cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་རེ་གཉིས་པ།

གླེགས་བམ། ཁུ༽

སྔགས་འཆང་ནམ་མཁའ་རིན་ཆེན།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ།

ཕྱི་པོད།
གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བའི་སྨད་ཆ་བཞུགས་སོ། །ད་ནི་ལེའུ་དགུ་པ་འཆད་པར་བྱེད་པ་འདི་ལ། ཆོས་ཚོམས་ངོས་བཟུང་བའི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་སྟོད་དུ་ལམ་དང་། སྨད་དུ་འབྲས་བུ་སྟོན། ལམ་ལ་ཐབས་ལམ་གྲོལ་ལམ་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་པའི་མཚན་ཉིད་དང་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་སྟོན། རིམ་ཅིག་ཅར་གཉིས་ལས་གཉིས་ཀ་སྟོན། སྣང་བ་བཞི་ལས་ལམ་སྣང་དང་འབྲས་བུའི་སྣང་བ་སྟོན། འབྲིང་གི་ཆོས་ཚོམ་ལྔ་ལས་རྒྱུད་དོན་སྟོན། །དེ་ལ་དངོས་པོ་བཅུ་ཡོད་པ་ལས་དཀྱིལ་འཁོར་དང་དབང་དང་སྒྲུབ་པ་གསུམ་སྟོན། ཞོར་ལ་སྤྱོད་པ་དང་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་སྟོན། ཕྲིན་ལས་དང་ཏིང་ངེ་འཛིན་དང་ཕྱག་རྒྱ་ཟུར་ཙམ་སྟོན། ཐ་མའི་ཆོས་ཚོམས་བཅུ་ལས་ལྡེམ་དགོངས་མན་ངག །མཚོན་པ་དཔེ། བསྣོལ་མཚམས་འཕེན་སྡུད་རྣམས་སྟོན། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པར་བྱེད་པའི་ལེའུ་དགུ་པ་འདི་ལ་དོན་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ལེའུའི་གཞུང་བསྟན་པ་དང་།ལེའུའི་མཚན་བསྟན་པའོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་བསྟན་པ་ནི། དེ་ནས་དེ་བཞིན་གཤེགས་པ༴ འདི་བརྗོད་དོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས། དེ་ཡན་ཆད་དུ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་ལ་དེ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་སྟོན་པས་ན་ནས་ཞེས་འབྲེལ་སྦྱར་བའི་ཚིག་གོ། །དེ་བཞིན་གཤེགས་པ་ཞེས་པ་ནི། ངོ་བོ་ལ་མཚན་དུ་བཏགས་པ་སྟེ། འབྲུ་ནི་སྔར་བཤད་ཟིན་ལ། དགྱེས་པ་ཞེས་པ་ནི་དགའ་བ་ཡིན་ལ། དེ་ལ་དབྱེ་ན་རྣམ་པ་བཞི་ལས། ཐུན་མོང་གི་དགའ་བ་ནི་འདོད་ཁམས་པ་འདོད་ཆགས་ཀྱི་བདེ་བ་ལ་ཉེ་བར་སྤྱོད་པའོ། །འཇིག་རྟེན་པའི་དགའ་བ་ནི་གཟུགས་ཁམས་ཀྱི་བསམ་གཏན་བཞིའི་དགའ་བདེ་ལ་ཉེ་བར་སྤྱོད་པའོ། །དགའ་བའི་དགའ་བ་ནི་ས་དང་པོ་རབ་ཏུ་དགའ་བར་མཐོང་ལམ་གྱི་བདེན་པ་མཐོང་བའི་དགའ་བ་སྟེ་ཟག་པ་མེད་པའི་བདེ་བ་ལ་ཉེ་བར་སྤྱོད་པའོ། །བསམ་གྱིས་མི་ཁྱབ་པའི་དགའ་བ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་བས་བླང་དོར་མེད་པའི་བདེ་བ་ལ་ལོངས་སྤྱོད་པའོ། །ཆེན་པོ་ཞེས་པས་བསམ་གྱི་མི་ཁྱབ་པའི་དགའ་བ་དེ་ཉིད་རང་གི་ངོ་བོས་ཀྱང་ཆེ་བ་སྟེ་དགའ་བ་སྔ་མ་གསུམ་ལས་ཁྱད་པར་དུ་གྱུར་བས་ན་ཆེན་པོ། དེ་ལྟར་དགྱེས་པའི་ཀུན་ཏུ་བཟང་པོའི་མཚན་དོན་གྱི་གནས་སྐབས་ལས་བཏགས་པ་སྟེ་དགྱེས་ཆེན་པོའི་བདག་ཉིད་རྒྱལ་བ་ཀུན་ཏུ་བཟང་པོས། རྡོ་རྗེ་གསང་བའི་དམ་ཚིག་ཅེས་པས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་ལྷུན་གྱིས་གྲུབ་པ་དེ་ཕལ་གྱི་ཡུལ་དུ་མ་གྱུར་ཅིང་རྟོགས་དཀའ་བས་ན་གསང་བ། དེ་མཚོན་ཅིང་སྦྱོར་བ་ལས་མི་འདའ་བས་ན་དམ་ཚིག་གོ། །བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པས། དཀྱིལ་འཁོར་དང་དབང་དང་སྒྲུབ་པ་གསུམ་གྱི་ལས་ཀྱི་རིམ་པ་མ་འདྲེས་པར་བཀོད་པའི་དགོངས་པ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་སྟེ་སྙོམས་པར་ཞུགས་ནས། གོ་ཕྱེ་བའི་འཁོར་རྣམས་ཀྱིས་ཆེད་དུ་བརྗོད་པ་འོག་ནས་འབྱུང་བ་འདི་དག་ལྷན་ཅིག་པའི་འཁོར་རྣམས་ལ་བརྗོད་དོ། །གཉིས་པ་ལེའུའི་གཞུང་བསྟན་པ་ལ་གཉིས་ཏེ། གཞུང་དངོས་དང་། གཞུང་གསུངས་པའི་ཚུལ་ལོ། །དང་པོ་གཞུང་དངོས་ལ་སྤྱི་དོན་གསུམ་སྟེ། དཀྱིལ་འཁོར་ཡེ་ཤེས་རྡོ་རྗེ་དང་། དབང་ཡེ་ཤེས་རྡོ་རྗེ་དང་། སྒྲུབ་པ་ཡེ་ཤེས་རྡོ་རྗེའོ། །སྤྱི་དོན་དང་པོ་དཀྱིལ་འཁོར་ཡེ་ཤེས་རྡོ་རྗེ་ལ་གཉིས་ཏེ། ཕྲ་མོ་ལ་བློ་སྦྱངས་པའི་སློབ་དཔོན་གྱི་བསྙེན་པ་བྱ་བ་ལས་མི་འདའ་བ་དང་། དཀྱིལ་འཁོར་གྱི་ལས་ཀྱི་རིམ་པ་བསྟན་པའོ། །དང་པོ་ཕྲ་མོ་ལ་བློ་སྦྱངས་པའི་སློབ་དཔོན་གྱི་བསྙེན་པ་བྱ་བ་ལས་མི་འདའ་བ་ནི། ཤིན་ཏུ་ཕྲ་ལ་སྦྱངས་པ་ཡིས། །ཞེས་པ་དང་། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཅེས་པ་དེར་གདའ་ཞིང་། ཤིན་ཏུ་ཕྲ་ལ་སྦྱངས་པ་ཡིས། །ཞེས་པས། གཞན་དོན་གཉེར་བར་བྱེད་པའི་བླ་མས་ཐོག་མར་ཏིང་ངེ་འཛིན་གསུམ་བསྒོམ་ཞིང་ཡི་གེ་དང་ཕྱག་མཚན་དང་སྐུ་རྣམས་ཤིན་ཏུ་ཕྲ་བ་ལ་བློ་སྦྱངས་པ་ཡིས། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཅེས་པས། སྐུ་གསུང་ཐུགས་ཀྱི་ཏིང་ངེ་འཛིན་ཤིན་ཏུ་ཕྲ་བའི་སྒོ་ནས་གྲངས་དང་དུས་དང་རྟགས་ཀྱི་བསྙེན་པ་གསུམ་རྫོགས་པར་བྱེད་པ་ལས་མི་འདའ་བས་ན་དམ་ཚིག་གི་མཆོག་ཅེས་བྱའོ། །གཉིས་པ་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པ་བསྟན་པ་ལ་གསུམ་སྟེ། ཞི་བའི་དཀྱིལ་འཁོར་བསྟན་པ་དང་། ཁྲོ་བོའི་དཀྱིལ་འཁོར་བསྟན་པ་དང་། མཆོག་གི་དཀྱིལ་འཁོར་ཞི་བའི་དཀྱིལ་འཁོར་ལྟར་ཤེས་པར་གདམས་པའོ། །དང་པོ་ཞི་བའི་དཀྱིལ་འཁོར་བསྟན་པ་ལ། རྡོ་རྗེ་ལས་རིམ་ལས། ས་བཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་བའི་རྣམ་པ་དང་། །རང་གནས་སྦྱིན་སྲེག་འཇུག་པ་དང་། །ཡོན་ཏན་རྣམ་བཅུས་རྒྱས་ཞེས་བྱ། །ཞེས་པས། དོན་བཅུའི་སྒོ་ནས་སྟོན་ཏེ། སའི་ཆོ་ག་བྱ་བ་དང་། དཀྱིལ་འཁོར་གྱི་ཚད་བསྟན་པ་དང་། ཐིག་གི་ཆོ་ག་དང་། ཚོན་གྱི་ཆོ་ག་དང་། དཀྱིལ་འཁོར་བྲི་བ་དང་། ལྷ་དགོད་པ་དང་། རབ་གནས་དང་། སྦྱིན་སྲེག་དང་། དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་པའི་ཡོན་ཏན་བསྟན་པའོ། །དང་པོ་སའི་ཆོ་ག་བྱ་བ་ནི། ཡང་ན་ས་གཞི་རབ་མཉམ་ལ། །ཞེས་པས། ཡང་ན་ཞེས་པ་ནི་དགར་བའི་ཚིག་སྟེ་དགར་གཞི་གང་ལ་དགར་ཞེ་ན། གོང་གི་ལེའུ་དྲུག་པ་དང་བདུན་པ་དང་བརྒྱད་པ་གསུམ་གྱི་སྨད་དུ་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་དུ་འཇུག་པའི་སྐལ་བ་མེད་པ་རྣམས་དེ་དག་གི་སྟོད་གསུམ་ནས་སྟོན་པའི་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསུམ་དུ་འཇུག་ལ། གལ་ཏེ་དེར་འཇུག་པར་མི་ནུས་ན་ཡང་ཐོག་མར་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་འཇུག་པ་སྟོན་པར་བྱེད་པའི་ཕྱིར་ཡང་ན་ཞེས་བྱའོ། །ས་གཞི་རབ་མཉམ་ལ། ཞེས་པས། དེ་ལྟར་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་སྟོན་པར་བྱེད་པའི་དང་པོ་ས་གཞི་རབ་ཏུ་མཉམ་པར་བྱས་པའི་ཆོ་ག་ལ་ཡང་། རྡོ་རྗེ་ལས་རིམ་ལས། གཞི་དང་རང་མཚན་བསླང་དབང་དང་། །སྦྱང་བྱིན་བསྲུང་དང་བཟུང་བ་ནི། །དང་པོའི་ཉིང་ལག་ཉིད་དུ་བཤད། །ཅེས་པས། དོན་བརྒྱད་ཀྱི་སྒོ་ནས་སྟོན་ཏེ། ས་གཞི་བརྟག་པ་དང་། ས་རང་གི་མཚན་ཉིད་བརྟག་པ་དང་། ས་བསླང་བ་དང་། ས་དབང་དུ་བྱ་བ་དང་། ས་སྦྱང་བ་དང་། ས་བྱིན་གྱིས་བརླབ་པ་དང་། ས་བསྲུང་བ་དང་། ས་བཟུང་བའོ། །དང་པོ་ས་གཞི་བརྟག་པ་ལ་གསུམ་སྟེ། སྟེང་གི་ནམ་མཁའ་བརྟག་པ་དང་། བར་གྱི་རིའི་སྒྲོས་བརྟག་པ་དང་། འོག་གི་ས་གཞི་བརྟག་པའོ། །དང་པོ་སྟེང་གི་ནམ་མཁའ་བརྟག་པ་ནི། རྔམ་གློག་གི་འཁོར་ལོའི་མདོ་ལས། མཚོན་བྱ་ལྔ་ཡིད་དབྱིབས་དག་ཏུ། །བརྟག་ན་མངོན་པར་ནམ་མཁའ་ཤིས། །ཞེས་དང་། རྡོ་རྗེ་ལས་རིམ་ལས། ཟུར་བརྒྱད་ལ་སོགས་རྩེ་མང་དང་། །ཆུ་བོ་བཞིན་དུ་མ་བོ་ཞིང་། །མཉམ་ཞིང་འོ་ཁ་ཆུ་ལྟར་དྭངས། །ཉི་མ་ཤིན་ཏུ་གནས་པ་ནི། །ནམ་མཁའི་མཚན་ཉིད་ཤེས་པར་བྱ། །ཞེས་པས། ནམ་མཁའ་མཚོན་ཆ་ལྔའི་དབྱིབས་སམ་འཁོར་ལོའམ་རིན་པོ་ཆེ་ཟུར་བརྒྱད་དང་། རྩེ་མང་འཁོར་ལོ་རྩིབས་སྟོང་བ་ལྟ་བུ་དང་ལྡན་པ་ཆུ་བོ་བཞིན་དུ་མ་བོ་བར་ནམ་མཁའ་བཞིན་དུ་མཉམ་པ་དང་། བར་སྣང་འོ་མ་འམ་ཆུ་ཤིན་ཏུ་དྭངས་པ་ལྟར་གསལ་བ་དང་། ཉི་མ་ལྷག་ཤར་རྩེ་ནུབ་ཏུ་གནས་པའོ། །གཉིས་པ་བར་གྱི་རིའི་སྒྲོས་བརྟག་པ་ལ་གཉིས་ཏེ། ཕྱོགས་ཀྱི་རི་བརྟག་པ་དང་མཚམས་ཀྱི་དགྲ་བརྟག་པའོ། །དང་པོ་ཕྱོགས་ཀྱི་རི་བརྟག་པ་ནི། ལས་རིམ་ལས། ཤར་ལྷོ་གཞོལ་ཞིང་འཇམ་པ་ལ། །མཐོ་དང་འདུད་པ་ནུབ་བྱང་ཡིན། །ཞེས་པས། ཤར་ཕྱོགས་ཀྱི་རི་དམའ་ཞིང་གཞོལ་བ། ལྷོ་ཕྱོགས་ཀྱི་རི་ཤིན་ཏུ་འཇམ་པ། ནུབ་ཀྱི་རི་མཐོ་བ། བྱང་གི་རི་འདུད་ཅིང་སྐྱོབ་པ་ལྟ་བུའོ། །གཉིས་པ་མཚམས་ཀྱི་དགྲ་བརྟག་པ་ནི། རྔམ་གློག་ལས། སྤང་བར་བྱ་བའི་གནས་རྣམས་ནི། །གཤིན་རྗེ་གདུག་པའི་མདུང་རྩེ་དང་། །སྲིན་མོ་ངུས་པའི་མཆི་རྗེས་དང་། །གནོད་སྦྱིན་ཁྲོས་པའི་སྤར་རྗེས་དང་། །འབྱུང་པོ་རྐུན་པོའི་འཇོལ་བ་དང་། །གདུག་པ་ཀླུ་ཡི་རྒྱུ་སྲང་དང་། །སྐྱོན་ཅན་རྒྱུ་བའི་ལམ་སྲང་དང་། །ཞང་བློན་གདུག་པའི་འཆག་ས་དང་། །ཁ་ན་མ་ཐོའི་འདུན་ས་དང་། །ཉེན་དང་འབྲེལ་བའི་གནས་རྣམས་ནི། །སྦྲུལ་གདུག་པང་དུ་འོངས་པ་ལྟར། །ཝ་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །ལོ་ཡི་ཤུགས་ཏེ་སྤང་བར་བྱ། །ཞེས་དང་། ལམ་རིམ་ལས། ཐོ་སྒྲོ་གྲོག་མདོ་ཆུ་སྣ་ཚོགས། །དཀྱིལ་འཁོར་དབང་སྒྲ་མཚམས་བརྟག་བྱ། །ཞེས་པས་ཤར་ལྷོ་ན་གཤིན་རྗེ་གདུག་པའི་མདུང་རྩེ་ལྟ་བུ་རི་བྲག་རྣོ་ཟངས་སེ་བ་ལྟ་བུ་དང་། ལྷོ་ནུབ་ན་སྲིན་མོ་དུས་པའི་མཆི་རྗེས་ལྟ་བུ་གཡའ་དང་བྱེ་མ་ཤལ་ལེ་བ་འདུག་པ་དང་། བྱང་ན་གནོད་སྦྱིན་ནམ་མ་མོ་རྔམ་པའི་སྤར་རྗེས་ཀྱིས་བྲད་པ་ལྟ་བུ་གྲོག་པོ་ཤར་ཤུར་མང་པོ་དང་། བྱང་ཤར་ན་འབྱུང་པོ་རྐུན་པོའི་འཇོལ་བ་མདུང་བྲུད་པའི་ཤུལ་ལྟ་བུ་དང་། གཞན་ཡང་ཀླུ་གདུག་པ་ཅན་དང་། སྐྱོན་ཅན་རྒྱུ་བའི་ལམ་སྲང་དང་། ཞང་བློན་གདུག་པ་ཅན་གྱི་འཆག་ས་དང་། ཁ་ན་མ་ཐོའི་འདུན་ས་ལ་སོགས་པ་ཉེན་དང་འབྲེལ་བའི་གནས་རྣམས་དང་། རི་སྣ་དང་གྲོག་མདོ་དང་ཆུ་སྣ་ཟུག་པ་ལ་སོགས་པའི་གནས་རྣམས་ཀྱང་སྤང་བར་བྱའོ། །གསུམ་པ་འོག་གི་ས་གཞི་བརྟག་པ་ནི། ལས་རིམ་ལས། ལྷུན་སྟུག་རི་བོ་ནགས་ཚལ་ལྡན། །རབ་ཏུ་མཉམ་ཞིང་སྣུམ་བག་ཅན། །ཆུ་བོ་དབང་གི་ཕྱོགས་ཡིན་ཏེ། །ཅུང་ཟད་ཀྱིས་ནི་རླུང་ཉུང་ཞིང་། །མེ་ཏོག་ཤིང་ཚལ་བྱ་སྐད་བརྟག །ལོ་རྒྱུས་ཤིས་པའང་མཆོག་ཏུ་གསུང་། །བདག་ཉིད་བརྟགས་ཤིང་ཉམས་དགའ་དང་། །བསམ་གཏན་དགྲ་ལས་རིང་གྱུར་པ། །རང་ཁྱིམ་ལ་སོགས་དེ་བཞིན་ཏེ། །ནན་ཏན་ནུས་མཐུ་ལྡན་ཕྱིར་ཡིན། །ཞེས་དང་། རྔམ་གློག་ལས། མཚོ་སྐེ་ཆུ་མདོ་རྒྱ་མཚོ་འཇིངས། །ཆུ་ཡི་གླིང་ངམ་བཙན་པོའི་གནས། །ཆུ་ཅན་འཁྲ་བའི་གནས་ཞེས་བྱ། །ལས་རྣམས་ཀུན་ལ་དེ་ཤིས་སོ། །རི་བོ་འདུས་པའི་རྩེ་རྣམས་དང་། །ཙནྡན་ནགས་དང་མེ་ཏོག་ཚལ། །ཡིད་འོང་བཀྲ་ཤིས་ཉམས་དགའ་བའི། །གནས་སུ་དཀྱིལ་འཁོར་བྲི་བར་ཤིས། །ཞེས་པས། ས་གཞི་ལྷུན་སྟུག་ཅིང་བརྗིད་ཆགས་པ། རབ་ཏུ་མཉམ་ཞིང་སྣུམ་བག་དང་ལྡན་པ་ཆུ་བོ་དབང་གི་ཕྱོགས་ནུབ་ནས་ཤར་དུ་འབབ་པ། རླུང་ཆུང་ཞིང་རྩི་ཤིང་ནགས་ཚལ་མེ་ཏོག་དང་ལྡན་ལ། བྱ་སྐད་སྙན་པར་སྒྲོགས་པ། མི་ཆོས་ཀྱི་ལོ་རྒྱུས་ཀྱིས་བཀྲ་ཤིས་པ། །སྟོན་པའམ་གང་ཟག་ཁྱད་པར་ཅན་གྱི་ཞབས་ཀྱིས་བཅགས་ཤིང་གྲུབ་པ་བརྙེས་པའི་ས་ནི་ལྷ་ཆོས་ཀྱི་བཀྲ་ཤིས་པ་དང་ལྡན་པའོ། །གཉིས་པ་ས་རང་གི་མཚན་ཉིད་བརྟག་པ་ལ་གཉིས་ཏེ། ས་ངན་པའི་མཚན་ཉིད་བརྟག་པ་དང་། ས་བཟང་པོའི་མཚན་ཉིད་བརྟག་པའོ། །དང་པོ་ས་ངན་པའི་མཚན་ཉིད་བརྟག་པ་ནི། ལས་རིམ་ལས། ཐང་ཁ་སོག་ལེ་ལྟ་བུ་དང་། །དམའ་དང་བོ་བའི་མཚན་ཉིད་དང་། །ཚ་སྒོ་ཟུག་རྡོ་རུས་སྦལ་དང་། །གྲམ་པ་ཐལ་བ་ཤིང་སོལ་དང་། །གྱོ་མོ་རུས་བ་གསེག་ལ་སོགས། །ནྱ་གྲོ་ཏ་དང་བ་ལ་ཤ །ཨུ་དུམ་འབར་དང་ཨ་ཤྭཏ་ཏ། །ཨ་ཛུ་ན་ལ་སོགས་པའི་ཚུལ། །འདོད་པ་མ་ཡིན་སྦྱང་སྤོ་བྱ། །ཞེས་པས། ས་གཞི་ཐང་ཀ་ལྟ་བུ་རྩི་ཤིང་ལ་སོགས་པ་མ་སྐྱེས་པ་དང་། སོག་ལེ་ལྟ་བུ་རད་རོད་དང་། ས་གཞན་པས་དམའ་བ་དང་། ཐུར་དུ་བོ་བ་དང་། འགབ་ཆད་པ་དང་། ཚ་སྒོ་བ་ཚྭ་ཅན་དང་། ཟུག་རྡོ་དང་། རུས་སྦལ་གྱི་རྒྱབ་ལྟར་རྩི་ཤིང་མ་སྐྱེས་པ་དང་། ཨུ་དུམ་འབར་བ་ས་གས་པ་དང་། ཨ་ཤྭཏ་ཏ་ས་གྲུབ་པའམ་ཁྱར་ཁྱུར་དང་། ཨ་ཛུ་ན་ས་རྩུབ་པ་སྟེ་དེ་ལ་སོགས་པ་སའི་སྐྱོན་རྣམས་འདོད་པར་བྱ་བ་མ་ཡིན་པས་ལེགས་པར་བརྟགས་ནས་སྦྱང་བའམ་ཡང་ན་གནས་སྤོ་བར་བྱའོ། །གཉིས་པ་ས་བཟང་པོའི་མཚན་ཉིད་བརྟག་པ་ནི། ལས་རིམ་ལས། བཀྲ་ཤིས་རྩྭ་དང་མེ་ཏོག་ཤིང་། །སྣག་དང་ཁ་དོག་ལྡན་པ་དང་། །རྩིགས་མ་རྒྱུས་པ་རབ་ཉུང་ཞིང་། །ལྷག་པར་གྱུར་པ་མཆོག་ཏུ་བཤད། །ཅེས་པས། ས་གཞི་དེ་ཉིད་ལ་བཀྲ་ཤིས་པའི་རྩྭ་ཀུ་ཤ་དང་མེ་ཏོག་གི་ཤིང་སྣ་ཚོགས་སྐྱེས་པ་སའི་ཁ་དོག་ལེགས་ཤིང་སྣུམ་བག་ཆེ་བ་ཤིང་རྩ་ལ་སོགས་པའི་རྩིགས་མ་དང་། རྒྱུས་པ་རབ་ཏུ་ཉུང་ཞིང་སྐབས་སུ་བརྐོས་པའི་ཁུང་བུ་སླར་ས་དེ་ཉིད་ཀྱིས་བཀང་བས་ལྷག་པར་གྱུར་པ་མཆོག་ཏུ་བཤད་པའོ། །གསུམ་པས་བསླང་བ་ནི། རྔམ་གློག་ལས། ས་བསླང་བ་ཡི་ལས་རྣམས་ཀྱང་། །རྩོད་པ་ཉེ་བར་ཞི་བྱའི་ཕྱིར། །མངོན་དང་མི་མངོན་བདག་པོ་ལ། །སེར་སྣ་སྤངས་པའི་ཡིད་ཀྱིས་ནི། །རིན་དང་བདེན་པས་བསྒོ་ལ་བསླང་། །ཞེས་པས། མངོན་པ་ལ་བསླང་བ་དང་། མི་མངོན་པ་ལ་བསླང་བའོ། །དང་པོ་མངོན་པ་ལ་བསླང་བ་ནི། ས་དེ་རང་ཉིད་དབང་བ་མ་ཡིན་ན་ཡུལ་དེའི་ས་བདག་རྒྱལ་པོའམ། ཞང་བློན་ལ་སོགས་པ་ལ་བཀའ་བསྒོ་བའམ། རིན་བཅལ་ལ་བསླང་བ་སྟེ། དེ་ཡང་རྔམ་གློག་ལས། རྩོད་པ་ཉེ་བར་ཞི་བྱའི་ཕྱིར། །སྙིང་རྗེ་ལྡན་པའི་རྣལ་འབྱོར་གྱིས། །སྒྲུབ་པ་བརྣག་པ་མཐར་དབྱུང་ཕྱིར། །རྒྱལ་པོ་འཁོར་དང་བཅས་པ་ལ། །བདེན་པ་བསྒོའམ་ཡང་ན་བསླང་། །ཞེས་སོ། །གཉིས་པ་མི་མངོན་པ་ལ་བསླང་བ་ལ་གཉིས། བདེ་བར་གཤེགས་པ་ལ་བསླང་བ་དང་། སའི་ལྷ་མོ་འཁོར་དང་བཅས་པ་ལ་བསླང་བའོ། །དང་པོ་བདེ་བར་གཤེགས་པ་ལས་བསླང་བ་ནི། ལས་རིམ་ལས། ཤིན་ཏུ་བརྟགས་པའི་ས་དབུས་སུ། །དཀྱིལ་འཁོར་ལྕི་བ་དྲིས་བྱུགས་ལ། །མཉམ་ཞིང་གླང་ཀོ་ཙམ་བྱས་ལ། །ག་བུར་ཙནྡན་ལྡན་པར་བྱས། །སྔགས་མཁན་ཞི་བའི་ཆས་ལྡན་པ། །ཕྱག་རྒྱས་ལེགས་འཁྱུད་བདེ་བར་འདུག །ཅེས་པས། སའི་ཆོ་གའི་དཀྱིལ་འཁོར་དང་མཆོད་པ་བཤམས། ཞི་བའི་སྔོན་དུ་འགྲོ་བའི་ཆོ་ག་ནས་བཟུང་སྟེ་འཛབ་ལ་ཐུག་པར་གཞུང་བསྲང་བར་བྱ་སྟེ། དེ་ཡང་ལས་རིམ་ལས། བདག་ཉིད་མི་འཆིའི་ཏིང་འཛིན་གྱིས། །མཆོད་པ་ཏིང་འཛིན་ཡེ་ཤེས་བརླབ། །ལྷག་པའི་དཀྱིལ་འཁོར་གསལ་བྱས་ལ། །ལུགས་སུ་མཆོད་སོགས་ལེགས་པར་སྦྱར། །ཞེས་སོ། །གཉིས་པ་སའི་ལྷ་མོ་འཁོར་དང་བཅས་པ་ལ་བསླང་བ་ལ། དོན་བརྒྱད་དེ། དམ་ཚིག་གི་ལྷ་མོ་བསྐྱེད་པ་དང་། ཡེ་ཤེས་ཀྱི་ལྷ་མོ་སྤྱན་དྲངས་པ་དང་། ཕྱི་ནང་གསང་བའི་མཆོད་པ་འབུལ་བ་དང་། འཛབ་བྱ་ཞིང་བསྟོད་པ་བྱ་བ་དང་། འཁོར་གྱི་ས་བདག་ལས་བསླང་བ་དང་། ལྷ་མོ་སའི་དཔང་པོར་བཞུགས་པ་དང་། བར་ཆད་ཀྱི་བགེགས་བསལ་བ་དང་། ས་བསླང་བ་དངོས་དང་བརྒྱད་དོ། །ལྔ་པ་འཁོར་གྱི་ས་བདག་ལ་བསླང་བ་ལ་དྲུག །གཏོར་མ་བརླབ་པ་དང་། སྤྱན་དྲང་བ་དང་། གཏོར་མ་དབུལ་བ་དང་། གསེར་སྐྱེམས་བསྔོ་བ་དང་། གཏོར་མའི་སྨོན་ལམ་བྱ་བ་དང་། གཏོར་རྫོང་གདབ་པའོ། །འདི་རྣམས་ཀྱི་དོན་རྒྱས་པར་ནི། ལས་རིམ་ལས། ས་གཞི་ལཾ་ལས་གསེར་མདོག་ཅན། །བུམ་པ་རིན་ཆེན་གང་བ་དང་། །ཕྱག་རྒྱ་སྟོན་པ་མཆོད་སྦྱིན་ཡིན། །ལྷ་མོ་སྤྱན་གྱི་རང་བཞིན་ཏེ། །སྐུ་གསུང་ཐུགས་ཀྱིས་བསྟན་པར་བྱ། །རང་སྙིང་སྣང་མཛད་ཕྱག་རྒྱས་གདབ། །ཚོགས་བཤད་ཏིང་འཛིན་ལྡན་པ་ཡིས། །བོས་ཏེ་ཕྱག་རྒྱས་གཉིས་མེད་བྱ། །མཆོད་པ་བདུད་རྩི་གླུ་གར་གྱིས། །རྒྱས་མཆོད་འདོད་དོན་གསོལ་བ་གདབ། །གཏོར་མ་བཟའ་བཏུང་མེ་ཏོག་ལྡན། །དེ་བཞིན་རིན་ཆེན་ལྡན་པའི་ཆང་། །འདོད་ཡོན་བདུད་རྩིར་བྱིན་བརླབས་ལ། །ཞིང་སྐྱོང་རྣམས་ལ་རྒྱས་པར་བྱིན། །ནམ་མཁར་བཞུགས་ཏེ་ས་དབང་རྣམས། །ཚིས་བྱས་བསྒོ་བ་བརྟག་བྱས་ལ། །སངས་རྒྱས་བྱིན་བརླབས་ཧཱུཾ་བསྡུས་ཏེ། །མི་བཟད་ཤིན་ཏུ་འཇིགས་པ་ཡིས། །ཞེ་སྡང་རྡོ་རྗེ་སྤྱན་འབར་བ། །རྐང་མཐིལ་ཐུགས་ལ་མཐིང་ནག་ཧཱུཾ། །གསང་སྔགས་རྡོ་རྗེ་བྲོ་གར་བཅས། །ཁྲོ་བོ་ཡུངས་ཀར་ཕྱོགས་བཅུར་འཕྲོ། །འོག་དང་ཕྱོགས་མཚམས་རྒྱ་གྲམ་གུར། །འབར་བའི་མེ་ཡིས་ཕྱོགས་མཚམས་བསྐོར། །རང་གི་གནས་སུ་བརྗིད་བག་གིས། །འདུག་སྟེ་རིན་ཅེན་བསླང་བར་བྱ། །ཕྱག་རྒྱ་ཏྲི་ཤུལ་གཉིས་མནན་ཏེ། །ཇི་ལྟར་ཆེ་མཆོག་རྡོ་རྗེ་ཡིས། །དཔུང་བཞི་བདུད་ཀྱི་སྡེ་བཏུལ་ནས། །རྒྱལ་སྲིད་ཆོས་ཀྱི་དཔུང་བཙུགས་པ། །དེ་བཞིན་དུ་ནི་བདག་གིས་ཀྱང་། །ངེས་པར་བྱ་ཕྱིར་དཀྱིལ་འཁོར་བྲི། །ས་ཡི་དངོས་གྲུབ་སྩལ་དུ་གསོལ། །ༀ་རཏྣ་པཱ་ཤཾ་སིདྡྷི་ཀུ་རུ་ས་མ་ཡ་སྟྭཾ། བསམ་གཏན་བཅས་པར་ལན་གསུམ་བྱ། །ཨཱོཾ་སུམ་བྷ་ནི་སུམ་བྷ་ནི་ཧཱུཾ། གྲིཧྣ་གྲིཧྣ་ཧཱུཾ། གྲིཧྣ་པ་ཡ་གྲིཧྣ་པ་ཡ་ཧཱུཾ། ཨ་ན་ཡ་ཧོ། བྷ་ག་ཝན། བཛྲ་བིདྱ་རཱ་ཛ་ཧཱུཾ་ཕཊ། ལྷ་མོ་རང་བཞིན་གཉིས་མེད་ཕྱིར། །འཛུམ་པའི་མདངས་ཀྱིས་འོད་ཁྱབ་པས། །ཐམས་ཅད་རིན་ཅེན་ངོ་བོ་སྟེ། །ཡེ་ཤེས་ལྔ་ཡིས་རང་བཞིན་དུ། །བརྟན་བྱས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་པ་དང་། རྔམ་གློག་ལས། དེ་ནས་ས་གྱུར་ལྷ་མོ་སྟེ། །སྤྱན་དྲངས་མཆོད་བརྟན་གཉིས་མེད་པར། །མཆོད་བསྟོད་ཚུལ་བཞིན་བྱས་ན་ནི། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི། །བདུད་བཏུལ་མངོན་པར་རྫོགས་པའི་ཚེ། །རུ་ཏྲའི་ཚོགས་ཀྱིས་རྒོལ་བ་ལ། །དགེ་བའི་ལས་ཀྱི་དོན་བགྲངས་ཏེ། །བདག་ཅག་ས་ལ་བགྲོད་པའི་ཚེ། །རུ་ཏྲའི་རྒོལ་བ་བྱུང་བ་ལ། །སྤྱན་ལྡན་དེ་ལ་དབང་བཅོལ་ལོ། །ཞེས་སོ། །བཞི་པ་ས་དབང་དུ་བྱ་བ་ནི། ལས་རིམ་ལས། དངོས་གྲུབ་དབང་དུ་བྱ་བའི་ཕྱིར། །ཟངས་སོགས་ཕུར་པ་ཟླ་གམ་ལ། །ཧཱུཾ་ལས་བྱུང་བའི་དབང་མཆོག་ཁྲོ། །རཱ་གའི་མདོག་འདྲ་ཟླ་གམ་རྩེ། །པདྨ་ཞགས་པ་ཕུར་འདྲིལ་བ། །སྡང་མིག་ཕྱག་བཞི་ངེས་བསམས་ཏེ། །སྐུ་གསུང་བྱིན་བརླབས་དབུས་སུ་སྦྱར། །འོད་ཀྱིས་ཐམས་ཅད་བསྡུས་བྱས་ལ། །བདག་གིར་གྱུར་པའི་ས་དག་ནི། །ལས་རྣམས་ཀུན་ལ་ཤིས་བར་འགྱུར། །ས་གཞི་དབང་དུ་བསྒྲུབ་མཆོག་གོ། །ཞེས་སོ། །ལྔ་པ་ས་སྦྱོང་བ་ནི། སྦྱང་བ་ལས་མེ་སྔགས་ཕྱག་རྒྱ། །ཏིང་ངེ་འཛིན་གྱིས་དག་པར་འགྱུར། །ཞེས་པ་ས་ལ་དོན་བཞི་སྟེ། ལས་དང་བྱ་བས་སྦྱང་བ་དང་། མེས་སྦྱང་བ་དང་། སྔགས་དང་ཕྱག་རྒྱས་སྦྱང་བ་དང་། ཏིང་ངེ་འཛིན་གྱིས་སྦྱང་བའོ། །དང་པོ་ལས་དང་བྱ་བས་སྦྱང་བ་ལ་གསུམ། དང་པོ་ལྟོ་ཕྱེའི་མཚན་ཉིད་བརྟག་པ་ནི། ལྟོ་ཕྱའི་མཚན་ཉིད་གཞན་ཤེས་བྱ། །མ་ནོར་ཕྱོགས་ནས་ལས་རྣམས་བརྩམ། །ཞེས་སོ། །གཉིས་པས་པྲ་བརྟག་ཅིང་གཏེར་གཞུག་པ་ལ་གཉིས་ཀྱི་དང་པོ་ས་པྲ་བརྟག་པ་ནི། རྒྱ་དཔངས་ཁྲུ་གང་གྲུ་བཞིའི་དབུས། །བཤད་པའི་མཚན་ཉིད་ཤིན་ཏུ་བརྟག །ཆུས་བཀང་གོམ་པ་བརྒྱར་བལྟ་བྱ། །ཞེསསོ། །གཉིས་པ་གཏེར་གཞུག་པ་ནི། བཟང་དང་བཀྲ་ཤིས་རིན་ཅེན་ས། །འབྲུ་སྣར་བཅས་གཞུག་འཐས་པར་བརྡུངས། །ཞེས་པ་དང་། རྔམ་གློག་ལས། གནས་དེ་བསོད་ནམས་གཏེར་ལྡན་ཕྱིར། །རིན་ཅེན་ལྔ་དང་སྨན་ལྔ་དང་། །སྤོས་ལྔ་འབྲུ་ལྔ་སྙིང་པོ་ལྔ། །གའུའི་ནང་དུ་བླུག་ནས་ནི། །ས་གཞི་གཏེར་དང་ལྡན་པར་བྱ། །ཞེས་སོ། །གསུམ་པ་ཚད་དང་ལྡན་པའི་དཀྱིལ་འཁོར་བྱ་ཞིང་གོ་མ་ཡེ་སུམ་ཅུས་རྐྱང་ནུལ་བྱ་བ་ནི། ལས་རིམ་ལས། ཚད་དང་ལྡན་པའི་རྒྱ་བྱས་ལ། །འཇིམ་པ་བ་སྤུས་མཉམ་པར་བྱས། །ཞེས་སོགས་དང་། རྔམ་གློག་ལས། ས་ཞག་སྤོས་ཆེན་རྣམ་ལྔ་ཡིས། །ཁུ་བ་བསྲེས་ནས་ཀུན་ཏུ་ནི། །གྲུ་བཞིའི་དབྱིབས་སུ་ལེགས་བྱས་ཏེ། །བ་ཀོ་ཙམ་དུ་རྐྱང་ནུལ་བྱ། །ཞེས་སོ། །གཉིས་པ་མེ་ཡིས་སྦྱང་བ་ནི། སའི་མཚན་མ་ངན་གནས་གཞན་དུ་སྤོ་བའམ་སྤོ་ས་མེད་ན་སྐབས་འདིར་ཞི་བའི་སྦྱིན་སྲེག་གི་སྒོ་ནས་སའི་ཉེས་སྐྱོན་སྦྱང་བར་བྱ་སྟེ། ལས་རིམ་ལས། ཀུན་ནས་མཚན་མ་ངན་གྱུར་ན། །གཞན་དུ་བགྲོད་དམ་ཞི་བ་ཡི། །མེ་ཡིས་རབ་ཏུ་དག་པར་འགྱུར། །ཞེས་སོ། །གསུམ་པ་སྔགས་དང་ཕྱག་རྒྱས་སྦྱང་བ་ནི། སའི་མཚན་ཉིད་བཟང་ངན་འབྲིང་ཙམ་ཡིན་ན་སྔགས་དང་ཕྱག་རྒྱས་སྦྱང་བར་བྱ་སྟེ། ལས་རིམ་ལས། འབྲིང་གྱུར་ལག་གཡས་མཐིལ་སོར་ལ། །ཉི་མ་འབྲུ་ལྔ་ཧཱུྃ་ལྔ་མཐིང་། །རྩེ་ལྔ་རྡོ་རྗེ་ཧཱུྃ་བཅས་བསམ། །སྔགས་ཀྱིས་ལན་གསུམ་ས་ལ་བསྐུལ། །འོད་ཀྱིས་མ་ལུས་སྦྱང་བར་བྱ། །ཨཱོཾ་བཛྲ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། ཐམས་ཅད་དག་པར་འགྱུར་བའི་ཕྱིར། །ཕྱག་རྒྱ་སྔགས་ཀྱིས་སྦྱང་ཞེས་བྱ། །ཞེས་སོ། །བཞི་པ་ཏིང་ངེ་འཛིན་གྱིས་སྦྱང་བ་ལ་གཉིས་ཏེ། མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་སྦྱང་བ་དང་། མཚན་མ་དང་བཅས་པའི་ཏིང་ངེ་འཛིན་གྱིས་སྦྱང་བའོ། །དང་པོ་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་སྦྱང་བ་ནི། ཐམས་ཅད་རང་སེམས་རྣམ་པའི་ཕྱིར། །མཚན་ཉིད་མེད་པའི་ཕྱག་རྒྱ་ནི། །ནམ་མཁའ་ལྟ་བུའི་རང་བཞིན་གནས། །འཁྲུལ་སྣང་ས་དང་སར་འཛིན་ནི། །འཁྲུལ་ཆོས་ཆོས་ཅན་ལ་གནས་ཕྱིར། །དག་པས་བལྟས་ན་མཚན་ཉིད་མེད། །རྗེས་སུ་སྐུལ་བར་བྱེད་པའི་སྔགས། །ཨཱོཾ་མ་ཧཱ་ཤཱུ་ཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རང་རིག་སྟོང་པའི་ཡེ་ཤེས་ལ། །གཟུང་དང་འཛིན་པ་གཉིས་མེད་ཕྱིར། །སྤྱོད་ཡུལ་ཡོངས་སུ་དག་པར་བྱ། །ཞེས་སོ། །གཉིས་པ་མཚན་མ་དང་བཅས་པའི་ཏིང་ངེ་འཛིན་གྱིས་སྦྱང་བ་ནི། ས་ལ་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད། དེའི་སྟེང་དུ་རྒྱས་འབྲིང་བསྡུས་པ་གང་བྱེད་ཀྱི་གཞལ་ཡས་ཁང་བསྐྱེད་ནས། ས་དང་སར་འཛིན་གྱི་རྟོག་པ་ཐམས་ཅད་ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་སྦྱང་བར་བྱ་སྟེ། ལས་རིམ་ལས། རང་རིག་སྐད་ཅིག་ཧཱུཾ་བསམ་སྟེ། །ཡེ་ཤེས་སྙིང་པོ་ཧཱུཾ་ཉིད་ལས། །རྩེ་ལྔ་རྡོ་རྗེ་ཧཱུཾ་བཅས་པ། །ཡོངས་གྱུར་ནམ་མཁའ་ཨེ་གཟུགས་ཅན། །ཐམས་ཅད་ཀུན་གྱི་གཞིར་གནས་པའོ། །བརྟན་བསྐྱོད་རླུང་ནི་ཡཾ་སྔོན་པོ། །ས་བོན་ཆུ་སྟེ་བཾ་དཀར་བཤད། །མ་ལུས་གཞིར་གྱུར་གསེར་མདོག་གམ། །སྐད་ཅིག་སྒྲ་མེད་དམར་སེར་རམ། །མ་ངེས་ཀུན་གཞི་སྣ་ཚོགས་བྷྲཱུཾ། །རྒྱས་དང་འབྲིང་ལ་སོགས་པ་ཡི། །སྣ་ཚོགས་རྒྱན་ལྡན་རིན་ཅེན་ཁང་། །ཇི་ལྟར་གྱུར་པ་བཞིན་དུ་བསྒོམ། །ཞེས་སོ། །དྲུག་པ་བྱིན་གྱིས་བརླབ་པ་ལ་བཞི་སྟེ། སློབ་དཔོན་རྒྱས་པའི་ཆས་སུ་ཞུགས་པ་ལ་ལས་གཞུང་བསྲང་བ་དང་། ཡུམ་བཞིས་མཆོད་ཅིང་གསོལ་བ་བཏབ་པ་དང་། སློབ་དཔོན་གྱིས་བདེ་བར་གཤེགས་པས་བྱིན་གྱིས་རློབས་ཤིག་པར་བསྐུལ་བ་དང་། ཞེ་སྡང་རྡོ་རྗེ་བསྐྱེད་ལ་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པའོ། །དང་པོ་སློབ་དཔོན་རྒྱས་པའི་ཆས་སུ་ཞུགས་པ་ལ་ལས་གཞུང་བསྲང་བ་ནི། གདན་སོགས་གཞུང་གི་གནས་དེ་རུ། །དབང་ཕྱུག་རྒྱས་པའི་ཆས་ཞུགས་ལ། །རྡོ་རྗེ་འགྲོས་ཀྱིས་ཕྱོགས་བལྟས་འདུག །ཐབས་དང་ཤེས་རབ་སྦྱོར་བ་ལས། །འཁོར་རྣམས་རྒྱས་པར་སྦྱར་བར་བྱ། །བཞི་བཅུ་ལྔ་སོགས་དུས་གསུམ་པོ། །ཡིད་ཀྱིས་ནམ་མཁའ་གང་བར་སྦྱར། །རྣམ་པ་གསུམ་གྱིས་མཆོད་པ་འབུལ། །ཞེས་སོ། །གཉིས་པ་ཡུམ་བཞིས་མཆོད་ཅིང་གསོལ་བ་བཏབ་པ་ནི། རིགས་དང་མཐུན་བསྒོམ་ཕྱག་རྒྱ་བཞིས། །སྤྱན་ལ་སོགས་པ་སྦྱོར་བསྟིམས་ཏེ། །མཆོད་དེ་ཐལ་མོ་མཉམ་སྦྱར་ནས། །དཀྱིལ་འཁོར་བྱིན་བརླབས་བསྐུལ་བར་བྱ། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་པ། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །ཞེས་སོ། །གསུམ་པ་བདེ་བར་གཤེགས་པས་བྱིན་གྱིས་རློབས་ཤིག་པར་བསྐུལ་བ་ནི། ཕྱོགས་བཅུ་མ་ལུས་དུས་གསུམ་གྱི། །རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །ཆེ་གེ་མོ་སོགས་དོན་གྱི་ཕྱིར། །དཀྱིལ་འཁོར་ཆེན་པོར་བདག་བགྱིད་པས། །བདག་ཅག་རྗེས་སུ་བསྲུང་བའི་ཕྱིར། །ས་འདི་ཤིས་པར་བྱིན་བརླབས་པར། །བདེ་བར་གཤེགས་པས་མཛད་དུ་གསོལ། །རྡོར་དྲིལ་འཛུམ་པའི་མདངས་ཀྱིས་བསྐུལ། །ཞེས་སོ། །བཞི་བ་ཞེ་སྡང་རྡོ་རྗེ་བསྐྱེད་ལ་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པ་ནི། སྐུ་གསུང་བྱིན་བརླབས་ཧཱུཾ་བཞིས་བསྡུས། །ཞེ་སྡང་རྡོ་རྗེའི་ཚུལ་བཟུང་ལ། །འབར་བའི་སྤྱན་སོགས་བཤད་བཞིན་བྱ། །རྡོ་རྗེ་འཛིན་པ་ཉི་མ་དང་། །ཆོས་དང་རྟ་མཆོག་སྣང་མཛད་ཀྱང་། །བདག་ཉིད་ཆེན་པོ་ང་ཉིད་ཡིན། །ཐམས་ཅད་བཀའ་ལས་རིང་མ་འདའ། །གསང་སྔགས་ཏིང་འཛིན་ལས་སྔོན་བཞིན། །ཞེས་སོ། །བདུན་པ་ས་བསྲུང་བ་ལ་གཉིས་ཏེ། བསྲུང་བའི་འཁོར་ལོས་བསྲུང་བ་དང་། །མཚོན་ཆ་འཆོལ་བས་བསྲུང་བའོ། །དང་པོ་བསྲུང་བའི་འཁོར་ལོས་བསྲུང་བ་ནི། །རང་གི་གནས་སུ་བརྟན་བྱས་ལ། །ནམ་མཁའ་ཁྱབ་བའི་རྩིབས་བརྒྱད་པ། །ཉི་སྟེང་སུམ་བྷས་ལྷ་རྣམས་མནན། །ཁྲོ་བཅུ་ཐུགས་ལས་ངེས་ཕྱུང་དགོད། །ཨཱོཾ་དང་བཛྲ་ཀཱི་ལ་ཡ། །རང་སྔགས་ལས་དང་བཅས་པ་ཡིས། །རྣམ་རྒྱལ་ལ་སོགས་རིམ་པར་སྦྱར། །ཞེས་སོ། །གཉིས་པ་མཚོན་ཆ་འཆོལ་བས་བསྲུང་བ་ནི། མཚོན་ཆ་ལྔ་ཡི་རང་བཞིན་ལ། །ངེས་པར་གཞུང་བཞིན་བྱ་བ་ཡིན། །གང་ཡང་བར་ཆད་སྐབས་མེད་པར། །བསྲུང་བའི་མཆོག་ཏུ་དེ་གསུངས་སོ། །ཞེས་སོ། །བརྒྱད་པ་ས་བཟུང་བ་ལ་གསུམ་སྟེ། ལྷ་སྟ་གོན་ལ་གནས་པ་དང་། གསོལ་བ་བཏབ་པའི་ཚིག་སྔགས་ཏིང་ངེ་འཛིན་དང་། ས་གཞི་མཉམ་པའི་ངེས་ཚིག་གོ། །དང་པོ་ལྷ་སྟ་གོན་ལ་གནས་པ་ནི། ལག་ལེན་དུ་སྐབས་འདིར་ཡན་ལག་གི་རབ་གནས་བྱ། དཀྱིལ་འཁོར་ལ་སྐམ་ཐིག་ཙམ་བཏབ་ལ། བྱང་སེམས་ཀྱི་ཐིག་ལེ་ལྷ་གྲངས་དང་མཉམ་པར་བྱས་ལ་མེ་ཏོག་དགོད། དེ་ཡང་། དེ་ནས་ཕྱོགས་མཚམས་ལེགས་བརྟགས་ཏེ། །དམ་ཚིག་ཡེ་ཤེས་ཐིག་གཉིས་དོར། །ཚང་ཞིང་འཁྲུལ་བ་མེད་པས་ན། །བྱང་ཆུབ་མཆོག་ཏུ་ཉི་ཟླ་ཤར། །དེ་ཉིད་བཞུགས་གནས་ཡིན་པར་གསུངས། །རྡོ་རྗེའམ་གཞན་གྱིས་ཐིག་ལེར་ནི། །དཀྱིལ་འཁོར་ཚང་བར་འགྱུར་མེད་བྱ། །རང་སྔགས་ཉི་ཟླ་ཧཱུཾ་བཅས་པ། །བསམ་གཏན་ལྡན་པར་བྱ་བ་ཡིན། །མི་བསྐྱོད་ཏིང་འཛིན་སྦྱོར་བའི་མཁར། །སྐུ་གསུང་དཀྱིལ་འཁོར་ལས་བྱུང་བའི། །ལྷ་རྣམས་ཕྱི་རོལ་ཁྱབ་པར་བྱ། །དྲངས་བསྟིམ་ཡན་ལག་ལྡན་པ་ལ། །རྣམ་གསུམ་མཆོད་པ་རྒྱས་པར་སྦྱར། །སྒྲ་དང་ལྡན་པས་ངེས་བསྟོད་དེ། །ཞེས་སོ། །གཉིས་པ་གསོལ་བ་གདབ་པའི་ཚིག་སྔགས་ཏིང་ངེ་འཛིན་གསུམ་ནི། མགོན་པོ་ཀུན་མཁྱེན་བ དག་ཉིད་ཅན། །གཅིག་དང་དུ་མ་ཡོངས་བྲལ་ཕྱིར། །མ་ལུས་བདག་ཉིད་དགོངས་སུ་གསོལ། །ཁྱེད་རྣམས་མོས་ཤིང་མཆོད་པ་དང་། །ཁམས་གསུམ་ཡོངས་སུ་གཟུང་བྱའི་ཞིང་། །རང་བཞིན་མཉམ་པར་བྱ་བའི་ཕྱིར། །ཆེ་གེ་མོ་བདག་དཀྱིལ་འཁོར་གྱིས། །ལས་རྣམས་ཡོངས་སུ་རྫོགས་པར་བགྱིད། །ཐུགས་རྗེས་ཉེ་བར་དགོངས་མཛད་དེ། །དཀྱིལ་འཁོར་བྱིན་གྱིས་བརླབས་ནས་ནི། །ས་གཞི་ཡོངས་སུ་གཟུང་བར་མཛོད། །ཨཱོཾ་བཛྲ་ས་མ་ཡ་སྭཏྟ་སྟྭཾ། ངེས་བརྗོད་རོལ་པའི་གཟི་བྱིན་གྱིས། །ཐམས་ཅད་དཀྱིལ་འཁོར་རང་བཞིན་དུ། །གསལ་བྱས་ཡོངས་སུ་བཟུང་བའོ། །ཞེས་སོ། །གསུམ་པ་ས་གཞི་མཉམ་པའི་ངེས་ཚིག་ནི། ཐམས་ཅད་རང་སེམས་མཉམ་སྦྱོར་བས། །ས་གཞི་ཅན་ཡང་དེ་བཞིན་བསྒྲུབ། །འདི་ལྟར་གང་གིས་གསལ་གྱུར་པ། །ས་གཞི་རབ་ཏུ་མཉམ་ཞེས་བྱའོ། །ཞེས་པས། ཆོས་ཐམས་ཅད་རང་གི་སེམས་སུ་མཉམ་པར་སྦྱར་བའི་ཚུལ་གྱིས་ས་དང་སར་འཛིན་གྱི་རྟོག་པ་ཐམས་ཅད་དམིགས་སུ་མེད་དེ། རང་རིག་པ་བྱང་ཆུབ་སེམས་སུ་མཉམ་པར་སྦྱོར་བ་ནི་ས་གཞི་མཉམ་པ་ཞེས་བྱ་བ་སྟེ་དེ་དག་ནི་དཀྱིལ་འཁོར་སྟ་གོན་ལ་གནས་པ་ཞེས་བྱའོ། །གཉིས་པ་དཀྱིལ་འཁོར་གྱི་ཚད་བསྟན་པ་ལའང་། ཚད་ནི་རྐྱེན་གྱིས་མ་ངེས་ཏེ། མཆོག་གི་མཆོག་དང་མཆོག་སོགས་བཞི། །ཞེས་པས། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ཚད་བསྟན་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ཚད་གསུམ་བསྟན་པའོ། །དང་པོ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ཚད་བསྟན་པ་ལ་གསུམ་སྟེ། བསྡུས་པའི་དཀྱིལ་འཁོར་གྱི་ཚད་གཉིས་དང་། འབྲིང་པོའི་དཀྱིལ་འཁོར་གྱི་ཚད་གཉིས་དང་། རྒྱས་པའི་དཀྱིལ་འཁོར་གྱི་ཚད་གཉིས་སོ། །དང་པོ་བསྡུས་པའི་དཀྱིལ་འཁོར་གྱི་ཚད་གཉིས་ནི། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། །ཡང་ན་ལུས་གང་ཚད་དུ་སྟེ། །ཞེས་པ་དེར་གདའ་ཞིང་། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། །ཞེས་པས། དེ་ཡང་གནས་ཁང་དོག་ཅིང་སློབ་མ་འབྱོར་པ་ཆུང་ན་དཀྱིལ་འཁོར་གྱི་ལོགས་རེ་ལ་ཁྲུ་གང་ཡོད་པའི་ཚད་དུ་བྱ་བའམ། ཡང་ན་ལུས་གང་ཚད་དུ་སྟེ། །ཞེས་པས། ཁྲུ་གང་པ་ལ་ལྟོས་པས་ཡང་ན་ལུས་གང་བའི་ཚད་དུ་བྱ་བ་སྟེ་དཀྱིལ་འཁོར་གྱི་ལོགས་རེ་རེ་ལ་ཁྲུ་བཞི་བཞི་ཡོད་པའོ། །དེ་ཡང་། བརྒྱད་དང་བཞི་ལ་ངེས་པར་ནི། །སྟངས་དཔྱལ་གཉིས་ཀྱི་དཀྱིལ་འཁོར་ཏེ། །ཕྱག་རྒྱ་དགུ་གཉིས་མཚན་མས་གདབ། །གང་འདོད་དེ་བཞིན་ཤེས་པར་བྱ། །ཞེས་སོ། །གཉིས་པ་འབྲིང་པོའི་ཚད་གཉིས་ནི། ཡང་ན་ལུས་ནི་གསུམ་གྱི་ཚད། །ཡང་ན་ཁྲུ་ནི་བཅུ་དྲུག་ཏུ། །ཞེས་པ་དེར་གདའ་ཞིང་། ཡང་ན་ལུས་ནི་གསུམ་གྱི་ཚད། །ཅེས་པས། ཡང་ན་ཞེས་པས་བསྡུས་པའི་ཚད་ལས་དགར་བ་སྟེ་ལོགས་རེ་ལ་ཁྲུ་བཅུ་གཉིས་ཏེ། ལུས་ནི་གསུམ་གྱི་ཚད་དུ་བྱ་བའམ། ཡང་ན་ཁྲུ་ནི་བཅུ་དྲུག་ཏུ། །ཞེས་པས། ཁྲུ་བཅུ་གཉིས་པ་ལས་ཡང་ན་ལོགས་རེ་ལ་ཁྲུ་ནི་བཅུ་དྲུག་བཅུ་དྲུག་དང་ལྡན་པ་སྟེ་ལུས་བཞི་པའི་ཚད་དུ་བྱའོ། །དེ་ཡང་། དྲུག་དང་བརྒྱད་གཉིས་ལྡན་པ་ལ། །བཞི་བཅུ་རྩ་གཉིས་རྣམ་པར་བརྒྱན། །ཐ་མའི་གོང་དུ་ཤེས་པར་བྱ། །ཞེས་སོ། །གསུམ་པ་རྒྱས་པའི་དཀྱིལ་འཁོར་གྱི་ཚད་གཉིས་ནི། ཉི་ཤུའམ་ཉི་ཤུ་རྩ་ལྔར་བྱ། །ཞེས་པས། གནས་ཁང་ཡངས་ཤིང་སློབ་བུ་འབྱོར་པ་ཆེ་ན་དཀྱིལ་འཁོར་གྱི་ལོགས་རེ་ལ་ཁྲུ་ཉི་ཤུ་ཉི་ཤུའམ། ཡང་ན་ལོགས་རེ་ལ་ཁྲུ་ཉི་ཤུ་རྩ་ལྔ་རེར་བྱའོ། །དེ་ཡང་། ཁྲུ་ཚད་ཉི་ཤུའམ་རྩ་ལྔར་བྱ། །རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་དང་། །བར་ཁྱམས་བཅས་པ་ཁྲོ་བོའང་། །མོས་དང་སྦྱོར་བས་རྣམས་ཕྱེ་བའོ། །ཞེས་སོ། །གཉིས་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ཚད་གསུམ་བསྟན་པ་ནི། ཡང་ན་རྒྱང་གྲགས༴ སྣ་ཚོགས་བསྒོམ། །ཞེས་པ་དེར་གདའ་ཞིང་། ཡང་ན་ཞེས་པས་གོང་དུ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ཚད་བསྟན་པ་དེ་དག་ལས་དགར་བའི་ཕྱིར་ཡང་ན་ཞེས་བྱ་ལ། རྒྱང་གྲགས་ཞེས་པས་གཞུ་འདོམ་ལྔ་བརྒྱ་ནི་རྒྱང་གྲགས་ཀྱི་ཚད་ཡིན་པས་རྣལ་འབྱོར་བ་ཏིང་ངེ་འཛིན་རྩལ་ཞན་པས་དེ་ཙམ་དུ་བསྒོམ་མོ། །དཔག་ཚད་ཅེས་པས་རྒྱང་གྲགས་བརྒྱད་ནི་དཔག་ཚད་ཀྱི་ཚད་དེ་ཏིང་ངེ་འཛིན་རྩལ་འབྲིང་ན་དེ་ཚོད་དམ། ནམ་མཁའི་དབྱིངས་ནི་བསམ་ཡས་པར། །ཞེས་པས། ཏིང་ངེ་འཛིན་གྱི་རྩལ་རབ་ཀྱིས་ནམ་མཁའི་དབྱིངས་ནི་བློས་བསམ་ཡས་པ་ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པར། སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་བསྒོམ། །ཞེས་པས། སངས་རྒྱས་སྟོང་དང་། ཉི་ཁྲི་བཞི་སྟོང་དང་། བསམ་ཡས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་སོགས་པ་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པར་བསྒོམ་པའོ། །དེ་ལྟར་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་པ་གསུམ་ལ་ཚད་གཉིས་གཉིས་སུ་བྱུང་བ་ནི་གནས་ཁང་ཡང་དོག་དང་། སློབ་དཔོན་ཕྱག་བཟོ་མི་བཟོ་དང་། སློབ་བུ་གང་ལ་མོས་མི་མོས་དང་། འབྱོར་པ་ཆེ་ཆུང་གི་བྱེ་བྲག་གི་དབང་གིས་ཇི་ལྟར་རིགས་པར་བྱ་བའི་ཚད་ཡིན་ལ། ལྷག་པ་ཏིང་ངེ་འཛིན་ནམ་མཆོག་གི་དཀྱིལ་འཁོར་ལ་ཚད་གསུམ་དུ་བྱུང་བ་ནི། སློབ་དཔོན་དགོངས་པ་ཟབ་མི་ཟབ་དང་། སློབ་བུ་ལས་དག་ཚབས་ཆེ་ཆུང་གི་བྱུང་བ་ཡིན་ལ། དེ་ཡང་སློབ་དཔོན་མཐར་ཐུག་གི་འབྲས་བུ་ལ་ཉེ་བ་རིག་འཛིན་གྱི་ས་ལ་གནས་པས། སློབ་མ་དྲོད་ཐོབ་པའི་གང་ཟག་ལ་དབང་བསྐུར་བའི་ཚེ་ཕྱི་རོལ་ཏུ་ཐིག་བཏབ་པ་ཙམ་གྱིས་རྒྱང་གྲགས་སམ་དཔག་ཚད་ལ་སོགས་པའི་དཀྱིལ་འཁོར་དུ་གསལ་བ་སྟེ། སྔོན་བྱུང་དུ་སངས་རྒྱས་གསང་བས། མཚོ་མ་ཕམ་ལ་ཐིག་བཏབ་ནས། རྩས་མཉྫུ་ཤྲི་ལ་སོགས་པ་ལ་དབང་བསྐུར་བ་ལྟ་བུའམ། ཡང་ན་དེ་བས་ཀྱང་ཏིང་ངེ་འཛིན་སྟོབས་ཆེ་བ་མཐར་ཐུགས་ཉེ་བ་ལྷུན་གྲུབ་རིག་འཛིན་དེ་ལ་ཉེ་བ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱིས་སློབ་བུ་ལས་དག་པ་ཚེ་ལ་དབང་བའི་རིག་འཛིན་མཐོང་ལམ་པ་ལ་དབང་བསྐུར་བའི་དཀྱིལ་འཁོར་ཏེ། སློབ་དཔོན་མཐར་ཉེའི་ལམ་གནས་པ། །བཞི་བཅུ་རྩ་གཉིས་གསུམ་འཕྲོ་ཞིང་། །སངས་རྒྱས་སྟོང་གི་དཀྱིལ་འཁོར་སོགས། །རྡོ་རྗེའི་ཐིག་ཚད་དོར་ཙམ་གྱིས། །རྒྱང་གྲགས་ལ་སོགས་མཚན་མ་ཡི། །དཀྱིལ་འཁོར་ཕྱག་རྒྱ་གསལ་ལྡན་པ། །ཏིང་འཛིན་ལྷག་པའི་གཟུགས་བརྙན་ཡིན། །དག་པའི་ལས་ཀྱང་དེ་བཞིན་ཏེ། །འདོད་པའང་རྗེས་སུ་མཐུན་པར་སྦྱིན། །ཞེས་དང་། སྒྱུ་འཕྲུལ་རྡོ་རྗེ་ལས། སློབ་དཔོན་མཐར་ཉེའི་ལམ་གནས་པས། །རྒྱང་གྲགས་དཔག་ཚད་ལ་སོགས་པར། །རྡོ་རྗེའི་ཐིག་ཚད་དོར་ཙམ་གྱིས། །ཕྱག་རྒྱའི་དཀྱིལ་འཁོར་གསལ་ལྡན་པ། །དཀྱིལ་འཁོར་སྣ་ཚོགས་མཆོག་ཏུ་གསུངས། །ཞེས་སོ། །འོ་ན་ལྷག་པ་གཟུགས་བརྙན་གྱི་སྐབས་སུ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ཚད་སྨོས་པས་སྐབས་འཆོལ་བའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱིས་མཚོན་ནས་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམས་པས་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་མངོན་དུ་བྱེད་པ་ཡིན་པའི་ཕྱིར་དཀྱིལ་འཁོར་གྱི་ཚད་ཀུན་ཐུན་མོང་དུ་སྨོས་པས་མི་འགལ་ལོ། །གསུམ་པ་ཐིག་གི་ཆོ་ག་ལ་གཉིས་ཏེ། གོ་མ་ཡེ་བཏང་བ་དང་། ཐིག་གི་ཆོ་ག་དངོས་སོ། །དང་པོ་གོ་མ་ཡེ་བཏང་བ་ནི། འབྲུ་ལྔ་སྤོས་ལྔ༴ ཐིག་ནི་གདབ་པར་བྱ། །ཞེས་པ་དེར་གདའ་ཞིང་། འབྲུ་ལྔ་ཞེས་པས་གཞན་སེལ་ཕུང་པོ་ལྔ་དག་པས་དོན་གཉེར་སྐུ་ལྔ་ཐོབ་པར་བྱ་བའི་ཕྱིར། འབྲུ་ལྔ་ནི་ནས་སྲན་མ་གྲོ་འབྲས་ཏིལ་དཀར་པོ་སྟེ། ནས་སྲན་གྲོ་འབྲས་ཏིལ་དཀར་པོ། །རང་བཞིན་སྐུ་ལྔ་ཐོབ་ཕྱིར་ཡང་། །དག་པ་ཕུང་པོ་ལྔ་རུ་ཤེས། །ཞེས་སོ། །སྤོས་ལྔ་ཞེས་པས། དབང་པོ་ལྔ་དག་པའམ་ཡུལ་ལྔ་དག་པས་ཕྲིན་ལས་ལྔ་ཐོབ་པར་བྱ་བའི་ཕྱིར། སྤོས་ལྔ་ནི་གུར་གུམ་གླ་རྩི་ཙནྡན་དཀར་དམར་གཉིས་ཛཱ་ཏི་སྟེ། གུར་གུམ་གླ་རྩི་ཙནྡན་གཉིས། །གྲན་ཏི་ཀ་ཡི་དྲི་འདི་དབ། །ཕྲིན་ལས་ཡུལ་གྱི་རང་བཞིན་ཏེ། །ཐོབ་ཕྱིར་ངེས་པར་ཚང་བར་སྦྱར། །ཞེས་སོ། །རིན་ཅེན་ལྔ་ཞེན་པས། ཡུལ་ལྔ་དག་པའམ་འབྱུང་བ་ལྔ་དག་པས་ཡོན་ཏན་ལྔ་ཐོབ་པར་བྱ་བའི་ཕྱིར། རིན་ཆེན་ལྔ་ནི་བྱུ་རུ་མུ་ཏིག་གསེར་དངུལ་རིན་པོ་ཆེ་དངོས་དང་ལྔ་སྟེ། བྱུ་རུ་མུ་ཏིག་གསེར་དངུལ་དང་། །རིན་པོ་ཆེ་ནི་འབྱུང་བའི་དངོས། །ཞིང་སོགས་ཡོན་ཏན་ཐོབ་ཕྱིར་སྦྱར། །ཞེས་སོ། །སྙིང་པོ་ལྔ་དང་ཞེས་པས། རྣམ་ཤེས་ལྔ་དག་པས་ཡེ་ཤེས་ལྔ་ཐོབ་པར་བྱ་བའི་ཕྱིར། སྙིང་པོ་ལྔ་ནི་ཆུའི་སྙིང་པོ་ལན་ཚྭ། མེ་ཏོག་གི་སྙིང་པོ་སྦྲང་རྩི། ཤིང་ཏོག་གི་སྙིང་པོ་བུ་རམ། རྩི་ཏོག་གི་སྙིང་པོ་མར། འབྲུའི་སྙིང་པོ་ཨ་འབྲས་དང་ལྔ་སྟེ། ལན་ཚྭ་སྦྲང་རྩི་བུ་རམ་མར། །ཨ་འབྲས་ལ་སོགས་འབྲས་བུ་ལྔ། །རྣམ་ཤེས་ཡེ་ཤེས་རང་བཞིན་ཏེ། །ངེས་པ་ཉིད་དུ་གཟུང་བར་བྱ། །ཞེས་སོ། །སྨན་ལྔ་དང་ཞེས་པས། འདོད་ཡོན་ལྔ་དག་པའམ་དབང་པོ་ལྔ་དག་པས་གསུང་ལྔ་ཐོབ་པར་བྱ་བའི་ཕྱིར། སྨན་ལྔ་ནི་བྱ་ཀྲི་སྟེ་སྟག་ཚེར། སེང་ཀྲི་ཏེ་སེང་ཚེར། ཧ་ས་དེ་བ་སྟེ་ཤུ་དག །པྲི་ཧ་ཏི་སྟེ་དབང་པོ་ལག་པ། ཀནྡྷ་ཀ་རི་སྟེ་སླེ་ཏྲེས་ཞེས་པའམ། ཡང་ན་ཧ་ས་དེ་བ་སྟེ་སྟག་ཚེར། པྲི་ཧ་ཏི་སེང་ཚེར། སྭ་ཏ་ཤུ་དག །ཀནྡྷ་ཀ་རི་ཤུ་ཟུར། ཨ་པར་ཙི་ཏ་སྟེ་སྙིང་ཞོ་ཤ་དང་སྨན་ལྔའོ། །ཧ་ས་དེ་བ་པྲི་ཧ་ཏི། །སྭ་ཏ་ཀནྡྷ་ཀ་རི་དང་། །ཨ་བར་ཙི་ཏ་སྨན་གྱི་མཆོག །དབང་པོ་དག་པ་གསུང་གི་ཚོགས། །ཞེས་སོ། །བདུན་རྩི་ལྔ་ཉིད་ཅེས་པས། ཁམས་ལྔ་དག་པས་རིགས་ལྔ་ཐོབ་པར་བྱ་བའི་ཕྱིར། བདུན་རྩི་ལྔ་ནི་བྱང་སེམས་དཀར་དམར་གཉིས་དྲི་ཆུ་དྲི་ཆེན་ཤ་ཆེན་དང་ལྔ་སྟེ། ཉི་ཟླ་ཆུ་དང་ས་བཅས་དང་། །རྣམ་པ་ལྔ་ཡི་མཱཾ་ས་ནི། །ཁམས་ཀྱི་རང་བཞིན་རིགས་ལྔ་སྟེ། །ཞེས་སོ། །རབ་མཉམ་ལ། ཞེས་པས། སུམ་ཅུ་པོ་དེ་དག་ཆ་རབ་ཏུ་མཉམ་པའི་ལྡེ་གུས་སྲབ་འཐུག་གླང་ཀོ་ཙམ་དུ་བྱུགས་ལ་དེས་དཀྱིལ་འཁོར་གྱི་ས་བསྲུང་བར་བྱའོ། །དེ་ཡང་། སུམ་ཅུས་རབ་མཉམ་བསྒོམ་པར་བྱ། །ཞེས་སོ། །རིག་པས་ཐིག་ནི་གདབ་བར་བྱ། །ཞེས་པས། དེ་ནས་རྣལ་འབྱོར་པ་རིག་པ་མ་ཡེངས་པས་ཐིག་ནི་རིམ་པ་བཞིན་དུ་གདབ་པར་བྱའོ །གཉིས་པ་ཐིག་གི་ཆོ་ག་དངོས་བསྟན་པ་ནི། ཕུར་བུ་སྲད་བུ༴ མཁས་ལྡན་ཆེན་པོས་བསྒྲིམས་ཏེ་བྱ། །ཞེས་པ་དེར་གདའ་ཞིང་། འདི་ལ་ཡང་། ནང་ཚེགས་སུ་ས་བཅད་ན་དོན་དྲུག་སྟེ། ཐིག་སྐུད་ཀྱི་རྒྱུ་བསྟན་པ་དང་། འཁལ་བའི་གྲོགས་དང་། ཐིག་སྐུད་གྱི་གྲངས་དང་། རབ་གནས་དང་། གདབ་ཐབས་དང་། ཉེས་དམིགས་སོ། །དང་པོ་ཐིག་སྐུད་ཀྱི་རྒྱུ་བསྟན་པ་ནི། ཕུར་བུ་སྲད་བུ་ཞེས་པས། སྤྱིར་གྱི་ཐིག་ནི་མི་འགྱུར་བར་བྱེད་པ་ཞིག་ཡིན་ལ། དེའི་རྒྱུ་ཕུར་བུ་ཞེས་པས། འགྱིང་ཕུར་སྐོར་ཕུར་གཉིས་སྟ་གོན་བྱའོ། །སྲད་བུ་ནི་ཐིག་སྐུད་དེ། དམ་ཚིག་གི་ཐིག་སྐུད་ཀྱི་རྒྱུ་རས་བལ་འཇམ་པོ། ཡེ་ཤེས་ཀྱི་ཐིག་སྐུད་ཀྱི་རྒྱུ་པདྨའི་རྒྱུས་པ་ལ་ཁ་དོག་བསྒྱུར་བ་ལ་བྱ་བ་སྟེ། པདྨའི་རྒྱུས་ལས་ཁ་དོག་བསྒྱུར། །ཞེས་དང་། རས་བལ་ལས་བཏགས་སྐུ་གསུང་ཐུགས། །ཞེས་སོ། །གཉིས་པ་འཁལ་བའི་གྲོགས་ནི། གོས་རྒྱན་མཛེས་པའི་ཡིད་འོང་གྲོགས། །ཞེས་པས། དར་གྱི་ཆས་གོས་ལྔ་དང་རིན་པོ་ཆེའི་རྒྱན་ཆས་བརྒྱད་དེ་བཅུ་གསུམ་གྱི་མཛེས་པར་བརྒྱན་པའི་གཞོན་ནུ་མ་ལོ་བཅུ་དྲུག་ལོན་ཅིང་མཚན་དང་ལྡན་པས་ཡིད་དུ་འོང་བའི་གྲོགས་མོ་ལ་ཐིག་སྐུད་རིང་ཐུང་དཀྱིལ་འཁོར་ཆེ་ཆུང་གི་ཚད་གང་ཡིན་དང་སྦྱར་བའི་ཉིས་འགྱུར་དང་སྦོམས་སུ་སྒོ་ཡི་ཉི་ཤུ་ཆའི་ཚད་དང་ལྡན་པ་འཁལ་དུ་གཞུག་གོ། །དེ་ཡང་། བཅུ་དྲུག་ཕྱག་རྒྱས་ལེགས་བཏགས་ལ། །ཞེས་སོ། །གསུམ་པ་ཐིག་སྐུད་ཀྱི་གྲངས་ནི། །ཚོན་ཕྱེ་དང་། ཞེས་པས། ཡེ་ཤེས་ཀྱི་ཐིག་སྐུད་སྔོ་དཀར་སེར་དམར་ལྗང་གི་ཚོན་གྱི་ཁ་དོག་གིས་ཕྱེ་བའི་ལྔ་བསྒྲིལ་ལམ་ཉི་ཤུ་རྩ་ལྔ་པར་བསྒྲིལ་བ་དང་། དམ་ཚིག་གི་ཐིག་སྐུད་དཀར་དམར་སྔོ་གསུམ་གྱིས་ཕྱེ་བའི་གསུམ་མམ་དགུ་བསྒྲིལ་བར་བྱ་བ་སྟེ། སྣལ་མ་གཅིག་ཀྱང་ལྔ་ལྔར་ལྡན། །ཡེ་ཤེས་རང་བཞིན་ཤེས་པར་བྱ། །ཁ་དོག་གསུམ་ལྡན་སྣལ་མ་དགུ། །ཞེས་སོ། །བཞི་པ་རབ་གནས་ནི། ཆོ་ག་ཕུན་སུམ་ཚོགས། །ཞེས་པས། ཡེ་ཤེས་ཀྱི་ཐིག་སྐུད་ཡེ་ཤེས་ལྔར་བརླབ་པ་དང་། དམ་ཚིག་གི་ཐིག་སྐུད་དང་སྐུ་གསུང་ཐུགས་སུ་བརླབ་པའི་ཆོ་ག་རྣམས་ཕུན་སུམ་ཚོགས་པར་བྱའོ། །དེ་ཡང་། གཙང་མའི་སྣོད་དུ་ལེགས་བཀོད་དེ། །ཉི་མ་ཟླ་བའི་གདན་དག་ལ། །ཐུགས་ལས་ཡིག་འབྲུ་གྲངས་དེ་བཞིན། །ཕྱོགས་བཅུ་དུས་བཞི་མདུན་གྲངས་ཏེ། །མཆོད་བྱར་གསོལ་བ་གདབ་པར་བྱ། །སྦྱོར་བའི་ཡེ་ཤེས་གྲངས་མཉམ་དང་། །རྡོ་རྗེ་གསུམ་འབྱིན་ངེས་པར་བསྟིམ། །དངོས་པོ་རང་བཞིན་མཉམ་བྱས་ནས། །ཅུང་ཟད་མཆོད་པ་བརྟག་པར་བྱ། །ཞེས་སོ། །ལྔ་པ་ཐིག་གདབ་པའི་ཐབས་ནི། །ཐིག་གདབ་ཅེས་པས། དམ་ཚིག་གི་ཐིག་གདབ་པ་དང་། །ཡེ་ཤེས་ཀྱི་ཐིག་གདབ་པའོ། །དང་པོ་དམ་ཚིག་གི་ཐིག་གདབ་པ་ནི། རྡོ་རྗེ་རྒྱལ་པོ་ཡབ་ཡུམ་ལྷར་གསལ་བའི་སྦྱོར་མཚམས་ནས་དམ་ཚིག་གི་ཐིག་སྐུད་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་འདེབས་པ་སྟེ། ཕྱོགས་མཚམས་ལེགས་པ་ཕྱེ་ནས་ནི། །སོ་སོའི་ཚད་བཞིན་རྒྱས་པར་དབྱེ། །མཆོག་གི་ཐིག་ཕྲན་བཞི་བཅུ་བཞི། །ལེགས་པར་ཁ་དོག་ཕྱེ་ཡང་རུང་། །རྟ་བབས་བརྒྱད་པོ་ཆ་མཉམ་ཞིང་། །འཁོར་ལོ་ལ་སོགས་ཉིས་འགྱུར་ཡིན། །རྡོ་རྗེ་ལག་ཆུ་ཧར་བཅས་པ། །རྟ་བབས་ཕྱེད་དང་གསུམ་དུ་བྱ། །ཨཱོཾ་ཨཱཿཧཱུཾ་སརྦ་པཾ་ཤོ་དྷ་ནི་ཧཱུཾ་ཕཊ། སྐུ་གསུང་ཐུགས་ལྡན་ཐིག་ཐམས་ཅད། །འཁྲུལ་པ་དག་པས་གདབ་པར་བྱ། །འདའ་བ་མེད་པས་དམ་ཚིག་ཡིན། །ཞེས་སོ། །གཉིས་པ་ཡེ་ཤེས་ཀྱི་ཐིག་གདབ་པ་ནི། སྔར་གྱི་དམ་ཚིག་གི་ཐིག་གདབ་པ་དེའི་སྟེང་གི་ནམ་མཁའ་ལས་ཡེ་ཤེས་ཀྱི་ཐིག་གདབ་པར་བྱ་སྟེ། སྐུ་གསུང་ཐུགས་རེ་རེ་ཡང་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པར་བསྒོམ་པའོ། །དེ་ཡང་། མཚན་ལྡན་རྒྱན་གྱིས་བརྒྱན་པའི་གྲོགས། །གསལ་ལྡན་མའམ་བྱིན་བརླབས་ལ། །གཉིས་མེད་ཡེ་ཤེས་དྲང་བར་བྱ། །ཡེ་ཤེས་དམ་ཚིག་ལ་མཉམ་བསྟིམ། །ཁ་དོག་དབྱིབས་དང་ལྡན་པ་ཡི། །ཕོ་བྲང་ཉམས་དགའ་བསྒོམ་པར་བྱ། །ༀ་བཛྲ་སཱུ་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུཾ། ཡེ་ཤེས་རྡོ་རྗེ་མདོར་བསྡུས་ལྔ། །དམ་ཚིག་རྗེས་སུ་རིམ་གསལ་བྱེད། །ཡེ་ཤེས་སྐུད་པ་སྔགས་མཚན་ཉིད། །ཅེས་སོ། །དྲུག་པ་ཉེས་དམིགས་ནི། མཁས་ལྡན་ཆེན་པོས་བསྒྲིམས་ཏེ་བྱ། །ཞེས་པས། ཐིག་འདེབས་ཐབས་ཀྱི་མན་ངག་དང་ལྡན་པའི་མཁས་ལྡན་ཆེན་པོ་དེས་རིག་པ་མ་ཡེངས་པར་བསྒྲིམས་ཏེ་ཐིག་སྐུད་མ་ཆད་པ། ཐིག་སྣ་མ་ཤོར་བ། ཐིག་ལ་རྒྱུན་ཆད་མེད་པར་གདབ་པར་བྱ་ཞིང་། དེ་ལྟར་ཐིག་རྒྱས་པར་ཐེབས་པ་དང་གཏང་རང་གི་ཚུལ་དུ་མཆོད་པ་ཕུལ་ལ་གཤེགས་སུ་གསོལ་ནས་རབ་གནས་དང་ལྡན་པའི་ཐིག་ལ་མི་འགོམ་པར་བྱ་བའི་ཕྱིར་ཐིག་ཉིད་ནམ་མཁའ་ལ་བཏེག་པའི་འོག་ནས་འཛུལ་བར་བྱའོ། །དེ་ཡང་། སྐུད་པ་ཆད་ན་སློབ་དཔོན་འཆི། །ཐིག་སྣ་ཤོར་ན་སློང་བུ་འཆི། །ཕྱོགས་འཁྲུལ་བས་ནི་གཉིས་ཀ་ཉམས། །རྒྱུན་ཆད་ལམ་ལ་གནོད་པར་འགྱུར། །དེ་ཕྱིར་མཁས་ལྡན་བསྒྲིམ་ཏེ་བྱ། །ཀུན་ཏུ་རྒྱས་པར་འགྱུར་བ་དང་། །ཏིང་འཛིན་ལྡན་པས་ཡེ་ཤེས་ལ། །ཡེ་ཤེས་ཐིམ་པར་ངེས་མཆོད་དེ། །དམ་ཚིག་ཕྱག་རྒྱ་མུཿཡིས་གཤེགས། །དེ་ནས་གང་ཡང་ཉེས་པ་མེད། །རབ་གནས་ལྡན་པའི་ཐིག་འགོམས་ན། །བདེ་གཤེགས་སྐུར་པ་བཏབ་དང་མཚུངས། །སངས་རྒྱས་ཆོས་ལས་རིང་འགྱུར་ཕྱིར། །ཧྲཱིཿསྒྲའི་ཕྱག་རྒྱས་འཛུལ་བར་བྱ། །ཞེས་སོ། །བཞི་པ་ཚོན་གྱི་ཆོ་ག་ལ་གཉིས་ཏེ། །ཚོན་བྱིན་གྱིས་བརླབ་པ་དང་། ཚོན་གྱི་དགོས་ཆེད་བསྟན་པའོ། །དང་པོ་ཚོན་བྱིན་གྱིས་བརླབ་པ་ནི། རིགས་ཀྱི་དཀྱིལ་འཁོར་རྣམ་ལྔ་བསྒོམ། །ཞེས་པ་དེར་གདའ་ཞིང་། གཉིས་པ་ཚོན་གྱི་དགོས་ཆེད་བསྟན་པ་ནི། མ་མཐོང་རྨོང་ལ༴ བཞིན་དུ་དབྱེ། །ཞེས་པ་དེར་གདའ་ཞིང་། འདི་ལ་ཡང་ནང་ཚིགས་སུ་ས་བཅད་ན་དོན་དྲུག་སྟེ། ཚོན་གྱི་དགོས་ཆེད་དང་། རྒྱུ་དང་། གྲངས་དང་། རབ་གནས་དང་། དགྱེ་ལུགས་དང་། ཉེས་དམིགས་བསྟན་པའོ། །དང་པོ་ཚོན་གྱི་དགོས་ཆེད་བསྟན་པ་ནི། མ་མཐོང་རྨོངས་ལ་བསྟན་ཕྱིར་ཚོན། །ཞེས་པས། སེམས་ཅན་རྣམས་ཀྱི་རང་གི་སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་ལྔའམ་ཉི་ཤུ་རྩ་ལྔར་གདོད་ནས་གནས་པ་དེ་མ་མཐོང་ཞིང་བློ་རྨོངས་པ་རྣམས་ལ་རང་ལ་ཡོད་པའི་དོན་བསྟན་པར་བྱ་བའི་ཕྱིར་ཚོན་ཁ་དོག་ལྔའམ་ཉི་ཤུ་རྩ་ལྔས་བསྟན་དགོས་ཏེ། དེ་ཡང་རྒྱས་པའི་རྒྱུད་ལས། སེམས་ཅན་མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །རང་གི་རྣམ་རྟོག་བསྒྲིབས་བྱས་ནས། །ཡེ་ཤེས་ལྔ་ཡི་དོན་མ་མཐོང་། །དེ་ལྟར་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་དང་དམར་དང་སེར་བ་དང་། །ལྗང་གུ་ལ་སོགས་ནག་པོར་བསྟན། །ཞེས་དང་། ལས་རིམ་ལས། མ་མཐོང་རྨོངས་ལ་ཡེ་ཤེས་སོགས། །བསྟན་ཕྱིར་ཚོན་ལྔ་དབྱེ་བར་བྱ། །དམན་པ་རྣམས་ལ་ལྔ་ཡི་ཕྱིར། །རིགས་ཀྱི་ཡེ་ཤེས་ལྔར་ཤེས་བྱ། །ཞེས་སོ། །གཉིས་པ་ཚོན་གྱི་རྒྱུ་ནི། རབ་རིན་ཆེན་སྣ་ལྔའི་ཚོན་གྱིས་བྱ་བར་གསུངས་ཏེ། རིན་ཅེན་ལྔ་ལས་བྱས་པའི་ཚོན། །ཨནྡྲ་ནཱི་ལ་ཟླ་འོད་དང་། །པདྨ་རཱ་ག་བྱུ་རུ་ཟངས། །མརྒད་ཏ་ལས་བྱས་པ་དགྱེ། །ཞེས་སོ། །འབྲིང་སྨན་ལྔ་ཁ་དོག་བསྒྱུར་བ་དང་། ཐ་མ་ས་ཚོན་ཁ་དོག་ལྔ་ལ་བྱ་སྟེ། རྡོ་རྗེ་མེ་ལོང་ལས། འབྲས་དང་སཱ་ལུ་ལ་སོགས་པ། །ཁ་དོག་བསྒྱུར་བ་དེ་བཞིན་ནོ། །དམན་དང་འབྱོར་པ་ཆུང་བ་ཡིས། །འབྱུང་ཁུངས་ལྔ་ཡིས་བྲི་བར་བྱ། །ཞེས་དང་། ལས་རིམ་ལས། དེ་བཞིན་འབྱོར་པས་གཞན་དག་བསྡུ། །ཞེས་སོ། །གསུམ་པ་གྲངས་ནི། ཁ་དོག་ཉི་ཤུ་རྩ་ལྔའམ། །ལྔ་ཡི་ཚོན་གྱིས་ཞེས་པས། དེ་ཡང་ཚོན་གྱི་ཁ་དོག་གི་གྲངས་ཇི་ལྟར་དུ་ངེས་ཤེ་ན། རྒྱས་པར་ཉི་ཤུ་རྩ་ལྔའམ་བསྡུས་པར་ཁ་དོག་ལྔ་ཡི་ཚོན་གྱིས་ཀྱང་རུང་སྟེ། མཚམས་སེམས་ཁྲོ་བོ་ལ་སོགས་ཕྱིར། །ཁ་དོག་ཉི་ཤུ་རྩ་ལྔར་གསུངས། །ཞེས་སོ། །བཞི་པ་རབ་གནས་ནི། རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ། །ཞེས་པས། ཚོན་རྣམས་སྣོད་གཙང་མར་བླུག་ནས་ཡིག་འབྲུ་བྲིས་ཏེ་ཕྱོགས་མ་འཁྲུལ་བར་བཀོད་ལ། རིགས་ཀྱི་དཀྱིལ་འཁོར་ཡབ་ཡུམ་ཆ་ལྔའམ་རྒྱས་པར་རིགས་ཆུང་ཡབ་ཡུམ་དང་བཅས་པ་རྣམས་ཏེ་ལྷ་ལྔ་བཅུ་བསྒོམ་པ་ཡང་རུང་ངོ་། །དེ་ཡང་། སྣོད་རིམ་མ་འདྲེས་དག་བྱས་ལ། །ཧཱུཾ་སོགས་ཡིག་འབྲུ་གཅིག་ཀྱང་ལྔར། །ཁ་དོག་རྗེས་སུ་མཐུན་བྱས་ལ། །ཡོངས་གྱུར་ཉི་ཤུ་རྩ་ལྔའི་ལྷར། །ཐབས་དང་ཤེས་རབ་ལྡན་པར་བསྒོམ། །ཕྱོགས་བཅུ་དུས་བཞི་སྐུ་གསུང་ཐུགས། །སྟོན་པས་ཕྲིན་ལས་ཡེ་ཤེས་ལྔ། །བསྟིམས་པས་ཡོངས་གྱུར་དངོས་པོ་ལྔ། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །ཡེ་ཤེས་རྒྱུ་ལས་གྲུབ་པ་ཡིས། །དཀྱིལ་འཁོར་རྗེས་སུ་བརྟག་པར་བྱ། །ཞེས་དང་། ༀ་སརྦ་པཉྩ་རཏྣ་ས་མ་ཡ་ཧཱུཾ་ཧཱུཾ། འབྲུ་བཅུ་ཟུང་ལྡན་སོར་མོ་ལྔས། །སྤུང་ཞིང་སྦུན་པ་ལྟར་བྱས་ལ། །རྡུལ་ཚོན་སྦྱོང་བའི་སྔགས་ཕྱག་རྒྱ། །ཞེས་སོ། །ལྔ་པ་ཚོན་གྱི་དགྱེ་ལུགས་ནི། །བྲི་བར་བྱ། འདུལ་བའི་ཆོ་ག་བཞིན་དུ་དགྱེ། །ཞེས་པ་དེར་གདའ་ཞིང་། བྲི་བར་བྱ། ཞེས་པས། ཐོག་མར་ཚོན་པྲ་བརྟག་པའི་དོན་དུ་རྡོ་རྗེ་རྒྱལ་པོ་ཁ་ཤར་དུ་ཕྱོགས་པའི་ཁུ་ཚུར་གཡོན་གྱིས་དབང་ལྡན་གྱི་མཚམས་ནས་བརྩམས་ཏེ་པཉྩ་རེ་ཁའི་སར་མཛུབ་གང་བའི་པཉྩ་རེ་ཁའི་བར་བྱ་ཞིང་། དེ་ལ་ཀ་པཱ་ལ་མཚན་ལྡན་བཀབ་ལ་ཚོན་པྲ་བརྟག་པར་བྱའོ། །འདུལ་བའི་ཆོ་ག་བཞིན་དུ་དགྱེ། །ཞེས་པས། དེ་ནས་སློབ་བུ་རྣམས་ཀྱི་དཀྱིལ་འཁོར་རྒྱས་འབྲིང་སྡུས་གསུམ་གང་གིས་འདུལ་བའི་ཆོ་ག་བཞིན་དུ་རྡུལ་ཚོན་དགྱེ་བར་བྱ་སྟེ། འཆད་པར་འགྱུར་བའི་དཀྱིལ་འཁོར་བྲི་བའི་སྐབས་སུ་ཤེས་པར་བྱའོ། །དེ་ཡང་། དེ་དག་བྲི་བའི་ཆོ་ག་ནི། །ཆས་ལྡན་དབང་ཕྱུག་ཐིག་བཏེག་ལ། །དང་པོ་དབང་ལྡན་ཕྱོགས་ནས་བསྐོར། །དེ་ནས་ཞལ་ལུང་ཐོབ་པ་རྣམས། །འབྲུ་ལྡན་རྡོ་རྗེ་ཐལ་ཁུ་ཚུར། །ཕྱག་རྒྱ་ཏིང་འཛིན་ལྡན་པར་བྲི། །ཞེས་སོ། དྲུག་པ་ཉེས་དམིགས་ནི། བག་མེད་གྱུར་པའི་ཉེས་པ་ཡང་། །བཤད་པའི་རྗེས་སུ་བཤད་པར་བྱ། །ཞེས་པས། དེ་ཡང་བག་དང་ལྡན་པས་ཚུལ་བཞིན་མ་བྲིས་ན་ཉེས་དམིགས་ནི་སྤྱིར་ཐིག་གི་སྐབས་དང་ཡང་རྗེས་སུ་མཐུན་པ་ལ། ཁྱད་པར་དུ་ཚོན་རྩི་སྲབ་ན་དབུལ་པོར་འགྱུར ། འཐུང་ན་མཛེ་འབྱུང་། ཚོན་ཐལ་ཤོར་ན་ནད་རིམ་འབྱུང་བའི་ཉེས་དམིགས་ཡོད་གསུང་ངོ་། །བྱེ་བྲག་ཏུ་ཚོན་ཕྲ་ལ་ཉེས་སྐྱོན་བྱུང་ན་དེ་བསལ་བའི་ཆོ་ག་བཞིན་དུ་བསལ་བར་མ་བྱས་ན་བར་ཆད་འབྱུང་བར་འགྱུར་རོ། །ལྔ་པ་དཀྱིལ་འཁོར་བྲི་བ་བསྟན་པ་ནི། ལྟེ་བ་རྩིབས་དང་༴ ལྡན་པར་བྱ། །ཞེས་པ་དེར་གདའ་ཞིང་། ལྟེ་བ་རྩིབས་དང་ལྡན་པ་ཡི། །ཞེས་པས། སྒྱུ་འཕྲུལ་རྒྱས་པ་ལྷ་བརྒྱད་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ལ་ལྟེ་བ་ཟླུམ་པོ་འཁོར་ལོ་རྩིབས་བཞི་དང་ལྡན་པའི་རྩིབས་ཆེན་རེ་རེའི་སྟེང་དུ་རྩིབས་ཆུང་གི་འཁོར་ལོ་རྩིབས་བཞི་དབུས་ཀྱི་ལྟེ་བ་ཟླུམ་པོ་དང་བཅས་པ་རེ་བྲི་བར་བྱའོ། །དེ་དག་ནི་ཡེ་ཤེས་ལྔ་པོ་རེ་རེར་ཡང་ཡེ་ཤེས་ལྔ་ལྔ་སྟེ་ཡེ་ཤེས་ཉི་ཤུ་རྩ་ལྔ་དང་ལྡན་པའི་རྟགས་སོ། །རྩིབས་བཞིའི་འཁོར་ལོ་ཞེས་པས། དཀྱིལ་འཁོར་འབྲིང་པོ་ལྷ་བཞི་བཅུ་ཞེ་གཉིས་དང་། བསྡུས་པ་ལྷ་བཅོ་བརྒྱད་པ་ལྟར་ན། ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ་འཁོར་ལོ་རྩིབས་བཞི་དབུས་ཀྱི་ལྟེ་བ་དང་བཅས་པའོ། །མུ་ཁྱུད་བཅས། ཞེས་པས། ཆོས་ཉིད་སྤྲོས་པ་དང་བྲལ་བའི་རྟགས་སུ་མུ་ཁྱུད་ཟླུམ་པོ་དང་བཅས་པ། གྲུ་ཆད་བཞི་དང་ཞེས་པས། བདེན་པ་བཞི་མཚོན་པའི་རྟགས་སུ་གྲུ་ཆད་བཞི་དང་། གྲུ་བཞི་པ། ཞེས་པས། ཆེ་བའི་ཡོན་ཏན་རྒྱས་པའི་རྟགས་སུ་གཞལ་ཡས་ཁང་གྲུ་བཞི་པའི་དབྱིབས་ཅན་དང་། བར་ཁྱམས་ཞེས་པས། དཀྱིལ་འཁོར་བསྡུས་པ་ལྟར་ན་བར་ཁྱམས་མེད་ཀྱང་རྒྱས་འབྲིང་གཙོ་ཆེ་བའི་དབང་དུ་བྱས་ན་བདེན་པ་གཉིས་སུ་མེད་པའི་དོན་མཚོན་པའི་རྟགས་སུ་བར་ཁྱམས་དང་། སྒོ་ཁྱུད་ལྡན་པར་བྱ། ཞེས་པས། རྣམ་པར་ཐར་པའི་ཏིང་ངེ་འཛིན་བཞི་མཚོན་པའི་རྟགས་སུ་སྒོ་བཞི་སྒོ་ཁྱུད་དང་ལྡན་པར་བྲི་བར་བྱའོ། །དེ་ཡང་། ལྟེ་བ་རྩིབས་དང་ལྡན་པར་བྲི། །རྩིབས་བཞི་འཁོར་ལོ་མུ་ཁྱུད་བཅས། །ཁ་དོག་སོ་སོར་དགྲམ་པར་བྱ། །གྲུ་ཆད་བཞི་དང་གྲུ་བཞི་དང་། །བར་ཁྱམས་སྒོ་ཁྱུད་ལྡན་པར་བྱ། །འཁོར་ལོ་གཅིག་གིས་ཡོངས་རྫོགས་པ། །དཀྱིལ་འཁོར་གཉིས་ལ་བཏགས་པ་ཡིན། །རྡོ་རྗེ་ཕྲེང་བའི་རིམ་པ་གཉིས། །ཀུན་ལའང་ངེས་པར་སྦྱར་བར་བྱ། །ཡེ་ཤེས་རིན་ཅེེན་རིམ་བརྩེགས་ཚུལ། །ཐམས་ཅད་སེམས་ཕྱིར་ཆད་པ་མེད། །རྡོ་རྗེ་ནོར་བུ་ཉེར་མཛེས་པའི། །ཀ་བའི་ཕྱག་རྒྱ་གདུང་གཞིར་སྦྱར། །གཟུགས་ལ་སོགས་པའི་མཆོད་པ་ལྔ། །བར་སྣང་ཁམས་སུ་འཁྲིགས་པར་བྱ། །ཞབས་དང་པདྨ་རིན་ཅེན་སྣོད། །སྣ་འཕྱང་ལས་བྱུང་ཟ་ར་ཚགས། །ཆུ་འཕྱང་ཤར་བུ་ཁྱུང་མགོ་དག །རིམ་བཞིན་ཁ་དོག་མཛེས་པར་བྱ། །རིན་ཅེེན་ལྡན་པའི་དཔག་བསམ་ཤིང་། །རྩ་བ་ལ་སོགས་རྣམ་ཕྱེ་བ། །ཕྱི་རོལ་ཡོངས་སུ་ཁྱབ་པར་བྱ། །འཁོར་གྱི་གཙོ་བོས་ཡོངས་བསྐོར་བའི། །མཆོག་གསུམ་ལ་སོགས་རྣམ་མང་པོ། །རྒྱན་དང་མཆོད་པ་ལྡན་པར་བྲི། །རྔ་ཡབ་ལྷབ་ལྷུབ་ཕྲེང་བ་ཡིས། །ངེས་པར་ཕྱོགས་བཅུར་འཁྲིགས་པར་བྱ། །རྡོ་རྗེ་མེ་རིས་ལག་ཆུ་ཧཱ། །ཐམས་ཅད་ཀུན་ཏུ་ཁྱབ་པར་སྦྱར། །དབང་ཕྱུག་ཆས་ལྡན་བསམ་གཏན་བྱ། །ཞེས་སོ། །དྲུག་པ་རྣམ་པ་དགོད་པ་ནི། སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། ཅེས་པས། ཁྲུ་གང་བ་ལ་སོགས་པའི་དཀྱིལ་འཁོར་ལ་སྐུ་ཙཀླི། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་ཏེ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གང་རུང་དང་ལྡན་པའི་གཟུགས་ཀྱང་ཇི་ལྟར་འབྱོར་པ་དགོད་པར་བྱའོ། །དེ་ཡང་དཀྱིལ་འཁོར་རྣམ་དག་ཏུ། །གཞུང་ཉིད་ཀྱིས་ནི་གསལ་བར་གསུངས། །ཡན་ལག་རྒྱན་རྫོགས་གཟུགས་སྐུ་ཉིད། །ཉི་ཟླ་པདྨ་རིམ་བཞུགས་པ། །དཀྱིལ་འཁོར་སྐུ་ཡི་མཚན་ཉིད་ཡིན། །ཕྱག་རྒྱ་གསལ་བཀོད་ཐུགས་དཀྱིལ་འཁོར། །ཋ་སོགས་ཡང་ན་ཧཱུཾ་མཱུཾ་ནི། །མཆོག་དང་འབྲིང་སོགས་ཕྱེ་བ་སྟེ། །དཀྱིལ་འཁོར་གསུང་དུ་ཤེས་པར་བྱ། །རིགས་ཀྱི་དབྱེ་བ་གཞུང་བཞིན་འགྱུར། །རང་སྔགས་ཏིཥྛ་བཛྲ་ལྡན། །གང་ཡང་རྫོགས་པར་ཏིང་འཛིན་བྱ། །མཆོག་ལ་སོགས་པ་ཁྲོ་བོའི་ཚོགས། །རྫོགས་དང་རྒྱས་དང་ཕྱེད་ཉིད་ནི། །ཐ་མའི་དུས་སུ་ཧཱུཾ་ཉིད་དེ། །ཛ་ལ་སོགས་པ་ཆུང་ངུའི་ཡུམ། །གང་ཡང་ཁ་དོག་ཚང་བར་ལྡན། །མཁས་པས་རབ་ཏུ་བསྒྲིམ་པར་བྱ། །ཞེས་སོ། །བདུན་པ་རབ་གནས་ནི། རབ་གནས་ལ་ཡང་གསུམ་ཡིན་ཏེ། །ཞེས་པས། བུམ་པ་ལ་སོགས་པ་ཡན་ལག་གི་རབ་གནས་དང་། སློབ་བུའི་རབ་གནས་དང་། དཀྱིལ་འཁོར་གྱི་རབ་གནས་སོ། །དང་པོ་བུམ་པ་ལ་སོགས་པ་ཡན་ལག་གི་རབ་གནས་ནི། བུམ་པ་རིན་ཅེེན་ལས་བྱས་པ། །ལྟོ་དང་མགྲིན་པར་ལྡན་བར་ནི། །ཞ་བྲུམ་ལ་སོགས་སྐྱོན་སྤངས་པ། །ཁ་དོག་ལྡན་པའི་རས་ཀྱིས་དཀྲི། །སྣ་ཚོགས་ལྗང་ཁུ་རྡོ་རྗེར་ལྡན། །བདུད་རྩི་ལ་སོགས་བཅུད་ལྡན་པས། །མི་འཆི་ཐབས་སྦྱོར་རབ་གནས་ཀྱིས། །ཡེ་ཤེས་རྡོ་རྗེ་ཆུ་དག་ནི། །ཐམས་ཅད་ལས་ལ་འཇུག་པར་བྱ། །གཞན་ཡང་ཡབ་ཡུམ་འབྲེལ་བའི་རྒྱ། །ངེས་པར་གདན་དང་ལྡན་པར་བྱ། །བདག་ཉིད་ལས་ཀྱི་ལྷར་ཞུགས་ལ། །སོ་སོ་གང་ཡིན་བསྐྱེད་དྲང་སྦྱར། །ཡན་ལག་རྫོགས་ནས་མཆོད་སྦྱར་ལ། །རང་སྔགས་ཞལ་སྒོར་བཟླས་པར་བྱ། །ངེས་པར་ཁྲི་སོགས་བྱིན་བརླབ་དང་། །ཡོངས་གྱུར་བྱང་སེམས་ཡེ་ཤེས་རྩི། །དབང་བསྐུར་བ་ཡི་མཆོག་ཏུ་གསུངས། །ལྷ་དབང་ལ་སོགས་སྤྲུལ་པ་རྣམས། །རང་བཞིན་འཇའ་ཚོན་ལྟ་བུའི་སྐུ། །ངེས་པར་འོད་དུ་གྱུར་པ་ཡིན། །ཐམས་ཅད་ལས་ནི་བདག་ཕྱོགས་ཏེ། །གཞན་ནི་རང་གི་ཕྱོགས་སུའོ། །དབུས་ཀྱི་ཕྱོགས་ཀྱི་དང་པོར་བཤད། །ཅེས་པས། བུམ་པའི་རབ་གནས་དང་གཞན་ཡང་དེ་དང་འབྲེལ་བའི་ཐིག་ཚོན་རྡོ་རྗེ་དྲིལ་བུ་ཐམས་ཅད་ཆུ་ལ་སོགས་པའི་རབ་གནས་བྱ་བའོ། །གཉིས་པ་སློབ་བུའི་རབ་གནས་ནི། །གཉིས་པ་སློབ་བུར་ཤེས་པར་བྱ། །དགོས་པའི་ཡོ་བྱད་རབ་བསགས་ལ། །ལས་ཀྱི་དཀྱིལ་འཁོར་ལས་རིམ་སྦྱར། །ཁྲུས་བྱས་དྲི་དང་ལྡན་པའི་བུས། །ངེས་པར་གནས་སུ་ཐལ་སྦྱར་ནས། །སྤྲད་དེ་སེམས་ལྔ་བསྐྱེད་པར་བྱ། །དེ་ལ་ལན་དུ་སྦྱིན་བྱ་བ། །ཨེ་མ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཁྱེད་ལ་རབ་ཏུ་བསྟན་པར་བྱ། །དཀྱིལ་འཁོར་དོན་དང་ཡོན་ཏན་རྣམས། །གསལ་བྱས་རབ་ཏུ་བྲོད་པ་བསྐྱེད། །རྡོ་རྗེས་ངེས་དྲལ་ཧཱུཾ་འོད་ཟེར། །རྡོ་རྗེ་སེམས་དཔར་རབ་གནས་བྱ། །དེ་བཞིན་ཡན་ལག་ལྡན་པ་ལ། །རྡོ་རྗེ་གོ་ཆས་ཁྱབ་པར་སྦྱར། །སོ་ཤིང་ཀུ་ཤ་བསྲུང་སྐུད་ཆུ། །སྦྱིན་ལ་ལས་སྦྱར་མཚན་མ་བརྟག །གང་ཞིག་ངན་པར་གྱུར་པ་ན། །རྡོ་རྗེ་གནོད་སྦྱིན་སྦྱར་བྱས་ཏེ། །མཆེ་བའི་ཕྱག་རྒྱས་བསྲུང་བར་བྱ། །ཨཱོཾ་བཛྲ་ཡཀྵ་ཀྲོ་དྷ་ས་མ་ཡ་ཧཱུཾ་ཕཊ། བར་ཆད་ཀུན་ལས་གྲོལ་བར་འགྱུར། ཐམས་ཅད་ཐམས་ཅད་དེ་བཞིན་ནོ། །དྲག་པོ་མེ་ཡིས་བཟློག་པར་བྱ། །ལས་རྗེས་ཤིས་པར་འགྱུར་བ་ཡིན། །ཞེས་སོ། །གསུམ་པ་དཀྱིལ་འཁོར་གྱི་རབ་གནས་ལའང་། སྔོན་དུ་བྱ་བ་དང་། དངོས་གཞི་དང་། རྗེས་ཀྱི་བྱ་བ་དང་གསུམ་དུ་གསུངས་ཏེ། །འདི་དག་གི་དོན་ནི། དཀྱིལ་འཁོར་ལ་སོགས་གང་བྱས་པ། །རབ་གནས་ཡེ་ཤེས་མི་ལྡན་རྣམས། །རྩོགས་དང་བྲི་བའི་ནུས་མཐུ་མེད། །དེ་བཞིན་མཁས་ཤེས་རབ་བསྒྲིམས་ཏེ། །བཅོས་བུའི་རས་ནི་སྣ་ཚོགས་དང་། །རྒྱན་ཕྲེང་བཏུང་དང་བྲོ་བས་བསྐོར། །མཆོད་པའི་རྣམ་པ་རྒྱས་པར་དགྲམ། །རང་གི་དཀྱིལ་འཁོར་ལེགས་མཆོད་ལ། །རྒྱས་པའི་སྦྱིན་སྲེག་ཤར་དུ་སྦྱར། །བ་ཆུ་རྣམ་ལྔས་ལེགས་བྱུགས་ལ། །ཙནྡན་དཀར་དམར་ཨུ་དུམ་བར། །ནྱ་གྲོ་ཏ་དང་པར་བ་ཏ། །ཤིང་ཤུན་ཕྱེ་མས་ཕྱི་བར་བྱ། །དེ་དག་ལ་སོགས་བུམ་ཆུ་རྣམས། །དངོས་མིན་གཟུགས་བརྙན་ལས་ཤེས་བྱ། །སྟོང་ཉིད་ཡེ་ཤེས་གསང་སྔགས་ཀྱི། །སྐུ་གསུང་ཐུགས་སོགས་ཆོས་ཐམས་ཅད། །གང་ནའང་མི་གནས་མི་དམིགས་པའི། །མིག་ཡོར་ཚུལ་དུ་སྦྱོར་བ་ཡིས། །ནམ་མཁའ་ལ་ནི་ནམ་མཁའ་སྒོམ། །ཨེ་སོགས་འབྲས་བུ་ཧཱུཾ་ཉིད་ལས། །དཀྱིལ་འཁོར་གདན་དང་ལྡན་པར་བྱ། །རྣམ་པའི་དཀྱིལ་འཁོར་རྗེས་དག་ཏུ། །ཡབ་ཡུམ་ལས་བྱུང་དངོས་པོ་གསུམ། །རྗེས་སུ་མཐུན་སྦྱར་གཉིས་བསྐྱེད་ལ། །ཡི་གེ་གདན་སྔགས་ཕྱག་རྒྱ་ལས། །སྐུ་གསུང་ཐུགས་ལྡན་བྱིན་གྱིས་བརླབ། །ཡེ་ཤེས་གསལ་བསྟིམ་གཟི་བྱིན་བསྐྱེད། །ཐུར་མ་སྙན་བཞར་རྨ་ཟེར་དང་། །ཚན་པ་གསེར་བྱས་ཚེམས་ཤིང་དངོས། །དབང་པོ་སྐྱོན་བསལ་སྤུ་བྲེག་པ། །ཤཱཀྱའི་དབང་པོ་ལ་སྦྱར་བྱ། །མངོན་ཤེས་གཉིས་དང་ཤངས་དག་ནི། །སེམས་ཀྱི་རྣམ་གྲངས་དེ་བཞིན་ཏེ། །ལྕེ་ནི་ཆོས་ཀྱི་རོ་མྱོང་ཞིང་། །མ་འདྲེས་སྟོན་པའི་མཆོག་གྱུར་ཏོ། །ཤིན་ཏུ་མཉམ་གཞག་ཐོབ་པ་དང་། །དུག་གསུམ་ཟུག་རྔུ་དག་གྱུར་སྐུ། །བུམ་ཆུ་ཅུང་ཟད་དབུས་བསྡུས་ལ། །རང་གི་བུམ་པའང་ཅིག་ཤོས་ཀྱིས། །དབང་བསྐུར་དབུ་རྒྱན་ལྡན་པར་བྱ། །སྨོན་ལམ་ཡེ་ཤེས་ལྔ་འབྲས་བུ། །བུ་དང་སེམས་ཅན་ཐམས་ཅད་ཡིན། །ཅོད་པན་ཐབས་དང་ཤེས་རབ་ཀྱིས། །གཉིས་ཀྱི་མཐའ་ལ་མི་གནས་ཤིང་། །ཏིང་འཛིན་སྨོན་ལམ་ལྡན་པར་བྱ། །རིན་ཅེན་ལས་བྱས་དཔུང་རྒྱན་སོགས། །མཛེས་པའི་རྒྱན་ལྔ་དབུལ་བར་བྱ། །རིན་ཅེན་ཕྲེང་བ་དབུ་རྒྱན་དང་། །གདུ་བུ་དོ་ཤལ་སྐུ་རགས་དག །འབྱོར་བའི་དད་པས་བདག་འབུལ་ན། །གཉིས་མེད་རྒྱན་དུ་བཞེས་སུ་གསོལ། །རྗེས་མཐུན་སྨོན་ལམ་ལོངས་སྤྱོད་སྐུ། །ཤིན་ཏུ་མཛེས་པར་གྱུར་པ་ལ། །སེང་སོགས་གདའ་རྣམས་དབུལ་བ་དང་། །ནན་ཏན་གུས་པས་ཕྱག་བྱའོ། །ས་པ་ལ་སོགས་མ་ལུས་པའི། །ཕྱག་ནས་སྨོན་པ་སྔོན་བཞིན་བྱ། །དུང་སོགས་རིན་ཅེན་སྣོད་ལྡན་པའི། །ཆུ་གཙང་ལ་སོགས་སྐུ་ཁྲུས་གསོལ། །དེ་ནས་ཁྲུས་རས་ཀྱིས་སྐུ་འཕྱི་བ་དང་། མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་ཆབ་དང་། དམ་རྫས་ལྔ་དང་། གཏོར་མ་དང་། ཏ་ན་དང་། ག་ན་དང་། འདོད་ཡོན་ལྔ་དང་། བླ་བྲེ་ལ་སོགས་པའི་ལྷབ་ལྷུབ་དང་ན་བཟའ་རྣམས་ཀྱང་ཚིགས་སུ་བཅད་པས་དབུལ་ཞིང་། གཞན་ཡང་མཎྜལ་དབུལ་བ། གླིང་བཞི་དཀྱིལ་འཁོར་རིན་ཅེན་ལྟར། །དཔག་བསམ་ཤིང་དང་རྫིང་བུས་མཛེས། །ལས་བཞིའི་ཁང་པར་བྱིན་བརླབས་ལ། །ལྷ་དང་ལྷ་མོའི་ཡིད་འོང་ལྡན། །ལྷག་པའི་ཏིང་འཛིན་མཆོད་པར་བྱ། །འཕགས་པའི་ནོར་བདུན་ཞིང་དག་པའི། །སྨོན་ལམ་རྗེས་སུ་གདབ་པར་བྱ། །བུ་དང་ཆུང་མ་ཡུལ་ཁམས་དང་། །བྲན་དང་བཞོན་པ་དེ་བཞིན་ཏེ། །སེམས་དང་རྫས་ཀྱི་འཁོར་གསུམ་པོ། །ཡོངས་སུ་དག་པར་བྱ་བ་ནི། །ཚོགས་ཀྱི་མཆོག་ཏུ་འདི་འགྱུར་རོ། །འདོད་ལྔ་ཚོགས་ཀྱི་མཆོད་པ་དག །མཁས་པས་གནས་སུ་སྟོབ་པར་བྱ། །གླུ་དབྱངས་ཚིགས་སུ་བཅད་པ་དང་། །གར་ཐབས་རོལ་མོས་ངེས་པར་སྦྱར། །བདེན་པའི་མཐུ་ཡིས་བསྐུལ་བྱས་ལ། །འདོད་པ་ཡོངས་སུ་མ་རྫོགས་པར། །ནམ་ཡང་བསྟན་པར་བྱ་བ་ཡིན། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཞེས་སོ། །དེ་ལྟར་རབ་ཏུ་གནས་པ་དེ་དག་གི་ཕྱག་ལེན་གྱི་དོན་གོ་བར་བྱ་བའི་ཕྱིར་ལུང་དང་སྦྱར་བ་ཡིན་ལ། འདིར་གཞུང་བཤད་ཀྱི་དབང་དུ་བྱས་ན་དོན་དྲུག་སྟེ། ཡོ་བྱད་དགྲམ་པ་དང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྦྱང་བ་དང་། རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། ཏིང་ངེ་འཛིན་གཉིས་ཀྱིས་སྦྱང་ཞིང་བསྐྱེད་པའི་ཡོན་ཏན་དང་། ཡེ་ཤེས་པ་སྤྱན་དྲང་ཞིང་གཞུག་པ་དང་། དེ་ལ་མཆོད་པ་དབུལ་བའོ། །དང་པོ་ཡོ་བྱད་དགྲམ་པ་ནི་བཅོས་བུའོ༴ བྲོ་བས་བསྐོར། ཞེས་པ་དེར་གདའ་ཞིང་། བཅོས་བུའི་རས་ནི་སྣ་ཚོགས་དང་། །ཞེས་པས། ཁ་དོག་བཅོས་བུའི་དཀར་དམར་ལ་སོགས་པའི་རས་ལ་ནི་དབྱིབས་བཅོས་པ་བླ་རེ་འཕན་གདུགས་ལ་སོགས་པ་སྣ་ཚོགས་པ་དང་། རྒྱན་ཕྲེང་བཏུང་དང་བྲོ་བསབསྐོར། །ཞེས་པས། རིན་པོ་ཆེའི་རྒྱན་ཆུ་འཕྱང་དང་། །ཕྲེང་བ་ལ་སོགས་པ་རྒྱན་གྱི་བྱེ་བྲག་སྣ་ཚོགས་པ་དང་། རོལ་མོའི་སྒྲ་སྣ་ཚོགས་དང་། འོག་རྒྱན་སྡེར་ཟངས་སུ་བཟའ་བཏུང་དང་གཡོས་ཀྱི་བྱེ་བྲག་རོ་བྲོ་བས་ཀྱང་བསྐོར་ཞིང་། གཞན་ཡང་དཀྱིལ་འཁོར་གྱི་རྒྱན་མདའ་བཞི་དར་སྣ་བཞི་ལ་སོགས་པ་དང་། མེ་ལོང་ཁྲུས་རས་ཆུ་བདུན་དབང་པོའི་སྐྱོན་བསལ་དང་། སྐུ་དང་རྒྱན་ཆས་ཀྱི་མངའ་གསོལ་གྱི་ཆས་ཕྱི་ནང་གསང་བའི་མཆོད་པའི་ཡོ་བྱད་དང་བཅས་པ་བཀོད་པ་ཕུན་སུམ་ཚོགས་པ་དང་ལྡན་པར་བྱའོ། །དེ་ཡང་འགྲེལ་ཆུང་ལས། རྒྱན་ནི་ཁ་དོག་བཅོས་པའི་སྣ་ཚོགས་རས། །བླ་རྒྱན་འོག་རྒྱན་བར་རྒྱན་མཛེས་པ་དང་། །རིན་ཅེན་སྣ་ཚོགས་མཛེས་པའི་ཕྲེང་བས་བསྐོར། །ཟུགས་སྒྲ་དྲི་རོ་བཟའ་བཏུང་དེ་བཞིན་བསྐོར། །ཞེས་གསུངས་སོ། །གཉིས་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྦྱང་བ་ནི། ལུས་ངག་སེམས་དང་༴ ནམ་མཁའ་བསྒོམ། །ཞེས་པ་དེར་གདའ་ཞིང་། དེ་ཡང་སྔོན་འགྲོ་ནས་བརྩམས་ཏེ། འདོད་དོན་གསོལ་བ་ཡན་ཆད་ཀྱི་ཞི་བའི་གཞུང་བསྲང་ཞིང་སྐུ་ཙཀླི། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གང་ཡིན་གྱི་ཕྱག་རྒྱ་དཀྱིལ་འཁོར་ལ་བཀོད་པ་རྣམས་དང་། ལུས་ངག་སེམས་དང་ཆོས་ཐམས་ཅད། །ཅེས་པས། རྣལ་འབྱོར་པའི་ལུས་ངག་སེམས་དང་དེར་མ་ཟད་རྒྱལ་བའི་སྐུ་གསུང་ཐུགས་དང་། འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་དོན་དམ་པར་སེམས་ཉིད་ཡིན་པ་ལས། གང་ནའང་མི་གནས་མི་དམིགས་ཏེ། །ཞེས་པས། སེམས་ཉིད་ལས་གཞན་ན་མེད་པས་གང་ནའང་མི་གནས་ཤིང་སེམས་ཉིད་རང་དུ་ཡང་མི་དམིགས་པ་སྟེ། དེ་ལྟར་རྟོགས་པ་ནི་ཆོས་སྐུའི་རབ་གནས་ཞེས་བྱའོ། །མིག་ཡོར་ཚུལ་དུ་སྦྱོར་བ་ཡིས། །ཞེས་པས། དེ་ཡང་དཔེར་ན་མིག་གི་ཡུལ་དུ་ཐོ་ཡོར་སྣང་བ་ལ་མིར་འཁྲུལ་པ་ལྟར་རང་གི་ངོ་བོ་ཉིད་མ་གྲུབ་པའི་ཚུལ་དུ་སྦྱོར་བ་སྟེ་རྟོགས་པ་ཡིས། ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་པས། སེམས་ཉིད་ཇི་ལྟ་བུའི་ངོ་བོར་ཡང་དམིགས་སུ་མེད་པ་མཐའ་བྲལ་སྟོང་པ་ནམ་མཁའ་ལྟ་བུར་གནས་པ་ལ་ནི་བློས་ཀྱང་མི་དམིགས་པར་རང་གསལ་བ་སེམས་ཉིད་མཐའ་དབུས་དང་བྲལ་བ་ནམ་མཁའ་ལྟ་བུར་བསྒོམ་མོ། །དེ་ལ་ཤཱུནྱ་ཏའི་སྔགས་ཀྱི་ང་རྒྱལ་གྱིས་ཀྱང་དངོས་པོ་དང་མཚན་མར་འཛིན་པ་ཐམས་ཅད་སྦྱང་བར་བྱའོ། །གསུམ་པ་རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་ན། ཏིང་འཛིན་རོལ་མོ༴ ཀུན་གྱི་དམ། །ཞེས་པ་དེར་གདའ་ཞིང་། ཏིང་འཛིན་རོལ་མོ་མཐའ་ཡས་མཆོག །ཅེས་པས། ཐོག་མར་འོག་ནས་རོལ་མོ་ཞེས་པས་དཔེར་བླངས་ཏེ། དཔེར་ན་རོལ་མོ་ནི་གཞི་མ་ངེས་པ་ལས་ཐབས་ཀྱིས་དྲངས་ནས་སྣ་ཚོགས་སུ་སྣང་བ་བཞིན་དུ་གོང་དུ་བཤད་པའི་མི་རྟོག་པའི་དེ་བཞིན་ཉིད་ཏིང་ངེ་འཛིན་སྟོང་པ་ཉིད་ཀྱི་ངང་ལས་ཡེ་ཤེས་རང་གསལ་སྐད་ཅིག་མ་རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གྱིས་དབང་སྒྱུར་ནས། འབྱུང་བ་དབང་ཆེན་གྱི་དཀྱིལ་འཁོར་དང་བཅས་པའི་གཞལ་ཡས་ཁང་གདན་དང་བཅས་པར་སྣང་བ་ནི་མཐའ་ཡས་པའི་མཆོག་སྟེ་མི་རྟོག་པའི་ཡེ་ཤེས་ལས་བྱུང་བའི་དཀྱིལ་འཁོར་རོ། །ཡི་གེའམ་གདན་ནམ་སྙིང་པོ་འམ། །ཞེས་པས། གཞལ་ཡས་ཁང་གི་གདན་ཐོག་དེ་དག་ཏུ་སྔར་བཀོད་པའི་ཧཱུཾ་མཱུཾ་ལ་སོགས་པའི་སྙིང་པོའམ་ཋ་ཐ་ལ་སོགས་པ་གསུང་ཡི་གེའི་དཀྱིལ་འཁོར་དང་། ཉི་ཟླ་ལ་སོགས་པའི་གདན་ལ་ཙ ཀླིའི་རྟེན་ནམ་ལུགས་མའམ་འབུར་དུ་དོད་པ་ལ་སོགས་པའི་ལྷ་སྐུ་བཀོད་པ་སྐུའི་དཀྱིལ་འཁོར་དང་། ཕྱག་རྒྱའམ་སྐུ་གསུང་ཐུགས་ལྡན་པར། །ཞེས་པས། ཕྱག་རྒྱ་ཐུགས་ཀྱི་དཀྱིལ་འཁོར་ཕྱག་མཚན་གང་ཡིན་པའམ་དེ་ལྟར་གོང་གི་རྟེན་གསུམ་པོ་གང་ཡིན་པ་དེ་ཉིད་ཆོ་ག་གསུམ་གྱིས་ལྷ་དམ་ཚིག་པར་བསྐྱེད་ལ་དེའི་གནས་གསུམ་དུ་སྐུ་གསུང་ཐུགས་གསུམ་གྱི་ལྷ་དང་ལྡན་པར་བསྐྱེད་ཅིང་། བྱིན་རླབས་ཡ་མཚན་རྨད་པོ་ཆེ། །ཞེས་པས། དེ་དག་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་ལྡན་པར་བྱིན་གྱིས་བརླབས་ཤིང་རང་བཞིན་ལྷུན་གྱིས་གྲུབ་པ་ཡེ་ཤེས་པའི་དཀྱིལ་འཁོར་སྤྱན་དྲངས་ཏེ་བསྟིམས་ནས་བརྟན་པར་བཞུགས་སུ་གསོལ་བ་ཡང་ནས་ཡང་དུ་བྱས་ན་དངོས་གྲུབ་ཡ་མཚན་ཅན་ཐུན་མོང་མ་ཡིན་པ་འབྱུང་བས་ན་རྨད་པོ་ཆེ་སྟེ། འགྲུབ་འགྱུར་སངས་རྒྱས་ཀུན་གྱི་དམ། །ཞེས་པས། དེ་ལྟ་བུའི་དངོས་གྲུབ་ཡ་མཚན་ཅན་རྨད་པོ་ཆེ་དེ་ཉིད་ཡོངས་སུ་འགྲུབ་པར་འགྱུར་ཏེ། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་དང་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསུམ་འཚོགས་པས་འབྲས་བུ་སྐུ་དང་ཡེ་ཤེས་འགྲུབ་པ་ལས་མི་འདའ་བའི་ཕྱིར་སངས་རྒྱས་ཀུན་གྱི་དམ་ཚིག་ཅེས་བྱའོ། །བཞི་པ་ཏིང་ངེ་འཛིན་གཉིས་ཀྱིས་སྦྱངས་ཤིང་བསྐྱེད་པའི་ཡོན་ཏན་བསྟན་པ་ནི། ས་ལ་སོགས་ལས༴ དགོས་ཏེ་དེ་ཉིད་ཡིན། །ཞེས་པ་དེར་གདའ་ཞིང་། འོ་ན་འབྲས་བུ་དེ་གཞན་དུ་འཚོལ་ལམ་སྙམ་པ་ལ། ས་ལ་སོགས་ལས་ཕྱག་རྒྱར་བྱས། །ཞེས་པས། ས་སྟེ་འཇིང་པ་ལ་དེ་ལྟར་བྱས་པ་དང་ལ་སོགས་པའི་སོགས་ཁོང་ནས་གསེར་དངུལ་རག་གན་ཟངས་ལ་ལུགས་སུ་བླུག་པའམ། རྭ་ཤིང་རུས་པ་རྡོ་ལ་སོགས་པ་ལ་རྐོས་སུ་བརྐོས་བའམ། དར་རས་གྲོ་ཤོག་ཤིང་ཤུན་ལ་སོགས་པ་ལ་རིས་སུ་བྲིས་པ་སྟེ། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་དབྱིབས་སུ་བྱས་ཤིང་མཆོད་པ་དང་བསྟོད་པ་བྱས་པ་ཙམ་གྱིས། རྣམ་གྲོལ་རིམ་པ་ཐོབ་པར་འགྱུར། །ཞེས་པས། རྒྱུ་འབྱོར་པ་ཆེ་ཆུང་དང་སེམས་དག་ཚབས་ཆེ་ཆུང་གི་དབང་གིས་འཁོར་བའི་སྡུག་བསྔལ་ལས་རྣམ་པར་གྲོལ་བའི་རིམ་པ་གནས་སྐབསཀྱི་འབྲས་བུ་མཐོ་རིས་དང་། མཐའ་ཐུག་གི་འབྲས་བུ་ཐར་པ་ཐོབ་པར་འགྱུར་ན། དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །ཞེས་པས། གཟུང་འཛིན་དག་པའི་ཡེ་ཤེས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྦྱངས་ཤིང་རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལྷར་བསྐྱེད་པས། སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་པས། འབྲས་བུ་ཐོབ་པ་ལ་སྨོས་ཅི་དགོས་ཏེ། སེམས་ཀྱི་རྣམ་པ་ལྷའི་སྐུར་གསལ་བ་དེ་ཉིད་རང་འབྲས་བུ་ཡིན་ནོ། །ལྔ་པ་ཡེ་ཤེས་པ་སྤྱན་དྲང་ཞིང་གཞུག་པ་ནི། ཕྱོགས་དུས་དཀྱིལ་འཁོར༴ དམ་ཚིག་མཆོག །ཅེས་པ་དེར་གདའ་ཞིང་། དེ་ཡང་གང་སྤྱན་དྲང་ན། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །ཞེས་པས། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་ཁོ་ན་ཡིན་པ་དེ་སྤྱན་དྲངས་པའོ། །གང་ནས་སྤྱན་དྲང་ན། མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །ཞེས་པས། སེམས་ཉིད་དེའི་ངོ་བོ་ཉིད་ནི་ཅིར་ཡང་མི་དམིགས་པ་ཐུགས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངང་ལ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེ་ལས་སྤྱན་དྲངས་པའི་མང་ཉུང་གི་ཚད་ཇི་ཙམ་སྤྱན་དྲང་ན། དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །ཞེས་པས། དཀྱིལ་འཁོར་དེ་ཉིད་གཅིག་ཀྱང་དོན་ཡེ་ཤེས་ལྔ་ལྔ་ལ་སོགས་པར་གསལ་བ་ལས་རྟགས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་དུ་རང་སྣང་བའི་ཕྱིར་བློས་ཚད་བཟུང་དུ་མེད་དེ། ཆོས་ཀྱི་དབྱིངས་མཐའ་ཀླས་པའི་བདེ་བར་གཤེགས་པའི་དཀྱིལ་འཁོར་ཡེ་ཤེས་པ་ཐམས་ཅད་སྤྱན་དྲང་ངོ་། །གང་ལ་བརྟེན་ནས་དྲང་ན། རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །ཞེས་པས། དེ་ཡང་གུད་ན་མེད་དེ། སེམས་ཉིད་རང་སྣང་བ་ཕུང་པོ་ལ་སོགས་པའི་རྟོག་པ་རྣམས་རིག་པ་རང་སྣང་བ་འབྲས་བུ་སྐུ་དང་ཡེ་ཤེས་སུ་དབྱེར་མེད་པ་དམ་པའི་དཀྱིལ་འཁོར་དེ་ལ་སྤྱན་དྲང་བའོ། །དེ་ཚུལ་ཇི་ལྟར་བསྟིམ་ན། ཕྱག་རྒྱ་བཞིས་ཡེ་ཤེས་པ་དམ་ཚིག་པ་ལ་བསྟིམས་བརྟན་པར་བཞུགས་སུ་གསོལ་བ་བྱས་ནས་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་གྱུར་བའོ། །དེའི་དགོས་ཆེད་ཅི་ཞེ་ན། འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཞེས་པས། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གྱིས་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་མཉམ་པར་སྦྱོར་བས་ཏེ་ཉམས་སུ་ལོན་པར་བསྒོམས་པས་ཡོན་ཏན་ཇི་ལྟ་བུ་འབྱུང་ན། ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །ཞེས་པས། ཕྱོགས་བཅུ་དང་དུས་བཞི་ཀུན་ནས་བདག་དོན་དུ་ཡང་དག་པའི་ས་དང་། གཞན་དོན་དུ་སེམས་ཅན་གྱི་དོན་ལ་གཤེགས་པ་ཡི་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཡོན་ཏན་རྫོགས་ཤིང་། བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཞེས་པས། སྔ་མ་ལ་བསྙེན་ཅིང་བསྒྲུབས་པའི་ཡི་དམ་གྱི་ལྷ་བདེ་བར་གཤེགས་པའི་དཀྱིལ་འཁོར་མ་ལུས་པའི་ཡོན་ཏན་ཐམས་ཅད་ཀྱང་བདག་གིས་རང་རིག་པ་ཡེ་ཤེས་ཀྱི་ངང་དུ་རབ་ཏུ་རྫོགས་པར་བྱེད་དོ། །དེ་ལྟ་བུའི་དངོས་གྲུབ་དེ་དུས་ནམ་རྫོགས་པར་བྱེད་ན། ཉེ་བར་གྱུར་པའི་དམ་ཚིག་མཆོག །ཅེས་པས། ཉེ་བར་གྱུར་པའི་དུས་དེ་འདི་ཉིད་རང་དུ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཅི་འདོད་པ་ཐམས་ཅད་ཡོངས་སུ་གྲུབ་པར་གྱུར་པ་ལས་མི་འདའ་བས་ན་དམ་ཚིག་མཆོག་སྟེ་བསླུ་བ་མེད་པའི་འབྲས་བུ་ཐོབ་པའི་ཕྱིར་རོ། །འོ་ན། དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །ཞེས་པས། རྣམ་པ་ཐམས་ཅད་སྤྱན་འདྲེན་པ་ཡིན་ནམ་གྲངས་ཐམས་ཅད་སྤྱན་འདྲེན་པ་ཡིན། སྔ་མ་ལྟར་ན་ཞི་བའི་སྐབས་སུ་ཁྲོ་བོ་ཡང་སྤྱན་འདྲེན་པར་འགྱུར་ལ། ཕྱི་མ་ལྟར་ན་བསྡུས་པ་བཅོ་བརྒྱད་པའི་སྐབས་སུ་རྒྱས་པ་བརྒྱད་ཅུ་རྩ་གཉིས་པ་ཡང་སྤྱན་འདྲེན་པར་འགྱུར་རོ་ཞེ་ན། རྣམ་པ་ཞི་ཁྲོ་གང་ཡིན་ལ་གྲངས་རྒྱས་འབྲིང་བསྡུས་པ་གང་ཡིན་པ་ཐམས་ཅད་སྤྱན་འདྲེན་པ་ཡིན་གསུང་ངོ་། །དྲུག་པ་དེ་ལ་མཆོད་པ་དབུལ་བ་ལ་གསུམ་སྟེ། ཕྱི་ནང་གི་མཆོད་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་དང་། གསང་བའི་མཆོད་པའོ། །དང་པོ་ཕྱི་ནང་གི་མཆོད་པ་ནི། གླུ་ཚིག་བྲོ་གར༴ ལས་བཞིན་མཆོད། །ཅེས་པ་དེར་གདའ་ཞིང་། གླུ་ཚིག་བྲོ་གར་རོལ་མོ་ཡི། །ཞེས་པས། དེ་ཡང་ཕྱིའི་མཆོད་པ་རྣམ་པ་ལྔ་དང་། གཞན་ཡང་བླ་རེ་དང་། འཕན་གདུགས་དང་། རོལ་མོའི་བྱེ་བྲག་སྣ་ཚོགས་དང་། ནང་གི་མཆོད་པ་དམ་རྫས་ལྔ་དང་། ཚོགས་ཀྱི་ཡོ་བྱད་དང་། གླུ་ཚིག་སྟེ་གླུ་ཡེ་ཤེས་ཀྱི་མཆོད་པ་དང་། རྐང་པའི་བྲོ་དང་ལག་པའི་གར་ཏེ་གར་ཡེ་ཤེས་ཀྱི་མཆོད་པ་སུ་ར་ཏོ་བཅུ་དྲུག་དང་། གཞན་ཡང་རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ལ་སོགས་པ་དུ་མ་ཡིས། སྤྲིན་ཕུང་ཚོགས་ཀྱི་རབ་ཏུ་མཆོད། །ཅེས་པས། དེ་ལྟར་མཆོད་པའི་ཚོགས་དེ་དག་མང་ཉུང་གི་ཚད་ནི་སྤྲིན་ཕུང་གི་ཚོགས་ཀྱིས་ནམ་མཁའི་ཁམས་རབ་ཏུ་གང་བ་ཙམ་གྱིས་མཆོད་པ་འབུལ་བའོ། །ཡུམ་དང་འཇོ་མ་སེམས་མ་ཡིས། །ཞེས་པས། གསང་བའི་ཡུམ་ཟ་བྱེད་རྒྱས་འདེབས་ཚེ་འཕེལ་རྨོངས་བྱེད་མ་བཞིའམ། ཡང་ན་རིགས་ཀྱི་ཡུམ་བཞི་དང་འཇོ་མ་སྟེ་ལྕགས་ཀྱུ་མ་ལ་སོགས་པའི་སྒོ་མ་བཞི་དང་། ནང་གི་སེམས་མ་བཞི་དང་ཕྱིའི་སེམས་མ་བཞིའི་ཚོགས་རྣམས་ཀྱང་ནམ་མཁའི་ཁམས་གང་བ་ཙམ་གྱིས་མཆོད་པ་འབུལ་བ་སྟེ། ཇི་ལྟར་འདོད་པའི་ལས་བཞིན་མཆོད། །ཅེས་པས། མཆོད་པ་དེ་དག་གི་བསམ་པ་དང་བསྐུལ་བའི་ཚིག་ནི་ཞི་རྒྱས་དབང་དྲག་གི་དངོས་གྲུབ་ཇི་ལྟར་འདོད་པའི་ཕྲིན་ལས་བཞིའི་གཞུང་བཞིན་དུ་མཆོད་པའོ། །གཉིས་པ་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་ནི། མཆོད་པའི་ཕྱག་རྒྱ༴ ཕྱག་རྒྱ་ཆེན་པོར་བསྒོམ། །ཞེས་པ་དེར་གདའ་ཞིང་། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །ཞེས་པས། སྤྱིར་ཐབས་གང་གིས་རྒྱལ་བ་རྣམས་མཉེས་པར་བྱེད་པའི་དོན་གྱིས་ན་མཆོད་པའི་སྟེ་སྣང་གྲགས་ཐམས་ཅད་མཆོད་རྫས་ལས་མི་འདའ་བས་ཕྱག་རྒྱ། མཆོད་པ་གཞན་ལས་ཁྱད་པར་དུ་གྱུར་པས་ཆེན་པོ། མཆོད་པ་དེ་དག་སེམས་ཉིད་དུ་ཤེས་པས་གཉིས་སུ་མེད་པའི་ངོ་བོར་ཕུལ་བ་ནི་མཆོད་པའི་མཆོག་ཅེས་བྱའོ། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཞེས་པས། སེམས་ཉིད་ཀྱི་ངོ་བོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ཇི་ལྟར་བསམ་པ་ལྟར་སྣང་བའི་སྟོབས་ཀྱི་སེམས་ཀྱི་མངོན་པར་སྤྲུལ་པའི་མཆོད་པའི་ཡོ་བྱད་མང་ཉུང་གི་ཚད་བསམ་གྱིས་མི་ཁྱབ་པ་སྤྲིན་ཕུང་གི་ཚོགས་ཀྱིས་མཆོད་པར་བྱ་བ་སྟེ། ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །ཞེས་པས། དེ་ཡང་བདག་གི་ཐུགས་ཀའི་ས་བོན་ལས་ཡི་གེ་བྷྲཱུཾ་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་བྱིན་གྱིས་བརླབས་པ་སྟེ། མཉེན་འཇམ་རེག་ན་བདེ་བ་དང་། །ཞེས་པས། ཞིང་ཁམས་དེ་དག་ཀྱང་མཉེན་པ་དང་། འཇམ་པ་དང་། རེག་ན་ཤིན་ཏུ་བདེ་བ་དང་ལྡན་པ་སྟེ། སྣ་ཚོགས་རིན་པོ་ཆེ་ཡི་གཞི། །ཞེས་པས། འོག་གཞི་སྣ་ཚོགས་པའི་རིན་པོ་ཆེ་ལས་གྲུབ་པ་ཡི་ས་གཞི་མནན་ན་ནེམས་པ། བཏེག་ན་འཕར་བ། མཛེས་པས་བྲིས་ཤིང་སྤྲས་པ་དང་། །ཞེས་པས། མཛེས་པར་བྱེད་པའི་རེའུ་མིག་རིན་པོ་ཆེའི་མིག་མངས་རིས་སུ་བྲིས་ཤིང་། རིན་པོ་ཆེའི་ཕྲ་མིག་དུ་མས་སྤྲས་པ་དང་། ཀུན་འབྱུང་རིན་ཅེན་ཕུང་པོ་འབར། །ཞེས་པས། རི་དང་རི་ཕྲན་ཐམས་ཅད་ལ་ཡི་གེ་ཏྲཾ་འཕྲོས་པ་ལས་ཡོན་ཏན་ཀུན་འབྱུང་བ་ནོར་བུ་རིན་ཅེན་གྱི་ཕུང་པོ་འོད་འབར་བར་བྱིན་གྱིས་བརླབས་པ་དང་། དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །ཞེས་པས། ཆུ་བོ་དང་ཆུ་ཕྲན་ཐམས་ཅད་ལ་ཡི་གེ་ཨ་འཕྲོས་པས་དབྱིབས་ལེགས་ཤིང་བང་རིམ་དང་ལྡན་པ་རིན་པོ་ཆེ་ལས་གྲུབ་པའི་རྫིང་བུ་ཆུ་ཡན་ལག་བརྒྱད་ལྡན་ཡིས་གང་བ། རོ་བྲོ་བའི་མཆོག་ཏུ་གྱུར་པ་བསིལ་ཞིང་དྭངས་པར་བྱིན་གྱིས་བརླབ་པ་དང་། རིན་ཅེན་ཁང་པ་སྣ་ཚོགས་དང་། །ཞེས་པས། ཁང་ཁྱིམ་དང་སྦྲ་གུར་ལ་སོགས་པ་འགྲོ་བ་སོ་སོའི་གནས་ཁང་ཐམས་ཅད་ལ་ཡི་གེ་བྷྲུཾ་འཕྲོས་པས་གནས་ཁང་ཐམས་ཅད་རྒྱུ་ནོར་བུ་རིན་ེཅེན་ལས་གྲུབ་པའི་གཞན་ཡས་ཁང་སྣ་ཚོགས་པར་བྱིན་གྱིས་བརླབ་པ་དང་། རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །ཞེས་པས། རྩི་ཤིང་དང་ནགས་ཚལ་ཐམས་ཅད་ལ་ཡི་གེ་ཏྲཾ་འཕྲོས་པས་ཞིང་ཁམས་ཀྱི་མཛེས་པའི་རྒྱན་དང་། མཆོད་རྫས་སུ་གྱུར་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་དཔག་བསམ་གྱི་ལྗོན་ཤིང་རྒྱས་པའི་ཚལ་དུ་བྱིན་གྱིས་བརླབ་པ་དང་། གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །ཞེས་པས། སེམས་ཀྱིས་ཟིན་པ་དང་མ་ཟིན་པའི་སྒྲ་སྐད་ཐམས་ཅད་ལ་ཡི་གེ་ཧྲཱིཿའཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པའི་གླུ་དབྱངས་དང་སེམས་ཅན་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚིགས་སུ་བཅད་པའི་སྒྲར་བྱིན་གྱིས་བརླབ་པ་དང་། བླ་བྲེ་རྒྱལ་མཚན་ན་བཟའ་གདུགས། །ཞེས་པས། གོས་དང་ལྷབ་ལྷུབ་ཐམས་ཅད་ལ་ཡི་གེ་མཾ་འཕྲོས་པས་ལྷ་རྫས་ལས་གྲུབ་པའི་བླ་བྲེ་དང་། རྒྱལ་མཚན་དང་། ལྷའི་ན་བཟའ་དང་། གདུགས་དང་། བ་དན་དང་། ལྷབ་ལྷུབ་ལ་སོགས་པར་བྱིན་གྱིས་བརླབ་པ་དང་། དོ་ཤལ་དཔུང་རྒྱན་སེ་མོ་དོ། །ཞེས་པས། སེམས་ཅན་གྱི་རྒྱན་ཐམས་ཅད་ལ་ཡི་གེ་ཏྲཾ་འཕྲོས་པས་རིན་པོ་ཆེའི་དོ་ཤལ་དང་། དཔུང་རྒྱན་དང་། སེ་མོ་དོ་དང་། ཕྱག་གདུབ་ལ་སོགས་པར་བྱིན་གྱིས་བརླབ་པ་དང་། བཟའ་དང་བཏུང་བའི་མཆོག་རྣམས་དང་། །ཞེས་པས། འགྲོ་བ་སོ་སོའི་བཟའ་བཏུང་གི་ལོངས་སྤྱོད་ཐམས་ཅད་ལ་ཡི་གེ་ཨ་འཕྲོས་པས་བདུད་རྩིའི་རང་བཞིན་གྱི་བཟའ་བ་དང་བཏུང་བ་རོ་བྲོ་བའི་མཆོག་སྣ་ཚོགས་པ་རྣམས་སུ་བྱིན་གྱིས་བརླབ་པ་དང་། རང་ལ་མཛེས་པར་བརྒྱན་པ་ཡི། །ཞེས་པས། འགྲོ་བ་ཐམས་ཅད་ཀྱང་རང་ལ་མཛེས་པར་བྱེད་པའི་རྒྱན་ཁྱད་པར་ཅན་དུ་མས་བརྒྱན་པའི་ལག་ན་མཆོད་རྫས་འདོད་པའི་ཡོན་ཏན་སྣ་ཚོགས་ཐོགས་པའི་ལྷ་དང་ལྷ་མོར་བྱིན་གྱིས་བརླབ་པ་དང་། ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །ཞེས་པས། ལྷ་དང་ལྷ་མོ་དེ་དག་རེ་རེ་ཡང་བསམ་གྱིས་མི་ཁྱབ་པ་ཞིང་གི་རྡུལ་སྙེད་དུ་གྱུར་པའི་ཚོགས་ཀྱིས། བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཞེས་པས། ལྷ་དང་ལྷ་མོ་དེ་དག་གི་རྐང་པའི་བྲོ་དང་། ལག་པའི་གར་དང་། ངག་གི་གླུ་ཚིག་ལ་སོགས་པ་བསམ་ཡས་པ་སྣ་ཚོགས་ཀྱིས་མཆོད་པ་དབུལ་བའོ། །མཆོད་པ་དེ་དག་མང་ཉུང་གི་ཚད་ཇི་ཙམ་འབུལ་སྙམ་ན། ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །ཞེས་པས། ཕྱོགས་བཅུ་ནས་ནམ་མཁའི་ཁམས་ཐམས་ཅད་གང་བར་བཀང་ནས་དབུལ་ལོ། །དེ་དག་གང་ལ་འབུལ་སྙམ་ན། །དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ། །ཞེས་པས། རྒྱལ་བའི་དཀྱིལ་འཁོར་གསུམ་པོ་ཐམས་ཅད་ཀུན་ལ་རྒྱས་པར་དབུལ་བ་སྟེ་མཆོད་པ་གནས་སུ་སྟོབ་བར་དབུལ་བའོ། །མཆོད་པའི་རྫས་དེ་དག་གང་གིས་དབུལ་སྙམ་ན། སྐལ་ལྡན་ཞེས་པས། སྐལ་བ་དང་ལྡན་པའི་རྣལ་འབྱོར་པས་དབུལ་ལོ། །དབུལ་བའི་ཚུལ་ཇི་ལྟར་དབུལ་སྙམ་ན། གསལ་བའི་ཁྱད་པར་གྱིས། །ཞེས་པས། རྣལ་འབྱོར་པ་བློ་གསལ་བ་དང་མི་གསལ་བའི་ཁྱད་བར་གྱིས། རིམ་མམ་ཡང་ན་ཅིག་ཅར་དུ། །ཞེས་པས། རྣལ་འབྱོར་པ་བློ་མི་གསལ་ན་མཆོད་པ་རྣམས་ཚིག་གི་རིམ་པ་ལྟར་རིམ་གྱིས་དབུལ་བའམ། ཡང་ན་བློ་ཤིན་ཏུ་གསལ་བས་ཅིག་ཅར་དུ་སྐད་ཅིག་དྲན་རྫོགས་ཀྱིས་དབུལ་བར་བྱའོ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །ཞེས་པས། དེ་ལྟར་མཆོད་པ་རྣམས་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པ་རང་རིག་པ་དང་མཉམ་པར་བློ་ལ་སྦྱོར་ཞིང་ཆོས་ཉིད་ལ་ཆོས་ཉིད་ཐིམ་པའི་ཚུལ་དུ་དབུལ་ལོ། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །ཞེས་པས། སྣང་སྲིད་ཐམས་ཅད་མཆོད་པའི་རྫས་ལས་མི་འདའ་བས་ན་ཕྱག་རྒྱ། དེ་ལྟ་བུའི་མཆོད་པ་དེ་ནི་ཐེག་པ་འོག་གི་མཆོད་པ་ལས་དཔགས་པས་ཆེན་པོ། ཚུལ་དེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པར་བསྒོམ་པ་ནི་མཆོད་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཞེས་བྱའོ། །གསུམ་པ་གསང་བའི་མཆོད་པ་བསྟན་པ་ནི། །གསལ་ལྡན་མའམ༴ མངོན་དུ་འགྱུར། །ཞེས་པ་དེར་གདའ་ཞིང་། གསལ་ལྡན་མའམ་བྱིན་བརླབས་ལ། །ཞེས་པས། མཆོད་པའི་ཡུམ་ཡང་ཤེས་རབ་ཆེ་ཞིང་ཏིང་ངེ་འཛིན་གསལ་བ་དང་ལྡན་མ་ཅན་ཡིན་ན། ཡུམ་རང་གིས་བསྒོམ་པའམ་མི་ལྡན་ན་གཙོ་བོ་ཡབ་ཀྱིས་བྱིན་གྱིས་བརླབས་ལ། སྟོང་གསུམ་ཡུངས་འབྲུར་གཞུག་ཚུལ་དུ། །ཞེས་པས། དཔེར་ན། བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཅན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོ་ཡུངས་འབྲུ་གཅིག་གི་ནང་དུ་གཞུག་པ་སྟེ་བཅུག་ཀྱང་ཡུངས་འབྲུ་ཆེར་མ་སོང་སྟོང་གསུམ་ཆུང་དུ་མ་སོང་བའི་ཚུལ་དུ་ཡུམ་གྱི་མཁའི་སྣ་རྩེ་ཡུངས་འབྲུ་ཙམ་ལ་གཞལ་ཡས་ཁང་རྫོགས་པར་བསྐྱེད་ནས་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གང་རུང་གི་ལྷ་རྣམས་ཚང་བར་བཀོད་ལ། དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད། །ཅེས་པས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་རང་བཞིན་གྱི་དཀྱིལ་འཁོར་རམ་ལུས་ཀྱི་རྩ་གནས་ནས་བྱང་ཆུབ་ཀྱི་སེམས་སྤྱན་དྲངས་ཤིང་དམ་ཚིག་གི་ལྷ་ལ་ཡེ་ཤེས་པ་བསྟིམ་པའམ་བྱང་ཆུབ་ཀྱི་སེམས་ཉི་ཟླ་གཉིས་མེད་དུ་བསྟིམ་ཞིང་ཡུམ་དང་རོལ་པས་གསང་བ་བདེ་བའི་མཆོད་པ་ཡུམ་གྱི་མཁའ་ལ་གནས་པའི་དཀྱིལ་འཁོར་གྱི་ལྷ་དེ་དག་ལ་དབུལ་ལོ། །མཉེས་ནས་གྲུབ་པའི་དམ་ཚིག་མཆོག །ཅེས་པས། དེ་ལྟར་ཡབ་ཡུམ་གཉིས་ཕྱག་རྒྱ་བཞིས་རོལ་པའི་བདེ་བ་ལ་བདག་ཉིད་ཀྱི་ཇི་ལྟར་མྱོང་བ་ལྟར་བདེ་བའི་མཆོད་པས་རྒྱལ་བ་ཐམས་ཅད་བདེ་བས་མཉེས་ནས་དེའི་བྱིན་རླབས་ཀྱིས་སྲིད་གསུམ་གྱི་འགྲོ་བ་ཐམས་ཅད་ཀྱང་བདེ་བས་ཚིམ་པར་གྱུར་ཏེ་རྒྱལ་བ་ཐམས་ཅད་མངོན་སུམ་དུ་གྲུབ་པ་ལས་མི་འདའ་བའི་དམ་ཚིག་འདི་ནི་མཆོད་པ་གཞན་ལས་ཁྱད་པར་དུ་གྱུར་པས་ན་མཆོག་གོ། །བདག་ཉིད་ཆེན་པོ་མཆོད་པ་ཡིས། །ཞེས་པས། ལྷ་ཀུན་གྱི་བདག་ཉིད་ཆེན་པོ་རྣལ་འབྱོར་པ་ཡབ་ཡུམ་གཉིས་ཡི་དམ་གྱི་ལྷར་གསལ་བ་དང་། ཡུམ་གྱི་མཁའི་དཀྱིལ་འཁོར་གྱི་ལྷ་རྣམས་བྱང་ཆུབ་སེམས་ཀྱི་མཆོད་པ་ཡིས། སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས། །ཞེས་པས། སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་བདག་ཉིད་ཀྱི་རང་རིག་པའི་ཡེ་ཤེས་ལས་ཐ་མི་དད་པས་ན་མཉེས་ཤིང་། སྲིད་གསུམ་འགྲོ་བ་ཐམས་ཅད་ལ། །ཞེས་པས། རྒྱལ་བ་རྣམས་མཉེས་པ་དེའི་བྱིན་རླབས་ཀྱིས། སྲིད་གསུམ་ནི་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཀྱི་ཁམས་གསུམ་ཡིན་ཏེ། དེས་བསྡུད་པའི་འགྲོ་བ་རིགས་དྲུག་དང་དེ་དག་བསྐྱེད་པའི་ས་བོན་ཨ་ནྲྀ་སུ་ཏྲི་པྲེ་དུཿ ཐམས་ཅད་ལ། དགའ་བ་ཆེན་པོས་ཁྱབ་པར་འགྱུར། །ཞེས་པས། བྱང་ཆུབ་ཀྱི་སེམས་བདེ་བའི་རོ་དགའ་བ་ཆེན་པོས་ཁྱབ་ནས་ཚིམ་པར་འགྱུར་རོ། །སྒྱུ་འཕྲུལ་དྲྭ་བ་བརྟན་པ་ཡིས། །ཞེས་པས། སྒྱུ་མ་མཚོན་པ་ལྷ་ཡུམ། འཕྲུལ་པ་མཚོན་པ་ལྷ་ཡབ། དྲྭ་བ་མཚོན་པ་ཟུང་དུ་འབྲེལ་བ་སྟེ། སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཀྱི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པའི་ཚད་གསལ་བ་ཡུལ་གྱིས་མི་འཕྲོགས་པའི་རྣལ་འབྱོར་པ་ཡིས་འབྲས་བུ་ཇི་ལྟར་འཐོབ་ཅེ་ན། ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །སངས་རྒྱས་དཀྱིལ་འཁོར་མ་ལུས་དང་། །ཁམས་གསུམ་འགྲོ་རྣམས་མངོན་དུ་འགྱུར། །ཞེས་པས། ཕྱོགས་བཅུ་དང་དུས་བཞིར་ཡང་དག་པའི་སའམ་འགྲོ་བའི་དོན་ལ་གཤེགས་པ་ཡི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་དང་ཁམས་གསུམ་གྱི་འགྲོ་བ་སེམས་ཅན་རྣམས་ཀྱི་ཁམས་དང་བསམ་པ་ཐམས་ཅད་རང་རིག་པའི་མངོན་སུམ་དུ་གཉིས་མེད་དུ་གསལ་བར་འགྱུར་བ་ཡིན་ནོ། །བརྒྱད་པ་སྦྱིན་སྲེག་བསྟན་པ་ནི། དབྱིབས་དང་ཁ་དོག༴ རབ་ཏུ་སྦྱིན། །ཞེས་པ་དེར་གདའ་ཞིང་། དབྱིབས་དང་ཁ་དོག་མཚན་ལྡན་པར། །ཞེས་པས། ཐབ་ཀྱི་རྣམ་པ་ནི་ཞི་བ་ལ་ཟླུམ་པོའམ་འཁོར་ལོ་རྩིབས་བཞི་པ། རྒྱས་པ་ལ་གྲུ་བཞི་པའམ་རིན་པོ་ཆེ་ཟུར་བརྒྱད་པ། དབང་ལ་ཟླ་གམ་མམ་པདྨ་འདབ་མ་བརྒྱད་པ། དྲག་པོ་ལ་གྲུ་གསུམ་དང་ཁྲོ་ཞལ་ལམ་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་ཅན་དང་། ཁ་དོག་ནི་གོ་རིམ་བཞིན་དཀར་པོ་སེར་པོ་དམར་པོ་དྲག་པོ་ལ་མཐིང་ནག་གོ། །མཚན་མ་ནི་ཞི་བ་ལ་འཁོར་ལོ་དཀར་པོ་ཨཱོཾ་གྱིས་མཚན་པ། རྒྱས་པ་ལ་རིན་པོ་ཆེ་སེར་པོ་ཏྲཾ་གིས་མཚན་པ། དབང་ལ་པདྨ་དམར་པོ་ཧྲིཿས་མཚན་པ། དྲག་པོ་ལ་རྡོ་རྗེའམ་ཁ་ཊྭྃ་ག་མཐིང་ནག་ཧཱུཾ་གིས་མཚན་པ་དང་ལྡན་པར་བྱའོ། །ཞལ་དུ་གྱུར་པའི་ཞེས་པས། སྲེག་ལྷ་ཀུན་གྱི་ཞལ་དུ་གྱུར་པའི་མེ་ལྷ་ལས་བཞི་གང་བྱེད་ཀྱི་སྐུ་མདོག་ཕྱག་མཚན་དང་ལྡན་པའི་དམ་ཚིག་པ་བསྐྱེད། དབང་བསྐུར་བྱིན་གྱིས་བརླབ། མེ་བོས་ལ། ཞེས་པས། ཡེ་ཤེས་ཀྱི་མེ་ལྷ་སྙན་གསན་དབབ། དད་པ་དང་ནི་དམ་ཚིག་གིས། །ཞེས་སོགས་ཀྱིས་བོས་ལ་དམ་ཚིག་གི་མེ་ལྷ་ལ་བསྟིམ་མཆོད་བསྟོད་བྱས་ལ་ལས་བཞི་གང་ཡིན་གྱི་སྨོན་ལམ་གདབ། དེ་ནས་སྲེག་ལྷ་དམ་ཚིག་པ་བསྐྱེད་དབང་བསྐུར་བྱིན་གྱིས་བརླབ། ཡེ་ཤེས་ཀྱི་སྲེག་ལྷ་དབབ་དྲངས་བསྟིམ་ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད་ལ། བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ཞེས་པས། བཟའ་བ་དང་བཏུང་བ་ལ་སོགས་པ་རོ་བྲོ་བའི་ཚོགས་ཀྱིས་སྲེག་རྫས་རྣམས་ལས་བཞི་གང་བྱེད་ཀྱི་ཚིག་དང་སྔགས་ཀྱིས་ཕྲིན་ལས་བཞི་གང་བྱེད་པའི་སྐབས་དང་སྦྱར་ལ་མཆོད་པ་དབུལ་ཞིང་བདེན་པ་དང་སྨོན་ལམ་བརྗོད་ནས། ཕྱོགས་བཅུ་དུས་བཞིས་བསྟོད། དེ་ནས་ཁྲོ་བོར་བསྒྱུར་ལ་དབབ་དྲངས་བསྟིམ་ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད་ལ། ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་པས། སྔར་བཞིན་ལས་བཞི་གང་བྱེད་པའི་སྐབས་དང་སྦྱར་བའི་སྦྱིན་སྲེག་གི་མཆོད་པ་རབ་ཏུ་སྦྱིན་པར་བྱ་ཞིང་བདེན་པ་དང་སྨོན་ལམ་བརྗོད་ནས། གཏུམ་ཆེན་གྱི་བསྟོད་པ་བྱ་ཞིང་། བྲོ་ལ་སོགས་པའི་ལས་རྗེས་རྣམས་རྒྱས་པར་བྱ་བའོ། །དེ་དག་ནི་གཞུང་ཚིག་གི་སྐབས་སུ་འབྲུ་བསྣན་པ་ཙམ་དུ་བྱས་པ་ཡིན་ལ། རྒྱས་པར་ལུང་དང་སྦྱར་ཏེ་བཤད་ན། རྡོ་རྗེ་ལས་རིམ་ལས། སྦྱིན་སྲེག་རྣམ་པ་བཞིར་གསུངས་ཏེ། །ས་དང་རབ་གནས་རྣམ་གཉིས་དང་། །བདེ་བ་སྦྱིན་པའི་དུས་ཉིད་དུ། །དབྱིབས་དང་ཁ་དོག་མཚན་ལྡན་པའི། །ལྷག་པའི་དཀྱིལ་འཁོར་རྣམ་བཞི་རུ། །ཞལ་དུ་གྱུར་པའི་མེ་བོས་ལ། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཆོ་ག་སོགས་རྣམས་བཞིས་ལྷ་གྲངས་བཞིན། །སྐབས་བཞིར་རྒྱས་པར་མཆོད་པར་བྱ། །ཞེས་བཤད་པས། ས་ཆོག་གི་དུས་སུ་སའི་མཚན་མ་ངན་ན་ཞི་བའི་སྦྱིན་སྲེག །དཀྱིལ་འཁོར་རབ་གནས་ཀྱི་དུས་སུ་རྒྱས་པའི་བྱིན་སྲེག །དབང་བསྐུར་བའི་དུས་སུ་དབང་གི་སྦྱིན་སྲེག །སློབ་བུ་རབ་གནས་ཀྱི་དུས་སུ་ཀུན་རྨི་ལྟས་ལོག་ན་དྲག་པོའི་སྦྱིན་སྲེག་བྱ་བར་གསུངས་ཏེ། དེ་ཡང་སྦྱིན་སྲེག་རྩ་བ་ལས། །གནས་རྫས་ཐབ་ཀྱི་རྣམ་པ་དང་། །གཟུངས་དང་གཙོ་སེམས་བསྒྲུབ་བྱ་དང་། །ཕུར་པ་ལྷ་དུས་ལས་རིམ་དང་། །ལྷག་མ་བཅུ་གཅིག་ཤེས་པར་བྱ། །ཞེས་པས། དེ་ཡང་དང་པོ་གནས་བསྟན་པ་ལ། ཞི་བའི་གནས་ནི། རི་བོ་འདུས་པའི་རྩེ་དག་དང་། །ཆུ་རླུང་འཇམ་པོའི་ས་ཕྱོགས་སུ། །དང་བར་བྱེད་པའི་ལས་རྣམས་བརྩམ། །རྒྱས་པའི་གནས་ནི། ནགས་ཚལ་སྨན་ལྗོངས་མེ་ཏོག་ཚལ། །ལྷུན་སྟུག་རི་བོ་རྒྱས་པར་བྱ། །དབང་གི་གནས་ནི། སུམ་མདོ་ཆུ་བོ་འདུས་པ་དང་། །བཞི་མདོ་ཁང་སྟོང་སྡུད་ཅེས་བྱ། །དྲག་པོའི་གནས་ནི། དུར་ཁྲོད་ངན་པའི་ས་ཕྱོགས་སུ། །ལྷག་པར་བརྩམས་ན་ངེས་པར་འགྲུབ། །ཅེས་པས། ལས་བཞིའི་གནས་དེ་དག་ཤིན་ཏུ་གལ་ཆེ་བར་བསྟན་པ་ནི། རང་བཞིན་ནུས་མཐུ་ལྡན་པའི་ཕྱིར། །ཤིན་ཏུ་དགོས་པར་བསྟན་པ་ཡིན། །ཞེས་གསུངས་སོ། །གཉིས་པ་རྫས་བསྟན་པ་ལ་ཡང་། །གཉིས་པ་རྣམ་པ་ལྔར་བཤད་དེ། །ཞེས་པས་རྫས་ལྔ་སྟེ། ལས་བཞི་གང་བྱེད་ཀྱི་སྲེག་ཤིང་དང་། ཡམ་ཤིང་དང་། ལིང་གའི་རྒྱུ་དང་། གཏོར་མ་དང་། སྲེག་རྫས་དང་ལྔའོ། །དེ་ཡང་། མེ་ཡི་རྫས་གཉིས་སྲེག་ཤིང་ནི། །ཞེས་པས། དང་པོ་སྲེག་ཤིང་ནི་ཤིང་ཞིག་ལ་བྱེད་ན། རྩེ་མོ་ཞི་བྱེད་ཡལ་ག་རྒྱས། །སྡོང་པོ་དབང་རྩ་མངོན་སྤྱོད་དོ། །ཤིང་ཐ་དད་ལ་བྱེད་ན་ཤིང་དཀར་སེར་འཇམ་པོ་ལ་ཞི་རྒྱས་གཉིས། དམར་ནག་ཚེར་མ་ཅན་ལ་དབང་དྲག་གཉིས་ཀྱི་སྲེག་ཤིང་བྱ་བ་སྟེ། ཁ་དོག་ལས་ཀྱི་སྦྱར་བར་བྱ། །ཞེས་སོ། །གཉིས་པ་ཡམ་ཤིང་ནི། ཤུག་པ་ཙནྡན་དཀར་པོ་དང་། །ཨུ་དུམ་ཝ་ར་འོ་མའི་ཤིང་། །ཞི་རྒྱས་ཡམ་ཤིང་ཤེས་པར་བྱ། །དམར་ལ་དྲི་ཞིམ་ཤིང་རྣམས་དང་། །དུག་ཤིང་ཚེར་མ་ཅན་དག་ལ། །ཚིལ་བྱུགས་དབང་དྲག་མེ་སྦར་རོ། །ཞེས་སོ། །གསུམ་པ་ལིང་གའི་རྒྱུ་ནི། བསྒྲུབ་བྱའི་དམ་རྫས་གོས་སོགས་དང་། །ལོངས་སྤྱོད་དེ་བཞིན་ཤེས་པར་བྱ། །དུག་དང་ཚ་བ་རྣམ་གསུམ་དང་། །ཤ་ཆེན་ར་དང་བ་གླང་ཤ །མཆོག་ཏུ་གསོད་པར་བྱེད་པ་ཡི། །སྐྱུར་བ་དབང་སྟེ་ལིང་གའི་རྫས། །ཞེས་སོ། །བཞི་པ་གཏོར་མ་ནི། འོ་མ་འབྲས་ཆན་དངུལ་ཕྱེ་དང་། །མེ་ཏོག་དཀར་པོའི་གཏོར་མས་ཞི། །ལྡོང་རོས་གྲོ་ཆན་ཞོ་རྒུན་འབྲུམ། །མེ་ཏོག་གསེར་ཕྱེ་རྒྱས་པའོ། །ཟངས་ཕྱེ་བུ་རམ་འབྲས་མར་ཆན། །རམ་བུ་པདྨ་རཀྟར་སྦྱར། །ཐམས་ཅད་སྡུད་པའི་གཏོར་མ་ཡིན། །དུག་རྣམས་ལྕགས་ཕྱེ་རྡོ་ཕྱེ་དང་། །ར་ཁྱི་ཁྲག་དང་ཤ་ཆེན་དང་། །དུར་སོལ་མུར་ཀའི་ཆན་རྣམས་ནི། །གསོད་པར་བྱེད་པའི་གཏོར་མ་ཡིན། །ཞེས་སོ། །ལྔ་པ་སྲེག་རྫས་ལའང་ཞི་བའི་སྲེག་རྫས་ནི། མར་དཀར་ཏིལ་དཀར་ནས་དཀར་ཅན། །མངར་གསུམ་ཙནྡན་དཀར་པོའི་ཤིང་། །ཐམས་ཅད་ཡེ་ཤེས་བདུད་རྩི་སྟེ། །ཐ་མས་ཡེ་ཤེས་མེ་བསྐྱེད་དོ། །རྒྱས་པའི་སྲེག་རྫས་ནི། ཞོ་དང་མ་རྙིང་བུ་རམ་སྦྲང་། །རྒུན་འབྲུམ་སྟར་ཁ་ཤ་ཆེན་དང་། །དྲི་ཞིམ་གསེར་ཕྱེ་རྒྱས་པའོ། །དབང་གི་སྲེག་རྫས་ནི། ཏན་ཏ་ལི་དང་ཤང་ཚེ་དང་། །སྐེ་ཚེ་ཚ་བའི་མར་དག་དང་། །དམར་པོའི་ཤིང་དང་འབྲས་དག་གིས། །ཐམས་ཅད་འགུགས་པའི་མཆོག་ཏུ་གསུངས། །དྲག་པོའི་སྲེག་རྫས་ནི། དུག་དང་ཚིལ་ཆེན་སྐེ་ཚེའི་མར། །སྲན་ཆེན་ཁྲག་སྣ་ཚོགས་ཚད་དང་། །ཚེར་མ་བ་གླང་ཤ་ཡིས་གསོད། །འབྲས་བུ་གདོན་ཕྱིར་ཚོགས་པར་བྱའོ། །ཞེས་སོ། །གསུམ་པ་ཐབ་ཀྱི་རྣམ་པ་ནི། ས་གཞི་ལེགས་པར་སྦྱངས་བྱས་ནས། །ཞེས་པས། ས་གཞི་རྣམས་ལེགས་པར་སྦྱངས་ནས་ལས་བཞིའི་ཐབ་བྱ་བ་ལ། དང་པོ་ཞི་བའི་ཐབ་ནི། དཀྱིལ་འཁོར་ཟླུམ་པོ་རིམ་པ་གསུམ། །ཁྲུ་གང་དཔངས་དང་ཞེང་དུ་ཡིན། །ཟབས་དང་གྱེན་ནི་ཕྱེད་དུ་བཤད། །འཁོར་ལོ་ཨཱོཾ་གྱི་སྙིང་པོར་ལྡན། །རྡོ་རྗེ་འཁོར་ལོ་མེ་འོད་རིམ། །མདའ་བཞི་ཞགས་པ་དཀར་པོས་དཀྲི། །གཞན་ཡང་འཁོར་ལོ་རྩིབས་བཞི་ལ། །རིགས་བཞིའི་ཕྱག་རྒྱར་རབ་ཤེས་ནས། །ཨཱོཾ་དང་སེང་མགོ་སྤེལ་མར་བྲི། །མུ་ཁྱུད་སྐོར་བ་ཕྱི་རུ་བཤད། །ཐམས་ཅད་ཞི་བྱེད་དཀྱིལ་འཁོར་ཡིན། །གཉིས་པ་རྒྱས་པའི་ཐབ་ནི། ཡེ་ཤེས་ཕྱོགས་ཞིའི་དབུས་འོད་འབར། །གྲུ་ཆད་ལ་སོགས་རིམ་རྗེས་མཐུན། །རྡོ་རྗེ་རིན་ཅེན་ཞགས་པས་བསྐོར། །དབུས་སུ་རིན་ཆེན་ཏྲཾ་སྙིང་ལྡན། །གཞན་ཡང་རིན་ཅེན་གཉིས་དབྱིབས་སུ། །རིམ་པ་ལ་སོགས་རྗེས་སུ་མཐུན། །ཞགས་པ་སེར་པོ་མདའ་བཞིས་བསྐོར། །ཐམས་ཅད་འཕེལ་བྱེད་དཀྱིལ་འཁོར་ཡིན། །གསུམ་པ་དབང་གི་ཐབ་ནི། ཧོཾ་ཁུང་ཟླ་གམ་གདེངས་པ་ལ། །རྡོ་རྗེ་པདྨ་འོད་འབར་བ། །ལྕགས་སྒྲོག་གཏམས་པས་མཛེས་པར་བྱ། །པདྨ་ཧྲཱིཿཡི་སྙིང་པོར་ལྡན། །གཞན་ཡང་འདབ་བརྒྱད་དེ་བཞིན་དུ། །མཐའ་མ་ལྗོན་ཤིང་མཛེས་པས་བསྐོར། །མདའ་བཞི་ཞགས་སྡུད་དབང་གི་ཡིན། །བཞི་པ་དྲག་པོའི་ཐབ་ནི། དཀྱིལ་འཁོར་གྲུ་གསུམ་གདེངས་པ་ལ། །དུར་ཁྲོད་སོལ་བས་ཁྱབ་པར་སྦྱར། །རྡོ་རྗེ་རྩེ་གཉིས་གདེངས་པ་ལ། །ཐོད་པ་ལྕགས་ཀྱུ་གཏམས་པས་བསྐོར། །ཧཱུྃ་བཅས་རྡོ་རྗེ་སྙིང་པོར་ལྡན། །མདའ་བཞི་ཞགས་པ་ནག་པོས་བསྐོར། །གཞན་ཡང་ཞལ་གདངས་སྤྱན་བགྲད་པའི། །ཁྲོ་ཞལ་ཤིན་ཏུ་འཇིགས་པ་ཡིས། །མེད་དཔུང་འབར་བས་རབ་མཛེས་པ། །འདི་ནི་གསོད་པའི་མཆོག་ཏུ་གསུངས། །ཞེས་སོ། །བཞི་པ་གཟུངས་མ་ལ། ཞི་བའི་གཟུང་མ་ནི། བོང་ཆུང་ལུས་མཛེས་ཟླ་བའི་མདོག །གཡས་འཁྱིལ་ལུས་ཀྱང་དེ་བཞིན་ཤེས། །སྐད་གསལ་སྔགས་བཟླས་ཡིད་མི་སྐྱོ། །ཁྲོ་སྤངས་དེ་བཞིན་ཞི་ལ་སྦྱར། །རྒྱས་པའི་གཟུངས་མ་ནི། བན་གླང་སེར་མོ་གྲུ་བཞི་པ། །རྣ་བ་འགྲམ་སླང་རིང་ཤ་རྒྱས། །ཡན་ལག་ཟླ་མང་ལས་ལ་མཁས། །དལ་ཞིང་བློ་གྲོས་ལྡན་པ་ནི། །འཕེལ་བའི་དུས་སུ་ཤེས་པར་བྱ། །དབང་གི་གཟུངས་མ་ནི། དམར་མོ་ཟླ་གམ་མཛེས་པའི་ཞལ། །ཡལ་ག་སྒྱུ་གནས་མ་སྤངས། །ཐབས་མཁས་བརྩོན་འགྲུས་ལྡན་པ་ནི། །ཐམས་ཅད་སྡུག་པར་བྱེད་པའི་མཆོག །དྲག་པོའི་གཟུངས་མ་ནི། ནག་མོ་གྲུ་གསུམ་རྩིད་མགོ་མ། །ཁྲོ་གཉེར་ཅན་ལ་གེལ་བག་ཆགས། །གཏུམ་ཤིང་བརླང་ཚིག་འཛེམ་བག་མེད། །སྔགས་ཟློས་བརྟུལ་ཞུགས་ལྡན་པ་ནི། །ཐ་མའི་དུས་སུ་འདི་ཤེས་བྱ། །ཞེས་སོ། །ལྔ་པ་གཙོ་བོའི་སེམས་ནི། རང་རིགས་སངས་རྒྱས་ཀུན་གྱི་དངོས། །ཐམས་ཅད་རང་དབང་བདག་སྒྱུར་ཕྱིར། །བསྒྲུབ་པའི་གཙོ་བོར་འདི་གསུངས་སོ། །ཞེས་པས། དོན་གྱི་སེམས་ཆོས་ཉིད་བདེན་པ་དབྱེར་མེད་ཀྱི་དོན་ཁོང་དུ་ཆུད་ཅིང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཡིན་ལ། སྟོངས་ཀྱི་སེམས་ཞི་བ་ལ། མ་ལུས་སེམས་ནི་མཐའ་བྲལ་ཕྱིར། །རང་བཞིན་རྣམ་དག་མངོན་དུ་བྱ། །རྒྱས་པ་ལ། སེམས་གཏེར་རྟོག་ཚོགས་དཀྱིལ་འཁོར་ཕྱིར། །བྱིན་རླབས་བསྡུས་འཕེལ་མངོན་དུ་བསྒོམ། །དབང་ལ། ཐམས་ཅད་བདག་ཕྱིར་ཐ་མི་དད། །ཤིན་ཏུ་ཞེན་པ་ཉིད་ཀྱིས་འགྲུབ། །ཆགས་པ་ཆེན་པོ་ཉིད་དུ་བཤད། །དྲག་པོ་ལ། རང་བཞིན་གཅིག་ཕྱིར་དངོས་མེད་འཇིག །ལོག་རྟོག་ཁྲོས་པའི་སེམས་ཀྱིས་བསྐུལ། །ཡང་དག་ཞེ་སྡང་ཆེན་པོར་གསུངས། །ཞེས་སོ། །དྲུག་པ་ལིདྒ་ལའང་། ཞི་བའི་ལིང་ག་ནི། བདག་གཞན་གནོད་པའི་སེམས་དང་ནི། །སྦྱོར་བ་ངན་པ་རིག་སྔགས་ལས། །ཁམས་རྐྱེན་ལས་གྱུར་གནོད་མང་བ། །ཉོན་མོངས་བག་ཆགས་སྡུག་བསྔལ་རྣམས། །ཐབས་ཕྱིར་གཅིག་ཀྱང་དོར་མི་བྱའོ། །རྒྱས་པའི་ལིང་ག་ནི། ཡོན་ཏན་འཕེལ་བ་མེད་ཉུང་ཕྱིར། །ཚེ་དང་ལོངས་སྤྱོད་སྒོ་གསུམ་གྱི། །ཡོན་ཏན་མངོན་པར་མི་ལྡན་པའི། །འཇིག་རྟེན་པ་དང་འདས་པ་ཡི། །ཡོན་ཏན་བསྡུས་ཏེ་བསྟིམ་པ་དང་། །སེམས་ནི་རིན་ཅེན་གཏེར་གྱི་ཕྱིར། །བྱིན་རླབས་འབྲེལ་བས་སྣང་བར་འགྱུར། །དབང་གི་ལདྒ་ནི། མོས་འདུད་མེད་པའི་ལས་རྐྱེན་ཅན། །ལས་གསུམ་བདག་གཞན་དོན་གྱི་ཕྱིར། །གསུམ་པའི་ལས་ལ་སྦྱར་བྱ་ཞིང་། །ལྷ་ཡང་དེ་བཞིན་ཤེས་པར་བྱ། །དྲག་པོའི་ལིང་ག་ནི། ཞིང་བཅུར་གྱུར་པའི་སེམས་ཅན་དང་། །དམ་པའི་ཆོས་འཇིག་མ་རུངས་བྱེད། །དཔའ་བོས་དགོས་པ་ཡོད་པའི་ཕྱིར། །ཀུན་ལ་ཕན་ཕྱིར་དེ་བྱའོ། །ཞེས་སོ། །བདུན་པ་ཕུར་བུ་ལའང་ཞི་བའི་ཕུར་བུ་ནི། དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ། །སྟེང་འོག་ལོགས་ལ་ཁྲོ་བཅུ་བསྒོམ། །འཕྲོས་འདུས་བདེ་གཤེགས་ཕུར་བུ་ལ། །སྔགས་དང་ཕྱག་རྒྱས་བྱིན་བརླབས་པ། །མཐའ་བསྐོར་ཡན་ལག་སྙིང་ལ་སྦྱར། །རྒྱས་པའི་ཕུར་བུ་ནི། གསེར་རམ་སེར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་གྲུ་བཞི། །ལྷ་རྣམས་དེ་བཞིན་རིན་ཆེན་ཁྲོ། །ཟུར་བཞིར་གནས་པ་ལུས་གནས་བཞིར། །བཏབ་པས་ཡོན་ཏན་འདུ་བར་གསུངས། །དབང་གི་ཕུར་བུ་ནི། ཟངས་སམ་དམར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླ་གམ། །དེ་བཞིན་ཆགས་པའི་ཕུར་བུར་ཤེས། །ཟླ་གམ་མཐའ་བསྐོར་དབང་ལ་སྦྱར། །དེ་དག་བསྒྱུར་ཏེ་འདུས་པར་བྱའོ། །དྲག་པོའི་ཕུར་བུ་ནི། ལྕགས་སམ་ནག་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །དེ་བཞིན་རྡོ་རྗེ་ཕུར་བརླབ་པ། །ཟུར་གསུམ་ལུས་ངག་སེམས་ལ་སྦྱར། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ལས་བྱེད་ཉི་ཤུ་གཅིག་ཏུའང་བྱེད། །ཅེས་སོ། །བརྒྱད་པ་ནི་ལས་སྦྱོར་གྱི་ལྷ་ཞི་ཁྲོའི་གཞུང་བཞིན་ནོ། །སྦྱིན་སྲེག་གི་ལྷ་ནི། སྦྱིན་དང་སྲེག་པའི་ལྷ་གཉིས་ཏེ། །ཞེས་པས། མེ་ལྷ་དང་སྲེག་ལྷ་གཉིས་ལས། དང་པོ་མེ་ལྷ་ནི། ལས་བཞི་གང་ཡིན་གྱི་སྐུ་མདོག་ཕྱག་མཚན་ཏེ། སངས་རྒྱ་རིགས་ཀྱི་སྤྲུལ་པའི་ཕྱིར། །ཐམས་ཅད་ལས་ལ་ཐོགས་མེད་འཇུག །སྐུ་མདོག་ཆ་ལུགས་ལས་བཞིན་ཤེས། །གུནྡྷེའམ་སྒྲོམ་ཞགས་ཏྲི་ཤུལ་འཛིན། །རིགས་ཀྱི་ཕྱག་རྒྱས་གདབ་པར་བྱ། །ཨཱོཾ་ཏྲཱཾ་ཧྲཱིཿཧཱུཾ་ས་བོན་སྙིང་། ཨགྣེ་དེ་བ་ལས་བཞིའི་སྔགས། །འཕྲོ་འདུ་ལྡན་པའི་འཁོར་གྱིས་བསྐོར། །ཞལ་ཕྱིར་སྦྱིན་པའི་ལྷར་བཤད་དོ། །ཞེས་སོ། །གཉིས་པ་སྲེག་ལྷ་ནི། གཟུགས་བརྙན་ལྟ་བུའི་གཞལ་ཡས་ནི། །འོད་ཟེར་འབར་བས་ཁྱབ་པར་བྱ། །རྒྱལ་པོ་ལུས་མཛེས་འཁོར་ལོ་འཆང་། །རྒྱན་རྣམས་ཞི་ལ་དཀར་བ་དང་། །འོད་ཟེར་མཆོག་འབར་ལྷན་ནེར་བསྒོམ། །ཁྲོ་བོའི་དཀྱིལ་འཁོར་མ་ལུས་པ། །ཀུན་ཀྱང་གཏི་མུག་རྡོ་རྗེའི་ཚུལ། །འཁོར་ལོའི་འོད་ཟེར་ལྡན་པ་ཡིས། །ཁམས་གཉིས་ཐམས་ཅད་ཁྱབ་པར་སྦྱར། །ས་བོན་ཨཱོཾ་དང་རང་སྔགས་ལྡན། །གཞན་ལའང་དེ་བཞིན་ཤེས་པར་བྱ། །རིན་ཅེན་དགའ་འཕྲོ་སེར་སྐྱ་ནི། །འོད་ཟེར་འབར་བའི་རིན་ཅེན་ཅན། །སྔགས་སོགས་གཞན་ནི་སྔ་མའི་ཚུལ། །སྤྲུལ་པའང་རྗེས་སུ་མཐུན་པ་སྟེ། །ཛཿཧཱུཾ་བཾ་ཧོཿལྡན་པར་བྱ། །འདོད་ཆགས་རྡོ་རྗེ་ལྕགས་སྒྲོག་དང་། །མདོག་ནི་དམར་སྨུག་འོད་པོ་ཆེ། །སྔགས་ནི་ཡི་གེར་དང་ཧྲཱིཿ ཕྱོགས་བཅུར་ཁྱབ་ཅིང་ཧྲཱིཿལ་བསྡུ། །ཞེ་སྡང་རྡོ་རྗེ་གཏུམ་ཆེན་འབར། །དུད་ཁ་ནག་པའི་མདོག་འདྲ་བ། །འབར་བ་སྔོ་དམར་མེ་སྟག་འཕྲོ། །ཉི་ཟླ་ཐོད་སྦྲུལ་གདུག་པས་བརྒྱན། །སེང་གེ་གླང་ཆེན་སྟག་རྔམ་དང་། །རྦོད་སྟོང་རྔམ་པའི་ཕྱག་རྒྱ་ལྡན། །སྒྲ་སྐད་དྲག་པོས་ཁམས་གསུམ་དཀྲུག །བསྒྲུབ་བྱ་ཕྱག་རྒྱ་གོམས་པ་ཡིས། །གང་ལ་དམིགས་པ་འགྲུབ་པར་འགྱུར། །ཞེས་སོ། །དགུ་པ་དུས་ནི་ལོ་གཅིག་ལ་བྱེད་ན། དབྱར་དགུན་སྟོན་དཔྱིད་ལས་རིམ་དང་། །ཞེས་པ་དང་། ཞག་གཅིག་ལ་བྱེད་ན། སྔ་དྲོ་གུང་དགོང་ནམ་ཕྱེད་དུས། །ལས་རིམ་བརྩམས་ན་ཤིས་པར་བཤད། །ཅེས་སོ། །བཅུ་པ་སྦྱིན་སྲེག་གི་ལས་ཀྱི་རིམ་པ་ལ་གཉིས། སྔོན་དུ་བྱ་བ་དང་། ལས་རིམ་དངོས་སོ། །དང་པོ་སྔོན་དུ་བྱ་བ་ལ་གཉིས། བཤམ་པ་དང་། སྔོན་འགྲོའི་ཆོ་ག་དངོས་སོ། །དང་པོ་བཤམ་པ་ནི། རྫས་དང་ཡོ་བྱད་ལྡན་བྱས་ལ། །ས་གཞི་སྦྱངས་ཏེ་གཟུགས་བརྙན་སྦྱར། །སྟོངས་འགྱུར་མགོ་ལ་ལས་བཅོལ་ཞིང་། །ཀུན་ཀྱང་ཚིམ་བྱས་པ་བྱའོ། །ཤིང་གཉིས་མཆོད་རྫས་ལེགས་བཀོད་དེ། །ཁ་དོག་མེ་ལྟར་ལེགས་པར་གདབ། །ལིང་གའི་གནས་ནི་གཟུགས་བརྙན་ཚུལ། །མིང་རུས་ལྡན་པའི་ཕུར་བུས་བསྐོར། །གཉིས་པ་སྔོན་འགྲོའི་ཆོ་ག་དངོས་ནི། རྡོ་རྗེ་གུར་གྱིས་ཕྱོགས་བཅིང་ཞིང་། །ཉི་མ་ཟླ་བ་ལས་གཉིས་ཀྱིས། །གཞོང་བ་སྣོད་ཀྱི་རྫས་རྣམས་ལ། །ལས་ཀྱི་ཧཱུཾ་ལས་འབྲུ་ལྔ་དགོད། །འཕྲོ་འདུས་བདུད་རྩི་ཁ་དོག་ལྡན། །མང་ཞིང་སྣ་ཚོགས་རོ་ལྡན་བྱ། །ཞེས་སོ། །གཉིས་པ་ལས་རིམ་དངོས་ལ་གསུམ། །ལས་སྦྱོར་གྱི་ཕྲིན་ལས་ཞི་ཁྲོ་གཞུང་བསྲང་བ་དང་། །ལིང་ག་དགུག་གཞུག་བྱ་བ་དང་། །སྦྱིན་སྲེག་གི་ལས་རིམ་བསྟན་པའོ། །དང་པོ་ལས་སྦྱོར་གྱི་ཕྲིན་ལས་ཞི་ཁྲོ་གཞུང་བསྲང་བ་ནི། དཀྱིལ་འཁོར་ལས་ཀྱི་གཞུང་བསྲང་ལ། །སྣ་ཚོགས་མཆོད་ཡོན་རྒྱས་པར་དབུལ། །ཚོགས་ཀྱི་འཁོར་ལོ་ལེགས་པར་བརྟག །མཆོད་པ་ཆེན་པོའང་དབུལ་བར་བྱ། །ས་བོན་རང་གི་འབྲུ་འོད་ཟེར། །ཡེ་ཤེས་དཀྱིལ་འཁོར་བསྐུལ་བར་བྱ། །ཁམས་གསུམ་བྱིན་རླབས་དག་བསྡུས་ཏེ། །བསྒྲུབ་བྱ་ཉེ་བར་སྦྱར་བ་དང་། །སྲོག་དང་ལྡན་པའི་བཟླས་བ་ནི། །ཞལ་གྱི་རང་སྔགས་ཁྲོ་འབུམ་དུ། །རྣམ་གསུམ་ཚུལ་གྱི་བྱ་བ་དག །ཤིན་ཏུ་སྟོང་འགྱུར་རྒྱས་པར་བྱའོ། །ཞེས་སོ། །གཉིས་པ་ལིདྒ་དགུག་གཞུག་བྱ་བ་ནི། ཁམས་གསུམ་གང་བའི་དཀྱིལ་འཁོར་ནི། །རྔམ་ཞིང་འོད་ཟེར་འབར་བར་བསྒོམ། །བདག་ཉིད་འཛིན་པའི་ཕྱག་རྒྱ་སྟེ། །མཚན་མ་བཟུང་ནས་རང་སྔགས་གདོན། །རོལ་པའི་ཕོ་ཉ་བཀའ་ཉན་ཚོགས། །ཕྱག་རྒྱ་བཞི་ལྡན་སྒྲ་སྐད་དྲག །ཁམས་གསུམ་སྐྲུག་སྟེ་ཕྲལ་བྱས་ནས། །བསྒྲུབ་བྱ་མངོན་དུ་སྦྱར་བར་བྱ། །ཞེས་པས། ཚོགས་ཐ་མ་ལ་ལིདྒ་བྱས་པ་བྲུབ་ཁུང་དུ་བྲུབས་ལ་དགུག་གཞུག་བྱ། གཏོར་བསྐུལ་བྱས་ལ་གཏོར་ཐུན་དབབ། ཕུར་བསྐུལ་བྱས་ལ་ཕུར་བུ་གདབ། མཚོན་ཆའི་ཆར་དབབ། གྲིས་གཏུབས་ལ་སྲེག་རྫས་དང་བསྲེས་ལ་བཞག་གོ། །གསུམ་པ་སྦྱིན་སྲེག་གི་ལས་རིམ་ལ་གཉིས། མེ་ལྷའི་ལས་རིམ་དང་། སྲེག་ལྷའི་ལས་རིམ་མོ། །དང་པོ་མེ་ལྷའི་ལས་རིམ་ནི། རྗེས་སུ་མཐུན་པའི་གཞལ་ཡས་སུ། །སྦྱིན་ལྷ་སོ་སོའི་གདན་ལྟར་བསྒོམ། །མེ་དཔུང་འབར་བའི་ཚོགས་ཆེན་དུ། །མེ་ལྷ་ཨགྣེ་ཛཿས་བཀུག་ནས། །ཕྱག་རྒྱ་བཞི་ཡིས་ངེས་བཀུག་ལ། །རཾ་ཞེས་བྱ་བས་མེ་སྤར་ནས། །གཟར་བུ་རིགས་ཀྱི་མཚན་བཅས་པ། །མཆོད་པ་བདུད་རྩི་རྒྱས་པར་དབུལ། །གཉིས་པ་སྲེག་ལྷའི་ལས་ཀྱི་རིམ་པ་ནི། དེ་དབུས་འཁོར་ལོ་གསལ་བཏབ་སྟེ། །གཉིས་པའི་ལྷ་རྣམས་སྤྱན་དྲངས་བསྟིམ། །མར་དང་ཤིང་བུ་ཆན་ལ་སོགས། །དམར་གྱི་ཨརྒྷཾ་རྒྱུན་དུ་དབུལ། །གཅིག་མིན་ཐམས་ཅད་བདུད་རྩི་སྟེ། །ཡང་ན་ལན་གསུམ་བརྒྱ་རྩ་བརྒྱད། །སྟོང་དང་འབུམ་སོགས་ཅི་ནུས་དབུལ། །གྲུ་གསུམ་པ་དེ་དེ་བཞིན་བྱ། །དབང་མེད་ཞལ་དུ་ཐིམ་པར་འགྱུར། །མིང་དང་ལས་བཞིའི་སྔགས་ཀྱིས་དབུལ། །འགྲུབ་འགྱུར་ཐེ་ཚོམ་མེད་ཅེས་བཤད། །ཅེས་སོ། །གཟུགས་བརྙན་ལུ་གུ་རྒྱུད་བསྐོར་ལ། །ཨེ་ལ་སོགས་པའི་དཀྱིལ་འཁོར་དུ། །རྗེས་སུ་མཐུན་པའི་ལྷ་བསྒོམ་ལ། །སླས་དང་བྱི་མོའི་ཚོགས་ཀྱིས་བསྐོར། །ཁམས་སུ་གང་བར་སྦྱར་བར་བྱ། །སྲེག་དང་ལྡན་པའི་བྲོ་སྟབས་གར། །ཕྱོགས་བཅུ་མ་ལུས་ཀུན་ནས་ནི། །བསྒྲུབ་བྱ་དབུས་སུ་ལེགས་བརྒྱ་སྟེ། །ས་བོན་འོད་ཟེར་ལས་བཞིན་དུ། །བསྟིམས་ནས་བསམ་པ་འགྲུབ་པར་བྱ། །རྗེས་སུ་མཐུན་པའི་སྨོན་ལམ་གདབ། །ཅེས་པས། སྐབས་འདིར་ལས་བཞིའི་བྲོ་བྱའོ། །བཅུ་གཅིག་པ་ལྷག་མའི་ལས་ནི། བདག་ཉིད་འདུལ་བའི་དབང་ཕྱུག་ཏུ། །ལས་བཞིན་མཉམ་གཞག་ཁྲོ་བོ་ཡི། །འཁོར་གྱི་ཕྲ་མེན་དེ་བཞིན་གཤེགས། །ཕྲ་མེན་ཚོགས་རྣམས་ཀུན་བསྡུས་ཏེ། །ལས་བཞིའི་དཀྱིལ་འཁོར་དེ་དག་ཏུ། །ལྷག་མ་ཁ་ཆུ་འདོད་པ་སྦྱིན། །ཞེས་པས། ལྷག་མ་བཏང་། བརྟན་མ་བསྐྱང་། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐངས། །སྲེག་ལྷ་དང་མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། མཚམས་དང་དཀྱིལ་འཁོར་བསྡུས་ལ་ལས་རྗེས་མི་མངོན་པར་བྱ་ཤིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །དེ་ནས་ལྷག་པའི་དཀྱིལ་འཁོར་དུ། །འཇུག་པའི་ཆོ་ག་བཤད་པར་བྱ། །ཞེས་སོ། །དགུ་པ་དཀྱིལ་འཁོར་དུ་འཇུག་པ་ལ་གསུམ་སྟེ། སློབ་དཔོན་འཇུག་པ་དང་། སློབ་མ་འཇུག་པ་དང་། སློབ་མ་ལ་ལྷ་སྒོམས་ཤིག་པར་ནན་ཏན་བྱ་བ་བསྟན་པའོ། །དང་པོ་སློབ་དཔོན་འཇུག་པ་ནི། རྡོ་རྗེ་ལས་རིམ་ལས། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། །ཞེས་པས། ཐོག་མར་སློབ་དཔོན་འཇུག་པའི་ཆོ་ག་ལ་གཉིས་ཏེ། དབང་ཕྱུག་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་དུ་འཇུག་པ་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་པར་བཟོད་པར་གསོལ་བའོ། །དང་པོ་དབང་ཕྱུག་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་དུ་འཇུག་པ་ནི། ཀུན་བྱས་དབང་ཕྱུག་རིག་པས་འཇུག །ཅེས་པས་སྔར་བཤད་པའི་དཀྱིལ་འཁོར་གྱི་ལས་ཀུན་རྫོགས་པར་བྱས་ཤིང་ཕྱི་ནང་གསང་བའི་དབང་གིས་ཕྱུག་པའི་རྡོ་རྗེ་སློབ་དཔོན་གྱིས་ཁྲུས་བྱས་དབང་གོས་གྱོན་ནས། དཀྱིལ་འཁོར་གྱི་ཤར་སྒོར་གུས་པས་འདུག་སྟེ་མེ་ཏོག་ཐོགས་ལ། ཨཱོཾ་བཛྲ་ས་མ་ཡ་ཨཱོཾ་ལ་སོགས་པས་རིག་པའི་མེ་ཏོག་དོར་ནས། ཨཱོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཞེས་པ་ལ་སོགས་པའི་ཚིག་དང་སྔགས་དང་ཏིང་ངེ་འཛིན་གྱིས་རང་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་དག་གིས་དཀྱིལ་འཁོར་དུ་ལེགས་པར་ཞུགས་ནས། སློབ་མ་ལ་དབང་ཇི་ཙམ་དུ་བསྐུར་བར་འདོད་པ་རྣམས་རང་ཉིད་དཀྱིལ་འཁོར་གྱི་ལྷ་ལས་དབང་བླང་བར་བྱ་བ་སྟེ། དེ་དག་ནི་རང་གི་རིག་པས་དཀྱིལ་འཁོར་དུ་འཇུག་པར་བྱ་བའོ། །དེ་ཡང་ལས་རིམ་ལས། རྒྱས་པའི་མཆོད་པ་རྫོགས་སྦྱར་ནས། །དབང་གོས་ལྡན་པས་དབང་ཕྱུག་ཡིན། །གཞན་དག་གཞན་གྱི་མཛེས་པར་བྱ། །ཤར་སྒོར་གུས་འདུག་དཀྱིལ་འཁོར་གྱི། །ལྷ་རྣམས་མངོན་བྱས་རིན་ཅེན་ལྡན། །འབྲུ་ལྔ་རྡོ་རྗེ་དམ་ཚིག་གིས། །སྔར་གྱི་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་ཡེ་ཤེས་གཉིས་མེད་སྦྱར། །ཨཱོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས༴ ཨཱོཾ་བཛྲ་ས་མ་ཡ་ཧོཿ བསྐུལ་བའི་དམ་ཚིག་རྗེས་དྲན་པའི། །འོད་ཟེར་གཟི་བྱིན་ལྡན་པར་བྱ། །རང་བཞིན་གཉིས་མེད་གྱུར་པའོ། །ཞེས་སོ། །གཉིས་པ་སློབ་མ་དཀྱིལ་འཁོར་དུ་འཇུག་པར་བཟོད་པར་གསོལ་བ་ནི། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་སྙིང་པོའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །བཟོད་པར་མཛད་དེ་དགོངས་སུ་གསོལ། །འཛུམ་བཅས་གནང་བ་ཐོབ་པར་བྱ། །གཉིས་པ་སློབ་མ་གཞུག་བསྟན་པ་ནི། དེ་ནས་སློབ་མ་གཞུག་པར་བྱ། །ཞེས་པས། སློབ་དཔོན་གྱིས་དཀྱིལ་འཁོར་དུ་ཞུགས་པ་དེ་ནས་སློབ་མ་མཚན་ཉིད་དང་ལྡན་པ་དཀྱིལ་འཁོར་དུ་གཞུག་པར་བྱ་བ་ལ་ཆོས་བཅུ་དྲུག་གིས་སྟོན་ཏེ། ཁྲུས་དགབ་དྲི་དང་ལུས་དབུལ་དང་། །བགེགས་བསྐྲད་ལྷར་བརླབ་དམ་ཚིག་སྦྱིན། །དེ་ཉིད་དཔོག་དང་ཆུན་ན་དང་། །བསྒྲགས་དང་རིན་ཆེན་དོར་བ་དང་། །ལྷ་དབབ་པ་དང་ནན་ཏན་བྱ། །མིག་དབྱེ་དཀྱིལ་འཁོར་ལེགས་བསྟན་དང་། །ཚོགས་མཆོག་ཡོན་དང་རྣམ་བཅོ་བརྒྱད། །འདི་ཡིས་ཡན་ལག་རྫོགས་པར་འགྱུར། །ཞེས་པས། ཁྲུས་བྱ་བ་དང་། མིག་དར་དགབ་པ་དང་། དྲི་བ་བྱ་བ་དང་། ལུས་དབུལ་བ་དང་། བགེགས་བསྐྲད་པ་དང་། ལྷར་བསླབ་པ་དང་། དམ་ཚིག་སྦྱིན་པ་དང་། དམ་ཚིག་གི་དེ་ཉིད་དཔོག་པ་དང་། ཆུ་ནན་བྱ་བ་དང་། དམ་ཚིག་བསྒྲགས་པ་དང་། རིན་པོ་ཆེའི་མེ་ཏོག་དོར་བ་དང་། ལྷ་དབབ་པ་དང་། ནན་ཏན་བྱ་བ་དང་། མིག་དབྱེ་བ་དང་། དཀྱིལ་འཁོར་བསྟན་པ་དང་། ཡོན་དབུལ་བའོ། །དང་པོ་ཁྲུས་བྱ་བ་ནི། ཤིན་ཏུ་བཟང་པོའི་བགོ་བ་རྣམས། །དྲི་ཡི་ཆུ་ཡིས་དག་པར་བྱ། །གཉིས་པ་མིག་དར་དགབ་པ་ནི། སྙིམ་པར་རིན་ཅེན་ལྡན་པ་དག །རས་སོགས་དམར་པོས་གདོང་གཡོགས་ལ། །གསུམ་པ་དྲི་བ་བྱ་བ་ནི། །བུ་ཁྱོད་ཅི་ལ་དགའ་ཞེས་དྲི། །སྐལ་བཟང་བདག་དགའ་ལན་བླན་ལ། །འཁོར་ལོའི་དྲུང་དུ་བཀྲི་བར་བྱ། །བཞི་པ་ལུས་དབུལ་བ་ནི། ཐལ་སྦྱར་གུས་དང་བཅས་པ་ཡིས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །དབང་ཕྱུག་སངས་རྒྱས་ད་ལྟར་བདག །མ་འོངས་རིན་ཅེན་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་དབུལ་བྱ། །མཆོག་གི་ཡོན་ཕྱིར་སྣོད་དུ་འགྱུར། །ལྔ་པ་བགེགས་བསྐྲད་པ་ནི། ཚེ་བསྲུང་སྦྱོར་བའི་ཁྲོ་ཚོགས་ཀྱིས། །བར་ཆད་བགེགས་བསྐྲད་མཚམས་བཅད་ལ། །དྲུག་པ་ལྷར་བརླབ་པ་ནི། སྒྲིབ་སྦྱང་རྣམ་ཤེས་ཆོ་ག་ཡིས། །ཧཱུཾ་ལས་སེམས་དཔའ་གཞན་ཡང་རུང་། །མཚན་མ་རྫོགས་པར་བསམ་གཏན་བྱ། །བདུན་པ་དམ་ཚིག་སྦྱིན་པ་ནི། །དམ་ཚིག་ཆེན་པོ་བདུད་རྩི་ལྔ། །རང་བཞིན་འབྲུ་གསུམ་སྐུ་གསུང་ཐུགས། །གཟི་བྱིན་ལྡན་པར་བྱིན་བརླབས་ལ། །དམ་ཚིག་སྡོམ་པའི་མཆོག་ཏུ་གསུངས། །བརྒྱད་པ་དམ་ཚིག་དེ་ཉིད་དཔོག་པ་ནི། །སྙིང་གར་རྡོ་རྗེ་བསྟེན་བྱས་ལ། །སངས་རྒྱས་ཀུན་གྱི་གསང་བ་འདི། །དམ་ཉམས་མ་འདྲེས་མེད་པ་ལ། །ནམ་ཡང་སྨྲ་བར་མ་བྱེད་ཅིག །ཐེག་པ་ཆེན་པོ་སྟོན་བྱེད་པ། །ང་ལ་བརྙས་དང་སྨད་མི་རུང་། །སྐུ་གསུང་ཐུགས་ལ་རྟག་གནས་ཏེ། །མ་ལུས་སེམས་ཅན་དོན་གྱིས་ཤིག །དགུ་པ་ཆུ་ནན་བྱ་བ་ནི། ཙནྡན་དཀར་དམར་སྦྱར་བ་ལ། །རྡོ་རྗེ་འཛིན་པའི་རབ་གནས་བྱ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །རྡོ་རྗེ་ཁྲོ་བོ་ཆེན་པོར་འགྱུར། །རྡོ་རྗེའི་ཆུ་འདི་བཏུང་བར་གྱིས། །ཨཱོྂ་བཛྲ་ཡཀྵ་ཧཱུཾ། དེ་ལྟ་བས་ན་བུ་ཁྱོད་ཀྱིས། །དམ་ཚིག་འདི་དག་བསྲུང་བར་གྱིས། །དེ་བཞིན་བྱས་ན་དངོས་གྲུབ་འཐོབ། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ཨཱོྂ་བཛྲ་ཨུད་ད་ཀ་ཧཱུཾ་ཋཱ། བཅུ་པ་དམ་ཚིག་བསྒྲགས་པ་ནི། །ལན་གསུམ་བྱིན་ནས་རབ་བསྒྲགས་པ། །ཐབས་དང་ཤེས་རབ་སེམས་ཉིད་ཀྱིས། །རྟག་ཏུ་དགོས་པ་མེད་གྱིས་ལ། །འདོད་པ་ལྔ་ཡི་ཡོན་ཏན་སྤྱོད། །གཞན་ཡང་སྟོང་ཁམས་ཐམས་ཅད་ན། །ཤེས་རབ་དབྱིངས་དང་འདོད་ཡོན་གཞན། །རབ་འབྲིང་ཐ་མ་ཐམས་ཅད་སྤྱད། །གཞན་ཡང་དམ་ཚིག་ཉམས་པ་དང་། །སྐྱེ་བོ་གང་ཞིག་དམ་ལ་གནོད། །བརྟུལ་ཞུགས་ཅན་གྱིས་དེ་གྲོངས་ལ། །སྙིང་ལ་ཁྲག་ཆེན་བཏུང་བར་གྱིས། །སེམས་ཉིད་ཐེག་པ་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། །པདྨ་ལ་ནི་འདམ་བཞིན་ཏེ། །བྱས་ལ་མི་སོགས་སྡོམ་པའམ་རྫོགས། །བྱ་དང་མི་བྱ་ཅུང་ཟད་མེད། །བཅུ་གཅིག་པ་མེ་ཏོག་དོར་བ་ནི། དཀྱིལ་འཁོར་ཡིད་ལ་མངོན་སྦྱར་ནས། །འདོད་པའང་ཡང་ན་གཞན་ཡང་རུང་། །དོར་ཏེ་འབྲེལ་པ་ལེགས་པར་བརྟག །བཅུ་གཉིས་པ་ལྷ་དབབ་པ་ནི། རང་མིང་དམ་ཚིག་ཧཱུཾ་དང་བཅས། །དམ་ཚིག་ཕྱག་རྒྱ་ལན་གསུམ་བསྟན། །ལྕགས་ཀྱུ་ཧ་ཧིས་བཀུག་བྱས་ལ། །ཉེས་ལེགས་ཕྲིན་ལས་གསལ་བྱས་ལ། །ཕྱག་རྒྱས་བསྟིམས་ལ་བརྟན་པར་བྱ། །བཅུ་གསུམ་པ་མིག་དབྱེ་བ་ནི། །འོད་ཟེར་ཐུར་མས་དབྱེ་བྱ་བ། །བཛྲ་ཙཀྵུ་པྲ་བེ་ཤ་ཕཊ། འཁོར་ལོ་མངོན་པའི་ང་རྒྱལ་བྱ། །བཅུ་བཞི་པ་དཀྱིལ་འཁོར་བསྟན་པ་ལ་གཉིས་ཏེ། དཀྱིལ་འཁོར་གྱི་དོན་རྟགས་བཤད་པ་དང་། ལྷ་ངོ་བསྟན་པའོ། །དང་པོ་དཀྱིལ་འཁོར་གྱི་དོན་རྟགས་བཤད་པ་ནི། གསེར་སོགས་མཚོན་བྱེད་ངེས་བླངས་ལ། །ཆོས་རྣམས་ཐམས་ཅད་གཉིས་མེད་པའི། །དབྱིངས་སུ་ཐིམ་པའི་འོད་ཟེར་གསལ། །གཅིག་དང་སྤྲོས་པ་ཐམས་ཅད་མེད། །དཀྱིལ་འཁོར་སྤྲོས་མེད་ཟླུམ་པོའི་ཚུལ། །རང་རིག་ཡེ་ནས་མྱ་ངན་འདའ། །ཡེ་ཤེས་རྒྱུ་དང་འབྲས་བུར་ལྡན། །ཆོས་ཀྱི་འཁོར་ལོ་ཡོངས་ཀྱིས་བསྐོར། །ཐུགས་རྗེའི་བྱིན་རླབས་སྤྲོས་པ་ཡིས། །ཡེ་ཤེས་བཞི་ཡི་དཀྱིལ་འཁོར་སྤྲོ། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །བྱིན་རླབ་ཡ་མཚན་བསམ་མི་ཁྱབ། །རང་སྣང་བ་ཡི་ཐབས་ལས་བྱུང་། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར། །མཐའ་དབུས་མེད་པར་རྒྱས་པར་གནས། །སྟོང་སྨོན་མཚན་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་བཞིར་ཤར། །ས་རྣམས་ཁྱད་པར་བཀོད་པའི་ཕྱིར། །དེར་འགྲོ་ལམ་སྟེགས་བརྒྱད་དང་ལྡན། །རང་བཞིན་ཡེ་ནས་འོད་གསལ་ཕྱིར། །ཉི་ཟླ་བརྩེགས་པའི་གདན་ལ་བཞུགས། །ཡེ་ནས་རྣམ་པར་དག་པའི་ཕྱིར། །མ་ཆགས་པདྨ་འབར་བའི་གདན། །ཟད་མེད་ཡེ་ཤེས་གཏེར་གྱུར་པས། །ཡིད་བཞིན་རིན་ཅེན་འབར་བའི་གདན། །འབྲས་བུའི་ཆོས་རྣམས་ཡོངས་རྫོགས་ཕྱིར། །སེང་གེ་ལ་སོགས་བསྟན་པ་ཡིན། །ཡེ་ནས་མཉམ་ཉིད་མི་འདའི་ཕྱིར། །ཏ་ལའི་ལྗོན་ཤིང་རང་བཞིན་གནས། །ཐམས་ཅད་ལ་ནི་དབང་སྒྱུར་ཕྱིར། །འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་བསྐོར། །གཉིས་པ་ལྷ་ངོ་བསྟན་པ་ནི། ཐམས་ཅད་རང་བཞིན་དག་པའི་ཕྱིར། །སྒྱུ་འཕྲུལ་བཞི་བཅུ་རྩ་གཉིས་ཀྱིས། །ཐམས་ཅད་ལྷ་ཉིད་རྟག་ཏུ་སྦྱོར། །ཐམས་ཅད་མ་ལུས་དཀྱིལ་འཁོར་མཆོག །མཚན་ཉིད་ལེགས་པར་ཤེས་པར་བྱ། །བཅོ་ལྔ་པ་ནན་ཏན་བྱ་བ་ནི། །རང་གི་ལྷ་ཉིད་འབྲས་བུ་ཡི། །གཞི་ཕྱིར་མཆོག་ཏུའང་ནན་ཏན་བྱ། །བཅུ་དྲུག་པ་ཡོན་དབུལ་བ་ནི། དེ་ནས་རིགས་ཀྱི་བུ་མཆོག་དེས། །ཉེས་པ་ཐམས་ཅད་དག་པར་འགྱུར། །དབང་དང་དངོས་གྲུབ་འདོད་པ་ཡིས། །འདི་ལ་ཤིན་ཏུ་ནན་ཏན་བྱའོ། །གསུམ་པ་སློབ་མ་ལ་ལྷ་སྒོམས་ཤིག་པར་ནན་ཏན་བྱ་བ་བསྟན་པ་ནི། སྐལ་བ་མཉམ་པའི༴ ཕུང་བར་འགྱུར། །ཞེས་པ་དེར་གདའ་ཞིང་། སྐལ་བ་མཉམ་པའི་ཡེ་ཤེས་དེ། །ཞེས་པས་བདག་གི་ལུས་ངག་ཡིད་གསུམ་གྱི་རང་བཞིན་ཡང་རྒྱལ་བ་ཡི་དམ་གྱི་ལྷའི་སྐུ་གསུང་ཐུགས་རྡོ་རྗེར་ཡེ་ནས་ལྷུན་གྱིས་གྲུབ་པ་ལ་ནི། བདག་དང་ལྷ་ཁྱད་པར་མེད་པ་སྐལ་པ་མཉམ་པའི་ཡེ་ཤེས་ཞེས་བྱ་བ་ཁོ་ནའོ། །དེ་ལྟར་ཡིན་མོད་ཀྱི་ཐ་མལ་པའི་སྒོ་གསུམ་དུ་བརྟག་པས་སྒྲིབ་པ་དེ་བསལ་བའི་ཐབས་ནི། གཉེན་ན་ཉེ་བར་འབྱུང་བ་ཡི། །ཞེས་པས། ལེའུ་ལྔ་པ་ལྟར་ཏིང་ངེ་འཛིན་གསུམ་གྱིས་གཉེན་ཞིང་བསྒྲུབས་ན་དུས་ཉེ་བར་འབྱུང་བ་ཡི་འབྲས་བུ་ནི་གང་ཞེ་ན། ཡ་མཚན་ཆེན་པོ་འབྱུང་བར་ངེས། །ཞེས་པས་མཆོག་གི་དངོས་གྲུབ་ཡ་མཚན་ཆེན་པོ་མྱུར་བ་ཉིད་དུ་གྲུབ་ནས་འབྱུང་བར་ངེས་པས་ཡི་དམ་གྱི་ལྷ་སྒོམ་པ་དང་མི་འབྲལ་བར་གྱིས་ཤིག་ཅེས་གདམས་པའོ། །དེ་ཡང་། བདག་ཉིད་ལྷ་དང་མཉམ་སྦྱོར་བས། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །གཅིག་དང་དུ་མར་ཡོངས་བྲལ་བས། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་སོ། །དད་མེད་ཉམས་ན་ཕུང་བར་འགྱུར། །ཞེས་པས་རྩ་བའི་དམ་ཚིག་བླ་མེད་མི་སྤང་བ་དང་། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད་པ་གཉིས་ཅར་ལྷའི་སྒོམ་བཟླས་ཡིན་པས་དེ་ལྟར་ལྷ་སྒོམ་པ་དང་། བཟླས་པ་བྱེད་པ་ལ་དད་པ་མེད་ན་ཡི་དམ་ལྷའི་དམ་ཚིག་ཉམས་པར་འགྱུར་རོ། །དམ་ཚིག་ཉམས་ན་སྐྱོན་ཅི་ཡོད་ཅེ་ན། རྡོ་རྗེ་གནོད་སྦྱིན་གྱིས་སྙིང་ཁྲག་ཞོ་བཞིན་འཇིབས་ནས་འདིར་ཡང་ཚེ་ཐུང་ཞིང་ཕྱི་མ་ངན་འགྲོའི་གནས་སུ་ལྟུང་བའི་ཕྱིར་ན་ཕུང་བར་འགྱུར་བས་སྒྲུབ་པ་ལ་ནན་ཏན་ཆེ་བར་བྱའོ་ཞེས་གསུང་ངོ་། །དེ་ཡང་། ལྷ་སྤངས་དགེ་སྤྱད་དོན་མེད་འགྱུར། །གང་ཞིག་ཕྱག་རྒྱ་འདི་སྤངས་ན། །ཉོན་མོངས་ངན་སོང་གནས་སུ་སྐྱེ། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །བླ་མེད་འགྲོ་བའི་རྒྱུན་ཡང་བཅད། །རིགས་ཆད་ཉིད་དུ་གནས་པར་འགྱུར། །ཞེས་པས་སོ། །བཅུ་པ་དཀྱིལ་འཁོར་དུ་ཞུགས་པའི་ཡོན་ཏན་ནི། བདེ་བ་ཆེན་པོའི༴ ཡིད་འོང་མཉམ་པར་འགྱུར། །ཞེས་པ་དེར་གདའ་ཞིང་། བདེ་བ་ཆེན་པོའི་དཀྱིལ་འཁོར་ལ། །ཞེས་པས། རིགས་ལྔ་ཡབ་ཡུམ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ནི་བདེ་བ་ཆེན་པོའི་དཀྱིལ་འཁོར་ཁོ་ནའོ། །དེ་དག་ལྷག་པ་གཟུགས་བརྙན་གྱི་སྐབས་སུ་དཀྱིལ་འཁོར་བསྡུས་པ་ལ་ནི། སྟངས་དཔྱལ་གཉིས་སམ་ཡང་ན་ལྔ། །ཞེས་པས། སྟངས་ནི་ཡབ། དཔྱལ་ནི་ཡུམ་སྟེ་གཙོ་བོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས་སམ། ཡང་ན་དཀྱིལ་འཁོར་རྒྱས་པ་དང་འབྲིང་པོ་གཉིས་ལ་གཙོ་བོ་རིགསལྔ་ཡབ་ཡུམ་གྱིས་བྱས་པའོ། །བྱས་ཏེ་དད་ལྡན་རབ་ཞུགས་ན། །ཞེས་པས། དེ་ལྟར་དཀྱིལ་འཁོར་གྱི་ལྷ་རྣམས་རབ་གནས་དང་ལྡན་པར་བྱས་ཏེ། དཀྱིལ་འཁོར་གསུམ་པོ་དེ་དག་ཏུ་སྔར་བཤད་པ་བཞིན་སློབ་བུ་དད་པ་དང་ལྡན་པས་རབ་ཏུ་ཞུགས་པར་གྱུར་ན་ཡོན་ཏན་ཇི་ལྟ་བུ་འབྱུང་སྙམ་པ་ལ། འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་པས། འདོད་པའི་དོན་དབང་དངོས་གྲུབ་ཡིད་དུ་འོང་བ་ཐམས་ཅད་ཐོབ་པས་ན། སྔོན་འོག་མིན་དུ་མཐར་ལམ་བཞུགས་པ་དང་སྐལ་བ་མཉམ་པར་འགྱུར་རོ། །དེ་ཡང་། སྒྱུ་འཕྲུལ་དྲྭ་བར་ལེགས་ཞུགས་པས། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །དཀྱིལ་འཁོར་ཀུན་ཏུ་ཞུགས་པ་ཡིན། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་མངོན་དུ་མཐོང་ཞུགས་པའི། །བསོད་ནམས་རྟག་པ་གང་ཡིན་པ། །ཕྱིས་བྱས་དེ་བཞིན་ལུང་བསྟན་ཕྱིར། །སྒྱུ་འཕྲུལ་བདེ་ཆེན་དཀྱིལ་འཁོར་བཞི། །སྟངས་དཔྱལ་ཉིས་སམ་ཡང་ན་ལྔ། །བྱས་ཏེ་དད་ལྡན་རབ་ཞུགས་ན། །འདོད་པ་ཡིད་འོང་མཆོག་ལ་སོགས། །མངོན་བྱས་པ་དང་མཉམ་པར་འགྱུར། །གང་ཞིག་འདི་ལ་མོས་གྱུར་པ། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །རྡོ་རྗེ་འཛིན་པའི་རིགས་ངེས་ཤིང་། །གདོན་རྣམས་བཟློག་ཅིང་ངན་སོང་སྦྱོང་། །ལོངས་སྤྱོད་འདུ་བ་རྣམ་པ་གཉིས། །ཡེ་ཤེས་སྤྱན་གྱིས་རང་བཞིན་ངེས། །དེ་ལ་སོགས་པ་བསམ་ཡས་མཆོག །ཅེས་གསུངས་སོ། །གཉིས་པ་ཁྲོ་བོའི་དཀྱིལ་འཁོར་བསྟན་པ་ནི། ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ། །ཞེས་པས། འདིར་སྒྱུ་འཕྲུལ་ཁྲོ་བོའི་དཀྱིལ་འཁོར་ལ་ཡང་ས་གཞི་མཉམ་པ་ལ་སོགས་པ་སྤྱི་དོན་བཅུས་སྟོན་ཀྱང་སྤྱིར་ཞི་བའི་དཀྱིལ་འཁོར་གྱི་སྐབས་སུ་བཤད་པ་དེ་བཞིན་དུ་བྱ་བས་ཏེ་འོན་ཀྱང་དང་པོ་ས་གཞི་མཉམ་པ་ལ་བརྒྱད་ཡོད་པའི་ས་བརྟག་པའི་སྐབས་སུ། གནས་མ་མོ་འདུ་བའི་དུར་ཁྲོད་དུ་བྱ་བར་ཤིས་སོ། །དྲུག་པ་ས་བྱིན་གྱིས་བརླབ་པ་དང་། བརྒྱད་པ་ས་གཟུང་བ་ཁྲོ་བོས་བྱའོ། །གཞན་མཐུན་ནོ། །གཉིས་པ་དཀྱིལ་འཁོར་གྱི་ཚད་མཐུན་ནོ། །གསུམ་པ་ཐིག་ལ་ཡེ་ཤེས་ཀྱི་ཐིག་སྐུད་རྒྱུས་ཆེན་ལ་བྱ། རབ་གནས་ཁྲོ་བོས་བྱ། ཐིག་གདབ་པའི་ཐབས་ཀྱང་ཁྲོ་བོའི་ལུགས་སུ་གདབ་བོ། །བཞི་པ་ཚོན་ལ་ཐལ་ཆེན་བསྲེས་ལ་རབ་གནས་ཁྲོ་བོས་བྱའོ། །ལྔ་པ་བྲི་ཐབས་ལ་ཁྲོ་བོའི་དཀྱིལ་འཁོར་བར་ཁྱམས་གཉིས་པ་བྱ། དྲུག་པ་རྣམ་པ་དགོད་པ་ཁྲོ་བོའི་སྐུ་གསུང་ཐུགས་དགོད། བདུན་པ་རབ་གནས་ལ་ལས་སྦྱོར་ཁྲོ་བོའི་གཞུང་བསྲང་། མངའ་གསོལ་གྱི་སྐབས་སུ་ཐོ་མར་བུམ་པ། དེ་ནས་རོལ་པ་ཉི་ཤུ། ཆེ་བ་ཉི་ཤུ། རྔོ་མ་ཉི་ཤུ། བརྗིད་ཉི་ཤུ་སྟེ། མངའ་གསོལ་བརྒྱད་ཅུས་མངའ་གསོལ་ལོ། །ཆུ་བདུན་ལ། དམ་རྫས་ལྔའི་སྟེང་དུ། ཐལ་ཆེན་དང་། ཞུན་ཆེན་ནོ། །ཚིག་ཀྱང་ཞི་བ་དང་མི་མཐུན་ནོ། །ཁྲུས་རས་ཀྱིས་སྐུ་ཕྱི་བ་ཡང་དུར་ཁྲོད་རས་ཆེན་གྱིས་བྱའོ། །ཕྱི་ནང་གསང་བའི་མཆོད་པ་ཁྲོ་བོ་ལྟར་རོ། །བདུན་པ་བདེན་པས་བརྟན་པར་བཞུགས་པ་དང་། བརྒྱད་པ་བསྐོར་བ་དང་སྨོན་ལམ་ཡང་ཁྲོ་བོའི་རབ་གནས་ནས་བཤད་པ་ལྟར་རོ། །དགུ་པ་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་གཞན་རྣམས་འདྲ་བ་ལ། ལྷར་བརླབ་པ་དང་ལྷ་དབབ་པ་ཁྲོ་བོས་བྱ། བཅུ་པ་ཞུགས་པའི་ཡོན་ཏན་ཞི་བའི་དཀྱིལ་འཁོར་བཞིན་ནོ། །གསུམ་པ་མཆོག་གི་དཀྱིལ་འཁོར་ཞི་བའི་དཀྱིལ་འཁོར་ལྟར་ཤེས་པར་གདམས་པ་ནི། བསམ་ཡས་དག་ལའང་དེ་བཞིན་བྱ། །རིག་པས་དཔག་པ་ཙམ་དུའོ། །ཞེས་པས། བསམ་ཡས་ལྷུན་གྱིས་གྲུབ་པ་མཆོག་གི་དཀྱིལ་འཁོར་དག་ལའང་ཞི་བའི་དཀྱིལ་འཁོར་གྱི་སྐབས་སུ་བཤད་པ་དེ་བཞིན་དུ་སྤྱི་དོན་བཅུར་ཤེས་པར་བྱ་སྟེ། དང་པོ་ས་གཞི་མཉམ་པ་ནི། ཆོས་ཐམས་ཅད་མཉམ་པར་རྟོགས་ཤིང་དེའི་ངང་དུ་འཇོག་པའོ། །གཉིས་པ་ཚད་ནི། རང་གི་རིག་པས་དཔག་ཅིང་བློས་ཇི་ཙམ་ལྕོགས་པའི་ཚད་ཙམ་དུ་བསྒོམ་པར་བྱའོ། །གསུམ་པ་ཐིག་ནི། རང་རིག་པ་ཉིད་དཀྱིལ་འཁོར་དུ་གསལ་བ་ལས་མི་འགྱུར་བའོ། །བཞི་པ་ཚོན་ནི། སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་ལྔར་མཚོན་པའོ། །ལྔ་པ་བྲི་བ་ནི། སེམས་ཉིད་མཉམ་པ་ཉིད་ལ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་འདྲེས་ཡོངས་རྫོགས་སུ་གསལ་བའོ། །དྲུག་པ་རྣམ་པ་དགོད་པ་ནི། སྣང་བ་སྐུ། གྲགས་པ་གསུང་། དྲན་རིག་ཐུགས་ཀྱི་དཀྱིལ་འཁོར་དུ་མ་འགགས་པར་དགོད་པའོ། །བདུན་པ་རབ་གནས་ནི། རྒྱུན་བཤགས་ལྟར་བསྐྱེད་པ། དབབ། དྲང་། བསྟིམ། མཆོད་པའི་རིམ་པ་རྣམས་བྱའོ། །བརྒྱད་པ་སྦྱིན་སྲེག་ནི། བདེ་བ་ཆེན་པོ་དོན་རྒྱུད་ལ་སྦྱིན་ཞིང་རྣམ་རྟོག་རང་རྒྱུད་པ་སྲེག་པའོ། །དགུ་པ་དཀྱིལ་དུ་འཇུག་པ་ནི། རྒྱུན་བཤགས་ཀྱིས་གསལ་བཏབ་ལ་རྒྱུན་ཆད་མེད་པར་ཉམས་སུ་ལེན་པའོ། །བཅུ་པ་ཞུགས་པའི་ཡོན་ཏན་ནི། སྔོན་འོག་མིན་དུ་མཐར་ལམ་པ་ཞུགས་པ་དང་སྐལ་པ་མཉམ་པ་སྔར་དང་རྗེས་སུ་མཐུན་ནོ། །སྤྱི་དོན་གཉིས་པ་དབང་ཡེ་ཤེས་རྡོ་རྗེ་ལ་གསུམ་སྟེ། དབང་གི་སྔོན་དུ་རྒྱུ་ཡོན་དབུལ་བ་དང་། སྣོད་དང་སྦྱར་ལ་བསྐུར་བ་དང་། གསང་དབང་གི་དཀྱིལ་འཁོར་གྱི་ཚད་བསྟན་པའོ། །དང་པོ་དབང་གི་སྔོན་རྒྱུ་ཡོན་དབུལ་བ་བསྟན་པ་ནི། དེ་ནས་རིགས་ཀྱི་བུ་མཆོག་དེས། །རྒྱལ་སྲིད་དང་ནི༴ དག་པར་འགྱུར། །ཞེས་པ་དེར་གདའ་ཞིང་། དེ་ནས་རིགས་ཀྱི་བུ་མཆོག་དེས། །ཞེས་པས། དཀྱིལ་འཁོར་དུ་ཞུགས་པ་ལ་དེ་དབང་བསྐུར་བསྟོན་པས་ན་ནས་ཞེས་པའམ། དཀྱིལ་འཁོར་གྱི་བྱ་བ་རྫོགས་པ་དེ་ནས་དཀྱིལ་འཁོར་དུ་ཞུགས་པའི་གསང་སྔགས་ཐེག་པ་ཆེན་པོའི་རིགས་ཀྱི་བུ་མཆོག་དབང་ཐོབ་པར་འདོད་པ་དེས་དབང་ཞུ་བའི་སྔོན་དུ་དབང་ཐོབ་པར་བྱ་བའི་རྒྱུ་ཚོགས་མཆོག་ཡོན་དབུལ་བར་བྱ་སྟེ། རྒྱལ་སྲིད་དང་ནི་རང་གི་ལུས། །ཞེས་པས། རང་གི་ཡི་དམ་གྱི་ལྷ་དེ་བཞིན་གཤེགས་པའི་རིགས་ལ་མེ་ཏོག་ཕོག་པ་ཡིན་ན་རང་གི་རྒྱལ་སྲིད་དབུལ་བ་དང་། རྡོ་རྗེའི་རིགས་ཡིན་ན་ནི་རང་གི་ལུས་དབུལ་ལོ། །འོ་ན་རྒྱལ་སྲིད་མེད་པ་རྣམས་ཡོན་མི་དབུལ་ལམ་ཞེ་ན། རང་དབང་བའི་དངོས་པོ་ཅི་ཡིན་པ་ཐམས་ཅད་དབུལ་གསུང་ངོ་། །བུ་དང་ཆུང་མ་ནོར་གྱི་དབྱིག །ཅེས་པས། ཡི་དམ་པདྨའི་རིགས་ལ་མེ་ཏོག་ཕོག་པ་ཡིན་ན། བུ་དང་ཆུང་མ་དབུལ། རིན་པོ་ཆེའི་རིགས་ལ་རིན་པོ་ཆེ་དངོས་སམ་ནོར་གྱི་དབྱིག་སྟེ་རང་གི་ནོར་གྱི་དྲག་ཤོས་དབུལ་ལོ། །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཞེས་པས། ལས་ཀྱི་རིགས་ལ་རང་ལ་གང་རབ་ཏུ་གཅེས་པ་དེ་དབུལ་པ་དང་། ཡི་དམ་གྱི་ལྷ་རིགས་ཐམས་ཅད་ཀྱི་བདག་པོ་དྲུག་པ་ཀུན་ཏུ་བཟང་པོ་ཡིན་ན་བླ་མའི་ཡིན་ལ་ཅི་འཐད་པ་དབུལ་བ་ཡིན་ཏེ། ཐུགས་ལ་འཐད་ན་རང་གི་ལས་ཀྱི་ཕྱག་རྒྱ་སྟེ་གཟུངས་མ་ཡང་དབུལ་ལོ། །ཞེས་གསུང་ངོ་། །དེ་ལྟར་བླ་མ་རྡོ་རྗེ་སློབ་དཔོན་ལ་ཡོན་ཕུལ་བ་དེའི་ཡོན་ཏན་ལ་དགོས་པ་ཅི་ཞིག་ཡོད་སྙམ་པ་ལ། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཞེས་པས། དབང་ཕྱུག་བླ་མ་རྡོ་རྗེ་སློབ་དཔོན་ལ་དབུལ་བར་བྱ་བ་གོང་དུ་བཤད་པའི་ཡོན་རྣམས་དང་། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་འདོད་ཡོན་ལྔའི་ལོངས་སྤྱོད་ཀྱིས་མཉེས་པར་མཆོད་ན་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མཆོད་པར་འགྱུར་བ་ཡིན་ཏེ། དབང་ཕྱུག་བླ་མ་ཉིད་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་དམ་ངོ་བོ་ཡིན་པས་སམ། དགོངས་པ་ཐ་མི་དད་པ་ཡིན་པའི་ཕྱིར། །བླ་མ་ལ་མཆོད་པ་ཕུལ་བས་དུས་གསུམ་གྱི་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ལ་མཆོད་པ་ཕུལ་བར་འགྱུར་བ་ཡིན་ནོ། །དེ་ཡང་མདོ་དགོངས་པ་འདུས་པ་ལས། བསྐལ་པ་འབུམ་གྱི་སངས་རྒྱས་པས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བརྟེན་ནས་བྱུང་། །ཞེས་པ་དང་། བླ་མ་ལྔ་བཅུ་པ་ལས། དེ་སྦྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །ཞེས་གསུངས་སོ། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཞེས་པས། དབང་ཕྱུག་བླ་མ་རྡོ་རྗེ་སློབ་དཔོན་ཉིད་མཆོད་པས་ཉེ་བ་ཡི་དམ་ལྷའི་དཀྱིལ་འཁོར་ཐམས་ཅད་མཉེས་པ་དང་འགྲུབ་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཉེས་པ་ཐམས་ཅད་འདག་པར་འགྱུར། །ཞེས་པས། ཐུན་མོང་གི་ཉེས་པ་མི་དགེ་བཅུ་མཚམས་མེད་པ་ལྔ་དེ་དང་ཉེ་བ་ལྔ་ལྕི་བ་བཞི་ལོག་པ་བརྒྱད་ལ་སོགས་པ་དང་། ཐུན་མོང་མ་ཡིན་པའི་ཉེས་པ་གསང་སྔགས་ཀྱི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་འགྱུར་བས་དེའི་ཕྱིར་ཡོན་ལ་སེར་སྣ་སྤང་ངོ་ཞེས་བྱའོ། །གཉིས་པ་སྣོད་དང་སྦྱར་ལ་བསྐུར་བའི་རིམ་པ་བསྟན་པ་ནི། དད་བརྩོན༴ ཟོས་པར་གཟུང་། །ཞེས་པ་དེར་གདའ་ཞིང་། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །ཞེས་པས། སློབ་བུའི་མཚན་ཉིད་རྟོག་པ་ལ་མཁས་པའི་སློབ་དཔོན་གྱིས། འོག་ནས་རབ་རྟོགས་ན་ཞེས་པས། སློབ་བུ་སྣོད་དང་ལྡན་མི་ལྡན་ཕྱི་མཚན་ཉིད་རབ་ཏུ་རྟོགས་ནས་སྣོད་དང་མི་ལྡན་པའི་སློབ་མ་སྤང་ལ། སྣོད་ལྡན་གྱི་སློབ་བུ་གསང་སྔགས་ཀྱི་ཐེག་པ་འདི་ལ་དད་པ་དང་ལྡན་པ་རྣམས་ལ་ཕྱི་ཕན་པའི་དབང་བཅུ་སྦྱིན་ཞིང་། བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་ལྔ་སྦྱིན་པར་བྱ་སྟེ། དེ་ཡང་། བདག་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཉན་པ་དང་སྒོམ་པའི་དབང་གཉིས། གཞན་དོན་ནུས་པའི་བརྩོན་འགྲུས་ཅན་ལ་འདི་སྟེང་དུ་འཆད་པ་དང་ཕྲིན་ལས་ཀྱི་དབང་གཉིས། བདག་གཞན་གཉིས་ཀའི་དོན་ནུས་པའི་བརྩོན་འགྲུས་ཅན་ལ། དེའི་སྟེང་དུ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་སྦྱིན་ནོ། །བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་གསུམ་སྦྱིན་ཏེ། དེ་ཡང་། སྤྱོད་པའི་བརྟུལ་ཞུགས་ཅན་ལ་གསང་བའི་དབང་། །རིག་པའི་བརྟུལ་ཞུགས་ཅན་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་མཉམ་པའི་བརྟུལ་ཞུགས་ཅན་ལ་དབྱེར་མེད་བདེ་བ་ཆེན་པོའི་དབང་སྦྱིན་པར་བྱའོ། །རིམ་པ་བཞིན་དུ་སྦྱིན་པར་བྱ། །ཞེས་པས། དེ་ལྟར་སྣོད་ཀྱི་རིམ་པ་བཞིན་དུ་ཕན་ནུས་ཟབ་མོའི་དབང་རྣམས་རང་རང་གི་བློ་དང་འཚམས་ཚོད་དུ་སྦྱིན་པར་བྱ་ཞིང་། སྙིང་རྗེས་ཆུད་མ་ཟོས་པར་གཟུང་། །ཞེས་པས། རྡོ་རྗེ་སློབ་དཔོན་གྱིས་སློབ་བུ་ལ་དོན་དུ་མི་འགྱུར་བའི་དབང་བྱིན་ན་རྫ་སྣོད་དུ་སེང་ཞོ་བླུགས་པ་དང་མཚུངས་པས། སློབ་དཔོན་གྱི་སྙིང་རྗེའི་ཀུན་ནས་བླངས་པའི་སེམས་ཀྱིས་སྣོད་དང་འཚམས་པར་བྱིན་ལ། སློབ་བུ་ཆུད་མ་ཟོས་པར་རྗེས་སུ་གཟུང་བར་བྱའོ། །གསུམ་པ་གསང་དབང་གི་དཀྱིལ་འཁོར་གྱི་ཚད་བསྟན་པ་ལ་གཉིས་ཏེ། ཚད་དངོས་དང་། དེ་ལ་གདན་དང་སྐུ་གསུང་ཐུགས་ཀྱི་མཚན་མ་དགོད་པའོ། །དང་པོ་ཚད་དངོས་ལ་གཉིས་ཏེ། པདྨའི་ཚད་སོར་བཞི་པ་དང་། རྡོ་རྗེའི་ཚད་མཛུབ་གང་བའོ། །དང་པོ་པདྨའི་ཚད་སོར་བཞི་པ་ནི། །ཤིན་ཏུ་ཕྲ་བའི༴ བཞི་ཡི་ཚད་དུ་བྱ། །ཞེས་པ་དེར་གདའ་ཞིང་། དེ་ཡང་སྤྱིར་གསང་བ་སྒྱུ་འཕྲུལ་གྱི་ལུགས་ཀྱི་དཀྱིལ་འཁོར་བཞི་རུ་དབང་ལྔ་སྐུར་བར་བྱེད་པ་ཡིན་ཏེ། ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཕན་དབང་། ནང་ལུས་ཀྱི་དཀྱིལ་འཁོར་དུ་ནུས་དབང་། གསང་བ་བྷ་གའི་དཀྱིལ་འཁོར་དུ་གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་། དེ་ཁོ་ན་ཉིད་སེམས་ཀྱི་དཀྱིལ་འཁོར་དུ། དབྱེར་མེད་བདེ་བ་ཆེན་པོའི་དབང་བསྐུར་བ་ཡིན་པ་ལ། སྐབས་འདིར་གསང་དབང་གི་དཀྱིལ་འཁོར་སྟོན་པར་བྱེད་དེ། དེ་ཡང་ཡབ་ཡུམ་གྱི་མཁའ་གསང་མཚོན་པར་བྱེད་པ་ཡིན་པས་གསེར་དངུལ་ཟངས་ལྕགས་ལ་སོགས་པ་ལུགས་སུ་བླུག་པའམ། རས་སམ་གྲོ་ཤོག་ལ་སོགས་པ་ལ་རིས་སུ་བྲིས་པའམ། ཙནྡན་གོཪྴི་ཥ་ལ་སོགས་པ་ལ་རྐོས་སུ་བརྐོས་པའང་རུང་སྟེ། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཅེས་པས། སྔར་གྱི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གྱི་ཚད་ཁྲུ་གང་བ་ལ་སོགས་པ་ལ་ལྟོས་ན་སོར་བཞི་པ་འདི་ལས་ཆུང་ཚད་གཞན་མེད་པས། ཤིན་ཏུ་ཕྲ་བའི་དཀྱིལ་འཁོར་ཏེ་སྤྱོད་པའི་བརྟུལ་ཞུགས་ཅན་གྱི་སློབ་བུ་ལ་བདེ་བའི་ཡེ་ཤེས་མཚོན་ཅིང་སྦྱོར་བ་ལས་མི་འདའ་བས་ན་དམ་ཚིག་གི་མཆོག་གོ། །དཀྱིལ་འཁོར་དེ་གང་དུ་དགོད་ན། ཕྱག་རྒྱ་ཆེན་པོའི་ཕྱག་མཐིལ་དུ། །ཞེས་པས། རྡོ་རྗེ་སློབ་དཔོན་གྱི་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ་པའི་ཕྱག་མཉམ་གཞག་གི་མཐིལ་དུ་དགོད་པའོ། །གང་དགོད་ན། ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ། །ཞེས་པས། ཐུགས་ཀྱི་དཀྱིལ་འཁོར་དམ་པ་བདེ་བའི་ཡེ་ཤེས་སྐྱེ་བའི་ཡུལ་གསང་བའི་པདྨ་ཡིན་པས། དེ་མཚོན་བྱེད་པདྨ་དམར་པོ་འདབ་མ་བཞི་པའོ། །དཀྱིལ་འཁོར་དེའི་ཚད་ཇི་ཙམ་ཞེ་ན། སོར་ནི་བཞི་ཡི་ཚད་དུ་བྱ། །ཞེས་པས། ཡུམ་གྱི་གསང་གནས་མཚོན་པ་ཡིན་པས་སོར་ནི་བཞི་པའི་ཚད་དུ་བྱའོ། །དེ་ཡང་ཐལ་རྒྱུད་ལས། ཕྱག་རྒྱ་ཆེན་པོ་ནམ་མཁའི་དབྱིངས། །སོར་བཞིའི་ཚད་དུ་ར་བཞིན་གནས། །བདེ་བའི་ཡེ་ཤེས་ཐུགས་དཀྱིལ་འཁོར། །ཁ་དོག་དབྱིབས་དང་ལྡན་པར་བྱ། །ཐབས་ཀྱི་རབ་གནས་ཆོ་གར་ལྡན། །འཇུག་པ་པོས་ཀྱང་གསོལ་བ་གདབ། །ཅེས་གསུངས་སོ། །གཉིས་པ་རྡོ་རྗེའི་ཚད་མཛུབ་གང་བ་བསྟན་པ་ནི། ཡང་ན་ཐལ་མོ༴ བཞིན་དུ་བྱ། །ཞེས་བདེར་གདའ་ཞིང་། ཡང་ན་ཞེས་པས། པདྨའི་ཚད་ལས་ཡང་ན་རྡོ་རྗེའི་ཚད་བསྟན་པའོ། །ཐལ་མོ་རབ་བསྣོལ་ནས། ཞེས་པས། ཐལ་མོ་ནི་སློབ་དཔོན་ཡབ་ཡུམ་གཉིས་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ་པ་སྟེ། ཡབ་ཡུམ་གཉིས་ཀྱི་དབང་པོ་རབ་ཏུ་བསྣོལ་ནས། ཕྱག་རྒྱ་ཆེན་པོའི་པང་དུ་ནི། །ཞེས་པས། སློབ་དཔོན་ཡབ་ཡུམ་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ་པའི་བང་དུ་ནིའོ། །དེར་གང་འགོད་སྙམ་ན། བདེ་བའི་ཡེ་ཤེས་སྐྱེ་བའི་རྟེན་གསང་བའི་རྡོ་རྗེ་དེ་མཚོན་པར་བྱེད་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའོ། །དཀྱིལ་འཁོར་དེའི་ཚད་ཇི་ཙམ་སྙམ་ན། དཀྱིལ་འཁོར་མཛུབ་གང་ཚད་དུ་ཡང་། །ཞེས་པས། ཡབ་ཀྱི་གསང་གནས་མཚོན་པ་ཡིན་པས་དཀྱིལ་འཁོར་མཛུབ་གང་བའི་ཚད་དུ་ཡང་བྱ་བ་སྟེ། མཁས་པས་ཆོ་ག་བཞིན་དུ་བྱ། །ཞེས་པས། ལག་ལེན་ལ་བཟོ་བོ་མཁས་པས་གོང་གི་རྒྱུ་རྣམས་ལ་རྡོ་རྗེ་རྩེ་ལྔ་པ་ཆོ་ག་ཇི་ལྟ་བ་བཞིན་དུ་བཟོ་བར་བྱའོ། །ཡང་ན། མཁས་པས་ཆོ་ག་བཞིན་དུ་བྱ། །ཞེས་པ་ལ། གསང་དབང་གི་དཀྱིལ་འཁོར་ལ་མཁས་པས་ཞི་བའི་དཀྱིལ་འཁོར་གྱི་ཆོ་ག་བཞིན་དུ་སའི་ཆོ་ག་ལ་སོགས་པ་དོན་བཅུར་བྱ་བ་ནི། མཚོན་བྱེད་རྟགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །དེ་ཡང་། ཐལ་བའི་རྒྱུད་ལས། ཐལ་མོ་ཞེས་བྱ་སྡེབས་པའི་སྒྲ། །དབང་པོའི་ཡུལ་དུ་རབ་སྦྱོར་བས། །ཕྱག་རྒྱ་ཆེན་པོ་ནམ་མཁའི་དབྱིབས། །བརྟུལ་ཞུགས་གཉིས་ཀྱིས་པང་དུ་བླང་། །རྡོ་རྗེ་མཛུབ་མོའི་རྩེ་དག་ཏུ། །ཏིལ་འབྲུ་ནམ་མཁའི་གཞལ་ཡས་སུ། །རི་རབ་ཙམ་གྱི་ཕྱག་རྒྱ་དགོད། །ཐབས་ཀྱི་ཆོ་ག་རབ་གནས་དང་། །གསང་བའི་སྦྱིན་སྲེག་ལུགས་སུ་དབུལ། །ཞེས་གསུངས་སོ། །རྡོ་རྗེ་ལས་རིམ་ལས་ཀྱང་། ཤིན་ཏུ་ཕྲ་བ་གཞན་དཀྱིལ་འཁོར། །གཙོ་བོ་ཐུགས་ཏེ་རིགས་ལྡན་པ། །རྣམ་པའང་རིམ་པའི་སྐབས་སུ་བཤད། །ཅེས་གསུངས་སོ། །གཉིས་པ་དེ་ལ་གདན་དང་སྐུ་གསུང་ཐུགས་ཀྱི་མཚན་མ་དགོད་པ་ནི། སེན་ཟླུམ༴ ཙམ་དུ་བྲི། །ཞེས་པ་དེར་གདའ་ཞིང་། དེ་ཡང་སོར་བཞི་པའི་དཀྱིལ་འཁོར་གྱི་པདྨའི་དབུས་ཀྱི་ལྟེ་བ་དང་། ཕྱོགས་ཀྱི་འདབ་མ་རྣམས་ལ་ཉི་མ་དང་། མཛུབ་གང་བའི་དཀྱིལ་འཁོར་གྱི་རྡོ་རྗེའི་རྭ་དབུས་མ་དག་ཕྱོགས་ཀྱི་རྭ་རྣམས་ལ་ཟླ་བ་འགོད་དེ། དེ་དག་ཆེ་ཆུང་གི་ཚད་ནི། སེན་ཟླུམ་ཙམ་གྱི་ཉི་ཟླ་ལ། །ཞེས་པས། སེན་མོ་ཟླུམ་པོ་ཙམ་གྱི་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ལ། ཙ་ནའི་འབྲུ་ཙམ་པདྨའི་གདན། །ཞེས་པས། སྲན་མ་ཙན་ཀའི་འབྲུ་སླེབས་པ་ཙམ་གྱི་པདྨའི་གདན་གྱི་ཐོག་ཏུ། ཡུངས་འབྲུ་ཙམ་གྱི་ཡི་གེ་ལས། །ཞེས་པས། ཡུངས་ཀར་གྱི་འབྲུ་ཙམ་གྱི་ཡི་གེ་འགོད་དེ། དེ་ཡང་སོར་བཞིའི་དཀྱིལ་འཁོར་གྱི་ཉི་མ་ལ་གནས་པའི་པདྨ་རྣམས་ཀྱི་སྟེང་དུ་ཡུམ་གྱི་འབྲུ་ལྔ་དང་། མཛུབ་གང་བའི་དཀྱིལ་འཁོར་གྱི་ཟླ་བ་ལ་གནས་པའི་པདྨ་རྣམས་ལ་ཡབ་ཀྱི་འབྲུ་ལྔ་དགོད་པར་བྱའོ། །ཡབ་ཡུམ་གྱི་ཡིག་འབྲུ་བཅུ་པོ་རྣམས་ཡོངས་སུ་གྱུར་པ་ལས། ཕྱག་རྒྱ་ཏིལ་འབྲུ་ཙམ་དུ་བྲི། །ཞེས་པས་རིགས་ལྔ་ཡབ་ཡུམ་གྱི་སྐུ་ཕྱག་རྒྱ་ཆེན་པོ་ཏིལ་འབྲུ་ཙམ་དུ་བྲི་ཞེས་པའམ། འགྲེལ་པ་སྤར་ཁབ་ལས། ཡི་གེ་ཡུངས་འབྲུ་ཙམ་ལ་སྐུ་ནས་འབྲུ་ཙམ་འགོད་པ་དང་། ཡི་གེ་ཏིལ་འབྲུ་ཙམ་ལ་སྐུ་ཡུངས་འབྲུ་ཙམ་འགོད་པའོ། །ཞེས་གསུངས་སོ། །དེ་ལྟར་མཚོན་བྱེད་རྟགས་ཀྱི་དཀྱིལ་འཁོར་གཉིས་ལ་གདན་དང་སྐུ་གསུང་ཐུགས་ཀྱི་མཚན་མ་ཇི་ལྟར་བཀོད་པ་བཞིན་དུ། ཡབ་ཡུམ་གཉིས་སྙོམས་པར་འཇུག་པའི་སྔོན་དུ་ཡང་མཁའ་གསང་གཉིས་ལ་གདན་དང་སྐུ་གསུང་ཐུགས་ཀྱི་མཚན་མ་ཡབ་ཀྱིས་ཡུམ་དང་ཡུམ་གྱིས་ཡབ་ལ་འགོད་པར་བྱའོ། །སྤྱི་དོན་གསུམ་པ་སྒྲུབ་པ་ཡེ་ཤེས་རྡོ་རྗེ་ལ་གསུམ་སྟེ། ཚོགས་ཀྱི་སྒྲུབ་པ་པོའི་མཚན་ཉིད་དང་། འབྲས་བུ་རིག་འཛིན་བསྒྲུབ་པའི་དུས་དང་། དེ་ལྟར་བསྒྲུབས་པའི་མཐར་ཐུག་གི་འབྲས་བུ་སངས་རྒྱས་འཐོབ་ཚུལ་བསྟན་པའོ། །དང་པོ་ཚོགས་ཀྱི་སྒྲུབ་པ་པོའི་མཚན་ཉིད་ནི། ཆོ་ག་ལྔ་ནི༴ རབ་བརྩོན་ན། །ཞེས་པ་དེར་གདའ་ཞིང་། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཞེས་པས། དེ་བཞིན་ཉིད་ཀྱི་ཆོ་ག་དང་ཀུན་ཏུ་སྣང་གི་ཆོ་ག་དང་ཕྱག་རྒྱ་གཅིག་པ་ལ་ཕྲ་བ་ཡིག་འབྲུ་ལ་བསླབ་པའི་ཆོ་ག་དང་རགས་པ་ལྷ་སྐུ་ལ་བསླབ་པའི་ཆོ་ག་དང་ཕྱག་རྒྱ་སྤྲོས་པ་དང་བཅས་པའི་ཆོ་ག་སྟེ། ཆོ་ག་ལྔ་ནི་སྔོན་དུ་རྫོགས་པར་བྱས་ཤིང་ཞེས་བླ་མ་གོང་མ་རྣས་གསུང་ལ། འགྲེལ་པ་སྤར་ཁབ་ལས། དེ་ཏིང་དང་ཀུན་ཏིང་དང་ཕྱག་རྒྱ་གཅིག་པ་ལ་སྐུ་གསུང་ཐུགས་ཀྱི་ཆོ་ག་གསུམ་དང་ལྡན་གསུངས་ཏེ། དེ་དང་མཐུན་པར་འགྲེལ་ཆུང་ལས་ཀྱང་། དང་པོ་སྟོང་པའི་བྱང་ཆུབ་གཉིས་པ་སྙིང་རྗེ་ཡིན། །གསུམ་པ་ཡི་གེ་བཞི་པ་དམ་ཚིག་ཕྱག་རྒྱའོ། །ལྔ་པ་ལ་ནི་གཟུགས་རྫོགས་ལྷ་སྐུར་ལྡན་པ་ཡིན། །ཞེས་གསུངས་སོ། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །ཞེས་པས། བྲོ་གར་འདུ་འཕྲོའི་ཡོ་བྱད། གླུ་ཚིག་སྒྲའི་ཡོ་བྱད། རྒྱན་དང་བགོ་བའི་ཡོ་བྱད། བཟའ་བ་དང་བཏུང་བའི་ཡོ་བྱད། །ཨཱ་ལི་ཀཱ་ལིའི་ཡོ་བྱད་དང་ལྔ་ནི་ཚོགས་སྒྲུབ་པའི་སྔོན་དུ་རྫོགས་པར་བྱས་ནས། གནས་འཁོར་ཁང་ཕྱི་ནང་བར་གསུམ་དང་ལྡན་པར། སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །ཞེས་པས། སྔགས་ནི། སྤར་ཁབ་ལས། ཡིད་སྐྱོབ་པ་དང་། བྱིན་གྱིས་བརླབ་ཀྱི་ཕྱིར་སྔགས་ཏེ་ལྷའོ། །ཞེས་པས་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་ཡེ་ཤེས་སེམས་དཔའ་དང་བཞི་དབུ་རྒྱན་རིགས་ལྔའི་ལྷ་གཅིག་ཏུ་བྱས་པས། སྔགས་ཀྱི་ཡན་ལག་ལྔ་ལྔ་དང་ལྡན་པའོ་ཞེས་བླ་མ་གོང་མ་རྣམས་གསུངས་ལ། འགྲེལ་པ་སྤར་ཁབ་ལས། དེ་ཉིད་ཀྱི་ལུས་ཀྱི་ཡན་ལག་མགོ་བོ་ལ་སོགས་པ་ལ་ཕྱག་རྒྱ་ལྔ་བཅུ་ཐམ་པ་རྒྱས་པའི་རྒྱུད་བཞིན་དུ་བཀོད་པ་དང་། རྟོག་པའི་ཡན་ལག་ཕུང་པོ་ལ་སོགས་པ་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་གཉིས་སུ་སྣང་བ་རྣམ་པར་འབྱེད་པ་དང་། དེ་ཉིད་ཀྱི་ཡན་ལག་གཅིག་ལ་ཡང་དེ་དག་ཚང་བར་དགོད་པ་དང་། དེ་དག་ལ་ཡང་རྡོ་རྗེ་གསུམ་བསྒོམ་པ་དང་དབང་བསྐུར་བའི་ཡན་ལག་དང་ལྔ་རྫོགས་ཏེ། སྣང་བ་རྣམ་པར་འབྱེད་པ་ལ་དབང་ཐོབ་ནས་ཞེས་པས། གོང་དང་ཅུང་མི་མཐུན་པར་གསུང་ལ། འགྲེལ་ཆུང་ལས་ཀྱང་། སྙིང་གར་ཡེ་ཤེས་སེམས་བསྒོམ་སྙིང་གར་ཉི་ཟླའི་དཀྱིལ། །དམ་ཚིག་ཕྱག་རྒྱ་བཞག་སྟེ་དེ་སྟེང་ཡིག་འབྲུ་བཞག །ཟློས་ཚེ་སྤྲོས་བསྡུས་བཟླས་པ་ཡན་ལག་ཡིན། །ཞེས་གསུངས་སོ། །དེ་ལྟར་ཡན་ལག་ལྔ་པོ་དེ་དག་རྫོགས་པར་གསལ་བའི་རྣལ་འབྱོར་བས། མ་ཉམས་འཇུག་ལ་རབ་བརྩོན་ན། །ཞེས་པས། དེ་ལྟར་གོང་གི་ལྔ་ཚན་གསུམ་པོའི་ལྟ་བ་དང་རྩ་བའི་དམ་ཚིག་ལྔ་ཡན་ལག་གི་བཅུ་ལ་སོགས་པ་མ་ཉམས་པར་ཚོགས་སྒྲུབ་པའི་ཏིང་ངེ་འཛིན་དང་སྤྱོད་པ་ལ་འཇུག་ཅིང་། སྒྲུབ་པ་ཉམས་སུ་ལེན་པ་ལ་རབ་ཏུ་བརྩོན་པར་བྱས་ན་སྒྲུབ་པ་པོས་ཚོགས་འགྲུབ་པར་གསུངས་སོ། །གཉིས་པ་འབྲས་བུ་རིག་འཛིན་འགྲུབ་པའི་དུས་བསྟན་པ་ནི། ཞག་ནི་སུམ་ཅུ༴ དམ་པ་འགྲུབ། །ཅེས་པ་དེར་གདའ་ཞིང་། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །ཞེས་པས། ལྟ་བ་དང་དམ་ཚིག་མ་ཉམས་པར་བརྩོན་པ་ལ་གནས་ན་བློ་དང་བརྩོན་འགྲུས་རབ་ཀྱིས་ཞག་ནི་སུམ་ཅུ་ཕྲག་དྲུག་སྟེ་ཟླ་བ་དྲུག་གམ། བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །ཞེས་པས། འབྲིང་གིས་ཟླ་བ་བཅུ་གཉིས་ཏེ་ལོ་གཅིག་གམ། ཡང་ན་ཟླ་བ་བཅུ་བཞི་སྟེ་ལོ་གཅིག་ཟླ་བ་གཉིས་སམ། ཐ་མས་ཀྱང་ཟླ་བ་བཅུ་དྲུག་གིས་ཏེ་ལོ་གཅིག་ཟླ་བ་བཞི་ཡིས། དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་པས། དབང་པོ་རྟུལ་ན་རྣམ་པར་སྨིན་པའི་རིག་འཛིན་ནམ། དབང་པོ་རྣོ་ན་ཚེ་ལ་དབང་སྒྱུར་བའི་རིག་འཛིན་རྣམས་ཀྱི་ནང་ནས་དམ་པ་སྟེ་མཆོག་ཏུ་གྱུར་པ་ལུས་མི་འདོར་བར་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་ལ་དབང་བའི་རིག་འཛིན་ཉིད་འགྲུབ་པར་འགྱུར་རོ། །འདི་ལ་གསང་སྔགས་ཀྱི་བསྟན་པའི་མངའ་བདག་འཇམ་པའི་དབྱངས་ཆེན་པོའི་གསུང་གིས། འབྲས་བུ་འགྲུབ་པའི་དུས་ལ་གཉིས་སུ་འདོད་དེ། ཚེ་ལ་དབང་བའི་རིག་འཛིན་འགྲུབ་པའི་དུས་དང་མཐར་ཐུག་སྐུ་ལྔ་འགྲུབ་པའི་དུས་སོ། །དང་པོ་ནི་གོང་དུ་སྨོས་པའི་དུས་རབ་འབྲིང་ཐ་གསུམ་ཡིན་ལ། གཉིས་པ་ནི། དེ་ཚེ་བཅུ་དྲུག་ཚུལ་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཞེས་པས། མཐོང་ལམ་ཚེ་ལ་དབང་བའི་རིག་འཛིན་ཐོབ་པ་དེའི་ཚེ། ལོ་བརྒྱ་ཚན་པ་བཅུ་དྲུག་སྟེ་སྟོང་དྲུག་བརྒྱ་ཚུན་ཆད་ཀྱིས་བསྣུར་ཞིང་བསྒྲུབ་པས། མཐར་ལམ་ཆགས་པའི་དབང་དུ་སྒོམ་ལམ་ཕྱག་རྒྱ་ཆེན་པོ་དང་། མཐར་ལམ་ལྷུན་གྲུབ་རིག་འཛིན་གཉིས་བགྲོད་ནས་མཐར་ཐུག་ལ་སྦྱོར་ལ། ལམ་ཐོད་རྒལ་གྱི་དབང་དུ་ཚེ་དབང་དེ་ཉིད་ཀྱིས་མཐར་ཐུག་གི་འབྲས་བུ་སྐུ་ལྔ་ལྷུན་གྱིས་གྲུབ་པ་མངོན་དུ་རྫོགས་པར་གྱུར་པ་ནི། རྒྱས་པའི་རྒྱུད་ལས། ཚེ་ནི་བཅུ་དང་དྲུག་པ་ཡིས། །བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་ས། །ཞེས་གསུངས་སོ། །གསུམ་པ་དེ་ལྟར་བསྒྲུབས་པའི་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་པའི་ཚུལ་བསྟན་པ་ལ་གཉིས་ཏེ། འབྲས་བུ་ཐོབ་པའི་ཚུལ་དང་། འབྲས་བུའི་ངོ་བོའོ། །དང་པོ་འབྲས་བུ་ཐོབ་པའི་ཚུལ་ལ་གཉིས་ཏེ། འགྲུབ་ཚུལ་རང་སྣང་དུ་བསྟན་པ་དང་། དེ་ལྟར་འགྲུབ་པའི་དུས་དཔེའི་སྒོ་ནས་རང་སྣང་དུ་བསྟན་པའོ། །དང་པོ་འགྲུབ་ཚུལ་རང་སྣང་དུ་བསྟན་པ་ནི། ཡེ་ཤེས་ཐིག་ལེ༴ རང་སྣང་བའོ། །ཞེས་པ་དེར་གདའ་ཞིང་། ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཞེས་པས། མཐར་ལམ་ཆགས་པའི་དབང་དུ་ལྷུན་གྲུབ་རིག་འཛིན་དང་། ཐོད་རྒལ་གྱི་དབང་དུ་ཚེ་ལ་དབང་བའི་རིག་འཛིན་གྱི་དགོངས་པ་རང་རིག་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བའི་ཐིག་ལེ་དེ་ཉིད་ཀྱི་ངོ་ལ། ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །ཞེས་པས། མཉམ་གཞག་གི་དུས་སུ་རྒྱལ་བའི་དགོངས་པ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཀྱི་ཐིག་ལེ་དེ་ཉིད་སྣང་བ་སྟེ། ཐལ་རྒྱུད་ལས། བདེ་འདུས་ཡེ་ཤེས་ཐིག་ལེ་ལས། །མཐའ་ཡས་ཡེ་ཤེས་རང་སྣང་བ། །མ་བཙལ་ལྷུན་གྲུབ་རིག་འཛིན་མཆོག །ཅེས་པས། ཚེ་དབང་ཐོད་རྒལ་བ་ལྷུན་གྲུབ་རིག་འཛིན་ལ་སྦྱོར་བའམ་དེ་བས་ཀྱང་བློ་ཆེན་མཐར་ཐུག་སངས་རྒྱས་ཀྱི་ས་ལ་སྦྱོར་བའང་ཡོད་དེ། རྒྱས་པ་ལས། ཚེ་ནི་བཅུ་དང་དྲུག་པ་ཡིས། །བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་གནས། །ལུས་མ་བོར་བར་སངས་རྒྱ ས་ས། །ཞེས་གསུངས་སོ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །ཅེས་པས། དེ་ཡང་ཚེ་དབང་ཐོད་རྒལ་བའམ་ལྷུན་གྲུབ་རིག་འཛིན་གྱི་དགོངས་པའི་ངོ་བོ་ནི། བསམ་གྱིས་མི་ཁྱབ་པ་ཡི་གེ་འཁོར་ལོའི་སའི་ཡོན་ཏན་བརྗོད་པ་ལས་འདས་པས་མཐའ་ཡས་པའི་ཡེ་ཤེས་རང་ལ་སྣང་བས་མ་བཙལ་བར་ལྷུན་གྱིས་གྲུབ་པའི་རང་བཞིན་ནི་རིག་འཛིན་ཀུན་གྱི་མཆོག་ཅེས་བྱའོ། །ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །ཞེས་པས། ཕྱོགས་བཅུ་དང་དུས་བཞིའི་རྒྱལ་བ་ཡང་དག་པ་མངོན་པར་རྫོགས་པའི་དེ་བཞིན་གཤེགས་པའི་སྐུ་གསུམ་པོ་ཐམས་ཅད་ཀྱི། ཞིང་ཁམས་རྣམས་དག་བསམ་ཡས་དང་། །ཞེས་པས། ཞིང་ཁམས་རྣམ་པར་དག་པ་དང་མ་དག་པ་དང་བར་མ་དང་གསུམ་སྟེ། ཞིང་ཁམས་དེ་དག་ཀྱང་མཉེན་པ་དང་འཇམ་པ་ལ་སོགས་པའི་ཡོན་ཏན་བསམ་ཡས་པ་དང་། རྒྱ་དང་བྲལ་བའི་གཞལ་ཡང་ཁང་། །ཞེས་པས། རིག་པ་ཉིད་རང་བྱུང་གི་ཡེ་ཤེས་ཤར་བས་རྒྱ་དང་བྲལ་བའི་ཕྱིར་བློ ས་གཞལ་བ་ལས་ཡས་པའི་ཁང་པ། འཁོར་ལོ་རྒྱན་དང་རོལ་མོའི་ཚོགས། །ཞེས་པས། འཁོར་ལོ་རྩིབས་བཞི་ལྟེ་བ་དང་ལྔའི་རྒྱན་གདན་ཁྲི་དང་བཅས་པ་རོལ་མོའི་བྱེ་བྲག་འདོད་ཡོན་གྱི་ལྷ་མོ་ལ་སོགས་པ་གཞལ་ཡས་ཁང་གི་རྒྱན་སྣ་ཚོགས་པ་དང་། དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །ཞེས་པས། རྒྱལ་བའི་དཀྱིལ་འཁོར་མ་ལུས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ་ཉི་ཤུ་རྩ་ལྔ་ལ་སོགས་པ་བསམ་ཡས་པ་ཀུན་ཀྱང་། མཐོང་ནས་ཉེ་བར་བརྙེས་པ་དང་། །ཞེས་པས། སྐད་ཅིག་མ་དང་པོ་མཉམ་གཞག་ལ་མཐོང་ནས་སྐད་ཅིག་གཉིས་པ་རྗེས་ཐོབ་ལ་ཉེ་བར་བརྙེས་པ་སྟེ་དུས་གཅིག་ཏུ་གསལ་བར་སྣང་ནས་ཐོབ་པ་དང་། རྒྱ་ཆེན་གསུང་ལས་དོན་འབྱུང་བའང་། །ཞེས་པས། རྒྱལ་བ་དེ་དག་གི་རིག་པའི་གསུང་ལྔ་ལྷུན་གྱིས་གྲུབ་པས་ན་རྒྱ་ཆེན་པོའི་གསུང་ལས་བསྔགས་པ་བརྗོད་པ་དང་། ཆོས་སྟོན་པ་དང་། དབང་བསྐུར་བ་ཐོབ་པ་ལ་སོགས་པའི་དོན་འབྱུང་བའང་། མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་པས། དེ་ལས་མི་སློབ་པའི་བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་མངོན་དུ་བྱས་པ་ནི། གཞི་རང་བྱུང་གི་ཡེ་ཤེས་རང་ལ་གནས་པ་དང་། ལམ་རིག་པའི་ཡེ་ཤེས་ཀྱིས་རྟོགས་པ་དང་། འབྲས་བུ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པ་སྟེ། ཡེ་ཤེས་དེ་གསུམ་ཚུལ་གཅིག་ཏུ་གྱུར་པས་མཐུན་པའི་ཡེ་ཤེས་ཞེས་བྱའོ། །དེའི་ཕྱིར་རང་སྣང་བའོ། །ཞེས་གསུངས་སོ། །གཉིས་པ་དེ་ལྟར་འགྲུབ་པའི་དུས་དཔེའི་སྒོ་ནས་རང་སྣང་དུ་བསྟན་པ་ནི། དཔག་བསམ་ཤིང་དང་༴ ངང་དུ་བྱུང་། །ཞེས་པ་དེར་གདའ་ཞིང་། གོང་དུ་བསྟན་པའི་འབྲས་བུ་དེ་དག་རང་ལ་སྣང་བའི་ཚུལ་ཇི་ལྟ་བུ་སྙམ་པ་ལ། དཔག་བསམ་ཤིང་དང་ཡིད་བཞིན་གྱི། །རིན་པོ་ཆེ་དང་འབྱུང་བ་ཀུན། །ཞེས་པས། དཔེར་ན་བྱང་སྒྲ་མི་སྙན་ན་དཔག་བསམ་གྱི་ཤིང་ལ་དགོས་འདོད་འབྱུང་བ་དང་། ལྷོ་འཛམ་བུ་གླིང་གི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་དགོས་འདོད་འབྱུང་བ་དང་། ལྷའི་ཡུལ་ན་ལྷའི་བུམ་པ་བཟང་པོ་ལ་དགོས་འདོད་འབྱུང་བ་དང་གསུམ་པོ་དེ་དག་ལ་རང་རང་གི་དགོས་འདོད་འབྱུང་བ་ཀུན། དེ་དག་རྫས་ཡོད་མ་ཡིན་ཏེ། །ཞེས་པས། དཔེ་གསུམ་པོ་དེ་དག་སྣང་ཚུལ་ལ་དངོས་པོ་རྫས་གྲུབ་ལྟར་སྣང་ཡང་དོན་ལ་དེ་དག་རྫས་སུ་གྲུབ་པ་རྡུལ་ཙམ་ཡང་ཡོད་པ་མ་ཡིན་ཏེ། འོ་ན་གང་ལས་བྱུང་ཞེ་ན། རང་སེམས་བསོད་ནམས་བརྟན་པ་ཡིན། །ཞེས་པས། འགྲོ་བ་རང་གི་སེམས་ཀྱི་སྣང་བ་བསོད་ནམས་ཆ་མཐུན་གྱིས་མཐུས་བརྟན་པར་སྣང་ནས་དགོས་འདོད་འབྱུང་བ་ཡིན་ནོ། །དེ་ཡང་འགྲེལ་ཆུང་ལས། འཁོར་ལོ་སྒྱུར་རྒྱལ་དཔག་བསམ་ཤིང་དང་བུམ་པ་བཟང་། །ལོངས་སྤྱོད་དེ་དག་རང་སེམས་སྣང་ལས་གཞན་མ་ཡིན། །ཞེས་གསུངས་སོ། །ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །ཞེས་པས། དཔེ་གསུམ་པོ་ལྟར་སྣང་བ་དེ་བཞིན་དུ། གཞི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཅི་ཡང་མ་ཡིན་པ་ལ་ཅིར་ཡང་སྣང་བས་ན་ངོ་མཚར་ཞིང་། སེམས་ཀྱི་ཆོ་འཕྲུལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ་ཉི་ཤུ་རྩ་ལྔ་ལ་སོགས་པ་མཐའ་ཡས་པ་རང་བྱུང་གི་ཡེ་ཤེས་རང་ལས་བྱུང་བ་ནི་རྨད་ཀྱི་ཆོས་སོ། ། གཞན་ནས་ཡོད་འོང་མ་ཡིན་ཏེ། །ཞེས་པས། དེ་དག་རང་རིག་པ་ཉིད་ཡིན་པ་ལ་གཞན་ཡོད་པ་ཅིག་བཀུག་པ་དང་བགྲོད་པ་སྟེ་གཞན་ནས་འོང་བ་ཅིག་མ་ཡིན་ཏེ། རྒྱུ་རྐྱེན་གྱིས་མ་བྱས་པའི་ཕྱིར་རོ། །འོ་ན་དེ་དག་གང་ལས་བྱུང་ཞེ་ན། ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །ཅེས་པས། ཐབས་སྣང་ལ་འགག་པ་མེད་པ་ལ་བློས་བརྟན་པ་ཐོབ་པའི་ཤེས་རབ་རང་བཞིན་མེད་པ་ཉིད་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བས་ཞེས་པའམ། ཡང་ན་ཕུང་པོ་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་གསལ་བའི་ཐབས་དེ་ལ་ཤེས་རབ་རང་རིག་པར་རྒྱུན་དུ་བསྒོམས་པ་བརྟན་པ་ལས། དེ་ལྟ་བུ་ཡི་ངང་དུ་བྱུང་། །ཞེས་པས། འབྲས་བུ་དེ་ལྟ་བུ་རྒྱུ་འབྲས་གཉིས་སུ་མེད་པའི་ངང་དུ་རང་བྱུང་བའོ། །གཉིས་པ་འབྲས་བུའི་ངོ་བོ་བསྟན་པ་ལ་གསུམ་སྟེ། རྒྱུ་རྐྱེན་ལས་མ་བསྐྱེད་ཅིང་དོན་བྱེད་ནུས་པར་བསྟན་པ་དང་། གཅིག་དང་དུ་མ་དང་བྲལ་བའི་དོན་རང་བྱུང་གི་ཡེ་ཤེས་རང་སྣང་དུ་བསྟན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱ་ལ་གཟིགས་ཚུལ་བསྟན་པའོ། །དང་པོ་རྒྱུ་རྐྱེན་ལས་མ་བསྐྱེད་ཅིང་དོན་བྱེད་ནུས་པར་བསྟན་པ་ནི། ཤེས་རབ་དབྱིངས་ཀྱི༴ བཙན་པོའི་མཆོག །ཅེས་པ་དེར་གདའ་ཞིང་། ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད། །ཅེས་པས། ཆོས་ཐམས་ཅད་བདག་གི་སེམས་ཉིད་ཁོ་ན་ཡིན་པའི་ཕྱིར་དེ་ཉིད་དངོས་པོ་གང་དུ་ཡང་མི་དམིག་པར་རང་གསལ་བའི་དོན་ནི་ངོ་བོ་ཉིད་ཀྱི་ཤེས་རབ་བོ། །དེ་ཀ་ལ་མིང་གི་རྣམ་གྲངས་སུ་མཉམ་པ་ཉིད་ཀྱི་དབྱིངས་ཀྱི་ཞེས་བྱ་སྟེ། དེ་དག་ཐེག་པ་ཆེན་པོའི་ཆོས་ཉིད་མ་བཅོས་པའི་དེ་བཞིན་ཉིད་དོ། །ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར། །ཞེས་པས། དོན་དམ་དེ་ཉིད་གདོད་ནས་འབྲས་བུ་དཀོར་བདུན་ཐམས་ཅད་ལྷུན་གྱིས་གྲུབ་པ་ཉིད་ཐབས་ཀུན་རྫོབ་སྐུ་དང་ཡེ་ཤེས་ཀྱི་ཕྱག་རྒྱར་རང་སྣང་བ་སྟེ། གྱུར་བ་ནི་གདུལ་བྱའི་དོན་ལམ་གྱི་ཞེན་པ་དག་པའི་སྟོབས་ཀྱིས་འབྲས་བུ་སྐུ་དང་ཡེ་ཤེས་སུ་སྣང་བར་གྱུར་པའི་ཕྱིར་རོ། །ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །ཞེས་པས། དེ་ལྟར་གཞི་དོན་དམ་ལྷུན་གྱི་གྲུབ་པའི་ཡེ་ཤེས་དེ་ཉིད་ལ་ནི་འབྲས་བུ་ཀུན་རྫོབ་གྲངས་བསམ་གྱིས་མི་ཁྱབ་པའི་སྐུ་དང་ཡེ་ཤེས་སུ་རང་སྣང་བ་དེ་ལ་རོལ་ཞེས་བྱའོ། །འོ་ན་འབྲས་བུ་སྣང་བ་དེ་དག་ཡོད་པའི་མཚན་མར་འགྱུར་རོ་སྙམ་ན། ཡེ་ཤེས་རོལ་པ་ཉིད་ཀྱང་གསོག །ཅེས་པས། གཞིའི་ཡེ་ཤེས་ལ་འབྲས་བུའི་ཡེ་ཤེས་རོལ་པ་དེའི་ངོ་བོ་ཉིད་ཀྱང་ཡང་དག་པར་ན་བདེན་པའི་དངོས་པོ་རང་རྒྱུད་པ་འདི་འདྲ་བ་ཅི་ཡང་གཟུང་དུ་མེད་པས་ན་གསོག་གསོབ་ཡ་མ་བརླ་སྙིང་པོ་མེད་པ་ཆུ་ཤིང་རུལ་བ་ལྟ་བུ་སྟེ་རང་རྒྱུད་པས་སྟོངས་པའོ། །འོ་ན་སྙིང་པོ་མེད་པ་དེས་འགྲོ་བའི་དོན་བརྟན་པར་བྱེད་མི་ནུས་སོ་སྙམ་པ་ལ། རྒྱལ་བ་མངོན་བྱུང་སྐྱོབ་པ་དང་། །ཞེས་པས། རྒྱལ་བ་སྤྲུལ་པའི་སྐུ་འགྲོ་བ་རིགས་དྲུག་གི་མངོན་དུ་བྱུང་ཞིང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པ་དང་། བྱིན་རླབས་སྟོན་པའང་དེ་བཞིན་ཏེ། །ཞེས་པས། སྤྲུལ་སྐུ་དེ་དག་བྱིན་རླབས་ཀྱིས་སྟོན་པའི་ལོངས་སྐུའི་སངས་རྒྱས་ཐམས་ཅད་ཀྱང་མ་གྲུབ་པའི་དཔེ་དོན་གོང་དུ་བཤད་པ་དེ་བཞིན་ཏེ། དོན་ཆོས་ཉིད་རང་བྱུང་གི་ཡེ་ཤེས་རང་སྣང་བ་ཡིན་པའོ། །བྱ་བྱེད་ནུས་པའི་གཟི་བྱིན་གྱིས། །ཞེས་པས། གདུལ་བྱ་སེམས་ཅན་ལ་འདུལ་བྱེད་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ནུས་པའི་གཟི་བྱིན་གྱིས་དོན་བྱེད་པའི་ཚུལ་ནི། སྒྱུ་མ་རྡོ་རྗེ་བཙན་པོའི་མཆོག །ཅེས་པས། དཔེར་ན་སྒྱུ་མས་སྤྲུལ་པའི་རྟ་དང་གླང་པོ་ལ་སོགས་པ་བདེན་པར་གྲུབ་པ་མེད་ཀྱང་གཞན་སྣང་འབྲིད་པའི་དོན་བྱེད་ནུས་པ་བཞིན་དུ་ཡེ་ཤེས་སྒྱུ་མ་ལྟ་བུའི་རོལ་པས། གཟུགས་སྐུ་གཉིས་སུ་སྣང་ནས་དོན་བྱེད་ཙམ་ན་རང་གི་ངོ་བོ་ཉིད་ནི་ཆོས་ཉིད་འདུས་མ་བྱས་པ་དང་གཉིས་སུ་མི་ཕྱེད་པའི་ཕྱིར་སྐྱེ་འཇིགས་མེད་པས་རྡོ་རྗེའི་སྐུ་ལ་བཙན་པོ་ཞེས་བྱ་སྟེ། འདུས་བྱས་ལས་ཁྱད་པར་དུ་འཕགས་པས་མཆོག་ཁོ་ནའོ། །གཉིས་པ་གཅིག་དང་དུ་མ་དང་བྲལ་བའི་དོན་རང་བྱུང་གི་ཡེ་ཤེས་རང་སྣང་དུ་བསྟན་པ་ནི། གཅིག་དང་དུ་མར༴ གནས་མེད་སྣང་། །ཞེས་པ་དེར་གདའ་ཞིང་། གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་ཅེས་པས། འཁོར་འདས་ཀུན་གྱི་བདག་ཉིད་རང་རིག་པ་རང་བྱུང་གི་ཡེ་ཤེས་དངོས་པོ་ཐམས་ཅད་དུ་རང་སྣང་བའི་ཕྱིར་གཅིག་གི་མཐའ་དང་། ཇི་ལྟར་སྣང་བ་ཐམས་ཅད་བདག་ཉིད་ཀྱི་རང་བཞིན་ལས་མ་འདས་པའི་ཕྱིར་དུ་མའི་མཐའ་དང་བྲལ་བའི་སེམས་ཉིད་འདི་ནི། ཡོད་མེད་རྟག་ཆད་འགྲོ་འོང་སྐྱེ་འགག་དྲན་རྟོག་གི་མཐའ་ཀུན་ལས་འདས་པ་དང་དེར་ལྟོས་ཀྱི་དབུས་ཀྱང་གྲུབ་པ་མེད་དེ། ངོ་བོ་ཉིད་འདི་འདྲར་བསྟན་དུ་མེད་པ་ནི་འཁོར་འདས་ཐམས་ཅད་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པའོ། །དེ་བཞིན་ཉིད། སངས་རྒྱས་ཀྱི་ཀྱང་མི་གཟིགས་ཏེ། །ཞེས་པས། དེ་ལ་བུའི་ངོ་བོ་ཉིད་མངོན་དུ་བྱས་པ་ནི་དེ་བཞིན་ཉིད་དུ་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་ཉིད་ཀྱི་ཀྱང་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡུལ་དང་ཡུལ་ཅན་དུའམ་རྟེན་དང་བརྟེན་ཅན་དུ་མི་གཟིགས་ཏེ། གཟིགས་པར་བྱར་མེད་པའི་ཕྱིར་རོ། །འོན་ཀྱང་དབུ་མ་པ་ཡེ་ཤེས་རྒྱུད་ཆད་པ་ལྟ་བུར་འདོད་པ་དེ་ནི་མ་ཡིན་ཏེ། རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་པས། རང་བྱུང་གི་ཡེ་ཤེས་ལ་གནས་བྱའི་ཡུལ་དང་གནས་བྱེད་ཀྱི་ཤེས་པ་གཉིས་མེད་པར་ཆོས་ཐམས་ཅད་དུ་རང་སྣང་བའོ། །དེའི་ཕྱིར་སངས་རྒྱས་རྣམས་ཀྱི་དགོངས་པ་ནི་ཆུ་ལ་ཆུ་ཐིམ་པ་ལྟར་རོ་གཅིག་ཏུ་གྱུར་པའམ་ཤིང་དུ་མ་སྤུངས་པའི་མེ་དཔུང་ལྟར། རྒྱུད་ཐ་དད་པ་ཡང་མ་ཡིན་ལ་གཉིས་མེད་ཀྱི་མཐའ་ལས་འདས་པས་ན་བརྗོད་དུ་མེད་པ་ཞེས་བྱའོ། །དེ་ཡང་མན་ངག་ལམ་རིམ་ལས། མཐའ་ཀུན་ཕྱོགས་སུ་མ་ཆད་ཕྱིར། །མཐའ་དང་བྲལ་ཕྱིར་མ་བྲལ་བའོ། །གང་ཡང་མ་སྤངས་མི་ལྡན་པས། །མ་བྲལ་ཕྱིར་ན་བྲལ་ཞེས་བྱ། །ཞེས་གསུངས་སོ། །གསུམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱ་ལ་གཟིགས་ཚུལ་བསྟན་པ་ནི། ལོག་པར༴ མ་ལུས་སྣང་། །ཞེས་པ་དེར་གདའ་ཞིང་། ལོག་པར་རྟོག་བརྟག་རྣམ་དག་ཅིང་། །ཞེས་པས། དུས་ཐམས་ཅད་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་པ་ཁོ་ན་ཡིན་པའི་ཕྱིར། གཟུང་འཛིན་གཉིས་སུ་མེད་པ་ལ་གཟུང་འཛིན་གཉིས་སུ་འཛིན་པ་ནི་དེ་མ་ཡིན་ལ་དེར་འཛིན་པས་ལོག་པར་རྟོག་པ་སྟེ། དེ་ལྟར་གཉིས་མེད་ཀྱི་ཡེ་ཤེས་རང་ངོ་མ་ཤེས་པ་ལྷན་སྐྱེས་ཀྱི་མ་རིག་པ་དང་དེ་གོམས་པའི་རྒྱུན་གྱིས་གཟུང་འཛིན་དེ་ཉིད་དུ་སྣང་བ་ནི་ཀུན་ཏུ་བརྟགས་པའི་མ་རིག་པ་སྟེ་གཤིས་ལ་མ་གྲུབ་པས་གློ་བུར་བའོ། །གང་གཉིས་སུ་སྣང་བ་དང་ཞེན་པ་དེ་ལས་ལོག་པ་ནི་རྣམ་པར་དག་པ་སྟེ་རྒྱུད་དག་པའི་དེ་བཞིན་གཤེགས་པའོ། །ཅིང་ཞེས་པ་ནི་བསྡུ་བའི་ཚིག་འཕྲད་དོ། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཞེས་པས། དེ་ལྟར་ལོག་རྟོག་དག་པའི་ཕྱིར་འགྲོ་བ་དྲུག་པོ་རིལ་རང་རིག་པའི་ཡེ་ཤེས་མཉམ་པའི་དབྱིངས་ལས་མི་གཞན་པར་གསལ་བས། འགྲོ་བ་ཐམས་ཅད་ཡེ་ཤེས་དེས་ཟིན་པ་དང་ཆོས་ཀྱི་དབྱིངས་དེས་ཁྱབ་པ་དང་རྒྱལ་བའི་དོན་གཉིས་སུ་མི་རྟོག་པའི་གཏན་ཚིགས་གསུམ་པོ་དེ་གྲུབ་པས་ཕྱིར་ཞེས་བྱ་སྟེ། ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །ཞེས་པས། གཉིས་སུ་འབྱེད་པ་མེད་པ་དེ་ཁོ་ན་ཉིད་ཀྱི་ཐེག་པ་མཆོག་གསང་སྔགས་མ་ཧཱ་ཡོ་གའི་ལུགས་ཀྱི་ཡུལ་ཡུལ་ཅན་གཉིས་སུ་མེད་པའི་ཐུགས་རྗེ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་དང་སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་དེ། འཁོར་འདས་ཐམས་ཅད་ངོ་བོ་བདག་ཉིད་གཅིག་པར་འབྲེལ་བས་ན། སངས་རྒྱས་སེམས་ཅན་གཉིས་སུ་མེད་རྟོགས་ན། །ཐུགས་རྗེ་ཆེན་པོ་སྐྱེས་ཞེས་དེ་ལ་བྱ། །ཞེས་སོ། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་པས། གཉིས་སུ་མེད་པ་དེའི་ཕྱིར་འགྲོ་བ་རིགས་དྲུག་གི་སྣང་བ་རང་རྒྱུད་དུ་མ་གྲུབ་པ་ལ་མ་གྲུབ་པ་ལྟར་མཁྱེན་པ་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས། གཤིས་དེ་ལྟར་ཡིན་ཡང་གདུལ་བྱའི་འཁྲུལ་ངོར་དུས་སྔ་ཕྱི་དང་གནས་མཐོ་དམན་ལ་སོགས་པར་སྣང་བ་ཀུན་ལྷག་མ་མ་ལུས་པར་རྒྱལ་བའི་ཡེ་ཤེས་ལ་རྟོག་པ་མེད་པར་གསལ་བར་མཁྱེན་པ་ནི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཁོ་ནའོ། །མདོར་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་མཁྱེན་པ་ནི་དབྱེར་མེད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བར་ཐ་སྙད་དུ་འདོགས་པའོ། །དེ་ཡང་མཚན་བརྗོད་ལས། ཤེས་རབ་ཆེན་པོའི་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པའོ། །ཞེས་སོ། །གཉིས་པ་གཞུང་གསུངས་པའི་ཚུལ་བསྟན་པ་ནི། ཞེས་ཆེད་དུ་བརྗོད་དོ། །ཞེས་པས། ཞེས་དཀྱིལ་འཁོར་དང་དབང་དང་སྒྲུབ་པའི་དོན་དེ་དག་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་ལྷན་ཅིག་པའི་འཁོར་ལ་སྟོན་པས་བརྗོད་དོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། །གསང་བའི༴ ལེའུ་དགུ་པའོ། །ཞེས་པས་དེར་གདའ་ཞིང་། གསང་བའི་ཞེས་རྟོགས་དཀའ་བ། སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉི་ཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་དེ་མཚན་གྱི་གཞིར་གདའ། རྡོ་རྗེ་བཀོད་པ་གསང་བ་དམ་ཚིག་གི་ལེའུ་སྟེ་དགུ་པའོ། །ཞེས་པས། དཀྱིལ་འཁོར་དང་དབང་དང་སྒྲུབ་པ་ཡེ་ཤེས་རྡོ་རྗེ་གསུམ་བཀོད་པའི་དོན་རྟོགས་དཀའ་བས་ན། གསང་བ་དེ་ཉིད་འདའ་བར་དཀའ་བའི་ཕྱིར་དམ་ཚིག་གོ། །དེ་དག་གི་གཞུང་གི་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་སྟེ་དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། ཡས་བགྲངས་དགུ་པའི་དོན་དུ་གདའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་གྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་དགུ་པའི་གཞུང་དོན་རྣམ་པར་བཤད་པའོ།། ༈ །།ད་ནི་ལེའུ་བཅུ་པ་འཆད་པར་བྱེད་པ་འདི་ལ། ཆོས་ཚོམས་ངོས་བཟུང་བའི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་གསུམ་ལས་ལམ་དང་འབྲས་བུ་སྟོན། ལམ་ལ་ཐབས་ལམ་གྲོལ་ལམ་གཉིས་ལས་ཐབས་ལམ་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་པའི་མཚན་ཉིད་དང་། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་ཟུར་ཙམ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། སྣང་བ་བཞི་ལས་ལམ་སྣང་སྟོན། བློ་འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་དངོས་པོ་བཅུ་ཡོད་པ་ལས་དབང་སྟོན། དབང་གི་ཞོར་ལ་སྤྱོད་པ་སྟོན། དཀྱིལ་འཁོར་དང་ཏིང་ངེ་འཛིན་སྟོན། ཕྲིན་ལས་ཟུར་ཙམ་སྟོན། བློ་ཐ་མའི་ཆོས་ཚོམས་བཤད་ཐབས་འདྲེན་པའི་ཚིག་བཅུ་ཡོད་པ་ལས་ལྡེམ་དགོངས་མན་ངག་སྟོན། བསྣོལ་མཚམས་འཕེན་སྡུད་སྟོན། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པར་བྱེད་པའི་ལེའུ་བཅུ་པ་འདི་ལ་དོན་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ལེའུའི་གཞུང་བསྟན་པ་དང་། ལེའུའི་མཚན་བསྟན་པའོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས༴ ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་ལེའུ་དགུ་པར་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་དང་དབང་གི་རྒྱུ་ཡོན་དབུལ་བ་དང་གསང་དབང་གི་དཀྱིལ་འཁོར་གྱི་ཚད་དང་སྣོད་ཀྱི་རིམ་པ་དང་སྦྱར་ནས་བསྐུར་ཚུལ་རྣམས་བསྟན་པ་ལ་དེ། ད་ལེའུ་བཅུ་པ་འདི་ན་མར་དབང་བསྐུར་ཐབས་དངོས་སྟོན་པས་ན་ནས་ཞེས་འབྲེལ་སྦྱར་རོ། །བཅོམ་ལྡན་འདས་དགྱེས་པ་ཆེན་པོ༴ འདི་བརྗོད་དོ། །ཞེས་པས། བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པ་དགྱེས་པ་ཆེན་པོས་རང་དོན་དུ་དབང་གི་ཆེ་བ་ཐམས་ཅད་ཐོབ་པ་དང་། གཞན་དོན་དུ་ཆོས་ཐམས་ཅད་ལ་རང་དབང་སྒྱུར་བའི་ཕྱིར་དཔེ་རྒྱལ་པོ་དང་འདྲ་བས། སྣོད་གསུམ་པོ་ལ་དབང་གསུམ་རིམ་པ་ལྟར་ཐོབ་པར་བྱེད་པའི་ཕྱིར་རང་རང་གི་སྐལ་པ་དང་འཚམས་པ་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་དགོངས་པ་མངོན་དུ་བཞག་པས་ན་སྙོམས་པར་ཞུགས་ནས་དབང་ཆོག་བཅོ་བརྒྱད་ཀྱི་དོན་ཆེད་དུ་བརྗོད་པ་འོག་ནས་འབྱུང་བ་འདི་བརྗོད་དོ། །གཉིས་པ་ལེའུའི་གཞུང་བསྟན་པ་ལ་གསུམ་སྟེ། དབང་བསྐུར་བའི་རིམ་པ་དང་། དབང་མ་བསྐུར་བའི་སྐྱོན་དང་། དབང་བསྐུར་བའི་ཡོན་ཏན་བསྟན་པའོ། །དང་པོ་དབང་བསྐུར་བའི་རིམ་པ་བསྟན་པ་ལ་གསུམ་སྟེ། ཕྱི་ཕན་པའི་དབང་བཅུ་བསྐུར་བའི་རིམ་པ་བསྟན་པ་དང་། ནང་ནུས་པའི་དབང་ལྔ་བསྐུར་བའི་རིམ་པ་བསྟན་པ་དང་། གསང་བ་ཟབ་མོའི་དབང་གསུམ་བསྐུར་བའི་རིམ་པ་བསྟན་པའོ། །དང་པོ་ཕྱི་ཕན་པའི་དབང་བཅུ་སྐུར་བའི་རིམ་པ་བསྟན་པ་ནི། དབུ་རྒྱན་ཅོད་པན༴ དབང་བསྐུར་ན། །ཞེས་པ་དེར་གདའ་ཞིང་། འདི་ལ་ཡང་ནང་ཚགས་སུ་ས་བཅད་ན་དོན་བརྒྱད་ཀྱིས་སྟོན་པར་གདའ་སྟེ། དེ་ཡང་རྡོ་རྗེ་ལས་རིམ་ལས། རྒྱུ་དང་རྐྱེན་དང་ངོ་བོ་དང་འབྲས་བུ་དང་། །དབང་བསྐུར་བའི་རིམ་པ་དང་ལས་རིམ་དང་སྐྱོན་དང་ཡོན་ཏན་དང་བརྒྱད་ཅེས་བྱ། །ཞེས་པས། རྒྱུ་བསྟན་པ་དང་། རྐྱེན་བསྟན་པ་དང་། ངོ་བོ་བསྟན་པ་དང་། འབྲས་བུ་བསྟན་པ་དང་། རིམ་པ་བསྟན་པ་དང་། དབང་བསྐུར་བའི་ལས་རིམ་བསྟན་པ་དང་། སྐྱོན་བསྟན་པ་དང་། ཡོན་ཏན་བསྟན་པའོ། །དང་པོ་རྒྱུ་བསྟན་པ་ལ་ཡང་། རྒྱུ་གཉིས་རང་བཞིན་མཚུངས་པ་ནི། །ངོ་བོ་བཞིན་དུ་གྲངས་འཇུག་པའོ། །ཞེས་པས། མཚུངས་ལྡན་གྱི་རྒྱུ་དང་། ལྷན་ཅིག་བྱེད་པའི་རྒྱུ་གཉིས་སོ། །དང་པོ་མཚུངས་ལྡན་གྱི་རྒྱུ་བསྟན་པ་ནི། རྣམ་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་ལྔའི་རང་བཞིན་དུ་ཡེ་ནས་གནས་པ་ནི་དབུ་རྒྱན་གྱི་དབང་གི་མཚུངས་ལྡན་གྱི་རྒྱུའོ། །རྩ་རོ་རྐྱང་གཉིས་གཡས་གཡོན་ན་འཕྱོ་བ་ཅོད་པན་གྱི་མཚུངས་ལྡན་དང་། རྩ་དབུ་མ་སྟེ་ཨ་ཝ་དྷཱུ་ཏིའི་ནང་ན་ཐིག་ལེ་སུམ་ཅུ་སོ་གཉིས་ཡོད་པ་ཕྲེང་བའི་མཚུངས་ལྡན་དང་། ལུས་རྩའི་དྲྭ་བས་ཁྱབ་པ་གོ་ཆའི་མཚུངས་ལྡན་དང་། ཕོ་མོའི་གསང་བའི་དབང་པོ་རྒྱལ་མཚན་གྱི་མཚུངས་ལྡན་དང་། རྟོག་ཚོགས་བཞི་བཅུ་རྩ་གཉིས་ལྷའི་རང་བཞིན་ཡེ་ནས་གནས་པ་ཕྱག་རྒྱའི་མཚུངས་ལྡན་དང་། ཀླད་པ་བདེ་ཆེན་གྱི་འཁོར་ལོ་ན་རྩ་འདབ་སུམ་ཅུ་རྩ་གཉིས་གདུགས་ཕུབ་པའི་ཚུལ་དུ་ཡོད་པ་གདུགས་ཀྱི་མཚུངས་ལྡན་དང་། རྩ་གནས་ཐམས་ཅད་ཐིག་ལེས་གང་བར་གནས་པ་བུམ་པའི་མཚུངས་ལྡན་དང་། ལྕེ་ལ་བཟའ་བཏུང་ཆོས་ཉིད་དུ་ལོངས་སྤྱོད་པའི་ནུས་པ་ཡོད་པ་བཟའ་བཏུང་གི་མཚུངས་ལྡན་དང་། ཁམས་ལྔའི་བཅུད་དམ་དམ་རྫས་ལྔ་རང་ལ་གནས་པ་ནི་སྙིང་པོ་ལྔའི་དབང་གི་མཚུངས་ལྡན་གྱི་རྒྱུ་ཡིན་ནོ། །དེ་ཡང་ཐལ་བའི་རྒྱུད་ལས། ཁམས་བཅུད་བདེ་བའི་ལམ་གཉིས་དང་། །དབུ་མ་བཅུད་འདུད་ཚད་ལྡན་པར། །དྲྭ་བའི་རྩ་དང་དབང་པོ་དང་། །ཕུང་སོགས་ཡེ་ཤེས་བདེ་འཁོར་ལོ། །ཧཱུཾ་གིས་བདེ་བའི་ཡེ་ཤེས་བཅས། །ཚོགས་བརྒྱད་རང་བཞིན་ཡེ་ཤེས་ལྔ། །སྔགས་རྫས་དགོངས་པ་གང་བླང་བ། །ཀུན་ནས་ལྡང་ཞིང་སྐྱོབ་པ་ཡིས། །སྡུག་བསྔལ་ལས་གྲོལ་རིགས་སུ་ངེས། །ཞེས་གསུངས་སོ། །དབང་བསྐུར་ན། ཞེས་པ་ནི་འཆད་པར་འགྱུར་པའི་ནུས་དབང་དང་གསང་དབང་ལ་ཡང་སྦྱར་ཏེ། དབང་བསྐུར་ཡོན་ཏན་དང་འབྲེལ་བའོ། །གཉིས་པ་ལྷན་ཅིག་བྱེད་པའི་རྒྱུ་ནི་དབང་རྫས་རབ་གནས་དང་ལྡན་པ་ཡིན་ཏེ། དེ་ཡང་དབུ་རྒྱན་ལ་རིན་ཅེན་འབྱུང་ལྡན་གྱིས་རབ་གནས་བྱའོ། །དེ་བཞིན་དུ་ཅོད་པན་ལ་རྡོ་རྗེ་སེམས་དཔའ་དང་སྣང་བ་མཐའ་ཡས་ཀྱི་རབ་གནས་བྱ། ཕྲེང་བ་ལའང་རིན་ཅེན་འབྱུང་ལྡན་གྱིས། གོ་ཆ་ལ་དོན་ཡོད་གྲུབ་པས། རྒྱལ་མཚན་ལ་རྡོ་རྗེ་སེམས་དཔས། ཕྱག་རྒྱ་ལ་ལྷ་རང་རང་གིས། གདུགས་ལ་རྡོ་རྗེ་སེམས་དཔས། བུམ་པ་ལ་རིགས་ལྔ་ཀར་གྱིས། བཟའ་བཏུང་ལ་རྣམ་པར་སྣང་མཛད་ཀྱིས། སྙིང་པོ་ལྔ་ལ་རང་རང་གི་རིགས་ཀྱིས་རབ་ཏུ་གནས་པ་བྱས་པ་ཅན་རྣམས་ནི་ཕྱི་ཕན་པའི་དབང་བཅུའི་ལྷན་ཅིག་བྱེད་པའི་རྒྱུའོ། །དེ་ཡང་རྡོ་རྗེ་ལས་རིམ་ལས་རིན་ཅེན་རབ་གནས་ལས་བྱུང་བའོ། །རིན་ཅེན་མཛེས་སྤྲས་དབུ་རྒྱན་བཅིང་། །རབ་གནས་ཆོས་འབྱུང་ཡེ་ཤེས་དངོས། །ཁ་དོག་གཉིས་ལྡན་དབང་བསྐུར་བྱ། །རིན་ཅེན་རབ་གནས་ཕྲེང་བས་བཅིངས། །ལས་མཆོག་རབ་གནས་རྡོ་རྗེའི་གོ། །གཡོགས་པའི་ཚུལ་གྱི་སྦྱིན་པར་བྱ། །རྡོ་རྗེ་རབ་གནས་ལས་བྱུང་བའི། །རྒྱལ་མཚན་རིན་ཅེན་ཏོག་ལྡན་པ། །མཆོག་སོགས་ཕྱག་རྒྱ་གང་ཡིན་ལས། །རང་གི་རབ་གནས་ཅུང་ཟད་མཆོད། །མི་བསྐྱོད་རབ་གནས་རིན་ཅེན་གདུགས། །རིགས་ལྔ་འདུས་པའི་བུམ་ཆུ་སྦྱིན། །སངས་རྒྱས་རབ་གནས་ལྷ་མོའི་ཚོགས། །རོལ་པའི་ཚུལ་དུ་བུས་བསྟབ་བྱ། །སྐུ་གསུང་ཡོན་ཏན་ལས་བྱིན་བསྡུ། །སྐུ་སོགས་ཕྱག་རྒྱས་གསལ་བར་བྱ། །ཞེས་སོ། །གཉིས་པ་རྐྱེན་ལའང་། རྐྱེན་བཞི་སྣོད་ཀྱི་མཚན་ཉིད་གཉིས། །ཞེས་པས། རྐྱེན་ལ་བཞི་ལས་ཕྱི་ཕན་པའི་དབང་བཅུ་བསྐུར་དུ་རུང་བའི་སློབ་བུ་རྒྱུའི་རྐྱེན། དབང་བསྐུར་ནུས་པའི་སློབ་དཔོན་བདག་པོའི་རྐྱེན། དབང་རྫས་རབ་གནས་དང་ལྡན་པ་དམིགས་པའི་རྐྱེན། དབང་སྔ་མས་གོ་ཕྱེ་ནས་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནོ། །དང་པོ་ཕྱི་ཕན་པའི་དབང་བཅུ་བསྐུར་དུ་རུང་བའི་སློབ་བུ་རྒྱུའི་རྐྱེན་ནི། སློབ་བུ་སྣོད་ཀྱི་སྐྱོན་བཅུ་དྲུག་སྤངས་ཤིང་ཡོན་ཏན་བཅུ་དྲུག་དང་ལྡན་པ་ཁྱད་པར་དུ་ཕན་དབང་གི་སྣོད་དུ་གྱུར་པ་དད་པ་དང་ལྡན་པ་ཅན་ཏེ། ཆགས་གཉིད་རང་ཕྱོགས་ཆང་དང་ནི། །ཡི་དགས་གཏི་མུག་རྩོད་པ་དང་། །ཉེས་པ་དུ་མའི་རྒྱུར་ཤེས་བྱ། །དྲེགས་བསྐུལ་ཕྲག་དོག་ལེ་ལོ་ཡིས། །ཉམས་སྒྲིབ་དངོས་གྲུབ་མི་འབྱུང་དང་། །འབྲས་བུ་ཀུན་ཀྱང་ཡལ་བར་འགྱུར། །ཞེ་སྡང་སྙིང་རྗེས་ལས་རིང་བ། །ཐེག་པ་ཆེན་པོའི་རིགས་མ་ཡིན། །ཁེངས་གྲགས་ལོངས་སྤྱོད་ཀྱིས་ཕྲོགས་པ། །བསམ་བྱ་རིང་དུ་སྤོང་བར་འགྱུར། །སྒྲ་ཡི་རྒྱལ་པོ་ཉམས་པའི་གཞི། །དོན་ནི་ས་པའང་ལྡན་པར་གསུངས། །ནན་ཏན་དམ་ཚིག་མི་བྱེད་པས། །ཐར་པའི་ལམ་ལས་རིང་བར་འགྱུར། །དེ་དག་ཐུན་མོང་སྤང་བའི་རིགས། །རང་བཞིན་གཉིས་ཀྱིས་སྐལ་མེད་དང་། །བུས་པ་རྣམ་གཉིས་མ་ནིང་སོགས། །མཐའ་མ་གཉིས་ལས་རིང་བ་འགྱུར། །རྩ་བ་ནན་ཏན་ལྡན་པ་དང་། །སྐྱོན་བཟློག་ཡོན་ཏན་ཉིད་དུ་གསུངས། །ཅི་ལའང་ཡིད་རིང་ལྡོག་པ་མེད། །སྐྱེ་གནས་སེམས་ལ་རྐྱེན་ཐུབ་པ། །སྨད་པར་འགྱུར་པའང་བླང་བར་བྱ། །དད་པའི་ཚུལ་གྱིས་སྣང་བ་ནི། །ཕྱོགས་གཅིག་རྐྱེན་དུ་ངེས་པར་བཤད། །ཅེས་སོ། །གཉིས་པ་དབང་བསྐུར་ནུས་པའི་སློབ་དཔོན་བདག་པོའི་རྐྱེན་ནི། ཤེས་རབ་ཏིང་ངེ་འཛིན་ནོགས་དང་ལྡན། །ལོག་སྤངས་ཡང་དག་དུག་ལྔར་ལྡན། །མན་ངག་བརྟུལ་ཞུགས་སྙིང་རྗེར་ལྡན། །ལས་དང་མན་ངག་རྒྱུན་མ་ཆད། །རྒྱུད་གོམས་ལས་སྦྱོར་མང་མཐོང་བ། །དངོས་ལྔ་རྫོགས་ཕྱིར་ཉམས་ལྡན་པས། །དེ་ཉིད་དེ་ལ་སྣང་བར་འགྱུར། །ཞེས་སོ། །གསུམ་པ་དབང་རྫས་རབ་གནས་དང་ལྡན་པ་དམིགས་པའི་རྐྱེན་ནི། ཏིང་འཛིན་སྔགས་དང་ཕྱག་རྒྱ་དང་། །དཀྱིལ་འཁོར་རྫས་དུས་ལ་སོགས་པ། །ནུས་མཐུ་མང་པོས་སྣང་བར་འགྱུར། །ཞེས་སོ། །བཞི་པ་དབང་སྔ་མས་གོ་ཕྱེ་ནས་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནི། རིམ་པ་སྐས་ཀྱི་ཚུལ་དག་གིས། །ལྟོས་ནས་རྒྱུ་འབྲས་གོ་འབྱེད་པ། །དེ་མ་ཐག་པའི་མཚན་ཉིད་དོ། །ཞེས་སོ། །གསུམ་པ་ངོ་བོ་ནི། ངོ་བོ་སྣོད་ཀྱི་མཚན་ཉིད་ཀྱིས། །དབྱེ་བ་རྣམ་པ་ལྔ་རུ་འགྱུར། །ཞེས་གསུངས་པ་ལས། སྐབས་འདིར་ཕྱི་ཕན་པའི་དབང་བཅུ་པོ་རང་ཡིན་ནོ། །བཞི་པ་འབྲས་བུ་ནི། ཁོག་གཞུང་ལས། རྣོ་ལ་ངར་བཏགས་ནུས་པ་བཞིན། །ནུས་པ་སྐྱེས་པ་ཐོབ་པའི་ཚད། །ཅེས་དང་། དབང་གི་ངེས་འབྱེད་ཆུང་བ་ལས། དབང་ཐོབ་ཅེས་བྱའི་ཐ་སྙད་ནི། །སྤྱོད་རྒྱུད་མངོན་སུམ་ཐོབ་པ་ཡང་། །གོ་མི་འགག་ཅིང་རིག་ལ་སྣང་། །ཐ་མར་སངས་རྒྱས་ཐོབ་བྱེད་པའི། །ནུས་པ་གང་སྐྱེད་ཐོབ་པའི་ཚད། །ཅེས་བཤད་པས། དཔེར་ན་རྣོ་ལ་ངར་བཏགས་པ་ལྟར་དབང་བསྐུར་བས་ནུས་པ་དངོས་སུ་སྐྱེས་པ་སྟེ་རང་ལ་གནས་པའི་དོན་མངོན་དུ་གྱུར་པའོ། །ལྔ་པ་རིམ་པ་ནི། ཐོག་མར་སྙིང་པོ་ལྔ། དེ་ནས་དབུ་རྒྱན། བུམ་པ། ཅོད་པན། ཕྲེང་བ། གོ་ཆ། རྒྱལ་མཚན། གདུགས། ཕྱག་རྒྱ་བཟའ་བཏུང་ངོ་། །དེ་ཡང་འགྲེལ་ཆུང་བིན་ཏར་ཐ་ལས། ངེས་བའི་འབྲས་བུ་ཐོབ་ཕྱིར་སྙིང་པོ་ལྔ། །ཆོས་ཀྱི་རྒྱལ་ཚབ་ཐོབ་ཕྱིར་དབུ་རྒྱན་སྦྱིན། །བག་ཆག་སྦྱངས་ཕྱིར་ཡུམ་ལྔའི་བུམ་པ་བསྟན། །ཤེས་བྱ་མ་རྨོངས་ཆོས་ཀྱི་ཅོད་པན་སྦྱིན། །གཟུངས་དང་ཏིང་འཛིན་མེ་ཏོག་ཕྲེང་བ་གདགས། །གཞན་གྱིས་མི་ཐུབ་རྒྱ་གྲམ་གོ་ཆ་བསྐོན། །བདུད་ལས་རྒྱལ་ཕྱིར་ཆུ་སྲིན་རྒྱལ་མཚན་གཏད། །མི་འདའ་མི་ཤིགས་ལྔ་ཡི་ཕྱག་རྒྱས་གདབ། །ཚད་གདུང་སེལ་ཕྱིར་སྐྱོབ་པའི་གདུགས་ཀྱིས་དགབ། །འདོད་པའི་ཡོན་ཏན་ལྡན་ཕྱིར་བཟའ་བཏུང་བསྟབ། །ཅེས་སོ། །དྲུག་པ་དབང་བསྐུར་བའི་ལས་རིམ་ནི། དེ་ལྟར་ཕྱི་ཕན་པའི་དབང་བཅུ་པོ་རེ་རེ་ལའང་ལྔ་ལྔ་སྟེ། བསམ་རྒྱུད་དང་། བསྒྲགས་ཚིག་དང་། བསྐུར་གནས་དང་། བསྟིམ་གནས་དང་། སྒྲིབ་པ་གང་དག་ནས་ནུས་པ་གང་སྐྱེ་བའི་ཚུལ་སྨོན་ལམ་དང་བཅས་པའོ། །འདི་དག་རྒྱས་པར་དབང་གི་ལས་བྱང་དུ་ཤེས་ལ། གསུམ་པ་བསྐུར་བའི་གནས་དང་། བཞི་པ་བསྟིམ་པའི་གནས་ནོ། །ངེས་འབྱེད་ལས། གནས་ནི་སྤྱི་དང་ཁྱད་པར་ཉིད། །སྤྱི་དབང་ལུས་ལ་བསྐུར་བ་སྟེ། །ཁྱད་པར་སྙིང་པོ་དབུ་རྒྱན་བུམ། །གདུགས་དང་ཅོད་པན་ཕྲེང་བ་མགོ། །གོ་ཆ་ལུས་ཏེ་རྒྱལ་མཚན་ལག །བཟའ་བཏུང་ངག་གི་ལམ་ལའོ། །ཕྱག་རྒྱ་སྤྱི་བོའམ་སྙིང་གར་ཏེ། །བཞག་པའི་གནས་དང་བསྟིམ་པའི་གནས། །དེ་བཞིན་ཁོང་དུ་ཆུད་པ་གཅེས། །ཞེས་པས། བསྟིམ་པའི་གནས་ནི་རང་རང་གི་མཚུངས་ལྡན་གྱི་རྒྱུ་ལ་བསྟིམ་པའོ། །བདུན་པ་སྐྱོན་དང་བརྒྱད་པ་ཡོན་ཏན་ནི། སྤྱིར་འོག་ནས་སྟོན་པར་བྱེད་པ་ཡིན་ལ། ཁྱད་པར་སྐབས་འདིར་ཕན་དབང་མ་ཐོབ་པའི་སྐྱོན་ནི། ངེས་འབྱེད་ལས། སྐྱོན་ནི་གོ་འགག་ཆོས་མི་ཐོས། །ཞེས་དང་། ཐོབ་པའི་ཡོན་ཏན་ནི། ཕྱི་རོལ་དྲང་དོན་མཉན་དུ་རུང་། །ཞེསདང་། ཡོན་ཏན་ཚེ་རིག་བདེ་ལ་སོགས། །འདི་དང་ཕྱི་མར་ཐོབ་པའོ། །ཞེས་གསུངས་སོ། །གཉིས་པ་ནང་ནུས་པའི་དབང་ལྔ་པོ་རེ་རེ་ལ་ཡང་། རྒྱུ་རྐྱེན་ངོ་བོ་འབྲས་བུ་དང་། །རིམ་ལས་སྐྱོན་ཡོན་བརྒྱ་ཅེས་བྱ། །ཞེས་དོན་བརྒྱད་ཀྱིས་སྟོན་པ་སྔར་དང་མཚུངས་ཏེ། དང་པོ་རྒྱུ་བསྟན་པ་ལ་ཡང་མཚུངས་ལྡན་གྱི་རྒྱུ་དང་ལྷན་ཅིག་བྱེད་པའི་རྒྱུ་གཉིས་ཀྱི། དང་པོ་མཚུངས་ལྡན་གྱི་རྒྱུ་ནི། སློབ་བུའི་རྣ་བ་གཉིས་ཀྱི་འདོམ་རྩ་ན་སྒྲ་སྙན་པ་ཐོས་བྱེད་རེག་ཤེས་ཀྱི་ཐིག་ལེ་གནས་པ་ཉན་དབང་གི་མཚུངས་ལྡན་གྱི་རྒྱུའོ། །དེ་བཞིན་དུ་སྙིང་གི་རྩའི་དྲན་བྱེད་རེ་ཤེས་ཀྱི་ཐིག་ལེ་བསྒོམ་དབང་གི་ལག་པའི་འདོམ་རྩ་ན་ལག་པའི་བྱ་བྱེད་གསལ་བར་བྱེད་པའི་རེག་ཤེས་ཀྱི་ཐིག་ལེ་གནས་པ་ནི་ཕྲིན་ལས་ཀྱི། ལྕེའི་སྨྲ་བྱེད་ཀྱི་རེག་ཤེས་ཀྱི་ཐིག་ལེ་འཆད་དབང་གི་ཡན་ལག་བཞི་མགོ་བོ་དང་ལྔའི་བྱ་བྱེད་གསལ་བར་བྱེད་པའི་རེག་ཤེས་ཀྱི་ཐིག་ལེ་ལྔ་ནི། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་གི་མཚུངས་ལྡན་གྱི་རྒྱུའོ། །དེ་ཡང་ལས་རིམ་ལས། འཆད་སོགས་ལས་ཀྱི་མཚན་ཉིད་ལྔ། །ཡན་ལག་དབང་པོའི་དཀྱིལ་འཁོར་ལྔས། །ལས་ཐམས་ཅད་ལ་དབང་སྒྱུར་ཞིང་། །རླུང་ལ་སོགས་པའི་དཀྱིལ་འཁོར་ལྔ། །སྙིང་སོགས་གནས་པ་ལས་དཀྱིལ་འཁོར། །སྒྲ་དབྱངས་གསུང་གི་གསལ་བྱེད་དང་། །མི་ཤིགས་ཐིག་ལེ་རང་གི་ལྷ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཞེས་སོ། །གཉིས་པ་ལྷན་ཅིག་བྱེད་པའི་རྒྱུ་ནི། དབང་རྫས་རབ་གནས་དང་ལྡན་པ་ཡིན་ཏེ། དེ་ཡང་ངེས་འབྱེད་ལས། རྫས་ནི་གླེགས་བམ་རྒྱ་གྲམ་དང་། །འཁོར་ལོ་ཕྲེང་བ་རྡོ་རྗེ་དྲིལ། །འབྱུང་ལྡན་དོན་ཡོད་སྣང་མཐའ་ཡས། །ཡི་དམ་རིགས་ལྔའི་རབ་གནས་ལྡན། །ཞེས་པས། ཀ་བ་ལི་གླེགས་བམ་ཅན་ལ་རིན་ཅེན་འབྱུང་ལྡན་གྱིས་རབ་གནས་བྱ། དེ་བཞིན་དུ་ཕྲེང་བ་ལ་ཡིད་དམ་གང་ཡིན་གྱིས་རབ་གནས་བྱ། རྡོ་རྗེ་རྒྱ་གྲམ་ལ་དོན་ཡོད་གྲུབ་པས། འཁོར་ལོ་དུང་དང་ཕྱགས་ཤིང་གསུམ་ལ་སྣང་བ་མཐའ་ཡས་ཀྱིས། རྡོ་རྗེ་དྲིལ་བུ་ལ་ཡི་དམ་རིགས་ལྔས་རབ་གནས་བྱ་བའམ་ངེས་འབྱེད་ཆེ་བ་ལྟར་ཀུན་བཟང་ཡབ་ཡུམ་གྱིས་རབ་གནས་བྱས་པ་ཅན་རྣམས་ནི། ནང་ནུས་པའི་དབང་ལྔའི་ལྷན་ཅིག་བྱེད་པའི་རྒྱུའོ། །གཉིས་པ་རྐྱེན་ལའང་བཞི་ལས། ནང་ནུས་པའི་དབང་ལྔ་བསྐུར་དུ་རུང་བའི་སློབ་བུའི་རྒྱུའི་རྐྱེན་ནི། སྣོད་ཀྱི་སྐྱོན་བཅུ་དྲུག་སྤངས་ཤིང་ཡོན་ཏན་བཅུ་དྲུག་དང་ལྡན་པ། ཁྱད་པར་དུ་ནུས་དབང་གི་སྣོད་དང་ལྡན་པ། བདག་དོན་གཞན་དོན་དང་གཉིས་ཀའི་དོན་དུ་བརྩོན་འགྲུས་དང་ལྡན་པ་ཅན་ཏེ། ངེས་འབྱེད་ལས། རྐྱེན་བཞིའི་རྒྱུ་ནི་བརྩོན་འགྲུས་དང་། །ནུས་པ་དང་ལྡན་རྒྱུ་ཡི་རྐྱེན། །ཞེས་དང་། ནུས་པའི་སྣོད་ནི་བདག་དང་གཞན། །གཉིས་ཀའི་དོན་བྱེད་བརྩོན་ལྡན་པ། །ཁྱད་པར་སྣོད་ཅེས་བསྟན་པ་སྟེ། །བཅུ་དྲུག་མཚན་ལྡན་སྤྱི་ཡི་དོན། །ཞེས་སོ། །གཉིས་པ་བདག་པོའི་རྐྱེན་ནི། ངེས་འབྱེད་ལྟར་དབང་རྫས་རབ་གནས་དང་ལྡན་པ་ཡིན་ཏེ། བདག་པོ་ཡན་ལག་རྫོགས་པའི་མཐུ། །ཞེས་སོ། །གསུམ་པ་དེ་མ་ཐག་པའི་རྐྱེན་ནི། དེ་མ་ཐག་པ་ནུས་རིམ་ལྔ། །ལྟོས་ནས་རྒྱུ་འབྲས་གོ་འབྱེད་པའོ། །ཞེས་སོ། །བཞི་པ་དམིགས་པའི་རྐྱེན་ནི། བླ་མ་དམ་པ་ཡིན་ཏེ། དམིགས་པ་མཚན་ལྡན་མན་ངག་ཅན། །བྱིན་རླབས་ལྡན་པའི་ཕ་ཉིད་དོ། །ཞེས་སོ། །གསུམ་པ་ངོ་བོ་ནི། ཉན་དབང་ལ་སོགས་པ་ནུས་པའི་དབང་ལྔ་པོ་ཡིན་ཏེ། ངོ་བོ་མཉན་བྱ་བསྒོམ་བྱ་སོགས། །དབང་པོ་ཡན་ལག་གནས་གསལ་བའོ། །ཞེས་སོ། །བཞི་པ་འབྲས་བུ་ནི་དབང་བསྐུར་བས་ནུས་པ་དངོས་སུ་སྐྱེས་པ་སྟེ། དེ་ཡང་། ཐོབ་པའི་ཚད་ནི་ནུས་པ་ལྔ། །བདག་དང་གཞན་དང་གཉིས་ཀའི་དོན། །སྤྱོད་སྒོམ་མ་འགགས་ཐོབ་པའི་ཚད། །ཅེས་སོ། །ལྔ་པ་རིམ་པ་ནི་ཐོག་མར་ཉན་པའི་དབང་། དེ་ནས་བསྒོམ་པའི་དབང་། ཕྲིན་ལས་ཀྱི་དབང་། འཆད་པའི་དབང་། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་རྣམས་གོ་རིམ་བཞིན་ནོ། །དྲུག་པ་བསྐུར་བའི་ལས་ཀྱི་རིམ་པ་བསྟན་པ་ནི། དེ་ལྟར་ནང་ནུས་པའི་དབང་ལྔ་པོ་རེ་རེ་ལའང་ལྔ་ལྔ་སྟེ། བསམ་རྒྱུད་དང་། བསྒྲགས་ཚིག་དང་། བསྐུར་གནས་དང་། བསྟིམ་གནས་དང་། སྒྲིབ་པ་གང་དག་ནས་ནུས་པ་གང་སྐྱེ་བའི་ཚུལ་སྨོན་ལམ་དང་བཅས་པ་ལྔ་ལྔ་སྟོན་པར་བྱེད་པའོ། །དེ་ཡང་རྡོ་རྗེ་ལས་རིམ་ལས། སྦྱོར་བ་ལས་བྱུང་ལེ་བརྒན་བྷྲཱུཾ། །གང་ཡིན་གནས་སུ་འཁོར་ལོ་ཁང་། །ཉི་ཟླའི་གདན་ལས་སེམས་འབྱུང་འབྲུ། །ལྔ་གཉིས་ཟུང་ལས་འཁྲིལ་སྦྱོར་སྐུ། །ཡེ་ཤེས་སྤྱན་དྲང་ཅུང་ཟད་མཆོད། །ཡོངས་གྱུར་དེ་ཡི་ཕྱག་རྒྱར་གསལ། །ཞེས་པས། དང་པོ་ཉན་དབང་གི་བསམ་རྒྱུད་ནི། ཉན་བྱེད༴ གསལ་སྤྲོ་ཐིམ། །ཞེས་པ་དེར་གདའ་ཞིང་། ཉན་བྱེད་འཁོར་ལོའི་གཞལ་ཡས་སུ། །ཞེས་པས། སློབ་བུ་རྣམས་ཀྱི་ཉན་བྱེད་དེ། རྣ་བ་གཉིས་ཀྱི་འདོམ་རྩ་རུ་རྡོ་རྗེ་སློབ་དཔོན་ཀུན་བཟང་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་ཡི་གེ་བྷྲཱུཾ་འཕྲོས་པ་ལས་འཁོར་ལོ་རྩིབས་བཞི་པ་དབུས་ཀྱི་སྟེ་བ་གྲུ་ཆད་ལ་སྒོ་བཏོད་པ་དང་བཅས་པའི་གཞལ་ཡས་སུ་བསྐྱེད་ལ། གསལ་བའི་ཐིག་ལེ་ངོ་བོ་ཉིད། །ཅེས་པས། སྒྲ་གསལ་བར་བྱེད་པ་རྩའི་ནང་གི་བཅུད་འདུས་པའི་ཐིག་ལེའམ། རེག་ཤེས་ཀྱི་ངོ་བོ་ཤིན་ཏུ་དྭངས་པར་གནས་པ་ཉན་དབང་གི་མཚུངས་ལྡན་གྱི་རྒྱུ་ཉིད། ཏྲཾ་གི་ཕྱག་རྒྱའི་ཚོགས་མཆོག་ལས། །ཞེས་པས། ཡི་གེ་ཏྲཾ་ཟུང་ལྔ་ཡ་བཅུ་དང་། ཧཱུཾ་བཞི་ཛཿཧཱུཾ་བཾ་ཧོཿསྟེ་གསུང་ཡིག་འབྲུ་བཅོ་བརྒྱད་དུ་གྱུར་པ་ལས་འཕྲོ་འདུས་འོད་དུ་ཞུ་ནས། ཐུགས་ཕྱག་མཚན་གྱི་ཕྱག་རྒྱའི་ཚོགས་མཆོག་ཏུ་གྱུར་པ་དེ་རྣམས་ལས་འཕྲོས་འདུས་འོད་དུ་ཞུ་བ་ལས། རིན་ཅེན་དཀྱིལ་འཁོར་གསལ་འཕྲོ་ཐིམ། །ཞེས་པས། རིན་ཅེན་འབྱུང་ལྡན་ཡབ་ཡུམ་གྱིས་གཙོ་བྱས་པའི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་དང་། སྒོ་བ་ཡབ་ཡུམ་བརྒྱད་དང་བཅས་པའི་ལྷ་ཚོགས་བཅོ་བརྒྱད་དམ་ཚིག་པའི་དཀྱིལ་འཁོར་གསལ་བར་བསྐྱེད་པ་ལ་ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། ཡེ་ཤེས་ཀྱི་དཀྱིལ་འཁོར་སྙན་གསན་དབབ་སྤྱན་དྲང་དམ་ཚིག་པ་དང་གཉིས་སུ་མེད་པར་བསྟིམ་བརྟན་པར་བྱས་ནས། ཕྱི་ནང་གསང་གསུམ་གྱིས་མཆོད་ཅིང་བསྟོད་པས་མཉེས་པར་བྱས་པ་ལ་ལྷ་རྣམས་ཀྱི་མཁའ་གསང་བརླབ། སྦྱོར་བའི་བརྡས་བསྐུལ་ནས་སྙོམསཔར་འཇུག་པའི་སྤྱོར་མཚངས་ནས་བྱང་སེམས་ཀྱི་འོད་ཟེར་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུར་སྤྲོས། འཕགས་པའི་ཚོགས་མཆོད་སེམས་ཅན་གྱི་དོན་བྱས་སླར་འདུས་པས་ལྷ་རྣམས་རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས་སློབ་བུ་ལ་ཐིམ་པས། སློབ་བུ་ཡང་འོད་དུ་ཞུ་བའི་འོད་ཕུང་སེར་པོ་ལ་རིན་ཅེན་འབྱུང་ལྡན་དུ་བསྐྱེད་ལ་ལག་ཏུ་པོ་ཏི་གཏད་དོ། །གཉིས་པ་བསྒྲགས་ཚིག་ནི། ཏྲཾ། གསང་བ༴ བྱ་བ་མིན། །ཞེས་པ་དེར་གདའ་ཞིང་། ཏྲཾ། གསང་བ་གསང་ཆེན་གསང་མཆོག་གང་། །ཞེས་པས། ཏྲཾ་ཞེས་པ་ནི་གླུའི་འགོ་འདྲེན་པ་ཡིན་ལ། །གསང་བ་མ་ཧཱ་ཡོ་ག །གསང་ཆེན་ཨ་ནུ་ཡོ་ག །གསང་མཆོག་ཨ་ཏི་ཡོ་ག་སྟེ་བསྐྱེད་རྫོགས་གསུམ་གྱིས་བསྟན་པ་དང་ཐེག་པ་གང་ཡང་རུང་བའམ། གསང་བ་ཀུན་ལས་མཉན་པར་བྱ། །ཞེས་པས། གསང་སྔགས་ཀྱི་བསྟན་པ་དང་ཐེག་པ་ཀུན་ལ་ཉན་དབང་ཐོབ་ཕྱིན་ཆད་སློབ་བུ་ཁྱོད་ཀྱིས་མཉན་པར་བྱ་ཞིང་། གསང་བའི་དོན་ཉིད་བརྟག་པ་ལས། །ཞེས་པས། གསང་བའི་དོན་དེ་ཉིད་རང་གི་རིག་པས་བརྟག་པར་བྱ་བ་ལས། གཞན་དུ་སྨྲ་བར་བྱ་བ་མིན། །ཞེས་པས། འཆད་དབང་མ་ཐོབ་ཀྱི་བར་དུ་གཞན་དུ་སྨྲ་ཞིང་བཤད་པར་བྱ་བ་མིན་ནོ་ཞེས་བསྒྲག་གོ། །བསྐུར་གནས་ནི། ལག་ཏུ་པོ་ཏི་གཏད་ལ། བསྟིམ་གནས་ནི་མཚུངས་ལྡན་གྱི་རྒྱུ་རྣ་བ་གཉིས་ཀྱི་འདོམ་རྩར་སྒྲ་ཐོས་བྱེད་རེ ག་ཤེས་ཀྱི་ཐིག་ལེ་ལ་བསྟིམས་པས། སྔོན་ཆད་བཀའ་ཕྱི་ནང་གི་ཆོས་ཐམས་ཅད་ལ་ཐོགས་པ་མེད་པར་ཉན་མི་ནུས་པའི་སྒྲིབ་པ་དག་ནས་དེང་ཕྱིན་ཆད་ཉན་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསམས་ལ། དེ་དང་རྗེས་སུ་མཐུན་པའི་སྨོན་ལམ་ཡང་གདབ་བོ། །གཉིས་པ་སྒོམ་དབང་གི་བསམ་རྒྱུད་བསྟན་པ་ནི། གསལ་བའི༴ གསལ་སྤྲོ་ཐིམ། །ཞེས་པ་དེར་གདའ་ཞིང་། གསལ་བའི་འཁོར་ལོའི་གཞལ་ཡས་སུ། །ཞེས་པས། སློབ་བུའི་དྲན་པ་གསལ་བར་བྱེད་པའི་རྟེན་སྙིང་གའི་རྩ་ལ་རྡོ་རྗེ་སློབ་དཔོན་བསྐྱེད་ལ། གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཅེས་པས། དྲན་པ་གསལ་བར་བྱེད་པ་རྩའི་ནང་གི་བཅུད་འདུས་པའི་ཐིག་ལེའམ་རེག་ཤེས་ཀྱི་ངོ་བོ་ཤིན་ཏུ་དྭངས་པར་གནས་པ་སྒོམ་དབང་གི་མཚུངས་ལྡན་གྱི་རྒྱུ་ཉིད། ཡི་གེ་ཕྲེང་བའི་ཚོགས་མཆོག་ལས། །ཞེས་པས། ཡི་དམ་གྱི་ལྷ་གང་ཡིན་གྱི་ཡི་གེ་ཕྲེང་བའི་ཚོགས་མཆོག་ཟུང་ལྔ་ཡ་བཅུ་དང་། ཧཱུཾ་བཞི༴ འོད་དུ་ཞུ་བ་ལས། རིགས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ། །ཞེས་པས། ཡི་དམ་གྱི་ལྷ་གང་ཡིན་གྱི་རིགས་ཀྱི་དཀྱིལ་འཁོར་གཙོ་བོ་ཡབ་ཡུམ་གྱིས་གཙོ་བྱས་པའི་རིགས་ཆུང་གི༴ སློབ་བུ་ཡང་འོད་དུ་ཞུ་བའི་འོད་ཕུང་ལས་ཡི་དམ་གང་ཡིན་དུ་བསྐྱེད་ལ་ལག་ཏུ་ཕྲེང་བ་གཏད་དོ། །གཉིས་པ་བསྒྲག་ཚིག་ནི། ཨཱོཾ། དུས་གསུམ༴ མཉམ་པར་སྦྱོར། །ཞེས་པ་དེར་གདའ་ཞིང་། ཨཱོཾ། དུས་གསུམ་རྒྱལ་བའི་སྲས་ཆེན་པོ། །ཞེས་པས། ཨཱོཾ་ནི་ཡེ་གེ་ཆ་ལྔ་པ་ཀླུའི་འགོ་འདྲེན་པ་ཡིན་ལ། སློབ་བུ་ཁྱོད་ཀྱིས་སྒོམ་པའི་དབང་འདི་ཐོབ་ཕྱིན་ཆད་དུས་གསུམ་གྱི་རྒྱལ་བའི་གདུང་འཚོབ་བའི་སྲས་ཆེན་པོ་ཁོ་ན་བུ་ཁྱོད་ཡིན་པས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུངས། །ཞེས་པས་ཁྱོད་ཀྱི་ལུས་ང ག་ཡིད་གསུམ་ཡི་དམ་ལྷའི་སྐུ་གསུང་ཐུགས་ཀྱི་ངོ་བོར་དབྱེར་མེད་པས་ན་རྡོ་རྗེ་ཞེས་བྱ་སྟེ། དེ་དང་མི་འབྲལ་བར་སྒོམས་ཤིག་ཟུངས་ཤིག །རྒྱལ་བ་ཐམས་ཅད་མཉེས་མཆོད་ལ། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །ཞེས་པས་ཡི་དམ་གྱི་ལྷ་སྒྲུབ་པས་མཉེེས་པར་མཆོད་པ་ན་རྒྱལ་བ་ཐམས་ཅད་ཀྱང་མཉེས་པས་མཆོད་པ་ཡིན་ལ། ཡི་དམ་གྱི་ལྷ་གཅིག་དང་ཐ་དད་ལས་གྲོལ་བས་དུས་གསུམ་གྱི་རྒྱལ་བ་ཀུན་དང་ངོ་བོས་མཉམ་པར་སྦྱོར་བའི་དངོས་གྲུབ་ཐོབ་པ་ཡིན་ནོ་ཞེས་བསྒྲག་གོ། །བསྐུར་གནས་ནི། ལག་ཏུ་ཕྲེང་བ་གཏད་ལ། བསྟིམ་གནས་ནི་མཚུངས་ལྡན་གྱི་རྒྱུ་སྙིང་གི་མདོམ་རྩར་དྲན་བྱེད་རེག་ཤེས་ཀྱི་ཐིག་ལེ་ལ་བསྟིམ་པས། སྔོན་ཆད་ཡི་དམ་ལྷའི་ཏིང་ངེ་འཛིན་རྒྱུད་ལ་མི་སྐྱེ་བའི་སྒྲིབ་པ་དག་ནས་ད་ཕྱིན་ཆད་ཡི་དམ་ལྷའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བའི་ནུས་པ་དངོས་སུ་སྐྱེས་པར་བསམས་ལ་དེ་དང་རྗེས་སུ་མཐུན་པའི་སྨོན་ལམ་ཡང་གདབ་བོ། །གསུམ་པ་ཕྲིན་ལས་ཀྱི་དབང་གི་བསམ་རྒྱུད་ནི། ལག་པའི༴ གསལ་འཕྲོ་ཐིམ། །ཞེས་པ་དེར་གདའ་ཞིང་། ལག་པའི་འཁོར་ལོའི་གཞལ་ཡས་སུ། །ཞེས་པས། སློབ་བུའི་ལག་པ་གཉིས་ཀྱི་མདོམ་རྩ་རུ་བསྐྱེད་ལ། གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཅེས་པས་ལག་པའི་བྱ་བྱེད་གསལ་བར་བྱེད་པ་རྩཱིའི་ནང་གི་བཅུད་འདུས་པའི་ཐིག་ལེའམ། རེག་ཤེས་ཀྱི་ངོ་བོ་ཤིན་ཏུ་དང་བར་གནས་པ་ཕྲིན་ལས་ཀྱི་དབང་གི་མཚུངས་ལྡན་གྱི་རྒྱུ་ཉིད། ཧཱཾ་གི་ཕྱག་རྒྱའི་ཚོགས་མཆོག་ལས། །ཞེས་པས་ཡི་གེ་ཧཱཾ་ཟུང་ལྔ་ཡ་བཅུ་དང་། ཧཱུཾ་བཞི༴ འོད་དུ་ཞུ་བ་ལས། ལས་ཀྱི་དཀྱིལ་འཁོར་གསལ་འཕྲོ་ཐིམ། །ཞེས་པས། ལས་ཀྱི་རིགས་དོན་ཡོད་གྲུབ་པ་ཡབ་ཡུམ་གྱིས་གཙོ་བྱས་པའི་རིགས་ཆུང་གི༴ སློབ་བུ་ཡང་འོད་དུ་ཞུ་བའི་འོད་ཕུང་ལྗང་ཁུ་ལ་དོན་ཡོད་གྲུབ་པར་བསྐྱེད་ལ་ལག་ཏུ་རྡོ་རྗེ་རྒྱ་གྲམ་གཏད་དོ། །གཉིས་པ་བསྒྲགས་ཚིག་ནི། ཨཱོཾ། ཁྱོད་ནི༴ བྱེད་པ་ཡིན། །ཞེས་པ་དེར་གདའ་ཞིང་། ཨཱོཾ། ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས། །ལས་རྣམས་མ་ལུས་ཀུན་གྱིས་ཤིག །ཅེས་པས། ཨཱོཾ་ཞེས་པ་ནི་གླུའི་འགོ་འདྲེན་པ་ཡིན་ལ། བུ་ཁྱོད་ནི་ཕྲིན་ལས་ཀྱི་དབང་ཐོབ་པས་རྡོ་རྗེ་ལས་མཁན་ཡིན་གྱིས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་བཞི་ལ་སོགས་པ་རྣམས་མ་ལུས་པ་ཀུན་ཁྱོད་ཀྱིས་གྱིས་ཤིག །ཕོ་ཉ་མང་པོའི་འདུ་འཕྲོ་ཀུན། །ཁྱོད་ཀྱི་དགོས་པ་བྱེད་པ་ཡིན། །ཞེས་པས་ཐུགས་རྗེ་སྤྲུལ་པ་དང་མགྱོགས་བྱེད་ཡེ་ཤེས་དང་མངགས་པ་ལས་ཀྱི་ཕོ་ཉ་མང་པོ་ནང་དུ་དམ་ལ་འདུ་ཞིང་ཕྱིར་ལས་ལ་འ ཕྲོ་བ་ཀུན་ཀྱང་། ཕྲིན་ལས་ཀྱི་དབང་ཐོབ་པའི་བུ་ཁྱོད་ཀྱི་དགོས་པའི་བྱ་བ་གང་ཡིན་པ་སྒྲུབ་པ་བྱེད་པ་ཡིན་ནོ། །ཞེས་བསྒྲག་གོ། །བསྐུར་གནས་ནི་ལག་ཏུ་རྡོ་རྗེ་རྒྱ་གྲམ་གཏད་ལ། བསྟིམ་གནས་ནི་མཚུངས་ལྡན་གྱིས་སྒྱུ་ལག་པའི་འདོམ་རྩར་བྱ་བྱེད་གསལ་བྱེད་རེག་ཤེས་ཀྱི་ཐིག་ལེ་ལ་བསྟིམས་པས། སྔོན་ཆད་ཕྲིན་ལས་བཞིས་འགྲོ་བ་འདུལ་མི་ནུས་པའི་སྒྲིབ་པ་དག་ནས་ད་ཕྱིར་ཆོད་ཕྲིན་ལས་བཞིས་འགྲོ་བ་འདུལ་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསམས་ལ་དེ་དང་རྗེས་སུ་མཐུན་པའི་སྨོན་ལམ་ཡང་གདབ་བོ། །བཞི་པ་འཆད་པའི་དབང་གི་བསམ་རྒྱུད་ནི། སྨྲར་བྱེད་འཁོར་ལོའི༴ གསལ་སྤྲོ་ཐིམ། ། ཞེས་པ་དེར་གདའ་ཞིང་། སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ། །ཞེས་པས། སློབ་བུའི་སྨྲ་བྱེད་དེ་ལྕེའི་འདོམ་རྩ་རུ་བསྐྱེད་ལ། གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཅེས་པས། སྒྲ་གསལ་བར་བྱེད་པ་འཆད་པའི་དབང་གི་མཚུངས་ལྡན་གྱི་རྒྱུ་ཉིད། ཧྲཱིཿཡི་ཕྱག་རྒྱའི་ཚོགས་མཆོག་ལས། །ཞེས་པས་ཡི་གེ་ཧྲཱིཿཟུང་ལྔ་ཡ་བཅུ་དང་། ཧཱུཾ་བཞི༴ འོད་དུ་ཞུ་བ་ལས། ཆོས་ཀྱི་འཁོར་ལོ་གསལ་སྤྲོ་ཐིམ། །ཞེས་པས། གསུང་ཆོས་ཀྱི་རིགས་སྣང་བ་མཐའ་ཡས་ཡབ་ཡུམ་གྱིས་གཙོ་བྱས་པའི་རིགས་ཆུང་གི༴ སློབ་བུ་ཡང་འོད་དུ་ཞུ་བའི་འོད་ཕུང་དམར་པོ་ལས་སྣང་བ་མཐའ་ཡས་སུ་བསྐྱེད་ལ། ལག་ཏུ་འཁོར་ལོ་དུང་དང་ཕྱགས་ཤིང་གཏད་དོ། །གཉིས་པ་བསྒྲག་ཚིག་ནི། ཨཱོཾ། ཆོས་ཀྱི༴ གཞན་དུ་མིན། །ཞེས་པ་དེར་གདའ་ཞིང་། ཨཱོཾ། ཆོས་ཀྱི་བདུད་རྩི་བླ་མེད་ཀྱིས། །དད་ལྡན་སྐྱེས་བུ་ངོམས་པར་བྱོས། །ཞེས་པས། ཨཱོཾ་ཞེས་པ་ནི་གླུའི་འགོ་འདྲེན་པ་ཡིན་ལ། ཉོན་མོངས་པའི་ནད་སེལ་བར་བྱེད་པའི་ཆོས་ཉིད་དོན་གྱི་བདུད་རྩི་བླ་མེད་ཀྱིས་དད་པ་གསུམ་དང་ལྡན་ཞིང་། གསང་སྔགས་ཐེག་པ་ཆེན་པོའི་སྣོད་དུ་གྱུར་པའི་སྐལ་བཟང་གི་སྐྱེས་བུ་ཁྱོད་ཚིམ་ཞིང་ངོམ་པར་བྱོས་ཤིག །རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་བསྒྲག་གཞན་དུ་མིན། །ཞེས་པས་གདུལ་བྱ་དབང་པོ་རབ་དང་འབྲིང་དང་ཐ་མའི་བློ་ཅན་རྣམས་གང་ཡིན་བརྟགས་ལ་བློ་དང་མཐུན་པར་གསང་སྔགས་ཀྱི་ཆོས་བསྒྲག་པར་བྱའི། དེ་ལས་གཞན་དུ་བློ་དང་མི་འཚམས་པའི་གསང་པའི་བསྟན་པ་དང་ཐེག་པ་རྣམས་བསྒྲགས་དང་བཤད་པར་བྱ་བ་ནི་ནམ་ཡང་མིན་ནོ་ཞེས་བསྒྲག་གོ། །བསྐུར་གནས་ལག་ཏུ་འཁོར་ལོ་དུང་ཕྱགས་ཤིང་གཏད་ལ། བསྟིམ་གནས་མཚུངས་ལྡན་གྱི་རྒྱུ་ལྕེའི་རྩའི་སྨྲ་བྱེད་རེག་ཤེས་ཀྱི་ཐིག་ལེ་ལ་བསྟིམས་པས་སྔོན་ཆད་སེམས་ཅན་གྱི་ཤེས་རྒྱུད་ལ་ཆོས་ཀྱི་འཁོར་ལོ་བསྐོར་མི་ནུས་པའི་སྒྲིབ་པ་དག་ནས། ད་ཕྱིན་ཆད་ཆོས་ཀྱི་འཁོར་ལོ་བསྐོར་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསམ་ལ། དེ་དང་རྗེས་སུ་མཐུན་པའི་སྨོན་ལམ་ཡང་གདབ་བོ། །ལྔ་པ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་གི་བསམ་རྒྱུད་ནི། བསྐྱོད་ཆེན༴ ཁྲོ་ཕྲེང་བསྒོམ། །ཞེས་པ་དེར་གདའ་ཞིང་། བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །ཞེས་པས། བསྐྱོད་ཆེན་ཡན་ལག་བཞི་མགོ་བོ་དང་ལྔའི་རྩ་གནས་སུ་རྡོ་རྗེ་སློབ་དཔོན་ཀུན་བཟང་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་ཡི་གེ་བྷྲཱུཾ་འཕྲོས་པ་ལས། འཁོར་ལོ་རྩིབས་བཞི་པ་དབུས་ཀྱི་ལྟེ་བ་དང་བཅས་པའི་གཞལ་ཡས་ཁང་ཆ་ལྔ་བསྐྱེད་པའི་གནས་སུ། གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཅེས་པས། ཡན་ལག་ལྔའི་བྱ་བྱེད་གསལ་བར་བྱེད་པ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་གི་མཚུངས་ལྡན་གྱི་རྒྱུ་ཉིད། ཧཱུཾ་ཨཱོཾ་སྭཱ་ཨཱཾ་ཧཱ་རྣམས་ལས། །ཞེས་པས་ལག་པ་གཡས་པའི་མཐིལ་གྱི་དཀྱིལ་འཁོར་ལ་ཧཱུཾ་ཟུང་ལྔ་དེ་བཞིན་དུ་མགོ་བོ་ལ་ཨཱོཾ། ལག་པ་གཡོན་ལ་སྭཱ། རྐང་མཐིལ་གཡོན་པ་ལ་ཨཱཾ། གཡས་པ་ལ་ཧཱ་རྣམས་ཟུང་ལྔ་ལྔ་སྟེ་ཡ་བཅུའོ། །ལུས་ཀྱི་ཕྱོགས་མཚམས་རྣམས་སུ་ཧཱུཾ་ཟུང་བཅུ་བཀོད་པ་སྟེ་གསུང་ཡིག་འབྲུ་བདུན་ཅུའི་ཚོགས་སུ་གྱུར་པ་ལས༴ འོད་དུ་ཞུ་བ་ལས། དཀྱིལ་འཁོར་ལྔ་དང་ཁྲོ་ཕྲེང་བསྒོམ། །ཞེས་པས། དཀྱིལ་འཁོར་ཆ་ལྔ་ལ་རང་རང་གི་རིགས་ཀྱི་གཙོ་བོ་ཡབ་ཡུམ་གྱིས་གཙོ་བྱས་པ་ལ་རིགས་ཆུང་གིས་བསྐོར་བའི་ལྷ་ཡབ་ཡུམ་ལྔ་བཅུ་དང་ཁྲོ་བོ་ཡབ་བཅུ་དང་ཁྲོ་མོ་ཡུམ་བཅུ་སྟེ་ཉི་ཤུའི་ཕྲེང་བ་དེ་ལྟར་ལྷ་ཚོགས་བདུན་ཅུ་དམ་ཚིག་པའི་དཀྱིལ་འཁོར་གསལ་བར་བསྐྱེད་པ་ལ༴ སློབ་བུ་ཡང་འོད་དུ་ཞུ་བའི་འོད་ཕུང་ལས་ཀུན་ཏུ་བཟང་པོར་བསྐྱེད་ལ་ལག་ཏུ་རྡོ་རྗེ་དང་དྲིལ་བུ་གཏད་དོ། །གཉིས་པ་བསྒྲག་ཚིག་ནི། ཨཱོཾ། ཕྱོགས་བཅུ༴ སྤྱིན་པར་སྦྱོད། །ཅེས་བདེར་གདའ་ཞིང་། ཨཱོཾ། ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །ཞེས་པས། ཨཱོཾ་ཞེས་པ་ནི་གླུའི་འགོ་འདྲེན་པ་ཡིན་ལ། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག་ཉིད་ཆེན་པོ་ཁྱོད་ཡིན་ཅིང་། དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པར་སྤྱོད། །ཅེས་པས། རྒྱུད་དང་དཀྱིལ་འཁོར་ཀུན་གྱི་བྱེད་པ་པོའང་ཁྱོད་ཡིན་པས་དཀྱིལ་འཁོར་ཀུན་གྱི་བདག་པོ་ཁྱོད་གྱིས་ལ། སྣོད་དང་འཚམས་པ་ལ་སྦྱིན་པ་དང་ལོངས་སྤྱོད་པར་ཡང་གྱིས་ཤིག་ཅེས་བསྒྲག་གོ། །བསྐུར་གནས་ལག་ཏུ་རྡོ་རྗེ་དྲིལ་བུ་གཏད་ལ། བསྟིམ་གནས་མཚུངས་ལྡན་གྱི་རྒྱུ་ཡན་ལག་ལྔའི་བྱ་བྱེད་གསལ་བར་བྱེད་པ་རེག་ཤེས་ཀྱི་ཐིག་ལེ་ལ་བསྟིམས་པས་སྔོན་ཆད་སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བ་ལ་སོགས་པ་གཞན་དོན་བྱེད་པར་མི་ནུས་པའི་སྒྲིབ་པ་དག་ནས། ད་ཕྱིན་ཆད་དབང་ཕྱུག་ཆེན་པོར་གྱུར་ཏེ་བླ་མའི་གདན་ས་འཛིན་ཅིང་རྒྱུད་དང་དཀྱིལ་འཁོར་ལ་སོགས་པ འི་ལས་སྣ་ཚོགས་ཀྱི་སྒོ་ནས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྤྱོད་ཅིང་སྒྲུབ་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསམས་ལ། དེ་དང་རྗེས་སུ་མཐུན་པའི་སྨོན་ལམ་ཡང་གདབ་བོ། །དེ་ལྟར་ནུས་པའི་དབང་ལྔ་པོའི་དྲུག་པ་བསྐུར་བའི་ལས་རིམ་གྱི་སྐབས་སུ་དོན་ལྔར་སྟོན་པའི་དང་པོ་བསམ་རྒྱུད་དང་གཉིས་པ་བསྒྲག་ཚིག་ནི་སྔར་བཤད་པ་རྣམས་ཡིན་ལ། གསུམ་པ་བསྐུར་བའི་གནས་ནི། ངེས་འབྱེད་ལས། གནས་ནི་རྣ་བ་སྙིང་ཡན་ལག །ལྕེ་དང་ཡན་ལག་རྣམ་ལྔའོ། །ཞེས་གསུངས་ལ། བཞི་པ་བསྟིམ་གནས་ནི་མཚུངས་ལྡན་གྱི་རྒྱུ་ལ་བསྟིམ་པའོ། །ལྔ་པ་སྒྲིབ་པ་གང་དག་པ་ནི། སྒྲིབ་པ་ཕན་དང་ཐུན་མོང་སྟེ། །ཁྱད་པར་ཉོན་མོངས་རགས་པ་དང་། །ཐ་མ་རྟོག་པ་འཇིལ་བར་བྱེད། །ཅེས་དང་། ནུས་པ་གང་སྐྱེས་ན། ཐོབ་པའི་ཚད་ནི་ནུས་པ་ལྔ༴ པའི་ཚད། །ཅེས་གསུངས་སོ། །བདུན་པ་སྐྱོན་དང་བརྒྱད་པ་ཡོན་ཏན་ནི་སྤྱིར་འོག་ནས་སྟོན་པར་བྱེད་པ་ཡིན་ལ། ཁྱད་པར་སྐབས་འདིར་ནུས་དབང་མ་ཐོབ་པའི་སྐྱོན་ནི། སྐྱོན་ནི་དབང་མེད་ལས་རྩོམ་པ། །དེ་ཉིད་བརླག་པའི་རྒྱུ་རུ་འགྱུར། །ཞེས་དང་། ཡོན་ཏན་ནི། ཡོན་ཏན་དོན་མཐར་ཕྱིན་བྱེད་པས། །ལས་ཐམས་ཅད་ལ་ཐོགས་མེད་པའོ། །ཞེས་གསུངས་སོ། །གསུམ་པ་གསང་བ་ཟབ་མོའི་དབང་གསུམ་བསྐུར་བ་བསྟན་པ་ནི། ཤེས་རབ་ཐབས་ཀྱི༴ དཀྱིལ་འཁོར་སྒྱུར། །ཞེས་པ་དེར་གདའ་ཞིང་། གསང་བ་ཟབ་མོའི་དབང་གསུམ་པོ་འདི་ལ་ཡང་དབང་སྔ་མ་རྣམས་དང་ཚུལ་མཚུངས་པར། རྒྱུ་དང་རྐྱེན་དང་ངོ་བོ་དང་འབྲས་བུ་དང་། །རིམ་པ་དང་ལས་རིམ་དང་སྐྱོནདང་ཡོན་ཏན་དང་བརྒྱད་ཅེས་བྱ། །ཞེས་པས་དོན་བརྒྱད་བརྒྱད་ཀྱིས་སྟོན་པར་བྱེད་པ་ལས། དང་པོ་རྒྱུ་བསྟན་པ་ལ་ཡང་། མཚུངས་ལྡན་གྱི་རྒྱུ་དང་། ལྷན་ཅིག་བྱེད་པའི་རྒྱུ་གཉིས་ཡོད་པའི། དང་པོ་མཚུངས་ལྡན་གྱི་རྒྱུ་ནི། དོན་དམ་སྐྱེ་མེད་རང་ཆས་སུ་གནས་པ་གསང་དབང་གི་མཚུངས་ལྡན། ཀུན་རྫོབ་འགག་མེད་རང་ཆས་སུ་གནས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་མཚུངས་ལྡན། བདེན་གཉིས་དབྱེར་མེད་རང་ཆས་སུ་གནས་པ་དབྱེར་མེད་བདེ་བ་ཆེན་པོའི་དབང་གི་མཚུངས་ལྡན་གྱི་རྒྱུའོ། །དེ་ཡང་ངེས་འབྱེད་ལས། གསང་དབང་གི་མཚུངས་ལྡན་རང་བཞིན་གནས་དོན་གསུམ་པ་ནི། །ཐ་སྙད་གཉིས་བསྡུས་བྱང་ཆུབ་སེམས། །མཐའ་ཡི་ཐ་སྙད་ཀུན་དབེན་དོན། །ཡུལ་མིན་མ་མཐོང་གསང་བའི་མིང་། །ཞེས་དང་། ཤེས་རབ་ཡེ་ཤེས་ཀྱི་རང་རིག་གསལ་ཡོད་མཚུངས་པའི་རྒྱུ། །ཞེས་དང་། དབྱེར་མེད་བདེ་ཆེན་གྱིས་བདེན་གཉིས་དབྱེར་མེད་བདག་གི་སེམས། །ཡེ་ནས་གནས་པས་མཚུངས་ཞེས་བཤད། །ཅེས་སོ། །གཉིས་པ་ལྷན་ཅིག་བྱེད་པའི་རྒྱུ་ནི། ཕྱག་རྒྱ་ལོ་ཉི་ཤུ་མ་མཚན་དང་ལྡན་པ། གསང་དབང་གི་ལྷན་ཅིག་བྱེད་པའི་རྒྱུ། བཅུ་དྲུག་མ་མཚན་དང་ལྡན་པ་ཟླ་བ་བྱང་སེམས་ཅན། ཤེས་རབ་ཡེ་ཤེས་ཀྱི་ལྷན་ཅིག་བྱེད་པའི་རྒྱུ། བཅུ་གཉིས་མ་མཚན་དང་ལྡན་པ་ཉི་མ་བྱང་སེམས་ཅན་དབྱེར་མེད་བདེ་བ་ཆེན་པོའི་དབང་གི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ། །དེ་ཡང་། རྫས་ནི་དངོས་དང་ནུས་པ་སྟེ། །དངོས་ནི་ཉི་ཟླ་བྱང་ཆུབ་སེམས། །ཞེས་དང་། རྫས་ནི་སྐབས་ཀྱི་ཕྱག་རྒྱ་མོ། །ཟླ་བ་ལྡན་པ་གཏད་པའོ། །ཞེས་དང་། རྫས་དབྱེར་མེད་བདེ་ཆེན་གྱི། ནི་ཕྱག་རྒྱ་ཉི་ལྡན་པའོ། །ཞེས་སོ། །གཉིས་པ་རྐྱེན་ལ་བཞི་ལས། ཟབ་མོའི་དབང་གསུམ་བསྐུར་དུ་རུང་བའི་སློབ་བུ་སྣོད་ལྡན་བརྟུལ་ཞུགས་གསུམ་དང་ལྡན་པ་རྒྱུའི་རྐྱེན། དབང་བསྐུར་ནུས་པའི་བླ་མ་བདག་པོའི་རྐྱེན། ཕྱག་རྒྱ་མཚན་དང་ལྡན་པ་དམིགས་པའི་རྐྱེན། །དབང་སྔ་མས་གོ་ཕྱེ་ནས་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནོ། །གསུམ་པ་ངོ་བོ་ནི། གསང་བ་ཟབ་མོའི་དབང་གསུམ་པོ་རང་ཡིན་ནོ། །བཞི་པ་འབྲས་བུ་ནི། དབང་ཐོབ་པས་ནུས་པ་དངོས་སུ་སྐྱེས་པའོ། །ལྔ་པ་རིམ་པ་ནི། དང་པོ་གསང་དབང་། དེ་ནས་ཤེས་རབ་ཡེ་ཤེས། དེའི་རྗེས་ལ་བདེ་བ་ཆེན་པོའོ། །དྲུག་པ་དབང་བསྐུར་བའི་ལས་རིམ་ནི། ཟབ་མོའི་དབང་གསུམ་གཞུང་གཅིག་གི་སྟེང་དུ་དཀྲུགས་ནས་འཆད་དེ། ཡེ་ཤེས་དངོས་སུ་རྒྱུད་ལ་སྐྱེ་བར་བྱེད་པ་མཐར་ཐུག་གི་དབང་ཡིན་པས་བསམ་རྒྱུད་དང་བསྒྲག་ཚིག་ལ་ལྟོས་པ་ནི་མ་ཡིན་ནོ། །དེ་ཡང་ཐོག་མར་གསང་དབང་བསྐུར་བའི་དབང་དུ་བྱས་ན། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཞེས་པས། ཡུམ་གྱི་ཉི་མ་བྱང་ཆུབ་ཀྱི་སེམས་ལ་ཀུན་རྫོབ་སྐྱེ་བས་ཤེས་རབ་ལ་ཐབས་ཀྱིས་རྒྱས་ཐེབས། ཡབ་ཀྱི་ཟླ་བ་བྱང་ཆུབ་ཀྱི་སེམས་ལ་དོན་དམ་སྐྱེ་བས་ཐབས་ལ་ཤེས་རབ་ཀྱིས་རྒྱས་ཐེབས་པའི་དོན་གྱིས་ན་ཕྱག་རྒྱ་ལས་ཞེས་པའམ། ཤེས་རབ་མ་མཚན་ལྡན་ལོ་ཉི་ཤུ་ལོན་པ་ཁྲུས་གསུམ་བྱས་རྒྱན་གསུམ་བཏགས་ཆོས་གསུམ་བཤད་ནས། འདོད་པའི་བསྟན་བཅོས་ཀྱིས་བདེ་བ་རྒྱས་པར་བྱས་པ་རིགས་ཀྱི་ཡུམ་དུ་བྱིན་གྱིས་བརླབས་པ་དང་། ཐབས་རྡོ་རྗེ་སློབ་དཔོན་ཀུན་ཏུ་བཟང་པོའམ་མི་བསྐྱོད་པར་བསྒོམ་པའི་ང་རྒྱལ་དང་ལྡན་པས་ཡབ་ཡུམ་གཉིས་ཀྱི་མཁའ་གསང་བསྣོལ་མར་བརླབ་ཅིང་སྦྱོར་བའི་བརྡ་བསྣོལ་མར་བསྐུལ་ནས་ཛཿཧཱུཾ་བཾ་ཧོཿཕྱག་རྒྱ་བཞིས་ཐབས་ཤེས་རབ་གཉིས་སུ་མེད་པར་རོལ་པ་ལས། བདེ་བའི་འབྲུ་ཚོགས་གསལ་བའི་རྒྱུན། །ཞེས་པས། གསལ་ལ་མི་རྟོག་པ་ཡབ་ཀྱི་བདེ་བའི་ཡེ་ཤེས་ཟླ་བ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཀླད་པ་བདེ་ཆེན་གྱི་འཁོར་ལོ་ནས་བབས་སྒལ་ཚིགས་ཀྱི་རྟ་རྒྱུད། ཡི་གེ་ཧཱུཾ་གི་འབྲུ་ཚོགས་སུ་གསལ་བའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན། རྡོ་རྗེའི་ལམ་ནས་པདྨོར་འཁྱིལ། །ཞེས་པས། ཡབ་ཀྱི་གསང་བ་རྡོ་རྗེའི་ལམ་ནས་བྱུང་ནས། ཡུམ་གྱི་མཁའ་པདྨོར་འཁྱིལ་བའི་བྱང་ཆུབ་ཀྱི་སེམས་ཧཱུཾ་གི་ཚོགས་སུ་གསལ་བ་དེ། ཡུངས་ཀར་གྱི་འབྲུའི་ཚད་ཙམ་གྱི་རྡོ་རྗེ་སེམས་དཔའ་ཤ་སྟག་ཏུ་བྱིན་གྱིས་བརླབས་པ་ལ་གསང་བའི་དབང་བསྐུར་རོ། །བསྐུར་ཚུལ་ནི་གསུམ་སྟེ། རྩེ་ནས་ཞེས་པས། ཐབས་ཀྱི་གསང་དབང་བ་དང་བེའུའི་ཚུལ་དུ་བསྐུར་བ་ནི། རྡོ་རྗེ་སློབ་དཔོན་གྱི་ཡུམ་གྱི་མཁའ་ནས་བྱང་ཆུབ་ཀྱི་སེམས་གསང་བ་རྡོ་རྗེའི་རྩེས་བླངས་ནས་སློབ་བུའི་ལྕེ་ཐོག་ཏུ་བཞག་པའམ། ཤེས་རབ་ཀྱི་གསང་དབང་མེ་ཏོག་དང་བུང་བའི་ཚུལ་དུ་བསྐུར་བ་ནི། ཡུམ་གྱི་པདྨོའི་དབྱིངས་ཕྱུག་མའི་སྣ་རྩེ་ནས་སློབ་བུས་འཇིབས་ནས་བྱང་ཆུབ་ཀྱི་སེམས་ལྕེ་ཐོག་ཏུ་བླངས་པའམ། ཐབས་ཤེས་གཉིས་མེད་ཀྱི་གསང་དབང་བྱ་དང་བྱེའུའི་ཚུལ་དུ་བསྐུར་བ་ནི་རྡོ་རྗེ་སློབ་དཔོན་གྱི་ལྗགས་ཀྱི་རྩེ་མོས་ཡུམ་གྱི་མཁའ་ནས་བྱང་ཆུབ་ཀྱི་སེམས་བླངས་ནས་སློབ་བུའི་ལྕེ་ཐོག་ཏུ་བཞག་པའོ། །ཡང་ལ་ལ་དག་བྱང་ཆུབ་ཀྱི་སེམས་དཀར་པོ་བྱིན་པ་ཐབས་ཀྱི་གསང་དབང་། དམར་པོ་བྱིན་པ་ཤེས་རབ་ཀྱི་གསང་དབང་གཉིས་འདྲེས་བྱིན་པ་ཐབས་ཤེས་རབ་གཉིས་མེད་ཀྱི་གསང་དབང་ཞེས་ཀྱང་འདོད་དོ། །བསྟིམ་ཞིང་ཞེས་པས། མདོར་ན་དེ་ལྟར་བསྐུར་ཐབས་གསུམ་པོ་གང་རུང་གིས་སློབ་བུའི་ལྕེ་ལ་བཞག་གསུངས། བསྟིམ་སྙིང་ལ་བསྟིམ་ཞིང་དབང་བསྐུར་བའོ། །དཀྱིལ་འཁོར་སྒྱུར་ཞེས་པས། དབང་རྫས་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཧཱུཾ་གི་ཚོགས་དེ་ཉིད་ཡུངས་ཀར་གྱི་ཚད་ཙམ་གྱི་རྡོ་རྗེ་སེམས་དཔའ་མང་པོར་གྱུར་པ་དེ་རྣམས་སློབ་བུའི་སྙིང་ལ་ཐིམ་པས། སྙིང་ཆོས་ཀྱི་འཁོར་ལོའི་རྩ་བའི་རྩ་ཆེན་བཞི་ལ་གནས་པའི་འགྲོ་བ་རིགས་དྲུག་ཏུ་སྐྱེ་བར་བྱེད་པའི་ས་བོན། ཨ་ནྲྀ་སུ་ཏྲི་པྲེ་དུ་ཟུང་གསུམ་ཡ་དྲུག་གཉིད་དང་བཅས་པ་སྦྱངས་ཏེ། བདེ་བའི་ཡེ་ཤེས་སུ་གསལ་བས་དཔེར་ན་ས་བོན་ཚིག་པ་ལ་མྱུ་གུ་མི་འབྱུང་བ་བཞིན་དུ། ངན་སོང་དང་འཁོར་བ་ཀར་དག་པས་དོན་དམ་སྤྲོས་མེད་ཀྱི་དཀྱིལ་འཁོར་དུ་དབང་སྒྱུར་བ་སྟེ་དོན་དམ་སྐྱེ་མེད་ཀྱི་བདེན་པ་མངོན་དུ་བྱས་པ་ནི་གསང་བའི་དབང་ཐོབ་པ་ཡིན་ནོ། །དེ་ཡང་། ཐལ་བའི་རྒྱུད་ལས། མི་བསྐྱོད་ཡབ་ཡུམ་རོལ་པ་ཡི། །བདེ་བ་གསང་ཞིང་མི་དམིགས་པ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཡེ་ཤེས་ཧཱུཾ་ཚོགས་ཀྱིས། །པདྨོའི་ཡེ་ཤེས་བསྡུས་འཁྱིལ་པའི། །ཡུངས་ཀར་ཚད་ཙམ་རྡོ་རྗེ་སེམས། །རྩེ་ནས་རྩེ་རུ་བྱིན་པ་ཡིས། །རང་བཞིན་ཆོས་ཁམས་དཀྱིལ་འཁོར་གྱི། །ས་བོན་ཟུང་གསུམ་གཉིད་དང་བཅས། །གནས་ངན་ལེན་པ་གསུམ་སྦྱངས་ཏེ། །དམིགས་མེད་སེམས་ཀྱི་ཡེ་ཤེས་ལྔ། །གསལ་བས་ས་བོན་ཚིག་པ་བཞིན། །མི་སྐྱེ་ཐབས་ཀྱི་དབུགས་དབྱུང་བའོ། །ཞེས་གསུངས་སོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། ཤེས་རབ༴ དཀྱིལ་འཁོར་སྒྱུར། །ཞེས་པས། སྔར་བཞིན་ཆས་སུ་བཅུག་པའི་ཤེས་རབ་མ་མཚན་ལྡན་ལོ་བཅུ་དྲུག་ལོན་པ་ཟླ་བ་བྱང་སེམས་ཅན་རིགས་ཀྱི་ཡུམ་དུ་གསལ་བ་ཐབས་ཀྱི་ཡབ་སློབ་བུ་ཉིད་རྡོ་རྗེ་སེམས་དཔར་བསྐྱེད་པ་ལ་གཏད་དེ། སློབ་བུ་ཡབ་ཡུམ་གཉིས་ཀྱི་མཁའ་གསང་བསྣོལ་མར་བརླབ་ཅིང་སྦྱོར་བའི་བརྡ་བསྣོལ་མར་བསྐུལ་ནས། ཛཿཧཱུཾ་བཾ་ཧོ༔ཕྱག་རྒྱ་བཞིས་ཐབས་ཤེས་གཉིས་སུ་མེད་པར་རོལ་པ་ལས་བདེ་བའི་ཡེ་ཤེས་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཧཱུཾ་གི་འབྲུ་ཚོགས་སུ་གསལ་བའི་ཆུ་རྒྱུན་འབབ་པ་ནི་ཡས་བབ་ཀྱི་དགའ་བ་སྟེ། དེ་ཡང་ཀླད་པ་བདེ་ཆེན་གྱི་འཁོར་ལོ་ནས་མགྲིན་པར་བབས་པས་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་དགའ་བྲལ། གསང་བ་རྡོ་རྗེའི་ལམ་ནས་འབྱུང་བའི་ཚེ་དགའ་བཞིའི་མཐར་ཐུག་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་ཞིང་། རྟེན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡུམ་གྱི་པདྨོར་རེག་པའི་གནས་སུ་འཁྱིལ་བས་ཡུམ་གྱི་ཉི་མ་བྱང་ཆུབ་ཀྱི་སེམས་དང་རྩེ་ཕྲད་ནས་ཐིག་ལེ་ཕྱེད་ཤོར་ཕྱེད་མ་ཤོར་ཏེ། དྲག་ཐུང་ལྟ་བུར་གནས་པ་དེ་ཡབ་ཡུམ་གཉིས་ཀྱི་གསང་རྩ་ཕན་ཚུན་དུ་བསྟིམ་ཞིང་དབང་བསྐུར་བས་ཉོན་མོངས་པ་རང་སར་གྲོལ་ནས། ཀུན་རྫོབ་བདེ་ཆེན་གྱི་དཀྱིལ་འཁོར་དུ་དབང་བསྒྱུར་བ་སྟེ་ཀུན་རྫོབ་འགག་མེད་ཀྱི་བདེན་པ་མངོན་དུ་བྱས་པ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ཡིན་ནོ། །དེ་ཡང་། ཐལ་རྒྱུད་ལས། དེ་ལས་གཞན་ཡང་བཤད་བྱ་བ། །རྗེས་སུ་འཇུག་པའི་ཕྱག་རྒྱ་ཉིད། །ཟིལ་བའི་ཐིག་སྔོན་ལམ་བཞིན་དུ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་གཅིག །ཕན་ཚུན་ས་ཡི་སྟོབས་ཀྱིས་བསྟིམ། །བདེ་བ་གཉིས་པའི་ངོ་བོ་ཉིད། །གསུམ་པའི་ཡེ་ཤེས་དཀྱིལ་འཁོར་དུ། །གསལ་བར་ཤར་བས་གྱུར་པའི་སྒྲ། །རང་བཞིན་འོད་གསལ་དཀྱིལ་འཁོར་རོ། །ཞེས་གསུངས་སོ། །གསུམ་པ་དབྱེར་མེད་བདེ་ཆེན་གྱི་དབང་བསྐུར་བ་ནི། ཤེས་རབ༴ དཀྱིལ་འཁོར་སྒྱུར། །ཞེས་པས། སྔར་བཞིན་ཆས་སུ་བཅུག་པའི་ཤེས་རབ་མ་མཚན་དང་ལྡན་པ་ལོ་བཅུ་གཉིས་ལོན་པ་ཉི་མ་བྱང་སེམས་ཅན་རིགས་ཀྱི་ཡུམ་དུ་གསལ་བ་དང་། ཐབས་ཀྱི་ཡབ་སློབ་བུ་རྡོ་རྗེ་སེམས་དཔའི་ང་རྒྱལ་དང་ལྡན་པས་ཡབ་ཡུམ་གཉིས་ཀྱི་མཁའ་གསང་བསྣོལ་མར་བརླབ་ཅིང་སྦྱོར་བའི་བརྡ་བསྣོལ་མར་བསྐུལ་ནས། ཛཿཧཱུཾ་བཾ་ཧོཿཕྱག་རྒྱ་བཞིས་ཐབས་ཤེས་རབ་གཉིས་སུ་མེད་པར་རོལ་པ་ལས་ཡབ་ཡུམ་གཉིས་ཀྱི་བདེ་བའི་ཡེ་ཤེས་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡི་གེ་ཧཱུཾ་གི་འབྲུ་ཚོགས་སུ་གསལ་བའི་ཆུ་རྒྱུན་གསང་བའི་རྡོ་རྗེའི་ལམ་ནས་དབབ་པའི་ཐབས་ཀྱིས་ཕབ། བཟུང་བའི་ཐབས་ཀྱིས་བཟུང་སྟེ་རྡོ་རྗེ་དབུའི་བུམ་པ་ནས། ཡུམ་གྱི་པདྨོར་རྩ་རྟོག་མའི་གནས་སུ་བསྐྱིལ་ཏེ་ཉམས་སུ་མྱོང་བར་བྱས། དེ་ཡང་ཡབ་ཡུམ་གཉིས་ཀྱི་དགའ་བ་བཞི་བཞི་སྟེ་བརྒྱད་པོ་དུས་གཅིག་ཏུ་རོ་མཉམ་ཞིང་དེ་རེ་རེ་ལ་ཡང་བཞི་བཞི་སྟེ། ཡབ་ཀྱི་དགའ་བ་བཅུ་དྲུག་ཡུམ་གྱི་དགའ་བ་བཅུ་དྲུག་གི་དབྱེ་བས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་རྫོགས་ལ། ཡབ་ཀྱི་དགའ་བ་བཅུ་དྲུག་པོ་རེ་རེ་ལ་ཡང་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པས་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་ཞིང་མངོན་པར་ཤེས་པ་དྲུག་ཀྱང་འཆར་རོ། །ཡུམ་གྱི་པདྨོའི་རྩ་ཁ་ཁ་མུ་ཀའི་སྣ་རྩེ་ནས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱི་བདག་ཉིད་ཐིག་ལེ་ཉི་ཟླ་གཉིས་འདྲེས་ཏེ། འགྲོ་འོང་བྱང་ཆུབ་སེམས་ཀྱིས་ཚུར་ལོག་པ་སྟེ་སླར་ལྡོག་པའི་ཐབས་ཀྱིས་ལྡོག་ནས་གསང་བ་རྡོ་རྗེའི་བུ་གར་བསྟིམ་ཞིང་། ཐིག་ལེ་རྡོ་རྗེའི་ལམ་ནས་ཡར་ལོོག་པ་ནི། མས་བརྟན་གྱི་དགའ་བ་སྟེ་ལྟེ་བར་བརྟན་པ་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་དགའ་བྲལ། སྤྱི་བོར་བརྟན་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ཙམ་ནས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་རྫོགས་ཤིང་དེའི་ཡོན་ཏན་གྱིས་ཐིག་ལེས་ལུས་ཐམས་ཅད་དུ་ཁྱབ་ཅིང་བརྟན་པས་འཁོར་བའི་སྐྱོན་གྱིས་མ་གོས་པས་བཅུ་གཉིས་པདྨ་ཅན་གྱི་ས་དང་། རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བས་བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་རྫོགས་པས་ན། འཁོར་འདས་མཉམ་པ་ཉིད་ཀྱི་དཀྱིལ་འཁོར་དུ་དབང་སྒྱུར་བ་སྟེ། དབྱེར་མེད་ཀྱི་བདེན་པ་མངོན་དུ་བྱས་པ་ནི་བདེ་བ་ཆེན་པོའི་དབང་ཐོབ་པ་ཡིན་ནོ། །དེ་ནི་ཤིན་ཏུ་བརྟན་པའི་དབང་ཡང་ཡིན་ནོ། །དེ་ཡང་། ཐལ་བའི་རྒྱུད་ལས། དེ་ལས་གཞན་ཡང་བཤད་བྱ་བ། །རྡོ་རྗེ་ཉི་མ་ཐབས་ཀྱི་རྒྱ། །ཕུང་སོགས་ཕྱག་རྒྱའི་ཚོགས་དང་ལྡན། །དེ་ཟླ་བསིལ་བྱེད་ཤེས་རབ་དངོས། །དུས་གཅིག་རོ་མཉམ་ཐིག་ལེ་ཆེ། །སུམ་ཅུ་རྩ་གཉིས་མཚན་རྫོགས་ཤིང་། །ཟླ་བའི་ཡེ་ཤེས་ལྔ་བཅུ་དྲུག །དཔེ་བྱད་ལ་སོགས་དཔག་ཏུ་མེད། །སེམས་ཤེས་མངོན་པར་ཤེས་དང་ལྡན། །སེམས་མཐའ་འགྲོ་འོང་རྫུ་འཕྲུལ་ཤེས། །གནས་ནས་ལོག་པ་ཐིམ་པའི་སྒྲ། །མཐའ་གཉིས་མ་གོས་པདྨ་ཅན། །སྤྲུལ་པའི་གནས་ནས་བཀྱེ་བ་ཡིས། །བཞི་བཅུ་ལྔ་སོགས་མཐའ་ཡས་ཀུན། །རང་བཞིན་ཉིད་ལ་རང་གསལ་བ། །བཅུ་གསུམ་ཡི་གེ་འཁོར་ལོ་བརྗོད། །ཅེས་འབྱུང་བ་ཁོ་ནའོ། །བདུན་པ་སྐྱོན་ལ་གསུམ་སྟེ། གསང་དབང་མ་ཐོབ་པའི་སྐྱོན་ནི། །རྩ་དང་ཐིག་ལེ་བསྒོམ་པ་ལ་མི་དབང་ཞིང་ཚེ་ཐུང་བ་དང་ཐབས་ལམ་སྟེང་སྒོའི་ཆོས་མི་ཐོས་ཤིང་དབང་ཕྱི་མའི་སྣོད་དུ་མི་རུང་བའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་མ་ཐོབ་པའི་སྐྱོན་ནི། ཡུམ་བསྟེན་པ་ལ་མི་དབང་ཞིང་བདེ་བ་ཆེན་པོའི་འོད་གསལ་མི་སྐྱེ་བ་དང་། ཐབས་ལམ་འོག་སྒོའི་ཆོས་ཀྱི་སྣོད་དུ་མི་རུང་བའོ། །དབྱེར་མེད་བདེ་ཆེན་གྱི་དབང་མ་ཐོབ་པའི་སྐྱོན་ནི། ཐབས་ལམ་ལ་བརྟེན་པའི་རྫོགས་རིམ་མ་ལུས་པའི་སྣོད་དུ་མི་རུང་ཞིང་མཐར་ཐུག་གི་འབྲས་བུ་གཏན་ནས་མི་ཐོབ་པའི་སྐྱོན་ནོ། །བརྒྱད་པ་ཡོན་ཏན་ནི། གོང་གི་སྐྱོན་རྣམས་ལས་ལྡོག་པ་ཡིན་ཏེ། ངེས་འབྱེད་ལས། སྐྱོན་ལྡོག་ཡོན་ཏན་ཉིད་དུ་འགྱུར། །ཞེས་གསུངས་སོ། །གཉིས་པ་དབང་མ་བསྐུར་བའི་སྐྱོན་བསྟན་པ་ནི། སློབ་དཔོན་མཉེས་པར༴ པར་འགྱུར། །ཞེས་པ་དེར་གདའ་ཞིང་། སློབ་དཔོན་མཉེས་པར་མ་བྱས་ཤིང་། །ཞེས་པས། གསལ་བཀྲ་ལས་སློབ་དཔོན་གྱི་རྣམ་གྲངས་དྲུག་ཏུ་གསུངས་ཀྱང་འདིར་དམ་ཚིག་དབང་གི་སློབ་དཔོན་ཉེ་བར་བཟུང་སྟེ། སློབ་དཔོན་དེ་ཉིད་ལ་སློབ་བུ་རབ་ཀྱིས་ཤེས་རབ་དང་སྒྲུབ་པས་མཉེས་པར་མ་བྱས་ཤིང་། འབྲིང་གིས་དད་པ་དང་སྤྱོད་ལམ་གྱིས་མཉེས་པར་མ་བྱས། ཐ་མས་ཀྱང་ཟང་ཟིང་དང་ཞབས་ཏོག་གིས་མཉེས་པར་མ་བྱས་ཤིང་། དབང་རྣམས་ཐོབ་པར་མ་བྱས་པར། །ཞེས་པས། ཕན་དབང་བཅུ་དང་། ནུས་དབང་ལྔ་དང་། ཟབ་དབང་གསུམ་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་རྩོམ་པ་རྣམས། །ཞེས་པས། ཆོས་ཉན་པ་དང་འཆད་པ་དང་ཕྲིན་ལས་སྒྲུབ་པ་དང་བསྒོམ་པ་དང་ལ་སོགས་པའི་སོགས་ཁོང་ནས་དཀྱིལ་འཁོར་གྱི་ཐིག་གདབ་པ་ལ་སོགས་པ་རྡོ་རྗེ་སློབ་དཔོན་གྱི་ལས་རབ་འབྱམས་རྩོམ་པ་རྣམས། འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་པས་ཚེ་འདིར་ཡང་འབྲས་བུ་མཆོག་དང་ཐུན་མོང་གི་དངོས་གྲུབ་མེད་ཅིང་ཚེ་ཕྱི་མར་ཡང་བཀའ་ཟབ་མོ་རང་དགར་རྫབས་པའི་སྐྱོན་གྱིས་ངན་སོང་གསུམ་དུ་སྐྱེས་ནས། བདེ་འབྲས་ཐམས་ཅད་བརླག་པར་འགྱུར་པས་སྐྱོན་དེ་དག་ལས་བཟློག་པའི་ཕྱིར་བླ་མ་མཉེས་ཤིང་དབང་རྣམས་ཐོབ་པར་བྱ་བ་གལ་ཆེའོ། །གསུམ་པ་དབང་བསྐུར་བའི་ཡོན་ཏན་བསྟན་པ་ནི། དུས་འདི༴ བདག་པོར་འགྱུར། །ཞེས་བརྗོད་དོ། །ཞེས་པ་དེར་གདའ་ཞིང་། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ཞེས་པས། དབང་ཐོབ་པའི་དུས་འདི་ཕྱིན་ཆད་དུས་གསུམ་གྱི་རྒྱལ་བའི་གདུང་གསོབ་བའི་སྲས་ལ། ངན་སོང་ཐམས་ཅད་མེད་པ་དང་། །ཞེས་པས་ཕྱི་མར་ངན་སོང་གསུམ་ལ་སོགས་པ་མི་ཁོམ་པའི་གནས་བརྒྱད་ཐམས་ཅད་དུ་སྐྱེ་བའི་སྡུག་བསྔལ་མེད་པ་དང་། ཚེ་རིང་བདེ་བ་ཕུན་སུམ་ཚོགས། །ཞེས་པས། སྐྱེ་བ་འདིར་ཡང་ཚེ་རིང་ཞིང་བདེ་བ་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་ལ། མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་པས་སྐྱེ་བ་ཕྱི་མར་ཡང་ཕན་དབང་ཐོབ་པའི་ཡོན་ཏན་མཐོ་རིས་ཀྱི་ནང་ནས་ཀྱང་ཚངས་པ་དང་བརྒྱ་བྱིན་དང་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པ་ལྷ་དང་མིའི་གོ་འཕང་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ཞིང་། ནུས་དབང་ཐོབ་པའི་ཡོན་ཏན་ཐར་པའི་ལམ་སྟོན་པའི་བདག་པོ་དགེ་བའི་བཤེས་གཉེན་ཐོབ་པར་འགྱུར་ལ། ཟབ་དབང་ཐོབ་པའི་ཡོན་ཏན་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པ་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོ་ཉིད་ཐོབ་པར་འགྱུར་རོ་ཞེས་སྟོན་པས་འཁོར་ལ་བརྗོད་དོ། །དེ་ཡང་རྡོ་རྗེ་ལས་རིམ་ལས། གང་ཡང་ཕན་པས་དབང་བསྐུར་བའི། །དུས་འདི་ཕྱིན་ཅད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཐམས་ཅད་ལས་ལ་ཐོགས་མེད་ཅིང་། །དངོས་གྲུབ་ཀུན་ལ་དབང་བྱེད་པའི། །དབང་ཕྱུག་ཆེན་པོ་ཉིད་དུ་ངེས། །ལྷ་མིག་ལ་སོགས་མངོན་བྱས་ནས། །ལུས་དང་སྤྱོད་ཡུལ་བཅས་པ་ཡིས། །རིག་འཛིན་ས་ལ་རབ་གནས་ནས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཡུམ་དང་སྒེག་མོ་ལ་སོགས་པ། །དེ་ཉིད་བྱིན་གྱི་རློབས་པར་འགྱུར། །ཐམས་ཅད་མཁྱེན་པའི་རང་རིག་གིས། །སངས་རྒྱས་ཉིད་དང་སྤྱོད་ཡུལ་གཅིག །དེ་ལ་སོགས་པ་བསམ་མི་ཁྱབ། །ཡོན་ཏན་བརྗོད་ཀྱང་རྫོགས་མི་འགྱུར། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། །གསང་བའི༴ ལེའུ་སྟེ་བཅུ་པའོ། །ཞེས་པ་དེར་གདའ་ཞིང་། གསང་བའི་ཞེས་རྟོགས་དཀའ་བ། སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉིད་གཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་དེ་མཚན་གྱི་གཞིར་གདའ། དབང་སྦྱིན་པའི་ལེའུ་སྟེ་བཅུ་པའོ། །ཞེས་པས། སྣོད་གསུམ་ལ་དབང་གསུམ་རིམ་པ་བཞིན་དུ་སྦྱིན་པའི་གཞུང་གི་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་སྟེ་དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། ཡས་གྲངས་བཅུ་པའི་དོན་དུ་གདའ་འོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འབྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་བཅུ་པའི་གཞུང་དོན་རྣམ་པར་བཤད་པའོ།། ༈ །།ད་ནི་ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པ་སྡེབ་ནས་འཆད་པར་བྱེད་པ་འདི་ལ། ཆོས་ཚོམས་ངོས་བཟུང་བའི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་གསུམ་ཀ་སྟོན། ལམ་ལ་ཐབས་གྲོལ་ལམ་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་གསུམ་ཀ་སྟོན། སྣང་བ་བཞི་ལས་བཞི་ཀ་ཟུར་ཙམ་སྟོན། ལམ་སྣང་དང་འབྲས་བུ་བདེ་གཤེགས་ཀྱི་སྣང་བ་གཙོ་ཆེར་སྟོན། འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་གཞུང་ཧྲིལ་པོས་ཚོགས་ཀྱི་དཀྱིལ་འཁོར་དང་སྒྲུབ་པ་སྟོན། ཞོར་ལ་ལྟ་བ་སྟོན། ཧཱུཾ་དུ་ཤེས་པས་རབ་སྤྱད་ན། །ཞེས་པས་སྤྱོད་པ་སྟོན། སྦྱོར་སྒྲོལ་གྱི་མཆོད་པ་སྟོན། ཕྱག་དང་ཏིང་ངེ་འཛིན་སྟོན། ཐ་མའི་ཆོས་ཚོམས་བཅུ་ལས་རང་བཞིན་ལྟ་བ། ལྡེམ་དགོངས་མན་ངག །བསྣོལ་མཚམས་འཕེན་སྡུད། ཚད་མ་བཀའ་གཞུང་རྣམ་སྟོན། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པར་བྱེད་པའི་ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པ་སྡེབ་ནས་ཚོགས་སྒྲུབ་པ་སྟོན་པར་བྱེད་པ་འདི་ལ་དོན་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་གཉིས་སྡེབ་ནས་བསྟན་པ་དང་། གཞུང་གཉིས་ཚོགས་སྒྲུབ་པར་སྡེབ་ནས་བསྟན་པ་དང་། ལེའུའི་མཚན་གཉིས་སྡེབ་ནས་བསྟན་པའོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་གཉིས་སྡེབ་ནས་བསྟན་པ་ནི། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ༴ འདི་བརྗོད་དོ། །དེ་ནས་དེ་བཞིན་གཤེགས་པ༴ འདི་བརྗོད་དོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་ལེའུ་དགུ་པར་ཚོགས་སྒྲུབ་པ་མདོར་བསྟན་པ་ལ་དེ་འདིར་རྒྱས་པར་སྟོན་པས་ན་ནས་ཞེས་པའམ། ཡང་ན་ལེའུ་དགུ་པར་དཀྱིལ་འཁོར་དུ་ཞུགས། བཅུ་པར་དབང་བསྐུར་བ་བསྟན་པ་ལ་དེ་ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པ་སྡེབ་ནས་ཚོགས་སྒྲུབ་པ་སྟོན་པས་ན་ནས་ཞེས་གོང་འོག་གི་འབྲེལ་སྦྱོར་བར་བྱེད་པའོ། །དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་ཞེས་པ་ནི་འབྲུ་མཐུན་ལ། སྒྱུ་འཕྲུལ་དྲྭ་བའི་རྒྱལ་པོ་སྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་པ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པས་འདི་བརྗོད་དོ། །ཞེས་པས་སྒྱུ་མ་མཚོན་པར་བྱེད་པ་ཤེས་རབ་ཡུམ། འཕྲུལ་པ་མཚོན་པ་ཐབས་ཡབ། དྲྭ་བ་མཚོན་པ་ལྷ་ཡབ་ཡུམ། །ཐབས་ཤེས་རབ་ཟུང་དུ་འབྲེལ་བ་དེ་དག་གི་དུས་སུ་ཚོགས་ཀྱི་ལོངས་སྤྱོད་ལྔ་དང་ལྡན་པས་རྒྱལ་པོ། རྟོག་ཚོགས་ཐམས་ཅད་ལྷ་དང་ལྷ་མོར་དབང་སྒྱུར་བ་ཞེས་བྱ་བ་དེ་ལྟ་བུའི་དོན་སྟོན་པའི་ཏིང་ངེ་འཛིན་ནམ་དགོངས་པ་ལ་མངོན་པར་བཞག་པས་ན་སྙོམས་པར་ཞུགས་ནས་འོག་ནས་འབྱུང་བའི་ཚོགས་སྒྲུབ་པའི་དོན་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཅེས་པ་དང་། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་ཞེས་པ་ནི་འབྲུ་མཐུན་ལ། རོལ་མོའི་སྤྲིན་རྣམ་པར་སྤྲོས་ཏེ། ཞེས་པས། སེམས་ཉིད་གཞི་མ་ངེས་པ་ལ་ཡོ་བྱད་ལྔ་ལ་སོགས་པ་སྣ་ཚོགས་སུ་སྣང་ནས་མཉེས་ཤིང་ཚིམ་པར་བྱེད་པས་ན་ཡེ་ཤེས་ཀྱི་རོལ་མོ་སྟེ་དེ་དག་མང་ཉུང་གི་ཚད་སྤྲིན་གྱི་ཕུང་པོ་ཙམ་དུ་རྣམ་པར་སྤྲོས་ཏེ། རྒྱན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ་ཞེས་པས། འཁོར་འདས་གཉིས་སུ་མེད་པར་བསྒྲུབ་པའི་ཐབས་སུ་མཛེས་པས་རྒྱན་ཞེས་བྱ་སྟེ། དེ་དག་དུ་མར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་དགོངས་པ་མངོན་དུ་བཞག་པས་ན་སྙོམས་པར་ཞུགས་ནས་ཚོགས་སྒྲུབ་པའི་དོན་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་གཞུང་གཉིས་ཚོགས་སྒྲུབ་པར་སྡེབ་ནས་བསྟན་པ་ལ་གཉིས་ཏེ། གཞུང་དངོས་གཉིས་སྡེབ་ནས་བསྟན་པ་དང་། བཀའ་གསང་སྔགས་མཚོན་པའི་ཚིག་དང་གཞུང་གསུངས་པའི་ཡོན་ཏན་གཉིས་སྡེབ་ནས་བསྟན་པའོ། །དང་པོ་གཞུང་དངོས་གཉིས་སྡེབས་ནས་བསྟན་པ་ལ་གཉིས་ཏེ། མཚན་ཉིད་གསུམ་མདོར་བསྟན་པ་དང་། མཚན་ཉིད་གསུམ་རྒྱས་པར་བཤད་པའོ། །དང་པོ་མཚན་ཉིད་གསུམ་མདོར་བསྟན་པ་ནི། ཤེས་འཇུག་མཚན་ཉིད༴ རྒྱལ་བའི་ཞིང་དུ་གྲགས། །ཞེས་པ་དེར་གདའ་ཞིང་། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ཞེས་པས་འདི་ལ་སོགས་སྡེབ་ཀྱིས་བཤད་དེ། དེ་ཡང་ལམ་རིམ་གྱིས་པ་ལྟར་དུ་བཤད་ན། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་རྟོགས་ཤིང་ཉམས་སུ་ལོན་པ་དང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གོམས་ཤིང་ལས་སུ་རུང་བས་ལྟ་སྤྱོད་གཉིས་མགོ་འབྱོར་ཞིང་དེའི་དོན་བསྒོམ་པ་ནི་འཁོར་བར་མི་གཏོང་བའི་གཟུངས་སོ། །ནུས་མཐུ་ཅན་དུ་གང་གྱུར་པ། །ཞེས་པས། དེ་ལ་རྒྱུན་དུ་གོམས་ནས་ལམ་ནུས་པའི་ནུས་མཐུ་ཅན་དུ་གང་གྱུར་པ་དེས་ནི་འབྲས་བུ་སྨིན་བྱེད་ཅེས་པས། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་རྣམས་སྨིན་པར་བྱེད་པའོ། །དེ་ཡང་འབྲས་བུ་གང་སྨིན་པར་བྱེད་ཅེ་ན། རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པས། གནས་སྐབས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་དང་མཐར་ཐུག་གི་འབྲས་བུ་རྒྱལ་བ་སྐུ་ལྔ་ཐོབ་པས་ན། དེ་དག་གི་འདུལ་བའི་ཞིང་ཁམས་ཀུན་ཏུ་གྲགས་སོ་ཞེས་པའམ། ཡང་ན་ལམ་ཅིག་ཅར་བ་ལྟར་དུ་བཤད་ན། ཤེས་འཇུག་མཚན་ཉིད༴ ཞིང་དུ་གྲགས། །ཞེས་པས། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ཏེ་ལྟ་སྒོམ་ཅིག་ཅར་དུ་མགོ་འབྱོར་བའི་སྤྱོད་པས་ལམ་ལོག་པ་དང་། འཁོར་བའི་གཡང་སར་མི་འགྲོ་བའི་གཟུངས་ཏིང་ངེ་འཛིན་ནུས་པའི་མཐུ་ཅན་དུ་གང་གྱུར་པ་སྟེ། དེས་ཉེར་རྫོགས་སུ་ལྷུན་གྲུབ་རིག་འཛིན་ཐོབ་ནས་རྒྱལ་བ་སྐུ་ལྔའི་ཞིང་དུ་གྲགས་ཤིང་སྐུ་ལྔའི་འབྲས་བུ་སྨིན་པར་བྱེད་དོ། །གཉིས་པ་མཚན་ཉིད་གསུམ་རྒྱས་པར་བཤད་པ་ལ་སྤྱི་དོན་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་དང་། འབྲས་བུ་མཐར་ཕྱིན་པའི་མཚད་ཉིད་བསྟན་པའོ། །དང་པོ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་བསྟན་པ་ལ་གཉིས་ཏེ། གཏན་ཚིགས་ཀྱིས་གཏན་ལ་དབབ་པ་དང་། གྲུབ་མཐའ་དང་འབྲས་བུ་གཞན་དུ་འཚོལ་བའི་ཞེན་པ་དགག་པའོ། །དང་པོ་གཏན་ཚིགས་ཀྱིས་གཏན་ལ་དབབ་པ་ལ་གཉིས་ཏེ། རྟོགས་པ་བཞིའི་གཏན་ཚིགས་དང་། དག་པ་གསུམ་དང་། མཉམ་པ་གཉིས་ཀྱི་གཏན་ཚིགས་སོ། །དང་པོ་རྟོགས་པ་བཞིའི་གཏན་ཚིགས་ནི། རྒྱུ་གཅིག་པ་དང་༴ རྒྱལ་པོ་ཆེ། །ཞེས་པ་དེར་གདའ་ཞིང་། འདི་ལ་རིམ་གྱིས་པ་ལྟར་དུ་བཤད་པ་དང་། ཅིག་ཅར་བ་ལྟར་དུ་བཤད་པ་དང་གཉིས་ལས། དང་པོ་རིམ་གྱིས་པ་ལྟར་དུ་བཤད་ན། རྒྱུ་གཅིག་པ་དང་ཞེས་པས་འཁོར་འདས་ཀྱི་ཆོས་རྣམས་སུ་ཞེན་པ་གཞལ་བྱ་དང་རྒྱུ་གཅིག་པ་གཏན་ཚིགས་དང་། དོན་དམ་སྐྱེ་མེད་དུ་རྟོགས་པ་གྲུབ་མཐའ་སྟེ་དེ་དངོས་པོ་མཚན་མར་འཛིན་པའི་ཞེན་པ་འགྲོལ་བའོ། །ཡིག་འབྲུའི་ཚུལ། ཞེས་པས་སྐྱེ་མེད་དུ་ཞེན་པ་གཞལ་བྱ་དང་། སྐུའི་ཡི་གེ་ཨ། གསུང་གི་ཡི་གེ་ཨོ། ཐུགས་ཀྱི་ཨཱོཾ་སྟེ་ཡིག་འབྲུའི་ཚུལ་དུ་སྣང་བ་གཏན་ཚིགས་དང་། ཀུན་རྫོབ་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་རྟོགས་པ་གྲུབ་མཐའ་སྟེ། དེས་སྟོང་པ་ཕྱང་ཆད་དུ་འཛིན་པའི་ཞེན་པ་གྲོལ་བའོ། །བྱིན་གྱི་བརླབས་དང་ཞེས་པས། རྟོག་པ་སྔ་མ་སྐྱེ་མེད་འགག་མེད་གཉིས་སུ་རྟོགས་པའི་ཞེན་པ་གཞལ་བྱ་དང་། བྱིན་གྱིས་བརླབས་པ་གཏན་ཚིགས་དང་། བདེན་པ་དབྱེར་མེད་དུ་རྟོགས་པ་གྲུབ་མཐའ་སྟེ། དེས་བདེན་གཉིས་ཐ་དད་དུ་འཛིན་པའི་ཞེན་པ་གྲོལ་བའོ། །མངོན་སུམ་པ། ཞེས་པས། བདེན་གཉིས་དབྱེར་མེད་དུ་རྟོགས་པ་ལ་ཞེན་པ་དེ་གཞལ་བྱ་དང་། མངོན་སུམ་པར་གཏན་ལ་འབེབས་པ་གཏན་ཚིགས་དང་། དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་རྟོགས་པ་གྲུབ་མཐའ་སྟེ། དེས་ལྟ་བ་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དུ་བྱེད་པའི་ཞེན་པ་འགྲོལ་བའོ། །བཞི་པོ་འདི་སྦྱོར་ངག་ཏུ་བཀོད་ན། མ་རིག་པ་དང་ལོག་རྟོག་གི་རྒྱུན་ལས་འཁོར་བར་སྣང་བ་དང་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་མྱང་འདས་སུ་སྣང་བ་འདི་ཆོས་ཅན། དེ་དག་རང་བཞིན་སྐྱེ་མེད་ཀྱི་དབྱིངས་ལས་གཡོས་པ་མེད་པ་ཡིན་ཏེ། བརྒྱུད་རྒྱུ་སེམས་ཉིད་རང་བྱུང་ཡེ་ཤེས་སུ་གཅིག་པའི་ཕྱིར་རོ། །དཔེར་ན་རྒྱལ་པོའི་ཕྲུག་གུ་དམངས་སུ་འཁྱམས་པ་བཞིན་ནོ། །དེ་ཡང་རྒྱ་མཚོ་ལས། ཆོས་ཉིད་དབྱིངས་སུ་ཚུལ་གཅིག་པས། །མ་ལུས་རང་སྣང་ཆོས་ཐམས་ཅད། །མ་ལུས་བྱང་ཆུབ་སེམས་སུ་རྟོགས། །ཞེས་གསུངས་སོ། །སེམས་ཉིད་སྐྱེ་མེད་ཀྱི་གདངས་ཆོས་ཅན། རོལ་པ་འགག་མེད་ལྷའི་སྐུ་གསུང་ཐུགས་སུ་རང་སྣང་བ་ཡིན་ཏེ། མཚོན་དུ་མེད་པའི་ཡི་གེ་ཨ་ཉིད་མཚོན་བྱེད་ཡི་གེ་བཞི་བཅུ་རྩ་ལྔར་སྣང་བའི་ཕྱིར་རོ། །དེ་ཡང་རྒྱ་མཚོ་ལས། སྐུ་གསུང་ཐུགས་སུ་སྣང་བ་ཡི། །མ་ལུས་གསུང་གི་རྒྱན་དུ་རྟོགས། །ཐམས་ཅད་གསུང་གི་ཡི་གེ་སྟེ། །ཐབས་དང་ལྡན་པས་རྒྱས་གདབ་བོ། །ཞེས་གསུངས་སོ། །རང་བཞིན་སྐྱེ་མེད་དང་རོལ་པ་འགག་མེད་གཉིས་ཆོས་ཅན། ཚིག་ལ་སྔ་ཕྱིར་སྣང་ཡང་དོན་ལ་དབྱེར་མེད་དེ། དཀོར་བདུན་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་པས་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པར་བྱིན་གྱིས་བརླབས་པའི་ཕྱིར། དེ་ཡང་རྒྱ་མཚོ་ལས། དེ་གཉིས་དབྱེར་མེད་བྱིན་བརླབས་ལས། །དེ་ཉིད་དེ་ཡིས་བྱིན་བརླབས་ཏེ། །གཉིས་མེད་ཚུལ་གྱིས་རང་སྣང་བ། །བྱིན་རླབས་ངོ་མཚར་བསམ་མི་ཁྱབ། །ཅེས་གསུངས་སོ། །བདེན་པ་དབྱེར་མེད་ཆོས་ཅན། བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། རང་རིག་པའི་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྟོགས་པའི་ཕྱིར། དེ་ཡང་རྒྱ་མཚོ་ལས། རང་བྱུང་རང་སྣང་ཆོས་འདི་དང་། །གཉིས་མེད་རང་རིག་མ་སྐྱེས་པར། །གསལ་བར་མངོན་སུམ་ཐེ་ཚོམ་མེད། །རྟོགས་པ་ཀུན་གྱི་མཆོག་ཏུ་བཤད། །ཅེས་གསུངས་སོ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཞེས་པས། དེ་ལྟར་གོང་དུ་བཤད་པའི་གཏན་ཚིགས་བཞིན་གཏན་ལ་ཕབ་པའི་གྲུབ་མཐའ་རབ་ཏུ་རྟོགས་པ་རྣམ་པ་བཞི་ཡིས། ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་པས། གཞལ་བྱ་ཕྱི་ནང་གི་ཆོས་ཐམས་ཅད་རང་རིག་པའི་མངོན་སུམ་དུ་གསལ་བར་རྫོགས་ཤིང་རིག་པ་ལ་དབང་སྒྱུར་བས་ན་རྒྱལ་པོ་སྟེ་སྔགས་ཀྱི་རྒྱུད་དང་དབུ་སེམས་ལས་ཁྱད་པར་དུ་གྱུར་པས་ན་འདི་ལས་ཆེ་བའི་གྲུབ་མཐའ་གཞན་མེད་པའོ། །ཡང་ཅིག་ཅར་བ་ལྟར་དུ་བཤད་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་དམ་སྐྱེ་མེད་དུ་རྒྱུ་གཅིག །ཀུན་རྫོབ་སྒྱུ་མར་རྒྱུ་གཅིག །བདེན་པ་དབྱེར་མེད་དུ་རྒྱུ་གཅིག་ཅེས་པའམ། ཡང་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་དམ་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བར་རྒྱུ་གཅིག །ཀུན་རྫོབ་སྐྱེ་འགག་གནས་དམིགས་འགྲོ་འོང་ལྟར་སྣང་བར་རྒྱུ་གཅིག །བདེན་པ་དབྱེར་མེད་དུ་སྐྱེས་པ་ཉིད་ན་སྐྱེ་བ་མེད་པ་ལ་སོགས་པ་ལྟར་རྒྱུ་གཅིག་པའོ། །འོ་ན་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་མི་དགོས་སམ་ཞེ་ན། དགོས་ཏེ། རྒྱུ་གཅིག་པར་རྟོགས་པ་དེ་ཡིག་འབྲུའི་ཚུལ་གྱི་གཏན་ཚིག་ཀྱིས་མཚོན་ནས་རྟོགས་པའོ། །འོ་ན་བྱིན་གྱི་བརླབ་མི་དགོས་སམ་ཞེ་ན། དགོས་ཏེ། ཡིག་འབྲུའི་ཚུལ་ལ་བརྟེན་ནས་རྟོགས་ཀྱང་མཐུ་བྱིན་གྱིས་བརླབས་ལ་ཡོད་པས་སོ། །འོ་ན་མངོན་སུམ་པ་མི་དགོས་སམ་ཞེ་ན། །དགོས་ཏེ། དབྱེར་མེད་དུ་ཞེན་པ་དེ་ལས་ཀྱང་གྲོལ་བར་བྱེད་པས་སོ། །དེ་ཡང་བཞི་པོ་དེ་རིམ་པར་རྟོགས་པ་མ་ཡིན་ཏེ། གཞལ་བྱ་འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱུ་གཅིག་པར་ཡིག་འབྲུའི་ཚུལ་གྱི་མཚོན་ནས་བྱིན་གྱི་བརླབས་པའི་མཐུས་དབྱེར་མེད་དུ་གཏན་ལ་ཕེབས་པས་རང་རིག་པའི་མངོན་སུམ་གྱི་བློའི་སྤྱོད་ཡུལ་གྱི་ཞེན་པ་ལས་གྲོལ་བ་ནི་གྲུབ་མཐའི་མཐར་ཐུག་གོ། །འདི་ལ་ཁ་ཅིག་ན་རེ། རིམ་གྱིས་བ་ལྟར་བཤད་པའི་དབང་དུ་བྱས་ན། རེ་རེ་ལ་གཞལ་བྱ་གཏན་ཚིགས་གྲུབ་མཐའ་གསུམ་གསུམ་ཡོད་པས། མཚོན་ཚུལ་འདྲེས་ན་སྐྱོན་དུ་ཆེའམ་མི་ཆེ། མི་ཆེ་ན་གཞལ་བྱ་གཏན་ཚིགས་གྲུབ་མཐའ་རྣམས་ཕྱེ་བ་དགོས་མེད་དུ་འགྱུར་ལ། འདོད་ན། འགྲེལ་བ་སྤར་ཁབ་ནས་ཀྱང་ཕྱེ་བས་གསལ་ཞིང་། སྐྱོན་དུ་ཆེ་ན་རྒྱུ་གཅིག་པའི་གྲུབ་མཐའ་སྟོང་བར་རྟོགས་པ་དང་། ཡིག་འབྲུའི་ཚུལ་གྱིས་སྐུ་གསུང་ཐུགས་སྒྱུ་མར་རྟོགས་པ་གཉིས་བྱིན་གྱིས་བརླབས་ཀྱི་གཏན་ཚིགས་ཀྱི་གཞལ་བྱར་སོང་བས། ལྡབས་པ་སྐྱོན་ཅན་གྱིས་ཆོས་ཉིད་གཏན་ལ་མི་ཕེབས་པར་ཐལ། འདོད་ན། རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཞེས་པས་གསལ་ལོ། །འོ་ན་ལན་ཇི་ལྟར་གདབ་ཅེ་ན། རྗེ་དྲི་ངས་པ་ཉེའུ་སྟོན་ཆོས་ཀྱི་སེང་གེ་ན་རེ། དེ་དག་མཚོན་ཚུལ་འདྲེས་པའི་སྐྱོན་མེད་དེ། རྒྱུ་གཅིག་པའི་གཏན་ཚིགས་ཀྱིས་སྟོང་པར་རྟོགས་པ་དང་། ཡི་འབྲུའི་ཚུལ་གྱི་གཏན་ཚིགས་ཀྱིས་སྒྱུ་མར་རྟོགས་པའི་ངོས་ནས་གྲུབ་མཐར་འགྲོ་ཡང་སྟོང་པ་དང་སྣང་བ་གཉིས་ལ་ཞེན་པའི་ཆ་ནས་བྱིན་གྱིས་བརླབས་ཀྱི་གཏན་ཚིགས་ཀྱི་གཞལ་བྱར་འགྲོ་གསུང་ངོ་། །བླ་མ་གཙང་ནག་འོད་འབར་ན་རེ། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་ནི། དོན་དམ་ཀུན་རྫོབ་འཇལ་བའི་གཏན་ཚིགས་ཡིན་ལ། བྱིན་གྱིས་བརླབས་ནི་དབྱེར་མེད་འཇལ་བའི་གཏན་ཚིགས་ཡིན་པས། བདེན་གསུམ་རང་སའི་གཞལ་བྱ་གཏན་ཚིགས་གྲུབ་མཐའ་གསུམ་མཚོན་ཚུལ་འདྲེས་ན་སྐྱོན་དུ་ཆེ་ཡང་། གཏན་ཚིགས་ཕྱི་མ་བྱིན་གྱིས་བརླབས་དང་མངོན་སུམ་པའི་གཞལ་བྱར་སོང་བ་ལ་མཚོན་ཚུལ་འདྲེས་པའི་སྐྱོན་མེད་དེ། དཔེར་ན། ཁྱོད་ཀྱི་མར་འདོད་གང་ཡིན་པ། །དེ་ནི་ང་ཡི་ཆུང་མ་ཡིན། །ཞེས་པ་བཞིན་ནམ། ཡང་ན་ཀུན་ཏུ་འོད་མཚན་ཉིད་ཀྱི་ཐེག་པའི་མཐར་ཐུག་གི་འབྲས་བུ་ཡིན་ཡང་སྔགས་ཀྱི་ལམ་སྟེགས་སུ་བཤད་དེ། ཐབས་ཞགས་ལས། ཀུན་ཏུ་འོད་ལས་འདས་ནས་སུ། །པད་མ་ཅན་དུ་འགྱུར་པས་ན། །ཞེས་པ་དང་། བསམ་གཏན་མིག་སྒྲོན་ལས། །ཁྱོད་ཀྱི་མཐར་ཕྱིན་ཀུན་ཏུ་འོད། །ཐབས་ཆེན་ཐེག་པའི་བསྟི་གནས་ས། །ཞེས་གསུངས་པ་བཞིན་ནོ། །ཞེས་གསུངས་སོ། །ཡང་མངོན་སུམ་པ་ནི་གྲུབ་མཐའ་ཡིན་པ་ལ་གཏན་ཚིགས་སུ་ཅི་འགྲོ་ཞེ་ན། ཞོར་སེལ་ཞོར་བསྒྲུབ་ཀྱི་ཆ་ནས་འགྲོ་སྟེ། དཔེར་ན་མི་ངན་གཅིག་གི་བུད་མེད་ལ་བུ་ཞིག་སྐྱེས་ན། བུ་དེས་དགྲ་གཉེན་ལ་ཕན་གནོད་གང་ཡང་མ་བྱས་ཀྱང་ཕ་མའི་དགྲ་རྣམས་མི་དགའ་ལ། གཉེན་རྣམས་དགའ་བ་བཞིན་དུ་མངོན་སུམ་པར་རྟོགས་པས་དབྱེར་མེད་ཀྱི་ཞེན་ཆ་ཞོར་ལ་སེལ་ལ། སྤྱོད་ཡུལ་དང་བྲལ་བ་ཞོར་ལ་གྲུབ་པས་དེའི་ཆ་ནས་གཏན་ཚིགས་དང་། གྲུབ་མཐའ་གཉིས་ཀར་དུ་ཡང་འགྲོ་ཞེས་བླ་མ་རྣམས་གསུང་ངོ་། །ཡང་ལེའུ་གསུམ་པར་རྟོགས་པ་བཞི་དང་དག་པ་གསུམ་དང་མཉམ་པ་གཉིས་ཀྱི་གཏན་ཚིགས་བྱུང་། འདིར་ཡང་རྟོགས་པ་བཞི་དང་དག་མཉམ་གྱི་གཏན་ཚིགས་བྱུང་བས་ལྡབས་སོ་ཞེ་ན། སྐྱོན་མེད་དེ། ལེའུ་གསུམ་པར་བྱུང་བ་ནི་ལས་དང་པོ་པ་ལ་བརྟག་གཞི་འཁོར་བའི་ཆོས་གཏན་ལ་འབེབས་པའི་གཏན་ཚིགས་ཡིན་ལ། འདིར་ཚོགས་སྒྲུབ་པའི་སྔོན་འགྲོར་ལྟ་བ་གཏན་འབེབས་པའི་གཏན་ཚིགས་ཡིན་པས་ལྡབས་པའི་སྐྱོན་མེད་གསུང་ངོ་། །གཉིས་པ་དག་པ་གསུམ་དང་མཉམ་པ་གཉིས་ཀྱི་གཏན་ཚིགས་བསྟན་པ་ནི། སྣོད་བཅུད༴ གཉིས་གྱུར་ནས། །ཞེས་པ་དེར་གདའ་ཞིང་། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་པས་དེ་ལྟར་རྟོགས་པ་བཞིའི་གཏན་ཚིགས་ཀྱིས་གཏན་ལ་ཕབ་པ་བཞིན་དུ་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔས་བསྡུས་པ་དང་། ནང་བཅུད་ཀྱི་སེམས་ཅན་ཕུང་པོ་ལྔས་བསྡུས་པ་དང་། དེ་དག་གི་རྒྱུད་རྣམ་ཤེས་ཚོགས་བརྒྱད་ཀྱིས་བསྡུས་པ་རྣམས་ཡེ་གདོད་མ་ནས་འབྱུང་བ་ལྔ་རིགས་ཀྱི་ཡུམ་ལྔ། ཕུང་པོ་ལྔ་རིགས་ཀྱི་ཡབ་ལྔ། རྣམ་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པ་ལས། དག་པ་ལྟར་གཏན་ཚིགས་ཀྱིས་གཞིགས་པའི་སྒོ་ནས་གསང་སྔགས་མ་ཧཱ་ཡོ་གའི་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་ཤིང་། མཉམ་གཉིས་ཞེས་པས། གཞན་ཡང་མཉམ་པ་གཉིས་ཀྱི་དབང་དུ་བྱས་ནས་མདོ་སྡེ་པ་དང་སྒོ་བསྟུན་པ་ཐུན་མོང་གི་མཉམ་པ་གཉིས་ནི་སྣང་ཙམ་དུ་དོན་བྱེད་ནུས་པ་ཡང་དག་པའི་ཀུན་རྫོབ་དང་། སྣང་ཙམ་དུའང་དོན་བྱེད་ནུས་པས་སྟོང་པ་ལོག་པའི་ཀུན་རྫོབ་གཉིས་ཀའང་སྣང་ཡང་བདེ་ངོས་ཀྱི་སྟོང་པ་ཙམ་དུ་མཉམ་ཞིང་། སྤྲོས་པ་ཕྱོགས་རེ་ཆོད་པ་རྣམ་གྲངས་ཀྱི་དོན་དམ་པ་དང་། སྤྲོས་པ་མཐའ་དག་ཆོད་པ་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཀའང་སྤྲོས་པ་བཀག་པའི་སྟོང་ཉིད་ཙམ་དུ་མཉམ་མོ། །དེ་ལྟར་དོན་དམ་སྐྱེ་མེད་དུ་མཉམ་པ་དང་། ཀུན་རྫོབ་སྒྱུ་མར་མཉམ་པ་གཉིས་ནི། ཐུན་མོང་གི་མཉམ་པ་གཉིས་སོ། །ལྷག་པའི་མཉམ་གཉིས་ཞེས་པས། ལྷག་པའི་མཉམ་པ་གཉིས་ནི་མ་ཧཱ་ཡོ་གའི་ལུགས་ཀྱི་མ་དག་པ་ལས་སྣང་ལོག་པའི་ཀུན་རྫོབ་དང་། དག་པ་ལྷ་སྣང་ཡང་དག་པའི་ཀུན་རྫོབ་གཉིས་ཀའང་རང་བཞིན་དང་ཐུན་མོང་མ་ཡིན་པ་དང་ཀར་དག་པ་ཐུགས་སུ་ཆུད་པས་ན། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་ལ། རྣམ་གྲངས་དོན་དམ་མེད་དགག་གི་སྟོང་ཉིད་དང་། རྣམ་གྲངས་མ་ཡིན་པའི་དོན་དམ་མ་ཡིན་དགག་གི་སྟོང་ཉིད་གཉིས་ཀའང་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པར་མཉམ་མོ། །ཀྱིས་ཞེས་པས། དེ་ལྟར་དག་མཉམ་གྱི་གཏན་ཚིགས་ཀྱིས་ཀུན་རྫོབ་ཀྱི་བདེན་པ། མ་དག་པ་ལས་ཀྱི་སྣང་བ་འདི་འཁྲུལ་ངོ་ཙམ་དུ་མི་བསླུ་ཡང་གཤིས་ལ་མ་གྲུབ་པར་གཏན་ལ་ཕབ་པས། བདེན་གཉིས་ཐ་དད་དུ་འཛིན་པའི་ཞེན་པ་གྲོལ་ཡང་། ཚུ་རོལ་མཐོང་བའི་སློབ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཛིན་ན་ཡང་འཁྲུལ་པའི་བློས་ཏེ་དེའི་ཕྱིར། དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་པས། དངོས་པོ་ཐམས་ཅད་གཞལ་བྱ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྤྱོད་ཡུལ་ཡོངས་སུ་དག་པ་ནི་ཀུན་ཏུ་བཟང་པོ་སྟེ་ངོ་བོ་ཉིད་སྐུའི་ཞིང་ཁམས་སོ། །བྱེད་སྤྱོད་ཚོགས་ཆེན་གཉིས་གྱུར་ནས། །ཞེས་པས། དེ་ལྟ་བུའི་ལྟ་བ་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱིས་འཇལ་བྱེད་ཀྱི་བློ་ངོ་བོ་ཉིད་དུ་གྲོལ་ཞིང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱེད་སྤྱོད་ཐམས་ཅད་མ་འགག་པའི་ཆ་ནས་བསོད་ནམས་ཀྱི་ཚོགས་དང་། མ་དམིགས་པའི་ཆ་ནས་ཡེ་ཤེས་ཀྱི་ཚོགས་ཏེ། དེ་ལྟར་ཚོགས་ཆེན་གཉིས་སུ་གྱུར་པ་ནི་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ཡིན་ལ། དེ་དོན་ཉམས་སུ་ལེན་པར་བྱེད་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གྱི་འགོ་འདྲེན་པས་ན་ནས་ཞེས་བྱའོ། །གཉིས་པ་གྲུབ་མཐའ་དང་འབྲས་བུ་གཞན་དུ་ཚོལ་བའི་ཞེན་པ་དགག་པ་བསྟན་པ་ནི། དུས་བཞི༴ མ་ཚོལ་ཅིག །ཅེས་པ་དེར་གདའ་ཞིང་། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །ཞེས་པས། དུས་བཞི་དང་ཕྱོགས་གང་གི་གནས་ནས་ལམ་གྱི་འབད་རྩོལ་གྱིས་བཙལ་བར་གྱུར་ཀྱང་རང་གི་སེམས་ཉིད་ལས་གཞན་པའི་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ཅིག་གཞན་ནས་རྙེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །ཞེས་པས། རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཀ་ཡེ་གདོད་མ་ནས་སྤང་བླང་གི་མཐའ་དང་བྲལ་བས་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པ་སྟེ། དེ་ལས་གཞན་པའི་སངས་རྒྱས་མེད་པའི་ཕྱིར་རོ། །འོ་ན་ལམ་བགྲོད་པ་ལ་དགོས་པ་མེད་དམ་ཞེ་ན། སངས་རྒྱས་གཞན་དུ་མཚོལ་ཅིག །ཅེས་པས། རང་གི་སེམས་ཉིད་སངས་རྒྱས་ཡིན་པ་ལ་ཡིན་པ་ལྟར་དེ་སྔོན་དུ་བྱེད་པ་ལ་ལམ་བགྲོད་པ་ཞེས་པ་ཐ་སྙད་དུ་བྱས་ཀྱི། དེ་ལས་གཞན་དུ་སངས་རྒྱས་ཞེས་པའི་འབྲས་བུ་བཟང་བཟང་པོ་ཞིག་མ་ཚོལ་བར་སེམས་ཉིད་སངས་རྒྱས་ཡིན་པར་ཐག་ཆོད་ཅིག །དེ་ལྟར་རྟོགས་པའི་སྐལ་ལྡན་རྣམས་རང་བློ་བདེ་བར་གྱིས་ཤིག་ཅེས་པའོ། །སྤྱི་དོན་གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་འཛིན་བསྟན་པ་ལ་གཉིས་ཏེ། སྒྲུབ་པའི་གཞི་ཕུན་སུམ་ཚོགས་པ་དང་། སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པའོ། །དང་པོ་སྒྲུབ་པའི་གཞི་ཕུན་སུམ་ཚོགས་པ་ལ་གསུམ་སྟེ། སྒྲུབ་པ་པོ་ཕུན་སུམ་ཚོགས་པ་བསྟན་པ་དང་། གནས་དང་ཡོ་བྱད་ཕུན་སུམ་ཚོགས་པ་ཐུན་མོང་དུ་བསྟན་པ་དང་། དུས་ཕུན་སུམ་ཚོགས་པ་བསྟན་པའོ། །དང་པོ་སྒྲུབ་པ་པོ་ཕུན་སུམ་ཚོགས་པ་བསྟན་པ་ནི། ཡན་ལག་མ་ཉམས༴ དགོས་པ་འགྲུབ། །ཅེས་པ་དེར་གདའ་ཞིང་། ཡན་ལག་མ་ཉམས་ཡོ་བྱད་ལྡན། །ཞེས་པས། སྔགས་ཀྱི་ཡན་ལག་ལྔ་སྟེ་ལྷག་པའི་ལྷ་དགུའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་མ་ཉམས་ཤིང་། བཟའ་བ་དང་བཏུང་བ་ལ་སོགས་པའི་ཡོ་བྱད་ལྔ་དང་། གནས་འཁོར་ཁང་ཕྱི་ནང་བར་གསུམ་དང་ལྡན་པར། ཆོ་ག་རྫོགས་པར་ཤེས་པ་ཡིས། །ཞེས་པས། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་གི༴ ཕྱག་རྒྱ་གཅིག་པ་སྤྲོས་བཅས་ལ་ཕྲ་བ་ཡིག་འབྲུ་ལ་བསླབ་པ་དང་། རགས་པ་ལྷ་སྐུ་ལ་བསླབ་པ་དང་། ཕྱག་རྒྱ་སྤྲོས་བཅས་ཏེ་དེ་ལྟར་ཆོ་ག་རྣམ་པ་ལྔ་བསྒྲུབ་པའི་གོང་དུ་རྫོགས་པར་ཤེས་པ་ཡིས། རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། །ཞེས་པས། དེ་ལྟར་ཕྱག་རྒྱ་ཡན་ཆད་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པ་ཚོམ་བུ་ལྔ་པ་ལ་ཕོ་མོ་བདུན་ཅུ། ཚོམ་བུ་གསུམ་པ་ལ་ཕོ་མོ་ཞེ་དྲུག །ཚོམ་བུ་གཅིག་པ་ལ་ཕོ་མོ་བཅོ་བརྒྱད་ཀྱི་ཚོགས་པའི་དཀྱིལ་འཁོར་གྱིས་ཚོགས་བསྒྲུབས་ན། ངེས་པར་ལེགས་པའི་དགོས་པ་འགྲུབ། །ཅེས་པས། ཐེ་ཚོམ་མེད་པས་ན་ངེས་པར་འགྲུབ་པ་སྟེ། གང་འགྲུབ་ཅེ་ན། སྒྲོ་སྐུར་མེད་པར་ལེགས་པའི་དགོས་པ་ཀུན་གྱི་འབྱུང་གནས་གནས་སྐབས་སུ་ཐུན་མོང་གི་རིག་འཛིན་བཞི་དང་། མཐར་ཐུག་གི་འབྲས་བུ་སངས་རྒྱས་སྐུ་ལྔ་ཡང་འགྲུབ་པར་འགྱུར་རོ། །གཉིས་པ་གནས་དང་ཡོ་བྱད་ཕུན་སུམ་ཚོགས་པ་ཐུན་མོང་དུ་བསྟན་པ་ནི། གནས་དང་ལོངས་སྤྱོད༴ དམ་པ་ཐོབ། །ཅེས་པ་དེར་གདའ་ཞིང་། གནས་དང་ལོངས་སྤྱོད་ཅི་བདེ་དང་། །ཞེས་པས། ཏིང་ངེ་འཛིན་གྱི་བར་ཆད་དང་། སྲོག་གི་བར་ཆད་དང་། འཚོ་བའི་བར་ཆད་གསུམ་མེད་པའི་གནས་ཤིན་ཏུ་དབེན་པའི་ས་ཕྱོགས་སུ། གནས་འཁོར་ཁང་ཕྱི་ནང་བར་གསུམ་ལྡན་པར་ཉེ་བར་དགོས་པའི་ལོངས་སྤྱོད་ལྔ་ལ་སོགས་པ་ལྡབ་ཐང་དུ་བསགས་ཏེ། བཟའ་བཏུང་དང་། རྐྱེན་བཟློག་དང་། སྒྲུབ་རྫས་ལ་སོགས་པ་ཕུན་སུམ་ཚོགས་པར་བསག་ཅིང་ཅི་བདེ་བར་ལོངས་སྤྱོད་རྒྱུ་དང་ལྡན་པར་བྱས་ལ། མ་ཉམས་བློ་ནི་རབ་ལྡན་པས། །ཞེས་པས། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་མ་ཉམས་ཤིང་ལྟ་སྤྱོད་དང་ཏིང་ངེ་འཛིན་འབྲེལ་བའི་བློ་དང་ནི་རབ་ཏུ་ལྡན་པའི་རྣལ་འབྱོར་ཕོ་མོ་འཚོགས་པས། དང་པོར་དམ་ནོས་བཞིན་དུ་བྱ། །ཞེས་པས། ཚོགས་སྒྲུབ་པ་ལ་འཇུག་པའི་དང་པོར་ཚོམ་བུ་གཅིག་གསུམ་ལྔ་པོ་གང་ཡིན་གྱི་ལྷ་གྲངས་ལ་དུས་ཇི་ཙམ་བསྒྲུབ་པར་ཁས་བླངས་ཞིང་དམ་ནོས་པ་བཞིན་དུ་འབྲས་བུ་མཐར་ཕྱིན་པར་བསྒྲུབ་པར་བྱའོ། །ལེ་ལོ་སྒྱིད་སྙོམས་མེད་པ་ཡི། །ཞེས་པས། དེ་ལྟར་སྒྲུབ་པ་བྱེད་པ་ལ་ལེ་ལོ་དང་སྒྱིད་སྙོམས་ནི་གེགས་ཡིན་པས། དེ་དག་སྤངས་ཏེ་མེད་པ་ཡི་བརྩོན་འགྲུས་དང་ལྡན་པ་དང་། ཐེ་ཚོམ་མེད་པར་བསྒྲུབས་བྱས་ན། །ཞེས་པས། ཐེ་ཚོམ་དང་སོམ་ཉི་ནི་འབྲས་བུ་མ་ལུས་པའི་གེགས་ཡིན་པས། དེ་མེད་པའི་སྒོ་ནས་ངེས་པར་བསྒྲུབ་ཅིང་ཉམས་ལེན་གཞུང་བཞིན་བྱས་ན། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པས། ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་གསུམ་པོར་བདེ་བར་གཤེགས་པའི་དཀྱིལ་འཁོར་མཐའ་དག་འདུས་པས་ན། ཚོགས་ཀྱི་དཀྱིལ་འཁོར་གཅིག་གསུམ་ལྔ་པོ་གང་བསྒྲུབས་ཀྱང་གནས་སྐབས་སུ་ཐུན་མོང་དང་། མཐར་ཐུག་ཏུ་མཆོག་གི་དངོས་གྲུབ་ཐམས་ཅད་འགྲུབ་པར་གྱུར་ཏེ། གང་ཞེ་ན། རྡོ་རྗེ་གསང་མཆོག་དམ་པ་འཐོབ། །ཅེས་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ་ཉི་ཤུ་རྩ་ལྔར་དབྱེར་མི་ཕྱེད་པས་རྡོ་རྗེ་དེའི་དོན་རྟོགས་དཀའ་བའམ་ཐོབ་དཀའ་བས་ན་གསང་བ། འབྲས་བུ་ཀུན་གྱི་མཆོག་ཏུ་གྱུར་པ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དམ་པ་གཅིག་དང་དུ་མ་དང་བྲལ་བ་འཐོབ་པར་འགྱུར་རོ། །འོ་ན་ཚོམ་བུ་ཚོགས་སྒྲུབ་པའི་ཐབས་ལེའུ་ལྔ་པ་དང་དགུ་པ་དང་འདི་དང་གསུམ་ཀ་རུ་བྱུང་བས་ལྡབས་སོ་ཞེན། སྐྱོན་མེད་དེ། ལེའུ་ལྔ་པ་ནི་འགྲུབ་པའི་རྒྱུ་དང་ཐུན་མོང་གི་སྒྲུབ་པ་ཡིན། དགུ་པ་ནི་འགྲུབ་པའི་དུས་དང་ཐོབ་ཚུལ་ཡིན། འདི་ནི་ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་བཟུང་། བསྙེན་སྒྲུབ་བཞིས་གཞུང་བསྲངས་ཏེ་སྒྲུབ་ཐབས་དངོས་སྟོན་པ་ཡིན་པས་ན་མ་ལྡབས་སོ་གསུང་། གསུམ་པ་སྒྲུབ་པའི་དུས་ཕུན་སུམ་ཚོགས་པ་བསྟན་པ་ནི། སྒྲུབ་པའི་ཞག་དང་ཚེས་གྲངས་ནི། །རྒྱུད་ལས་སྨོས་པ་བཞིན་དུ་བཤད། །ཅེས་པས། སྒྲུབ་པའི་དུས་ཀྱི་ཞག་གྲངས་ནི། འདི་ཉིད་ཀྱི་ལེའུ་དགུ་པ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །ཞེས་པ་ལ་སོགས་པ་དང་། ཚེས་གྲངས་ནི་ཡར་ངོའི་ཚེས་བརྒྱད་ལ་སོགས་པ་དང་གཞན་ཡང་དུས་ཚོད་གཟའ་སྐར་བཟང་པོ་ལ་སྒྲུབ་པ་ལ་འཇུག་པར་བྱ་བ་རྣམས་ནི། རྒྱུད་ཀུན་འདུས་ལེའུ་དང་པོ་ལས་སྨོས་པ་བཞིན་དུ་བྱ་བར་བཤད་པ་ཡིན་ནོ། །འདི་ལ་ཁ་ཅིག་ན་རེ། རྒྱུད་ལས་སྨོས་པ་བཞིན་དུ་བཤད། །ཅེས་པས། འདི་རྒྱུད་ཡིན་པར་འདུག་པ་ལ་རྒྱུད་དུ་བཤད་ཅེས་པས། རྒྱུད་གཞན་དུ་ཁ་འཕངས་པས་རྒྱུད་ལོག་པའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཚོགས་སྒྲུབ་པའི་དུས་འདི་ཉིད་རང་གི་ལེའུ་དགུ་པའི་ནང་དུ་ཁ་འཕངས་ཏེ་བསྟན་ཚར་བ་དང་། དུས་ཚོད་དང་ཚེས་གྲངས་ཀུན་འདུས་ལ་སོགས་པའི་རྒྱུད་སྡེ་གཞན་ན་གསལ་བ་ལ་ཁ་འཕངས་པས་འདི་རྒྱུད་མ་ཡིན་པར་མི་འགྱུར་ཏེ། འདི་ལྟ་བུའི་ཚུལ་སྔགས་ཕྱི་ནང་གསར་རྙིང་གི་རྒྱུད་སྡེ་དུ་མ་ན་མང་དུ་སྣང་ངོ་། །དེས་ཀྱང་མི་ལོ་ན། འོ་ན་འཕགས་པ་སྡུད་པ་འདི་ཡང་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་པར་འགྱུར་ཏེ། དེ་དག་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། ཞེས་བདེ་བར་གཤེགས་པའི་གསུང་གཞན་ལ་ཁ་འཕངས་པའི་ཕྱིར་རོ། །ཞེས་བྱས་ལ་འགོ་མཚུངས་བསྒྲེའོ། །གཉིས་པ་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། ཞི་བའི་ཚོགས་སྒྲུབ་པ་དང་། ཁྲོ་བོའི་ཚོགས་སྒྲུབ་པ་བསྟན་པའོ། །དང་པོ་ཞི་བའི་ཚོགས་སྒྲུབ་པ་བསྟན་པ་ལ་གཉིས་ཏེ། བསྙེན་སྒྲུབ་བཞི་མདོར་བསྟན་པ་དང་། བསྙེན་སྒྲུབ་བཞི་རྒྱས་པར་བཤད་པའོ། །དང་པོ་བསྙེན་སྒྲུབ་བཞི་མདོར་བསྟན་པ་ནི། བསྙེན་པ་དང་ནི་ཉེ་བསྙེན་པོ། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཞེས་པ་དེར་གདའ་ཞིང་། འདི་ལ་བཤད་ལུགས་གསུམ་གྱིས་སྟོན་ཏེ། དེ་ཡང་མན་ངག་ལམ་རིམ་ལས། འདི་ཡང་ལམ་སྒྲུབ་སྦྱོར་བ་ཡི། །ཞེས་པས། ལམ་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་དང་། སྒྲུབ་པའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་དང་། སྦྱོར་བའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞིའོ། །དང་པོ་ལམ་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞིའི་དབང་དུ་བྱས་ན། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་གཉིས་ཉམས་སུ་ལེན་པ་ནི་བསྙེན་པའི་ཡན་ལག་དང་། ཕྱག་རྒྱ་གཅིག་པ་དང་སྤྲོས་བཅས་ཉམས་སུ་ལེན་པ་ནི་ཉེ་བའི་བསྙེན་པའི་ཡན་ལག་དང་། ཡོ་བྱད་ལྔས་བར་ཆད་མེད་པར་ཚོགས་སྒྲུབ་པ་ནི་སྒྲུབ་པ་དང་། དེའི་དུས་སུ་ཨཱ་ཱལི་ཀཱ་ལི་ཉམས་སུ་ལེན་པ་ནི་སྒྲུབ་པ་ཆེན་པོ་ཞེས་པའམ། ཡང་ན་ཡུམ་གྱི་མཁའ་ནས་ཉི་ཟླ་རྡོ་རྗེ་ལྕེའི་ལོངས་ནས་རིག་འཛིན་གསུམ་ཐོབ་པ་ནི་སྒྲུབ་པ་ཆེན་པོ་སྟེ། མཐར་ཆགས་རིམ་གྱིས་པ་ལམ་བགྲོད་པའི་དབང་དུའོ། །གཉིས་པ་སྒྲུབ་པའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ནི། བཤགས་ཡན་ལག་དང་འབྲེལ་བ་བསྙེན་པ་དང་། སྒྲུབ་པ་ཇི་ཙམ་བྱེད་པའི་ཞག་གྲངས་ཀྱི་ཕྱེད་ཡན་ཆད་འོད་ཟེར་དཀར་པོ་ཕྱིར་སྤྲོ་བའི་ཏིང་ངེ་འཛིན་གྱིས་སྣོད་དག་པར་བྱེད་པ་ནི་ཉེ་བའི་བསྙེན་པ། ནུབ་ཐ་མ་མ་གཏོགས་པའི་ཕྱེད་ཡན་ཆད་འོད་ཟེར་དམར་པོའི་འཕྲོ་འདུའི་ཏིང་ངེ་འཛིན་གྱི་བཅུད་དག་པར་བྱེད་པ་ནི་སྒྲུབ་པ་དང་། ནུབ་ཐམ་ལ་འོད་ཟེར་མཐིང་ཁ་ཚུར་འདུས་པའི་ཏིང་ངེ་འཛིན་གྱི་སྒོ་ནས་རྒྱུད་དག་པར་བྱེད་པའམ་དངོས་གྲུབ་སྡུད་པས་དེ་ནི་སྒྲུབ་པ་ཆེན་པོ་སྟེ། བར་ཆད་མེད་པའི་ལམ་པ་ཚོགས་སྒྲུབ་པའི་དབང་དུའོ། །གསུམ་པ་སྦྱོར་བའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ནི། ཡུམ་མཚན་ཉིད་དང་ལྡན་པ་ཁྲུས་གསུམ་བྱས་རྒྱན་གསུམ་བཏགས་ཆོས་གསུམ་བཤད་ནས་སྟ་གོན་དུ་གནས་པ་ནི་བསྙེན་པའི་ཡན་ལག་གོ། །མཁའ་གསང་བརླབ་སྦྱོར་བའི་བརྡ་བསྐུལ་ཡོ་བྱད་བཞི་དང་། འདོད་པའི་བསྟན་བཅོས་བརྒྱད་དམ་དྲུག་ཅུ་རྩ་བཞིས་བདེ་བ་རྒྱས་པར་བྱེད་པ་ནི་ཉེ་བའི་བསྙེན་པ། ཕྱག་རྒྱ་བཞིས་རོལ་པ་ནི་སྒྲུབ་པ་དང་། ཉི་ཟླ་རྡོ་རྗེ་ལྕེས་ལོངས་པ་ནི་སྒྲུབ་པ་ཆེན་པོ་སྟེ། ནུབ་ཐ་མ་ལ་མཐོང་ལམ་གྱི་ཡེ་ཤེས་ཆེན་པོ་རྒྱུད་ལ་སྐྱེ་བར་བྱེད་པ་དངོས་གྲུབ་ཆེན་པོ་ཡུམ་གྱི་མཁའ་ལས་བླང་བའི་དབང་དུའོ། །གཉིས་པ་བསྙེན་སྒྲུབ་བཞི་རྒྱས་པར་བསྟན་པ་ལ་གསུམ་སྟེ། བསྙེན་པ་དང་། ཉེ་བའི་བསྙེན་པ་དང་སྒྲུབ་པ་ཐུན་མོང་དུ་བསྟན་པ་དང་། སྒྲུབ་པ་ཆེན་པའོ། །དང་པོ་བསྙེན་པ་ལ་གཉིས་ཏེ། སྔོན་དུ་བྱ་བའི་བསྙེན་པ་དང་། བྱ་བ་ལས་རིམ་གྱི་བསྙེན་པའོ། །དང་པོ་སྔོན་དུ་བྱ་བའི་བསྙེན་པ་བསྟན་པ་ནི། མཁའ་དཀྱིལ༴ བསྒོམ་པ་འགྱུར་ཏོ། །ཞེས་པ་དེར་གདའ་ཞིང་། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟབ། །ཞེས་པས། ཆོས་ཉིད་ཀྱི་ནམ་མཁའ་ཐོག་ཏུ་ཕེབས་པས་དཀྱིལ་སྒྲིབ་གཡོགས་མེད་པས་དྭངས་པ་མུ་མཐའ་དང་བྲལ་བས་དབྱངས་ཞེས་པའམ། ནམ་མཁའི་དཀྱིལ་ལྟར་སེམས་ཉིད་སྒྲིབ་གཡོགས་མེད་པ་དྭངས་བའི་ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ཁང་དུ་ཉི་ཟླའི་གདན་དང་བཅས་པ་ལ། ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། །ཞེས་པས། རང་བྱུང་གི་ཡེ་ཤེས་འཁོར་འདས་ཀྱི་ཆོས་ལ་དབང་སྒྱུར་བའི་རྒྱལ་པོ་རྡོ་རྗེ་སེམས་དཔའ་སྟངས་ཏེ་ཡབ། དཔྱལ་ཏེ་ཡུམ་བསྒོམ་མོ། །དེ་བསྒོམ་པ་ལ་དགོས་པ་ཅི་ཡོད་ཅེ་ན། རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན། །མ་ལུས་པར་ནི་བསྒོམ་པར་འགྱུར། །ཞེས་པས། ཡི་དམ་གྱི་ལྷ་ཡབ་ཡུམ་གཉིས་བསྒོམས་པས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན་ཀྱང་ལྷག་མ་མ་ལུས་པར་ནི་བསྒོམ་པར་འགྱུར་བའི་དགོས་ཆེད་ཡོད་དེ། རྒྱལ་བ་ཐམས་ཅད་གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་ཕྱིར་རོ། །གཉིས་པ་བྱ་བ་ལས་རིམ་གྱི་བསྙེན་པ་བསྟན་པ་ལ་གསུམ་སྟེ། ཚོམ་བུ་ལྔ་པ་དང་། ཚོམ་བུ་གསུམ་པ་དང་། ཚོམ་བུ་གཅིག་པའོ། །དང་པོ་ཚོམ་བུ་ལྔ་པ་བསྟན་པ་ནི། ལྔ་དང་ལྔ་ཡི༴ རྣམ་པར་བསྒོམ། །ཞེས་པ་དེར་གདའ་ཞིང་། ལྔ་དང་ལྔ་ཡི་སྦྱོར་བ་ཡི། །ཞེས་པས། སྔར་ལེའུ་དགུ་པར་བཤད་པའི་མཚན་ཉིད་ཅན་གྱི་སྒྲུབ་པ་པོ་གཙོ་བོ་ཡབ་ལྔ་དང་། གཙོ་མོ་ཡུམ་ལྔའི་ཐབས་ཤེས་རབ་གཉིས་སུ་མེད་པར་ཞལ་སྦྱོར་བ་ཅན་དུ་བཞུགས་པ་ཡི་ཚུལ་ནི་ཇི་ལྟ་བུ་ཞེ་ན། ཚོམ་བུ་ལྔ་ཡི་ལྷ་བཀོད་ལ། །ཞེས་པས། འོག་གཞི་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་ལྔ་པོ་རེ་རེ་ལ་ཡང་རྩིབས་བཞི་ལྟེ་བ་དང་བཅས་པ་རེ་རེ་སྟེ་ཕོ་བྲང་ཆ་ལྔ་ལ་དབུས་ཀྱི་འཁོར་ལོའི་ལྟེ་བ་ལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས། རྩིབས་བཞི་ལ་རྡོ་རྗེ་རིགས་ཀྱི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་ཞལ་སྦྱོར་གྱིས་བསྐོར་བ་རྡོ་རྗེའི་རིགས་ཀྱི་ཚོམ་བུའི་ལྷར་གསལ་བའི་རྣམ་པ་ཡབ་ཡུམ་བཅུ་དང་། དེ་བཞིན་དུ་ཤར་ལྷོ་ནུབ་བྱང་བཞིར་རྣམ་སྣང་རིན་འབྱུང་མཐའ་ཡས་དོན་གྲུབ་ཡབ་ཡུམ་གྱི་གཙོ་བྱས་པ་རྣམས་ལ། དེ་བཞིན་རིགས་དང་རིན་ཅེན་རིགས་མའི་རིགས་དང་པདྨའི་རིགས་དང་ལས་ཀྱི་རིགས་ཀྱི་རིགས་ཆུང་ཡབ་ཡུམ་བརྒྱད་བརྒྱད་ཀྱིས་བསྐོར་བ་སྟེ་རིགས་བཞིའི་ཚོམ་བུ་ལ་ལྷ་བཞི་བཅུ། གོང་གི་དབུས་ཀྱི་ཚོམ་བུ་ལ་ལྷ་བཅུ་སྟེ་དེ་ལྟར་ཚོམ་བུ་ཆ་ལྔའི་ལྷ་ལྔ་བཅུ་རྣལ་འབྱོར་པ་ཕོ་མོ་ལྔ་བཅུས་གསལ་བར་བསྒོམ་པ་བཀོད་ལ། ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། །ཞེས་པས། ཚོམ་བུ་ཆ་ལྔ་པོ་དེའི་མཐར་ཕྱོགས་བཞི་མཚམས་བཞི་སྟེང་གི་ཆ་ཤར་སྟོད་དང་འོག་གི་ཆ་ནུབ་སྨད་དུ་རྣལ་འབྱོར་པ་ཡབ་ཡུམ་ཆ་བཅུ་ལ། ཁྲོ་བོ་ཡབ་བཅུ་དང་། ཁྲོ་མོ་ཡུམ་བཅུ་སྟེ་ལྷ་ཉི་ཤུར་གསལ་བ་བཀོད་པས་ཚོམ་བུ་ལྔ་པ་ལ་ལྷ་བདུན་ཅུ་ཐམ་པའོ། །འཁོར་ལོའི་ཚུལ་དུ་རྣམ་པར་བསྒོམ། །ཞེས་པས། དེ་ལྟར་གཙོ་བོ་རིགས་ལྔས་བྱས་པ་ཚོམ་བུ་ལྔ་པའི་ལྷ་བདུན་ཅུ་པོ་དེདག་དཀྱིལ་འཁོར་གྱི་འཁོར་ལོའི་ཚོམ་བུ་བསྙེན་པའི་དུས་སུ་བྲིས་ལ། ཉེ་བསྙེན་གྱི་དུས་སུ་རྣམ་པར་གསལ་བར་བསྒོམ་མོ་བར་འབྲེལ་སྦྱར་རོ། །གཉིས་པ་ཚོམ་བུ་གསུམ་པ་བསྟན་པ་ནི། དེ་བཞིན་རིགས་དང་༴ ལྷ་རྣམས་བསྒོམ། །ཞེས་པ་དེར་གདའ་ཞིང་། དེ་བཞིན་རིགས་དང་རྡོ་རྗེའི་རིགས། །པད་མའི་རིགས་ཏེ་སྐུ་གསུང་ཐུགས། །ཞེས་པས། གོང་གི་ཚོམ་བུ་ལས་ལྷོ་བྱང་གཉིས་བཞག་པའི་མདུན་ནམ་ཤར་གྱི་ཕྱོགས་སུ་དེ་བཞིན་རིགས་ཀྱི་ཚོམ་བུ་ཡབ་ཡུམ་ཆ་ལྔ་སྟེ་ཡ་བཅུ་དང་། དབུས་སུ་རྡོ་རྗེའི་རིགས་ཀྱི་ཚོམ་བུ་ལ་ཡ་བཅུ་དང་། རྒྱབ་བམ་ནུབ་ཏུ་པད་མའི་རིགས་ཀྱི་ཚོམ་བུ་ཡ་བཅུ་སྟེ་དེ་ལྟར་སྐུ་གསུང་ཐུགས་ཀྱི་ཚོམ་བུ་ཆ་གསུམ་གྱི་མཐར། ཁྲོ་བོའི་ཚོགས་དང་ལྡན་པ་ཡི། །ཞེས་པས། ཕྱོགས་མཚམས་བརྒྱད་དུ་ཁྲོ་བོ་ཡབ་བརྒྱད་དང་ཁྲོ་མོ་ཡུམ་བརྒྱད་དེ་བཅུ་དྲུག་ཞལ་སྦྱར་བའི་ཚོགས་དང་ལྡན་པ་ཡི་ཚོམ་བུ་གསུམ་པ་ལ་ལྷ་བཞི་བཅུ་ཞེ་དྲུག་གོ། །ཚོམ་བུ་གསུམ་པའི་ལྷ་རྣམས་བསྒོམ། །ཞེས་པས། དེ་ལྟར་གཙོ་བོ་རིགས་གསུམ་གྱིས་བྱས་པ་ཚོམ་བུ་གསུམ་པའི་ལྷ་བཞི་བཅུ་ཞེ་དྲུག་གི་ཚོགས་རྣམས་བསྙེན་པའི་དུས་སུ་བྲིས་ལ། ཉེ་བསྙེན་གྱི་དུས་སུ་བསྒོམ་པར་འབྲེལ་སྦྱར་རོ། །གསུམ་པ་ཚོམ་བུ་གཅིག་པ་བསྟན་པ་ནི། རིགས་ཀྱི༴ རྣམས་བསྒོམ། །ཞེས་པ་དེར་གདའ་ཞིང་། རིགས་ཀྱི་རིགས་ཏེ་རིགས་ཀྱི་མཆོག །ཅེས་པས། དེ་བཞིན་གཤེགས་པའི་རིགས་ཇི་སྙེད་པ་ཐམས་ཅད་ཀྱི་འདུ་ཚུལ་ནི་རིགས་ལྔར་འདུ་བ་ཡིན་ཏེ། དེ་ཡང་བསྡུས་ན་ཐུགས་ཀྱི་སྒྱུ་འཕྲུལ་གྱི་ལུགས་ཀྱི་རིགས་ཀྱི་གཙོ་བོ་རྡོ་རྗེའི་རིགས་སུ་འདུས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག །ཅེས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བ་ཡང་རིགས་བསྡུས་ན་ཐུགས་ཡེ་ཤེས་ལྔར་བསྡུས་པ་ཡིན་ཏེ། ཡེ་ཤེས་ལྔ་པོ་དེ་ཡང་ཐུགས་ཀྱི་མཆོག་སྟོང་པ་ཉིད་ཀྱི་ཡེ་ཤེས་ཁོ་ནར་འདུ་བའི་ཕྱིར་རོ། །ཁྲོ་བོའི་ཚོགས་དང་ལྡན་པ་ཡི། །ཞེས་པས། དེས་ན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་དང་བཅས་བཟུང་ལྔ་ལ་བཅུ་དང་ཁྲོ་བོ་སྒོ་བ་ཡབ་བཞི་ཡུམ་བཞིའི་ཚོགས་དང་ལྡན་པའི་ཚོམ་བུ་གཅིག་པ་ལ་ལྷ་བཅོ་བརྒྱད་དོ། །ཚོམ་བུ་གཅིག་པའི་ལྷ་རྣམས་བསྒོམ། །ཞེས་པས། དེ་ལྟར་གཙོ་བོ་རིགས་གཅིག་གིས་བྱས་པ་ཚོམ་བུ་གཅིག་པའི་ལྷ་བཅོ་བརྒྱད་ཀྱི་ཚོགས་རྣམས་བསྙེན་པའི་དུས་སུ་བྲིས་ལ་ཉེ་བསྙེན་གྱི་དུས་སུ་བསྒོམ་མོ་བར་འབྲེལ་སྦྱར་རོ། །འདི་ལ་ཁ་ཅིག་ན་རེ། འདིར་ཡང་ཚོམ་བུ་རྒྱས་འབྲིང་བསྡུས་པ་གསུམ་བྱུང་ལ། འོག་ནས་ཀྱང་། རྡོ་རྗེའི་རིགས་སུ་ཐམས་ཅད་དཀྱིལ། །ཞེས་པ་ལ་སོགས་པ་ཚོམ་བུ་གསུམ་པ་སྒྲུབ་པའི་ཐབས་བྱུང་པས་ལྡབས་སོ་ཞེ་ན། སྐྱོན་མེད་དེ། གོང་མ་ནི་བསྙེན་པའི་དུས་སུ་བྲིས་ནས་ཉེ་བསྙེན་གྱི་དུས་སུ་བསྒོམ་མོ་བར་འབྲེལ་འདོགས་པ་ཡིན་ལ། འོག་མ་ནི་དངོས་སུ་བསྒྲུབ་པ་ཡིན་པས་མ་ལྡབས་སོ། །གཉིས་པ་ཉེ་བའི་བསྙེན་པ་དང་སྒྲུབ་པ་ཐུན་མོང་དུ་བསྟན་པ་ལ་གཉིས་ཏེ། རྣལ་འབྱོར་པས་ལྷ་སྤྱིའམ་སོ་སོར་བསྒོམ་པ་དང་། ཚོམ་བུ་གསུམ་ལ་སྒྲུབ་པའི་ཐབས་བསྟན་པའོ། །དང་པོ་རྣལ་འབྱོར་པས་ལྷ་སྤྱིའམ་སོ་སོར་སྒོམ་པ་བསྟན་པ་ནི། རྣལ་འབྱོར༴ སོ་སོར་གསལ། །ཞེས་པ་དེར་གདའ་ཞིང་། རྣལ་འབྱོར་ཐབས་དང་ཤེས་རབ་ཀྱིས། །ཞེས་པས། རྣལ་འབྱོར་པ་ཐབས་ཡབ་དང་ཤེས་རབ་ཡུམ་རྣམས་ཀྱིས་གོ་རིམ་བཞིན། དེ་བཞིན་གཤེགས་དང་ཡུམ་དུ་བསྒོམ། །ཞེས་པས། ཡབ་རྣམས་ཀྱིས་དེ་བཞིན་གཤེགས་པ་རིགས་ཀྱི་ཡབ་ལྔ་དང་། ཡུམ་རྣམས་ཀྱིས་རིགས་ཀྱི་ཡུམ་དུ་བསྒོམ། སེམས་དཔའ་སེམས་མ་ཉིད་དུ་བསྒོམ། །ཞེས་པས། འཁོར་ཡབ་རྣམས་ཀྱིས་རིགས་ཆུང་གི་སེམས་དཔའ་ཡབ་དང་། ཡུམ་རྣམས་ཀྱིས་རིགས་ཆུང་གི་སེམས་མ་ཡུམ་ཉིད་བསྒོམ། སོ་སོའི་སྔགས་དང་ཕྱག་རྒྱ་དང་། །ཏིང་འཛིན་ཡང་དག་སོ་སོར་གསལ། །ཞེས་པས། ལྷ་སོ་སོའི་སྔགས་དང་ལྷ་རང་རང་གི་ཕྱག་རྒྱ་དང་ཏིང་ངེ་འཛིན་རྣམས་མ་འདྲེས་པར་ཡང་དག་པར་སོ་སོར་གསལ་བར་བསྒོམ་མོ། །གཉིས་པ་ཚོམ་བུ་གསུམ་ལ་སྒྲུབ་པའི་ཐབས་བསྟན་པ་ལ་གསུམ་སྟེ། ཚོམ་བུ་གཅིག་པ་ལ་སྒྲུབ་པའི་ཐབས་དང་། ཚོམ་བུ་གསུམ་པ་ལ་སྒྲུབ་པའི་ཐབས་དང་། ཚོམ་བུ་ལྔ་པ་ལ་སྒྲུབ་པའི་ཐབས་བསྟན་པའོ། །དང་པོ་ཚོམ་བུ་གཅིག་པ་ལ་སྒྲུབ་པའི་ཐབས་བསྟན་པ་ནི། རྡོ་རྗེའི༴ ཕྱག་རྒྱ་ཆེ། །ཞེས་པ་དེར་གདའ་ཞིང་། རྡོ་རྗེའི་རིགས་སུ་ཐམས་ཅད་དཀྱིལ། །ཞེས་པས། རྡོ་རྗེའི་རིགས་སུ་རིགས་བཞི་པོ་ཐམས་ཅད་འདུས་པའི་ཕྱིར་རྡོ་རྗེའི་རིགས་ཀྱི་ཚོམ་བུ་སྟེ་ཚོམ་བུ་གཅིག་པའི་དཀྱིལ་འཁོར་དེ་བསྒོམ་པ འི་ཚུལ་ནི། འོད་འཕྲོ་འབར་བ་རབ་ཏུ་བསྒོམ། །ཞེས་པས། ཚོམ་བུ་གཅིག་པའི་རྩ་བའི་ལྷ་བཅོ་བརྒྱད་དང་ཡན་ལག་ལྷག་པའི་ལྷ་དགུ་དང་བཅས་པ་རྣམས་འོད་ཟེར་འཕྲོ་ཞིང་གཟི་བརྗིད་འབར་བར་རབ་ཏུ་བསྒོམ་པར་བྱའོ། །ཡོ་བྱད་ལ་སྤྱོད་པའི་ཐབས་ནི། ཆགས་མེད་ཚུལ་གྱིས་བསྟིམ་པར་བྱ། །ཞེས་པས། ཡོ་བྱད་ལྔ་ལ་སྤྱད་ཙམ་ན་སྤྱད་བྱ་སྤྱོད་བྱེད་སྤྱོད་དོ་བ་གསུམ་གྱི་འཛིན་པ་མེད་པས། ཐོགས་ཆགས་མེད་པའི་ཚུལ་གྱིས་འདུ་ཤེས་དང་བྲལ་བས་བྱས་པའི་ངོ་བོ་མེད་པར་སྤྱད་པ་ནི་བསྟིམ་པ་ཞེས་བྱ་བའོ། །དེའི་འབྲས་བུ་ནི། གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ། །ཞེས་པས། ལྟ་སྤྱོད་གཉིས་སུ་མེད་པར་གྱུར་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྲུབ་བོ། །དེ་ཡང་སྤར་ཁབ་ལས། ཡོ་བྱད་བཞི་པོ་ལྟ་སྤྱོད་གཉིས་སུ་མེད་པས་སྐུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་བོ། །ཡོ་བྱད་ལྔ་པ་ཉི་ཟླ་གཉིས་སུ་མེད་པས་ནི་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ་ལྷུན་གྱིས་གྲུབ་པའི་རིག་འཛིན་འགྲུབ་བོ། །ཞེས་ཀྱང་བཤད་དོ། །གཉིས་པ་ཚོམ་བུ་གསུམ་པ་ལ་སྒྲུབ་པའི་ཐབས་བསྟན་པ་ནི། ཡང་ན༴ སྐྱེ་བའི་གནས། །ཞེས་པ་དེར་གདའ་ཞིང་། ཡང་ན་ཞེས་པས། ཚོམ་བུ་གཅིག་པ་ལས་བཀར་བ་སྟེ་ཚོམ་བུ་གསུམ་པ་སྒྲུབ་པའི་ཐབས་སྟོན་པར་བྱེད་པས་ཡང་ན་ཞེས་པའོ། །སྐུ་གསུང་ཐུགས་ཉིད་དེ། ཞེས་པས། འཁོར་འདས་གཉིས་ཀྱི་ཆོས་ཐམས་ཅད་སྐུ་གསུང་ཐུགས་སུ་འདུས་པ་ཉིད་དེ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཞེས་པས། རྒྱལ་བ་ལྷག་མ་མ་ལུས་པ་ཐམས་ཅད་ཀུན་སྐུའི་ཚོམ་བུ་དང་གསུང་གི་ཚོམ་བུ་དང་ཐུགས་ཀྱ ི་ཚོམ་བུ་དང་གསུམ་པོ་དེར་འདུས་སོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་ཚོམ་བུ་གསུམ་པོ་དེ་བསྒོམ་པའི་ཚུལ་ནི། ཏིང་འཛིན་གསལ་འབར་འོད་ཟེར་འཕྲོ། །ཞེས་པས། ཚོམ་བུ་གསུམ་པའི་རྩ་བའི་ལྷ་ཞེ་དྲུག་གི་དཀྱིལ་འཁོར་ཡན་ལག་ལྷག་པའི་ལྷ་དགུ་དང་བཅས་པའི་ཏིང་ངེ་འཛིན་གསལ་ཞིང་འབར་བའི་འོད་ཟེར་ཕྱོགས་བཅུར་འཕྲོ་བར་བསྒོམ་པར་བྱའོ། །ཡོ་བྱད་ལ་སྤྱོད་པའི་ཐབས་ནི། གཉིས་མེད་དབྱིངས་ཀྱི་ངང་དུ་ཐིམ། །ཞེས་པས། ཡོ་བྱད་ལྔ་པ་སྤྱད་བྱ་སྤྱོད་བྱེད་གཉིས་སུ་མེད་པ་མཉམ་པ་ཉིད་ཀྱི་དབྱིངས་འཛིན་པ་མེད་པའི་ངང་དུ་ཐིམ་པར་སྤྱོད་པའོ། །དེའི་འབྲས་བུ་ནི། རིག་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་པས། རིག་འཛིན་བཞིའི་ནང་ནས་ཀྱང་དངོས་གྲུབ་ཀྱི་མཆོག་བརྙེས་པ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ་པར་འགྱུར་ལ། རིག་འཛིན་དེའི་ཡོན་ཏན་ནི། དཀྱིལ་འཁོར་མ་ལུས་འབར་བ་འགྲུབ། །ཅེས་པས། ལྷུན་གྲུབ་རིག་འཛིན་དེའི་དགོངས་པའམ་ཡང་ན་རྒྱུད་ནས་རྒྱལ་བའི་དཀྱིལ་འཁོར་ལྷག་མ་མ་ལུས་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་རྫོགས་པས་དེ་ལྟ་བུའི་ཡོན་ཏན་འབར་བར་བྱེད་པ་འགྲུབ་ཅིང་། རིག་འཛིན་དེས་གཞན་དོན་བྱེད་པའི་ཚུལ་ནི། ཉོན་མོངས་སྡུག་བསྔལ་སེལ་བར་མཛད། །ཅེས་པས། གདུལ་བྱའི་རྒྱུད་ལ་ཡོད་པའི་རྒྱུ་ཉོན་མོངས་པ་ལྔ་དང་འབྲས་བུ་སྡུག་བསྔལ་བརྒྱད་དམ་བཅུ་གཅིག་རྣམས་སེལ་བར་མཛད་པ་དང་། རྡོ་རྗེའི་རིགས་སུ་སྐྱེ་བའི་གནས། །ཞེས་པས། རྒྱལ་བའི་སྐུ་གསུང་ཐུགས་ཐམས་ཅད་འདུས་ཤིང་དབྱེར་མི་ཕྱེད་པ་རྡོ་རྗེའི་རིགས་སུ་སྐྱེ་བའི་གནས་ཁོ་ན་ཡིན་ནོ། །འདི་ལ་གསང་སྔགས་ཀྱི་བསྟན་པའི་མངའ་བདག་འཇམ་པའི་དབྱངས་ཆེན་པོའི་གསུང་གིས། རིག་འཛིན་འདི་ནི་ལམ་གཞན་གྱིས་བར་མ་ཆོད་པར་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོའི་རིགས་སུ་སྐྱེ་བའི་གནས་ཁོ་ན་ཡིན་ནོ་ཞེས་འབྲུ་བསྣན་ན་འཐད་གསུང་ངོ་། །གསུམ་པ་ཚོམ་བུ་ལྔ་པ་ལ་སྒྲུབ་པའི་ཐབས་བསྟན་པ་ནི། སྔགས་འཆང་༴ སྙིང་པོ་འགྲུབ། །ཅེས་པ་དེར་གདའ་ཞིང་། སྔགས་འཆང་དངོས་གྲུབ་ཡང་དག་ནི། །ཞེས་པས། སྔགས་ནི་ཡིད་སྐྱོབ་པ་སྟེ་ལྷའི་དཀྱིལ་འཁོར་དུ་གསལ་བ་ཡིན་ལ། དེ་རྣལ་འབྱོར་གྱི་མངོན་སུམ་དུ་འཆང་བ་དངོས་གྲུབ་ཡང་དག་པ་ཐོབ་པར་བྱེད་པའི་ཐབས་ནི། ཐབས་དང་ཤེས་རབ་ཐམས་ཅད་ཀྱི། །ཞེས་པས། རྣལ་འབྱོར་པ་ཐབས་ཡབ་སུམ་ཅུ་སོ་ལྔ་དང་། ཤེས་རབ་ཡུམ་སུམ་ཅུ་སོ་ལྔ་པོ་ཐམས་ཅད་ཀྱིས་ཚོམ་བུ་ལྔ་པའི་ལྷ་བསྒོམ་པའི་ཚུལ་ནི། དཀྱིལ་འཁོར་ལྔ་དང་ཁྲོ་ཕྲེང་བསྒོམ། །ཞེས་པས། དབུས་སུ་དཀྱིལ་འཁོར་ཆ་ལྔའི་ལྷ་ཡབ་ཡུམ་ལྔ་བཅུ་དང་མཐའ་མར་ཁྲོ་བོ་ཁྲོ་མོ་ཉི་ཤུའི་ཕྲེང་བ་བསྒོམ་སྟེ། ལྷ་ཡབ་ཡུམ་བདུན་ཅུ་རྣལ་འབྱོར་ཕོ་མོ་བདུན་ཅུས་བསྒོམ་པའོ། །ཆགས་པ་མེད་པའི་ཚུལ་གྱིས་ནི། །འོད་ཟེར་རྣམ་པ་མང་པོ་འཕྲོ། །ཞེས་པས། དེ་ལྟར་ཚོམ་བུ་ལྔ་པའི་རྩ་བའི་ལྷ་བདུན་ཅུ་པོ་རྣམས་ལ་མཚན་མར་འཛིན་པ་དང་ཆགས་པ་མེད་པའི་ཚུལ་གྱི་ཡན་ལག་ལྷག་པའི་ལྷ་དང་བཅས་པ་རྣམས་ནི་འོད་ཟེར་རྣམ་པ་མང་པོར་འཕྲོ་བ་དང་བཅས་པ་བསྒོམ་པར་བྱའོ། །ཡོ་བྱད་ལ་སྤྱོད་པའི་ཐབས་ནི། གཉིས་སུ་མེད་པར་བསྟིམ་པར་བྱ། །ཞེས་པས། ཡོ་བྱད་ལྔ་ལ་སྤྱད་བྱ་སྤྱོད་བྱེད་གཉིས་སུ་མེད་པར་འཛིན་པ་མེད་པའི་ངང་དུ་བསྟིམ་པར་ཏེ་སྤྱད་པར་བྱའོ། །དེའི་འབྲས་བུ་ནི། དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། །ཅེས་པས། དངོས་གྲུབ་ཀྱི་མཆོག་ལྷུན་གྲུབ་རིག་འཛིན་གྱི་བསྒྲུབ་བྱའི་སྙིང་པོ་མཐར་ཐུག་རྒྱལ་བ་སྐུ་ལྔ་འགྲུབ་པར་འགྱུར་རོ། །འོ་ན་ཚོམ་བུ་གཅིག་པའི་སྐབས་ནས། གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ། །ཞེས་གསུངས་པས། འབྲས་བུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་གསུམ་པ་ནས། རིག་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་པས། ལྷུན་གྲུབ་རིག་འཛིན་དང་། །ལྔ་པ་ནས། དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། །ཅེས་པས། འབྲས་བུ་སངས་རྒྱས་ཐོབ་པར་བཤད་འདུག་པས་ཇི་ལྟར་བཤད་པ་བཞིན་ཐོབ་བམ་མི་ཐོབ། ཐོབ་ན་ཚོགས་སྒྲུབ་ནས་ཐོད་རྒལ་འབྱུང་བར་ཐལ། རྟགས་ཁས་བླངས་ཁྱབ་པ་ཚད་མས་གྲུབ། འདོད་ན། ལམ་རིམ་ལས། ལམ་མཆོག་དབྱེ་ས་གཅིག་ཡིན་ནོ། །ཞེས་པས། ཟག་མེད་ལམ་གྱི་འདུས་དང་དབྱེ་ས་མཐོང་ལམ་ཡིན་པར་བཤད་པས་གསལ་ལོ། །མི་ཐོབ་ན་ཐོབ་པར་བཤད་པའི་ལུང་དང་འགལ་ལོ་ཞེ་ན། སྤྱིར་ཐོད་རྒལ་གྱི་འབྱུང་ས་དང་གཅིག །གོ་བ་དང་གཉིས། འབྱུང་བའི་རྒྱུ་མཚན་དང་གསུམ་ལས། དང་པོ་ཐོད་རྒལ་གྱི་འབྱུང་ས་ནི། ཟག་བཅས་ལམ་གྱི་སྐབས་སུ་ཕྱག་རྒྱ་གཅིག་པ་དང་། སྤྲོས་བཅས་གཉིས་ནས་འབྱུང་བ་སྲིད་ཀྱི་ཁྱབ་པ་ནི་མེད་དོ། །ཟག་མེད་ལམ་གྱི་སྐབས་སུ་མཐོང་ལམ་ཚེ་ལ་དབང་བའི་རིག་འཛིན་དང་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གཉིས་ནས་འབྱུང་བ་སྲིད་ཀྱིས་ཁྱབ་པ་ནི་མེད་དོ། །གཉིས་པ་ཐོད་རྒལ་གྱི་གོ་བ་ནི། ལམ་བར་ནས་བོར་ནས་གྲངས་ཀྱི་འོག་མ་དོན་གྱི་གོང་མ་ལ་སྦྱོར་བ་ཞིག་ཡིན་ནོ། །གསུམ་པ་ཐོད་རྒལ་འབྱུང་བའི་རྒྱུ་མཚན་ནི། ལམ་རིམ་གྱིས་པ་གང་ཞིག་ལམ་ནས་བོར་དུ་ཡོད་པ་དང་གཅིག །ངང་གིས་བློ་ཆེ་བར་དང་གཉིས། སྟོང་པ་དང་སྙིང་རྗེ་དབྱེར་མེད་བསྒོམ་པའི་ལམ་པ་ཡིན་པ་དང་གསུམ་པོ་གཞི་གཅིག་ལ་འཚོགས་ནས་འབྱུང་གིས་དེ་ལས་གཞན་དུ་ནི་མི་འབྱུང་ངོ་། །རྒྱུ་མཚན་དེའི་ཕྱིར་སྟོང་པ་ཆེན་པོ་བསྒོམ་པའི་རྣལ་འབྱོར་དང་། སྙིང་རྗེ་སྒྱུ་མ་བསྒོམ་པའི་རྣལ་འབྱོར་གཉིས་ངང་གི་བློ་ཆེ་བ་ཅིག་ཡིན་གྱིས། ལམ་ཕྱག་རྒྱ་གཅིག་སྤྲོས་ཚོམ་བུ་ཚོགས་སྒྲུབ་དང་གསུམ་བར་ནས་བོར་དུ་ཡོད་ཀྱང་སྟོང་ཉིད་སྙིང་རྗེ་དབྱེར་མེད་བསྒོམ་པའི་ལམ་པ་མ་ཡིན་པའི་ཕྱིར་ཐོད་རྒལ་མི་འབྱུང་ལ། ཟག་བཅས་བར་ཆད་མེད་པའི་ལམ་ཚོམ་བུ་ཚོགས་སྒྲུབ་པ་བློ་ཆེ་ཤོས་དང་། ཟག་མེད་མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་བློ་ཆེ་ཤོས་གཉིས་ནི་ངང་གིས་བློ་ཆེ་བ་ཡང་ཡིན། སྟོང་པ་སྙིང་རྗེ་དབྱེར་མེད་བསྒོམ་པའི་ལམ་པའང་ཡིན་ཡང་ལམ་པར་ནས་བོར་དུ་མེད་པའི་ཕྱིར་ཐོད་རྒལ་མི་འབྱུང་། རྣམ་པར་སྨིན་པའི་རིག་འཛིན་ནི། །སྟོང་པ་དང་སྙིང་རྗེ་དབྱེར་མེད་བསྒོམ་པའི་ལམ་པའང་ཡིན། ལམ་བར་ནས་བོར་རྒྱུ་ཡང་བསྒོམ་ལམ་དང་མཐར་ལམ་གཉིས་ཡོད་ཀྱང་ངང་གིས་བློ་ཆུང་བ་ཡིན་པའི་ཕྱིར་ཐོད་རྒལ་མི་འབྱུང་ངོ་། །འོ་ན་ཚོམ་བུ་གཅིག་པའི་འབྲས་བུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། གསུམ་པའི་འབྲས་བུ་ལྷུན་གྲུབ་རིག་འཛིན་དང་། ལྔ་པའི་འབྲས་བུ་སངས་རྒྱས་འགྲུབ་པར་བཤད་པས་གོང་གི་ལུང་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ལུང་འདི་དག་ནི་ཞོར་སྒྲུབ་ཞོར་སེལ་གྱི་ལུང་ཡིན་པས་འདི་ལྟར་དུ་གོ་བར་བྱ་སྟེ། དེ་ཡང་ཚོམ་བུ་གཅིག་པ་བསྒྲུབས་པས་ཐོབ་པའི་ཚེ་དབང་དེ་ཕྱག་རྒྱ་ཆེན་པོ་ལ་སྦྱོར། ཚོམ་བུ་གསུམ་པ་བསྒྲུབས་པས་ཐོབ་པའི་ཚེ་དབང་དེ་ལྷུན་གྲུབ་རིག་འཛིན་ལ་སྦྱོར། ཚོམ་བུ་ལྔ་པ་བསྒྲུབས་པས་ཐོབ་པའི་ཚེ་དབང་དེ་མཐར་ཐུག་གི་སངས་རྒྱས་ལ་སྦྱོར་བར་གསུངས་པའི་ལུང་ཡིན་གྱི། ཚོགས་སྒྲུབ་ནས་ཐོད་རྒལ་འབྱུང་བའི་ལུང་ནི་མ་ཡིན་ཏེ། ཚེ་དབང་ནས་ཐོད་རྒལ་འབྱུང་བ་ལུང་གིས་གྲུབ་པས་རྣམ་སྨིན་ནས་ཐོད་རྒལ་འབྱུང་བར་འདོད་བ་ཞོར་ལ་སེལ་བ་ཡིན་ནོ། །ཡང་ཁོ་ན་རེ། ཚོམ་བུ་ཚོགས་སྒྲུབ་ཀྱི་འབྲས་བུ་རྣམ་སྨིན་དང་ཚེ་དབང་གཉིས་གང་རུང་ཡིན་ན། ཚོགས་སྒྲུབ་པའི་དུས་ཀྱི་ཚོམ་བུ་གཅིག་གསུམ་ལྔ་པའི་འབྲས་བུ་སྒོམ་ལམ་མཐར་ལམ་སངས་རྒྱས་དང་གསུམ་བཤད་ན་མི་རིགས་སོ་ཞེ་ན། འོ་ན་དེ་ཚོད་དུ། འདི་ཉིད་ཀྱི་ལེའུ་དགུ་པ་ལས། བྱས་ཏེ་དད་ལྡན་རབ་ཞུགས་ན། །འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་པ་དང་། དེའི་འགྲེལ་པ་ལས། སྔོན་འོག་མིན་དུ་ཞུགས་པ་དང་མཉམ་པར་བསྟན་ཏེ། ཞེས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ལས་དང་པོ་པ་ཞུགས་པ་དང་། མཐར་ལམ་པ་སྐལ་བ་མཉམ་པར་བཤད་པ་ཡང་མི་རིགས་སོ་བྱས་པས། ཁོ་ན་རེ་དུས་ཕྱིས་འགྲུབ་པ་ལ་དགོངས་པ་ཡིན་ནོ་ཞེ་ན། འདིར་ཡང་ཚོགས་སྒྲུབ་ཀྱི་དངོས་འབྲས་མཐོང་ལམ་ཡིན་ཀྱང་ཚོམ་བུ་གཅིག་པ་ཡོ་བྱད་བཞི་ལ་སྤྱོད་པའི་དུས་སུ་ལྟ་སྤྱོད་གཉིས་སུ་མེད་པར་གྱུར་པའི་རྒྱུ་འབྲས་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། ཨཱ་ལི་ཀཱ་ལི་སྤྱོད་པའི་དུས་སུ་ཐབས་ཤེས་རབ་གཉིས་སུ་མེད་པར་གྱུར་པའི་རྒྱུ་འབྲས་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ་པ་ལ་སོགས་པ་ཡང་དུས་ཀྱི་ཚེ་དབང་རིག་འཛིན་གྱིས་ཐོབ་པ་ལ་དགོངས་པ་ཡིན་ནོ་ཞེས་འགོ་མཚུངས་བསྒྲེའོ། །འོ་ན་ཚེ་དབང་གི་འབྲས་བུ་ལ་བཟང་ངན་འབྱུང་བས་ཚོམ་བུ་གཅིག་གསུམ་ལྔ་པའི་ལྷ་ལ་བཟང་ངན་ཡོད་པར་འགྱུར་རོ་ཞེ་ན། ཚོམ་བུའི་དཀྱིལ་འཁོར་གྱི་ལྷ་ལ་བཟང་ངན་མེད་ཀྱང་ལམ་པའི་བློ་ལ་ཆེ་ཆུང་ཡོད་པས་རྒྱུ་ཚོགས་སྒྲུབ་པའི་དུས་སུ། ལྷ་མང་ཉུང་གི་ཁྱད་པར་གྱི་འབྲས་བུ་ལམ་གོང་མ་ལ་སྦྱོར་བའི་དུས་སུ་མཐོ་དམན་བྱུང་བ་ཡིན་ནོ། །འོ་ན་ཚོམ་བུ་གཅིག་གསུམ་ལྔ་པ་བསྒྲུབ་པའི་རྣམ་སྨིན་རིག་འཛིན་ལ་ཡང་བློ་རབ་འབྲིང་ཐ་མ་གསུམ་ཡོད་པར་ཐལ་ཞེ་ན། འདོད་ཐོག་གོ། །འོ་ན་རྣམ་སྨིན་ནས་ཀྱང་ཐོད་རྒལ་འབྱུང་བར་ཐལ་ཞེ་ན་ཁྱབ་པ་མ་གྲུབ་སྟེ། རྣམ་སྨིན་རིག་འཛིན་གྱི་དངོས་འབྲས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཁོ་ན་ལས་མི་ཐོབ་ཀྱང་རྒྱུ་འབྲས་ལམ་གོང་མ་ལ་སྦྱོར་བ་དུས་མྱུར་བུལ་ཡོད་པས་ཁྱད་པར་ཤིན་ཏུ་ཆེའོ། །ཞེས་ཟུར་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྗེ་ཆེན་པོ་བྱམས་པ་སེང་གེ་ཉིད་གསུང་ངོ་། །བླ་མ་གཙང་ནག་འོད་འབར་ན་རེ། ལམ་རང་ས་ནས་བློ་ཆེན་མཐར་ལམ་མ་ཡིན་པ་ཀུན་ནས་ཐོད་རྒལ་འབྱུང་གསུང་ངོ་། །བླ་མ་རྒྱ་གབ་གོང་པ་ན་རེ། ཚོགས་སྒྲུབ་མཚན་ཉིད་པ་བློ་ཆེ་བ་ནས་ཐོད་རྒལ་འབྱུང་བ་མི་སྐྱོན་ཏེ། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་གསུངས་པས། བར་ཆད་མེད་པའི་ལམ་པ་བློ་ཆེ་ཤོས་ཀྱིས་ཟག་བཅས་སུ་ཆོས་ཉིད་ཀྱི་བདེན་པ་མཐོང་ནས། ཟག་མེད་ཀྱི་མཐོང་ལམ་རྣམ་སྨིན་དང་ཚེ་དབང་གཉིས་ཀ་ལ་ལྟོས་མི་དགོས་པའང་ཡོད་གསུང་ངོ་། །འདི་ལ་མཁས་གྲུབ་དག་ལམ་ཆུང་གི་ལུང་ནི། ནུས་པ་མ་ཐོབ་པའི་མཐོང་ལམ་རྣམ་པར་སྨིན་པའི་རིག་འཛིན་ཡིན་པར་གོ་སྟེ། ལུས་རང་དབང་མེད་པར་འདོར་བའི་ཕྱིར་རོ། །དེ་ཡང་ལམ་རིམ་ལས། སྟོབས་ཆུང་རྐྱེན་སྨོན་ཞན་པའི་ཕྱིར། །རྣམ་རྟོག་འབྱུང་བའི་ལྷག་ལུས་བཞག །ཅེས་གསུངས་པས་མངོན་ནོ། །ནུས་པ་ཐོབ་པའི་མཐོང་ལམ་ནི་ཚེ་ལ་དབང་བའི་རིག་འཛིན་ཏེ། རྡོ་རྗེའི་ལུས་སུ་གྱུར་པའི་ཕྱིར་རོ། །དེ་ཡང་ལམ་རིམ་ལས། རྡོ་རྗེའི་ལུས་གྱུར་ཚེ་ཡི་རིགས། །མཐོང་བའི་ཆོས་ལ་མྱ་ངན་འདའ། །ལུས་མ་བོར་བར་སངས་རྒྱས་ས། །འཇིགས་པ་ཀུན་བྲལ་ཆོ་འཕྲུལ་རྫོགས། །ཞེས་བཤད་པས་མངོན་ནོ་གསུང་། ཡང་ཚོམ་བུ་དང་དཀྱིལ་འཁོར་གྱི་ཁྱད་པར་གང་ཡིན་ཞེ་ན། རྗེ་གསང་བདག་སྒྲོ་ཕུག་པའི་བཞེད་ཀྱིས་བསྒོམ་བྱ་ལྷའི་ཁྱད་པར་དང་། སྒོམ་བྱེད་རྣལ་འབྱོར་པའི་ཁྱད་པར་གཉིས་སུ་བཞེད་དོ། །དང་པོ་བསྒོམ་བྱ་ལྷའི་ཁྱད་པར་ནི། གཙོ་བོའི་ངོས་ནས་བཞག་པ་ཚོམ་བུ་སྟེ་གཙོ་བོ་རིགས་གཅིག་གིས་བྱས་པ་ཚོམ་བུ་གཅིག་པ། གཙོ་བོ་རིགས་གསུམ་གྱིས་བྱས་པ་ཚོམ་བུ་གསུམ་པ། གཙོ་བོ་རིགས་ལྔས་བྱས་པ་ཚོམ་བུ་ལྔ་པ་སྟེ། དེ་དག་ཀྱང་གཙོ་འཁོར་ལྷ་གྲངས་དང་གྲལ་ངེས་པ་ཅན་ཡིན་ནོ། །དཀྱིལ་འཁོར་ནི་ལྷ་རྣམ་གྲངས་བྱུང་རྫོགས་གཙོ་འཁོར་གཉིས་ཀར་གྱི་ངོས་ནས་བཞག་པ་དཀྱིལ་དང་འཁོར་དང་བཅས་པའི་ཕྱིར་དཀྱིལ་འཁོར་ཏེ། ལྷ་གྲངས་དང་གྲལ་མ་ངེས་པ་ཅན་ཡིན་ནོ། །ཡང་རིགས་འགྱུར་ཀྱང་ཡེ་ཤེས་མི་འགྱུར་བའི་ཕྱིར་སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་མི་འགྱུར་བ་ཚོམ་བུ་དང་། རིགས་དང་ཡེ་ཤེས་གཉིས་ཀ་འགྱུར་བ་དཀྱིལ་འཁོར་དུ་བཞེད་པའང་ཡོད་དོ། །དེའི་གོ་དོན་ནི་སྐུའི་སྒྱུ་འཕྲུལ་གྱི་སྐབས་སུ་དབུས་ཀྱི་གཙོ་བོ་རྣམ་སྣང་གིས་བྱེད་ལ། གསུང་གི་སྒྱུ་འཕྲུལ་གྱི་སྐབས་སུ་དབུས་ཀྱི་གཙོ་བོ་མཐའ་ཡས་ཀྱི་བྱེད་པ་ལ་སོགས་པ་ནི་རིགས་འགྱུར་བ་ཡིན་ལ། རིགས་ཇི་ལྟར་འགྱུར་ཡང་དབུས་ཀྱི་གཙོ་བོའི་ཐུགས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་པ་ལ་སོགས་པ་ནི་རིགས་འགྱུར་ཀྱང་ཡེ་ཤེས་མི་འགྱུར་བ་ཞེས་བྱ་ལ། དབུས་ཀྱི་གཙོ་བོ་རྣམ་སྣང་གིས་བྱེད་ན་དེའི་ཐུགས་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་པ་ལ་སོགས་པ་དང་། དབུས་ཀྱི་གཙོ་བོ་མཐའ་ཡས་ཀྱིས་བྱེད་ན་དེའི་ཐུགས་སོ་སོར་རྟོག་པའི་ཡེ་ཤེས་ཡིན་པ་ལ་སོགས་པ་ནི་རིགས་དང་ཡེ་ཤེས་གཉིས་ཀ་འགྱུར་བ་ཞེས་བྱའོ། །དེའི་ཕྱིར་ན་ཐུགས་ཀྱི་སྒྱུ་འཕྲུལ་གྱི་སྐབས་འདིར་ཚོམ་བུ་གཅིག་གསུམ་ལྔ་པ་ཀུན་གྱི་གཙོ་བོ་རྡོ་རྗེའི་རིགས་ཡིན་པ་བཞིན་དུ། སྐུའི་སྒྱུ་འཕྲུལ་གྱི་སྐབས་སུ་ཚོམ་བུ་གཅིག་གསུམ་ལྔ་པ་ཀུན་གྱི་གཙོ་བོ་དེ་བཞིན་རིགས་ཡིན་པ་ལ་སོགས་པ་བཞེད་པའང་ཡོད་དོ། །གཉིས་པ་སྒོམ་བྱེད་རྣལ་འབྱོར་པའི་ཁྱད་པར་ནི། ལྷ་དང་རྣལ་འབྱོར་པ་བྲང་སྤྲོད་དུ་བསྒོམ་པ་ཚོམ་བུ་ཡིན་ལ། རྣལ་འབྱོར་པ་ཕོ་མོ་གང་རུང་གཅིག་གིས་ཀྱང་ལྷའི་དཀྱིལ་འཁོར་བྱུང་རྫོགས་སུ་བསྒོམ་པ་ནི་དཀྱིལ་འཁོར་རོ། །ཡང་ན་ལྷ་ཡབ་ཡུམ་འབྲེལ་བར་བསྒོམ་པ་ཚོམ་བུ། ལྷ་ཡབ་ཡུམ་འབྲེལ་བར་མ་ངེས་པ་དཀྱིལ་འཁོར་ཞེས་པའམ་ཕོ་མོ་ཟུང་དུ་འབྲེལ་བའི་སྒོ་ནས་བསྒྲུབ་པ་ནི་ཚོམ་བུ། ཕོ་རྐྱང་མོ་རྐྱང་གིས་བསྒྲུབ་ཏུ་རུང་བ་ནི་དཀྱིལ་འཁོར་རོ་ཞེས་བཞེད་པའང་ཡོད། རྒྱལ་ཚ་ཤཱཀྱ་རྡོ་རྗེ་ལྷ་དང་རྣལ་འབྱོར་པ་གཉིས་ཀ་གྲངས་ངེས་པ་ཚོམ་བུ། ལྷ་གྲངས་ངེས་ལ་རྣལ་འབྱོར་པ་གྲངས་མ་ངེས་པ་དཀྱིལ་འཁོར་རོ་གསུངས། དམ་པ་ཤཱཀ་རྒྱལ་རང་རང་གི་རིགས་ཆུང་གིས་རྒྱས་པའང་ཡོད་མ་རྒྱས་པའང་ཡོད་པ་དཀྱིལ་འཁོར། རང་རང་གི་རིགས་ཆུང་གིས་རྒྱས་པ་ཚོམ་བུའོ་གསུངས། ཉི་ཕུག་པ་རིགས་ལྔ་ཆར་ཚང་བ་དཀྱིལ་འཁོར་མ་ངེས་པ་ཚོམ་བུའོ་གསུངས། འོ་ན་ཚོམ་བུ་ཚོགས་སྒྲུབ་པ་འདི་ཟག་བཅས་ཡིན་ནམ་ཟག་མེད་ཡིན། ལྡོག་བཅས་ཡིན་ནམ་ལྡོག་མེད་ཡིན་ཞེ་ན། སྤྱིར་གྱི་ཟག་ལྡོག་ཡོད་མེད་ཀྱི་མུ་བཞི་ཡོད་པ་ལས། ཟག་ལྡོག་གཉིས་ཀ་ཡོད་པའི་ལམ་པ་ནི་སྟོང་པ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས་དང་བཞི་སྟེ། ལམ་རིམ་ལས། དེ་ཕྱིར་ལམ་བཞིར་ལྡོག་ཟག་ཡོད། །ཅེས་གསུངས་པས་མངོན་ནོ། །ཟག་པ་ཡོད་ལ་ལྡོག་པ་མེད་པའི་ལམ་པ་ནི་ཚོམ་བུ་ཚོགས་སྒྲུབ་བོ། །ཟག་ལྡོག་གཉིས་ཀ་མེད་པའི་ལམ་པ་ནི་རིག་འཛིན་བཞིའོ། །ཟག་པ་མེད་ལ་ལྡོག་པ་ཡོད་པའི་ལམ་པ་ནི་ཐེག་པ་ཆུང་ངུའི་མཐར་ཐུག་གི་འབྲས་བུ་ཟག་མེད་དགྲ་བཅོམ་པ་གང་ཞིག །སྔགས་ཀྱི་ཐེག་པ་ལ་ཞུགས་ནས་ཚོགས་སྦྱོར་གྱི་ལམ་ལ་གནས་པ་དེའོ། །འོན་ཀྱང་ལྡོག་བཅས་འདི་རྣམས་སྲིད་པ་ལ་དགོངས་ཀྱིས་ཁྱབ་པ་ནི་མེད་དོ། །ཁ་ཅིག་ནི། ཉོན་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མ་ལོག་པ་དེ་སྲིད་དུ་ལྡོག་བཅས་ཀྱི་ལམ་དུ་འདོད་དེ། ཇི་སྐད་དུ། ཇི་སྲིད་ས་བརྒྱད་མ་ཐོབ་བར། །དེ་སྲིད་ཐེག་པ་དམན་པས་འཇིག །ཅེས་གསུངས་སོ་ཞེ་ན། ལུང་དེ་ནི་མ་དག་ས་བདུན་གྱི་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་ཉམས་ན་ཐེག་དམན་དུ་ལྟུང་བར་དོགས་པའི་ལུང་ཡིན་གྱི་ལམ་པ་དེ་འཁོར་བར་ཕྱིར་ལྡོག་པའི་ལུང་ནི་མ་ཡིན་ནོ། །ཡང་ཟག་བཅས་སུ་ཆོས་ཉིད་རང་གི་མཚན་ཉིད་མཐོང་ངམ་མི་མཐོང་ཞེ་ན། ཆོས་ཉིད་རང་གི་མཚན་ཉིད་ཟག་བཅས་སུ་མི་མཐོང་ལ་ཟག་མེད་ཀྱིས་མཐོང་ཟིན་པའི་ཕྱིར། ཟག་པ་ཟད་པ་དང་ཆོས་ཉིད་རང་མཚན་མཐོང་བ་དུས་གཅིག་གོ། །དེ་ནས་ཟག་བཅས་ཀྱི་བསམ་གཏན་གྱིས་ཆོས་ཉིད་ཀྱི་དོན་མཐོང་བར་བཤད་པའི་ལུང་རྣམས་ནི་སྤྱིའི་རྣམ་པ་མཐོང་བ་ལ་དགོངས་པ་ཡིན་གྱི་རང་གི་མཚན་ཉིད་མཐོང་བ་ལ་དགོངས་པ་མ་ཡིན་ནོ། །དེ་ཡང་མདོ་དོན་བསྡུས་ལས། དེ་དག་ཟག་བཅས་བསམ་གཏན་ཏེ། །གཉིས་མེད་ཡུལ་བྲལ་དེ་མཐོང་མིན། །ཞེས་གསུངས་པས་མངོན་ནོ། །ཡང་ཁ་ཅིག་ན་རེ། སྐབས་འགྲེལ་ལས། གསུམ་པ་བདེན་གཉིས་རང་མཚན་དུ། །མགོ་མཐོང་གཉིས་མེད་བཟོད་མ་ཐོབ། །ཅེས་པའི་ལུང་དེ་ཟག་བཅས་སུ་ཆོས་ཉིད་རང་མཚན་མཐོང་བའི་ལུང་དུ་འདོད་ཀྱང་མ་མཐོང་བའི་ལུང་ཡིན་ཏེ། མགོ་མཐོང་ཞེས་པའི་ཚིག་གིས་གསལ་ལོ། །དེ་ཀ་རང་མཚན་མཐོང་བའི་ལུང་ཡིན་ཟེར་ན། འོ་ན་གྱང་གི་ཕག་ན་མི་ཡོད་པའི་མགོ་བོ་མཐོང་བས་ཀྱང་མི་དེའི་རང་མཚན་མཐོང་བར་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་པར་ནུས་པ་མ་ཡིན་ཏེ། མི་དེའི་གོས་དང་ལུས་ཀྱི་རྣམ་པ་དང་ཤ་མཚན་དང་གཏམ་སྨྲ་ལུགས་དང་བློ་གྲོས་ཆེ་ཆུང་ལ་སོགས་པ་གང་ཡང་མ་མཐོང་བ་ཚད་མས་གསལ་ལོ། །ཡང་ལམ་གོང་འོག་ལ་ཆོས་ཉིད་གསལ་མི་གསལ་གྱི་ཁྱད་པར་ཡོད་དམ་མེད། ཡོད་ན་ཟག་བཅས་སུ་ཆོས་ཉིད་དང་མཚན་མ་མཐོང་བར་ཐལ། འདོད་ན། སྐབས་འབྲེལ་གྱི་ལུང་གིས་གསལ་ལོ། །གསལ་མི་གསལ་མེད་ན། ལམ་རིམ་ལས། གསལ་བའི་བྱེ་བྲག་རིམ་པས་འགྲོ། །ཞེས་གསུངས་སོ་ཞེ་ན། འདི་ལ་གཙང་བ་བྱི་སྟོན་ན་རེ། གསལ་མི་གསལ་མེད་དེ། ཆོད་ཉིད་རང་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །གནས་ཡུན་རིང་ཐུང་ཡོད་དེ། ལམ་གོང་མ་གོང་མར་བགྲོད་པའི་དུས་ན་བརྟན་པ་ཇེ་ཐོབ་ཇེ་ཐོབ་སོང་བ་ཡིན་ནོ་གསུང་ངོ་། །རྗེ་དྲི་ངས་པ་ཉེའུ་སྟོན་ན་རེ། ལམ་གྱི་ཁྱད་པར་གསལ་མི་གསལ་ཡིན་གསུང་ངོ་། །བླ་མ་རྒྱ་གབ་གོང་བ་ན་རེ། གསལ་མི་གསལ་དང་ཡུན་རིང་ཐུང་གཉིས་ཀ་ཡོད་དེ། སྔ་མ་ནི་ལམ་རིམ་ལས། གསལ་བའི་བྱེ་བྲག་རིམ་བར་འགྲོ། །ཞེས་པས་མངོན་ལ། ཕྱི་མ་ནི་སྤྱི་མདོ་ལེའུ་བཅོ་ལྔ་པ་ལས། སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དང་དེ་མ་ཐག་པ་དང་ཐུན་ཕྱེད་དང་ཐུན་དང་། ཞེས་པ་ལ་སོགས་པ་གསུངས་པས་གསལ་ལོ། །ཞེས་གསུངས་མོད་ཀྱི་བཞེད་པ་འདི་དག་ལྟ་བ་དང་ཏིང་ངེ་འཛིན་ཤན་མ་ཕྱེད་པ་ཡིན་ཏེ། ཆོས་ཉིད་སྤྱིའི་རྣམ་པ་མཐོང་བ་ནི་ལྟ་བ་དོན་སྤྱི་ཡིན་ལ། རང་གི་མཚན་ཉིད་མཐོང་བ་ནི་ལྟ་བ་རང་མཚན་ཡིན་ཏེ། དེ་ལྟར་ལྟ་བའི་ངོས་ནས་གསལ་མི་གསལ་དང་ཡུན་རིང་ཐུང་མེད་ལ། དེ་དག་ཡོད་པའི་ལུང་རྣམས་ནི་མཐོང་དོན་བསྒོམ་པའི་ཏིང་ངེ་འཛིན་ལ་གསལ་མི་གསལ་དང་ཡུན་རིང་ཐུང་གི་ལུང་ཡིན་ནོ། །འོ་ན་མ་ཧཱ་ཡོ་གའི་ལུགས་ཀྱི་ལྟ་སྒོམ་ཐ་དད་པར་ཐལ། ལྟ་བ་ལ་གསལ་མི་གསལ་དང་ཡུན་རིང་ཐུང་མེད་ལ། སྒོམ་པ་ལ་ཡོད་པའི་ཕྱིར་རོ། །ཞེ་ན། དེ་ཚོད་དུ་ལམ་དང་འབྲས་བུ་ཐ་དད་པར་ཐལ། ཐོབ་བྱ་འབྲས་བུ་དང་། ཐོབ་བྱེད་ལམ་ཡིན་པའི་ཕྱིར་རོ། །རྟགས་ཚད་མས་གྲུབ། ཁྱབ་པ་འགོ་མཚུངས། འདོད་ན། འདི་ནི་གསང་ཆེན་ངེས་པ་ཡིན། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་གསུངས་པས་གསལ་ལོ། །གསུམ་པ་བསྒྲུབ་པ་ཆེན་པོ་ལ་གཉིས་ཏེ། ཡོ་བྱད་ལྔ་ལ་སྤྱོད་པའི་ཐབས་དང་། །ཡོ་བྱད་ལྔ་ལ་སྤྱད་པའི་དངོས་གྲུབ་བོ། །དང་པོ་ཡོ་བྱད་ལྔ་ལ་སྤྱོད་པའི་ཐབས་བསྟན་པ་ལ་གཉིས་ཏེ། ཡོ་བྱད་བཞི་པ་ལ་སྤྱོད་པའི་ཐབས་དང་། ཡོ་བྱད་ལྔ་པ་ལ་སྤྱོད་པའི་ཐབས་སོ། །དང་པོ་ཡོ་བྱད་བཞི་པ་ལ་སྤྱོད་པའི་ཐབས་ནི། །གོས་རྒྱན༴ དཀྱིལ་འཁོར་མཉེས། །ཞེས་པ་དེར་གདའ་ཞིང་། གོས་རྒྱན་བཟའ་བཏུང་གླུ་དང་ཚིག །ཅེས་པས། ལྷབ་ལྷུབ་དར་གྱི་ཆོས་གོས་ལྔ་དང་། ཞིང་གི་གཡང་གཞི་གླང་ཆེན་གྱི་ཀོ་བ་སྟག་གི་པགས་པ་ལ་སོགས་པ་སྟེ་ཞི་ཁྲོའི་གོས་དང་། སིལ་ཁྲོལ་རིན་པོ་ཆེའི་རྒྱན་བརྒྱད་དང་། ཐལ་ཆེན་ཁྲག་ཞག་སྤྲུལ་དང་ཐོད་པ་སྐམ་ལ་སོགས་པ་སྟེ་ཞི་ཁྲོའི་རྒྱན་གྱི་ཡོ་བྱད་དང་། གཞན་ཡང་བཟའ་བ་དང་བཏུང་བའི་ཡོ་བྱད་དང་། གླུ་དང་སྒྲ་ཚིག་གི་ཡོ་བྱད་དང་། བྲོ་གར་ཚོགས་ཀྱི་སྤྲིན་ཕུང་ལ། །ཞེས་པས། རིགས་སོ་སོའི་བྲོ་གར་འདུ་འཕྲོའི་ཡོ་བྱད་ཀྱི་ཚོགས་དང་བཅས་པ་རྣམས་ཀྱི་མང་པའི་ཚད་ནི་སྤྲིན་གྱི་ཕུང་པོ་ཙམ་ལ་ལོངས་སྤྱོད་པའི་ཐབས་ནི་ཇི་ལྟར་སྤྱད་ཅེ་ན། ཧཱུཾ་དུ་ཤེས་པས་རབ་སྤྱད་ན། །ཞེས་པས། རང་རིག་པའི་ཡེ་ཤེས་ཡི་གེ་ཧཱུཾ་གི་རང་བཞིན་དུ་ཤེས་པས་ཡོ་བྱད་རྣམས་ལ་སྤྱོད་ཅིང་། མ་ཆགས་པའི་ཚུལ་གྱིས་རབ་ཏུ་སྤྱད་ན། །ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས། །ཞེས་པས། ངོ་མཚར་བའི་འབྲས་བུ་ཚོགས་ཆེན་གཉིས་འབྱུང་བའི་དཀྱིལ་འཁོར་ཐམས་ཅད་བདག་ཉིད་ཆེན་པོའི་མཆོད་པས་མཉེས་པའོ། །གཉིས་པ་ཡོ་བྱད་ལྔ་པ་ལ་སྤྱོད་པའི་ཐབས་ལ་གསུམ་སྟེ། ཨཱ་ལི་སྦྱོར་བ་ལ་སྤྱོད་པའི་ཐབས་དང་། ཀཱ་ལི་སྒྲོལ་བ་ལ་སྤྱོད་པའི་ཐབས་དང་། སྦྱོར་སྒྲོལ་ལ་རྩོད་པ་སྤང་བའོ། །དང་པོ་ཨཱ་ལི་སྦྱོར་བ་ལ་སྤྱོད་པའི་ཐབས་ལའང་གཉིས་ཏེ། སྤྱོད་ཐབས་དངོས་དང་། དངོས་གྲུབ་ཆེན་པོ་ཡུམ་གྱི་མཁའ་ལས་བླང་བའོ། །དང་པོ་སྤྱོད་ཐབས་དངོས་ལ་གཉིས་ཏེ། གང་ལ་སྤྱོད་པའི་ཡུམ་དང་། ཇི་ལྟར་སྤྱོད་པའི་ཚུལ་བསྟན་པའོ། །དང་པོ་གང་ལ་སྤྱོད་པའི་ཡུམ་བསྟན་པ་ནི། ལྷ་མོ༴ མི་དབྱེ་བར། །ཞེས་པ་དེར་གདའ་ཞིང་། ལྷ་མོ་ཀླུ་མོ་རིགས་ངན་མོ། །ཞེས་པས། འདི་ལ་ཡང་ལོ་གྲངས་ཀྱི་སྒོ་ནས་དབྱེ་བ་དང་། རྩའི་སྒོ་ནས་དབྱེ་བ་དང་། བྱང་སེམས་ཀྱི་སྒོ་ནས་དབྱེ་བ་དང་། སྦྱོར་ཐབས་ཀྱི་སྒོ་ནས་དབྱེ་བ་དང་བཞིས་སྟོན་པ་ལས། དང་པོ་ལོ་གྲངས་ཀྱི་སྒོ་ནས་དབྱེ་བ་ནི། ལོ་བཅུ་གཉིས་མ་མཚན་དང་ལྡན་པ་ལྷ་མོ་སྟེ་རབ། བཅུ་དྲུག་མ་མཚན་དང་ལྡན་པ་ཀླུ་མོ་སྟེ་འབྲིང་། ཉི་ཤུ་མ་མཚན་དང་ལྡན་པ་རིགས་ངན་མོ་སྟེ་ཐ་མའོ། །གཉིས་པ་རྩའི་སྒོ་ནས་དབྱེ་བ་ནི། རྩ་དུང་ཅན་མ་ཡོད་པ་ལྷ་མོ། མཉམ་མ་ཅན་ཀླུ་མོ། ཞར་མ་ཅན་རིགས་ངན་མའོ། །གསུམ་པ་བྱང་སེམས་ཀྱི་སྒོ་ནས་དབྱེ་བ་ནི། ཉི་ཟླ་གཉིས་ཀ་འཛག་པ་ལྷ་མོ། ཉི་མ་འཛག་པ་ཀླུ་མོ། གཉིས་ཀ་མི་འཛག་པ་ནི་རིགས་ངན་མའོ། །བཞི་པ་སྦྱོར་ཐབས་ཀྱི་སྒོ་ནས་དབྱེ་བ་ནི། བདག་གཞན་གཉིས་ཀ་བདེ་བའི་སྦྱོར་ཐབས་ཤེས་པ་ནི་ལྷ་མོ། གཞན་བདེ་བ་ཀླུ་མོ། བདག་བདེ་བ་ཙམ་རིགས་ངན་མོ། །ཡང་ན་ལྷ་མོ་ནི་ལྷ་མོ་དངོས། ཀླུ་མོ་ནི་ཀླུ་མོ་དངོས་ཏེ། དེ་དག་སྔགས་དང་ཏིང་ངེ་འཛིན་གྱི་དངོས་སུ་དགུག་པའམ་དེ་མ་ནུས་ན་རིགས་ངན་མོ་སྟེ་མིའི་བུ་མོ་ཡང་རུང་བས། དབྱེ་བའམ་ཡང་ན་མི་དབྱེ་བར། །ཞེས་པས། སློབ་དཔོན་ནུས་པ་ཆུང་བ་སྟེ་དགོངས་པ་མི་གསལ་ན། ཕྱག་རྒྱའི་མཚན་བཟང་ངན་དབྱེ་ནས་བཟང་རིགས་བསྟེན་ཅིང་ངན་རིགས་མི་བསྟེན་པའམ། ཡང་སློབ་དཔོན་ནུས་པ་ཆེ་ཞིང་དགོངས་པ་གསལ་ན་ཕྱག་རྒྱའི་མཚན་བཟང་ངན་མི་དབྱེ་བར་བྱ་བ་སྟེ། ངན་ཡང་སྐྱོན་གྱིས་གནོད་མི་ནུས་པའི་ཕྱིར་གང་རྙེད་བསྟེན་པར་བྱའོ། །གཉིས་པ་ཇི་ལྟར་སྤྱོད་པའི་ཚུལ་བསྟན་པ་ནི། ཡུམ་གྱི༴ བསྟིམ། །ཞེས་པ་དེར་གདའ་ཞིང་། ཡུམ་གྱི་པད་མའི་དཀྱིལ་འཁོར་དུ། །ཞེས་པས། དེ་ཡང་ཡུམ་མཚན་ལྡན་གྱི་གསང་བའི་པདྨའི་ནང་དུ་ཚོམ་བུ་རྒྱས་འབྲིང་བསྡུས་གསུམ་གང་ཡིན་གྱི་དཀྱིལ་འཁོར་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་དང་བཅས་པ་བསྐྱེད་ལ། བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །ཞེས་པས། བདེ་བ་ཐུགས་ཀྱི་དཀྱིལ་འཁོར་ཡབ་ཀྱི་ཟླ་བ་བྱང་ཆུབ་ཀྱི་སེམས་སྤྲོ་ཞིང་། སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། །ཞེས་པས། ཕྱོགས་བཅུའི་སངས་རྒྱས་མང་ཉུང་གི་ཚད་སྤྲིན་གྱི་ཚོགས་མ་ལུས་པ་ཚོམ་བུ་རྒྱས་འབྲིང་བསྡུས་གསུམ་གྱི་ལྷ་ཚོགས་གང་ཡིན་གྱི་དཀྱིལ་འཁོར་དུ་རིགས་བསྡུས་པ་དེ་ལ། དགྱེས་མཉམ་མཆོག་གི་སྦྱིན་པས་བསྟིམ། །ཞེས་པས། དགྱེས་པ་ཆེན་པོའི་མཆོད་པ་ཕུལ་བས་བདག་དང་སངས་རྒྱས་དང་སེམས་ཅན་ཐམས་ཅད་རང་རིག་པའི་ངོ་བོར་མཉམ་པའི་ཕྱིར་ཡབ་ཡུམ་རོལ་པའི་བདེ་བས་བདག་མཆོད་པས་རྒྱལ་བ་མཉེས་ཏེ་འགྲོ་བ་ཚིམ་པ་ནི་མཆོག་གི་སྦྱིན་པ་ཡིན་པས་ན། བདག་དང་རྒྱལ་བ་དང་སེམས་ཅན་གསུམ་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ངང་དུ་བསྟིམ་མོ། །གཉིས་པ་དངོས་གྲུབ་ཆེན་པོ་ཡུམ་གྱི་མཁའ་ལས་བླང་བ་བསྟན་པ་ནི། བསྒྲུབ་པ༴ འགྱུར། །ཞེས་པ་དེར་གདའ་ཞིང་། བསྒྲུབ་པ་ཉི་ཟླའི་སྙིང་པོ་དེ། །ཞེས་པས། དེ་ལྟར་བདེ་བའི་ཡེ་ཤེས་ཆེན་པོ་བསྒྲུབ་པའི་ཐབས་སྦྱོར་བའི་བསྙེན་སྒྲུབ་བཞི་པའི་སྒྲུབ་པ་ཆེན་པོའི་དུས་སུ་དངོས་གྲུབ་ཆེན་པོ་བླང་བར་བྱ་བ་སྟེ། གང་བླང་ན། ཡབ་ཡུམ་གཉིས་སུ་མེད་པར་རོལ་པ་ལས་བྱུང་བའི་ཐིག་ལེ་ཉི་ཟླ་གཉིས་འདྲེས་ཡོན་ཏན་ཐམས་ཅད་ཀྱི་བཅུད་འདུས་པའི་སྙིང་པོ་དེ་བླང་། དཀྱིལ་འཁོར་ཞེས་པས་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཡེ་ཤེས་ལྔར་རང་གསལ་བར་བྱེད་པའི་རྟེན་ཡིན་པས་ན་དེ་བླང་བར་བྱའོ། །སུས་བླང་ན་བར་ཆད་མེད་པའི་ལམ་པས་བླང་བར་བྱའོ། །དུས་ནམ་གྱི་ཚེ་བླང་ན་ཚོམ་བུ་ཚོགས་སྒྲུབ་པའི་ནུབ་ཐ་མའི་ཐོ་རངས་ཀྱི་དུས་སུ་བླང་བར་བྱའོ། །གང་ནས་བླང་ན་ཡུམ་གྱི་མཁའ་ནས་བླང་བར་བྱའོ། །གང་གིས་བླང་ན། རྡོ་རྗེ་ལྕེ་ཡིས་བླང་། །ཞེས་པས། ཐིག་ལེ་འདྲེན་ལྡོག་ལ་མཁས་པའི་ཡབ་ཀྱི་རྡོ་རྗེའི་ལྕེ་ཡིས་བླང་བ་སྟེ་གསང་བའི་རྡོ་རྗེ་ཉིད་དོ། །ཡང་ལྕེ་རྡོ་རྗེ་རྩེ་ལྔ་པར་བསྒོམ་པ་དེ་ཡིས་བླང་ངོ་། །ཚུལ་ཇི་ལྟར་བླང་ན། བུང་བ་མེ་ཏོག་འཇིབ་པའི་ཚུལ་གྱིས་བླང་ངོ་། །དགོས་ཆེད་ཅིའི་ཕྱིར་བླང་ན་དངོས་གྲུབ་གཉིས་བདེ་བླག་ཏུ་ཐོབ་པར་བྱ་བའི་ཕྱིར་དུ་བླང་ངོ་། །དངོས་གྲུབ་གཉིས་གང་ཞེ་ན། མཁའ་འགྲོ་གསལ་འབར་ཚེ་ལ་སོགས། །ཞེས་པས། ཐུན་མོང་གི་དངོས་གྲུབ་ནི་ནམ་མཁའ་ལ་བྱ་བཞིན་དུ་འགྲོ་ཞིང་ལྷའི་བུ་མོ་ལ་སྤྱོད་པ་དང་ཁ་དོག་གསལ་བ་དང་འོད་ཟེར་དང་གཟི་བརྗིད་འབར་བ་དང་ཚེ་རིང་བ་དང་ལ་སོགས་པའི་སོགས་ཁོང་ནས་ས་ལ་བྱི་བ་བཞིན་འཛུལ་ནས་ཀླུའི་བུ་མོ་ལ་སྤྱོད་པ་དང་། གཞན་ཡང་མངོན་པར་ཤེས་པ་དང་རྫུ་འཕྲུལ་དུ་མ་འཐོབ་བོ། །ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞེས་པས། མཆོག་གི་དངོས་གྲུབ་ནི་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལས་མ་གཡོས་བཞིན་དུ་དགོས་འདོད་ཆར་བཞིན་དུ་འབྱུང་བས་ན་སྤྲིན་གྱི་ཚོགས་ཏེ། དཔེ་དེ་དང་འདྲ་བའི་རིགས་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་དྲུག་པ་ཡང་ཐོབ་པར་འགྱུར་རོ། །ཡང་ན་སྔ་མ་གསང་བའི་རྡོ་རྗེས་བླངས་པའི་ཡོན་ཏན་ནི། ཡིད་བཞིན་སྤྲིན་གྱི་བདག་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ལ། ཕྱི་མ་ལྕེ་རྡོ་རྗེ་རྩེ་ལྔར་བསྒོམས་ནས་བླངས་པའི་ཡོན་ཏན་ནི་མཁའ་འགྲོ་གསལ་འབར་ཚེ་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཉིས་པ་ཀཱ་ལི་སྒྲོལ་བ་ལ་སྤྱོད་པའི་ཐབས་བསྟན་པ་ནི། ཞིང་གྱུར༴ ཐར་པའི་ཐབས། །ཞེས་པ་དེར་གདའ་ཞིང་། ཞིང་གྱུར་མཆོག་དང་མཆོག་ཕྲན་རྣམས། །ཞེས་པས། དེ་ཡང་བསྒྲལ་བའི་ཞིང་དུ་གྱུར་པ་ནི་གཉིས་ཡིན་ཏེ། བཀྲ་ཤིས་དག་པའི་ཞིང་དང་། ཐུགས་རྗེས་ཟུང་བའི་ཞིང་ངོ་། །སྔ་མ་ནི་བྲམ་ཟེ་སྐྱེ་བ་བདུན་པ་ཡིན་ཏེ། དེའི་ཤ་རུས་ལ་སོགས་པ་དངོས་གྲུབ་ཀྱི་རྫས་ཁྱད་པར་ཅན་ཡིན་པའི་ཕྱིར་དང་། ཕྱི་མ་ནི་གསལ་བཀྲ་ལས། དཀོན་ཅོག་གསུམ་དང་རྡོ་རྗེ་སློབ་དཔོན་གྱི་སྐུ་དགྲ་དང་། དམ་ཉམས་པ་དང་ལོག་པ་དང་དམ་ལ་འཁུ་བ་དང་། །འདུ་བར་འོངས་བ་དང་སེམས་ཅན་ཡོངས་ལ་གནོད། །པ་དང་། དམ་དགྲ་ངན་པའི་ངང་ཙུལ་ཅན། །དང་། ངན་སོང་གསུམ་པོ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱི་དང་དུ་བླངས། །ཞེས་གསུངས་པས། བསྒྲལ་བའི་ཞིང་བཅུ་པོ་དེ་དག་ནི་ཤིན་ཏུ་སྙིང་རྗེ་བས་ན་ཕན་གདགས་པའི་ཕྱིར་དུ་བསྒྲལ་བའོ། །དེ་ཡང་མཆོག་ནི་མི་ལས་གྱུར་པ་བརྒྱད་དང་། མཆོག་ཕྲན་ནི་ངན་སོང་གསུམ་མོ། །འོ་ན་བསྒྲལ་བའི་ཞིང་བཅུ་གཅིག་ཡོད་དམ་སྙམ་ན། དཀོན་ཅོག་སློབ་དཔོན་སྐུ་དགྲ་གཉིས་གཅིག་ཏུ་བསྡུས་པའོ། །ཡང་ན་མཆོག་ནི་བསྒྲལ་བྱ་གང་ཡིན་པ་ལ་ངོས་འཛིན་ཅིང་། མཆོག་ཕྲན་ནི་ཙ་ར་དང་ཤེལ་ཆེན་ལ་བཀུག་ནས་སྒྲོལ་ཞེས་བཞེད་པའང་ཡོད་དོ། །མདོར་ན་གང་བསྒྲལ་བར་བྱ་ན་བསྒྲལ་བྱ་བཅུ་གཅིག་པོ་དེ་རྣམས་བདག་གཞན་ཆོས་གསུམ་གྱི་དོན་དུ་བསྒྲལ་བར་བྱའོ། །གང་གིས་སྒྲོལ་ན་བར་ཆད་མེད་པའི་ལམ་པས་བསྒྲལ་བར་བྱ། དུས་ནམ་གྱི་ཚེ་སྒྲོལ་ན་ཚོམ་བུ་ཚོགས་སྒྲུབ་ཀྱི་ནུབ་ཐ་མའི་ནམ་གུང་གི་དུས་སུ་བསྒྲལ་བར་བྱ། ཐབས་གང་གིས་སྒྲོལ་ན་རྡོ་རྗེ་སློབ་དཔོན་སྒྲོལ་བའི་ཐབས་ལ་མཁས་པ་དང་ལྡན་པས་བསྒྲལ་བར་བྱ་བ་ཡིན་ཏེ། དེ་ཡང་རང་བཞིན་གྱིས་སྒྲོལ་བ་ལྟ་བའི་ཐབས་ལ་མཁས་པ། ཏིང་ངེ་འཛིན་གྱིས་སྒྲོལ་བ་བསྒོམ་པའི་ཐབས་ལ་མཁས་པ། དབང་པོ་ཡུལ་དུས་ཀྱིས་སྒྲོལ་བ་སྤྱོད་པའི་ཐབས་ལ་མཁས་པ། ཐབས་ཆེན་པོས་སྒྲོལ་བ་གདམས་ངག་གི་ཐབས་ལ་མཁས་པ། མངོན་དུ་བྱུང་བས་སྒྲོལ་བ་མཛད་སྤྱོད་ཀྱི་ཐབས་ལ་མཁས་པ་ལྔ་དང་ལྡན་པས་བསྒྲལ་བར་བྱ་བ་སྟེ། ཉི་ཟླའི་སྟེང་དུ་མཁས་པས་བཞག །ཅེས་པས། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་དྲག་པོའི་དཀྱིལ་འཁོར་གྲུ་གསུམ་པ་བྲིས་ཏེ། ཨེ་རཾ་གྱིས་དྲག་པོའི་དཀྱིལ་འཁོར་བསྐྱེད་ལ་ཨ་དང་མ་ལས་བྱུང་བའི་ཉི་ཟླའི་གདན་གྱི་སྟེང་དུ་སྒྲོལ་བའི་ཐབས་ལ་མཁས་པ་བདག་ཉིད་གིང་དང་བཅས་པའི་ཏིང་ངེ་འཛིན་ལ་མ་ཡེངས་པས། བསྒྲལ་བྱ་སྔགས་དང་ཏིང་ངེ་འཛིན་གྱི་ནུས་པས་དངོས་སུ་བཀུག་ལ་གྲུ་གསུམ་གྱི་སྟེང་དུ་མགོ་བོ་ལྷོ་ནུབ་དང་རྐང་པ་བྱང་ཤར་དུ་བསྟན་ཏེ། འཁོར་བ་རུ་བཟློག་གི་ཚུལ་དུ་གན་རྐྱལ་དུ་བསྒྱེད་བའི་སྙིང་གར་རྡོ་རྗེས་མནན་ལ་བཞག་གོ། །ཚུལ་ཇི་ལྟར་སྒྲོལ་ན། ང་རྒྱལ་ལག་གི་འདུ་བྱེད་བསྒོམ། །ཞེས་པས། ང་རྒྱལ་རྣམ་པ་ལྔ་དང་ལྡན་པའི་ཚུལ་གྱི་བསྒྲལ་བར་བྱ་སྟེ། དེ་ཡང་སྒྲོལ་བྱེད་ཀྱི་བླ་མ་དཔལ་ཆེན་པོར་ང་རྒྱལ་བས་ཀུན་བརྟགས་ཀྱི་རྟོག་པ་ཟིལ་གྱིས་གནོན་པའི་དགོས་ཆེད་དང་། སྒྲོལ་གིང་ཊཀྐི་རཱ་ཛ་ང་རྒྱལ་བས་འཁོར་བའི་རུ་བཟློག་པའི་དགོས་ཆེད་དང་། གྲི་འཇམ་དཔལ་རྣོན་པོར་ང་རྒྱལ་བས་མ་རིག་པའི་རྒྱ་མོ་དྲལ་བའི་དགོས་ཆེད་དང་། གིང་གི་ལག་སོར་དཔའ་བོ་འབྲུ་ལྔར་ང་རྒྱལ་བས་བདག་འཛིན་དྲུངས་ནས་བྱུང་བའི་དགོས་ཆེད་དང་། བསྒྲལ་བྱ་རུ་ཏྲར་ང་རྒྱལ་བས་དུག་གསུམ་རྩད་ནས་ཆོད་པའི་དགོས་ཆེད་དང་ལྡན་པས་ཏེ། དེ་ལྟར་ང་རྒྱལ་བ་ལྔ་དང་ལྡན་པའི་ཚུལ་གྱི་ལག་གི་འདུ་བྱེད་ཀྱིས་བསྒྲལ་ལོ། །སྒྲོལ་བའི་ཏིང་ངེ་འཛིན་གང་བསྒོམ་ན། གྲི་འཇམ་དཔལ་རྣོན་པོར་གསལ་བ་དེས་བསྒྲལ་བྱའི་ཁོག་པ་ཤག་གིས་གཤགས་བས་མ་རིག་པའི་དབུགས་ཀྱི་རྒྱ་མོ་དྲལ་བར་བསྒོམ། ལག་སོར་དཔའ་བོ་འབྲུ་ལྔར་གསལ་བ་དེས་སྙིང་ཚིར་གྱིས་ཟུང་བས་སྙིང་གི་རྩ་ཆེན་བཞི་ལ་གནས་པའི་ས་བོན་ཟུང་གསུམ་གཉིད་དང་བཅས་པ་དཔའ་བོ་འབྲུ་ལྔའི་འོད་ཟེར་གྱིས་བསྲེགས་ནས། ཧཱུཾ་དུ་གྱུར་བས་རྣམ་པར་དག །ཅེས་པས། བསྒྲལ་བྱའི་ཤེས་པ་ཡིག་འབྲུ་ཧཱུཾ་དྲུག་ཏུ་གྱུར་པས་འཁོར་བར་སྐྱེ་བའི་ས་བོན་དྲུག་བག་ཆགས་དང་བཅས་པ་རྣམ་པར་དག་ཅིང་། ཧཱུཾ་དྲུག་པོ་དེ་ཡང་ཐུགས་རང་རིག་པའི་ཡེ་ཤེས་སུ་གཅིག་བ་ལས་མ་འདས་པའམ་ཆོས་ཉིད་དུ་གཅིག་པའི་ཕྱིར་ཧཱུཾ་དཀར་པོ་གཅིག་ཏུ་གྱུར་པར་བསྒོམ་སྟེ། དེ་ནི་ཕྱི་ལྟར་ན་བསྒྲལ་བྱའི་ཁོག་དབུགས་བྲལ་ནས་ཁོའི་ཙིཏྟ་དངོས་སུ་བྱུང་བ་ཡིན་ལ། ནང་ལྟར་ན་ཐོས་བསམ་གྱི་ཤེས་རབ་ཀྱིས་གཟུང་འཛིན་གྱི་རྒྱ་མོ་དྲལ་ནས་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་དྲུངས་ནས་བྱུང་བ་ཡིན་ཏེ། ཤེས་པ་ཆོས་ཉིད་དུ་བསྒྲལ་བ་ཞེས་བྱའོ། །དབྱིངས་སུ་ཐིམ་ནས་ཕྱག་རྒྱ་འབར། །ཞེས་པས། དེ་ནས་ཧཱུཾ་དཀར་པོ་དེ་བདག་རྡོ་རྗེ་རྒྱལ་པོ་ལྷར་གསལ་ནས་ཡབ་ཡུམ་སྦྱོར་བ་མཛད་པའི་ཤངས་བུག་གཡོན་གྱིས་རྔུབས་པས་ཀླད་པའི་རྒྱས་སུ་ཕྱུངས་སྐུའི་དབྱིབས་བརྒྱུད། སྲོག་དག་པ་རྡོ་རྗེའི་ལམ་ནས་ཕྱུང་ཡུམ་གྱི་མཁའ་ལ་བབ་བས་གསང་བའི་དབྱིངས་སུ་ཐིམ་པར་བསྒོམ་མོ། །དེ་ནི་ཤེས་པ་ཡུམ་གྱི་མཁའ་ལ་བསྒྲལ་བ་ཞེས་བྱའོ། །དེ་ནས་ཡུམ་གྱི་མཁའི་གསུང་ཡིག་འབྲུ་ཧཱུཾ་དེ་ཡོངས་སུ་གྱུར་པ་ལས་ཐུགས་ཕྱག་རྒྱ་རྡོ་རྗེའི་འོད་འབར་བ་གཅིག་ཏུ་གྱུར། སྐུར་གྱུར་འོད་ཟེར་འཕྲོ་བས་བརྗིད། །ཅེས་པས། རྡོ་རྗེ་དེ་ཡང་ཡོངས་སུ་གྱུར་པ་ལས་སྐུ་ཡོངས་སུ་རྫོགས་པ་རྡོ་རྗེ་སེམས་པའི་སྐུ་ཕྲ་མོ་གཅིག་ཏུ་གྱུར་ཏེ། དེ་ཡང་ཉོན་མོངས་པ་ལྔ་མ་སྤངས་གནས་སུ་དག་པས་འཁོར་འདས་གཉིས་མེད་དུ་ལོངས་སྤྱོད་པས་ན་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་དུ་ལྡན་པ་འོད་ཟེར་སྣ་ལྔ་འཕྲོ་བས་རབ་ཏུ་བརྗིད་པ་དང་ལྡན་པའོ། །གཙུག་ཏུ་རྣམ་པར་རྒྱལ་བ་བསྒོམ། །ཞེས་པས། རྡོ་རྗེ་སེམས་དཔའ་དེའི་སྤྱི་གཙུག་ཏུ་འཁོར་བ་ལས་རྣམ་པར་རྒྱལ་བ་མཚོན་པ་རིགས་ཀྱི་བདག་པོ་མི་བསྐྱོད་པ་ཚོན་གང་བ་བསྒོམ་མོ། །དེ་ནི་རྡོ་རྗེ་སེམས་དཔའ་མཚན་ཡོངས་སུ་རྫོགས་པའི་ས་ལ་བསྒྲལ་བ་ཞེས་བྱའོ། །རྡོ་རྗེ་སེམས་དཔའ་དེ་ཡང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞག །ཡཾ་ལས་རླུང་གི་དཀྱིལ་འཁོར་གྱིས་བཏེག་ནས། ཨ་ཡཾ་སྥར་ཎ་ཕཊ། ཅེས་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་བཞུགས་གནས་འོག་མིན་གྱི་གནས་སུ་འཕངས་པས། འོག་མིན་ན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྦྱོར་བ་མཛད་པའི་མཁའ་མཚམས་སུ་བསྟིམ་སྟེ་སོང་ནས་དབང་བསྐུར་སྒྲིབ་པ་དག་པ་ལས། ཧཱུཾ་བཛྲ་དྷྲིཀ྄་མུཾ་དྷཱ་དྷུ་ཤྭ་རཱི། ཞེས་བརྗོད་པས། རིགས་ངེས་པའི་སྲས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུར་གྱུར་ཏེ། ཕཊ་ཛཿས་ཕྱིར་བཏོན་པས་ཡབ་ཡུམ་སྐུ་རགས་པ་མཚན་དཔེ་ཡོངས་སུ་རྫོགས་པ་གཅིག་ཏུ་གྱུར་ནས་གནས་དེ་ཉིད་དུ་བཞུགས་པར་བསྒོམ་མོ། །དེ་ཡང་གཞུང་ན་མི་གསལ་ཡང་ཤུགས་ཀྱིས་བསྟན་པ་སྟེ། ལམ་རིམ་ལས། དེ་བཞིན་གཤེགས་པའི་བྱིན་བརླབས་ནས། །རྒྱལ་བའི་སྲས་སུ་དབང་ཡང་བསྐུར། །ཞེས་དང་། གསལ་བཀྲ་ལས། རྣམ་ཤེས་ལྷར་བསྐྱེད་དབང་བསྐུར་འཕངས། །ཡེ་ཤེས་ཚོགས་ཀྱང་རྫོགས་པར་འགྱུར། །ཞེས་དང་། འགྲེལ་པ་མངོན་རྟོགས་ལས། འོག་མིན་དུ་འཕངས་པ་དག་ཀྱང་བྱའོ། །ཞེས་གསུངས་སོ། །དེ་ནི་ཤེས་པ་འོག་མིན་དུ་བསྒྲལ་བ་ཞེས་བྱའོ། །དེ་ནས་ཡང་དག་ལྟར་ཤ་ཁྲག་རུས་པའི་ཚོགས་རྣམས་ལ་རྐོས་བཏབ་སྟེ་དུར་ཁྲོད་དུ་བྱ་བའམ་དུག་གསུམ་གྱི་མཆོད་པ་ལ་སོགས་པ་ཕུལ་བས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མཉེས་པར་བསྒོམ་མོ། །དེ་ནི་ཤ་ཁྲག་རུས་པའི་ཕུང་པོ་དུར་ཁྲོད་མཆོད་སྦྱིན་དུ་བསྒྲལ་བ་ཞེས་བྱའོ། །དགོས་ཆེད་གང་གི་ཕྱིར་བསྒྲལ་ན། །ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཞེས་པས། དེ་ལྟ་བུའི་སྒྲོལ་བའི་ཐབས་ཁྱད་པར་ཅན་འདི་ནི་བདག་ལ་སྒྲིབ་པ་མི་གསོག་ཅིང་གཞན་ལ་སྡུག་བསྔལ་མི་སྐྱེད་པས་ན་ངོ་མཚར་ཞིང་། ལས་ངན་སྤྱད་པས་གནས་ངན་པར་འགྲོ་བའི་རྒྱུ་བསྟན་པའི་སྤྱི་དགྲ་ལ་སོགས་པ་བདུན་དང་། ངན་སོང་གསུམ་དུ་སོང་བ་སྟེ་ཞིང་བཅུ་པོ་ཐམས་ཅད་ཀྱང་སྡུག་བསྔལ་ལས་ཐར་པར་བྱེད་པའི་ཐབས་ཁྱད་པར་ཅན་འདི་ལས་ལྷག་པ་གཞན་མེད་པའི་ཕྱིར་རོ། །གསུམ་པ་སྦྱོར་སྒྲོལ་ལ་རྩོད་པ་སྤང་བ་བསྟན་པ་ནི། ཡེ་ནས༴ མེད། །ཅེས་པ་དེར་གདའ་ཞིང་། དེ་ཡང་གོང་གི་ག་ན་སྦྱོར་བ་དང་། ཏ་ན་སྒྲོལ་བའི་ཚུལ་དེ་དག་ལ། ཁ་ཅིག་ན་རེ། སྦྱོར་བའི་རྣམ་པར་སྨིན་པའི་འབྲས་བུ་རོ་མྱགས་ཀྱི་འདམ་གྱི་དམྱལ་བ་དང་། རྒྱུ་མཐུན་པའི་འབྲས་བུ་མངལ་གྱི་སྲིད་བུར་སྐྱེ་བར་བཤད་ཅིང་། སྒྲོལ་བའི་རྣམ་པར་སྨིན་པའི་འབྲསབུ་ཡང་སོས་ཀྱི་དམྱལ་བ་དང་། རྒྱུ་མཐུན་པའི་འབྲས་བུ་ལས་ཀྱི་སྲིན་པོར་སྐྱེ་བར་བཤད་པས་འདི་དག་ལོག་པའི་ལམ་དུ་འགྱུར་རོ་ཞེ་ན། ཉོན་མོངས་པས་ཀུན་ནས་བླངས་ནས་འདོད་ཆགས་ཐ་མལ་དུ་སྤྱད་པ་དང་། སེམས་ཅན་གྱི་སྲོག་ལ་འཚེ་བ་བྱས་པ་དང་བྱེད་དུ་བཅུག་ན་སྐྱོན་དུ་འགྱུར་བའི་འབྲས་བུ་དེ་ལྟར་ཡིན་མོད་ཀྱི་འདིར་སྐྱོན་མེད་དེ། ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །ཅེས་པས། གཞི་རང་བཞིན་གྱི་སྣང་བ་ཡེ་གདོད་མ་ནས་སྐྱེ་བ་མེད་པ་དོན་དམ་པའི་བདེན་པ་དེ་ཉིད་རྒྱུ་ཤེས་པའི་མཚན་ཉིད་ལྟ་བས་དེ་བཞིན་ཉིད་ཁོ་ནར་རྟོགས་ཤིང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གྱིས་ཉམས་སུ་བླངས་པས། སྒྱུ་མར་སྣང་བ་མིག་ཡོར་ཚུལ། །ཞེས་པས། ཀུན་རྫོབ་ཏུ་སྒྱུ་མར་སྣང་བ་འདི་ཡང་དཔེ་ཐོ་ཡོར་ལ་མིར་འཛིན་པ་དེ་ཉིད་ངོ་ཤེས་པས་གྲོལ་བ་བཞིན། སྣང་བ་ཐམས་ཅད་མིག་ཡོར་གྱི་ཚུལ་དུ་ཤེས་ནས། སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །ཞེས་པས། དངོས་གྲུབ་གཉིས་བསྒྲུབ་པའི་དོན་དུ་ག་ན་སྦྱོར་བ་དང་། ཏ་ན་སྒྲོལ་བའི་བྱ་བ་ཀུན་བྱས་ཀྱང་། རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་པས། ཐ་མལ་པའི་སྦྱོར་སྒྲོལ་རྡུལ་ཕྲ་རབ་ཀྱི་ཆ་ཤས་ཙམ་ཡང་རང་རྒྱུད་པར་བྱས་པ་མེད་པས་ན་སྦྱོར་སྒྲོལ་གྱི་ཉེས་པའི་སྐྱོན་གྱིས་མ་གོས་པར་བསྟན་པའོ། །གཉིས་པ་ཡོ་བྱད་ལ་སྤྱོད་པའི་དངོས་གྲུབ་བསྟན་པ་ལ་གཉིས་ཏེ། དངོས་གྲུབ་འབྱུང་བའི་རྒྱུའམ་གཞི་བསྟན་པ་དང་། དངོས་གྲུབ་བླང་བའི་ཐབས་བསྟན་པའོ། །དང་པོ་དངོས་གྲུབ་འབྱུང་བའི་རྒྱུའམ་གཞི་བསྟན་པ་ནི། རྣལ་འབྱོར༴ དབྱེར་མེད་པའོ། །ཞེས་པ་དེར་གདའ་ཞིང་། རྣལ་འབྱོར་སྔགས་འཆང་དངོས་གྲུབ་ནི། །ཞེས་པས། སྤྱི་གཞི་ཆོས་ཉིད་རང་བཞིན་གྱི་རྣལ་འབྱོར། མངོན་དུ་བྱེད་པ་ལམ་གྱི་རྣལ་འབྱོར། ལྷུན་གྱིས་གྲུབ་པ་འབྲས་བུའི་རྣལ་འབྱོར་དང་གསུམ་ལས། ལམ་གྱི་རྣལ་འབྱོར་ལ་གཉིས་ཏེ། བསྐྱེད་རིམ་མཚན་མ་དང་བཅས་པ་ཕྱག་རྒྱའི་རྣལ་འབྱོར་དང་། རྫོགས་རིམ་མཚན་མ་མེད་པ་ཡེ་ཤེས་ཀྱི་རྣལ་འབྱོར་རོ། །དེ་ལ་རྒྱུད་འདི་ནི། ཕྱག་རྒྱ་དང་ཡེ་ཤེས་གཉིས་མི་འབྱེད་པར་སྟོན་པ་ལམ་གྱི་རྣལ་འབྱོར་ཁོ་ནའོ། །སྔགས་ནི་ཡིད་སྐྱོབ་པ་དང་བྱིན་གྱིས་བརླབ་པའི་ཕྱིར་ལྷ་བསྒོམ་པ་ལ་བྱ་བ་སྟེ། དེ་འཆང་བ་ནི་རྣལ་འབྱོར་གྱི་མངོན་སུམ་དང་། ཤིན་ཏུ་འཆང་བ་ནི་རང་རིག་པའི་མངོན་སུམ་གྱིས་སོ། །དེ་བཅངས་པ་ལ་དགོས་པ་ཅི་ཡོད་ན། ཐུན་མོང་དང་མཆོག་གི་དངོས་གྲུབ་གཉིས་ཐོབ་བོ། །དངོས་གྲུབ་དེ་ནི་གཞི་གང་ལས་བྱུང་ཞེ་ན། མཉམ་རྫོགས་ལྷུན་གྲུབ་ངང་གནས་ཤིང་། །ཞེས་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་མཉམ་པར་རྫོགས་པ་ནི་ལྷུན་གྱིས་གྲུབ་པའི་ལྟ་བ། དེ་ཉིད་ཀྱི་ངང་ལ་གནས་ཤིང་མ་ཡེངས་པ་ནི་བསྒོམ་དུ་མེད་པའི་སྒོམ་པ། སྤྱོད་པས་ཅི་ལའང་ཐོགས་མེད་པའི། །ཞེས་པས། ལྟ་བ་སྟོབས་སུ་བྱས་པས་བག་ཆགས་ཀྱིས་མི་གོས་པ་སྟེ་སྤྱད་བྱ་སྤྱོད་བྱེད་སྤྱོད་དོ་བ་གསུམ་དུ་འཛིན་པ་མེད་པས་ན། བླང་དོར་དང་བྲལ་བའི་སྤྱོད་པ་གང་ཡང་མ་བཀག་པས་ཅི་ལའང་ཐོགས་པ་མེད་པར་སྤྱོད་པ་ནི་ཀུན་ཏུ་བཟང་པོའི་སྤྱོད་པའི་ཁྱད་པར་ཏེ། ཐམས་ཅད་ཡེ་ནས་དབྱེར་མེད་པའོ། །ཞེས་པས། དེ་ལྟར་ལྟ་སྒོམ་སྤྱོད་གསུམ་པོ་ཐམས་ཅད་ཡེ་གདོད་མ་ནས་དབྱེར་མེད་དུ་རྟོགས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་འབྱུང་བ་ནི་འབྲས་བུའོ་ཞེས་པའམ། དངོས་པོ་ཐམས་ཅད་ཡེ་གདོད་མ་ནས་སྣང་སྟོང་གཉིས་སུ་དབྱེར་མེད་པར་གནས་པའི་དོན་རྟོགས་པ་མཐར་ཕྱིན་པ་འབྲས་བུའོ། །གཉིས་པ་དངོས་གྲུབ་བླང་བའི་ཐབས་བསྟན་པ་ནི། ཡན་ལག༴ དཀྱིལ་འཁོར་བསྒོམ། །ཞེས་པ་དེར་གདའ་ཞིང་། ཡན་ལག་དབང་པོ་རྣམ་ཤེས་ཀུན། །ཞེས་པས། ཡན་ལག་ལྔ་དང་དབང་པོ་ལྔ་དང་རྣམ་ཤེས་ཚོགས་བརྒྱད་པོ་ཀུན་ཏུ་རང་རིག་རང་སྣང་བར་ཤེས་པས། རྣམ་སྨིན་ཨཱོཾ་དུ་ཤེས་པར་བྱ། །ཞེས་པས། དེ་དག་རྟོག་པ་རང་ཀ་མའི་རྣམ་པ་མིན་ཏེ། ཡི་གེ་ཨཱོཾ་གྱིས་མཚོན་ནས་ཡེ་ཤེས་ལྔ་པོ་ཉིད་དུ་ལྟ་བས་ཤེས་པར་བྱའོ། །རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཞེས་པས། དེས་མཚོན་པའི་སྐུ་དང་ཡེ་ཤེས་ལྔ་མ་འགགས་པའི་རྩལ་ཡོངས་སུ་རྫོགས་པའི་འབྲས་བུ་རིགས་ལྔ་ལ་སོགས་ལྷ་ཡབ་ཀྱི་དཀྱིལ་འཁོར་ཉིད་དུ་བསྒོམ་པའམ། ཡང་ན་ཁྲོ་བོའི་དཀྱིལ་འཁོར་བསྒོམ། །ཞེས་པས། ཞི་བ་ལས་དགར་བས་ཡང་ན་ཁྲོས་པ་ཁྲོ་བོ་རིགས་ལྔའི་དཀྱིལ་འཁོར་བསྒོམ་མོ། །གཟུགས་སྒྲ་དྲི་རོ་རེག་ལ་སོགས། །ཞེས་པས། དེ་བཞིན་དུ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་ལ་སོགས་པ་ཡུལ་གྱི་རྟོག་པ་ཀུན། རྣམ་སྨིན་མཱུཾ་དུ་ཤེས་པར་བྱ། །ཞེས་པས། རང་ག་མའི་རྣམ་པ་མིན་ཏེ། ཡི་གེ་མཱུཾ་གྱིས་མཚོན་ནས་མཉམ་པ་ཉིད་ཀྱི་དབྱིངས་ཉིད་དུ་ལྟ་བས་ཤེས་པར་བྱ། ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཞེས་པས། མཉམ་པ་ཉིད་ཀྱི་དབྱིངས་དེས་མཚོན་པའི་དབྱིངས་ལྔ་མ་འགགས་པའི་རྩལ་ལྷ་ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ་མོ། །ཡང་ན་ཁྲོ་མོའི་དཀྱིལ་འཁོར་བསྒོམ། །ཞེས་པས། ཞི་བ་ལས་དགར་བས་ཡང་ན་ཁྲོ་མོ་ལྔའི་དཀྱིལ་འཁོར་དུ་བསྒོམ་མོ། །གཉིས་པ་ཁྲོ་བོ་ཚོགས་སྒྲུབ་པ་བསྟན་པ་ནི། ཁྲོ་བོ་ཁྲོ་མོ༴ རྫོགས་པར་བྱེད། །ཅེས་པ་དེར་གདའ་ཞིང་། ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་པོ། །ཞེས་པས། ཁྲོ་བོ་ཚོགས་སྒྲུབ་ཀྱི་ཚོམ་བུ་གཅིག་པ་ལ། དབུས་སུ་ཐུགས་ཀྱི་ཚོམ་བུ་བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱིས་གཙོ་བྱས་པའི་རིགས་ཀྱི་རིགས་ཆུང་དང་བཅས་པའི་ཁྲོ་བོ་ཡབ་ལྔ་དང་ཁྲོ་མོ་ཡུམ་ལྔ་སྟེ་ཡབ་ཡུམ་བཅུའི་ཚོགས་ཆེན་པོ་དཀྱིལ་འཁོར་གྱི་དབུས་སུ་བཀོད་ལ། ཕོ་ཉ་ཕྱག་བརྙན་བཀའ་ཉན་ཚོགས། །ཞེས་པས། ཕོ་ཉ་ཀ་རཱི་མ་བརྒྱད། ཕྱག་བརྙན་སིང་ཧ་མ་བརྒྱད། བཀའ་ཉན་སྒོ་མ་བཞི་རྣམས་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་དང་བཅས་པ། ཅི་བགྱི་ལ་སོགས་ཚོགས་རྣམས་ཀྱིས། །ཞེས་པས། གཞན་ཡང་ལས་ཅི་བགྱི་ཞེས་རང་རང་གི་སྟན་དང་ལག་ཆར་ཆས་པའི་དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་། ལ་སོགས་པའི་སོགས་ཁོང་ནས་ཁྲོ་བོ་ཁྲོ་མོ་ཉི་ཤུ་སྟེ། ཁྲོ་བོ་ཚོམ་བུ་གཅིག་པ་ལ་བདུན་ཅུ་དོན་བརྒྱད་ཀྱི་ལྷ་ཚོགས་རྣམས་དང་རྗེས་སུ་མཐུན་པའི་རྣལ་འབྱོར་པ་རྣམས་ཀྱིས་ཁྲོ་བོའི་ཚོགས་བསྒྲུབས་ན། དངོས་གྲུབ་ལས་རྣམས་རྫོགས་པར་བྱེད། །ཅེས་པས། མཆོག་དང་ཐུན་མོང་གི་དངོས་གྲུབ་གཉིས་སམ་ཕྲིན་ལས་བཞི་ལ་སོགས་པ་ཇི་ལྟར་འདོད་པའི་འབྲས་བུ་རྣམས་རྫོགས་པར་བྱེད་དོ། །ཚོམ་བུ་གསུམ་པ་ལ་དེའི་སྟེང་དུ་མདུན་དུ་སྐུའི་ཚོམ་བུ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་གྱིས་གཙོ་བྱས་པའི་དེ་བཞིན་རིགས་ཀྱི་རིགས་ཆུང་དང་བཅས་པའི་ཁྲོ་བོ་ཡབ་ཡུམ་བཅུ་དང་། རྒྱབ་ཏུ་གསུང་གི་ཚོམ་བུ་པདྨ་ཧེ་རུ་ཀ་ཡབ་ཡུམ་གྱི་གཙོ་བྱས་པའི་པདྨ་རིགས་ཀྱི་རིགས་ཆུང་དང་བཅས་པའི་ཁྲོ་བོ་ཡབ་ཡུམ་བཅུ་སྟེ་ཚོམ་བུ་གསུམ་པ་ལ་ལྷ་དགུ་བཅུ་གོ་བརྒྱད་དང་། ཚོམ་བུ་ལྔ་པ་ལ་གཡས་སུ་ཡོན་ཏན་གྱི་ཚོམ་བུ་རཏྣ་ཧེ་རུ་ཀ་ཡབ་ཡུམ་གྱིས་གཙོ་བྱས་པའི་རིན་ཅེན་རིགས་ཀྱི་རིགས་ཆུང་དང་བཅས་པའི་ཁྲོ་བོ་ཡབ་ཡུམ་བཅུ་དང་། གཡོན་དུ་ཕྲིན་ལས་ཀྱི་ཚོམ་བུ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་གྱིས་གཙོ་བྱས་པའི་ལས་ཀྱི་རིགས་ཀྱི་རིགས་ཆུང་དང་བཅས་པའི་ཁྲོ་བོ་ཡབ་ཡུམ་བཅུ་སྟེ་ཚོམ་བུ་ལྔ་པ་ལ་ལྷ་བརྒྱ་དང་བཅོ་བརྒྱད་དོ། །ཁྲོ་བོའི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་ནི། དཀྱིལ་འཁོར་རྒྱས་པ་ལ་ལྷ་ཚོགས་བརྒྱ་དང་བརྒྱད་དེ། དབུས་ཀྱི་འཁོར་ལོ་རྩིབས་ཆེན་བཞི་ལྟེ་བ་དང་བཅས་པའི་རྩིབས་ཆུང་ཆ་ལྔ་ལྟེ་བ་དང་བཅས་པ་ལ་ཁྲོ་བོ་རིགས་ལྔ་ཡབ་ཡུམ་བཅུ་རང་རང་གི་རིགས་ཆུང་ཡབ་ཡུམ་བཞི་བཅུས་བསྐོར་བ་སྟེ་དབུས་སུ་ལྷ་ལྔ་བཅུ། གནས་ཡུལ་སྒོ་མ་ཉི་ཤུ་སྟེ་བདུན་ཅུ། དབང་མོ་ཉེར་བརྒྱད་དེ་དགུ་བཅུ་གོ་བརྒྱད། ཕྱོགས་བཅུའི་ཁྲོ་བོ་ཡ་བཅུ་སྟེ་དེ་ལྟར་དཀྱིལ་འཁོར་རྒྱས་པ་ལ་ལྷ་བརྒྱ་དང་བརྒྱད་དོ། །དཀྱིལ་འཁོར་འབྲིང་པོ་ལ་རྒྱས་པའི་སྟེང་ནས་རིགས་ཆུང་བཞི་བཅུ་པོ་ཕྲི་བས་ལྷ་དྲུག་ཅུ་རྩ་བརྒྱད་དོ། །དཀྱིལ་འཁོར་བསྡུས་པ་ལ་འབྲིང་པོའི་སྟེང་ནས་ཁྲོ་བོ་བཅུ་པོ་ཕྲི་བས་ལྷ་ལྔ་བཅུ་རྩ་བརྒྱད་དོ། །སྤྱི་དོན་གསུམ་པ་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་ལ་བཞི་སྟེ། ཡོ་བྱད་ལྔ་ལ་སྤྱོད་པའི་འབྲས་བུ་དང་། ཚེ་ལ་དབང་བའི་རིགས་འཛིན་གྱི་ཆ་ལུགས་དང་། མཐར་ཐུག་གི་འབྲས་བུ་དང་། དེ་དག་གི་ཡོན་ཏན་བསྟན་པའོ། །དང་པོ་ཡོ་བྱད་ལྔ་ལ་སྤྱོད་པའི་འབྲས་བུ་ལ་ལྔ་སྟེ། བྲོ་གར་འདུ་འཕྲོའི་ཡོ་བྱད་ལ་སྤྱོད་པའི་འབྲས་བུ་དང་། གླུ་ཚིག་སྒྲའི་ཡོ་བྱད་ཀྱི་འབྲས་བུ་དང་། རྒྱན་དང་བགོ་བའི་ཡོ་བྱད་ཀྱི་འབྲས་བུ་དང་། བཟའ་བ་དང་བཏུང་བའི་ཡོ་བྱད་ཀྱི་འབྲས་བུ་དང་། ཨཱ་ལི་ཀཱ་ལིའི་ཡོ་བྱད་ཀྱི་འབྲས་བུའོ། །དང་པོ་བྲོ་གར་འདུ་འཕྲོའི་ཡོ་བྱད་ལ་སྤྱོད་པའི་འབྲས་བུ་ནི། སྒྱུ་འཕྲུལ༴ འགྱུར། །ཞེས་པ་དེར་གདའ་ཞིང་། སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །ཞེས་པས། ཚོམ་བུ་གསུམ་གྱི་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བ་ནི་སྒྱུ་འཕྲུལ་དྲྭ་བ་སྟེ་དེ་དག་རང་རིག་པའི་མངོན་སུམ་དུ་གསལ་བར་རྫོགས་པའི། དཀྱིལ་འཁོར་བརྟན་པའི་ཏིང་ངེ་འཛིན། །ཞེས་པས། ཚོམ་བུ་གཅིག་གསུམ་ལྔ་པ་སྟེ་ཚོམ་བུ་གསུམ་པོ་གང་རུང་གི་ལྷའི་དཀྱིལ་འཁོར་བསྒོམས་པས་བརྟན་པའི་ཚད་གསལ་བའི་ཡུལ་རྐྱེན་གྱིས་མི་འཕྲོགས་པ་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ཐོབ་པ་དེས་ཡོ་བྱད་ལྔ་ལ་སྤྱད་པར་བྱ་སྟེ། དེ་ཡང་བྲོ་གར་འདུ་འཕྲོའི་ཡོ་བྱད་ལ་སྤྱོད་པའི་དུས་སུ། བྲོ་གར་འདུ་འཕྲོའི་ཕྱག་རྒྱ་ཡིས། །ཞེས་པས། ཡན་ལག་ལྔ་ལ་ལྷ་བཀོད་དེ། རྐང་པའི་བྲོ་དང་ལག་པའི་གར་དང་འོད་ཟེར་དང་སྤྲུལ་པའི་འདུ་འཕྲོ་སྣ་ཚོགས་དང་བཅས་པའི་སྒོ་ནས་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་ངང་ལས་མི་འདའ་བ་ཡིས་བྲོ་གར་འདུ་འཕྲོའི་ཡོ་བྱད་ལ་སྤྱད་པའི་འབྲས་བུ་ནི། འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །ཞེས་པས། ཐུན་མོང་གི་དངོས་གྲུབ་རི་བྲག་དང་ས་ལ་འཛུལ་ལམ་ཡང་ན་ནམ་མཁའ་འགྲོ་བས་ཀླུ་དང་ལྷ་དང་གནོད་སྦྱིན་གྱི་བུ་མོ་ལ་སོགས་པ་ལ་ལོངས་སྤྱོད་ཅིང་དེ་དག་ཐམས་ཅད་བྲན་དུ་འཁོལ་བ་དང་། མཆོག་གི་དངོས་གྲུབ་དོན་ཡོད་གྲུབ་པ་འགྲུབ་པར་འགྱུར་རོ། །གཉིས་པ་གླུ་ཚིག་སྒྲའི་ཡོ་བྱད་ཀྱི་འབྲས་བུ་ནི། གླུ་ཚིག༴ འགྱུར། །ཞེས་པ་དེར་གདའ་ཞིང་། གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཞེས་པས། ངག་གི་སྒོ་ནས་གླུ་ཚིག་དང་སྒྲའི་ཡོ་བྱད་ལ་སོགས་པ་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་ངང་ལས་མི་འདའ་བ་ཡིས། གླུ་ཚིག་སྒྲའི་ཡོ་བྱད་ལ་སྤྱོད་པའི་འབྲས་བུ་ནི། ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་པས། ཐུན་མོང་གི་དངོས་གྲུབ་གདུལ་བྱ་སོ་སོ་ལ་བསྟན་པ་ཐམས་ཅད་འཆད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དངོས་གྲུབ་ཐོབ་པར་འགྱུར་ལ། མཆོག་གི་དངོས་གྲུབ་གསུང་སྣང་བ་མཐའ་ཡས་འགྲུབ་པར་འགྱུར་རོ། །གསུམ་པ་རྒྱན་དང་བགོ་བའི་ཡོ་བྱད་ཀྱི་འབྲས་བུ་ནི། རྒྱན་དང་༴ འགྲུབ། །ཅེས་པ་དེར་གདའ་ཞིང་། རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །ཞེས་པས། ཞི་བའི་ཆས་གོས་ལྔ་དང་རིན་པོ་ཆེའི་རྒྱན་བརྒྱད་དེ་རྒྱན་ཆས་བཅུ་གསུམ་དང་། ཁྲོ་བོའི་རུས་པ་དང་སྦྲུལ་གྱི་རྒྱན་དང་ཀོ་རློན་ལ་སོགས་པ་བགོ་བའི་ཡོ་བྱད་དང་ལྡན་པས་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་ངང་ལས་མི་འདའ་བ་ཡིས་རྒྱན་དང་བགོ་བའི་ཡོ་བྱད་ལ་སྤྱོད་པའི་འབྲས་བུ་ནི། འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །ཅེས་པས། ཐུན་མོང་གི་དངོས་གྲུབ་ལུས་ལ་གཟི་བྱིན་དཔག་ཏུ་མེད་པ་འབར་བའི་རྒྱལ་པོ་སུས་ཀྱང་ཐུབ་པ་མེད་པ་འགྲུབ་པར་འགྱུར་ཏེ། དཔུང་བཞིའི་དམག་གིས་ཀྱང་མི་ཚུགས་ལ། མཆོག་གི་དངོས་གྲུབ་རྣམ་པར་སྣང་མཛད་འགྲུབ་པར་འགྱུར་རོ། །བཞི་པ་བཟའ་བ་དང་བཏུང་བའི་ཡོ་བྱད་ཀྱི་འབྲས་བུ་ནི། བཟའ་དང་༴ འགྲུབ། །ཅེས་པ་དེར་གདའ་ཞིང་། བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཞེས་པས། བཟའ་བ་དང་བཏུང་བ་ལ་སོགས་པའི་ལོངས་སྤྱོད་སྣ་ཚོགས་འདོད་ཡོན་གྱི་ལྷ་མོར་བྱིན་གྱིས་བརླབས་ཏེ་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་ངང་ལས་མི་འདའ་བ་ཡིས་བཟའ་བ་དང་བཏུང་བའི་ཡོ་བྱད་ལ་སྤྱོད་པའི་འབྲས་བུ་ནི། ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཅེས་པས། ཐུན་མོང་གི་དངོས་གྲུབ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མཚོན་ཤེལ་གྱིས་སྤར་ཁབ་ཏུ་བཅུག་པ་ལྟ་བུའི་སྐུ་གཟི་མདངས་དང་ལྡན་པ་དང་ཟས་ཐམས་ཅད་བདུད་རྩི་སྟེ་བཅུད་དང་ལྡན་པས་ཟད་པ་མེད་པས་འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པ་འགྲུབ་ལ། མཆོག་གི་དངོས་གྲུབ་རིན་ཅེན་འབྱུང་ལྡན་འགྲུབ་པར་འགྱུར་རོ། །ལྔ་པ་ཨཱ་ལི་ཀཱ་ལིའི་ཡོ་བྱད་ཀྱི་འབྲས་བུ་ནི། ཨཱ་ལི༴ འགྱུར། །ཞེས་པ་དེར་གདའ་ཞིང་། ཨཱ་ཱལི་ཀཱ་ལིའི་ཕྱག་རྒྱ་ཡིས། །ཞེས་པས། ཨཱ་ལི་ཤེས་རབ་ཡུམ་དང་ཀཱ་ལི་ཐབས་ཡབ་སྟེ་ཡབ་ཡུམ་གཉིས་སུ་མེད་པར་རོལ་པའི་ཕྱག་རྒྱ་བཞིས་སྙོམས་པར་ཞུགས་པ་ཡིས་ཞེས་པའམ། ཨཱ་ལི་སྦྱོར་བ་དང་ཀཱ་ལི་སྒྲོལ་བའི་ཡོ་བྱད་ལ་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་ངང་ལས་མི་འདའ་ཡིས་ལོངས་སྤྱད་པའི་འབྲས་བུ་ནི། ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པས། ལས་དང་དངོས་གྲུབ་ཅི་འདོད་པ་འགྲུབ་པ་སྟེ་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དང་མཆོག་གི་དངོས་གྲུབ་ཐམས་ཅད་བསྒྲུབ་པར་འགྱུར་རོ། །གཉིས་པ་ཚེ་ལ་དབང་བའི་རིག་འཛིན་གྱི་ཆ་ལུགས་བསྟན་པ་ནི། མི་དང་༴ འགྱུར་ཡིན། །ཞེས་པ་དེར་གདའ་ཞིང་། མི་དང་ལྷ་དང་ཚངས་པ་ཡི། །ཞེས་པས། ཚེ་ལ་དབང་བའི་རིག་འཛིན་དེའི་ཆ་ལུགས་ཇི་ལྟར་ཞེ་ན། མིའི་དབང་པོ་དངོས་སུ་གྲུབ་པ་དང་འདོད་ཁམས་ཀྱི་ལྷ་རིགས་དྲུག་དང་གཟུགས་ཁམས་ཀྱི་ལྷ་ཚངས་པ་ལ་སོགས་པ་ཡི་ཆ་ལུགས་སུ་གནས་པ་སྟེ། སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཞེས་པས། དེ་རྣམས་ཀྱི་སྐྱེ་བ་རྣམ་པར་དག་པ་རང་དབང་ཅན་དབང་པོ་ལ་ལྷག་ཆད་དང་ཞ་གྲུམ་ལ་སོགས་པ་མེད་པ་འཛིན་པ་ཡིན་མོད་ཀྱི། འོ་ན་དེ་རྣམས་དང་ཁྱད་མེད་དམ་ཞེ་ན། ཀྱང་ཞེས་པས་ཁྱད་པར་ཡོད་དེ། ཁྱད་པར་ས་ལ་གནས་འགྱུར་ཡིན། །ཞེས་པས། དེ་དག་གི་ཁྱད་པར་ནི་ས་ལ་གནས་པ་དང་མི་གནས་པ་དང་མི་གནས་པར་འགྱུར་བའི་ཁྱད་པར་ཡོད་པ་ཡིན་ནོ། །ཡང་རྒྱུའི་ཐེག་པའི་མཐོང་ལམ་དང་ཚེ་ལ་དབང་བའི་ཁྱད་པར་ཡོད་དམ་མེད་ཅེ་ན། རྒྱུའི་ཐེག་པའི་མཐོང་ལམ་དང་ཚེ་ལ་དབང་བའི་རིག་འཛིན་གཉིས་མཐོང་ལམ་ཙམ་དུ་སྐལ་བ་མཉམ་ཡང་དགོངས་པ་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པར་འགྱུར་པ་ཡིན་ནོ། །དེ་བཞིན་དུ་རྒྱུའི་ཐེག་པའི་ས་བརྒྱད་པ་དང་ཕྱག་རྒྱ་ཆེན་པོའི་རིག་འཛིན་གཉིས་སྒོམ་ལ མ་ཙམ་དུ་སྐལ་བ་མཉམ་ཡང་དགོངས་པ་རྒྱུའི་མཐར་ལམ་དང་མཉམ་མོ། །རྒྱུའི་ཐེག་པའི་ས་བཅུའི་བྱང་ཆུབ་སེམས་དཔའ་དང་ལྷུན་གྲུབ་རིག་འཛིན་གཉིས་མཐར་ལམ་ཙམ་དུ་སྐལ་བ་མཉམ་ཡང་དགོངས་པ་ཀུན་ཏུ་འོད་དང་མཉམ་པ་སྟེ། ལམ་ཆུང་ལས། དེ་ཡང་དང་པོའི་དང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་མཆོག་སྟེ། །བརྒྱད་པའི་སེམས་དཔའ་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོ། །དགོངས་སྤྱོད་རྒྱ་མཚོས་ཁྱད་པར་འཕགས། །ཞེས་གསུངས་པས་མངོན་ནོ། །གསུམ་པ་མཐར་ཐུག་གི་འབྲས་བུ་བསྟན་པ་ནི། ཕ་རོལ༴ རྫོགས། །ཞེས་པ་དེར་གདའ་ཞིང་། ཕ་རོལ་ཕྱིན་པ་ཀུན་ཀྱང་རྫོགས། །ཞེས་པས། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་རྟོགས། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་བསྒོམ། དེ་ལྟར་ལྟ་སྒོམ་འགོ་འབྱོར་བས་ཚོགས་གཉིས་རྫོགས་པའི་འབྲས་བུ་ནི། ཕ་རོལ་ཏུ་ཕྱིན་པ་བཅུ་དང་རྒྱུ་དང་འབྲས་བུའི་ཐེག་པའི་ས་དང་ལམ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ཏེ། གང་ཞེ་ན། གང་ལ་ཡང་མི་འཛིན་པས་སྦྱིན་པ། མ་ཆགས་པས་ཚུལ་ཁྲིམས། དོན་ལ་མི་སྐྲག་པས་བཟོད་པ། གཉིས་མེད་ལ་མི་གཡོ་བས་བསམ་གཏན། དེ་ཉིད་ལ་མི་བསྒོམ་མི་ཡེངས་པས་བརྩོན་འགྲུས། རང་རིག་ཏུ་གསལ་བས་ཤེས་རབ། དོན་མངོན་དུ་གྱུར་པས་སྨོན་ལམ། །འབྲས་བུ་གཞན་ནས་མི་འཚོལ་བས་ཐབས། ལྟ་ངན་ཟིལ་གྱིས་གནོན་པས་སྟོབས། །ཡེ་ནས་གནས་པའི་དོན་ཤེས་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་དེ་ལྟར་བཅུ་པོ་ཀུན་ཀྱང་རབ་ཏུ་རྫོགས་ལ། མཉམ་པ་ཉིད་ཀྱི་དབྱིངས་རང་མཚན་མཐོང་བས་ས་དང་པོ་རབ་ཏུ་དགའ་བ། མཐའི་ལྟ་བ་ངན་པ་དག་པས་གཉིས་པ་དྲི་མ་མེད་པ། སེམས་ཉིད་རང་གསལ་ཞིང་འགྲོ་དོན་མི་འགོག་པས་གསུམ་པ་འོད་བྱེད་པ། རང་རིག་ཐམས་ཅད་དུ་འོད་གསལ་བས་བཞི་པ་འོད་འཕྲོ་བ། དོན་གཉིས་དུས་གཅིག་ལ་བྱེད་པས་ལྔ་པ་སྦྱང་དཀའ་བ། སེམས་ཉིད་ཡུལ་མེད་དུ་རང་གསལ་བས་དྲུག་པ་མངོན་དུ་གྱུར་པ། མཐའི་ལྟ་བ་ལས་རིང་དུ་སོང་བས་བདུན་པ་རིང་དུ་སོང་བ། གཡེང་བའི་ཡུལ་མེད་པས་བརྒྱད་པ་མི་གཡོ་བ། ཡོན་ཏན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་མངའ་བས་དགུ་པ་ལེགས་པའི་བློ་གྲོས། དེ་དག་གི་འབྱུང་གནས་སུ་གྱུར་པས་བཅུ་པ་ཆོས་ཀྱི་སྤྲིན་ནོ། །འདིར་བརྩེགས་སྡེབ་ཙམ་ཞིག་བྱེད་པས། ཤེས་རབ་མཆོག་གི་ཞེས་པས། རང་རིག་པ་ཉིད་ཅིར་ཡང་མི་དམིགས་པར་གསལ་བའི་ཤེས་རབ་ནི་ཤེས་རབ་གསུམ་གྱི་ནང་ནས་མཆོག་ཏུ་གྱུར་པ་སྟེ། ས་བཅུ་པ་ཆོས་ཀྱི་སྤྲིན་ལས་ཀྱང་མཆོག་ཏུ་གྱུར་པ་རྒྱུའི་ཐེག་པའི་མཐར་ཐུག་གི་འབྲས་བུ་ཀུན་ཏུ་འོད་ཀྱི་སའོ། །ཐབས་དང་ཤེས་རབ་ཐབས་ཀྱི་ཞེས་པས། འཁོར་བའི་ཆོས་མ་སྤངས་པར་སྤྱོད་པའི་ཐབས་དང་དེ་ལ་འཛིན་པས་ཤེས་རབ་སྟེ་དེ་གཉིས་གཉིས་སུ་མེད་པ་ནི་ཐབས་ཀྱི་ཁྱད་པར་རོ། །མཆོག །ཅེས་པས། དེ་ལྟར་སྤྱད་ཀྱང་སྐྱོན་གྱིས་མ་གོས་པས་ན་ཀུན་ཏུ་འོད་ལས་ཀྱང་མཆོག་ཏུ་གྱུར་པ་པདྨ་ཅན་གྱི་སའོ། །མཆོག་གྱུར་པའི། །ཞེས་པས། ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བས་ན་སྤྱོད་ཡུལ་དུ་ཞེན་པའི་ཐ་སྙད་དང་བྲལ་བས་པདྨ་ཅན་ལས་ཀྱང་མཆོག་ཏུ་གྱུར་པའི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའོ། །ས་ཡི་ཁྱད་པར་བཅུ་དང་གསུམ། །ཞེས་པས། དེ་ལྟར་ས་ཡི་གོང་འོག་གི་ཁྱད་པར་ནི་རྒྱུའི་ས་བཅུ་དང་འབྲས་བུའི་ས་གསུམ་སྟེ། རྒྱུ་འབྲས་ཁྱད་པར་ལྷུན་གྱིས་རྫོགས། །ཞེས་པས། རྒྱུ་མཚན་ཉིད་ཀྱི་ཐེག་པའི་མཐར་ཐུག་ཀུན་ཏུ་འོད་དང་། འབྲས་བུ་རྡོ་རྗེ་ཐེག་པའི་མཐར་ཐུག་པདྨ་ཅན་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་སྟེ་དེ་དག་གི་ཁྱད་པར་མ་འདྲེས་པར་ཡོད་ཀྱང་འོག་མའི་ཡོན་ཏན་རྣམས་གོང་མ་ལ་མ་བཙལ་བར་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་རྫོགས་པའོ། །བཞི་པ་དེ་དག་གི་ཡོན་ཏན་བསྟན་པ་ལ་གཉིས་ཏེ། མཐར་ཐུག་རྒྱལ་བའི་ཡོན་ཏན་བསྟན་པ་དང་། གནས་སྐབས་ལམ་ལ་མི་གནོད་པའི་ཡོན་ཏན་བསྟན་པའོ། །དང་པོ་མཐར་ཐུག་རྒྱལ་བའི་ཡོན་ཏན་བསྟན་པ་ནི། དཀྱིལ་འཁོར༴ འགྱུར། །ཞེས་པ་དེར་གདའ་ཞིང་། དཀྱིལ་འཁོར་ཀུན་ཏུ་རབ་སྦྱོར་བས། །ཞེས་པས། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་རྟོགས་གོམས་མཐར་ཕྱིན་པས་ནི། དཀྱིལ་འཁོར་ཀུན་ཏུ་རབ་ཏུ་སྦྱོར་བས་ཏེ། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པས། རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ཐམས་ཅད་མ་བཙལ་བར་ལྷུན་གྱིས་གྲུབ་པར་འགྱུར་རོ་ཞེས་པའམ། ཡང་ན། དཀྱིལ་འཁོར་ཀུན་ཏུ་རབ་སྦྱོར་བས། །ཞེས་པས། རྒྱུད་གཞུང་འདིའི་དབང་དུ་འབྲས་བུ་མངོན་དུ་བྱས་ཙ་ན་དཀྱིལ་འཁོར་ཀུན་ཏུ་རབ་ཏུ་སྦྱོར་བ་ཡིན་པས། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པས། འདིའི་འབྲས་བུ་ཐོབ་ཙ་ན་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ། །གཉིས་པ་གནས་སྐབས་ལམ་ལ་མི་གནོད་པའི་ཡོན་ཏན་བསྟན་པ་ནི། ཆོ་ག༴ ཉེས་པ་མེད། །ཅེས་པ་དེར་གདའ་ཞིང་། ཆོ་ག་ལྷག་གམ་མ་ཚང་ནའང་། །ཞེས་པས། སྟོང་པ་ཆེན་པོའི་རྣལ་འབྱོར་ལ་སོགས་པའི་ཆོ་ག་ལྔ་ནི་ཅིག་ཅར་བའི་རྟེན་གྱི་གང་ཟག་ལ་དུས་གཅིག་ཏུ་རྫོགས་པས་ན་རིམ་གྱིས་པ་ལྟར་བསྒོམ་མི་དགོས་བཞིན་དུ་བསྒོམས་པས་ལྷག་གམ་ཐོད་རྒལ་བའི་རྟེན་གྱི་གང་ཟག་གིས་ལམ་བར་ནས་བོར་བས་མ་ཚང་ཡང་ཞེས་པའམ། ཡང་ན་རྣལ་འབྱོར་པ་ཏིང་ངེ་འཛིན་ཤིན་ཏུ་གསལ་ན་ཚིག་ལྷག་ཆད་ལ་གཙོ་བོར་མི་འཛིན་པས་ན་ཆོ་ག་ལྷག་གམ་མ་ཚང་ཡང་ཞེས་ཟེར་ལ། སྐྱོན་ཉིད་དག་སྟེ་ཉེས་པ་མེད། །ཅེས་པས། དངོས་གྲུབ་གཉིས་ཐོབ་པའི་ཕྱིར་ན་ཆོ་ག་ལྷག་ཆད་ཀྱི་སྐྱོན་གྱིས་གནོད་པ་ཉིད་དག་སྟེ་མི་གནོད་པ་ནི་ཡོན་ཏན་དུ་གྱུར་པས་ཉེས་པ་མེད་དོ། །དེ་ཡང་སངས་རྒྱས་མཉམ་སྦྱོར་ལས། སྔགས་བསྒོམ་མ་ཉམས་ཕྱག་རྒྱར་གསལ། །ཆོ་ག་ཡོ་བྱད་གཙོར་མ་གསུངས། །འཚོགས་ན་ཡང་ནི་ཉེས་པ་མེད། །མ་འཚོགས་ན་ཡང་འགྲུབ་པར་འགྱུར། །བདག་ཉིད་རང་གི་ལྷར་སྦྱོར་བས། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །ཆོ་ག་ལྷག་གམ་མ་ཚང་ནའང་། །འགྲུབ་པར་འགྱུར་ཏེ་ཉེས་སྐྱོན་མེད། །ཅེས་གསུངས་སོ། །གཉིས་པ་བཀའ་གསང་སྔགས་མཚོན་པའི་ཚིག་དང་གཞུང་གསུངས་པའི་ཡོན་ཏན་གཉིས་སྡེབ་ནས་བསྟན་པ་ནི། རྡོ་རྗེ་གསང་༴ གླེང་ངོ་། །ཞེས་ཆེད་དུ༴ གྱུར་ཏོ། །ཞེས་པ་དེར་གདའ་ཞིང་། རྡོ་རྗེ་གསང་བའི་ཚིག་ཏུ་འོ་ལེའུའི་དོན་དྲིལ་ནས་འབྱུང་བ་འདི་ནི་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ཚིག་ཏུའོ། །ཞེས་དེ་བཞིན་གཤེགས་པ་ཉིད་ལ་དེ་བཞིན་གཤེགས་པ་ཉིད་ཆེད་དུ་གླེང་ངོ་། །ཞེས་པས། སྟོན་པའི་དེ་བཞིན་གཤེགས་པ་ཉིད་ལྷན་ཅིག་པའི་འཁོར་གྱི་དེ་བཞིན་གཤེགས་པ་ཉིད་ལ་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་ཚོགས་སྒྲུབ་པའི་ལེའུ་འདི་དག་གླེང་ངོ་། །ཅེས་ཆེད་དུ་བརྗོད་པས་རོལ་མོའི་སྤྲིན་གྱིས་མཉེས་པར་གྱུར་ཏོ་ཞེས་པས། ཞེས་སྟོན་པས་འཁོར་གྱི་ཆེད་དུ་བརྗོད་པས་སེམས་ཉིད་གཞི་མ་ངེས་པ་ལ་ཡོ་བྱད་ལྔ་ལ་སོགས་པ་སྣ་ཚོགས་སུ་སྣང་ནས་ཚིམ་པར་བྱེད་པས་ན་རོལ་མོའི་ཡོ་བྱད་ལྔ་པོ་མང་ཉུང་གི་ཚད་སྤྲིན་གྱི་ཚོགས་ཙམ་གྱི་མཆོད་པ་གཉིས་སུ་མེད་པར་གནས་སུ་སྟོབས་པས་མཉེས་པར་གྱུར་ཏོ། །གསུམ་པ་ལེའུའི་མཚན་གཉིས་སྡེབ་ནས་བསྟན་པ་ནི། གསང་བའི༴ བཅུ་གཅིག་པའོ། །ཞེས་དང་། གསང་བའི༴ བཅུ་གཉིས་པའོ། །ཞེས་པ་དེ་གདའ་ཞིང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཞེས་པའི་མཚན་གཉིས་ནི། གསང་བའི་ཞེས་རྟོགས་དཀའ་བ། སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉིད་གཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་དེ་མཚན་གྱི་གཞིར་གདའ། ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་གཅིག་པའོ། །ཞེས་པས། ཚོགས་ནི་གསུམ་སྟེ། སྐལ་ལྡན་མིའི་ཚོགས། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས། །དགྱེས་ལྡན་ལྷའི་ཚོགས་སོ། །དེ་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། སྐྱེ་བོ་མཛའ་བ་ཀུན་འཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །འབྱོར་བའི་ལོངས་སྤྱོད་ཚང་བ་ནི། །བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ལྷ་དང་དམ་ཅན་ཀུན་ཀྱང་འདུས། །འདུས་པ་ཆེན་པོའི་ཚོགས་སུ་བཤད། །ཐམས་ཅད་སྤྱོད་ལ་མི་འཛིན་པས། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པ། །ཚོགས་ཆེན་པོ་རུ་ངེས་པར་བཤད། །ཅེས་གསུངས་སོ། །དེ་ལྟ་བུའི་ཚོགས་ཀྱི་དཀྱིལ་འཁོར་གྱི་རྣམ་གྲངས་ནི་ཚོམ་བུ་གཅིག་གསུམ་ལྔ་པའི་དཀྱིལ་འཁོར་རྣམས་ཡིན་ཏེ། རྒྱས་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་བཞི་ལྷ་དང་ལྷ་མོ་འཁོར། །ཡང་ན། འདས་པ་རྟག་ཏུ་དཀྱིལ་ཡིན་ཏེ། །འཇིག་རྟེན་སྣ་ཚོགས་འཁོར་དུ་གསུངས། །ཞེས་གསུངས་སོ། །ཚོགས་སྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ། །ཞེས་པས། དེ་ལྟར་ཚོམ་བུ་བཞི་གསུམ་ལྔ་པའི་སྒོ་ནས་ཚོགས་སྒྲུབ་པ་སྟེ། དེ་དག་སྟོན་པར་བྱེད་པའི་གཞུང་གི་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་སྟེ་དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། ཡས་བགྲངས་བཅུ་གཅིག་པ་དང་བཅུ་གཉིས་པའི་དོན་དུ་གདའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པ་སྡེབ་པའི་གཞུང་དོན་རྣམ་པར་བཤད་པའོ།། ༈ །།ད་ནི་ལེའུ་བཅུ་གསུམ་པ་འཆད་པར་བྱེད་པ་འདི་ལ། ཆོས་ཚོམས་ངོས་བཟུང་བའི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་གསུམ་ཀ་སྟོན། ལམ་ལ་ཐབས་ལམ་གྲོལ་ལམ་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་གསུམ་ཀ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་གཙོ་ཆེར་སྟོན། སྣང་བ་བཞི་ལས་བཞི་ཀ་སྟོན། བློ་འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་དངོས་པོ་བཅུ་ཡོད་པ་ལས་གཞུང་ཧྲིལ་པོས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྟོན། དེའི་ཞོར་ལ་ལྟ་བ་དང་སྤྱོད་པ་སྟོན། ཏིང་ངེ་འཛིན་དང་ཕྲིན་ལས་ཟུར་ཙམ་སྟོན་ནོ། །བློ་ཐ་མའི་ཆོས་ཚོམས་བཤད་ཐབས་འདྲེན་པའི་ཚིག་བཅུ་ལས་རང་བཞིན་ལྟ་བ། ལྡེམ་དགོངས་མན་ངག །གཏར་ཁ་གེགས་སེལ་རྣམས་སྟོན། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པར་བྱེད་པའི་ལེའུ་བཅུ་གསུམ་པ་འདི་ལ་དོན་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ལེའུའི་གཞུང་བསྟན་པ་དང་། ལེའུའི་མཚན་བསྟན་པའོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་བསྟན་པ་ནི། དེ་ནས་དེ་བཞིན་གཤེགས་པ༴ འདི་བརྗོད་དོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པར་ཚོམ་བུ་བསྒོམ་པར་བསྟན་པ་དེ་འདིར་འཁོར་ལོ་བསྒོམ་པ་སྟོན་པས་ན་ནས་ཞེས་བྱ་སྟེ། ཡང་ཤིན་ཏུ་གསང་བའི་མན་ངག་གི་སྙིང་པོ་སྟོན་པས་ན་ནས་ཞེས་བྱ་སྟེ། དེ་ཡང་། འགྲེལ་ཆུང་ལས། ཚོགས་མཆོག་རྒྱ་ཆེར་སྤེལ་བ་ཡང་། །མན་ངག་སྙིང་པོ་ཅན་གྱིས་བྱ། །ཞེས་གསུངས་སོ། །ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་གཅིག་ཏུ་བསྡུས་ནས་དགྱེས་པ་ཆེན་པོས། ཞེས་པས། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ཐམས་ཅད་རང་རིག་པ་ཁོ་ནར་དབྱེར་མི་ཕྱེད་པས་རྡོ་རྗེའི་དཀྱིལ་འཁོར་སེམས་ཉིད་དུ་རང་སྣང་བས་ཐམས་ཅད་གཅིག་ཏུ་འདུས་ནས་དགོངས་པ་བསམ་གྱིས་མི་ཁྱབ་པའི་དགྱེས་པ་ཆེན་པོས། ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་དམ་ཚིག་ཤིན་ཏུ་གསང་བའི་སྙིང་པོ་ཞེས་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེའམ་གདོད་མ་ནས་རང་རིག་པ་ཁོ་ན་ཡིན་པའི་ཕྱིར་སྐུ་གསུང་ཐུགས་ཁོ་ན་ལས་གཞན་པ་མེད་པ་ནི་རྫོགས་པ་ཆེན་པོ། དེ་ཉིད་རང་བྱུང་གི་ཡེ་ཤེས་ཉིད་ཡིན་པས་རྒྱུ་རྐྱེན་མེད་པར་རང་སྣང་བ་ལྷུན་གྱིས་གྲུབ་པ་ལས་མི་འདའ་བའི་དམ་ཚིག་ཕལ་གྱི་ཡུལ་མ་ཡིན་པའི་ཕྱིར་ན་ཤིན་ཏུ་གསང་བའོ། །དེ་ཡང་གང་གསང་ན་རང་བཞིན་གསང་བའི་སྙིང་པོ་དེ་གསང་ངོ་། །ཚུལ་ཇི་ལྟར་གསང་ན་རང་གསང་ཐབས་ཀྱིས་ཆོད་པའི་ཚུལ་གྱི་གསང་ངོ་། །སྤྲིན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པས། དེ་ལྟར་རང་བཞིན་གསང་བའི་སྙིང་པོ་དེ་ཉིད་མཚོན་པར་བྱེད་པའི་སྒོ། མྱོང་བར་བྱེད་པའི་ཐབས། མངོན་དུ་གྱུར་པའི་འབྲས་བུ་ལ་སོགས་པ་མང་པོ་སྤྲིན་ཙམ་དུ་ཕྱེ་ནས་ཡོངས་སུ་བཀོད་པའི་ཏིང་ངེ་འཛིན་ལ་དགོངས་པ་མངོན་དུ་བཞག་པས་ན་སྙོམས་པར་ཞུགས་ནས་འོག་ནས་འབྱུང་བའི་དོན་ཆེད་དུ་བརྗོད་པ་འདི་དག་བརྗོད་དོ། །གཉིས་པ་ལེའུའི་གཞུང་བསྟན་པ་ལ་གཉིས་ཏེ། གཞུང་དངོས་དང་། གཞུང་གསུངས་པའི་ཡོན་ཏན་ནོ། །དང་པོ་གཞུང་དངོས་ལ་དོན་དགུ་སྟེ། མཚོན་པར་བྱེད་པའི་སྒོ་དང་། མྱོང་བར་བྱེད་པའི་ཐབས་དང་། མངོན་དུ་གྱུར་པའི་འབྲས་བུ་དང་། འབྲས་བུ་དེ་བྱས་པ་མ་ཡིན་པར་རང་བྱུང་དུ་བསྟན་པ་དང་། རྒྱུད་ལ་མཐོང་མོས་བྱས་པའི་ཡོན་ཏན་དང་། སྣོད་དང་ལྡན་པའི་ཡུལ་དུ་བསྟན་པ་དང་། མན་ངག་གི་ཆེ་བ་བསྟན་པ་དང་། སྣོད་དང་ལྡན་པ་ལ་སྦྱིན་པ་དང་། སྣོད་ངན་ལ་སྦྱིན་པའི་ཉེས་དམིགས་བསྟན་པའོ། །དང་པོ་མཚོན་པར་བྱེད་པའི་སྒོ་བསྟན་པ་ནི། མ་རྟོགས་པ་དང་༴ ཐུགས་ལ་གནས། །ཞེས་པ་དེར་གདའ་ཞིང་། འདི་ལ་ས་བཅད་ནང་ཚོགས་སུ་ཕྱེ་ན་གསུམ། འཇིག་རྟེན་པའི་ལྟ་བ་མཚོན་པར་བྱེད་པའི་སྒོ་དང་། འཇིག་རྟེན་ལས་འདས་པའི་ལྟ་བ་མཚོན་པར་བྱེད་པའི་སྒོ་དང་། དེ་གཉིས་ཀའི་ཐ་སྙད་མཚོན་པར་བྱེད་པའི་སྒོའོ། །དང་པོ་འཇིག་རྟེན་པའི་ལྟ་བ་མཚོན་པར་བྱེད་པའི་སྒོ་ནི། མ་རྟོགས་པ་དང་ལོག་པར་རྟོགས། །ཞེས་པ་དེར་གདའ་ཞིང་། མ་རྟོགས་པ་སོ་སོའི་སྐྱེ་བོ་ཐ་མལ་བ་དང་། ལོག་པར་རྟོགས་པ་ཕྱི་རོལ་མུ་སྟེགས་པའོ། །དེ་ཡང་མ་རྟོགས་པ་སོ་སོའི་སྐྱེ་བོ་ཐམ་མལ་བས་ནི་ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་ལ་སོགས་པ་ཡོད་པར་ཡང་མ་རྟོགས་མེད་པར་ཡང་མ་རྟོགས་ཏེ། དེ་གཉིས་ཀ་གང་ལ་ཡང་བློ་རྟེན་མི་འཆའ་བ་ཀུན་ཏུ་རྨོངས་པ་འཁྲུལ་བའི་སྣང་བ་ལ་རང་རྒྱུད་པར་ཞེན་པས་གཞི་རང་བཞིན་གྱིས་སྣང་བ་ལས་གོལ་བའི་ཕྱིར། འཇིག་རྟེན་ཕྱལ་བ་པ་ཞེས་བྱ་བ་སྟེ་གྲུབ་མཐས་བློ་མ་བསྒྱུར་བ་ཡིན་ནོ། །དེ་ཡང་འགྲེལ་པ་སྤར་ཁབ་ལས། ཅིར་ཡང་མ་རྟོགས་པ་ནི་འཇིག་རྟེན་ཕྱལ་བ་པ་སྟེ། སྣང་བ་དང་པོ་ལས་གོལ་བའི་ཕྱིར། ཞེས་པས་གོལ་བ་ཞེས་བྱའོ་ཞེས་གསུངས་སོ། །གྲུབ་མཐས་བློ་བསྒྱུར་བ་ལ་གཉིས་ཏེ། ལོག་པར་བསྒྱུར་བ་དང་། ལོག་པ་མ་ཡིན་པར་བསྒྱུར་པའོ། །འདི་གྲུབ་མཐས་བློ་མ་བསྒྱུར་བ་དང་བསྒྱུར་བའི་ཁྱད་པར་ནི། རྟེན་གྱི་གང་ཟག་གང་ཞིག །ཕྱི་རོལ་མུ་སྟེགས་པ་དང་ནང་པ་སངས་རྒྱས་པའི་གྲུབ་མཐའི་རྗེས་སུ་མ་ཞུགས་པ་ནི་གྲུབ་མཐས་བློ་མ་བསྒྱུར་བ་ཡིན་ལ། ཕྱི་ནང་གཉིས་ཀྱི་གྲུབ་མཐའི་རྗེས་སུ་ཞུགས་པ་ནི་གྲུབ་མཐས་བློ་བསྒྱུར་བ་ཡིན་ནོ། །དེ་ཡང་ནང་པའི་ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པ་ཚུ་རོལ་མཐོང་བའི་ཤེས་རབ་ཀྱིས་བཏགས་པ་འཁོར་བའི་སྡུག་བསྔལ་སྐྱེད་པར་བྱེད་པའི་གྲུབ་མཐའ་ལོག་པར་བསྒྱུར་བ་མུ་སྟེགས་བྱེད་ཀྱི་གྲུབ་པའི་མཐའ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྐལ་པ་གྲངས་མེད་པ་གསུམ་དུ་ཡོངས་སུ་བསྒྲུབས་པའི་དོན་སྲིད་པའི་སྡུག་བསྔལ་ཞི་བ་དང་། མྱ་ངན་ལས་འདས་པའི་བདེ་བ་ལ་འགོད་པ་ལྷ་དང་བཅས་པའི་འཇིག་རྟེན་གྱི་བདེ་བའི་འཇུག་ངོགས་ནི་གྲུབ་མཐའ་ལོག་པ་མ་ཡིན་པར་བསྒྱུར་བ་སྟེ་སངས་རྒྱས་པའི་གྲུབ་པའི་མཐའོ། །གཞན་ཡང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མདོ་བཞིར་འདུས་པར་བྱ་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་དང་། མྱ་ངན་ལས་འདས་པ་ཞི་བའོ། །ཞེས་གསུངས་པའི་ལྟ་བ་ཆོས་ཀྱི་ཕྱག་རྒྱ་བཞི་དང་། དེ་བཞིན་དུ་འདོད་པ་ལ་འདོད་པའི་བསོད་ཉམས་ཀྱི་མཐའ་སྤོང་བ་དང་། དོན་མེད་པའི་དཀའ་ཐུབ་བདག་ཉིད་དུབ་པའི་མཐའ་སྤོང་བ་ནི་སྤྱོད་པའི་མཐའ་གཉིས་དང་བྲལ་བ་དང་། འབྲས་བུ་སྲིད་པའི་རྩེ་མོ་ལས་བརྒལ་བར་ནུས་པ་ཅན་ནི་སངས་རྒྱས་པ་ཡིན་ལ། དེ་དག་ཁས་མི་ལེན་པའི་གྲུབ་མཐའ་སྨྲ་བ་ཁ་ཅིག་ནི་མུ་སྟེགས་ཅན་ཡིན་ནོ། །དེ་ལ་མུ་སྟེགས་བྱེད་ཕྱི་རོལ་པའི་གྲུབ་མཐའ་ནི། ཡང་དག་པའི་ལྟ་བ་ལ་འགལ་འདུ་བཙུགས་ནས་ཡིན་ལུགས་ལས་ལོག་པར་རྟོགས་པ་སྟེ། དེ་ལ་ཡང་ཆད་པར་སྨྲ་བ་དང་རྟག་པར་སྨྲ་བའི་ལུགས་གཉིས་ལས། དང་པོ་ཆད་པར་སྨྲ་བ་ནི། དྲང་སྲོང་ལྷའི་བླ་མ་ཕུར་བུའི་རྗེས་སུ་འབྲངས་པའི་རྒྱང་འཕེན་པ་ཡིན་ཏེ། དེ་ཡང་ཚེ་ལྔ་ཕྱི་རྒྱང་དུ་འཕེན་པས་རྒྱང་འཕེན་པ་དང་། ཚེ་སྔ་ཕྱི་མི་འདོད་པས་རྐྱང་པ་བ་དང་། ཚེ་འདི་ཁོ་ན་ལ་ཕན་པར་འདོ ད་པས་རྒྱང་འཕན་པ་ལ་སོགས་པའོ། །གཉིས་པ་རྟག་པར་སྨྲ་བ་ནི། དྲང་སྲོང་སེར་སྐྱའི་རྗེས་སུ་འབྲང་བ་གྲངས་ཀྱི་འཇུག་པའམ་གྲངས་ཡོངས་སུ་ཤེས་པས་གྲོལ་བར་འདོད་པས་གྲངས་ཅན་པ་དང་། དབང་ཕྱུག་ལྷར་འཛིན་ཅིང་སྣོད་བཅུད་ཀྱི་བྱེད་པ་པོ་དབང་ཕྱུག་ཆེན་པོར་འདོད་པའི་དབང་ཕྱུག་པ་དང་། ཁྱབ་འཇུག་ལྷར་འཛིན་ཅིང་སྣ་ཚོགས་ཀྱི་བྱེད་པ་པོ་ཁྱབ་འཇུག་ཏུ་འདོད་པས་ཁྱབ་འཇུག་པ་དང་། དྲང་སྲོང་རྒྱལ་བ་དམ་པ་ལྷར་འཛིན་ཅིང་གོས་མེད་པའི་བརྟུལ་ཞུགས་ཀྱིས་གྲོལ་བར་འདོད་པ་གཅེར་བུ་པའོ། །དེ་ཡང་ཆད་པར་སྨྲ་བ་རྒྱང་འཕེན་པ་དག་མ་ཤིའི་བར་དུ་བདག་ཤེས་རིག་ཏུ་སྐྱེས་ལ་ཤི་ནས་ཆད་པར་འདོད་དོ། །རྟག་པར་སྨྲ་བའི་གྲངས་ཅན་པ་ནི་བདག་རྟག་པ་དང་གཅིག་བུ་དང་རིག་པ་ལ་སོགས་པར་འདོད་དོ། །དབང་ཕྱུག་པ་ནི་བདག་རྟག་པ་དང་བེམ་པོར་འདོད། ཁྱབ་འཇུག་པ་ནི་བདག་ཀུན་ལ་ཁྱབ་པ་དང་བློའི་ངོ་བོ་དང་གཅིག་པུར་འདོད་དོ། །གཅེར་བུ་པ་ནི་བདག་རང་བཞིན་རྟག་ལ་གནས་སྐབས་མི་རྟག་པར་འདོད་དོ། །ཡང་རྟག་པར་སྨྲ་བའི་ནང་ཚན་བྱེ་བྲག་པ་དང་གསང་བ་པ་བདག་ཀུན་ཏུ་སོང་བ་དང་། གཅེར་བུ་པ་ལུས་ཀྱི་ཚད་ཙམ་དང་། རིག་པ་ཅན་རྡུལ་ཕྲ་རབ་ཙམ་དུ་འདོད་དོ། །དེ་ཡང་དབང་ཕྱུག་དང་ཁྱབ་འཇུག་དང་ཚངས་པ་གསུམ་ནི་མུ་སྟེགས་བྱེད་ཕལ་ཆེ་བ་ལྷར་འཛིན་ཅིང་། ངེས་རྗོད་ཀྱི་རིག་བྱེད་དང་། སྙན་ངག་གི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་བཞི་ནི་མུ་སྟེགས་བྱེད་ཕལ་ཆེ་བ་ཆོས་སུ་འཛིན་ནོ། །འདོད་པའི་ཁྱད་པར་མི་འདྲ་བ་ལ་དང་པོ་ལྟ་བའི་ཁྱད་པར་ནི་རྒྱང་འཕེན་པ་རྒྱུ་མེད་པ་དང་། གྲངས་ཅན་པ་གཙོ་བོས་བྱས་པ་དང་། དབང་ཕྱུག་པ་དབང་ཕྱུག་གིས་བྱས་པ་དང་། །ཁྱབ་འཇུག་པ་དེ་ཉིད་ཀྱིས་བྱས་པ་དང་། །གཅེར་བུ་པ་ཚིག་གི་དོན་དགུར་འདོད་པ་ལ་སོགས་པའོ། །དེ་བཞིན་དུ་བདག་ཏུ་སྨྲ་བའི་ཚུལ་ལ་ཡང་། བདག་ཆད་པ་དང་། མ་ཆད་པ་དང་། ཁྱབ་པ་དང་། མ་ཁྱབ་པ་དང་། ཚད་དང་བཅས་པ་དང་། ཚད་མེད་པ་དང་། བེམ་པོ་དང་། རིག་པ་དང་། བློ་དང་། བློ་མ་ཡིན་བ་དང་། གཅིག་བུ་དང་། དུ་མ་དང་། རྣམ་བཅས་དང་། རྣམ་མེད་དུ་འདོད་པ་ལ་སོགས་པ་ཡིན་ནོ། །གཉིས་པ་སྤྱོད་པའི་ཁྱད་པར་ནི། རྒྱང་འཕེན་པ་ལ་སོགས་པ་འདོད་པ་བསོད་ཉམས་ཀྱི་མཐའ་པ་དང་། གཅེར་བུ་ལ་སོགས་པ་བདག་ཉིད་དུབ་པའི་མཐའ་པའོ། །གསུམ་པ་གྲོལ་བའི་ཁྱད་པར་ནི། རྒྱང་འཕེན་པ་ཤི་ནས་ཅི་ཡང་མེད་པར་གྲོལ་བ་དང་། གྲངས་ཅན་པ་དེ་ཉིད་ཉི་ཤུ་རྩ་ལྔ་ཤེས་ན་གྲོལ་བ་དང་། དབང་ཕྱུག་པ་ཚིག་གི་དོན་དྲུག་ཤེས་ན་གྲོལ་བ་དང་། ཁྱབ་འཇུག་པ་དེ་ཉིད་ཀྱི་ཡོན་ཏན་ཤེས་ན་གྲོལ་བ་དང་། གཅེར་བུ་པ་ལས་ཐམས་ཅད་ཟད་ན་གྲོལ་བར་འདོད་པའོ། །དེ་དག་ནི་འཇིག་རྟེན་པའི་ལྟ་བ་མཚོན་པར་བྱེད་པའི་སྒོ་སྟེ། འགྲེལ་བ་སྤར་ཁབ་ལས། དེ་ལ་རྟག་ཆད་གཉིས་ནི་ལོག་པར་རྟོགས་པ་སྟེ་ཕྱོགས་ལས་གོལ་བའོ། །ཞེས་གསུངས་སོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ལྟ་བ་མཚོན་པར་བྱེད་པའི་སྒོ་ནི། ཕྱོགས་རྟོགས༴ རྣམས་ནི། །ཞེས་པ་དེར་གདའ་ཞིང་། དེ་ཡང་འཇིག་རྟེན་ལས་འདས་པའི་ལྟ་བ་མཚོན་པར་བྱེད་པའི་སྒོ་ནི་ནང་པ་སངས་རྒྱས་པའི་ལྟ་བ་ཡིན་པས། འདི་ལ་གཉིས་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པའོ། །དང་པོ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་ཡང་གྲུབ་པའི་མཐའ་ནི་རྣམ་པ་བཞི་སྟེ། ཐེག་པ་ཆུང་ངུ་ལ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་བ་གཉིས་སོ། །ཐེག་པ་ཆེན་པོ་ལ་སེམས་ཙམ་པ་དང་། དབུ་མ་པ་གཉིས་སོ། །དེ་ལ་དང་པོ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ནི་ཉན་ཐོས་སྡེ་པ་བཞིའི་ཡ་གྱལ་ཐམས་ཅད་ཡོད་པར་སྨྲ་བའི་ནང་ཚན་གཞི་ཀུན་ཡོད་པར་སྨྲ་བའི་ཕྱོགས་སུ་གཏོགས་པས་བྱེ་བྲག་ཏུ་སྨྲ་བ་ཞེས་པའམ་བསྟན་བཅོས་བྱེ་བྲག་ཏུ་བཤད་པའི་མཚོ་ཆེན་པོ་དང་མཐུན་པར་སྨྲ་བས་བྱེ་བྲག་ཏུ་སྨྲ་བ་ཞེས་བྱའོ། །འདིའི་གཞུང་ནི། གདམས་ངག་བརྒྱ་དང་། སྤེལ་མ་གསུམ་པའི་ཕྲེང་བ་དང་། ཀ་ཏྱ་ཡ་ནའི་མདོ་དང་། ཚངས་པའི་དྲྭ་བའི་མདོ་ལ་སོགས་པ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་རྣམས་ཡིན་ལ། གྲུབ་པའི་མཐའ་གསལ་བར་བྱེད་པའི་སློབ་དཔོན་ནི་བཙུན་པ་ཆོས་སྐྱོབ་དང་། བཙུན་པ་དབྱིག་ཤེས་ལ་སོགས་པ་ཡིན་ནོ། །འདི་ལ་དབྱེ་ན། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དང་། ཉི་འོག་བྱེ་བྲག་ཏུ་སྨྲ་བ་གཉིས་སོ། །དེ་དག་གི་གྲུབ་མཐའི་འདོད་ཚུལ་ནི། གཟུགས་དང་སེམས་དང་སེམས་ལས་བྱུང་བ་དང་མི་ལྡན་པའི་འདུ་བྱེད་དང་འདུས་མ་བྱས་ཏེ་ཤེས་བྱའི་གཞི་ལྔ་བདེན་པ་དང་། དུས་གསུམ་རྫས་སུ་གྲུབ་པ་དང་། ཤེས་པ་རྣམ་མེད་དུ་དོན་འཛིན་པ་དང་། དེས་རང་མ་རིག་པར་འདོད་དོ། །གཉིས་པ་ཉན་ཐོས་མདོ་སྡེ་པ་ནི། སྨོན་ལམ་གྱིས་མྱ་ངན་ལས་འདས་པར་འདོད་པའི་རིགས་ཅན་བཅོམ་ལྡན་འདས་ཀྱི་མདོའི་རྗེས་སུ་འབྲངས་ཤིང་མདོ་ཉིད་ཚད་མར་བྱེད་པས་མདོ་སྡེ་པ་ཞེས་བྱའོ། །འདིའི་གཞུང་ནི། ཚིགས་སུ་བཅད་པ་གཅིག་པ་དང་། བཞི་པ་དང་། གཉིས་པའི་གཟུངས་དང་། སྒོ་དྲུག་པ་དང་། ཆོས་བཞི་པ་དང་། རྒྱ་ཆེ་རོལ་པ་ལ་སོགས་པ་ཡིན་ལ། འདི་ནི་བཀའ་དང་བོ་དང་ཐ་མ་གཉིས་ཀ་ལ་བརྟེན་པའོ། །གྲུབ་པའི་མཐའ་གསལ་བར་བྱེད་པའི་སློབ་དཔོན་ནི་ཁ་ཆེའི་གནས་བརྟན་བཙུན་པ་དང་། བཙུན་པ་དཔལ་ན་ལ་སོགས་པའོ། །འདི་ལ་དབྱེ་ན། སྣ་ཚོགས་སུ་སྣང་བ་ཤེས་པའི་ངོ་བོ་གཅིག་ཏུ་འདོད་པ་དང་། རྣམ་པའི་གྲངས་བཞིན་དུ་ཤེས་པའང་དེ་སྙེད་དུ་འདོད་པ་དང་། རྣམ་པ་དང་ཤེས་པ་ཕྱེད་མ་སྒོང་བཀས་པ་ལྟར་འདོད་པ་དང་གསུམ་མོ། །གྲུབ་མཐའི་འདོད་ཚུལ་ནི། གཟུགས་དང་སེམས་དང་སེམས་ལས་བྱུང་བ་རྣམས་དོན་དམ་པར་ཡོད་པ་དང་། མི་ལྡན་པའི་འདུ་བྱེད་རྣམ་གསུམ་པོ་དེའི་གནས་སྐབས་ལ་བཏགས་པ་དང་། འདུས་མ་བྱས་རྣམས་ངོ་བོ་ཉིད་མེད་པ་དང་འདྲ་བར་སྐྱེད་བྱེད་ཀྱི་དོན་ནི་གཟུང་བ་དང་། སྐྱེས་ལ་འདྲ་བའི་བློ་ནི་འཛིན་པ་དང་། རྒྱུ་འབྲས་དུས་མི་མཉམ་པ་དང་ཤེས་པ་རང་རིག་ཏུ་འདོད་དོ། །དེ་ལྟར་རྒྱུའི་ཐེག་པ་ཆུང་ངུ་འདི་དག་ལ་རྒྱུད་གཞུང་འདི་ཉིད་ཀྱིས། ཕྱོགས་རྟོགས་ཞེས་པས། སེམས་ཉིད་གནས་ལུགས་ཀྱི་ཕྱོགས་གང་ཟག་གི་བདག་མེད་དམ་བདག་མེད་ཕྱེད་དང་གཉིས་རྟོགས་པ་སྟེ། སྔ་མ་ནི་ཉན་ཐོས་དང་། ཕྱི་མ་ནི་རང་སངས་རྒྱས་སོ། །དེ་ཡང་ཉན་ཐོས་པས་ཆོས་བདག་གཟུང་ཡུལ་རྡུལ་ཕྲ་རབ་དང་འཛིན་སེམས་སྐད་ཅིག་མ་དོན་དམ་དུ་འདོད་ཀྱང་། གཟུང་ཡུལ་རགས་པ་དང་འཛིན་སེམས་རྒྱུན་དང་བཅས་པ་ཀུན་རྫོབ་ཙམ་དུ་སྣང་བ་ལས་རང་བཞིན་མེད་པར་མ་རྟོགས་བའོ། །དེ་ཡང་ཉན་ཐོས་བྱེ་བྲག་པ་ནི་འདི་ལྟར་སྣང་བ་སྒོ་ལྔའི་ཡུལ་རྣམས་ཕྱི་རོལ་གྱི་དོན་དུ་བདེན་པར་འདོད་དོ། །མདོ་སྡེ་པ་ནི་འདི་ལྟར་སྣང་བ་ནི་སེམས་ཀྱི་རྣམ་པར་སྣང་བ་ཡིན་ལ་དེའི་ལྐོག་ན་དེ་དང་རིགས་འདྲའི་དོན་བདེན་རྫས་གྲུབ་ཅིག་ཡོད་པར་འདོད། རང་རྒྱལ་ནི་གང་ཟག་གི་བདག་མེད་རྟོགས་པ་ཉན་ཐོས་དང་མཐུན་ལ་ཆོས་ཀྱི་བདག་གི་གཟུང་ཆ་རྡུལ་ཕྲ་རབ་ཀྱང་རང་བཞིན་མེད་པར་རྟོགས་པའོ། །དེ་ལྟར་ཉན་རང་གཉིས་པོ་དེ་ནི་ཕྱོགས་རྟོགས་སོ། །དེ་ཡང་འགྲེལ་པ་སྤར་ཁབ་ལས། ཉན་ཐོས་དང་རང་རྒྱལ་ནི་ཕྱོགས་ཙམ་རྟོགས་པའོ། །ཞེས་གསུངས་སོ། །གསུམ་པ་ཐེག་པ་ཆེན་པོ་སེམས་ཙམ་པ་ནི། སྣང་བ་མཐའ་དག་སེམས་སུ་སྨྲ་ཞིང་མྱོང་བ་གཉིས་མེད་ཀྱི་རྣམ་ཤེས་དོན་དུ་སྨྲ་བས་ན་སེམས་ཙམ་ཞེས་པའམ། ཤེས་བྱ་ནང་གིར་སྨྲ་བའམ་ཆོས་མངོན་པའི་གསུང་རབ་རྣལ་འབྱོར་སྤྱོད་པའི་རྗེས་སུ་འབྲངས་པས་རྣལ་འབྱོར་སྤྱོད་པ་སེམས་ཙམ་མོ། །འདིའི་གཞུང་ནི་སངས་རྒྱས་ཕལ་པོ་ཆེ་དང་། ལང་ཀར་གཤེགས་པ་དང་། དགོངས་པ་ངེས་པར་འགྲེལ་པ་དང་། ས་བཅུ་པ་དང་། སྟུག་པོ་བཀོད་པ་ལ་སོགས་པ་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པ་རྣམས་ཡིན་ལ། གྲུབ་པའི་མཐའ་གསལ་བར་བྱེད་པའི་སློབ་དཔོན་ནི། ཐེག་པ་ཆེན་པོའི་སློབ་དཔོན་ཐོགས་མེད་སྐུ་མཆེད་དང་། ཕྱོགས་གླང་ཆོས་གྲགས་ལ་སོགས་པ་ཡིན་ནོ། །འདི་ལ་དབྱེ་ན་སྣང་བ་ཤེས་པར་འདོད་པའི་རྣམ་བདེན་པ་དང་། སྣང་བ་ཤེས་པས་སྒྲོ་བཏགས་པར་འདོད་པའི་རྣམ་རྫུན་པ་གཉིས་སོ། །དང་པོ་རྣམ་བདེན་པ་ལ་ཡང་མདོ་སྡེ་པའི་སྐབས་སུ་ཕྱེ་བ་ལྟར་སྣ་ཚོགས་གཉིས་མེད་དུ་སྨྲ་བ་དང་། རྣམ་པ་དང་ཤེས་པ་གྲངས་མཉམ་དུ་སྨྲ་བ་དང་། རྣམ་པ་དང་ཤེས་པ་ཕྱེ ད་མར་འདོད་པ་སྟེ་གསུམ་དུ་འབྱེད་དོ། །རྣམ་རྫུན་པ་ལའང་དྲི་བཅས་དང་། དྲི་མ་མེད་པ་གཉིས་སོ། །དེ་དག་གི་གྲུབ་མཐའི་འདོད་ཚུལ་ནི། གཟུགས་ཀྱི་གཞི་ནི་སེམས་ལས་གཞན་དུ་མེད་པ་དང་སེམས་ཀྱི་གཞི་ནི་རྣམ་པར་ཤེས་པ་ཚོགས་བརྒྱད་དུ་འདོད་པ་དང་། དྲུག་ཏུ་འདོད་པ་དང་། ཡིད་ཀྱི་ཤེས་པ་གཅིག་པུར་འདོད་པ་སྟེ་གསུམ་དང་། སེམས་ལས་བྱུང་བའི་གཞི་ནི་ལྔ་བཅུ་རྩ་གཅིག་པོ་ཐམས་ཅད་སེམས་ལས་རྫས་ཐ་དད་པ་དང་། རྫས་གཅིག་ཏུ་འདོད་པའི་ལུགས་གཉིས་དང་། མི་ལྡན་པའི་འདུ་བྱེད་རྣམས་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ལ་བཏགས་པ་དང་། རྒྱུ་འབྲས་དུས་མཉམ་མི་མཉམ་གཉིས་ཀ་དང་། །འདུས་མ་བྱས་རྣམས་གཟུགས་ལ་སོགས་པ་དེ་དག་ལ་དགག་བྱའི་བྱེ་བྲག་དང་བྲལ་བའི་ཆ་ལ་བཏགས་པ་དང་། ཆོས་ཐམས་ཅད་ངོ་བོ་ཉིད་གསུམ་གྱིས་བསྡུས་པ་དང་། མྱོང་བ་གཉིས་མེད་ཀྱི་ཤེས་པ་དོན་དམ་པར་འདོད་དོ། །བཞི་པ་དབུ་མ་བ་ནི། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྨྲ་བས་དབུ་མ་པ་ཞེས་ཀྱང་བྱ་ལ། རྟེན་ཅིང་འབྲེལ་འབྱུང་མི་བསླུ་བ་ཀུན་རྫོབ་ཏུ་ཁས་ལེན་ཅིང་ཡོད་མེད་ཀྱི་མཐའ་གཉིས་དང་བྲལ་བའི་སྤྲོས་བྲལ་འབའ་ཞིག་དོན་དམ་དུ་ཁས་ལེན་པས་ན་དབུ་མ་པ་ཞེས་བྱའོ། །འདིའི་གཞུང་ནི། འཕགས་པ་དཀོན་ཅོག་འབྱུང་གནས་དང་། གླང་བོའི་རྩལ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆེན་པོ་དང་། ཏིང་ངེ་འཛིན་རྒྱལ་པོ་དང་། ཡབ་སྲས་མཇལ་བ་དང་། སངས་རྒྱས་ཀྱི་ས་ཡང་དག་པར་སྡུད་པ་དང་། །བདེན་པ་གཉིས་ལ་འཇུག་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སྣང་བའི་རྒྱན་དང་། དཀོན་ཅོག་ཟ་མ་ཏོག་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་པ་དང་། བཀའ་བར་བ་མཚན་ཉིད་མེད་པ་རྣམས་ཡིན་ལ། གྲུབ་པའི་མཐའ་གསལ་བར་བྱེད་པའི་སློབ་དཔོན་ནི། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་དང་། སློབ་དཔོན་ཨཱ་ར་དེ་བ་ལ་སོགས་པ་ཡིན་ནོ། །འདི་ལ་དབྱེ་ན། མདོ་སྡེ་སྤྱོད་པའི་དབུ་མ་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང་། འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་དང་གསུམ་མོ། །ཡང་དབུ་མ་རང་རྒྱུད་པ་དང་། དབུ་མ་ཐལ་འགྱུར་བ་གཉིས་སུའང་འབྱེད་དོ། །དེ་དག་གི་གྲུབ་མཐའི་འདོད་ཚུལ་ལ་མདོ་སྡེ་སྤྱོད་པའི་དབུ་མ་པ་ནི། ཤེས་བྱའི་གཞི་ལྔ་ཀུན་རྫོབ་ཏུ་མདོ་སྡེ་པ་དང་མཐུན་པར་སྨྲའོ། །དེ་བཞིན་དུ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་གཞི་ལྔ་སེམས་ཙམ་པ་དང་མཐུན་པ་དང་། འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་འཇིག་རྟེན་པ་དང་མཐུན་པར་སྨྲ་བའོ། །དབུ་མ་རང་རྒྱུད་བ་ནི་ཀུན་རྫོབ་ཏུ་དངོས་པོ་སྟོབས་ཤུགས་ཀྱི་རྟགས་དང་། ཚད་མ་དང་། ཀུན་རྫོབ་ལ་བདེན་པ་དང་། དབྱེ་བ་དང་། དོན་དམ་སྒྱུ་མ་ལྟ་བུ་དང་སངས་རྒྱས་ལ་རང་རྒྱུད་ཀྱི་ཡེ་ཤེས་ཡོད་པ་ལ་སོགས་པར་འདོད་དོ། །དབུ་མ་ཐལ་འགྱུར་བ་ནི་དགག་སྒྲུབ་ཐམས་ཅད་ཕ་རོལ་པོའི་བློ་ངོར་བྱེད་ཀྱི། དབུ་མ་པ་ལ་རང་ཕྱོགས་བསྒྲུབ་ཏུ་མེད་པ་ལྟར་གཞན་ཕྱོགས་དགག་ཏུ་ཡང་མེད་དེ། དེས་ན་སྣང་བཅས་ཀྱི་ཡུལ་ཐམས་ཅད་རྫུན་པ་དང་། བློ་ཐམས་ཅད་འཁྲུལ་པ་དང་། ཁས་ལེན་གྱི་ལྟ་བ་མེད་པ་དང་། ཀུན་རྫོབ་ལ་བདེན་པ་དང་དབྱེ་བ་མེད་པ་དང་། དོན་དམ་སྤྲོས་བྲལ་དང་། སངས་རྒྱས་ལ་རང་རྒྱུད་ཀྱི་ཡེ་ཤེས་མེད་པ་ལ་སོགས་པར་འདོད་དོ། །དེ་ལྟར་ན་དབུ་མ་པ་ཐམས་ཅད་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པ་དང་། འགྲོ་བ་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་རིགས་གཅིག་བ་དང་། ལམ་ཐམས་ཅད་ཐེག་པ་ཆེན་པོ་གཅིག་ཏུ་ངེས་པ་དང་། ཤེས་བྱ་ཐམས་ཅད་བདེན་པ་གཉིས་སུ་དེས་པར་མཐུན་པ་ཡིན་ནོ། །དེ་ལྟར་ཐེག་པ་ཆེན་པོ་སེམས་ཙམ་དང་དབུ་མ་གཉིས་ལ་རྒྱུད་གཞུང་འདི་ཉིད་ལས། ཡང་དག་ཉིད་མ་རྟོགས། །ཞེས་པ་ལ། འགྲེལ་པ་སྤར་ཁབ་ཀྱིས། རྣམ་རིག་པས་ནི་ཕྱོགས་གཅིག་རྟོགས་པའོ། །དབུ་མ་པས་ནི་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དོན་དམ་པ་གསུམ་གྱིས་ངོ་བོར་གནས་པ་ལ་བདེན་པ་གཉིས་མི་ཕྱེད་པ་དེ་མངོན་དུ་མ་བྱས་པའི་ཕྱིར་ཡང་དག་ཉིད་མ་རྟོགས་པ་ཁོ་ནའོ། །ཞེས་གསུངས་སོ། །དེ་ལྟར་ཐེག་པ་ཆེ་ཆུང་གཉིས་ལ་གྲུབ་མཐའ་བཞིར་སྨྲ་བ་ནི། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། སངས་རྒྱས་ཆོས་ནི་རྣམ་པ་བཞིར། །ཡིད་འདོད་རྣམས་ཀྱི་མངོན་མཐོང་སྟེ། །བྱེ་བྲག་སྨྲ་ལ་སོགས་པའི་ལམ། །བཤད་པ་དེ་ཉིད་བསྒྲུབ་པའོ། །ཞེས་གསུངས་ཏེ། ལུས་ངག་གི་གྲོལ་བར་མི་འཐད་ཀྱི་གྲོལ་བ་དང་འཆིང་བ་སེམས་ཀྱིས་བྱེད་པར་འདོད་བ་ནི་ཡིད་འདོད་བ་དང་། བྱེ་བྲག་ཏུ་སྨྲ་བ་ལ་སོགས་པའི་ལམ་བཤད་པས་རང་རང་གི་འབྲས་བུའི་དེ་ཁོ་ན་ཉིད་བསྒྲུབ་པར་བྱའོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལ་ཐེག་པ་ཆུང་ངུར་སྨྲ་བ་ནི་ཐོས་སྒྲོགས་པ་སྟེ། དམ་པའི་ཆོས་པདྨ་དཀར་པོ་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲག་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་ཟད་འདྲ། །ཞེས་གསུངས་པ་བཞིན་ནོ། །ཐེག་པ་ཆེན་པོ་ནི་ཆེན་པོ་བདུན་དང་ལྡན་པའི་ཕྱིར་ཐེག་པ་ཆེན་པོ་སྟེ། མདོ་སྡེ་རྒྱན་ལས། དམིགས་པ་ཆེན་པོ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་སྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་སྒྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དག་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་མངོན་པར་བརྗོད། །ཅེས་གསུངས་པས། རིག་པའི་གནས་ལྔ་ལ་སོགས་པའི་དམིགས་པ་ཆེན་པོ་དང་། རང་དང་གཞན་གྱི་དོན་བསྒྲུབ་པའི་སྒྲུབ་པ་ཆེན་པོ་དང་། བདག་མེད་པ་གཉིས་རྟོགས་པའི་ཡེ་ཤེས་ཆེན་པོ་དང་། བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་སྤྱོད་པའི་བརྩོན་འགྲུས་ཆེན་པོ་དང་། འཁོར་བ་མི་སྤོང་བའི་ཐབས་ལ་མཁས་པ་ཆེན་པོ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡང་དག་པར་སྒྲུབ་པ་ཆེན་པོ་དང་། འཁོར་བ་ཇི་སྲིད་པར་སངས་རྒྱས་ཀྱི་ཕྲིན་ལས་ཆེན་པོ་སྟེ་ཆེན་པོ་བདུན་དང་ལྡན་པ་ཡིན་ནོ། །གཞན་ཡང་ལང་ཀར་གཤེགས་པའི་མདོ་ལས། ཆོས་ལྔ་དང་ནི་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང་། །བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་པ་ཆེན་པོ་ཐམས་ཅད་འདུས། །ཞེས་གསུངས་པ་ནི། ཐེག་པ་ཆེན་པོའི་ཤེས་བྱའི་སྡུད་ཚུལ་ཡིན་པའི་ཕྱིར་འགལ་བ་མེད་དོ། །དེ་ལྟར་བཤད་པའི་ཐེག་པ་ཆེ་ཆུང་གཉིས་ཀྱི་ཁྱད་པར་ནི་ལྔ་སྟེ། རིགས་དང་། འཇུག་པ་དང་། དུས་དང་། བྱང་ཆུབ་དང་། རྣམ་གྲོལ་གྱི་ཁྱད་པར་རོ། །དང་པོ་རིགས་ཀྱི་ཁྱད་པར་ནི་ཐེག་པ་ཆུང་ངུ་ཉན་ཐོས་དང་། འབྲིང་རང་རྒྱལ་དང་། ཆེན་པོ་བྱང་སེམས་ཀྱི་བག་ཆགས་ཐ་དད་པ་ནི་རིགས་ཀྱི་ཁྱད་པར་ཡིན་ལ། གཉིས་པ་འཇུག་པའི་ཁྱད་པར་ནི་ཉན་རང་གཉིས་རང་གི་དོན་དུ་འཇུག་པ་དང་། བྱང་ཆུབ་སེམས་དཔའ་རང་གཞན་གཉིས་ཀའི་དོན་དུ་འཇུག་པའོ། །གསུམ་པ་དུས་ཀྱི་ཁྱད་པར་ནི་ཉན་ཐོས་ཚེ་གསུམ་དུ་བསྒོམ་སྟེ། དང་པོ་ལ་ཐར་བ་ཆ་མཐུན། གཉིས་པ་ལ་ངེས་འབྱེད་ཆ་མཐུན། གསུམ་པ་ལ་འཕགས་པའི་ལམ་སྐྱེད་པར་བྱེད་དོ། །རང་སངས་རྒྱས་ནི་བསྐལ་པ་བརྒྱས་དགྲ་བཅོམ་པ་ཐོབ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་སློབ་པ་སྟེ། དེ་ཡང་སོ་སོའི་སྐྱེ་བོའི་ས་ལ་བསྐལ་པ་གྲངས་མེད་གཅིག་དང་། ས་དང་པོ་ནས་བདུན་པའི་བར་ལ་གྲངས་མེད་གཅིག་དང་། དག་པ་ས་གསུམ་ལ་གྲངས་མེད་གཅིག་ཏུ་སློབ་བོ། །བཞི་པ་བྱང་ཆུབ་པའི་ཁྱད་པར་ནི་ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་པ་རྟོགས་ལ། རང་སངས་རྒྱས་ཀྱིས་གང་ཟག་གི་བདག་མེད་པ་དང་ཆོས་ཀྱི་བདག་གི་གཟུང་བ་རང་བཞིན་མེད་པར་རྟོགས་པ་སྟེ། མངོན་རྟོགས་རྒྱན་ལས། བཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པའང་མི་སྤོང་ཕྱིར་དང་ནི། །ཞེས་གསུངས་པ་བཞིན་ནོ། །བྱང་ཆུབ་སེམས་དཔས་ནི་གང་ཟག་དང་ཆོས་གཉིས་ཀའི་བདག་མེད་པར་རྟོགས་པ་ཡིན་ནོ། །ལྔ་པ་རྣམ་པར་གྲོལ་བའི་ཁྱད་བར་ནི་ཉན་རང་གཉིས་ཀྱིས་ནི་ཞི་བ་ཕྱོགས་གཅིག་པའི་དགྲ་བཅོམ་པ་ཐོབ་ལ། བྱང་ཆུབ་སེམས་དཔས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ། །དེ་ཡང་ཤེས་རབ་ཀྱིས་འཁོར་བ་དང་། སྙིང་རྗེས་མྱ་ངན་ལས་འདས་པ་ལ་མི་གནས་པ་ཡིན་ཏེ། མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཞེས་དང་། དབུ་མ་སྙིང་པོ་ལས་ཀྱང་། སྐྱོན་མཐོང་ཕྱིར་ནི་སྲིད་པར་ཡིན། །བརྩེ་ཕྱིར་མྱ་ངན་འདས་མི་གནས། །ཞེས་གསུངས་སོ། །གཉིས་པ་འབྲས་བུ་སྔགས་ཀྱི་ཐེག་པ་ལ་ཡང་གཉིས་ཏེ། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པའོ། །དང་པོ་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ནི། འདུལ་བ་དགོངས་པ་ཞེས་པས་སྒོ་གསུམ་གྱི་བྱ་བས་རྒྱུད་འདུལ་བ་གཙོ་བོར་བྱེད་པ་ཀྲི་ཡ་དང་ཨུ་པ་ཡའོ། །ཏིང་ངེ་འཛིན་གྱིས་དགོངས་པས་འབྲས་བུ་བསྒྲུབ་པ་གཙོ་བོར་བྱེད་པ་ཡོ་གའོ། །འདིར་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་སྔགས་ཀྱི་ཐེག་པའི་ཁྱད་པར་ནི་སེམས་ཉིད་སངས་རྒྱས་ཀྱི་རྒྱུ་རུ་འདོད་ཅིང་དོན་དམ་བསྒྲུབ་བྱར་བྱས་ནས་ཀུན་རྫོབ་སྤང་བྱར་བྱེད་པ་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཡིན་ལ། སེམས་ཉིད་སངས་རྒྱས་ཀྱི་འབྲས་བུར་འདོད་ཅིང་ཀུན་རྫོབ་ཀྱང་མི་སྤོང་བར་ལམ་དུ་བྱེད་པ་ནི་འབྲས་བུ་སྔགས་ཀྱི་ཐེག་པའོ། །གཉིས་པ་ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་ནི། གསང་བ་དང་། ཞེས་པས། སྔགས་ཕྱི་རྒྱུད་མན་ཆད་ལ་མེད་པའི་ལྟ་སྤྱོད་དང་ལྡན་པ་གསང་བ་མ་ཧཱ་ཨ་ནུ་གཉིས་དང་། རང་བཞིན་གསང་བའི་དོན་རྣམས་ནི། །ཞེས་པས། འཁོར་བ་དང་མྱ་ངན་ལས་འདས་པའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་གནས་ཀྱང་བཏགས་པ་ལ་ཞེན་པའི་རིམ་པ་སྣ་ཚོགས་ཀྱིས་བསྒྲིབས་པས་ན་རྟོགས་དཀའ་བའི་ཕྱིར་གསང་བའོ། །དེས་ན་རང་བཞིན་གསང་བའི་དོན་རྣམས་ཕྱིན་ཅི་མ་ལོག་པ་ཇི་ལྟ་བར་སྟོན་པ་ནི་ཨ་ཏི་ཡོ་ག་སྟེ་དེ་ལྟར་བསྐྱེད་རྫོགས་གསུམ་མོ། །འདིར་སྔགས་ཕྱི་ནང་གི་ཁྱད་པར་གང་ཞེ་ན། ལྟ་སྤྱོད་ཏིང་ངེ་འཛིན་གསུམ་དབྱེར་མེད་དུ་འདོད་པ་སྔགས་ནང་པ་དང་། མི་འདོད་པ་སྔགས་ཕྱི་བའོ། །འོ་ན་སྔགས་ཕྱི་པ་དང་མཚན་ཉིད་པ་ལ་ཁྱད་པར་མེད་དམ་ཞེ་ན། ཡོད་དེ། ཀུན་རྫོབ་ལམ་དུ་བྱེད་མི་ནུས་པ་དང་ནུས་པའི་ཁྱད་པ ར་ཡོད་དོ། །སྔགས་ནང་པ་གསུམ་གྱི་ཁྱད་པར་ནི་སྤྱོད་པ་གཙོ་ཆེ་བ་མ་ཧཱ། ཏིང་ངེ་འཛིན་གཙོ་ཆེ་བ་ཨ་ནུ། ལྟ་བ་གཙོ་ཆེ་བ་ཨ་ཏིའམ། ཡང་ན་བསྐྱེད་རིམ་གཙོ་བོར་སྟོན་པ་མ་ཧཱ། རྫོགས་རིམ་གཙོ་བོར་སྟོན་པ་ཨ་ནུ། བསྐྱེད་རྫོགས་གཉིས་སུ་མེད་པར་སྟོན་པ་ཨ་ཏི་ཡོ་གའོ། །དེ་དག་ནི་འཇིག་རྟེན་ལས་འདས་པའི་ལྟ་བ་མཚོན་པར་བྱེད་པའི་སྒོའོ། །གསུམ་པ་དེ་གཉིས་ཀའི་ཐ་སྙད་མཚོན་པར་བྱེད་པའི་སྒོ་ནི། ཡི་གེ་སྒྲ་བཏགས༴ ཐུགས་ལ་གནས། །ཞེས་པ་དེར་གདའ་ཞིང་། དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྟ་བའི་སྒོ་དེ་རྣམས་ཇི་ལྟ་བར་མཚོན་པ་ནི་གང་ཞེ་ན། ཡི་གེ་དང་མིང་ཚིག་ལ་སོགས་པ་སྟེ་རྟོགས་མ་རྟོགས་གཉིས་ཀའི་ཐ་སྙད་མཚོན་པར་བྱེད་པའི་སྒོའོ། །དེ་ཡང་ཡི་གེ་སྒྲ་བཏགས་ཞེས་པས། ཡི་གེ་ཨའི་སྒྲ་ལས་བཏགས་པ་ཀ་ཁ་ལ་སོགས་པ་སྒྲའི་ཡི་གེ་གསལ་བྱེད་སུམ་ཅུ་རྩ་བཞི་དང་། ཨ་ཨཱ་ལ་སོགས་པ་དབྱངས་ཡིག་བཅུ་གཉིས་དང་། སྒྲ་དབྱངས་གཉིས་ཀའི་ཆ་ལས་སྣང་བ་བསྒྲིམས་པ་ཐུང་རིང་རྀ་རཱྀ་གཉིས། ཀློད་པ་ཐུང་རིང་ལྀ་ལཱྀ་གཉིས་ཏེ་མ་ནིང་གི་ཡེ་གེ་བཞིའོ། །མིང་ཚོགས་ལ། ཞེས་པས། དེ་ལྟར་གསལ་བྱེད་དང་དབྱངས་ཀྱི་ཡི་གེ་འདུས་པ་ལས་མིང་འབྱུང་། མིང་འདུས་པ་ལས་ཚིག་གི་ཚོགས་འབྱུང་ལ། བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཞེས་པས། དམ་ཚིག་གི་ཚོགས་དེ་དག་ལ་བརྟེན་པའི་ཚིག་གི་ཚོགས་རྒྱ་མཚོས་དོན་རབ་ཏུ་མཚོན་ཏེ། བསྟན་པ་དང་ཐེག་པ་དུ་མར་སྣང་བ་ནི་མཚོན་པར་བྱེད་པའི་སྒོ་ཞེས་བྱའོ། །གང་མཚོན་པར་བྱེད་ན། ཁོང་ནས་གབ་སྤས་དོན་འབྱིན་པ། །ཞེས་པས། མཚོན་བྱ་རང་བཞིན་གྱི་རྒྱུད་ཁོང་ནས་ཁོང་དུ་སྒྲིབ་སྟེ་གབ་པ་རང་བཞིན་གསང་བའི་སྙིང་པོ་ཞེས་བྱ་བ་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་ཀྱི་ཁོང་དུ་སྦས་པའི་རྒྱུད་དོན་དེ་མཚོན་པར་བྱེད་པའོ། །དེ་གང་གིས་འབྱིན་པར་བྱེད་ན། སྟོན་པ་གཉིས་ཀྱི་འབྱིན་པར་བྱེད་པ་སྟེ། གང་ཞེ་ན། སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་པས། མཚོན་བྱ་རང་བཞིན་གྱི་རྒྱུད་དོན་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་གནས་པ་བཏགས་པས་སྒྲིབ་པ་དེ་ངོ་མ་ཤེས་ཀྱང་སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་ལ་གནས་ལ། ལམ་རྐྱེན་ཡི་གེའི་རྒྱུད་དོན་རྡོ་རྗེ་འཛིན་པའི་སློབ་དཔོན་གྱི་ཐུགས་ལ་གནས་པས་ན་དེ་ལྟར་སྟོན་པ་གཉིས་ཀྱིས་འབྱིན་པར་བྱེད་དོ། །ཚུལ་ཇི་ལྟར་འབྱིན་ཞེ་ན། སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་ལ་གབ་ཅིང་ལམ་རྐྱེན་ཡི་གེའི་རྒྱུད་ཀྱི་ནང་དུ་སྦས་པའི་དོན་འདི་དག་རྒྱལ་བ་རྣམས་དགོངས་པ། རིགས་འཛིན་རྣམས་རིག་པ། གང་ཟག་རྣམས་སྙད་ཁུང་བརྒྱུད་ནས་རྡོ་རྗེ་འཛིན་པའི་སློབ་དཔོན་གྱིས་རྒྱུད་ཀྱི་དོན་རྣམས་དཀྲུགས་པ་སྡེབ། གཅུས་པ་རྣམས་བསྲངས། གབ་པ་མངོན་དུ་ཕྱུང་བའི་ཚུལ་གྱིས་འབྱིན་ནོ། །དེ་ལྟ་བུ་ལ་དགོས་ཆེད་ཅི་ཡོད་ཅེ་ན། གཟུ་ལུམ་ཅན་དང་རས་ཆོད་ཅན་ལ་གབ་ཅིང་སྦས་པའི་དོན་དེ་དག་སྣོད་དང་ལྡན་པའི་སློབ་བུ་ལ་བླ་མ་བརྒྱུད་པའི་མན་ངག་གིས་རྒྱུད་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་ཁོང་དུ་ཆུད་པར་བྱེད་པའོ། །རྒྱུ་མཚན་དེའི་ཕྱིར་སྤྱིར་གསང་སྔགས་རྡོ་རྗེའི་ཐེག་པ། སྒོས་རྒྱུད་གཞུང་འདི་ཉིད། ཡང་སྒོས་སུ་ལེའུ་བཅུ་གསུམ་པ་འདི་ཡང་ཚིག་བརྒྱུད་དོན་བརྒྱུད་སྙན་བརྒྱུད་གསུམ་འཛོམ་ལ་བར་མ་ཆད་པའི་རྡོ་རྗེ་སློབ་དཔོན་ལ་རག་ལས་པར་ཤེས་པར་བྱའོ། །གཉིས་པ་མྱོང་བར་བྱེད་པའི་ཐབས་བསྟན་པ་འདི་ལ། གཞུང་འདིའི་སྟེང་དུ་སྔོན་གྱི་བཤད་སྲོལ་རྙིང་པ་ལ་བསྐྱེད་པའི་རིམ་པའི་དབང་དུ་བསྟན་པ་དང་། རྫོགས་པའི་རིམ་པའི་དབང་དུ་བསྟན་པའི་བཤད་ལུགས་གཉིས་གསུངས། འགྲེལ་བ་སྤར་ཁབ་ནས། ཕྱི་བསྐྱེད་རིམ། ནང་རྫོགས་པར་བསྐྱེད་རིམ། གསང་བ་རྫོགས་པའི་རྫོགས་རིམ་དང་བཤད་ལུགས་གསུམ་དུ་གསུངས། འགྲེལ་ཆུང་པིན་ཏར་ཐ་ནས། དཀྱིལ་འཁོར་བཅུ་གཉིས་དང་སྦྱར་བའི་བཤད་ལུགས་གཅིག་གསུངས། རྗེ་གསང་བདག་སྒྲོ་ཕུག་པའི་བཞེད་ཀྱིས་སྒྱུ་འཕྲུལ་ལམ་རིམ་གྱིས་རྒྱབ་བྱས་ནས་གྲོལ་ལམ་རིམ་གྱིས་པ་ལྟར་དུ་བཤད་པ་དང་། མན་ངག་ལྟ་ཕྲེང་གིས་རྒྱ་བ་བྱས་ནས་གྲོལ་ལམ་ཅིག་ཅར་བ་ལྟར་དུ་བཤད་པ་དང་། ཐབས་ལམ་རིམ་གྱིས་པ་སྟེང་སྒོ་ལྟར་བཤད་པ་དང་། ཐབས་ལམ་ཅིག་ཅར་བ་འོག་སྒོ་ལྟར་བཤད་པ་དང་། བཤད་ལུགས་བཞི་རུ་འཐད་དམ་གསུངས་མོད་ཀྱི། བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་དུ་འགྲེལ་པ་སྤར་ཁབ་དང་མཐུན་པར་བཤད་ལུགས་གསུམ་དུ་མཛད་དེ། གྲོལ་ལམ་རིམ་གྱིས་པ་དང་སྦྱར་ཏེ་ཕྱི་བསྐྱེད་པའི་རིམ་པ་ལྟར་དུ་བཤད་པ་དང་། ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་ནང་རྫོགས་པའི་བསྐྱེད་རིམ་ལྟར་བཤད་པ་དང་། ཐབས་ལམ་འོག་སྒོ་དང་སྦྱར་ཏེ་གསང་བ་རྫོགས་པའི་རྫོགས་རིམ་ལྟར་བཤད་པ་དང་གསུམ་ལས་དང་པོ་གྲོལ་ལམ་རིམ་གྱིས་པ་དང་སྦྱར་ཏེ་ཕྱི་བསྐྱེད་པའི་རིམ་པ་ལྟར་དུ་བཤད་པ་ལ་དོན་དྲུག་སྟེ། རང་བཞིན་གྱི་དཀྱིལ་འཁོར་ཤེས་པའི་ལྟ་བ་ཅན་གྱིས་སྟོང་པ་ཉིད་ཀྱི་རྣལ་འབྱོར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་དང་། སྙིང་རྗེ་ཆེན་པོའི་རྣལ་འབྱོར་གཟུགས་བརྙན་གྱི་དཀྱིལ་འཁོར་བསྒོམ་པ་དང་། ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་དང་། ཕྱག་རྒྱ་སྤྲོས་པ་དང་བཅས་པའི་རྣལ་འབྱོར་བསྒོམ་པ་དང་། ཚོགས་སྒྲུབ་པའི་འབྲས་བུ་རང་སྣང་བར་བསྟན་པ་དང་། དེ་ལྟར་བསྒྲུབ་པའི་འབྲས་བུ་བསྟན་པའོ། །དང་པོ་རང་བཞིན་གྱི་དཀྱིལ་འཁོར་ཤེས་པའི་ལྟ་བ་ཅན་གྱིས་སྟོང་པ་ཉིད་ཀྱི་རྣལ་འབྱོར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་ནི། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །ཞེས་པ་དེར་གདའ་ཞིང་། དཀྱིལ་འཁོར་ལྡན་པའི་ཞེས་པས། རང་བཞིན་གནས་ལུགས་ཉིད་ཀྱི་དཀྱིལ་འཁོར་བདེན་གསུམ་རིས་མེད་དུ་ཡེ་ནས་བསྟན་པའི་དོན་རང་རིག་དེ་འཁོར་འདས་ཐམས་ཅད་ལ་ཁྱབ་པར་གནས་པ་ནི་ལྟ་བ་རང་གི་ངོ་བོའོ། །དཀྱིལ་འཁོར་གྱིས། ཞེས་པས། དེ་ལྟར་རང་བཞིན་གནས་ལུགས་ཀྱི་དཀྱིལ་འཁོར་བདེན་གསུམ་རིས་མེད་དུ་ལྡན་པ་དེ་རྟོགས་པ་བཞི་དང་། དག་པ་གསུམ་དང་། མཉམ་པ་གཉིས་ཀྱི་གཏན་ཚིགས་ཀྱི་སྒོ་ནས་རྟོགས་པར་གྱིས་ཤིག་ཅེས་ལྟ་བ་རྟོགས་པར་གདམས་པའོ། །དེ་ལྟར་གཉིས་ནི་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ཡིན་ན། དཀྱིལ་འཁོར་ལ་ནི་ཞེས་པས། རང་བཞིན་གནས་ལུགས་དོན་དམ་ཆོས་ཉིད་དཀྱིལ་འཁོར་དེ་ལ་ནི། དཀྱིལ་འཁོར་བསྒོམ། ཞེས་པས། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡེ་ཤེས་ལྔའི་དོན་དང་ལྡན་པར་བསྒོམ་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །གཉིས་པ་སྙིང་རྗེ་ཆེན་པོའི་རྣལ་འབྱོར་གཟུགས་བརྙན་གྱི་དཀྱིལ་འཁོར་བསྒོམ་པ་ནི། དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཞེས་པ་དེར་གདའ་ཞིང་། ཀུན་རྫོབ་སྒྱུ་མ་སྙིང་རྗེ་ཆེན་པོའི་རྣལ་འབྱོར་གཟུགས་བརྙན་གྱི་དཀྱིལ་འཁོར་རྟོགས་པ་སྟེ་དེ་ཏིང་འཛིན་མི་རྟོག་པའི་དཀྱིལ་འཁོར་གོམས་པ་ལས་བྱུང་བ་སྟེ་དེ་ནི་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནོ། །གསུམ་པ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་ནི། ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །ཅེས་པ་དེར་གདའ་ཞིང་། དེ་ཡང་སྟོང་པ་དང་སྙིང་རྗེ་རྒྱ་མི་འབྲལ་བར་བྱ་བའི་ཕྱིར་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་བསྒོམ་པ་ལ་ཕྲ་རགས་གཉིས་ཡོད་པའི་དང་པོ་ཕྲ་བ་ཡིག་འབྲུ་ལ་བསླབ་པའི་སྐབས་སུ། ཐུགས་ཀྱི་དཀྱིལ་འཁོར་ཞེས་པས། ཁམས་གསུམ་ཐམས་ཅད་ཐུགས་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་ཧཱུཾ་གི་དཀྱིལ་འཁོར་དུ་བསྡུས་ཏེ་གསལ་བར་བསྒོམ་པའོ། །གཉིས་པ་རགས་པ་ལྷ་སྐུ་ལ་བསླབ་པའི་སྐབས་སུ། དཀྱིལ་འཁོར་མཆོག །ཅེས་པས། གསུང་ཡིག་འབྲུ་ཧཱུཾ་དེ་ཡོངས་སུ་གྱུར་པ་ལས་ཐུགས་ཕྱག་འཚན་རྡོ་རྗེ་རྩེ་ལྔ་པ། དེའང་ཡོངས་སུ་གྱུར་པ་ལས་རྩ་བའི་ལྷ་རྡོ་རྗེ་སེམས་དཔའི་སྐུ་དཀྱིལ་འཁོར་ལ་ཡེ་ཤེས་སེམས་དཔའ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ། དབུ་རྒྱན་རིགས་ཀྱི་ལྷ་ལྔས་བསྐོར་བ་སྟེ་ཡན་ལག་ལྷག་པའི་ལྷ་དགུ་དང་བཅས་པ་ཡོངས་སུ་རྫོགས་པ་དབྱེར་མེད་པར་བསྒོམ་པ་དེ་ནི་ཕྲ་བ་ཡིག་འབྲུ་བསྒོམ་པ་ལ་ལྟོས་ན་མཆོག་ཡིན་ནོ། །དེ་ལྟར་ཕྲ་རགས་གཉིས་པོ་དེ་ནི་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་ནོ། །བཞི་པ་ཕྱག་རྒྱ་སྤྲོས་པ་དང་བཅས་བའི་རྣལ་འབྱོར་བསྒོམ་པ་ནི། གསང་བའི་ཐིག་ལེ༴ ལྔ་བལྟ་ཞིང་། །ཞེས་པ་དེར་གདའ་ཞིང་། གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། །ཞེས་པས། དེ་ལྟར་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་དེ་ཉིད་ཕལ་གྱིས་རྟོགས་དཀའ་ཞིང་གཅིག་ཏུ་ཟླུམ་པས་ན་གསང་བའི་ཐིག་ལེ་ཞེས་བྱའོ། །དེ་ཀ་དཀྱིལ་འཁོར་གྱི་ལྷ་དུ་མའི་འབྱུང་ཁུངས་སུ་གྱུར་བས་ན་དབྱིངས་སོ་ཞེས་པའམ། ཡང་ན་ཕྱག་རྒྱ་སྤྲོས་བཅས་ཀྱི་སྐབས་སུ་རྟོག་ཚོགས་དུ་མ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་གནས་པའི་དོན་རྟོགས་དཀའ་བས་ན་གསང་བའི་དོན་ཡིན་ལ། ལྷ་དུ་མ་ཡང་ལྷ་གཅིག་ཏུ་ཟླུམ་པས་ན་ཐིག་ལེ། རང་རིག་པའི་དཀྱིལ་འཁོར་དེ་ལྷ་དུ་མའི་འབྱུང་ཁུངས་སུ་གྱུར་པས་ན་དབྱིངས་ཞེས་བྱའོ། །འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཞེས་པས། དེ་ཡང་འབྱུང་བ་ལྔ་ནི་ཆ་ཕྲ་བ་ཤེས་རབ་སྟེ་རིགས་ཀྱི་ཡུམ་ལྔར་བསྒོམ། ཆེན་པོ་རིགས་ཀྱི་དེ་བཞིན་ཉིད། །ཅེས་པས། ཆེན་པོ་ཕུང་པོ་ལྔ་ནི་རགས་བས་ཐབས་ཏེ་རིགས་ཀྱི་དེ་བཞིན་གཤེགས་པ་ཡང་ལྔར་བསྒོམ་པ་ཉིད་དེ། དབང་པོ་ཡུལ་དུས་རིག་པ་རྣམས། །ཞེས་པས། དབང་པོ་བཞི་དང་། ཡུལ་བཞི་དང་། དུས་བཞི་དང་། རིག་པ་རྣམ་པར་ཤེས་པ་བཞི་དང་། ཤུགས་ལ་གསང་བའི་དབང་པོ་དང་། ཡུལ་དང་། རྣམ་ཤེས་དང་། གསུམ་འདུས་ཀྱི་རེག་པ་དང་། གྱ་ཕྱི་ལོག་བཞི་རྣམས་ཀྱི་རྟོག་པ་ནི། བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །ཞེས་པས། བྱང་ཆུབ་སེམས་དཔའ་དང་། སེམས་མ་དང་། ཁྲོ་བོ་དང་། ཁྲོ་མོ་རྣམས་སུ་གསལ་བ་ཡིན་ཏེ། དེ་ལྟར་ལྷ་དང་རྟོགས་པ་དབྱེར་མི་ཕྱེད་པ་ནི་རྡོ་རྗེའི་ཚོགས་ཞེས་བྱའོ། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །ཞེས་པས། ཡིད་དང་ཆོས་ཀྱི་རྟོག་པའི་སྤྱོད་ཡུལ་དག་པས་ན། ཀུན་ཏུ་བཟང་པོ་དང་བཟང་མོ། ཐུབ་པ་དྲུག་དང་བཅས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཞི་བཅུ་རྩ་གཉིས་པོ་ནི་རྩ་བའི་ལྷ་ཡིན་ནོ། །དེ་ལྟར་རྩ་བའི་ལྷ་རེ་རེ་ལ་ཡང་ཡབ་ལ་ཡབ་ཉི་ཤུ་རྩ་བཞི་དང་། ཡུམ་ལ་ཡུམ་བཅོ་བརྒྱད་བཀོད་པ་ནི་ཐབས་ཀྱི་ལྷ་བཞི་བཅུ་ཡིན་ལ། དེ་ལྟར་ཐབས་ཀྱི་ལྷ་བཞི་བཅུ་པོའི་ཐུགས་ཀར། བདག་ཉིད་ཆེན་པོ་ཞེས་པས། ཆོས་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་རང་བྱུང་གི་ཡེ་ཤེས་མཚོན་པའི་རྟགས་སུ་ཡེ་ཤེས་སེམས་དཔའ། རྩ་བའི་ལྷ་ཅི་འདྲ་མིན་འདྲ་ཕྱག་མཚན་འཛིན་འཛིན་འདྲ་ལ་མི་མཛིན་པ། རྒྱན་དང་ཆ་ལུགས་རྣམ་པར་སྤངས་པ་རེ་རེ་བསྒོམ་པ་ནི་ཤེས་རབ་ཀྱི་ལྷ་བཞི་བཅུའོ། །ལྷག་པའི་ལྷ། ཞེས་པས། ཐབས་ཀྱི་ལྷ་བཞི་བཅུ་པོ་རེ་རེ་ལ་ཡང་ལྷག་པའི་ལྷ་སྐུ་གསུང་ཐུགས་ཀྱི་གནས་སུ་རྣམ་སྣང་དང་། མཐའ་ཡས་དང་། མི་བསྐྱོད་པའི་ཆ་ལུགས་ཅན་རེ་རེ་བསྒོམ་མོ། །ཐུགས་ཀྱི་ཡེ་ཤེས་ལྔ་བལྟ་ཞིང་། །ཞེས་པས། ཐབས་ཀྱི་ལྷ་བཞི་བཅུ་དང་། དེ་དག་གི་ལྷག་པའི་ལྷ་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་རེ་རེ་ལ་ཡང་ཐུགས་རིག་པ་རང་བྱུང་ཡེ་ཤེས་ཀྱི་སྣང་ཆ་ཡེ་ཤེས་ལྔ་མཚོན་པ་དབུ་རྒྱན་རིགས་ཀྱི་ལྷ་ལྔ་ལྔར་བལྟ་ཞིང་། དེ་ལྟར་རྩ་བའི་ལྷ་ཡན་ལག་ལྷག་པའི་ལྷ་དང་བཅས་པ་ཉི་ཁྲི་བཞི་སྟོང་པོ་ཐམས་ཅད་གསལ་བ་ཡུལ་གྱིས་མི་འཕྲོགས་པར་སྒོམ་པ་ནི་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། དེ་ནི་ཕྱག་རྒྱ་སྤྲོས་བཅས་སོ། །ལྔ་པ་ཚོགས་སྒྲུབ་པའི་འབྲས་བུ་རང་སྣང་བར་བསྟན་པ་ནི། སྙིང་པོ་ཐིག་ལེ༴ མཐའ་ཡས་མཆོག །ཅེས་པ་དེར་གདའ་ཞིང་། སྙིང་པོ་ཐིག་ལེ་མཉམ་སྦྱོར་བས། །ཞེས་པས། ཚོམ་བུ་ཚོགས་སྒྲུབ་འདི་རིགས་འཛིན་གྱི་རྒྱུར་གྱུར་བས་ན་སྙིང་པོ་ཞེས་པའམ་ཚོགས་སྒྲུབ་དང་། རིགས་འཛིན་གྱི་རྒྱུའི་སྙིང་པོ་ལྟ་བ་དང་ཏིང་ངེ་འཛིན་འགོ་འབྱོར་པས་སེམས་ཉིད་ཡོ་བྱད་ལྔར་ཟླུམ་པས་ན་ཐིག་ལེ་སྟེ། དེ་ཡང་བསྙེན་སྒྲུབ་ཀྱི་དོན་ལ་མཉམ་པར་སྦྱོར་བས། བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཞེས་པས། ཡོ་བྱད་ལྔ་ལ་སྤྱོད་བཞིན་དུ་མ་ཆགས་པའི་བདེ་བའི་ཡེ་ཤེས་དེ་ཉིད་ཐབས་ཀྱིས་སྣ་ཚོགས་སུ་སྣང་ནས་ཚིམ་པར་བྱེད་པའི་རོལ་མོ་ཡིས། ཡེ་ཤེས་དགྱེས་ལ་མཆོད་པར་འབུལ། །ཞེས་པས། རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་གསལ་བ་ནི་དགྱེས་པའི་མཆོག་ཡིན་ལ། ཡོ་བྱད་ལ་སྤྱོད་ཀྱང་བག་ཆགས་སུ་མ་གྱུར་པས་དེ་ཀ་ལ་བདག་ཉིད་ཆེན་པོའི་མཆོད་པ་ཞེས་བྱ་སྟེ། ལྷ་ལ་ལྷ་ཐིམ་པར་མཆོད་པའམ། ཆོས་ཉིད་ལ་ཆོས་ཉིད་རོལ་པའི་ཚུལ་དུ་འབུལ་བ་ནི་བར་ཆད་མེད་པའི་ལམ་ཚོམ་བུ་ཚོགས་སྒྲུབ་པ་སྟེ། དེ་རྣམས་ནི་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ཡིན་ནོ། །ཟག་པ་མེད་པའི་བསོད་ནམས་ཀྱིས། །ཞེས་པས། དེ་ཡང་ཚོགས་སྒྲུབ་ཀྱི་དུས་ཀྱི་ཡོ་བྱད་ལྔ་པོ་རྣམས་ལ་འཛིན་པ་མེད་པས་ན་ཟག་པ་མེད་པའི་ཕྱིར། ཡེ་ཤེས་ཀྱི་ཚོགས་དང་། མ་འགགས་པར་སྤྱོད་པ་བསོད་ནམས་ཀྱི་ཚོགས་ཏེ། ཚོགས་གཉིས་རྫོགས་པའི་ནུས་མཐུ་ལས་བྱུང་བའི་གནས་སྐབས་ཀྱི་འབྲས་བུ་མཐོང་ལམ་གྱི་རིགས་འཛིན་རྣམ་སྨིན་དང་། ཚེ་དབང་གཉིས་གང་རུང་གཅིག་ཐོབ་ཅིང་། དེ་ནས་སྒོམ་ལམ་ཕྱག་རྒྱ་ཆེན་པོ་དང་མཐར་ལམ་ལྷུན་གྲུབ་ཀྱི་རིག་འཛིན་ཐོབ་པར་འགྱུར་རོ། །ཡེ་ཤེས་སྒྱུ་མར་རང་སྣང་བ། །ཞེས་པས། ལྷུན་གྲུབ་རིག་འཛིན་དེའི་ཆ་ལུགས་ནི་ཡེ་ཤེས་སྒྱུ་མ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཆ་ལུགས་དང་མཐུན་པར་རང་སྣང་པའོ། །རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག །ཅེས་པས། སེམས་ཉིད་གཞི་མ་ངེས་པ་ལས་འབྲས་བུ་སྣ་ཚོགས་སུ་སྣང་བ་ནི་རོལ་མོ་སྟེ། དེ་ཡང་འབྲས་བུ་ཇི་ལྟ་བུ་ཞེ་ན། ལྷུན་གྲུབ་རིག་འཛིན་དེའི་མཉམ་པར་བཞག་དུས་ཀྱི་དགོངས་པ་ནི་སྣང་གྲགས་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ཤར་ཞིང་། ཡོན་ཏན་མཐའ་ཡས་པ་དང་ལྡན་པས་ན། ཟག་བཅས་ཀྱི་ལམ་ལས་མཆོག་ཏུ་གྱུར་པའོ། །དྲུག་པ་དེ་ལྟར་བསྒྲུབ་པའི་འབྲས་བུ་བསྟན་པ་ནི། གསང་བའི༴ དམ་པ་ཡིན། །ཞེས་པ་དེར་གདའ་ཞིང་། གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །ཞེས་པས། གང་གི་ཚོགས་གཉིས་རྫོགས་པའི་ནུས་མཐུ་ལས་བྱུང་བའི་མཐར་ཐུག་གི་འབྲས་བུ་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་སྣང་སྟོང་དབྱེར་མི་ཕྱེད་པ་དེ་ནི་ཕལ་གྱི་ཡུལ་མ་ཡིན་ཞིང་སྤྲོས་པ་དང་བྲལ་བས་ན་གསང་བའི་ཐིག་ལེ་ཞེས་བྱའོ། །དེ་ཉིད་ཀྱི་དོན་མཚན་ཉིད་གསུམ་གྱིས་མངོན་དུ་བྱ་བ་ནི་དབྱིངས་རྣམ་པར་དག་པ་ཟུང་འཇུག་ཆོས་ཀྱི་སྐུ་ཡིན་ནོ། །དེ་ནི་སངས་རྒྱས་ཀུན་གྱི་དངོས། །ཞེས་པས། རྣམ་པར་དག་པའི་ཆོས་ཀྱི་སྐུ་དེ་ནི་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་དངོས་གཞི་འམ་ངོ་བོ་ཡིན་ཏེ། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པར། །ཞེས་པས་ཆོས་ཀྱི་སྐུ་དེ་ཐོབ་ཙ་ན་དེའི་ཡོན་ཏན་གྱི་ཆ་ལ་སྐུ་ལྔ་ལྷུན་གྱིས་གྲུབ་པས་ཕྱོགས་བཅུ་དང་དུས་བཞིའི་རྒྱལ་བ་ཐམས་ཅད་ཀྱང་མངོན་དུ་རྫོགས་པར་འགྱུར་བ་སྟེ། སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །མ་ལུས་བདག་ཉིད་ཞལ་མཐོང་བ། །ཞེས་པས། དེ་ལྟར་རྒྱལ་བ་ཐམས་ཅད་ཀྱི་སྐུ་ལྔ། གསུང་ལྔ། ཡོན་ཏན་ལྔ། ཕྲིན་ལས་ལྔ། ཐུགས་ལྔ་ཉི་ཤུ་རྩ་ལྔ་ལ་སོགས་པ་མ་ལུས་པ་ཐོབ་པ་ནི་བདག་ཉིད་ཀྱི་ཞལ་བདག་ཉིད་ཀྱིས་མཐོང་བ་ཞེས་བྱའོ། །དབང་སྒྱུར་མཆོད་ཉིད་དམ་པ་ཡིན། །ཞེས་པས། དེ་ལྟར་ཆོས་ཀྱི་སྐུ་དེ་མངོན་དུ་བྱས་པས་རང་རིག་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་མཆོག་ཉིད་དམ་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པ་ཡིན་ཏེ། དེ་དག་ནི་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་ཡིན་ནོ། །བཤད་ལུགས་གཉིས་པ་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་ནང་རྫོགས་པའི་བསྐྱེད་རིམ་ལྟར་བཤད་པ་ལ་གཉིས་ཏེ། བསྒོམ་ཐབས་དངོས་དང་། དེའི་ཡོན་ཏན་ནོ། །དང་པོ་བསྒོམ་ཐབས་དངོས་ལ་དོན་བཞི་སྟེ། ཀུན་ཏུ་བཟང་པོའི་ཐིག་ལེའི་མན་ངག་སྙིང་ག་ཆོས་ཀྱི་འཁོར་ལོར་སྒོམ་པའི་ཐབས་དང་། ཀུན་ཏུ་བཟང་མོའི་ཐིག་ལེའི་མན་ངག་ལྟེ་བ་སྤྲུལ་པའི་འཁོར་ལོར་སྒོམ་ཐབས་དང་། སྦྱོར་བ་དག་པའི་མན་ངག་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་སྒོམ་ཐབས་དང་། ཁྱབ་གདལ་ཆེན་པོའི་མན་ངག་ཀླད་པ་བདེ་བ་ཆེན་པོའི་འཁོར་ལོར་སྒོམ་པའི་ཐབས་སོ། །དང་པོ་ཀུན་ཏུ་བཟང་པོའི་ཐིག་ལེའི་མན་ངག་སྙིང་ག་ཆོས་ཀྱི་འཁོར་ལོར་སྒོམ་པའི་ཐབས་ནི། དཀྱིལ་འཁོར་ལྡན་པའི་ཞེས་པ་ནས ། དཀྱིལ་འཁོར་མཆོག །ཅེས་པའི་བར་དེར་གདའ་ཞིང་། དེ་ཡང་སྙིང་ག་ཆོས་ཀྱི་འཁོར་ལོ་རིན་པོ་ཆེའི་སྒྲོམ་བུ་ཙིཏྟ་སྨུག་པོ་གུར་ཕུབ་པ་འདྲ་བའི་ནང་ན་རང་བཞིན་གྱི་དཀྱིལ་འཁོར་ཡེ་ནས་གནས་པའི་རྟགས་སུ་དྭངས་མ་ལྔ། ཡུམ་ལྔ། ཡེ་ཤེས་ལྔ། སྐུ་ལྔ་རང་བཞིན་གྱིས་གནས་ཏེ། དེ་ཡང་རྩའི་དྭངས་མ་དར་དཀར་གྱི་སྐུད་པ་ལྟ་བུ་ཞིག་གནས་ཏེ། དེ་འབྱུང་བ་དང་སྦྱར་ནས། ཡུམ་དང་སྦྱར་ན་སངས་རྒྱས་སྤྱན། ཡེ་ཤེས་དང་སྦྱར་ན་མེ་ལོང་ལྟ་བུ། སྐུ་དང་སྦྱར་ན་མངོན་པར་བྱང་ཆུབ་པའི་སྐུའོ། །དེ་ན་ཁྲག་གི་དྭངས་མ་མཚལ་ཅོག་ལ་མ་བཅག་པའི་ཁུ་བ་ལྟ་བུ་ཞིག་གནས་ཏེ། དེ་འབྱུང་བ་ནི་ཆུ། ཡུམ་ནི་མཱ་མ་ཀཱི། ཡེ་ཤེས་ནི་མཉམ་པ་ཉིད། སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ན་དྲོད་ཀྱི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་ཞིག་གནས་ཏེ། དེ་འབྱུང་བ་ནི་མེ། ཡུམ་ནི་གོས་དཀར་མོ། ཡེ་ཤེས་ནི་སོ་སོར་རྟོག་པ། སྐུ་ནི་རྡོ་རྗེའི་སྐུའོ། །དེ་ན་དབུགས་ཀྱི་དྭངས་མ་གསེར་ས་འོག་ཏུ་བཅུག་པའི་རླངས་ཙམ་ཞིག་གནས་ཏེ། འབྱུང་བ་ནི་རླུང་། ཡུམ་ནི་དམ་ཚིག་སྒྲོལ་མ། ཡེ་ཤེས་ནི་བྱ་བ་གྲུབ་པ། སྐུ་ནི་སྤྲུལ་པའི་སྐུའོ། །དེ་ན་བདེ་བའི་དྭངས་མ་བར་སྣང་སང་སེང་དུ་གནས་པ་ལྟ་བུའི་ཐིག་ལེ་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡེ་ནས་གནས་པ་ནི། འབྱུང་བ་ནི་ནམ་མཁའ། ཡུམ་ནི་ནམ་མཁའ་དབྱིངས་ཕྱུག་མ། ཡེ་ཤེས་ནི་སྟོང་པ་ཉིད། སྐུ་དང་སྦྱར་ན་ཆོས་ཀྱི་སྐུའོ། །དེ་ལྟར་ན་འབྱུང་བ་ལྔ་དང་། ཡུམ་ལྔ་དང་། ཡེ་ཤེས་ལྔ་དང་། སྐུ་ལྔའི་རང་བཞིན་དུ་གཟུགས་ཅན་རྣམས་ལ་དངོས་དང་གཟུགས་མེད་རྣམས་ལ་བག་ཆགས་ཀྱི་ཚུལ་དུ་ལྡན་པའི་དོན་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་གདམ་ངག་གི་སྟོབས་ཀྱིས་གསལ་བར་སྣང་བ་ནི། སྒྲའི་གནས་གཉིས་པ་ཁོ་ནར་བརྗོད་ཀྱང་། མུ་སྟེགས་རྟག་པའི་འདོད་པ་ལྟར་བྱེད་པ་པོས་བྱས་པ་ནི་མ་ཡིན་གྱིས་བསྒོམ་པས་འབྱུང་བའོ། །འོ་ན་བསྒོམ་པའི་ཐབས་ཇི་ལྟ་བུ་ཞེ་ན། སྙིང་ག་ཆོས་ཀྱི་འཁོར་ལོའི་གཡས་ན། ཆོས་ཉིད་ཀྱི་རྩ་གསུམ་དབྱིབས་ཟླུམ་མོ། །ཁ་དོག་དཀར་པོ། ཀུན་གཞིའི་རྣམ་ཤེས་གནས་པའི་རྟེན་སྦྱང་བྱ་འཁོར་བའི་ས་བོན་ཨ་དང་ནྲི། སྦྱོང་བྱེད་དེ་བཞིན་གཤེགས་པའི་སྙིང་པོ་ཨཱོཾ་གནས་པའོ། །རྒྱབ་ཕྱོགས་སུ་ཡེ་ཤེས་ཀྱི་རྩ་གཅིག་དབྱིབས་གྲུ་བཞི། ཁ་དོགས་སེར་པོ། ཡིད་ཀྱི་ཤེས་པ། ས་བོན་སུ་ཏྲི། སྙིང་པོ་སྐུ་གསུམ། གཡོན་ཡོན་ཏན་གྱི་རྩ་གསུམ་དབྱིབས་ཟླ་གམ། ཁ་དོག་དམར་པོ། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ཤེས་པ། ས་བོན་པྲེ་དུ། སྙིང་པོ་ཨཱཾ། མདུན་ན་རང་རྒྱུད་ཀྱི་རྩ་གཅིག་དབྱིབས་གྲུ་གསུམ། ཁ་དོག་དམར་ནག །སྒོ་ལྔའི་རྣམ་ཤེས་གཉིད་དང་བཅས་པ་གནས་ཤིང་དེ་ན་སྦྱང་བྱ་དང་སྦྱོང་བྱེད་ཀྱི་ཡིག་འབྲུ་ནི་མེད་དོ། །དེ་རྣམས་ཀྱི་དབུས་ན་སྒྲའི་གནས་བདུན་བལྟ་བུ། ཙིཏྟའི་དཀྱིལ་འཁོར་ལ་དྭངས་མ་ལྔ་འདུས་པའི་དབུས་ན་གནས་པའི་ཚུལ་ནི་ཇི་ལྟ་བུ་ཞེ་ན། ཡེ་ཤེས་སྙིང་པོའི་ཐིག་ལེ་མེ་ཏོག་ཀུན་ལྟ་བུ་འོད་སྣ་ཚོགས་ཅིར་ཡང་མ་ངེས་པ་མཐའ་ཐམས་ཅད་ལས་གྲོལ་བ་ཡུངས་ཀར་འབྲིང་ཚད་ཙམ་དུ་གནས་པའི་དཀྱིལ་འཁོར་དེ་རང་རིག་པའི་མངོན་སུམ་དུ་གསལ་བ་ཡུལ་གྱིས་མི་འཕྲོགས་པ་བསྒོམས་པར་བྱས་པས་དྭངས་མ་ལྔ་ཡེ་ཤེས་སྙིང་པོ་དང་དྲུག་པོ་དེ་དག་ཡེ་ཤེས་ལྔ་རང་བྱུང་ཡེ་ཤེས་དང་དྲུག་གི་དཀྱིལ་འཁོར་དུ་རང་སྣང་བ་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའོ། །དེ་ཀ་ལ་སྤྱི་བོ་ཚངས་པའི་བུ་ག་ན་མར་ཡེ་ཤེས་སྙིང་པོའི་ཐིག་ལེ་ལ་སེམས་གཏད་དེ་བསྒོམས་པས་སྐུ་གསུང་ཐུགས་གྱི་ཐིག་ལེ་ལ་ཕོག་སྟེ་མགལ་དུམ་ལ་ཧས་བཏབ་པའི་ཚུལ་དུ་དཀར་ཡལ་གྱིས་སོང་བ་ལས་ས་བོན་དྲུག་གཉིད་དང་བཅས་པ་སྦྱངས་ནས་དྭངས་མའི་དཀྱིལ་འཁོར་གྱི་ཡེ་ཤེས་སྙིང་པོ་ལ་འདུས་ཏེ། དེ་ལས་བ དེ་བའི་ཡེ་ཤེས་བྱུང་བའོ། །བདེ་བའི་ཡེ་ཤེས་དེ་ཉིད་གྱི་ངོ་བོ་ནི། དམིགས་སུ་མེད་པ་མཐའ་ཐམས་ཅད་དང་བྲལ་བ་ཐུགས་ཀྱི་དཀྱིལ་འཁོར་རོ། །ཐུགས་ཡེ་ཤེས་ལྔའི་ངོ་བོར་རང་གསལ་བའི་དཀྱིལ་འཁོར་དེའི་གོང་ན་གཞན་མེད་པས་ན་མཆོག་གོ། །དེ་ནི་རྒྱུ་འབྲས་གཉིས་སུ་མེད་པ་ཀུན་ཏུ་བཟང་པོའི་མན་ངག་གོ། །གཉིས་པ་ཀུན་ཏུ་བཟང་མོའི་ཐིག་ལེའི་མན་ངག་ལྟེ་བ་སྤྲུལ་པའི་འཁོར་ལོར་སྒོམ་པའི་མན་ངག་ནི། གསང་བའི་ཐིག་ལེ༴ ལྔ་བལྟ་ཞིང་། །ཞེས་པ་དེར་གདའ་ཞིང་། དེ་ཡང་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ན་དབྱིངས་ཕྱུག་ལྔའི་ཐིག་ལེ་ཞེས་བྱ་བ་ཡི་གེ་ཨ་ཐུང་གི་དབྱིབས་སུ་གནས་ཏེ། ཡུམ་གྱི་གསང་བའི་མཁའི་སྣ་རྩེའི་ཐིག་ལེ་དང་འབྲེལ་ནས་གནས་སོ། །དེ་ཡང་སྙིང་ག་ན་ཡར་ལ་ཨ་ལ་སེམས་གཏད་དེ་བསྒོམས་པས་རྩ་ཨ་བ་དྷཱུ་ཏི་ན་མར་མེ་སྣ་དམར་ནར་གྱིས་སོང་པས། དབྱིངས་ཕྱུག་ལྔའི་ཐིག་ལེ་ལ་ཕོག་སྟེ་འོད་དུ་ཞུ་བས་རྩ་འདབ་དྲུག་ཅུ་རྩ་བཞིའི་རྟོག་ཚོགས་ཀྱི་ཐིག་ལེ་རྣམས་ཞུ་སྟེ། ཞག་དཀར་པོ་འོ་མས་བུས་པ་བཞིན་སོང་ཙ་ན་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་གསལ་ཞིང་། དེ་དག་འབྱུང་བའི་རྒྱུར་གྱུར་བས་དཀྱིལ་འཁོར་གྱི་དབྱིངས་སོ། །འོ་ན་དེའི་འབྱུང་ལུགས་ནི་ཇི་ལྟར་ཞེ་ན། འབྱུང་བ་ཆ་ཕྲ་བ་ཤེས་རབ་སྟེ་རིགས་ཀྱི་ཡུམ་དུ་གསལ་ཞིང་། ཆེན་པོ་ཕུང་པོ་ལྔ་རིགས་ཀྱི་ཡབ་ལྔར་གསལ་བ་ན་དེ་བཞིན་ཉིད་ཞེས་སྦྱར་རོ། །དབང་པོ་བཞི་དང་། ཡུལ་བཞི་དང་། དུས་བཞི་དང་། རིག་པ་རྣམ་པར་ཤེས་པ་བཞི་དང་། རྣམས་ཞེས་པའི་སྒྲས། གསང་བའི་དབང་པོ་དང་། གསང་བའི་རྣམ་ཤེས་དང་། གསང་བའི་ཡུལ་དང་། གསུམ་འདུས་ཀྱི་རེག་པ་དང་། རྟག་ཆད་བདག་མཚན་བཞི་རྣམས་གནས་སུ་དག་པ་ལས། རིམ་པ་བཞིན་དུ་ཕྱིའི་བྱང་ཆུབ་སེམས་དཔའ་བཞི་དང་། ནང་གི་སེམས་མ་བཞི་དང་། ཕྱིའི་སེམས་མ་བཞི་དང་། ནང་གི་སེམས་དཔའ་བཞི་དང་། སྟོབས་པོ་ཆེ་དང་། གཤིན་རྗེའི་གཤེད་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་བ་སྟེ་སྒོ་བ་བཞི་དང་སྒོ་མ་བཞི་རྣམས་སུ་གསལ་བས་ཏེ། དེ་ལྟར་ལྷ་རྟོག་དབྱེར་མི་ཕྱེད་པས་ནི་རྡོ་རྗེ་ཞེས་བྱ་སྟེ། རྟོག་པ་རྣམས་ལྷའི་ཚོགས་སུ་གསལ་པའམ་རྟོག་ཚོགས་ཐམས་ཅད་བདེ་བའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་དག་པས་ཀུན་ཏུ་བཟང་པོ་དང་བཟང་མོ། ཐུབ་བ་དྲུག་དང་བཅས་པའི་དཀྱིལ་འཁོར་ལ་མངོན་སུམ་དུ་གསལ་བ་ནི། འཁོར་འདས་ཐམས་ཅད་ཡིད་རང་བྱུང་གི་ཡེ་ཤེས་ཁོ་ན་ཡིན་པའི་ཕྱིར་བདག་ཉིད་ཆེན་པོ་ཞེས་བྱའོ། །དེ་ཡང་སྙིང་ག་ཆོས་ཀྱི་འཁོར་ལོ་ལ་ཡང་དང་ཡང་དུ་བསྒོམས་པའི་སྟོབས་ཀྱིས་རང་ལ་རང་གསལ་བས་ལྷག་པ་ཡི་ཡེ་ཤེས་སོ། །ཡེ་ཤེས་ལྔའི་ངོ་བོ་ཡང་ཐུགས་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་འདུས་པས། འཁོར་ལོ་གནས་དང་བཅས་པ་བསྒོམ་པའི་ལམ་ཀྱིས་ཐ་དད་ལྟར་སྣང་ཡང་། རང་རིག་པའི་ཡེ་ཤེས་ལ་བལྟ་བྱ་ལྟ་བྱེད་མེད་པའི་ཚུལ་གྱིས་ཡེ་ཤེས་ལྔའི་ངོ་བོ་ལ་ལྟ་ཞིང་ཉམས་སུ་ལེན་པ་ནི་མཐོང་བ་མེད་པའི་ཚུལ་མཐོང་བ་ཁོ་ནའོ། །དེ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོ་སྒོམ་པའི་མན་ངག་གོ། །གསུམ་པ་སྦྱོར་བ་དག་པའི་མན་ངག་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་སྒོམ་པ་ནི། སྙིང་པོ་ཐིག་ལེ༴ མཆོད་པ་འབུལ། །ཞེས་པ་དེར་གདའ་ཞིང་། དེ་ཡང་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་གི་དབུས་ན། མཁའ་འགྲོ་མ་རྔམས་མ་ཞེས་བྱ་བ་ཡི་གེ་ཨཾ་གི་དབྱིབས་སུ་གནས་པ་དེ་ལ་བཟའ་བཏུང་གི་བཅུད་འདུས་པས་ན་སྙིང་པོ་ཐིག་ལེའོ། །དེ་ཡང་སྙིང་ག་ནས་འོད་ཟེར་གྱེན་དུ་སོང་མགྲིན་པ་ལོངས་སྤྱོད་ཀྱི་ཐིག་ལེ་ལ་ཕོག་པས། རྟོག་ཚོགས་ཀྱི་ཐིག་ལེ་འཁྱགས་པ་བཞུ་སྟེ། ཞག་དཀར་པོ་འོ་མས་བུས་པ་ལྟ་བུར་སོང་བ་ལ་མཉམ་བཞག་གི་སྦྱོར་བས་ཐིག་ལེ་དེ་དག་ཞུ་བ་ལས། རོ་དྲུག་པོ་བདེ་བའི་ཡེ་ཤེས་སུ་གསལ་ཞིང་ཡིད་ཚིམ་པར་བྱེད་པས་རོལ་མོ་ཡིས་ཞེས་པའམ་བདེ་བའི་ཡེ་ཤེས་བྱ་སྟེ། སྡུག་བསྔལ་གྱིས་གདུངས་པ་མེད་པའི་དགྱེས་པ་ཆེན་པོ་དེ་ལ་བདེ་བའི་ཡེ་ཤེས་མྱོང་བྱ་མྱོང་བྱེད་མེད་པར་གནས་སུ་སྟོབ་པས་ན་མཆོད་པ་འབུལ་བ་ཞེས་བྱའོ། །དེ་ལྟར་སྤྱོད་ལ་མི་འཛིན་པ་ནི་སྦྱོར་བ་དག་པའི་མན་ངག་གོ། །བཞི་པ་ཁྱབ་གདལ་ཆེན་པོའི་མན་ངག་ཀླད་པ་བདེ་ཆེན་གྱི་འཁོར་ལོར་སྒོམ་པ་ནི། ཟག་པ་མེད་པའི༴ ཀུན་གྱི་དངོས། །ཞེས་པ་དེར་གདའ་ཞིང་། ཀླད་པ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས་ཀྱི་དབུས་ན་ཀུན་ཏུ་བཟང་པོའི་ཐིག་ལེ་ཡི་གེ་ཧཾ་གི་དབྱིབས་སུ་གནས་ཏེ། དེ་བསྒོམས་པའི་སྟོབས་ཀྱིས་ཟག་པ་མེད་པའི་བདེ་བ་ཉམས་སུ་མྱོང་བའི་བསོད་ནམས་ཀྱི་ཚོགས་ཀྱིས་དངོས་པོ་དང་མཚན་མར་འཛིན་པའི་དྲི་མ་དག་ནས་ཡེ་ཤེས་སྒྱུ་མར་རང་སྣང་བའོ། །དེ་ཡང་སྙིང་ག་ནས་མེ་སྣ་ཡར་སོང་སྟེ་ལོངས་སྤྱོད་ཀྱི་ཐིག་ལེ་ལ་ཕོག །དེ་ནས་ཡར་སྤྱི་བོ་ཚངས་པའི་བུ་ག་ནས་འཐོན་ཏེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕོག་པས་འོད་དུ་ཞུ་ནས་ཚུར་འདུས། བདེ་ཆེན་གྱིས་འཁོར་ལོ་ན་ཐིག་ལེ་ཧཾ་ཡོད་པ་ལ་ཐིམ་པས། ཧཾ་ཡང་འོད་དུ་ཞུ་བ་ལས་འཕྲོས་རྩ་འདབ་སོ་གཉིས་ཀྱི་རྟོག་ཚོགས་ཀྱི་ཐིག་ལེ་འོད་དུ་ཞུ་སྟེ། ཞག་དཀར་པོའོ་མས་བུས་བ་བཞིན་དུ་སོང་བ་དང་། རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག །ཅེས་པས་ཟག་མེད་ཀྱི་བདེ་བས་ལུས་མགོ་མཇུག་ལ་ཁྱབ་ཙ་ན་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་པའོ། །དེ་ཡང་རྟོགས་དཀའ་བས་ན་གསང་བ་བཅུད་འདུས་པའི་ཐིག་ལེ་བདེ་བའི་ཡེ་ཤེས་དེ་ཉིད་ཀྱི་འབྱུང་ཁུངས་སུ་གྱུར་པས་དབྱིངས་ཞེས་བྱ་སྟེ། བདེ་བའི་ཡེ་ཤེས་དེ་ནི་སངས་རྒྱས་ཀུན་གྱི་དགོངས་པའི་དངོས་གཞིའོ། །གཉིས་པ་བསྒོམས་པའི་ཡོན་ཏན་ནི། །ཕྱོགས་བཅུ༴ དམ་པ་ཡིན། །ཞེས་པ་དེར་གདའ་ཞིང་། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་ཆོས་ཐམས་ཅད་རང་རིག་པའི་མངོན་སུམ་དུ་གསལ་བར་རྫོགས་པས་སངས་རྒྱས་ཀུན་གྱི་སྐུ་དང་གསུང་དང་ཡོན་ཏན་དང་ཕྲིན་ལས་དང་ཐུགས་རྣམ་པ་ལྔའམ་ཉེར་ལྔ་མ་ལུས་པར་བདག་ཉིད་ཀྱི་ཞལ་བདག་ཉིད་ཀྱིས་མཐོང་པའོ། །དེས་ནི་རིགས་པ་ལ་རང་དབང་སྒྱུར་པའི་ཕྱིར་ན། ལམ་གྱི་ནང་ནས་མཆོག་ཉིད་དང་། ཐབས་ཀྱི་ནང་ནས་དམ་པ་ཡིན་ནོ། །གསུམ་པ་ཐབས་ལམ་འོག་སྒོ་དང་སྦྱར་ཏེ་གསང་བ་རྫོགས་པའི་རྫོགས་རིམ་ལྟར་བཤད་པ་ལ་གཉིས་ཏེ། བཤད་པ་དངོས་དང་། སྒོམ་པའི་ཡོན་ཏན་ནོ། །དང་པོ་བཤད་པ་དངོས་ལ་དོན་གསུམ་སྟེ། ཐབས་ཉིད་ཤེས་རབ་ཏུ་སྦྱོར་བ་དང་། ཤེས་རབ་ཉིད་ཐབས་སུ་སྦྱོར་བ་དང་། ཐབས་ཤེས་རབ་གཉིས་མེད་དུ་སྦྱོར་བའོ། །དང་པོ་ཐབས་ཉིད་ཤེས་རབ་ཏུ་སྦྱོར་བ་ནི། དཀྱིལ་འཁོར་ལྡན་པའི༴ མཆོག །ཅེས་པ་དེར་གདའ་ཞིང་། གསང་བའི་དཀྱིལ་འཁོར་བདེ་བའི་ཡེ་ཤེས་ཀྱི་རོ་དང་ལྡན་པའི་དོན་དེ་ཉིད་གསལ་བའི་ལུང་མན་ངག་རིགས་པ་གསུམ་གྱིས་གཏན་ལ་ཕབ་སྟེ་རྟོགས་པར་བྱེད་པའི་དཀྱིལ་འཁོར་གྱི་འཁོར་ལོ་བཞི་བསྒོམ་པའི་དཀྱིལ་འཁོར་ལ་ནི། བདེ་བའི་ཡེ་ཤེས་སྐྱེད་པར་བྱེད་པའི་དཀྱིལ་འཁོར་བསྒོམ་པའོ། །དེ་ཡང་ཡུམ་གྱི་མཁའ་དང་སྐྱེ་མཆེད་རྣམས་བྱིན་གྱིས་བརླབས་ཏེ་སྦྱོར་བའི་བརྡ་བསྣོལ་མར་བསྐུལ་ཞིང་། ཡབ་ཐབས་ཀྱི་དཀྱིལ་འཁོར་དང་། ཡུམ་ཤེས་རབ་ཀྱི་དཀྱིལ་འཁོར་གཉིས་སུ་མེད་པར་རོལ་པ་ལས་བདེ་བའི་ཡེ་ཤེས་བྱུང་བའོ། །དེ་ཡང་ཡབ་ཀྱི་ཟླ་བ་བྱང་ཆུབ་ཀྱི་སེམས་ལ་དོན་དམ་གྱི་ཡེ་ཤེས་སྐྱེ་བ་ནི། མི་དམིགས་ཤིང་སྤྲོས་པའི་མཐའ་དང་བྲལ་བས་ཐུགས་ཀྱི་དཀྱིལ་འཁོར་རོ། །ཡབ་ཀྱི་ཐིག་ལེ་རྡོ་རྗེ་བུམ་པའི་ནང་ན་གནས་པའི་དུས་ན་ཁམས་ལྔའི་བཅུད་འདུས་ཤིང་། ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་རང་སྣང་བས་ན་དཀྱིལ་འཁོར་གྱི་མཆོག་གོ། །དེ་ནི་ཐབས་ཉིད་ཤེས་རབ་ཏུ་སྦྱོར་བའོ། །གཉིས་པ་ཤེས་རབ་ཉིད་ཐབས་སུ་སྦྱོར་བ་ནི། གསང་བའི༴ ལྔ་བལྟ་ཞིང་། །ཞེས་པ་དེར་གདའ་ཞིང་། ཡུམ་གྱི་ཉི་མ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལ་རྩ་གནས་ཐམས་ཅད་ཀྱི་བཅུད་འདུས་པ་དེ་རྟོགས་དཀའ་བས་གསང་བའི་ཐིག་ལེ་དེ་ཉིད་ཐབས་ཀྱི་མ་ཟིན་པ་ལས་འཁོར་བ་འབྱུང་བའི་རྒྱུར་འགྱུར་ལ། ཐབས་ཀྱིས་ཟིན་ན་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འབྱུང་བས་ན་དབྱིངས་སོ། །དེ་ཇི་ལྟར་འབྱུང་ཞེ་ན། འབྱུང་བ་ལྔ་ནི་ཆ་ཕྲ་བ་ཤེས་རབ་སྟེ་རིགས་ཀྱི་ཡུམ་དང་། ཆེན་པོ་ནི་ཕུང་པོ་ལྔ་སྟེ་རིགས་ཀྱི་དེ་བཞིན་གཤེགས་པ་ཡབ་ལྔ་ཉིད་དེ། འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ནི་ལྟ་བའི་སྒྲིབ་པ་འཇོམས་པའི་ཕྱིར་རྡོ་རྗེའི་ཚོགས་སོ། །དེ་ཡང་དབང་པོ་བཞི་ནི་ཕྱིའི་སེམས་དཔའ་བཞི། ཡུལ་བཞི་ནི་ནང་གི་སེམས་མ་བཞི། དུས་བཞི་ནི་ཕྱིའི་སེམས་མ་བཞི། རིག་པ་རྣམ་ཤེས་བཞི་ནི་ནང་གི་སེམས་དཔའ་བཞིའོ། །རྣམས་ཀྱི་སྒྲས་གསང་བའི་དབང་པོ་དང་། ཡུལ་དང་། རྣམ་ཤེས་དང་། གསུམ་འདུས་ཀྱི་རེག་པ་དང་བཞི་ནི་སྒོ་བ་བཞི། རྟག་ཆད་མུ་བཞི་གྱ་ཕྱི་ལོག་བཞི་སྒོ་མ་བཞི། ཡིད་ཆོས་གཉིས་ཀུན་བཟང་ཡབ་ཡུམ། ཉོན་མོངས་པ་དྲུག་ཐུབ་པ་དྲུག་ཏུ་གསལ་བས་རྟོག་ཚོགས་ཀྱི་ཐིག་ལེ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་ཏེ། སྤྱོད་ཡུལ་ཡོངས་སུ་དག་པས་ན་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་དེ་ལ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཟག་པ་མེད་པའི་བདག་ཉིད་ཆེན་པོ་དེ་ཉམས་སུ་བླངས་པའི་དུས་སུ་བདེ་པའི་ཡེ་ཤེས་ཁྱད་པ་ཅན་མྱོང་བས་ན། ལྷག་པ་ཡི་ཐུགས་སམ་སངས་རྒྱས་ཀྱི་དགོངས་པའི་ངོ་བོ་ཡེ་ཤེས་ལྔ་བལྟ་བྱ་ལྟ་བྱེད་མེད་པའི་ཚུལ་གྱིས་བལྟ་ཞིང་། ཡུམ་གྱི་ཉི་མ་བྱང་སེམས་པདྨའི་ཟེའུ་འབྲུར་གནས་པའི་ཚེ་ཉི་མ་བྱང་སེམས་དེ་ཉིད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གསལ་བས་ཤེས་རབ་ཉིད་ཐབས་སུ་སྦྱོར་བའོ། །གསུམ་པ་ཐབས་དང་ཤེས་རབ་གཉིས་མེད་དུ་སྦྱོར་བ་ནི། སྙིང་པོ་ཐིག་ལེ༴ ཀུན་གྱི་དངོས། །ཞེས་པ་དེར་གདའ་ཞིང་། ཉི་ཟླ་གཉིས་སུ་མེད་པའི་ཐིག་ལེ་ལ་ཡབ་ཡུམ་གྱི་རྩ་ཐམས་ཅད་ཀྱི་བཅུད་འདུས་པས་སྙིང་པོའི་ཐིག་ལེའོ། །ཡབ་ཀྱི་ཟླ་བ་བྱང་ཆུབ་ཀྱི་སེམས་དང་ཡུམ་གྱི་ཉི་མ་བྱང་ཆུབ་ཀྱི་སེམས་གཉིས་རོ་མཉམ་ཞིང་གཉིས་མེད་དུ་སྦྱོར་བས། མཐའ་གཉིས་ལས་གྲོལ་བའི་དངོས་པོ་ལྷན་ཅིག་སྐྱེས་པའི་བདེ་བའི་ཡེ་ཤེས་དེ་ལམ་པས་ཉམས་སུ་མྱོང་ཞིང་ཚིམ་པས་ན་རོལ་མོ་ཡིས་ཞེས་བྱའོ། །དགའ་བ་བཅུ་དྲུག་གི་རིམ་པས་མས་ལྡོག་པའི་བདེ་བའི་ཡེ་ཤེས་ཉམས་སུ་མྱོང་བས་དགྱེས་པ་སྟེ། དེ་ཀ་ལ་ཐིག་ལེ་བདེ་བའི་ཡེ་ཤེས་ཀྱི་མཆོད་པ་འབུལ་བ་ཞེས་བྱའོ། །དེ་ལ་ཉོན་མོངས་པའི་རྣམ་རྟོག་གི་ཟག་པ་མེད་པ འི་བདེ་བའི་ཡེ་ཤེས་ཀྱི་རོ་མ་འགགས་པར་མྱོང་བ་བསོད་ནམས་ཀྱི་ཚོགས་ཀྱི་བདེ་བའི་ཡེ་ཤེས་སྣང་བ་ལ་འཛིན་མེད་སྒྱུ་མ་ལྟ་བུ་ཉམས་སུ་མྱོང་བས་འདོད་ཆགས་ཉིད་བདེ་བའི་ཡེ་ཤེས་སུ་རང་སྣང་བ་སྟེ། དེ་ཉིད་སྐུ་དང་ཡེ་ཤེས་སུ་གསལ་བས་ཡིད་ཚིམ་པར་བྱེད་པས་ན་རོལ་མོའི་དཀྱིལ་འཁོར་ཏེ་དེ་ཉིད་བསམ་གྱི་མི་ཁྱབ་པས་ན་མཐའ་ཡས་པའི་མཆོག་གོ། །ཉི་ཟླ་གཉིས་མེད་ཀྱི་ཡེ་ཤེས་རྟོགས་དཀའ་བས་གསང་བའི་ཐིག་ལེ་དེ་ཉིད་སྐུ་དང་ཡེ་ཤེས་ཀྱི་འབྱུང་ཁུངས་སུ་གྱུར་པས་ན་དབྱིངས་སོ། །དེ་ཀ་ལ་ཐབས་ཤེས་རབ་གཉིས་མེད་དུ་སྦྱོར་བ་ཞེས་བྱ་སྟེ། བདེ་བའི་ཡེ་ཤེས་དེ་ནི་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་དགོངས་པའི་དངོས་གཞི་ཡིན་ནོ། །གཉིས་པ་བསྒོམ་པའི་ཡོན་ཏན་བསྟན་པ་ནི། ཕྱོགས་བཅུ༴ དམ་པ་ཡིན། །ཞེས་པ་དེར་གདའ་ཞིང་། སངས་རྒྱས་ཀུན་གྱི་དགོངས་པའི་དངོས་གཞི་དེ་ལྟ་ཐོབ་པར་གྱུར་ཙམ་ན། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་ཆོས་ཐམས་ཅད་རང་རིག་པའི་མངོན་སུམ་དུ་གསལ་བར་རྫོགས་པའི་རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཡོན་ཏན་དང་ཕྲིན་ལས་དང་ཐུགས་རྣམ་ལྔའམ་ཉི་ཤུ་རྩ་ལྔ་ལ་སོགས་པ་འབྲས་བུའི་ཆོས་ཐམས་ཅད་ལྷག་མ་མ་ལུས་པར་མཐར་ཕྱིན་པར་མངོན་དུ་བྱས་ཤིང་འགྲུབ་པར་འགྱུར་བ་ཡིན་ཏེ། མཐོང་བ་མེད་པའི་ཚུལ་གྱིས་བདག་ཉིད་ཀྱི་ཞལ་དུས་གཅིག་ཏུ་མཐོང་བ་ཞེས་བྱའོ། །དེ་ནི་འདོད་ཆགས་བདེ་བའི་ཡེ་ཤེས་སུ་དབང་སྒྱུར་བར་བྱེད་པའི་ལམ་གྱི་ནང་ནས་མཆོག་ཉིད་ཡིན་པས་ཐབས་ཀྱི་ནང་ནས་དམ་པ་ཡིན་ནོ། །གསུམ་པ་མངོན་དུ་གྱུར་པའི་འབྲས་བུ་ནི། དཀྱིལ་འཁོར་ལ་གནས༴ དཀྱིལ་འཁོར་སྤྱོད། །ཅེས་པ་དེར་གདའ་ཞིང་། དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །ཅེས་པས། ལྷག་པ་ཏིང་ངེ་འཛིན་དང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བློ་བརྟན་པར་གནས་པའི་སྟོབས་ཀྱིས། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་གཞི་དངོས་པོའི་གནས་ལུགས་དེ་ཉིད་མངོན་དུ་བྱས་པས། རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཅེས་པས། ཡོན་ཏན་ཐམས་ཅད་མངོན་དུ་རྫོགས་པའི་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་དེ་ཉིད་རང་རིག་པ་ལ་སྣང་བས་ན་ལྷུན་གྱིས་གྲུབ་པའོ། །རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། །ཞེས་པས། དེ་ནས་རང་རིག་པའི་རྒྱན་དུ་དཀྱིལ་འཁོར་བདུན་གྱིས་བསྡུས་པ་མ་ལུས་པ་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པར་རང་སྣང་བས་ན་ཐོགས་ཞེས་བྱའོ། །རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བས། །ཞེས་པས། དེ་ལྟར་དཀྱིལ་འཁོར་མ་ལུས་པ་རྫོགས་པའི་ཕྱིར་ན། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་གཉིས་རང་རིག་པའི་བདག་ཉིད་དུ་མཉམ་པར་སྦྱོར་བས། ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། །ཞེས་པས། འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་བདག་ཉིད་ལས་མི་གཞན་པ་ཉིད་ཐུགས་རྗེ་ཆེན་པོ་ཡིན་པའི་ཕྱིར། དེ་ལྟ་བུའི་ཐུགས་རྗེའི་དཀྱིལ་འཁོར་དུ་རང་སྣང་བས་ན་དུས་གནས་ཐམས་ཅད་དུ་མ་འགགས་པར་ཡོངས་ཀྱིས་མ་བཙལ་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ཏེ། གང་འབྱུང་ཞེ་ན། ཕྱོགས་དུས་དཀྱིལ་འཁོར་འདུལ་བའི་མགོན། །ཞེས་པས། ཕྱོགས་བཅུ་དང་དུས་བཞིས་བསྡུས་པ་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ་རང་སྣང་ནས་གདུལ་བྱ་གང་ཡང་མི་འདོར་བར་འདུལ་བའི་ཕྱིར། སྡུག་བསྔལ་ལས་སྐྱོབ་པའི་མགོན་ཞེས་བྱའོ། །དོན་མཛད་པའི་ཚུལ་ཇི་ལྟར་མཛད་ཅེ་ན། སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡིས། །ཞེས་པས། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་གླང་སྣང་ཡང་བདེན་དངོས་ཀྱིས་སྟོང་པ་བཞིན་ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་གཟུགས་སྐུ་གཉིས་སུ་སྣང་ནས་འགྲོ་བ་སྒྲོལ་བར་བྱེད་པ་ཡིས། བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད། །ཅེས་པས་དོན་བྱ་བའི་ཡུལ་བྱེད་པའི་མཁན་པོ་དོན་བྱས་པའི་དངོས་པོ་གསུམ་དུ་འཛིན་པ་མེད་པར་ཐམས་ཅད་སེམས་ཉིད་དུ་ཤེས་པས་རང་རིག་པའི་དཀྱིལ་འཁོར་དུ་གཞན་དོན་རྫོགས་པར་སྤྱོད་པའོ། །བཞི་པ་འབྲས་བུ་དེ་བྱས་པ་མ་ཡིན་པར་རང་བྱུང་དུ་བསྟན་པ་ནི། ཡེ་ཤེས་རྫོགས་པའི༴ དམ་ཚིག་མཆོག །ཅེས་པ་དེར་གདའ་ཞིང་། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ ། །ཞེས་པས། གཞི་རང་བྱུང་གི་ཡེ་ཤེས་ལ་འབྲས་བུའི་ཆོས་ཐམས་ཅད་ཡེ་ནས་རྫོགས་པའི་དཀྱིལ་འཁོར་གཞི་མ་མ་བཅོས་པ་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ནས་གནས་ཀྱང་། རང་གི་གཟུང་འཛིན་གྱི་རྟོག་པས་བསྒྲིབས་ནས་མ་རྟོགས་པ་དེ་རྟོགས་པར་བྱེད་པའི་ཐབས། ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །ཞེས་པས། ཐོས་པའི་ཤེས་རབ་དང་། བསམ་པའི་ཤེས་རབ་དང་། བསྒོམ་པའི་ཤེས་རབ་གསུམ་གྱིས་གནས་ལུགས་ཀྱི་དོན་ལ་བློ་མཉམ་པར་སྦྱོར་བས་ཏེ། ཐོས་པའི་ཤེས་རབ་ཀྱིས་ཐེ་ཚོམ་ཤེས་པར་བྱེད་ཅིང་། བསམ་པའི་ཤེས་རབ་ཀྱིས་ཐེ་ཚོམ་སེལ་བར་བྱེད་ལ། སྒོམ་པའི་ཤེས་རབ་ཀྱིས་ཐེ་ཚོམ་ཆོད་པར་བྱེད་པས་ཏེ། དེ་ཡང་ཐོས་པས་ཤེས་རབ་ཀྱི་མིང་དང་། བསམ་པའི་ཤེས་རབ་ཀྱི་མིང་དོན་གཉིས་ཀ་དང་། སྒོམ་པའི་ཤེས་རབ་ཀྱི་དོན་འབའ་ཞིག་ལ་མཉམ་པར་སྦྱོར་བའི་ཐབས་ཀྱིས། རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་པས། འབྲས་བུ་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་རིག་པའི་མངོན་སུམ་དུ་གསལ་བ་ནི་འཁོར་འདས་ཀྱི་ཆོས་ཀུན་ལ་ངམ་པ་སྟེ། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རང་སྣང་བའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །འདའ་བར་མི་མཛད་དམ་ཚིག་མཆོག །ཅེས་པས། གསང་བའི་སྙིང་པོའི་ལམ་གྱི་ཚུལ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་འབྲས་བུའི་ངོ་བོ་ཉིད་ཐོབ་པར་བྱེད་པ་ལས་འདའ་བར་མི་མཛད་པས་ན་དམ་ཚིག་གི་མཆོག་ཅེས་བྱའོ། །ལྔ་པ་རྒྱུད་ལ་མཐོང་མོས་བྱས་པའི་ཡོན་ཏན་ནོ། །གང་ཞིག༴ དགོངས་པར་འགྱུར། །ཞེས་པ་འདིར་གདའ་ཞིང་། གང་ཞིག་འདི་ལ་མོས་གྱུར་པ། །ཞེས་པས། སྡིག་པའི་གྲོགས་པོ་དང་བྲལ་ཞིང་། བློ་ཕྱིན་ཅི་མ་ལོག་པའི་གང་ཟག་གང་ཞིག་གིས་རྒྱུད་སྡེ་ཟབ་མོ་འདི་ལ་མོས་པར་གྱུར་པ་ཙམ་གྱིས་ཀྱང་། སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །ཞེས་པས། སངས་རྒྱས་ཀྱི་དཀྱིལ་འཁོར་ལྷག་མ་མ་ལུས་པ་ཐམས་ཅད་ཀྱིས་ཕྱོགས་བཅུ་ཀུན་ནས་དུས་བཞི་ཐམས་ཅད་དུ་བྱིན་གྱིས་རློབ་པར་འགྱུར་ཏེ། ཇི་ལྟར་དུ་བྱིན་གྱིས་རློབ་ཅེ་ན། དཀྱིལ་འཁོར་མ་ལུས་བསྙེན་པ་ཡིས། །ཉེས་པའི་སྲས་སུ་དགོངས་པར་འགྱུར། །ཞེས་པས། ཐེག་པ་འོག་མའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་དུས་སྔ་མ་ལ་བསྙེན་ཅིང་སྒྲུབ་པ་ལམ་པ་ལྟར། ཉེ་བའི་ཐུགས་ཀྱི་སྲས་སུ་བུ་གཅིག་པ་ལ་མས་གདུངས་པ་ལྟར་དུ་དགོངས་ཤིང་བྱིན་གྱིས་སློབ་པར་འགྱུར་བ་ཡིན་ནོ། །དྲུག་པ་སྣོད་དང་ལྡན་པའི་ཡུལ་དུ་བསྟན་པ་ནི། བསྐལ་པ༴ འདི་ཡིན་ཏེ། །ཞེས་པ་དེར་གདའ་ཞིང་། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །ཞེས་པས། བསྐལ་པ་ཆེན་པོའི་གྲངས་རྒྱལ་བའི་ཞིང་གི་རྡུལ་ཕྲ་རབ་དེ་སྙེད་གཅིག་ཏུ་ཤེས་རབ་གསུམ་ལ་ཤིན་ཏུ་བློ་སྦྱངས་པ་ལ་རབ་ཏུ་གནས་ཤིང་། དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །ཞེས་པས། རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་མཆོད་ནས་བསྙེན་ཅིང་བསྒྲུབས་པའི་འབྲས་བུ་ནི་རང་བཞིན་གསང་བའི་སྙིང་པོ་བསྒྲུབ་བྱ་ཀུན་གྱི་མཐར་ཐུག་ཏུ་གྱུར་པས་ན་ཆེན་པོ་འདི་ཉིད་ཉམས་སུ་མྱོང་ཞིང་རྟོགས་པར་འགྱུར་བ་ཡིན་ནོ་ཞེས་པ་ནི་བསྡུ་བའི་ཚིག་སྟེ། འཆད་པར་འགྱུར་བའི་ཆེ་བ་དང་འབྲེལ་པའོ། །བདུན་པ་མན་ངག་གི་ཆེ་བ་ལ་གསུམ་སྟེ། རྒྱལ་བའི་གཤེགས་བཤུལ་ཡིན་པས་ཆེ་བ་དང་། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ་ཡིན་པས་ཆེ་བ་དང་། དགོངས་བའི་ཞེ་ཕུགས་ཡིན་པས་ཆེ་བའོ། །དང་པོ་རྒྱལ་བའི་གཤེགས་བཤུལ་ཡིན་པས་ཆེ་བ་ནི། འཇིག་རྟེན༴ ལྷུན་གྱིས་རྫོགས། །ཞེས་པ་དེར་གདའ་ཞིང་། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་གནས་ན་འདས་པ་དང་ད་ལྟར་བྱུང་བའི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པས་རྒྱུའི་ཐེག་པའི་སྒོ་ནས་དཀའ་བ་མང་པོ་སྤྱད་ཀྱང་འབྲས་བུ་མཐར་མ་ཕྱིན་པ་དེ་དག་གསང་བའི་སྙིང་པོའི་ལམ་འདི་རྙེད་པའམ་བསྙེན་པ་ལ་བརྟེན་ནས། གཟོད་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་ཡིན་ནོ། །དེའི་ཕྱིར་རྒྱལ་པའི་གཤེགས་བཤུལ་ཡིན་པའོ། །གཉིས་པ་མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ་ཡིན་པས་ཆེ་བ་ནི། འབྱུང་དང་མ་འོངས་ཐམས་ཅད་ཀུན། །འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར། །ཞེས་པ་དེར་གདའ་ཞིང་། ད་ལྟར་འབྱུང་བའི་རྣལ་འབྱོར་པ་རྣམས་དང་མ་འོངས་པ་ན་འབྱུང་བར་འགྱུར་པའི་རྣལ་འབྱོར་པ་ཐམས་ཅད་ཀུན་ཀྱང་རང་བཞིན་གསང་བའི་སྙིང་པོའི་དོན་རྟོགས་པ་འདི་ཡིས་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ་ཡིན་པའོ། །གསུམ་པ་དགོངས་པའི་ཞེ་ཕུགས་ཡིན་པས་ཆེ་བ་ནི། འདི་ནི༴ མི་བརྙེས་སོ། །ཞེས་པ་དེར་གདའ་ཞིང་། འདི་ནི་གསང་ཆེན་ངེས་པ་ཡི། །ཞེས་པས། རང་བཞིན་གསང་བའི་སྙིང་པོ་འདི་ནི་ཡེ་ནས་གནས་པའི་ཆ་ནས་གཞི། དེ་ཉིད་ཉམས་སུ་ལེན་པའི་ཆ་ནས་ལམ། དེ་མངོན་དུ་གྱུར་པའི་ཆ་ནས་འབྲས་བུ་སྟེ། དེ་ལྟར་མཚན་གསུམ་དུ་བཏགས་ཀྱང་ངོ་བོ་ཉིད་གཅིག་པ་སྟེ་ཐ་མི་དད་པ་ནི་ཐེག་པ་ཐུན་མོང་པ་རྣམས་ཀྱི་བློའི་སྤྱོད་ཡུལ་དུ་མ་གྱུར་པས་ན་གསང་ཆེན་ཞེས་བྱའོ། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་པས། དེས་ན་ངེས་པ་ཡི་དོན་མཐར་ཐུག་པ་འདི་ནི་འབྲས་བུ་ཡང་ཡིན་ལ། དེ་ཀ་ཉམས་སུ་ལེན་པའི་ཆ་ནས་ལམ་དུ་ཡང་གྱུར་པ་ཡིན་ནོ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །ཞེས་པས། དེའི་ཕྱིར་རྟོགས་པ་མངོན་གྱུར་གྱི་རྒྱལ་པའི་དཀྱིལ་འཁོར་ལྷག་མ་མ་ལུས་པ་རྣམས་ཀྱི་དགོངས་པའི་ཞེ་ཕུགས་ཡང་འདི་ཡིན་ལ། འདི་ལས་གསང་བའི་ངེས་དོན་མེད། །ཅེས་པས། ངེས་པའི་དོན་འདི་ལས་གུད་དུ་གྱུར་པའི་ཐུགས་ཀྱི་བརྣག་བྱའམ་གསང་བའི་ངེས་དོན་དུ་བྱ་བ་གཞན་མེད་དེ། བཙལ་ཡང་རྒྱལ་བས་མི་བརྙེས་སོ། །ཞེས་པས། དེས་ན་གཞན་ནས་བཙལ་ཡང་རྟོགས་པ་མངོན་དུ་གྱུར་པའི་རྒྱལ་བ་ཉིད་ཀྱིས་ཀྱང་ཐོབ་པར་བྱར་མེད་པས་ན་མི་བརྙེས་སོ། །དེའི་ཕྱིར་དགོངས་པའི་ཞེ་ཕུགས་ཡིན་པའོ། །འདི་ལ་ཁ་ཅིག་ན་རེ། གསང་སྔགས་མ་ཧཱ་ཡོ་གའི་ལུགས་ཀྱི་འབྲས་བུ་ལ་ལམ་དུ་བྱེད་དམ་མི་བྱེད། མི་བྱེད་ན་གཞུང་འདི་དང་འགལ། བྱེད་ན་སྨིན་པ་ལ་ལམ་དུ་བྱེད་དམ། མ་སྨིན་པ་ལ་ལམ་དུ་བྱེད། སྔ་མ་ལྟར་ན་ཐུག་པ་མེད་པར་ཐལ། སྨིན་ནའང་སྨིན་པ་ལ་ལམ་དུ་བྱ་དགོས་པའི་ཕྱིར་རོ། །ཁྱབ་པ་ཚད་མས་གྲུབ། འདོད་ན། ལམ་རིམ་ལས། མཐར་ཐུག་ས་གསུམ་ཆ་ལས་བརྗོད། །ཅེས་པས། མཐར་ཐུག་ཡོད་པར་བཤད་པས་གསལ་ལོ། །ཕྱི་མ་ལྟར་ན། འབྲས་བུ་རང་མ་ཡིན་པར་ཐལ། མ་སྨིན་པའི་ཕྱིར་རོ། །རྟགས་ཁྱབ་གང་མ་གྲུབ་ཀྱང་དམ་བཅའ་འབུད་དོ་ཞེ་ན། སྐྱོན་མེད་དེ། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ཀྱི་དབང་དུ་བྱས་ན་དེ་ལྟར་ཡིན་ཀྱང་། འདིར་ངོ་བོ་ཉིད་ཀྱི་རྒྱུ་འབྲས་ཀྱི་དབང་དུ་འབྲས་བུ་ནི་ཡེ་ནས་སྨིན་ཟིན་ཡིན་ལ། ཡིན་པ་ལྟར་ཉམས་སུ་ལེན་པ་ནི་ལམ་དུ་བྱེད་པའོ། །དེའི་དགོས་ཆེད་ནི། ཡིན་པ་ལ་ཡིན་པ་ལྟར་མངོན་དུ་གྱུར་པའོ། །དེའི་ཕྱིར་ན་གཞི་ལམ་འབྲས་བུ་ངོ་བོ་ཐ་མི་དད་པར་རྟོགས་ཤིང་ཉམས་སུ་ལེན་པ་ནི་འབྲས་བུ་རྡོ་རྗེ་ཐེག་པའི་ཁྱད་ཆོས་ཡིན་ནོ། །གལ་ཏེ་ལན་རྣལ་མས་མི་ལོ་ན་ཚེས་བརྒྱད་ཀྱི་ཟླ་བ་འདི་ཟླ་བ་ཡིན་ནམ་མ་ཡིན་ཞེས་པ་དང་། ཆུ་མེ་ཡིན་ནམ་མ་ཡིན་ཞེས་འགོ་བསྒྲེའོ། །ཞེས་བླ་མ་རྒྱ་གབ་གོང་པ་གསུང་ངོ་། །བརྒྱད་པ་སྣོད་དང་ལྡན་པ་ལ་སྦྱིན་པ་ནི། ཀུན་གྱི༴ གཏོང་ལ་སྦྱིན། །ཞེས་པ་དེར་གདའ་ཞིང་། ཀུན་གྱི་ཕྱག་རྒྱ་ཆེན་པོའི་མཆོག །ཅེས་པས། རྒྱལ་བ་ཀུན་གྱི་དགོངས་པ་ཡང་རང་བཞིན་གསང་བའི་སྙིང་པོ་འདི་ཡིན་ལ། བགྲོད་པའི་ལམ་དང་དགོངས་པའི་རང་བཞིན་གཉིས་ཀ་ཡང་འདི་ལས་མི་འདའ་བའི་ཕྱིར། ཕྱག་རྒྱ་ཆེན་པོའི་མཆོག་རང་བཞིན་གསང་བའི་སྙིང་པོ་འདི་སུ་ཡི་སྤྱོད་ཡུལ་ཡིན་ཞེ་ན། ཐོས་བསམ་སྒོམ་ལ་རབ་སྦྱངས་པའི། །ཞེས་པས། ཐོས་པའི་ཤེས་རབ་རྔམ་པོ་ཟན་ཟ་བ་ལྟ་བུ་དང་། བསམ་པའི་ཤེས་རབ་གཟོབ་པོ་ཤ་ཟ་བ་ལྟ་བུ་དང་། སྒོམ་པའི་ཤེས་རབ་བུ་ཆུང་ཞུན་མར་ཟ་བ་ལྟ་བུ་སྟེ། དེ་ལྟར་ཤེས་རབ་གསུམ་ལ་བློ་རབ་ཏུ་སྦྱངས་པའི་སྟོབས་ཀྱིས། ཤེས་རབ་མིག་ལྡན་རྣམས་ཀྱིས་བཟུང་། །ཞེས་པས། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཐོང་བ་ནི་ཤེས་རབ་ཀྱི་མིག་གོ། །དེ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་རྒྱུད་འདི་ཟུངས་ཤིག །ཅེས་པའོ། །སྣོད་ལྡན་ངང་ཚུལ་བཟང་ལ་བརྟན། །ཅེས་པས། སྣོད་ཁ་སྤུབ། ཞབས་རྡོལ། གཞོགས་རལ། དུག་ཅན་ཏེ། དེ་ཡང་། གཞི་དད་པ་མེད་པ་སྣོད་ཁ་སྦུབ་ཀྱི་སྐྱོན། གྲོགས་བརྩོན་འགྲུས་མེད་པ་སྣོད་ཞབས་རྡོལ་གྱི་སྐྱོན། མན་ངག་ཟབ་མོ་གསང་མི་ཐུབ་པ་སྣོད་གཞོགས་རལ་གྱི་སྐྱོན། ཆགས་སྡང་དང་ཕྲག་དོགས་ལ་སོགས་པའི་ཕྱིར་དུ་ཆོས་བྱེད་པ་སྣོད་དུག་ཅན་གྱི་སྐྱོན་ཏེ། དེ་ལྟར་སྣོད་ཀྱི་སྐྱོན་བཞི་དང་བྲལ་བ། ཤེས་རབ་དང་སྙིང་རྗེ་ནོགས་ཐུབ་པས་སྣོད་ཀྱི་ཡོན་ཏན་ལྔ་དང་ལྡན་པ་སྟེ། གང་ཞེ་ན། ངང་ཆུ་བོ་ཆེན་པོའི་རྒྱུན་བཞིན་རིང་བ། ཚུལ་དགེ་སློང་གསར་བ་ལྟར་ཞིབ་པ། བསམ་པ་རིན་པོ་ཆེ་གསེར་ལྟར་བཟང་བ་ལ་བློ་རི་རབ་ལྟར་བརྟན་ཅིང་མི་འགྱུར་བའམ། ཡང་ན། ཅིས་ཀྱང་སེམས་མི་འཁྲུགས་པས་ངང་བཟང་བ། སྐྱེ་བོ་རྣམས་ཀྱི་སྤྱོད་པ་ལས་ལོག་པས་ཚུལ་ཤིས་པ། བློ་མི་འགྱུར་བས་རབ་ཏུ་བརྟན་པ། ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཞེས་པས། ལུས་དང་ལོངས་སྤྱོད་ཐམས་ཅད་ཆོས་ཕྱིར་སེར་སྣ་མེད་པར་གཏོང་ཕོད་ནུས་པ་ལ་རྒྱུད་འདི་སྦྱིན་པར་བྱའོ། །དགུ་པ་སྣོད་ངན་ལ་མི་སྦྱིན་ཞིང་བྱིན་པའི་ཉེས་དམིགས་བསྟན་པ་ནི། གཞན་དུ༴ ཡུན་རིང་གནས། །ཞེས་པ་དེར་གདའ་ཞིང་། གཞན་དུ་ནམ་ཡང་སྦྱིན་མི་བྱ། །ཞེས་པས། དེ་ལྟར་གོང་དུ་བཤད་པའི་ཡོན་ཏན་དེ་རྣམས་ཚང་བའི་སྣོད་དང་ལྡན་པ་ལས་གཞན་དུ་སྟེ་སྣོད་དང་མི་ལྡན་པ་ལ་དུས་ནམ་ཡང་རང་གི་སྙིང་འབྱིན་པའི་ཉེས་དང་བསྡོས་ཏེ་སྦྱིན་པར་མི་བྱ་ཞིང་། རྒྱུད་དང་མན་ངག་རྣམས་རབ་ཏུ་གསང་བར་བྱའོ། །རྨོངས་ལ་འཕྱར་བས་གལ་ཏེ་བྱིན། །ཞེས་པས། སྣོད་དང་མི་ལྡན་པའི་སློབ་མ་རྨོངས་པ་ལ་སློབ་དཔོན་དང་སློབ་བུའི་སྣོད་རྟོག་པ་དང་། གསང་སྔགས་ཀྱི་དམ་ཚིག་གི་ཁེ་ཉེན་ལ་ཤིན་ཏུ་རྨོངས་པ་མི་ཆོས་ཀྱིས་ལྕ མ་འཕྱར་ཆེ་བས་གལ་ཏེ་བྱིན་པར་གྱུར་ན་ཉེས་དམིགས་ཆེན་པོ་ཡོད་དེ། གང་ཞེ་ན། དུས་མིན་པར་ནི་སྲོག་ཟད་ནས། །སྲེག་དང་སྦྲེབས་ལ་ཡུན་རིང་གནས། །ཞེས་པས། ཚེ་འདིར་ཡང་དུས་མ་ཡིན་པར་ནི་སྲོག་ཟད་ནས་མཆི་བར་འགྱུར་ལ། ཤི་མ་ཐག་ཏུ་སྲེག་པ་ཚ་བའི་དམྱལ་བ་བརྒྱད་དང་། སྦྲེབས་པ་གྲང་བའི་དམྱལ་བ་བརྒྱད་ལ་སོགས་པའི་སྡུག་བསྔལ་ལ་ཡུན་རིང་དུ་གནས་པར་འགྱུར་རོ། །དེ་ཡང་འགྲེལ་བ་སྤར་ཁབ་ལས། བསྐལ་པ་ཆེན་པོ་གསུམ་དུ་དམྱལ་བར་གནས་སོ། །དེ་ལས་ཐར་ནས་བསྐལ་པ་གཉིས་སུ་ཡི་དྭགས་སུ་གནས་སོ། །དེ་ནས་ཀྱང་སངས་རྒྱས་ཀྱི་སྒྲ་ཐོས་པར་དཀའོ་ཞེས་འབྱུང་ངོ་། །འོ་ན། གོང་དུ་ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །ཞེས་པ་དང་། འདིར། སྣོད་ལྡན་ངང་ཚུལ་བཟང་ལ་སྦྱིན། །ཞེས་པ་གཉིས་ལྡབས་སོ། །ཞེ་ན། སྐྱོན་མེད་དེ། གོང་མ་ནི་ཐེག་པ་འོག་མ་རྣམས་ལ་སྦྱངས་པའི་འབྲས་བུ་འདི་ཉིད་འགྲུབ་ཚུལ་གྱི་སྒོ་ནས་སྨོན་པ་ཡིན་ལ། སྐབས་འདིར་ནི་སྣོད་ཀྱི་སྐྱོན་དང་ཡོན་ཏན་བསྟན་པ་ཡིན་པས་སོ། །ཡང་ལ་ལ་དག་ན་རེ། གསང་བའི་སྙིང་པོ་འདི་སྦྱངས་པའི་དབང་པོ་རྣོན་པོའི་ཡུལ་ཡིན་གྱི་རང་བཞིན་གྱི་དབང་པོ་རྣོན་པོའི་ཡུལ་མ་ཡིན་ནོ་ཞེས་སྨྲ་བ་དག །རིགས་པ་མ་ཡིན་ཏེ། དེ་ཚོད་དུ་ཟག་མེད་ཀྱིས་ཆོས་ཉིད་དེ་མཐོང་ལམ་པའི་ཡུལ་ཡིན་གྱི་མཐར་ལམ་པའི་ཡུལ་མ་ཡིན་ནོ་བྱས་པས། ཁོ་ན་རེ། མཐོང་ལམ་བས་མཐར་ལམ་བློ་ཆུང་བར་ཐལ། །ཟེར་ན། འོ་ན། སྦྱངས་རྣོ་བས་རང་རྣོ་བློ་ཆུང་བར་ཐལ། རྟགས་ཁྱབ་འགོ་མཚུངས་འདོད་ན། འདིར་ཡང་འདོད་དོ། །ལས་རིམ་ལས། ཐམས་ཅད་མཁྱེན་པའི་སྤྱན་མཆོག་འཆང་། །ཞེས་པས་གསལ་ལོ། །ཟེར་ན། འོ་ན་ལམ་རིམ་ལས། མ་སྦྱངས་གྲུབ་པ་གསུམ་ཕྱིར་གྱིས། །ཞེས་པས་གསལ་ལོ། །ཞེས་འགོ་བསྒྲེའོ། །གཉིས་པ་གཞུང་གསུངས་པའི་ཡོན་ཏན་བསྟན་པ་ནི། ཞེས་དེ་བཞིན་གཤེགས་པ་ཉིད་ཀྱི་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ་དེར་གདའ་ཞིང་། ཞེས་སྟོན་པའི་དེ་བཞིན་གཤེགས་པ་ཉིད་སྟོན་འཁོར་དགོངས་པ་ཁྱད་མེད་པར་གྱུར་པས་ན་ལྷན་ཅིག་པའི་འཁོར་གྱི་དེ་བཞིན་གཤེགས་པ་ཉིད་ལ་གོ་ཕྱེ་བའི་འཁོར་གྱིས་ཆེད་དུ། གོང་དུ་བསྟན་པའི་གཞུང་གི་དོན་དེ་དག་ཚིག་ཏུ་བརྗོད་པ་དང་འདྲ་བར་གསལ་བ་འདི་བརྗོད་དོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། གསང་བའི༴ བཅུ་གསུམ་པའོ། །ཞེས་པ་དེར་གདའ་ཞིང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཞེས་པས། གསང་བའི་ཞེས་རྟོགས་དཀའ་བ། སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉིད་གཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་དེ་མཚན་གྱི་གཞིར་གདའ། ཤིན་ཏུ་གསང་བ་མན་ངག་གི་སྙིང་པོའི་ལེའུ་སྟེ་བཅུ་གསུམ་པའོ། །ཞེས་པས། ཕལ་གྱི་ཡུལ་མ་ཡིན་ཞིང་རྟོགས་དཀའ་བས་ན་ཤིན་ཏུ་གསང་བ། བྱ་སླ་ཞིང་ཚེགས་ཆུང་ངུས་དོན་ཆེན་པོ་སྟོན་པར་བྱེད་པས་ན། མན་ངག་གི་སྙིང་པོའི་གཞུང་གི་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་སྟེ། དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། ཡས་བགྲངས་བཅུ་གསུམ་པའི་དོན་དུ་གདའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་བཅུ་གསུམ་པའི་གཞུང་དོན་རྣམ་པར་བཤད་པའོ།། ༈ །།ད་ནི་ལེའུ་བཅུ་བཞི་པ་འཆད་པར་བྱེད་པ་འདི་ལ་ཆོས་ཚོམས་ངོས་བཟུང་བའི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལས་འབྲས་བུ་གསུམ་ལས་ལམ་དང་འབྲས་བུ་སྟོན། ལམ་ལ་ཐབས་ལམ་གྲོལ་ལམ་གཉིས་ལས་གྲོལ་ལམ་སྟོན། རིམ་ཅིག་ཅར་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་སྟོན། སྣང་བ་བཞི་ལས་ལམ་དང་འབྲས་བུའི་སྣང་བ་སྟོན། བློ་འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུན་དོན་སྟོན། དེ་ལ་བཅུ་ཡོད་པ་ལས་བསྟོད་པའི་མཆོད་པ་སྟོན། ཞོར་ལ་དཀྱིལ་འཁོར་དང་ཕྲིན་ལས་སྟོན། བློ་ཐ་མའི་ཆོས་ཚོམས་བཅུ་ལས། སྤྱི་འགྲོ་རྣམས་ཀྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པར་བྱེད་པའི་ལེའུ་བཅུ་བཞི་པ་འདི་ལ་དོན་ཆིངས་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ལེའུའི་གཞུང་བསྟན་པ་དང་། ལེའུའི་མཚན་བསྟན་པའོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་ནི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཉིད་ཀྱི་དཀྱིལ་འཁོར་ལ་དགྱེས་པ་ཆེན་པོའི་གླུ་འདི་བླངས་སོ། །ཞེས་པ་དེར་གདའ་ཞིང་། ཞི་བའི་དཀྱིལ་འཁོར་བསྟན་པ་ལ་དེ་བསྟོད་པ་སྟོན་པས་ན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཡིན་ལ། དེའི་ངོ་བོ་གླུ་ཡིས་མཚོན་པ་ལྟར་གནས་པའམ་དེ་ལས་གཞན་པའི་སེལ་མེད་པས་དགྱེས་པ་ཆེན་པོའི་གླུ་དྲུག་པོ་འདི་དབྱངས་སུ་བསྙད་ནས་བླངས་སོ། །གཉིས་པ་ལེའུའི་གཞུང་ལ་གཉིས་ཏེ། གཞུང་དངོས་དང་། གཞུང་གསུངས་པའི་ཚུལ་ལོ། །དང་པོ་གཞུང་དངོས་ལ་དྲུག་སྟེ། སྐུ་ལྔ་ལ་བསྟོད་པ་དང་། གསུང་ལྔ་ལ་བསྟོད་པ་དང་། ཐུགས་ལྔ་ལ་བསྟོད་པ་དང་། ཡོན་ཏན་ལྔ་ལ་བསྟོད་པ་དང་། ཕྲིན་ལས་ལྔ་ལ་བསྟོད་པ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་སྤྱིར་བསྟོད་པའོ། །དང་པོ་སྐུ་ལྔ་ལ་བསྟོད་པ་ནི། ༀ། ཕྱོགས་བཅུ༴ ཀུན་ཏུ་རྫོགས་ཧོཿ ཞེས་པ་དེར་གདའ་ཞིང་། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་པས། ཨཱོཾ་ནི་ཡི་གེ་ཆ་ལྔ་པ་ཡེ་ཤེས་ལྔ་ལྡན་སྐུ་ལྔ་མཚོན་པ་གླུའི་འགོ་འདྲེན་པའོ། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་པས། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་རྒྱལ་བ་སྐུ་བཞིར་སྣང་བ་ཐམས་ཅད་ཀྱང་རང་རིག་པའི་ཡེ་ཤེས་གཅིག་གི་ངོ་བོ་ལ་མ་འགགས་པར་ལྷུན་གྱིས་གྲུབ་པར་རྫོགས་པ་ནི་མངོན་པར་བྱང་ཆུབ་པ་ཡི་སྐུའོ། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །ཞེས་པས། ཐུགས་ཡེ་ཤེས་ལྔའི་དཀྱིལ་འཁོར་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོར་གསལ་བའི་ཐིག་ལེ་སྟེ། དེ་ཉིད་ཆོས་ཐམས་ཅད་ལ་ཁྱབ་གདལ་ཆེན་པོར་གནས་པ་ནི་ཆོས་ཀྱི་སྐུའོ། །འདི་ལ་བླ་མ་གཙང་ནག་འོད་འབར་གྱི་བཞེད་ཀྱིས། སྐུ་ལྔ་པོ་ཉིད་རིག་པའི་སྣང་ཆ་ནས་གྲུབ་པས་མངོན་པར་བྱང་ཆུབ་པའི་སྐུ་ལ་བསྟོད་པ་ཡིན་གསུང་ངོ་། །བསོད་ནམས་དཀྱིལ་འཁོར་ཞེས་པས། གང་ཡང་མ་སྤངས་པའི་ཟག་པ་མེད་པའི་བསོད་ནམས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྐུ་ཡི་ཚོགས། ཞེས་པས། གདུལ་བྱ་ཐམས་ཅད་ཀྱི་ངོ་ལ་དུས་ཐམས་ཅད་དུ་སྐུ་ཡི་སྣང་བ་སྣ་ཚོགས་སུ་ཅིར་ཡང་སྣང་བའི་ཕྱིར་སྤྲུལ་པའི་སྐུའོ། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས། །ཞེས་པས། སྣང་སྟོང་གཉིས་དབྱེར་མེད་དུ་ཟླུམ་པས་ན་ཐིག་ལེ། འཁོར་འདས་ཀྱི་ཆོས་ཀུན་དབྱེར་མེད་དུ་རྫོགས་པ་ནི་རྡོ་རྗེའི་སྐུའོ། །བསྟོད་པས་མཉེས་པར་གྱུར་པས་ཧོ་ཞེས་བྱ་བ་སྟེ། ཀུན་ལ་མཐུན་པར་ཤེས་པར་བྱའོ། །གཉིས་པ་གསུང་ལྔ་ལ་བསྟོད་པ་ནི། ༀ། རྡོ་རྗེ་བསོད་ནམས༴ ཐིག་ལེ་ཆེ་ཧོཿ ཞེས་པ་དེར་གདའ་ཞིང་། ཨཱོཾ་ནི་ཡི་གེ་ཆ་ལྔ་པ་ཡེ་ཤེས་ལྔ་ལྡན་གསུང་ལྔ་མཚོན་པས་གླུའི་འགོ་འདྲེན་པའོ། །རྡོ་རྗེ་བསོད་ནམས་ཞེས་པས། གསུང་ལྔ་སྐྱེ་འཇིག་མེད་པར་དབྱེར་མི་ཕྱེད་བས་རྡོ་རྗེ་ཞེས་བྱའོ། །བསོད་ནམས་ཀྱི་ངོ་བོ་སྒྲ་ཐམས་ཅད་མ་སྤངས་པར་རང་སྣང་བའི་ཕྱིར་བརྗོད་པ་ཚིག་གི་གསུང་ངོ་། །འདི་ལ་བླ་མ་གཙང་ནག་འོད་འབར་གྱི་བཞེད་ཀྱིས། རྡོ་རྗེ་བསོད་ནམས་ལས་གྲུབ་པ་དགོངས་པ་བརྡའི་གསུང་ཡིན་ནོ། །ཐིག་ལེ་ཆེ། ཞེས་པས། སྤྲོས་པ་མེད་པས་ན་ཐིག་ལེ་ཆེན་པོའི་རང་བཞིན་ལ་བརྗོད་དུ་མེད་པའི་ཕྱིར་སྐྱེ་མེད་དོན་གྱི་གསུང་ངོ་། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །ཞེས་པས། རྡོ་རྗེ་ཡེ་ཤེས་ལྔའི་དཀྱིལ་འཁོར་རང་རིག་པ་ལ་ལྡན་པས་ན། དེ་ཉིད་ཚིག་ཏུ་མ་བརྗོད་པར་རིག་པར་གསལ་བས་བརྡ་སྤྲོད་པས་མཉམ་ཉིད་རིག་པའི་གསུང་ངོ་། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །ཞེས་པས། རྡོ་རྗེའི་སྒྲ་ཆེན་པོ་ཚིག་གཅིག་གིས་དོན་མཐའ་ཡས་པ་གོ་བར་བྱེད་པའམ། རྡོ་རྗེའི་གསུང་སྒྲ་ཆེན་པོ་གཅིག་ལ་སུམ་བརྒྱ་དྲུག་ཅུ་ལ་སོགས་པའི་ཡན་ལག་མང་པོ་མཐའ་ཡས་པ་གྲགས་པའི་ཕྱིར་ཚངས་པ་དབྱངས་ཀྱི་གསུང་ངོ་། །རྡོ་རྗེ་རྒྱལ་པོ་ཞེས་པས། ཡི་གེའམ་ཚིག་ཏུ་བརྗོད་དུ་མེད་པ་ཉིད་ཚིག་ཏུ་བརྗོད་པ་དང་འདྲ་བར་འཁོར་གྱི་བློ་ལ་གསལ་བ་ནི། གསུང་གི་རབ་བམ་རྒྱལ་པོ་ཡིན་པའི་ཕྱིར་དགོངས་པ་བརྡའི་གསུང་ངོ་། །ཐིག་ལེ་ཆེ་ཞེས་པས། རྒྱལ་བའི་གསུང་ལྔ་དབྱེར་མེད་དུ་ཟླུམ་པས་ཐིག་ལེ་ཆེ། གྲགས་སྟོང་དབྱེར་མི་ཕྱེད་པས་ན་ཡི་གེ་མེད་པ་རྡོ་རྗེའི་གསུང་ངོ་། །ཧོ་ནི་བསྟོད་པའི་དོན་ལ་མཉེས་པའོ། །གསུམ་པ་ཐུགས་ལྔ་ལ་བསྟོད་པ་ནི། ༀ། སྐུ་གསུང་༴ ལེ་ཆེ་ཧོཿ ཨཱོཾ་ཞེས་པས། ཨཱོཾ་ནི་ཡི་གེ་ཆ་ལྔ་པ་ཡེ་ཤེས་ལྔ་ལྡན་ཐུགས་ལྔ་མཚོན་པས་གླུའི་འགོ་འདྲེན་པའོ། །སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཞེས་པས། སྐུ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། གསུང་སོ་སོར་རྟོག་པའི་ཡེ་ཤེས་དང་། ཐུགས་སྟོང་པ་ཉིད་ཀྱི་ཡེ་ཤེས་གསུམ་རྫོགས་པའི་བདག་ཉིད་ཆེན་པོ་དེ་ལ། ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཞེས་པས། ཡོན་ཏན་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཕྲིན་ལས་བྱ་བ་གྲུབ་པའི་ཡེ་ཤེས་ཀུན་ཀྱང་ཀུན་ཏུ་རྫོགས་པའོ། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །ཞེས་པས། ཡེའམ་གདོད་མ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡེ་ཤེས་ལྔའི་ངོ་བོར་ལྷུན་གྱིས་རྫོགས་ཏེ། སྤྱོད་ཡུལ་ཡོངས་སུ་དག་པས་ཀུན་ཏུ་བཟང་པོའོ། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ། །ཞེས་པས། ཡེ་ཤེས་རེ་རེ་ལའང་ལྔ་ལྔ་འདུས་པའི་ཚོགས་ཆེན་པོ་དེ་དག་ཕྲ་ཡས་སུ་མ་སོང་བ་སྟེ། རང་བྱུང་གི་ཡེ་ཤེས་གཅིག་གི་ངོ་བོར་ཟླུམ་པས་ན་ཐིག་ལེ་ཆེན་པོའོ། །ཧོ་ནི་བསྟོད་པའི་དོན་ལ་མཉེས་པའོ། །བཞི་པ་ཡོན་ཏན་ལྔ་ལ་བསྟོད་པ་ནི། །ༀ། མི་དམིགས༴ ཆེན་པོ་ཧོཿ ཞེས་པ་དེར་གདའ་ཞིང་། ཨཱོཾ་ཞེས་པས། ཨཱོཾ་ནི་ཡི་གེ་ཆ་ལྔ་པ་ཡེ་ཤེས་ལྔ་ལྡན་ཡོན་ཏན་ལྔ་མཚོན་པས་གླུའི་འགོ་འདྲེན་པའོ། །མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །ཞེས་པས། སེམས་ཉིད་གང་དུ་ཡང་མི་དམིགས་པའི་རིག་པ་སྒྱུ་མ་ཉིད་གཞལ་ཡས་ཁང་སྣ་ཚོགས་སུ་འཕྲུལ་ཅིང་སྣང་བས་སྣང་སྟོང་གཉིས་སུ་མེད་པ་མཉམ་པ་ཉིད་ཀྱི་དབྱིངས་ལ། ཕྱི་ནང་དང་རྒྱ་ཆེ་ཆུང་གཞལ་དུ་མེད་པའི་ཕྱིར་གཞལ་ཡས་ཁང་གི་ཡོད་ཏན་ནོ། །མཐའ་ཡས་ཀུན་ནས་ཞེས་པས། རྒྱལ་བ་དྲུག་པའི་ཞིང་ཁམས་ལ་ཡོན་ཏན་མཐའ་ཡས་པ་དང་ལྡན་པ་དུས་དང་རྣམ་པ་ཀུན་ཏུ་སྣང་ནས་དོན་མཛད་པ་ནི་ཞིང་ཁམས་ཀྱི་ཡོན་ཏན་ནོ། །སྣ་ཚོགས་སྤྲོ། ཞེས་པས། བ་སྤུའི་བུ་ག་རེ་རེ་ནས་ཡེ་ཤེས་ལྔའི་འོད་ཟེར་ཁ་དོག་སྣ་ཚོགས་པ་སྤྲོ་བ་ནི་འོད་ཟེར་གྱི་ཡོན་ཏན་ནོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །ཞེས་པས། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔའི་ལྷ་མོ་གྲངས་མེད་པ་རེ་རེ་ཡང་མཐའ་ཡས་པའི་འདོད་པའི་ཡོན་ཏན་ཀུན་ནས་ལྷུན་གྱིས་གྲུབ་ཅིང་། གཟུགས་ཀྱི་ལྷ་མོ་ལ་སོགས་པ་སྤྱན་ལ་སོགས་པ་ལ་ཐིམ་པ་ནི་ལོངས་སྤྱོད་ཀྱི་ཡོན་ཏན་ནོ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ། །ཞེས་པས། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་སྣ་ཚོགས་ལྷུན་གྱིས་གྲུབ་པ་སེང་གེ་ལ་སོགས་པ་སེམས་ཅན་ཆེན་པོ་ལྔས་བཏེག་པའི་ཁྲིའི་སྟེང་དུ། སྐུ་ཟླ་བ་གསུང་ཉི་མ་ཐུགས་ཉེས་པའི་སྐྱོན་གྱིས་མ་གོས་པའི་པདྨ་དང་། ཡོན་ཏན་ལྷུན་གྱིས་གྲུབ་པས་རིན་པོ་ཆེའི་ཁྲི་རྐང་ཆེན་པོར་རང་སྣང་བ་ནི་གདན་ཁྲིའི་ཡོན་ཏན་ནོ། །ཧོ་ནི་བསྟོད་པའི་དོན་ལ་མཉེས་པའོ། །ལྔ་པ་ཕྲིན་ལས་ལྔ་ལ་བསྟོད་པ་ནི། ༀ། ཕྱོགས་བཅུའི༴ གྲུབ་ཧོཿ ཞེས་པ་དེར་གདའ་ཞིང་། ཨཱོཾ་ཞེས་པས། ཨཱོཾ་ནི་ཡི་གེ་ཆ་ལྔ་པ་ཡེ་ཤེས་ལྔ་ལྡན་ཕྲིན་ལས་ལྔ་མཚོན་པས་གླུའི་འགོ་འདྲེན་པའོ། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །ཞེས་པས། དོན་བྱ་བའི་གནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་མོ་སྙེད་ཀྱི་དག་པ་ཆོས་སྐུའི་ཞིང་ཁམས་མ་དག་པ་སྤྲུལ་སྐུའི་ཞིང་ཁམས་བར་མ་ལོངས་སྐུའི་ཞིང་ཁམས་དང་གསུམ་དུ། རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །ཅེས་པས། དོན་བྱ་བའི་རྒྱུ་ལ་རྒྱལ་བའི་མཛད་པས་སེམས་ཅན་གྱི་དོན་མཛད་པའི་འཕྲིན་ལས་རྡུལ་ཕྲན་སྙེད་རྣམས་ཀྱང་ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོའི་ཕྲིན་ལས་དང་བཞིར་འདུ་བའོ། །སྤྲུལ་པའི་རྡུལ་ཕྲན་བསམ་ཡས་ཀྱིས། །ཞེས་པས། དོན་བྱེད་པའི་མཁན་པོ་ཞི་བ་དང་ཁྲོ་བོ་ལ་སོགས་པ་ཞི་རྒྱས་དབང་རྟག་གི་ཚུལ་དུ་སྤྲུལ་པའི་གྲངས་རྒྱལ་བའི་ཞིང་གི་རྡུལ་ཕྲན་ལས་འདས་པ་བསམ་གྱིས་མི་ཁྱབ་པ་མཐའ་ཡས་པ་རྣམས་ཀྱིས་དོན་བྱེད་དོ། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཅེས་པས། དོན་བྱེད་པའི་ཚུལ། གོང་གི་སྤྲུལ་པ་དེ་དག་ཀྱང་དུས་སྐད་ཅིག་གམ་ཡུད་ཙམ་ལ་རྩོལ་བ་ལ་རག་མ་ལུས་བར་ཕྲིན་ལས་བཞིས་དོན་མཛད་པ་ནི། མ་བཙལ་བར་ཟིན་པའི་ཕྱིར་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཞེས་བྱའོ། །ཧོ་ནི་བསྟོད་པའི་དོན་མཉེས་པའོ། །དྲུག་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་སྤྱིར་བསྟོད་པ་ནི། ༀ། ཐམས་ཅད་མ་ལུས༴ ཐིག་ལེ་ཆེ་ཧོཿ ཞེས་པ་དེར་གདའ་ཞིང་། ཨཱོཾ་ཞེས་པས། ཨཱོཾ་ནི་ཡི་གེ་ཆ་ལྔ་པ་ཡེ་ཤེས་ལྔ་ལྡན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་མཚོན་པས་གླུའི་འགོ་འདྲེན་པའོ། །ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཞེས་པས། འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ལྷག་མ་མ་ལུས་པ་ཐམས་ཅད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་ཡེ་ནས་གནས་པ་ཡིན་ཏེ། གནས་པའི་ཐབས་ཇི་ལྟར་ཞེ་ན། གངས་ཆེན་པོ་ལྔའི་དབུས་ན་མཚོ་ཞིག་ཡོད་ན་དེའི་ནང་དུ་གངས་ཆེན་པོའི་གཟུགས་བརྙན་ལྔ་འཆར་བ་བཞིན་དུ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །ཞེས་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མཛད་པ་ཇི་ལྟར་སྣང་ཡང་གཅིག་གིས་བདག་ཉིད་དུ་འདུས་པས་ན་ཆེན་པོ་ཞེས་པའམ། ཡང་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ངོ་བོ་ནི་ཆོས་ཐམས་ཅད་ཀྱི་བདག་ཉིད་ཆེན་པོའོ། །ཡང་མཚོ་ཆེན་པོ་ལྔའི་དབུས་ན་གངས་ཆེན་པོ་ཅིག་ཡོད་ན། མཚོ་རེ་རེའི་ནང་དུ་ཡང་གངས་ཆེན་པོའི་གཟུགས་བརྙན་རེ་རེ་སྣང་བ་བཞིན་དུ། སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །ཅེས་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཀར་གྱིས་འཁོར་འདས་ཐམས་ཅད་ཀྱི་ཆོས་ཀུན་རེ་རེ་ལ་ཡང་ཀུན་ཏུ་ཁྱབ་པ་ཡིན་ནོ། །དེའི་ཕྱིར་དཔེ་མཚོ་གཅིག་ཏུ་གངས་ལྔ་འཆར་ལ་གངས་གཅིག་མཚོ་ལྔར་འཆར་བ་བཞིན། སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ། །ཞེས་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྣང་ཚུལ་ཀུན་གཅིག་ཏུ་འདུས་ལ། གཅིག་ཀུན་ཏུ་འཆར་བས་ན་ཕན་ཚུན་ཐ་མི་དད་པ་ཁོ་ནའི་ཕྱིར་གཅིག་དང་དུ་མའི་མཐའ་ལས་གྲོལ་བ་ཡིན་ཏེ། དེའི་ཕྱིར་ཐིག་ལེ་ཆེན་པོའི་རང་བཞིན་ནོ། །ཧོ་ནི་བསྟོད་པའི་དོན་ལ་མཉེས་པའོ། །འདི་ལ་བླ་མ་གོང་མ་རྣམས་ཀྱི་གསུང་སྒྲོས་ནི། དཔེར་ན་སྟོད་མངའ་རིས་བསྐོར་གསུམ་གྱི་བདག་པོ་མངའ་བདག་རྩེ་ལྡེ་ཡིན་བྱ་བ་དང་། མངའ་རིས་བསྐོར་གསུམ་ལ་མངའ་བདག་རྩེ་ལྡེའི་བཀའ་དྲིན་གྱིས་མ་ཁྱབ་པ་མེད་བྱ་བ་དང་། མངའ་རིས་བསྐོར་གསུམ་ལ་མངའ་བདག་རྩེ་ལྡེའི་འབངས་མིན་པ་གཞན་མེད་བྱ་བ་ལྟ་བུ་ཡིན་གསུང་ངོ་། །དེ་ལ་གངས་ཆེན་མཚོ་ལྔ་རང་གང་ཡིན་སྙམ་ན། འཇིག་རྟེན་གྱི་ཁམས་ཉེར་ལྔ་དང་། རྒྱལ་བའི་ཆེ་བའི་ཡོན་ཏན་ལྔ་དང་། འཁོར་བའི་ཆོས་དུག་ལྔ་དང་། འབྲས་བུའི་ཆོས་ཉེར་ལྔ་ལ་འདོད་པ་མང་ཡང་། ཡུམ་ལས། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་ཀྱིས་ཤེས་པར་བྱའི། རྒྱ་མཚོ་ལྔ་ཕ་རོལ་ཏུ་ཕྱིན་པར་འགྱུར་ཏེ། ལྔ་གང་ཞེ་ན། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། བརྗོད་དུ་མེད་པ་དང་། འདུས་མ་བྱས་པའི་ཞེས་གསུངས་པ་ལ་བཞེད་དོ། །གཉིས་པ་གཞུང་གསུངས་པའི་ཚུལ་བསྟན་པ་ནི། ཞེས་བསྒྲགས་སོ། །ཞེས་པས། ཞེས་གླུ་དྲུག་གི་དོན་འདི་དག་སྟོན་པས་འཁོར་རྣམས་ཀྱི་ཆེད་དུ་བསྒྲགས་སོ། །དེ་ལྟར་བསྟོད་པ་དེ་དག་ཀྱང་སྒྲོ་བཏགས་པའམ་སྐུར་པ་བཏབ་པ་ནི་མ་ཡིན་ཏེ། ཡོན་ཏན་ཡོད་པ་ལ་ཡོད་པ་ལྟར་དུ་ཆེ་བའི་ཆེན་པོར་བསྟན་པ་ཡིན་ནོ། །དེའི་ཕྱིར་ཡོན་ཏན་མེད་བཞིན་བསྟོད་པ་ནི་སྒྲོ་བཏགས་པ་ཡིན་ལ། ཡིད་བཞིན་མི་བསྟོད་པ་ནི་སྐུར་པ་བཏབ་པ་ཡིན་ནོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། གསང་བའི༴ བཅུ་བཞི་པའོ། །ཞེས་པ་དེར་གདའ་ཞིང་། གསང་བའི༴ ལས་ཞེས་པས། གསང་བའི་ཞེས་རྟོགས་དཀའ་བ། སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉིད་གཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་དེ་མཚན་གྱི་གཞིར་གདའ། མཉེས་པའི་ལེའུ་སྟེ་བཅུ་བཞི་པའོ། །ཞེས་པས་དེ་ལྟར་བསྟོད་པའི་སྒོ་ནས་གདུལ་བྱའི་ངོ་ལ་མཉེས་པ་ལྟར་སྣང་བའི་གླུ་དྲུག་གི་གཞུང་གི་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་སྟེ་དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། ཡས་བགྲངས་བཅུ་བཞི་པའི་དོན་དུ་གདའོ། །འོ་ན་མཉེས་པའི་ལེའུ་བྱ་བ་འདུག་པས། རྒྱལ་བ་ལ་མཉེས་མི་མཉེས་མངའ་ན་གཟུང་འཛིན་ཅན་དུ་འགྱུར་རོ་ཞེ་ན། རྒྱལ་བ་ལ་མཉེས་མི་མཉེས་མི་མངའ་ཡང་། གདུལ་བྱ་རྣམས་ཀྱི་ཚོགས་གཉིས་རྫོགས་པར་བྱ་བའི་ཆེད་དུ་མཉེས་པ་ལྟར་སྣང་བ་ལ་འགལ་བ་མེད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་བཅུ་བཞི་པའི་གཞུང་དོན་རྣམ་པར་བཤད་པའོ། །དེ་ཡན་ཆད་ནི་རྟོགས་པས་བདག་སྒྲོལ་བ་ཞེས་ཀྱང་བྱ་སྟེ། ཐུགས་རྗེ་ཞི་བའི་རྒྱུད་དོན་གྱི་ཆོས་རྫོགས་སོ།། ༈ །།ད་ནི་ལེའུ་བཅོ་ལྔ་པ་འཆད་པར་བྱེད་པ་འདི་ལ་ཆོས་ཚོམས་ངོས་བཟུང་བའི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས། འཁྲུལ་གཞི་གཙོ་ཆེར་སྟོན། རུ་དྲའི་ངོ་ལ་རྒྱལ་བ་བློ་ངོར་སྣང་བས་འབྲས་བུ་དང་། རུ་དྲ་ལམ་བགྲོད་པས་ལམ་སྟོན། ལམ་ལ་ཐབས་ལམ་གྲོལ་ལམ་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་པ་དང་། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་སྟོན། རིམ་ཅིག་ཅར་གཉིས་ལས་གཉིས་ཀ་སྟོན། སྣང་བ་བཞི་ལས་འཁྲུལ་གཞི་དང་ལམ་དང་འབྲས་བུའི་སྣང་བ་སྟོན། བློ་འབྲིང་གི་ཆོས་ཚོམས་ལྔ་ལས། གླེང་གཞི་དང་རྒྱུད་དོན་སྟོན། རྒྱུད་དོན་ལ་བཅུ་ལས། གཞུང་ཧྲིལ་པོས་ཁྲོ་བོའི་དཀྱིལ་འཁོར་སྟོན། བཅུ་ཡང་བརྒྱའི་བདག་ཉིད་དུ་བྱས་ན་དཀྱིལ་འཁོར་གྱི་ཞོར་ལ་སྤྱོད་པ་སྟོན། རུ་དྲ་ལ་དབང་བསྐུར་བས་དབང་སྟོན། རུ་དྲ་ལ་དམ་འབོགས་པས་དམ་ཚིག་སྟོན། བློ་ཐ་མས་ཆོས་ཚོམས་བཤད་ཐབས་འདྲེན་པའི་ཚིག་བཅུ་ལས། ལྡེམ་དགོངས་མན་ངག །གཏར་ཁ་གེགས་སེལ། སྤྱི་དོན་བསྡུ་བ། མཚོན་པ་དཔེ། བསྣོལ་མཚམས་འཕེན་སྡུད་རྣམས་སྟོན་ནོ། །གཞན་ཡང་སྤྱི་འགྲོ་གསུམ་གྱི་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པར་བྱེད་པའི་ལེའུ་བཅོ་ལྔ་པ་འདི་ལ་དོན་གཉིས་ཏེ། ལེའུའི་གཞུང་བསྟན་པ་དང་། ལེའུའི་མཚན་བསྟན་པའོ། །དང་པོ་ལེའུའི་གཞུང་བསྟན་པ་ལ་སྤྱི་དོན་གཉིས་ཏེ། ཀུན་ཏུ་བཟང་པོ་ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་པ་དང་། དེའི་དགོས་ཆེད་དོ། །དང་པོ་ཀུན་ཏུ་བཟང་པོ་ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་པ་ནི། དེ་ནས་དེ་བཞིན་གཤེགས་པ༴ འདུ་མཛད་དེ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་དེ་ཡན་ཆད་དུ་ཞི་བའི་དཀྱིལ་འཁོར་དང་། ཁྲོ་བའི་ཚོགས་སྒྲུབ་པ་དང་། ལྷག་པ་གཟུགས་བརྙན་ཟུར་ཙམ་བསྟན་པ་ལ་དེ་འདི་ན་མར་ཁྲོ་བོའི་དཀྱིལ་འཁོར་སྟོན་པས་ན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་པས། དེ་བཞིན་གཤེགས་པ་ཐམས་ཅད་ནི་རིགས་ལྔར་འདུས་ལ། རིགས་ལྔ་པོ་ཐམས་ཅད་ཀྱི་བདག་པོ་ནི་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོའོ། །སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ཞེས་པས། ཞི་ཁྲོའི་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་དགོངས་པ་གཅིག་དང་དུ་མར་བྲལ་བའི་ཚུལ་གྱི་ལྷུན་གྱིས་གྲུབ་པའི་ངོ་བོ་ཀུན་ཏུ་བཟང་པོ་ཉིད་ཀྱིས་ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་དོ། །ཞེས་པས། ཁྲོ་བོའི་དཀྱིལ་འཁོར་དུ་སྐུ་ཕྱག་རྒྱ་ཆེན་པོར་མངོན་པར་འདུ་མཛད་དེ། གང་ཞེ་ན། སྤྱིར་གྱི་ཁྲོ་བོ་ལ་གསུམ་ལས། ཤེས་རབ་ཆེན་པོའི་ཁྲོ་བོ་ནི། བདག་མེད་རྟོགས་པའི་ཤེས་རབ་སྟེ། དེས་རྣམ་པར་རྟོག་པའི་མཚན་མ་འཇོམས་པའི་ཕྱིར་ཁྲོ་བོའོ། །དེ་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། ཡང་དག་ཤེས་རབ་ཆེན་པོ་ནི། །མཚན་མ་འཇོམས་ཕྱིར་ཁྲོ་བོའི་མཆོག །ཅེས་གསུངས་སོ། །ཡེ་ཤེས་ཆེན་པོའི་ཁྲོ་བོ་ནི་རང་རིག་པའི་ཡེ་ཤེས་ཏེ། དེས་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ལ་མངའ་མཛད་ཅིང་སྲིད་པ་འཁོར་བའི་ས་བོན་དྲུངས་ནས་འཇོམས་པའི་ཕྱིར་ཁྲོ་བོའོ། །དེ་ཡང་སྒྱུ་འཕྲུལ་རྒྱས་པ་ལས། རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཕྱོགས་བཅུའི་ཁམས་རྣམས་དབང་བསྡུས་ནས། །ཀུན་ཀྱང་མི་དམིགས་དབྱིངས་སུ་ཐིམ། །ཐམས་ཅད་ཁྲོ་བོའི་ཚོགས་སུ་འགྱུར། །ཞེས་གསུངས་སོ། །ཕྱག་རྒྱ་ཆེན་པོའི་ཁྲོ་བོ་ནི་གདུལ་བྱ་གདུག་པ་ཅན་འདུལ་བའི་ཕྱིར་སྐུ་མདོག་ཞལ་ཕྱག་དང་རྒྱན་ཆས་སུ་སྣང་བ་སྟེ། དེ་ཡང་དྲང་སྲོང་ཁྲོས་པའི་ཆ་བྱད་དང་། མིའུ་ཐུང་བྱིས་པའི་ཆ་བྱད་དང་། དཔལ་ཆེན་རྔམ་བརྗིད་ཀྱི་ཆ་བྱད་དང་གསུམ་ལས། འདིར་དཔལ་ཆེན་རྔམ་བརྗིད་ཀྱི་ཆ་བྱད་ཅན་ཏེ། འབར་བ་ཆེན་པོའི་གར་དགུ་དང་ལྡན་པའོ། །དེ་ལྟར་ཁྲོ་བོ་གསུམ་ལས་འདིར་ཕྱག་རྒྱ་ཆེན་པོའི་ཁྲོ་བོ་སྟོན་པར་བྱེད་པའོ། །གཉིས་པ་དེའི་དགོས་ཆེད་བསྟན་པ་ལ་གཉིས་ཏེ། གླེང་གཞིའི་རྒྱུ་བསྟན་པ་དང་། གླེང་གཞིའི་ངོ་བོའོ། །དང་པོ་གླེང་གཞིའི་རྒྱུ་བསྟན་པ་ལ་གསུམ་སྟེ། གོལ་བའི་རྒྱུ་དང་། གོལ་བའི་འབྲས་བུ་དང་། དེ་ལ་ཐམས་ཅད་མཁྱེན་པའི་ཐུགས་རྗེས་འདུལ་བའི་དུས་ལ་བབ་པར་གཟིགས་པའོ། །དང་པོ་གོལ་བའི་རྒྱུ་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན༴ རྨོངས་པས། ཞེས་པ་དེར་གདའ་ཞིང་། དེ་ཅིའི་ཕྱིར་ཞེ་ན། ཞེས་པས། དེ་ལྟར་ཕྱག་རྒྱ་ཆེན་པོའི་ཁྲོ་བོ་བསྟན་པ་དེ་དགོས་ཆེད་ཅིའི་ཕྱིར་བསྟན་ཅེ་ན། གདུག་པ་ཅན་རུ་དྲ་འཁོར་དང་བཅས་པ་གདུལ་བའི་ཕྱིར་དུ་བསྟན་པའོ། །དེ་ཡང་། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ། གདུལ་བྱའི་ངོ་ལ་དགོངས་པས་ནི། དཀྱིལ་འཁོར་རྡུལ་སྙེད་བཅས་པ་དག །ཁྲོ་བོ་དཔག་ཏུ་མེད་པར་འགྱུར། །གང་ཕྱིར་གདུལ་བྱ་དཔག་མེད་དག །ཁྲོ་བོས་འདུལ་བའི་དོན་ཕྱིར་རོ། །གང་དུ་ཁྲོ་གཏུམ་ལྡན་པའི། །སྲིད་གསུམ་དྲེགས་པའི་བདག་པོ་དག །ཐུགས་རྗེས་འཕྲོས་པས་གདུལ་བའི་ཕྱིར། །ཁྲོ་བོ་དེ་བཞིན་གཤེགས་པར་མཛད། །ཅེས་གསུངས་སོ། །དེ་ཡང་གདུག་པ་ཅན་རུ་དྲ་དེ་སུ་ཞིག་སྙམ་པ་ལ། བདག་ཏུ་རྨོངས་པའི་རྟོག་པ་དང་། བརྟགས་པ་ལ་མངོན་པར་ཞེན་པས། ཡང་དག་པའི་ལམ་དང་བྲལ་བ་དག །ཅེས་པས། རྒྱུ་བདག་ཏུ་རྨོངས་པའི་རྟོག་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། རྐྱེན་ཀུན་ཏུ་བརྟགས་པའི་མ་རིག་པ་གཟུང་འཛིན་གཉིས་ལ་མངོན་པར་ཞེན་པས་སྤྱིའི་མཚན་ཉིད་ལ་རང་གི་མཚན་ཉིད་དུ་མཐོང་བས་ཡང་དག་པའི་ལམ་བསྐྱེད་རྫོགས་གཉིས་དང་བྲལ་བ་དག་གོ། །ཁྱད་པར་དུ། སྔོན་བསྐལ་པ་ཀུན་བཀོད་ཀྱི་དུས་སུ་བྱུང་བའི་དགེ་སློང་ཐར་བ་ནག་པོ་དེ་གོལ་གཞི་དེ་བཞིན་གཤེགས་པའི་གསུང་རབ་ཚིག་བཞི་བ་ལ་སྒྲ་ཇི་བཞིན་པར་སྤྱད་པས། གབ་པའི་གསང་བ་མ་རྟོགས་པར། །ཞེས་པས། གབ་པའི་གསང་བ་རང་བཞིན་གསང་བའི་སྙིང་པོའི་ལྟ་བ་ཇི་བཞིན་པ་དེ་ཉིད་མ་རྟོགས་པར། སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས། །ཞེས་པས། མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་དུ་ཏ་ན་དང་ག་ན་ལ་སོགས་པ་བརྡའམ་སྒྲའི་ཚུལ་དུ་སྦས་པའི་གསང་བ་འཁོར་བའི་ཆོས་དངོས་པོ་བཞི་ལ་མངོན་པར་འཆེལ་ནས། དེ་དག་ལ་འཇོལ་ཉོག་ཏུ་སྤྱོད་ཅིང་། རྒྱུ་དང་འབྲས་བུ་ལ་རྨོངས་པས། །ཞེས་པས། རྒྱུ་ལས་དགེ་བ་དང་སྡིག་པའི་འབྲས་བུ་མཐོ་རིས་དང་ངན་སོང་གི་དོན་ལ་རྨོངས་པ་སྟེ་མི་ཤེས་པའོ། །གཉིས་པ་གོལ་བའི་འབྲས་བུ་ལ་གཉིས་ཏེ། རྣམ་པར་སྨིན་པའི་འབྲས་བུ་སྡུག་བསྔལ་མྱོང་བ་དང་། རྒྱུ་མཐུན་པའི་འབྲས་བུ་རུ་དྲར་སྨིན་པའོ། །དང་པོ་རྣམ་པར་སྨིན་པའི་འབྲས་བུ་སྡུག་བསྔལ་མྱོང་བ་ལ་གཉིས་ཏེ། དམྱལ་བར་བརྒྱུད་པ་དང་། ཡི་དྭགས་སུ་བརྒྱུད་པའོ། །དང་པོ་དམྱལ་བར་བརྒྱུད་པ་ནི། སྲིད་པའི་ས་བོན༴ མྱོང་ངོ་། །ཞེས་པ་དེར་གདའ་ཞིང་། སྲིད་པའི་ས་བོན་རྩུབ་མོས་འཕངས་ནས། མཚམས་མེད་པའི་རབ་ཏུ་ཚ་བའི་དམྱལ་བར་སྐྱེས་སོ། །ཞེས་པས། རྐྱེན་སྲིད་པ་གསུམ་དུ་སྐྱེས་པའི་ས་བོན་ལས་ངན་པ་དང་། ཉོན་མོངས་པ་རང་ཁ་མའི་བག་ཆགས་རྩུབ་མོ་ཡིས་དཔགས་ཆེན་གྱི་མདའ་བཞིན་འཕངས་ནས། སྡུག་བསྔལ་བར་མཚམས་མེད་པའི་རབ་ཏུ་ཚ་བའི་དམྱལ་བར་སྐྱེས་སོ། །དེ་རབ་ཏུ་ཚ་བའི༴ །བརྒྱད་པོ་དག་ཏུ། ཞེས་པས། དམྱལ་བ་དེ་ཉིད་དུ་རབ་ཏུ་ཚ་བའི་སྡུག་བསྔལ་མི་བཟད་པ་དྲག་པོ་དག་གིས་ལུས་སེམས་ཤིན་ཏུ་གདུངས་པ་དང་། ཀྱེ་མ་ཚ་བའི་སྡུག་བསྔལ་འདི་བས་ཤིན་ཏུ་གྲང་བའི་སྡུག་བསྔལ་བྱུང་ཡང་ཅི་མ་རུང་སྙམ་དུ་བསམ་པ་སྐྱེས་པའི་མོད་ལ། གྲང་བའི་སྡུག་བསྔལ་གྱིས་རབ་ཏུ་སྤྲེབས་པ་དང་ལུས་པདྨ་ལྟར་གས་བའི་སྡུག་བསྔལ་དྲག་པོ་དག་གིས་ལུས་སེམས་རབ་ཏུ་གདུངས་པ་དེ་ལྟ་བུའི་སྡུག་བསྔལ། རབ་ཏུ་ཚ་བའི་དམྱལ་བའི་གནས་རིགས་ནི་བརྒྱད་དེ། ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་ཆེན་པོ་དང་། རབ་ཏུ་ཚ་བ་ཆེན་པོ་དང་། མནར་མེད་པ་ལ་སོགས་པའི་སྡུག་བསྔལ་བརྒྱད་དང་། ཤིན་ཏུ་གྲང་བའི་དམྱལ་བའི་གནས་རིགས་ནི་བརྒྱད་དེ། ཆུ་བུར་ཅན་དང་། ཆུ་བོར་བརྡོལ་བ་ཅན་དང་། སོ་ཐམ་ཐམ་པ་དང་། ཨ་ཆུ་ཆུ་དང་། ཀྱི་ཧུད་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། གས་པ་ཆེན་པོ་ལ་སོགས་པ་གྲང་བའི་དམྱལ་བ་བརྒྱད་པོ་དག་ཏུ། ཡུན་ཇི་ཙམ་གནས་ཞེ་ན། འཇིག་རྟེན་གྱི་ཁམས་བརྒྱུད་ཅིང་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་སུ་མྱོང་ངོ་། །ཞེས་པས། བསྐལ་པ་ཆེན་པོ་རེ་འཇིག་པའི་དུས་སུ་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བའི་གནས་སུ་སྐད་ཅིག་གིས་ཡུན་ལ་འཕོས་ནས། དམྱལ་བའི་སྡུག་བསྔལ་ཁ་བརྒྱུད་ཅིང་། བར་བསྐལ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་གཅིག་ཏུ་བྱས་པའི། དེ་ཡང་སྟོང་ཕྲག་བཅུ་གཉིས་སུ་ཚ་གྲང་གི་སྡུག་བསྔལ་མི་བཟོད་པ་ཉམས་སུ་མྱོང་ངོ་། །གཉིས་པ་ཡི་དྭགས་སུ་བརྒྱུད་པ་བསྟན་པ་ནི། དེ་ནས་རྣམ་པར༴ དྲུག་ཏུ་སྐྱེས་སོ། །ཞེས་པ་དེར་གདའ་ཞིང་། དེ་ནས་རྣམ་པར་སྨིན་པ་དེ་ཟད་པ་དང་། ཞེས་པས། དམྱལ་བའི་གནས་སུ་སྐྱེས་པ་དེ་ནས་ཡི་དྭགས་ཀྱི་གནས་སུ་སྐྱེས་བ་སྟོན་ཏེ། དེ་ཡང་གསོད་པ་དང་རྡེག་པ་དང་རང་ག་མའི་ཕྲིན་ལས་ཚད་དུ་མ་ཕྱིན་པའི་སྦྱོར་སྒྲོལ་དང་། ངག་གདུག་པ་དང་དམ་ཚིག་ཅན་ལ་ངན་དུ་སེམས་པ་དང་། ཆེ་བའི་ང་རྒྱལ་གྱིས་དྲེགས་པ་ལ་སོགས་པའི་རྣམ་པར་སྨིན་པ་དེ་རྣམས་དམྱལ་བར་སྐྱེས་པས་སྡུག་བསྔལ་མྱོང་བས་ཟད་པ་དང་། ཡི་དྭགས་ལྟོགས་པ་དང་། སྐོམ་པའི་སྡུག་བསྔལ་གྱིས་ཉེན་པ་དང་། ཞེས་པས། ཟས་སྐོམ་ཡིད་ལ་བཏགས་པ་ཡི་དྭགས་ཀྱི་གནས་སུ་སྐྱེས་ནས་ལྟོགས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་རབ་ཏུ་གདུངས་ནས་ལུས་སེམས་ཤིན་ཏུ་ཉེན་པ་དང་། འདོད་པའི་དངོས་པོ་རྣམས་ཡིད་དུ་མི་འོང་བ་དང་། ཞེས་པས། རང་འདོད་པའི་དངོས་པོ་བཟའ་བཏུང་གི་བྱེ་བྲག་རྣམས་ངན་སྐྱུགས་ལ་སོགས་པར་མཐོང་སྟེ་ཡིད་དུ་མི་འོང་བ་ཕྱིའི་སྒྲིབ་པ་ཅན་དང་། གདུག་ཅིང་རྩུབ་པའི་དངོས་པོ་སྣ་ཚོགས་སུ་འགྱུར་པ་དང་། ཞེས་པས། ཟས་སྐོམ་ཅི་ཟོས་པ་དང་འཐུངས་པ་ཐམས་ཅད་གདུག་ཅིང་རྩུབ་པའི་དངོས་པོ་ཁྲོ་ཆུ་ཁོལ་མ་དང་། ལྕགས་ཚན་ལ་སོགས་པ་སྣ་ཚོགས་སུ་འགྱུར་པ་མེ་ལྕེའི་འཁོར་ལོ་ཅན་དང་། ཡོངས་མེད་པར་ཡང་འགྱུར་ཞིང་། ཤིན་ཏུ་རིད་ཅིང་བསྐམ་པ་དང་། ལུས་དང་ཡན་ལག་དང་དབང་པོ་མི་འཚམས་པར་གྱུར་པ་བསྐལ་པ་ཆེན་པོ་དྲུག་ཏུ་སྐྱེས་སོ། །ཞེས་པས། བཟའ་བཏུང་གི་དངོས་པོ་མཐོང་ནས་བགྲོད་པས་སླེབ་ཙ་ན། ཡོངས་མེད་པར་ཡང་འགྱུར་ཞིང་ལུས་ཤིན་ཏུ་རིད་ཅིང་ཡན་ལག་བསྐམ་པ་དང་། མགོ་ལུས་རི་བོ་ཙམ་དང་། ཡན་ལག་བྱི་ཐུར་ཙམ་དང་། དབང་པོ་མི་འཚམས་པ་སྟེ། ཁ་ཁབ་མིག་ཙམ་ལ་སོགས་པར་འགྱུར་པ་ནང་གི་སྒྲིབ་པ་ཅན་ཞེས་བྱ་སྟེ། ཡི་དྭགས་ཀྱི་སྡུག་བསྔལ་དེ་ལྟ་བུར་ཚེའི་ཚད་བསྐལ་པ་ཆེན་པོ་དྲུག་ཏུ་སྐྱེས་སོ། །འདི་ལ་ཁ་ཅིག་ན་རེ། དེ་ནས་རྣམ་པར་སྨིན་པ་དེ་ཟད་པ་དང་བྱ་བ་འདུག་པས་རྣམ་པར་སྨིན་པ་དེ་སྤྱད་པས་ཟད་དམ་གཉེན་པོ་བསྟེན་པས་ཟད། སྤྱད་པས་ཟད་ན། ཡང་དག་པའི་ལམ་ལ་དགོས་པ་མེད་པར་ཐལ། རྣམ་སྨིན་སྤྱད་པས་ཟད་པའི་ཕྱིར་རོ། །གཉེན་པོ་བསྟེན་པས་ཟད་ན། ངན་སོང་གསུམ་མི་ཁོམ་པའི་གནས་མ་ཡིན་པར་ཐལ། གཉེན་པོ་བསྟེན་དུ་འདུག་པའི་ཕྱིར་རོ། །ཞེ་ན། ལན་ནི་སྤྱིར་གྱི་ལས་འདག་ཚུལ་བཞི་ཡིན་ཏེ། རྟོགས་པས་འདག་པ་ནི། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ཡང་བདེན་དངོས་ཀྱིས་སྟོང་པ་རྨི་ལམ་མམ་སྒྱུ་མ་ལྟ་བུར་རྟོགས་ན། ལས་ཀྱི་འབྲས་བུ་མྱོང་ཡང་གནོད་པར་མི་ནུས་སོ། །བཤགས་པས་འདག་པ་ནི་སྟོབས་བཞི་ཡོངས་སུ་རྫོགས་པའི་བཤགས་པས། མཚམས་མེད་པའི་ལས་བྱས་པ་ཡང་འབྱང་བར་འགྱུར་རོ། །གཉེན་པོས་འདག་པ་ནི་མི་དགེ་བ་ཆུང་ངུའི་གཉེན་པོར་དགེ་བ་ཆེན་པོ་སྤྱད་པས། མི་དགེ་བའི་འབྲས་བུ་བག་ལ་ཞ་ནས་གནོད་པར་མི་ནུས་པས་སོ། །གལ་ཏེ་དེ་གསུམ་ཀ་དང་མི་ལྡན་ན། མྱོང་འགྱུར་གྱི་ལས་ཡིན་པས་དེ་ནི་མྱོང་བས་འདག་སྟེ། དེའི་ཕྱིར་རུ་དྲ་ཐར་པ་ནག་པོས་ནི་གསང་སྔགས་ཀྱི་སྒྲ་ཇི་བཞིན་པར་སྤྱད་པས། ཡང་དག་པའི་ལམ་ལས་གོལ་བའི་ཕྱིར་ལས་ཀྱི་འབྲས་བུ་མྱོང་བའི་སྟོབས་ཀྱིས་ཟད་པ་ཡིན་ནོ། །གཉིས་པ་རྒྱུ་མཐུན་པའི་འབྲས་བུ་རུ་དྲར་སྨིན་པ་ནི། དེ་ནས་ལས་ཀྱི༴ དབང་དུ་བསྡུས་སོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ལས་ཀྱི་སྒྲིབ་བ་རྩུབ་མོའི་རྣམ་པར་སྨིན་པ་དེ་ཁད་ཀྱིས་བསྲབས་པ་དང་། ཞེས་པས། ཡི་དྭགས་སུ་སྐྱེས་པ་དེ་ནས་ལས་ཀྱི་སྒྲིབ་པ་རྩུབ་མོ་ཟས་ནོར་ལ་བརྐམ་པ་དང་། འཇུངས་པ་དང་། བརྣབ་སེམས་དང་། མཆོད་པའི་ལོངས་སྤྱོད་ལ་རྔམ་པ་དང་། གསོག་འཇོག་བྱས་པ་ལ་སོགས་པའི་རྣམ་པར་སྨིན་པ་དེ། ཡི་དྭགས་སུ་སྐྱེས་པ་དེས་ཁད་ཀྱིས་བསྲབས་པ་དང་། སྔོན་གྱི་སྲིད་པས་མཚམས་སྦྱར་ནས། ཞེས་པས། སྔོན་བསྐལ་པ་ཀུན་བཀོད་ཀྱི་དུས་སུ་ཁྲོ་བོ་དབུ་དང་ཕྱག་མང་པོ་དང་། ཕྲ་མེན་ལ་སོགས་པའི་ཁྲོ་བོ་རང་རྒྱུད་པ་བསྒོམས་ནས། ལས་བརླང་པོ་བྱས་པའི་སྲིད་པས་མཚམས་སྦྱར་ནས་ཡི་དྭགས་ཀྱི་རིགས་ཀྱི་ལས་ཀྱི་སྲིན་པོར་སྐྱེས་སོ་། །དེ་ཡང་། ཡུལ་ལངྐ་པུ་རངས་ཀྱི་སྨད་འཚོང་མའི་མངལ་དུ་ཆགས་པ་ལས། མངལ་ནས་སྐྱེས་ནས་ཞག་བདུན་ལོན་པ་དང་མ་ཤི་ནས། བུ་དེ་མི་རྣམས་ཀྱིས་མའི་རོའི་མཆན་དུ་བཅུག་ནས་དུག་ཤིང་ནལ་བྱའི་རྩ ར་བསྐྱལ་ལོ། །དེར་དྭ་བུ་དེས་མའི་ནུ་ཞོ་དང་། ཆུ་སེར་དང་། ཁྲག་དང་། ཤ་དང་རུས་པའི་བར་དུ་ཟོས་སོ། །ཟོས་པས་ཁོ་ཆེར་བརྟན་ནས། དུར་ཁྲོད་ཀྱི་རོ་རྣམས་ཟས་སུ་ཟོས་ཤིང་རོ་གོས་རྣམས་གོས་སུ་གྱོན་པས། ཡི་དྭགས་སྲིན་པོ་ཆེན་པོ་རབ་ཏུ་གདུག་པ་གཏུམ་པོ་ཞེས་པས། ཡི་དྭགས་ཀྱི་རིགས་ཀྱི་སྲིད་པོ་ཆེན་པོ་བྱའི་གཤོག་པ་ཅན་དུ་གྱུར་ཏོ། །དེ་ཡང་ལུས་རབ་ཏུ་གདུག་པ། སེམས་ཤིན་ཏུ་གཏུམ་པ། ལུས་གཅིག་ལ་མགོ་བརྒྱ་པ་དང་། མགོ་སྣ་ཚོགས་པ་དང་། ཞེས་པས། སྔོན་ཁྲོ་བོ་དབུ་མང་པོ་རང་རྒྱུད་དུ་བསྒོམས་པའི་རྒྱུ་མཐུན་གྱི་འབྲས་བུ། ལུས་གཅིག་ལ་མགོ་བརྒྱ་པ་དང་། སྟག་དང་སེང་གེ་ལ་སོགས་པའི་མགོ་བོ་སྣ་ཚོགས་པ་དང་། ལུས་བརྒྱ་ལ་མགོ་གཅིག་པ་དང་། ལུས་སྣ་ཚོགས་པ་དང་། ཞེས་པས། ལུས་མང་པོ་རང་རྒྱུད་དུ་བསྒོམས་པའི་རྒྱུ་མཐུན་གྱི་འབྲས་བུ། ལུས་བརྒྱ་ལ་མགོ་བོ་གཅིག་པ་དང་། སྟག་དང་སེང་གེ་ལ་སོགས་པའི་ལུས་སྣ་ཚོགས་པ་དང་། ཡན་ལག་མང་པོ་དང་། ཡན་ལག་སྣ་ཚོགས་དང་། གདུགས་པའི་ལག་ཆ་སྣ་ཚོགས་ཐོགས་པ། ཞེས་པས། ཕྱག་མང་པོ་རང་རྒྱུད་དུ་བསྒོམས་པའི་རྒྱུ་མཐུན་གྱི་འབྲས་བུ། ཡན་ལག་མང་པོ་དང་ཡན་ལག་མི་མཐུན་པ་སྣ་ཚོགས་པ་དང་གདུགས་པའི་ལག་ཆ་མདའ་དང་མདའ་བོ་ཆེ་དང་ཁ་ཊྭཱཾ་ག་དང་རལ་གྲི་ལ་སོགས་པ་སྣ་ཚོགས་པ་ཐོགས་པ། འཁོར་རབ་ཏུ་མང་པོ་དང་། འཇིགས་པའི་གཟུགས་སྣ་ཚོགས་དང་། འཇིགས་པའི་སྒྲ་སྣ་ཚོགས་དང་། འཇིགས་པའི་ང་རོ་སྒྲ་སྣ་ཚོགས་སྒྲོགས་པ། ཞེས་པས། དྲེད་མོ་ལག་བསྡེབས་དང་། འཕར་བ་རྐང་བསྡེབས་དང་བྱ་གཅན་གསོད་བྱེད་དང་ཅེ་སྤྱང་དང་། དུར་བྱ་ལ་སོགས་པ་གདུག་པ་ཅན་གྱི་འཁོར་རབ་ཏུ་མང་པོ་དང་། སྡིག་པ་དང་སྦྲུལ་ལ་སོགས་པ་འཇིགས་པའི་གཟུགས་སྣ་ཚོགས་དང་། ར་ལ་ར་ལ་སོགས་པའི་འཇིགས་པའི་སྒྲ་སྣ་ཚོགས་དང་། རུ་དྲ་མ་ཏྲ་མ་ར་ཏྲ་ལ་སོགས་པ་འཇིགས་པའི་ང་རོ་སྒྲ་སྐད་སྣ་ཚོགས་སྒྲོགས་པ། གཟུགས་དང་། ང་རོ་དང་། དྲི་དང་། ཁ་རླང་གིས་ཐམས་ཅད་སྐྱི་བུང་ཞེས་བྱེད་པ། ཞེས་པས། འཇིགས་པའི་གཟུགས་དང་ངག་གི་ང་རོ་ལུས་ཀྱི་དྲི་དང་ཁ་རླང་གིས་ནད་འབྱུང་བར་བྱེད་ཅིང་། ལུས་ཅན་ཐམས་ཅད་སྐྱི་བུང་ཞེས་བྱེད་པ། རབ་ཏུ་འཇིགས་པའི་རླུང་ནག་དང་། གྲང་བ་དང་། ཚ་བའི་དབུགས་ཀྱིས་ཕྱོགས་བཅུ་ཀུན་ཏུ་ཁམས་འཁྲུག་པར་བྱེད་པས། ཞེས་པས། ཁའི་དབུགས་ལས་རབ་ཏུ་འཇིགས་པའི་རླུང་ནག་འབྱུང་བ་དང་། སྣ་ནས་གྲངས་བའི་ནད་དང་ཁ་ནས་ཚ་བའི་ནད་འབྱུང་བའི་དབུགས་ཀྱིས་ཕྱོགས་བཅུ་ཀུན་ཏུ་ལུས་ཅན་ཐམས་ཅད་ཁམས་འཁྲུག་པར་བྱེད་པ་དང་། རྒྱུ་དུག་གསུམ་ལས་གྱུར་པའི་རླུང་མཁྲིས་བད་ཀན་འདུས་པ་རེ་རེ་ལ་ཡང་བརྒྱ་རྩ་གཅིག་བརྒྱ་རྩ་གཅིག་སྟེ་ནད་བཞི་བརྒྱ་རྩ་བཞི་འདེབས་པར་བྱེད་པ། མྱོས་ཤིང་རྣམ་པར་བྱེད་པའི་མཐུས། ཀླུའི་རིགས་དང་། ལྷ་མ་ཡིན་གྱི་རིགས་དང་། ལྷའི་རིགས་དང་། ཚངས་པའི་རིས་དང་། འོད་གསལ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་སོ། །ཞེས་པས། ལུས་མྱོས་ཤིང་དྲན་བ་ཉམས་པར་བྱེད་པའི་མཐུས། ས་འོག་ཀླུའི་རིགས་དང་། ས་སྟེང་གི་མི་དང་། རི་རབ་ཀྱི་ཁོང་གསེང་གི་ལྷ་མ་ཡིན་རིགས་དང་། རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་ལ་སོགས་ཏེ་འདོད་ལྷ་རིས་དྲུག་དང་། གཟུགས་ཁམས་བསམ་གཏན་དང་པོའི་ཚངས་བའི་རིས་ལ་སོགས་དང་། གཉིས་པའི་འོད་གསལ་ལ་སོགས་དང་། གསུམ་པའི་དགེ་རྒྱས་ལ་སོགས་དང་། བཞི་པའི་འབྲས་བུ་ཆེ་བ་ལ་སོགས་ཏེ། སོ་སོ་སྐྱེ་བོའི་གནས་གཞན་གསུམ་པོ་མན་ཆད་རབ་ཏུ་བསྡུས་སོ། །གཙང་མ་རིས་ཀྱི་ལྷ་ལྔ་ནི་ཟག་མེད་ཀྱི་ས་བོན་ཡོད་པ་དང་། འཕགས་པའི་གནས་གཞན་ཡིན་པས་དབང་དུ་མ་འདུས་གསུང་ངོ་། །གསུམ་པ་ཐམས་ཅད་མཁྱེན་པའི་ཐུགས་རྗེས་འདུལ་བའི་དུས་ལ་བབ་པར་གཟིགས་པ་ནི། དེ་སྔོན་བརྟེན་པའི་སྟོབས་ཀྱིས་ཐམས་ཅད་མཁྱེན་པས་གཟིགས་ནས་ཐུགས་རྗེས་འདུལ་བར་འགྱུར་ཏེ། ཞེས་པ་དེར་གདའ་ཞིང་། དེ་ལྟ་བུའི་རུ་དྲ་ལས་ཀྱི་སྲིན་པོ་མཐུ་རྩལ་ཅན་དེ། སྔོན་བསྐལ་པ་ཀུན་བཀོད་ཀྱི་དུས་སུ་དགེ་སློང་ཐུབ་དཀའ་གཞོན་ནུའི་དྲུང་དུ། གསང་སྔགས་ཀྱི་ཐེག་པ་ཆེན་པོར་སེམས་བསྐྱེད་ནས་མོས་པས་ཕྱོགས་སུ་སྤྱད་ཅིང་། སློབ་དཔོན་ཐུབ་དཀའ་གཞོན་ནུ། དེ་ཉིད་བསྟེན་པའི་སྟོབས་ཀྱིས་ཐུབ་དཀའ་གཞོན་ནུ་དེ་རྡོ་རྗེ་སེམས་དཔར་སངས་རྒྱས་པ་དང་། མཆེད་དན་འཕགས་ས་བཅུའི་བྱང་ཆུབ་སེམས་དཔའ་རྩལ་ཆེན་རྫོགས་པའི་སྐྱེས་བུ་གསང་བའི་བདག་པོ་གྱུར་པའི་ཐུགས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ནས། ཡུལ་དང་འཕྲད་པའི་ཐུགས་རྗེས་མངོན་སྤྱོད་ཀྱི་ཕྲིན་ལས་འདུལ་བར་གྱུར་པའི་དུས་ལ་བབ་པར་མཁྱེན་ནོ། །ཏེ་ཞེས་པ་ནི་ལྷག་མ་ཅན་ཏེ། འོག་ནས་འདུལ་བར་བྱེད་པའི་དངོས་དང་སྦྲེལ་ལོ། །སྤྱི་དོན་གཉིས་པ་གླེང་གཞི་རང་གི་ངོ་བོ་ལ་བཅུ་བཞི་སྟེ། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་བསྟན་པ་དང་། ཆེ་མཆོག་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དང་། སྤྲུལ་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། བྱིན་གྱི་རླབས་ཀྱི་ཆོ་འཕྲུལ་དང་། །ཆོས་སྣང་བའི་ཆོ་འཕྲུལ་དང་། སྤྲུལ་པ་ཆེན་པོ་དཀྱིལ་འཁོར་དང་། ཕྲིན་ལས་རྨད་དུ་བྱུང་བའི་ངོ་བོ་དང་། འཁོར་སྡུད་པའི་ཆོ་འཕྲུལ་དང་། ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དང་། འཁོར་འདུས་པའི་ཆོ་འཕྲུལ་དང་། ངོ་མཚར་ཚོགས་ཀྱི་དཀྱིལ་འཁོར་དང་། ཕྲིན་ལས་ཀྱི་འབྲས་བུ་དྲེགས་པ་ཅན་རྣམས་ནས་བསྟབ་པ་དང་། ཕྲིན་ལས་ཀྱི་འབྲས་བུ་འཁོར་དམ་ལ་བཏགས་པའོ། །དང་པོ་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་བསྟན་པ་ནི། དེ་ནས་དེ་བཞིན་གཤེགས་པ༴ ཞུགས་ཏེ། ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས། གདུལ་བྱ་བསྟན་པ་ལ་དེ་འདུལ་བྱེད་སྟོན་པས་ན་ནས། དེ་བཞིན་གཤེགས་པའི་ཆེ་བའི་རྡོ་རྗེ་བཀོད་པའི་སྒྱུ་འཕྲུལ་དྲྭ་བ་ལས། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ་གྱི་བདག་པོ་འདུལ་བའི་ང་རྒྱལ་ཆེན་པོས་གཟི་བརྗིད་སྟོན་པའི་ཕྱིར། ཞེས་པས། དེ་བཞིན་གཤེགས་པ་སྐུ་གསུང་ཐུགས་ཆེ་བའི་ཡོན་ཏན་རྡོ་རྗེ་གསུམ་དང་ལྡན་པ་ཞི་བའི་དཀྱིལ་འཁོར་བཀོད་པའི་སྒྱུ་འཕྲུལ་དྲྭ྄་བ་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ལས་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ་གྱི་བདག་པོ་བདུད་རུ་ཏྲ་དེ་ལོག་པའི་ང་རྒྱལ་འདུལ་བའི་ཐབས། ཡང་དག་པའི་ང་རྒྱལ་ཆེན་པོས་རུ་དྲ་ཟིལ་གྱིས་གནོན་པའི་གཟི་བརྗིད་སྟོན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ། བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་གྱི་སྤྲིན་ཆེན་པོ་རྣམ་པར་འཕྲོ་བའི་སྒྱུ་འཕྲུལ་དྲྭ་བའི་རྒྱལ་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ་རྒྱལ་བ་ཀུན་ཏུ་བཟང་པོ་དེ་བདུད་བཞི་བཅོམ་ཡོན་ཏན་ལྡན་ངོ་བོ་སྨྲ་བརྗོད་ལས་འདས་ཤིང་། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པས་ན་དགྱེས་པ་ཆེན་པོ་དེ་ཉིད་ཁྲོ་བོའི་གཙོ་བོ་རིགས་ལྔ་ཧེ་རུ་ཀའི་ཡང་རྒྱལ་པོར་གྱུར་པ། ཆེ་མཆོག་ཧེ་རུ་ཀ་ཉིད་ལས་ཁྲོ་བོའི་དཀྱིལ་འཁོར་མང་ཉུང་གི་ཚད་སྤྲིན་ཆེན་པོ་ཙམ་རྣམ་པར་འཕྲོ་བའི་སྒྱུ་འཕྲུལ་དྲྭ་བའི་རྒྱལ་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །གཉིས་པ་ཆེ་མཆོག་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ནི། དེ་བཞིན༴ ཐིམ་ནས། ཞེས་པ་དེར་གདའ་ཞིང་། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ནས། ཁྲོ་མོ་དབང་ཕྱུག་ཆེན་མོ་མངོན་དུ་ཕྱུང་སྟེ། ཧི་ཧི་ཞེས་དགྱེས་པའི་གཟི་མདངས་ཀྱིས། ཞེས་པས། སྐྱེ་བ་མེད་པའི་དེ་བཞིན་ཉིད་ཀྱི་དབྱིངས་ཀུན་ཏུ་བཟང་མོའི་ངང་ཉིད་ནས་ཁྲོ་མོ་དབང་ཕྱུག་ཆེན་མོ་ཀྲོ་དྷཱི་ཤྭ་རཱའི་སྐུ་མངོན་དུ་ཕྱུང་སྟེ། ཧི་ཧི་ཞེས་དགྱེས་ཤིང་ཚིམ་པའི་གད་མོ་དང་གཟི་མདངས་ཀྱིས། རིན་ཅེན་པདྨ་རྒྱས་པར་མཛད་ནས། གཉིས་སུ་མེད་པར་འཁྲིལ་བའི་དགྱེས་བས་ཐིམ་ནས། ཞེས་པས། འདོད་དགུ་འབྱུང་བ་རིན་ཅེན་ཡུམ་གྱི་གསང་བའི་པདྨ་བདེ་བས་རྒྱས་པར་མཛད་ནས། ཐབས་ཤེས་རབ་གཉིས་སུ་མེད་པར་འཁྲིལ་བའི་དགྱེས་པས་བྱང་ཆུབ་ཀྱི་སེམས་ཉི་ཟླ་གཉིས་སུ་མེད་པར་ཐིམ་ནས་དཀྱིལ་འཁོར་ཐམས་ཅད་སྐྱེད་པའི་རྒྱུར་གྱུར་པའོ། །གསུམ་པ་ཀུན་བརྗོད་པའི་ཆོ་འཕྲུལ་བསྟན་པ་ནི། བྱང་ཆུབ༴ ཧ་ལ་ཧཱུཾ། ཞེས་བརྗོད་པས། ཞེས་པ་དེར་གདའ་ཞིང་། གཉིས་སུ་མེད་པ་བྱང་ཆུབ་ཀྱི་སེམས་ཀྱི་ཡེ་ཤེས་ལྔའི་སྤྲིན་ལས། སྐུ་གསུང་ཐུགས་སྣ་ཚོགས་རྡོ་རྗེ་ཁྲོ་བོ་འབར་བའི་དཀྱིལ་འཁོར་གྱི་སྒྲོལ་ཅིག་སྒྲོལ་ཅིག་སྒྲོལ་ཅིག །གཏོར་ཅིག་གཏོར་ཅིག་གཏོར་ཅིག་བསྡུས། ཞེས་པའི་དོན། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུཾ། ཞེས་པའི་སྔགས་བརྗོད་པས། ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཁྲོ་བོ་འཆོལ་བ་དཔག་ཏུ་མེ་པ་འཕྲོས་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་མེར་མེར་ཤིག་ཤིག་ཏུ་གྱུར་ཏོ། །རུ་དྲ་འཁོར་དང་བཅས་པ་ཟིལ་གྱིས་གནོན་ཅིང་བག་འཁུམས་པར་བྱེད་དོ། །བཞི་པ་སྤྲུལ་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པ་ནི། འཇིག་རྟེན༴ གྱུར་ནས། ཞེས་པ་དེར་གདའ་ཞིང་། དེ་ཡང་ཁྲོ་བོའི་སྤྲུལ་པ་སྤྲོ་བ་ནི། གནས་གང་དུ་སྤྲོ་ན། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ཐམས་ཅད་ཁྱབ་པར་སྤྲོ། གང་སྤྲོ་ན། ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྤྲོ། ཆེ་ཆུང་གི་ཚད་ཇི་ཙམ་སྤྲོ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་སྤྲོ། མང་ཉུང་གི་ཚད་ཇི་ཙམ་སྤྲོ་ན། ཕྱོགས་བཅུའི་རྡུལ་ཕྲ་མོ་སྙེད་འཐོན་པར་གྱུར་ནས་སོ། །ལྔ་པ་བྱིན་གྱིས་བརླབ་ཀྱི་ཆོ་འཕྲུལ་བསྟན་པ་ནི། འཇིག་རྟེན༴ གཏོར་གཏོར་རོ། །ཞེས་པ་དེར་གདའ་ཞིང་། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་ཏུ་གཡོས་སོ། །ཞེས་པས། ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་དེ་དག་སྤྲོས་པས། ཕྱི་ལྟར་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཕྱོགས་ཆ་དྲུག་ཏུ་གཡོས། ཚབས་ཆེ་བར་རབ་ཏུ་གཡོས། ཁྱབ་ཅིང་ཚབས་ཆེ་བར་ཀུན་ཏུ་གཡོས་སོ། །ནང་ལྟར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་གཡོ་ཐོབ་གོམས་པའི་ཉམས་གསུམ་བོགས་ཐོན་པའོ། །འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་འུར་འུར་རོ། །ཞེས་པས། ཕྱི་ལྟར་ཕྱོགས་ཆ་དྲུག་ཏུ་འུར་འུར། ཚབས་ཆེ་བར་རབ་ཏུ་འུར་འུར། ཁྱབ་ཅིང་ཚབས་ཆེ་བར་ཀུན་ཏུ་འུར་འུར་རོ། །ནང་ལྟར་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ལ་གཡོ་ཐོབ་གོམས་པའི་ཉམས་གསུམ་བོགས་ཐོན་པའོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །ཞེས་པས། ཕྱི་ལྟར་ཕྱོགས་ཆ་དྲུག་ཏུ་ཆེམ་ཆེམ། ཚབས་ཆེ་བར་རབ་ཏུ་ཆེམ་ཆེམ། ཁྱབ་ཅིང་ཚབས་ཆེ་བར་ཀུན་ཏུ་ཆེམ་ཆེམ་མོ། །ནང་ལྟར་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་ལ་གཡོ་ཐོབ་གོམས་པའི་ཉམས་གསུམ་བོགས་ཐོན་པའོ། །ཤིག༴ ཤིག་གོ། །ཞེས་པས། ཕྱི་ལྟར་ཕྱོགས་ཆ་དྲུག་ཏུ་ཤིག་ཤིག །ཚབས་ཆེ་བར་རབ་ཏུ་ཤིག་ཤིག །ཁྱབ་ཅིང་ཚབས་ཆེ་བར་ཀུན་ཏུ་ཤིག་ཤིག་གོ། །ནང་ལྟར་ཕྱག་རྒྱ་སྤྲོས་བཅས་ཀྱི་ཏིང་ངེ་འཛིན་ལ་གཡོ་ཐོབ་གོམས་པའི་ཉམས་གསུམ་བོགས་ཐོན་པའོ། །གཏོར༴ གཏོར་རོ། །ཞེས་པས། ཕྱི་ལྟར་ཕྱོགས་ཆ་དྲུག་ཏུ་གཏོར་གཏོར། ཚབས་ཆེ་བར་རབ་ཏུ་གཏོར་གཏོར། ཁྱབ་ཅིང་ཚབས་ཆེ་བར་ཀུན་ཏུ་ཏོར་གཏོར་རོ། །ནང་ལྟར་ཚོམ་བུ་ཚོགས་སྒྲུབ་ཀྱི་ཏིང་ངེ་འཛིན་ལ་གཡོ་ཐོབ་གོམས་པའི་ཉམས་གསུམ་བོགས་ཐོན་པའོ། །དྲུག་པ་ཆོས་སྣང་བའི་ཆོ་འཕྲུལ་བསྟན་པ་ནི། འཇིག་རྟེན༴ གྱུར་ཏོ། །ཞེས་པ་དེར་གདའ་ཞིང་། ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་དེ་དག་སྤྲོས་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་ཁམས་ཐམས་ཅད་ན་གནས་པའི་དབང་ཆེ་བ་མ་ཧཱ་དེ་བ་དང་། གཟི་བརྗིད་ཆེ་བ་ཚངས་པ་དང་། མཐུ་ཆེ་བ་ལྷ་ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་ཁམས་འཁྲུགས་ནས་དྲན་པ་ཉམས་ཤིང་བརྒྱལ། ལུས་ས་ལ་འགྱེལ་ཞིང་རབ་ཏུ་བརྒྱལ། སེམས་མྱོས་ཤིང་ཀུན་ཏུ་བརྒྱལ་བར་གྱུར་ཏོ། བདུན་པ་སྤྲུལ་པ་ཆེན་པོའི་དཀྱིལ་འཁོར་བསྟན་པ་ནི། དེ་ནས་བཅོམ་ལྡན༴ ངོ་མཚར་ཏེ། ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་ཆོས་སྣང་བའི་ཆོ་འཕྲུལ་བསྟན་པ་ལ་དེ་སྤྲུལ་པ་ཆེན་པོའི་དཀྱིལ་འཁོར་སྟོན་པས་ན་ནས། བཅོམ་ལྡན་འདས་དགྱེས་བ་ཆེན་པོ་ཉིད༴ སྣ་ཚོགས་འཛིན་པ་དེ། ཞེས་པས། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་དེ་ཉིད་གདུག་པ་ཅན་ཐམས་ཅད་འཇིགས་པར་བྱེད་པས་འཇིགས་བྱེད་ཆེན་པོ། ཞལ་ཤིན་ཏུ་རྔམ་པའི་ང་རོ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བསྒྲགས་པས། བདུད་དང་ལོག་འདྲེན་ཐམས་ཅད་སྔངས་ཤིང་སྐྱི་བུང་ཞེས་བྱེད་པའི་ཡེ་ཤེས་ཀྱི་མེ་དཔུང་འབར་བ་ཆེན་པོའི་ཀློང་ན། འདོད་ཆགས་ཟད་པར་བྱེད་པའི་རྟགས་སུ་ཁྲག་འཐུང་ཞིང་། དབང་དྲག་གི་ལས་མཐར་ཕྱིན་པའི་རྟགས་སུ་སྐུ་མདོག་སྨུག་ནག །གདུལ་བྱ་འདུལ་ཐབས་གཅིག་ཏུ་མ་ངེས་པའི་རྟགས་སུ་མཛད་པ་ཅིར་ཡང་འགྱུར་བ། དབུ་དང་། ཕྱག་དང་། ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་ཙམ་ཡོད་པས་རྡོ་རྗེ་དང་འཁོར་ལོ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་འཛིན་པ་གཅིག་ཏུ་གྱུར་པ་ལས། གང་དུ་ཁྲོ་བོའི་དཀྱིལ་འཁོར་དཔག་ཏུ་མེད་པ་སྤྲོས་པ་དེ་དག་ལས། སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་འཕྲོས་པའི་ཁྲོ་བོ་ཐམས་ཅད་ཆེ་མཆོག་ཧེ་རུ་ཀ་དེ་ཉིད་ལ་འདུས་ཏེ། བཛྲ་ཧེ་རུ་ཀར་གྱུར་པ་ནི། དབུ་གསུམ༴ བཞུགས་སོ། །ཞེས་པས། རྣམ་ཐར་གསུམ་དང་ལྡན་པའི་རྟགས་སུ་དབུ་གསུམ། ཡེ་ཤེས་དྲུག་དང་ལྡན་པའི་རྟགས་སུ་ཕྱག་དྲུག །རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་རྟགས་སུ་ཞབས་བཞིར་གྱུར་ཏེ། དུར་ཁྲོད་ཆེན་པོར་བཞུགས་པར་དགྱེས་ནས། འདོད་ཆགས་མ་སྤངས་གནས་སུ་དག་པའི་རྟགས་སུ་ཁྲག་གི་རྒྱ་མཚོའི་དཀྱིལ་འཁོར་ན། ཞེ་སྡང་མ་སྤངས་གནས་སུ་དག་པའི་རྟགས་སུ་ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་ན། ཡེ་ཤེས་ཆེན་པོའི་ལྟ་ངན་སྦྱངས་པའི་རྟགས་སུ་ཡེ་ཤེས་ཀྱི་མེ་རིས་མེད་དཔུང་འབར་བའི་ཀློང་དཀྱིལ་ན། གཞལ་ཡས་ཁང་གི་དབུས་ཀྱི་ལྟེ་བ་ལ་མཛད་པ་མཐར་ཕྱིན་པའི་རྟགས་སུ་དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་དང་། དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཆེན་པོ་རུ་དྲ་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་ཁྱོ་ཤུག་གི་གདན་ལ། ཞབས་བརྐྱང་བསྐུམས་ཀྱི་ཚུལ་དུ་བཞུགས་སོ། །ཁྲོ་བོའི་དཀྱིལ་འཁོར༴ བྱང་ཕྱོགས་སུ་བཞུགས་སོ། །ཞེས་པས། བྱང་ཆུབ་ཀྱི་སེམས་ཡེ་ཤེས་ལྔ་ལས་འཕྲོས་པའི་ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་ཕུང་གི་ཚོགས་དེ་བཞུགས། ཁྲོ་བོ་ནང་རིས་མི་མཐུན་པས་ལ་ལ་སྟེ་མོ་ལོང་ལྟ་བུའི་ཡེ་ཤེས་ལས་འཕྲོས་པའི་ཁྲོ་བོ་ཐམས་ཅད་ནི་དཔལ་ཁྲག་འཐུང་ཆེན་པོ་བུདྡྷ་ཧེ་རུ་ཀར་གྱུར་ཏེ། འབར་བ་ཆེན་པོའི་འཁོར་ལོའི་ཤར་ཕྱོགས་ཀྱི་རྩིབས་སྟེང་དུ་བཞུགས་སོ། །ལ་ལ་མཉམ་ཉིད་ཀྱི་ཡེ་ཤེས་ལས་འཕྲོས་པའི་ཁྲོ་བོ་ཐམས་ཅད་ནི་དཔལ་ཁྲག་འཐུང་ཆེན་པོ་རཏྣ་ཧེ་རུ་ཀར་གྱུར་ཏེ། ལྷོ་ཕྱོགས་ཀྱི་རྩིབས་སྟེང་དུ་བཞུགས་སོ། །ལ་ལ་སོ་སོར་རྟོག་པའི་ཡེ་ཤེས་ལས་འཕྲོས་པའི་ཁྲོ་བོ་ཐམས་ཅད་ནི་དཔལ་ཁྲག་འཐུང་ཆེན་པོ་པདྨ་ཧེ་རུ་ཀར་གྱུར་ཏེ། ནུབ་ཕྱོགས་ཀྱི་རྩིབས་སྟེང་དུ་བཞུགས་སོ། །ལ་ལ་བྱ་བ་གྲུབ་པའི་ཡེ་ཤེས་ལས་འཕྲོས་པའི་ཁྲོ་བོ་ཐམས་ཅད་ནི་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས་སུ་སྟེ་ཀརྨ་ཧེ་རུ་ཀར་གྱུར་ཏེ། བྱང་ཕྱོགས་ཀྱི་འཁོར་ལོའི་རྩིབས་སྟེང་དུ་བཞུགས་སོ། །དེ་དག་ཀུན་ཀྱང་༴ གདན་བྱས་པ་ལ་བརྐྱང་བསྐུམས་སུ་བཞུགས་སོ། །ཞེས་པས། ཁྲག་འཐུང་རིགས་ལྔ་པོ་དེ་དག་ཀུན་ཀྱང་འཇིགས་བྱེད་ཆེན་པོ་ཁྲོ་བོའི་ཆ་ལུགས་དཔལ་གྱི་ཆས་བརྒྱད་དང་དུར་ཁྲོད་ཀྱི་རྒྱན་བརྒྱད་དང་། ཞལ་ནས་ཧཱུཾ་ཧཱུཾ་དང་ཕཊ་ཕཊ་ལ་སོགས་པ་གསུང་རྔམ་པའི་ང་རོ་དང་བཅས་པས་ཡེ་ཤེས་མེ་རིས་དང་མེད་དཔུང་འབར་བ་ཆེན་པོའི་ཀློང་ན། དབུ་གསུམ། ཕྱག་དྲུག་དང་། ཞབས་བཞིས། ཤར་དུ་དྲི་ཟ་ཕོ་མོ་དང་། བྱང་དུ་གནོད་སྦྱིན་ཕོ་མོ་དང་། ནུབ་ཏུ་སྲིན་པོ་ཕོ་མོ་དང་། ལྷོར་གཤིན་རྗེ་ཕོ་མོ་ལ་སོགས་པ་ཁྱོ་ཤུག་སྟེ། ཕོ་ཁ་བུབ་དང་། མོ་གན་རྐྱལ་གྱི་གདན་ལ་ཞབས་བརྐྱངས་བསྐུམས་སུ་བཞུགས་སོ། །བཙུན་མོ་ཁྲག་འཐུང་ཆེན་མོའི་ཚོགས་རྣམས་ཀྱང་། སོ་སོའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ། །ཞེས་པས། བཙུན་མོ་ཁྲག་འཐུང་ཆེན་མོ་བཛྲ་ཀྲོ་དྷཱི་ཤྭ་རཱི་ལ་སོགས་པའི་ཡུམ་གྱི་ཚོགས་རྣམས་ཀྱང་། བཛྲ་ཀྲོ་དྷཱི་ཤྭ་རཱི་མ་བཛྲ་ཧེ་རུ་ཀའི་སྐུ་ལ་འཁྲིལ་བ་བཞིན། རིགས་ཀྱི་ཁྲོ་བོ་ཡབ་ལྔ་སོ་སོའི་སྐུ་ལ་རང་རང་གི་རིགས་ཀྱི་ཡུམ་རྣམས་འཁྲིལ་བའི་ཚུལ་གྱིས་བཞུགས་སོ། །རིགས་ལྔའི་ཧེ་རུ་ཀ་གཅིག་ཏུ་བསྟིམས་ཏེ་བསྡུས་ནས། གཅིག་གིས་མང་པོ་འདུལ་བའི་ངོ་མཚར་ཏེ། ཞེས་པས། གོང་གི་ཁྲོ་བོའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་རྣམས་ཀྱང་རིགས་ལྔའི་ཧེ་རུ་ཀ་ལ་བསྡུས་ལ། རིགས་ལྔ་ཡང་ཆེ་མཆོག་ཧེ་རུ་ཀ་གཅིག་ཏུ་བསྟིམས་ཏེ་བསྡུས་ནས། འདུལ་བྱེད་ཀྱི་སྟོན་པ་ཆེ་མཆོག་ཧེ་རུ་ཀ་གཅིག་གིས། གདུལ་བྱ་མང་པོ་འདུལ་བའི་ངོ་མཚར་བསྟན་ཏོ། །བརྒྱད་པ་ཕྲིན་ལས་རྨད་དུ་བྱུང་བའི་ངོ་བོ་བསྟན་པ་ནི། དེ་ནས་དྲེགས་པ༴ རུས་པ་ཀུན་འཆོས་སོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས། སྤྲུལ་པ་ཆེན་པོའི་དཀྱིལ་འཁོར་བསྟན་པ་ལ་དེ་ཕྲིན་ལས་རྨད་དུ་བྱུང་བའི་ངོ་བོ་སྒྲོལ་བ་དངོས་སྟོན་པས་ན་ནས། དྲེགས་པ་ཆེན་པོ༴ ཁྲོས་ནས་རྔམ་མོ། །ཞེས་པས། དྲེགས་པ་ཆེན་པོ་རུ་ཏྲ་ལ་སོགས་པ་ཞེ་སྡང་གི་གཏུམ་པའི་སེམས་ཀྱིས་ཀུན་ནས་བླངས་ནས། གདུག་པའི་རྫུ་འཕྲུལ་ཆེན་པོ་སྣ་ཚོགས་བསྟན་ནས། འཁོར་རྣམས་དང་སྐད་མཐུན་པར་མགྲིན་གཅིག་ཏུ་གདུག་པའི་ང་རོས། ངག་བརླང་པོའི་གཏུམ་ཚིག་གིས་སྨྲས་པ། ཐོང་ཐོང་ཁྱོད་སྙིང་རྗེའི་བདག་པོ་ཡིན་ན། ཅི་དེ་ལྟར་བྱེད་དམ་ཞེས་འཛེར་ཞིང་ཤིན་ཏུ་གདུག་པའི་སེམས་ཀྱིས་ཁྲོས་ནས་ད་རུང་རྔམ་མོ། །དེ་ནས་བཅོམ་ལྡན་འདས༴ ཁཱ་ཧི་ཁཱ་ཧི། ཞེས་བརྗོད་ནས། ཞེས་པས། རུ་ཏྲ་ས་དམག་གསར་བ་ལ་དེ་བསྒྲལ་ནས་ཞལ་དུ་གསོལ་བ་དངོས་སྟོན་པས་ན་ནས། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་བཛྲ་ཧེ་རུ་ཀ་དེ་ཉིད་ཧེ་རུ་ཀ་དགུ་ཀློང་རྔམ་པའི་ཞལ་དུ་གདུག་པ་ཅན་གསོལ་བའི་རྟགས་སུ་དབུ་དགུ། སྒྲོལ་བྱེད་ཀྱི་གིང་ཆེན་བཅོ་བརྒྱད་སྒྲོལ་བའི་རྟགས་སུ་ཕྱག་བཅོ་བརྒྱད། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་ལྡན་པའི་རྟགས་སུ་ཞབས་བརྒྱད་དུ་གནས་ནས། ཧེ་རུ་ཀ་ཉིད་ཀྱི་ཐུགས་རྗེས། རུ་ཏྲ་འཁོར་བཅས་འདུལ་བའི་ཐབས་ཀྱིས། རུ་ཏྲ་འཁོར་བཅས་ཀྱི་ངོ་ལ་ཤིན་ཏུ་ཁྲོས་པ་ལྟར་སྣང་ནས་རྔམ་པའི་སྐད་ཀྱིས་ཕོ་རྣམས་ཀྱི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སྡུད་པའི་ཕྱིར། ཧཱུཾ་ཧཱུཾ་ཧཱུཾ། དགྱེས་པའི་གད་མོས་དབུགས་ལ་རྔམ་པའི་ཕྱིར། ཧ་ཧ་ཧ། ཤ་ཁྲག་རུས་གསུམ་ལྷག་མ་མ་ལུས་པར་གསོལ་བའི་ཕྱིར། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཞེས་བརྗོད་པས། དབང་ཕྱུག༴ འཆོས་སོ། །ཞེས་པས། དབང་ཕྱུག་ཆེན་པོ་རུ་ཏྲ་ལ་སོགས་པ་གདུག་པ་ཆེན་པོའི་ཚོགས་དེ་དག་གིས་བདག་འཛིན་རྩད་ནས་གཅད་པར་བྱ་བའི་ཕྱིར་སྙིང་དང་། འབྱུང་བའི་སྒོ་དགག་པར་བྱ་བའི་ཕྱིར་དབང་པོ་ཀུན་ཕྱུང་། མངོན་པར་ཞེན་པ་དག་པར་བྱ་བའི་ཕྱི་ནང་ཁྲོལ་ཀུན་དྲངས། ལས་ངན་གྱི་བག་ཆགས་རྩད་ནས་གཅད་པའི་ཕྱིར་ཡན་ལག་ཀུན་བཅད་ཅིང་གཏུབས་ནས། གཏི་མུག་ཟད་པར་བྱ་བའི་ཕྱིར་ཤ་ཀུན་ཟོས། འདོད་ཆགས་ཟད་པར་བྱ་བའི་ཕྱིར་ཁྲག་ཀུན་འཐུངས། ཞེ་སྡང་ཟད་པར་བྱ་བའི་ཕྱིར་རུས་པ་ཀུན་འཆོས་སོ། །དགུ་པ་འཁོར་སྡུད་པའི་ཆོ་འཕྲུལ་བསྟན་པ་ནི། དེ་ནས་ཧཱུཾ་ཧཱུཾ་ཧཱུཾ་བྷྱོ༴ རྡུལ་སྙེད་ཀྱང་བསྡུས་སོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས། ཕོ་རྣམས་བསྒྲལ་ནས་བཏུལ་བས་ན་དེ། མོ་རྣམས་སྦྱར་ནས་འདུལ་བས་ན་ནས། ཧཱུཾ་ཧཱུཾ༴ བསྡུས་སོ། །ཞེས་པས། ཧཱུཾ་ཧཱུཾ་ཧཱུཾ་གསུམ་ནི། མོ་རྣམས་ཀྱི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་དབང་དུ་སྡུད་པའོ། །དབང་ཕྱུག་མ་གཡོག་ཡང་གཡོག་དང་བཅས་པ་དྲག་པོས་དབང་དུ་སྡུད་པའི་སྔགས་སོ། །བྷྱོ་ཨེ་ཨ་ར་ལི་ཛཿཛཿ ཞེས་བརྗོད་པས། དཔེར་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པ་ཡུངས་འབྲུ་གཅིག་ཙམ་དུ་ཆུད་པར་བསྡུས་པ་ལྟར། དྲེགས་པ་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ཧཱུཾ་དུ་བསྡུས་པ་དེ། རྒྱུ་དེས་ཆོས་ཐམས་ཅད་སེམས་སུ་གཅིག་པར་མཐོང་ནས་བསྡུས་སོ། །འཁོར་མོ་རྣམས་དབང་དུ་བསྡུས་པ་དེ་ནས། འབྱུང་པོ་མ་ལུས་པའི་རྒྱལ་པོའི་ཡང་རྒྱལ་པོ། །དྲེགས་པ་ཆེན་པོ་ལ་སོགས་པའི་ཆུང་མ། འབྱུང་པོ་ཐམས་ཅད་ཀྱི་རྗེ་མོའི་ཡང་རྗེ་མོར་གྱུར་པ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་དང་པོ་ཤར་གྱི་མ་མོ་དྲུག་ནི། སྲིན་པོ་དྷ་ཤ་གྲི་བའི་ཆུང་མ་སྲིན་མོ་ཆེན་མོ་མི་སྲིན་མོ་དང་། ལྷ་ཚངས་པའི་ཆུང་མ་ཚངས་མ་དང་། ལྷ་ཆེན་པོའི་ཆུང་མ་འཁྲུག་མོ་དང་། བརྒྱ་བྱིན་གྱིས་ཆུང་མ་དབང་མོ་དང་། ཁྱབ་འཇུག་གི་ཆུང་མ་འཇུག་སྲེད་མོ་དང་། གཞོན་ནུ་གདོང་དྲུག་གི་ཆུང་མ་གཞོན་ནུ་དང་དྲུག་གོ། །ལྷོའི་མ་མོ་དྲུག་ནི། འཇུག་སྲེད་ཀྱི་ཆུང་མ་དམར་མོ་དང་། ལྷའི་བུ་ཉི་མའི་ཆུང་མ་བདུད་རྩི་མོ་དང་། ཟླ་བའི་ཆུང་མ་ཞི་བ་མོ་དང་། བེ་ཅོན་གྱི་ཆུང་མ་བེ་ཅོན་མོ་དང་། སྲིན་པོ་སྐྱ་རིངས་ཁྲག་མིག་གི་ཆུང་མ་སྲིན་མོ་དང་། ལྷ་ཟ་བྱེད་ཀྱི་ཆུང་མ་ཟ་བ་མོ་དང་དྲུག་གོ། །ནུབ་ཀྱི་མ་མོ་དྲུག་ནི་དགའ་བྱེད་དབང་ཕྱུག་གི་ཆུང་མ་དགའ་བ་མོ་དང་། སྟོབས་བཟང་གི་ཆུང་མ་ར་རོ་ཁྲག་འཐུང་མྱོས་པ་དང་། བྷྲིང་གི་རི་ཏིའི་ཆུང་མ་གཅིག་པུར་སྤྱོད་མ་དང་། འདོད་ལྷའི་ཆུང་མ་ཡིད་འཕྲོག་མ་དང་། ནོར་སྲུང་གི་ཆུང་མ་གྲུབ་པ་མོ་དང་། རླུང་ལྷའི་ཆུང་མ་ལུང་མོ་དང་དྲུག་གོ། །བྱང་གི་མ་མོ་དྲུག་ནི་ལྷ་གསོད་རྐྱེན་གྱི་ཆུང་མ་གསོད་བྱེད་མོ་དང་། མེ་ལྷའི་ཆུང་མ་མེ་མོ་དང་། ས་བདག་ཕག་ཆེན་གྱི་ཆུང་མ་ཕག་མོ་དང་། གཤིན་རྗེའི་ཆུང་མ་རྒན་བྱེད་མོ་དང་། བི་ན་ཡ་ཀའི་ཆུང་མ་སྣ་ཆེན་མ་དང་། ཆུ་ལྷའི་ཆུང་མ་ཆུ་ལྷ་མོ་དང་དྲུག་གོ། །སྒོ་མ་བཞི་ནི། ལྷ་ནག་པོ་ཆེན་པོའི་ཆུང་མ་ནག་མོ་ཆེན་མོ་དང་། ར་གདོང་ཆེན་པོའི་ཆུང་མར་ར་མགོ་དམར་སེར་ཆེན་མོ་དང་། སྲིན་པོ་བུམ་སྣའི་ཆུང་མ་བུམ་སྣ་སྔོ་ནག་ཆེན་མོ་དང་། ལྷ་གསུས་པོ་ཆེའི་ཆུང་མ་གསུས་འཛིན་སེར་ནག་ཆེན་མོ་དང་བཞིའོ། །དེ་ལ་སོགས་པ་མ་མོའི་ཚོགས་ལས་བྱེད་པ་བྲན་དང་། དེའི་ཡང་ལས་བྱེད་པ་ཡང་བྲན་དང་། བཀུར་སྟི་བྱེད་པའི་གཡོག་དང་། དེ་ལ་ཡང་བཀུར་སྟི་བྱེད་པ་ཡང་གཡོག་དང་བཅས་པ་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་རྣམས་ཀྱང་བསྡུས་སོ། །བཅུ་པ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས༴ ཨ་ལ་ལ་ཧོཿ ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས། འཁོར་དབང་དུ་བསྡུས་པ་ལ་དེ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་སྟོན་པས་ན་ནས། བཅོམ་ལྡན་འདས་དགྱེས་པ༴ བྱས་ནས། ཞེས་པས། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེ་མཆོག་ཧེ་རུ་ཆེན་པོ་དེས། མ་མོ་རྣམས་འདུལ་བའི་ཐབས་ཀྱིས་ཡང་རིགས་ལྔའི་འཇིགས་བྱེད་ཧེ་རུ་ཀ་ཆེན་པོ་ལྔར། མ་མོ་རྣམས་ཀྱི་ངོ་ལ་སྣང་བར་བྱས་ནས། དེ་དག༴ ཨ་ལ་ལ་ཧོ༴ ཞེས་པས། རིགས་ལྔ་པོ་དེ་དག་ཀུན་ཀྱང་། ཐབས་ཤེས་རབ་གཉིས་སུ་མེད་པར་དགྱེས་པས་རོལ་པའི་བྱང་སེམས་ལས་གནས་ཡུལ་སྒོ་མའི་དཀྱིལ་འཁོར་གྱི་ཚོགས་སྤྲིན་ཙམ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་སྔགས་འདི་དག་ཕྱུང་ངོ་། །སྐུ་གསུང་ཐུགས་ཀྱི་སྙིང་པོ་ༀ་ཨཱཿཧཱུཾ་གསུམ་དང་། གསང་བའི་རྡོ་རྗེས་གསང་བའི་པདྨ་ཁ་ཕྱེ་བས་བདེ་བས་དགྱེས་པའི་སྔགས། བཛྲ་པྲ་བེ་ཤ །ཨ་ལ་ལ་ཧོཿ ཞེས་བརྗོད་དོ། །བཅུ་གཅིག་པ་འཁོར་འདུས་པའི་ཆོ་འཕྲུལ་བསྟན་པ་ནི། ཞེས་བརྗོད་པས༴ ཤིན་ཏུ་བཅུམ་པར་གྱུར་ཏོ། །ཞེས་པ་དེར་གདའ་ཞིང་། ཞེས་བརྗོད་པས། འཁོར་སྡུད་པའི་ཆོ་འཕྲུལ་གྱིས་འབྱུང་པོའི་རྒྱལ་མོ་རྣམས། ཆེ་མཆོག་ཉིད་རིགས་ལྔར་སྣང་བ་ལ། ཤིན་ཏུ་ཆགས་པའི་ཡིད་གཡོས་ནས། རང་རང་གི་པདྨའི་དཀྱིལ་འཁོར་སྡུད་ཅིང་བདེ་བས་རྒྱས་པར་གྱུར་ནས། དཔེར་ན། རྡོ་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་རིགས་ལྔའི་སྐུ་ལ་འཁྲིལ་ཏེ། དབུས་ཀྱི་གཙོ་བོ་ལ་ཕྱོགས་ཀྱི་གཙོ་མོ་བཞི་དང་སྒོ་མ་བཞི་སྟེ་བརྒྱད། རིགས་ཀྱི་ཧེ་རུ་ཀ་བཞི་ལ། ཕྱོགས་ཀྱི་མ་མོ་ལྔ་ལྔ་འཁྲིལ་ལོ། །དེ་ཡང་། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ། བཛྲ་ཧེ་རུ་ཀ་ལ་ཤར་གྱི་དབང་མོའི་གཙོ་མོ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ལྷོའི་དམར་མོ་དང་། ནུབ་ཀྱི་དགའ་བ་མོ་དང་། བྱང་གི་གསོད་བྱེད་མོ་དང་། སྒོམ་མ་བཞི་ལ། ཤར་སྒོའི་ནག་མོ་ཆེན་མོ་དང་། ལྷོ་སྒོའི་དམར་སེར་ཆེན་མོ་དང་། ནུབ་སྒོའི་སྔོ་ནག་ཆེན་མོ་དང་། བྱང་སྒོའི་སེར་ནག་ཆེན་མོ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་བུདྡྷ་ཧེ་རུ་ཀའི་སྐུ་ལ། ཤར་གྱི་མ་མོ་ལྔ་སྟེ། ཚངས་མ་དང་། འཁྲུག་མོ་དང་། དབང་མོ་དང་། འཇུག་སྲེད་མོ་དང་། གཞོན་ནུ་མོ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེའི་སྐུ་རཏྣ་ཧེ་རུ་ཀ་ལ། ལྷོའི་མ་མོ་ལྔ་སྟེ། བདུད་རྩི་མོ་དང་། ཞི་བ་མོ་དང་། བེ་ཅོན་མོ་དང་། ཟ་བ་མོ་དང་། སྲིན་མོ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་པདྨའི་སྐུ་ལ་ནུབ་ཀྱི་མ་མོ་ལྔ་སྟེ། ཁྲག་གིས་མྱོས་མ་དང་། གཅིག་པུར་སྤྱོད་མ་དང་། ཡིད་འཕྲོག་མ་དང་། གྲུབ་པ་མོ་དང་། རླུང་མོ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས་ཀྱི་སྐུ་ཀརྨ་ཧེ་རུ་ཀ་ལ་བྱང་གི་མ་མོ་ལྔ་སྟེ། མེ་མོ་དང་། ཕག་མོ་དང་། རྒན་བྱེད་མོ་དང་། སྣ་ཆེན་མོ་དང་། ཆུ་ལྷ་མོ་རྣམས་འཁྲིལ་ལོ། །དེ་ནས་བཅོམ་ལྡན་འདས་དགྱེས་བ་ཆེན་པོའི་ཁྲོ་བོའི་དཀྱིལ་འཁོར་རིགས་ལྔ་པོ་དེ་དག་གིས་ཧཱུཾ་ཞེས་བརྗོད་པས། དབང་མོ་རྣམས་ཀྱི་པདྨའི་དཀྱིལ་འཁོར་གྱི་ཚོགས་ཡབ་ཀྱི་རྡོ་རྗེས་བསྡུས་ནས། ཐབས་ཤེས་རབ་གཉིས་སུ་མེད་པར་རོལ་པ་ལ་ཤིན་ཏུ་བཅུམ་པར་གྱུར་ཏོ། །ཞེས་བརྗོད་པའོ། །བཅུ་གཉིས་པ་ངོ་མཚར་ཚོགས་ཀྱི་དཀྱིལ་འཁོར་བསྟན་པ་ལ་བཞི་སྟེ། གནས་མ་བརྒྱད་གདོན་པ་དང་། ཡུལ་མ་བརྒྱད་གདོན་པ་དང་། སྒོ་མ་བཞི་གདོན་པ་དང་། དེ་དག་གིས་ཕཊ་ཅེས་བརྗོད་པས་ཐམས་ཅད་ཁྲོས་པར་བསྟན་པའོ། །དང་པོ་གནས་མ་བརྒྱད་གདོན་པ་ནི། དེ་ནས་དགྱེས་ཏེ་ཧ་ཞེས་བརྗོད་པས༴ ནས་འཁོད་དོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་བས་འཁོར་བསྡུས་པའི་ཆོ་འཕྲུལ་བསྟན་པ་ལ་དེ་ངོ་མཚར་ཚོགས་ཀྱི་དཀྱིལ་འཁོར་སྟོན་པས་ན་ནས། དགྱེས་ཏེ་ཧ་ཞེས་བརྗོད་པས། བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཞེས་པས། རིགས་ཀྱི་ཧེ་རུ་ཀ་ལྔ་དང་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཡབ་ཡུམ་གཉིས་སུ་མེད་པར་རོལ་པའི་སྦྱོར་བ་མཛད་པས་བདེ་བས་དགྱེས་ཏེ། ཧ་ཞེས་བརྗོད་པས། སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་སྤྲིན་ཧའི་ཚོགས་འཕྲོས་པ་ལས་དབང་ཕྱུག་མ་རེ་རེའི་མཁའ་ནས་གནས་མ་བརྒྱད་པོ་ཡང་རེ་རེ་འཐོན་ནས་ཕྲིན་ལས་བསྒྲུབ་པ་ནི། དཀར་མོའི་ཚོགས་དང་༴ མཚོགས་མའི་ཚོགས་རྣམས། ཞེས་པས། དཀར་མོའི་ཚོགས་ཀ་རཱི་མ་ཉི་ཤུ་རྩ་བརྒྱད་ཀྱིས་ཞི་བའི་ལས་སྒྲུབ་པ་དང་། རྐུན་མོའི་ཚོགས་ཙ་རཱི་མས་དབང་གི་ལས་དང་། རྨོངས་མོའི་ཚོགས་ཕྲ་མོ་ཧས་ཞི་བའི་ལས་དང་། ཐལ་བྱེད་མའི་ཚོགས་བྷེ་ཏ་ལིས་དྲག་པོའི་ལས་དང་། སྦོས་མོའི་ཚོགས་པུཀྐ་སིས་རྒྱས་པའི་ལས་དང་། གཏུམ་མོའི་ཚོགས་གྷསྨ་རིས་དྲག་པོའི་ལས་དང་། སྨེ་ཤ་ཅན་གྱི་ཚོགས་སྨེ་ཤ་ནིས་ལས་གང་འདོད་དང་། མ་ཚོགས་མའི་ཚོགས་ཙཎྜ་ལཱིས་རྒྱས་པའམ་འཕེལ་བར་བྱེད་པའི་ལས་སྒྲུབ་པ་སྟེ། དེ་རྣམས་རེ་རེ་ཡང་ཚོགས་ཞེས་པའི་སྒྲས་ཉི་ཤུ་རྩ་བརྒྱད་རང་རང་གི་ལག་ཆ་དང་༴ འཁོད་དོ། །ཞེས་པས། རང་རང་གི་ལག་ཆ་དང་བཅས་པ་སྟེ། ག་རཱི་བྷན་དམར་ཞིང་དབྱུག་སྔོ། །ཞེས་པ་ལ་སོགས་པ་བཞིན་རྔམ་ཞིང་རྔམ་པའི་རྒྱན་ཆས་དང་ལྡན་པ། ངོ་མཚར་བའི་ཚུལ་དུ་མ་དང་བཅས་ནས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་རེ་རེའི་མཁའ་ནས། གནས་མ་བརྒྱད་པོ་རེ་རེ་སྲས་ཀྱི་ཚུལ་དུ་འཐོན་ཏོ། །འཐོན་ནས་ཀྱང་འབར་བ་ཆེན་པོ་འཁོར་ལོ་རྩིབས་བཞིའི་རྩིབས་མཆན་བཞི་ལ། དཀར་མོ་ལ་སོགས་པ་བཞི་དང་། གྲུ་ཆད་བཞི་ལ་སྦོས་མོ་ལ་སོགས་པ་བཞི་སྟེ་བརྒྱད། ཤར་ལྷོའི་ཕྱོགས་མཚམས་ནས་བྱང་ཤར་ལ་ཐུགས་བར་ཆོས་སྐོར་དུ་འཁོར་བར། ཟ་ཟ་འཆའ་འཆའ་འདྲ་བར་འཇིགས་པའི་གཟུགས་དང་། རང་རང་གི་ལག་ཆ་དང་བཅས་ནས་རོ་རློན་པ་རེ་དང་ཉི་མའི་གདན་སྟེང་དུ་འཁོད་དོ། །གཉིས་པ་ཡུལ་མ་བརྒྱད་གདོན་པ་ནི། དེ་ནས་ཤིན་ཏུ༴ མདངས་ཀྱིས་འཁོད་དོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཤིན་ཏུ་དགྱེས་ནས་ཧེ་ཞེས་བརྗོད་པས། ཞེས་པས། གནས་མ་བརྒྱད་ཀྱི་ཚོགས་འཐོན་པ་དེ་ནས། སླར་ཡང་ཤིན་ཏུ་དགྱེས་ནས་ཧེ་ཞེས་བརྗོད་པས་སྦྱོར་མཚམས་ནས། བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཧེའི་ཚོགས་འཕྲོས་པ་ལས། དབང་ཕྱུག་མ་རེ་རེའི་མཁའ་ནས། ཡུལ་མ་བརྒྱད་པོ་ཡང་རེ་རེ་འཐོན་པར་གྱུར་པ་ནི། སེང་གདོང་༴ བཅས་པ་རྣམས། ཞེས་པས་ཐམས་ཅད་ཟིལ་གྱིས་གནོན་པ་སེང་གདོང་ཆེན་མོའི་ཚོགས་ཉེར་བརྒྱད་དང་། དཔའ་བརྟུལ་གྱི་དྲག་པོའི་ལས་བྱེད་པ་སྟག་གདོང་ཆེན་མོའི་ཚོགས་དང་། ཐབས་མཁས་པས་ཕུང་པོའི་བདུད་འདུལ་བར་བྱེད་པ་ཝ་གདོང་ཆེན་མོའི་ཚོགས་དང་། ལྷའི་བུའི་བདུད་འཇོམས་པར་བྱེད་པ་ཁྱི་གདོང་ཆེན་མོའི་ཚོགས་དང་། ཤེས་བྱ་ལ་ཐོགས་པ་མེད་པ་བཞད་གདོང་ཆེན་མོའི་ཚོགས་དང་། ཉོན་མོངས་ཟད་པར་བྱེད་པ་ཀང་ཀའི་གདོང་ཆེན་མོའི་ཚོགས་དང་། འཁོར་བ་དང་དུ་ལེན་པ་དུར་བྱའི་གདོང་ཆེན་མོའི་ཚོགས་དང་། གདུལ་བྱ་ཕྲ་བ་ཡང་མི་འདོར་བ་འུག་པའི་གདོང་ཆེན་མོའི་ཚོགས་རྣམས་རེ་རེ་ཡང་ཉེར་བརྒྱད་ཉེར་བརྒྱད་དོ། །རང་རང་གི༴ འཁོད་དོ། །ཞེས་པས། སིདྷ་ཁ་རོ་བསྣོལ་སེར་སེང་། ཞེས་པ་ལ་སོགས་པ་བཞིན། རང་རང་གི་ལག་ཆ་དང་ངོ་མཚར་དང་བཅས་ནས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་མཁའ་ནས་འཐོན་པར་གྱུར་རོ། །འཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ་གྱི་ཁྱམས་ནང་མ་ལ། ཤར་ལ་སོགས་པའི་ཕྱོགས་བཞིར་སེང་གདོང་མ་ལ་སོགས་པ་བཞི་དང་། ཤར་ལྷོ་ནས་མཚམས་བཞིར་བཞད་གདོང་མ་ལ་སོགས་པ་བཞིས་འཁོར་བ ར། རོ་རློན་པ་དང་ཉི་མའི་གདན་ལ་རྔམ་པའི་མདངས་ཀྱིས་འཁོད་དོ། །གསུམ་པ་སྒོམ་བཞི་གདོན་པ་ནི། དེ་ནས་ཤིན་ཏུ༴ གནས་སོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཤིན་ཏུ་དགྱེས་ནས་ཕྱོགས་བཅུའི་ཞིང་མ་ལུས་པ་ཁྱབ་ནས་ཕཊ་ཅེས་བརྗོད་པས། ཞེས་པས། ཡུལ་མ་བརྒྱད་ཀྱི་ཚོགས་འཐོན་པ་དེ་ནས་ཤིན་ཏུ་དགྱེས་ནས་ཕྱོགས་བཅུའི་ཞིང་མ་ལུས་པ་ཁྱབ་ནས་ཕཊ་ཅེས་བརྗོད་པས། རྡོ་རྗེ་སྲིང་འགྲོ་མའི༴ གནས་སོ། །ཞེས་པས། དབང་རྟགས་རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་པ། འཁོར་བར་མི་གཏོར་བས་སྲིང་འགྲོ་རྟ་གདོང་མའི་ཚོགས་དང་། ཕྲིན་ལས་གདོང་ཚུགས་སུ་བྱེད་པ་རྡོ་རྗེ་གདོང་མོ་ཕག་གདོང་མའི་ཚོགས་དང་། ཐམས་ཅད་སྐྲག་པར་བྱེད་པ་རྡོ་རྗེ་འཇིག་རྟེན་དྲེད་གདོང་མའི་ཚོགས་དང་། ཁམས་གསུམ་སླར་འཚོ་བར་བྱེད་པ་རྡོ་རྗེ་རོ་ལངས་སྤྱང་གདོང་མའི་ཚོགས་རྣམས། རྟ་གདོང་སྔོན་མོ་ལྕགས་ཀྱུ་འཛིན། །ཞེས་པ་ལ་སོགས་པ་བཞིན། རང་རང་གི་ལག་ཆ་དང་རྒྱན་ཆས་དང་ངོ་མཚར་དུ་བཅས་ནས་དབང་ཕྱུགས་མ་ཉི་ཤུ་རྩ་བརྒྱད་ཀྱི་མཁའ་ནས་འཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་འབར་བའི་དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་སྒོ་བཞིར་ཤིན་ཏུ་རྔམ་པའི་གཟུགས་ཀྱིས་རོ་རློན་པ་དང་ཉི་མའི་གདན་ལ་ཞལ་ཕྱིར་བསྟན་ནས་གནས་སོ། །འདི་ལ་ཁ་ཅིག་ན་རེ། རྒྱུད་ཀྱི་སྐབས་ནས་དབང་ཕྱུག་མ་ལ་སྲས་ཚོགས་བསྐྱེད་པར་འདུག་ལ། ཉམས་ལེན་གྱི་དུས་སུ་རིགས་ལྔ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་སྲས་ཚོགས་བསྐྱེད་པས། རྒྱུད་དང་སྒྲུབ་ཐབས་ཁ་གམ་མོ་ཞེ་ན། སྐྱོན་མེད་དེ། རྒྱུད་ཀྱི་སྐབས་སུ་མོ་རྣམས་སྦྱར་ཏེ་བཏུལ་བ་དང་། བུ་མོས་མ་འདུལ་བའི་དགོས་པ་ཡོད་པའི་ཕྱིར། དབང་མོ་དང་སྦྱོར་བའི་སྦྱོར་མཚམས་ནས་བསྐྱེད་པ་ཡིན་ལ། ཉམས་ལེན་གྱི་དུས་སུ་ལས་ཀྱི་སྲིན་མོ་ལ་མོས་པ་མི་སྐྱེ་བས། རིགས་ཀྱི་ཡུམ་ལྔ་དང་སྦྱོར་བའི་སྦྱོར་མཚམས་ནས་བསྐྱེད་པ་ཡིན་ནོ། །ཡང་མ་ཉི་ཤུ་རྩ་བརྒྱད་ལ། སྲས་ཚོགས་ཁྲོ་མོ་ཉི་ཤུ་ལས་མེད་བས་མ་བུ་མ་འཆམས་མོ་ཞེ་ན། སྐྱོན་མེད་དེ། མ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་རེ་རེ་ལ་ཡང་སྲས་ཁྲོ་མོ་ཉི་ཤུ་ཉི་ཤུ་འཐོན་པར་འབྲུ་སྣོན་གྱི་སྐབས་སུ་བཤད་ཟིན་ཏོ། །བཞི་པ་དེ་དག་གིས་ཕཊ་ཅེས་བརྗོད་པས་ཐམས་ཅད་ཁྲོས་པར་བསྟན་པ་ནི། དེ་ནས་དགྱེས་པ་ཆེན་པོའི་སྤྲིན་ལས༴ ཕྱིན་པར་བཀྱེའོ། །ཞེས་པ་དེར་གདའ་ཞིང་། སྲས་ཀྱི་ཚོགས་འཐོན་པ་དེ་ནས་དགྱེས་པ་ཆེན་པོའི་བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཕྱོགས་བཅུ་ནས་ཕཊ་ཅེས་བསྒྲགས་པས་ཁྲོ་མོ་ཐམས་ཅད་ཤིན་ཏུ་ཡང་ཁྲོས་ནས། ལས་ལས་གྲུབ་པའི་མ་མོ་ཐམས་ཅད་ཀྱང་རང་རང་གི་གནས་ཤར་ཕྱོགས་ལ་སོགས་པར་ག་ལ་བ་དེར་ཡུད་ཙམ་གྱིས་ཕྱིན་པར་ལས་ལ་བཀྱེའོ། །བཅུ་གསུམ་པ་ཕྲིན་ལས་ཀྱི་འབྲས་བུ་དྲེགས་པ་ཅན་གནས་བསྟབ་པ་ལ་གསུམ་སྟེ། གནས་བསྟབ་པས་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ཐོབ་པ་དང་། དམ་བཅས་ནས་ལུས་གདན་དུ་ཕུལ་བ་དང་། འཁོར་ཕུལ་པའོ། །དང་པོ་གནས་བསྟབ་པས་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ཐོབ་པ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས༴ དུས་གཅིག་ཏུ་བཏུལ་ལོ། །ཞེས་པ་དེར་གདའ་ཞིང་། དེ་ནས་བཅོམ་ལྡན་འདས༴ འདི་དག་ཕྱུང་ངོ་། །ཞེས་པས། ཁྲོས་བར་བསྐུལ་བ་བསྟན་པ་ལ་དེ་དྲེགས་པ་ཅན་ལ་དབང་བསྐུར་བ་སྟོན་པས་ན་ནས་ཞེས་པའམ། ཕོ་རྣམས་བསྒྲལ་ཞིང་མོ་རྣམས་སྦྱོར་བ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་རིགས་ལྔ་པོ་དེ་དག་ཀྱང་གཅིག་ཏུ་ཐིམ་ནས། གཙོ་བོ་བཛྲ་ཧེ་རུ་ཀར་གྱུར་པ་ཉིད། ཐུགས་རྗེ་ཆེན་པོའི་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་བྱུང་བའི་དབང་རྫས། ཕྱི་བདུད་རྩི་དྲི་ཆེན་རློན་སྦྱོར། ནང་གསང་བ་ཉི་ཟླ་བྱང་ཆུབ་ཀྱི་སེམས་འདི་དག་བྱུང་ངོ་། །འདི་ན་ཡར་བརྩེགས་སྡེབ་ཅིག་བྱེད་དེ། དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གིས་བསྣམས་ནས་བཏོན་ཏེ། ཞེས་པས། གོང་དུ་དབང་ཕྱུག་ཆེན་པོ་ལ་སོགས་པའི་དྲེགས་པ་ཅན་ཐམས་ཅད་ཀྱི་ཡན་ལག་ཀུན་བཅད་གཏུབས་ནས། ཤ་ཀུན་ཟོས་ཁྲག་ཀུན་འཐུངས་རུས་པ་ཀུན་འཆོས་ནས་ལྟོ་བ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་ཡོད་པ་ལ། བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གིས་བསྣམས་བཞེས་པ་འོག་གི་སྒོ་ནས་དར་སྒོང་གི་ཚུལ་དུ་བཏོན་ཏེ། སྤྱན་སྔ་ན་འདུག་པ་དེ་ལ་བསྣམས་ནས་ཨུ་ཙུ་སྨ་ཀྲོ་དྷ་ཕྱུང་ནས་ཞེས་པས། སླར་ཡང་བསྣམས་ཞེས་པ་འོག་སྒོ་ནས་ཕྱི་ལྟར་ཁྲོ་བོ་ཨུ་ཙུ་སྨ་ཀྲོ་དྷ་རྨེ་བ་བརྩེགས་པ། ནང་ལྟར་དམ་རྫས་དྲི་ཆེན་རློན་སྦྱོར་བྱུང་ནས་དབང་བསྐུར་བའི་སྔགས། ཨཱོཾ་བཛྲ་ཨ་མྲྀ་ཏ་མ་ཧཱཀྲོ་དྷ་ཨཱཾ་ཨཱཾ་ཨཱཾ་ཞེས་བརྗོད་པས་ཞེས་པས། ཨཱོཾ་ནི་ཡེ་ཤེས་ལྔ་དང་ལྡན་པའོ། །བཛྲ་ཨ་མྲྀ་ཏ་མ་ཧཱ་ཀྲོ་དྷ་ཞེས་པས། རྡོ་རྗེ་ཁྲོ་བོ་འཆི་མེད་ཆེན་པོ་སྟེ། ནང་ལྟར་བདུད་རྩི་གཅིག་ཀྱང་ལྔ་ལྔར་བྱིན་གྱིས་བརླབས། ཨཱཾ་ཨཱཾ་ཨཱཾ། ཞེས་ལན་གསུམ་བརྗོད་ཅིང་། ལྕེའི་སྟེང་དུ་དམ་རྫས་ལན་གསུམ་བཞག་པས། མི་གཙང་བའི་འདམ་གྱི་རྒྱ་མཚོར་ཆུད་པ་ལས་ཞེས་པས། སྔར་མི་གཙང་བའི་འདབ་གྱི་རྒྱ་མཚོར་ཆུད་པ་དེ་ལས་འདམ་ཀུན་འཐུངས་ཏེ། དྲན་པ་སླར་རྙེད་ནས། ཞེས་པས། མི་གཙང་བའི་འདམ་ཀུན་ཁྲོ་བོ་རྨེ་བརྩེགས་ཀྱིས་འཐུངས་ཏེ། དབང་ཐོབ་པའི་བྱིན་རླབས་ཀྱི་ཡང་དག་པའི་དྲན་པ་སླར་རྙེད་ནས་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བར་གྱུར་ཏེ། ཁྲོ་བོ་བསམ་ཡས་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན་ཐོབ་བོ། །ཁྲོ་བོའི་དཀྱིལ་འཁོར་གྱི༴ མཐོང་ངོ་། །ཞེས་པས། དེའི་ཚེ་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་དེ་དག་ཐམས་ཅད་ཀྱང་། དབུ་དགུ་བརྒྱ། ཕྱག་སྟོང་བརྒྱད་བརྒྱ། ཞབས་བརྒྱད་བརྒྱ། སྐུ་འབར་བ་ཆེན་པོའི་དཀྱིལ་འཁོར་ན་བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལྟར་བཞུགས་བར་མཐོང་ངོ་། །དེའི་དུས་ན༴ བཏུལ་ལོ། །ཞེས་པས། སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ཐོབ་ནས་དེ་བཞིན་གཤེགས་པའི་ཞལ་མཐོང་བ་དེའི་དུས་ན། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་ཀུན་ཏུ་དྲེགས་པའི་དབང་ཕྱུག་ཐམས་ཅད་འདུལ་བའི་ཐབས་མི་མཐུན་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་པར་སོ་སོར་སྣང་བས་དུས་གཅིག་ཏུ་བཏུལ་ལོ། །དེ་ཡང་རྒྱུད་འདི་ཉིད་ལས། སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །གཉིས་པ་དམ་བཅས་ནས་ལུས་གདན་དུ་ཕུལ་བ་ནི། དེ་ནས་དེ་དག༴ བཞག་གོ། །ཞེས་པ་དེར་གདའ་ཞིང་། དེ་ནས་དེ་དག་ཤིན་ཏུ་འདར་ཞིང་བྲེད་པ་རབ་ཏུ་ཞུམ་པའི་དངོས། ཞེས་པས། གནས་བསྟབས་དེ་ནས་རྟོག་པ་ཅན་གྱི་ཚོགས་དེ་དག་ཐམས་ཅད་ཤིན་ཏུ་ལུས་འདར་ཞིང་ཡིད་བྲེད་པས་སེམས་རབ་ཏུ་དཔའ་ཞུམ་པའི་ངག་གི་ང་རོས་ཚིམ་ཏུ་སྨྲས་པ། འབངས་སུ་མཆི། འབངས་སུ་མཆི། འབངས་སུ་ནན་ཏན་མ་མགྱིས་ན། །ཞེས་པས། བདག་ཅག་འཁོར་བཅས་རྣམས་དཔལ་ཆེན་པོ་ཉིད་ཀྱི་འབངས་སུ་མཆི། འབངས་སུ་མཆི། གལ་ཏེ་འབངས་སུ་ཁས་བླངས་པ་བཞིན་དུ་ནན་ཏན་མ་བགྱིས་པར་གྱུར་ན། མགོ་དང་ལུས་ནི་བརྒྱར་འགས་ཤིང་། །སྙིང་ཡང་འགས་ཤིང་གཏུབས་གྱུར་ཅིག །ཅེས་པས། བདག་ཅག་རྣམས་ཀྱི་མགོ་དང་ལུས་ནི་ཚལ་པ་བརྒྱར་གཤགས་ཤིང་སྙིང་ཡང་ཚལ་པ་བརྒྱད་དུ་འགས་ཤིང་དུམ་བུར་གཏུབས་པར་གྱུར་ཅིག །རུལ་མྱགས་ཚིག་ནས་བརླག་པ་དང་། །དམྱལ་བར་ལྷུང་ནས་འབོད་པར་ཤོག །ཅེས་འབངས་སུ་མཆི་བར་མནའ་བོར་ནས་དཀྱིལ་འཁོར་གྱི་གདན་དུ་བཞག་གོ། །ཞེས་པས། ལུས་རུལ་རྒྱུད་མྱགས་སྙིང་ཡང་ཚིག་ནས་ལུས་ངག་ཡིད་གསུམ་བརླག་པ་དང་། ཚེ་ཕྱི་མ་ལ་རྡོ་རྗེའི་དམྱལ་བར་ལྷུང་ནས་འོ་དོད་ཆེན་པོ་འབོད་པར་ཤོག་ཅེས། འབངས་སུ་མཆི་བར་མནའ་བོར་ནས་ལུས་དཀྱིལ་འཁོར་གྱི་གདན་དུ་ཕུལ་ནས་བཞག་གོ། །གསུམ་པ་འཁོར་ཕུལ་བ་ནི། ཐམས་ཅད་ཀྱིས༴ ཞེས་སྨྲས་སོ། །ཞེས་པ་དེར་གདའ་ཞིང་། ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཡང་སྨྲས་པ། །ཞེས་པས། དྲེགས་པའི་བདག་པོ་ཐམས་ཅད་ཀྱིས་ངག་མཐུན་པར་མགྲིན་གཅིག་ཏུ་ལུས་ཕུལ་ནས། ཡང་འཁོར་འབུལ་བ་སྨྲས་པ་བདག་ཅག་རྣམས་ཀྱི་མཆིས་འབྲང་དང་། མ་དང་བུ་མོ་སྲིང་མོ་རྣམས། །དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ། །ཞེས་པས། བདག་ཅག་དྲེགས་པ་ཅན་རྣམས་ཀྱི་མཆིས་འབྲང་སྟེ་ཆུང་མ་དང་མ་དང་སྲིང་མོ་དང་བུ་མོ་རྣམས། དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ། །དཔའ་བོ་ལྷ་རྗེས་བཞེས་སུ་གསོལ། །ཞེས་པས། གདུག་པ་ཅན་འདུལ་བ་ལ་ཉམས་ང་བ་མེད་པས་དཔའ་བོ་ལྷ་ཆེན་པོ་ཉི་ཤུ་རྩ་བརྒྱད་ཀྱི་ཡང་རྗེ་བོར་གྱུར་པ། ཧེ་རུ་ཀ་ཆེན་པོ་ཉིད་ཀྱིས་བདག་ཅག་གི་འཁོར་རྣམས་བཞེས་སུ་གསོལ་ལོ་ཞེས་འཁོར་རྣམས་ཕུལ་ནས། ཕྱི་རབས་ཀྱི་རྣལ་འབྱོར་བ་རྣམས་ཀྱི་དགོངས་པ་བསྒྲུབ་པར་དམ་བཅས་པ་ནི། བདག་ཅག་སོ་སོའི་འཁོར་བཅས་ཀྱི། །ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིའི། །མིང་ཙམ་འཛིན་པར་བྱེད་པ་ཡང་། །ཞེས་པས། རུ་དྲ་བདག་ཅག་སོ་སོའི་འཁོར་དང་བཅས་པ་རྣམས་ཀྱི་ཁྲོ་བོའི་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདི་ཡི་དོན་ཟབ་མོ་རྟོགས་པ་རྣམས་ལྟ་ཅི་སྨོས་ཀྱི། ཐ་ན་འདི་ཡི་མིང་ཙམ་མོས་གུས་ཀྱིས་འཛིན་པར་བྱེད་པའི་རྣལ་འབྱོར་པ་དེ་ཡང་གཙུག་གི་ནོར་བུ་འབར་བ་ལྟར། གཡོ་སྒྱུ་མེད་ཅིང་གུས་ལྡན་པ། །སེམས་ཀྱི་བླངས་ཏེ་སྤྱི་བོ་ཡི། །གཙུག་ཏུ་བཞག་ནས་བཀུར་བར་བགྱི། །ཞེས་པས། དཔེར་ན། ལྷའི་དབང་པོ་དང་ཀླུའི་དབང་པོའི་སྤྱི་བོའི་གཙུག་གི་ནོར་བུ་རིན་པོ་ཆེ་འོད་འབར་བ་དེ། ལྷ་བྲན་དང་ཀླུ་བྲན་རྣམས་ཀྱིས་མཐོང་མ་ཐག་ཕྱག་མ་བྱས་ན་མགོ་བོ་འགས་པས། མི་བཀུར་བའི་ཐབས་མེད་པ་ལྟར། སེམས་ལ་གཡོ་སྒྱུ་མེད་ཅིང་གུས་པ་དང་ལྡན་པར་སེམས་ཀྱིས་བླངས་ཏེ་སྤྱི་བོའི་གཙུག་ཏུ་བཞག་ནས་བཀུར་བར་བགྱིའོ། །དེ་ཡང་འཁུར་ལུགས་གསུམ་དང་མཐོང་ལུགས་བཞི་སྟེ། རབ་ལྟ་བ་དང་ལྡན་པའི་རྣལ་འབྱོར་པ་གཙུག་གི་ནོར་བུ་ལྟར་དུ་མཐོང་ཞིང་འཁུར། འབྲིང་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པ་རྗེ་དཔོན་དབང་པོ་ཆེ་ལྟར་མཐོང་ཞིང་འཁུར། ཐ་མ་སྤྱོད་ལམ་དང་ལྡན་པའི་རྣལ་འབྱོར་པ་དེ་སྤྱན་འདྲེན་ངོ་ཆེན་ལྟར་དུ་མཐོང་ཞིང་འཁུར་ལ། ཡང་ཐ་དམ་ལ་མི་གནས་པའི་རྣལ་འབྱོར་པ་ནི་བཀའ་ཆད་ཀྱི་གནས་སུ་མཐོང་ཞིང་འཁུར་བ་ལྟ་ག་ལ་སྲིད་དོ། །ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །དེ་ཡི་དགོས་པ་ཅི་ཡང་རུང་། །མ་ལུས་རྫོགས་པར་བདག་ཅག་བསྒྲུབ། །ཅེས་པས། དེས་ན་དམ་ལ་གནས་པའི་རྣལ་འབྱོར་པ་དེ་ཡི་དགོས་པ་ཅི་ཡང་རུང་བ་མ་ལུས་པ་རྫོགས་པར་བདག་ཅག་རྣམས་ཀྱིས་བསྒྲུབ་བོ། །གལ་ཏེ་དཔའ་བོའི་སྤྱན་ང་འདིར། །སྨྲས་པ༴ བདག༴ བཀས༴ ཞེས་སྨྲས་སོ། །ཞེས་པས། གལ་ཏེ་དཔའ་བོ་དཔའ་ཆེན་ཧེ་རུ་ཀའི་སྤྱན་སྔ་འདིར་སྨྲས་པ་སྟེ་ཁས་བླངས་པ་བཞིན་དུ་མ་བསྒྲུབས་ན། བདག་ཅག་རྣམས་ཀྱི་མགོ་བོ་བཀས། ལུས་གཏུབས། སྙིང་དུམ་བུར་གྱུར་ནས་རུལ་བར་མཆིའོ། །ཞེས་མནའ་བོར་པའི་ཚིག་དེ་དག་སྨྲས་སོ། །བཅུ་བཞི་པ་ཕྲིན་ལ ས་ཀྱི་འབྲས་བུ་འཁོར་དམ་ལ་བཏགས་པ་ནི། དེ་ནས་དེ་དག་གི༴ ཕྱི་རོལ་ཏུ་བཀོད་དོ། །ཞེས་པ་དེར་གདའ་ཞིང་། མནའ་བོར་བ་དེ་ནས་དྲེགས་པ་ཅན་དེ་དག་གི་ཆུང་མའི་ཚོགས་དང་། མ་དང་། སྲིང་མོ་དང་། བུ་མོའི་ཚོགས་ཐམས་ཅད་དཀྱིལ་འཁོར་དུ་ཡུད་ཙམ་གྱིས་འོངས་ནས། ཐམས་ཅད་ཀྱི་ངག་མཐུན་པར་མགྲིན་གཅིག་ཏུ་སྨྲས་པ། བདག་ཅག༴ གསོལ། ཞེས་པས། བདག་ཅག་ཅི་འདྲའི་འཁོར་ཚོགས་ཐམས་ཅད་ཀུན་ཀྱང་དཔའ་བོ་ཆེན་པོའི་འབངས་སུ་མཆིའོ། །དཔའ་བོ་ཆེན་པོས་བདག་ཅག་རྣམས་ལ་ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་འགྲུབ་པའི་ཕྲིན་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས༴ བཀོད་དོ། །ཞེས་པས། བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཧེ་རུ་ཀས། དྲེགས་པ་ཅན་དེ་དག་གི་འཁོར་རྣམས་ཀྱི་ལག་ཏུ་དབང་རྟགས་ལགས་ཀྱི་རྡོ་རྗེ་རྩེ་གསུམ་པ་དེ་བྱིན་ནས། རྡོ་རྗེ་མི་སྲིན་མོ་ལ་སོགས་པར་མིང་གི་དབང་བསྐུར་ཏེ། དཀྱིལ་འཁོར་གྱི་ཁྱམས་ནང་མའི་ཕྱི་རིམ་དུ་ཁྱམས་ཕྱི་མ་ལ་བཀོད་དོ། །འོ་ན་ལེའུའི་བཅོ་ལྔ་པ་འདིར་གསུངས་པའི་རུ་དྲ་འདི། རང་རྒྱུད་པ་ཡིན་ནམ་སྤྲུལ་པ་བ་ཡིན། རང་རྒྱུད་པ་ཡིན་ན། ལུང་མན་ངག་རིག་པ་གསུམ་དང་འགལ་བའི་སྐྱོན་ཡོད་དེ། ལུང་དང་འགལ་བའི་སྐྱོན་ནི། འདི་ཉིད་ལས། ཁྲོ་བོའི་ཚོགས་ཆེན་པོ་དེ་དག་ཀྱང་། དབུ་དགུ་བརྒྱ། ཕྱག་སྟོང་བརྒྱད་བརྒྱ། ཞབས་བརྒྱད་བརྒྱ། སྐུ་འབར་བ་ཆེན་པོའི་ཀློང་ན་བཞུགས་པ་མཐོང་ངོ་། །ཞེས་གསུངས་པ་དང་། མན་ངག་ནི་འགྲེལ་པ་ལུང་བསྟན་ལས། མཐུ་འདི་དག་རང་རྒྱུད་པ་ལ་ཡོད་པ་མ་ཡིན་ཏེ། སྤྲུལ་པ་བ་ཡིན་པ་ལ་སོམ་ཉི་མི་བྱའོ། །ཞེས་པ་དང་འགལ་ལ། རིག་པ་ནི། སྡིག་པ་གང་ཆེ་ཆེ་བས་འཚང་རྒྱ་བར་འགྱུར། ཅི་སྟེ་ཞེ་ན། རུ་དྲ་རང་རྒྱུད་པར་འདུག་པས་སོ། །ཡང་རུ་དྲ་སྤྲུལ་པ་ཡིན་ན་ལུང་མན་ངག་རིག་པ་གསུམ་དང་འགལ་ཏེ། ལུང་དང་འགལ་བའི་སྐྱོན་ནི། འདི་ཉིད་ལས། བདག་ཏུ་རྨོངས་པའི་རྟོག་པ་དང་། བརྟགས་པ་ལ་མངོན་པར་ཞེན་པས། ཞེས་པ་དང་། མན་ངག་ནི། སྤར་ཁབ་ལས། ལས་ངན་པ་དང་། ཉོན་མོངས་པ་རང་ཁ་མའི་བག་ཆགས་རྣམས་སོ། །ཞེས་པ་དང་། རིག་པ་ནི། སྤྲུལ་པ་བ་དེ་རང་ལ་དགོས་ཆེད་མེད་པར་འགྱུར་ཏེ། ཅི་སྟེ་ན་གདུལ་བྱ་རང་རྒྱུད་པ་མེད་པས་སོ། །ཡང་ཕྱིས་འབྱུང་བར་དོགས་ནས་སྡིག་རི་སྐུར་བ་ཡིན་ནོ་ཞེ་ན། དེ་ལའང་དགོས་ཆེད་མེད་དེ། སྔར་དངོས་སུ་མ་བྱུང་ན་ཕྱིས་ཀྱང་འབྱུང་བར་མི་འགྱུར་ཏེ། རྒྱུ་རྐྱེན་ལ་ཁྱད་པར་མེད་པའི་ཕྱིར། འདི་ལ་བླ་མ་རྒྱ་གབ་གོང་པ་ན་རེ། འདིར་དངོས་སུ་བྱུང་བ་ནི་སྤྲུལ་པ་ཡིན་ལ། འདི་དང་ཆ་ལུགས་མཐུན་པའི་རང་རྒྱུད་པ་མཐུ་འདི་ཙམ་མེད་པ་ཡང་ཡོད་པས་གཉིས་ཀ་ལྟར་ཤེས་པར་བྱའོ། །ཞེས་གསུང་ངོ་། །གཙང་བ་བྱི་སྟོན་ན་རེ་དངོས་སུ་བྱུང་བ་འདི་རང་སྤྲུལ་པ་རང་རྒྱུད་གཉིས་ཀ་ཡིན་ཏེ། མཐར་ལམ་ནས་མཛད་པ་བཅུ་གཉིས་སྟོན་པས་སྤྲུལ་པ་ཡང་ཡིན་ལ། བག་ལ་ཉལ་གྱི་སྒྲིབ་པ་ཡོད་པས་རང་རྒྱུད་པ་ཡང་ཡིན་གསུང་ངོ་། །གཉིས་པ་ལེའུའི་མཚན་བསྟན་པ་ནི། གསང་བའི༴ བཅོ་ལྔ་པའོ། །ཞེས་པ་དེར་གདའ་ཞིང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཞེས་པས། གསང་བའི་ཞེས་རྟོགས་དཀའ་བ། སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉིད་གཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་དེ་མཚན་གྱི་གཞིར་གདའ། ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་གྱི་སྤྲིན་རྣམ་པར་སྤྲོས་པའི་ལེའུ་སྟེ་བཅོ་ལྔ་པའོ། །ཞེས་པས། ཁྲོ་བོ་རང་བཞིན་གྱི་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་མང་ཉུང་གི་ཚད་སྤྲིན་ཙམ་དུ་གདུལ་བྱ་རུ་དྲ་འཁོར་དང་བཅས་པའི་ངོ་ལ་རྣམ་པར་སྤྲོས་པ་སྟོན་པའི་གཞུང་གི་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་། མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་སྟེ། དེའི་གྲངས་ཉི་ཤུ་ཡོད་པ་ལས། ཡས་བགྲངས་བཅོ་ལྔ་པའི་དོན་དུ་གདའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འབྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་བཅོ་ལྔ་པའི་གཞུང་དོན་རྣམ་པར་བཤད་པའོ།། ༈ །།ད་ནི་ལེའུ་བཅུ་དྲུག་པ་འདི་འཆད་པར་བྱེད་པ་འདི་ལ། ཆོས་ཚོམས་ངོས་བཟུང་བའི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་སྟོན། ལམ་ལ་ཐབས་ལམ་གྲོལ་ལམ་གཉིས་ལས་གྲོལ་ལམ་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་པའི་མཚན་ཉིད་སྟོན། རིམ་ཅིག་གཅར་གཉིས་ལས་རིམ་གྱིས་བསྟོན། སྣང་བ་བཞི་ལས་ལམ་སྣང་སྟོན། བློ་འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་དངོས་པོ་བཅུ་ཡོད་པ་ལས་ཁྲོ་བོ་གསུང་གི་དཀྱིལ་འཁོར་སྟོན། བཅུ་ཡང་བརྒྱའི་བདག་ཉིད་དུ་བྱས་ན་དཀྱིལ་འཁོར་གྱི་ཞོར་ལ་ཏིང་ངེ་འཛིན་སྟོན། མཆོད་པ་སྟོན། སྔགས་གཙོ་ཆེར་སྟོན། བློ་ཐ་མའི་ཆོས་ཚོམས་བཤད་ཐབས་འདྲེན་པའི་ཚིག་བཅུ་ཡོད་པ་ལས་བསྣོལ་མཚམས་འཕེན་སྡུད་སྟོན། གཞན་ཡང་སྤྱི་འགྲོ་རྣམས་ཀྱིས་སྟོན་པར་བྱེད་དོ། །འདི་ནས་མ་ཡིག་བརྒྱ་དང་བརྒྱད་ཅུ་པ་དང་བརྒྱ་དང་གྱ་གཅིག་པ་ལྡེབ་གཉིས་ཚང་མི་འདུག་པས་སླར་རྙེད་ན་འདིར་འཛུད་དགོས། ལ་སོགས་པ། བསྐྱེད་པ་རྐྱེན་གྱི་སྔགས་ཀྱིས་བསྐྱེད་དོ། །དེ་ཡང་དཀྱིལ་འཁོར་གྱི་གཙོ་བོ་བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱི་སྔགས་ནི། ཨཱོཾ་ཞེས་པ་ཡེ་ཤེས་ལྔ་དང་ལྡན་པ་སྟེ། རྩ་བའི་སྔགས་སོ། །བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ནི། དཔལ་རྡོ་རྗེ་ཁྲག་འཐུང་ཆེན་པོ། །ཞེས་པས། སྙིང་པོའི་སྔགས་ཏེ། སྐུ་བསྐྱེད་པའོ། །མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ནི། གཏུམ་པོ་ཆེན་པོ་སྔང་པ་ཐམས་ཅད་རྟོགས་ཤིག །རྒྱོབ་ཅིག །ཆོམས་ཤིག །ཚོས་ཤིག །སྐུ་གསུང་ཐུགས་སུ་བསྡུས་ལ་གཉིས་སུ་མེད་པར་སྒྲོལ་ཅིག །ཅེས་པས། བཟླས་པ་ལས་ཀྱི་སྔགས་ཏེ། ཡབ་ཀྱི་སྔགས་སོ། །ཨཱོཾ་མ་ཧཱ་ཱབཛྲ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ཧཱུཾ་ཕཊ། ཅེས་པ་ནི། ཡུམ་གྱི་སྔགས་ཏེ། ཉམས་ལེན་གྱི་སྐབས་སུ་ཡབ་ཡུམ་གྱི་སྔགས་སྡེབ་པ་ཡིན་ནོ། །དེ་བཞིན་དུ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་གྱི་སྔགས་ནི། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཱཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་སརྦཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དུཥྚན་ཧཱུཾ་ཕཊ། རཏྣ་ཤྲཱི་ཧེ་རུ་ཀ་ཡབ་ཡུམ་གྱི་སྔགས་ནི། ཨཱོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་མ་ཧཱ་སུར་རཏྣ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་བི་དྷ་མ་ཧཱུཾ་ཕཊ། པདྨ་ཧེ་རུ་ཀ་ཡབ་ཡུམ་གྱི་སྔགས་ནི། ཨཱོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་ཧྲི་ཤྭ་ཏ་ས་མནྟ་པདྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཁཱ་ཧི་ཧཱུཾ་ཕཊ། ཀརྨ་ཧེ་རུ་ཀ་ཡབ་ཡུམ་གྱི་སྔགས་ནི། ཨཱོཾ་ཀརྨ་མ་ཧཱ་ཤཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་སརྦ་ཨ་མོ་གྷ་ཀརྨཱ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་བི་ཤྭ་ཧཱུཾ་ཕཊ། ཅེས་པ་རྣམས་སོ། །གཉིས་པ་གནས་ཡུལ་སྒོ་མ་ཉི་ཤུ་བསྐྱེད་པ་རྐྱེན་གྱི་སྔགས་ལ་གསུམ། གནས་མ་བརྒྱད་བསྐྱེད་པ་རྐྱེན་གྱི་སྔགས་དང་། ཡུལ་མ་བརྒྱད་བསྐྱེད་པ་རྐྱེན་གྱི་སྔགས་དང་། སྒོ་མ་བཞི་བསྐྱེད་པ་རྐྱེན་གྱི་སྔགས་སོ། །དང་པོ་ལ་གནས་མ་བརྒྱད་བསྐྱེད་པ་རྐྱེེན་གྱི་སྔགས་ནི། ཨཱོཾ་བཛྲ་ཀ་རཱི་ཧ༴ བཛྲ་ཙཎྜ་ལཱི་ཧ། ཞེས་པ་དེར་གདའ་ཞིང་། ཨཱོཾ་བཛྲ་ག་རཱི་ཧ། ཞེས་པས། ཨཱོཾ་ནི་ཡེ་ཤེས་ལྔ་ལྡན་སྔགས་ཀྱི་འགོ་འདྲེན། བཛྲ་ནི་རྡོ་རྗེ་སྟེ་དབང་རྟགས་རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་པའོ། །ག་རཱི་ནི་དཀར་མོ། ཧ་རྩ་བའི་ས་བོན་ནོ། །དེ་བཞིན་དུ་བཛྲ་ཙ་རཱི་ཧ། བཛྲ་པྲ་མོ་ཧི་ཧ། བཛྲ་བེ་ཏ་ལཱི་ཧ། བཛྲ་ཙཎྜ་ལཱི་ཧ། བཛྲ་པུཀྐ་སཱི་ཧ། བཛྲ་གྷསྨ་རཱི་ཧ། བཛྲ་སྨ་ཤ་ནཱི་ཧ། ཞེས་པས། རྐུན་མོ་དང་། རྨོངས་མོ་དང་། ཐལ་བྱེད་མོ་དང་། གཏུམ་མོ་དང་། སྦོས་མོ་དང་། སྨེ་ཤ་ཅན་དང་། མ་ཚོགས་མ་རྣམས་སོ། །གཉིས་པ་ཡུལ་མ་བརྒྱད་བསྐྱེད་པ་རྐྱེན་གྱི་སྔགས་ནི། ཨཱོཾ་བཛྲ་སིདྷ་མུ་ཁཱི་ཧེ༴ བཛྲ་ཨུ་ལུ་ཀ་མུ་ཁཱི་ཧེ། ཞེས་པ་དེར་གདའ་ཞིང་། ཨཱོཾ་བཛྲ་སིདྷ་མུ་ཁཱ་ཧེ། ཞེས་པས། ཨཱོཾ་ནི་ཡེ་ཤེས་ལྔ་ལྡན་སྔགས་ཀྱི་འགོ་འདྲེན། བཛྲ་ནི་རྡོ་རྗེ་སྟེ་དབང་རྟགས་རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་པའོ། །སིདྷ་ནི་སེང་གེ། མུ་ཁཱི་ནི་གདོང་པ། ཧེ་རྩ་བའི་ས་བོན་ནོ། །དེ་བཞིན་དུ། བཛྲ་བྱཱ་གྷྲྀ་མུ་ཁཱི་ཧེ། བཛྲ་ཤྲྀ་གཱ་ལ་མུ་ཁཱི་ཧེ། བཛྲ་ཤྭ་ན་མུ་ཁཱི་ཧེ། བཛྲ་གྷྲྀ་ཌྷ་མུ་ཁཱ་ཧེ། བཛྲ་ཀཾ་ཀ་མུ་ཁཱི་ཧེ། བཛྲ་ཀཱ་ཀ་མུ་ཁཱི་ཧེ། བཛྲ་ཨུ་ལུ་ཀ་མུ་ཁཱི་ཧེ། ཞེས་པས། སྟག་གདོང་དང་། ཝ་གདོང་དང་། སྤྱང་གདོང་དང་། བྱ་རྒོད་ཀྱི་གདོང་དང་། དུར་བྱའི་གདོང་དང་། བྱ་རོག་གི་གདོང་དང་། འུག་པའི་གདོང་ཅན་རྣམས་སོ། །གསུམ་པ་སྒོ་མ་བཞི་བསྐྱེད་པ་རྐྱེན་གྱི་སྔགས་བསྟན་པ་ནི། བཛྲ་ཨཱར༴ ཡ་ཝ་ཏུ་ཧོ། ཞེས་པ་དེར་གདའ་ཞིང་། དབང་རྟགས་རྡོ་རྗེ་རྩེ་ལྔས་དབུ་བརྒྱན་པའི་སྒོ་སྐྱོང་མ་བཞི་བསྐྱེད་པའི་སྔག་ནི། བཛྲ་ཨཱ་ར་ཏེ་ཛ་ཏེ་ང་ཛཿ བཛྲ་ཨ་མུ་ཀ་ཧཱུཾ། བཛྲ་ལོ་ཀ་བཾ། བཛྲ་བྷསྨི་པ་ལ་ཡ་ཝ་ཏུ་ཧོཿ ཞེས་པས། རྡོ་རྗེ་སྲིང་འགྲོམ་དང་། རྡོ་རྗེ་གདོང་མོ་དང་། རྡོ་རྗེ་འཇིག་རྟེན་མ་དང་། རྡོ་རྗེ་རོ་ལངས་མ་སྟེ། ཛཿཧཱུཾ་བཾ་ཧོཿབཞི་ནི་རྩ་བའི་ས་བོན་ནོ། །གསུམ་པ་དབང་མོ་རྣམས་ཀྱི་རྒྱུ་མ་ནོར་བ་རྩ་བའི་སྔགས་ནི། བྷྱོ་བྷྱོ༴ བྷྱོ། ཞེས་པ་དེར་གདའ་ཞིང་། དེ་ཡང་། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་དབང་མོ་རྣམས་ཀྱི་རྩ་བའི་སྔགས་སམ་ས་བོན་ཕྱི་ཁམས་དམར་པོ་ལ་དགོད་པ་སྟེ། དེ་ཡང་ཤར་གྱི་མ་དྲུག་གི་རྩ་སྔགས་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ལྷོའི་མ་དྲུག་གི་རྩ་སྔགས་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ནུབ་ཀྱི་མ་དྲུག་གི་རྩ་སྔགས་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྱང་གི་མ་དྲུག་གི་རྩ་སྔགས་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། སྒོ་མ་བཞིའི་རྩ་སྔགས་བྷྱོ་བྷྱོ་བྷྱོ་བྷྱོ། འདི་དག་ལ་མ་ནུ་རག་ཤ་སཱི་བྷྱོ། ཞེས་པ་ལ་སོགས་བསྐྱེད་པ་རྐྱེན་གྱི་སྔགས་ཀྱིས། སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཞེས་པ་ལ་སོགས་པའི་སྐུ་མདོག་ཕྱག་མཚན་རྒྱན་ཆས་དང་ལྡན་པའི་སྐུར་བསྐྱེད་པ་ཡིན་ནོ། །སྤྱི་དོན་གཉིས་པ་སྤྱན་དྲང་བ་ལ་སོགས་པ་ལས་ཀྱི་རིམ་པའི་སྔགས་ལ་དྲུག་སྟེ། སྙན་གསན་དབབ་པའི་སྔགས་དང་། སྤྱན་དྲང་བའི་སྔགས་དང་། རིག་པའི་མེ་ཏོག་དོར་བའི་སྔགས་དང་། དངོས་གྲུབ་བསྐུལ་བའི་ཚིག་སྔགས་དང་དྲིན་ལན་གྱི་ཚུལ་དུ་མཆོད་པའི་སྔགས་དང་། རང་བཞིན་གྱི་དཀྱིལ་འཁོར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བསྟིམ་པའི་སྔགས་སོ། །དང་པོ་སྙན་གསན་དབབ་པའི་སྔགས་ནི། རུ་ལུ་རུ་ལུ་ཧཱུཾ་ཞེས་པས། ཆོས་སྐུ་སྐྱེ་བ་མེད་པའི་ངང་ལས་གཟུགས་སྐུ་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་དུ་རོངས་ཀྱི་བཞེངས་ནས་བྱོན་མ་རག་པར་མོས་པས། སེ་གོལ་བསྣོལ་མར་གདབ་ཅིང་རུ་ལུ་རུ་ལུ་རུ་ལུ་ཧཱུཾ་ཞེས་པའི་སྔགས་ཀྱིས་སྐུ་གསུང་ཐུགས་སྙན་གསན་དབབ་པའོ། །གཉིས་པ་སྤྱན་དྲང་བའི་སྔགས་ནི། ཨེ་ཧྱེ་ཧི་ཨ་ན་ཡ། ཛཿཧཱུཾ་བཾ་ཧོཿཞེས་པས། ཨེ་ཧྱེ་ཧི་ནི་ཀྱེ་ཀྱེ། ཨ་ན་ཡ་ནི་གཤེགས་ཤིག་པ་སྟེ། དེ་ལྟར་སྐྱེ་བ་མེད་པའི་དབྱིངས་རྣམ་པར་དག་པ་རང་བཞིན་གྱི་གནས་ནས། ཆོས་སྐུ་ལས་གཟུགས་སྐུར་བཞེངས་པ་དེ་རྣམས། ཛཿཧཱུཾ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་མདུན་གྱི་ནམ་མཁའ་ལ་རིམ་པར་སྤྱན་དྲངས་ནས་བཞུགས་པ་ལ། རཾ་ཞེས་པས། དམ་ཚིག་གི་དཀྱིལ་འཁོར་དང་མེ་རི་འདབ་འབྱོར་དུ་གནས་པར་བསྒོམ་མོ། །གསུམ་པ་རིག་པའི་མེ་ཏོག་དོར་བ་ནི། ཨཱོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། ཞེས་པས། ཡེ་ཤེས་རྡོ་རྗེ་ཁྲོ་བོའི་དམ་ཚིག་གིས་བསྡུས་ཤིག་ཅེས་པའི་སྔགས། ཨཱོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། ཞེས་བརྗོད་ཅིང་། ཡེ་ཤེས་པ་དང་དམ་ཚིག་གི་དཀྱིལ་འཁོར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབྱེར་མི་ཕྱེད་པ་གཅིག་གི་ངོ་བོར་གསལ་ལ་རྟོག་པ་མེད་པར་བསྒོམ་པ་ནི། རིག་པའི་མེ་ཏོག་དོར་བ་ཞེས་བྱའོ། །བཞི་པ་དངོས་གྲུབ་བསྐུལ་བའི་སྔགས་ནི། ༀ། ཁྲོ་ལ༴ ས་མ་ཡ་ཕཊ། ཅེས་པ་དེར་གདའ་ཞིང་། ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཞེས་པས། ཨཱོཾ་ནི་ཡི་གེ་ཆ་ལྔ་པ་ཡེ་ཤེས་ལྔ་ལྡན་གླུའི་འགོ་འདྲེན་པའོ། །རང་བཞིན་གྱིས་ཁྲོ་ལ་མཛད་པ་ལས་ཀྱི་ཕྱག་རྒྱའི་སྐུར་སྣང་ནས། ཐུགས་རྗེས་ཁྲོས་པའི་ཚུལ་བསྟན་པས་དྲེགས་པ་ཅན་གདུག་པའི་ཚོགས་ཀྱི་གདུལ་བྱ་རྣམས་ཞི་བར་མཛད་པ་ནི། ཐུགས་རྗེ་ཆེན་པོ་གཞན་གྱི་དཔལ་ཞེས་བྱའོ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །ཞེས་པས། དེ་ལྟར་ཐུགས་རྗེ་ཆེན་པོའི་ཁྲོས་པའི་ཚུལ་གྱིས་བདག་གཞན་གྱི་དཔལ་དུ་གྱུར་པས་ན་ཆེན་པོ་སྟེ། དེ་ཡང་ཕྲིན་ལས་ལ་ཕྱི་བཤོལ་མེད་པར་མཛད་པས་ན་རྔམ་པའི་ཚོགས་ཆེན་པོའོ། །འབར་བའི་བྱིན་རླབས་རྨད་པོ་ཆེ། །ཞེས་པས། ཁྲོ་བོ་ཁྲག་འཐུང་འབར་བའི་དཀྱིལ་འཁོར་གྱི་བྱིན་རླབས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཞན་ལས་ཁྱད་པར་དུ་གྱུར་པས་ངོ་མཚར་རྨད་པོ་ཆེ་དེ་ཉིད། དེ་ཉིད་དུ་ནི་བདག་ལ་སྩོལ། །ཞེས་པས། དུས་ད་ལྟ་ཉིད་དུ་ནི་བདག་ལ་སྩལ་དུ་གསོལ་ཅིག་ཅེས་གསོལ་བ་བཏབ་ནས། སླར་ཡང་ཐུགས་དམ་གནད་ནས་བསྐུལ་བ་ནི། ཨཱོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭྃ། ཨཱོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ཨཱོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཅེས་པའི་སྔགས་བརྗོད་པའི་དོན་ནི་ཡེ་ཤེས་རྡོ་རྗེ་ཁྲོ་བོའི་དམ་ཚིག་གིས། བདག་དང་གཉིས་སུ་མེད་པར་མཛོད་ཅིག །བདག་ལ་མཉེས་པར་མཛོད་ཅིག །བདག་གི་གཉིས་འཛིན་གྱི་རྟོག་པ་སྒྲོལ་ཅིག་པ་སྟེ། སྔགས་དེ་ཐུགས་དམ་གྱི་རྒྱུད་བསྐུལ་བས་དགྱེས་ནས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས། ཡིག་འབྲུ་ཕཊ་ནག་པོ་གྲངས་མེད་པ་འཕྲོས་ནས་བདག་ལ་ཕོག་པ་གཉིས་འཛིན་གྱི་སྒྲིབ་པ་བྲལ་ནས། ལྷ་རྟོག་གཉིས་མེད་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །ལྔ་པ་དྲིན་ལན་གྱི་ཚུལ་དུ་མཆོད་པ་ནི། ཨཱ་ལི༴ ཁ་ཧི་ཧོཿ ཞེས་པ་དེར་གདའ་ཞིང་། དེ་ཡང་མཆོད་བར་འབུལ་བའི་རྫས་གང་ཞེ་ན། ཨ་ལི་ཨུ་ལི་ཞེས་པ་ལ་སོགས་པ་སྟེ། ཨ་ལི་ནི་བཟའ་བ། ཨུ་ལི་ནི་བཏུང་བ། ཏཱ་ལི་ནི་འབྲས་བུ། ཏ་པཱ་ལི་ནི་བཅའ་བ་སྣ་ཚོགས་པ་སྟེ། དེ་དག་མང་པོར་སྤྲོས་ལ་དབུལ་བའོ། །དབུལ་བའི་གནས་གང་ལ་དབུལ་ཞེ་ན། དཾཥྚཱ་ཞེས་པས། མཆེ་བ་ཅན་ཏེ། རྒྱལ་བ་རིགས་ལྔའི་ཁྲོ་བོ་ཡབ་ཡུམ་གྱི་ཚོགས་དང་། གོ་ཎ་ར་ཏྲི་ཞེས་པས། ཡོན་ཏན་དྲག་མོའི་ཚོགས་ཁྲོ་མོ་ཉི་ཤུ་དང་། ཁ་རཾ་ཡོ་གི་ནཱི་ཞེས་པས། ཞལ་འབར་བའི་ཚོགས་ཀྱི་རྣལ་འབྱོར་མ་སྟེ། མ་མོ་ཉེར་བརྒྱད་ལ་སོགས་པ་ལ་དབུལ་ལོ། །ཚུལ་ཇི་ལྟར་དབུལ་ཞེ་ན། ཁཱ་ཧི་ཞེས་པས། གསོལ་ཅིག་པར་བསྟབས་ནས། ཧོ་ཞེས་པས། དེས་མཉེས་པར་མཛོད་ཅིག་པའི་ཚུལ་གྱི་དབུལ་བའོ། །དྲུག་པ་རང་བཞིན་གྱི་དཀྱིལ་འཁོར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བསྟིམ་པའི་སྔགས་ནི། ཧཱུཾ་ཧ་ཧེ་ཕཊ། ཅེས་པས། ཧཱུྃ་གིས་རིགས་ལྔ་ཡབ་ཡུམ་བཅུ། ཧས་གནས་མ་བརྒྱད། ཧེས་ཡུལ་མ་བརྒྱད། ཕཊ་ཀྱི་སྒོ་མ་བཞི་རྣམས་རིམ་པ་བཞིན་བསྟིམ་མོ། །འདི་ན་མེད་ཀྱང་བྷྱོ་དང་རཾ་གཉིས་འཇུག་པས། བྷྱོས་དབང་མོ་ཉི་ཤུ་རྩ་བརྒྱད། རཾ་གྱིས་གཞལ་ཡས་ཁང་མེ་རི་མེ་དཔུང་དང་བཅས་པ་རྣམས་བསྟིམ་མོ། །དེ་ཡང་ལྷ་ལ་ལྷ་ཐིམ། གཞལ་ཡས་ཁང་ལ་གཞལ་ཡས་ཁང་ཐིམ་སྟེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། དམ་ཚིག་གི་དཀྱིལ་འཁོར་གཉིས་ཆུ་དང་འོ་མ་འདྲེས་པ་བཞིན་དབྱེར་མེད་དུ་གྱུར་པས་བསམ་མོ། །གཉིས་པ་དེའི་ཡོན་ཏན་བསྟན་པ་ནི། ཞེས་བརྗོད་པས༴ གྱུར་ཏོ། །ཞེས་པ་དེར་གདའ་ཞིང་། ཅེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཚིག །རབ་ཏུ་ཚིག །ཀུན་ཏུ་ཚིག་གོ། །ཞེས་པས། ཞེས་གསུང་སྔགས་ཀྱི་དཀྱིལ་འཁོར་གྱི་དོན་དེ་དག་བརྗོད་པས། བཟླས་པ་ལས་ཀྱི་སྔགས་ཀྱི་མཐུ་འམ་བྱིན་གྱི་རླབས་ཀྱིས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཀུན་ཏུ་བཏགས་པའི་རྣམ་པར་རྟོག་པ་ཐམས་ཅད་མི་གནས་པར་བྱས་པས་ན་ཚིག །ཚབས་ཆེ་བས་ན་རབ་ཏུ་ཚིག༴ ཁྱབ་ཅིང་ཚབས་ཆེ་བས་ཀུན་ཏུ་ཚིག་གོ། །འབར། རབ་ཏུ་འབར། ཀུན་ཏུ་འབར་རོ། །ཞེས་པས། སྐྱེད་པ་རྐྱེན་གྱི་སྔགས་ཀྱི་མཐུའམ་བྱིན་གྱིས་བརླབས་ཀྱི་རྟོག་ཚོགས་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་གསལ་ཞིང་འབར། ཚབས་ཆེ་བས་རབ་ཏུ་འབར། ཁྱབ་ཅིང་ཚབས་ཆེ་བས་ཀུན་ཏུ་འབར་རོ། །ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་གྱི་ཚོགས་ཀྱིས་གང་། རབ་ཏུ་གང་། ཀུན་ཏུ་གང་བར་གྱུར་ཏོ། །ཞེས་པས། སྤྱན་དྲངས་པ་ལ་སོགས་པ་ལས་ཀྱི་རིམ་པའི་སྔགས་ཀྱི་མཐུའམ་བྱིན་གྱིས་བརླབས་ཀྱི་དམ་ཚིག་གི་དཀྱིལ་འཁོར་ཐམས་ཅད་དུ། འབར་བ་ཁྲོ་བོའི་ལྷ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཚོགས་ཀྱིས་གང་། ཚབས་ཆེ་བས་ན་རབ་ཏུ་གང་། ཁྱབ་ཅིང་ཚབས་ཆེ་བས་ན་ཀུན་ཏུ་གང་བར་གྱུར་ཏོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། གསང་བའི༴ བཅུ་དྲུག་པའོ། །ཞེས་པ་དེར་གདའ་ཞིང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཞེས་པས། གསང་བའི་ཞེས་རྟོགས་དཀའ་བ། སྙིང་པོ་བཅུད་འདུས་བ། དེ་ཁོ་ན་གཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་མཚན་གྱི་གཞིར་གདའ། ཁྲོ་ཚོགས་ཆེན་པོ་གསུམ་གྱི་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་བཅུ་དྲུག་པའོ། །ཞེས་པས། གོང་དུ་ལེའུ་བཅོ་ལྔ་པའི་སྐབས་སུ་བཤད་པའི་འབར་བ་ཁྲོ་བོའི་ཚོགས་ཆེན་པོའི་གསུང་ལྷག་པ་ཏིང་ངེ་འཛིན་སྔགས་ཀྱི་དཀྱིལ་འཁོར་གྱི་རྩ་བའི་སྔགས་དང་། བསྐྱེད་པ་རྐྱེན་གྱི་སྔགས་དང་། ལས་ཀྱི་རིམ་པའི་སྔགས་ལ་སོགས་པ་མང་པོ་སྤྲོས་ནས། སྟོན་པའི་གཞུང་གི་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་སྟེ། དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས་ཡས་བགྲངས་བཅུ་དྲུག་པའི་དོན་དུ་གདའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འབྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་བཅུ་དྲུག་པའི་གཞུང་དོན་རྣམ་པར་བཤད་པའོ།། ༈ །།ད་ནི་ལེའུ་བཅུ་བདུན་པ་འཆད་པར་བྱེད་པ་འདི་ལ། ཆོས་ཚོམས་ངོས་བཟུང་པའི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་སྟོན། ལམ་ལ་ཐབས་ལམ་གྲོལ་ལམ་གཉིས་ལས་གྲོལ་ལམ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་པ་སྟོན། སྣང་བ་བཞི་ལས་ལམ་སྣང་སྟོན། བློ་འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ཡོད་པ་ལས། ཁྲོ་བོའི་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་སྟོན། ཞོར་ལ་ཕྱག་རྒྱ་སྟོན། ལྷ་བསྒོམ་པའི་ཏིང་ངེ་འཛིན་སྟོན། ཕྲིན་ལས་ཟུར་ཙམ་སྟོན། བློ་ཐ་མའི་ཆོས་ཚོམས་བཤད་ཐབས་འདྲེན་པའི་ཚིག་བཅུ་ལས་སྤྱི་དོན་བསྡུ་བ་དང་སྤྱི་འགྲོ་གསུམ་སྟོན་ནོ། །དེ་ལྟར་སྟོན་པར་བྱེད་པའི་ལེའུ་བཅུ་བདུན་པ་འདི་ལ་དོན་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ལེའུའི་གཞུང་བསྟན་པ་དང་། ལེའུའི་མཚན་བསྟན་པའོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་བསྟན་པ་ནི། དེ་ནས༴ འདི་བརྗོད་དོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་ལེའུ་བཅུ་དྲུག་པར་ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་སྔགས་ཀྱི་རིམ་པ་རྣམས་བསྟན་པ་ལ་དེ། ལེའུ་བཅུ་བདུན་པ་འདིར་ལྷག་པ་ཏིང་ངེ་འཛིན་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་སྟོན་པས་ན་ནས། བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཞེས་པ་ནི། འབྲུ་མཐུན་ལ། དེ་དག་གིས་དཀྱིལ་འཁོར་བསྟན་པའི་ཕྱིར། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པས། གསུང་སྔགས་ཀྱི་དཀྱིལ་འཁོར་དེ་དག་གིས་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་བསྐྱེད་པ་བསྟན་པའི་ཕྱིར། འོག་ནས་འབྱུང་བའི་དོན། འཁོར་རྣམས་ཀྱིས་ཆེད་དུ་བརྗོད་པ་འདི་དག་བརྗོད་དོ། །གཉིས་པ་ལེའུའི་གཞུང་བསྟན་པ་ལ་གཉིས་ཏེ། སྐུའི་དཀྱིལ་འཁོར་དང་། སྐུའི་ཡོན་ཏན་ནོ། །དང་པོ་སྐུའི་དཀྱིལ་འཁོར་བསྐྱེད་པ་ལ་གཉིས་ཏེ། རྟེན་གཞལ་ཡས་ཁང་བསྐྱེད་པ་དང་། བརྟེན་པ་ལྷའི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་རྟེན་གཞལ་ཡས་ཁང་བསྐྱེད་པ་ལ་ཡང་གཉིས། གཞལ་ཡས་ཁང་ངོ་བོ་རྒྱན་དང་བཅས་པ་དང་། གདན་བསྟན་པའོ། །དང་པོ་གཞལ་ཡས་ཁང་ངོ་བོ་རྒྱན་དང་བཅས་པ་ནི། འབར་བའི༴ འཁྲུག །ཅེས་པ་དེར་གདའ་ཞིང་། འབར་བའི་འཁོར་ལོ་རྩིབས་བཞི་པ། །ཞེས་པས། མེ་རི་མེ་ཀློང་དུ་འབར་བ་ཆེན་པོའི་ཁྲོ་བོའི་གཞལ་ཡས་ཁང་ནི་ཡེ་ཤེས་ལྔ་དང་ལྡན་པ་དོན་ཡིན་ལ། རྟགས་འཁོར་ལོ་རྩིབས་བཞི་དབུས་ཀྱི་ལྟེ་བ་དང་ལྔ་ལྡན་བ་ཡིན། གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན། །ཞེས་པས། བདེན་པ་བཞི་དང་ལྡན་པ་དོན་ཡིན་ལ། རྟགས་གྲུ་ཆད་བཞིའི་རྣམ་པས་མཛེས་པར་བརྒྱན་པ། གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །ཞེས་པས། ཆེ་བའི་ཡོན་ཏན་རྒྱས་པ་དོན་ཡིན་ལ། རྟགས་གཞལ་ཡས་ཁང་གི་ཕྱིའི་དབྱིབས་གྲུ་བཞིར་གྱུར་པ། རྣམ་པར་ཐར་པའི་ཏིང་ངེ་འཛིན་བཞི་དང་ལྡན་པ་དོན་ཡིན་ལ། རྟགས་སྒོ་ཁྱུད་ཅན་བཞི་དང་ལྡན་དང་། འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཞེས་པས། བདེན་པ་གཉིས་དང་ལྡན་པ་དོན་ཡིན་ལ། རྟགས་ཕྲ་མེན་དང་དབང་ཕྱུག་མའི་འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས་པ། ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད། །ཅེས་པས། ཐོད་པ་སྣ་ཚོགས་ཀྱི་རྩིག་པའི་ཁ་བད་ལས། སྦྲུལ་ཆེན་གྱི་ཞགས་པས་མགུལ་ནས་དྲངས་བས། དྲྭ་བ་དྲྭ་ཕྱེད་ཀྱི་ཚུལ་དུ་བྱས་པ། སྣ་ཚོགས་ཐོད་པའི་བར་ནས་ཉི་མའི་འོད་ཟེར་འཕྲོ་བས་བརྗིད་པའོ། །འབར་བའི་འཕྲོ་བ་མང་པོ་འཁྲུག །ཅེས་པས། མེའི་འོད་རྡོ་རྗེ་རྩེ་ལྔ་པའི་དབྱིབས་སུ་འབར་བའི་སྤྲུལ་བའི་ཁྲོ་ཆུང་ཕྱི་ནང་དུ་འཕྲོ་བ་མང་པོ་འཁྲུག་པའི་གཞལ་ཡས་ཁང་ངོ་། །གཉིས་པ་གདན་བསྟན་པ་ནི། ཁྱུ་མཆོག༴ ལ་སོགས་བཟུང་། །ཞེས་པ་དེར་གདའ་ཞིང་། ཁྱུ་མཆོག་མ་ཧེ་གཟིག་དང་སྟག །ཅེས་པས། གཏི་མུག་མ་སྤངས་གནས་སུ་དག་པའི་རྟགས་ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ་སྟོབས་ལྡན་ཁྱུ་མཆོག་གླང་པོ་ཆེའི་གདན་དང་། ང་རྒྱལ་མ་སྤངས་གནས་སུ་དག་པའི་རྟགས་ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ་བརྗིད་པ་མ་ཧེ་དང་། འདོད་ཆགས་མ་སྤངས་གནས་སུ་དག་པའི་རྟགས་ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ་གདུག་པ་གཟིག་དང་། ཕྲག་དོག་མ་སྤངས་གནས་སུ་དག་པའི་རྟགས་བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ་དཔའ་བརྟུལ་སྟག་དང་། གཏུམ་པ་དོམ་གྱི་སྤར་བས་ནི། །ཞེས་པས། ཞེ་སྡང་མ་སྤངས་གནས་སུ་དག་པའི་རྟགས། དབུས་ཀྱི་ལྟེ་བ་ལ་གཏུམ་པ་དོམ་རྣམས་ཀྱི་སྤར་བས་ནི། དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། །ཞེས་པས། ཕྲིན་ལས་ནན་ཏན་དུ་བརྟན་པར་བྱ་བའི་ཕྱིར་འཁོར་ལོའི་དབུས་སུ་འཇིག་རྟེན་གྱི་དབང་ཕྱུག་ལྷ་ཆེན་པོ་དྲེགས་པ་རུ་དྲ་ཕོ་མོ་བྱི་ཆིངས་སུ་བསྣོལ་བ་དང་། ལ་སོགས་པའི་སོགས་ཁོང་ནས། ཤར་དུ་དྲི་ཟ་ཕོ་མོ། ལྷོར་གཤིན་རྗེ་ཕོ་མོ། །ནུབ་ཏུ་སྲིན་པོ་ཕོ་མོ། བྱང་དུ་གནོད་སྦྱིན་ཕོ་མོ། དེ་རྣམས་ཀྱང་ཕོ་ཁ་བུབ་དང་མོ་གན་རྐྱལ་དུ་བསྒྱེལ་བའི་ཕོ་རྣམས་ཀྱི་སོག་ཕྲག་དང་མོ་རྣམས་ཀྱི་ནུ་ཕྲག་ནས་བཟུང་བ་སྟེ། དེ་དག་ནི་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་གདན་ཞེས་བྱའོ། །ཡོན་ཏན་གྱི་ཆེ་བ་རང་སྣང་བའི་གདན་ནི། ཉི་ཟླ་པདྨ་གསུམ་རྩེག་གོ། །གནས་ཡུལ་སྒོ་མ་ཉི་ཤུའི་གནས་སུ་རོ་དང་ཉི་མའི་གདན་ནོ། །དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་ཞིང་སྐམ་པོ་རེའི་གདན་ནོ། །གཉིས་པ་བརྟེན་པ་ལྷའི་དཀྱིལ་འཁོར་བསྐྱེད་པ་ལ་གསུམ་སྟེ། སྐུ་མདོག་ཞལ་ཕྱག་གི་དོན་བསྟན་པ་དང་། རྒྱན་གྱི་དོན་བསྟན་པ་དང་། ཕྱག་མཚན་གྱི་དོན་བསྟན་པའོ། །དང་པོ་སྐུ་མདོག་ཞལ་ཕྱག་གི་དོན་བསྟན་པ་ནི། སྨུག་ནག༴ བགྲད། །ཅེས་པ་དེར་གདའ་ཞིང་། སྨུག་ནག་སྔོ་ནག་སེར་ནག་དང་། །ཞེས་པས། དྲག་པོའི་ཕྲིན་ལས་ཀྱི་ནང་ནས་ཞི་བའི་ལས་མཛད་པའི་རྟགས་སུ་བུདྡྷ་ཧེ་རུ་ཀའི་སྐུ་མདོག་སྨུག་ནག །དྲག་པོའི་ཕྲིན་ལས་ཁོ་ན་མཛད་པའི་རྟགས་སུ་བཛྲ་ཧེ་རུ་ཀའི་སྐུ་མདོག་སྔོ་ནག །དྲག་པོའི་ཕྲིན་ལས་ཀྱི་ཆ་ལ་རྒྱས་པའི་ལས་མཛད་པའི་རྟགས་སུ་རཏྣ་ཧེ་རུ་ཀའི་སྐུ་མདོག་སེར་ནག་དང་། དམར་ནག་ལྗང་ནག་འཇིགས་པའི་གཟུགས། །ཞེས་པས། དྲག་པོའི་ཕྲིན་ལས་ཀྱི་ཆ་ལས་དབང་གི་ཕྲིན་ལས་མཛད་པའི་རྟགས་སུ་པདྨ་ཧེ་རུ་ཀའི་སྐུ་མདོག་དམར་ནག །དྲག་པོའི་ཕྲིན་ལས་ཀྱི་ཆ་ལས་ལས་སྣ་ཚོགས་མཛད་པའི་རྟགས་སུ་ཀརྨ་ཧེ་རུ་ཀའི་སྐུ་མདོག་ལྗང་ནག་སྟེ། ཁྲོ་བོ་དེ་དག་ཐམས་ཅད་ཀྱང་སྐུ་ཆེ་ཞིང་ཡན་ལག་རགས་པའི་ཕྱིར། ཤིན་ཏུ་འཇིགས་ཤིང་རྔམ་པའི་སྐུ་དང་ལྡན་པའོ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད ། །ཅེས་པས། རྣམ་པར་ཐར་པ་གསུམ་དང་ལྡན་པའི་རྟགས་སུ་དབུ་གསུམ། ཡེ་ཤེས་དྲུག་དང་ལྡན་པའི་རྟགས་སུ་ཕྱག་དྲུག །རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་རྟགས་སུ་ཞབས་བཞི་གྱད་ཀྱི་དོར་སྟབས་སུ་བགྲད་པ། གཞན་ཡང་ཉི་ཟླ་བྱེ་བའི་འོད་ཟེར་དུས་གཅིག་ལ་འཕྲོ་བ་ལྟ་བུས་བརྗིད་པའོ། །རྔམ་པའི་སྒྲ་ཆེན་འཇིགས་པར་སྒྲོགས། །ཞེས་པས། གསུང་རྔམ་པའི་སྒྲ་ཆེན་གཤེ་ཞིང་མྱུར་བར་བཞད་པས་འཇིགས་པའི་ང་རོ། །ཧཱུཾ་ཧཱུཾ་དང་། ཧ་ཧ་དང་། ཕཊ་ཕཊ་དང་། རུ་ལུ་རུ་ལུ་ལ་སོགས་པའི་སྒྲ་སྣ་ཚོགས་པར་སྒྲོགས་པའོ། །གཉིས་པ་རྒྱན་གྱི་དོན་བསྟན་པ་ནི། ཀོ་རློན༴ ཉི་ཟླའི་ཆས། །ཞེས་པ་དེར་གདའ་ཞིང་། དེ་ཡང་འབར་བ་ཆེན་པོ་ཁྲོ་བོའི་ལྷ་ཚོགས་དེ་དག་ཀྱང་དུར་ཁྲོད་ཀྱི་རྒྱན་བརྒྱད་དང་། དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པའོ། །དང་པོ་དུར་ཁྲོད་ཀྱི་རྒྱན་བརྒྱད་ནི། བགོ་བའི་གོས་གསུམ། གདགས་པའི་རྒྱན་གཉིས། བྱུག་པའི་རྫས་གསུམ་མོ། །དང་པོ་བགོ་བའི་གོས་གསུམ་ནི། ཀོ་རློན་གོས་ནི་སྣ་ཚོགས་གྱོན། །ཞེས་པས། ཀོ་རློན་གྱི་གོས་ནི་སྣ་ཚོགས་པ་སྟེ། ཐབས་མཁས་ཕྲིན་ལས་ཀྱི་གོས་ཞིང་ཆེན་གྱི་གཡང་གཞི། ཁྱབ་པ་ཐུགས་རྗེའི་གོས་གླང་ཆེན་གྱི་ཀོ་རློན། ཕྱིི་ནང་གསང་བ་སྡུད་པའི་གོས་སྟག་ལྤགས་ཀྱི་ཤམ་ཐབས་རྣམས་གྱོན་པའོ། །སྦྲུལ་དང་ཐོད་ཕྲེང་ཉི་ཟླའི་ཆས། །ཞེས་པས། གདགས་པའི་རྒྱན་གཉིས་ནི། སྦྲུལ་དང་། ཐོད་ཕྲེང་གི་རྒྱན་ནོ། །དེ་ལ་སྦྲུལ་གྱི་རྒྱན་ཆས་བརྒྱད་ནི། འགྲེལ་པ་མངོན་རྟོགས་ལས། སྦྲུལ་གྱི་དབུ་རྒྱན། དོ་ཤལ། སྙན་ཆ། སེ་རལ་ཁ། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སྐུ་རགས་དང་བརྒྱད་དོ། །ཐོད་པའི་ཕྲེང་བའི་རྒྱན་ནི། ཐོད་སྐམ་གྱི་དབུ་རྒྱན། ཐོད་ཚལ་གྱི་དཔུང་རྒྱན། ཐོད་རློན་གྱི་སེར་རལ་ཁའོ། །བྱུག་པའི་རྫས་གསུམ་ནི། དཔྲལ་བའི་དབྱེས་སུ་ཐལ་ཆེན་གྱི་ཚོམ་བུ། །སྨིན་ཕྲག་ཏུ་རཀྟའི་ཐིག་ལེ། ཨོལ་ཀོ་ལ་ཞག་གི་ཟོ་རིས་སོ། །དེ་ལྟ་བུའི་རྒྱན་དང་ལྡན་པའི་ཁྲོ་བོ་རྣམས་ཀྱི་དབུ་སྐྲ་རལ་པའི་གསེབ་ནས་ཉི་མའི་དཀྱིལ་འཁོར་འོད་ཟེར་བྱེ་བ་དང་བཅས་པར་འགྱེད་པའོ། །ཡང་ལུགས་གཅིག་ལ། གསལ་བའི་རྒྱན་གཉིས་ནི། ཉི་མར་བཅས། ཞེས་པས། སྙན་གོང་གཡས་གཡོན་ཉི་མ་དང་ཟླ་བའི་དཀྱིལ་འཁོར་འོད་ཟེར་བྱེ་བ་འགྱེད་པ་དང་བཅས་པས་བརྒྱན་པའོ། །དེ་དག་ནི་རྒྱལ་བྱེད་དཔའ་རྟགས་ཀྱི་རྒྱན་ཞེས་བྱ་བ། སྔོན་རུ་དྲ་བཏུལ་བའི་ཚེ། རུ་དྲའི་རྒྱན་རྣམས་དཔལ་ཆེན་པོའི་རྒྱན་དུ་མཛད་པ་སྟེ། དཔེར་ན་དཔའ་བོས་དགྲ་བསད་ནས་དེའི་གོས་རྒྱན་རང་གིས་གྱོན་པ་བཞིན་ནོ། །གཉིས་པ་དཔལ་གྱི་ཆས་བརྒྱད་ནི། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པར་འཁོར་བ་རུ་བཟློག་པའི་ཆས། །གཡས་གཡོན་གྱི་རྡོ་རྗེ་ཁྱུང་གི་གཤོག་པ་ཐབས་དང་ཤེས་རབ་ཀྱི་ཆས། །སྙན་གོང་གཡས་གཡོན་གྱི་དར་མཐིང་དམར་གྱིས་ཅོད་པན་རྟག་ཆད་ཟིལ་གྱིས་གནོན་པའི་ཆས། །སྤྱི་བོའི་གཙུག་ན་རྩེ་ལྔ་ཡོད་པ་རྡོ་རྗེ་ལྷག་པ་རིག་པའི་ཆས། །དབང་གི་བསེ་ཁྲབ་གཟི་བརྗིད་འབར་བགྲོད་པའི་ཆས། །ཡུམ་དང་གཉིས་སུ་མེད་པར་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། །གནོད་གདུག་ཟློག་བྱེད་རྒྱ་གྲམ་ལྕགས་ཀྱི་ཆས། །ཉོན་མོངས་པ་སྲེག་པར་བྱེད་པ་རྡོ་རྗེ་མེ་ཡི་ཆས། །སོ། །དེ་རྣམས་དཔའ་གྱི་སྐུ་ལ་ཡེ་ནས་གནས་པས་དཔལ་གྱི་ཆས་བརྒྱད་ཅེས་བྱའོ། །དེ་དག་ནི་ཐུགས་རིག་པ་རང་སྣང་གི་རྒྱན་ཞེས་ཀྱང་བྱ་སྟེ། དོན་དང་རྟགས་སུ་མི་འགལ་བའོ། །མདོར་ན་དུར་ཁྲོད་ཀྱི་རྒྱན་བརྒྱད། དཔལ་གྱི་ཆས་བརྒྱད། གསལ་བའི་རྒྱན་གཉིས་ཏེ། རྒྱན་ཆས་བཅོ་བརྒྱད་དང་ལྡན་པའོ། །གསུམ་པ་ཕྱག་མཚན་གྱི་དོན་བསྟན་པ་ནི། སྟོང་གི་༴ ཆས་ཏེ་གནས། །ཞེས་པ་དེར་དགའ་ཞིང་། སྟོང་གི་འཇིག་རྟེན་ཁོར་ཡུག་བཅས་། །ཞེས་པས། བཛྲ་ཧེ་རུ་ཀའི་ཕྱག་གཡོན་གྱི་ཐ་མ་ན། སྟོང་གི་འཇིག་རྟེན་ཁོར་ཡུག་དང་བཅས་པ་བསྣམས་པ་ཡིན་ལ། རྡོ་རྗེ་དུང་ཆེན་གང་བ་དང་། །ཞེས་པས། ཁྲག་འཐུང་རིགས་ལྔ་ཆར་གྱི་ཕྱག་བར་པ་རྣམས་གཡས་རྡོ་རྗེ་ལྔ་པ་འཛིན་པ། གཡོན་པ་དུང་ཆེན་ཁྲག་གིས་གང་བ་འཁྲུག་པ་དང་། རལ་གྲི་དགྲ་སྟྭ་གཤོལ་ལ་སོགས། །ཞེས་པས། ཀརྨ་ཧེ་རུ་ཀའི་ཕྱག་གཡས་ཀྱི་དང་པོ་ན་རལ་གྲི། རཏྣ་ཧེ་རུ་ཀའི་ཕྱག་གཡོན་གྱི་ཐ་མ་ན་དགྲ་སྟྭ། ཀརྨ་ཧེ་རུ་ཀའི་ཕྱག་གཡོན་གྱི་ཐ་མ་ན་ཐོང་གཤོལ་དང་། ལ་སོགས་པའི་སོགས་ཁོང་ནས། རང་གི་ལག་ཆ་སྣ་ཚོགས་བསྣམས། །ཞེས་པས། རིགས་ལྔ་རང་རང་གི་ལག་ཆ་མི་མཐུན་པ་སྣ་ཚོགས་པ་སྟེ། རིགས་ལྔའི་ཕྱག་གཡས་ཀྱི་དང་པོ་རྣམས་ན་རང་རྟགས་ཀྱི་ཕྱག་མཚན་བསྣམས་པ་སྟེ། བཛྲ་ཧེ་རུ་ཀའི་རྡོ་རྗེ་རྩེ་དགུ། བུངྔྷ་ཧེ་རུ་ཀའི་འཁོར་ལོ། རཏྣ་ཧེ་རུ་ཀའི་རིན་པོ་ཆེ། པདྨ་ཧེ་རུ་ཀའི་པདྨ། གཞན་ཡང་། བུངྔྷ་ཧེ་རུ་ཀའི་གཡོན་གྱི་ཐ་མ་ན། ཁ་ཊྭཱྃ་ཀ་དང་། པདྨ་ཧེ་རུ་ཀའི་གཡོན་གྱི་ཐ་མ་ན་རྔ་ཆུང་སྒྲ་དང་བཅས་པ་བསྣམས་པ་དང་། བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །ཞེས་པས། རང་རང་གི་རིགས་ཀྱི་བཙུན་མོ་བཛྲ་ཀྲོ་དྷཱི་ཤྭ་རཱི་ལ་སོགས་འཇིགས་པའི་ཚོགས་རྣམས་རིགས་ཀྱི་ཡབ་ལྔ་དང་འཁྲིལ་ནས། ཡུམ་གྱི་ཕྱག་གཡས་པ་ཤེས་རབ་ཀྱི་རྟགས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་པ་དུང་ཁྲག་ཞལ་དུ་སྟོབ་པ། སྐུ་མདོག་ཡབ་དང་མཐུན་པ་ཁྲོ་མོའི་ཆ་ལུགས་ཅན། གཟིག་གི་ཤམ་ཐབས་དང་ལྡན་པའོ། །གནས་དང་ཡུལ་གྱི་ཕྱག་རྒྱ་དང་། །ཞེས་པས། གནས་མ་ག་རཱི་མ་བརྒྱད་དང་། ཡུལ་མ་སེངྷ་མ་བརྒྱད་ནི། རྒྱུ་མིང་འབྲས་བུ་ལ་བཏགས་པའམ། གདུལ་བྱའི་མིང་འདུལ་བྱེད་ལ་བཏགས་པ་ཡིན་ལ། དེ་དག་གི་ཕྱག་རྒྱ། ག་རཱི་བྷན་དམར་བྱིས་དབྱུག་སྔོ། །ཞེས་པ་ལ་སོགས་པ་དང་། སིདྷ་ཁ་རོ་བསྣོལ་སེར་སེང་། །ཞེས་པ་ལ་སོགས་པའོ། །སྒོ་བཞིའི་ཕྱག་རྒྱས་རབ་མཛེས་ཤིང་། །ཞེས་པས། སྒོ་མ་བཞིའི་ཕྱག་རྒྱ། རྟ་གདོང་སྔོན་མོ་ལྕགས་ཀྱུ་འཛིན། །ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ཁྲོ་མོ་ཉི་ཤུའི་འཁོར་གྱིས་རབ་ཏུ་མཛེས་ཤིང་། སླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། །ཞེས་པས། སླས་དང་བྱི་མོ་བྲན་མོའི་ཚོགས་ནི་དབང་ཕྱུག་མ་སྟེ། དེ་ཡང་བཅུ་ཚན་གཉིས་དང་། ཡ་གྱལ་ནི་བརྒྱད་དེ། ཉི་ཤུ་རྩ་བརྒྱད་ཀྱིས་མཛེས་པ། མཛའ་མོའི་འཁོར་རྣམས་རང་གི་སྟན་དང་ལག་ཆ་དང་། ཅི་བགྱི་ཞེས་ནི་ཆས་ཏེ་གནས། །ཞེས་པས། རང་རང་གི་གདན་ཞིང་སྐམ་པོ་རེ་དང་། སྐུ་མདོག་དང་ལག་ཆ་ནི། སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཞེས་པ་ལ་སོགས་པ་དང་མཐུན་པའི་ཆ་ལུགས་ཅན་རྣམས། བདག་ཅག་རྣམས་ཀྱིས་ལས་ཅི་བགྱི་ཞེས་ཟེར་བས་ནི་ལས་ལ་ཆས་ཏེ་གནས་སོ། །འདི་ནི་སྒྲུབ་ཐབས་དམ་པ་རྒྱན་དང་མཐུན་པ་སྟེ། སྒྱུ་འཕྲུལ་བརྒྱད་པ་ལས། རྡོ་རྗེ་ཁྲོས་པ་ཁྲག་འཐུང་མཐིང་། །ཁྲོ་མོ་དབྱིངས་ཕྱུག་འདུ་འབྲལ་མེད། །དཀར་དམར་ཞལ་དུ་ཉོན་མོངས་འདྲེན། །རྩེ་དགུ་རྩེ་ལྔ་ཏི་ར་དང་། །དྲིལ་བུ་མདུང་དམར་འཇིག་རྟེན་འཆང་། །ཤེས་རབ་འཁྱུད་བས་ཆགས་པ་སྟོབ། །བུདྡྷ་ཁྲག་འཐུང་ཁྲོ་མོ་འཁྲིལ། །དཀར་སེར་སྨུག་ནག་གཏི་མུག་འདྲེན། །འཁོར་ལོ་རྡོ་རྗེ་ཏི་ར་དང་། །དྲིལ་བུ་མདུང་དམར་ཏྲི་ཤུལ་འཆང་། །རཏྣ་ཁྲག་འཐུང་ཁྲོ་མོ་འཁྲིལ། །སྔོ་དམར་སེར་ནག་ང་རྒྱལ་གསོལ། །རིན་ཅེན་རྡོ་རྗེ་ཏི་ར་དང་། །དྲིལ་བུ་མདུང་དམར་དགྲ་སྟྭ་རོལ། །པདྨ་ཁྲག་འཐུང་ཁྲོ་མོ་འཁྲིལ། །དཀར་སེར་དམར་ནག་བརྗིད་པ་ལ། །པདྨ་རྡོ་རྗེ་ཏི་ར་དང་། །དྲིལ་བུ་མདུང་དམར་རྔ་ཆུང་འཆང་། །ལས་རབ་ཁྲག་འཐུང་ཡུམ་དང་རོལ། །དཀར་དམར་ལྗང་ནག་འབར་བ་ལ། །རྒྱ་གྲམ་རྡོ་རྗེ་ཏི་ར་དང་། །དྲིལ་བུ་མདུང་དམར་ཐོང་གཤོལ་རོལ། །ཞེས་སོ། །གཞན་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། རྡོ་རྗེ་རྡོ་རྗེ་དྲིལ་བུ་དང་། །འཇིག་རྟེན་ཁོར་ཡུག་བཅས་པ་འདེགས། །དེ་བཞིན་འཁོར་ལོ་དགྲ་སྟྭ་དང་། །ཁ་ཊྭཱྃ་རབ་ཏུ་འཁྲོལ་བའོ། །ནོར་བུ་རིན་ཅེན་རྒྱུ་ཞགས་དང་། །རྡོ་རྗེ་དགྲ་སྟྭ་རབ་ཏུ་སྡེབ། །ཆགས་མཆོག་པདྨ་ཆེན་པོ་དང་། །དྲིལ་བུ་རྔའི་སྒྲ་སྒྲོགས་བའོ། །ལས་ནི་རལ་གྲི་གཤོལ་ཆེན་དང་། །འཇིག་རྟེན་རྒྱང་མར་འཕེན་པ་སྟེ། །རིགས་ལྔ་ཆར་གྱི་བར་མ་རྡོ་རྗེ་དང་དུང་དམར་འཁྲུག །གཡས་ཐ་མ་ཀུན་ཏི་ར་ཆེན་པོ་རབ་སྡེབ་པའོ། །ཞེས་གསུངས་སོ། །དེ་ལྟར་ལྷའི་སྐུ་མདོག་ཕྱག་མཚན་ལ་ངེས་པ་མེད་པ་ནི། ཐུགས་རྗེ་ལ་ཕྱོགས་རིས་མེད་པས་གདུལ་བྱ་ལ་ཇི་ལྟར་མོས་པ་ལྟར་སྣང་བའོ། །འོ་ན་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་ལ་ངེས་པ་མེད་ན་ཉམས་སུ་ཇི་ལྟར་ལེན་ཞེ་ན། རྒྱུད་གཞུང་རེ་རེའི་དབང་དུ་བྱས་ནས་ངེས་པ་ཅན་དུ་ཉམས་སུ་ལེན་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །གཉིས་པ་སྐུའི་དཀྱིལ་འཁོར་གྱི་ཡོན་ཏན་བསྟན་པ་ནི། ཞེས་བརྗོད༴ གྱུར་ཏོ། །ཞེས་པ་དེར་གདའ་ཞིང་། ཞེས་གཞུང་གི་དོན་དེ་དག་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ཐམས་ཅད་དུ་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཁྲོ་བོ་ཁྲག་འཐུང་འབར་བའི་དཀྱིལ་འཁོར་དུ། གདུལ་བྱའི་ངོ་ལ་ཀུན་ཏུ་གསལ་བར་གྱུར་ཏོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། གསང་བའི༴ བཅུ་བདུན་པའོ། །ཞེས་པ་དེར་གདའ་ཞིང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཞེས་པས། གསང་བའི་ཞེས་རྟོགས་དཀའ་བ། སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉིད་གཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་དེ་མཚན་གྱི་གཞིར་གདའ། ཁྲོ་བོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ། །ཞེས་པས། འབར་བ་ཁྲོ་བོའི་ལྷག་པ་ཏིང་ངེ་འཛིན་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་གསལ་བར་བསྟན་པའི་གཞུང་གི་ཚིག་དོན་རྣམས། ཚོམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་སྟེ། དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས་ཡས་བགྲངས་བཅུ་བདུན་པའི་དོན་དུ་གདའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་བཅུ་བདུན་པའི་གཞུང་དོན་རྣམ་པར་བཤད་པའོ།། ༈ །།ད་ནི་ལེའུ་བཅོ་བརྒྱད་པ་འཆད་པར་བྱ་བ་འདི་ལ་ཆོས་ཚོམས་ངོས་བཟུང་བའི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་གཞི་དང་འབྲས་བུ་ཟུར་ཙམ་སྟོན། ལམ་གཙོ་ཆེར་སྟོན། ལམ་ལ་ཐབས་ལམ་གྲོལ་ལམ་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་གསུམ་ཀ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། སྣང་བ་བཞི་ལས་བཞི་ཀ་སྟོན། བློ་འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ཡོད་པ་ལས། མཆོད་པ་སྟོན། བཅུ་ཡང་བརྒྱའི་བདག་ཉིད་དུ་བྱས་ན། དེའི་ཤུགས་ལ་ལྟ་བ་དང་སྤྱོད་པ་དང་ཏིང་ངེ་འཛིན་སྟོན། ཕྲིན་ལས་ཟུར་ཙམ་སྟོན། བློ་ཐ་མའི་ཚོས་ཚོམས་བཤད་ཐབས་འདྲེན་པའི་ཚིག་བཅུ་ལས། རང་བཞིན་ལྟ་བ། ལྡེམ་དགོངས་མན་ངག །གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པར་བྱེད་པའི་ལེའུ་བཅོ་བརྒྱད་པ་འདི་ལ་དོན་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ལེའུའི་གཞུང་བསྟན་པ་དང་། ལེའུའི་མཚན་བསྟན་པའོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་བསྟན་པ་ནི། དེ་ནས༴ བརྗོད་དོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས། གོང་དུ་ལྷག་པ་ཏིང་ངེ་འཛིན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྟན་པ་ལ་དེ་ལེའུ་བཅོ་བརྒྱད་པ་འདིར་ཁྱད་པར་གྱི་མཆོད་པ་སྟོན་པས་ན་ནས། བཅོམ་ལྡན་འདས་དགྱེས་པ་ཆེན་པོས། ཞེས་པ་ནི་འབྲུ་མཐུན་ལ། མཉེས་པའི་མཆོད་པ་ཆེན་པོ་འདི་ཆེད་དུ་བརྗོད་དོ། །ཞེས་པས། རྒྱལ་བ་རྣམས་མཉེས་པར་བྱེད་པའམ་གནས་སུ་སྟོབས་པས་ན་མཉེས་པའི་མཆོད་པ། ཕྱི་རྒྱུད་མན་ཆད་ཀྱི་ཡུལ་མ་ཡིན་ཞིང་རྨད་དུ་བྱུང་བས་ན་ཆེན་པོ། རྣམ་གྲངས་ཀྱི་དབང་དུ་བཞི་པོ་འདི་དག །འཁོར་རྣམས་ཀྱི་ཆེད་དུ་བརྗོད་དོ། །གཉིས་པ་ལེའུའི་གཞུང་བསྟན་པ་ལ་གསུམ་སྟེ། མཆོད་པ་དང་། མཆོད་པའི་འབྲས་བུ་དང་། མཆོད་པའི་ཡོན་ཏན་ནོ། །དང་པོ་མཆོད་པ་དངོས་ལ་བཞི་སྟེ། ཞེ་སྡང་སྒྲོལ་བའི་མཆོད་པ་དང་། འདོད་ཆགས་སྦྱོར་བའི་མཆོད་པ་དང་། གཏི་མུག་རྫས་ཀྱི་མཆོད་པ་དང་། འདོད་ཡོན་རྒྱན་གྱི་མཆོད་པའོ། །དང་པོ་ཞེ་སྡང་སྒྲོལ་བའི་མཆོད་པ་ནི། དེ་ལ༴ བསྒྲལ་བར་བྱ། །ཞེས་པ་དེར་གདའ་ཞིང་། དེ་ལ་ཞེས་པས་སྔར་བསྟན་པའི་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་ལ། མཆོད་སྦྱིན་དམ་པ་ནི། ཞེས་པས། དེ་བཞིན་གཤེགས་པ་རྣམས་མཆོད་ཅིང་མ་མོ་དང་མཁའ་འགྲོ་ལ་སྦྱིན་པའི་དུག་གསུམ་གྱི་མཆོད་པས་བསྒྲལ་བྱའི་སེམས་ཅན་གྱི་སྐྱབས་ཆེན་པོ་ཐོབ་པའི་ཕྱིར། མཆོད་སྦྱིན་གཞན་ལས་ཁྱད་པར་དུ་གྱུར་པས་ན་དམ་པའོ། །དེ་ནི་ཚུལ་ཇི་ལྟ་བུ་ཞེ་ན། འཆད་བཞིན་པའི་སྦྱོར་སྒྲོལ་གཉིས་ཀ་ལ། རང་བཞིན་གྱི་སྦྱོར་སྒྲོལ། དབང་པོ་ཡུལ་དུས་ཀྱི་སྦྱོར་སྒྲོལ། ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ། མངོན་དུ་ཕྱུང་བའི་སྦྱོར་སྒྲོལ། ཐབས་ཆེན་པོའི་སྦྱོར་སྒྲོལ་དང་ལྔ་ལྔས་སྟོན་ཏེ། ཐོག་མར་སྒྲོལ་བའི་ཚུལ་ལྔ་ལས། འདིར་ཐ་མ་གཉིས་གཙོ་བོར་བཟུང་སྟེ། དེ་ཡང་སྒྲོལ་བའི་མཆོད་པའི་དབང་དུ་བྱས་ན། ཐོག་མར་རྟོགས་པས་བདག་བསྒྲལ་བ་ནི། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །ཞེས་པས། གཞན་སྒྲོལ་བའི་ཐོག་མར་རྣལ་འབྱོར་བ་བདག་ཉིད་ཀྱིས་རྟོགས་པ་བཞི་དང་། དག་པ་གསུམ་དང་། མཉམ་པ་གཉིས་ཀྱི་གཏན་ཚིགས་ཀྱི་སྒོ་ནས། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་རྟོགས་ཤིང་ཉམས་སུ་ལོན་པ། ཆོ་ག་ལྔའི་སྒོ་ནས་ཏིང་ངེ་འཛིན་བསྒོམས་ཤིང་སྟོབས་སུ་བྱས་ནས་གཟུང་འཛིན་གྱི་རྣམ་རྟོག་ཆོས་ཉིད་ཀྱི་ཀློང་དུ་བསྒྲལ་ལོ། །ཐུགས་རྗེས་གཞན་བསྒྲལ་བ་ནི། དེ་ནས་ཞེས་པས། སྔོན་དུ་ལྟ་སྒོམ་སྟོབས་སུ་བྱས་པས་བདག་བསྒྲལ་བ་ལ་དེ་ཐུགས་རྗེས་གཞན་སྒྲོལ་བ་སྟོན་པས་ན་ནས། གཉིས་མེད་བློ་ཡིས་ནི། ཞེས་པས། སེམས་ཉིད་ཀྱི་གཤིས་ལ་བསྒྲལ་བྱ་སྒྲོལ་བྱེད་གཉིས་སུ་མེད་པར་རྟོགས་པ་སྟེ། བདག་གཞན་གཉིས་སུ་མེད་པར་ཤེས་པ་ཡིས་ལྟ་སྒོམ་བློ་གདེངས་དང་ལྡན་པའི་རྣལ་འབྱོར་པ་དེ་ཡིས་ནི། བློ་ངན་འཇིག་རྟེན་སྙིང་རེ་རྗེ། །ཞེས་པས། ཞིང་བཅུ་དག་གི་ལས་རྒྱུ་འབྲས་མི་ཤེས་པའི་ཕྱིར་བློ་ངན་པ་ཁོ་ན་སྟེ། དེ་དག་ལས་ཀྱི་དབང་གིས་ཡུན་དུ་འཇིག་རྟེན་དུ་འཁོར་བའི་ཕྱིར། བསྒྲལ་བའི་ཞིང་བཅུར་གྱུར་པ་དེ་དག་ལ་བསྒྲལ་ན་སྙིང་རེ་རྗེ་བས་སྙིང་རྗེས་ཟིན་བར་བྱ་བའི་ཞིང་དག །ཐུགས་རྗེས་གཟུང་བའི་དོན་དུ་བསྒྲལ་བར་བྱ་བ་སྟེ། དེ་ཡང་། གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞེས་པས། བསྒྲལ་བྱ་དེ་ཉིད་ལེའུ་བཅུ་གཅིག་པ་ནས་བཤད་པའི་ཐབས་དང་ལྡན་པས་བསྒྲལ་ཏེ། བསྒྲལ་བྱའི་ཤེས་པ་རྡོ་རྗེ་སེམས་དཔར་བསྐྱེད་པ་དེ་འོག་མིན་དུ་འཕངས་ནས། རྡོ་རྗེ་འཛིན་པ་ཡབ་ཡུམ་ཐབས་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་ནས། རྒྱལ་བའི་སྲས་སུ་རིགས་ངེས་པར་བྱས་པ་ནི། ཆོས་ཀྱི་དབྱིངས་སུ་བསྒྲལ་བར་བྱ་བའི་ཐབས་དམ་པའོ། །སྒྲོལ་བའི་ཐབས་འདི་དག་གི་ཚུལ་རྒྱས་པར་ལེའུ་བཅུ་གཅིག་པར་བཤད་ཟིན་པས་འདིར་མ་སྤྲོས་སོ། །གཉིས་པ་འདོད་ཆགས་སྦྱོར་བའི་མཆོད་པ་ནི། འཁྲིལ༴ པར་བྱ། །ཞེས་པ་དེར་གདའ་ཞིང་། དེ་ཡང་གོང་དུ་སྒྲོལ་བའི་སྐབས་སུ་བཤད་པ་ལྟར། འདིར་སྦྱོར་བའི་ཚུལ་ལ་ཡང་ལྔ་ལས། འདི་ཐ་མ་གཉིས་བཟུང་སྟེ། དེ་ཡང་ཐབས་ལམ་སྟེང་སྒོ་ལས་སུ་རུང་ཞིང་ལོག་པའི་ཆགས་ཡིད་སྤངས་པའི་རྣལ་འབྱོར་པས། པདྨ་ཅན་ལ་སོགས་པའི་གཟུངས་མ་མཚན་ཉིད་དང་ལྡན་པ་ཡོངས་སུ་སྦྱངས་པ་དང་གཉིས་པོས་མཁའ་གསང་བསྣོལ་མར་བརླབ། སྦྱོར་བའི་བརྡ་བསྣོལ་མར་བསྐུལ་ནས། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །ཞེས་པས། ཐབས་ཤེས་རབ་ཕན་ཚུན་འཁྲིལ་བའི་ཚུལ་གྱིས་བསྲུབ་པ་དང་བསྲུབས་པའི་སྦྱོར་བས་བདེ་བ་ཉམས་སུ་མྱོང་བའི་མཆོད་པ་འདི་ནི། བདག་གི་དོན་དང་གཞན་གྱི་དོན་དང་གཉིས་ཀའི་དོན་དང་ཆོས་ཀྱི་དོན་ཏེ་དོན་བཞི་འགྲུབ་པར་བྱེད་པས་ན་ཆེན་པོ། །ཡབ་ཡུམ་གཉིས་ཀྱི་བྱང་སེམས་དཀར་དམར་དུས་མཉམ་དུ་སྦྱོར་བས། བདག་ཉིད་མཉེས་པས་མཉེས་པར་བྱ། །ཞེས་པས། དཀྱིལ་འཁོར་གྱི་ལྷ་ཚོགས་ཀུན་གྱི་བདག་ཉིད་རྣལ་འབྱོར་པ་ཡབ་ཡུམ་ཡི་དམ་གྱི་ལྷར་གསལ་བ་བདེ་བ་ཆེན་པོས་མཉེས་པས་རྒྱལ་བ་ཐམས་ཅད་ཀྱང་མཆོད་པས་མཉེས་པར་བྱའོ། །གསུམ་པ་གཏི་མུག་དམ་རྫས་ཀྱི་མཆོད་པ་ནི། མཉམ་པའི༴ དབུལ། །ཞེས་པ་དེར་གདའ་ཞིང་། མཉམ་པའི་ཞེས་པས། མཉམ་པ་ནི་གཉིས་ཏེ། རང་བཞིན་གྱི་མཉམ་པ་དང་། སྤྱད་པ་ལས་ཀྱི་མཉམ་པའོ། །དང་པོ་རང་བཞིན་གྱི་མཉམ་པ་ནི། དམ་རྫས་བདུད་རྩི་ལྔ་དང་། རིགས་ལྔ་ཡེ་ཤེས་ལྔ། ཤེས་བྱའི་གཤིས་ཀྱི་སྟེང་ན་སྣང་ན་སྣང་མཉམ། སྟོང་ན་སྟོང་མཉམ། རང་བཞིན་བཟང་ངན་ཐ་དད་མེད་པར་མཉམ་པ་ནི་རང་བཞིན་གྱི་མཉམ་པའོ། །གཉིས་པ་སྤྱད་པ་ལས་ཀྱི་མཉམ་པ་ནི། རྒྱས་པ་ལས། སེམས་ཅན་རྟོག་པ་བཟློག་ཕྱིར་སྨན། །གཙོ་རུ་དང་དུ་བླང་བར་བྱ། །ཞེས་པས། གཙང་རྨེའི་རྟོག་པ་བཟློས་ནས་མཉམ་པ་ཉིད་དུ་ལོངས་སྤྱོད་པ་ནི་སྤྱད་པ་ལས་ཀྱི་མཉམ་པའོ། །གྲུབ་རྫས་ཆེན་པོ་དག །ཅེས་པས། དེ་ལྟར་མཉམ་པ་གཉིས་དང་ལྡན་པའི་དམ་རྫས་གྲུབ་པ་བཞི་དང་ལྡན་པའི་རྫས་ཆེན་པོ་བདུད་རྩི་ལྔ་པོ་འདི་དག་གྲུབ་ཚུལ་ནི་བཞི་སྟེ། ཆོས་ཉིད་རང་བཞིན་གྱིས་གྲུབ་པ་དང་། ཆོས་ཅན་རང་གི་ངོ་བོས་གྲུབ་པ་དང་། མཐུས་གྲུབ་པ་དང་། བྱིན་གྱི་རླབས་ཀྱིས་གྲུབ་པའོ། །དང་པོ་ཆོས་ཉིད་རང་བཞིན་གྱིས་གྲུབ་པ་ནི། ཐལ་རྒྱུད་ལས། དངོས་པོ་མ་ལུས་སེམས་ཉིད་ཕྱིར། །མཚན་ཉིད་བྲལ་བ་ཆོས་ཀྱི་དབྱིངས། །ཞེས་པས། དམ་རྫས་བདུད་རྩི་ལྔའི་རང་བཞིན་སེམས་ཉིད་ལས་མི་གཞན་པའི་ཕྱིར་སེམས་ཉིད་སྟོང་ཞིང་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས་སུ། ཡེ་ཤེས་ལྔའི་རང་བཞིན་ལས་མ་གཡོས་པར་ཆོས་ཀྱི་དབྱིངས་སུ་གྲུབ་པ་ནི་ཆོས་ཉིད་རང་བཞིན་གྱིས་གྲུབ་པའོ། །གཉིས་པ་ཆོས་ཅན་རང་གི་ངོ་བོས་གྲུབ་པ་ནི། རང་བཞིན་བདེ་བའི་ཡེ་ཤེས་ལྔ། །བྱེད་པ་མེད་པར་རང་སྣང་བའོ། །ཞེས་པས། དམ་རྫས་བདུད་རྩི་ལྔ་པོ་དེ་བྱེད་པ་པོས་མ་བྱས་བར་ཡེ་ཤེས་ལྔའི་ངོ་བོར་རང་སྣང་བ་ནི་ཆོས་ཅན་རང་གི་ངོ་བོས་གྲུབ་པའོ། །གསུམ་པ་མཐུས་གྲུབ་པ་ནི། ཤེས་རབ་ཏིང་འཛིན་ཐབས་དག་གི། །ནུས་མཐུ་ངེས་པར་འབྱུང་བ་ཡིན། །ཞེས་པས། རྟོགས་པའི་ལྟ་བ་དང་བསྒོམས་པའི་ཏིང་ངེ་འཛིན་དང་ལྡན་པས། དམ་རྫས་ལྔ་ལ་ལོངས་སྤྱོད་པའི་ཐབས་ཀྱིས་སྤྱད་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་འགྲུབ་པ་ནི་མཐུས་གྲུབ་པའོ། །བཞི་པ་བྱིན་གྱིས་བརླབས་ཀྱིས་གྲུབ་པ་ནི། འདི་ལྟའི་ལམ་ལ་གང་གནས་པ། །ཕྱོགས་དུས་ཀུན་ནས་བྱིན་གྱིས་རློབ། །ཅེས་པས། དམ་རྫས་ལྔ་ལ་ལོངས་སྤྱོད་པའི་རྣལ་འབྱོར་པ་དེ་ལ། ཕྱོགས་བཅུ་ན་དུས་གསུམ་དུ་བཞུགས་པའི་བདེ་བར་གཤེགས་པ་སྲས་དང་། རིག་འཛིན་དང་། བྱང་ཆུབ་སེམས་དཔའ། སྤུན་དང་། མ་མོ་དང་། མཁའ་འགྲོས་མིང་པོར་དགོངས་ནས་བྱིན་གྱིས་རློབ་པ་ནི་བྱིན་གྱིས་བརླབས་ཀྱིས་གྲུབ་པའོ། །བདག་དང་མཉམ་པའི་ཚོགས་ལ་དབུལ། །ཞེས་པས། འབུལ་བྱེད་ཀྱི་མཁན་པོ་རྣལ་འབྱོར་པ་བདག་དང་། དབུལ་བྱའི་ཡུལ་བདེ་བར་གཤེགས་པ་དང་། དབུལ་བྱའི་རྫས་གསུམ་པོ་རང་རིག་པའི་སྟེང་ནས་ཐ་དད་མེད་པར་མཉམ་པའི་ཕྱིར་དེ་ནི་ཚོགས་ཀྱི་མཆོད་པ་སྟེ། མཆོད་པ་དེ་དག་ལ་འཁོར་གསུམ་ཡོངས་སུ་དག་པའི་མཆོད་པ་ཞེས་ཀྱང་བྱ་ལ། དེ་གནས་སུ་སྟོབས་བས་ན་དབུལ་བ་ཞེས་བྱའོ། །དེ་ཡང་འཁོར་གསུམ་ཡོངས་དག་ནི། ཕྱི་ཁང་ཞིང་ནང་ནོར་རྫས་བྲན་ཁོལ་ལ་སོགས་པ་ལ་ཆགས་ཤིང་ཞེན་པ་དང་། ནང་རྣམ་པར་ཤེས་པ་ཚོགས་བརྒྱད་ཡུལ་གྱི་རྗེས་སུ་འཇུག་ཤིང་ཞེན་པ་དང་། གསང་བ་ལྟ་སྒོམ་སྤྱོད་གསུམ་ལ་མཆོག་ཏུ་འཛིན་པའི་ཞེན་པ་ལས་གྲོལ་ནས་ཡེ་ཤེས་ཆེན་པོ་འབྱེད་པ་མེད་པའི་ངང་དུ་གནས་པར་བྱའོ། །བཞི་པ་འདོད་ཡོན་རྒྱན་གྱི་མཆོད་པ་ནི། བཟའ་དང་༴ ཐིམ། །ཞེས་པ་དེར་གདའ་ཞིང་། བཟའ་དང་བཅའ་དང་བཏུང་དང་བགོ། ཞེས་པས། བཟའ་བ་དང་བཅའ་བ་དང་བཏུང་བ་སྟེ་རོ་བྲོ་བའི་མཆོག་ཏུ་གྱུར་པ་རྣམས་དང་། བགོ་བ་ནི་རེག་བྱའི་བྱེ་བྲག་རྣམས་ཏེ། འཇམ་ཞིང་ཡང་ལ་བདེ་བ་རྣམས་དང་། དེ་ལ་སོགས་པའི་གཟུགས་སྡུག་པ་དང་། སྒྲ་སྙན་པ་དང་། དྲི་ཞིམ་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་བའོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །ཞེས་པས། དེ་ལྟར་འདོད་པའི་ལོངས་སྤྱོད་ལྔ་པོ་རྣམས་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས། ཐམས་ཅད་འདོད་ཡོན་གྱི་ལྷ་མོར་བྱིན་གྱིས་བརླབས་པ་རྣམས་ནི། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །ཞེས་པས། བདག་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གསལ་བ་ལྷའི་དཀྱིལ་འཁོར་དེ་ལ་ནི། མཆོད་པའི་ལྷ་མོར་བྱིན་གྱིས་བརླབས་པའི་འདོད་ཡོན་གྱི་དཀྱིལ་འཁོར་དེ་ཉིད་དཔེར་ན་ཆུ་ལ་ཆུ་ཐིམ་པའི་ཚུལ་དུ་གཉིས་སུ་མེད་པར་ཐིམ་པར་དབུལ་ཞེས་བྱའོ། །གཉིས་པ་མཆོད་པའི་འབྲས་བུ་ལ་གཉིས་ཏེ། ཐུན་མོང་གི་འབྲས་བུ་དང་། མཆོག་གི་འབྲས་བུའོ། །དང་པོ་ཐུན་མོང་གི་འབྲས་བུ་ནི། ཕྱོགས་བཅུ༴ ཅི་དགོས། །ཞེས་པ་དེར་གདའ་ཞིང་། ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། བདེ་གཤེགས་ཡོན་ཏན་རྨད་པོ་ཆེ། །ཞེས་པས། ཕྱོགས་བཅུ་དང་དུས་བཞིར་བདག་དོན་དུ་ཡང་དག་པའི་ས་དང་། གཞན་དོན་དུ་སེམས་ཅན་གྱི་དོན་ལ་གཤེགས་པའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐེག་པ་གཞན་གྱི་འབྲས་བུ་ལས་ཁྱད་དུ་གྱུར་པའི་རྨད་པོ་ཆེ་དེ་ཉིད་གཞན་ནས་ཡོད་འོང་མ་ཡིན་ཏེ། ལྷ་སྲིན་ལ་སོགས་སྨོས་ཅི་དགོས། །ཞེས་པས། རང་སེམས་སྒྲིབ་པ་དང་བྲལ་བ་ལས་གཞན་ནས་བཙལ་དུ་ཡོད་པ་ཞིག་བཀུག་པའམ་གཞན་ནས་འོང་བ་མ་ཡིན་ཏེ། ལྷ་དང་སྲིན་པོ་ལ་སོགས་པའི་མཐུ་ལས་བྱུང་བ་ནི་སྨོས་ཅི་དགོས་ཏེ་འདིར་སེམས་ཉིད་ལས་སུ་རུང་བའི་ཡོན་ཏན་ལས་དེ་རྣམས། ཐམས་ཅད་ཟིལ་གྱིས་གནོན་ནོ། །གཉིས་པ་མཆོག་གི་འབྲས་བུ་ནི། རྣལ་འབྱོར༴ འགྱུར། །ཞེས་པ་དེར་གདའ་ཞིང་། རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །ཕྱག་རྒྱ་ཆེན་པོ་རྫོགས་འགྱུར་ཞིང་། །ཞེས་པས། རྣལ་འབྱོར་པ་ཏིང་འཛིན་ལས་སུ་རུང་བ་རྣམས་ཀྱིས་ཡི་དམ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་རང་རིག་པའི་མངོན་སུམ་དུ་གསལ་བར་རྫོགས་པར་འགྱུར་ཞིང་། གསལ་ལ་ཡིད་གཉིས་མེད་པས་ན། །དཀྱིལ་འཁོར་ཆེན་པོ་འབར་བར་འགྱུར། །ཞེས་པས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསལ་བའི་ཚད་ཡུལ་གྱིས་མི་འཕྲོགས་པ་ལ་བརྟན་པ་ཐོབ་ནས་ཡིད་གཉིས་དང་ཐེ་ཚོམ་མེད་པས་བསྒྲུབས་པར་བྱས་ན། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་དངོས་གྲུབ་ཆེན་པོ་འབར་བ་འགྲུབ་པར་འགྱུར་རོ། །གསུམ་པ་མཆོད་པའི་ཡོན་ཏན་བསྟན་པ་ནི། ཞེས༴ གྱུར་ཏོ། །ཞེས་པ་དེར་གདའ་ཞིང་། ཞེས་བརྗོད་པས། ཞེས་པས། ཞེས་མཆོད་པ་འབྲས་བུ་དང་བཅས་པའི་དོན་དེ་དག་བརྗོད་པས། མཉེས་པའི་མཆོད་པ་ཆེན་པོས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་གྱུར་ཏོ། །ཞེས་པས། གནས་སུ་སྟོབ་ཅིང་མཉེས་པར་བྱེད་པའི་མཆོད་པ། བདག་གཞན་གྱི་དོན་གཉིས་འགྲུབ་པས་ན་ཆེན་པོ་འདིས་ནི། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་མཆོད་པའི་སྤྲིན་གྱིས་ཁྱབ་པར་གྱུར་ཏོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། གསང་བའི༴ བཅོ་བརྒྱད་པའོ། །ཞེས་པ་དེར་གདའ་ཞིང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཞེས་པས། གསང་བའི་ཞེས་རྟོགས་དཀའ་བ། སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉིད་གཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་མཚན་གྱི་གཞིར་གདའ། མཆོད་སྦྱིན་དམ་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ། །ཞེས་པས། རྣལ་འབྱོར་གྱི་རྒྱུད་མན་ཆད་ཀྱི་མཆོད་སྦྱིན་ལས་ཁྱད་པར་དུ་གྱུར་པས་ན་དམ་པ། དུག་གསུམ་གྱི་མཆོད་པ་བསྟན་པའི་གཞུང་གི་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུའི་སྟེ་དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། ཡས་བགྲངས་བཅོ་བརྒྱད་པའི་དོན་དུ་གདའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་བཅོ་བརྒྱད་པའི་གཞུང་དོན་རྣམ་པར་བཤད་པའོ།། ༈ །།ད་ནི་ལེའུ་བཅུ་དགུ་པ་འཆད་པར་བྱེད་པ་འདི་ལ། ཆོས་ཚོམས་ངོས་ཟུང་བའི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་གསུམ་ཀ་སྟོན། ལམ་ལ་ཐབས་ལམ་གྲོལ་ལམ་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་གསུམ་ཀ་སྟོན། རིམ་གཅིག་ཅར་གཉིས་ལས་གཉིས་ཀ་སྟོན། སྣང་བ་བཞི་ལས་བཞི་ཀ་སྟོན་ཅིང་། ལོག་རྟོག་གཙོ་ཆེར་སྟོན། བློ་འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་དངོས་པོ་བཅུ་ཡོད་པ་ལས་དམ་ཚིག་སྟོན། དེའི་ཞོར་ལ་ལྟ་བ་དང་སྤྱོད་པ་སྟོན། བློ་ཐ་མའི་ཆོས་ཚོམས་བཤད་ཐབས་འདྲེན་པའི་ཚིག་བཅུ་ལས། རང་བཞིན་ལྟ་བ། ལྡེམ་དགོངས་མན་ངག །མཚོན་པ་དཔེ། གཏར་ཁ་གེགས་སེལ་རྣམས་སྟོན་ཅིང་། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པར་བྱེད་པ འི་ལེའུ་བཅུ་དགུ་པ་འདི་ལ་དོན་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ལེའུའི་གཞུང་བསྟན་པ་དང་། ལེའུའི་མཚན་བསྟན་པའོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་བསྟན་པ་ནི། དེ་ནས༴ བརྗོད་དོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས། ལེའུ་བཅོ་བརྒྱད་པར་ཁྱད་པར་གྱི་མཆོད་པ་བསྟན་པ་ལ་དེ་ལེའུ་བཅུ་དགུ་པ་འདིར་དམ་ཚིག་བསྲུང་མཚམས་སྟོན་པས་ན་ནས། བཅོམ་ལྡན་འདས་དགྱེས་པ་ཆེན་པོས། ཞེས་པ་ནི། འབྲུ་མཐུན་ལ། སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར། དམ་ཚིག་ཆེན་པོ་འདི་ཆེན་དུ་བརྗོད་དོ། །ཞེས་པས། གསང་སྔགས་འཆང་བའི་རྣལ་འབྱོར་པ་རྣམས་ལམ་ལ་འབད་ཅིང་བསྒྲུབས་པ་དོན་ཡོད་པར་བྱ་བའི་ཕྱིར། གསང་སྔགས་མ་ཧཱ་ཡོ་གའི་བསྲུང་བའི་དམ་ཚིག་གཞན་ཐེག་པ་འོག་མའི་འདུལ་སྡོམ་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པས་ན་ཆེན་པོ་འོག་ནས་འབྱུང་བ་འདི་དག་འཁོར་གྱི་ཆེད་དུ་བརྗོད་དོ། །གཉིས་པ་ལེའུའི་གཞུང་བསྟན་པ་ལ་གཉིས་ཏེ། གཞུང་དངོས་དང་། གཞུང་གསུངས་པའི་ཡོན་ཏན་ནོ། །དང་པོ་གཞུང་དངོས་ལ་བདུན་ཏེ། དམ་ཚིག་གི་ཆེ་བ་འདུས་པ་རྣམ་པར་དག་པ་བསྟན་པ་དང་། དམ་ཚིག་གི་རྣམ་གྲངས་མདོར་བསྟན་པ་དང་། མཉམ་པ་ཆེན་པོའི་དམ་ཚིག་སྐྱོན་ཡོན་དང་བཅས་པ་བསྟན་པ་དང་། དམ་ཚིག་ཉམས་པའི་སྐྱོན་བསྟན་པ་དང་། དམ་ཚིག་གི་རང་བཞིན་བསྟན་པ་དང་། དམ་ཚིག་གི་རྣམ་གྲངས་རྒྱས་པར་བསྟན་པ་དང་། དམ་ཚིག་གི་ཡོན་ཏན་བསྟན་པའོ། །དང་པོ་དམ་ཚིག་གི་ཆེ་བ་འདུས་པ་རྣམ་པར་དག་པ་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། བླ་མེད་ཐེག་པར༴ རྣམ་པར་དག །ཅེས་པ་དེར་གདའ་ཞིང་། བླ་མེད་ཐེག་པར་རབ་ངེས་ན། །ཞེས་པས། ལམ་དང་འབྲས་བུ་གཉིས་ཀ་ཐེག་པ་འདིའི་གོང་ན་གཞན་མེད་པའི་ཕྱིར་བླ་ན་མེད་པ་གསང་སྔགས་རྡོ་རྗེའི་ཐེག་པར་རྩ་བའི་དམ་ཚིག་ལྔ་དང་ཡན་ལག་གི་དམ་ཚིག་བཅུ་སྟེ། དམ་ཚིག་བཅོ་ལྔ་ཉམས་སུ་ལོན་ཅིང་དོན་རབ་ཏུ་ངེས་པ་སྟེ་རྟོགས་ན། ཉོན་མོངས་ལས་རྣམས་ཀུན་སྤྱོད་ཀྱང་། །ཞེས་པས། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སྟེ་ཉོན་མོངས་པ་དུག་ལྔའི་ལས་མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་། ལྕི་བ་བཞི་དང་། ལོག་པ་བརྒྱད་ལ་སོགས་པའོ། །དེ་ལ་མི་དགེ་བ་བཅུ་ནི། ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་གསུམ་ལས། སྲོག་གཅོད་པ་ནི། མངོན་པ་འཛོད་ལས། སྲོག་གཅོད་པ་ནི་བསམ་བཞིན་དུ། །མ་ནོར་བ་ནི་གཞན་བསད་པའོ། །མ་བྱིན་ལེན་པ་ནི། མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །འདོད་པ་ལ་ལོག་པར་གཡེམ་པ་ནི། བགྲོད་མིན་འགྲོ་བར་འདོད་པ་ཡི། །ལོག་པར་གཡེམ་པ་རྣམ་པ་བཞི། །ངག་གི་སྒོ་ནས་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་དང་བཞི་ལས། རྫུན་ནི། རྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །ཕྲ་མ་ནི། ཕྲ་མ་ཕ་རོལ་དབྱེ་བ་ཡི། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག །ཚིག་རྩུབ་ནི། ཚིག་རྩུབ་པོ་ནི་མི་སྙན་པ། །ཉོན་མོངས་ཅན་ཀུན་ཀྱལ་པ་ཉིད། །ངག་འཁྱལ་ནི། གཞན་ནི་དེ་ལས་གཞན་ཉོན་མོངས། །ཁ་གསག་གླུ་དང་ཟློས་གར་བཞིན། །ཡིད་ཀྱི་སྒོ་ནས་བརྣབ་སེམས། གནོན་སེམས། ལོག་ལྟ་གསུམ་ལས། བརྣབ་སེམས་ནི། བསྟན་བཅོས་ངན་ཞིང་བརྣབ་སེམས་ནི། །ལོག་པས་གཞན་གྱི་ནོར་ལ་ཆགས། །གནོད་སེམས་ནི། གནོད་སེམས་སེམས་ཅན་ལ་སྡང་བ། །ལོག་ལྟ་ནི། དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན་འདི་ལ། །ཞེས་གསུངས་སོ། །མཚམས་མེད་པ་ལྔ་ནི། དཔུང་བཟང་གིས་ཞུས་པའི་མདོ་ལས། གང་ཞིག་དགྲ་བཅོམ་ཕ་མ་གསོད་པ་དང་། །མཐུན་པའི་དགེ་འདུན་དབྱེན་ནི་བྱེད་པ་དང་། དེ་བཞིན་གཤེགས་ལ་སྡང་བའི་སེམས་ཀྱི་སུ། །གང་ཞིག་མི་དག་སྐུ་མཚལ་འབྱིན་བྱེད་པ། །ཤིན་ཏུ་མི་བཟད་སྡིག་པའི་ལས་འདི་རྣམས། །རྒྱལ་བས་མཚམས་མེད་ལྔ་པོ་ཡིན་པར་བཤད། །གཏི་མུག་ཅན་གྱི་སྡིག་པ་གཅིག་བྱས་ན། །ཕུང་པོ་འདི་ལ་གྲུབ་པ་ཐོབ་མི་འགྱུར། །ཞེས་སོ། །དེ་དང་ཉེ་བ་ལྔ་ནི། ཡང་མདོ་དེ་ཉིད་ལས། མཆོད་རྟེན་འཇིག་ཅིང་བྱང་ཆུབ་སེམས་དཔའ་གསོད། །ཉོན་མོངས་ཟད་པའི་མ་ནི་སུན་འབྱིན་དང་། །སློབ་པ་གསོད་ཅིང་དགེ་འདུན་མངའ་བ་ལ། །གང་ཞིག་འདོད་པས་མང་ཉུང་རྐུ་འཕྲོག་པ། །མཚམས་མེད་ཉེ་ལྔར་དེ་བཞིན་གཤེགས་པས་གསུངས། །ཚུལ་བསྡམས་མི་ནི་གང་ཞིག་འདི་བྱེད་པ། །བསྐལ་བའི་བར་དུ་མནར་མེད་སྡུག་བསྔལ་མྱོང་། །ཞེས་གསུངས་སོ། །ལྕི་བ་བཞི་ནི། མཁས་པའི་གོང་ལྕི། དགེ་སློང་གི་ཕྱག་ལྕི། སྒྲུབ་པ་པོའི་ཟས་ལྕི། སྔགས་པ་དམ་ཚིག་ཅན་གྱི་ནོར་ལྕི། ཞེས་གོང་མ་རྣམས་གསུངས་ངོ་། །ལོག་པ་བརྒྱད་ནི། དཀར་ནག་ཕྱོགས་ལ་སྨད་དང་བསྟོད། །དགེ་བ་ཅན་གྱི་ཐུགས་དཀྲུགས་དང་། །དད་པ་ཅན་གྱི་ཚོགས་བཅག་དང་། །བླ་མ་ལྷ་དང་མཆེད་ལྕམ་སྤངས། །དཀྱིལ་འཁོར་གཉན་པོ་དྲལ་དང་བརྒྱད། །འདི་དག་ལོག་པ་བརྒྱད་དུ་གསུངས། །ཞེས་སོ། །དེ་ལྟར་ཉོན་མོངས་པ་ལྔའི་ལམ་ངན་པ་རྣམས་མ་ལུས་པ་ཀུན་དང་། འདོད་པའི་ཡོན་ཏན་ལྔ་པོ་ཀུན་ལ་སྤྱོད་པ་ལྟར་སྣང་ཡང་། བྱས་ལ་མི་རྩོགས་ཚོགས་འགྱུར་ཏེ། །ཞེས་པས། བསམ་པ་བྱང་ཆུབ་ཀྱི་སེམས་དང་། ཐབས་ཁྱད་པར་ཅན་གྱི་གནད་དང་། རྟོགས་པ་ལྟ་བའི་གདེངས་གསུམ་གྱིས་ཟིན་པའི་ཕྱིར། ལས་ངན་པ་བྱས་པ་ལ་འབྲས་བུ་ངན་སོང་གསུམ་གྱི་སྡུག་བསྔལ་མི་རྩོགས་པ་སྟེ་མི་གསོག་པ་ལྟ་ཅི་སྨོས། དེ་རྣམས་ལམ་འགག་པར་སྤྱད་པར་བྱས་པས་བསོད་ནམས་ཀྱི་ཚོགས་དང་དེ་ལ་བདག་ཏུ་འཛིན་པས་ཡེ་ཤེས་ཀྱི་ཚོགས་ཆེན་གཉིས་ཀྱང་རྫོགས་པར་འགྱུར་ཏེ། ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་པས། ཉན་ཐོས་ཀྱི་ཚུལ་ཁྲིམས་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། སྔགས་ཕྱི་རྒྱུད་ཀྱི་དམ་ཚིག་རྣམས་ཆེད་དུ་མ་བསྲུངས་ཀྱང་། འོག་ནས་འབྱུང་བ་བཞིན་ཡོན་ཏན་ཡར་ལྡན་དུ་རྫོགས་པས་ན་ཕུན་སུམ་ཚོགས་པའི་སྡོམ་པ་ཞེས་བྱའོ། །བླ་མེད་མཆོག་གི་དམ་ཚིག་ཏུ། །ཞེས་པས། དེའི་ཕྱིར་ལམ་དང་འབྲས་བུ་གོང་ན་མེད་པ་གསང་སྔགས་བླ་མེད་མཆོག་གི་དམ་ཚིག་འདི་དག་ཏུ། འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཞེས་པས། གདུལ་བྱ་འདུལ་བའི་དབང་གིས་སོ་སོར་ཐར་བ་ཉན་ཐོས་ཀྱི་ཚུལ་ཁྲིམས་རྩ་བ་བཞི་ཡན་ལག་དང་བཅས་པའི་བསྲུང་བྱ་ཀུན་དང་། སྡོམ་པ་ཇི་སྙེད་བསམ་ཡས་པ། །ཞེས་པས། གཞན་ཡང་། བྱང་ཆུབ་སེམས་དཔའི་སྡོམ་པ་ཇི་སྙེད་པ་དང་། སྔགས་ཕྱི་རྒྱུད་པའི་བསྲུང་སྡོམ་བསམ་ཡས་པ། མ་ལུས་ཀུན་འདུས་རྣམ་པར་དག །ཅེས་པས། ལྷག་མ་མ་ལུས་པ་ཀུན་གྱི་ཡོན་ཏན་ཐམས་ཅད་ཀྱང་བླ་ན་མེད་པ་གསང་སྔགས་མ་ཧཱ་ཡོ་གའི་ཐེག་པ་འདིར་འདུས་ཤིང་རྣམ་པར་དག་པ་སྟེ། དེ་ཡང་ཐེག་པ་འོག་མ་པའི་འདུལ་སྡོམ་ཐམས་ཅད་ཀྱང་མདོར་བསྡུ་ན་གསུམ་དུ་འདུས་ཏེ། གང་ཞེ་ན། ཉེས་སྤྱོད་མི་དགེ་བ་སྤོང་བ་སྡོམ་པའི་ཚུལ་ཁྲིམས་དང་། ལེགས་སྤྱོད་གཉེན་པོ་དགེ་བའི་ཚོགས་སྒྲུབ་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། རང་བརྟན་པ་ཐོབ་ནས་དངོས་སམ་བརྒྱུད་པའི་སྒོ་ནས་སེམས་ཅན་ལ་ཕན་པ་སྒྲུབ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །དེ་དག་ཀྱང་། སྐབས་འདིར་གསང་སྔགས་ཀྱི་དམ་ཚིག་ཆེན་པོ་དང་ལྡན་པའི་རྣལ་འབྱོར་པས། ལས་དང་ཉོན་མོངས་པ་ལྔ་ལ་སོགས་པ་སྤྱོད་པ་ལྟར་སྣང་ཡང་འཛིན་པ་མེད་པས་ལྟུང་བར་མི་འགྱུར་བ་ནི་མི་དགེ་སྡོམ་པའི་ཚུལ་ཁྲིམས། གང་ལྟར་སྤྱོད་ཀྱང་སྒོ་གསུམ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ལས་མི་འདའ་བ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། གཞན་དོན་དུ་འགྱུར་ན་སྲོག་གཅོད་པ་ལ་སོགས་པའི་ཚུལ་མི་འདོར་བ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། སྲོག་གཅོད་པ་ལ་སྲོག་གཅོད་པ་སྤོང་བ་ཡོངས་སུ་རྫོགས་པའི་མན་ངག་དང་། མ་བྱིན་པར་ལེན་པ་ལ་མ་བྱིན་པར་ལེན་པ་སྤོང་བ་ཡོངས་སུ་རྫོགས་པའི་མན་ངག་དང་། རྫུན་དུ་སྨྲ་བ་ལ་རྫུན་དུ་སྨྲ་བ་སྤོང་བ་ཡོངས་སུ་རྫོགས་པའི་མན་ངག་དང་། མི་ཚངས་པར་སྤྱོད་པ་ལ་མི་ཚངས་པར་སྤྱོད་པ་སྤོང་བ་ཡོངས་སུ་རྫོགས་པའི་མན་ངག་གོ། །དང་པོ་སྲོག་གཅོད་པ་ལ་སྲོག་གཅོད་པ་སྤོང་བ་ཡོངས་སུ་རྫོགས་པའི་མན་ངག་ནི། ཡོད་མེད་དབུ་མ༴ ལོག་རྟོག་ཙམ། །ཞེས་པ་དེར་གདའ་ཞིང་། ཡོད་མེད་དབུ་མ་མི་དམིགས་ཤིང་། །ཞེས་པས། བདག་གཞན་གཉིས་ཀ་སེམས་ཉིད་ཀྱི་ངང་དུ་གསལ་བའི་དུས་ན་ཡོད་པ་སྟེ་སྣང་བ། མེད་པ་སྟེ་སྟོང་པ། དབུ་མ་སྟེ་གཉིས་མེད་ཀྱི་མཐའ་གང་དུ་ཡང་མི་དམིགས་ཤིང་བློའི་སྤྱོད་ཡུལ་ལས་འདས་པ་ནི་དོན་དམ་པའི་བདེན་པའོ། །འོ་ན་བདག་དང་གཞན་དུ་སྣང་བ་འདི་ཅི་ཞེ་ན། སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། །ཞེས་པས། ཀུན་རྫོབ་ཏུ་རྒྱུ་རྐྱེན་འདུས་པ་ལོག་རྟོག་གི་ངོ་བོ་ཙམ་དུ་སྣང་ཡང་། བདེན་དངོས་ཀྱིས་སྟོང་པ་དཔེར་ན་སྒྱུ་མའམ་མིག་ཤེས་འཁྲུལ་པས་ཐོ་ཡོར་ལ་མིར་འཛིན་པ་ལྟ་བུའི་ཚུལ་ལོ། །དེའི་ཕྱིར། སྲོག་མེད་སྲོག་ཀྱང་གཅད་དུ་མེད། །ཅེས་པས། སྲོག་གཅོད་བྱ་གཅོད་བྱེད་གཉིས་ཀ་ནས་དག་པའི་ཕྱིར་གཅད་བྱའི་སྲོག་དམིགས་སུ་མེད་པས་སྲོག་གཅོད་བྱེད་ཀྱི་སྐྱེས་བུ་དང་། གཅོད་དོ་བའི་འདུ་ཤེས་ཀྱང་དམིགས་སུ་མེད་པས་ན། དོན་དམ་པར་སྲོག་གཅད་དུ་མེད་ཀྱང་། སྲོག་དང་སྐྱེས་བུ་ལོག་རྟོག་ཙམ། །ཅེས་པས། འོ་ན་སྲོག་དང་སེམས་ཅན་དུ་སྣང་བ་འདི་ཅི་ཞེ་ན། ཀུན་རྫོབ་ཏུ་གཅད་བྱའི་སྲོག་དང་གཅོད་བྱེད་ཀྱི་སྐྱེས་བུར་སྣང་བ་འདི་ནི། ལོག་རྟོག་རྟེན་འབྲེལ་གྱི་སྣང་བ་ཙམ་དུ་རྟོགས་ཤིང་། དེ་ལྟར་བདེན་པ་གཉིས་ཀྱང་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པར་རྟོགས་ནས། ཐུགས་རྗེས་ཞིང་བཅུའི་སྲོག་བཅད་ཀྱང་བདག་ལ་སྒྲིབ་པ་མི་གསོག་ཅིང་གཞན་ལ་སྡུག་བསྔལ་མི་བསྐྱེད་པས་ན། དེ་ལ་ཐེག་པ་འོག་མ་པས་སྲོག་གཅོད་པ་སྤངས་པའི་ཡོན་ཏན་ཞོར་ལ་རྫོགས་པའོ། །གཉིས་པ་མ་བྱིན་པར་ལེན་པ་ལ་མ་བྱིན་པར་ལེན་པ་སྤོང་བ་ཡོངས་སུ་རྫོགས་པའི་མན་ངག་ནི། བདེན་པ་གཉིས་ཀ༴ ཉིད་ཀྱི་དབྱིངས། །ཞེས་པ་དེར་གདའ་ཞིང་། བདེན་པ་གཉིས་ཀ་དབྱེར་མེད་པས། །ཞེས་པས། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ཀ་སེམས་ཉིད་ཀྱི་ངོ་བོར་དབྱེར་མེད་པས། བདག་དང་གཞན་དུ་མི་དམིགས་ཤིང་། །འཕྲུལ་དགའི་ཚུལ་ཏེ་ཐ་དད་མིན། །ཞེས་པས། དཔེར་ན་ལྷ་འཕྲུལ་དགའི་ལོངས་སྤྱོད་རང་ལས་སྤྲུལ་ནས་རང་གིས་སྤྱོད་པའི་ཚུལ་ཏེ། བླང་བྱའི་རྫས་དང་ལེན་བྱེད་ཀྱི་མཁན་པོ་དང་ལེན་པ་པོའི་འདུ་ཤེས་གསུམ་ཀ་བདག་ལས་མི་གཞན་པའི་ཕྱིར། སེམས་ཉིད་ཀྱི་ངོ་བོར་ཐ་དད་མིན་པས། གཞན་དང་མ་བྱིན་མེད་པའི་ཕྱིར། །ཞེས་པས། བླང་བྱ་རྫས་དང་གཞན་བདག་པོ་དང་མ་བྱིན་པར་ལེན་པ་པོ་བདག་རྣམས་དམིགས་སུ་མེད་པའི་ཕྱིར། ཀུན་རྫོབ་ཏུ་མ་བྱིན་པར་ལེན་པ་ལྟར་སྣང་ཡང་། བླང་མེད་ཐམས་ཅད་ཉིད་ཀྱི་དབྱིངས། །ཞེས་པས། དོན་དམ་པར་བླང་བྱ་བླང་བྱེད་མེད་དེ། ཐམས་ཅད་བདག་ཉིད་ཆེན་པོ་མཉམ་པ་ཉིད་ཀྱི་དབྱིངས་ལས་མ་འདས་པར་རྟོགས་ནས། གཞན་དོན་བསྒྲུབ་པའི་ཕྱིར་མ་བྱིན་པར་ལེན་པ་ནི། ཐེག་པ་འོག་མ་པས་མ་བྱིན་པར་ལེན་པ་སྤོང་བའི་ཡོན་ཏན་ཞོར་ལ་རྫོགས་པའོ། །གསུམ་པ་རྫུན་དུ་སྨྲ་བ་ལ་རྫུན་དུ་སྨྲ་བ་སྤོང་བ་ཡོངས་སུ་རྫོགས་པའི་མན་ངག་ནི། ཆོས་རྣམས་སྒྱུ་མ༴ ཡོད་མ་ཡིན། །ཞེས་པ་དེར་གདའ་ཞིང་། ཆོས་རྣམས་སྒྱུ་མ་ལྟ་བུ་དང་། །ཞེས་པས། ཕྱི་ནང་གི་དངོས་པོས་བསྡུས་པའི་ཆོས་རྣམས་སྣང་ཡང་བདེན་དངོས་ཀྱིས་སྟོང་པ་སྒྱུ་མ་ལྟ་བུ་ལ་བདག་ཏུ་ལྟ་བ་ནི། ངོ་བོ་ཉིད་མེད་བཞིན་དུ་བཏགས་པས། ངོ་བོ་ཉིད་ཀྱི་རྫུན་དང་། མིང་དང་ཚིག་ཏུ་བཏགས་པ་རྫུན། །ཞེས་པས། དངོས་པོ་མེད་བཞིན་ཞེ་ན་པས་མིང་དང་ཚིག་ཏུ་བཏགས་པ་འདི་ལ། མིང་ཚིག་གི་རྗེས་སུ་སྤྱོད་ཅིང་བདེན་པར་འཛིན་པས་མངོན་པར་ཞེན་པས་རྗེས་སུ་སྤྱོད་པའི་རྫུན་ནོ། །དེ་དག་ལས་ཀྱང་འགལ་བར་སྨྲ་བ་ནི་ལོག་པའི་རྫུན་ནོ། །རྫུན་ཉིད་ལ་ནི་རྫུན་སྤྱོད་པས། །ཞེས་པས། དེ་ལྟར་རྫུན་གསུམ་པོ་རེ་རེ་ཉིད་ལ་ནི་བདེན་པའི་གཞི་མ་གྲུབ་པའི་ཕྱིར་ན་རྫུན་སྤྱོད་པ་སྟེ། རྫུན་ཞེས་བཏགས་ཙམ་ཡོད་མ་ཡིན། །ཞེས་པས། དེས་ན་རྫུན་ཞེས་བཏགས་པ་ཙམ་ལས་དོན་དམ་པར་ན་བདེན་པར་གྲུབ་ཅིང་དམིགས་སུ་ཡོད་པ་མ་ཡིན་ནོ། །དེ་ལྟར་རྟོགས་ནས་བདག་གཞན་ཆོས་གསུམ་གྱི་དོན་དུ་རྫུན་དུ་སྨྲས་པ་ནི། ཐེག་པ་འོག་མ་པས་རྫུན་དུ་སྨྲ་བ་སྤངས་པའི་ཡོན་ཏན་ཞོར་ལ་རྫོགས་པའོ། །བཞི་པ་མི་ཚངས་པར་སྤྱོད་པ་ལ་མི་ཚངས་པར་སྤྱོད་པ་སྤོང་བ་ཡོངས་སུ་རྫོགས་པའི་མན་ངག་ནི། མ་ཆགས་པ་ལ༴ ཆེན་པོ་ཡིན། །ཞེས་པ་དེར་གདའ་ཞིང་། མ་ཆགས་པ་ལ་ཆགས་པ་དང་། །ཞེས་པས། དངོས་པོ་ཐམས་ཅད་སེམས་ཉིད་དུ་རང་སྣང་བས་ཡུལ་སེམས་གཉིས་མེད་དུ་གསལ་བ་ནི་མ་ཆགས་པའི་ཡེ་ཤེས་སོ། །དེ་ལ་ཕོ་མོ་གཉིས་སུ་ཞེན་ཅིང་ཆགས་པ་ནི་ལོག་པའི་འདོད་ཆགས་སོ། །དེ་ལྟར་ལོག་པའི་འདོད་ཆགས་རང་ཁ་མ་དང་ཚུལ་མཐུན་པར་སྤྱོད་ཀྱང་། དེ་དག་སེམས་ཉིད་དུ་ཤེས་པའི་ལྟ་བ་དང་། འདུ་ཤེས་གསུམ་ལྡན་གྱི་སྒོམ་པ་དང་། ཐབས་ཀྱིས་ཟིན་པའི་སྤྱོད་པ་དང་གསུམ་ལྡན་གྱི་སྒོ་ནས། ཆགས་པ་ཉིད་ན་ཆགས་མེད་པ། །ཞེས་པས། ཆགས་པ་མ་འགགས་པར་སྤྱོད་པའི་དུས་ཉིད་ན་ཆགས་པའི་ངོ་ཉིད་ཡེ་ཤེས་སུ་གསལ་བས། ཆགས་པ་ཐ་མལ་པའི་ཉེས་སྐྱོན་གྱི་དྲི་མས་གོས་པ་མེད་པའོ། །དེ་ནི་ཚངས་མཆོག་རྒྱལ་པོ་སྟེ། །ཞེས་པས། དེ་ལྟར་ཆགས་པའི་ཉེས་སྐྱོན་གྱིས་མ་གོས་པ་དེ་ནི་ཚངས་པར་སྤྱོད་པའི་མཆོག་བདེ་བའི་ཡེ་ཤེས་ལ་དབང་སྒྱུར་བའི་རྒྱལ་པོ་ཡིན་ཏེ། ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །ཞེས་པས། དེ་ནི་ཤིན་ཏུ་ཡང་དག་པའི་ཆགས་པ་ཆེན་པོ་སྤངས་གཉེན་རོ་གཅིག་ཏུ་གྱུར་པ། དེ་བཞིན་གཤེགས་པའི་དགོངས་པའི་ངོ་བོ་ཉིད་ཡིན་ནོ། །དེ་ལྟར་ཤེས་ནས་འཛག་མེད་ཀྱི་ཡེ་ཤེས་བསྒྲུབ་པའི་དོན་དུ་ཆགས་པ་སྤྱད་པས། ཐེག་པ་འོག་མ་པས་མི་ཚངས་པར་སྤྱོད་པ་སྤངས་པའི་ཡོན་ཏན་ཞོར་ལ་རྫོགས་པའོ། །ཡང་འདི་དག་གི་སྐབས་སུ། བླ་མ་གོང་མ་འགའ་ཞིག་གི་བཞེད་ཀྱིས། སྲོག་གཅོད་པ་ལ་སྲོག་གཅོད་པ་སྤོང་བ་རྫོགས་པ་ནི། དོན་དམ་པ་ལ་སྲོག་གཅད་བྱ་གཅོད་བྱེད་གཉིས་མེད་དུ་རྟོགས། ཀུན་རྫོབ་རང་རིག་ཡེ་ཤེས་སྒྱུ་མར་རྟོགས། དེ་དག་ཀྱང་བདེན་པ་དབྱེར་མེད་དུ་རྟོགས་པའི་རྣལ་འབྱོར་པས་སྲོག་གཅད་ཀྱང་བདག་ལ་སྒྲིབ་པ་མི་གསོག །གཞན་ལ་སྡུག་བསྔལ་མི་སྐྱེད། ཡང་ན་སྒྲོལ་བའི་ཚད་རབ་ཐམས་ཅད་མཁྱེན་པའི་གོ་ཤར་བ། འབྲིང་ཡི་དམ་ལྷའི་ཞལ་མཐོང་བ། ཐ་མ་གོང་ལྟར་རྟོགས་དགོས་པ་ཡིན་ཞེ་ན། དེ་འདིར་མི་དགོས་ཏེ། རབ་གོང་གི་ལྟ་བ་རྟོགས་པ། འབྲིང་བསྒྲལ་བ་དེ་གནས་སྤོར་ནུས་པ། ཐ་མ་རང་གི་སྙིང་ལ་མཚོན་བཙུགས་ཀྱང་མི་དགའ་བ་མེད་པ་ཞིག་གིས་སྲོག་གཅོད་པའི་སྡོམ་པ་བླང་ངོ་། །དེ་ལ་ཐེག་པ་འོག་མ་པའི་སྲོག་གཅོད་སྤངས་པའི་ཡོན་ཏན་རྫོགས་སོ། །མ་བྱིན་པར་ལེན་པ་སྤོང་བ་རྫོགས་པ་ནི། རབ་བདག་གཞན་དབྱེར་མེད་རྟོགས་པའི་ལྟ་བ་དང་ལྡན་པ། འབྲིང་བསླངས་པའི་ཡོ་བྱད་གནས་སུ་སྟོབ་པ། ཐ་མ་རང་གི་ཡོ་བྱད་ཐམས་ཅད་གཞན་གྱིས་ཁྱེར་ཡང་སེམས་ལ་མི་དགའ་བ་མེད་པ་ཞིག་གིས་མ་བྱིན་བར་ལེན་པའི་སྡོམ་པ་བླང་ངོ་། །དེ་ལ་ཐེག་པ་འོག་མ་པའི་མ་བྱིན་པར་ལེན་པ་སྤོང་བའི་ཡོན་ཏན་རྫོགས་པའོ། །རྫུན་དུ་སྨྲ་བ་སྤོང་བ་རྫོགས་པ་ནི། རབ་ཆོས་ཐམས་ཅད་སྒྱུ་མའམ་རྫུན་གྱི་སྣང་བ་ཙམ་དུ་ཤེས་པ། འབྲིང་རྫུན་གྱི་སྒོ་ནས་བློ་ཕྱིན་ཅི་ལོག་ཏུ་ཞེན་པའི་གདུལ་བྱ་ཡང་དག་པའི་ལམ་ལ་འདྲེན་ནུས་པ། ཐ་མར་རང་ལ་གཞན་གྱིས་ངན་ཅི་སྨྲས་ཀྱང་། མི་དགའ་བ་མེད་པ་ཅིག་གིས་རྫུན་སྨྲ་བའི་སྡོམ་པ་བླང་ངོ་། །དེ་ལ་ཐེག་པ་འོག་མ་པས་རྫུན་སྤངས་པའི་ཡོན་ཏན་རྫོགས་སོ། །མི་ཚངས་པར་སྤྱོད་པ་སྤོང་བ་རྫོགས་པ་ནི། རབ་ཚངས་མཆོག་རྒྱལ་པོར་རྟོགས་པ། འབྲིང་ཐིག་ལེ་དབབ་པ་དང་བཟུང་བ་དང་བཟློག་པ་གསུམ་གྱི་ཐབས་དང་ལྡན་པས་བདེ་སྟོང་གཉིས་མེད་དུ་གསལ་བ། ཐ་མ་རང་གི་གཟུངས་མ་ལ་གཞན་གྱིས་རང་གི་མངོན་དུ་སྤྱད་ཀྱང་མི་དགའ་བ་མེད་པ་ཞིག་གིས་མི་ཚངས་པར་སྤྱོད་པའི་སྡོམ་པ་བླང་ངོ་། །དེ་ལ་ཐེག་པ་འོག་མ་པས་མི་ཚངས་པར་སྤྱོད་པ་སྤོང་པའི་ཡོན་ཏན་རྫོགས་པའོ། །གཉིས་པ་དམ་ཚིག་གི་རྣམ་གྲངས་མདོར་བསྟན་པ་ལ་གསུམ་སྟེ། རྩ་བའི་དམ་ཚིག་ལྔ་དང་། ཡན་ལག་གི་དམ་ཚིག་བཅུ་དང་། ཉམས་ན་སྐྱོན་ཡོད་པས་འདའ་བར་དཀའ་བའོ། །དང་པོ་རྩ་བའི་དམ་ཚིག་ལྔ་ནི། བླ་མེད་མི་སྤང་༴ དམ་ཚིག་མཆོག །ཅེས་པ་དེར་གདའ་ཞིང་། བླ་མེད་མི་སྤང་ཞེས་པས། ངོ་བོ་ཉིད་དང་ལམ་འབྲས་གོང་ན་གཞན་མེད་པའི་ཕྱིར་བླ་ན་མེད་པ་བྱང་ཆུབ་སེམས་ཀྱི་དམ་ཚིག་སྟེ། ཡང་ན་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་དང་། ཀུན་རྫོབ་ཏུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་པར་རྫོགས་པ་གཉིས་སྣང་སྟོང་གཉིས་སུ་མེད་པར་རྟོགས་ནས་སྒོ་གསུམ་ཡི་དམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས་མི་འདའ་ཞིང་མི་སྤང་བ་ནི་བྱང་ཆུབ་སེམས་ཀྱི་དམ་ཚིག་གོ། །འདི་ལ་ལྟ་སྤྱོད་ལྷས་མ་ཁྲེལ་བ་ཞིག་དགོས་གསུང་ངོ་། །དེ་ཡང་གསལ་བཀྲ་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །སེམས་ཅན་ཁམས་ཀྱང་དེར་ཤེས་ཤིང་། །སྣང་སྟོང་དབྱེར་མེད་རྡོ་རྗེའི་སྐུ། །བྱང་མཐོང་ཟོས་པ་ཐམས་ཅད་ལ། །སེམས་ཕྱིར་གང་ཡང་བྱས་སྣང་མེད། །དྲན་དང་ཤེས་བཞིན་མངོན་བཏང་ལ། །དུས་གསུམ་རྒྱུན་དུ་མ་དྲན་ན། །ཐེག་མཆོག་སྔགས་པར་ཅི་ཡིས་ཆུད། །ཅེས་གསུངས་སོ། །བླ་མ་བཀུར། ཞེས་པས། བླ་མ་ནི་རྡོ་རྗེ་སློབ་དཔོན་ཏེ། དེ་ལ་སྤར་ཁབ་ལྟར་རྣམ་པ་ལྔ་སྟེ། འདྲེན་པ་དང་། དམ་ཚིག་འབོགས་ཤིང་དབང་བསྐུར་བ་དང་། ཉམས་ཆག་སྐོང་བ་དང་། ཤེས་རྒྱུད་འགྲོལ་བ་དང་། མན་ངག་དང་ལུང་འབོགས་པའོ། །གསལ་བཀྲ་ལྟར་དྲུག་སྟེ། ལྟ་སྤྱོད་དམ་ཚིག་འབྲེལ་བ་ཡིས། །སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆག་སྐོང་དང་ཤེས་རྒྱུད་འགྲོལ། །མན་ངག་ལུང་གི་སློབ་དཔོན་རྣམས། །ཞེས་གསུངས་པས། དེ་རྣམས་བཀུར་བ་ནི། སྒོ་གསུམ་ཟོལ་ཟོག་མེད་པས་མཉེས་པར་བྱ་བ་སྟེ། འདི་ལ་སྲི་ཞུ་སློབ་དཔོན་གྱིས་མཁྲེལ་བ་ཞིག་དགོས་གསུང་ངོ་། །དེ་ཡང་། གསལ་བཀྲ་ལས། ལུས་ལ་དབང་བའི་རྒྱལ་པོ་དང་། །ཁུ་བོ་ཕ་དང་མ་དང་མིག །སྙིང་བས་ལྷག་པའི་ཚུལ་ལྟ་སྟེ། །སྒོ་གསུམ་ཟོལ་སྒྱུ་མེད་པ་ནི། །ཡི་དམ་ལྷ་ལྟར་རྒྱུན་དུ་བསམ། །ཞེས་གསུངས་སོ། །འདིར་གོང་འོག་བརྩེགས་སྡེབ་ཅུང་ཟད་ཙམ་ཞིག་བྱེད་པས། ཡང་དག་ལམ་དུ་ཞུགས་ལ་བྱམས། །ཞེས་པས། ཡང་དག་པའི་བསྐྱེད་རྫོགས་རྣམ་པ་གཉིས་ཟུང་འཇུག་གི་ལམ་དུ་ཞུགས་པ་རྣམས་ནི་རྡོ་རྗེའི་སྤུན་ནོ། །དེ་ལ་སྤར་ཁབ་ལྟར་གསུམ་སྟེ། ཉེ་བ་དང་། རིང་བ་དང་། འདྲེས་པའོ། །གསལ་བཀྲ་ལྟར་བཞི་སྟེ། སྤྱི་ཡི་མཆེད་དང་ཉེ་བའི་མཆེད། །རིང་བའི་མཆེད་དང་འདྲེས་པའི་མཆེད། །ཅེས་པས། དེ་དག་ལ་སྒོ་གསུམ་གྱིས་ཕན་པའི་རྩལ་བྱིན་པ་ནི་བྱམས་པའོ། །འདི་ལག་རྩེ་གདུང་མཆེད་ལྕམ་གྱིས་མ་ཁྲེལ་བ་ཞིག་དགོས་གསུང་ངོ་། །དེ་ཡང་། གསལ་བཀྲ་ལས། མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་ཡང་བདག་ལས་གཞན་མིན་དང་། །བདེ་གཤེགས་སྙིང་པོའི་སྤུན་ཡིན་ཕྱིར། །མ་འོངས་སངས་རྒྱས་རང་བཞིན་ནི། །སྤྱི་ཡི་མཆེད་དེ་ཕ་ཚན་བཞིན། །སངས་རྒྱས་ཆོས་ཞུགས་རིང་བ་དང་། །ལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཕ་གཅིག་དམ་ཚིག་ནང་འདྲེས་པ། །ནང་ཚན་ཕས་སྤུན་སྤུན་བས་ཀྱང་། །ལྷག་པར་བལྟས་ཏེ་བསྲུང་བ་ནི། །ལུས་ཀྱི་ཟས་ནོར་མཉེས་བྱས་ལ། །སྦུར་མ་ལྟ་བུར་འཕངས་བྱ་མིན། །གདན་བཏིང་ཁུད་སོགས་ལས་བྱ་བ། །བྲན་བཞིན་ངེས་པར་དང་དུ་བླང་། །ཞེས་གསུངས་སོ། །དེ་ལྟར་བླ་མ་བཀུར་བ་དང་། མཆེད་ལ་བྱམས་པ་གཉིས་ནི་སྐུའི་དམ་ཚིག་གོ། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཅེས་པས། རྒྱུ་མ་ནོར་བ་རྩ་བའི་སྔགས་དང་། བསྐྱེད་པ་རྐྱེན་གྱི་སྔགས་དང་། བཟླས་པ་ལས་ཀྱི་སྔགས་ཏེ་སྔགས་གསུམ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང། སྐུ་ཕྱག་རྒྱ་ཆེན་པོ་སྟེ་ཕྱག་རྒྱ་བཞི་པོ་དེ་དག་བརྩོན་པ་རབ་ཀྱིས་སྐད་ཅིག་མའི་རྒྱུན་དུ་བར་མི་གཅད་པར་ཆུ་བོའི་རྒྱུན་བཞིན་ནམ། ཉིན་ཞག་གཅིག་ལ་ཐུན་དྲུག་གམ། ཐུན་བཞིའི་རྣལ་འབྱོར་དུ་བྱ་བ་དང་། འབྲིང་གིས་ཟླ་བ་གཅིག་ལ་དུས་ཚིགས་དྲུག་གམ། དུས་བཟང་བཞིའམ། ཉ་སྟོང་གཉིས་ལ་རྣལ་འབྱོར་དང་ལྡན་པར་བྱ་བ་དང་། ཐ་མས་ཀྱང་ཟླ་དུས་སམ། ར་བ་བཞི་འམ་ལོ་དུས་སུ་ཡི་དམ་གྱི་སྒོམ་བཟླས་དང་། ཚོགས་གཏོར་རྣམས་མ་ཆག་པར་བྱ་བ་ནི་གསུང་གི་དམ་ཚིག་གོ། །དེ་ཡང་། གསལ་བཀྲ་ལས། རྩ་བ་བསྐྱེད་དང་ལས་སྔགས་དང་། །དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །རང་གི་སྒོ་གསུམ་ཡི་དམ་གྱི། །སྐུ་གསུང་ཐུགས་སུ་མངོན་སྦྱར་ལ། །རྟག་ཏུ་བཟླས་པ་བྱེད་པ་ནི། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །རབ་ཀྱིས་ཆུ་བོའི་གཞུང་བཞིན་ནམ། །ཉིན་གསུམ་མཚན་གསུམ་ཉག་གཅིག་ཏུའང་། །མ་ཡེངས་ཙམ་དུ་ངང་གིས་བཟླས། །འབྲིང་གིས་ཟླ་གཅིག་དུས་དྲུག་དང་། །དུས་བཞི་བར་དུ་མི་གཅད་ཅིང་། །ཐ་མ་བྱ་བའི་རྣལ་འབྱོར་པས། །ཟླ་རེའམ་ར་བའི་དུས་དག་ཏུ། །བརྩོན་པར་འབད་དེ་མི་བྱེད་པ། །བྱང་ཆུབ་ས་བོན་བརླག་པ་ཡིན། །ཚོགས་དང་གཏོར་མའང་དེ་བཞིན་དུ། །ཐ་ན་ལོ་ཟླའང་མི་འདའོ། །ཞེས་སོ། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །ཞེས་པས། གསང་བའི་དམ་ཚིག་ནི། སྤར་ཁབ་དང་། གསལ་བཀྲ་གཉིས་ཀ་མཐུན་པར་བཅུ་སྟེ། སྤྱིར་གསང་བཞི། བར་གསང་བཞི། གསང་བ་འོས་པ་དང་། གསང་བར་གཉེན་གཏད་པའོ། །དེ་ལ་སྤྱིར་གསང་བཞི་ནི། གསལ་བཀྲ་ལས། ལྟ་ཟབ་སྤྱོད་པ་བརླང་པོ་དང་། ལྷ་མིང་གཟུངས་དང་གྲུབ་རྟགས་རྣམས། །སྤྱིར་གསང་རྣམ་པ་བཞིར་བཤད་དོ། །བར་གསང་བཞི་ནི། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་བ་བསྒྲུབ་པར་བྱ། །གསང་བར་འོས་པ་ནི། མཆོད་རྫས་དང་གསང་སྤྱོད་ལ་སོགས་པ་གསང་བར་འོས་པ་རྣམས་གསང་བ་སྟེ། དེ་ཡང་། གསང་བར་འོས་པ་མདོར་བསྡུ་ན། །ཕུད་དང་གཏོར་མ་ཚོགས་དག་དང་། །བྷནྡྷ་ཕུར་པ་མར་མེའི་སྣོད། །རྫས་དང་ལག་ཆ་དཀྱིལ་འཁོར་རྣམས། །སྐྱེ་བོས་མཐོང་བར་ཡོངས་མི་བྱ། །དྲིལ་བུ་རྔ་ཆུང་ལ་སོགས་སྒྲ། །སྐྱེ་བོས་ཐོས་སར་ཡོངས་མི་བརྡུང་། །གྲོགས་པོའི་སྤྱོད་དང་མཚང་རྣམས་དང་། །སེམས་ཅན་ཀུན་གྱི་ངན་སྤྱོད་དང་། །ཀུན་ལ་གནོད་པའི་སྤྱོད་པ་རྣམས། །ཤིན་ཏུ་གསང་བ་བྱང་ཆུབ་རྒྱུད། །ཅེས་སོ། །གསང་བར་གཉེན་གཏད་པ་ནི། སློབ་དཔོན་དང་མཆེད་ཀྱིས་གསང་བར་གཉེར་གཏད་པ་རྣམས་ཏེ། དེ་ཡང་། གཉེན་གཏད་པ་ནི་གདམས་པ་སྟེ། སྔར་བཤད་དཔོན་མཆེད་རྣམས་ཀྱིས་སོ། །ཞེས་སོ། །དེ་ལྟར་གསང་བཅུ་དེ་དག་བདག་གི་དོན་དང་། གཞན་གྱི་དོན་དང་། ཆོས་ཀྱི་དོན་དང་། གྲོགས་པོའི་དོན་དང་། དོན་བཞི་པོ་ཁོ་ནར་འགྱུར་བར་བྱ་བའི་ཕྱིར། དམ་ཚིག་མེད་པ་དང་། ཉམས་པ་དང་། མ་འདྲེས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། དམ་འདྲེས་པ་དག་ལ་ཡང་གནས་སྐབས་དང་སྦྱར་ལ་གསང་བ་སྟེ། ཚིག་དང་སྤྱོད་ལམ་ཡན་ཆད་ཀྱི་སྤ་ཞིང་སྨྲ་བར་མི་བྱ་བ་ནི་ཐུགས་ཀྱི་དམ་ཚིག་གོ། །དེ་དག་ནི་ཆོས་ལ་སྐྱོན་ཡོད་པས་གསང་བ་མ་ཡིན་ཏེ། གསལ་བཀྲ་ལས། གསང་སྔགས་གསང་ཞེས་བྱ་བ་ནི། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་རབ་ཏུ་གསང་། །གསང་ཐུབ་དངོས་གྲུབ་མི་ཡལ་བས། །གསང་ཕྱིར་གདམས་ངག་སྣ་ཚོགས་གསུངས། །ཞེས་སོ། །འདི་རྣམས་ལ་གཡོ་སྒྱུ་རང་སེམས་ཀྱིས་མ་ཁྲེལ་བ་ཞིག་དགོས་གསུང་ངོ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །ཞེས་པས། དེ་ལྟར་དམ་ཚིག་ལྔ་པོ་འདི་དག་ནི་ལམ་དང་འབྲས་བུའི་ཡོན་ཏན་མཐའ་དག་གི་གཞི་རྟེན་ཡིན་པའི་ཕྱིར་རྩ་བའི་དམ་ཚིག་ལྔ་རྣམས་ཞེས་གསུངས་པ་ཡིན་ཏེ། གསལ་བཀྲ་ལས། བྱང་སེམས་རྣམ་གཉིས་སློབ་དཔོན་དྲུག །མཆེད་བཞི་སྔགས་གསུམ་ཕྱག་རྒྱ་བཞི། །གསང་བཅུ་རྩ་བར་ཤེས་པར་བྱ། །ཞེས་སོ། །སྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་པས། དེ་ཡང་བླ་མེད་མི་སྤང་བ་དང་། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་གཉིས་ནི། སྒྲུབ་པའི་དམ་ཚིག་ཡིན་པ་དང་། བླ་མ་བཀུར་བ་དང་མཆེད་ལ་བྱམས་པ་གཉིས། གསང་བ་གཞན་ལ་མི་སྤེལ་བ་དང་གསུམ་ནི། བསྲུང་བའི་དམ་ཚིག་ཡིན་ལ། དེ་ལྟར་རྩ་བའི་དམ་ཚིག་ལྔ་པོ་དེ་དག་ཡན་ལག་གི་དམ་ཚིག་ལས་ཁྱད་པར་དུ་གྱུར་པས་ན་མཆོག་ཅེས་བྱའོ། །གཉིས་པ་ཡན་ལག་གི་དམ་ཚིག་བཅུ་བསྟན་པ་ལ་གསུམ་སྟེ། མི་སྤང་བའི་དམ་ཚིག་ལྔ་བསྟན་པ་དང་། མི་དོར་བའི་དམ་ཚིག་ལྔ་བསྟན་པ་དང་། མཇུག་བསྡུ་བ་ཡོན་ཏན་དང་བཅས་པ་བསྟན་པའོ། །དང་པོ་མི་སྤང་བའི་དམ་ཚིག་ལྔ་བསྟན་པ་ནི། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །ཞེས་པ་དེར་གདའ་ཞིང་། འདི་ལ་སྤྱིར་ཡང་དག་པའི་དུག་ལྔ་དང་། ལོག་པའི་དུས་ལྔ་གཉིས་སུ་རྒྱས་པའི་ལེའུ་བདུན་ཅུ་དོན་གཅིག་པ་ནས་གསུངས་ཤིང་། གསལ་བཀྲ་ལས་ཀྱང་། མི་སྤང་དམ་ཚིག་བཤད་བྱ་བ། །ཡང་དག་དུག་ལྔ་ལོག་དུག་ལྔ། །ཞེས་པས། དེ་ལ་དང་པོ་ཡང་དག་པའི་དུག་ལྔ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་གཉིས་མེད་མཉམ་ཉིད་དུ་རྟོགས་ཙམ་ན། རྟོགས་མེད་ཀྱི་ཤེས་པ་ལ་ཆོས་ཐམས་ཅད་བཟང་ངན་དུ་མི་འབྱེད་པ་ནི་གཏི་མུག་དང་། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་ཐུགས་རྗེས་ཆགས་པའམ། རྟོགས་པའི་ལྟ་བ་དང་འདུ་འབྲལ་མེད་པས་འདོད་ཆགས་དང་། རང་བྱུང་གི་ཡེ་ཤེས་སུ་གསལ་ཙ་ན་ལོག་ལྟ་འཇོམས་པའི་ཞེ་སྡང་དང་། རང་བྱུང་གི་ཡེ་ཤེས་ལས་མ་གཏོགས་པའི་ཆོས་གཞན་མེད་པར་ཤེས་པས་སམ། མཉམ་ཉིད་རྟོགས་པའི་ལྟ་བ་ཤོང་མི་འབེབས་པའི་ང་རྒྱལ་དང་། གཉིས་འཛིན་ཅན་གྱི་ལྟ་སྤྱོད་མཉམ་པ་ཉིད་ཀྱི་ཀློང་དུ་མི་ཤོང་བའི་ཕྲག་དོག་སྟེ། དེ་ལྟར་ཡང་དག་པའི་དུག་ལྔ་ལ་གནས་པས་ནི་ཐེག་པ་ཆེན་པོའི་ལྟ་སྤྱོད་དམ་ཚིག་ཐམས་ཅད་རྫོགས་པར་འགྱུར་བ་ཡིན་པས་དེ་དག་སྤངས་ན་བདག་གཞན་གྱི་དོན་གཉིས་མི་འགྲུབ་སྟེ། བྱིན་གྱིས་རླབས་མེད་པར་འགྱུར་བའི་ཕྱིར་མི་སྤང་ངོ་། །དེ་ཡང་། གསལ་བཀྲ་ལས། ལྟ་བས་ཕྱོགས་རིས་མི་ཕྱེད་དང་། །སྤྱོད་པས་བླང་དོར་མི་བྱ་བ། །ཐེག་པ་ཆེན་པོའི་གཏི་མུག་གོ། །བཤད་པའི་ཐབས་མཁས་འདོད་ཆགས་དང་། །ལོངས་སྤྱོད་སེམས་ཀྱི་རྒྱན་ཤེས་ནས། །ཤིན་ཏུ་ཞེན་པ་ལམ་དུ་གསུང་། །ཞིང་བཅུ་རླག་བྱེད་ཞེ་སྡང་མཆོག །ལྟ་ངན་འཇོམས་པ་དེ་བཞིན་ཏེ། །ཐབས་ལ་མཁས་པས་སྤྱོད་པ་ཡིས། །མངོན་པར་མཐོ་བའི་ལྟ་བ་དང་། །ཏིང་འཛིན་ངེས་པའི་བྲན་ཚུགས་པ། །ཤིན་ཏུ་ང་རྒྱལ་མཆོག་ཏུ་གསུང་། །ལྟ་སྤྱོད་དམན་ལ་ཕྲག་དོག་ཅིང་། །དམ་མ་འདྲེས་རྣམས་སྤོང་བྱེད་པ། །ཕྲག་དོག་དམ་ཚིག་བསྲུང་བ་ཡིན། །ཞེས་སོ། །གཉིས་པ་ལོག་པའི་དུག་ལྔ་ནི། སྤྱིའི་མཚན་ཉིད་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ཡིན་ལ། རང་གི་མཚན་ཉིད་སེམས་ཀུན་ནས་བླུན་ཞིང་རྨོངས་པ་གཏི་མུག་པ་དང་། ཕྱི་རྫས་དང་། ནང་སེམས་ཅན་ལ་རང་དབང་མེད་པར་ཞེན་ཅིང་སྲེད་པ་འདོད་ཆགས་དང་། ཀུན་ནས་མནར་སེམས་ཤིང་འཁྲུག་པ་ཞེ་སྡང་དང་། ཁོང་ནས་འགྱིངས་ཤིང་ཁེངས་པ་ང་རྒྱལ་དང་། གཞན་གྱི་ཕུན་སུམ་ཚོགས་པ་ཕྲག་ཏུ་མི་ཤོང་བ་ཕྲག་དོག་གི་མཚན་ཉིད་ཡིན་ལ་། །དེ་ལྟར་ལོག་པའི་དུག་ལྔ་པོ་དེ་དག་གི་རང་དང་སྤྱིའི་མཚན་ཉིད་རྟོགས་ཤིང་ཉམས་སུ་ལོན་ན་སྐུ་གསུང་ཐུགས་ཁོ་ན་ལས་སྤང་བྱ་གང་ཡང་མི་དམིགས་པའི་ཕྱིར་སྤང་ལ་དེ་དག །སྤངས་ན། ལྟ་བའི་ཀླུངས་ལས་ཉམས་ནས་ཉན་ཐོས་ཀྱི་ཐེག་པར་གོལ་བར་འགྱུར་བའི་ཕྱིར་མི་སྤང་ངོ་། །དེ་ཡང་མདོ་ལས། གཏི་མུག་མ་འདྲེས་ཀུན་ནས་རྨོངས། །འདོད་ཆགས་མ་འདྲེས་ཀུན་ཏུ་ཞེན། །ཞེ་སྡང་མ་འདྲེས་མནར་སེམས་པ། །ང་རྒྱལ་མ་འདྲེས་རི་བོ་ཆེ། །ཕྲག་དོག་མ་འདྲེས་ཀུན་ཏུ་འཁྲུག །ཅེས་སོ། །སྐབས་འདིར་ལོག་པའི་དུག་ལྔ་མི་སྤོང་བར་བཤད་པ་འདི། གསང་བ་ཡིན་ནམ་བསྒྲགས་པ་ཡིན། །དྲང་དོན་ཡིན་ནམ་ངེས་དོན་ཡིན། མི་སྤང་བའི་རྒྱུ་མཚན་ནམ་གཏན་ཚིགས་གང་ཡིན། མ་སྤངས་པ་ལ་དགོས་ཆེད་ཅི་ཡོད། ལམ་དུ་བྱེད་ཚུལ་ཇི་ལྟར་དུ་བྱེད། ཅེ་ན། དྲི་བ་དང་པོ་གསང་བ་ཡིན་ནམ་བསྒྲགས་པ་ཡིན་ཞེས་པའི་ལན་ནི། སྣོད་དང་མི་ལྡན་པའི་གང་ཟག་བློ་ཆུང་གསང་སྔགས་སྒྲ་ཇི་བཞིན་པར་སྤྱོད་པ་ལ་གསང་ཞིང་། སྣོད་དང་ལྡན་པའི་གང་ཟག་བློ་ཆེན་དབང་པོ་ཡང་རབ་མཆོག་ཏུ་གྱུར་པ་ཡང་དག་པའི་ལམ་དུ་ཞུགས་པ་ལ་བསྒྲགས་པ་ཡིན་ནོ། །དྲི་བ་གཉིས་པ་དྲང་དོན་ཡིན་ནམ་ངེས་དོན་ཡིན་ཞེས་པའི་ལན་ནི། ཉོན་མོངས་པའི་རང་བཞིན་ཅན་དང་ཡེ་ཤེས་གཉིས་སྤང་གཉེན་དུ་ལྟ་བ་ལ་དྲང་དོན་ཡིན་ལ། གཉིས་མེད་དུ་ལྟ་བ་ལ་ངེས་དོན་ཡིན་ཏེ། རྒྱས་པ་ལས། རྣམ་རྟོག་ཉིད་ན་རང་བྱུང་ཡེ་ཤེས་ཏེ། །རྣམ་རྟོག་མི་སྐྱེ་ཡེ་ཤེས་བརྗོད་དུ་མེད། །ཅེས་དང་། ཀུན་བྱེད་ལས་ཀྱང་། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་། །ཞེས་གསུངས་སོ། །དྲི་བ་གསུམ་མི་སྤོང་བའི་རྒྱུ་མཚན་ནམ་གཏན་ཚིགས་གང་ཡིན་ཞེས་པའི་ལན་ནི། ལོག་པའི་དུག་ལྔ་མི་སྤོང་བའི་གཏན་ཚིགས་ལྔ་སྟེ། དུག་ལྔ་སྤང་བར་བྱ་བའི་གཞིའམ་རྫས་མ་གྲུབ་པའི་ཕྱིར་མི་སྤང་བ་དང་། རྣམ་པར་བྱང་བའི་ལམ་ཡིན་པའི་ཕྱིར་མི་སྤང་བ་དང་། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཡིན་པའི་ཕྱིར་མི་སྤང་བ་དང་། ཐབས་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་མི་སྤང་བ་དང་། རིགས་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར་མི་སྤང་བའོ། །དེ་ལ་དང་པོ། དུག་ལྔ་སྤ ང་བར་བྱ་བའི་གཞིའམ་རྫས་མ་གྲུབ་པའི་ཕྱིར་མི་སྤང་བ་ནི། ལོག་པའི་དུག་ལྔ་ཆོས་ཅན། སྤང་བར་བྱ་བའི་གཞིར་མ་གྲུབ་སྟེ། ཤེས་བྱའི་གཤིས་ལ་དུག་ལྔ་ཡེ་ཤེས་ལྔ་ཐ་དད་དུ་མ་གྲུབ་པས་ཉོན་མོངས་པ་རང་ཁམ་མེད་པའི་ཕྱིར། དཔེར་ན། ཐག་ཁྲ་སྦྲུལ་དུ་སྣང་ཡང་གཤིས་ལ་སྦྲུལ་མེད་པ་བཞིན་ནོ། །དེ་ཡང་རྒྱས་པ་ལས། མ་རིག་པ་ཉིད་སྤང་དུ་མེད། །རིག་པ་ཡེ་ཤེས་བསྒྲུབ་ཏུ་མེད། །ཅེས་པས་མངོན་ནོ། །གཉིས་པ་དུག་ལྔ་རྣམ་པར་བྱང་བའི་ལམ་ཡིན་པའི་ཕྱིར་མི་སྤང་བ་ནི། ལོག་པའི་དུག་ལྔ་ཆོས་ཅན། རྣམ་པར་བྱང་བའི་ལམ་ཡིན་ཏེ། དུག་ལྔ་སྤྱིའི་མཚན་ཉིད་སྟོང་ཞིང་བདག་མེད་དུ་རྟོགས། རང་གི་མཚན་ཉིད་ཡེ་ཤེས་ལྔར་རྟོགས། དེ་ཡང་གཉིས་མེད་དུ་རྟོགས་པས། དུག་ལྔ་གང་སྐྱེས་ཆོས་ཉིད་དུ་འཆར་བ་ལས་གཞན་པའི་འབྲས་བུ་བསྒྲུབ་བྱ་མེད་པའི་ཕྱིར། དཔེར་ན། དུག་གི་སྨན་མར་གྱིས་དུག་ནད་འཇོམས་ཤིང་རོ་རྩའི་མཆོག་ཏུ་འགྱུར་བ་བཞིན་ནོ། །དེ་ཡང་རྒྱས་པ་ལས། ཉོན་མོངས་རང་དང་སྤྱིར་བསྟན་པ། །མཚན་ཉིད་མ་ནོར་དོན་རྟོགས་ན། །རྣམ་པར་བྱང་བའི་ལམ་དུ་འགྱུར། །ཞེས་པ་དང་། ཀུན་བྱེད་ལས་ཀྱང་། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང། །བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་། །ཀུན་སྤྱོད་ཡོན་ཏན་ལྔ་རྣམས་ཀྱང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། །ཞེས་གསུངས་སོ། །དེ་ཡང་ལོག་པའི་དུག་ལྔ་པོ་ལམ་དུ་འགྲོ་བའི་གནད་ནི། ཞེ་སྡང་མེད་ན་རང་གི་ཡེ་ཤེས་གསལ་མི་ཐེབས། འདོད་ཆགས་མེད་ན་རྒྱུད་དུམ་བུར་འགྱུར་ཏེ་འབྲལ་མེད་རྒྱུད་ལ་མི་སྐྱེ། གཏི་མུག་མེད་ན་བཟང་ངན་དུ་འབྱེད་པའི་རྟོག་མེད་ཀྱི་ཤེས་པ་རྒྱུད་ལ་མི་སྐྱེ། ང་རྒྱལ་མེད་ན་ཆོས་ཉིད་དུ་ལ་མི་ཟློས། །ཕྲག་དོག་མེད་ན་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོད་མི་སྙོམས་པའི་ཕྱིར་རོ། །དེས་ན། གསལ་ཐེབས་འབྲལ་བ་མེད་འབྱེད་པ་མེད་ཆོས་ཉིད་དུ་ལ་ཟློས་མཉམ་པ་ཉིད་དུ་ཁོད་སྙོམས་པས་ལམ་དུ་འགྱུར་བའི་ཕྱིར། རྨ་བྱ་དུག་ལ་ལོངས་སྤྱོད་པས་སྤུ་མདངས་ལེགས་ཤིང་སྐད་སྙན་པ་བཞིན་ནོ། །གསུམ་པ་དུག་ལྔ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཡིན་པའི་ཕྱིར་མི་སྤང་བ་ནི། ལོག་པའི་དུག་ལྔ་ཆོས་ཅན། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཏུ་འགྱུར་ཏེ། དུག་ལྔ་ཡི་གེ་ཨས་མཚོན་ནས་སྐུ། ཨོས་མཚོན་ནས་གསུང་། ཨཱོཾ་གྱིས་མཚོན་ནས་ཐུགས་སུ་བརྡ་སྤྲད་པས་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ལས་མི་འདའ་བའི་ཕྱིར་རོ། །དཔེར་ན་དུག་ལ་སྔགས་ཀྱི་བཏབ་པ་བཞིན་ནོ། །དེ་ཡང་སྤྱི་མདོ་ལས། ཉོན་མོངས་དུག་ལྔར་སྣང་གྲུབ་ཀྱང་། །གང་ནའང་མེད་དེ་དེ་ཉིད་ཡིན། །ཞེས་སོ། །བཞི་པ་དུག་ལྔ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་མི་སྤང་བ་ནི། ལོག་པའི་དུག་ལྔ་ཆོས་ཅན་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་ཏེ། དུག་ལྔ་ཡེ་ཤེས་ལྔར་མ་འགགས་པར་འཆར་བ་ཐབས་དང་། དེ་ལ་རང་བཞིན་མེད་པར་རྟོགས་པ་ཤེས་རབ་ཡིན་ལ། དེ་གཉིས་ཡེ་ནས་དབྱེར་མི་ཕྱེད་པའི་ཕྱིར་རོ། །དཔེར་ན་ཚད་ནད་ཅན་དང་རླུང་ནད་ཅན་ལ། ག་བུར་སྨན་དང་དུག་ཏུ་སྣང་ཡང་། ག་བུར་ལ་སྨན་དུག་དབྱེར་མེད་པ་བཞིན་ནོ། །དེ་ཡང་རྒྱས་པ་ལས། མ་འགག་སྣང་བ་ཐབས་ཡིན་ཏེ། །རང་བཞིན་མེད་པ་ཤེས་རབ་ཡིན། །ཞེས་གསུངས་སོ། །ལྔ་པ་དུག་ལྔ་རིགས་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར་མི་སྤང་བ་ནི། ལོག་པའི་དུག་ལྔ་ཆོས་ཅན། རིགས་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཡིན་ཏེ། ཞེ་སྔང་མི་བསྐྱེད་པ་རྡོ་རྗེའི་རིགས་དང་སྟོང་པ་ཉིད་ཀྱི་ཡེ་ཤེས། གཏི་མུག་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པའི་རིགས་དང་མེ་ལོང་ལྟ་བུའི་ཡེ་ཤེས། ང་རྒྱལ་རིན་ཆེན་འབྱུང་ལྡན་རིན་པོ་ཆེའི་རིགས་དང་མཉམ་པ་ཉིད་ཀྱི་ཡེ་ཤེས། འདོད་ཆགས་སྣང་བ་མཐའ་ཡས་པདྨའི་རིགས་དང་སོ་སོར་རྟོག་པའི་ཡེ་ཤེས། ཕྲག་དོག་དོན་ཡོད་གྲུབ་པ་ལས་ཀྱི་རིགས་དང་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་པའི་ཕྱིར། དཔེར་ན་འཁྱགས་པའི་བདག་ཉིད་ཆུ་ཡིན་པ་བཞིན་ནོ། །དེ་ཡང་ཀུན་བྱེད་ལས། ཞེ་སྡང་རང་བྱུང་ཡེ་ཤེས་ཆེན་པོ་དང་། །ཞེས་སོགས་དང་། སྤྱི་མདོ་ལས། ཉོན་མོངས་དུག་ལྔར་སྣང་བའི་རང་བཞིན་རྣམས། །རྣམ་གྲོལ་ཡེ་ཤེས་ལྔ་ཡི་ངང་དུ་སྣང་། །ཞེས་པ་ལ་སོགས་པ་གསུངས་སོ། །དྲི་བ་བཞི་པ། དུག་ལྔ་མ་སྤངས་པ་ལ་དགོས་ཆེད་ཅི་ཡོད་ཅེས་པའི་ལན་ནི། ལོག་པའི་དུག་ལྔ་མ་སྤངས་པའི་དགོས་ཆེད་ལ་ཡང་ལྔ་སྟེ། དངོས་པོ་ལ་མངོན་པར་ཞེན་པའི་བློ་ལྡོག་པའི་དགོས་ཆེད་དང་། སྤྲོས་པའི་བག་ཆགས་ཉེ་བར་ཞི་བའི་དགོས་ཆེད་དང་། ཆོས་ཉིད་ཟབ་མོའི་དོན་ལ་བློ་མྱུར་བའི་དགོས་ཆེད་དང་། བཀའ་ཟབ་མོ་ལ་གུས་པ་སྐྱེ་བའི་དགོས་ཆེད་དང་། སྤྱོད་ལམ་ཚོགས་སུ་འགྱུར་བའི་དགོས་ཆེད་དོ། །དེ་ལ་དང་པོ་དངོས་པོ་ལ་མངོན་པར་ཞེན་པའི་བློ་ལྡོག་པའི་དགོས་ཆེད་ནི། དཔེར་ན་ཕ་མེས་ཐམས་ཅད་མེས་ཚིག་ནས་ཤི་བའི་མི་ཞིག་གི་བསམ་པས། མེ་ནི་ཚ་ཞིང་སྲེག་བ་ཁོ་ནའོ་སྙམ་དུ་མངོན་པར་ཞེན་པ་ཅིག །དུས་ནམ་ཞིག་གི་ཚེ་འབྲོག་དགོན་པ་ཞིག་ཏུ་ཕྱིན་པས། དེ་ན་དྲང་སྲོང་མེའི་གཙང་སྦྲ་ཅན་བྱ་བ་དང་། རི་དྭགས་མེ་བྱི་དཀར་པོ་བྱ་བ་མེ་ལ་གནས་བཅས་ནས་འཚོ་བའི་ལོངས་སྤྱོད་ཐམས་ཅད་མེ་འབའ་ཞིག་གིས་བྱེད་ཀྱང་། མདོག་ལེགས་ཤིང་མདངས་གསལ་བར་མཐོང་བས། འོ་ན་མེ་འདི་ཚ་ཞིང་སྲེག་པ་ཁོ་ནར་འདུག་སྙམ་པའི་མངོན་པར་ཞེན་པ་ལོག་གོ། །དཔེ་དེ་བཞིན་དུ་ཐེག་པ་འོག་མ་པ་ཉོན་མོངས་པ་འཁོར་བའི་ཆོས་ཁོ་ནར་བཟུང་སྟེ། སྤོང་འགེགས་སྦྱོང་སྒྱུར་བྱེད་པ་ལ། གསང་སྔགས་པས། ཉོན་མོངས་པ་ཉིད་རང་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་པས་མ་སྤངས་བར་ལམ་དུ་བྱས་ན། འབྲས་བུ་རྫོགས་པའི་སངས་རྒྱས་ཚེ་གཅིག་ལུས་གཅིག་ལ་འཐོབ་བོ་ཞེས་བརྗོད་པས། ཐེག་པ་འོག་མ་བ་དུག་ལྔ་འཁོར་བའི་ཆོས་ཁོ་ན་ཡིན་སྙམ་བའི་མངོན་པར་ཞེན་པ་ལས་གྲོལ་ལོ། །གཉིས་པ་སྤྲོས་པའི་བག་ཆགས་ཉེ་བར་ཞི་བའི་དགོས་ཆེད་ནི། སྤང་བླང་ལ་སོགས་པ་གཉིས་བྱུང་ཕན་ཆོད་སྤྲོས་པ་སྟེ་གཉིས་སུ་ཞེན་པ་ལས་ལོག་ཙ་ན་སྤྲོས་པའི་བག་ཆགས་ཞི་བའོ། །གསུམ་པ་ཆོས་ཉིད་ཟབ་མོའི་དོན་ལ་བློ་མྱུར་བའི་དགོས་ཆེད་ནི། ཉོན་མོངས་ཉིད་ཆོས་ཉིད་ཡིན་པས་དེ་ལྟར་རྟོགས་ན། ལམ་དང་འབྲས་བུ་གཞན་ནས་བཙལ་མི་དགོས་པར་ཐག་ཆོད་པས་ཆོས་ཉིད་ཟབ་མོའི་དོན་ལ་བློ་མྱུར་བའོ། །བཞི་པ་བཀའ་ཟབ་མོ་ལ་གུས་པ་སྐྱེ་བའི་དགོས་ཆེད་ནི། ཉོན་མོངས་པ་མ་སྤང་བར་བྱང་ཆུབ་ཐོབ་པའི་ཐབས་ཁྱད་པར་ཅན་དང་ལྡན་པ་སྔགས་ཀྱི་བཀའ་བརྒྱུད་འདི་ནི། ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པས་ཤིན་ཏུ་ཟབ་པའོ་སྙམ་པའི་གུས་པ་སྐྱེ་བའོ། །ལྔ་པ་སྤྱོད་ལམ་ཚོགས་སུ་འགྱུར་བའི་དགོས་ཆེད་ནི། སྒོ་གསུམ་གྱི་བྱེད་སྤྱོད་ཐམས་ཅད་མ་འགགས་པར་ཤེས་པས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས། དེ་ལ་རང་བཞིན་མེད་པར་ཤེས་བས་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ། དེའི་གནད་ཀྱིས་ཉོན་མོངས་པ་དང་རྣམ་རྟོག་ཡེ་ཤེས་སུ་འཆར་བའོ། །དེ་ཡང་རང་གི་སེམས་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་ཙ་ན། ཉོན་མོངས་པ་ལྔའི་རོ་མ་འགག་པར་སྐྱེས་བ་ཉིད་ཆོས་ཉིད་དུ་འཆར་ཏེ། དེ་ལྟར་ཤར་ཙ་ན་རང་རྒྱུད་དུ་མི་འཆོར་རོ། །སྐྱེ་བོ་ཐ་མལ་པ་ལྟར་ཉོན་མོངས་པའི་མཐའ་ལ་ཞེན་པ་ཡང་མེད་དོ། །དེ་ཡང་། རྨད་བྱུང་ལས། སྟོང་པ་བསྒོམས་པས་ཡེ་ཤེས་སྐྱེ་མི་འགྱུར། །སྣང་བ་འདི་ལ་ཞེན་པ་དྲག་བྱས་ན། །ཉོན་མོངས་ཤས་ཆེའི་ས་ན་ཡེ་ཤེས་འབར། །དཔེར་ན་ཆུ་བོ་ཆེན་པོ་འབྲས་བུ་བཞིན། །ཞེས་པས། ཉོན་མོངས་པ་གང་སྐྱེས་པ་ཡེ་ཤེས་ཡིན་པས། དེ་ལྟར་ཤེས་པར་བྱ་ལ་ཉམས་སུ་བླང་ངོ་། །ཡང་ཉོན་མོངས་པ་ཆོས་ཅན། ལམ་དུ་བྱེད་དེ། སྤང་བར་བྱ་བའི་རྫས་མ་གྲུབ་པའི་ཕྱིར། དཔེར་ན། གསེར་གླིང་བཞིན་ནོ། །ཞེས་ཀྱང་བསྒྲུབ་ཏུ་རུང་ངོ་། །དྲི་བ་ལྔ་པ། དུག་ལྔ་ལམ་དུ་བྱེད་ཚུལ་ཇི་ལྟར་དུ་བྱེད། ཅེས་པའི་ལན་ནི། དུག་ལྔ་ལམ་དུ་བྱེད་ཚུལ་ལ་བརྟག་པ་བཞི་སྟེ། དེ་ཡང་ཆོས་ཅན། ཞེ་སྡང་ལྟ་བུ་གཅིག་ལ་སྦྱར་ན། རྒྱུད་ལ་ཞེ་སྡང་དྲག་པོ་སྐམ་གྱིས་སྐྱེས་པའི་རང་དོག་དེ་ཀ་ལ་ལམ་དུ་བྱེད་དམ། དེ་གཏན་ཚིགས་ཀྱིས་གཞིགས་པས་རང་བཞིན་མ་གྲུབ་པ་དེ་ལ་ལམ་དུ་བྱེད་དམ། ཞེ་སྡང་ལ་བརྟེན་ནས་གཉེན་པོ་བྱམས་པ་བསྒོམ་པ་ལམ་དུ་བྱེད་དམ། ཞེ་སྡང་འགགས་པའི་རྗེས་ཐོབ་ཀྱི་ཤེས་པ་གསལ་ལ་རྟོག་མེད་དེ་ལ་ལམ་དུ་བྱེད། དང་པོ་ལྟར་ན་ཕ་བསད་ཀྱི་བུ་ཡང་མཚམས་མེད་ཀྱི་ལས་ཀྱིས་མི་གོས་པར་རྣམ་གྲོལ་ཐོབ་པར་ཐལ། གཉིས་པ་ལྟར་ན། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་ཁྱད་པར་མེད་པར་ཐལ། གསུམ་པ་ལྟར་ན། འདོད་ཉོན་མོངས་པ་ལམ་དུ་བྱེད་འདོད་ཀྱང་གཉེན་པོ་ལམ་བྱེད་དུ་ཐལ། བཞི་པ་ལྟར་ན། མ་རིག་པ་དང་ཡེ་ཤེས་ཐ་དད་དུ་ཐལ། དེ་ཐམས་ཅད་ཀྱི་རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་པར་མི་ནུས་པ་མ་ཡིན་ཏེ། ལུང་རིག་གིས་གསལ་བ་འབབས་བོ། །ཞེ་ན། འདིའི་ལན་ནི། རྗེ་གོང་བུ་བ་སྐྱོད་སྟོན་ཤཱཀྱ་ཡེ་ཤེས་ཀྱི་ཞལ་ནས། སྐད་ཅིག་མ་དང་པོ་ལ་ཉོན་མོངས་པ་ཐོལ་གྱིས་སྐྱེས་པ་ལ། སྐད་ཅིག་མ་གཉིས་པར་དེ་ཆོས་ཉིད་དུ་ཤེས་པ་ལ་ལམ་དུ་བྱེད་གསུང་སྟེ། དེས་ཀྱང་བརྟག་པ་ཐ་མའི་སྐྱོན་མི་སྤོང་ངོ་། །རྗེ་སྒྲོ་ཕུག་པའི་བཞེད་ཀྱིས། ཉོན་མོངས་བསྐམ་སྐྱེས་པ་ལ་ལམ་དུ་བྱེད་དེ། དེ་ཡང་རྟོགས་པ་ལྟ་བའི་རྩིས་ཟིན་པ། རང་རྒྱུད་དུ་མ་ཤོར་བ། ཉོན་མོངས་པ་རང་གི་མཐའ་ལ་མ་ཞེན་པ་དང་། ཆོས་གསུམ་ལྡན་ཞིག་ལ་ལམ་དུ་བྱེད་གསུང་མོད་ཀྱི། དེ་ལྟར་ན། གོང་གི་ཆོས་གསུམ་ལྡན་དང་། ཉོན་མོངས་པ་སྐམ་སྐྱེས་པ་ལ་ཁྱད་ཡོད་དམ་མེད། ཡོད་ན་ལམ་དུ་བྱ་རྒྱུ་དེ་ཉོན་མོངས་པ་སྐམ་སྐྱེས་པ་མ་ཡིན་པར་ཐལ། ཆོས་གསུམ་ལྡན་ཡིན་པའི་ཕྱིར། སྐམ་སྐྱེས་ཡིན་ཀྱང་ཆོས་གསུམ་ལྡན་ཡིན་ན། ཐ་དད་པའི་དམ་བཅའ་འབུད། འོན་ཏེ་ཁྱད་པར་མེད་ན། བརྟག་པ་དང་པོའི་སྐྱོན་གྱིས་གནོད་དོ། །དེས་ན་མཁས་གྲུབ་ཆེན་པོ་དག་གི་བཞེད་པས། ཉོན་མོངས་པ་སྐམ་སྐྱེས་པ་ལམ་དུ་བྱེད་པ། འོ་ན་ཕ་བསད་ཀྱི་བུ་རང་གྲོལ་བར་ཐལ་ཞེ་ན། དེ་བརྟག་སྟེ་མ་ཧཱ་ཡོ་གའི་ལམ་ཚང་ལ་མ་ནོར་བ་ལམ་དུ་བྱེད་པའི་ཕ་བསད་ཀྱི་བུ་ལ་ཟེར་རམ། དེ་ལས་གཞན་པའི་ཕ་བསད་ཀྱི་བུ་ལ་ཟེར། སྔ་མ་ལྟར་ན་འདོད་ཐོག་ལ། ཕྱི་མ་ལྟར་ན་ཁྱབ་པ་མེད་དེ། ཕ་བསད་ཀྱི་བུ་དེ་ལ་ཞེ་སྡང་སྐམ་སྐྱེས་ཡོད་ཀྱང་། མ་ཧཱ་ཡོ་གའི་ལམ་པ་མ་ཡིན་པའི་ཕྱིར་རོ། །འོ་ན་མ་ཧཱ་ཡོ་གའི་ལམ་ཚང་ལ་མ་ནོར་བ་གང་ཡིན་ཞེ་ན། རྒྱུ་ཤེས་པའི་མཚན་ཉིད་ལྟ་བའི་གདེངས་དང་ལྡན་པ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་བསྒོམ་པའི་ཐབས་ཀྱིས་ཉོན་མོངས་པ་སྤྱད་ཀྱང་མི་འཆིང་བ། རྨ་བྱ་དུག་གིས་འཚོ་བ་ལྟ་བུའི་རྣལ་འབྱོར་པས་ཉོན་མོངས་པ་སྐམ་གྱིས་སྐྱེས་པའི་དུས་ན། སྐྱེ་བོ་ཐ་མལ་པ་ལྟར་ཉོན་མོངས་པའི་དབང་དུ་མི་གཏོང་། ཉན་ཐོས་ལྟར་མི་སྤོང་། རང་རྒྱལ་ལྟར་མི་འགེགས། བྱང་ཆུབ་སེམས་དཔའ་ལྟར་མི་སྤྱོད། སྔགས་ཕྱི་རྒྱུད་ལྟར་མི་བསྒྱུར་བར། དཔེ་ཉ་ལམ་དུ་ཆུ་བདེ་བ་ལྟ་བུ་ནི། མ་ཧཱ་ཡོ་གའི་ལམ་པ་མཚན་ཉིད་དང་ལྡན་པ་ཡིན་ནོ། །དེ་ལྟར་མ་ཡིན་པའི་གསང་སྔགས་པར་ཁས་འཆེས་པ་གབ་པའི་གསང་བ་ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་མ་རྟོགས་ཤིང་། སྦས་པའི་གསང་བ་ཏ་ན་དང་ག་ན་ལ་སོགས་པ་ལ་མངོན་པར་འཆེལ་ནས། གསང་སྔགས་སྒྲ་ཇི་བཞིན་པ་ལྟར་སྤྱོད་པ་རྣམས་ནི། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར། སྔགས་གསར་རྙིང་གི་རྒྱུད་སྡེ་དུ་མར་གསུངས་སོ། །གཉིས་པ་མི་དོར་བའི་དམ་ཚིག་ལྔ་བསྟན་པ་ནི། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་བཅུད་མི་དོར་རོ། །ཞེས་པ་དེར་གདའ་ཞིང་། དཀར་རྩི་དམར་རྩི་དྲི་ཤ་ཆེན། །ཞེས་པས། དཀར་རྩི་བྱང་ཆུབ་ཀྱི་སེམས། དམར་རྩི་རཀྟ། དྲི་ནི་དྲི་ཆེན་དྲི་ཆུ། ཤ་ཆེན་དང་ལྔ་པོ་ནི། སྔར་ལེའུ་བཅོ་བརྒྱད་པར་བཤད་པའི་གྲུབ་པ་བཞི་དང་ལྡན་པའི་ཕྱིར། དག་པའི་སྣོད་བཅུད་མི་དོར་རོ། །ཞེས་པས་རིགས་ལྔ་དང་ཡེ་ཤེས་ལྔར་ཡེ་ནས་དག་པའི་སྣོད་བཅུད་འདི་དག་ལ་ལོངས་སྤྱད་པར་བྱ་སྟེ། གཙང་རྨེའི་རྟོག་པ་སྦྱངས་པ་དང་། ཐུན་མོང་གི་ཡོན་ཏན་གཉིས་གཉིས་འབྱུང་བ་དང་། རིགས་ལྔ་ཡེ་ཤེས་ལྔ་བསྒྲུབ་པའི་རྫས་ཁྱད་པར་ཅན་ཡིན་པའི་ཕྱིར་དང་དུ་བླང་ཞིང་མི་དོར་རོ། །དེ་ཡང་གསལ་བཀྲ་ལས། གྲུབ་པ་བཞི་ཡིས་བརྒྱན་པའི་ཕྱིར། །ནད་ལྔ་སེལ་ཕྱིར་བླང་བ་དང་། །གཙང་རྨེའི་རྟོག་པ་སྦྱང་ཕྱིར་བླང་། །ཐུན་མོང་དགོས་པ་ལྔ་ཕྱིར་དང་། །རིགས་ལྔ་བསྒྲུབ་པའི་ཡོན་ཏན་ནི། །སྡུག་བསྔལ་ལས་གྲོལ་དངོས་གྲུབ་ཐོབ། །ཅེས་གསུངས་པས། ནད་ལྔ་སེལ་བའི་ཕྱིར་དང་དུ་བླང་བ་ནི། བྱང་སེམས་དཀར་པོས་ཚ་བའི་ནད་སེལ། དམར་པོས་གྲང་བའི་ནད་སེལ། དྲི་ཆེན་གྱི་དུག་ནད་སེལ། དྲི་ཆུས་གག་པའི་ནད་སེལ། ཤ་ཆེན་གྱིས་མཛེ་ནད་སེལ་ལོ། །གཙང་རྨེའི་རྟོག་པ་སྦྱང་བའི་ཕྱིར་དང་དུ་བླང་བ་ནི། ཀྲི་ཡོག་མན་ཆད་དཀར་གསུམ་མངར་གསུམ་གཙང་ཞིང་། དམ་རྫས་ལྔ་རྨེ་བར་འཛིན་པའི་རྟོགས་པ་ལས་བཟློག་པ་སྟེ། སེམས་ཅན་རྟོགས་པ་བཟློག་ཕྱིར་སྨན། །གཙོ་རུང་དང་དུ་བླང་བར་བྱ། །ཞེས་སོ། །ཐུན་མོང་གི་དགོས་པ་ལྔ་དང་ལྡན་པའི་ཕྱིར་དང་བླང་བ་ནི། བྱང་སེམས་དཀར་པོ་ཟོས་པས་ཚེ་རིང་། དམར་པོས་བཀྲག་མདངས་གསལ། དྲི་ཆེན་གྱིས་འབྱོར་བ་ཆེ། དྲི་ཆུས་སྐད་སྙན། ཤ་ཆེན་གྱིས་མཐུ་ཆེའོ། །རིགས་ལྔ་ཡེ་ཤེས་ལྔ་བསྒྲུབ་པའི་རྫས་ཁྱད་པར་ཅན་ཡིན་ཕྱིར་དང་དུ་བླང་བ་ནི། བྱང་སེམས་དཀར་པོས་མི་བསྐྱོད་པ་དང་སྟོང་ཉིད་ཡེ་ཤེས། དམར་པོས་མཐའ་ཡས་དང་སོར་རྟོགས་ཡེ་ཤེས། དྲི་ཆེན་གྱིས་རྣམ་སྣང་དང་མེ་ལོང་ཡེ་ཤེས། དྲི་ཆུས་དོན་གྲུབ་དང་བྱ་གྲུབ་ཡེ་ཤེས། ཤ་ཆེན་གྱིས་རིན་འབྱུང་དང་མཉམ་ཉིད་ཡེ་ཤེས་བསྒྲུབ་པའི་རྫས་ཁྱད་པར་ཅན་ཡིན་པའི་ཕྱིར། དམ་རྫས་ལྔ་པོ་དེ་དག་དང་དུ་བླང་ཞིང་མི་དོར་བར་རྒྱུན་དུ་སྤྱད་པར་བྱའོ། །གསུམ་པ་མཇུག་བསྡུ་བ་ཡོན་ཏན་དང་བཅས་པ་བསྟན་པ་ནི། ཡན་ལག་བཅུའི༴ རྟོགས་པས་སྤྱད། །ཅེས་པ་དེར་གདའ་ཞིང་། ཡན་ལག་བཅུའི་དམ་ཚིག་སྟེ། །ཞེས་པས། རྩ་བ་ལ་ལ་དག་མ་ཉམས་པ་ལས་བྱུང་བའི་ཕྱིར་དང་། སྒྲུབ་པའི་གྲོགས་ཆེར་བྱེད་པའི་ཕྱིར་མི་སྤང་བ་ལྔ་དང་། མི་དོར་བ་ནི་ཡན་ལག་བཅུའི་དམ་ཚིག་སྟེ། ཡེ་ནས་དག་མཉམ་རྟོགས་པས་སྤྱད། །ཅེས་པས། དངོས་པོ་ཐམས་ཅད་ཡེ་གདོད་མ་ནས་དག་པ་གསུམ་དང་མཉམ་པ་བཞིའི་ངོ་བོར་གནས་པ་དེ་དག་གནས་པ་ལྟར་རྟོགས་པའི་རྣལ་འབྱོར་པས་མི་སྤང་བ་ཉོན་མོངས་པ་དུག་ལྔ་ལ་སྤྱད་པ་དང་། རྟོགས་པར་འདོད་པའི་རྣལ་འབྱོར་པས་མི་དོར་བ་དམ་རྫས་ལྔ་ལ་སྤྱད་པར་བྱའོ། །གསུམ་པ་ཉམས་ན་སྐྱོན་ཡོད་པས་འདའ་བར་དཀའ་བ་བསྟན་པ་ནི། བསྲུང་ཞིང་བསྒྲུབ་པའི༴ འདའ་དཀའོ། །ཞེས་པ་དེར་གདའ་ཞིང་། བསྲུང་ཞིང་བསྒྲུབ་པའི་དམ་ཚིག་ལྔ། །ཞེས་པས། སྔར་བཤད་པའི་བསྲུང་ཞིང་བསྡོམས་པའི་དམ་ཚིག་གསུམ་དང་། བསྒྲུབ་ཅིང་བླང་པའི་དམ་ཚིག་གཉིས་ཏེ་དམ་ཚིག་ལྔ་པོ་འདི་ནི། རྩ་བ་ཡིན་ཏེ་རིགས་མེད་འགྱུར། །ཞེས་པས། ལམ་དང་འབྲས་བུའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ་དེའི་ཕྱིར་རྩ་བའི་དམ་ཚིག་ཅེས་བྱའོ། །དེ་ལྟར་རྩ་བའི་དམ་ཚིག་ལྔ་པོ་དེ་ཉམས་ན། མི་དང་ལྷའི་རིགས་ཀྱང་མེད་པར་འགྱུར་ན། ཐེག་པ་ཆེན་པོའི་རིགས་ལྟ་སྨོས་ཀྱང་ཅི་དགོས་ཏེ། མཁར་གྱི་འགྲམ་ཞིག་པ་དང་མཚུངས་པར་འགྱུར་པའོ། །མི་སྤང་མི་དོར་ལྔ་གཉིས་ནི། །ཞེས་པས། མི་སྤང་བའི་དམ་ཚིག་དུག་ལྔ་སྟེ། དེ་ཡང་ལོག་པའི་དུག་ལྔ་སྤངས་ན་ཉན་ཐོས་ལྟ་བུར་གྱུར་ཏེ། ལམ་ནོར་བས་གསང་སྔགས་ཀྱི་ལྟ་བ་ལས་ཉམས་སོ། །ཡང་དག་པའི་དུག་ལྔ་སྤངས་ན་བདག་གཞན་གྱི་དོན་གཉིས་མི་འགྲུབ་སྟེ། རྒྱུད་ལ་བྱིན་རླབས་མི་འཇུག་པར་འགྱུར་རོ། །མི་དོར་བའི་དམ་ཚིག་དམ་རྫས་ལྔ་སྤོང་བ་ནི། སྤྱོད་པ་ཀྲི་ཡོག་ཏུ་གོལ་བས་ན། ལྟ་བ་དང་སྤྱོད་པ་མ་འབྲེལ་བས་གསང་སྔགས་ཀྱི་ཐེག་པ་འདིར་མི་ཆུད་པའོ། །དེ་ལྟར་དམ་ཚིག་ལྔ་ཚན་གཉིས་བཅུ་པོ་དེ་ནི། ཡན་ལག་དམ་ཚིག་འདའ་དཀའོ། །ཞེས་པས། ཡན་ལག་གི་དམ་ཚིག་ཡིན་ཡང་། དེ་དག་ལས་འདའ་ན་ཉེས་སྐྱོན་ཆེན་པོ་འདུག་པའི་ཕྱིར་འདའ་བར་དཀའོ། །གསུམ་པ་མཉམ་པ་ཆེན་པོའི་དམ་ཚིག་སྐྱོན་ཡོན་དང་བཅས་པ་བསྟན་པ་ནི། མཉམ་ལ་མཉམ་པར༴ མ་ཡིན་ནོ། །ཞེས་པ་དེར་གདའ་ཞིང་། མཉམ་ལ་མཉམ་པར་སྦྱོར་བ་ཡི། །ཞེས་པས། དངོས་པོ་ཐམས་ཅད་ཀྱི་རང་བཞིན་བདེན་གསུམ་རིས་མེད་དུ་མཉམ་ལ་མཉམ་པ་ལྟར། ཤེས་རབ་དང་ཏིང་ངེ་འཛིན་གྱིས་མཉམ་པར་སྦྱོར་བའི་དུས་ན། མཉམ་པའི་དམ་ཚིག་ལ་གནས་ན། །ཞེས་པས། གང་ཡང་བདག་ཉིད་ཆེན་པོ་མཉམ་པ་ཉིད་ཀྱི་དོན་ལས་མི་འདའ་བ་ནི་མཉམ་པའི་དམ་ཚིག་ཡིན་ལ། དེའི་དོན་ལ་མི་འདའ་བར་གནས་ན། དེའི་འབྲས་བུ་ཇི་ལྟ་བུ་འཐོབ་ཅེ་ན། མཉམ་རྫོགས་ཆེན་པོ་ཐོབ་འགྱུར་པས། །ཞེས་པས། གང་ཡང་མ་སྤངས་པར་འབྲས་བུ་མཉམ་རྫོགས་ཆེན་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ཐོབ་པར་འགྱུར་བས་སོ། །འདས་ན་སངས་རྒྱས་མ་ཡིན་ནོ། །ཞེས་པས། གང་ཞིག་བདག་ཉིད་ཆེན་པོའི་དམ་ཚིག་དེ་ལས་འདས་ཤིང་། མཉམ་པའི་དམ་ཚིག་མ་བསྲུང་བས་ཏེ་མི་མཉམ་པར་བཟུང་ན། སངས་རྒྱས་ཀྱི་ངོ་བོ་ལས་ཉམས་པ་ཡིན་པས། ཐབས་གཞན་གྱིས་འབྲས་བུ་མཉམ་རྫོགས་ཆེན་པོའི་སངས་རྒྱས་ཐོབ་པ་མ་ཡིན་ནོ། །བཞི་པ་དམ་ཚིག་ཉམས་པའི་སྐྱོན་བསྟན་པ་ལ་གསུམ་སྟེ། ཉམས་པ་དང་འགྲོགས་པའི་སྐྱོན་དང་། རྩ་བའི་དམ་ཚིག་ཉམས་པའི་སྐྱོན་དང་། ཡན་ལག་གི་དམ་ཚིག་ཉམས་པའི་སྐྱོན་བསྟན་པའོ། །དང་པོ་ཉམས་པ་དང་འགྲོགས་པའི་སྐྱོན་བསྟན་པ་ནི། རྩ་བ་ཉམས་པའི༴ བརྗོད་མི་ལང་། ཞེས་པ་དེར་གདའ་ཞིང་། རྩ་བ་ཉམས་པའི་འཆལ་པ་དག །ཅེས་པས། རྩ་བའི་དམ་ཚིག་ལྔ་པོ་ཡང་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་དུ་འདུས་པས། སྐུའི་དམ་ཚིག་སློབ་དཔོན་དང་མཆེད་ལ་ཉམས་ན་གང་ཉམས་པའི་གནས་སུ་གསོ་སྟེ། འབྱོར་བ་དང་སྲི་ཞུ་ལ་སོགས་པ་ཁོ་ནས་ཞི་བར་བྱའོ། །གསུང་གི་དམ་ཚིག་བླ་ན་མེད་པ་དང་སྔགས་དང་ཕྱག་རྒྱ་ཉམས་ན་སྒྲུབ་པ་ཆེན་པོ་ལན་གསུམ་གྱིས་བཤགས་ནས། བཟླས་པ་ལྡབ་ཀྱིས་བསབ་བོ། །ཐུགས་ཀྱི་དམ་ཚིག་གསང་བཅུ་ཉམས་ན་ཤེས་རབ་དང་ཏིང་ངེ་འཛིན་གྱིས་གསོ་བར་བྱེད་དགོས་པ་ལ། གལ་ཏེ་དམ་ཚིག་ཉམས་པ་གསོ་བར་མི་བྱེད་པའི་འཆལ་བ་སྟེ་འབྲས་བུ་འགྲུབ་པའི་རྟེན་དམ་ཚིག་མེད་པ་དག །གསོ་ལ་ཉེ་བར་མི་བརྩོན་དང་། སྐད་ཅིག་ཡུད་ཙམ་སྨྲ་མ་བྱེད། །ཅེས་པས། དམ་ཚིག་ཉམས་པ་གསོ་བའི་ཆོ་ག་ལ་དུས་ཉེ་བར་མི་བརྩོན་པ་དེ་དང་། དུས་སྐད་ཅིག་ཙམ་མམ་ཡུད་ཙམ་དུ་ཡང་སྨྲ་བར་མ་བྱེད་ཅིག །སྨྲས་ན་ཉེས་པ་ཅི་ཡོད་ཅེ་ན། དཔེར་ན་སྦལ་པ་རྨ་ཅན་གཅིག་གི་ཞོར་ལ་སྦལ་པ་དོང་གང་རྨས་པར་འགྱུར་བ་དང་། ཐུ་རུ་རྔོ་ཅན་གཅིག་གིས་རྟ་ཁྱུ་གང་རྔོས་འཁྱེར་བ་དང་། འོ་མ་རུལ་བ་ཐིག་པ་གཅིག་གིས་འོ་མ་ཟངས་གང་རུལ་བར་བྱེད་པ་བཞིན་དུ། ཉམས་གྱུར་ཉེས་པ་བརྗོད་མི་ལང་། །ཞེས་པས། དམ་ཚིག་ཉམས་པ་དང་འགྲོགས་པར་གྱུར་པའི་ཉེས་པ་ཡང་། དམ་ཅན་ཐམས་ཅད་ཀྱི་བར་ཆད་དུ་འགྱུར་བ་ལ་སོགས་པ་བརྗོད་ཀྱིས་མི་ལང་སྟེ། ཉམས་པ་གཅིག་གི་ཞོར་ལ་དེ་དང་དམ་འདྲེས་པའི་རྣལ་འབྱོར་པ་ཀུན་ཀྱང་དམྱལ་བར་ལྟུང་བའི་སྐྱོན་འདུག་པས་ན། ལུང་པ་གཅིག་པའི་ཆུ་ལ་ཡང་བཏུང་བར་མི་བྱའོ། །གཉིས་པ་རྩ་བའི་དམ་ཚིག་ཉམས་པའི་སྐྱོན་བསྟན་པ་ནི། རྩ་བའི་དམ་ཚིག༴ བཞིན་དུ་འདུ། །ཞེས་པ་དེར་གདའ་ཞིང་། རྩ་བའི་དམ་ཚིག་ཉམས་གྱུར་ན། །སྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཞེས་པས། རྩ་བའི་དམ་ཚིག་ལྔ་པོ་ཉམས་པར་གྱུར་ན། ཚེ་འདིར་ཡང་སྒྲུབ་པ་ཐམས་ཅད་ལོག་པར་འགྱུར་ཏེ། ལས་ཅི་བརྩམས་པ་ལ་ནུས་མཐུ་མེད་ཅིང་བར་ཆད་མང་བས་མི་འགྲུབ་ཅིང་གང་ཡང་དོན་མེད་པར་འགྱུར་བ་དང་། ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཞེས་པས། ཕྱི་མར་ཡང་ཡིད་དུ་མི་འོང་བའི་སྡུག་བསྔལ་སྣ་ཚོགས་པའི་འབྲས་བུ་ངན་སོང་གསུམ་མི་འདོད་བཞིན་དུ་ཁབ་ལེན་ལ་ལྕགས་འདུ་བ་ལྟར་རང་དབང་མེད་པར་འདུ་བར་འགྱུར་རོ། །གསུམ་པ་ཡན་ལག་གི་དམ་ཚིག་ཉམས་པའི་སྐྱོན་བསྟན་པ་ནི། ཡན་ལག་དམ་ཚིག༴ ངན་སོང་ལྟུང་། །ཞེས་པ་དེར་གདའ་ཞིང་། ཡན་ལག་དམ་ཚིག་ཉམས་གྱུར་ན། །ཞེས་པས། ཡན་ལག་གི་དམ་ཚིག་མི་སྤང་བ་ལྔ་དང་། མི་དོར་བ་ལྔ་སྟེ་བཅུ་ཉམས་ན་ཉན་རང་དང་ཀྲི་ཡོག་ཏུ་གོལ་བར་གྱུར་ན། འབྲས་བུ་མེད་ཅིང་ངན་སོང་ལྟུང་། །ཞེས་པས། གསང་སྔགས་རྡོ་རྗེ་ཐེག་པ་ཉམས་སུ་བླངས་པའི་འབྲས་བུ་ཐུན་མོང་དང་མཆོག་གི་དངོས་གྲུབ་མེད་ཅིང་། ལམ་མཆོག་ཏུ་གྱུར་པ་སྤངས་པའི་ཉེས་པས་སླར་ངན་སོང་གི་གནས་སུ་ལྷུང་བར་འགྱུར་རོ། །དེ་ཡང་གསལ་བཀྲ་ལས། ཉམས་པར་གྱུར་པའི་སྐྱོན་བཤད་པ། །བྱང་སེམས་དམ་ཚིག་སྤངས་གྱུར་ན། །བསྐལ་པར་དགེ་བ་ཅི་བསགས་ཀྱང་། །གཞི་རྟེན་མེད་པར་གྱུར་པ་ཡིས། །འཁོར་བའི་ཁམས་སུ་ཟགས་པར་འགྱུར། །སྐུ་ཡི་དམ་ཚིག་ཉམས་གྱུར་ན། །ཡ་ངའི་ནད་སོགས་སྡུག་བསྔལ་ཆེ། །དུས་མིན་ཚེ་ཟད་བར་ཆད་མང་། །བསྐལ་པར་རྡོ་རྗེ་དམྱལ་བར་ལྟུང་། །བདེ་བས་རབ་ཏུ་བྲེལ་བར་འགྱུར། །གསུང་གི་དམ་ཚིག་ཉམས་གྱུར་ན། །བགེགས་རྣམས་ཐོགས་མེད་འོང་བ་དང་། །རྐྱེན་དང་ཡེ་འདྲོག་མང་བ་དང་། །ཆོས་ལ་བྱིན་རླབས་མེད་འགྱུར་ཞིང་། །བསྐལ་པ་གཉིས་སུ་དམྱལ་བར་ལྷུང་། །སྒྲུབ་པའི་ཐབས་ལས་འགྱངས་པར་འགྱུར། །ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན། །སྨྱོ་འབོགས་དབང་པོ་ཉམས་དང་འཆལ། །མྱོང་ཤིང་ལྐུགས་པའི་གནས་སུ་འགྱུར། །ཡང་དག་བསྒྲུབས་ལ་རྟགས་མེད་ཅིང་། །ལྕེ་ལ་ཞིང་རྨོད་ལ་སོགས་པའི། །དམྱལ་བར་བསྐལ་པ་གསུམ་དུ་གནས། །རྩ་བ་ཀུན་ཉམས་འཆལ་པ་དག །གསོ་ལ་ཉེ་བར་མི་བརྩོན་ན། །རྡོ་རྗེ་དམྱལ་བར་དེ་ལྟུང་ངོ་། །དམྱལ་བ་ཕལ་པ་ཐམས་ཅད་ཀྱི། །སྡུག་བསྔལ་གཅིག་ཏུ་བསྡོམས་པས་ནི། །དེ་ཡི་འབུམ་གྱི་ཆར་མི་ཕོད། །སངས་རྒྱས་སྟོང་གི་འོད་ཟེར་དང་། །བྱང་ཆུབ་སེམས་དཔའི་ཕྲིན་ལས་ཀུན། །རྒྱུན་དུ་མཛད་ཀྱང་ཕན་མི་འགྱུར། །བསྐལ་པ་ཐེར་འབུམ་ལ་སོགས་སུ། །དེ་ནི་འཐོན་པར་མི་འགྱུར་རོ། །འཇིག་རྟེན་ཞིག་ནས་གཞན་དུ་འཕོ། །སེ་གོལ་གཅིག་གིས་ཕྱིན་པར་བྱེད། །དེ་བས་ཤིན་ཏུ་ནན་ཏན་གྱིས། །ཡན་ལག་དམ་ཚིག་ཉམས་གྱུར་ན། །ལོངས་སྤྱོད་མང་དུ་འཕེལ་བ་མེད། །ཐེག་པ་ཆེ་ལ་དཔྱད་འདོགས་ཤིང་། །ཐུན་མོང་མཆོག་གི་དངོས་གྲུབ་རྣམས། །ཤིན་ཏུ་རིང་བར་འགྱུར་བ་དང་། །གདུལ་བྱའི་དོན་རྣམས་ཡལ་འགྱུར་ཞིང་། །ལྟ་སྤྱོད་ཡ་ཆད་གྱུར་བ་ཉིད། །ཐེག་པ་ཕྱི་ནང་འདྲེས་པ་ཡིས། །བཀའ་ཡི་བྱིན་རླབས་བསྒྲུབ་པར་དཀའ། །སྲུང་བའི་ལྷ་རྣམས་གཡེལ་བ་དང་། །ཟབ་མོའི་ཆོས་ལས་རིང་འགྱུར་ཞིང་། །བསྐལ་པར་ངན་སོང་སྡུག་བསྔལ་མྱོང་། །རྣལ་འབྱོར་སྔོ་བསྐམ་ཉིད་དུ་འགྱུར། །ཞེས་པ་ལ་སོགས་པས། དམ་ཚིག་ཉམས་པའི་ཉེས་སྐྱོན་དཔག་ཏུ་མེད་པ་གསུངས་ནས་གདའ་བས། གསང་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པ་ཀུན་གྱིས། དམ་ཚིག་མ་ཉམས་པར་བསྲུང་བ་ལ་ནན་ཏན་ཆེན་པོ་བྱེད་བ་ཤིན་ཏུ་གལ་ཆེ་ལགས་སོ་གལ་ཆེ་ལགས་སོ་གལ་ཆེ་ལགས་སོ། །ལྔ་པ་དམ་ཚིག་གི་རང་བཞིན་བསྟན་པ་ནི། དམ་ཚིག་རྣམས་ནི༴ བདག་ཉིད་ཡིན། །ཞེས་པ་དེར་གདའ་ཞིང་། དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །ཞེས་པས། གོང་དུ་བཤད་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་དེ་དག་རྣམས་ནི། ལྟ་སྤྱོད་གཉིས་དབྱེར་མི་ཕྱེད་པས་སམ། གཞི་རང་བཞིན་དང་ལམ་དང་འབྲས་བུ་གསུམ་དབྱེར་མེ་ཕྱེད་པའི་ཕྱིར་རྡོ་རྗེ་ཞེས་བྱ་སྟེ། སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཞེས་པས། དེ་དག་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་ལམ་ཡང་ཡིན་ལ་ངོ་བོ་ཡང་ཡིན་པས་ན། བདག་ཉིད་ཅེས་བརྗོད་པ་ཡིན་ནོ། །དྲུག་པ་དམ་ཚིག་གི་རྣམ་གྲངས་རྒྱས་པར་བསྟན་པ་ལ་གཉིས་ཏེ། སུམ་བརྒྱ་དྲུག་ཅུར་དབྱེ་བ་དང་། །གདུལ་བྱ་ལ་དགོངས་ནས་དབྱེ་བའོ། །དང་པོ་སུམ་བརྒྱ་དྲུག་ཅུར་དབྱེ་བ་ནི། རྩ་བའི་དམ་ཚིག༴ གཉིས་སུ་དབྱེ། །ཞེས་པ་དེར་གདའ་ཞིང་། དེ་ཡང་ཕྲ་རྒྱས་ལས། ཕྱི་མ་རྩ་བ་ཡན་ལག་ལས། །ལྔ་བཅུའི་བརྒྱ་དང་དྲུག་ཅུ་དང་། །ཉིས་བརྒྱའི་བསྲུང་བྱ་མ་ལུས་པ། །བཀའ་ལུང་གཉིས་ཀྱི་རྗེས་སུ་སྙེག །ཅེས་གསུངས་པས། རྩ་བ་དང་ཡན་ལག་གི་དམ་ཚིག་ལ་རྣམ་གྲངས་སུ་ཕྱེ་བས་སུམ་བརྒྱ་དྲུག་ཅུ་སྟོན་པ་ལས། དང་པོ་རྩ་བའི་དམ་ཚིག་བརྒྱ་དྲུག་ཅུའི་བསྲུང་དམིགས་ནི། རྩ་བའི་དམ་ཚིག་ལྔ་ལ་ནི། །ཞེས་པས། རྩ་བའི་དམ་ཚིག་བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་མི་སྤང་བ་དང་གཅིག །བླ་མ་རྡོ་རྗེ་སློབ་དཔོན་བཀུར་བ་དང་གཉིས། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་དང་གསུམ། ཡང་དག་པའི་ལམ་དུ་ཞུགས་པའི་མཆེད་ལ་བྱམས་པ་དང་བཞི། གསང་བཅུ་པོ་སྣོད་དང་མི་ལྡན་པ་ལ་གསང་བའི་དོན་ཕྱིར་མི་སྨྲ་བ་དང་ལྔ་པོ་དེ་དག་ལ་ནང་ཚེགས་སུ་དབྱེ་བའི་གྲངས་ནི། གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། །ཞེས་པས། རྩ་བའི་དམ་ཚིག་ལྔ་པོའི་ཡ་གྱལ་གཅིག་ལའང་ཐབས་ཀྱིས་མ་འགགས་པར་སྤྱོད་པ་དང་། ཤེས་རབ་ལྟ་བས་རྟོགས་པ་གཉིས་གཉིས་སུ་ཕྱེ་བས་རྩ་བ་ལ་བཅུ་དང་། དེ་དག་སྤྱི་རུ་བཞག་ནས། བྱེ་བྲག་ཏུ་རྩ་བ་ལྔ་པོ་རེ་རེ་ལ་ཡང་བཅུ་ཕྲག་གསུམ་གསུམ་དུ་ཕྱེ་བས་བརྒྱ་དྲུག་ཅུར་དབྱེ་བ་སྟེ། དེ་ཡང་། པཉྩའི་ཉིང་ལག་ཞེས་པ་ཡང་། །དང་པོ་ཉིད་ནས་ཐབས་སྤྱོད་དང་། །ཤེས་རབ་ཉིད་ཀྱི་ཉིས་འགྱུར་ཡིན། །རེ་རེའང་བསྲུང་བྱ་བཅུ་གསུམ་སྟེ། །ཞེས་སོ། །དང་པོ་བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་མི་སྤང་བ་ལ་བཅུ་ཕྲག་གསུམ་སྟེ། ཡི་དམ་གྱི་ལྷ་ཞི་ཁྲོ་གཉིས་རེ་རེ་ལའང་རྩ་བའི་ལྷ་དེ་ལ་ལྷག་པའི་ལྷ་དགུ་དགུ་བཀོད་པས་ལྷག་པའི་ལྷ་དགུ་ཉིད་དང་བཅུ་སྟེ་དེ་ལྟར་ཉི་ཤུ་དང་། ཐེག་པ་ཐུན་མོང་བ་ལྟར། བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ། ཐུན་མོང་གི་ཚད་མེད་པ་བཞི་དང་། ཁྲོ་བོ་རྟོག་པ་ལྷ་རྒྱུད་ལྟར། ཁྲོ་གཏུམ་གྱི་ཚུལ་གྱིས་གདུག་པ་ཅན་རྗེས་སུ་འཛིན་པའི་བྱམས་པ། བརྩེ་བ་ཆེན་པོས་མྱུར་དུ་སྒྲོལ་བའི་སྙིང་རྗེས་ཕུང་པོ་ཚོགས་སུ་སྟོན་ཅིང་ཤེས་པ་གནས་སྤོར་བའི་དགའ་བ། དུག་གསུམ་རགས་པར་སྨིན་པའི་གདུལ་བྱ་རྣམས་ཡལ་བར་མི་འདོར་བའི་བཏང་སྙོམས་ཏེ་ཐུན་མོང་མ་ཡིན་པའི་ཚད་མེད་པ་བཞི་སྟེ། དོན་དམ་པ་བྱང་ཆུབ་སེམས་ཀྱི་བདེན་པ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་དང་། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་བདེན་པ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་པར་རྫོགས་པ་གཉིས་ཏེ། ཀུན་དྲིལ་བས་བླ་མེད་མི་སྤང་བ་ལ་སུམ་ཅུའོ། །དེ་ཡང་། བྱང་ཆུབ་སེམས་ནི་བླ་མེད་ལྷ། །ཞི་ཁྲོའི་ལྷ་དགུ་ཉིད་དང་བཅུ། །བཅུ་གཉིས་བསམ་ལས་མི་འདའ་ཞིང་། །ཐུན་མོང་མཆོག་གི་ཚད་མེད་བརྒྱད། །བདེན་གཉིས་བྱང་ཆུབ་རྣམ་པ་བཅུ། །བླ་མེད་གསལ་བས་ཉམས་མི་བྱ། །ལྷ་སྤངས་དགེ་སྤྱད་དོན་མེད་འགྱུར། །བདག་ཉིད་ལྷ་དང་མཉམ་སྦྱོར་ན། །ཡོན་ཏན་ཆུང་ཡང་འགྲུབ་བར་འགྱུར། །དེ་ཕྱིར་དུས་གསུམ་འདའ་མི་བྱ། །ཞེས་སོ། །གཉིས་པ་བླ་མ་བཀུར་བ་ལ་སུམ་ཅུ་སྟེ། དེ་ཡང་། བླ་མ་བཀུར་བ་སྒོ་གསུམ་གྱིས། །ཞེས་པས། ལུས་ཀྱི་སྒོ་ནས་བཀུར་བ་བཅུ་ནི། བརྡེག་བསད་ལ་སོགས་འཐིང་སླད་ཙམ་དུའང་མི་བྱ་བ་དང་། འདོད་ཡོན་ལྔའི་མཆོད་པ་རྒྱུན་དུ་མི་བཅད་པ་དང་། གསང་བའི་སྣོད་དུ་དུག་མི་སྤྱོད་པ་སྟེ་ཡུམ་ལ་མི་སྤྱད་པ་དང་། དྲང་པོའི་ཕྱོགས་ནས་འགྲོ་བ་སྤང་བ་དང་། གདན་ས་གདན་སོགས་མི་བརླམ་པ་དང་། འགྲེང་འདུག་སྤང་བ་དང་། ངན་སྤྱོད་སྤང་བ་དང་། རྒྱན་འདོགས་གཟི་ལྡིར་སྤང་བ་དང་། མ་རབས་ཀྱི་སྤྱོད་པ་ཀུན་སྤངས་ཤིང་སྤྱོད་ལམ་བག་ཟོན་དང་ལྡན་པར་བྱ་བ་དང་། བཀུར་སྟིའི་གནས་སུ་བྱ་བ་དང་བཅུའོ། །དེ་ཡང་། ལུས་ཀྱི་བཀུར་བ་བརྡེག་བསད་སོགས། །འཐིང་སླད་ཙམ་དུའང་བྱ་བ་མིན་འདོད་ཡོན་ལྔ་ཡི་མཆོད་པ་དང་། གསང་བའི་སྣོད་དུ་དུག་མི་སྤྱོད། །འགྲོ་བ་དྲང་པོའི་ཕྱོགས་སྤང་དང་། །གདན་ས་གདན་སོགས་མི་བརླམ་དང་། །འགྲེང་འདུག་ངན་སྤྱོད་ལ་སོགས་སྤང་། །རྒྱན་འདོགས་གཟི་ལྡིར་དེ་བཞིན་ཏེ། །མ་རབས་སྤྱོད་པ་ཀུན་སྤངས་ལ། །སྤྱོད་ལམ་ཟོན་ཆགས་བསྟི་གནས་བྱ། །ཞེས་སོ། །ངག་གི་སྒོ་ནས་བཀུར་བ་བཅུ་ནི། རྫུན་དང་། ཕྲ་མ་དང་། ཚིག་རྩུབ་དང་། ངག་འཁྱལ་དང་། བེ་ཕོགས་དང་། རྡབས་སྐད་དང་། ལྐོག་ཏུ་ཚུལ་ངན་པ་བརྗོད་པ་དང་། ཅ་ཅོ་ལ་སོགས་པ་མི་སྨྲ་བ་དང་། སྐྱོན་སྤངས་ཤིང་ཡོན་ཏན་བརྗོད་པ་དང་། སྙན་པར་སྨྲ་བ་དང་བཅུའོ། །དེ་ཡང་། རྫུན་དང་ཕྲ་མ་ཚིག་རྩུབ་དང་། །འཁྱལ་པ་ནམ་ཡང་མི་བྱ་སྟེ། །བེ་བོགས་མ་ཡིན་རྡབས་སྐད་དོར། །ལྐོག་ཏུ་ཚུལ་བརྗོད་ཉམས་པར་འགྱུར། །ཡོན་ཏན་བརྗོད་ཅིང་སྙན་པར་སྨྲ། །ཅ་ཅོ་ལ་སོགས་མ་ཡིན་པར། །སངས་རྒྱས་རྡོ་རྗེས་གསུང་ཐོས་འགྱུར། །ཞེས་སོ། །སེམས་ཀྱི་སྒོ་ནས་བཀུར་བ་བཅུ་ནི། བླ་མའི་རྫས་ལ་བརྐམ་ཞིང་ཡུམ་ལ་ཆགས་པ་སྟེ་འདོད་ཆགས་དང་། བླ་མ་དང་བླ་མའི་འཁོར་གྱི་སྐྱོན་ལ་མནར་སེམས་པ་སྟེ་ཞེ་སྡང་བ་དང་། ཡོན་ཏན་ལ་རྨོངས་པ་སྟེ་གཏི་མུག་དང་། རང་ཆེའོ་སྙམ་པ་ལ་སོགས་པའི་དྲེགས་པ་སྟེ་ང་རྒྱལ་དང་། བླ་མའི་ཕུན་སུམ་ཚོགས་པ་ཕྲག་ཏུ་མི་ཤོང་བ་སྟེ་ཕྲག་དོག་དང་། ངན་དུ་སེམས་པ་རྣམས་སྤང་བ་དང་། བླ་མའི་གསུང་གཉན་ཅིང་ལྕི་བར་སེམས་པ་དང་། ཕ་མ་ལྟར་སེམས་པ་དང་། ཡི་དམ་ལྟར་སེམས་པ་དང་། དུས་རྟག་ཏུ་གདུང་བའི་སེམས་རྒྱུན་མི་བཅད་པ་དང་བཅུ་སྟེ། དྲིལ་བས་བླ་མ་བཀུར་ཚུལ་སུམ་ཅུའོ། །དེ་ཡང་། དམ་པ་སྟོན་པའི་བླ་མ་ལ། །ཆགས་དང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་དུག་ལྔའི་སེམས་མི་བྱ། །ངན་དུ་མི་སེམས་ལྕི་བར་སེམས། །ཕ་མ་ཡི་དམ་འདྲ་བར་སེམས། །རྟག་ཏུ་གདུང་བ་རྒྱུན་མི་གཅད། །ཅེས་སོ། །གསུམ་པ་སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་པ་ལ་སུམ་ཅུ་ནི། ཕྱོགས་མཚམས་བཅིང་པ་འབར་བ་མཚམས་ཀྱི་སྔགས་དང་། རྟེན་དབང་ཆེན་སྐྱེད་པའི་སྔགས་དང་། གཞལ་ཡས་ཁང་སྐྱེད་པའི་སྔགས་དང་། བརྟེན་པ་ལྷ་སྐྱེད་པ་ལ་རྒྱུ་མ་ནོར་བ་རྩ་བའི་སྔགས་དང་། སྐྱེད་པ་རྐྱེན་གྱི་སྔགས་དང་ལྔ། བསྙེན་པ་ལས་བཞིའི་སྔགས་རེ་རེར་བགྲངས་བས་དགུ། དབང་བསྐུར་བའི་སྔགས་དང་། བྱིན་བསྡུས་བའི་སྔགས་དང་། སྤྱན་དྲངས་པ་དང་། བསྟིམ་པ་དང་། བརྟན་པ་དང་། ཕྱག་འཚལ་བ་དང་། མཆོད་པ་འབུལ་བའི་སྔགས་དང་བཅུ་དྲུག །ཞི་ཁྲོ་གཉིས་པོ་རེ་རེ་ལ་ཡང་དམ་ཚིག་དམ་ལས་དང་ཆོས་དང་སྐུ་ཕྱག་རྒྱ་ཆེན་པོ་སྟེ། དེ་ཡང་དམ་ཚིག་གི་ཕྱག་རྒྱ་ལ་བཅའ་བ་དང་བསམ་པ་གཉིས། ལས་ཀྱི་ཕྱག་རྒྱ་ལའང་བཅའ་བ་དང་བསམ་པ་གཉིས། ཆོས་ཀྱི་ཕྱག་རྒྱ་ལའང་བཅའ་བ་དང་བསམ་པ་གཉིས་སོ། །དེ་ལྟར་ཞི་ཁྲོ་གཉིས་ལ་ཕྱག་རྒྱ་བདུན་བདུན་ཏེ་བཅུ་བཞིའི་སྟེང་དུ་གོང་གི་སྔགས་བཅུ་དྲུག་བསྣན་པ་སྟེ། དྲིལ་བས་སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་སུམ་ཅུའོ། །དེ་ཡང་། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཞི་ཁྲོ་ཕྱག་རྒྱ་བདུན་གཉིས་གཅིག །ཕྱོགས་བཅིང་རྟེན་དང་ཁང་པའི་སྔགས། །རྩ་བ་བསྐྱེད་བསྙེན་ལས་བཞིའི་སྔགས། །དབང་བསྐུར་བྱིན་བསྡུའི་གསང་སྔགས་དང་། །སྤྱན་དྲངས་བསྟིམ་བརྟན་ཕྱག་འཚལ་མཆོད། །དུས་གསུམ་རྒྱུན་དུ་བཞི་ཡི་ཕྱིར། །ནམ་ཡང་རྒྱུན་ཅད་ཡོངས་མི་བྱ། །ཞེས་སོ། །བཞི་པ་ཡང་དག་པའི་ལམ་ལ་ཞུགས་པའི་མཆེད་ལ་བྱམས་པ་སུམ་ཅུ་ལ། ལུས་ཀྱི་སྒོ་ནས་བསྲུང་བ་བཅུ་ནི། མཚོན་དབྱུག་ལ་སོགས་པས་བསྣུན་པ་སྟེ་བརྡེག་པར་མི་བྱ་བ་དང་། ཟས་ནོར་མ་བྱིན་པར་མི་བླང་བ་དང་། མཆེད་ཀྱིས་མ་གནང་བར་གཟུངས་མ་ལ་མི་སྤྱད་པ་དང་། ལྟ་སྤྱོད་མཐོ་བའི་གོང་མི་གཅད་པ་དང་། དབང་ཐོབ་པ་སྔ་བ་དང་རྫོགས་པ་གོང་དུ་བཀུར་བ་དང་། དམ་ཚིག་ཐོབ་པ་སྔ་ཞིང་བསྲུང་བ་ལ་གུས་པར་བྱ་བ་དང་། མཆེད་དང་འགལ་བའི་སྤྱོད་ལམ་ཀུན་ལ་འཛེམ་བག་བསྐྱེད་པ་དང་། བཀུར་སྟི་བྱ་བ་དང་། འབྱེད་པས་མཆོད་པ་དང་། དུས་ཀུན་ཏུ་དགའ་ཞིང་སྤྲོ་བར་བྱ་བ་དང་བཅུའོ། །དེ་ཡང་། ཡང་དག་ལམ་དུ་ཞུགས་པའི་གྲོགས། །བསྣུན་དང་མ་བྱིན་བླང་མི་བྱ། །ཟླ་ཟེར་མ་ཡིན་གཟུངས་མི་སྤྱད། །ལྟ་སྤྱོད་མཐོ་བའི་གོང་མི་གཅད། །དབང་དང་དམ་ཚིག་དེ་བཞིན་ཏེ། །ཀུན་ཏུ་ཡ་བག་ཟོན་འགྲིག་ཅན། །བཀུར་སྟི་མཆོད་བྱེད་དགའ་བར་སྤྱོད། །ཅེས་སོ། །ངག་གི་སྒོ་ནས་བསྲུང་བ་བཅུ་ནི། །རྫུན་དང་། ཕྲ་མ་དང་། ཚིག་རྩུབ་དང་། ངག་འཁྱལ་མི་སྨྲ་བ་དང་། དཔག་པ་མི་སྨྲ་བ་དང་། ངན་པའི་ཚུལ་མི་བརྗོད་པ་དང་། སྙན་པར་སྨྲ་བ་དང་། ཞེ་ས་དང་བཅས་པས་སྨྲ་བ་དང་། གསོང་བོར་སྨྲ་བ་དང་། ཅི་སྨྲ་ཡང་བདེན་པའི་ཚིག་གི་སྲི་ཞུའི་སྒྲ་དང་བཅས་ཏེ་སྨྲ་བ་དང་བཅུའོ། །རྫུན་སོགས་རྣམ་བཞི་སྤང་བ་དང་། །དཔག་པ་མི་སྨྲ་ཚུལ་མི་བརྗོད། །སྙན་སྨྲ་ཞེ་ས་གསོང་པོར་སྨྲ། །བདེན་ཚིག་སྲི་ཞུའི་སྒྲ་བྱེད་པའོ། །ཞེས་སོ། །སེམས་ཀྱི་སྒོ་ནས་བསྲུང་བ་བཅུ་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་གིས་ཀུན་ནས་བླངས་པའི་སེམས་དང་། རྔན་སེམས་དང་། སྤྱོད་སེམས་དང་། གནོད་སེམས་རྣམས་སྤང་བ་དང་། མིག་འབྲས་ལྟར་བལྟ་ཞིང་། གདུང་སེམས་རྒྱུན་མི་བཅད་པ་དང་བཅུ་སྟེ། དྲིལ་བས་མཆེད་ལ་བཀུར་ཚུལ་སུམ་ཅུའོ། །དེ་ཡང་། སེམས་ཀྱི་སྔོན་བཞིན་དུག་ལྔ་དོར། །རྔན་དང་དཔག་སེམས་སྤང་བ་དང་། །མིག་འདྲར་ལྟ་ཞིང་གདུང་བར་བྱ། །གནོད་སེམས་སྤང་དང་རྣམ་བཅུའོ། །ཞེས་སོ། །ལྔ་པ་གསང་བའི་དོན་ཕྱིར་མི་སྨྲ་བ་ལ་སུམ་ཅུ་ནི། ལྟ་བ་དང་སྤྱོད་པ་ཟབ་མོ་དང་གཅིག །ཡི་དམ་གྱི་ལྷ་དང་གསང་མཚན་དང་གཉིས། གཟུངས་མ་དང་གསུམ། གྲུབ་རྟགས་དང་བཞི་སྟེ་སྤྱིར་གསང་བཞི་དང་། སྒྲུབ་པའི་གནས་དང་། དུས་དང་། གྲོགས་དང་། རྫས་དང་བར་གསང་བཞི་སྟེ་བརྒྱད། གསང་བར་འོང་བ་དང་། གསང་བར་གཉེར་གཏན་པ་དང་གཉིས་ཏེ་བཅུ་པོ་དེ་དག་གཞིར་བྱས་ནས་ཡོངས་སུ་མ་སྨིན་པ་རྣམས་ལ་སེམས་ཀྱི་བསྟན་པར་མི་བསམ་པ་བཅུ་དང་། ངག་གི་ཚིག་ཏུ་མི་བརྗོད་པ་བཅུ་དང་། ལུས་ཀྱི་བརྡས་མི་མཚོན་པ་བཅུ་སྟེ། དྲིལ་བས་གསང་བ་མི་བསྒྲག་པ་སུམ་ཅུའོ། །དེ་ཡང་། གསང་བའི་ཕྱིར་ན་མི་སྨྲ་བ། །སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་རྣམ་པ་བཅུ། །སེམས་ཀྱི་བསྟན་པར་མི་བསམ་ཞིང་། །ངག་གི་བརྗོད་པར་ཡོངས་མི་བྱ། །ལུས་བརྡས་བསྟན་མིན་སུམ་ཅུའོ། །ཞེས་སོ། །དེ་ལྟར་སུམ་ཅུ་པ་ཕྲག་ལྔ་ལ་བརྒྱ་ལྔ་བཅུའོ། །དེའི་སྟེང་དུ་གོང་གི་སྤྱིར་གསང་བཅུ་པོ་བསྣན་པས་བརྒྱ་དྲུག་ཅུ་ནི། རྩ་བའི་དམ་ཚིག་གི་བསྲུང་དམིགས་སོ། །ཡན་ལག་དམ་ཚིག་ལྔ་གཉིས་ལ། །ཞེས་པས། ཡན་ལག་གི་དམ་ཚིག་མི་སྤང་བ་དང་མི་དོར་བ་ལྔ་ཚན་གཉིས་ཏེ་བཅུ་པོ་ལ། གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། །ཞེས་པས། གཅིག་ནི་རེ་རེ་ལའང་ཐབས་དང་ཤེས་རབ་གཉིས་ཀྱི་སྒོ་ནས་བཅུ་ཕྲག་གཉིས་གཉིས་སུ་སྟེ་ཉིས་བརྒྱར་དབྱེ་བའི་ཚུལ་ནི། ཕྲ་རྒྱས་ལས། མི་སྤང་ལྔ་ལ་བཅུ་གཉིས་ཏེ། །ཞེས་པས། དང་པོ་མི་སྤང་བའི་དམ་ཚིག་ལྔ་པོ་རེ་རེ་ལའང་ཉི་ཤུ་ཉི་ཤུར་དབྱེ་སྟེ། དང་པོ་ཞེ་སྡང་གི་ཉི་ཤུ་ནི། བསྒྲལ་བའི་ཞིང་བཅུ་ཐབས་ཀྱི་མཛད་སྤྱོད་ཀྱི་དངོས་སུ་འཇོམས་པ་བཅུ་དང་། ཤེས་རབ་ལྟ་བས་རང་བཞིན་མེད་པར་ཤེས་ནས་སྐྱེ་མེད་ཀྱི་ངང་དུ་སྒྲོལ་བ་བཅུ་སྟེ་ཉི་ཤུའོ། །དེ་ཡང་། ཞིང་བཅུ་ཐབས་ཀྱི་མཛད་པས་འཇོམས། །ཤེས་རབ་རང་བཞིན་མེད་པར་སྒྲོལ། །ཐབས་དང་ཤེས་རབ་ཞེ་སྡང་གིས། །བདག་གཞན་དོན་རྣམས་རྫོགས་པར་བྱེད། །ཅེས་སོ། །གཏི་མུག་གི་ཉི་ཤུ་ནི། ཡན་ལག་གི་དམ་ཚིག་བཅུ་ལ་ཐབས་ཀྱི་མཛད་སྤྱོདཀྱི་སྤང་བླང་དུ་མི་འབྱེད་པར་སྤྱོད་པ་བཅུ་དང་། ཤེས་རབ་ལྟ་བས་སྤང་བླང་དུ་མི་འབྱེད་པ་བཅུ་སྟེ་ཉི་ཤུའོ། །དེ་ཡང་། ཡན་ལག་བཅུ་ཡི་དམ་ཚིག་ལ། །ཐབས་ཀྱི་མཛད་པས་མི་འབྱེད་ཅིང་། །ཤེས་རབ་གཉིས་མེད་མི་འབྱེད་པའི། །གཏི་མུག་བཅུ་གཉིས་འདའ་མི་བྱ། །ཞེས་སོ། །ང་རྒྱལ་གྱི་ཉི་ཤུ་ནི། གཏི་མུག་གི་དམ་ཚིག་ཉི་ཤུ་ལས། ལྷག་པར་ལྟ་སྤྱོད་ཤིན་ཏུ་བརྟན་ཅིང་གདེང་དུ་གྱུར་པ་ཉི་ཤུའོ། །དེ་ཡང་། དེ་ལྟར་ཐབས་དང་ཤེས་རབ་བཅུ། །གཉིས་ནི་གདེང་དུ་གྱུར་པ་ཡི། །ལྷག་པའི་ང་རྒྱལ་མི་འདའ་བ། །ང་རྒྱལ་ཆེན་པོའི་དམ་ཚིག་གོ། །འདོད་ཆགས་ཀྱི་ཉི་ཤུ་ནི། ཞིང་བཅུ་ལ་ཆགས་པས་ཐུགས་རྗེ་མི་གཏོང་ཞིང་ཡང་དག་པའི་ས་ལ་སྦྱོར་བ་བཅུ། རིགས་ལྔའི་ཡུམ་ལ་ཐབས་ཀྱིས་རོལ་པ་ལྔ་སྟེ་བཅོ་ལྔ། ཏིང་ངེ་འཛིན་གྱི་སྦྱོར་བ་དང་བཅུ་དྲུག །ཐབས་ཀྱི་སྦྱོར་བ་དང་བཅུ་བདུན། དབང་པོ་དུས་ཀྱི་སྦྱོར་བ་དང་བཅོ་བརྒྱད། རང་བཞིན་གྱི་ཐབས་ཤེས་རབ་གཉིས་སུ་མེད་པར་སྦྱོར་བ་དང་བཅུ་དགུ། ཤེས་རབ་ལྟ་བའི་དོན་དང་འདུ་འབྲ ལ་མེད་པར་སྤྱོར་བ་དང་ཉི་ཤུའོ། །དེ་ཡང་། ཞིང་བཅུ་ཐུགས་རྗེས་མི་གཏོང་ཞིང་། །རིག་ལྔའི་ཡུམ་ལ་ཐབས་ཀྱི་རོལ། །ཏིང་འཛིན་ཐབས་དབང་རང་བཞིན་སྦྱོར། །ཤེས་རབ་དོན་དང་འདུ་འབྲལ་མེད། །ཅེས་སོ། །ཕྲག་དོག་གི་ཉི་ཤུ་ནི། མ་རྟོགས་པ་ཕྱལ་བ་པ་དང་རྒྱང་འཕེན་པ་གཉིས། ལོག་པར་རྟོགས་པ་མུ་སྟེགས་རྟག་པར་ལྟ་བ་དང་ཆད་པར་ལྟ་བ་གཉིས། ཐེག་ཆུང་ཉན་ཐོས་དང་རང་རྒྱལ་གཉིས། ཐེག་ཆེན་བྱང་ཆུབ་སེམས་དཔའ་དང་སྔགས་ཕྱི་རྒྱུད་ཀྱི་ཐེག་པ་ཀྲི་ཡ་ཨུ་པ་ཡོ་ག་གསུམ་སྟེ་བཅུ་པོ་དེ་རྣམ་ཀྱི་ལྟ་སྤྱོད་ཐབས་ཀྱི་སྤྱོད་པའི་ཀློང་དུ་མི་ཆུད་པ་བཅུ་དང་། ཤེས་རབ་ལྟ་བའི་གོར་མི་ཆུད་པ་སྟེ་ཉི་ཤུའོ། །དེ་ཡང་། མ་རྟོགས་གཉིས་དང་ལོག་རྟོག་གཉིས། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །གསང་སྔགས་ཕྱི་ཡི་ཐེག་པ་གསུམ། །གསང་སྒོར་མཛད་པ་མི་ཆུད་ཅིང་། །ཤེས་རབ་ངན་པས་མི་ཆུད་པ། །ཕྲག་དོག་ཆེན་པོའི་དམ་ཚིག་གོ། །ཞེས་སོ། །གཞན་ཡང་། དང་དུ་བླང་བའི་དང་གྲུབ་རྫས། །སྒྲུབ་རྫས་རྣམ་ལྔའང་རྩ་བ་བརྒྱད། །བརྒྱད་ཆ་རེ་ཞིང་དྭངས་སྙིགས་གཉིས། །རེ་རེའང་རྣམ་པ་བཅུ་རུ་འགྱུར། །ཞིང་བཅུའི་བདུད་རྩི་དེ་བཞིན་པས། །རྣམ་པར་དབྱེ་བ་ཉི་ཤུའོ། །བདག་གཞན་རང་ཞིང་དང་ནི་གཉིས། །རྫས་བཅུ་ཐབས་སྤྱོད་ཤེས་རབ་སྤྱོད། །བཅུ་བཅུ་ཉི་ཤུར་འགྱུར་བའང་རིགས། །ཞེས་གསུངས་པས། མི་དོར་བའི་དམ་ཚིག་ལྔ་པོ་རེ་རེ་ལ་ཡང་ཉི་ཤུ་ཉི་ཤུར་དབྱེ་སྟེ། དེ་ཡང་བྱང་སེམས་ཀྱི་ཉི་ཤུ་ནི། བྱང་སེམས་མཐར་ཕྱིན་པ་མིག །ཆུ་རྒྱུས་མཐར་ཕྱིན་པ་སེན་མོ། །ཁྲག་དང་ཆུ་སེར་མཐར་ཕྱིན་པ་སྐྲ། རུས་པ་མཐར་ཕྱིན་པ་སོ་སྟེ་མངོན་པ་ཕྱིའི་བཞི་དང་། བཞུགས་གནས་ཀླད་པ། རྒྱུ་ལམ་གཞུང་པ། གཤེགས་བཤུལ་རྡོ་རྗེ་ཆུ་བ། ཕོ་བྲང་སྙིང་རྣམས་ནི་སྦས་པ་ནང་གི་བཞི་སྟེ་བརྒྱད་དང་། དེ་རྣམས་ལ་ཕྱི་ནང་གི་དྭངས་སྙིགས་གཉིས་ཏེ་བཅུ། ཞིང་བཅུའི་བྱང་སེམས་ལ་བཅུར་ཕྱེ་བས་ཉི་ཤུའོ། །དྲི་ཆེན་གྱི་ཉི་ཤུ་ནི། ཕག་པ་དང་། ཤི་བ་བམ་དང་། གཡག་ཁྱུ་བ་དང་། བྱིས་པ་གཙང་མའི་དྲི་ཆེན་ཏེ་མངོན་པ་ཕྱིའི་བཞི་དང་། སློབ་དཔོན་དང་། གཟུང་མ་དང་། དྲང་སྲོང་སྒོམ་ཆེན་དང་། བསྒྲལ་པའི་དྲི་ཆེན་རྣམས་ནི་སྦས་པ་ནང་གི་བཞི་སྟེ་བརྒྱད་དང་། དྭངས་སྙིགས་གཉིས་ཏེ་བཅུ། ཞིང་བཅུའི་དྲི་ཆེན་དང་ཉི་ཤུའོ། །རཀྟའི་ཉི་ཤུ་ནི། ཕོ་བྲང་སྙིང་དང་། མཚོ་མཆིན་པ་དང་། སྙིགས་མ་མཚེར་བ་དང་། གཤེགས་ལམ་མཁའ་མའི་རྩ་ཁྲག་སྟེ་མངོན་པ་ཕྱིའི་བཞི་དང་། གཟུངས་མ་ལ་དང་པོ་འཛག་པ་དང་། འཛག་པ་ལ་སྦྱར་བ་དང་། སྦྱར་བ་ལ་འདྲེན་པའི་ཁྲག་དང་། རྒྱུད་ལྔ་བསྒྲལ་བའི་ཁྲག་རྣམས་ནི་སྦས་པ་ནང་གི་བཞི་སྟེ་བརྒྱད། དྭངས་སྙིགས་གཉིས་ཏེ་བཅུ། ཞིང་བཅུ་བསྒྲལ་བའི་ཁྲག་བཅུ་སྟེ་ཉི་ཤུའོ། །དྲི་ཆུའི་ཉི་ཤུ་ནི། བོང་བུ་དང་། བ་དམར་མོ་དང་། བྱིས་པ་གཙང་མ་དང་། སྐྱེ་བོའི་དྲི་ཆུ་སྟེ་མངོན་པ་ཕྱིའི་བཞི་དང་། བླ་མ་དང་། གཟུངས་མ་དང་། བསྒྲལ་བའི་དང་། ཤི་བ་བམ་གྱི་དྲི་ཆུ་རྣམས་ནི་སྦས་པ་ནང་གི་བཞི་སྟེ་བརྒྱད་དང་། དྭངས་སྙིགས་གཉིས་ཏེ་བཅུ། ཞིང་བཅུའི་དྲི་ཆུ་དང་ཉི་ཤུའོ། །ཤ་ཆེན་གྱི་ཉི་ཤུ་ནི། མངོན་པ་ཕྱིའི་བཞི་ནི་ནུ་འབུར་གཉིས། མཁུར་ཚོས་གཉིས། སྦས་པ་ནང་གི་བཞི་སྟེ་བརྒྱད། དྭངས་སྙིགས་གཉིས་ཏེ་བཅུ། ཞིང་བཅུ་བསྒྲལ་བའི་ཤ་ཆེན་བཅུ་སྟེ་ཉི་ཤུའོ། །དེ་ལྟར་མི་དོར་བའི་དམ་ཚིག་ལྔ་པོ་ལ་ཉི་ཤུ་ཉི་ཤུར་ཕྱེ་བས་བརྒྱ། དེའི་སྟེང་དུ་གོང་གི་མི་སྤང་བའི་དམ་ཚིག་ལྔ་པོ་ལ་ཉི་ཤུ་ཉི་ཤུར་ཕྱེ་བ་བསྣན་པས་ཉིས་བརྒྱ་པོ་དེ་རྣམས་ནི་ཡན་ལག་གི་དམ་ཚིག་བསྲུང་དམིགས་སོ། །མདོར་ན་རྩ་བ་དང་ཡན་ལག་གི་དམ་ཚིག་གི་བསྲུང་མཚམས་ཀྱི་རྣམ་གྲངས་ནི། རྩ་བའི་དམ་ཚིག་ལ་བརྒྱ་དྲུག་ཅུ་དང་ཡན་ལག་གི་དམ་ཚིག་ལ་ཉིས་བརྒྱ་སྟེ་སུམ་བརྒྱ་དྲུག་ཅུར་གསུངས་པ་འདི་ནི། རྒྱུད་གཞུང་འདི་ཉིད་ཀྱི་དབང་དུ་ཡིན་གྱིས་གཞན་དུ་ནི་ངེས་པ་མེད་པར་ཤེས་པར་བྱའོ། །གཉིས་པ་གདུལ་བྱ་ལ་དགོངས་ནས་དབྱེ་བ་ནི། དམ་ཚིག་འདི་ནི༴ དེ་སྙེད་སྤྲོ། །ཞེས་པ་དེར་གདའ་ཞིང་། དམ་ཚིག་འདི་ནི་རྨད་པོ་ཆེ། །ཞེས་པས། ཐེག་པ་ཆེན་པོ་གསང་སྔགས་མ་ཧཱ་ཡོ་གའི་རྩ་བ་དང་ཡན་ལག་གི་དམ་ཚིག་འདི་དག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྒྱལ་ཁྲིམས་ཆགས་པའི་ས་དང་འདྲ་སྟེ། དེ་ཡང་རྒྱ་ཆད་མེད་པར་གདུལ་བྱའི་བློ་དང་འཚམས་པར་ཇི་ལྟར་འདུལ་བའི་ཐབས་སྣ་ཚོགས་སྟོན་པས་ན་རྨད་པོ་ཆེ་ཞེས་བྱའོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །སྲིད་གསུམ་འགྲོ་བ་ཇི་སྙེད་པ། །རྟོག་འདུལ་དམ་ཚིག་དེ་སྙེད་སྤྲོས། །ཞེས་པས། དེ་ཡང་གནས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་གནས་པའི་གདུལ་བྱ་སྲིད་པ་ཁམས་གསུམ་གྱིས་བསྡུས་པའི་འགྲོ་བ་སེམས་ཅན་ཇི་སྙེད་གཅིག་ཡོད་པ་དེ་དག་གི་རྣམ་པར་རྟོག་པ་ཇི་སྙེད་པ་འདུལ་བའི་གཉེན་པོར་དམ་ཚིག་གི་རྣམ་གྲངས་ཀྱང་གཉེན་པོས་འདུལ་བ་དང་། སྦྱངས་པས་འདུལ་བ་དང་། ལྷར་དག་པས་འདུལ་བ་དང་། ངོ་ཤེས་པས་འདུལ་བ་ལ་སོགས་པ་འདུལ་ཐབས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དེ་སྙེད་ཅིག་སྤྲོས་ནས་སེམས་ཅན་གྱི་དོན་མཛད་དོ། །བདུན་པ་དམ་ཚིག་གི་ཡོན་ཏན་བསྟན་པ་ལ་དྲུག་སྟེ། མཐར་ཐུག་གི་འབྲས་བུ་ཐོབ་ཅིང་ཚད་ལས་འདས་པའི་ཡོན་ཏན་དང་། རིག་འཛིན་ཐོབ་ཅིང་འཇིག་རྟེན་གྱི་གཙོ་བོས་བཀུར་འོས་སུ་མཐོང་བའི་ཡོན་ཏན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔས་བྱིན་གྱིས་རློབས་པའི་ཡོན་ཏན་དང་། ཀུན་ཏུ་བཟང་པོ་དང་སྤྱོད་ཡུལ་གཅིག་པའི་ཡོན་ཏན་དང་། ཐེག་པ་འོག་མའི་འདུལ་སྡོམ་ཐམས་ཅད་འདིར་འདུས་ཤིང་རྣམ་པར་དག་པའི་ཡོན་ཏན་དང་། ཉམས་ཀྱང་བསྐང་དུ་རུང་བའི་ཡོན་ཏན་ལ་སོགས་ཏེ་ཡོན་ཏན་ཚད་ལས་འདས་པར་བསྟན་པའོ། །དང་པོ་མཐར་ཐུག་གི་འབྲས་བུ་ཐོབ་ཅིང་ཚད་ལས་འདས་པའི་ཡོན་ཏན་བསྟན་པ་ནི། གཞན་ཡང་རྒྱལ་མཆོག༴ མཐའ་ཡས་མཆོག །ཅེས་པ་དེར་གདའ་ཞིང་། གཞན་ཡང་རྒྱལ་མཆོག་ཀུན་བཟང་གི། །ཞེས་པས། གོང་དུ་བཤད་པའི་མཉམ་རྫོགས་ཆེན་པོ་ཅིག་ཅར་བའི་དམ་ཚིག་ལས་གཞན་པ་རིམ་གྱིས་པའི་ཡང་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པར་བསྲུངས་པའི་འབྲས་བུ་རྒྱལ་བ་ཀུན་གྱི་མཆོག་རིགས་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོ་ཉིད་འགྲུབ་པར་འགྱུར་ཏེ། དེ་དག་གི་ངོ་བོ་ཉིད་ཇི་ལྟར་ཞེ་ན། ཐམས་ཅད་མ་ལུས་ཕྱག་རྒྱའི་མཆོག །ཅེས་པས། འཁོར་བའི་ཆོས་ཐམས་ཅད་དང་མྱ་ངན་ལས་འདས་པའི་ཆོས་ལྷག་མ་མ་ལུས་པ་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་ངོ་བོར་ཡེ་ནས་ལྷུན་གྱིས་གྲུབ་པས་ན་མཆོག་ཅེས་བྱ་སྟེ། བསྒྲུབ་མེད་དམ་པ་མ་ལུས་འགྲུབ། །ཅེས་པས། དེ་ལས་གཞན་པའི་འབྲས་བུ་བསྒྲུབ་ཏུ་མེད་དེ། སྤང་པ་དང་བླང་བ་མེད་པ་ནི་འབྲས་བུའི་མཆོག་དམ་པ་སྟེ་ཀུན་ཏུ་བཟང་པོའི་ཡོན་ཏན་མ་ལུས་པ་འགྲུབ་པར་འགྱུར་པའོ། །དེ་ལ་སོགས་པ་མཐའ་ཡས་མཆོག །ཅེས་པས། ཀུན་ཏུ་བཟང་པོ་དེའི་ཡོན་ཏན་བརྗོད་པ་ལས་འདས་པའི་ཕྱིར། དེ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བས་ན་མཐའ་ཡས་པའི་མཆོག་གོ། །གཉིས་པ་རིག་འཛིན་ཐོབ་ཅིང་འཇིག་རྟེན་གྱི་གཙོ་བོས་བཀུར་འོས་སུ་མཐོང་བའི་ཡོན་ཏན་ནི། རྒྱལ་བ་རིགས་མཆོག༴ འཁོར་གྱིས་བཀུར། །ཞེས་པ་དེར་གདའ་ཞིང་། རྒྱལ་བ་རིགས་མཆོག་འཛིན་པ་སྟེ། །ཞེས་པས། དེ་ལྟ་བུའི་དམ་ཚིག་རྣམས་དང་ལྡན་ན། སྔར་འདས་པ་དང་ད་ལྟར་བཞུགས་པའི་རྒྱལ་པའི་རིགས་ཀྱི་མཆོག་འཛིན་པ་ཡིན་ཏེ། དེ་ཡང་དམ་ཚིག་འདི་དག་ལྟ་སྤྱོད་ཚང་བར་འབྱོར་བ་ནི་སར་ཆུད་པའི་རིག་འཛིན་ནོ། །དེ་ལ་རྒྱུན་དུ་གནས་པ་ནི་ས་ལ་གནས་པའི་རིག་འཛིན་ནོ། །དེ་སྟོབས་སུ་གྱུར་པ་ནི་སར་ཡོངས་སུ་སྨིན་པའི་རིག་འཛིན་ཡིན་ནོ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །ཞེས་པས། དེ་ལྟ་བུའི་རིག་འཛིན་སྒྲུབ་པ་པོ་དེ་ལ་འཇིག་རྟེན་གྱི་གཙོ་བོ་ལྷ་མ་སྲིན་སྡེ་བརྒྱད་དང་དེ་དག་གི་འཁོར་གཡོག་དང་བཅས་པ་ཀུན་གྱིས་ཀྱང་བསྐུར་སྟི་བྱེད་ཅིང་དེའི་དགོས་པ་སྒྲུབ་པར་བྱེད་དོ། །གསུམ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བྱིན་གྱིས་རློབ་པའི་ཡོན་ཏན་ནི། དམ་པའི་མཆོག་དང་༴ བྱིན་གྱིས་རློབ། །ཅེས་པ་དེར་གདའ་ཞིང་། དམ་པའི་མཆོག་དང་དམ་པ་ཡིས། །ཞེས་པས། དམ་པའི་མཆོག་སངས་རྒྱས་དང་། དམ་པ་རིག་འཛིན་དང་བྱང་ཆུབ་སེམས་དཔའ་སྟེ་དེ་དག་གི་ཡིས་ཀྱང་། སྲས་དང་སྤུན་དགོངས་བྱིན་གྱིས་རློབ། །ཞེས་པས། སངས་རྒྱས་རྣམས་ཀྱི་སྲས་དང་རིག་འཛིན་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤུན་དུ་དགོངས་ཤིང་བྱིན་གྱིས་རློབ་བོ། །འདི་ན་མེད་ཀྱང་ལུང་གྲ་ཆད་ལ་ཉལ་བ་བླང་བ་བཤད་པ་མཁན་པོའི་གཉེན་བྱ་བ་ཡིན་པས། མ་མོ་དང་མཁའ་འགྲོ་རྣམས་ཀྱིས་མིང་པོར་དགོངས་ནས་སྟོང་གྲོགས་བྱེད་དོ། །དམ་ཅན་ཆོས་སྐྱོང་པའི་སྲུང་མ་རྣམས་ཀྱིས་ཀྱང་རྗེ་དཔོན་དམ་པར་དགོངས་ནས་ཕྲིན་ལས་བསྒྲུབ་བོ། །ཞེས་བླ་མ་གོང་མ་རྣམས་གསུམ་ངོ་། །བཞི་པ་ཀུན་ཏུ་བཟང་པོ་དང་སྤྱོད་ཡུལ་གཅིག་པའི་ཡོན་ཏན་ནི། བདེ་གཤེགས་ཉིད་ཀྱི༴ བཟང་པོར་སྦྱོར། །ཞེས་པ་དེར་གདའ་ཞིང་། བདེ་གཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །ཞེས་པས། རྩ་བ་དང་ཡན་ལག་གི་བཅོ་ལྔ་པོ་ལ་སོགས་པ་གཞུང་བཞིན་དུ་མ་ཉམས་པར་བསྲུངས་པ་དེ་ནི་བདེ་བར་གཤེགས་པ་ཉིད་ཀྱི་ངོ་བོ་དང་ཐ་མིད་པས་བྱེད་སྤྱོད་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་ཞུགས་པ་ཞེས་བྱའོ། །འཇིགས་མེད་ཀུན་ཏུ་བཟང་པོ་སྦྱོར། །ཞེས་པས། དེའི་ཕྱིར་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས་བྱེད་སྤྱོད་གང་སྤྱད་ཀྱང་ལྟུང་བར་འགྱུར་བའི་འཇིགས་པ་མེད་པས། སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་ཏུ་བཟང་པོར་སྦྱོར་པའོ། །ལྔ་པ་ཐེག་པ་འོག་མའི་འདུལ་སྡོམ་ཐམས་ཅད་འདིར་འདུས་ཤིང་རྣམ་པར་དག་པའི་ཡོན་ཏན་ནི། ཇི་བཞིན་ཉིད་དང་༴ ལྷུན་གྱིས་གྲུབ། །ཅེས་པ་དེར་གདའ་ཞིང་། ཇི་བཞིན་ཉིད་དང་འདུལ་བའི་ཐབས། །ཞེས་པས། ཆོས་ཐམས་ཅད་ཀྱི་ཇི་བཞིན་པའི་ཆོས་ཉིད་མངོན་དུ་བྱེད་པ་གསང་སྔགས་བླ་ན་མེད་པའི་དམ་ཚིག་ཕན་ཡོན་དང་བཅས་པ་འདི་ཐུན་མོང་གི་གདུལ་བྱ་འདུལ་བའི་ཐབས་སུ་བསྟན་པའི། ཇི་སྙེད་སྡོམ་པ་བསམ་ཡས་པ། །ཞེས་པས། ཉན་ཐོས་ཀྱིས་འདུལ་ཁྲིམས་ཇི་སྙེད་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་དང་སྔགས་ཕྱི་རྒྱུད་ཀྱི་དམ་ཚིག་ལ་སོགས་པ་བསམ་ཡས་པ་རྣམས་འདུས་པའི་ཕྱིར། མ་ལུས་རྣམ་དག་ལྷུན་གྱིས་གྲུབ། །ཅེས་པས། འདིར་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་ན། ཐེག་པ་འོག་མ་པ་རྣམས་ཀྱི་དགག་བྱ་མ་ལུས་པ་རྣམ་པར་དག་ཅིང་། དགོས་པ་མ་ལུས་པ་མ་བཙལ་བར་ལྷུན་གྱིས་གྲུབ་པའོ། །དྲུག་པ་ཉམས་ཀྱང་བསྐང་རུང་པའི་ཡོན་ཏན་ལ་སོགས་ཏེ་ཡོན་ཏན་ཚད་ལས་འདས་པར་བསྟན་པ་ནི། ཉམས་ན་བསྐང་པས༴ མཐའ་ཡས་མཆོག །ཅེས་པ་དེར་གདའ་ཞིང་། ཉམས་ན་བསྐང་པས་རྫོགས་པ་དང་། །ཞེས་པས། གལ་ཏེ་སྔགས་ཀྱི་དམ་ཚིག་ཉམས་པར་གྱུར་ན་ཡང་ཉན་རང་ལྟར་བསྐང་ཐབས་མེད་པ་མ་ཡིན་ཏེ། བསྐང་པས་སྐོང་པའི་ཐབས་ཁྱད་པར་ཅན་ཡོད་པས་ཉམས་པ་གསོ་བ་ལ་རབ་ཏུ་བརྩོན་ན་དམ་ཚིག་གི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང་། དེ་ལ་སོགས་པ་མཐའ་ཡས་མཆོག །ཅེས་པས། གོང་གི་ཡོན་ཏན་དེ་ལ་སོགས་པ་དམ་ཚིག་བསྲུངས་བའི་ཡོན་ཏན་ཚད་ལས་འདས་ཤིང་མཐའ་ཡས་པ་མཆོག་ཏུ་ཐོབ་བོ། །དེ་ཡང་དམ་ཚིག་ཉམས་པ་རྣམས་གསོ་བའི་ཐབས་ནི། གསལ་བཀྲ་ལས། ཉམས་ན་བསྐང་བའི་ཐབས་རྣམས་ནི། །བྱང་ཆུབ་སེམས་ཀྱིས་དམ་ཉམས་ན། །མཁས་ལ་བླངས་ཏེ་གནས་པར་བྱ། །སྐུ་ཡི་དམ་ཚིག་ཉམས་གྱུར་ན། །གང་ལ་ཉམས་པ་དེར་སོང་ནས། །ནོར་རྫས་འབྱོར་བས་མཉེས་ཕུལ་ནས། །གང་ཞེས་ཚིག་ཏུ་བཤགས་བྱས་ལ། །ཕྱིན་ཆད་སྡོམ་པ་ལེགས་པ་བཅང་། །གལ་ཏེ་གྲོངས་ཆད་གྱུར་པ་ན། །དེ་ཡི་སློབ་དཔོན་བཞུགས་པ་ལ། །དེ་ཚེ་གོང་མ་བཞིན་དུ་བཤགས། །མེད་ན་མཉམ་པ་བརྒྱ་ལ་བཤགས། །དེ་ཡང་རྙེད་བར་མ་གྱུར་ན། །དེ་དང་མཉམ་པ་གསུམ་བཀུག་ལ། །བྱིན་སྲེག་མེ་ཐབ་རབ་བརྩིགས་ནས། །དཀྱིལ་འཁོར་ལྷ་ལ་མཆོད་རྗེས་སུ། །སྤྱན་དྲངས་གསང་མཚན་ལ་སོགས་མཆོད། །གོང་དུ་སྨོས་པའི་ཡོད་བྱད་རྣམས། །དབང་པོ་གསུམ་ལ་དབུལ་བར་བྱ། །གལ་ཏེ་གུས་པས་མི་ལེན་ན། །གཉིས་ཀ་རྡོ་རྗེ་དམྱལ་བར་ལྟུང་། །དེ་བས་མྱུར་དུ་ཚང་བར་བྱ། །གསུང་གི་དམ་ཚིག་ཉམས་གྱུར་ན། །སྒོ་གསུམ་སྐུ་གསུང་ཐུགས་ཉིད་དུ། །ངེས་པར་ཤེས་ན་སྐོང་བར་འགྱུར། །བཟླས་པ་ལྔབ་ཀྱི་བསབ་པ་དང་། །སྒྲུབ་པ་ཆེན་པོ་གསུམ་གྱིས་སྐོང་། །ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན། །འགྲོ་དྲུག་སེམས་སུ་གསལ་རྟོགས་ན། །བདག་ཉིད་བདག་ལ་གསང་བ་མེད། །མི་རྟོག་ཏིང་འཛིན་རླུང་ཞུགས་ཏེ། །མ་འདྲེས་བློ་ལ་འདྲིས་པར་བྱ། །ཡན་ལག་དམ་ཚིག་ཉམས་གྱུར་ན། །གང་ཉམས་དེ་ནི་གསོར་བཅུག་ལ། །བརྒྱ་རྩ་བརྒྱད་ཀྱི་ཚོགས་ཀྱིས་བསྐང་། །དེ་ལྟར་ཉམས་སུ་ལོང་ལ་སྐོང་། །སྔར་རྟགས་སྡུག་བསྔལ་འབྱུང་མི་འགྱུར། །ཞེས་གསུངས་པས། གསང་སྔགས་ཀྱི་དམ་ཚིག་ཉམས་ན་རྡོ་རྗེའི་དམྱལ་བར་སྐྱེ་བས་དེའི་སྡུག་བསྔལ་བསམས་ཏེ་ཤིན་ཏུ་འཇིགས་པར་བྱས་ལ་དམ་ཚིག་ཉམས་པ་སྐོང་བའི་ཆོ་ག་ལ་ཤིན་ཏུ་བརྩོན་པར་བྱའོ། །གཉིས་པ་གཞུང་གསུངས་པའི་ཡོན་ཏན་བསྟན་པ་ནི། ཅེས་བརྗོད་པས། དེ་བཞིན་གཤེགས་པ་ཉིད། དེ་བཞིན་གཤེགས་པ་ཉིད་ལ་འདུལ་བར་གྱུར་ཏོ། །ཞེས་པ་དེར་གདའ་ཞིང་། ཞེས་ལེའུའི་གཞུང་དོན་དེ་དག་བརྗོད་པས་དམ་ཚིག་གི་རང་བཞིན་ནི། དེ་བཞིན་གཤེགས་པ་ཉིད་ཡིན་པའི་ཕྱིར་དང་། རྒྱལ་བ་དེ་བཞིན་གཤེགས་པ་ཉིད་ཀྱང་དམ་ཚིག་གི་རང་བཞིན་ལས་མི་འདའ་ལ། གདུལ་བྱ་གཞན་དམ་ཚིག་གི་འདུལ་བར་གྱུར་བ་ལྟ་ཅི་སྨོས་ཞེས་པའི་དོན་ནོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། གསང་བའི་སྙིང་པོ༴ བཅུ་དགུ་པའོ། །ཞེས་པ་དེར་གདའ་ཞིང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཞེས་པས། གསང་བའི་ཞེས་རྟོགས་དཀའ་བ། སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉིད་གཞན་སེལ་པ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་དེ་མཚན་གྱི་གཞིར་གདའ། དམ་ཚིག་གི་ལེའུ་སྟེ་བཅུ་དགུ་པའོ། །ཞེས་པས། རྩ་བ་དང་ཡན་ལག་གི་དམ་ཚིག་གི་རྣམ་པར་གཞག་པ་བསྟན་པའི་གཞུང་གི་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་སྟེ་དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས་ཡས་བགྲངས་བཅུ་དགུ་པའི་དོན་དུ་གདའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་བཅུ་དགུ་པའི་གཞུང་དོན་རྣམ་པར་བཤད་པའོ།། ༈ །།ད་ནི་ལེའུ་ཉི་ཤུ་པ་འཆད་པར་བྱེད་པ་འདི་ལ། ཆོས་ཚོམས་ངོས་བཟུང་བའི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་སྟོན། ལམ་ལ་ཐབས་ལམ་གྲོལ་ལམ་གཉིས་ལས་གཉིས་ཀ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་པའི་མཚན་ཉིད་སྟོན། སྣང་བ་བཞི་ལས་ལམ་སྣང་སྟོན། བློ་འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་གཞུང་ཧྲིལ་བོས་ཕྲིན་ལས་སྟོན། ཞོར་ལ་ལྟ་བ་དང་། སྤྱོད་པ་དང་། དཀྱིལ་འཁོར་དང་། དུག་གསུམ་གྱི་མཆོད་པ་དང་། ཕྲིན་ལས་བཞིའི་ཏིང་ངེ་འཛིན་སྟོན། བློ་ཐ་མའི་ཆོས་ཚོམས་བཤད་ཐབས་འདྲེན་པའི་ཚིག་བཅུ་ལས་རང་བཞིན་ལྟ་བ། མཚོན་པ་དཔེ་དང་། ལྡེམ་དགོངས་མན་ངག །གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟ་སྟོན་པར་བྱེད་པའི་ལེའུ་ཉི་ཤུ་བ་འདི་ལ་དོན་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོོད་པ་དང་། ལེའུའི་གཞུང་བསྟན་པ་དང་། ལེའུའི་མཚན་བསྟན་པའོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་ནི། དེ་ནས་དེ་བཞིན༴ འདི་བརྗོད་དོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་ལེའུ་བཅུ་དགུ་པར་དམ་ཚིག་བསྟན་པ་ལ་དེ་ཉི་ཤུ་པར་དམ་ཚིག་དང་ལྡན་པའི་སྒྲུབ་པ་པོས་ཕྲིན་ལས་བྱ་བ་སྟོན་པས་ན་ནས། དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ནི། འབྲུ་མཐུན་ལ། ལྷུན་གྱིས་གྲུབ་པའི་དམ་ཚིག་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པས། བྱང་ཆུབ་སེམས་ཉིད་ལ་ཕྲིན་ལས་རྣམ་པ་བཞི་རང་བཞིན་ལྷུན་གྱིས་གྲུབ་པར་གནས་པ་ལས་མི་འདའ་བའི་དམ་ཚིག་དེ་ཆོ་ག་བཞིས་བསྐུལ་བས་མངོན་སུམ་དུ་སྣང་བར་བྱེད་པས་ན་བྱིན་གྱིས་རློབ་པ་ཞེས་བྱ་བའི་དགོངས་པ་ཏིང་ངེ་འཛིན་ལ་མངོན་དུ་བཞག་པ་སྟེ་སྙོམས་པར་ཞུགས་ནས། འོག་ནས་འབྱུང་བའི་དོན་ཆེད་དུ་བརྗོད་པ་འདི་དག་བརྗོད་དོ། །གཉིས་པ་ལེའུའི་གཞུང་ལ་གཉིས་ཏེ། ཕྲིན་ལས་དངོས་དང་། ཕྲིན་ལས་ཀྱི་ཡོན་ཏན་ནོ། །དང་པོ་ཕྲིན་ལས་དངོས་ལ་བཞི་སྟེ། རྫས་དང་ལུ་གུ་རྒྱུད་ཀྱི་སྒོ་ནས་ཕྲིན་ལས་བྱ་བ་དང་། ལྷག་མའི་ལས་དང་། བྲོ་གར་གླུ་ཚིག་གི་ཡོན་ཏན་དང་། གཟུངས་སེམས་བསྟན་པའོ། །དང་པོ་རྫས་དང་ལུ་གུ་རྒྱུད་ཀྱི་སྒོ་ནས་ཕྲིན་ལས་བྱ་བ་ལ་བཞི་སྟེ། དྲག་པོའི་ཕྲིན་ལས་དང་། དབང་གི་ཕྲིན་ལས་དང་། རྒྱས་པའི་ཕྲིན་ལས་དང་། ཞི་བའི་ཕྲིན་ལས་སོ། །དང་པོ་དྲག་པོའི་ཕྲིན་ལས་ལའང་ལྔ་སྟེ། དྲག་པོའི་ལིདྒ་བཅའ་བ་དང་། དྲག་པོའི་དཀྱིལ་འཁོར་བསྐྱེད་པ་དང་། དྲག་པོའི་བསྒྲུབ་བྱའི་ལས་དང་། མཆོད་སྦྱིན་བྱ་བ་ཡོན་ཏན་དང་བཅས་པ་དང་། ལུ་གུ་རྒྱུད་ཀྱི་ཡོན་ཏན་དང་ཅས་པ་བསྟན་པའོ། །དང་པོ་དྲག་པོའི་ལིངྒ་བཅའ་བ་ནི། བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པར་བྱ། །ཞེས་པ་དེར་གདའ་ཞིང་། དེ་ཡང་གསེར་སྐྱེམས་བཏང་། བདེན་པ་བརྡར། གཟུ་དཔང་གསོལ་ལ། སྔགས་འཆང་དྲག་པོའི་ཆ་བྱད་ཅན་གྱི་ཁ་བྱང་དུ་ཕྱོགས་ནས་ཁྲོས་པའི་སེམས་ཀྱི་རང་གི་གྲིབ་མ་དང་ཁ་ཆུས་མི་འགོས་ཤིང་གྲིབ་མ་མི་འཕོག་པའི་ཐབས་དང་ལྡན་པར་བྱས་ལ། དགྲ་བགེགས་གང་ཡིན་གྱི་བདུད་རྩི་ལྔའམ་ཡང་ན་ཤ་གང་གི་ཉ་ཤ་བུ་རམ་སྦྲང་རྩི་ཏིལ་དང་ཟས་ལྔ་ལ་རྒྱུ་བྱས་པའི་ལིདྒ་ཕོ་མོ་གང་ཡིན་གྱི་མཚན་མ་ཅན། དཔྲལ་བར་རུས་དང་སྙིང་ཁར་སྲོག་གང་ཡིན་མིང་དུ་བཅས་པར་བྱ་སྟེ། དེ་ཡང་གྲོ་ཤོག་ལ་བྲིས་ནས་རླན་པའམ། ཡང་ན་གྲོ་ཤོག་གི་ལིདྒ་ལ་རྗེས་ཀྱི་སའམ་ཟག་རྫས་རྣམས་ཀྱིས་བྱུགས་པ་ཡང་རུང་བས་ལྟེ་བར་བླ་དྭགས་དང་། འདོམས་སུ་ཆྒཻ་མོ་མཱ་ར་ཡ་ཕཊ་བྱ་བ་བྲིས། མཐའ་མ་ཛཿས་བསྐོར་ལ་ཐོད་པ་མཚན་ངན་གྱི་ནང་དུ་བཅུག་ལ་མགོ་བོ་ལྷོ་ནུབ་དང་རྐང་པ་བྱང་ཤར་དུ་བསྟན་ཏེ། དཀྱིལ་འཁོར་གྱི་བྱང་ཕྱོགས་ཀྱི་བྲུབ་ཁུང་གྲུ་གསུམ་དུ་གཞུག་གོ། །གཉིས་པ་དྲག་པོའི་དཀྱིལ་འཁོར་བསྐྱེད་པ་ནི། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་པ་དེར་གདའ་ཞིང་། སྔགས་འཆང་རྣམས་དྲག་པོའི་ཆ་བྱད་དང་འདུག་སྟངས་ཀྱིས། ཨེ་རཾ། ཛྭ་ལ་རཾ་ལ་སོགས་པའི་སྔགས་བརྗོད་པས། ཕྱི་དྲག་པོ་ཨེའི་ཚོགས་ཀྱི་དཀྱིལ་འཁོར་མཐིང་ནག་གྲུ་གསུམ་མེ་འབར་བ་བསྐྱེད་ལ། ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། ཞེས་བརྗོད་པས། ནང་དྲག་པོ་ལྷའི་ཚོགས་བཛྲ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀུན་ཀྱང་མཐིང་ནག་འཇིགས་པའི་གཟུགས་ཅན། མཚོན་ཆ་སྣ་ཚོགས་ཐོགས་པ། མེ་དཔུང་འབར་བའི་ཀློང་ན་བཞུགས་པ། སྤྲུལ་པ་དང་ཡང་སྤྲུལ་དུ་བཅས་གྲངས་མེད་པ་བསྐྱེད་དོ། །གསུམ་པ་དྲག་པོའི་བསྒྲུབ་བྱའི་ལས་ནི། བཀུག་ནས་རྡོ་རྗེ་ཕུར་པས་གདབ། །རྡུལ་དུ་བྱས་ནས་ཚོགས་ལ་འབུལ། །ཞེས་པ་དེར་གདའ་ཞིང་། དེ་ཡང་གུ་གུལ་ལ་སོགས་པ་ལྷ་དབྱེའི་རྫས་ཀྱི་དུད་པས་ལིངྒ་བདུག་ཅིང་འགོ་བའི་ལྷ་ལྔ་དང་དབྱེར། དེ་ནས་བ་ཧུའི་སྔགས་ཀྱིས་ལྷ་ལས་ལ་གཟུད། ཕོ་ཉ་དྲུག་སྐོར་བཏང་ལ། བི་ཤྭ་བཛྲའི་སྔགས་ཀྱིས་སྤྲུལ་པ་སྤྲོས་ནས་གཟས་པ་པོ་གང་ཡིན་རང་དབང་མེད་པར་མདུན་དུ་བྱུང་བར་དམིགས་ཤིང་། དགྲ་ཡིན་ན་ནྲྀ་ཛཿདང་། བགེགས་ཡིན་ན་ཏྲི་ཛཿཞེས་བརྗོད་ཅིང་། ལྕགས་ཀྱུའི་ཕྱག་རྒྱ་ལན་གསུམ་མམ་བདུན་གྱིས་བཀུག་ནས། ཛཿཧཱུཾཿབཾ་ཧོཿས་ལིངྒ་དང་གཉིས་སུ་མེད་པ་བྱས་ལ། ལྕགས་སམ་ཤིང་ནག་པོ་ལ་བྱས་པའི་རྡོ་རྗེ་ཕུར་པ་མགོ་ལ་རྒྱ་མདུད་དང་། དབལ་ཟུར་གསུམ་པ་གསུམ་བྲུབ་ཁུང་གི་ཟུར་གསུམ་ལ་བསྐོར་བ་དེར་སྲས་མཆོག་བཛྲ་ཀཱི་ལ་ཡ་མངོན་རྟོགས་བཞིན་བསྐྱེད་ནས། དབང་བསྐུར་བྱིན་གྱིས་བརླབ་པ་ལ་སོགས་པ་དང་། ལག་སོར་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། སྒྱུ་འཕྲུལ་རྒྱས་པའི་ལེའུ་ལྔ་བཅུ་རྩ་བདུན་པ་ནས་བྱུང་བའི་ཕུར་བསྐུལ་གྱི་ཚིག་དང་། གྷ་ཏའི་སྔགས་ཀྱིས་ལིངྒའི་དཔྲལ་མགྲིན་སྙིང་ག་སྟེ་ལུས་ངག་ཡིད་གསུམ་གྱི་གནས་གསུམ་དུ་གདབ་བར་བྱའོ། །དེ་ནས་ཤཱིཥྚིའི་སྔགས་ཀྱིས་གྲིས་གཏུབས་པ་དང་། ཨཱོཾ་བྷྲུཾ་ལ་སོགས་པའི་སྔགས་ཀྱིས་ཚོན་ཆའི་ཆར་ཕབ་པས། ལིང་རོ་རྣམས་རྡུལ་ཕྲ་རབ་ཙམ་དུ་བྱས་པར་བསམས་ནས་ཚོ་གསུམ་དུ་བྱས་ལ། ཚོ་གཅིག་བསྟབ་ཞལ་དུ་བླུག་ལ་དཀྱིལ་འཁོར་གྱི་ལྷ་རྡོ་རྗེ་སེམས་དཔའ་དང་། བཛྲ་ཧེ་རུ་ཀས་གཙོ་བྱས་པའི་དྲག་པོའི་ལྷ་ཚོགས་རྣམས་ལ་གཏོར་མར་དབུལ། ཚོ་གཅིག་གཏུབས་ལ་སྦྱིན་སྲེག་གི་བསྲེགས་རྫས་དང་བསྲེའོ། །ཚོ་གཅིག་ལ་བྲོ་བརྡུངས་ལམ་རྒྱ་གྲམ་དུ་དོང་གྲུ་གསུམ་བྲུས་ལ་རོ་གཡམ་ལ་རོ་སོལ་གྱིས་རྡོ་རྗེ་རྒྱ་གྲམ་བྲིས་ལ་མནན་པར་བྱའོ། །བཞི་པ་མཆོད་སྦྱིན་བྱས་པའི་ཡོན་ཏན་བསྟན་པ་ནི། འབར་བ་གཏུམ་ཆེན༴ སྐུ་ཡང་འཇིག །ཅེས་པ་དེར་གདའ་ཞིང་། འབར་བ་གཏུམ་ཆེན་རྔམ་པ་ལ། །ཞེས་པས། བཅོམ་ལྡན་འདས་བཛྲ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་འབར་བ་དྲག་པོའི་དཀྱིལ་འཁོར་གཏུམ་ཆེན་རྔམ་པའི་ཚོགས་རྣམས་ལ། ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །ཞེས་པས། སྟོང་གི་སེམས་རྣལ་འབྱོར་ཞེ་སྡང་ཁྲོས་པའི་ཡིད་ཀྱིས་ཡེ་ཤེས་ཀྱི་ལྷ་མཆོད་ཅིང་། མ་མོ་དང་མཁའ་འགྲོ་ལ་སྦྱིན་པའི་ལས་བྱས་པའི་ཡོན་ཏན་ནི། སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །ཅེས་པས། སངས་རྒྱས་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ལས་གྲུབ་པའི་གཟུགས་སྐུ་གཉིས་ཀྱང་འཇིག་བར་ནུས་ན། བསྒྲལ་བའི་ཞིང་བཅུ་ལ་སོགས་པ་བརླག་པར་ནུས་པ་ལྟ་སྨོས་ཀྱང་ཅི་དགོས་སོ། །ལྔ་པ་ལུ་གུ་རྒྱུད་ཀྱི་ཡོན་ཏན་དང་བཅས་པ་བསྟན་པ་ནི། ཨེ་ཡི་ཚོགས་ཀྱི༴ འཚིག་པར་འགྱུར། །ཞེས་པ་དེར་གདའ་ཞིང་། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་པས། ཨེ་རཾ་ཞེས་བརྗོད་བས། ཕྱི་དྲག་པོའི་དཀྱིལ་འཁོར་གྲུ་གསུམ་མཐིང་ནག་འབར་བ་འབྱམས་ཀླས་པ་བསྐྱེད་ལ། ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། ཞེས་པས། བཛྲ་ཧེ་རུ་ཀས་གཙོ་བྱས་པའི་དྲག་པོ་ཁྲོ་བོའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་མཆོག་ཏུ་གསལ་བའི་སྒྲུབ་པ་པོ་ཕོ་མོ་རྣམས་ཀྱིས་བྲོ་ར་གྲུ་གསུམ་དུ་བྱས་པའི་དབུས་སུ་ལིང་རོ་རྣམས་བཞག་ཅིང་། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །ཞེས་པས། ལག་པ་གཡས་པ་སྟེང་དང་གཡོན་པ་འོག་ཏུ་བྱས་ནས་བསྣོལ་ནས་མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་ཅིང་བསྡམས་ནས། བཅིངས་འགྱུར་བསྐྱོད་ནས་ཕྱོགས་བཅུར་གཡོས། །ཞེས་པས། དེ་ལྟར་ལུ་གུ་རྒྱུད་ཀྱི་ཕྱག་རྒྱ་བཅིངས་ཏེ། ཧཱུཾ་ཧཱུཾ་ཧཱུཾ། ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱི། །ཞེས་པ་ལ་སོགས་པའི་ཚིག་དང་། སུམྦྷ་ནའི་སྔགས་ཀྱི་བསྐུལ་ཞིང་མིག་འགྱུར་བ་དང་བཅས་པས་རྐང་སྟབས་བསྐྱོད་ནས་བྲོ་བརྡུངས་པས། རྡོ་རྗེ་རིགས་ཀྱི་སྤྲུལ་པ་མཐིང་ནག་དཔག་ཏུ་མེད་པ་ཕྱོགས་བཅུར་གཡོས་ནས། གང་ལ་བྱ་བརྡུལ་དུ་བརླག་པར་བསམས་ལ། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པའི་སྔགས་བརྗོད་ཅིང་ཕྱག་རྒྱ་སྤྲུགས་ནས་བཤིག་པས། མྱོང་ནས་གས་ཏེ་འཚིག་པར་འགྱུར། །ཞེས་པས་གཟས་པ་པོ་གང་ཡིན་པ་དེའི་རྣམ་ཤེས་མྱོས་ནས་ལུས་གས་ཏེ་སྙིང་འཚིག་པར་འགྱུར་རོ། །གཉིས་པ་དབང་གི་ཕྲིན་ལས་ལ་ཡང་ལྔ་སྟེ། དབང་གི་ལདྒི་བཅས་པ་དང་། དབང་གི་དཀྱིལ་འཁོར་བསྐྱེད་པ་དང་། །དབང་གི་བསྒྲུབ་བྱའི་ལས་དང་། མཆོད་སྦྱིན་བྱས་པའི་ཡོན་ཏན་དང་། ལུ་གུ་རྒྱུད་ཀྱི་ལས་ཡོན་ཏན་དང་བཅས་པ་བསྟན་པའོ། །དང་པོ་དབང་གི་ལིདྒ་བཅའ་བ་ནི། བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པར་བྱ། །ཞེས་པ་དེར་གདའ་ཞིང་། དེ་ཡང་ལིདྒའི་རྒྱུ་བདུད་རྩི་ལྔའམ་ཡང་ན་ཟས་ལྔ་ལ་བྱས་པ། གང་དབང་དུ་བྱ་བར་འདོད་པའི་ཕོ་མོ་གང་ཡིན་གྱི་མཚན་མ་ཅན། དཔྲལ་བར་རུས། སྙིང་གར་སྲོག་གང་ཡིན་གྱི་མཐའ་མིང་གི་ཡི་གེས་སྐོར་བ་ལ་སོགས་པ་སྔར་བཞིན་དུ་བཅས་ལ། དཀྱིལ་འཁོར་གྱི་ནུབ་ཏུ་བྲུབ་ཁུང་ཟླ་གམ་དུ་བཅུག་ལ་བཞག་པར་བྱའོ། །གཉིས་པ་དབང་གི་དཀྱིལ་འཁོར་བསྐྱེད་པ་ནི། བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་པ་དེར་གདའ་ཞིང་། སྔགས་འཆང་རྣམས་དབང་གི་ཆ་བྱད་དང་འདུག་སྟངས་ཀྱིས། བཾ་རཾ་ལ་སོགས་པའི་སྔགས་བརྗོད་པས། ཕྱི་དབང་མཆོག་བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་ཟླ་གམ་མེ་འབར་བ་བསྐྱེད་ལ། ཨཱོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། ཞེས་བརྗོད་པས། ནང་དབང་གི་ལྷའི་མཆོག་པདྨ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀུན་ཀྱང་དམར་ནག་རྔམས་པའི་གཟུགས་ཅན་ལྕགས་ཀྱུ་ཐོགས་པ། མེ་དཔུང་འབར་བའི་ཀློང་ན་བཞུགས་པ་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་གྲངས་མེད་པ་བསྐྱེད་དོ། །གསུམ་པ་དབང་གི་བསྒྲུབ་བྱའི་ལས་ནི། རྡོ་རྗེ་ཆགས་པའི་ཕུང་པས་གདབ། །ཆགས་པའི་ཚོགས་ལ་ཐིམ་པར་དབུལ། །ཞེས་པ་དེར་གདའ་ཞིང་། དེ་ཡང་སྔར་བཞིན་བསྒྲུབ་བྱ་དགུག་གཞུག་བསྟིམ་པ་ལ་སོགས་པའི་ལིདྒ་ལ་ཟངས་སམ་ཤིང་དམར་པོ་ལ་མགོ་ལ་རྒྱ་མདུད་དང་། དབལ་ཟླ་གམ་དུ་བྱས་པ་རྡོ་རྗེ་ཆགས་པ་སྟེ་སྲས་མཆོག་པདྨ་ཀཱི་ལ་ཡར་བསྐྱེད་པའི་ཕུར་པ་ལྔ་བྲུབ་ཁུང་གི་ཁ་ཁྱེར་ལ་བཀོད་པ་རྣམས་ལ། དབང་བསྐུར་བྱིན་རླབས་ལ་སོགས་པ་དང་། ལག་སོར་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས་ཕུར་བསྐུལ་གྱི་ཚིག་དང་གྷ་ཏ་ཡའི་སྔགས་ཀྱི་རྗེས་ལ། ཆེ་གེ་མོ་བདག་གི་དབང་དུ་བསྡུས་ཤིག །པཱ་ཤཾ་མ་ན་ཡེ་ཧོཿ ཞེས་པའི་ལིདྒའི་དབང་པོ་ལྔའི་གནས་སུ་གདབ་ཅིང་ཆགས་པ་སྟེ། དབང་དཀྱིལ་འཁོར་གྱི་ལྷ་སྣང་བ་མཐའ་ཡས་དང་། པདྨ་ཧེ་རུ་ཀས་གཙོ་བྱས་པའི་དབང་གི་ལྷ་ཚོགས་རྣམས་ལ་སྔར་དྲག་པོའི་སྐབས་སུ་བཤད་པའི་ཆོ་ག་རྣམ་དང་ཚུལ་མཐུན་པར་ཐིམ་པར་དབུལ་ལོ། །བཞི་པ་མཆོད་སྦྱིན་བྱས་པའི་ཡོན་ཏན་བསྟན་པ་ནི། འབར་བ་གཟི་བརྗིད༴ དབང་དུ་འགྱུར། །ཞེས་པ་དེར་གདའ་ཞིང་། འབར་བ་གཟི་བརྗིད་ལྷུན་ཆེན་ལ། །ཞེས་པས། བཅོམ་ལྡན་འདས་པདྨ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་དབང་གི་དཀྱིལ་འཁོར་གཟི་བརྗིད་ལྷུན་ཆེན་ལྟ་བུ་དང་ལྡན་པའི་ཚོགས་རྣམས་ལ། ཆགས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །ཞེས་པས། སྟོང་གི་སེམས་རྣལ་འབྱོར་པ་ཆགས་ཤིང་ཞེན་པའི་ཡིད་ཀྱིས་མཆོད་སྦྱིན་བྱས་པའི་ཡོན་ཏན་ནི། རྡོ་རྗེ་གསུང་ཡང་དབང་དུ་འགྱུར། །ཞེས་པས། རྡོ་རྗེ་གསུང་གི་ལྷ་པདྨ་དབང་ཆེན་ཡང་སྒྲུབ་པ་པོ་བདག་གིས་དབང་དུ་འདུས་པར་འགྱུར་ན་བསྒྲུབ་བྱ་གཞན་ལྟ་སྨོས་ཀྱང་ཅི་དགོས་སོ། །ལྔ་པ་ལུ་གུ་རྒྱུད་ཀྱི་ལས་ཡོན་ཏན་དང་བཅས་པ་བསྟན་པ་ནི། བཾ་གྱི་ཚོགས་ཀྱི༴ འོང་བར་འགྱུར། །ཞེས་པ་དེར་གདའ་ཞིང་། བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ། །ཞེས་པས་བཾ་རཾ་ཞེས་བརྗོད་པས། ཕྱི་དབང་གི་དཀྱིལ་འཁོར་ཟླ་གམ་དམར་ནག་འབར་བ་འབྱམས་ཀླས་པ་བསྐྱེད་ལ། ཨཱོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། ཞེས་པས་པདྨ་ཧེ་རུ་ཀས་གཙོ་བྱས་པའི་དབང་གི་ཁྲོ་བོའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་མཆོག་ཏུ་གསལ་བའི་སྒྲུབ་པ་པོ་ཕོ་མོ་རྣམས་ཀྱི། བྲོ་ར་ཟླ་གམ་དུ་བཅས་པའི་དབུས་སུ་ལིང་རོ་རྣམས་བཞག་ཅིང་། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །ཞེས་པས། ལག་པ་སྔར་ལྟར་བསྣོལ་བའི་སྲིན་ལག་ལུ་གུ་རྒྱུད་དུ་སྦྲེལ་ཅིང་བསྡམས་ནས། ཧཱུཾ་ཧཱུཾ་ཧཱུཾ། འདོད་ཆགས་རྡོ་རྗེ་འཁོར་བཅས་ཀྱིས། །ཞེས་པ་ལ་སོགས་པའི་ཚིག་དང་སུམ་བྷ་ནིའི་ནི་སྔགས་ཀྱི་བསྐུལ་ཞིང་། སྔར་བཞིན་བྲོ་བརྡུངས་པས། པདྨ་རིགས་ཀྱི་སྤྲུལ་པ་དམར་ནག་དཔག་ཏུ་མེད་པ་རྣམས་ཀྱི་གང་ལ་བྱ་བ། སྒྲུབ་པོ་པོའི་དབང་དུ་བསྡུས་པར་བསམས་ལ། བསྒྲུབ་བྱ་ཆེ་གེ་མོ་བདག་གི་དབང་དུ་གྱུར་ཅིག །པཱ་ཤཾ་མ་ན་ཡེ་སྭཱ་ཧཱ། ཞེས་པའི་སྔགས་བརྗོད་ཅིང་ཕྱག་རྒྱ་སྤྲུགས་ནས་ཤིག་པས། འགུག་འགྱུར་རྡོ་རྗེའང་ཕྱི་བཞིན་འབྲང་། །ཅི་འདོད་དེ་བཞིན་འོང་བར་འགྱུར། །ཞེས་པས་བདག་ལ་མི་མོས་པ་དང་། མི་མཛའ་བ་རྣམས་འགུག་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཕྱག་ན་རྡོ་རྗེའང་ཁྱི་ལ་ཟན་བྱིན་པ་བཞིན་དུ་འབྲངས་ཤིང་རང་ཅི་འདོད་པ་དེ་བཞིན་དུ་འོང་བར་འགྱུར་རོ། །གསུམ་པ་རྒྱས་པའི་ཕྲིན་ལས་ལ་ཡང་ལྔ་སྟེ། རྒྱས་པའི་ལིདྒ་བཅའ་བ་དང་། རྒྱས་པའི་དཀྱིལ་འཁོར་བསྐྱེད་པ་དང་། རྒྱས་པའི་བསྒྲུབ་བྱའི་ལས་དང་། མཆོད་སྦྱིན་བྱས་པའི་ཡོན་ཏན་དང་། ལུ་གུ་རྒྱུད་ཀྱི་ལས་ཡོན་ཏན་དང་བཅས་པ་བསྟན་པའོ། །དང་པོ་རྒྱས་པའི་ལིདྒ་བཅའ་བ་ནི། བདུད་རྩི་ལྔའམ༴ ཡོན་ཏན་ཡིད་བཞིན་གཏེར་དུ་བརྟག །ཅེས་པ་དེར་གདའ་ཞིང་། དེ་ཡང་ལིདྒའི་རྒྱུ་བསྒྲུབ་བྱའི་བདུད་རྩི་ལྔའམ་ཡང་ན་ཟས་ལྔ་ལ་འཇིག་རྟེན་གང་ཚེ་དང་བསོད་ནམས་རྒྱས་པ་མི་དང་མི་མ་ཡིན་པའང་རུང་སྟེ། དེ་དག་གི་ལིདྒ་བཅས་ཚུལ་རྣམས་སྔར་བཞིན་དུ་བྱས་པ་ལ་ཡོན་ཏན་དཔག་ཏུ་མེད་པས་ན་ཡིད་བཞིན་གྱི་གཏེར་དུ་བརྟག་ཅིང་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་བྲུབ་ཁུང་གྲུ་བཞི་བཅུག་ལ་བཞག་པར་བྱའོ། །གཉིས་པ་རྒྱས་པའི་དཀྱིལ་འཁོར་བསྐྱེད་པ་ནི། མ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་པ་དེར་གདའ་ཞིང་། སྔགས་འཆང་རྣམས་རྒྱས་པའི་ཆ་བྱད་དང་འདུག་སྟངས་ཀྱིས། མ་རཾ་ལ་སོགས་པའི་སྔགས་བརྗོད་པས། ཕྱི་རྒྱས་པ་མ་ཡི་ཚོགས་ཀྱི་དཀྱིལ་འཁོར་སེར་ནག་གྲུ་བཞི་མེ་འབར་བ་བསྐྱེད་ལ། ཨཱོཾ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། ཞེས་བརྗོད་པས། ནང་རྒྱས་པ་ལྷའི་མཆོག་རཏྣ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀུན་ཀྱང་། སེར་ནག་རྒྱས་པའི་གཟུགས་ཅན་རིན་པོ་ཆེ་ཟུར་བརྒྱད་པ་ཐོགས་པ། མེ་དཔུང་འབར་བའི་ཀློང་ན་བཞུགས་པ། སྤྲུལ་པ་ཡང་སྤྲུལ་དང་བཅས་པ་གྲངས་མེད་པ་བསྐྱེད་དོ། །གསུམ་པ་རྒྱས་པའི་བསྒྲུབ་བྱའི་ལས་ནི། ང་རྒྱལ་དགའ་འཕྲོ་ཕུར་པས་གདབ། །རྡོ་རྗེ་གཟི་བརྗིད་འཕེལ་བར་འགྱུར། །ཞེས་པ་དེར་གདའ་ཞིང་། དེ་ཡང་སྔར་བཞིན་བསྒྲུབ་བྱ་དགུག་གཞུག་བསྟིམ་པ་ལ་སོགས་བ་བྱས་པའི་ལིདྒ་ལ་གསེར་རམ་ཤིང་སེར་པོ་ལ་མགོ་ལ་བརྒྱ་མདུད་དང་། དབལ་ཟུར་བཞིར་བྱས་པ་ང་རྒྱལ་དགའ་འཕྲོ་སྟེ་སྲས་མཆོག་རཏྣ་ཀཱི་ལ་ཡར་བསྐྱེད་པའི་ཕུར་པ་བཞི། བྲུབ་ཁུང་གི་ཟུར་བཞིར་བཀོད་པ་རྣམས་ལ་དབང་བསྐུར་བྱིན་རླབས་ལ་སོགས་པ་དང་། ལག་སོར་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས་ཕུར་བསྐུལ་གྱི་ཚིག་དང་གྷ་ཏ་ཡའི་རྗེས་ལ། བདག་ཆེ་གེ་མོའི་ཚེ་དང་བསོད་ནམས་དང་དབང་ཐང་དང་ལོངས་སྤྱོད་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ལིདྒའི་ཡན་ལག་བཞི་ལ་གདབ་ཅིང་། རྡོ་རྗེ་ཚེ་དང་བསོད་ནམས་གཟི་བྱིན་རྣམས་འཕེལ་བར་འགྱུར་བ་རིན་ཆེན་འབྱུང་ལྡན་དང་། རཏྣ་ཧེ་རུ་ཀས་གཙོ་བྱས་པའི་རྒྱས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་དབུལ་བའི་ཚུལ་ནི་སྔར་དང་རྗེས་སུ་མཐུན་ནོ། །བཞི་པ་མཆོད་སྦྱིན་བྱ་བ་ཡོན་ཏན་དང་བཅས་པ་བསྟན་པ་ནི། འབར་བ་འདུ་འཕྲོ༴ མཐའ་དང་མཉམ། །ཞེས་པ་དེར་གདའ་ཞིང་། འབར་བ་འདུ་འཕྲོ་གཟི་ཆེན་ལ། །ཞེས་པས་བཅོམ་ལྡན་འདས་རཏྣ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་འབར་བ་རྒྱས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་ནང་དུ་འདུ་ཞིང་ཕྱིར་འཕྲོ་བ་གཟི་བརྗིད་ཆེན་པོ་དང་ལྡན་པ་རྣམས་ལ། དགའ་བའི་ཡིད་ཀྱིས་མཆོད་སྦྱིན་བྱ། །ཞེས་པས་སྟོང་གི་སེམས་རྣལ་འབྱོར་དགའ་ཞིང་སྤྲོ་བའི་ཡིད་ཀྱིས་མཆོད་སྦྱིན་བྱས་པའི་ཡོན་ཏན་ནི། ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །ཞེས་པས་ཚད་ལས་འདས་པའི་ཡོན་ཏན་ནམ་མཁའི་མཐའ་དང་མཉམ་པ་ཐོབ་པར་འགྱུར་རོ། །ལྔ་པ་ལུ་གུ་རྒྱུད་ཀྱི་ལས་ཡོན་ཏན་དང་བཅས་པ་བསྟན་པ་ནི། མ་ཡི་ཚོགས་ཀྱི༴ གང་བར་འགྱུར། །ཞེས་པ་དེར་གདའ་ཞིང་། མ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ཞེས་པས། མ་རཾ་ཞེས་བརྗོད་པས་ཕྱི་རྒྱས་པའི་དཀྱིལ་འཁོར་གྲུ་བཞི་སེར་ནག་འབར་བ་འབྱམས་ཀླས་པ་བསྐྱེད་ལ། ཨཱོཾ་རཏྣ་ཧེ་རུ་ཀ་རཏྣ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། ཞེས་པས། རཏྣ་ཧེ་རུ་ཀས་གཙོ་བྱས་པའི་རྒྱས་པའི་ཁྲོ་བོ་ལྷ་ཚོགས་ཀྱི་དཀྱིལ་འཁོར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་མཆོག་ཏུ་གསལ་བའི་སྒྲུབ་པ་པོ་ཕོ་མོ་རྣམས་ཀྱིས་བྲོ་ར་གྲུ་བཞིར་བྱས་པའི་དབུས་སུ་ལིང་རོ་རྣམས་བཞག་ཅིང་། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་བསྐྱོད། །ཅེས་པས། ལག་པ་སྔར་བཞིན་བསྣོལ་བའི་གུང་མོ་ལུ་གུ་རྒྱུད་དུ་སྦྲེལ་ཞིང་བསྡམས་ནས་རྐང་ཐབས་བསྐྱོད་ལ། ཧཱུཾ་ཧཱུཾ་ཧཱུཾ། ང་རྒྱལ་རྡོ་རྗེ་འཁོར་བཅས་ཀྱིས། །ཞེས་པ་ལ་སོགས་པའི་ཚིག་དང་། སུམྦྷ་ནིའི་སྔགས་ཀྱིས་བསྐུལ་ཞིང་སྔར་བཞིན་བྲོ་བརྡུངས་པས། གཟི་བརྗིད་འབར་བའི་འཕྲུལ་ཆེན་སྤྲོ། །ཞེས་པས། གཟི་བརྗིད་འབར་བ་རིན་པོ་ཆེའི་རིགས་ཀྱི་སྤྲུལ་པ་སེར་ནག་དཔག་ཏུ་མེད་པའི་ཆོ་འཕྲུལ་ཆེན་པོ་སྤྲོས་པས། ཡིད་བཞིན་ནམ་མཁའ་གང་བར་འགྱུར། །ཞེས་པས། ཚེ་དང་བསོད་ནམས་དང་དབང་ཐང་དང་ལོངས་སྤྱོད་ལ་སོགས་པ་དགོས་འདོད་འབྱུང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་བསམས་ལ། བདག་ཅག་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་དབང་ཐང་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་གྱུར་ཅིག །པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་། ཕྱག་རྒྱ་སྤྲུགས་ནས་བཤིག་པའི་ཡོན་ཏན་ནི། ནམ་མཁའི་ཁམས་གང་བ་དང་མཉམ་པར་འགྱུར་རོ། །བཞི་པ་ཞི་བའི་ཕྲིན་ལས་ལ་ཡང་ལྔ་སྟེ། ཞི་བའི་ལིདྒ་བཅས་བ་དང་། ཞི་བའི་དཀྱིལ་འཁོར་བསྐྱེད་པ་དང་། ཞི་བའི་བསྒྲུབ་བྱའི་ལས་དང་། མཆོད་སྦྱིན་བྱ་བའི་ཡོན་ཏན་དང་བཅས་པ་དང་། ལུ་གུ་རྒྱུད་ཀྱི་ལས་ཡོན་ཏན་དང་བཅས་པ་བསྟན་པའོ། །དང་པོ་ཞི་བའི་ལིངྒ་བཅའ་བ་ནི། བདུད་རྩི་ལྔའམ་ཟས་ལྔ་ལ། གཏུམ་རྔམ་འཁྲུག་པའི་ངོ་བོར་བརྟག །ཅེས་པ་དེར་གདའ་ཞིང་། དེ་ཡང་ལིདྒའི་རྒྱུ་བསྒྲུབ་བྱའི་བདུད་རྩི་ལྔའམ་ཡང་ན་ཟས་ལྔ་ལ་འཇིག་རྟེན་ན་གང་རྒྱུད་མ་རུངས་པ་ལུས་གདུག་ཅིང་གཏུམ་པ་ངག་རྔམ་ཞིང་སེམས་འཁྲུག་པ་མི་དང་མི་མ་ཡིན་པ་གང་ཡང་རུང་བའི་ལིདྒ་བཅའ་ཚུལ་རྣམས་སྔར་བཞིན་བྱས་ལ། དེ་དག་གི་ངོ་བོར་བརྟག་ཅིང་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་བྲུབ་ཁུང་ཟླུམ་པོར་གཞུག་གོ། །གཉིས་པ་ཞི་བའི་དཀྱིལ་འཁོར་བསྐྱེད་པ་ནི། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་པ་དེར་གདའ་ཞིང་། སྔགས་འཆང་རྣམས་ཞི་བའི་ཆ་བྱད་དང་འདུག་སྟངས་ཀྱིས། ཡ་རཾ་ར་ལ་སོགས་པའི་སྔགས་བརྗོད་པས། ཕྱི་ཞི་བ་ཡའི་ཚོགས་ཀྱི་དཀྱིལ་འཁོར་དཀར་ཞིང་ཟླུམ་པ་མེ་འབར་བ་བསྐྱེད་ལ། ཨཱོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྷ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ་ཞེས་བརྗོད་པས། ནང་ཞི་བའི་ལྷའི་མཆོག་བུདྷ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀུན་ཀྱང་སྐུ་མདོག་དཀར་པོ་ཞི་བའི་ཚུལ་ཅན་འཁོར་ལོ་བསྣམས་པ་མེ་དཔུང་འབར་བའི་ཀློང་ན་བཞུགས་པ། སྤྲུལ་པ་ཡང་སྤྲུལ་དང་བཅས་པ་གྲངས་མེད་པ་བསྐྱེད་དོ། །གསུམ་པ་ཞི་བའི་བསྒྲུབ་བྱའི་ལས་ནི། ལྷན་ནེར་གསལ་བའི་ཕུར་བུས་གདབ། །འབར་བ་ལྷན་ནེའི་ཚོགས་ལ་དབུལ། །ཞེས་པ་དེར་གདའ་ཞིང་། དེ་ཡང་སྔར་བཞིན་བསྒྲུབ་བྱ་དགུག་གཞུག་བསྟིམ་པ་ལ་སོགས་པ་བྱས་པའི་ལིདྒ་ལ། དངུལ་ལམ་ཤིང་དཀར་པོ་ལ་མགོ་ལ་རྒྱ་མདུད་དང་དབལ་ཟླུམ་པོར་བྱས་ལ། ལྷན་ནེར་གསལ་བའི་སྲས་མཆོག་བུངྔྷ་ཀཱི་ལ་ཡར་བསྐྱེད་པའི་ཕུར་པ་དྲུག་བྲུབ་ཁུང་གི་ཁ་ཁྱེར་ལ་བཀོད་པ་རྣམས་ལ། དབང་བསྐུར་བྱིན་བརླབ་ལ་སོགས་པ་དང་ལག་སོར་བྱིན་གྱིས་རློབ་པ་ལ་སོགས་པ་བྱས་ནས། ཕུར་བསྐུལ་གྱི་ཚིག་དང་གྷ་ཏ་ཡའི་སྔགས་ཀྱི་རྗེས་ལ། གདུག་ཅིག་གཏུམ་པ་རྔམས་ཞིང་འཁྲུག་པའི་སེམས་ཅན་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ལིདྒའི་ཡན་ལག་བཞི་མགོ་དང་ལྔ་སྙིང་ག་དང་དྲུག་ཏུ་གདབ་ཅིང་འབར་བ་ལྷན་ནེ་སྟེ་རྣམ་པར་སྣང་མཛད་བུདྡྷ་ཧེ་རུ་ཀས་གཙོ་བྱས་པའི་ཞི་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་དབུལ་བའི་ཚུལ་ནི་སྔ་མ་དང་རྗེས་སུ་མཐུན་ནོ། །བཞི་པ་མཆོད་སྦྱིན་བྱ་བའི་ཡོན་ཏན་དང་བཅས་པ་བསྟན་པ་ནི། གསལ་བ༴ ལྷན་ནེར་འགྱུར། །ཞེས་པ་དེར་གདའ་ཞིང་། གསལ་བའི་གཟི་བརྗིད་འཚེར་བ་ལ། །ཞེས་པས། བཅོམ་ལྡན་འདས་བུདྡྷ་ཧེ་རུ་ཀས་གཙོ་བྱས་པའི་དང་ཞིང་གསལ་བཞི་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་གཟི་བརྗིད་འབར་ཞིང་འོད་ཟེར་འཚེར་བ་རྣམས་ལ། དང་བའི་ཡིད་ཀྱིས་མཆོད་སྦྱིན་བྱ། །ཞེས་པས། སྟོང་གི་སེམས་རྣལ་འབྱོར་པ་ཞི་ཞིང་དང་བའི་ཡིད་ཀྱིས་མཆོད་སྦྱིན་བྱས་པའི་ཡོན་ཏན་ནི། གཏུམ་ཆེན་རྔམ་པའང་ལྷན་ནེར་འགྱུར། །ཞེས་པས། ལུས་གཏུམ་ཆེན་ངག་རྔམ་པོ་སེམས་ཁྲོ་བ་ལས་ཀྱི་སྦྱོར་བའང་ཞི་ནས་ལྷན་ནེར་འགྱུར་རོ། །ལྔ་པ་ལུ་གུ་རྒྱུད་ཀྱི་ལས་ཡོན་ཏན་དང་བཅས་པ་བསྟན་པ་ནི། ཡ་ཡི་ཚོགས་ཀྱི༴ མེད་པར་བྱེད། །ཅེས་པ་དེར་གདའ་ཞིང་། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ཞེས་པས། ཡ་རྃ་ཞེས་བརྗོད་པས། ཕྱི་ཞི་བའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་འབྱམས་ཀླས་པ་བསྐྱེད་ལ། ཨཱོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། ཞེས་པས་བུདྡྷ་ཧེ་རུ་ཀས་གཙོ་བྱས་པའི་ཞི་བའི་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་མཆོག་ཏུ་གསལ་བའི་སྒྲུབ་པ་པོ་ཕོ་མོ་རྣམས་ཀྱིས་བྲོ་ར་ཟླུམ་པོར་བྱས་པའི་དབུས་སུ་ལིང་རོ་རྣམས་བཞག་ཅིང་། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །ཞེས་པས། ལག་པ་སྔར་ལྟར་བསྣོལ་བའི་མཛུབ་མོ་ལུ་གུ་རྒྱུད་དུ་སྤྲེལ་ཅིང་བསྡམས་ནས། ཧཱུཾ་ཧཱུཾ་ཧཱུཾ། གཏི་མུག་རྡོ་རྗེ་འཁོར་བཅས་ཀྱིས། །ཞེས་པ་ལ་སོགས་པའི་ཚིག་དང་སུམྦྷ་ནིའི་སྔགས་ཀྱིས་བསྐུལ་ཞིང་། སྔར་བཞིན་བྲོ་བརྡུངས་པས། འབར་བ་ལྷན་ནེའི་བྱིན་གྱིས་ཁྱབ། །ཅེས་པས། འབར་བ་ལྷན་ནེའི་ཞི་བའི་རིགས་ཀྱི་སྤྲུལ་པ་དཀར་པོ་དཔག་ཏུ་མེད་པའི་གཟི་བྱིན་གྱིས་ཁྱབ་ནས། ཕྱི་དང་ནང་གི་གདུག་རྩུབ་ཐམས་ཅད་ཞི་བར་བསམས་ནས། བདག་ཅག་འཁོར་དང་བཅས་པ་ལ་སྡང་བའི་དགྲ་གནོད་པའི་བགེགས་བར་དུ་གཅོད་པའི་བདུད་ཐམས་ཅད་ཀྱི་གདུག་རྩུབ་ཐམས་ཅད་ཞི་བར་གྱུར་ཅིག་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་བརྗོད་ཅིང་ཕྱག་རྒྱ་སྤྲུགས་ནས་བཤིག་བས། ཐམས་ཅད་གཡོ་བ་མེད་པར་བྱེད། །ཅེས་པས། ཞེ་སྡང་གི་ཀུན་ནས་བླངས་པའི་ཕྱི་ནང་གི་གདུག་རྩུབ་ཁྲོ་གཏུམ་ཐམས་ཅད་ཞི་ནས་གཡོ་བ་མེད་པར་བྱེད་དོ། །ལས་བཞི་པོ་འདི་དག་སྐབས་འདིར་གཞུང་གི་འབྲུ་བསྣན་པ་ཙམ་དུ་ཟད་ཀྱི། རྒྱས་པར་སྦྱིན་སྲེག་རྩ་བ་དང་ལག་ལེན་གྱི་སྐབས་སུ་ཤེས་པར་བྱའོ། །གཉིས་པ་ལྷག་མའི་ལས་བསྟན་པ་ལ་གཉིས་ཏེ། དབང་ཕྱུག་མ་ལྷག་མས་མཆོད་པ་དང་། དམ་ཚིག་བསྒྲག་ཅིང་ལས་བཅོལ་བའོ། །དང་པོ་དབང་ཕྱུག་མ་ལྷག་མས་མཆོད་པ་བསྟན་པ་ནི། སླས་དང་བྱི་མོ་བྲན་མོའི་ཚོགས། །ལྷག་མའི་མཆོད་སྦྱིན་འདོད་པ་སྦྱིན། །ཞེས་པ་དེར་གདའ་ཞིང་། དེ་ཡང་ལས་བཞི་གང་བྱེད་ཀྱི་ཕྲིན་ལས་ལིང་རོ་མནན་པ་ཡན་ཆད་ཚར་བའི་རྗེས་ལ་རྩ་བའི་དཀྱིལ་འཁོར་གསལ་གདབ། ལྷག་མའི་དཀྱིལ་འཁོར་བསྐྱེད། དབང་མོ་རྣམས་སྔགས་དང་ཕྱག་རྒྱས་སྤྱན་དྲངས་ལ་སྔར་བསྡུས་པའི་ལྷག་གཏོར་རྣམས་ཁ་ཆུས་བྲན་ལ་གཏོར་མར་བསྲེས་ཤིང་སོ་སོར་མཆོད་ནས་ཕྲིན་ལས་བཅོལ་བ་ནི། སླས་དང་བྱི་མོ་བྲན་མོའི་ཚོགས། །ལྷག་མའི་མཆོད་སྦྱིན་འདོད་པ་སྦྱིན། །ཞེས་པས། དཔལ་གྱི་ཕོ་བྲང་གི་སླས་ཏེ་བཙུན་མོའི་འཁོར་དང་། གཞན་ཡང་མཛའ་མོའི་ངོས་ནས་བྱི་མོ། །ལས་བྱེད་པའི་ངོས་ནས་བྲན་མོའི་ཚོགས་ཏེ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་ལྷག་མའི་མཆོད་སྦྱིན་ཇི་ལྟར་འདོད་པ་ལྟར་གཞུང་བཞིན་དུ་སྦྱིན་ནོ། །གཉིས་པ་དམ་ཚིག་བསྒྲག་ཅིང་ལས་བཅོལ་བ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། རང་གི་དམ་ཚིག་རབ་བསྒྲགས་ནས། །གང་འདོད་ལས་དེ་བྱེད་པར་བསྒོམ། །ཞེས་པ་དེར་གདའ་ཞིང་། དཔལ་གྱི་སྤྱན་སྔར་དམ་བཅས་པའི་རང་རང་གི་དམ་ཚིག་རྣམས་རབ་ཏུ་བསྒྲགས་ནས་ཕྲིན་ལས་རྣམ་བཞིས་གང་འདོད་ཀྱི་ལས་དེ་དག་བྱེད་པར་བཀའ་བསྒོའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། དམ་ཚིག་བསྒྲག་པ་དང་། ལས་བཅོལ་བའོ། །དང་པོ་དམ་ཚིག་བསྒྲག་པ་ནི། སྔོན་ཚེ༴ གཏུབས་པར་འགྱུར། །ཞེས་པ་དེར་གདའ་ཞིང་། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ །ཤིན་ཏུ་གདུག་ཅིང་གཏུམ་བག་ཅན། །ཞེས་པས། སྔོན་རུ་དྲ་འདུལ་བའི་ཚེ་དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་སྐུ་ཤིན་ཏུ་གདུག་ཅིག་གསུང་རྔམ་པ་ཐུགས་གཏུམ་བག་ཅན། ཐམས་ཅད་མ་ལུས་འདུལ་མཛད་པའི། །དབང་དང་བྱིན་རླབས་རྨད་པོ་ཆེ། །ཞེས་པས། དྲེགས་པ་ཅན་གྱི་ཚོགས་ཐམས་ཅད་ལྷག་མ་མ་ལུས་པ་འདུལ་བར་མཛད་པའི་དབང་དང་བྱིན་རླབས་ཁྱད་པར་ཅན་མངའ་བས་ན་རྨད་པོ་ཆེ་སྟེ། ལྷ་ཆེན་ལ་སོགས་དབང་བསྡུས་ནས། །འཁོར་རྣམས་དབང་ཕྱུག་སླས་སུ་བྱས། །ཞེས་པས། དེ་ལྟར་དཔལ་ཆེན་པོ་དེ་ཉིད་ཀྱིས་འཇིག་རྟེན་གྱི་གཙོ་བོ་ལྷ་ཆེན་པོ་ཉི་ཤུ་རྩ་བརྒྱད་ལ་སོགས་པ་དབང་དུ་བསྡུས་ཏེ་བསྒྲལ་ནས། དེ་དག་གི་འཁོར་ན་གནས་པའི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་རྣམས་དཔའ་ཆེན་པོ་བཛྲ་ཧེ་རུ་ཀའི་སླས་སུ་ཏེ་བཙུན་མོའི་འཁོར་དུ་བྱས་ནས། སོ་སོའི་ལས་རྣམས་བསྐོས་པ་དེ། །ཇི་ལྟར་དམ་བཅས་ཁས་བླངས་པའི། །མ་ཐོགས་མྱུར་སུ་མངོན་པར་ཕྱུང་། །ཞེས་པས། ཞི་རྒྱས་དབང་དྲག་སོ་སོའི་ལས་རྣམས་ལ་བསྐོས་པ་དེ་དག་གིས་དཔལ་གྱི་སྤྱན་སྔར་ཇི་ལྟར་དམ་བཅས་ཤིང་ཁས་བླངས་པའི་ཚིག །ལེའུ་བཅོ་ལྔ་པར། མིང་ཙམ་འཛིན་པར་བྱེད་པ་ཡང་། །ཞེས་པ་ལ་སོགས་པའི་ལས་རྣམས་དུས་རིང་པོར་མ་ཐོག་པར་མྱུར་དུ་མངོན་སུམ་དུ་འགྲུབ་པར་རྟགས་ཕྱུང་ཞིག །དམ་བཅས་བཞིན་དུ་མ་བྱས་ན། །ཇི་ལྟར་དམ་བཅས་མནའ་བོར་བའི། །སྡོམ་བཅས་དེ་ལས་འདའ་མ་བྱེད། །ཅེས་པས། གལ་ཏེ་སྔོན་དཔལ་ཆེན་པོའི་སྤྱན་སྔར་དམ་བཅས་པ་བཞིན་དུ་ལས་རྣམས་མ་བྱས་ན། ལེའུ་བཅོ་ལྔ་པར། ཇི་ལྟར། དཔའ་བོ་ཆེན་པོའི་སྤྱན་སྔ་འདིར། །ཞེས་པ་ལ་སོགས་པ་རང་གིས་དམ་བཅས་མནའང་བོར་བའི་ཚད་སྲོག་ལ་བཞག་ནས་སྡོམ་པ་བཅས་པ་དེ་ལས་ཁྱེད་རྣམས་འདའ་བར་མ་བྱེད་ཅིག །དམ་ཚིག་དེ་ལས་འདས་གྱུར་ནས། །མགོ་ལུས་སྙིང་ཡང་ཚལ་པ་བདུན། །ཡཀྵ་ཁྲོ་བོས་གཏུབས་པར་འགྱུར། །ཞེས་པས། གལ་ཏེ་དམ་ཚིག་དེ་ལས་འདས་ཤིང་ཉམས་པར་གྱུར་ན། ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱ། ལུས་དུམ་བུ་སྟོང་། སྙིང་ཡང་ཚལ་པ་བདུན་དུ་ལྕེ་ལ་དམ་ཆུ་བཞག་པ་དེ་ཡཀྵ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དུ་གྱུར་ནས་གཏུབས་པར་འགྱུར་རོ། །གཉིས་པ་ལས་བཅོལ་བ་བསྟན་པ་ནི། དེ་བས༴ ཞེས་བསྒོའོ། །ཞེས་པ་དེར་གདའ་ཞིང་། དེ་བས་རྣལ་འབྱོར་སྔགས་འཆང་གིས། །ཇི་ལྟར་བཅོལ་བ་བཞིན་དུ་བྱོས། །ཞེས་པས། དམ་བཅས་པ་བཞ ིན་དུ་མ་བྱས་ན་ཉེན་ཆེན་པོ་འདུག་པ་དེ་བས་ན། རྣལ་འབྱོར་པ་སྔགས་འཆང་བདག་གིས་ཕྲིན་ལས་བཞི་ཇི་ལྟར་བཅོལ་བ་བཞིན་དུ་མངོན་སུམ་དུ་འགྲུབ་པར་བྱོས་ཤིག །ལས་དེ་མངོན་དུ་མ་བྱས་ན། །རང་གིས་མནའ་བོར་ཁས་བླངས་བའི། །རུལ་མྱགས་ཚིག་ནས་དམྱལ་བར་འགྲོ། །ཞེས་པས། བཅོལ་བའི་ལས་དེ་དག་མངོན་སུམ་དུ་འགྲུབ་པར་མ་བྱས་ན། རང་རང་གིས་དཔལ་ཆེན་པོའི་སྤྱན་སྔར་མནའ་བོར་ཞིང་ཁས་བླངས་པའི་དམ་བཅའ་བཞིན་དུ་འཇིག་རྟེན་འདིར་ཡང་ལུས་རུལ། རྒྱུད་མྱགས། སྙིང་ཚིག་ནས་ཕྱི་མ་རྡོ་རྗེའི་དམྱལ་བར་འགྲོ་དགོས་པས་དེ་འདྲའི་ཉེན་ལ་མ་བདོ་བར། རྣལ་འབྱོར་དམ་ལ་གནས་གྱུར་པའི། །ལས་རྣམས་ཡོངས་སུ་བྱ་བ་དང་། །འཁོར་རྣམས་བུ་གཅིག་བཞིན་དུ་སྐྱོང་། །ཞེས་པས། གསང་སྔགས་ཀྱི་རྣལ་འབྱོར་པ་དམ་ལ་གནས་པར་གྱུར་པའི་བཅོལ་བའི་ལས་བཞི་པོ་རྣམས་ཡོངས་སུ་རྫོགས་པར་བསྒྲུབ་པར་བྱ་བ་དང་། དེའི་འཁོར་རྣམས་ཀྱང་བུ་གཅིག་པོ་ལ་མས་བྱམས་ཤིང་གདུང་བ་བཞིན་དུ་སྐྱོངས་ཤིག །ཕྲ་མེན་མ་ཡང་དངོས་གྲུབ་ཐོབ། །བཅོལ་བའི་ལས་རྣམས་མངོན་དུ་བྱོས། །ཞེས་བསྒོའོ། །ཞེས་པས། ཕྲ་མེན་ནི་དོན་རྟགས་དཔེ་གསུམ་ལས། དོན་གྱི་ཕྲ་མེན་དབྱིངས་ལ་ཡེ་ཤེས་ཀྱིས་སྤྲས་པ་ཡིན་ལ། རྟགས་ཀྱི་ཕྲ་མེན་ཁྲོ་མོའི་ལུས་ལ་དུད་འགྲོའི་མགོ་བོ་ཅན། དཔེའི་ཕྲ་མེན་གསེར་ཡོལ་དངུལ་གྱིས་སྤྲས་པ་ལྟ་བུ་ཡིན། འདིར་རྟགས་སམ་ལས་ཀྱི་ཕྲ་མེན་རྣམས་ཀྱིས་ཀྱང་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བས། ཞི་རྒྱས་དབང་དྲག་གི་བཅོལ་བའི་ལས་རྣམས་མངོན་སུམ་དུ་འགྲུབ་བར་བྱོས་ཤིག་ཅེས་ལྷག་མའི་ལྷ་ཚོགས་རྣམས་ལ་བཀའ་བསྒོའོ། །གསུམ་པ་བྲོ་གར་གླུ་ཚིག་གི་ཡོན་ཏན་བསྟན་པ་ལ་དྲུག་སྟེ། ཁྲག་འཐུང་ཡབ་ཡུམ་གྱི་གླུ་ཚིག་གིས་ཕྲིན་ལས་བཞི་ཀ་འགྲུབ་པར་བསྟན་པ་དང་། གོ་རཱི་ལ་སོགས་པ་ཕྱོགས་ཀྱི་ཁྲོ་མོ་བཞིས་དབང་རྒྱས་འགྲུབ་པར་བསྟན་པ་དང་། པུཀྐ་སཱི་ལ་སོགས་པ་མཚམས་ཀྱི་ཁྲོ་མོ་བཞིས་ཞི་དྲག་འགྲུབ་པར་བསྟན་པ་དང་། སིདྷ་མ་ལ་སོགས་པ་ཕྱོགས་ཀྱི་ཕྲ་མེན་མ་བཞིས་དྲག་པོ་འགྲུབ་པར་བསྟན་པ་དང་། ཀྲི་ཏ་མ་ལ་སོགས་པ་མཚམས་ཀྱི་ཕྲ་མེན་མ་བཞིས་དྲག་པོ་འགྲུབ་པར་བསྟན་པ་དང་། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱིས་ཕོ་ཉ་མངག་གཞུག་གི་ལས་འགྲུབ་བར་བསྟན་པའོ། །དང་པོ་ཁྲག་འཐུང་ཡབ་ཡུམ་གྱི་གླུ་ཚིག་གིས་ཕྲིན་ལས་བཞི་ཀ་འགྲུབ་པར་བསྟན་པ་ནི། ཁྲོ་བོ་བསྒྲུབ་པའི༴ བྱེད་པ་ཡིན། །ཞེས་པ་དེར་གདའ་ཞིང་། ཁྲོ་བོ་བསྒྲུབ་པའི་ལས་ཀྱི་གཙོ་བོ་ནི་འདི་ཡིན་ནོ་ཞེས་པས། ཁྲོ་བོ་ཚོགས་ཀྱི་དཀྱིལ་འཁོར་བསྒྲུབ་པའི་དུས་སུ་ཕྲིན་ལས་བཞི་པོ་ཀུན་གྱི་གཙོ་བོ་ནི་བྲོ་གར་གླུ་ཚིག་འདི་ཡིས་འགྲུབ་བ་ཡིན་ནོ། །ཁྲག་འཐུང་ཆེན་པོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོས་ནི། །ཞེས་པས། ཁྲག་འཐུང་ཆེན་པོ་རིགས་ལྔ་ཡབ་ཡུམ་ལ་སོགས་པར་གསལ་བའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས། རྐང་པའི་བྲོ་དང་ལག་པའི་གར་དང་ངག་གི་གླུ་ཚིག་ནི། སྟོང་གསུམ་སྟོང་གི་འཇིག་རྟེན་དུ། །ཞེས་པ་ལ་སོགས་པ་དང་། སུམྦྷ་ནི་དང་། ལས་བཞི་སོ་སོའི་སྔགས་སྨོན་ལམ་དང་བཅས་པས་བྲོ་ཆེན་པོ་བརྡུངས་པ་འདིས་ནི་ཡོན་ཏན་གང་འབྱུང་ཞེ་ན། ཐམས་ཅད་ཐམས་ཅད་ཅི་འདོད་པར། །ཐམས་ཅད་ཐམས་ཅད་བྱེད་པ་ཡིན། །ཞེས་པས། ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་ཅི་འདོད་པར་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་འགྲུབ་ཅིང་ཐོབ་པར་བྱེད་པ་ཡིན་ནོ། །གཉིས་པ་ག་རཱི་ལ་སོགས་པ་ཕྱོགས་ཀྱི་ཁྲོ་མོ་བཞིས་དབང་རྒྱས་འགྲུབ་བར་བསྟན་པ་ནི། མཛོད་ལྡན༴ འཕེལ་བར་བྱེད། །ཅེས་པ་དེར་གདའ་ཞིང་། མཛོད་ལྡན་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཞེས་པས། ཁྲོ་མོ་ག་རཱི་མ་ཡོན་ཏན་གྱི་མཛོད་ལྡན་པས་ན་ཆེན་མོ་ཡིན་པ་ལ་སོགས་པའི་སོགས་ཁོང་ནས། ཙ་རཱི། པྲ་མོ་ཧ། བེ་ཏ་ལི་སྟེ་ཕྱོགས་ཀྱི་ཁྲོ་མོ་བཞིར་གསལ་བའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས་སྔར་བཤད་པ་བཞིན། བྲོ་གར་དང་གླུ་ཚིག་ཆེན་མོས་བྲོ་བརྡུངས་པས་ནི་ཡོན་ཏན་གང་འབྱུང་ཞེ་ན། འདུ་བར་འདོད་ན་འདུ་བར་བྱེད། །འཕེལ་བར་འདོད་ན་འཕེལ་བར་བྱེད། །ཅེས་པས། དབང་དུ་འདུ་བར་འདོད་ན་དབང་དུ་འདུ་བར་བྱེད་ལ་ཚེ་དང་བསོད་ནམས་ལ་སོགས་པ་རྒྱས་ཤིང་འཕེལ་བར་འདོད་ཡང་རྒྱས་ཤིང་འཕེལ་བར་བྱེད་དོ། །གསུམ་པ་པུཀྐ་སཱི་ལ་སོགས་པ་མཚམས་ཀྱི་ཁྲོ་མོ་བཞིས་ཞི་དྲག་འགྲུབ་པར་བསྟན་པ་ནི། སྤོས་མོ༴ རྨུགས་པར་བྱེད། །ཅེས་པ་དེར་གདའ་ཞིང་། སྤོས་མོ་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཞེས་པས། ཡོན་ཏན་གྱི་མངོན་པར་མཐོ་བའི་སྤོས་མོ་ཆེན་མོ་པུཀྐ་སཱི་དང་ལ་སོགས་པའི་སོགས་ཁོང་ནས། གྷསྨ་རཱི་། སྨེ་ཤ་ནཱི། ཙནྟྲ་ལཱི་སྟེ་མཚམས་ཀྱི་ཁྲོ་མོ་བཞིར་གསལ་བའི་ཏིང་འཛིན་དང་ལྡན་པའི་རྣལ་འབྱོར་པས་སྔར་བཤད་པ་བཞིན་བྲོ་གར་དང་གླུ་ཚིག་ཆེན་མོས་བྲོ་བརྡུངས་པས་ནི་ཡོན་ཏན་གང་འབྱུང་ཞེ་ན། ལྷན་ནེར་འདོད་ན་ལྷན་ནེར་བྱེད། །རྨུགས་པར་འདོད་ན་སྨུགས་པར་བྱེད། །ཅེས་པས། ཕྱི་ནང་གི་གདུག་རྩུབ་ཐམས་ཅད་ཞི་ནས་ལྷན་ནེར་འདོད་ན་ནི་ལྷན་ནེར་བྱེད་ལ། དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱིས་གདུལ་བྱ་དྲན་པ་ཉམས་ཤིང་བློ་རྨུགས་པར་འདོད་ན་ནི་སྨུགས་པར་བྱེད་དོ། །བཞི་པ་སིདྷ་མ་ལ་སོགས་པ་ཕྱོགས་ཀྱི་ཕྲ་མེན་བཞིས་དྲག་པོ་འགྲུབ་པར་བསྟན་པ་ནི། སེང་གདོང་༴ མེད་བར་བྱེད། །ཅེས་པ་དེར་གདའ་ཞིང་། སེང་གདོང་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོ་ནི། །ཞེས་པས། ཕྲ་མེན་མ་སེང་གེའི་གདོང་བ་ཅན་གྱི་སིངྷ་མ་ཆེན་མོ་དང་ལ་སོགས་པའི་སོགས་ཁོང་ནས། བྱ་ཀྲི་མ་དང་། སྲྀ་ལ་མ་དང་། ཤྭ་ན་མ་སྟེ་ཕྱོགས་ཀྱི་ཕྲ་མེན་མ་མཆེ་བ་ཅན་བཞིར་གསལ་བའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས་སྔར་བཤད་པ་བཞིན་བྲོ་གར་དང་གླུ་ཚིག་ཆེན་མོས་བྲོ་བརྡུངས་པས་ནི་ཡོན་ཏན་གང་འབྱུང་ཞེ་ན། ཐམས་ཅད་ཀུན་ལ་ཟ་བར་བྱེད། །རྡུལ་ཆ་ཙམ་ཡང་མེད་པར་བྱེད། །ཅེས་པས། དྲག་པོ་སྒྲོལ་བའི་ལས་ཀྱིས་གདུལ་བྱ་གདུག་པ་ཅན་ཐམས་ཅད་ཀུན་ལ་ཤ་རུས་ཟ་ཞིང་ཁྲག་འཐུང་བར་བྱེད་དེ། ཤ་ཁྲག་རུས་གསུམ་གྱི་ལྷག་མ་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཡང་མེད་པར་བརླག་ཅིང་སྟོངས་པར་བྱེད་དོ། །ལྔ་པ་ཀྲི་ཏ་མ་ལ་སོགས་པ་མཚམས་ཀྱི་ཕྲ་མེན་བཞིས་དྲག་པོ་འགྲུབ་པར་བསྟན་པ་ནི། བཞད་གདོང་༴ ཉམས་པར་བྱེད། །ཅེས་པ་དེར་གདའ་ཞིང་། བཞད་གདོང་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཞེས་པས། ཕྲ་མེན་བཞད་ཀྱི་གདོང་བ་ཅན་གྷྲི་ཏ་མ་ཆེན་མོ་དང་ལ་སོགས་པའི་སོགས་ཁོངས་ནས། ཀཾ་ཀ །ཁ་ཁ། ཧུ་ལུ་མ་སྟེ་མཚམས་ཀྱི་ཕྲ་མེན་མ་གཤོག་པ་ཅན་བཞིར་གསལ་བའི་ཏིང་འཛིན་དང་ལྡན་པའི་རྣལ་འབྱོར་པས་སྔར་བཤད་པ་བཞིན་བྲོ་གར་དང་གླུ་ཚིག་ཆེན་མོས་བྲོ་བརྡུངས་པས་ནི་ཡོན་ཏན་གང་འབྱུང་ཞེ་ན། ཐམས་ཅད་མ་ལུས་འབྱིན་པར་བྱེད། །ཀུན་ལ་རབ་ཏུ་ཉམས་པར་བྱེད། །ཅེས་པས། དྲག་པོའི་ཕྲིན་ལས་ཀྱིས་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་མཐུ་རྩལ་ཐམས་ཅད་ལྷག་མ་མ་ལུས་པ་འབྱིན་པར་བྱེད་ཅིང་། དགྲ་བགེགས་ཀུན་ལ་ཡོད་པའི་མཐུ་རྩལ་རབ་ཏུ་ཉམས་པར་བྱེད་དོ། །དྲུག་པ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱིས་ཕོ་ཉ་མངག་གཞུག་གི་ལས་འགྲུབ་པར་བསྟན་པ་ནི། སླས་དང་༴ བྱེད་པ་ཡིན། །ཞེས་པ་དེར་གདའ་ཞིང་། སླས་དང་བྱི་མོ་བྲན་མོའི་ཚོགས། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཞེས་པས། སླས་དང་བྱི་མོ་བྲན་མོའི་ཚོགས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དུ་གསལ་བའི་ཏིང་འཛིན་དང་ལྡན་པའི་རྣལ་འབྱོར་པས་སྔར་བཤད་པ་བཞིན་བྲོ་གར་དང་གླུ་ཚིག་ཆེན་མོས་བྲོ་བརྡུངས་པས་ནི་ཡོན་ཏན་གང་བྱུང་ཞེ་ན། རྦད་ཅིང་བཏང་བར་བྱ་བ་སྟེ། །ཐམས་ཅད་ཐམས་ཅད་བྱེད་པ་ཡིན། །ཞེས་པས། རྦད་ཅིང་ལས་ལ་བཏང་བར་བྱ་བ་ནི་ཕོ་ཉ་སྟེ་དེ་དག་ཐམས་ཅད་ཀྱིས་མངག་གཞུག་དང་ཕོ་ཉའི་ལས་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ནོ། །བཞི་པ་གཟུངས་སེམས་བསྟན་པ་ལ་གཉིས་ཏེ། གཟུངས་མ་བསྟན་པ་དང་། གཙོ་བོའི་སེམས་བསྟན་པའོ། །དང་པོ་གཟུངས་མ་བསྟན་པ་ནི། ལྗོན་པ་དང་ནི་ལྕུག་ཕྲན་ཚལ། །སྡོང་གཅིག་དང་ནི་མེས་རེག་དང་། །ཞེས་པ་དེར་གདའ་ཞིང་། ཕྲིན་ལས་བཞི་འགྲུབ་པའི་ཆ་རྐྱེན་གྱི་གཙོ་བོ་གཟུངས་མ་དང་གཙོ་བོའི་སེམས་ཡིན་ལ། དེ་ཡང་གཟུངས་མའི་མཚན་ཉིད་ནི། ཤིང་དང་ཆོས་མཚུངས་སྦྱོར་ཏེ། ལྗོན་པ་དང་ནི་ཞེས་པས། ཤིང་ལྗོན་པ་ལ་འཛར་འཛེར་དང་ཐག་ཐུག་མེད་པའོ། །དེ་དང་ཆོས་མཐུན་པར་ཞི་བའི་གཟུངས་མ་ནི། བྱད་ལུས་ཤིན་ཏུ་མཛེས་ཤིང་རྣལ་འབྱོར་པའི་ཡིད་དུ་འོང་བ་ལ་བྱའོ། །དེ་ཡང་སྒྱུ་འཕྲུལ་རྡ་ོརྗེ་ལས། དཀར་མོ་བོང་ཆུང་སྐད་ཆེ་ལ། །བཞིན་ལུས་གཙུག་ཕུད་གཡས་སུ་འཁྱིལ། །ཡན་ལག་ཕྲ་འཇམ་སྐད་གསལ་ཞིང་། །གླུ་གར་ལྕི་བས་ཞི་བ་བྱ། །ཞེས་གསུངས་སོ། །ལྕུག་ཕྲན་ཚལ། ཞེས་པས་ཤིང་ལྕུག་ཕྲན་ཚལ་ལ་ཡལ་འདབ་མང་པོ་ཡོད་པའོ། །དེ་དང་ཆོས་མཐུན་པར་རྒྱས་པའི་གཟུངས་མའང་སྤུན་ཟླ་དང་བུ་ཚ་མང་པོ་ཡོད་པ་ལ་བྱ་བ་སྟེ། ཟླ་དང་ཡན་ལག་མང་བ་དང་། །ཕྲ་ཞིང་ཤད་ལ་གཟབས་སུ་རིང་། །བཞིན་ལུས་སེར་ཞིང་གྲུ་བཞིར་གནས། །རྣ་འཕྱང་ཤ་དང་ནུ་མ་རྒྱས། །འཕེལ་བའི་དུས་སུ་འདི་དག་བཟུང་། །ཞེས་གསུངས་སོ། །སྡོང་གཅིག་དང་ནི་ཞེས་བས། ཤིང་སྡོང་པོ་གཅིག་པ་ནི་གཅིག་པུར་སྐྱེས་པའོ། །དེ་དང་ཆོས་མཐུན་པར་དབང་གི་གཟུངས་མ་ནི་སྤུན་ཟླ་དང་བུ་ཚ་མེད་པར་གཅིག་པུར་སྐྱེས་པ་ལ་བྱ་བ་སྟེ། བཞིན་མདོག་པད་འདྲ་སོག་ཁ་ལ། །སྨིན་དཀྱུས་རིང་ཞིང་སྟོད་སྨད་ཕྱེད། །ལུས་ལ་ཆུ་ཀླུང་དྲི་ཞིམ་ཞིང་། །བདེ་བ་ལྡན་ཞིང་ཡལ་ག་མེད། །འདི་ནི་སྡུད་པའི་མཆོག་ཏུ་འགྱུར། །ཞེས་གསུངས་སོ། །མེས་རེག་དང་། ཞེས་པས། ཤིང་མེས་རེག་པ་ནི་མེས་ཚིག་པ་སྟེ་སྨ་ཕབ་པའོ། །དེ་དང་ཆོས་མཐུན་པར་དྲག་པོའི་གཟུངས་མའང་ཡུག་ས་མོ་ལ་སོགས་པ་སྨ་ཕབ་པ་སྡུག་བསྔལ་གྱི་ཉེན་པ་ལ་བྱ་བ་སྟེ། ནག་མོ་གྲུ་གསུམ་རྩི་མགོ་མ། །ཁྲོ་གཉེན་བྱིས་པའི་ལུས་ལྡན་ཞིང་། །གཏུམ་ཞིང་བརླང་ཚིག་མཛེམ་བག་མེད། །གཙང་རྨེའི་རྟོག་བྲལ་གསོད་པར་བཤད། །ཅེས་གསུངས་སོ། །འདི་ལ་འགྲེལ་ཆུང་པིན་ཏར་ཐ་ལྟར་ན། ཕྲིན་ལས་བཞི་སྒྲུབ་པ་སྦྱིན་སྲེག་བྱ་བ་ཕྱིའི་གནས་སུ་བཤད་དེ། ཇི་སྐད་དུ། ཞི་རྒྱས་དབང་དྲག་ཕྱི་ནང་གསང་བའི་གནས། །ལྗོན་ཤིང་ཅན་དང་ལྕུག་ཕྲན་རྒྱས་པའི་ཚལ། །ཤིང་གཅིག་དྲུང་དང་མེས་ཚིག་ཕྱི་ཡི་ཡིན། །མ་སྨས་པ་དང་པུ་ཏ་མང་འཕེལ་དང་། །སྐྱེ་བརྒྱུད་མེད་དང་བཀྲ་མི་ཤིས་གསང་བ། །ཏིང་འཛིན་རྣམ་པ་བཞི་ནི་ནང་གིར་གསུངས། །ཞེས་གསུངས་སོ། །འོ་ན་ལས་བཞི་བསྒྲུབ་པའི་ཆ་རྐྱེན་དུ་གཟུངས་མ་མི་དགོས་སམ་ཞེ་ན་མ་ཡིན་ཏེ། སྦྱིན་སྲེག་བྱ་བའི་གནས་དེ་ཉིད་དུ་གཟུངས་མའི་མཚན་ཉིད་ཀྱང་བཤད་མ་ཐག་པའི། མ་སྨས་པ་དང་པུ་ཏྲ་མང་འཕེལ་དང་། །ཞེས་པ་ལ་སོགས་པའམ་སྒྱུ་འཕྲུལ་རྡོ་རྗེ་ནས་བཤད་པའི་གཟུངས་མ་རྣམས་དང་སྙོམས་པར་འཇུག་པ་ལ་འགལ་བ་མེད་དོ། །གཉིས་པ་གཙོ་བོའི་སེམས་བསྟན་པ་ནི། དང་བས་དགའ་བས་ཆགས་པས་དང་། །ཁྲོས་པས་ཀཱ་ལི་རབ་ཏུ་བྱ། །ཞེས་པ་དེར་གདའ་ཞིང་། ཕྲིན་ལས་བཞི་པོ་དེ་དག་བསྒྲུབ་པའི་ཚེ། གཙོ་བོའི་སེམས་ནི་དོན་གྱི་སེམས་སྣང་སྟོང་དབྱེར་མེད་འཆིང་གྲོལ་དང་བྲལ་བ་ལ་ལས་བཞི་ལྷུན་གྲུབ་ཏུ་གནས་པ་མཚུངས་ལྡན་གྱི་རྒྱུ་ཡིན་ལ། སྟོངས་ཀྱི་སེམས་ལས་བཞི་ཀུན་སློང་གི་བསམ་པ་བཞི་ནི་མཐུན་པའི་གྲོགས་བྱེད་པས་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ནོ། །དེ་ཡང་ལས་བཞི་རེ་རེ་ལ་ཡང་དོན་གྱི་སེམས་དང་སྟོངས་ཀྱི་སེམས་གཉིས་གཉིས་ཏེ། དང་བས་ཞེས་པས། ཆོས་ཐམས་ཅད་ཡིད་དུ་མི་འོང་བའི་དངོས་པོ་རྣམས་རང་བཞིན་གྱི་མི་གནས་ཏེ་དང་བས་ན་ཞི་བའི་དོན་གྱི་སེམས་ཡིན་ལ། ཞི་བའི་ཕྲིན་ལས་ཀྱིས་ལས་ལ་སྦྱར་བས་གནོད་པ་དང་གདུག་རྩུབ་ཐམས་ཅད་ཞི་བར་བསམ་པ་ནི་སྟོང་ཀྱི་སེམས་ཡིན་ནོ། །དགའ་བས་ཅེས་པས། ཡོན་ཏན་གྱི་དངོས་པོ་རྣམས་རང་བཞིན་གྱིས་གནས་པའི་དགའ་བ་ཆེན་པོ་ནི་རྒྱས་པའི་དོན་གྱི་སེམས་ཡིན་ལ། རྒྱས་པའི་ཕྲིན་ལས་ཀྱི་ལས་ལ་སྦྱོར་བས་ཡོན་ཏན་ཐམས་ཅད་མངོན་སུམ་དུ་འཕེལ་བར་བསམ་པ་ནི་སྟོངས་ཀྱི་སེམས་ཡིན་ནོ། །ཆགས་པས་དང་། ཞེས་པས། བདག་ལ་མི་གུས་པ་དང་མི་འཛའ་བ་ལ་སོགས་པའི་གདུལ་བྱ་རང་གི་སེམས་ཉིད་ལས་མི་གཞན་པར་ཆགས་པ་ནི་དབང་གི་དོན་གྱི་སེམས་ཡིན་ལ། དེ་དང་རྗེས་སུ་མཐུན་པར་མངོན་སུམ་དུ་ཞེན་ཅིང་ཆགས་པའི་སྒོ་ནས་དབང་གི་ཕྲིན་ལས་ཀྱི་ལས་ལ་སྦྱར་བས་བསྒྲུབ་བྱ་དབང་དུ་བསྡུ་བར་བསམ་པ་ནི་སྟོངས་ཀྱི་སེམས་ཡིན་ནོ། །ཁྲོས་པས་ཀཱ་ལི་རབ་ཏུ་བྱ། །ཞེས་པས། དངོས་པོའི་རང་བཞིན་དངོས་མེད་དུ་འཇིག་བར་བྱེད་པ་ནི་དྲག་པོའི་དོན་གྱི་སེམས་ཡིན་ལ། སེམས་རབ་ཏུ་འཁྲུག་ཅིང་ཞེ་སྡང་ཁྲོས་པས་ཀཱ་ལི་སྒྲོལ་བ་དྲག་པོའི་ཕྲིན་ལས་ཀྱི་ལས་ལ་རབ་ཏུ་སྦྱར་བར་བྱ་བ་སྟེ་བསྒྲལ་བའི་ཞིང་བཅུའི་སྲོག་འཇིག་པར་མོས་པའི་བསམ་པ་ནི་སྟོངས་ཀྱི་སེམས་ཡིན་ནོ། །གཉིས་པ་ཕྲིན་ལས་ཀྱི་ཡོན་ཏན་བསྟན་པ་ནི། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཉིད་ལ་དེ་བཞིན་གཤེགས་པ་ཉིད་ཀྱིས་སྦྱོང་བར་གྱུར་ཏོ། །ཞེས་པ་དེར་གདའ་ཞིང་། ཞེས་སྟོན་པས་བརྗོད་པས་མ་འོངས་པ་དང་འབྱུང་བར་མ་ངེས་པ་སྟེ་དུས་ཕྱི་མ་གཉིས་ཀྱི་དེ་བཞིན་གཤེགས་པ་ཉིད་དེ། སེམས་ཅན་རྣམས་ལ་འདས་པ་དང་ད་ལྟར་ཏེ་དུས་སྔ་མ་གཉིས་ཀྱི་དེ་བཞིན་གཤེགས་པ་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ཉིད་ཀྱིས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་རྣམ་བཞིའི་སྒོ་ནས་རྒྱུད་དག་པར་སྦྱོང་བར་གྱུར་ཏོ། །ཞེས་པའམ། ཡང་ན་སྟོན་པས་དེབཞིན་གཤེགས་པ་ཉིད་ཀྱང་ཕྲིན་ལས་བཞིའི་སྒོ་ནས་རྒྱུད་སྦྱོང་ལ། འཁོར་གྱི་དེ་བཞིན་གཤེགས་པ་ཉིད་ཀྱང་ཕྲིན་ལས་བཞིའི་སྒོ་ནས་རྒྱུད་སྦྱོང་བར་གྱུར་ཏོ། །དེའི་ཕྱིར་གདུལ་བྱ་གཞན་དག་ཕྲིན་ལས་ཀྱིས་རྒྱུད་སྦྱོང་དགོས་པ་ལྟ་ཅི་སྨོས་ཞེས་པའི་ཐ་ཚིག་གོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། གསལ་བའི༴ ཉི་ཤུ་པའོ། །ཞེས་པ་དེར་གདའ་ཞིང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཞེས་བས་གསང་བའི་རྟོགས་དཀའ་བ། སྙིང་པོ་བཅུ་འདུས་པ། དེ་ཁོ་ན་ཉིད་གཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་དེ་མཚན་གྱི་གཞིར་གདའ། ལྷུན་གྱིས་གྲུབ་པའི་ཕྲིན་ལས་བྱིན་གྱིས་རློབ་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་པའོ། །ཞེས་པས་སེམས་ཉིད་ལ་ཡེ་གདོན་མ་ནས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་བཞི་ཐབས་འདིས་མངོན་དུ་སྣང་བར་བྱེད་པས་ན་བྱིན་གྱིས་རློབ་པ་ཞེས་བྱ་བའི་གཞུང་གི་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པ འི་དོན་གྱིས་ན་ལེའུ་སྟེ། དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས་ཡས་བགྲངས་ཉི་ཤུ་བའི་དོན་དུ་གདའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་ཉི་ཤུ་པའི་གཞུང་དོན་རྣམ་པར་བཤད་པའོ།། ༈ །།ད་ནི་ལེའུ་ཉི་ཤུ་རྩ་གཅིག་པ་འཆད་པར་བྱེད་པ་འདི་ལ། ཆོས་ཚོམས་ངོས་བཟུང་བའི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་དང་འབྲས་བུ་སྟོན། ལམ་ལ་ཐབས་ལམ་གྲོལ་ལམ་གཉིས་ལས་གྲོལ་ལམ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། མཚན་ཉིད་གསུམ་ལས་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་སྟོན། སྣང་བ་བཞི་ལས་ལམ་དང་འབྲས་བུའི་སྣང་བ་སྟོན། བློ་འབྲིང་གི་ཆོས་ཚོམས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་དངོས་པོ་བཅུ་ཡོད་པ་ལས་བསྟོད་པའི་མཆོད་པ་སྟོན། དེའི་ཞོར་ལ་དཀྱིལ་འཁོར་དང་ཕྲིན་ལས་ཟུར་ཙམ་སྟོན། བློ་ཐ་མའི་ཚོས་ཚོམས་བཤད་ཐབས་འདྲེན་པའི་ཚིག་བཅུ་ལས་མཚོན་པ་དཔེ་དང་སྤྱི་འགྲོ་གསུམ་གྱིས་སྟོན་ནོ། །དེ་ལྟར་སྟོན་པར་བྱེད་པ་ལེའུ་ཉི་ཤུ་རྩ་གཅིག་པ་འདི་ལ་དོན་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ལེའུའི་གཞུང་བསྟན་པ་དང་། ལེའུའི་མཚན་བསྟན་པའོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་ནི། དེ་ནས་བཅོམ་ལྡན་འདས༴ གླུ་འདི་བླངས་སོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས་རང་བཞིན་འབྲས་བུ་མཐར་ཕྱིན་ཁྲོ་བོའི་དཀྱིལ་འཁོར་དང་ལྷག་པ་ཏིང་འཛིན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམས་རྫོགས་པར་བསྟན་པ་ལ་དེ་དེ་ལ་བསྟོད་པས་ན་ནས་ཞེས་བྱའོ། །བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ནི་འབྲུ་མཐུན་ལ། ཚོགས་ཀྱི་དཀྱིལ་འཁོར་གྱིས་ཤིན་ཏུ་རྔམ་པའི་མདངས་ཀྱིས་གླུ་འདི་བླངས་སོ། །ཞེས་པས་ཁྲོ་བོ་རབ་ཏུ་མང་པོའི་ཚོགས་ཀྱི་དཀྱིལ་འཁོར་དེ་དག་ཀུན་གྱི་ཞལ་ཁྲོ་ཚུལ་དང་ལྡན་པའི་འཛུམ་པ་དང་བཅས་པས་ཤིན་ཏུ་རྔམས་པའི་མདངས་ཀྱིས་དབྱངས་ངོ་རོ་དང་བཅས་པས་བསྟོད་པའི་གླུ་དྲུག་པོ་འོག་ནས་འབྱུང་བ་འདི་དག་གདུལ་བྱའི་ངོར་བླངས་སོ། །གཉིས་པ་ལེའུའི་གཞུང་བསྟན་པ་ལ་གཉིས་ཏེ། གཞུང་དངོས་དང་། གཞུང་གསུངས་པའི་ཚུལ་བསྟན་པའོ། །དང་པོ་གཞུང་དངོས་ལ་དྲུག་སྟེ། སྐུ་ལ་བསྟོད་པ་དང་། གསུང་ལ་བསྟོད་པ་དང་། ཐུགས་ལ་བསྟོད་པ་དང་། ཡོན་ཏན་ལ་བསྟོད་པ་དང་། ཕྲིན་ལས་ལ་བསྟོད་པ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྤྱིར་བསྟོད་པའང་དབང་ཆེན་གྱི་དཀྱིལ་འཁོར་ལ་བསྟོད་པའོ། །དང་པོ་སྐུ་ལ་བསྟོད་པ་ནི། ཧཱུཾ། གཏུམ་ཆེན༴ ཟ་བྱེད་ཆེ་ཧོཿ ཞེས་པ་དེར་གདའ་ཞིང་། ཧཱུཾ་ནི་གླུ་ཉིད་ཡེ་ཤེས་ཀྱི་རྒྱན་གྱི་ཕྱིར་ཏེ་གླུའི་འགོ་དྲངས་པའོ། །གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །ཞེས་པས། རང་བཞིན་འབྲས་བུ་མཐར་ཕྱིན་ཁྲོ་བོའི་དཀྱིལ་འཁོར་དེ་དག་ཀུན་ཀྱང་གསུམ་དང་ལྡན་ཏེ། རྔམ་པའི་ཚེམས་གཏུམ་པ་མཆེ་བ་གཙིགས་པ་དང་། འབར་བའི་སྐུ་གཏུམ་པ་འཇིགས་པའི་ཆ་བྱད་ཅན་དང་། ཕྲིན་ལས་དྲག་ཤུལ་མཛད་པའི་ཕྱག་གཏུམ་པ་འཇིགས་པའི་མཚོན་ཆ་སྣ་ཚོགས་བསྣམས་པ། བདུད་དང་གནོད་སྦྱིན་ལ་སོགས་པ་ལས་ཁྱད་པར་དུ་གྱུར་བའི་ཕྱིར་ཆེན་པོ་སྟེ། ཁྲོ་བོ་དེ་ལྟ་བུའི་སྐུ་ལ་བཟོད་པར་དཀའ་བའི་མེ་དཔུང་དུས་ཀྱི་ཐ་མ་བསྐལ་པ་འཇིག་པའི་མེ་ཆེན་སེར་ལྷག་འབར་བལྟར་མེ་རི་དང་མེ་དཔུང་དུ་འབར་ཞིང་འཁྲུག་པའོ། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཞེས་པས། མུན་པ་སེལ་བའི་འོད་ཟེར་གསལ་བ་དང་། ཐབས་ལ་མཁས་པའི་འོད་ཟེར་མང་བ་དང་། ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས་ཐམས་ཅད་ཁྱབ་པ་སྟེ། དེ་དག་ཀྱང་དཔེར་ན་ཉི་མ་འབུམ་དུས་གཅིག་ཏུ་ཤར་བ་ལྟ་བུའི་འོད་ཟེར་བྱིན་གྱིས་ཐམས་ཅད་ཟིལ་གྱིས་གནོན་པའོ། །ཁྲོ་གཉེན་གློག་སྟོང་འགྱུ་བ་བཞིན། །ཞེས་པས། དབང་དུ་སྡུད་པའི་ཁྲོ་གཉེར་དཔྲལ་བར་བསྡུས་པ་དང་། ཟིལ་གྱིས་གནོན་པའི་ཁྲོ་གཉེན་འབྲི་གུ་ཏ་རྩེ་གསུམ་དུ་གྱེན་དུ་འགྲེང་བ་དང་། ཐབས་ལ་མཁས་པའི་ཁྲོ་གཉེར་ལུས་སྣ་ཚོགས་སུ་གཡོ་བ་དང་། དེ་དག་ཀྱང་དཔེར་ན་གློག་སྟོང་དུས་གཅིག་ཏུ་འགྱུ་བ་བཞིན་དུ་འཁྱུག་པའོ། །མཆེ་བ་ཟངས་ཡག་ཟ་བྱེད་ཆེ། །ཞེས་པས། སྐྱེ་ཤི་རྩད་གཅོད་ཀྱི་མཆེ་བ་དཀར་ལ་ཟངས་རིང་བ་དང་། གདུག་པ་ཟ་བྱེད་ཀྱི་མཆེ་བ་རྩ་བ་དམར་བ་དང་། རྔམ་པའི་མཆེ་བ་རབ་ཏུ་རྣོ་བ་དང་། དེ་ལྟ་བུའི་མཆེ་བ་ཟངས་ཡག་འབར་བ་གཙིགས་པས་གདུག་པ་ཅན་ཟ་བར་བྱེད་པ་ལ་འགྲན་གྱི་ཟླ་མེད་པས་ན་ཆེ་བའོ། །ཧོ་ནི་དེ་དག་གི་བསྟོད་པའི་དོན་ལ་མཉེས་པའོ། །གཉིས་པ་གསུང་ལ་བསྟོད་པ་ནི། ཧཱུཾ། རྔམ་པའི༴ གཡེང་བ་ཆེ་ཧོཿ ཞེས་པ་དེར་གདའ་ཞིང་། ཧཱུཾ་ནི་གླུ་ཉིད༴ རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །ཞེས་པས། སྟོང་པ་ཆེན་པོའི་ཞལ་རྔམ། འབར་བ་ཆེན་པོའི་ལྗགས་རྔམ། སྒྲོལ་བ་ཆེན་པོའི་ཚེམས་རྔམ་པ་དང་། གསུང་རྔམ་པར་སྒྲོག་པའི་ང་རོ། །དྲག་པོ་དབྱངས་ཀྱི་ང་རོ། །འཇིགས་པའི་ང་རོ་ཨ་ཨ་དང་ཕཊ་ཕཊ་ལ་སོགས་པ། དེ་དག་ཀྱང་དཔེར་ན་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུའི་སྐད་ལྟར་དྲག་པོའི་དབྱངས་འཇིགས་པར་གྲགས་པའོ། །གཏུམ་ཆེམ་རི་རབ་འབུམ་བསྙིལ་སྐད། །ཅེས་པས། སྤྱན་འདྲེན་པའི་ཚེ་ལྷ་གཤེགས་པའི་གཏུམ་ཆེམ་ཆེ་བ་དང་། རུ་ཏྲ་འདུལ་བའི་ཚེ་ཕྲིན་ལས་མཛད་པའི་གཏུམ་ཆེམ་དྲག་པ་དང་། སྤྲུལ་པ་སྤྲོས་པའི་ཚེ་སྤྲུལ་པ་འཁྲུག་པའི་གཏུམ་ཆེམ་མང་བའོ། །དེ་དག་ཀྱང་དཔེར་ན་རི་རབ་འབུམ་དུས་གཅིག་ཏུ་བསྙིལ་བའི་སྐད་ཙམ་དུ་གྲགས་པའོ། །ཨ་ཨ་ཧ་ལའི་གད་རྒྱངས་ཆེ། །ཞེས་པས། གདུག་པ་ཅན་ལ་རྔམ་པའི་གད་མོ་ཨ་ཨ། གཏུམ་པའི་གད་མོ་ཧ་ལ། དགྱེས་པའི་གད་མོ་ཧ་ཧ་སྟེ་གད་རྒྱངས་དེ་དག་ཀྱང་རབ་ཏུ་སྒྲ་ཆེ་བར་བཞད་པའོ། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ། །ཞེས་པས། འཁོར་སྡུད་པའི་སྤྱུགས་པ་སྙན་པ་དང་། གདུག་པ་འདུལ་བའི་སྤྱུགས་པ་དྲག་པ་དང་། བྱིན་འབེབས་པའི་སྤྱུགས་པ་གདངས་འཚེར་ལ་ཡུན་རིང་བས་ཏེ་སྤྱུགས་པའི་སྒྲ་དེ་དག་གི་དབུགས་ལས་འཐོར་རླུང་ཆེན་པོ་འབྱུང་བས། ཁམས་གསུམ་ཐམས་ཅད་གཡེང་བར་བྱེད་པ་ལ་འགྲན་ཟླ་མེད་པས་ཆེ་བའོ། །ཧོ་ནི་བསྟོད་པའི་དོན་ལ་མཉེས་པའོ། །གསུམ་པ་ཐུགས་ལ་བསྟོད་པ་ནི། །ཧཱུཾ། ཁྲོ་བོ༴ ཐིག་ལེ་ཆེ་ཧོཿ ཞེས་པ་དེར་གདའ་ཞིང་། ཧཱུཾ་ནི་གླུ་ཉིད༴ ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཞེས་པས། ཤེས་རབ་ཆེན་པོའི་ཁྲོ་བོ། ཡེ་ཤེས་ཆེན་པོའི་ཁྲོ་བོ། ཕྱག་རྒྱ་ཆེན་པོའི་ཁྲོ་བོ་དང་གསུམ་ལས། འདིར་ཁྲོ་བོ་ཉིད་ཤེས་རབ་ཀྱི་ངོ་བོར་གྱུར་བས་ན་ཤེས་རབ་ཆེན་པོའི་ཁྲོ་བོ་སྟེ། དེས་ལྟ་ངན་ཐམས་ཅད་མི་དམིགས་པར་འཇོམས་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཅིས་ཀྱང་མི་སྒྲིབ་པར་གསལ་བས་ན་འོད་པོ་ཆེ་ཞེས་པས་སོ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །ཞེས་པས། ཤེས་བྱེད་ཡེ་ཤེས་ལྔའི་དཀྱིལ་འཁོར་གྱིས་ཤེས་བྱ་མ་ལུས་པ་ཀུན་དུས་གཅིག་ཏུ་ཡུལ་མེད་རང་གསལ་གྱི་ཚུལ་གྱིས་མཁྱེན་པའོ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །ཞེས་པས། རྡོ་རྗེ་ལྟ་བུའི་ཏིང་འཛིན་དུ་འབར་བའི་ཡེ་ཤེས་ཀྱིས་སྣང་བ་ཐམས་ཅད་ཀྱང་ཉིད་ལས་མི་གཞན་པར་སྦྱོང་བའི་ཕྱིར་ཀུན་ཏུ་འཇོམས་ཞེས་གསུངས་སོ། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ། །ཞེས་པས། ཡེ་ཤེས་ཆེན་པོ་བཅོ་བརྒྱད་ལ་སོགས་པ་རྩིས་ལས་འདས་པས་ན་སྣ་ཚོགས་པའི་ཡེ་ཤེས་རྣམ་པ་ཐ་དད་དུ་གསལ་བ་ཀུན་ཀྱང་མི་གནས་པའི་ཡེ་ཤེས་ཆེན་པོས་རོ་གཅིག་པས་ན་ཐིག་ལེ་ཆེ་ཞེས་བྱའོ། །ཧོ་ནི་བསྟོད་པའི་དོན་ལ་མཉེས་པའོ། །དེ་ཡང་ཡེ་ཤེས་བཅོ་བརྒྱད་ནི། ཀུན་འདུས་ལེའུ་དང་པོ་ནས། སྟོང་པའི་ཡེ་ཤེས། རྒྱུའི་ཡེ་ཤེས། ཐམས་ཅད་འབྱུང་བའི་ཡེ་ཤེས། ཕྱག་རྒྱའི། ཡི་གེའི། སྤྲུལ་པའི། ཅིར་ཡང་མཛད་པའི། མེ་ལོང་ལྟ་བུའི། ནམ་མཁའ་ལྟ་བུའི། རྒྱུ་མ་ལྟ་བུའི། རིན་ཅེན་ལྟ་བུའི། ཉི་མ་ལྟ་བུའི། སྣང་སྟོང་གསལ་བའི། མཉམ་པའི། ནན་ཏན་གྱི། ཆོས་ཀྱི་དབྱིངས་ཀྱི། སོ་སོར་རྟོག་པའི། མི་རྟོག་པའི་ཡེ་ཤེས་ཞེས་གསུངས་ཤིང་། ཡང་ནང་པའི་ཡེ་ཤེས་ལྔ། རང་བྱུང་གི་ཡེ་ཤེས། དེ་བཞིན་ཉིད་ཀྱི་ཡེ་ཤེས། མི་གནས་པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྔ། ཀྲི་ཡོག་གི་ཡེ་ཤེས་ལྔ། རྒྱུ་མཚན་ཉིད་ཀྱི་ཐེག་པའི་ཡེ་ཤེས་བཞི་སྟེ་བཅོ་བརྒྱད་ཅེས་པའམ། ཡང་ན་ཡུལ་སྟོང་པ་བཅོ་བརྒྱད་མཁྱེན་པའི་ཡེ་ཤེས་བཅོ་བརྒྱད་ཡིན་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །བཞི་པ་ཡོན་ཏན་ལ་བསྟོད་པ་ནི། ཧཱུཾ། ཁྲོ་བའི༴ ཆེ་ཧོཿ ཞེས་པ་དེར་གདའ་ཞིང་། ཧཱུཾ་ནི་གླུ་ཉིད༴ ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །ཞེས་པས། ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་འདི་དག་གི་ཡོན་ཏན་གྱི་ཚོགས་རབ་ཏུ་མང་པོའི་ཚད་སྤྲིན་ཆེན་པོ་འཁྲིགས་པ་ཙམ་དུ་སྣང་བ་ལས། ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས། །ཞེས་པས། ཁྲོས་པ་ཁྲོ་བོའི་དཀྱིལ་འཁོར་སོ་སོའི་སྤྲུལ་པ་དང་བཅས་པ་བསམ་ཡས་པ་གདུལ་བྱ་ཐ་དད་ལ་ཆར་ཆེན་པོ་ལྟར་དུ་འབེབས་ཤིང་སྣང་བར་མཛད་པའོ། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །ཞེས་པས། ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་དེ་དག་ཀྱང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ལ་དགོས་འདོད་ཟད་མི་ཤེས་པ་འབྱུང་བའི་གཏེར་དུ་གྱུར་པས་གདུལ་བྱ་སོ་སོའི་རེ་བ་སྐོར་བ་བྱེད་པའོ། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ། །ཞེས་པས། དེ་ལྟར་ཡོན་ཏན་སྣ་ཚོགས་དང་བཅས་ཁྲོས་པའི་ཚུལ་སྟོན་པའི་ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་ཀྱང་ཡེ་ཤེས་ཆེན་པོའི་ཁྲོ་བོར་རོ་གཅིག་པས་ན་ཐིག་ལེ་ཆེ་ཞེས་བྱའོ། །ཧོ་ནི་བསྟོད་པའི་དོན་ལ་མཉེས་པའོ། །ལྔ་པ་ཕྲིན་ལས་ལ་བསྟོད་པ་ནི། ཧཱུཾ། བདུད༴ ཐིག་ལེ་ཆེ་ཧོཿ ཞེས་པ་དེར་གདའ་ཞིང་། ཧཱུཾ་ནི་གླུ་ཉིད༴ བདུད་ཀུན་གྱི་ནི་བདག་ཆེན་པོ། །ཞེས་པས། ཉོན་མོངས་པ་ལ་སོགས་པའི་བདུད་བཞི་པོ་མ་ལུས་པ་ཀུན་གྱི་རང་བཞིན་མ་སྤངས་པར་དབང་དུ་བྱེད་པ་ནི་བདག་ཉིད་ཆེན་པོ་བཛྲ་ཧེ་རུ་ཀའོ། །བདུད་ཀྱི་བདུད་སྡེ་བདུད་རྣམས་འཇོམས། །ཞེས་པས། དོན་དེའི་ཕྱིར་བདུད་རུ་དྲ་སྡེ་དང་བཅས་པས་ཕོ་རྣམས་ཀྱི་ཕུང་པོ་བསྒྲལ་ཞིང་ཤེས་པ་གནས་སྤར་མོ་རྣམས་སྦྱར་ཞིང་བྱིན་གྱིས་བརླབས་པས་ན། བདུད་རུ་དྲ་འཁོར་དང་བཅས་པ་རྣམས་ཀྱི་ཀྱང་བདུད་ལྟར་སྣང་བ་ཡིན་ཏེ། ཕྱི་རོལ་གཞན་སྣང་དུ་ཕམ་པར་བྱས་པ་ན་བདུད་རྣམས་འཇོམས་པ་ཞེས་བྱའོ། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །ཞེས་པས། དེའི་ཕྱིར་འཇིགས་པའི་ཚོགས་རུ་དྲ་འཁོར་དང་བཅས་པ་རྣམས་ཀྱང་བསྡིགས་ཤིང་འཇིགས་པར་བྱེད་པ། འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ། །ཞེས་པས། འཇིགས་བྱེད་ཆེན་པོ་ཁྲག་འཐུང་རོལ་པའི་ལྷ་ཚོགས་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མཛད་པ་ཉིད་ལས་མ་གཡོས་པར་རང་སྣང་བའི་ཕྱིར་ཐིག་ལེ་ཆེ་ཞེས་བྱའོ། །ཧོ་ནི་བསྟོད་པའི་དོན་ལ་མཉེས་པའོ། །དྲུག་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྤྱིར་བསྟོད་པའམ་དབང་ཆེན་གྱི་དཀྱིལ་འཁོར་ལ་བསྟོད་པ་ནི། ཧཱུཾ། རྡོ་རྗེ༴ འཐོར་རླུང་ཆེ་ཧོཿ ཞེས་པ་དེར་གདའ་ཞིང་། ཧཱུཾ་ནི་གླུ་ཉིད་ཡེ་ཤེས་ཀྱི་རྒྱན་གྱི་ཕྱིར་ཏེ་གླུའི་འགོ་འདྲེན་པའོ། །རྡོ་རྗེ་བྲག་ཆེན་སྲ་བ་པོ། །ཞེས་པས། རྡོ་རྗེ་ནི་ཁྲོ་བོའི་ཚོགས་རྣམས་ངོ་བོ་སྣང་སྟོང་དབྱེར་མི་ཕྱེད་པ་དང་ཕྲིན་ལས་བདུད་བཞི་འཇོམས་པའི་ཕྱིར་ཏེ། ཚུལ་དེས་འོག་མ་རྣམས་ཀྱང་ཤེས་པར་བྱའོ། །བྲག་ཆེན་སྲ་བ་པོ། ཞེས་པ་ནི་དཔེ་ཡིན་ལ། དོན་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་མཚན་མའི་རྣམ་པར་རྟོག་པས་མི་གཞིགས་པའི་རྟགས་སུ་ཁྲོ་བོ་རྣམས་ཀྱི་སྐུ་རྡོ་རྗེའི་བྲག་ཆེན་སྲ་བ་པོ་དང་འདྲ་སྟེ་སྲ་ཞིང་མཁྲེགས་པའོ། །རྡོ་རྗེ་ཆུ་བོ་སྡུད་ཆེན་པོ། །ཞེས་པ་ནི་དཔེ་ཡིན་ལ། དོན་འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྡུད་ཅིང་མ་རྟོགས་པའི་སེམས་ཅན་ལ་ཐུགས་རྗེས་ཆགས་པའི་རྟགས་སུ་ཁྲག་གི་རྒྱ་མཚོ་ཞལ་དུ་རྔུབ་ཅིང་གསོལ་བའོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །ཞེས་པ་ནི་དཔེ་ཡིན་ལ། དོན་ཡེ་ཤེས་ཀྱི་མེས་མཚན་མའི་བག་ཆགས་མི་གནས་པ་སྲེག་པའི་རྟགས་སུ་སྐུ་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོཿ ཞེས་པ་ནི་དཔེ་ཡིན་ལ། དོན་ཡེ་ཤེས་ཀྱི་རླུང་གིས་རྣམ་པར་རྟོག་པའི་རྒྱུ་འབྲས་སྐྱེ་མེད་ཀྱི་དབྱིངས་སུ་འཐོར་བར་བྱེད་པའི་རྟགས་སུ་ཞལ་དང་ཤངས་ནས་བཤུགས་རླུང་དྲག་པོ་འབྱིན་པར་བྱེད་པའོ། །ཡང་འདི་དག་སྤར་ཁབ་ལས། དེ་ལས་དུར་ཁྲོད་ཀྱི་འབྱུང་བ་བཞི་པོ་ཡང་ཡེ་ཤེས་རྡོ་རྗེའི་ངོ་བོ་བསྟོད་པ་ཡང་ཞར་ལ་བཤད་པའོ་ཞེས་གསུངས་པས། འབྱུང་བ་བཞི་ལ་བསྟོད་ཀྱང་རུང་སྟེ། རྡོ་རྗེ་བྲག་ཆེན་སྲ་བ་པོ། །ཞེས་པས་ཀེང་རུས་ཀྱི་རི་རབ་དང་། རྡོ་རྗེ་ཆུ་བོ་སྡུད་ཆེན་པོ། །ཞེས་པས་རཀྟའི་རྒྱ་མཚོ་དང་། རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །ཞེས་པས་བསྐལ་པའི་མེ་དང་། རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ། །ཞེས་པས་རླུང་རྡོ་རྗེ་རྒྱ་གྲམ་ལ་བསྟོད་པའོ། །ཧོ་ནི་བསྟོད་པའི་དོན་ལ་མཉེས་པའོ། །དེ་ཡང་བསྟོད་པ་དེ་དག་ནི་བུ་ངན་པ་ལ་མས་བསྟོད་པ་ལྟ་བུ་ནི་མ་ཡིན་ཏེ། ཡོན་ཏན་ཡོད་པ་ལ་ཡོད་པ་ལྟར་ཉིད་ཀྱིས་ཉིད་ལ་བསྟོད་པ་ནི་དེ་བཞིན་གཤེགས་པའི་སྣང་བ་ཡིན་ལ། དེའི་རྗེས་སུ་ལམ་པའི་རྣལ་འབྱོར་བས་བསྟོད་པ་ནི་བསྟོད་པའི་མཆོད་པར་ཤེས་བར་བྱའོ་ཞེས་བླ་མ་གོང་མ་རྣམས་གསུང་ངོ་། །གཉིས་པ་གཞུང་གསུངས་བའི་ཚུལ་ནི། ཞེས་ཆེད་དུ་གླུ་བླངས་སོ། །ཞེས་པ་དེར་གདའ་ཞིང་། ཞེས་ཁྲོ་བོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་བསྟོད་པའི་གླུ་འདི་དག་འཁོར་རྣམས་ཀྱི་ཆེད་དུ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཉིད་ཀྱིས་ཉིད་ལ་བླངས་སོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། གསང་བའི༴ ཉི་ཤུ་གཅིག་པའོ། །ཞེས་པ་དེར་གདའ་ཞིང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཞེས་པ་གསང་བའི་རྟོགས་དཀའ་བ། སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉིད་གཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་དེ་མཚན་གྱི་གཞིར་གདའ། ཁྲོ་བོ་ལ་བསྟོད་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ། །ཞེས་པས། ཁྲོ་བོའི་དཀྱིལ་འཁོར་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབང་ཆེན་གྱི་དཀྱིལ་འཁོར་དང་བཅས་པ་ལ་བསྟོད་པའི་གཞུང་གི་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་སྟེ་དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས་ཡས་བགྲངས་ཉི་ཤུ་རྩ་གཅིག་པའི་དོན་དུ་གདའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་གཅིག་པའི་གཞུང་དོན་རྣམ་པར་བཤད་པའོ།། ༈ །།ད་ནི་ལེའུ་ཐ་མ་འཆད་པར་བྱེད་པ་འདི་ལ། ཆོས་ཚོམས་ངོས་བཟུང་བའི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་གསུམ་ཀ་སྟོན། ལམ་ལ་ཐབས་ལམ་གྲོལ་ལམ་གཉིས་ལས་གྲོལ་ལམ་སྟོན། མཚན་ཉིད་གསུམ་ལས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དང་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། སྣང་བ་བཞི་ལས་བཞི་ཀ་སྟོན། བློ་འབྲིང་གི་ཆོས་ཚོམས་ལྔ་ལས་གདམས་གཏད་སྟོན། བློ་ཐ་མའི་ཆོས་ཚོམས་བཤད་ཐབས་འདྲེན་པའི་ཚིག་བཅུ་ལས་རང་བཞིན་ལྟ་བ། བསྣོལ་མཚམས་འཕེན་སྡུད། ཚད་མ་བཀའ་གཞུང་དང་། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་ཉི་ཤུ་རྩ་གཉིས་པ་འདི་ལ་རྣམ་པར་དབྱེ་བའི་ཚིག་སྟག་གིས་མཆོངས་པ་ལྟར་དུ་བཤད་ན། དོན་ཆིངས་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ལེའུའི་གཞུང་བསྟན་པ་དང་། ལེའུའི་མཚན་བསྟན་པའོ། །དང་པོ་གསུངས་པ་ལོ་རྒྱུས་སུ་བརྗོད་པ་ནི། དེ་ནས་བཅོམ་ལྡན་འདས༴ བརྗོད་དོ། །ཞེས་པ་དེར་གདའ་ཞིང་། དེ་ནས་ཞེས་པས། དེ་ཡང་འབྲེལ་མཚམས་སྦྱོར་བའི་ཚིག་བྱ་ངང་མོའི་འགྲོས་ལྟར་བཤད་ན། ལེའུ་གསུམ་པའི་སྨད་ནས་ཉི་ཤུ་རྩ་གཅིག་པའི་བར་གྱི་ལེའུ་ཕྱེད་དང་བཅུ་དགུས་རྒྱུད་དོན་རྫོགས་པར་བསྟན་པ་ལ་དེ་གདམས་ཤིང་གཏད་པ་སྟོན་པས་ན་ནས་ཞེས་བྱ་སྟེ། དེ་ཡང་གང་གིས་གདམས་ཤིང་གཏད་ན། བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཞེས་པས། བཅོམ་ལྡན་འདས་བསམ་གྱི་མི་ཁྱབ་པའི་དགྱེས་པ་ཆེན་པོ་ཀུན་ཏུ་བཟང་པོས་གདམས་ཤིང་གཏད་པའོ། །གང་ལ་གདམས་ཤིང་གཏད་ན། དེ་བཞིན་གཤེགས་པ་ཉིད་ལ་ཞེས་པས། འཁོར་ཐམས་ཅད་ཀྱང་སྟོན་པའི་རང་བཞིན་ཉིད་ལས་མི་གཞན་པ་སྟེ། དེ་ཡང་ལྷན་ཅིག་པའི་འཁོར་དབང་ཡོངས་སུ་རྫོགས་པར་ཐོབ་པ་རྣམས་དེ་བཞིན་གཤེགས་པ་ཉིད་དུ་གྱུར་པ་དང་། གོ་ཕྱེ་བའི་འཁོར་གང་ཟག་ཆོས་ཀྱི་མིག་ཅན་རྣམས་ཀྱང་མ་འོངས་པའི་དུས་སུ་དེ་བཞིན་གཤེགས་ཉིད་དུ་འགྱུར་པ་ལ་དགོངས་ནས་གདམས་ཤིང་གཏད་དོ། །གང་གདམས་ཤིང་གཏད་ན། གསང་སྔགས་ཀྱི་རྒྱལ་པོ་ཞེས་པས། གསང་སྔགས་ཀྱི་མཚོན་བྱ་རང་བཞིན་གྱི་རྒྱུད་རང་བཞིན་གསང་བའི་སྙིང་པོ་ཞེས་བྱ་བ་ཤེས་བྱ་ཐུན་མོང་བ་རྣམས་ལས་ཁྱད་པར་དུ་གྱུར་པ་དང་། དེ་མཚོན་བྱེད་ལམ་རྐྱེན་གྱི་རྒྱུད་ཡེ་གེར་བཀོད་པ་ལྟ་སྤྱོད་གཞན་ལས་ཁྱད་པར་དུ་གྱུར་པ་འདི་ཉིད་ནི། ངོ་བོ་དང་ཡོན་ཏན་ལེའུ་གསུམ་པ་དང་བཅུ་གསུམ་པར་བཤད་པ་རྣམས་ཀྱི་དོན་གྱིས་ན་རྒྱལ་པོ་སྟེ་དེ་ལྟ་བུའི་རྒྱུད་འདི་གདམས་ཤིང་གཏད་དོ། །དགོས་ཆེད་ཅིའི་ཕྱིར་གདམས་ཤིང་གཏད་ན། བརྟན་པར་བཟུང་བ་འདི་ཆེད་དུ་བརྗོད་དོ། །ཞེས་པས། རང་བཞིན་གྱི་རྒྱུད་གཞན་དུ་མི་འགྱུར་བར་བྱ་བ་དང་། ལམ་གྱི་རྒྱུད་བརྟན་ཞིང་མི་ནུབ་པར་གཟུང་བའི་ཕྱིར་གདམས་ཤིང་གཏད་པའི་དོན་འོག་ནས་འབྱུང་བའི་དེ་དག་འཁོར་རྣམས་ཀྱི་ཆེད་དུ་ཚིག་ཏུ་བརྗོད་པ་དང་འདྲ་བར་གསལ་བ་འདི་སྟོན་པས་བརྗོད་དོ། །གཉིས་པ་ལེའུའི་གཞུང་བསྟན་པ་ལ་གཉིས་ཏེ། གདམས་པ་བསྟན་པ་དང་། གཏད་པ་བསྟན་པའོ། །དང་པོ་གདམས་པ་བསྟན་པ་ལ་བཞི་སྟེ། གཞི་རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས་པ་དང་། ལོག་རྟོག་འཁྲུལ་པའི་སྣང་བ་དག་བྱར་གདམས་པ་དང་། གདུལ་བྱ་ལམ་གྱིས་སྣང་བ་བགྲོད་བྱར་གདམས་པ་དང་། འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པའོ། །དང་པོ་གཞི་རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས་པ་ནི། ཀྱེ་ཀྱེ༴ ཉིད། །ཅེས་པ་དེར་གདའ་ཞིང་། དེ་ཡང་གཞི་ནི་ཆོས་ཐམས་ཅད་ཀྱི་འབྱུང་གཞི། རང་བཞིན་ནི་བཅོས་སླད་དང་བྲལ་བ། སྣང་བ་ནི་རང་རིག་པ་ཐམས་ཅད་དུ་རྩལ་མ་འགག་པར་སྣང་བ་སྟེ། དེའི་དོན་འཁོར་རྣམས་ལ་གདམས་ཚུལ་ནི། ཀྱེ་ཀྱེ་ཞེས་ལྷན་ཅིག་པའི་འཁོར་དང་གོ་ཕྱེ་བའི་འཁོར་གཉིས་ལ་བོས་ནས། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །ཞེས་པས། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་འཁོར་འདས་གཉིས་ཀྱི་རང་བཞིན་འདི་ཉིད་ནི། དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་པས། དེ་བཞིན་གཤེགས་པ་བུདྡྷ་བཞི་བཅུ་རྩ་ལྔའི་སྐུ་དང་ཡེ་ཤེས་སུ་གདོད་ནས་གནས་པ་ནི་གཞི་རང་བཞིན་གསང་བའི་སྙིང་པོའི་ངོ་བོ་ཉིད་ངེས་པའི་ལུང་ཁོ་ནའོ། །དེ་ནི་སེམས་ཅན་ཐམས་ཅད་ལ་རང་བཞིན་གྱི་གནས་པ་སྟེ་འདི་ཉིད་ཀྱི་དོན་ལ་དུས་གསུམ་དུ་མི་འགྱུར་བར་གནས་པར་བྱའོ་ཞེས་གདམས་པའོ། །གཉིས་པ་ལོག་རྟོག་འཁྲུལ་པའི་སྣང་བ་དག་བྱར་གདམས་པ་ནི་གཟུང་འཛིན༴ འཛིན། །ཞེས་པ་དེར་གདའ་ཞིང་། དེ་ཡང་གཉིས་མེད་ལས་ལོག་ཅིང་གཉིས་སུ་རྟོག་པས་ན་ལོག་རྟོག །དེ་མ་ཡིན་ལ་དེར་བཟུང་བས་འཁྲུལ་པ་ལས་དང་ལོག་རྟོག་གི་བློར་སྣང་བའོ། །འོ་ན་ཆོས་ཐམས་ཅད་རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་སངས་རྒྱས་པ་མ་ཡིན་ནམ་ཞེ་ན། གཟུང་འཛིན་སྤྲོས་ལས་འཆེལ་བ་ཡིས། །ཞེས་པས་རང་བཞིན་དེ་ལྟར་ཡིན་མོད་ཀྱི་དེ་ལྟར་མ་རྟོགས་ཏེ། མ་རིག་པའི་བདག་གཉིས་ལས་བྱུང་བའི་གཟུང་འཛིན་གྱི་ཀུན་བརྟགས་གཉིས་ཀྱི་སྤྲོས་པ་ལ་ཐོག་མ་མེད་པའི་དུས་ནས་བདེན་ཞེན་དུ་མངོན་པར་འཆེལ་ཞིང་གོམས་པ་ཡི་མཐུས། རྣམ་རྟོག་ཞགས་པས་སོ་སོར་འཛིན། །ཞེས་པས། གཟུང་འཛིན་གྱི་རྣམ་པར་རྟོག་པ་ཞགས་པ་དང་འདྲ་བས་འཁོར་འགྲོ་བ་དྲུག་གི་གནས་སོ་སོར་འཛིན་ཅིང་ལས་དང་ཉོན་མོངས་པའི་དབང་གིས་སྡུག་བསྔལ་བར་གྱུར་པས་ན་དེ་ལས་གྲོལ་བར་གདམས་པའམ། ཐམས་ཅད་ཡེ་ནས་སངས་རྒྱས་པའི་བདག་ཉིད་ངོ་མ་ཤེས་པ་དག་བཏགས་པའི་ཞེན་པ་དགྲོལ་བའི་ཕྱིར་རྐྱེན་ལམ་གྱི་རྒྱུད་རྣམས་གསུངས་སོ། །གསུམ་པ་གདུལ་བྱ་ལམ་གྱི་སྣང་བ་བགྲོད་བྱར་གདམས་པ་ནི། ས་རྣམས༴ ལམ། །ཞེས་པ་དེར་གདའ་ཞིང་། དེ་ཡང་ཐུན་མོང་གི་སེམས་ལྔ་སྐྱེས་སམ་སྐྱེ་རུང་བ་ཞིག་གདུལ་བྱ་འཇུག་ཅིང་བགྲོད་པར་བྱེད་པས་ན་ལམ་བསྟན་བ་བློ་དང་འཚམས་པར་སྣང་བའོ། །འཁྲུལ་སྣང་དེ་ལས་དགྲོལ་བར་བྱ་བའི་ཕྱིར་ལམ་གྱི་རྒྱུད་རྣམས་གསུངས་ལ། འོ་ན་ཉེ་ལམ་གསང་བའི་སྙིང་པོ་གཅིག་པུས་ཆོག་མོད། ཐུན་མོང་གི་ལམ་དུ་མ་གསུངས་བ་ལ་དགོས་པ་མེད་དོ་བར་དོགས་པ་གསལ་བའི་ཕྱིར། ས་རྣམས་ཁྱད་པར་བཀོད་པ་ཡང་། །ཞེས་པས། གོང་འོག་གི་ས་དང་ལམ་གྱི་རིམ་པ་རྣམས་ཀྱི་ཁྱད་པར་མ་འདྲེས་པར་བཀོད་པ་ངེས་འབྱུང་གི་ཐེག་པ་བཞི་ཡང་། གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པས། རང་བཞིན་གསང་བའི་སྙིང་པོར་འགྲོ་བའི་ལམ་སྟེགས་ཡིན་པས་ན་མཐར་ཐུག་གི་ལམ་འདི་ཉམས་སུ་བླང་བར་གདམས་པའོ། །བཞི་པ་འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པ་ནི། ཡེ་ཤེས༴ གསུངས། ཞེས་པ་དེར་གདའ་ཞིང་། དེ་ཡང་གང་ཞིག་སྨིན་པ་ཞིག་འབྲས་བུ་དེ་བཞིན་ཉིད་དུ་ནར་སོན་པ་ཞིག་བདེ་གཤེགས་རྟོག་ཚོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའོ། །ཡེ་ཤེས་ངོ་མཚར་རབ་འབྱམས་ཀྱིས། །ཞེས་པས། ལམ་ཉམས་སུ་བླངས་པའི་འབྲས་བུ་སྐུ་དང་ཡེ་ཤེས་མངོན་དུ་བྱས་པ་ནི་ངོ་མཚར་བ་སྟེ་དེའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་རབ་འབྱམས་ཀྱིས། དོན་དུ་མི་འགྱུར་ཡོངས་མ་གསུངས། །ཞེས་པས། གདུལ་བྱ་འགྲོ་བའི་དོན་དུ་མི་འགྱུར་བའི་ལམ་ནི་ཡོངས་ཡེ་མ་གསུངས་པ་སྟེ་ལམ་དུ་མ་ཡང་གསང་སྔགས་ཀྱི་ལམ་སྟེགས་སུ་དགོས་པས་དོན་འགྱུར་དུ་གསུངས་པ་ལྟར་ཉམས་སུ་བླངས་པས་འབྲས་བུ་དེ་དག་ཐོབ་བྱར་གདམས་པའོ། །མདོར་ན་སྣང་བ་བཞི་ཡང་གཞི་ལམ་འབྲས་བུའི་རྒྱུད་གསུམ་དུ་འདུས་ལ། དེ་གསུམ་ཡང་རང་བཞིན་གྱི་རྒྱུད་རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་སངས་རྒྱས་པ་ལས་མི་འགྱུར་བར་གདམས་པའོ། །གཉིས་པ་གཏད་པ་ལ་གཉིས་ཏེ། སྡུད་པ་པོ་ལ་རྒྱུད་ཀྱི་མཚན་ཉིད་བརྗོད་ནས་གཏད་དེ་རྒྱལ་ཚབ་ཏུ་དབྱུང་བ་དང་། གང་ཟག་ཆོས་ཀྱི་མིག་ཅན་ལ་རྒྱུད་ཀྱི་ཡོན་ཏན་བརྗོད་ནས་གཏད་དེ་མི་ནུབ་པར་བྱ་བའོ། །དང་པོ་སྡུད་པ་པོ་ལ་རྒྱུད་ཀྱི་མཚན་ཉིད་བརྗོད་ནས་གཏད་དེ་རྒྱལ་ཚབ་ཏུ་དབྱུང་བ་ནི ། དེ་བཞིན༴ ཕྱུང་། །ཞེས་པ་དེར་གདའ་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །ཞེས་པས། འབྲས་བུ་མཐར་ཕྱིན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་རང་བཞིན་གསང་བའི་སྙིང་པོ་འདི་ལས་ལྷག་པའི་དགོངས་པའམ་ཐུགས་ཀྱི་བརྣག་བྱར་བྱ་བ་གཞན་མི་མངའ་བ་སྟེ། རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་ཉིད་དང་དགོངས་པ་ཕྱིན་ཅི་མ་ལོག་པར་མངོན་དུ་བསྟན་པ་ནི་རང་བཞིན་གྱི་རྒྱུད་གསང་བའི་སྙིང་པོ་འདི་ཉིད་ཡིན་པའི་ཕྱིར་རོ། །སྒྲོ་དང་སྐུར་པ་ཞི་བ་ཡི། །ཞེས་པས། དེ་ལྟ་བུའི་རང་བཞིན་གསང་བའི་སྙིང་པོའི་རྒྱུད་ཀྱི་ངོ་བོ་ཉིད་ཅི་འདྲ་བར་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་ཞི་བ་སྟེ་མེད་པ་ཡི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་པས། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་དེ་ངེས་པའི་རྒྱུད་ཞེས་བྱ་བ་ལམ་རྐྱེན་ཡི་གེའི་རྒྱུད་འདི་ཁོ་ན་སྟེ། ཤེས་བྱ་རང་བཞིན་གྱི་རྒྱུད་ཀྱི་མིང་ཤེས་བྱེད་ལམ་གྱི་རྒྱུད་ལ་བཏགས་པའི་ཕྱིར་རོ། །དེ་ལྟར་རང་བཞིན་གསང་བའི་སྙིང་པོའི་རྒྱུད་ནི་ལམ་རྐྱེན་ཡི་གེའི་རྒྱུད་ཀྱི་འབྱུང་ཁུངས་སུ་གྱུར་པས་དབྱིངས་ནས་འདི་ཉིད་མངོན་དུ་སྣང་བ་ནི་ཕྱུང་ཞེས་བྱ་སྟེ། ངེས་པའི་ལུང་ལས་བྱུང་བའི་ཕྱིར་མངོན་དུ་ཕྱུང་བའི་ལུང་འདིའི་བཀའ་བསྡུ་བ་ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་གྱིས་ཤིག་ཅེས་གཏད་ནས་རྒྱལ་ཚབ་ཏུ་དབང་བསྐུར་བའོ། །གཉིས་པ་གང་ཟག་ཆོས་ཀྱི་མིག་ཅན་ལ་རྒྱུད་ཀྱི་ཡོན་ཏན་བརྗོད་ནས་གཏད་དེ་མི་ནུབ་པར་བྱ་བ་བསྟན་པ་ནི། དེ་བཞིན༴ རྫོགས། །ཞེས་པ་དང་། དེ་ནི༴ གནས། །ཞེས་པ་དེར་གདའ་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །ཞེས་པས། རྒྱུད་འདི་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་བདག་པོ་དྲུག་པ་ཀུན་ཏུ་བཟང་པོའི་གསུང་དུ་ཕྱུང་བ་ནི་གསུང་གི་ཕྱག་རྒྱ་སྟེ། ལམ་རྐྱེན་ཡི་གེའི་རྒྱུད་འདིས་རང་བཞིན་གྱི་རྒྱུད་དོན་མཚོན་པ་ལས་མི་འདའ་བ་དང་། འདི་རྒྱལ་བའི་དགོངས་པའི་ངོ་བོ་ཉིད་ལས་ཀྱང་མི་འདའ་བ་དང་། འདས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ལམ་རྐྱེན་ཡི་གེའི་རྒྱུད་འདི་ལས་མ་འདས། ད་ལྟར་བ་རྣམས་ཀྱང་མི་འདའ། མ་འོངས་པ་རྣམས་ཀྱང་འདའ་བར་མི་འགྱུར་བའི་ཕྱིར་རོ། །དེ་ན་གསང་ཆེན་སྙིང་པོ་ལམ་རྐྱེན་ཡི་གེའི་རྒྱུད་འདི་ཡི། རྟོགས་ནས་སྨྲ་བར་གང་བྱེད་པ། །ཞེས་པས། ཚིག་དོན་ཕྱིན་ཅི་མ་ལོག་པར་རྟོགས་ནས་མི་ནུབ་པར་བྱ་བའི་ཕྱིར་སྣོད་དུ་གྱུར་བའི་གདུལ་བྱ་རྣམས་ལ་བློ་དང་འཚམས་པར་སྨྲ་བར་གང་བྱེད་པ། དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་པས། དེ་ལྟ་བུའི་རྣལ་འབྱོར་པ་དེ་ཉིད་ནི་ཀུན་ཏུ་བཟང་པོ་ང་ཉིད་དང་ཁྱད་པར་མེད་པ་ཡིན་ཏེ། ཕན་ནུས་ཟབ་གསུམ་གྱི་དབང་ལྔ་ཡང་མ་བསྐུར་བར་ཡོངས་སུ་རྫོགས་པས་ནུས་པ་ཆེན་པོ་དང་ལྡན་པས་ན་རིག་པ་རྩལ་གྱི་དབང་ཐོབ་པ་ཞེས་བྱའོ། །དེ་ནི་ངེས་པར་ལུང་བསྟན་ཏེ། །ཞེས་པས། དེ་ལྟ་བུ་རྟོགས་པའི་རྟེན་གྱི་གང་ཟག་དེ་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔར་ངེས་པར་ལུང་བསྟན་པ་ཡིན་ཏེ། སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ཞེས་པས། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་སྲས་ཞེས་བྱའོ། །དེ་ནི་ཀུན་ཏུ་བཟང་པོའི་ཐུགས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་རྟོགས་པ་ལས་སྐྱེས་པ་ཡིན་པས་ན། ས་རབ་རིག་པ་འཛིན་ལ་གནས། །ཞེས་པས། རྒྱུའི་ཐེག་པའི་ས་ལས་མཆོག་ཏུ་གྱུར་པ་ས་རབ་རིག་པ་འཛིན་པ་གསང་སྔགས་ཀྱི་ས་ལ་གནས་པ་ཡིན་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་སྣང་རིག་པ་མངོན་བྱས་པས། །རིག་འཛིན་མཆོག་སྟེ་ལྷུན་གྲུབ་པའོ། །ཏིང་འཛིན་ནུས་པའི་མཐུ་མེད་ཀྱང་། །ས་སྦྱོང་སེམས་དཔས་བསྐྱོད་དུ་མེད། །བདེ་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །རིག་པའི་སྐྱེས་བུར་ལུང་ཐོབ་པའོ། །ཞེས་གསུངས་པ་དང་། རྔམ་གློག་ལས། དེ་ལྟ་བུ་ཡི་རང་བཞིན་དེ། །གཞན་ལ་མ་བརྟེན་མི་འགལ་བར། །མངོན་སུམ་རིག་པའི་ཐག་ཆོད་ན། །རྣལ་འབྱོར་ས་ལ་སླེབ་པ་ཡིན། །ཞེས་པ་དང་། དགོངས་འདུས་ལས། རྣམ་དག་ལམ་ཆེན་ཀུན་སྒྲོལ་འདིར། །སྐལ་ལྡན་གང་ཞིག་སུ་ཞུགས་པ། །ནོར་བུ་རིན་ཅེན་འོད་འབར་བ། །ངེས་པར་འཆར་གྱིས་བརྩོན་པར་གྱིས། །དེ་ཉིད་སེམས་ཀྱི་མེ་ལོང་སྟེ། །མངོན་སུམ་གསལ་བར་རྟོགས་མ་ཐག །འགྲོ་བའི་ལུས་ལ་སངས་རྒྱས་ཡིན། །ཞེས་གསུངས་སོ། །དེ་ལྟ་བས་ན་འདིའི་དོན་ཇི་ལྟར་རྟོགས་པར་གྱིས་ལ་སྣོད་དང་ལྡན་པ་ལ་མི་ནུབ་པར་བྱ་བའི་ཕྱིར་སྣོད་ལྡན་རྣམས་ལ་སྒྲོགས་ཤིག་བར་གཏད་པའོ། །ཞོར་ལ་རྒྱུད་འདི་ཕྱོགས་བཅུར་འཕེལ་ཞིང་བྱིན་ཆེ་བར་བྱ་བའི་ཕྱིར་མ་མོ་དང་མཁའ་འགྲོ་ལ་གཏད་པ་ཡང་འདིར་མ་གསུངས་ཀྱང་། སྒྱུ་འཕྲུལ་རྒྱས་པའི་ལེའུ་ལྔ་བཅུ་པ་ལས། གསང་བའི་སྙིང་པོར་ངེས་པ་འདི། །གསང་སྔགས་ཀུན་གྱི་རྒྱལ་པོ་ཡིན། །ཐབས་ཆེན་མཚོན་པའི་ཤེས་རབ་ཡིན། །སྒྱུ་འཕྲུལ་དྲྭ་བའི་སྙིང་པོ་དང་། །གསང་བའི་རྒྱུད་ཆེན་མང་པོ་རྣམས། །ང་ཡི་ཐུགས་ལས་སྤྲུལ་པ་ཡིན། །ཚངས་པ་དང་ནི་བརྒྱ་བྱིན་དང་། །འཇིག་རྟེན་སྐྱོང་བ་རྣམས་དང་ནི། །དབང་ཕྱུག་ཆེན་པོ་ལ་སོགས་དང་། །དེད་དཔོན་འཕྲོག་མའི་བུ་རྣམས་དང་། །ལུས་དང་བ་གླང་སྤྱོད་པ་དང་། །སྒྲ་མི་སྙན་དང་འཛམ་གླིང་དུ། །ང་ཡི་ཐུགས་ཀྱི་སྙིང་པོ་འདི། །ཕྱོགས་བཅུ་ཀུན་ཏུ་འཕེལ་བ་དང་། །དེ་ཡི་གཟུངས་ལ་གཏད་པ་ནི། །ཡིད་བཞིན་མཛོད་འབྱོར་བཀའ་ཡི་གནས། །བསྟན་པ་འཛིན་པར་ནུས་པ་ལ། །གསང་བའི་སྙིང་པོ་མཆོག་ཏུ་གཏད། །ཅེས་གསུངས་སོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། གསང་བའི༴ ཉི་ཤུ་གཉིས་པའོ། །ཞེས་པ་དེར་གདའ་ཞིང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཞེས་པས། གསང་བ་རྟོགས་དཀའ་བ། སྙིང་བཅུད་འདུས་པ། དེ་ཁོ་ན་ཉིད་གཞན་སེལ་བ། ངེས་པ་ཐེ་ཚོམ་དང་བྲལ་བ། ལས་ཞེས་པ་དེ་མཚན་གྱི་གཞིར་གདའ། མཉེས་པ་དང་ཡོངས་སུ་བཟུང་བའི་ལེའུ་སྟེ་ཉི་ཤུ་གཉིས་པའོ། །ཞེས་པས། རང་གཞན་གྱི་མཛད་པ་ཐམས་ཅད་ཡོངས་སུ་རྫོགས་པས་སྟོན་འཁོར་ཐམས་ཅད་དབྱེར་མེད་པར་དགྱེས་པའི་ཕྱིར་མཉེས་པ་དང་། རྒྱུད་བརྟན་ཅིང་མི་ནུབ་པར་བྱ་བའི་ཕྱིར་ཡོངས་སུ་བཟུང་བ་སྟེ་རྒྱུད་གདམས་པ་དང་གཏད་པ་སྟོན་པའི་གཞུང་གི་ཚིག་དོན་རྣམས་ཚོམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་ཞེས་བྱ་སྟེ། དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས་ཡས་བགྲངས་ཉི་ཤུ་རྩ་གཉིས་པའི་དོན་དུ་གདའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་ལ་ལས་ལེའུ་ཉི་ཤུ་རྩ་གཉིས་པའི་གཞུང་དོན་རྣམ་པར་བཤད་པའོ།། ༈ །།སྤྱི་དོན་གསུམ་པ་མཇུག་གི་དོན་ལ་གཉིས་ཏེ། རྒྱུད་རྫོགས་ནས་མཛད་པ་ཆོས་ཉིད་དུ་གྲོལ་བར་བཞུགས་ཚུལ་བསྟན་པ་དང་། འདི་ལས་སྟན་པ་དང་ཐེག་པ་ཐམས་ཅད་འཕྲོས་པས་རྒྱུད་ཀྱི་ཆེ་བ་བསྟན་པའོ། །དང་པོ་རྒྱུད་རྫོགས་ནས་མཛད་པ་ཆོས་ཉིད་དུ་གྲོལ་བར་བཞུགས་ཚུལ་བསྟན་པ་ནི། ཞེས་བརྗོད་པས༴ བཞུགས་སོ། །ཞེས་པ་དེར་གདའ་ཞིང་། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པར་དགྱེས་ནས་ཞེས་པས། ཞེས་སྟོན་པས་བརྗོད་པས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཡང་བདེ་བ་ཆེན་པོར་རོ་གཅིག་པས་དབྱེར་མེད་པར་སྣང་བ་ནི་བསམ་གྱིས་མི་ཁྱབ་པའི་དགྱེས་པ་ཞེས་བྱའོ། །ནས་ཞེས་པ་འབྲེལ་བ་སྟོན་པའི་སྒྲའོ། །དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས། ཞེས་པས། ཕྱོགས་བཅུ་དང་དུས་བཞིས་བསྡུས་པ་ཐམས་ཅད་རང་རིག་པ་ཁོ་ན་ལས་གཞན་པ་མེད་པས་མཉམ་པ་ཉིད་ཀྱི་དབྱིངས་སོ། །སྐུ་གསུང་ཐུགས་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་སོ། །ཞེས་པས། དེ་ཉིད་ཐམས་ཅད་དུ་མ་འགགས་པར་རང་སྣང་བས་སྐུ་ངོ་བོ་མ་སྒྲུབ་བརྡ་སྤྲོད་པས་གསུང་སྣང་སྟོང་གཉིས་སུ་མི་ཕྱེད་པས་ཐུགས་སུ་མ་བཙལ་བར་སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པ་ཁོ་ནའོ། །དེ་དག་གི་ངོ་བོ་ཉིད་ནི་ཚིག་ཏུ་བརྗོད་པ་ལས་འདས་པས་མཐའ་ཡས་པའི་སྐུ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དེ་ལས་གཞན་པའི་སེལ་མེད་པ་ཤ་སྟག་གིས་ཡོངས་སུ་གང་བ་ནི་དཔེར་ན་ཏིལ་གྱི་གང་བུ་ལྟར་ཆོས་ཀྱི་དབྱིངས་མཐའ་ཀླས་པར་སྐུ་དང་ཡེ་ཤེས་ཀྱི་ཁྱབ་པར་གདལ་བས་ན་སྟུག་པོ་བཀོད་པ་སྟེ། དེ་དག་ཀྱང་ཤིན་ཏུ་མཛེས་པ་དང་ངོ་བོ་ཉིད་བརྗོད་པར་དཀའ་བས་བལྟ་བས་མི་ངོམ་པ་དང་ཐམས་ཅད་དུ་ཅིར་ཡང་སྣང་བའི་ཕྱིར། རང་རིག་པའི་རྒྱན་ཉིད་དུ་རྒྱལ་བ་ཐམས་ཅད་ཀྱང་དེ་ལྟ་བུའི་ངོ་བོར་གནས་པ་མེད་པའི་ཚུལ་གྱི་གནས་པ་ནི་བཞུགས་པ་སྟེ། འདི་དག་གི་ངོ་བོ་ཉིད་དང་དགོངས་པ་ནི་བཞེངས་པ་སྟེ་རྗེས་ཐོབ་དང་། བཞུགས་པ་སྟེ་མཉམ་གཞག་གཉིས་སུ་མི་མངའ་བར་གནས་ཤིང་རྟག་པར་བཞུགས་སོ། །དེ་ཡང་ཐེར་ཟུག་དང་རྒྱུན་གྱི་རྟག་པ་ནི་མ་ཡིན་ཏེ་ངོ་བོ་ཉིད་ཀྱི་རྟག་པའོ། །གཉིས་པ་འདི་ལས་བསྟན་པ་དང་ཐེག་པ་ཐམས་ཅད་འཕྲོས་པས་རྒྱུད་ཀྱི་ཆེ་བ་བསྟན་པ་ནི། འཕགས་པ༴ མཆོག །ཅེས་པ་དེར་གདའ་ཞིང་། འཕགས་པ་ཞེས་པ་ལ། སྤར་ཁབ་ལས། ཤེས་བྱ་དང་ཐབས་དང་དུས་དང་འབྲས་བུ་ལ་སོགས་པ་ལུགས་གཞན་ལས་ཁྱད་པར་དུ་འཕགས་པའོ་ཞེས་པས། རྒྱུད་འདི་ནི་ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་ཡང་གཞི་ཤེས་བྱའི་གནས་ལུགས་བདེན་པ་དབྱེར་མེད་དེ་ཉིད་བདེན་པ་བྱ་བྲལ་དང་ཐ་དད་དུ་འདོད་པ་ལས་འཕགས། ལམ་ཐབས་ཤེས་ཟུང་འཇུག་དེ་ཉིད་རྒྱུ་ལམ་དུ་བྱེད་པ་ལས་འཕགས། དུས་ཚེ་གཅིག་ལུས་གཅིག་དེ་ཉིད་སྐྱེ་བ་བཅུ་དྲུག་གམ་བསྐལ་བ་གྲངས་མེད་གསུམ་ལ་སོགས་པ་ལ་འབྲས་བུ་ཐོབ་པར་འདོད་པ་ལས་འཕགས། འབྲས་བུ་པདྨ་ཅན་དང་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཉིད་བཅུ་གཅིག་པ་ཀུན་ཏུ་འོད་ལས་འཕགས་པའོ། །རྟོག་པའི་རྒྱལ་པོ་ཞེས་པ་ལ། སྤར་ཁབ་ལས། ངོ་བོ་ཉིད་དང་། འཁྲུལ་པ་དང་། ལོག་པ་དང་། རྣམ་པ་དང་། ཡང་དག་པའི་རྟོག་པ་ལ་སོགས་པ་ལས་ཞེས་པས། ངོ་བོ་ཉིད་ཀྱི་རྟོག་པ་ཆོས་ཉིད་དུ་ཞེན་པ་དང་། འཁྲུལ་བའི་རྟོག་པ་སོ་སོའི་སྐྱེ་བོ་ལ་ཞེན་པ་དང་། ལོག་པའི་རྟོག་པ་མུ་སྟེགས་པས་བཏགས་པ་དང་། རྣམ་པའི་རྟོག་པ་ཡུལ་གྱི་རྣམ་པ་དང་ཞེས་པའམ། ཡང་ན་ངོ་བོ་ཉིད་ཀྱི་རྟོག་པ་རྒྱུ་ལྷན་སྐྱེས་ཀྱི་རྟོག་པ་མ་རིག་པ། འཁྲུལ་བའི་རྟོག་པ་རྐྱེན་ཀུན་བརྟགས་ཀྱི་མ་རིག་པ། ལོག་པའི་རྟོག་པ་སྨིག་རྒྱུ་ལ་ཆུར་འཛིན་པ་ལ་སོགས་པ། རྣམ་པའི་རྟོགས་པ་ཡིད་འདས་མ་འོངས་ཀྱི་རྗེས་སུ་འཇུག་པ། ཡང་དག་པའི་རྟོག་པ་ཆོས་སྤྱི་དང་རང་གི་མཚན་ཉིད་རྣམ་པར་འབྱེད་པ་དང་ལྔ་ལས། འདི་དག་ནི་ཡང་དག་པའི་དོན་བློ་ལ་ངེས་པར་བྱེད་པའི་ཕྱིར་ཡང་དག་པའི་རྟོག་པའོ། །དེའི་ཕྱིར་རྟོག་པ་གཞན་ལས་ཁྱད་པར་དུ་གྱུར་པས་ན་རྒྱལ་པོ་ཞེས་བྱའོ། །འདི་ལ་ཟུར་ཐམས་ཅད་མཁྱེན་པ་ཆོས་རྗེ་ཆེན་པོ་བྱམས་པ་སེང་གེའི་བཞེད་ཀྱིས། རྟོག་པའི་རྒྱལ་པོ་ཞེས་པས་ཆོ་གའི་རྣམ་གྲངས་ཞིབ་མོ་རྒྱས་པར་སྟོན་པས་ན་རྟོག་པའི་རྒྱལ་པོ་སྟེ། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་མཚན་གྱི་རྣམ་གྲངས་སུ་བཞེད་དོ། །སྒྱུ་འཕྲུལ་དྲྭ་བའི་ལེའུ་སྟོང་ཕྲག་བརྒྱ་པ་ལས་ཞེས་བས། དེ་ལྟ་བུའི་རྒྱུད་མཆོག་འདི་ནི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པའི་རྒྱུད་ལས་བསྡུས་པའི་སྙིང་པོར་འདུག་པས་ན་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པའི་ཕྱིར་ངེས་པར་ཆེ་བའོ། །མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི་ཞེས་པས། རྒྱུད་སྡེ་ཟབ་མོ་འདི་ཉིད་དུ་མཚན་ཉིད་ཀྱི་སྡེ་གསུམ་དང་། གསང་སྔགས་ཀྱི་རྒྱུད་སྡེ་དྲུག་པོ་རྣམས་ཀྱི་དོན་དང་འབྲས་བུ་ཐམས་ཅད་འདིར་འདུས་ཤིང་འདིར་གཏན་ལ་འབེབས་པར་བྱེད་པས་ན་ལུང་གི་སྤྱིའི་འགྲེལ་པ་ཡིན་པའི་ཕྱིར་ངེས་པར་ཆེ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཞེས་བས། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་དམ་པའི་མཐར་ཐུག་འདི་ལས་མི་འདའ་བས་ན་དགོངས་པ་ཐམས་ཅད་ཀྱི་ཞེ་ཕུག་ཡིན་པའི་ཕྱིར་ངེས་པར་ཆེ་བའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཞེས་པས། ངེས་འབྱུང་གི་ཐེག་པ་བཞིའི་མཐར་ཐུག་གི་བསྒྲུབ་བྱ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མ་འདས་པས་ན་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པའི་ཕྱིར་ངེས་པར་ཆེ་བའོ། །ཐམས་ཅད་མ་ལུས་པར་འཕྲོས་ཏེ་ཞེས་པས། རྒྱུད་འདི་ཉིད་ཀྱི་བྱིན་རླབས་ལས། བསྟན་པ་དང་ཐེག་པ་རིམ་པ་དགུ་པོ་ཐམས་ཅད་ལྷག་མ་མ་ལུས་པར་འཕྲོས་པ་སྟེ་དེ་ལས་གཞན་པའི་སེལ་མེད་པས་ན་བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་ངེས་པར་ཆེ་བའོ། །འཁོར་ལོ་བསྐོར་བ་ཞེས་པས། ཡོངས་སུ་ཤེས་པར་བྱ་བ་གསུང་གི་བསྟན་པ་རྣམས་ནི་བསྐོར་བ་དང་། འཁོར་བ་དང་། གཅོད་པའི་ཕྱིར་འཁོར་ལོ་སྟེ། དེ་ཡང་རྒྱུད་འདིའི་བྱིན་རླབས་ལས་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བས་ཉོན་མོངས་པ་དང་སྲིད་པའི་ཟག་པ་གཉིས་ཀྱི་དྲྭ་བ། བཀའ་བར་པ་མཚན་ཉིད་མེད་པ་དང་། ཐ་མ་ངེས་པ་དོན་གྱི་ཆོས་ཀྱི་འཁོར་ལོས་ལྟ་བ་དང་། མ་རིག་པའི་ཟག་པ་གཉིས་ཀྱི་དྲྭ་བ་མ་ལུས་པ་གཅོད་པར་བྱེད་པས་ན་སྔར་འདས་པའི་སངས་རྒྱས་རྣམས་ཀྱི་གཤེགས་བཤུལ་ཡིན་པའི་ཕྱིར་ངེས་པར་ཆེ་ལ། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ་ཡང་ཡིན་པའི་ཕྱིར་ངེས་པར་ཆེ་བའོ། །དེ་དག་གི་འབྲས་བུའི་མཆོག་ཅེས་པས། བསྟན་པ་དང་ཐེག་པ་མང་པོར་སྤྲོས་པ་དེ་དག་གི་མཐར་ཐུག་གི་འབྲས་བུ་ནི་འདིར་འདུ་བ་སྟེ་ཐེག་པ་འོག་མའི་འབྲས་བུ་རྣམས་ལས་ཀྱང་ཐེག་པ་འདིའི་འབྲས་བུར་བགྲོད་དགོས་པའི་ཕྱིར་ན། འབྲས་བུ་རྣམས་ཀྱི་ནང་ནས་ཀྱང་མཆོག་ཏུ་གྱུར་པ་ནི་རང་བཞིན་གསང་བའི་སྙིང་པོར་འདུག་པས་འབྲས་བུ་ཐམས་ཅད་ཀྱི་ཐུག་ས་ཡིན་པའི་ཕྱིར་ངེས་པར་ཆེ་བའོ། །རྫོགས་སོ། །ཞེས་པ་ནི། ཚིག་དང་དོན་ལ་ལྷག་མ་མ་ལུས་པའི་ཐ་ཚིག་གམ་གནས་སྐབས་རེ་ཞིག་རྫོགས་ནས་བཤད་དུ་མ་མཆིས་པའི་དོན་དུ་གདའོ།། ༈ །།བདག་གི་རྗེས་འབྲངས་རྣམས་ཀྱི་དོན་གྱི་ཕྱིར། །བླ་མ་རྣམས་གསུང་རྟེན་བཅས་ནས། །རྩ་རྒྱུད་གསལ་བྱེད་གསལ་སྒྲོན་བྱ། །ནོངས་གྱུར་དམ་པ་རྣམས་ལ་བཤགས། །གསང་སྔགས་ཐེག་པའི་སྒོར་ཞུགས་ནས། །ཡང་དག་དོན་ལ་མི་འདུད་པར། །མི་ཆོས་ཟང་ཟིང་ལས་བྱེད་ཅིང་། །རང་དབང་ཡོད་བཞིན་དབང་མེད་ཅེས། །སྨྲ་ཞིང་གསང་དོན་ཡལ་འཇོག་པ། །ཕྱི་མ་གར་འགྲོ་གཏོལ་མེད་པར། །གལ་ཏེ་ལེ་ལོའི་ལས་བྱེད་པ། །ཀྱེ་མའོ་རང་འཇོམས་དཔའ་བོ་སྟེ། །རྒྱ་མཚོའི་མཇིང་གི་ཕ་བོང་ལྟར། །ཐུགས་རྗེས་ཞགས་པའི་དཔྱང་ཐག་ཡིན། །རང་གིས་རང་བསླུས་སྙིང་རེ་རྗེ། །ལེ་ལོ་ཅན་ལ་ཐར་ལམ་མེད། །འགྲོ་བ་ལྷན་ཅིག་ལིང་ཏོག་གིས། །ལྡོངས་པས་རྒྱུད་དོན་མ་མཐོང་བ། །བདག་གིས་ཡེ་གེར་འདི་བཀོད་བས། །སེམས་ཀྱི་དམུས་ལོང་མིག་བྱེ་ཤོག །འདི་རྟོགས་འགྲོ་རྣམས་གཞན་དོན་དུ། །བསྟན་པ་རྒྱ་ཆེར་སྤེལ་བ་ཡིས། །ཀུན་ལ་ཡང་དག་མིག་ལྡན་ནས། །ལོག་ལྟ་མ་ལུས་ཚར་གཅོད་ཤོག །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་བཤད་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་འདི་ནི། རིགས་གཟུགས་ལ་སོགས་པ་ཡོན་ཏན་དུ་མའི་དཔལ་གྱིས་མངོན་པར་མཐོ་བའི་ཟུར་གྱི་སྔགས་འཆང་སེང་གེ་དཔལ་བཟང་པོ་དང་། རྡོ་རྗེ་འཆང་གཉིས་ཀྱིས་ལས་དང་པོ་པ་དགུང་ལོ་བཅུ་པ་དང་བདུན་པའི་དུས་སུ་བསྐུལ་བའི་ངོར། སྒྱུ་འཕྲུལ་རྒྱ་མཚོ་ལ་སོགས་པའི་བཤད་རྒྱུད་ཆེན་པོ་སྡེ་བཞི་དང་། གཞན་ཡང་སྔགས་ཀྱི་རྒྱུད་སྡེ་དུ་མ་དང་། འགྲེལ་པ་སྤར་ཁབ་དང་། པིན་ཏར་ཐ་དང་། རྣམ་བཤད་དང་། སྤྱན་འགྲེལ་ལ་སོགས་པའི་རྒྱ་འགྲེལ་རྣམས་དང་། མངོན་རྟོགས་འགྲེལ་ལ་སོགས་པའི་བོད་ཀྱི་འགྲེལ་བ་རྣམས་དང་། སྔོན་གྱི་བླ་མ་དམ་པ་མཁས་ཤིང་གྲུབ་པ་ཐོབ་པ་ཆེན་པོ་རྣམས་ཀྱི་གསུང་སྒྲོས་དང་། གསང་བདག་ཆེན་པོ་སྒྲོ་ཕུག་པའི་བཤད་སྲོལ་གྱི་གསུང་སྒྲོས་མ་ནོར་བ་རིམ་པ་ནས་རིམ་པར་བརྒྱུད་པ་ཟུར་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྗེ་ཆེན་པོ་བྱམས་པ་སེང་གེའི་གསུང་ལ་བརྟེན་ནས་དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཛིན་པ་ཆེན་པོ་བསམ་གྲུབ་རྡོ་རྗེས་ལྕགས་ཕོ་རྟའི་ལོ་ལ་སྒྲུབ་གནས་དམ་པ་དཔལ་འུག་པ་ལུང་གི་གཙུགས་ལག་ཁང་དུ་ལེགས་པར་བཀོད་པའི་འགྲེལ་བཤད་གཞིར་བཞག་པ་ལ་བླ་མ་རྒྱ་གབ་གོང་པས་མཛད་པའི་ཊཱི་ཀ་རིན་ཅེན་ཕྲེང་བ་དང་། མཁས་གྲུབ་ཆེན་པོ་བཛྲ་ཤྲཱི་བྷ་དྲས་མཛད་པའི་འགྲེལ་བཤད་ཀྱང་ཁོང་དུ་ཆུད་པར་བྱས་ཏེ་ལས་དང་པོ་པའི་དོན་དུ་ཊཱི་ཀ་བཀླག་ཆོག་གུ་རུ་ལུགས་སུ་བྲིས་པ་འདི་ནི་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་བྱ་བའི་ཕྱིར་དུ། ཆོས་སྨྲ་བའི་སྔགས་པ་དྷརྨ་ཀཱིརྟི་དང་། ཤཱཀྱའི་བཙུན་པ་རཏྣ་ཀུ་མཱ་ར་ཤྲཱི་བྷ་དྲ་ལ་སོགས་པས་བསྐུལ་བའི་ངོར། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་མཚུངས་མེད་ཆོས་ཀྱི་རྗེ་རིན་པོ་ཆེ་འཇམ་པའི་དབྱངས་ཆེན་པོ་བསམ་འགྲུབ་རྡོ་རྗེ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཞབས་ཀྱི་པདྨ་དྲི་མ་མེད་པ་ལ་གཏུགས་ཤིང་། གསུང་གི་བདུད་རྩིའི་རྒྱུན་མྱང་བར་གྱུར་པའི་སྔགས་པ་ནམ་མཁའ་རིན་ཅེན་དཔའ་བཟང་པོས་ཆུ་མོ་སྤྲུལ་གྱི་ལོ་ཆུ་སྨད་ཀྱི་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བརྒྱད་ལ་གཙང་བྱེ་མ་སེང་གེའི་དབེན་གནས་བདེ་ཆེན་སྒྲོལ་མར་ཡོངས་སུ་རྫོགས་པར་སྦྱར་བ་འདིས་འགྲོ་བ་དཔག་ཏུ་མེད་པ་རྡོ་རྗེ་འཛིན་པའི་གོ་འཕང་ལ་འགོད་པར་གྱུར་ཅིག །བླ་མེད་རྡོ་རྗེ་ཐེག་པའི་རྒྱུད་མཆོག་མཆོག་ཏུ་རབ་ཟབ་ཟབ་དོན་མཐར་ཐུག་ཕུན་ཚོགས་སྟོན་པའི་རྒྱུད། །རྒྱུད་རྒྱལ་གསང་བའི་སྙིང་པོའི་འགྲེལ་བཤད་བཤད་སྒྲོས་རབ་གསལ་གསལ་བའི་སྒྲོན་མེ་ཡིདབཞིན་ནོར་བུའི་མཆོག །མཆོག་གྱུར་འདི་ནི་འཇམ་དབྱངས་ཆོས་རྗེ་རྗེ་བཙུན་ཉིད་གསུངས་གསུང་བཞིན་མ་ནོར་ལེགས་པར་བཀོད་པའི་ཚུལ། །ཚུལ་ལུགས་རྣམ་དག་ཕུན་ཚོགས་འདི་ཡང་ཡང་དག་དོན་ཟབ་ཟབ་མོ་འཆད་འདོད་བློ་ལྡན་འགའ་ཡི་དོན། །དོན་ཆེན་མ་ལུས་མྱུར་བར་རབ་བསྒྲུབ་བསྒྲུབ་དང་བཤད་འདོད་འདོད་པ་དྲི་མེད་བསམ་པས་ཀུན་བླངས་སེམས། །སེམས་རབ་དགེ་བ་བཟང་པོས་ལེགས་བྲིས་བྲིས་པ་གང་དེ་དེ་ལས་བྱུང་བའི་རབ་དཀར་དགེ་བའི་ཚོགས། །ཚོགས་གཉིས་དེ་ཡིས་མཁའ་མཉམ་འགྲོ་ཀུན་ཀུན་གྱི་སྡིག་སྒྲིབ་སྒྲིབ་གཉིས་བག་ཆགས་བཅོམ་ནས་རྒྱལ་བའི་སྐུ། །སྐུ་གཉིས་མཆོག་གྱུར་མྱུར་བ་ཉིད་དུ་དུ་མས་ལེགས་ཐོབ་ཐོབ་པ་གང་དེས་དོན་གཉིས་ཕུན་ཚོགས་ཤོག །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་ཐོགས་པར་གྱུར་ཅིག །མདྒ་ལཾ།། ༈ །།མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ། །མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ། །ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་བའི། །བསྟན་པ་འཕེལ་རྒྱས་འཛམ་གླིང་ཁྱབ་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།