འཛིན་འདི་མེད་ན། །རྒྱ་མཚོ་མཇིང་གི་ཕ་བོང་ལྟར། །བསྐལ་པར་ལམ་ལ་འབད་བྱས་ཀྱང་། །དོན་མེད་སྙིང་པོ་བསྐམས་པ་ཡིན། །ཞེས་པ་དང་། བསྒྲུབ་པའི་གཙོར་ནི་ཏིང་འཛིན་པས། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་སོ། །འདི་དག་གང་གིས་སྟོན་ན། ལེའུ་བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་གཅིག་པ། བཅུ་གཉིས་པ། བཅུ་གསུམ་པ། བཅུ་དྲུག་པ། བཅུ་བདུན་པ། ཉི་ཤུ་པ་རྣམས་ཀྱིས་སྟོན་ནོ། །དགུ་པ་མཆོད་པ་ལ་ཡང་བཞི་ལས། དགོས་ཆེད་ནི། གཞན་སེལ་ཉམས་ཆག་སྐོང་། དོན་གཉེར་དབང་དང་དངོས་གྲུབ་འཐོབ་བོ། །ངེས་ཚིག་ནི། པཱུ་ཛའི་སྒྲས་གཉེར་བར་བྱེད་པའི་ཕྱིར་རོ། །ངོ་བོ་ནི། ཡོ་བྱད་གནས་སུ་སྟོབས་པ་ཞིག་ཡིན་ལ། རྣམ་གྲངས་རྣམ་པར་ཕྱེ་སྟེ་དོན་གྱི་དམིགས་བཟུང་ནས། རྒྱུད་གཞུང་འདི་ཉིད་ལས། ཕྱག་རྒྱའི་མཆོད་པ་དང་། དུག་གསུམ་གྱི་མཆོད་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་དང་། གླུ་ཡེ་ཤེས་ཀྱི་མཆོད་པ་ཙམ་ལས་གསལ་བར་མ་གསུངས་ཀྱང་། སྒྲུབ་ཐབས་སུ་ཡན་ལག་གི་རྒྱུད་དང་བཤད་པའི་རྒྱུད་རྣམས་ཀྱིས་ཁ་བསྐངས་ནས། ཞི་ཁྲོ་རེ་རེ་ལའང་བཅུ་བཞིའམ། བཅོ་ལྔར་གསུངས་ཏེ། ཞི་བ་ལ་གུས་པར་ཕྱག་གི། །ཕྱག་རྒྱ་གར་གྱི། ཀུན་ཏུ་བཟང་པོའི། ཕྱག་དང་ཞབས་བསིལ་གྱི། ལྷ་མོ་བཞི་བསྣོལ་གྱི། བདུད་རྩི་སྨན་གྱི། གཏོར་མའི། ལྷག་པའི་ཏིང་ངེ་འཛིན་གྱི། ཞེ་སྡང་སྒྲོལ་བའི། འདོད་ཆགས་སྦྱོར་བའི། གཏི་མུག་དམ་རྫས་ཀྱི། ཀླུ་ཡེ་ཤེས་ཀྱི། གར་ཡེ་ཤེས་ཀྱི། རོལ་མོ་ཡེ་ཤེས་ཀྱི་མཆོད་པ་རྣམས་དང་། དེ་བཞིན་དུ་ཁྲོ་བོ་ལ་ཡང་། ཕྱག་དང་། ཕྱག་རྒྱ་དང་། ཀུན་བཟང་། ཞབས་བསིལ། བཞི་བསྣོལ། བདུད་རྩི་སྨན། བ་ལིང་རྒྱན་དང་། རཀྟ་ཚར་གསུམ་དང་། དུག་གསུམ་དང་། གླུ་དང་། གར་གྱི་མཆོད་པ་རྣམས་ཞི་ཁྲོའི་སྒྲུབ་ཐབས་བཞི་ཤེས་པར་བྱའོ། །ཞོར་ལ་མཆོད་པ་བྱ་བའི་དུས་བསྟན་པ་ནི། དབང་བསྐུར་ཕྲིན་ལས་དམ་སྐོང་ཚིག །རབ་གནས་ལྷུར་ལེན་གྲུབ་པའི་ཚེ། །ཞེས་གསུངས་པས་མངོན་ནོ། །འདི་ཉིད་ཀྱི་ལེའུ་བརྒྱད་པ། དགུ་པ། བཅུ་བཞི་པ། བཅོ་བརྒྱད་པ། ཉི་ཤུ་གཅིག་པ་རྣམས་ཀྱིས་སྟོན་ནོ། །བཅུ་པ་སྔགས་དང་ཕྱག་རྒྱ་ལ་ཡང་བཞི་ལས། དགོས་ཆེད་ནི། གཞན་སེལ་སྒྲིབ་གཉིས་སྦྱོང་། དོན་གཉེར་ཚོགས་གཉིས་རྫོགས་པར་བྱེད་དོ། །ངེས་ཚིག་ནི། ཡིད་སྐྱོབ་ཅིང་བྱིན་རླབས་འབྱུང་བའི་ཕྱིར་སྔགས་དང་། མཛེས་ཤིང་འདའ་བར་དཀའ་བ་བརྡ་སྤྲོད་པའི་ཕྱིར་ཕྱག་རྒྱའོ། །ངོ་བོ་ནི། ངག་གི་མཐུ་བཙན་པར་བྱེད་པ་སྔགས་དང་། ཡིད་ཏིང་ངེ་འཛིན་ལས་མི་འདའ་བ་ཞིག་ཕྱག་རྒྱ་ཡིན་ནོ། །རྣམ་གྲངས་རྣམ་པར་ཕྱེ་སྟེ་དོན་གྱི་དམིགས་བཟུང་ན། སྔགས་དང་། ཕྱག་རྒྱ་གཉིས་སོ། །སྔགས་ལ་གསུམ་སྟེ། རྒྱུ་མ་ནོར་བ་རྩ་བ། བསྐྱེད་པ་རྐྱེན། བཟླས་པ་ལས་ཀྱི་སྔགས་སོ། །བསྐྱེད་སྔགས་ལ་ཡང་ཞི་ཁྲོ་གཉིས་ལས། རེ་རེ་ལ་ཡང་རྟེན་གཞལ་ཡས་ཁང་བསྐྱེད་པ་དང་། བརྟེན་པ་ལྷ་བསྐྱེད་པ་དང་། དེ་ལ་དབང་བསྐུར་བ་དང་། བྱིན་གྱིས་བརླབ་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྙན་གསན་དབབ་པ་དང་། སྤྱན་དྲངས་པ་དང་། བསྟིམ་པ་དང་། བརྟན་པར་བྱ་བ་དང་། མཆོད་པ་དང་། རིག་པའི་མེ་ཏོག་དོར་བ་དང་། དངོས་གྲུབ་བསྐུལ་བའི་སྔགས་རྣམས་སོ། །ལས་སྔགས་ནི། རྩ་སྔགས་དང་བསྐྱེད་སྔགས་སྦྲེལ་ནས་འཛབ་ཏུ་བཟླས་པའོ། །ཕྱག་རྒྱ་ལ་རྣམ་གྲངས་མང་ཡང་མདོར་བསྡུ་ན། རང་བཞིན་དང་། ལྟ་བ་དང་། ལྷག་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་གསུམ་དུ་འདུས་ཏེ། དང་པོ་ནི། སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པ། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །ཞེས་སོ། །གཉིས་པ་ནི། ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ནི། །ཐབས་དང་ཤེས་རབ་འབྱོར་ལྡན་ན། །མ་བསྐྱོད་མ་བསྒུལ་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་སོ། །གསུམ་པ་ནི། ཞི་ཁྲོའི་ལྷ་ཚོགས་གཙོ་འཁོར་གང་སྒོམ་ཡང་། ཕྱག་རྒྱ་བཞི་ལྡན་ནམ། བདུན་ལྡན་དུ་བསྒོམ་སྟེ། དང་པོ་ནི། དམ་ཚིག་ལས་དང་། ཆོས་དང་། སྐུའི་ཕྱག་རྒྱ་ཆེན་པོ་བསྒོམ་པའོ། །གཉིས་པ་ནི། དམ་ཚིག་གི་ཕྱག་རྒྱ་ལའང་ལས་དང་བསམ་པ་གཉིས། ལས་ཀྱི་ཕྱག་རྒྱ་ལའང་། བཅའ་བ་དང་བསམ་པ་གཉིས། ཆོས་ཀྱི་ཕྱག་རྒྱ་ལའང་བསམ་པ་དང་བརྗོད་པ་གཉིས་དེ་དྲུག །སྐུའི་ཕྱག་རྒྱ་ཆེན་པོ་དང་བདུན་ནོ། །དེ་དག་ནི་ཞི་ཁྲོའི་ཕྱག་རྒྱའི་མཆོད་པ་བཞིན་ཤེས་པར་བྱའོ། །འདི་དག་ལེའུ་བདུན་པ་དང་། བརྒྱད་པ། བཅུ་དྲུག་པ་བཅུ་བདུན་པ་རྣམས་ཀྱིས་སྟོན་ནོ། དགོས་འབྲེལ་ལའང་བཞི་ལས། དགོས་ཆེད་ནི། གཞན་སེལ་ཕྱིར་རྒོལ་སུན་འབྱིན་ཞིང་། དོན་གཉེར་རྗེས་འཇུག་གི་ལམ་པ་བསྟན་པ་ལ་ཡིད་ཆེས་སྐྱེས་ནས་འཇུག་པའི་དགོས་པ་ཡོད། །ངེས་ཚིག་ནི། རྒྱུད་གཞུང་གང་ཞིག །དགོས་པ་ཚང་ཞིང་འབྲེལ་པ་དང་ལྡན་པའི་ཕྱིར་རོ། །ངོ་བོ་དང་དོན་གྱི་དམིགས་བཟུང་བ་ཐུན་མོང་དུ་བསྟན་པ་ནི། ཐུགས་ཐིག་ལས། བརྗོད་འབྲེལ་དགོས་དང་ཡང་དགོས་དང་། །རྒྱུ་རྐྱེན་ཡན་ལག་བཞི་རུ་འགྱུར། །ཞེས་པས། རྒྱུད་དབུ་ཞབས་ཐམས་ཅད་ཀྱང་དགོས་འབྲེལ་ཡན་ལག་བཞི་ལྡན་དུ་གནས་པ་ཡིན་ནོ། །དེ་ཡང་དང་པོ་བརྗོད་པ་ལ་གཉིས་ཏེ། བརྗོད་བྱ་དང་། རྗོད་བྱེད་དོ། །བརྗོད་བྱ་ནི། འདི་ཉིད་ཀྱི་ལེའུ་གསུམ་པ་ལས། རང་བཞིན་གསང་བའི་སྙིང་པོ་འདི། །ཞེས་པས། མཚོན་བྱ་རང་བཞིན་གྱི་རྒྱུད་དོ། །རྗོད་བྱེད་ནི། འདི་ཉིད་ཀྱི་བཅུ་གསུང་པ་ལས། ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཞེས་པས་མཚོན་བྱེད་ཡི་གེ་རྒྱུད་དོ། །དེ་ཉམས་སུ་བླངས་པའི་དགོས་པ་ནི། ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་སོ། །ཉིང་དགོས་ནི། ལེའུ་དང་པོའི་བསྡུ་བ་ལས། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིིན་ལས་སེལ་མེད་པ་ཡི་ཡོན་ཏན་ཡིད་བཞིན་རིན་པོ་ཆེ། །མི་ཟད་པར་རྒྱན་ལྡན་གྱི་འཁོར་ལོ་རྡོ་རྗེ་མཆོག་གི་གནས་ཉིད་དོ། །ཞེས་སོ། །དེ་ཡང་བརྗོད་བྱ་དང་། རྗོད་བྱེད་ནི། ཤེས་བྱ་དང་ཤེས་བྱེད་དུ་འབྲེལ་ལ། རྗོད་བྱེད་དང་དགོས་པ་ནི་ཐབས་དང་ཐབས་བྱུང་དུ་འབྲེལ། དགོས་པ་དང་ཉིང་དགོས་གཉིས་དེ་ལས་དེར་བྱུང་དུ་འབྲེལ། ཉིང་དགོས་དང་བརྗོད་བྱ་གཉིས་ངོ་བོ་བདག་ཉིད་གཅིག་གི་འབྲེལ་པ་ཡོད་དོ། །དེ་དག་ནི་གྲོལ་ལམ་དབང་བཙན་དུ་བྱས་པ་ཡིན་གྱི། དེ་ལས་གཞན་ཡང་ཐབས་ལམ་དབང་བཙན་དུ་བྱས་ནས། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་བརྗོད་བྱ། ཐིག་ལེ་ཆེན་པོ་ཐབས་དང་བཅས་པ་ནི་རྗོད་བྱེད། དགའ་བ་བཅུ་དྲུག་གི་མཐའི་བདེ་བ་ཉམས་སུ་མྱོང་བ་ནི་དགོས་པ། དེས་ཡེ་ཤེས་བཞི་བཅུ་རྩ་གཉིས་མངོན་དུ་བྱེད་པ་ནི་ཉིང་དགོས་སོ། །འབྲེལ་པ་ནི་སྔར་བཤད་པ་བཞིན་ནོ། །འདི་དག་གང་གིས་སྟོན་ན། རྒྱུད་དབུ་ཞབས་ཐམས་ཅད་ཀྱིས་སྟོན་ནོ། །གདམས་གཏད་ལ་ཡང་བཞི་ལས། དགོས་ཆེད་ནི། བསྟན་པའི་སྙིང་པོ་དར་ཞིང་མི་ནུབ་པར་བྱེད་དོ། །ངེས་ཚིག་ནི། གདམས་པ་ཡང་ཡིན་པའི་ཕྱིར་རོ། །ངོ་བོ་དང་དམིགས་བཟུང་བ་ཐུན་མོང་དུ་བསྟན་པ་ལ་གཉིས་ཏེ། གདམས་པ་དང་། གཏད་པའོ། །དང་པོ་ནི། ཀྱེ་ཀྱེ། ཕྱོགས་བཅུ་དུས་བཞིའི་རང་བཞིན་ནི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་པས། རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས། གཟུང་འཛིན་སྤྲོས་ལས་འཆེལ་བ་ཡི། །རྣམ་རྟོག་ཞགས་པས་སོ་སོར་འཛིན། །ཞེས་པས། འཁྲུལ་པའི་སྣང་བ་དག་བྱར་གདམས། །ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པས། ལམ་གྱི་སྣང་བ་བགྲོད་བྱར་གདམས། །ཡེ་ཤེས་ངོ་མཚར་རབ་འབྱམས་ཀྱི། །དོན་དུ་མི་འགྱུར་ཡོངས་མ་གསུངས། །ཞེས་པས། འབྲས་བུའི་སྣང་བ་ཐོབ་བྱར་གདམས་པའོ། །གཏད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །སྒྲོ་དང་སྐུར་པ་ཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་པས། དར་ཞིང་རྒྱས་པར་བྱ་བའི་ཕྱིར་སྡུད་པ་པོ་ལ་གཏད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །དེ་ནི་ངེས་པར་ལུང་བསྟན་ཏེ། །སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ས་རབ་རིག་པ་འཛིན་ལ་གནས། །ཞེས་པས། མི་ནུབ་པར་བྱ་བའི་ཕྱིར་གང་ཟག་ཆོས་ཀྱི་མིག་ཅན་ལ་གཏད། རྒྱས་པའི་ལྔ་བཅུ་པ་ལས། ང་ཡི་ཐུགས་ཀྱི་སྙིང་པོ་འདི། །ཕྱོགས་བཅུ་ཀུན་ཏུ་སྤེལ་བ་དང་། །དེ་ཡི་གཟུངས་ལ་གཏད་པ་ནི། །ཡིད་བཞིན་མཛོད་འབྱོར་བཀའ་ཡི་གནས། །ཞེས་སོ། །བྱིན་ཆེ་བར་བྱ་བའི་ཕྱིར་མ་མོ་དང་མཁའ་འགྲོ་ལ་གཏད་དོ། །འདི་ཉིད་ཀྱི་ལེའུ་ཐ་མས་སྟོན་ནོ། །དབང་པོ་ཐ་མ་ལ་འབྲུ་རེ་གཉེར་རེའི་སྒོ་ནས་བསྙད་པ་ནི། དགོངས་འདུས་ལས། གང་ལ་ལྟ་དང་སྒོ་འབྱེད་པ། །བསྡུ་དང་འབྱོར་དང་འདྲེན་པ་དང་། །རྐྱེན་དང་གཞན་དམིགས་འཛིན་པའི་ཚིག །མ་བཅོས་མེ་ལོང་སྣྲེལ་གཞི་རྣམས། །མེ་ལོང་བཅུ་དང་མཐུན་སྦྱར་ནས། །ཚིག་དོན་རྣམ་པར་སྦྱར་བ་ཡིན། །ཞེས་པས། བཤད་ཐབས་འདྲེན་པའི་ཚིག་བཅུ་ལས། རང་བཞིན་ལྟ་བའི་ཚིག་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟ་བུར་བཤད། རྣམ་པར་འབྱེད་པའི་ཚིག་སྟག་གི་མཆོངས་པ། སྤྱི་དོན་སྡུད་པའི་ཚིག་སེང་གེ་ཆེན་པོའི་མཆོངས་པ། འབྲེལ་མཚམས་སྦྱོར་བའི་ཚིག་བྱ་ངང་མོའི་འགྲོས། རང་རྐྱེན་གཉེར་གྱི་ཚིག་རུས་སྦལ་གྱི་ནུར་འགྲོས། ལྡེམ་དགོངས་མན་ངག་གི་ཚིག་རྣ་ཕྲུག་བྲག་ལ་འཛེག་པ། གཏར་ཁ་གེགས་སེལ་གྱི་ཚིག་གླག་མོ་གཟན་ལ་འཇུམ་པ། ཚད་མ་བཀའ་གཞུང་གི་ཚིག་དུས་ཀྱི་འབྲུག་སྒྲ། མཚོན་པ་དཔེའི་ཚིག་མེ་ལོང་གཡའ་དག་པ། བསྣོལ་མཚམས་འཕེན་སྡུད་ཀྱི་ཚིག་སེང་གེའི་ཕྲུ་གུ་རྩལ་སྦྱོང་བ་ལྟར་དུ་བཤད་པའོ། །དང་པོ་ནི། ཁྱུང་ནམ་མཁའ་ལ་ལྡིང་བའི་ཚེ་མིག་གྱེན་ལ་མི་བལྟ་གཤོག་པ་རློབ་པའི་རྩོལ་བ་མེད། ངམ་གྲོག་དང་གཡང་ས་ལ་ཉམ་མི་ང་། བྱ་ལམ་ལ་རྗེས་མེད་པ་བཞིན། རང་བཞིན་ལྟ་བའི་ཚིག་གིས་ཐེག་པ་ཐམས་ཅད་ཁོག་འོག་ཏུ་འཇུག །ལམ་བགྲོད་པའི་རྩོལ་བ་མེད། སྲིད་པ་དང་ཞི་བ་ལ་ཉམ་མི་ང་། བལྟ་བྱ་ལྟ་བྱེད་བློ་ཡུལ་དུ་བྱེད་པའི་རྟོག་པ་མེད་པའོ། །ལྟ་བ་སྟོན་པའི་ལེའུ་གསུམ་པ། བཞི་པ། ལྔ་པ། དྲུག་པ། བརྒྱད་པ། བཅུ་གཅིག་པ། བཅུ་གཉིས་པ། བཅུ་གསུམ་པ། བཅོ་བརྒྱད། བཅུ་དགུ་པ། ཉི་ཤུ་པ། ཉེར་གཉིས་པ་རྣམས་ཀྱིས་སྟོན་ནོ། །གཉིས་པ་ནི། སྟག་མོ་མཆོངས་པའི་ཚེ། བགྲོད་པར་བྱ་བའི་ས་ཚིགས་དུམ་བུ་དུམ་བུར་བཅད་ནས་མཆོངས་པ་བཞིན་རྣམ་པར་དབྱེ་བའི་ཚིག་གིས། ཚིག་དང་དོན་གྱི་དམིགས་སོ་སོར་ཕྱེ་ནས་མིང་འདོགས་གསལ་བར་སྟོན་པའོ། །གསུམ་པ་ནི། སེང་གེ་ཆེན་པོ་མཆོངས་པའི་དུས་ན། མཆོངས་པ་གཅིག་གི་ཁོག་འོག་ཏུ་ས་ཚིགས་དུ་མ་ཆུད་པ་བཞིན་དུ། སྤྱི་དོན་བསྡུ་བའི་ཚིག་གིས་ཚིགས་དང་དོན་གྱི་རྣམས་གྲངས་དུ་མའང་དོན་གྱི་ངོ་བོ་གཅིག་ཏུ་སྡུད་པར་བྱེད་པའོ། །ལེའུ་དང་པོ། གསུམ་པ། བཞི་པ། དྲུག་པ་རྣམས་ཀྱིས་སྟོན་ནོ། །བཞི་པ་ནི། བྱ་ངང་མོ་འགྲོ་བའི་ཚེ་ཕྱིར་རྗེས་ཀྱིས་སྔར་རྗེས་ནོན་པར་འགྲོ་བ་བཞིན་དུ། འབྲེལ་མཚམས་སྦྱོར་བའི་ཚིག་གིས་ཚིག་འབྲེལ་དང་དོན་འགྲེལ་མ་ཆད་པར་འགྲེལ་སྦྱོར་བའོ། །ལྔ་པ་ནི། རུས་སྦལ་འགྲོ་བའི་ཚེ་གཡོ་འགུལ་མི་མངོན་པར་ཤུགས་ཀྱིས་འགྲོ་ཞིང་། ས་སྟོང་མི་ལྡས་པར་རྗེས་ཀྱིས་ཁྱབ་པ་བཞིན་དུ། རང་རྐྱེན་གཉེར་གྱི་ཚིག་གི་འབྲུ་སྟོང་མི་ལྡས་པར་ཚིག་དོན་བརྡ་སྤྲོད་པར་བྱེད་པའོ། །དེ་ལྟར་ས་གཅོད་པ་དང་འབྲེལ་སྦྱོར་བ་དང་འབྲུ་བསྣོན་པ་དང་གསུམ་ནི། སྤྱི་འགྲོ་རྣམ་པ་གསུམ་ཞེས་བྱ་སྟེ། གཞུང་དབུ་ཞབས་ཐམས་ཅད་ལ་སྦྱོར་བ་ཤེས་པར་བྱའོ། །དྲུག་པ་ནི། རྣ་ཕྲུག་བྲལ་ལ་འཛེག་པའི་ཚེ། སྐྱེས་མ་ཐག་ཏུ་བྲག་མེ་ལོང་གི་ངོས་ལྟ་བུར་རྩེད་མོ་རྩེ་ཞིང་འགྲོ་བའི་ཚེ། རིག་དྭགས་གཞན་ལ་མི་འཚམས་ཀྱང་རྣ་ཕྲུག་རང་ལ་འཚམས་པ་བཞིན་དུ། ལྡེམ་དགོངས་མན་ངག་གི་ཚིག་གིས་ཟབ་ལམ་སྦས་ཚུལ་དུ་བསྟན་པ་ནི། རྣལ་འབྱོར་གྱི་རྒྱུད་མན་ཆོད་དུ་མི་འཚམས་ཀྱང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཉམས་སུ་ལེན་པ་རྣམས་ལ་འཚམས་པའོ། །འདི་དག་གང་གིས་སྟོན་ན། ལེའུ་བཞི་པ། ལྔ་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། བཅུ་གསུམ་པ། བཅོ་བརྒྱད་པ། ཉི་ཤུ་པ་རྣམས་ཀྱིས་རྟེན་ནོ། །བདུན་པ་ནི། གླག་མོ་གཟན་ལ་འཛུམས་པའི་ཚི། གང་ཡིད་ལ་བཏགས་པ་དེ་ཡི་ཁོང་གི་བཅུད་འབྱིན་པར་བྱེད་པ་བཞིན་དུ། གཏར་ཁ་གེགས་སེལ་གྱི་ཚིག་གིས་གྲུབ་མཐའི་དོན་ལོན་པར་བྱེད་པའོ། །དེ་དག་གང་གིས་སྟོན་ན། ལེའུ་དང་པོ། གཉིས་པ། དགུ་པ། བཅུ་གཉིས་པ། བཅོ་ལྔ་པ། བཅུ་དགུ་པ་རྣམས་ཀྱིས་སྟོན་ནོ། །བརྒྱད་པ་ནི། དཔྱིད་ཀྱི་དུས་སུ་འབྲུག་གི་སྒྲ་བྱུང་བས། སྐྱེ་བོ་རྣམས་དེ་རིང་ནས་དབྱར་དགུན་བྱེའོ་ཞེས་དུས་ཚོད་ཀྱི་སྤྲོས་པ་ཆོད་པ་བཞིན་དུ། བཀའ་ལུང་ཚད་མ་ལ་བརྟེན་ནས་དོན་སྒྲོ་འདོགས་ཆོད་པར་བྱེད་པའོ། །འདི་དག་གང་གིས་སྟོན་ན། ལེའུ་བདུན་པ། བརྒྱད་པ། བཅུ་གཅིག་པ། བཅུ་གཉིས་པ། བཅུ་གསུམ་པ་རྣམས་ཀྱིས་སྟོན་ནོ། །དགུ་པ་ནི། མེ་ལོང་གི་ནང་དུ་བྱད་བཞིན་གྱི་སྐྱོན་ཡོན་ངོས་ཟིན་པ་བཞིན་ཤིན་ཏུ་ལྐོག་གྱུར་གྱི་དོན་རྣམས་ཀྱང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དཔེས་མཚོན་ནས་ངེས་པར་བྱེད་པའོ། །འདི་དག་གང་གིས་སྟོན་ན། ལེའུ་བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་བཞི་པ། ཉི་ཤུ་པ་རྣམས་ཀྱིས་སྟོན་ནོ། །བཅུ་པ་ནི། སེང་གེའི་ཕྲུག་གུ་རྩལ་སྦྱོང་བའི་ཚེ་ན། བསྣོལ་མར་མཆོངས་ནས་དྲང་པོར་འགྲོ་བ་བཞིན་དུ་བསྣོལ་མཚམས་འཕེན་སྡུད་ཀྱི་ཚིག་གིས་དོན་གྱི་འཁྲུག་སྡེབ། དཀྱུས་ཀྱི་གོ་རིམ་བརྗེས། འབྲུའི་འདུག་ཁ་བསྒྱུར་ནས། སྒྲ་ཇི་བཞིན་པ་མ་ཡིན། དོན་ཐུན་མོང་བ་མ་ཡིན་པའི་རྒྱུད་དོན་ཕྱིན་ཅིག་མ་ལོག་པར་སྟོན་པའོ། །འདི་དག་གང་གིས་སྟོན་ན། ལེའུ་དང་པོ། བཞི་པ། ལྔ་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། ཉི་ཤུ་པ་རྣམས་ཀྱིས་སྟོན་ནོ། །སྤྱི་དོན་གསུམ་པ་འབྲས་བུ་བདེ་གཤེགས་ཀྱི་སྣང་བ་འབྲས་བུ་ཐོབ་ཚུལ་དང་སྦྱར་ཏེ་བཤད་ན། རྒྱས་པའི་རེ་བདུན་པ་ལས། སྐུ་མཆོག་རྡོ་རྗེ་འོད་སྣང་བ། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་པས། མཐར་ཐུག་གི་འབྲས་བུ་ནི། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའོ། །དེ་ལ་ཡང་བཞི་ལས། དགོས་ཆེད་ནི་བདག་གཞན་གྱི་མཛད་པ་མ་ལུས་པར་རྫོགས་པར་བྱེད་དོ། །ངེས་ཚིག་ནི། སྨིན་པའམ་མཐར་ཕྱིན་པའི་ཕྱིར་རོ། །ངོ་བོ་ལ་གཉིས་ཏེ། མ་འདྲེས་རྣམ་གྲངས་ཀྱི་ངོ་བོ་དང་། དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོའོ། །དང་པོ་ནི། འདི་ཉིད་ཀྱི་བཅུ་བཞི་པ་ལས། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཞེས་སོ། །གཉིས་པ་ནི། གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །ཅེས་སོ། །དོན་གྱི་དམིགས་བཟུང་བ་ནི་གཉིས་ཏེ། ཐེག་པ་ཐུན་མོང་གི་འབྲས་བུ་སྐུ་གསུམ་ནི། འདི་ཉིད་ཀྱི་དྲུག་པ་ལས། ཆོས་སྐུ་དཔག་མེད་ཅེས་པ་ནས། བསམ་མི་ཁྱབ་ཅེས་པའི་བར་རོ། །ཐེག་པ་མཆོག་གི་འབྲས་བུ་ནི་སྐུ་ལྔ་སྟེ། སྐྱེ་ཤི་མེད་པའི་ཞེས་པ་ནས། ཀུན་ཀྱང་རྫོགས་ཆེན་པའི་བར་རོ། །དེ་ལྟ་བུའི་འབྲས་བུའི་ཐོབ་ཚུལ་ནི། ལེའུ་དགུ་པ་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཞེས་སོ། །མདོར་ན། སྤྱིར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་དོན་མཛད་པ་དང་། ཁྱད་པར་དུ་གསང་བའི་བསྟན་པ་རྒྱུད་འདི་ཉིད་ཀྱིས་དོན་མཛད་པ་གཉིས་ཀའི་ཚུལ་ནི་གསུམ་དུ་བྱུང་སྟེ། རྟེན་ཅན་གྱི་དོན་བྱེད་པར་འདོད་པ་བྲམ་ཟེ་མཆོད་སྡོང་སྒྲུབ་པ་ལྟ་བུ། རྟེན་མེད་ཀྱི་དོན་བསྒྲུབ་པར་འདོད་པ་དྲང་སྲོོང་དམོད་པ་སྒྲུབ་པ་ལྟ་བུ། གནས་ལུགས་ངོ་བོ་ཉིད་ཀྱི་དོན་བྱེད་པར་འདོད་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་དང་གསུམ་ལས། ལུགས་དང་པོ་ནི། དཔེར་ན་རིགས་སྔགས་གྲུབ་པའི་བྲམ་ཟེ་ཞིག་གིས་རིན་པོ་ཆེའི་མཆོད་སྡོང་བསྒྲུབས་ནས་བཞག་པས། བྲམ་ཟེ་ཁོ་རང་ཚེའི་དུས་བྱས་ཀྱང་ཁོའི་རྗེས་འཇུག་རྣམས་ཀྱི་འདོད་པ་རྣམས་རིན་པོ་ཆེའི་མཆོད་སྡོང་གིས་སྐོང་བར་བྱེད་པ་བཞིན་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱས་ནས་མི་དམིགས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱང་། ཚོགས་གཉིས་རྫོགས་པའི་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་གདུལ་བྱ་རྣམས་ཀྱི་དོན་བྱེད་པར་འདོད་པ་ནི། རྒྱ་གར་དུ་སློབ་དཔོན་སེང་གེ་བཟང་པོ་དང་། བོད་ན་ཞང་ཤེས་རབ་བླ་མ་ལ་སོགས་པའི་བཞེད་པ་ཡིན་ནོ། །ལུགས་གཉིས་པ་ནི། དཔེར་ན། དམོད་པ་གྲུབ་པའི་དྲང་སྲོང་ཞིག་གིས་དམོད་པ་བསྒྲུབས་ནས་བཞག་པས། དྲང་སྲོང་ཁོ་རང་ཚེའི་དུས་བྱས་ཀྱང་གཞན་སྣང་དུ་ཁོའི་དམོད་པ་ཇི་ལྟ་བར་འབྱུང་བ་བཞིན་དུ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་དུས་སུ་སྨོན་ལམ་རྒྱ་ཆེན་པོ་བཏབ་པའི་མཐུས་གདུལ་བྱ་རྣམས་ཀྱི་སྣང་ངོར་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་གདུལ་བྱ་གང་ལ་གང་འདུལ་དེ་ལ་དེར་བསྟན་པ་ལྟར་སྣང་བར་ཟད་ཀྱི། བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ན། ཡུལ་ཡུལ་ཅན་གྱི་གཟུང་འཛིན་བག་ལ་ཉལ་གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་ནས་རིག་པ་རྒྱུན་ཆད་པའི་ཕྱིར་ཡེ་ཤེས་ཀྱང་མ་གྲུབ་པར་འདོད་པ་ནི། རྒྱ་གར་ན་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་དང་། བོད་ན་རོང་ཟོམ་ཆོས་ཀྱི་བཟང་པོ་ལ་སོགས་པའི་བཞེད་པ་ཡིན་ནོ། །ལུགས་གསུམ་པ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་མཆོད་ན། འགྲོ་བ་རང་གི་བསོད་ནམས་དང་འཚམས་པའི་དགོས་འདོད་འབྱུང་མོད་ཀྱང་། རིན་པོ་ཆེ་ལ་རྩོལ་རྟོག་དང་ཉེ་རིང་མེད་པ་བཞིན་དུ། རང་གི་སེམས་ཀྱི་ཆོས་ཉིད་ཆོས་དབྱིངས་ཤིན་ཏུ་དྲི་མེད་ཀྱི་ཆོས་སྐུ་གློ་བུར་གྱི་དྲི་མས་བསྒྲིབས་པ་ལམ་ལྔ་ས་བཅུ་མཐར་ཕྱིན་པས་དག་ནས། ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱས་པ་རྒྱུ་མཐུན་ཟབ་པའི་ཆོས་སྐུའི་ཡོན་ཏན་གྱི་ཆ་ལས་གཟུགས་སྐུ་གཉིས་ཀྱི་ཕྲིན་ལས་ཀྱིས། གདུལ་བྱ་གང་ལ་གང་འདུལ་དེ་ལ་དེར་སྣང་ནས། དོན་མཛད་པར་འདོད་པ་ནི། རྒྱ་གར་དུ་མཁས་པ་ཆེན་པོ་ཤྲཱི་སིང་ཧ་དང་། བོད་ན་ཟུར་ཆུང་ཤེས་རབ་གྲགས་པ་ལ་སོགས་པའི་བཞེད་པ་ཡིན་ནོ། །འདི་དག་ལེའུ་གང་གིས་སྟོན་ན། ལེའུ་དང་པོ་དང་གཉིས་པའི་སྟོད་ལ་སོགས་པ་འབྲས་བུ་སྟོན་པའི་ལེའུ་རྣམས་ཀྱིས་སྟོན་ནོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་ཁོག་དབུབ་རིན་ཅེན་འབར་བའི་གུར་ཞེས་བྱ་བ་འདི་ནི། བླ་མ་གོང་མ་རྣམས་ཀྱིས་མཛད་པའི་ཡིག་ཆ་ལ་རྟེན་བཅས་ནས་ཆོས་སྨྲ་བའི་སྔགས་འཆང་བསམ་གྲུབ་རྡོ་རྗེེས་ཟུར་ཙམ་བཅོས་ཏེ་དག་ཅིང་ལེགས་པར་བགྱིས་པའོ། །མངྒ་ལཾ།། །།


previousདཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་སྒྲོལ་མ།no next