cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་རེ་གཅིག་པ།

གླེགས་བམ། ཀུ༽

སྔགས་འཆང་ནམ་མཁའ་རིན་ཆེན།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ།

སྔ་པོད།
གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་བཞུགས་སོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད། རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་དཔལ་ལྡན་བླ་མ་དམ་པ་རྣམས་དང་། སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་པོ་ཡི་དམ་གྱི་ལྷ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཤིན་ཏུ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གང་ཞིག་གདོད་ནས་རྣམ་དག་དག་པ་གཉིས་ལྡན་སྤྲོས་དང་རབ་བྲལ་བྲལ་འབྲས་འགྱུར་མེད་ཆོས་ཀྱི་སྐུ། །སྐུ་ཡི་བཀོད་པ་ཕུན་ཚོགས་ཚོགས་བསགས་རྒྱ་ཆེན་མཐུ་ལས་རབ་སྣང་སྣང་ཞིང་སྟོང་པ་ལོངས་སྤྱོད་སྐུ། །སྐུ་གསུང་ཐུགས་ཀྱི་རྣམ་སྤྲུལ་སྤྲུལ་པ་དུ་མས་གདུལ་བྱའི་དོན་མཛད་མཛད་པ་མཐར་ཕྱིན་སྤྲུལ་པའི་སྐུ། །སྐུ་གསུམ་བསྟན་པའི་མངའ་བདག་བདག་ཉིད་ཆེན་པོ་སྲིད་ཞིའི་དཔལ་མགོན་མགོན་མཆོག་རྣམས་ལ་གུས་པས་འདུད། །དེ་ལྟར་སྐུ་གསུམ་རབ་བརྒྱུད་བརྒྱུད་པ་རྣམ་དག་སྲིད་པ་ལས་རྒྱལ་རྒྱལ་བ་རྒྱ་མཚོ་དགོངས་པའི་བརྒྱུད། །རྒྱུད་ཆེན་དོན་རྣམས་ལེགས་དགོངས་དགོངས་པ་མ་ནོར་ཇི་བཞིན་ཉིད་སྟོན་སྟོན་པའི་རྒྱལ་ཚབ་རིག་འཛིན་བརྒྱུད། །རྒྱུད་ལུང་མན་ངག་དུ་མ་མ་ལུས་འགྲོ་མང་ཚོགས་ལ་རབ་འཆད་འཆད་པའི་སྐྱེས་བུ་གང་ཟག་བརྒྱུད། །བརྒྱུད་པ་གསུམ་ལྡན་འདྲེན་མཆོག་མཆོག་གྱུར་ལུས་ཅན་ཀུན་གྱི་མགོན་སྐྱབས་སྐྱབས་མཆོག་རྣམས་ལའང་གུས་པས་འདུད། །སྡེ་མཛོད་གཏེར་ཁྱིམ་བདག་པོའི་མཆོག །ལྷ་ཡི་ལྷ་ལ་གཉིས་མེད་འདུད། །དགོངས་མཛད་མཚོན་དབེའི་གནས་ཀྱི་བདག །སྐྱེས་བུའི་ཐུགས་ལའང་གཉིས་མེད་འདུད། །ཡུལ་མེད་བརྟག་དཀའ་ཟབ་ཅིང་ཕྲ། །བསྟན་པའི་རྒྱུ་འབྲས་སྙིང་པོའི་རྒྱུད། །གཞན་མིན་དེ་ཉིད་ངེས་དོན་ལ། །རྣམ་གསུམ་ཚུལ་གྱིས་ཕྱག་འཚལ་ལོ། །རྨོངས་པའི་མུན་པ་སེལ་མཛད་ཅིང་། །བློ་ཡི་པདྨོ་ཁ་འབྱེད་པ། །ཆོས་ཀྱི་འོད་ཟེར་ཆེ་མངའ་བའི། །མཻ་ཏྲི་སིང་ཧ་ཉིད་ལ་འདུད། །དུས་གསུམ་རྒྱལ་བ་གཅིག་བསྡུས་སྐུ། །ཀུན་བཟང་ཡིད་བཞིན་ནོར་བུ་ཡིས། །གདུལ་བྱའི་བསམ་པ་གྲུབ་མཛད་པ། །རྡོ་རྗེ་འཛིན་པའི་ཞབས་ལ་འདུད། །རང་གི་ལས་དང་བླ་མ་ཡི། །མན་ངག་ཐོས་དང་རྟོགས་པ་ཡི། །ནུས་པའི་ཤེས་རབ་ཅི་ཡོད་པས། །ནང་གི་ཤེས་རབ་ལིང་ཐོག་མིག །ལྡོངས་པའི་འགྲོ་རྣམས་དགྲོལ་བྱའི་ཕྱིར། །སྒྱུ་འཕྲུལ་རྩ་རྒྱུད་གསང་སྙིང་གི། །འགྲེལ་བཤད་གསལ་བའི་སྒྲོན་མེ་མཆོག །ཡིད་བཞིན་ནོར་བུ་བརྩམ་པར་བྱ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་བཞེད་ཕུགས། འབྲས་བུ་ཐམས་ཅད་ཀྱི་ཐུགས། སྔར་འདས་པའི་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ་དམ་པར་གྱུར་པ། ཆེ་བའི་ཡོན་ཏན་བརྒྱད་དང་ལྡན་པ། སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ། སྒྱུ་འཕྲུལ་རྩ་བའི་རྒྱུད་དཔལ་གསང་བའི་སྙིང་པོ་འདི་བཤད་པའི་དབང་དུ་བགྱིས་ན། ཇི་སྐད་དུ། ཁོག་གཞུང་གསལ་བའི་སྒྲོན་མེ་ལས། མཚོན་བྱ་རང་བཞིན་གཞི་ཡི་རྒྱུད། །སྒྲོ་སྐུར་མེད་པར་སྟོན་པ་ནི། །མཚོན་བྱེད་སྒྱུ་འཕྲུལ་དྲྭ་བ་སྟེ། །མཛུབ་མོས་རི་བོང་ཅན་བཞིན་ནོ། །ཞེས་གསུངས་པས། མཚོན་བྱ་རང་བཞིན་གཞི་ཡི་རྒྱུད་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་སངས་རྒྱས་པ་ཡིན་ལ། དེ་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་ཀྱི་བཤད་ཐབས་སྤྱི་དོན་རྣམ་པ་གསུམ་གྱི་སྒོ་ནས་སྟོན་ཏེ། སྤྱིར་ན་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། གདུལ་བྱ་སེམས་ཅན་རྣམས་ཀྱི་དོན་དུ་བསྟན་པ་དང་ཐེག་པ་ཇི་ལྟར་གསུངས་པའི་ཚུལ་དང་། དེ་དག་གི་ནང་ནས་བསྟན་པ་དང་ཐེག་པ་གང་ཡིན་པར་བསྡུས་ཏེ་ངོས་བཟུང་བ་དང་། དེ་བཤད་པའི་ཐབས་སོ། །དང་པོ་ནི་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དགོངས་པ་དང་ལྡན་པ་རྣམས་ཀྱིས། གདུལ་བྱ་སེམས་ཅན་ཁམས་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ཏུ་འཁྱམས་པ་རྣམས་ཀྱི་དོན་དུ་བསྟན་པ་དང་ཐེག་པ་ཇི་ལྟར་གསུངས་ཤེ་ན། གསུངས་པའི་ཚུལ་གསུམ་སྟེ། ཉོན་མོངས་པ་ལ་དགོངས་ཏེ་གསུངས་པ་དང་། ཐེག་པའི་རྐང་གྲངས་ལ་དགོངས་ཏེ་གསུངས་པ་དང་། ཐབས་སམ་གཉེན་པོ་ལ་དགོངས་ཏེ་གསུངས་པའོ། །དང་པོ་ཉོན་མོངས་པ་ལ་དགོངས་ཏེ་གསུངས་པ་ནི། རྩ་རྒྱུད་འདི་ཉིད་ཀྱི་ལེའུ་གསུམ་པ་ལས། མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཞེས་པས། གདུལ་བྱ་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་སོགས་པ་བསམ་གྱིིས་མི་ཁྱབ་པ་ཞིག་ཡོད་པས། དེ་དག་འདུལ་བའི་གཉེན་པོར་དམ་པའི་ཆོས་ཀྱང་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་སོ། །དེ་དག་མདོར་བསྡུ་ན། ཉོན་མོངས་པ་འདོད་ཆགས་ཀྱི་ཆ་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་དམ་པའི་ཆོས་འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། ཉོན་མོངས་པ་ཞེ་སྡང་གི་ཆ་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་དམ་པའི་ཆོས་མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། ཉོན་མོངས་པ་གཏི་མུག་གི་ཆ་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་དམ་པའི་ཆོས་མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། ཉོན་མོངས་པ་དུག་གསུམ་མཐའ་དག་གི་གཉེན་པོར་རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས་ཏེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །མདོར་ན་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །ཉོན་མོངས་འདུལ་བའི་གཉེན་པོར་གསུངས་པར་ཟད། །ཅེས་གསུངས་པས་མངོན་ནོ། །དེ་ཡང་སྔར་འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་སོ། །ད་ལྟར་གྱི་སངས་རྒྱས་རྣམས་ཀྱིས་གསུང་ངོ་། །མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་བར་འགྱུར་རོ། །གཉིས་པ་ཐེག་པའི་རྐང་གྲངས་ལ་དགོངས་ཏེ་གསུངས་པ་ནི། རྩ་རྒྱུད་འདི་ཉིད་ཀྱི་ལེའུ་གསུམ་པ་ལས། ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་བྱང་ཆུབ་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པ་སྔགས་ཀྱི་ཐེག་པས་ཞེས་པས། ཐེག་པ་ལྔ་རུ་འདུས་པར་ཡང་གསུངས། འཇམ་དཔལ་མཚན་བརྗོད་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་ཐེག་པ་བཞི་རུ་འདུས་པར་ཡང་གསུངས། དགོངས་འདུས་ལས། ལང་ཀའི་བདག་པོ་གཞན་ཡང་གང་། །དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིགས། །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་ཐེག་པ་གསུམ་དུ་འདུས་པར་ཡང་གསུངས། ཀུན་བྱེད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གསུངས་པས་ཐེག་པ་གཉིས་སུ་འདུས་པར་ཡང་གསུངས། ལང་ཀར་གཤེགས་པ་ལས། ཇི་སྲིད་འདུ་ཤེས་མེད་ཀྱི་བར། །ཐེག་པའི་སྒོ་ཡང་གཅིག་ཏུ་བསྟན། །ཞེས་པས་ཐེག་པ་གཅིག་ཏུ་འདུས་པར་ཡང་གསུངས། ཡང་མདོ་དེ་ཉིད་ལས། ཇི་སྲིད་འདུ་ཤེས་གནས་མ་ཐག །ཐེག་པའི་སྒོ་ཡང་བསམ་མི་ཁྱབ། །ཅེས་པས་ཐེག་པ་བསམ་གྱིས་མི་ཁྱབ་པར་ཡང་གསུངས་སོ། །གསུམ་པ་ཐབས་སཾ་གཉེན་པོ་ལ་དགོངས་ཏེ་གསུངས་པ་ནི། རྩ་རྒྱུད་འདི་ཉིད་ཀྱི་ལེའུ་གསུམ་པ་ལས། དེ་དག་ཐམས་ཅད་ཀྱང་གཟུང་བ་དང་འཛིན་པའི་ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་འཛིན་པ་འཁྲུལ་པ་ལས་བཟློག་པ་དང་། ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང་། ལས་དང་ལས་ཀྱི་འབྲས་བུས་མི་གོས། གོས་པར་མི་འགྱུར། གོས་སུ་མེད་པ་སྟོན་པའི་མཐར་ཐུག་གོ། །ཞེས་པས་གཉེན་པོ་ཡང་། ཐེག་པ་ཆུང་ངུ་ལ་ཉོན་མོངས་པ་སྤོང་འགེགས་དང་། མཚན་ཉིད་ཀྱི་ཐེག་པ་ལ་སྦྱོང་བ་དང་། སྔགས་ཀྱི་ཕྱི་རྒྱུད་ལ་ལྷར་སྒྱུར་བ་དང་། ནང་པ་གཉིས་ལ་དབང་དུ་བྱེད་པ་དང་། ཨ་ཏི་ལ་སྤང་གཉེན་རོ་གཅིག་པའི་ཚུལ་གྱིས་ཏེ། མདོར་ན། ཉོན་མོངས་པ་རང་ཁ་མའི་རྟོག་པ་འཇོམས་པར་བྱེད་པའི་གཉེན་པོ་ཡང་། ལྔའམ་དྲུག་ཏུ་འདུས་པར་གསུངས་སོ། །སྤྱི་དོན་གཉིས་པ་དེ་དག་གི་ནང་ནས་བསྟན་པ་དང་ཐེག་པ་གང་ཡིན་པར་བསྡུས་ཏེ་ངོས་གཟུང་བ་ནི་ཐེག་པའི་རྐང་གྲངས་མང་དུ་གསུངས་ཀྱང་། ཡོངས་སུ་གྲགས་པའི་དབང་དུ་ཐེག་པ་རིམ་པ་དགུར་འདུས་ཏེ། འདི་ཉིད་ཀྱི་ལེའུ་གསུམ་པ་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཅེས་པས་ཐེག་པ་རིམ་པ་དགུ་ལས། རྒྱུད་གཞུང་འདི་ཉིད་ནི། མཚན་ཉིད་སྡེ་གསུམ་ཡང་མ་ཡིན། ཕྱི་རྒྱུད་སྡེ་གསུམ་ཡང་མ་ཡིན་ཏེ། ནང་རྒྱུད་དུ་ངོས་བཟུང་ངོ་། །དེ་ལ་ཡང་གསུམ། བསྐྱེད་པ་སྐུའི་རྒྱུད་བྱིངས་ཆེ་བར་སྟོན་པ་མ་ཧཱ་ཡོ་ག །རྫོགས་པ་གསུང་གི་རྒྱུད་ཞལ་གསལ་བར་སྟོན་པ་ཨ་ནུ་ཡོ་ག །བསྐྱེད་རྫོགས་གཉིས་སུ་མེད་པའི་དོན་སྟོན་པ་ཨ་ཏི་ཡོ་ག་ལས། འདིར་མ་ཧཱ་ཡོ་གར་ངོས་བཟུང་ངོ་། །འདི་ལ་རྒྱ་གར་ན་ཏནྟྲ་སྡེ་ཆེན་པོ་བཅོ་བརྒྱད་དུ་ཡོད་པ་ལས། བོད་དུ་འགྱུར་བ་ལ། སྒྱུ་འཕྲུལ་སྡེ་བརྒྱད། བཤད་རྒྱུད་སྡེ་བཞི། དེ་དག་གི་མན་ངག་ཕྲ་མོ་དྲུག་ཅུ་རྩ་བཞི་དང་བཅས་པ། པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲའི་ཞལ་སྔ་ནས་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རྨ་རིན་ཆེན་མཆོག་གིས་བསྒྱུར་བ་ལས། རྒྱུད་གཞུང་འདི་ཉིད་ནི། སྒྱུ་འཕྲུལ་སྡེ་བརྒྱད་ཀྱི་ནང་ནས་ཀྱང་། རྩ་བའི་རྒྱུད་དུ་གྱུར་པ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཅེས་བྱ་བར་ངོས་བཟུང་ངོ་། །སྤྱི་དོན་གསུམ་པ་དེ་ལྟར་ངོས་བཟུང་བའི་རྒྱུད་གཞུང་འདི་ཉིད་བཤད་ཐབས་ཀྱི་ཡན་ལག་དུ་ཞེ་ན། ཁོག་གཞུང་གསལ་བའི་སྒྲོན་མེ་ལས། ཕས་ཀྱི་ལན་གདབ་འབྲུ་བསྣན་དང་། །ཁོག་དབུབ་ས་བཅད་བཞི་རུ་གསུངས། །ཞེས་པས། ཁོག་དབུབ་པ་སྟོང་ཐུན་གྱི་དོན་དང་སྦྱར་ཏེ་བཤད་པ་དང་། ས་བཅད་པ་དཀྱུས་ཀྱི་དོན་དང་སྦྱར་ཏེ་བཤད་པ་དང་། འབྲུ་བསྣན་པ་ཚིག་གི་དོན་དང་སྦྱར་ཏེ་བཤད་པ་དང་། གནས་སྐབས་བརྒལ་ལན་གྱི་དོན་དང་སྦྱར་ཏེ་བཤད་པ་བཞི་ཡོད་པ་ལས། དང་པོ་ཁོག་དབུབ་པ་སྟོང་ཐུན་གྱི་དོན་དང་སྦྱར་ཏེ་བཤད་པ་ནི། སྤྱི་དོན་རྣམ་པ་ལྔའི་སྒོ་ནས་སྟོན་པར་བྱེད་ཅིང་། ས་བཅད་པ་དཀྱུས་ཀྱི་དོན་དང་། འབྲུ་བསྣན་པ་ཚིག་གི་དོན་གཉིས་ཐུན་མོང་དུ་སྟོན་ལ། བརྒལ་ལན་ནི་གནས་སྐབས་སུ་ཁྲིའུ་རུ་སྟོན་པར་བྱེད་པ་ཡིན་ནོ། །དེ་ཡང་འདིར་ས་བཅད་པ་དཀྱུས་ཀྱི་དོན་དང་སྦྱར་ཏེ་བཤད་པའི་དབང་དུ་བྱས་ན་དོན་གསུམ་སྟེ། ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་ནོ། །དང་པོ་ཀླད་ཀྱི་དོན་ལ་གཉིས་ཏེ། མཚན་བསྟན་པ་དང་། ཕྱག་འཚལ་བའོ། །དང་པོ་མཚན་བསྟན་པ་ནི། བོད་སྐད་དུ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པ་དེར་གདའ་ཞིང་། འདི་ལ་ཡང་། ནང་ཚེགས་སུ་ས་བཅད་ན། ཇི་སྐད་དུ་རྣམ་བཤད་རིག་པ་ལས། འཆད་པར་འདོད་པའི་གང་ཟག་ལ། །མན་ངག་ཅུང་ཟད་སྦྱིན་པར་བྱ། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་བརྒལ་ལན་བཅས། །མཚམས་སྦྱར་བསྙད་དེ་བཤད་པར་བྱ། །ཞེས་གསུངས་པས་དོན་བཞི་སྟེ། མཚན་གྱི་དགོས་པའི་དོན་དང་། བསྡུས་པའི་དོན་དང་། ཚིག་གི་དོན་དང་། བརྒལ་ལན་གྱི་དོན་ནོ། །དང་པོ་མཚན་གྱི་དགོས་པའི་དོན་ལའང་གསུམ་སྟེ། སྤྱིར་མཚན་སྨོས་པའི་དགོས་པ་དང་། བྱེ་བྲག་ཏུ་མཚན་ཀླད་དུ་སྨོས་པའི་དགོས་པ་དང་། རྒྱ་སྐད་དུ་མ་སྨོས་པར་བོད་སྐད་དུ་མན་ངག་ཁོ་ནའི་མཚན་ནས་སྨོས་པའི་དགོས་པའོ། །དང་པོ་སྤྱིར་མཚན་སྨོས་པའི་དགོས་པ་ནི། བསྟན་པ་ལ་མཚན་ངེས་པས་གླེགས་བམ་བཤད་བདེ་བའི་དགོས་པ་ཡོད་ལ། གཉིས་པ་བྱེ་བྲག་ཏུ་མཚན་ཀླད་དུ་སྨོས་པའི་དགོས་པ་ནི། བློ་དབང་པོ་ཡང་རབ་མཆོག་ཏུ་གྱུར་པ་རྣམས་ཀྱིས། མཚན་ཁོ་ན་མཐོང་བ་ཙམ་ལ་བརྟེན་ནས་རྒྱུད་དབུ་ཞབས་ཀྱི་དོན་རྣམས་བསྡུས་དོན་དང་ཚིག་དོན་ལ་རག་མ་ལས་པར་རྟོགས་པར་འགྱུར་ཏེ། དཔེར་ན། སྨན་པ་མཁས་པའི་ལག་གི་རྩལ་རེག་པས་ལུས་མགོ་མཇུག་གི་ནད་རྣམས་ཤེས་པ་ལྟ་བུ་སྟེ། ཇི་སྐད་དུ་རིན་པོ་ཆེའི་རྒྱན་ལས། རབ་ལ་མཚན་གྱི་དོན་ཀུན་གོ། །རྩ་བ་གཅིག་པས་མཚོན་བྱེད་ཀྱིས། །ལག་གི་རྩ་ལ་ནད་ཀུན་ཟིན། །ཞེས་སོ། །འབྲིང་དང་ཐ་མས་ཀྱང་། པོ་ཏི་ཞལ་ཕྱེ་མ་ཐག་མཚན་ཀླད་དུ་བྱུང་བ་མཐོང་བ་ཙམ་གྱིས། འདི་ནི་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཅེས་བྱ་བ་ཡིན་པར་འདུག་སྙམ་དུ་ཆོས་གང་ཡིན་ངོ་ཤེས་ཏེ་བཙལ་བ་ཚེགས་ཆུང་བའི་དགོས་པ་ཡོད་དེ། དཔེར་ན། སྨན་གྱི་ཁ་བྱང་བཞིན་ནོ། །དེ་ཡང་ཁོག་གཞུང་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཞེས་སོ། །གསུམ་པ་རྒྱ་སྐད་མ་སྨོས་པར་བོད་སྐད་དུ་མན་ངག་ཁོ་ནའི་མཚན་ནས་སྨོས་པའི་དགོས་པ་ནི། ལོ་ཙཱ་བ་འགའ་ཞིག་རྒྱ་གར་དུ་བགྲོད་པའི་དཀའ་བ་སྤྱད་པས། བོད་འབངས་ལ་དྲིན་བཞག་པའམ། བསྟན་པའི་འབྱུང་ཁུངས་རྒྱ་གར་ཡིན་པས་ཁུངས་བཙུན་པའི་ཕྱིར། རྒྱ་སྐད་བོད་སྐད་སྨོས་ཀྱིས། རྒྱུད་གཞུང་འདི་ལ། པཎྜི་ཏ་བི་མ་ལ་མི་ཏྲ་བོད་ཡུལ་དུ་བྱོན་ནས་ལོ་ཙཱ་བ་རྨ་རིན་ཆེན་མཆོག་ལ་དཀའ་བ་སྤྱད་མི་དགོས་ཤིང་། སྒྲ་ཚིག་མང་པོ་ལའང་མི་སྤྲོ་བས། སྐད་གཉིས་སྨོས་ཀྱང་དོན་གཞན་མ་མཐོང་བའི་ཕྱིར། བོད་སྐད་དུ་ཞེས་དམིགས་ཀྱིས་བཀར་ནས་བོད་སྐད་རྐྱང་པ་སྨོས་པས་ཚིག་ཉུང་ལ་དོན་མྱུར་དུ་ངོས་ཟིན་པའི་དགོས་པ་ཡོད་ཅིང་། རྒྱུད་ལུང་མན་ངག་གསུམ་ལས། རྒྱུད་ནི་ཤིན་ཏུ་ཟབ་པའིི་ཕྱིར་མན་ངག་གི་མཚན་ནས་སྨོས་པའོ། །གཉིས་པ་བསྡུས་པའི་དོན་ནི། ཁོག་གཞུང་ལས། སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། །ཞེས་པས། རྒྱུད་དང་དཀྱིལ་འཁོར་སྐྱེས་བུའི་མཚན་ཐུན་མོང་དུ་བཏགས་པ་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའོ། །ཆེ་བ་ལ་མཚན་དུ་བཏགས་པ་ནི་ལུང་གི་སྤྱིའོ། །དོན་གྱི་ངོ་བོ་ཉིད་ལས་བཏགས་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །དེ་ལྟར་དོན་གྱི་ངོ་བོའི་མན་ངག་གི་མཚན་བསྟན་པ་འདི་ལ། བསྡུས་པའི་དོན་གསུམ་སྟེ། སྟོན་ཚུལ་དང་། གོ་ཚུལ་དང་། རྟོགས་ཚུལ་ལོ། །དང་པོ་སྟོན་ཚུལ་ནི། གསང་བའི་ཞེས་པས་རྒྱུད་ཀྱི་རང་བཞིན་སྟོན། སྙིང་པོ་ཞེས་པས་རྒྱུད་ཀྱི་ཆེ་བ་སྟོན། དེ་ཁོ་ན་ཉིད་ཅེས་པས་རྒྱུད་ཀྱི་མཚན་ཉིད་སྟོན། ངེས་པ་ཞེས་པས་རྒྱུད་ཀྱི་ངེས་དོན་སྟོན། འོ་ཞེས་པས་རྒྱུད་དོན་ཡོངས་སུ་རྫོགས་པར་སྟོན་པ་སྟེ། འགྲེལ་ཆུང་ལས། རང་བཞིན་གསང་བ་ཞེས་བྱ་སྟེ། །ཆེ་བ་ཞེས་བྱ་སྙིང་པོའི་དོན། །དེ་ཁོ་ན་ཡི་མཚན་ཉིད་ནོ། །ངེས་པས་ངེས་དོན་མདོར་བསྟན་པ། །དེ་ལྟར་རྣམ་པ་བཞི་པོ་རུ། །མདོར་བསྡུས་སྤྱི་ཡི་དོན་དུ་བཤད། །ཅེས་སོ། །གཉིས་པ་གོ་ཚུལ་ནི། གསང་བའི་ཞེས་པས་སེམས་ཉིད་རིག་པ་རང་བྱུང་ཡེ་ཤེས་ཀྱི་གནས་ལུགས་རྟོགས་དཀའ་བར་གོ། །སྙིང་པོ་ཞེས་པས་དེ་ལ་བཅུད་འདུས་པར་གོ། །དེ་ཁོ་ན་ཉིད་ཀྱིས་ཆོས་ཐམས་ཅད་དེ་ལས་གཞན་མེད་པས་གཞན་སེལ་བར་གོ། །ངེས་པས་ངེས་དོན་ཡིན་པར་ཐེ་ཚོམ་དང་བྲལ་བར་གོ། །འོ་ཞེས་པས་དེ་དག་རྒྱུད་དོན་ཡོངས་སུ་རྫོགས་པར་གོ་བའོ། །དེ་ཡང་སྤྱན་འགྲེལ་ལས། ཡུལ་མེད་བརྟག་དཀའ་ཟབ་ཅིང་ཕྲ། །བསྟན་པའི་རྒྱུ་འབྲས་སྙིང་པོའི་བཅུད། །གཞན་མིང་དེ་ཉིད་ངེས་དོན་ལས། །ཞེས་སོ། །གསུམ་པ་རྟོགས་ཚུལ་ནི། གསང་བའི་ཞེས་པས་རྒྱུད་ཀྱི་རང་བཞིན་རྟོགས། སྙིང་པོ་ཞེས་པས་རྒྱུད་ཀྱི་ཆེ་བ་རྟོགས། དེ་ཁོ་ན་ཉིད་ཅེས་པས་རྒྱུད་ཀྱི་མཚན་ཉིད་རྟོགས། ངེས་པ་ཞེས་པས་རྒྱུད་ཀྱི་ངེས་དོན་རྟོགས། འོ་ཞེས་པས་རྒྱུད་དོན་ཡོངས་སུ་རྫོགས་པ་རྟོགས། དེ་ཡང་འགྲེལ་ཆུང་ལས། འདི་ཡི་རང་བཞིན་ཆེ་བ་དང་། །མཚན་ཉིད་དང་ནི་དོན་བསྟན་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཆེན་ལས། །མདོར་བསྡུས་གཏན་ལ་ཕབ་པ་ཡིན། །ཞེས་གསུངས་སོ། །གསུམ་པ་ཚིག་གི་དོན་ལ། འགྲེལ་པ་སྤར་ཁབ་ཀྱི་ཕྱི་ལྟར་ཁོ་ན་ལས་མ་བཤད་ཀྱང་། བླ་མ་བརྒྱུད་པའི་གདམས་ངག་ལྟར་བཤད་ན། ཕྱི་ནང་གསང་བ་གསུམ་ལས། དང་པོ་མཚན་ཕྱི་གྲོལ་ལམ་ལྟར་བཤད་པ་ལ་ཡང་བཞི་སྟེ། གསང་བའི་དང་། སྙིང་པོ་དང་། དེ་ཁོ་ན་ཉིད་དང་། ངེས་པའོ་ཞེས་པའི་དོན་བཤད་པའོ། །དང་པོ་གསང་བའི་ཞེས་པ་ལ་གསུམ་སྟེ། རང་བཞིན་གྱི་གསང་བ་དང་། གབ་པའི་གསང་བ་དང་། སྦས་པའི་གསང་བའོ། །དང་པོ་རང་བཞིན་གྱི་གསང་བ་ལ་ཡང་བཞི་སྟེ། གང་གསང་། གང་ལ་གསང་། ཚུལ་ཇི་ལྟར་གསང་། དགོས་ཆེད་ཅིའི་ཕྱིར་གསང་བའོ། །གང་གསང་ན། རང་བཞིན་གྱི་རྒྱུད་རང་བཞིན་གསང་བའི་སྙིང་པོ་རིག་པ་རང་བྱུང་ཡེ་ཤེས་བདེན་པ་དབྱེར་མེད་དུ་ཡེ་ནས་རང་ལ་རང་ཆས་སུ་གནས་པ་དེ་གསང་། གང་ལ་གསང་ན། གདུལ་བྱ་བློ་འཁྲུལ་པ་རྣམས་ལ་གསང་། ཚུལ་ཇི་ལྟར་གསང་ན། རང་གསང་ཐབས་ཀྱིས་ཆོད་ནས་རྟོགས་དཀའ་བའི་ཚུལ་དུ་གསང་སྟེ། འདི་ཉིད་ཀྱི་ལེའུ་གཉིས་པ་ལས། ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱི་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་གསུངས་པས། གསང་ཚུལ་བཞི་ལས། ཡེ་ནས་གསང་བ་ནི། དོན་དམ་པའི་བདེན་པ་སྐྱེ་མེད་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་རང་ཆས་སུ་ཡོད་ཀྱང་རང་ངོ་རང་གིས་མ་ཤེས་པ་དེ་གསང་། གང་གིས་མ་ཤེས་ན། ལྷན་ཅིག་སྐྱེས་པའི་མ་རིག་པས་རང་རིག་ལ་ངེས་པའི་ཤེས་པ་མ་སྐྱེས་པ་སྟེ་དངོས་པོ་ལ་རང་ཁ་མར་བཟུང་བས་མ་ཤེས་སོ། །དེ་ཡང་འདི་ཉིད་ཀྱི་འགྲེལ་པ་སྒེག་པ་རྡོ་རྗེས་མཛད་པའི་རིན་པོ་ཆེ་སྤར་ཁབ་ལས། གཉིས་སུ་མེད་པའི་རང་བྱུང་གི་ཡེ་ཤེས་ཡོན་ཏན་རིལ་ལྷུན་གྲུབ་པ་དེ་རང་ཆས་སུ་ཡོད་ཀྱང་མ་ཤེས་པ་ཁོ་ན་ལ་བྱའོ། །ཞེས་གསུངས་སོ། །རང་བཞིན་གྱི་གསང་བ་ནི། ཀུན་རྫོབ་ཀྱི་བདེན་པ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་བཞིན་གྱིས་གནས་ཀྱང་རང་ངོ་རང་གིས་མ་ཤེས་པ་དེ་གསང་། གང་གིས་མ་ཤེས་ན། ཀུན་ཏུ་བརྟགས་པའི་མ་རིག་པས། རང་སྣང་ལ་མཚན་མར་བཟུང་སྟེ་ཕྱིན་ཅི་ལོག་ཏུ་འཁྲུལ་པས་མ་ཤེས་སོ། །དེ་ཡང་སྤར་ཁབ་ལས། དེ་ཉིད་རང་སྣང་བའི་དངོས་པོ་རིལ་མི་ཟད་པ་རྒྱན་གྱི་འཁོར་ལོ་རང་རྒྱུད་དུ་གནས་པ་བརྟགས་པས་བསྒྲིབས་པའོ། །ཞེས་གསུངས་སོ། །ངོ་བོ་ཉིད་ཀྱི་གསང་བ་ནི། དབྱེར་མེད་ཀྱི་བདེན་པ་ཡེ་ནས་རང་ཆས་སུ་གནས་ཀྱང་ངོ་མ་ཤེས་པ་དེ་གསང་། གང་གིས་མ་ཤེས་ན། སྣང་སྟོང་ཐ་དད་དུ་བཟུང་བས་མ་ཤེས་སོ། །དེ་ཡང་སྤར་ཁབ་ལས། རང་བཞིན་གྱི་རྒྱུད་ཀྱི་ངོ་བོ་ཉིད་ཡུལ་སེམས་རྒྱུ་འབྲས་དང་བདེན་པ་གཉིས་ལས་གྲོལ་བ་དེ་རང་སྣང་བའི་ཕྱིར། རང་གི་ངོ་བོ་ཉིད་ཡུལ་དུ་བྱར་མ་དམིགས་པ་ཁོ་ནའོ། །ཞེས་གསུངས་སོ། །ཤིན་ཏུ་གསང་བ་ནི། དབྱེར་མེད་སྤྱོད་ཡུལ་དང་བྲལ་བའི་དོན་ཡེ་ནས་རང་ཆས་སུ་གནས་ཀྱང་ངོ་མ་ཤེས་པ་དེ་གསང་། གང་གིས་མ་ཤེས་ན། ཡུལ་དང་ཡུལ་ཅན་དུ་བཟུང་བས་མ་ཤེས་སོ། །དེ་ཡང་སྤར་ཁབ་ལས། འབྲས་བུའི་རྒྱུད་བསྒྲུབ་པར་བྱ་བ་དེ་གུད་ན་མེད་ཀྱང་། ཉོན་མོངས་པ་དང་། ཤེས་བྱ་དང་། ལྟ་བའི་སྒྲིབ་པས་གཞན་དུ་འཚོལ་ཡང་རང་རིག་པ་ལ་སྣང་བ་ཁོ་ནའོ། །ཞེས་གསུངས་སོ། །དེས་ན་གསང་ཚུལ་བཞིས་ཆོད་པའི་ཚུལ་དུ་གསང་ངོ་། །དགོས་ཆེད་ཅིའི་ཕྱིར་གསང་ན། རང་བཞིན་གྱི་རྒྱུད་རང་ལ་གནས་པ་དེ་ཕལ་གྱི་ཡུལ་མ་ཡིན་ཞིང་རྟོགས་དཀའ་བའི་ཕྱིར་གསང་ངོ་། །གཉིས་པ་གབ་པའི་གསང་བ་ལ་ཡང་དྲུག་སྟེ། གང་གབ། གང་དུ་གབ། གང་ལ་གབ། ཚུལ་ཇི་ལྟར་གབ། དགོས་ཆེད་ཅིའི་ཕྱིར་གབ། གང་གིས་འབྱིན་པའོ། །གང་གབ་ན་ཡི་གེའི་རྒྱུད་ཀྱི་དོན་ཕུན་སུམ་ཚོགས་པ་དེ་གབ། གང་དུ་གབ་ན་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་དུ་གབ། གང་ལ་གབ་ན་གདུལ་བྱ་རས་ཆོད་ཅན་ལ་གབ། ཚུལ་ཇི་ལྟར་གབ་ན་རྒྱུད་དཀྲུགས་ལུང་གཅུས་མན་ངག་གབ་པའི་ཚུལ་དུ་གབ། དགོས་ཆེད་ཅིའི་ཕྱིར་གབ་ན་བཀའ་སེལ་མེད་པར་བྱ་བའི་ཕྱིར་གབ། གང་གིས་འབྱིན་ན་ཚད་མ་གཉིས་ཀྱི་བདག་པོས་འབྱིན་ནོ། །གསུམ་པ་སྦས་པའི་གསང་བ་ཡང་དྲུག་སྟེ། གང་སྦས། གང་དུ་སྦས། གང་ལ་སྦས། ཚུལ་ཇི་ལྟར་སྦས། དགོས་ཆེད་ཅིའི་ཕྱིར་སྦས། གང་གིས་འབྱིན་པའོ། །གང་སྦས་ན། སྤྱོད་པའི་ཁྱད་པར་ལྔ་གསུམ་བཅོ་ལྔ་ལ་སོགས་པ་གསང་སྔགས་ཀྱི་སྤྱོད་པ་ཟབ་མོ་རྣམས་སྦས། གང་དུ་སྦས་ན་ཡི་གེའི་རྒྱུད་དུ་སྦས། གང་ལ་སྦས་ན་གསང་སྔགས་སྒྲ་ཇི་བཞིན་པར་སྤྱོད་པ་རྣམས་ལ་སྦས། ཚུལ་ཇི་ལྟར་སྦས་ན་ཏ་ན་དང་ག་ན་ལ་སོགས་པ་བརྡའམ་སྒྲའི་ཚུལ་དུ་སྦས། དགོས་ཆེད་ཅིའི་ཕྱིར་སྦས་ན་རྒྱས་པ་ལས། མ་རྟོགས་པ་ཡིས་སྤྱད་གྱུར་ན། །ཡི་དྭགས་སྲིན་པོའི་གནས་སུ་སྐྱེ། །ཞེས་པས། གསང་སྔགས་ཀྱི་ལྟ་བ་མ་རྟོགས་པས་སྦྱོར་སྒྲོལ་ལ་སོགས་པ་སྤྱད་ན་ཉེས་སྐྱོན་འདུག་པའི་ཕྱིར་སྦས། གང་གིས་འབྱིན་ན་གསང་སྔགས་ཀྱི་མན་ངག་དང་ལྡན་པས་འབྱིན་ནོ། །སྙིང་པོ་ཞེས་པའི་དོན་ལ་ཡང་གསུམ་སྟེ། རྒྱུའི་སྙིང་པོ་དང་། འབྲས་བུའི་སྙིང་པོ་དང་། བཅུད་འདུས་པ་དོན་གྱི་སྙིང་པོའོ། །རྒྱུའི་སྙིང་པོ་ནི་རྒྱུད་འདི་བསྟན་པའི་བྱིན་གྱིས་རླབས་ཀྱི་གོ་ཕྱེ་ནས། བསྟན་པ་ཐམས་ཅད་འབྱུང་བས་ན་རྒྱུའོ། །དེ་ཡང་འདི་ཉིད་ཀྱི་ལེའུ་གསུམ་པ་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབ། །ཅེས་གསུངས་སོ། །འབྲས་བུའི་སྙིང་པོ་ནི། ཐེག་པ་ཀུན་ནས་བསྒྲུབས་པའི་མཐའ་རང་བཞིན་གསང་བའི་སྙིང་པོ་འདི་མངོན་དུ་བྱེད་དགོས་པ་ཡིན་ཏེ། འདི་ཉིད་ཀྱི་ལེའུ་ཐ་མ་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པ་དང་། ལེའུ་གསུམ་པ་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་སོ། །བཅུད་འདུས་པ་དོན་གྱི་སྙིང་པོ་ནི། གཏན་ཚིགས་ཀྱི་སྒོ་གང་ནས་སྨྲས་ཀྱང་མཐར་ཐུག་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི། རྟོགས་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་སངས་རྒྱས་པས་འཁོར་བ་ཀར་དག་པ་ཡིན་ཏེ། རྒྱས་པ་ལས། དོན་བསྡུས་གསུང་རབ་བཞི་བཅུ་གཉིས། །དེ་ལས་ལྷག་པའི་དོན་སྨྲ་དང་། འདི་ནི་རྣམ་དག་དོན་མིན་ཏེ། །རང་བློས་བསམ་པ་འཁྲུལ་པ་ཡིན། །ཞེས་པ་དང་། ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །ཞེས་པ་དང་། ཡང་། བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་གསུངས་སོ། །དེ་ཁོ་ན་ཉིད་ཅེས་པའི་དོན་ལ་ཡང་། སྒྱུ་འཕྲུལ་རྡོ་རྗེ་ལས། རྒྱུ་འབྲས་གཉིས་སུ་མེད་པ་ལ། །དེ་ཉིད་ངོ་བོར་སྐབས་ཀྱི་གསུམ། །ཞེས་པས། མ་བཅོས་པའི་དེ་ཁོ་ན་ཉིད། མ་ནོར་བའི་དེ་ཁོ་ན་ཉིད། གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དང་གསུམ་ལས། མ་བཅོས་པའི་དེ་ཁོ་ན་ཉིད་ནི། རྟོག་ཚོགས་ཐམས་ཅད་རང་རིག་པ་ལས་མི་གཞན་པའི་ཕྱིར། སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བློས་མ་བཅོས་པར་བཞག་པ་ནི་མ་བཅོས་པའི་དེ་ཁོ་ན་ཉིད་དོ། །དེ་ལ་སྐབས་ཀྱི་རྒྱུའི་དེ་ཁོ་ན་ཉིད་ཅེས་ཐ་སྙད་དུ་འདོགས་སོ། །མ་ནོར་བའི་དེ་ཁོ་ན་ཉིད་ནི། སྐུ་དང་ཡེ་ཤེས་དེ་ཉིད་ཕྱག་རྒྱའི་དཀྱིལ་འཁོར་མང་པོར་རང་སྣང་བ་མངོན་སུམ་དུ་བྱུང་བ་ནི་མ་ནོར་བའི་དེ་ཁོ་ན་ཉིད་དོ། །དེ་ལ་སྤྲོས་པ་ལ་ཞེན་པ་རྣམས་སྐབས་ཀྱི་འབྲས་བུའི་དེ་ཁོ་ན་ཉིད་ཅེས་ཐ་སྙད་དུ་འདོགས་སོ། །གཞན་མ་ཡིན་པའི་དེ་ཁོ་ན་ཉིད་ནི། རང་བཞིན་བདེན་པ་དབྱེར་མེད་ཀྱི་ཡེ་ཤེས་ལ་ཤེས་བྱའམ་བསྒྲུབ་བྱ་གཞན་མེད་པའི་ཕྱིར། དབྱེ་བ་མ་གྲུབ་པས་རྒྱུ་འབྲས་གཉིས་སུ་མེད་པ་སྟེ། རྒྱས་པའི་ཉེར་བདུན་པ་ལས། ཇི་སྙེད་བརྗོད་པའི་ཁ་རྒྱུད་ཀྱང་། །ཡང་དག་དོན་གྱི་སྙིང་པོ་ནི། །གཞན་ནས་བཙལ་ཀྱང་མ་རྙེད་དེ། །རང་སེམས་སྒྲིབ་མེད་དག་པ་ཡིན། །ཞེས་པ་དང་། འདི་ཉིད་ལས། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཞིག །ཅེས་པས་གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དོ། །དེ་ལ་སྐབས་ཀྱི་རྒྱུ་འབྲས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཅེས་ཐ་སྙད་དུ་འདོགས་སོ། །ངེས་པ་ཞེས་པའི་དོན་ལ་ཡང་སྤར་ཁབ་ལས། གཞི་དང་ལམ་དང་ངོ་བོ་ཡིས། །ངེས་པ་རྣམ་པ་གསུམ་དུ་བཤད། །ཅེས་པས། གཞིར་ངེས་པ་དང་། ལམ་དུ་ངེས་པ་དང་། འབྲས་བུའམ་ངོ་བོར་ངེས་པ་དང་གསུམ་ལས། གཞིར་ངེས་པ་ནི། རང་བཞིན་གསང་བའི་སྙིང་པོ་སྟེ། །རང་བཞིན་གྱིས་ནི་ངེས་པའོ། །དེ་འདིས་ངེས་པར་སྟོན་པའི་ཕྱིར་གཞིར་ངེས་པ་ཞེས་བྱའོ། །དེ་ཡང་འདི་ཉིད་ལས། སྒྲོ་དང་སྐུར་པ་ཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་གསུངས་སོ། །ལམ་དུ་ངེས་པ་ནི། རྒྱུད་འདི་ཉིད་ཀྱི་ལུགས་ཀྱི་འབྲས་བུ་ཉིད་ལ་ངེས་པའི་ལམ་དུ་བྱེད་པའི་ཕྱིར་ལམ་དུ་ངེས་པའོ། །ཡང་འདི་ཉིད་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་པ་དང་། རྒྱས་པ་ལས། འབྲས་བུ་ལམ་དུ་གྱུར་ནས་དུས་གཅིག་མཉམ་པར་སྦྱོར། །ཞེས་གསུངས་སོ། །འབྲས་བུར་ངེས་པ་ནི། རྒྱུད་འདི་ཉིད་རང་གི་ངོ་བོས། དེ་བཞིན་གཤེགས་པའི་དགོངས་པ་མངོན་དུ་སྟོན་པའི་ཕྱིར་འབྲས་བུར་ངེས་པའོ། །དེ་ཡང་འདི་ཉིད་ལས། རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་གསུངས་སོ། །གཉིས་པ་ནང་ཐབས་ལམ་སྟེང་སྒོ་ལྟར་བཤད་པ་ལ་ཡང་བཞི་སྟེ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པའི་དོན་བཤད་པའོ། །དང་པོ་གསང་བའི་དོན་བཤད་པ་ལའང་དབྱེ་ན་གསུམ་སྟེ། རང་བཞིན་གྱི་གསང་བ་དང་། གབ་པའི་གསང་བ་དང་། སྦས་པའི་གསང་བའོ། །དང་པོ་རང་བཞིན་གྱི་གསང་བ་ལ་ཡང་བཞི་སྟེ། གང་གསང་། གང་ལ་གསང་། ཚུལ་ཇི་ལྟར་གསང་། དགོས་ཆེད་ཅིའི་ཕྱིར་གསང་བའོ། །གང་གསང་ན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་གསང་། གང་ལ་གསང་ན་གདུལ་བྱ་བློ་འཁྲུལ་པ་རྣམས་ལ་གསང་། ཚུལ་ཇི་ལྟར་གསང་ན། རང་གསང་ཐབས་ཀྱིས་ཆོད་ནས་རྟོགས་དཀའ་བའི་ཚུལ་དུ་གསང་སྟེ། དེ་ལའང་དབྱེ་ན་བཞི། ཨེ་མ་ཧོ་ཡེ་ནས་གསང་བའི༴ གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་པས་ཡེ་ནས་གསང་བ་ནི། སྙིང་ག་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་མ་བརྒྱད་ལས། རྩ་བའི་རྩ་འདབ་རྣམ་པ་བཞི་ནི། མདུན་ན་ཆོས་ཉིད་ཀྱི་རྩ་དབྱིབས་ཟླུམ་པོ་འོད་དཀར་པོ་ཤེས་པ་ནི་ཀུན་གཞི། སྦྱང་བྱ་དུད་འགྲོ་དང་ལྷ་མ་ཡིན་གྱི་ས་བོན་ཡི་གེ་སུ་དང་ཏྲི། སྦྱོང་བྱེད་དེ་བཞིན་གཤེགས་པའི་སྐུའི་སྙིང་པོ་ཡི་གེ་ཨཱོྂ་གྱིས་མནན་ནས་གནས་སོ། །གཡས་ན་ཡེ་ཤེས་ཀྱི་རྩ་དབྱིབས་གྲུ་བཞི་འོད་སེར་པོ་ཤེས་པ་ནི་ཡིད། སྦྱང་བྱ་ལྷ་དང་མིའི་ས་བོན་ཡི་གེ་ཨ་དང་ནྲི། སྦྱོང་བྱེད་དེ་བཞིན་གཤེགས་པའི་ཐུགས་ཀྱིི་སྙིང་པོ་ཡི་གེ་ཧཱུཾ་གིས་མནན་ནས་གནས་སོ། །གཡོན་ན་ཡོན་ཏན་གྱི་རྩ་དབྱིབས་ཟླ་གམ་འོད་དམར་པོ་ཤེས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད། སྦྱང་བྱ་ཡི་དྭགས་དང་དམྱལ་བའི་ས་བོན་ཡི་གེ་པྲེ་དང་དུཿ སྦྱོང་བྱེད་དེ་བཞིན་གཤེགས་པའི་གསུང་གི་སྙིང་པོ་ཡི་གེ་ཨཾ་གིས་མནན་ནས་གནས་སོ། །རྒྱབ་ན་ལས་རང་རྒྱུད་ཀྱི་རྩ་དབྱིབས་གྲུ་གསུམ་འོད་དམར་ནག་ཤེས་པ་ནི་སྒོ་ལྔ། དེ་ན་ཡི་གེ་མེད་དེ་དཔེ་ཆུང་དུར་ཁྲོད་བདེ་བའི་རང་གནས་ལས། ཆོས་ཉིད་ལྷ་མིན་དུད་འགྲོ་ཟླུམ། །ཀུན་གཞི་ཨཱོྂ་གྱི་སྙིང་པོར་ལྡན། །ཡེ་ཤེས་ལྷ་མི་གྲུ་བཞི་ཡིད། །སྙིིང་པོ་ཧཱུཾ་ནི་བདེ་གཤེགས་ཐུགས། །ཡོན་ཏན་དམྱལ་བ་ཡི་དྭགས་ཨཾ། །ཟླ་གམ་གསུང་གི་རང་བཞིན་ཡིན། །དམར་ནག་མདོག་ལ་ཨོག་ཞོལ་དབྱིབས། །དེ་ནི་བླུན་རྨུགས་སྣོད་ཡིན་ཏེ། །ཤེས་པ་གསུམ་ལ་སྙོམས་པར་བགེགས། །དྲག་པོ་ཉིད་དུའང་བཤད་པར་བྱ། །ཞེས་པ་དང་། དེ་ཉིད་ཀྱི་རང་འགྲེལ་ལས། ཆོས་ཉིད་ཡེ་ཤེས་ཡོན་ཏན་དང་། །རང་རྒྱུད་བཞི་ལ་ཡན་ལག་བརྒྱད། །ཅེས་པས་དང་པོ་མདུན་ན་ཡོད་དེ། སྐྱེ་བ་མེད་པར་སྣང་བའི་ལས་བྱེད་དོ། །གཉིས་པ་གཡས་ན་ཡོད་དེ། ཡེ་ཤེས་འཆར་བའི་ལས་བྱེད་དོ། །གསུམ་པ་གཡོན་ན་ཡོད་དེ། དེས་མངོན་པར་ཤེས་པ་དང་འབྲས་བུ་རྣམས་སྣང་བར་བྱེད་དོ། །བཞི་པ་རྒྱབ་ན་ཡོད་དེ། ཤེས་པ་རྣམས་རྨོངས་འཇོམས་པའི་ལས་བྱེད་དོ། །ཞེས་གསུངས་སོ། །དེ་རྣམས་ཀྱི་ནང་ན་རྩའི་དྭངས་མ་དར་དཀར་གྱི་སྐུད་པ་ཙམ་གནས་ཏེ། འབྱུང་བ་སའི་ཁམས་སོ། །རྩ་དེ་ན་ཁྲག་གི་དྭངས་མ་མཚལ་ཅོག་ལ་མ་བཅག་པའི་ཁུ་བ་ཙམ་གནས་ཏེ། འབྱུང་བ་ཆུའི་ཁམས་སོ། །དེ་ན་དབུགས་ཀྱི་དྭངས་མ་གསེར་ས་འོག་ཏུ་བཅུག་པའི་རླངས་ཙམ་གནས་ཏེ། འབྱུང་བ་རླུང་གི་ཁམས་སོ། །དེ་ན་དྲོད་ཀྱི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་གནས་ཏེ། འབྱུང་བ་མེའི་ཁམས་སོ། །དེ་ན་འོད་ཀྱི་དྭངས་མ་ཁ་དོག་སྣ་ཚོགས་པ་ཞིག་གནས་ཏེ། འབྱུང་བ་ནམ་མཁའི་ཁམས་སོ། །དེ་ཡང་དཔེ་ཆུང་རང་གནས་ལས། དར་སྐུད་མཚལ་ཁུ་གསེར་གྱི་རླངས། །ཉི་མ་མེ་ལོང་ངད་དག་ནི། །འབྱུང་བ་བཞི་ཡི་དྭངས་མ་སྟེ། །བདེ་བའི་དྭངས་མ་ནམ་མཁའི་ཁམས། །ཞེས་སོ། །དེ་ལྟར་དྭངས་མ་ལྔ་འདུས་ཀྱི་དབུས་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་ཡེ་ནས་གནས་ཀྱང་ངོ་མ་ཤེས་པས་ཡེ་ནས་གསང་བའོ། །དེ་དག་སྐུ་དང་ཡེ་ཤེས་སུ་མ་འགགས་པར་སྣང་ཡང་རང་གིས་རང་བསྒྲིབས་ཏེ་ངོ་མ་ཤེས་པ་ནི་རང་བཞིན་གྱི་གསང་བའོ། །དེ་ཉིད་གཉིས་སུ་མེད་པའི་བདེ་བའི་ཡེ་ཤེས་ཉམས་སུ་མྱོང་དཀའ་བ་ནི་ངོ་བོ་ཉིད་ཀྱི་གསང་བའོ། །དེར་རང་གི་རྒྱུད་ལ་སྣང་ཡང་ཐབས་ལམ་གྱི་བརྟུལ་ཞུགས་ཀྱིས་གཞན་དུ་འཚོལ་ལ། བཙལ་ཀྱང་གཞན་ནས་མི་རྙེད་པ་ནི་ཤིན་ཏུ་གསང་བའོ། །དགོས་ཆེད་ཅིའི་ཕྱིར་གསང་ན། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ་སྤྱོད་ཡུལ་དང་བྲལ་ཞིང་རྟོགས་དཀའ་བའི་ཕྱིར་གསང་ངོ་། །གཉིས་པ་གབ་པའི་གསང་བ་ལ་ཡང་བཞི། གང་གབ། གང་ལ་གབ། ཚུལ་ཇི་ལྟར་གབ། དགོས་ཆེད་ཅིའི་ཕྱིར་གབ་པའོ། །གང་གབ་ན་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་དང་བཅས་པ་དེ་གབ། གང་ལ་གབ་ན་གདུལ་བྱ་གཟུ་ལུམ་ཅན་དང་། རས་ཆོད་ཅན་ལ་གབ། ཚུལ་ཇི་ལྟར་གབ་ན་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་མན་ངག་དང་ལུང་དུ་མི་ལྡན་པ་རྣམས་ཀྱིས་ངོས་མ་ཟིན་པས་ཉམས་སུ་མྱོང་དཀའ་བའི་ཚུལ་དུ་གབ། དགོས་ཆེད་ཅིའི་ཕྱིར་གབ་ན་གཟུ་ལུམ་ཅན་དང་རས་ཆོད་ཅན་དགག་པའི་ཕྱིར་དུ་གབ་པའོ། །གསུམ་པ་སྦས་པའི་གསང་བ་ལ་ལྔ། གང་སྦས། གང་ལ་སྦས། ཚུལ་ཇི་ལྟར་སྦས། དགོས་ཆེད་ཅིའི་ཕྱིར་སྦས། གང་གིས་འབྱིན་པའོ། །གང་སྦས་ན་སྤྱོད་པའི་ཁྱད་པར་ལྔ་གསུམ་བཅོ་ལྔ་ལ་སོགས་པ་སྦས། གང་ལ་སྦས་ན་སྒྲ་ཇི་བཞིན་པར་སྤྱོད་པ་རྣམས་ལ་སྦས། ཚུལ་ཇི་ལྟར་སྦས་ན་བརྡའམ་སྒྲའི་ཚུལ་དུ་སྦས། དགོས་ཆེད་ཅིའི་ཕྱིར་སྦས་ན་སྒྲ་ཇི་བཞིན་པར་སྤྱད་ན་ལྟུང་བ་དང་བཅས་པར་འགྱུར་བའི་ཕྱིར་སྦས། གང་གིས་འབྱིན་ན་བླ་མ་དམ་པ་ཐབས་ལམ་སྟེང་སྒོའི་མན་ངག་ཚད་མ་དང་ལྡན་པས་འབྱིན་ནོ། །སྙིང་པོ་ཞེས་པའི་དོན་ལ་ཡང་གསུམ་སྟེ། རྒྱུའི་སྙིང་པོ་དང་། འབྲས་བུའི་སྙིང་པོ་དང་། བཅུད་འདུས་པ་དོན་གྱི་སྙིང་པོའོ། །རྒྱུའི་སྙིང་པོ་ནི། རྩ་དང་ཐིག་ལེ་དེ་ཉིད་བདེ་བའི་ཡེ་ཤེས་སྐྱེ་བའི་རྒྱུ་ཡིན་པའོ། །འབྲས་བུའི་སྙིང་པོ་ནི། ཐབས་ཀྱི་བསྒོམ་པས་འབྲས་བུ་ཡེ་ཤེས་བཞི་བཅུ་རྩ་གཉིས་མངོན་དུ་བྱེད་པའོ། །བཅུད་འདུས་པ་དོན་གྱི་སྙིང་པོ་ནི། ཐབས་ཀྱིས་བསྒོམས་པ་ལས་བྱུང་བ་ལྟར་སྣང་ཡང་རང་གི་རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་ཡེ་ནས་གནས་ཤིང་གསལ་བས་ན་བཅུད་འདུས་པའོ། །དེ་ཁོ་ན་ཉིད་ཅེས་པའི་དོན་ལ་ཡང་གསུམ། མ་བཅོས་པའི་དེ་ཁོ་ན་ཉིད། མ་ནོར་བའི་དེ་ཁོ་ན་ཉིད། གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དོ། །མ་བཅོས་པའི་དེ་ཁོ་ན་ཉིད་ནི། རྩ་དང་ཐིག་ལེ་བདེ་བ་དང་བཅས་པ་ཡེ་ནས་མ་བཅོས་པ་རང་ཆས་སུ་གནས་པ་དེ་ལ་བློས་མ་བཅོས་པར་འཇོག་པའོ། །དེ་ལ་སྐབས་ཀྱི་རྒྱུའི་དེ་ཁོ་ན་ཉིད་ཅེས་ཀྱང་ཐ་སྙད་འདོགས་སོ། །མ་ནོར་བའི་དེ་ཁོ་ན་ཉིད་ནི། དེ་ཀ་བསྒྲུབ་བྱའི་དོན་ཁོ་ནར་འདུག་པའི་ཕྱིར། དེ་ལ་འབྲས་བུའི་དེ་ཁོ་ན་ཉིད་ཅེས་ཐ་སྙད་དུ་འདོགས་སོ། །གཞན་མ་ཡིན་པའི་དེ་ཁོ་ན་ཉིད་ནི། དོན་དེ་དག་ཀྱང་ཞེན་པའི་སྟོབས་ཀྱིས་གཞན་དུ་རྟོགས་ཀྱང་རང་ལས་བྱུང་བས་སོ། །དེ་ལ་རྒྱུ་འབྲས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཅེས་ཀྱང་ཐ་སྙད་དུ་འདོགས་སོ། །ངེས་པ་ཞེས་པའི་དོན་ལ་ཡང་གསུམ་སྟེ། གཞིར་ངེས་པ། ལམ་དུ་ངེས་པ། འབྲས་བུར་ངེས་པའོ། །གཞིར་ངེས་པ་ནི། བདེ་བའི་ཡེ་ཤེས་དོན་གྱི་གནས་པའོ། །ལམ་དུ་ངེས་པ་ནི། ཐབས་ཀྱི་སྤྱོད་པའི་དུས་དེ་ཉིད་ལམ་དུ་བྱེད་པའོ། །འབྲས་བུར་ངེས་པ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་ཟིན་པ་དེ་ལས་བསྒྲུབ་བྱ་ལོགས་ན་མེད་པའི་ཕྱིར་རོ། །གསུམ་པ་གསང་བ་ཐབས་ལམ་འོག་སྒོ་ལྟར་བཤད་པ་ལ་ཡང་བཞི་སྟེ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པའི་དོན་བཤད་པའོ། །དང་པོ་གསང་བའི་དོན་བཤད་པ་ཡང་དབྱེ་ན་གསུམ་སྟེ། རང་བཞིན་གྱི་གསང་བ་དང་། གབ་པའི་གསང་བ་དང་། སྦས་པའི་གསང་བའོ།་།དང་པོ་རང་བཞིན་གྱི་གསང་བ་ལ་ཡང་བཞི། གང་གསང་། གང་ལ་གསང་། ཚུལ་ཇི་ལྟར་གསང་། དགོས་ཆེད་ཅིའི་ཕྱིར་གསང་བའོ། །གང་གསང་ན་རང་བཞིན་བདེ་བའི་ཡེ་ཤེས་དེ་གསང་། གང་ལ་གསང་ན་གདུལ་བྱ་ཆགས་པ་རང་དགའ་མར་སྤྱོད་པ་རྣམས་ལ་གསང་། ཚུལ་ཇི་ལྟར་གསང་ན་རང་གསང་ཐབས་ཀྱིས་ཆོད་ནས་རྟོགས་དཀའ་བའི་ཚུལ་དུ་གསང་སྟེ། དེ་ལའང་དབྱེ་ན་བཞི། ཨེ་མ་ཡེ་ནས་གསང་བའི་ཆོས། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་པས། དེ་ཡབ་ཡུམ་གྱི་ཐིག་ལེ་བདེ་བའི་རོ་དང་བཅས་པ་རང་ཆས་སུ་ཡོད་པ་ངོ་མ་ཤེས་པས་ན་ཡེ་ནས་གསང་བའོ། །དེ་ཉིད་ལ་ཡབ་ཀྱི་རྡོ་རྗེ་སྐུ། ཡུམ་གྱི་པདྨ་གསུང་། གསང་བའི་རྣམ་ཤེས་ཐུགས་སུ་གནས་ཀྱང་རྟོག་པས་བསྒྲིབས་ནས་ངོ་མ་ཤེས་པས་ན་རང་བཞིན་གྱི་གསང་བའོ། །དེ་གཉིས་སུ་མེད་པའི་ངོ་བོ་འདི་འདྲར་བསྟན་དཀའ་བས་ན་ངོ་བོ་ཉིད་ཀྱི་གསང་བའོ། །དེ་ཉིད་འབྲས་བུ་ཡིན་ཀྱང་གཞན་དུ་ཚོལ་བས་བསྒྲིབས་ཏེ་ངོ་མ་ཤེས་པས་ན་ཤིན་ཏུ་གསང་བའོ། །དགོས་ཆེད་ཅིའི་ཕྱིར་གསང་ན་སྒྲོ་སྐུར་ཅན་ལ་ཕན་གདགས་པའི་ཕྱིར་གསང་བའོ། །གཉིས་པ་གབ་པའི་གསང་བ་ལ་ཡང་བཞི། གང་གབ། གང་ལ་གབ། ཚུལ་ཇི་ལྟར་གབ། དགོས་ཆེད་ཅིའི་ཕྱིར་གབ་པའོ། །གང་གབ་ན་རང་བཞིན་བདེ་བའི་ཡེ་ཤེས་དེ་གབ། གང་ལ་གབ་ན་གདུལ་བྱ་བློ་ཆུང་བ་རྣམས་ལ་གབ། ཚུལ་ཇི་ལྟར་གབ་ན་རང་གསང་ཐབས་ཀྱིས་ཆོད་པའི་ཚུལ་དུ་གབ། དགོས་ཆེད་ཅིའི་ཕྱིར་གབ་ན་ཕལ་པ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་གབ་པའོ། །གསུམ་པ་སྦས་པའི་གསང་བ་ལ་ཡང་ལྔ་སྟེ། གང་སྦས། གང་ལ་སྦས། ཚུལ་ཇི་ལྟར་སྦས། དགོས་ཆེད་ཅིའི་ཕྱིར་སྦས། གང་གིས་འབྱིན་པའོ། །གང་སྦས་ན་གསང་སྔགས་ཐབས་ཀྱི་སྤྱོད་པ་རྣམས་སྦས། གང་ལ་སྦས་ན་བློ་ཆུང་སྒྲ་ཇི་བཞིན་པར་སྤྱོད་པ་རྣམས་ལ་སྦས། ཚུལ་ཇི་ལྟར་སྦས་ན་ཏ་ན་དང་ག་ན་ལ་སོགས་བརྡའམ་སྒྲའི་ཚུལ་དུ་སྦས། དགོས་ཆེད་ཅིའི་ཕྱིར་སྦས་ན་ཐབས་ཀྱི་ལམ་རྟོགས་དཀའ་བས་འཁྲུལ་པ་འབྱུང་བའི་ཕྱིར་སྦས། གང་གིས་འབྱིན་ན་བླ་མ་དམ་པ་ཐབས་ལམ་འོག་སྒོའི་མན་ངག་ཚད་མ་དང་ལྡན་པས་འབྱིན་ནོ། །སྙིང་པོ་ཞེས་པའི་དོན་ཡང་གསུམ་སྟེ། རྒྱུའི་སྙིང་པོ་དང་། འབྲས་བུའི་སྙིང་པོ་དང་། བཅུད་འདུས་པའི་དོན་གྱི་སྙིང་པོའོ། །རྒྱུའི་སྙིང་པོ་ནི། ཡབ་ཡུམ་གྱི་ཐིག་ལེ་རང་བྱུང་ཡེ་ཤེས་ཀྱི་བཅུད་དང་ལྡན་པ་ཞིག་འབྱུང་ཞིང་གནས་པས་ན་རྒྱུའོ། །འབྲས་བུའི་སྙིང་པོ་ནི། བྱེད་པ་སྡོམ་པའི་རླུང་གི་ཐབས་ཀྱིས་བསྒྲུབས་ཤིང་ཉམས་སུ་བླངས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྩལ་རྫོགས་པར་རང་ལ་མངའ་ཞིང་འཆར་བ་ནི་འབྲས་བུའོ། །བཅུད་འདུས་པ་དོན་གྱི་སྙིང་པོ་ནི། ཡབ་ཡུམ་གྱི་ཐིག་ལེ་བཞི་བཅུ་རྩ་གཉིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་བཅུད་འདུས་པའོ། །དེ་ཁོ་ན་ཉིད་ཅེས་པའི་དོན་ལ་ཡང་གསུམ། མ་བཅོས་པའི་དེ་ཁོ་ན་ཉིད་དང་། མ་ནོར་བའི་དེ་ཁོ་ན་ཉིད་དང་། གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དོ། །མ་བཅོས་པའི་དེ་ཁོ་ན་ཉིད་ནི། རྩ་དང་ཐིག་ལེ་བདེ་བའི་རོ་དང་བཅས་པ་ལ་བློས་མ་བཅོས་པར་རང་བཞིན་གྱིས་གནས་པ་ནི་མ་བཅོས་པ་སྟེ། དེ་ལ་སྐབས་ཀྱི་རྒྱུའི་དེ་ཁོ་ན་ཉིད་ཅེས་ཀྱང་ཐ་སྙད་འདོགས་སོ། །མ་ནོར་བའི་དེ་ཁོ་ན་ཉིད་ནི། དེ་ཉིད་ཐབས་ལམ་གྱིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་གསལ་བས་ན་མ་ནོར་བ་སྟེ། དེ་ལ་སྐབས་ཀྱི་འབྲས་བུའི་དེ་ཁོ་ན་ཉིད་ཅེས་ཀྱང་ཐ་སྙད་འདོགས་སོ། །གཞན་མ་ཡིན་པའི་དེ་ཁོ་ན་ཉིད་ནི། དེ་དག་ཞེན་པའི་སྐབས་ཀྱིས་བསྒོམས་པ་ལས་བྱུང་བ་ལྟར་སྣང་ཡང་གཞན་ནས་འོངས་པ་མ་ཡིན་པས་ན་གཞན་མ་ཡིན་པ་སྟེ། དེ་ལ་སྐབས་ཀྱི་རྒྱུ་དང་འབྲས་བུ་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཅེས་ཀྱང་ཐ་སྙད་དུ་འདོགས་སོ། །ངེས་པ་ཞེས་པ་ལ་ཡང་གསུམ་སྟེ། གཞིར་ངེས་པ། ལམ་དུ་ངེས་པ། འབྲས་བུར་ངེས་པའོ། །གཞིར་ངེས་པ་ནི། རྩ་དང་ཐིག་ལེ་བདེ་བའི་བཅས་པ་ནི་རང་བཞིན་ནམ་གཞིའོ། །ལམ་དུ་ངེས་པ་ནི། ཐབས་ཀྱི་རྒྱུད་ཀྱི་ངོ་བོ་ཉིད་ལམ་དུ་བྱེད་པས་ན་ལམ་མམ་ཐབས་སོ། །འབྲས་བུར་ངེས་པ་ནི། ལམ་དེས་བསྐྱེད་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དེ་བཞིན་གཤེགས་པའི་དགོངས་པ་མངོན་དུ་སྣང་བས་ན་འབྲས་བུར་ངེས་པའོ། །འོ་ཞེས་པས་མཚན་གྱི་བཤད་ཐབས་ཕྱི་ནང་གསང་གསུམ་པོ་དེས། གསང་སྔགས་མ་ཧཱ་ཡོ་གའི་དོན་ལྷག་མ་མ་ལུས་པར་མཚན་བསྟན་པ་ཙམ་གྱིས་ཡོངས་སུ་རྫོགས་པའི་ཐ་ཚིག་གོ། །བཞི་པ་མཚན་གྱི་བརྒལ་ལན་ལ་གསུམ་སྟེ། མཚན་རྒྱུད་དོན་ཡིན་མིན་གྱི་བརྒལ་ལན་དང་། མཚན་དུ་རྒྱུད་དོན་འདུས་མ་འདུས་ཀྱི་བརྒལ་ལན་དང་། རྒྱ་སྐད་མི་སྨོས་པ་བོད་སྐད་སྨོས་པའི་བརྒལ་ལན་ནོ། །དང་པོ་མཚན་རྒྱུད་ཡིན་མིན་གྱི་བརྒལ་ལན་ལ་གཉིས། བརྒལ་བ་དང་། ལན་ནོ། །དང་པོ་བརྒལ་བ་ནི། ཀླད་དུ་སྨོས་པའི་མཚན་འདི་རྒྱུད་དོན་ཡིན་ནམ་མ་ཡིན། ཡིན་ན་གླེང་གཞི་གླེང་བསླང་དགོས་མེད་དུ་ཐལ། གླེང་གཞི་གླེང་བསླང་གི་གོང་དུ་རྒྱུད་དོན་བྱུང་བའི་ཕྱིར། འདོད་ན་འོག་ནས་བཤད་པས་གསལ། མཚན་རྒྱུད་དོན་མ་ཡིན་ན། དབང་པོ་ཡང་རབ་ཀྱི་མཚན་མཐོང་བ་དང་ཐོས་པ་ཙམ་ལ་བརྟེན་ནས། རྒྱུད་དབུ་ཞབས་ཇི་ལྟ་བ་བཞིན་མི་རྟོགས་བར་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན་ཁོག་གཞུང་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མ་འབྲུ་གཉེར་གྲོལ་བའོ། །ཞེས་པ་དང་། སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། །གཞོན་ནུས་རྩ་བཞིན་དབུ་ཞབས་རྟོགས། །ཞེས་པ་དང་། འགྲེལ་པ་སྤར་ཁབ་ལས། རབ་ཀྱི་དོན་དུ་མཚན་བཤད་པ་ཡང་། ཞེས་པས་གསལ་ལོ། །གཉིས་པ་ལན་ནི། རྗེ་དྲིངས་པ་ཉེའུ་སྟོན་ཆོས་ཀྱི་སེང་གེའི་ཞལ་ནས། སྔོན་བྱུང་འོག་མིན་དུ། རྒྱལ་བ་ཀུན་ཏུ་བཟང་པོས་གླེང་གཞི་འཚོགས། གླེང་ནས་རྒྱུད་དོན་གསུངས་པས། གླེང་གཞི་གླེང་བསླང་ལ་མི་དགོས་པའི་སྐྱོན་མེད་ལ། མིའི་ཡུལ་དུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཚིག་དང་ཡི་གེ་རིས་སུ་འགོད་པའི་ཚེ། བློ་རབ་འབྲིང་ཐ་གསུམ་ལ་དགོངས་ནས། མཚན་ཀླད་དུ་སྨོས་པས། མཚན་རྒྱུད་དོན་ཡིན་ཡང་། གླེང་གཞི་གླེང་བསླང་དགོས་མེད་དུ་མི་འགྱུར་གསུང་ངོ་། །ཡང་ཁྱེད་བླ་མ་ན་རེ། མཚན་རྒྱུད་དོན་ཡིན་ནམ་མ་ཡིན་ཟེར་ན། གླེང་གཞི་གླེང་བསླང་དགོས་འབྲེལ་གདམས་གཏད་ཀྱང་རྒྱུད་དོན་ཡིན་ནམ་མ་ཡིན་ཞེས་འགོ་བསྒྲེ་གསུང་ངོ་། །རྒྱ་གབ་གོང་པ་ན་རེ། མཚན་གླེང་གཞི་གླེང་བསླང་རྒྱུད་དོན་དགོས་འབྲེལ་གདམས་གཏད་ཀུན་གྱི་དོན་ཡིན་པས། རྒྱུད་དོན་ཡིན་མིན་གྱི་རྩོད་གཞི་རང་མི་དགོས་གསུང་། གཉིས་པ་མཚན་དུ་རྒྱུད་དོན་འདུས་མ་འདུས་ཀྱི་བརྒལ་ལན་ལ་གཉིས་ལས། དང་པོ་བརྒལ་བ་ནི། མཚན་དུ་རྒྱུད་དོན་འདུས་སམ་མ་འདུས། འདུས་ན་རྒྱུད་དོན་ལ་བཅུ་ཡོད་པས་སྦྱོར་དང་། མ་འདུས་ན། བློ་ཡང་རབ་ཀྱིས་ཀྱང་མཚན་མཐོང་བ་དང་ཐོས་པ་ཙམ་གྱིས་རྒྱུད་དབུ་ཞབས་ཀྱི་དོན་མི་རྟོགས་པར་འགྱུར་རོ་ཞེ་ན། གཉིས་པ་ལན་ནི། རྒྱུད་དོན་ཡོངས་སུ་ཤེས་བྱེད་ཀྱི་དངོས་པོ་བཅུ་པོ་བྱེ་བྲག་ཏུ་ཕྱེ་ནས་མཚན་དང་དངོས་སུ་བྲང་སྤྲད་ལ་སྦྱར་རྒྱུ་མེད་ཀྱང་། མཚན་གྱི་དོན་གཞི་ལམ་འབྲས་བུ་གསུམ་དུ་གནས་པས། དེར་རྒྱུད་དོན་འདུས་པའོ། །དངོས་སུ་གསལ་བར་མ་བྱུང་བ་ནི། དབང་པོ་ཡང་རབ་ཀྱི་དོན་གཙོ་ཆེ་བ་ཡིན་ནོ། །ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །རྒྱ་གབ་གོང་པ་ན་རེ། ཚོད་མ་ཚྭ་ལྟ་ན་འཐུངས་མ་ཟིན་པའི་གོང་རོལ་ཏུ་ལྟ་བ་ཡིན་གྱིས། ཚོད་མ་འཐུངས་ཟིན་ནས་ཚྭ་ལྟ་རྒྱུ་མེད་པ་བཞིན། མཚན་རྒྱུད་དོན་ཡིན་པར་གྲུབ་ཟིན་ནས་མཚན་དུ་རྒྱུད་དོན་འདུས་མ་འདུས་ཀྱི་རྩོད་པ་མི་དགོས་གསུང་། གསུམ་པ་རྒྱ་སྐད་མ་སྨོས་པར་བོད་སྐད་སྨོས་པའི་བརྒལ་ལན་ལ་གཉིས་ལས། དང་པོ་བརྒལ་བ་ནི། རྒྱུད་གཞུང་འདི་ལ་རྒྱ་སྐད་མི་བྱུང་བས་བོད་མར་འ གྱུར་རོ་ཞེ་ན། གཉིས་པ་ལན་ནི། དེར་མ་ངེས་ཏེ། བཀའ་སྩལ་སྟོན་པའི་གཉེར། ཞུ་བ་པོ་འཁོར་གྱི་གཉེར། སྡུད་པ་པོ་ཚིག་གི་གཉེར། སྒྲ་སྒྱུར་ལོ་ཙཱ་བའི་གཉེར་དང་བཞི་ཡིན་པ་ལས། འདི་སྒྱུར་བྱེད་ཀྱི་ལོ་ཙཱ་བ་རྨ་རིན་ཆེན་མཆོག་སྤྲོས་པ་ལ་མི་དགའ་བས། ཚིག་ཉུང་བར་བྱ་བའི་ཕྱིར་རྒྱ་སྐད་ཀླད་དུ་མ་བཀོད་ལ། དོན་མྱུར་དུ་ངོས་ཟིིན་པར་བྱ་བའི་ཕྱིར། བོད་སྐད་བཀོད་པས་བོད་མར་འགྱུར་བའི་ཁྱབ་པ་མེད་ལ། ཚིག་སྤྲོས་ལ་དགའ་བ་འགའ་ཞིག་གིས། བོད་དུ་བརྩམས་པའི་བསྟན་བཅོས་རྣམས་ལའང་། རྒྱ་སྐད་ཀླད་དུ་བཀོད་པ་དུ་མ་ཡོད་དེ། དེས་རྒྱ་གར་མར་འགྱུར་བ་ནི་མ་ཡིན་ནོ། །མདོར་ན་རྟོགས་ལྡན་ཆོས་ཀྱི་རྗེས་སུ་འཇུག་པ་རྣམས་ནི་རྟོན་པ་བཞིའི་རྗེས་སུ་འབྲང་བར་རིགས་ཀྱིས། གྱི་ནའི་བརྒལ་ལན་དོན་ཆུང་བར་རིག་པར་བྱའོ། །གཉིས་པ་ཕྱག་འཚལ་བ་ནི། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་པ་དེར་གདའ་ཞིང་། དེ་ཡང་བྱེད་པའི་མུ་དང་སྦྱར་ཏེ་བཤད་ན་དོན་བཞི་སྟེ། ཕྱག་གང་གིས་བཙལ་བའི་མཁན་པོ། གང་ལ་བཙལ་བའི་ཡུལ། ཇི་ལྟར་བཙལ་བའི་ཚུལ། དེ་ལྟར་བཙལ་བའི་དགོས་ཆེད་དོ། །དང་པོ་ཕྱག་གང་གིས་བཙལ་བའི་མཁན་པོ་གང་ཞེ་ན། སྤར་ཁབ་ལས། སྡུད་པ་པོས་ཚིག་གཉེར་བ་དེའི་ཚེ། རང་གི་སྟོན་པ་ལ་མཆོད་པའོ། །ཞེས་པས། སྡུད་པ་པོས་ཕྱག་བཙལ་བར་བཞེད་ལ། འགྲེལ་པ་མངོན་རྟོགས་ལས། ལོ་ཙཱ་བས་བདག་གཞན་གྱི་དོན་དུ་སྟོན་པ་ལ་མཆོད་པའི་ཕྱིར། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་ལོ་ཙཱ་བས་བཙལ་བར་གསུངས། དེ་དང་མཐུན་པར་ཟུར་ཐམས་ཅད་མཁྱེན་པ་ཆོས་རྗེ་ཆེན་པོ་བྱམས་པ་སེང་གེ་ཉིད་ཀྱང་གསུང་ངོ་། །གཉིས་པ་གང་ལ་བཙལ་བའི་ཡུལ་ནི། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་བཙལ་བ་ཡིན་ཏེ། དེའི་དོན་རྒྱས་པར་བཤད་ན། བཅོམ་ཞེས་པ་ཕྲིན་ལས་ཀྱི་མཚན་ཏེ། གང་བཅོམ་ན་བདུད་བཞི་བཅོམ་པ་ཡིན་ཏེ། དེ་ཡང་སྒྱུ་འཕྲུལ་རྒྱས་པའི་ལེའུ་དོན་གཉིས་པ་ལས། བདུད་སྡེ་ཚར་གཅོད་པ་ཞེས་བྱ་བའི་དམ་ཚིག་ནི། ཉོན་མོངས་པ་ཉིད་རྣམ་པར་དག །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་ཏེ། །སྐྱེ་ཤི་མེད་པའི་གཡུང་དྲུང་གནས། །ཞེས་གསུངས་པས། ཉོན་མོངས་པ་ལྔ་པོ་ཉིད་མ་སྤངས་པར། ཡེ་ཤེས་ལྔའི་ངོ་བོར་གསལ་ཞིང་མངོན་དུ་གྱུར་པ་ནི་ཉོན་མོངས་པའི་བདུད་བཅོམ་པ་སྟེ། ཕྲིན་ལས་དང་སྦྱར་ན་ཞི་བའི་ཕྲིན་ལས་སོ། །ཕུང་པོ་ལྔ་ཉིད་མ་སྤངས་རིགས་ལྔའི་ངོ་བོར་གསལ་ཞིང་མངོན་དུ་གྱུར་པ་ནི། ཕུང་པོའི་བདུད་བཅོམ་པ་སྟེ། ཕྲིན་ལས་དང་སྦྱར་ན་རྒྱས་པའི་ཕྲིན་ལས། སེམས་ཉིད་སྐྱེ་ཤི་གཉིས་སུ་མེད་པའི་དོན་གསལ་ཞིང་མངོན་དུ་གྱུར་པ་ནི། འཆི་བདག་གི་བདུད་བཅོམ་པ་སྟེ། ཕྲིན་ལས་དང་སྦྱར་ན་དབང་གི་ཕྲིན་ལས། ལྷ་དང་རྟོག་པ་གཉིས་སུ་མེད་པའི་དོན་ཤེས་ཤིང་མངོན་དུ་གྱུར་པ་ནི། ལྷའི་བུའི་བདུད་བཅོམ་པ་སྟེ། ཕྲིན་ལས་དང་སྦྱར་ན་དྲག་པོའི་ཕྲིན་ལས་སོ། །དེ་ཡང་རྡོ་རྗེ་ལས་རིམ་ལས། བདུད་བཞི་ལ་སོགས་རིག་པའི་གདེང་གིས་དག །ཅེས་པ་དང་། འགྲེལ་ཆུང་ལས། མཉམ་ཉིད་དབྱིངས་སུ་བདུད་བཞི་ངང་གིས་བཅོམ། །ཞེས་གསུངས་སོ། །ལྡན་ཞེས་པ་ཡོན་ཏན་གྱི་མཚན་ཏེ། འབྲས་བུའི་ཆོས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ་ཉི་ཤུ་རྩ་ལྔ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱང་། ཐུགས་རང་རིག་པའི་ཡེ་ཤེས་ལ་རང་བཞིན་ལྷུན་གྲུབ་ཏུ་ལྡན་པ་ཡིན་ཏེ། རྡོ་རྗེ་ལས་རིམ་ལས། སྐུ་ལྔ་ལ་སོགས་ཡོན་ཏན་ལྷུན་གྲུབ་ཀྱང་། །ཞེས་པ་དང་། འགྲེལ་ཆུང་ལས། ཕྱག་རྒྱའི་རང་བཞིན་ཚོགས་གཉིས་རྫོགས་པར་ལྡན། །ཞེས་གསུངས་སོ། །འདས་ཞེས་པ་མཚན་ཉིད་ཀྱི་མཚན་ཏེ། དེ་ཡང་བཅོམ་སྟེ་སྟོང་པ་དང་། ལྡན་ཏེ་སྣང་བར་མ་སོང་སྟེ། ཤེས་རབ་ཆེན་པོས་བདག་དོན་འཁོར་བའི་མཐའ་ལས་འདས་པ་དང་། སྙིང་རྗེ་ཆེན་པོས་གཞན་དོན་དུ་ཞི་བ་ཕྱོགས་གཅིག་པར་མི་གནས་པས་མྱ་ངན་ལས་འདས་པའི་མཐའ་ལས་འདས་པའོ། །དེ་བཞིན་དུ་གོང་གི་ཡོན་ཏན་དེ་ཐམས་ཅད་ཀྱང་ངོ་བོ་སྨྲ་བརྗོད་ལས་འདས་པའམ། ཡོད་མེད་རྟག་ཆད་སྐྱེ་འགག་འགྲོ་འོང་ལ་སོགས་པའི་མཐའ་ཐམས་ཅད་ལས་གྲོལ་བས་འདས་པ་ཡིན་ཏེ། རྡོ་རྗེ་ལས་རིམ་ལས། རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། །ཅེས་པ་དང་། འགྲེལ་ཆུང་ལས། ཡོད་མེད་མཐའ་འདས། ཞེས་གསུངས་སོ། །དཔལ་ཞེས་པ་ནི་ཆེ་བའི་མཚན་ཏེ། འགྲེལ་ཆུང་ལས། བདག་གཞན་ཡོངས་ཀྱི་དཔལ་ཞེས་པས། དཔལ་ནི་ཤྲཱིའི་སྒྲ་ལས་དྲངས་ན། དཔལ་དང་། གཡང་ངམ། དགེ་ཤིས་ཀྱི་ཚིག་གོ། །ཡི་གེ་ཡན་ལག་གི་དོན་བཤད་ན། ཤྲཱི་ནི་ཨཏྨ་ཤྲཱི་དང་། པར་ཤྲཱི་སྟེ་བདག་གཞན་གྱི་དཔལ་དུ་བཤད་དོ། །དེ་ཡང་ངན་སོང་སྦྱོང་རྒྱུད་ཀྱི་དོན་གྱི་འབྲུ་འགྲེལ་ལས། ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་ཉིད་བསམ་དུ་མེད་པའི་དོན་ཐུགས་སུ་ཆུད་དེ། དངོས་པོ་ཐམས་ཅད་བཙལ་ནས་མི་རྟོག་པའི་ངང་ལ་བཞུགས་པ་ནི་བདག་གི་དཔལ་ལོ། །སྔོན་གྱི་བསོད་ནམས་ཀྱི་ཚོགས་ཀྱིས་ཐབས་ལ་མཁས་པའི་སྒོ་ནས་འགྲོ་བའི་དོན་སྣ་ཚོགས་མཛད་པ་ནི་གཞན་གྱི་དཔལ་ལོ། །ཞེས་གསུངས་སོ། །ཡང་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དཔལ་གཉིས་ལས། ཐུན་མོང་གི་དཔལ་ནི། འཇིག་རྟེན་ན་བུད་མེད་བུ་ཁྱོ་ནོར་དུ་འཛོམ་པ་ལ། མོ་དཔལ་མོ་ཆེ་ཡིན་ཟེར་བ་བཞིན་དུ། འཇིག་རྟེན་གྱི་དགེ་ལེགས་ཕུན་སུམ་ཚོགས་པ་ལ་བྱ་སྟེ། སྟོང་འཁོར་ལོ་སྒྱུར་བའི་རྒྱལ་པོ་ལ་སོགས་པ་ཐོབ་པ་ནི་ཐུན་མོང་གི་དཔལ་ཡིན་ལ། ཐུན་མོང་མ་ཡིན་པའི་དཔལ་ནི་གསུམ་སྟེ། མན་ངག་ལམ་རིམ་ལས། དཔལ་གྱི་དཔལ་གསུམ། ཞེས་པས། རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་དང་། རིག་པ་རང་སྣང་བའི་དཔལ་དང་། ཐུགས་རྗེ་ཆེན་པོ་ཞོར་ལས་བྱུང་བའི་དཔལ་ལོ། །དེ་ལ་རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་ནི། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་ལ་འབྲས་བུའི་ཆོས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ་ཉི་ཤུ་རྩ་ལྔ་རང་བཞིན་ལྷུན་གྲུབ་ཏུ་གནས་པ་སྟེ། དཔེར་ན་ཡུངས་ཀར་ལ་མར་ནག་ལྷུན་གྲུབ་ཏུ་ཡོད་པ་བཞིན་ནོ། །རིག་པ་རང་སྣང་བའི་དཔལ་ནི། དོན་དེ་ལྟ་བུ་དེ་ཉིད་ལྟ་བས་རྟོགས་ཤིང་། བསྒོམ་པའི་རིག་པ་ཉིད་མངོན་དུ་གྱུར་པའི་འབྲས་བུ་སྐུ་དང་ཡེ་ཤེས་སུ་རང་སྣང་བ། མར་མེ་ཉི་འོད་ཀྱི་དཀྱིལ་འཁོར་དུ་རང་ཤར་བ་ལྟ་བུའོ། །ཐུགས་རྗེ་ཆེན་པོ་ཞོར་ལས་བྱུང་བའི་དཔལ་ནི། དེ་ལྟར་བདག་དོན་དུ་འབྲས་བུ་ཐོབ་ཙ་ན། གཞན་དོན་རྩོལ་བ་མེད་པར་ངང་ཤུགས་ཀྱིས་འབྱུང་བ་སྟེ། ཉི་མ་ནམ་མཁའི་མཐོངས་སུ་ཤར་བས། འོད་ཟེར་ཕྱོགས་ཀུན་ཏུ་ངང་ཤུགས་ཀྱིས་འབྱུང་བ་བཞིན་ནོ། །དེ་སྐད་དུ་རྡོ་རྗེ་ལས་རིམ་ལས། རང་བཞིན་མངོན་བྱས་མ་ལུས་རེ་བ་སྐོང་། །ཞེས་པ་དང་། འགྲེལ་པ་མངོན་རྟོགས་ལས། དེ་ལྟ་བུ་ལ་འབྲས་བུ་གདོད་ནས་རྫོགས་ནས། གྱད་ཀྱིས་ནོར་བུ་རྙེད་པ་བཞིན་འབྲས་བུ་བདག་ཉིད་ལ་སྣང་བ་དང་། ཐུགས་རྗེ་རྒྱུན་ཆད་མེད་པའི་དོན་གྱིས་དཔལ་ཞེས་བྱ་སྟེ། ཞེས་གསུངས་སོ། །ཀུན་ཏུ་བཟང་པོ་ཞེས་པ་དོན་རང་གི་ངོ་བོའི་མཚན་ཏེ། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་སྐུ་དང་ཡེ་ཤེས་སུ་གསལ་བ་ལ་བླང་དོར་མེད་དེ་སྤྱོད་ཡུལ་ཡོངས་སུ་དག་པའོ། །དེ་ཡང་མངོན་རྟོགས་ལས། དེ་ཁོ་ན་ཉིད་སྤྱོད་ཡུལ་ཡོངས་སུ་དག་པས་ཀུན་ཏུ་བཟང་པོར་དོན་གྱིས་བརྗོད། ཅེས་དང་། འགྲེལ་ཆུང་ལས། ཐམས་ཅད་རང་བཞིན་རྟོགས་དང་ཐུགས་རྗེས་བཟང་། །ཞེས་གསུངས་སོ། །ལ་ཞེས་པ་ནི། མངོན་རྟོགས་ལས་གནས་གཞིའི་དོན་གྱིས་ཕྱག་བཙལ་བ་སྟེ། ཞེས་པས་བདུན་པ་གནས་གཞིའི་སྒྲར་འདོད་དོ། །ཕྱག་ཇི་ལྟར་བཙལ་བའི་ཚུལ་ནི། ཕྱག་བཙལ་ལོ་ཞེས་པ་སྟེ། སྤྱིར་ཕྱག་ལ་གསུམ། རབ་རྟོགས་པ་ལྟ་བ་མཇལ་བའི་ཕྱག །འབྲིང་སྒོམ་པ་ཏིང་ངེ་འཛིན་གྱི་ཕྱག །ཐ་མ་སྒོ་གསུམ་མོས་གུས་ཀྱི་ཕྱག་གོ། །དེ་ལ་རབ་རྟོགས་པ་ལྟ་བ་མཇལ་བའི་ཕྱག་ནི། པཉྩ་ཀྲ་མ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་རང་གི་ཡེ་ཤེས་གང་། །ལེགས་མཐོང་གང་ཡིན་འདིར་ཕྱག་འཚལ། །ཞེས་གསུངས་ལ། འབྲིང་སྒོམ་པ་ཏིང་ངེ་འཛིན་གྱི་ཕྱག་ནི། འཚལ་བྱེད་ཀྱི་མཁན་པོ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས། འཚལ་བྱའི་ཡུལ་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་བསམ་གྱིས་མི་ཁྱབ་པ་རྣམས་ལ་དུས་གཅིག་ཏུ་འཚལ་བ་ནི། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ཏེ། ཆོས་མཚུངས་དཔེར་བྱས་ན། མིང་གཞན་འཕྲུལ་དགའི་ཕྱག་ཅེས་ཀྱང་གྲགས་སོ། །ཐ་མ་སྒོ་གསུམ་མོས་གུས་ཀྱི་ཕྱག་ནི། ལུས་ཀྱི་སྒོ་ནས་གནས་ལྔ་ས་ལ་གཏུགས། །ངག་གི་སྒོ་ནས་དབྱངས་དང་བསྟོད་པར་བཅས། །ཡིད་ཀྱི་སྒོ་ནས་དད་མོས་གདུང་སེམས་ལྡན། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་པ་སྟེ། དེ་ལྟར་ཕྱག་གསུམ་ལས། འདིར་རབ་རྟོགས་པ་ལྟ་བ་མཇལ་བའི་ཕྱག་འཚལ་བ་ཡིན་ཏེ། དེ་ཡང་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་བྱའི་ཡུལ། བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་ཐུགས་རང་སྣང་གི་ཡེ་ཤེས་དང་། འཚལ་བྱེད་ཀྱི་མཁན་པོ་ཐུགས་རིག་གཉིས་ཆུ་ལ་ཆུ་དང་། མར་ལ་མར་བླུག་པ་ལྟར་འདྲེས་ཤིང་ཐ་དད་མེད་པར་རྟོགས་པའི་སྒོ་ནས་ཕྱག་འཚལ་ལོ། །དེ་ཡང་འགྲེལ་ཆུང་ལས། ཀུན་བཟང་ལྷ་ཡི་ལྷ་ཁྱོད་དབྱེར་མེད་ལ། །རྟོགས་དང་དགུ་པས་རབ་ཏུ་ཕྱག་འཚལ་ལོ། །ཞེས་པ་དང་། ལམ་རིམ་ལས། ལྷ་ཡི་ལྷ་ལ་གཉིས་མེད་མོས། །ཞེས་པ་དང་། མངོན་རྟོགས་ལས། དེ་ཡང་ཐུན་མོང་པ་དག་ལུས་ངག་ཡིད་གསུམ་གྱིས་སོ་སོར་བལྟས་ནས་ཕྱག་འཚལ་བ་ནི་ཤིན་ཏུ་འགལ་ཏེ་ཚི་ཆད་པར་འགྱུར་རོ། །རྨད་དུ་བྱུང་བའི་ཐེག་པ་འདིར། ཀུན་ཏུ་བཟང་པོ་དང་རིག་པ་གཉིས་མེད་དུ་མཇལ་བ་ཕྱག་ཏུ་གསུངས་ཏེ། དཔེ་མར་གྱི་ནང་དུ་མར་བླུག་པ་བཞིན་ནོ། །ཞེས་གསུངས་སོ། །དེ་ལྟར་བཙལ་བའི་དགོས་ཆེད་ནི། སྟོན་པ་གཞན་ལས་ཁྱད་པར་དུ་གྱུར་པ་ལས་ངམ་པའི་ཕྱིར་རམ། རྒྱུད་འཆད་པ་དང་ཉན་པ་དང་ཡི་གེར་འདྲི་བ་ལ་སོགས་པའི་ཚེ་མཆོད་པར་བརྗོད་པས། ཡ་རབས་ཀྱི་ཚུལ་མི་ཉམས་པར་བྱ་བའི་དགོས་ཆེད་དང་། རྗེས་འཇུག་ཏུ་འཆད་ཉན་མཁན་པོ་རྣམས་ཀྱིས་ཕྱག་བཙལ་བས། གནས་སྐབས་སུ་བར་ཆད་ཉེ་བར་ཞི་ཞིང་ཚོགས་རྫོགས་ཏེ་མཐར་འཚང་རྒྱ་བའི་དགོས་པ་ཡོད་ལ། གཞུང་དུ་བཀོད་པའི་དགོས་པ་ནི། ཕྱག་བཙལ་བའི་གནས་ལ་གུས་པར་མཚོན་པ་དང་། གཞན་གྱི་སྟོན་པའི་ཡོན་ཏན་ཁོང་དུ་ཆུད་པས་དང་བའི་དད་པ་སྐྱེ་བའི་དགོས་ཆེད་ཡོད་དོ། །གཉིས་པ་གཞུང་གི་དོན་ལ། བཀའ་རང་ལུགས་ཀྱིས་བཅད་ན། ལེའུ་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། འདིར་ལེའུ་དང་པོར་འཆད་པར་བྱེད། སློབ་དཔོན་འགྲེལ་པ་གདམས་ངག་མཁན་གྱིས་བཅད་ན། གླེང་གཞི། གླེང་བསླང་། རྒྱུད་དོན། དགོས་འབྲེལ། གདམས་གཏད་དང་ལྔ་ལས་འདིར་གླེང་གཞི་སྟོན། དེ་ལྟར་གླེང་གཞི་སྟོན་པར་བྱེད་པའི་ལེའུ་དང་པོ་འདི་ལ། འཆད་མཁན་རིག་པའི་སྒྲོས་ཀྱིས་བཅད་ན་གཉིས་ཏེ། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །གཞུང་ལ་གསུམ་སྟེ། ཐུན་མོང་མ་ཡིན་པའི་གླེང་གཞིའམ་གླེང་གཞི་མདོར་བསྟན་པ་དང་། རྒྱུད་ཁྱད་པར་གྱི་གླེང་གཞིའམ་གླེང་གཞི་རྒྱས་པར་བསྟན་པ་དང་། གླེང་གཞིའི་གཞུང་བསྡུས་པའོ། །དང་པོ་ཐུན་མོང་མ་ཡིན་པའི་གླེང་གཞིའམ་གླེང་གཞི་མདོར་བསྟན་པ་ནི། འདི་སྐད་བཤད་པའི་དུས་ན། ཞེས་པ་དེར་གདའ་ཞིང་། འདི་ལ་འགྲེལ་པ་སྤར་ཁབ་ཀྱི་གསང་བ་ལྟར་ཁོ་ན་ལས་མ་བཤད་ཀྱང་། བླ་མ་བརྒྱུད་པའི་གསུང་སྒྲོས་ཀྱི་རྗེས་སུ་འབྲངས་ནས་ཕྱི་ནང་གསང་བ་གསུམ་དུ་འཆད་དེ། དེ་ཡང་ཕྱི་ལྟར་གཞུང་རྒྱས་པ་དང་སྦྱར་ཏེ་འགྲེལ་པ་མུན་སེལ་ལྟར་བཤད་པ་ནི། འདི་ཞེས་པས་གནས་ཕུན་སུམ་ཚོགས་པ་ཡིན་ཏེ། གཞུང་རྒྱས་པ་དང་སྦྱར་ན་འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ཞེས་པ་ནས། པདྨ་རིན་པོ་ཆེའི་གདན་ལ་ཞེས་པའི་བར་གྱི་གཞུང་ཚིག་རྣམས་སོ། །སྐད་ཅེས་པས་སྟོན་པ་ཕུན་སུམ་ཚོགས་པ་སྟེ། དེ་བཞིན་གཤེགས་པ་ཞེས་པ་ནས། རང་བཞིན་ཏེ་ཞེས་པའི་བར་གྱིས་སྟོན་པའི་རང་བཞིན་དང་། སྐུ་མདུན་དང་ཞེས་པ་ནས། དབུ་གསུམ་དང་ལྡན་པ་ཞེས་པའི་བར་གྱིས་སྟོན་པའི་ངོ་བོའི་གཞུང་ཚིག་རྣམས་སོ། །བཤད་ཅེས་པས་འཁོར་ཕུན་སུམ་ཚོགས་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་པ་ནས། གཉིས་སུ་མེད་པར་བཞུགས་སོ། །ཞེས་པའི་བར་གྱིས་གཞུང་ཚིག་རྣམས་སོ། །པའི་ཞེས་པས་བསྟན་པ་ཕུན་སུམ་ཚོགས་པ་སྟེ། གཞུང་དབུ་ཞབས་ཐམས་ཅད་ལ་ངོས་འཛིན། དུས་ཞེས་པས་དུས་ཕུན་སུམ་ཚོགས་པ་སྟེ། སྟོན་འཁོར་གནས་གསུམ་གཅིག་ཏུ་འཛོམ་པའི་དུས་དེ་ཉིད་གླེང་གཞིའམ་དུས་ཕུན་སུམ་ཚོགས་པ་ཞེས་བྱའོ། །ན་ཞེས་པས་སྡུད་པ་པོ་ཕུན་སུམ་ཚོགས་པར་ཡང་ངོས་འཛིན་ཏེ། གཞུང་བསྡུ་བའི་ཚིག་རྣམས་སོ། །ཕུན་སུམ་ཚོགས་པ་དྲུག་ཀྱང་བསྡུ་ན་གསུམ་དུ་འདུ་སྟེ། བསྟན་པ་སྟོན་པའི་ཐུགས་ལ་མངའ་བའི་ཆ་ནས་བཞག །སྡུད་པ་པོ་ནི་འཁོར་གྱི་ཁོངས་ན་ཡོད་དེ། རྒྱ་མཚོ་ལས། འཁོར་གྱི་ནང་ནས་སྐལ་ལྡན་མཆོག །འདུལ་བའི་དུས་བབ་གསང་བའི་བདག །ལག་ན་རྡོ་རྗེས་བསྡུ་བ་མཛད། །ཅེས་གསུངས་ལ། དུས་ནི་སྟོན་འཁོར་གནས་གསུམ་གཅིག་ཏུ་འཛོམ་པ་ཡིན་པས། ལོགས་སུ་བསྟན་དུ་མེད་དོ། །དེས་ན་སྟོན་འཁོར་གནས་གསུམ་དུ་བྱུང་བའོ། །དེ་ཡང་ཡེ་ཤེས་རྫོགས་པའི་རྒྱུད་ལས། གནས་དང་སྟོན་པ་འཁོར་ཚོགས་ན། །དུས་དང་སྡུད་པ་ཤུགས་ལས་འབྱུང་། །ཞེས་གསུངས་སོ། །གཉིས་པ་ནང་ལྟར་སྒྱུ་འཕྲུལ་རྒྱ་མཚོ་དང་སྦྱར་ཏེ་ཐབས་ལམ་སྟེང་སྒོ་ལྟར་བཤད་པ་ནི། འདི་ཞེས་པས་གནས་ཕུན་སུམ་ཚོགས་པ་སྟེ། སྒྱུ་འཕྲུལ་རྒྱ་མཚོ་ལས། དྷརྨ་ཙཀྲ་ཆོས་ཀྱི་གནས། །འོད་བཞི་ཨེ་སོགས་དབྱིབས་སུ་གནས། །ཞེས་པས། དྷརྨ་ཙཀྲ་ནི་ཆོས་ཀྱི་འཁོར་ལོ་སྟེ། སྙིང་ག་ཆོས་ཀྱི་འཁོར་ལོ་དོན་དམ་འོད་གསལ་གྱི་གནས་ཏེ། དེ་ན་རྩ་འདབ་བརྒྱད་ལས་རྩ་བའི་རྩ་འདབ་བཞི་ནི། ལས་བཞིའི་ཁ་དོག་དང་དབྱིབས་སུ་གནས་ཏེ། མདུན་ཆོས་ཉིད་ཀྱི་རྩ་དབྱིབས་ཟླུམ་པོ་འོད་དཀར་པོ་ཞི་བའི་གནས། གཡས་ཡེ་ཤེས་ཀྱི་རྩ་དབྱིབས་གྲུ་བཞི་འོད་སེར་པོ་རྒྱས་པའི་གནས། གཡོན་ཡོན་ཏན་གྱི་རྩ་ཟླ་གམ་འོད་དམར་པོ་དབང་གི་གནས། རྒྱབ་ལས་རང་རྒྱུད་ཀྱི་རྩ་དབྱིབས་གྲུ་གསུམ་འོད་དམར་ནག་དྲག་པོའི་གནས་སོ། །དེ་ལྟར་ལས་བཞིའི་ཁ་དོག་དང་དབྱིབས་སུ་གནས་པ་དེ་ལ་གནས་ཕུན་སུམ་ཚོགས་པ་ཞེས་བྱའོ། །སྐད་ཅེས་པས་སྟོན་པ་ཕུན་སུམ་ཚོགས་པ་སྟེ། རྒྱ་མཚོ་ལས། མི་ཤིགས་ཐིག་ལེ་ཝཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་དག །ཅེས་པས། སྲོག་མི་ཤིགས་པའི་ཐིག་ལེ་དྭངས་མ་ལྔ་འདུས་ཀྱི་ངོ་བོའི་ཐིག་ལེ་ཟླུམ་པོ་ཡི་གེ་ཝཾ་གྱི་དབྱིབས་ཅན་དེ་ནི་མར་མེ་རང་གིས་རང་གསལ་བར་ཡོད་པ་ལྟར། ཐིག་ལེ་དེ་ཉིད་རང་གིས་རང་ལ་བདེ་བ་གསལ་བར་སྟོན་པའི་ཕྱིར་སྟོན་པ་ཕུན་སུམ་ཚོགས་པའོ། །བཤད་ཅེས་པས་འཁོར་ཕུན་སུམ་ཚོགས་པ་སྟེ། རྒྱ་མཚོ་ལས། མ་ནུ་ཡིད་སོགས་རྣམ་ཤེས་བཞི། །ཡེ་ཤེས་མྱོང་བས་སྡུད་པར་བཤད། །ཅེས་པས། མ་མ་ནུའི་སྒྲ་ལས་དྲངས་ན། སྡོམ་པར་བྱེད་པ་ཡིད་དེ། མདུན་ཆོས་ཉིད་ཀྱི་རྩལ་ཀུན་གཞི་རྣམ་ཤེས། གཡས་ཡེ་ཤེས་ཀྱི་རྩལ་ཡིད་ཀྱི་རྣམ་ཤེས། གཡོན་ཡོན་ཏན་གྱི་རྩལ་ཉོན་མོངས་པ་ཅན་གྱི་ཡིད། རྒྱབ་རང་རྒྱུད་ཀྱི་རྩལ་སྒོ་ལྔའི་རྣམ་ཤེས་གནས་པ་སྟེ། དེ་ལྟར་རྣམ་པར་ཤེས་པས་ཚོགས་བརྒྱད་པོ་དེ་དག །བདེ་བའི་ཡེ་ཤེས་ལྔར་གསལ་བ་ཉམས་སུ་མྱོང་བས་བཤད་པ་དང་འདྲ་བས་ན། དེ་ནི་འཁོར་ཕུན་སུམ་ཚོགས་པའོ། །པའི་ཞེས་པས་བསྟན་པ་ཕུན་སུམ་ཚོགས་པ་སྟེ། རྒྱ་མཚོ་ལས། ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། །པཱ་ར་མི་ཏ་དོན་ཟབ་མོ། །ཞེས་པས། པ་པཱ་ར་མི་ཏའི་སྒྲ་ལས་དྲངས་ན། དོན་དམ་པ་བྱང་ཆུབ་ཀྱི་སེམས། མ་མ་ཧཱ་ཡཱ་ན་ན་ཐེག་པ་ཆེན་པོ་སྟེ། དེ་མན་ངག་ཟབ་མོའི་སྒོ་ནས་ཉམས་སུ་བླངས་པས། བདེ་གསལ་མི་རྟོག་པའི་ཡེ་ཤེས་ནམ་མཁའི་གཟུགས་ཅན་དུ་སྐྱེས་པ་ནི་དོན་ཟབ་མོ་སྟེ། བསྟན་པ་ཕུན་སུམ་ཚོགས་པའོ། །དུས་ན་ཞེས་པས་དུས་ཕུན་སུམ་ཚོགས་པ་སྟེ། རྒྱ་མཚོ་ལས། བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་པས་བདེ་བའི་ཡེ་ཤེས་དེ་ཉིད་སྐྱེས་པའི་དུས་སུ། དུས་གསུམ་ལ་སྔ་ཕྱིའམ་ཐ་དད་དུ་འཛིན་པའི་རྟོག་པ་དང་བྲལ་བ་ཉིད་མཉམ་པ་ཉིད་ཀྱི་དུས་ཏེ། དུས་གསུམ་ཀུན་གྱི་ངོ་བོ་ཉིད་དུ་བཞུགས་པ་ནི་བསམ་གྱིས་མི་ཁྱབ་པའི་དུས་ཞེས་ཀྱང་བྱ་སྟེ། དེ་ནི་དུས་ཕུན་སུམ་ཚོགས་པ་ཞེས་བྱའོ། །གསུམ་པ་གསང་བ་ལྟར་སྒྱུ་འཕྲུལ་ཐལ་རྒྱུད་དང་སྦྱར་ཏེ་རྫོགས་རིམ་འོག་སྒོ་ལྟར་བཤད་པ་ནི། འདི་ཞེས་པས་གནས་ཕུན་སུམ་ཚོགས་པ་སྟེ། ཐལ་རྒྱུད་ལས། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གནས། །ཞེས་པས། ཨེ་ཝཾ་མ་ཡ་བཞིས་མཚོན་ནས། ཡུམ་གྱི་མཁའ་ལས་བཞིའི་དབྱིབས་ཅན་དུ་གནས་པ་ནི་ཡུམ་གྱི་མཁའ་ཕྱིའི་ཁྱམས་གྲུ་གསུམ་དྲག་པོའི་གནས། བར་ཁྱམས་གྲུ་བཞི་རྒྱས་པའི་གནས། སྐྱེ་གནས་ཟླ་གམ་དབང་གི་གནས། དབྱིངས་ཕྱུག་མའི་སྣ་རྩེ་སྣ་ཚོགས་མདུད་པ་ཟླུམ་པོར་གནས་པ་ནི་ཞི་བ་མཚོན་པར་བྱེད་པའི་གནས་སོ། །དེ་ལྟར་ཡུམ་གྱི་མཁའ་ལས་བཞིའི་དབྱིབས་ཅན་དུ་གནས་པ་དེ་ན། གསང་བའི་སྟོན་འཁོར་བཞུགས་པའི་ཕྱིར་གནས་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་ཡང་སྤར་ཁབ་ལས། ཁྱམས་དང་། སྒོ་དང་། བྱའི་གདོང་དང་། ཟ་མ་ཏོག་རྣམས། དྲག་རྒྱས་ཞི་དབང་དུ་གནས་པ་ནི་སངས་རྒྱས་རིལ་གྱི་བཞུགས་གནས་སུ་གསུངས་སོ། །ཞེས་སོ། །སྐད་ཅེས་པས་སྟོན་པ་ཕུན་སུམ་ཚོགས་པ་སྟེ། ཐལ་རྒྱུད་ལས། སྐད་ཅེས་གསལ་བྱེད་ལས་མིང་ཅན། །ཝཾ་དབྱིབས་ཐིག་ལེར་བཅས་སྟོན་པའོ། །ཞེས་པས། ཡབ་ཡུམ་རོལ་པའི་དུས་ན་ཐིག་ལེ་དབབ་བཟུང་ཟློག་པར་བྱེད་པའི་ཐབས་ཀྱིས། ཡབ་ཀྱི་གསང་བ་རྡོ་རྗེའི་དབུ་ལ། རྩ་ས་ཡ་ཕྲག་བཅུ་གསུམ་གྱི་བཅུད་འདུས་པའི་ཀུན་རྫོབ་ཡེ་ཤེས་ཀྱི་ཐིག་ལེ་ཡི་གེ་ཝཾ་གྱི་དབྱིབས་སུ་རྫོགས་པས། རྟོགས་པ་དང་མ་རྟོགས་པའི་དབང་གིས་འཁོར་འདས་གཉིས་ཀའི་བྱེད་པ་པོ་ཡིན་པ་དང་། ཐིག་ལེ་དེ་ཉིད་ཀྱི་བདེ་གསལ་མི་རྟོག་པའི་དོན་སྟོན་པར་བྱེད་པའི་ཕྱིར་སྟོན་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་ཡང་སྤར་ཁབ་ལས། གུ་ཧྱ་བཛྲ་དབུར་རྫོགས་པའི་ཐིག་ལེ་དང་བཅས་པ་ནི་མ་ལུས་པའི་བྱེད་པ་པོའི་ཕྱིར་སྟོན་པའོ། །ཞེས་སོ། །བཤད་ཅེས་པས་འཁོར་ཕུན་སུམ་ཚོགས་པ་སྟེ། དེ་ཉིད་ལས། མ་ད་མ་ནུ་སྡོམ་བྱེད་ཡིད། །ལས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བས་བཤད་པར་འདོད། །ཅེས་པས། མ་ད་ན་སྡོམ་པ། མ་ནུ་ན་ཡིད་དེ། ཡིད་ལ་སོགས་པའི་རྣམ་པར་ཤེས་པ་ཚོགས་བརྒྱད་ནི་འཁོར་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་ཡང་སྤར་ཁབ་ལས། མ་ད་མ་ནུ་ན་སྡོམ་བྱེད་དེ། སེམས་ལྔས་གླེང་བསླང་བའི་ལས་ཀྱིས། མ་ནུ་ན་ཡིད་དེ། རྣམ་པར་ཤེས་པའི་རྒྱལ་པོ་དང་། རྡོ་རྗེ་མཐོང་བ་ལ་སོགས་པས་ཕྱིན་ཅི་མ་ལོག་པར་གོ་བ་ནི། བརྗོད་དང་འདྲ་བའི་ཕྱིར་འཁོར་ལ་བཤད་དོ་བར་ཐ་སྙད་དུ་འདོགས་སོ། །ཞེས་སོ། །པའི་ཞེས་པས་བསྟན་པ་ཕུན་སུམ་ཚོགས་པ་སྟེ། ཐལ་རྒྱུད་ལས། པ་སྒྲ་དོན་དམ་ངེས་པའི་རྒྱུད། ཡ་ན་ཐེག་ཆེན་འདི་ཡིན་ནོ། །ཞེས་པས། པ་པཱ་ར་མ་ཏ་ན་དོན་དམ་པ། ཡཱ་ན་ན་ཐེག་པ་ཆེན་པོ་དགའ་བ་བཅུ་དྲུག་གི་ཐ་མ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལྷང་གིས་ཉམས་སུ་མྱོང་བ་ནི། རང་བཞིན་གསང་བའི་སྙིང་པོའི་དོན་ཡིན་ཏེ། བསྟན་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་ཡང་སྤར་ཁབ་ལས། པ་པཱ་ར་མ་ཏ་ན་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཏེ་སེམས་ལྔའི་ཐ་མ། སྐད་ཅིག་མ་བཅུ་དྲུག་གི་བྱང་ཆུབ་སེམས་མཐས་མ་རེག་པ་མཐའ་མ་རིག་པ་ཞེས་བྱུང་བས་སྤར་ཁབ་རང་དུ་སྡུར་ཅིག །ནི། མ་ཧཱ་ཡཱ་ན་ཐེག་པ་ཆེན་པོ་སྟེ་རྒྱུད་འདིའོ། །ཞེས་སོ། །དུས་ཞེས་པས་དུས་ཕུན་སུམ་ཚོགས་པ་སྟེ། ཐལ་རྒྱུད་ལས། དུས་ནི་བསམ་གྱིས་མི་ཁྱབ་དུས། །ཞེས་པས། མཁའ་གསང་ལ་བདེ་བ་སྐྱེས་པའི་ཚེ་ན། དུས་ཕྱོགས་གཅིག་ཏུ་བརྗོད་དུ་མི་བཏུབ་སྟེ། འཛིན་པའི་རྟོག་པ་དང་བྲལ་བས་བསམ་གྱིས་མི་ཁྱབ་པའི་དུས་ཏེ་དུས་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་ཡང་སྤར་ཁབ་ལས། དེའི་དུས་ནི་གཅིག་ཏུ་བརྗོད་དུ་མེད་པས་བསམ་གྱིས་མི་ཁྱབ་པའི་དུས་ཞེས་བྱ་བར་ཐ་སྙད་དུ་འདོགས་སོ། །ཞེས་སོ། །ན་ཞེས་པས་སྡུད་པ་པོ་ཕུན་སུམ་ཚོགས་པ་སྟེ། དེ་ཉིད་ལས། ནམ་དེ་མིང་ཞེས་བྱའོ། །ཞེས་པས། དུས་དེ་ལ་བབ་པའི་མིང་ཅན་ནམ། ཡང་ན་ཀུན་ལ་འཇུག་པ་སྟེ་གནས་ཞེས་བྱ། སྟོན་པ་ཞེས་བྱ། འཁོར་ཞེས་བྱ། བསྟན་པ་ཞེས་བྱ། དུས་ཞེས་བྱ་བ་ཡིན་ཏེ། ཀུན་གྱི་མཇུག་སྡུད་དུ་འགྲོ་བའོ། །འདི་དག་ཐུན་མོང་མ་ཡིན་པའི་གླེང་གཞིར་འཇོག་པའི་རྒྱུ་མཚན་ནི། མཐར་ལམ་པ་དང་། གདུལ་བྱ་ཆགས་པ་ཅན་གྱི་དབང་དུ་གསུངས་པ་ཡིན་ཏེ། སྤར་ཁབ་ལས། དེ་ནི་གདུལ་བྱ་ལས་ཐ་མ་རྣམས་ཀྱི་ཕྱིར་ཐུན་མོང་མ་ཡིན་པའི་གླེང་གཞིའོ། །ཞེས་གསུངས་སོ། །དེ་ལྟར་བཤད་པའི་ཐུན་མོང་མ་ཡིན་པའི་གླེང་གཞིའམ། གླེང་གཞི་མདོར་བསྟན་པའི་སྐབས་འདིར། ཁ་ཅིག་ན་རེ། གསང་བའི་སྙིང་པོའི་རྒྱུད་འདི་ལ་ལོག་པའི་སྐྱོན་བཞི་ཡོད་དེ། རྒྱུད་གཞན་ན། འདི་སྐད་ཐོས་བྱ་བ་ཡོད་པ་ལས་འདིར་འདི་སྐད་བཤད་བྱ་བ་བྱུང་བས་གླེང་གཞི་ལོག །གཞན་ན་དུས་གསུམ་དུ་ཡོད་པ་ལས། འདིར་དུས་བཞི་བྱུང་བས་དུས་ལོག །རྒྱུད་ཀྱི་བདག་པོ་ཀུན་ཏུ་བཟང་པོ་ཡིན་པ་ལ། དཀྱིལ་འཁོར་གྱི་གཙོ་བོར་རྡོ་རྗེ་སེམས་དཔའ་བྱུང་བས་དཀྱིལ་འཁོར་ལོག །སྒྲུབ་པའི་ཞག་དང་ཚེས་གྲངས་ནི། །རྒྱུད་ནས་སྨོན་པ་བཞིན་དུ་བཤད། །ཅེས་ཁ་འཕངས་པས་རྒྱུད་ལོག་གོ །ཞེ་ན། སྐབས་འདིར་གླེང་གཞི་ལོག་པའི་སྐྱོན་སྤངས་པ་ནི། གླན་ཆབ་བར་པ་ན་རེ། ཕོ་རེ་བ་དང་སྤྱང་སློང་བ། །ཚིག་ལ་མི་མཐུན་དོན་ལ་མཐུན། །བྱ་བ་ཡིན་པས། བྱེའུ་གསོན་མ་ལ་རྟེན་ནས་སློང་བ་དང་། སྤྱང་ཁུ་ཤི་བའི་གསོབ་ལ་བརྟེན་ནས་སློང་བ་གཉིས། གནས་སྐབས་རྟེན་དང་བརྟེན་བཤད་གཉིས་ཀ་མི་མཐུན་ཡང་། དོན་སློང་བ་ལ་མཐུན་པ་བཞིན། བཤད་པ་དང་ཐོས་པ་གཉིས་ཚིག་མི་མཐུན་ཀྱང་། སྟོན་པས་འཁོར་ལ་བཤད་པ་དང་། འཁོར་གྱིས་སྟོན་པ་ལ་ཐོས་པ་དོན་མཐུན་གསུང་ངོ་། །རྗེ་སྒྲོ་ཕུག་པ་ན་རེ། སྐུ་གཉིས་ཀྱིས་བསྟན་པའི་ཁྱད་པར་ཡིན་ཏེ། ལོངས་སྐུ་ཚིག་ཏུ་མི་གསུང་བས་རྣ་བས་ཐོས་སུ་མེད་པའི་ཕྱིར་བཤད་བྱ་བར་འོང་བ་ཡིན་ལ། སྤྲུལ་སྐུས་ཚིག་ཏུ་གསུངས་རྣ་བས་ཐོས་སུ་ཡོད་པའི་ཕྱིར་ཐོས་ཞེས་བྱ་བར་འོས་པ་ཡིན་ཏེ། སྤར་ཁབ་ལས། རྣམ་པར་ཤེས་པའི་རྒྱལ་པོ་དང་། རྡོ་རྗེ་མཐོང་བ་ལ་སོགས་པས་ཕྱིན་ཅི་མ་ལོག་པར་གོ་བ་ནི་བརྗོད་པ་དང་འདྲ་བའི་ཕྱིར། འཁོར་ལ་བཤད་དོ་བར་ཐ་སྙད་དུ་འདོགས་སོ། །ཞེས་པས། རྣམ་ཤེས་ཚོགས་བརྒྱད་ལ་སོགས་པའི་རྟོག་པ་རྡོ་རྗེ་སེམས་དཔའ་ལ་སོགས་པར་ཕྱིན་ཅི་མ་ལོག་པར་གོ་བས་བཤད་ཅེས་པའི་སྒྲ་སྟེ། ཐུན་མོང་མ་ཡིན་པའི་གླེང་གཞིའོ། །ཞེས་གསུང་། ཉེའུ་སྟོན་ཆོས་ཀྱི་སེང་གེ་ན་རེ། འགྲེལ་པ་རྣམས་བཤད་ནས་ལོངས་སྤྱོད་རྫོགས་སྐུས་དགོངས་པ་བརྡའི་བཤད་པ། སྡུད་པ་པོས་མ་ཕྲི་མ་བསྣན་པར་མི་ཡུལ་དུ་བཤད་པས། ཐུན་མོང་མ་ཡིན་པའི་གླེང་གཞིར་གསུངས་པ་ཡིན་པས། བཤད་ཅེས་པ་ལ་གླེང་གཞི་ལོག་པའི་སྐྱོན་མེད་གསུང་ངོ་། །ཡང་ལ་ལ་དག་ན་རེ། མདོར་བསྟན་གྱི་རྗེས་སུ་རྒྱས་བཤད་འཇུག་གམ་མི་འཇུག །མི་འཇུག་ན་མདོར་བསྟན་དོན་མེད་དུ་ཐལ། འཇུག་ན་མདོར་བསྟན་ལ་ལྔ་བྱུང་ལ། རྒྱས་བཤད་ལ་གསུམ་ལས་མ་བྱུང་བས་འགལ་ཟེར་ན། མདོར་བསྟན་གྱི་རྗེས་སུ་རྒྱས་བཤད་འཇུག་གོ། །གོང་གི་སྐྱོན་མི་འོང་ངམ་ཞེ་ན། མི་འོང་སྟེ། འདི་སྐད་བཤད་པའི་དུས་ན། ཞེས་པ་ནི། ཐུན་མོང་མ་ཡིན་པའི་གླེང་གཞི་ཡིན་ལ། འོག་མ་རྣམས་ཐུན་མོང་ཁྱད་པར་གྱི་གླེང་གཞིའོ། །སྤར་ཁབ། མངོན་རྟོགས། པིན་ཏརྠ། གང་གིས་ཀྱང་མདོ་རྒྱས་སུ་བཞག་པ་མེད་དོ། །བླ་མ་གོང་མ་རྣམས་གནས་སྐབས་བཤད་པ་དེ་བས། མདོ་རྒྱས་མཇུག་བསྡུ་བ་གསུམ་དུ་གསུང་ཡང་། རྩོད་པའི་དབང་དུ་གོང་གིས་སེལ་ལོ། །ཡང་ན་བསྟན་པ་ནི། སྟོན་པའི་ཐུགས་ལས་རྫོགས་ཤིང་། དུས་ནི་སྟོན་འཁོར་གནས་གསུམ་ནམ་འཛོམ་པས་ཏེ། སྔར་བཤད་པའི་ཡེ་ཤེས་རྫོགས་ལུང་གིས་གསལ་ལོ། །གཉིས་པ་རྒྱུད་ཁྱད་པར་གྱི་གླེང་གཞིའམ་གླེང་གཞི་རྒྱས་པར་བསྟན་པ་ལ་སྤྱི་དོན་གསུམ་སྟེ། གང་གིས་གསུངས་པའི་སྟོན་པ་ཕུན་སུམ་ཚོགས་པ་དང་། གང་དུ་གསུངས་པའི་གནས་ཕུན་སུམ་ཚོགས་པ་དང་། གང་ལ་གསུངས་པའི་འཁོར་ཕུན་སུམ་ཚོགས་པ་རྒྱས་པར་བསྟན་པའོ། །སྤྱི་དོན་དང་པོ་གང་གིས་གསུངས་པའི་སྟོན་པ་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། སྟོན་པའི་རང་བཞིན་བདུན་བསྟན་པ་དང་། སྟོན་པའི་ངོ་བོ་དང་འཆད་པའི་སྐྱེས་བུའི་མཚན་ཐུན་མོང་དུ་བསྟན་པའོ། །དང་པོ་སྟོན་པའི་རང་བཞིན་བདུན་བསྟན་པ་ནི། དེ་བཞིན་གཤེགས་པ༴ དབྱེར་མེད་པའི་རང་བཞིན་ཏེ། ཞེས་པ་དེར་གདའ་ཞིང་། འདི་ལ་འགྲེལ་པ་སྤར་ཁབ་ཀྱི་ལུགས་ཀྱིས་སྟོན་པའི་རང་བཞིན་བདུན་དུ་བཤད་དེ། དེ་ཉིད་ལས། རྒྱལ་བ་དྲུག་པའི་ཡོན་ཏན་མཐའ་ཡས་པ་ཡང་མདོར་བདུན་དུ་བསྡུ་སྟེ། ཞེས་སོ། །ཁོག་གཞུང་གསལ་བའི་སྒྲོན་མེ་ལས། སྟོན་པའི་རང་བཞིན་བརྒྱད་དང་ལྡན། །བདག་ཉིད་བྱེད་པ་ཀུན་ཏུ་བཟང་། །ཞེས་པས། སྟོན་པའི་རང་བཞིན་བརྒྱད་དུ་བཤད། བི་མ་ལའི་འགྲེལ་ཆུང་པིན་ཏརྠ་ལྟར་ན། བྱང་ཆུབ་ཆེན་པོའི་རང་བཞིན་དང་། །ཆོས་རྣམས་རོལ་པའི་ལོངས་སྤྱོད་དང་། །ཕྱོགས་དུས་བདེ་གཤེགས་བདག་པོ་དང་། །ཆོས་སོ་ཅོག་དང་དབྱེར་མེད་པ། །སྟོན་པའི་རང་བཞིན་རྣམ་པ་བཞི། །ཞེས་པས། སྟོན་པའི་རང་བཞིན་བཞིར་བཤད་ལ། བླ་མ་བརྒྱུད་པའི་གདམས་ངག་ལྟར་ན། སྟོན་པ་མྱ་ངན་ལས་འདས་པ་དང་དབྱེར་མི་ཕྱེད་པའི་རང་བཞིན་དང་། སྟོན་པ་འཁོར་བ་དང་དབྱེར་མེད་མི་ཕྱེད་པའི་རང་བཞིན་གཉིས་སུ་བཞེད་དོ། །དེ་ལ་གཞུང་གི་སྟེང་དུ་འབྲུ་བསྣན་ན། དེ་བཞིན་གཤེགས་པ་ཞེས་པས། གཉིས་སུ་མེད་པའི་རིག་པ་རང་བྱུང་གི་ཡེ་ཤེས་ནི་མ་བཅོས་པར་ཡོན་ཏན་ལྷུན་གྱིས་གྲུབ་པའི་ཕྱིར་དེ་བཞིན་ཉིད། ནར་སོན་པ་ནི་ངོ་བོ་ཉིད་དུ་གྱུར་པས། གཟུང་འཛིན་གཉིས་དང་བྲལ་བའི་ཕྱིར་གཤེགས་པའོ། །དེ་ཡང་རྒྱས་པ་ལས། དེ་བཞིན་ཉིད་དུ་གཤེགས་པ་ཡང་། །སྣ་ཚོགས་ཞེན་ལས་གྲོལ་བར་ཟད། །ཅེས་སོ། །ཡང་ན་གཞི་ཇི་ལྟ་བ་དེ་བཞིན་དུ་གཤེགས་པ་ནི་རྟོགས་པའོ། །དེ་ཀ་ལ་འགྲེལ་པ་སྤར་ཁབ་ལྟར། སྟོན་པའི་རང་བཞིན་བདུན་གྱི་དབང་དུ་བྱེད་ན། གཞི་ཇི་ལྟ་བ་བཞིན་དུ་ནར་སོན་པའི་རང་བཞིན་ནོ། །ཡང་དག་པར་རྫོགས་པའི་ཞེས་པས། གཉིས་སུ་མེད་པར་རང་བྱུང་གི་ཡེ་ཤེས་ནི་རིལ་གྱི་ངོ་བོར་གྱུར་པས་སྤང་བྱ་མི་དམིགས་པའི་ཕྱིར་ཡང་དག་པའོ། །དེ་ཉིད་ཀྱི་ཕྱིར་འབྲས་བུ་མ་བཙལ་བར་ལྷུན་གྱིས་གྲུབ་པར་རང་སྣང་དུ་བཞུགས་པ་ནི་རྫོགས་པའོ། །འི་ནི་དྲུག་པ་འབྲེལ་བ་སྟོན་པའི་སྒྲའོ། །དེ་ཀ་ལ་འགྲེལ་པ་སྤར་ཁབ་ཀྱིས། ཡོན་ཏན་ཐམས་ཅད་མ་བཙལ་བར་ལྷུན་གྱིས་གྲུབ་པའི་རང་བཞིན་ནོ། །ཁོག་གཞུང་ལྟར་ན་སྤར་ཁབ་ཀྱི་བདུན་གྱི་སྟེང་དུ། ཡང་དག་པའི་རང་བཞིན་དང་། རྫོགས་པའི་རང་བཞིན་གཉིས་སུ་བཞེད་དོ། །སངས་རྒྱས་ཞེས་པས། ས་པ་ལ་སོགས་པའི་ལྟ་བ་ངན་པ་ཐམས་ཅད་སངས་ནས། རང་བྱུང་གི་ཡེ་ཤེས་ཀུན་ཏུ་བརྡལ་ཏེ་ཡེ་ཤེས་བླ་མའི་ས་གནོན་ཅིང་མངོན་དུ་བྱས་པས་ན་རྒྱས་པའོ། །ཡང་ན་ཉོན་མོངས་པ་སངས་ཤིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱས་པའོ། །དེ་ཡང་རྣམ་བཤད་ལས། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ནི་བློ་རྒྱས་ཕྱིར། །ཞེས་སོ། །འདི་ལ་སྤར་ཁབ་ལྟར། ལྟ་ངན་སངས་ཤིང་ཡེ་ཤེས་རྒྱས་པའི་རང་བཞིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། ཉོན་མོངས་པ་ལ་སོགས་པའི་མི་མཐུན་པའི་བདུད་བཞི་པོ་ཉིད་རང་རིག་ཏུ་གསལ་བས་བཅོམ། དེ་དག་འབྲས་བུར་མངའ་མཛད་པས་ཆེ་བའི་ཡོན་ཏན་དང་ལྡན། ངོ་བོ་ཉིད་འདི་འདྲར་མི་རྙེད་པས་སྤྱོད་ཡུལ་དུ་བྱར་མེད་པའི་ཕྱིར་བློ་ལས་འདས་པའོ། །འདི་ལ་སྤར་ཁབ་ལྟར། བདུད་བཞི་འབྲས་བུར་མངའ་མཛད་ཀྱང་ངོ་བོ་བསྟན་དུ་མེད་པའི་རང་བཞིན་ནོ། །འདི་ཡན་ཆད་ལ་འགྲེལ་ཆུང་པིན་ཏརྠ་ལྟར་ན། བྱང་ཆུབ་ཆེན་པོའི་རང་བཞིན་དང་། །ཞེས་པའི་དོན་ནོ། །ལོངས་སྤྱོད་ཆེན་པོ་ཞེས་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་དངོས་པོ་གཉིས་ལ་ལོངས་སྤྱོད་ཀྱང་བདག་ཉིད་ཆེན་པོའི་ཕྱིར། བླང་དོར་གྱི་སྤྱོད་ཡུལ་དང་བྲལ་ཏེ་འཛིན་པ་མེད་པས་ན། གཞན་ལས་ཁྱད་པར་དུ་གྱུར་པ་ཆེན་པོ། འདི་ལ་སྤར་ཁབ་ལྟར། ཐམས་ཅད་ཀྱི་རོ་མྱོང་ཡང་ཡུལ་དང་བྲལ་བའི་རང་བཞིན་ནོ། །འགྲེལ་ཆུང་ལྟར་ན། ཆོས་རྣམས་རོལ་པའི་ལོངས་སྤྱོད་དང་། །ཞེས་པའི་དོན་ནོ། །ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད། ཅེས་པ་ནི། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་བརྗོད་པ་ལས་འདས་པ་ཡང་མདོར་བསྡུ་ན་ཉི་ཤུ་རྩ་ལྔར་འདུས་ཏེ། དེ་ཡང་རྟེན་བྱེད་པའི་ངོས་ནས་སྐུ་ལྔ་དང་། བརྡ་སྤྲོད་པའི་ངོས་ནས་གསུང་ལྔ་དང་། ཐམས་ཅད་མཁྱེན་པའི་ངོས་ནས་ཐུགས་ལྔ། འདི་ན་མེད་ཀྱང་ལུང་གྲ་ཆག་ལས། ཉལ་བ་བསླངས་པ་བཤད་པ་མཁན་པོའི་གཉེར་ཡིན་པས། ཡོན་ཏན་ཕྲིན་ལས་ཀྱང་འཇུག་སྟེ། འདོད་རྒུ་འབྱུང་བའི་ངོས་ནས་ཡོན་ཏན་ལྔ། བྱ་བ་བྱེད་པའི་ངོས་ནས་ཕྲིན་ལས་ལྔ། དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ་ཉི་ཤུ་རྩ་ལྔ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་རང་བཞིན་དབྱེར་མི་ཕྱེད་པ་རྡོ་རྗེའི་བདག་ཉིད་དུ་གཅིག་པའི་ཕྱིར། རིགས་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོའོ། །དེ་བཞིན་དུ་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ་ཉི་ཤུ་རྩ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་། མཚན་ཉིད་སྐྱེ་འཇིག་མེད་པ་རྡོ་རྗེའི་བདག་ཉིད་དུ་གཅིག་པའི་ཕྱིར། རིགས་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོའོ། །ཡང་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ་ཉི་ཤུ་རྩ་ལྔ་ལ་སོགས་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་ངོ་བོ་འདུས་མ་བྱས་པ་རྡོ་རྗེའི་བདག་ཉིད་དུ་གཅིག་པའི་ཕྱིར། རིགས་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོའོ། །འདི་ལ་སྤར་ཁབ་ལྟར། འབྲས་བུ་མཐར་ཕྱིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོའི་རང་བཞིན་ནོ། །འགྲེལ་ཆུང་གིས། ཕྱོགས་དུས་བདེ་གཤེགས་བདག་པོ་དང་། །ཞེས་པའི་དོན་ནོ། །དེ་ཡན་ཆད་ལ་བླ་མ་བརྒྱུད་པའི་གདམས་ངག་ལྟར་ན། སྟོན་པ་མྱ་ངན་ལས་འདས་པ་དང་དབྱེར་མི་ཕྱེད་པའི་རང་བཞིན་ཞེས་བཞེད་དོ། །མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཞེས་པས། ཁམས་ཀྱི་སྒོ་ནས་བཞག་ན་མ་ལུས་ནི་འདོད་ཁམས། མི་ལུས་ནི་གཟུགས་ཁམས། ལུས་པ་མེད་པ་ནི་གཟུགས་མེད་ཀྱི་ཁམས་ཏེ། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་གྱིས་བསྡུས་པའི་སེམས་ཅན་དང་། ཆོས་ཐམས་ཅད་དང་། རྒྱུད་ཀྱི་བདག་པོ་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོ་ཀུན་རྫོབ་རིག་པ་སྒྱུ་མ་ལ་སོ་སོ་མ་ཡིན། དོན་དམ་མ་སྐྱེས་པ་ལ་ཐ་མི་དད། བདེན་པ་གསུམ་པ་དབྱེར་མེད་པའི་རང་བཞིན་ནོ། །དུས་ཀྱི་སྒོ་ནས་བཞག་ན། མ་ལུས་ནི་འདས་པ། མི་ལུས་ནི་ད་ལྟར། ལུས་པ་མེད་པ་ནི་མ་འོངས་པ་སྟེ། འདས་ད་ལྟར་མ་འོངས་གསུམ་གྱིས་བསྡུས་པའི་སེམས་ཅན་དང་ཆོས་ཐམས་ཅད་དང་། རྒྱུད་ཀྱི་བདག་པོ་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོ། ཀུན་རྫོབ་རིག་པ་སྒྱུ་མ་ལ་སོ་སོ་མ་ཡིན། དོན་དམ་མ་སྐྱེས་པ་ལ་ཐ་མི་དད། བདེན་པ་གསུམ་པ་དབྱེར་མེད་པའི་རང་བཞིན་ནོ། །གནས་ཀྱི་སྒོ་ནས་བཞག་ན། མ་ལུས་ནི་ས་བླ། མི་ལུས་ནི་ས་འོག །ལུས་པ་མེད་པ་ནི་ས་སྟེང་སྟེ། ས་བླ་ས་འོག་ས་སྟེང་གསུམ་གྱིས་བསྡུས་པའི་སེམས་ཅན་དང་ཆོས་ཐམས་ཅད་དང་། རྒྱུད་ཀྱི་བདག་པོ་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོ། ཀུན་རྫོབ་རིག་པ་སྒྱུ་མ་ལ་སོ་སོ་མ་ཡིན། དོན་དམ་མ་སྐྱེས་པ་ལ་ཐ་མི་དད། བདེན་པ་གསུམ་པ་དབྱེར་མེད་པའི་རང་བཞིན་ནོ། །འདི་ལ་སྤར་ཁབ་ལྟར། སྟོན་པ་དུས་གསུམ་འདུ་འབྲལ་མེད་པ། འཁོར་བའི་ཆོས་དང་རྒྱ་ཆད་མེད་པར་འབྲེལ་བའི་རང་བཞིན་ནོ། །འགྲེལ་ཆུང་གིས། ཆོས་སོ་ཅོག་དང་དབྱེར་མེད་པ། །ཞེས་པའི་དོན་ཡིན་ལ། བླ་མ་བརྒྱུད་པའི་གདམས་ངག་ལྟར་ན། སྟོན་པ་འཁོར་བ་དང་དབྱེར་མེད་པའི་རང་བཞིན་ཞེས་བཞེད་དོ། །ཏེ་ཞེས་པ་ནི་སྐྱོན་ཅན་གྱི་ཚིག་དང་། བསྟན་བྱ་ལྷག་མ་ཅན་གྱི་ཚིག་གཉིས་ལས། འདི་ནི་ལྷག་མ་ཅན་གྱི་ཚིག་སྟེ། གང་ཞེ་ན། སྔར་བསྟན་པ་རྣམས་ནི་སྟོན་པའི་རང་བཞིན་ཡིན་ལ། ལྷག་མ་སྟོན་པའི་ངོ་བོ་དང་འབྲེལ་བ་སྟེ་འོག་ནས་སྟོན། དེ་ཅིའི་ཕྱིར་ཞེ་ན། རས་ཆོད་ཅན་དང་ཟུ་ལུམ་ཅན་དགག་པའི་ཕྱིར། རྒྱུད་དཀྲུགས་ལུང་གཅུས་མན་ངག་གབ་པའི་ཚུལ་དུ་གནས་པ་ལས། སྐལ་བ་དང་ལྡན་པ་ལ་འཆད་པའི་ཚེ། རྒྱུད་དཀྲུགས་པ་སྡེབ། ལུང་གཅུས་པ་བསྲངས། མན་ངག་གབ་པ་མངོན་དུ་ཕྱུང་ནས་འཆད་དགོས་ཏེ། གསང་སྔགས་འཆད་ཚུལ་ཉེས་པའི་སྐྱོན་བརྒྱད་ཀྱི་དབང་དུ་མི་བཏང་བའི་ཕྱིར་རོ། །རྒྱུ་སྐྱོན་བརྒྱད་ནི། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པ་ཁྱད་པར་མེད་པར་བཤད་ན། སྔགས་ཁྱད་པར་གྱི་དོན་ལས་གོལ་ཏེ། རྡོ་རྗེ་ཐེག་པ་ན་བབས་ཀྱི་བཤད་པར་འགྲོ་བའི་སྐྱོན་དང་། སྔགས་ཕྱི་ནང་ཁྱད་པར་མེད་པར་བཤད་ན། བསྙེན་སྒྲུབ་ཁྱད་པར་གྱི་བསྙེན་སྒྲུབ་བཞིའི་དོན་ལ་གོལ་ཏེ། ཞེས་འགའ་ཞིག་ཏུ་སྣང་། དོན་ལ་གོལ་ཏེ། ཡོ་ག་འབྲོག་འཆོལ་བའི་བཤད་པར་འགྲོ་བའི་སྐྱོན་དང་། འགྲེལ་ཚུལ་གཉིས་དང་མ་འབྲེལ་ན། སྨྱོན་པའི་བསྙོན་ཚིག་བཞིན་རང་དགའ་ལྟ་བུའི་བཤད་པར་འགྲོ་བའི་སྐྱོན་དང་། སྤྱི་དང་ཁྱད་པར་གྱི་དགོས་ཆེད་གཉིས་དང་མི་ལྡན་པར་བཤད་ན། དོན་མེད་འཆལ་བའི་བཤད་པར་འགྲོ་བའི་སྐྱོན་དང་། རྟོག་གེས་ཐེ་ཚོམ་གྱི་གེགས་སེལ་མ་ཤེས་ན། མཛངས་པ་ལྕེ་རྡུམ་གྱི་བཤད་པར་འགྲོ་བའི་སྐྱོན་དང་། མི་མཐུན་པའི་ཚིག་དོན་སྡེབ་མ་ཤེས་ན། ཤེས་རབ་ལོང་བའི་བཤད་པར་འགྲོ་བའི་སྐྱོན་དང་། མངོན་པར་རྟོགས་པའི་གོ་རིམ་སྡེབ་མ་ཤེས་ན། བདུད་རྩི་རོ་ཉམས་ཀྱི་བཤད་པར་འགྲོ་བའི་སྐྱོན་དང་། གོང་འོག་གི་འཁྲུགས་སྡེབ་མ་ཤེས་ན། རིན་པོ་ཆེའི་བསྟར་འཆོལ་བ་ལྟ་བུའི་བཤད་པར་འགྲོ་བའི་སྐྱོན་ནོ། །དེ་ཡང་དཔེར་ན་རིན་པོ་ཆེ་བསྟར་འཆོལ་ན་མི་མཛེས་པ་ལྟར་རྒྱུད་འཁྲུགས་སྡེབ་མ་ཤེས་ན། རྒྱུད་ཀྱི་དོན་མི་ཤེས་ཤིང་ལོག་རྟོག་ཏུ་འགྲོ་བས། དེའི་སྐྱོན་སྤང་བའི་ཕྱིར། གོང་འོག་གི་འཁྲུགས་སྡེབ་ནས། སྟོན་པའི་རང་བཞིན་དང་། སྟོན་པའི་ངོ་བོ་གཉིས་བར་མ་ཆད་པར་འཆད་པར་བྱེད་དོ། །གཉིས་པ་སྟོན་པའི་ངོ་བོ་དང་འཆད་པའི་སྐྱེས་བུའི་མཚན་ཐུན་མོང་དུ་བསྟན་པ་ལ་དྲུག་སྟེ། སྟོན་པ་ཆོས་ཀྱི་སྐུ་དང་ལྡན་པའམ་སྐུ་དང་ཞལ་གྱི་དོན་བསྟན་པ་དང་། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་ལྡན་པའམ་རྒྱན་གྱི་དོན་བསྟན་པ་དང་། སྟོན་པ་སྤྲུལ་པའི་སྐུ་དང་ལྡན་པའམ་མཛད་པའི་དོན་བསྟན་པ་དང་། ཞབས་དང་ཞབས་ཀྱི་བཞུགས་ཚུལ་གྱི་དོན་བསྟན་པ་དང་། ཕྱག་དང་ཕྱག་མཚན་གྱི་དོན་བསྟན་པ་དང་། དབུའི་དོན་བསྟན་པའོ། །དང་པོ་སྟོན་པ་ཆོས་ཀྱི་སྐུ་དང་ལྡན་པའམ་སྐུ་དང་ཞལ་གྱི་དོན་བསྟན་པ་ནི། སྐུ་མདུན་དང་རྒྱབ་མེད་པ་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་ཞེས་པས། རྒྱལ་བ་དྲུག་པ་ལ་སོགས་པའི་སྐུ་ནི་རང་བྱུང་གི་ཡེ་ཤེས་ཁོ་ནའི་ཕྱིར་མདུན་དང་རྒྱབ་གཉིས་རང་རྒྱུད་དུ་གྲུབ་པ་མེད་པ་ཡིན་ཏེ། དེ་ཡང་དབྱིངས་ལ་ཐུག་པ་མེད་པའི་རྟགས་སུ་མདུན་རང་རྒྱུད་དུ་གྲུབ་པ་མེད། ཡེ་ཤེས་ལ་འགག་པ་མེད་པའི་རྟགས་སུ་རྒྱབ་རང་རྒྱུད་དུ་གྲུབ་པ་མེད། དབྱིངས་དང་ཡེ་ཤེས་གཉིས་ཀའི་དོན་ཅིས་ཀྱང་མ་བསྒྲིབས་པར་གསལ་བའི་རྟགས་སུ། གདུལ་བྱའི་སྣང་བ་ལ་ཕྱོགས་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་སྣང་བའོ། །འདི་ལ་ཁ་ཅིག་ན་རེ། སྐབས་འདིར་མི་མཐུན་པའི་ཚིག་དོན་བྱུང་སྟེ། དེ་ཡང་མི་མཐུན་པའི་ཚིག་དོན་སྡེབ་མ་ཤེས་ན་ཤེས་རབ་ལོང་བའི་བཤད་པར་འགྲོ་བའི་སྐྱོན་སྤང་བའི་ཕྱིར། མི་མཐུན་པའི་ཚིག་དོན་སྡེབ་པ་ནི། སྐུ་མདུན་དང་རྒྱབ་མེད་པ་དང་། ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་བ་འགལ་ལོ་ཞེ་ན། དེའི་སྐྱོན་སེལ་ལུགས་གཉིས་ཏེ། དང་པོ་དོན་དུ་མི་འགལ། རྟགས་སུ་མི་འགལ་ཏེ། དབྱིངས་ལ་ཐུག་པ་མེད་པ་ནི་དོན་ཡིན་ལ། རྟགས་དེ་བཞིན་གཤེགས་པའི་སྐུ་ལ་མདུན་རང་རྒྱུད་པ་མེད། ཡེ་ཤེས་ལ་འགག་པ་མེད་པ་ནི་དོན་ཡིན་ལ། རྟགས་དེ་བཞིན་གཤེགས་པའི་སྐུ་ལ་རྒྱབ་རང་རྒྱུད་པ་མེད། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཅིས་ཀྱང་མ་བསྒྲིབས་པར་གསལ་བ་དོན་ཡིན་ལ། རྟགས་ཐམས་ཅད་དུ་ཞལ་ཐལ་ལེ་བ་གསལ་བ་ཡིན་པས་མི་འགལ། གཉིས་པ་སྣང་བ་གཉིས་སུ་ཆ་ཕྱེ་ན་ཡང་མི་འགལ་ཏེ། སྐུ་མདུན་དང་རྒྱབ་མེད་པར་དེ་བཞིན་གཤེགས་པའི་སྣང་བ་ཡིན་ལ། ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་བ་ནི་གདུལ་བྱའི་སྣང་བ་ཡིན་པས་མི་འགལ་ལོ། །གཙང་པ་བྱི་སྟོན་ན་རེ། སྐུ་མདུན་དང་རྒྱབ་མེད་པ་ཀས་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་བ་ཡིན་ལ། མདུན་རྒྱབ་གཉིས་སུ་ཡོད་ན་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་བ་མི་འོང་གསུང་། གཉིས་པ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་ལྡན་པའམ་རྒྱན་གྱི་དོན་བསྟན་པ་ནི། མཚན་དང་དཔེ་བྱད་དུ་ལྡན་པ། ཞེས་པ་དེར་གདའ་ཞིང་། འདི་ལ་སྤྱིར་ཐུན་མོང་གི་མཚན་དཔེ་དང་། ཐུན་མོང་མ་ཡིན་པ་མཆོག་གི་མཚན་དཔེ་གཉིས་ལས། དང་པོ་ཐུན་མོང་གི་མཚན་དཔེའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ནི། མངོན་རྟོགས་རྒྱན་ལས། ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲྭ་བས་འབྲེལ་བ་དང་། །ཕྱག་དང་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང་། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་྄ཕྱོགས། །བྱིན་པ་ཨེ་ན་ཡ་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་ལྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེ་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི། །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་སོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམས། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པར་དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །སྐུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་ལྟ་ན་སྡུག་པ་དང་། །སྐུ་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །ཕྱག་རིང་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམ་པ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་སྙན་འཇམ་དང་མཆེ་བ་ནི། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་དག་པ་ཉིད་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །དཔྲལ་བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་མ་འཛིངས་དང་། །མི་གཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་གྱི་བེའུ་བཀྲ་ཤིས་ནི། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་སོ། །འདི་རྣམས་ལ་ཐུན་མོང་གི་མཚན་དཔེར་འཇོག་པའི་རྒྱུ་མཚན་ནི། སངས་རྒྱས་ལོངས་སྐུ་དང་སྤྲུལ་སྐུ་དང་། སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པ་ལའང་ཡོད་པའི་ཕྱིར་ཐུན་མོང་གི་མཚན་དཔེ་སྟེ། འོ་ན་དེ་རྣམས་ལ་ཁྱད་པར་མེད་དམ་ཞེ་ན། རིན་པོ་ཆེའི་ཕྲེང་བ་ལས། འཁོར་ལོ་སྒྱུར་བ་ཐམས་ཅད་ལ། །འདི་དག་ཡོད་པར་འདོད་མོད་ཀྱིས། །དག་དང་མཛེས་དང་གསལ་བ་ནི། །སངས་རྒྱས་རྣམས་ཀྱི་ཆར་མི་ཕོད། །ཅེས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་མཆོག་གི་མཚན་དཔེ་ལ་ཕྱི་ནང་གསང་བ་གསུམ་སྟེ། ཕྱིའི་མཚན་དཔེ་ནི་ལྷ་ལ་རྩི་བ་སྟེ། དྲུག་པ་ཀུན་ཏུ་བཟང་པོའི་ཐུགས་རིག་པ་རང་བྱུང་གི་ཡེ་ཤེས་ཐབས་ཀྱི་སྣང་ཆ་ལས་སེམས་དཔའ་བཅུ་དྲུག །དབྱིངས་རྣམ་པར་དག་པ་ཤེས་རབ་ཀྱི་སྣང་ཆ་ལས་སེམས་མ་བཅུ་དྲུག་སྟེ། དེ་ལྟར་སུམ་ཅུ་རྩ་གཉིས་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སོ། །འོ་ན་ཕྱི་ནང་གི་སེམས་དཔའ་ཡབ་ཡུམ་བཅུ་དྲུག་ཏུ་བཤད་པ་ལ་སོ་གཉིས་ཇི་ལྟར་འབྱུང་སྙམ་ན། རྒྱུ་སྐལ་བཟང་གི་སེམས་དཔའ་ཡབ་ཡུམ་བཅུ་དྲུག་དང་། འབྲས་བུ་དཔེ་བྲལ་གྱི་སེམས་དཔའ་ཡབ་ཡུམ་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་སོ། །དེ་ལྟར་འབྲས་བུའི་སེམས་དཔའ་ཡབ་ཡུམ་བཅུ་དྲུག་པོ་རེ་རེ་ལ་ཡང་དབུ་རྒྱན་རིགས་ཀྱི་ལྷ་ལྔ་ལྔ་དང་ལྡན་པ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །དེ་ཡང་འགྲེལ་ཆུང་ལས། སེམས་དཔའ་སེམས་མར་ཡང་དག་ལྡན། །བཅུ་དྲུག་རྒྱས་བཏབ་དཔེ་བྱད་དང་། །ཞེས་སོ། །སྤྱི་མདོ་ལས། མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུས་སྤྲས་པའི་ཕྱིར་སྲས་ཀྱི་ཚོགས་ཀྱིས་ཀུན་ནས་བརྒྱན་པའོ། །ཞེས་དང་། འདི་ཉིད་ཀྱི་ལེའུ་དྲུག་པ་ལས། །མཚན་དང་དཔེ་བྱད་ཐམས་ཅད་རྫོགས། །སྤྱོད་ཡུལ་ཀུན་ཏུ་མཎྜ་ལ། །ཞེས་གསུངས་སོ། །འོ་ན་དེ་ལྟར་སེམས་དཔའ་སེམས་མ་སུམ་ཅུ་རྩ་གཉིས་པོ་དེ་འཁོར་དུ་འདུག་པ་ལ་རྒྱན་དུ་ཅིས་འགྱུར་ཞེ་ན། རྒྱན་གྱི་དོན་ནི་མཛེས་པར་བྱེད་པ་ཡིན་ལ། འདིར་ལོངས་སྤྱོད་རྫོགས་པའི་སྐུ་མཛེས་པར་བྱེད་པ་སེམས་དཔའ། སེམས་དཔའ་མཛེས་པར་བྱེད་པ་དབུ་རྒྱན་ཏེ། དཔེར་ན་སློབ་དཔོན་མཛེས་པར་བྱེད་པ་གྲྭ་པ། གྲྭ་པ་མཛེས་པར་བྱེད་པ་ཐང་ཞུ་ལྟ་བུ་ཡིན་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །ནང་གི་མཚན་དཔེ་ནི་འཁོར་ལོ་བཞིའི་རྩ་གནས་ལ་རྩི་སྟེ། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ལ་རྩ་འདབ་སུམ་ཅུ་རྩ་གཉིས་ཡོད་པ་ནི་མཚན་སུམ་ཅུ་རྩ་གཉིས་དང་། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་རྩ་འདབ་བཅུ་དྲུག །སྙིང་ག་ཆོས་ཀྱི་འཁོར་ལོ་ལ་རྩ་བའི་རྩ་འདབ་བཞི། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་རྩ་འདབ་དྲུག་ཅུ་རྩ་བཞིའི་བཞི་ནས་རླུང་མི་རྒྱུ་བས་མ་བགྲངས་པས་བརྒྱད་ཅུ་ནི་དཔེ་བྱད་བརྒྱད་ཅུའོ། །དེ་ཡང་ཐལ་རྒྱུད་ལས། སྒྲ་དབྱངས་གསུང་གི་གནས་བཞི་ཡི། །དབྱེ་བས་གསུམ་གསུམ་ངོས་གཉིས་དང་། །བཞི་བཅུ་གཉིས་སུ་གྱུར་པ་ཡིན། །ཞེས་སོ། །གསང་བའི་མཚན་དཔེ་ནི། ཡབ་ཡུམ་གྱི་དགའ་བ་ལ་རྩི་སྟེ། སྟོན་པ་ཡབ་ཡུམ་གཉིས་རོལ་པའི་དུས་སུ། ཡབ་ལ་དགའ་བ་བཅུ་དྲུག་རིམ་གྱིས་སྐྱེ། ཡུམ་ལ་དགའ་བ་བཅུ་དྲུག་ཅིག་ཅར་དུ་སྐྱེ་བ་ནི་མཚན་སུམ་ཅུ་རྩ་གཉིས་སོ། །འོ་ན་དགའ་བཞིར་གསུངས་པ་ལ་བཅུ་དྲུག་ཏུ་ཇི་ལྟར་འགྱུར་ཞེ་ན། བླ་མ་གོང་མ་རྣམས། དགའ་བའི་དགའ་བ། དགའ་བའི་མཆོག་དགའ། དགའ་བའི་དགའ་བྲལ། དགའ་བའི་ལྷན་ཅིག་སྐྱེས་དགའ་ལ་སོགས་པ་དགའ་བ་རེ་རེ་ལའང་བཞི་བཞི་སྟེ་བཅུ་དྲུག་ཏུ་བཞེད་དོ། །ཡབ་ཀྱི་དགའ་བ་བཅུ་དྲུག་པོ་རེ་རེལའང་ཡེ་ཤེས་ལྔ་ལྔའི་བདེ་བ་དང་ལྡན་པ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །དེ་ཡང་རྒྱ་མཚོ་ལས། ཨཱ་ལི་ཀཱ་ལིའི་བདེ་བ་ཉིད། །ཕན་ཚུན་མ་འདྲེས་གཅིག་པར་ཤེས། །བཅུ་དྲུག་ངོས་གཉིས་མཚན་དང་ལྡན། །ཕྱོགས་གཅིག་ཡེ་ཤེས་ལྔ་ལྡན་པ། །བརྒྱད་ཅུའོ་བཟོད་སོགས་རྒྱུ་ལས་འཕགས། །ཞེས་དང་། ཐལ་རྒྱུད་ལས། དུས་གཅིག་རོ་མཉམ་ཐིག་ལེ་ཆེ། །སུམ་ཅུ་རྩ་གཉིས་མཚན་རྫོགས་ཤིང་། །ཟླ་བའི་ཡེ་ཤེས་ལྔ་བཅུ་དྲུག །དཔེ་བྱད་ལ་སོགས་དཔག་ཏུ་མེད། །ཅེས་སོ། །འོ་ན་ནང་དང་གསང་བའི་མཚན་དཔེ་རྩ་དང་ཁམས་ཀྱི་རང་བཞིན་དུ་འདུག་པ་ལ་རྒྱན་དུ་ཅི་འགྱུར་ཞེ་ན། ལོངས་སྤྱོད་རྫོགས་པའི་སྐུ་ལ་རྩ་ཁམས་རྣམ་པར་དག་པ་བདེ་བ་ཆེན་པོའི་རང་བཞིན་དུ་རོ་མཉམ་པ་ནི། མཛེས་པའི་ནང་ནས་མཛེས་པ་ཆེན་པོ་སྟེ། རྒྱན་གྱི་ནང་ནས་མཆོག་ཡིན་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །དེ་ལྟར་ཕྱི་ནང་གསང་བའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུ་སྟེ་དེ་དག་ཏུ་ལྡན་པ་ནི་སྟོན་པ་དྲུག་པ་དང་། འཆད་པའི་སྐྱེས་བུ་ཁོ་ན་ལས་གཞན་ལ་མི་མངའ་བའི་ཕྱིར་ཐུན་མོང་མ་ཡིན་པའི་མཚན་དཔེའོ། །གསུམ་པ་སྟོན་པ་སྤྲུལ་པའི་སྐུ་དང་ལྡན་པའམ་མཛད་པའི་དོན་བསྟན་པ་ནི། བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ། ཞེས་པས། ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ། སྐུ་ལྔ་ལ་སོགས་པ་དང་། གསུང་ཐེག་པ་རིམ་པ་དགུ་དང་། ཐུགས་མཁྱེན་པའི་ཡེ་ཤེས་ཚད་མེད་པ། མ་ངེས་སྣ་ཚོགས་བར་དུས་དང་གནས་སྐབས་ཀུན་ཏུ་གདུལ་བྱའི་ངོ་ལ་སྣང་བའོ། །ཞབས་ཀྱི་བཞུགས་ཚུལ་འདིའི་སྐབས་སུ། བླ་མ་ལྕེ་སྟོན་སྒྲུབ་པའི་གསུང་གིས། སྤྱིར་མ་ཧཱ་ཡོ་གའི་ལུགས་ཀྱི་སྐུ་ལྔ་ཡིན་ཏེ། གོང་མ་གསུམ་པོའང་སྐུ་གསུམ་སྦྱར་འདུག་པས། ཕྱག་ཞབས་གཉིས་ལའང་སྐུ་སྦྱར་བ་འཐད་གསུངས་ཏེ། སྟོན་པ་དབྱེར་མེད་རྡོ་རྗེའི་སྐུ་དང་ལྡན་པའམ་ཞབས་དང་ཞབས་ཀྱི་བཞུགས་ཚུལ་གྱི་དོན་བསྟན་པ་ནི། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཞེས་པས། ཐུགས་ཐིག་ལས། མིང་བཞི་ལྡན་པའི་སྐྱིལ་ཀྲུང་གནས། །ཞེས་པས་སྐྱིལ་ཀྲུང་བཞིར་བཤད་དེ། ཐབས་ཡབ་བམ་ཞབས་གཡས་པ་དང་། ཤེས་རབ་ཀྱི་སྟེ་ཡུམ་མམ་ཞབས་གཡོན་པ། ཡབ་ཡུམ་གྱི་རྡོ་རྗེ་དང་པདྨ་གཉིས་རྩེ་མོ་སྤྲད་པའི་བདེ་བ་ལ་རྒྱུ་འབྲས་རིལ་མཉམ་པར་རྫོགས་པའི་ཕྱིར། འབྲས་བུའི་མིང་རྒྱུ་ལ་བཏགས་པ་སྟེ་མཉམ་པའི་སྐྱིལ་མོ་ཀྲུང་ངོ་། །དེ་ཡང་མངོན་རྟོགས་ལས། ཐབས་ཡབ་དང་ཤེས་རབ་ཡུམ་གྱི་ཞབས་གཉིས་བསྒྲུབ་བྱའི་མིང་སྒྲུབ་བྱེད་ལ་བཏགས་ནས་སྦྱོར་བའི་སྐྱིལ་མོ་ལ་མཉམ་པའི་བརྟུལ་ཞུགས་ཞེས་བརྗོད་དེ། དེ་ལྟར་བཞུགས་པ་ནི་བཞུགས་ཚུལ་ལོ། །ཞེས་སོ། །སྟོན་པ་ཡབ་ཡུམ་མཉམ་པར་བཞག་པ་ལ། བདག་གཞན་གྱི་མཛད་པ་ཐམས་ཅད་རྫོགས་པའི་ཕྱིར་རྫོགས་པའི་སྐྱིལ་མོ་ཀྲུང་ངོ་། །ཞབས་མཐིལ་གཉིས་བརླ་སྟེང་དུ་སྟོན་པ་རྡོ་རྗེའི་ལྟེ་བའི་ཚུལ་དུ་བྱས་ཤིང་། སོར་མོ་བཅུ་རྡོ་རྗེའི་རྭའི་ཚུལ་དུ་བྱས་པ་ནི་རྡོ་རྗེའི་སྐྱིལ་མོ་ཀྲུང་ངོ་། །བདེ་བ་ཆེན་པོའི་སྤྱོད་པས་འདུལ་བའི་ཕྱིར། བྱ་བ་མ་ཡིན་པ་བརྟུལ་ནས་བྱ་བ་ལ་ཞུགས་པ་ནི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །ཞེས་གསུངས་ལ། བསྟན་པའི་མངའ་བདག་འཇམ་པའི་དབྱངས་ཆེན་པོའི་གསུང་གིས། ཐབས་ཡབ་ཀྱི་ཞབས་གཉིས་མཉམ་པའི་སྐྱིལ་མོ་ཀྲུང་དུ་བཞུགས་པ་དང་། དེ་ལ་ཤེས་རབ་ཡུམ་གྱི་ཞབས་གཉིས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་འཁྱུད་པས། རྡོ་རྗེ་དང་པདྨ་རྩ་སྤྲད་པའི་བདེ་བ་ལ་རྒྱུ་འབྲས་རིལ་མཉམ་པར་རྫོགས་པའི་ཕྱིར། བདེ་བ་ཆེན་པོའི་ངང་ལས་མི་འགྱུར་བར་བཞུགས་པའོ། །ཞེས་བྱས་ན་འཐད་གསུང་། ལྔ་པ་སྟོན་པ་མངོན་བྱང་རིག་པའི་སྐུ་དང་ལྡན་པའམ་ཕྱག་དང་ཕྱག་མཚན་གྱི་དོན་བསྟན་པ་ནི། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན། ཞེས་པས། ཡེ་ཤེས་ལྔ་རང་བྱུང་གི་ཡེ་ཤེས་དང་དྲུག་གི་དོན་རྒྱལ་བ་དྲུག་པ་ཉིད་ལ་ལྡན་པའི་རྟགས་སུ་ཕྱག་དྲུག་དང་། ཡེ་ཤེས་དྲུག་གི་གདུལ་བྱའི་དོན་མ་འགགས་པར་མཛད་པའི་རྟགས་སུ་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱའི་དབྱིབས་ནི། ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ། བར་པ་གཉིས་འཁོར་ལོ་དང རིན་པོ་ཆེ། ཐ་མ་གཉིས་པདྨ་དང་རལ་གྲི་རིགས་ཀྱི་ཁ་དོག་འོད་འབར་བ་ཅན་འཛིན་པའོ། །འདི་ལ་ཁ་ཅིག་ན་རེ། ཡེ་ཤེས་དྲུག་ཕྱག་གི་དོན་དུ་ཡང་བྱུང་ལ། ཕྱག་མཚན་གྱི་དོན་དུ་ཡང་བྱུང་བས་ལྡབས་སོ་ཞེ་ན། ཕྱག་གི་ཡེ་ཤེས་དྲུག་ནི་ཡེ་ནས་གནས་པའི་ཆ་ནས་བཞག་ལ། ཕྱག་མཚན་གྱི་ཡེ་ཤེས་དྲུག་ནི། དེས་གདུལ་བྱའི་དོན་མཛད་པའི་ཆ་ནས་བཞག་པས་ལྡབས་པའི་སྐྱོན་མེད་དོ། །དྲུག་པ་དབུའི་དོན་བསྟན་པ་འདི་ལའང་། ཡོངས་འཛིན་ཆེན་པོ་ཤཱཀྱ་འཕེལ་བའི་གསུང་གིས་སྐུ་སྦྱར་བ་འཐད་གསུང་སྟེ། དེས་ན་ཟུར་ཐམས་ཅད་མཁྱེན་པ་ཆོས་རྗེ་ཆེན་པོ་ཉིད་ཀྱི་བཞེད་ཀྱིས། སྟོན་པ་མ་འདྲེས་ཡོངས་རྫོགས་ཀྱི་སྐུ་དང་ལྡན་པའམ། དབུའི་དོན་བསྟན་པ་ནི། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ་ཞེས་པས། སྟོང་པ་ཉིད་རྣམ་པར་ཐར་པའམ་སྐུ་བསམ་གྱིས་མི་ཁྱབ་པས་དོན་མཛད་པའི་རྟགས་སུ། གཡས་ཀྱི་དབུ་དཀར་བ་ཉེས་པའི་སྐྱོན་གྱིས་མ་གོས་པ་དང་ལྡན་པ། སྨོན་པ་མེད་པ་ཉིད་རྣམ་པ་ཐར་པའམ་གསུང་བསམ་གྱིས་མི་ཁྱབ་པས་དོན་མཛད་པའི་རྟགས་སུ། གཡོན་གྱིི་དབུ་དམར་བ་གདུལ་བྱའི་དོན་ལ་ཆགས་པ་མཚོན་པ་དང་ལྡན་པ། མཚན་མ་རྣམ་པར་ཐར་པ་དང་ལྡན་པའམ་ཐུགས་བསམ་གྱིས་མི་ཁྱབ་པས་དོན་མཛད་པའི་རྟགས་སུ་དབུས་ཀྱི་དབུ་མཐིང་ཁ་ཆོས་ཉིད་མི་འགྱུར་བ་མཚོན་པ་སྟེ། དེ་ལྟར་དབུ་གསུམ་དང་ལྡན་པའོ། །འདི་ལ་བསྟན་པའི་མངའ་བདག་འཇམ་དབྱངས་ཆེན་པོ་བསམ་གྲུབ་རྡོ་རྗེའི་གསུང་གིས། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པས་དོན་མཛད་པའི་རྟགས་སུ་དབུ་གསུམ་དང་ལྡན་པ། ཞེས་བཤད་ན་དོན་འདུས་གསུང་ངོ་། །འདི་ལ་ཁ་ཅིག་ན་རེ། དབུ་བསམ་གྱིས་མི་ཁྱབ་ན་དབུ་གསུམ་དུ་གྲངས་ངེས་པ་འགལ་ཞེ་ན། དོན་དུ་མི་འགལ་རྟགས་སུ་མི་འགལ། སྣང་བ་གཉིས་སུ་ཆ་ཕྱེ་ནས་ཀྱང་མི་འགལ་ཏེ། དོན་རྟགས་མི་འགལ་བ་ནི་བཤད་མ་ཐག་པའི་འབྲུ་སྣོན་པའི་སྐབས་ཀྱིས་ཤེས་ལ། སྣང་བ་གཉིས་སུ་ཆ་ཕྱེ་ན། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པ་དེ་བཞིན་གཤེགས་པའི་སྣང་བ་ཡིན་ལ། དབུ་གསུམ་གདུལ་བྱའི་སྣང་བ་ཡིན་པས་མི་འགལ་གསུང་། ཡང་སྤྱི་དང་བྱེ་བྲག་གི་ཕྱེ་ན། གཡས་ཀྱི་དབུ་ཡང་བསམ་གྱིས་མི་ཁྱབ། གཡོན་གྱི་དབུ་ཡང་བསམ་གྱིས་མི་ཁྱབ། དབུས་ཀྱི་དབུ་ཡང་བསམ་གྱིས་མི་ཁྱབ་པ་སྟེ། ཚོམས་སུ་བསྡུ་ན་གསུམ་ཡིན་པས་མི་འགལ་ཞིང་། དཔེར་ན། རྒྱ་བོད་འཐབ་པའི་དུས་སུ། བར་རུ་བཞི་ལ་དམག་མང་པོ་ཡོད་ཀྱང་རུ་བཞིའི་དམག་ཅེས། ཚོམས་སུ་བསྡུས་པ་ལྟ་བུའོ། །དེ་ལྟར་སྟོན་པའི་རང་བཞིན་དང་ངོ་བོ་གཉིས་པོ་དེས་གང་གིས་གསུངས་པའི་སྟོན་པ་ཕུན་སུམ་ཚོགས་པ་རྒྱས་པར་བསྟན་པ་ཡིན་ཏེ། དེ་ཡང་རྒྱ་མཚོ་ལས། ཡེ་ཤེས་རྒྱ་མཚོ་འོག་མིན་གྱི། །འཁོར་ལོ་འབར་བའི་ལྟེ་བ་ལ། །བདག་པོ་ཀུན་བཟང་འཁོར་ལོ་བསྐོར། །བཀའ་སྡོད་སྐྱེས་བུ་མདུན་ན་གནས། །བརྗོད་པ་མེད་བཞིན་གོ་བར་མཛད། །དཔག་མེད་ཡེ་ཤེས་ཡོངས་རྫོགས་པས། །ཞིང་འཁོར་ལོངས་སྤྱོད་ཕུན་སུམ་ལྡན། །ཞེས་པ་དང་། ཐལ་རྒྱུད་ལས། འཁོར་ལོའི་ལྟེ་བར་མི་འཇིགས་སྟེང་། །བདག་པོ་ཀུན་བཟང་འཁོར་རྣམས་ལ། །ཀུན་འབྱུང་སྒྱུ་འཕྲུལ་སྟོན་པའི་ཚེ། །མི་བསྐྱོད་རྒྱལ་པོ་མདུན་ན་གནས། །ཞེས་པས། རྒྱུད་ཀྱི་སྟོན་པ་རིགས་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོ་ཡིན་ལ། འཆད་པའི་སྐྱེས་བུ་སྤྱིར་རིགས་ལྔ་ཆར་ཡིན་ཏེ། ཁོག་གཞུང་ལས། འཆད་པའི་སྐྱེས་བུ་རིགས་ལྔ་སྟེ། །ཞེས་སོ། །ཐུགས་ཀྱི་སྒྱུ་འཕྲུལ་གྱི་སྐབས་འདིར། རྒྱུད་ཀྱི་སྟོན་པ་དྲུག་པ་ཀུན་ཏུ་བཟང་པོ་ནི་འཁོར་ལོའི་ལྟེ་བ་བཞུགས་ལ། འཆད་པའི་སྐྱེས་བུ་རྡོ་རྗེ་སེམས་དཔའ་མདུན་ན་གནས་པའོ། །སྤྱི་དོན་གཉིས་པ་གང་དུ་གསུངས་པའི་གནས་ཕུན་སུམ་ཚོགས་པ་རྒྱས་པར་བསྟན་པ་ལ་ལྔ་སྟེ། གནས་ཀྱི་རང་བཞིན་ནམ་གཞིའི་འོག་མིན་གསུམ་གྱི་དོན་བསྟན་པ་དང་། ངོ་བོའི་དོན་བསྟན་པ་དང་། སྒོའི་དོན་བསྟན་པ་དང་། རྟ་བབས་ཀྱི་དོན་བསྟན་པ་དང་། གདན་ཁྲིའི་དོན་བསྟན་པའོ། །དང་པོ་གནས་ཀྱི་རང་བཞིན་ནམ་གཞིའི་འོག་མིན་གསུམ་གྱི་དོན་བསྟན་པ་ནི། འོག་མིན་གྱི༴ རྒྱ་ཕྱོགས་བཅུར༴ ཕྱི་དང་ནང་༴ ཞེས་པ་དེར་གདའ་ཞིང་། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། ཞེས་པས། སྤྱིར་གྱི་འོག་མིན་གྱི་ཞེས་པ་ནི། གོང་གང་གིས་ཀྱང་མ་ཆོད་པའི་གནས་ཡིན་ལ། མཐའ་དང་དབུས་མེད་པ་ན་ཞེས་པས་རྒྱལ་བའི་ཐུགས་རང་རིག་པའི་ཡེ་ཤེས་ལ་མཐའ་དབུས་དང་བྲལ་བའི་དོན་ཡིན་ལ། རྟགས་འོག་མིན་གྱི་གནས་ལ་ཡང་མཐའ་དང་དབུས་མེད་པའོ། །ན་ཞེས་པ་ནི་རྟེན་པའི་ཚིག་གི་འཕྲད་དོ། །དེའི་ཤུགས་ལ་འོག་མིན་བདུན་ཡང་འཆད་དེ། རྒྱལ་བའི་ཐུགས་རང་རིག་པའི་ཡེ་ཤེས་ཀྱི་གོང་གང་གིས་ཀྱང་མ་ཆོད་པ་ནི་རིག་པའི་འོག་མིན། དོན་ཆོས་ཉིད་ཀྱི་གོང་གང་གིས་ཀྱང་གཅོད་པ་ནི་དོན་གྱི་འོག་མིན། ལྷ་རྟོག་དབྱེར་མེད་ཀྱི་གོང་གང་གིས་ཀྱང་མ་ཆོད་པ་ནི་རྟོགས་པའི་འོག་མིན། ཡབ་ཡུམ་གྱི་མཁའ་གསང་ལ་བདེ་བ་སྐྱེ་བའི་གོང་གང་གིས་ཀྱང་མ་ཆོད་པ་ནི་གསང་བའི་འོག་མིན། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ནི་བགྲངས་པའི་འོག་མིན། གཟུགས་ཁམས་ཀུན་གྱི་གོང་ན་གནས་པའི་འོག་མིན་ནི་འཇིག་རྟེན་གནས་ཀྱི་འོག་མིན། འཇིག་རྟེན་གནས་ཀྱི་འོག་མིན་དེ་ལས་ཉིས་འགྱུར་གྱིས་སྤགས་པ་ན་ཡོད་པའི་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་བཞུགས་གནས་སུ་གྱུར་ཅིང་གྲགས་པ་ནི། ལོངས་སྤྱོད་ཆེན་པོའི་འོག་མིན་ཏེ་མ་སྤངས་རྒྱན་ཚོགས་ཀྱི་གཞལ་ཡས་ཁང་ངོ་། །རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ་ཞེས་པ་ནི། དོན་ཆོས་ཉིད་ལ་རྒྱ་ཆད་མེད་པའི་རྟགས་སུ་གཞལ་ཡས་ཁང་ལ་ཡང་རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པའོ། །འདིར་བླ་མ་གཙང་བ་བྱི་སྟོན་གྱི་གསུང་གིས། ངོ་བོ་སྣང་སྟོང་དབྱེར་མེད་པ་དོན་ཡིན་ལ། རྟགས་པཉྩ་རེ་ཁའི་རྩིག་པ་སྣ་ཟླུམ་པ་མ་ཡིན་པའོ། །ཞེས་གསུངས། ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ་ན་ཞེས་པས། རྒྱལ་བའི་ཐུགས་རང་རིག་པའི་ཡེ་ཤེས་ལ། ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་ཉིད་རང་རྒྱུད་དུ་གྲུབ་པ་མེད་པ་ནི་དོན་ཡིན་ལ། རྟགས་གཞལ་ཡས་ཁང་ལའང་ཕྱི་དང་ནང་གཉིས་རང་རྒྱུད་དུ་གྲུབ་པ་མེད་པ་སྟེ། ཕྱི་ནས་བལྟས་ན་ནང་གསལ་ནང་ནས་བལྟས་ན་ཕྱི་གསལ་ཞིང་ཆོས་ཐམས་ཅད་རིག་པ་རང་བྱུང་གི་ཡེ་ཤེས་འབའ་ཞིག་ཏུ་གྱུར་བས། ཀུན་ཏུ་ཡང་ནང་དུ་གྱུར་པའི་གཞལ་ཡས་ཁང་དེ་ན་ཞེས་བྱའོ། །འདིའི་སྐབས་སུ་ཁ་ཅིག་ན་རེ། ཕྱི་དང་ནང་མེད་ན། ཀུན་ཏུ་ཡང་ནང་དུ་གྱུར་པ་འགལ་ལོ་ཞེ་ན། དོན་དུ་མི་འགལ། རྟགས་སུ་མི་འགལ་ཏེ། དོན་ནི་རྒྱལ་བའི་ཐུགས་ལ་ཕྱི་ཡུལ་དང་ནང་སེམས་གཉིས་སུ་གྲུབ་པ་མེད་པས་ཕྱི་ནང་མེད་ལ། སེམས་ཉིད་འབའ་ཞིག་ཏུ་གྱུར་པས་ནང་དུ་གྱུར་པ་ཞེས་བྱའོ། །རྟགས་ནི་གཞལ་ཡས་ཁང་ལ་ཕྱི་ནང་མེད་དེ། གང་ནས་བལྟས་ཀྱང་གསལ་བ་འབའ་ཞིག་ཏུ་གྱུར་པ་ཞེས་བྱ་སྟེ། འགལ་བ་མེད་དོ། །ཡང་རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ་ཞེས་པ་དང་། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ་ཞེས་པ་འགལ་ཏེ། གྲུ་བཞིར་ཡོད་ན། ནར་མོ་གྲུ་གསུམ་ཟླུམ་པོ་ལས་རྒྱ་ཆད་པས་འགལ་ཞེ་ན། དོན་དུ་མི་འགལ། རྟགས་སུ་མི་འགལ་ཏེ། དོན་དུ་མི་འགལ་བ་ནི། རྒྱལ་བའི་ཐུགས་རིག་པ་སྣང་སྟོང་གི་རྒྱ་གར་ཡང་མ་ཆད་པ་ཡིན་ལ། གྲུ་བཞི་ནི་རྒྱལ་བའི་ཐུགས་ལ་ཆེ་བའི་ཡོན་ཏན་རྒྱས་པའོ། །རྟགས་སུ་ནི་གཞལ་ཡས་ཁང་གི་དབྱིབས་གྲུ་བཞིར་ཡོད་ལ། རྒྱ་འདི་ཚོད་ཅིག་བྱ་བ་མེད་དེ། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པའོ། །རྗེ་དྲིངས་པ་ཉེའུ་སྟོན་ཆོས་ཀྱི་སེང་གེ་ན་རེ། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ་ནི། པཉྩ་རེ་ཁའི་རྩིག་པ་སྣ་ཟླུམ་པ་མེད་དེ། ཁོར་ར་དང་ཁོར་ཡུག་ཏུ་བྱུང་བ་ཡིན་ལ། གྲུ་བཞི་ནི་གཞལ་ཡས་ཁང་གི་དབྱིབས་གྲུ་བཞིར་ཡོད་པ་ཡིན་པས་འགལ་བ་མེད་གསུང་ངོ་། །གཙང་པ་ན་རེ། གྲུ་བཞི་ཉིད་རྒྱ་མ་ཆད་པ་ཡིན་གསུང་ངོ་། །གཉིས་པ་གནས་ཀྱི་ངོ་བོ་ལ་བདུན་ཏེ། འོག་གཞིའི་དོན་བསྟན་པ་དང་། རྒྱུའི་དོན་བསྟན་པ་དང་། དབྱིབས་ཀྱི་དོན་བསྟན་པ་དང་། གློ་འབུར་གྱི་དོན་བསྟན་པ་དང་། རྩེ་མོའི་དོན་བསྟན་པ་དང་། རྒྱན་གྱི་དོན་བསྟན་པ་དང་། འོག་གཞི་འབུར་འཕངས་དང་བཅས་པའི་དོན་བསྟན་པའོ། །དང་པོ་འོག་གཞིའི་དོན་བསྟན་པ་ནི། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ། ཞེས་པས། འོག་གཞི་གདུལ་བྱའི་བློས་ཚད་གཟུང་དུ་མེད་པའི་ཕྱིར་ན་གཞལ་ཡས་ཁང་ངོ་། །དེ་ཡང་ཡེ་ཤེས་ལྔ་དང་ལྡན་པ་དོན་ཡིན་ལ། དེ་མཚོན་བྱེད་ཀྱི་རྟགས་ཀྱང་འཁོར་ལོ་རྩིབས་བཞི་དབུས་ཀྱི་ལྟེ་བ་དང་ལྔ་ཕན་ཚུན་རང་བཞིན་གྱིས་གསལ་བ་དེ་ལ་ཡོན་ཏན་ཐམས་ཅད་མ་བཙལ་བར་ལྷུན་གྱིས་གྲུབ་པའོ། །གཉིས་པ་རྒྱུའི་དོན་བསྟན་པ་ནི། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། ཞེས་པས། འོ་ན་གཞལ་ཡས་ཁང་དེའི་རྒྱུ་རང་ཅི་སྙམ་ན། ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་ཏུ་རང་སྣང་བ་ཡིན་ཏེ། དེ་ཉིད་ཀྱི་ཕྲིན་ལས་ཀྱི་གདུལ་བྱའི་དགོས་པ་སྐོང་བ་དོན་ཡིན་ལ། རྟགས་རིན་པོ་ཆེ་འོད་འབར་བའི་རྒྱུ་ལས་གྲུབ་པ་བློས་གཞལ་བ་ལས་ཡས་པའི་ཁང་པའོ། །གསུམ་པ་དབྱིབས་ཀྱི་དོན་བསྟན་པ་ནི། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ། ཞེས་པས། འབྲས་བུའི་ཆོས་ལ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་རྒྱས་པ་དོན་ཡིན་ལ། རྟགས་གཞལ་ཡས་ཁང་གི་དབྱིབས་གྲུ་བཞིར་གྱུར་པའོ། །བཞི་པ་གློ་འབུར་གྱི་དོན་བསྟན་པ་ནི། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། ཞེས་པས། ཡེ་ཤེས་རེ་རེ་ཡང་ལྷག་པའི་ཡེ་ཤེས་བཞི་བཞི་དང་ལྡན་པ་དོན་ཡིན་ལ། རྟགས་རྩ་རྒྱུད་འདི་ཉིད་ཀྱི་དབང་དུ་ལྷ་མེད་ཀྱི་ཁང་པ་བཞི་རིགས་བཞིའི་ཁ་དོག་ཅན་གྱི་རིན་པོ་ཆེའི་གློ་འབུར་གྱི་གཞལ་ཡས་ཁང་གི་ཕྱོགས་བཞི་ནས་མཁར་ཐབས་སུ་མཛེས་པའོ། །ལྔ་པ་རྩེ་མོའི་དོན་བསྟན་པ་ནི། རྩེ་མོ་ཕྱོགས་བཅུ་དུས་བཞིའི༴ ཀུན་ཏུ་འཁྱིལ་བ། ཞེས་པས། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱི་རྒྱུད་དམ་དགོངས་པ་རང་རིག་པར་སོ་སོ་མ་ཡིན་པས། ངོ་བོ་ཉིད་དུ་གཅིག་པའི་ཡེ་ཤེས་ལས་མ་གཡོས་པ་དོན་ཡིན་ལ། རྟགས་གཞལ་ཡས་ཁང་གི་རྩེ་མོ་ཀུན་ཏུ་ཟླུམ་པོར་འཁྱིལ་བ་སྟེ། དཔེར་ན་སྦྲའམ་གུར་ལྟ་བུའོ། །དྲུག་པ་རྒྱན་གྱི་དོན་བསྟན་པ་ལ་གཉིས། རིན་པོ་ཆེའི་རྒྱན་བསྟན་པ་དང་། འདོད་ཡོན་གྱི་རྒྱན་བསྟན་པའོ། །དང་པོ་རིན་པོ་ཆེའི་རྒྱན་བསྟན་པ་ནི། ཡེ་ཤེས་བསམ་གྱིས་མི་ཁྱབ་པ༴ ཁྱད་པར་དུ་གྱུར་པ། ཡེ་ཤེས་རིན་པོ་ཆེ༴ ཤར་བུའི་རྒྱན་དང་། ཞེས་པས། ཐུགས་རང་རིག་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཉིད་ཅིར་ཡང་མི་འགག་པའི་རྩལ་སྣ་ཚོགས་འཆར་བ་དོན་ཡིན་ལ། རྟགས་གདུལ་བྱའི་སྣང་ངོར་ཡེ་ཤེས་རིན་པོ་ཆེའི་རྒྱན་གྱི་དབྱིབས་དང་ཁ་དོག་སྣ་ཚོགས་པ་ལ་སོགས་པའི་སོགས་ཁོང་ནས་འོད་ཟེར་སྤྲུལ་པའི་འཕྲོ་འདུ་རྣམ་པ་ཐ་དད་པའི་བྱེ་བྲག་དུ་མ་དང་ལྡན་པའོ། །དེ་ཡང་ཁྱད་པར་དུ་གྱུར་པ་སྟེ། གང་ཁྱད་པར་དུ་གྱུར་ན། ཡེ་ཤེས་རང་སྣང་གི་རྒྱན་དེ་དག །གང་ལས་ཁྱད་པར་དུ་གྱུར་ན། འཇིག་རྟེན་པའི་རྒྱན་ལས། ཚུལ་གང་གིས་ཁྱད་པར་དུ་གྱུར་ན་གསུམ་སྟེ། འཇིག་རྟེན་པའི་རྒྱན་རྣམས་ནི་ལྟ་བས་ངོམས་ལ། ཡེ་ཤེས་རང་སྣང་གི་རྒྱན་རྣམས་ནི་ལྟ་བས་མི་ངོམས་ཤིང་ཆོག་མི་ཤེས་པ་དང་། འཇིག་རྟེན་པའི་རྒྱན་ནི་རེ་རེ་ཡང་དུ་མར་མི་འཆར་ལ། ཡེ་ཤེས་རང་སྣང་གི་རྒྱན་ནི་རེ་རེ་ཡང་དུ་མར་འཆར་བ་དང་། འཇིག་རྟེན་པའི་རྒྱན་ནི་གཅིག་གིས་གཅིག་སྒྲིབ་ལ། ཡེ་ཤེས་རང་སྣང་གི་རྒྱན་ནི་གཅིག་གིས་གཅིག་མ་བསྒྲིབས་པར་གསལ་བས་ན། འཇིག་རྟེན་པའི་རྒྱན་ལས་ཁྱད་པར་དུ་གྱུར་པའོ། །དེ་ཡང་ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཀྱི་དབྱིབས་དང་ཁ་དོག་ཐུགས་རྗེ་དང་སྤྲུལ་པའི་འཕྲོ་འདུ་རྒྱུན་མི་འཆད་པ་དང་ལྡན་པ་དོན་ཡིན་ལ། རྟགས་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་གྲུབ་པའི་ཕྲེང་བའི་རྒྱན་དང། བདེན་པ་གཉིས་སུ་མེད་པ་དོན་ཡིན་ལ། རྟགས་རིན་པོ་ཆེའི་ཆུན་འཕྱང་གི་རྒྱན་དང་། ཐབས་མ་འདྲེས་ལ་ཡོངས་སུ་རྫོགས་པ་དོན་ཡིན་ལ། རྟགས་རིན་པོ་ཆེའི་ཤར་བུའི་རྒྱན་དང་ལྡན་པའོ། །གཉིས་པ་འདོད་ཡོན་གྱི་རྒྱན་བསྟན་པ་ནི། གཟུགས་སྣ་ཚོགས༴ ཕྱོགས་བཅུར་འཁྲིགས་པར་རང་བྱུང་ལ། མི་སྒྲིབ་པར་གསལ་བའི་རྒྱན་བསམ་གྱིས་མི་ཁྱབ་པས་བཀླུབས་པ། ཞེས་པས། འདོད་པའི་ཡོན་ཏན་ལྔ་མ་སྤངས་རྣམ་དག་རྒྱན་དུ་རྫོགས་པ་དོན་ཡིན་ལ། རྟགས་གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་བསྣམས་པ་སྣ་ཚོགས་པ་དང་། སྒྲའི་ལྷ་མོ་དམར་མོ་པི་ཝང་ཐོགས་པ་སྣ་ཚོགས་པ་དང་། དྲིའི་ལྷ་མོ་སྔོན་མོ་དུང་ཆོས་ཐོགས་པ་སྣ་ཚོགས་པ་དང་། རོའི་ལྷ་མོ་སེར་མོ་མཁར་གཞོང་གཡོས་ཀྱིས་བཀང་བ་ཐོགས་པ་སྣ་ཚོགས་པ་དང་། རེག་བྱའི་ལྷ་མོ་དཀར་མོ་ལྷའི་ན་བཟའ་པཉྩ་ལི་ཀ་ཐོགས་པ་སྣ་ཚོགས་ཀྱིས་རང་བཞིན་གྲུབ་པའི་དབང་དུ་ཕྱོགས་བཅུ་ནས་འཁྲིགས་པར་རྒྱུ་རྐྱེན་མེད་པར་རང་བྱུང་ནས་མཆོད་པ་འབུལ་ལ། སྦྱོར་བ་བསྒོམ་པའི་དབང་དུ་ནི། པཉྩ་རེ་གའི་ཕྱི། འདོད་ཡོན་དམར་པོའི་སྟེང་། ཕ་གུ་སེར་པོའི་ནང་། སྟེང་གི་བྱ་འདབས་ཀྱི་འོག །ཀ་ཐུང་བཅུ་དྲུག་གི་ཕྲག །དྲྭ་བ་དྲྭ་ཕྱེད་ཀྱི་གསེབ་ནས་མཆོད་པ་འབུལ་བར་བསྒོམ་པ་སྟེ། དེ་ཡང་ཕྱིས་ནང་མི་སྒྲིབ་ནང་གིས་ཕྱི་མི་སྒྲིབ་པར་གསལ་བའི་དཔེ་ནི། རིན་པོ་ཆེའི་གསེར་གྱི་སྦུ་གུར་རིན་པོ་ཆེའི་ཟེའུ་ཁ་བཅུག་པ་ལྟ་བུའམ། རིན་པོ་ཆེའི་ཤེལ་གྱི་སྦུ་གུར་རིན་པོ་ཆེ་སྣ་ཚོགས་བཅུག་པ་ལྟར་གསལ་བའི་རྒྱན་མང་བའི་ཚད་བསམ་གྱིས་མི་ཁྱབ་པས་ཟུམ་ཆགས་པ་ལྟར་བཀླུབས་པའོ། །བདུན་པ་འོག་གཞི་འབུར་འཕངས་ཀྱི་དོན་བསྟན་པ་ནི། སྤགས་པ། ཚད་དཔག་ཏུ་མེད་པ། ཞེས་པས། ཐེག་པ་གཞན་ལས་འདིར་བླ་ན་མེད་པའི་ཐེག་པ་འཕར་བ་དོན་ཡིན་ལ། རྟགས་གཞལ་ཡང་གི་འོག་གཞི་རིམ་པ་བཞིན། རྡོ་རྗེ་འགྲེང་བུ་རེས་སྤགས་པ་དང་། ཆོས་ཀྱི་དབྱིངས་ལ་མཐར་ཐུག་པ་མེད་པ་དོན་ཡིན་ལ། རྟགས་སུ་གཞལ་ཡས་ཁང་གི་བུམ་པའི་མཐོ་དམན་གྱི་ཚད་དཔག་ཏུ་མེད་པ་སྟེ། དེ་བཞིན་གཤེགས་པའི་དབུའི་གཙུར་ཏོར་ལྟ་བུའོ། །གསུམ་པ་སྒོའི་དོན་བསྟན་པ་ནི། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན་ཞེས་པ། གཟུང་འཛིན་ལས་རྣམ་པར་ཐར་པར་བྱེད་པའི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་འོད་གསལ་བ་སྟེ། ཏིང་ངེ་འཛིན་བཞིའི་སྒོ་ནས། མ་ཧཱ་ཨ་ཏིར་འཇུག་པའི་ཚུལ་ནི་དོན་ཡིན་ལ། རྟགས་གཞལ་ཡས་ཁང་གི་ཕྱོགས་བཞིར་སྒོ་བཞི་ནི། ཐང་སྒོ་ལྟ་བུ་མ་ཡིན་ཏེ། འབུར་སྒོ་སྒོ་ཁྱུད་སྒོ་རྒྱན་དང་ལྡན་པ་ཅན་ནོ། །འདི་ལ་ཁ་ཅིག་ན་རེ། ལམ་སྤྱིའི་འཇུག་ཚུལ་སེམས་ལྔ་རུ། ལམ་རིམ། སྤྱན་འགྲེལ། ཁོག་གཞུང་རྣམས་ཀྱི་བཤད་པ་དང་། འདིར་རྣམ་པར་ཐར་པའི་སྒོ་བཞི་ནས་འཇུག་པར་བཤད་པ་འགལ་ལོ་ཞེ་ན། ཐུན་མོང་པའམ་སྤྱིིའི་འཇུག་ཚུལ་སེམས་ལྔ་ཡིན་ཡང་། ཁྱད་པར་རམ་ལྟ་བ་རྟོགས་ནས་འཇུག་ཚུལ་རྣམ་ཐར་བཞི་ཡིན་པར་མི་འགལ་ཏེ། དེ་ཡང་འདི་ཉིད་ཀྱི་ལེའུ་ལྔ་པ་ལས། དངོས་རྣམས་ཉིད་ནི་དངོས་མེད་པར། །རྟོགས་པའི་དབང་སྒྱུར་ཏིང་འཛིན་ཡིན། །ཞེས་སོ། །བཞི་པ་རྟ་བབས་ཀྱི་དོན་བསྟན་པ་ནི། རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ། ཞེས་པས། འཁོར་བ་ལས་རྣམ་པར་ཐར་པར་བྱེད་པའི་ཐེག་པ་བརྒྱད་ཀྱི་ལམ་ནས་བགྲོད་པ་ནི་དོན་ཡིན་ལ། རྟགས་གཞལ་ཡས་ཁང་གི་སྒོ་ལ་ཕྱིའི་ཐེམ་སྐམ་བཞི་ནང་གི་ཐེམ་སྐས་བཞི་སྟེ། རྒྱུའི་རྟ་བབས་བརྒྱད་དང་ལྡན་པའོ། །ཡང་འཁོར་བ་ལས་རྣམ་པར་ཐར་པར་བྱེད་པའི་ཐེག་པ་བརྒྱད་ཀྱི་རང་སའི་འབྲས་བུ་བརྒྱད་ཐོབ་པ་ནི་དོན་ཡིན་ལ། རྟགས་ལམ་རིམ་ལས། རྟ་རྐང་ཆུ་སྐྱེས་ཕ་གུ་སྒྲོམ། །སྣ་འཕྱོང་སེང་མགོ་ཤར་བུ་ཕྲེང་། །ཞེས་རྒྱན་གྱི་རྟ་བབས་བརྒྱད་དང་ལྡན་པའོ། །འདི་ལ་ཁ་ཅིག་ན་རེ། ཐེག་པ་ཨ་ནུ་མན་ཆད་བརྒྱད་བགྲོད་ནས། ཐོབ་བྱ་གསང་བའི་སྙིང་པོར་འདོད་པ་འགལ་ལོ་ཞེ་ན། མི་འགལ་ཏེ། ལྷ་མི་ནས། མ་ཧཱ་མན་ཆད་བརྒྱད་བགྲོད་ནས། འབྲས་བུ་གསང་བའི་སྙིང་པོ་ལ་སྦྱར་བའང་ཡིན་ལ། ཐེག་པ་ཀུན་གྱི་ཐོབ་བྱ་རང་བཞིན་གསང་བའི་སྙིང་པོར་ཡིན་ཏེ། འདི་ཉིད་ཀྱི་ལེའུ་ཐ་མ་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པ་དང་། འཁོར་ལོ་བསྐོར་བ་དེ་དག་གི་འབྲས་བུའི་མཆོག །ཅེས་གསུངས་སོ། །ལྔ་པ་གདན་ཁྲིའི་དོན་བསྟན་པ་ནི། མི་འཇིགས་པ་སེང་གེའི་ཁྲི༴ རིན་པོ་ཆེའི་གདན་ལ། ཞེས་པ་དེར་གདའ་ཞིང་། འདི་ལའང་འོག་གཞི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན་དང་། སྨོན་ལམ་གུས་པའི་གདན་དང་། ཡོན་ཏན་གྱི་ཆེ་བས་ཉེས་ཚོགས་བཅོམ་པའི་གདན་དང་། སའི་ཁྱད་པར་བགྲོད་པའི་གདན་དང་། ཐུགས་རིག་པ་རང་སྣང་གི་གདན་དང་ལྔ་ལས། དང་པོ་འོག་གཞི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན་ནི། འཁོར་ལོ་རྩིབས་བཞི་དབུས་ཀྱི་ལྟེ་བ་དང་བཅས་པ་ཡིན་ལ། གཉིས་པ་སྨོན་ལམ་གུས་པའི་གདན་ནི། དེ་དག་གི་སྟེང་དུས་མཐའི་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་དབང་གིས་སེང་གེ་ལ་སོགས་པར་སྤྲུལ་པའི་ལུས་གདན་དུ་ཕུལ་ནས་ཉོན་མོངས་པའི་སྒྲིབ་པ་སྦྱོང་། རྣ་བས་ཆོས་ཉན་ནས་ཤེས་བྱའི་སྒྲིབ་པ་སྦྱོང་སྟེ། རྒྱ་མཚོ་ལས། བྱང་ཆུབ་སེམས་དཔའ་སྨོན་ལམ་དབང་། །ཐོས་པ་རྒྱ་མཚོ་བསགས་པའི་ཕྱིར། །ལུས་ནི་སེང་གེའི་གདན་དུ་ཕུལ། །ཞེས་པ་དང་། སྤར་ཁབ་ལས། སེང་གེ་ལ་སོགས་པ སྨོན་ལམ་གྱི་བྱང་ཆུབ་སེམས་དཔའ་གཅིག་ཀྱང་བརྒྱད་བརྒྱད་དོ། །ཞེས་གསུངས་སོ། །གསུམ་པ་ཡོན་ཏན་གྱི་ཆེ་བས་ཉེས་ཚོགས་བཅོམ་པའི་གདན་ནི། ཉི་ཟླ་པདྨའི་གདན་ཡིན་ལ། བཞི་པ་སའི་ཁྱད་པར་བགྲོད་པའི་གདན་ནི། དེ་རྣམས་ཀྱང་རིན་པོ་ཆེའི་ཁྲི་རྐང་གིས་བཏེག་པའོ། །དེ་དག་ནི་རྒྱུའི་ཐེག་པའམ་རྒྱུད་མས་སྦྱངས་ཀྱི་དབང་དུ་ཡིན་ལ། འབྲས་བུའི་ཐེག་པའམ་ཡས་སྤྲུལ་གྱི་དབང་དུ། གདན་ཐམས་ཅད་ཀྱང་ཐུགས་རིག་པ་རང་སྣང་གི་གདན་དུ་གསུངས་ཏེ། འགྲེལ་པ་མངོན་རྟོགས་ལས། བྱང་ཆུབ་སེམས་དཔའ་ལུས་གདན་དུ་ཕུལ་ནས་ཆོས་ཉན་པ་ནི། འབྲས་བུའི་ཐེག་པའི་སྐབས་སུ་འཐད་པར་མ་གསུངས་སོ། །ཐུན་མོང་གི་དབང་དུའོ་ཞེས་སོ། །དེའི་ཕྱིར་གདན་ལྔ་ག་ཡང་ཐུགས་རིག་པ་རང་སྣང་གི་གདན་གྱི་དབང་དུ་བྱས་ན། མི་འཇིགས་པ་སེང་གེའི་ཁྲི་དང་། ཞེས་པས་བཤད་མ་ཐག་པའི་གཞལ་ཡས་ཁང་དེ་ན། རྒྱལ་བ་དྲུག་པའི་ཐུགས་ལ་མི་འཇིགས་པ་བཞི་ལྷུན་གྱིས་གྲུབ་པ་ནི་དོན་ཡིན་ལ། རྟགས་སེང་གེ་ཁྱི་ཚུགས་པ་བརྒྱད་མཇུག་མ་ནང་དུ་བསྣོལ་ནས་རིན་པོ་ཆེའི་ཁྲི་འདེགས་པ་དང་། དེ་ཡང་དོན་དེ་བཞིན་གཤེགས་པའི་མིི་འཇིགས་པ་བཞི་གང་ཞེ་ན། འགྲེལ་ཆུང་ལས། མངོན་སངས་རྒྱས་དང་ཟག་པ་ཟད། །བར་མི་ཆོད་དང་ངེས་པར་འབྱུང་། །ཞེས་སོ། །སྟོབས་གླང་པོ་ཆེའི་ཁྲི་དང་། ཞེས་པས། རྒྱལ་བའི་སྐུ་ལ་སྟོབས་བཅུ་ལྷུན་གྱིས་གྲུབ་པ་དོན་ཡིན་ལ། རྟགས་གླང་པོ་ཆེ་བརྒྱད་ཀྱིས་བཏེག་པའི་ཁྲི་དང་། དེ་ཡང་དོན་དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན། འགྲེལ་ཆུང་ལས། གནས་དང་གནས་མིན་ཡང་དག་མཁྱེན། །དུས་གསུམ་ལས་འབྲས་རྣམ་སྨིན་མཁྱེན། །ཁམས་རྣམས་སྣ་ཚོགས་མཁྱེན་པ་དང་། །ཕ་རོལ་མོས་པ་མཁྱེན་པའི་སྟོབས། །དབང་པོ་མཆོག་དང་མཆོག་མིན་མཁྱེན། །ཀུན་ཏུ་འགྲོ་ལམ་མཁྱེན་པའི་སྟོབས། །བསམ་གཏན་ཐར་དང་ཉོན་མོངས་མཁྱེན། །སྔོན་གྱི་གནས་མཁྱེན་སྟོབས་དང་ནི། །སྐྱེ་དང་འཆི་འཕོ་མཁྱེན་པ་དང་། །ཟག་པ་ཟག་མེད་སེམས་གྲོལ་མཁྱེན། །དེ་བཅུ་སྟོབས་སུ་གྱུར་པ་ན། །འབྲས་བུ་མངོན་ནས་དྲུག་ཡིན་ནོ། །ཞེས་སོ། །རྫུ་འཕྲུལ་རྟའི་ཁྲི་དང་། ཞེས་པས། རྒྱལ་བའི་ཡོན་ཏན་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་ལྷུན་གྱིས་གྲུབ་པ་དོན་ཡིན་ལ། རྟགས་སུ་རྟ་མཆོག་བརྒྱད་ཀྱིས་བཏེག་པའི་ཁྲི་དང་། དེ་ཡང་དོན་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་གང་ཞེ་ན། འགྲེལ་ཆུང་ལས། འདུན་དང་བརྩོན་འགྲུས་སེམས་དང་ནི། །སྤྱོད་པའི་ཏིང་ངེ་འཛིན་སྤོང་བའི། །འདུ་བྱེད་རྣམས་ཏེ་རྐང་པ་བཞི། །ཡེ་ཤེས་བཞི་གྲུབ་འབྲས་བུ་སྟེ། །ཆོས་དབྱིངས་ཡེ་ཤེས་ཀུན་ལ་ཁྱབ། །ཅེས་སོ། །དབང་རྨ་བྱའི་ཁྲི་དང་། ཞེས་པས། རྒྱལ་བའི་གསུང་ལ་དབང་བཅུ་ལྷུན་གྱིས་གྲུབ་པ་དོན་ཡིན་ལ། རྟགས་སུ་རྨ་བྱ་བརྒྱད་ཀྱིས་བཏེག་པའི་ཁྲི་དང་། དེ་ཡང་དོན་དེ་བཞིན་གཤེགས་པའི་དབང་བཅུ་གང་ཞེ་ན། འགྲེལ་ཆུང་ལས། ཡོ་བྱད་སྐྱེ་བ་ཚེ་ལ་དབང་། །ཡེ་ཤེས་ཆོས་དང་སེམས་དང་ལས། །རྫུ་འཕྲུལ་སྨོན་ལམ་མོས་རྣམས་ཀྱིས། །ཁམས་གསུམ་ཀུན་གྱི་དབང་ཕྱུག་རྒྱལ། །ཞེས་སོ། །ཐོགས་པ་མེད་པ་ནམ་མཁའ་ལྡིང་གི་ཁྲི་དང་། ཞེས་པས། རྒྱལ་བའི་ཕྲིན་ལས་ལ་ལས་བཞི་ལྷུན་གྱིས་གྲུབ་པ་དོན་ཡིན་ལ། རྟགས་སུ་ཐོགས་པ་མེད་པ་ནམ་མཁའ་ལྡིང་ཤང་ཤང་གི་གཟུགས་ཅན་བརྒྱད་ཀྱིས་བཏེགས་པའི་ཁྲི་དང་། དེ་ཡང་དོན་དེ་བཞིན་གཤེགས་པའི་ཕྲིན་ལས་བཞི་གང་ཞེ་ན། འགྲེལ་ཆུང་ལས། ཞི་རྒྱས་དབང་དྲག་ལས་རྣམས་ཀྱིས། །ཐོགས་མེད་ལས་རྣམས་ལྷུན་གྱིས་གྲུབ། །ཅི་ལའང་ཐོགས་པ་མེད་པར་སྤྱོད། །ཅེས་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་འཇོམས། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །སྐུ་ནི་སྟོབས་བཅུས་མི་དགེ་བཅུ་རྣམས་འཇོམས། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་བའི་གསུང་། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་ཕྲིན་ལས་བཞི་ཡིས་ཐོགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་ཤང་ཤང་ཁྲི་ལ་བཞུགས། །ཞེས་གསུངས་སོ། །རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་དང་། ཞེས་པས། རྒྱལ་བའི་ཐུགས་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ཡང་ཤེས་རབ་རང་བཞིན་མེད་པ་དོན་ཡིན་ལ། རྟགས་ཉི་མའི་དཀྱིལ་འཁོར་གྱི་གདན་དང་། ཐབས་སྣང་ལ་འགག་པ་མེད་པ་དོན་ཡིན་ལ། རྟགས་ཟླ་བའི་དཀྱིལ་འཁོར་གྱི་གདན་དང་། གོས་པ་མེད་པ་པདྨ་རིན་པོ་ཆེའི་གདན་ལ། ཞེས་པས། རྒྱལ་བའི་ཐུགས་ལ་ཉེས་པའི་སྐྱོན་གྱིས་གོས་པ་མེད་པ་དོན་ཡིན་ལ། རྟགས་སྣ་ཚོགས་པདྨའི་གདན་དང་། རྒྱལ་བའི་ཐུགས་ལ་དགོས་འདོད་ལྷུན་གྱིས་གྲུབ་པ་དོན་ཡིན་ལ། རྟགས་རིན་པོ་ཆེའི་ཁྲི་རྐང་གི་གདན་ལ་བཞུགས་པ་སྟེ། དེ་ཡང་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་དོན་ཡིན་ལ། རྟགས་ཁྲི་རྐང་རེ་རེ་ལ་ཡང་རིན་པོ་ཆེའི་མཛོད་མིག་བདུན་བདུན་དང་ལྡན་པའོ། །དེ་ལ་གདན་གྱི་རིམ་པ་ནི། རིགས་ལྔ་ལ་ལྔ་བརྩེགས། སེམས་དཔའ་ལ་གསུམ་བརྩེགས། །སྒོ་བ་ལ་ཉི་མ་རྐྱང་པ། ཐུབ་པ་ལ་པདྨ། ཀུན་བཟང་ཡབ་ཡུམ་ལ་བཞི་བརྩེགས་སོ། །ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །སྤྱན་འགྲེལ་གྱིས། སྐྱེས་བུ་རིགས་ལྔ་ལ་ལྔ་བརྩེགས། སེམས་དཔའ་ཡབ་ཡུམ་ལ་གསུམ་བརྩེགས། སྒོ་བ་ཡབ་ཡུམ་ལ་ཉི་མ་དང་པདྨ་ཉིས་བརྩེགས། ཐུབ་པ་ལ་པདྨ་རྐྱང་པ། ཀུན་བཟང་ཡབ་ཡུམ་ལ་དཀྱིལ་འཁོར་ལ་འགོད་པའི་ཚེ་གསུམ་བརྩེགས་དང་། ཆོས་འཆད་པའི་ཚེ་ལྔ་བརྩེགས་སུ་བཤད་དོ། །གདན་གྱི་སྟེང་དུ་ཟླ་བ་འོང་བའི་རྒྱུ་མཚན་ནི། སྤར་ཁབ་ལས། ཐིག་ལེ་ཆེན་པོ་དང་ས་བོན་ནི་ཐམས་ཅད་ཀྱི་བྱེད་པ་པོའི་ཕྱིར་བདག་པོ་དང་རྡོ་རྗེ་སྟེ། དབུས་ན་ཟླ་བ་ལྟར་གནས་སོ། །ཞེས་པས་ཐབས་ལམ་ལྟར་ན། སྙིང་ག་ཆོས་ཀྱི་འཁོར་ལོ་ན་སྲོག་མི་ཤིགས་པའི་ཐིག་ལེ་དང་། ཀླད་པ་བདེ་ཆེན་གྱི་འཁོར་ལོ་ན་ཀུན་ཏུ་བཟང་པོའི་ཐིག་ལེ་ཡོད་པས། ཐབས་ཀྱིས་ཟིན་མ་ཟིན་གྱི་ཆ་ནས་ཐིག་ལེ་གཉིས་པོ་དེ་འཁོར་འདས་ཐམས་ཅད་ཀྱི་བྱེད་པ་པོའི་རྒྱུ་རུ་འགྲོ་ལ། གྲོལ་ལམ་ལྟར་ན། རྒྱུད་ཀྱི་བདག་པོ་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོ་དང་། དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སེམས་དཔའ་གཉིས་ལ་གདན་ཟླ་བ་སྟེང་དུ་ཡོད་པའི་རྒྱུ་མཚན་ཡིན་གསུང་། དེ་ཡང་སྤྱན་འགྲེལ་ལས། གཙོ་བོ་ནི་ཤེས་རབ་ལ་སྤྱོད་པའི་ཕྱིར་ནང་གི་ཆུ་སྐྱེས་ཀྱི་ལྟེ་བ་ལ་ཉི་མ་བརྟེན་པའི་ཕྱིར་རི་བོང་ཅན་སྟེང་ན་གནས་སོ། །ཡུམ་རྣམས་ནི་དེ་ལས་ལྡོག་གོ། །ཞེས་འཆད་ན་ཡང་འཁྲིལ་སྦྱོར་གྱི་ཕྱིར་གཅིག་པར་ཡང་མི་འགལ་ལོ་ཞེས་གསུངས་ཏེ་ཤེས་རབ་ཀྱིས་སྤྱོད་པའི་དབང་དུ། ཡུམ་གྱི་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ། ཉི་མ་བྱང་ཆུབ་ཀྱི་སེམས་ཡོད་པ་དེ་ལ། ཡབ་ཀྱི་ཟླ་བ་བྱང་ཆུབ་ཀྱི་སེམས་བརྟེན་དགོས་པའི་ཕྱིར་ཟླ་བ་སྟེང་དུ་འོང་བ་ཡིན་གསུང་ངོ་། །རྗེ་དྲིངས་པ་ཉེའུ་སྟོན་ཆོས་ཀྱི་སེང་གེ་ན་རེ། གཙོ་བོས་ཐབས་སྣང་ལ་འགག་པ་མེད་པས་ཟླ་བ་སྟེང་དུ་འོང་བ་ཡིན་གསུང་ངོ་། །ཡང་ཞི་བ་ལ་ལྷ་ཀུན་ལ་ཟླ་བ་སྟེང་དུ་འོང་ལ། ཁྲོ་བོ་ལ་ལྷ་ཀུན་ལ་ཉི་མ་སྟེང་དུ་ཡོང་བར་ཡང་འགྲེལ་པ་མངོན་རྟོགས་ལྟར་རུང་ངོ་། །ཡང་འགའ་ཞིག་སེམས་ཅན་གྱི་གདན་འདི་དག །རང་སྣང་སྤྲུལ་པ་བ་ཡིན་ནམ་རང་རྒྱུད་པ་ཡིན་ཞེས་པའི་བརྒལ་ལན་ལས། ཕྱི་མ་ལྟར་ན། ལན་ནི་དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་འཇོམས། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །ཞེས་སོགས་བཤད་པ་དང་། སྤར་ཁབ་ལས། ཡེ་ཤེས་ཆེན་པོ་མངོན་དུ་བྱས་པའི་རིག་པ་ནི། འབྲས་བུའི་ཆོས་བཞི་དང་བཅུ་གཉིས་དང་། ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པས། ཞེས་བཤད་པ་དང་འགལ་ལོ། །སྔ་མ་ལྟར་ན། ལན་ནི། རྒྱ་མཚོ་དང་། སྤར་ཁབ་ཀྱི་ལུང་གོང་དུ་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། སྤྱིར་གཉིས་ཀ་ལྟར་དུ་རུང་ཡང་། གཞུང་འདིར་བཀོད་པ་རྣམས་ཐུགས་རང་སྣང་དུ་འཐད་དེ། གོང་གི་མངོན་རྟོགས་ཀྱི་ལུང་གིས་གསལ་བས། འདི་དག་ཐུགས་རང་སྣང་གཙོ་ཆེའོ། །དེ་དང་ཆ་མཐུན་པའི་རྒྱུད་མས་སྦྱངས་ཀྱང་ཡོད་ཅེས་བླ་མ་གོང་མ་རྣམས་གསུང་ངོ་། །དེ་ལྟར་ས་དམིགས་ལྔ་པོ་དེས་གང་དུ་གསུངས་པའི་གནས་ཕུན་སུམ་ཚོགས་པ་རྒྱས་པར་བསྟན་པ་ཡིན་ཏེ། རྒྱ་མཚོ་ལས། དགའ་བདེ་ཡང་དག་རྫོགས་པའི་གནས། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །མ་ལུས་འདུས་པའི་གཞལ་ཡས་ཁང་། །བདག་པོ་རྒྱན་དང་བཅས་པ་ཉིད། །འཇིག་རྟེན་གནས་ཀྱི་འོག་མིན་ལས། །ཉིས་འགྱུར་ཤིན་ཏུ་སྤགས་པ་ན། །ངོ་བོ་མཐའ་གསུམ་ལས་འདས་པ། །མ་སྤངས་རྒྱན་ཚོགས་གཞལ་ཡས་ཁང་། །ཡོན་ཏན་ལྔ་ཡི་བདག་པོ་སྟེ། །གྲུ་བཞི་སྤྱི་བོར་འཁྱིལ་སྣང་བའོ། །ཞེས་གསུངས་སོ། །སྤྱི་དོན་གསུམ་པ་གང་ལ་གསུངས་པའི་འཁོར་ཕུན་སུམ་ཚོགས་པ་རྒྱས་པར་བསྟན་པ་ལ་གཉིས་ཏེ། རང་བཞིན་ནམ་དགོངས་པ་གཉིས་སུ་མེད་པའི་འཁོར་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་རོ། །དང་པོ་རང་བཞིན་ནམ་དགོངས་པ་གཉིས་སུ་མེད་པའི་འཁོར་ལ་གཉིས་ཏེ། རིགས་ཀྱི་ཡབ་ལྔ་སྐུ་མདོག་དང་བཅས་པ་དང་། རིགས་ཀྱི་ཡུམ་ལྔ་གཉིས་སུ་མེད་པར་བཞུགས་ཚུལ་ཚད་དང་བཅས་པའོ། །དང་པོ་རིགས་ཀྱི་ཡབ་ལྔ་སྐུ་མདོག་དང་བཅས་པ་བསྟན་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་༴ ལྗང་གུའི་མདོག་ཏུ་འཚེར་བ། ཞེས་པ་དེར་གདའ་ཞིང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་པ་མཚན་ཐུན་མོང་བ་གཉིས་ནི། སྔར་བཤད་པའི་སྟོན་པའི་རང་བཞིན་དང་འབྲུ་མཐུན་ལ། རྣམ་པར་ཤེས་པའི་ཞེས་པས། རྣམ་པར་ཤེས་པ་སྤྱིའི་མཚན་ཉིད་ཡུལ་རིག་པ་ཡིན་ལ། བྱེ་བྲག་ཏུ་ཕྱེ་ན་ཚོགས་བརྒྱད་དོ། །ཀུན་གཞི། ཉོན་ཡིད། ཡིད། སྒོ་ལྔ་སྟེ། དེ་ལྟར་བརྒྱད་ཀྱི་ཚོགས་པ་ནི་རྣམ་པར་ཤེས་པའི་ཕུང་པོའོ། །རྒྱལ་པོ་དང་ཞེས་པས། དེ་ལྟ་བུའི་རྟོག་པ་ཚོགས་བརྒྱད་ཀྱི་ཕུང་པོའི་རང་བཞིན། ཡེ་ཇི་བཞིན་པའི་རྡོ་རྗེ་སེམས་དཔའ་ཡིན་པ་ལས། ཁྱད་པར་རྒྱུད་དག་པའི་རྡོ་རྗེ་སེམས་དཔའི་འབྲས་བུ་མངོན་དུ་བྱས་ཏེ། མཐར་ཕྱིན་པར་གྱུར་པའམ་རྟོག་པ་དེ་ལྟ་བུ་ལ། ཐུགས་རང་རིག་པའི་ཡེ་ཤེས་ཀྱིས་རང་དབང་སྒྱུར་ཅིང་། ཟག་པ་མེད་པའི་ཆོས་ལ་མངའ་བརྙེས་པས། བདེ་བ་ཆེན་པོར་ལོངས་སྤྱོད་པའི་ཕྱིར་ན་རྒྱལ་པོ་ཞེས་བྱའོ། །དེ་ལྟར་རྟོགས་པ་རྣམ་པར་ཤེས་པའི་ཕུང་པོ་ཉིད་མ་སྤངས་གནས་སུ་དག་པ་ལྷ་ནི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ། དོན་དུ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང་ཞེས་པས། དེ་བཞིན་གཤེགས་པ་ནི་འབྲུ་མཐུན། གཟུགས་ཀྱི་རྒྱལ་པོ་དང་ཞེས་པས། གཟུགས་སྤྱིའི་མཚན་ཉིད་གཞིག་ཅིང་གཞོམ་དུ་རུང་བ་ཡིན་ལ། བྱེ་བྲག་ཏུ་ཕྱེ་ན། གཟུགས་ཆོས་བཅོ་ལྔ་སྟེ། རྒྱུའི་གཟུགས་ས་ཆུ་མེ་རླུང་བཞི་དང་། འབྲས་བུའི་གཟུགས་མིག་རྣ་བ་སྣ་ལྕེ་ལུས་ཀྱི་དབང་པོ་ལྔ་དང་། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དོན་དུ་སྣང་བ་ཡུམ་ལྔ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པའོ། །དེ་ལྟར་གཟུགས་ཆོས་བཅོ་ལྔ་པོ་རྣམས་ཀྱི་རྟོག་པ་ལ་རང་དབང་སྒྱུར་བས་ན་རྒྱལ་པོ་སྟེ། རྟོག་པ་གཟུགས་ཀྱི་ཕུང་པོ་ཉིད་མ་སྤངས་གནས་སུ་དག་པ། ལྷ་ནི་རྣམ་པར་སྣང་མཛད། དོན་དུ་ནི་རྣམ་པར་གྲོལ་བའི་ཕུང་པོ། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་དང་ཞེས་པས། དེ་བཞིན་གཤེགས་པ་ནི་འབྲུ་མཐུན། ཚོར་བ་སྤྱིའི་མཚན་ཉིད་ཉམས་སུ་མྱོང་བ་དང་བཅས་པ་ཡིན་ལ། བྱེ་བྲག་ཏུ་ཕྱེ་ན་ཚོར་བ་གསལ་དང་མི་གསལ་བར་མ་གསུམ་མམ། བདེ་སྡུག་བཏང་སྙོམས་གསུམ་གྱི་ཚོར་བའི་རྟོག་པ་ལ་རང་དབང་སྒྱུར་བས་ན་རྒྱལ་པོ་སྟེ། རྟོག་པ་ཚོར་བའི་ཕུང་པོ་ཉིད་མ་སྤངས་གནས་སུ་དག་པ། ལྷ་ནི་རིན་ཆེན་འབྱུང་ལྡན། དོན་དུ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་དང་ཞེས་པས། དེ་བཞིན་གཤེགས་པ་ནི་འབྲུ་མཐུན། འདུ་ཤེས་སྤྱིའི་མཚན་ཉིད་ཡུལ་ལ་མཚན་མར་འཛིན་པ་ཡིན་ལ། བྱེ་བྲག་ཏུ་ཕྱེ་ན། རྒྱ་ཆེ་བ་ཆུང་བ་ཚད་མེད་པ་གསུམ་གྱི་འདུ་ཤེས་ཀྱི་རྟོག་པ་ལ་རང་དབང་སྒྱུར་བས་ན་རྒྱལ་པོ་སྟེ། རྟོག་པ་འདུ་ཤེས་ཀྱི་ཕུང་པོ་ཉིད་མ་སྤངས་རང་གནས་སུ་དག་པ། ལྷ་ནི་སྣང་བ་མཐའ་ཡས། དོན་དུ་ནི་ཏིང་ངེ་འཛིན་གྱི་ཕུང་པོ་དང་། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་དང་ཞེས་པས། དེ་བཞིན་གཤེགས་པ་ནི་འབྲུ་མཐུན། འདུ་བྱེད་སྤྱིའི་མཚན་ཉིད་མངོན་པར་འདུ་བྱེད་པ་ཡིན་ལ། བྱེ་བྲག་ཏུ་ཕྱེ་ན། རེག་པ་དང་། ཡིད་ལ་བྱེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་དཔའ་སྟེ་ཀུན་ཏུ་འགྲོ་བ་ལྔ་དང། འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་སྟེ་ཡུལ་སོ་སོར་ངེས་པ་ལྔ་དང་། དད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པའི་དགེ་བའི་རྩ་བ་དང་། ཞེ་སྡང་མེད་པའི་དགེ་བའི་རྩ་བ་དང་། གཏི་མུག་མེད་པའི་དགེ་བའི་རྩ་བ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། བག་ཡོད་པ་དང་། བཏང་སྙོམས་དང་། རྣམ་པར་མི་འཚེ་བ་སྟེ་དགེ་བ་བཅུ་གཅིག་དང་། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་སྟེ་རྩ་བའི་ཉོན་མོངས་པ་དྲུག་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། ཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། རྒྱུ་དང་། གཡོ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངེས་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་སྟེ་ཉེ་བའི་ཉོན་མོངས་པ་ཉི་ཤུ་དང་། འགྱོད་པ་དང་། གཉིད་དང་། རྟོག་པ་དང་། སྤྱོད་པ་སྟེ་གཞན་དུ་འགྱུར་བ་བཞི། དེ་ལྟར་སེམས་ལས་བྱུང་བའི་ཆོས་ལྔ་བཅུ་རྩ་གཅིག་སྟེ། འདུ་བྱེད་ཀྱི་རྟོག་པ་ལ་རང་དབང་སྒྱུར་བའི་ཕྱིར་རྒྱལ་པོའོ། །དེ་ལྟར་རྟོག་པ་འདུ་བྱེད་ཀྱི་ཕུང་པོ་ཉིད་མ་སྤངས་པ་གནས་སུ་དག་པ། ལྷ་ནི་བཅོམ་ལྡན་འདས་དཔལ་དོན་ཡོད་གྲུབ་པ། དོན་དུ་ནི་ཤེས་རབ་ཀྱི་ཕུང་པོ་དང་། དེ་དག་ཀུན་ཀྱང་༴ འཚེར་བ་ཞེས་པས། རིགས་ལྔ་པོ་དེ་དག་ཀུན་ཀྱང་རང་བཞིན་གྱི་སྐུ་མདོག་བཞི་ནི་དུང་ལྟར་ཉེས་པའི་སྐྱོན་གྱིས་མ་གོས་པ། མེ་ཏོག་ཀུ་མུ་ཏའི་མདོག་ལྟར་སྣུམ་ལ་འདྲིལ་བ། ཟླ་བ་ལྟར་གསལ་བ། ཉི་མ་ལྟར་འཚེར་བའོ། །རིགས་ཀྱི་སྐུ་མདོག་ལྔ་ནི། ཆོས་ཉིད་མི་འགྱུར་བར་མཚོན་པ་དོན་ཡིན་ལ། རྟགས་རྡོ་རྗེའི་རིགས་ཀུན་སྐུ་མདོག་མཐིང་ཁ་དང་། ཉེས་པའི་སྐྱོན་གྱིས་མ་གོས་པ་དོན་ཡིན་ལ། རྟགས་དེ་བཞིན་གཤེགས་པའི་རིགས་ཀུན་སྐུ་མདོག་དཀར་པོ་དང་། ཆེ་བའི་ཡོན་ཏན་རྒྱས་པ་དོན་ཡིན་ལ། རྟགས་རིན་པོ་ཆེའི་རིགས་ཀུན་སྐུ་མདོག་སེར་པོ་དང་། གདུལ་བྱའི་དོན་ལ་ཆགས་པ་མཚོན་པ་དོན་ཡིན་ལ། རྟགས་པདྨའི་རིགས་ཀུན་སྐུ་མདོག་ལེ་བརྒན་ཏེ་དམར་པོ་དང་། ལས་སྣ་ཚོགས་ལྷུན་གྱིས་གྲུབ་པར་མཛད་པ་དོན་ཡིན་ལ། རྟགས་ལས་ཀྱི་རིགས་ཀུན་སྐུ་མདོག་ལྗང་ཁུའི་མདོག་ཅན་ཏེ། སྐུ་མདོག་དེ་དག་ཀྱང་མ་འདྲེས་པར། རང་རང་གི་ཁ་དོག་ཏུ་འཚེར་བའོ། །འོ་ན་སྐབས་འདིར་རྡོ་རྗེ་སེམས་དཔའ་དང་བྱ་བ་ལ་སོགས་པར་མི་འོང་བར། རྣམ་པར་ཤེས་པའི་རྒྱལ་པོ་དང་ཞེས་པ་ལ་སོགས་པ་རྟོག་པ་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། སྤར་ཁབ་ལས། ཀུན་གཞི་ལ་སོགས་པའི་རྟོག་པ་ལྔ་སྨོས་པ་ནི། རང་བཞིན་དང་ཐུན་མོང་མ་ཡིན་པའི་ཕྱིར་སྨོས་པ་སྟེ། དེ་དག་ཀར་དག་པར་ཆུད་པ་ལ་རྡོ་རྗེ་འཛིན་པ་ལ་སོགས་པར་རང་སྣང་བའི་ཕྱིར་རོ། །ཞེས་གསུངས་པས། གཞི་རང་བཞིན་གྱི་སྣང་བའི་དབང་དུ། རང་བཞིན་གྱི་ཕྱིར་སྨོས་པ་དང་། གདུལ་བྱ་ལམ་གྱི་སྣང་བའི་དབང་དུ། ཐུན་མོང་མ་ཡིན་པའི་ཕྱིར་སྨོས་པ་དང་། འབྲས་བུ་བདེ་གཤེགས་ཀྱི་སྣང་བའི་དབང་དུ། ཀར་དག་པར་ཐུགས་སུ་ཆུད་པའི་ཕྱིར་སྣང་བའོ། །དང་པོ་ནི་རང་བཞིན་ཤེས་བྱའི་གཤིས་ལ། རྟོག་པ་རྣམ་པར་ཤེས་པ་དང་། འབྲས་བུ་རྡོ་རྗེ་སེམས་དཔའ་གཉིས་སྣང་ན་སྣང་མཉམ་སྟོང་ན་སྟོང་མཉམ། བཟང་ངན་མེད་པས་ཀྱང་སྨོས་པ་ཡིན་ལ། གཉིས་པ་ནི་ཐུན་མོང་གི་ཐེག་པའི་སྐབས་སུ་ལྷ་སྨོས་པ། ཐུན་མོང་མ་ཡིན་པའི་རྒྱུད་འདིའི་སྐབས་སུ་རྟོག་པ་སྨོས་པས། ལྷ་དང་རྟོག་པ་དབྱེར་མེད་དུ་ངོས་ཟིན་པར་བྱ་བའི་ཕྱིར་སྨོས་པའོ། །གསུམ་པ་ནི་ལམ་ཉམས་སུ་བླངས་པས་འབྲས་བུ་མཐར་ཕྱིན་པའི་དུས་ཙམ་ན། རྣམ་པར་ཤེས་པ་ཉིད་མ་སྤངས་མ་བསྒྱུར་བར་རྡོ་རྗེ་སེམས་དཔར་རང་སྣང་བའི་ཕྱིར་དུའང་སྨོས་པའོ། །དེའི་ཕྱིར་རྟོག་པ་སྨོས་པ་ཐམས་ཅད་དེ་ལྟར་ཤེས་པར་བྱའོ། །གཉིས་པ་རིགས་ཀྱི་ཡུམ་ལྔ་གཉིས་སུ་མེད་པར་བཞུགས་ཚུལ་ཚད་དང་བཅས་པར་བསྟན་པ་ནི། བཙུན་མོ་དམ་པ་སྣང་བའི་དབྱིངས་དང་༴ ཁྱབ་པར་བཞུགས་སོ། །ཞེས་པ་དེར་གདའ་ཞིང་། བཙུན་མོ་ཞེས་པས་རྟོག་པའི་སྐབས་སུ་སྐྱེད་པར་བྱེད་པའི་རྒྱུར་གྱུར་པས་ན་བཙུན་མོ་སྟེ། འབྱུང་བ་ལྔས་ཕུང་པོ་ལྔ་བསྐྱེད་པའོ། །དེ་ཡང་འགྲེལ་པ་མངོན་རྟོགས་ལས། སེམས་ཅན་གྱི་དུས་ན་ཕུང་པོ་བསྐྱེད་པ་དང་། བརྟེན་པའི་གཞི་འབྱུང་བས་ཏེ་ཞེས་པས་གསལ་ལོ། །ལྷའི་སྐབས་སུ་སྐྱེད་པར་བྱ་བའི་ཡུལ་དུ་གྱུར་བས་ཀྱང་བཙུན་མོ་སྟེ། ཤེས་རབ་ཡུམ་ལ་ཐབས་ཡབ་ཀྱིས་རོལ་པའོ། །དམ་པ་ཞེས་པས་རང་བཞིན་དང་། སེམས་མ་ལས་ཁྱད་པར་དུ་གྱུར་པས་དམ་པ། སྣང་བ་ཞེས་པ་ནམ་མཁའི་མཚན་ཉིད་ཡིན་ལ། སྲས་ཀྱི་ཚོགས་ཀྱི་འབྱུང་ཁུངས་སམ་བདེ་བའི་ཡེ་ཤེས་བསྐྱེད་པའི་རྒྱུར་གྱུར་པའི་ཕྱིར་ན་དབྱིངས་ཏེ། འབྱུང་བ་ནམ་མཁར་འཛིན་པའི་རྟོག་པ་ཉིད་མ་སྤངས་གནས་སུ་དག་པ། ལྷ་ནི་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་དང་བཙུན་མོ་དམ་པ་འདི་ན་མར་ལ་མེད་ཀྱང་འཇུག་པར་བྱེད་དེ་འབྲུ་མཐུན་ལ། སྲ་བའི་དབྱིངས་དང་ཞེས་པས། སྲ་བའི་ཞེས་པ་སའི་མཚན་ཉིད་ཡིན་ལ། དབྱིངས་ནི་འབྲུ་མཐུན། འབྱུང་བ་སར་འཛིན་པའི་རྟོག་པ་ཉིད་མ་སྤངས་དབྱིངས་སུ་དག་པ། ལྷ་ནི་ཡུམ་སངས་རྒྱས་སྤྱན་མ་དང་། མཉེན་པའི་དབྱིངས་དང་ཞེས་པས། མཉེན་པ་ཆུའི་མཚན་ཉིད་ཡིན་ལ། འབྱུང་བ་ཆུར་འཛིན་པའི་རྟོག་པ་ཉིད་མ་སྤངས་གནས་སུ་དག་པ། ལྷ་ནི་ཡུམ་ཆེན་མོ་དབྱིངས་ཕྱུག་མ་མཱ་མ་ཀཱི་དང་། དྲོ་བའི་དབྱིངས་དང་ཞེས་པས། དྲོ་བ་མེའི་མཚན་ཉིད་ཡིད་ལ། འབྱུང་བ་མེར་འཛིན་པའི་རྟོག་པ་ཉིད་མ་སྤངས་གནས་སུ་དག་པ། ལྷ་ནི་ཡུམ་ཆེན་མོ་དབྱིངས་ཕྱུག་མ་གོས་དཀར་མོ་དང་། བསྐྱོད་པའི་དབྱིངས་ཞེས་པས། བསྐྱོད་པ་རླུང་གི་མཚན་ཉིད་ཡིན་ལ། འབྱུང་བ་རླུང་དུ་འཛིན་པའི་རྟོག་པ་ཉིད་མ་སྤངས་གནས་སུ་དག་པ། ལྷ་ནི་ཡུམ་ཆེན་མོ་དབྱིངས་ཕྱུག་མ་དམ་ཚིག་སྒྲོལ་མ་དང་། ལ་སོགས་པའི་སོགས་ཁོངས་ནས་དེ་དག་དང་ཆ་ལུགས་མཐུན་པའི་རྒྱུད་མས་སྦྱངས་ཀྱི་རིགས་ལྔ་ཡབ་ཡུམ་གྱི་ཚོགས་ཀྱང་བསྡུའོ། །བཙུན་མོའི་ཚོགས་དང་ཁྱབ་པར་བཞུགས་སོ་ཞེས་པས། དེ་ཡང་ཤེས་རབ་ཀྱི་རྒྱུད་ལྟར་ན། བཙུན་མོའི་ཚོགས་ཀྱི་དབུས་ན། རིགས་ལྔ་ཡབ་དང་ཡུམ་གཉིས་སུ་མེད་པར་བཞུགས་ཤིང་། ཆོས་ཀྱི་དབྱིངས་ཀུན་ཏུ་མཐའ་ཡས་པར་ཁྱབ་པའི་རང་བཞིན་མངོན་དུ་བྱས་པའམ། བདག་ཉིད་ཆེན་པོ་ནི་དོན་ཡིན་ལ། རྟགས་སུ་ཁང་པ་ལྷས་གང་བ་འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གང་བུ་ལ་ཏིལ་འབྲས་ཀྱིས་ཁྱབ་ལ། ཏིལ་འབྲས་ལ་ཏིལ་མར་གྱིས་ཁྱབ་པ་བཞིན་དུ་གཞལ་ཡས་ཁང་ལྷས་གང་ནས་ཀུན་ཏུ་ཁྱབ་པར་བཞུགས་སོ། །གཉིས་པ་རིག་པ་ཁྱད་པར་ཅན་གྱི་འཁོར་ལ་གསུམ་སྟེ། རྒྱལ་སྲས་སེམས་དཔའི་འཁོར་དང་། འཇོམས་བྱེད་ཁྲོ་བོའི་འཁོར་དང་། འཁོར་དེ་དག་མང་བ་དང་ཁྱབ་པའི་ཚད་དང་གཉིས་སུ་མེད་པར་བཞུགས་པའི་ཚུལ་བསྟན་པའོ། །དང་པོ་རྒྱལ་སྲས་སེམས་དཔའི་འཁོར་ལ་གཉིས་ཏེ། ནང་སེམས་ཡབ་ཡུམ་བརྒྱད་བསྟན་པ་དང་། ཕྱི་སེམས་ཡབ་ཡུམ་བརྒྱད་བསྟན་པའོ། །དང་པོ་ནང་སེམས་ཡབ་ཡུམ་བརྒྱད་བསྟན་པ་ནི། དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ༴ མྱོང་བར་བྱ་བའི་ཚོགས་དང་། ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས། འབྲེལ་མཚམས་སྦྱོར་བའི་ཚིག་བྱ་ངང་མོའི་འགྲོས་ལྟར་དུ་བཤད་ན། རང་བཞིན་ནམ་དགོངས་པ་གཉིས་མེད་ཀྱི་འཁོར་བསྟན་པ་ལ་དེ་རིག་པ་ཁྱད་པར་ཅན་གྱི་འཁོར་སྟོན་པས་ན་ནས། བྱང་ཆུབ་ཆེན་པོ་རྡོ་རྗེ་ཞེས་པས་རྒྱུད་མས་སྦྱངས་ལྟར་དུ་འབྲུ་བསྣན་ན་ཤེས་རབ་ཆེན་པོས་ཆོས་ཉིད་ནམ་མཁའ་ལྟ་བུ་ལ་སེམས་པས་ན་བྱང་། སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་སེམས་པས་ན་ཆུབ། ཅེས་བླ་མ་གོང་མ་རྣམས་གསུང་ལ། བསྟན་པའི་མངའ་བདག་འཇམ་དབྱངས་ཆེན་པོ་བསམ་གྲུབ་རྡོ་རྗེའི་གསུང་གིས། ཤེས་རབ་ཆེན་པོས་བདག་དོན་དུ་སྒྲིབ་པ་བྱང་ཞིང་། རང་སའི་ཡོན་ཏན་རྫོགས་པའི་ཕྱིར་ཆུབ། སེམས་དཔའ་ཞོར་ལ་བཤད་ན། སྙིང་རྗེ་ཆེན་པོས་འགྲོ་བའི་དོན་ལས་སེམས་པའི་ཕྱིར་སེམས། བདག་གཞན་གྱི་སྒྲིབ་པ་འཇོམས་པ་ལ་དཔའ་བའི་ཕྱིར་དཔའ་ཞེས་བྱས་ན་འཐད་གསུང་། མཚན་ཉིད་བྱང་ཆུབ་སེམས་དཔའ་ལ་ཁྱད་པར་དུ་གྱུར་པས་ཆེན་པོ། ལྟ་བའི་སྒྲིབ་པ་འཇོམས་པའི་ཕྱིར་རྡོ་རྗེའོ། །ཐུགས་རིག་པ་རང་སྣང་ལྟར་དུ་འབྲུ་བསྣན་ན། རྟོག་པ་མིག་གི་རྣམ་པར་ཤེས་པ་བདག་ཏུ་འཛིན་པ་བྱང་། འབྲས་བུ་ལྷའི་སྙིང་པོའི་སྐུར་གསལ་བས་ཆུབ། རྒྱུད་མས་སྦྱངས་ཀྱི་བྱང་ཆུབ་སེམས་དཔའ་ལས་ཁྱད་པར་དུ་གྱུར་པས་ཆེན་པོ། ལྟ་བ་སྒྲིབ་པ་ཆོམ་ཟིན་པས་རྡོ་རྗེ། མཐོང་བ་དང་ཞེས་པས། མཐོང་བ་མིག་གི་རྣམ་པར་ཤེས་པ་ཉིད་མ་སྤངས་གནས་སུ་དག་པ། ལྷ་ནི་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་དང་ཞེས་པས། བྱང་ཆུབ་ཆེན་པོ་རྡོ་རྗེ་འབྲུ་མཐུན་ལ། ཐོས་པ་རྣ་བའི་རྣམ་པར་ཤེས་པ་ཉིད་མ་སྤངས་གནས་སུ་དག་པ། ལྷ་ནི་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་པ་དང་ཞེས་པས། སྣོམ་པ་སྣའི་རྣམ་པར་ཤེས་པ་ཉིད་མ་སྤངས་གནས་སུ་དག་པ། ལྷ་ནི་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བ་དང་ཞེས་པས། མྱོང་བ་ལྕེའི་རྣམ་པར་ཤེས་པ་ཉིད་མ་སྤངས་གནས་སུ་དག་པ། ལྷ་ནི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། བཙུན་མོ་ཞེས་པ་ནི་སྔར་བཤད་པ་དང་འབྲུ་མཐུན་ལ། སྐབས་འདིར་ཡུལ་བཞིས་རྣམ་ཤེས་བཞི་བསྐྱེད་པའོ། །མཐོང་བར་བྱ་བ་དང་ཞེས་པས། མཐོང་བར་བྱ་བ་གཟུགས་ཀྱི་སྐྱེ་མཆེད་མ་སྤངས་གནས་སུ་དག་པ། ལྷ་ནི་ལྷ་མོ་ལཱ་སྱེ་མ་དང་། མཉན་པར་བྱ་བ་དང་ཞེས་པས། མཉན་པར་བྱ་བ་སྒྲའི་སྐྱེ་མཆེད་མ་སྤངས་གནས་སུ་དག་པ། ལྷ་ནི་ལྷ་མོ་ནཱིརྟི་མ་དང་། མནམ་པར་བྱ་བ་དང་། ཞེས་པས། མནམ་པར་བྱ་བ་དྲིའི་སྐྱེ་མཆེད་མ་སྤངས་གནས་སུ་དག་པ། ལྷ་ནི་ལྷ་མོ་མཱ་ལེ་མ་དང་། མྱོང་བར་བྱ་བའི་ཞེས་པས། མྱོང་བར་བྱ་བ་རོའི་སྐྱེ་མཆེད་མ་སྤངས་གནས་སུ་དག་པ། ལྷ་ནི་ལྷ་མོ་གིརྟི་མ་དང་། ཚོགས་དང་ཞེས་པས། དེ་དང་ཆ་ལུགས་མཐུན་པའི་རྒྱུད་མས་སྦྱངས་ཀྱི་ནང་སེམས་ཡབ་ཡུམ་ཀྱང་བསྡུའོ། །གཉིས་པ་ཕྱི་སེམས་ཡབ་ཡུམ་བརྒྱད་བསྟན་པ་ནི། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད༴ མ་བྱོན་པའི་ཚོགས་དང་། ཞེས་པ་དེར་གདའ་ཞིང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང་ཞེས་པས། བྱང་ཆུབ་ཆེན་པོ་རྡོ་རྗེ་ནི་འབྲུ་མཐུན་ལ། མཐོང་བྱེད་མིག་གི་དབང་པོ་མ་སྤངས་གནས་སུ་དག་པ། ལྷ་ནི་བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་བྱེད་དང་ཞེས་པས། ཐོས་བྱེད་རྣ་བའི་དབང་པོ་མ་སྤངས་གནས་སུ་དག་པ། ལྷ་ནི་བྱང་ཆུབ་སེམས་དཔའ་སྒྲིབ་པ་སེལ་བ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་བྱེད་དང་ཞེས་པས། སྣོམ་བྱེད་སྣའི་དབང་པོ་མ་སྤངས་གནས་སུ་དག་པལ། ལྷ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། བྱང་ཆུབ་ཆེན་པོ་མྱོང་བྱེད་དང་ཞེས་པས། མྱོང་བྱེད་ལྕེའི་དབང་པོ་མ་སྤངས་གནས་སུ་དག་པ། ལྷ་ནི་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་དང་། བཙུན་མོ་འདས་པ་དང་ཞེས་པས། བཙུན་མོ་ནི་སྔར་བཞིན་ལ། ཁྱད་པར་དུ་སྐབས་འདིར་དུས་བཞིས་དབང་པོ་བཞི་བསྐྱེད་པའོ། །འདས་པ་དང་ཞེས་པས། འདས་པའི་དུས་མ་སྤངས་གནས་སུ་དག་པ། ལྷ་ནི་ལྷ་མོ་དྷུ་པེ་མ་དང་། ད་ལྟར་དང་ཞེས་པས། ད་ལྟར་བའི་དུས་མ་སྤངས་གནས་སུ་དག་པ། ལྷ་ནི་ལྷ་མོ་པུཥྤེ་མ་དང་། འབྱུང་བ་དང་ཞེས་པས། ཕྱིས་འབྱུང་བའི་དུས་མ་སྤངས་གནས་སུ་དག་པ། ལྷ་ནི་ལྷ་མོ་ཨཱ་ལོ་ཀེ་དང་། མ་བྱོན་པའི་དུས་སོ་ཞེས་པས། མ་བྱོན་པ་སྟེ་འབྱུང་བར་མ་ངེས་པའི་དུས་མ་སྤངས་གནས་སུ་དག་པ། ལྷ་ནི་ལྷ་མོ་གནྡྷེ་མ་དང་། ཚོགས་དང་ཞེས་པས། དེ་དག་དང་ཆ་ལུགས་མཐུན་པའི་རྒྱུད་མས་སྦྱངས་ཀྱི་ཕྱི་སེམས་ཡབ་ཡུམ་རྣམས་ཀྱི་ཚོགས་དང་བཅས་པའོ། །གསུམ་པ་འཇོམས་བྱེད་ཁྲོ་བོའི་འཁོར་བསྟན་པ་ནི། འཇོམས་པ་ཆེན་པོ་རྡོ་རྗེ་རེག་པ༴ མཚན་མར་འཛིན་པ་ལ་སོགས་པ། ཞེས་པ་དེར་གདའ་ཞིང་། འཇོམས་པ་ཞེས་པས། ཁྲོ་བོ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པས་བདུད་དང་མུ་སྟེགས་ལ་སོགས་པའི་དཔུང་འཇོམས་པས་ན་འཇོམས་པ། ཆེན་པོ་ནི་བདག་ལ་སྒྲིབ་པ་མི་གསོག་གཞན་ལ་སྡུག་བསྔལ་མི་བསྐྱེད་པའི་ཕྱིར། བདུད་དང་གནོད་སྦྱིན་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པས་ཆེན་པོ། རྡོ་རྗེ་ཞེས་པས། ལྟ་བའི་སྒྲིབ་པ་འཇོམས་པའི་ཕྱིར་ལས་ཀྱི་རྡོ་རྗེའོ། །རེག་པ་དང་ཞེས་པ་ནི་གསང་བའི་བདག་པོ་དང་། ཡུལ་དང་རྣམ་པར་ཤེས་པ་སྟེ་གསུམ་འདུས་ཀྱི་རེག་པའམ་ལུས་ངག་ཡིད་གསུམ་སྤྱིར་འཛིན་པ་ཉིད་མ་སྤངས་གནས་སུ་དག་པ། ལྷ་ནི་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བ་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རེག་བྱེད་དང་ཞེས་པས། འཇོམས་པ་ཆེན་པོ་རྡོ་རྗེ་ནི་འབྲུ་མཐུན་ལ། རེག་བྱེད་ནི་གསང་བའི་བདག་པོ་ཐབས་ཀྱི་རྡོ་རྗེའམ་བདག་ཏུ་འཛིན་པ་ཉིད་མ་སྤངས་གནས་སུ་དག་པ། ལྷ་ནི་ཁྲོ་བོ་ཆེན་པོ་རྟ་མགྲིན་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རེག་བྱ་ནི། གསང་བའི་ཡུལ་ཤེས་རབ་ཀྱི་པདྨའམ་ལུས་སུ་འཛིན་པ་ཉིད་མ་སྤངས་གནས་སུ་དག་པ། ལྷ་ནི་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་དང་། འཇོམས་པ་ཆེན་པོ་རྡོ་རྗེ་འབྲུ་མཐུན་ལ། རེག་ཤེས་ནི་གསང་བའི་རྣམ་པར་ཤེས་པས་དགའ་བ་ཉམས་སུ་མྱོང་བའམ་ཡིད་དུ་འཛིན་པ་ཉིད་མ་སྤངས་གནས་སུ་དག་པ། ལྷ་ནི་ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད་པོ་དང་། བཙུན་མོ་རྟག་པར་མ་ཡིན་པ་དང་ཞེས་པས། བཙུན་མོ་ནི་སྔར་བཤད་པ་བཞིན་ལས། ཁྱད་པར་དུ་སྐབས་འདིར། རྟག་ཆད་ཀྱི་ཕྱི་ལོག་བཞིས་ལུས་ཀྱི་རྟོག་གཞི་དངོས་སུ་མི་སྐྱེད་ཀྱང་བརྒྱུད་ནས་སྐྱེས་གསུང་ངོ་། །རྟག་པར་མ་ཡིན་པ་དང་ཞེས་པས། ངའམ་རྫས་ཀྱི་དངོས་པོ་ལ་རྟག་པར་འཛིན་པ་ཉིད་རང་ཁ་མར་མ་ཡིན་པ་སྟེ་དེ་མ་སྤངས་གནས་སུ་དག་པ། ལྷ་ནི་ཁྲོ་མོ་ལྕགས་ཀྱུ་མ་དང་། ཆད་པར་མ་ཡིན་པ་དང་ཞེས་པས། ངའམ་རྫས་ཀྱི་དངོས་པོ་ལ་ཆད་པར་འཛིན་པ་ཉིད་རང་ཁ་མར་མ་ཡིན་ཏེ་དེ་མ་སྤངས་གནས་སུ་དག་པ། ལྷ་ནི་ཁྲོ་མོ་ཞགས་པ་དང་། བདག་ཏུ་མ་ཡིན་པ་དང་ཞེས་པས། ངའམ་རྫས་ཀྱི་དངོས་པོ་ལ་བདག་ཏུ་འཛིན་པ་ཉིད་རང་ཁ་མར་མ་ཡིན་པ་སྟེ་དེ་མ་སྤངས་གནས་སུ་དག་པ། ལྷ་ནི་ཁྲོ་མོ་ལྕགས་སྒྲོག་མ་དང་། མཚན་མར་མ་ཡིན་པ་ཞེས་པས། ངའམ་རྫས་ཀྱི་དངོས་པོ་ལ་མཚན་མར་འཛིན་པ་ཉིད་རང་ཁ་མར་མ་ཡིན་པ་སྟེ་དེ་མ་སྤངས་གནས་སུ་དག་པ། ལྷ་ནི་ཁྲོ་མོ་དྲིལ་བུ་མ་དང་། ལ་སོགས་པ་ཞེས་པའི་སོགས་ཁོངས་ནས་དེ་དག་དང་ཆ་ལུགས་མཐུན་པའི་རྒྱུད་མས་སྦྱངས་ཀྱི་ཁྲོ་བོ་ཡབ་ཡུམ་རྣམས་ཀྱང་སྡུད་དོ། །གསུམ་པ་འཁོར་དེ་དག་མང་བ་དང་ཁྱབ་པའི་ཚད་གཉིས་སུ་མེད་པར་བཞུགས་པའི་ཚུལ་བསྟན་པ་ནི། དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ། །ཞེས་པས། རྒྱུད་མས་སྦྱངས་ཀྱི་དབང་དུ། གོང་དུ་བཤད་པ་དེ་ལྟ་བུའི་འཁོར་གྱི་ཚོགས་གྲངས་བརྗོད་ཀྱིས་མི་ལང་བ་དང་། རིགས་ཀྱི་ཡབ་ལྔ་དང་རྒྱལ་བ་ཀུན་ཏུ་བཟང་པོའི་དགོངས་པ་གཉིས་སུ་མེད་པར་བཞུགས། རིགས་ཀྱི་ཡུམ་ལྔ་དང་ཐབས་ཤེས་རབ་གཉིས་སུ་མེད་པར་བཞུགས། རིག་པ་ཁྱད་པར་ཅན་གྱི་འཁོར་དང་བཅས་གཉིས་སུ་མེད་པར་བཞུགས། ཐུན་མོང་མ་ཡིན་པའི་གླེང་གཞིའི་དབང་དུ་ལྷ་དང་རྟོགས་པ་གཉིས་སུ་མེད་པར་བཞུགས། དད་པ་གཏམ་ཉན་གྱི་འཁོར་དང་རང་བཞིན་གཉིས་སུ་མེད་པར་བཞུགས། ཐུགས་རིག་པ་རང་སྣང་གི་དབང་དུ་གོང་དུ་བཤད་པ་དེ་ལྟ་བུའི་ཚོགས་གྲངས་བརྗོད་ཀྱིས་མི་ལང་བ་དང་། སྟོན་འཁོར་གཉིས་བཟང་ངན་དང་ཆེ་ཆུང་ཐ་དད་མེད་པའི་ཕྱིར་གཉིས་སུ་མེད་པར་བཞུགས་སོ། །དེ་ལྟར་བཤད་པའི་ལེའུ་དང་པོའི་འཁོར་འདི་དག །ཐུགས་རིག་པ་རང་སྣང་སྤྲུལ་པ་བ་འབའ་ཞིག་ཡིན་ནམ། རྒྱུད་མས་སྦྱངས་རང་རྒྱུད་པ་ཞིག་ཡིན། དང་པོ་ལྟར་ན་ལེའུ་དང་པོའི་འཁོར་རྣམས་ཆོས་ཅན། མས་སྦྱངས་གཏན་ནས་མེད་པར་ཐལ། ཐུགས་རིག་པ་རང་སྣང་འབའ་ཞིག་ཏུ་འདོད་ཀྱི་འདུག་པའི་ཕྱིར། འདོད་ན། སྐྱོན་གསུམ་འོང་སྟེ། དང་པོ་བཀའ་ལུང་དང་འགལ་བའི་སྐྱོན་ནི། རྒྱ་མཚོ་ལས། དང་པོའི་སངས་རྒྱས་ས་རྒྱལ་བ། །སེམས་དཔའ་ཆེ་དང་འཇོམས་པ་ཆེ། །བརྗོད་ཀྱིས་མི་ལང་ཚད་མེད་དང་། །ཞེས་དང་། འདི་ཉིད་ལས། དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ། །ཞེས་གསུངས་ལ། གཉིས་པ་མན་ངག་དང་འགལ་བའི་སྐྱོན་ནི། སྤར་ཁབ་ལས། གདུལ་བྱ་ལས་མཐར་ཐུག་པ་ནི་དྲུག་པའི་ཞིང་དུ་འགྱུར་ཏེ། དེ་དག་པ་གཞན་ལས་ཁྱད་པར་དུ་གྱུར་པས་ཆེན་པོ། ལྟ་བའི་སྒྲིབ་པ་འཇོམས་པའི་ཕྱིར་ལས་ཀྱི་རྡོ་རྗེའོ། །ཞེས་གསུངས་པས། མས་སྦྱངས་མཐར་ཕྱིན་པའི་ལམ་གྱི་བྱང་སེམས་ཤེས་སྒྲིབ་ཅན་དུ་བཤད་པས་གསལ་ཞིང་། གསུམ་པ་རིག་པ་དང་འགལ་བའི་སྐྱོན་ནི། རང་སྣང་སྤྲུལ་པ་བ་ཆོས་ཅན། དགོས་ཆེད་མེད་པར་ཐལ། རང་སྣང་སྤྲུལ་པ་པའི་ལུགས་ཀྱིས་མས་སྦྱངས་རང་རྒྱུད་པ་འདུལ་བ་ལ་དགོངས་པ་ཡིན་པ་ལ་མས་སྦྱངས་རང་རྒྱུད་པ་གཏན་ནས་མེད་པའི་ཕྱིར། གཏན་ཚིགས་མ་གྲུབ་ན། སྤྲུལ་པ་བ་ཡིན་པའི་དམ་བཅའ་འབུད། འདོད་ན་གོང་གི་ལུང་མན་ངག་གིས་གསལ་ལོ། །གཉིས་པ་ལྟར་ན། ལེའུ་དང་པོའི་འཁོར་ཆོས་ཅན། རང་སྣང་སྤྲུལ་པ་བ་གཏན་ནས་མེད་པར་ཐལ། རང་རྒྱུད་པ་འབའ་ཞིག་ཡིན་པའི་ཕྱིར། འདོད་ན། སྐྱོན་གསུམ་འོང་སྟེ། དང་པོ་བཀའ་ལུང་དང་འགལ་བའི་སྐྱོན་ནི། སྒྱུ་འཕྲུལ་རྒྱ་མཚོ་ལས། དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བའི་སེམས་སོགས་དང་། །ཞེས་པས་རྒྱལ་བའི་ཐུགས་རིག་པ་རང་སྣང་དུ་བཤད་ལ། གཉིས་པ་མན་ངག་དང་འགལ་བའི་སྐྱོན་ནི། སྤར་ཁབ་ལས། མཚན་ཐུན་མོང་བ་གཉིས་ནི་སྔར་ཐལ་ཏེ་ཞེས་དང་། རང་རིག་པ་ཉིད་གསུམ་གྱི་ཁྱད་པར་དུ་སྣང་བ་ལ་ངམ་པ་གསུམ་མོ་ཞེས་དང་། ཀར་དག་པ་ཐུགས་སུ་ཆུད་པ་ལས་རྡོ་རྗེ་འཛིན་པ་ལ་སོགས་པར་རང་སྣང་བའི་ཕྱིར། ཞེས་དང་། ཡང་རྟོག་ཚོགས་མ་སྨོས་པ་རྗེས་སུ་ཐུན་མོང་། ཞེས་པས། སྟོན་འཁོར་གནས་གསུམ་རྒྱལ་བ་དྲུག་པའི་ཐུགས་རིག་པ་རང་སྣང་དུ་གསུངས་པས་གསལ་ཞིང་། གསུམ་པ་རིག་པ་དང་འགལ་བའི་སྐྱོན་ནི། ལེའུ་དང་པོར་སྨོས་པའི་རྟོག་པ་འདི་རྣམས་གང་ཟག་ཐ་དད་ཀྱི་རྟོག་པ་ཡིན་ནམ། གང་ཟག་གཅིག་གི་རྟོག་པ་ཡིན། དང་པོ་ལྟར་ན། གང་ཟག་གཅིག་ལ་ཡང་རྟོག་པ་བཞི་བཅུ་རྩ་གཉིས་མ་ཚང་བར་ཐལ། ཐ་དད་ཀྱི་རྟོག་པ་ཡིན་པའི་ཕྱིར། གཏན་ཚིགས་མ་གྲུབ་ན། ཐ་དད་ཀྱི་དམ་བཅའ་འབུད། འདོད་ན་གཅིག་གི་རྟོག་པ་ལས་མ་སྨོས་པས་གསལ། ཡང་གང་ཟག་གཅིག་གི་རྟོག་པ་ཡིན་ཟེར་ན། ཡིད་ཆོས་ཕུང་པོ་དང་འབྱུང་བ་ལྔ་སངས་རྒྱས་ནས་འདུག་ལ། རྣམ་ཤེས་དང་དབང་པོ་ནི་བྱང་ཆུབ་པའི་རྒྱུད་དུ་འདུག་པས། རྒྱུད་ཐ་དད་དུ་ཐལ། གང་ཟག་གཅིག་གི་རྒྱུད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྒྱུད་གཉིས་འདུག་པའི་ཕྱིར། གཏན་ཚིགས་མ་གྲུབ་ན་གཅིག་གི་དམ་བཅའ་འབུད། འདོད་ན། ཐབས་ཤེས་གསལ་སྒྲོན་དང་། འཕྲུལ་གྱི་མེ་ལོང་ལས། འགྲོ་བ་ཤེས་རྒྱུད་གཉིས་མི་འཆང་། །ཞེས་པས་གསལ་ལོ། །རྗེ་དྲི་ངས་པ་ཉེའུ་སྟོན་ཆོས་ཀྱི་སེང་གེའི་བཞེད་ཀྱིས། ལེའུ་དང་པོ་དངོས་སུ་བྱུང་བ་རྟོག་ཚོགས་དང་སྦྱར་བའི་འཁོར་འདི་རྣམས་ཐུགས་རིག་པ་རང་སྣང་སྤྲུལ་པ་བ་ཡིན་ལ། རྒྱུད་མས་སྦྱངས་རང་རྒྱུད་པ་གཏན་ནས་མེད་པ་མ་ཡིན་ཏེ། ཚོགས་བྱ་བའི་ཁོངས་ནས་དེ་རྣམས་དང་ཆ་ལུགས་མཐུན་པའི་ས་བཅུའི་བྱང་ཆུབ་སེམས་དཔའ་དང་། ཐེག་པ་འོག་མ་པའི་སངས་རྒྱས་ཀྱི་ས་ལ་གནས་པའང་ཡོད་གསུང་ངོ་། །དེ་བཀའ་ལུང་གཉིས་ཀ་དང་མི་འགལ་ཏེ། རང་རྒྱུད་པ་གཏན་ནས་མེད་པར་ཁས་མ་བླངས་ཏེ་ཡོད་པས་སོ། །རིག་པ་དང་མི་འགལ་ཏེ། མས་སྦྱངས་ཡོད་པས་སྤྲུལ་པ་བ་ནི་དེ་འདུལ་བ་ལ་དགོངས་པའོ། །དེ་བསྒྲུབ་པ་ལ་གསུམ་ལས། དང་པོ་བཀའ་ལུང་གིས་བསྒྲུབ་པ་ནི། རྒྱ་མཚོ་ལས། དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བའི་སེམས་སོགས་དང་། །དང་པོའི་སངས་རྒྱས་ས་རྒྱལ་བ། །སེམས་དཔའ་ཆེ་དང་འཇོམས་པ་ཆེ། །བརྗོད་ཀྱིས་མི་ལང་ཚད་མེད་དང་། །རྣམ་གཉིས་ཚུལ་དུ་བཞུགས་པའོ། །ཞེས་སྤྲུལ་པ་བ་དང་རང་རྒྱུད་པ་གཉིས་ཀར་བཤད་པའི་ཕྱིར་དང་། གཉིས་པ་མན་ངག་གིས་བསྒྲུབ་པ་ནི། སྤར་ཁབ་ལས། གདུལ་བྱ་ལས་མཐར་ཐུག་པ་ནི་དྲུག་པའི་སངས་རྒྱས་ཀྱི་ཞིང་དུ་འགྱུར་ཏེ། ཞེས་པས། རྒྱུད་མས་སྦྱངས་ལྟར་བཤད་པ་དང་། རང་རིག་པ་ཉིད་གསུམ་གྱི་ཁྱད་པར་དུ་སྣང་བ་ལ་ངམ་པའོ། །ཞེས་པས། སྤྲུལ་པ་བལྟར་བཤད་པའི་ཕྱིར་རོ། །གསུམ་པ་རིག་པས་བསྒྲུབ་པ་ནི། དངོས་སུ་བཀོད་པ་འདི་འདུལ་བྱེད་སྤྲུལ་པ་བ་ཡིན་ལ། དེ་དང་ཆ་མཐུན་གྱི་གདུལ་བྱ་མས་སྦྱངས་རང་རྒྱུད་པའང་ཡོད་པས་སྤྲུལ་པ་བ་ལ་དགོས་པ་མེད་པ་མ་ཡིན་ཏེ། འདིར་གཉིས་ཀ་ལྟར་བཤད་ནས་འདུག་པས་གྲུབ་བོ་གསུང་། གཙང་པ་བྱི་སྟོན་གྱི་བཞེད་ཀྱིས། སྤྲུལ་པ་བ་དང་རང་རྒྱུད་པ་གཉིས་ཀ་ལྟར་ཡིན་གསུངས་ཏེ། བཀའ་ལུང་གིས་བསྒྲུབ་པ་གོང་དང་མཐུན་ལ། མན་ངག་གིས་བསྒྲུབ་པ་ནི། ལམ་རིམ་ལས། གསང་བའི་ཏནྟྲ་སྟོན་པ་དང་། །དེ་བཞིན་བསྡུ་བ་མཛད་པ་དང་། །དམན་ལུས་བསོད་ནམས་ལྡན་གནས་སུ། །སྣ་ཚོགས་ལུས་ཅན་རིགས་ལ་བཀོད། །ཞེས་པས། སྟོན་པ་ཡང་མཛད། སྡུད་པ་པོ་ཡང་མཛད་པས་སྤྲུལ་པ་བ་ཡིན་ལ། བག་ལ་ཉལ་གྱི་སྒྲིབ་པ་ཆ་ཕྲ་མོ་ཡོད་པས་རང་རྒྱུད་པ་ཡིན་ཡང་། མཐར་ལམ་གྱི་བྱང་ཆུབ་སེམས་དཔའ་བཞེད་དོ་གསུང་། གཙང་པ་འོད་འབར་རྗེ་དྲི་ངས་པ་ལྟར་འཐད་གསུང་། བླ་མ་རྒྱ་གབ་གོང་པའི་བཞེད་ཀྱིས་རིགས་ལྔ་ཡན་ཆད་སྤྲུལ་པ་བ་ཡིན་ལ། སེམས་དཔའ་མན་ཆད་རང་རྒྱུད་དུ་འཐད་དོ། །དེ་ཡང་མས་སྦྱངས་ཀྱི་རིགས་ལྔ་གཏན་མེད་དང་། ཡས་སྤྲུལ་གྱི་སེམས་དཔའ་གཏན་མེད་དུ་འདོད་པ་ཡིན་གྱིས་རྒྱ་མཚོ་འདི་ཉིད་སྤར་ཁབ་གསུམ་དཔང་པོར་བཞག་པའི་ལུང་གིས་གསལ་ལ། སྤྱིར་སྤྲུལ་པ་རང་རྒྱུད་གཉིས་བསྒྲུབ་བྱེད་ལ། བཀའ་ལུང་མན་ངག་གཉིས་འཐད་ཅིང་། རིག་པས་བསྒྲུབ་པ་དེ་དག་དོན་ཆུང་གསུང་ངོ་། །ཡང་ཁ་ཅིག་ན་རེ། ལེའུ་དང་པོ་གླེང་གཞིའི་ལེའུ་འདིར། ལྷ་བཞི་བཅུ་རྩ་གཉིས་ཚང་ངམ་མ་ཚང་། ཚང་ན། ཀུན་ཏུ་བཟང་མོ་དང་། ཐུབ་པ་དྲུག་མི་འདུག་པས་གསལ། མ་ཚང་ན་གླེང་གཞི་ཕུན་སུམ་ཚོགས་པར་མི་འགྱུར་ལ། ལེའུ་གཉིས་པར་ཀུན་ཏུ་བཟང་མོ་བྱུང་། གསུམ་པར་ཐུབ་པ་དྲུག་བྱུང་བས་རྒྱུ་མེད་ཀྱི་འབྲས་བུ་འབྱུང་བས་སྐྱོན་ཡང་འོང་ངོ་ཞེ་ན། དེ་ལྟ་བུའི་སྐྱོན་མི་འོང་བའི་ཟིན་སོ་ཡོད་དེ། ཐབས་དང་ཤེས་རབ་ཅེས་པས། ཤེས་རབ་ལ་ཡུམ་ཀུན་ཏུ་བཟང་མོ་ངོས་འཛིན། སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ་ཞེས་པས་ཐུབ་པ་དྲུག་ངོས་འཛིན་ནོ། །དེས་ན་གླེང་གཞི་མ་འཚོགས་པའི་སྐྱོན་མེད་ཅིང་རྒྱུ་མེད་ཀྱི་འབྲས་བུ་འབྱུང་བའི་སྐྱོན་ཡང་མེད་དོ། །གསལ་བར་མ་བྱུང་བའི་འཐད་པ་ནི། ལེའུ་དང་པོ་གསང་དབང་གི་སྐབས་མིན་པ་དང་། ཐུན་མོང་གི་གདུལ་བྱ་མེད་པ་དང་། ཆོས་འཆད་པའི་སྐབས་ཡིན་པས། ལེའུ་དང་པོ་ཀུན་ཏུ་བཟང་མོ་དང་ཐུབ་པ་དྲུག་གསལ་བར་མ་བྱུང་ལ། ལེའུ་གཉིས་པར་དབང་བསྐུར་བའི་དོན་དུ་ཀུན་ཏུ་བཟང་མོ་བྱུང་བ་ཡིན། ལེའུ་གསུམ་པ་དང་དྲུག་པར་དཀྱིལ་འཁོར་དུ་འཁོད་པའི་འཁོར་དང་། འགྲོ་བ་འདུལ་བྱེད་ཀྱི་འཁོར་ཡིན་པས་ཐུབ་པ་དྲུག་འབྱུང་བ་ཡིན་ནོ་ཞེས་གསུང་ངོ་། །ཡང་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། སངས་རྒྱས་བཞི་བཅུ་རྩ་གཉིས་བཞུགས་སམ་མི་བཞུགས། བཞུགས་ན་ཐུབ་པ་དྲུག་གི་གདུལ་བྱའི་ཞིང་རིགས་དྲུག་ཡིན་པས། རིགས་དྲུག་གི་སེམས་ཅན་འོག་མིན་ན་ཡོད་པའི་སྐྱོན་འོང་ལ། མི་བཞུགས་ན་གླེང་གཞི་ཕུན་སུམ་ཚོགས་པ་མ་ཡིན་པའི་སྐྱོན་འོང་ངོ་ཞེ་ན། འགྲོ་བ་རིགས་དྲུག་གི་སེམས་ཅན་འོག་མིན་ན་ཡོད་ཀྱང་། ངེས་པའི་ཤེས་པ་མ་སྐྱེས་པ་ཡིན། དེ་ཡང་སྒྱུ་འཕྲུལ་རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པས་ན། །ངན་སོང་གནས་ཀྱང་འོག་མིན་དགའ་ལྡན་གནས། །ཞེས་གསུངས་སོ། །སྤྱི་དོན་གསུམ་པ་གླེང་གཞི་བསྡུས་ཏེ་བསྟན་པ་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། གླེང་གཞི་བསྡུས་པ་ངེས་ཚིག་དང་བཅས་པ་དང་། བཀའ་གསང་སྔགས་མཚོན་པའི་ཚིག་གོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་ནི། དེ་ནས་དེ་བཞིན་གཤེགས་པ༴ རྡོ་རྗེ་ལས་ཕྱུང་ངོ་། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པ་འབྲེལ་མཚམས་སྦྱོར་བའི་ཚིག་སྟེ། གཞུང་རྒྱས་པར་བསྟན་པ་ལ་དེ་བསྡུས་ཏེ་སྟོན་པས་ན་ནས། དེ་བཞིན་གཤེགས་པ་ཡབ་རྒྱལ་བ་དྲུག་པ་ཉིད། ཡུམ་བཙུན་མོའི་ཚོགས་དང་ཐབས་ཤེས་རབ་གཉིས་སུ་མེད་པར་འབྱོར་བའི་བདེ་བ་ཆེན་པོ་ལ་འབྲས་བུ་རིལ་ལྷུན་གྱིས་གྲུབ་པ་དེ་རྟོགས་དཀའ་བའི་ཕྱིར་གསང་བའི་དཀྱིལ་འཁོར་ཏེ། དེ་དག་ཉིད་ཀྱི་དོན་ཉམས་སུ་མྱོང་དཀའ་བས་གསང་བ་འདི་ཉིད་རིགས་ཐམས་ཅད་ཀྱི་བདག་ཉིད་སྟོན་པ་དྲུག་པ་ཀུན་ཏུ་བཟང་པོའི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ལྔའི་ངོ་བོ་འཆད་པའི་སྐྱེས་བུ་རིགས་ལྔའོ། །དེ་དག་ཀྱང་གཅིག་དང་དུ་མའི་མཐའ་དང་བྲལ་བའི་ཕྱིར། དེ་ལྔ་དབྱེར་མི་བྱེད་པས་རྡོ་རྗེ་སྟེ། རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་རིག་པ་དེ་ཉིད་ལས། བསྡུ་བའི་དོན་འདི་དག་མངོན་སུམ་དུ་སྣང་བས་ན་ཕྱུང་ངོ་ཞེས་ཐ་སྙད་བཏགས་པའོ། །གཉིས་པ་གླེང་གཞི་བསྡུས་པ་ངེས་ཚིག་དང་བཅས་པ་ནི། ཨེ་ཨེ་མ་ཨེ་མ་ཧོཿ དེ་བཞིན་ཉིད་ཀྱི་དབྱིངས་ཉིད༴ རྡོ་རྗེ་མཆོག་གི་གནས་ཉིད་དོ། །ཞེས་པ་དེར་གདའ་ཞིང་། འདི་ལ་འགྲེལ་པ་སྤར་ཁབ་ཀྱིས། གཞུང་རྒྱས་པ་དང་སྦྱར་ཏེ་བསྡུ་བ་ཁོ་ན་ལས་མ་གསུངས་ཀྱང་། བླ་མ་བརྒྱུད་པའི་གདམས་ངག་ལྟར་ན། གཞུང་རྒྱས་པ་དང་སྦྱར་ཏེ་བསྡུ་བ་དང་། ཐེག་པ་རིམ་པ་དགུ་དང་སྦྱར་ཏེ་བསྡུ་བ་དང་། དཀྱིལ་འཁོར་བདུན་དང་སྦྱར་ཏེ་བསྡུ་བ་དང་། བཤད་ཚུལ་གསུམ་གྱིས་སྟོན་ནོ། །དེ་ཡང་ཨེ་མ་ཞེས་པས་ངམ་པའི་ཚིག་སྟེ། རངས་ཏེ་ཡོན་ཏན་ལ་ངམ་པ་དང་། མ་རངས་ཏེ་སྐྱོན་ལ་ངམ་པ་གཉིས་ལས། འདི་ནི་ཐོག་མ་སྟེ། དེ་ཡང་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིར་ནི་ཨེ་ཞེས་པས་གཞུང་རྒྱས་པ་དང་སྦྱར་ཏེ་བསྡུ་བ་ལ་ངམ། ཨེ་མ་ཞེས་པས་ཐེག་པ་རིམ་པ་དགུའི་དོན་དང་སྦྱར་ཏེ་བསྡུ་བ་ལ་ངམ། ཨེ་མ་ཧོ་ཞེས་པས་དཀྱིལ་འཁོར་བདུན་གྱི་དོན་དང་སྦྱར་ཏེ་བསྡུ་བ་ལ་ངམ་པའོ། །བྱེ་བྲག་ཏུ་གཞུང་རྒྱས་པ་དང་སྦྱར་ཏེ་བསྡུ་བ་ལྟར་བཤད་ན། ཨེ་ཞེས་པས་སྟོན་པ་ཕུན་སུམ་ཚོགས་པ་ལ་ངམ། ཨེ་མ་ཞེས་པས་གནས་ཕུན་སུམ་ཚོགས་པ་ལ་ངམ། ཨེ་མ་ཧོ་ཞེས་པས་འཁོར་ཕུན་སུམ་ཚོགས་པ་ལ་ངམ་པའོ། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ཅེས་པས་སེམས་ཉིད་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་དེ། མཉམ་པ་ཉིད་ཀྱི་དབྱིངས་ཉིད་དུ་ཡེ་ནས་གནས་པ། གང་དུ་སྡུད་ན་འདིར་སྡུད་ལ། གང་སྡུད་ན་གནས་ཀྱི་རང་བཞིན་ནམ་གཞིའི་འོག་མིན་གསུམ་བསྟན་པ་སྡུད་དེ། གང་ཞེ་ན། འོག་མིན་གྱི༴ རྒྱ་ཕྱོགས་བཅུ༴ ཕྱི་དང་ནང་མེད་པ༴ ཞེས་པ་དེ་སྡུད་པར་གདའ། དབང་སྒྱུར་ཞེས་པས། དེ་ཡང་དོན་གོང་མ་དེ་ཡིད་བྱེད་པ་པོ་རང་བྱུང་གི་ཡེ་ཤེས་ཀྱིས་རྟོགས་པར་མངའ་མཛད་ཅིང་དབང་སྒྱུར་བ། གང་དུ་སྡུད་ན་འདིར་སྡུད་ལ། གང་སྡུད་ན་སྟོན་པའི་ངོ་བོ་དང་འཆད་པའི་སྐྱེས་བུ་མཚན་ཐུན་མོང་དུ་བསྟན་པའི་གཞུང་ཚིག་རྣམས་སྡུད་དེ། གང་ཞེ་ན། སྐུ་མདུན་དང་རྒྱབ་མེད་པ༴ དབུ་གསུམ་དང་ལྡན་པ། ཞེས་པ་དེ་རྣམས་སྡུད་པར་གདའ། ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང་། །ཞེས་པས་དེ་ཡང་རྟོགས་པའི་རིག་པ་ཉིད་ཡེ་ཤེས་ལྔར་གསལ་བའི་བྱེ་བྲག་རྣམས་ལས། འབྲས་བུའི་དཀྱིལ་འཁོར་དུ་རང་སྣང་བ། དུས་གསུམ་གྱི་ཆོས་ཀུན་དང་རྒྱ་མ་ཆད་པར་ཐུགས་རྗེ་ཆེན་པོའི་ངང་གིས་འབྲེལ་བ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་སྟོན་པའི་རང་བཞིན་བདུན་བསྟན་པ་སྡུད་དེ། གང་ཞེ་ན། དེ་བཞིན་གཤེགས་པ༴ རང་བཞིན་ཏེ། ཞེས་པ་དེ་སྡུད་པར་གདའ། རང་སྣང་བ་ཉིད་ཅེས་པས་དེ་རྟོགས་པའི་རིག་པ་ལ་འབྲས་བུ་སྐུ་དང་ཡེ་ཤེས་ཐམས་ཅད་རྫོགས་པ་ཉིད་ཀྱི་རྩལ་མ་འགགས་པར་རང་སྣང་བ་ཉིད་གྲུ་བཞི་གློ་འབུར་དབྱིབས་དང་ཁ་དོག་སྣ་ཚོགས་སུ་སྣང་བ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་གནས་ཀྱི་ངོ་བོ་བསྟན་པའི་གཞུང་ཚིག་རྣམས་སྡུད་དེ། གང་ཞེ་ན། གཞི་ཚད་མེད་པ༴ རྒྱན་བསམ་གྱིས་མི་ཁྱབ་པར་ཀླུབས་པ། ཞེས་པ་རྣམས་སྡུད་པར་གདའ། ཏིང་འཛིན་ཞེས་པས་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་ཏིང་ངེ་འཛིན་བཞིའི་སྒོ་ནས་འཇུག་པ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་སྒོའི་དོན་བསྟན་པ་སྡུད་དེ། གང་ཞེ་ན། རྣམ་པར་ཐར་བ༴ སྒོ་ཁྱུད་ཅན། ཞེས་པ་དེ་སྡུད་པ་གདའ། གཟུགས་བརྙན་ཞེས་པས། ཐེག་པ་བརྒྱད་ཀྱི་སྒོ་ནས་བགྲོད་པའི་དོན་མཚོན་དགོས་པའི་ཕྱིིར་ཏེ། དེའི་གཟུགས་བརྙན་རྟ་བབས་བརྒྱད་དུ་སྣང་བ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་རྟ་བབས་ཀྱི་དོན་སྡུད་དེ། གང་ཞེ་ན། རྣམ་པར༴ ལྡན་པ། ཞེས་པ་དེ་སྡུད་པར་གདའ། སྒྱུ་མ་ཞེས་པས་རྟོགས་པའི་རིག་པ་སྒྱུ་མ་ཉིད། སྟོབས་ལ་སོགས་པ་འབྲས་བུའི་ཆོས་སུ་སྣང་བ་སེང་གེ་ལ་སོགས་པ་ལྔར་སྒོམ་པ་སྟེ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་སེམས་ཅན་གྱི་གདན་སྡུད་དེ། གང་ཞེ་ན། མི་འཇིགས་པ༴ ནམ་མཁའ་ལྡིང་གི་ཁྲི་དང་། ཞེས་པ་དེ་སྡུད་པར་གདའ། རྣམ་དག་ཅེས་པས་ཐམས་ཅད་རང་རིག་པས་སྤྱད་ཀྱང་ཉེས་པའི་སྐྱོན་གྱིས་མི་གོས་པས་རྣམ་པར་དག་པ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་པདྨའི་གདན་སྡུད་དེ། གང་ཞེ་ན། གོས་པ་མེད་པ་པདྨ་ཞེས་པ་དེ་སྡུད་པར་གདའ། གསལ་བ་ནི། ཞེས་པས་མ་སྐྱེས་པའི་ཡེ་ཤེས་ཉིད་ཐབས་དང་ཤེས་རབ་ཏུ་གསལ་བས་ཅིར་ཡང་མི་འགག་པར་རང་སྣང་བ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་ཉི་ཟླའི་གདན་སྡུད་དེ། གང་ཞེ་ན། རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་དང་། ཞེས་པ་དེ་སྡུ་པར་གདའ། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཞེས་པས་སྐུ་དེ་བཞིན་གཤེགས་པ་དང་། གསུང་པདྨ། ཐུགས་རྡོ་རྗེ། ཡོན་ཏན་རིན་པོ་ཆེ། ཕྲིན་ལས་ལས་ཀྱི་རིགས་ཏེ། ཕུང་པོའང་འབྱུང་བ་ཀར་དག་པས་རིགས་ལྔ་ཡབ་ཡུམ་དུ་གསལ་བ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་སྐུ་མདོག་དང་ཁྱབ་པའི་ཚད་མ་གཏོགས་པའི་རང་བཞིན་གཉིས་མེད་ཀྱི་འཁོར་རིགས་ལྔ་ཡབ་ཡུམ་སྡུད་དེ། གང་ཞེ་ན། བཅོམ་ལྡན་འདས༴ འདུ་བྱེད་ཀྱི་རྒྱལ་པོ་དང་། ཞེས་པ་དང་། བཙུན་མོ༴ ལ་སོགས་པ་ཞེས་པ་རྣམས་སྡུད་པར་གདའ། སེལ་མེད་པ་ཡི་ཞེས་པས། ཕུང་པོ་དང་འབྱུང་བས་རིལ་སྡུད་པ་ཐམས་ཅད་ཀྱང་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་གྱུར་པས་ཁྱབ་ལ། གཞན་གྱི་སེལ་མེད་པ་ནི་ཏིལ་གྱི་གང་བུ་ལྟ་བུར་སྤྱོད་ཡུལ་ཡོངས་སུ་དག་པ་ཁོ་ན་སྟེ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་གཉིས་སུ་མེད་པར་བཞུགས་ཚུལ་ཚད་དང་བཅས་པ་དང་འཁོར་དེ་དག་མང་བ་དང་ཁྱབ་པའི་ཚད་བསྟན་པ་གཉིས་སྡུད་དེ། གང་ཞེ་ན། བཙུན་མོའི་ཚོགས་དང་༴ བཞུགས་སོ། །ཞེས་པ་དང་། དེ་ལྟ་བུའི༴ བཞུགས་སོ། །ཞེས་པ་དེ་སྡུད་པར་གདའ། ཡོན་ཏན་ཞེས་པས་ཕྱག་རྒྱ་ཆེན་པོར་གསལ་བ་དེ་དག་གི་སྐུ་མདོག་དང་འོད་ཟེར་ལ་སོགས་པའི་ཡོན་ཏན་ལྔས་སེམས་ཅན་གྱི་དོན་མཛད་པ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་སྐུ་མདོག་གི་དོན་སྡུད་དེ། གང་ཞེ་ན། དེ་དག་ཀུན་ཀྱང་༴ འཚེར་བ། ཞེས་པ་དེ་སྡུད་པར་གདའ། ཡིད་བཞིན་རིན་པོ་ཆེ། །ཞེས་པས། དགོས་འདོད་རེ་བ་ཡིད་བཞིན་གྱི་ནོར་བུར་རིན་པོ་ཆེ་ལྟར་སྐོང་བ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་རིན་པོ་ཆེའི་གདན་སྡུད་དེ། གང་ཞེ་ན། རིན་པོ་ཆེའི་གདན་ལ་ཞེས་པ་དེ་སྡུད་པར་གདའ། མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་ཞེས་པས་རྟོག་པ་ཐམས་ཅད་རྒྱལ་བའི་སྐུ་གསུང་ཐུགས་མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོར་རང་སྣང་བ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་རིག་པ་ཁྱད་པར་ཅན་གྱི་འཁོར་བསྟན་པའི་གཞུང་ཚིག་རྣམས་སྡུད་དེ། གང་ཞེ་ན། དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་༴ མཚན་མར་མ་ཡིན་པ་ལ་སོགས་པ། ཞེས་པ་དེ་སྡུད་པར་གདའ། མདོར་ན་གང་དུ་སྡུད་ན་སྡུད་པའི་གཞུང་གི་ངག་ཏུ་སྡུད། གང་སྡུད་ན་གཞུང་རྒྱས་པའི་དོན་རྣམས་སྡུད་པར་གདའ་སྟེ། སྡུད་པའི་གནད་ཀའམ་རྒྱུ་མཚན་ནི་གནས་སྐབས་རང་རང་གི་ཚིག་དོན་མཐུན་པ་འདུག་པའི་དོན་སྡུད་པ་ཡིན་གསུང་ངོ་། །རྡོ་རྗེ་མཆོག་གི་གནས་ཉིད་དོ། །ཞེས་པ་གླེང་གཞི་བསྡུས་པའི་ངེས་ཚིག་སྟེ། གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་ཀྱི་མཆོག་གི་བསྟན་པ་འབྱུང་བའི་གནས་ནི་སྟོན་འཁོར་གནས་གསུམ་ཚོགས་པ་ཉིད་དོ། །ཡང་ན་གླེང་གཞི་སྟོན་འཁོར་གནས་གསུམ་ཚོགས་པའི་དུས་ན། རྡོ་རྗེ་ཐེག་པའི་རྒྱུད་མཆོག་ཏུ་གྱུར་པ་བསྟན་པ་འདི་ཉིད་ཀྱི་འབྱུང་ཁུངས་སམ་གནས་ཉིད་དོ། །ཞེས་པའམ། གཞུང་བསྡུ་བའི་ཚིག་བཞིས་མཚོན་པའི་ཏིང་ངེ་འཛིན་ལས། གསང་སྔགས་རྡོ་རྗེ་ཐེག་མཆོག་གི་འབྲས་བུ་འབྱུང་བའི་གནས་ཉིད་དོ་ཞེས་ཀྱང་བྱའོ། །གཉིས་པ་ཐེག་པ་རིམ་པ་དགུ་དང་སྦྱར་ཏེ་བསྡུ་བའི་ཟིན་སོ་ནི། སྤགས་པ་ཚད་དཔག་ཏུ་མེད་པ་ཞེས་པ་ལ་བྱ་སྟེ། ཨེ་ཞེས་པས་རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་ལ་ངམ། ཨེ་མ་ཞེས་པས་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་གསུམ་ལ་ངམ། ཨེ་མ་ཧོ་ཞེས་པས་ནང་པ་ཐབས་ཀྱི་ཐེག་པ་གསུམ་ལ་ངམ། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ཅེས་པས་དེ་ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་མ་བཅོས་པའི་དེ་བཞིན་ཉིད་མཉམ་པ་ཉིད་ཀྱི་དབྱིངས་ཉིད་དུ་རྟོགས་པ། གང་དུ་སྡུད་ན་འདིར་སྡུད་ལ། གང་སྡུད་ན་ཨ་ཏི་ཡོ་གའི་ཐེག་པ་སྡུད། དབང་སྒྱུར་ཞེས་པས་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བསྒྱུར་བ་མ་ཧཱ་ཡོ་གའི་ཐེག་པ་སྡུད། ཡེ་ཤེས་དཀྱིལ་འཁོར་ཞེས་པས་ཆོས་ཐམས་ཅད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དཀྱིལ་འཁོར་དུ་སྟོན་པ་ཨ་ནུ་ཡོ་གའི་ཐེག་པ་སྡུད། ཐུགས་རྗེའི་ངང་། ཞེས་པས་ཐེག་པ་དགུའི་ནང་ནས་བློ་ཆུང་བ་ཐེག་པ་གོང་མ་རྣམས་ཐུགས་རྗེའི་ངང་གིས་སྐྱེ་བའི་ཡུལ་ཉན་ཐོས་ཀྱི་ཐེག་པ་སྡུད། རང་སྣང་བ་ཉིད་ཅེས་པས་དོན་དམ་པ་མཚན་མ་མེད་པའི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ཉིད་ལྷ་སོ་བདུན་གྱི་དཀྱིལ་འཁོར་ལ་སོགས་པར་གསལ་བ་ཡོ་གའི་ཐེག་པ་སྡུད། ཏིང་འཛིན་ཞེས་པས་ཐེག་པ་སྔ་ཕྱི་གཉིས་ལ་སྟོན་པའི་དེ་ཉིད་བཞི་དང་ལྡན་པའི་ཏིང་ངེ་འཛིན་གྱིས་རང་སའི་འབྲས་བུ་རིགས་བཞིའི་དཀྱིལ་འཁོར་བསྒྲུབ་པ་ཨུ་པ་ཡའི་ཐེག་པ་སྡུད། གཟུགས་བརྙན་ཞེས་པས་དོན་དམ་པ་ཆོས་ཀྱི་དབྱིངས་ཉིད་གཟུགས་བརྙན་ཀུན་རྫོབ་རིགས་གསུམ་ལྷའི་དཀྱིལ་འཁོར་དུ་སྣང་བ་ཀྲི་ཡའི་ཐེག་པ་སྡུད། སྒྱུ་མ་ཞེས་པས། ཕྱི་ནང་གི་རྟེན་འབྲེལ་བཅུ་གཉིས་སྒྱུ་མ་ཙམ་དུ་རྟོགས་པ་རང་རྒྱལ་གྱི་ཐེག་པ་སྡུད། རྣམ་དག་ཅེས་པས་སྤྲོས་པའི་མཐའ་རྣམ་པར་དག་པ་དབུ་མའི་ཐེག་པ་སྡུད། གསལ་བ་ནི། ཞེས་པས་སེམས་རང་རིག་རང་གསལ་རྟོགས་པས་ནི་སེམས་ཙམ་གྱི་ཐེག་པ་སྡུད་དོ། །སྐུ་གསུང་ཐུགས་ཞེས་པ་མན་ཆད་ཐེག་པ་དགུའི་འབྲས་བུའོ། །གསུམ་པ་དཀྱིལ་འཁོར་བདུན་དང་སྦྱར་ཏེ་བསྡུ་བའི་ཟིན་སོ་ནི། གཞུང་སྤྱི་ལ་བྱ་སྟེ། གཙོ་འཁོར་དུ་གནས་པའོ། །ཨེ་ཞེས་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་ལ་ངམ། ཨེ་མ་ཞེས་པས་གཞན་དཀྱིལ་འཁོར་དྲུག་ལ་ངམ། ཨེ་མ་ཧོ་ཞེས་པས་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ལ་ངམ། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ཅེས་པས་དེ་ཡང་མ་བཅོས་པའི་དེ་བཞིན་ཉིད་མཉམ་པ་ཉིད་ཀྱི་དབྱིངས་ཉིད་དེ། གང་དུ་སྡུད་ན་འདིར་སྡུད་ལ། གང་སྡུད་ན་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་སྡུད། དབང་སྒྱུར་ཞེས་པས་མཉམ་པ་ཉིད་དེས་འཁོར་འདས་གཉིས་ཀ་ལ་དབང་སྒྱུར་བས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་སྡུད། ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང་། །ཞེས་པས་ཡེ་ཤེས་ལྔའི་དཀྱིལ་འཁོར་ལ་གཞན་དོན་ཐུགས་རྗེའི་ངང་ངམ་རང་ཤུགས་ཀྱིས་འབྱུང་བ་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་སྡུད། རང་སྣང་བ་ཉིད་ཅེས་པས། སེམས་མི་རྟོག་པའི་ངང་དུ་རང་སྣང་བ་ཉིད་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྡུད། ཏིང་འཛིན་ཞེས་པས། ལྷ་དང་གཞལ་ཡས་ཁང་བསྒོམ་པའི་ཏིང་ངེ་འཛིན་གྱི་བྱ་བས་ལྷག་པས་ན་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྡུད། གཟུགས་བརྙན་ཞེས་པས། རྣམ་རྟོག་ཕྲ་རགས་ལྷ་ཡབ་ཡུམ་གྱི་གཟུགས་བརྙན་མཚོན་པ་གཟུགས་བརྙན་གྱི་དཀྱིལ་འཁོར་སྡུད། སྒྱུ་མ་ཞེས་པས་སྣང་ལ་རང་བཞིན་མ་གྲུབ་པ་སྒྱུ་མ་ལྟ་བུ་མཚོན་པར་བྱེད་པ་རིས་སུ་བྲིས་པ་ལ་སོགས་པ་སྟེ། ལས་དང་བྱ་བས་ལྷག་པས་ན་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་སྡུད། རྣམ་དག་གསལ་བ་ནི། ཞེས་པས། ཉོན་མོངས་པའི་རྣམ་པར་རྟོག་པ་རྣམ་པར་དག་པ་སྟེ། རྩ་དང་ཐིག་ལེ་བདེ་བའི་ཡེ་ཤེས་སུ་གསལ་བ་ནི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྡུད། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལས་ཞེས་པས། ཚོམ་བུ་གཅིག་གསུམ་ལྔ་པ་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི་རིགས་གཙོ་འཁོར་དང་བཅས་པ་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་སྡུད། སེལ་མེད་ཅེས་པ་མན་ཆད་ཀྱིས་དཀྱིལ་འཁོར་བདུན་གྱི་ཡོན་ཏན་འབྲས་བུ་དང་བཅས་པ་སྟོན་པར་བྱེད་དོ། །གསུམ་པ་བཀའ་གསང་སྔགས་མཚོན་པར་བྱེད་པའི་ཚིག་ནི། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་པས། ཞེས་སྣང་བ་གསུམ་མི་ཕྱེད་པས་རྡོ་རྗེ་ཉམས་སུ་མྱོང་དཀའ་བས་གསང་བའི་དོན་ཏེ། དེ་དག་མཚོན་པར་བྱེད་པའི་ཚིག་ཏུའོ་ཞེས་པའམ། ཡང་ན་ཞེས་ལེའུའི་དོན་ཐམས་ཅད་བསྡུ་བའི་ཚིག་བཞི་རུ་དྲིལ་ནས་འབྱུང་བ་འདི་ནི། རྡོ་རྗེ་འཛིན་པ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ཚིག་ཏུའོ་ཞེས་ཀྱང་བྱའོ། །དེ་ལྟ་བུའི་གླེང་གཞི་བསྡུས་པའི་དོན་འདི་ལ། བརྒལ་ལན་དུ་བྱས་ན་བརྟག་པ་ལྔ་སྟེ། བསྡུ་བ་འདིི་སྟོན་པས་བསྡུས་སམ་འཁོར་གྱིས་བསྡུས། གླེང་གཞི་ཡིན་ནམ་རྒྱུད་དོན་ཡིན། ཚིག་འདུས་ནས་སྡུད་དམ་དོན་འདུས་ནས་སྡུད། བསྡུས་པ་ལ་དགོས་ཆེད་ཅི་ཡོད། ལེའུ་དང་པོ་དང་། གསུམ་པ་དང་། བཞི་པ་དང་། དྲུག་པ་དང་བཞི་ཁོ་ནར་བསྡུ་བ་འབྱུང་ལ། ལེའུ་གཞན་ལ་བསྡུ་བ་མི་འབྱུང་བའི་རྒྱུ་མཚན་ཅི་ཡིན་བརྟག་པར་བྱའོ། །བརྟག་པ་དང་པོ་བསྡུ་བ་འདི། སྟོན་པས་བསྡུས་པ་ཡིན་ནམ་འཁོར་གྱིས་བསྡུས་པ་ཡིན་ཞེས་དྲིས་པ་ལ། སྟོན་པས་བསྡུས་སོ་ཞེ་ན། སྡུད་པ་པོ་གསང་བའི་བདག་པོ་ལ་དགོས་པ་མེད་པར་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན། རྒྱ་མཚོ་ལས། འཁོར་གྱི་ནང་ནས་སྐལ་ལྡན་མཆོག །འདུལ་བའི་དུས་བབ་གསང་བའི་བདག །ལག་ན་རྡོ་རྗེས་བསྡུ་བ་མཛད། །ཅེས་གསུངས་པས་གསལ་ལོ། །ཡང་འཁོར་གྱིས་བསྡུས་སོ་ཞེ་ན། སྟོན་པས་གསུངས་ནས་བསྡུས་སམ་མ་གསུངས་པར་བསྡུས། གསུངས་ནས་བསྡུས་ན། གླེང་སླང་ལ་དགོས་པ་མེད་པར་འགྱུར་ལ་མ་གསུངས་པར་བསྡུས་ན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་ཞེས་པས་རིགས་ལྔ་དབྱེར་མི་ཕྱེད་པའི་བདག་ཉིད། རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོ་ཉིད་ཀྱིས་གསུངས་པ་དང་འགལ་ལོ་ཞེ་ན། འདི་ལ་རྗེ་དྲི་ངས་པ་རྗེ་ཉེའུ་སྟོན་ཆོས་ཀྱི་སེང་གེའི་བཞེད་ཀྱིས། བསྡུ་བ་གང་གིས་བསྡུ་ན་འཁོར་གྱིས་སྡུད། དེ་ཡང་གསང་བའི་བདག་པོས་སྡུད་པར་བཞེད་དེ། སྟོན་པས་གསུངས་སམ་གསུངས་ན། གསུངས་ནས་སྡུད་དེ། སྔོན་བྱུང་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། གླེང་གཞི་འཚོགས་གླེང་བསླང་ནས་གསུངས་པ། གླེང་སླང་ལ་དགོས་པ་མེད་པར་མི་འགྱུར་ལ། མི་ཡུལ་དུ་སྡུད་པ་པོ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས། ཚིག་དང་ཡི་གེར་འགོད་པའི་ཚེ་བསྡུས་པ་ཡིན་པས་མི་འགལ་ལོ་གསུང་། བླ་མ་རྒྱ་གབ་གོང་པ་ན་རེ། མ་ལ་ཡ་རུ་གླེང་གཞི་རྒྱས་པ་དེ་དག་ལོ་རྒྱུས་སུ་གསུངས་ནས། དེ་དག་བསྡུ་ན་འདིར་བསྡུ་ཞེས་སྡུད་པ་པོས་གསུངས་སོ། །འོ་ན་འགྲེལ་པ་ནས། སྟོན་པ་དང་འཆད་པའི་སྐྱེས་བུ་ལྷར་གསལ་བས་འགལ་ལོ་ཞེ་ན། མི་འགལ་ཏེ། དབང་ཐོབ་ནས་སྟོན་སྡུད་ཁྱད་པར་མེད་དེ། སྤར་ཁབ་ལས། དབང་རྫོགས་པ་རིལ་དྲུག་པ་ཉིད་དུ་གྱུར་པའི་ཕྱིར་རོ། །ཞེས་པས་གསལ་ལ། ཡང་ན་བསྡུ་བ་འདི་གླེང་གཞིའི་བསྡུས་པ་ཡིན་ལ། སྟོན་པས་གསུངས་ཀྱང་གླེང་གཞིའི་དོན་བསྡུ་ན་འདིར་འདུས་གསུངས་ཀྱི། རྒྱུད་དོན་དུ་འགྱུར་བའི་སྐྱོན་མེད་དོ། །གཞན་ཡང་སྟོན་པས་གསུངས་པ་ཙམ་གྱི་རྒྱུད་དོན་དུ་འགྱུར་ན། ཨེ་མ་བདེ་གཤེགས་སྙིང་པོ་ལས། །ཞེས་པས། ཐུན་མོང་གི་གླེང་སླང་ཡང་རྒྱུད་དོན་དུ་འགྱུར་རོ། །ཚང་ཚུལ་ནས་རྒྱུད་དོན་ཚང་ཡང་། ཡིན་ཚུལ་ནས་གླེང་གཞིར་མི་འགལ་ཏེ། གླེང་གཞིའི་ལེའུ་སྟེ། ཞེས་པས་མངོན་ཞེས་གསུངས། ཡང་ཁ་ཅིག་ན་རེ། བསྡུ་བ་འདི་གླེང་གཞི་ཡིན་ནམ་རྒྱུད་དོན་ཡིན། གླེང་གཞི་ཡིན་ན་འདི་ཉིད་ལས། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་གསང་བའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །ཞེས་པས། རྒྱལ་བ་ཀུན་ཏུ་བཟང་པོའི་དགོངས་པ་ལས་ཕྱུང་བར་བཤད་པས་འགལ་ལོ། །རྒྱུད་དོན་ཡིན་ན་གླེང་སླང་ལ་དགོས་པ་མེད་པར་འགྱུར་རོ། །ཅི་སྟེ་ན། གླེང་མ་སླང་བར་རྒྱུད་དོན་གསུངས་ནས་འདུག་པའི་ཕྱིར་རོ། །ཡང་ལེའུའི་མཚན་དང་འགལ་ཏེ། གླེང་གཞིའི་ལེའུ་སྟེ་ཞེས་པས་གསལ་ལོ། །དྲི་ངས་པའི་བཞེད་ཀྱིས་རྒྱུད་ཀྱི་དོན་ཡིན་ཀྱང་གླེང་སླང་ལ་དགོས་པ་མེད་པར་མི་འགྱུར་ཏེ། འོག་མིན་དུ་སྟོན་པ་ཀུན་ཏུ་བཟང་པོས་གླེང་སླང་ནས་གསུངས་ལ། རི་མ་ལ་ཡར་ཕྱག་རྡོར་གྱི་ཚིག་དང་ཡི་གེར་འགོད་པའི་ཚེ་གསུངས་པ་ཡིན་པས། གླེང་སླང་ལ་དགོས་པ་མེད་པར་མི་འགྱུར་རོ་གསུངས། གཡུང་སྟོན་ཆོས་ཀྱི་མགོན་པོ་ན་རེ། བསྡུ་བ་འདི་འོག་མིན་གྱི་ཆ་ནས་གླེང་གཞི་བསྡུས་པ་ལྟར་སྣང་ལ། མི་ཡུལ་གྱི་ཆ་ནས་མཚན་མན་ཆད་རང་རྒྱུད་དོན་ཡིན་ནམ་སྙམ་གསུང་ངོ་། །ཡང་བསྡུ་བ་དག་ཚིག་ཏུ་འདུས་ནས་སྡུད་དམ། དོན་འདུས་ནས་སྡུད་ཅེ་ན། གནས་སྐབས་རང་རང་གི་ཚིག་དོན་གཉིས་ཀ་འདུས་ན་སྡུད་དེ། སྔར་འབྲུ་བསྣན་པའི་སྐབས་སུ་བཤད་ཟིན་ཏོ། །ཡང་མཇུག་བསྡུ་བ་རང་ལ་དགོས་ཆེད་ཅི་ཡོད་ཅེ་ན། མ་ཟིན་པ་ཟིན་པར་བྱེད་པ་ལ་དགོས། ཟིན་པ་བརྟན་པར་བྱེད་པ་ལ་དགོས། ཆོས་སྨྲ་ལས་སུ་མི་འགྱུར་བར་བྱེད་པ་ལ་དགོས་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །ཡང་ལེའུ་དང་པོ་དང་། གསུམ་པ་དང་། བཞི་པ་དང་། དྲུག་པ་དང་བཞི་ཁོ་ནར་བསྡུ་བ་འབྱུང་ལ། ལེའུ་གཞན་ལ་བསྡུ་བ་མི་འབྱུང་བའི་རྒྱུ་མཚན་ཅི་ཞེ་ན། རྗེ་དྲི་ངས་པའི་བཞེད་ཀྱིས། ལེའུ་དང་པོར་ཆོས་ཐམས་ཅད་ཀྱི་བཅའ་གཞི་འཆའ་བས་འོང་བ་ཡིན། ལེའུ་གསུམ་པར་ལམ་ཐམས་ཅད་ཀྱི་སྔོན་ལྟ་བ་འཕྲོ་བས་ལམ་གྱི་མཐོ་མར་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་འོང་བ་ཡིིན། ལེའུ་བཞི་པར་ལམ་ཏིང་ངེ་འཛིན་འབྱུང་བས་འོང་བ་ཡིན། ལེའུ་དྲུག་པར་འབྲས་བུ་འབྱུང་བས་འོང་བ་ཡིན་གསུང་ངོ་། །གཙང་པ་བྱི་སྟོན་གྱི་བཞེད་ཀྱིས་ལེའུ་ལ་ལར་བསྡུ་བ་འོང་། ལ་ལར་མི་འོང་བ་འདི་རྒྱུད་གཞུང་རང་ཤུགས་ཀྱིས་འབྱུང་བ་ཡིན་གསུང་། རྒྱུད་གཞུང་རང་ཤུགས་ཀྱིས་ཀ་ལ་ལར་འོང་ལ་ལར་མི་འོང་བ་འདི་ཅི་ཡིན་ཞེ་ན། འོ་ན་མི་རྣམས་ཀྱིས་ཀྱང་སྣ་འདི་བྱད་ཀྱི་དཀྱིལ་ཁོ་ནར་འོང་ལ། ཨོལ་ཀོ་སོགས་གཞན་དུ་མི་ཡོང་བ་ཅི་ཡིན་བྱས་པ། ལས་ཀྱི་དབང་གིས་འོང་བ་ཡིན་ཟེར་ན། འདིར་ཡང་རྒྱུད་གཞུང་རང་ཤུགས་ཀྱིས་འབྱུང་བ་ཡིན་ནོ་བྱས་ལ་གོ་སླའོ་གསུངས། གཉིས་པ་ལེའུའི་མཚན་བསྟན་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ། ཞེས་པ་དེར་གདའ་ཞིང་། གསང་བའི་ཞེས་རྟོགས་དཀའ་བ། སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉིད་གཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་ནི་མཚན་གྱི་གཞིར་གདའ། གླེང་གཞིའི་ཞེས་པས་གླེང་ནི་བརྗོད་པ་སྟེ། བརྗོད་བྱ་དོན་གྱི་བསྟན་པ་དང་། རྗོད་བྱེད་ཚིག་གི་བསྟན་པ་གཉིས་འབྱུང་བའི་གཞིའི་ཕྱིར་རམ་རྩ་བ་ནི། གནས་དང་། སྟོན་པ་དང་། འཁོར་དང་། བསྟན་པ་དང་། དུས་ཕུན་སུམ་ཚོགས་པ་རྣམས་སོ། །ལེའུ་ཞེས་པས་ནི། གཞུང་དུམ་བུར་གཅོད་ཅིང་མཚམས་འཛིན་པས་ན་ལེའུ་སྟེ། དཀའ་འགྲེལ་ལས། པ་ཏ་ལ་ཞེས་བྱ་བའི་སྒྲས་བཤད་ན། པ་ཏ་ནི་གོས་ཀྱི་དོན་ཏེ་སྐྱོབ་པའི་མཚན་ཉིད་དོ། །ལ་ནི་འཛིན་པའི་དོན་ཏེ་སྐྱབས་འཛིན་པའི་ཕྱིར་ལེའུ་ཞེས་བྱ་སྟེ། གཞུང་དོན་དང་བཅས་པ་ལ་འདུག་གོ། །རྣམ་པ་གཅིག་ཏུ་པ་ཏ་ལ་ཞེས་དྲིལ་ཏེ་བརྗོད་ན། རིས་སུ་བཅད་པ་ལ་འཇུག་སྟེ། དེའི་ཕྱིར་རིས་དང་ལེའུར་བཅད་པར་ལེའུ་ཞེས་བྱའོ། །ཞེས་བཤད་ལ། སྤྱན་འགྲེལ་ལས་ཀྱང་། གོས་དང་འདྲ་བའི་ཕྱིར་ན། སྐབས་ཀྱི་དོན་ཚོམས་སུ་བསྟན་པ་ནི་ལུང་གིས་བཅད་དེ། ཆེ་ལོང་རྣམ་པར་བཞག་པའོ། །ཞེས་གསུངས་པས་དེ་ལྟར་གཞུང་གི་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པའི་དོན་གྱིས་ན་ལེའུ་སྟེ། དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། ཡས་བགྲངས་དང་པོའི་དོན་དུ་གདའ་འོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་དང་པོའི་གཞུང་དོན་རྣམ་པར་བཤད་པའོ།། །།ད་ནི་བཀའ་རང་གཉེར་གྱིས་ས་བཅད་ན། ལེའུ་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། འདིར་ལེའུ་གཉིས་པ་སྟོན། སློབ་དཔོན་འགྲེལ་པ་གདམས་ངག་མཁན་གྱིས་ས་བཅད་ན། གླེང་གཞི། གླེང་སླང་། རྒྱུད་དོན། དགོས་འབྲེལ། གདམས་གཏད་དང་ལྔ་ལས། འདིར་གླེང་སླང་སྟོན། དེ་ལ་ཡང་འཆད་མཁན་རིག་པའི་སྒྲོས་ཀྱིས་ས་བཅད་ན་གཉིས་ཏེ། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལེའུའི་གཞུང་ལ་གཉིས་ཏེ། གཞུང་དང་པོ་དང་། གསུངས་པའི་ཚུལ་ལོ། །གཞུང་དང་པོ་ལ་སྤྱི་དོན་གཉིས་ཏེ། སྟོན་པས་མདུན་བསུས་ཏེ་གླེང་སླང་བའམ་ཐུན་མོང་མ་ཡིན་པའི་གླེང་སླང་བ་དང་། འཁོར་གྱིས་གུས་པས་ཞུ་བ་ཞུས་ཏེ་ཐུན་མོང་དུ་གླེང་སླང་བའོ། །དེ་དག་གི་གོ་བ་ནི། ལྷན་ཅིག་པའི་འཁོར་གྱི་ཆེད་དམ་རྒྱུད་འདི་ཉིད་འབྱུང་བའི་རྐྱེན་དུ་གྱུར་པ་ནི། ཐུན་མོང་མ་ཡིན་པའི་གླེང་སླང་ཡིན་ལ། གོ་ཕྱེ་བའི་འཁོར་གྱི་ཆེད་དམ་བསྟན་པ་མཐའ་དག་འབྱུང་བའི་རྐྱེན་དུ་གྱུར་པ་ནི། ཐུན་མོང་གི་གླེང་སླང་བ་ཡིན་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །དེ་ལ་སྤྱི་དོན་དང་པོ་ཐུན་མོང་མ་ཡིན་པའི་གླེང་སླང་བ་ལ་གཉིས་ཏེ། གསང་དབང་བསྐུར་བ་དང་། དབང་གཉིས་ཀྱི་ལས་ཐུན་མོང་དུ་བསྟན་པའོ། །དང་པོ་གསང་དབང་བསྐུར་བ་ལ་གཉིས་ཏེ། གླེང་སླང་བ་དང་། གསང་དབང་གི་ངེས་ཚིག་གོ། །གླེང་སླང་བ་ལ་གཉ ིས་ཏེ། ཡབ་ཀྱི་གླེང་སླང་བ་དང་། ཡུམ་གྱི་གླེང་སླང་བའོ། །དང་པོ་ཡབ་ཀྱི་གླེང་སླང་བ་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། སྐུ་ཉམས་སུ་བསྟར་བའི་དོན་དངོས་དང་། དེའི་ཡོན་ཏན་ནོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་ནི། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ༴ ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་དོན་འགྲེལ་གྱི་དབང་དུ་ལེའུ་དང་པོར་རྒྱུ་གླེང་གཞི་བསྟན་པ་ལ་དེ་ལེའུ་གཉིས་པར་རྐྱེན་གླེང་སླང་སྟོན་པས་ན་ནས། བཅོམ་ལྡན་འདས་ཞེས་པ་ནི་སྔར་དང་འབྲུ་མཐུན་ལ། བྱེད་པ་པོ་ནི་འཁོར་བའི་བྱེད་པ་པོ་རྟོག་པ་དང་། འདས་པའི་བྱེད་པ་པོ་ཡེ་ཤེས་ཏེ། ཡིད་ནི་འཁོར་འདས་གཉིས་ཀྱི་བྱེད་པ་པོའོ། །རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ། ཞེས་པས་དེ་ལྟ་བུའི་ཡིད་རང་བྱུང་གི་ཡེ་ཤེས་ངོ་བོ་འདུས་མ་བྱས་ཤིང་། མཚན་ཉིད་སྐྱེ་འཇིག་དང་བྲལ་བས་རྡོ་རྗེ་ཡིད་དེ། དེ་ལ་སྤང་བྱ་མི་དམིགས་ཤིང་སྤྱོད་ཡུལ་ཡོངས་སུ་དག་པས་ན་ཀུན་ཏུ་བཟང་པོ་ཞེས་བྱའོ། །ཐམས་ཅད་མ་ལུས་པའི་རང་བཞིན་གྱི་ཚུལ་རྡོ་རྗེས། ཞེས་པས་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་ལྷག་མ་མ་ལུས་པའི་རང་བཞིན་གྱི་ཚུལ་རང་རིག་པའི་ཡེ་ཤེས་སུ་ཚུལ་ལམ་ངོ་བོ་གཅིག་པའོ། །དེ་ལྟར་རང་རིག་པ་ལས་སྣང་བའི་རྒྱལ་བ་ཐམས་ཅད་དྲུག་པ་ཀུན་ཏུ་བཟང་པོར་དབྱེར་མི་ཕྱེད་པས་ན། སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་རྒྱལ་བ་ཀུན་ཏུ་བཟང་པོ་དེས། བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོ་ལ་འཇུག་པར་གྱུར་ཏོ། །ཞེས་པས་བཙུན་མོ་ནི། གཟུངས་མའམ་ཕྱག་རྒྱ་མོ་སྟེ་སྤྱད་པར་བྱ་བ་དང་། སྲས་ཀྱི་འབྱུང་ཁུངས་སུ་གྱུར་པ་སྔར་བཤད་པ་དང་རྗེས་སུ་མཐུན་ལ། ཁྱད་པར་ནི་ཆོས་ཀྱིས་ཡིད་སྐྱེད་པར་བྱེད་པའོ། །བྱ་བ་མོ་ནི་ཡིད་ཀྱིས་ཤེས་པར་བྱ་བ་མོ་ཡིན་ལ། ཆོས་ཀུན་ཏུ་བཟང་མོ་ལ་འཇུག་པར་གྱུར་ཏོ། །ཞེས་པས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ལ་སྤང་བྱ་མི་དམིགས་པའི་ཕྱིར། ཀུན་ཏུ་བཟང་མོ་ཡུམ་ལ། ཡབ་ཉིད་གདུལ་བྱའི་ངོ་ལ་ཐབས་ཤེས་སྙོམས་པར་འཇུག་པར་གྱུར་ཏོ། །ཞུགས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་གཅིག་གི་རང་བཞིན་དབྱེར་མེད་པས་ཞེས་པས། ཡབ་ཡུམ་གཉིས་ཀར་སྙོམས་པར་ཞུགས་པས། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་འབྱུང་བར་མ་ངེས་པའི་དེ་བཞིན་གཤེགས་པ་ཡེ་ནས་ཀྱི་སངས་རྒྱས་ཡིན་པའི་ཕྱིར། དུས་གསུམ་གྱི་དེ་བཞིན་གཤེགས་པ་ལྷག་མ་མ་ལུས་པ་ཐམས་ཅད་ཀྱང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་གཅིག་གི་རང་བཞིན་དུ་དབྱེར་མེད་པར་གསལ་བས་དེ་བཞིན་གཤེགས་པ་ཉིད། དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པས་དེ་བཞིན་གཤེགས་པ་ཡབ་ཀུན་ཏུ་བཟང་པོ་ཉིད་དེ་བཞིན་གཤེགས་པ་ཡུམ་ཀུན་ཏུ་བཟང་མོ་ཉིད་ལ་ལྷན་ཅིག་པའི་འཁོར་ལ་དབང་བསྐུར་བའི་ཆེད་དུ་ཚིག་ཏུ་བརྗོད་པ་དང་འདྲ་བར་སྐུ་ཉམས་སུ་བསྟར་བའི་དོན་འོག་ནས་འབྱུང་བ་འདི་གསལ་བར་བརྗོད་དོ། །གཉིས་པ་སྐུ་ཉམས་སུ་བསྟར་བའི་དོན་ནི། ཨེ་མ་ཧོཿ རྡོ་རྗེ་ཕུང་བོའི༴ མི་བརྙེས་སོ། །ཞེས་པ་དེར་གདའ་ཞིང་། ཨེ་མ་ཧོ་ཞེས་པས་ཐབས་ལམ་ལྟར་ན། ཆགས་པ་སྤྱད་ཀྱང་མི་འཆིང་སྟེ་སྤྱོད་ཡུལ་ཡོངས་སུ་དག་པའམ། གྲོལ་ལམ་ལྟར་ན། རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་པ་ལ་ངམ་པའོ། །རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་པས་རྡོ་རྗེ་ནི། ཐབས་ལམ་ལྟར་ན་བདེ་སྟོང་དབྱེར་མི་ཕྱེད། གྲོལ་ལམ་ལྟར་ན་སྣང་སྟོང་དབྱེར་མེད་མི་ཕྱེད་པས་སམ། དོན་རང་རིག་པའི་ཡེ་ཤེས་ལ་ལྷ་རྟོག་དབྱེར་མི་ཕྱེད་པའི་ཕྱིར་རྡོ་རྗེ་ཡིན་ལ། ཕུང་པོའི་མཚན་ཉིད་ནི་དུ་མ་སྤུངས་པའི་ཕྱིར་ཕུང་པོ་སྟེ། དེ་ལྟར་གཟུགས་ལ་སོགས་པའི་ཕུང་པོ་ལྔའི་ཡན་ལག་ནི་རྟོག་པའི་རི་བོ་བརྒྱད་ཅུའོ། །དེ་དག་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ལྔར་ལྷུན་གྱིས་གྲུབ་ཅིང་། རིགས་ལྔ་རུ་གྲགས་པ་ནི་གསལ་བའོ། །སྐྱེ་མཆེད་ཁམས་རྣམས་མ་ལུས་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཅེས་པས་མིག་རྣ་བ་སྣ་ལྕེའི་རྣམ་པར་ཤེས་པ་དང་བཞི། གཟུགས་སྒྲ་དྲི་རོ་དང་ཡུལ་བཞི། མིག་རྣ་བ་སྣ་ལྕེའི་དབང་པོ་དང་བཞི་སྟེ་སྐྱེ་མཆེད་བཅུ་གཉིས་དང་། གསང་བའི་རྣམ་ཤེས་དང་ཡུལ་དང་དབང་པོ་སྟེ། གསང་བའི་ཁམས་གསུམ་རྣམས་ཀྱི་ཁོངས་ནས། གསང་བའི་གསུམ་འདུས་ཀྱི་རེག་པ་དང་། འདས་མ་འོངས་ད་ལྟར་མ་ངེས་པའི་དུས་ཏེ་བཞི་དང་། རྟག་ཆད་བདག་མཚན་གཞི་མ་ཡིན་པའི་གྱ་ཕྱི་ལོག་བཞི་སྟེ། དེ་ལྟར་རྟོག་པའི་བྱེ་བྲག་མང་པོ་ཀུན་བྱང་ཆུབ་སེམས་དཔའ་དང་། སེམས་མའི་ཚོགས་དང་ཁྲོ་བོ་དང་ཁྲོ་མོའི་དཀྱིལ་འཁོར་ཉིད་དོ། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །ཞེས་པས་འབྱུང་བས་ཐམས་ཅད་ཡུམ་སངས་རྒྱས་སྤྱན་མའི་རང་བཞིན་དང་། ཆུ་ཐམས་ཅད་མཱ་མ་ཀཱིའི་རང་བཞིན་དང་། མེ་ཐམས་ཅད་གོས་དཀར་མོའི་རང་བཞིན་དང་། རླུང་ཐམས་ཅད་དམ་ཚིག་སྒྲོལ་མའི་རང་བཞིན་ཡིན་པ་སྟེ། ནམ་མཁའ་ཐམས་ཅད་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པའོ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཤིང་། །ཞེས་པས་སྲིད་གསུམ་ནི་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཀྱི་ཁམས་གསུམ་སྟེ། དེ་དག་སངས་རྒྱས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དུ་ཡེ་ནས་སངས་རྒྱས་པ་ནི། སྐུ་གསུམ་གྱི་ཞིང་ཁམས་ཡོངས་སུ་དག་པའོ། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཞེས་པས་དེ་ཡང་བཏགས་པའི་མིང་། བྱེད་པའི་ལས། སྣང་བའི་དངོས་པོ། མཚོན་པའི་མཚན་མ་སྟེ་ཐ་སྙད་བཞིས་བསྡུས་པའི་འཁོར་བའི་ཆོས་སོ་ཅོག་ལྷག་མ་མ་ལུས་པ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་ཀར་དག་སྟེ་སངས་རྒྱས་པ་ཉིད་ལས་གཞན་ན་ཡོད་པ་ནི་མ་ཡིན་ནོ། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་པས་ཐ་སྙད་བཞིས་བསྡུས་པ་དེ་དག་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པ་ཉིད་ཡིན་པ་དེ་ལས་གཞན་པ་ལྷག་པའི་ཆོས་ཤིག་དངོས་པོ་རྣམས་ཀྱི་ངོ་བོ་ལ་བཙལ་ཀྱང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་ཀྱང་མི་གཟིགས་ཤིང་། ཐོབ་པར་བྱར་མེད་པས་ན་མི་བརྙེས་སོ། །གསུམ་པ་དེའི་ཡོན་ཏན་ནི། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ། །ཞེས་པས། ཞེས་ཡབ་ཀྱིས་བརྗོད་པས་རང་བཞིན་གཉིས་སུ་མེད་པའི་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་། ཡུམ་རྒྱལ་བ་ཀུན་ཏུ་བཟང་མོ་ཉིད། སྟོན་པས་སྐུ་ཉམས་སུ་བསྟར་བའི་དོན་ཆེད་དུ་བརྗོད་པ་དེ་ལ་མཉེས་པར་གྱུར་ཏོ། །གཉིས་པ་ཡུམ་གྱི་གླེང་སླང་བ་ལ་གཉིས་ཏེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། སྐུ་ཉམས་སུ་བསྟར་བའི་དོན་དངོས་སོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་ནི། དེ་ནས་བཙུན་མོ་བྱ་བ་མོ༴ ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པ་ལ་ཡི་གེ་སྔ་ཕྱི་ཡོད་ཀྱང་དུས་མཉམ་པར་གསུངས་པས། དོན་འགྲེལ་ནི་མི་རྩི་ལ། ཚིག་འགྲེལ་གྱི་དབང་དུ་བྱས་ན། ཡབ་ཀྱི་གླེང་སླང་བ་བསྟན་པ་ལ་དེ་ཡུམ་གྱི་གླེང་སླང་སྟོན་པས་ན་ནས། བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོ་ཉིད། བཅོམ་ལྡན་འདས་ཡིད་ཀུན་ཏུ་བཟང་པོ་དང་ཞེས་པ་ནི་སྔར་བཤད་པ་དང་འབྲུ་མཐུན་ལ། གཉིས་སུ་མེད་པར་གྱུར་ནས། ཞེས་པས་ཐབས་ལམ་ལྟར་ན་ཐིག་ལེ་ཉི་ཟླ་གཉིས་སུ་མེད་པ་དང་། གྲོལ་ལམ་ལྟར་ན་དགོངས་པ་གཉིས་སུ་མེད་པར་གྱུར་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པས་ལྷན་ཅིག་པའི་འཁོར་རྣམས་ཀྱི་ཆེད་དུ་སྐུ་ཉམས་སུ་བསྟར་བའི་དོན་བརྗོད་པ་འོག་ནས་འབྱུང་བ་འདི། ཚིག་ཏུ་གསལ་བ་དང་འདྲ་བར་ཡུམ་གྱིས་ཡབ་ལ་བརྗོད་དོ། །གཉིས་པ་སྐུ་ཉམས་སུ་བསྟར་བའི་དོན་དངོས་ནི། ཀྱེ་མ་ཧོཿ ཕྱོགས་བཅུ་སྟོང་ཁམས༴ མི་བརྙེས་སོ། །ཞེས་པ་དེར་གདའ་ཞིང་། ཀྱེ་མ་ཞེས་པ་ནི་འབོད་པའི་ཚིག །ཧོ་ཞེས་པ་ནི་དམ་པའི་ཚིག་སྟེ། དེ་ལ་དགོས་ཆེད་ཅི་ཡོད་ཅེ་ན། བདག་གི་བདེ་བ་གཞན་ལ་བསྟན་པའི་ཕྱིར། ཀྱེ་མ་ཞེས་ཡབ་དང་ལྷན་ཅིག་པའི་འཁོར་ལ་བོས་ནས། ཧོ་ཞེས་པས་སྔར་མ་མྱོང་བའི་བདེ་བའི་ཡེ་ཤེས་ཐུན་མོང་མ་ཡིན་པ་བསྟན་དུ་ཡོད་དོ་ཞེས་པའམ། ཆགས་པ་སྤྱད་ཀྱང་མི་འཆིང་ཞིང་སྤྱོད་ཡུལ་ཡོངས་སུ་དག་པ་ལ་དམ་པའོ། །དེ་ཇི་ལྟ་བུ་ཞེ་ན། ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །ཞེས་པས་ཕྱོགས་བཅུ་དང་སྟོང་གསུམ་དང་ཁམས་གསུམ་དུ་སྣང་བ་ཐམས་ཅད་རང་གི་ངོ་བོས་སྟོང་པའི་ཕྱིར། ཀུན་གཞི་དྲི་མེད་ཆོས་ཀྱི་སྐུར་ཡེ་གདོད་མ་ནས་སངས་རྒྱས་ཤིང་སྟོང་པས་ན་བདག་གཉིས་ཀྱིས་དབེན་པའོ། །དེ་ཡང་སྤོང་བ་རྡོ་རྗེ་ལས། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཞེས་གསུངས་པས་མངོན་ནོ། །དེ་བཞིན་དུ། སྲིད་པ་གསུམ་ཉིད་དག་པའི་ཞིང་། །ཞེས་པས་སྲིད་པ་ཁམས་གསུམ་པོ་ཉིད་དག་པ་སྐུ་གསུམ་པོའི་ཞིང་ཁམས་ཡིན་ནོ། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཞེས་པས་སྙིགས་མ་ནི་ཐ་མའི་ཕྱིར་ཏེ། གྲངས་ནི་ལྔ་རུ་ངེས་པའོ་གང་ཞེ་ན། དུས་སེམས་ཅན་ཚེ་ལས་ཉོན་མོངས་པའི་སྙིགས་མའོ། །དེ་ཡང་དུས་ཀྱི་སྙིགས་མ་ནི། ལྔ་བརྒྱ་ཕྲག་ཐ་མའི་དུས་རྩོད་ལྡན་ནོ། །སེམས་ཅན་གྱི་སྙིགས་མ་ནི་དེའི་དུས་སུ་སྐྱེས་པ། ཚེའི་སྙིགས་མ་ནི་ཚེ་ལོ་བརྒྱ་པ་མན་ཆད། ལས་ཀྱི་སྙིགས་མ་ནི་མི་དགེ་བ་བཅུ་ལ་སྤྱོད་པ། ཉོན་མོངས་པའི་སྙིགས་མ་ནི་གཉེན་པོས་མི་ནོན་པའོ། །གཞན་དག་ནས་ལས་ཀྱི་སྙིགས་མ་མ་བཤད་པར། ལྟ་བའི་སྙིགས་མ་ལོག་པའི་ལྟ་བ་ལ་སྤྱོད་པ་ཞེས་པའང་བཤད། དེ་ལྟར་སྙིགས་མ་ལྔ་པོ་དེ་དག་ཀྱང་ཀུན་བརྟགས་ཉིད་ཀྱི་ཕྱིར་རང་བཞིན་མ་དམིགས་ཤིང་རང་རིག་པར་གསལ་བས་ན། བདེ་བ་ཆེན་པོའི་རོལ་པ་དང་ལྡན་པར་གནས་སོ། །ཕུང་པོ་ལྔ་ཉིད་རྫོགས་སངས་རྒྱས། །ཞེས་པས་རྣམ་པར་ཤེས་པ་གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་ཀྱི་ཕུང་པོ་དང་ལྔ་པོ་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་ལྔར་སངས་རྒྱས་པའོ། །ཐམས་ཅད་མཆོག་གི་སྙིང་པོ་བས། །གཞན་དུ་རྒྱལ་བས་ཆོས་མི་བཙལ། །ཞེས་པས་གོང་དུ་བཤད་པའི། ཕྱོགས་བཅུ་སྟོང་ཁམས་སྲིད་པ་གསུམ། སྙིགས་མ་ལྔ། ཕུང་པོ་ལྔར་སྣང་བ་སྟེ། ཐ་སྙད་བཞིས་བསྡུས་པ་ཐམས་ཅད་ཡེ་ནས་དབེན་ཞིང་། དག་པའི་ཞིང་ལ་སོགས་པས་ཐོབ་བྱའི་ཡོན་ཏན་ནམ་འབྲས་བུ་ཀུན་གྱི་མཆོག་གིའམ། བསྒྲུབ་བྱའི་སྙིང་པོ་ཡིན་པ་པས་དེ་ལས་གཞན་དུ་གྱུར་པའི་ཆོས་ཏེ། འབྲས་བུ་ལོགས་པ་ཞིག་རྒྱལ་བ་སངས་རྒྱས་ཉིད་ཀྱིས་ཀྱང་མི་བཙལ་ཏེ། དེའི་རྒྱུ་མཚན། ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་པས་ཐ་སྙད་བཞིས་བསྡུས་པའི་ཐམས་ཅད་ཀྱི་རང་བཞིན་ཉིད་ཡེ་གདོད་མ་ནས་འབྲས་བུ་ཆོས་སྐུའི་རང་བཞིན་ཉིད་ཡིན་པ་ལས། དེ་ལས་གཞན་པའི་འབྲས་བུ་ཆོས་སྐུ་ཞེས་བྱ་བ་མྱ་ངན་ལས་འདས་པའི་ཆོས་ཤིག་བཙལ་ཀྱང་རྒྱུད་དག་པའི་སངས་རྒྱས་རྒྱལ་བ་ཉིད་ཀྱིས་ཀྱང་གུད་ནས་མི་རྙེད་པའི་ཕྱིར་མི་བརྙེས་སོ། །གཉིས་པ་གསང་དབང་གི་ངེས་ཚིག་བསྟན་པ་ནི། ཞེས་བརྗོད་པས། ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །ཞེས་པས་ཞེས་རྒྱལ་བ་དྲུག་པ་ཡབ་ཡུམ་ཉིད་ཀྱིས་གླེང་སླང་བའི་ཚིག་སྐུ་ཉམས་སུ་བསྟར་བའི་དོན་རྣམས་བརྗོད་པས་རྟོག་པ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་རྒྱལ་མཆོག་ཀུན་ཏུ་བཟང་པོ་ཡབ་ཡུམ་ཉིད་ཀྱིས་མཁྱེན་པ་ལས། འཁོར་རྣམས་ལ་མི་སྣང་བའི་ཕྱིར་གསང་དབང་གི་ངེས་ཚིག་ཏུ་གྱུར་ཏོ། །དེ་ལྟར་སྟོན་པའི་གསང་དབང་གི་སྐབས་འདིར་ངེས་ཚིག་དང་གླེང་སླང་དུ་འགྲོ་ཚུལ་དང་། ཐིག་ལེའི་བརྒལ་ལན་ནོ། །དང་པོ་གསང་བའི་དབང་གི་ངེས་ཚིག་ནི། སྟོན་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱིས་ལྷན་ཅིག་པ་འཁོར་ལ་ཉི་ཟླ་གཉིས་འདྲེས་ཀྱི་ཐིག་ལེ་ལ་བརྟེན་ནས་གསང་བའི་དབང་བསྐུར་བས། འཁོར་རྣམས་ཀྱི་རྒྱུད་ལ་ཆོས་ཉིད་ཀྱི་རྣམ་པར་མི་རྟོག་པ་སྐྱེ་བ་མེད་པའི་དོན་ཙམ་ཞིག་རྒྱུད་ལ་སྐྱེས་ཀྱང་། སྐུ་ལས་གཉིས་མེད་སྐུ་ཡེ་ཤེས་ལས་གཉིས་མེད་ཀྱི་ཡེ་ཤེས་འགག་མེད་དང་དབྱེར་མེད་ཀྱི་དོན་ཇི་ལྟ་བ་བཞིན། སྟོན་པ་ཡབ་ཡུམ་ཉིད་ཀྱི་དགོངས་པ་ལ་སྣང་བ་ལས་འཁོར་རྣམས་ལ་མི་སྣང་བའི་ཕྱིར་གསང་དབང་ངོ་། །གཉིས་པ་གླེང་སླང་དུ་འགྲོ་ཚུལ་ནི། གསང་དབང་ནི་ཡོངས་སུ་ཤེས་པར་བྱ་བ་རྒྱུད་ཀྱི་དོན་ཡིན་པས། གླེང་སླང་དུ་མི་འགྱུར་རོ་ཞེས་ཟེར་ན། གསང་དབང་བསྐུར་བས་ལྷན་ཅིག་པའི་འཁོར་ལ་གསང་དབང་གི་ཡོན་ཏན་བདེ་གསལ་མི་རྟོག་སྐྱེ་བ་མེད་པའི་རྒྱུད་དོན་དངོས་སུ་བྱུང་བས་རྐྱེན་གླེང་སླང་དུ་འགྲོ་ལ། དབང་ཕྱི་མ་ཡེ་ཤེས་རང་གནས་དང་། བདེ་བ་ཆེན་པོ་གཉིས་གོ་འབྱེད་པའི་རྐྱེན་ཁོ་ནར་གྱུར་པས་ཀྱང་གླེང་སླང་དུ་འགྲོའོ། །གསུམ་པ་ཐིག་ལེའི་བརྒལ་ལན་ནི། གསང་དབང་ལ། དབང་རྫས་ཉི་ཟླ་བྱང་སེམས་དགོས་པ་ལ། སྟོན་པ་རྒྱལ་བ་ཀུན་བཟང་ཡབ་ཡུམ་ཡེ་ཤེས་སྒྱུ་མའི་སྐུ་ཕྱག་རྒྱ་ཆེན་པོ་སྣང་ལ་རང་བཞིན་མེད་པར་བཞུགས་ཏེ། ཤ་ཁྲག་རྡོས་པ་ཅན་གྱི་ལུས་མེད་པའི་ཐིག་ལེ་ཉི་ཟླ་གཉིས་འདྲེས་འོང་བ་འགལ་ལོ་ཞེ་ན། གདུལ་བྱའི་སྣང་བ་ལ་ཉི་ཟླ་གཉིས་འདྲེས་ཀྱི་ཐིག་ལེ་འོང་བ་མི་འགལ་ཏེ། དཔེ་ཆུང་རང་གནས་ལས། གནས་བརྟེན་རྩ་དང་ཐིག་ལེ་ལས། །རང་རིག་ཡེ་ཤེས་གཟུགས་སུ་ཆགས། །ཞེས་པས་རྒྱལ་བའི་ཐུགས་རིག་པ་ཉིད་གདུལ་བྱའི་ངོ་ལ་ཡེ་ཤེས་སྒྱུ་མའི་རང་བཞིན་ཅན་གྱི་གནས་པ་རྩ་དང་། བརྟེན་པ་ཐིག་ལེར་སྣང་ནས་དོན་མཛད་པའོ། །གཉིས་པ་དབང་གཉིས་ཀྱི་ལས་ཐུན་མོང་དུ་བསྟན་པ་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། སེམས་ལྔ་བསྐྱེད་པའི་རིམ་པ་དང་། སེམས་ལྔ་བསྐྱེད་པའི་ཡོན་ཏན་ནོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་ནི། དེ་ནས་གཉིས་སུ་མེད་པའི༴ འདི་གསུངས་སོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་གསང་དབང་བསྐུར་བ་བསྟན་པ་ལ་དེ་ཤེས་རབ་ཡེ་ཤེས་དང་དབྱེར་མེད་བདེ་ཆེན་གྱི་དབང་གཉིས་ཀྱི་ལས་ཐུན་མོང་དུ་བསྟན་པས་ན་ནས། གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཞེས་པས། ཐབས་ལམ་ལྟར་ན། སྟོན་པ་ཡབ་ཡུམ་གྱི་ཐིག་ལེ་ཉི་ཟླ་གཉིས་སུ་མེད། གྲོལ་ལམ་ལྟར་ན་ཡབ་ཡུམ་གྱི་དགོངས་པ་གཉིས་སུ་མེད་པའི་བདེ་བའི་ཡེ་ཤེས་ལ་མངའ་མཛད་པས་ན་བདག་ཉིད་ཆེན་པོ་རྒྱལ་བ་ཀུན་ཏུ་བཟང་པོས། ཡེ་ནས་སངས་རྒྱས་པའི་སེམས་ཡེ་ཤེས་སུ་བསྐྱེད་པ་འདི་གསུངས་སོ། །ཞེས་པས་ལྷན་ཅིག་པའི་འཁོར་རྣམས་ལ་དངོས་པོ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་པའི་དགོངས་པའམ་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་སྟོན་པ་ཡབ་ཡུམ་གཉིས་ཀྱི་མཁྱེན་པ་གང་ཡིན་པ་དེ་ཉིད་ཡས་བབས་ཟག་བཅས་ཀྱི་དགའ་བཞི་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་མཚོན་ནས། མས་བརྟན་ཟག་མེད་ཀྱི་དགའ་བཞི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་ལྔར་དངོས་སུ་བསྐྱེད་པའི་ཐབས། སེམས་རིམ་ལྔ་འོག་ནས་འབྱུང་བ་འདི་དག་གདུལ་བྱའི་ངོ་ལ་གསུངས་སོ། །གཉིས་པ་སེམས་ལྔ་བསྐྱེད་པའི་རིམ་པ་འདི་ལ། འགྲེལ་པ་སྤར་ཁབ་ཀྱིས་གསང་བ་ལྟར་ཁོ་ན་ལས་མ་བཀྲོལ་ཡང་། རྗེ་སྒྲོ་ཕུག་པའི་བཞེད་ཀྱིས། ཕྱི་ནང་གསང་བ་གསུམ་དུ་འཆད་དེ། བཤད་ཐབས་དང་དང་པོ་ཕྱི་ལྟར་མན་ངག་ལམ་རིམ་གྱི་ལེའུ་གསུམ་པས་རྒྱབ་བྱས་ནས། སྤྱོད་ལམ་བཞི་དང་སྦྱར་ཏེ་བཤད་ན། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་པས། ཨེ་མ་ཞེས་པས་སྤྱོད་ལམ་བཞི་མ་བཀག་པ་ལ་ངམ། ངོ་མཚར་ཞེས་པས་སྤྱོད་ལམ་བཞི་སྤྱད་ཀྱང་། དེ་སྤྱོད་ཡུལ་ཡོངས་སུ་དག་པ་དེ་ཆོས་ཉིད་དུ་འཆར་བ་ལ་ངམ། རྨད་ཀྱི་ཆོས་ཞེས་པས་དེ་ཀ་གསང་སྔགས་མ་ཧཱ་ཡོ་གའི་ཁྱད་ཆོས་ཡིན་པ་ལ་ངམ་པའོ། །དེ་ཚོགས་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་གྱི་དགོངས་པའི་ངོ་བོ་ཡིན་པས་ཀྱང་གསང་། ཕལ་པ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་ཡང་གསང་བའོ། །དེ་ཡང་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་རྟོགས་ཤིང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལམ་དུ་བྱེད་པའི་རྣལ་འབྱོར་པས་སྤྱོད་ལམ་བཞི་ལམ་དུ་ཇི་ལྟར་འཁྱེར་ཞེ་ན། སྐྱེ་བ་མེད་ལས། གནས་པ་མེད་ལས་ཞེས་པས་ལམ་པ་དེ་སྤྱོད་ལམ་བཞི་ལ་འདུག་ཅིང་སྡོད་པའི་དུས་ན། གནས་བྱ་གནས་བྱེད་རང་རྒྱུད་པ་མེད་པ་ལས། ཐམས་ཅད་སྐྱེས། ཐམས་ཅད་གནས་ཞེས་པས། ལམ་པ་དེ་གནས་ཤིང་འདུག །སྡོད་ལྟར་སྣང་བའོ། །དེ་ལྟར་སྣང་སྡོ་བའི་དུས་ཉིད་ན། ཏིང་ངེ་འཛིན་ལས་འགྱུར་ཞིང་ཉམས་པ་མེད་པས། སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་དང་། གནས་པ་ཉིད་ན་གནས་པ་མེད། །ཅེས་བྱའོ། །འགག་པ་མེད་ལས་ཞེས་པས། ལམ་པ་དེ་ཉལ་ཞིང་གཉིད་ལོག་པའི་དུས་སུ་གཉིད་རང་ཁ་མ་མེད་པ་ལས། ཐམས་ཅད་འགག །ཅེས་པ་ནི། གཉིད་རང་ཁ་མའི་རྟོག་པ་འགགས་པའོ། །འགགས་པ་ཉིད་ན་འགགས་པ་མེད། །ཅེས་པ་ནི། གཉིད་ལོག་པའི་དུས་ན་ཏིང་ངེ་འཛིན་ལས་འགྱུར་ཞིང་ཉམས་པ་མེད་དོ། །དམིགས་པ་མེད་ལས་ཞེས་པ་ནི། ལམ་པ་དེ་ཟས་ཟ་བའི་དུས་སུ་བཟའ་བཏུང་རང་ཁ་མ་མེད་པ་ལས། ཐམས་ཅད་དམིགས། །ཞེས་པ་ནི། བཟའ་བཏུང་དུ་སྣང་བ་མ་འགག་པའོ། །དམིགས་པ་ཉིད་ན་དམིགས་པ་མེད། །ཅེས་པ་ནི། ཟ་ཞིང་འཐུང་བའི་དུས་ན་ཏིང་ངེ་འཛིན་ལས་འགྱུར་ཞིང་ཉམས་པ་མེད་དོ། །འགྲོ་འོང་མེད་ལས་ཞེས་པས། ལམ་པ་དེ་འགྲོ་འོང་གི་དུས་སུ་འགྲོ་འོང་རང་ཁ་མ་མེད་པ་ལས། འགྲོ་དང་འོང་། ཞེས་པས། འགྲོ་འོང་དུ་སྣང་བ་མ་འགག་པའོ། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་པས། འགྲོ་འོང་དུ་སྣང་བའི་དུས་ཉིད་ན་ཏིང་ངེ་འཛིན་ལས་འགྱུར་ཞིང་ཉམས་པ་མེད་དོ། །བཤད་ཐབས་གཉིས་པ། ནང་ལྟར་ལམ་བསྐྱེད་རྫོགས་གཉིས་དང་སྦྱར་ཏེ་བཤད་པ་ལ་གཉིས་ཏེ། དང་པོ་མན་ངག་དྲྭ་བ་ཆེ་ཆུང་ལྟར་བསྐྱེད་རིམ་སྐུ་ལྔ་གར་དུ་བཤད་པའམ། གྲོལ་ལམ་རིམ་གྱིས་པ་ལྟར་དུ་བཤད་ན། ཨེ་མ་ཞེས་པས་སྣང་བ་བཞིས་བསྡུས་པའི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་ངམ། ངོ་མཚར་ཞེས་པས་ཐམས་ཅད་སྐྱེས་པ་ལ་ངམ། རྨད་ཀྱི་ཆོས་ཞེས་པས་སྐྱེས་པ་ཉིད་ན་སྐྱེ་བ་མེད་པ་ལ་དམ་པའོ། །དེ་དག་ཚོགས་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་གྱི་དགོངས་པའི་ངོ་བོ་ཡིན་པས་ཀྱང་གསང་། ཐུགས་ཀྱི་བརྣག་བྱ་ཡིན་པའི་ཀྱང་གསང་ངོ་། །སྐྱེ་བ་མེད་ལས་ཞེས་པས་དོན་དམ་པ་བྱང་ཆུབ་ཀྱི་སེམས་ལ་སྐྱེ་བ་མེད་པ་ལས། ཐམས་ཅད་སྐྱེས། ཞེས་པས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་ཐམས་ཅད་སྐྱེས་པའོ། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་པས་དེ་ལྟར་ཀུན་རྫོབ་ཀྱི་བདེན་པ་ལ་སྐྱེས་པ་སྟེ་སྣང་སྡོ་བའི་དུས་ཉིད་ན། དོན་དམ་པའི་བདེན་པ་ལ་སྐྱེ་བ་མེད་པའི་ཕྱིར། བདེན་པ་གཉིས་དབྱེར་མེད་ལས་སྐྱེས་མ་སྐྱེས་དབྱེར་མེད་དུ་ལ་བཟླའོ། །དེ་ནི་སེམས་ལྔ་ལས་གཡོ་ལྡང་བྱང་ཆུབ་ཀྱི་སེམས། སྐུ་ལྔ་ལས་ཆོས་ཀྱི་སྐུ། ཡེ་ཤེས་ལྔ་ལས་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་འགྲོས་ཀྱིས་གཞན་འོག་མ་བཞི་པོ་ཡང་ཤེས་པར་བྱ་སྟེ། འགག་སོགས་སྨོན་པ་བྱང་ཆུབ་ཀྱི་སེམས་མངོན་པར་བྱང་ཆུབ་པའི་སྐུ་མེ་ལོང་ལྟ་བུའི་ཡེ་ཤེས། གནས་སོགས་འཇུག་པ་བྱང་ཆུབ་ཀྱི་སེམས་ལོངས་སྤྱོད་རྫོགས་པའི་སྐུ་མཉམ་པ་ཉིད་ཀྱི་ཡེ་ཤེས། དམིགས་སོགས་གནས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་སྐུ་སོ་སོར་རྟོག་པའི་ཡེ་ཤེས། འགྲོ་འོང་སོགས་མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་སྤྲུལ་པའི་སྐུ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །གཉིས་པ་མན་ངག་ལྟར་ཕྲེང་ལྟར་རྫོགས་རིམ་སྐུ་ལྔ་ལྷུན་གྲུབ་ཏུ་བཤད་པའམ། གྲོལ་ལམ་ཅིག་ཅར་བ་ལྟར་དུ་བཤད་ན། ཨེ་མ་ཧོ་ཞེས་པས་དོན་དམ་སྐྱེ་བ་མེད་པ་ལ་ངམ། ངོ་མཚར་ཞེས་པས་ཀུན་རྫོབ་འགག་པ་མེད་པ་ལ་ངམ། རྨད་ཀྱི་ཆོས་ཞེས་པས་བདེན་པ་དབྱེར་མེད་པ་ལ་ངམ་པའོ། །བདེན་པ་གསུམ་དབྱེར་མེད་དེ་ཉིད་ཚོགས་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་གྱི་དགོངས་པའི་ངོ་བོ་ཡིན་པས་གསང་བའོ། །སྐྱེ་བ་མེད་ལས། འགག་པ་མེད་ལས། གནས་པ་མེད་ལས། དམིགས་པ་མེད་ལས། འགྲོ་འོང་མེད་ལས་ཞེས་པ་ལྔ་ནི། དོན་དམ་པའི་བདེན་པ་ལ་གཡོ་སྨོན་འཇུག་གནས་མཐར་ཕྱིན་གྱི་སེམས་ལྔ་དུས་གཅིག་ལ་རྫོགས་པའོ། །ཐམས་ཅད་སྐྱེས། ཐམས་ཅད་འགག །ཐམས་ཅད་གནས། ཐམས་ཅད་དམིགས། འགྲོ་དང་འོང་། ཞེས་པ་ལྔ་ནི། ཀུན་རྫོབ་ཀྱི་བདེན་པ་ལ་སེམས་ལྔ་དུས་གཅིག་ལ་རྫོགས་པའོ། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །འགག་པ་ཉིད་ན་འགག་པ་མེད། །གནས་པ་ཉིད་ན་གནས་པ་མེད། །དམིགས་པ་ཉིད་ན་དམིགས་པ་མེད། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་པ་ལྔ་ནི། དབྱེར་མེད་ཀྱི་བདེན་པ་ལ་སེམས་ལྔ་དུས་གཅིག་ལ་རྫོགས་པའོ། །འདི་ལ་ཁ་ཅིག་ན་རེ་ལམ་ཅིག་ཅར་པ་སེམས་ལྔ་ནས་བགྲོད་དམ་མི་བགྲོད། བགྲོད་ན་སྤར་ཁབ་ལས། སེམས་འདི་དག་ས་གཅིག་ནའང་ཚང་བའི་ཕྱིར། དུས་གཅིག་ཏུ་བསྐྱེད་པར་འགྱུར་བས་ཅིག་ཅར་འཇུག་པའི་ལམ་ཞེས་བྱའོ། །ཞེས་གསུངས་པ་དང་འགལ་ལོ། །བགྲོད་ན་རིམ་པར་བགྲོད་དམ་ཅིག་ཅར་བགྲོད། རིམ་པར་བགྲོད་ན། ལམ་རིམ་གྱིས་པ་དང་ཁྱད་མེད་པར་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན་ཅིག་ཅར་བ་ཡིན་པའི་ཁས་བླངས་ཀྱིས་གསལ་ལོ། །ཅིག་ཅར་བགྲོད་ན། སེམས་ལྔའི་ཐ་སྙད་མ་གྲུབ་པར་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན་སེམས་ལྔ་བགྲོད་པའི་ཁས་བླངས་ཀྱིས་གསལ་ལོ། །འདི་ལ་བླ་མ་རྒྱ་གབ་གོང་པ་ན་རེ། སེམས་ལྔ་ངོ་བོ་དབྱེར་མེད་དུ་བགྲོད་པ་འཐད་དོ། །འོ་ན་སེམས་རིམ་ལྔ་དང་འགལ་ལོ་ཞེ་ན། རིམ་གྱིས་པ་ལྟར་སེམས་རིམ་ལྔ་ཡོད་ཀྱང་། དེའི་ཡོན་ཏན་ཅིག་ཅར་བའི་དབྱེར་མེད་ལ་དུས་གཅིག་ཏུ་རྫོགས་པས་མི་འགལ་ལོ་གསུང་། བཤད་ཐབས་གསུམ་པ་འགྲེལ་བ་སྤར་ཁབ་ལྟར་ཐབས་ལམ་འོག་སྒོ་དང་སྦྱར་ཏེ་བཤད་ན། འདི་ལ་ལྔ་སྟེ། གཡོ་ལྡང་བྱང་ཆུབ་ཀྱི་སེམས་དང་། འཇིག་འཇུག་བྱང་ཆུབ་ཀྱི་སེམས་དང་། གནས་པ་བྱང་ཆུབ་ཀྱི་སེམས་དང་། སྨོན་པ་བྱང་ཆུབ་ཀྱི་སེམས་དང་། མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་སོ། །དང་པོ་གཡོ་ལྡང་བྱང་ཆུབ་ཀྱི་སེམས་ནི། ཨེ་མ་ཧོ་ངོ་མཚར་རྨད་ཀྱི༴ ཉིད་ན་སྐྱེ་བ་མེད། །ཅེས་པ་དེར་གདའ་ཞིང་། ཨེ་མ་ཞེས་པས་འདོད་ཆགས་ཀྱི་སྤྱོད་པ་སྤྱད་ཀྱང་དེས་འཁོར་བར་མི་འཆིང་བ་ལ་ངམ། ངོ་མཚར་ཞེས་པས་དེ་ཉིད་སྤྱོད་ཡུལ་ཡོངས་སུ་དག་སྟེ་འབྲས་བུ་སྐུ་དང་ཡེ་ཤེས་སུ་གསལ་བ་ལ་ངམ། རྨད་ཀྱི་ཆོས་ཞེས་པས་དེ་ཀ་གསང་སྔགས་མ་ཧཱ་ཡོ་གའི་ཁྱད་ཆོས་ཡིན་པ་ལ་ངམ། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། ཞེས་པས། དེ་ཉིད་ཚོགས་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ལྔ་པོ་ཀུན་གྱི་དགོངས་པའི་ངོ་བོ་ཡིན་པས་ཀྱང་གསང་། ཐུགས་ཀྱི་བརྣག་བྱ་ཡིན་པས་ཀྱང་གསང་། ཁེ་ཉེན་དང་བཅས་པའི་ཕྱིར་ཡང་གསང་ངོ་། །སྐྱེ་བ་མེད་ལས་ཞེས་པས། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཉི་ཟླ་བྱང་ཆུབ་ཀྱི་སེམས། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། ཞེས་པས། དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ལམ་པས་ཉམས་སུ་བླངས་པའི་དུས་སུ་ཐིག་ལེ་འགོ་གཡོ་ཙམ་ན། བདེ་བ་འགོ་ལྡང་བའི་ཚུལ་དུ་ཐམས་ཅད་སྐྱེས་པ་ནི་གཡོ་ལྡང་བྱང་ཆུབ་ཀྱི་སེམས་སོ། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་པས་དེ་ལྟར་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བདེ་བ་སྐྱེས་པ་ལྟར་སྣང་སྡོ་བའི་དུས་ཉིད་ན། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་སྐྱེས་པ་དང་མ་སྐྱེས་པ་དབྱེར་མེད་དུ་ལ་བཟླའོ། །དེ་ཡང་འགྲེལ་པ་སྤར་ཁབ་ལས། དེའི་རོ་ཡང་རང་བཞིན་ལས་མ་འདས་པའི་ཕྱིར། ཞེས་གསུངས་སོ། །གཉིས་པ་འཇིག་འཇུག་བྱང་ཆུབ་ཀྱི་སེམས་ནི། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱིས་གསང་། །ཞེས་པའི་ཚིག་གཉིས་འབྲུ་མཐུན་ལ། འགག་པ་མེད་ལས་ཞེས་པས། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཉི་ཟླ་བྱང་སེམས་ཀྱི་སེམས་འགག་པ་མེད་པ་ལས། ཐམས་ཅད་འགག །ཅེས་པས་དངོས་པོ་ལྷ ན་ཅིག་སྐྱེས་པའི་ཡེ་ཤེས་དེ་ལམ་པས་ཉམས་སུ་བླངས་པའི་དུས་སུ། བདེ་བ་སྔ་མ་འཇིག་ཙམ་ན་ཕྱི་མ་ལ་འཇུག་ཅིང་མཐར་བདེ་བ་ཐམས་ཅད་འགག་པ་ནི་འཇིག་འཇུག་བྱང་ཆུབ་ཀྱི་སེམས་སོ། །འགག་པ་ཉིད་ན་འགག་པ་མེད། །ཅེས་པས། དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་འགག་པ་ལྟར་སྣང་སྡོ་བའི་དུས་ཉིད་ན། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་འགག་པ་དང་མི་འགག་པ་དབྱེར་མེད་དུ་ལ་བཟླའོ། །དེ་ཡང་སྤར་ཁབ་ལས། ཡེ་ཤེས་ཀྱི་རོ་ནི་སྐད་ཅིག་མའི་རྒྱུད་དུ་འཕེལ་བའི་ཕྱིར་མི་འགག་པ་ཁོ་ནའོ། །ཞེས་གསུངས་སོ། །གསུམ་པ་གནས་པ་བྱང་ཆུབ་ཀྱི་སེམས་ནི། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་པ་འབྲུ་མཐུན་ལ། གནས་པ་མེད་ལས་ཞེས་པས། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཉི་ཟླ་བྱང་སེམས་གནས་པ་མེད་པ་ལས། ཐམས་ཅད་གནས། ཞེས་པས། དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ལམ་པས་ཉམས་སུ་བླངས་པའི་དུས་སུ། དགའ་བ་དང་བདེ་བ་ཐམས་ཅད་རང་ས་ན་གནས་པ་ནི། གནས་པ་བྱང་ཆུབ་ཀྱི་སེམས་སོ། །གནས་པ་ཉིད་ན་གནས་པ་མེད། །ཅེས་པས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་དགའ་བ་དང་བདེ་བ་ཐམས་ཅད་རང་ས་ན་གནས་པ་ལྟར་སྣང་སྡོ་བའི་དུས་ཉིད་ན། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་གནས་པ་དང་མི་གནས་པ་དབྱེར་མེད་དུ་ལ་བཟླའོ། །དེ་ཡང་སྤར་ཁབ་ལས། ཡེ་ཤེས་ཉིད་རང་སྣང་བའི་ཕྱིར་ཡུལ་དང་བྲལ་བས་གནས་བཅའ་རུ་མེད་དེ། འབྲས་བུ་ལ་ལམ་དུ་བྱེད་པའི་ཕྱིར་དོ། །ཞེས་གསུངས་སོ། །བཞི་པ་སྨོན་པ་བྱང་ཆུབ་ཀྱི་སེམས་ནི། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་པ་འབྲུ་མཐུན་ལ། དམིགས་པ་མེད་ལས་ཞེས་པས། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཉི་ཟླ་བྱང་སེམས་དམིགས་པ་མེད་པ་ལས། ཐམས་ཅད་དམིགས། །ཞེས་པས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ལམ་པས་ཉམས་སུ་བླངས་པའི་དུས་སུ་སྔ་མའི་བདེ་བས་མཚོན་ནས། ཕྱི་མའི་བདེ་བ་ལ་དམིགས་ཤིང་སྨོན་པས་ན། ཐམས་ཅད་དམིགས། ཞེས་བྱ་སྟེ་སྨོན་པ་བྱང་ཆུབ་ཀྱི་སེམས་སོ། །དམིགས་པ་ཉིད་ན་དམིགས་པ་མེད། །ཅེས་པས། དངོས་པོ་ལྷན་ཅིག་སྐྱེས་པའི་དམིགས་ཤིང་སྨོན་པའི་དུས་ཉིད་ན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་དམིགས་པ་དང་མི་དམིགས་པ་དབྱེར་མེད་དུ་ལ་བཟླའོ། །དེ་ཡང་སྤར་ཁབ་ལས། བསྐྱེད་དུ་ཐལ་བ་ཉིད་ཀྱང་རང་རིག་པའི་ཕྱིར་རྐྱེན་ཙམ་སྟེ་གཞན་ནས་ཐོབ་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །ལྔ་པ་མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་ནི། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་པས་འབྲུ་མཐུན་ལ། འགྲོ་འོང་མེད་ལས་ཞེས་པས་རང་བཞིན་ལྷ་ཅིག་སྐྱེས་པའི་ཡེ་ཤེས་ལ། ཉི་ཟླ་བྱང་སེམས་འགྲོ་བ་དང་འོང་བ་མེད་པ་ལས། འགྲོ་དང་འོང་། ཞེས་པས། དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ལམ་པས་ཉམས་སུ་བླངས་པའི་དུས་སུ། བྱང་ཆུབ་ཀྱི་སེམས་དཀར་དམར་རྡོ་རྗེ་དང་པདྨའི་རྩེར་འགྲོ་བ་དང་འོང་བ་འཕྲད་པའི་རྐྱེན་གྱིས་ཡས་བབ་ཀྱི་དགའ་བ་བཞི་རྫོགས་ཤིང་། དབང་གསུམ་པ་ཤེས་རབ་ཡེ་ཤེས་སམ་ཡེ་ཤེས་རང་གནས་ཀྱི་དབང་ཐོབ་པའོ། །བྱང་ཆུབ་ཀྱི་སེམས་ཉི་ཟླ་གཉིས་འདྲེས་དེ་ཉིད་གྱེན་དུ་ལྡོག་པའི་ཐབས་ཀྱིས་མས་བརྟན་གྱི་དགའ་བ་བཞི་རྫོགས་ནས་དབྱེར་མེད་ཀྱི་བདེན་པ་མངོན་དུ་བྱས་ཤིང་། དེ་ཉིད་བློའི་སྤྱོད་ཡུལ་དང་བྲལ་བ་ནི། དབང་བཞི་པ་དབྱེར་མེད་བདེ་བ་ཆེན་པོའི་དབང་ཡོངས་སུ་རྫོགས་པར་ཐོབ་པའོ། །མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་སོ། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་པ་ནི། དེ་ལྟར་ཉི་ཟླ་བྱང་ཆུབ་ཀྱི་སེམས་འགྲོ་འོང་དུ་སྣང་སྡོ་བའི་དུས་ཉིད་ན། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་འགྲོ་བ་དང་འོང་བ་དབྱེར་མེད་དུ་ལ་བཟླའོ། །དེ་ཡང་སྤར་ཁབ་ལས། ལམ་འདིས་འབྲས་བུ་མངོན་དུ་བྱེད་དེ། མངོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པའི་ཕྱིར་དང་། གང་དུ་ཡང་ཕྱིན་པ་མེད་པ་ཁོ་ནའོ། །ཞེས་བྱའོ། །ཞེས་གསུངས་སོ། །འདི་དག་ཡེ་ཤེས་རང་གནས་དང་བདེ་བ་ཆེན་པོའི་དབང་གཉིས་ཀྱི་ལས་ཐུན་མོང་དུ་ཇི་ལྟར་འགྲོ་བའི་ཚུལ་ནི། རྗེ་དྲི་ངས་པ་ཉེའུ་སྟོན་ཆོས་ཀྱི་སེང་གེའི་ཞལ་ནས། གཞུང་གཅིག་གི་སྟེང་དུ་དབང་གཉིས་འབྱུང་བས་སམ། ཡང་ན་དབང་གཉིས་ཀའི་སྔོན་དུ་སེམས་བསྐྱེད་དགོས་པས་ཀྱང་ཐུན་མོང་ཡིན་ནོ་གསུངས། བླ་མ་རྒྱ་གབ་གོང་པ་ན་རེ། འགྲེལ་པ་ལྟར་སེམས་བཞི་པོ་དེ་དབང་གཉིས་ཀའི་སྔོན་དུ་འགྲོ་བ་ཐུན་མོང་བ་ཡིན་ལ། འགྲོ་འོང་བྱང་ཆུབ་ཀྱི་སེམས་ནི། དབང་གཉིས་ཀའི་དངོས་གཞི་ཐུན་མོང་པར་འདུག་པས། དབང་གཉིས་ཀྱི་ལས་ཐུན་མོང་དུ་འགྲོ་གསུང་ངོ་། །ཡང་ཟབ་མོའི་དབང་གསུམ་པོ་འདི། རྒྱུད་དོན་ཡིན་པ་ལ། གླེང་སླང་དུ་ཇི་ལྟར་འགྲོ་ཞེ་ན། དབང་གསུམ་ཐོབ་ནས་རྟོག་ཚོགས་བཞི་བཅུ་རྩ་གཉིས་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་མངོན་དུ་བྱས་རྡོ་རྗེ་འཆང་གི་གྲལ་དུ་སྟོན་འཁོར་དགོངས་པ་ཁྱད་མེད་དུ་གྱུར་ནས། གཞན་དོན་དུ་རྒྱུད་ཞུ་བའི་སྤོབས་པ་དང་ལྡན་པས། ཐུན་མོང་གི་གླེང་སླང་གོ་འབྱེད་པའི་རྐྱེན་ཁོ་ནར་གྱུར་པས་ན་གླེང་སླང་དུ་འགྲོའོ་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །ཡང་ཟབ་མོའི་དབང་གསུམ་པོ་འདི་གླེང་སླང་དུ་འདུག་པ་ལ། རྒྱུད་དོན་གང་ལ་ངོས་འཛིན། གླེང་སླང་དང་རྒྱུད་དོན་མཚོན་ཚུལ་འདྲེས་པའི་སྐྱོན་འོང་ཞིང་། འགྲེལ་པས་གླེང་གཞི་གླེང་སླང་རྒྱུད་དོན་དགོས་འབྲེལ་གདམས་གཏད་ལྔ་རུ་བཤད་པ་དང་འགལ་ལོ་ཞེ་ན། བླ་མ་རྒྱ་གབ་གོང་པ་ན་རེ། དབང་གསུམ་བསྐུར་བའི་ལས་རིམ་གླེང་སླང་དུ་འགྲོ་ལ། བདེན་པ་གསུམ་རྒྱུད་ལ་སྐྱེས་པ་དེ་རྒྱུད་དོན་དུ་འགྲོ་གསུང་། ཡང་མཐར་ལམ་པ་ལ་དབང་གསུམ་རིམ་པར་བསྐུར་རམ་ཅིག་ཅར་དུ་བསྐུར། རིམ་པར་བསྐུར་ན་སྤར་ཁབ་ལས། དུས་གཅིག་ཏུ་བསྐྱེད་པར་འགྱུར་བའི་ཕྱིར། ཅིག་ཅར་འཇུག་པའི་ལམ་ཞེས་བྱའོ། །ཞེས་པ་དང་། ལམ་རིམ་ལས། དུས་མཐའི་སྐད་ཅིག་ཉིད་ཀྱིས་གཤེགས། །ཞེས་སངས་རྒྱས་ཀྱི་ས་ལ་འགྲོ་བའི་ཆ་རྐྱེན་དབང་ཡིན་ལ། དེ་བསྐུར་བའི་དུས་སྐད་ཅིག་མར་བཤད་པ་དང་འགལ་ལོ། །ཅིག་ཅར་དུ་བསྐུར་ན། དབང་གསུམ་པོ་དང་འགལ་ལོ་ཞེ་ན། གཉིས་ཀ་ལྟར་མི་འགལ་ཏེ། དབང་གཉིས་རིམ་པར་བསྐུར་ནས་མཐར་དབྱེར་མེད་བདེ་བ་ཆེན་པོའི་དབང་ཐོབ་པས་སངས་རྒྱས་པ་ཡང་རུང་ལ། ཡང་ན་དུས་མཐའི་སྐད་ཅིག་གི་སྔ་ལོགས་ལ་གསང་དབང་ཐོབ། ཕྱི་ལོགས་ལ་དབང་གཉིས་ཐོབ་གསུང་ཡང་། དབང་གསུམ་དུས་གཅིག་ལ་ཐོབ་ནས་འཚང་རྒྱ་བའོ། །འོ་ན་སྐད་ཅིག་ལ་དབང་གསུམ་གྱི་དབང་བསྐུར་ཐོབ་པ་འགལ་ལོ་ཞེ་ན། མི་འགལ་ཏེ། བསྐུར་བྱ་ཐམས་ཅད་མཁྱེན་པའི་འགོ་ཤར་བ་ཡིན་པ་དང་། སྐུར་བྱེད་རྒྱལ་བ་དྲུག་པ་ཡིན་པའི་ཕྱིར་རོ། །ལར་རིམ་ཅིག་ཅར་གཉིས་ཀར་ཡང་། སྐབས་འདིར་ཅིག་ཅར་འཐད་ཅེས་བླ་མ་གོང་མ་རྣམས་གསུང་ངོ་། །ཡང་སྐྱེ་བ་མེད་ལས་ཞེས་པས། སྐྱེ་མེད་སྒྲུབ་པར་བྱེད་པའི་རིག་པ་བཞི་སྟེ། རྒྱུ་རྐྱེན་གཞན་ལས་མ་བྱུང་བའི་ཕྱིར་སྐྱེ་བ་མེད། དུས་གློ་བུར་དུ་མ་བྱུང་ཕྱིར་སྐྱེ་བ་མེད། བྱེད་པ་པོ་གཞན་གྱིས་མ་བྱས་པའི་ཕྱིར་སྐྱེ་བ་མེད། སྐྱེ་བའི་དངོས་པོ་འདི་འདྲ་བ་མ་གྲུབ་པའི་ཕྱིར་སྐྱེ་བ་མེད། དང་པོ་ནི་བུམ་པ་ཆོས་ཅན། སྐྱེ་མེད་ཡིན་ཏེ། ཞེས་དམ་བཅའ་གཏན་ཚིགས་རྒྱུ་རྐྱེན་གཞན་ལས་མ་སྐྱེས་པའི་ཕྱིར་རོ། །དེ་ལ་ཕྱིར་གྱི་གཏན་ཚིགས་མ་གྲུབ་ཅེ་ན། འོ་ན་རྒྱུ་རྐྱེན་ལས་སྐྱེས་སམ། སྐྱེས་ན་བདག་ལས་སྐྱེས་སམ་གཞན་ལས་སྐྱེས། བདག་ལས་སྐྱེས་ན་བདག་གྲུབ་པ་ལས་སྐྱེས་སམ་མ་གྲུབ་པ་ལས་སྐྱེས། གྲུབ་པ་ལས་སྐྱེས་ན་ཐུག་མཐའ་མེད་པར་འགྱུར། ཞེས་མ་གྲུབ་པ་ལས་སྐྱེས་པའི་ཕྱིར། འདོད་ན་བུམ་པ་ལས་བུམ་པ་མི་སྐྱེ་བར་མངོན་སུམ་གྱིས་གསལ་ལོ། །མ་གྲུབ་པ་ལས་སྐྱེས་ཤེ་ན། སྐྱེས་པར་འདོད་དམ་མི་སྐྱེ་བར་ཐལ། ཞེ་ན་རྒྱུ་མ་གྲུབ་པའི་ཕྱིར། གཏན་ཚིགས་མ་གྲུབ་ན། སྐྱེ་བའི་དམ་བཅའ་འབུད། འདོད་ན་རྒྱུ་མེད་པར་འབྲས་བུ་མི་སྐྱེ་བ་མངོན་སུམ་གྱིས་གསལ་ལོ། །ཡང་གཞན་ལས་སྐྱེ་ཞེ་ན། གཞན་རྟག་པ་ལ་སྐྱེས་སམ་མི་རྟག་པ་ལས་སྐྱེས། རྟག་པ་ལས་སྐྱེས་ཤེ་ན། རྟག་པ་དེ་དངོས་པོར་གྲུབ་བམ་དངོས་མེད་དུ་གྲུབ། ཐ་མ་ལྟར་དངོས་མེད་དུ་གྲུབ་ན་རྟག་པ་མ་ཡིན་པར་ཐལ་ཞེ་ན། དངོས་པོར་མ་གྲུབ་པའི་ཕྱིར། དཔེར་ན་རི་བོང་གི་རྭ་བཞིན་ནོ། །འདོད་ན་རྟག་པའི་ཁས་བླངས་ཀྱིས་གསལ་ལོ། །ཡང་དངོས་པོར་གྲུབ་ན་དངོས་པོའི་མཚན་ཉིད་དོན་བྱེད་ནུས་པ་ཡིན་ནམ་མ་ཡིན། མ་ཡིན་ན་བུམ་པ་ཀ་བ་སོགས་ཀྱི་གནས་སྐབས་ཀྱི་དོན་བྱེད་ནུས་པས་ན་འགལ་ལོ། །དོན་བྱེད་ནུས་ན་རིམ་གྱིས་དོན་བྱེད་དམ་ཅིག་ཅར་དུ་དོན་བྱེད། རིམ་གྱིས་དོན་བྱེད་ན་རྟག་པ་མ་ཡིན་པར་ཐལ། ཅིས་ན་རིམ་གྱིས་དོན་བྱེད་པའི་ཕྱིར། རིམ་གྱིས་དོན་བྱེད་ཀྱང་རྟག་ན་ཅི་ཏོ་སྟེ། ཁྱབ་པ་མ་གྲུབ་ཅེ་ན། འོ་ན་སྟོན་པའི་རྩི་ཐོག་ཀྱང་རྟག་པར་ཐལ། ཅིས་ན་རིམ་གྱིས་དོན་བྱེད་ཀྱང་རྟག་པའི་ཕྱིར། འདོད་ན་མི་རྟག་པ་འགྱུར་བ་དང་བཅས་པས་གསལ་ལོ། ཅིག་ཅར་དོན་བྱེད་ན་དེ་དགག་པ་ལ་གསུམ་སྟེ། ཕྱི་འབྱུང་བ་ལ་ཅིག་ཅར་བ་དགག་པ། ནང་སེམས་ལ་ཅིག་ཅར་བ་དགག་པ། བཟླས་ནས་དོན་བྱེད་པ་དགག་པའོ། །དང་པོ་ནི་ས་བོན་ཤད་བཏབ་པའི་དུས་སུ། མྱུ་གུ་སྔོན་པོ་ཀྲོང་འབྱུང་བར་ཐལ། ཅིས་ན་ཅིག་ཅར་དོན་བྱེད་པའི་ཕྱིར། འདོད་ན་མི་འབྱུང་བ་དབང་པོའི་མངོན་སུམ་གྱིས་གསལ་ལོ། །གཅིག་པ་ནི་ཕྱི་འབྱུང་བ་ལ་དེ་ལྟ་མ་ཡིན་ཀྱང་། ནང་སེམས་ལ་དོན་ཅིག་ཅར་བྱེད་དོ་ཞེ་ན། འོ་ན་བུ་ཆུང་གི་ཤེས་པ་ལས་དར་མའི་ཤེས་པར་སྐྱེད་མི་ཐོན་པར་ཐལ། ཅིས་ན་ནང་སེམས་ལ་དོན་ཅིག་ཅར་བྱེད་པའི་ཕྱིར། འདོད་ན་གསལ་རིག་གི་སྐྱེ་བོགས་འབྱུང་བ་མངོན་སུམ་གྱིས་གསལ་ལོ། །གསུམ་པ་ནི་ལྷ་རྗེ་གཙང་པ་ན་རེ། ཅིག་ཅར་དོན་བྱས་ཟིན་པ་ཡང་དོན་བྱེད་དམ་མི་བྱེད། བྱེད་ན་རིམ་གྱིས་དོན་བྱེད་པར་འགྱུར། ཅིས་ན་ཅིག་ཅར་དོན་བྱས་ཟིན་ནས་ཡང་བྱེད་ཟེར་བའི་ཕྱིར་རོ། །མི་བྱེད་ན་རྟག་པ་མ་ཡིན་པར་ཐལ། ཅིས་ན་སྔར་དོན་བྱེད་ནུས་སུ་ཡོད་པ་ལ་ཕྱིས་དོན་བྱེད་མི་ནུས་པའི་ཕྱིར། དེ་ཡང་། དངོས་རྣམས་གཞན་དུ་འགྱུར་པ་ལ། །མཁས་རྣམས་མི་རྟག་པར་བརྗོད་མཛད། །ཅེས་སོ། །ཡང་མི་རྟག་པ་ལས་སྐྱེས་སོ་ཞེ་ན། མི་རྟག་པའི་ལུགས་ཀྱིས་སྐད་ཅིག་མ་འགྱུར་བ་དང་བཅས་པ་ཡིན་པས། སྐད་ཅིག་མ་དེ་ཆ་དང་བཅས་པ་ཡིན་ནམ་ཆ་མ་གྲུབ་པ་ཡིན། ཆ་དང་བཅས་པ་ཡིན་ན། ཆ་དུ་མ་དང་བཅས་པའི་ཕྱིར་སྐད་ཅིག་མ་མ་ཡིན་པར་ཐལ། ཅིས་ན་ཆ་དུ་མ་དང་བཅས་པའི་ཕྱིར། འདོད་ན་སྐད་ཅིག་ཁས་བླངས་ཀྱིས་གསལ་ལོ། །ཆ་མ་གྲུབ་ན་སྐད་ཅིག་མ་ཡང་མ་གྲུབ་པར་ཐལ། ཅིས་ན་ཆ་མེད་པའི་ཕྱིར། འདོད་ན་ཁས་བླངས་ཀྱིས་གསལ་ལོ། །དེ་རྒྱུ་རྐྱེན་ལས་སྐྱེས་པ་ཁེགས་སོ། །ཡང་བུམ་པ་ཆོས་ཅན། སྐྱེ་མེད་ཡིན་ཏེ། དུས་གློ་བུར་དུ་མ་བྱུང་བའི་ཕྱིར། ཞེས་བཀོད་པ་ལ། ཕྱིར་གྱི་གཏན་ཚིགས་མ་གྲུབ་ཅེ་ན། དུས་གློ་བུར་དུ་བྱུང་ངམ། བྱུང་ཞེ་ན། རྒྱུ་རྐྱེན་ཅིག་ཡོད་ནས་དུས་གློ་བུར་དུ་བྱུང་ངམ། རྒྱུ་རྐྱེན་མེད་པར་དུས་གློ་བུར་དུ་བྱུང་། དང་པོ་ལྟར་ན་རྒྱུ་རྐྱེན་བདག་གཞན་གང་ལས་བྱུང་། རྟག་པ་གོང་མ་དང་མཚུངས་སོ། །གཉིས་པ་ལྟར་ན་སྐྱེ་བ་མ་གྲུབ་པར་ཐལ། ཅིས་ན་སྐྱེད་བྱེད་ཀྱི་རྒྱུ་བདག་མ་གྲུབ་པར་གཞན་སྐྱེད་བྱེད་ཀྱིས་ནུས་པ་སྟོང་པའི་ཕྱིར། དཔེར་ན་རི་བོང་རྭ་བཞིན་ནོ། །ཕྱིར་གྱི་གཏན་ཚིགས་མ་གྲུབ་ཅེ་ན། རྒྱུ་རྐྱེན་མེད་པར་འབྱུང་བའི་དམ་བཅའ་འབུད་དོ། །ཡང་བུམ་པ་ཆོས་ཅན། སྐྱེ་མེད་ཡིན་ཏེ། བྱེད་པ་པོ་གཞན་གྱིས་མ་བྱས་པའི་ཕྱིར། ཞེས་བཀོད་པ་ལ་ཕྱིར་གྱི་གཏན་ཚིགས་མ་གྲུབ་སྟེ། བྱེད་པ་པོས་བྱས་ནས་བྱུང་ཞེ་ན། བྱེད་པ་པོ་རྟག་གམ་མི་རྟག །རྟག་ཅེ་ན་རྟག་པ་སུན་འདོན་པ་སྔ་མ་དང་མཐུན་ལ། མི་རྟག་ཅེ་ན། མི་རྟག་པ་སྐད་ཅིག་མ་སུན་འདོན་པ་གོང་དང་མཐུན་ནོ། །ཡང་ཁོ་ན་རེ། རྒྱུ་རྐྱེན་ལས་མ་བྱུང་། བྱེད་པ་པོས་ཀྱང་མ་བྱས། དུས་གློ་བུར་དུ་མ་བྱུང་ཡང་། སྣང་བ་ཐམས་ཅད་མཁྱེན་པའི་ཕྱག་གིས་ཀྱང་མི་ཁེགས་པའི་དངོས་པོ་ཅན་འདི་ཅིས་ཁེགས་ཤེ་ན། གསང་སྔགས་ཀྱི་ལུགས་ཀྱི་གཏན་ཚིགས་ནི་བདག་ཉིད་ཆེན་པོའི་གཏན་ཚིགས། བསྒྲུབ་པ་ནི་རྒྱུད་སྡེ་བསྒྲུབ་པ། རིག་པ་ནི་དེ་ཁོ་ན་ཉིད་ཀྱི་ཚུལ་དུ་བཞུགས་པའི་རིག་པས་ཁེགས་ཏེ། བུམ་པ་ཆོས་ཅན། སྐྱེ་མེད་ཡིན་ཏེ། སྐྱེས་པའི་དངོས་པོ་འདི་འདྲར་མ་གྲུབ་པའི་ཕྱིར། ཞེས་བཀོད་པ་ལ་ཕྱིར་གྱི་གཏན་ཚིགས་མ་གྲུབ་སྟེ། དངོས་པོ་འདི་འདྲར་གྲུབ་བོ་ཞེ་ན། ཆོས་ཅན་བུམ་པ་ལྟ་བུ་འདི་ཅིའི་ཕྱིར་བུམ་པ་ཡིན། ལྟོ་ལྡིར་ཞབས་ཞུམ་མགྲིན་པ་ཕྲ་བའི་ཕྱིར་བུམ་པ་ཡིན་ཟེར་ན། བྱ་ཐམས་ཅད་བུམ་པར་ཐལ། བུམ་པར་གྲགས་ཤིང་བྱ་བ་བྱེད་པ་ཡིན་ཟེར་ན། མ་གྲགས་པ་ལ་བྱ་བ་མི་བྱེད་པ་གང་ཡིན། བཙོག་པོ་ལ་སོགས་པ་ཡིན་ཟེར་ན། ཅིའི་ཕྱིར་ན་བཙོག་པོ་ཡིན། ལྕི་བའི་ཕྱིར་བཙོག་པོ་ཡིན་ཟེར་ན། ཞ་ཉེའང་བཙོག་པོར་འགྱུར། སྲ་བའི་ཕྱིར་ཡིན་ཟེར་ན། ལྕགས་ཀྱང་བཙོག་པོར་འགྱུར། ཟླུམ་པོའི་ཕྱིར་ཡིན་ན། གྲུ་བཞི་ལ་སོགས་པ་བཙོག་པོ་མིན་ཅིང་། ཟླུམ་པོ་ཐམས་ཅད་བཙོག་པོར་འགྱུར། སྔོ་བ་གཅིག་ཡིན་ན། སྔོན་པོ་ཐམས་ཅད་བཙོག་པོར་འགྱུར། ཡང་བཙོག་པོ་མ་ཡིན་པ་ཅིག་བཙོག་པོ་ཡིན་ཟེར་ན། ལྡོག་གཞི་གང་ལས་ལྡོག །བོང་བ་ལྟ་བུ་ཅིག་ལས་ལོག་ཅེ་ན། དེ་ཉིད་ཆོས་ཅན་དུ་བཟུང་ལ། ཅིའི་ཕྱིར་བོང་བ་ཡིན། སྙི་བའི་ཕྱིར་བོང་བ་ཡིན་ཞེ་ན། སྙི་བ་ཐམས་ཅད་བོང་བར་འགྱུར། དེ་ལྟར་ཆོས་ཅན་ཀུན་ལ་བརྟགས་ཏེ། རིག་པ་སྔ་མ་དང་ཆ་འདྲའོ། །འགག་པ་མེད་ལས་ཞེས་པ་ལ། སྣང་བ་འགག་མེད་བསྒྲུབ་པའི་རིག་པ་གསུམ་མམ་བཞི་སྟེ། འཁྲུལ་པའི་སྣང་བ་ཙམ་པོ་འདི་འདུག་པའི་ཕྱིར། ཡང་དག་ཡེ་ཤེས་ཀྱི་སྣང་བ་གཅིག་ཀྱང་ཡོད་པས་འགག་མེད་གྲུབ་པ་དང་། སྣང་བ་མེད་ན་དོན་དམ་ཤེས་བྱེད་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར། ཡང་དག་ཡེ་ཤེས་ཀྱི་སྣང་བ་གཅིག་ཀྱང་ཡོད་པས་འགག་མེད་གྲུབ་པ་དང་། སྣང་བ་འདི་ཐམས་ཅད་མཁྱེན་པའི་ཕྱག་གིས་ཀྱང་མི་ཁེགས་ཏེ། རང་སྣང་ཞིང་འདུག་པའི་ཕྱིར། ཡང་དག་ཡེ་ཤེས་ཀྱི་སྣང་བ་གཅིག་ཀྱང་ཡོད་པས་འགག་མེད་གྲུབ་པ་དང་། རང་རིག་པ་ཐམས་ཅད་དུ་རྩལ་མ་འགག་པར་རང་སྣང་བའི་ཕྱིར། ཡང་དག་ཡེ་ཤེས་ཀྱི་སྣང་བ་གཅིག་ཀྱང་ཡོད་པས་འགག་མེད་གྲུབ་པ་དང་བཞིའོ། །དང་པོ་ནི་དཔེར་ན་ཐག་གུ་ཁྲ་བོ་ལ། ནམ་མཁའ་སྐྱ་འོད་ཙམ་ལས་མི་གསལ་བའི་རྐྱེན་གྱིས། སྦྲུལ་འཁྲུལ་གྱི་ཤེས་པ་ཁྱུག་གིས་བྱུང་བ་དེ། དངོས་པོ་ཤ་ཁྲག་གིས་བསྐྱེད་པའི་སེམས་ཅན་སྦྲུལ་དུ་འཁྲུལ་གཞི་ཡོད་པས། སྦྲུལ་འཁྲུལ་གྱི་ཤེས་པ་བྱུང་བ་ཡིན་གྱིས། དངོས་པོའི་སྦྲུལ་གཅིག་མེད་ན་སྦྲུལ་འཁྲུལ་གྱི་ཤེས་པ་མི་འབྱུང་བ་བཞིན་དུ། ཤེས་བྱའི་གཤིས་ལ་འཁྲུལ་གཞི་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་ཕྱོགས་རིས་མེད་པར་སྣང་བ་ཅིག་ཡོད་པས། འཁྲུལ་པའི་སྣང་བ་ཙམ་པོ་འདི་ཡང་བྱུང་བ་ཡིན་ལ། ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་མེད་ན། འཁྲུལ་པའི་སྣང་བ་འདི་ཡང་མི་འབྱུང་སྟེ་གཉིས་ཀ་ཡོད་པས་སྣང་བའི་ཕྱིར་རོ་བྱས་པ་ལ། ཁོ་ན་རེ། འཁྲུལ་པའི་སྣང་བ་ཙམ་པོ་འདི་འདུག་ཀྱང་། ཡང་དག་ཡེ་ཤེས་ཀྱི་སྣང་བ་མེད་ན་ཅི་སྟེ་ཞེན་ལམ་སྦྱངས་པ་དོན་མེད་དུ་ཐལ། འདོད་ན་འདི་ཉིད་ལས། ཐོས་བསམ་སྒོམ་ལ་མཉམ་སྦྱོར་བས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་པས་གསལ་ལོ། །གཉིས་པ་ནི་སྣང་བ་མེད་ན་དོན་དམ་ཤེས་བྱེད་མེད་པར་ཐལ། ཅིའི་ཕྱིར་ན་སྣང་བ་མི་འཆར་ཏེ། སྟོང་པ་ཕྱོགས་གཅིག་པར་འདུག་པའི་ཕྱིར་རོ། །ཕྱིར་གྱི་གཏན་ཚིགས་མ་གྲུབ་ན། འོ་ན་དོན་དམ་དེ་ཐ་སྙད་ཀྱི་ཤེས་པས་ཤེས་སམ་རིག་ཤེས་ཀྱིས་ཤེས། ཐ་སྙད་ཀྱིས་ཤེས་ན་ཐ་མལ་སྐྱེ་བོ་ཡང་བདེན་མཐོང་དུ་ཐལ། ཅིའི་ཕྱིར་ན་ཐ་སྙད་འཁྲུལ་ཤེས་ཀྱིས་སྤྲོས་བྲལ་ཤེས་པའི་ཕྱིར་རོ། །འདོད་ན་འདི་ཉིད་ལས། མ་རྟོགས་པ་དང་ཞེས་པས་གསལ་ལོ། །རིག་ཤེས་ཀྱིས་ཤེས་སོ་ཞེ་ན། རིག་ཤེས་ཀྱིས་ཤེས་པ་དང་ནི་དོན་དམ་པའི་བདེན་པས་སྟོང་པ་དེ་གཉིས་འབྲེལ་པ་ཡོད་ནས་ཤེས་སམ་མེད་ནས་ཤེས། འབྲེལ་པ་ཡོད་ནས་ཤེས་ན་བདག་ཉིད་གཅིག་གམ་དེ་ལས་བྱུང་བའི་འབྲེལ་པ་ཡོད། བདག་ཉིད་གཅིག་པའི་འབྲེལ་པ་ཡོད་ན། དོན་དམ་པའི་བདེན་པས་སྟོང་པ་ཆོས་ཅན། ཡོད་པར་ཐལ། རིག་ཤེས་ཀྱིས་ཤེས་པ་དང་བདག་ཉིད་གཅིག་པའི་ཕྱིར། སྣང་བ་མེད་པར་མ་སོང་སྟེ་ཡོད་པར་སོང་བའོ། །དེ་ལས་བྱུང་བའི་འབྲེལ་པ་ཡོད་ན། སྣང་བ་ལས་སྟོང་པ་བྱུང་ངམ་སྟོང་པ་ལས་སྣང་བ་བྱུང་། གང་ལས་བྱུང་ཡང་རྒྱུ་འབྲས་ཀྱི་ཆོས་སུ་སོང་བས་སྣང་བ་མེད་པར་མ་སོང་སྟེ་ཡོད་དོ། །ཡང་འབྲེལ་པ་མེད་པར་ཤེས་ན། ཁྱོད་ཀྱི་ད་ལྟར་མིག་གི་རྣམ་ཤེས་ཀྱིས་ཀྱང་སྒྲ་ཐོས་པར་ཐལ། ཅིའི་ཕྱིར་ན་འབྲེལ་པ་མེད་ཀྱང་ཤེས་པའི་ཕྱིར། འདོད་ན་མི་ཤེས་པ་མངོན་སུམ་གྱིས་གསལ་ལོ། །ཡང་མཚན་ཉིད་ལ་སྦྱངས་པ་ཁ་ཅིག་ན་རེ། དངོས་ཀྱི་ཤེས་བྱ་ཤེས་བྱེད་མེད་ཀྱང་། ཤུགས་ཀྱི་ཤེས་བྱ་ཤེས་བྱེད་ཡོད་པས། དངོས་ཀྱི་ཤེས་བྱ་ཤེས་བྱེད་ལ་འབྲེལ་པ་མེད་པར་ཤེས་མི་བཏུབ་ལ། ཤུགས་ཀྱི་ཤེས་བྱ་ཤེས་བྱེད་ལ་འབྲེལ་བ་མེད་པར་ཤེས་སུ་བཏུབ་སྟེ། དཔེར་ན་རི་བོང་གི་མགོ་བོ་མཐོང་བའི་དུས་སུ། རྭ་མེད་པར་ཤུགས་ལ་ཤེས་པ་བཞིན་དུ་སྣང་བ་འདི་གཏན་ཚིགས་ཆེན་པོ་བཞིས་གཏན་ལ་ཕབ་པས་སྣང་བ་ཁེགས་པས་སྟོང་པ་ཉིད་དུ་ཤུགས་ལ་ཤེས་སོ་ཟེར་ན། འོ་ན་ཤུགས་ཀྱི་ཤེས་བྱ་ཤེས་བྱེད་ལ་འབྲེལ་པ་མེད་པར་ཤེས་ན། རྔ་མཐོང་བའི་དུས་སུ་ཟངས་དུང་གི་སྒྲ་ཡང་ཤེས་པར་ཐལ། ཅིའི་ཕྱིར་ན་ཤུགས་ཀྱི་ཤེས་བྱ་ཤེས་བྱེད་ལ་འབྲེལ་པ་མེད་པར་ཤེས་པའི་ཕྱིར། འདོད་ན་མི་ཤེས་པ་མངོན་སུམ་གྱིས་གསལ་ལོ། །གསུམ་པ་ནི་སྣང་བ་ཐམས་ཅད་མཁྱེན་པའི་ཕྱག་གིས་ཀྱང་མི་ཁེགས་པར་རང་སྣང་བའི་ཕྱིར། ཞེས་པ་ལ་ཕྱིར་གྱི་གཏན་ཚིགས་མ་གྲུབ་ཅེ་ན། འོ་ན་ཁེགས་སམ་མ་ཁེགས་ཤེ་ན། རིགས་དྲུག་གི་སྡུག་བསྔལ་མ་ཁེགས་པ་འདུག་པས་འགལ་ལོ། །ཁེགས་ཏེ་མ་བཀག་ཅེ་ན། རྒྱལ་བ་ཐུགས་རྗེ་དང་མི་ལྡན་པར་ཐལ། ཅིའི་ཕྱིར་ཞེ་ན་སྡུག་བསྔལ་ཁེགས་ཀྱང་མ་བཀག་པའི་ཕྱིར། འདོད་ན་འདི་ཉིད་ལས། ཐུགས་རྗེ་ཆེན་པོའི་སངས་རྒྱས་ཀྱི་ཡེ་ཤེས་སྐྱེས་ནས་ཞེས་པས་གསལ་ལོ། །དེ་ན་གསལ་སྣང་འདི་ཐམས་ཅད་མཁྱེན་པའི་ཕྱག་གིས་ཀྱང་མི་ཁེགས་པའི་ཕྱིར་འགག་མེད་དུ་གྲུབ་པའོ། །བཞི་རུ་བྱེད་ན་རང་རིག་པ་ཐམས་ཅད་དུ་རྩལ་མ་འགག་པར་རང་སྣང་བའི་ཕྱིར། ཞེས་བཀོད་པ་ལ། ཕྱིར་གྱི་གཏན་ཚིགས་མ་གྲུབ་ཅེ་ན། རང་རིག་པའི་རྩལ་འགག་མེད་མིན་ནམ་བྱ། མ་ཡིན་ཞེ་ན། བེམ་པོ་སྟོང་པ་དང་ཁྱད་མེད་དུ་འགྱུར་ཏེ། དེ་ཡང་རྒྱས་པ་ལས། ཀུན་གཞིའི་རྣམ་པར་ཤེས་པ་ཉིད་དང་། དངོས་པོ་སྣ་ཚོགས་པར་སྣང་བ། །ཞེས་དང་། ཆོས་ཁམས་སྣ་ཚོགས་ཀུན་མཁྱེན་པ། །རང་རིག་རྒྱལ་པོར་སྣང་བའོ། །ཞེས་པས། སྟོང་པའི་རང་འོད་འགག་པ་མེད་པར་འཁོར་འདས་ཐམས་ཅད་དུ་ཤར་བའི་ཕྱིར། དཔེར་ན་མཚོ་ཉིད་རླབས་དང་ཉི་མ་ཉིད་འོད་ཀྱི་དཀྱིལ་འཁོར་དུ་སྣང་བ་བཞིན་ནོ། །གནས་པ་མེད། དམིགས་པ་མེད། འགྲོ་འོང་མེད་ཅེས་པ་གསུམ་ལ་དབྱེར་མེད་སྒྲུབ་བྱེད་འཆད་དེ། མ་ཡིན་པ་དཔེ་ལ་བརྟེན་ནས་དགག་པ་དང་། ཡིན་པ་དཔེ་ལ་བརྟེན་ནས་བསྒྲུབ་པའོ། །དང་པོ་མ་ཡིན་པ་དཔེ་ལ་བརྟེན་ནས་དགག་པ་ནི། སྐུད་པ་དཀར་ནག་སྒྲིལ་བ་བཞིན། སྣང་སྟོང་རེ་མོས་མེད་པའི་ཕྱིར་དབྱེར་མེད་ཡིན། བུམ་པ་དང་སྣམ་བུ་བཞིན་རྫས་ཐ་དད་པ་མེད་པའི་ཕྱིར་དབྱེར་མེད་ཡིན། དངོས་པོ་གླང་རྭ་དང་དངོས་མེད་རི་བོང་གི་རྭ་བཞིན་སྣང་སྟོང་ཐ་དད་པ་མེད་པའི་ཕྱིར་དབྱེར་མེད་ཡིན་པའོ། །ཡིན་པ་དཔེ་ལ་བརྟེན་ནས་བསྒྲུབ་པ་ནི། གསེར་དང་གསེར་གྱི་སེར་པོ་བཞིན་དབྱེར་མེད་དུ་བསྒྲུབ། གཡུ་དང་གཡུ་རྡོག་གི་སྔོན་པོའི་ཕྱིར་དང་། མཚོ་དང་རླབས་ཀྱི་དཔེ་དང་། བར་སྣང་དང་འཇའ་ཚོན་གྱི་ཚུལ་དུ་དབྱེར་མེད་གྲུབ་པའོ། །ཆོས་ཅན་སྟེང་དུ་བཀོད་ན་བུམ་པ་ཆོས་ཅན། དབྱེར་མེད་ཡིན་ཏེ། ཞེས་དམ་བཅའ། གཏན་ཚིགས་ནི་སྣང་སྟོང་གཉིས་ཕྱོགས་རིས་སུ་ཆགས་པ་མེད་པའི་ཕྱིར་རོ། །ཕྱིར་གྱི་གཏན་ཚིགས་མ་གྲུབ་ཅེ་ན། འོ་ན་སྣང་བར་ཕྱོགས་ཆད་དམ་སྟོང་པར་ཕྱོགས་ཆད། སྣང་བར་ཆད་ན། བུམ་པ་ཆོས་ཅན། རྟག་པར་ཐལ། སྣང་བར་ཆད་པའི་ཕྱིར། འདོད་ན་སྤྱི་མདོ་ལས། བྱས་པ་ཐམས་ཅད་མི་རྟག་པའི་ཕྱིར། ཞེས་གསུངས་པས། འདུས་བྱས་འཇིག་པས་གསལ། སྟོང་པར་ཆད་ན་བུམ་པར་སྣང་རུང་མ་གྲུབ་པར་ཐལ། ཅིས་ན་སྟོང་པར་ཆད་པའི་ཕྱིར། འདོད་ན་བུམ་པར་སྣང་བས་གསལ་ལོ། །དེས་ན་བུམ་པར་སྣང་རུང་མ་འགག་ལ་རང་བཞིན་མ་གྲུབ་སྟེ། དེ་གཉིས་སྔ་ཕྱི་ཐ་དད་མ་གྲུབ་པས་དབྱེར་མེད་དུ་གྲུབ་བོ། །མདོར་ན་སྐྱེ་བ་མེད་ཅེས་པས་དོན་དམ་སྐྱེ་མེད་སྒྲུབ་བྱེད་ཀྱི་རིག་པ་བཞི་དང་། འགག་པ་མེད་ཅེས་པས་ཀུན་རྫོབ་འགག་མེད་སྒྲུབ་བྱེད་ཀྱི་རིག་པ་བཞི་དང་། གནས་པ་མེད། དམིགས་པ་མེད། འགྲོ་འོང་མེད། ཅེས་པས་དབྱེར་མེད་སྒྲུབ་བྱེད་ཀྱི་རིག་པ་བཞི་སྟེ། དེ་ཡང་བདེན་པ་གཉིས་པོ་དེ་རང་བཞིན་བཟང་ངན་མེད་པའི་ཕྱིར་དང་། ངོ་བོ་དབྱེར་མི་ཕྱེད་པའི་ཕྱིར་དང་། འདུག་ས་ཐ་མི་དད་པའི་ཕྱིར་དང་། དུས་སྔ་ཕྱི་མེད་པའི་ཕྱིར་དབྱེར་མེད་བསྒྲུབ་བོ་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །གསུམ་པ་སེམས་བསྐྱེད་པའི་ཡོན་ཏན་ནི། ཅེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད༴ ཁྱབ་པར་གྱུར་ཏོ། །ཞེས་པ་དེ་གདའ་ཞིང་། ཞེས་སེམས་བསྐྱེད་པའི་ཐབས་རིམ་པ་ལྔ་པ་དེ་སྟོན་པས་བརྗོད་པས་ལྷན་ཅིག་པའི་འཁོར་གྱི་དེ་བཞིན་གཤེགས་པ་ཡབ་ཐམས་ཅད་དང་། ཡུམ་བཙུན་མོའི་ཚོགས་ཐམས་ཅད་ཀྱང་ཟབ་མོའི་དབང་གསུམ་ཐོབ་ནས། སྟོན་འཁོར་དགོངས་པ་ཁྱད་མེད་དུ་གྱུར་ཅིང་། འབྲས་བུ་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་ལྔ་མངོན་དུ་བྱས་པ་ལ་མཉེས་པས་ཁྱབ་པར་གྱུར་རོ། །སྤྱི་དོན་གཉིས་པ་ཐུན་མོང་གི་གླེང་སླང་བ་ལ་གཉིས་ཏེ། འཁོར་གྱིས་ཞུས་པ་དང་། སྟོན་པས་ལན་གནང་བའོ། །དང་པོ་འཁོར་གྱིས་ཞུས་པ་ལ་གཉིས་ཏེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། གསང་བ་བཞིས་ཆོད་པ་རྣམས་ཀྱི་ཆེད་དུ་བཤད་པར་ཞུས་པའོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་ནི། དེ་ནས་དེ་བཞིན་གཤེགས་པ༴ ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་ཐུན་མོང་མ་ཡིན་པའི་གླེང་སླང་བསྟན་པ་ལ་དེ། ཐུན་མོང་དུ་གླེང་སླང་སྟོན་པས་ན་ནས། ལྷན་ཅིག་པའི་འཁོར་གྱི་དེ་བཞིན་གཤེགས་པ་ཡབ་ཐམས་ཅད་དང་ཡུམ་བཙུན་མོའི་ཚོགས་ཐམས་ཅད་དང་བཅས་པས་གོ་ཕྱེ་བའི་འཁོར་རྣམས་ཀྱི་ཆེད་དུ་འོག་ནས་འབྱུང་བའི་གསང་བ་བཞིས་ཆོད་ཚུལ་འདི་དག་ཚིག་ཏུ་བརྗོད་པ་དང་འདྲ་ཞིང་གསལ་བ་འདི་སྟོན་པ་ལ་བརྗོད་དོ་སྟེ་ཞུས་པའོ། །གཉིས་པ་གསང་བ་བཞིས་ཆོད་པ་རྣམས་ཀྱི་ཆེད་དུ་བཤད་པར་ཞུས་པ་ནི། ཨེ་མ་ཧོ་ཡེ་ནས་གསང་བའི༴ ཤིན་ཏུ་གསང་། །ཞེས་པ་དེར་གདའ་ཞིང་། ཨེ་མ་ཧོ་ཞེས་པ་ནི་ངམ་པའི་ཚིག་སྟེ། རངས་ཏེ་ཡོན་ཏན་ལ་ངམ་པ་དང་། མ་རངས་ཏེ་སྐྱོན་ལ་ངམ་པ་ལས། སྐབས་འདིར་མ་རངས་ཏེ་སྐྱོན་ལ་ངམ་པའོ། །དེ་ཡང་གང་གིས་ན་ལྷན་ཅིག་སྐྱེས་པའི་འཁོར་རྣམས་ཀྱིས། གང་གི་དོན་དུ་ན། གོ་ཕྱེ་བའི་འཁོར་གྱི་དོན་དུ། གང་ལ་ན་གསང་བའི་བཞིས་ཆོད་ནས་མ་རྟོགས་པ་ལ་ངམ་པའོ། །གང་མ་རྟོགས་ན་འོག་ནས་ཆོས་ཞེས་པས་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུར་སངས་རྒྱས་པ་དེའོ། །གང་གིས་མ་རྟོགས་ན། རང་ངོ་རང་གིས་མ་རྟོགས་སོ། །ཤེས་ཚུལ་ཇི་ལྟར་མ་རྟོགས་པའི་གསང་ཚུལ་བཞིས་ཆོད་པའི་ཚུལ་གྱིས་མ་རྟོགས་ཏེ། རྒྱས་པར་མཚན་གྱི་སྐབས་སུ་བཤད་ཟིན་ལ། འདིར་ཡང་མདོ་ཙམ་བཤད་ན་དོན་དམ་པ་མ་རྟོགས་པས་ཡེ་ནས་གསང་བའི་ཚུལ་ལོ། །དེ་བཞིན་དུ་ཀུན་རྫོབ་མ་རྟོགས་པས་སྣ་ཚོགས་སྣང་ལ་རང་བཞིན་གསང་། དབྱེར་མེད་མ་རྟོགས་པས་ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། སྤྱོད་ཡུལ་དང་བྲལ་བ་མ་རྟོགས་པས་གཞན་དུ་མིན་ལས་ཤིན་ཏུ་གསང་བ་སྟེ། རང་གསང་ཐབས་ཀྱིས་ཆོད་པའི་ཕྱིར་ན། གོ་ཕྱེ་བའི་འཁོར་རྣམས་ལ་ཐུགས་རྗེས་བཟུང་བར་རིགས་སོ་ཞེས་བརྗོད་པས་སོ། །གཉིས་པ་སྟོན་པས་ལན་གནང་བ་ལ་གཉིས་ཏེ། ཐུགས་རྗེས་བསྐྱེད་ནས་གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ལྷུན་གྱིས་གྲུབ་པའི་ཆོས་བསྟན་པའི་ཕྱིར་སྤྲུལ་པ་སྤྲོ་བར་ཞལ་གྱིས་བཞེས་པའོ། །དང་པོ་ཐུགས་རྗེས་བསྐྱེད་ནས་གསུངས་པ་ལོ་རྒྱུས་སུ་བརྗོད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་དང་༴ ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ་དེར་གདའ་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་དང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མེད་ནའང་། ཞེས་པས་གཞི་ཇི་བཞིན་པའི་དེ་བཞིན་དེའི་དོན་ནར་སོན་ཅིང་རྟོགས་པས་ན་གཤེགས་པ་སྟེ། སྐུ་དང་ཡེ་ཤེས་མངོན་དུ་གྱུར་པ་འབྲས་བུ་མཐར་ཕྱིན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་མཛད་པ་འབྲས་བུའི་ཆོས་ཐམས་ཅད་རང་བཞིན་དང་། མཚན་ཉིད་དང་། འཁྲུལ་པ་དང་། ལམ་སྟེ་ཐ་སྙད་བཞིས་བསྡུས་པའི་འཁོར་བའི་ཆོས་ཐམས་ཅད་ཡེ་གདོད་མ་ནས་རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་དོན་དེ་ཡང་དག་པ་ཆོས་ཀྱི་སྐུའི་མཚན་ཉིད་ཡིན་པས་ན་འཁོར་འདས་ཐམས་ཅད་དབྱེར་མེད་པའོ། །དེ་ལྟར་སྟོན་པ་དེ་ནི་གཞི་ཤེས་བྱ་གཤིས་ཀྱི་གནས་ལུགས་སོ། །ནའང་ཞེས་པས་ལྷག་མ་ཅན་གྱི་ཚིག་སྟེ། འོ་ན་འཁོར་འདས་རྣམ་པ་གཉིས་བཟང་ངན་དུ་སྣང་བ་ཅི་ཡིན་སྙམ་ན། འགྲོ་བའི་རྣམ་པར་རྟོག་པ་མ་རིག་པ་ལས་ཞེས་པས་དེ་ལྟར་གཞི་གནས་ལུགས་ཀྱི་རང་ངོ་མ་ཤེས་པས། འགྲོ་བ་ལྔའི་རྣམ་པར་རྟོག་པ་ཉོན་མོངས་པ་ལྔ་དང་ལས་གསུམ་སྟེ་དེ་དག་གི་རྩ་བ་ནི་མ་རིག་པ་རྣམ་པ་གཉིས་ཁོ་ན་ལས་བྱུང་བའོ། །དེས་གང་བསྐྱེད་ཅེ་ན། འགྲོ་བ་ལྔའི་རིགས་བསམ་གྱིས་མི་ཁྱབ་པར་སྨིན་པ་ལ་ཞེས་པས་འགྲོ་བ་ལྔའི་ནང་རིགས་བསམ་གྱིས་མི་ཁྱབ་པ་བསྐྱེད་པ་སྟེ། དེ་ཡང་འགྲོ་བ་ལྔའི་རྣམ་གྲངས་ནི། ངན་སོང་གསུམ་དང་། མི་དང་། ལྷའོ། །འོ་ན་འགྲོ་བ་རིགས་དྲུག་ཏུ་བཤད་པ་དང་འགལ་ལོ་ཞེ་ན། ལྷ་མ་ཡིན་ནི་སྟོད་རིགས་ལྷར་བསྡུ་ལ། སྨད་རིགས་འགའ་ཞིག་ཡི་དྭགས་དང་། འགའ་ཞིག་དུད་འགྲོར་བསྡུའོ། །དེ་དག་ཀྱང་ནང་རིགས་མང་བ་སྟེ། ཁམས་གསུམ་ལ་གནས་རིགས་བཞི་བཅུ་ཞེ་གཅིག་གོ། །དེ་ཡང་མས་རིམ་གྱིས་བགྲངས་ན། དམྱལ་བ་ལ་ཚ་བའི་དམྱལ་བ་བརྒྱད། གྲང་བའི་དམྱལ་བ་བརྒྱད། ཉི་ཚེ་བ་དང་ཉེ་འཁོར་བའི་དམྱལ་བ་གཉིས་ཏེ། དམྱལ་ཁམས་བཅོ་བརྒྱད་དོ། །དང་པོ་ཚ་བའི་དམྱལ་བ་བརྒྱད་ནི། ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པའི་དམྱལ་བ་དང་བརྒྱད་དོ། །གཉིས་པ་གྲང་བའི་དམྱལ་བ་བརྒྱད་ནི། ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་ཅན་དང་། སོ་ཐམ་ཐམ་པ་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ལྟར་ཆེར་གས་པ་དང་བརྒྱད་དོ། །ཉི་ཚེ་བའི་དམྱལ་བ་ནི། འཛམ་བུ་གླིང་གི་མྱ་ངན་གྱི་ཐང་དང་། ཆུ་ཀླུང་དང་། རྒྱ་མཚོ་ཆེན་པོའི་འགྲམ་དང་། རི་བོ་སྤོས་ངད་རྣམས་ལ་གནས་པའོ། །ཉེ་འཁོར་བའི་དམྱལ་བ་རྣམས་ནི། ཚ་དམྱལ་བརྒྱད་པོའི་ཕྱི་རིམ་ནས་བསྐོར་བ་སྟེ། མེ་མ་མུར་གྱི་འོབས་དང་། རོ་མྱགས་ཀྱི་འདམ་དང་། སྤུ་གྲིའི་ཐང་དང་། རལ་གྲི་ལོ་མའི་ནགས་ཚལ་དང་། ཤལ་མ་ལིའི་སྡོང་པོ་དང་། ཐལ་ཚན་གྱི་ཆུ་བོ་རབ་མེད་རྣམས་སོ། །དེ་ལྟར་དམྱལ་བ་ལ་དམྱལ་ཁམས་བཅོ་བརྒྱད་ཡོད་ཀྱང་། ཚ་དམྱལ་རེ་དང་གྲང་དམྱལ་རེ་ཐད་སོར་ཚེ་ཚད་དང་། ལུས་ཚད་དང་། སྡུག་བསྔལ་གྱི་ཚད་མཉམ་པས་གནས་རིགས་རེ་རེར་རྩི་ལ། ཉི་ཚེ་བ་དང་ཉེ་འཁོར་བའི་དམྱལ་བ་གཉིས་ནི་གནས་རིགས་རེ་རེ་ན་ཡོད་ཅིང་། དེ་དང་དེའི་རིགས་སུ་གཏོགས་པས་ན་དམྱལ་བ་གནས་རིགས་བརྒྱད་དང་། ཡི་དྭགས་དང་དུད་འགྲོའི་གནས་རིགས་གཉིས་ཏེ། དེ་ལྟར་གནས་རིགས་བཅུ་ནི་ངན་སོང་གནས་བཅུ་ཞེས་བྱའོ། །གླིང་བཞིའི་མི་ནི་ཚེ་ཚད་དང་ལུས་ཚད་བསོད་ནམས་ཀྱི་ཚད་མི་མཉམ་པས་ན་གནས་རིགས་སོ་སོར་བགྲངས་ལ། རྒྱལ་ཆེན་རིས་བཞི་ནི་ཚེ་ལུས་བསོད་ནམས་ཀྱི་ཚད་མཉམ་པས་གནས་རིགས་གཅིག་ཏུ་རྩི་སྟེ། རྒྱལ་ཆེན་རིས་བཞི་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དེ་འདོད་ལྷ་རིགས་དྲུག་གནས་རིགས་རེ་རེར་བརྩིས་པས་མི་དང་ལྷའི་གནས་རིགས་བཅུ་སྟེ་མཐོ་རིས་གནས་བཅུ་ཞེས་པའོ། །དེ་ལྟར་གནས་རིགས་ཉི་ཤུ་ནི་འདོད་པའི་ཁམས་ཡིན་ལ། གཟུགས་ཀྱི་ཁམས་ལ་གནས་རིགས་བཅུ་བདུན་ཏེ། དེ་ཡང་བསམ་གཏན་དང་པོ་ན་གསུམ། ཚངས་རིས་དང་། ཚངས་པ་མདུན་ན་འདོན་དང་། ཚངས་པ་ཆེན་པོའོ། །བསམ་གཏན་གཉིས་པ་ན་གསུམ། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་ལོ། །བསམ་གཏན་གསུམ་པ་ན་གསུམ། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་སོ། །བསམ་གཏན་བཞི་པ་ན་གསུམ། སྤྲིན་མེད་འོད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བའོ། །དེ་ལྟར་གཟུགས་ཁམས་བསམ་གཏན་བཞི་ལ་ལྷ་རིགས་གསུམ་གསུམ་མམ་བཅུ་གཉིས། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་དང་། གྱ་ནོམ་དང་། འོག་མིན་གྱི་ལྷ་སྟེ། དེ་ལྟར་གཙང་མ་རིས་ཀྱི་ལྷ་ལྔ་ནི་གནས་རིགས་རེ་རེ་སྟེ། གཟུགས་ཁམས་གནས་རིགས་བཅུ་བདུན་ཞེས་བྱའོ། །གཟུགས་མེད་ཀྱི་ཁམས་ལ་སྐྱེ་མཆེད་མུ་བཞི་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་བཞི་སྟེ། དེ་ལྟར་སྐྱེ་མཆེད་མུ་བཞི་པོ་དེ་དག་ནགས་རིགས་གང་དང་གང་དུ་ཤི་བདེ་དང་དེའི་གནས་སུ་སྐྱེ་བས་གནས་གཞན་ལོགས་པ་མེད་ཀྱང་ཚེ་དང་བསོད་ནམས་ཀྱི་ཚད་སྐྱེས་པའི་གནས་གང་ཡིན་དེ་དང་ཡང་མི་མཐུན་པས། གནས་རིགས་སོ་སོར་རྩི་སྟེ། གཟུགས་མེད་སྐྱེ་མཆེད་མུ་བཞི་ཞེས་བྱའོ། །དེ་ལྟར་ཁམས་གསུམ་གྱི་གནས་རིགས་རེ་རེའི་སེམས་ཅན་ཀྱང་བསམ་གྱིས་མི་ཁྱབ་པར་རྣམ་པ་སྣ་ཚོགས་སུ་སྐྱེ་བའི་ཚུལ་བཞིས་སྨིན་པའོ། །དེ་དག་ནི་མ་རྟོགས་ཏེ་འཁྲུལ་པའི་ཚུལ་ལོ། །ལ་ཞེས་པས་དེ་ལྟར་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་གནས་པའི་སེམས་ཅན་དེ་དག་ལ། ཐུགས་རྗེ་ཆེན་པོ་ཞེས་པས་སངས་རྒྱས་ཀྱི་ཡེ་ཤེས་དམིགས་པ་མེད་པའི་ཐུགས་རྗེ་སྤྲོས་པ་དང་བྲལ་ཞིང་འགྲོ་བ་ཐམས་ཅད་ལ་མཉམ་པར་ཁྱབ་པ་ནི། སེམས་ཅན་དང་ཆོས་ལ་དམིགས་པའི་ཐུགས་རྗེ་ལས་ཁྱད་པར་དུ་གྱུར་པས་ན་ཆེན་པོ་ཞེས་བྱའོ། །དེས་ཁམས་གསུམ་པའི་འགྲོ་བའི་སྡུག་བསྔལ་ཡུལ་མེད་རང་གསལ་དུ་གཟིགས་པ་སྟེ། ཐམས་ཅད་མཁྱེན་པའི་ཐུགས་རྗེས་གཟིགས་པའི་ཚུལ་ལོ། །སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས། ཞེས་པས་དེ་ལྟར་གཟིགས་ནས་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་དེ། བྱང་ཆུབ་སེམས་དཔའི་ཐུགས་རྗེ་ལས་ཀྱང་ཁྱད་པར་དུ་གྱུར་པས་ན་ཆེན་པོ་སྟེ། རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཕྱོགས་རིས་མེད་ཅིང་། རྟག་པ་རྒྱུན་གྱི་ཐུགས་རྗེ་རྒྱུན་མི་འཆད་ཀྱང་། ལྷན་ཅིག་པའི་འཁོར་གྱི་བསྐུལ་ཞིང་གསོལ་བ་བཏབ་པའི་ངོར། གོ་ཕྱེ་བའི་འཁོར་སྡུག་བསྔལ་གྱི་ཉམ་ཐག་པ་རྣམས་ལ་ཡུལ་དང་འཕྲད་པའི་ཐུགས་རྗེ་སྐྱེས་ནས་ཞེས་བྱ་སྟེ། ཐུགས་རྗེས་གཟིགས་ནས་སྐྱེས་པའི་ཚུལ་ལོ། །ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པས་དེ་ལྟར་ཐུགས་རྗེ་སྐྱེས་ཤིང་། དེ་དག་གི་དོན་མཛད་པར་དགོངས་ནས། གོ་ཕྱེ་བའི་འཁོར་གྱི་ཆེད་དུ་སྤྲུལ་པ་སྤྲོ་བའི་ཞལ་བཞེས་ཚིག་ཏུ་བརྗོད་པ་དང་འདྲ་བ་གསལ་བ་འདི། སྟོན་པས་ལྷན་ཅིག་པའི་འཁོར་རྣམས་ལ་བརྗོད་དོ། །ཞེས་པ་ནི་འགྲོ་བའི་དོན་མཛད་པའི་ཚུལ་ལོ། །གཉིས་པ་ལྷུན་གྱིས་གྲུབ་པའི་ཆོས་སྟོན་པའི་ཕྱིར་སྤྲུལ་པ་སྤྲོ་བར་ཞལ་གྱིས་བཞེས་པ་ནི། ཨེ་མ་ཧོ་བདེ་གཤེགས་སྙིང་པོ༴ བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་པ་དེར་གདའ་ཞེས། ཨེ་མ་ཧོ་ཞེས་པ་ནི། གཞི་དངོས་པོའི་གནས་ལུགས་གཅིག་ལ་འཁོར་འདས་གཉིས་སུ་འཁྲུལ་པ་ལ་ངོ་མཚར་བ་སྟེ། མ་རངས་པའི་དམ་ཚིག་གོ། །བདེ་གཤེགས་སྙིང་པོ་ལས་ཞེས་པས་སེམས་ཅན་གྱི་དེ་བཞིན་ཉིད་ལ་སྤྲོས་པའི་ཟུག་རྔུ་མེད་པས་ན་བདེ་བ་ཆེན་པོའོ། །དེའི་དོན་ནར་སོན་ཅིང་རྟོགས་པས་ན་གཤེགས་པ་སྟེ། དེ་ཉིད་ཀྱི་སྙིང་པོ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་ཤིན་ཏུ་དྲི་མེད་དུ་གནས་ཀྱང་ངེས་པའི་ཤེས་པ་མ་སྐྱེས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱ་སྟེ། དེ་ནི་འཁོར་བ་འཁྲུལ་པའི་གཞིར་གྱུར་པའམ་རྒྱུར་གྱུར་པ་ཡིན་ནོ། །དེ་གཞིར་གྱུར་པ་ལས་ཞེས་བྱ་བ་ནི། འཁོར་བ་འཁྲུལ་པའི་གཞི་ཡིན་ནོ། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་པས་བདེ་གཤེགས་སྙིང་པོ་ཀུན་གཞིའི་དོན་རྒྱུ་ལྷན་སྐྱེས་ཀྱི་མ་རིག་པ་མ་རྟོགས་པ་ལས། རང་གི་སེམས་ཀྱི་རྣམ་པར་རྟོག་པ་ཡུལ་དང་ཡུལ་ཅན་དུ་སྣང་བ་ལས། གཟུང་འཛིན་སྣ་ཚོགས་ཀྱི་ཤེས་པས་གློ་བུར་དུ་སྤྲུལ་པ་ནི་ཀུན་ཏུ་བཏགས་པའི་མ་རིག་པ་ཞེས་བྱ་སྟེ། འཁོར་བ་འཁྲུལ་པའི་རྐྱེན་ཡིན་ནོ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །ཞེས་པས་སྣ་ཚོགས་པའི་ལུས་བཟང་ངན་དང་། ལོངས་སྤྱོད་ཆེ་ཆུང་དང་། གནས་མཐོ་དམའ་དང་། སྡུག་བསྔལ་བརྒྱད་དང་བཅུ་གཅིག་ལ་སོགས་པ་ལས་དང་ཉོན་མོངས་པས་བསྡུས་པ་རྣམས་ཏེ་འཁོར་བ་འཁྲུལ་པའི་ངོ་བོ་ཡིན་ནོ། །བདག་དང་བདག་གིར་སོ་སོར་འཛིན། །ཞེས་པས་གོང་གི་དེ་དག་ལ་བདག་དང་བདག་གིར་སོ་སོར་འཛིན་ཀྱང་། འཁྲུལ་ངོ་ཙམ་དུ་ཟད་ཀྱིས་ཡང་དག་པར་ན་གང་ཟག་དང་ཆོས་ཀྱི་བདག་གཉིས་མ་གྲུབ་པའི་ཕྱིར། སུས་ཀྱང་མ་བཅིངས་བཅིངས་མེད་དེ། །བཅིང་བར་བྱ་བ་ཡོད་མ་ཡིན། །ཞེས་པས་འཆིང་བར་བྱེད་པའི་མཁན་པོ་དགྲ་ལྟ་བུ་སུས་ཀྱང་མ་བཅིངས་ཤིང་། འཆིང་བྱེད་ཀྱི་དངོས་པོ་ཞགས་པ་ལྟ་བུས་ཀྱང་བཅིངས་པ་མེད་དེ། བཅིང་བར་བྱ་བའི་ཡུལ་བཙོན་ལྟ་བུ་སྟེ་གསུམ་པོའང་ངང་གིས་ཡོད་པ་མ་ཡིན་ཏེ། འོ་ན་གང་གིས་ཉེས་སྙམ་ན། རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ཞེས་པས། རང་གི་ནན་བཏགས་ཀྱིས་རྣམ་པར་རྟོག་པས་ང་དང་བདག་ཏུ་འཛིན་པ་འཁྲུལ་ངོར་གཟུང་འཛིན་གཉིས་སུ་སྣང་བ་ཡིས་བཅིངས་པ་སྟེ། འཁོར་བ་འཁྲུལ་པའི་བྱེད་པ་པོ་ཡིན་ནོ། །ནན་གྱིས་མཁའ་ལ་མདུད་པ་དོར། །ཞེས་པས་དེ་ཡང་ཐང་ཕྲོམ་པ་ཟོས་པའི་མིས་རང་གི་མིག་རབ་རིབ་ཏུ་གྱུར་པ་ལས། སྐྲ་ཤད་ཀྱི་དངོས་པོ་མེད་བཞིན་ནན་བཏགས་ཀྱིས་ནམ་མཁའ་ལ་སྐྲ་ཤད་འཛག་པ་མཐོང་ནས། སྐྲ་ཤད་ལམ་མདུད་པ་མང་པོ་བྱས་ནས་འདོར་བའི་སྣང་བ་བཞིན་ཏེ། འཁོར་བ་འཁྲུལ་པའི་དཔེ་ཡིན་ནོ། །བཅིངས་མེད་རྣམ་པར་གྲོལ་མེད་པས། །ཞེས་པས་དེ་ལྟར་བཅིངས་པ་ལྟར་སྣང་བའི་དུས་ཉིད་ན། བདག་འཛིན་དང་སེམས་ཅན་དང་སྡུག་བསྔལ་གྱི་ཕུང་པོ་རྣམས་སེམས་ཉིད་རང་བཞིན་གནས་ལུགས་ཀྱི་གཤིས་ལ་མ་གྲུབ་པས་བཅིངས་པ་མེད་པའི་ཕྱིར། རྣམ་པར་གྲོལ་བ་པོ་ཡང་མེད་པས་ན། ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་པས་ཡེའམ་གདོད་མ་ནས་རང་རིག་ཉིད་སྐུ་དང་ཡེ་ཤེས་ལྷུན་གྱིས་རྫོགས་ཤིངས་གསལ་བ་ནི། སངས་རྒྱས་ཀྱི་ཐུགས་སུ་ཆུད་པའི་ཆོས་སམ་ངོ་བོ་ཡིན་པས་ན་འཁོར་འདས་མཉམ་པ་ཉིད་དུ་ལ་བཟླས་པ་ཡིན་ནོ། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་པས་འཁོར་འདས་མཉམ་པ་ཉིད་ཀྱི་དོན་དེ་མཚོན་པར་བྱེད་པ་གསང་བའི་སྙིང་པོའི་རྒྱུད་འདི་ཉིད་ཉན་པའི་སྐལ་པ་ཡོད་པ་ལྷན་ཅིག་པའི་འཁོར་ལ་དངོས་སུ་བསྟན་པར་བྱ་བའི་ཕྱིར། ཞལ་འཛུམ་པ་དང་སྨིན་མ་གཡོ་བ་དང་སྤྱན་འགྱུར་བ་སྐུ་གཟེངས་བསྟོད་པ་ཕྱག་རྐྱོང་བ་འོད་དང་སྤྲུལ་པ་འགྱེད་པ་སྟེ། སྐུ་དགྱེས་པ་ཚུལ་དྲུག་གི་སྒོ་ནས་ལྷན་ཅིག་པའི་འཁོར་ལ་དངོས་སུ་བསྟན་ཅིང་། དངོས་སུ་ཉན་པའི་སྐལ་བ་མེད་བ་གོ་བྱེ་བའི་འཁོར་རྣམས་ལ་རྒྱུད་འདི་ཉིད་ཀྱི་ལམ་སྟེགས་ཐེག་པ་གཞན་བསྟན་པར་བྱ་བའི་ཕྱིར། སྤྲུལ་པ་ཐུབ་པ་དྲུག་སྤྲོ་བ་དང་། དེས་ཆོས་སྟོན་པ་ལ་སོགས་པ་སྣ་ཚོགས་པ་མཛད་དོ། །འདིའི་སྐབས་སུ་འཁྲུལ་གཞི་ཡོད་མེད་ཀྱི་བརྟག་པ་ལ་བརྒལ་པ་དང་ལན་གཉིས་ལས། དང་པོ་བརྒལ་བ་ནི་འཁྲུལ་གཞི་ཡོད་པ་ལས་འཁྲུལ་ལམ་མེད་པ་ལས་འཁྲུལ་དབྱེར་མེད་ལས་འཁྲུལ། ཞེས་པ་ལ་འགའ་ཞིག་ན་རེ། འཁྲུལ་གཞི་ཡོད་པ་ལས་འཁྲུལ་ལོ་ཞེ་ན། མི་རིགས་ཏེ། ཐུགས་ཐིག་ལས། སྒྲོ་འདོགས་དབང་བསྒྱུར་གང་ཟག་རྣམས། །སེམས་ཉིད་དམིགས་སུ་མེད་པ་ལ། །དངོས་པོ་རང་རྒྱུད་གཞིར་སྨྲ་བ། །དེ་ཡི་རིགས་བརྒྱུད་རྟག་པར་ལྷུང་། །ཞེས་པས་སྐྱོན་བཞི་སྟེ་འཁྲུལ་པ་རང་རྒྱུད་པར་རྟག་པར་ཐལ་བ་དང་། གཞི་འཁོར་བའི་མཐར་ལྟུང་བར་ཐལ་བ། ཐོས་བསམ་སྒོམ་གསུམ་གྱིས་འཁྲུལ་པ་མི་སེལ་བར་ཐལ་བ། གཞི་གཟུང་འཛིན་ཅན་དུ་ཐལ་བའི་སྐྱོན་འོང་སྟེ། དང་པོ་ནི་འཁྲུལ་པ་ཆོས་ཅན། རང་རྒྱུད་པར་རྟག་པར་ཐལ། ཅིའི་ཕྱིར་ཡེ་ནས་འཁྲུལ་གཞི་ཡོད་པ་ལས་འཁྲུལ་པའི་ཕྱིར། གཏན་ཚིགས་མ་གྲུབ་ན་འཁྲུལ་གཞི་ཡོད་པའི་དམ་བཅའ་འབུད། འདོད་ན་ལམ་རིམ་ལས། འཁོར་བའི་རང་བཞིན་མ་དམིགས་ཕྱིར། །ཞེས་པས་གསལ་ལོ། །སྐྱོན་གཉིས་པ་ནི། གཞི་ཆོས་ཅན་ཙམ་འཁྲུལ་པའི་མཐར་ལྟུང་བར་ཐལ། ཅིས་ན་འཁྲུལ་གཞི་ཡོད་པའི་ཕྱིར། འདོད་ན་ལམ་རིམ་ལས། རང་བཞིན་ངང་གིས་དབྱེར་མེད་པའང་། །ཞེས་པས་གསལ་ལོ། །སྐྱོན་གསུམ་པ་ནི། གཞི་འཁྲུལ་པ་ཆོས་ཅན། ཐོས་བསམ་སྒོམ་གསུམ་གྱིས་འཁྲུལ་པ་མི་སེལ་བར་ཐལ། ཅིས་ན་འཁྲུལ་གཞི་ཡོད་པའི་ཕྱིར། འདོད་ན་འདི་ཉིད་ལས། ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་པས་གསལ་ལོ། །སྐྱོན་བཞི་པ་ཆོས་ཅན་ནི། འཁྲུལ་པ་ཆོས་ཅན། གཞི་གཟུང་འཛིན་ཅན་དུ་ཐལ། ཅིས་ན་འཁྲུལ་གཞི་ཡོད་པའི་ཕྱིར། འདོད་ན་རིམ་གསུམ་ལས། མཚན་ཉིད་མཐའ་རྣམས་ཀུན་བྲལ་བ། །ཞེས་དང་། རྒྱས་པ་ལས། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །ཞེས་པས་གསལ་ལོ། །ཡང་འགའ་ཞིག་མེད་པ་ལས་འཁྲུལ་ལོ་ཞེས་འདོད་ན་ཡང་མི་རིགས་ཏེ། ཐུགས་ཐིག་ལས། སྐུར་བ་པོ་ནི་ལྷུན་གྲུབ་ལ། །དེ་དང་མི་མཐུན་སོ་སོར་རྟོག །དེ་ལ་དེ་ནི་མི་སྲིད་བཞིན། །གཞི་ལ་ཡེ་ནས་མེད་ཅེས་སྨྲ། །ཞེན་བློའི་ངོ་ལ་ཡོད་དོ་ཞེ་ན། །སྐུར་པ་གང་ཡིན་ཆད་ལྟ་བ། །དེ་དང་དེ་གཉིས་ཐ་དད་ཅིང་། །མི་སྲིད་ཀུན་འབྱུང་ཐོག་མའང་འབྱུང་། །ཞེས་པས་སྐྱོན་བཞི་སྟེ། ལྷན་ཅིག་སྐྱེས་པའི་མ་རིག་པ་མ་གྲུབ་པ་དང་། གཞི་མྱང་འདས་ཀྱི་མཐར་ལྟུང་བར་ཐལ་བ། འཁོར་བ་ལ་ཐོག་མར་འབྱུང་བར་ཐལ་བ། རྒྱུད་དག་པའི་སངས་རྒྱས་ལ་ཡང་འཁྲུལ་པ་འབྱུང་བར་ཐལ་བ་དང་བཞིའོ། །དང་པོ་ནི་གཞི་ཆོས་ཅན། ལྷན་ཅིག་སྐྱེས་པའི་མ་རིག་པ་མ་གྲུབ་པར་ཐལ། ཅིས་ན་འཁྲུལ་གཞི་མེད་པའི་ཕྱིར། འདོད་ན་སྤར་ཁབ་ལས། ངེས་པའི་ཤེས་པ་མ་སྐྱེས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པའོ་ཞེས་པས་གསལ་ལོ། །སྐྱོན་གཉིས་པ་ནི་གཞི་ཆོས་ཅན། མྱང་འདས་ཀྱི་མཐར་ལྟུང་བར་ཐལ། ཅིས་ན་འཁྲུལ་གཞི་མེད་པའི་ཕྱིར། འདོད་ན་ལམ་རིམ་ལས། མྱ་ངན་འདས་པའང་ཡོད་མ་ཡིན། །ཞེས་པས་གསལ་ལོ། །སྐྱོན་གསུམ་པ་ནི། གཞི་ཆོས་ཅན། འཁོར་བ་ལ་ཐོག་མ་འབྱུང་བར་ཐལ། ཅིས་ན་འཁྲུལ་གཞི་མེད་པའི་ཕྱིར། འདོད་ན་སྤྱི་མདོ་ལས། འཁོར་བ་ཐོག་མ་ཐ་མ་མེད། །ཅེས་པས་གསལ་ལོ། །སྐྱོན་བཞི་པ་ནི། གཞི་ཆོས་ཅན། རྒྱུད་དག་པའི་སངས་རྒྱས་ལ་འཁྲུལ་པ་འབྱུང་བར་ཐལ། ཅིས་ན་འཁྲུལ་པ་གཞི་ལ་མེད་ཀྱང་འབྱུང་བའི་ཕྱིར། འདོད་ན། དེ་བཞིན་ཉིད་དུ་གཤེགས་པ་ཡང་། །སྣ་ཚོགས་ཞེན་ལས་གྲོལ་བར་ཟད། །ཅེས་པས་གསལ་ལོ། །ཡང་འགའ་ཞིག་ན་རེ། འཁྲུལ་གཞི་ཡོད་མེད་དབྱེར་མེད་ལས་འཁྲུལ་ལོ་ཞེ་ན། དེ་ཡང་མི་རིགས་ཏེ། འཁྲུལ་གཞི་ཆོས་ཅན། དབྱེར་མེད་ལས་མ་འཁྲུལ་པར་ཐལ། ཅིས་ན་འཁྲུལ་པ་དང་གཞི་གཉིས་འདུག་པའི་ཕྱིར། འདོད་ན་རྒྱས་པ་ལས། ཆོས་རྣམས་དབྱེར་མེད་གཅིག་པས་ཏེ། །ཞེས་པས་གསལ་ཞིང་། གཞི་རང་བཞིན་ཡེ་ནས་རྣམ་དག་ཡིན་ལ། འཁྲུལ་པ་ནི་གློ་བུར་གྱི་དྲི་མ་ཡིན་པའི་ཕྱིར་རོ། །འོ་ན་ལན་ཇི་ལྟར་གདབ་ཅེ་ན། རྒྱས་བསྡུས་གཉིས་ལས། རྒྱས་པ་སྐད་ཡངས་པར་བྱས་ལ་ལན་གདབ་པ་དང་། བསྡུས་པ་སྐད་དོག་པར་བྱས་ལ་ལན་གདབ་པའོ། །དང་པོ་ནི་འཁྲུལ་གཞི་ཡོད་མེད་དབྱེར་མེད་གསུམ་ཀ་ལས་ཀྱང་འཁྲུལ་ཏེ། དེ་གསུམ་གང་རུང་གཅིག་ཁོ་ན་ལས་འཁྲུལ་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཁྲུལ་གཞི་ཡོད་པ་ལས་ཀྱང་འཁྲུལ་ཏེ། ཡུལ་ལ་ཡོད་པ་ཐག་ཁྲ་སྦྲུལ་འཛིན་གྱི་ཤེས་པ་ཞུགས་པ་ལྟ་བུ་དང་། དབང་པོ་ལ་ཡོད་པ་དུང་སེར་པོར་མཐོང་བ་དང་། རྣམ་ཤེས་ལ་ཡོད་པ་རྨི་ལམ་གྱི་སྣང་བ་ལྟ་བུ་ལ་སོགས་པའོ། །དེ་ཡང་དཔེར་ན་ཐག་ཁྲ་སྦྲུལ་དུ་འཁྲུལ་པ་དེ་དངོས་པོ་སྦྲུལ་ཡོད་པས་འཁྲུལ་པ་ཡིན་གྱིས། མེད་ན་མི་འཁྲུལ་བ་བཞིན་དུ། ཤེས་བྱའི་གཤིས་ལ་འཁྲུལ་གཞི་ཡོད་པས་འཁྲུལ་པ་འབྱུང་གིས་མེད་ན་མི་འབྱུང་ཏེ། རྒྱུ་མེད་ཀྱི་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །དེ་ཡང་ཨ་རོ་ཐིག་ལེའི་སྐོར་ལས། འཁྲུལ་གཞི་མེད་པས་འཁྲུལ་པ་འབྱུང་མི་འགྱུར། །ཡང་དག་མེད་པས་དེ་མི་འབྱུང་བ་བཞིན། །ཞེས་གསུངས་སོ། །ཡང་གཞི་ཀ་དག་དབང་ཅན་དུ་འཁྲུལ་གཞི་མེད་པ་ལས་ཀྱང་འཁྲུལ་ཏེ། དཔེར་ན་ཐང་ཕྲོམ་ཟོས་པའི་རྒན་མོའི་མིག་སྔར་ནམ་མཁའ་ལ་སྐྲ་ཤད་འཛག་པ་ལྟ་བུའོ། །དེ་ཡང་གཞི་ལ་འཁྲུལ་པ་མིང་ཙམ་ཡང་མེད་དེ། གཞི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དྲི་མ་དང་བྲལ་བའོ། །དེ་ཡང་གསལ་བཀྲ་ལས། ཉི་མའི་དཀྱིལ་ན་མུན་མེད་ལྟར། །ཞེས་གསུངས་སོ། །འོ་ན་འཁོར་བ་འཁྲུལ་པ་གང་ལས་བྱུང་ཞེ་ན། ཐང་ཕྲོམ་ཟོས་པའི་རྐྱེན་གྱིས་ནམ་མཁའ་ལ་སྐྲ་ཤད་འཛག་པ་མཐོང་བ་ལྟར། མ་རིག་པའི་རྐྱེན་གྱིས་བྱུང་བའོ། །དེ་ཡང་སྤྱི་མདོ་ལས། སྲིད་པ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཅི་ཡང་མེད་པ་ལས་སྣང་བར་ཟད་དོ། །ཞེས་གསུངས་སོ། །ཡང་གཞི་མ་ངེས་པའི་དབང་ཅན་དུ་འཁྲུལ་གཞི་ཡོད་མེད་དབྱེར་མེད་ལས་ཀྱང་འཁྲུལ་ཏེ། དཔེར་ན་སྨན་ག་བུར་ལྟ་བུའོ། །དེ་ཡང་འཁྲུལ་པ་ཐམས་ཅད་དོན་དམ་ལ་མ་དམིགས་ཀུན་རྫོབ་ལ་མ་འགགས་དབྱེར་མེད་ལ་མ་ངེས་པ་ལས། རྟོགས་པའི་རྐྱེན་གྱིས་གྲོལ་བ་ཡེ་ཤེས། མ་རྟོགས་པའི་རྐྱེན་གྱིས་མ་རིག་འཁྲུལ་པ་བྱུང་བས་གཞི་རང་ཐོག་ནས་དབྱེར་མི་ཕྱེད་པའོ། །དེ་ཡང་དཔེར་ན་རྫས་ག་བུར་ལ་སྨན་དུག་དབྱེར་མེད་པ་ལས། ཚད་ནད་ཅན་ལ་ཕན་པའི་སྨན་གྲང་ནད་ཅན་ལ་གནོད་པས་དུག་ཏུ་འགྱུར་ཡང་། ག་བུར་རང་ཐོག་ནས་དབྱེར་མེད་པ་བཞིན་ནོ། །དེ་ཡང་སྤྱི་མདོ་ལས། དེ་ནི་རྐྱེན་ཇི་བཞིན་པའི་ཕྱིར་རོ། །ཞེས་དང་། ཐུགས་ཐིག་ལས། དོན་གཉིས་ཡོད་མེད་རིས་མེད་ལས། །དེ་ཡི་རྒྱུ་རྐྱེན་རང་བཞིན་པས། །སྨན་གྱི་ཕན་གནོད་ཇི་བཞིན་དུ། །ཐམས་ཅད་མ་ལུས་རྒྱུ་གཅིག་ལས། །མི་མཐུན་ཁྱད་པར་སོ་སོར་སྣང་། །ཞེས་གསུངས་སོ། །གཉིས་པ་བསྡུས་པ་སྐད་དོག་པར་བྱས་ལ་ལན་གདབ་པ་ནི། གཞི་རང་བཞིན་རྣམ་དག་ཡོད་མེད་དབུ་མའི་མཐའ་ལས་གྲོལ་བ་སྟེ། རང་ངོ་རང་གིས་མ་ཤེས་པས་འཁྲུལ་ལོ། །དེ་ཡང་ཐུགས་ཐིག་ལས། དྲུག་གི་འགྲོ་བ་ཐམས་ཅད་ཀྱི། །སེམས་ཉིད་ནོར་བུ་རིན་པོ་ཆེ། །ཇི་ལྟར་བསམ་པ་སྣང་བ་ལ། །འཁྲུལ་གཞི་ཡོད་མེད་སྒྲོ་སྐུར་མེད། །ཅེས་གསུངས་སོ། །འོ་ན་འཁྲུལ་གཞི་ཞེས་བྱ་བ་དེ་བདེ་གཤེགས་སྙིང་པོ་ལ་འདོད་དམ་མ་རིག་པ་རྒྱུ་དང་བཅས་པ་ལ་འདོད། སྔ་མ་ལྟར་ན་སངས་རྒྱས་ཀྱི་དགོངས་པ་མི་རྙེད་པར་འགྱུར། ཕྱི་མ་ལྟར་ན་འཁྲུལ་པའི་ངོ་བོ་མི་རྙེད་པར་འགྱུར་རོ་ཞེ་ན། བརྒྱུད་པའི་རྒྱུ་བདེ་གཤེགས་སྙིང་པོ་དངོས་རྒྱུ་མ་རིག་པའོ། །དེ་ཡང་འདི་ཉིད་ལས། ཨེ་མ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་འཁྲུལ། །ཞེས་པ་ལ་འགྲེལ་པ་སྤར་ཁབ་ཀྱིས། དེ་དག་རང་གིས་ངོ་མ་ཤེས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་སྟེ། དེ་གཞིར་གྱུར་པ་ལས་ཞེས་བྱའོ། །ཞེས་པས་མངོན་ནོ། །ཡང་། བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་པའི་སྐབས་སུ་གཞི་ཀ་དག་ལྷུན་གྲུབ་ཀྱི་སྟོང་མཐུན་བརྗོད་པར་བྱ་སྟེ། དེ་དག་ཀ་དག་ལྷུན་གྲུབ་རེ་རེ་ལ་ཡང་། གོ་བ་དབྱེ་བ་སྐྱོན་བརྗོད་ལ་བཟླ་དང་བཞི་བཞི་ལས། དང་པོ་གོ་བ་ནི་ཀ་དག་གི་གྲུབ་མཐའི་ལུགས་ཀྱིས་གཞི་གདོད་མ་ནས་ཀ་ནས་དག་པ་ཡིན་ལ། མ་རིག་པ་གློ་བུར་གྱི་དྲི་མ་ཡིན་པའི་ཕྱིར། གཞི་དང་མ་རིག་པ་ཐ་དད་དུ་འདོད་དེ། དཔེར་ན་ནོར་བུ་རིན་པོ་ཆེ་མི་གཙང་བའི་འདམ་གྱིས་བསྟུམས་པ་ལྟ་བུར་འདོད་པ་ནི། ཀ་དག་སྐྱོན་ཅན་ཞེས་བྱའོ། །ལྷུན་གྲུབ་ཀྱི་གྲུབ་མཐའི་ལུགས་ཀྱི་གཞི་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན་ལ། མ་རིག་པ་གཞན་བྱུང་མ་ཡིན་པའི་ཕྱིར། གཞི་དང་མ་རིག་པ་དབྱེར་མེད་དུ་འདོད་པ་སྟེ། དཔེར་ན་གསེར་འགྱུར་གྱི་གཞིའི་ལྕགས་དེ་ཡེ་ནས་གསེར་ལྕགས་དབྱེར་མེད་དུ་མེད་ན་གསེར་དུ་བསྒྱུར་དུ་མི་བཏུབ་པ་ལྟ་བུར་འདོད་པ་ནི་ལྷུན་གྲུབ་སྐྱོན་ཅན་ནོ། །གཉིས་པ་དབྱེ་བ་ནི་ཀ་དག་ལྷུན་གྲུབ་གཉིས་ཀ་ལ་གསུམ་གསུམ་སྟེ། ཀ་དག་གསུམ་ནི། དབྱིངས་ཀ་དག །ཡེ་ཤེས་ཀ་དག །ཀ་དག་སྐྱོན་མེད་དམ་ཆེན་པོའོ། །དང་པོ་དབྱིངས་ཀ་དག་ནི་ནོར་བུ་རིན་པོ་ཆེ་ལ་མི་གཙང་བའི་འདམ་གྱི་སེལ་མེད་པ་དཔེར་བྱས་ནས། གཞི་ཆོས་དབྱིངས་རྣམ་དག་ཡིན་པས་མ་རིག་པའི་གཞི་མིན་པར་འདོད། གཉིས་པ་ཡེ་ཤེས་ཀ་དག་ནི། ནོར་བུ་རིན་པོ་ཆེ་ལ་དགོས་འདོད་འབྱུང་བའི་གེགས་མི་གཙང་བའི་འདམ་གྱིས་བསྟུམས་པ་དེ་སྐྱུར་པོ་དང་ལྭ་བས་བཀྲུས་ཤིང་ཕྱིས་པ་རྣམ་པར་དག་པ་ལ་དགོས་འདོད་འབྱུང་བ་དཔེར་བྱས་ནས། འབྲས་བུ་སྐུ་དང་ཡེ་ཤེས་ལ་མ་རིག་པ་གློ་བུར་གྱི་དྲི་མ་ལམ་ལྔས་སྤངས་པར་འདོད། ལྷུན་གྲུབ་ཀྱི་གསུམ་ནི། ཆོས་ཉིད་ལྷུན་གྲུབ། ཆོས་ཅན་ལྷུན་གྲུབ། ལྷུན་གྲུབ་སྐྱོན་མེད་དམ་ཆེན་པོ། དང་པོ་ཆོས་ཉིད་ལྷུན་གྲུབ་ནི། ཡེ་ནས་གསེར་ལྕགས་དབྱེར་མེད་དུ་མེད་ན་གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བསྒྱུར་དུ་མི་རུང་སྟེ་རྫ་ཤིང་ལ་སོགས་པ་བཞིན་ནོ། །ཞེས་པ་དཔེར་བྱས་ནས། གཞི་ལ་རིག་པ་དང་ཡེ་ཤེས་དབྱེར་མེད་དུ་ཡོད་པའི་གནད་ཀས་ཆོས་ཉིད་གཅིག་གི་རང་བཞིན་ལས་མ་འདས་པའི་ཕྱིར། ཆོས་ཅན་སོ་སོ་ཡང་མ་རིག་པ་གཏན་ནས་མ་སྤངས་ཏེ། ཕན་ཚུན་གཅིག་ལ་ལྷུན་གྱིས་གྲུབ་པར་འདོད། ཆོས་ཅན་ལྷུན་གྲུབ་ནི། ལྕགས་གསེར་དུ་བསྒྱུར་བའི་ཚེ་གསེར་ལ་ལྕགས་ཀྱི་མཚན་མ་མི་སྣང་ཡང་། ལྕགས་ཉིད་གསེར་དུ་བསྒྱུར་བ་ལས་ལྕགས་ལོགས་སུ་མ་སྤངས་པ་དཔེར་བྱས་ནས། འབྲས་བུ་སྐུ་དང་ཡེ་ཤེས་ཐོབ་ཀྱང་མ་རིག་པ་གཏན་ནས་མ་སྤངས་ཏེ། འཁོར་འདས་གཉིས་དེ་ལས་མི་གཞན་པར་འདོད་དོ། །དེ་དག་ལ་སྐྱོན་བརྗོད་པ་ནི། ཀ་དག་ཏུ་འདོད་པ་ལ་སྤྱིའི་སྐྱོན་དང་བྱེ་བྲག་གི་སྐྱོན་གཉིས་ཡོད་དེ། སྤྱིའི་སྐྱོན་ནི་སྔར་བཤད་པའི་འཁྲུལ་གཞི་མེད་ན་སྐྱོན་དུ་འགྱུར་བའི་ལུང་རིགས་བཞིས་གནོད་ནོ། །བྱེ་བྲག་གི་སྐྱོན་ནི། དབྱིངས་ཀ་དག་པ་ལྟར་ན་འཁྲུལ་པ་སྐྱེ་མི་སྲིད་པར་ཐལ གཞི་དེ་མ་རིག་པའི་བརྒྱུད་རྒྱུར་ཡང་མི་རུང་བའི་ཕྱིར་རོ། །འདོད་པར་ནུས་པ་མ་ཡིན་ཏེ། ཚད་གསལ་འབབ་བོ། །མ་རིག་པ་གློ་བུར་གྱི་དྲི་མ་ཡིན་ནོ་ཞེ་ན། རྒྱུ་བཀག་པ་ལ་འབྲས་བུ་ཁེགས་པའི་ཁྱབ་པ་ཡོད་པའི་ཕྱིར། གློ་བུར་གྱི་དྲི་མའང་འབྱུང་བར་མི་རིགས་ཏེ། རྒྱུ་བདེ་གཤེགས་སྙིང་པོ་དྲི་བྲལ་ཡིན་པས་དེ་ཡང་ཡེ་ཤེས་ཀ་དག་པ་ལྟར་ན་ལྷ་དང་རྟོག་པ་ཐ་དད་པར་ཐལ། སྐུ་དང་ཡེ་ཤེས་ཐོབ་པའི་ཚེ་ན་འཁྲུལ་པ་སྤངས་པའི་ཕྱིར་རོ། །འདོད་ན་འདི་ཉིད་ལས། རྣམ་པར་ཤེས་པའི་རྒྱལ་པོ། ཞེས་པ་ལ་ལ་སོགས་པ་དང་། སྤར་ཁབ་ལས་ཀྱང་། རྡོ་རྗེ་འཛིན་པ་ལ་སོགས་པར་རང་སྣང་བའི་ཕྱིར། ཞེས་པ་ལ་སོགས་པ་གསུངས་པས་གསལ་ལོ། །ལྷུན་གྲུབ་ཏུ་འདོད་པ་ལ། སྤྱིའི་སྐྱོན་དང་བྱེ་བྲག་གི་སྐྱོན་གཉིས་ཡོད་དེ། དང་པོ་ནི་འཁྲུལ་གཞི་ཡོད་ན་སྐྱོན་དུ་འགྱུར་བའི་ལུང་རིག་བཞིས་གནོད་ལ། བྱེ་བྲག་གི་སྐྱོན་ནི་ཆོས་ཉིད་ལྷུན་གྲུབ་པ་ལྟར་ན་འཁྲུལ་པ་སྤང་དུ་མི་རུང་བར་ཐལ། གཞི་དང་འཁྲུལ་པ་དབྱེར་མེད་པའི་ཕྱིར་རོ། །འདོད་ན་ལམ་སྦྱངས་པ་དོན་མེད་པར་འགྱུར་རོ། །ཡང་ཆོས་ཅན་ལྷུན་གྲུབ་པ་ལྟར་ན། འབྲས་བུ་སངས་རྒྱས་ཐོབ་ཀྱང་དགོས་པ་མེད་པར་ཐལ། མ་རིག་པའི་རང་བཞིན་ལས་མ་འདས་པའི་ཕྱིར་རོ། །འདོད་ན་ཀ་དག་སྐྱོན་ཅན་གཉིས་ལ་ལྷུན་གྲུབ་ཀྱི་གྲུབ་མཐས་གནོད་ལ། ལྷུན་གྲུབ་སྐྱོན་ཅན་གཉིས་ལ་ཀ་དག་གི་གྲུབ་མཐས་གནོད་པའི་ཕྱིར། གྲུབ་མཐའ་བཞི་པོ་དེ་ཐམས་ཅད་ཀྱང་སྐྱོན་ཅན་འབའ་ཞིག་ཡིན་ནོ། །ཀ་དག་སྐྱོན་མེད་དང་ལྷུན་གྲུབ་སྐྱོན་མེད་གཉིས་ནི་གཞི་འབྲས་ལ་མ་རིག་པ་མི་ལྡན་པའི་ཆ་ནས་ཀ་དག་ཏུ་བཏགས་ལ། གཞི་འབྲས་ཀྱི་མ་རིག་པ་མ་སྤངས་པའི་ཆ་ནས་ལྷུན་གྲུབ་ཏུ་བཏགས་པར་ཟད་ཀྱི། དོན་ལ་གཞི་འབྲས་གཉིས་ལ་མ་རིག་པ་མ་སྤངས་ལ་མི་ལྡན་པར་ལྟ་བ་གོང་མཐུན་ཏེ། དཔེ་རྒྱལ་བུ་དམངས་སུ་འཁྱམས་པའི་སྟོང་མཐུན་བཞིན་ནོ། །འོན་ཀྱང་ལྟ་བ་འདི་ནི་མཆོག་ཡིན་ལ་གཞན་གཏི་མུག་གོ་སྙམ་དུ་སེམས་ན་ཡང་། རང་ལྟ་མཆོག་ཏུ་འཛིན་པའི་ལྟ་བ་ཞེས་བྱ་སྟེ། དྲི་མའི་རང་བཞིན་ལས་མ་འདས་སོ། །དེའི་ཅིའི་ཕྱིར་ཞེ་ན། ཤེས་བྱ་གཤིས་ཀྱི་གནས་ལུགས་ལ་རང་བཞིིན་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ། །རྒྱུ་མཚན་དེས་ན། ཇི་སྲིད་འཇིག་ཆགས་དང་ལོག་ལྟ་དང་མཐར་འཛིན་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་མཆོག་ཏུ་འཛིན་པ་དང་། རང་ལྟ་མཆོག་ཏུ་འཛིན་པའི་དྲི་མ་མ་དག་པ་དེ་སྲིད་དུ། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཐོབ་པའི་སྐབས་མེད་དོ། །བླ་མ་གོང་མ་ཕལ་ཆེར་ཀ་དག་གི་གྲུབ་མཐའ་འཛིན་ལ། ལྷ་རྗེ་ཟུར་ཆུང་ཤེས་རབ་གྲགས་པ་ནི། ལྷུན་གྲུབ་ཀྱི་གྲུབ་མཐའ་ལྟར་འཐད་གསུང་ངོ་། །གཉིས་པ་གཟུང་གསུངས་པའི་ཚུལ་ནི། ཅེས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་། །ཞེས་པས་ཞེས་སྟོན་པའི་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་ཉིད་ཀྱིས་འཁོར་དབང་རྫོགས་པ་ཐམས་ཅད་དྲུག་པ་ཉིད་དང་ཁྱད་མེད་དུ་གྱུར་བས། ལྷན་ཅིག་པའི་འཁོར་གྱིས་དེ་བཞིན་གཤེགས་པ་ཉིད་ལ་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་གླེང་བསླང་ངོ་། །གཉིས་པ་ལེའུའི་མཚན་བསྟན་པ་ནི། གསང་བའི་སྙིང་པོ༴ ལེའུ་སྟེ་གཉིས་པའོ། །ཞེས་པ་དེར་གདའ་ཞིང་། གསང་བའི་ཞེས་རྟོགས་དཀའ་བ། སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉིད་གཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་མཚན་གྱི་གཞིར་གདའ། དོན་དམ་པ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པའི་ལེའུ་སྟེ་གཉིས་པའོ། །ཞེས་པས། སྐྱེ་བ་མེད་ལས་ཞེས་པ་ལ་སོགས་པ་ལྔ་ནི། དོན་དམ་པ་བྱང་ཆུབ་ཀྱི་སེམས་དང་། ཐམས་ཅད་སྐྱེས་ཞེས་པ་ལ་སོགས་ལྔ་ནི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་པ་ལ་སོགས་པ་ལྔ་ནི། དབྱེར་མེད་བྱང་ཆུབ་ཀྱི་སེམས་ཏེ། དེ་ཉིད་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་རང་རིག་པའི་ཡེ་ཤེས་སུ་བསྐྱེད་པའམ་ཡང་ན་གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན་ལ། དབྱེར་མེད་བདེ་བ་ཆེན་པོའི་དབང་ཐོབ་པ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེ་དག་གིས་ཀྱང་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་རང་རིག་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འཁོར་རྣམས་ཀྱི་བློ་ལ་སྐྱེད་པའམ། ཐུན་མོང་དུ་གླེང་སླང་བ་ཡང་དེའི་ཡོན་ཏན་ལས་སྐྱེད་པའི་གཞུང་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་། མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་སྟེ། དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། ཡས་བགྲངས་གཉིས་པོའི་དོན་དུ་གདའོ། །འོ་ན་དོན་དམ་པ་དང་ཀུན་རྫོབ་ཅེས་པ་དེ་གཉིས་ཀྱི་གོ་དོན་རང་གང་ཡིན་སྙམ་ན། སྤར་ཁབ་ལས། རང་གི་ངོ་བོས་ཐམས་ཅད་དུ་མི་ཕྱེད་པ་ནི། དོན་དམ་པ་སྟེ་ཞེས་པས་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བའི་ཆོས་ཉིད་ནི་གང་དང་ཡང་མི་ཕྱེད་པས་ན་དོན་དམ་པ་ཞེས་བྱའོ། །དེ་གདུལ་བྱའི་དབང་གིས་ཐ་དད་དུ་སྣང་བ་ནི། ཀུན་རྫོབ་སྟེ་རྒྱུ་རྐྱེན་དང་ལྟོས་པས་སྣང་བ་སྟེ། ཞེས་པས་སྐྱེ་འགག་གནས་དམིགས་འགྲོ་འོང་ལྟར་སྣང་བའི་ཆོས་ཅན་ནི། རྒྱུ་རྐྱེན་ལ་ལྟོས་ཤིང་རག་ལུས་པས་ན་ཀུན་རྫོབ་ཅེས་བྱའོ། །དེའི་ཕྱིར་སྐྱེ་བ་ལ་སོགས་པར་སྣང་བདོ་བའི་དུས་ན་སྐྱེ་བ་ལ་སོགས་པ་ཡོད་མ་མྱོང་སྟེ། ཐོ་ཡོར་མིར་སྣང་བ་ལ་སོགས་པ་བཞིན་ནོ། །ཡང་ཐུན་མོང་གི་གླེང་སླང་མཚན་དུ་མ་འདུས་སོ་ཞེ་ན། ཐུན་མོང་མ་ཡིན་པའི་གླེང་སླང་གི་ཤུགས་ལ་འདུས་སོ་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་གཉིས་པའི་གཞུང་དོན་རྣམ་པར་བཤད་པའོ། །ད་ནི་བཀའ་རང་གཉེར་གྱིས་ས་བཅད་ན་ལེའུ་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། འདིར་ལེའུ་གསུམ་པ་སྟོན། སློབ་དཔོན་འགྲེལ་པ་གདམས་ངག་མཁན་གྱིས་ས་བཅད་ན། གླེང་གཞི་གླེང་སླང་རྒྱུད་དོན་དགོས་འབྲེལ་གདམས་གཏད་དང་ལྔ་ལས། འདིར་སྟོད་ནས་བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་དང་། སྨད་ནས་རྒྱུད་དོན་སྟོན་པར་བྱེད་པའི་ལེའུ་འདི་ལ་ཆོས་ཚོམས་ངོས་བཟུང་བའི་དབང་དུ་བློ་རབ་འབྲིང་ཐ་གསུམ་དང་སྦྱར་ཏེ་བཤད་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས། གསུམ་ཀ་སྟོན། ལམ་ལ་ཐབས་ལམ་གྲོལ་ལམ་གཉིས་ལས། སྤར་ཁབ་ཀྱིས་ཐུབ་པ་དྲུག་ལ་ཐབས་ལམ་ཟུར་ཙམ་བཤད་མོད་ཀྱིས། གཙོ་ཆེར་གྲོལ་ལམ་སྟོན། མཚན་ཉིད་གསུམ་ལས། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དང་། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་སྟོན། རིམ་ཅིག་ཅར་གཉིས་ལས། རིམ་གྱིས་པ་གཙོ་ཆེ། བསྡུ་བའི་སྐབས་ནས་ཅིག་ཅར་བཟུར་ཙམ་སྟོན། སྣང་བ་བཞི་ཀ་སྟོན། བློ་འབྲིང་གི་ཆོས་ཚོམས་གླེང་གཞི་གླེང་སླང་རྒྱུད་དོན་དགོས་འབྲེལ་གདམས་གཏད་དང་ལྔ་ལས། ལེའུའི་སྟོད་ཀྱིས་ཐུབ་པ་དྲུག་གི་གླེང་གཞི་སྟོན། སྨད་ཀྱིས་རྒྱུད་དོན་སྟོན། རྒྱུད་དོན་ལ་ཡོངས་སུ་ཤེས་པར་བྱེད་པའི་དངོས་པོ་བཅུ་ཡོད་པ་ལས་ལྟ་བ་སྟོན། བཅུ་པོ་ཡང་བརྒྱའི་བདག་ཉིད་དུ་བྱས་ན་ལྟ་བའི་ཞོར་ལ་ཐུབ་པ་དྲུག་གིས་གཞན་དོན་མཛད་པའི་སྤྱོད་པ་སྟོན། དཀྱིལ་འཁོར་དང་ཕྲིིན་ལས་ཟུར་ཙམ་སྟོན། བློ་ཐ་མའི་ཆོས་ཚོམས་ལ་བཤད་ཐབས་འདྲེན་པའི་ཚིག་བཅུ་ཡོད་པ་ལས། རང་བཞིན་ལྟ་བ་སྟོན། སྤྱི་དོན་སྡུད་པ་སྟོན། བསྣོལ་མཚམས་འཕེན་སྡུད་སྟོན། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་ཏེ། རྣམ་པར་དབྱེ་བ་འབྲེལ་མཚམས་སྦྱོར་བ་རང་རྐྱེན་གཉེར་རྣམས་སྟོན་ནོ། །དེ་ལྟར་སྟོན་པའི་ལེའུ་གསུམ་པ་འདི་ལ། འཆད་མཁན་རིག་པའི་སྒྲོས་ཀྱིས་བཅད་ན་གཉིས་ཏེ། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལེའུའི་གཞུང་ལ་གཉིས་ཏེ། གཞུང་རྒྱས་པར་བསྟན་པ་དང་། བསྡུས་ཏེ་བསྟན་པའོ། །དང་པོ་གཞུང་རྒྱས་པར་བསྟན་པ་ལ་སྤྱི་དོན་གཉིས་ཏེ། བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་དང་། ཡོངས་སུ་ཤེས་པར་བྱ་བའི་ལྟ་བའོ། །སྤྱི་དོན་དང་པོ་བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་ལ་གཉིས་ཏེ། གླེང་གཞིའི་རྒྱུ་དང་། གླེང་གཞི་རང་གི་ངོ་བོའོ། །དང་པོ་གླེང་གཞིའི་རྒྱུ་བསྟན་པ་ནི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས༴ ཐུགས་རྡོ་རྗེ་ལས་འཐོན་ཏོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་འདིར་སྔགས་ཀྱི་ལུགས་ཀྱི་རྒྱུ་གླེང་གཞི། རྐྱེན་གླེང་སླང་། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་རྒྱུད་ཀྱི་དོན་བྱ་བ་ཡིན་ནམ་མ་ཡིན། ཡིན་ན་དེ་ནས་ཞེས་བྱ་བ་ལ་འབྲེལ་མཚམས་ཇི་ལྟར་སྦྱོར་ཞེ་ན། འགྲེལ་པ་སྤར་ཁབ་ལས། རྒྱུད་དུམ་བུར་གྱུར་ཀྱང་རིམ་པ་མ་ནོར་བ་ཁོ་ནའི་ཕྱིར་དེ་ནས་ཞེས་བྱའོ། །ཞེས་གསུངས་པས་ཐུན་མོང་མ་ཡིན་པའི་གླེང་གཞི་དང་། ཐུན་མོང་བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་གཉིས། བར་གླེང་སླང་གིས་ཆོད་པས་རྒྱུད་དུམ་བུར་གྱུར་ཀྱང་རིམ་པ་མ་ནོར་བ་ནི། ལྷན་ཅིག་པའི་འཁོར་ལ་ཟབ་མོའི་དབང་གསུམ་བསྐུར་ནས། རྟོག་ཚོགས་བཞི་བཅུ་རྩ་གཉིས་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་མངོན་དུ་བྱས་པས་རྡོ་རྗེ་འཆང་གི་གྲལ་དུ་འཁོད་ཅིང་། སྟོན་འཁོར་དགོངས་པ་ཁྱད་མེད་པར་གྱུར་ནས། རྒྱུད་ཞུ་བའི་སྤོབས་པ་དང་ལྡན་ཏེ། གོ་ཕྱེ་བའི་འཁོར་རྣམས་ཀྱིས་རྟོགས་ཀྱང་། གསང་བ་བཞིས་ཆོད་པ་རྣམས་ཀྱི་དོན་དུའང་བཤད་དུ་གསོལ། ཞེས་པས། རྒྱུད་འདི་ཉིད་ཉན་པའི་སྐལ་བ་དང་ལྡན་པ་རྣམས་ལ་དགྱེས་པ་ཚུལ་དྲུག་གིས་དངོས་སུ་གསུངས་པ་ལ། འདི་ཉན་པའི་སྐལ་བ་དང་མི་ལྡན་པ་རྣམས་ལ་ལམ་སྟེགས་ཀྱིས་བསྟན་པ་སྟོན་པའི་སྟོན་པ་ཐུབ་པ་དྲུག་སྤྲོས་ནས་གསུངས་པར་ཞལ་གྱིས་བཞེས་པ་ལ་དེ་ད་སྤྲོ་བ་དངོས་སྟོན་པས་ན་ནས་ཞེས་འབྲེལ་སྦྱོར་རོ། །འདི་ལ་ཁ་ཅིག་ན་རེ། དེ་ལྟར་ན་གླེང་གཞིའི་རྒྱུ་གླེང་སླང་ཡིན་པར་འགྱུར་རོ་ཞེ་ན། རྒྱུད་འདི་ཉིད་ཀྱི་དབང་དུ་རྒྱུ་གླེང་གཞི་འཚོགས་ནས། རྐྱེན་གླེང་སླང་བ་ཡིན་ཡང་། དེ་ཉིད་ཐུན་མོང་གི་བསྟན་པ་འབྱུང་བའི་གླེང་གཞིའི་རྒྱུ་རུ་སོང་བ་ལ་སྐྱོན་ལྟ་ག་ལ་ཡོད་དེ། དེའི་རྒྱུ་མཚན་ནམ་གནད་ཀ་ནི་རྒྱུད་འདི་ཉིད་གསུངས་པའི་བྱིན་རླབས་ལས་བསྟན་པ་མཐའ་དག་བྱུང་བའི་ཕྱིར་རོ། །བླ་མ་རྒྱ་གབ་གོང་པ་ན་རེ། བརྗོད་བྱ་ཉུང་བར་བྱས་ན་རྒྱུ་གླེང་གཞི་དུམ་བུར་གྱུར་ཏེ། བར་གླེང་སླང་གི་ས་ཆོད་ཀྱང་རིམ་པ་མ་ནོར་ཏེ་ལེའུ་གཉིས་པ་སྤྲོ་བ་ཞལ་གྱིས་བཞེས་པ་ལ་དེ་སྤྲོ་བ་དངོས་བསྟན་པས་ན་ནས་ཞེས་བྱའོ། །ཡང་རྩོད་པའི་དབང་དུ་འདི་ལྟར་ཡང་རུང་སྟེ། འགྲེལ་པའི་རྒྱུད་དུམ་བུར་གྱུར་ཅེས་པ་དེ་ཐེག་པ་སྤྱི་ནས་གཞན་པའི་དབང་དུ། གསུམ་པའི་སྟོད་གླེང་གཞི་གསལ་བར་ཡང་། རྒྱུད་ཁྱད་པར་གྱི་དབང་དུ་རྒྱུད་དོན་དུ་རུང་སྟེ། སྤར་ཁབ་ལས། རིམ་པ་མ་ནོར་བ་ཁོ་ནའི་ཕྱིར། དེ་ནས་ཞེས་བྱའོ། །ཞེས་གསུངས་པས་གསལ་ལོ། །སྨད་ན་ལྟ་བའི་གསུངས་པ་ལོ་རྒྱུས་ལ་འབྲེལ་བ་ནས་དེ་ཡན་ཆད་དུ་རྒྱུད་ཀྱི་རྒྱུ་རྐྱེན་ཚང་ནས། གསུམ་པའི་དང་པོ་ལྟ་བ་བསྟན་པའི་ཕྱིར། ཞེས་གསུངས། མི་འཐད་ཟེར་དག་སྲིད་དེ། དེའི་སྐྱོན་བསལ་བ་ནི་བསྟན་པ་སྤྱིའི་ཆ་ནས་གླེང་གཞིར་འགྲོ་ཚུལ་ནས་གསུངས་ཀྱིས། ཁྱད་པར་དབང་དུ་རྒྱུད་དོན་ཡིན་པས་དེ་ཡང་རིམ་པ་མ་ནོར་ཞེས་གོང་གིས་སེལ་བསམ་མོ། །དེ་ལ་རངས་པར་འགྲེལ་པ་བཤད་ཟེར་ནས་གོ་བ་མི་ལེན་ན། འོ་ན་ལེའུ་བཅོ་ལྔ་པའི་སྐབས་ན་ཡང་འབྲེལ་བས། གླེང་གཞི་རང་གི་ངོ་བོ་ནི། ཞེས་པས་གླེང་སླང་དང་རྒྱུད་དོན་མི་འདུག་པས་འགལ་བྱའོ། །ཁོ་ན་རེ། གདུལ་བྱ་དགོས་ཆེད་ཀྱི་གླེང་གཞི་ཡིན་པས་འགལ་བ་མེད་ཅེ་ན། འདི་ཡང་བསྟན་པ་སྤྱིའི་གླེང་གཞི་ཡིན་པས་འགལ་བ་མེད་ཅེས་འགོ་བསྒྲེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་ཅེས་པས། དེ་བཞིན་གཤེགས་པ་རྒྱལ་བ་དྲུག་པ་སྤྱིའི་གཟུགས་ཅན་རིགས་ཐམས་ཅད་ཀྱི་བདག་པོའི་ཐུགས་སྤྲོས་བྲལ་གྱི་ཡེ་ཤེས་ལས། ཐུགས་རྗེ་དངོས་པོ་ཐམས་ཅད་ལ་ཁྱབ་པའི་བརྩེ་བ་ཆེན་པོ་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པའི་བྱིན་གྱིས་བ རླབས་གདུལ་བྱ་ལ་ཅིར་ཡང་མི་འགག་པ་ཞེས་བྱ་བའི་རིག་པའི་སྐྱེས་བུ་སྟེ། དེ་ཡང་སྤར་ཁབ་ལས། རིག་པའི་གནས་བཅོ་བརྒྱད་དམ་སྐུ་གསུང་ཐུགས་ལས་ཀྱང་མི་འདོད་པ་ཡིན་ནོ། །ཞེས་གསུངས་སོ། །རིག་པའི་གནས་བཅོ་བརྒྱད་ནི། རོལ་མོ། འཁྲིག་ཐབས། འཚོ་རྩིས། གྲངས། སྒྲ། གསོ་དཔྱད། ཆོས་ལུགས། བཟོ། འཕོང་། དཔྱད། གཏན་ཚིགས། རྣལ་འབྱོར། ཐོས་པ། དྲན་པ། སྐར་མའི་དཔྱད། རྩིས། མིག་འཕྲུལ། སྔོན་གྱི་རབས། སྔོན་བྱུང་བ་རིག་པའོ། །ཞེས་བཀས་བཅད་དང་པོ་བྱུཏ་པཏྟི་ཆེན་མོ་ནས་བཤད་དོ། །ཐུབ་པ་ཞེས་པ་ནི་སྐུ་ཐུབ་སྟེ་སྟག་དང་སྤྲེའུ་ལྟར་མི་མཛད། གསུང་ཐུབ་སྟེ་ཅ་ཅོ་དང་ག་ཞ་མི་སྨྲ། ཐུགས་ཐུབ་སྟེ་མཉམ་པར་མ་གཞག་པ་མི་མངའ་བའོ། །གདུལ་བྱ་འགྲོ་བ་རིགས་དྲུག་ཏུ་གྲངས་ངེས་པའི་ཕྱིར། སྟོན་པ་ཡང་ཐུབ་པ་དྲུག་ཏུ་འབྱུང་སྟེ། དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །ཞེས་པས་གང་ལས་ན་དེ་བཞིན་གཤེགས་པ་རྒྱལ་བ་དྲུག་པའི་སྐུ་དང་གསུང་དང་ཐུགས་ཐབས་ཡབ་དང་། ཤེས་རབ་ཡུམ་གཉིས་སུ་མེད་པ་ཐིག་ལེ་བྱང་ཆུབ་ཀྱི་སེམས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་བྱུང་ཞིང་འཐོན་པའི་ཚུལ་ནི། ཟླ་བ་དང་ཉི་མ་ལས་མ་གཡོས་བཞིན་དུ་ཆུ་སྐྱོགས་ཐ་དད་ཀྱི་ནང་དུ་གཟུགས་བརྙན་སྣང་བ་ལྟར། འགྲོ་བ་རིགས་དྲུག་གི་གནས་སོ་སོར་སྣང་བར་གྱུར་ཏོ། །གཉིས་པ་གླེང་གཞི་རང་གི་ངོ་བོ་ལ་གཉིས་ཏེ། གླེང་གཞི་སྤྱིར་བསྟན་པ་དང་། གླེང་གཞི་བྱེ་བྲག་ཏུ་བསྟན་པའོ། །དང་པོ་གླེང་གཞི་སྤྱིར་བསྟན་པ་ནི། འཐོན་ནས་ཀྱང་ལས་ཀྱི་དབང་གིས༴ རྣམ་པ་བཞིས་འགྲོ་བ་ལྔའི་དོན་མཛད་དེ། ཞེས་པ་དེར་གདའ་ཞིང་། འཐོན་ནས་ཀྱང་ལས་ཀྱི་དབང་གི་སྣྲེལ་གཞི་དང་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞེས་པས་དེ་ལྟར་ཐུབ་པ་དྲུག་འཐོན་ནས་ཀྱང་གདུལ་བྱའི་ལས་ཀྱི་རྟོག་པ་མི་མཐུན་པའི་མཐུན་པའི་དབང་གིས་ཕྱོགས་སམ་ལོགས་ཏེ་སྣྲེལ་གཞི་དང་སྟེང་འོག་གཉིས་ཏེ་ཡན་མན་གྱི་སྣོད་འཇིག་པ་ལ། བཅུད་འཇིག་པ་བརྟེན་པ་ཆགས་ལུགས་སམ་ལྗིད་འདོར་ལུགས་མི་འདྲ་བ་དྲུག་གི་རང་བཞིན་ཅན་གྱིས། ཕྱོགས་བཅུ་མཐའ་ཡས་པར་ཀུན་ཏུ་ཁྱབ་པ་ན་མུ་མེད་པ་ཞེས་བྱ་སྟེ་ཆོས་སྐུའི་ཞིང་ཁམས་སོ། །དེའི་ཁོངས་སུ་འོག་ནས་འཆད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་གཅིག་གྲངས་ཀྱི་གཞི་རུ་བྱས་ནས་གཅིག་ནས་གཉིས་སུ་བགྲངས་པའི་སྟོང་ལ་སྟོང་རྒྱུ་བཀོད། དང་པོ་དེ་གྲངས་ཀྱི་གཞི་རུ་བྱས་ནས་གཅིག་ནས་གཉིས་སུ་བགྲངས་པའི་སྟོང་ལ་སྟོང་རྒྱུ་བཀོད། གཉིས་པ་དེའང་གྲངས་ཀྱི་གཞི་མ་གཅིག་ཏུ་བྱས་པའི་གཅིག་ནས་གཉིས་སུ་བགྲངས་པའི་སྟོང་ལ་སྟོང་མཚམས་སྦྱོར་ཡོངས་སུ་འདས་པ་ཞེས་བྱ་སྟེ། ལོངས་སྐུ་ཉག་གཅིག་གི་ཞིང་ཁམས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོ་ནི་མཛོད་ལས། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་པས་གླིང་བཞི་ཉི་ཟླ་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་བྱ་སྟེ་སྤྲུལ་སྐུ་ཉག་གཅིག་གི་ཞིང་ཁམས་སོ། །དེ་ནི་གནས་ཕུན་སུམ་ཚོགས་པའོ། །འོ་ན་འདིར་སྤྲུལ་སྐུའི་གནས་འཆད་པ་ལ། ཆོས་སྐུ་དང་ལོངས་སྐུའི་གླེང་གཞི་སྨོས་པས། སྐབས་འཆོལ་བའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དཔེར་ན་མ་ག་དྷ་རྡོ་རྗེའི་གདན་དམིགས་ཀྱིས་བཀར་ནས་མཚོན་པ་ལ། འཛམ་བུའི་གླིང་གི་དབུས་རྒྱ་གར་གྱི་ཡུལ་མ་ག་དྷ་རྡོ་རྗེའི་གདན་ཞེས་སྨོས་པ་བཞིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་ཞེས་པས་དེ་ལྟར་སྤྲུལ་སྐུའི་ཞིང་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར། སྤྲུལ་སྐུ་ཐུབ་པ་ཆེན་པོ་སྟོན་པ་བཅོམ་ལྡན་འདས་རེ་རེར་སྣང་ནས་དོན་མཛད་པ་ནི་སྟོན་པ་ཕུན་སུམ་ཚོགས་པའོ། །འདུལ་བ་རྣམ་པ་བཞིས་ཞེས་པས་སྐུ་དང་ཐུགས་དང་བསམ་གྱིས་མི་ཁྱབ་པ་དང་། གསུང་གི་མཛད་པའི་འདུལ་བ་རྣམ་པ་བཞིས་གདུལ་བྱ་འདུལ་བ་ནི་བསྟན་པ་ཕུན་སུམ་ཚོགས་པའོ། །འགྲོ་བ་ལྔའི་ཞེས་པས་འགྲོ་བ་རིགས་དྲུག་ལ་ལྷ་མ་ཡིན་ནི་སྟོད་རིགས་ལྷ་དང་། སྨད་རིགས་བྱོལ་སོང་དུ་བསྡུས་པས་འགྲོ་བ་ལྔའི་སེམས་ཅན་རྣམས་ནི་འཁོར་ཕུན་སུམ་ཚོགས་པའོ། །དོན་མཛད་དེ་ཞེས་པས། དེ་ལྟར་གནས་དང་སྟོན་པ་བསྟན་པ་འཁོར་རྣམས་འཛོམ་པའི་དུས་སུ་དོན་མཛད་པ་སྟེ། དེ་ནི་དུས་ཕུན་སུམ་ཚོགས་པའོ། །གཉིས་པ་གླེང་གཞི་བྱེ་བྲག་ཏུ་བསྟན་པ་ལ་བཞི་སྟེ། སྐུའི་མཛད་པ་དང་། ཐུགས་ཀྱི་མཛད་པ་དང་། བསམ་གྱིས་མི་ཁྱབ་པའི་མཛད་པ་དང་། གསུང་གི་མཛད་པའོ། །དང་པོ་སྐུའི་མཛད་པ་བསྟན་པ་ནི། བལྟམས་པ་དང་༴ སྟོན་པའི་ཐུབ་པས། ཞེས་པ་དེར་གདའ་ཞིང་། བལྟམས་པ་དང་ཞེས་པས། ཡུམ་གྱི་རྩིབ་ལོགས་གཡས་པའི་གོ་བར་ནས་སྐུ་བལྟམས་པ་དང་། རབ་ཏུ་བྱུང་བ་དང་ཞེས་པས། མཆོད་རྟེན་རྣམ་དག་གི་དྲུང་དུ་ཉིད་ལ་ཉིད་རབ་ཏུ་བྱུང་བ་དང་། དཀའ་ཐུབ་མཛད་པ་དང་ཞེས་པས་ཆུ་བོ་ནཻ་རཉྫ་ནར་ལོ་དྲུག་ཏུ་དཀའ་ཐུབ་མཛད་པ་དང་། བདུད་བཏུལ་བ་དང་ཞེས་པས་རྡོ་རྗེའི་གདན་དུ་སྲོད་ལ་བདུད་བྱེ་བ་དུང་ཕྱུར་གྱི་ཚོགས་བཏུལ་བ་དང་། སངས་རྒྱས་པ་དང་ཞེས་པས་ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཆོ་འཕྲུལ་ཆེན་པོ་སྟོན་པ་དང་ཞེས་པས། དེ་ནས་སངས་རྒྱས་ཀྱི་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ཏེ་ཆེད་དུ་བརྗོད་པ་བརྗོད་པ་ལ་སོགས་པའི་ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཞེས་པས། ཡུལ་བཱ་ར་ཎཱ་སཱི་ལ་སོགས་པར་བདེན་པ་བཞི་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་དང་། མྱ་ངན་ལས་འདས་པ་ཞེས་པས། རྟག་ཏུ་རེ་བ་རྣམས་སུན་དབྱུང་བར་བྱ་བའི་ཕྱིར་གྲོང་ཁྱེར་རྩྭ་མཆོག་ཏུ་སྐུ་མྱ་ངན་ལས་འདས་པ་དང་། ལ་སོགས་པ་སྟོན་པའི་ཐུབ་པས་ཞེས་པ་ལ་སོགས་པའི་སོགས་ཁོངས་ནས། དགའ་ལྡན་ནས་བབས་པ་དང་། ལྷུམས་སུ་ཞུགས་པ་དང་། བཟོའི་གནས་ལ་མཁས་པ་དང་། བཙུན་མོའི་འཁོར་གྱིས་རོལ་པ་ལ་སོགས་པའི་མཛད་པ་བཞི་སྟེ། དེ་ལྟར་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་དོན་མཛད་པར་སྟོན་པའི་ཐུབ་པས་དེ་ལྟ་བུའི་མཛད་པ་ཕུན་སུམ་ཚོགས་པ་སྟོན་པ་ནི་ཐེག་པ་ཐུན་མོང་པ་རྣམས་ཀྱི་སྣང་བ་ཡིན་ཏེ། དེ་ཡང་ཐེག་པ་ཆུང་ངུ་བ་རྣམས་ཀྱི་སྣང་ངོ་ལ་རྒྱལ་བུ་དོན་གྲུབ་ཏུ་སྐྱེ་བ་བཞེས་པའི་དུས་ན། སོ་སོའི་སྐྱེ་བོ་འཆིང་བ་མཐའ་དག་གིས་བཅིངས་པ་ཞིག་ཡིན་པ་ལ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཞི་གཟིགས་པའི་རྐྱེན་གྱིས་ངེས་པར་འབྱུང་བའི་དད་པ་སྐྱེས་ནས། རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་བོར་ཏེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་ལོ་དྲུག་དཀའ་བ་སྤྱད་པས་ཉན་ཐོས་རྣམས་ཀྱི་ངོ་ལ་དགྲ་བཅོམ་པའི་འབྲས་བུ་དང་། རང་སངས་རྒྱས་རྣམས་ཀྱི་ངོ་ལ་ཡིད་བཞིན་བདེ་བ་མཆོག་གི་འབྲས་བུ་བསེ་རུའམ་ནེ་ཙོ་ལྟ་བུ་ཐོབ་པར་སྣང་ངོ་། །སྔགས་ཕྱི་རྒྱུད་པ་རྣམས་ཀྱི་སྣང་ངོར། ལྷའི་བུ་དམ་པ་ཏོག་དཀར་པོ་དེ་བྱང་ཆུབ་སེམས་དཔའ་ས་མཐར་ཕྱིན་པ་སྐྱེ་བ་གཅིག་གིས་ཐོགས་པ་ཅན་ཞིག་ཡིན་ལ། དེ་མིའི་བུ་རྒྱལ་བུ་དོན་གྲུབ་ཏུ་སྐྱེ་བ་བཞེས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་། ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད་ཅིང་བྱང་ཆུབ་སྙིང་པོར་བཞུགས་པ་ལ་སངས་རྒྱས་རྣམས་ཀྱིས་བསྐུལ་བས། མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ནས་རྣམ་སྨིན་གྱི་ལུས་ནཻ་རཉྫ་ནའི་འགྲམ་དུ་བཞག་ནས། ཡིད་ཀྱི་ལུས་འོག་མིན་གྱི་གནས་སུ་ཕྱིན་ཏེ། དོན་དམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་སངས་རྒྱས་རྣམས་ཀྱི་དབང་བསྐུར་ནས། དཔལ་ཀུན་རིག་རྣམ་པར་སྣང་མཛད་དུ་མངོན་པར་རྫོགས་པར་སངས་རྒྱས། དེ་ནས་སུམ་ཅུ་རྩ་གསུམ་གྱི་གནས་སུ་བབས་ནས་ལྷ་ཡུལ་གྱི་གདུལ་བྱ་རྣམས་སྨིན་པར་མཛད། དེ་ནས་མི་ཡུལ་གྱི་གདུལ་བྱ་རྣམས་འདུལ་བའི་དོན་དུ་སླར་དཀའ་ཐུབ་ཀྱི་ཁོང་པར་ཞུགས་ན། བྱང་ཆུབ་ཀྱི་ཤིང་དྲུང་དུ་སངས་རྒྱས་པ་ལ་སོགས་པའི་ཚུལ་བསྟན་པར་སྣང་ངོ་། །དེ་ཡང་འདི་ཉིད་ཀྱི་ལེའུ་དྲུག་པ་ལས། ཉན་ཐོས་རྣམས་ལ་དགྲ་བཅོམ་གཟུགས། །རང་རྒྱལ་རྣམས་ལ་བསེ་རུའི་ཚུལ། །གཞན་ཡང་ཐེག་མཆོག་རིམ་པ་བཞིན། །འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །ཞེས་པས་མངོན་ནོ། །དེ་ལྟར་ཡིན་ཡང་མཐུན་སྣང་དུ་གྲགས་པ་བྱང་ཆུབ་སེམས་དཔའི་ཐེག་པ་ལྟར་བཤད་ན། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་མཆོད་རྟེན་བརྒྱད་ཀྱི་བསྟོད་པར། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། །བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པ། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །ཞེས་པས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚུལ། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཚུལ། ཐ་མར་མངོན་པར་རྫོགས་པར་སངས་རྒྱས་ཚུལ་དང་གསུམ་ལས། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚུལ་ནི། བསམ་གྱིས་མི་ཁྱབ་པའི་སྙིང་རྗེ་ཆེན་པོ་ལས་མཐའ་ཡས་པའི་ཐུགས་བསྐྱེད་པ་འབྱུང་བ་ནི་ཆོས་ཉིད་ཡིན་ལ། སྟོན་པ་བཅོམ་ལྡན་འདས་ཐུབ་པའི་དབང་པོ་འདིས་ཀྱང་དང་པོར་ཐུགས་བསྐྱེད་པ་ལ་སྦྱོར་བའི་སྔོན་དུ་རྣམ་པར་དག་པའི་སྙིང་རྗེ་མངོན་དུ་མཛད་དེ། དེ་ཡང་ཤེས་རབ་དང་སྙིང་རྗེ་ཕུན་སུམ་ཚོགས་པའི་མཐུས་བསོད་ནམས་ཆ་མཐུན་གྱི་དགེ་བའི་རྩ་བ་རྒྱ་ཆེན་པོ་དུ་མ་བསགས་པ་ཐེག་པ་ཆེན་པོའི་རིགས་ལ་གནས་པ་ཞིག་ཡིན་པ་ལ། རེ་ཞིག་ན་ལས་འགའ་ཞིག་གིས། སེམས་ཅན་དམྱལ་བའི་གནས་སུ་ལྕགས་བསྲེགས་ཀྱི་ས་གཞིའི་སྟེང་ན་ཤིང་རྟ་འདྲེན་པའི་གྱད་ཞིག་ཏུ་བཞུགས་པར་གྱུར་པ་ལས། དེའི་ཚེ་ཤིང་རྟ་འདྲེན་པའི་ཟླ་བོ་སྟོབས་ཆུང་བས་མ་འདྲོངས་པ་ལ། གཤིན་རྗེའི་སྐྱེས་བུས་ལྕགས་ཀྱི་ཐུ་ལུམ་མེ་རབ་ཏུ་འབར་བས་ཡང་ནས་ཡང་དུ་བསྣུན་པ་ལ་གཟིགས་ཏེ། དེ་སྡུག་བསྔལ་གྱི་ཚོར་བས་བདག་གི་ལུས་ལ་གནོད་པར་གྱུར་བས་རང་གི་སྡུག་བསྔལ་ལས་དཔགས་ནས་ཤིང་རྟ་འདྲེན་པའི་གྲོགས་དེ་ལ་ཚད་མེད་པའི་སྙིང་རྗེ་སྐྱེས་ནས། ཀྱེ་གཤིན་རྗེའི་སྐྱེས་བུ་དག །འདི་ལ་མ་སྣུན་ཞིག །འདིའི་སྐལ་པ་ཡང་བདག་གིས་དྲང་བར་བྱའོ་ཞེས་སྨྲས་པ་དང་། གཤིན་རྗེའི་སྐྱེས་བུ་རབ་ཏུ་ཁྲོས་ནས། སེམས་ཅན་རང་རང་གི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་ལ་ཁྱོད་ཀྱིས་ཅི་བྱར་ཡོད་ཅེས་ཟེར་ནས། ལྕགས་ཀྱི་ཐུ་ལུམ་མེ་རབ་ཏུ་འབར་པ་བྱང་ཆུབ་སེམས་དཔའི་དབུ་ལ་བསྣུན་པས། ཚེ་ཟད་དེ་དེ་ཉིད་དུ་ཤི་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་ཤིང་། དེར་ལོ་མང་པོ་ལྷའི་བདེ་བ་ཉམས་སུ་མྱོང་ངོ་། །དེ་ནས་ཡང་འཛམ་བུའི་གླིང་འདིར་རྫ་མཁན་སྤད་པ་འོད་ཅེས་བྱ་བའི་སྲས་ཁྱེའུ་སྣང་བྱེད་ཅེས་བྱ་བར་སྐུ་འཁྲུངས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པ་ལ་ཤིན་ཏུ་དད་པར་གྱུར་ནས། གདུགས་གསར་པ་གཅིག །མཆིལ་ལྷྭམ་ཟུང་གཅིག །རྫའི་བུམ་པ་གསར་པ་ཆུས་ལེགས་པར་གང་བ་བྱི་དོར་བྱས་པ་གཅིག་དང་འཇམ་ཕོར་གང་ཡང་ཕུལ་ཞིང་། མགྲོན་བུ་ལྔ་བརྒྱས་ཀྱང་མེ་ཏོག་གི་ཚུལ་དུ་གཏོར་ནས། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱོད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་ཡིད་ཀྱི་དམ་བཅའ་བརྟན་པོའི་སྒོ་ནས་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པར་མཛད་དེ། དེ་ལྟར་ཡང་བསྐལ་པ་བཟང་པོའི་མདོ་ལས། ང་ནི་སྔོན་ཚེ་དམན་པར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། འཇམ་གང་གིས་ནི་དབུལ་བ་བྱས་ནས་ཀྱང་། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་སོ། །གཉིས་པ་བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་ཚུལ་ནི། གྲངས་མེད་དང་པོ་ལ་སེམས་དཔའ་ཆེན་པོ་དེས་ཤཱཀྱ་ཐུབ་པ་ཆེན་པོའི་སྤྱན་སྔར་ཐུགས་བསྐྱེད་ནས་ཚོགས་ལམ་ལ་གནས་པའི་ཚེ་རྒྱལ་པོའི་ཕོ་བྲང་རྣམ་པར་རྒྱལ་བའི་རྒྱལ་མཚན་ཞེས་བྱ་བར། རྒྱལ་པོ་ཚེ་རྣམ་པར་རྒྱལ་བ་ཞེས་པའི་སྲས་གཞོན་ནུ་བརྩོན་འགྲུས་སྤྱོད་པ་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་དེ་བཞིན་གཤེགས་པ་འོད་འཕྲོའི་ཕུང་པོ་ཞེས་བྱ་བ་འཁོར་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་དང་བཅས་པ་འཇིག་རྟེན་དུ་བྱོན་པ་ལ། ཁྱེའུ་དེ་ཡང་དད་པར་གྱུར་ནས་ལོ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ཏུ་བསྙེན་བཀུར་བྱས་ཤིང་། དགེ་བའི་རྩ་བ་བསྐྲུན་པ་ནས་བརྩམས་ཏེ་བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་དང་པོ་རབ་ཏུ་དགའ་བ་ཐོབ་པར་གྱུར་ཏོ། །དེ་ནས་གྲངས་མེད་གཉིས་པ་ལ་གྲོང་ཁྱེར་འཛམ་བུ་ཆུ་བོའི་གསེར་ཞེས་བྱ་བར་རྒྱལ་པོ་མཛེས་པར་སྣང་བ་ཞེས་བྱ་བའི་སྣ་ཆེན་པོ་ཚོང་དཔོན་ཤེས་རབ་བཟང་པོ་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་དེ་བཞིན་གཤེགས་པ་དཀོན་ཅོག་ཡན་ལག་ཅེས་བྱ་བ་འཁོར་བྱེ་བ་ཕྲག་བརྒྱད་ཅུ་དང་བཅས་པ་འཇིག་རྟེན་དུ་བྱོན་པ་ལ་དད་པར་གྱུར་ཅིང་། ལོ་སྟོང་དུ་བསྙེན་བཀུར་ཅིང་ཆོས་ཉན་པ་ནས་བཟུང་སྟེ་ཚོགས་བསགས་པས་ས་གཉིས་པ་དྲི་མ་མེད་པ་དང་། གསུམ་པ་འོད་བྱེད་པ་དང་། བཞི་པ་འོད་འཕྲོ་བ་དང་། ལྔ་པ་སྦྱང་དཀའ་བ་དང་། དྲུག་པ་མངོན་དུ་གྱུར་པ་དང་། བདུན་པ་རིང་དུ་སོང་བའི་ས་ནོན་པར་གྱུར་ཏོ། །དེ་ནས་གྲངས་མེད་གསུམ་པ་ལ་བྲམ་ཟེའི་ཁྱེའུ་གཞོན་ནུ་སྤྲིན་ཞེས་བྱ་བར་གྱུར་པའི་ཚེ། བྲམ་ཟེ་རིན་པོ་ཆེ་ཞེས་བྱ་བ་ལ་བྲམ་ཟེ་ལ་འོས་པའི་རིག་བྱེད་རྣམས་བསླབས་པས་ལེགས་པར་ཤེས་ཏེ། སློབ་དཔོན་ལ་བསྙེན་བཀུར་བྱ་བའི་རྒྱུ་བཙལ་བའི་ཕྱིར་ལྗོངས་རྒྱུ་ཞིང་ཡུལ་དབུས་ཀྱི་གྲོང་ཁྱེར་སུ་སོང་བ་ལས། མཐར་གྱིས་རྒྱལ་པོ་དགྲ་འདུལ་གྱི་ཕོ་བྲང་པདྨ་ཅན་ཞེས་བྱ་བའི་ཚོང་འདུས་ཀྱི་དབུས་སུ་ཕྱིན་པར་གྱུར་པ་དང་། གྲོང་ཁྱེར་དེ་ཉིད་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་དེར་གནས་པའི་འགྲོ་བ་ཐམས་ཅད་ཀྱང་དཔག་ཏུ་མེད་པའི་རྒྱན་གྱིས་བརྒྱན་ཏེ། མཆོད་པའི་ཡོ་བྱད་སྣ་ཚོགས་ཐོགས་ཤིང་ནམ་མཁའ་ལའང་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་དང་། རོལ་མོ་སིལ་སྙན་གླུ་དབྱངས་དང་བཅས་པ་བྱེད་ཅིང་བསམ་གྱིས་མི་ཁྱབ་པའི་མཆོད་པ་བྱེད་པ་མཐོང་སྟེ། ཁྱེད་རྣམས་ཅི་བྱེད་ཅེས་སྨྲས་པ་དང་། སྐྱེ་བོ་རྣམས་ན་རེ། ཅི་གཞོན་ནུ་ཁྱེད་ཀྱིས་མི་ཤེས་སམ། དེ་བཞིན་གཤེགས་པ་མར་མེ་མཛད་འཁོར་དང་བཅས་པ་རྒྱལ་པོའི་ཕོ་བྲང་ན་གདན་དྲངས་ནས་བཞུགས་སོ་ཞེས་ཟེར་བ་ལས། དེ་ཐོས་མ་ཐག་ཏུ་གཞོན་ནུ་དེ་སྐྱི་བུང་ཞེས་བྱེད་དེ་ཤིན་ཏུ་དད་པར་གྱུར་ནས། ཨེ་མ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནི་ཨུ་དུམ་ཝ་རའི་མེ་ཏོག་བས་ཀྱང་དཀོན་ཞིང་ཤིན་ཏུ་རྙེད་པར་དཀའ་བས། སློབ་དཔོན་ལ་འབུལ་རྒྱུ་ཕྱིས་བཙལ་ལ། ཀར་ཤ་པ་ཎི་ལྔ་བརྒྱ་པོ་འདིས་མེ་ཏོག་ཉོས་ལ་སངས་རྒྱས་ལ་མཆོད་པར་བྱའོ་སྙམ་ཏེ། མེ་ཏོག་འཚོལ་དུ་སོང་བ་ལས་ཕྱོགས་གཅིག་ན་བྲམ་ཟེའི་བུ་མོ་བཟང་ལེན་ལྡན་གྱི་མེ་ཏོག་ཨུཏྤལ་ལྔ་བཅུ་བུམ་པའི་ནང་དུ་སྦས་ཏེ་གནས་པ་ལ། གཞོན་ནུ་དེའི་མཐུས་ནམ་མཁའ་ལ་འཐོན་པ་དང་། མེ་ཏོག་ཚོངས་ཤིག་ཅེས་པ་ལ་སྐྱེ་བ་ཐམས་ཅད་དུ་ཁྱིམ་ཐབ་ཏུ་ཁས་ལེན་ན་སྦྱིན་ནོ་ཞེས་སོ། །བུ་མོ་དེ་སྐད་མ་ཟེར་ཅིག་བདག་ནི་རྟག་ཏུ་ཚངས་པར་སྤྱོད་པའོ་ཞེས་སྨྲས་པས། དེ་ལྟར་ནའང་ལན་ཅིག་ཁས་ལོངས་དང་། ཕྱིས་ཁོ་མོས་ཡང་བར་ཆད་མི་བྱེད་དོ་ཞེས་པ་ལ། འོ་ན་དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་ཤིང་སྐྱེ་བ་ཐམས་ཅད་དུ་ཁྱིམ་ཐབ་ཏུ་ཁས་བླངས་ཏེ། ཨུཏྤ་ལ་ལྔ་ཉོས་ནས་སངས་རྒྱས་མར་མེ་མཛད་ལ་མངོན་པར་གཏོར་ཞིང་། ཀྲིཥྞ་ས་ལའི་པགས་པ་དང་རལ་པ་གསེར་གྱི་མདོག་ཅན་གདན་དུ་བཏིངས་ནས་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་མར་མེ་མཛད་ཀུན་ནས་གཟིགས་སུ་གསོལ། བདག་གི་ལྷག་པའི་བསམ་པ་མཁྱེན་པར་མཛོད་ལ་རལ་པ་འདི་ལ་ཞབས་བཞག་ནས་བདག་ལུང་བསྟན་དུ་གསོལ། གལ་ཏེ་བདག་གི་རལ་པ་འདི་ལ་ཞབས་མི་འཇོག་ཅིང་བདག་ཉིད་ལུང་མི་སྟོན་ན་འདི་ཉིད་དུ་ལུས་བསྐམ་པར་བྱའོ་ཞེས་གསོལ་ཅིང་ཡིད་དམ་བརྟན་པོ་བཅས་པ་དང་། སངས་རྒྱས་དེས་ཀྱང་དེའི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ཅིང་རལ་པ་ཞབས་བཞག་ནས་འཁོར་རྣམས་ལ་བཀལ་སྩལ་བ། དགེ་སློང་དག །ཁྱེད་རྣམས་ཁྱེའུ་འདིའི་རལ་པ་ལ་རྐང་པ་མ་འཇོག་ཅིག །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་གནས་ཡིན་ཏེ། མ་འོངས་པའི་དུས་སུ་བསྐལ་པ་བཟང་པོ་ཞེས་བྱ་བ་ལ་སྐྱེ་རྒུ་རྣམས་ཚེ་ལོ་བརྒྱ་པར་གྱུར་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་པ་དང་དེ་ཉིད་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ནས་ཏིང་ངེ་འཛིན་གྱི་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྗོད་དུ་མེད་པ་ཡང་མངོན་དུ་བྱས་ནས་ས་བརྒྱད་པ་མི་གཡོ་བ་ཐོབ་པར་གྱུར་ཏེ། ཇི་སྐད་དུ། སངས་རྒྱས་མར་མེ་མཛད་ལ་ཨུཏྤལ་ལྔ། །གཏོར་ནས་རལ་པ་གདན་དུ་བཏིངས་བྱས་པས། །མི་དགེའི་ཆོས་ལ་བཟོད་པ་ཐོབ་གྱུར་ནས། །ཤཱཀྱའི་རྒྱལ་པོར་འགྱུར་ཞེས་ང་ལུང་བསྟན། །ཞེས་པ་དང་། གང་ཚེ་མར་མེ་མཛད་ཉིད་ཀྱིས། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཏེ། །དབང་བཅུ་དག་ཀྱང་ཐོབ་པར་གྱུར། །ཅེས་སོ། །དེ་ནས་བཟུང་སྟེ་བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་དགུ་པ་ལེགས་པའི་བློ་གྲོས་དང་། བཅུ་པ་ཆོས་ཀྱི་སྤྲིན་རྣམས་ཐོབ་པར་གྱུར་ཏོ། །མཆིམས་ཆེན་པོའི་གསུང་གིས། གྲངས་མེད་གསུམ་པའི་མཐར། སངས་རྒྱས་རྣམ་པར་གཟིགས་ལ་དགེ་བའི་རྩ་བ་བསྐྲུན་ཏེ། དེ་ལྟར་གྲངས་མེད་གསུམ་གྱི་ཚོགས་རྫོགས་ཀྱང་རྣམ་པ་ཐམས་ཅད་དུ་མ་རྫོགས་པས། དེ་བཞིན་གཤེགས་པ་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ། བྲམ་ཟེའི་ཁྱེའུ་བླ་མར་གྱུར་པའི་བར་དུ་ཚོགས་བསགས་སོ་གསུངས། དེ་དག་གི་བར་སྐབས་སུ་ཡང་སངས་རྒྱས་གྲངས་མེད་པ་ལ་བསྙེན་བཀུར་བྱས་ཤིང་ཆོས་གསན་ཏེ། ཟླ་བ་སྒྲོན་མེའི་མདོར། སངས་རྒྱས་དག་ནི་བྱེ་བ་ཁྲག་ཁྲིག་དང་། །དེ་ལས་ལྷག་པ་གངྒཱའི་བྱེ་མ་སྙེད། །ཀུན་ཀྱང་བྱ་རྒོད་ཕུང་པོ་འདིར་བཀུགས་ཏེ། །མི་དབང་དེ་ཀུན་ང་ཡི་བཀུར་སྟི་བྱས། །ཞེས་སོ། །ཉན་ཐོས་པའི་འདོད་པ་ལྟར་ན། སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ནས་བརྩམས་ཏེ། གྲངས་མེད་དང་པོ་ལ་སངས་རྒྱས་བདུན་ཁྲི་ལྔ་སྟོང་དང་། གཉིས་པ་ལ་བདུན་ཁྲི་དྲུག་སྟོང་དང་། གསུམ་པ་ལ་བདུན་ཁྲི་བདུན་སྟོང་བསྙེན་བཀུར་ཏོ། །དེ་དག་གི་དང་པོ་དང་ཐ་མ་ནི་མཛོད་ལས། རྣམ་གཟིགས་མར་མེ་རིན་ཅེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་པས་གྲངས་མེད་དང་པོའི་ཐ་མ་ལ། སངས་རྒྱས་རིན་ཅེན་གཙུག་ཏོར་ཅན་དང་། གཉིས་པའི་ཐ་མ་ལ་མར་མེ་མཛད་དང་། གསུམ་པའི་ཐ་མ་ལ་རྣམ་པར་གཟིགས་དང་། ཐམས་ཅད་ཀྱི་དང་པོ་ཤཱཀྱ་ཐུབ་པ་ཆེན་པོ་ཡིན་ནོ། །ཞེས་པའི་དོན་ནོ། །གསུམ་པ་མཐར་མངོན་པར་རྫོགས་པར་སངས་རྒྱས་ཚུལ་ནི། ཉན་ཐོས་པ་འདོད་པ་ལྟར་ན། སྟོན་དང་བསེ་རུ་བྱང་ཆུབ་པ། །བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །ཞེས་པས་སོ་སོའི་སྐྱེ་བོ་གྲངས་མེད་གསུམ་དུ་ཐར་པ་ཆ་མཐུན་བསགས་པ་གཅིག་གིས་སྲོད་ལ་བདུད་བཏུལ། དགུང་ལ་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་སྦྱོར་ལམ་དྲོད་ཡན་ཆད་བསྐྱེད་ནས། ཐོ་རངས་སྐྱ་རེངས་འཆར་ཁར་ཟད་པ་དང་མི་སྐྱེ་ཞེས་པའི་ཡེ་ཤེས་མངོན་དུ་བྱས་ནས་སངས་རྒྱས་ཏེ། འཁོར་གྱི་དང་པོ་ཀུན་ཤེས་ནས་ཐ་མ་རབ་བཟང་གི་བར་ལ་ཆོས་བསྟན་ནས་ལྷག་མེད་དུ་མྱ་ངན་ལས་འདས་པར་འདོད་ལ། ཁ་ཅིག་ཆོས་ཀྱི་འཁོར་ལོ་ཕྱི་མ་གཉིས་ཁས་མི་ལེན་ནོ། །ཐེག་ཆེན་པ་ལྟར་ན་སངས་རྒྱས་ཀྱི་ངོ་བོ་ནི་སྐུ་བཞི་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པ་ལ། གློ་བུར་གྱི་དྲི་མས་ཀྱང་རྣམ་པར་དག་པའི་དག་པ་གཉིས་ལྡན་སྤངས་རྟོགས་མཐར་ཐུག་ཅིང་། དོན་གཉིས་ཕུན་སུམ་ཚོགས་པས་ཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ་འཁོར་བ་མ་སྟོངས་བར་དུ་རྒྱུན་མི་འཆད་པར་འཇུག་པ་ཞིག་ཡིན་ནོ། །དེ་ལྟ་བུའི་སངས་རྒྱས་དེས་ཞིང་ཁམས་འདིར་ཡང་མཛད་པ་བསམ་གྱིས་མི་ཁྱབ་པ་བསྟན་མོད་ཀྱི་དྲངས་དཀའ་བ་རྗེས་སུ་གཟུང་བའི་ཕྱིར་མཛད་པ་བཅུ་གཉིས་སུ་བསྟན་པ་ལ། བཅུ་གཉིས་པོ་རྣམས་སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་གང་གི་མཛད་པ་ཡིན་སྙམ་ན། ཐེག་ཆེན་པ་ཁ་ཅིག་རྒྱལ་བུ་དོན་གྲུབ་ཀྱི་དུས་ནའང་། ས་བཅུ་པའི་བྱང་ཆུབ་སེམས་དཔར་འདོད་པས་དགའ་ལྡན་གྱི་གནས་ན་གནས་པ་ནས་བཟུང་སྟེ་བདུད་བཏུལ་བའི་བར་དུ་བྱང་སེམས་ཀྱི་ཡིན་ལ། མངོན་པར་བྱང་ཆུབ་པ་ནས་ཡོངས་སུ་མྱ་ངན་ལས་འདས་པའི་བར་ནི་སངས་རྒྱས་ཀྱི་མཛད་པ་ཡིན་ཟེར་བ་དག་ཡོད་མོད་ཀྱང་། འདིར་ཆོས་སྐུ་ལས་མ་གཡོས་བཞིན་དུ་སྤྲུལ་པས་མཛད་པ་བཅུ་གཉིས་སྟོན་པར་གསུངས་ཤིང་། རྒྱ་བོད་ཀྱི་མཁས་གྲུབ་མང་པོའི་བཞེད་ཀྱིས་ཀྱང་ཚོགས་རྫོགས་ནས་འོག་མིན་དུ་སངས་རྒྱས་ཏེ་གདོད་འདོད་ཁམས་སུ་མཛད་པ་བཅུ་གཉིས་པོ་ཐམས་ཅད་སངས་རྒྱས་ཀྱི་མཛད་པར་འདོད་དེ། སྟུག་པོ་བཀོད་པའི་མདོ་ལས། ཡང་དག་སངས་རྒྱས་བྱང་ཆུབ་ཏུ། །འཚང་རྒྱ་འོག་མིན་གནས་མཆོག་ཏུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དེ། །ཞེས་པ་དང་། སློབ་དཔོན་ངག་དབང་གྲགས་པས་མཛད་པའི་འཆི་བསླུ་ལས། དཔལ་ལྡན་སྟུག་པོ་བཀོད་པ་ཉིད་དུ་དོན་དམ་ཐུགས་ཆུད་ཅིང་། །དགའ་ལྡན་སྐྱེ་བོའི་དོན་མཛད་ཕྱིར་ནི་དམ་པ་ཏོག་དཀར་གྱུར། །དེ་ནས་འདིར་ནི་འགྲོ་བ་དོན་དུ་ཤཱཀྱའི་ཏོག་གྱུར་གང་། །འཆི་བདག་ལས་རྒྱལ་སྒྱུ་མ་ཀུན་སྟོན་དེ་ནི་རྒྱལ་གྱུར་ཅིག །ཅེས་གསུངས་པ་དང་། རྒྱུད་བླ་མ་ལས་ཀྱང་། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པ་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ། ཐུགས་རྗེ་ཆེན་པོས་འཇིག་རྟེན་ཀུན་ལ་གཟིགས་ནས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་མཛད་པ་དུ་མ་རིམ་གྱིས་དང་ཅིག་ཅར་སྣ་ཚོགས་སུ་སྟོན་ཏེ། དེ་ཡང་ཞིང་འདིར་བྲམ་ཟེའི་ཁྱེའུ་བླ་མ་དེ་ཚེ་འཕོས་ནས་དགའ་ལྡན་དུ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་གྱུར་ནས། ལྷའི་ཚོགས་བསམ་གྱིས་མི་ཁྱབ་པ་ལ་ཆོས་སྟོན་ཅིང་སྨིན་གྲོལ་གྱི་ལམ་ལ་བཀོད་པར་གྱུར་ཏོ། །དེའི་ཚེ་ཉིད་ཀྱི་བསོད་ནམས་ཀྱི་མཐུ་དང་། སངས་རྒྱས་རྣམས་ཀྱི་བྱིན་གྱིས་རླབས་ཀྱི་ལྷའི་རོལ་མོའི་སྒྲ་དག་ལས། བསོད་ནམས་རྒྱ་ཆེན་ཚོགས་མངའ་དྲན་རྟོགས་དང་། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུངས་མེད་སྟོབས་མངའ་སྒྱུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱིས་ལུང་བསྟན་དགོངས་པར་མཛོད། །ཅེས་པ་ལ་སོགས་པ་དང་། དཔལ་ལྡན་ཁྱོད་ཀྱི་བསོད་ནམས་དཔལ་གྱིས་ནི། །དགའ་ལྡན་ཕོ་བྲང་ཤིན་ཏུ་མཛེས་མོད་ཀྱི། །འོན་ཀྱང་ཐུགས་རྗེའི་ཐུགས་དང་ལྡན་པས་ན། །འཛམ་བུའི་རྒྱལ་མཚན་དུ་ནི་ཆར་པ་ཕོབ། །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་དུ་མས་བསྐུལ་བས་བྱང་ཆུབ་སེམས་དཔའི་དགོངས་པ་ལ། བདག་གི་བྱ་བ་འདི་ཙམ་དུ་མ་ཟད་དེ། ཐམས་ཅད་མཁྱེན་པར་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་པར་སྨོན་ལམ་བཏབ་པ་དྲན་ནས། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་འགྲོ་བའི་དོན་མཛད་པར་དགོངས་ཏེ། དེ་ཡང་། དང་པོ་དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ་ནི། རྒྱ་ཆེ་རོལ་པ་ལྟར། དུས་དང་། སྡུག་བསྔལ་བའི་མཛམ་བུ་གླིང་དང་། ཡུལ་དབུས་དང་། རིགས་རྒྱལ་རིགས་ལ་གཟིགས་པ་བཞི་རུ་བཤད་ཀྱང་། མདོ་སྡེ་མངོན་པར་འབྱུང་བ་དང་། འདུལ་བ་ལུང་ནས་གཟིགས་པ་རྣམ་པ་ལྔར་བཤད་པ་བཞིན། གླིང་བཞི་ལས་འཛམ་བུའི་གླིང་ལ་གཟིགས། ཡབ་རྒྱལ་པོ་ཟས་གཙང་མ་ལ་གཟིགས། ཡུམ་སྒྱུ་མ་ལྷ་མཛེས་ལ་གཟིགས། གནས་ཝཱ་ར་ཎཱ་སཱི་ལ་གཟིགས། རིགས་ཤཱཀྱའི་རིགས་ལ་གཟིགས་ཏེ། མིའི་ཡུལ་དུ་གཤེགས་པར་རྩོམ་པས་ནི། ལྷ་རྣམས་ལ་གྲོགས་པོ་དག །ཆོས་སྣང་བའིི་སྒོ་བརྒྱ་རྩ་བརྒྱད་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་འཆི་འཕོ་བའི་དུས་ལ་བབ་པའི་ཚེ་ལྷའི་འཁོར་ལ་གདོན་མི་ཟ་བར་ཡང་དག་པར་སྟོན་པར་བྱ་བ་སྟེ། བརྒྱ་རྩ་བརྒྱད་གང་ཞེ་ན་འདི་ལྟ་སྟེ། གྲོགས་པོ་དག །དད་པ་ནི་ཆོས་སྣང་བའི་སྒོ་སྟེ་བསམ་པ་མི་ཕྱེད་པར་འགྱུར་རོ། །ཞེས་པ་ལ་སོགས་པ་གསུངས་ནས། གང་གི་ཚེ་ན་དགའ་ལྡན་གནས་མཆོག་ནས། །འདྲེན་པ་སྐྱེས་བུ་སེང་གེ་འཕོ་བའི་ཚེ། །ལྷ་རྣམས་དག་ལ་ཚིག་ཏུ་སྨྲ་བ་ནི། །བག་མེད་མཐའ་དག་རྣམ་པར་སྤངས་ཞེས་སྨྲ། །ཞེས་པ་ལ་སོགས་པ་གསུངས་ཤིང་། ཁོ་བོ་ནི་འཛམ་བུའི་གླིང་དུ་འགྲོ་སྟེ། སླར་ཡང་ཁོ་བོས་བྱང་ཆུབ་ཐོབ་སྟེ། འཛམ་བུའི་གླིང་དུ་ཆོས་ཀྱི་ཆར་པ་འབེབས་པ་དེ་ཉན་པའི་སླད་དུ་ཤོག་ཅིག་ཅེས་གསུངས་པ་དང་ལྷའི་བུ་དེ་དག་ངུ་ཞིང་། བྱང་ཆུབ་སེམས་དཔའི་རྐང་པ་གཉིས་ལ་འཇུས་ཏེ་མྱ་ངན་དང་བཅས་པས་སྐྱེས་བུ་དམ་པ་ཁྱེད་མི་བཞུགས་ན་དགའ་ལྡན་གྱི་གནས་འདི་མཛེས་པར་མི་འགྱུར་ལ། འཛམ་བུའི་གླིང་དེ་ནི་མུ་སྟེགས་ཀྱི་སྟོན་པ་དྲུག་གསུམ་བཅོ་བརྒྱད་ལ་སོགས་པས་མ་རུངས་པར་བགྱིད་པས་གདུལ་བར་དཀའ་ཞིང་གཤེགས་པའི་སྐབས་མེད་དོ། །ཞེས་གསོལ་བ་བཏབ་ཀྱང་མ་གནང་བར་ཁྱེད་རྣམས་ལ་བྱང་ཆུབ་སེམས་དཔའ་བྱམས་པ་འདིས་ཆོས་སྟོན་པར་འགྱུར་རོ། །ཉི་མའི་འོད་ཀྱིས་འོད་གཞན་ཟིལ་གྱིས་གནོན་པ་ལྟར། མུ་སྟེགས་པའི་སྟོན་པ་དེ་དག་ང་ཉིད་ཀྱིས་ཟིལ་གྱིས་གནོན་པར་འགྱུར་རོ། །ཞེས་གསུངས་ཏེ་རང་གི་མགོ་ལས་ཐོད་དང་ཅོད་པན་འཕོག་སྟེ། བྱམས་པའི་མགོ་ལ་བཞག་ནས་རྒྱལ་ཚབ་ཏུ་དབང་བསྐུར་ཏེ། སྐྱེས་བུ་དམ་པ། ཁྱོད་ངའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་ཀྱེ་གྲོགས་པོ་དག །ཁོ་བོ་འཛམ་བུའི་གླིང་དུ་ཇི་ལྟ་བུའི་གཟུགས་ཀྱིས་འགྲོ་བར་བྱ་གསུངས་པ་ལ། ལྷའི་བུ་གཟི་བརྗིད་དམ་པས། སྔོན་དྲང་སྲོང་རྣམས་ཀྱི་རིག་བྱེད་ལས་འབྱུང་བ་བཞིན་གླང་པོ་ཆེ་དམ་པའི་གཟུགས་སུ་གཤེགས་པར་ལུང་བསྟན་ནས། བྱང་ཆུབ་སེམས་དཔའ་དགའ་ལྡན་ན་གནས་བཞིན་དུ་རྒྱལ་པོ་ཟས་གཙང་གི་ཁྱིམ་དུ་བཀྲ་ཤིས་པའི་ལྟས་བརྒྱད་ལ་སོགས་པ་སྣང་བར་གྱུར་ཏོ། །གཉིས་པ་ལྷུམས་སུ་འཇུག་པའི་མཛད་པ་ནི། དཔྱིད་ཟླ་ཐ་ཆུང་སྐར་མ་ས་ག་ལ་བབས་པའི་ཚེས་བཅོ་ལྔ་ཟླ་བ་ཉ་བ་སྐར་མ་རྒྱལ་གྱི་དུས་སུ། ཡུམ་གསོ་སྦྱོང་ལ་གནས་པའི་ཚེ་གླང་པོ་ཆེ་ཐལ་ཀར་མཆེ་བ་དྲུག་དང་ལྡན་པ་སྤྱི་གཙུག་དམར་བ་རྒྱབ་གསེར་གྱི་དྲྭ་བས་གཡོགས་པ་ཞིག་བར་སྣང་གི་སྤྲིན་གསེབ་ནས་བབས་ཏེ། ཡུམ་གྱི་གློ་གཡས་པ་ནས་ལྷུམས་སུ་ཞུགས་པའི་རྨི་ལམ་འདི་ལྟ་བུ་མཐོང་བར་གྱུར་ཏེ། གླང་ཆེན་ཁ་བ་དངུལ་མདོག་མཆེ་བ་དྲུག །རྐང་ལག་རབ་མཛེས་མགོ་བོ་རབ་སྡུག་པ། །འགྲོས་བཟང་ལུས་ཚིགས་རྡོ་རྗེ་བཞིན་བརྟན་པ། །གླང་པོའི་མཆོག་ཅིག་ཁོང་དུ་སོང་སྙམ་བྱེད། །དེས་ནི་དེ་འདྲའི་བདེ་བ་བརྒྱ་ལམ་ན། །མ་མཐོང་མ་ཐོས་མྱོང་བར་མ་གྱུར་ཏེ། །ལུས་ཀྱང་བདེ་ཞིང་སེམས་ཀྱང་བདེ་གྱུར་ན། །བསམ་གཏན་མཉམ་པར་གཞག་པ་བཞིན་དུ་གྱུར། །དེ་ནས་ཡུམ་གྱི་ལྷུམས་རྒྱལ་སྲས་ཉེ་བར་སྤྱོད་པར་རིན་པོ་ཆེ་བཀོད་པ་ཞེ་བྱ་བའི་གཞལ་མེད་ཁང་དུ་བྱིན་གྱིས་བརླབས་ནས། ཟླ་བ་དགུ་ངོ་བཅུ་རུ་ཟག་མེད་ཀྱི་བདེ་བ་ལོངས་སྤྱོད་ནས་ལྷ་དང་མིའི་སྐྱེ་རྒུ་ཁྲག་ཁྲིག་སུམ་ཅུ་རྩ་དྲུག་ཐེག་པ་གསུམ་ལ་ཡོངས་སུ་སྨིན་པར་བྱས་སོ། །གསུམ་པ་ལྷུམས་ནས་བལྟམས་པའི་མཛད་པ་ནི། དེ་ལྟར་བྱང་ཆུབ་སེམས་དཔའི་དེ་ཉིད་ཡུམ་གྱི་ལྷུམས་སུ་ཟླ་བ་དགུ་ངོ་བཅུ་རུ་འདས་པ་ན། རྒྱལ་པོ་ཟས་གཙང་མའི་སྐྱེད་མོས་ཚལ་དུ་མེ་ཏོག་རྣམས་ཁ་འབུས་པ་དང་། གཏེར་ཆེན་པོ་མང་པོ་ཁ་ཕྱེ་བ་ལ་སོགས་པ་བཀྲ་ཤིས་པའི་སྔ་ལྟས་སུམ་ཅུ་རྩ་གཉིས་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་བཙའ་བའི་དུས་ལ་བབ་པ་ན། ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ལུམྦིའི་ཚལ་ལེགས་པར་བརྒྱན་པའི་ནང་དུ་གཤེགས་པ་ལ། ཤིང་བླགྴ་ཞེས་བྱ་བའི་ལྗོན་པ་ཆེན་པོ་ཞིག་གིས་ཕྱག་བྱས་སོ། །དེའི་ཚེ་ཡུམ་གྱིས་ཤིང་བླགྴ་དེ་ཉིད་ཀྱི་ཡལ་ག་ལ་ཕྱག་འཇུས་ཏེ་བཤང་བའི་གནས་སྤང་བར་བྱ་བའི་ཕྱིར་ཡུམ་གྱི་གློ་གཡས་པའི་རྩིབ་མའི་གོ་བར་ནས་བྱང་ཆུབ་སེམས་དཔའ་ཉིད་ནོར་བུ་ལྟར་དང་ཞིང་མཚན་དང་དཔེ་བྱད་ཀྱིས་མཛེས་པར་བརྒྱན་ཏེ། ཡུམ་ལ་གནོད་པ་མེད་ཅིང་དྲན་ཤེས་བཞིན་དུ་མངལ་གྱི་དྲི་མས་མ་གོས་པར་སྐུ་བལྟམས་པར་གྱུར་ཏོོ། །དེའི་ཚེ་ལྷ་རྣམས་ཀྱིས་མེ་ཏོག་གཏོར། ཚངས་པ་དང་བརྒྱ་བྱིན་གྱིས་ཀ་ཤི་ཀའི་རས་ཀྱིས་བླངས། དགའ་བོ་དང་ཉེ་དགའ་གཉིས་ཀྱིས་ཆུ་བསིལ་བ་དང་དྲོ་བའི་རྒྱུན་གཉིས་ཀྱིས་སྐུ་ཁྲུས་གསོལ། དེ་ནས་ཕྱོགས་བཞི་དང་སྟེང་འོག་གཉིས་སུ་གོམ་པ་བདུན་བདུན་བོར་ཏེ། དགེ་བའི་རྩ་བའི་ཆོས་ཐམས་ཅད་ཀྱིས་མངོན་དུ་འགྲོ་བར་བྱའོ་ཞེས་པ་ལ་སོགས་པ་དང་། ང་ནི་འཇིག་རྟེན་ན་མཆོག་གོ། །ཕུལ་ལོ། །སྐྱེ་རྒ་ན་འཆི་མཐར་དབྱུང་ངོ་། །བདུད་ཀྱི་སྡེ་རབ་ཏུ་གཞོམ་མོ། །ཞེས་པ་ལ་སོགས་པ་སེང་གེའི་སྒྲ་བསྒྲགས་པར་མཛད་དོ། །དེ་ལྟར་གོམ་པ་དོར་བའི་རྗེས་སུ་མེ་ཏོག་པདྨ་འདབ་མ་སྟོང་དང་ལྡན་པ་ཤིང་རྟའི་འཕང་ལོ་ཙམ་རེ་རེ་ཡང་བྱུང་ངོ་། །དེའི་ཚེ་ས་ཆེན་པོ་འདི་རབ་ཏུ་གཡོས་ཤིང་འོད་ཆེན་པོས་ཀྱང་འཇིག་རྟེན་ཐམས་ཅད་ཁྱབ་པར་གྱུར་ཏེ། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཆེན་པོ་ཡང་བབ་ལ། གཞན་ཡང་བཀྲ་ཤིས་པའི་ལྟས་བསམ་གྱིས་མི་ཁྱབ་པས་ཕྱོགས་ཐམས་ཅད་གང་བ་དང་། ཡ་རབས་ཀྱི་རིགས་ལྔ་བརྒྱ། གྲགས་ལྡན་མ་ལ་སོགས་པའི་བུ་མོ་ཁྲི། བྲན་མོ་བརྒྱད་བརྒྱ། འདུན་པ་ལ་སོགས་པའི་བྲན་ཕོ་ལྔ་བརྒྱ། རྟེའུ་ཕོ་མོ་ཁྲི་ཁྲི། བ་གླང་གི་ཕྲུག་གུ་ལྔ་བརྒྱ་ལྔ་བརྒྱ་བཙས་ཏེ་དེ་དག་ཐམས་ཅད་གཞོན་ནུ་རྩེ་བའི་ཕྱིར་བྱིན་ནོ། །གཞན་ཡང་གླིང་བཞི་བྱེ་བ་ཕྲག་བརྒྱའི་འཛམ་བུའི་གླིང་གི་དབུས་སུ་བྱང་ཆུབ་ཀྱི་ཤིང་ཨ་ཤྭརྠའི་སྡོང་པོ་སྐྱེས། གླིང་ཕྲ་མོ་རྣམས་སུ་ཡང་ཙནྡན་གྱི་ནགས་ཚལ་དང་། གྲོང་ཁྱེར་གྱི་ཁོར་ཡུག་ཏུ་སྐྱེད་མོས་ཚལ་ལྔ་བརྒྱ་ཡང་བྱུང་། གཏེར་ལྔ་སྟོང་ཡང་བྱུང་སྟེ། དེར་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་བཏགས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་ཉིད་བལྟམས་ནས་ཞག་བདུན་སོང་བ་ན་ཡུམ་སྒྱུ་མ་ལྷ་མཛེས་ཉིད་ཚེའི་དུས་བྱས་ནས་སུམ་ཅུ་རྩ་གསུམ་པའི་ལྷར་འཁྲུངས་སོ། །དེ་ལྟ་བུ་དེ་བྱང་ཆུབ་སེམས་དཔའ་ཉིད་ཀྱི་ནོངས་པ་མ་ཡིན་གྱིས་ཡུམ་གྱི་ཚེའི་མཐར་ཐུག་པའི་ཕྱིར་དང་། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ནོ། །དེ་ནས་ཤཱཀྱ་རྣམས་བགྲོས་ནས། གཞོན་ནུ་དེ་ཉིད་སྲུ་སྐྱེ་རྒུའི་བདག་མོ་ལ་གཏད་དོ། །ནུ་ཞོ་བསྣུན་པ་དང་། རྩེད་གྲོགས་བྱེད་པ་དང་། དྲི་མ་འཕྱི་བ་དང་། པང་ན་འཚོ་བའི་མ་མ་བརྒྱད་བརྒྱད་དེ། སུམ་ཅུ་སོ་གཉིས་བསྐོས་ནས། གཞོན་ནུ་དེ་ཉིད་སྐྱེད་བསྲིངས་བར་གྱུར་ཏོ། །དེ་ནས་རྒྱལ་པོས་ཤཱཀྱ་རྣམས་བསགས་ཏེ་བཀའ་བགྲོས་པས། གཞོན་ནུ་འདི་འཁོར་ལོ་སྒྱུར་བའི་རྒྱལ་པོར་འགྱུར་རམ་རབ་ཏུ་འབྱུང་བར་འགྱུར་ཞེས་དཔྱད་པ་དང་། དེའི་ཚེ་རི་བོ་གངས་ཅན་དྲང་སྲོང་ནག་པོ་ཞེས་པ་མངོན་ཤེས་ལྔ་དང་ལྡན་པ་ཅིག་གིས་ཚོར་ནས། ཚ་བོ་མེས་བྱིན་དང་བཅས་པས་རྫུ་འཕྲུལ་གྱིས་སེར་སྐྱའི་གནས་སུ་ཕྱིན་ཏེ། གཞོན་ནུའི་སྤྱན་སྔར་འོངས་ནས་དེའི་མཚན་བལྟས་ནས། ངོ་མཚར་བ་དང་མྱ་ངན་སྐྱེས་ཏེ། དེའི་ཞབས་ལ་ཕྱག་འཚལ་ཞིང་བསྐོར་བ་བྱས་ནས། པང་དུ་བླངས་ཏེ་ངུས་ནས་ཤུགས་རིང་ཕྱུང་བ་དང་། རྒྱལ་པོས། ཅི་དྲང་སྲོང་ཆེན་པོ། གཞོན་ནུ་འདི་ལ་བཀྲ་མི་ཤིས་པའི་མཚན་མ་དག་ཡོད་དམ་ཞེས་སྨྲས་པས། དྲང་སྲོང་གིས་གསོལ་བ། བདག་ནི་གཞོན་ནུའི་སླད་དུ་ངུ་བ་མ་ལགས། འདི་ལ་མི་དགེ་བའི་མཚན་མ་གང་ཡང་མ་མཆིས་ཀྱིས། འདི་ནི་གདོན་མི་ཟ་བར་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བས། བདག་རྒས་པས་དེ་ལྟ་བུའི་ཚུལ་དེ་མི་མཐོང་ཞིང་མི་ཐོས་པས་ངུ་ཞིང་ཤུགས་རིང་འབྱིན་པ་ལགས་སོ། །འདི་ནི་བདག་གི་བསྟན་བཅོས་ལ་འབྱུང་བ་འདྲ་ན་ཁབ་ན་བཞུགས་པར་མི་འགྱུར་ཏེ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཞེས་སྨྲས་པ་དང་། རྒྱལ་པོས་དྲང་སྲོང་གིས་གཞོན་ནུ་ལུང་བསྟན་པ་དེ་ཐོས་ནས་ཡི་རངས་ཏེ་ཡབ་ཀྱིས་བྱང་ཆུབ་སེམས་དཔའི་རྐང་པ་གཉིས་ལ་ཕྱག་བྱས་ནས་སྨྲས་པ། ཁྱེད་ལ་ལྷ་ཀུན་ཕྱག་འཚལ་ཞིང་། །དྲང་སྲོང་རྣམས་ཀྱང་མཆོད་འགྱུར་ཏེ། །འཇིག་རྟེན་ཀུན་གྱི་མཆོད་རྟེན་ལགས། །བདག་ཀྱང་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སྨྲས་ཤིང་དྲང་སྲོང་ལ་བསྙེན་བཀུར་བྱས་ནས་དྲང་སྲོང་དེ་ཉིད་ཀྱང་རང་གི་གནས་སུ་སོང་ངོ་། །དེ་ནས་གཞོན་ནུ་དེ་ཉིད་ལྷ་ཁང་དུ་ཕྱིན་པ་དང་། ལྷ་རྣམས་ཀྱིས་ཀྱང་འདུད་ཅིང་ཕྱག་བཙལ་བས་ན་ལྷའི་ལྷ་ཞེས་ཀྱང་གྲགས་པར་གྱུར་ཏོ། །བཞི་པ་བཟོའི་གནས་ལ་མཁས་པའི་མཛད་པ་ནི། རོལ་རྩེད་ཀུན་གྱི་ཐོག་མར་ཡིག་དཔོན་ཀུན་གྱི་བཤེས་གཉེན་ལ་ཡི་གེ་སློབ་པར་བྱ་བའི་ཕྱིར། ཤཱཀྱའི་ཁྱེའུ་དང་བུ་མོ་སྟོང་ཕྲག་བཅུ་བཅུའི་འཁོར་དང་བཅས་ཏེ་ཕྱིན་པ་ལས། རྒྱལ་བུས་ཡིག་དཔོན་ལ་དྲིས་པ། ཀྱེ་སློབ་དཔོན། ཚངས་པའི་ཡི་གེའམ། ཁ་རོཥྚའི་ཡི་གེ་ལ་སོགས་པའི་ཡི་གེའི་གནས་དྲུག་ཅུ་རྩ་བཞི་གང་ལ་བསླབ་ཅེས་དྲིས་པས། སློབ་དཔོན་ཀུན་གྱི་བཤེས་གཉེན་ངོ་མཚར་དུ་གྱུར་ཏེ་བཞིན་གྱི་མདང་ཕྱུང་ནས། སེམས་ཅན་དག་པ་ངོ་མཚར་ཆེ། །བསྟན་བཅོས་ཀུན་ལ་བསླབས་གྱུར་ཀྱང་། །འཇིག་རྟེན་འཇིག་རྟེན་རྗེས་བསྙེག་ཕྱིར། །ཡི་གེའི་གྲྭར་ནི་བྱོན་པར་གྱུར། །ཡི་གེ་གང་གི་མིང་དག་ཀྱང་། །བདག་གིས་ཤེས་པར་མ་གྱུར་པ། །དེ་ལ་འདི་ནི་བྱང་གྱུར་ཀྱང་། །ཡི་གེ་སློབ་པའི་གྲྭར་བྱོན་ཏོ། །ཞེས་སྨྲས་སོ། །དེའི་ཚེ་བྱིས་པ་སུམ་ཁྲི་ཉིས་སྟོང་རིམ་གྱིས་བྱང་ཆུབ་ལ་སྨིན་པར་བྱས་སོ། །དེ་ནས་ཞིང་ལས་ཀྱི་མཐའི་སྐྱེད་མོས་ཚལ་དུ་ཤིང་འཛམ་བུའི་གྲིབ་མ་ལ་བསམ་གཏན་བཞི་ལ་མཉམ་པར་བཞག་པས། ཕྱི་རོལ་པའི་དྲང་སྲོང་རྫུ་འཕྲུལ་ཅན་མངོན་པར་ཤེས་པ་དང་ལྡན་པ་ལྔ་ཡིས་རྫུ་འཕྲུལ་འབྱིན་པར་མ་ནུས་ནས། བྱང་ཆུབ་སེམས་དཔའ་ལ་ཚིགས་སུ་བཅད་པ་དུ་མས་ཀྱང་བསྟོད་དོ། །དེའི་ཚེ་ཤིང་གཞན་གྱི་གྲིབ་མ་ཡོལ་ཀྱང་ཤིང་འཛམ་བུའི་གྲིབ་མ་མ་ཡོལ་བ་ལ་སྐྱེ་བོ་ཐམས་ཅད་ཡ་མཚན་དུ་གྱུར་ཅིང་། ཡབ་ཀྱང་ཤིན་ཏུ་དད་པར་གྱུར་ནས། ཐུབ་པ་གང་ཚེ་བལྟམས་པ་དང་། །གང་ཚེ་འོད་ལྡན་བསམ་གཏན་མཛད། །འདྲེན་པ་འདི་ལྟར་ལན་གཉིས་སུ། །མགོན་པོ་ཁྱོད་ཞབས་ཕྱག་འཚལ་ལོ། །ཞེས་ཕྱག་བྱས་སོ། །ལྔ་པ་བཙུན་མོའི་འཁོར་གྱིས་རོལ་པའི་མཛད་པ་ནི། དེ་ནས་ཤཱཀྱ་རྒན་རབས་རྣམས་ཀྱིས། རྒྱལ་པོ་ཟས་གཙང་མ་ལ་གསོལ་བ། གཞོན་ནུ་འདི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ལ། ཁྱིམ་ནས་མ་བྱུང་ན་ནི་མཐའ་བཞི་ལས་རྣམ་པར་རྒྱལ་བའི་འཁོར་ལོ་སྒྱུར་བའི་རྒྱལ་པོར་འགྱུར་བས་དེའི་སྲིད་དུ་བཙུན་མོ་བླང་བར་བགྱིའོ། །ཞེས་བསྐུལ་ནས་ཡབ་རྒྱལ་པོས། རྒྱལ་བུ་ལ་ཁབ་བཞེས་པར་ཞུ་བ་ཕུལ་བས། དགུང་བདུན་ནས་ལན་བྱའོ་ཞེས་གསུངས་ནས་འདི་སྙམ་དུ་སེམས་ཏེ། འདོད་པའི་སྐྱོན་ནི་བདག་གིས་མཐའ་ཡས་རིག །འཐབ་མོ་ཁོན་བཅས་མྱ་ངན་སྡུག་བསྔལ་རྩ། །འཇིགས་བྱེད་དུག་གི་ལོ་མ་འདྲ་བ་སྟེ། །མེ་དང་འདྲ་ཞིང་རལ་གྲིའི་སོ་དང་འདྲ། །འདོད་པའི་ཡོན་ཏན་བདག་འདོད་མ་ཡིན་ཏེ། །བདག་ནི་བུད་མེད་ཚོགས་དང་མཛེས་མ་ཡིན། །བསམ་གཏན་ཏིང་འཛིན་བདེ་བས་ཞི་སེམས་སུ། །བདག་ནི་མི་སྨྲ་ནགས་ཚལ་གནས་པར་བྱ། །སྙམ་དུ་ཐུགས་ཀྱིས་དགོངས་ནས། འདོད་པ་ལ་སྨོད་པའི་སྐྱོན་མང་དུ་གསུངས་ཤིང་། མ་གནང་བ་ལ་སླར་ཡང་ནན་ཆེར་གསོལ་བ་བཏབ་པས། བྱང་ཆུབ་སེམས་དཔའ་དེ་ཉིད་ཐབས་མཁས་པ་དང་སྙིང་རྗེ་ཆེན་པོའི་བསམ་པས་སྔོན་གྱི་སངས་རྒྱས་རྣམས་ཀྱིས་བཙུན་མོའི་ཚོགས་སྤངས་ནས་རབ་ཏུ་བྱུང་བའི་རྣམ་པར་ཐར་པ་ལ་བསླབ་པར་བྱ་བའི་ཕྱིར་ཁབ་བཞེས་པར་དགོངས་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འདམ་དང་ལྗན་ལྗིན་ཁྲོད་ནས་པདྨ་རྣམ་པར་འཕེལ། །མི་རྣམས་གང་བའི་ནང་ནས་རྒྱལ་པོས་མཆོད་པ་ཐོབ། །གང་ཚེ་བྱང་ཆུབ་སེམས་དཔའ་འཁོར་མཆོག་ཐོབ་གྱུར་པ། །དེ་ཚེ་སེམས་ཅན་བྱེ་བ་ཁྲག་ཁྲིག་འཆིང་བྱེད་འདུལ། །སྔོན་གྱི་བྱང་ཆུབ་སེམས་དཔའ་འམ་མཁས་མང་གང་བྱུང་བ། །དེ་དག་ཀུན་གྱིས་བཙུན་མོ་སྲས་དང་སླས་ཀྱང་བསྟེན། །འོན་ཀྱང་འདོད་པས་ཆགས་མེད་བསམ་གཏན་བདེ་མ་ཉམས། །བདག་ཀྱང་དེ་དག་ཡོན་ཏན་རྗེས་སུ་བསླབ་པར་བྱ། །གང་ལ་སྤྱོད་ལམ་ཡོན་ཏན་བདེན་པའི་ཚིག་མེད་པ། །བུད་མེད་ཕལ་པ་གང་ཡང་བདག་གི་ཚུལ་མཐུན་མིན། །གང་ཞིག་བདག་གི་སེམས་ནི་མངོན་པར་དགའ་བྱེད་ཅིང་། །བག་ཡོད་གཟུགས་དང་ན་ཚོད་རུས་རིགས་དག་པ་འོས། །དེས་ན་ཡོན་ཏན་ཚིགས་སུ་བཅད་དེ་ཡི་གེར་བྲི། །འདི་འདྲའི་བུ་མོ་མཆིས་ན་བདག་ལ་བཀའ་སྩོལ་ཅིག །སྐྱེ་བོ་ཕལ་པ་མ་བསྡམས་བདག་ལ་མཁོ་མ་ལགས། །ཡོན་ཏན་བརྗོད་པ་འདི་ལྡན་མཆིས་ན་བདག་སྩོལ་ཅིག །དར་ཅིང་གཟུགས་བཟང་ལྡན་ཡང་གཟུགས་ཀྱི་དྲེགས་དང་བྲལ། །ཕུ་ནུ་མ་ལ་བྱམས་ལྟར་བྱམས་པའི་སེམས་ལྡན་ཞིང་། །གཏོང་བ་དགའ་སྟེ་དགེ་སྦྱོང་བྲམ་ཟེའི་སྦྱིན་ཚུལ་ཅན། །དེ་འདྲའི་བུ་མོ་མཆིས་ན་ཡབ་ཀྱིས་བདག་རྩོལ་ཅིག །གང་ལ་ང་རྒྱལ་ཁེངས་དང་ཞེ་སྡང་མ་མཆིས་ཤིང་། །གཡོ་དང་ཕྲག་དོག་སྒྱུ་སྤངས་དྲང་བའི་ངང་ཚུལ་ཅན། །རྨི་ལམ་ན་ཡང་སྐྱེས་པ་གཞན་ལ་ཆགས་དང་བྲལ། །བདག་གི་ཁྱོས་ནི་ཆོག་འཚལ་རྟག་སྡོམ་བག་མཆིས་ལ། །རྒྱགས་པ་མ་མཆིས་མི་གཡེམ་ཟུང་ཐུབ་ཚུལ་འཆང་ཞིང་། །ང་རྒྱལ་མ་མཆིས་འགྱིང་དང་བྲལ་བས་བྲན་མོ་བཞིན། །སྒྲ་དྲི་རོ་ལ་མ་ཆགས་ཆང་ལའང་མ་ཆགས་ཏེ། །འདོད་བྲལ་བརྣབ་སེམས་མ་མཆིས་རང་གི་ནོར་གྱིས་འཚལ། །བདེན་ལ་གནས་ཤིང་མི་འཕྱར་གཡེམ་པ་མ་ལགས་པ། །ངོ་ཚའི་གོས་འཚལ་རྒོད་དང་ཁེངས་པ་མ་མཆིས་གནས། །ལྷ་དང་བཀྲ་ཤིས་མ་ཆགས་རྟག་ཏུ་ཆོས་ལ་བརྩོན། །ལུས་དང་ངག་དང་ཡིད་ཀྱི་དངོས་པོ་རབ་དག་པ། །གཉིད་དང་རྨུགས་པ་མི་མངའ་ང་རྒྱལ་གླེན་བྲལ་ཞིང་། །རྟོགས་དང་ལྡན་ལ་ལེགས་པའི་ལས་རྣམས་རྟག་སྤྱོད་དེ། །གྱོས་སྒྱུག་གཉིས་ལའང་སྟོན་པ་བཞིན་གྱི་རིམ་གྲོ་ལྡན། །བྲན་དང་བྲན་མོ་ཀུན་ལའང་བདག་བཞིན་བྱམས་བསྲེལ་བ། །སྨད་འཚོང་བཞིན་དུ་བསྟན་བཅོས་ཆོ་ག་འཚལ་ཞིང་མཁས། །སླད་ཀྱིས་ཉལ་ཞིང་སྔོན་དུ་མལ་ནས་ལྡང་བགྱིས་པ། །བྱམས་པས་རྗེས་སྙེགས་བཞིན་དུ་ཚུལ་འཆོས་མ་མཆིས་པ། །དེ་འདྲའི་བུ་མོ་མཆིས་ན་ཡབ་ཀྱིས་བདག་སྩོལ་ཅིག །ཅེས་ཡབ་ལ་ཞུས་པས། ཡབ་ཀྱིས་བུད་མེད་ཀྱི་ཡོན་ཏན་དེ་དག་ཡི་གེར་བྲིས་ནས་བྲམ་ཟེ་མདུན་ན་འདོན་རྣམས་ལ་བསྐུར་ཏེ། གཞོན་ནུ་འདི་ནི་རིགས་དོན་དུ་གཉེར་བ་མ་ཡིན་གྱིས། ཡོན་ཏན་དོན་དུ་གཉེར་བ་ཡིན་པས་གོང་གི་ཡོན་ཏན་རྣམས་དང་ལྡན་པའི་བུ་མོ་འཚོལ་དུ་བཏང་བ་ལས། དེས་ཀྱང་སེར་སྐྱའི་གྲོང་ཁྱེར་ཀུན་ཏུ་ཁྱབ་པར་ཕྱིན་ཏེ། རྒྱལ་རིགས་བྲམ་ཟེའི་བུ་མོ་དང་། །རྗེ་རིགས་དམངས་རིགས་དེ་བཞིན་ཏེ། །སུ་ལ་ཡོན་ཏན་འདི་ཡོད་པའི། །བུ་མོ་དེ་ནི་འདིར་འོན་ཅིག །ཅེས་ཡབ་ཀྱིས་སྨྲས་པ་ལྟར་བཙལ་བས་མ་རྙེད་པར། ཤཱཀྱ་ལག་ན་བེ་ཅོན་གྱི་ཁྱིམ་དུ་ཕྱིན་པ་དང་། དེའི་བུ་མོ་ཤཱཀྱ་ས་འཚོ་མ་ཞེས་བྱ་བ་བུ་མོ་མཛེས་ཤིང་ཡིད་དུ་འོང་བ་ཞིག་འདུག་པ་ན་རེ། བྲམ་ཟེ་ཁྱོད་ལ་དགོས་པ་ཅི་ཡོད་ཟེར་བ་ལ། བྲམ་ཟེས་སྨྲས་པ། ཟས་གཙང་སྲས་པོ་གཟུགས་ནི་མཆོག་ཏུ་མཛེས་གྱུར་ཅིང་། །སུམ་ཅུ་རྩ་གཉིས་མཚན་ལྡན་ཡོན་ཏན་གཟི་བརྗིད་ཅན། །དེ་ཡིས་བུད་མེད་རྣམས་ཀྱི་ཡོན་ཏན་ཡི་གེར་བྲིས། །སུ་ལ་ཡོན་ཏན་འདི་ཡོད་དེ་ཡི་ཆུང་མར་འོས། །ཞེས་སྨྲས་ནས་ཡི་གེ་དེ་དག་བུ་མོ་དེ་ལ་གཏད་པས། བུ་མོ་དེས་ཀྱང་ཡི་གེ་དེ་ཉིད་བཀླགས་ཏེ། བཞིན་འཛུམ་པ་དང་བཅས་པས། བྲམ་ཟེ་ཡོན་ཏན་འདི་དག་བདག་ལ་ཀུན་ཚང་གིས། །དེས་པའི་གཟུགས་ཅན་དེ་ནི་བདག་གི་ཁྱིམ་ཐབས་སོ། །གལ་ཏེ་གཞོན་ནུ་བཞེད་ན་ཕྱི་བཤོལ་མ་མཛད་གསུངས། །རྒྱ་ལ་སྐྱེ་བོ་ཕལ་དང་ཞུགས་པར་གྱུར་ཀྱང་གདའ། །ཞེས་སྨྲས་སོ། །དོན་དེ་དག་རྒྱལ་པོ་ལ་གསོལ་པས། བུད་མེད་ཕལ་ཆེར་ཡོན་ཏན་མེད་ཀྱང་ཡོད་པར་ཁས་ལེན་གྱིས། །གཞོན་ནུ་གང་ལ་ཆགས་པ་དེ་སྦྱིན་ནོ་སྙམ་ནས། ཞག་བདུན་ནས་བུ་མོ་ཐམས་ཅད་འདུ་ཁང་དུ་ཤོག་ཅིག །གཞོན་ནུའི་ཡིད་དུ་འོང་བའི་ཡོ་བྱད་དག་སྦྱིན་ནོ། །ཞེས་སྨྲས་ཏེ། ཞག་བདུན་གྱི་ཉིན་བུ་མོའི་ཚོགས་མང་པོ་འདུས་པ་ལ། གཞོན་ནུས་རྒྱན་ཆ་སྣ་རེ་བྱིན་ཞིང་། དེ་རྣམས་ཀྱིས་ཀྱང་གཞོན་ནུའི་གཟི་བརྗིད་མ་བཟོད་པར་མྱུར་བར་མྱུར་བར་སོང་བའི་རྗེས་ལ། ཤཱཀྱ་ས་འཚོ་མ་བྱུང་བ་དང་དེས་གཞོན་ནུའི་གཟི་བརྗིད་བཟོད་ཅིང་གཏམ་ཡང་བྱས། སོར་གདུབ་སྲང་བརྒྱ་སྟོང་དུ་མ་རི་བ་ཡོད་པ་ཡང་ཕུད་དེ་ས་འཚོ་མ་ལ་བྱིན་ནོ། །དེ་ནས་བྱ་ར་བདག་གིས་རྒྱལ་པོ་ལ་གཞོན་ནུ་ཉིད་ནི་ས་འཚོ་མ་ལ་སྤྱན་ཆགས་ཏེ་བཀའ་མཆིད་ཀྱང་ཅུང་ཟད་བགྱིས་སོ། །ཞེས་གསོལ་བ་དང་། ཡབ་རྒྱལ་པོས་ཕོ་ཉ་བ་བཏང་སྟེ། ཤཱཀྱ་ལག་ན་བེ་ཅོན་ལ་བུ་མོ་བསླངས་པས། ཤཱཀྱ་ལག་ན་བེ་ཅོན་ཅན་ན་རེ། གཞོན་ནུ་དེ་ནི་ཕོ་བྲང་ན་སྐྱིད་པར་འཁྲུངས་པ་ལགས་ན། བདག་གི་རིགས་ནི་སྒྱུ་རྩལ་ཤེས་པ་ལ་བུ་མོ་གཏོང་གི་གཞན་ལ་ནི་མ་ཡིན་ནོ་ཟེར་བ་ལ། གཞོན་ནུས་སྒྱུ་རྩལ་འགྲན་པར་ཁས་བླངས་པས། ཡབ་རྒྱལ་པོ་ཉིད་མཉེས་པ་གྱུར་ཏེ། དེ་ནས་ཞག་བདུན་གྱི་ཉིན་སྒྱུ་རྩལ་འགྲན་པར་གྲོང་ཁྱེར་ཐམས་ཅད་དུ་དྲིལ་བསྒྲགས་པ་དང་། ཤཱཀྱའི་གཞོན་ནུ་སྒྱུ་རྩལ་ལ་ཤིན་ཏུ་མཁས་པ་ལྔ་བརྒྱ་ཙམ་ཚོགས་པར་གྱུར་ནས་ས་འཚོ་མ་རྒྱལ་བའི་རུ་མཚོན་དུ་བཞག་སྟེ། སྒྱུ་རྩལ་སུ་རྒྱལ་བ་ཁྱེར་ཅིག་ཅེས་དམ་བཅས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའི་བཞོན་པར་གླང་པོ་ཆེ་དཀར་པོ་བོང་ཤིན་ཏུ་ཆེ་བ་ཞིག་གྲོང་ཁྱེར་དུ་ཁྲིད་པ་ལ། ཕྲག་དོག་དང་ང་རྒྱལ་གྱིས་ལྷ་སྦྱིན་གྱིས་ཐལ་མོ་བསྣུན་ནས་བསད་ཅིང་། མཛེས་དགའ་བོས་གྲོང་ཁྱེར་གྱི་སྒོ་དྲུང་ནས་གུད་དུ་བོར། དེ་བྱང་ཆུབ་སེམས་དཔས་ཤིང་རྟ་ལ་མ་བབས་བཞིན་དུ་ཞབས་ཀྱི་མཐེ་བོང་གཅིག་གིས་བླངས་ནས་ར་བ་བདུན་དང་འོབས་བདུན་གྱི་ཕྱིར་རྒྱང་གྲགས་གཅིག་ཙམ་དུ་འཕངས་པས། ས་གཞི་དམའ་གཤོང་སྟེ་གྱུར་པ་ལ། རྒྱ་གར་གླང་པོའི་གཤོང་ཞེས་གྲགས་སོ། །དེ་ལྟར་ཡང་། གླང་པོའི་དབང་པོ་རྡོ་རྗེ་ལྟར་འགྲོ་བ། །ཞབས་ཀྱི་མཐེ་བོང་གཅིག་གིས་བླངས་ནས་ཀྱང་། །ར་བ་བདུན་དང་འོབས་བདུན་ཡོངས་འདས་ནས། །གྲོང་ཁྱེར་དེ་ཡི་ཕྱི་རོལ་རྒྱང་རིང་འཕངས། །ཞེས་སོ། །གཞན་ཡང་སློབ་དཔོན་པ་ཀུན་གྱི་བཤེས་གཉེན་དང་། ཤཱཀྱའི་སྲིད་སྒྲུབ་དཔང་དུ་བཞག་སྟེ། ཡི་གེ་དང་། རྩིས་དང་། མཆོངས་དང་། རྒྱལ་དང་། བང་དང་། སྟོབས་ལ་སོགས་པའི་སྒྱུ་རྩལ་རྣམས་འགྲན་པས་བྱང་ཆུབ་སེམས་དཔའ་མཆོག་ཏུ་གྱུར་ཅིང་། ཁྱད་པར་དུ་མདའ་འཕོངས་གི་སྦྱོར་བ་ལ་འགྲན་པའི་ཚེ། དགའ་བོས་རྒྱང་གྲགས་གཉིས། ལྷས་བྱིན་གྱིས་བཞི། མཛེས་དགའ་བོས་དྲུག །ལག་ན་བེ་ཅོན་གྱིས་དཔག་ཚད་གཉིས་ཀྱི་ཕ་རོལ་ཏུ་ལྕགས་སླང་རེ་རེ་འབེན་དུ་བཙུགས་པ་ལ། རང་རང་གི་འབེན་ལ་ཕོག་ཅིང་དེ་ཡན་ཆད་ལ་མ་ཕོག་གོ། །བྱང་ཆུབ་སེམས་དཔའ་ཉིད་ཀྱིས། བེ་ཅོན་གྱི་འབེན་ས་ནས་རྒྱང་གྲགས་བཅུའི་ཕ་རོལ་ཏུ་ལྕགས་ཀྱི་སླ་ང་གཅིག །ཤིང་ཏ་ལའི་སྡོང་པོ་བདུན། ལྕགས་ཀྱི་ཕག་རྒོད་ཀྱི་གཟུགས་གཅིག་བཙུགས་ཏེ། ལྷ་ཁང་ནས་མེས་སེང་གེ་འགྲམ་གྱི་གནམ་རུ་བླངས་ཏེ་ཕྱེད་ཀྲུང་དུ་འདུག་པས། གཞུ་སོར་མོ་གཅིག་གིས་བདུངས་ཏེ་མདའ་འཕངས་པས་འབེན་ཐམས་ཅད་ལས་ཐལ་ཏེ། མདའ་ས་ལ་ནུབ་པའི་རྗེས་སུ་ཆུ་རྡོལ་བ་ལ་མདའ་ཆུ་ཁྲོན་པ་སྐྱེས་ཞེས་གྲགས་སོ། །དེ་ལྟར་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་སོགས་པ་ཐམས་ཅད་ལའང་བྱང་ཆུབ་སེམས་དཔའ་འབའ་ཞིག་ཁྱད་པར་དུ་འཕགས་པར་གྱུར་ནས། ཤཱཀྱ་ལག་ན་བེ་ཅོན་ཅན་གྱིས་རང་གི་བུ་མོ་ས་འཚོ་མ་བྱང་ཆུབ་སེམས་དཔའ་ལ་ཕུལ་ཏེ། བྱང་ཆུབ་སེམས་དཔས་ས་འཚོ་མ་བཙུན་མོ་བརྒྱད་ཁྲི་བཞི་སྟོང་གི་ནང་ནས་མཆོག་ཏུ་དབང་བསྐུར་ནས། བྱང་ཆུབ་སེམས་དཔའ་ཉིད་བཙུན་མོའི་ཚོགས་དང་རོལ་ཅིང་། དགུང་ལོ་ཉི་ཤུ་རྩ་དགུའི་བར་དུ་དགའ་མགུར་སྤྱད་དོ། །དྲུག་པ་ངེས་པས་འབྱུང་བ་སྟེ་རབ་ཏུ་བྱུང་བའི་མཛད་པ་ནི། དེའི་ཚེ་བྱང་ཆུབ་སེམས་དཔའ་ཉིད་དུས་ལས་མི་འདའ་ཡང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐུལ་བ་ཆོས་ཉིད་ཡིན་པས། དེ་དག་གིས་བྱིན་གྱིས་བརླབས་པའི་རོལ་མོའི་སིལ་སྙན་གྱི་སྒྲ་ལས་བྱུང་བའི་ཚིགས་སུ་བཅད་པ་འདི་དག་གིས་བསྐུལ་ཏེ། སྡུག་བསྔལ་བརྒྱས་གང་སེམས་ཅན་མཐོང་ནས་ནི། །འགྲོ་བའི་མགོན་དང་སྐྱབས་དང་གནས་གྱུར་ཅིང་། །ཕན་བྱེད་མཆོག་དང་དཔུང་གཉེན་གྱུར་ཅིག་ཅེས། །ཁྱོད་ཀྱིས་སྔོན་ནི་སྨོན་ལམ་དེ་སྐད་བཏབ། །དགེ་བ་དཔའ་བོ་སྔོན་གྱི་སྤྱོད་པ་དང་། །འགྲོ་ཕན་བྱ་ཞེས་སྨོན་ལམ་དྲན་པར་བྱོས། །འདི་ནི་ཁྱོད་ཀྱི་དུས་དང་ཚོད་ཡིན་གྱིས། །དྲང་སྲོང་མཆོག་རབ་མངོན་པར་འབྱུང་བར་བྱོས། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་དུ་མས་བསྐུལ་ཞིང་། ལྷའི་བུ་ཕྲག་སུམ་ཅུ་རྩ་གཉིས་ཀྱིས་ཀྱང་བསྐུལ་ལོ། །དེ་ནས་གྲོང་ཁྱེར་གྱི་ཕྱི་རོལ་དུ་སྐུ་འཆག་ཏུ་བྱོན་པས། ཉིད་ཀྱི་མཐུས་གནས་གཙང་མའི་ལྷའི་བུས་འདི་དག་སྤྲུལ་ཏེ། ཤར་སྒོ་རྒས་པའི་སྡུག་བསྔལ། ལྷོ་སྒོར་ན་བའི་སྡུག་བསྔལ། ནུབ་སྒོར་འཆི་བའི་སྡུག་བསྔལ་གྱིས་མནར་བ་རྣམས་དང་། བྱང་སྒོར་དགེ་སློང་ཞི་བ་དུལ་བ་ལ་སོགས་པ་དགེ་སློང་གི་ཆོས་རྣམས་དང་ལྡན་པ་ཞིག་མཐོང་བའི་རྐྱེན་གྱིས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འདོད་པ་ལ། ཡབ་ཀྱི་མ་གནང་བར་མི་རིགས་སོ་སྙམ་ནས། ཡབ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་གཅིག་བདག་ནི་མངོན་པར་འབྱུང་བའི་དུས་བབ་རིག །གེགས་ཀྱང་མ་མཛད་མི་དགྱེས་པ་ཡང་མ་མཛད་ཅིག །རྒྱལ་པོ་གཉེན་བཅས་ཡུལ་འཁོར་བཅས་ཏེ་བཟོད་པར་མཛོད། །ཅེས་གསོལ་པས། རྒྱལ་པོ་མཆི་མས་མིག་གང་བཞིན་པས། བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཅིའི་ཕྱིར་རབ་ཏུ་འབྱུང་། ཡིད་ལ་འདོད་པ་གང་ཡིན་པ་སྨྲོས་ཤིག་སྦྱིན་པར་བྱའོ། །ཞེས་སྨྲས་པས། བྱང་ཆུབ་སེམས་དཔའི་ཡབ་ལ་གསོལ་བ། ལྷ་གཅིག་དམ་པ་བཞི་འཚལ་དེ་ནི་བདག་ལ་སྩོལ། །གལ་ཏེ་སྩལ་བར་སྤྱོད་ན་ཟླ་ནི་ཁྱོད་ལ་མཆིས། །འོན་ཀྱང་རྟག་ཏུ་ཁྱིམ་ན་གཟིགས་ཤིང་འབྱུང་མི་འགྱུར། །ལྷ་གཅིག་བདག་ལ་རྒས་པས་ཚུགས་པར་མི་འགྱུར་འཚལ། །རྟག་ཏུ་མདོག་བཟང་དར་ལ་བབ་པར་གནས་པ་དང་། །ནད་མ་མཆིས་པ་ཐོབ་ཅིང་ནད་ཀྱིས་མི་བཏབ་དང་། །འཚེ་བ་མ་མཆིས་པ་དང་རྒུད་པ་མི་འགྱུར་འཚལ། །ཞེས་ཞུས་པས་རྒྱལ་པོ་ཉམ་ཐག་བཞིན་པས་གནས་མ་ཡིན་པ་དེ་ལྟ་བུ་སྟེར་བའི་མཐུ་བདག་ལ་མེད་དོ། །ཞེས་སྨྲས་པས། བྱང་ཆུབ་སེམས་དཔའི་ཡང་གསོལ་པ། ལྷ་གཅིག་གལ་ཏེ་མཆོག་བཞི་འདི་དག་མི་སྩོལ་ན། །གཞན་ཡང་མཆོག་གཅིག་གསོལ་གྱིས་རྒྱལ་པོ་གསན་དུ་གསོལ། །འདི་ནས་ཤི་འཕོས་ཉིང་མཚམས་སྦྱོར་བ་མི་འགྱུར་མཛོད། །ཅེས་སྨྲས་པས། ཡབ་རྒྱལ་པོ་ཐུགས་ཁོ་ཐག་ཆོད་དེ་ཁྱེད་ཀྱི་བསམ་པ་རྣམས་ནི་ཡོངས་སུ་རྫོགས་གྱུར་ཅིག །ཅེས་གནང་བ་བྱིན་ནས། བྱང་ཆུབ་སེམས་དཔའ་ཉིད་རང་གི་གནས་སུ་སོང་ངོ་། །དེ་ནས་རྒྱལ་པོས་ཀྱང་དོན་དེ་རྣམས་ཤཱཀྱ་རྣམས་ལ་བསྙད་པས། ཤཱཀྱ་རྣམས་ན་རེ་འདི་ནི་དམག་གིས་བསྲུང་བར་བྱའོ་ཞེས་གྲོས་ཏེ། གྲོང་ཁྱེར་གྱི་སྒོ་བཞི་རེ་རེར་ཤཱཀྱ་གཞོན་ནུ་ལྔ་བརྒྱ་ལྔ་བརྒྱ། དེ་རེ་རེ་ལའང་འཁོར་ཤིང་རྟ་ལྔ་བརྒྱ་ལྔ་བརྒྱ། ཤིང་རྟ་རེ་རེ་ལའང་དཔུང་བུ་ཆུང་ལྔ་བརྒྱ་དང་བཅས་པ་བཀོད་ཅིང་། ཤཱཀྱ་རྒན་རབས་རྣམས་ཀྱང་ལམ་གྱི་སུམ་མདོ་དང་བཞི་མདོར་འཁོད་ལ་རྒྱལ་པོ་ཟས་གཙང་ཡང་མེལ་ཚེ་བྱེད་དོ། །བཙུན་མོའི་ཚོགས་རྣམས་ཀྱིས་ཀྱང་གླུ་དབྱངས་དང་རོལ་མོ་ལ་སོགས་པའི་འདོད་ཡོན་གྱིས་བྱང་ཆུབ་སེམས་དཔའི་ཐུགས་འདྲིད་པར་བྱེད་དོ། །དེའི་ཚེ་དཀར་པོའི་ཕྱོགས་ཀྱི་ལྷ་རྣམས་ཀྱིས་ཀྱང་བཙུན་མོའི་ཚོགས་དང་། གཞོན་ནུ་སྲུང་བར་བྱེད་པ་ཤཱཀྱའི་ཚོགས་དང་། མདུན་ན་འདོན་རྣམས་གཉིད་ཀྱིས་མྱོས་པར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་ཁང་པའི་སྟེང་དུ་སོང་སྟེ། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ་བལྟས་པས། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཉི་ཟླ་གཉིས་ཀྱང་ཕྱག་འཚལ་ཞིང་འདུག་པ་མཐོང་ཞིང་། སྐར་མའི་བདག་པོ་རྒྱལ་ཡང་ནམ་ཕྱེད་ནས་ཤར་བ་མཐོང་ནས། འདུན་པ་ལ་ང་ལ་རྟ་བྱིན་ཅིག་ཅེས་གསུངས་པ་ལ། འདུན་པས་གང་དུ་བཞུད་ཅེས་སྨྲས་པས། མངོན་པར་འབྱུང་བའོ་ཞེས་གསུངས་པ་ལ། འདུན་པས་ལན་མང་དུ་བཟློག་ཀྱང་། འདོད་པའི་ཉེས་དམིགས་མང་དུ་གསུངས་ཏེ་མ་བཟློག །དུས་མ་ལགས་སོ་ཞེས་ཞུས་པས། སེམས་ཅན་རྣམས་ཀྱི་དོན་ནི་འཚོལ་བ་ན། །བྱང་ཆུབ་རྒ་ཤི་མེད་པའི་གནས་ཐོབ་ནས། །འགྲོ་བ་སྒྲོལ་བར་ང་ཡིས་ཡུན་རིང་ནས། །སྨོན་ལམ་བཏབ་པ་དེ་ཡི་དུས་ལ་བབ། །ཅེས་སྨྲས་ཏེ་བརྒྱ་བྱིན་གྱིས་སྒོ་ཕྱེ། འདུན་པས་བསྔགས་ལྡན་བརྒྱན་ཏེ་ཕུལ་བ་ལ་ཆིབས་ནས། རྒྱལ་ཆེན་བཞིས་བཏེག་ནས་ནམ་མཁའ་ལ་བྱོན་ཏེ་ཚངས་པ་དང་བརྒྱ་བྱིན་གྱིས་ལམ་བསྟན། འོད་ཀྱིས་མུན་པ་གསལ། མཆོད་པ་སྣ་ཚོགས་དང་བཅས་ཏེ། མཆོད་རྟེན་རྣམ་དག་གི་དྲུང་དུ་ཉིད་ཀྱིས་གཙུག་ཕུད་བཅད་དེ་རང་བྱུང་གི་བསྙེན་པར་རྫོགས་པར་མཛད་དོ། །དེའི་ཚེ་རབ་བྱུང་གི་ཚུལ་དང་མཐུན་པའི་གོས་ཤིག་རྙེད་ན་རུང་སྙམ་པ་དང་། གནས་གཙང་མའི་ལྷ་རྔོན་པའི་གཟུགས་སུ་སྤྲུལ་པས་གོས་ངུར་སྨྲིག་ཕུལ་ལོ། །བྱང་ཆུབ་སེམས་དཔས་ཀྱང་ཀ་ཤི་ཀའི་གོས་རྣམས་དེ་ལ་བྱིན་པས་བླངས་ནས་སྤྱི་བོར་བཞག་སྟེ། མཆོད་པའི་ཕྱིར་ལྷའི་འཇིག་རྟེན་དུ་སོང་ངོ་། །འདུན་པས་རྟ་དང་རྒྱན་རྣམས་ཁྱེར་འོངས་ནས། རྒྱལ་པོ་དང་བཙུན་མོའི་འཁོར་ཐམས་ཅད་དང་ཤཱཀྱའི་ཚོགས་ཐམས་ཅད་ཀྱི་མྱ་ངན་བསངས་པའི་གཏམ་སྨྲས་པར་གྱུར་ཏོ། །བདུན་པ་དཀའ་བ་སྤྱད་པའི་མཛད་པ་ནི། དྲང་སྲོང་རིང་འཕུར་དང་ལྷག་སྤྱོད་གཉིས་ལ། ཅི་ཡང་མེད་པ་དང་སྲིད་རྩེའི་སེམས་དག་མངོན་དུ་མཛད་ནས། བརྟུལ་ཞུགས་ངན་པས་དག་པར་འཛིན་པའི་ཕྱི་རོལ་པ་དག་སུན་དབྱུང་བར་བྱ་བའི་ཕྱིར། ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་བྱོན་ནས་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། ཏིལ་འབྲུ་གཅིག་དང་། རྒྱ་ཤུག་འབྲུ་གཅིག་དང་། འབྲས་འབྲུ་གཅིག་ལ་བརྟེན་ནས་ལོ་དྲུག་ཏུ་དཀའ་བ་སྤྱད་ཅིང་དབུགས་ཀྱི་རྒྱུ་བ་བཅད་ནས་བཞུགས་སོ། །དེའི་བར་ལའང་ལྷ་མི་ཁྲག་ཁྲིག་ཕྲག་བཅུ་གཉིས་ཐེག་པ་གསུམ་ལ་སྨིན་པར་བྱས་སོ། །བརྒྱད་པ་བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་ནི་གྲོང་པའི་བུ་མོ་ལེགས་སྐྱེས་མས། བ་མཆོག་སྟོང་གི་འོ་མ་འབྲུ་དང་སྦྲང་རྩིར་བཅས་པ་ཕུལ་བ་གསོལ་བས་ལུས་མཐུ་དང་ལྡན་པར་བྱས་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་ཆས་པར་གྱུར་ཏོ། །དེའི་ཚེ་སྟོང་གསུམ་གྱིས་བདག་པོ་དབང་བསྐུར་གྱིས་འཁོར་རྣམས་ལ་བྱང་ཆུབ་སེམས་དཔའ་དོ་ནུབ་བྱང་ཆུབ་སྙིང་པོར་གཤེགས་ཀྱིས་མཆོད་པའི་ལས་གྱིས་ཤིག །ཅེས་བསྒོ་ནས་མཆོད་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་སྤྲུལ་ལོ། །དེ་ནས་བྱང་སེམས་ཉ ིད་འབྱོན་པའི་ལམ་གྱི་གཡས་ངོས་ན། རྩྭ་འཚོང་བཀྲ་ཤིས་རྩྭ་རྔ་བ་ལ། བཀྲ་ཤིས་རྩྭ་དག་ང་ལ་མྱུར་དུ་བྱིན། །དེ་རིང་ང་ལ་རྩྭས་ནི་དོན་ཆེན་འགྱུར། །དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་དམ་པར་ཞི་བ་རེག་པར་འགྱུར། །ཞེས་གསུངས་པ་དང་། དེས་ཀྱང་རྩྭ་སྔོ་འཇམ་ཡིད་དུ་འོང་བ་ཕུལ་ཏེ། དེ་ཁྱེར་ནས་བྱང་ཆུབ་ཀྱི་ཤིང་ལ་ལན་བདུན་བསྐོར་བ་བྱས་ནས། རྩྭའི་རྩེ་མོ་ནང་ལ་བསྟན་རྩ་བ་ཕྱིར་བསྟན་ནས་བཏིངས་པའི་སྟེང་དུ་ཞལ་ཤར་ཕྱོགས་སུ་བལྟས་ཏེ་འདུག་ནས་ལུས་དྲང་པོར་བསྲངས་དྲན་པ་མངོན་དུ་བཞག་ནས། སྟན་འདིར་བདག་གི་ལུས་ཀུན་བསྐམས་ཀྱང་རུང་། །པགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་བྱང་ཆུབ་མ་ཐོབ་བར་ལ་སྐྱིལ་ཀྲུང་མི་བཤིག་པའི་དམ་བཅའ་མཛད་དོ། །དེའི་ཚེ་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་བསྲུང་བའི་ཕྱིར་ཕྱོགས་བཅུར་འཁོད་དོ། །བྱང་ཆུབ་སེམས་དཔས་ཀྱང་བྱང་ཆུབ་སེམས་དཔའ་བསྐུལ་བ་ཅེས་བྱ་བའི་འོད་ཟེར་བཀྱེ་སྟེ་ཞིང་ཁམས་དཔག་མེད་སྣང་བར་བྱས་ནས། བྱང་ཆུབ་སེམས་དཔའ་མང་པོ་འདུས་ནས་མཆོད་པ་བྱེད་དོ། །དགུ་པ་བདུད་བཏུལ་བའི་མཛད་པ་ནི། དེ་ཡང་བདུད་མ་སྦྲན་པར་འཚང་རྒྱ་བར་མི་རིགས་སྙམ་སྟེ། སྨིན་མཚམས་ནས་བདུད་ཀྱི་དཀྱིལ་འཁོར་རྣམ་པར་འཇོམས་པ་ཞེས་བྱ་བའི་འོད་ཟེར་བཀྱེ་ནས། བདུད་ཀྱི་གནས་མོག་པོར་བྱས་པ་དང་། བདུད་སྡིག་ཅན་གྱིས་བདུད་ཀྱི་དཔུང་མི་ཁྲག་ཁྲིག་ཕྲག་གཅིག་བསྡུས་ཏེ་ཆོ་འཕྲུལ་སྣ་ཚོགས་སྟོན་ཅིང་། མཚོན་ཆ་སྣ་ཚོགས་འཕངས་པ་རྣམས་མེ་ཏོག་གི་ཆར་དུ་གྱུར་ཅིང་། བདུད་ཀྱིས་རྒྱུ་བསོད་ནམས་ཀྱི་ཚོགས་ལ་སྐུར་པ་བཏབ་པའི་ཚེ། སའི་ལྷ་མོ་ལ་དཔང་གསོལ་ཏེ། སའི་ལྷ་མོས་དཔང་པོ་བྱས་པས། བདུད་རྣམས་སྐྱེངས་ནས་བྱེར་བར་གྱུར་ཅིང་། བདུད་ཀྱི་བུ་མོ་རྣམས་ཀྱིས་གཡོ་སྒྱུས་ཀྱང་བསླུར་མ་ཚུགས་པར། བདུད་ཀྱི་དཔུང་རྣམས་འཐོར་ནས་ཞག་བདུན་དུ་འཕྲད་པར་མ་གྱུར་ཏོ། །དེའི་ཚེ་བདུད་ཀྱི་རིས་ཀྱི་ལྷའི་བུ་མང་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བཅུ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་ནི། དེ་ནས་བྱང་ཆུབ་སེམས་དཔས་བསམ་གཏན་བཞི་དང་། རིག་པ་གསུམ་བསྐྱེད་ནས། ནམ་གྱི་ཆ་སྨད་སྐྱ་རེངས་འཆར་ཁ་རྔ་བརྡུང་བའི་ཚོད་ཙམ་ན་རྟེན་འབྲེལ་བཅུ་གཉིས་དང་བདེན་པ་བཞིའི་དོན་ཁོང་དུ་ཆུད་ནས། སྐད་ཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་སོ། །རྒྱུད་འདི་ཉིད་ནས་བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་མ་སྨོས་པར། སྐབས་འདིར་ཆོ་འཕྲུལ་ཆེན་པོ་སྟོན་པ་དང་། ཞེས་པས་ཆོ་འཕྲུལ་ཆེན་པོ་སྟོན་པའི་མཛད་པ་ནི། དེ་ནས་སངས་རྒྱས་ཀྱི་མཛད་པ་ནི། ཤིང་ཏ་ལ་བདུན་སྲིད་དུ་འཕགས་ཏེ། ལམ་གྱི་རྒྱུན་ནི་ཆད་དོ་ཞེས་པ་ལ་སོགས་པའི་ཆེད་དུ་བརྗོད་པ་བརྗོད་དོ། །ལྷ་རྣམས་ཀྱིས་ཀྱང་མེ་ཏོག་པུས་ནུབ་ཙམ་གཏོར་ཏེ་མཆོད་ཅིང་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས། ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཆོས་ཉིད་དགའ་བས་དབང་བསྐུར། ཕྱག་བརྐྱངས་ཏེ། བདག་ཅག་ཇི་ལྟར་བྱང་ཆུབ་ཐོབ་ལྟར་ཁྱོད་སངས་རྒྱས། །དཔེར་ན་མར་གྱི་ཉིང་ཁུ་མཚུངས་འདྲ་ཞིང་། །ཞེས་པས་སོགས་པ་གསུངས་ཤིང་ལུང་བསྟན་ཀྱང་ཆེད་དུ་བརྗོད་པ་མཛད་དོ། །དེ་ལྟར་ཆོས་སྣང་བའི་ཆོ་འཕྲུལ་མཐའ་ཡས་པ་བསྟན་ནས་བསྟན་པ་ཤིན་ཏུ་རྒྱས་པར་མཛད་དོ། །བཅུ་གཅིག་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི་དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས། ཞག་བདུན་ཕྲག་དང་པོ་ལ་སྐྱིལ་མོ་ཀྲུང་མ་བཤིག་པར་བྱང་ཆུབ་ཀྱི་ཤིང་ལ་གཟིགས། གཉིས་པ་ལ་སྟོང་གསུམ་རྒྱང་རིང་དུ་འཆག །གསུམ་པ་ལ་བྱང་ཆུབ་ཀྱི་སྙིང་པོར་སྤྱན་མི་འཛུམ་པར་གཟིགས། བཞི་པ་ལ་ཤར་ནུབ་ཀྱི་རྒྱ་མཚོའི་བར་དུ་རྒྱང་མི་རིང་བར་འཆག །དེའི་ཚེ་བདུད་ཀྱིས་མྱ་ངན་ལས་འདའ་བར་གསོལ་བ་བཏབ་ཀྱང་། གདུལ་བྱའི་དོན་མ་གྲུབ་བར་དུ་མི་འདའ་འོ་ཞེས་གསུངས་པས་བདུད་མྱ་ངན་དུ་མས་བཅིངས་ཏེ། བུ་མོ་དགའ་མ་ལ་སོགས་པ་དྲུང་དུ་སོང་བས་ན་རྒན་མོར་མཛད་དོ། །ལྔ་པ་ལ་ཡུལ་ངན་ཆེན་པོ་བྱུང་སྟེ་ཀླུ་བཏང་བཟང་གི་གནས་སུ་བཞུགས། དྲུག་པ་ལ་ཤིང་ནྱ་གྲོ་དྷར་སྐྱོང་དུ་བཞུད་དེ། ཀུན་ཏུ་རྒྱུ་ལ་སོགས་པ་རྣམས་ལ། ཆོས་ཐོས་པ་དང་མཐོང་བ་དང་། །དབེན་པར་དགའ་བ་བདེ་བ་ཡིན། །སྲོག་ཆགས་འབྱུང་པོ་རྣམས་ལ་གདམས། །གནོད་པ་མི་བྱེད་འཇིག་རྟེན་བདེ། །ཞེས་པ་ལ་སོགས་པ་གསུངས་སོ། །བདུན་པ་ལ་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་ཏེ། ཚོང་པ་ག་གོན་དང་བཟང་པོས་སྦྲང་རྩི་ལ་སོགས་པ་ཕུལ་བ། རྒྱལ་ཆེན་བཞིས་རིན་པོ་ཆེའི་ལྷུང་བཟེད་བཞི་ཕུལ་བ་མ་བཞེས་པར། རྡོའི་ལྷུང་བཟེད་བཞི་མེ་ཏོག་གི་བཀང་བ་ཕུལ་བ་གཅིག་ཏུ་བྱིན་གྱིས་བརླབས་པར་བཞེས་ཏེ། དེ་གཉིས་ཀྱི་བསོད་སྙོམས་ཀྱང་གསོལ་ནས། ལྷ་ཡི་བཀྲ་ཤིས་དོན་གྲུབ་ཅིང་། །ཕྱོགས་རྣམས་བཀྲ་ཤིས་བྱེད་པ་དེས། །ཁྱེད་ཀྱི་དོན་རྣམས་གྲུབ་གྱུར་ཅིག །ཐམས་ཅད་མྱུར་དུ་མཐུན་པར་ཤོག །ཅེས་པ་ལ་སོགས་པའི་ཤིས་པ་བརྗོད་དེ། སྦྲང་རྩི་འབྱུང་བ་ཞེས་བྱ་བའི་རྒྱལ་བར་ལུང་བསྟན་ནོ། །དེ་ནས་སྟོན་པ་ཐུགས་ལས་ཆུང་ངུར་བཞུགས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པའི། །མི་སྨྲ་ནགས་འདབ་གནས་པར་བྱའོ་སྙམ། །ཞེས་སོགས་གསུངས་ཤིང་། འཇིག་རྟེན་ཀུན་ལ་སྙིང་རྗེ་མཐའ་ཡས་པ། །གཞན་གྱི་གསོལ་བཏབ་ནའང་ང་མི་བསྟོད། །སྐྱེ་བོ་འདི་དག་ཚངས་ལ་དད་པ་སྟེ། །དེ་ཡི་གསོལ་བ་བཏབ་ན་འཁོར་ལོ་བསྐོར། །ཞེས་གསུངས་ཏེ་འོད་ཟེར་བཀྱེ་བས། སྟོང་གསུམ་གྱི་བདག་པོ་ཚངས་པ་གཙུག་ཕུད་ཅན་གྱིས་ཤེས་ནས་གྲོགས་སྦྲན་ཏེ། ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་དང་བཅས་པས་ཐལ་མོ་སྦྱར་ཏེ། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབས་ནས་ནི། །ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་བཀྱེ་མཛད་དེ། །ཡེ་ཤེས་ཟེར་གྱིས་མི་ཡི་པདྨ་ཁ་འབྱེད་པ། །སྨྲ་བའི་ཉི་མ་འདི་རིང་ཅི་སླད་བཏང་སྙོམས་བཞུགས། །ཞེས་པ་ལ་སོགས་པས་བསྐུལ་བས་ཅང་མི་གསུང་བར་སྣང་ཞིང་། ཡང་སྟོན་པ་ཐུགས་ལས་ཆུང་བ་ལ་གཞོལ་བ་ལ། ཚངས་པས་བརྒྱ་བྱིན་སྦྲན་ཏེ། བརྒྱ་བྱིན་དང་། ཚངས་པ་དང་། ས་ལྷ་བར་སྣང་གི་ལྷ་དང་། འདོད་ཁམས་ལྷ་རིགས་དྲུག་དང་། གཟུགས་ཁམས་ཀྱི་གནས་གཙང་མའི་བར་རེ་རེ་ནས་ཀྱང་། ལྷའི་བུ་བརྒྱ་སྟོང་མང་པོས་ཤིང་སྒྲོལ་རྒྱུའི་དྲུང་དུ་སྣང་བར་བྱས་ནས་དེ་བཞིན་གཤེགས་པའི་དྲུང་དུ་སོང་ངོ་། །དེའི་ཚེ་བརྒྱ་བྱིན་གྱིས་ཞུས་པ། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ་བ་ལགས། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཞེས་གསོལ་བ་བཏབ་པས་ཀྱང་ཅང་མི་གསུང་བ་དང་། ཡང་ཚངས་པས་གསོལ་བ་བཏབ་པ་ལ། དེ་བཞིན་གཤེགས་པས། སྐྱེ་རྒུ་འདོད་པ་རྣམས་ཀྱིས་བཅིངས། །རྒྱུན་གྱི་རབ་ཏུ་འདས་པ་ཡིན། །ངས་ནི་ཚེགས་ནི་ཆེན་པོས་རྙེད། །དེ་ལྟ་བས་ན་བསྟན་མི་ཕན། །ཞེས་གསུངས་སོ། །ཡང་སྟོན་པ་ཐུགས་ལས་ཆུང་བ་ལ་བཞུགས་པས་མི་དགེ་བའི་ལྟས་བྱུང་བ་ལ། ཚངས་པས། མ་ག་དྷ་འདིར་སྔོན་ཆོས་མ་དག་པ། །དྲི་མར་བཅས་པའི་སེམས་དཔའི་སྨྲ་བ་བྱུང་། །དེ་སླད་ཐུབ་པའི་བདུད་རྩི་སྒོ་དབྱེ་གསོལ། །དྲི་མེད་སངས་རྒྱས་ཆོས་ནི་ཉན་ཞིང་མཆིས། །ཞེས་ནན་ཏན་དུ་གསོལ་བ་བཏབ་པས། དེ་བཞིན་གཤེགས་པས་མ་ངེས་པའི་སེམས་ཅན་ལ་གཟིགས་ནས་ཐུགས་རྗེ་ཆེན་པོ་བསྐྱེད་དེ་ཚངས་པ་ལ་བཀའ་སྩལ་པ། ཚངས་པ་མ་ག་དྷ་ཡི་སེམས་ཅན་གང་། །རྣ་བ་ལྷ་ཞིང་དང་དང་ལྡན་གྱུར་ལ། །མི་ཚེ་འདུ་ཤེས་རྟག་ཏུ་ཆོས་ཉན་པས། །དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེའོ། །ཞེས་ཆོས་གསུང་བར་ཞལ་གྱིས་བཞེས་སོ། །དེ་ནས་ཝཱ་ར་ཎཱ་སཱིར་བྱོན་པས། ལྔ་སྡེས་མཐོང་ནས་དགེ་སྦྱོང་གོའུ་ཏ་མ་ཁྲིམས་ལྷོད་པ། མང་དུ་ཟ་བ། སྤོང་བ་ལ་ཉེས་པ་འདི་འོང་གི་སུས་ཀྱང་འདི་བསུ་བར་མི་བྱའོ། །ཞེས་པ་ལ་སོགས་པའི་ནང་ཁྲིམས་བཅས་ཏེ་ཀུན་ཤེས་ཀྱི་སེམས་ཀྱིས་ཁས་མ་བླངས་སོ། །དེ་ནས་སྟོན་པ་བྱོན་པས་ལྔ་སྡེས་མ་བཟོད་ནས་ནང་ཁྲིམས་བྲལ་ཏེ་སྟན་ལས་ལངས་ནས་ཐམས་ཅད་ཀྱིས་གུས་པར་བྱས་སོ། །སྟོན་པས་གདན་ལ་བཞུགས་ནས་ལྔ་སྡེ་དང་གཏམ་མང་པོ་བྱས་ཏེ། ལྔ་སྡེས་སྟོན་པ་ལ་འདི་སྐད་ཅེས་གསོལ་ཏོ། །ཚེ་དང་ལྡན་པ་གོའུ་ཏ་མའི་དབང་པོ་གསལ་བ། ལྤགས་པའི་མདོག་ནི་ཡོངས་སུ་དག་པ། ཡེ་ཤེས་མཐོང་བའི་ཁྱད་པར་ཅུང་ཟད་མངོན་དུ་མཛད་པ་ལྟ་མངའ་འམ་ཞེས་གསོལ་པས། སྟོན་པས་བཀའ་སྩལ་པ། ཁྱེད་དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་ཞེས་མ་བརྗོད་ཅིག །ཡུན་རིང་པོ་མི་བདེ་བར་གྱུར་ཏ་རེ། ངས་ནི་བདུད་རྩི་ཐོབ་བོ། །སངས་རྒྱས་སོ། །ཐམས་ཅད་མཁྱེན་པའོ། །ཁྱེད་ཅག་གིས་ནང་ཁྲིམས་འདི་ལྟར་བཅས་སམ་ཞེས་གསུངས་ནས་དགེ་སློང་དག་ཚུར་ཤོག་ཅེས་པ་ཙམ་གྱི་དེ་ཉིད་ཀྱིས་དེ་དག་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་གི་དངོས་པོར་གྱུར་ཏོ། །དེའི་ཚེ་དགེ་སློང་ལྔ་པོས་སྟོན་པའི་ཞབས་ལ་གཏུགས་ཏེ་ཉེས་པ་བཤགས་ནས་གུས་པ་བསྐྱེད་དོ། །དེ་ནས་སྟོན་པའི་སྐུ་བསིལ་ནས་སྔོན་གྱི་སངས་རྒྱས་རྣམས་གང་དུ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་སྙམ་པ་དང་། ས་ཕྱོགས་དེར་རིན་པོ་ཆེ་སྣ་བདུན་གྱི་ཁྲི་སྟོང་བྱུང་བའི་ཁྲི་གསུམ་ལ་བསྐོར་བ་བྱས་ནས། ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ནས་འོད་ཀྱིས་སྟོང་གསུམ་སྣང་བར་གྱུར་ཅིང་། ས་གཡོས་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ཞིང་གནོད་པ་མེད་ལ་ཕན་ཚུན་བྱམས་པའི་སེམས་དང་ལྡན་པར་གྱུར་ཏོ། །དེ་ནས་ལྷ་རྣམས་ཀྱི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་དང་། སྟོན་པས་ལྔ་སྟེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག །མཐའ་གཉིས་པོ་འདི་དག་ནི་རབ་ཏུ་བྱུང་བའི་འཇུག་པར་བྱ་བ་མ་ཡིན་ཏེ་ཞེས་པ་ལ་སོགས་པ་གསུངས་ཤིང་། དགེ་སློང་། འདི་དག་ནི་བདེན་པ་བཞི་སྟེ། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མོ་ཞེས་བྱ་བ་ལ་སོགས་པ་དང་། སྡུག་བསྔལ་ནི་ཡོངས་སུ་ཤེས་པར་བྱའོ། །ཀུན་འབྱུང་ནི་སྤང་བར་བྱའོ་ཞེས་སོགས་བདེན་པ་བཞི་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་ཀྱི་འཁོར་ལོ་བསྐོར་བའོ། །དེ་ལྟ་བུའི་བཀའ་དང་པོ་བདེན་བཞིའི་རྣམ་པས་བསྟན་པའི་ཆོས་ཀྱི་འཁོར་ལོ་འདི་ལ་གནས་ནི་ཝཱ་ར་ཎཱ་སཱིར་རོ། །འཁོར་ནི་ཅང་ཤེས་ཀོའུ་དི་ནྱ། རླངས་པ། རྟ་ཐུལ། མིང་ཆེན། བཟང་ལྡན་ཏེ། ལྔ་སྡེ་ལ་སོགས་པ་ལྷ་དང་མི་དུ་མའོ། །དུས་དགུང་ལོ་ཉེར་ལྔ་ནས་སོ་གཉིས་ཀྱི་བར་བྱའང་འདུག །ཆོས་ནི་བདེན་པ་བཞི་ལན་གསུམ་བཟླས་པ་རྣམ་པ་བཅུ་གཉིས་ཀྱི་འཁོར་ལོའོ། །དེའི་དགོས་ཆེད་ནི་བཟླས་པ་དང་པོ་ལ་ཀོའུ་དི་ནྱ་དང་ལྷ་མང་པོ་ལ་མཐོང་ལམ་སྐྱེས། གཉིས་པ་ལ་ཀོའུ་དི་ནྱས་དགྲ་བཅོམ་པ་ཐོབ། གཞན་བཞི་པོ་ལ་མཐོང་ལམ་སྐྱེས། གསུམ་པ་ལ་བཞི་པོས་ཀྱང་དགྲ་བཅོམ་པ་ཐོབ་སྟེ་དངོས་ཀྱི་དགོས་པ། རྒྱུད་པའི་ཁྱད་པར་གྱི་དགོས་པ་གདུལ་བྱ་རྣམས་ཀྱིས་གང་ཟག་ཏུ་འཛིན་པ་བཟློག་པ་ནས་འབྲས་བུ་བཞི་ལ་འགོད་པའོ། །བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ནི། རིའི་དབྱིབས་བྱ་རྒོད་འདྲང་ལ་ལྟར་རམ་ཡང་ན་རི་དེའི་ཤར་ཕྱོགས་ན་བྲག་བྱ་རྒོད་ཀྱི་མགོ་ལྟ་བུ་རྡོད་རྟོག་པ་དུ་མ་ཡོད་པའོ། །གནས་བྱ་རྒོད་ཕུང་པོའི་རི་ལ་སོགས་པ། འཁོར་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའམ་དགེ་སློང་ལྔ་སྟོང་དང་། དགེ་སློང་མ་ལྔ་བརྒྱ་དང་། དགེ་བསྙེན་ཕ་མ་མང་པོ་དང་། བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའོ། །དུས་སོ་གསུམ་སོ་བརྒྱད་པར་ཆོས་ནི་མཚན་ཉིད་མེད་པའི་འཁོར་ལོ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀའ་བར་པར་གཏོགས་པ་རྣམས་སོ། །དེའི་དགོས་ཆེད་ནི། གདུལ་བྱ་ལྟ་བ་ལོག་པར་སོང་བ་ཐམས་ཅད་བཟློག་ནས་བཀོད་པ་གཅིག་པའི་ལམ་སྟོང་པ་ཉིད་དུ་ཚུལ་གཅིག་པ་ལ་དགོད་པའོ། །བཀའ་ཕྱི་མ་དོན་དམ་རྣམ་པར་ངེས་པའི་འཁོར་ལོ་ནི། གནས་རི་མ་ལ་ཡ་དང་ཡངས་པ་ཅན་ལ་སོགས་པ་དུ་མར། འཁོར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཆོས་ནི་དོན་དམ་རྣམ་པར་ངེས་པའི་ཆོས་ཏེ། མདོ་སྡེ་དགོངས་པ་ངེས་པར་འགྲེལ་བ་དང་། ལངྐར་གཤེགས་པ་ལ་སོགས་པ་ངེས་དོན་སྟོན་པའི་མདོ་ཐམས་ཅད་དོ། །དེའི་དགོས་ཆེད་ནི་མཐའ་གཉིས་སུ་དོགས་པ་བསལ་ནས་དབུ་མའི་ལམ་ལ་དགོད་པའོ། །དེ་ལྟར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཡང་བདེ་བར་གཤེགས་པ་ལ་ངག་གི་ཀུན་ནས་བླངས་པའི་བག་ཆགས་མེད་པས་ངག་གིས་བསྟན་པ་མེད་དེ། སངས་རྒྱས་ནས་མྱ་ངན་ལས་མ་འདས་པའི་བར་དུ་ཡི་གེ་འབྲུ་གཅིག་ཀྱང་མ་གསུངས་ཀྱང་། གདུལ་བྱའི་བསམ་པའི་དབང་གིས་སྣ་ཚོགས་སུ་སྟོན་ཏེ། འཕྲུལ་འཁོར་ལས་བྱས་སིལ་སྙན་ནི། །རླུང་གིས་བསྐྱོད་པའི་སྒྲ་འབྱིན་ཅིང་། །དེ་ལ་བརྡུང་བ་འགའ་མེད་མོད། །དེ་ལྟ་ན་ཡང་སྒྲ་འབྱུང་ལྟར། །དེ་བཞིན་སྔོན་ལེགས་སྦྱངས་པའི་ཕྱིར། །སེམས་ཅན་རྣམས་ཀྱི་བསམ་པ་ཡིས། །བསྐུལ་བས་སངས་རྒྱས་གསུང་བྱུང་ངོ་། །དེ་ལས་འདི་རྟོག་ཡོང་མི་མངའ། །ཞེས་གསང་བ་བསམ་གྱིས་མི་ཁྱབ་པ་ལས་བྱུང་ངོ་། །བཅུ་གཉིས་པ་མྱ་ངན་ལས་འདས་པའི་མཛད་པ་ནི། སྙིགས་མ་ལྔ་དང་ལྡན་པའི་སེམས་ཅན་རྣམས་ལ་དུས་རྟག་པར་ཐམས་ཅད་མཁྱེན་པའི་སྐུ་མངོན་དུ་སྣང་བའི་སྐལ་བ་མེད་པ་དང་། གདུལ་བྱ་རྟག་པར་འཛིན་པའི་གཉེན་པོའི་ཐབས་དམ་པ་མི་རྟག་པའི་ཚུལ་བསྟན་པར་བྱ་བའི་ཕྱིར་དང་། སྐྱེས་པའི་མཐའ་འཆི་བས་མི་གཏོང་བ་མཚོན་པའི་བརྡར། བཅོམ་ལྡན་འདས་དགུང་ལོ་བརྒྱད་ཅུ་བཞེས་པའི་ཚེ་དཔྱིད་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་ཉིན་ཡོངས་སུ་མྱ་ངན་ལས་འདའ་བར་དགོངས་ནས་གྲོང་ཁྱེར་རྩྭ་མཆོག་ཏུ་འཁོར་རྣམས་ལ་གདམས་ངག་བཞག་པའི་རྗེས་སུ། དེ་དང་ཉེ་བའི་ཤིང་སཱ་ལ་ཟུང་གཅིག་གི་དྲུང་དུ་ཁྲི་བཅས་པ་ལ་གློ་གཡས་ཕབ་ཞབས་ཀྱི་སྟེང་དུ་ཞབས་བཞག་ནས་སེང་གེའི་ཉལ་སྟབས་ཀྱིས། སྣང་བའི་འདུ་ཤེས་དང་དྲན་ཤེས་བཞིན་དང་ལྡན་པའི་འདུ་ཤེས་ཀྱིས་གཟིམས་ཏེ། སྤྲུལ་པའི་ལུས་དྲི་ཟ་ལྟ་བུར་སྣང་བས། དྲི་ཟའི་རྒྱལ་པོ་རབ་དགའ་པི་ཝང་གི་རྫུ་འཕྲུལ་གྱིས་བཏུལ་ནས་རྒྱུན་ཞུགས་ཀྱི་འབྲས་བུ་ལ་བཀོད། དེའི་གྲོང་ཁྱེར་རྩྭ་ཅན་ན་ཀུན་ཏུ་རྒྱུ་རབ་བཟང་ལོ་བརྒྱ་ཉི་ཤུ་ལོན་པ་གཅིག་ཡོད་པ་དགྲ་བཅོམ་པའི་འབྲས་བུ་ལ་བཀོད། དེས་ན་བཅོམ་ལྡན་འདས་ཀྱི་སྐུ་དངོས་ཀྱིས་གདུལ་བྱའི་ཐོག་མ་ལྔ་སྡེ་བཟང་པོ་ཡིན་ལ། ཐ་མ་ནི་རབ་དགའ་དང་རབ་བཟང་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཉིད་དགུང་ལོ་བརྒྱད་ཅུ་བཞེས་པའི་དཔྱིད་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་མཚན་མོའི་གུང་ཐུན་ལ་སྐུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེའི་ཚེ་འོད་སྲུང་ཆེན་པོ་འོད་མའི་ཚལ་ན་ཡོད་པ་ལ་ས་གཡོས་པར་གྱུར་པས། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་རྟགས་སུ་མཁྱེན་ནས་གྲོང་ཁྱེར་རྩྭ་མཆོག་ཏུ་བྱོན་ཏེ། བཅོམ་ལྡན་འདས་ཀྱི་པུར་སྦྱངས་སོ། །སྐུ་གདུང་རིང་བསྲེལ་དང་ཚེམས་མཆེ་བ་རྣམས་ལྷ་དང་མི་ལ་སོགས་པའི་གདུལ་བྱ་རྣམས་ཀྱིས་མཆོད་རྟེན་དུ་གདན་དྲངས་པའི་ཚུལ་ནི། འདུལ་བ་ལུང་ཕྲན་ཚེགས་ལས། བཅོམ་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་འཛམ་བུའི་གླིང་པའི་མཆོད་པར་ཐོབ། །སྐྱེས་མཆོག་དེ་ཡི་བྲེ་པོ་གང་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། །མཆེ་བ་གཅིག་ནི་རྩ་གསུམ་འཇིག་རྟེན་མཆོད། །གཉིས་པ་ཚིག་འཛིན་གྲོང་ཁྱེར་ཡིད་འོངས་ནས། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །ཅེས་གསུངས་སོ། །སྐབས་འདིར་ཁ་ཅིག་ན་རེ། གོང་དུ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏེ། །ཞེས་སྟོན་པ་རྒྱལ་བ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ལས་འཐོན་པ་དང་། འོག་ཏུ་བལྟམས་པ་དང་བཙས་པ་ལ་སོགས་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། འགྲེལ་པ་སྤར་ཁབ་ལས། དྲང་བ་བས། དགའ་ལྡན་ནས་བབས་པ་སྐད་ཟེར་བ་ནི་བདེན་མོད་ཀྱིས། བྱང་ཆུབ་སེམས་དཔའ་དབང་ཐོབ་པས་ས་མཐར་ཕྱིན་པའི་ཕྱིར་འགལ་བ་མེད་དེ་ལེའུ་ཀླད་ནས་འབྱུང་ཁུངས་སྨོས་པའོ། །མཐུན་པར་བསྟན་པའི་ཕྱིར་ལྷུམས་སུ་ཞུགས་པ་དང་ཞེས་པས་ངེས་དོན་དུ་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་རིག་པ་ལས་འཐོན་པ་ཡིན་ཀྱང་། གདུལ་བྱ་དྲང་བའི་དོན་དུ་མཐུན་པར་བསྟན་པའི་ཕྱིར། མཛད་པ་བཅུ་གཉིས་ལྟར་སྣང་ནས་དོན་མཛད་པས་མི་འགལ་ལོ། །ཡང་སྐབས་འདིར་སྐུའི་མཛད་པ་སྟོན་པ་ལ། བདུད་བཏུལ་བ་ཕྲིན་ལས་ཀྱི་མཛད་པ། སངས་རྒྱས་པ་ཐུགས་ཀྱི་མཛད་པ། ཆོས་ཀྱི་འཁོར་ལོ་བསྐོར་བ་གསུང་གི་མཛད་པ་དང་། ཆོ་འཕྲུལ་ཆེན་པོ་བསྟན་པ་ཡོན་ཏན་གྱི་མཛད་པར་འདུག་པས། སྣ་ཚོགས་ཀྱི་མཛད་པར་ཐལ་ཞེ་ན། ལན་ནི། སྤྱིར་མཛད་པའི་སྒྲ་དོན་གྱི་གཙོ་ཆེ་བ་ལ་ཐོབ་པ། མངའ་བདག་རྩེ་ལྡེ་དམག་འདྲེན་པ་ལྟ་བུ་དང་། མཛད་པའི་སྒྲ་གཞི་མ་ལས་ཐོབ་པ་དགེ་བཤེས་ལྷ་ཁང་སྦྱོང་བ་ལྟ་བུ་དང་གཉིས་ལས། སྐབས་འདི་དོན་གྱི་གཙོ་ཆེ་བ་ལས་བཏགས་ཏེ། དཔེར་ན་རྟ་ཞོན་པ་མང་པོའི་གསེབ་ན་དྲེའུ་ཞོན་པ་རེ་རེ་ཙམ་ཡོད་ཀྱང་རྟ་ཞོན་མང་པོ་བྱུང་ཟེར་བ་ལྟར་ཡོད་པ་གསུང་གི་མཛད་པ་ལ་སོགས་པ་ཡོད་ཀྱང་། སྐུའི་མཛད་པ་གཙོ་ཆེ་བས་སྐུའི་མཛད་པར་བཏགས་པས་མི་འགལ་ལོ་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །གཉིས་པ་ཐུགས་ཀྱི་མཛད་པ་བསྟན་པ་ནི། དུས་བཞི་ཀུན་ཏུ་མཁྱེན་པ་དང་༴ མངོན་པར་ཤེས་པ་ཆེན་པོ་དྲུག་དང་། ཞེས་པ་དེར་གདའ་ཞིང་། དུས་བཞི་ཀུན་ཏུ་མཁྱེན་པ་དང་། ཞེས་པས་འདས་པ་དང་། ད་ལྟར་བ་དང་། མ་འོངས་པ་དང་། འབྱུང་བར་མ་ངེས་པའི་དུས་བཞི་ཀུན་ཏུ་མཁྱེན་པ་སྟེ། མངོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པའི་མངོན་པར་ཤེས་པ་གཉིས་སོ། །དང་ནི་འབྱེད་པའི་འོ། །འདི་ལ་ཁ་ཅིག་ན་རེ། དུས་བཞི་ཀུན་ཏུ་མཁྱེན་པ་དང་བྱ་བ་འདུག་པས། དུས་བཞི་པོ་ཐད་ཀར་རིམ་པས་ཤེས་པ་ལ། དུས་བཞི་ཀུན་ཏུ་མཁྱེན་ཟེར་བ་ཡིན་ནམ། དུས་བཞི་བཙལ་བས་མ་རྙེད་དེ། དུས་བཞི་རང་གི་ངོ་བོས་སྟོང་པའི་མཉམ་ཉིད་དུ་མཁྱེན་པ་ཅིག་ལ་དུས་བཞི་ཀུན་ཏུ་མཁྱེན་ཟེར་བ་ཡིན། སྔ་མ་ལྟར་ན་སངས་རྒྱས་ཀྱི་ཡེ་ཤེས་དེ་སེམས་ཅན་གྱི་རྟོག་པ་དང་ཁྱད་མེད་པར་ཐལ། སེམས་ཅན་གྱིས་ཀྱང་རང་རང་གི་གནས་སྐབས་ཐད་ཀར་ཤེས་ལ། རྒྱལ་བས་ཀྱང་དུས་བཞི་ཐད་ཀར་མཁྱེན་ཙམ་ལས་མི་འདུག་པའི་ཕྱིར། ཕྱི་མ་ལྟར་ན་དུས་བཞིར་འདོད་ཀྱང་དུས་བཞི་རང་མ་ཡིན་པར་ཐལ། རང་བཞིན་སྟོང་པར་མཁྱེན་པ་ལ་དུས་བཞིིའི་ངེས་ཚིག་མེད་པས་དུས་བཞི་མཉམ་པ་ཉིད་དམ་སྟོང་པ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། སྐབས་འདིར་བདེ་གཤེགས་ཟུར་པོ་ཆེའི་བུ་ཆེན་ཀ་ཆེན་བཞིའི་དགོངས་པ་གསང་བདག་སྒྲོ་ཕུག་པས་བསྡུས་པས་དུས་བཞི་སྒྲུབ་བྱེད་ཀྱི་རིག་པ་བཞི་སྟེ། སེམས་ནི་སྣང་བ་ལ་ཐ་དད་མེད་པའི་ཕྱིར་དུས་བཞི་ཀུན་ཏུ་མཁྱེན་པ་དང་། བསམ་ན་སྣང་དུ་རུང་བའི་ཕྱིར་དུས་བཞི་ཀུན་ཏུ་མཁྱེན་པ་དང་། གང་ཟག་བདེན་པ་དབྱེར་མེད་ཁས་ལེན་པ་ཅིག་ལ་སྟོང་པ་ལ་ཐ་དད་མེད་པ་བཞིན་སྣང་བ་ལ་ཐ་དད་མེད་ཅིང་དབྱེར་མེད་ཡིན་པའི་ཕྱིར་དུས་བཞི་ཀུན་ཏུ་མཁྱེན་པ་དང་། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པའི་ཕྱིར་དུས་བཞི་ཀུན་ཏུ་མཁྱེན་པ་དང་བཞིའོ། །དང་པོ་ལ་ཕྱིར་བྱ་བའི་གཏན་ཚིགས་མ་གྲུབ་བོ་ཞེ་ན། གང་ཟག་གཅིག་གི་སེམས་རྒྱུད་ལ་དུས་བཞིའི་སེམས་ཐ་དད་དམ། ཐ་དད་ན་ལས་རྒྱུ་འབྲས་ཀྱི་ཆོས་མི་བདེན་པར་ཐལ། ཅིའི་ཕྱིར་ན་སེམས་རྒྱུད་ཐ་དད་པའི་ཕྱིར། འདོད་ན། འདི་ཉིད་ལས། ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང་། ཞེས་བཤད་པས་གསལ་ལོ། །སེམས་རྒྱུད་ཐ་དད་ཀྱང་ལས་རྒྱུ་འབྲས་ཀྱི་ཆོས་བདེན་ན། ཅི་སྟེ་ཁྱབ་པ་མ་གྲུབ་ཟེར་ན། ཁྱབ་པ་ལྡོག་པས་གྲུབ་སྟེ། རྒྱུ་འབྲས་བདེན་པ་ལ་སོགས་པ་མི་བདེན་པ་དགེ་བ་སྤྱད་པས་མཐོ་རིས་ཐོབ་པ་ལས་ལོགས་པ་མི་ཐོབ་པ་བཞིན་ནོ། །དེས་ན་སེམས་སྣང་ལ་ཐ་དད་མེད་པའི་ཕྱིར་དུས་བཞི་ཀུན་ཏུ་མཁྱེན་གསུང་ངོ་། །སྦྱོར་སྐོར་དེ་དག་དཔེ་དོན་སྐབས་དང་སྦྱར་ཞིང་གཞན་ལ་ཡང་སྦྱར་རོ། །དཔེར་ན་ཚར་གནོན་ལྟ་བུ་ཞིག་ལ་དུས་བཞིའི་སྣང་བ་སེམས་སྣང་དུ་གཅིག་པ་བཞིིན་ནོ། །གཉིས་པ་ལ་དུས་བཞི་གཅིག་ཏུ་བསྒོམས་ན། གཅིག་གི་གོས་གཅིག་གིས་མ་བཀག་པར་བཀྲ་གསལ་ལེ་གསལ་བར་བསམས་ན་སྣང་དུ་རུང་ངོ་། །གསུམ་པ་བདེན་པ་དབྱེར་མེད་པ་ལ་དུས་བཞི་དབྱེར་མེད་པའི་ཕྱིར་དུས་བཞི་ཀུན་ཏུ་མཁྱེན་ནོ། །བཞི་པ་རྒྱལ་བ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་དུས་བཞི་སྟོང་པར་མཁྱེན། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་དུས་བཞི་མ་འགགས་པ་གསལ་བ་མཁྱེན། ཇི་ལྟ་ཇི་སྙེད་དབྱེར་མེད་མཁྱེན་པའི་ཡེ་ཤེས་ཀྱིས་དུས་བཞི་མཉམ་པ་ཉིད་དུ་མཁྱེན་ནོ། །ཅིའི་ཕྱིར་ན། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར་རོ། །ཡང་བསམས་ན་སྣང་དུ་རུང་བའི་ཕྱིར་དུས་བཞི་ཀུན་ཏུ་མཁྱེན་བྱ་བ་དེ་ལ། རོང་པ་ཆོས་ཀྱི་བཟང་པོས་སྐྱོན་བཀལ་བ་ལ་གསུམ་སྟེ། བསམ་དགོངས་ལྟ་བར་ཁྱེར་བའི་སྐྱོན་དང་། འགལ་བ་ནན་ལ་དོར་བའི་སྐྱོན་དང་། འབྲེལ་པ་ཁྱད་དུ་གསོད་པའི་སྐྱོན་དང་གསུམ་མོ། །དང་པོ་བསམ་དགོངས་ལྟ་བར་ཁྱེར་བའི་སྐྱོན་ནི། ཁྱོད་ན་རེ། བསམ་ན་སྣང་དུ་རུང་བྱ་བ་དེ་སྣང་བ་ལ། དངོས་གཞི་མ་ངེས་པའི་སྟོབས་ཀྱིས་སྣང་བ་དང་། རྣམ་པར་རྟོག་པའི་བློས་སྣང་བ་དང་། འདོད་པའི་བློ་སྟོབས་ཀྱིས་གྲུབ་པའི་སྣང་བ་དང་གསུམ་ལས། ཁྱོད་ཀྱི་དེ་འདོད་པའི་བློ་སྟོབས་ཀྱིས་གྲུབ་པའི་སྣང་བ་ཡིན་ཏེ། བསམས་ན་སྣང་དུ་རུང་ཙམ་ལས་མི་འདུག་པའི་ཕྱིར་རོ། །གཉིས་པ་འགལ་བ་ནན་ལ་དོར་བའི་སྐྱོན་ནི། འགལ་ལམ་ཕན་ཚུན་སྤངས་པའི་འགལ་བ་དང་། ལྷན་ཅིག་གམ་མི་གནས་པའི་འགལ་བ་དང་གཉིས་ལས། འདིར་ཕན་ཚུན་སྤངས་པའི་ཕྱིར་འགལ་བ་མ་ཞུགས་ཏེ། འདས་པ་མིན་ཕན་ཆད་ད་ལྟར་བ་མ་ཡིན། ད་ལྟར་བ་ཡིན་ན་མ་འོངས་པ་མ་ཡིན་པས། ཁྱོད་ཀྱིས་དུས་གསུམ་གཅིག་ཏུ་བསྲེས་པས་ཕན་ཚུན་སྤངས་པའི་འགལ་བ་འོང་བའི་ཕྱིར། གསུམ་པ་འབྲེལ་པ་ཁྱད་དུ་གསོད་པའི་སྐྱོན་ནི། འདས་པས་གོ་ཕྱེ་ནས་ད་ལྟར་བ་འོང་། ད་ལྟར་བས་གོ་ཕྱེ་ནས་མ་འོངས་པ་འོང་བ་ཡིན་པ་ལ། ཁྱོད་ཀྱིས་དུས་གསུམ་གཅིག་ཏུ་བསྲེས་པས་དུས་གསུམ་ཁྲིགས་ཆགས་ཀྱི་འབྲེལ་པ་ཁྱད་དུ་བསད་པའི་སྐྱོན་ཡོད་པའི་ཕྱིར་རོ་ཟེར་བ་ལ། ལྷ་རྗེ་ཟུར་ཆུང་པ་སྐུ་གཤེགས་ནས། ཕྱིས་གསང་བདག་སྒྲོ་ཕུག་པ་ཆེན་པོས་སྐྱོན་བསལ་བ་ལའང་གསུམ་ལས། དང་པོ་བསམ་དགོངས་ལྟ་བར་ཁྱེར་བའི་སྐྱོན་ང་ལ་མི་འོངས་ཏེ། བསམས་ན་སྣང་དུ་རུང་བའི་ཕྱིར་བྱ་བ་དེ་ངེས་མེད་གཏན་ལ་འབེབས་པར་བྱེད་པའི་གཏན་ཚིགས་སམ་སྒྲུབ་བྱེད་ཡིན་ཏེ། བསམས་པའི་དངོས་པོ་ངོ་བོ་ལ་ལྟ་བར་མི་འདོད་ལ། ཡོན་ཏན་གྱི་ཆ་ནས་སྨོས་པའོ། །སླར་ཁྱེད་རང་ལ་སྐྱོན་འོངས་ཏེ། མ་ཧཱ་ཡོ་གའི་གྲུབ་མཐའ་བློ་དང་དངོས་པོ་གཉིས་མེད་པ་ལ་དངོས་པོ་བདེན་ལ་བློ་རྫུན་པར་འདོད་པས་གྲུབ་མཐའ་དང་འགལ་ལ། དུས་གསུམ་ལ་ཡོད་མེད་ཐ་དད་དུ་འདོད་པ་ནི་འཁྲུལ་ངོ་ཡིན་པ་ལ་འཁྲུལ་སྣང་གི་ཞེན་བློ་ཚད་མར་བྱས་ནས། ཤེས་བྱའི་གཤིས་ལ་དོན་དམ་སྟོང་པ་གཅིག་ནི་བཟང་པོར་འདོད། ཀུན་རྫོབ་འཁྲུལ་པ་གཅིག་ནི་ངན་པར་འདོད། རྒྱུ་སེམས་ཅན་ནི་ངན་པར་འདོད། འབྲས་བུ་སངས་རྒྱས་ནི་བཟང་པོར་འདོད། ཡང་དག་པར་རྫོགས་པའི་སངས་རྒྱས་བྱ་བ་ཞིག་སེམས་ལས་གཞན་ནས་བྱུང་བར་འདོད་པས། བསམ་དགོངས་ལྟ་བར་འཁྱེར་བའི་ཕྱིར་རོ། །གཉིས་པ་འགལ་བ་ནན་ལ་དོར་བའི་སྐྱོན་ནི་འདིར་མི་འོངས་ཏེ། ཆོས་རྣམས་བདག་ཉིད་མཉམ་པ་ཉིད་དུ་གཅིག་པ་ལ་འགལ་དང་འགལ་ཏེ་འགལ་ཡང་མེད། དཔེར་ན་ཐལ་མོ་ཡ་མེད་སྡེབ་ཏུ་མི་འདོད་པ་བཞིན་ནོ། །འགལ་བ་མེད་བཞིན་དུ་འགལ་བ་གཅིག་ཀྱང་འདོད་ན། འགལ་བ་ནན་དོར་གྱི་སྐྱོན་སླར་ཁྱེད་རང་ལ་འོངས་ཏེ། ཤེས་བྱའི་གཤིས་ལ་འགལ་རྒྱུ་མེད་པ་ལ། འདས་མ་འོངས་ནི་མེད་པ་ད་ལྟར་ནི་ཡོད་པར་འདོད་དེ། གཉིས་མེད་ལ་ཡོད་མེད་ཡིན་མིན་གྱི་འགལ་བ་ནན་གྱིས་དོར་གྱི་འདུག་པའི་ཕྱིར་རོ། །གསུམ་པ་འབྲེལ་པ་ཁྱད་དུ་བསད་པའི་སྐྱོན་ནི་འདིར་མི་འོངས་ཏེ། དུས་གསུམ་ཁྲིགས་ཆགས་ཀྱི་འབྲེལ་བ་ནི་འཁྲུལ་པའི་འབྲེལ་བ་ཡིན་ལ། ཆོས་ཐམས་ཅད་ནི་ངོ་བོ་བདག་ཉིད་གཅིག་པའི་འབྲེལ་བ་ཡིན་ཏེ། ཆོས་རྣམས་ངོ་བོ་གཅིག་པ་ལ། །ཕན་ཚུན་དྲྭ་བའི་ཚུལ་དུ་འབྲེལ། །ཞེས་སོ། །སླར་ཁྱེད་རང་ལ་འོངས་ཏེ། དེ་བྱུང་ཐ་སྙད་ཀྱི་འབྲེལ་པ་གཙོ་བོར་བྱས་ནས་འཁྲུལ་པའི་དུས་གསུམ་ཁྲིགས་ཆགས་ཀྱི་འབྲེལ་བ་བརྩིས་པས་བདག་ཉིད་གཅིག་པའི་འབྲེལ་བ་ཁྱད་དུ་བསད་པའི་ཕྱིར་རོ། །དེ་བས་ན་གནས་ལུགས་མཉམ་ཉིད་ལ་དུས་གསུམ་མ་གྲུབ། སེམས་ཅན་གྱི་སེམས་རང་བྱུང་གི་དུས་ད་ལྟར་བ་འཁྲུལ་པའོ། །དེ་ཡང་། འདས་དང་མ་འོངས་ད་ལྟར་གྱི། །འབྱུང་བར་མ་ངེས་དུས་འདི་དག །སྔ་ཕྱི་མེད་པར་མཉམ་ཡིན་ཏེ། །ངེས་པ་མེད་པར་ཡང་དག་བཤད། །ཅེས་དང་། ཆོས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་ལ། །སྔ་ཕྱི་དུས་གསུམ་ལྟ་བའི་སེམས་ཅན་རྣམས། །ཕྱི་མ་དྲན་མེད་སྔ་མ་བག་ཆགས་འགགས། །སེམས་ཅན་ནམ་མཁའི་ཆོས་ཉིད་མི་ཤེས་མཐོང་། །ཞེས་དང་། དུས་གསུམ་གཅིག་སྟེ་ཁྱད་པར་མེད། །ཅེས་སོ། །དེའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་དུས་ལ་དབང་སྒྱུར་ཏེ། དག་པའི་ངོ་ལ་བསྐལ་པ་ཅིག་སྐད་ཅིག་མར་སྡུད་ལ། མ་དག་པའི་ངོ་ན་སྐད་ཅིག་མ་བསྐལ་པར་བསྲིང་བའང་མཁྱེན་ཏོ། །དོན་དམ་པར་དུས་མ་གྲུབ་པའོ། །དེ་ཡང་། དགོངས་པ་འདུས་པ་ལས། མ་བཅོས་དེ་བཞིན་ཉིད་འདི་ལ། །དུས་གསུམ་དུས་བཞིར་མི་དམིགས་ཏེ། །ཡེ་ཤེས་རིག་པའི་ཡུལ་ཅན་ལ། །སྐད་ཅིག་བསྐལ་པ་དེ་སྐད་ཅིག །ཅེས་གསུངས་སོ། །བླ་མ་རྒྱ་གབ་གོང་པའི་གསུང་གིས། དུས་བཞི་སྒྲུབ་བྱེད་གསུམ་པོ་ཉམས་ལེན་དབང་དུ་རུང་ཡང་། རྒོལ་བ་ཕྱིར་རྩོད་པའི་དབང་དུ་ཚིག་སྐྱོན་ཡོང་བསམས་ཏེ། རྒྱལ་བ་ལ་དུས་བཞི་མཁྱེན་པའི་སྒྲུབ་བྱེད་མི་དགོས་གསུང་ངོ་། །མདོར་ན་ཀུན་རྫོབ་ཀྱི་བདེན་པའི་ཆ་ནས་བཞིར་སྣང་ལ། དོན་དམ་གྱི་བདེན་པའི་ཆ་ནས་དུས་བཞིར་མ་དམིགས། དབྱེར་མེད་ཀྱི་བདེན་པའི་ཆ་ནས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པས། དུས་བཞི་མཉམ་པ་ཉིད་ཅེས་བྱའོ། །མཁྱེན་ཚུལ་ནི་ཕྱིར་གྱི་གནས་ལུགས་དུས་ལས་འདས་པ། བློ་དུས་ལྟར་དུ་འཁྲུལ་པ། ཡེ་ཤེས་དུས་ལ་དབང་སྒྱུར་བ་ཡིན་པ་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གནས་ལུགས་དུས་ལས་འདས་པ་ཡང་མཁྱེན། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་བློ་དུས་ལྟར་འཁྲུལ་པ་ཡང་མཁྱེན་ནོ། །དེ་ཡང་འདས་པ་ལ་མ་ཐོགས་མ་ཆགས་པ་དང་། ད་ལྟར་བ་ལ་མ་ཐོགས་མ་ཆགས་པ་དང་། མ་འོངས་པ་ལ་མ་ཐོགས་མ་ཆགས་པ་དང་། འབྱུང་བར་མ་ངེས་པ་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་ཀྱིས་དུས་བཞི་མཉམ་པ་ཉིད་དུ་རང་གསལ་འཛིན་པ་མེད་པར་མཁྱེན་ནོ། །སྐབས་འདིར་ལ་ལ་དག་གཞན་ཐམས་ཅད་ན་དུས་གསུམ་ལས་མེད་པ་ལ། འདིར་དུས་བཞིར་བཤད་པས་དུས་ལོག་པའི་སྐྱོན་དུ་འགྱུར་རོ་ཞེ་ན་སྐྱོན་མེད་དེ། འདས་ད་ལྟར་མ་འོངས་པ་གསུམ་འབྱུང་བར་ངེས་པ་ལ་སོགས་པའི་དུས་ཡོད་ཀྱང་དེ་དག་དུས་བཞི་མཉམ་པ་ཉིད་དུ་མཁྱེན་པའི་ཆ་ནས་སྨོས་ཏེ། རྒྱས་པ་ལས། འདས་དང་ད་ལྟར་བྱུང་བ་དང་། །འབྱུང་དང་འབྱུང་བར་མ་ངེས་པ། །ཡེ་ཤེས་རྟོགས་པའི་ཁྱད་པར་གྱིས། །དུས་བཞི་སྔ་ཕྱི་མེད་པ་ཡི། །མཉམ་པ་ཉིད་དུ་ལྡན་ཏེ་སྦྱོར། །ཞེས་གསུངས་སོ། །ཡང་ན་ཁྱོད་ཀྱི་དུས་གསུམ་ཀྱང་ལོག་བྱའོ། །ཁོ་ན་རེ། ལྡོག་གཞི་གང་ལས་ལོག་ཅེ་ན། ཁྱོད་ཀྱིའང་ལྡོག་གཞི་གང་ལས་ལོག་དྲི། བཀའ་ཕལ་ཆེར་ན་དུས་གསུམ་དུ་ཡོད་པ་ལ་འདིར་བཞིར་བཤད་པས་ལོག་ཅེ་ན། དེ་ལྟར་ན་ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་ནས་དུས་བཞིར་བཤད་པ་ལ། ཁྱོད་དུས་གསུམ་དུ་འདོད་པའང་ལོག་ཅེས་འགོ་མཚུངས་བསྒྲེའོ་གསུང་། བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བར་པ་ལས་ཀྱང་། འདས་མ་འོངས་ད་ལྟར་འདུས་མ་བྱས་པ་བརྗོད་དུ་མེད་པ་དང་ལྔར་ཡང་བཤད་པས་དེ་བས་ན་དུས་བཞི་ལོག་ཟེར་བ་ནི་བློ་ཆུང་བར་འགྱུར་རོ། །ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་དུ་མཁྱེན་པ་དང་ཞེས་པས། གདུལ་བྱ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་ཤས་ཆེ་ཆུང་ལོག་པ་རྣམས་ཉིད་ལས་མི་གཞན་པའམ། ཡུལ་མེད་རང་གསལ་གྱི་ཚུལ་གྱིས་དུས་དང་གནས་སྐབས་ཀུན་ཏུ་རྟོག་བྲལ་མ་འཁྲུལ་པར་མངོན་སུམ་དུ་མཁྱེན་པ། གཞན་གྱི་སེམས་ཤེས་པའི་མངོན་ཤེས་དང་གསུམ་མོ། །རྫུ་འཕྲུལ་གྱི་སྤྱན་གྱིས་ཐམས་ཅད་ཀུན་ཏུ་གཟིགས་པ་དང་ཞེས་པས། རྫུ་འཕྲུལ་གྱི་ལྷའི་སྤྱན་གྱི་མངོན་ཤེས་ཀྱིས་གཟུགས་ཐམས་ཅད་ཉེ་རིང་མེད་པར་དུས་དང་གནས་སྐབས་ཀུན་ཏུ་མངོན་སུམ་པར་གཟིགས་པ་དང་། རྫུ་འཕྲུལ་གྱི་སྙན་གྱིས་ཀུན་ཏུ་གསན་པ་དང་ཞེས་པས། རྫུ་འཕྲུལ་གྱི་ལྷའི་སྙན་གྱི་མངོན་ཤེས་ཀྱིས་སྒྲ་ཐམས་ཅད་ཉེ་རིང་མེད་པར་དུས་དང་གནས་སྐབས་ཀུན་ཏུ་མངོན་སུམ་པར་གསན་པ་ལ་སོགས་པ་སྟེ། དབང་པོའི་མངོན་ཤེས་དང་བཞིའོ། །རྫུ་འཕྲུལ་གྱི་ཆོ་གས་ཀུན་ཏུ་དོན་སྤྱོད་པ་དང་ཞེས་པས། རྫུ་འཕྲུལ་གྱི་ཆོས་བརྒྱད་ཀྱི་ཆོ་གས་ཡུལ་ལམ་བྱ་བ་མངོན་སུམ་དུ་ཤེས་ནས། དེ་དག་གི་དུས་དང་གནས་སྐབས་ཀུན་ཏུ་གདུལ་བྱའི་བློ་དང་མཐུན་པར་དོན་སྤྱོད་པ་རྫུ་འཕྲུལ་གྱི་མངོན་ཤེས་དང་ལྔའོ། །དེ་ལ་རྫུ་འཕྲུལ་གྱི་ཆོས་སམ་ཆོ་ག་བརྒྱད་ནི་གང་ཞེ་ན། ལུས་ཀྱི་སྟོད་ནས་མེ་འབར་བ་དང་། སྨད་ནས་ཆུ་འབྲུབ་དང་། མེས་མི་འཚིག །ཆུས་མི་གཤེར། ལུས་མི་སྣང་བར་སྟོན་པ་དང་། མང་པོར་སྤྲུལ་པ་དང་། ནམ་མཁའ་ལ་འགྲོ་བ་དང་། ས་ལ་འཛུལ་བའོ། །འོ་ན་ལུས་ཀྱིས་རྫུ་འཕྲུལ་གྱི་སྒོ་ནས་དོན་བྱེད་པ་འདི་དག་མངོན་ཤེས་སུ་མི་འགྲོའམ་ཟེར་ན། རྫུ་འཕྲུལ་གྱི་བྱ་བ་ཤེས་པས་མངོན་ཤེས་སུ་འགྲོ་བའོ་ཞེས་པའམ། ཡང་ན་མཚན་གཙོ་ཆེ་བ་ལས་བཏགས་པའོ། །ཞེས་བླ་མ་རྣམས་གསུང་མོད་ཀྱིས། སེམས་ཅན་གྱི་དོན་བྱེད་ཚུལ་གྱི་ཆ་ནས་ལུས་ཀྱི་བཀོད་པ་ལྟར་སྣང་ཡང་ཐུགས་ཀྱི་རྣམ་པར་འཕྲུལ་པ་ཡིན་པས་རྫུ་འཕྲུལ་གྱི་མངོན་ཤེས་ཞེས་བྱའོ། །ཟག་པ་མེད་པ་ཀུན་ཏུ་བཟང་པོའི་སྤྱོད་པ་རྫོགས་པའི་མངོན་པར་ཤེས་པ་ཆེན་པོ་དྲུག་དང་ཞེས་པས། དེ་ལྟ་བུའི་ཚུལ་ཇི་ལྟར་སྤྱོད་ཀྱང་དེ་རྣམས་ལ་འཛིན་པ་མེད་པས་ན་བླང་དོར་མེད་ཅིང་། སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ཡིས་འགྲོ་བའི་བསམ་པ་མཁྱེན་ཅིང་དོན་རྫོགས་པའི་ཕྱིར། ཟག་པ་མེད་པའི་མངོན་པར་ཤེས་པ་དྲུག་སྟེ། དེ་ལྟར་མངོན་པར་ཤེས་པ་ཆེན་པོ་དྲུག་གིས་གདུལ་བྱ་ཐམས་ཅད་ཀྱི་བློ་དང་འཚམས་པར་འདུལ་བའོ། །དེ་ཡང་མངོན་པར་ཤེས་པའི་སྒྲ་དོན་ནི། མངོན་པར་ནི་རྟོག་བྲལ་ཡིན་ལ། ཤེས་པ་ནི་མ་འཁྲུལ་པའོ། །དེ་ཡང་ཇི་ལྟར་ཡིན་པ་ལ་ཇི་ལྟར་མ་འཁྲུལ་བར་རིག་པ་ནི་མངོན་པར་ཤེས་པའོ། །གསུམ་པ་བསམ་གྱིས་མི་ཁྱབ་པའི་མཛད་པ་བསྟན་པ་ནི། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་༴ སྣང་བར་གྱུར་ཏོ། །ཞེས་པ་དེར་གདའ་ཞིང་། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཞེས་པས། དུས་དང་གནས་སྐབས་ཀུན་ཏུ་གདུལ་བྱའི་ངོ་ལ་སྐུ་ཞི་བ་དང་ཁྲོ་བོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་སྣ་ཚོགས་སུ་སྣང་བ་དང་། ཀུན་ཏུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་། ཞེས་པས། དུས་དང་གནས་སྐབས་ཀུན་ཏུ་གདུལ་བྱའི་ངོ་ལ་ཐུགས་མཁྱེན་པའི་ཡེ་ཤེས་ཚད་མེད་པ་སྣ་ཚོགས་སུ་སྣང་བ་དང་། ཀུན་ཏུ་ཞལ་བསམ་གྱིས་མི་ཁྱབ་པ་དང་། ཞེས་པས། དུས་དང་གནས་སྐབས་ཀུན་ཏུ་གདུལ་བྱའི་ངོ་ལ་ཞལ་སྟག་དང་སྤྲེའུ་ལ་སོགས་པ་ཕྲ་མེན་གྱི་ཞལ་བསམ་གྱིས་མི་ཁྱབ་པ་སྣ་ཚོགས་སུ་སྣང་བ་དང་། ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། ཞེས་པས། དུས་དང་གནས་སྐབས་ཀུན་ཏུ་གདུལ་བྱའི་ངོ་ལ་གསུང་བསྟན་པ་དང་ཐེག་པ་བསམ་གྱིས་མི་ཁྱབ་པ་སྣ་ཚོགས་པ་དང་ལྡན་པ་སྟེ། བསམ་གྱིས་མི་ཁྱབ་པ་གྲངས་མེད་པ་ཕྱོགས་བཅུར་སྣང་བར་གྱུར་ཏོ། །ཞེས་པས། དེ་ལྟར་སྐུ་གསུང་ཐུགས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་གྲངས་མེད་པ་གདུལ་བྱའི་སྣང་བ་དང་། ལྷུན་གྱིས་གྲུབ་པའི་རོལ་པ་མི་འགག་པའི་ཕྱིར། གནས་ཕྱོགས་བཅུར་གདུལ་བྱའི་ངོ་ལ་སྣང་བར་གྱུར་ཏོ། །འདི་ལ་ཁ་ཅིག་ན་རེ། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཞེས་པ་ལ་སོགས་པ་གསུངས་པ་དང་། གོང་གི་རིག་པའི་སྐྱེས་བུ་ཐུབ་པ་ཞེས་པ་ལ། སྐུ་ཐུབ་སྟེ་སྟག་དང་སྤྲེའུ་ལྟར་མི་མཛད། གསུང་ཐུབ་སྟེ་ཅ་ཅོ་དང་ག་ཞ་མི་མཛད། ཐུགས་ཐུབ་སྟེ་མཉམ་པར་མ་བཞག་པ་མི་མངའ་བར་བཤད་པ་འགལ་ལོ་ཞེ་ན། མི་འགལ་ཏེ། གོང་མ་ནི་གདུལ་བྱའི་དོན་དུ་མི་འགྱུར་བའི་ཕྱིར་ཐུབ་པ་ཡིན་ལ། འདི་ནི་གདུལ་བྱའི་དོན་དུ་འགྱུར་བ་སྐུ་གསུང་ཐུགས་ཀྱི་མཛད་པ་སྤྱིར་ཡང་མཛད་པ་ལ་དགོངས་པ་ཡིན་ནོ། །ཡང་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཞལ་བསམ་གྱིས་མི་ཁྱབ་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྔ་མ་ནི་དབུ་ལུས་མཐུན་པའི་སྒོ་ནས་སྨོས་ལ། ཕྱི་མ་ནི་དབུ་ལུས་མི་མཐུན་པས་ཏེ། ལྷ་མོའི་ལུས་ལ་སེང་གེའི་ཞལ་ལ་སོགས་པ་ལྟ་བུ་ཕྲ་མེན་གྱི་སྒོ་ནས་བཞག་པའོ། །ཡང་བསམ་གྱིས་མི་ཁྱབ་པ་གྲངས་མེད་པ་ཕྱོགས་བཅུར་སྣང་བར་གྱུར་ཏོ་ཞེས་པ་ལ་ཁ་ཅིག་ན་རེ། སྤྲུལ་པའི་སྐུ་གཅིག་ལས་གཅིག་སྤྲུལ་ནས་ཐུག་པ་མེད་པར་འགྱུར་རོ། །འདོད་ན་སྤར་ཁབ་ལས། དེ་དག་ལ་ཡང་སྤྲུལ་དུ་ཟེར་བ་ན་ཁ་གམ་པའོ། །ཞེས་པས་འགལ་ལོ་ཞེ་ན། འདི་ལ་བླ་མ་རྒྱ་གབ་གོང་པ་ན་རེ། རྒྱལ་བའི་ལྷུན་གྱིས་གྲུབ་པའི་མཛད་པ་ཉི་ཟླ་ལྟ་བུ་དང་། འཁོར་གདུལ་བྱའི་སྣང་བ་ཆུ་དྭངས་པ་ལྟ་བུ་དང་། ཡེ་ཤེས་དབྱིངས་ལས་མི་གཞན་ཅིང་། ཐུགས་རྗེ་ཆེན་པོའི་འབྲེལ་བ་ཡོད་པ་བར་སྣང་སྒྲིབ་གཡོགས་མེད་པ་ནམ་མཁའ་ལྟ་བུའི་ངོས་ནས་བཞག་པའོ། །དེའི་ཕྱིར་ཡང་སྤྲུལ་དུ་མི་འགྱུར་གསུངས་སོ། །བཞི་པ་གསུང་གི་མཛད་པ་བསྟན་པ་ལ་གསུམ་སྟེ། ཐེག་པ་ལྔར་བསྡུ་བ་དང་། ཉོན་མོངས་པ་ལ་དགོངས་ཏེ་གསུངས་པ་དང་། ཐབས་སམ་གཉེན་པོ་ལ་དགོངས་ཏེ་བསྡུ་བའོ། །དང་པོ་ཐེག་པ་ལྔར་བསྡུ་བ་བསྟན་པ་ནི། ཐམས་ཅད་ཀྱང་འདི་ལྟ་སྟེ༴ བླ་ན་མེད་པ་སྔགས་ཀྱི་ཐེག་པ་ཞེས་པས་དེར་གདའ་ཞིང་། འདི་ལ་སྤྱིར་ཐེག་པའི་གོ་བའམ་མཚན་ཉིད་ཇི་ལྟ་བུ་ཞེ་ན། འོག་ནས་གོང་དུ་འདེགས་པར་བྱེད་པའི་དོན་གྱི་ན་ཐེག་པ་ཞེས་པའམ། ས་ལམ་ལས་གཞན་པའི་རྟོག་པས་མྱང་འདས་ཀྱི་ཁུར་འཁྱེར་བའི་དོན་གྱི་ན་ཐེག་པ་ཞེས་བྱའོ། །དེ་ལྟ་བུའི་ཐེག་པ་ལ་རྣམ་གྲངས་ངེས་པ་ཇི་ལྟར་ཡོད་སྙམ་ན། གདུལ་བྱའི་བློའི་རིམ་པའི་དབང་དུ་ཐེག་པའི་རྣམ་གྲངས་ཀྱང་མ་ངེས་པར་སྣང་སྟེ། ཐེག་པ་རིམ་པ་དགུ་དང་། ལྔ་དང་། གསུམ་དང་། གཉིས་དང་། གཅིག་དང་། བསམ་གྱིས་མི་ཁྱབ་པ་ལ་སོགས་བར་སྣང་ཡང་། སྐབས་འདིར་ཐེག་པའི་གྲངས་ཇི་ལྟར་ངེས་ན། ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས་ཞེས་པས། གསུང་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་བསྡུ་ན་འོག་ནས་འབྱུང་བ་འདི་ལྟ་སྟེ། གདུལ་བྱའི་བློ་དང་མོས་པ་ཐ་དད་པ་འདུལ་བའི་དབང་གིས་ཐེག་པའི་རྣམ་གྲངས་ཀྱང་ལྔར་སྣང་བའོ། །དེ་ཡང་། ལྷ་དང་མིའི་ཐེག་པ་དང་ཞེས་པ་འདི་ལ། སྒྱུ་འཕྲུལ་རྒྱས་པའི་ལེའུ་ལྔ་པ་རིགས་ཁྱད་སོ་སོར་དབྱེ་བ་ལས། དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཚད་མེད་བཞི་སྤྱོད་མིག་གཡོ་སྒོམ་བྱེད་པ། །ཚངས་གནས་ལ་སོགས་སྐྱེ་བའི་རྒྱུ་ཡིན་ནོ། །ཞེས་པས། ལྷ་ཞེས་པ་དང་། མི་ཞེས་པའི་མིང་ནི་འདོད་རྒྱལ་ཏེ། འཇུག་པའི་སྒོ་མི་དགེ་བ་བཅུ་སྤོང་བའི་སྒོ་ནས་འཇུག །སྤྱད་བྱ་དགེ་བ་བཅུ་དང་དུ་ལེན་ཞིང་སྤྱོད། རྟོགས་པའི་ལྟ་བ་ལས་རྒྱུ་འབྲས་ཀྱིས་མི་བསླུ་བར་རྟོགས། བསྒོམ་བྱའི་ཏིང་ངེ་འཛིན་ཚད་མེད་བཞི་དང་སྙོམས་འཇུག་བརྒྱད་བསྒོམ། དེ་ལྟར་བསྒོམས་པའི་འབྲས་བུ་ལྷ་དང་མིའི་གནས་རིགས་འདོད་ཁམས་ཀྱི་མཐོ་རིས་གནས་བཅུ་དང་། ཁམས་གོང་མ་གཉིས་ཀྱི་སྟོད་རིགས་སུ་འདེགས་པར་བྱེད་པའམ་ཐོབ་པར་བྱེད་པའི་དོན་གྱིས་ན་ལྷ་དང་མིའི་ཐེག་པ་དང་། དེ་ལྟར་འབྲས་བུ་ཐོབ་པ་ལྟར་དུ་སྣང་ནས་དོན་མཛད་པ་ཡང་། རྒྱུད་འདི་ཉིད་ཀྱི་བྱིན་བརླབས་ཀྱིས་ཤུགས་ལ་སྣང་བའོ། །དེ་ལྟར་ན་ལྷ་དང་མིའི་ཐེག་པ་འདི་ཐེག་པ་མཚན་ཉིད་པ་ཡིན་ནམ་ཞེ་ན། འདས་པའི་ཐེག་པ་མཚན་ཉིད་པ་མ་ཡིན་ཏེ། གཏན་ཚིགས་ནི། ལམ་རིམ་ལས། གཞིའི་ཐེག་པ་དང་པོར་ཞོག །ཅེས་པས་ངེས་འབྱུང་བཞིའི་ཐེག་པ་ལ། དང་པོ་ལྷ་མིའི་ཐེག་པ་ནི་འདས་པའི་ཐེག་པ་རྣམས་འབྱུང་བའི་གཞིའམ་རྒྱུ་ཡིན་པར་ཞོག་ཅིག་ཅེས་པས། འདིའི་འབྲས་བུ་ལྷ་མིའི་སྟོད་རིགས་ནས་འདས་པའི་ཐེག་པ་མཚན་ཉིད་པ་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་ཐེག་པ་རིམ་པ་དགུར་འཇུག་པའི་ཕྱིར་རོ། །དེ་ཡང་ཐེག་པ་རིམ་པ་དགུ་ནི། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་ནི། ཕྱི་མཚན་ཉིད་ཀྱི་ཐེག་པ་སྡེ་གསུམ་མོ། །ཀྲི་ཡ་དང་། ཨུ་པ་ཡ་དང་། ཡོ་གའི་ཐེག་པ་གསུམ་ནི། སྔགས་ཕྱི་རྒྱུད་ཀྱི་ཐེག་པ་གསུམ་མོ། །མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་ག་དང་། ཨ་ཏི་ཡོ་གའི་ཐེག་པ་གསུམ་ནི། སྔགས་ནང་རྒྱུད་ཀྱི་ཐེག་པ་གསུམ་མོ། །ཉན་ཐོས་ཀྱི་ཐེག་པ་དང་ཞེས་པ་ནི། བདེན་བཞིའི་དོན་རྟོགས་རབ་ཏུ་སྤོང་བ་ཡི། །ཡེ་ཤེས་བཅུ་དྲུག་ཆ་སྦྱངས་རབ་ཞི་དང་། །རྒྱུན་ཞུགས་ལ་སོགས་རིམ་པར་སྦྱངས་ནས་ནི། །ཉོན་མོངས་དགྲ་རྣམས་ཞི་བའི་ས་རུ་འགྲོ། །ཞེས་པས། ཉན་ཐོས་ཀྱི་སྒྲ་དོན་ནམ་ངེས་ཚིག་ནི། གཞན་བརྟེན་ཐོས་སྒྲོག་ཅེས་པ་སྟེ། སློབ་དཔོན་གཞན་ལ་བརྟེན་ཅིང་དེ་ལས་ཐོས་པའི་དོན་གཞན་ལ་སྒྲོག་པའི་ཕྱིར་ཉན་ཐོས་ཞེས་བྱའོ། །འཇུག་པའི་སྒོ་འཕགས་པའི་བདེན་པ་བཞིའི་སྒོ་ནས་འཇུག །སྤྱད་བྱའི་ཚུལ་ཁྲིམས་སོ་སོར་ཐར་པ་རིགས་བརྒྱད་ཀྱི་བསྲུང་བྱའམ། ཁྱད་པར་དུ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རང་དོན་དུ་སྤྱོད། རྟོགས་པའི་ལྟ་བ་གང་ཟག་གི་བདག་རང་བཞིན་མེད་པར་རྟོགས། བསྒོམ་བྱའི་ཏིང་ངེ་འཛིན་བདེན་པ་བཞི་པོ་རེ་རེ་ཡང་ཆོས་ཤེས་ཆོས་བཟོད་གཉིས། རྗེས་ཤེས་རྗེས་བཟོད་གཉིས་ཏེ་ཡེ་ཤེས་བཅུ་དྲུག་རིམ་པ་བཞིན་བསྒོམ། དེ་ལྟར་བསྒོམས་པའི་གནས་སྐབས་ཀྱི་འབྲས་བུ་རྒྱུན་ཞུགས་དང་། ལན་ཅིག་ཕྱིར་འོང་མི་འོང་གཉིས། མཐར་ཐུག་རྒྱན་བཅས་དང་རྒྱན་མེད་ཀྱི་དགྲ་བཅོམ་པ་སྟེ་ལྷག་བཅས་དང་ལྷག་མེད་ཀྱི་མྱང་འདས་ཀྱི་གནས་ལུགས་འདེགས་པར་བྱེད་པའམ། ཐོབ་པར་བྱེད་པའི་དོན་གྱིས་ན་ཉན་ཐོས་ཀྱི་ཐེག་པ་དང་། དེ་ལྟར་འབྲས་བུ་ཐོབ་པ་ལྟར་དུ་སྣང་ནས་དོན་མཛད་པ་ཡང་རྒྱུད་འདི་ཉིད་ཀྱི་བྱིན་གྱིས་བརླབས་ཀྱི་ཤུགས་ལ་སྣང་བའོ། །རང་བྱང་ཆུབ་ཀྱི་ཐེག་པ་དང་ཞེས་པ་ནི། ཕྱི་ནང་རྟེན་འབྲེལ་སྒྱུ་མ་མིག་ཡོར་ཚུལ་ཤེས་ཤིང་། །དངོས་པོའི་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག །དགེ་བཤེས་མི་སློབ་རང་གི་རིག་པས་རྟོགས། །བྱང་ཆུབ་ས་བགྲོད་ཡིད་བཞིན་བདེ་བ་མཆོག །ཅེས་པས་རང་བྱང་ཆུབ་ཀྱི་སྒྲ་དོན་ནམ་ངེས་ཚིག་ནི། སྦྱོར་ལམ་བཟོད་པ་འབྲིང་པོ་ནས་རིགས་ཕྱེ་སྟེ་རང་གི་འབྲས་བུ་མ་ཐོབ་ཀྱི་བར་དུ་རྐྱེན་སློབ་དཔོན་ལ་མི་ལྟོས་པར་རང་གི་ཤེས་རབ་ཀྱིས་དུར་ཁྲོད་ཀྱི་ཀེང་རུས་ལ་བརྟགས་ནས་མ་རིག་པ་བཀག་པས། རང་གི་བྱང་ཆུབ་རང་གིས་ཐོབ་པར་འདོད་པས་རང་བྱང་ཆུབ་ཅེས་པའམ་སློབ་དཔོན་གྱི་ལུང་མེད་པར་བདག་ཉིད་གཅིག་པུའི་ཕྱིར་སངས་རྒྱས་པས་རང་སངས་རྒྱས་ཞེས་བྱའོ། །འཇུག་པའི་སྒོ་རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་འཇུག །སྤྱད་བྱའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རང་དོན་དུ་སྤྱོད་པ་ཉན་ཐོས་དང་མཚུངས་ལ། ཁྱད་པར་དུ་ཐེག་པ་ཆེན་པོ་མེད་པའི་སར་རྫུ་འཕྲུལ་ཡ་མ་ཟུང་གི་སྒོ་ནས་གཞན་དོན་ཤས་འགའ་སྤྱོད། རྟོགས་པའི་ལྟ་བ་བདག་མེད་པ་ཕྱེད་དང་གཉིས་རང་བཞིན་མེད་པར་རྟོགས། བསྒོམ་བྱའི་ཏིང་ངེ་འཛིན་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་བཀག་ནས་ལུགས་ལྡོག་སྟོང་པ་བཅུ་གཉིས་ཁྲིགས་ཆགས་སུ་བསྒོམ། དེ་ལྟར་བསྒོམས་པའི་འབྲས་བུ་བསེ་རུ་ལྟ་བུ་གཅིག་པུར་གནས་པའམ། ཚོགས་ན་སྤྱོད་པ་ནེ་ཙོ་ལྟ་བུ་ཁྱུ་ལྡིང་བས་མཐར་ཐུག་གི་དགྲ་བཅོམ་པ་ཡིད་བཞིན་བདེ་བ་མཆོག་གི་སར་འདེགས་པར་བྱེད་པའམ་ཐོབ་པར་བྱེད་པའི་དོན་གྱིས་ན་རང་བྱང་ཆུབ་ཀྱི་ཐེག་པ་དང་། དེ་ལྟར་འབྲས་བུ་ཐོབ་པ་ལྟར་དུ་སྣང་ནས་དོན་མཛད་པ་ཡང་རྒྱུད་འདི་ཉིད་ཀྱི་བྱིན་གྱིས་བརླབས་ཀྱི་ཤུགས་ལ་སྣང་བའོ། །བྱང་ཆུབ་སེམས་དཔའི་ཐེག་པ་དང་ཞེས་པས། བདག་མེད་གཉིས་རྟོགས་ཕ་རོལ་ཕྱིན་རྫོགས་པའི། །ས་བཅུ་རིམ་གྱིས་བགྲོད་པའི་རྣལ་འབྱོར་པས། །སངས་རྒྱས་ས་བགྲོད་གོ་འཕང་ཐོབ་པའི་ལམ། །བདེན་པ་གཉིས་ཀྱིས་རབ་ཏུ་ཐོབ་པར་འགྱུར། །ཞེས་པས། བྱང་ཆུབ་སེམས་དཔའི་སྒྲ་དོན་ནམ་ངེས་ཚིག་ནི། བདག་དོན་དུ་བྱང་ཆུབ་པ་གཞན་དོན་ལ་སེམས་དཔས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །འཇུག་པའི་སྒོ་བདེན་པ་གཉིས་སམ་སྨོན་འཇུག་གཉིས་ཀྱི་སྒོ་ནས་འཇུག །སྤྱད་བྱའི་ཚུལ་ཁྲིམས་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་གཞན་དོན་འབའ་ཞིག་ཏུ་སྤྱོད། རྟོགས་པའི་ལྟ་བ་གང་ཟག་དང་ཆོས་ཀྱི་བདག་མེད་གཉིས་རང་བཞིན་མེད་པར་རྟོགས། བསྒོམ་བྱའི་ཏིང་ངེ་འཛིན་ས་བཅུ་རིམ་གྱི་སྤྲོས་བྲལ་དུ་བསྒོམས་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤོང་ལ། དེ་ལྟར་བསྒོམས་པའི་གནས་སྐབས་ཀྱི་འབྲས་བུ་ས་བཅུ་རིམ་གྱིས་བགྲོད་དེ། མཐར་ཐུག་གི་འབྲས་བུ་བཅུ་གཅིག་ཀུན་ཏུ་འོད་ཀྱི་སར་འདེགས་པར་བྱེད་པའམ་ཐོབ་པར་བྱེད་པའི་དོན་གྱིས་ན་བྱང་ཆུབ་སེམས་དཔའི་ཐེག་པ་དང་། དེ་ལྟར་འབྲས་བུ་ཐོབ་པ་ལྟར་དུ་སྣང་ནས་དོན་མཛད་པ་ཡང་རྒྱུད་འདི་ཉིད་ཀྱི་བྱིན་གྱིས་བརླབས་ཀྱི་ཤུགས་ལ་སྣང་བའོ། །བླ་ན་མེད་པ་སྔགས་ཀྱི་ཐེག་པས་ཞེས་པ་ནི། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་པས། བླ་ན་མེད་པ་སྔགས་ཀྱི་ཐེག་པའི་སྒྲ་དོན་ནམ་ངེས་ཚིག་ནི། གོང་གི་ཐེག་པ་དེ་དག་ལས་ཀྱང་ལྟ་སྒོམ་སྤྱོད་འབྲས་མཆོག་ཏུ་གྱུར་པས་ན། བླ་ན་མེད་པའི་མཆོག་ཏུ་གྱུར་པ་སྔགས་ཀྱི་ཐེག་པ་སྟེ། དེ་ལ་ཡང་ཕྱེ་ན། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པའོ། །དང་པོ་ཕྱི་ཐུབ་བརྒྱུད་ཀྱི་ཐེག་པ་གསུམ་ལས། དང་པོ་བྱ་བའི་རྒྱུད་ཀྲི་ཡའི་ཐེག་པ་ནི། འཇུག་པའི་སྒོ་ཁྲུས་དང་གཙང་སྦྲའི་སྒོ་ནས་འཇུག །སྤྱད་བྱའི་རྫས་དཀར་གསུམ་མངར་གསུམ་ལ་སྤྱོད། རྟོགས་པའི་ལྟ་བ་སེམས་དག་པའི་མཐའ་བཞི་དྲི་མ་དང་བྲལ་བར་རྟོགས། བསྒོམ་བྱའི་ཏིང་ངེ་འཛིན་མཚན་བཅས་ལྷ་ཡེ་ཤེས་སེམས་དཔའ་རྗེ་བོ་དང་། བདག་དམ་ཚིག་སེམས་དཔའ་ཁོལ་པོའི་ཚུལ་གྱིས་མཆོད་པ་ཕར་འབུལ་ཞིང་དངོས་གྲུབ་ཚུར་ཞུ་བ་དང་། མཚན་མ་མེད་པ་བདེན་གཉིས་རེ་མོས་སུ་བསྒོམ། དེ་ལྟར་བསྒོམས་པའི་འབྲས་བུ་རིགས་གསུམ་རྡོ་རྗེ་འཛིན་པའི་སར་འདེགས་པར་བྱེད་པའམ་ཐོབ་པར་བྱེད་པའི་དོན་གྱིས་ན་ཀྲི་ཡའི་ཐེག་པ་དང་། གཉིས་པ་སྤྱོད་པའི་རྒྱུད་ཨུ་པ་ཡའི་ཐེག་པ་ནི། འཇུག་སྒོ་དང་སྤྱོད་པ་བྱ་བའི་རྒྱུད་དང་མཐུན། ལྟ་བ་དང་སྒོམ་པ་རྣལ་འབྱོར་གྱི་རྒྱུད་དང་མཐུན། དེ་ལྟར་བསྒོམས་པའི་འབྲས་བུ་རིགས་བཞི་རྡོ་རྗེ་འཆང་གི་སར་འདེགས་པར་བྱེད་པའམ་ཐོབ་པར་བྱེད་པའི་དོན་གྱིས་ན་ཨུ་པ་ཡའི་ཐེག་པ་དང་། གསུམ་པ་རྣལ་འབྱོར་གྱི་རྒྱུད་ཡོ་གའི་ཐེག་པ་ནི། འཇུག་པའི་སྒོ་ཏིང་ངེ་འཛིན་གྱི་སྒོ་ནས་འཇུག །སྤྱད་བྱའི་རྫས་དམ་རྫས་ཁ་ཡར་བ་ལ་སྤྱོད། རྟོགས་པའི་ལྟ་བ་སེམས་རང་རིག་རང་གསལ་དག་པ་ལྷ་སོ་བདུན་གྱི་རང་བཞིན་དུ་རྟོགས། བསྒོམ་བྱའི་ཏིང་ངེ་འཛིན་ནི་མཚན་བཅས་ལྷ་ཡེ་ཤེས་སེམས་དཔའ་དང་། བདག་དམ་ཚིག་སེམས་དཔའ་གྲོགས་པོ འམ་མཉམ་པོའི་ཚུལ་དུ་བསྒོམས་ནས་སྐྱེས་དང་སྐྱེས་ལན་གྱི་ཚུལ་དུ་ཕན་ཚུན་མཆོད་པ་མཉམ་པོར་འབུལ་བ་དང་། མཚན་མ་མེད་པ་བདེན་གཉིས་མགོ་མཉམ་དུ་བསྒོམ། དེ་ལྟར་བསྒོམས་པའི་འབྲས་བུ་རིགས་ལྔ་སྟུག་པོ་བཀོད་པའི་སར་འདེགས་པར་བྱེད་པའམ་ཐོབ་པར་བྱེད་པའི་དོན་གྱིས་ན་ཡོ་གའི་ཐེག་པ་དང་། དེ་ལྟར་འབྲས་བུ་ཐོབ་པ་ལྟར་དུ་དོན་མཛད་པ་ཡང་རྒྱུད་འདི་ཉིད་ཀྱི་བྱིན་གྱིས་བརླབས་ཀྱི་ཤུགས་ལ་སྣང་བའོ། །གཉིས་པ་ནང་པ་ཐབས་ཀྱི་རྒྱུད་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཀྱི་ཐེག་པ་ལ། བསྐྱེད་པ་མ་ཧཱ་ཡོ་ག་རྫོགས་པ་ཨ་ནུ་ཡོ་ག་བསྐྱེད་རྫོགས་གཉིས་སུ་མེད་པར་སྟོན་པ་ཨ་ཏི་ཡོ་གའི་ཐེག་པ་དང་གསུམ་དུ་སྟོན་པ་ལས། ནང་པ་མ་ཧཱ་ཡོ་གའི་བཀོལ་མདོ་ནི་གཞུང་ཧྲིལ་པོ་ཡིན་པས་སྦྱར་མི་དགོས་གསུང་ཡང་། མ་སྦྱར་ན་ངོས་མི་ཟིན་པས་མ་ཧཱ་ཡོ་ག་ནི། འཇུག་པའི་སྒོ་ཐབས་དང་ཤེས་རབ་ཀྱི་སྒོ་ནས་འཇུག །སྤྱད་བྱའི་རྫས་དམ་རྫས་བདུད་རྩི་ལྔ་ལ་འཇོལ་ཉོག་ཏུ་སྤྱོད། རྟོགས་པའི་ལྟ་བ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་རྟོགས། བསྒོམ་བྱའི་ཏིང་ངེ་འཛིན་ལྷ་དང་རྟོག་པ་དབྱེར་མེད་དུ་བསྒོམ། དེ་ལྟར་བསྒོམས་པའི་འབྲས་བུ་པདྨ་ཅན་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་འདེགས་པར་བྱེད་པའི་དོན་གྱིས་ན་བསྐྱེད་རིམ་གཙོ་ཆེ་བ་སྟོན་པ་མ་ཧཱ་ཡོ་གའི་ཐེག་པ་དང་། དེ་ལས་ཀྱང་རྫོགས་རིམ་གཙོ་ཆེ་བར་སྟོན་པ་ཨ་ནུ་ཡོ་གའི་ཐེག་པ་དང་། དེ་ལས་ཀྱང་གཉིས་སུ་འཛིན་པའི་རྩོལ་བ་དང་བྲལ་བས་བསྐྱེད་རྫོགས་གཉིས་སུ་མེད་པར་སྟོན་པ་ཨ་ཏི་ཡོ་གའི་ཐེག་པའོ། །དེ་ལྟར་འབྲས་བུ་ཐོབ་པ་ལྟར་དུ་སྣང་ནས་དོན་མཛད་པ་ཡང་རྒྱུད་འདི་ཉིད་ཀྱི་བྱིན་གྱིས་བརླབས་ཀྱི་ཤུགས་ལ་སྣང་བའོ། །གཉིས་པ་ཉོན་མོངས་པ་ལ་དགོངས་ཏེ་གསུངས་པ་ནི། མ་རིག་པའི༴ གསུང་བར་འགྱུར་རོ། །ཞེས་པ་དེར་གདའ་ཞིང་། མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར། ཞེས་པས། འཁོར་བའི་རྩ་བའམ་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། རྐྱེན་ཀུན་བརྟགས་ཀྱི་མ་རིག་པ་གཉིས་ཁོ་ན་ལས་གྱུར་པའི་རྣམ་པར་རྟོག་པ་དང་ཉོན་མོངས་པ་དུག་གསུམ་ཆ་མཉམ་པའམ་ཡང་ན་ཁོང་ཁྲོ་སྟེ་ཉོན་མོངས་པ་བཞི་པོ་རེ་རེ་ལའང་ཉི་ཁྲི་ཆིག་སྟོང་སྟེ། ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་དེ་དག་འདུལ་བའི་གཉེན་པོར། ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ་ཞེས་པས། ཉོན་མོངས་པ་དེ་དག་ལམ་གང་དག་གིས་དག་པར་བྱེད་པ་ནི་གཉེན་པོ་སྟེ། དེ་ཡང་སྤོང་བ་དང་སྦྱོང་བ་དང་དབང་དུ་བྱེད་པའི་ཆོས་འདུལ་བ་མདོ་སྡེ་མངོན་པ་རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་དང་བཞི་པོ་རེ་རེ་ལའང་ཉི་ཁྲི་ཆིག་སྟོང་སྟེ། ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་སྔར་འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་སོ། །ད་ལྟར་གྱི་སངས་རྒྱས་རྣམས་ཀྱིས་གསུང་ངོ་། །མ་འོངས་པའི་སངས་རྒྱས་རྣམས་ཀྱིས་གསུང་བར་འགྱུར་རོ། །གསུམ་པ་ཐབས་སམ་གཉེན་པོ་ལ་དགོངས་ཏེ་གསུངས་པ་ནི། དེ་དག་ཐམས་ཅད་ཀྱང་༴ མཐར་ཐུག་གོ། །ཞེས་པ་དེར་གདའ་ཞིང་། དེ་དག་ཐམས་ཅད་ཀྱང་ཞེས་པས་ཆོས་སྒོ་དེ་དག་ཐམས་ཅད་ཀྱང་ཉོན་མོངས་པའི་གཉེན་པོར་འགྱུར་ཚུལ་ནི། ཐེག་པ་ལྔ་ལྟར་ན་གཉེན་པོ་ཡང་ལྔ་དང་། སྡེ་སྣོད་བཞི་ལྟར་ན་གཉེན་པོ་ཡང་བཞིར་འདོད་ཀྱིས་འདི་ལ་སྐྱེད་ལུང་གི་ཡང་ཁྱེད་བླ་མ་ནི་རལ་གྲིའི་སྟོང་ཐུན་དང་སྦྱོར་རོ། །ཆུ་བར་གྱི་གླན་ཤཱཀྱ་བཟང་པོ་སྦྲུལ་ནག་གི་སྟོང་ཐུན་དང་སྦྱོར་རོ། །མདའ་ཏིག་ཆོས་ཤག་དུག་ཤིང་གི་སྟོང་ཐུན་དང་སྦྱོར་བ་ལ་རྗེ་གསང་བདག་སྒྲོ་ཕུག་པ་ཆེན་པོ་ནི། མདའ་ཏིག་ཆོས་ཤག་གི་ལྟར་དུག་ཤིང་གི་སྟོང་ཐུན་སྦྱོར་བ་འཐད་གསུངས་ཏེ། དེ་ཡང་མདོ་དགོངས་འདུས་ལས། ལྡུམ་རར་དུག་གི་སྡོང་སྐྱེས་པ། །དུག་སྡོང་ཡིན་པར་ཤེས་མ་ཐག །རྩད་ནས་བཅད་ནས་དབྱུང་བར་བྱ། །ཅི་ཕྱིར་ལྡུམ་ཟས་དེ་དག་ལ། །དུག་འཕེལ་རྒྱས་ན་འཆི་ཕྱིར་རོ། །ཞེས་པས། དཔེར་ན་རྒྱལ་པོ་ཆེན་པོ་ཞིག་གི་བཟའ་ཤིང་གི་ར་བར་དུག་ཤིང་གི་སྡོང་པོ་སྐྱེས་པ་ལ་འབངས་བླུན་པོ་རྣམས་དུག་ཤིང་གི་རོ་མངར་བ་ཚོར་ཞིང་དེ་ལ་ཆགས་ནས་བཟའ་ཤིང་དོར་ཏེ། དུག་ཤིང་གི་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་དང་བཅས་པ་པ་ལ་ལོངས་སྤྱད་པས། དུག་ནད་དྲག་པོའི་སྡུག་བསྔལ་གྱིས་མནར་ཞིང་སྲོག་འཚོ་བའི་སྐབས་མེད་དོ། །དཔེ་དེ་བཞིན་དུ་མ་རིག་པ་གཉིས་ཀྱིས་བསྐྱེད་པའི་ཉོན་མོངས་པའི་སྡོང་པོ་ཡལ་འདབ་དུག་ལྔའམ་ཉེ་བའི་ཉོན་མོངས་པ་ཉི་ཤུ་ལ་སོགས་པ་ལ། ཐ་མལ་པའི་ལྷ་མི་འཇིག་རྟེན་པའི་ཆོས་བརྒྱད་ལ་མངོན་པར་ཞེན་པ་རྣམས་ཀྱིས་དགེ་བ་བཅུ་སྤངས་ནས་ཉོན་མོངས་པ་དང་མི་དགེ་བའི་ལས་ལ་འཇོལ་ཉོག་ཏུ་སྤྱད་པས། འབྲས་བུ་ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་ཉམ་ཐག་ཅིང་ཐར་པའི་སྲོག་འཆད་པར་བྱེད་དོ། །འབངས་དེ་རྣམས་ཀྱིས་ནང་ནས་དུག་ཤིང་གི་ཉེས་དམིགས་ཤེས་པ་ཁ་ཅིག་ནི་བཟའ་ཤིང་དང་དུག་ཤིང་ཁེ་ཉེན་ཤེས་ནས་བཟའ་ཤིང་ལ་ལོངས་སྤྱོད་པར་བྱེད་ཀྱང་། དུག་ཤིང་གི་ཁྲོད་ནས་འཕགས་པར་མ་ནུས་པ་བཞིན་དུ། ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང་ཞེས་པས། ལྷ་མིའི་ནང་ནས་དཀར་པོའི་ལས་སད་པ་ཁ་ཅིག །དགེ་བའི་ལས་ཀྱི་འབྲས་བུ་མཐོ་རིས་དང་། སྡིག་པའི་ལས་ཀྱི་འབྲས་བུ་ངན་སོང་ལས་མི་འདའ་ཞིང་། མི་བསླུ་བས་ན་ཆུད་མི་ཟ་བར་ཡིད་ཆེས་པས་མི་དགེ་བ་བཅུ་སྤང་ནས་དགེ་བ་དང་བཅུ་དང་དུ་ལེན་ཞིང་སྤྱོད་ཀྱང་འཁོར་བ་ལས་ངེས་པར་འབྱུང་མི་ནུས་པ་ལྷ་མིའི་ཐེག་པ་དང་། ཡང་འབངས་དེ་རྣམས་ཀྱི་ནང་ནས་ཁ་ཅིག་ན་རེ། དུག་ཤིང་གི་སྡོང་པོ་འདི་རྩ་བ་ཁབ་རྩེ་ཙམ་ཡང་མ་ལུས་པར་བཏོན་ནས་རྟ་དང་གླང་པོ་ལ་བཀལ་ཏེ། ཕ་བརྒལ་དང་ཆུ་འཕགས་སུ་བསྐྱལ་པ་དྲག་གོ་ཟེར་ལོ། དཔེ་དེ་བཞིན་དུ་གཟུང་བ་དང་འཛིན་པའི་ཞེས་པས། གང་ཟག་གི་བདག་ཕྱི་གཟུང་བའི་ཡུལ་རགས་པ་དང་ནང་འཛིན་པའི་ཤེས་པ་རྒྱུན་དང་བཅས་པ་རང་བཞིན་མེད་པར་རྟོགས་པས་འཁོར་བ་ལས་ངེས་པར་འབྱུང་ཡང་། ཆོས་ཀྱི་བདག་བཟུང་ཡུལ་རྡུལ་ཕྲ་རབ་དང་འཛིན་སེམས་ཤེས་པ་སྐད་ཅིག་མ་དོན་དམ་དུ་འདོད་པ་ཉན་ཐོས་ཀྱི་ཐེག་པ་ལ་ཉོན་མོངས་པ་སྤོང་བའི་ཐབས་དང་། ཡང་འབངས་དེ་བས་ཀྱང་ཅུང་ཟད་ཐབས་ཆེ་བ་ཅིག་ན་རེ། དུག་ཤིང་གི་སྡོང་པོ་འདི་རྩ་བ་ནས་འདོན་མི་དགོས་ཏེ་སྡོང་པོ་བཅད་སྔར་བཞིན་བསྐྱལ་ནས་བཅད་མཚམས་ལ་ཁྲོ་ཆུ་ཁོལ་མ་བླུགས་པས་སླར་སྐྱེ་བར་མི་འགྱུར་རོ་ཟེར་བ་བཞིན་དུ། ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པས། འཛིན་རིག་སྐད་ཅིག་མ་དོན་དམ་གྱི་བདེན་པར་འདོད་པས། ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་མང་ཉུང་གི་ཚུལ་དུ་འཁོར་ལ། ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ལུས་མེད་རྣམས་ལ་བག་ཆགས་དང་ལུས་ཅན་རྣམས་ལ་དངོས་སུ་འཁོར་བར་འདོད་པས། དེ་ཡང་མ་རིག་པ་ནས་རྒ་ཤིའི་བར་ལུགས་འབྱུང་འཁོར་བའི་ཆོས་སྤང་ནས། ལུགས་ལྡོག་མྱང་འདས་ཀྱི་ཆོས་བསྒྲུབ་པ་རང་སངས་རྒྱས་ཀྱི་ཐེག་པ་ལ་ཉོན་མོངས་པ་འགེགས་པའི་ཐབས་སོ། །དེ་ལྟར་ལྷ་མི་དང་ཉན་རང་གི་ཐེག་པའི་ལམ་པ་གསུམ་པོ་སྤོང་བའི་གཉེན་པོར་གཅིག་པས་སྤོང་ལམ་པའོ། །ཡང་འབངས་དེ་རྣམས་ཀྱི་ནང་ནས་ལྷ་རྗེ་མཁས་པ་ཅིག་ན་རེ། དུག་ཤིང་གི་རྩ་བ་ཁབ་རྩེ་ཙམ་ཡང་མ་ལུས་པར་བྲུ་བ་དང་ལྟ་ཅི་སྨོས། དུག་སྡོང་བཅད་ནས་སྐྱེལ་བ་ཡང་ཉེས་དམིགས་དང་རྩོལ་བར་བཅས་པ་ཡིན་ལ། ཁོ་བོ་ནི་སྨན་མར་སྦྱོར་བ་ལ་དུག་ཤིང་ཉོ་བ་ཡང་མ་རྙེད་དོ། །ཞེས་ཟེར་ནས་དུག་ཤིང་ལ་སྨན་སྦྱོར་བྱས་པས་ནད་བཞི་བརྒྱ་རྩ་བཞི་སེལ་ཞིང་རོ་རྩའི་མཆོག་ཏུ་གྱུར་པ་ཞིག་བྱུང་ལ། དཔེ་དེ་བཞིན་དུ་འཛིན་པ་འཁྲུལ་པ་ལས་འདོགས་པ་དང་ཞེས་པས། ནང་འཛིན་པའི་ཤེས་པའི་རྐྱེན་གྱིས་འཁྲུལ་པའི་སྣང་བ་ཙམ་ལས་དོན་དུ་བདེན་པར་མ་གྲུབ་ཀྱང་། ཕྱི་རོལ་ཡུལ་དུ་འདོགས་པ་ནི་ཀུན་བརྟགས་དང་གཞན་དབང་ཡིན་པའི་ཕྱིར། ཡོངས་གྲུབ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཡུལ་དང་ཤེས་པ་ཐ་དད་དུ་མ་སྐྱེས་པར་ཤེས་ནས་གཟུང་འཛིན་གཉིས་མེད་དུ་འདོད་པ་སེམས་ཙམ་དང་། མྱོང་བ་གཉིས་མེད་ཀྱི་ཤེས་པ་ལ་བདེན་པ་འགོག་པ་དབུ་མ་པ་གཉིས་ནི། ཞི་བ་ཕྱོགས་གཅིག་པ་ལས་ངེས་པར་འབྱུང་བ་བྱང་ཆུབ་སེམས་དཔས་ཐེག་པ་ལ་ཉོན་མོངས་པ་དང་། རྣམ་པར་རྟོག་པ་ཆོས་ཉིད་དུ་སྦྱོང་བའི་ཐབས་དང་། ཡང་འབངས་དེ་རྣམས་ཀྱི་ནང་ནས་སྔགས་མཁན་ཅིག་བྱུང་ནས་དུག་ཤིང་འདུལ་བ་ལ་སྨན་གྱི་འདུལ་སྦྱོང་འདི་ཙམ་བྱེད་ཅི་དགོས། འདི་བཞིན་བྱེད་པ་ཡིན་མོད་ཟེར་ནས་ཕྱག་རྒྱ་ཞིག་བཅས་ནས་སྔགས་བཏབ་པ་ཙམ་གྱིས་སྔར་གྱི་སྨན་སྦྱོར་བྱས་པ་དེ་བས་ཀྱང་རོ་ནུས་མཆོག་ཏུ་གྱུར་པ་ཞིག་བྱུང་སྐད། དཔེ་དེ་བཞིན་དུ་ལས་དང་ལས་ཀྱི་འབྲས་བུས་མི་གོས། ཞེས་པས་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་གྱི་སྒོ་ནས་ཉོན་མོངས་པ་དང་རྣམ་པར་རྟོག་པ་ལྷའི་རང་བཞིན་དུ་དབང་བསྒྱུར་བས། དགེ་བའི་ལས་དང་སྡིག་པའི་ལས་ཀྱི་འབྲས་བུ་མཐོ་རིས་དང་ངན་སོང་གིས་མི་གོས་པ་སྟེ། དེ་ཡང་ཉོན་མོངས་པ་རྣམས་རང་གི་སེམས་ཉིད་དུ་སྣང་བའི་ཕྱིར། སེམས་ལྟར་སྣང་བའི་དུས་ན་སྤང་བྱ་མེད་པ་དང་ཞེན་པ་འདག་པས། ཀྲི་ཡོག་སྡེ་གསུམ་གྱི་ཐེག་པ་ལ། ཉོན་མོངས་པ་ལྷ་ཡེ་ཤེས་སུ་སྒྱུར་བའི་ཐབས་དང་། ཡང་རྨ་བྱ་གཅིག་བྱུང་ནས་དུག་ཤིང་གི་སྡོང་པོ་མཐོང་བས་ཤིན་ཏུ་དགའ་བའི་སེམས་ཀྱིས་གང་ལའང་ལྟོས་མེད་དུ་ཟོས་པས་ལང་ཚོ་རྒྱས་ཤིང་སྤུ་སྡུག་མདངས་དང་ལྡན་པར་གྱུར་ལོ། དཔེ་དེ་བཞིན་དུ། གོས་པར་མི་འགྱུར། ཞེས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་པའི་བདག་ཉིད་ཡིན་པའི་ཕྱིར། ཉོན་མོངས་པ་ལྔ་པོ་ཉིད་ཡེ་ཤེས་ལྔར་ཤེས་ནས་སྤང་བྱ་མི་མཐུན་པ་དང་ཉོན་མོངས་པའི་གཉེན་པོ་གཉིས་མེད་པས། ལས་དགེ་སྡིག་གི་སྐྱོན་ཡོན་གྱིས་གོས་པར་མི་འགྱུར་ཏེ། ཅི་སྤྱད་པ་ཉིད་ཡོན་ཏན་དུ་འཆར་བ། སྔགས་ནང་པ་མ་ཧཱ་ཨ་ནུ་གཉིས་ཀྱི་ཐེག་པ་ལ་ཉོན་མོངས་པ་དབང་དུ་བྱེད་པའི་ཐབས་དང་། དེ་ལྟར་དུག་ཤིང་གི་སྡོང་པོ་སྐྱེས་པའི་དུས་ཉིད་ན་ལྡུམ་རའི་ས་གཞི་དེ་ལ་དུག་སྡོང་སྐྱེས་པ་དང་། བཅད་པ་དང་སྨན་གྱིས་སྦྱངས་པ་དང་བསྒྱུར་བ་དང་རྨ་བྱས་ཟོས་པ་ལ་སོགས་གང་ལ་ཡང་སྤང་བླང་དང་དགའ་མི་དགའི་རྟོག་པ་མེད། དུག་མ་སྐྱེས་ཀྱང་དགག་སྒྲུབ་དང་བླང་དོར་མེད་པ་བཞིན་དུ། གོས་སུ་མེད་ཅེས་པས། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་རང་ཤར་བ་ལ་ལས་དང་ལས་ཀྱི་འབྲས་བུ་གོས་སུ་མེད་པར་སྟོན་པའི་ཐབས་ཀྱི་ཐེག་པ་ནི་ལས་རྒྱུ་འབྲས་གཉིས་སུ་སྣང་བ་དང་བྲལ་བ་ཨ་ཏི་རང་ལུགས་ཀྱི་ཐེག་པ་སྟེ་སྤང་གཉེན་གྱི་ཐ་སྙད་ལས་འདས་པའོ། །སྟོན་པའི་མཐར་ཐུག་གོ། །ཞེས་པས། དེ་ལྟར་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་ཏུ་གྱུར་པ་ཨ་ཏི་ཡོ་གའི་ཐེག་པ་དེ་ནི་སྟོན་པ་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་ཀུན་ཏུ་བཟང་པོའི་ཐུགས་ཀྱི་དགོངས་པ་མཐར་ཐུག་གོ། །འོ་ན་སྟོན་པ་དྲུག་པའི་ཐུགས་དགོངས་མཐར་ཐུག་པ་ཨ་ཏི་ཡིན་པར་འདུག་པ་ལ། མ་ཧཱ་ཡོ་གའི་རྒྱུད་འདི་ཉིད་ཀྱིས་བྱིན་རླབས་ལས་བྱུང་བར་བཤད་པ་འགལ་ལོ་ཞེ་ན། སྤྱིར་གྱི་བསྐྱེད་རྫོགས་གསུམ་པོ་དགོས་ཆེད་ཀྱི་དབང་གི་ཁྱད་པར་ཡོད་པ་ལྟར་བསྟན་ཀྱང་། སྟོན་པ་དྲུག་པའི་དགོངས་པའི་མཐར་ཐུག་ཏུ་གཅིག་ལ། དེ་དག་གི་སྤྱི་རྒྱུད་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་འདི་ཉིད་ཡིན་ཏེ། རྒྱས་པ་ལས། ལུང་གི་སྤྱི་འདི་ཤིན་ཏུ་ཟབ་པའི་ཕྱིར། །ཞེས་པ་དང་། འདི་ཉིད་ལས། སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་པས་གསལ་ལོ། །བླ་མ་གོང་མ་རྣམས་ནི་འདིའི་དཔེར་མངའ་བདག་རྩེ་ལྡེ་ལ། འབངས་ཀྱིས་ནོར་འགྲན་པའི་གླེང་བཞི་གསུང་ངོ་། །སྤྱི་དོན་གཉིས་པ་ཡོངས་སུ་ཤེས་པར་བྱེད་པའི་ལྟ་བ་ལ་གཉིས་ཏེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ལྟ་བ་གཏན་ལ་དབབ་པ་དངོས་སོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་བསྟན་པ་ནི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་བསྟན་པ་འབྱུང་བའི་སྤྱིའི་གླེང་གཞིའམ་རྒྱུ་རྐྱེན་བསྟན་པ་ལ་དེ་ཡོངས་སུ་ཤེས་པར་བྱ་བའི་རྒྱུད་དོན་ལྟ་བ་སྟོན་པས་ན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པས་དེ་བཞིན་གཤེགས་པ་རིགས་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་ཀུན་ཏུ་བཟང་པོ་ཉིད་ཀྱིས་གོ་ཕྱེ་བའི་འཁོར་རྣམས་ཀྱི་ཆེད་དུ་ལྷན་ཅིག་པའི་འཁོར་རྣམས་ལ་འོག་ནས་འབྱུང་བའི་དོན་རྣམས་ཚིག་ཏུ་བརྗོད་པ་དང་འདྲ་བར་གོ་བར་བྱེད་པ་འདི་བརྗོད་དོ། །གཉིས་པ་ལྟ་བ་གཏན་ལ་དབབ་པ་དངོས་ལ་གཉིས་ཏེ། འཁོར་བ་གཏན་དབབ་པ་དང་། མྱ་ངན་ལས་འདས་པའི་ཡོན་ཏན་ནོ། །དང་པོ་འཁོར་བ་གཏན་ལ་དབབ་པ་གསུམ་སྟེ། བརྟག་གཞི་འཁོར་བའི་ཆོས་བསྟན་པ་དང་། གཏན་ཚིགས་བདེན་པ་གསུམ་གྱིས་གཏན་ལ་དབབ་པ་དང་། གྲུབ་མཐའ་རྟོགས་པ་བཞི་དང་དག་པ་གསུམ་གྱི་གཏན་ཚིགས་ཀྱིས་འབྲས་བུ་རྡོ་རྗེ་ཐེག་པ་གཏན་ལ་དབབ་པའོ། །དང་པོ་བརྟག་གཞི་འཁོར་བའི་ཆོས་བསྟན་པ་ནི། ཇི་སྙེད་འཇིག་རྟེན་འཁྲུལ་པའི༴ ཉམས་པ་མེད། ཅེས་པ་དེར་གདའ་ཞིང་། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །ཞེས་པས། ཇི་སྙེད་ནི་མང་བ་ཡིན་ལ་འཇིག་རྟེན་ནི་སྣོད་འཇིག་པ་ལ་བཅུད་འཇིག་པ་བརྟེན་པའི་ཕྱིར། སྣོད་བཅུད་མཐའ་ཡས་པའི་སྣང་རིགས་སུ་སྣང་བའི་འཇིག་རྟེན་ཇི་སྙེད་པ་ཐམས་ཅད་བློ་འཁྲུལ་པ་བསམ་གྱིས་མི་ཁྱབ་པ་ནི་འཁོར་བའི་ཆོས་ཏེ་འཁོར་བ་འཁྲུལ་པའི་ངོ་བོ་ཡིན་ནོ། །མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཞེས་པ་ལ། མ་རིག་ཅེས་པས་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ཡིན་ཡང་ངེས་པའི་ཤེས་པ་མ་སྐྱེས་པ་སྟེ་རང་ངོ་རང་གིས་མ་ཤེས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་སྟེ་འཁོར་བ་འཁྲུལ་པའི་རྒྱུ་ཡིན་ནོ། །རྟོག་པའི་གཟུང་འཛིན་གྱིས་ཞེས་པས་དེས་ན་ང་རུ་བསྟན་པ་ལས་གང་ཟག་དང་ཆོས་ཀྱི་བདག་ཏུ་རྟོགས་པའི་ཕྱིར། ཕྱི་གཟུང་བའི་ཡུལ་དང་ནང་འཛིན་སེམས་ཀྱི་ཤེས་པ་གཉིས་སྣང་གི་རྐྱེན་གྱིས་ཉོན་མོངས་པ་སྐྱེ་ཞིང་། དེ་ལ་སོགས་པ་ནི་ཀུན་ཏུ་བརྟགས་པའི་མ་རིག་པ་སྟེ་འཁོར་བ་འཁྲུལ་པའི་རྐྱེན་ཡིན་ནོ། །འོ་ན་སེམས་ཅན་དེ་དག་ཇི་ལྟར་འཁོར་ཞེ་ན། ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །ཞེས་པས། ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་མང་ཉུང་གི་ཚུལ་དུ་འཁོར་ཏེ། དཔེ་ཤིང་གི་སྡོང་པོ་ལྟ་བུ་ལ་སྦྱར་ན་རྒྱུ་དང་འབྲེལ་བ་དྲུག་ནི། རྩ་བ་དང་སྡོང་པོ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་རྣམས་སྔ་མ་སྔ་མས་ཕྱི་མ་ཕྱི་མ་བསྐྱེད་པ་ལྟ་བུ་ཡིན་ལ། ཉུང་བ་སྡོང་ཟླུམ་ལྟ་བུ་ཞིག་ལ་སྦྱོར་ན་རྩ་བ་དང་སྡོང་པོ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་ཐམས་ཅད་དེ་རང་ཡིན་པ་ལྟ་བུའོ། །རྐྱེན་དང་འབྲེལ་བ་དྲུག་ནི་འབྱུང་བ་ལྔ་དུས་ཀྱིས་འགྱུར་བ་དང་དྲུག་གོ། །ནང་རྟེན་འབྲེལ་བར་འབྱུང་བ་བཅུ་གཉིས་ལུས་མེད་རྣམས་ལ་བག་ཆགས་དང་ལུས་ཅན་རྣམས་ལ་དངོས་སུ་འཁོར་ཏེ། དེ་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། དེ་བཞིན་དུ་མིང་དང་གཟུགས་སྐྱེ་མཆེད་དྲུག །རེག་པ་ཚོར་བ་སྲེད་པ་ལེན་པ་སྲིད་པ་སྐྱེ་བ་རྒ་ཤི་རྣམས་ལུགས་འབྱུང་ཟོ་ཆུའི་འཁྱུད་མོ་བཞིན་འཁོར་བ་ནི་འཁོར་བ་འཁྲུལ་པའི་ཚུལ་ཡིན་ནོ། །མི་མཐུན་བདེ་སྡུག་མྱོང་བར་འགྱུར། །ཞེས་པས། འགྲོ་བ་ནང་རིས་མི་མཐུན་པ་སོ་སོ་ལ་རང་རང་གི་གནས་སྐབས་ཀྱི་བདེ་བ་གླ་བས་གླ་བརྙེད་པ་ལྟ་བུ་དང་། གཞན་ཡང་ཕྱི་ནང་གི་སྡུག་བསྔལ་བརྒྱད་དམ་ཁྱད་པར་དུ་ངན་སོང་གསུམ་ལ། སྡུག་བསྔལ་གྱི་སྡུག་བསྔལ་མཛེ་ཐོག་ཏུ་ཚྭ་ཆུ་བསྐུས་པ་ལྟ་བུ་སྟེ་བཅུ་གཅིག་གམ། ཡང་ན་སྡུག་བསྔལ་བརྒྱད་ཀྱི་སྟེང་དུ་ཟག་པ་དང་བཅས་པའི་སྡུག་བསྔལ་འགྱུར་བའི་སྡུག་བསྔལ་གྱི་སྡུག་བསྔལ་དང་བཅུ་གཅིག་མྱོང་བར་འགྱུར་བ་ནི་འཁོར་བ་འཁྲུལ་པའི་ཉེས་པ་ཡིན་ནོ། །འདི་ལ་ཁ་ཅིག་ན་རེ། སྡུག་བསྔལ་ཉེས་པར་འགྲོ་བ་ཡིན་མོད། བདེ་བ་ཉེས་པར་ཅི་འགྲོ་ཞེ་ན། རྗེ་དྲི་ངས་པ་ན་རེ། སངས་རྒྱས་ཀྱི་བདེ་བ་ལ་ལྟོས་ན་སེམས་ཅན་གྱི་བདེ་བ་ཇི་ལྟར་ཕུན་སུམ་ཚོགས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། གླ་བས་གླ་བརྙེད་པ་ལྟ་བུ་ཡིན་གསུང་ངོ་། །བླ་མ་གཙང་པ་བྱི་སྟོན་ན་རེ། ལ་ལའི་བདེ་བ་ལ་ལའི་སྡུག་བསྔལ་དུ་འགྱུར་ཏེ། དོ་བོས་མི་ཐོང་པོ་གསོད་པ་ལྟ་བུ་ཡིན་གསུང་ངོ་། །རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་པས། དེ་ལྟར་བརྟག་གཞི་འཁོར་བའི་ཆོས་དེ་དག་གི་རང་བཞིན་ནི། སེམས་ཉིད་ཀྱི་ཕྱིར་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཁོ་ན་ལས་གྱུར་ཅིང་ཉམས་པ་མེད་དེ། དཔེར་ན་ཐོ་ཡོར་ལ་མིར་སྣང་ཡང་ཐོ་ཡོར་ལས་མ་གཡོས་པ་བཞིན་ནོ། །དེ་ནི་འཁོར་བ་འཁྲུལ་པའི་ལ་བཟླ་ཡིན་ནོ། །འདིའི་སྐབས་སུ་འཁོར་བ་ལ་ཐོག་མཐའ་ཡོད་མེད་ཀྱི་བརྒལ་ལན་ནི་ཁ་ཅིག་ན་རེ། འཁོར་བ་ལ་ཐོག་མཐའ་མེད་དེ་ཞེ་ན། ལམ་ཉམས་སུ་བླངས་པ་ལ་དགོས་པ་མེད་པར་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན་འདི་ཉིད་ཀྱི་བཅུ་གསུམ་པ་ལས། ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་གསུངས་པས་གསལ་ལོ། །ཡང་ཁ་ཅིག་ན་རེ། ཐོག་མཐའ་ཡོད་དོ་ཞེ་ན། འཁོར་བ་ཆོས་ཅན། དོང་སྤྲུགས་པ་སྲིད་པར་ཐལ། རྟགས་ཁས་བླངས་ཁྱབ་པ་ཚད་མས་གྲུབ། འདོད་ན། སྤྱི་མདོ་ལས། འཁོར་བ་ཐོག་མ་མཐའ་མེད་པའི་ཁམས་སུ་ཞེས་གསུངས་པས་གསལ་ལོ། །ཡང་སྤྱི་བཙན་དུ་ཐོག་མཐའ་མེད་ལ། བྱེ་བྲག་ལམ་ཉམས་སུ་ལེན་པ་ལ་མཐའ་ཡོད་དོ་ཞེ་ན། རིགས་ཀྱི་སྤྱིས་བྱེ་བྲག་ལ་མ་ཁྱབ་པར་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན་རང་གི་ཚིག་གིས་གསལ་ལོ། །ཁྱབ་པ་མེད་ན་འཁོར་བ་དོང་སྤྲུགས་པར་ཐལ། སྤྱིས་བྱེ་བྲག་ལ་ཁྱབ་ལ། བྱེ་བྲག་ལམ་ཉམས་སུ་ལེན་པ་ལ་མཐའ་འདུག་པའི་ཕྱིར་རོ། །འདོད་ན་སྤྱི་མདོའི་ལུང་གིས་གསལ་ལོ། །དེ་ལ་ལན་ཇི་ལྟར་གདབ་ཅེ་ན། གོ་དོན་དང་ལན་གཉིས་ལས། གོ་དོན་ནི་འདི་ཉིད་ལས། རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་པ་དང་། གཞན་དག་ལས། འཁོར་བའི་རང་བཞིན་མི་དམིགས་ཕྱིར། །ཞེས་གསུངས་པས། འཁོར་བ་དང་མྱ་ངན་ལས་འདས་པའི་བསྡུས་པའི་ཆོས་གཉིས། དེ་ཉིད་གཞན་དུ་བརྗོད་དུ་མེད་པའི་ཕྱིར་བློའི་ཡུལ་ལས་འདས་པ་སྟེ་ཐོག་མཐའ་ཡོད་མེད་ཀྱི་ཐ་སྙད་ལས་གྲོལ་བ་ཡིན་ནོ། །འོན་ཀྱང་ལན་གྱི་དབང་དུ་བྱས་ནས། འགལ་ན་འགོག །མཚུངས་ན་བསྒྲེ་བྱ་བ་ཡིན་པས་འབྱུང་ཆེན་ལྟོས་ཀྱི་ནམ་མཁའ་ལ་མཐའ་དབུས་ཡོད་དམ་མེད་བྱས་པས། ཡོད་ཟེར་ན་འཁོར་བ་ལའང་ཐོག་མཐའ་ཡོད་བྱ་བ་མེད་པའི་ལུང་གིས་གསལ་ཟེར་ན། ནམ་མཁའ་ལ་ཡང་མཐའ་དབུས་མེད་པར་ལུང་རིག་ཚད་མས་གསལ་བྱའོ། །ཡང་དབུས་མཐའ་མེད་པས་ན་འཁོར་བ་ལ་ཡང་ཐོག་མཐའ་མེད་བྱས་པས། ལམ་ཉམས་སུ་བླངས་པ་དོན་མེད་དུ་ཐལ་ཟེར་ན། བུ་གའི་ནམ་མཁའ་བཀག་ཀྱང་མི་ཁེགས་པར་ཐལ། ཞེས་འགོ་མཚུངས་བསྒྲེའོ། །གཉིས་པ་གཏན་ཚིགས་བདེན་པ་གསུམ་གྱིས་གཏན་ལ་དབབ་པ་བསྟན་པ་ནི། ཡང་དག༴ ཚུལ་གཅིག་གོ། །ཞེས་པ་དེར་གདའ་ཞིང་། ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །ཞེས་པས། ཡང་དག་དོན་དམ་གྱི་བདེན་པ་དང་སྒྱུ་མའི་སྟེ་ཀུན་རྫོབ་ཀྱི་བདེན་པ་གཉིས། མདོ་སྡེ་པ་དང་ཚུལ་མཐུན་པར་བདེན་པ་གཉིས་སུ་ཕྱེ་ནས་གཏན་ལ་ཕབ་ན། བདག་དང་བདག་གི་གཞན་མེད་དེ། །ཞེས་པས། བདག་མ་རིག་པའི་ངར་འཛིན་པ་རྣམ་པར་ཤེས་པ་ཚོགས་བརྒྱད་དང་། བདག་གི་མྱོང་བའི་ཕུང་པོ་ལྔ་དང་། གཞན་འབྱུང་བ་ཡུལ་ལྟར་དུ་སྣང་བ་འདི་དག་ཆོས་ཅན། དོན་དམ་བདེན་པར་བདག་གསུམ་པོ་དེ་གྲུབ་པ་མེད་དེ། སེམས་ཉིད་ཡེ་ནས་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བའི་ཕྱིར་རོ། །དེས་ན་དོན་དམ་སྤྲོས་བྲལ་ཙམ་དུ་མཉམ་ལ། ཀུན་རྫོབ་བདེན་པར་གསུམ་པོ་དེས་བསླུ་བ་མེད་དེ། སྐྱེ་འགག་ནས་དམིགས་འགྲོ་འོང་ལྟར་སྣང་བའི་ཕྱིར་རོ། །དེས་ན་ཀུན་རྫོབ་སྒྱུ་མ་ཙམ་དུ་མཉམ་མོ། །དེ་ལྟར་མཉམ་པ་གཉིས་ནི་ཐེག་པ་ཐུན་མོང་གི་མཉམ་པ་ཉིད་ཡིན་ལ། དེ་ལས་ལྷག་པའི་མཉམ་པ་གཉིས་ནི། བདག་དང་བདག་གི་གཞན་མེད་དེ། །ཞེས་པ་ལ། ཡང་དག་དོན་དམ་གྱི་གཏན་ལ་ཕབ་ན་དོན་དམ་པ་རྣམ་པ་གསུམ་བདག་མ་རིག་པའི་ངར་འཛིན་པ་རྣམ་པར་ཤེས་པ་ཚོགས་བརྒྱད་རང་རྒྱུད་དུ་གྲུབ་པ་མེད་ལ། ཡེ་ཤེས་ལྔའི་རང་བཞིན་ལས་མ་གཡོས་པ་ནི་ཡེ་ཤེས་དོན་དམ་དང་བདག་གི་མྱོང་བའི་ཕུང་པོ་ལྔ་རང་རྒྱུད་དུ་གྲུབ་པ་མེད་དེ། རིགས་ཀྱི་ཡབ་ལྔའི་རང་བཞིན་ལས་མ་གཡོས་པ་ནི་འབྲས་བུ་དོན་དམ་གཞན་འབྱུང་བ་ཡུལ་ལྟར་དུ་སྣང་བ་ལྔར་རང་རྒྱུད་དུ་གྲུབ་པ་མེད་དེ། རིགས་ཀྱི་ཡུམ་ལྔའི་རང་བཞིན་ལས་མ་གཡོས་པ་ནི་དབྱིངས་དོན་དམ་ཞེས་བྱ་ཏེ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པར་མཉམ་པའོ། །ཡང་། བདག་དང་བདག་གི་གཞན་མེད་དེ། །ཞེས་པས། སྒྱུ་མ་ཀུན་རྫོབ་ཀྱི་གཏན་ལ་ཕབ་ན་སྒྱུ་མ་རྣམ་པ་གསུམ་སྟེ་བདག་མ་རིག་པའི་ངར་འཛིན་པ་རྣམ་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་ལྔར་ཀར་དག་པ་ཐུགས་སུ་ཆུད་པ་ནི་ཡེ་ཤེས་སྒྱུ་མ་དང་། བདག་གི་མྱོང་བའི་ཕུང་པོ་ལྔ་རིགས་ཀྱི་ཡབ་ལྔར་ཀར་དག་པའི་ཐུགས་སུ་ཆུད་པ་ནི་ཕྱག་རྒྱ་སྒྱུ་མ། གཞན་འབྱུང་བ་ཡུམ་ལྟར་དུ་སྣང་བ་ལྔ་རང་རྒྱུད་དུ་མེད་དེ་རིགས་ཀྱི་ཡུམ་ལྔར་ཀར་དག་པ་ཐུགས་སུ་ཆུད་པ་ནི་དངོས་པོ་སྒྱུ་མ་ཞེས་བྱ་སྟེ། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་རྫོགས་པར་མཉམ་པའོ། །རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ། །ཞེས་པས། དེའི་ཕྱིར་མཐའ་ཐམས་ཅད་རྣམ་པར་དག་པ་མཉམ་པའི་དབྱིངས་ཉིད་དུ་སྣང་སྟོང་གཉིས་སུ་མེད་པ་ནི་བདེན་པ་གཉིས་ཚུལ་གཅིག་པ་ཞེས་བྱ་སྟེ། ཐུན་མོང་མ་ཡིན་པའི་ཐེག་པ་འདིའི་དགོངས་པའི་མཐར་ཐུག་གོ། །གསུམ་པ་གྲུབ་མཐའ་རྟོགས་པ་བཞི་དང་དག་པ་གསུམ་གྱི་གཏན་ཚིགས་ཀྱིས་འབྲས་བུ་རྡོ་རྗེའི་ཐེག་པ་གཏན་ལ་དབབ་པ་བསྟན་པ་ནི། བདག་དང་བདག་གི་གཞན་རྣམས་ནི། ༴ རྣམ་དག་བླ་མེད་ཐེག་པའི་མཆོག །ཅེས་པ་དེར་གདའ་ཞིང་། བདག་དང་བདག་གི་གཞན་རྣམས་ནི། །ཞེས་པས། བདག་མ་རིག་པའི་ངར་འཛིན་པ་རྣམ་པར་ཤེས་པ་ཚོགས་བརྒྱད་དང་། བདག་གི་མྱོང་བའི་ཕུང་པོ་ལྔ་དང་། གཞན་འབྱུང་བ་ཡུལ་ལྟར་སྣང་བ་ལྔ་པོ་འདི་རྣམས་ནི། ལོག་པར་རྟོག་པ་ཙམ་ཉིད་ལས། །ཞེས་པས། མ་རིག་པའི་དབང་གིས་ལོག་པར་རྟོག་པའི་ངོ་བོ་ཙམ་ཉིད་དུ་སྣང་བ་ལས། ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །ཞེས་པས། གཞན་པའི་རྫས་ཉན་ཐོས་ཀྱི་འདོད་པ་ལྟར་ཡུལ་ཕྲ་ཞིང་ཕྲ་བ་སྟེ་རྡུལ་ཕྲན་དང་། རང་རྒྱལ་གྱི་འདོད་པ་ལྟར་ཤེས་པ་ཟབ་པ་སྟེ་སྐད་ཅིག་མའང་ཡོད་པ་མ་ཡིན་ཏེ། ངང་གིས་མེད་པ་ཁོ་ནའི་ཕྱིར་རོ། །འོ་ན་འཁོར་བའི་ལོག་རྟོག་འདི་གང་ནས་བྱུང་ཞེ་ན། ལོག་རྟོག་ཉིད་ལ་ཉིད་སྤྱོད་པས། །ཞེས་པས། འཁྲུལ་པའི་སྣང་སྤྱོད་འདི་ནི་ལོག་པར་རྟོག་པ་སྔ་མ་ཉིད་ལ་ཕྱི་མ་ཉིད་ལོང་བརྟགས་ནས་རྒྱུད་མཐུན་པར་སྤྱོད་པས་ཏེ། འོ་ན་གཞི་ལོག་རྟོག་གི་དབང་དུ་སོང་ངམ་ཞེ་ན། གཞན་དུ་གཡོ་བ་ཅི་ཡང་མེད། །ཅེས་པས། སེམས་ཉིད་ལས་གཞན་དུ་ཆོས་གསུམ་གྱིས་གཡོ་བའི་རིས་སུ་གྱུར་པ་ཅི་ཡང་མེད་དོ། །དེས་ན་ལོག་རྟོག་ཙམ་ནི་ངེས་པར་ཡོད་དོ་སྙམ་པ་ལ། ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་། །ཞེས་པས། འཁོར་བ་ལོག་རྟོག་གི་རྒྱུ་མ་རིག་པའི་བདག་དང་འབྲས་བུ་ཕུང་པོ་ལྔ་དང་ཞེན་པའི་རྒྱུན་རྣམ་པར་ཤེས་པ་ཚོགས་བརྒྱད་ཉིད་ཀྱང་སྐད་ཅིག་མའི་ཕྱིར་མ་གྲུབ་པར་མཐུན་ཏེ། ཇི་ལྟར་ཞེ་ན། གཞི་རྩ་མེད་དབྱིངས་སྐད་ཅིག་མ། །ཞེས་པས། ཡེ་ཕྱི་མོ་ནས་རང་གིས་ངོ་བོ་མ་གྲུབ་སྟེ། བརྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་མེད་དེ། སེམས་ཉིད་ཁོ་ནའི་ཕྱིར། སྣང་སྟོང་མི་ཕྱེད་པ་ནི་གཉིས་མེད་མཉམ་པ་ཉིད་ཀྱི་དབྱིངས་སོ། །དེ་ལ་ལོག་རྟོག་སྐད་ཅིག་མའི་རྒྱུན་མ་གྲུབ་པར་ཆོས་ཐམས་ཅད་སེམས་ཉིད་དུ་རྒྱུ་གཅིག་པ་རྟོགས་པའི་ཕྱིར་རྒྱུ་གཅིག་པའི་གཏན་ཚིགས་སོ། །རྣམ་པར་དག་པའི་དབྱིངས་ཉིད་ཚུལ། །ཞེས་པས། དེ་ལྟར་ལོག་རྟོག་གི་རྒྱུན་རྣམ་པར་དག་པ་རང་གི་ངོ་བོ་སེམས་སུ་འོད་གསལ་བས་ཆོས་དབྱིངས་མ་སྐྱེས་པ་ཉིད་ཀྱི་དོན་མཚོན་པ་ཡི་གེ་ཨའི་ཚུལ་དུ་སྣང་བའོ། །ཉིད་ལ་དབང་སྒྱུར་ཉིད་སྤྱོད་ཕྱིར། །ཞེས་པས། སྐྱེ་བ་མེད་པ་ཉིད་འགག་མེད་དུ་ཤར་ནས་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་ལ་རང་བྱུང་གི་ཡེ་ཤེས་ཉིད་དབང་སྒྱུར་ཏེ། རང་བྱུང་གི་ཡེ་ཤེས་ཉིད་ལ་རང་བྱུང་གི་ཡེ་ཤེས་ཉིད་སྤྱོད་པའི་ཕྱིར་ཐེག་པ་ཆེན་པོའི་གཏན་ཚིགས་ཏེ་སྐྱེ་མེད་ཉིད་འགག་མེད་དུ་མཚོན་པ་ཡི་གེ་ཨའི་ཚུལ་དུ་སྣང་བའོ། །བདག་དང་གཞན་དང་རྟོག་པའི་རྒྱུན། །ཞེས་པས། བདག་མྱོང་བའི་ཕུང་པོ་ལྔ་དང་གཞན་འབྱུང་བ་ཡུལ་ལྟར་དུ་སྣང་བ་ལྔ་དང་། རྟོག་པའི་རྒྱུན་ངར་འཛིན་པ་རྣམ་པར་ཤེས་པ་ཚོགས་བརྒྱད་པོ་རྣམས་སོ། །རྣམ་དག་ཅེས་པས། ཕུང་པོ་ལྔ་རིགས་ཀྱི་ཡབ་ལྔ་དང་འབྱུང་བ་ལྔ་རིགས་ཀྱི་ཡུམ་ལྔ་དང་རྣམ་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་ལྔར་རྣམ་པར་དག་པ་སྟེ་གཉིས་སུ་མེད་པར་གསལ་བ་ནི། བདེན་པ་དབྱེར་མེད་ཀྱི་དོན་མཚོན་པ་ཡི་གེ་ཨཱོྂ་གྱི་ཚུལ་དུ་སྣང་བའོ། །དེ་དག་ནི་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་ཡིན་ལ། ཡང་། བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་དག་ཅེས་པ་ལ་དག་པ་གསུམ་གྱི་གཏན་ཚིགས་ཀྱང་ངོས་འཛིན་པར་གདའ། བླ་མེད་ཐེག་པའི་མཆོག །ཅེས་པས། ཆོས་ཐམས་ཅད་བདེན་པ་དབྱེར་མེད་དུ་བྱིན་གྱིས་བརླབས་ཤིང་རང་རིག་པའི་མངོན་སུམ་དུ་རྟོགས་པ་ནི་བླ་ན་མེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་མཆོག་མ་ཧཱ་ཡོ་གའི་ལྟ་བ་སྟེ། མཚན་ཉིད་དང་ཕྱི་རྒྱུད་ཀྱི་ཐེག་པ་ལས་ཁྱད་པར་དུ་གྱུར་པའི་ཕྱིར། བྱིན་གྱིས་བརླབས་དང་མངོན་སུམ་པའི་གཏན་ཚིགས་སོ། །གཏན་ཚིགས་འདི་དག་ནི་རྒྱས་པར་ལེའུ་བཅུ་གཅིག་པའིི་སྐབས་སུ་འཆད་པར་བྱེད་དོ། །འོ་ན་ཇི་སྙེད་འཇིག་རྟེན་ཞེས་པ་དང་གཅིག །བདག་དང་བདག་གི་གཞན་མེད་དེ། །ཞེས་པ་དང་གཉིས། བདག་དང་བདག་གི་གཞན་རྣམས་ནི། །ཞེས་པ་དང་གསུམ། ལོག་རྟོག་ཉིད་ལ་ཉིད་སྤྱོད་པས། །ཞེས་པ་དང་བཞི། ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་། །ཞེས་པ་དང་། བདག་དང་གཞན་དང་རྟོག་པའི་རྒྱུན། །ཞེས་པ་དང་དྲུག་པོ་འདི་ལྡབས་སོ་ཞེ་ན་མ་ལྡབས་ཏེ། དང་པོ་ནི་གཞལ་བྱ་སྤྱིའི་ངོས་ནས་བཞག །གཉིས་པ་ནི་གཏན་ཚིགས་བདེན་པ་གསུམ་དང་བསྟུན་ཏེ་གཞལ་བྱ་བསྡུས་པའི་ངོས་ནས་བཞག །གསུམ་པ་ནི་ལོག་རྟོག་གི་ངོ་བོ་ལ་སྣང་ཡང་ངོ་བོ་མ་གྲུབ་པའི་ངོས་ནས་བཞག །བཞི་པ་ནི་ལོག་རྟོག་ཉིད་ཀྱང་ཆོས་ཉིད་ལས་མ་གཡོས་པའི་ཆ་ནས་བཞག །ལྔ་པ་ནི་རྒྱུ་གཅིག་པའི་གཏན་ཚིགས་ཀྱི་ཆ་ནས་བཞག །དྲུག་པ་ནི་ཡིག་འབྲུའི་ཚུལ་དང་དག་པ་གསུམ་གྱི་གཏན་ཚིགས་ཐུན་མོང་པའི་ཆ་ནས་བཞག་པའོ། །ཡང་ལྷ་དང་མིའི་ཐེག་པ་དང་ཞེས་པ་དང་། མ་རིག་པ་ཞེས་པ་དང་། དེ་དག་ཐམས་ཅད་ཀྱང་ཞེས་པ་དང་། ཐེག་པ་བཞིའི་ཞེས་པ་དང་། འདུལ་བ་མདོ་སྡེ་ཞེས་པ་དང་། སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །ཞེས་པ་དང་། ཆོས་རྣམས་མིང་དུ་ཞེས་པ་དང་བདུན་པོ་ལྡབས་སོ་ཞེ་ན་མ་ལྡབས་པའི་ཁྱད་པར་ས་བཅད་ཀྱི་མིང་གིས་ཤེས་སོ། །གཉིས་པ་མྱ་ངན་ལས་འདས་པའི་ཡོན་ཏན་ལ་ལྔ་སྟེ། ཐེག་པའི་ཁྱད་པར་དང་། དེ་བཞིན་གཤེགས་པའི་སྣང་བ་དང་། སངས་རྒྱས་དང་ཆོས་ལ་འབྱུང་འཇིག་དང་དར་རྒུད་མེད་པར་བསྟན་པ་དང་། རྒྱུད་ཀྱི་ཆེ་བ་བསྟན་པ་དང་། གདུལ་བྱ་དང་མཐུན་པར་གསུངས་པ་ལ་ཡང་དག་པར་གསུང་དུ་མེད་པར་བསྟན་པའོ། །དང་པོ་ཐེག་པའི་ཁྱད་པར་བསྟན་པ་ནི། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་འབྲས་བུར་གནས། །ཞེས་པ་དེར་གདའ་ཞིང་། ཐེག་པ་བཞིའི་ཞེས་པས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་བཞིའོ། །ངེས་འབྱུང་ལ། ཞེས་པས་ལྷ་མིའི་ཐེག་པས་ངན་སོང་ལས་ངེས་པར་འབྱུང་ལ། ཉན་རང་གིས་འཁོར་བ་དང་། བྱང་ཆུབ་སེམས་དཔས་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་ལས་ངེས་པར་འབྱུང་ལ། ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པས། དེ་ལྟར་ངེས་འབྱུང་གི་ཐེག་པ་བཞིའི་མཐར་ཐུག་གསང་སྔགས་ཀྱི་ཐེག་པ་གཅིག་ཁོ་ན་ཡིན་ལ། ངེས་འབྱུང་བཞི་པོ་དེ་དག་གི་བསྒྲུབ་བྱ་ཡང་ཡིན་པས་ན་ཐེག་པ་ཀུན་གྱིས་འབྲས་བུར་གནས་ཤིང་འབྲས་བུ་ལ་ལམ་དུ་བྱེད་པའི་ཕྱིར་ན་ཐེག་པ་ཀུན་གྱི་མཆོག་ཀྱང་ཡིན་ནོ། །གཉིས་པ་དེ་བཞིན་གཤེགས་པའི་སྣང་བ་བསྟན་པ་ནི། ཡང་དག་རྟོགས་པས་རབ་བརྟགས་ན། །རང་བཞིན་མེད་ལས་ཅིར་ཡང་འགྲུབ། །ཅེས་པ་དེར་གདའ་ཞིང་། ཡང་དག་རྟོགས་པས་རབ་བརྟགས་ན། །ཞེས་པས། དོན་དམ་པ་གསུམ་མངོན་དུ་བྱས་པས་ཡང་དག་པའི་དོན་ཇི་ལྟ་བར་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་རབ་ཏུ་བརྟགས་ན། རང་བཞིན་མེད་ལས་ཅིར་ཡང་འགྲུབ། །ཅེས་པས། དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོན་དམ་པར་སྤྱོད་ཡུལ་དང་བྲལ་བས་རང་བཞིན་མེད་པ་ཡིན་པ་ལས་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུས་སེམས་ཅན་གྱི་བསམ་པ་དང་མཐུན་པར་ཅིར་ཡང་འགྲུབ་པའོ། །དེ་ལྟར་ཡང་ཐབས་ཞགས་ལས། མཐོང་བ་མེད་པའི་ཚུལ་གྱིས་མཐོང་། །ཞེས་པ་དང་། རྒྱས་པ་ལས། རྣམ་རྟོག་མི་མངའ་ཅིར་ཡང་ས་ལེར་མཁྱེན། །ཞེས་གསུངས་སོ། །གསུམ་པ་སངས་རྒྱས་དང་ཆོས་ལ་འབྱུང་འཇིག་དང་དར་རྒུད་མེད་པར་བསྟན་པ་ནི། སངས་རྒྱས༴ འདའ་བར་སྟོན། ཞེས་པ་དེར་གདའ་ཞིང་། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཞེས་པས། དེ་བཞིན་ཉིད་མངོན་དུ་བྱས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཡོངས་སུ་མྱ་ངན་ལས་མི་འདའ་ལ་དེས་གསུངས་པའི་ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། དེ་བཞིན་ཉིད་དེ་ངོ་བོ་ཉིད་ཀྱི་རྟག་པ་ཡིན་པའི་ཕྱིར། འོ་ན་སྟོན་པ་སངས་རྒྱས་མྱ་ངན་ལས་འདས་པ་དང་བསྟན་པ་དར་ནུབ་བསྟན་པ་ལ་དགོས་ཆེད་ཅི་ཡོད་སྙམ་ན། མ་རིག་སྨིན་མཛད་འདུལ་བྱའི་ཕྱིར། །བྱུང་ནས་མྱ་ངན་འདའ་བར་སྟོན། །ཞེས་པས། གདུལ་བྱ་འདུལ་བའི་དོན་དུ་ཚུལ་བསྟན་པ་ཙམ་ཡིན་ཏེ། དེ་ཡང་མ་རིག་པའི་གདུལ་བྱ་དམན་པ་རྣམས་སྨིན་པར་མཛད་པའམ། རྟག་ཏུ་རེ་བ་རྣམས་སུན་དབྱུང་ཞིང་མི་རྟག་པའི་ཐབས་ཀྱིས་འདུལ་བར་བྱ་བའི་ཕྱིར། སངས་རྒྱས་འཇིག་རྟེན་དུ་བྱུང་ནས་མྱ་ངན་ལས་འདའ་བར་བྱེད་པའི་ཚུལ་སྟོན་ཅིང་བསྟན་པ་དར་ནུབ་ཀྱི་ཚུལ་ཀྱང་སྟོན་པར་མཛད་དོ། །དེ་ཡང་དགོངས་པ་འདུས་པ་ལས། ཁྱོད་ནི་ནམ་མཁའི་རང་བཞིན་ཏེ། །འདའ་དང་མི་འདའ་ཡོངས་མི་མངའ། །འཇིག་རྟེན་པ་དང་མཐུན་འཇུག་ཏུ། །འདའ་བས་འདུལ་བར་ཡོངས་སུ་དགོངས། །ཞེས་གསུངས་སོ། །བཞི་པ་རྒྱུད་ཀྱི་ཆེ་བ་བསྟན་པ་ནི། འདུལ་བ་མདོ་སྡེ༴ ངེས་པར་འབེབས། ཞེས་པ་དེར་གདའ་ཞིང་། འདུལ་བ་མདོ་སྡེ་ཆོས་མངོན་དང་། །ཞེས་པས། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་ཆོས་མངོན་པའི་སྡེ་སྣོད་དང་། དམ་ཚིག་བསྒྲུབ་དང་གྲུབ་པ་དང་། ཞེས་པས། གསང་སྔགས་ཀྱི་བཅའ་གཞི་དམ་ཚིག་གཙོ་བོར་སྟོན་པ་ཀྲི་ཡ་དང་། གསང་སྔགས་ཀྱི་དམ་ཚིག་དང་ཏིང་ངེ་འཛིན་གཉིས་ཀྱི་ཆ་ལ་བརྟེན་ནས་བསྒྲུབ་པ་ཨུ་པ་ཡ་དང་། ཏིང་ངེ་འཛིན་གཙོ་བོར་སྟོན་ཅིང་དོན་མྱུར་དུ་གྲུབ་པ་ཡོ་ག་དང་། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཅེས་པས། བསྐྱེད་རིམ་གཙོ་བོར་སྟོན་པ་སྐུའི་རྒྱུད་མ་ཧཱ་ཡོ་ག་དང་། རྫོགས་རིམ་གཙོ་བོར་སྟོན་པ་གསུང་གི་རྒྱུད་ཨ་ནུ་ཡོ་ག་དང་། བསྐྱེད་རྫོགས་ཟུང་འཇུག་ཏུ་སྟོན་པ་ཐུགས་ཀྱི་རྒྱུད་ཨ་ཏི་ཡོ་གའོ། །ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །ཞེས་པས། དེ་ལྟར་ཐེག་པ་རིམ་པ་དགུ་ལ་སོགས་པར་ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ་ཐམས་ཅད་རང་བཞིན་གསང་བའི་སྙིང་པོའི་རྒྱུད་འདི་ལས་འཕྲོས་པ་ཡིན་ཏེ། དེའི་ཕྱིར། རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་གསུམ་དང་རྒྱུད་ཀུན་གྱིས། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་པས། རང་བཞིན་གསང་བའི་སྙིང་པོ་འདི་ནི་སྡེ་སྣོད་གསུམ་པོ་ཀུན་དང་རྒྱུད་དྲུག་པོ་ཀུན་གྱིས་འབྱུང་གནས་ཡིན་ལ། གསང་བའི་སྙིང་པོ་འདི་རྟོགས་ནས་ཐེག་པ་རིམ་པ་དགུ་པོ་ཐམས་ཅད་འདིས་ཕྱིན་ཅི་མ་ལོག་པར་གཏན་ལ་ངེས་པར་འབེབས་པའི་ཕྱིར་ལུང་གི་སྤྱི་འགྲེལ་ལོ། །ལྔ་པ་གདུལ་བྱ་དང་མཐུན་པར་གསུངས་པ་ལ་ཡང་དག་པར་གསུང་དུ་མེད་པར་བསྟན་པ་ནི། ཆོས་རྣམས་མིང་དུ༴ ཅེས་བརྗོད་དོ། །ཞེས་པ་དེར་གདའ་ཞིང་། འོ་ན་ཐེག་པ་རིམ་པ་དགུ་པོ་དེ་དག་ཡང་དག་པར་ཡོད་དམ་ཞེ་ན། ཆོས་རྣམས་མིང་དུ་བཏགས་པ་ཙམ། །ཞེས་པས། ཐེག་པ་རིམ་པ་དགུ་ལ་སོགས་པའི་ཆོས་རྣམས་ཐམས་ཅད་རང་གི་ངོ་བོས་སྟོང་པའི་ཕྱིར་འཁྲུལ་པ་དང་གདུལ་བྱའི་སྣང་བ་གཉིས་ཀའི་ངོར་མིང་དུ་བཏགས་པ་ཙམ་མོ། །འོ་ན་ཐེག་པོ་རིམ་པ་དགུའི་ཆོས་དེ་དག་ལ་དགོས་ཆེད་ཅི་ཡོད་ཅེ་ན། སྟོན་པས་དོན་དང་མཐུན་ཕྱོགས་སུ། །ཞེས་པས། ལྷ་མིའི་སྟོན་པ་ཐུབ་པའི་དབང་པོས་དོན་བདེན་པ་གཉིས་དབང་བཙན་དུ་བྱས་ནས། གནས་སྐབས་ཀྱི་ཆོས་ཉིད་དང་མཐར་ཐུག་གི་ཆོས་ཉིད་གཉིས་ཀ་དང་མི་འགལ་ཞིང་། གདུལ་བྱ་སོ་སོའི་བློ་དང་མཐུན་པའི་ཕྱོགས་སུ་བསྟན་པར་བྱ་བའི་དགོས་ཆེད་ཡོད་དོ། །འོ་ན་དེ་དག་གདུལ་བྱའི་བློ་དང་མཐུན་ཕྱོགས་སུ་ཇི་ལྟར་བསྟན་ཞེ་ན། མིང་དང་ཚིག་ཏུ་བཏགས་ནས་བསྟན། །ཞེས་པས། ཐེག་པ་སོ་སོའི་མིང་ཐ་དད་དང་ཚིག་ཐ་དད་དུ་བཏགས་ནས་སྟོན་པ་སྤྲུལ་པའི་སྐུ་དེས་གདུལ་བྱ་ལ་བསྟན་ནོ། །སྟོན་མིང་ཚིག་ལ་དངོས་པོ་མེད། །ཅེས་བརྗོད་དོ། །ཞེས་པས། དེ་ལྟར་བསྟན་ཀྱང་སྟོན་པར་བྱེད་པའི་མཁན་པོ་དང་། དེས་བསྟན་པའི་ཐེག་པ་སོ་སོའི་མིང་ཚིག་ཐ་དད་པ་རྣམས་ལ་དངོས་པོ་རང་གི་ངོ་བོ་མཚན་མར་གྲུབ་པ་དང་གྲངས་ནི་ངེས་པ་མེད་དེ། དེ་དག་སྒྲོ་བཏགས་པ་ཡིན་པའི་ཕྱིར་རོ་ཞེས་སྟོན་པས་འཁོར་རྣམས་བརྗོད་དོ། །གཉིས་པ་གཞུང་བསྡུས་ཏེ་བསྟན་པ་ལ་བཞི་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། གཞུང་བསྡུ་བ་དངོས་དང་། བཀའ་གསང་སྔགས་མཚོན་པར་བྱེད་པའི་ཚིག་དང་། གཞུང་བསྡུས་པའི་ཡོན་ཏན་བསྟན་པའོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པར་བསྟན་པ་ནི། དེ་ནས་དེ་བཞིན༴ ཕྱུང་ངོ་། །ཞེས་པས། གཞུང་རྒྱས་པར་བསྟན་པ་ལ་དེ་བསྡུས་ཏེ་སྟོན་པས་ན་ནས། དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཐབས་ཤེས་རབ་གཉིས་སུ་མེད་པའི་དཀྱིལ་འཁོར་རོ། །དེ་དག་ཉིད་ཀྱི་དོན་ཉམས་སུ་མྱོང་དཀའ་བས་ན་གསང་བ་འདི་ཉིད་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་རྡོ་རྗེ་ལས་འོག་ནས་འབྱུང་བའི་བསྡུ་བའི་ཚིག་འདི་དག་ཕྱུང་ངོ་། །གཉིས་པ་གཞུང་བསྡུ་བ་དངོས་བསྟན་པ་ནི། ཨ་ཧོཿ སྲིད་རྩའི༴ དེ་ལྟར་ཡིན། ཞེས་པ་དེར་གདའ་ཞིང་། འདི་ལ་གཞུང་རྒྱས་པ་དང་སྦྱར་ཏེ་བསྡུ་བ་དང་། འགྲེལ་པ་སྤར་ཁབ་ལྟར་ལམ་ཅིག་ཅར་བ་ལྟར་དུ་བསྡུ་བ་དང་གཉིས་ལས། དང་པོ་གཞུང་རྒྱས་པ་དང་སྦྱར་ཏེ་བསྡུ་བ་ལྟར་ན། བསྡུ་བའི་སྟོད་དུ་ལེའུའི་སྨད་བསྡུ་བ་དང་། བསྡུ་བའི་སྨད་དུ་ལེའུའི་སྟོད་བསྡུ་བ་གཉིས་ལས། དང་པོ་བསྡུ་བའི་སྟོད་དུ་ལེའུའི་སྨད་བསྡུ་བ་ནི། དེ་ཡང་ཨ་ཧོ་ཞེས་པས་འཁོར་འདས་ཀྱི་དངོས་པོ་གཉིས་གཏན་ཚིགས་གསུམ་གྱི་ངོ་བོ་གཅིག་པར་གྲུབ་པ་ལ་མཉེས་པའོ། །སྲིད་རྩའི་ཉེས་དམིགས་ཞེས་པས་སྲིད་པ་གསུམ་གྱི་རྩ་བའི་ཉེས་དམིགས་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ་སྟེ། གང་དུ་སྡུད་ན་འདིར་སྡུད་ལ། གང་སྡུད་ན་གཞུང་རྒྱས་པའི་སྐབས་ནས་འཁོར་བ་འཁྲུལ་པའི་རྒྱུ་སྡུད་པར་གདའ་སྟེ། གང་ཞེ་ན་མ་རིག་ཅེས་པ་དེ་སྡུད་པར་གདའ། བདག་ཏུ་རྟོག་ལས་འཕྲོས། །ཞེས་པས་གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པའི་རྣམ་པར་རྟོག་པ་དེ་ལས་འཕྲོས་པ་རྐྱེན་ཀུན་བརྟགས་ཀྱི་མ་རིག་པ་སྟེ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་འཁོར་བ་འཁྲུལ་པའི་རྐྱེན་སྡུད་པར་གདའ། རྟོག་པའི་གཟུང་འཛིན་གྱིས་ཞེས་པ་དེ་སྡུད་པར་གདའ། རྒྱུད་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་། །གནས་དང་ཞེས་པས་འགྲོ་བ་རྒྱུད་དྲུག་གི་སྲོག་དང་པོ་སྐྱེད་པ་དང་བར་དུ་རྒས་ན་དང་མཐར་འགག་སྟེ་འཆི་བ་དང་ལུས་བཟང་ངན་དང་ལོངས་སྤྱོད་ཆེ་ཆུང་དང་གནས་མཐོ་བ་དང་དམའ་བ་རུ་སྣང་བ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་འཁོར་བ་འཁྲུལ་པའི་ངོ་བོ་བསྡུས་ཏེ། གང་ཞེ་ན། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །ཞེས་པ་དེ་སྡུད་པར་གདའ། སྡུག་བསྡལ་ཞེས་པས་སྡུག་བསྔལ་བརྒྱད་དམ་བཅུ་གཅིག་ཏུ་སྣང་བ་སྟེ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་འཁོར་བ་འཁྲུལ་པའི་ཉེས་པ་སྡུད་པར་ངོ་བོ་སྡུད་དེ། གང་ཞེ་ན། མི་མཐུན་བདེ་སྡུག་མྱོང་བར་འགྱུར། །ཞེས་པ་དེ་སྡུད་པར་གདའ། འཁྲུལ་འཁོར་ལ་སོགས་པ་ཞེས་པས། ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་འཁྲུལ་འཁོར་ལ་སོགས་པའི་ཚུལ་དུ་སྣང་བའི་རྐྱེན་གཟུང་འཛིན་གྱིས། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་འཁོར་བ་འཁྲུལ་པའི་ཚུལ་སྡུད་པར་གདའ་སྟེ། གང་ཞེ་ན། ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །ཞེས་པ་དེ་སྡུད་པར་གདའ། ཡང་བཤད་ལུགས་གཅིག་ཏུ་ལ་སོགས་པ། ཞེས་པ་འདི་ལ་ལས་དང་ཉོན་མོངས་པ་ལ་སོགས་པར་སྣང་བ་འཁོར་བ་འཁྲུལ་པའི་རྐྱེན་གཟུང་འཛིན་གྱིས་ཞེས་པ་དེ་སྡུད་པར་གདའ། ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད། །ཅེས་པས་དེ་འཁོར་བ་འཁྲུལ་བ་ལོག་པར་རྟོག་པའི་ངོ་བོ་ཙམ་ཉིད་དུ་སྣང་བ་ལས་ཆོས་ཉིད་ཀྱི་དོན་ལས་གཞན་དུ་གཡོ་ཞིང་འོང་བ་ཅི་ཡང་མེད་པ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་ལ་བཟླའི་དོན་སྡུད་པར་གདའ་སྟེ། གང་ཞེ་ན། རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་པ་དེ་སྡུད་པར་གདའ། སྟོང་ཉིད་བདག་མེད་ཅེས་པས་གསང་སྔགས་ཀྱི་གཏན་ཚིགས་གསུམ་གྱི་སྒོ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དོན་བདག་མེད་པར་རྟོགས་པ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་མཉམ་པ་གཉིས་དང་རྟོགས་པ་བཞི་དང་དག་པ་གསུམ་གྱི་གཏན་ཚིགས་ཀྱི་དོན་སྡུད་པར་གདའ་སྟེ། གང་ཞེ་ན། ཡང་དག་སྒྱུ་མའི༴ ཐེག་པའི་མཆོག །ཅེས་པ་དེ་རྣམས་སྡུད་པར་གདའ། ཡེ་མཁྱེན་རང་རིག་ཐུགས། །ཞེས་པས། མཉམ་པའི་དབྱིངས་ཉིད་ཡེ་ནས་མཁྱེན་པ་རང་རིག་པའི་ཡེ་ཤེས་སུ་གསལ་བའི་ཐུགས་ཏེ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་དེ་བཞིན་གཤེགས་པའི་སྣང་བ་དང་སངས་རྒྱས་དང་ཆོས་ལ་འབྱུང་འཇིག་དང་དར་རྒུད་མེད་པར་བསྟན་པ་སྡུད་དེ། གང་ཞེ་ན། ཡང་དག་རྟོགས་པས༴ འདའ་བར་སྟོན། ཞེས་པའི་ས་དམིགས་གཉིས་པོ་དེ་སྡུད་པར་གདའ། དམིགས་བྱ་ཞེས་པས་ཐེག་པ་དགུའི་དམིགས་བྱར་སྣང་བ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་ཐེག་པའི་ཁྱད་པར་དང་རྒྱུད་ཀྱི་ཆེ་བ་བསྟན་པ་སྡུད་དེ། གང་ཞེ་ན། ཐེག་པ་བཞི་ཡི༴ འབྲས་བུར་གནས། ཞེས་པ་དང་། འདུལ་བ༴ ངེས་པར་འབེབས། ཞེས་པའི་ས་དམིགས་གཉིས་སྡུད་པར་གདའ། དམིགས་བྱེད་མེད་པར་དྲན་དབང་སྒྱུར། །ཞེས་པས་ཡེ་ཤེས་ཉིད་ལ་ཉིད་སྤྱོད་པས་དམིགས་བྱ་ཤེས་བྱ་དང་དམིགས་བྱེད་ཤེས་བྱེད་གཉིས་ངང་གིས་མེད་པར་དྲན་སྣང་ཡེ་ཤེས་སུ་དབང་སྒྱུར་བ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་གདུལ་བྱ་དང་མཐུན་པར་གསུང་བ་ལ་ཡང་དག་པར་གསུང་དུ་མེད་པར་བསྟན་པ་སྡུད་དེ། གང་ཞེ་ན། ཆོས་རྣམས༴ དངོས་པོ་མེད། ཅེས་བརྗོད་དོ། །ཞེས་པ་དེ་སྡུད་པར་གདའ། གཉིས་པ་བསྡུ་བའི་སྨད་དུ་ལེའུའི་སྟོད་བསྡུ་བ་ནི། ངོ་མཚར་ཞེས་པས་རང་སྣང་གི་ཡེ་ཤེས་ལ་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པ་ངོ་མཚར་བའི་མཛད་པ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་རྒྱུ་བསྟན་པ་དང་ཡོངས་སུ་ཤེས་པར་བྱ་བ་ལྟ་བའི་གསུངས་པ་ལོ་རྒྱུས་སུ་བརྗོད་པ་གཉིས་སྡུད་དེ། གང་ཞེ་ན། དེ་ནས༴ འཐོན་ཏོ། །ཞེས་པ་དང་། དེ་ནས༴ འདི་བརྗོད་དོ། །ཞེས་པའི་ས་དམིགས་གཉིས་པོ་དེ་སྡུད་པར་གདའ། སྐུ་ཞེས་པས་སྐུ་མཛད་པ་བཅུ་གཉིས་ཀྱིས་དོན་མཛད་པ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་སྐུའི་མཛད་པ་སྡུད་དེ། གང་ཞེ་ན། བལྟམས་པ་དང༴ སྟོན་པའི་ཐུབ་པས། ཞེས་པ་དེ་སྡུད་པར་གདའ། གསུང་ཞེས་པས་གསུང་བསྟན་པ་དང་ཐེག་པས་དོན་མཛད་པ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་གསུང་གི་མཛད་པ་སྡུད་དེ། གང་ཞེ་ན། ཐམས་ཅད་ཀྱང་མཐར་ཐུག་གོ། །ཞེས་པ་རྣམས་སྡུད་པར་གདའ། ཡོན་ཏན་ཞེས་པས་ཐུགས་ཡེ་ཤེས་ལྔ་རྟོགས་པའི་ཡོན་ཏན་མངོན་ཤེས་སུ་ཤར་ནས་དོན་མཛད་པ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་ཐུགས་ཀྱི་མཛད་པ་སྡུད་དེ། གང་ཞེ་ན། དུས་བཞི་དྲུག་དང་ཞེས་པ་དེ་སྡུད་པར་གདའ། ཞིང་ཁམས་ཞེས་པས་རྒྱལ་བའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་སྣང་བ། གད་དུ་སྡུད་ན་འདིར་སྡུད། གང་སྡུད་ན་གླེང་གཞིའི་ངོ་བོ་སྤྱིར་བསྟན་པ་སྡུད་དེ། གང་ཞེ་ན། འཐོན་ནས་ཀྱང་༴ དོན་མཛད་དེ། ཞེས་པ་དེ་སྡུད་པར་གདའ། ལས་ཞེས་པས་རྒྱལ་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་དོན་མཛད་པའམ། གོང་གི་མཛད་པ་དེ་དག་ལས་འབྲས་བུ་བསམ་གྱིས་མི་ཁྱབ་པ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་བསམ་གྱིས་མི་ཁྱབ་པའི་མཛད་པ་སྡུད་དེ། ཀུན་ཏུ་སྐུ༴ སྣང་བར་གྱུར་ཏོ། །ཞེས་པ་དེ་སྡུད་པར་གདའ། མདོར་ན་གང་དུ་སྡུད་ན་བསྡུ་བའི་གཞུང་འདི་དག་ཏུ་སྡུད། གང་སྡུད་ན་གཞུང་རྒྱས་པའི་དོན་རྣམས་སྡུད་དེ། སྡུད་པའི་གནད་ཀའམ་རྒྱུ་མཚན་ནི་གནས་སྐབས་རང་རང་གི་ཚིག་དོན་མཐུན་པར་འདུག་པའི་དོན་གྱི་ན་བསྡུ་བ་ཡིན་གསུང་ངོ་། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་པས། དེའི་ཕྱིར་བསྡུ་བའི་དོན་འདི་ལས་གཞན་ན་བརྗོད་བྱ་དང་རྗོད་བྱེད་མེད་དེ། རང་རིག་པའི་ཡེ་ཤེས་དེ་ཉིད་གདུལ་བྱའི་སྣང་བ་ལ་གོང་དུ་བརྗོད་པའི་འཁོར་འདས་ཀྱི་ཆོས་དེ་ལྟར་དུ་སྣང་བ་ཡིན་པས་སྣང་བ་གཉིས་ལས་མ་འདས་པའོ། །ཡང་བཤད་ལུགས་གཉ ིས་པ་འགྲེལ་པ་སྤར་ཁབ་ལྟར་ལམ་ཅིག་ཅར་བ་ལྟར་དུ་བསྡུ་བ་ནི། སྲིད་རྩའི་ཉེས་དམིགས༴ གཞན་དུ་ཅི་ཡང་མེད། ཅེས་པའི་ཚིག་བཞི་པོ་གཞལ་བྱའོ། །སྟོང་ཉིད་བདག་མེད་ཅེས་པས་ཆོས་ཐམས་ཅད་སྟོང་ཉིད་བདག་མེད་པར་གཏན་ལ་འབེབས་པ་གཏན་ཚིགས་སོ། །ཡེ་མཁྱེན་རང་རིག་ཐུགས། །ཞེས་པས་ཡེ་ནས་གནས་པའི་དོན་མཁྱེན་ཏེ་རང་རིག་པའི་ཐུགས་རང་གསལ་བར་རྟོགས་པ་གྲུབ་མཐའ་སྟེ་དེ་དག་ནི་ལྟ་བའོ། །དམིགས་བྱ་དམིགས་བྱེད་མེད་པར་གནས་པ་ནི་སྒོམ་པའོ། །དྲན་སྣང་ཡེ་ཤེས་སུ་དབང་བསྒྱུར་བ་ནི་སྤྱོད་པའོ། །ངོ་མཚར་སྐུ་གསུང་ཡོན་ཏན་ཞིང་ཁམས་ལས། །ཞེས་པས། དེ་ལྟར་ལྟ་སྒོམ་སྤྱོད་གསུམ་གྱི་ངོ་མཚར་བའི་སྐུ་གསུང་ཐུགས་ཡོན་ཏན་དང་ཞིང་ཁམས་དང་ཕྲིན་ལས་ལྷུན་གྱིས་གྲུབ་པ་མངོན་དུ་སྣང་བ་ནི་འབྲས་བུའོ། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་པས། དེ་ལྟ་བུའི་འབྲས་བུ་དེ་གཞན་ན་མེད་དེ་རང་རིག་པ་དེ་ཉིད་སྐུ་དང་ཡེ་ཤེས་སུ་ཤར་བ་དེ་ཀ་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་རིག་ཀྱང་དེ་ལྟར་ཡིན་པའོ་ཞེས་སྣང་བ་གཉིས་ལས་མ་འདས་ཏེ། མངོན་དུ་བྱས་པ་བདེ་གཤེགས་ཀྱི་སྣང་བ་ཡིན་ལ། དེ་ལྟ་བུའི་མཛད་པ་ནི་གདུལ་བྱའི་སྣང་བ་ཡིན་ནོ། །གསུམ་པ་བཀའ་གསང་སྔགས་མཚོན་པར་བྱེད་པའི་ཚིག་བསྣན་པ་ནི། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་པས། ཞེས་སྣང་བ་གསུམ་མི་ཕྱེད་པས་རྡོ་རྗེ། ཉམས་སུ་མྱོང་དཀའ་བས་ག སང་བའི་དོན་ཏེ་དེ་དག་མཚོན་པར་བྱེད་པའི་ཚིག་ཏུའོ། །བཞི་པ་གཞུང་བསྡུས་པའི་ཡོན་ཏན་བསྟན་པ་ནི། ཞེས་བརྗོད་པས། ཐུབ་པ་དྲུག་གི༴ ཀྱིས་མཁྱེན་ཏོ། །ཞེས་པས། ཞེས་གཞུང་བསྡུ་བའི་དོན་དེ་དག་སྟོན་པས་འཁོར་ལ་བརྗོད་པས། ལེའུའི་སྟོད་དུ་ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པ་གདུལ་བྱའི་མཐོང་སྣང་ལ་བྱུང་བ་དང་། ལེའུའི་སྨད་དུ་དེ་བཞིན་གཤེགས་པ་སྐུ་ལྔ་པོ་ཐམས་ཅད་ཀྱི་བདག་ཉིད་རྒྱལ་བ་ཀུན་ཏུ་བཟང་པོས་གསུངས་པ་ཡང་བསྡུ་བའི་ཚིག་དེ་དག་ཏུ་འདུས་པར་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་ཉིད་ཀྱིས་མཁྱེན་ཏོ་ཞེས་བླ་མ་གོང་མ་རྣམས་གསུང་ལ། བསྟན་པའི་མངའ་བདག་འཇམ་པའི་དབྱངས་ཆེན་པོའི་གསུང་གིས་ལྷན་ཅིག་པའི་འཁོར་གྱི་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ་ཞེས་བྱས་ན་འཐད་གསུང་ངོ་། །གཉིས་པ་ལེའུའི་མཚན་བསྟན་པ་ནི། གསང་བའི༴ ལེའུ་སྟེ་གསུམ་པའོ། །ཞེས་པས། གསང་བའི་ཞེས་རྟོགས་དཀའ་བ། སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉིད་གཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་དེ་མཚན་གྱི་གཞིར་གདའ་འོ། །ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་སྟེ་གསུམ་པའོ། །ཞེས་པས་ཐེག་པ་རིམ་པ་དགུའི་ཆོས་ཐམས་ཅད་གསང་བ་སྙིང་པོའི་བྱིིན་གྱིས་བརླབས་ཀྱིས་གཏན་ལ་ཕབ་ལ། འཁོར་འདས་ཀྱི་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འཁྲུལ་པ་དང་གདུལ་བྱའི་སྣང་བ་གཉིས་ལས་ཀྱང་འདས་ཏེ། རང་བཞིན་གྱི་སྣང་བ་གཅིག་ཁོ་ནར་གཏན་ཚིགས་གསུམ་གྱིས་བདེན་པ་དབྱེར་མེད་དུ་གཏན་ལ་ཕབ་པའི་གཞུང་གི་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱི་ན་ལེའུ་སྟེ། དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས་ཡས་བགྲངས་གསུམ་པའི་དོན་དུ་གདའ་འོ། །སྐབས་འདིར་ཁ་ཅིག་ན་རེ་ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་སྟེ་གསུམ་པའོ། །ཞེས་པས་ཆོས་ཐམས་ཅད་གཏན་ལ་འབེབས་སམ་མི་འབེབས། འབེབས་ན་ལེའུ་ལྔ་པ་དང་བཅུ་གཅིག་པའི་གཏན་ཚིགས་དགོས་མེད་དུ་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན། ལེའུ་ལྔ་པ་དང་བཅུ་གཅིག་པའི་གཏན་ཚིགས་མངོན་སུམ་དུ་འབྱུང་བས་གསལ། མི་འབེབས་ན་ལེའུ་གསུམ་པ་འདིར་ཆོས་ཐམས་ཅད་གཏན་ལ་ཕབ་པའི་མཚན་འདི་དགོས་མེད་དུ་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན། འདི་ཉིད་ལས། ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་སྟེ་ཞེས་པ་དང་། སྤར་ཁབ་ལས་ཀྱང་། སྣང་བ་གཉིས་ལས་ཀྱང་འདས་ཏེ་གཅིག་ཁོ་ནར་གཏན་ཚིགས་གསུམ་གྱིས་ཕབ་བོ་ཞེས་པས་གསལ་ལོ། །འདི་ལ་བླ་མ་ལ་ལ་དག་ནི་ཕྱི་མཚན་དུ་ཕེབས་ལ་བྱེ་བྲག་མ་ཕེབས་པས་ལེའུ་ལྔ་པ་དང་བཅུ་གཅིག་པའི་གཏན་ཚིགས་འབྱུང་བར་ཡང་རུང་གསུང་། བླ་མ་རྒྱ་གབ་གོང་པ་ནི་ལེའུ་གསུམ་པ་འདིར་ཆོས་ཐམས་ཅད་གཏན་ལ་འབེབས་ལ། ལྔ་པའི་གཏན་ཚིགས་ནི་ལམ་གྱི་གོ་རིམ་ལ་ལྟ་བ་ཐོག་མར་དགོས་པས་སྨོས་ལ། བཅུ་གཅིག་པའི་གཏན་ཚིགས་ནི་ཟག་མེད་བསྒྲུབ་པ་ལ་ཡོ་བྱད་ཀུན་གྱི་གཙོ་བོར་ལྟ་བ་དགོས་པའི་ཆ་ནས་སྨོས་པ་ཡིན་གསུང་ངོ་། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་གསུམ་པའི་གཞུང་དོན་རྣམ་པར་བཤད་པའོ།། ༈ །།ད་ནི་ལེའུ་བཞི་པ་འཆད་པར་བྱེད་པ་འདི་ལ་ཆོས་ཚོམས་ངོས་བཟུང་བའི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་གསུམ་ལས་ཡི་གེ་ལ་བརྟེན་ནས་ཉམས་སུ་ལེན་པ་སྟོན་པས་ལམ་སྟོན། ལམ་ལ་ཐབས་ལམ་གྲོལ་ལམ་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གཙོ་བོར་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། སྣང་བ་བཞི་ལས་རང་བཞིན་འབྲས་བུའི་སྣང་བ་ཟུར་ཙམ་སྟོན། གཙོ་བོར་ལམ་སྣང་སྟོན། བློ་འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་ཏིང་ངེ་འཛིན་སྟོན། བཅུ་ཡང་བརྒྱའི་བདག་ཉིད་དུ་བྱས་ན་ཏིང་ངེ་འཛིན་གྱི་ཤུགས་ལ་ལྟ་བ་ཟུར་ཙམ་དང་སྤྱོད་པ་དང་དཀྱིལ་འཁོར་སྟོན་ནོ། །ཐ་མའི་ཆོས་ཚོམས་བཤད་ཐབས་འདྲེན་པའི་ཚིག་བཅུ་ལས་ལྟ་བ་ཟུར་ཙམ་དང་། ལྡེམ་དགོངས་མན་ངག་དང་། གཏར་ཁ་གེགས་སེལ་དང་། སྤྱི་དོན་སྡུད་པ་དང་། བསྣོལ་མཚམས་འཕེན་སྡུད་རྣམས་སྟོན་ཅིང་། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་པའོ། །དེ་ལྟར་སྟོན་པར་བྱེད་པའི་ལེའུ་བཞི་པ་འདི་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ལེའུའི་གཞུང་དང་། ལེའུའི་མཚན་བསྟན་པའོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་ནི། དེ་ནས་དེ་བཞིན་གཤེགས་པ༴ རྡོ་རྗེ་ལས་ཕྱུང་ངོ་། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་དེ་ལྟར་ལྟ་བའི་ཆོས་ཐམས་ཅད་གཏན་ལ་ཕབ་པ་བསྟན་པ་ལ་དེ་ཡི་གེའི་དོན་ཉམས་སུ་ལེན་པ་སྟོན་པས་ན་ནས། དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས། ཞེས་པས། དེ་བཞིན་གཤེགས་ཐམས་ཅད་ཀྱི་དགོངས་པ་རྒྱལ་བ་དྲུག་པ་ལ་འདུས་ལ། རིགས་ཐམས་ཅད་ཀྱི་བདག་ཉིད་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོའི་དགོངས་པ་གཅིག་དང་དུ་མའི་མཐའ་དང་བྲལ་བ་དེ་ཉིད་གསུང་ལྔར་ལྷུན་གྱིས་གྲུབ་པ་ལས་མི་གཡོ་བས་ན་དགོངས་པ་གཅིག་ཏུ་གྱུར་ནས། མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ། ཞེས་པས། སྣང་སྟོང་གཉིས་སུ་མེད་པར་མཉམ་པ་ནི་བདེན་པ་གཉིས་ཀྱི་མཉམ་པ་ལ་ལྟོས་པས་ཆེན་པོ་སྟེ་དེའི་ཚུལ་ལམ་ངོ་བོ་ཉིད་ལ་འཁོར་འདས་གཉིས་མི་ཕྱེད་པས་ན་རྡོ་རྗེའི་སེམས་ཉིད་མ་སྐྱེས་པའི་དབྱིངས་སུ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར། ཞེས་པས། འཁོར་འདས་ཀྱི་ངོ་བོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེའམ་གདོད་མ་ནས་སྐུ་དང་ཡེ་ཤེས་སུ་གསལ་བར་སྣང་བ་ཉིད་རྒྱལ་བ་དྲུག་པར་སངས་རྒྱས་པའི་ངོ་བོ་སྟེ་བསྒོམ་བྱ་སྒོམ་བྱེད་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་ཆོས་ཐམས་ཅད་ལས་ཕྱུང་ངོ་། །ཞེས་པས། དངོས་པོའི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཁོ་ནའི་ཕྱིར། མིང་ཙམ་དུ་གནས་པའི་དེ་ཉིད་མཐའ་ཡི་གེ་ཁོ་ནའོ། །ཡི་གེའི་རྒྱུན་མ་ཆད་པས་ཕྲེང་བའི་གསུང་གི་འཁོར་ལོ་ཞེས་བྱ་བ་འོག་ནས་འབྱུང་བའི་འདི་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་སྐུ་དང་གསུང་དང་ཐུགས་དང་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་ཕྱུང་ངོ་། །གཉིས་པ་ལེའུའི་གཞུང་བསྟན་པ་ལ་གཉིས་ཏེ། གཞུང་རྒྱས་པར་བསྟན་པ་དང་། གཞུང་བསྡུས་ཏེ་བསྟན་པའོ། །དང་པོ་གཞུང་རྒྱས་པར་བསྟན་པ་ལ་བཞི་སྟེ། ཡི་གེ་ཇི་ལྟར་བྱུང་བའི་ཚུལ་དང་། ཡི་གེ་ཕྱུང་བའི་མཐུ་དང་། ལམ་པའི་དབང་དུ་སེམས་སྦྱང་བ་དང་། ཡི་གེའི་དོན་བཤད་པའོ། །དང་པོ་ཡི་གེ་ཇི་ལྟར་བྱུང་བའི་ཚུལ་ནི། ཨ། ཀ་ཁ་ག་གྷ་ང༴ ཨོ་ཨ། ཞེས་པ་དེར་གདའ་ཞིང་། དེ་ཡང་ལྷ་དང་ཡི་གེ་སྦྱར་ནས་འོག་ནས་འཆད་ཅིང་། ཡི་གེ་འབྱུང་ཁུངས་ཀྱི་དབང་དུ་བྱས་ན་ཨ་ནི་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་དང་། ལམ་པའི་ཁོང་ནས་གང་ལ་ཡང་མ་བརྟེན་པར་བྱུང་བས་སྐྱེ་བ་མེད་པ་སྟེ། ཀུན་འདུས་ལེའུ་གཉིས་པ་ལས། ཐུགས་ཀྱི་ཀློང་ལས་ཨ་བྱུང་བས། །ཞེས་དང་། འཇམ་དཔལ་མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་སྟེ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་གསུངས་སོ། །ཨའི་འོད་ཟེར་བྲེ་ཕུགས་སུ་འཕྲོས་པས། ཀ་ཁ་ག་གྷ་ང་ལྔ་བྱུང་སྟེ། ཀུན་འདུས་རིག་པའི་མདོ་ལས། ཀ་ལ་སོགས་པའི་དཔའ་བོ་ལྔ། །མགུར་གྱི་གསང་བའི་རང་བཞིན་ཡིན། །ཨ་ཡི་འོད་ཟེར་ལྕེ་སྐེད་ལས་འཕྲོས་པས། །ཙ་ཚ་ཛ་ཛྷ་ཉ་ལྔ་སྟེ། །གཉིས་པ་ཙ་ལ་སོགས་པ་ལྔ། །ཟླ་གམ་ལྗགས་ཀྱི་རང་བཞིན་ཡིན། །ཨ་ཡི་འོད་ཟེར་ལྕེ་རྩེ་ལས་འཕྲོས་པས། །ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན་བཅུ་སྟེ། །གསུམ་པ་ཊ་ལ་སོགས་པ་བཅུ། །ལྗགས་ཀྱི་རྩེ་མོའི་རང་བཞིན་ཡིན། །ཨ་ཡི་འོད་ཟེར་མཆུ་ལ་འཕྲོས་པས། པ་ཕ་བ་བྷ་མ་ལྔ་སྟེ། །བཞི་པ་ཕ་ལ་སོགས་པ་ལྔ། ཞལ་གྱི་སྒྲོས་ལས་འབྱུང་བར་བཤད། །ཨ་ཡི་འོད་ཟེར་ལུས་སྤྱི་ལ་འཕྲོས་པས། །ཡ་ཝ་ར་ལ་ལ་སོགས་བཅུ་བདུན་ཏེ། །ལྔ་པ་ཡ་ལ་སོགས་པ་ཡི། །བཅུ་ཚན་གཉ ིས་ཀྱི་ཡི་གེ་དག །སྐུ་ལས་འཕྲོས་པར་རབ་ཏུ་བཤད། །ཅེས་པས། དེ་ཡང་ཡ་བྱིན་པ་ལས་འཕྲོས་ཏེ། སྐྱེས་བུ་ཆེན་པོའི་བྱིན་པ་ལས། །འཁོར་བ་གནོན་པའི་ཡིག་འབྲུ་ཡ། །ཝ་སྐེད་པ་ལས་འཕྲོས་ཏེ། སྐྱེས་བུ་ཆེན་པོའི་དཀུ་སྐབས་ལས། །གཏི་མུག་སེལ་བའི་ཡིག་འབྲུ་ཝ། །ར་སྟ་ཟུར་ལས་འཕྲོས་ཏེ། སྐྱེས་བུ་ཆེན་པའི་སྟ་ཟུར་ལས། །འདོད་ཆགས་འཇོམས་པའི་ཡིག་འབྲུ་ར། །ལ་དཔུང་པ་ལས་འཕྲོས་ཏེ། སྐྱེས་བུ་ཆེན་པོའི་དཔུང་པ་ལས། །རྟོག་པ་འཇོམས་པའི་ཡིག་འབྲུ་ལ། །ཤ་ཕྱག་མཐིལ་ལས་འཕྲོས་ཏེ། ཕྱག་གི་འཁོར་ལོའི་འོད་ཟེར་ལས། །ཆོས་ཕྲུལ་སྟོན་པའི་ཡིག་འབྲུ་ཤ །ཥ་ཐུགས་ཀ་ལས་འཕྲོས་ཏེ། ཐུགས་ཀར་འཁྱིལ་བའི་དཔལ་བེའུ་ལས། །མཚན་མ་དག་པའི་ཡི་འབྲུ་ཥ། །ས་ལྟེ་བ་ལས་འཕྲོས་ཏེ། སྐུ་ཡི་ཁྲུ་ཚད་ལྟེ་བ་ལས། །འདོད་པ་འབྱུང་བའི་ཡིག་འབྲུ་ས། །ཧ་ཞབས་མཐིལ་ལས་འཕྲོས་ཏེ། སྐྱེས་བུའི་ཞབས་ཀྱི་འཁོར་ལོ་ལས། །སྒྲིབ་པ་སེལ་བའི་ཡིག་འབྲུ་ཧ། །ཀྵ་གསང་བའི་གནས་ལས་འཕྲོས་ཏེ། གསང་བ་མཁའ་ཡི་འོད་ཟེར་ལས། །ཆོ་འཕྲུལ་འབྱུང་བའི་ཡིག་འབྲུ་ཀྵ། །ཨི་ཨཱི་གཉིས་སྤྱན་གཉིས་ལས་འཕྲོས་ཏེ། སྐྱེས་བུ་ཆེན་པོའི་སྤྱན་གཉིས་ལས། །རང་བཞིན་ཡི་གེ་ཨི་གཉིས་ཤར། །ཨུ་ཨཱུ་གཉིས་སྙན་གཉིས་ལས་འཕྲོས་ཏེ། སྐྱེས་བུ་ཆེན་པོའི་སྙན་གཉིས་ལས། །རང་བཞིན་ཡི་གེ་ཨུ་གཉིས་ཤར། །ཨེ་ཨཻ་གཉིས་ཤངས་གཉིས་ལས་འཕྲོས་ཏེ། སྐྱེས་བུ་ཆེན་པོའི་ཤངས་གཉིས་ལས། །རང་བཞིན་ཡི་གེ་ཨེ་གཉིས་ཤར། །ཨོ་ཚེམས་ལས་འཕྲོས་ཏེ། སྐྱེས་བུ་ཆེན་པོའི་ཚེམས་ལས་ནི། །རང་བཞིན་ཡི་གེ་ཨོ་རུ་ཤར། །ཨཾ་སྤྱི་གཙུག་ལས་འཕྲོས་ཏེ། །སྐྱེས་བུ་ཆེན་པོའི་སྤྱི་གཙུག་ལས། །རྒྱལ་བའི་ས་བོན་ཨཱོྂ་དུ་ཤར། །ཞེས་གསུངས་སོ། །གཉིས་པ་ཡི་གེ་ཕྱུང་བའི་མཐུ་བསྟན་པ་ནི། འདི་དག་ཕྱུང་བས༴ མཚན་ཉིད་ཙམ་དུ་གྱུར་ཏོ། །ཞེས་པས། འདི་ལ་བཤད་ཐབས་གཉིས་ལས། ཐོག་མར་གྲོལ་ལམ་ལྟར་བཤད་ན་ཡི་གེ་འདི་དག་ཕྱུང་བས་ཡི་གེའི་མཐུས་འཇིག་རྟེན་དྲུག་ཕྱོགས་བཅུ་མཐའ་ཡས་པ་ཤར་མཐོ་ན་ནུབ་དམའ་བ་ལ་སོགས་པ་རྣམ་པ་དྲུག་ཏུ་གཡོས། ཚབས་ཆེ་བས་ན་རབ་ཏུ་གཡོས། ཁྱབ་ཅིང་ཚབས་ཆེ་བས་ན་ཀུན་ཏུ་གཡོས་ནས། དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མིང་གི་བྱེ་བྲག་དང་ཡི་གེ་ཁོ་ནའི་ཕྱིར་ངོ་བོ་ཉིད་བསྟན་དུ་མེད་པའི་མཚན་ཉིད་ཙམ་དུ་གྱུར་ཏོ། །དེའི་དོན་ལ་མཉེས་པས་ན་ཧོ་ཞེས་པའོ། །ཡང་ཐབས་ལམ་ལྟར་བཤད་ན་འདི་དག་ཕྱུང་བས་ཡབ་ཡུམ་གཉིས་མེད་ཐབས་ལམ་གྱི་བདེ་བ་སྐྱེས་ཙ་ན་ལུས་ཀྱི་འཇིག་རྟེན་འཁོར་ལོ་དྲུག་གི་གནས་དང་། ལུས་ཀྱི་ཕྱོགས་བཅུའི་རྩ་གནས་མཐའ་ཡས་པ་ཐིག་ལེ་བདེ་བའི་ཡེ་ཤེས་ཀྱིས་ཁྱབ་པས་རྣམ་པ་དྲུག་ཏུ་གཡོས། ཚབས་ཆེ་བས་རབ་ཏུ་གཡོས། ཁྱབ་ཅིང་ཚབས་ཆེ་བས་ཀུན་ཏུ་གཡོས་ནས་རྟོག་ཚོགས་དང་ཐིག་ལེས་བསྡུས་པའི་ཆོས་ཐམས་ཅད་བདེ་བའི་ཡེ་ཤེས་ཀྱི་མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ། །དེ་ལ་མཉེས་ནས་ཧོ་ཞེས་བྱའོ། །གསུམ་པ་ལམ་པའི་དབང་དུ་སེམས་སྦྱང་བ་ལ་གསུམ་སྟེ། ཡི་གེ་ཨ་ལ་སེམས་སྦྱང་བ་དང་། ཡི་གེ་བཞི་བཅུ་རྩ་གཉིས་ལ་སེམས་སྦྱང་བ་དང་། རྡོ་རྗེ་དངོས་གྲུབ་ཀྱི་རྒྱུར་བསྟན་པའོ། །དང་པོ་ཡི་གེ་ཨ་ལ་སེམས་སྦྱང་བ་ནི། ཨ། རབ་ཏུ༴ མེད་པར་བསྟན། །ཞེས་པ་དེར་གདའ་ཞིང་། ཨ་ཞེས་པས་འདི་ལ་འགྲེལ་པ་སྤར་ཁབ་ལས། ཨ་ནི་ཨའོ། །དཀར་བ་ནི་བྱང་ཆུབ་སེམས་ཀྱི་ཕྱིར་རོ། །ཞེས་གསུངས་པས། རང་གི་སྙིང་གར་རིག་པ་ཉིད་ཡི་གེ་ཨ་དཀར་པོ་ཉིད་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་ཞིག་ཏུ་བསྒོམ་མོ། །རབ་ཏུ་བརྟན་གྱུར་ཅེས་པས། དེ་ཡང་རབ་ཏུ་བརྟན་པའི་ཚད་བཞི་དང་ལྡན་པར་གྱུར་པ་སྟེ། གང་ཞེ་ན། མི་གཡོ་བ། མི་འགྱུར་བ། མངོན་པར་མི་འགྱུར་བ། ཅིར་ཡང་འགྱུར་དུ་བཏུབ་པའོ། །ཨ་དཀར་ལས། ཞེས་པས། དེ་ལྟར་རང་རིག་ཨ་རུ་སྣང་བ་དེ་ཉིད་གཟུང་འཛིན་དང་བྲལ་ཞིང་ཉེས་པའི་སྐྱོན་གྱིས་མ་གོས་པས་དཀར་བ་སྟེ་གསལ་བའི་ཚད་བཞི་དང་ལྡན་པའོ། །གང་ཞེ་ན། གསལ་ལེ། སང་ངེ་། ལྷང་ངེ་། ལྷན་ནེ་བའོ། །དེ་ལྟར་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པའི་ཨ་དཀར་པོ་དེ་ལས་ཨ་སྥ་ར་ཎ་ཕཊ་ཅེས་སྤྲོས་པས། ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཞེས་པས། གཞི་མའི་ཨ་དེ་ལས་ཤིན་ཏུ་ཕྲ་བའི་ཨ་དཔག་ཏུ་མེད་པ་རྣམས་སྤྲོས་པས། ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བསྟན། །ཞེས་པས། ཕྱོགས་བཅུ་ཐམས་ཅད་ཨས་གང་བར་གྱུར་བའི་དོན་བྱང་ཆུབ་སེམས་སུ་གསལ་བར་གྱུར་ནས། སཾ་ཧ་ར་ཎ་ཧཱུཾ་ཞེས། ཕྱོགས་བཅུའི་ཨ་རྣམས་བསྡུས་ཀྱང་གཞི་མའི་ཨ་ལའི་འཕེལ་བ་དང་། ཕྱོགས་བཅུའི་ཨ་ལ་འགྲིབ་པ་མེད་པར་བརྟན་པ་ཐོབ་ཐོབ་ཏུ་གསལ་བ་ཡུལ་གྱིས་མི་འཕྲོགས་པར་བསྒོམ་པར་བྱའོ། །གཉིས་པ་ཡི་གེ་བཞི་བཅུ་རྩ་གཉིས་ལ་སེམས་སྦྱང་བ་ནི། དེ་ལས་མིང་ཚོགས་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །ཞེས་པས། ཡི་གེ་ཨ་དེ་ལས་བྱུང་བའི་ཀ་ལ་སོགས་པའི་ཡི་གེའི་མིང་གི་ཚོགས་བཞི་བཅུ་རྩ་གཉིས་ཁ་དོག་གསལ་ཞིང་འོད་ཟེར་འབར་བ་ཀུན་ཀྱང་། སྥ་ར་ཎ་ཕཊ་ཀྱིས་སྤྲོ་ཞིང་། སཾ་ཧ་ར་ཎ་ཧཱུཾ་གིས་བསྡུ་བའང་སྔར་ཡི་གེ་ཨ་ལ་སེམས་སྦྱངས་པ་དེ་བཞིན་ནོ། །གསུམ་པ་རྡོ་རྗེ་དངོས་གྲུབ་ཀྱི་རྒྱུར་བསྟན་པ་ནི། འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །ཞེས་པ་དེར་གདའ་ཞིང་། ཡི་གེ་ལ་སེམས་སྦྱངས་པ་འདི་ནི་སྐུ་གསུང་ཐུགས་རྡོ་རྗེ་དངོས་གྲུབ་ཀྱི་ངོ་བོ་རང་རིག་པའི་ཡེ་ཤེས་ལ་བརྟན་པ་ཐོབ་པར་འབྱུང་བའི་ངོ་བོ་ཉིད་ཀྱི་རྒྱུ་ཡིན་ནོ་ཞེས་པའམ། ཡང་ན་ཡེ་ཤེས་བརྟན་པར་འབྱུང་བ་འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི་རྒྱུ་ཡིན་ནོ་ཞེས་བྱ་སྟེ། ངོ་བོ་ཉིད་ཀྱི་རྒྱུ་འབྲས་སོ། །བཞི་པ་ཡི་གེའི་དོན་བཤད་པ་ལ་གཉིས་ཏེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ཡི་གེའི་དོན་བཤད་པ་དངོས་སོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་ནི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་ཡི་གེའི་སེམས་སྦྱངས་པ་བསྟན་པ་ལ་དེ་ཡི་གེའི་དོན་བཤད་པ་སྟོན་པས་ན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོ་ཉིད་ཀྱིས། གོ་ཕྱེ་བའི་འཁོར་རྣམས་ཀྱི་ཆེད་དུ་ལྷན་ཅིག་པའི་འཁོར་རྣམས་ལ་ཡི་གེའི་དོན་བཤད་པ་འོག་ནས་བརྗོད་པ་འདི་དག་བརྗོད་དོ། །གཉིས་པ་ཡི་གེའི་དོན་བཤད་པ་དངོས་ལ་གཉིས་ཏེ། ཡི་གེ་སྤྱིའི་དོན་བཤད་པ་དང་། ཡི་གེ་བྱེ་བྲག་གི་དོན་བཤད་པའོ། །དང་པོ་ཡི་གེ་སྤྱིའི་དོན་བཤད་པ་ལ་བཞི་སྟེ། ཡི་གེ་སྐུ་གསུམ་དུ་སངས་རྒྱས་པ་དང་། སེམས་ཉིད་ཡི་གེའི་རང་བཞིན་དུ་བསྟན་པ་དང་། ཡི་གེ་དངོས་པོ་མི་དམིགས་ཀྱང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འགུགས་པར་བསྟན་པ་དང་། ཡི་གེའི་ངེས་ཚིག་གོ། །དང་པོ་ཡི་གེའི་སྐུ་གསུམ་དུ་སངས་རྒྱས་པ་ལ་གཉིས་ཏེ། ཡི་གེའི་སྐུ་གསུམ་དུ་སངས་རྒྱས་པ་དངོས་དང་། ཡོན་ཏན་གྱི་མཇུག་བསྡུ་བའོ། །དང་པོ་ཡི་གེ་སྐུ་གསུམ་དུ་སངས་རྒྱས་པ་ལའང་གསུམ་སྟེ། ཡི་གེ་ཆོས་སྐུར་སངས་རྒྱས་པ་དང་། ཡི་གེ་ལོངས་སྐུར་སངས་རྒྱས་པ་དང་། ཡི་གེ་སྤྲུལ་སྐུར་སངས་རྒྱས་པའོ། །དང་པོ་ཡི་གེ་ཆོས་སྐུར་སངས་རྒྱས་པ་ནི། ཨ་ནི་སྟོང་དང་༴ ཉིད་ལ་གནས། ཞེས་པ་དེར་གདའ་ཞིང་། ཨ་ནི་སྟོང་དང་མི་སྟོང་གི། །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཞེས་པས། སེམས་ཀྱི་རང་བཞིན་ཡི་གེ་ཨ་དཀར་པོ་གནས་པ་དེ་ནི་སྟོང་པ་སྟེ་དབྱིབས་དང་ཁ་དོག་བྲལ་བས་དོན་དམ་པའི་མཐར་དམིགས་སུ་ཡོད་པ་ཡང་མ་ཡིན། མི་སྟོང་ཞེས་བདེ་བ་ཆེན་པོའི་ཡེ་ཤེས་སུ་གསལ་བས་ཀུན་རྫོབ་ཀྱི་མཐར་དམིགས་སུ་ཡོད་པའང་མ་ཡིན། དབུ་མའང་ཞེས་བརྗོད་དུ་མེད་པ་དབྱེར་མེད་ཀྱི་མཐར་དམིགས་སུ་ཡོད་པའང་མ་ཡིན་ཏེ། མཐའ་གསུམ་ལས་འདས་པས་ཆོས་ཀྱི་སྐུ་ཁོ་ནའོ། །ཐམས་ཅད་མིང་ཙམ་སངས་རྒྱས་ཀུན། །ཡི་གེ་ཕྲེང་བ་ཉིད་ལ་གནས། །ཞེས་པས། ཨའི་སྒྲས་བསྡུས་པའི་ཡི་གེ་ཐམས་ཅད་ཡི་གེའི་སྒྲས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་མིང་དུ་བཏགས་པ་ཙམ་ལས་དོན་སྣང་སྟོང་གཉིས་སུ་མེད་པར་སངས་རྒྱས་པ་ཀུན་གུད་ན་རང་རྒྱུད་པར་གྲུབ་པ་མེད་དེ། ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་ཕྲེང་བ་གསུང་གི་དཀྱིལ་འཁོར་ཉིད་ལ་ཆོས་སྐུ་གནས་སོ། །གཉིས་པ་ཡི་གེ་ལོངས་སྐུར་སངས་རྒྱས་པ་ནི། ཨ་ཉིད༴ དེ་ཉིད་ངེས། ཞེས་པ་དེར་གདའ་ཞིང་། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །ཞེས་པ་དེ་ཡང་ཡི་གེ་ཨ་ཉིད་ཡི་གེ་སྣ་ཚོགས་སུ་མ་འགག་པར་སྣང་བའི་ཚུལ་ཇི་ལྟར་ཡིན་ཞེ་ན། ཀ་ལ་སོགས་པའི་ཡི་གེ་བཞི་བཅུ་རྩ་གཉིས་སུ་སྣང་ངོ་། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །ཞེས་པས། ཨའི་སྒྲ་ཡིས་ཡི་གེ་བཞི་བཅུ་རྩ་གཉིས་བསྡུས། ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་མིང་དང་ཚིག་གིས་འཁོར་འདས་ཀྱི་ཆོས་ཐམས་ཅད་བསྡུས་ཤིང་། དེ་ལྟར་རྟོག་ཚོགས་ཐམས་ཅད་ཟག་པ་མེད་པའི་བདེ་བའི་ཡེ་ཤེས་སུ་མངའ་མཛད་པས་ན་མངོན་པར་རྫོགས་པའི་སངས་རྒྱས་ཀུན་གྱི་རྒྱལ་པོ་ལོངས་སྐུར་ཡི་གེ་དེ་ཉིད་ངེས་པ་སྟེ་གནས་པའོ། །ཡང་ཡི་གེ་ལོངས་སྐུར་སངས་རྒྱས་པའི་སྐབས་འདིར་ཐབས་ལམ་ལྟར་བཤད་ན། ཨ་ཉིད༴ དེ་ཉིད་ངེས། ཞེས་པས་ལྟེ་བ་སྤྲུལ་པའི་འཁོར་ལོ་ན་ཡི་གེ་ཨ་ཐུང་གི་དབྱིབས་སུ་གནས་པའོ། །དེ་ཉིད་ཀྱི་རྩལ་ཐིག་ལེ་སྣ་ཚོགས་པར་སྣང་བ་སྟེ་ཐིག་ལེའི་དབྱིབས་ཀ་ཁ་ལ་སོགས་པ་བཞི་བཅུ་རྩ་གཉིས་སུ་སྣང་ལ། ཨའི་སྒྲ་ཡིས་ཐིག་ལེ་ཐམས་ཅད་བསྡུས་ནས་ཐིག་ལེ་དང་རྟོག་ཚོགས་བདེ་བའི་ཡེ་ཤེས་སུ་མངའ་མཛད་པའི་ཕྱིར། མངོན་རྫོགས་རྒྱལ་པོར་ཐབས་ལམ་གྱི་ཏིང་ངེ་འཛིན་དེ་ཉིད་ངེས་སོ། །གསུམ་པ་ཡི་གེ་སྤྲུལ་སྐུར་སངས་རྒྱས་པ་ལ་གསུམ་སྟེ། ཡི་གེ་གསུང་དུ་སངས་རྒྱས་པ་དང་། ཡི་གེ་ཐུགས་སུ་སངས་རྒྱས་པ་དང་། ཡི་གེ་སྐུ་རུ་སངས་རྒྱས་པའོ། །དང་པོ་ཡི་གེ་གསུང་དུ་སངས་རྒྱས་པ་ནི། ཨེ་མ༴ སྨྲ་ཞིང་སྟོན། ཞེས་པ་དེར་གདའ་ཞིང་། ཨེ་མ་ངོ་མཚར་ཡ་མཚན་གྱི། །ཞེས་པས། ཨེ་མ་ཞེས་པས་ཡི་གེའི་མིང་ལ་ང མ། ངོ་མཚར་ཞེས་པས་ཡི་གེའི་ལས་ལ་ངམ། ཡ་མཚན་གྱི་ཞེས་པས་ཡི་གེའི་རང་བཞིན་ལ་ངམ་པའོ། །ཡང་ན་བཙུན་མ་མོ་འཇམ་དཔལ་འདོན་པ་ལྟར་བཤད་དེ། ཨེ་མ་ཞེས་པས་འཕྲུལ་ཆེན་ཡི་གེ་བཞི་བཅུ་རྩ་ལྔའི་མིང་ལ་ངམ། ངོ་མཚར་ཞེས་པས་ཚིག་རྣམས་མ་ལུས་པར་འཛིན་པའི་གནས་ལ་ངམ། ཡ་མཚན་གྱི་ཞེས་པས་སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན་པ་ལ་ངམ་པའོ། །འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་མིང་། །ཞེས་པས། དེ་ཡང་སེམས་ཉིད་ཀྱི་ཡི་གེར་སྣང་བའི་ཆོ་འཕྲུལ་ཆེན་པོ་གྲངས་བཞི་བཅུ་རྩ་གཉིས་ཀྱི་སྟེང་དུ་ཁྱབ་བྱེད་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་བསྣན་པས་བཞི་བཅུ་རྩ་ལྔའི་ཡི་གེ་འདུས་པ་ལས་མིང་འབྱུང་། མིང་འདུས་པ་ལས་ཚིག་འབྱུང་ལ། ཚིག་རྣམས་མ་ལུས་འཛིན་པའི་གནས། །སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན། །ཞེས་པས། ཚིག་རྣམས་ཀྱི་དོན་མ་ལུས་པ་འཛིན་པའི་གནས་བྱས་ནས་རྣམ་པ་སྣ་ཚོགས་པའི་ཚིག་གིས་དོན་ཆེན་པོ་སྨྲ་ཞིང་སྟོན་པར་བྱེད་པ་སྤྲུལ་སྐུའི་གསུང་ཡིན་ནོ། །གཉིས་པ་ཡི་གེ་ཐུགས་སུ་སངས་རྒྱས་པ་ནི། དངོས་མེད༴ མི་དམིགས་ཀྱང་། ཞེས་པས། སེམས་ཉིད་ཡི་གེར་སྣང་བ་དེ་དག་ཀྱང་དངོས་པོ་དང་མཚན་མར་གྲུབ་པ་མེད་དེ། ཡི་གེ་དེའི་རང་བཞིན་སེམས་ཉིད་ཡིན་པའི་ཕྱིར། སེམས་ཉ ིད་བདེ་བ་ཆེན་པོ་ལ་གང་ཟག་དང་ཆོས་ཀྱི་བདག་ཉིད་སྣང་བ་མེད་ཅིང་དེའི་ཕྱིར་སྣང་སྟོང་དབྱེར་མེད་ཀྱི་མཐའ་གསུམ་དང་ཡང་བྲལ་ཞིང་དེ་ཉིད་ཀྱང་བློའི་ཡུལ་དུ་བྱར་མི་དམིགས་པ་ནི་སྤྲུལ་སྐུའི་ཐུགས་སོ། །གསུམ་པ་ཡི་གེ་སྐུ་རུ་སངས་རྒྱས་པ་ནི། དབྱིབས་དང་ཁ་དོག་མིིང་ཚོགས་ཀྱིས། །རོལ་པ་ཅིར་ཡང་སྤྲུལ་ཅིང་སྟོན། །ཞེས་པས་སེམས་ཉིད་ཡི་གེའི་རོལ་པའོ། །རང་བཞིན་དུ་སྣང་བ་དེ་དག་ཀྱང་ཡི་གེའི་དབྱིབས་དང་ཁ་དོག་དང་མིང་ཐ་དད་སྣ་ཚོགས་ཀྱིས་རོལ་པ་ནི་ཕུང་པོ་དང་ལྷ་དང་གཞལ་ཡས་ཁང་དང་ལས་དང་དངོས་གྲུབ་ལ་སོགས་ཅིར་ཡང་སྤྲུལ་ཅིང་སྟོན་པས་ན་སྤྲུལ་པའི་སྐུའོ། །གཉིས་པ་ཡོན་ཏན་གྱི་མཇུག་བསྡུ་བ་ནི། ཕྱོགས་བཅུ༴ ཀྵ་ལ་རྫོགས། ཞེས་པ་དེར་གདའ་ཞིང་། ཕྱོགས་བཅུ༴ སྐུ་གསུང་ཐུགས། ཞེས་པས། ཕྱོགས་བཅུ་དང་དུས་བཞིར་ཡང་དག་པའི་འགྲོ་བའི་དོན་ལ་གཤེགས་པའི་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་ཀྱི་དོན་ནར་སོན་པའམ་རྟོགས་པས་ན་སེམས་དཔའ་སྟེ། དེ་ལྟར་ཡེ་ཤེས་སེམས་དཔའི་རང་བཞིན་ཅན་གྱི་དཀྱིལ་འཁོར་བཞི་བཅུ་རྩ་ལྔ་པོ་རེ་རེ་ཡང་སྐུ་གསུང་ཐུགས་གསུམ་གསུམ་དང་ལྡན་པའོ། །དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །ཡི་གེ་འགོ་ནས་ཀྵ་ལ་རྫོགས། །ཞེས་པས། ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་སྟེང་དུ་སྐུ་གསུང་ཐུགས་ཀྱི་ཡི་གེ་བསྣན་པས། ཡི་གེའི་དཀྱིལ་འཁོར་བཞི་བཅུ་རྩ་ལྔ་པོ་ཉིད་ཡི་གེའི་འགོ་བེར་ཀ་རིས་སམ་ཨ་ནས་མཇུག་ཀྵ་ཡན་ཆད་ལ་རྩ་བ་ལུས་ཀྱི་ཡི་གེ་རྣམས་རྫོགས་ལ། དབྱེ་བ་ཡན་ལག་གི་ཡི་གེ་ཨི་ཨཱི་ལ་སོགས་པ་བརྒྱད་རྩ་བ་ལུས་ཀྱི་ཡི་གེ་ཨ་ལ་རྫོགས་པའོ། །གཉིས་པ་སེམས་ཉིད་ཡི་གེའི་རང་བཞིན་དུ་བསྟན་པ་ནི། སེམས་ཀྱི་རང་བཞིན་ཡི་གེ་སྟེ། །ཡི་གེ་དངོས་པོ་ཡོད་མ་ཡིན། །ཞེས་པས། སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་རང་བཞིན་ཡི་གེར་གནས་པ་སྟེ། དེ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཡི་གེ་ཨའི་རང་བཞིན་ཅན་ལྟེ་བ་ན་གནས་སོ། །དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པ་ཨཾ་གི་རང་བཞིན་ཅན་མགྲིན་པ་ན་གནས། ཉོན་ཡིད་རྣམ་ཤེས་ཧཱུཾ་གི་རང་བཞིན་ཅན་སྙིང་ག་ན་གནས། སྒོ་ལྔའི་རྣམ་ཤེས་ཧཾ་གི་རང་བཞིན་ཅན་ཀླད་པ་ན་གནས་སོ། །ཡི་གེ་དེ་དག་རེ་རེས་རྩལ་དུ་མར་སྣང་ཡང་དངོས་པོ་རང་རྒྱུད་དུ་གྲུབ་པའམ་ཡོད་པ་ནི་མ་ཡིན་ནོ། །གསུམ་པ་ཡི་གེ་དངོས་པོ་མི་དམིགས་ཀྱང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འགུགས་པར་བསྟན་པ་ནི། དམིགས་མེད༴ རབ་འགུགས་པའོ། །ཞེས་པ་དེར་གདའ་ཞིང་། དམིགས་མེད་དེ་ཉིད་སྣ་ཚོགས་པའི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེ། །ཞེས་པས། ཡི་གེ་ལ་སྣང་སྟོང་གཉིས་དམིགས་སུ་མེད་པས་རང་རིག་པ་ཡི་གེར་སྣང་བ་དེ་དག་ཉིད་ཀྱང་དཀྱིལ་འཁོར་ལ་སོགས་པ་སྣ་ཚོགས་པར་སྣང་བའི་ཕྱིར། ཡི་གེ་སྐུ་གསུང་ཐུགས་ཀྱི་འཁོར་ལོར་སྣང་ཞིང་དེ་ཡང་རང་རིག་པའི་ངོས་ནས་དབྱེར་མེད་པས་ཆེ་བ་ཞེས་བྱའོ། །སྐུ་གསུང་ཐུགས་ནི་ངོ་མཚར་གྱི། །ཡ་མཚན་འཕྲུལ་ཆེན་རབ་འགུགས་པའོ། །ཞེས་པས། ཡི་གེ་སྐུ་གསུང་ཐུགས་ནི་རང་རིག་པའི་ཡེ་ཤེས་སུ་ཤར་བས་ངོ་མཚར་གྱི་དེ་ཡི་གཏན་ཚིགས་དེ་ལྟར་ཡ་མཚན་པ་ཡི་གེ་བཞི་བཅུ་རྩ་ལྔའི་འཕྲུལ་ཆེན་པོས་འབྲས་བུ་སྐུ་གསུང་ཐུགས་སུ་བཅས་པས་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་རང་རིག་པའི་མངོན་སུམ་དུ་སྟོན་པས་རབ་ཏུ་འགུགས་པའོ་ཞེས་པའམ། ཡང་ན་དངོས་གྲུབ་ཡ་མཚན་ཅན་རྣམས་འཕྲུལ་ཆེན་ཡི་གེས་རབ་ཏུ་འགུགས་པའོ། །བཞི་པ་ཡི་གེའི་ངེས་ཚིག་བསྟན་པ་ནི། དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ། །ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། །ཅེས་པས། དེ་ཡང་ཡི་གེ་ཉིད་ཀྱི་ཚུལ་ཇི་ལྟར་སྣང་ཞེ་ན། གཞི་མཉམ་པ་ཉིད་ཀྱི་དབྱིངས་ལ་བློ་མཉམ་པ་ཉིད་ཀྱི་དབྱིངས་ཀྱིས་གསལ་བས་ན་བྲིས་པ་སྟེ་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ཡི་གེ་ཞེས་ནི་ངེས་ཚིག་བརྗོད་པའོ། །ཨ་ཀྵ་རའི་སྒྲ་ལས་དྲངས་ན་མ་སྐྱེས་པའི་ཆོས་ཉིད་འགྱུར་བ་མེད་པའི་ཆོས་ཡི་གེ་ཞེས་བརྗོད་པ་ནི་དོན་གྱི་མཚན་ཡིན་ནོ། །སྤྱི་དོན་གཉིས་པ་ཡི་གེའི་བྱེ་བྲག་གི་དོན་བཤད་པ་ལ་གསུམ་སྟེ། ཁྱབ་བྱེད་ཀྱི་ཡི་གེ་གསུམ་གྱི་དོན་བཤད་པ་དང་། ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་དོན་བཤད་པ་དང་། ཡི་གེའི་མཇུག་བསྡུས་པའམ་ཆེ་བ་བསྟན་པའོ། །དང་པོ་ཁྱབ་བྱེད་ཀྱི་ཡི་གེ་གསུམ་གྱི་དོན་བསྟན་པ་ནི། འགོ་ནི༴ ཚིགས་སུ་གཅོད། ཅེས་པ་དེར་གདའ་ཞིང་། འདི་དག་དང་འོག་ནས་འཆད་པའི་སྒོ་བ་ཡབ་བཞིའི་ཡི་གེ་དང་བཅས་པ་ལ་ཡི་གེ་དང་། རྟོག་པ་དང་། ལྷ་དང་། དོན་དང་། ལས་དང་ལྔ་སྦྲག་ཏུ་འཆད་པར་བྱེད་དེ། དེ་ཡང་། འགོ་ནི་མ་ནོར་ལམ་ཡིན་ཏེ། །ཞེས་པས་ཡི་གེ་ན་ནི་འགོ་སྟེ་འདི་ལའང་གཉིས། དང་པོ་ཡི་གེ་འདྲེན་པའི་འགོ་དང་ཐོག་མ་བེར་ཁ་རིས་ཡིན་ཏེ། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། འགོ་ནི་ཐོག་མར་མཚོན་པ་སྟེ། །དང་ལ་གཟུགས་སུ་གང་ཆགས་པ། །དེ་ནི་ཡི་གེའི་འགོ་ཡིན་ཕྱིར། །བེར་ཀ་རིས་ལ་འགོ་ཞེས་མཚོན། །ཞེས་པ་དང་། སྤར་ཁབ་ལས། ཡི་གེ་སྦྲུལ་ལྟ་བུས་འགོ་འདྲེན་པའི་ཕྱིར། ཞེས་གསུངས་སོ། །གཉིས་པ་ཡི་གེ་བརྟེན་པའི་འགོ་ནི་ཐིག་ཡིན་ཏེ། གཟུགས་ཅན་སྙིང་པོས་ཞུས་པའི་མདོ་ལས། ཡི་གེའི་འགོ་ནི་ཐིག་ཡིན་པས། །ཡི་གེ་བཞི་བཅུ་རྩ་གཉིས་རྣམས། །མ་ནོར་དམ་པའི་ཐིག་ཡིན་པས། །ལས་མཁན་ཐིག་ནས་ཡི་གེར་ཞུགས། །ཞེས་གསུངས་སོ། །རྟོག་པ་ནི་ཡིད་དུ་འཛིན་པ། ལྷ་ནི་ཐུགས་ཀྱི་ལྷ་མི་བསྐྱོད་པའི་རང་བཞིན། དོན་དུ་ནི་ཐབས་ཤེས་གཉིས་མེད། ལས་ནི་ཡི་གེ་རྣམས་མ་ནོར་བའི་ལམ་སྣ་འདྲེན་པར་བྱེད་པ་ཡིན་ནོ། །ཏེ་ཞེས་པ་ནི། བསྟན་བྱ་ལྷག་མ་ཅན་གྱི་ཚིག་སྟེ། གང་སྟོན་ན། ཏིག་ནི་ཤེས་རབ་མིང་དུ་སྨྲ། །ཞེས་པས་ཡི་གེ་ན་ཏིག་ནི་ཚེག་ཡིན་ཏེ། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས ། ཏིག་ནི་ཚེག་ཏུ་བསྒྲུབ་པ་སྟེ། །ཡི་གེ་བསྡུས་ནས་མིང་དུ་སྨྲ། །དོན་གྱི་སྙིང་པོ་སྡེ་རུ་སློངས། །དེ་ཕྱིར་རྩེག་ནི་ཏིག་ཅེས་བྱ། །ཞེས་པ་དང་། ཡོ་ག་རྒྱན་དམ་པ་ལས། སྡུད་པའི་ཕྱིར་ན་རྩེག་ནི་ཏིག །འཐོར་བ་བསྡུས་ནས་མིང་དུ་སྨྲ། །ཞེས་གསུངས་སོ། །རྟོག་པ་ནི་ངག་ཏུ་འཛིན་པ། ལྷ་ནི་གསུང་གི་ལྷ་འོད་དཔག་མེད་ཀྱི་རང་བཞིན། དོན་དུ་ནི་ཤེས་རབ་རང་བཞིན་མེད་པ། ལས་ནི་ཡི་གེ་རྣམས་མིང་དུ་སྨྲ་བར་བྱེད་པའོ། །ཤད་ནི་ཐབས་ཆེན་ཚིགས་སུ་གཅོད། །ཅེས་པས་ཡི་གེ་ནི་ཤད་ཡིན་ཏེ། སྤྱི་མདོ་ལས། གཅོད་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་དབྱུག་པ་ཞེས་བླ་དྭགས་སུ་བཏགས་སོ། །ཞེས་པ་དང་། ཁྱིམ་བདག་དཔལ་བྱིན་གྱིས་ཞུས་པའི་མདོ་ལས་ཀྱང་། ཚིགས་སུ་གཅོད་པའི་ལས་ཅན་ལ། །དེ་ཕྱིར་ཤད་དུ་གྲགས་སོ་ཞེས། །ཞེས་གསུངས་སོ། རྟོག་པ་ནི་ལུས་སུ་འཛིན་པ། ལྷ་ནི་སྐུའི་ལྷ་རྣམ་པར་སྣང་མཛད་ཀྱི་རང་བཞིན། དོན་དུ་ནི་ཐབས་འགག་པ་མེད་པའམ་སྙིང་རྗེ་ཆེན་པོ། ལས་ནི་ཡི་གེ་རྣམས་ཚིགས་སུ་གཅོད་པར་བྱེད་པའོ། །གཉིས་པ་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་དོན་བཤད་པ་ལ་བདུན་ཏེ། ཀུན་ཏུ་བཟང་མོ་དང་རིགས་ལྔ་ཡབ་ཡུམ་བཅུའི་ཡི་གེ་བསྟན་པ་དང་། ནང་གི་སེམས་དཔའ་བཞི་ཤར་གྱི་སྒོ་བ་དང་བཅས་པའི་ཡིི་གེ་དང་། ནང་གི་སེམས་མ་བཞི་ལྷོའི་སྒོ་བ་དང་བཅས་པའི་ཡི་གེ་དང་། ཕྱིའི་སེམས་དཔའ་བཞི་ནུབ་ཀྱི་སྒོ་བ་དང་བཅས་པའི་ཡི་གེ་དང་། ཕྱིའི་སེམས་མ་བཞི་སྒོ་མ་དང་བཅས་པའི་ཡི་གེ་དང་། ཀུན་ཏུ་བཟང་པོ་དང་ཐུབ་པ་དྲུག་གི་ཡི་གེ་དང་། བདུད་རྩི་འཁྱིལ་བའི་ཡི་གེ་གཉིས་བསྟན་པའོ། །དང་པོ་ཀུན་ཏུ་བཟང་པོ་དང་རིགས་ལྔ་ཡབ་ཡུམ་བཅུའི་ཡི་གེ་བསྟན་པ་ནི། ཨ་ནི་སྐྱེ་མེད་དེ་བཞིན༴ ན་ནི་དྲྭ་བས་ཀུན་ཏུ་འགྱུར། །ཞེས་པ་དེར་གདའ་ཞིང་། འདི་ན་མར་སྒོ་བ་བཞི་མ་གཏོགས་པ་རྣམས་ལ་དོན་བཞི་སྦྲག་ཏུ་འཆད་དེ། ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཅེས་པས་ཡི་གེ་ནི་ཨ། རྟོག་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་སུ་འཛིན་པ། ལྷ་ནི་ཀུན་ཏུ་བཟང་མོ། དོན་ནི་སྐྱེ་བ་མེད་པའི་དེ་བཞིན་ཉིད་དོ། །འདི་ལ་ཁ་ཅིག་ན་རེ། ཨ་ཀུན་གྱི་འགོ་བོར་འབྱུང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཡི་གེ་ཀུན་གྱི་འབྱུང་ཁུངས་སམ་གཞི་ཡིན་པའི་ཕྱིར་རོ། །དེ་ཡང་སྒྱུ་འཕྲུལ་ཕྱི་མ་ལས། ཨ་ནི་སྟོང་པ་ཡེ་ནས་སྟོང་། །སྟོང་པ་ཉིད་ན་སྟོང་པ་མེད། །ཡི་གེ་ཀུན་གྱི་གཞིའམ་རྒྱུ། །ཡིན་པའི་ཕྱིར་ན་འགོ་བོར་བཞག །ཅེས་གསུངས་སོ། །ཋ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད། །ཅེས་པས་ཡི་གེ་ཋ། རྟོག་པ་ནི་རྣམ་པར་ཤེས་པའི་ཕུང་པོ། ལྷ་ནི་སྒྱུ་འཕྲུལ་རྡོ་རྗེ་ཞེས་པས་ལྷ་ཡབ་མཚོན་པ་ཐབས་ཀྱི་ཆ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའོ། །དོན་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཉིད་དོ། །ཊ་ནི་སྣང་བས་སྒྱུ་འཕྲུལ་ཉིད། །ཅེས་པས། ཡི་གེ་ནི་ཊ། རྟོག་པ་ནི་གཟུགས་ཀྱི་ཕུང་པོ། ལྷ་ནི་སྣང་བའི་སྒྱུ་འཕྲུལ་ཞེས་པས་རྣམ་པར་སྣང་མཛད། དོན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཉིད་དོ། །ཌ་ནི་སྒྱུ་འཕྲུལ་ཡེ་ཤེས་ཉིད། །ཅེས་པས། ཡི་གེ་ནི་ཌ། རྟོག་པ་ནི་ཚོར་བའི་ཕུང་པོ། ལྷ་ནི་སྒྱུ་འཕྲུལ་ཡིད་བཞིན་ཞེས་པས་རིན་ཆེན་འབྱུང་ལྡན། དོན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད་དོ། །ཌྷ་ནི་སྒྱུ་འཕྲུལ་རྣམ་དག་ཉིད། །ཅེས་པས། ཡི་གེ་ནི་ཌྷ། རྟོག་པ་ནི་འདུ་ཤེས་ཀྱི་ཕུང་པོ། ལྷ་ནི་སྒྱུ་འཕྲུལ་རྣམ་དག་ཅེས་པས་སྣང་བ་མཐའ་ཡས། དོན་ནི་སོ་སོར་རྟོག་པའི་ཡེ་ཤེས་ཉིད་དོ། །ཎ་ནི་ཀུན་ཏུ་སྒྱུ་འཕྲུལ་ཉིད། །ཅེས་པས། ཡི་གེ་ནི་ཎ། རྟོག་པ་ནི་འདུ་བྱེད་ཀྱི་ཕུང་པོ། ལྷ་ནི་ཀུན་ཏུ་སྒྱུ་འཕྲུལ་ཞེས་པས་དོན་ཡོད་གྲུབ་པ། དོན་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཉིད་དོ། །འོ་ན་སྤྱིར་གྱི་སྒྱུ་མ་མཚོན་པ་ལྷ་ཡུམ། འཕྲུལ་པ་མཚོན་པ་ལྷ་ཡབ། དྲྭ་བ་མཚོན་པ་ལྷ་ཡབ་ཡུམ་དབྱེར་མེད་ཡིན་པ་ལ་འདིར་ཡབ་ལ་སྒྱུ་འཕྲུལ་དུ་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཕུང་པོ་ལྔ་སྒྱུ་མ་ལྟ་བུ་ལ་རང་རིག་རྟོགས་པའི་ཐབས་ཀྱིས་ཡེ་ཤེས་ལྔར་མཚོན་ནས་རིགས་ལྔར་སྣང་བ་ལ་འཕྲུལ་ཞེས་བྱའོ། །དེ་ཡང་ཧེ་རུ་ཀ་འདུས་པའི་རྒྱུད་ལས། རྣམ་པར་ཤེས་པ་ལ་སོགས་པ། །ཕུང་པོ་ལྔ་ཉིད་དཀྱིལ་འཁོར་ཏེ། །སྒྱུ་མ་ལྟ་བུའི་ཕུང་པོ་ལ། །རང་རིག་ཐབས་ཀྱིས་རིགས་ལྔར་འཕྲུལ། །ཞེས་པ་དང་། སྒྱུ་འཕྲུལ་ལེ་ལག་ལས་ཀྱང་། ལྔ་ཕུང་སྒྱུ་མའི་ཡེ་ཤེས་ལ། །རང་རིག་ཐབས་ཀྱིས་རིགས་ལྔར་འཕྲུལ། །ཞེས་གསུངས་སོ། །ཐ་ནི་དྲྭ་བས་མངོན་རྫོགས་ཉིད། །ཅེས་པས། ཡི་གེ་ནི་ཐ། རྟོག་པ་ནི་འབྱུང་བ་ནམ་མཁར་འཛིན་པ། དྲྭ་བ་ཞེས་པས་ཆོས་མཚུངས་དཔེར་བྱས་ནས་ལྷ་ཡུམ་མཚོན་པས་ན་ཤེས་རབ་ཀྱི་ཆའོ། །མངོན་རྫོགས་ཞེས་པས། ལྷ་ནི་ཡུམ་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། དོན་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཉིད་དོ། །ཏ་ནི་དྲྭ་བ་ན་བརྟན་པ་ཉིད། །ཅེས་པས། ཡི་གེ་ནི་ཏ། རྟོག་པ་ནི་འབྱུང་བ་སར་འཛིན་པ། ལྷ་ནི་དྲྭ་བ་བརྟན་པ་ཞེས་པས་ཡུམ་སངས་རྒྱས་སྤྱན་མ། དོན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཉིད་དོ། །ད་ནི་དྲྭ་བས་ལྷམ་མེ་ཉིད། །ཅེས་པས། ཡི་གེ་ནི་ད། རྟོག་པ་ནི་འབྱུང་བ་མེར་འཛིན་པ། ལྷ་ནི་དྲྭ་ལྷམ་མེ་ཞེས་པས་ཡུམ་གོས་དཀར་མོ། ཡེ་ཤེས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཉིད་དོ། །དྷ་ནི་དྲྭ་བས་འཁྲིལ་བ་ཉིད། །ཅེས་པས། ཡི་གེ་ནི་དྷ། རྟོག་པ་ནི་འབྱུང་བ་ཆུར་འཛིན་པ། ལྷ་ནི་དྲྭ་བ་འཁྲིལ་བ་ཞེས་པས་ཡུམ་མཱ་མ་ཀཱི། དོན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད་དོ། །ན་ནི་དྲྭ་བ་ཀུན་ཏུ་འགྱུར། །ཞེས་པས། ཡི་གེ་ནི་ན། རྟོག་པ་ནི་འབྱུང་བ་རླུང་དུ་འཛིན་པ། ལྷ་ནི་དྲྭ་བ་ཀུན་ཏུ་འགྱུར་ཞེས་པས། ཡུམ་དམ་ཚིག་སྒྲོལ་མ། དོན་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཉིད་དོ། །འོ་ན་ཡུམ་དྲྭ་བར་འཇོག་པའི་རྒྱུ་མཚན་གང་ཡིན་ཞེ་ན། དཔེར་ན་དྲྭ་བ་ནི་མདོ་མདུད་པར་འབྲེལ་བ་དང་། རྫས་ཀྱི་དངོས་པོ་ཤོང་ཤིང་སྡུད་པ་དང་། དྲྭ་མི་གཟང་ཐལ་དུ་ཡོད་པ་དང་། གང་ནས་བལྟས་ཀྱང་གསལ་བ་དང་འདྲ་བར་ཡུམ་གྱི་མཁའ་དེ་ཡང་རྩ་མདོ་མདུད་པར་འབྲེལ་བ་དང་། བདེ་བ་ཤོང་ཞིང་སྡུད་པ་དང་། མཁའ་ཟང་ཐལ་དུ་ཡོད་པ་དང་། གང་ནས་ཞུགས་ཀྱང་གསལ་བར་སྣང་བ་དང་ལྡན་པས་དྲྭ་བ་ཞེས་བྱའོ། །དེ་ཡང་རྡོ་རྗེ་གཡུང་དྲུང་འཁྱིལ་བའི་མདོ་ལས། དྲྭ་བ་ཅིར་ཡང་འགྱུར་བ་སྟེ། །མདོ་མདུད་འབྲེལ་ཅིང་ཟང་ཐལ་བ། །གང་ནས་བལྟས་ཀྱང་གསལ་བར་སྣང་། །ཅི་ཡང་སྡུད་ཅིང་ཤོང་བ་བཞིན། །དེ་བཞིན་ཡུམ་གྱི་མཁའ་དབྱིངས་ཀྱང་། །མདོ་མདུད་འབྲེལ་ཅིང་ཟང་ཐལ་བ། །གང་ནས་ཞུགས་ཀྱང་གསལ་བར་སྣང་། །ཐམས་ཅད་སྡུད་ཅིང་ཤོང་བའི་ཕྱིར། །ཡུམ་ལ་དྲྭ་བ་ཞེས་སུ་བརྗོད། །ཅེས་གསུངས་སོ། །གཉིས་པ་ནང་གི་སེམས་དཔའ་བཞི་ཤར་གྱི་སྒོ་བ་དང་བཅས་པའི་ཡི་གེ་བསྟན་པ་ནི། ཀ་ནི་སྤྱན་གྱི༴ འཇིག་བྱེད་པའོ། །ཞེས་པ་དེར་གདའ་ཞིང་། ཀ་ནི་སྤྱན་གྱི་ཐུགས་ཀྱི་མཆོག །ཅེས་པས། ཡི་གེ་ནི་ཀ །རྟོག་པ་ནི་སྤྱན་གྱི་ཐུགས་ཞེས་པས་མིག་གི་རྣམ་ཤེས་ཀྱི་རྟོག་པ། ལྷ་ནི་རྒྱལ་བའི་སྲས་མཆོག་བྱང་ཆུབ་སེམས་དཔའ་སའི་སྙིང་པོ། དོན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །འོ་ན་རྣམ་པར་ཤེས་པ་ལ་ཐུགས་སུ་འཇོག་པའི་རྒྱུ་མཚན་གང་ཡིན་ཞེ་ན། སྤར་ཁབ་ལས། རྣམ་ཤེས་བཞི་པོ་ནི་རང་རིག་པ་ཁོ་ནའི་ཕྱིར་ཐུགས་ཏེ་ཞེས་གསུངས་པས་ན་རྣམ་པར་ཤེས་པ་བཞི་པོ་ནི་རང་རིག་པ་ཡིན་པའི་ཕྱིར་ཐུགས་སོ། །དེ་བཞིན་དུ། ཁ་ནི་སྙན་གྱི་ཐུགས་ཀྱི་མཆོག །ཅེས་པས། ཡི་གེ་ནི་ཁ། རྟོག་པ་ནི་སྙན་གྱི་ཐུགས་ཞེས་པས་སྣ་བའི་རྣམ་ཤེས་ཀྱི་རྟོག་པ། ལྷ་ནི་རྒྱལ་བའི་སྲས་མཆོག་ཕྱག་ན་རྡོ་རྗེ། དོན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ག་ནི་ཤངས་ཀྱི་ཐུགས་ཀྱི་མཆོག །ཅེས་པས། ཡི་གེ་ནི་ག །རྟོག་པ་ནི་ཤངས་ཀྱི་ཐུགས་ཞེས་པས་སྣའི་རྣམ་ཤེས་ཀྱི་རྟོག་པ། ལྷ་ནི་རྒྱལ་བའི་སྲས་མཆོག་ནམ་མཁའི་སྙིང་པོ། དོན་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །གྷ་ནི་ལྗགས་ཀྱི་ཐུགས་ཀྱི་མཆོག །ཅེས་པས། ཡི་གེ་ནི་གྷ། རྟོག་པ་ནི་ལ་ནི་ལྗགས་ཀྱི་ཐུགས་ཞེས་པས་ལྕེའི་རྣམ་ཤེས་ཀྱི་རྟོག་པ། ལྷ་ནི་རྒྱལ་བའི་སྲས་མཆོག་སྤྱན་རས་གཟིགས། དོོན་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ང་ནི་ཐུགས་ཀྱང་འཇིག་བྱེད་པའོ། །ཞེས་པས། ཡི་གེ་ནི་ང་། རྟོག་པ་ནི་གསང་བའི་རྣམ་ཤེས། ལྷ་ནི་གཤིན་རྗེའི་གཤེད་པོ། དོན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ལས་ནི། ཐུགས་ཀྱང་འཇིག་བྱེད་པའོ། །ཞེས་པས། གསང་བའི་རྣམ་པར་ཤེས་པའི་ཁམས་ཀྱི་བདེ་བ་ཉམས་སུ་མྱོང་བའི་དུས་སུ་མིག་ལ་སོགས་པའི་ཕྱིའི་རྣམ་ཤེས་ཀྱི་རྟོག་པ་བཞི་ལ་བདག་ཏུ་འཛིན་པ་འཇིག་ཅིང་མི་གནས་པར་བྱེད་པའོ། །གསུམ་པ་ནང་གི་སེམས་མ་བཞི་ལྷོའི་སྒོ་བ་དང་བཅས་པའི་ཡི་གེ་བསྟན་པ་ནི། ཙ་ནི་སྤྱན་གྱི༴ འཇིག་བྱེད་པའོ། །ཞེས་པ་དེར་གདའ་ཞིང་། ཙ་ནི་སྤྱན་གྱི་སྐུ་ཡི་མཆོག །ཅེས་པས། ཡི་གེ་ནི་ཙ། རྟོག་པ་ནི་སྤྱན་གྱི་སྐུའི་ཞེས་པས་མིག་གི་ཡུལ་གཟུགས་ཀྱི་སྐྱེ་མཆེད་དུ་འཛིན་པའི་རྟོག་པ། ལྷ་ནི་ལྷ་མཆོག་ལྷ་མོ་ལཱ་སྱེ་མ། དོན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །འོ་ན་ཡུལ་ལ་སྐུ་རུ་འཇོག་པའི་རྒྱུ་མཚན་གང་ཡིན་ཞེ་ན། རྣམ་པར་ཤེས་པ་བཞིའི་རྟེན་དུ་གྱུར་པས་ཀྱང་སྐུ་སྟེ། སྤར་ཁབ་ལས། ཡུལ་བཞི་ལ་རྣམ་ཤེས་བརྟེན་པའི་ཕྱིར་སྐུར་འགལ་བ་མེད་དེ་ཞེས་གསུངས་ཤིང་། རྣམ་པར་ཤེས་པ་དམིགས་པར་བྱ་ཡུལ་དུ་གྱུར་པས་ཀྱང་སྐུ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། རྣམ་ཤེས་བཞི་ཡི་དམིགས་པའི་ཡུལ། །མཐོང་བར་བྱ་བ་ལ་སོགས་པ། །དམིགས་པར་བྱ་ཕྱིར་སྐུ་ཡི་མཆོག །ཅེས་གསུངས་སོ། །ཚ་ནི་སྙན་གྱི་སྐུ་ཡི་མཆོག །ཅེས་པས། ཡི་གེ་ནི་ཚ། རྟོག་པ་ནི་སྙན་གྱི་སྐུ་ཡི་ཞེས་པས་རྣ་བའི་ཡུལ་སྒྲའི་སྐྱེ་མཆེད་དུ་འཛིན་པའི་རྟོག་པ། ལྷ་ནི་ལྷ་མཆོག་ནཱིརྟི་མ། དོན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཛ་ནི་ཤངས་ཀྱི་སྐུ་ཡི་མཆོག །ཅེས་པས། ཡི་གེ་ནི་ཛ། རྟོག་པ་ནི་ཤངས་ཀྱི་སྐུ་ཡི་ཞེས་པས་སྣའི་ཡུལ་དྲིའི་སྐྱེ་མཆེད་དུ་འཛིན་པའི་རྟོག་པ། ལྷ་ནི་ལྷ་མཆོག་མཱ་ལྱེ་མ། དོན་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཛྷ་ནི་ལྗགས་ཀྱི་སྐུ་ཡི་མཆོག །ཅེས་པས། ཡི་གེ་ནི་ཛྷ། རྟོག་པ་ནི་ལྗགས་ཀྱི་སྐུའི་ཞེས་པས་ལྕེའི་ཡུལ་རོའི་སྐྱེ་མཆེད་དུ་འཛིན་པའི་རྟོག་པ། ལྷ་ནི་ལྷ་མཆོག་གིརྟི་མ། དོན་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཉ་ནི་སྐུ་ཡང་འཇིག་བྱེད་པའོ། །ཞེས་པས། ཡི་གེ་ནི་ཉ། རྟོག་པ་ནི་གསང་བའི་ཡུལ་པདྨ་འཛིན་པ། ལྷ་ནི་ཁྲོ་བོ་སྟོབས་པོ་ཆེ། དོན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ལས་ནི། སྐུ་ཡང་འཇིག་བྱེད་པའོ། །ཞེས་པས། གསང་བའི་ཡུལ་གྱི་ཁམས་པདྨ་དང འཕྲད་པའི་དུས་བདེ་བ་སྐྱེས་པའི་ཚེ་ན་གཟུགས་ལ་སོགས་པ་སྤྱིའི་ཡུལ་བཞི་རྟོག་པ་ལ་བདག་ཏུ་འཛིན་པ་འཇིག་ཅིང་མི་གནས་པར་བྱེད་པའོ། །བཞི་པ་ཕྱིའི་སེམས་དཔའ་བཞི་ནུབ་ཀྱི་སྒོ་བ་དང་བཅས་པའི་ཡི་གེ་བསྟན་པ་ནི། པ་ནི་སྤྱན་གྱི་གསུང་གི༴ འཇིག་བྱེད་པའོ། །ཞེས་པ་དེར་གདའ་ཞིང་། པ་ནི་སྤྱན་གྱི་གསུང་གི་མཆོག །ཅེས་པས། ཡི་གེ་ནི་པ། རྟོག་པ་ནི་སྤྱན་གྱི་གསུང་གི་ཞེས་པས་མིག་གི་དབང་པོ། ལྷ་ནི་རྒྱལ་བའི་སྲས་མཆོག་བྱང་ཆུབ་སེམས་དཔའ་བྱམས་པ། དོན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །འོ་ན་དབང་པོ་ལ་གསུང་དུ་འཇོག་པའི་རྒྱུ་མཚན་གང་ཡིན་ཞེ་ན། སྤར་ཁབ་ལས། དབང་པོ་རྣམས་ནི་ཡུལ་དང་ཤེས་པ་རྣམས་ཕྱི་ནང་གི་ཚུལ་གྱིས་བརྡ་སྤྲོད་པར་བྱེད་པས་གསུང་སྟེ་ཞེས་པས། ཕྱི་ཡུལ་དང་ནང་ཤེས་པ་གཉིས་དབང་པོས་བརྡ་སྤྲོད་པས་གསུང་ཡིན་ཏེ། དེ་ཡང་རྡོ་རྗེ་གཡུང་དྲུང་འཁྱིལ་བའི་མདོ་ལས། འཁྱིལ་ཞིང་གནས་པ་སྐུ་དང་ཐུགས། །ཕྱིར་འབྱུང་སྨྲ་བ་གསུང་གི་སྒྲ། །ཞེས་གསུངས་སོ། །ཕ་ནི་སྙན་གྱི་གསུང་གི་མཆོག །ཅེས་པས། ཡི་གེ་ནི་ཕ། རྟོག་པ་ནི་སྙན་གྱི་གསུང་གི་ཞེས་པས་རྣ་བའི་དབང་པོ། ལྷ་ནི་རྒྱལ་བའི་སྲས་མཆོག་སྒྲིབ་པ་རྣམ་སེལ། དོན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །བ་ནི་ཤངས་ཀྱི་གསུང་གི་མཆོག །ཅེས་པས། ཡི་གེ་ནི་བ། རྟོག་པ་ནི་ཤངས་ཀྱི་གསུང་གི་ཞེས་པས་སྣའི་དབང་པོ། ལྷ་ནི་རྒྱལ་བའི་སྲས་མཆོག་ཀུན་ཏུ་བཟང་པོ། དོན་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །བྷ་ནི་ལྗགས་ཀྱི་གསུང་གི་མཆོག །ཅེས་པས། ཡི་གེ་ནི་བྷ། རྟོག་པ་ནི་ལྗགས་ཀྱི་གསུང་གི་ཞེས་པས་ལྕེའི་དབང་པོ། ལྷ་ནི་རྒྱལ་བའི་སྲས་མཆོག་འཇམ་དཔལ་གཞོན་ནུ། དོན་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །མ་ནི་གསུང་ཡང་འཇིག་པར་བྱེད། །ཅེས་པས། ཡི་གེ་ནི་མ། རྟོག་པ་ནི་གསང་བའི་དབང་པོར་འཛིན་པ། ལྷ་ནི་ཁྲོ་བོ་རྟ་མགྲིན་རྒྱལ་པོ། དོན་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ལས་ནི། གསུང་ཡུང་འཇིག་པར་བྱེད། །ཅེས་པས། གསང་བའི་དབང་པོའི་ཁམས་རྡོ་རྗེ་ལ་བདེ་བ་སྐྱེས་པའི་དུས་སུ་མིག་སོགས་གསུང་སྟེ་ཕྱིའི་དབང་པོ་བཞིའི་རྟོག་པ་ལས་ཡང་བདག་ཏུ་འཛིན་པ་འཇིག་ཅིང་མི་གནས་པར་བྱེད་པའོ། །ལྔ་པ་ཕྱིའི་སེམས་མ་བཞི་སྒོ་མ་བཞི་དང་བཅས་པའི་ཡི་གེ་བསྟན་པ་ནི། ཡ་ནི་སྐྱེ་བ་རྣམ་པར༴ ཧ་ནི་མཚན་མ་མེད་པ་ཡིན། །ཞེས་པ་དེར་གདའ་ཞིང་། ཡ་ནི་སྐྱེ་བ་རྣམ་པར་དག །ཅེས་པས། ཡི་གེ་ནི་ཡ། རྟོག་པ་ནི་སྐྱེ་བའམ་འདས་པའི་དུས་རྣམ་པར་དག་པ། ལྷ་ནི་ལྷ་མོ་དྷུ་པེ་མ། དོན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཝ་ནི་གནས་པ་དག་པ་ཡིན། །ཞེས་པས། ཡི་གེ་ནི་ཝ། རྟོག་པ་ནི་གནས་པའམ་ད་ལྟར་གྱི་དུས་དག་པ། ལྷ་ནི་ལྷ་མོ་པུཥྤེ་མ་ཡིན་ཅིང་། དོན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ར་ནི་འཇིག་པ་དག་པ་སྟེ། །ཞེས་པས། ཡི་གེ་ནི་ར། རྟོག་པ་ནི་འཇིག་པ་དག་པ་སྟེ་མ་འོངས་པའི་དུས། ལྷ་ནི་ལྷ་མོ་ཨཱ་ལོ་ཀི། དིན་ན་སོ་སོར་རྟོག་པའི་ཡེ་ཤེས་སོ། །ལ་ནི་སྟོང་པ་དག་པའོ། །ཞེས་པས། ཡི་གེ་ནི་ལ། རྟོག་པ་ནི་སྟོང་པའམ་འབྱུང་བར་མ་ངེས་པའི་དུས་དག་པ་སྟེ། ལྷ་ནི་ལྷ་མོ་གནྡྷེ་མ། དོན་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཤ་ནི་རྟག་པ་དག་པ་སྟེ། །ཞེས་པས། ཡི་གེ་ནི་ཤ། རྟོག་པ་ནི་རྟག་པར་འཛིན་པ་དག་པ་སྟེ། ལྷ་ནི་ཁྲོ་མོ་ལྕགས་ཀྱུ་མ། དོན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཥ་ནི་ཆད་པའང་ཡོད་མ་ཡིན། །ཞེས་པས། ཡི་གེ་ནི་ཥ། རྟོག་པ་ནི་ཆད་པར་ལྟ་བའང་རང་རྒྱུད་པར་ཡོད་པ་མ་ཡིན་ཏེ་དག་པའོ། །ལྷ་ནི་ཁྲོ་མོ་ཞགས་པ་མ། དོན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ས་ནི་མཐའ་བྲལ་བདག་མེད་པ། །ཞེས་པས། ཡི་གེ་ནི་ས། རྟོག་པ་ནི་བདག་ཏུ་འཛིན་པ་དག་པ་མཐའ་བྲལ་བདག་མེད་པ། ལྷ་ནི་ཁྲོ་མོ་ལྕགས་སྒྲོག་མ། དོན་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཧ་ནི་མཚན་མ་མེད་པ་ཉིད། །ཅེས་པས། ཡི་གེ་ནི་ཧ། རྟོག་པ་ནི་ཆོས་ཐམས་ཅད་མཚན་མ་རང་རྒྱུད་པར་འཛིན་པ་མེད་པ་སྟེ་དག་པ་ཉིད། ལྷ་ནི་ཁྲོ་མོ་དྲིལ་བུ་མ། །དོན་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ནོ། །དྲུག་པ་ཀུན་ཏུ་བཟང་པོ་དང་ཐུབ་པ་དྲུག་གི་ཡི་གེ་བསྟན་པ་ནི། ཀྵ་ནི་ཡེ་ཤེས་ཐུགས་ཀྱི༴ ཨཻ་ནི་རྡུལ་སྙེད་དམྱལ་བ་རྣམས། །ཞེས་པ་དེར་གདའ་ཞིང་། ཀྵ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས། །ཞེས་པས། ཡི་གེ་ནི་རྒྱུ་རྐྱེན་མཐར་ཟད་པ་ཀྵ། རྟོག་པ་ནི་ཐུགས་རྣམ་པར་ཤེས་པ་ལྔའི་ཡུལ་ཐམས་ཅད་ཀྱང་ཡིད་ཁོ་ནས་གཅོད་པར་བྱེད་པས་ཐུགས་ཀྱི་མཆོག་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ལ། ལྷ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོའོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཐུགས་ཡེ་ཤེས་ལྔ་ཡིན་ལ། དེ་ཡང་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་འདུ་བས་དོན་དུ་ནི་ཐུགས་རང་བྱུང་གི་ཡེ་ཤེས་སྟོང་པ་ཉིད་དེ། དེ་ལྟར་ཐུགས་ཉིས་བརྩེགས་འོང་བའི་འཐད་པ་ནི། ཡོ་ག་རྒྱན་དམ་པ་ལས། རྣམ་པར་ཤེས་པ་ཀུན་ཡིད་ཡིན། །ཡིད་ཀྱི་རྣམ་ཤེས་གཅོད་བྱེད་པ། །ཐུགས་ཉིད་རིག་པ་སྣ་ཚོགས་ལྡན། །དེ་ཕྱིར་ཐུགས་ཀྱི་མཆོག་ཅེས་བྱ། །ཞེས་པ་དང་། སྤར་ཁབ་ལ། རྣམ་པར་ཤེས་པ་ལྔའི་ཡུལ་རིལ་ཀྱང་ཡིད་ཁོ་ནས་གཅོད་པའི་ཕྱིར་བརྩེགས་པ་སྟེ། ཞེས་གསུངས་པས་མངོན་ནོ། །ཡང་ཀྵ་ཐུབ་པ་དྲུག་གི་ཡི་གེའི་འགོ་རུ་འབྱུང་བའི་འཐད་པ་ནི་རྒྱལ་བ་ཀུན་བཟང་པོའི་ཐུགས་རིག་པ་ལས་གོ་ཕྱེ་བའི་འཁོར་གྱི་དོན་དུ་ཐུབ་པ་དྲུག་སྤྲུལ་ནས་དོན་བྱེད་པའི་ཕྱིར་ཏེ། དེ་ཡང་ཧྲི་ཧ་ཡ་ནའི་ཏནྟྲ་ལས། ཀྵ་ནི་ཀུན་ཏུ་བཟང་པོའི་མཁའ། །བྷ་ག་རྒྱ་མཚོའི་ཀློང་མཐའ་ཡས། །ཆོས་ཉིད་ཡངས་པའི་མཁའ་ཀློང་ནས། །འབྲས་བུ་ཀུན་ཏུ་བཟང་མོར་ཤར། །མཁའ་དང་གཉིས་མེད་རྣམ་པར་དག །བདེ་ཆེན་རྒྱལ་བ་ཀུན་གྱི་ཐུགས། །དེ་རྟོགས་པ་ལས་ཐུབ་དྲུག་བྱུང་། །ཞེས་གསུངས་པས་མངོན་ནོ། །ཨི་ནི་རྡུལ་སྙེད་ལྷ་རྣམས་སུ། །ཞེས་པས། ཡི་གེ་ནི་ཨི། རྟོག་པ་ནི་ཉོན་མོངས་པ་ང་རྒྱལ་ཏེ་དེའི་ནང་རིས་གྲངས་ལས་འདས་པས་ན་རྡུལ་སྙེད་དེ་དག་མ་སྤངས་གནས་སུ་དག་པ། ལྷ་ནི་ལྷའི་གནས་རྣམས་སུ་ལྷའི་ཐུབ་པ་སྲིད་ཐུབ་འཛིན་པ་དང་། དོན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཨཱི་ནི་རྡུལ་སྙེད་ལྷ་མ་ཡིན་། །ཞེས་པས། ཡི་གེ་ནི་ཨཱི། རྟོག་པ་ནི་ཉོན་མོངས་པ་ཕྲག་དོག །དེའི་ནང་རིས་གྲངས་ལས་འདས་པས་ན་རྡུལ་སྙེད་དེ་དག་མ་སྤངས་གནས་སུ་དག་པ། ལྷ་ནི་ལྷ་མ་ཡིན་གྱི་ཐུབ་པ་རྣམ་པར་རྒྱལ་བ་དང་། དོན་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཨུ་ནི་རྡུལ་སྙེད་མི་རྣམས་སུ། །ཞེས་པས། ཡི་གེ་ནི་ཨུ། རྟོག་པ་ནི་ཉོན་མོངས་པ་འདོད་ཆགས། དེའི་ནང་རིས་གྲངས་ལས་འདས་པས་ན་རྡུལ་སྙེད་དེ་དག་མ་སྤངས་གནས་སུ་དག་པ། ལྷ་ནི་མི་རྣམས་ཀྱི་གནས་སུ་མིའི་ཐུབ་པ་ཤཱཀྱ་སེང་གེ་དང་། དོན་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཨུ་ནི་རྡུལ་སྙེད་བྱོལ་སོང་རྣམས། །ཞེས་པས། ཡི་གེ་ནི་ཨུ། རྟོག་པ་ནི་ཉོན་མོངས་པ་གཏི་མུག །དེའི་ནང་རིས་གྲངས་ལས་འདས་པས་ན་རྡུལ་སྙེད་དེ་དག་མ་སྤངས་གནས་སུ་དག་པ། ལྷ་ནི་བྱོལ་སོང་རྣམས་ཀྱི་ཐུབ་པ་རྣམ་པར་གནོན་པ་དང་། དོན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཨེ་ནི་རྡུལ་སྙེད་ཡི་དྭགས་སུ། །ཞེས་པས། ཡི་གེ་ནི་ཨེ། རྟོག་པ་ནི་ཉོན་མོངས་པ་སེར་སྣ། དེའི་ནང་རིས་གྲངས་ལས་འདས་པས་ན་རྡུལ་སྙེད་དེ་དག་མ་སྤངས་གནས་སུ་དག་པ། ལྷ་ནི་ཡི་དྭགས་ཀྱི་གནས་སུ་ཡི་དྭགས་ཀྱི་ཐུབ་པ་རྣམ་པར་སྣང་བྱེད་དང་། དོན་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཨཻ་ནི་རྡུལ་སྙེད་དམྱལ་བ་རྣམས། །ཞེས་པས། ཡི་གེ་ནི་ཨཻ། རྟོག་པ་ནི་ཉོན་མོངས་པ་ཞེ་སྡང་། དེའི་ནང་རིས་གྲངས་ལས་འདས་པས་ན་རྡུལ་སྙེད་དེ་དག་མ་སྤངས་གནས་སུ་དག་པ། ལྷ་ནི་དམྱལ་བ་རྣམས་ཀྱི་ཐུབ་པ་ཆོས་ཀྱི་རྒྱལ་པོ་དང་། དོན་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །བདུན་པ་བདུད་རྩི་འཁྱིལ་བའི་ཡི་གེ་གཉིས་བསྟན་པ་ནི། ཨོ་ནི་ཐམས་ཅད་འཇིག་པར་བྱེད། །ཨ་ནི་ཐམས་ཅད་ཞིག་པ་ཡིན། །ཞེས་པས། ཡི་གེ་ནི་ཨོ་དང་ཨ། རྟོག་པ་ནི་གསང་བ་གསུམ་འདུས་ཀྱི་རེག་ཤེས། ལྷ་ནི་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བ། དོན་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཨོ་ནི་ཐམས་ཅད་འཇིག་པ་བྱེད། །ཅེས་པས། གསང་བའི་ཁམས་གསུམ་འདུས་ནས་བདེ་བ་སྐྱེས་པའི་དུས་སུ་ཕྱིའི་རྟོག་པ་ལ་བདག་ཏུ་འཛིན་པ་ཐམས་ཅད་འཇིག་པར་བྱེད་པ་དང་། ཐམས་ཅད་ཞིག་པ་ཡིན་ཞེས་པས། ངེས་པར་སྤྱད་པའི་དུས་ན་བདེ་བ་ཉིད་ལས་ཀྱང་འདས་ཏེ། བདེ་བ་ལ་བདག་ཏུ་འཛིན་པ་ཐམས་ཅད་མི་གནས་པར་བྱེད་པས་ན་ཞིག་པ་ཡིན་ཞེས་བྱའོ། །འོ་ན་བདུད་རྩི་འཁྱིལ་བ་ལ་ཡི་གེ་གཉིས་འོང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། རྟོག་པ་གསུམ་འདུས་ཀྱི་རིག་པ་ཨོ་ནི་རྒྱུའི་སྒོ་ནས་གསང་བའི་ཁམས་གསུམ་གྱི་རྟོག་པ་བདེ་བ་འཇིག་པར་བྱེད་པ་ཡིན་ལ། ཨ་ནི་ངེས་པར་སྤྱད་པའི་དུས་ན་བདེ་བ་ལས་ཀྱང་འདས་ཏེ། རྟོག་པ་ཐམས་ཅད་མི་གནས་པར་འཛིན་བྲལ་ཡེ་ཤེས་སུ་འཇིག་པར་བྱེད་པས་ན་འབྲས་བུའི་སྒོ་ནས་བཞག་པ་ཡིན་ཏེ། རྒྱུ་འབྲས་རོ་གཅིག་པའི་ཕྱིར་ཡི་གེ་གཉིས་རྟོག་པ་གཅིག་ཏུ་བཞག་པ་ཡིན་ནོ། །ཡང་སྒོ་བ་ཀུན་ཡུམ་དང་བཅས་ནས་མི་འོང་བར་རྐྱང་པར་འོང་བ་དང་། སྒོ་བ་བདུད་རྩི་འཁྱིལ་བའི་ཡི་གེ་ཀུན་གྱི་མཇུག་ཏུ་འོང་བའི་འཐད་པ་ནི་ཡི་གེ་རིམ་པའི་དབང་དུ་བྱུང་བ་དང་། རྣམ་པར་རྟོག་པར་འཛིན་པ་མི་གནས་པར་འཇིག་པར་བྱེད་པའི་ཆ་ནས་རྗེས་ལ་སོ་སོར་བྱུང་བར་ཤེས་པར་བྱའོ། །གསུམ་པ་ཡི་གེའི་མཇུག་བསྡུ་བའམ་ཆེ་བ་བསྟན་པ་ནི། ཡི་གེ་འཁོར་ལོ་ཚོགས་ཆེན་འདིས། །སྐུ་གསུང་ཐུགས་ཀྱི་ཕྲེང་བ་བསྡུས། །ཞེས་བརྗོད་དོ། །ཞེས་པས། དོན་མཚོན་པར་བྱེད་པའི་ཡི་གེ་གསུང་གི་འཁོར་ལོ་བཞི་བཅུ་རྩ་ལྔའི་ཚོགས་ཆེན་པོ་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཕྲེང་བ་ཐམས་ཅད་ཡི་གེས་བསྡུས་པའོ་ཞེས་བརྗོད་དོ། །དེ་ལྟར་ཡི་གེ་སྐུ་གསུམ་དུ་སངས་རྒྱས་པ་དེ་ལ་མཉེས་པའི་དོན་གྱིས་ན་ཨ་ཧོ་ཞེས་བྱའོ། །གཉིས་པ་གཞུང་བསྡུས་ཏེ་བསྟན་པ་ལ་བཞི་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། གཞུང་བསྡུ་བ་དངོས་དང་། བཀའ་གསང་སྔགས་མཚོན་པར་བྱེད་པའི་ཚིག་དང་། གཞུང་བསྡུས་པའི་ཡོན་ཏན་ནོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་ནི། དེ་ནས་དེ་བཞིན་གཤེགས་པ༴ ལས་ཕྱུང་ངོ་། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་གཞུང་རྒྱས་པར་བསྟན་པ་ལ་དེ་བསྡུས་ཏེ་སྟོན་པས་ན་ནས། དེ་བཞིན་གཤེགས་པ་ཡབ་ཐམས་ཅད་དང་ཡུམ་བཙུན་མོའི་ཚོགས་དང་ཐམས་ཅད་ཤེས་པ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡི་གེ་ཞེ་ལྔ་པོ་དེ་དག་ཉིད་ཀྱི་ངོ་བོ་རྟོགས་དཀའ་བས། གསང་བ་དེ་དག་མཚོན་པར་བྱེད་པའི་གཞུང་བསྡུ་བའི་ཚིག་འདི་ཉིད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབྱེར་མི་ཕྱེད་པའི་རྡོ་རྗེའི་བདག་ཉིད་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་ལས་ཕྱུང་ངོ་། །གཉིས་པ་གཞུང་བསྡུ་བ་དངོས་བསྟན་པ་ནི། ཨ་ཧོ། ཐབས་དང་ཤེས་རབ༴ མཐུ་ཆེན་ཡིན། ཨ་ཧོ། ཞེས་པ་དེར་གདའ་ཞིང་། འདི་ལ་བཤད་ཐབས་གཉིས་ལས། ཐོག་མར་ཕྱི་གྲོལ་ལམ་ལྟར་དུ་གཞུང་རྒྱས་པ་དང་སྦྱར་ཏེ་བསྡུ་བ་ནི། ཨ་ཞེས་པས་ཆོས་ཐམས་ཅད་སྐྱེ་བ་མེད་པ་དོན་ཡིན་ལ། ཧོ་ནི་གཞུང་བསྡུ་བའི་དོན་འོག་ནས་འབྱུང་བ་ལ་མཉེས་པའོ། །ཐབས་དང་ཤེས་རབ་ཅེས་པས་ཐབས་ཡབ་དང་ཤེས་རབ་ཡུམ་སྟེ་ཐབས་ཤེས་རབ་གཉིས་སུ་མེད་པའི་དོན། གང་དུ་བསྡུ་ན་འདིར་བསྡུ། གང་བསྡུ་ན་ཡི་གེ་ཆོས་སྐུར་སངས་རྒྱས་པའི་དོན། ཨ་ནི་སྟོང་དང་༴ ཉིད་ལ་གནས། ཞེས་པའི་ཚིག་བཞི་སྡུད། དགྱེས་སྤྲིན་ཞེས་པས། ཉི་ཟླ་གཉིས་སུ་མེད་པར་སྦྱོར་བ་ནི་དགྱེས་པ་སྟེ་བདེ་བ་ཆེན་པོ་སྤྲིན་ལྟ་བུར་ཁྱབ་པའི་དོན། གང་དུ་སྡུད་ན་འདིར་སྡུད་ན། གང་སྡུད་ན་ཡི་གེ་ཨ་ལ་སེམས་སྦྱང་བསྡུད་དེ། གང་ཞེ་ན། ཨ། རབ་ཏུ་བརྟན་འགྱུར༴ མེད་པར་བསྟན། ཞེས་པ་ཚིག་བཞི་སྡུད། བྱང་ཆུབ་སེམས་ཚོགས་ཞེས་པས། ཐབས་དང་ཤེས་རབ་གཉིས་སུ་མེད་པར་རྟོགས་པའི་བྱང་ཆུབ་ཀྱི་སེམས་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་ཚོགས་སུ་སྣང་བ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་ཡི་གེ་བཞི་བཅུ་རྩ་གཉིས་ལ་སེམས་སྦྱངས་བ་བསྡུད་དེ། གང་ཞེ་ན། དེ་ལས་མིང་ཚོགས་ཞེས་པའི་ཚིག་གཉིས་སྡུད། རྒྱུ་ཞེས་པས་དངོས་གྲུབ་ཐམས་ཅད་ཡོངས་སུ་རྫོགས་པའི་རྒྱུར་བསྟན་པ། གང་དུ་སྡུད་འདིར་སྡུད་ལ། གང་སྡུད་ན་རྡོ་རྗེ་དངོས་གྲུབ་ཀྱི་རྒྱུ་རུ་བསྟན་པ་སྡུད་དེ། གང་ཞེ་ན། འདི་ནི་རྡོ་རྗེ་དངོས་གྲུབ་ཅེས་པས་ཚིག་གཉིས་དང་། གསུངས་པ་ལོ་རྒྱུས་སུ་བརྗོད་པ། དེ་ནས༴ ཕྱུང་ངོ་། །ཞེས་པ་དང་། ཡི་གེའི་དོན་བཤད་པའི་གསུངས་པ་ལོ་རྒྱུས་སུ་བརྗོད་པ། དེ་ནས༴ བརྗོད་དོ། །ཞེས་པ་དང་། ས་དམིགས་གསུམ་པོ་དེ་སྡུད། འཁོར་ལོ། །ཞེས་པས་གསུང་ཡི་གེའི་འཁོར་ལོར་སྣང་བ་རང་བཞིན་གསུང་གི་དཀྱིལ་འཁོར་ཏེ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་ཡི་གེ་ཇི་ལྟར་བྱུང་བའི་ཚུལ་སྡུད་དེ། གང་ཞེ་ན། ཨ་ཨཱོྂ་ཞེས་པ་རྣམས་སྡུད། འབྲས་བུ་རྒྱལ་བ་སྨིན་གྲུབ་ཅེས་པས། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྨད་དུ་བྱུང་བའི་འབྲས་བུ་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་སྨིན་ཅིང་གྲུབ་པ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་ཡི་གེ་སྤྱིའི་ཡོན་ཏན་གྱི་མཇུག་སྡུད་པ་སྡུད་དེ། གང་ཞེ་ན། ཕྱོགས་བཅུ༴ ཀྵ་ལ་རྫོགས། ཞེས་པའི་ཚིག་བཞི་དང་། ཡི་གེ་བྱེ་བྲག་གི་དོན་བཤད་པ་རྣམས་ཏེ། འགོ་ནི་མ་ནོར༴ ཨ་ནི་ཐམས་ཅད་ཞིག་པ་ཡིན། །ཞེས་པ་རྣམས་སྡུད། ངོ་མཚར་ཞེས་པས་ཆོས་ཉིད་རང་རིག་པའི་མངོན་སུམ་དུ་གསལ་བས་ན་ངོ་མཚར་བ་སྟེ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་ཡི་གེ་གསུང་དུ་སངས་རྒྱས་པ་དེ་སྡུད་དེ། གང་ཞེ་ན། ཨེ་མ་ཧོ༴ སྨྲ་ཞིང་སྟོན། ཞེས་པའི་ཚིག་བཞི་སྡུད། མིང་ཚོགས་ཞེས་པས་ཡི་གེ་དེ་དག་ཐམས་ཅད་ཀྱང་མིང་གི་ཚོགས་ཙམ་ལས་ངོ་བོ་གང་དུ་ཡང་མ་གྲུབ་པ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་ཡི་གེ་ཆུང་བའི་མཐུ་སྡུད་དེ། གང་ཞེ་ན། འདི་དག༴ གྱུར་ཏོ། །ཧོ་ཞེས་པ་དེ་སྡུད། བཞི་བཅུ་གཉིས། ཞེས་པས། ཨ་ལ་སོགས་པའི་ཡི་གེ་སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི་རང་བཞིན་མངོན་དུ་གྲུབ་པ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་ཡི་གེ་ལོངས་སྐུར་སངས་རྒྱས་བསྡུད་དེ། གང་ཞེ་ན། ཨ་ཉིད་སྣ་ཚོགས༴ དེ་ཉིད་ངེས། །ཞེས་པའི་ཚིག་བཞི་སྡུད། འདུས་མ་བྱས་ཉིད་ཅེས་པས། དེ་དག་གི་ངོ་བོ་སེམས་ཀྱི་ཆོས་ཉིད་རྒྱུ་རྐྱེན་འདུས་མ་བྱས་པ་ཉིད་དེ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་ཡི་གེ་ཐུགས་སུ་སངས་རྒྱས་པ་ལ་སོགས་ས་དམིགས་གསུམ་སྡུད་དེ། གང་ཞེ་ན། དངོས་མེད་ཡི་གེའི༴ མི་དམིགས་ཀྱང་། ཞེས་དང་། སེམས་ཉིད་ཡི་གེའི་རང་བཞིན་དུ་བསྟན་པ། སེམས་ཀྱི་རང་བཞིན༴ མ་ཡིན། ཞེས་དང་། ཡི་གེའི་ངེས་ཚིག་བསྟན་པ། དབྱིངས་ལ༴ དེ་ཕྱིར་བརྗོད། ཅེས་པ་རྣམས་སྡུད། འདུས་བྱས་ཞེས་པས་དེ་དག་ལམ་པའི་ངོ་ལ་རྒྱུ་རྐྱེན་འདུས་བྱས་པ་ལྟར་སྣང་བ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་ཡི་གེ་སྐུ་རུ་སངས་རྒྱས་པ་སྡུད་དེ། གང་ཞེ་ན། དབྱིབས་དང་༴ སྤྲུལ་ཅིང་སྟོན། ཞེས་པ་དེ་སྡུད་པར་གདའ། རྡོ་རྗེའི་དཀྱིལ་འཁོར་འབྱིན་པའི་དམ། །ཞེས་པས། གཞི་ལམ་འབྲས་བུ་གསུམ་མམ་སྐུ་གསུང་ཐུགས་ཀྱི་ངོ་བོ་དུས་གསུམ་དུ་དབྱེར་མི་ཕྱེད་པ་རྡོ་རྗེའི་དཀྱིལ་འཁོར་རང་རིག་པའི་མངོན་སུམ་དུ་འབྱིན་པ་ལས་མི་འདའ་བའི་དམ་ཚིག །གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་ཡི་གེའི་མཇུག་བསྡུ་བའམ་ཆེ་བ་བསྟན་པ་སྡུད་དེ། གང་ཞེ་ན། ཡི་གེའི་འཁོར་ལོ༴ ཕྲེང་བ་བསྡུས། ཞེས་པ་དེ་སྡུད་པར་གདའ། འདའ་བར་མི་མཛད་དབང་མེད་རྒྱུ་རྐྱེན་འཚོགས་པའི་མཐུ་ཆེན་ཡིན། །ཞེས་པས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་འདའ་བར་མི་མཛད་པའི་དམ་ཚིག་གིས་རང་རིག་པའི་འབྲས་བུ་སྐུ་དང་ཡེ་ཤེས་རང་སྣང་བ་ཉིད་མི་ཐོབ་པའི་དབང་མེད་དེ། ཡོངས་སུ་རྫོགས་པའི་རྒྱུ་ལྟ་བ་དང་སྒོམ་པའི་ལས་ཀྱིས་མཚམས་སྦྱར་བའི་རྐྱེན་ཏིང་ངེ་འཛིན་ཚོགས་པའི་མཐུ་ཆེན་པོ་རང་སྣང་བ་ཡིན་པའི་ཕྱིར། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་ཡི་གེ་དངོས་པོར་མི་དམིགས་ཀྱང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འགུགས་པར་བསྟན་བསྡུད་དེ། གང་ཞེ་ན། དམིགས་མེད༴ འགུགས་པའོ། །ཞེས་པ་དེ་སྡུད་པར་གདའ། མདོར་ན་གང་དུ་སྡུད་ན་བསྡུ་བའི་གཞུང་འདི་དག་ཏུ་སྡུད། གང་སྡུད་ན་གཞུང་རྒྱས་པའི་དོན་རྣམས་སྡུད་པར་གདའ་སྟེ། སྡུད་པའི་གནད་ཀའམ་རྒྱུ་མཚན་ནི་གནས་སྐབས་རང་རང་གི་ཚིག་གི་དོན་མཐུན་པར་འདུག་པའི་དོན་གྱིས་ན་སྡུད་པ་ཡིན་གསུང་ངོ་། །ཨ་ཧོཿ ཞེས་པ་ནི་གཞུང་བསྡུ་བའི་ཚིག་འདི་དག་ཏུ་ལེའུའི་གཞུང་གི་ཚིག་རྣམས་འདུས་པ་ལ་མཉ ེས་པར་གདའ། གཉིས་པ་ནང་ཐབས་ལམ་ལྟར་བཤད་ན་ཐོག་མར་སྟེང་སྒོ་ལ་བསླབ་པ་ནི། ཚིག་འོག་མ་བླངས་ཏེ་རྒྱུ་འཁོར་ལོ་ཞེས་པས། བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་པའི་རྒྱུ་འཁོར་ལོ་བཞི་ནི་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ན་ཐིག་ལེ་ཨ་ཐུང་གི་དབྱིབས་སུ་གནས་སོ། །སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཀྱི་དབུས་ན་ཡི་གེ་བཾ་གྱི་དབྱིབས་སུ་གནས། མགྲིིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་གི་དབུས་ན་ཐིག་ལེ་ཨཾ་གི་དབྱིབས་སུ་གནས། ཀླད་པ་བདེ་ཆེན་གྱི་འཁོར་ལོ་རྩ་འདབས་སུམ་ཅུ་སོ་གཉིས་ཀྱི་དབུས་ན་ཐིག་ལེ་ཧཾ་གི་དབྱིབས་སུ་གནས་སོ། །རྐྱེན་གྱི་འཁོར་ལོ་གཉིས་ནི་གསུམ་མདོ་མེའི་འཁོར་ལོ་ན་རཾ་དང་། སྒྲོམ་མདོའམ་བཤང་ཁ་རླུང་གི་འཁོར་ལོ་ན་ཡཾ་དང་བཅས་པའོ། །དེ་ལམ་པས་བསྒོམ་པའི་དུས་ན་འོག་རླུང་བསྐྱོད་དེ་རླུང་གིས་ཨ་ཐུང་གི་མེ་སྦར་བས་རྩ་ཨ་ཝ་དྷཱུ་ཏིའི་ནང་དུ་མེ་སྣ་ཞུགས་ཏེ། ལྟེ་བའི་ཐིག་ལེ་རྟོག་པས་འཁྱགས་པ་བཞུ། དེ་ནས་སྙིང་ག་དང་མགྲིན་པ་དང་སྤྱིའི་འཁོར་ལོ་རྣམས་ཀྱི་ཐིག་ལེ་རྟོག་པས་འཁྱགས་པ་རྣམས་བཞུ་ནས། ཐིག་ལེའི་འོད་ཟེར་སྤྱི་བོ་ནས་འཐོན་ཏེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་བདེ་སྟོང་གི་མཆོད་པ་ཕུལ་བས། བདེ་བར་གཤེགས་པ་རྣམས་མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་པའི་བྱང་ཆུབ་ཀྱི་སེམས་ཚུར་འདུས་སྤྱི་བོའི་ཐིག་ལེ་ལ་ཕོག །འོད་དུ་ཞུ་བས་ལུས་ཀུན་ལ་ཁྱབ་སྟེ་རྐྱལ་བ་ཞོས་བཀང་བ་བཞིན་དུ་གྱུར་པ་ནི་སྟེང་སྒོ་ལ་སྦྱང་བའི་ཐབས་ཡིན་ནོ། །དེ་ནས་འོག་སྒོ་ལ་བསླབ་པ་ནི་ཚིག་གོང་མ་བླངས་ཏེ། ཐབས་དང་ཞེས་པས་ཡབ། ཤེས་རབ་ཅེས་པས་ཡུམ། ཡབ་ཡུམ་གཉིས་མེད་དུ་རོལ་པས་དགྱེས་པའི་སྤྲིན་ཉི་ཟླ་གཉིས་མེད་བྱང་ཆུབ་སེམས་ཀྱི་ཚོགས་ནི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྨད་དུ་བྱུང་བའི་འབྲས་བུ་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་ངོ་བོར་སྨིན་ཅིང་གྲུབ་པས་ངོ་མཚར་དེ་དག་ཀྱང་མིང་གི་ཚོགས་ཙམ་ལས་ངོ་བོའམ་མཚན་མར་མ་གྲུབ་སྟེ། བདེ་བའི་ཡེ་ཤེས་བཞི་བཅུ་རྩ་གཉིས་པོ་ཡང་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་བོ་འདུས་མ་བྱས་པ་ཉིད་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདུས་བྱས་ལྟར་སྣང་སྟེ། བདེ་སྟོང་དབྱེར་མི་ཕྱེད་པ་རྡོ་རྗེའི་དཀྱིལ་འཁོར་མངོན་དུ་འབྱིན་པའི་ལས་བྱེད་པ་ལས་མི་འདའ་བ་ནི་དམ་ཚིག་གོ། །དེས་ན་དམ་ཚིག་དེ་ལས་འདའ་བར་མི་མཛད་འདའ་བའི་དབང་མེད་དེ། རྒྱུ་སྟེང་སྒོ་ལས་སུ་རུང་བ་དང་རྐྱེན་ཐབས་དང་ཤེས་རབ་གཉིས་མེད་དུ་སྦྱོར་བའི་ཏིང་ངེ་འཛིན་འཚོགས་པའི་ལས་སུ་རུང་བའི་མཐུ་ཆེན་པོ་རང་སྣང་བ་ཡིན་ནོ། །ཨ་ཧོཿནི་མཉེས་པའི་དོན་ནོ། །གསུམ་པ་བཀའ་གསང་སྔགས་མཚོན་པར་བྱེད་པའི་ཚིག་ནི། རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་པས། སྣང་བ་གསུམ་མི་ཕྱེད་པའི་རྡོ་རྗེ་ཉམས་སུ་མྱོང་དཀའ་བས་གསང་བའི་དོན་དེ་དག་མཚོན་པར་བྱེད་པའི་ཚིག་ཏུའོ། །བཞི་པ་གཞུང་བསྡུས་པའི་ཡོན་ཏན་ནི། ཞེས་བརྗོད་པས༴ གྱུར་ཏོ། །ཞེས་པ་དེར་གདའ་ཞིང་། ཞེས་བརྗོད་པས། དེ་བཞིན་གཤེགས་པ་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ཐམས་ཅད་ཡི་གེ་བཞི་བཅུ་རྩ་ལྔར་འདུས་ཤིང་དེ་དག་གི་འཁོར་ལོར་གྱུར་ཏོ། །གསུམ་པ་ལེའུའི་མཚན་བསྟན༴ གསང་བའི༴ ལེའུ་སྟེ་བཞི་པའོ། །ཞེས་པ་དེར་གདའ་ཞིང་། གསང་བའི་ཞེས་རྟོགས་དཀའ་བ། སྙིང་པོ་བཅུད་འདུས་པས། དེ་ཁོ་ན་ཉིད་གཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་མཚན་གྱི་གཞིར་གདའ། ཡི་གེ་ཕྲེང་བའི་འཁོར་ལོ་བཀོད་པའི་ལེའུ་སྟེ་བཞི་པའོ་ཞེས་པས། དོན་མཚོན་པར་བྱེད་པའི་ཡི་གེ་རྒྱུན་མ་ཆད་པས་ཕྲེང་བ་གསུང་གི་འཁོར་ལོ་ཡི་གེའི་ལས་དང་ཡོན་ཏན་དང་མཚན་ཉིད་དང་རང་བཞིན་རྣམས་མ་འདྲེས་པར་བཀོད་པའི་གཞུང་གི་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་སྟེ་དེའི་གྲངས་ཉི་ཤུ་གཉིས་སུ་ཡོད་པ་ལས་ཡས་བགྲང་བཞི་པའི་དོན་དུ་གདའ་འོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་བཞི་པའི་གཞུང་དོན་རྣམ་པར་བཤད་པའོ།། ༈ །།ད་ནི་ལེའུ་ལྔ་པ་འཆད་པར་བྱེད་དེ། སྤྱིར་གྱི་རྒྱུད་གཞུང་རྡོ་རྗེའི་ཚིག་འདི་ལྟ་བུ་འཆད་པར་བྱེད་པ་ལ་དགོངས་པ་ཅན་གྱི་བཤད་པ་དང་། དགོངས་པ་ཅན་མ་ཡིན་པའི། སྒྲ་ཇི་བཞིན་པའི། སྒྲ་ཇི་བཞིན་པ་མ་ཡིན་པའི། དྲང་བའི་དོན་དུ། ངེས་པའི་དོན་དུ་བཤད་པ་སྟེ། བཤད་པའི་མཐའ་དྲུག་ཡོད་མོད་ཀྱང་དེ་དག་དགོངས་དོན་ཕྱིན་ཅི་མ་ལོག་པར་བྱེད་པ་ལ་འབྲེལ་བ་བཞི་དང་ལྡན་པའི་སྒོ་ནས་འཆད་དགོས་ཏེ། རྒྱུད་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་ཆོག་བསྒྲིགས་དང་འབྲེལ་བ། ཆོག་བསྒྲིགས་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་བླ་མ་བརྒྱུད་པའི་གདམས་ངག་དང་འབྲེལ་བའོ། །དེ་ཡང་རྒྱུད་གཞུང་གཅིག་དབུ་ཞབས་སུ་དྲིལ་ནས་གང་ཟག་གཅིག་གིས་ཉམས་སུ་ལེན་པར་བྱེད་པ་ལ། གང་ཉམས་སུ་ལེན་ན་རྒྱུད་གཞུང་འདི་ཉིད་ཉམས་སུ་ལེན། ཚུལ་ཇི་ལྟར་དུ་ཉམས་སུ་ལེན་ན་རྗེ་སྒྲོ་ཕུག་པའི་གསུང་སྒྲོས་རྒྱ་ཆེར་འགྲེལ་གྱིས་བཤད་ལུགས་འདི་ཉིད་ཉམས་སུ་ལེན། དེ་ཇི་ལྟར་ཉམས་སུ་ལེན་ཞེ་ན་སྤྱིར་གྱི་རྒྱུད་འགྲེལ་པས་བཤད་པ། རྒྱུད་སྒྲུབ་ཐབས་ཀྱིས་བཤད་པ། རྒྱུད་གདམས་ངག་གིས་བཤད་པ། རྒྱུད་བདག་ཉིད་ཀྱིས་བདག་ཉིད་བཤད་པ་དང་བཤད་ལུགས་བཞི་ཡིན་པ་ལས། འདིར་བཤད་ཐབས་བཞི་པོ་སྐབས་དང་སྦྱར་ནས་གང་ལ་གང་དགོས་ཀྱིས་འཆད་པར་བྱེད་པ་ནི་རྒྱ་ཆེར་འགྲེལ་གྱི་བཤད་ལུགས་ཡིན་ཞེས་རྗེས་དྲིངས་པ་ཉེའུ་སྟོན་ཆོས་ཀྱི་སེང་གེ་གསུང་ངོ་། །རྒྱུད་འདིའི་ནང་ནས་ལེའུ་གཅིག་ཉམས་སུ་ལེན་པར་བྱེད་པ་ལ། གང་ཉམས་སུ་ལེན་ན་ལེའུ་ལྔ་པ་འདི་ཉམས་སུ་ལེན། ཚུལ་ཇི་ལྟར་ཉམས་སུ་ལེན་ན་མཚན་ཉིད་གསུམ་དུ་དྲིལ་ནས་ཉམས་སུ་ལེན་པའོ། །ཚིག་བཞི་ཚིགས་སུ་བཅད་པ་གཅིག་ཉམས་སུ་ལེན་པ་ལ། གང་ཉམས་སུ་ལེན་ན་ལེའུ་དྲུག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ། ཡེ་ཤེས་ཕྱོགས་བཞི་དབུས༴ ཆེན་པོར་སྤྱོད། ཅེས་པ་དེ་ཉམས་སུ་ལེན། ཚུལ་ཇི་ལྟར་ཉམས་སུ་ལེན་ན་ལམ་ཅིག་ཅར་བའི་བཤད་ལུགས་ལྟར་ཉམས་སུ་ལེན་ནོ། །ཚིག་གཅིག་ཉམས་སུ་ལེན་པར་བྱེད་པ་ལ། གང་ཉམས་སུ་ལེན་ན་ལེའུ་གསུམ་པའི་བསྡུ་བའི་ནང་ནས། སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །ཞེས་པ་དེ་ཉམས་སུ་ལེན། ཚུལ་ཇི་ལྟར་ཉམས་སུ་ལེན་ན་གཞུང་རྒྱས་པའི་སྐབས་སུ་རྟོགས་པ་བཞི་དང་། དག་པ་གསུམ་དང་། མཉམ་པ་གཉིས་ཀྱི་གཏན་ཚིགས་ཀྱིས་གཏན་ལ་ཕབ་པ་ལྟར་ཉམས་སུ་ལེན་ནོ། །ཡི་གེ་འབྲུ་གཅིག་ཉམས་སུ་ལེན་པར་བྱེད་པ་ལ། གང་ཉམས་སུ་ལེན་ན་ཡི་གེ་ཨ་ཉམས་སུ་ལེན། ཚུལ་ཇི་ལྟར་ཉམས་སུ་ལེན་ན། ལེའུ་བཞི་པར་ཡི་གེ་ཨ་ལ་སེམས་སྦྱངས་པ་ལྟར་ཉམས་སུ་ལེན་པར་བྱེད་པའོ། །གཞན་ཡང་རྒྱུད་འདི་ཉིད་ལ་མདའ་ལྟར་རྩེ་མོ་ནས་བཟུང་སྟེ་བཤད་པ་དང་། མདུང་ལྟར་སྐེད་པ་ནས་བཟུང་སྟེ་བཤད་པ་དང་། རལ་གྲི་ལྟར་ཡུ་བ་ནས་བཟུང་སྟེ་བཤད་པ་དང་བཤད་ཐབས་གསུམ་ཡོད་པ་ལས། རྩེ་མོ་ནས་བཟུང་སྟེ་བཤད་པ་ནི། ལེའུ་དང་པོར་མཚན་གྱི་བཤད་པའི་སྐབས་སུ་ཆོས་ཐམས་ཅད་གཞི་ལམ་འབྲས་བུ་གསུམ་དུ་དྲིལ་ནས་འཆད་པར་བྱེད་པ་ཡིན་ཅིང་། སྐེད་པ་ནས་བཟུང་སྟེ་བཤད་པ་ནི་ལེའུ་ལྔ་པ་འདིར་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་དྲིལ་ནས་འཆད་པར་བྱེད་པ་ཡིན་ལ། ཡུ་བ་བཟུང་སྟེ་བཤད་པ་ནི་ལེའུ་ཐ་མར་ཆོས་ཐམས་ཅད་སྣང་བ་བཞིར་དྲིལ་ནས་འཆད་པར་བྱེད་པ་ལགས་སོ། །དེ་ལ་ལེའུ་ལྔ་པ་འཆད་པར་བྱེད་པ་འདི་ལ་ཆོས་ཚོམས་ངོས་བཟུང་བའི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་གཙོ་ཆེ་བར་སྟོན་ཅིང་འབྲས་བུའང་ཟུར་ཙམ་སྟོན། ལམ་ལ་ཐབས་ལམ་གྲོལ་ལམ་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གཙོ་ཆེ་བར་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། སྣང་བ་བཞི་ལས་ལམ་སྣང་གཙོ་ཆེ་ཞིང་གཞི་འབྲས་ཀྱང་ཟུར་ཙམ་སྟོན། འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུད་དོན་སྟོན། དེ་ཡང་རྒྱུད་དོན་ཡོངས་སུ་ཤེས་པར་བྱེད་པའི་དངོས་པོ་བཅུ་ལས་ཏིང་ངེ་འཛིན་དང་སྒྲུབ་ཐབས་སྟོན། བཅུ་ཡང་བརྒྱའི་བདག་ཉིད་དུ་བྱས་ན་ཞོར་ལ་ལྟ་བ་དང་སྤྱོད་པ་དང་དཀྱིལ་འཁོར་དང་ཕྲིན་ལས་རྣམས་ཟུར་ཙམ་སྟོན། ཐ་མའི་ཆོས་ཚོམས་བཅུ་ལས་རང་བཞིན་ལྟ་བ། མཚོན་པ་དཔེ། བསྣོལ་མཚམས་འཕེན་སྡུད་འཁྲུགས་གཙོ་ཆེ་བར་སྟོན། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པར་བྱེད་པའི་ལེའུ་ལྔ་པ་འདི་ལ་རྣམ་པར་དབྱེ་བའི་ཚིག་སྟག་གིས་མཆོངས་པ་ལྟར་དུ་བཤད་ན་དོན་ཆིངས་གསུམ་གྱིས་སྟོན་ཏེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ལེའུའི་གཞུང་བསྟན་པ་དང་། ལེའུའི་མཚན་བསྟན་པའོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་ནི། དེ་ནས་ཡི་གེ༴ ཆེད་དུ་བརྗོད་དོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས། ལེའུ་བཞི་པར་ཡི་གེ་ལ་ཉམས་སུ་ལེན་པའི་ཏིང་ངེ་འཛིན་བསྟན་པ་ལ་དེ། ལེའུ་ལྔ་པར་ཡབ་ཡུམ་ཟུང་དུ་འབྲེལ་བ་བསྒྲུབ་པའི་ཏིང་ངེ་འཛིན་སྟོན་པས་ན་ནས། ཡི་གེ་འཁོར་ལོའི་སྤྲིན་བཀོད་པ་ལས་ཞེས་པས། ཡི་གེའི་ཕྲེང་བ་གསུང་གི་འཁོར་ལོ་མང་ཉུང་གི་ཚད་སྤྲིན་ཙམ་དུ་བཀོད་པའི་མཐུ་ལས། སྒྱུ་འཕྲུལ་རྣམ་པར་འཕྲོ་བ་འདི་ཆེད་དུ་བརྗོད་དོ། །ཞེས་པས། སྒྱུ་མ་མཚོན་པ་ལྷ་ཡུམ། འཕྲུལ་པ་མཚོན་པ་ལྷ་ཡབ་སྟེ་ཡབ་ཡུམ་གཉིས་སུ་མེད་པ་ལྷའི་དཀྱིལ་འཁོར་དང་། ལས་དང་དངོས་གྲུབ་གསུམ་ལ་སོགས་པ་སྣང་བ་རྣམས་རྣམ་པར་འཕྲོ་བ་འདི་འཁོར་རྣམས་ཀྱིས་ཆེད་དུ་བརྗོད་དོ། །གཉིས་པ་ལེའུའི་གཞུང་བསྟན་པ་ལ་གཉིས་ཏེ། གཞུང་དངོས་དང་། གསུངས་པའི་ཡོན་ཏན་ནོ། །དང་པོ་གཞུང་དངོས་ལ་དོན་བཅུ་གཅིག་སྟེ། བྱང་ཆུབ་བསྒྲུབ་པའི་རྒྱུ་དང་། ལྟ་བ་དང་། བསྒོམ་པའི་དགོས་ཆེད་དང་། སྒོམ་པའི་ཐབས་དང་། དེ་ཉིད་ཐམས་ཅད་དུ་རང་སྣང་བ་དང་། དེ་ལས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་། དེ་ཉིད་ཀར་དག་པས་བླང་དོར་དང་བྲལ་བ་དང་། དེ་ལ་དྲིས་པར་བསླབ་པ་དང་། ཐུན་མོང་གི་དངོས་གྲུབ་བསྟན་པ་དང་། མཆོག་གི་དངོས་གྲུབ་མདོར་བསྟན་པ་དང་། མཆོག་གི་དངོས་གྲུབ་རྒྱས་པར་བསྟན་པའོ། །དང་པོ་བྱང་ཆུབ་བསྒྲུབ་པའི་རྒྱུ་བསྟན་པ་ནི། སྟོན་པ་མཆོད་བརྩོན༴ དོན་མེད་བརླག །ཅེས་པ་དེར་གདའ་ཞིང་། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །ཞེས་པས། དེ་ཡང་མན་ངག་ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུ་དང་ལས་ལ་མཁས། །མན་ངག་དྲོད་ཚད་བརྒྱད་འཆང་བ། །ཞེས་པས། དེ་ལྟ་བུའི་སྟོན་པའི་རང་བཞིན་བརྒྱད་དང་ལྡན་པའི་བླ་མ་རྡོ་རྗེ་སློབ་དཔོན་ལ་སྒོ་གསུམ་གུས་པའི་སྒོ་ནས་མཉེས་པ་གསུམ་གྱིས་མཆོད་ཅིང་ཕན་ནུས་ཟབ་མོའི་དབང་རྣམས་རིམ་པ་བཞིན་དུ་ཐོབ་པར་བྱས་ཏེ། བརྩོན་འགྲུས་ཀྱིས་སྒོ་གསུམ་གྱི་རྒྱུད་ཡོངས་སུ་སྦྱངས་པའི་སྒོ་ནས་རྟོགས་པའི་ལྟ་བ་བདེན་པ་དབྱེར་མེད་མངོན་དུ་བྱས་ཤིང་། དེ་བཞིན་ཉིད་དང་། ཀུན་ཏུ་སྣང་དང་། རྒྱུའི་ཏིང་འཛིན་གསུམ་གསལ་བ་དང་། དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཞེས་པས། བླ་མེད་མི་སྤང་བ་ལ་སོགས་རྩ་བ་ལྔ་དང་། མི་སྤང་མི་དོར་བ་ཡན་ལག་བཅུ་ལ་སོགས་པའི་དམ་ཚིག་མ་ཉམས་པ་དང་། རྒྱུ་མ་ནོར་བ་རྩ་བའི་སྔགས་དང་། སྐྱེད་པ་རྐྱེན་གྱི་སྔགས་དང་། བཟླས་པ་ལས་ཀྱི་སྔགས་ཏེ་གསུམ་མམ་སྔགས་ཀྱི་ཡན་ལག་ལྔ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། སྐུ་ཕྱག་རྒྱ་ཆེན་པོ་དང་བཞི་པོ་རྣམས་ཤེས་ཤིང་གནས་ཁང་དབེན་པར་བཟའ་དང་བཏུང་བའི་ཡོ་བྱད། རྒྱན་དང་བགོ་བའི། གླུ་ཚིག་སྒྲའི། བྲོ་གར་འདུ་འཕྲོའི་ཡོ་བྱད་དང་བཞི་སྟེ། དེ་ཚོ་དང་ལྡན་ན་འགྲུབ་འགྱུར་ཞེས་པས། བྱང་ཆུབ་འགྲུབ་པར་འགྱུར་ལ། མི་ལྡན་དོན་མེད་བརླག །ཅེས་པས། གོང་གི་དེ་རྣམས་དང་མི་ལྡན་ན་བསྒྲུབས་ཀྱང་དོན་མེད་ཅིང་ཕྱི་མ་ཡང་ངན་སོང་གསུམ་དུ་སྐྱེ་སྟེ་བརླག་པར་འགྱུར་རོ་ཞེས་པའི་ཕྱིར་ཡོ་བྱད་དེ་དག་ངེས་པར་རྫོགས་པར་བྱའོ། །ཞེས་གསུངས་སོ། །འདི་ནི་ཚོམ་བུ་ཚོགས་སྒྲུབ་པའང་ཡིན་ཏེ། ལམ་རིམ་གྱི་ལེའུ་བདུན་པ་བར་ཆད་མེད་པའི་ལམ་ཚོགས་སྒྲུབ་པ་དང་སྦྱོར་རོ། །གཉིས་པ་ལྟ་བ་ལ་གཉིས་ཏེ། རྟོགས་པར་གདམས་པ་དང་། ལྟ་བའི་ངོ་བོའོ། །དང་པོ་རྟོགས་པར་གདམས་པ་ནི། གང་གིས་དམིགས་མེད༴ ཤེས་པར་གྱིས། ཞེས་པ་དེར་གདའ་ཞིང་། གང་གིས་ཞེས་པས་སྐལ་བ་དམན་ཞིང་བླ་མའི་མན་ངག་གིས་མ་ཟིན་པའི་རྣལ་འབྱོར་པ་གང་ཞིག་གིས་དམིགས་མེད་མི་ཤེས་པ་ཞེས་པས། སེམས་ཉིད་གང་དུ་ཡང་དམིགས་སུ་མེད་པའི་དོན་དེ་ཡིད་ལ་བྱེད་པ་ནི་མི་ཤེས་པ་ཡིན་ནོ། །དམིགས་པ་ཅན་ནོ། །དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས། །ཞེས་པས། མི་ཤེས་པ་སྟེ་ཡིད་ལ་བྱེད་པ་དེ་ཡིས་ཆོས་ཉིད་མཉམ་པ་ཉིད་འདུས་མ་བྱས་ཀྱི་དབྱིངས་ཀྱང་མི་ཤེས་སོ། །དེ་ཕྱིར་དངོས་དང་དངོས་མེད་པ། །ཞེས་པས། ཆོས་ཀྱི་དབྱིངས་མ་ཤེས་པ་དེའི་ཕྱིར་རིགས་དྲུག་གི་སེམས་ཅན་རང་རང་གི་ཞེན་དངོས་མུ་སྟེགས་རྟག་པ་བརྟག་གཅིག་བདེ་བ་རང་དབང་ཅན། ཉན་ཐོས་པ་རྡུལ་དང་ཤེས་པ། རང་རྒྱལ་འཛིན་རིག་སྐད་ཅིག་མ། སེམས་ཙམ་པ་སེམས་རང་རིག་རང་གསལ་མྱོང་བ་གཉིས་ཀྱི་ཤེས་པ་དངོས་པོར་ལྟ་བ་དེ་དག་ལེའུ་གསུམ་པར་གཏན་ཚིགས་ཀྱིས་གཏན་ལ་ཕབ་པ་ལྟར་བསྙད་ན། རང་གི་ངོ་བོས་སྟོང་པའི་ཕྱིར་དངོས་པོ་དང་དེར་མཚོན་པ་ཐམས་ཅད་དངོས་མེད་སྟོང་པར་འཇིག་པ་དང་། འཇིག་པས་དམིགས་མེད་ཤེས་པར་གྱིས། །ཞེས་པས། མུ་སྟེགས་ཆད་པ་བཤེས་པ་སྔ་ཕྱི་གཏན་མེད་ལུང་གི་ཕྱོགས་ཙམ་པ་ཐམས་ཅད་ཅི་ཡང་མ་ཡིན་ལ་མ་ཡིན་པ་ཙམ་ཡང་མ་ཡིན་པ། དབུ་མ་ཡེ་ཤེས་རྒྱུན་ཆད་པ་མཐའ་བྲལ་སྟོང་པ་ཉིད་ལ་ཡུལ་གཏན་ནས་མ་གྲུབ་པས་དེར་འཛིན་གྱི་ཡེ་ཤེས་ཀྱང་མེད་པར་ལྟ་བ་སྟེ། མདོར་ན་དངོས་མེད་སྟོང་པ་ཕྱོགས་གཅིག་པར་འཛིན་པ་ཐམས་ཅད་ཀྱང་དངོས་པོ་ལ་ལྟོས་པའི་ཕྱིར་སེམས་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངང་དུ་འཇིག་པས་ན། སེམས་ཉིད་དངོས་པོ་དང་དངོས་མེད་གང་དུ་ཡང་དམིགས་སུ་མེད་པ་སྟེ་དེ་ཤེས་པར་གྱིས་ཤིག་པར་གདམས་པའོ། །གཉིས་པ་ལྟ་བ་རང་གི་ངོ་བོ་བསྟན་པ་ནི། གཞི་རྩ་མེད་པའི༴ ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་པ་དེར་གདའ་ཞིང་། གཞི་རྩ་མེད་པའི་སེམས་ཉིད་ནི། ཞེས་པས། བརྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་མེད་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ནི་ངོ་བོ་ཉིད་གང་དུ་ཡང་མ་གྲུབ་པར་ཡིན་ཏེ། ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་བརྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །ཞེས་པས། མཚན་གྱི་སྒོ་ནས་ཕོ་དང་མོ་རུ་གྲུབ་པ་ཡང་མ་ཡིན་ཞིང་། མ་ནིང་དུ་གྲུབ་པ་ཡང་མ་ཡིན། མཚན་མ་མེད་པ་སྒོ་ང་ལྟ་བུར་གྲུབ་པ་ཡང་མ་ཡིན། རིགས་ཀྱི་སྒོ་ནས་རྒྱལ་རིགས་ལ་སོགས་པ་ལྔ་དང་། བརྒྱུད་འགྲོ་བ་དྲུག་ཀྱང་མ་ཡིན་ཞིང་། གཟུགས་ཀྱི་སྒོ་ནས་ཁ་དོག་ལྔའམ་ཉི་ཤུ་རྩ་ལྔ་ལ་སོགས་པར་གྲུབ་པ་མ་ཡིན། དབྱིབས་ཞི་རྒྱས་དབང་དྲག་ལ་སོགས་པར་ཡང་གྲུབ་པ་མ་ཡིན། གནས་རྟེན་ཅན་དང་རྟེན་མེད་གཉིས་སུ་གྲུབ་པ་ཡང་མ་ཡིན། མདོར་ན་དངོས་དང་དངོས་མེད་ཀྱི་མཐའ་གང་དུ་ཡང་གྲུབ་པ་མ་ཡིན་ཏེ་སྤྲོས་པ་དང་བྲལ་བའོ། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཞེས་པས། དེ་ལྟར་གང་གིའང་ངོ་བོ་ཉིད་དུ་མ་གྲུབ་པའི་སྤྲོས་པ་དང་བྲལ་བའི་སེམས་ཉིད་དེ་གདོད་ནས་མ་གྲུབ་ཅིང་འགག་པ་མེད་པས་གཉིས་སུ་མེད་པའི་དེ་བཞིན་ཉིད་མུ་མཐའ་དང་བྲལ་ཞིང་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པས་མཉམ་པ་ཉིད་ཀྱི་དབྱིངས་ཏེ། དེ་ཉིད་རང་རིག་ཏུ་གསལ་བ་ནི་གནས་ལུགས་དོན་གྱི་ཡེ་ཤེས་སོ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་པས། དེ་མངོན་དུ་བྱེད་པའི་ཐབས་ཀྱི་ཁྱད་པར་འགག་པ་མེད་པ་ནི་རང་བཞིན་དང་ཏིང་ངེ་འཛིན་དང་ལྷག་པའི་ཕྱག་རྒྱ་གསུམ་པོ་དེ་ཉིད་ལས་མི་འདའ་བ་ནི་བདེན་པ་གསུམ་རྟོགས་པར་བྱེད་པའོ། །གདན་གསུམ་ཀུན་གྱི་ངོ་བོ་ཉིད་ཀྱི་རྒྱུའོ། །དེ་དག་ནི་མན་ངག་ལམ་གྱི་རིམ་པ་དང་སྦྱར་ན་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ཡིན་ནོ། །གསུམ་པ་བསྒོམ་པའི་དགོས་ཆེད་ནི། དངོས་རྣམས་ཉིད་ན་དངོས་མེད་པར། །རྟོགས་པའི་དབང་སྒྱུར་ཏིང་འཛིན་ཡིན། །ཞེས་པས། དངོས་པོ་རྣམས་སེམས་ཉིད་ཁོ་ནར་གནས་པའི་དུས་ན་སེམས་ཉིད་དངོས་པོ་རང་རྒྱུད་དུ་གྲུབ་པ་མེད་པར་སྔར་བཤད་པའི་གཏན་ཚིགས་ཀྱིས་གཏན་ལ་ཕབ་པ་ལྟར་ཤེས་ནས། རྟོགས་པའི་དོན་ལ་མ་ཡེངས་པར་ཆོས་ཐམས་ཅད་ལ་དབང་སྒྱུར་བ་ནི་བཏང་སྙོམས་ཆེན་པོའི་ཏིང་འཛིན་ཡིན་ནོ། །བཞི་པ་བསྒོམ་པའི་ཐབས་ནི། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །ཞེས་པས། ལྟ་བ་རྟོགས་པའི་རྟེན་གྱི་གང་ཟག་གིས་དཔེ་གླང་ཆེན་སྨྱོན་པ་རྒུན་འབྲུམ་མམ་འབྲས་ཆང་གིས་མྱོས་པ་ལ་འདུལ་ཐབས་རྒྱན་འདུལ་དང་ཁྲོམ་འདུལ་གཉིས་ཡོད་པ་དང འདྲ་བར་འཁྲུལ་རྟོག་སྣ་ཚོགས་ཀྱིས་མྱོས་པའི་སེམས་ཡུལ་ལ་འཕྲོ་བ་དེ་འདུལ་བའི་ཐབས་ཀྱང་གཉིས་ཡོད། གདམས་ངག་གི་སྟོབས་ཀྱི་བཞག་ཐབས་དང་། ཤེས་རབ་ཀྱི་སྟོབས་ཀྱི་བཞག་ཐབས་གཉིས་པོ་གང་རུང་གི་སྒོ་ནས་སྔར་གྱི་ལྟ་བའི་རྗེས་སུ་ཅིར་ཡང་མི་དམིགས་པར་མཉམ་པར་བཞག་པས་བཏུལ་ནས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མངོན་དུ་བྱས་ཤིང་གཞི་ཇི་ལྟ་བ་བཞིན་ཀླུངས་སུ་ཕེབས་པ་ནི་ཐུལ་བའོ། །དེ་ལྟར་བསྒོམ་པའི་དགོས་ཆེད་དང་བསྒོམ་པའི་ཐབས་གཉིས་པོ་དེ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཏེ་ལམ་རིམ་གྱི་ལེའུ་གསུམ་པ་སྟོང་པ་ཆེན་པོའི་རྣལ་འབྱོར་དང་སྦྱར་རོ། །ལྔ་པ་དེ་ཉིད་ཐམས་ཅད་དུ་རང་སྣང་བ་བསྟན་པ་ནི། རྩ་བ་མེད་པའི༴ རིན་ཅེན་སྤྲིན། ཞེས་པ་དེར་གདའ་ཞིང་། རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཞེས་པས། བརྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་མེད་པའི་སྟོང་པ་ཉིད་ཀྱི་དབྱིངས་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ནི་རང་བཞིན་ལྟ་བ་ལམ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ལྷག་པ་འབྲས་བུའི་ཕྱག་རྒྱ་སྟེ་མྱ་ངན་ལས་འདས་པ་དང་འཁོར་བའི་ཆོས་རྣམས་ཀུན་གྱི་རྩ་བ་ཡིན་ཏེ། དེ་དག་སེམས་ཉིད་དུ་གཅིག་པས་སེམས་ཉིད་ཕོ་མོ་ལ་སོགས་མཐའ་གར་ཡང་མ་ལྷུང་ལ་རྒྱ་གར་ཡང་མ་ཆད་པའི་ཕྱིར། གཉིས་སུ་མེད་པའི་སྙིང་རྗེ་ཆེན་པོ་ནམ་མཁའ་དང་མཉམ་པ་བསྒོམ་པར་བྱ་བ་སྟེ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ཡིན་ནོ། །འདི་ནི་ལམ་རིམ་གྱི་ལེའུ་བཞི་པ་སྙིང་རྗེ་ཆེན་པོའི་རྣལ་འབྱོར་དང་སྦྱར་རོ། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཞེས་པས། འཁོར་འདས་ཀྱི་ཆོས་ཀུན་གྱི་རྩ་བ་སེམས་ཉིད་ཡེ་གདོད་མ་ནས་མ་སྐྱེས་པའི་ཕྱིར་ན་ཡི་གེ་ཨའི་རང་བཞིན་དུ་སྣང་བ་ཡིན་ནོ། །ཡི་གེ་ཡིད་བཞིན་རིན་ཅེན་སྤྲིན། །ཞེས་པས། ཡི་གེ་ཨ་དེ་ལས་ཡི་གེའི་ཕྲེང་བ་འབྱུང་བ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་ཅེན་ལས་མ་གཡོས་པར་དགོས་འདོད་འབྱུང་བ་བཞིན་ཨ་སྥ་ར་ཎ་ཕཊ་ཅེས་ཨ་ཕྲ་མོ་གྲངས་མེད་པ་ནམ་མཁའ་ཁྱབ་པར་སྤྲོས། སཾ་ཧ་ར་ཎ་ཧཱུཾ་ཞེས་ཚུར་བསྡུས་པས་སེམས་ཉིད་གཞི་མ་ངེས་པ་ལ་ཡི་གེའི་སྤྲིན་ལེའུ་བཞི་པར་བཤད་པ་བཞིན་བསྒོམ་པ་ནི་ཕྲ་བ་ཡིག་འབྲུ་ལ་བསླབ་པའོ། །དྲུག་པ་དེ་ལ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་བསྟན་པ་ནི། ཐབས་ལས༴ ཕྱག་རྒྱའི་མཆོག །ཅེས་པ་དེར་གདའ་ཞིང་། ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཞེས་པས། རང་རིག་པ་ཉིད་ཡི་གེར་སྣང་བ་ནི་རྩ་བའི་ཐབས་སོ། །ཐབས་དེ་ལས་གཞལ་ཡས་ཁང་གདན་དང་བཅས་པར་སྣང་བ་ནི་ཐབས་ལས་བྱུང་བ་གཞིའི་ཐབས་སོ། །དེ་དག་ཏུ་ལྷའི་དཀྱིལ་འཁོར་དུ་བཀོད་ནས་བསྒོམ་པ་ནི་ཐབས་བསམ་ཡས་པ་འདས་པ་སྟེ་བསམ་གྱིས་མི་ཁྱབ་པའི་ཐབས་སོ། །ཐབས་གསུམ་པོ་དེ་དག་ནི་རགས་པ་ལྷ་སྐུ་ལ་བསླབ་པ་སྟེ་སྔར་བཤད་པའི་ཕྲ་བ་ཡིག་འབྲུ་ལ་བསླབ་པ་དང་། འཆད་པར་འགྱུར་བའི་དེ་ལ་འདྲིས་པར་བསྒོམ་པ་དང་། ས་དམིགས་གསུམ་པོ་དེ་ནི་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ཏེ། ལམ་རིམ་གྱི་ལེའུ་ལྔ་པ་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་དང་སྦྱར་རོ། །ཐ་དད་མིན་ལ་ཐ་དད་པའི། །ཞེས་པས། དེ་ལྟར་ཐབས་གསུམ་པོ་རང་རིག་པའི་ཡེ་ཤེས་སུ་གཅིག་པས་ན་ཐ་དད་མིན་པ་ལས་བློ་ཆུང་རིམ་གྱིས་པ་ལ་ཐ་དད་པ་ལྟར་རེ་མོས་སུ་བསྒོམ་པའི་ཚུལ་ནི། ནང་དང་ནང་གི་ཕྱི་རོལ་གྱི། །དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ། །ཞེས་པས། གཞལ་ཡས་ཁང་གི་ནང་ལྷ་དང་ནང་གི་ལྷའི་ཕྱི་རོལ་གྱི་གཞལ་ཡས་ཁང་གི་བཀོད་པ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལེའུ་བརྒྱད་པར་འཆད་པ་བཞིན་ཚོམ་བུ་སྟོང་དང་། ཉི་ཁྲི་བཞི་སྟོང་དང་། བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་སོགས་ལྷ་དང་གཞལ་ཡས་ཁང་གི་དཀྱིལ་འཁོར་བསམ་ཡས་པ་རང་རིག་པའི་ཡེ་ཤེས་ལ་སྣང་བས་ལྷ་ལ་ལྷ་དང་ཡེ་ཤེས་ལ་ཡེ་ཤེས་རོལ་པའོ། །འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག །ཅེས་པས། དེ་ལྟ་བུའི་ལམ་པ་དེ་འཁོར་བའི་གཡང་ས་དང་ལམ་གྱི་གཡང་ས་གཉིས་དང་བྲལ་བས་འཇིགས་པ་མེད་ཅིང་། སྤྱོད་ཡུལ་ཡོངས་སུ་དག་པས་ཀུན་ཏུ་བཟང་པོའི་སྐུ་ཕྱག་རྒྱ་ཆེན་པོའི་ངང་ལས་མི་འདའ་བར་གནས་པའི་ཕྱིར་མཆོག་སྟེ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་པོར་སྦྱོར་བར་བྱེད་པའོ། །འདི་ལ་འགྲེལ་ཆུང་པིན་ཏར་ཐས། ནང་གི་རྣམ་ཤེས་ནང་གི་དབང་པོ་དང་། །ཕྱི་རོལ་ཡུལ་གྱི་རྣམ་པ་ཐམས་ཅད་ཀུན། །བསམ་ཡས་དཀྱིལ་འཁོར་ཀུན་བཟང་ཕྱག་རྒྱ་རོལ། །ཞེས་ཀྱང་བཤད་དོ། །བདུན་པ་དེ་ཉིད་ཀར་དག་པ་བླང་དོར་དང་བྲལ་བར་དཔེས་བསྟན་པ་ནི། དེ་ཉིད་ཡེ་ཤེས༴ སྨན་གྱི་ཚུལ། ཞེས་པ་དེར་གདའ་ཞིང་། དེ་ཉིད་ཡེ་ཤེས་རང་སྣང་བའི། །མིང་ཚིག་གཟུགས་སོགས་ཡིད་བཞིན་གྱི། །ཞེས་པས། ཐབས་གསུམ་པོ་དེ་ཉིད་སེམས་ཉིད་རང་རིག་ཡེ་ཤེས་སུ་རང་སྣང་བ་ཡིན་པའི་ཕྱིར་ཧཱུཾ་མཱུཾ་ལ་སོགས་པ་ཡི་གེའི་མིང་དང་། བཛྲ་དྷྲིཀ྄་ལ་སོགས་པ་བསྐྱེད་པའི་ཚིག་དང་། སྐུ་མདོག་ཕྱག་མཚན་ལ་སོགས་པ་སྐུ་ཡོངས་རྫོགས་གཟུགས་བསྒོམ་པ་ལ་སོགས་པའི་ཏིང་ངེ་འཛིན་གྱི་ཡོན་ཏན་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་དགོས་འདོད་འབྱུང་བ་ལྟར། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམས་པས་འདོད་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་ཏེ། མུན་ལ་སྣང་བྱུང་ཇི་བཞིན་དུ། །ཞེས་པས། དཔེར་ན་མུན་ཁུང་དུ་སྒྲོན་མེ་བཏེག་པའི་དུས་ན་མུན་པ་གང་ཡང་མ་སྤངས་པ་ལ་སྣང་བ་བྱུང་བ་ཇི་བཞིན་དུ་ལམ་པས་ཐབས་གསུམ་པོ་བསྒོམ་པའི་དུས་ན་མ་རིག་པའི་ངར་འཛིན་པ་རྣམ་པར་ཤེས་པ་ཚོགས་བརྒྱད་ཉོན་མོངས་པ་དུག་ལྔ་མ་སྤངས་བཞིན་དུ་ཡེ་ཤེས་ལྔར་སྣང་བ་སྟེ་ཉོན་མོངས་པ་དང་ཡེ་ཤེས་ལ་བླང་དོར་མེད་པའོ། །འགྱུར་བ་གསེར་འགྱུར་ཞེས་པས་ལྕགས་མ་སྤངས་པར་གསེར་དུ་འགྱུར་བར་བྱེད་པ་གསེར་འགྱུར་གྱི་རྩི་ལྕགས་ལ་ཐེབས་པ་བཞིན་དུ་ལམ་པས་ཐབས་གསུམ་པོ་བསྒོམ་པའི་དུས་ན་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ཡུལ་ལྟར་དུ་སྣང་བ་མ་སྤངས་པར། ཡུམ་ལྔའི་མཁའི་རང་བཞིན་ཅན་གྱི་གཞལ་ཡས་ཁང་གདན་དང་བཅས་པར་རང་སྣང་བའོ། །སྨན་གྱི་ཚུལ་ཞེས་པས། རྩི་མ་གྷི་ཏའི་ནུས་པས་དུག་མ་སྤངས་པར་སྨན་གྱི་རང་བཞིན་དུ་བྱེད་པའི་ཚུལ་དུ་ལམ་པས་ཐབས་གསུམ་པོ་བསྒོམ་པའི་དུས་ནས་རྟོག་ཚོགས་བཞི་བཅུ་རྩ་གཉིས་གང་ཡང་མ་སྤངས་པར་ལྷ་བཞི་བཅུ་རྩ་གཉིས་སུ་རང་སྣང་བའོ། །འདི་ལ་འགའ་ཞིག་དཔེ་གསུམ་པོ་ལྔ་བས་པའི་འགལ་སྤོང་བྱེད་མོད་ཀྱང་དེ་ལྟ་བུའི་སྐྱོན་མེད་དེ་བཤད་མ་ཐག་པའི་འབྲུ་བསྣན་པས་ཤེས་སོ། །བརྒྱད་པ་དེ་ལས་འདྲིས་པར་བསླབ་པ་བསྟན་པ་ནི། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོ་འགྱུར། །ཞེས་པས། ཕྱག་རྒྱ་གཅིག་སྤྲོས་ཀྱི་སྐབས་སུ་སྔགས་ཀྱི་ཡན་ལག་ལྔ་དང་ལྡན་པའི་སྐུ་ཕྱག་རྒྱ་ཆེན་པོ་གསལ་བ་ཡུལ་རྐྱེན་གྱིས་མི་འཕྲོགས་པར་བློ་རབ་ཏུ་བརྟན་པ་ཐོབ་པར་གྱུར་ན་ཐུན་མོང་དང་མཆོག་གི་དངོས་གྲུབ་ཡ་མཚན་ཆེན་པོ་ཅན་ཐོབ་པར་འགྱུར་ཏེ་འོག་ནས་སྟོན་པར་བྱེད་དོ། །དགུ་པ་ཐུན་མོང་གི་དངོས་གྲུབ་བསྟན་པ་ནི། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་༴ ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་པ་དེར་གདའ་ཞིང་། འདི་ལ་ཕྱི་གྲོལ་ལམ་ལྟར་བཤད་པ་དང་། ནང་ཐབས་ལམ་ལྟར་བཤད་པ་དང་གཉིས་ལས། དང་པོ་ཕྱི་གྲོལ་ལམ་ལྟར་རྒྱུད་འགྲེལ་པ་དང་སྒྲུབ་ཐབས་ཀྱིས་བཤད་པའི་དབང་དུ་བྱས་ན། བདུད་རྩིར༴ བཞི་བརྒྱ༴ ལོངས་སྤྱོད༴ །ཅི་ཡང་གཞན་དུ་འགྱུར་བ་འགྲུབ། །ཅེས་པས། ཕྱག་རྒྱ་གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པས་ཟས་དུག་ཅན་ལ་ཡི་གེ་ཨ་བཀོད་དེ་འཇུ་འདུལ་བྱས་པ་ཙམ་གྱིས་བདུད་རྩིར་འགྱུར་ཞིང་དེའི་ཡོན་ཏན་འབྱུང་བ་དང་། ཡོན་ཏན་གང་ཞེ་ན། བདུད་རྩིའི་ཟས་ཟོས་པས་བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། བདུད་རྩིའི་འོད་ཟེར་ལས་ལོངས་སྤྱོད་འབྱུང་ཞིང་ངན་སོང་གསུམ་དུ་སྐྱེ་བའི་ས་བོན་ཏྲི་པྲེ་དུ་རྣམས་སྦྱོང་བ་དང་། དེ་ལས་གཞན་པ་ཅི་ཡང་གཞན་དུ་སྟེ་བྱེ་མ་ལ་གསེར་དང་། སོལ་བ་ལས་ལྗོན་ཤིང་དུ་འགྱུར་བ་དང་། སྐམ་སར་ཆུ་འབྱུང་བ་ལ་སོགས་པ་དངོས་པོ་ཕན་ཚུན་མི་མཐུན་པར་འགྱུར་བ་འགྲུབ་བོ། །ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་། །ཞེས་པས། ནམ་མཁའ་ལ་ཧཱུཾ་ཞེས་རྡོ་རྗེའི་སྐས་བསྒོམས་པས་རྡོ་རྗེ་བྲག་ལྟར་སྲ་བའི་སྐས་འབྱུང་ཞིང་དེ་ལ་འཛེགས་ཏེ་བསྒོམས་པས་ཏིང་ངེ་འཛིན་ཡུལ་ཡངས་པའི་དགོས་པ་ཡོད་དོ་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །འབར་ནས་མེ་ཡང་འཚིག་པ་དང་། །ཞེས་པས། ལག་མཐིལ་དུ་ཡི་གེ་རཾ་བཀོད་པས་དེ་ལས་ཡེ་ཤེས་ཀྱི་མེ་འབར་ནས་ཐ་མལ་གྱི་མེ་ཡང་འཚིག་པར་འགྱུར་བ་དང་། ཆུར་འགྱུར་འབབ་པའང་དེ་བཞིན་ཏེ། །ཞེས་པས། ཡི་གེ་ཁཾ་ལས་ཡེ་ཤེས་ཀྱི་ཆུ་འགྱུར་འབབ་པའང་དཔེ་གོང་མ་དེ་བཞིན་ཏེ། ཐ་མལ་གྱི་ཆུ་ཡང་དག་པར་བྱེད་པ་དང་། འཇིག་རྟེན་ཁམས་ནི་འཐོར་བ་དང་། །ཞེས་པས། ཡི་གེ་ཡཾ་ལས་ཡེ་ཤེས་ཀྱི་རླུང་བྱུང་ནས་ཐ་མལ་གྱི་རླུང་འཇིག་རྟེན་གྱི་ཁམས་དང་བཅས་པ་ནི་འཐོར་བར་སྟོན་པ་དང་། ཐམས་ཅད་སྟོངས་ཤིང་ལྟུང་བར་འགྱུར། །ཞེས་པས། ཡི་གེ་ཨེ་བཀོད་དེ་འཕྲོ་འདུ་བྱས་པས་ཐམས་ཅད་སྟོངས་པར་བསམས་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་སྟོངས་ཤིང་སྣོད་བཅུད་ཐམས་ཅད་སྟེང་ནས་འོག་ཏུ་ལྟུང་བ་དང་འོག་ནས་སྟེང་དུ་འཕེན་པ་ལ་སོགས་པ་འགྲུབ་པར་འགྱུར་རོ། །དགུག་དང་བཏང་དང་བཅིང་དང་དགྲོལ། །གསོ་དང་གསད་དང་འཕམ་དང་རྒྱལ། །ཞེས་པས། ཏིང་འཛིན་གྱིས་དགྲ་བགེགས་དགུག་པ་དང་། དགྲ་བགེགས་གླིང་ཁམས་གཞན་དུ་བཏང་བ་དང་། ཇག་ཆིངས་ཀྱིས་དགྲ་བགེགས་བཅིང་བ་དང་། གཞན་གྱིས་བྱད་དུ་བཅུག་པ་དགྲོལ་བ་དང་། སྲིའུ་དང་ལོ་ཏོག་དང་ནད་པ་ལ་སོགས་པ་གསོ་བ་དང་། དགྲ་བགེགས་གསད་པ་དང་གཞན་གྱི་གཡུལ་འཕམ་པར་བྱ་བ་དང་། རང་གི་གཡུལ་རྒྱལ་བར་བྱེད་པ་ལ་སོགས་པ་རྣམས་ནི། ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་པས། ཕྱག་རྒྱ་གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་ལས་སུ་རུང་བའི་རྣལ་འབྱོར་པ་འདི་ཡིས་ཆ་ཤས་ཙམ་བྱེད་ནུས་པར་འགྱུར་རོ། །གཉིས་པ་ནང་ཐབས་ལམ་ལྟར་རྒྱུད་གདམས་ངག་གིས་བཤད་པའི་དབང་དུ་བྱས་ན་བཤད་ལུགས་གཉིས་ཏེ། ཐོག་མར་སྟེང་སྒོ་དང་སྦྱར་ཏེ་བཤད་པ་ནི། འོག་ནས་སྲ་འབྱུང་ཞེས་པ་བླངས་ཏེ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་བདག་ཉིད་སྙིང་པོ་ཡི་གེ་ཨཿཐུང་དང་བཅས་པ་བསྒོམས་པས་སའི་དྭངས་མ་རྒྱུད་ལ་ཟིན། ཆུ་འགྱུར་འབབ་པའང་དེ་བཞིན་ཏེ། །ཞེས་པས། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཀྱི་བདག་ཉིད་ཅན་སྙིང་པོ་ཐིག་ལེ་བཾ་དང་བཅས་པ་བསྒོམས་པས་ཆུའི་དྭངས་མ་རྒྱུད་ལ་ཟིན། འབར་ནས་མེ་ཡང་འཚིག་པ་དང་། །ཞེས་པས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་གི་བདག་ཉིད་ཅན་སྙིང་པོ་ཡི་གེ་ཨཱོྂ་དང་བཅས་པ་བསྒོམས་པས་མེའི་དྭངས་མ་རྒྱུད་ལ་ཟིན། ཐམས་ཅད་སྟོངས་ཤིང་ཞེས་པས། ཀླད་པ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་སྙིང་པོ་ཡི་གེ་ཧཾ་དང་བཅས་པ་བསྒོམས་པས་ནམ་མཁའི་དྭངས་མ་རྒྱུད་ལ་ཟིན། དེ་ལ་ཡང་མདའ་གཅིག་གིས་ཤ་བ་གཉིས་གསོད་པའི་ཚུལ་དུ་བྱས་ནས་བཤད་ན། འབར་ནས་མེ་ཡང་ཞེས་པས། སུམ་མདོ་མེའི་འཁོར་ལོ་དང་། འཇིག་རྟེན་ཁམས་ནི་འཐོར་བ་ཞེས་པས། སྒྲོམ་མདོ་རླུང་གི་འཁོར་ལོའོ། །དེ་དག་བསྒོམ་པའི་ཐབས་ནི་འོག་རླུང་བསྐྱོད་པས་རླུང་གིས་མེ་སྦར་ཏེ་འཁོར་ལོ་བཞིའི་ཐིག་ལེ་ཞུ་ནས་བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ནི་རླུང་གི་དྭངས་མ་རྒྱུད་ལ་ཟིན་པའོ། །དེ་དག་ནི་སྟེང་སྒོ་བསྒོམ་པའི་ཐབས་སོ། །གཉིས་པ་འོག་སྒོ་དང་སྦྱར་ཏེ་བཤད་པ་ནི། ནམ་མཁའ་ཞེས་པས་ཡུམ་ཤེས་རབ་དང་ལྡན་པའོ། །རྡོ་རྗེ་ཞེས་པས་ཡབ་ཐབས་དང་ལྡན་པའོ། །དེ་གཉིས་ཐབས་ཤེས་རབ་གཉིས་སུ་མེད་པར་ཕྱག་རྒྱ་བཞིས་རོལ་པས། དགུག་དང་བཏང་དང་བཅིང་དང་དགྲོལ། །གསོ་དང་ཞེས་པས། བྱང་སེམས་ཐིག་ལེ་དབབ་པའི་ཐབས་ནི་རྩ་གནས་ནས་ཐིག་ལེ་དགུག་པ་དང་། རྡོ་རྗེ་དབུའི་བུམ་པར་ཐིག་ལེ་བཅིང་བ་དང་། ཡུམ་གྱི་མཁར་ཐིག་ལེ་བཏང་བ་དང་། རྩ་མདུད་ཀྱི་རྟོག་པ་ཐམས་ཅད་དགྲོལ་བའོ། །དེ་ནས་ཐིག་ལེ་ལྡོག་པའི་ཐབས་དང་ལྡན་པས་ལྡོག་པས་གསང་བའི་རྡོ་རྗེ་ན་ཡར་ཞུགས་ཏེ་འཁོར་ལོ་བཞི་གསོས་བཏབ་ནས་ཀླད་པ་བདེ་ཆེན་ཁྱབ་གདལ་ཆེན་པོའི་དགོངས་པས་ལུས་མགོ་མཇུག་ཏུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་རྒྱས་ཐེབས་པ་ནི། གསོ་དང་ཞེས་པ་སྟེ་ཐིག་ལེ་གསོས་ཐེབས་པའོ། །བདུད་རྩི༴ བཞི་བརྒྱ༴ ལོངས་སྤྱོད༴ ཅི་ཡང༴ ཅེས་པས། དེ་ལྟར་གྱུར་ཙམ་ན་ཐ་མལ་འདོད་ཆགས་ཀྱི་རྟོག་པའི་བདུད་དེ་བདེ་བའི་ཡེ་ཤེས་ཀྱི་རྩིར་འགྱུར་ཞིང་ཡོན་ཏན་ཐམས་ཅད་འབྱུང་བ་དང་། དེ་ལྟར་སྤྱད་པས་བཞི་བརྒྱ་རྩ་བཞིའི་ནད་རིམས་སེལ་ཞིང་། གསང་བའི་ལོངས་སྤྱོད་ཟག་པ་མེད་པའི་བདེ་བ་འབྱུང་ཞིང་བདེ་བའི་ཡེ་ཤེས་མངོན་དུ་གྱུར་ཙམ་ན་ངན་སོང་གསུམ་གྱི་ས་བོན་ཐམས་ཅད་ཀྱང་སྦྱོང་བར་བྱེད། དེ་ལ་སོགས་པ་ཅི་ཡང་གཞན་དུ་འགྱུར་བ་ནི་ཐིག་ལེ་དབབ་བསྐྱིལ་ལྡོག་དགྲམ་ལ་སོགས་པ་འགྲུབ་ཅིང་། ནམ་མཁའ༴ འབར་ནས༴ ཆུ་འགྱུར༴ འཇིག་རྟེན༴ ཐམས་ཅད༴ ཅེས་པས། མཐའ་བྲལ་འཇིགས་མེད་ནམ་མཁའ་ལྟ་བུའི་བདེ་བ་འབར་བས་ཉམས་ཆག་དང་རྟོག་སྒྲིབ་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་འཚིག་པར་འགྱུར་ལ། བདེ་བའི་ཆུ་རྒྱུན་རྒྱུན་ཆད་མེད་པར་འགྱུར་པ་འབབ་པའང་དེ་བཞིན་ཏེ། དེས་ཉོན་མོངས་པ་དང་རྣམ་པར་རྟོག་པ་འཇིག་པ་ལ་འཇིག་རྟེན་པ་ཟག་པ་དང་བཅས་པའི་ཁམས་ནི་བདེ་བའི་ཡེ་ཤེས་ཀྱིས་འཐོར་བར་བྱེད་པ་དང་། བདེན་འཛིན་གྱི་རྟོག་པ་ཐམས་ཅད་སྟོངས་ཤིང་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ལྟུང་བ་ཡང་འགྲུབ་པར་འགྱུར་རོ། །གསད་དང་འཕམ་དང་རྒྱལ། །ཞེས་པས། དེ་ལྟར་ལམ་དུ་སློང་ཙམ་ན་བདེ་བའི་ཡེ་ཤེས་ཀྱིས་འདོད་ཆགས་ཀྱི་རྣམ་པར་རྟོག་པའི་དགྲ་གསད་པ་དང་། ཁམས་འཛག་མེད་དུ་བྱས་པས་འཁོར་བའི་གཡུལ་འཕམ་པ་དང་། རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་བྱུང་ས་ཐེབས་པས་ན་མྱ་ངན་ལས་འདས་པའི་གཡུལ་རྒྱལ་བ་ཞེས་བྱ་སྟེ། ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་པས། ཐབས་ལམ་གྱི་ཏིང་ངེ་འཛིན་ལས་སུ་རུང་བ་འདི་ཡིས་འབྲས་བུ་རྩོལ་མེད་དུ་ཐོབ་པར་བྱེད་པར་འགྱུར་བའོ། །དེ་དག་ནི་རྒྱུད་གདམས་ངག་ལྟར་བཤད་པ་ཡིན་ལ། རྒྱུད་ནང་གིས་སམ་བདག་ཉིད་ཀྱིས་བདག་ཉིད་བཤད་པ་ལྟར་ན། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཅིང་། །ཞེས་པས། དེ་ནི་མཆོག་གི་བདུད་རྩི་བསྒྲུབ་པ་ཡིན་ཏེ། སྒྱུ་འཕྲུལ་རྒྱས་པའི་ལེའུ་བཞི་བཅུ་པས་རྒྱས་པར་བསྟན་ནོ། །དེ་ཡང་མཚམས་གཅོད་པ་དང་། དཀྱིལ་འཁོར་བྲི་བ་དང་། སྨན་བཀོད་པ་དམ་པ་རིགས་བརྒྱས་སྦྱངས་པ་དང་། བཏགས་བཙག་བྱས་ལ་དེ་ཉིད་རིགས་ལྔས་སྦྱངས་པ་དང་། བུམ་པར་དྲིལ་ལ་གསང་ཆེན་རིགས་གཅིག་གིས་སྦྱངས་པ་ལ་སོགས་པ་བཤད་དོ། །ལེའུ་བདུན་ཅུ་པ་ལས་རོ་ལངས་བསྒྲུབ་པ་བསྟན་ཏེ། ཐུན་མོང་གི་བདུད་རྩི་བསྒྲུབ་པ་ཡང་ཡིན་ནོ། །ལོངས་སྤྱོད་འབྱུང་ཞིང་ངན་སོང་སྦྱོང་། །ཞེས་པ་ནི། ལེའུ་ཞེ་གཅིག་པའི་ཕྱོགས་གཅིག་ནས་སློབ་པའི་རིམ་པ་བསྒྲུབ་པ་སྟོན་པ་དེའོ། །ཅི་ཡང་གཞན་དུ་འགྱུར་བ་འགྲུབ། །ཅེས་པ་ནི། ལེའུ་སོ་བརྒྱད་པ་ནས་རྐང་མགྱོགས་བསྒྲུབ་པ་དང་ལུས་མི་སྣང་བ་བསྒྲུབ་པ་སྟོན། ལེའུ་རེ་བཞི་པ་ནས་ཚེ་བསྒྲུབ་པ་དང་། རེ་ལྔ་པ་ནས་པྲ་བསྒྲུབ་པ་དང་། གཞན་ཡང་རྡོ་རྗེ་བཀོད་པ་ཀུན་འདུས་ཀྱི་རྒྱུད་ནས་སྒྱུ་མ་དང་ཡུངས་ཀར་རྒྱལ་པོ་དང་རྡོ་རྗེ་ཐལ་ཆེན་དང་ལུས་མང་པོས་སྤྲུལ་པ་བྱེ་མ་ལ་གསེར་སོལ་བ་ལྗོན་ཤིང་དུ་བསྒྲུབ་པ་ལ་སོགས་པ་དང་ཡུལ་ཁམས་དབང་དུ་བྱ་བ་དང་། གསེར་དང་ཆང་དང་མིག་མཐོང་བསྒྲུབ་པ་ལ་སོགས་པ་རྒྱུད་གཞན་དག་ནས་ཀྱང་མང་དུ་གསུངས་པ་ཡིན་ནོ། །ནམ་མཁའ་རྡོ་རྗེ་ཞེས་པ་ལ་སོགས་པའི་ཚིག་ལྔ་ནི་རྡོ་རྗེ་སྙིང་པོ་ལས་ཐམས་ཅད་པའི་རྒྱུད་ཀྱི་ལེའུ་སོ་བརྒྱད་པས་སྟོན་ཏེ། མི་གནས་ནམ་མཁའི་མཐའ་ཀླས་པ། །གོམས་པར་འདོད་པས་ཐོབ་པ་དང་། །ཆུ་ལ་ས་བཞིན་འགྲོ་བ་དང་། །བསྲེག་བྱ་འབར་བའི་དབུས་གནས་དང་། །ཚངས་པའི་རླུང་གིས་བཏེག་ནས་ཀྱང་། །ཕྱོགས་བཅུ་ཀུན་ཏུ་ཕྱིན་པར་གསུངས། །ཞེས་པ་ལ་སོགས་པས་རྒྱས་པར་སྟོན་ནོ། །དགུག་དང་ཞེས་པ་ནི། འཇིག་རྟེན་ལས་འདས་པའི་གཟུངས་མ་རིགས་ལྔའི་ཡུམ་དགུག་པ་ནི་རྒྱས་པའི་ལེའུ་ཞེ་གཉིས་པ་དང་ཞེ་གསུམ་པས་སྟོན། སེམས་མ་དགུག་པ་ཞེ་གཉིས་པས་སྟོན། འཇིག་རྟེན་པའི་གཟུངས་མ་དགུག་པ་ནི་རྒྱལ་པོ་ས་འཛིན་གྱི་ཆུང་མ་དང་ལྷ་ཆེན་གཞན་གྱི་ཆུང་མ་དགུག་པ་ཞེ་ལྔ་པས་སྟོན། རྒྱུད་གཞན་དག་ལས་ཀྱང་། ལྷའི་བུ་མོ་དང་། ཀླུའི་བུ་མོ་དང་། རིགས་ངན་མོ་མིའི་བུ་མོ་དགུག་པ་ཡང་སྟོན། བཏང་དང་ཞེས་པ་ནི། དྲག་པོ་སྤྱི་ཡི་སྦྱོར་བ་ཡིས། །དགྲ་བགེགས་གླིང་ཁམས་གཞན་དུ་བཏང་། །ཞེས་པས། དགྲ་བགེགས་གླིང་ཁམས་གཞན་དུ་འཕངས་པ་ལ་སོགས་པ་རྒྱས་པར་བཤད་དོ། །བཅིང་ཞེས་པ་ནི་མ་མོའི་ཇག་ཆིངས་དང་འབྱུང་པོ་ཁ་བཅིངས་ལ་སོགས་པ་བཤད་དོ། །དགྲོལ་ཞེས་པ་ནི་མ་མོའི་ཇག་ཆིངས་ལ་སོགས་པ་དགྲོལ་བའོ། །གསོ་དང་ཞེས་པ་ནི་སྲིའུ་ལོ་ཏོག་ནད་པ་སྟེ་ནད་གསོ་བ་ནི། ཀླུའི་གེགས་སེལ་ལྔ་པ་ལེའུ་ཞེ་དྲུག་པས་སྟོན། ཡང་གསོ་བ་ནི་རོ་ལངས་སྒྲུབ་པའི་ལེའུ་ལྔ་ལ་ཡང་ངོས་བཟུང་དུ་རུང་ངོ་། །བསད་དང་འཕམ་དང་རྒྱལ། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་པ་ནི་རྒྱུད་གཞན་ནས་དགྲ་བགེགས་དང་ཉི་ཟླ་བསད་པ་དང་། རྒྱས་པ་ལས་གཞན་གྱི་གཡུལ་འཕམ་པར་བྱ་བ་དང་རང་གི་གཡུལ་རྒྱལ་བར་བྱ་བ་དང་རྒྱལ་པོ་སྡེ་བཞི་བསྒྲུབ་པ་ལ་སོགས་པ་བཤད་རྒྱུད་གཞན་དང་ནང་སྦྱར་བས་ཆོག་པ་ལགས་སོ། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་། དེ་ཉིད་ཀར་དག་པ་བླང་དོར་དང་བྲལ་བར་དཔེས་བསྟན་པ་དང་། བསྒོམས་པའི་འབྲས་བུ་ཐུན་མོང་གི་དངོས་གྲུབ་བསྟན་པ་དང་། ས་དམིགས་གསུམ་པ་དེ་ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་ཡིན་ཏེ། ལམ་རིམ་གྱི་ལེའུ་དྲུག་པ་སྤྲོས་པའི་རྣལ་འབྱོར་ལ་བསླབ་པ་དང་སྦྱར་རོ། །བཅུ་པ་མཆོག་གི་དངོས་གྲུབ་མདོར་བསྟན་པ་ནི། སྒྱུ་འཕྲུལ་དཀྱིལ་འཁོར༴ ཐམས་ཅད་འགྲུབ་པར་འགྱུར། །ཞེས་པ་དེར་གདའ་ཞིང་། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པའི། །ཞེས་པས། སྒྱུ་མ་མཚོན་པ་ལྷ་ཡུམ། འཕྲུལ་པ་མཚོན་པ་ལྷ་ཡབ་སྟེ་ཕུང་པོ་ལྔ་ལ་སོགས་པའི་རྟོག་པ་ཐམས་ཅད་ལྷའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་སུ་སྣང་སྟེ། ཡབ་ཡུམ་འབྲེལ་བའི་དྲྭ་བའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་རང་རིག་པའི་མངོན་སུམ་དུ་གསལ་བར་རྫོགས་ཏེ་གྲུབ་པས། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པས། ཕྱོགས་བཅུ་དང་དུས་བཞིས་བསྡུས་པ་ཐམས་ཅད་ཁམས་གསུམ་ལྷའི་དཀྱིལ་འཁོར་དུ་གསལ་བས་ན་སྤྱོད་ཡུལ་དང་བྲལ་བ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་མངོན་དུ་རྫོགས་པའི་འབྲས་བུ་ནི། རྒྱལ་བ་ཐམས་ཅད་གཅིག་དང་དུ་མ་ལས་གྲོལ་བའི་ཕྱིར་རྒྱལ་བའི་དཀྱིལ་འཁོར་ལྷག་མ་མ་ལུས་པ་ཐམས་ཅད་འགྲུབ་པར་འགྱུར་བ་འདི་ནི་མཐར་ཐུག་གི་འབྲས་བུ་ཡིན་ཏེ། ལམ་རིམ་གྱི་ལེའུ་དགུ་པ་མཐར་ཕྱིན་པའི་འབྲས་བུ་བསྟན་པ་དང་སྦྱར་རོ། །བཅུ་གཅིག་པ་མཆོག་གི་དངོས་གྲུབ་རྒྱས་པར་བསྟན་པ་ནི། དུས་གསུམ་རྒྱལ་བས༴ འབྱུང་ཞིང་འགྱུར། ཞེས་པ་དེར་གདའ་ཞིང་། དུས་གསུམ༴ སྙིང་པོ་ནི། ཞེས་པས། དངོས་པོ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བ་ནི། དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་ངོ་བོ་ཡང་ཡིན་ལ། རྒྱལ་བས་ཐུགས་སུ་ཆུད་པའི་དོན་ཡང་ཡིན། རྣལ་འབྱོར་པའི་ལྟ་བ་ཡང་ཡིན། དངོས་གྲུབ་ཀུན་གྱི་མཆོག་དེ་དག་གི་བཅུད་འདུས་པའི་སྙིང་པོ་ཡང་ཡིན་ནོ། །དེའི་ཡོན་ཏན་ནི། ཟད་པའི་དུས་མེད༴ འབྱུང་བ་སྟེ། ཞེས་པས། དངོས་གྲུབ་དེ་ལྟ་བུ་ལ་ཟད་པའི་དུས་མེད་དེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའམ། རྒྱལ་པོའི་དཀོར་མཛོད་ལྟ་བུ་བྱུང་ཡང་འཕེལ་བ་དང་མ་བྱུང་ཡང་འགྲིབ་པ་མེད་པར་འབྱུང་བ་ངོ་བོ་ཉིད་ཀྱི་རྟག་པ་ཡིན་ཏེ། འོ་ན་དེ་དངོས་པོའམ་མཚན་མ་རང་རྒྱུད་པ་གཅིག་ཏུ་གྲུབ་བམ་ཞེ་ན། དངོས་པོ་མེད་ལས༴ འབྱུང་ཞིང་འགྱུར། ཞེས་པས། དེ་ཉིད་དོན་དམ་པར་ངོ་བོ་ཉིད་གཅིག་ཏུ་མ་གྲུབ་པས་དངོས་པོར་གྲུབ་པ་མེད་པ་ལས་གདུལ་བྱའི་ངོ་ལ་ལྷ་དང་དཀྱིལ་འཁོར་དང་ཏིང་འཛིན་དང་དངོས་གྲུབ་ལ་སོགས་པ་དངོས་པོའི་སྤྲིན་སྣ་ཚོགས་པའི་རྣམ་པར་འབྱུང་ཞིང་ངོ་བོ་ཅིར་ཡང་འཆར་བ་དེ་ཉིད་རྣམ་པ་ཅིར་ཡང་འགྱུར་བའོ། །འདི་ནི་གནས་སྐབས་ལམ་འགྱུར་གྱི་འབྲས་བུ་ཡིན་ཏེ། ལམ་རིམ་གྱི་ལེའུ་བརྒྱད་པ་མཐར་ཕྱིན་པའི་ལམ་བསྟན་པ་དང་སྦྱར་རོ། །གཉིས་པ་གཞུང་གསུངས་པའི་ཡོན་ཏན་ནི། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཉིད་གཟིགས་མོས་མཉེས་པར་གྱུར་ཏོ། །ཞེས་པ་ནི། ཞེས་གཞུང་གི་དོན་དེ་དག་བརྗོད་པས་ལྷན་ཅིག་པའི་འཁོར་གྱི་དེ་བཞིན་གཤེགས་པ་ཉིད་ཏིང་ངེ་འཛིན་གྱི་མཐུ་ལས་དངོས་གྲུབ་སྣ་ཚོགས་སུ་སྣང་བ་ཐམས་ཅད་བདག་ཉིད་ཀྱི་ཕྱིར་མ་བལྟས་པར་གསལ་བ་ནི་གཟིགས་མོ་སྟེ། དབུལ་བྱ་དབུལ་བྱེད་གཉིས་སུ་མེད་པ་བདག་ཉིད་ཆེན་པོའི་མཆོད་པ་ཕུལ་བས་མཉེས་པར་གྱུར་ཏོ། །གསུམ་པ་ལེའུ་མཚན་བསྟན་པ་ནི། གསང་བའི༴ ལྔ་པའོ། །ཞེས་པས། གསང་བའི་ཞེས་རྟོགས་དཀའ་བ། སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉིད་གཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་མཚན་གྱི་གཞིར་གདའ། སྒྱུ་འཕྲུལ༴ ཏིང་ངེ་འཛིན་གྱི་ལེའུ་སྟེ་ལྔ་པའོ། །ཞེས་པས། ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་བསྒྲུབ་པའི་ཏིང་ངེ་འཛིན་གྱི་མཐུ་ལས་དངོས་གྲུབ་མ་ལུས་པ་འགྲུབ་པའི་གཞུང་གི་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་སྟེ་དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། ཡས་བགྲངས་ལྔ་པའི་དོན་དུ་གདའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་ལྔ་པའི་གཞུང་དོན་རྣམ་པར་བཤད་པའོ།། ༈ །།ད་ནི་ལེའུ་དྲུག་པ་འཆད་པར་བྱེད་པ་འདི་ལ། ཆོས་ཚོམས་ངོས་བཟུང་བའི་དབང་དུ་བྱས་ནས། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་དང་འབྲས་བུ་སྟོན། ལམ་ལ་ཐབས་ལམ་དང་གྲོལ་ལམ་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་གསུམ་ཀ་སྟོན། རིམ་ཅིག་ཅར་གཉིས་ལས་གཉིས་ཀ་སྟོན། སྣང་བ་བཞི་ལས་ལམ་དང་འབྲས་བུའི་སྣང་བ་སྟོན། འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་གཞུང་ཧྲིལ་པོས་སྐུའི་དཀྱིལ་འཁོར་སྟོན། བཅུ་ཡང་བརྒྱའི་བདག་ཉིད་དུ་བྱས་ནས་དཀྱིལ་འཁོར་གྱི་ཞོར་ལ་ལྟ་བ་ཟུར་ཙམ་སྟོན། སྤྱོད་པ་དང་ཕྱག་རྒྱ་དང་ཏིང་འཛིན་དང་ཕྲིན་ལས་ཀྱང་སྟོན་ནོ། །ཐ་མའི་ཆོས་ཚོམས་བཅུ་ལས་རང་བཞིན་ལྟ་བ་ཟུར་ཙམ། སྤྱི་དོན་བསྡུ་བ་མཚོན་པ་དཔེ། གཏར་ཁ་གེགས་སེལ། བསྣོལ་མཚམས་འཕེན་སྡུད་དང་གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པར་བྱེད་པའི་ལེའུ་དྲུག་པ་འདི་ལ་དོན་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ལེའུའི་གཞུང་བསྟན་པ་དང་། ལེའུའི་མཚན་བསྟན་པའོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་བསྟན་པ་ནི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༴ ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་ཐབས་གསུམ་མདོ་ཙམ་བསྟན་པ་ལ་དེ་ཐབས་གསུམ་རྒྱས་པར་སྟོན་པ་ཏིང་ངེ་འཛིན་གྱི་ཉམས་སུ་ལེན་པ་སྟོན་པས་ན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཐམས་ཅད་ཀྱིས་ཞེས་པས། དེ་བཞིན་གཤེགས་པ་ཐམས་ཅད་དང་ཆོས་ཐམས་ཅད་ཀྱི་རང་བཞིན་མ་འདྲེས་པ་ཡོངས་སུ་རྫོགས་པའི་ཕྱིར་གཅིག་དང་དུ་མའི་མཐའ་མེད་པའི་དོན་མངོན་དུ་བྱས་པའི་བདག་ཉིད་ཆེན་པོ་ཐམས་ཅད་ཀྱིས་ངོ་བོ་གཅིག་དང་དུ་མ་དང་བྲལ་བར་བཞུགས་སོ། །འཇིག་རྟེན་དྲུག་གི༴ འདི་བརྗོད་དོ། །ཞེས་པས། འཇིག་རྟེན་དྲུག་གམ་ཁམས་གསུམ་གྱི་ཕྱོགས་བཅུ་མ་ལུས་པ་ཐམས་ཅད་ལ་རིག་པ་རང་སྣང་བ་ཉིད་ཀྱི་ཆེ་བ་ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་བརྡལ་ཏེ་གསལ་བར་སྟོན་པའི་བདག་པོས་མངོན་དུ་བཞག་པ་ལས་དབྱུང་བ་སྟེ་གདུལ་བྱ་ལ་བསྟན་པར་བཞེད་ནས། འོག་ནས་འབྱུང་བའི་དོན་འདི་དག་འཁོར་རྣམས་ཀྱི་ཆེད་དུ་ཚིག་ཏུ་བརྗོད་པ་དང་འདྲ་བར་གསལ་བ་འདི་བརྗོད་དོ། །གཉིས་པ་ལེའུའི་གཞུང་ལ་གཉིས་ཏེ། གཞུང་རྒྱས་པར་བསྟན་པ་དང་། བསྡུས་ཏེ་བསྟན་པའོ། །དང་པོ་གཞུང་རྒྱས་པར་བསྟན་པ་ལ་སྤྱི་དོན་གསུམ་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། རང་བཞིན་སྐུའི་དཀྱིལ་འཁོར་བསྟན་པའོ། །དང་པོ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་ནི། ཡེ་ཤེས་ཕྱོགས༴ ཆེན་པོར་སྤྱོད། ཅེས་པ་དེ་གདའ་ཞིང་། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །ཞེས་པས། རང་རིག་པའི་ཡེ་ཤེས་ཉིད་ཕྱོགས་བཞི་དབུས་དང་ལྔར་བརྟགས་ན་དེ་ཡང་གསལ་ལ་མི་རྟོག་པ་མེ་ལོང་ལྟ་བུའི་ཡེ་ཤེས། བཟང་ངན་དང་ཆེ་ཆུང་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས། མ་འདྲེས་པ་སོ་སོར་རྟོག་པའི་ཡེ་ཤེས། ཡོངས་སུ་རྫོགས་པ་བྱ་བ་གྲུབ་པའི་ཡེ་ཤེས། མཐའ་ཐམས་ཅད་ལས་འདས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ལྟར་ཡེ་ཤེས་ལྔའི་དཀྱིལ་འཁོར་དེ་ཉིད་ཀྱི་ངོ་བོ་བློས་གཞལ་བ་ལས་འདས་པ་སྟེ་བསམ་ཡས་ཤིང་ལྷུན་གྱིས་གྲུབ་པ་ནི་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་སོ། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་པས། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཀྱི་དོན་དེ་རྟོགས་ཤིང་མངོན་དུ་བྱས་པའི་རྣལ་འབྱོར་པས་ཡོན་ཏན་ཀུན་འབྱུང་བ་ཡེ་ཤེས་ལྔའི་དཀྱིལ་འཁོར་ཆེན་པོར་སྤྱོད་ཅིག་པའམ་སྒོམས་ཤིག་ཅེས་གདམས་པའོ། །དེ་ནི་རིམ་གྱིས་པ་ལྟར་འགྲེལ་པས་བཤད་པ་ཡིན་ལ། ཅིག་ཅར་བ་ལྟར་གདམས་ངག་གིས་བཤད་ན། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཞེས་པས། རྣལ་འབྱོར་པ་གང་ཞིག་གིས་འཁོར་འདས་ཀྱི་ཆོས་ཐམས་ཅད་རྫོགས་པ་རང་བཞིན་གསང་བའི་སྙིང་པོ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་རྟོགས་པ་ནི་ལྟ་བ་ཡིན་ནོ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །ཞེས་པས། རྟོག་ཚོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་བསམ་པའི་ཡུལ་ལས་འདས་པ་ལ་བློ་མ་བཅོས་པར་ལྷུན་གྲུབ་ཏུ་གནས་པ་ནི་སྒོམ་པ་ཡིན་ནོ། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་པ་ནི། ལྟ་སྒོམ་ཟུང་དུ་འབྲེལ་བའི་སྒོ་ནས་སྣང་གྲགས་ཀྱི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་དཀྱིལ་འཁོར་ཆེན་པོར་ལོངས་སྤྱོད་པ་ནི་སྤྱོད་པ་ཡིན་ནོ། །ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །ཞེས་པས། དེ་ལྟར་སྤྱོད་པའི་འབྲས་བུ་ཡེ་ཤེས་ལྔར་རང་སྣང་བ་ནི་འབྲས་བུ་ཡིན་ནོ། །དེ་ལྟར་ལྟ་སྒོམ་སྤྱོད་འབྲས་བཞི་ཡང་དོན་ལ་དབྱེར་མི་ཕྱེད་བར་ཉམས་སུ་ལེན་པ་ནི་འབྲས་བུ་ལ་ལམ་དུ་བྱེད་པ་ཞེས་བྱ་སྟེ། གསང་སྔགས་མ་ཧཱ་ཡོ་གའི་ཁྱད་པར་གྱི་ཆོས་ཡིན་ནོ། །ཡང་འདི་ལ་འགྲེལ་ཆུང་པིན་ཏར་ཐ་ལྟར་ན། བརྟགས་ཏེ་ཞེས་པ་བཤད་པའི་གཞིར་བྱས་ན། གང་གིས་བརྟག་ན། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པ་དེས་བརྟག །གང་བརྟག་ན་དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ་པ་དེ་བརྟག །ཚུལ་ཇི་ལྟར་བརྟག་ན་ཡེ་ཤེས་ཕྱོགས་བཞི་དབུས་དང་ལྔའི་ཚུལ་དུ་བརྟག །དགོས་ཆེད་ཅིའི་ཕྱིར་བརྟག་ན། ཀུན་འབྱུང་དཀྱིལ་འཁོར་ཆེན་པོ་སྤྱོད་པའི་ཕྱིར་དུ་བརྟག་པའོ། །ཞེས་ཟུར་ཐམས་ཅད་མཁྱེན་པ་ཆོས་རྗེ་ཆེན་པོ་བྱམས་པ་སེང་གེ་ཉིད་གསུང་ངོ་། །སྤྱི་དོན་གཉིས་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་ལ་གསུམ་སྟེ། རྟེན་གཞལ་ཡས་ཁང་གི་དཀྱིལ་འཁོར་དང་། བརྟེན་པ་ལྷའི་དཀྱིལ་འཁོར་དང་། དཀྱིལ་འཁོར་གྱི་ཆེ་བ་བསྟན་པའོ། །དང་པོ་རྟེན་གཞལ་ཡས་ཁང་གི་དཀྱིལ་འཁོར་བསྟན་པ་ལ་གཉིས་ཏེ། གཞལ་ཡས་ཁང་ངོ་བོ་རྒྱན་དང་བཅས་པ་དང་། གདན་བསྟན་པའོ། །དང་པོ་གཞལ་ཡས་ཁང་ངོ་བོ་རྒྱན་དང་བཅས་པ་བསྟན་པ་ནི། འཁོར་ལོ་རྩིབས་བཞི༴ གཉིས་ཀྱིས་བརྒྱན། ཞེས་པ་དེར་གདའ་ཞིང་། དེ་ཡང་འདིར་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པའི་དབང་དུ་བྱས་ནས། ཐོག་མར་ཐོས་བསམ་གྱི་སྒོ་ནས་ལྟ་བ་སྤྱིའི་རྣམ་པ་རྟོགས་པར་བྱས་ནས་ཉམས་ལེན་དངོས་གཞིའི་དུས་སུ་ལེའུ་གཉིས་པ་ལས་འབྱུང་བ་བཞིན་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ཅིང་ལེའུ་བཞི་པ་ནས་བྱུང་བ་བཞིན་ཡི་གེ་ལ་སེམས་སྦྱངས་ནས་འབྱུང་བ་ལྔའི་ས་བོན་ལས་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་བསྐྱེད་པའི་སྟེང་དུ། ལེའུ་བདུན་པ་ནས་འབྱུང་བ་བཞིན་བྷྲུཾ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་བསྒོམ་པར་བྱ་སྟེ། དེ་ཡང་ཚུལ་ཇི་ལྟར་བསྒོམ་ན། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང་། །ཞེས་པས། དོན་ཡེ་ཤེས་ལྔ་མཚོན་པའི་རྟགས་སུ་འཁོར་ལོ་རྩིབས་བཞི་དབུས་ཀྱི་ལྟེ་བ་དང་ལྔ། དོན་ཆོས་ཉིད་མོས་པ་དང་བྲལ་བ་མཚོན་པའི་རྟགས་སུ་རྡོ་རྗེའི་ར་བ་མུ་ཁྱུད་ཟླུམ་པོ་དང་བཅས་པ། དོན་བདེན་པ་བཞི་མཚོན་པའི་རྟགས་གྲུ་ཆད་བཞིས་མཛེས་པར་བརྒྱན་པ། དོན་བདེན་པ་གཉིས་སུ་མེད་པ་མཚོན་པའི་རྟགས་སུ་བར་ཁྱམས་དང་ལྡན་པའོ། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །ཞེས་པས། དོན་ཆེ་བའི་ཡོན་ཏན་རྒྱས་པའི་རྟགས་སུ་གཞལ་ཡས་ཁང་གི་དབྱིབས་ཀུན་ཏུ་གྲུ་བཞིར་གྱུར་པ། དོན་རྣམ་པར་ཐར་པའི་བཞིའི་ཏིང་ངེ་འཛིན་ནས་འཇུག་པ་མཚོན་པའི་རྟགས་སུ་སྒོ་བཞི་འབུར་སྒོ་ཁྱུད་ཅན་དང་ལྡན་པ། རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །ཞེས་པས། གཞི་མ་ངེས་པ་ཐབས་ཀྱིས་སྣ་ཚོགས་སུ་དྲངས་ནས་ཚིམ་པར་བྱེད་པས་ན་རོལ་མོ་སྟེ་ལེའུ་དང་པོར་བཤད་པ་བཞིན་གཟུགས་ཀྱི་ལྷ་མོ་ལ་སོགས་པ་སྣ་ཚོགས་པ་སྤྲིན་གྱི་ཕུང་པོ་གཏིབས་པ་བཞིན་དུ། རང་བཞིན་གྲུབ་པའི་དབང་དུ་ཕྱོགས་བཅུ་ནས་འཁྲིགས་ནས་མཆོད་པ་འབུལ་བ་སྟེ། འོད་རིམ་ལས། ཐ་མའི་འདབས་མས་ཀུན་གཡོགས་པར། །ཡེ་ཤེས་རྩིག་སྟེང་སེང་མགོས་གཏམས། །མི་འཇིགས་ཁ་ན་མུ་ཏིག་ཧར། །ཕ་གུ་མཛེས་པའི་བད་དང་ལྡན། །དྲྭ་བ་དྲྭ་ཕྱེད་འཁོར་ལོ་ལྡན། །གཟུགས་སོགས་ལྷ་མོ་འཁྲིགས་པ་སྟེ། །སྣ་ཚོགས་མཆོད་བྱེད་རོལ་མོ་ཡིས། །བར་སྣང་ཁམས་ཀུན་སྤྲིན་ཕུང་བཞིན། །ཞེས་པས་མངོན་ནོ། །རྣལ་འབྱོར་པ་བསྒོམ་བའི་དབང་དུ་པཉྩ་རེ་ཁའི་ཕྱི། འདོད་ཡོན་དམར་པོའི་སྟེང་། སྟེང་གི་བྱ་འདབས་ཀྱི་འོག །ཀ་ཐུང་བཅུ་དྲུག་གི་ཕྲག །དྲྭ་བ་དྲྭ་ཕྱེད་ཀྱི་གསེབ་ནས་སྤྲིན་ཕུང་བཞིན་དུ་མཆོད་པ་འབུལ་བའོ། །དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །ཞེས་པས། དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ནི་རང་བཞིན་གྲུབ་པའི་དབང་དུ་ལྷ་རྣམས་གྲུབ་ཙ་ན་གཞལ་ཡས་ཁང་གདན་དང་བཅས་པ་ཡང་གྲུབ་ལ། རྣལ་འབྱོར་པ་བསྒོམ་པའི་དབང་དུ་གདན་བཞི་བཅུ་རྩ་གཉིས་ན་ལྷའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཀྱི་ཆ་བྱད་ཅན་འོད་ཟེར་དང་སྤྲུལ་པའི་འཕྲོ་འདུ་ཅན་གྱིས་མཛེས་པར་བརྒྱན་པའོ། །གཉིས་པ་གདན་བསྟན་པ་ནི། སེང་གེ་གླང་ཆེན༴ རིན་པོ་ཆེ། ཞེས་པས། རྒྱལ་བའི་ཐུགས་ལ་མི་འཇིགས་པ་བཞི་ལྷུན་གྱིས་གྲུབ་པའི་རྟགས་སུ་གཞལ་ཡས་ཁང་གི་དབུས་ཕྱོགས་འཁོར་ལོའི་ལྟེ་བ་ལ་སེང་གེ་བརྒྱད་ཀྱི་ཁྲི་དང་། རྒྱལ་བའི་སྐུ་ལ་སྟོབས་བཅུ་ལྷུན་གྱིས་གྲུབ་པའི་རྟགས་སུ་ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན་གླང་པོ་ཆེ་བརྒྱད་ཀྱི་ཁྲི་དང་། རྒྱལ་བའི་ཡོན་ཏན་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་ལྷུན་གྱིས་གྲུབ་པའི་རྟགས་སུ་ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན་རྟ་མཆོག་བརྒྱད་ཀྱི་ཁྲི་དང་། རྒྱལ་བའི་གསུང་ལ་དབང་བཅུ་ལྷུན་གྱིས་གྲུབ་པའི་རྟགས་སུ་ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན་ཁྱུང་བརྒྱད་ཀྱི་ཁྲི་དང་། རྒྱལ་བའི་ཕྲིན་ལས་ལ་ལས་བཞི་ཐོགས་པ་མེད་པའི་རྟགས་སུ་བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན་ནམ་མཁའ་ལྡིང་བརྒྱད་ཀྱི་ཁྲི་དང་། དེ་དག་གི་ཚུལ་ནི་སེམས་ཅན་དེ་དག་རེ་རེའང་ཁ་ཕྱིར་བལྟས་མཇུག་མ་ནང་དུ་བསྣོལ་བ་ཕྱོགས་བཞིར་གཉིས་གཉིས་ཏེ་བརྒྱད་བརྒྱད་ཀྱིས་རིིན་པོ་ཆེའི་ཁྲི་ཆེན་པོ་འདེགས་པའི་ཚུལ་དུ་ཡོད་པ་ལ། དེའི་སྟེང་ན་ཤེས་རབ་རང་བཞིན་མེད་པའི་རྟགས་སུ་ཉི་མའི་དཀྱིལ་འཁོར་གྱི་གདན་དང་། ཐབས་སྣང་ལ་འགག་པ་མེད་པའི་རྟགས་སུ་ཟླ་བའི་དཀྱིལ་འཁོར་གྱི་གདན་དང་། གང་ལྟར་སྤྱད་ཀྱང་ཉེས་པའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་པདྨའི་གདན་དང་། དགོས་འདོད་ལྷུན་གྱིས་གྲུབ་པའི་རྟགས་སུ་ཉི་ཟླ་པདྨའི་གདན་དེ་དག་ཀྱང་རིན་པོ་ཆེའི་ཁྲི་རྐང་གིས་བཏེག་ནས་གནས་པའོ། །དེ་ལྟར་ལྷ་སོ་སོའི་གནས་སུ་གདན་མཐོ་དམན་གྱི་རིམ་པ་ནི། ལེའུ་དང་པོར་བཤད་པ་བཞིན་རིགས་ལྔ་ལ་ལྔ་བརྩེགས། ཀུན་བཟང་ཡབ་ཡུམ་ལ་བཞི་བརྩེགས། སེམས་དཔའ་ལ་གསུམ་བརྩེགས། སྒོ་བ་ལ་ཉི་མ་རྐྱང་པ། ཐུབ་པ་ལ་པདྨ་རྐྱང་པ་རེ་བསྒོམ་པར་བྱའོ། །གཉིས་པ་བརྟེན་པ་ལྷའི་དཀྱིལ་འཁོར་བསྒོམ་པ་ལ་གསུམ་སྟེ། བཞུགས་ཚུལ་བཞུགས་གནས་དང་བཅས་པ་བསྟན་པ་དང་། ཐུགས་ཕྱག་མཚན་བསྟན་པ་དང་། སྐུ་མདོག་ཚུལ་དང་བཅས་པ་བསྟན་པའོ། །དང་པོ་བཞུགས་ཚུལ་བཞུགས་གནས་དང་བཅས་པ་བསྟན་པ་ནི། གདན་ལ་རྫོགས་དང༴ བཙུན་མོའི་ཚོགས་དང་ལྷན་ཅིག་གནས། །ཞེས་པ་དེར་གདའ་ཞིང་། གདན་ལ་རྫོགས་དང་ཞེས་པས། གདན་དེ་དག་ལ་རིགས་ཀྱི་ཡབ་ལྔ་ནི་བདག་གཞན་གྱི་མཛད་པ་ཡོངས་སུ་རྫོགས་པའི་རྟགས་སུ་མཉམ་པའི་སྐྱིལ་མོ་ཀྲུང་དང་། རིགས་ཀྱི་ཡུམ་ལྔ་ནི་རང་དོན་གྱི་མཛད་པ་བརྟུལ་ནས་གཞན་དོན་གྱི་མཛད་པ་ལ་ཞུགས་པའི་རྟགས་སུ་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་ཡབ་ལ་འཁྱུད་པ་དང་། སེམས་དཔའི་ཚུལ། ཞེས་པས། སེམས་དཔའ་ཡབ་ཡུམ་རྣམས་ནི་བདག་དོན་གྱི་མཛད་པ་རྫོགས་ཀྱང་གཞན་དོན་གྱི་མཛད་པ་ཡོངས་སུ་མ་རྫོགས་པས་རྟ་འབབ་པའི་ཚུལ་ཏེ་ཕྱེད་སྐྱིལ་ལ་སེམས་མ་རྣམས་ཀྱིས་གཡོན་ངོས་ནས་འཁྱུད་པའོ། །སྒོ་བ་ཡབ་ཡུམ་ནི་གདུག་པ་ཅན་འདུལ་བའི་ཕྱིར་གྱད་ཀྱི་དོར་སྟབས་ཀྱིས་ཞལ་ཕྱིར་བསྟན་ལ་བཞུགས་པའོ། །ཀུན་བཟང་ཡབ་ཡུམ་ནི་མཛད་པ་རྫོགས་པའི་ཕྱིར་ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་ཡུམ་པདྨའི་སྐྱིལ་ཀྲུང་ངོ་། །ཐུབ་དྲུག་འགྲོ་བའི་དོན་ལ་གཤེགས་པའི་ཕྱིར་བཞེངས་པའི་ཚུལ་དུ་བཞུགས་པའོ། །འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། །ཞེས་པས། འཁོར་ལོ་རྩིབས་བཞི་དབུས་ཀྱི་ལྟེ་བ་དང་ལྔ་ལ་རིགས་ཀྱི་རྒྱལ་པོ་རྒྱལ་བ་ཡབ་ལྔ་དང་རྒྱལ་མོ་རྒྱལ་བ་ཡུམ་ལྔ་གཉིས་སུ་མེད་པར་བཞུགས་པ་དང་། གཡས་ནས་མཐོང་ཐོས་སྣོམ་པ་དང་། །མྱོང་དང་བཙུན་མོའི་ཚོགས་སུ་བཅས། །ཞེས་པས། གཙོ་བོ་ཞལ་ཤར་དུ་གཟིགས་པའི་དབང་དུ་བྱས་ནས། གཡས་ཕྱོགས་ནས་རིམ་གྱི་རྩིབས་མཆན་བཞི་ལ་ནང་སེམས་ཡབ་ཡུམ་བརྒྱད་གནས་ཏེ། དེ་ཡང་ཤར་ལྷོའི་རྩིབས་མཆན་ལ་མཐོང་བ་སའི་སྙིང་པོ་དང་ཐོས་པ་ཕྱག་ན་རྡོ་རྗེ། ལྷོ་ནུབ་ཀྱི་རྩིབས་མཆན་ལ་འོང་བར་རིགས་ཀྱང་། སྤར་ཁབ་ལས། རིམ་པ་ནི་ཡི་གེའི་དབང་དུ་གསུངས་པ་སྟེ། གྲལ་ནི་ལུགས་སུ་མཐུན་པ་ཁོ་ནའོ། །ཞེས་གསུངས པས་གཡོན་བྱང་ཤར་གྱི་རྩིབས་མཆན་ལ་ཐོས་པ་ཕྱག་ན་རྡོ་རྗེ་དང་། རྒྱབ་ཕྱོགས་ཀྱི་གཡས་ལྷོ་ནུབ་ཀྱི་རྩིབས་མཆན་ལ་སྣོམ་པ་ནམ་མཁའི་སྙིང་པོ་དང་། གཡོན་ཕྱོགས་ནུབ་བྱང་གི་རྩིབས་མཆན་ལ་མྱོང་བ་སྤྱན་རས་གཟིགས་དབང་ཕྱུག་དང་། དེ་ལྟར་སེམས་དཔའ་ཡབ་བཞི་པོ་རྣམས་ཀྱང་བཙུན་མོ་ལཱ་སྱེ། ནཱིརྟི། མཱ་ལེ། གཱིརྟི་མའི་ཚོགས་སུ་བཅས་ཏེ་གནས་སོ། །གྲུ་ཆད་ལ་ནི༴ ལྡན་པར་གནས། ཞེས་པས། གྲུ་ཆད་བཞི་ལ་ཕྱི་སེམས་ཡབ་ཡུམ་བརྒྱད་གནས་ཏེ། དེ་ཡང་ཤར་ལྷོའི་གྲུ་ཆད་ལ་མཐོང་བྱེད་བྱམས་པ་དང་། ལྷོ་ནུབ་ཀྱི་གྲུ་ཆད་ལ་ཐོས་བྱེད་སྒྲིབ་པ་སེལ་བ་དང་། ནུབ་བྱང་གི་གྲུ་ཆད་ལ་སྣོམ་བྱེད་ཀུན་ཏུ་བཟང་པོ་དང་། བྱང་ཤར་གྱི་གྲུ་ཆད་ལ་མྱོང་བྱེད་འཇམ་དཔལ་གཞོན་ནུ་རྣམས་བཙུན་མོ་དྷཱུ་པེ། པུཥྤེ། ཨཱ་ལོ་ཀེ། གནྡྷེའི་ཚོགས་དང་ལྡན་པར་གནས་སོ། །བར་ཁྱམས་ལ་ནི་ཐུབ་དྲུག་དང་། །ཞེས་པས། བར་ཁྱམས་ལ་ནི་ཐུབ་པ་ཆེན་པོ་དྲུག་གནས་པ་ཡིན་ཏེ། དེ་ཡང་འོད་རིམ་ལས། ཤར་ལྷོ་ལྷ་ལ་ལྷོ་ཕྱོགས་མི། །ལྷོ་ནུབ་ནུབ་བྱང་ཡི་དྭགས་བྱོལ། །བྱང་དང་བྱང་ཤར་ལྷ་མིན་དམྱལ། །ཞེས་པའི་འགོད་རིམ་བཞིན་བར་ཁྱམས་ཀྱི་ཤར་ལྷོ་ལ་ལྷའི་ཐུབ་པ། ལྷོ་ཕྱོགས་སུ་མིའི་ཐུབ་པ། ལྷོ་ནུབ་ཏུ་ཡི་དྭགས་ཀྱི་ཐུབ་པ། ནུབ་བྱང་དུ་བྱོལ་སོང་གི་ཐུབ་པ། བྱང་དུ་ལྷ་མ་ཡིན་གྱི་ཐུབ་པ། བྱང་ཤར་དུ་དམྱལ་བའི་ཐུབ་པ་དང་དྲུག་གནས་སོ། །མདུན་དང་རྒྱབ་ཏུ༴ གནས་པར་བསྟན། ཞེས་པས། གཙོ་བོ་ཞལ་ཤར་དུ་གཟིགས་པའི་མདུན་ཏེ་ཤར་དང་རྒྱབ་སྟེ་ནུབ་ཏུ་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་། ཆོས་བྱ་བ་མོ་ཀུན་ཏུ་བཟང་པོ་དག་ནི་དཀྱིལ་འཁོར་ལ་འགོད་པའི་སྐབས་སུ་བར་ཁྱམས་ལ་གནས་པར་བསྟན་ནོ། །སྒོ་ཁྱུད་བཞི་ལ་འཇོམས་པ་ནི། །བཙུན་མོའི་ཚོགས་དང་ལྡན་པར་གནས། །ཞེས་པས། སྒོ་ཁྱུད་བཞི་ལ་གདུག་པ་ཅན་འཇོམས་པའི་ཁྲོ་བོ་ཆེན་པོ་བཞི་གནས་ཏེ། དེ་ཡང་ཤར་དུ་གཤིན་རྗེ་གཤེད་པོ་ལྷོར་སྟོབས་པོ་ཆེ་ནུབ་ཏུ་རྟ་མགྲིན་བྱང་དུ་བདུད་རྩི་འཁྱིལ་བ་རྣམས་ནི། བཙུན་མོ་ལྕགས་ཀྱུ་མ་ཞགས་པ་མ་ལྕགས་སྒྲོག་མ་དྲིལ་བུ་མ་དང་བཞིའི་ཚོགས་དང་ལྡན་པར་སྒོ་ཁྱུད་བཞི་ལ་གནས་སོ། །འོ་ན་འདིར་ཞི་བའི་དཀྱིལ་འཁོར་གྱི་སྐབས་སུ་ཁྲོ་བོ་འོང་བར་མི་རིགས་སོ་ཞེ་ན། གཙོ་བོའམ་གཙོ་ཆེ་བའི་ངོས་ནས་ཞི་བའི་དཀྱིལ་འཁོར་ཡིན་ཀྱང་སྒོ་སྐྱོང་ཁྲོ་བོར་བྱུང་བ་ལ་འགལ་བ་མེད་དོ། །ཡང་ཁ་ཅིག་ན་རེ། སྟོན་པ་ཀུན་ཏུ་བཟང་པོ་རྒྱུད་ཀྱི་བདག་པོ་ཡིན་པ་ལ་ཁྱམས་ལ་བཏོན་ནས་རྡོ་རྗེ་སེམས་དཔའ་འཁོར་གྱི་གཙོ་བོ་དབུས་ཀྱི་ལྟེ་བ་ལ་བཀོད་ན་དཀྱིལ་འཁོར་ལོག་པའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། རྒྱལ་བ་དྲུག་པའི་ཐུགས་རང་རིག་པ་ཉིད་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་རང་སྣང་བའི་ཕྱིར། གཙོ་འཁོར་ལ་བཟང་ངན་དང་ཆེ་ཆུང་མེད་ཀྱང་གོ་ཕྱེ་བའི་འཁོར་གྱི་དོན་དུ་ལམ་སྟེགས་ཀྱི་སྟོན་པ་ཐུབ་དྲུག་ཐུགས་ལས་སྤྲུལ་པའི་ཕྱིར། ཁྱམས་སུ་བཀོད་ཀྱང་གཙོ་འཁོར་ལོག་པར་མི་འགྱུར་ཏེ། རྟོག་པའི་དབང་དུ་ཀུན་གྱི་བྱེད་པ་པོ་ཡིད་ཡིན་པའི་ཕྱིར་རོ། །དེ་ཡང་རྒྱ་མཚོ་ལས། དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བའི་སེམས་སོགས་དང་། །ཞེས་པས་མངོན་ནོ། །རྗེ་དྲིངས་པའི་བཞེད་ཀྱིས་གཙོ་བོ་ལ་གཉིས་ཡིན་ཏེ། དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སེམས་དཔའ་ཡིན་པར། རྒྱས་པ་ལས། རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་བཞི་ལྷ་དང་ལྷ་མོ་འཁོར། །ཞེས་གསུངས་ལ། ཆོས་འཆད་པའི་གཙོ་བོ་ཀུན་ཏུ་བཟང་པོ་ཡིན་ཏེ། རྒྱ་མཚོ་ལས། འཁོར་ལོ་འབར་བའི་ལྟེ་བ་ལ། །བདག་པོ་ཀུན་བཟང་འཁོར་ལོ་བསྐོར། །བཀའ་སྡོད་སྐྱེས་བུ་མདུན་ན་གནས། །ཞེས་གསུངས་པས། དཔེར་ན་གནས་གཞིའི་གནས་བརྟན་དང་ཆོས་གྲྭའི་སྟོན་པ་ལྟ་བུ་ཡིན་གསུང་ངོ་། །གཉིས་པ་ཐུགས་ཕྱག་མཚན་བསྟན་པ་ནི། རྡོ་རྗེ་འཁོར་ལོ༴ ཡོ་བྱད་འཛིན། ཞེས་པ་དེར་གདའ་ཞིང་། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་དྲིལ་བུ་འབར། །ཞེས་པས། འདིར་སྒྱུ་འཕྲུལ་འབྲིང་པོའམ་བསྡུས་པ་ལྟར་ལྷ་རྣམས་ཞལ་གཅིག་ཕྱག་གཉིས་པའི་དབང་དུ་བྱས་ན། རྡོ་རྗེ་སེམས་དཔའི་ཕྱག་གཡས་ན་ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ་བསྣམས། རྣམ་པར་སྣང་མཛད་ཀྱིས་འཁོར་ལོ་རྩིབས་བཞི་པ། རིན་ཅེན་འབྱུང་ལྡན་གྱིས་རིན་པོ་ཆེ་འོད་འབར་བ། སྣང་བ་མཐའ་ཡས་ཀྱིས་པདྨ། དོན་ཡོད་གྲུབ་པས་རལ་གྲི་བསྣམས་ཏེ་རིགས་ཀྱི་ཡབ་ལྔ་པོ་དེ་དག་གི་ཕྱག་གཡས་པས་རང་རྟགས་ཀྱི་ཕྱག་མཚན་དེ་རྣམས་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་ལྔ་ཀའང་གཡས་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡོན་པས་དྲིལ་བུ་ཐུགས་ཀར་འཛིན་པ། ཕྱག་མཚན་དེ་དག་ཐམས་ཅད་ཀྱང་འོད་ཟེར་འབར་བ་དང་བཅས་པའོ། །སྒྱུ་འཕྲུལ་རྒྱས་པ་ལྟར་ཞལ་གསུམ་ཕྱག་དྲུག་པའི་དབང་དུ་། སྒྱུ་འཕྲུལ་རྡོ་རྗེ་ལས། རྡོ་རྗེ་འཁོར་ལོ་རལ་གྲི་འབར། །དྲིལ་བུ་པདྨ་རིན་པོ་ཆེ། །རྡོ་རྗེ་འཛིན་པའི་རིམ་པའོ། །གཞན་གང་གནས་སུ་རྡོ་རྗེ་ཤེས། །དང་པོ་ཐུགས་དང་གཡོན་འཁྱུད་པའོ། །ཞེས་གསུངས་པ་ལྟར་རོ། །སེམས་དཔའ་སེམས་མའི་ཕྱག་མཚན་ནི། ཨུཏྤལ་ཀླུ་ཤིང་ལ་སོགས་མཚན། །ཞེས་པས། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་ཕྱག་ན་ཨུཏྤལ་བསྣམས་ཤིང་བྱམས་པའི་ཕྱག་ན་ཀླུ་ཤིང་བསྣམས་པ་ལ་སོགས་པའི་སོགས་ཁོང་ནས་ཕྱག་མཚན་གཞན་རྣམས་ཀྱང་འབྱུང་སྟེ། ས་སྙིང་རིན་པོ་ཆེའི་མྱུ་གུ། ནམ་སྙིང་རལ་གྲི། སྤྱན་རས་གཟིགས་དབང་པདྨ། ཕྱག་ན་རྡོ་རྗེ་རྡོ་རྗེ། སྒྲིབ་སེལ་ཆོས་ཀྱི་འཁོར་ལོ། ཀུན་བཟང་རིན་པོ་ཆེའི་སྙེ་མ་བསྣམས་པའོ། །མཛེས་ཚུལ་མཉེས་པའི་ཡོ་བྱད་འཛིན། །ཞེས་པས། ནང་གི་སེམས་མ་བཞི་ནི་མཛེས་པའི་ཚུལ་གྱིས་ཕྱག་མཚན་འཛིན་པ་སྟེ། ལཱ་སྱེ་མའི་ཕྱག་ན་གཟུགས་མཛེས་པའི་ཚུལ་གྱིས་མེ་ལོང་བསྣམས་པ་དང་། མཱ་ལེ་མ་རིན་པོ་ཆེའི་ཕྲེང་བ། གཱིརྟི་མ་པི་ཝང་། ནཱིརྟི་མ་ཕྱག་རྒྱ་གར་བསྒྱུར་བ་ཅན་ནོ། །ཕྱིའི་སེམས་མ་བཞི་ནི་མཉེས་པའི་ཡོ་བྱད་འཛིན་པ་སྟེ་དྷཱུ་པེ་མས་སྤོས་ཁང་། པུཥྤེ་མས་མེ་ཏོག །ཨཱ་ལོ་ཀེས་མར་མེ། གནྡྷེ་མས་དྲིའི་དུང་ཆོས་བསྣམས་པའོ། །གཞན་ཡང་འཇོམས་པ་ཁྲོ་བོ་བཞིའི་ཕྱག་མཚན་ནི། གཤིན་རྗེའི་གཤེད་ནྲི་མགོ་ཁ་གདེངས། སྟོབས་པོ་ཆེ་རྡོ་རྗེ་རྩེ་ལྔ་པ། རྟ་མགྲིན་ཐོད་པ་སྦྲུལ་གྱིས་དཀྲིས་པ། བདུད་རྩི་འཁྱིལ་པ་སྣ་ཚོགས་རྡོ་རྗེའོ། །ཁྲོ་མོ་ཡུམ་རྣམས་ནི་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུའོ། །ཀུན་ཏུ་བཟང་པོ་ནི་ཕྱག་གཡས་པས་སྟེང་དུ་བྱས་པའི་མཉམ་གཞག་ལ་ཀུན་ཏུ་བཟང་མོ་ནི་གཡོན་སྟེང་དུ་བྱས་པའི་མཉམ་གཞག་གམ་ཡང་ན་རྡོ་རྗེ་ཐལ་མོ་ཐུགས་ཀར་སྦྱར་བའོ། །ཐུབ་པ་དྲུག་གི་ཕྱག་མཚན་ནི་ལྷའི་ཐུབ་པ་པི་ཝང་། ལྷ་མ་ཡིན་གྱི་ཐུབ་པ་གོ་མཚོན། མིའི་ཐུབ་པ་གསེག་པར། བྱོལ་སོང་གི་ཐུབ་པ་པོ་ཏི། ཡི་དྭགས་ཀྱི་ཐུབ་པ་རིན་པོ་ཆེའི་སྒྲོམ་བུ། དམྱལ་བའི་ཐུབ་པ་མེ་ཆུ་བསྣམས་པའོ། །གསུམ་པ་སྐུ་མདོག་ཚུལ་དང་བཅས་པ་བསྟན་པ་ནི། མཐིང་ཁ་དཀར་པོ༴ འབར་བའི་ཕྲེང་བ་འཁྱིལ་པ་སྟེ། །ཞེས་པ་དེར་གདའ་ཞིང་། མཐིང་ཁ་དཀར་པོ་སེར་ལེ་བརྒན། །ལྗང་ཁུ་ལ་སོགས་སྣ་ཚོགས་པའི། །ཞེས་པས། ཆོས་ཉིད་མི་འགྱུར་བ་མཚོན་པའི་རྟགས་སུ་སྐུ་མདོག་མཐིང་ཁའི་རིགས་བདུན་ནི། མི་བསྐྱོད་པ་ཡབ་ཡུམ། ཀུན་བཟང་ཡབ་ཡུམ། ཕྱག་ན་རྡོ་རྗེ་ཡབ་ཡུམ། ལྷ་མ་ཡིན་གྱི་ཐུབ་པ་རྣམས་སོ། །ཉེས་པའི་སྐྱོན་གྱིས་མ་གོས་པ་མཚོན་པའི་རྟགས་སུ་སྐུ་མདོག་དཀར་པོའི་རིགས་ལྔ་ནི། རྣམ་སྣང་ཡབ་ཡུམ། ས་སྙིང་ཡབ་ཡུམ། ལྷའི་ཐུབ་པའོ། །ཆེ་བའི་ཡོན་ཏན་རྒྱས་པ་མཚོན་པའི་རྟགས་སུ་སྐུ་མདོག་སེར་པོའི་རིགས་ལྔ་ནི། རིན་ཅེན་འབྱུང་ལྡན་ཡབ་ཡུམ། ནམ་མཁའི་སྙིང་པོ་ཡབ་ཡུམ། མིའི་ཐུབ་པའོ། །གདུལ་བྱའི་དོན་ལ་ཆགས་པ་མཚོན་པའི་རྟགས་སུ་སྐུ་མདོག་ལེ་བརྒན་དམར་པོའི་རིགས་བཞི་ནི། སྣང་བ་མཐའ་ཡས་ཡབ་ཡུམ། སྤྱན་རས་གཟིགས་ཡབ་ཡུམ་མོ། །ཕྲིན་ལས་སྣ་ཚོགས་པ་མཚོན་པའི་རྟགས་སུ་སྐུ་མདོག་ལྗང་ཁུའི་རིགས་གཉིས་ནི་དོན་ཡོད་གྲུབ་པ་ཡབ་ཡུམ་མོ། །ལ་སོགས་པའི་སོགས་ཁོང་ནས་སྣ་ཚོགས་འདྲེས་པའི་སྐུ་མདོག་བཅུ་དགུ་སྟོན་ཏེ། བྱམས་པ་ཡབ་ཡུམ་དཀར་སེར། སྒྲིབ་སེལ་ཡབ་ཡུམ་དམར་སེར། ཀུན་བཟང་ཡབ་ཡུམ་དམར་ལྗང་། འཇམ་དཔལ་ཡབ་ཡུམ་དཀར་ལྗང་། གཤིན་རྗེའི་གཤེད་ཡབ་ཡུམ་སྨུག་ནག །སྟོབས་པོ་ཆེ་ཡབ་ཡུམ་སེར་ནག །རྟ་མགྲིན་ཡབ་ཡུམ་དམར་ནག །བདུད་རྩི་འཁྱིལ་པ་ཡབ་ཡུམ་ལྗང་ནག །བྱོལ་སོང་གི་ཐུབ་པ་དམར་ནག །ཡི་དྭགས་ཀྱི་ཐུབ་པ་སེར་ནག །དམྱལ་བའི་ཐུབ་པ་དུད་ཁའོ། །དེ་ལྟར་རིགས་འདྲེས་པའི་སྐུ་མདོག་ཐམས་ཅད་ཀྱང་རེ་རེའང་རང་བཞིན་གྱི་སྐུ་མདོག་བཞི་བཞི་དང་ལྡན་པ་སྟེ། ཟླ་བ་ལྟར་གསལ་བ། ཉི་མ་ལྟར་འཚེར་བ། མེ་ཏོག་ཀུ་མུ་ཏའི་མདོག་ལྟར་སྣུམ་ལ་འདྲིལ་བ། དུང་ལྟར་ཉེས་པའི་སྐྱོན་གྱིས་མ་གོས་པའོ། །དེ་ལྟ་བུའི་ལྷ་ཚོགས་ཐམས་ཅད་ཀྱང་ཞི་བའི་ཚུལ་དགུ་དང་ལྡན་པ་སྟེ། མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྟུག་གཟི་བྱིན་ལྡན། །ཞེས་པས། ང་རྒྱལ་མ་སྤངས་གནས་སུ་དག་པའི་རྟགས་སུ་ཡན་ལག་གསེར་ཞུན་མ་ལྟར་མཉེན་པ། ཞེ་སྡང་མ་སྤངས་གནས་སུ་དག་པའི་རྟགས་སུ་ཕྱག་སོར་སྦྲུལ་ལྟར་དུ་ལྕུག་པ། འདོད་ཆགས་མ་སྤངས་གནས་སུ་དག་པའི་རྟགས་སུ་ཐབས་ཤེས་རབ་གཡུ་ལྗང་ལྟར་འཁྲིལ་བ། ཕྲག་དོག་མ་སྤངས་གནས་སུ་དག་པའི་རྟགས་སུ་སྐེད་ཐང་ཤིང་ལྟར་དུ་དྲང་ཞིང་ལྡེམ་པ། གཏི་མུག་མ་སྤངས་གནས་སུ་དག་པའི་རྟགས་སུ་སྐུ་བྱིས་པ་ལོ་བརྒྱད་པ་ལྟར་གཞོན་པའི་ཚུལ་ཅན། ཐུགས་ལ་མ་རིག་པ་མེད་པའི་རྟགས་སུ་ཟླ་བ་ལྟར་གསལ་བ། ཡེ་ཤེས་ཆེན་པོ་རྒྱས་པའི་རྟགས་སུ་ཉི་མ་ལྟར་འཚེར་བ། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའི་རྟགས་སུ་རིའི་རྒྱལ་པོ་ལྟར་ལྷུན་སྟུག་པ། ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས་སུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་གཟི་བྱིན་ལྡན་པའོ། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །ཞེས་པས། ལྷ་ཚོགས་དེ་དག་གི་བ་སྤུའི་བུ་ག་རེ་རེ་ནས་ཀྱང་གསལ་ལ་རྣོ་བའི་འོད་ཟེར་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། སྔོན་པོ་དང་། བཙོད་ཁ་དང་། ཤེལ་དང་དངུལ་གྱི་ཁ་དོག་ལྟ་བུ་དང་དྲུག་པོ་དེ་རེ་རེ་ཡང་། བྱེ་བ་ཕྲག་དྲུག་ཅུ་དྲུག་ཅུ་ཕྱོགས་བཅུར་འཕྲོ་བའི་སྣང་བས་ཁྱབ་པར་བྱེད་པ་ནི་ཚོགས་ཆེན་པོ་ཞེས་བྱའོ། །འབར་བའི་འཕྲེང་བས་འཁྱིལ་བ་སྟེ། །ཞེས་པས། ཁྱད་པར་དུ་ཁྲོ་བོ་རྣམས་ནི་མེ་དཔུང་འབར་བའི་ཕྲེང་བ་རྡོ་རྗེ་རྩེ་ལྔ་པའི་རྣམ་པས་འཁྲིགས་པའོ། །འཁྱིལ་བའི་ཚུལ་ཅན་ཏེ་ཞེས་པའམ། ཡང་ན་ཚུལ་དགུ་དང་ལྡན་པ་ཞི་བའི་ལྷ་རྣམས་འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ་ཅན། གར་དགུ་དང་ལྡན་པའི་ཁྲོ་བོ་ཁྲོ་མོ་རྣམས་མེ་དཔུང་འབར་བའི་ཕྲེང་བས་འཁྲིགས་པ་ཅན་ཞེས་ཀྱང་བྱའོ། །གསུམ་པ་དཀྱིལ་འཁོར་གྱི་ཆེ་བ་བསྟན་པ་ནི། མཐའ་དབུས་མེད་པར་ཁྱབ་པ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་པ་ནི། ཆོས་ཀྱི་དབྱིངས་ལ་མཐའ་དབུས་མེད་པར་རང་རིག་པའི་ཡེ་ཤེས་ཀྱིས་ཁྱབ་པའི་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ལ་ཡོན་ཏན་བསམ་ཡས་པ་དེ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་ལྷུན་གྱིས་གྲུབ་པར་བསྒོམ་པའོ་ཞེས་པའམ། ཡང་ན་ཆོས་ཀྱི་དབྱིངས་མཐའ་དབུས་མེད་པར་ཡེ་ཤེས་ཀྱིས་ཁྱབ་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི་ཡོན་ཏན་བསམ་ཡས་པ་དེ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམས་པའི་མཐུས་རང་བཞིན་འབྲས་བུ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འགྲུབ་པར་འགྱུར་རོ། །སྤྱི་དོན་གསུམ་པར་རང་བཞིན་སྐུའི་དཀྱིལ་འཁོར་ལ་བཞི་སྟེ། །སྐུའི་མཚན་ཉིད་དང་། སྐུའི་ཕྲིན་ལས་དང་། སྐུའི་གྲུབ་ཚུལ་དང་། སྐུའི་དཀྱིལ་འཁོར་འཁོར་དབྱུང་བའི་བྱིན་གྱིས་རླབས་སོ། །དང་པོ་སྐུའི་མཚན་ཉིད་བསྟན་པ་ནི། སྐུ་ཡི་ཕྱག་རྒྱ༴ ལས་འཕྲོའི་དབང་གིས་སོ་སོར་སྣང་། །ཞེས་པ་དེར་གདའ་ཞིང་། འདི་ལ་སྤྱིར་གྱི་སྐུ་ཞེས་པ་ནི་རྟེན་བྱེད་པ་ཞིག་ཡིན་ལ། སྐབས་འདིར་འབྲས་བུའི་ཆོས་སམ་ཡོན་ཏན་གྱི་རྟེན་བྱེད་པའི་ངོས་ནས་སྐུ་ཞེས་བྱ་སྟེ། སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི། །ཞེས་པས། ཡང་དག་པར་རྫོགས་པའི་སངས་རྒྱས་ཟུང་འཇུག་གི་སྐུ་ནི་སྐུ་ལྔ་ལྷུན་གྱིས་གྲུབ་པས་སྐུའི་ཕྱག་རྒྱ་ཆེན་པོ་ལས་མཆོག་ཏུ་གྱུར་པ་རྒྱལ་བ་དྲུག་པའི་སྐུ་ནི་སངས་རྒྱས་ཀུན་གྱི་སྤྱིའི་གཟུགས་ཅན་ཞེས་བྱའོ། །དེ་ལྟར་སྐུ་གཅིག་གི་ལྡོག་ཆ་ལ་བྱེ་བྲག་ཏུ་ཕྱེ་ན། དབྱིངས་གཙོ་ཆེ་བའི་ངོས་ནས་ཆོས་ཀྱི་སྐུ། དེ་ཉིད་སྨིན་པ་རྒྱ་མཚོའི་འཁོར་གྱི་ངོ་ལ་ངེས་པ་ལྔ་ལྡན་དུ་སྣང་བ་ལོངས་སྐུ། མོས་པ་རྒྱ་མཚོའི་འཁོར་གྱི་ངོལ་མ་ངེས་པ་ལྔ་ལྡན་དུ་སྣང་བ་སྤྲུལ་སྐུ། སྐུ་གསུམ་སྣང་ཆ་ལ་མ་འདྲེས་པའི་ངོས་ནས་མངོན་བྱང་གི་སྐུ། དབྱེར་མི་ཕྱེད་པའི་ངོས་ནས་རྡོ་རྗེའི་སྐུར་བཞག་པ་ཡིན་ཏེ། དེ་ཡང་། དེ་བཞིན་དབྱིངས་ལས་མ་གཡོས་ཞེས་པས། གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་དབྱིངས་སམ་ཡེ་ཤེས་ལས་མ་བཙལ་མ་གཡོས་པ་ནི་ཆོས་ཀྱི་སྐུའོ། །ཀྱང་ཞེས་པ་ནི་སྡུད་པའི་ཚིག་སྟེ་དེ་ཉིད་ཀྱང་། ཡང་དག་ཐར་པའི་གཟུགས་སྐུ་དང་། །ཞེས་པས། སྤང་བྱ་མེད་པས་ན་ཡང་དག་པ། འཆིང་བའི་མདུད་པ་གཉིས་ལས་ཐར་བ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཚན་དཔེས་བརྒྱན་པའི་གཟུགས་ཅན་ལོངས་སྤྱོད་རྫོགས་པའི་སྐུ་དང་། འགྲོ་བ་མ་ལུས་འདུལ་བའི་ཕྱིར། །མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན། །ཞེས་པས། འགྲོ་བ་དྲུག་མ་ལུས་པ་འདུལ་བའི་དགོས་ཆེད་ཡོད་པའི་ཕྱིར། གདུལ་བྱ་དང་མཐུན་པར་བྱས་པའི་སྐུ་ནི་བསམ་གྱིས་མི་ཁྱབ་པ་སྣ་ཚོགས་སུ་སྟོན་པ་སྤྲུལ་པའི་སྐུའོ། །སྟོན་ཉིད་སྒྱུ་མ་མིག་ཡོར་ཚུལ། །ཚུལ་ཉིད་དབྱིངས་ལས་གཡོས་པ་མེད། །ཅེས་པས། སྐུ་སྣ་ཚོགས་སུ་སྟོན་པ་ཉིད་སྒྱུ་མའམ་མིག་ཡོར་དང་འདྲ་བའི་ཚུལ་ལྟར་སྣང་ཡང་བདེན་པར་མ་གྲུབ་པའི་དཔེས་མཚོན་ནས་གཟུགས་སྐུ་གཉིས་ཀྱི་ཚུལ་དེ་ཉིད་ཀྱང་ཆོས་ཀྱི་དབྱིངས་ལས་གཡོས་པ་མེད་པས་ཆོས་སྐུ་དང་གཟུགས་སྐུ་དབྱེར་མི་ཕྱེད་པས་ན་རྡོ་རྗེའི་སྐུ་ཞེས་བྱའོ། །མ་གཡོས་བཞིན་དུ་སྣ་ཚོགས་པའི། །ཞེས་པས། ཆོས་ཀྱི་སྐུ་དེ་ཉིད་ལས་མ་གཡོས་བཞིན་དུ་སྐུ་ལྔ་མ་བཙལ་བར་ལྷུན་གྱིས་གྲུབ་པ་ཉིད་གདུལ་བྱའི་བློའི་རིམ་པ་དང་མཐུན་པར་སྣ་ཚོགས་སུ་སྣང་བའི་ཚུལ་ནི་མངོན་པར་བྱང་ཆུབ་པའི་སྐུའོ། །དེ་ཚེ་མི་མཐུན༴ སོ་སོར་སྣང་། ཞེས་པ་ནི། དེ་ལྟར་སྐུ་ལྔ་ལྷུན་གྱིས་གྲུབ་པ་དེའི་ཚེ་གདུལ་བྱའི་ལས་དང་རྟོག་པ་མི་མཐུན་པ་སྣ་ཚོགས་པ་ལ་སྐུ་ལྔ་པོ་སོ་སོར་དང་འདྲ་བར་གདུལ་བྱ་འཁོར་ལྔའི་ངོ་བོ་ལ་སྣང་བ་ནི། དེ་བཞིན་ཉིད་ཀྱི་ངང་ལས་མ་གཡོས་ཤིང་རྩོལ་བས་མ་བཅོས་ཀྱང་གདུལ་བྱའི་འཁོར་ལྔའི་ལས་འཕྲོའི་དབང་གིས་སྐུ་ལྔ་སོ་སོར་སྣང་བའོ། །གཉིས་པ་སྐུའི་ཕྲིན་ལས་བསྟན་པ་ནི། དཔེར་ན་མེ་ལོང་༴ གཞན་ཡང་ཐེག་མཆོག་རིམ་པ་བཞིན། །ཞེས་པ་དེར་གདའ་ཞིང་། དཔེར་ན་མེ་ལོང་ཆུ་ཟླ་བཞིན། །ཞེས་པས། དཔེར་ན་མེ་ལོང་ལ་མ་གཡོས་པར་བཞིན་གྱི་གཟུགས་བརྙན་སྣང་བའམ། ཆུ་ཟླས་འགྲོ་འོང་མེད་པར་ཆུ་སྐྱོགས་ཐམས་ཅད་དུ་ཁྱབ་པར་སྣང་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་པའོ། །དེ་ཚེ༴ སྡིག་སྤོང་༴ དགེ་ཚུལ༴ རང་རྒྱལ་རྣམས་ལ་བསེ་རུའི་ཚུལ། །ཞེས་པས། དཔེ་གཉིས་པོ་ལྟར་དུ་སྣང་ནས་སེམས་ཅན་གྱི་དོན་མཛད་པ་དེའི་ཚེ། གདུལ་བྱ་འགྲོ་བ་རིགས་དྲུག་པོ་ཐམས་ཅད་ལ་སྡིག་པ་སྤོང་བ་ཐུབ་པ་དྲུག་གི་གཟུགས་སུ་རྣམ་པར་བསྟན་ནས་དོན་མཛད་དོ། །དེ་བཞིན་དུ་དགེ་ཚུལ་དང་། དགེ་སློང་དང་། ཉན་ཐོས་པ་རྣམས་ལ་འཕགས་པ་དགྲ་བཅོམ་པའི་གཟུགས་དང་། རང་རྒྱལ་རྣམས་ལ་རིགས་མཐུན་པས་དོན་བྱེད་པ་བསེ་རུའམ་ནེ་ཙོ་ལྟ་བུའི་ཚུལ་དུ་བསྟན་ནས་དོན་མཛད་དོ། །འོ་ན་རང་སངས་རྒྱས་ལ་ཆོས་བཤད་སྡུད་ཀྱིས་དོན་བྱེད་དམ་མི་བྱེད། བྱེད་ན་རང་སངས་རྒྱས་ཀྱི་ངེས་ཚིག་ཉམས་ལ། མི་བྱེད་ན། རང་རྒྱལ་རྣམས་ལ་བསེ་རུའི་ཚུལ། །ཞེས་པ་དང་འགལ་ལོ་ཞེ་ན། དེའི་སྐྱོན་མེད་དེ། སྤྱིར་དོན་བྱེད་པ་ལ་གཉིས་ཏེ། ཆོས་བཤད་པས་དོན་བྱེད་པ་དང་། རིགས་མཐུན་པས་དོན་བྱེད་པའོ། །འདིར་ཆོས་བཤད་སྡུད་ཀྱིས་དོན་མི་བྱེད་པས་རང་རྒྱལ་དུ་བཞག་ཀྱང་། ཐ་མ་རིགས་མཐུན་པའི་སྒོ་ནས་དོན་ཤུགས་ལ་འགྲུབ་སྟེ། རིགས་མཐུན་འབྲས་བུ་ནེ་ཙོའམ་བསེ་རུ་ལྟ་བུ་ཅིག་ཐོབ་པར་བྱ་བསམས་ནས་ལམ་ལ་འབད་པས། དེ་ལྟ་བུ་ཐོབ་པ་དཔེར་ན་གྲོགས་པོ་གཉིས་ཀྱི་ལོ་རྒྱུས་བཞིན་ནོ། །གཞན་ཡང་ཐེག་མཆོག་རིམ་པ་བཞིན། །ཞེས་པས། དེ་ལས་གཞན་ཡང་ཐེག་པ་ཆུང་ངུ་ལས་མི་མཐུན་པ་སྟེ་དཔགས་པ། ཐེག་པ་ཆེན་པོ་དང་མཆོག་ཏུ་གྱུར་པ་རྣམས་ལ་རིམ་པ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་བོ་ལ། སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པ་དང་། ཀྲི་ཡ་ལ་རིགས་གསུམ། ཡོ་ག་ལ་རྣམ་སྣང་། ནང་པ་གཉིས་ལ་ཀུན་ཏུ་བཟང་པོར་སྣང་ནས་དོན་མཛད་དོ། །གསུམ་པ་སྐུའི་བསྒྲུབ་ཚུལ་ལ་གཉིས་ཏེ། བྱང་ཆུབ་སེམས་དཔའི་སྒྲིབ་པ་སྦྱོང་ཞིང་འབྲས་བུ་འགྲུབ་ཚུལ་དང་། གསང་སྔགས་ཀྱི་འགྲུབ་ཚུལ་ལོ། །དང་པོ་བྱང་ཆུབ་སེམས་དཔའི་སྒྲིབ་པ་སྦྱོང་ཞིང་འབྲས་བུ་འགྲུབ་ཚུལ་གཉིས་ཏེ། སྒྲིབ་པ་སྦྱོང་ཞིང་འབྲས་བུ་འགྲུབ་ཚུལ་དང་། འབྲས་བུའི་ངོ་བོ་སྐུ་གསུམ་མོ། །དང་པོ་སྒྲིབ་པ་སྦྱོང་ཞིང་འབྲས་བུ་འགྲུབ་ཚུལ་བསྟན་པ་ནི། འོག་མིན་བླ་མེད༴ བླ་མེད་བྱང་ཆུབ་ཡང་དག་འཐོབ། །ཅེས་པ་དེར་གདའ་ཞིང་། འོག་མིན༴ སྐུ་ནི༴ བྱང་ཆུབ༴ ཞེས་པས། འོག་མིན་ཆེན་པོ་བླ་ན་མེད་པའི་གནས་མཆོག་ཏུ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི་རྣམ་པར་སྣང་མཛད་ཀྱི་ཚུལ་དུ་ས་བཅུའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ་སྣང་ནས་ཆོས་སྟོན་པའི་ཚུལ་ནི། དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་མཇལ་བར་སྟོན། །ཞེས་པས་སྤྲུལ་སྐུ་ཚིག་ཏུ་གསུང་བ་དེ་བཞིན་དུ་ལོངས་སྐུ་བརྡའི་གསུང་མཆོག་ཚིག་ཏུ་མི་སྨྲ་སྟེ། འོ་ན་དེས་ཆོས་ཇི་ལྟར་སྟོན་ཞེ་ན། སྐུའི་བརྡ་ཡིས་ཆོས་རྣམས་འཁོར་གྱི་བློ་ལ་མཇལ་བར་སྟོན་པའོ། །དེ་ཇི་ལྟ་བུ་སྙམ་པ་ལ་དཔེར་བརྗོད་ན། མེ་ལོང་བསྟན་པའི་ཚུལ་བཞིན་དུ། །དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །ཞེས་པས། དཔེར་ན་མེ་ལོང་བསྟན་པས་བྱད་དངོས་ཀྱི་མདོག་ངན་པ་དྲི་མ་དང་ཁྱེམ་ཐམས་ཅད་ངོས་ཟིན་ནས་བཀྲུ་དག་བྱས་ནས་སེལ་བར་བྱེད་པའི་ཚུལ་བཞིན་དུ་འཁོར་གྱི་བྱང་ཆུབ་སེམས་དཔའ། མེ་ལོང་བཞིན་དུ་སྐུ་ལ་སྣང་། །ཞེས་པས། འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་བལྟས་ན། བྱང་ཆུབ་སེམས་དཔའ་ལ་སྒྲིབ་པ་གཏིང་དཔག་ཏུ་མེད་པ་ཞིག་འདུག་པ་དེ། དཔེར་ན་མེ་ལོང་གི་ནང་དུ་གཟུགས་བརྙན་ཤར་བས་བྱད་ཀྱི་དྲི་མ་དང་ཁྱེམ་ངོས་ཟིན་པ་བཞིན་དུ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་བལྟས་པས། སྟོན་པའི་ཡོན་ཏན་མ་བསྒྲིབས་པར་སྣང་ནས་བྱང་ཆུབ་སེམས་དཔའ་རང་གི་རྒྱུད་ཀྱི་སྒྲིབ་པ་སྣང་བ་གང་ཡིན་པ་དེ་ངོས་ཟིན་ནོ། །དེ་ཡང་ཇི་ལྟར་དུ་ངོས་ཟིན་ཞེ་ན། སྟོན་པ་ལོངས་སྤྱོད་རྫོགས་པ་ཡེ་ཤེས་སྒྱུ་མའི་སྐུ་སྐྱེ་འཇིག་དང་བྲལ་བར་འདུག་ལ། བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་ལུས་སྐྱེ་འཇིག་ཅན་དུ་འདུག་པ་དང་། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་རྒྱུད་གཅིག་དང་དུ་མ་ལས་གྲོལ་བར་འདུག་ལ། བྱང་ཆུབ་སེམས་དཔའ་ནི་རྒྱུད་ཐ་དད་པ་སེམས་ཅན་གྱི་རྒྱུད་དུ་འཇུག་པ་དང་། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་མཁའ་སྦྱོར་གྱི་བདེ་བ་ལ་གནས་ཀྱང་འཁྲུལ་པའི་ཉེས་སྐྱོན་གྱིས་མ་གོས་ལ། བྱང་ཆུབ་སེམས་དཔའ་ནི་དེ་ལྟར་མ་གྱུར་ཅིང་ཐབས་དང་མི་ལྡན་པས་ལམ་ལ་འཁྲུལ་པས་གོས་ཡོད་པ་དང་། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་མཉམ་པར་གཞག་འཇོག་མི་མངའ་ལ། བྱང་ཆུབ་སེམས་དཔའ་མཉམ་པར་གཞག་དགོས་ཀྱི་འདུག་པས་ཀྱང་སྒྲིབ་པ་ངོས་ཟིན་ནོ་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །ཡང་། དེ་ནས་ས་བཅུ་རིམ་གྱིས་འབྱང་། །ཞེས་པ་འདི་ལ་འདོད་ལུགས་མང་ཡང་། སྤར་ཁབ་མཁན་གྱིས། ལང་ཀའི་མདོའི་ལུང་དྲངས་ནས་ས་དང པོ་ནས་བཅུ་པའི་བར་གྱི་སྒྲིབ་པ་འབྱང་བར་གསུངས་པས་དེའི་རྗེས་སུ་འབྲངས་ནས། དེ་ནས་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ས་དང་པོ་པ་ལ་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱིས་བྱིིན་གྱིས་བརླབས་ནས་དེ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་རབ་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་འཇུག་སྟེ། ཞུགས་མ་ཐག་ཏུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་ཞིང་སྒྲིབ་པ་ངོས་ཟིན་པ་ལ་དེ་སྒྲིབ་པའང་བྱང་ཚུལ་སྟོན་པས་ན་ནས། ས་བཅུ་རིམ་གྱིས་འབྱང་། ཞེས་པས། སྒྲིབ་པ་ངོས་ཟིན་པ་དེ་ནས་ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་དབང་དུ་སའི་མི་མཐུན་ཕྱོགས་སམ་སྒྲིབ་པ་རིམ་གྱིས་འབྱང་དུས་ཡིན་ཏེ། དེ་ལྟར་ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་ཐོབ་པ་ལ་དེ་བཞིན་གཤེགས་པ་ལོངས་སྤྱོད་རྫོགས་པའི་སྐུའི་ཞལ་དང་ཕྱག་གི་དབང་བསྐུར་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དུ་བྱས་པས་ཤེས་བྱའི་སྒྲིབ་པ་བག་ལ་ཉལ་ཆ་ཕྲ་མོ་བཅོམ་སྟེ། བླ་མེད་བྱང་ཆུབ་ཡང་དག་འཐོབ། །ཅེས་པས། མཐར་ཐུག་གི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཡང་དག་པ་ཀུན་ཏུ་འོད་ཆོས་ཀྱི་སྐུ་འཐོབ་བོ། །ཡང་ན་ས་བཅུ་པོ་ཆོས་ཀྱི་སྤྲིན་ལ་ལྟོས་པས་ན་བླ་མེད་སྒྲིབ་གཉིས་བྱང་སྐུ་གསུམ་ཆུབ་པ་ཡང་དག་པ་ཀུན་ཏུ་འོད་སངས་རྒྱས་ཀྱིས་ཐོབ་པ་ཉིད་དོ། །ཁ་ཅིག་ན་རེ། དེ་ལྟར་ཡིན་ན་ས་དང་པོ་སྤྲུལ་སྐུའི་འཁོར་དང་ས་བཅུ་པ་ལོངས་སྐུའི་འཁོར་དུ་བཤད་པ་དང་འགལ་ལོ་ཞེ་ན། ས་དང་པོ་ལ་ལོངས་སྐུའི་དབང་བསྐུར་བའི་འཁོར་མིན་ཡང་ཞལ་མཐོང་གི་འཁོར་ཡིན་པས་མི་འགལ་ཏེ། སྤྱི་མདོ་ལས། བྱུང་བའི་མུན་པ་སངས་ནས་རྫོགས་ལོངས་སྤྱོད་པ་མངོན་དུ་སྣང་ངོ་ཞེས་པ་དང་། འགྲེལ་ཆེན་ལས། འདུ་བྱེད་ཉོན་མོངས་པ་ཕྲ་རགས་ཀྱི་སྒྲིབ་པ་དག་ནས་འཁོར་བའི་ས་བོན་དང་བྲལ་ཏེ་ས་ནོན་པས་ལོངས་སྤྱོད་རྫོགས་པའི་ཞལ་མཐོང་བར་འགྱུར་རོ། །ཞེས་གསུངས་པས་མངོན་ནོ། །ཡང་ཁ་ཅིག་ན་རེ། ལེའུ་དང་པོར་ཡང་གླེང་གཞི་གཅིག་བྱུང་། གསུམ་པར་ཡང་བྱུང་། འདིར་ཡང་བྱུང་། ལེའུ་བཅོ་ལྔ་པར་ཡང་བྱུང་བས་གླེང་གཞི་ལྡབས་སོ་ཟེར་ན་སྐྱོན་མེད་དེ། ལེའུ་དང་པོར་བྱུང་བ་ནི་བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་ཡིན་ལ། ལེའུ་གསུམ་པར་ཐུན་མོང་གི་སྟོན་པ་ཐུབ་པ་དྲུག་གི་གླེང་གཞི་ཡིན། འདིར་འབྲས་བུ་འགྲུབ་ཚུལ་གྱི་ཤུགས་ལ་གླེང་གཞི་སྨོས་པ་ཡིན། ལེའུ་བཅོ་ལྔ་པར་གདུལ་བྱ་དགོས་ཆེད་ཀྱི་གླེང་གཞི་བསྟན་པ་ཡིན་པས་ལྡབས་པའི་སྐྱོན་མེད་དོ། །གཉིས་པ་འབྲས་བུ་ངོ་བོ་སྐུ་གསུམ་བསྟན་པ་ནི། ཆོས་སྐུ་དཔག་མེད༴ བསམ་མི་ཁྱབ། །ཅེས་པ་དེར་གདའ་ཞིང་། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ཅེས་པས། ཆོས་ཀྱི་དབྱིངས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་དང་བྲལ་བ་དེ་འབྲས་བུའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གྱུར་པས་ན་སྐུ་སྟེ་བློས་དཔག་ཏུ་མེད་ཅིང་། ཚིག་ཏུ་བརྗོད་དུ་མེད་པའི་དོན་མངོན་དུ་གྱུར་པ་ནི་ཆོས་ཀྱི་སྐུའོ། །དེ་ནི་ཡེ་ཤེས་ཀྱི་ཚོགས་རྫོགས་ཤིང་རང་དོན་གྲུབ་པ་ཡིན་ལ། གཞན་དོན་དུ་གཟུགས་སྐུ་གཉིས་ཀྱི་ཕྲིན་ལས་མི་འགག་པར་འབྱུང་བ་ནི་བསོད་ནམས་ཀྱི་ཚོགས་ཏེ། དེ་ལྟར་ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་ལས། ལོངས་སྤྱོད་ཟད་མེད་རིན་ཆེན་གཏེར། །ཞེས་པས། ལོངས་སྤྱོད་རྫོགས་པའི་སྐུ་ཡོན་ཏན་ཟད་དུ་མེད་པ་ནོར་བུ་རིན་ཅེན་གྱི་གཏེར་ལྟ་བུ་དང་། སྤྲུལ་སྐུ་བྱེ་བ་བསམ་མི་ཁྱབ། །ཅེས་པས་སྤྲུལ་པའི་སྐུ་གདུལ་བྱའི་བློ་དང་མཐུན་པར་བྱེ་བ་ཕྲག་བརྒྱ་ལ་སོགས་པ་བསམ་གྱིས་མི་ཁྱབ་པར་སྣང་ནས་སེམས་ཅན་གྱི་དོན་བྱེད་པའོ། །གཉིས་པ་གསང་སྔགས་ཀྱི་འགྲུབ་ཚུལ་ལ་གཉིས་ཏེ། སངས་རྒྱས་ཀྱིས་རྣམ་པ་གཉིས་བསྟན་པ་དང་། སྐུ་ལྔ་བསྟན་པའོ། །དང་པོ་སངས་རྒྱས་ཀྱིས་རྣམ་པ་གཉིས་བསྟན་པ་ནི། མཚན་དང་དཔེ་བྱད༴ བསམ་ཡས་མཆོག །ཅེས་བདེར་གདའ་ཞིང་། འདི་ལ་བརྩེགས་སྡེབ་ཅུང་ཙམ་བྱེད་པས། འོག་ནས། ཐབས་དང་ཤེས་རབ་ས་ཡི་མཆོག །ཅེས་པ་འདིར་བླངས་ཏེ། ཐབས་མ་འགགས་པར་སྐུ་གསུང་ཐུགས་ཀྱི་མཛད་པས་འགྲོ་བའི་དོན་བྱེད་པ་དང་། དམིགས་པ་མེད་པའི་ཤེས་རབ་ཀྱིས་ཇི་ལྟར་སྤྱད་ཀྱང་ཉེས་པའི་སྐྱོན་གྱིས་མ་གོས་པས་ན་སའི་མཆོག་སྟེ། མ་ཆགས་པདྨ་ཅན་གྱི་སའོ། །མཚན་དང་དཔེ་བྱད༴ སྤྱོད་ཡུལ༴ ཚོགས་ཆེན༴ ཞེས་པས། ཐུན་མོང་མ་ཡིན་པའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་པོ་ཐམས་ཅད་རྫོགས་ཤིང་སྣང་གྲགས་ཀྱི་སྤྱོད་ཡུལ་མ་ལུས་པ་ཐམས་ཅད་ཀྱང་དུས་ཀུན་ཏུ་བདག་ལས་མི་གཞན་པའི་ཕྱིར་ན་ལྷ་དང་ལྷ་མོའམ་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་ཤར་བས་མཎྜལ་ཞེས་བྱ་སྟེ། དཀྱིལ་འཁོར་གྱི་སྒྲས་སྙིང་པོ་ལེན་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་གཉིས་ཀྱང་མ་བཙལ་བའམ་མ་བསགས་པར་ལྷུན་གྲུབ་ཏུ་རྫོགས་པར་རོལ་བའོ། །དེ་ལས་སོགས་ཏེ་བསམ་ཡས་མཆོག །ཅེས་པས། ཡོན་ཏན་གསུམ་པོ་དེ་ལ་སོགས་ཏེ། སོགས་ཁོང་ནས་ཡོན་ཏན་བགྲང་བར་མི་ནུས་པ་བསམ་ཡས་པ་དང་ལྡན་པའི་མཆོག་ནི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའོ། །གཉིས་པ་སྐུ་ལྔ་བསྟན་པ་ནི། སྐྱེ་ཤི་མེད་པའི༴ ཀུན་ཀྱང་རྫོགས། ཞེས་པ་དེར་གདའ་ཞིང་། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །ཞེས་པས། སེམས་ཉིད་ཡེ་ནས་སྐྱེ་ཤི་མེད་པའི་ཕྱིར་སྐད་ཅིག་མའི་སྐྱེ་འཇིག་ལས་འདས་པས་ན་ངོ་བོ་ཉིད་ཀྱི་རྟག་པ་སྟེ། འགྱུར་བ་མེད་པ་གཡུང་དྲུང་ཆོས་ཀྱི་སྐུའོ། །ཉོན་མོངས་ཀུན་གྱི་ཞིང་དུ་གནས། །ཟད་མི་ཤེས་པའི་གཏེར་དུ་འགྱུར། །ཞེས་པས། སྡུག་བསྔལ་གྱིས་ཉམ་ཐག་ཅིང་ཉོན་མོངས་པའི་གདུལ་བྱ་ཀུན་གྱི་ཚོགས་གཉིས་གསོག་པའི་ཞིང་དུ་གྱུར་པའམ་གནས་པ་ནི་སྤྲུལ་པའི་སྐུ་སྟེ། དེ་ཟད་མི་ཤེས་པ་འབྱུང་བའི་གཏེར་དུ་གྱུར་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །རྡོ་རྗེ་རིག་པ་འཛིན་པའི་སྐུ། །ཞེས་པས། སྐུ་གསུམ་མམ་སྣང་སྟོང་གཉིས་སུ་མི་ཕྱེད་པས་རྡོ་རྗེ་རང་རིག་པའི་ངང་དུ་མི་འབྲལ་བར་འཛིན་པ་སྟེ་དབྱེར་མེད་རྡོ་རྗེའི་སྐུའོ། །ཐམས་ཅད་དབྱེར་མེད་མཉམ་པའི་སྐུ། །ཞེས་པས། སྐུ་གསུམ་མམ་བཞི་ལ་སོགས་པ་ཐམས་ཅད་རིག་པ་རང་སྣང་བའི་ཆ་ནས་དབྱེར་མེད་ཀྱང་སྣང་ཆ་མ་འདྲེས་པའི་ཆ་ནས་སྐུ་དང་ཡེ་ཤེས་དུ་མར་སྣང་ཞིང་བཟང་ངན་མེད་པར་རིག་པར་མཉམ་པ་ནི་མངོན་པར་བྱང་ཆུབ་པའི་སྐུའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཞེས་པས། གདུལ་བྱ་འདུལ་བའི་དུས་དང་འདུལ་བའི་གནས་དང་འདུལ་བའི་ཐབས་ལ་སོགས་པ་ཐམས་ཅད་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་གང་ལ་གང་འདུལ་དེ་ལ་དེར་བསྟན་ནས་དོན་མཛད་པ་ནི་སྤྲུལ་པའི་སྐུའོ། །དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། །ཞེས་པས། མ་ཆགས་པདྨ་ཅན་གྱི་ས་དང་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་གཉིས་ཐོབ་པ་དེའི་ཚེ་སྐུ་ལྔ་པོ་ཀུན་ཀྱང་དུས་གཅིག་ལ་གྲུབ་པས་མངོན་དུ་རྫོགས་པ་ཡིན་ནོ། །འདིར་ཁ་ཅིག་ན་རེ། སྐུའི་བཤད་པ་ལན་གསུམ་བྱུང་བས་ལྡབས་སོ་ཞེ་ན་སྐྱོན་མེད་དེ། སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི། །ཞེས་པ་ལ་སོགས་པ་ནི། འབྲས་བུ་སྔགས་ཀྱི་སྐུའི་མཚན་ཉིད་མ་འདྲེས་པའི་སྒོ་ནས་བཞག །ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ཅེས་པ་ལ་སོགས་པ་ནི། མཚན་ཉིད་ཀྱི་སྐུ་གསུམ་གྱི་སྒོ་ནས་བཞག །སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །ཞེས་པ་ལ་སོགས་པ་ནི། མཐར་ཐུག་འབྲས་བུ་སྐུ་ལྔ་ཡོངས་སུ་རྫོགས་པའི་སྒོ་ནས་བཞག་པའོ། །འོ་ན་རྒྱུ་མཚན་ཉིད་ཀྱི་ཐེག་པའི་སྐུ་གསུམ་དང་འབྲས་བུ་གསང་སྔགས་ཀྱི་ཐེག་པའི་སྐུ་གསུམ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྐུ་གསུམ་ཡང་གཉིས་སུ་འདུ་སྟེ། ཆོས་སྐུ་གཉིས་ཀྱི་ཁྱད་པར་དང་། གཟུགས་སྐུ་གཉིས་ཀྱི་ཁྱད་པར་རོ། །དང་པོ་ཆོས་སྐུའི་ཁྱད་པར་ལའང་གསུམ་སྟེ། རང་བཞིན་ནམ་ངོ་བོའི་ཁྱད་པར་དང་། མཚན་ཉིད་ཀྱི་ཁྱད་པར་དང་། བྱིན་རླབས་ཀྱི་ཁྱད་པར་དང་གསུམ་ལས། དང་པོ་རྒྱུ་མཚན་ཉིད་ཀྱི་ཆོས་སྐུ་སྟོང་ཞིང་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ལ། སྔགས་ཀྱི་ཆོས་སྐུ་སྣང་བ་སྟོང་པ་གཉིས་སུ་མེད་པ་ཟུང་འཇུག་ཆོས་ཀྱི་སྐུ་ཡིན་ཏེ། རྒྱས་པ་ལས། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཞེས་གསུངས་སོ། །གཉིས་པ་མཚན་ཉིད་ཀྱི་ཁྱད་པར་ནི་རྒྱུའི་ཆོས་སྐུ་སྟོང་པའི་མཐར་ལྟུང་ལ་སྔགས་ཀྱི་ཆོས་སྐུ་མཚན་ཉིད་མཐའ་རྣམས་ཀུན་བྲལ་བ་ཅིར་ཡང་གཟུང་དུ་མེད་པའོ་ཞེས་སྣང་སྟོང་གཉིས་སུ་མེད་པས་སྟོང་པའི་མཐར་མ་ལྷུང་བའོ། །གསུམ་པ་བྱིན་རླབས་ཀྱི་ཁྱད་པར་ནི་རྒྱུའི་ཆོས་སྐུ་ལ་བྱིན་རླབས་གཟུགས་སྐུ་གཉིས་ལས་མི་འཆར་ལ། སྔགས་ཀྱི་ཆོས་སྐུ་སྣང་སྟོང་གཉིས་མེད་ཡིན་པས་བྱིན་རླབས་སྐུ་ལྔ་ལ་སོགས་པ་ཅིར་ཡང་འཆར་རོ། །གཉིས་པ་གཟུགས་སྐུ་གཉིས་ཀྱི་ཁྱད་པར་ལ་ཡང་གསུམ་ལས། དང་པོ་ངོ་བོའི་ཁྱད་པར་ནི། མཚན་ཉིད་ཀྱི་གཟུགས་སྐུ་གཉིས་ནི། དབུ་མ་རིན་ཅེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་བསགས་ལས་ཡང་དག་བྱུང་། །ཞེས་པས་རྒྱུ་རྐྱེན་ལས་བྱུང་ལ་སྔགས་ཀྱི་གཟུགས་སྐུ་རྒྱུ་རྐྱེན་གྱིས་བསྐྱེད་པ་མ་ཡིན་ཏེ། རྒྱས་པ་ལས། རྒྱུ་རྐྱེན་རག་ལུས་མེད་པའི་ཕྱིར། །ཞེས་གསུངས་སོ། །གཉིས་པ་མཚན་ཉིད་ཀྱི་ཁྱད་པར་ནི། རྒྱས་པ་ལས། རྡོ་རྗེའི་སྐུ་ཡང་བཤིག་ནས་ནི། །ཞེས་དང་། འདི་ཉིད་ཀྱི་བཅུ་དགུ་པ་ལས། སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །ཅེས་པས། རྒྱུའི་གཟུགས་སྐུ་སྐྱེ་འཇིག་ཅན་ཡིན་ལ་སྔགས་ཀྱི་གཟུགས་སྐུ་སྐྱེ་འཇིག་དང་བྲལ་བ་ཡིན་ཏེ། འདི་ཉིད་ཀྱི་དགུ་པ་ལས། སྒྱུ་མ་རྡོ་རྗེ་བཙན་པོའི་མཆོག །ཅེས་གསུངས་སོ། །གསུམ་པ་བྱིན་རླབས་ཀྱི་ཁྱད་པར་ལ་ཡང་གཉིས་ཏེ། ལོངས་སྐུའི་ཁྱད་པར་དང་། སྤྲུལ་སྐུའི་ཁྱད་པར་རོ། །དང་པོ་ལོངས་སྐུའི་ཁྱད་པར་ལ་ཡང་གཉིས་ཏེ། ལོངས་སྤྱོད་བྱ་ཡུལ་གྱི་ཁྱད་པར་དང་། ལོངས་སྤྱོད་བྱེད་ཐབས་ཀྱི་ཁྱད་པར་རོ། །དང་པོ་ལོངས་སྤྱོད་བྱ་ཡུལ་གྱི་ཁྱད་པར་ནི། རྒྱུ་མཚན་ཉིད་ཀྱི་དཀར་པོའི་ཕྱོགས་ལ་ལོངས་སྤྱོད་པ་ལས་ནག་པོའི་ཕྱོགས་ལ་ལོངས་མི་སྤྱོད་ལ། སྔགས་ཀྱིས་གཉིས་ཀ་ལ་ལོངས་སྤྱོད་དོ། །གཉིས་པ་ལོངས་སྤྱོད་བྱེད་ཐབས་ཀྱི་ཁྱད་པར་ནི། མཚན་ཉིད་ལ་ནག་པོའི་ཕྱོགས་ལ་སྤྱོད་པའི་ཐབས་མེད་ལ། སྔགས་ལ་དཀར་ནག་གཉིས་ཀ་ལ་སྤྱོད་པའི་ཐབས་ཡོད་པས་སོ། །སྤྲུལ་སྐུ་གཉིས་ཀྱི་ཁྱད་པར་ལ་ཡང་གཉིས་ལས། འདུལ་བྱ་ཡུལ་གྱི་ཁྱད་པར་དང་། འདུལ་བྱེད་ཐབས་ཀྱི་ཁྱད་པར་རོ། །དང་པོ་གདུལ་བྱ་ཡུལ་གྱི་ཁྱད་པར་ནི། རྒྱུ་མཚན་ཉིད་ཀྱི་སྤྲུལ་སྐུས་དཀར་ཕྱོགས་ཀྱི་གདུལ་བྱ་ལས་ནག་ཕྱོགས་ཀྱི་གདུལ་བྱ་མི་འདུལ་ལ། སྔགས་ཀྱི་སྤྲུལ་སྐུས་གདུལ་བྱ་ལ་ཕྱོགས་རིས་མེད་པས་སོ། །གཉིས་པ་འདུལ་བྱེད་ཐབས་ཀྱི་ཁྱད་པར་ནི། རྒྱུ་མཚན་ཉིད་ཀྱི་སྤྲུལ་སྐུ་ལ་ནག་ཕྱོགས་འདུལ་བའི་ཐབས་མེད་ལ། སྔགས་ཀྱི་སྤྲུལ་སྐུས་དཀར་ཕྱོགས་དང་ནག་ཕྱོགས་གཉིས་ཀ་འདུལ་བའི་ཐབས་དང་ལྡན་པས་སོ། །དེའི་ཕྱིར་དབྱེར་མེད་རྡོ་རྗེའི་སྐུ་དང་མངོན་པར་བྱང་ཆུབ་པའི་སྐུ་གཉིས་ཀྱིས་ཀྱང་ཁྱད་པར་དུ་འཕགས་པར་ཤེས་པར་བྱའོ་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །ཡང་། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །ཞེས་པ་ལ་སོགས་པ་སྔགས་ཀྱི་ལམ་མ་བྱུང་ཡང་འབྲས་བུ་འབྱུང་བ་ཅི་ཞེ་ན་རིམ་གྱིས་འཇུག་པའི་དབང་དུ་རྒྱུའི་ཐེག་པས་སྤྱངས་ནས་འབྲས་བུའི་ཐེག་པར་འཇུག་པས་སམ། ལྷག་པ་ཏིང་ངེ་འཛིན་སྐུའི་དཀྱིལ་འཁོར་དང་རྗེས་སུ་མཐུན་པའི་ཕྱིར་བྱུང་བ་ཡང་ཡིན་ནོ་ཞེས་གསུང་ངོ་། །བཞི་པ་སྐུའི་དཀྱིལ་འཁོར་དབྱུང་བའི་བྱིན་རླབས་བསྟན་པ་ནི། ཞེས་བརྗོད་པས། འཇིག་རྟེན༴ གསལ་བར་གྱུར་ཏོ། །ཞེས་པ་ནི། ཞེས་རང་བཞིན་སྐུའི་དཀྱིལ་འཁོར་གྱི་དོན་དེ་དག་དོན་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་གདུལ་བྱའི་གནས་མཐའ་ཡས་མུ་མེད་པ་ཐམས་ཅད་དུ་སྐུའི་དཀྱིལ་འཁོར་གྱི་རོལ་པ་བརྗོད་ཀྱིས་མི་ལང་བ་ཞིང་གི་རྡུལ་སྙེད་དུ་འཁོར་རྣམས་ཀྱི་རིག་པ་ལ་གསལ་བར་གྱུར་ཏོ། །གཉིས་པ་གཞུང་བསྡུས་ཏེ་བསྟན་པ་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། གཞུང་བསྡུ་བ་དངོས་དང་། བཀའ་གསང་སྔགས་མཚོན་པར་བྱེད་པའི་ཚིག་གོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་བསྟན་པ་ནི། དེ་ནས་དེ་བཞིན་གཤེགས་པ༴ རྡོ་རྗེ་ལས་ཕྱུང་ངོ་། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་གཞུང་རྒྱས་པར་བསྟན་པ་ལ་དེ་བསྡུས་ཏེ་སྟོན་པས་ན་ནས། དེ་བཞིན་གཤེགས་པ་ཡབ་ཐམས་ཅད་དང་། ཡུམ་བཙུན་མོའི་ཚོགས་རྣམས་དང་ཐབས་ཤེས་རབ་གཉིས་སུ་མེད་པ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་བསྡུ་བའི་དོན་རྟོགས་དཀའ་བའམ། ཉམས་སུ་མྱོང་དཀའ་བས་ན་གསང་བ་འདི་ཉིད་སྐུ་དེ་བཞིན་གཤེགས་པའི་རིགས་དང་། གསུང་པདྨའི་རིགས་དང་། ཐུགས་རྡོ་རྗེའི་རིགས་དང་། ཡོན་ཏན་རིན་པོ་ཆེའི་རིགས་དང་། ཕྲིན་ལས་ལས་ཀྱི་རིགས་ཏེ། དེ་ལྔ་དབྱེར་མི་ཕྱེད་པའི་རྡོ་རྗེའི་བདག་ཉིད་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོའི་ཐུགས་ལས་བསྡུ་བ་འདི་དག་ཕྱུང་ངོ་། །གཉིས་པ་གཞུང་བསྡུ་བ་དངོས་བསྟན་པ་ནི། ཨ་ཧོཿ དམིགས་བྱ་དམིགས་བྱེད༴ སྤྲོས་པ་མེད། ཧོ་ཞེས་པ་དེར་གདའ་ཞིང་། ཨ་ཧོ་ཞེས་པ་ནི་སྣོད་བཅུད་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བ་ལ་མཉེས་པའི་ཚིག་གོ། །དམིགས་བྱ་དམིགས་བྱེད་མི་དམིགས་དཔག་མེད་བསམ་མི་ཁྱབ། །ཅེས་པས། སྣོད་བཅུད་ཐམས་ཅད་སེམས་ཀྱི་ཡེ་ཤེས་སུ་གསལ་བའི་དུས་ན་དམིགས་བྱ་ཆོས་ཀྱི་དབྱིངས་དང་དམིགས་བྱེད་རང་རིག་པའི་ཡེ་ཤེས་གཉིས་ཀྱི་ཐ་སྙད་ལས་འདས་པས་ཅིར་ཡང་མི་དམིགས་ཤིང་བློའི་སྤྱོད་ཡུལ་དང་བྲལ་བའི་ཏིང་ངེ་འཛིན་ལ་བློས་དཔག་ཏུ་མེད་ཅིང་ཡོན་ཏན་བསམ་གྱིས་མི་ཁྱབ་པར་སྟོན་པ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་སྡུད་དེ། གང་ཞེ་ན། ཡེ་ཤེས་ཕྱོགས་བཞི༴ ཆེན་པོར་སྤྱོད། ཅེས་པ་དེ་སྡུད་པར་གདའ། ཡེ་ཤེས་རང་རིག་དཀྱིལ་འཁོར་སྣ་ཚོགས་བརྗོད་མི་ལང་། །ཞེས་པས། ཐམས་ཅད་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་ཅིང་དབང་སྒྱུར་བས་རང་རིག་པ་ཉིད་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྣ་ཚོགས་བརྗོད་ཀྱིས་མི་ལང་བར་སྣང་བ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་བསྡུད་དེ། གང་ཞེ་ན། འཁོར་ལོ་རྩིབས་བཞི་མུ་ཁྱུད༴ དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་པ་དེ་རྣམས་སྡུད་པར་གདའ། མཉམ་དང་མི་མཉམ་ཀུན་ཁྱབ་ཁྱབ་མེད་ཁྱབ་པའི་དབྱིངས། ཞེས་པས། རྒྱལ་བ་དྲུག་པའི་སྐུའི་བཀོད་པ་ནི་གདུལ་བྱ་ལས་དག་པ་ལ་ཆོས་ཐམས་ཅད་བཟང་ངན་མཉམ་པ་དང་། མ་དག་པ་ལ་མི་མཉམ་པ་དང་། དག་མ་དག་གཉིས་ཀ་ལ་ཀུན་ཏུ་ཁྱབ་པར་དོན་མཛད་ཙམ་ན། དེ་དག་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལས་མ་གྱུར་པའི་ཕྱིར་ཁྱབ་པ་མེད། དེས་ན་སྣང་སྟོང་ཐ་དད་དུ་སོང་བ་མེད་པ་རྒྱལ་བའི་སྤྱོད་པས་ཐམས་ཅད་དུ་ཁྱབ་པ་སྣང་སྟོང་གཉིས་སུ་མེད་པའི་དབྱིངས། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་རང་བཞིན་སྐུའི་དཀྱིལ་འཁོར་བསྟན་པའི་མཐར་ཐུག་སྐུ་ལྔ་མ་གཏོགས་པ་སྡུད་དེ། གང་ཞེ་ན། སྐུ་ཡི་ཕྱག་རྒྱ་ཆེ་མཆོག༴ དེ་ལ་སོགས་པ་བསམ་ཡས་མཆོག །ཅེས་པ་དེ་རྣམས་སྡུད་པར་གདའ། ཡེ་ནས་ཀུན་གསལ་དཀྱིལ་འཁོར་རྣམས་སྤྲོས་སྤྲོས་པ་མེད། །ཅེས་པས། ཡེ་གདོད་མ་ནས་སྐུ་ལྔ་པོའི་དཀྱིལ་འཁོར་ཀུན་ཀྱང་གཉིས་སུ་མེད་པ་ལྷུན་གྱིས་གྲུབ་པར་གསལ་བའི་དཀྱིལ་འཁོར་དུ་རང་སྣང་བ་རྣམས་རྣམ་པར་སྤྲོས་ཀྱང་རང་ཁ་མར་སྤྲོས་པའི་མཚན་མ་མེད་པ། གང་དུ་སྡུད་ན་འདིར་སྡུད། གང་སྡུད་ན་མཐར་ཐུག་སྐུ་ལྔ་བསྟན་པ་དང་སྐུའི་དཀྱིལ་འཁོར་དབྱུང་བའི་བྱིན་རླབས་བསྟན་པ་སྡུད་དེ། གང་ཞེ་ན། སྐྱེ་ཤི་མེད་པའི༴ གསལ་བར་འགྱུར་ཏོ། །ཞེས་པ་དེ་རྣམས་སྡུད་པར་གདའ། མདོར་ན་གང་དུ་སྡུད་ན་བསྡུ་བའི་གཞུང་འདི་དག་ཏུ་སྡུད། གང་སྡུད་ན་གཞུང་རྒྱས་པའི་དོན་དོན་རྣམས་སྡུད་པར་གདའ་སྟེ། སྡུད་པའི་གནད་ཀའམ་རྒྱུ་མཚན་ནི་གནས་སྐབས་རང་རང་གི་ཚིག་གི་དོན་མཐུན་པར་འདུག་པའི་དོན་གྱིས་ན་སྡུད་པ་ཡིན་གསུང་ངོ་། །ཧོ་ཞེས་པ་ནི་གཞུང་བསྡུས་པའི་དོན་ལ་ཉེས་པའོ། །གསུམ་པ་བཀའ་གསང་སྔགས་མཚོན་པའི་ཚིག་བསྟན་པ་ནི། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་པས། སྣང་བ་གསུམ་མི་ཕྱེད་པ་རྡོ་རྗེ་ཉམས་སུ་མྱོང་དཀའ་བས་གསང་བ་དེ་ཚིག་ཏུ་མཚོན་པའོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། གསང་བའི་སྙིང་པོ༴ ལེའུ་སྟེ་དྲུག་པའོ། །ཞེས་པས། གསང་བའི་ཞེས་རྟོགས་དཀའ་བ། སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉིད་གཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་དེ་མཚན་གྱི་གཞིར་གདའ། དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་དྲུག་པའོ། །ཞེས་པས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། རང་བཞིན་སྐུའི་དཀྱིལ་འཁོར་རྣམས་སྤྲོས་ནས་ཡོངས་སུ་བཤད་པའི་གཞུང་གི་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་སྟེ། དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས་ཡས་བགྲངས་དྲུག་པའི་དོན་དུ་གདའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་དྲུག་པའི་གཞུང་དོན་རྣམ་པར་བཤད་པའོ།། ༈ །།ད་ནི་ལེའུ་བདུན་པ་འཆད་པར་བྱེད་པ་འདི་ལ་ཆོས་ཚོམས་ངོས་བཟུང་བའི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་བཞི་ལམ་འབྲས་བུ་གསུམ་ལས་ལམ་དང་འབྲས་བུ་གཙོ་བོར་སྟོན། ལམ་ལ་ཐབས་ལམ་གྲོལ་ལམ་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་པའི་མཚན་ཉིད་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། སྣང་བ་བཞི་ལས་ལམ་དང་འབྲས་བུའི་སྣང་བ་སྟོན། འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུད་དོན། དེ་ལ་བཅུ་ལས་གཞུང་ཧྲིལ་པོས་གསུང་གི་དཀྱིལ་འཁོར་སྟོན། བཅུའང་བརྒྱའི་བདག་ཉིད་དུ་བྱས་ན་གསུང་གི་དཀྱིལ་འཁོར་གྱི་ཞོར་ལ་སྤྱོད་པ་ཟུར་ཙམ་དང་། དབང་དང་། སྔགས་དང་། ཏིང་ངེ་འཛིན་དང་། ཕྲིན་ལས་རྣམས་ཀྱང་སྟོན་ནོ། །ཐ་མའི་ཆོས་ཚོམས་བཅུ་ལས་ལྡེམ་དགོངས་མན་ངག །ཚད་མ་བཀའ་གཞུང་། མཚོན་པ་དཔེ། བསྣོལ་མཚམས་འཕེན་སྡུད་རྣམས་སྟོན། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་བདུན་པ་འདི་ལ་དོན་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ལེའུའི་གཞུང་བསྟན་པ་དང་། ལེའུའི་མཚན་བསྟན་པའོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་བསྟན་པ་ནི། དེ་ནས་དེ་བཞིན་གཤེགས་པ༴ འདི་དག་ཕྱུང་ངོ་། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་ལེའུ་དྲུག་པར་ལྷག་པ་ཏིང་ངེ་འཛིན་སྐུའི་དཀྱིལ་འཁོར་དང་འབྲས་བུ་མཐར་ཕྱིན་སྐུའི་དཀྱིལ་འཁོར་བསྟན་པ་ལ་དེ། ལེའུ་བདུན་པར་ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་དང་རང་བཞིན་འབྲས་བུ་མཐར་ཕྱིན་གསུང་གི་དཀྱིལ་འཁོར་སྟོན་པས་ན་ནས། དེ་བཞིན་གཤེགས་པ་ཡབ་ཐམས་ཅད་དང་། ཡུམ་བཙུན་མོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་ཀུན་ཏུ་བཟང་པོའི་སྐུ་དང་གསུང་དང་ཐུགས་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་ལེའུའི་གཞུང་དོན་འོག་ནས་འབྱུང་བ་འདི་དག་ཕྱུང་ངོ་། །གཉིས་པ་ལེའུའི་གཞུང་ལ་སྤྱི་དོན་གསུམ་སྟེ། ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་དང་། དབང་བསྐུར་ཅིང་བྱིན་གྱིས་བརླབ་པའི་སྔགས་དང་། རང་བཞིན་གསུང་གི་དཀྱིལ་འཁོར་བསྟན་པའོ། །དེ་ཡང་དང་པོ་ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་སྟོན་པའི་སྐབས་འདིར་མངོན་པར་རྟོགས་པའི་གོ་རིམ་སྡེབ་མ་ཤེས་ན། བདུད་རྩི་རོ་ཉམས་ལྟ་བུའི་བཤད་པར་འགྲོ་བའི་སྐྱོན་འོང་བས་མངོན་རྟོགས་སྡེབ་པའམ། ཡང་ན་ལྟ་བ་བརྒལ་བརྟགས་ཀྱི་བཤད་པ། དམ་ཚིག་རྣམ་གྲངས་ཀྱི་བཤད་པ། ཕྲིན་ལས་ཆོག་སྡེབ་ཀྱི་བཤད་པ་དང་གསུམ་ལས། འདིར་ཞི་བའི་མངོན་པར་རྟོགས་པའམ་ཕྲིན་ལས་ཀྱི་རིམ་པ་སྡེབ་ལ་བཤད་དོ། །དེ་ཡང་རྒྱས་པར་སྡེབ་པ་ལས་གཞུང་དུ་ཤེས་པས་འདིར་བསྡུས་པ་ཙམ་ཞིག་སྡེབ་པའི་དབང་དུ་བྱས་ན། སྔོན་འགྲོ། དངོས་གཞི། མཇུག་དང་གསུམ་ལས། དང་པོ་སྔོན་འགྲོ་ནི། ཚུལ་ཕྱག་དང་། གྲལ་ཕྱག་དང་། མཚམས་བཅད་པ་དང་། བཤགས་པ་བྱ་བ་དང་། དམ་བཅའ་བ་དང་། བྱིན་དབབ་པ་དང་། ནང་དང་ཕྱིའི་མཆོད་པ་བྱིན་གྱིས་བརླབ་པ་རྣམས་སྒྲུབ་ཐབས་ཀྱི་ལས་བྱང་ལྟར་བྱའོ། །གཉིས་པ་དངོས་གཞི་ལས་གཞུང་ལ་བརྒྱད་ཡོད་པ་ལས། དང་པོ་སེམས་བསྐྱེད་པ་ནི་ལེའུ་གཉིས་པ་ལྟར་བསྐྱེད་དོ། །གཉིས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་ལ། ཏིང་ངེ་འཛིན་གྱི་ཆེ་བ་དང་། ཏིང་ངེ་འཛིན་གསུམ་སྒོམ་པ་ལེའུ་ལྔ་པ་ལྟར་རོ། །དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་པ་སྒྲུབ་ཐབས་ལྟར་ལ་གཞལ་ཡས་ཁང་དང་ལྷ་བསྐྱེད་པའི་སྔགས་ལེའུ་འདི་ནས་བཤད་པ་ལྟར་རོ། །ཚིག་གིས་གསལ་གདབ་པ་དྲུག་པ་ལྟར་རོ། །དབང་བསྐུར་བྱིན་བརླབས་འདི་ནས་བཤད་པ་ལྟར་རོ། །གསུམ་པ་རང་བཞིན་གྱི་དཀྱིལ་འཁོར་ལ་སྙན་གསན་དབབ་ཅིང་སྤྱན་དྲངས་ནས་བསྟིམ་པ་ལ་སོགས་པ་ཡང་འདི་ལྟར་རོ། །བཞི་པ་ཕྱི་ནང་གསང་བ་གསུམ་གྱི་མཆོད་པ་ནི། ཕྱག་ནས་བརྩམས་ཏེ་རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ཡན་ཆད་དབུལ་ལོ། །ལྔ་པ་དམ་བཅའ་བ་དང་། དྲུག་པ་དངོས་གྲུབ་བླང་བ་དང་། བདུན་པ་སྨོན་ལམ་བཏབ་པ་དང་། བརྒྱད་པ་འཛབ་བཟླ་བ་རྣམས་སྒྲུབ་ཐབས་ལྟར་རོ། །མཇུག་གི་ལས་ཀྱི་རིམ་པ་ལ། ཚོགས་དབུལ་བ། ལྷག་མ་བཏང་བ། བརྟན་མ་བསྐྱང་བ། དཀྱིལ་འཁོར་བསྡུ་བ་ཡན་ཆད་སྒྲུབ་ཐབས་ནས་བྱུང་བ་བཞིན་བྱའོ། །སྤྱི་དོན་དང་ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་སྟོན་པར་བྱེད་པ་འདི་ལ་བཞི་སྟེ། རྟེན་གཞལ་ཡས་ཁང་བསྐྱེད་པའི་སྔགས་དང་། བརྟེན་པ་ལྷ་བསྐྱེད་པའི་སྔགས་དང་། སྤྱན་དྲངས་པ་ལ་སོགས་པ་ལས་ཀྱི་རིམ་པའི་སྔགས་དང་། སྔགས་ཀྱི་ཡོན་ཏན་བསྟན་པའོ། །དང་པོ་རྟེན་གཞལ་ཡས་ཁང་བསྐྱེད་པའི་སྔགས་བསྟན་པ་ནི། བྷྲཱུཾ་བི་ཤྭ་བི་ཤུདྡྷེ། ཞེས་པ་དེར་གདའ་ཞིང་། བྷྲཱུཾ་ཞེས་པ་ནི་ཅིར་ཡང་མི་འགྱུར་བའི་ས་བོན་ཡིན་ཀྱང་སྐབས་འདིར་གཞལ་ཡས་ཁང་སྐྱེད་པར་བྱེད་པའི་རྒྱུ་མ་ནོར་བ་རྩ་བའི་ས་བོན་ནམ་སྙིང་པོར་འགྱུར་ལ། བི་ཤྭ་ནི་སྣ་ཚོགས། བི་ཤུདྡྷེ་ནི་དག་བྱེད་དེ་འབྱུང་བ་ལྔར་འཛིན་གྱི་རྟོག་པ་སྣ་ཚོགས་དག་པ་གཞལ་ཡས་ཁང་སྐྱེད་པའི་སྔགས་ཏེ། དེ་ཡང་སྒྱུ་འཕྲུལ་རྒྱ་མཚོ་ལས། རྩ་བ་ཅིར་ཡང་འགྱུར་བའི་བྷྲཱུཾ། །རིན་ཅེན་ཡེ་ཤེས་སྣ་ཚོགས་ལ། །ཕྱིི་ནང་མཐའ་དང་རྒྱ་བྲལ་བའི། །ཆོས་དབྱིངས་འོག་མིན་གཞལ་ཡས་ཁང་། །ཞེས་པ་དང་། སྒྱུ་འཕྲུལ་ཐལ་བའི་རྒྱུད་ལས། བྷྲཱུཾ་དབྱིབས་བྷ་གར་སྣ་ཚོགས་འདུས། །ལས་དང་ངོ་བོ་དག་པ་ཉིད། །སངས་རྒྱས་རིན་ཅེན་ཟ་མ་ཏོག །བྱིན་རླབས་སྐྱོབ་ཕྱིར་སྔགས་སུ་བརྗོད། །ཅེས་གསུངས་སོ། །གཉིས་པ་བརྟེན་པ་ལྷ་སྐྱེད་པའི་སྔགས་ལ་དྲུག་སྟེ། རིགས་ལྔ་ཡབ་ཡུམ་བཅུ་སྐྱེད་པའི་སྔགས་དང་། ནང་སེམས་ཡབ་ཡུམ་བརྒྱད་སྐྱེད་པའི་སྔགས་དང་། ཕྱི་སེམས་ཡབ་ཡུམ་བརྒྱད་སྐྱེད་པའི་སྔགས་དང་། སྒོ་བ་ཡབ་ཡུམ་བརྒྱད་སྐྱེད་པའི་སྔགས་དང་། ཀུན་བཟང་ཡབ་ཡུམ་གཉིས་སྐྱེད་པའི་སྔགས་དང་། ཐུབ་པ་དྲུག་སྐྱེད་པའི་སྔགས་བསྟན་པའོ། །དང་པོ་རིགས་ལྔ་ཡབ་ཡུམ་བཅུ་སྐྱེད་པའི་སྔགས་བསྟན་པ་ནི། ཧཱུཾ་བཛྲ་དྷྲིཀ྄༴ ཏཱཾ་བཛྲ་ར་ཏི། ཞེས་པ་དེར་གདའ་ཞིང་། ཧཱུཾ་བཛྲ་དྷྲིཀ྄ །ཅེས་པས། ཧཱུཾ་ནི་རྩ་བའི་ས་བོན། བཛྲ་དྷྲིཀ྄་ནི་སྐྱེད་པའི་སྔགས་ཏེ། གང་སྐྱེད་ན་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ཁ་ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་འཛིན་པའི་སྐྱེད་སྔགས། རྩ་སྔགས་དང་སྐྱེད་སྔགས་དྲིལ་བ་ནི་བཟླས་པ་ལས་ཀྱི་སྔགས་སུ་ཤེས་པར་བྱས་ཏེ། འཆད་པར་འགྱུར་བའི་སྔགས་ཐམས་ཅད་དེས་འགྲེའོ། །དེ་བཞིན་དུ་ཨཱོྂ་རྩ་བའི་ས་བོན། ཛི་ན་ཛིཀ྄་ཅེས་པ་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པའི་སྐྱེད་སྔགས། སྭཱ་རྩ་བའི་ས་བོན། རཏྣ་དྷྲིཀ྄་ཅེས་པ་རིན་འབྱུང་སེར་པོ་རིན་པོ་ཆེ་འཛིན་པའི་སྐྱེད་སྔགས། ཨཱཾ་རྩ་བའི་ས་བོན། ཨ་རོ་ལིཀ྄་ཅེས་པ་སྣང་བ་མཐའ་ཡས་དམར་པོ་པདྨ་འཛིན་པའི་སྐྱེད་སྔགས། ཧཱ་རྩ་བའི་ས་བོན། པྲཛྙཱ་དྷྲིཀ྄་ཅེས་པ་དོན་གྲུབ་ལྗང་གུ་རལ་གྲི་འཛིན་པའི་སྐྱེད་སྔགས་ཏེ། ཐམས་ཅད་ཀྱང་ཕྱག་གཡས་པས་རང་རང་གི་ཕྱག་མཚན་ཐུགས་ཀར་འཛིན་ཅིང་། གཡོན་པ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ་སྐྱེད་དོ། །དེ་ཡང་ཐལ་བའི་རྒྱུད་ལས། ཙིཏྟ་ཁམས་ལྔའི་ཤི་ར་ལ། །རྡོ་རྗེ་རྒྱལ་བ་རིན་ཅེན་ཆོས། །ཤེས་རབ་རིགས་ལྡན་བཅུད་ཀྱི་གཟུགས། །ངེས་པར་འཛིན་པ་གསང་བའི་སྔགས། །ཞེས་གསུངས་སོ། །མཱུཾ་དྷཱ་དྷཱུ་ཤྭ་རི་ཞེས་སོགས་ནི། མཱུཾ་རྩ་བའི་ས་བོན། དྷཱ་དྷཱུ་ཤྭ་རི་ཞེ་སྡང་དགའ་མ་སྟེ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྐྱེད་པའི་སྔགས་སོ། །དེ་བཞིན་དུ་ལཱཾ་རྩ་བའི་ས་བོན། དྭེ་ཥ་ར་ཏི་གཏི་མུག་དགའ་མ་སྟེ་དེ་བཞིན་དབྱིངས་ཀྱི་དབང་ཕྱུག་མའི་སྐྱེད་སྔགས་སོ། །མཱཾ་རྩ་བའི་ས་བོན། མོ་ཧ་ར་ཏི་ང་རྒྱལ་དགའ་མ་སྟེ་རིན་ཅེན་དབྱིངས་ཕྱུག་མའི་སྐྱེད་སྔགས་སོ། །པཱཾ་རྩ་བའི་ས་བོན། རཱ་ག་ར་ཏི་འདོད་ཆགས་དགའ་མ་སྟེ་པདྨ་དབྱིངས་ཕྱུག་མའི་སྐྱེད་སྔགས་སོ། །ཏཱཾ་རྩ་བའི་ས་བོན། བཛྲ་ར་ཏི་ཕྲག་དོག་དགའ་མ་སྟེ་ལས་ཀྱི་དབྱིངས་ཕྱུག་མའི་སྐྱེད་སྔགས་སོ། །དེ་ལྟར་དབྱིངས་ཕྱུག་ཡུམ་ལྔ་ཀར་ཡང་སྐུ་མདོག་ཡབ་དང་མཐུན་པ་ལ་ཕྱག་གཡས་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་པས་དྲིལ་བུ་ཐུགས་ཀར་འཛིན་པ་སྐྱེད་དོ། །དེ་ཡང་ཐལ་རྒྱུད་ལས། དེ་ཉིད་དྭངས་མའི་ཡེ་ཤེས་ལྔ། །མ་རིག་གཉིས་སོགས་བཞི་པོ་དང་། །མི་ཕྱེད་ཕྲག་དོག་རྡོ་རྗེའི་སྔགས། །དབྱིངས་སུ་སྐྱེད་པས་དགའ་མར་བརྗོད། །ཅེས་གསུངས་སོ། །གཉིས་པ་ནང་སེམས་ཡབ་ཡུམ་བརྒྱད་ཀྱི་སྐྱེད་སྔགས་བསྟན་པ་ནི། ཀྵཱིཾ་ཧི་རཱ་ཛ་ཡ༴ ཨ་ནིརྟི་ར་ག་ཡ་མི། ཞེས་པ་དེར་གདའ་ཞིང་། ཀྵཱིཾ་ཧི་རཱ་ཛ་ཡ་ཞེས་པས་ཀྵཱིཾ་རྩ་བའི་ས་བོན། ཧི་རཱ་ཛ་ཡ་ཞེས་པ་ས་སྙིང་དཀར་པོ་རིན་ཅེན་མྱུ་གུ་འཛིན་པའི་སྐྱེད་སྔགས་སོ། །དེ་བཞིན་དུ་ཐོག་མའི་ཡི་གེ་རྣམས་རྩ་བའི་ས་བོན་དང་གཞན་རྣམས་སྐྱེད་སྔགས་སུ་ཤེས་པར་བྱས་ཏེ། ཏྲཾ་ཨ་གརྦྷ་ཡ་ཞེས་པ་ནམ་སྙིང་སེར་པོ་རལ་གྲི་འཛིན་པའི་སྐྱེད་སྔགས་སོ། །ཧྲི་ཧ་ཧཱུཾ་པདྨ་པ་ད་མ་ཞེས་པ་སྤྱན་རས་གཟིགས་དམར་པོ་པདྨ་འཛིན་པའི་སྐྱེད་སྔགས། ཛིཾ་ཀུ་རུ་པཱ་ཎ་ཧྲི་ཞེས་པ་ཕྱག་ན་རྡོ་རྗེ་མཐིང་ག་རྡོ་རྗེ་འཛིན་པའི་སྐྱེད་སྔགས། ཧཱུཾ་ལཱ་སྱེ་ས་མ་ཡ་སྟྭཾ་ཞེས་པ་ལཱ་སྱེ་དཀར་མོ་མེ་ལོང་འཛིན་པའི་སྐྱེད་སྔགས། ཏྲཾ་མཱ་ལེ་ས་མ་ཡ་ཧོཿ ཞེས་པ་མཱ་ལེ་སེར་མོ་ཕྲེང་བ་འཛིན་པའི་སྐྱེད་སྔགས། ཧྲི་གཱིརྟི་རཱ་གོ྅ཧཾ་ཞེས་པ་གིརྟི་དམར་མོ་པི་ཝང་འཛིན་པའི་སྐྱེད་སྔགས། ཨ་ནིརྟི་རཱ་ག་ཡ་མི་ཞེས་པ་ནིརྟི་མཐིང་ཁ་ཕྱག་རྒྱ་གར་སྒྱུར་བ་ཅན་གྱི་སྐྱེད་སྔགས་སོ། །དེ་ཡང་ཐལ་རྒྱུད་ལས། ལས་ཀྱི་བདེ་བས་སྒེག་པ་ནི། །ཆགས་པའི་དམ་ཚིག་དུས་ཡིན་ནོ། །སླར་ཡང་ལན་གྱིས་འབྲེལ་བ་ནི། །གཉིས་ཀ་དགྱེས་པའི་མཆོག་ཏུ་བཤད། །ཧ་དང་སི་ཡི་བདེ་སྒྲ་དག །བདག་གི་ཆགས་པ་ཐོབ་པའོ། །ཤིན་ཏུ་བསྐྱོད་པའི་བདེ་བ་ཉིད། །ཀུན་ནས་བསྐྱོད་པས་རླུང་ཞེས་བྱ། །ཞེས་གསུངས་སོ། །གསུམ་པ་ཕྱི་སེམས་ཡབ་ཡུམ་བརྒྱད་ཀྱི་སྐྱེད་སྔགས་བསྟན་པ་ནི། མཻ་དྷ་ར་ཎེ་སྭཱ་ཧཱ༴ ཧོ་གནྡྷེ་ཙིཏྟ། ཞེས་པ་དེར་གདའ་ཞིང་། མཻ་དྷ་ར་ཎེ་སྭཱ་ཧཱ་ཞེས་པ་མཻ་རྩ་བའི་ས་བོན། དྷ་ར་ཎེ་སྭཱ་ཧཱ་ཞེས་པ་བྱམས་པ་དཀར་སེར་ཀླུ་ཤིང་འཛིན་པའི་སྐྱེད་སྔགས། ཐླྷིཾ་ནིསྶ་རཾ་བྷ་ཡེ་སྭཱ་ཧཱ་ཞེས་པ་སྒྲིབ་སེལ་དམར་སེར་ཆོས་ཀྱི་འཁོར་ལོ་འཛིན་པའི་སྐྱེད་སྔགས། ཧཱུཾ་སྭ་རཱ་ཛ་ཡ་སྭཱ་ཧཱ་ཞེས་པ་ཀུན་བཟང་དམར་ལྗང་རིན་ཅེན་སྙེ་མ་འཛིན་པའི་སྐྱེད་སྔགས། མུཾ་ཤྲཱི་ཨཾ་རཱཾ་ག་ཡེ་སྭཱ་ཧཱ་ཞེས་པ་འཇམ་དཔལ་དཀའ་ལྗང་ཨུཏྤལ་འཛིན་པའི་སྐྱེད་སྔགས། ཛཿདྷཱུ་པེ་པྲ་བེ་ཤ་ཡ་ཞེས་པ་དྷཱུ་པེ་མ་དཀར་སེར་སྤོས་ཁང་འཛིན་པའི་སྐྱེད་སྔགས། ཧཱུཾ་པུཥྤེ་ཨ་བེ་ཤ་ཡ་ཞེས་པ་པུཥྤེ་མ་དམར་སེར་མེ་ཏོག་འཛིན་པའི་སྐྱེད་སྔགས། བཾ་དཱི་པ་སུ་གི་ནཱི་ཞེས་པ་མར་མེ་མ་དམར་ལྗང་སྒྲོན་མེ་འཛིན་པའི་སྐྱེད་སྔགས། ཧོ་གནྡྷེ་ཙིཏྟ་ཞེས་པ་དྲི་ཆབ་མ་དཀར་ལྗང་དྲིའི་དུང་ཆོས་དྲི་ཆབ་དང་བཅས་པ་འཛིན་པའི་སྐྱེད་སྔགས། དེ་ཡང་ཐལ་རྒྱུད་ལས། གཉིས་འདྲེས་འཛིན་པ་ཞེས་བྱ་སྟེ། །དེ་ཉིད་ཕྱེ་བ་ལས་ཕྱུང་བའོ། །མེ་ཏོག་བསྡུས་པའི་ངོ་བོ་ཉིད། །བདག་པོའི་ཞལ་དུ་ཐིམ་པར་བཤད། །ཤིན་ཏུ་བསྡམས་པའི་རིམ་ལས་བྱུང་། །གསལ་བའི་ཡེ་ཤེས་བདེ་བ་ཆེ། །ཀུན་གསལ་བརྗོད་དང་འདྲ་བའི་སྒྲ། །གཉིས་མེད་ཐུགས་སུ་ཤེས་པར་བྱ། །ཞེས་གསུངས་སོ། །བཞི་པ་སྒོ་བ་ཡབ་ཡུམ་གྱི་སྐྱེད་སྔགས་བསྟན་པ་ནི། ཧཱུཾ་ཡ་མཱནྟ་ཀྲྀཏ་ཕཊ༴ ཛྭ་ལ་ནི་ཧཱུཾ་ཕཊ། ཅེས་པ་དེར་གདའ་ཞིང་། ཧཱུཾ་ཡ་མཱནྟ་ཀྲྀཏ་ཕཊ་ཅེས་པ་ཧཱུཾ་ནི་རྩ་བའི་ས་བོན། ཡ་མན་ནི་གཤིན་རྗེ། ཏ་ཀྲྀཏ་ནི་མཐར་བྱེད། ཕཊ་ནི་སྒྲོལ་ཅིག་པ་སྟེ། དོན་དུ་ནི་གཤིན་རྗེའི་གཤེད་པོ་སྨུག་ནག་ཕྱག་གཡས་མི་མགོ་ཁ་གདངས་གནོན་ཐབས་སུ་འཛིན་པའི་སྐྱེད་སྔགས་སོ། །ཧཱུཾ་བིགྷྣནྟ་ཀྲྀཏ་ཕཊ་ཅེས་པ། གཞན་རྣམས་འབྲུ་མཐུན་ལ། བིགྷྣཱན་ནི་བགེགས་ཏེ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་གནོན་ཐབས་སུ་འཛིན་པའི་སྐྱེད་སྔགས། ཧཱུཾ་པདྨཱནྟ་ཀྲྀཏ་ཕཊ་ཅེས་པ། པདྨ་ནི་པདྨ་དངོས་རྟ་མགྲིན་དམར་ནག་ཐོད་པ་སྦྲུལ་གྱིས་དཀྲིས་པ་གནོན་ཐབས་སུ་འཛིན་པའི་སྐྱེད་སྔགས། ཧཱུཾ་པྲཛྙཱ་ཏ་ཀྲྀཏ་ཕཊ་ཅེས་པས། པྲཛྙཱ་ནི་ཤེས་རབ་སྟེ་སྟོབས་ཆེན་སེར་ནག་རྡོ་རྗེ་རྩེ་ལྔ་པ་གནོན་ཐབས་སུ་འཛིན་པའི་སྐྱེད་སྔགས། ཨཱོཾ྅྅྅ མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ཧཱུཾ་ཕཊ་ཅེས་པས། ཨཱོཾ྅྅྅ ཡེ་ཤེས་ལྔ་ལྡན་སྔགས་ཀྱི་འགོ་འདྲེན། མ་ཧཱ་ན་ཆེན་པོ། བཛྲ་ནི་རྡོ་རྗེ། དྷ་ར་ནི་འཛིན་པ། མ་ཧཱ་ནི་ཆེན་པོ། ཀྲོ་དྷི་ནི་ཁྲོ་མོ། ཤྭ་རི་ནི་དབྱིངས་ཕྱུག །ཛྭ་ལ་ནི་འབར་བ། ཧཱུཾ་ནི་བསྡུས་ཤིག །ཕཊ་ནི་སྒྲོལ་ཅིག་པ་སྟེ་དོན་དུ་ནི་ཁྲོ་མོ་ལྕགས་ཀྱུ་མ་སྨུག་ནག་ལྕགས་ཀྱུ་འཛིན་པའི་སྐྱེད་སྔགས། ཨཱོཾ྅྅྅མ་ཧཱ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ་ཅེས་པས། གཞན་རྣམས་འབྲུ་མཐུན་ལ། རཏྣ་རིན་པོ་ཆེ་སྟེ་དོན་དུ་ནི་ཁྲོ་མོ་ཞགས་པ་མ་སེར་ནག་ཞགས་པ་འཛིན་པའི་སྐྱེད་སྔགས། ཨཱོཾ྅྅྅ མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ་ཅེས་པས། པདྨ་ནི་པདྨ་དངོས་ཏེ་ཁྲོ་མོ་ལྕགས་སྒྲོག་མ་དམར་ནག་ལྕགས་སྒྲོག་འཛིན་པའི་སྐྱེད་སྔགས། ཨཱོཾ྅྅྅ མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ་ཅེས་པས། ཀརྨ་ནི་ལས་ཏེ་ཁྲོ་མོ་དྲིལ་བུ་མ་ལྗང་ནག་དྲིལ་བུ་འཛིན་པའི་སྐྱེད་སྔགས་སོ། །ལྔ་པ་ཀུན་བཟང་ཡབ་ཡུམ་གྱི་སྐྱེད་སྔགས་བསྟན་པ་ནི། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཨཱོཾ྅྅྅། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། ཞེས་པ་དེར་གདའ་ཞིང་། ཧཱུཾ་ཧཱུཾ་ཧཱུཾ་ཞེས་པ་གསུམ་ནི་རྣམ་པར་ཤེས་པ་གསུམ་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། སྒོ་ལྔའི་རྣམ་པར་ཤེས་པའོ། །བཛྲ་ནི་རྡོ་རྗེ། ཙིཏྟ་ནི་ཐུགས། ཨཱོཾ྅྅྅་ནི་རྩ་བའི་ས་བོན་ཏེ། ཀུན་ཏུ་བཟང་པོ་མཐིང་ཁ་ཕྱག་གཡོན་གྱི་ཐོག་ཏུ་གཡས་མཉམ་པར་བཞག་པའི་ཕྱག་རྒྱ་ཅན་གྱི་སྐྱེད་སྔགས། ཨ་ཨ་ཨ་ཞེས་པ་གསུམ་ནི་དབྱིངས་གསུམ་སྟེ་རྣམ་ཤེས་གསུམ་གྱི་ཡུལ་ལོ། །བཛྲཱི་ནི་རྡོ་རྗེ། བྷ་དྲ་ནི་བཟང་མོ། ས་མནྟ་ནི་མཉམ་པ་ཉིད། ཨ་རྩ་བའི་ས་བོན་ཏེ། ཀུན་ཏུ་བཟང་མོ་མཐིང་ཁ་ཕྱག་གཡས་ཀྱི་ཐོག་ཏུ་གཡོན་མཉམ་པར་བཞག་པའམ་རྡོ་རྗེ་ཐལ་མོ་ཐུགས་ཀར་སྦྱར་བའི་སྐྱེད་སྔགས་སོ། །དེ་ཡང་ཐལ་རྒྱུད་ལས། རྣམ་ཤེས་གསུམ་འདས་རྡོ་རྗེ་ནི། །ཡེ་ཤེས་ལྔ་རྫོགས་པ་ཉིད་དོ། །དབྱིངས་གསུམ་རྣམ་དག་འདུས་མ་བྱས། །ཀུན་ཏུའང་དེ་བཞིན་གནས་བྱེད་པའོ། །ཞེས་གསུངས་སོ། །དྲུག་པ་ཐུབ་པ་དྲུག་གི་སྐྱེད་སྔགས་བསྟན་པ་ནི། ཨཱོཾ྅྅྅་མུ་ནི་ཀྲིཾ་སྭཱ་ཧཱ༴ ཨཱོཾ྅྅྅་མུ་ན་ཡེ་སྭཱ་ཧཱ། ཞེས་པ་དེར་གདའ་ཞིང་། ཨཱོཾ྅྅྅་ཞེས་པ་ནི་ཡི་གེ་ལྔ་པ་ཡེ་ཤེས་ལྔ་ལྡན་སྔགས་ཀྱི་འགོ་འདྲེན། མུ་ནི་ཀྲིཾ་སྭཱ་ཧཱ་ཞེས་པ་ལྷའི་ཐུབ་པ་དཀར་པོ་པི་ཝང་འཛིན་པའི་སྐྱེད་སྔགས། ཨཱོཾ྅྅྅་མུ་ནི་ཧཱུཾ་ཏྲུཾ་སྭཱ་ཧཱ་ཞེས་པ་ལྷ་མ་ཡིན་གྱི་ཐུབ་པ་མཐིང་ཁ་གོ་མཚོན་འཛིན་པའི་སྐྱེད་སྔགས། ཨཱོཾ྅྅྅ མུ་ནི་སྲུཾ་སྭཱ་ཧཱ་ཞེས་པ་མིའི་ཐུབ་པ་སེར་པོ་གསེག་ཤང་དང་པར་བུ་འཛིན་པའི་སྐྱེད་སྔགས། ཨཱོཾ྅྅྅ མུ་ནི་བྲཾ་སྭཱ་ཧཱ་ཞེས་པ་བྱོལ་སོང་གི་ཐུབ་པ་དམར་ནག་པོ་ཏི་འཛིན་པའི་སྐྱེད་སྔགས། ཨཱོཾ྅྅྅མུ་ནི་ཀྵཾ་སྭཱ་ཧཱ་ཞེས་པ་ཡི་དྭགས་ཀྱི་ཐུབ་པ་སེར་ནག་རིན་པོ་ཆེའི་སྒྲོམ་བུ་འཛིན་པའི་སྐྱེད་སྔགས། ཨཱོཾ྅྅྅ མུ་ནི་ཡེ་སྭཱ་ཧཱ་ཞེས་པ་དམྱལ་བའི་ཐུབ་པ་དུད་ཁ་མེ་ཆུ་འཛིན་པའི་སྐྱེད་སྔགས་ཡིན་པར་གདའ། དེ་ཡང་ཐལ་རྒྱུད་ལས། ས་བོན་ཟུང་གསུམ་དེ་བདེ་བ། །དེས་སྐྱེས་རང་རིག་གྱུར་པ་ཡིས། །གཉིས་བྱུང་འདུལ་བས་ཐུབ་པར་གསུངས། །ཞེས་གསུངས་སོ། །གསུམ་པ་སྤྱན་དྲངས་པ་ལ་སོགས་པ་ལས་ཀྱི་རིམ་པའི་སྔགས་བསྟན་པ་ལ་བཞི་སྟེ། སྙན་གསན་དབབ་ཅིང་སྤྱན་དྲངས་པའི་སྔགས། རིག་པའི་མེ་ཏོག་དོར་བའི་སྔགས་དང་། དངོས་གྲུབ་བསྐུལ་བའི་སྔགས་དང་། བསྟིམ་པའི་སྔགས་སོ། །དང་པོ་སྙན་གསན་དབབ་ཅིང་སྤྱན་དྲངས་པའི་སྔགས་བསྟན་པ་ནི། ཨཱོཾ྅྅྅ཨེ་ཧྱེ་ཧི༴ ཛ་ཧཱུཾ་བཾ་ཧོཿ ཞེས་པ་དེར་གདའ་ཞིང་། ཨཱོཾ྅྅྅ ནི་ཡེ་ཤེས་ལྔ་ལྡན་སྔགས་ཀྱི་འགོ་འདྲེན་པའོ། །ཨེ་ཧྱེ་ཧི་ནི་བོད་པ་སྟེ་ཀྱེ་ཀྱེ་ཞེས་པའི་དོན་ནོ། །བྷ་ག་ཝཱན་ནི་བཅོམ་ལྡན་འདས། མ་ཧཱ་ཀ་རུ་ཎི་ཀ་ནི་ཐུགས་རྗེ་ཆེན་པོ། དྲི་ཤྱ་ཧོཿནི་གཤེགས་ཤིག །ས་མ་ཡ་སྟྭཾ་ནི་དམ་ཚིག་དུས་ལ་བབ་བོ་ཞེས་པ་སྟེ་རང་བཞིན་གྱི་དཀྱིལ་འཁོར་ལ་དམ་ཚིག་གིས་བསྐུལ་བའོ། །དེ་ལྟར་སྙན་གསན་ཕབ་ནས་དམ་ཚིག་གི་ཐུགས་ཀ་ནས་འཕྲོས་པའི་ཡི་གེ་ཛཿས་དགུག །ཧཱུཾ་གིས་བཅིང་། བཾ་གྱིས་བསྡམ། ཧོཿས་དགྱེས་པ་བསྐྱེད་པ་སྟེ་ཕྱག་རྒྱ་བཞིའི་སྒོ་ནས་རང་བཞིན་གྱི་དཀྱིལ་འཁོར་ཡེ་ཤེས་པ་སྤྱན་དྲངས་ནས་དམ་ཚིག་གི་དཀྱིལ་འཁོར་དང་མེ་རི་འདབ་འབྱོར་ཙམ་དུ་གཞུག་པར་བྱའོ། །གཉིས་པ་རིག་པའི་མེ་ཏོག་དོར་བ་ནི། ཨཱོཾ྅྅྅༴ སྭཱ་ཧཱ་ཞེས་པ་དེར་གདའ་ཞིང་། འདི་དག་རིམ་པར་སྡེབ་ནས་སྟོན་པས། ཨཱོཾ྅྅྅ བཛྲ་ས་མ་ཡ་ཨཱོཾ྅྅྅ ཞེས་པ་ཡེ་ཤེས་རྡོ་རྗེའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་བདག་དམ་ཚིག་པའི་ལུས་གཉིས་དབྱེར་མི་ཕྱེད་པར་མཛོད་ཅིག །ཨཱྂ་བཛྲ་ས་མ་ཡ་ཨཱྂ། ཞེས་པ་གསུང་དང་ངག་གཉིས་དབྱེར་མི་ཕྱེད་པར་མཛོད་ཅིག །ཧཱུྃ་བཛྲ་ས་མ་ཡ་ཧཱུྃ་ཞེས་པས། ཐུགས་དང་ཡིད་གཉིས་དབྱེར་མི་ཕྱེད་པར་མཛོད་ཅིག །སྭཱ་བཛྲ་ས་མ་ཡ་སྭཱ་ཞེས་པས། ཡོན་ཏན་དང་ཡོན་ཏན་གཉིས་དབྱེར་མི་ཕྱེད་བར་མཛོད་ཅིག །ཧཱ་བཛྲ་ས་མ་ཡ་ཧཱ་ཞེས་པས། ཕྲིན་ལས་དང་ལས་གཉིས་དབྱེར་མི་ཕྱེད་པར་མཛོད་ཅིག་ཅེས་པའོ། །གསུམ་པ་དངོས་གྲུབ་བསྐུལ་བ་བསྟན་པ་ནི། ཨཱོཾ྅྅྅། ཡེ་ཤེས་རྒྱལ་པོའི༴ ཨཱོཾ྅྅྅བཛྲ་ས་མ་ཧོཿ ཞེས་པ་དེར་གདའ་ཞིང་། ཨཱོཾ྅྅྅ ཡེ་ཤེས་ལྔ་ལྡན་གླུའི་འགོ་འདྲེན་རང་རིག་པའི་ཡེ་ཤེས་ལ་དབང་སྒྱུར་བའམ་ཡེ་ཤེས་ཅན་གྱི་རྒྱལ་བ་ཐམས་ཅད་ལ་དབང་སྒྱུར་བའི་རྒྱལ་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་གཞན་ལས་ཁྱད་པར་དུ་གྱུར་པས་རྨད་པོ་ཆེ་དེ་ལྟ་བུ་དེ་དུས་ད་ལྟ་ཉིད་དུ་ནི་སེམས་ཅན་ཐམས་ཅད་དང་མཉམ་པར་སྦྱོར་བའི་ཐུགས་རྗེ་ཆེན་པོ་རྒྱལ་བ་ལ་མངའ་བས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེན་པོར་བདག་ཀྱང་སྦྱོར་ཅིག །ཨཱོཾ྅྅྅བཛྲ་ས་མ་ཡ་ཧཱུྃ་ཞེས་པས། ཡེ་ཤེས་རྡོ་རྗེའི་དམ་ཚིག་གི་རང་བཞིན་གྱི་སྒོ་ནས་བདག་དང་གཉིས་སུ་མེད་པར་བསྡུས་ཤིག །ཨཱོཾ྅྅྅བཛྲ་ས་མ་ཡ་སྟྭཱྂ་ཞེས་པས། ཡེ་ཤེས་རྡོ་རྗེའི་དམ་ཚིག་གི་སྒོ་ནས་བདག་གཉིས་སུ་མེད་པར་བྱིིན་གྱིས་བརླབ་པའི་དུས་ལ་བབ་བོ། །ཨཱོཾ྅྅྅ བཛྲ་ས་མ་ཡ་ཧོཿཞེས་པས། ཡེ་ཤེས་རྡོ་རྗེའི་དམ་ཚིག་གི་སྒོ་ནས་བདག་ལ་མཉེས་པར་མཛོད་ཅིག་ཅེས་བསྐུལ་བའོ། །འདིར་དངོས་གྲུབ་བསྐུལ་བ་ལ་ཚིག་གིས་བསྐུལ་བ་དང་། སྔགས་ཀྱིས་བསྐུལ་བ་གཉིས་ལྡབས་སོ་ཞེ་ན། རྗེ་སྒྲོ་ཕུག་པའི་བཞེད་ཀྱིས། གོང་མ་དངོས་གྲུབ་ཙམ་པོ་བསྐུལ་བ་ཡིན་ལ། འོག་མ་ས་མ་ཡའི་སྒྲས་དངོས་གྲུབ་གནད་ནས་ཕབ་ནས་བསྐུལ་བ་ཡིན་ཏེ། དཔེར་ན་སློབ་མ་ཞིག་ལ་བྱ་བ་འཚོལ་བའི་དུས་ན་ཁྱོད་ཀྱིས་འདི་གྱིས་ཤིག་བྱ་བ་དང་། འདི་དམ་ཚིག་ལ་དགོངས་ནས་ཅིས་ཀྱང་བྱ་དགོས་སོ་ཟེར་བ་ལྟ་བུ་ཡིན་གསུང་། རྗེ་དྲིངས་པ་ཉེའུ་སྟོན་ན་རེ། སྤྱིར་གྱི་དོན་དམ་གསལ་བྱེད་བརྗོད་པ་ཚིག་གི་སྒོ། ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། མཚོན་པ་བརྡ་རྟགས་ཕྱག་རྒྱ་གར་གྱི་སྒོ། ཞེས་བྱ་བ་གསང་སྔགས་ལུང་གི་སྒོ་བཞི་ཡིན་པ་ལ། ཀུན་ལ་བཞི་ཀ་ཚང་བའང་ཡོད། གསུམ་ཚང་བ་དང་གཉིས་ཚང་བའང་ཡོད་པས་ཀུན་ལ་ཐམས་ཅད་ཚང་བའི་ངེས་པ་མེད་ལ། སྐབས་འདིར་ཚིག་དང་སྔགས་དང་ཏིང་ངེ་འཛིན་གསུམ་གྱིས་བསྐུལ་བ་ཡིན་གསུང་ངོ་། །བཞི་པ་བསྟིམ་པའི་སྔགས་བསྟན་པ་ནི། ཛཿཧཱུཾ་བཾ་ཧོཿཞེས་ཕྱག་རྒྱ་བཞིའི་སྒོ་ནས་བདག་དམ་ཚིག་པ་དང་ལྷ་ཡེ་ཤེས་པ་གཉིས་གཉིས་སུ་མེད་པར་བསྟིམ་པར་བྱའོ། །བཞི་པ་སྔགས་ཀྱི་ཡོན་ཏན་བསྟན་པ་ནི། ཞེས་བརྗོད་པས༴ ཀུན་ཏུ་གྲགས་སོ། །ཞེས་པ་དེར་གདའ་ཞིང་། ཞེས་སྔགས་དེ་དག་བརྗོད་པས་གསུང་སྔགས་ཀྱི་དཀྱིལ་འཁོར་འདི་དག་གི་མཐུས་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་གདུལ་བྱ་ཐམས་ཅད་ཀྱི་ལུས་ལ་སྔགས་ཉིད་གནས་པས་ན་ཁྱབ་པར་གྲགས་སོ། །ལྷའི་དཀྱིལ་འཁོར་དུ་གསལ་བས་ན་རབ་ཏུ་གྲགས་སོ། །ལས་དང་དངོས་གྲུབ་ཏུ་སྣང་བས་ན་ཀུན་ཏུ་གྲགས་སོ་ཞེས་པའམ། ཡང་ན་རྒྱུ་མ་ནོར་བ་རྩ་བའི་སྔགས་ཀྱིས་ཁྱབ་པར་གྲགས་སོ། །སྐྱེད་པ་རྐྱེན་གྱི་སྔགས་ཀྱིས་རབ་ཏུ་གྲགས་སོ། །བཟླས་པ་ལས་ཀྱི་སྔགས་ཀྱིས་ཀུན་ཏུ་གྲགས་སོ། །སྤྱི་དོན་གཉིས་པ་དབང་སྒྱུར་ཞིང་བྱིན་གྱིས་བརླབ་པ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། དབང་བསྐུར་བྱིན་གྱིས་བརླབ་པ་དངོས་དང་། དེའི་ཡོན་ཏན་ནོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས༴ སྒྱུ་འཕྲུལ་དྲ་བ་ལས་ཕྱུང་ངོ་། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས། རྩ་བའི་ལྷ་སྐྱེད་པ་བསྟན་པ་ལ་དེ་ཡན་ལག་གི་ལྷ་སྐྱེད་པ་སྟོན་པས་ན་ནས་ཞེས་པའམ། ཡང་ན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་ལ་དེ་དབང་བསྐུར་བྱིན་བརླབ་སྟོན་པས་ན་ནས། བཅོམ་ལྡན་འདས་ཡིད་བྱེད་པ་པོ་རྡོ་རྗེ་ཀུན་ཏུ་བཟང་པོ་དང་། ཆོས་བྱ་བ་མོ་རྡོ་རྗེ་ཀུན་ཏུ་བཟང་མོ་གཉིས་གྲོལ་ལམ་ལྟར་ན་ཐབས་ཤེས་རབ་ཀྱི་དགོངས་པ་གཉིས་སུ་མེད་པ། ཐབས་ལམ་ལྟར་ན་བྱང་ཆུབ་ཀྱི་སེམས་ཉི་ཟླ་གཉིས་སུ་མེད་པའིི་རང་བཞིན་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་བདེ་བས་གཉིས་སུ་མེད་པར་ཐིམ་པར་མཛད་དོ། །མཛད་ནས་ཅི་མཛད་ཅེ་ན། དེ་ནས་ཕྱོགས་བཅུ༴ ཕྱུང་ངོ་། །ཞེས་པས་སྙོམས་པར་ཞུགས་པ་བསྟན་པ་ལ་དེ་དབང་བསྐུར་བྱིན་བརླབ་དངོས་སྟོན་པས་ན་ནས་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་རྒྱལ་བ་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས་ཀྱིས་བདེ་བའི་ཡེ་ཤེས་ལ་མངའ་མཛད་པའི་བདག་ཉིད་ཆེན་པོ་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་བ་དང་། སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུ་བ་ཞེས་བྱ་བ་འདི་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་སྒྱུ་འཕྲུལ་དྲྭ་བ་ཡབ་ཡུམ་ཟུང་དུ་འབྲེལ་བ་ལས་དབང་བསྐུར་ཞིང་བྱིན་གྱིས་བརླབ་པའི་སྔགས་འདི་དག་ཕྱུང་ངོ་། །གཉིས་པ་དབང་བསྐུར་བྱིན་གྱིས་བརླབ་པ་དང་དངོས་ལ་གཉིས་ཏེ། དབང་བསྐུར་བའི་སྔགས་དང་། བྱིན་གྱིས་བརླབ་པའི་སྔགས་སོ། །དང་པོ་དབང་བསྐུར་བའི་སྔགས་བསྟན་པ་ནི། ཨཱོྂ་མ་ཧཱ་ཤཱུནྱ་ཏཱ༴ ཨཱཏྨ་ཀོ྅་ཧཾ། ཞེས་པ་དེར་གདའ་ཞིང་། དེ་ཡང་དབང་གང་གིས་བསྐུར་ན། སྐབས་འདིར་རིགས་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས་ཀྱིས་བསྐུར། གང་ལ་བསྐུར་ན་ལྷག་པ་ཏིང་འཛིན་གྱི་དཀྱིལ་འཁོར་ལྷ་བཞི་རྩ་གཉིས་ལ་བསྐུར། གང་བསྐུར་ན་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར། དགོས་ཆེད་གང་གིས་ཕྱིར་བསྐུར་ན་སྭ་བྷཱ་ཝའི་སྒྲས་དྲི་མ་དག་པར་བྱེད་པའི་ཕྱིར་བསྐུར། ཚུལ་ཇི་ལྟར་བསྐུར་ན་ཐེག་པ་འོག་མ་པ་ལྟར་སྤང་གཉེན་གྱི་ཚུལ་གྱིས་མ་ཡིན་ཏེ། རང་བཞིན་རྟོགས་པའི་ཚུལ་གྱིས་དབང་བསྐུར་བའོ། །དེ་ཡང་རང་རྩ་བའི་ལྷར་བསྐྱེད་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཕྱག་མཚན་གྱི་ལྟེ་བར་རྩ་བའི་ས་བོན་གྱི་ཡིག་འབྲུ་ལ་སྐྱེད་སྔགས་ཀྱིས་བསྐོར་བར་བསམ་པ་སྟེ། དེ་ལྟར་ཡེ་ཤེས་སེམས་དཔའ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་འོག་མིན་དུ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་ཕུལ་ནས། བདག་དམ་ཚིག་གི་དཀྱིལ་འཁོར་ལ་ཡེ་ཤེས་ལྔའི་དབང་མངོན་པར་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་དག་སྔོན་གྱི་ཐུགས་དམ་དྲན་ནས་བདེ་བར་གཤེགས་པ་ཐམས་ཅད་ཀུན་བཟང་ཡབ་ཡུམ་གྱི་ཚུལ་དུ་མདུན་གྱི་ནམ་མཁའ་ལ་བྱོན་ནས་ཡབ་ཡུམ་གཉིས་སུ་མེད་པའི་སྦྱོར་བ་མཛད་པས་རྗེས་ཆགས་ཀྱི་མེས་ཞུ་བ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ལྔའི་ཆུ་རྒྱུན་གྱི་རྣམ་པས་མགོའི་གནས་ལྔར་བབས་ཏེ། དེ་ཡང་། ཨཱོྂ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཨཱཏྨ་ཀོ྅ཧཾ་ཞེས་པས། ཨཱོྂ་ནི་ཡེ་ཤེས་ལྔ་ལྡན་སྔགས་ཀྱི་འགོ་འདྲེན། མ་ཧཱ་ནི་ཆེན་པོ། ཤཱུ་ནྱ་ཏཱ་སྟོང་པ་ཉིད། ཛྙཱ་ན་ཡེ་ཤེས། བཛྲ་རྡོ་རྗེ། སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པ་ནི་ངོ་བོའམ་རང་བཞིན་གང་ཡིན་པ་སྟེ། དེ་ཡང་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཆུ་རྒྱུན་སྤྱི་བོའི་གཙུག་ན་མར་བབས་ཏེ་ལུས་ཐམས་ཅད་ལ་ཁྱབ་པས་དག་བྱའི་རྟོག་པ་གཞི་དོན་གྱི་ཀུན་གཞིའི་རྣམ་ཤེས་ལ་བདག་ཏུ་འཛིན་པའམ། ཉོན་མོངས་པ་ཞེ་སྡང་གི་དྲི་མ་དག །ཐོབ་བྱའི་དབང་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་དབང་ཐོབ། དེ་ཐོབ་པའི་དབང་རྟགས་སུ་ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་མི་བསྐྱོད་པས་དབུ་བརྒྱན་པར་བསྒོམ་ཞིང་། རྣམ་ཤེས་རྣམ་དག་རྡོ་རྗེའི་རིགས་རྡོ་རྗེ་སེམས་དཔའ་ངའམ་བདག་ཡིན་ནོ་བར་ང་རྒྱལ་བར་བྱའོ། །ཨཱོྂ་མ་ཧཱ་ཨ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པའི་སྔགས་ཀྱིས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆུ་རྒྱུན་དཔྲལ་བ་ན་མར་བབས་ཏེ་ལུས་ཐམས་ཅད་ལ་ཁྱབ་པས་དག་བྱའི་རྟོག་པ་སྦྱོར་བ་དོན་གྱི་ཀུན་གཞིའི་རྣམ་ཤེས་ལ་བདག་ཏུ་འཛིན་པའམ་ཉོན་མོངས་པ་གཏི་མུག་གི་དྲི་མ་དག །ཐོབ་བྱའི་དབང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དབང་ཐོབ། དེ་ཐོབ་པའི་དབང་རྟགས་སུ་ཆུ་ལྷག་མ་ཡར་ལུད་པ་ལས་དཔྲལ་བར་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བསྒོམ་ཞིང་། གཟུགས་ཕུང་རྣམ་དག་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་དུ་ང་རྒྱལ་བར་བྱའོ། །ཨཱོྂ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པའི་སྔགས་ཀྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཆུ་རྒྱུན་རྣ་ལྟག་གཡས་པ་ན་མར་བབས་ཏེ། ལུས་ཐམས་ཅད་ལ་ཁྱབ་པས་དག་བྱའི་རྟོག་པ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བདག་ཏུ་འཛིན་པའམ་ང་རྒྱལ་གྱི་དྲི་མ་དག །ཐོབ་བྱའི་དབང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དབང་ཐོབ། དེ་ཐོབ་པའི་དབང་རྟགས་སུ་ཆུ་ལྷག་མ་ཡར་ལུད་པ་ལས་རྣ་ལྟག་གཡས་པར་རིན་ཅེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་བསྒོམ་ཞིང་། ཚོར་བ་རྣམ་དག་རིན་པོ་ཆེའི་རིགས་རིན་ཅེན་འབྱུང་ལྡན་དུ་ང་རྒྱལ་བར་བྱའོ། །ༀ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པའི་སྔགས་ཀྱིས་སོ་སོར་རྟོག་པའི་ཡེ་ཤེས་ཆུ་རྒྱུན་ལྟག་ཁུང་ན་མར་བབས་ཏེ། ལུས་ཐམས་ཅད་ལ་ཁྱབ་པས་དག་བྱའི་རྟོག་པ་ཡིད་ཀྱི་རྣམ་ཤེས་ལ་བདག་ཏུ་འཛིན་པའམ་ཉོན་མོངས་པ་འདོད་ཆགས་ཀྱི་དྲི་མ་དག །ཐོབ་བྱའི་དབང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་དབང་ཐོབ། དེ་ཐོབ་པའི་དབང་རྟགས་སུ་ཆུ་ལྷག་མ་ཡར་ལུད་པ་ལས་ལྟག་ཁུང་པར་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་བསྒོམ་ཞིང་། འདུ་ཤེས་རྣམ་དག་པདྨའི་རིགས་སྣང་བ་མཐའ་ཡས་སུ་ང་རྒྱལ་བར་བྱའོ། །ཨཱོྂ་མ་ཧཱ་ཀྲྀ་ཏྱ་ཨ་ནུཥྛཱ་ན་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པའི་སྔགས་ཀྱིས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་རྣ་ལྟག་གཡོན་ན་མར་བབས་ཏེ། ལུས་ཐམས་ཅད་ལ་ཁྱབ་པས་དག་བྱའི་རྟོག་པ་སྒོ་ལྔའི་རྣམ་པར་ཤེས་པ་ལ་བདག་ཏུ་འཛིན་པའམ་ཉོན་མོངས་པ་ཕྲག་དོག་གི་དྲི་མ་དག །ཐོབ་བྱའི་དབང་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་དབང་ཐོབ། དེ་ཐོབ་པའི་དབང་རྟགས་སུ་ཆུ་ལྷག་མ་ཡར་ལུད་པ་ལས་རྣ་ལྟག་གཡོན་པར་དོན་ཡོད་གྲུབ་པས་དབུ་བརྒྱན་པར་བསྒོམ་ཞིང་འདུ་བྱེད་རྣམ་དག་ལས་ཀྱི་རིགས་དོན་ཡོད་གྲུབ་པར་ང་རྒྱལ་བར་བྱའོ། །དེ་ཡང་མི་བསྐྱོད་པ་ཡབ་ཡུམ་གཉིས་དང་བྱེད་པོ་ཀུན་བཟང་ཡབ་ཡུམ་གཉིས་དང་། ཟླ་དང་བྲལ་བ་ཞེས་པ་ནི་ཡུམ་མེད་པ་སྟེ་དཔའ་བོ་གཅིག་པའི་ལྷ་ཐུབ་པ་དྲུག་གོ། །དེ་ལྟར་རྡོ་རྗེའི་རིགས་ཀྱི་ལྷ་བཅུའི་རིགས་བདག་མི་བསྐྱོད་པ་ཡིན་པས་དེ་དབུས་སུ་བྱས་ནས་དབུ་བརྒྱན་པ་ཡིན་ཏེ། ཐལ་རྒྱུད་ལས། མི་བསྐྱོད་བྱེད་པོ་ཡུམ་དང་བཅས། །རྡོ་རྗེ་འཛིན་པའི་ཕྱག་རྒྱར་ལྡན། །ཞེས་པ་དང་། ཐུབ་ཆེན་རྡོ་རྗེ་འཛིན་འཆང་བ། །ཟླ་དང་བྲལ་བའི་དཔའ་བོ་ཆེ། །ཞེས་གསུངས་པས་མངོན་ནོ། །སྣང་མཛད་ཡབ་ཡུམ་གཉིས། ས་སྙིང་ཡབ་ཡུམ་གཉིས། བྱམས་པ་ཡབ་ཡུམ་གཉིས། གཤིན་རྗེ་གཤེད་ཡབ་ཡུམ་གཉིས་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་བརྒྱད་ཀྱི་རིགས་བདག་ལྟག་པར་རྣམ་པར་སྣང་མཛད་ཡིན་པས་དེ་དབུས་སུ་བྱས་ནས་དབུ་བརྒྱན་པ་ཡིན་ཏེ། ཐལ་རྒྱུད་ལས། བྱམས་པ་ས་སྙིང་དེ་བཞིན་ནོ། །ཞེས་པ་དང་། གཤིན་རྗེའི་གཤེད་ལ་ལྟག་པར་བཤད། །ཅེས་པས་མངོན་ནོ། །དེ་དག་གི་ཤུགས་ལ་ལྷ་གཞན་རྣམས་ཀྱི་རིགས་ཀྱང་ཤེས་པར་བྱ་སྟེ། མི་བསྐྱོད་པ་རྡོ་རྗེའི་རིགས་ཡིན་པའི་ཤུགས་ལ་རྣམ་སྣང་དེ་བཞིན་རིགས། རིན་འབྱུང་རིན་ཅེན་རིགས། མཐའ་ཡས་པདྨའི་རིགས། དོན་གྲུབ་ལས་ཀྱི་རིགས་ཡིན་པར་ཤེས་སོ། །བྱང་ཆུབ་སེམས་དཔའ་ས་སྙིང་དང་བྱམས་པ་དེ་བཞིན་རིགས་ཡིན་པའི་ཤུགས་ལ། ནམ་སྙིང་དང་སྒྲིབ་སེལ་རིན་ཅེན་རིགས། སྤྱན་རས་གཟིགས་དང་ཀུན་བཟང་པདྨའི་རིགས། ཕྱག་རྡོར་དང་འཇམ་དཔལ་ལས་ཀྱི་རིགས་ཡིན་པར་ཤེས་སོ། །ཁྲོ་བོ་གཤིན་རྗེའི་གཤེད་དེ་བཞིན་རིགས་ཡིན་པའི་ཤུགས་ལ་སྟོབས་པོ་ཆེ་རིན་ཅེན། རྟ་མགྲིན་པདྨ། བདུད་རྩི་འཁྱིལ་བ་ལས་ཀྱི་རིགས་ཡིན་པར་ཤེས་སོ། །དེ་ཡང་ཐལ་རྒྱུད་ལས། གཞན་དག་རང་གི་ཕྱག་རྒྱས་ཏེ། །ཞེས་པས་མངོན་ནོ། །མདོར་ན་རིགས་གང་ཡིན་གྱི་ལྷ་ལ་རིགས་ཀྱི་བདག་པོ་དབུས་ན་གནས་པའི་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པ་ཡིན་ཏེ། དེ་ཡང་གང་དབུས་སུ་སོང་བ་དེའི་ཤུལ་དུ་མི་བསྐྱོད་པར་འབྱུང་བཤེས་པར་བྱའོ། །གཉིས་པ་བྱིན་གྱིས་བརླབ་པའི་སྔགས་བསྟན་པ་ནི། ཨཱོྂ་སརྦ་ཏ་ཐཱ་ག་ཏ༴ ཨཱཏྨ་ཀོ྅་ཧཾ། ཞེས་པ་དེར་གདའ་ཞིང་། སྤྱི་བོར་ཀླད་པ་དུང་ཁང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ༀ་དཀར་པོ་ལས་འོད་འཕྲོས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བས། སྐུའི་བྱིན་རླབས་ཀྱིས་བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་རྟགས་སུ་སྤྱི་བོའི་ༀ་འོད་དུ་ཞུ་བའི་འོད་ཕུང་ལས་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་འཛིན་པ་ཚོན་གང་བ་བསྒོམ་ཞིང་རྡོ་རྗེའི་ཕྱག་རྒྱ་དཔྲལ་བར་གཏུགས་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ཅིང་། སརྦ་ནི་ཐམས་ཅད། ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ། ཀཱ་ཡ་ནི་སྐུ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རང་བཞིན་ནམ་བདག་ཡིན་ནོ་བར་ང་རྒྱལ་བྱའོ། །མགྲིན་པར་པདྨ་འདབ་བརྒྱད་ལ་གནས་པའི་ཨཱཾཿདམར་པོ་ལས་འོད་འཕྲོས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བས། གསུང་གི་བྱིན་རླབས་ཀྱིས་བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་རྟགས་སུ་མགྲིན་པའི་ཨཱཿའོད་དུ་ཞུ་བའི་འོད་ཕུང་ལས་གསུང་རྡོ་རྗེ་སྣང་བ་མཐའ་ཡས་དམར་པོ་པདྨ་འཛིན་པ་ཚོན་གང་བ་བསྒོམ་ཞིང་རྡོ་རྗེའི་ཕྱག་རྒྱ་མགྲིན་པར་གཏུགས་ལ། ཨཱོྂ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རང་བཞིན་ངའམ་བདག་ཡིན་ནོ་བར་ང་རྒྱལ་བྱའོ། །སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ལས་འོད་འཕྲོས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བས། ཐུགས་ཀྱི་བྱིན་རླབས་ཀྱིས་བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་རྟགས་སུ་སྙིང་གའི་ཧཱུཾ་འོད་དུ་ཞུ་བའི་འོད་ཕུང་ལས་ཐུགས་རྡོ་རྗེ་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པ་ཚོན་གང་བ་བསྒོམ་ཞིང་རྡོ་རྗེའི་ཕྱག་རྒྱ་ཐུགས་ཀར་གཏུགས་ལ། ཨཱོྂ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན་ངའམ་བདག་ཡིན་ནོ་བར་ང་རྒྱལ་བྱའོ། །དེ་ཡང་ཐལ་རྒྱུད་ལས། གནས་གསུམ་ཁྱབ་འཇུག་ཡི་གེ་ལས། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོས། །ཁམས་གསུམ་བྱིན་རླབས་གཟི་བྱིན་བསྡུས། །རང་བཞིན་རྡོ་རྗེ་གསུམ་གནས་པ། །རྒྱུ་གཉིས་ཚུལ་གྱིས་རང་སྣང་བའོ། །ཞེས་འབྱུང་ངོ་། །ལྟེ་བར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་སྭཱ་སྔོན་པོའམ་སེར་པོ་ལས་འོད་འཕྲོས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བས། ཡོན་ཏན་གྱི་བྱིན་རླབས་ཀྱིས་བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་རྟགས་སུ་ལྟེ་བའི་སྭཱ་འོད་དུ་ཞུ་བའི་འོད་ཕུང་ལས་ཡོན་ཏན་གྱི་ལྷ་རིན་ཅེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་འཛིན་པ་ཚོན་གང་བ་བསྒོམ་ཞིང་རྡོ་རྗེའི་ཕྱག་རྒྱ་ལྟེ་བར་གཏུགས་ལ། ཨཱོྂ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་རང་བཞིན་ངའམ་བདག་ཡིན་ནོ་བར་ང་རྒྱལ་བྱའོ། །གསང་གནས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱ་ལྗང་ཁུ་ལས་འོད་འཕྲོས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བས། ཕྲིན་ལས་ཀྱི་བྱིན་རླབས་ཀྱིས་བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་རྟགས་སུ་གསང་གནས་ཀྱི་ཧཱ་འོད་དུ་ཞུ་བའི་འོད་ཕུང་ལས་ཕྲིན་ལས་ཀྱི་ལྷ་དོན་ཡོད་གྲུབ་པ་ལྗང་ཁུ་རལ་གྲི་འཛིན་པ་ཚོན་གང་བ་བསྒོམ་ཞིང་རྡོ་རྗེའི་ཕྱག་རྒྱ་གསང་བའི་གནས་སུ་གཏུགས་ལ། ཨཱོྂ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རང་བཞིན་ངའམ་བདག་ཡིན་ནོ་བར་ང་རྒྱལ་བྱའོ། །དེ་ཡང་ཐལ་བའི་རྒྱུད་ལས། ལྟེ་བ་རྣམ་གཉིས་ཟླ་བ་ལ། །སྔོ་ལྗང་ཡི་གེ་སྭཱ་ཧཱ་ཉིད། །རྗེས་མཐུན་འོད་ལས་ཡོན་ཏན་ལས། །ཡན་ལག་རྫོགས་པའི་གཟི་བྱིན་ལྡན། །ཞེས་འབྱུང་ངོ་། །དེ་ལྟར་ཡན་ལག་ལྷག་པའི་ལྷ་བཅུ་གཅིག་ཏུ་བཤད་ཀྱང་། དོན་ལ་ཡོན་ཏན་དང་ཕྲིན་ལས་ནི་སྐུ་གསུང་ཐུགས་ཀྱི་ཞོར་བྱུང་ཡིན་པས་ལམ་བསྒོམ་པའི་དབང་དུ་ཡེ་ཤེས་སེམས་དཔའ་དང་དབང་བསྐུར་གྱི་ལྷ་ལྔ་དང་བྱིན་རླབས་ཀྱི་ལྷ་གསུམ་སྟེ་ལྷག་པའི་ལྷ་དགུ་བསྒོམ་པར་གསུངས་སོ། །འོ་ན་དབང་བསྐུར་བའི་ལྷ་དང་བྱིན་གྱིས་རློབ་པའི་ལྷ་གཉིས་ཀ་རིགས་ལྔར་འདུག་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། དབང་བསྐུར་གྱི་ལྷ་ནི་དག་བྱའི་རྟོག་པ་རྣམ་ཤེས་ཚོགས་བརྒྱད་དམ་ཉོན་མོངས་པ་ལྔར་འཛིན་གྱི་དྲི་མ་དེ་ཉིད་དག་བྱེད་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་བས་དག་པར་བྱེད་པའི་རྟགས་དབུ་རྒྱན་རིགས་ཀྱི་ལྷ་ལྔ་ཡིན་ལ། བྱིན་རླབས་ཀྱི་ལྷ་ནི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་གསུམ་མམ། དེ་བཞིན་ཡོན་ཏན་ཕྲིན་ལས་དང་བཅས་ལྔར་བྱིན་གྱིས་བརླབས་པའི་རྟགས་སུ་སྤྱི་མགྲིན་ལ་སོགས་པ་ལུས་ཀྱི་གནས་ལྔར་ཡིག་འབྲུ་གསལ་བ་ལས་བྱིན་རླབས་ཀྱི་ལྷ་དེ་བཞིན་གཤེགས་པ་རིགས་ལྔར་སྣང་བ་ཡིན་ནོ། །ཡང་དབང་བསྐུར་གྱི་ལྷའི་གཙོ་བོ་དང་བྱིན་རླབས་ཀྱི་སྐུའི་ལྷ་གཉིས་ཀ་སྤྱི་བོར་བསྒོམ་པའི་ཕྱིར་གནས་གཅིག་པར་མི་འགྱུར་རམ་ཞེ་ན། དབང་བསྐུར་གྱི་ལྷའི་གཙོ་བོ་སྤྱི་བོར་བསྒོམ་པ་ཡིན་ལ། སྐུའི་ལྷ་ཀླད་པ་དུང་ཁང་གི་ནང་དུ་བསྒོམ་པས་གནས་ཐ་དད་དོ། །ཡང་ཡེ་ཤེས་སེམས་དཔའ་དང་ཐུགས་ཀྱི་ལྷ་གཉིས་གནས་གཅིག་གམ་ཐ་དད་ཅེ་ན། གནས་ཐ་དད་དེ། ཡེ་ཤེས་སེམས་དཔའ་སྙིང་གི་ནང་སྲོག་པ་རྩའི་སྒོ་རུ་བསྒོམ་ལ། ཐུགས་ཀྱི་ལྷ་བྲང་གི་ནང་གི་ཕྱི་རུ་བསྒོམ་པའོ། །རྣམ་པ་ཡང་ཐ་དད་དེ། ཡེ་ཤེས་སེམས་དཔའ་ནི་རྩ་བའི་ལྷ་གང་ཡིན་དང་སྤྱི་རྣམས་འདྲ་བ་ལ་རྒྱན་དང་ཆ་ལུགས་སྤངས་པ་ཕྱག་མཚན་འཛིན་འཛིན་འདྲ་ལ་མི་འཛིན་པའོ། །ཐུགས་ཀྱི་ལྷ་ནི་རྩ་བའི་ལྷ་གང་ཡིན་ཀྱང་ཐུགས་ཀྱི་ལྷ་རྡོ་རྗེ་མི་བསྐྱོད་པ་སྐུ་མདོག་མཐིང་ཁ་ཕྱག་མཚན་རྡོ་རྗེ་ཧཱུཾ་གིས་མཚན་པ་འཛིན་པའོ། །མདོར་ན་ལྷག་པའི་ལྷ་དགུ་རྩ་བའི་ལྷ་གང་ཡིན་ཉིད་དང་བཅུ་སྟེ་ལྷ་ཐམས་ཅད་ཀྱང་ངོ་བོ་ཡེ་ཤེས་རང་སྣང་གི་ལྷ་ཡིན་པས་གཅིག་དང་ཐ་དད་ཀྱི་མཐའ་ལས་གྲོལ་ལ། མཚོན་ཚུལ་གྱི་ངོས་ནས་གནས་དང་རྣམ་པ་ཐ་དད་པ་སྔར་བཤད་པ་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ནམ་ཆུ་ནང་གི་ཟླ་བ་ལྟ་བུར་ཤེས་པར་བྱའོ། །གསུམ་པ་དེའི་ཡོན་ཏན་བསྟན་པ་ནི། ཞེས་བརྗོད་པས༴ གྱུར་ཏོ། །ཞེས་པ་དེར་གདའ་ཞིང་། ཞེས་དབང་བསྐུར་བ་དང་བྱིན་གྱིས་བརླབ་པའི་སྔགས་རྣམས་བརྗོད་པས་ཡེ་ཤེས་ལྔའི་ཆུ་རྒྱུན་ལྟར་ཐིམ་པར་གྱུར། སྐུ་གསུང་ཐུགས་ཀྱི་ལྷར་གསལ་བ་འགྱུར། ཡོན་ཏན་ཕྲིན་ལས་ཀྱི་ལྷར་འབར་བར་གྱུར་ཏོ་ཞེས་པའམ། ཡང་ན་ཡེ་ཤེས་ལྔའི་ཆུ་རྒྱུན་ཐིམ་པར་གྱུར། དབང་བསྐུར་གྱི་རིགས་ལྔའི་ལྷར་གསལ་བར་གྱུར། བྱིན་གྱིས་རློབས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ལྷར་འབར་བར་གྱུར་ཏོ། །སྤྱི་དོན་གསུམ་པ་རང་བཞིན་གསུང་གི་དཀྱིལ་འཁོར་བསྟན་པ་གསུམ་སྟེ། གསུང་ལྔའི་མཚན་ཉིད་དང་། ལས་དང་། རྣམ་གྲངས་སོ། །དང་པོ་གསུང་ལྔའི་མཚན་ཉིད་ལ་ལྔ་སྟེ། དོན་གྱི་གསུང་དང་། ཚིག་གི་གསུང་དང་། རིག་པའི་གསུང་དང་། རྡོ་རྗེའི་གསུང་དང་། ཚངས་པ་དབྱངས་ཀྱི་གསུང་ངོ་། །དང་པོ་དོན་གྱི་གསུང་བསྟན་པ་ནི། ཨེ་མ་ཧོ་ངོ་མཚར༴ གསལ་བར་འགྱུར། ཞེས་པ་དེར་གདའ་ཞིང་། ཨེ་མ་ཧོ་ཞེས་པས་དོན་གྱི་གསུང་སྐྱེ་བ་མེད་པ་ལ་ངམ། ངོ་མཚར་ཞེས་པས་དེས་གོ་བ་སྐྱེད་པ་ལ་ངམ། རྨད་ཀྱི་ཆོས་ཞེས་པས་དེ་གསུང་གཞན་ལས་ཁྱད་པར་དུ་གྱུར་པ་ལ་ངམ་པའོ། །རྫོགས་པའི་སངས་རྒྱས་ཀུན་གྱི་གསུང་། །ཞེས་པས། ཚོགས་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ལྔ་པོ་ཀུན་གྱི་བདག་ཉིད་རྒྱལ་བ་དྲུག་པའི་དོན་གྱི་གསུང་གི་རང་བཞིན་ནོ། །སྒྲ་དང་མིང་ཚིག་ཀུན་ལས་འདས། །ཞེས་པས། གྲགས་པའི་སྒྲ་དང་བཏགས་པའི་མིང་དང་བརྗོད་པའི་ཚིག་དང་གསལ་བའི་ཡི་གེ་ཀུན་ལས་འདས་པས་ན་བརྗོད་པ་དང་བྲལ་བས་དོན་གྱི་གསུང་ངོ་། །སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་། །ཞེས་པས། བརྗོད་དུ་མེད་པ་དོན་གྱི་གསུང་དེ་ཉིད་བརྗོད་བྱ་ཀུན་གྱི་གཞི་མར་གྱུར་པས་ན་ཚིག་སྣ་ཚོགས་ཀྱི་སྒྲ་རྣམས་ཀྱིས་མཚོན་པ་ལྟར་དུ་དོན་གསལ་བར་གོ་བ་འབྱུང་བའོ། །གཉིས་པ་ཚིག་གི་གསུང་བསྟན་པ་ནི། གསུང་གཅིག༴ ཕྱག་རྒྱའི་མཆོག །ཅེས་པ་དེར་གདའ་ཞིང་། གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། །ཞེས་པས། དེ་བཞིན་གཤེགས་པའི་དོན་གྱི་གསུང་གཅིག་པུ་དེ་ཀ་གསུང་གི་དཀྱིལ་འཁོར་བརྗོད་བྱ་ཐམས་ཅད་སྣང་བའམ་གསལ་བར་མཚོན་པའི་ཚིག་གམ་གསུང་དེའི་དབྱངས་ཀྱི་ཡན་ལག་ནི་བཅུ་གཉིས་སམ། བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ། །སྒྲ་དང་མིང་ཚིག་སོ་སོར་གྲགས། །ཞེས་པས། ཡང་ན་འགྲོ་བ་རིགས་དྲུག་རེ་རེའི་གནས་སུ་ཡང་གསུང་དབྱངས་ཡན་ལག་དྲུག་ཅུ་དྲུག་ཅུ་སྟེ་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་གྲངས་ལས་འདས་པ་གདུལ་བྱ་ལ་དུས་ཀུན་ཏུ་ཁྱབ་པའི་སྒྲ་དང་མིང་དང་ཚིག་རྣམས་ལྷ་ལ་ལྷའི་སྐད་ལ་སོགས་པ་སོ་སོར་ཀུན་ཏུ་གྲགས་སོ། །ཐམས་ཅད་གསུང་གི་ཕྱག་རྒྱའི་མཆོག །ཅེས་པས། ཚིག་གི་གསུང་ཐམས་ཅད་ཀྱང་དོན་གྱི་གསུང་གི་ཕྱོགས་རེ་མཚོན་པ་ལས་མི་འདའ་བས་ན་ཕྱག་རྒྱའི་མཆོག་ཅེས་བྱ་སྟེ། དེ་བཞིན་གཤེགས་པའི་གསུང་ཉིད་དོ། །གསུམ་པ་རིག་པའི་གསུང་བསྟན་པ་ནི། རྒྱུད་མཆོག་སྒྱུ་འཕྲུལ༴ གསུང་མཆོག་སྟེ། །ཞེས་པ་དེར་གདའ་ཞིང་། རྒྱུད་མཆོག་སྒྱུ་འཕྲུལ་དྲྭ་བ་ལས། །ཞེས་པས། རྒྱུད་ཀུན་གྱི་མཆོག་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བས་ན་སྒྱུ་འཕྲུལ་དྲྭ་བའི་རྒྱུད་རང་བཞིན་གསང་བའི་སྙིང་པོ་འདི་ཉིད་ཉམས་སུ་ལོན་པ་ལས། བདེ་ལྡན་གསུང་གི་དོན་འབྱུང་བའང་། །ཞེས་པས། རང་རིག་པའི་ཡེ་ཤེས་ལ་རྣམ་རྟོག་དང་ཉོན་མོངས་པའི་ཟུག་རྔུ་མེད་པས་ན་བདེ་བ་ཆེན་པོ་ལྷ་དང་ལྡན་པ་རང་རིག་པའི་གསུང་གི་དོན་གོ་བར་འབྱུང་བའང་གང་ཞེ་ན། ཐམས་ཅད་པདྨའི་ངང་གྱུར་ན། །ཞེས་པས། འཁོར་འདས་ཀྱི་སྒྲ་སྐད་ཐམས་ཅད་ལ་འཛིན་པ་མེད་པ་པདྨ་འདམ་གྱི་ནང་ན་གནས་ཀྱང་འདམ་གྱི་ཉེས་སྐྱོན་གྱིས་མ་གོས་པ་ལྟ་བུའི་ངང་དུ་གྱུར་བས་ན། གྲོལ་ཐར་ལམ་དང་འཁོར་བའི་སྒྲ། །ཞེས་པས། འཁོར་བའི་སྡུག་བསྔལ་ལས་རྣམ་པར་གྲོལ་བ་མྱ་ངན་ལས་འདས་པའི་ཆོས་དང་། ཐར་པའི་གནས་སུ་བགྲོད་པ་ལམ་གྱི་ཆོས་དང་། ཀུན་ནས་ཉོན་མོངས་པ་དང་བཅས་པ་འཁོར་བའི་ཆོས་སུ་སྣང་བའི་སྒྲ་སྐད་ཐམས་ཅད་དང་། ཇི་སྐད་བརྗོད་ཀྱང་གསུང་མཆོག་སྟེ། །ཞེས་པས། གཞན་ཡང་སེམས་ཅན་གྱི་རྒྱུད་ཀྱིས་ཟིན་པ་དང་མ་ཟིན་པའི་སྒྲ་སྐད་ཅིར་སྣང་ཇི་སྐད་དུ་བརྗོད་པ་ཐམས་ཅད་ཀྱང་མཚན་མའི་ཉེས་སྐྱོན་གྱིས་མ་གོས་པས་ན་གསུང་གི་མཆོག་རང་རིག་པའི་གསུང་སྟེ་བདེ་བ་ཆེན་པོའི་གསུང་ཞེས་བྱའོ། །བཞི་པ་རྡོ་རྗེའི་གསུང་བསྟན་པ་ནི། ཐེག་པ་མཐོ་དམན་ཐམས་ཅད༴ བརྗོད་དུ་མེད། ཞེས་པ་དེར་གདའ་ཞིང་། ཐེག་པ་མཐོ་དམན་ཐམས་ཅད་དང་། །ཞེས་པས། ཐེག་པ་མཐོ་བ་སྔགས་དང་དམན་པ་མཚན་ཉིད་ལ་སོགས་པའི་ཐེག་པ་ཐམས་ཅད་དང་། ལོག་འགྲོ་མ་ལུས་ཐམས་ཅད་སྐད། །ཅེས་པས། ལོག་པར་ལྟ་བ་མུ་སྟེགས་རྟག་མཐའ་དང་འགྲོ་བ་རིགས་དྲུག་གི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་སྒྲ་སྐད་ཐམས་ཅད་དང་། བྱང་ཆུབ་རྡོ་རྗེའི་གསུང་དུ་བསྡུས། །ཞེས་པས། སེམས་ཉིད་དུ་གསལ་བས་ནི་མངོན་པར་བྱང་ཆུབ་པའི་གསུང་ངོ་། །དེ་ཉིད་གྲགས་སྟོང་གཉིས་སུ་མེད་པས་དབྱེར་མེད་རྡོ་རྗེའི་གསུང་དུ་ཐ་མི་དད་པར་བསྡུས་ལ། བསྡུས་ཉིད་ཕྱོགས་བཅུར་རྣམ་པར་གྲགས། །ཞེས་པས། དེ་ལྟར་ཐ་དད་མེད་པར་བསྡུས་པའི་དུས་ཉིད་ནའང་ཐམས་ཅད་གྲགས་སྟོང་གཉིས་མེད་རྡོ་རྗེའི་གསུང་ལས་མ་གཡོས་པར་ཕྱོགས་བཅུར་གསལ་བས་ན། གནས་དེ་དག་གི་གདུལ་བྱའི་སྣང་བ་དང་མཐུན་པར་རྣམ་པར་གྲགས་སོ། །སྒྲ་ཉིད་མ་ཆགས་ངང་དུ་གསུངས། །ཞེས་པས། དེ་ལྟར་སྒྲ་སྐད་གྲགས་པ་ཉིད་ན་མ་ཆགས་མི་འཛིན་པ་གཉིས་མེད་ཀྱི་ངང་དུ་གསུངས་ལ། གསུངས་པ་ཉིད་ན་བརྗོད་དུ་མེད། །ཅེས་པས། དེ་ལྟར་སྒྲར་གསུངས་པའི་དུས་ཉིད་ན་སྐྱེ་བ་མེད་པའི་དོན་ལ་ཚིག་ཏུ་བརྗོད་དུ་མེད་པ་སྟེ་དབྱེར་མེད་རྡོ་རྗེའི་གསུང་ངོ་། །ལྔ་པ་ཚངས་པ་དབྱངས་ཀྱི་གསུང་བསྟན་པ་ནི། བརྗོད་མེད་དེ་ཉིད་སྣ་ཚོགས༴ རྒྱལ་པོ་ཡིན། ཞེས་པ་དེར་གདའ་ཞིང་། བརྗོད་མེད་དེ་ཉིད་སྣ་ཚོགས་སྒྲ། ཀུན་ལ་གྲགས་ཤིང་སོ་སོར་འཇལ། །ཞེས་པས། དོན་གྱི་གསུང་བརྗོད་དུ་མེད་པ་དེ་ཉིད་ཚིག་སྣ་ཚོགས་ཀྱིས་སྒྲ་རུ་གྲགས་ཤིང་སྣང་ནས་གདུལ་བྱ་ཀུན་ལ་གྲགས་ཤིང་དོན་སོ་སོར་གོ་ཞིང་བརྡ་འཇལ་བར་བྱེད་དོ། །དཔེར་ན་དེ་བཞིན་སྦྲིད་སངས་བཞིན། །གསུང་གཅིག་སྒྲ་ཡིས་སོ་སོར་གོ། །ཞེས་པས། དཔེར་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་སྦྲིད་པ་སངས་པས། ལྷ་རྗེ་དང་ནད་པ་དང་ཆུང་མ་གསུམ་ལ་གོ་ཚུལ་རེ་རེ་བྱུང་བ་བཞིན་དུ། དོན་གྱི་གསུང་གཅིག་པུ་དེ་ཉིད་ལ་སྒྲའི་བྱེ་བྲག་དུ་མ་བྱུང་བས་ན་གདུལ་བྱ་ཐམས་ཅད་ལ་རང་རང་གི་བསམ་པ་དང་མཐུན་པར་སོ་སོར་གོ་བར་འབྱུང་བའོ། །འདི་ནི་གསུང་མཆོག་རྒྱལ་པོ་ཡིན། །ཞེས་པས། དེ་ལྟ་བུའི་ཚངས་པ་དབྱངས་ཀྱི་གསུང་འདི་ནི། ལྷ་མི་ལས་མཚོན་པའི་གསུང་གི་མཆོག་ཚིག་གཅིག་གིས་དོན་ཐ་དད་པ་དུ་མ་དུས་གཅིག་ལ་གོ་བར་བྱེད་པས་ན་རྒྱལ་པོ་ཡིན་ནོ། །སྐབས་འདིར་ཁ་ཅིག་ན་རེ། ལོངས་སྤྱོད་རྫོགས་སྐུའི་བརྡའི་གསུང་མ་བྱུང་བས་ཆད་ལ། སྤྲུལ་སྐུའི་གསུང་ལ་ཚིག་གི་གསུང་དང་ཚངས་པ་དབྱངས་ཀྱི་གསུང་གཉིས་བྱུང་བས་ལྡབས་སོ་ཞེ་ན། རྗེ་དྲི་ངས་པ་ན་རེ། ལོངས་སྐུ་བརྡའི་གསུང་ལེའུ་དྲུག་པར། དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །ཞེས་བསྟན་པས། འདིར་མ་བྱུང་བ་ཡིན་ལ། སྤྲུལ་སྐུའི་གསུང་གཉིས་མ་ལྡབས་ཏེ། སྤྲུལ་སྐུའི་བརྗོད་པ་ཚིག་གི་གསུང་ནི་ཚིག་རེ་རེས་དོན་རེ་རེ་མཚོན་པ་ཡིན་ལ། སྤྲུལ་སྐུའི་ཚངས་པ་དབྱངས་ཀྱི་གསུང་ནི་ཚིག་གཅིག་གིས་དོན་དུ་མ་མཚོན་པ་ཡིན་ཏེ། གཞུང་ཚིག་གིས་གསལ་ལོ་གསུང་། གཙང་པ་བྱི་སྟོན་ན་རེ། ལོངས་སྐུའི་བརྡའི་གསུང་ཆད་པ་མེད་དེ། ཇི་ལྟར་གསུང་རབ་ཀུན་བརྗོད་ཀྱང་། །དེ་བཞིན་ཉིད་ཀྱིས་གསུངས་པ་མེད། །ཅེས་པ་འདི་བརྡའི་གསུང་དུ་འགྲོ་གསུང་། བླ་མ་རྒྱ་གབ་གོང་པ་ན་རེ། བླ་མ་རྣམས་དེ་ལྟར་གསུང་ཡང་། འགྲེལ་པ་སྤར་ཁབ་ཀྱིས་གསུང་ལྔའི་མཚན་ཉིད་དང་ལས་དང་རྣམ་གྲངས་རྣམས་ཐུན་མོང་བདུན་དུ་བཞག་པས་ལོངས་སྐུའི་གསུང་མ་ཆད་གསུང་ངོ་། །གཉིས་པ་གསུང་གི་ལས་བསྟན་པ་ནི། ཐེག་པ༴ སོ་སོར་ཐོས། །ཞེས་པ་དེར་གདའ་ཞིང་། ཐེག་པ་མཐོ་བ་སྔགས་དང་དམན་པ་མཚན་ཉིད་ལ་སོགས་པའི་གྲངས་བསམ་ཡས་པ་གདུལ་བྱའི་ངོ་ལ་ཇི་ལྟར་སྣང་ཡང་བཅོམ་ལྡན་འདས་ཀྱིས་གཟུགས་ཀྱི་དེ་བཞིན་ཉིད་ཁོ་ན་ལས་མ་གསུངས་ཏེ། གདུལ་བྱ་འདུལ་བའི་ཐབས་སུ་ཚངས་པའི་དབྱངས་ཀྱི་གསུང་གཅིག་ལའང་གོ་ཚུལ་སོ་སོར་ཐོས་པ་ཡིན་ནོ། །དེ་ལྟར་ན་མདོ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། ཀོའུ་དི་ནྱ། ངས་ནི་གཟུགས་ཀྱི་དེ་བཞིན་ཉིད་འབའ་ཞིག་གསུངས་ན། ལ་ལས་ནི་གཟུགས་སྟོང་ཞེས་བྱ་བར་ཐོས། ལ་ལས་ནི་གཟུགས་མི་སྟོང་ཞེས་བྱ་བར་ཐོས། ལ་ལས་ནི་གཟུགས་བདེ་ཞེས་བྱ་བར་ཐོས། ལ་ལས་ནི་གཟུགས་སྡུག་བསྔལ་ཞེས་བྱ་བར་ཐོས། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསུམ་པ་གསུང་གི་རྣམ་གྲངས་བསྟན་པ་ནི། ཇི་ལྟར་གསུང་རབ་ཀུན་བརྗོད༴ བྲག་ཅའི་སྒྲ་བཞིན་ནོ། །ཞེས་པ་དེར་གདའ་ཞིང་། ཇི་ལྟར་གསུང་རབ་ཀུན་བརྗོད་ཀྱང་། །ཞེས་པས། ཇི་ལྟར་སྒྲའམ་བརྡའི་སྒོ་ནས་གསུང་རབ་ཀྱི་དོན་ཀུན་ཚིག་ཏུ་སྣང་ཞིང་བརྗོད་པ་ཐམས་ཅད་ཀྱང་བསྡུ་ན་གསུང་གི་རྣམ་གྲངས་ལྔའམ་དྲུག་ཏུ་འདུས་ཏེ། དེ་བཞིན་ཉིད་ཀྱིས་གསུངས་པ་མེད། །ཅེས་པས། དེ་བཞིན་ཉིད་ཀྱི་དོན་བརྗོད་དུ་མེད་པའི་ཕྱིར་ཚིག་ཏུ་གསུངས་པ་མེད་པ་ནི་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་ངོ་། །ཡི་གེ་མེད་དང་ཞེས་པ་དང་། ལྗགས་ཀྱི་རྩེ་མོར་མ་ཕྱུང་ཡང་། །ཞེས་པས། དོན་གྱི་གསུང་དེ་ཉིད་མཚོན་བྱེད་ཀྱི་ཡི་གེར་གྲུབ་པ་མེད་པ་དང་སྒྲག་པར་མ་བརྗོད་པས། ལྗགས་ཀྱི་རྩེ་མོར་སྒྲ་ཚིག་ཏུ་མ་ཕྱུང་ཡང་བརྡ་དོན་འཇལ་བར་བྱེད་པས་ན་ལོངས་སྐུའི་དགོངས་པ་བརྡའི་གསུང་ངོ་། །རིག་པའི་གསུང་ཞེས་པ་དང་། ཐུགས་རྗེ་གསུང་གི་བྱིན་རླབས་ཀྱིས། །ཞེས་པས། གོང་གི་གསུང་དེ་ཉིད་ཀྱང་རང་རིག་པ་ཁོ་ནའི་ཕྱིར་རིག་པ་ཡེ་ཤེས་ཀྱི་གསུང་དེ་ནི་སྤྲོས་པ་དང་བྲལ་ཡང་བརྩེ་བ་ཆེན་པོས་ཐམས་ཅད་ལ་ཁྱབ་པའི་ཐུགས་རྗེས་ཆོས་ཐམས་ཅད་དང་སྒྲ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་ལྷུན་གྱིས་གྲུབ་པའི་གསུང་གི་བྱིན་གྱིས་རླབས་ཅིར་ཡང་མི་འགག་པ་ནི་རིག་པ་བྱིན་རླབས་ཀྱི་གསུང་ངོ་། །འགྲོ་དོན་སྣ་ཚོགས་སོ་སོར་གསལ། །ཞེས་པས། འགྲོ་བའི་དོན་སྣ་ཚོགས་གདུལ་བྱའི་བསམ་པ་དང་མཐུན་པར་སོ་སོར་བརྡའི་དོན་དུས་གཅིག་ཏུ་སྤྲོད་ཅིང་གསལ་བར་སྟོན་པ་ནི་སྤྲུལ་སྐུའི་བརྗོད་པ་ཚིག་གི་གསུང་ངོ་། །གསལ་ཉིད་གསུང་གི་རྡོ་རྗེའི་མཆོག །ཅེས་པས། གསུང་ལྔ་ཡང་མ་འགག་པར་གསལ་བའི་དུས་ཉིད་ནའང་རང་བཞིན་ལས་གཡོས་པ་མེད་པའི་ཕྱིར་རྒྱལ་བ་དྲུག་པའི་གསུང་གི་ངོ་བོར་གཅིག་ཅིང་གསུང་ལྔ་དབྱེར་མི་ཕྱེད་པས་རྡོ་རྗེ། གསུང་གི་བྱེ་བྲག་ལས་ཁྱད་པར་དུ་གྱུར་པས་ན་མཆོག་སྟེ་དབྱེར་མེད་རྡོ་རྗེའི་གསུང་ངོ་། །དེ་བཞིན་གསུང་གི་འགྲོ་དོན་རྣམས། །ཞེས་པས། དེ་བཞིན་ཚིག་ཏུ་མ་བརྗོད་པར་གསལ་བར་གོ་བ་ལ་སོགས་པའི་གསུང་གི་སྒོ་ནས་འགྲོ་བ་སེམས་ཅན་གྱི་དོན་མཛད་པ་རྣམས་ཀྱང་། དེ་བཞིན་ངང་ལས་མ་གཡོས་ཀྱང་། །དཔེར་ན་བྲག་ཅའི་སྒྲ་བཞིན་ནོ། །ཞེས་པས། སྐྱེ་བ་མེད་པའི་དེ་བཞིན་ཉིད་ཀྱི་ངང་ལས་མ་གཡོས་པར་སྒྲའི་བྱེ་བྲག་ཐ་དད་པ་སྣ་ཚོགས་སུ་གྲགས་ཀྱང་དཔེར་ན་བྲག་གིས་མ་སྨྲས་བཞིན་དུ་བྲག་ཅའི་སྒྲ་ཀ་དང་ཀི་ལ་སོགས་པ་ངག་གིས་ཇི་ལྟར་བརྗོད་པ་ལྟར་དུ་འབྱུང་བ་བཞིན་ནོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། གསང་བའི༴ བདུན་པའོ། །ཞེས་པ་དེར་གདའ་ཞིང་། གསང་བའི་ཞེས་རྟོགས་དཀའ་བ། སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉིད་གཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་མཚན་གྱི་གཞིར་གདའ། དཀྱིལ་འཁོར་བསྡུས་པ་དང་། གསང་སྔགས་ཀྱི་ལེའུ་སྟེ་བདུན་པའོ། །ཞེས་པས། རང་བཞིན་འབྲས་བུ་མཐར་ཕྱིན་གསུང་གི་དཀྱིལ་འཁོར་ཇི་སྙེད་པ་ཡང་གསུང་ལྔ་ཁོ་ནར་བསྡུས་པའི་གསུང་ལྔའི་ངོ་བོའམ་མཚན་ཉིད་དང་ལས་དང་རྣམ་གྲངས་དང་གཞལ་ཡས་ཁང་དང་ལྷ་རྣམས་བསྐྱེད་པའི་སྔགས་ཀྱི་ངོ་བོ་དང་། སྤྱན་དྲངས་པ་ལ་སོགས་པ་ལས་ཀྱི་རིམ་པའི་གསང་སྔགས་རྣམས་ཡོངས་སུ་བཤད་པའི་གཞུང་གི་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་སྟེ། དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས་ཡས་བགྲངས་བདུན་པའི་དོན་དུ་གདའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་བདུན་པའི་གཞུང་དོན་རྣམ་པར་བཤད་པའོ།། ༈ །།ད་ནི་ལེའུ་བརྒྱད་པ་འཆད་པར་བྱེད་པ་འདི་ལ། ཆོས་ཚོམས་ངོས་བཟུང་བའི་དབང་དུ་བྱས་ན་བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་དང་འབྲས་བུ་གཙོ་བོར་སྟོན། ལམ་ལ་ཐབས་ལམ་གྲོལ་ལམ་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་རྒྱུ་ཤེས་པ་ལྟ་བ་དང་། རྐྱེན་འཇུག་པ་ཏིང་ངེ་འཛིན་སྟོན། འབྲས་བུ་མཐར་ཕྱིན་ཡང་ཟུར་ཙམ་སྟོན། རིམ་ཅིག་ཅར་གཉིས་ལས་གཉིས་ཀ་སྟོན། སྣང་བ་བཞི་ལས་ལམ་དང་འབྲས་བུའི་སྣང་བ་སྟོན། འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་གཞུང་ཧྲིལ་པོས་ཐུགས་ཀྱི་དཀྱིལ་འཁོར་སྟོན་ནོ། །བཅུའང་བརྒྱའི་བདག་ཉིད་དུ་བྱས་ན་དེའི་ཞོར་ལ་ལྟ་བ་དང་། སྤྱོད་པ་དང་། ཏིང་ངེ་འཛིན་རྣམས་སྟོན་ཅིང་། གཙོ་བོར་ཕྱག་རྒྱ་སྟོན། ཐ་མའི་ཆོས་ཚོམས་བཅུ་ལས་རང་བཞིན་ལྟ་བ། ལྡེམ་དགོངས་མན་ངག །མཚོན་པ་དཔེ། ཚད་མ་བཀའ་གཞུང་རྣམས་སྟོན། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པར་བྱེད་པའི་ལེའུ་བརྒྱད་པ་འདི་ལ་དོན་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ལེའུའི་གཞུང་བསྟན་པ་དང་། ལེའུའི་མཚན་བསྟན་པའོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་བསྟན་པ་ནི། དེ་ནས་དེ་བཞིན་གཤེགས་པ༴ ཆེད་དུ་བརྗོད་དོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་ལྷག་པ་ཏིང་ངེ་འཛིན་སྐུ་དང་གསུང་གི་དཀྱིལ་འཁོར་བསྟན་པ་ལ་དེ་ལྷག་པ་ཏིང་ངེ་འཛིན་ཐུགས་ཀྱི་དཀྱིལ་སྟོན་པར་བྱེད་པས་ན་ནས་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡན་ལག་ཐམས་ཅད་ཅེས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོ་ཉིད་ཀྱིས་གདུལ་བྱ་འཁོར་རྣམས་ཀྱི་ལུས་ཀྱི་ཡན་ལག་མགོ་བོ་ལ་སོགས་པ་དང་རྟོགས་པའི་ཡན་ལག་ཕུང་པོ་དང་ཁམས་ལ་སོགས་པ་དེ་དག་ཐམས་ཅད། དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབ་པ་ཞེས་བྱ་བ་འདི་ཆེད་དུ་བརྗོད་དོ་ཞེས་པས། རིགས་ལྔ་ལ་སོགས་པའི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་གནས་པ་ནི་རང་བཞིན་གྱི་ཕྱག་རྒྱ། དེ་དག་དེ་ལྟར་གནས་པ་ལ་གནས་པ་ལྟར་གང་གིས་ཤེས་པ་ནི་རྟོགས་པ་ལྟ་བའི་ཕྱག་རྒྱ། དེ་ལྟར་རིག་ནས་ཏིང་ངེ་འཛིན་གྱིས་བརྟན་པར་བྱས་པ་ལས་མ་བཙལ་བར་སྐུ་དང་ཡེ་ཤེས་ཐམས་ཅད་དུ་སྣང་བ་ནི་ལྷུན་གྱིས་གྲུབ་པ་སྟེ། དེ་ལྟར་ཐབས་འདིས་ལྷའི་རང་བཞིན་དུ་བྱིན་གྱིས་རློབ་པའམ་བསྒོམ་པ་ནི་ཏིང་ངེ་འཛིན་གྱི་ཕྱག་རྒྱའོ་ཞེས་བྱ་བ་འོག་ནས་འབྱུང་བའི་དོན་འདི་ཆེད་དུ་བརྗོད་དོ། །གཉིས་པ་ལེའུའི་གཞུང་བསྟན་པ་ལ་དྲུག་སྟེ། རང་བཞིན་གྱི་ཕྱག་རྒྱ་དང་། ཕྱག་རྒྱའི་ཁུངས་ངེས་ཚིག་དང་བཅས་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་། ལྟ་བའི་ཕྱག་རྒྱ་དང་། ཕྱག་རྒྱ་སྤྲོས་པ་དང་བཅས་པའི་ཏིང་ངེ་འཛིན་དང་། ཕྱག་རྒྱའི་རྣམ་གྲངས་བསྡུ་བ་དང་བཅས་པ་བསྟན་པའོ། །དང་པོ་རང་བཞིན་གྱི་ཕྱག་རྒྱ་བསྟན་པ་ནི། སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པ། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །ཞེས་པ་དེར་གདའ་ཞིང་། སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པ། །ཞེས་པས། རྟོག་ཚོགས་ཐམས་ཅད་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ་རང་རིག་པའི་མངོན་སུམ་དུ་ཡེ་ནས་གསལ་བར་རྫོགས་པའི་ཕྱིར། ཐམས་ཅད་ཅེས་པས་རྟོག་པ་ཐམས་ཅད་ལྷའི་ངོ་བོར་ཡེ་ནས་གནས་པ་ནི་རང་བཞིན་གྱི་ཕྱག་རྒྱ། དེ་ལྟར་རྟོགས་པ་ལྟ་བའི་ཕྱག་རྒྱ། དེ་མངོན་དུ་བྱས་པ་འབྲས་བུའི་ཕྱག་རྒྱའོ། །བྱང་ཆུབ་མཆོག་གི་རྒྱ། །ཞེས་པས། དེ་གསུམ་དང་ལྡན་པ་ནི་བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟེ་ཕྱག་རྒྱའི་མཆོག་ཁོ་ནའོ། །དེ་ཡང་རྒྱས་པ་ལས། རང་བཞིན་ཕྱག་རྒྱ་ཆེན་པོ་ནི། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །རིགས་ལྔ་བདེ་གཤེགས་ཡབ་ཡུམ་གྱི། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་གསུངས་སོ། །གཉིས་པ་ཕྱག་རྒྱའི་ཁུངས་ངེས་ཚིག་དང་བཅས་པ་བསྟན་པ་ནི། གསང་བ་དེ་ཉིད་ངེས་པ་ཡི། །སྙིང་པོའི་ཕྱག་རྒྱ་འདའ་དཀའོ། །ཞེས་པས། ཕྱག་རྒྱ་དེ་དག་གཞུང་གང་གིས་སྟོན་སྙམ་པ་ལ་འདི་ལ་བརྩེགས་སྡེབ་ཅིག་བྱེད་པས། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཡི་གཞུང་གིས་སྟོན་པའི་ཕྱག་རྒྱའི་འདི་ནི་འདའ་བར་དཀའ་བ་སྟེ། རྒྱལ་པོའི་བཀའ་རྟགས་དང་འདྲའོ། །མདོར་ན་ཕྱག་རྒྱ་ཞེས་པ་ནི་རྒྱས་འདེབས་པར་བྱེད་པའི་ཐ་ཚིག་སྟེ། དེ་ཡང་ཕྱག་རྒྱ་ལ་དབྱེ་ན་བཞི་སྟེ། རྒྱལ་པོའི་བཀའ་རྟགས་དང་འདྲ་བ་སྟེ་འདའ་བར་དཀའ་བའི་ཕྱག་རྒྱ་དང་། སྒེགས་མོའི་སོར་གདུབ་དང་འདྲ་བ་སྟེ་མཛེས་པར་བྱེད་པའི་ཕྱག་རྒྱ་དང་། ཉོ་ཚོང་མཁན་གྱི་ཕུ་དུད་དང་འདྲ་བ་སྟེ་བརྡ་སྤྲོད་པར་བྱེད་པའི་ཕྱག་རྒྱ་དང་། གར་མཁན་གྱི་འདུ་འཕྲོ་དང་འདྲ་བ་སྟེ་སྒྱུར་བར་བྱེད་པའི་དོན་གྱི་ཕྱག་རྒྱ་དང་བཞི་ལས། འདིར་རྒྱལ་པོའི་བཀའ་རྟགས་ལས་འདས་ན་ཉེས་པ་ཆེ་ཆུང་དང་སྦྱར་ནས་ཆད་པ་རིམ་པར་གཅོད་པས་འདའ་བར་བཀའ་བ་ལྟར། ཕྱག་རྒྱའི་དམ་ཚིག་ལས་འདས་ན་ཉེས་པ་འབྱུང་བས་འདའ་བར་དཀའ་བའི་དོན་གྱིས་ན་ཕྱག་རྒྱའོ། །གསུམ་པ་ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ལ་གཉིས་ཏེ། ཕྱག་རྒྱའི་རྒྱུ་བསྟན་པ་དང་། ཕྱག་རྒྱ་དངོས་བསྟན་པའོ། །དང་པོ་ཕྱག་རྒྱའི་རྒྱུ་བསྟན་པ་ནི། མི་བསྐྱོད༴ འབྱུང་བའི་རྒྱུ། ཞེས་པ་དེར་གདའ་ཞིང་། མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། ཞེས་པས། ལག་པ་གཡས་པ་རྡོ་རྗེ་མི་བསྐྱོད་པའི་རིགས་ཀྱི་རང་བཞིན་གྱི་སོར་མོའི་བྲེ་ཁ་ལྔ་ལ་མ་སུརྻ་མཎྜ་ལ། ཞེས་པའི་སྔགས་ཀྱིས་ཉི་མའི་དཀྱིལ་འཁོར་ལྔ་བཀོད་ལ་དེའི་སྟེང་དུ་ཡབ་ཀྱི་ས་བོན་ཡི་གེ་འབྲུ་ལྔ་བཀོད་དེ། གུང་མོ་ལ་ཧཱུཾ། མཛུབ་མོ་ལ་ཨཱོཾ། མཐེ་བོང་ལ་སྭཱ། སྲིན་ལག་ལ་ཨཱཾཿ མཐེ་ཆུང་ལ་ཧཱ་རྣམས་སོ། །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། །ཞེས་པས། ལག་པ་གཡོན་པའི་རིན་ཅེན་རིགས་ཀྱི་སོར་མོའི་བྲེ་ཁ་ལྔ་ལ་ཨ་ཙནྡྲ་མཎྜ་ལ། ཞེས་པའི་སྔགས་ཀྱིས་ཟླ་བའི་དཀྱིལ་འཁོར་ལྔ་བཀོད་ལ་དེའི་སྟེང་དུ་ཡུམ་གྱི་ས་བོན་ཡི་གེ་འབྲུ་ལྔ་བཀོད་དེ། གུང་མོ་ལ་མཱུཾ། མཛུབ་མོ་ལ་ལཱཾ། མཐེ་བོང་ལ་མཱཾ། སྲིན་ལག་ལ་པྱཾ། མཐེའུ་ཆུང་ལ་ཏཱཾ་རྣམས་སོ། །ལྔ་གཉིས་ཟུང་དུ་སྤྲད་པ་ལས། །སྦྱར་བའི་ཕྱག་རྒྱ་འབྱུང་བའི་རྒྱུ། །ཞེས་པས། དེ་ནས་ལག་པ་གཡས་གཡོན་གྱི་སོར་མོ་ལྔ་ཕྲག་གཉིས་པོ་ཟུང་དུ་སྤྲད་པ་ལས་ཐལ་མོ་སྦྱར་བས་ལྷ་སོ་སོའི་དངོས་གྲུབ་བླང་བའི་ཕྱག་རྒྱ་འབྱུང་བའི་རྒྱུ་ཁོ་ནའོ། །དེ་ཡང་སྒྱུ་འཕྲུལ་ཐལ་བའི་རྒྱུད་ལས། མི་བསྐྱོད་རྡོ་རྗེ་རྩེ་ལྔ་ལ། །ཉི་ཟླའི་ཐིག་ལེ་ཡི་གེ་དངོས། །རིན་ཅེན་པར་བུའི་ཉི་ལྔ་ལ། །ཟླ་བའི་ཐིག་ལེ་ཡི་གེ་ཉིད། །ཐིག་ལེ་ཐབས་ཤེས་ལྔ་གཉིས་རྣམས། །འཕྲད་པའི་དུས་ལས་རང་སྣང་བའི། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་། །ཞེས་གསུངས་སོ། །གཉིས་པ་ཕྱག་རྒྱ་དངོས་བསྟན་པ་ལ་གཉིས་ཏེ། རིགས་ལྔ་སྤྱིའི་དམ་ཚིག་གི་ཕྱག་རྒྱ་དང་། ལྷ་སོ་སོའི་ཕྱག་རྒྱ་བསྟན་པའོ། །དང་པོ་རིགས་ལྔ་སྤྱིའི་དམ་ཚིག་གི་ཕྱག་རྒྱ་བསྟན་པ་ནི། ཨཱོྂ་དང་མཱུཾ༴ སྦྱིན་པའི་རྒྱ། ཞེས་པ་དེར་གདའ་ཞིང་། ཨཱོྂ་དང་མཱུཾ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །ཞེས་པས། ལག་པ་གཡས་ཀྱི་མཛུབ་མོ་ལ་བཀོད་པའི་ཨཱོྂ་དང་གཡོན་གྱི་གུང་མོ་ལ་བཀོད་པའི་མཱུཾ་གཉིས་རྩེ་མོ་སྦྱར་ཏེ། གཞན་རིགས་བཞིའི་ཡི་གེ་འབྲུ་བརྒྱད་པོ་བྲང་མ་སྤྲད་པར་བསྣོལ་ནས་རྩེ་མོ་སྤྲད་པ་ནི། རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །ཞེས་པས། དུས་གསུམ་གྱི་རྒྱལ་བ་ཀུན་དང་མཉམ་པར་སྦྱོར་བར་བྱེད་པའི་དབང་དང་དངོས་གྲུབ་བདེ་བ་ཆེན་པོ་རང་གི་རྒྱུད་ལ་སྦྱིན་པར་བྱེད་པའི་ཕྱག་རྒྱའོ་ཞེས་པའམ། ཡང་ན་སློབ་དཔོན་གྱིས་སློབ་བུ་ལ་སྦྱིན་པར་བྱེད་པ་ལས་མི་འདའ་བས་ན་ཕྱག་རྒྱའོ། །དེ་ཡང་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་རྒྱུད་ལས། ཨཱོྂ་དང་མཱུཾ་དུ་རྩེ་སྦྱར་ཏེ། །དེ་བཞིན་ཧཱུཾ་དང་ལཱཾ་དུ་སྦྱར། །ཧཱ་དང་གསུམ་ཡང་དེ་བཞིན་ཏེ། །ཨཱཾ་དང་ཏཱཾ་དུ་སྦྱར་བ་ལས། །རྒྱབ་སྦྱར་སྭཱ་དང་མཱཾ་སྒྲེང་བ། །འདི་ནི་ཡབ་ཀྱི་སྤྱི་རྒྱ་ཡིན། །ལག་པ་ཐལ་མོ་སྦྱར་བ་ལས། །ཨཱོྂ་དང་མཱུཾ་སྦྱར་ཧཱུཾ་དང་ནི། །ལཱཾ་སྦྱར་སྭཱ་དང་པྱཾ་དུ་སྦྱར། །ཨཱཾ་དང་མཱཾ་སྦྱར་ཧཱ་ཏཱཾ་སྒྲེང་། །ཡུམ་གྱི་ཕྱག་རྒྱ་ཡིན་པར་བཞེད། །ཅེས་གསུངས་ཤིང་། ཐལ་རྒྱུད་ལས་ཀྱང་། དབྱིངས་དང་ཡེ་ཤེས་བདག་པོ་ཉིད། །ༀ་དང་མཱུཾ་དང་རང་བཞིན་གནས། །རྭ་དང་འདབ་མའི་ཐིག་ལེ་རྣམས། །རང་གི་གནས་ཀྱིས་བསྣོལ་མར་འགྱུར། །རབ་ཏུའང་འདྲེས་པར་གྱུར་པ་ལས། །རྒྱལ་བའི་ཡེ་ཤེས་བདེ་ཆེན་པོ། །མྱོང་ཕྱིར་ཐོབ་པ་ཞེས་སུ་གསུངས། །ཞེས་འབྱུང་བའོ། །གཉིས་པ་ལྷ་སོ་སོའི་ཕྱག་རྒྱ་བསྟན་པ་ལ་ལྔ་སྟེ། རིགས་ལྔ་ཡབ་ཡུམ་གྱི་ཕྱག་རྒྱ་བསྟན་པ་དང་། སེམས་དཔའ་ཡབ་ཡུམ་གྱི་ཕྱག་རྒྱ་བསྟན་པ་དང་། སྒོ་བ་ཡབ་ཡུམ་གྱི་ཕྱག་རྒྱ་བསྟན་པ་དང་། ཐུབ་པ་དྲུག་གི་ཕྱག་རྒྱའི་རྣམ་གྲངས་བསྟན་པ་དང་། ཀུན་བཟང་ཡབ་ཡུམ་གྱི་ཕྱག་རྒྱ་བསྟན་པའོ། །དང་པོ་རིགས་ལྔ་ཡབ་ཡུམ་གྱི་ཕྱག་རྒྱ་བསྟན་པ་ལ་ལྔ་སྟེ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཕྱག་རྒྱ་བསྟན་པ་དང་། རྣམ་པར་སྣང་མཛད་ཡབ་ཡུམ་གྱི་ཕྱག་རྒྱ་བསྟན་པ་དང་། རིན་ཅེན་འབྱུང་ལྡན་ཡབ་ཡུམ་གྱི་ཕྱག་རྒྱ་བསྟན་པ་དང་། སྣང་བ་མཐའ་ཡས་ཡབ་ཡུམ་གྱི་ཕྱག་རྒྱ་བསྟན་པ་དང་། དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་ཕྱག་རྒྱ་བསྟན་པའོ། །དང་པོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཕྱག་རྒྱ་བསྟན་པ་ནི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུཾ་བསྒྲེང་༴ མདངས་ཀྱིས་བལྟ། །ཞེས་པ་དེར་གདའ་ཞིང་། དང་པོ་ཡབ་ཀྱི་ཕྱག་རྒྱ་བསྟན་པ་ནི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུཾ་བསྒྲེང་རྩེ་མོར་རྡོ་རྗེ་འབར། །ཞེས་པས། བདག་ཉིད་རྡོ་རྗེ་སེམས་དཔའ་དབུའི་གཙུག་ཏོར་ནས་ཞབས་གདན་ཁྲི་ཡན་ཆད་སྐུ་ཡོངས་རྫོགས་པ་གསལ་བར་བསྐྱེད་པ་ནི་སྐུ་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་གསལ་བའི་ལག་པ་གཡས་ཀྱི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡབ་ཀྱི་ཡི་གེ་འབྲུ་གཞན་བཞི་པོ་རྣམས་ལག་མཐིལ་དུ་སྦས་ནས་གུང་མོ་གྱེན་དུ་བསྒྲེང་བའི་རྒྱབ་ཐུགས་ཀར་གཏད་དེ་བཀན་ཐབས་སུ་བཅའ་བ་ནི་བཅའ་བ་དམ་ཚིག་གི་ཕྱག་རྒྱ། དེའི་རྩེ་མོར་ཧཱུཾ་མཐིང་ཁ་སྒྲེང་ཚུགས་སུ་བསམ་པ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་འོད་འབར་བ་བསམ་པ་ནི་བསམ་པ་དམ་ཚིག་གི་ཕྱག་རྒྱ། ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །ཞེས་པས། ལག་པ་གཡོན་པ་ལ་བཀོད་པའི་ཟླ་བའི་དཀྱིལ་འཁོར་ལྔ་བརྟུལ་ཡུམ་གྱི་ཡིག་འབྲུ་རྣམས་སྦས་ཏེ་ཁུ་ཚུར་དུ་བྱས་ནས་དྲིལ་བུ་གསིལ་བའི་ཚུལ་དུ་བྱ་ཞིང་། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །ཞེས་པས། ཡབ་ཉིད་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་ཀྱི་རིགས་ལ་བརྟེན་པའི་ཕྱག་རྒྱ་དངོས་སུ་བཅའ་བ་ནི་བཅའ་བ་ལས་ཀྱི་ཕྱག་རྒྱ། དེ་ལྟར་ཡིད་ཀྱིས་བསམ་པ་ནི་བསམ་པ་ལས་ཀྱི་ཕྱག་རྒྱ། ངག་ཏུ་ཧཱུཾ་བཛྲ་དྷཱིཀ྄་ཅེས་བརྗོད་ཅིང་ཡབ་ཀྱི་ཕྱག་རྒྱ་གཡས་ནས་བཅའ་སྟེ། མདུན་དུ་བསྒྱུར་ནས་གཡོན་དུ་ཡུམ་གྱི་ཐུགས་དཀར་དགྲོལ་བ་ནི་ཤེས་རབ་ལ་ཐབས་ཀྱིས་རྒྱས་འདེབས་པ་སྟེ་བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །གཉིས་པ་ཡུམ་གྱི་ཕྱག་རྒྱ་བསྟན་པ་ནི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱུཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཞེས་པས། དེའི་གཡོན་ཕྱོགས་སུ་ཡུམ་ནམ་མཁའ་དབྱིངས་ཕྱུག་མ་སྐུ་ཡོངས་སུ་རྫོགས་པ་གསལ་བར་བསྐྱེད་པ་ནི་སྐུ་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་གསལ་བའི་ལག་པ་གཡོན་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡུམ་གྱི་ཡིག་འབྲུ་གཞན་བཞི་པོ་རྣམས་ལག་མཐིལ་དུ་སྦས་ནས་གུང་མོ་གྱེན་དུ་བསྒྲེང་བའི་རྒྱབ་ཐུགས་ཀར་གཏད་དེ་བཀན་ཐབས་སུ་བཅའ་བ་ནི་བཅའ་བ་དམ་ཚིག་གི་ཕྱག་རྒྱ། དེའི་རྩེ་མོར་མཱུཾ་མཐིང་ཁ་སྒྲེང་ཚུགས་པ་བསམ་པ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱ། དེ་ཡོངས་སུ་གྱུར་པ་ལས་དྲིལ་བུ་གསིལ་བའི་སྒྲ་ཅན་འོད་འབར་བ་བསམ་པ་ནི་བསམ་པ་དམ་ཚིག་གི་ཕྱག་རྒྱ། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །ཞེས་པས། ལག་པ་གཡས་པའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡབ་ཀྱི་ཡི་གེ་འབྲུ་ལྔ་དང་བཅས་པ་ལས་སུ་སྟེ་ཡབ་ཀྱི་མགུལ་ལ་འཁྲིལ་ཞིང་། བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །ཞེས་པས། ཡུམ་གྱི་དབུ་ཡབ་ཀྱི་མདུན་ནས་བཏུད་དེ་ཞལ་འཛུམ་པའི་མདངས་ཀྱིས་ཡབ་ཀྱི་ཞལ་བལྟ་བའི་ཚུལ་དུ་ཕྱག་རྒྱ་དངོས་སུ་བཅའ་བ་ནི་བཅའ་བ་ལས་ཀྱི་ཕྱག་རྒྱ། དེ་ལྟར་ཡིད་ཀྱིས་བསམ་པ་ནི་བསམ་པ་ལས་ཀྱི་ཕྱག་རྒྱ། ངག་ཏུ་མཱུཾ་དྷཱ་དྷཱུ་ཤྭ་རཱི་ཞེས་བརྗོད་ཅིང་ཡུམ་གྱི་ཕྱག་རྒྱ་གཡོན་དུ་བཅའ་ཞིང་ཐུགས་ཀར་བསྒྱུར་ནས་གཡས་སུ་ཡབ་ཀྱི་ཐུགས་ཀར་དགྲོལ་བ་ནི་ཐབས་ལ་ཤེས་རབ་ཀྱིས་རྒྱས་འདེབས་པ་སྟེ་བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །འདི་ལ་བླ་མ་གོང་མ་དག་གི་བཞེད་ཀྱིས། ཡབ་ཡུམ་གཉིས་གར་གྱི་ཕྱག་རྒྱ་རྫོགས་པའི་རྗེས་སུ་ཡབ་ཡུམ་གྱི་སྙིང་པོས་ཕན་ཚུན་ཐབས་ཀྱིས་ཤེས་རབ་ལ་རྒྱས་བཏབ་པ་དང་ཤེས་རབ་ཀྱིས་ཐབས་ལ་རྒྱས་བཏབ་པ་མཛད་ཀྱི་ཡུམ་མ་བསྐྱེད་གོང་དུ་ཡབ་ཀྱི་སྙིང་པོ་མི་བརྗོད་དེ། ཐབས་ཀྱིས་རྒྱས་བཏབ་བྱའི་ཡུམ་ཤེས་རབ་མ་མ་བསྐྱེད་པའི་ཕྱིར་རོ། །ཞེས་གསུངས། མདོར་ན་ཕྱག་རྒྱ་བདུན་གསུངས་ཀྱང་བཅའ་བ་ལས་ཀྱི་ཕྱག་རྒྱ་དང་བསམ་པ་ལས་ཀྱི་ཕྱག་རྒྱ་གཉིས་ཀ་ལས་ཀྱི་ཕྱག་རྒྱ་གཅིག་ཏུ་བགྲངས། བཅའ་བ་དམ་ཚིག་གི་ཕྱག་རྒྱ་དང་བསམ་པ་དམ་ཚིག་གི་ཕྱག་རྒྱ་གཉིས་ཀ་དམ་ཚིག་གི་ཕྱག་རྒྱ་གཅིག་ཏུ་བགྲངས། བསམ་པ་ཆོས་ཀྱི་ཕྱག་རྒྱ་དང་བརྗོད་པ་ཆོས་ཀྱི་ཕྱག་རྒྱ་གཉིས་ཀ་ཆོས་ཀྱི་ཕྱག་རྒྱ་གཅིག་ཏུ་བགྲངས་ཏེ་དེ་ལྟར་སྐུ་ཕྱག་རྒྱ་ཆེན་པོ་དང་བཞིའོ། །དེ་ཡང་གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་པའི་དོན་ནོ། །གཉིས་པ་རྣམ་པར་སྣང་མཛད་ཡབ་ཡུམ་གྱི་ཕྱག་རྒྱ་བསྟན་པ་ནི། འབྲུ་བཞི་སྦས་ནས༴ ༀ་སྒྲེང་༴ མདངས་ཀྱིས་བལྟ། ཞེས་པ་དེར་གདའ་ཞིང་། དང་པོ་ཡབ་ཀྱི་ཕྱག་རྒྱ་བསྟན་པ་ནི། འབྲུ་བཞི་༴ ཆོས་ལ་བརྟེན། ཞེས་པས། བདག་ཉིད་རྣམ་པར་སྣང་མཛད་ཀྱི་དབུའི་གཙུག་ཏོར་ནས་ཞབས་གདན་ཁྲི་ཡན་ཆད་སྐུ་གསལ་བར་བསྐྱེད་པ་ནི་སྐུ་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་གསལ་བའི་ལག་པ་གཡས་ཀྱི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡབ་ཀྱི་ཡི་གེ་འབྲུ་བཞི་པོ་རྣམས་ལག་མཐིལ་དུ་སྦས་ནས་མཛུབ་མོ་གྱེན་དུ་བསྒྲེང་བའི་རྒྱབ་ཐུགས་ཀར་གཏད་དེ་བཀན་ཐབས་སུ་བཅའ་བ་ནི་བཅའ་བ་དམ་ཚིག་གི་ཕྱག་རྒྱ། དེའི་རྩེ་མོར་ༀ་དཀར་པོ་སྒྲེང་ཚུགས་བ་བསམ་པ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱ། དེ་འོད་དུ་ཞུ་སྟེ་ཡོངས་སུ་གྱུར་པ་ལས་འཁོར་ལོ་འོད་འབར་བ་བསམ་པ་ནི་བསམ་པ་དམ་ཚིག་གི་ཕྱག་རྒྱ། ལག་པ་གཡོན་པ་ལ་བཀོད་པའི་ཟླ་བའི་དཀྱིལ་འཁོར་ལྔ་བརྟུལ་ཡུམ་གྱི་ཡིག་འབྲུ་རྣམས་སྦས་ཏེ་ཁུ་ཚུར་དུ་བྱས་ནས་དྲིལ་བུ་གསིལ་བའི་ཚུལ་དུ་བྱ་ཞིང་། ཡབ་ཉིད་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་ཀྱི་རིགས་ལ་བརྟེན་པའི་ཕྱག་རྒྱ་དངོས་སུ་བཅའ་བ་ནི་བཅའ་བ་ལས་ཀྱི་ཕྱག་རྒྱ། དེ་ལྟར་ཡིད་ཀྱིས་བསམ་པ་ནི་བསམ་པ་ལས་ཀྱི་ཕྱག་རྒྱ། ངག་ཏུ་ༀ་ཛི་ན་ཛིཀ྄་ཅེས་བརྗོད་ཅིང་ཡབ་ཀྱི་ཕྱག་རྒྱ་གཡས་ནས་བཅའ་སྟེ་མདུན་དུ་བསྒྱུར་ནས་གཡོན་དུ་ཡུམ་གྱི་ཐུགས་ཀར་དགྲོལ་བ་ནི་ཤེས་རབ་ལ་ཐབས་ཀྱིས་རྒྱས་འདེབས་པ་སྟེ་བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །གཉིས་པ་ཡུམ་གྱི་ཕྱག་རྒྱ་བསྟན་པ་ནི། འབྲུ་བཞི༴ མདངས་ཀྱིས་བལྟ། ཞེས་པས། དེའི་གཡོན་ཕྱོགས་སུ་ཡུམ་སངས་རྒྱས་སྤྱན་མ་སྐུ་ཡོངས་སུ་གསལ་བར་བསྐྱེད་པ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་གསལ་བའི་ལག་པ་གཡོན་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡུམ་གྱི་ཡིག་འབྲུ་བཞི་པོ་སྦས་ནས་མཛུབ་མོ་གྱེན་དུ་བསྒྲེང་བའི་རྒྱབ་ཐུགས་ཀར་གཏད་དེ་བཀན་ཐབས་སུ་བཅའ་བ་ནི་བཅའ་བ་དམ་ཚིག་གི་ཕྱག་རྒྱ། དེའི་རྩེ་མོར་ལཱཾ་དཀར་པོ་སྒྲེང་ཚུགས་པ་བསམ་པ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱ། དེ་འོད་དུ་ཞུ་སྟེ་ཡོངས་སུ་གྱུར་པ་ལས་དྲིལ་བུ་གསིལ་བའི་སྒྲ་ཅན་འོད་འབར་བ་བསམ་པ་ནི་བསམ་པ་དམ་ཚིག་གི་ཕྱག་རྒྱ། ལག་པ་གཡས་པའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡབ་ཀྱི་ཡིག་འབྲུ་ལྔ་དང་བཅས་པ་ལས་སུ་སྟེ་ཡབ་ཀྱི་མགུལ་ལ་འཁྲིལ་ཞིང་ཡུམ་གྱི་དབུ་ཡབ་ཀྱི་མདུན་ནས་བཏུད་དེ་ཞལ་འཛུམ་པའི་མདངས་ཀྱིས་ཡབ་ཀྱི་ཞལ་བལྟ་བའི་ཚུལ་དུ་ཕྱག་རྒྱ་དངོས་སུ་བཅའ་བ་ནི་བཅའ་བ་ལས་ཀྱི་ཕྱག་རྒྱ། དེ་ལྟར་ཡིད་ཀྱིས་བསམ་པ་ནི་བསམ་པ་ལས་ཀྱི་ཕྱག་རྒྱ། ངག་ཏུ་ལཾ་དྷཱེ་ཤྭ་ར་ཏི་ཞེས་བརྗོད་ཅིང་ཡུམ་གྱི་ཕྱག་རྒྱ་གཡོན་ནས་བཅའ་སྟེ་མདུན་དུ་བསྒྱུར་ནས་གཡས་སུ་ཡབ་ཀྱི་ཐུགས་ཀར་དགྲོལ་བ་ནི་ཐབས་ལ་ཤེས་རབ་ཀྱིས་རྒྱས་འདེབས་པ་སྟེ་བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །གསུམ་པ་རིན་ཅེན་འབྱུང་ལྡན་ཡབ་ཡུམ་གྱི་ཕྱག་རྒྱ་བསྟན་པ་ནི། འབྲུ་བཞི༴ མདངས་ཀྱིས་བལྟ། ཞེས་པ་དེར་གདའ་ཞིང་། དང་པོ་ཡབ་ཀྱི་ཕྱག་རྒྱ་བསྟན་པ་ནི། འབྲུ་བཞི༴ ཆོས་ལ་བརྟེན། ཞེས་པས། བདག་ཉིད་རིན་ཅེན་འབྱུང་ལྡན་དབུའི་གཙུག་ཏོར་ནས་ཞབས་གདན་ཁྲི་ཡན་ཆད་སྐུ་ཡོངས་སུ་རྫོགས་པ་གསལ་བར་བསྐྱེད་པ་ནི་སྐུ་ཕྱག་རྒྱ་ཆེན་པོ། དེ་ལྟར་གསལ་བའི་ལག་པ་གཡས་ཀྱི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡབ་ཀྱི་ཡིག་འབྲུ་གཞན་བཞི་པོ་རྣམས་ལག་མཐིལ་དུ་སྦས་ནས་ཁུ་ཚུར་དུ་བྱས་པ་ལས་མཐེ་བོང་གྱེན་དུ་བསྒྲེང་བའི་རྒྱབ་ཐུགས་ཀར་གཏད་དེ་བཀན་ཐབས་སུ་བཅའ་བ་ནི་བཅའ་བ་དམ་ཚིག་གི་ཕྱག་རྒྱ། དེའི་རྩེ་མོར་སྭཱ་སེར་པོ་སྒྲེང་ཚུགས་པ་བསམ་པ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱ། དེ་འོད་དུ་ཞུ་སྟེ་ཡོངས་སུ་གྱུར་པ་ལས་རིན་ཅེན་འོད་འབར་བ་བསམ་པ་ནི་བསམ་པ་དམ་ཚིག་གི་ཕྱག་རྒྱ། ལག་པ་གཡོན་པ་ལ་བཀོད་པའི་ཟླ་བའི་དཀྱིལ་འཁོར་ལྔ་བརྟུལ་ཡུམ་གྱི་ཡིག་འབྲུ་རྣམས་སྦས་ཏེ་ཁུ་ཚུར་དུ་བྱས་ནས་དྲིལ་བུ་གསིལ་བའི་ཚུལ་དུ་བྱ་ཞིང་ཡབ་ཉིད་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་ཀྱི་རིགས་ལ་བརྟེན་པའི་ཕྱག་རྒྱ་དངོས་སུ་བཅའ་བ་ནི་བཅའ་བ་ལས་ཀྱི་ཕྱག་རྒྱ། དེ་ལྟར་ཡིད་ཀྱིས་བསམ་པ་ནི་བསམ་པ་ལས་ཀྱི་ཕྱག་རྒྱ། ངག་ཏུ་སྭཱ་རཏྣ་དྷྲིཀ྄་ཅེས་བརྗོད་ཅིང་ཡབ་ཀྱི་ཕྱག་རྒྱ་གཡས་ནས་བཅས་ཏེ་མདུན་དུ་བསྒྱུར་ནས་གཡོན་དུ་ཡུམ་གྱི་ཐུགས་ཀར་དགྲོལ་བ་ནི་ཤེས་རབ་ལ་ཐབས་ཀྱིས་རྒྱས་འདེབས་པ་སྟེ་བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །གཉིས་པ་ཡུམ་གྱི་ཕྱག་རྒྱ་བསྟན་པ་ནི། འབྲུ་བཞི༴ མདངས་ཀྱིས་བལྟ། ཞེས་པས། དེའི་གཡོན་ཕྱོགས་སུ་ཡུམ་མཱ་མ་ཀཱི་སྐུ་ཡོངས་སུ་རྫོགས་པ་གསལ་བར་བསྐྱེད་པ་ནི་སྐུ་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་གསལ་བའི་ལག་པ་གཡོན་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡུམ་གྱི་ཡིག་འབྲུ་གཞན་བཞི་པོ་རྣམས་སྦས་ནས་མཐེ་བོང་གྱེན་དུ་བསྒྲེང་བའི་རྒྱབ་ཐུགས་ཀར་གཏད་དེ་བཀན་ཐབས་སུ་བཅའ་བ་ནི་བཅའ་བ་དམ་ཚིག་གི་ཕྱག་རྒྱ། དེའི་རྩེ་མོར་མཱཾ་སེར་པོར་བསྒྲེང་ཚུགས་པ་བསམ་པ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱ། དེ་འོད་དུ་ཞུ་སྟེ་ཡོངས་སུ་གྱུར་པ་ལས་དྲིལ་བུ་གསིལ་བའི་སྒྲ་ཅན་འོད་འབར་བ་བསམ་པ་ནི་བསམ་པ་དམ་ཚིག་གི་ཕྱག་རྒྱ། ལག་པ་གཡས་པའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡབ་ཀྱི་ཡིག་འབྲུ་ལྔ་དང་བཅས་པ་ལས་སུ་སྟེ་ཡབ་ཀྱི་མགུལ་ནས་འཁྲིལ་ཞིང་ཡུམ་གྱི་ཡབ་ཀྱི་མདུན་ནས་བཏུད་དེ་ཞལ་འཛུམ་པའི་དམངས་ཀྱིས་ཡབ་ཀྱི་ཞལ་བལྟ་བའི་ཚུལ་དུ་ཕྱག་རྒྱ་དངོས་སུ་བཅའ་བ་ནི་བཅའ་བ་ལས་ཀྱི་ཕྱག་རྒྱ། དེ་ལྟར་ཡིད་ཀྱིས་བསམ་པ་ནི་བསམ་པ་ལས་ཀྱི་ཕྱག་རྒྱ། ངག་ཏུ་མཱཾ་མོ་ཧ་ར་ཏི་ཞེས་བརྗོད་ཅིང་ཡུམ་གྱི་ཕྱག་རྒྱ་གཡོན་ནས་བཅའ་སྟེ་མདུན་དུ་བསྒྱུར་ནས་གཡས་སུ་ཡབ་ཀྱི་ཐུགས་ཀར་དགྲོལ་བ་ནི་ཐབས་ལ་ཤེས་རབ་ཀྱིས་རྒྱས་འདེབས་པ་སྟེ་བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །བཞི་པ་སྣང་བ་མཐའ་ཡས་ཡབ་ཡུམ་གྱི་ཕྱག་རྒྱ་བསྟན་པ་ནི། འབྲུ་བཞི༴ མདངས་ཀྱིས་བལྟ། ཞེས་པ་དེར་གདའ་ཞིང་། དང་པོ་ཡབ་ཀྱི་ཕྱག་རྒྱ་བསྟན་པ་ནི། འབྲུ་བཞི༴ ཆོས་ལ་བརྟེན། ཞེས་པས། བདག་ཉིད་སྣང་བ་མཐའ་ཡས་དབུའི་གཙུག་ཏོར་ནས་ཞབས་གདན་ཁྲི་ཡན་ཆད་སྐུ་ཡོངས་སུ་རྫོགས་པ་གསལ་བར་བསྐྱེད་པ་ནི་སྐུ་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་གསལ་བའི་ལག་པ་གཡས་ཀྱི་ཉི་མའི་དཀྱིལ་ལ་གནས་པའི་ཡབ་ཀྱི་ཡིག་འབྲུ་གཞན་བཞི་པོ་རྣམས་ལག་མཐིལ་དུ་སྦས་ནས་ཁུ་ཚུར་དུ་བྱས་པ་ལས་སྲིན་ལག་གྱེན་དུ་བསྒྲེང་བའི་རྒྱབ་ཐུགས་ཀར་གཏད་དེ་བཀན་ཐབས་སུ་བཅའ་བ་ནི་བཅའ་བ་དམ་ཚིག་གི་ཕྱག་རྒྱ། དེའི་རྩེ་མོར་ཨཱྂ་དམར་པོ་སྒྲེང་ཚུགས་པ་བསམ་པ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱ། དེ་འོད་དུ་ཞུ་སྟེ་ཡོངས་སུ་གྱུར་པ་ལས་པདྨ་འོད་འབར་བ་བསམ་པ་ནི་བསམ་པ་དམ་ཚིག་གི་ཕྱག་རྒྱ། ལག་པ་གཡོན་པ་ལ་བཀོད་པའི་ཟླ་བའི་དཀྱིལ་འཁོར་ལྔ་བརྟུལ་ཡུམ་གྱི་ཡིག་འབྲུ་རྣམས་སྦས་ཏེ་ཁུ་ཚུར་དུ་བྱས་ནས་དྲིལ་བུ་གསིལ་བའི་ཚུལ་དུ་བྱ་ཞིང་ཡབ་ཉིད་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་ཀྱི་རིགས་ལ་བརྟེན་པའི་ཕྱག་རྒྱ་དངོས་སུ་བཅའ་བ་ནི་བཅའ་བ་ལས་ཀྱི་ཕྱག་རྒྱ། དེ་ལྟར་ཡིད་ཀྱིས་བསམ་པ་ནི་བསམ་པ་ལས་ཀྱི་ཕྱག་རྒྱ། ངག་ཏུ་ཨཱཾ་ཨ་རོ་ལི་ཀ྄་ཅེས་བརྗོད་ཅིང་ཡབ་ཀྱི་ཕྱག་རྒྱ་གཡས་ནས་བཅའ་སྟེ་མདུན་དུ་བསྒྱུར་ནས་གཡོན་དུ་ཡུམ་གྱི་ཐུགས་ཀར་དགྲོལ་བ་ནི་ཤེས་རབ་ལ་ཐབས་ཀྱིས་རྒྱས་འདེབས་པ་སྟེ་བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །གཉིས་པ་ཡུམ་གྱི་ཕྱག་རྒྱ་བསྟན་པ་ནི། འབྲུ་བཞི༴ མདངས་ཀྱིས་བལྟ། ཞེས་པས། དེའི་གཡོན་ཕྱོགས་སུ་ཡུམ་ན་བཟའ་དཀར་མོ་སྐུ་ཡོངས་སུ་རྫོགས་པ་གསལ་བར་བསྐྱེད་པ་ནི་སྐུ་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་གསལ་བའི་ལག་པ་གཡོན་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡུམ་གྱི་ཡིག་འབྲུ་གཞན་བཞི་པོ་རྣམས་སྦས་ནས་སྲིན་ལག་གྱེན་དུ་བསྒྲེང་བའི་རྒྱབ་ཐུགས་ཀར་གཏད་དེ་བཀན་ཐབས་སུ་བཅའ་བ་ནི་བཅའ་བ་དམ་ཚིག་གི་ཕྱག་རྒྱ། དེའི་རྩེ་མོར་པྱཾ་དམར་པོ་སྒྲེང་ཚུགས་པ་བསམ་པ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱ། དེ་འོད་དུ་ཞུ་སྟེ་ཡོངས་སུ་གྱུར་པ་ལས་དྲིལ་བུ་གསིལ་བའི་སྒྲ་ཅན་འོད་འབར་བ་བསམ་པ་ནི་བསམ་པ་དམ་ཚིག་གི་ཕྱག་རྒྱ། ལག་པ་གཡས་པའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡབ་ཀྱི་ཡིག་འབྲུ་ལྔ་དང་བཅས་པ་ལས་སུ་སྟེ་ཡབ་ཀྱི་མགུལ་ལ་འཁྲིལ་ཞིང་ཡུམ་གྱི་དབུ་ཡབ་ཀྱི་མདུན་ནས་བཏུད་དེ་ཞལ་མཛུམ་པའི་མདངས་ཀྱིས་ཡབ་ཀྱི་ཞལ་བལྟ་བའི་ཚུལ་དུ་ཕྱག་རྒྱ་དངོས་སུ་བཅའ་བ་ནི་བཅའ་བ་ལས་ཀྱི་ཕྱག་རྒྱ། དེ་ལྟར་ཡིད་ཀྱིས་བསམ་པ་ནི་བསམ་པ་ལས་ཀྱི་ཕྱག་རྒྱ། ངག་ཏུ་པྱཾ་རཱ་ག་ར་ཏི་ཞེས་བརྗོད་ཅིང་ཡུམ་གྱི་ཕྱག་རྒྱ་གཡོན་ནས་བཅའ་སྟེ་མདུན་དུ་བསྒྱུར་ནས་གཡས་སུ་ཡབ་ཀྱི་ཐུགས་ཀར་དགྲོལ་བ་ནི་ཐབས་ལ་ཤེས་རབ་ཀྱིས་རྒྱས་འདེབས་པ་སྟེ་བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །ལྔ་པ་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་ཕྱག་རྒྱ་བསྟན་པ་ནི། འབྲུ་བཞི་སྦས་༴ མདངས་ཀྱིས་བལྟ། ཞེས་པ་དེར་གདའ་ཞིང་། དང་པོ་ཡབ་ཀྱི་ཕྱག་རྒྱ་བསྟན་པ་ནི། འབྲུ་བཞི༴ ཆོས་ལ་བརྟེན། ཞེས་པས། བདག་ཉིད་དོན་ཡོད་གྲུབ་པ་དབུའི་གཙུག་ཏོར་ནས་ཞབས་གདན་ཁྲི་ཡན་ཆད་སྐུ་ཡོངས་སུ་རྫོགས་པ་གསལ་བར་བསྐྱེད་པ་ནི་སྐུ་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་གསལ་བའི་ལག་པ་གཡས་ཀྱི་ཉི་མ་དཀྱིལ་འཁོར་ལ་གནས་པའི་ཡིག་འབྲུ་གཞན་བཞི་པོ་རྣམས་ལག་མཐིལ་དུ་སྦས་ནས་ཁུ་ཚུར་དུ་བྱས་པ་ལས་མཐེའུ་ཆུང་གྱེན་དུ་བསྒྲེང་བའི་རྒྱབ་ཐུགས་ཀར་གཏད་དེ་བཀན་ཐབས་སུ་བཅའ་བ་ནི་བཅའ་བ་དམ་ཚིག་གི་ཕྱག་རྒྱ། དེའི་རྩེ་མོར་ཧཱ་ལྗང་གུ་སྒྲེང་ཚུགས་པ་བསམ་པ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱ། དེ་འོད་དུ་ཞུ་སྟེ་ཡོངས་སུ་གྱུར་པ་ལས་རལ་གྲི་འོད་འབར་བ་བསམ་པ་ནི་བསམ་པ་དམ་ཚིག་གི་ཕྱག་རྒྱ། ལག་པ་གཡོན་པ་ལ་བཀོད་པའི་ཟླ་བའི་དཀྱིལ་འཁོར་ལྔ་བརྟུལ་ཡུམ་གྱི་ཡིག་འབྲུ་རྣམས་སྦས་ཏེ་ཁུ་ཚུར་དུ་བྱས་ནས་དྲིལ་བུ་གསིལ་བའི་ཚུལ་དུ་བྱ་ཞིང་ཡབ་ཉིད་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་ཀྱི་རིགས་ལ་བརྟེན་པའི་ཕྱག་རྒྱ་དངོས་སུ་བཅའ་བ་ནི་བཅའ་བ་ལས་ཀྱི་ཕྱག་རྒྱ། དེ་ལྟར་ཡིད་ཀྱིས་བསམ་པ་ནི་བསམ་པ་ལས་ཀྱི་ཕྱག་རྒྱ། ངག་ཏུ་ཧཱ་པྲཛྙཱ་དྷྲིཀ྄་ཅེས་བརྗོད་ཅིང་ཡབ་ཀྱི་ཕྱག་རྒྱ་གཡས་ནས་བཅའ་སྟེ་མདུན་དུ་བསྒྱུར་ནས་གཡོན་དུ་ཡུམ་གྱི་ཐུགས་ཀར་དགྲོལ་བ་ནི་ཤེས་རབ་ལ་ཐབས་ཀྱིས་རྒྱས་འདེབས་པ་སྟེ་བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །གཉིས་པ་ཡུམ་གྱི་ཕྱག་རྒྱ་བསྟན་པ་ནི། འབྲུ་བཞི་༴ མདངས་ཀྱིས་བལྟ། ཞེས་པས། དེའི་གཡོན་ཕྱོགས་སུ་ཡུམ་དམ་ཚིག་སྒྲོལ་མ་སྐུ་ཡོངས་སུ་རྫོགས་པ་གསལ་བར་བསྐྱེད་པ་ནི་སྐུ་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་གསལ་བའི་ལག་པ་གཡོན་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡུམ་གྱི་ཡིག་འབྲུ་གཞན་བཞི་པོ་རྣམས་སྦས་ནས་མཐེའུ་ཆུང་གྱེན་དུ་བསྒྲེང་པའི་རྒྱབ་ཐུགས་ཀར་གཏད་དེ་བཀན་ཐབས་སུ་བཅའ་བ་ནི་བཅའ་བ་དམ་ཚིག་གི་ཕྱག་རྒྱ། དེའི་རྩེ་མོར་ཏཱཾ་ལྗང་ཁུ་སྒྲེང་ཚུགས་པ་བསམ་པ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱ། དེ་འོད་དུ་ཞུ་སྟེ་ཡོངས་སུ་གྱུར་པ་ལས་དྲིལ་བུ་གསིལ་བའི་སྒྲ་ཅན་འོད་འབར་བ་བསམ་པ་ནི་བསམ་པ་དམ་ཚིག་གི་ཕྱག་རྒྱ། ལག་པ་གཡས་པའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡབ་ཀྱི་ཡི་གེ་འབྲུ་ལྔ་དང་བཅས་པ་ལས་སུ་སྟེ་ཡབ་ཀྱི་མགུལ་ནས་འཁྲིལ་ཞིང་ཡུམ་གྱི་དབུ་ཡབ་ཀྱི་མདུན་ནས་བཏུད་དེ་ཞལ་འཛུམ་པའི་མདངས་ཀྱིས་ཡབ་ཀྱི་ཞལ་བལྟ་བའི་ཚུལ་དུ་ཕྱག་རྒྱ་དངོས་སུ་བཅའ་བ་ནི་བཅའ་བ་ལས་ཀྱི་ཕྱག་རྒྱ། དེ་ལྟར་ཡིད་ཀྱིས་བསམ་པ་ནི་བསམ་པ་ལས་ཀྱི་ཕྱག་རྒྱ། ངག་ཏུ་ཏཱཾ་བཛྲ་ར་ཏི་ཞེས་བརྗོད་ཅིང་ཡུམ་གྱི་ཕྱག་རྒྱ་གཡོན་ནས་བཅའ་སྟེ་མདུན་དུ་བསྒྱུར་ནས་གཡས་སུ་ཡབ་ཀྱི་ཐུགས་ཀར་དགྲོལ་བ་ནི་ཐབས་ལ་ཤེས་རབ་ཀྱིས་རྒྱས་འདེབས་པ་སྟེ་བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །གཉིས་པ་སེམས་དཔའ་ཡབ་ཡུམ་གྱི་ཕྱག་རྒྱ་བསྟན་པ་ནི། ཨུཏྤལ་ཀླུ་ཤིང་༴ ངང་དུ་འཁྲིལ། ཞེས་པ་དེར་གདའ་ཞིང་། འདི་དག་ལ་ཡང་འོག་ནས། གོང་གི་ཕྱག་རྒྱ་ཆེན་པོ་བཞིན། །ཞེས་པས། ལྷ་རེ་རེ་ལ་ཡང་ཕྱག་རྒྱ་བདུན་བདུན་གོང་གི་རིགས་ལྔ་དང་མཐུན་པར་འཆད་དེ། ལག་པ་གཡས་པའི་མཐེ་བོང་མ་གཏོགས་པའི་སོར་མོའི་བྲེ་ཁ་བཞི་ལ་ཉི་མའི་དཀྱིལ་འཁོར་སྲན་ཆུང་སླེབས་པ་ཙམ་རེའི་སྟེང་དུ་སོར་མོའི་རྩེ་ནས་བརྩམས་ཏེ་ཀྵཱིཾ་ཏྲཾ་ཧྲི་ཛིཾ་བཞི་དགོད། གཡོན་གྱི་ཟླ་བའི་སྟེང་དུ་ཧཱུཾ་ཏྲཱཾ་ཧྲི་ཨཱ་བཞི་དགོད་ལ་བདག་ཉིད་སའི་སྙིང་པོ་སྐུ་ཡོངས་སུ་རྫོགས་པ་གསལ་བར་བསྐྱེད་པ་ནི་སྐུ་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་གསལ་བའི་ལག་པ་གཡས་ཀྱི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡབ་ཀྱི་ཡིག་འབྲུ་གཞན་གསུམ་པོ་རྣམས་ལག་མཐིལ་དུ་སྦས་ནས་ཁུ་ཚུར་དུ་བྱས་པ་ལ་མཛུབ་མོ་གྱེན་དུ་བསྒྲེང་བའི་རྒྱབ་ཐུགས་ཀར་གཏད་དེ་བཀན་ཐབས་སུ་བཅའ་བ་ནི་བཅའ་བ་དམ་ཚིག་གི་ཕྱག་རྒྱ། དེའི་རྩེ་མོར་ཡི་གེ་ཀྵཱིཾ་དཀར་པོ་བསམ་པ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱ། དེ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་མྱུ་གུ་འོད་འབར་བ་བསམ་པ་ནི་བསམ་པ་དམ་ཚིག་གི་ཕྱག་རྒྱ། ལག་པ་གཡོན་པ་ལ་བཀོད་པའི་དཀྱིལ་འཁོར་ལྔ་བརྟུལ་ཡུམ་གྱི་ཡིག་འབྲུ་རྣམས་སྦས་ཏེ་ཁུ་ཚུར་དུ་བྱས་ནས་དྲིལ་བུ་གསིལ་བའི་ཚུལ་དུ་བྱ་ཞིང་། ཡབ་ཉིད་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་ཀྱི་རིགས་ལ་བརྟེན་པའི་ཕྱག་རྒྱ་དངོས་སུ་བཅའ་བ་ནི་བཅའ་བ་ལས་ཀྱི་ཕྱག་རྒྱ། དེ་ལྟར་ཡིད་ཀྱིས་བསམ་པ་ནི་བསམ་པ་ལས་ཀྱི་ཕྱག་རྒྱ། ངག་ཏུ་ཀྵཱིཾ་ཧི་རཱ་ཛ་ཡ་ཞེས་བརྗོད་ཅིང་ཡབ་ཀྱི་ཕྱག་རྒྱ་གཡས་ནས་བཅའ་སྟེ་མདུན་དུ་བསྒྱུར་ནས་གཡོན་དུ་ཡུམ་གྱི་ཐུགས་ཀར་དགྲོལ་བ་ནི་ཤེས་རབ་ལ་ཐབས་ཀྱིས་རྒྱས་འདེབས་པ་སྟེ་བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །དེའི་འགྲོས་ཀྱིས་སེམས་དཔའ་དང་སེམས་མ་དང་ཁྲོ་མོ་དང་ཁྲོ་མོ་ཐམས་ཅད་ལ་ཤེས་པར་བྱའོ། །འོ་ན། ཨུཏྤལ་ཀླུ་ཤིང་ལ་སོགས་མཚན། །ཞེས་པས། ཨུཏྤལ་དང་ཀླུ་ཤིང་ཐོག་མར་སྨོས་པ་ཅི་ཡིན་ཞེ་ན། ཐམས་ཅད་མཁྱེན་པས་གཞན་དོན་བྱེད་པ་སྔོན་དུ་འགྲོ་བས་སམ་ཚད་མེད་པ་བཞི་སྔོན་དུ་འགྲོ་བས་སོ། །ཡང་ཕྱོགས་དང་མཚམས་ཀྱི་དང་པོ་བྱང་ཤར་ཡིན་པས་ཀྱང་བྱུང་བ་ཡིན་ནོ་གསུང་སྟེ་བརྟག་པར་བྱའོ། །མདོར་ན་འཇམ་དཔལ་གྱི་ཕྱག་མཚན་ཨུཏྤལ་དང་། བྱམས་པའི་ཕྱག་མཚན་ཀླུ་ཤིང་ཡིན་པ་ལ་སོགས་པའི་སོགས་ཁོང་ནས་སེམས་དཔའ་དང་སེམས་མ་གཞན་རྣམས་ཀྱི་ཕྱག་མཚན་ཀྱང་སྟོན་ཏེ། རིན་ཅེན་མྱུ་གུ་རལ་གྲི་འབར། །པདྨ་དཀར་པོ་རྡོ་རྗེ་འབར། །ཆོས་ཀྱི་འཁོར་ལོ་རིན་ཅེན་སྙེ། །ཞེས་པས། སའི་སྙིང་པོས་རིན་ཅེན་མྱུ་གུ། ནམ་མཁའི་སྙིང་པོས་རལ་གྲི་འོད་འབར། སྤྱན་རས་གཟིགས་ཀྱིས་པདྨ་དཀར་པོ། ཕྱག་ན་རྡོ་རྗེས་རྡོ་རྗེ་འོད་འབར་བ། སྒྲིབ་སེལ་གྱིས་ཆོས་ཀྱི་འཁོར་ལོ། ཀུན་ཏུ་བཟང་པོས་རིན་པོ་ཆེའི་སྙེ་མ་སྟེ་དེ་ལྟར་སེམས་དཔའ་ཡབ་རྣམས་ཀྱིས་རང་རྟགས་ཀྱི་ཕྱག་མཚན་དེ་རྣམས་ཕྱག་གཡས་པས་ཐུགས་ཀར་བསྣམས་པའོ། །སེམས་མ་ཡུམ་རྣམས་ཀྱི་ཕྱག་མཚན་ནི། གཟུགས་མཛེས་རིན་ཅེན་ཕྲེང་བ་དང་། །པི་ཝང་གར་མཁན་མཆོག་ཉིད་དེ། །མེ་ཏོག་ཕྲེང་དང་སྤོས་མཆོད་མ། །མར་མེ་བྱུག་པ་ལ་སོགས་པ། །ཞེས་པས། ལཱ་སྱེ་མས་གཟུགས་མཛེས་པར་བྱེད་པའི་མེ་ལོང་། མཱ་ལྱེ་མས་རིན་ཅེན་ཕྲེང་བ་དང་། གཱིརྟི་མའི་པི་ཝང་། ནཱིརྟི་མའི་གར་མཁན་མཆོག་གི་ཕྱག་རྒྱ་ཉིད་དེ། དེ་བཞིན་དུ་པུཥྤེ་མའི་མེ་ཏོག་གི་ཕྲེང་བ་དང་། དྷཱུ་པེ་མའི་སྤོས་སྣ་ཚོགས་ཀྱིས་མཆོད་པར་བྱེད་ལ། ཨཱ་ལོ་ཀེས་མར་མེ། གནྡྷེ་མས་བྱུག་པ་སྟེ་དྲིའི་དུང་ཆོས་ལ་སོགས་པ་རང་རྟགས་ཀྱི་ཕྱག་མཚན་དེ་རྣམས་ཕྱག་གཡོན་པས་ཐུགས་ཀར་བསྣམས་པའོ། །ལས་ལ་འཁྲིལ་ཞིང་ཆོས་ལ་བརྟེན། །ཞེས་པས། དེ་ལྟར་སེམས་དཔའ་ཡབ་ཡུམ་རྣམས་ལས་ཀྱི་ཕྱག་རྒྱ་ཕན་ཚུན་གཅིག་ལ་གཅིག་འཁྲིལ་ཞིང་ཡབ་ཀྱི་བརླ་གཡོན་པ་ཆོས་ཀྱི་རིགས་ལ་བརྟེན་པའི་ཚུལ་གྱིས། དབུ་རྣམས་འབྱོ་ཞིང་འདུད་པའི་ཚུལ། །ཞེས་པས། ཡབ་ཀྱི་དབུ་རྣམས་ཡུམ་ལ་འབྱོ་ཞིང་ཡུམ་གྱི་དབུ་རྣམས་ཡབ་ལ་འདུད་པའི་ཚུལ་ནི། གོང་གི་ཕྱག་རྒྱ་ཆེན་པོ་བཞིན། །གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། །ཞེས་པས། གོང་གི་རིགས་ལྔའི་ཕྱག་རྒྱ་ཆེན་པོ་བཞིན་དུ་ཐབས་ཤེས་གཉིས་མེད་མཉམ་པའི་དབྱིངས་ཀྱི་ངང་དུ་ཕན་ཚུན་འཁྱུད་ཅིང་འཁྲིལ་བའོ། །གསུམ་པ་སྒོ་བ་ཡབ་ཡུམ་གྱི་ཕྱག་རྒྱ་བསྟན་པ་ནི། སྒོ་བཞི་ཁྲོ་བོའི༴ གོང་མ་བཞིན། ཞེས་པ་དེར་གདའ་ཞིང་། སྒོ་བཞི་ཁྲོ་བོའི་ཕྱག་རྒྱ་ནི། ཞེས་པས། གཞལ་ཡས་ཁང་གི་སྒོ་བཞི་ལ་གནས་པའི་ཁྲོ་བོ་ཡབ་བཞི་དང་ཁྲོ་མོ་ཡུམ་བཞིའི་ཕྱག་རྒྱ་ནི། ནྲྀ་མགོ་གདེངས་དང་རྡོ་རྗེ་གནོན། །ཐོད་སྦྲུལ་ཆེན་པོ་གནོན་པ་དང་། །རྡོ་རྗེ་རྒྱ་གྲམ་ལས་ཀྱི་གནོན། །ཞེས་པས། ཁྲོ་བོ་ཡབ་བཞིའི་ཕྱག་རྒྱ་ནི་གཤིན་རྗེ་གཤེད་པོའི་ཕྱག་མཚན་ནྲྀ་མགོ་ཁ་གདེངས་པའི་ཚུལ་གནོན་ཐབས་སུ་འཛིན་པ་དང་། སྟོབས་པོ་ཆེ་རྡོ་རྗེ་གནོན་ཐབས་སུ་འཛིན་པ་དང་། རྟ་མགྲིན་ཐོད་པ་སྦྲུལ་གྱིས་ཁ་དཀྲིས་པ་ཆེན་པོ་གནོན་ཐབས་སུ་འཛིན་པ་དང་། ལས་ཀྱི་རིགས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་པ་རྡོ་རྗེ་རྒྱ་གྲམ་གནོན་ཐབས་སུ་འཛིན་པའོ། །ཁྲོ་མོ་ཡུམ་བཞིའི་ཕྱག་རྒྱ་ནི། །ལྕགས་ཀྱུ་ཞགས་པ་སྥོ་ཊ་ཧོཿ ཞེས་པས། ལྕགས་ཀྱུ་མ་ལྕགས་ཀྱུ་དང་། ཞགས་པ་མ་ཞགས་པ་དང་། ལྕགས་སྒྲོག་མ་སྥོ་ཊ་སྟེ་ལྕགས་སྒྲོགས་དང་། ཧོཿནི་དགྱེས་པ་བསྐྱེད་པ་སྟེ་དྲིལ་བུ་མ་དྲིལ་བུ་བསྣམས་པའོ། །སྒོ་བཞིར་གནས་པ་དེ་དག་ཀྱང་། །ཞེས་པས། སྒོ་བཞིར་གནས་པའི་ཁྲོ་མོ་ཡབ་ཡུམ་དེ་དག་རྣམས་ཀྱང་། འདུད་ཚུལ་འཁྲིལ་བ་གོང་མ་བཞིན། །ཞེས་པས། ཡུམ་གྱི་དབུ་ཡབ་ལ་ལ་འདུད་པའི་ཚུལ་དང་ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པར་འཁྲིལ་བས་ཚུལ་རྣམས་གོང་མ་རིགས་ལྔ་ཡབ་ཡུམ་ལ་བྱས་པ་བཞིན་དུ་འདིར་ཡང་བསྒོམ་པར་བྱའོ། །བཞི་པ་ཐུབ་པ་དྲུག་གི་ཕྱག་རྒྱའི་རྣམ་གྲངས་བསྟན་པ་ནི། ཐུབ་དྲུག༴ ཆོས་ཀྱི་དབྱིངས། ཞེས་པ་དེར་གདའ་ཞིང་། ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏེ། །ཞེས་པས། འགྲོ་བ་འདུལ་བའི་ཐུབ་པ་དྲུག་གི་ཕྱག་རྒྱ་ནི་གཅིག་ཏུ་མ་ངེས་པ་ཡིན་པས་གདུལ་བྱའི་མོས་པ་སྣ་ཚོགས་དང་མཐུན་པར་བསྟན་པ་ཡིན་ཏེ། འོ་ན་དེ་དག་གང་ཟག་གཅིག་གིས་བསྒོམ་དུ་མི་བཏུབ་བམ་སྙམ་ན། མདོར་བསྡུས་ཕྱག་རྒྱ་དྲུག་ཏུ་བསྟན། །ཞེས་པས། མདོར་བསྡུས་ན་འགྲོ་བ་རིགས་དྲུག་འདུལ་བའི་ཐབས་སུ་ཕྱག་རྒྱ་ཡང་དྲུག་ཏུ་བསྟན་པ་ཡིན་ཏེ། ལྷའི་ཐུབ་པ་པི་ཝང་། ལྷ་མ་ཡིན་གྱི་ཐུབ་པ་གོ་མཚོན། མིའི་ཐུབ་པ་གསེག་པར། བྱོལ་སོང་གི་ཐུབ་པ་པོ་ཏི། ཡི་དྭགས་ཀྱི་ཐུབ་པ་རིན་ཅེན་སྒྲོམ་བུ། དམྱལ་བའི་ཐུབ་པ་མེ་ཆུ་བསྣམས་པའོ། །དེ་ཡང་འོད་རིམ་ལས། གསེག་པར་དང་ནི་པི་ཝང་དང་། །གོ་ཆ་པོ་ཏི་རིན་ཅེན་སྒྲོམ། །མེ་དང་ཆུ་ནི་རབ་ཏུ་བསྟན། །ཞེས་གསུངས་སོ། །ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས། །ཞེས་པས། ཐུབ་པ་དྲུག་ལ་རྟགས་ཀྱི་ཡུམ་ནི་དམིགས་བཅས་སུ་མེད་ལ། དོན་གྱི་ཡུམ་ནི་ཆོས་ཀྱི་དབྱིངས་དང་འདུ་འབྲལ་མེད་པ་ཡིན་ཏེ། ལེ་ལག་ལས། སྣང་བ་མི་འགོག་ཐབས་ཡིན་ཏེ། །རང་བཞིན་མེད་པ་ཤེས་རབ་བོ། །ཞེས་སོ། །ལྔ་པ་ཀུན་བཟང་ཡབ་ཡུམ་གྱི་ཕྱག་རྒྱ་བསྟན་པ་ནི། ཀུན་བཟང་མཉམ་གཞག༴ ཐལ་མོ་ཉིད། ཅེས་པ་དེར་གདའ་ཞིང་། ཀུན་བཟང་མཉམ་གཞག་ཡེ་ཤེས་འཕྲོ། །ཞེས་པས། ཀུན་ཏུ་བཟང་པོ་ཕྱག་གཡོན་གྱི་ཐོག་ཏུ་གཡས་པ་མཉམ་པར་བཞག་པའི་སོར་མོ་ལྔ་པོ་ཀུན་ལ་ཡེ་ཤེས་ལྔའི་འོད་ཟེར་རྣམ་པར་འཕྲོ་བའོ། །ཡུམ་འགྱུར་མཉམ་རྫོགས་པདྨའི་དཀྱིལ། ཞེས་པས། ཡུམ་གྱི་ཕྱག་རྒྱ་ཡབ་ལས་འགྱུར་ཏེ་ཕྱག་གཡས་ཀྱི་ཐོག་ཏུ་གཡོན་མཉམ་པར་བཞག་པའི་ཕྱག་རྒྱ་ལ་ཆོས་ཐམས་ཅད་རྫོགས་པས་མཐེ་བོང་གཉིས་རྩེ་མོ་སྤྲད་དེ་པདྨོའི་དཀྱིལ་ལྟར་བྱས་པ་དང་། གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ། །ཞེས་པས། དེ་ལས་གཞན་པ་ཡང་ཆོས་ཉིད་ཅིར་ཡང་སྣང་བའི་ཕྱིར་ཕྱག་རྒྱ་གཅིག་ཏུ་མ་ངེས་པས་སྣ་ཚོགས་པར་སྣང་བས་ཏེ། ཡང་ན་དེ་བཞིན་གཤེགས་ཉིད་དམ། །ཡང་ན་རྡོ་རྗེ་ཐལ་མོ་ཉིད། །ཅེས་པས། ཡང་ན་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་དང་རྗེས་སུ་མཐུན་པ་ཉིད་དང་། ཡང་ན་རྡོ་རྗེ་ཐལ་མོ་རྩེ་ལྔ་པའམ་རྩེ་གསུམ་པ་ཉིད་དོ། །བཞི་པ་ལྟ་བའི་ཕྱག་རྒྱ་བསྟན་པ་ནི། ཕྱག་རྒྱ་ཆེན་པོའི༴ ངང་དུ་གནས། ཞེས་པ་དེར་གདའ་ཞིང་། ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ནི། །ཞེས་པས། ཕུང་པོ་ལ་སོགས་པའི་རྟོག་པ་ཐམས་ཅད་ལྷ་ཡབ་ཡུམ་གྱི་ཕྱག་རྒྱ་ཆེན་པོའི་སྐུ་གསུང་ཐུགས་སུ་སྣང་བའི་ཚོགས་མཆོག་ནི། ཐབས་དང་ཤེས་རབ་ལྡན་འབྱོར་ན། །ཞེས་པས། སྣང་བ་མི་འགག་པར་གསལ་བས་ཐབས་དང་དེ་ལ་འཛིན་པ་མེད་པས་ཤེས་རབ་སྟེ་ཐབས་ཤེས་རབ་དེ་གཉིས་གཉིས་སུ་མེད་པར་ལྡན་པའི་དོན་བློ་ལ་འབྱོར་ཞིང་རྟོགས་པའི་ལྟ་བ་དང་ལྡན་ན། མ་བསྐྱོད་མ་སྒུལ་ཐམས་ཅད་ཀུན། །ཞེས་པས། ལུས་མ་བསྐྱོད་ཅིང་མ་སྒུལ་བ་ལ་སོགས་པ་སྒོ་གསུམ་གྱིས་ཅི་བྱས་པ་དང་མ་བྱས་པ་ཐམས་ཅད་ཀུན་ཀྱང་། ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་པས། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེན་པོའི་ངང་དུ་གནས་པ་ལས་མི་འདའ་བ་ནི་ལྟ་བའི་ཕྱག་རྒྱ་སྟེ་ཕྱག་རྒྱ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ནོ། །ལྔ་པ་ཕྱག་རྒྱ་སྤྲོས་པ་དང་བཅས་པའི་ཏིང་ངེ་འཛིན་བསྟན་པ་ལ་གཉིས་ཏེ། སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ལ་བསླབ་པའི་ཐབས་དང་། དེས་འགྲོ་བའི་དོན་བྱེད་པའི་ཚུལ་ལོ། །དང་པོ་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ལ་བསླབ་པའི་ཐབས་ལ་གསུམ་སྟེ། སངས་རྒྱས་སྟོང་གི་དཀྱིལ་འཁོར་ལ་བསླབ་པའི་ཐབས་དང་། ཉི་ཁྲི་བཞི་སྟོང་གི་དཀྱིལ་འཁོར་ལ་བསླབ་པའི་ཐབས་དང་། བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་བསླབ་པའི་ཐབས་སོ། །དང་པོ་སངས་རྒྱས་སྟོང་གི་དཀྱིལ་འཁོར་ལ་བསླབ་པའི་ཐབས་བསྟན་པ་ནི། ཡན་ལག་བཞི་བཅུ༴ གསུམ་འཕྲོར་འགྱུར། ཞེས་པ་དེར་གདའ་ཞིང་། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །ཞེས་པས། ཡན་ལག་ཐབས་ཀྱི་ལྷ་བཞི་བཅུ་ཐམ་པ་རྩ་བའི་ལྷ་ཡབ་ཡུམ་གཉིས་ལ་ལྡན་པར་བསྒོམ་པ་ཡིན་ཏེ། དེ་ཡང་བདག་རྩ་བའི་མི་བསྐྱོད་པ་ཡབ་ཡུམ་ཡིན་པ་དབང་བཙན་དུ་བྱས་ནས་དེ་ལྟར་དུ་གསལ་བ། གཞན་ཡན་ལག་གི་ལྷ་ཡབ་ཉི་ཤུ་རྩ་བཞི་རྩ་བའི་ལྷ་ཡབ་ལ་འགོད་དེ། ལག་པ་གཡས་པ་ལ་མི་བསྐྱོད་པ། སྤྱི་བོར་རྣམ་སྣང་། ལག་པ་གཡོན་པ་ལ་རིན་ཅེན་འབྱུང་ལྡན། རྐང་པ་གཡོན་པ་ལ་སྣང་བ་མཐའ་ཡས། གཡས་པ་ལ་དོན་གྲུབ། མིག་གི་རྩའི་ནང་དུ་ས་སྙིང་། རྣ་བའི་རྩའི་ནང་དུ་ཕྱག་རྡོར། སྣའི་རྩའི་ནང་དུ་ནམ་སྙིང་། ལྕེའི་རྩའི་ནང་དུ་སྤྱན་རས་གཟིགས། མིག་གི་རྩའི་ཕྱི་རུ་བྱམས་པ། རྣ་བའི་རྩའི་ཕྱི་རུ་སྒྲིབ་སེལ། སྣའི་རྩའི་ཕྱི་རུ་ཀུན་བཟང་། ལྕེའི་རྩའི་ཕྱི་རུ་འཇམ་དཔལ། ལག་པ་གཡས་པའི་མཐིལ་དུ་གཤིན་རྗེའི་གཤེད་པོ། གཡོན་པའི་མཐིལ་དུ་སྟོབས་པོ་ཆེ། རྐང་པ་གཡོན་པའི་མཐིང་ལ་རྟ་མགྲིན། གཡས་པའི་མཐིལ་ལ་བདུད་རྩི་འཁྱིལ་བ། སྟེང་སྣར་ཀུན་ཏུ་བཟང་པོ། མཚོག་མར་ལྷའི་ཐུབ་པ། སྟ་ཟུར་དུ་ལྷ་མ་ཡིན་གྱི་ཐུབ་པ། སྙིང་གར་མིའི་ཐུབ་པ། ལྟེ་བར་བྱོལ་སོང་གི་ཐུབ་པ། མགྲིན་པར་ཡི་དྭགས་ཀྱི་ཐུབ་པ། གསང་གནས་སུ་དམྱལ་བའི་ཐུབ་བའོ། །དེ་ལྟར་རྩ་བའི་ལྷ་ཡབ་ཉི་ཤུ་རྩ་བཞི་བཀོད་པ་དེ་བཞིན་དུ་རྩ་བའི་ལྷ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་ལ་ཡང་ཡུམ་བཅོ་བརྒྱད་འགོད་དོ། །འགོད་ཚུལ་ནི་སྔར་གྱི་ཡབ་ལ་འགོད་པ་དང་མཚུངས་པར་གདའོ། །དེ་ལྟར་ཡབ་ཉི་ཤུ་རྩ་བཞི་དང་ཡུམ་བཅོ་བརྒྱད་བྱས་པས་ཞེ་གཉིས་བྱུང་ཡང་། བདག་རྩ་བའི་ལྷ་མི་བསྐྱོད་པ་ཡབ་ལ་རྡོ་རྗེ་སེམས་དཔའ་བཀོད་པ་དང་། ཡུམ་ལ་ནམ་མཁའ་དབྱིངས་ཕྱུག་མ་བཀོད་པ་གཉིས་མ་བགྲངས་པས་ཡན་ལག་གི་ལྷ་བཞི་བཅུ་དང་ལྡན་པར་བསྒོམ་པ་ནི་རགས་པའི་ཆ་ནས་བཞག་པས་ཐབས་ཀྱི་ལྷ་བཞི་བཅུའོ། །དེ་ཉིད་ཡན་ལག་སྤྲོས་ཞེས་པས། དཔེར་ན་མི་གཅིག་གྲུབ་ན་སྙིང་གཅིག་གྲུབ་པའི་ཚུལ་དུ་ཐབས་ཀྱི་ལྷ་བཞི་བཅུ་པོ་དེ་ཉིད་རེ་རེའི་ཡང་སྲོག་གི་སྒོར་ཡན་ལག་གི་ལྷ་ཡེ་ཤེས་སེམས་དཔའ་མཚོན་གང་བ་རེ་རེ་སྤྲོས་ཏེ་གསལ་བར་བསྒོམ་པ་ནི་ཕྲ་བའི་ཆ་ནས་བཞག་པས་ཤེས་རབ་ཀྱི་ལྷ་བཞི་བཅུའོ། །དེ་ལྟར་ཐབས་དང་ཤེས་རབ་ཀྱི་ལྷ་བརྒྱད་ཅུ་ལས་ཤེས་རབ་ཀྱི་ལྷ་བཞི་བཅུ་ནི། བུ་མོས་ཕའི་རབས་མི་ཟིན་པའི་ཚུལ་དུ་རྒྱན་དང་ཆ་ལུགས་རྣམས་སྤངས་པ་ཡིན་ལ། བཞི་བཅུ་རྩ་གཉིས་གསུམ་འཕྲོར་འགྱུར། །ཞེས་པས། ཐབས་ཀྱི་ལྷ་བཞི་བཅུ་པོ་རྩ་བའི་ལྷ་ཡབ་ཡུམ་གཉིས་ལ་འགོད་པའི་ཐབས་ཀྱི་ལྷ་རེ་རེ་ལ་ཡང་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་འཕྲོ་བར་འགྱུར་བ་ཡིན་ཏེ། དེ་ཡང་དཔྲལ་བར་སྐུའི་ལྷ་བཞི་བཅུ། མགྲིན་པར་གསུང་གི་ལྷ་བཞི་བཅུ། ཐུགས་ཀར་ཐུགས་ཀྱི་ལྷ་བཞི་བཅུ་སྟེ་སྐུ་གསུང་ཐུགས་ཀྱི་ལྷ་བཞི་བཅུ་པ་ཚན་པ་གསུམ་ལ་བརྒྱ་ཉི་ཤུ། དེའི་སྟེང་དུ་ཐབས་ཀྱི་ལྷ་བཞི་བཅུ་བསྣན་པས་བརྒྱ་དང་དྲུག་ཅུའོ། །དེ་རེ་རེའང་གོང་གི་བདག་སྟེ་ཞེས་པས། རང་རང་གི་རིགས་ཀྱི་བདག་པོས་གཙོ་བྱས་པའི་དབུ་རྒྱན་རིགས་ཀྱི་ལྷ་ལྔ་ལྔ་སྟེ་བརྒྱད་བརྒྱའོ། །མདོར་ན་ཐབས་དང་ཤེས་རབ་ཀྱི་ལྷ་བརྒྱད་ཅུ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ལྷ་བརྒྱ་ཉི་ཤུ། དབུ་རྒྱན་གྱི་ལྷ་བརྒྱད་བརྒྱ་སྟེ་ཀུན་དྲིལ་བས་རྩ་བའི་ལྷ་ཡབ་ཡུམ་གཉིས་ལ་ཡན་ལག་དང་ལྷག་པའི་ལྷ་སྟོང་བསྒོམ་པ་ནི་སངས་རྒྱས་སྟོང་གི་དཀྱིལ་འཁོར་ལ་བསླབ་པ་ཞེས་བྱའོ། །གཉིས་པ་ཉི་ཁྲི་བཞི་སྟོང་གི་དཀྱིལ་འཁོར་ལ་བསླབ་པ་ནི། དེ་ལྟར་ལྡན་པའི་གཙོ་མཆོག་གིས། །རྒྱལ་བ་རྒྱལ་མཆོག་དེ་བཞིན་དུ། །བཅུ་གཉིས་དྲུག་གི་འོད་འཕྲོ་འབར། །ཞེས་པ་དེར་གདའ་ཞིང་། དེ་ལྟར་ལྡན་པའི་གཙོ་མཆོག་གིས། །ཞེས་པས། དེ་ལྟར་སངས་རྒྱས་སྟོང་གི་དཀྱིལ་འཁོར་མངོན་སུམ་དུ་གསལ་བར་ལྡན་པའི་གཙོ་བོ་མི་བསྐྱོད་པ་ཡབ་ཡུམ་ཟུང་གཅིག་གིས་རྣལ་འབྱོར་བསྒོམ་པ་དེ་ནི་རྣལ་འབྱོར་པ་རྣམས་ཀྱི་ནང་ནས་མཆོག་གོ། །དེ་ལྟ་བུའི་རྣལ་འབྱོར་པ་དག་གིས་ལྷ་དེ་ལས་གཞན་པ་ཡང་བསྒོམ་པའི་ཕྱིར། རྒྱལ་བ་ཞེས་པས། རྒྱལ་བ་རིགས་བཞི་ཡབ་ཡུམ་ཟུང་བཞི་དང་གོང་གི་མི་བསྐྱོད་པ་ཡབ་ཡུམ་ཟུང་གཅིག་སྟེ་ལྔ། རྒྱལ་མཆོག་ཅེས་པས། རྒྱལ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཟུང་གཅིག་སྟེ། དྲུག་པོ་ལ་ཡང་ཡན་ལག་གི་ལྷ་མི་བསྐྱོད་པ་ཡབ་ཡུམ་ལ་བཀོད་པ་དེ་བཞིན་དུ་བརྩིས་པས་ཡབ་ཡུམ་ཟུང་དྲུག་པོ་རེ་རེ་ལ་སྟོང་ཚོ་རེ་རེ་བསྒོམས་པས་སྟོང་ཚོ་དྲུག །བཅུ་གཉིས་ཞེས་པས། སེམས་དཔའ་ཡབ་ཡུམ་ཟུང་བརྒྱད་དང་སྒོ་བ་ཡབ་ཡུམ་ཟུང་བཞི་སྟེ་དེ་ལྟར་ཡབ་ཡུམ་ཟུང་བཅུ་གཉིས་ལ་སྟོང་ཚོ་དྲུག །གོང་གི་སྟོང་ཚོ་དྲུག་གི་སྟེང་དུ་སྟོང་ཚོ་བཅུ་གཉིས་བསྣན་པས་སྟོང་ཚོ་བཅོ་བརྒྱད་དོ། །དྲུག་གི་འོད་འཕྲོ་འབར། །ཞེས་པས། ཐུབ་པ་དྲུག་པོ་རེ་རེ་ལའང་སྟོང་ཚོ་རེ་རེ་སྟེ་སྟོང་ཚོ་དྲུག །དེའི་སྟེང་དུ་གོང་གི་སྟོང་ཚོ་བཅོ་བརྒྱད་པོ་བགྲངས་པས་སྟོང་ཚོ་ཉི་ཤུ་བཞི་པོ་ཐམས་ཅད་ཀྱང་འོད་ཟེར་འཕྲོ་ཞིང་གཟི་བརྗིད་འབར་བ་བསྒོམ་པ་ནི། ཉི་ཁྲི་བཞི་སྟོང་གི་དཀྱིལ་འཁོར་ལ་བསླབ་པ་ཞེས་བྱའོ། །འོ་ན་སྐབས་འདིར་ཐུབ་པ་དྲུག་ལ་ཡུམ་མེད་པས་ཡུམ་རྣམས་ཇི་ལྟར་བསྒོམ་སྙམ་ན། ལུས་ཀྱི་གཡས་ཕྱོགས་ཀྱི་ཆ་ལ་ཡབ་རྣམས་དང་གཡོན་ཕྱོགས་ཀྱི་ཆ་ལ་ཡུམ་རྣམས་འགོད་པའོ། །ཡང་ན་ཡབ་ཡུམ་འཁྲིལ་སྦྱོར་དུ་བཀོད་ཀྱང་རུང་ཞེས་མི་སྙེ་བ་ཉི་མ་རྡོ་རྗེས་གསུང་ངོ་། །འོ་ན་ཡབ་ལ་བཀོད་དུས་སུ་ཐུབ་པར་མི་བགྲང་ན། ཡུམ་བཅོ་བརྒྱད་བཀོད་དུས་སུ་གང་མི་བགྲང་སྙམ་ན་ཀུན་ཏུ་བཟང་མོ་མི་བགྲང་ངོ་ཞེས་བླ་མ་གོང་བ་རྣམས་གསུང་ངོ་། །གསུམ་པ་བསམ་ཡས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་བསླབ་པ་ནི། དེ་ལ་སོགས་པ་བསམ་མི་ཁྱབ། །ཅེས་པས། དེ་ལ་སོགས་པ་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་རྒྱལ་བའི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པར་བསྒོམ་པ་ནི་བསམ་ཡས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་བསླབ་པ་ཞེས་བྱ་སྟེ། སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་བསྒོམ་པའི་རིམ་པའོ། །འདི་དག་ཀྱང་ལམ་མཐར་ཆགས་པ་ཕྱག་རྒྱ་སྤྲོས་བཅས་ལ་སློབ་པའི་དབང་དུ་ཡིན་གྱིས། ལམ་ཐོད་བརྒལ་བའི་རྟེན་གྱི་གང་ཟག་ཚོགས་བསྒྲུབ་མི་དགོས་པར་མཐོང་ལམ་ལ་སྦྱོར་བའང་ཡོད་དོ། །ཡང་ཁ་ཅིག་ན་རེ། གོང་ནས། མ་བསྐྱོད་མ་སྒུལ་ཐམས་ཅད་ཀུན། །ཞེས་པ་དང་། འོག་ནས། མདོར་ན་སྒུལ་བསྐྱོད་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་པ་དེ་གཉིས་འགལ་ལོ་ཞེ་ན། སྐྱོན་མེད་དེ། གོང་མ་ནི་བློ་ཆེ་བ་ལ་ལྟ་བ་གཙོ་ཆེ་བའི་ངོས་ནས་སྨོས་པ་ཡིན་ལ། འོག་མ་ནི་བློ་ཆུང་བ་ལ་སྤྱོད་པ་གཙོ་ཆེ་བའི་ངོས་ནས་སྨོས་པ་ཡིན་ནོ་ཞེས་བླ་མ་རྣམས་གསུང་ངོ་། །གཉིས་པ་དེས་འགྲོ་བའི་དོན་བྱེད་པའི་ཚུལ་བསྟན་པ་ནི། ཕྱོགས་བཅུ་དུས་བཞི༴ སྣ་ཚོགས་སྟོན། ཞེས་པ་དེར་གདའ་ཞིང་། ཕྱོགས་བཅུ་དུས་བཞི་བསམ་ཡས་སུ། །འདུལ་བའི་དོན་རྣམས་སོ་སོར་སྟོན། །ཞེས་པས། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་གདུལ་བྱའི་གནས་བསམ་ཡས་པ་རྣམས་སུ་གོང་ལྟར་ལྷའི་ཏིང་ངེ་འཛིན་གྱི་གདུལ་བྱ་འདུལ་བའི་དོན་རྣམས་གང་ལ་མོས་པ་ལྟར་སྣང་བས་སོ་སོར་སྟོན་ཅིག་འདུལ་བྱ་མ་ལུས་པའི་རེ་བ་སྐོང་བར་བྱེད་པའོ། །འོ་ན་དཀྱིལ་འཁོར་ཁོ་ནས་དོན་བྱེད་དམ་སྙམ་པ་ལ། ཐེག་པ་མཐོ་དམན་ཐམས་ཅད་དང་། །ཕྱིིན་ཅི་ལོག་རྣམས་བསམ་ཡས་དང་། །ཞི་ཁྲོའི་ཚོགས་ཆེན་ཐམས་ཅད་ལ། །སོ་སོར་མཐུན་བྱས་ཀུན་ཏུ་སྣང་། །ཞེས་པས། ཐེག་པ་མཐོ་བ་གསང་སྔགས་དང་དམན་པ་མཚན་ཉིད་ལ་སོགས་པའི་ཐེག་པ་ཐམས་ཅད་དང་མུ་སྟེགས་རྟག་ཆད་ལ་སོགས་པ་ཕྱིན་ཅི་ལོག་ཏུ་འཛིན་པ་རྣམས་ལ་སོ་སོའི་བསམ་པ་མཐའ་ཡས་པ་དང་མཐུན་པར་དེ་དག་འདུལ་བའི་གཉེན་པོར་ཡང་། སོ་སོའི་སྟོན་པ་དང་ལྷ་དང་བདུད་སྲིན་ལ་སོགས་པའི་ཞི་བ་དང་ཁྲོ་བོའི་ཚོགས་ཆེན་པོ་ཐམས་ཅད་ལ་རང་རང་གི་མོས་པ་ལྟར་སོ་སོའི་བསམ་པ་དང་མཐུན་པར་བྱས་པའི་སྐུ་ཐ་དད་པ་ཀུན་ཏུ་སྣང་བས་གཅིག་ཏུ་མ་ངེས་པའི་ཕྱིར་ཏེ། དེ་ཡང་སངས་རྒྱས་མཉམ་སྦྱོར་ལས། ས་གསུམ་ཐམས་ཅད་ཀུན་ཏུ་ནི། །སེམས་དཔའ་ཆེན་པོར་སྟོན་བྱེད་པ། །རེས་འགའ་བྱང་ཆུབ་རེས་འགའ་ལྷུམས། །རེས་འགའ་ཞི་ལ་རེས་འགའ་དྲག །རེས་འགའ་གདོན་ཆེན་བགེགས་མཛད་དེ། །དེ་ལ་སོགས་པ་བསམ་ཡས་མཆོག །རི་དང་སྐྱེ་བོ་ཐམས་ཅད་དོ། །ཞེས་འབྱུང་ངོ་། །འོ་ན་དེ་དག་རྩོལ་བས་བྱེད་དམ་སྙམ་པ་ལ། དཔེར་ན་གར་མཁན་ཉིད་འདྲ་བ། །ལུས་ལ་མ་བཀོད་སྣ་ཚོགས་སྟོན། །ཞེས་པས། དཔེར་ན་གར་གྱི་མཁན་པོ་ཉིད་དང་འདྲ་བར་ལུས་མ་གཡོས་པར་གར་གྱི་བཀོད་པ་སྣ་ཚོགས་སྟོན་པ་ལྟར། རྒྱལ་བ་རྣམས་ཀྱི་རྩོལ་བས་མ་བཅོས་པར་ལྷུན་གྱིས་གྲུབ་པའི་སྐུ་ཉིད་གདུལ་བྱ་ལ་གང་མོས་བཞིན་དུ་དུས་དང་གནས་སྐབས་ཀུན་ཏུ་སྣང་བའོ། །དྲུག་པ་ཕྱག་རྒྱའི་རྣམ་གྲངས་བསྡུ་བ་དང་བཅས་པ་བསྟན་པ་ནི། མདོར་ན་ཕྱག་རྒྱ༴ དེ་སྐད་དག་མཆོག་ཉིད་ཀྱིས་བཤད། །ཅེས་པ་དེར་གདའ་ཞིང་། མདོར་ན་ཕྱག་རྒྱ་ཐམས་ཅད་ནི། །ཞེས་པས། ཕྱག་རྒྱ་ཐམས་ཅད་ཚིག་གིས་མདོར་བསྡུས་ན་ལུས་དང་ཡན་ལག་གི་ཕྱག་རྒྱ་བསྐྱོད་པ་ཐམས་ཅད་ནི། འདི་ཞེས་གཅིག་ཅེས་བརྗོད་དུ་མེད། །ཅེས་པས། བྱ་བ་མོ་ཀུན་ཏུ་བཟང་མོའི་ཕྱག་རྒྱ་ལྟར་འདི་ཁོ་ན་ཞེས་སམ་གཅིག་ཁོ་ནའི་ཞེས་མཐའ་གཅིག་ཏུ་བརྗོད་དུ་མེད་པས་གང་དུ་ཡང་ངེས་པ་མེད་དོ། །གཉིས་དང་གསུམ་དུ་རྣམ་པར་འཕྲོ། །ཞེས་པས། ལུས་ཀྱི་ཡན་ལག་གི་དབང་དུ་ཞབས་གཉིས་དང་དབུ་གཅིག་ཕྱག་གཉིས་ཏེ་གསུམ་མོ། །དེ་ལྟར་དུ་ལུས་ཀྱི་ཡན་ལག་ལྔ་པོ་རེ་རེ་ལའང་རིགས་ལྔ་ཡབ་ཡུམ་བཅུ་བཅུའི་ཏིང་ངེ་འཛིན་གྱི་རྣམ་པར་འགྱུར་བ་ལས་ཕྱག་རྒྱ་ལྔ་བཅུ་འཕྲོ་བའམ། ཡང་ན་རྟོག་པའི་ཡན་ལག་གི་དབང་དུ་ཐབས་ཤེས་རབ་གཉིས་ཀྱི་ལྷ་བརྒྱད་ཅུ་དང་། ཐབས་ཀྱི་ལྷ་ལ་སྐུ་གསུང་ཐུགས་གསུམ་གསུམ་དུ་བྱས་པས་བརྒྱ་ཉི་ཤུ་དང་། དེ་དག་ཀྱང་དབུ་རྒྱན་གྱི་ལྷ་བརྒྱད་བརྒྱ་དང་བཅས་པ་སྟེ་སངས་རྒྱས་སྟོང་གི་དཀྱིལ་འཁོར་ལ་སོགས་པ་རྣམ་པར་འཕྲོ་བའོ། །བསྐྱོད་དང་སྤྲོ་བའང་དེ་བཞིན་ཏེ། །ཞེས་པས། དེའི་ཕྱིར་ལུས་བསྐྱོད་པ་དང་ཏིང་ངེ་འཛིན་སྤྲོ་བའང་ཡི་དམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་དེ་བཞིན་ཉིད་ལས་འདའ་བ་མེད་པ་ཤེས་པར་བྱ་སྟེ། མདོར་ན་སྒུལ་བསྐྱོད་ཐམས་ཅད་ཀུན། །ཞེས་པས། ཕྱག་རྒྱ་བརྗོད་ཀྱིས་མི་ལང་བ་རྣམས་ཀྱང་ཚིག་གིས་མདོར་གཅིག་ཏུ་བསྡུས་ན་རང་བཞིན་གྱི་ཕྱག་རྒྱ་དང་ལྟ་བའི་ཕྱག་རྒྱ་མངོན་དུ་བྱས། ལྷག་པ་ཏིང་ངེ་འཛིན་འབྲས་བུའི་ཕྱག་རྒྱ་གསལ་བར་བསྒོམ་པའི་དུས་ན་ལུས་སྒུལ་བ་དང་ཡན་ལག་བསྐྱོད་པ་སྟེ་ཅི་སྣང་ཅི་བྱས་པ་ཐམས་ཅད་ཀུན། ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་པས། བདག་ཉིད་ཆེན་པོ་ཉིད་ཀྱི་སྐུ་གསུང་ཐུགས་ཁོ་ན་ལས་མི་འདའ་བས་ན་ཕྱག་རྒྱ་ཆེན་པོའི་ངང་དུ་གནས་ལ། གནས་ཉིད་མི་གནས་གནས་པའང་མིན། །ཞེས་པས། དེ་ཙམ་དུ་གནས་པ་ཉིད་ན་དེར་ཡང་བློས་མི་འཛིན་པས་མི་གནས་པ་དང་། རང་རྒྱུད་པར་གནས་པའི་ཐ་སྙད་བྱ་བའང་མིན་ནོ། །དེ་སྐད་དག་མཆོག་ཉིད་ཀྱིས་བཤད། །དེ་སྐད་ཅེས་པས་སྤྱོད་ཡུལ་ཡོངས་སུ་དག་པའི་མཆོག་ཀུན་ཏུ་བཟང་པོ་ཉིད་ཀྱིས་བཤད་དོ། །དེ་ལྟར་ཕྱག་རྒྱའི་རིམ་པ་ཉམས་སུ་ལེན་ཚུལ་ནི། ཟུར་ཆུང་ཤེས་རབ་གྲགས་པའི་བཞེད་ཀྱིས། བློ་ཆུང་ཉམས་རིམ་དང་པོ་པ་ལ། ས་ཟིན་སྐོ་འཐས་སུ་བསླབ་པ་སྤང་ལ་བེ་ཕུར་བཏབ་པ་ལྟ་བུ་སྟེ། རིགས་དང་སྐུ་མདོག་ཕྱག་མཚན་རྣམས་ངེས་པ་ཅན་དུ་བསྒོམ་པ་དང་། བློ་འབྲིང་ཉམས་རིམ་བར་པ་ལ་དོན་མི་འགྱུར་ལ་གནས་སྐབས་མི་འགྱུར་བ་ལ་བསླབ་ཐབས་མཁའི་འབབ་ཆུ་ལྟ་བུ་སྟེ། རིགས་ངེས་ལ་སྐུ་མདོག་དང་ཕྱག་མཚན་ངེས་མེད་དུ་བསྒོམ་པ་དང་། བློ་རབ་ཉམས་རིམ་ཐ་མ་ལ་ངེས་མེད་ཆེན་པོའི་བསླབ་ཐབས་ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུ་སྟེ། རིགས་དང་སྐུ་མདོག་ཕྱག་མཚན་ངེས་མེད་དུ་བསྒོམ་པའི་ཚུལ་དང་གསུམ་དུ་བཞེད་དོ། །ཡང་ཁ་ཅིག་ན་རེ། དེ་སྐད་དག་མཆོག་ཉིད་ཀྱིས་བཤད། །ཅེས་པས། གསང་བའི་སྙིང་པོ་འདི་སྟོན་པ་ཀུན་ཏུ་བཟང་པོས་གསུངས་པའི་རྒྱུད་མ་ཡིན་ནོ་ཞེ་ན། སྐྱོན་མེད་དེ། གཉེར་བཞི་ལས། འདི་ནི་མཚམས་སྦྱོར་སྡུད་པ་པོའི་ཚིག་ཡིན་པས་སོ། །གལ་ཏེ་དེ་ལྟར་ཡིན་ཀྱང་སྐྱོན་དུ་འགྱུར་ན། འཕགས་པ་སྡུད་པ་འདི་ཡང་དེ་བཞིན་གཤེགས་པའི་གསུང་མ་ཡིན་པར་ཐལ། དེ་དག་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །བྱ་བ་འདུག་པའི་ཕྱིར་རོ། །ཞེས་བསྒྲེའོ། །ཞེས་བླ་མ་རྣམས་གསུང་ངོ་། །གསུམ་པ་ལེའུའི་མཚན་བསྟན་པ་ནི། གསང་བའི༴ བརྒྱད་པའོ། །ཞེས་པ་དེར་གདའ་ཞིང་། གསང་བའི་ཞེས་རྟོགས་དཀའ་བ། སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉིད་གཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་དེ་མཚན་གྱི་གཞིར་གདའ། ཡན་ལག་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས། ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་བརྒྱད་པའོ་ཞེས་པས། ལུས་དང་རྟོགས་པའི་ཡན་ལག་ཐམས་ཅད་ཕྱག་རྒྱ་གསུམ་གྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབས་ནས་རང་བཞིན་གྱི་ཕྱག་རྒྱ་དང་། ལྟ་བའི་ཕྱག་རྒྱ་དང་། ལྷག་པ་ཏིང་འཛིན་གྱི་ཕྱག་རྒྱ་རྣམས་མ་འདྲེས་པར་སྤྲོས་པའི་གཞུང་གི་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་སྟེ་དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། ཡས་བགྲངས་བརྒྱད་པའི་དོན་དུ་གདའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའིི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་བརྒྱད་པའི་གཞུང་དོན་རྣམ་པར་བཤད་པའོ། །དགེའོ།། །།