cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་རེ་གསུམ་པ།

གླེགས་བམ། གུ༽

མི་བསྐྱོད་རྡོ་རྗེ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

སྒྱུ་འཕྲུལ་གསང་སྙིང་གི་འགྲེལ་པ་རྒྱུད་དོན་རྣམ་ངེས་སྨན་ལུང་།

སྒྱུ་འཕྲུལ་གསང་སྙིང་གི་འགྲེལ་པ་རྒྱུད་དོན་རྣམ་ངེས་ཞེས་བྱ་བ་བཞུགས་སོ། །སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ཀྱི་དཀའ་འགྲེལ་རྒྱུད་དོན་རྣམ་པར་ངེས་པ་ཞེས་བྱ་བ། རང་བཞིན་མངོན་བྱས་ཕྱོགས་དུས་བདེ་གཤེགས་ཀུན་གྱི་ངོ་བོ་ཉིད། །ཞི་དང་ཁྲོ་མཛད་མི་ཟད་རྒྱན་གྱི་འཁོར་ལོར་རབ་སྣང་ཞིང་། །དབྱིངས་ཕྱུག་ཀྲོ་ཏིའི་ཚོགས་དང་གཉིས་མེད་སྟོན་པ་སྐུ་ལྔའི་བདག །འཆད་པའི་སྐྱེས་བུ་གསང་འཛིན་བཅས་ལ་གུས་པར་ཕྱག་འཚལ་ལོ། །ཐོགས་མེད་བློས་གྲོས་འདུལ་བའི་ཐབས་ལྡན་ཚིག་གིས་སྡུད་པ་པོ། །ལྷ་དབང་ཀླུ་རྒྱལ་གནོད་སྦྱིན་དེད་དཔོན་མི་ཡི་རིག་འཛིན་དང་། །བྱིན་རླབས་ལྟས་ཤར་འཁོར་ལོའི་སྒྱུར་རྒྱལ་ལ་སོགས་རིམ་བརྒྱུད་པ། །བླ་མ་རྣམས་ཏེ་སྤྲུལ་པའི་རྒྱལ་ཚབ་མཛད་ཕྱིར་རབ་ཏུ་མོས། །རིན་ཆེན་དབྱིག་ལྟར་གདུལ་བྱའི་དགོས་པ་མ་ལུས་ཀུན་སྐོང་ཞིང་། །ཤིན་ཏུ་རྣམ་གྲོལ་ཟབ་ཅིང་རྒྱ་ཆེ་ཤེས་བྱའི་གནས་རྣམས་ལ། །མཁས་དང་དོན་གཉིས་གྲུབ་པ་མཁྱེན་དང་བརྩེ་བའི་རང་བཞིན་ཅན། །དབང་སྒྱུར་མི་མཆོག་ཁྱེད་ཞབས་པད་མོ་བདག་གིས་སྤྱི་བོས་ལེན། །སྐུལ་བྱེད་ཁྱེད་ཡོན་མང་དུ་བསྟེན་ཐོས་མཐུས། །ཡོངས་སུ་ཤེས་བྱ་མཚོན་བྱེད་ཡི་གེ་རྒྱུད། །རྟོགས་དཀའི་བློ་ཅན་རྣམས་ལ་ཕན་དོན་དུ། །སྙིང་པོ་དོན་གྱི་ཆོས་སྲིད་འདིར་བརྗོད་བྱ། འདིར་བརྗོད་བྱ་རང་བཞིན་གྱི་རྒྱུད་ཟབ་ཅིང་གཏིང་དཔག་དཀའ་བ་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ། བསྒྲུབ་པར་བྱ་བའི་དོན་གྱི་བཅུད་བསྡུས་པའི་སྙིང་པོ་སྟེ་ཐེག་པ་མཆོག་གི་འབྲས་བུ། ཡང་དག་པའི་དོན་དེ་ཁོ་ན་ཉིད་དུ་གཏན་ལ་འབེབས་པར་བྱེད་པ་བློ་གྲོས་ཆེན་པོའི་ཡུལ། ཆོས་ཉིད་ངེས་པར་སྟོན་པས་དྲང་བའི་དོན་ལས་ཆེས་རྣམས་པར་རྒྱལ་བ། འབྲེལ་ཞིང་ཚང་བར་སྟོན་པའི་རྒྱུད་ཀྱི་རྒྱལ་པོ་འདི་རྣམ་པར་བཤད་ན་དོན་བཞི་སྟེ། རྒྱུད་ཀྱི་དོན་སྤྱིའི་རྣམ་པར་གཞག་པ་བསྟན་པའི་ཕྱིར་སྟོང་ཐུན་དུ་བཤད་པ་དང་། རྒྱུད་ཀྱི་དོན་རབ་ཏུ་དབྱེ་བའི་ཕྱིར་དཀྱུས་ལ་ས་བཅད་པ་དང་། དེའི་དོན་ཤིན་ཏུ་ངེས་པར་བྱ་བའི་ཕྱིར་ཚིག་གི་འབྲུ་གཉེར་བ་དང་། དེ་དག་ལ་གཞན་གྱིས་ལོག་པར་བརྟགས་ཏེ་རྩོད་པ་རྣམས་སྤང་བ་དང་བཞིར་འཆད་དོ། །དེ་ཡང་དང་པོ་ནི་གཞན་དུ་ཤེས་ལ། ཕྱི་མ་གསུམ་ཐུན་མོང་དུ་སྟོན་པར་བྱེད་དོ། །དེ་ལ་གཉིས། རྒྱུད་ཀྱི་མཚན་བསྟན་པ་དང་། མཚན་དེ་དང་ལྡན་པའི་རྒྱུད་ཀྱི་དོན་དངོས་སོ། །དང་པོ་ནི། དབང་པོ་རབ་ལ་ལྟོས་ཏེ་མཚན་ཙམ་གྱིས་རྒྱུད་ཀྱི་དོན་རྟོགས་པ་ཡིན་ནོ། །དེ་ལ་བཞི་སྟེ། མཚན་གྱི་དགོས་པ་དང་། མཚན་བསྒྱུར་ཞིང་ཤན་སྦྱར་བ་དང་། མཚན་བཤད་པ་དང་། མཚན་གྱི་དོན་ལ་རྩོད་པ་སྤང་བའོ། །དང་པོ་ལའང་བཞི་ལས། སྤྱིར་མཚན་ཙམ་ཞིག་སྨོས་པའི་དགོས་པ་ནི་དབང་པོ་རབ་ཀྱིས་རྒྱུད་དོན་རྟོགས་པ་དང་འབྲིང་མཐས་མཚན་གྱི་དོན་ལ་རྨོངས་པ་སེལ་བ་ཡིན་ཞིང་། ཀླད་དུ་སྨོས་པས་ཡང་རབ་ཚེགས་ཆུང་བ་དང་གླེགས་བམ་བཤད་བདེ་བའི་དགོས་པ་ཡོད་ལ། བོད་སྐད་དངོས་སུ་སྨོས་པས་བོད་ཀྱིས་དོན་གོ་བའི་དགོས་པ་ཡོད་ཅིང་། རྒྱ་སྐད་ཤུགས་ལ་སྦྱར་བས་སཾསྐྲྀ་ཏའི་སྐད་ལ་བག་ཆགས་འཇོག་པ་དང་སྒྲའི་བྱེ་བྲག་ཤེས་པས་འགྱུར་བའི་དགོས་པ་ཡོད་དོ། །གཉིས་པ་ཤན་སྦྱར་བ་ནི། རྒྱ་གར་སྐད་དུ། གུ་ཧྱ་གརྦྷ་ཏ་ཐཱ་ཡ་ཧི་ན་ཞེས་པ་དེ། བོད་སྐད་དུ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་བྱ་བར་གནས་པ་ཡིན་ནོ། །གསུམ་པ་མཚན་གྱི་དོན་བཤད་པ་ལ་གསུམ་སྟེ། ཕྱི་ཤེས་རབ་གྲོལ་བའི་ལམ་གྱི་དབང་དུ་བཤད་པ་དང་། ནང་ཐབས་ལམ་སྟེང་སྒོའི་དབང་དུ་བཤད་པ་དང་། གསང་བ་འོག་སྒོའི་དབང་དུ་བཤད་པའོ། །དེ་ལས་དང་པོ་ནི། གསང་བའི་ཞེས་པ་ལ་གསུམ་སྟེ། རང་བཞིན་གྱི་དང་། སྦས་པའི་དང་། གབ་པའི་གསང་བའོ། །དང་པོ་ནི་ལེའུ་གཉིས་པ་ནས། ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། ། གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་པ་བཞི་ལས། གཉིས་སུ་མེད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པ་དེ་རང་ལ་ཡོད་ཀྱང་ངོ་མ་ཤེས་པ་ནི་ཡེ་ནས་གསང་བའོ། །དེ་ཉིད་ཆོས་ཐམས་ཅད་དུ་སྣང་བའི་དངོས་པོ་རིལ་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྒྱུད་དུ་གནས་པ་ཡིན་ཡང་རང་གི་བཏགས་པས་བསྒྲིབས་པ་ནི་རང་བཞིན་གྱི་གསང་བ་ཡིན་ཅིང་། རང་བཞིན་གྱི་རྒྱུད་དེ་ཡང་ཡུལ་སེམས་དང་རྒྱུ་འབྲས་དང་བདེན་པ་ལ་སོགས་པ་ལས་ངོ་བོ་ཉིད་ཀྱིས་གྲོལ་ཏེ་རང་སྣང་བའི་ཕྱིར་ཡུལ་དུ་བྱ་བར་མ་དམིགས་པ་ནི་ངོ་བོས་གསང་བ་ཡིན་ལ། བསྒྲུབ་བྱ་འབྲས་བུའི་རྒྱུད་དེ་ཡང་སེམས་ལས་གུད་ན་མེད་ཀྱང་ཉོན་མོངས་པ་དང་ཤེས་བྱ་ལ་སོགས་པའི་སྒྲིབ་པས་བསྒྲིབས་ནས་གཞན་དུ་འཚོལ་བ་བཙལ་ཡང་མི་རྙེད་དེ། རང་ལ་གནས་ཀྱང་རང་གི་ངོ་མི་ཤེས་པ་ནི་ཤིན་ཏུ་གསང་བ་ཡིན་ནོ། །དེ་ལྟར་གསང་བ་བཞི་པོ་དེ་རྒྱུ་གཅིག་པ་མ་གཏོགས་པས་ཡེ་ནས་གསང་བ་ལ་སོགས་རྟོགས་པ་བཞི་དང་ཡང་སྦྱར་ཞིང་། དོན་དམ་མ་གཏོགས་པས་ཡེ་ནས་གསང་བ་ལ་སོགས་པ་བདེན་པ་བཞི་དང་ཡང་སྦྱར་ལ་འཆད་པ་པོས་བསྙད་དོ། །གཉིས་པ་སྦས་པའི་གསང་བ་ལའང་བཞི་ལས། གང་སྦས་ན་སྤྱོད་པའི་ཁྱད་པར་ལྔ་གསུམ་དང་བྱ་བ་མེད་པའི་སྤྱོད་པ་ལ་སོགས་པ་ལྟ་སྤྱོད་འབྲེལ་བས་སྤྱད་པར་གསུངས་པ་དེ་དག་སྦས། གང་ལ་ན་སྔགས་ཀྱི་མན་ངག་མེད་པ་དང་སྒྲ་བཞིན་སྤྱོད་པ་རྣམས་ལ་སྦས། གང་གི་ཕྱིར་ན་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་རྒྱས་པ་ལས། ཁ་ཅིག་ལྟ་བ་མཉམ་གནས་ཀྱང་། །སྤྱོད་པ་དག་ནི་ཡོངས་མི་མཉམ། །ཞེས་པས་མན་ངག་མེད་པའི་ཡུལ་མིན་ལ། ཁ་ཅིག་སྤྱོད་པ་རྫོགས་བྱེད་ཀྱང་། །མཉམ་པའི་ལྟ་བ་ཡོངས་མི་གནས། །ཞེས་པས། སྒྲ་བཞིན་སྤྱོད་པའི་ཡུལ་མིན་པའི་ཕྱིར་རོ། །གང་ལྟར་ན། གསང་ཕྱིར་བརྡ་དག་སྣ་ཚོགས་གསུངས། །ཞེས་བརྡར་སྦས་པ་ཡིན་ནོ། །གསུམ་པ་གབ་པའི་གསང་བ་ལའང་བཞི་ལས། གང་དུ་ན་རང་བཞིན་རྒྱུད་ཀྱི་ཁོང་དུ། གང་ལ་ན་ལས་དང་པོ་པའམ་འཁྲུལ་པ་ཅན་ལ། གང་གབ་ན་བརྗོད་བྱ་རང་བཞིན་གྱི་གསང་བ་སྙིང་པོའི་དོན་ནོ། །དེ་གང་གིས་འབྱིན་ན་ལུང་ཚད་མའི་བདག་པོ་སངས་རྒྱས་ཀྱིས་སོ། །ཡང་ན་གང་དུ་ན་ཡི་གེའི་རྒྱུད་ཀྱི་ཁོང་དུ། གང་ལ་ན་རས་ཆོད་མཁན་ནམ་སྣོད་ངན་པ་ལ། གང་ན་མཚོན་བྱེད་ཡི་གེའི་རྒྱུད་དོན་གསང་བའི་སྙིང་པོ་འདིའོ། །དེ་གང་གིས་འབྱིན་ན་མན་ངག་ཚད་མའི་བདག་པོ་རྡོ་རྗེ་སློབ་དཔོན་གྱིས་འབྱིན་པ་ཡིན་ཏེ། ཇི་སྐད་དུ་ལེའུ་བཅུ་གསུམ་པ་ལས། ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་གསུངས་པའི་ཕྱིར་རོ། །སྙིང་པོ་ཞེས་པ་ལ་ཡང་གསུམ་སྟེ། རྒྱུའི་དོན་གྱི་སྙིང་པོ་དང་། འབྲས་བུའི་དང་། བཅུད་འདུས་པའི་དོན་གྱི་སྙིང་པོའོ། །དང་པོ་ནི། རྟོགས་པ་དང་མ་རྟོགས་པ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་བྱུང་བའི་ཕྱིར་དང་། གདུལ་བྱ་ལས་ཐ་དད་པའི་དོན་རྒྱུད་འདིའི་བྱིན་གྱིས་བརླབས་ཀྱིས་གོ་ཕྱེ་ནས་བསྟན་པ་ཐམས་ཅད་བྱུང་བ་ཡིན་ཏེ། གསུམ་པ་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་བསྒྲུབ་དང་སྒྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ཐེག་པའི་སྒོ་ཀུན་ནས་བསྒྲུབ་པའི་མཐའ་རང་བཞིན་གསང་བའི་སྙིང་པོའི་འདིའི་དོན་མངོན་དུ་བྱེད་པ་སྟེ། ཐ་མ་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། དག་པ་གསུམ་དང་རྟོགས་པ་བཞི་ལ་སོགས་པ་གཏན་ཚིགས་ཀྱི་སྒོ་གང་ནས་གཞལ་ཀྱང་། མཐར་ཐུག་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི་རྟོགས་ཚོགས་སུ་བཏགས་པ་ཐམས་ཅད་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་གཏན་ལ་ཕབ་པས་འཁོར་བ་ཀར་དག་པ་ཡིན་ཏེ། རྒྱ་མཚོ་ལས། དོན་བསྡུས་གསུང་རབ་བཞི་བཅུ་གཉིས། །དེ་ལས་ལྷག་པའི་དོན་སྨྲ་བ། །དེ་ནི་རྣམ་དག་ལམ་མིན་ཏེ། །རང་བློའི་བསམས་པས་འཁྲུལ་པ་ཡིན། །ཞེས་པ་བཞིན་ནོ། །དེ་ཁོ་ན་ཉིད་ཅེས་པ་ལ་ཡང་གསུམ་སྟེ། མ་བཅོས་པའི་དང་། མ་ནོར་བའི་དང་། གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དོ། །དང་པོ་ནི། རྟོག་ཚོགས་རིལ་རང་རིག་ལས་མི་གཞན་པའི་ཕྱིར་སྣང་སྟོང་གཉིས་དང་བྲལ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བློས་མ་བཅོས་པར་བཞག་པ་སྟེ། ཇི་སྐད་དུ། རྒྱས་པ་ལས། མ་བཅོས་ལྷུན་མཉམ་ཇི་བཞིན་ངང་བཞག་དང་། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་ནི། དེ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་མང་པོར་རང་བྱུང་བ་སྟེ་དེ་ལ་འགའ་ཞིག་གི་འབྲས་བུའི་དེ་ཁོ་ན་ཉིད་དུའང་ཐ་སྙད་འདོགས་སོ། །དེ་ལྟར་ཡང་། རྒྱུ་འབྲས་ལྷུན་གྱིས་གྲུབ་པའི་ངང་དུ་གནས། །ཞེས་པའོ། །གསུམ་པ་ནི། དེ་དག་གི་མངོན་པར་ཞེན་པ་དག་ལས་གཞན་མ་ཡིན་པ་སྟེ་དེ་ལ་ཁ་ཅིག་རྒྱུ་འབྲས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཅེས་ཀྱང་ཟེར་རོ། །དེ་ཡང་འདི་ཉིད་ཀྱི་དགུ་པ་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །ཞེས་པའི་ཕྱིར་རོ། །ངེས་པའོ་ཞེས་པ་ལ་ཡང་གསུམ་སྟེ། གཞིར་དང་། ལམ་དུ་དང་། འབྲས་བུར་ངེས་པའོ། །དང་པོ་ནི། རྒྱུད་ཀྱི་གཞི་རང་བཞིན་གསང་བའི་སྙིང་པོ་ནི་ཆོས་ཉིད་སྒྲོ་སྐུར་དང་བྲལ་བར་ངེས་ལ། དེ་ངེས་བྱེད་འདིས་ངེས་པར་སྟོན་པ་སྟེ། ཇི་སྐད་དུ། ཐ་མ་ལས། སྒྲོ་དང་སྐུར་པ་ཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་པའོ། །གཉིས་པ་ནི། ཐེག་པ་འདིའི་ལུགས་ཀྱི་འབྲས་བུ་ལམ་དུ་བྱེད་པ་ཡིན་ཏེ། བཅུ་གསུམ་པ་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་སོ། །གསུམ་པ་ནི། འདི་རང་གི་ངོ་བོས་དེ་བཞིན་གཤེགས་པའི་དགོངས་པ་ངེས་དོན་མངོན་དུ་ཕྱུང་ནས་སྟོན་པ་ཡིན་ཏེ། དེ་ཉིད་ལས། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་གདམས་ངག་ཏུ་ཐབས་ལམ་རིམ་གྱིས་པ་དང་སྦྱར་ནས་སྟེང་སྒོའི་དབང་དུ་བཤད་པ་ནི། མཚན་གྱི་དོན་བཞི་པོ་དག་རེ་རེ་ལ་ཡང་ཆོས་གསུམ་གསུམ་དུ་སྟོན་པའི་མིང་འདོགས་སྔ་མ་དང་མཐུན་ནོ། །དེ་ཡང་གསང་བའི་ཞེས་པ་ལ་གསུམ་ལས། དང་པོ་རང་བཞིན་གྱི་གསང་བ་ལ་ཡང་བཞི་སྟེ། སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་ལ། གསུམ་ཆོས་ཉིད་ཀྱི་རྩ་དབྱིབས་ཟླུམ་པོ། །ཤེས་པ་ལས་ཀུན་གཞིའི་རྣམ་ཤེས། འཁོར་བའི་ས་བོན་ལས་སུ་དང་ཏྲི། ཡེ་ཤེས་ཀྱི་སྙིང་པོ་ལས་ཨཱོཾ་སེར་པོ་གཅིག་གནས་སོ། །དེ་བཞིན་དུ་ཡེ་ཤེས་ཀྱི་རྩ་གྲུ་བཞི། ཤེས་པ་ལས་ཡིད་ཤེས། ས་བོན་ལས་ཨ་དང་ནྲྀ། སྙིང་པོ་ལས་ཧཱུཾ་མཐིང་ཁ་གཅིག་གནས་སོ། །གསུམ་རང་རྒྱུད་ཀྱི་རྩ་ཟླ་གམ། སྒོ་ལྔའ་ིརྣམ་ཤེས། ས་བོན་ལས་པྲེ་དང་དུཿ སྙིང་པོ་ལས་ཨཱཾ་དམར་པོ་གཅིག་གནས་སོ། །གཅིག་ཡོན་ཏན་གྱི་རྩ་གྲུ་གསུམ། ཤེས་པ་ལས་ཉོན་ཡིད། ཁ་དོག་དམར་ནག་ལྐོག་ཤལ་ལྟར་ཤེས་པ་གསུམ་ལ་སྙོམས་པར་འགེབས་པ་སྟེ་བློ་རྨུགས་པར་བྱེད་པའི་སྣོད་དུ་བཤད་པ་ཡིན་ནོ། །དེ་ཡང་དཔེ་ཆུང་ལས། དམར་ནག་གདོང་ལ་ལྐོག་ཤལ་དབྱིབས། །དེ་ནི་བློ་རྨུགས་སྣོད་ཡིན་ཏེ། །ཤེས་པ་གསུམ་ལ་སྙོམས་པར་འགེབས། །དྲག་པོའི་ཉིད་དུ་བཤད་པ་ཡིན། །ཞེས་སོ། །དེ་རྣམས་ཀྱི་དབུས་ན་རྩའི་དྭངས་མ་དར་དཀར་གྱི་སྐུད་པ་འདྲ་བའམ་རྟ་རྔ་བཅུར་གཤགས་པའི་ཆ་གཅིག་ཙམ་གནས། དེའི་ནང་ན་ཁྲག་གི་དྭངས་མ་མཚལ་ལྕོག་ལ་མ་བཅག་པའི་ཁུ་བ་འདྲ་བ་དང་། དེ་ལ་དྲོད་ཀྱི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་དང་། དེ་ལ་དབུགས་ཀྱི་དྭངས་མ་གསེར་ས་འོག་ནས་བྱུང་བའི་རླངས་ཙམ་དང་། འདི་ལ་འོད་ཀྱི་དྭངས་མ་ཁ་དོག་སྣ་ཚོགས་པ་ཞིག་གནས་ཏེ། དེའི་དཀྱིལ་ན་ཡེ་ཤེས་ཀྱི་སྙིང་པོ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེ་གནས་ཀྱང་དེ་ཉིད་ངོ་མ་ཤེས་པ་ནི་ཡེ་ནས་གསང་བའོ། །དེ་ཉིད་ཡུལ་ལམ་རང་བཞིན་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་བ་ཡང་རྟོག་པས་བསྒྲིབས་ནས་ངོ་མ་ཤེས་པ་ནི་རང་བཞིན་གྱི་གསང་བ་ཡིན་ནོ། །རྩ་དང་ཐིག་ལེའི་བདེ་བ་དེ་ངོ་བོ་ཉིད་ཀྱིས་བསྟན་དཀར་བས་ངོ་བོའི་གསང་བ་ཡིན་ལ། དེ་ཉིད་ཐབས་ཀྱི་བཞུ་བཏུལ་གྱིས་སྣང་བ་ལས་གཞན་དུ་བཙལ་ཀྱང་མི་རྙེད་པ་ནི་ཤིན་ཏུ་གསང་བ་ཡིན་ཏེ། ཇི་སྐད་དུ་གསང་ཐིག་ལས། གང་ལ་ཡོད་པ་གནས་པ་བརྒྱད་དུ་ཤེས། །གང་གིས་ཅི་འདྲ་དེ་ཉིད་བསྲེས་པ་ཡིན། །རྣམ་བཞི་བྱེ་བྲག་དྲུག་ལས་བརྒྱད་དཀྱིལ་ན། །དོན་དམ་སྙིང་པོ་དེ་ལ་ཞེས་བཤད་པ་བཞིན་ནོ། །གཉིས་པ་སྦས་པའི་གསང་བ་ལ་ཡང་བཞི་ལས། གང་སྦས་ན་འཁོར་ལོ་བཞི་པོ་བསྒོམ་པའི་ཐབས་སྦས་ལ། གང་ལ་ན་མུ་སྟེགས་དང་སྐྱེ་བོ་ལ་སོགས་ཕྱི་རྒྱུད་མན་ཆད་ལ་སྦས་ཤིང་། ཚུལ་ཇི་ལྟར་ན་བསྒོམ་པའི་ཐབས་ཀྱིས་ཁྱད་པར་དུ་འགྱུར་ཞིང་རག་ལས་པའི་ཚུལ་དུའོ། །གང་གི་ཕྱིར་ན་སྣོད་མིན་གྱིས་སྐུར་པས་དེ་དག་གི་དོན་དུ་མི་འགྱུར་བའི་ཕྱིར་རོ། །ཐ་མ་གབ་པའི་གསང་བ་ལ་ཡང་བཞི་ལས། གང་གབ་ན་ལྟེ་བ་སྤྲུལ་པའི་འཁོར་ལོ་ན་ཀུན་གཞི་ཀུན་ཏུ་བཟང་མོའི་ཐིག་ལེ་གནས་པ་དང་། གོང་གི་སྙིང་གའི་ཐིག་ལེ་ཁ་སྦྱོར་དུ་བསྒོམ་ཞིང་། མགྲིན་པ་ལོངས་སྤྱོད་དང་ཀླད་པ་བདེ་ཆེན་གྱི་ཐིག་ལེ་གཉིས་ཁ་སྦྱོར་དུ་བསྒོམ་པས་བདེ་བའི་ཡེ་ཤེས་སྐྱེ་བའི་ཐབ་དེ་གབ་བོ། །གང་དུ་ན་རང་ལུས་ཐབས་ལྡན་གྱི་འཁོར་ལོ་བཞིའི་ཐིག་ལེ་ལ་གབ་སྟེ། དེ་ཡང་ཀུན་གཞི་ཀུན་ཏུ་བཟང་མོའི་ཐིག་ལེ་ནི་ལྟེ་བའི་རྩ་འདབ་དྲུག་རྩ་བཞིའི་དབུས་ན་ཡོད་དེ། ཇི་སྐད་དུ། བཅུ་དྲུག་བཞི་ཡི་དཀྱིལ་ན་བཞུགས། །ཞེས་སོ། །མགྲིན་པ་ལོངས་སྤྱོད་ཀྱི་ཐིག་ལེ་ནི་རྩ་འདབ་བཅུ་དྲུག་གི་དཀྱིལ་ན་གནས་ཏེ། ལྔ་གཉིས་དྲུག་གི་དཀྱིལ་འཁོར་ན། །ཞེས་སོ། །ཀླད་པ་བདེ་ཆེན་གྱི་ཐིག་ལེ་ནི་རྩ་འདབ་སོ་གཉིས་པའི་དབུས་ན་གནས་ཏེ། བཅུ་གསུམ་གཉིས་ཀྱི་དཀྱིལ་འཁོར་ན། །དེ་ཡི་ཐིག་ལེ་མཉམ་པའི་དབྱིངས། ཞེས་བཤད་པ་བཞིན་ནོ། །གང་ལ་ན་ལམ་འདི་ཀུན་གྱི་ཡུལ་དུ་མ་གྱུར་པས་འདི་བསྒོམ་པའི་མན་ངག་མེད་པ་ལ་གབ་བོ། །དེ་གང་གིས་འབྱིན་ན་ཐབས་ཀྱིས་ཉམས་སུ་བླངས་པས་བདེ་བའི་རིམ་པ་རྒྱུད་ལ་གསལ་བས་འབྱིན་པ་ཡིན་ནོ། །སྙིང་པོ་ཞེས་པ་ལ་ཡང་གསུམ་ལས། རྒྱུའི་དོན་གྱི་སྙིང་པོ་ནི་གོང་གི་སྟེང་སྒོའི་དྭངས་མ་ལྔའི་བདེ་བ་དེ་ཉིད་ཡེ་ཤེས་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །འབྲས་བུའི་དོན་གྱི་ནི་དེ་ཉིད་བསྒོམས་པའི་མཐའ་ཡེ་ཤེས་འདི་མངོན་དུ་བྱེད་པའི་ཕྱིར་རོ། །བཅུད་འདུས་པ་ནི་སྟེང་སྒོ་བསྒོམ་པའི་ཐབས་བཞི་ལས་གང་ནས་བསྒོམས་ཀྱང་རྟོག་ཚོགས་ཀྱི་རང་བཞིན་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པས་འཁོར་བ་ཀར་དག་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཅེས་པ་ལ་ཡང་གསུམ་ལས། མ་བཅོས་པའི་ནི་རྩའི་ཐིག་ལེ་བདེ་བ་དང་བཅས་པར་ཡེ་ནས་མ་བཅོས་པར་གནས་པའི་ཕྱིར་དེ་ལ་བློས་མ་བཅོས་པར་བསྒོམ་པ་དེ་ཡིན་ལ། མ་ནོར་བ་ནི་དེ་ཉིད་ཡེ་ཤེས་སུ་གསལ་བ་དེ་ཡིན་ཞིང་། གཞན་མ་ཡིན་པ་ནི་དེ་དག་ཉམས་སུ་བླངས་པའི་ཚེ་བསྒོམས་པའི་རོ་ལ་ཞེན་པ་དག་གི་སྐབས་ལས་གཞན་མ་ཡིན་པའོ། །ངེས་པའོ་ཞེས་པ་ལ་ཡང་གསུམ་ལས། དེ་དག་རང་བཞིན་གྱིས་རང་ལ་གནས་པས་གཞིར་ངེས་ཤིང་། སྟེང་སྒོ་སྒོམ་པ་པོས་ལམ་དུ་བྱེད་པས་ལམ་དུ་ངེས་ལ། དེ་གོམས་པ་མཐར་ཕྱིན་པ་ནི་འབྲས་བུ་ཡིན་པས་འབྲས་བུར་ངེས་པ་ཡིན་ནོ། །གསུམ་པ་ཐབས་ལམ་ཅིག་ཅར་བ་དང་སྦྱར་ཏེ་འོག་སྒོའི་དབང་དུ་བཤད་པ་ནི། གསང་བའི་ཞེས་པ་ལ་གསུམ་གྱི། དང་པོ་རང་བཞིན་གྱི་གསང་བ་ལ་ཡང་བཞི་ལས། དང་པོ་ནི་ཡབ་ཡུམ་གྱི་ཐིག་ལེ་བདེ་བའི་རོ་དང་བཅས་པ་རང་ལ་ཡོད་ཀྱང་ངོ་མ་ཤེས་པ་ནི་ཡེ་ནས་གསང་བའོ། །དེ་ཉིད་ཡབ་ཀྱི་རྡོ་རྗེ་ནི་སྐུ། ཡུམ་གྱི་པདྨ་ནི་གསུང་། གསང་བའི་རྣམ་ཤེས་ཐུགས་སུ་གནས་ཀྱང་། རྟོག་པས་བསྒྲིབས་ནས་ངོ་མ་ཤེས་པ་ནི་རང་བཞིན་གྱི་གསང་བ་ཡིན་ལ། དེ་ཚིག་གིས་མཚོན་བྱ་མ་ཡིན་པས་ངོ་བོས་བསྟན་དཀའ་བའི་ཕྱིར་ངོ་བོས་གསང་བ་ཡིན་ཞིང་། དེ་ཉིད་འབྲས་བུ་ཡིན་ཀྱང་གཞན་དུ་འཚོལ་བཙལ་ཀྱང་གཞན་ནས་མི་རྙེད་པ་ནི་ཤིན་ཏུ་གསང་བ་ཡིན་ནོ། །གཉིས་པ་སྦས་པའི་གསང་བ་ལ་ཡང་བཞི་སྟེ། གང་སྦས་ན་ཡབ་ཡུམ་སྦྱོར་བའི་ཐབས་སོ། །གང་ལ་ན་རྒས་པ་ཟོང་ཟད་དང་། གཞོན་པ་ཟོང་འཚོལ་དང་། མ་ནིང་བདེ་བས་དབེན་པ་དང་། དགེ་སློང་སེར་སྣས་བཅིངས་པ་སྟེ་ཡུལ་བཞི་ལའོ། །གང་གི་ཕྱིར་ན་ཐབས་ཀྱིས་ཁྱད་པར་དུ་བྱས་པའི་ལམ་འདི་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་རོ། །གང་ལྟར་ན་མྱོང་བའི་ཡེ་ཤེས་དེ་ངོས་མ་ཟིན་པའི་ཚུལ་གྱིས་སྦས་པ་ཡིན་ནོ། །གསུམ་པ་གབ་པའི་གསང་བ་ལ་ཡང་བཞི་སྟེ། གང་གབ་ན། གསང་བའི་རྣམ་ཤེས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེའོ། །གང་དུ་ན། གསང་བའི་ཡུལ་དང་དབང་པོའི་གནས་སུའོ། །གང་གི་ཕྱིར་ན་ཐབས་ཀྱི་མན་ངག་རག་ལས་པར་བྱ་བའི་ཕྱིར་རོ། །དེ་གང་གིས་འབྱིན་ན་སྦྱོར་བའི་ཐབས་ཀྱིས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འབྱིན་པའོ། །སྙིང་པོ་ཞེས་པ་ལ་ཡང་གསུམ་སྟེ། རྒྱུའི་དོན་གྱི་ནི་ཡབ་ཡུམ་གྱི་ཐིག་ལེ་ལ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འབྱུང་བའི་ཕྱིར་རོ། །འབྲས་བུའི་དོན་གྱི་ནི། དེ་ཡང་འཁོར་ལོ་བསྒྱུར་བ་དྲུག་ལ་སོགས་བྱེད་པ་སྡོམ་པའི་ཐབས་ལས་བྱུང་བའི་ཕྱིར་རོ། །བཅུད་འདུས་པའི་དོན་གྱི་ནི་ཐིག་ལེ་དེ་ཉིད་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་གསལ་བའི་ཕྱིར་རོ། །དེ་ཁོ་ན་ཉིད་ཅེས་པ་ལ་ཡང་གསུམ་ལས། ཐིག་ལེ་བདེ་བའི་རོ་དང་ལྡན་པར་རང་བཞིན་གྱིས་གནས་པ་ནི་མ་བཅོས་པའམ་རྒྱུའི་དེ་ཁོ་ན་ཉིད་ཡིན་ལ། ཐབས་ཀྱིས་ཐིག་ལེ་མངོན་དུ་གསལ་བ་ན་ཡེ་ཤེས་མངོན་དུ་གསལ་བ་ནི་མ་ནོར་བའི་དེ་ཁོ་ན་ཉིད་ཡིན་ཞིང་། དེ་དག་གི་མངོན་པར་ཞེན་པ་ལས་ལྷག་པའི་ཡེ་ཤེས་གཞན་མེད་པ་ནི་གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དོ། །ངེས་པའོ་ཞེས་པ་ལ་ཡང་གསུམ་སྟེ། གཞིར་ངེས་པ་ནི་ཡེ་ཤེས་ཀྱི་གཞི་བདེ་བའི་རོ་ཡིན་ཞིང་དེ་ཐིག་ལེ་ལ་བརྟེན་པའི་ཕྱིར་རོ། །ལམ་དུ་ངེས་པ་ནི་དེ་གང་ཟག་སྐལ་བ་ཅན་གྱིས་ཉམས་སུ་བླང་བྱ་ཡིན་ལ་ལམ་དེ་བསྐྱེད་པའི་ཡེ་ཤེས་ནི་དོན་དམ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་དགོངས་པ་ནི་འབྲས་བུར་ངེས་པ་ཡིན་ནོ། །རྩོད་པ་སྤང་བ་ལ་ཡང་བཞི་སྟེ། རྒྱ་སྐད་མེད་པ་ལ་བརྟགས་ཏེ་དང་། མཚན་རྒྱུད་དོན་ཡིན་མིན་བརྟག་ཏེ་དང་། མཚན་གསུམ་ལ་བརྟགས་ཏེ་དང་། དབང་པོ་རབ་ཀྱིས་མཚན་ལ་བརྟེན་ནས་རྒྱུད་དོན་རྟོགས་ཚུལ་ལ་བརྟགས་ཏེ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། རྩོད་པ་དགོད་པ་དང་། དེ་སྤང་བའོ། །དང་པོ་ནི་ཁ་ཅིག་གསང་བའི་སྙིང་པོ་འདི་ཆོས་ཅན། རྒྱ་གར་ནས་བསྒྱུར་བ་མ་ཡིན་ཏེ། རྒྱ་སྐད་མེད་པའི་ཕྱིར། བོད་དུ་བརྩམས་པའི་བསྟན་བཅོས་བཞིན་ཞེ་ན། གཉིས་པ་ཡང་གཉིས་ཏེ། གཞན་ལན་དགག་པ་དང་། རང་ལན་གདབ་པའོ། །དང་པོ་ནི་ཁ་ཅིག་བོད་སྐད་དངོས་སུ་སྨོས་པས་རྒྱ་སྐད་ཤུགས་ལ་གྲུབ་པ་ཡིན་ཏེ། དཔེར་ན་ཡུལ་སྔོན་པོར་ངེས་པ་ན་ཤེས་པ་སྔོན་འཛིན་དུ་ཤུགས་ལ་ངེས་པ་བཞིན་ནོ་ཞེས་གསུང་པ་ནི་མ་ཡིན་པར་སེམས་ཏེ། དེ་ངེས་ཀྱང་རྒྱུད་རྒྱ་གར་ནས་བསྒྱུར་བར་མི་འགྲུབ་པའི་ཕྱིར་རོ། །གལ་ཏེ་འགྲུབ་ན་བོད་དུ་བརྩམས་པའི་བསྟན་བཅོས་རིལ་པོ་ཆོས་ཅན། རྒྱ་གར་ནས་བསྒྱུར་བར་འགྱུར་ཏེ། །དེ་དག་གི་སྒྲ་རྒྱ་སྐད་དུ་ཤུགས་ལ་སྦྱར་དུ་རུང་བའི་ཕྱིར་རོ། །རྟགས་དེ་ཚད་མས་འགྲུབ་ཅིང་ཁྱབ་པ་ཁས་བླངས། འདོད་པར་མི་ནུས་སོ། །གཉིས་པ་ལ་ཡང་གཉིས་ཏེ། ཐལ་འགྱུར་གྱིས་སྒྲུབ་བྱེད་དགག་པ་དང་། རང་རྒྱུད་ཀྱི་རྟགས་ཀྱིས་རྒྱ་གར་ནས་བསྒྱུར་བར་བསྒྲུབ་པའོ། །དང་པོ་ནི་འདིའི་ཀླད་དུ་རྒྱ་སྐད་མེད་ཀྱང་རྒྱ་གར་ནས་བསྒྱུར་བར་ཅི་འགལ་ཏེ་ཁྱབ་པ་མེད་དོ། །ཁོང་གིས་སྨྲས་པ། གང་རྒྱ་སྐད་མེད་པ་ལ་རྒྱ་གར་ནས་བསྒྱུར་བ་མ་ཡིན་པས་ཁྱབ་སྟེ། བོད་ཀྱི་བསྟན་བཅོས་བཞིན་ཞེ་ན། དེ་ལྟར་ན་བདེ་མཆོག་རྩ་བའི་རྒྱུད་དང་། མྱ་ངན་ལས་འདས་པའི་མདོ་དང་། དགའ་བོ་མངལ་དུ་འཇུག་པའི་མདོ་སྡེ་ལ་སོགས་པ་རྣམས་ཀྱང་རྒྱ་གར་ནས་བསྒྱུར་བ་མ་ཡིན་པར་འགྱུར་ཏེ། རྒྱ་སྐད་མེད་པའི་ཕྱིར་རོ། །རྟགས་དེ་དག་གི་གཞུང་གིས་གྲུབ་ཅིང་ཁྱབ་པ་མེད་ན་དམ་བཅའ་ཉམས་ལ། འདོད་པར་མི་ནུས་སོ། །དེས་ན་རྒྱ་སྐད་མེད་པ་ལ་རྒྱ་གར་ནས་བསྒྱུར་བ་མི་ཁེགས་ཤིང་། དེ་ཡོད་པ་ལ་རྒྱ་གར་ནས་བསྒྱུར་བའི་ཁྱབ་པའང་མེད་དེ། བོད་དུ་བརྩམས་པ་ལའང་རྒྱ་སྐད་ཡོད་པར་དམིགས་པའི་ཕྱིར་རོ། །གཉིས་པ་སྒྲུབ་བྱེད་ནི་རྒྱུད་ཆེན་པོ་འདི་ཆོས་ཅན། རྒྱ་གར་ནས་བསྒྱུར་བ་ཡིན་ཏེ། འདིའི་ལེའུ་བདུན་པ་དང་བཅུ་དྲུག་པའི་གཞུང་རྣམས་སཾསྐྲྀ་ཏའི་སྐད་དུ་ཡོད་པའི་ཕྱིར་དང་། ཡོངས་སུ་གྲགས་པའམ་རྒྱ་གར་གྱི་པཎྜི་ཏ་རྣམས་ཀྱིས་ཡང་དང་ཡང་དུ་བཀྲལ་བའི་ཕྱིར་རོ། །རྟགས་དེ་གཞུང་ཚད་མས་གྲུབ་ཅིང་། གཞུང་སཾསྐྲྀ་ཏའི་སྐད་དུ་ཡོད་ཅིང་རྒྱ་གར་དུ་བཀྲལ་བ་ལ་རྒྱ་གར་ནས་བྱུང་བའི་ཁྱབ་པའང་ཚད་མས་་གྲུབ་པ་ཡིན་ནོ། །རྩོད་པ་གཉིས་པ་ནི་ཁ་ཅིག་མཚན་འདི་རྒྱུད་དོན་ཡིན་ནམ་མ་ཡིན་ཞེས་འདྲིའོ། །ཕྱི་མ་ལྟར་ན་དབང་པོ་རབ་ཀྱིས་མཚན་ལ་བརྟེན་ནས་རྒྱུད་དོན་མི་རྟོགས་པར་འགྱུར་ཏེ། རྒྱུད་དོན་མིན་པའི་ཕྱིར་ཏེ་རྟོགས་པ་ལ་ཡིན་པ་ཞིག་དགོས་པ་ཡིན་ནོ། །དང་པོ་ལྟར་ན་གོང་མ་སླང་བར་རྒྱུད་དོན་བྱུང་བས་གཉིས་པའི་གླེང་སླང་བ་མི་དགོས་པར་འགྱུར་རོ། །གལ་ཏེ་དགོས་པ་ཡོད་ན་རྒྱུད་ཀྱི་རྣམ་གཞག་འཆོལ་ཞིང་གོ་རིམ་འཁྲུགས་པ་ཡིན་ནོ་ཞེ་ན། ཁ་ཅིག་རྒྱ་དཔེ་ལ་ལེ་མཚམས་དང་མཇུག་ན་ཡོད་པའི་མཚན་ལོ་ཙཱ་བས་ཀླད་དུ་བཀོད་པ་ཡིན་པར་རྒྱུད་དོན་མིན་པ་དེའི་ཕྱིར་གླེང་སླང་བ་ཡང་མི་དགོས་ཞེས་ཟེར་བ་ནི་མ་ཡིན་ཏེ། ཇི་སྐད་དུ་ཁོག་གཞུང་ལས། རབ་ལ་མཚན་བསྟན་ཞེས་པ་དང་། སྤར་ཁབ་ལས། དེ་ལ་རབ་ཀྱི་དོན་དུ་རྒྱུད་ཀྱི་མཚན་བཤད་པ་ཡང་འདིར་གསུམ་སྟེ་ཞེས་པ་དང་འགལ་བར་འགྱུར་བའི་ཕྱིར་རོ། །དེས་ན་མཚན་རྒྱུད་དོན་ཡིན་པས་ཉེས་པ་དང་པོ་མེད་ལ། གླེང་སླང་བས་ལེའུ་གཉིས་པ་དོན་ཡོད་ཅིང་། གོ་རིམ་ནི་མཚོན་བྱེད་ཡི་གེའི་རྒྱུད་ཀྱི་དབང་ཡིན་པར་སེམས་ཏེ། མཚོན་བྱ་ལ་མཚན་གྱི་སྔོན་དུ་གླིང་སླང་བ་ལྟ་ཞོག་གླེང་གཞི་ཡང་གྲུབ་པ་མེད་པའི་ཕྱིར་རོ། །འདི་བླ་མའི་གསུང་གིས་ཀླད་དུ་བཀོད་པའི་མཚན་འདི་རྒྱུད་དོན་མིན་ལ། དོན་ལ་གནས་པའི་མཚན་གཞི་ལམ་འབྲས་བུ་གསུམ་དུ་བཀྲལ་བ་ནི་རྒྱུད་དོན་ཡིན་ཞེས་གསུང་བ་ཡང་མི་འཐད་པར་སེམས་ཏེ། རྒྱུད་དོན་ཡིན་མིན་གཉིས་པོ་འགལ་བའི་ཆོས་ལྡན་ཡིན་པའི་ཕྱིར་སྒྲ་དང་དོན་ལ་འགྲེལ་བ་མེད་པར་འགྱུར་རོ། །རྩོད་པ་གསུམ་པ་ནི་རྒྱུད་འདི་ལ་མཚན་གསུམ་ཡོད་པ་ལ་རྒྱུད་ལུང་གི་མཚན་ནས་མི་སྨྲོས་པར། མན་ངག་ཁོ་ནའི་མཚན་ནས་སྨོས་པའི་རྒྱུ་མཚན་ཅི་ཞེ་ན། སྤྱིར་རྒྱུད་ཀྱི་རྒྱུད་དང་། རྒྱུད་ཀྱི་ལུང་དང་། རྒྱུད་ཀྱི་མན་ངག་གསུམ་དུ་ངེས་ལ། ཁྱད་པར་དུ་སེམས་དང་ཡེ་ཤེས་རང་སྣང་དུ་བསྟན་པ་འདི་ནི་ཟབ་དོན་གཙོ་ཆེ་བས་རྒྱུད་ཀྱི་མན་ངག་ཡིན་པའི་ཕྱིར་དེའི་མཚན་ནས་སྨོས་པ་ཡིན་ནོ། །རྩོད་པ་ཐ་མ་ནི་དབང་པོ་རབ་ལ་རྒྱུད་ཀྱི་མཚན་ཙམ་བསྟན་པས་རྒྱུད་དོན་རྟོགས་པ་ཡིན་ན། མཚན་དེར་རྒྱུད་དོན་མ་འདུས་ཀྱང་རྟོགས་པ་ཡིན་ནམ་འདུས་ནས་རྟོགས་པ་ཡིན། དང་པོ་ལྟར་ན་ཧ་ཅང་ཐལ་ཏེ་དེ་ཚོད་དུ་མིག་ཤེས་ཀྱི་སྒྲ་ཐོས་པ་ཅིས་འགོག་ཅེ་ན། མིག་ཤེས་ཆོས་ཅན། སྒྲ་ཐོས་པ་མ་ཡིན་ཏེ། སྒྲ་མིག་གིས་ཡུལ་མ་ཡིན་པའི་ཕྱིར་ཞེས་སྨྲས་པས། ཁོ་ན་རེ་རབ་ཀྱིས་མཚན་ལ་བརྟེན་ནས་རྒྱུད་དོན་རྟོགས་པ་མ་ཡིན་ཏེ། མཚན་དུ་རྒྱུད་དོན་མ་འདུས་པའི་ཕྱིར་ཞེས་ཟེར་རོ། །དེས་ན་མཚན་དུ་རྒྱུད་དོན་འདུས་ནས་རྟོགས་པ་ཡིན་ལ། འདུས་ལུགས་ཇི་ལྟར་ཞེ་ན་གསུང་སྒྲོས་ཀྱིས་བརྡ་འཕྲད་ཐ་སྙད་འདུས་མ་ཡིན་ཞེས། རྒྱུད་དབུ་ཞབས་ནས་ཀྱང་བརྗོད་བྱ་གཞི་ལམ་འབྲས་བུ་གསུམ་ལས་ལྷག་པ་མི་སྟོན་ལ། འདིར་མཚན་དུ་ཡང་དེ་གསུམ་ཚང་བར་སྟོན་པ་ཡིན་ཏེ། འདི་ལྟར་མཚན་དང་པོ་གསང་བ་ལ་ཡང་གསུམ་ཡོད་པའི་རང་བཞིན་གྱི་གསང་བ་འབྲས་བུ་གཙོ་ཆེ་ཞིང་། སྦས་པ་བཞི་ཡིན་ལ། གབ་པ་ལ་གཉིས་ཡོད་པའི་རང་བཞིན་གྱི་རྒྱུད་དུ་གབ་པ་གཞི་ཡིན་ལ། ཡི་གེའི་རྒྱུད་དུ་གབ་པ་ལམ་ཡིན་ནོ། །སྙིང་པོ་ལ་ཡང་གསུམ་ཡོད་པའི་རྒྱུའི་སྙིང་པོ་གཞི། བཅུད་འདུས་པ་ལམ། འབྲས་བུའི་འབྲས་བུའོ། །དེ་ཁོ་ན་ཉིད་ལ་ཡང་གསུམ་ལས། མ་བཅོས་པ་གཞི། མ་ནོར་བ་ལམ། གཞན་མ་ཡིན་པ་འབྲས་བུའོ། །དེ་བཞིན་དུ་ངེས་པ་ལ་ཡང་གསུམ་ལས། གཞིར་ངེས་པ་གཞི། ལམ་དུ་ངེས་པ་ལམ། ངོ་བོར་ངེས་པ་འབྲས་བུའོ། །ཞེས་གསུང་བ་ཡང་ཅུང་ཟད་གནོད་པ་དང་བཅས་པ་ཞིག་སྟེ། དེ་ཇི་ལྟར་ན་བརྡ་གཞི་ལམ་འབྲས་བུ་གསུམ་དུ་ཡང་མ་འཕྲད་པར་འགྱུར་ཏེ། ཐ་སྙད་ཙམ་མ་འདུས་པའི་ཕྱིར་རོ། །དེས་ན་འདི་རྒྱལ་བ་དང་རིག་འཛིན་གྱིས་རྟོགས་ཚུལ་ལ་ལྟོས་པ་ཡིན་ན་སླ་ཡི། གང་ཟག་ལ་དེ་ལྟ་བུའི་རྟོགས་ཚུལ་མེད་ཅིང་། གཞུང་གཞན་ལས། ཐ་སྙད་དག་ལ་མ་བརྟེན་པར། །དམ་པའི་དོན་ཉིད་རྟོགས་མི་འགྱུར། །ཞེས་གསུངས་པ་དང་། གཞན་ཡང་མཚན་ཙམ་དང་གཞི་ལམ་འབྲས་བུ་གསུམ་ཡང་ཐ་སྙད་ཀྱི་བདག་ཉིད་དུ་གནས་པའི་ཕྱིར་རང་ཚིག་འགལ་བ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན་མཚན་ཙམ་བསྟན་པས་རྒྱུད་དོན་རྟོགས་པ་འདི་ནི་ཕལ་ཆེར་སྔོན་བྱུང་གི་འཁོར་གྱིས་རྟོགས་ཚུལ་ཡིན་པར་སེམས་ཏེ། དེ་ཡང་འཆད་པའི་སྐྱེས་བུས་རྒྱུད་ཀྱི་དོན་ཐུགས་སུ་ཆུད་ནས་རང་གི་འཁོར་ལ་སྟོན་པའི་ཚེ་དེའི་མཚན་གསང་བའི་སྙིང་པོ་ཞེས་བྱ་སྟེ། དོན་མཐོང་བ་ལ་བརྟེན་ནས་མཚན་དུ་བཏགས་པའི་ཕྱིར། སྔོན་བྱུང་གི་འཁོར་ལ་ལྟོས་ནས་མཚན་དུ་ཚིག་དོན་མ་ལུས་པ་འདུས་ཤིང་སྐད་ཅིག་ཙམ་མ་རྟོགས་པ་མི་འགལ་ཏེ། ཇི་སྐད་དུ་རྒྱ་མཚོ་ལས། སྒྲིབ་པ་མཐའ་སྤོང་གདུལ་བྱ་ལ། །སྐད་ཅིག་ཙམ་གྱིས་སྣང་བར་མཛད། །ཅེས་གསུངས་པའི་ཕྱིར་རོ། །རྗེས་འཇུག་ཏུ་མཚན་ཐོས་པ་ལ་བརྟེན་ནས་དོན་གོ་བ་ནི། མཚན་དེར་གཞི་ལམ་འབྲས་བུ་གསུམ་དུ་བརྡ་འཕྲད་པ་ཙམ་དུ་གོ་བ་ཡིན་ཏེ། མིང་དོན་འབྲེལ་བ་ངེས་པའི་ཕྱིར་རོ། །དེས་ན་འདི་ནི་དོན་རང་གི་ངོ་བོ་ལ་མཚན་དུ་བཏགས་པ་ཡིན་ནོ། །དོན་གཉིས་པ་མཚན་དེ་དང་ལྡན་པའི་རྒྱུད་ཀྱི་དོན་དངོས་ལ་གསུམ་ལས། ཀླད་ཀྱི་དོན་ཕྱག་བཙལ་བ་ནི་སྟོན་པ་ལ་དབང་མི་ཟ་བའི་ཕྱིར་ཏེ། དེ་ཡང་བཅོམ་ཞེས་པ་བདུད་བཞི་བཅོམ་པ་སྟེ། བདུད་ཙམ་གྱི་གོ་བ་ནི་གང་བར་དུ་གཅོད་པ་ཞིག་ཡིན་ནོ། །དེ་ལ་བཞི་ཉོན་མོངས་པ་རང་རྒྱུད་དུ་འཛིན་པ་ཉོན་མོངས་པའི་བདུད་དང་། ཕུང་པོ་ལ་བདག་ཏུ་འཛིན་པ་ཕུང་པོའི་དང་། སྐྱེ་འཆི་རང་གར་འཛིན་པ་འཆི་བདག་གི་དང་། རྟོག་ཚོགས་ཐ་མལ་དུ་འཛིན་པ་ལྷའི་བུ་བདུད་དོ། །དེ་དག་ལ་སྟོན་པ་སྐུ་ལྔའི་བདག་ཉིད་ཀྱིས་ཉོན་མོངས་ཡེ་ཤེས་སུ་དག་ཅིང་ཕུང་པོ་ལྔ་རིགས་ལྔར་སངས་རྒྱས་ལ་ཐུགས་འཆི་མེད་རྡོ་རྗེར་རྟོགས་ནས་རྟོག་ཚོགས་སུ་བཏགས་པ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བས་བདུད་བཞི་བཅོམ་པ་ཡིན་ཏེ། ཇི་སྐད་དུ་རྒྱས་པ་ལས། ཉོན་མོངས་པ་ཉིད་རྣམ་པར་དག །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །བདག་ཉིད་ལྷ་ཡིན་དཀྱིལ་འཁོར་ཏེ། །སྐྱེ་ཤི་མེད་པར་གཡུང་དྲུང་གནས། །ཞེས་པ་དང་། རུ་སངས་རྒྱས་གསང་བའི་གཞུང་ལས་ཀྱང་། བདུད་བཞི་ལ་སོགས་རིག་པའི་གདེང་གིས་དག །ཅེས་གསུངས་པ་ཡིན་ནོ། །ལྡན་ཞེས་པ་ནི་འབྲས་བུ་ཆེ་བའི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་དོན་ཡིན་ཏེ། དགུ་པ་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཞེས་པ་དང་། བཅུ་གསུམ་པ་ལས། རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཅེས་སོ། །ཡང་སློབ་དཔོན་གྱིས། སྐུ་ལྔ་ལ་སོགས་ཡོན་ཏན་ལྷུན་གྲུབ་ཀྱང་། །ཞེས་གསུངས་པའི་ཕྱིར་རོ། །ཡོན་ཏན་དེ་དག་ཀྱང་རིགས་བསྡུ་ན་དྲུག་སྟེ། ཇི་སྐད་དུ་རྒྱུད་གཞན་ལས། དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་དང་ནི་གཟུགས་བཟང་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་པོ་དེ་ལ་ལྡན་ཞེས་བརྗོད། །ཅེས་པ་ནི། གཞུང་འདིའི་དགོངས་པ་མ་ཡིན་ཀྱང་འདི་ལྟར་གསུངས་ཤིང་འཆད་པར་འགྱུར་བས་དེའི་དབང་དུ་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་འབྲས་བུ་ཡེ་ཤེས་ལྔར་སྣང་བའམ། ཡང་ན་ཆོས་ཉིད་མངོན་དུ་བྱས་པའི་ཆོས་སྐུ་ནི་རྟོགས་པ་བདག་གི་དང་། གཞན་སྣང་ལ་རྟོག་མེད་དུ་གཟུགས་སྐུ་གཉིས་ཀྱི་ཡོན་ཏན་དུ་མི་འགག་པ་ཐུགས་རྗེ་གཞན་གྱི་དཔལ་ལོ། །དེ་ལྟ་བུའི་སྟོན་པ་ཕུན་སུམ་ཚོགས་པའི་བདག་ཉིད་དེས་ཞིང་ཁམས་ཀུན་ཏུ་ཁྱབ་པ་ནི་གྲགས་པའོ། །དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་མི་མཁྱེན་པ་དང་མི་གཟིགས་པ་དང་མི་འགྲེལ་བ་གང་ཡང་མེད་པ་ཡེ་ཤེས་སོ། །དེས་ཆོས་ཐམས་ཅད་ལ་དབང་སྒྱུར་བས་གཞན་དུ་རག་མ་ལུས་པ་ནི་དབང་ཕྱུག་གོ། །མཚན་དཔེས་སྤྲས་པའི་ཕྱིར་ཀུན་ལས་ཁྱད་པར་འཕགས་ཏེ་གདུལ་བྱས་ལྟ་བས་ཆོག་མི་ཟ་བ་ནི་གཟུགས་བཟང་བའོ། །དགོངས་པ་གཡེལ་བ་མི་མངའ་བས་དུས་ལ་བབ་པའི་དོན་ཕྲ་བ་ཡང་མི་འདོར་བ་ནི་བརྩོན་འགྲུས་སོ། །འདས་ཞེས་པ་ལ་ཁ་ཅིག །འདི་རྒྱ་གར་གྱི་སྒྲ་ལ་མེད་པའི་ཕྱིར་མི་འཆད་ཟེར་ཡང་། འདིར་འཆད་དེ། བཅོམ་ཞེས་པ་དངོས་མེད་སྟོང་པའི་མཐའ་དང་། ལྡན་ཞེས་པ་དངོས་པོ་སྣང་བའི་མཐར་ཐུག་སྟེ་མཐའ་གཉིས་ལས་འདས་པའོ། །དེ་ཡང་ལྔ་པ་ལས། དེ་ཕྱིར་དངོས་དང་དངོས་མེད་པར། །འཇིག་པས་དམིགས་མེད་ཤེས་པར་གྱིས། །ཞེས་པ་དང་། ཡང་། རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །ཞེས་སོ། །སློབ་དཔོན་གྱིས་ཀྱང་། རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། །ཅེས་གསུངས་པའི་ཕྱིར་ཏེ། རྒྱ་གར་ན་ཡང་འདི་འཆད་པར་སློབ་དཔོན་གྱི་གཞུང་འདིས་མངོན་པ་ཡིན་ནོ། །དཔལ་ཞེས་པའི་དོན་ལ་གསུམ་ལས། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་ནི་བདེ་བར་གཤེགས་པའི་སྙིང་པོ་ཁྱབ་བྱེད་དུ་ཡོད་པས་གང་གིས་དེ་བརྟགས་ན་རྟོགས་སུ་རུང་ལ་བསྒྲུབ་ན་འགྲུབ་ཏུ་རུང་བ་དེ་ཡིན་ཏེ། ལེའུ་གཉིས་པ་ལས། ཨེ་མ་བདེ་གཤེགས་སྙིང་པོ་ལས། །ཞེས་པ་དང་། ལམ་རིམ་ལས་ཀྱང་། སྙིང་པོ་རང་བཞིན་མཚུངས་པ་དང་། །ཞེས་གསུངས་པའི་ཕྱིར་རོ། །ཐུགས་རིག་པ་རང་སྣང་གི་དཔལ་ནི་དེ་མངོན་དུ་བྱས་པའི་ཡེ་ཤེས་ཡིན་ཏེ། ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ལོ། །དེ་ཡང་རྒྱས་པ་ལས། དེ་ཡིས་མི་མཁྱེན་གང་ཡང་མེད། །ཅེས་གསུངས་པ་བཞིན་ནོ། །ཐུགས་རྗེ་ཆེན་པོ་གཞན་ལ་སྣང་བའི་དཔལ་ནི། མཛད་པའི་ཕྲིན་ལས་ཀྱིས་གདུལ་བྱ་འདྲེན་པའི་ཐབས་མངའ་བ་ཡང་རྩོལ་རྟོག་དང་བྲལ་བར་སྣང་བ་ཡིན་ཏེ། རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུ་འཇིག་རྟེན་རྡུལ་བསྙེད་དུ། །འགྲོ་བའི་ཕྲིན་ལས་བསམ་མི་ཁྱབ། །ཅེས་གསུངས་ཤིང་། སློབ་དཔོན་གྱིས་ཀྱང་། རང་བཞིན་མངོན་བྱས་མ་ལུས་རེ་བ་སྐོང་། །ཞེས་གསུངས་པའི་ཕྱིར་རོ། །ཀུན་ཏུ་ཞེས་པ་ཤེས་བྱའི་དཀྱིལ་འཁོར་ན་ལྷག་མ་ལུས་པའི་བདག་ཉིད་ཡིན་ཏེ། ཇི་སྐད་དུ་གཉིས་པ་ལས། ཐམས་ཅད་མ་ལུས་ཆོས་སོ་ཅོག །ཅེས་པ་བཞིན་ནོ། །བཟང་པོ་ཞེས་པ་ནི་དེའི་རང་བཞིན་ཕྱིན་ཅི་མ་ལོག་པར་མངོན་དུ་བྱས་པས་སྤྱོད་ཡུལ་དག་པ་སྟེ། དེ་ཉིད་ལས། སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ལ་ཞེས་པ་རྣམ་དབྱེ་གཉིས་པའི་སྒྲས་ཕྱག་བཙལ་བའི་ཡུལ་མཚོན་པ་སྟེ། གང་ཞེ་ན་སྟོན་པའི་བདག་ཉིད་དོ། །ཕྱག་འཚལ་ལོ་ཞེས་པ་རང་གི་ངོ་བོ་སྟེ། གང་གིས་ན་སྡུད་པ་པོ་གསང་བདག་གིས་སོ། །ཇི་ལྟར་ན་བདག་དོན་དུ་རང་བཞིན་གྱི་རྒྱུད་ཁོང་དུ་ཆུད་པའི་ཚེ་སྟོན་པའི་ཐུགས་དང་ཐ་དད་མེད་པས་གཉིས་མེད་རྟོགས་པའི་ཕྱག་ཡིན་ལ། གཞན་དོན་དུ་ཡི་གེ་རྒྱུད་དུ་འཆད་པའི་ཚེ་ཁྱད་པར་གྱི་སྟོན་པ་ལ་དབང་མི་ཟ་བའི་ཕྱིར་མོས་ཤིང་འདུད་པའི་ཕྱག་ཡིན་ཏེ། ཇི་སྐད་དུ་སྤར་ཁབ་ལས། འདི་ཚིག་ཏུ་གཉེར་བའི་ཚེ་རང་གི་སྟོན་པ་ལ་མཆོད་པར་བརྗོད་པའོ། །ཞེས་གསུངས་པ་ཡིན་ནོ། །འདིར་ཁ་ཅིག་ཕྱག་གི་དགོས་དོན་བསྡུས་དོན་ལ་སོགས་སུ་མིང་འདོགས་པ་ནི་རིག་པ་མ་ཡིན་ཏེ། དེ་དག་བསྟན་བཅོས་འཆད་པའི་མན་ངག་ཏུ་གསུངས་པའི་ཕྱིར་རོ། །གཉིས་པ་བཀའ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་གཞུངས་གི་དོན་གཏན་ལ་དབབ་པ་ནི། གཞུང་ཚོགས་ལེའུ་ཉེར་གཉིས་ཀྱང་དབང་པོ་འབྲིང་གི་དོན་དུ་ཆོས་ལྔར་སྡུད་དེ། ཇི་སྐད་དུ་སྤར་ཁབ་ལས། སྤྲོས་པ་ལ་དགའ་བ་དབང་པོ་འབྲིང་གི་དོན་དུ་རྒྱུད་ཀྱི་དོན་རྣམ་པར་ཕྱེ་བས་ལྔ་སྟེ་ཞེས་པས་ལེའུ་དང་པོ་དང་གསུམ་པའི་སྟོད་ནས་རྒྱུད་དམ་བསྟན་པ་འབྱུང་བའི་རྒྱུ་གླེང་གཞི་ཕུན་སུམ་ཚོགས་པ་དང་། གཉིས་པ་རྐྱེན་གླེང་སླང་བ་དང་། གསུམ་པའི་སྨད་ནས་ཉེར་གཅིག་པ་ཡན་ཆད་འབྲས་བུ་རྒྱུད་དོན་དང་། དེ་དག་ལ་ཁྱབ་བྱེད་དུ་རྒྱུད་ཀྱི་དགོས་འབྲེལ་དང་། ལེའུ་ཐ་མས་འཁོར་ལ་རྒྱུད་གདམས་ཤིང་བསྟན་པ་གཏད་པའོ། །དང་པོ་ལ་གསུམ་ལས། ཐུན་མོང་མ་ཡིན་པའི་སྒོ་ནས་གླེང་གཞི་མདོར་བསྟན་པ་ལའང་གཉིས་ཏེ། གླེང་གཞིའི་དོན་བཤད་པ་དངོས་དང་། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི་བཤད་ཐབས་ཀྱི་ཡན་ལག་ལས་ཀྱང་རྒྱུད་མདའ་ལྟར་རྩེ་མོ་ནས་བཟུང་སྟེ་བཤད་པ་ཞེས་བྱ་སྟེ་བཤད་ཐབས་གཞན་ཡང་རྒྱས་པར་འཆད་པ་པོས་བསྙད་དོ། །འདི་ལ་གསུམ་སྟེ། ཕྱི་ཤེས་རབ་གྲོལ་བའི་ལམ་གྱི་དབང་དུ་དང་། ནང་ཐབས་ལམ་སྟེང་སྒོའི་དབང་དུ་དང་། གསང་བ་འོག་སྒོའི་དབང་དུ་བཤད་པའོ། །དང་པོ་ནི་སྐུ་ལྔའི་གླེང་གཞི་སྟེ། འདི་ཞེས་པ་གནས་ཕུན་སུམ་ཚོགས་པ་སྟེ། འོག་གི་སྐུ་ལྔའི་གནས་རིམ་པ་ལྟར་དོན་གྱི་འོག་མིན་དང་། རིག་པའི་འོག་མིན་དང་། རིག་པ་སྣང་སྟོང་གཉིས་མེད་དང་། དབང་ཕྱུག་ཆེན་པོའི་འོག་མིན་དང་། སྟོང་གསུམ་མམ་རྡོ་རྗེ་གདན་ནོ། །སྐད་ཅེས་པ་སྟོན་པ་སྟེ། ཆོས་ཀྱི་སྐུ་དང་མངོན་པར་བྱང་ཆུབ་པའི་སྐུ་དང་དབྱེར་མེད་རྡོ་རྗེའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུའོ། །བཤད་ཅེས་པ་འཁོར་ཏེ། ཡེ་ཤེས་རྒྱ་མཚོའི་ཚོགས་དང་རྒྱལ་བ་རྒྱ་མཚོའི་ཚོགས་དང་དབྱེར་མེད་རྡོ་རྗེའི་ཚོགས་དང་སྨིན་པ་རྒྱ་མཚོའི་ཚོགས་དང་ལྷ་མི་ལ་སོགས་པ་སེམས་ཅན་ལས་དག་པའི་ཚོགས་སོ། །པའི་ཞེས་པ་བསྟན་པ་སྟེ། རང་བཞིན་གསང་བའི་སྙིང་པོར་གཅིག་ཅིང་། དེའི་ལྡོག་པ་ནི། བརྗོད་མེད་ཀྱིས་འཁོར་ལ་གོ་བརྡའ་སྤྲོད་པ་དང་། བྱིན་གྱིས་བརླབས་ཀྱིས་འཁོར་ལོ་བསྐོར་བ་དང་། །དབྱེར་མེད་ཀྱི་སྒོ་ནས་བཀའ་སྩལ་པ་དང་། བརྡའ་མ་དགོངས་པས་བསྟན་པ་དང་། དྲང་དོན་དུ་ཚིག་ཏུ་གསུངས་པའོ། །བསྟན་པ་དེ་དག་གི་སྡུད་པ་པོ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བའི་མཛོད་འཛིན་པ་གསང་བདག་ཏུ་གཅིག་པ་ཡིན་ཏེ། ཇི་སྐད་དུ། འཁོར་གྱི་ནང་ནས་སྐལ་མཆོག་ལྡན། །འདུལ་བའི་དུས་བབ་གསང་བའི་བདག །ལག་ན་རྡོ་རྗེས་བསྡུ་བ་མཛད། །ཅེས་པ་དང་། འདི་ཉིད་ལས། རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་གསུངས་པའི་ཕྱིར་རོ། །དུས་ན་ཞེས་པ་དུས་ཕུན་སུམ་ཚོགས་པ་སྟེ། བརྗོད་དུ་མེད་པའི་དུས་དང་། བྱིན་གྱིས་བརླབས་ཀྱིས་འཁོར་ལོ་བསྐོར་བའི་དུས་དང་། དབྱེར་མེད་དུ་བཀའ་སྩལ་བའི་དུས་དང་། བརྡ་ཡིས་བསྟན་པའི་དུས་དང་། ཤིན་ཏུ་དཀོན་པའམ་སྒྲོན་མ་ཡོངས་སུ་བཀོད་པའི་དུས་སོ། །གཉིས་པ་སྟེང་སྒོའི་དབང་དུ་བཤད་པ་ནི། འདི་ཞེས་པ་གནས་ཕུན་སུམ་ཚོགས་པ་སྟེ། རྒྱ་མཚོ་ལས། དྷཱརྨ་ཙཀྲ་ཆོས་ཀྱི་གནས། །འོད་བཞི་ཨེ་སོགས་དབྱིབས་སུ་གནས། །ཞེས་པའི་དོན་དྷརྨ་ཆོས། ཙཀྲ་ནི་འཁོར་ལོ་སྟེ་སྙིང་ཁ་ཆོས་ཀྱི་འཁོར་ལོའི་རྩ་འདབ་བཞི་ནི། མདུན་ན་ཡེ་ཤེས་ཀྱི་རྩ་གྲུ་བཞི་སེར་པོ། གཡས་ན་ཆོས་ཉིད་ཀྱི་རྩ་ཟླུམ་པོ་དཀར་པོ། རྒྱབ་རང་རྒྱུད་ཀྱི་རྩ་གྲུ་གསུམ་དམར་ནག །གཡོན་ཡོན་ཏན་གྱི་རྩ་ཟླ་གམ་དམར་པོ་ལ་སོགས་པ་ལས་བཞིའི་དབྱིབས་དང་ཁ་དོག་ཏུ་གནས་པ་ནི་གནས་སོ། །སྐད་ཅེས་པ་ནི་སྟོན་པ་སྟེ། དེ་ཉིད་ལས། མི་ཤིགས་ཐིག་ལེ་བཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་དག །ཅེས་པས། དེ་དག་གི་དབུས་ན་སྲོག་མི་ཤིགས་པའི་ཐིག་ལེ་དྭངས་མ་ལྔ་སྟེ། འདི་ལྟར་རྩ་དང་ཁྲག་དང་དྲོད་དང་དབུགས་དང་འོད་ཀྱི་དྭངས་མ་རྣམས་ནི་རིམ་པ་ལྟར་དར་དཀར་གྱི་སྐུད་པ་ལྟ་བུ་དང་། མཚལ་ལྕོག་ལ་མ་བཅག་པའི་ཁུ་བ་འདྲ་བ་དང་། མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་དང་། གསེར་ས་འོག་ནས་བྱུང་བའི་རླངས་ཙམ་དང་། འོད་ཁ་དོག་སྣ་ཚོགས་པ་རྣམས་འདུས་པའི་ངོ་བོ་ཡི་གེ་བཾ་གྱི་དབྱིབས་ཅན་ནི་སྟོན་པ་ཡིན་ཏེ། ཅིའི་ཕྱིར་ན་སྣུམ་སྡོང་ཕུན་སུམ་ཚོགས་པའི་མར་མེ་གསལ་བྱེད་གཞན་ལ་མི་ལྟོས་པ་ལྟར་དེ་ཉིད་ཀྱིས་བདེ་བ་དེ་ཉིད་ལ་གསལ་བའི་ཕྱིར་རོ། །བཤད་ཅེས་པ་འཁོར་ཡིན་ཏེ། དེ་ཉིད་ལས། མ་ནུ་ཡིད་སོགས་རྣམ་ཤེས་བཞི། །ཡེ་ཤེས་མྱོང་བས་བསྡུས་བཤད་པའོ། །ཞེས་པས། མ་ནུ་ནི་ཡིད་ཅེས་བྱ་སྟེ། དེ་ཡེ་ཤེས་ཀྱི་རྩ་ལ་གནས་ཤིང་སོགས་པའི་སྒྲས་གཞན་བསྡུས་ཏེ། ཆོས་ཉིད་ཀྱི་རྩ་ལ་ཀུན་གཞི། ཡོན་ཏན་གྱི་རྩ་ལ་ཉོན་ཡིད། རང་རྒྱུད་ཀྱི་རྩ་ལ་སྒོ་ལྔའི་རྣམ་ཤེས་གནས་ཏེ་རྣམ་ཤེས་དེ་དག་གི་རྟོག་པ་དག་ནས་མི་རྟོག་པར་སྐྱེས་པ་ལ་བཤད་ཅེས་བྱའོ། །པའི་ཞེས་པ་ནི་བསྟན་པ་སྟེ། དེ་ཉིད་ལས། ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། །པ་ར་མཱརྠ་དོན་ཟབ་མོ། །ཞེས་པར། ནམ་མཁའ་གཟུགས་མེད་ཀྱང་དེའི་དུས་སུ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཁོ་ན་པ་ར་མ་ཏ་སྟེ་དོན་ཟབ་མོ་ཡིན་ནོ། །དུས་ན་ཞེས་པ་དུས་དངོས་ཏེ། དེ་ཉིད་ལས། བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་འབྱུང་བས། སྟེང་སྒོའི་བདེ་བ་སྐྱེས་པ་ཚེ་སྔ་ཕྱིར་འཛིན་པའི་རྟོག་པ་དང་བྲལ་ཏེ། དུས་བཞི་མཉམ་པ་ཉིད་དུ་བཞུགས་པ་ཡིན་ནོ། །གསུམ་པ་འོག་སྒོའི་དབང་དུ་བཤད་པ་ནི། འདི་ཞེས་པ་གནས་ཏེ། ཐལ་བའི་རྒྱུད་ལས། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གནས། །ཞེས་པས། ཡུམ་གྱི་མཁའ་ཕྱི་ཁྱམས་གྲུ་བཞི་བར་ཁྱམས་གྲུ་གསུམ་སྐྱེ་གནས་ཟླ་གམ་སྣ་ཚོགས་མདུད་པ་ཟླུམ་པོ་རྣམས་ནི་ལས་བཞིའི་དབྱིབས་སུ་གནས་པའི་ཕྱིར་རོ། །སྐད་ཅེས་པ་སྟོན་པ་སྟེ། དེ་ཉིད་ལས། སྐད་ཅེས་གསལ་བྱེད་ལས་མིང་ཅན། །བཾ་ཡིག་ཐེག་ལེར་བཅས་སྟོན་པའོ། །ཞེས་པས། ཡབ་ཀྱི་རྡོ་རྗེ་བུམ་པར་ཐིག་ལེ་ཐབས་ཀྱིས་བཟུང་བའི་ཚེ་ཡབ་ཡུམ་གཉིས་ཀའི་རྒྱུད་ལ་བདེ་བ་གསལ་བར་བྱེད་པའི་བདག་ཉིད་དུ་བཞུགས་པ་ནི་སྟོན་པའོ། །བཤད་ཅེས་པ་འཁོར་ཏེ། དེ་ཉིད་ལས། མ་ད་མ་ནུ་སྡོམ་བྱེད་ཡིད། །ལུས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བས་བཤད་པར་འདོད། །ཅེས་འབྱུང་བས། མ་མ་ནུ་ན་ཡིད་ཅེས་བྱ་སྟེ་དེ་ལ་སོགས་པ་གསང་བའིི་རྣམ་ཤེས་ནི་བདེ་བ་ཉམས་སུ་མྱོང་བས་འཁོར་ཡིན་ནོ། །མ་མ་ཏ་ན་སྡོམ་བྱེད་དེ། ཉམས་སུ་མྱོང་བའི་ཆོས་ཐམས་ཅད་བདེ་བར་བསྡུས་ནས་ཞོར་ལ་སྟོན་པར་བྱེད་པའི་ཕྱིར་སྡུད་པ་པོ་ཡང་ཡིན་ནོ། །པའི་ཞེས་པ་བསྟན་པ་ཡང་དེ་ཉིད་ལས། པ་སྒྲ་དོན་དམ་ངེས་པའི་རྒྱུད། ཡ་ན་ཐེག་ཆེན་འདི་ཉིད་དོ། །ཞེས་པས། བདེ་བ་དེ་ཉིད་ལ་པ་ར་མ་ཏ་བོ་དྷི་ཙིཏྟ་ཞེས་པ་ན་དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ་ངེས་དོན་དུ་བསྟན་པའི་རྒྱུད་འདི་ཡིན་ལ། མ་ཧཱ་ཡ་ན་ནི་ཐེག་པ་ཆེན་པོ་སྟེ་བསྟན་པ་ཕུན་སུམ་ཚོགས་པ་འདི་ཉིད་དོ། །དུས་ན་ཞེས་པ་ཡང་། དེ་ཉིད་ལས། དུས་ནི་བསམ་གྱིས་མི་ཁྱབ་དུས། །ནཱ་མ་དེ་མིང་ཞེས་བྱ་བ། །ཞེས་པས། དེའི་དུས་སུ་འཛིན་པའི་རྟོག་པ་དང་བྲལ་བ་ནི་བསམ་གྱིས་མི་ཁྱབ་པའི་དུས་ཞེས་བྱ་སྟེ་ནཱ་མ་ན་དུས་དེ་ལ་བབ་པའི་མིང་ཅན་བྱ་བ་ཡིན་ནོ། །གཉིས་པ་རྩོད་པ་སྤང་བ་ནི། སྤྱིར་གསང་སྔགས་ལ་བཤད་ཚུལ་ཉེས་པའི་སྐྱོན་བརྒྱད་ལས། འདིར་རྟོག་གེ་བས་བཏགས་པའི་ཐེ་ཚོམ་གྱི་གེགས་སེལ་མི་ཤེས་ན་མཛངས་པ་ལྕེ་རྡུམ་དུ་འགྱུར་བས་དེ་སྤང་པ་ལ་གཉིས་ཏེ། རྩོད་པ་དང་། དེའི་ལན་ནོ། །དང་པོ་ནི་ཁ་ཅིག་ན་རེ། འདི་གླེང་གཞི་ལོག་པ་ཡིན་ཏེ། མདོ་རྒྱུད་གཞན་ཐམས་ཅད་ན་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བར་བྱུང་བའི་ཕྱིར་ཞེ་ན། གཉིས་པ་ལན་ལའང་གཉིས་ལས། གཞན་ལན་དགག་པ་ནི། ཁ་ཅིག་ན་རེ། ཐོས་པ་འཁོར་གྱི་ངོས་ནས་སྨོས་ཤིང་བཤད་པ་སྟོན་པའི་ངོས་ནས་སྨོས་པ་ཡིན་ནོ་ཞེས་ཟེར་བ་ནི། འཐད་པ་མ་ཡིན་ཏེ། གསང་བདག་གསང་སྔགས་ཐམས་ཅད་ཀྱི་སྡུད་པ་པོར་མཚུངས་པ་ལ། རྒྱུད་འདིར་སྟོན་པའི་ངོས་ནས་སྨོས་ལ་གསང་བ་འདུས་པ་ལ་སོགས་པ་གཞན་དུ་འཁོར་གྱི་ངོས་ནས་སྨོོས་པ་ལ་རྒྱུ་མཚན་ཅི་ཡང་མེད་པའི་ཕྱིར་རོ། །ཡང་ཁ་ཅིག་ནི་སྤྲུལ་སྐུའི་གླེང་གཞིའི་ཚིག་གི་རྒྱན་འགོད་པའི་ཚེ་འདི་སྐད་ཐོས་པར་འབྱུང་བ་ཡིན་ཏེ། ཐུན་མོང་གི་འཁོར་ལ་ཚིག་ཏུ་གསུངས་པའི་ཕྱིར་རོ། །ལོངས་སྐུའི་གླེང་གཞིའི་ཚིག་གི་རྒྱན་འགོད་པའི་ཚེ་འདི་སྐད་བཤད་པར་འོང་བ་ཡིན་ཏེ། ཐུན་མོང་མ་ཡིན་པའི་འཁོར་ལ་བརྡ་དང་དགོངས་པས་གསུངས་པའི་ཕྱིར་རོ། །ཞེས་ཟེར་བ་ཡང་མ་ཡིན་ཏེ། གསང་བ་འདུས་པ་ལ་སོགས་གཞན་དུ་ཡང་ཐ་དད་པར་འོང་བར་འགྱུར་ཏེ་ལོངས་སྐུའི་བསྟན་པར་མཚུངས་པའི་ཕྱིར་རོ། །ཡང་ཁ་ཅིག་ནི་སླར་ཐོས་པ་ལ་སྐྱོན་ཡོད་དེ། སྟོན་འཁོར་ཁྱད་པར་ཡོད་པའི་ཚིག་ཡིན་པའི་ཕྱིར། ཐོས་ཀྱང་མ་རྟོགས་པ་དང་ལོག་པར་རྟོགས་པ་དང་ཐེ་ཚོམ་ཟ་བ་རྣམས་སྲིད་ལ། འདིར་འཁོར་དབང་ཐོབ་པས་སྟོན་འཁོར་དགོངས་པ་ཁྱད་པར་མེད་པས་དེ་ཉིད་ལ་དེ་ཉིད་བཤད་པའི་ཕྱིར་ཉེས་པ་དེ་རྣམས་ལས་གྲོལ་ཞེས་ཟེར་བ་ཡང་། སྟོན་འཁོར་དགོངས་པ་ཁྱད་པར་མེད་པའི་ཕྱིར་བཤད་མི་དགོས་པར་འགྱུར་རོ། །ཡང་ཁ་ཅིག་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར་ཡིན་ཏེ། གང་ཞེ་ན། ཐོས་ཞེས་པ་སྡུད་པ་པོ་རང་གི་བློའི་སྣང་བ་འཛིན་པར་བྱེད་པ་དང་སྟོན་པས་ཇི་ལྟར་གསུངས་པ་བཞིན་ཁས་ལེན་མི་ནུས་པས་སྟོན་པ་དང་སྡུད་པ་པོའི་ཁྱད་པར་མཚོན་པའི་ཕྱིར། ཐོས་པའི་ཡོན་ཏན་བདུན་དང་ལྡན་ཏེ། གང་ཞེ་ན། འདི་སྐད་ཐོས་ཞེས་བཀའ་སྒྲོ་སྐུར་དང་བྲལ་བར་དང་། བདག་གིས་ཐོས་ཞེས་པ་སྡུད་པ་པོ་སྟོན་པ་མ་ཡིན་པར་དང་། གཞན་ལས་མ་བརྒྱུད་པས་སྡུད་པ་པོ་ཚད་མར་དང་། དུས་གཅིག་ན་འདི་ཐོས་ཀྱི་དུས་ཐམས་ཅད་དུ་མ་ཐོས་པས་བཀའ་གྲགས་པ་འབྱུང་དཀའ་བ་དང་། དུས་གཅིག་ན་འདི་ཐོས་ཤིང་དུས་གཞན་དུ་གཞན་ཡང་ཐོས་ཞེས་པ་ཐོས་པ་རྒྱ་ཆེ་བར་དང་། དེ་ཡང་མ་ཡེངས་པའི་དུས་ན་ཐོས་ཞེས་པས་དགོངས་པ་དང་ལྡན་པར་དང་། ཐོས་པའི་དོན་ཁོང་དུ་ཆུད་པས་སྡུད་པ་པོ་ཤེས་རབ་ཆེ་བ་རྣམས་སུ་མཚོན་པ་ཡིན་ལ། འདི་སྐད་བཤད་ཅེས་པ་ནི་ཡང་དག་པར་སྡུད་པ་པོས་སྟོན་པའི་དགོངས་པ་དང་གཉིས་སུ་མེད་པར་ཁས་བླངས་ནས་དེར་སྨོས་པ་ཡིན་ཏེ། དེའི་ཡོན་ཏན་ནམ་ཆེ་བ་གསུམ་དང་ལྡན་ཏེ། གང་ཞེ་ན། འདི་སྐད་ཅེས་པས་བཀའ་འདི་དགོངས་པའི་ཞེ་ཕུགས་ཡིན་པས་བསྟན་པའི་ཆེ་བ་དང་། བཤད་ཅེས་པ་སྡུད་པ་པོ་ཉིད་ཐམས་ཅད་མཁྱེན་པར་ཁས་བླངས་པས་སྡུད་པ་པོའི་ཆེ་བ་དང་། དུས་ན་ཞེས་པས་དུས་བཞི་མཉམ་པ་ཉིད་ཡིན་པས་དུས་ཀྱི་ཆེ་བ་དང་ལྡན་ཏེ། ཇི་སྐད་དུ་མདོ་ཆེན་པོའི་ལེའུ་ཐ་མ་ལས། དེ་བཞིན་ཉིད་ཀྱི་དོན་བསྟན་དུ། །དེ་བཞིན་ཉིད་དུ་ཀུན་གཅིག་པས། །གང་གིས་གང་ལ་གང་ཞིག་བསྟན། །ཉིད་ལ་ཉིད་གླེང་ཁོ་ནར་ཟད། །ཅེས་པ་དང་། རྒྱུད་གཞན་ལས་ཀྱང་། ཆོས་ཆེན་འཆད་པ་ང་ཉིད་དེ། །ཚོགས་ཀྱི་ནང་དུ་ཉན་པའང་ང་། །ཞེས་གསུངས་པ་བཞིན་ནོ། །ཞེས་ཟེར་བ་ཡང་བློ་རྩེ་གོང་མ་དག་དང་མཚུངས་ཤིང་། གཞན་ཡང་སྡུད་པ་པོ་ཐམས་ཅད་མཁྱེན་པར་ཁས་ལེན་མི་ལེན་དང་། སྟོན་པའི་དགོངས་པ་དང་ཁྱད་པར་ཡོད་མེད་གཉིས་ཀྱི་ཕྱིིར་གསང་བདག་ཏུ་གཅིག་པ་མ་ཡིན་པར་འགྱུར་རོ། །འོ་ན་ཇི་ལྟར་ཞེ་ན། གཉིས་པ་རང་ལན་གདབ་པ་ནི། ལྷ་རྗེ་ཆེན་པོའི་གསུང་གིས་རྗེས་སུ་འབྲངས་ཏེ་མདོ་རྒྱུད་ཐམས་ཅད་ན་གླེང་གཞི་འདི་སྐད་བདག་གིས་ཐོས་པ་ཁོ་ནར་ཡོད་པར་མ་གྲུབ་སྟེ། ཐམས་ཅད་ཁྱོད་ཀྱིས་མ་མཐོང་བའི་ཕྱིར་ཏེ། མ་མོ་མཁའ་འགྲོས་དབང་བྱས་ཤིང་མི་ལ་ཉན་བཤད་མེད་པ་དང་། གཞན་ཡང་བོད་དུ་མ་འགྱུར་བ་དང་། འགྱུར་ཡང་ཐམས་ཅད་ཁྱོད་ཀྱིས་མ་ཐོས་ཤིང་མ་མཐོང་བའི་ཕྱིར་རོ། །དེས་ན་ཐ་སྙད་དུ་རྟགས་མ་གྲུབ་པས་ལན་ཐེབས་པ་ཡིན་ནོ། །རྣལ་དོན་ལ་ཆབ་བར་པ་ལྟར་ཐོས་པ་འཁོར་དང་བཤད་པ་སྟོན་པའི་ངོས་ནས་སྨོས་པ་བདེ་བར་སེམས་སོ། །གཞན་ཡང་སློབ་དཔོན་ཇོ་མདོ་ན་རེ། འདི་ནི་ལོ་ཙཱ་བའི་འགྱུར་གྱི་རིགས་ཡིན་ཏེ། དེ་གཉིས་ཅར་ལ་རྒྱ་སྐད་ཨེ་བཾ་མ་ཡར་མཐུན་པའི་ཕྱིར་རོ་ཞེས་གསུངས་སོ། །གཉིས་པ་གླེང་གཞི་རྒྱས་པར་བསྟན་པ་ལ་གསུམ་ལས། དང་པོ་སྟོན་པ་ཕུན་སུམ་ཚོགས་པ་ནི། བི་མ་ལས་སྟོན་པའི་རང་བཞིན་བཞི་ལྡན་དུ་འདོད་ལ། སྒེག་པས་རང་བཞིན་བདུན་ལྡན་དུ་བཞེད་དེ། དང་པོ་ནི་དེ་བཞིན་གཤེགས་པ་ཞེས་པ་ནས། བཅོམ་ལྡན་འདས་ཞེས་པའི་བར་བྱང་ཆུབ་ཆེན་པོའི་རང་བཞིན་ནོ། །ལོངས་སྤྱོད་ཆེན་པོ་ཞེས་པ་ནི་ཆོས་རྣམས་རོལ་པའི་ལོངས་སྤྱོད་དོ། །ཕྱོགས་བཅུ་ཞེས་པ་ནས། རྡོ་རྗེའི་བདག་ཉིད་ཅེས་པའི་བར་ཕྱོགས་དུས་བདེ་གཤེགས་བདག་པོའོ། །མ་ལུས་མི་ལུས་ཞེས་པ་ནས། རང་བཞིན་ཏེ་ཞེས་པའི་བར་ཆོས་སོ་ཅོག་དང་དབྱེར་མེད་པའི་རང་བཞིན་ཞེས་བྱའོ། །གཉིས་པ་ལྟར་རང་བཞིན་བདུན་ལྡན་ནི། དེ་བཞིན་གཤེགས་པ་ཞེས་པ་གཞི་ཇི་བཞིན་ཉིད་དུ་མཐར་སོན་པའི་དང་། ཡང་དག་པར་རྫོགས་པའི་ཞེས་པ་ཡོན་ཏན་བཙལ་བ་མེད་པར་ལྷུན་གྱིས་གྲུབ་པའི་དང་། སངས་རྒྱས་ཞེས་པ་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་མཐའ་དབུས་མེད་པར་བརྡལ་བའི་དང་། བཅོམ་ལྡན་འདས་ཞེས་པ་བདུད་བཞི་འབྲས་བུར་མངའ་མཛད་ཀྱང་རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད་པའི་དང་། ལོངས་སྤྱོད་ཆེན་པོ་ཞེས་པ་ཐམས་ཅད་ཀྱིས་རོ་མྱོང་ཡང་བལྟར་ལ་འཛིན་པ་མེད་པའི་དང་། ཕྱོགས་བཅུ་ཞེས་པ་ནས། རྡོ་རྗེ་བདག་ཉིད་ཅེས་པའི་བར་བདག་ཉིད་ཆེན་པོ་དབྱེར་མེད་པའི་དང་། མ་ལུས་མི་ལུས་ཞེས་པ་ནས། རང་བཞིན་ཏེ་ཞེས་པའི་བར་ནི་དུས་གསུམ་འདུ་འབྲལ་མེད་པའི་རང་བཞིན་ནོ། །དེ་གཉིས་ཅར་གྱི་འབྲུ་མཐུན་ཏེ་གཞུང་ལྟར་རོ། །འདིར་ཁ་ཅིག་ནི་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཞེས་པའི་སྐབས་སུ་གཞི་དང་ལམ་གྱི་ཉེས་པ་གཉིས་ཟད་པས་རྒྱུ་སྤྱད་ཟིན་ཅིང་འབྲས་བུ་ཞིང་ཐ་དད་དུ་དར་ལོ་བསྐོར་བས་འདས་པའི་དེ་པ་དང་། ཉེས་པ་གཉིས་ཟད་པས་རྒྱུའི་བྱ་བ་བྱས་ཟིན་པས་འབྲས་བུ་དར་ལོ་བསྐོོར་བཞིན་པ་ད་ལྟར་གྱི་དེ་པ་དང་། གཞིའི་ཉེས་པ་ཉོན་སྒྲིབ་ཟད་ཅིང་འབྲས་བུའི་ཤེས་སྒྲིབ་ཟད་པའི་རྒྱུ་རྐྱེན་ཚོགས་པས་འབྲས་བུ་འབྱིན་པ་ལ་མ་རག་པ་ནི་མ་འོངས་པའི་དེ་པ་སྟེ་དེ་ནི་སེམས་དཔའ་ལྟ་བུའོ། །ཉེས་པ་གཉིས་ཟད་པར་བྱེད་པའི་རྒྱུ་རང་རིག་དང་རྐྱེན་ལམ་གཉིས་རང་ཆས་སུ་ཡོད་ཀྱང་། བདག་རྐྱེན་དུ་དང་གདམས་ངག་ཚོགས་པ་ལ་རག་ལས་པ་ནི་མ་འོངས་པའི་དེ་པ་སྟེ་གདུལ་བྱ་ཐམས་ཅད་དོ་ཞེས་ཟེར་བ་ནི་སྤྱིར་དུས་བཞིའི་དེ་པའི་རྣམ་གཞག་དེ་ལྟར་ཡིན་པར་སྲིད་ཀྱང་འདིར་དེ་འཐད་པ་མ་ཡིན་ཏེ། འདི་ཉིད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་ཅེས་པས། འདི་དབྱེར་མེད་ཀྱི་སྟོན་པ་ཡིན་ལ་དེ་དག་གི་རྒྱུད་ཐ་དད་ཡིན་པའི་ཕྱིར་སྙམ་དུ་སེམས་སོ། །གཉིས་པ་སྟོན་པའི་ངོ་བོ་ནི། སྐབས་འདིར་ཡང་རཏྣ་བསྟར་འཆོལ་གྱི་བཤད་པའི་སྐྱོན་སྤངས་ཏེ་རྒྱུད་འཁྲུགས་པའི་བདག་ཉིད་སྡེབས་ལ་གཞུང་འོག་ནས་བླང་བར་བྱའོ། །འདི་ལ་ངག་དོན་གྱི་ཚོམས་ནི་སྐུ་གསུམ་གྱི་བདག་ཉིད་ཐབས་ཤེས་རབ་གཉིས་སུ་མེད་ཅིང་ཡེ་ཤེས་དྲུག་དང་ལྡན་པ། རྣམ་པར་ཐར་པ་གསུམ་ཆུབ་པ་སྟེ། དེ་ཡང་དང་པོ་ནི་སྐུ་གསུམ་ལས་ཆོས་སྐུའི་བདག་ཉིད་ཡིན་པ་ནི་སྐུ་ཞེས་པ་འབྲས་བུ་ཆེ་བའི་ཡོན་ཏན་མ་ལུས་པའི་རྟེན་བྱེད་པ་སྟེ། དེ་ནི་ཆོས་སྐུ་ཡིན་ལ་དེ་ལ་མདུན་རྒྱབ་ཀྱི་རིས་མེད་ཅིང་སྐུ་ཐམས་ཅད་ཀྱི་ཁྱབ་བྱེད་ཡིན་ཏེ། ཆོས་སྐུས་ཁྱབ་པ་གཅིག་པའི་ཕྱིར་ཞེས་པའི་ཕྱིར་རོ། །དེ་ལྟར་རིས་མེད་པར་གནས་པ་ཉིད་ཀྱི་ཕྱིར་གདུལ་བྱ་གནས་པའི་ཕྱོགས་མཚམས་ཐམས་ཅད་དུ་ཞལ་ཐལ་ལེ་བ་སྟེ། སེང་གེ་རྩལ་རྫོགས་ལས། ཀུན་ཏུ་བཟང་པོའི་ཞལ་ནི་ཕྱོགས་བཅུར་གསལ། །ཀུན་གཟིགས་ཀུན་བཟང་སྐུ་ལ་མདུན་རྒྱབ་མེད། །ཕྱོགས་བཅུ་གང་བར་སྤྱན་གྱིས་རྣམ་པར་གཟིགས། །ཞེས་སོ། །མདོར་ན་གདུལ་བྱ་ཤར་ཕྱོགས་པའི་ངོ་ན་ཤར་ཁོ་ནར་གཟིགས་པར་སྣང་བ་ལྟར། ཕྱོགས་ཐམས་ཅད་དུ་གསལ་ཞིང་གཟུགས་སྐུ་གཉིས་ཀྱི་ཡོན་ཏན་དུ་མི་འགག་པའོ། །དེའི་ཕྱིར་ལོངས་སྐུའི་བདག་ཉིད་ཡིན་པ་ནི་མཚན་དང་དཔེ་བྱད་དུ་ཞེས་པ་ལོངས་སྐུའི་སྐུ་མཚན་དཔེར་ངེས་པ་ཡིན་ཏེ། དེ་ལ་གསུམ། ཐུན་མོང་གི་དང་། ཐུན་མོང་མ་ཡིན་པའི་དང་། གསང་བའི་མཚན་དང་དཔེ་བྱད་དོ། །དེ་ཡང་དེ་དག་གི་མཚན་གྱི་རྣམ་གྲངས་ནི་སུམ་ཅུ་རྩ་གཉིས་དང་དཔེ་བྱད་ནི་བརྒྱད་ཅུ་སྟེ། ཇི་སྐད་དུ། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་ཐུན་མོང་གི་མཚན་ནི། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། ཕྱག་དང་ཞབས་སོར་དྲྭ་བས་འབྲེལ་བ་དང་། །ཞེས་པ་ལ་སོགས་པའོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་རྒྱས་ཕྲ་བ་དང་། །ཞེས་པ་ལ་སོགས་པའོ། །དེ་དག་ནི་ཐུན་མོང་གི་མཚན་དཔེ་ཡིན་ཏེ། སྤྲུལ་པའི་སྐུ་ལའང་ཡོད་ཅིང་འཁོར་ལོ་སྒྱུར་བའི་རྒྱལ་པོ་སོགས་ལ་ཡང་ཕྱོགས་མཐུན་ཡོད་པར་སྲིད་པའི་ཕྱིར་སྙམ་དུ་སེམས་སོ། །ཐུན་མོང་མ་ཡིན་པའི་མཚན་དཔེ་ཡང་སེམས་དཔའ་བཅུ་དྲུག་དང་སེམས་མ་བཅུ་དྲུག་གི་འཁོར་དང་ལྡན་པ་མཚན་སུམ་ཅུ་རྩ་གཉིས་ཡིན་ལ། སེམས་དཔའ་རྣམས་རེ་རེ་ལ་ཡང་དབུ་རྒྱན་ལྔ་ལྔར་ལྡན་པ་ནི་དཔེ་བྱད་བརྒྱད་ཅུ་སྟེ། ཇི་སྐད་དུ་མདོ་ཆེན་པོ་ལས། མཚན་གྱི་མེ་ཏོག་གིས་མཛེས་ཤིང་དཔེ་བྱད་ཀྱི་འབྲས་བུ་སྤྲས་པའི་ཕྱིར་སྲས་ཀྱི་ཚོགས་ཀྱིས་ཀུན་ནས་བསྐོར་བའོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་སེམས་མ་ལ་དབུ་རྒྱན་མེད་དམ་ཞེ་ན། མེད་པ་མ་ཡིན་ཏེ། མཚན་དཔེའི་རྩིས་ལས་འདས་པའི་ཁོངས་སུ་བགྲངས་པའམ། ཡང་ན་ཐབས་ཀྱི་ཞགས་པ་ལས་ཡུམ་དབྱིངས་ཀྱི་ཆ་ཡིན་པའི་ཕྱིར་མི་བགྲང་ཞེས་དཔེ་བྱད་དུ་མི་བགྲང་བར་བཤད་པ་ཡིན་པའི་ཕྱིར་རོ། །འདི་དག་ལོངས་སྐུ་ཁོ་ན་ལ་ཡོད་པའི་ཕྱིར་ཐུན་མིན་ནོ། །གསང་བའི་མཚན་དཔེ་ནི་སྟོན་པ་ཡབ་ཡུམ་གྱི་མཁའ་གསང་ལ་བརྩི་སྟེ། ཡབ་ཡུམ་གཉིས་ལ་དགའ་བ་བཅུ་དྲུག་བཅུ་དྲུག་ནི་མཚན་སོ་གཉིས་སོ། །ཡབ་ཀྱི་དགའ་བ་རྣམས་རེ་རེ་ཡང་ཡེ་ཤེས་ལྔ་ལྔ་དང་ལྡན་པ་ནི་དཔེ་བྱད་བརྒྱད་ཅུའོ། །འོ་ན་ཡུམ་གྱི་དགའ་བ་དེ་དག་ཡེ་ཤེས་ལྔ་ལྔ་དང་མི་ལྡན་ནམ་ཞེ་ན། མ་ཡིན་ཏེ། གོང་མ་དང་མཚུངས་པར་བསྙད་དོ། །ལྡན་ཞེས་པ་མཚན་དཔེ་དེ་དག་གིས་སྐུ་ལ་ཇི་ལྟར་སྤྲས་ན་ཐུན་མོང་གི་སྐུ་ལྡེར་བཟོ་ལྟ་བུ་ལ་མཚན་དཔེའི་རི་མོ་བྲིས་པ་ལྟ་བུའོ། །ཐུན་མིན་གྱི་ནི་ལུས་སོར་གདུབ་ཀྱི་མཛེས་པ་དེ་ཕྲ་མིག་གིས་མཛེས་པ་ལྟར། རྩ་བའི་ལྷ་མཚན་གྱིས་མཛེས་ཤིང་མཚན་གྱི་ལྷ་དཔེ་བྱད་ཀྱི་ལྷས་མཛེས་པའོ། །ཡང་ན་འཇིག་རྟེན་ན་གཙོ་འཁོར་ལྟར་སྟོན་པ་སེམས་དཔའ་དང་སེམས་མའི་ཚོགས་ཀྱི་བསྐོར་བ་ནི་གཅིག་གིས་གཅིག་མཛེས་པ་བསྐྱེད་པ་ཡིན་ནོ། །གསུམ་ཆར་ཡོངས་སུ་རྫོགས་པས་ནི། །དཔེར་ན་མེ་ལོང་ཆུང་ངུར་ཡང་གནམ་ས་རི་བྲག་ཆེན་པོའི་གཟུགས་བརྙན་ཤོང་བ་ལྟར། སྐུ་གཅིག་ལའང་མཚན་དཔེའི་བཀོད་པ་དུ་མ་གསལ་བ་ཡིན་ཏེ། བླ་མ་ལས། སངས་རྒྱས་སྟོང་གི་དཀྱིལ་འཁོར་དང་། །སྟངས་དཔྱལ་གཉིས་ཀྱི་ཕྱག་རྒྱ་དང་། །རི་རིབ་ཏིལ་འབྲུའི་ཚུལ་བཞིན་དུ། །དཔེ་བྱད་མཚན་གྱིས་སྤྲས་པའོ། །ཞེས་པ་དང་། འདིའི་དྲུག་པ་ལས། མཚན་དང་དཔེ་བྱད་ཐམས་ཅད་རྫོགས། །ཞེས་པ་བཞིན་ནོ། །སྤྲུལ་པ་སྐུའི་བདག་ཉིད་ཡིན་པ་ནི་བསམ་གྱི་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པ་ཀུན་ཏུ་སྣང་བ་ཞེས་པ། ཞི་ཁྲོ་ལ་སོགས་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཆོས་ཀྱི་སྒོ་བརྒྱད་ཁྲི་ལ་སོགས་གསུང་བསམ་གྱིས་མི་ཁྱབ་པ་དང་། མཁྱེན་པའི་ཡེ་ཤེས་དང་མངོན་ཤེས་ལ་སོགས་ཐུགས་བསམ་གྱིས་མི་ཁྱབ་པའོ། །ཐབས་དང་ཤེས་རབ་གཉིས་སུ་མེད་པ་ནི། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་ཞེས་པ་ཞབས་གཡས་ཀྱིས་ཐབས་དང་གཡོན་པས་ཤེས་རབ་མཚོན་པའོ། །ཡང་ན་ཐབས་དང་ཞེས་པས་ཡབ་དང་ཤེས་རབ་ཅེས་པས་ཡུམ་མཚོན་པ་ཡིན་ལ། མཉམ་པའི་ཞེས་པས་ཡབ་དང་། བརྟུལ་ཞུགས་ཀྱི་ཞེས་པས་ཡུམ་གྱི་སྐྱིལ་ཀྲུང་སྟེ་གཉིས་ཆར་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ་ནི་དབྱེར་མེད་མཚོན་པའོ། །འདིར་ཁ་ཅིག་སྐུ་གསུང་ཐུགས་སྣ་ཚོགས་པ་ཞེས་པ་དང་ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་ཞེས་པ་འགལ་ཏེ། སྐུ་སྣ་ཚོགས་པ་ལ་ཞབས་གཉིས་ལས་མེད་པའི་ཕྱིར་ཞེ་ན། མ་ཡིན་ཏེ། སྣ་ཚོགས་པའི་སྐུ་དེ་དག་རེ་རེ་ཡང་ཞབས་གཉིས་གཉིས་དང་ལྡན་པ་ཡིན་ནོ། །དེ་ལྟར་དབུ་གསུམ་དང་ཕྱག་དྲུག་ཀྱང་ཤེས་པར་བྱའོ། །ཡེ་ཤེས་དྲུག་དང་ལྡན་པ་ནི་དོན་ཡེ་ཤེས་ལྔ་རང་བྱུང་གི་ཡེ་ཤེས་དང་དྲུག་གི་མཚོན་བྱེད་དུ་ཕྱག་དྲུག་སྟེ། དེ་ཡང་ཡེ་ཤེས་རང་ལ་གནས་པར་ཕྱག་གིས་མཚོན་ཅིང་ངེས་དོན་མཛད་པར་ཕྱག་མཚན་གྱིས་མཚོན་པ་སྟེ། འདི་ལྟར་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན་ཞེས་པ་ནི། རྒྱས་པའི་ཉེར་གཉིས་པ་ལས། རྡོ་རྗེ་འཁོར་ལོ་རལ་གྲི་དང་། །རིན་ཆེན་པདྨ་དྲིལ་བུ་འབར། །ཞེས་པས། དེ་དག་འོད་འབར་བ་དང་བཅས་པ་འཛིན་པའོ། །རྣམ་པར་ཐར་པ་གསུམ་ཆུབ་པ་ནི་སྐུ་གསུང་ཐུགས་ཞེས་པ་དེ་དག་གི་རྣམ་པར་ཐར་པ་གསུམ་དུ་སྣང་ལ། དེ་ཡ ང་མི་ཟད་པ་རྒྱན་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཕྱིར། དེའི་རྟགས་སུ་དབུ་གསུམ་དང་ལྡན་པ་སྟེ། གང་ཞེ་ན། སྐུ་རྫོགས་པ་སྟོང་པ་ཉིད་མཚོན་པའི་ཕྱིར་གཡས་དཀར་བ། གསུང་རྫོགས་པ་སྨོན་པ་མེད་པ་མཚོན་པའི་ཕྱིར་གཡོན་དམར་བ། ཐུགས་རྫོགས་པ་མཚན་མ་མེད་པ་མཚོན་པའི་ཕྱིར་དབུས་མཐིང་གའོ། །དོན་གཉིས་པ་གནས་ཕུན་སུམ་ཚོགས་པ་ནི། འོག་མིན་གྱི་གནས་ཞེས་པ་དེ་ལ་གསུམ་མམ་ལྔ་སྟེ། བགྲངས་པའམ་གྲགས་པའི་དང་། དོན་གྱི་དང་། རིག་པའི་དང་། གསང་བའི་དང་། དབང་ཕྱུག་ཆེན་པོའི་འོག་མིན་ནོ། །དེ་ལས་དང་པོ་ནི་འཇིག་རྟེན་གྱི་གནས་གཞན་བགྲངས་པའི་ས་གཙང་མ་རིས་ཀྱི་ལྷ་ལྔའི་དང་པོ་དེ་ཡིན་ཏེ། དེ་ལ་དེར་གྲགས་པས་ན་གྲགས་པའི་འོག་མིན་ཞེས་ཀྱང་བྱའོ། །གཉིས་པ་ནི་གཟུང་འཛིན་དང་བྲལ་བའི་ཡེ་ཤེས་གཉིས་སུ་མེད་པའི་ཆོས་ཉིད་དེ་ནི་རྒྱལ་བ་མ་ལུས་པའི་རྟེན་ཡིན་པའི་ཕྱིར་ཏེ། རྒྱས་པ་ལས། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་སོ། །གསུམ་པ་ནི། དེ་མངོན་དུ་བྱས་པའི་རིག་པ་ལ་གཞལ་ཡས་སུ་སྣང་བའོ། །ཡང་ན་འོག་མིན་ཆེན་པོ་ན་ཡོད་པ་ལྟར་ལམ་པའི་བློས་བཏགས་ཏེ་ལྷག་པ་ཏིང་དཀྱིལ་དུ་བསྒོམ་པ་དེ་ཡིན་ཏེ། དེ་ལ་བཏགས་པའི་འོག་མིན་ཞེས་ཀྱང་ཟེར་རོ། །བཞི་པ་ནི། ཡུམ་གྱི་མཁའ་ཨེ་ཝཾ་མ་ཡས་མཚོན་པའི་གནས་དེ་ཡིན་ཏེ། དེར་གསང་བའི་འདོད་ཡོན་རྫོགས་ཤིང་ལྷན་སྐྱེས་ཀྱི་ཡེ་ཤེས་བསྟེན་པའི་གཞི་ཡིན་ལ་ཐ་མལ་ལས་ཁྱད་པར་དུ་བྱས་པའི་ཕྱིར་ཏེ། ཇི་སྐད་དུ་རྒྱས་པ་ལས། ནུབ་ཕྱོགས་འོག་མིན་གནས་མཆོག་ཏུ། །མ་ཆགས་པདྨའི་གདན་བཏིང་བ། །དུས་གསུམ་རྒྱལ་བ་བཞུག་པའི་གནས། །ཞེས་པ་དང་། ཐལ་རྒྱུད་ལས། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གནས། །ཞེས་པ་དང་། ཨེ་ཝཾ་མ་ཡ་མཁའ་ལྡན་གནས། །ཞེས་པ་དང་། སྤར་ཁབ་ལས། དེ་ལ་ཉེ་བར་མཚོན་པ་ནི་གནས་ཏེ་ཁྱམས་དང་སྒོ་དང་བྱའི་གདོང་དང་ཟ་མ་ཏོག་རྣམས་དྲག་རྒྱས་ཞི་དབང་དུ་གནས་པ་ནི་སངས་རྒྱས་རིལ་གྱི་བཞུགས་གནས་སུ་གསུངས་སོ། །ཞེས་པ་དང་། ཟབ་མོའི་རྒྱུད་གཞན་ལས་ཀྱང་། བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ། །ཞེས་གསུངས་པའི་ཕྱིར་རོ། །ཐ་མ་ནི་འདིར་འཆད་པའི་གནས་ཀྱི་ངོ་བོའི་ཆོས་གཞིའམ་རྒྱུ་ལ་སོགས་པ་ནས་གདན་ཁྲིའི་བར་གྱི་གཞུང་འདི་རྣམས་ཏེ། དེ་ནི་གནས་ཀྱི་ཆེ་བ་ཡོན་ཏན་ཐམས་ཅད་ཀྱི་བླར་གྱུར་པའི་ཕྱིར་འོག་མིན་ཆེན་པོ་ཞེས་བྱའོ། །དེ་ཡང་གོང་གི་རྣམ་གྲངས་ལྔ་ལས་བར་མ་གསུམ་གྱི་བདག་ཉིད་དུ་གྱུར་ཅིང་། དང་པོ་ལས་ཡོན་ཏན་ཉིས་འགྱུར་གྱིས་དཔགས་ཏེ། ཇི་སྐད་དུ་རྒྱ་མཚོ་ལས། འཇིག་རྟེན་གནས་ཀྱི་འོག་མིན་ལས། །ཉིས་འགྱུར་ཤིན་ཏུ་དཔགས་པའི་གནས། །ངོ་བོ་མཐའ་དབུས་མེད་པ་ཡི། །ཡོན་ཏན་ལྔ་ཡི་བདག་ཉིད་དེ། །མ་སྤངས་རྒྱན་སོགས་གཞལ་ཡས་ཁང་། །གྲུ་བཞི་སྤྱི་བོ་འཁྱིལ་ནང་བའོ། །ཞེས་པ་དང་། རྡོ་རྗེ་ལས། གཙང་མའི་རིགས་དག་རྣམ་སྤངས་པ། །འོག་མིན་ཆེན་པོའི་གནས་མཆོག་ན། །ཞེས་གསུངས་པ་ལྟར་ཡིན་ནོ། །དེའི་རང་བཞིན་ནི་ཆོས་ཉིད་ཡིན་ལ་དེ་མཐའ་དང་བྲལ་བའི་ཕྱིར་དབུས་སུ་འཛིན་པའང་མེད་པ་ན་དེ་ལ་ཆོས་ཀྱི་དབྱིངས་ཀྱིས་མངོན་པར་མཐོ་བའི་གནས་ཞེས་བྱའོ། །གཞི་ནི། དེའི་ཕྱིར་དབྱིངས་དེ་གནས་དེའི་གཞི་ཡིན་ལ། དེ་ཉིད་ཡེ་ཤེས་ཆེན་པོའི་ཚད་གདུལ་བྱའི་བློས་གཟུང་དུ་མེད་པའི་ཕྱིར། ཡེ་ཤེས་ཀྱི་ཞེས་པ་ཡེ་ཤེས་ལས་གྲུབ་པ་གཞལ་ཡས་ཀྱི་གཞི་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པར་གསལ་བ་ནི་ཡེ་ཤེས་ཡིན་ལ། རྒྱུ་ནི་ཡེ་ཤེས་རིན་པོ་ཆེ་ཞེས་པ་ཡེ་ཤེས་ལ་རིན་པོ་ཆེར་འཇོག་པའི་རྒྱུ་མཚན་ནི། ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་ཏུ་སྣང་བའི་ཕྱིར་དང་། སྣང་བ་དེས་གདུལ་བྱའི་རེ་བ་སྐོང་བའི་ཕྱིར་རིན་པོ་ཆེ་ཞེས་བྱའོ། །མདོ་སྡེ་ལས། སངས་རྒྱས་རྣམས་ཀྱི་ཡེ་ཤེས་རྒྱ་མཚོ་ཆེན་པོའི་ནང་ན་ཡེ་ཤེས་ཀྱི་རིན་པོ་ཆེ་ཆེན་པོ་བསོད་ནམས་དང་ཡེ་ཤེས་དང་ཡོན་ཏན་ཕུན་སུམ་ཚོགས་པ་བཞི་ཡོད་དེ། ཞེས་པ་ལྟར་རོ། །རྒྱ་ཁྱོན་ནི་རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ་ཞེས་པ་གོང་ནས་མཐའ་དང་དབུས་མེད་པ་ན་ཞེས་མཐའ་དབུས་དང་བྲལ་བའི་ཕྱིར་རྒྱ་མ་ཆད་པ་སྟེ་ཤེས་བྱའི་ཁྱབ་བྱེད་དུ་གནས་པ་ཡིན་ནོ། །དབྱིབས་ནི་འབྲུ་བསྒྱུར་ཏེ། གྲུ་བཞི་གྱུར་པ་ནི་ཡེ་ཤེས་ལ་འབྲས་བུ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར་རོ། །འདིར་རྒྱ་མ་ཆད་པ་དང་དབྱིབས་གྲུ་བཞིར་གྱུར་པ་འགལ་ལོ་ཞེ་ན། འདིར་ཡང་ཤེས་རབ་ལོང་བའི་བཤད་པའི་སྐྱོན་སྤངས་ཏེ་མི་མཐུན་པའི་ཚིག་དོན་སྡེབ་པ་ནི་སྣང་བ་གཉིས་ཀྱི་ཕྱིར་མི་འགལ་ཏེ། རྒྱ་ནི་དེ་པའི་སྣང་ཡིན་ཞིང་། དབྱིབས་ནི་གདུལ་བྱའི་སྣང་བའི་ངོས་ནས་ཡིན་པའི་ཕྱིར་རོ། །ཡང་ན་གདུལ་བྱའི་སྣང་བ་རང་གི་ངོས་ནས་ཀྱང་པཉྩ་རེ་ཁཱའི་རྒྱ་མ་ཆད་ཅིང་དེ་ཉིད་ད བྱིབས་གྲུ་བཞིར་གྱུར་པ་ཡང་འགལ་བ་མེད་དོ། །རྩེ་མོ་ནི་ཐ་དད་མེད་པའི་དགོངས་པ་མཐར་ཐུག་པ་མེད་པ་མངའ་བའི་རྟགས་སུ་གཞལ་ཡས་ཁང་གི་རྩེ་མོ་ཏོག་སྟོང་འབར་བ་གཅིག་ཏུ་གྱུར་པའོ། །རྒྱན་ནི་རྣམ་གྲངས་བཞི་ལས། ཡེ་ཤེས་རང་སྣང་རྒྱུའི་རྒྱན་ནི། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཞེས་པ་ལ་སོགས་པ་དང་། ཕྲེང་བ་ལ་སོགས་ཀྱི་རྒྱན་ནི། ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་ཞེས་པ་ལ་སོགས་པ་དང་། བཀྲ་ཤིས་འདོད་ཡོན་གྱི་རྒྱན་ནི། གཟུགས་སྣ་ཚོགས་དང་ཞེས་པ་ལ་སོགས་པ་དང་། མཛེས་པ་རྟ་བབས་ཀྱི་རྒྱན་ནི་འོག་ཏུ་འཆད་དེ། དེ་རྣམས་གཞུང་བརྟག་གོ། །འདིར་ཡང་ཁ་ཅིག་འདོད་ཡོན་འདི་དག་འདི་ནས་ཕྱོགས་བཅུ་དང་། འོད་རིམ་ནས། སྣ་ཚོགས་མཆོད་བྱེད་རོལ་མོ་ཡིས། །བར་སྣང་ཁམས་སུ་སྤྲིན་ཕུང་བཞིན། །ཞེས་པས། བར་སྣང་དུ་འཁྲིགས་པར་བཤད་པ་གཉིས་འགལ་ཞེས་ཟེར་བ་ནི་མ་ཡིན་ཏེ། ཕྱོགས་བཅུ་དང་བར་སྣང་གཉིས་མུན་སྣང་ལྟར་ཕན་ཚུན་སྤངས་པ་དང་། ཚ་གྲང་ལྟར་ལྷན་ཅིག་མི་གནས་པའི་འགལ་བ་གང་ཡང་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་རྒྱུད་དང་སྒྲུབ་ཐབས་ཅུང་ཟད་མི་མཐུན་པ་ནི་སྣང་བ་གཉིས་ཀྱི་ཕྱིར་ཏེ་ཕྱོགས་བཅུར་འཁྲིགས་པ་དེ་པ་དང་། བར་སྣང་དུ་འཁྲིགས་པ་གདུལ་བྱའི་སྣང་བ་ཡིན་ནོ། །འབུར་འཕང་ནི། ཐེག་པ་དང་ས་ལམ་གཞན་ལས་འདི་ཁྱད་པར་དུ་གྱུར་པའི་གཞལ་ཡས་ཁང་གི་སྒོ་ནས་ཕོ་བྲང་ལྟེ་བའི་བར་རྡོ་རྗེ་འགྲེང་བུ་རེ་རེས་སྤགས་པ་དང་། འདི་ཉིད་ཀྱི་དགོངས་པའི་དོན་ལ་མཐར་ཐུག་པ་མེད་པའི་ཕྱིར་གཞལ་ཡས་ཁང་གི་རྩེ་མོ་མཐོ་དམན་གྱི་ཚད་དཔག་ཏུ་མེད་པ་སྟེ་དེ་པའི་དབུའི་གཙུག་ཏོར་ལྟ་བུའོ། །འོ་ན་གོང་གི་རྩེ་མོའི་དོན་དང་ཟློས་སོ་ཞེ་ན། གོང་མ་རྩེ་མོའི་རྣམ་པ་ཡིན་ཅིང་འདི་ཚད་ཡིན་ནོ། །གློ་འབུར་ནི་ལྷག་པའི་ཞེས་པ་མ་དགོངས་ནས་དང་། ཁྱད་པར་འཕགས་པ་གཉིས་ལས། འདིར་ཕྱི་མ་སྟེ་དེ་ལ་དོན་དང་རྟགས་གཉིས་ལས། དོན་ནི་ཡེ་ཤེས་རེ་རེ་ཡང་ལྔ་ལྔས་ཁྱད་པར་དུ་བྱས་པས་གདུལ་བྱའི་འདོད་པ་སྐོང་བའི་ཕྱིར་རིན་པོ་ཆེའོ། །རྟགས་ནི་གཞལ་ཡས་ཁང་གི་ཕྱོགས་བཞིར་ལྷ་མི་བཞུགས་པའི་ཁང་པ་བཞི་གློ་འབུར་གྱི་ཚུལ་གྱིས་མཛད་པ་སྟེ། དེ་ཡང་མཁར་ཐབས་ལ་སོགས་དབྱིབས་དང་དཀར་སེར་ལ་སོགས་ཁ་དོག་གི་ཁྱད་པར་གྱི་མཛེས་པའོ། །སྒོ་ནི་འདིའི་ལམ་གྱི་ཏིང་ངེ་འཛིན་བཞི་ནི་རྣམ་པར་ཐར་པ་བཞིའོ། །དེ་ནས་འཇུག་པའི་ཕྱིར་གཞལ་ཡས་ཁང་གི་ཕྱོགས་བཞིར་སྒོ་བཞིར་འབྱུང་སྟེ་སྒོ་ཁྱུད་ཅེས་པ་ངོས་དང་འགྲམ་པ་དང་ཡ་ཕུབས་ལ་སོགས་སོ། །ཅན་ཞེས་པ་དེ་རྣམས་རྒྱན་གྱི་བྱེ་བྲག་སྣ་ཚོགས་དང་ལྡན་པའི་སྒྲ་ཡིན་ཏེ། ཇི་སྐད་དུ་རྔམ་གློག་ལས། གཞལ་ཡས་དེ་ཡི་སྒོ་བཞི་ན། །གླང་སེང་རྣམས་ཀྱིས་མཛེས་པར་བྱས། །ཞེས་པ་དང་། རྡོ་རྗེ་ལས་ཀྱང་། ཡེ་ནས་མཉམ་ཉིད་མི་གཡོའི་ཕྱིར། །ཏ་ལའི་ལྗོན་ཤིང་རང་བཞིན་གནས། །ཞེས་སོ། །རྟ་བབས་ནི་རྣམ་པར་ཐར་པ་བརྒྱད་ཅེས་པས། དེ་ནི་པི ན་ཏར་ལས། ཉན་ཐོས་རང་རྒྱལ་བྱང་ཆུབ་དང་། །བྱ་བའི་རྒྱུད་དང་གཉིས་ཀའི་རྒྱུད། །རྣལ་འབྱོར་བསྐྱེད་དང་རྫོགས་པའི་ཚུལ། །རྣམ་ཐར་བརྒྱད་ཀྱི་རྟ་བབས་ལྡན། །ཞེས་པ་དང་། སྤར་ཁབ་ལས་ཀྱང་། ཐེག་པ་བརྒྱད་ལ་སྦྱངས་པ་ལས་སྣང་བའི་ཕྱིར་ཉེ་བར་མཚོན་པ་ཞེས་པས། དེ་དག་གི་མཚོན་བྱེད་དུ་རྒྱན་གྱི་རྟ་བབས་བརྒྱད་དུ་བྱུང་བ་སྟེ། ལྡན་པ་ཞེས་པ་དེ་ཡང་རྒྱན་དང་ལྡན་པ་སྟེ། ཏ་ལའི་ལྗོན་ཤིང་དང་གསེར་གྱི་ཙོང་ཙོང་གིས་སྦྲེལ་བ་རཏྣའི་ཕྲ་མིག་གིས་སྤྲས་པ་ལ་སོགས་པ་སྟེ། སྟོད་ན་པདྨའི་ཁོང་གསེང་ལ་རཏྣའི་ཟར་ཚགས་དང་། ཤར་བུ་དང་ཕྲེང་བ་དང་སྒྲོམ་དང་གཡས་གཡོན་ན་ཁྱུང་མགོས་བརྒྱན་པའམ། ཡང་ན་ཆོས་ཀྱི་རི་དྭགས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་དང་འཁོར་ལོ་རིམ་པ་བཅུ་གསུམ་གྱི་སྟེང་ན་རཏྣའི་གདུགས་ཀྱིས་མཛེས་ཤིང་ཏོག་དང་ལྡན་པའོ། །དེ་ཡང་ཇི་སྐད་དུ་རྒྱས་པ་ལས། ཞབས་དང་མ་ཆགས་ཟ་ར་ཚགས། །སྣ་འཕྱོང་ཆུན་འཕྱང་ཕྲེང་བ་དང་། །སྣ་ཚོགས་ཁྱུང་མགོས་རིམ་པར་འཁྲིགས། །ཞེས་པ་དང་། རྟ་བབས་རྣམས་ཀྱི་རྩེ་མོ་ལ། །གསེར་གྱི་དྲིལ་བུ་འབར་བ་དག །དཀོན་ཅོག་གསུམ་གྱི་སྒྲ་ཡང་སྒྲོགས། །ཞེས་གསུངས་པ་བཞིན་ནོ། །མཚན་ཉིད་ནི། དབྱེར་མེད་མངོན་དུ་བྱས་པས་ཕྱི་སེམས་ཅན་གྱི་རྟོག་པ་དང་ནང་རྒྱལ་བའི་ཐུགས་གཉིས་ཐ་དད་དུ་འཛིན་པ་མེད་པས་ཤེས་བྱའི་དཀྱིལ་འཁོར་ཀུན་ཏུ་ཡང་ཡེ་ཤེས་སུ་གསལ་བ་ལས་གཞན་མ་དམིགས་པའི་ཕྱིར་ནང་དུ་གྱུར་པ་ཞེས་བྱ་སྟེ། མི་ནུབ་རྒྱལ་མཚན་ལས། ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང་། །ཞེས་གསུངས་པའི་ཕྱིར་རོ། །དེ་མཚོན་པ་ལ་གདུལ་བྱའི་དོན་གཞལ་ཡས་ཀྱི་ཕྱི་ནང་ཐམས་ཅད་མི་སྒྲིབ་པར་གསལ་བ་ཡིན་ནོ། །གདན་ཁྲི་ལ་གསུམ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་དང་། སའི་ཁྱད་པར་བགྲོད་པའི་དང་། ཡོན་ཏན་གྱི་ཆེ་བ་བཅོམ་པའི་གདན་ནོ། །དང་པོ་ནི་གོང་ནས། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ་ཞེས་པའི་འབྲུ་གནས་ཀྱི་རང་བཞིན་གྱི་སྐབས་སུ་བཤད་ཟིན་ཡང་། འདིར་གདན་གྱི་དབང་དུ་ཅུང་ཟད་སྦྱར་ན་འབྲས་བུ་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པའི་ཕྱིར་གཞལ་ཡས་ཁང་གི་གཞི་འཁོར་ལོ་ཆེན་པོ་གཅིག་ཏུ་གནས་པ་ཡིན་ནོ། །དེ་ཉིད་གདུལ་བྱའི་བློས་ཚད་གཟུང་དུ་མེད་ཅིང་ཡེ་ཤེས་ལས་གྲུབ་པའི་ཕྱིར་འོད་ཟེར་ཁ་དོག་ལྔར་གསལ་བ་ལ་འོད་ཀྱི་ཕྲེང་བ་ཕྱི་ནང་བསྣོལ་མར་འཁྲིགས་པའོ། །གཉིས་པ་ནི། དེ་པ་རྣམས་ལ་ཐུགས་མི་འཇིགས་པ་བཞི་ལྷུན་གྱི་གྲུབ་པའི་རྟགས་སུ་དབུས་སུ་སེང་གེ་བརྒྱད་རཏྣའི་ཁྲི་རྐང་གི་བར་དུ་ཕྱོགས་རེར་ཡང་གཉིས་གཉིས་གཤིབས་ནས་ཁ་ཕྱིར་བལྟས་པ་དང་། སྐུ་སྟོབས་བཅུ་དང་ལྡན་པའི་རྟགས་སུ་ཤར་དུ་གླང་པོ་ཆེ་བརྒྱད་དང་། ཡོན་ཏན་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་རྟགས་སུ་ལྷོར་རྟ་བརྒྱད་དང་། གསུང་དབང་བཅུ་དང་ལྡན་པའི་རྟགས་སུ་ནུབ་ཏུ་རྨ་བྱ་བརྒྱད་དང་། ཕྲིན་ལས་བཞིས་འགྲོ་བ་ཐོགས་པ་མེད་པར་སྒྲོལ་བའི་རྟགས་སུ་བྱང་དུ་ནམ་མཁའ་ལྡིང་བརྒྱད་དོ། །དེ་དག་པིན་ཏར་ལས་ཀྱང་། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་འཇོམས། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །སྐུ་ནི་སྟོབས་བཅུས་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་པོའི་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་པོའི་ཚུལ། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་ཕྲིན་ལས་རྣམ་བཞིས་སྐྱེ་བཞི་སྒྲོལ། །དེ་གྲུབ་རྟགས་སུ་མཁའ་ལྡིང་ཁྲི་ལ་བཞུགས། །ཞེས་སོ། །འོ་ན་མི་འཇིགས་པ་བཞི་མི་བསྐྱོད་པ་ཁོ་ན་ལ་གྲུབ་ཀྱི་རྒྱལ་བ་གཞན་ལ་མ་གྲུབ་བམ་ཞེ་ན། མ་ཡིན་ཏེ། ཐམས་ཅད་ལ་ཐམས་ཅད་གྲུབ་ཅིང་འདིར་སོ་སོར་སྦྱར་བ་ནི་ཆོས་མཐུན་པ་བརྩིས་པ་ཡིན་ནོ། །གལ་ཏེ་སེང་གེ་ལ་སོགས་པ་འདི་རྣམས་ཐུགས་ཡེ་ཤེས་རང་སྣང་གི་གདན་ཡིན་ནམ་འོན་ཏེ་སྨོན་ལམ་གུས་པའི་གདན་ཡིན། དང་པོ་ལྟར་ན་ལུང་རིག་གཉིས་ཀྱིས་གནོད་དེ། ལུང་ནི། བྱང་ཆུབ་སེམས་དཔའ་སྨོན་ལམ་དབང་། །ཐོས་པ་རྒྱ་མཚོ་བསགས་པའི་ཕྱིར། །ལུས་ནི་སེང་གེ་གདན་དུ་སྤྲུལ། །ཞེས་པ་དང་། སྤར་ཁབ་ལས་ཀྱང་། བྱང་ཆུབ་སེམས་དཔའ་གཅིག་གཅིག་ཀྱང་བརྒྱད་བརྒྱད་ཅེས་པ་དང་འགལ་ལོ། །རིག་པའི་གནོད་བྱེད་ཀྱང་འདུལ་བྱེད་སྤྲུལ་པ་བ་དེ་དོན་མེད་དུ་འགྱུར་ཏེ། གདུལ་བྱ་མེད་པའི་ཕྱིར་རོ། །གཉིས་པ་ལྟར་ན་སྤར་ཁབ་ལས། འབྲས་བུ་ཆོས་བཞི་དང་བཅུ་གཉིས་གཉིས་དང་། ཐམས་ཅད་མཁྱེན་པ་ཉིད་རྫོགས་པས་ཞེས་པ་དང་། གཞན་ཡང་གོང་ལྟར་པིན་ཏར་དང་ཡང་འགལ་ལོ། །རིག་པས་ཀྱང་གནོད་དེ། འདུལ་བྱེད་མེད་པའི་གདུལ་བྱ་མི་སྲིད་དོ་ཞེས་ཟེར་ཏེ། འདི་མ་གྲུབ་པར་སེམས་སོ། །འོ་ན་ཇི་ལྟར་ཞེ་ན། ཡེ་ཤེས་རང་སྣང་དང་སྨོན་ལམ་གུས་པ་གཉིས་ཅར་ཡིན་ནོ། །དེ་ལ་ཁ་ཅིག་དོ་མི་འཐད་དེ། དེ་གཉིས་ཐ་དད་ཅིང་ཁྱད་པར་ཡང་ཡོད་པའི་ཕྱིར་རོ་ཞེ་ན། སྤྱིར་རྒྱུད་ཐ་དད་ལ་བལྟས་ནས་ཁྱད་པར་ཡོད་ཀྱང་། སྐབས་འདིར་དེ་གཉིས་རྒྱུད་ཐ་དད་པར་མ་གྲུབ་པས་སེང་གེ་ལ་སོགས་གཞི་གཅིག་གི་སྟེང་དུ་ཡེ་ཤེས་རང་སྣང་དང་སྨོན་ལམ་གུས་པ་གཉིས་ཆར་གྲུབ་ཏུ་རུང་སྟེ། དཔེར་ན་དགེ་བའི་བཤེས་གཉེན་གྱི་ཆིབས་པ་དེ་སློབ་མས་དད་པས་ཕུལ་བ་དང་དེ་ཉིད་དགེ་བཤེས་ཀྱི་བསོད་ནམས་ལས་གྲུབ་པ་གཉིས་རྟ་གཅིག་གི་སྟེང་དུ་མཚུངས་པ་ལྟར། རྒྱལ་བ་རྣམས་ལ་མི་འཇིགས་པ་བཞི་ལ་སོགས་པ་ལྷུན་གྱིས་གྲུབ་པའི་རྟགས་སུ་སེང་གེ་ལ་སོགས་པའི་གདན་དུ་སྣང་ལ། ས་ལ་གནས་པའི་སེམས་དཔའ་ཡང་ལུས་སྒྲིབ་ཀྱི་ཆ་དང་བཅས་པ་རྣམས་སེང་གེ་ལ་སོགས་པར་སྤྲུལ་ནས་དབུའི་གཙུག་ཏོར་གྱི་ཞབས་ཀྱི་གདན་ཁྲི་བཏེག་པས་ཉོན་སྒྲིབ་སྦྱོང་ཞིང་། རྣ་བས་ཆོས་ཉན་པས་ཤེས་སྒྲིབ་སྦྱོང་བའོ། །དེས་ན་འགོ་འབྱོར་ཡིན་གསུང་ངོ་། །ཐ་ནི་འབྲུ་བསྒྱུར་ཏེ་དང་ལ་རིན་པོ་ཆེའི་ཞེས་པ། རཏྣའི་ཁྲི་རྐང་གིས་བཏེག་པའི་གདུང་གི་ལོགས་ལ་སྤར་ཁབ་བདུན་བདུན་ཡོད་པ་ནི་འབྲས་བུའི་ཆོས་དཀོར་བདུན་ལྷུན་གྱིས་གྲུབ་པར་མཚོན་པའོ། །དེའི་དབུས་ན་མཐའི་སྐྱོན་གྱིས་གོས་པ་མེད་པའི་རྟགས་སུ་པདྨའི་སྡོང་པོ་རྒྱས་པ་ན་ཡལ་ག་ལས་མེ་ཏོག་ཁ་མར་ལོག་པས་རཏྣའི་གདུང་དང་སེམས་ཅན་གྱི་སྒལ་པ་གཡོགས་ཤིང་ཡར་ལ་ལོག་པས་ཉི་ཟླའི་གདོང་གཡོགས་པ་ཡིན་ཞེས་གསུང་ངོ་། །རྒྱལ་བ་རྣམས་ཀྱི་ཐུགས་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བ་མཚོན་པའི་ཕྱིར་རམ་ཐབས་ཤེས་རབ་གཉིས་མཚོན་པ་ལ་ཉི་ཟླའི་དཀྱིལ་འཁོར་རོ། །འོག་ནས་གདན་ཞེས་པ་དེ་དག་གི་བརྩེག་ལུགས་ནི། སྤར་ཁབ་ལས། ཐེག་ལེ་ཆེན་པོ་དང་ས་བོན་ནི་ཐམས་ཅད་ཀྱི་བྱེད་པ་པོའི་ཕྱིར་བདག་པོ་དང་རྡོ་རྗེ་སྟེ་དབུས་ན་ཟླ་བ་བླར་གནས་སོ་ཞེས་སོ། །དེ་ལ་ཁ་ཅིག་ཕྱི་གྲོལ་ལམ་ལྟར་དུ་དོན་དམ་རྒྱུ་དང་ཀུན་རྫོབ་འབྲས་བུ་ལ་དགོངས་ཤིང་། ནང་སྟེང་སྒོ་ལྟར་དུ་སྙིང་ཚིལ་དཀར་པོ་སྟེང་དང་སྙིང་ཤ་དམར་པོ་འོག་ན་ཡོད་པ་ལ་དགོངས་ལ། གསང་བ་འོག་སྒོ་ལྟར་དུ་ཡབ་ཀྱི་ཐིག་ལེ་དཀར་པོ་སྟེང་ནས་འབབ་ཅིང་ཡུམ་གྱི་ཐིག་ལེ་དམར་པོ་འོག་ནས་འབྱུང་བ་ལ་དགོངས་ཞེས་ཟེར་རོ། །ཁ་ཅིག་ནི་ཆོས་མཐུན་ཡིན་ཏེ་ཀུན་ཏུ་བཟང་པོ་རྒྱུད་ཀྱི་བྱེད་པ་པོ་ཡིན་ཞིང་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གྱི་བྱེད་པ་པོ་ཡིན་ལ། ཐིག་ལེ་ཆེན་པོ་འདས་པ་དང་། ས་བོན་ནི་འཁོར་བའི་བྱེད་པ་པོ་ཡིན་པའི་ཕྱིར་ཟླ་དཀྱིལ་སྟེང་དུ་བྱུང་ཟེར་ཏེ། འདི་ནི་སྤྱན་འགྲེལ་ལས། གཙོ་བོ་ནི་ཤེས་རབ་ལ་སྤྱོད་པའི་ཕྱིར་དང་ནང་གི་ཆུ་སྐྱེས་ཉི་མའི་ལྟེ་བ་ལ་ཟླ་བ་བརྟེན་པའི་ཕྱིར་རི་བོང་ཅན་སྟེང་ན་གནས་སོ། །ཞེས་པ་དང་། གཞན་ཡང་ཟླ་བ་སླར་གནས་པ་ནི་ཐབས་མཚོན་པའི་ཕྱིར་རོ་ཞེས་གསུངས་པས་ཤེས་སོ་གསུང་ངོ་། །ལ་ཞེས་པ་གནས་གཞིའི་སྒྲས་བསྟན་དེ་དག་ལ་གོང་གི་སྟོན་པའི་བདག་ཉིད། འོག་ནས་འབྱུང་བ་འཆད་པའི་སྐྱེས་བུ་རྣམས་བཞུགས་པར་མཚོན་པ་ཡིན་ནོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ལ་རང་བཞིན་གཉིས་མེད་ཀྱི་འཁོར་ནི་བཅོམ་ལྡན་འདས་ཞེས་པ་ལ་སོགས་ཏེ། དེ་ཡང་བཅོམ་ལྡན་འདས་དང་དེ་བཞིན་གཤེགས་པ་གཉིས་སྔར་བཤད་ཟིན་ཏེ། སྟོན་པའི་བདག་ཉིད་དང་མཚན་ཐུན་མོང་བ་ཡིན་པའི་ཕྱིར་ཏེ། དེ་ལྟར་ཡང་སྤར་ཁབ་ལས། མཚན་མཐུན་པ་ནི་སྔར་ཐལ་ཏེ་ཞེས་པའི་ཕྱིར་རོ། །འདིར་ཁ་ཅིག་རིགས་ལྔ་ལ་སོགས་པའི་འཁོར་འདི་རྣམས་ལ་སངས་རྒྱས་ཀྱི་མཚན་ནས་མི་སྨོས་པར་རྟོག་པའི་མིང་ནས་སྨོས་པའི་འབད་པ་ཇི་ལྟར་ཡིན་ཞེ་ན། བླ་མའི་གསུང་སྒྲོས་ཀྱི་རྒྱུ་མཚན་གཉིས་ཀྱིས་གྲུབ་སྟེ། འོག་སྒོའི་གླེང་གཞིའི་སྐབས་སུ་རྟོག་པ་རྣམས་འཁོར་ཡིན་པའི་ཕྱིར་དང་། རྟོག་པའི་རང་བཞིན་སངས་རྒྱས་ཡིན་པའི་ཕྱིར་ཞེས་གསུང་ངོ་། །དེ་ལྟར་ཡིན་པར་མ་གྲུབ་ཅེ་ན། དེ་ལྟར་ཡིན་ཏེ། ཇི་སྐད་དུ་ཐལ་རྒྱུད་ལས། མ་ད་མ་ནུ་སྡོམ་བྱེད་ཡིད། །ལུས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བས་ཞེས་པས་འོག་སྒོའི་སྐབས་སུ་འཁོར་ཡིན་ཞིང་། འདི་ཉིད་ཀྱི་གཉིས་པ་ལས། ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །ཞེས་པས་རྟོག་པའི་རང་བཞིན་སངས་རྒྱས་ཡིན་པར་གསུངས་པའི་ཕྱིར་རོ། །སློབ་དཔོན་སྒེག་པས་ཀྱང་འདི་བཞེད་དེ། ཇི་སྐད་དུ། དེ་དག་ཀར་དག་པར་ཐུགས་སུ་ཆུད་པ་ལས་རྡོ་རྗེ་འཛིན་པ་ལ་སོགས་པར་སྣང་བའི་ཕྱིར་རོ་ཞེས་གསུངས་པ་བཞིན་ནོ། །དེ་ཡང་རྣམ་པར་ཤེས་པའི་ཞེས་པ་ཆོས་རིག་ཅིང་གསལ་བའོ། །རྒྱལ་པོ་ཞེས་པ་ལྔ་ཆར་རང་བཞིན་རྟོག་པ་ལས་ཁྱད་པར་རྒྱལ་བའི་སྐུར་དབང་སྒྱུར་བས་སམ། ཡང་ན་ཟག་པ་མེད་པའི་ལོངས་སྤྱོད་ལ་མངའ་བརྙེས་པས་སོ། །དེ་བཞིན་དུ་གཟུགས་ཀྱི་ཞེས་པ་གཞིག་ཅིང་གཞོམ་དུ་རུང་བ་དང་། ཚོར་བའི་ཞེས་པ་ཉམས་སུ་མྱོང་བའི་རང་བཞིན་ཅན་དང་། འདུ་ཤེས་ཀྱི་ཞེས་པ་ཡུལ་ལ་མཚན་མར་འཛིན་པ་དང་། འདུ་བྱེད་ཀྱི་ཞེས་པ་རྒྱུ་རྐྱེན་ལས་སྐྱེས་པའི་སེམས་མངོན་པར་འདུ་བྱེད་པ་རྣམས་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ་འཆད་པའི་སྐྱེས་བུ་ལྔའི་བདག་ཉིད་དོ། །ཡང་འདི་བསམ་པར་བྱ་སྟེ། གོང་ལྟར་སྤྱིར་རྟོག་པ་སྨོས་པའི་དགོས་པ་གྲུབ་ཀྱང་བྱེ་བྲག་ཏུ་རྣམ་ཤེས་མི་བསྐྱོད་པ་ཁོ་ནར་སྦྱོར་བ་ལ་རྒྱུ་མཚན་མེད་དེ། དེ་ཚོད་དུ་རྣམ་ཤེས་རྣམ་སྣང་ཡིན་པ་ཅིས་འགོག་ཅེ་ན། རྣམ་ཤེས་ཆོས་ཅན། མི་བསྐྱོད་པ་ཡིན་ཏེ། རྣམ་ཤེས་དག་པ་ཐུགས་ཡིན་ལ་དེ་རྡོ་རྗེའི་རིགས་མི་བསྐྱོད་པ་ཡིན་པའི་ཕྱིར། །དཔེར་ན་རྒྱལ་པོའི་བུ་ཡིན་པ་ལ་རྒྱལ་རིགས་ཟེར་བ་བཞིན་ནོ་ཞེས་སྨྲས་པ་ལ། མི་བསྐྱོད་པ་ཐུགས་ཀྱི་རིགས་ཡིན་པར་མ་གྲུབ་བོ་ཞེ་ན། དེ་ལྟར་ཡིན་ཏེ། ཇི་སྐད་དུ་གླང་པོ་རབ་འབོག་ལས། དོན་དམ་པར་སེམས་ཅན་གྱི་རྣམ་པར་ཤེས་པ་གནས་སུ་དག་པ་དེ་པའི་ཐུགས་ཀྱི་བདག་ཉིད་ཅེས་པ་ནས། བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པ་ཞེས་པ་དང་། བླ་མ་ལས། རྣམ་ཤེས་མི་བསྐྱོད་རང་བཞིན་ཏེ། །ཞེས་པ་དང་། སློབ་དཔོན་སངས་རྒྱས་གསང་བའི་གཞུང་ལས། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །ཅེས་པ་ནས། མི་བསྐྱོད་ཡབ་ཡུམ་རང་བཞིན་ལ། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་གི་ཡུམ་ནི་བཙུན་མོ་ཞེས་པ་ལ་སྤྱིར་དྷ་སིད་ཀྱི་སྒྲ་ལས་དྲངས་ན་བསྐྱེད་པ་དང་སྤྱད་པ་ལ་འཇུག་ལ། འདིར་དེ་གཉིས་ཀའི་ཆོས་དང་ལྡན་ཏེ། རྟོགས་པའི་སྐབས་སུ་སྲ་བ་ལ་སོགས་པའི་ཕུང་པོ་ལྔ་སྐྱེད་ཅིང་། དེ་དག་གནས་འགྱུར་གྱི་སྐབས་སུ་འབྱུང་བ་ལྔ་དག་པའི་ཡུམ་ལྔ་ནི་ཕུང་པོ་ལྔ་དག་པ་རིགས་ལྔའི་སྤྱད་པར་བྱ་བའི་ཡུལ་ཡིན་པའི་ཕྱིར་རོ། །དམ་པ་ཞེས་པ་ལ་ཁ་ཅིག་སེམས་དཔའི་ཡུམ་ལས་ཁྱད་པར་དུ་གྱུར་པས་དམ་པ་ཟེར་བ་ནི་མི་འཐད་པར་སེམས་ཏེ། འདིར་རྒྱུད་གཅིག་གིས་བསྡུས་པའི་རྟོག་པ་དང་སྦྱར་བའི་ཕྱིར་དེ་ལྟར་མ་ཡིན་པར་འགྱུར་རོ། །དེས་ན་རང་བཞིན་རྟོག་པ་ལས་རྒྱལ་བའི་སྐུར་མངོན་དུ་བྱས་པས་སོ། །སྣང་བའི་ཞེས་པ་ལ་སོགས་གཞུང་བརྟག་གོ། །དབྱིངས་དང་ཞེས་པ་ལྔ་ཆར་སྲས་ཀྱི་དཀྱིལ་འཁོར་བསྐྱེད་པའམ་ཡོན་ཏན་དང་བདེ་བའི་འབྱུང་ཁུངས་སུ་གྱུར་པས་ནའོ། །བཙུན་མོ་ཞེས་པ་བཤད་ཟིན་ལ། ཚོགས་ཞེས་པ་མང་པོའི་སྒྲ་སྟེ། འདིལ་ཁ་ཅིག་སྤྱིར་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་གསུམ་ལས་འདི་ཡུམ་ཤས་ཆེ་བའི་ཕྱིར་ཤེས་རབ་ཀྱི་རྒྱུད་དུ་ངོས་གཟུང་ཞེས་ཟེར་བ་ནི་མ་གྲུབ་སྟེ། ཡབ་ཡུམ་གྲངས་མཉམ་དུ་ཡོད་པའི་ཕྱིར་རོ། །དེས་ན་ཤེས་རབ་ཡུམ་གྱི་ཚོགས་དང་ཐབས་ཡབ་རྣམས་གཉིས་སུ་མེད་པར་སྦྱར་བས་ལྷན་ཅིག་སྐྱེས་པའི་སྐུ་བདེ་བ་ཆེན་པོའི་རང་བཞིན་ནོ། །རྒྱས་སྲས་སེམས་དཔའ་ནི་བྱང་ཞེས་པ་མིག་ཤེས་ལ་སོགས་པ་རྟོག་པ་རྣམས་སོ། །ཆུབ་ཅེས་པ་ས་སྙིང་ལ་སོགས་སེམས་དཔར་གྲུབ་པའོ། །ཆེན་པོ་ཞེས་པ་རྒྱུད་མས་སྦྱངས་ཀྱི་སེམས་དཔའ་ལས་ཁྱད་པར་དུ་གྱུར་བས་སོ། །རྡོ་རྗེེ་ཞེས་པ་ལ་ཁ་ཅིག་འགྲེལ་བ་ལྟར་ལྟ་བའི་སྒྲིབ་པ་འཇོམས་པ་ལ་འདོད་པ་ནི་མ་ཡིན་པར་སེམས་ཏེ། སྒྲིབ་པ་དེ་མེད་པའི་ཕྱིར་རོ། །དེ་མེད་པར་མ་གྲུབ་ཅེ་ན། མེད་དེ། འདི་རྣམས་ཐུགས་ཡས་སྤྲུལ་དུ་བསྒྲུབ་པའི་ཕྱིར་རོ། །དེས་ན་སྤྱིར་རྡོ་རྗེར་བརྗོད་པའི་རྒྱུ་མཚན་ལྔ་ལས་འདི་མིག་ཤེས་དང་ས་སྙིང་གཉིས་རང་བཞིན་དབྱེར་མེད་ཡིན་པའི་ཕྱིར་དེར་བརྗོད་དོ་སྙམ་དུ་སེམས་སོ། །མཐོང་བ་ལ་སོགས་གཞུང་བརྟག་གོ། །དེ་དག་གི་ཡུམ་ནི་བཙུན་མོ་ཞེས་པ་གོང་ལྟར་རྟོག་པའི་དུས་སུ་གཟུགས་ལ་སོགས་པ་ཡུལ་བཞིས་མིག་ཤེས་ལ་སོགས་རྣམ་ཤེས་བཞི་བསྐྱེད་ལ། གནས་འགྱུར་གྱི་སྐབས་སུ་ལ་སྱ་ལ་སོགས་སེམས་མ་འདི་རྣམས་ས་སྙིང་ལ་སོགས་ཐུགས་ཀྱི་སེམས་དཔའི་ཡུམ་ཡིན་པའི་ཕྱིར་རོ། །མཐོང་བར་བྱ་བ་ལ་སོགས་གཞུང་བརྟག་གོ། །དེ་ལ་ཁ་ཅིག་ཡུལ་དང་ཡུལ་ཅན་འཁྲུལ་ཏེ། རྣ་བའི་ཡུལ་སྒྲ་གི་རྟིར་འཐད་ཅིང་སྣའི་ཡུལ་དྲི་མཱ་ལེར་འཐད་དོ་ཞེ་ན། འགྲེལ་ཆེན་གྱིས་ཡུལ་དང་ཡུལ་ཅན་དུ་བྱ་བ་དང་། རིགས་ཀྱི་དབང་དུ་བྱས་པ་ལ་གཉིས་ལས། འདིར་ཕྱི་མ་ཡིན་ནོ། །དེ་ལྟར་ཕྱིའི་སེམས་དཔའི་ཡབ་ཡུམ་རྣམས་གཞུང་བརྟག་གོ། །འཇིགས་བྱེད་ཆེན་པོའི་འཁོར་ནི་འཇོམས་པ་ཞེས་པ་ཁྲོ་བོ་རྣམས་ཀྱི་མཛད་པས་གདུལ་བྱ་གདུག་པ་ཅན་རྣམས་འཇོམས་པའོ། །ཆེན་པོ་ཞེས་པ་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་གསོད་ཅིང་འཇོམས་པ་ནི་རང་ལ་སྡིག་པས་གོས་ཤིང་གཞལ་ལ་སྡུག་བསྔལ་བསྐྱེད་པས་འཇོམས་པ་ཡིན་ཀྱང་ཆེན་པོ་མ་ཡིན་ལ། ཁྲོ་བོ་རྣམས་ཀྱི་མཛད་པས་ནི་དེ་གཉིས་དང་བྲལ་བའི་ཕྱིར་སྒྲ་དོན་དང་ལྡན་པ་ཡིན་ནོ། །རྡོ་རྗེ་ནི་གོང་ལྟར་རེག་སོགས་ལུས་ཀྱི་ཆོས་བཞི་དང་གཤེད་པོ་ལ་སོགས་ཁྲོ་བོ་བཞི་རང་བཞིན་དབྱེར་མེད་ཡིན་པའི་ཕྱིར་རོ། །རེག་པ་དང་ཞེས་པ་ལ་སོགས་པ་ནི། སྤར་ཁབ་ལས། ལུས་ཀྱི་རེག་པ་ལ་སོགས་ནི་གསང་བའི་རྣམ་ཤེས་ཏེ་གཞན་ཡང་དོར་བ་མ་ཡིན་ནོ་ཞེས་པས་ཕྱི་ནང་གཉིས་སུ་གཞུང་བརྟག་གོ། །སྐུ་མདོག་ནི། གཙོ་བོ་དང་འཁོར་དུ་བཅས་པ་དེ་དག་ཀུན་ཀྱང་ཞེས་སྐུ་མདོག་འདི་རྣམས་གང་ལ་ཡོད་པའི་གཞིའོ། །དེ་ལ་གཉིས། རིགས་ཀྱི་དང་། རང་བཞིན་གྱི་སྐུ་མདོག་གོ། །དང་པོ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་འགྱུར་བ་མེད་པའི་ཕྱིར་མི་བསྐྱོད་པ་ལ་སོགས་རྡོ་རྗེའི་རིགས་ཐམས་ཅད་མཐིང་ཁ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ལ་ཉེས་པའི་སྐྱོན་གྱིས་མ་གོས་པའི་ཕྱིར་རྣམ་སྣང་ལ་སོགས་དེ་པའི་རིགས་དཀར་པོ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་ཆེ་བའི་ཡོན་ཏན་རྒྱས་པའི་ཕྱིར་རིན་འབྱུང་ལ་སོགས་རཏྣའི་རིགས་སེར་པོ་དང་། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་གདུལ་བྱ་ལ་ཆགས་པའི་ཕྱིར་མཐའ་ཡས་ལ་སོགས་པདྨའི་རིགས་ལེ་བརྒན་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་ལས་སྣ་ཚོགས་གྲུབ་པའི་ཕྱིར་དོན་གྲུབ་ལ་སོགས་ལས་ཀྱི་རིགས་རྣམས་ལྗང་གུའི་མདོག་ཏུའོ། །འཚེར་བ་ཞེས་པ་ནི་གཉིས་པ་རང་བཞིན་གྱི་སྐུ་མདོག་སྟེ། ཐུགས་ལ་མ་རིག་པ་མེད་པའི་རྟགས་སུ་དུང་དང་ཉི་མ་དང་ཟླ་བ་དང་ཀུ་མུ་ཏ་དང་གསེར་སྦྱངས་དང་དངུལ་དང་ཤེལ་གྱི་ཁ་དོག་ལྟ་བུ་སྟེ། གསལ་ཞིང་དག་པ་དང་མ་ནི་སྐུ་མདོག་ཐམས་ཅད་ལ་ཁྱབ་བྱེད་དུ་ཡོད་པ་ཡིན་ནོ། །ཚད་ནི། ཆོས་ཀྱི་དབྱིངས་ཞེས་པ་ལ་སོགས་ཁྱབ་པའི་དང་། དེ་ལྟ་བུ་ཚོགས་ཞེས་པ་ལ་སོགས་མང་བ་སྟེ། གཉིས་སུ་མེད་པར་བཞུགས་སོ་ཞེས་པ་ནི། སྤར་ཁབ་ལས། རང་བཞིན་དང་། ཐུན་མོང་མ་ཡིན་པ་དང་། བདག་ཉིད་ཆེན་པོ་དང་། གནས་ཀྱི་ཕྱིར་བཞག་པའོ་ཞེས་པས། མཚུངས་པ་བཞིའི་ཕྱིར་སྟོན་འཁོར་དགོངས་པ་ཐ་དད་པ་མེད་པར་བཞུགས་པ་ཡིན་ནོ། ། ད་ནི་འདི་དཔྱད་པར་བྱ་སྟེ། ལེའུ་དང་པོའི་འཁོར་འདི་རྣམས་རྒྱུད་མས་སྦྱངས་པའི་འཁོར་ཡིན་ནམ་འོན་ཏེ་ཐུགས་ལས་སྤྲུལ་པ་ཡིན་ནམ། འོན་ཏེ་དེ་གཉིས་ཀ་ཞེས་གསུམ་དུ་བརྟག་གོ། །དང་པོ་ལྟར་ན་སྐྱོན་གསུམ་སྟེ། འདི་ཉིད་ཀྱི་རྩ་བཤད་དང་འགལ་བ་དང་། མན་ངག་དང་འགལ་བ་དང་རིག་པའི་གནོད་བྱེད་དང་གསུམ་མོ། །དེ་དག་རིམ་པར་བརྗོད་ན་དང་པོ་ནི། རྩ་རྒྱུད་འདི་ཉིད་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་པ་དང་། བཤད་རྒྱུད་རྒྱ་མཚོ་ལས། སེམས་དཔའ་ཆེ་དང་འཇོམས་པ་ཆེ། །དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །ཞེས་སྐྱེས་བུ་རྣམས་སྟོན་པ་ཉིད་དང་ཁྱད་པར་མེད་ཅིང་སེམས་དཔའ་དང་སྒོ་བ་ཡང་ཉིད་ཀྱི་ཐུགས་ཀྱི་ཁྱད་པར་ལས་སྣང་བར་བཤད་པའི་ཕྱིར་རོ། །གཉིས་པ་ནི་སྤར་ཁབ་ལས། མཚན་ཐུན་མོང་པ་གཉིས་ནས་སྔར་ཐལ་ཏེ་ཞེས་པ་དང་། ཁོག་གཞུང་ལས། མཚུངས་པ་བཞི་དང་ལྡན་པའི་ཕྱིར། །ལྔས་ཀྱང་བསྟན་པ་གསུང་མི་འགལ། །ཞེས་སྟོན་པ་ཉིད་དང་ཁྱད་པར་མེད་ཅིང་རྒྱུད་ཀྱི་བྱེད་པ་པོ་སྐྱེས་བུ་ལྔ་ཡིན་པར་བཤད་པའི་ཕྱིར་རོ། །ཐ་མ་ནི་འཁོར་འདི་རྣམས་རྒྱུད་མས་སྦྱངས་ཡིན་ན་གང་ཟག་གཅིག་གམ་ཐ་དད་སྦྱངས་པ་ཡིན། དང་པོ་ལྟར་ན་གཙོ་འཁོར་དང་སངས་རྒྱས་མ་རྒྱས་གཅིག་པ་ལ་འགལ་བའི་ཆོས་ལྡན་ཡིན་ལ། གཉིས་པ་ལྟར་ན་འདི་ནས་གཅིག་གོ་རྟོག་པ་ལས་མ་སྨོས་པའི་ཕྱིར་རོ། །གཉིས་པ་ཐུགས་ཡས་སྤྲུལ་ཡིན་ན་ཡང་སྐྱོན་གསུམ་གོང་ལྟར་རིམ་པར་བརྗོད་དེ། རྩ་རྒྱུད་འདིའི་ལེའུ་གཉིས་པ་ལས། ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱི་མཁྱེན་ཏོ་ཞེས། དབང་མ་ཐོབ་བར་དུ་སྟོན་པའི་དགོངས་པ་ཇི་ལྟ་བར་འཁོར་གྱིས་ཉམས་སུ་མ་མྱོང་བར་བཤད་པ་དང་། ཡང་བཤད་རྒྱུད་ལས། རང་སྣང་རྒྱལ་བའི་སེམས་སོགས་པ། །དང་པོའི་སངས་རྒྱས་སར་རྒྱལ་བ། །ཞེས་སེམས་དཔའ་ལ་སོགས་ས་ལ་སྦྱངས་པས་རྒྱལ་བར་གྱུར་པར་མངོན་པའི་ཕྱིར་རོ། །གཉིས་པ་མན་ངག་ནི། སྤར་ཁབ་ལས། གདུལ་བྱས་ལས་མཐར་ཐུག་པ་ནི་སངས་རྒྱས་ཀྱི་ཞིང་དུ་འགྱུར་ཏེ་ཞེས་མཐར་ལམ་བར་བཤད་པའི་ཕྱིར་རོ། །ཐ་མ་ནི་གདུལ་བྱེད་སྤྲུལ་པ་བ་དེ་དགོས་པ་མེད་པར་འགྱུར་ཏེ། གདུལ་བྱ་རང་རྒྱུད་པ་མེད་པའི་ཕྱིར་རོ། །རྟགས་དེ་མ་གྲུབ་བོ་ཞེ་ན། སྔར་དང་བརྟག་པ་མཚུངས་ཏེ་རང་རྒྱུད་པ་ཐ་དད་ཡོད་དམ་གཅིག་ཡོད། དང་པོ་ལྟར་ན་གཅིག་གི་རྟོག་པ་ལས་མ་སྨོས་ཤིང་། གཉིས་པ་ལྟར་ན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མི་མངའ་བར་འགྱུར་ཏེ་སྤྲུལ་པ་དུ་མས་གདུལ་བྱ་གཅིག་གི་དོན་བྱེད་པའི་ཕྱིར་རོ། །འོ་ན་གསུམ་པ་སྦྱངས་སྤྲུལ་གཉིས་ཀ་ཡིན་པ་ལ་གང་གིས་གནོད་ཅེ་ན་གོང་ལྟར་སྐྱོན་གསུམ་སྟེ། ལུང་ནི་རྒྱ་མཚོ་ལས། དོན་བསྡུས་གསུང་རབ་བཞི་བཅུ་གཉིས། །དེ་ལས་ལྷག་པའི་དོན་སྨྲ་བ། །ཞེས་ངེས་དོན་སངས་རྒྱས་བཞི་བཅུ་རྩ་གཉིས་སུ་སངས་རྒྱས་པར་བཤད་པས་དེ་མི་ཚང་པར་འགྱུར་བའི་ཕྱིར་འགལ་ལ། མན་ངག་ནི་སྤར་ཁབ་ལས། རིགས་ལྔ་དང་སེམས་དཔའི་སྐབས་སུ་རྟོག་པ་སྨོས་པའི་རྗེས་སུ་མཐུན་ཞེས་པའོ། །ཡང་དེ་དག་ཀར་དག་པ་ཐུགས་སུ་ཆུད་པས་རྡོ་རྗེ་འཛིན་པ་ལ་སོགས་པར་རང་སྣང་བའི་ཕྱིར་ཞེས་བཤད་པ་དང་འགལ་ཞིང་། རིག་པ་ནི་ཀར་དག་ཀྱང་སངས་རྒྱས་མིན་ན་རིགས་ལྔ་ཉིད་ཀྱང་སངས་རྒྱས་མིན་པར་འགྱུར་ཞིང་། བྱང་ཆུབ་སེམས་དཔའ་ཟེར་བས་རྒྱུད་མས་སྦྱངས་ཡིན་ན་མ་ཧཱའི་མཐར་ཐུག་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་བྱང་ཆུབ་སེམས་དཔའ་ཡང་རྒྱུད་མས་སྦྱངས་སུ་འགྱུར་རོ་ཞེས་འགེགས་པར་སྣང་ངོ་། །དགག་པ་འདི་རྣམས་མ་ངེས་པར་སེམས་ཏེ། གང་ཞེ་ན། དང་པོ་ལུང་གི་དགོངས་པ་གཞན་ཡིན་ཏེ། ངེས་དོན་བཞི་བཅུ་རྩ་གཉིས་སུ་བཤད་ཅིང་དེ་མ་ཚང་ཡང་འདིར་མི་གནོད་དེ། འདི་ནི་འཁོར་གྱི་རྣམ་གྲངས་སོ་བཞི་ལས་མ་གསུངས་པའི་ཕྱིར་རོ། །མན་ངག་གི་དགོངས་པ་ཡང་རྟོག་པ་སྨོས་ཤིང་ཀར་དག་པ་ཉིད་ཀྱི་ཕྱིར་རྒྱུད་སྦྱངས་སུ་བསྒྲུབ་ཏུ་རུང་ངོ་། །རིག་པ་དང་པོ་ལ་ཐལ་འགྱུར་གྱི་གནས་མེད་དེ། རྟོག་པ་དག་ཀྱང་སངས་རྒྱས་མིན་པར་སུས་ཁས་བླངས། རིག་པ་གཉིས་པ་ཡང་མ་ཧཱའི་ཡིག་ལོག་ལ་རྒྱུད་སྦྱངས་ཁེགས་པར་རྒྱུད་འགྲེལ་གང་ནས་ཀྱང་མ་བཤད་དོ། །གཞན་ཡང་སྤྲུལ་པ་བ་དང་རྟོག་པ་གཉིས་ལྷན་ཅིག་མི་གནས་པ་ཡིན་པར་སེམས་ཏེ། གང་སྤྲུལ་པ་བ་ཡིན་པ་ལ་དག་བྱ་རྟོག་པ་མེད་པའི་ཕྱིར་རོ། །འོ་ན་འདིར་རྟོག་པ་སྨོས་པ་དང་འགལ་ཞེ་ན། ཅི་སྤྲུལ་པ་ལ་དེ་དག་ཡོད་ནས་སྨོས་པ་མ་ཡིན་ཀྱང་གདུལ་བྱ་ལ་ཡོད་པས་དེ་དག་ཚུལ་གྱི་མཚོན་བྱེད་དུ་སྨོས་པ་ཡིན་ཏེ། དཔེར་ན་མི་བླུན་པོ་ལ་བ་གླང་དུ་བཏགས་པ་དེ་ནོག་ཤལ་ལ་སོགས་ལྡན་ནས་བཏགས་པ་མིན་གྱི་བླུན་པའི་གོ་བྱེད་དུ་བཏགས་པ་བཞིན་ནོ། །དེས་ན་སྤྱིར་ལྷན་ཅིག་པའི་འཁོར་འདིའི་སྐབས་སུ་སྦྱངས་སྤྲུལ་གང་ཡིན་ཞེས་དཔྱད་པ་ལ་དགོས་པ་ཡོད་པར་མ་མཐོང་སྟེ། རྟོག་པ་ཁྱད་པར་ཅན་མི་སྐྱེད་པའི་ཕྱིར་རོ། །གལ་ཏེ་དགོས་པ་ཡོད་ན་སྟོན་པ་ཡང་སྦྱངས་སྤྲུལ་གང་ཡིན་ཞེས་པ་དང་མཚུངས་པར་སེམས་སོ། །ཇི་སྲིད་དཔྱོད་ན་གཉིས་ཆར་ཡིན་པ་བདེ་བར་སེེམས་ཏེ། ཇི་སྐད་དུ་སྤར་ཁབ་ལས། མཚན་ཐུན་མོང་བ་གཉིས་ནི་ལྔར་ཐལ་ཏེ་ཞེས་པས་རིགས་ལྔ་སྤྲུལ་པར་གསལ་ཞིང་། གདུལ་བྱ་ལས་མཐར་ཐུག་པ་ནི་ཞེས་པས་སེམས་དཔའ་རྣམས་སྦྱངས་པ་བ་ཡིན་པར་སློབ་དཔོན་སྒེག་པ་ཡང་བཞེད་པ་ཡིན་པའི་ཕྱིར་དང་། མང་བའི་ཚད་ཀྱི་སྐབས་སུ་འཁོར་ཆ་གཉིས་སུ་མངོན་པ་ཡང་འདིའི་ཤེས་བྱེད་དུ་འགྱུར་བའི་ཕྱིར་རོ། །མཁས་པ་ཁ་ཅིག་ཀྱང་དེ་ལྟར་འདོད་དེ། དེའི་རྒྱུ་མཚན་ཡང་འདི་ཉིད་ནས་འཆད་པའི་སྐྱེས་བུ་ལ་བཅོམ་ལྡན་འདས་ཞེས་པ་དང་། སེམས་དཔའ་ལ་བྱང་ཆུབ་ཆེན་པོ་ཞེས་གསུངས་པའི་ཕྱིར་རོ་ཞེས་འདོད་དོ། །འདིར་བླ་མ་གོང་མ་རྣམས་ཀྱིས་རྟོག་པ་དང་སྦྱར་བའི་འཁོར་འདི་རྣམས་ཐུགས་ཡས་སྤྲུལ་དུ་བཞེད་དོ། །འོ་ན་གདུལ་བྱ་མེད་པའི་སྤྲུལ་པ་དོན་མེད་ཅིང་། ལེའུ་གཉིས་པ་ལས་སྟོན་པའི་དགོངས་པ་ད་གཟོད་དབང་ཐོབ་ནས་མྱོང་བར་བཤད་པ་དང་། རྒྱ་མཚོ་ལས། དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བའི་སེམས་སོགས་དང་། །ཞེས་པ་དང་འགལ་ལོ་ཞེ་ན། དེ་དག་དེ་དང་ཆ་འདྲ་བའི་མཐར་ལམ་པ་དང་ཐུན་མོང་གི་ལམ་མཐར་ཕྱིན་པའི་རྒྱལ་བ་བརྗོད་ཀྱིས་མི་ལང་བ་རྣམས་ཡོད་པ་ལ་དགོངས་པ་ཡིན་ཏེ། དེ་ལྟར་འཁོར་ཆ་གཉིས་ཡོད་པར་ཡང་འདི་ཉིད་ལས། དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལོང་བ་དང་གཉིས་སུ་མེད་པ་བཞུགས་སོ་ཞེས་པ་དང་། ཡང་རྒྱ་མཚོ་ལས། དང་པོ་སངས་རྒྱས་སར་རྒྱལ་བ། །སེམས་དཔའ་ཆེ་དང་འཇོམས་པ་ཆེ། །བརྗོད་ཀྱིས་མི་ལང་ཚད་མེད་དང་། །རྣམ་གཉིས་ཚུལ་དུ་བཞུགས་པའོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་ཆ་གཉིས་དང་འདིར་གང་ཟག་གཅིག་གི་རྟོག་པ་ལས་མ་སྨོས་པ་གཉིས་འགལ་ལོ་ཞེ་ན། སྤྱིར་ཆ་གཉིས་ཡོད་པ་ལས་འདིར་ཐུགས་ཡེ་ཤེས་རང་སྣང་གི་དབང་ཡིན་པའི་ཕྱིར། གདུལ་བྱའི་རྟོག་པ་སྤྱོད་ཚུལ་ཀྱང་སྤྲུལ་པ་རེ་རེས་རྟོག་པ་རེ་རེ་དག་པ་མ་ཡིན་ཏེ། སྤྲུལ་པ་གཅིག་གཅིག་གིས་ཀྱང་རྟོག་པ་མཐའ་དག་དག་པ་ཡིན་པས་དེས་ན་ཡེ་ཤེས་རང་སྣང་དུ་བཞེད་པའི་ཕྱིར་དེའི་རྗེས་སུ་འབྲང་བ་ཡིན་ནོ། །གསུམ་པ་གླེང་གཞི་བསྡུ་བ་ལ་གསུམ་ལས། དང་པོ་ནི་སྟོན་པས་གསུངས་པ་དེ་སྡུད་པ་པོས་ལོ་རྒྱུས་སུ་བརྗོད་པའི་ཕྱིར་མཚམས་སྦྱོར་སྡུད་པ་པོའི་ཚིག་ཡིན་ཏེ། ཇི་སྐད་དུ། མངོན་རྟོགས་ལས། གཅུས་དང་དཀྲུགས་དང་གབ་པ་ནི། །རྒྱལ་བ་ཉིད་ཀྱི་ལུང་ཡིན་ཏེ། །རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་བསྡུས་པ་དངོས་ནི། ཁ་ཅིག་ན་རེ། རྒྱུད་འདི་རྩ་བའི་རྒྱུད་ཡིན་ལ། འདིའི་ཡང་རྩ་བ་ནི་བསྡུས་པ་འདི་ཡིན་ཏེ། ཅིའི་ཕྱིར་ན་རྒྱུད་འདིའི་བརྗོད་བྱ་སྣང་བ་གཞི་ཡིན་ལ་དེ་འདིར་བསྡུས་པའི་ཕྱིར། གང་ཞེ་ན་དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ཅེས་པ་རང་བཞིན་གྱི་སྣང་བ་ཡིན་ཏེ། དེ་གཞིའི་རྒྱུད་ཀྱི་མདོར་བསྟན་ནམ་རྩ་བ་ཡིན་པའི་ཕྱིར། རྒྱུད་ཀྱི་དབུ་ཞབས་བརྗོད་བྱ་དེ་དང་དེ་སྟོན་པ་ཐམས་ཅད་དེ་ལས་འཕྲོས་པ་ཡིན་ནོ། །དབང་སྒྱུར་ཞེས་པ་དང་རང་སྣང་བ་ཉིད་ཏིང་འཛིན་གཟུགས་བརྙན་སྒྱུ་མ་རྣམ་དག་གསལ་བ་ནི་ཞེས་པ་གདུལ་བྱའི་སྣང་བ་ཡིན་ཏེ། དེ་ལམ་གྱི་རྒྱུད་ཀྱི་རྩ་བའམ་མདོར་བསྟན་ཡིན་པའི་ཕྱིར་རྒྱུད་དབུ་ཞབས་ཀྱི་བརྗོད་བྱ་དེ་དང་དེ་སྟོན་པ་ཐམས་ཅད་དེ་ལས་འཕྲོས་པ་ཡིན་ནོ། །ཡེ་ཤེས་དཀྱིལ་འཁོར་ཞེས་པ་དང་། སྐུ་གསུང་ཞེས་པ་རྒྱན་གྱི་འཁོར་ལོ་ཞེས་པ་རྣམས་དེ་པའི་སྣང་བ་ཡིན་ཏེ། དེ་འབྲས་བུའི་རྒྱུད་ཀྱི་རྩ་བ་ཡིན་པའི་ཕྱིར། རྒྱུད་དབུ་ཞབས་ཀྱི་བརྗོད་བྱ་དེ་དང་དེ་སྟོན་པ་ཐམས་ཅད་དེ་ལས་འཕྲོས་པ་ཡིན་ནོ། །དེ་ལྟར་ཡིན་པར་ཡང་རྒྱ་མདུད་འགྲེལ་ལས། ད་ནི་རྒྱུད་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ་ཞེས་པ་ནི། དེ་ནས་ཞེས་པ་ནས། ཕྱུང་ངོ་ཞེས་པའི་བར་རྒྱལ་ཚབ་ལྔས་གསུངས་པའི་ཕྱིར་རོ། །གསུངས་པའི་དངོས་གང་ཞེ་ན། ཨེ་ཨེ་ཞེས་པ་ནས། རྡོ་རྗེ་མཆོག་གི་གནས་ཉིད་དོ་ཞེས་པའི་བར་གྱི་བསྡུས་པ་འདི་རྒྱུད་དོན་མདོར་བསྟན་དུ་བཞེད་ཅིང་། ལེའུ་གསུམ་པ་མན་ཆད་རྒྱུད་རྒྱས་པར་བཤད་པ་ཡིན་ཏེ། པིན་ཏར་ལས་ཀྱང་ཇི་སྐད་དུ། རྒྱུད་འདི་ཉིད་ཀྱི་མཚན་གཞིའི་དོན། །དཀྱིལ་འཁོར་གསུམ་གྱི་གསང་བ་འདི། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །རྡོ་རྗེ་ལས་ནི་ངེས་པར་བྱུང་། ཞེས་པས་ཀྱང་། རྒྱུད་མདོར་བསྟན་དུ་བཤད་པའི་ཕྱིར་ཟེར་རོ། །ཡང་ཁ་ཅིག་གིས་ནི་པིན་ཏར་གྱི་ལེའུ་གཉིས་པ་འགྲེལ་པའི་སྐབས་ན། ཇི་སྐད་དུ། དེ་ནས་སྟོན་པ་རྒྱལ་མཆོག་གིས། །དེ་ལ་མདོ་ཡི་དོན་གླེང་བ། །དེ་ཉིད་དོན་ནི་བསྡུ་འདོད་ནས། །ཞེས་པའི་ཕྱིར་གླེང་གཞི་བསྡུས་པ་ཡིན་ཟེར་རོ། །འདིར་གསུང་སྒྲོས་ཀྱིས་ཐེག་པ་བསྡུ་བ། དལ་བསྡུ་བ། གླེང་གཞི་བསྡུ་བ་ཞེས་གསུམ་དུ་བཞེད་དོ། །དེ་ཡང་ཨེ་ཞེས་པ་ཐེག་པ་དགུའི་དོན་དང་། ཨེ་མ་ཞེས་པ་དཀྱིལ་འཁོར་བདུན་ནམ་བཅུ་གཉིས་ཀྱི་དོན་དང་། ཨེ་མ་ཧོ་ཞེས་པ་གླེང་གཞི་རྒྱས་པ་རྣམས་ལ་ངམ་པའོ། །དེ་ཡང་དང་པོ་ཐེག་པ་དགུ་དང་སྦྱར་ན། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ཅེས་པ་ཆོས་ཐམས་ཅད་མ་བཅོས་པའི་དེ་བཞིན་ཉིད་ཀྱི་དབྱིངས་སུ་སྟོན་པ་ཨ་ཏི་ཡོ་གའོ། །དབང་བསྒྱུར་ཞེས་པ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་དབང་སྒྱུར་བ་མ་ཧཱ་ཡོ་གའོ། །ཡེ་ཤེས་དཀྱིལ་འཁོར་ཞེས་པ་ཆོས་ཐམས་ཅད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་སྟོན་པ་ཨ་ནུའོ། །ཐུགས་རྗེའི་ངང་ཞེས་པ་ཐེག་པ་དགུའི་ནང་ནས་བློ་ཆུང་བ་རྒྱལ་བའི་ཐུགས་རྗེ་སྐྱེ་བའི་ཡུལ་ཉན་ཐོས་སོ། །རང་སྣང་བ་ཉིད་ཅེས་པ་དོན་དམ་མཚན་མ་མེད་པའི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་རང་སྣང་བ་ཡོ་གའོ། །ཏིང་འཛིན་ཞེས་པ་དེ་ཁོ་ན་ཉིད་བཞི་དང་ལྡན་པའི་ལུང་གིས་འབྲས་བུ་བསྒྲུབ་པ་ཨུ་པ་ཡའོ། །གཟུགས་བརྙན་ཞེས་པ་དོན་དམ་དག་པ་ཆོས་ཉིད་ཀྱི་གཟུགས་བརྙན་ཀུན་རྫོབ་རིགས་གསུམ་དུ་སྣང་བ་ཀྲི་ཡའོ། །སྒྱུ་མ་ཞེས་པ་ཕྱི་ནང་གི་རྟེན་འབྲེལ་བཅུ་གཉིས་སྒྱུ་མ་ཙམ་དུ་རྟོགས་པ་རང་རྒྱལ་ལོ། །རྣམ་དག་ཅེས་པ་སྤྲོས་པའི་མཐའ་རྣམ་པར་དག་པ་དབུ་མའོ། །གསལ་བ་ནི་ཞེས་པ་སེམས་རང་རིག་ཏུ་གསལ་བ་སེམས་ཙམ་མོ། །སྐུ་གསུང་ཐུགས་ཞེས་པ་ལ་སོགས་པ་ཐེག་པ་དེ་དག་གི་འབྲས་བུའོ། །གཉིས་པ་དཀྱིལ་འཁོར་བསྡུ་བ་ནི་གཉིས་ཏེ། པིན་ཏར་ལྟར་དཀྱིལ་འཁོར་བཅུ་གཉིས་དང་སྦྱར་བ་དང་། སྤར་ཁབ་ལྟར་དཀྱིལ་འཁོར་བདུན་དང་སྦྱར་བའོ། །དང་པོ་ནི་དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ཅེས་པ་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། དབང་སྒྱུར་ཡེ་ཤེས་དཀྱིལ་འཁོར་ཞེས་པ་དང་དབང་སྒྱུར་ཐབས་ཀྱི་དང་། ཐུགས་རྗེ་ཞེས་པ་རང་བྱུང་ཐུགས་རྗེའི་དང་། ངང་ཞེས་པ་ཐུགས་རྗེའི་འདུལ་བའི་དང་། རང་སྣང་བ་ཉིད་ཏིང་ངེ་འཛིན་གྱི་དང་། གཟུགས་བརྙན་ཞེས་གཟུགས་བརྙན་གྱི་དང་། རྣམ་དག་གསལ་བ་ཞེས་ལྷག་པ་ཏིང་ངེའི་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞེས་ལྷག་པ་གཟུགས་བརྙན་གྱི་དང་། སེལ་མེད་པའི་ཞེས་བྱང་ཆུབ་སེམས་ཀྱི་དང་། ཡོན་ཏན་ཡིད་བཞིན་རིན་པོ་ཆེ་ཞེས་ལྷག་པ་བྱང་ཆུབ་སེམས་ཀྱི་དང་། རྒྱན་གྱི་འཁོར་ལོ་ཞེས་མཆོག་གི་དང་། རྡོ་རྗེ་མཆོག་གི་གནས་ཉིད་དོ་ཞེས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །གཉིས་པ་དཀྱིལ་འཁོར་བདུན་དང་སྦྱར་བ་ནི། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ཅེས་པ་རང་བཞིན་གྱི་དཀྱིལ་འཁོར་རོ། །དབང་སྒྱུར་ཡེ་ཤེས་དཀྱིལ་འཁོར་ཞེས་པ་རིག་པ་ལ་རང་དབང་སྒྱུར་ཅིང་ཡེ་ཤེས་ལྔའི་དཀྱིལ་འཁོར་གཞན་དོན་དུ་ངང་ངམ་ཤུགས་ཀྱིས་འབྱུང་བ་རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་རོ། །དེ་གཉིས་ཆར་ལ་རང་བཞིན་གྱི་དཀྱིལ་འཁོར་ཞེས་གཅིག་ཏུ་བགྲང་ངོ་། །རང་སྣང་བ་ཉིད་ཏིང་འཛིན་ཞེས་པ་སེམས་ཉིད་ལྷའི་དཀྱིལ་འཁོར་དུ་གསལ་བར་བསྒོམ་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རོ། །གཟུགས་བརྙན་ཞེས་པ་དེའི་དཀྱིལ་འཁོར་དངོས་སོ། །སྒྱུ་མ་ཞེས་པ་སྣང་ལ་ཡང་དག་ཏུ་མ་གྲུབ་པ་ལྷག་པ་གཟུགས་བརྙན་ནོ། །རྣམ་དག་གསལ་བ་ཞེས་པ་གཟུགས་འཛིན་གྱི་རྟོག་པ་དག་ནས་མི་རྟོག་པར་གསལ་བ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞེས་པ་རིགས་ལྔ་གཙོ་འཁོར་དང་བཅས་པ་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་རོ། །སེལ་མེད་པ་ཞེས་པ་རྩ་དང་ཐིག་ལེའི་བདེ་བ་ལ་རྣམ་རྟོག་གི་སེལ་མེད་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །ཡང་སྐུ་གསུང་ཐུགས་ཡན་ཆད་ནི་དཀྱིལ་འཁོར་བདུན་གྱིས་བསྒྲུབས་པའི་ཡོན་ཏན་ནམ་འབྲས་བུའོ། །དེ་དག་ནི་སྔ་མ་རྣམས་ཀྱིས་བཤད་པའི་སྲོལ་མ་དོར་བ་ཙམ་མོ། །འདི་དག་གི་དབང་དུ་རྒྱུད་དོན་མདོར་བསྟན་དུའང་འོང་བར་སེམས་ཏེ་དཀྱིལ་འཁོར་བདུན་ནི་རྒྱུད་དོན་དངོས་ཡིན་ཞིང་ཐེག་པ་ཡང་རྒྱུད་དོན་དང་ངོ་བོ་གཅིག་པ་ཡིན་ཏེ། བྱེ་བྲག་ཐེག་པ་འདི་དང་ངོ་བོ་གཅིག་པའི་ཕྱིར་རོ། །བཤད་པའི་མཐིལ་ནི་གླེང་གཞི་བསྡུ་བ་ལ་བཞེད་དེ། དེའི་དབང་དུ་དོན་གསུམ་ཡིན་ནོ། །བསྡུ་བ་ནི་གཞུང་འདིའོ། །བསྡུ་རྒྱུ་ནི་སྔར་བཤད་པའི་གླེང་གཞི་རྒྱས་པ་རྣམས་སོ། །སྡུད་ཚུལ་ནི་དོན་གསུམ་དུ་བཅིངས་ཏེ་གང་ཞེ་ན། རྒྱ་དང་བྲལ་བ་གནས་ཀྱི་དོན་བསྡུ་བ་དང་། རྒྱུད་ཀྱི་བྱེད་པོ་སྟོན་པའི་དོན་བསྡུ་བ་དང་། ཡེ་ཤེས་རང་སྣང་འཁོར་གྱི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། གནས་ཀྱི་རང་བཞིན་བསྡུ་བ་དང་། བྱེ་བྲག་གདན་གྱི་དོན་བསྡུ་བའོ། །དང་པོ་ལའང་གསུམ་སྟེ། རང་བཞིན་དངོས་དང་། དེ་གདུལ་བྱ་ལ་གཞལ་ཡས་སུ་སྣང་ཚུལ་དང་། དེའི་ཁྱད་པར་བསྡུ་བའོ། །དང་པོ་ནི་བསྡུས་པ་དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ཅེས་པར་། འོག་མིན་གྱི་གནས་ཞེས་པ་ནས། གསལ་བ་ལ་ཞེས་པའི་བར་རང་བཞིན་དང་། ཡང་རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ་ཞེས་རྒྱ་ཁྱོན་དང་། ཡང་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ་ཞེས་པས་མཚན་ཉིད་རྣམས་བསྡུ་བའོ། །ཚུལ་ནི་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་དང་མཉམ་པ་ཉིད་ཀྱི་དབྱིངས་སུ་ཆོས་ཐམས་ཅད་དབྱེར་མེད་དུ་གནས་པ་རང་བཞིན་ཡིན་ནོ་ཞེས་སོ། །གཉིས་པ་ནི་ཚིག་བསྒྱུར་ཏེ་འོག་ནས་རང་སྣང་བ་ཉིད་ཅེས་པར་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་ཞེས་པས་རྒྱུ་དང་། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ་ཞེས་པས་དབྱིབས་དང་། ལྷག་པའི་ཡེ་ཤེས་གློ་འབུར་གྱིས་མཛེས་ཞེས་གློ་འབུར་དང་། རྩེ་མོ་ཞེས་པ་ནས། འཁྱིལ་བའི་བར་རྩེ་མོ་དང་། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཞེས་པ་ནས། ཀླུབས་པ་ཞེས་པའི་བར་གྱིས་རྒྱན་རྣམས་སྡུད་དོ། །ཚུལ་ནི་རང་སྣང་བའི་ཡེ་ཤེས་ལས་གདུལ་བྱའི་སྣང་བ་ལ་དབྱིབས་ལེགས་ཤིང་ཁ་དོག་གསལ་ལ་རྒྱན་གྱིས་མཛེས་པར་རྣམ་པར་འཕྲུལ་པ་སྟེ་དེ་ཉིད་འོག་གཞི་མི་འགྱུར་ཞིང་རྩེ་མོ་མི་ནུབ་པར་སྣང་བ་ཡིན་ནོ་ཞེས་སོ། །གསུམ་པ་ནི། ཏིང་འཛིན་ཞེས་པས་རྣམ་པར་ཐར་པའི་སྒོ་བཞི་ནས་འཇུག་པའི་སྒོ་ཁྱུད་ཅན་ཞེས་པས་སྒོའི་དོན་སྡུད་དོ། །ཚུལ་ནི་སྟོང་བ་ཉིད་ལ་སོགས་པ་ཏིང་ངེ་འཛིན་བཞིའི་སྒོ་ནས་འཇུག་པར་བྱ་བ་ནི་ཁྱད་པར་ཡིན་ནོ་ཞེས་སོ། །གཟུགས་བརྙན་ཞེས་པར་རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ་ཞེས་རྟ་བབས་སྡུད་ལ། ཚུལ་ནི་ཐུན་མོང་གི་ལམ་ཐེག་པ་བརྒྱད་ཀྱི་མཚོན་བྱེད་དུ་རྟ་བབས་སུ་སྣང་ངོ་ཞེས་སོ། །གཉིས་པ་བྱེ་བྲག་ཏུ་གདན་གྱི་དོན་ནི། སྒྱུ་མ་ཞེས་པར་མི་འཇིགས་པ་སེང་གེའི་ཞེས་པ་ནས་ནམ་མཁའ་ལྡིང་གི་ཁྲི་དང་ཞེས་པའི་བར་སྡུད་དོ། །ཚུལ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་མཚོན་བྱེད་དུ་རིག་པའི་ཡེ་ཤེས་ཉིད་སྒྱུ་མ་ལྟར་སེང་གེ་ལ་སོགས་པར་སྣང་བ་ཡིན་ནོ་ཞེས་པ་དང་། རྣམ་དག་ཅེས་པ ར་གོས་པ་མེད་པ་པདྨ་ཞེས་སྡུད་དེ། པདྨ་ནི་མཐའི་ཉེས་པས་མ་གོས་པ་མཚོན་པ་ཡིན་ནོ་ཞེས་པ་དང་། གསལ་བ་ཞེས་པར་རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་ཞེས་པ་སྡུད་དེ། དེ་ནི་ཐབས་དང་ཤེས་རབ་མཚོན་པ་ལ་ཉི་ཟླའི་དཀྱིལ་འཁོར་དུ་གསལ་བ་ཡིན་ནོ། །ཞེས་སྡུད་དོ། །དོན་གཉིས་པ་སྟོན་པའི་དོན་ནི། གོང་ནས་དབང་སྒྱུར་ཞེས་པར། སྐུ་མདུན་དང་ཞེས་པ་ནས། དབུ་གསུམ་དང་ལྡན་པ་ཞེས་པའི་བར་སྡུད་ཅིང་། ཚུལ་ནི་ཡེ་ཤེས་ལ་མངའ་མཛད་པས་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་འདོད་རྒུར་དབང་སྒྱུར་བ་ནི་རྒྱུད་ཀྱི་བྱེད་པོ་སྟེ་དེ་ནི་སྟོན་པའི་བདག་ཉིད་དོ་ཞེས་སྡུད་ལ། ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང་། །ཞེས་པར། དེ་པ་ཞེས་པ་ནས་རང་བཞིན་ཏེ་ཞེས་པའི་བར་སྡུད་དོ། །ཚུལ་ནི་སྟོན་པ་དེའི་མཚན་ཉིད་ནི་དེ་བཞིན་ཉིད་མངོན་དུ་བྱས་པས་རང་བཞིན་བདུན་དང་ལྡན་པ་སྟེ་སྐུ་ལྔ་ལྷུན་གྱིས་གྲུབ་པ་ཡིན་ནོ་ཞེས་སྡུད་དོ། །དོན་གསུམ་པ་འཁོར་གྱི་དོན་བསྡུ་བ་ལ་གཉིས་ཏེ། འཁོར་དངོས་དང་། ཞོར་ལ་དེའི་ཚད་ཀྱི་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་གཉིས་མེད་ཀྱི་འཁོར་གྱི་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་གྱི་དང་། །དེ་དག་གི་སྐུ་མདོག་གི་དོན་བསྡུ་བའོ། །དང་པོ་ནི་འོག་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞེས་པར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་པ་ནས། འདུ་བྱེད་ཀྱི་རྒྱལ་པོ་དང་ཞེས་པའི་བར་དང་། ཡང་བཙུན་མོ་དམ་པ་ཞེས་པ་ནས། གཉིས་སུ་མེད་པར་ཞེས་པའི་བར་སྡུད་དོ། །ཚུལ་ནི་སྟོན་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལས། རྣམ་ཤེས་ལ་སོགས་ཕུང་པོ་ལྔ་དང་ནམ་མཁའ་ལ་སོགས་འབྱུང་བ་ལྔ་དག་པ་ཐུགས་ཀྱི་རིགས་མི་བསྐྱོད་པ་ཡབ་ཡུམ་ལ་སོགས་འཆད་པའི་སྐྱེས་བུ་རིགས་ལྔ་ཡབ་ཡུམ་དུ་སྣང་བ་ཡིན་ནོ་ཞེས་སོ། །གཉིས་པ་ནི་ཡང་འོག་ནས་མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་ཞེས་པར། དེ་ནས་བྱང་ཆུབ་ཆེན་པོ་ཞེས་པ་ནས། མཚན་མར་མ་ཡིན་པ་ལ་སོགས་པ་ཞེས་པའི་བར་གྱིས་རྒྱལ་སྲས་སེམས་དཔའ་དང་འཇིགས་བྱེད་ཆེན་པོའི་འཁོར་རྣམས་སྡུད་དོ། །ཚུལ་ནི་ཁམས་དང་སྐྱེ་མཆེད་ལ་སོགས་དག་པའི་ཚུལ་སེམས་དཔའ་དང་སྒོ་བ་ཡབ་ཡུམ་ལ་སོགས་པར་ཐུགས་ཀྱི་ཁྱད་པར་ལས་སྣང་བ་ཡིན་ནོ་ཞེས་སོ། །གསུམ་པ་ནི་དེའི་གོང་ནས་ཡོན་ཏན་ཡིད་བཞིན་རིན་པོ་ཆེ་ཞེས་པར། དེ་དག་ཀུན་ཀྱང་ཞེས་པ་ནས། འཚེར་བ་ཞེས་པའི་བར་སྡུད་དེ། ཚུལ་ནི་འཁོར་དེ་དག་གི་རང་བཞིན་དང་རིགས་ཀྱི་སྐུ་མདོག་ཏུ་སྣང་བས་གདུལ་བྱའི་འདོད་པ་གྲུབ་པ་ནི་ཐབས་མ་འདྲེས་པར་གསལ་བ་མཚོན་པ་ཡིན་ནོ་ཞེས་སོ། །གཉིས་པ་ཚད་ནི་དེའི་གོང་ན་སེལ་མེད་པ་ཞེས་པར། ཆོས་ཀྱི་དབྱིངས་ཞེས་པ་ནས། ཁྱད་པར་བཞུགས་སོ་ཞེས་པའི་བར་ཁྱབ་པའི་དང་། དེ་ལྟ་བུའི་ཚོགས་ཞེས་པ་ནས། བཞུགས་སོ་ཞེས་པའི་བར་གྱིས་མང་བའི་ཚད་གཉིས་སྡུད་དོ། །ཚུལ་ནི་སྣ་ཚོགས་སུ་སྣང་བ་ལ་སྐུ་དང་ཡེ་ཤེས་ཀྱིས་ཁྱབ་པས་སེལ་མེད་ཅིང་དེ་ཆོས་ཀྱི་དབྱིངས་དང་དབྱེར་མེད་པ་ནི་ཁྱབ་པའི་ཚད་ཡིན་ལ། ཡེ་ཤེས་ཀྱི་བྱེ་བྲག་བརྗོད་ཀྱིས་མི་ལང་བ་ནི་མང་བའི་ཚད་ཡིན་ནོ་ཞེས་སྡུད་དོ། །ངེས་ཚིག་ནི་འོག་ནས་རྡོ་རྗེ་མཆོག་གི་གནས་ཉིད་དོ་ཞེས་པས། རྡོ་རྗེ་ནི་གཉིས་མེད་དེ་མཆོག་ནི་རྒྱུད་འབྱུང་བ་ཁྱད་པར་ཅན་ནོ། །གནས་ཉིད་དོ་ཞེས་པས་ཕུན་སུམ་ཚོགས་པ་ལྔ་པོ་ནི་རྒྱུད་འབྱུང་བའི་རྒྱུའམ་གནས་ཡིན་ཞེས་པའི་ཐ་ཚིག་གོ། །འོ་ན་འདིར་ཡུམ་ཀུན་མོ་དང་ཐུབ་པ་མ་ཚོགས་སོ་ཞེ་ན། གླེང་གཞི་འདི་རྒྱུད་འབྱུང་བའི་རྒྱུ་ཡིན་པས་ཡུམ་འདིར་མི་དགོས་པའི་ཕྱིར་མ་བྱུང་ལ། ལེའུ་གཉིས་པར་རྐྱེན་དབང་བསྐུར་བའི་སྐབས་སུ་ཡུམ་དགོས་པས་དེར་བྱུང་བ་ཡིན་ནོ། །འཁོར་ཐུབ་པ་ཡང་འགྲོ་བ་མ་ངེས་པ་འདུལ་བའི་འཁོར་ཡིན་པས་འདིར་དེ་མེད་པའི་ཕྱིར་མ་བྱུང་ལ། ལེའུ་གསུམ་པར་འཁོར་འགྲོ་བ་ཕལ་པ་ཡོད་པས་དེ་འདུལ་བའི་ཕྱིར་དེར་བྱུང་བ་ཡིན་ནོ། །འོ་ན་གླེང་གཞི་འདི་རྒྱུ་ཡིན་པས་འདིར་མ་བྱུང་ན་འོག་ཏུ་ཡང་འབྱུང་བར་མི་འཐད་དེ། རྒྱུ་ལ་ཁེགས་ན་འབྲས་བུ་ལའང་ཁེགས་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ་འདིར་རྒྱུ་ས་བོན་ཙམ་ཡོད་པས་འོག་ཏུ་འབྱུང་བ་ཡིན་ཏེ། གང་ཞེ་ན། ཤེས་རབ་ཀྱི་ཞབས་ཞེས་པ་ཡུམ་གྱི་ས་བོན་ལ། སྐུ་གསུང་ཐུགས་སྣ་ཚོགས་པ་ཀུན་ཏུ་སྣང་བ་ཞེས་པ་ཐུབ་པའི་ས་བོན་ཡིན་ནོ། །རྡོ་རྗེ་གསང་བའི་ཚིག་ཏུའོ་ཞེས་པ། གོང་དུ་བཤད་པའི་མངོན་རྟོགས་ལྟར་བསྡུས་པ་འདི་གསང་བདག་གིས་བསྡུས་པའི་དོན་ནོ། །ཡང་འདི་བསམ་པར་བྱ་སྟེ་བསྡུས་པ་འདི་རྒྱུད་དོན་ཡིན་ནམ་མིན། ཡིན་ན་སྟོན་པས་གསུངས་སམ་མ་གསུངས། གསུངས་ན་གླེང་སླང་བའམ། མ་སླང་བར་གསུངས། དང་པོ་ལྟར་ན་གླེང་མ་སླང་བར་གསལ་ལ། གཉིས་པ་ལྟར་ན་ལེའུ་གཉིས་པ་དགོས་པ་མེད་པར་འགྱུར་རོ། །གལ་ཏེ་སྟོན་པས་མ་གསུངས་ན་གང་གིས་གསུངས། སྡུད་པ་པོས་གསུངས་ན། སྟོན་པས་གསུང་པ་ཞིག་གམ་མ་གསུངས་པ་ཞིག་གསུངས། དང་པོ་ལྟར་ན་གླེང་སླང་མ་སླང་གི་བརྟག་པ་སྔར་དང་འདྲ་ལ། སྟོན་པས་མ་གསུངས་པ་ཅིག་སྡུད་པ་པོས་གསུངས་ན། སྟོན་པ་དོན་མེད་དུ་འགྱུར་ཏེ། །རྒྱུད་དོན་སྡུད་པ་པོས་གསུངས་པའི་ཕྱིར་རོ་ཞེ་ན། དེའི་ལན་ལ་གསུམ་སྟེ། གཞན་ལན་དགག་པ་དང་། རང་ལན་གདབ་པ་དང་། དེ་ལ་གཞན་གྱི་རྩོད་པ་སྤང་བའོ། །དང་པོ་ནི། ཁ་ཅིག་ན་རེ། བསྡུས་པ་འདི་རྒྱུད་དོན་མིན་ཏེ། ལོ་རྒྱུས་བསྡུས་པ་ཡིན་པའི་ཕྱིར། སྡུད་པ་པོས་གསུངས་ཀྱང་རྒྱུད་བཤད་པར་མི་འགྲོ་བས་གླེང་སླང་བ་ཡང་མི་དགོས་ཟེར་བ་ནི། རྒྱུད་ཀྱི་དོན་ལ་རྨོངས་པ་ཡིན་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་ཞེས་པའི་ཕྱིར་རྒྱུད་དོན་ཡིན་ལ། སུས་གསུངས་ཤེ་ན་སྟོན་པས་སོ། །འོ་ན་གླེང་མ་སླང་ངོ་ཞེ་ན། ཁ་ཅིག་ན་རེ་རྟགས་མ་གྲུབ་སྟེ། ཐུན་མོང་མ་ཡིན་པའི་འཁོར་ལ་གཞན་གྱི་ཡི་ཚོད་མ་ཡིན་པར་གླེང་སླང་ནས་གསུངས་པ་ཡིན་ཟེར་རོ། །འོ་ན་ལེའུ་གཉིས་པ་མི་དགོས་པར་འགྱུར་ཏེ། གླེང་སླང་ཞིང་རྒྱུད་དོན་ཡང་གསུངས་པའི་ཕྱིར་ཞེས་བརྗོད་པས། ཁྱབ་པ་མེད་དེ། ཐུན་མོང་གི་འཁོར་ལྷ་མི་ལ་སོགས་པ་གཉིས་པར་གླེང་སླང་ནས་གསུངས་པ་ཡིན་ནོ་ཟེར་བ་ཡང་ཤིན་ཏུ་འཁྲུལ་པ་ཡིན་ཏེ། ལྷ་མི་ལ་སོགས་ཐུན་མོང་གི་འཁོར་དེ་རྣམས་སྟོན་པ་དངོས་ཀྱི་འཁོར་མ་ཡིན་ཞིང་། གཉིས་པའི་རྐྱེན་གསང་དབང་ནི་ཐུན་མིན་ལྷན་ཅིག་པའི་འཁོར་ཁོ་ན་ལ་བསྐུར་བའི་ཕྱིར་རོ། །གཉིས་པ་ནི་རྗེ་ཐག་པ་ན་རེ། འོག་མིན་དུ་གླེང་གཞི་ཚོགས་ཤིང་གླེང་སླང་ནས་རྒྱུད་དོན་རྒྱས་པ་དེ་སྡུད་པ་པོས་དོན་འོག་མིན་དུ་སྟོན་པ་ཉིད་ལ་ཐོས་པས་སྟོན་པ་མི་དགོས་པའི་སྐྱོན་མེད་ལ། ཐོས་པ་དེ་མ་ལ་ཡའི་རྩེར་ལོ་རྒྱུས་ཀྱི་ཚུལ་དུ་ཚིག་ཏུ་བསྡུས་ཏེ་དམ་པའི་རིགས་ཅན་ལྔ་ལ་སྡུད་པ་པོས་གསུངས་པའི་ཕྱིར་གླེང་སླང་བ་ཡང་མི་དགོས་པ་ཡིན་ནོ་གསུང་ངོ་། །ཡང་བུདྡྷ་ཀཱིརྟི་ནི། བསྡུས་པ་འདི་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་རྒྱུད་དོན་ཡིན་ན མ་མིན་ན་མ་ཡིན། དེ་ལ་རྒྱུ་མཚན་གཉིས་ཡོད་དེ། གླིང་གཞི་བསྡུས་པས་རྒྱུད་དོན་དུ་མི་འགྱུར་བའི་ཕྱིར་དང་། རྡོ་རྗེ་གསང་བའི་ཚིག་ཏུའོ་ཞེས་ཚིག་སྡུད་པ་པོས་གསུངས་པའི་ཕྱིར་རོ། །མཚོན་བྱེད་ཡི་གེ་རྒྱུད་ཀྱི་རྒྱུད་དོན་ཡིན་ནམ་མ་ཡིན་ན་ཡིན་ཏེ། འོག་མིན་དུ་གླེང་གཞི་ཚོགས་གླེང་སླང་ནས་རྒྱུད་དོན་གསུངས་པ་དེ་གསང་བདག་གིས་བསྡུས་པ་ལ་འགལ་བ་མེད་གསུང་ངོ་། །གསུམ་པ་རྩོད་པ་སྤང་བ་ནི། རྩོད་པ་དང་། དེ་སྤང་བའོ། །དང་པོ་ནི་དེ་ལྟར་ན་མཚོན་བྱེད་ཡི་གེའི་རྒྱུད་དང་། མཚོན་བྱ་ཡོངས་སུ་ཤེས་པར་བྱ་བ་གཉིས་ཆོས་ཅན། འབྲེལ་བ་མེད་པར་ཐལ། རྒྱུད་དོན་ཡིན་མིན་གཉིས་པོ་འགལ་བའི་ཆོས་ལྡན་ཡིན་པའི་ཕྱིར། མུན་སྣང་བཞིན་ཞེས་སོ། །གཉིས་པ་ནི། ཅི་དེ་གཉིས་འགྲེལ་པ་དངོས་པོ་བ་མེད་པའི་ཐལ་ཞེས་སམ། འབྲེལ་ཙམ་མེད་པར་ཐལ་ཟེར། དང་པོ་ལྟར་ན་འདོད་པ་ཡིན་ཏེ་ཚིག་དང་དོན་ལ་འགྲེལ་པ་དངོས་པོར་མེད་དོ། །གལ་ཏེ་ཡོད་ན་ངག་ཏུ་མེ་ཞེས་བརྗོད་པའི་ཚེ་ཁ་འཚིག་པར་འགྱུར་ཏེ། འབྲེལ་པ་དངོས་པོར་ཡོད་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཁྱབ་པ་མེད་དེ། འགལ་བ་ལ་འབྲེལ་ཙམ་མི་ཁེགས་པའི་ཕྱིར་རོ། །ཁོ་ན་རེ་ཁེགས་ཏེ། གང་འགལ་བ་ཡིན་པ་ལ་འབྲེལ་བ་མེད་པས་ཁྱབ་མུན་སྣང་བཞིན་ནོ་ཞེ་ན། རྒྱུ་མཚན་མཚུངས་པའི་འགོ་སྙོམས་ཤིག་བྱ་སྟེ། ཚ་རེག་གྲང་རེག་གི་མེ་ཆུ་གཉིས་ཆོས་ཅན། རྒྱུ་འབྲས་ཀྱི་འབྲེལ་ཙམ་མེད་པར་འགྱུར་ཏེ། ལྷན་ཅིག་མི་གནས་པའི་འགལ་བ་ཡིན་པའི་ཕྱིར། རྟགས་ཚད་མས་གྲུབ་ཅིང་ཁྱབ་པ་མེད་ན། འགལ་བ་ལ་འབྲེལ་མེད་ཀྱིས་ཁྱབ་པ་ཉམས་ལ། ཐལ་འགྱུར་འདོད་ན་དེ་གཉིས་རྒྱུ་འབྲས་སུ་འགྲེལ་པར་བསལ་ཏེ། མེ་བུད་ཤིང་ལས་བྱུང་ཞིང་དེ་ཆུ་ལས་སྐྱེས་པའི་ཕྱིར་རོ། །དེས་ན་ལེའུ་བསྡུས་པ་འདི་གོང་ལྟར་རྒྱ་མདུད་འགྲེལ་ལ་སོགས་ཀྱི་རྩ་བར་བཞེད་པ་ལྟར་ན་རང་བཞིན་གྱི་རྒྱུད་དོན་ཡང་ཡིན་ལ། སྤར་ཁབ་ལྟར་གླེང་གཞི་བསྡུས་པར་བཞེད་པ་ལྟར་ན་མཚོན་བྱེད་ཀྱི་རྒྱུད་དོན་དུ་འགྱུར་བས་རྒྱུད་དོན་ཡིན་མིན་འགལ་བར་མ་གྲུབ་ཅིང་འབྲེལ་བ་མེད་པ་མ་ཡིན་ཏེ། དེ་བྱུང་ཤེས་བྱ་ཤེས་བྱེད་ཀྱི་འབྲེལ་བ་ཡོད་པ་ཡིན་ནོ། །རྒྱུད་དོན་རྣམ་པར་ངེས་པ་ལས་ལེའུ་དང་པོའི་རྣམ་པར་བཤད་པའོ།། ༈ །།ལེའུ་གཉིས་པ་ནི་དོན་གཉིས་པ་རྒྱུད་ཀྱི་གླེང་སླང་བ་སྟེ། དེ་ལ་གཉིས་ལས། ཐུན་མིན་གྱི་གླེང་སླང་ནི་སྔོན་བྱུང་གི་ཟབ་མོའི་དབང་ཡིན་ལ། དེ་ལ་གསུམ། གསང་དབང་དང་། ཐམས་ཅད་མཁྱེན་པའི་དང་། ཤིན་ཏུ་བསྟན་པའི་དབང་ངོ་། །དང་པོ་ནི། འཇུག་པར་གྱུར་ཏོ་ཞེས་ཡབ་ཡུམ་སྙོམས་འཇུག་ལས་བྱུང་བའི་ཉི་ཟླས་རྒྱུ་བྱས་ཤིང་། ཨེ་མ་ཧོ་ཞེས་པ་ལ་སོགས་གཞུང་བརྟགས་ཏེ་ཡབ་ཀྱི་ཉམས་སུ་བསྟར་བའི་དོན་བརྗོད་པས་རྐྱེན་བྱས་ནས། རྒྱུ་རྐྱེན་དེའི་འབྲས་བུ་འཁོར་གྱིས་ཀུན་རྫོབ་ཀྱི་བདེན་པ་རྟོག་ཚོགས་སུ་བཏགས་པ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པར་རྟོགས་པ་དང་། ཡང་རྒྱུ་གོང་མ་དང་རྐྱེན་ཀྱེ་མ་ཞེས་པ་ལ་སོགས་གཞུང་བརྟག་སྟེ། འབྲས་བུ་རྟོག་པ་སྐུ་དང་ཡེ་ཤེས་སུ་གསང་བ་ཉིད་དོན་དམ་པའི་བདེན་པ་རང་བཞིན་ཆོས་ཀྱི་སྐུར་སངས་རྒྱས་པའོ། །དེའི་ཕྱིར་ཡབ་ཡུམ་གཉིས་ཉམས་སུ་བསྟར་བ་དུས་གཅིག་པ་སྟེ། ཇི་སྐད་དུ་སྤར་ཁབ་ལས། ཐིག་ལེ་གཉིས་སུ་མེད་པ་སྟེ་དགོངས་པ་ཡང་བསྡུའོ། །ཡབ་ཡུམ་གྱི་ལས་དང་ཉམས་སུ་མྱོང་བ་དང་ཚིག་འདི་དག་ཡི་གེ་སྔ་ཕྱི་ཡིན་གྱི་དུས་མཉམ་པར་གསུངས་སོ། །ཞེས་པའི་ཕྱིར་རོ། །དེས་ན་སྔོན་དུ་ཞུགས་པ་གཉིས་བཤད་ཅིང་བསྟར་བ་གཉིས་ཕྱི་ལ་བཤད་ན་བདེ་བར་སེམས་སོ། །འདིར་ཁ་ཅིག་ལྷན་ཅིག་པ་ལ་དབང་མི་དགོས་ཀྱང་གོ་ཕྱེ་བའི་ཆེད་དུ་བསྐུར་བ་ཡིན་ཞེས་ཟེར་རོ། །དེ་ལྟར་མ་ཡིིན་པར་གསང་དབང་གི་ངེས་ཚིག་གིས་ཤེས་ཏེ། དེ་ནི་ཞེས་བརྗོད་པས་ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ་ཞེས་པའི་ཕྱིར་ཏེ། དེས་ན་གསང་དབང་ནི་ཉི་ཟླའི་རྫས་ཀྱི་ཁྱད་པར་དུ་བྱས་ཏེ་རྟོག་མེད་ཀྱི་ཡེ་ཤེས་ཤར་ཀྱང་སྟོན་པའི་དགོངས་པ་དབྱེར་མེད་ཀྱི་ཡེ་ཤེས་ད་དུང་མ་མྱོང་བའི་ཕྱིར་གསང་དབང་ཞེས་བྱའོ། །དེ་ལ་ཁ་ཅིག་ཤེས་རབ་ཡེ་ཤེས་ཀྱི་དབང་ཡང་དེར་ཐལ། གཉིས་མེད་ཀྱི་ཡེ་ཤེས་འདིར་ཡང་གསང་བའི་ཕྱིར་ཞེ་ན། སྤྱིར་མཚན་ཉིད་དུ་གཞག་པ་ལ་ཁྱབ་ཆེས་པ་ཆུང་བ་མཚན་གཞི་ལ་མི་སྲིད་པ་རྣམས་སྐྱོན་ཡིན་གྱི། འདིར་ངེས་ཚིག་ལ་དེ་དག་སྐྱོན་མ་ཡིན་ནོ། །གལ་ཏེ་མི་ཤེས་པའི་དམ་ཚིག་གིས་སྐྱོན་དུ་བརྗོད་ན་ཁྱབ་པ་མེད་དེ། ཤེས་རབ་ཡེ་ཤེས་ནི་ཉི་ཟླའི་རྫས་ཀྱིས་ཁྱད་པར་དུ་བྱས་པ་མ་ཡིན་པའི་ཕྱིར་ཚོགས་པ་རྒྱུ་མཚན་ལ་ཡ་གྱལ་བའི་སྐྱོན་གྱིས་མི་གནོད་པ་ཡིན་ནོ། །ཡང་འདིར་ཁ་ཅིག་སྟོན་པ་ཡབ་ཡུམ་གྱིས་གསང་དབང་བསྐུར་བ་འདི་མི་འཐད་དེ། ཁྱད་པར་གྱི་བྱེད་ཆོས་དབང་རྫས་མེད་པའི་ཕྱིར་ཞེ་ན། དེ་མེད་པར་མ་གྲུབ་ཅེས་སྨྲས་པས། ཁོ་ན་རེ་དབང་རྫས་མེད་དེ། སྟོན་པ་ཡབ་ཡུམ་རྡོས་པའི་ལུས་སུ་མེད་པའི་ཕྱིར། དེ་ལ་བརྟེན་པའི་ཉི་ཟླ་ཡང་མེད་དེ། གྱང་མེད་ན་དེ་ལ་བརྟེན་པའི་རི་མོ་མེད་པ་བཞིན་ནོ་ཞེ་ན། ཁྱབ་པ་མེད་དེ། རྡོས་པའི་དེ་དང་དེ་མེད་ཀྱང་སྟོན་པ་ཡབ་ཡུམ་ཡེ་ཤེས་སྒྱུ་མའི་སྐུར་བཞུགས་པས་དེ་ལ་བརྟེན་པའི་ཉི་ཟླས་དབང་བསྐུར་བ་ཡིན་ཏེ། ཇི་སྐད་དུ་དབང་ངེས་འབྱེད་ལས། གནས་བརྟེན་རྩ་དང་ཐིག་ལེ་ལས། །ཡེ་ཤེས་སྒྱུ་མའི་གཟུགས་སུ་འཆར། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཤེས་རབ་ཡེ་ཤེས་དང་གསུམ་པ་བདེ་བ་ཆེན་པོ་གཉིས་ཐུན་མོང་དུ་བསྟན་པའམ། ཡང་ན་སེམས་བསྐྱེད་པའི་རྒྱུ་གསང་དབང་བསྟན་ནས། དབང་གཉིས་ཀྱི་ལས་སེམས་བསྐྱེད་པ་དངོས་སྟོན་ཏེ། ཇི་སྐད་དུ་སྤར་ཁབ་ལས། སེམས་ལྔའི་གླེང་སླང་བའི་ལས་ཀྱིས་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་གསུམ་ལས་ལོ་རྒྱུས་སུ་བརྗོད་པ་ནི་སྡུད་པ་པོའི་མཚམས་སྦྱར་བ་ཡིན་ནོ། །སེམས་བསྐྱེད་པའམ་དབང་བསྐུར་བ་དངོས་ལ་འགྲེལ་པ་མཁན་པོ་ཐ་དད་པས་དགོངས་པ་གསུམ་སྟེ། སྤྱན་འགྲེལ་ལྟར་རང་བཞིན་གཞིའི་སེམས་བསྐྱེད་དང་། སྤར་ཁབ་ལྟར་བགྲོད་པ་ལམ་གྱི་སེམས་བསྐྱེད་དང་། རྒྱ་ཆེ་འགྲེལ་ལྟར་མཐར་ཕྱིན་འབྲས་བུའི་སེམས་བསྐྱེད་དོ། །དང་པོ་ནི་ལྔ་སྟེ། གཞི་དོན་གྱི་ཀུན་གཞི་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་དང་། ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་དང་། ཉོན་མོངས་པ་ཅན་གྱི་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་དང་། ཡིད་ཀྱི་རྣམ་ཤེས་སོ་སོར་རྟོག་པའི་ཡེ་ཤེས་སུ་དང་། སྒོ་ལྔ་བྱ་བ་གྲུབ་པའི་ཡེ་ཤེས་སུ་སེམས་བསྐྱེད་པའོ། །དང་པོ་ནི། ཨེ་མ་ཧོ་ཞེས་གཞི་དོན་གྱི་ཀུན་གཞི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་པའི་དོན་གཞི་ལ་ངམ། ངོ་མཚར་ཞེས་པ་དེ་ལྟར་རྟོགས་ནས་དེའི་དོན་ཉམས་སུ་ལེན་པའི་ལམ་ལ་ངམ། རྨད་ཀྱི་ཆོས་ཞེས་པ་དེ་མཐར་ཕྱིན་པའི་འབྲས་བུ་ལ་ངམ་པའོ། །དེ་ལྟར་གཞི་ལམ་འབྲས་བུ་གསུམ་དུ་སྦྱར་བ་འདི་འོག་མ་བཞི་ལའང་ཤེས་པར་བྱའོ། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་པ་ནི་ཡེ་ཤེས་ཀུན་ཏུ་བརྡལ་བས་འཆིང་བ་དང་བྲལ་ཞིང་འབྲས་བུ་ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ་པའི་རྒྱལ་བ་རྣམས་ཀྱི་དགོངས་པ་འདི་ཕལ་གྱི་ཡུལ་མ་ཡིན་པས་ཏེ་འོག་མ་བཞི་ཡང་འདིའོ། །སྐྱེ་བ་མེད་ལས་ཞེས་པ་གཞི་སེམས་ཉིད་གཉིས་མེད་དུ་གཏན་ལ་འབེབས་པ་ལ་རིམ་གྱིས་པའི་བློ་ལ་ལྟོས་ཏེ་དང་པོ་ཆོས་ཐམས་ཅད་རང་བཞིན་སྐྱེ་མེད་དུ་གཏན་ལ་དབབ་པ་ལ་གསུམ་སྟེ། སྒྲུབ་བྱེད་རྟགས་ཀྱི་མཚན་གཞིའི་ངོ་བོ་དང་། རྟགས་དེའི་མཚན་ཉིད་ཕྱོགས་ཆོས་ཁྱབ་པ་བསྒྲུབ་པ་དང་། མཚོན་བྱ་རྟགས་ཀྱི་རིགས་གང་ཡིན་ངེས་པར་བྱ་བའོ། །དང་པོ་ནི་སེམས་ཉིད་ཆོས་ཅན། སྐྱེ་བ་མེད་པ་ཡིན་ཏེ། ཅིའི་ཕྱིར་ན། སྤྱན་འགྲེལ་ལས། རྒྱུ་རྐྱེན་གཞན་ལས་མི་སྐྱེས་པའི་ཕྱིར་དང། བྱེད་པ་པོ་གཞན་གྱིས་མ་བྱས་པའི་ཕྱིར་དང་། རྒྱུ་རྐྱེན་མེད་པར་དུས་གློ་བུར་དུ་འབྱུང་བའི་ཕྱིར་དང་། སྐྱེས་པའི་དངོས་པོ་འདི་འདྲ་བཙལ་ན་མི་རྙེད་པའི་ཕྱིར་དཔེར་ན་ནམ་མཁའ་བཞིན་ནོ། །གཉིས་པ་ནི་རང་བཞིན་གྱི་སྡེ་པ་དག་རྟགས་དེ་དག་མ་གྲུབ་བོ་ཞེ་ན། དེ་དག་གི་ཚུལ་བསྒྲུབ་པ་ནི། དེ་ཡང་ཕྱི་རོལ་གྲངས་ཅན་པ་ན་རེ། དངོས་པོ་ཐམས་ཅད་རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་ཚུལ་དང་པོ་མ་གྲུབ་བོ་ཞེས་སོ། །འོ་ན་དངོས་པོ་དེ་རང་ལས་སྐྱེས་སམ། གཞན་ལས་སམ། གཉིས་ཀ་ལས་སམ། རྒྱུ་མེད་ལས་སྐྱེས། དང་པོ་ལྟར་ན་སྐྱེས་བྱེད་རྒྱུ་གྲུབ་དུས་སུ་བསྐྱེད་བྱ་འབྲས་བུ་གྲུབ་པ་ཅིག་སྐྱེའམ་མ་གྲུབ་པ་ཅིག་སྐྱེ། དང་པོ་ལྟར་ན་མྱུ་གུ་ལྟ་བུའི་དངོས་པོ་ཆོས་ཅན། བསྐྱེད་མི་དགོས་པར་འགྱུར་ཏེ། ས་བོན་ལ་གྲུབ་ཟིན་པའི་ཕྱིར་རོ། །རྟགས་དེ་མ་གྲུབ་ན་རྒྱུ་གྲུབ་དུས་སུ་འབྲས་བུ་གྲུབ་པ་ཉམས་ལ། གལ་ཏེ་གྲུབ་ཟིན་ཡང་སྐྱེ་བ་ཅི་འགལ་ཞེ་ན་ཧ་ཅང་ཐལ་ཏེ་རྒྱུ་ཉིད་རྒྱུ་ཉིད་དུ་སྐྱེ་བར་འགྱུར་རོ། །དང་པོའི་ཐལ་བ་འདོད་ན་རང་ལས་རང་སྐྱེ་བ་ཉམས་སོ། །གཉིས་པ་མ་གྲུབ་པ་ཅིག་སྐྱེ་ན། མྱུ་གུ་ཆོས་ཅན། ས་བོན་གྱི་བདག་ཉིད་མ་ཡིན་པར་འགྱུར་ཏེ། མ་གྲུབ་པ་དང་སྐྱེ་བ་འགལ་བའི་ཆོས་ལྡན་ཡིན་པའི་ཕྱིར། དེ་ཚད་མས་གྲུབ་ཅིང་མ་གྲུབ་པ་ལ་ས་བོན་མིན་པས་ཁྱབ་ལ། འདོད་ན་རང་ལས་སྐྱེ་ཞེས་རྒྱུ་འབྲས་བདག་གཅིག་ཏུ་འདོད་པ་ཉམས་སོ། །གཞན་ཡང་མྱུ་གུ་ཆོས་ཅན། བློ་རྫས་གཅིག་ལ་སྣང་མི་སྣང་ཆ་གཉིས་མེད་པར་འགྱུར་ཏེ། རྒྱུ་འབྲས་རྫས་གཅིག་ཡིན་པའི་ཕྱིར་རོ། །གཉིས་པ་གཞན་ལས་སྐྱེའོ་ཞེ་ན། མྱུ་གུ་ཆོས་ཅན། མེ་དང་སོལ་བ་ལས་སྐྱེ་བར་འགྱུར་ཏེ། མྱུ་གུ་དེ་མེ་སོལ་ལ་ལྟོས་ནས་གཞན་ཡིན་པའི་ཕྱིར་རོ། །ཁོ་ན་རེ་ཁྱབ་པ་མེད་དེ། རྒྱུ་འབྲས་སུ་འགྱུར་བའི་གཞན་ལས་གཞན་སྐྱེ་བ་ཡིན་ཏེ། ས་བོན་ལས་མྱུ་གུ་སྐྱེ་བར་སྣང་བའི་ཕྱིར་དང་། དེ་དེ་ལས་སྐྱེ་བའི་ནུས་པ་ཡོད་པའི་ཕྱིར་དང་། དེ་ལས་དེ་སྐྱེ་བ་ཆོས་ཉིད་ཡིན་པའི་ཕྱིར་རོ། །རྒྱུ་འབྲས་སུ་མི་འགྱུར་བའི་གཞན་ལས་གཞན་མི་སྐྱེ་སྟེ། མེ་སོལ་ལས་མྱུ་གུ་སྐྱེ་བར་སུས་ཀྱང་མ་མཐོང་ཞིང་། དེ་ལ་དེ་སྐྱེད་པའི་ནུས་པ་མེད་ལ། རྒྱུ་འབྲས་འཆོལ་བར་མི་འགྱུར་བ་ཆོས་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་མེ་སོལ་ལས་མྱུ་གུ་སྐྱེ་བ་ལྟ་བུ་མ་མཐོང་བས་འབྲས་བུ་སྐྱེ་བ་ཁེགས་ན། ཚེ་འདིའི་དགེ་སྡིག་ཆོས་ཅན། ཕྱི་མའི་བདེ་སྡུག་ཏུ་སྨིན་པ་མེད་པར་འགྱུར་ཏེ། དེ་མ་མཐོང་བའི་ཕྱིར་རོ། །དེ་ལ་ཁྱབ་པ་མེད་ན་འདིར་མེ་དང་མྱུ་གུ་ལ་ཡང་མཚུངས་སོ། །ཡང་ས་མྱུག་ལྟ་བུ་དེ་ལས་དེ་སྐྱེ་བར་སྣང་བས་འབྲས་བུ་སྐྱེ་བར་གྲུབ་ན། རྨི་ལམ་གྱི་ས་མྱུག་ཆོས་ཅན། དེ་ལས་དེ་སྐྱེ་བར་གྲུབ་པར་འགྱུར་ཏེ། རྨི་ལམ་དུ་དེ་ལས་དེ་སྐྱེས་པར་སྣང་བའི་ཕྱིར་ཞེས་བརྗོད་པས། ཁོ་ན་རེ་ཁྱབ་པ་མེད་དེ་རྨི་ལམ་དུ་དེ་ལས་དེ་སྐྱེ་བར་སྣང་ཡང་འཁྲུལ་པ་ཡིན་པས་བརྫུན་པ་ཡིན་ལ། སད་པའི་ཤེས་ཡུལ་ན་དེ་ལས་དེ་སྐྱེ་བར་སྣང་བ་ནི་མ་འཁྲུལ་བས་བདེན་པ་ཡིན་ནོ་ཞེ་ན། བློ་འཁྲུལ་མ་འཁྲུལ་དང་ཡུལ་བདེན་རྫུན་གྱི་ཁྱད་པར་དེ་ལྟ་བུ་ཆོས་ཐམས་ཅད་ཀྱི་རང་བཞིན་སྐྱེ་མེད་དུ་རྟོགས་པ་ལ་ལྟོས་ན་རྫུན་མཉམ་ཡིན་ཏེ། རྒྱུ་འབྲས་སུ་སྣང་ཙམ་རྨི་ལམ་ན་ཡང་ཡོད་ཅིང་དེ་བདེན་པར་གཉིད་སད་པའི་ཤེས་ཡུལ་ན་ཡང་མེད་པའི་ཕྱིར་རོ། །ཡང་རྟགས་རྨི་ལམ་དུ་ས་བོན་ལས་མྱུ་གུ་སྐྱེ་བར་སྣང་བ་དེ་མ་གྲུབ་ཅེ་ན། སད་ཤེས་ཀྱི་ས་མྱུག་ལ་ཡང་མཚུངས་སོ། །གལ་ཏེ་རྨི་ལམ་གྱི་ཤེས་ཡུལ་ཆོས་ཅན། བདེན་པར་མེད་དེ། སད་པའི་ཤེས་ཡུལ་ན་མེད་པའི་ཕྱིར་ཞེ་ན། མི་མཚུངས་ཏེ། ད་ལྟར་གྱི་རྒྱུ་འབྲས་ཆོས་ཅན། བདེན་པར་མེད་དེ། བརྟགས་ན་མི་རྙེད་པའི་ཕྱིར་རོ། །གསུམ་པ་གཉིས་ཀ་ལས་སྐྱེ་བ་ནི་རྒྱུ་འབྲས་རྫས་གཅིག་པ་དང་དེ་རྫས་གཞན་གཉིས་ཀ་ལས་སྐྱེ་བ་སྟེ། དེ་ནི་བྱེ་བྲག་ཏུ་རང་གཞན་གཉིས་ལས་སྐྱེ་བ་ཁེགས་པའི་ཕྱིར། སྤྱིར་གཉིས་ཀ་ལས་སྐྱེ་བ་ཁེགས་པ་ཡིན་ཏེ། དཔེར་ན་བྱེ་མ་རེ་རེ་ལ་མར་འབྱིན་པའི་ནུས་པ་མེད་ན་བྱེ་མ་ཚོགས་པའི་ཕུང་པོ་ལ་ཡང་ནུས་པ་དེ་མེད་པ་བཞིན་ནོ། །བཞི་པ་རྒྱུ་མེད་པས་སྐྱེ་བོ་ཞེ་ན། མྱུ་གུ་ཆོས་ཅན། ཡུལ་དུས་རང་བཞིན་གྱི་རྒྱུ་གསུམ་ལ་ལྟོས་མི་དགོས་པར་འགྱུར་ཏེ། རྒྱུ་མེད་ཡིན་པའི་ཕྱིར་རོ། །རྟགས་དེ་ཁས་བླངས་ལ་ཁྱབ་པ་མེད་ན་རྒྱུ་མེད་ལས་སྐྱེ་བ་ཉམས་ཤིང་། འདོད་ན་མྱུ་གུ་ཆོས་ཅན། རྒྱུ་དེ་གསུམ་ལ་ལྟོས་པར་བསལ་ཏེ། ཡུལ་གངས་རྩེ་ན་མེད་ཅིང་ཞིང་སྟེང་ན་ཡོད་ལ། རང་བཞིན་མེ་སོལ་ལས་མི་སྐྱེ་སྟེ། ནས་ལྟ་བུ་ལ་སྐྱེ་ཞིང་། དུས་དགུན་མེད་ཅིང་དབྱར་གྱི་དུས་སུ་ཡོད་པའི་ཕྱིར་རོ། །དེས་ན་རང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་སྐྱེ་བ་བཞི་ཁེགས་པ་ན་ཕྱོགས་ཆོས་དང་པོ་རྒྱུ་རྐྱེན་གཞན་ལས་མ་སྐྱེས་པར་གྲུབ་པ་ཡིན་ནོ། །རྟགས་གཉིས་པ་ནི་དབང་ཕྱུག་པ་ཁ་ཅིག་ཆོས་ཐམས་ཅད་དབང་ཕྱུག་ལ་སོགས་བྱེད་པ་པོ་ཞིག་གིས་བྱས་པའི་ཕྱིར། ཚུལ་གཉིས་པ་བྱེད་པ་པོ་གཞན་གྱིས་མ་བྱས་པར་མ་གྲུབ་ཅེ་ན། འོ་ན་གཞན་བྱེད་པ་པོ་དེ་རྟག་པ་ཞིག་གམ་མི་རྟག་པ་ཞིག་གིས་བྱས། དང་པོ་ལྟར་ན་དབང་ཕྱུག་ཆོས་ཅན། དོན་བྱེད་མི་ནུས་པར་འགྱུར་ཏེ། རྟག་པ་ཡིན་པའི་ཕྱིར་རོ། །དེ་ཁས་བླངས་ལ། ཁྱབ་པ་མེད་ན་རྟག་པ་ཉམས་སོ། །ཐལ་ལ་འགྱུར་འདོད་ན། བྱེད་པ་པོ་མ་ཡིན་པར་འགྱུར་ཏེ། དོན་བྱེད་མི་ནུས་པའི་ཕྱིར་རོ། །རྟགས་དེ་ཁས་བླངས་ལ། དོན་བྱེད་མི་ནུས་ཀྱང་བྱེད་པ་པོ་ཡིན་པར་ཅི་འགལ་ཞེ་ན། གང་དོན་བྱེད་མི་ནུས་པ་ལ་བྱེད་པོ་མིན་པས་ཁྱབ། དཔེར་ན་རི་བོང་གི་རྭ་བཞིན་ནོ། །གལ་ཏེ་མི་རྟག་པ་ཞིག་གིས་བྱས་སོ་ཞེ་ན། དེ་ནི་དུས་གསུམ་གྱིས་བསྡུས་པ་ཡིན་པས་འདས་པ་དང་མ་འོངས་པ་དངོས་མེད་ཡིན་པའི་ཕྱིར་བྱེད་པ་པོར་མི་འཐད་དོ། །ཇི་སྲིད་དེ་བྱེད་པ་པོར་འགྱུར་ན་རི་བོང་གི་རྭ་ལས་ཀྱང་འབྲས་བུ་སྐྱེ་བ་ཅིས་འགོག་སྟེ་ཀུན་ནས་མཚུངས་སོ། །ད་ལྟར་བ་ཡང་སྔ་ཕྱིར་དཔྱད་ན་རྙེད་པ་མ་ཡིན་ཏེ། ཇི་སྐད་དུ་གཞུང་གཞན་ལས། ཇི་ལྟར་སྐད་ཅིག་མཐའ་ཡས་ལྟར། །ཐོག་མ་དབུས་ཀྱང་བརྟག་པར་གྱིས། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་པ་བཞིན་ནོ། །དེ་ལྟར་བྱེད་པ་པོ་ཁེགས་པའི་ཕྱིར་ཕྱོགས་ཆོས་གཉིས་པ་གྲུབ་པ་ཡིན་ནོ། །གཏན་ཚིགས་གསུམ་པ་ནི་རང་སྡེ་སེམས་ཙམ་པ་དག་འདི་ལྟར་དངོས་པོ་ཐམས་ཅད་སྔར་མེད་གསར་དུ་སྐྱེས་པའི་ཕྱིར་ཚུལ་གསུམ་པ་མ་གྲུབ་བོ་ཞེ་ན། ས་བོན་ཆོས་ཅན། འབྲས་བུ་མི་སྐྱེད་པར་འགྱུར་ཏེ། རྒྱུ་ས་བོན་གྱི་དུས་ན་འབྲས་བུ་མེད་པའི་ཕྱིར་རོ། །དེ་མེད་པར་མ་གྲུབ་ན་འབྲས་བུ་ཐམས་ཅད་སྔར་མེད་གསར་དུ་སྐྱེད་པ་ཉམས་ལ། གལ་ཏེ་ས་བོན་ཀྱི་དུས་ན་མེད་ཀྱང་གསར་དུ་སྐྱེ་བ་ཅི་འགལ་ཞེ་ན། མོ་གཤམ་ལ་བུ་སྐྱེ་བ་ཅིས་འགོག །ཁོ་ན་རེ་མོ་གཤམ་དང་བུ་སྐྱེ་བ་འགལ་ལོ་ཞེ་ན། འདིར་ཡང་མཚུངས་ཏེ། ས་བོན་ལ་མྱུ་གུ་མེད་པར་དེ་སྐྱེ་བར་འགལ་བ་ཡིན་ནོ། །གཞན་ཡང་ས་བོན་ཆོས་ཅན། ད་ལས་རི་བོང་རྭ་ཡང་སྐྱེ་བར་འགྱུར་ཏེ། རྒྱུ་ས་བོན་གྱི་དུས་ན་མྱུ་གུ་དང་རི་བོང་གི་རྭ་གཉིས་ཆར་མེད་མཉམ་ཡིན་པའི་ཕྱིར་རོ། །གལ་ཏེ་ཁྱབ་པ་མེད་དེ་ས་བོན་ལས་རི་བོང་གི་རྭ་སྐྱེས་པར་མ་མཐོང་བས་དེ་གཉིས་རྒྱུ་འབྲས་མིན་ལ། མྱུ་གུ་སྐྱེ་བར་དམིགས་པའི་ཕྱིར་དེ་གཉིས་རྒྱུ་འབྲས་ཡིན་ནོ་ཞེ་ན། གོང་ལྟར་ཚེ་འདིའི་དགེ་སྡིག་ཕྱི་མའི་རྒྱུ་འབྲས་སུ་མི་འགྱུར་ཞིང་། རྨི་ལམ་གྱི་ས་མྱུག་ཀྱང་རྒྱུ་འབྲས་དངོས་པོར་འགྱུར་ཏེ། མ་མཐོང་བ་དང་མཐོང་བའི་ཕྱིར་རོ། །དེས་ན་འབྲས་བུ་དམིགས་པ་ལ་རྒྱུ་སྔོན་སོང་གི་ཁྱབ་པའི་ཕྱིར་ཕྱོགས་ཆོས་གསུམ་པ་གྲུབ་པ་ཡིན་ནོ། །རྟགས་བཞི་པ་ནི་གཞན་སྡེ་རྟག་པ་བ་ན་རེ་དངོས་པོ་རྫས་སུ་གྲུབ་ཅིང་དེ་སྐད་ཅིག་གཉིས་པ་ཕན་ཆད་དུ་མི་འགྱུར་ཞིང་རྟག་པ་གཅིག་པུ་ཡིན་པའི་ཕྱིར་ཚུལ་ཐ་མའང་མ་གྲུབ་བོ་ཞེ་ན། དངོས་པོ་དེ་ཆོས་ཅན། དོན་བྱེད་མི་ནུས་པར་འགྱུར་ཏེ། རྟག་པ་ཡིན་པའི་ཕྱིར་རོ། །རྟགས་དེ་ཁས་བླངས་ཤིང་། རྟག་ཀྱང་དོན་བྱེད་ནུས་པར་ཅི་འགལ་ཞེ་ན། གང་རྟག་པ་ལ་དོན་བྱེད་མི་ནུས་པས་ཁྱབ་སྟེ། ནམ་མཁའི་པདྨོ་བཞིན་ནོ། །དེས་ན་དོན་ནི་འབྲས་བུ་ཡིན་ལ་བྱེད་པ་ནི་དེ་རིམ་པར་བསྐྱེད་པ་སྟེ་དུས་སྔ་ཕྱི་བཞིན་ནོ། །དེ་རྟག་པ་ལ་ཁེགས་པའི་ཕྱིར་རྟག་པ་དང་དོན་བྱེད་ནུས་པ་འགལ་བ་ཡིན་ཏེ། ཇི་སྐད་དུ་གཞུང་གཞན་ལས། རིམ་དང་རིམ་མེད་འགལ་བའི་ཕྱིར། །རྟག་པས་དོན་བྱེད་ནུས་མ་ཡིན། །ཞེས་སོ། །དེ་ལས་ལྡོག་སྟེ་དོན་བྱེད་པ་ལ་མི་རྟག་པས་ཁྱབ་པར་ཡང་དེ་ཉིད་ལས། དངོས་རྣམས་གཞན་དུ་འགྱུར་བ་ལ། །མཁས་པ་རྣམས་ནི་མི་རྟག་བརྗོད། །ཅེས་ལྡོག་ཁྱབ་ཀྱང་གྲུབ་པར་བཤད་པ་ཡིན་ནོ། །གཞན་ཡང་རྟག་པ་ཆོས་ཅན། བདེན་པར་མ་གྲུབ་སྟེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཞེས་པའི་རྟགས་ཀྱིས་དཔྱད་ན་རྟག་དངོས་ཤེས་བྱ་ན་བཙལ་ཡང་མི་རྙེད་པས་ཕྱོགས་ཆོས་ཐ་མའང་གྲུབ་པ་ཡིན་ནོ། །དེ་ལྟར་ཕྱོགས་ཆོས་བཞི་གྲུབ་པ་ན་དེ་ལ་སྐྱེ་བ་མེད་པས་ཁྱབ་བོ། །དོན་གསུམ་པ་གཏན་ཚིགས་ཀྱིས་རིག་པ་ངེས་པ་ནི། བསྒྲུབ་བྱ་སྐྱེ་བ་མེད་པ་ནི་དོན་ཡིན་ལ་དེ་གཏན་ཚིགས་བཞིས་གྲུབ་པའི་ཕྱིར་དོན་གྲུབ་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །ཐམས་ཅད་སྐྱེས་ཞེས་པ་དེ་ལྟར་མ་རྟོགས་ཏེ་འཁྲུལ་ངོ་ན་སྔོ་འཛིན་སྔོན་པོ་ལས་སྐྱེས་པ་ལྟར་རྟོག་བཅས་ཀྱི་སེམས་རྒྱུ་རྐྱེན་ལས་སྐྱེས་པ་སྟེ། དེས་མེད་པ་ཕྱོགས་གཅིག་གི་མཐའ་སེལ་བ་ཡིན་ནོ། །སྐྱེས་པ་ཉིད་ན་སྐྱེ་བ་མེད་ཅེས་པས་སྣ་ཚོགས་རྒྱུ་རྐྱེན་ལས་སྐྱེས་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་རང་གི་ངོ་བོས་སྟོངས་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དོན་གཉིས་པ་ནི། ཨེ་མ་ཧོ་ཞེས་པ་ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་པ་ལ་སོགས་གོང་ལྟར་རོ། །འགག་པ་མེད་ཅེས་པ་སེམས་ཀྱི་སྣང་བ་མི་འགག་པར་བསྒྲུབ་པ་ཡིན་ཏེ། དེའི་སྒྲུབ་བྱེད་ཀྱང་རྗེ་ཐག་པ་ནི་སྔར་གྱི་སྐྱེ་མེད་སྒྲུབ་བྱེད་ཀྱི་རིག་པ་དེ་ཉིད་འགག་མེད་ཀྱི་སྒྲུབ་བྱེད་དུ་རུང་སྟེ། དགག་པ་བཀག་པ་བསྒྲུབ་པ་ཡིན་པའི་ཕྱིར་དང་། དོན་ལ་སྣང་སྟོང་དབྱེར་མེད་ཡིན་པའི་ཕྱིར་རོ་ཞེས་སོ། །དེ་ལ་ཁ་ཅིག་དེ་ལྟར་མི་རུང་སྟེ། །རིམ་གྱིས་པ་ལ་ལྟོས་ཏེ་བདེན་པ་གསུམ་རིམ་པར་རྒྱུད་ལ་སྐྱེ་བའི་ཕྱིར་རོ་ཞེས་གསུང་བ་ནི་མི་འཐད་པར་སེམས་ཏེ། དེ་ཚོད་དུ་ཤེས་བྱ་ལ་བདེན་དངོས་གྲུབ་པར་འགྱུར་ཏེ། ཅིས་ན་ཕྱི་རོལ་པའམ་ཉན་རང་གིས་དེ་འདོད་པའི་ཕྱིར་རོ། །རྟགས་དེ་དག་གི་གཞུང་ནས་དེ་འདོད་པས་གྲུབ་བོ། །དེ་དག་གིས་བདེན་དངོས་འདོད་ཀྱང་ཤེས་བྱ་ལ་དེ་མ་གྲུབ་ན་ཅི་འགལ་ཞེ་ན། འདིར་ཡང་དེ་དང་མཚུངས་ཏེ་རིམ་གྱིས་པ་ལ་བདེན་པ་གསུམ་རིམ་པར་སྐྱེ་དགོས་ཀྱང་། ཡིན་ལུགས་ལ་སྣང་སྟོང་དབྱེར་མེད་ཡིན་ན་ཅི་འགལ་ཏེ་ཁྱབ་པ་མེད་དོ། །ཡང་འགའ་ཞིག་འགག་མེད་དུ་སྒྲུབ་བྱེད་གསུམ་སྟེ། འཁྲུལ་པའི་སྣང་ཙམ་གཅིག་དམིགས་པའི་ཕྱིར་དང་། སྣང་བ་མི་ཁེགས་པའ་ིཕྱིར་དང་། སྣང་བ་མེད་ན་སྐྱོན་དུ་འགྱུར་བའི་ཕྱིར་སྣང་བ་ཡོད་པ་ཡིན་ནོ་ཞེས་སོ། །འདིར་རང་ལུགས་ཀྱིས་གསུམ་སྟེ། སེམས་ཉིད་འགག་མེད་དུ་སྒྲུབ་བྱེད་ཀྱི་རྟགས་དགོད་པ། དེའི་ཚུལ་བསྒྲུབ་པ། དེའི་རིགས་ངེས་པར་བྱ་བའོ། །དང་པོ་ནི་སེམས་ཉིད་ཆོས་ཅན། སྣང་བ་འགག་པ་མེད་པ་ཡིན་ཏེ། སྣང་བ་མེད་ན་སྟོང་པ་རང་དུ་ཤེས་བྱེད་པའི་ཕྱིར་དང་། གཤིས་ལ་སྣང་བ་མ་གྲུབ་ན་ད་ལྟར་གྱི་འཁྲུལ་སྣང་འདི་རང་མི་འབྱུང་བའི་ཕྱིར་དང་། སྣང་བ་མེད་ན་སྣང་སྟོང་དབྱེར་མེད་མི་འགྲུབ་པའི་ཕྱིར་དང་། བདེན་པས་སྟོང་པའི་སྣང་ཙམ་གང་གིས་ཀྱང་དགག་པར་མི་ནུས་པའི་ཕྱིར་ཞེས་འདི་ཡང་རྒྱུ་མཚན་བཞིས་བསྒྲུབ་བོ། །གཉིས་པ་ནི་གཞན་སྡེ་ཆད་པར་སྨྲ་བའམ་རང་སྡེ་དབུ་མ་རྒྱུན་ཆད་པ་ཁ་ཅིག་རྟགས་དེ་དག་མ་གྲུབ་སྟེ་སྣང་བ་བདེན་པ་ལྟ་ཞོག་སྣང་ཙམ་དུ་ཡང་གྲུབ་པ་མེད་དོ་ཞེ་ན། དང་པོའི་ཚུལ་བསྒྲུབ་པ་ནི་འོ་ན་ཤེས་བྱ་སྣང་ཙམ་དུ་ཡང་མེད་དེ་སྟོང་པར་གང་གིས་ཤེས། སྣང་བ་མ་ཡིན་པ་ཞིག་གིས་ཤེས་སོ་ཞེ་ན། དེ་འཁྲུལ་ལམ་མ་འཁྲུལ། དང་པོ་ལྟར་ན་ཤེས་བྱ་སྟོང་པར་མི་བདེན་པར་འགྱུར་ཏེ། ཤེས་བྱེད་འཁྲུལ་པས་ཤེས་པའི་ཡུལ་ཡིན་པའི་ཕྱིར། རྟགས་དེ་ཁས་བླངས་ཤིང་ཁྱབ་པ་མེད་ན། གང་ཤེས་བྱེད་འཁྲུལ་པས་ཤེས་པའི་ཤེས་བྱ་དེ་ལྟར་མིན་པས་ཁྱབ་སྟེ། མིག་ཤེས་འཁྲུལ་པས་ཤེས་པའི་དུང་གི་རང་བཞིན་སེར་པོ་མིན་པ་བཞིན། འདོད་ན་སྟོང་པ་ཕྱོགས་གཅིག་ཏུ་བདེན་པར་འདོད་པ་ཉམས་སོ། །ཡང་ཕྱོགས་གཉིས་པ་ལྟར་ན་ཤེས་བྱ་སྟོང་པ་ཤེས་པའི་ཤེས་བྱེད་མ་འཁྲུལ་པ་དེ་ཁོ་ན་ལ་ཁོ་བོ་ཅག་སྣང་བ་ཟེར་བ་ཡིན་ཏེ་བ་གླང་ཞེས་པ་ནོག་པོ་ཤལ་ཅན་ལ་ཟེར་བ་བཞིན་ནོ། །ཚུལ་གཉིས་པ་ནི། ད་ལྟར་གྱི་འཁྲུལ་པ་འདི་ཆོས་ཅན། མི་འབྱུང་བར་འགྱུར་ཏེ། དེའི་གཞི་སྣང་བ་མེད་པའི་ཕྱིར་རོ། །དེ་མ་གྲུབ་ན་སྣང་བ་ཡོད་པར་འགྱུར་རོ། །ཁྱབ་པ་མེད་ན་སྣང་བ་ཁེགས་པ་ལ་འཁྲུལ་པ་ཁེགས་པས་ཁྱབ་སྟེ། དུང་ཁེགས་ན་དེ་སེར་པོ་འཛིན་པ་ཁེགས་པ་བཞིན་ནོ། །ཐལ་འགྱུར་འདོད་ན་འཁྲུལ་པ་དམིགས་པས་བསལ་ལོ། །ཚུལ་གསུམ་པ་ནི། གནས་ལུགས་ཆོས་ཅན། དབྱེར་མེད་མ་ཡིན་པར་འགྱུར་ཏེ། ཡ་གྱལ་སྣང་བ་མེད་པའི་ཕྱིར་རོ། །རྟགས་ཁས་བླངས་ལ་ཁྱབ་པ་ནི་ཡ་གྱལ་ཁེགས་པ་ལ་ཚོགས་པ་ཁེགས་པས་ཁྱབ་སྟེ་ཐལ་མོ་ཡ་གྱལ་མེད་ན་ཐལ་མོའི་སྒྲ་མེད་པ་བཞིན་ནོ། །འདོད་ན། གང་གིས་སྟོང་དང་རྟེན་འབྱུང་དག་དབུ་མའི་དོན་དུ་དོན་གཅིག་པ། །ཞེས་པ་དང་འགལ་ཞིང་། གཞན་ཡང་། སྣང་དང་མི་སྣང་གཉིས་ཀ་མེད། །ཡོད་དང་མེད་པའང་དབྱེར་མེད་དོ། །ཞེས་པ་ལ་སོགས་དབྱེར་མེད་ཀྱི་ལུང་ཟབ་ཅིང་རྒྱ་ཆེ་བར་བཤད་པས་བསལ་ལོ། །དེས་ན་སེམས་ཉིད་ཆོས་ཅན། སྣང་སྟོང་དབྱེར་མེད་ཡིན་ཏེ། སྟོང་པ་ལ་སྣང་བ་ངོ་བོ་ཉིད་དུ་གྲུབ་པའི་ཕྱིར་དཔེར་ན་རིན་པོ་ཆེ་ལ་དགོས་འདོད་གྲུབ་པ་བཞིན་ཞེས་པའི་རྟགས་ཀྱིས་དབྱེར་མེད་དུ་བསྒྲུབ་པར་ནུས་པའི་ཕྱིར་རོ། །ཚུལ་ཐ་མ་ནི་དབུ་མ་པ་ཁ་ཅིག་སྣང་བ་དགག་པར་ནུས་ཏེ། གཅིག་དང་དུ་བྲལ་ལ་སོགས་པའི་རྟགས་ཀྱིས་ཁེགས་པའི་ཕྱིར་རོ་ཞེ་ན། དེ་ནི་བདེན་པའི་འགོག་བྱེད་ཡིན་གྱི་སྣང་བ་ཙམ་གྱི་འགོག་བྱེད་མ་ཡིན་ནོ། །གལ་ཏེ་སྣང་ཙམ་གྱི་འགོག་བྱེད་ཡིན་ན་རྟགས་དེ་ཆོས་ཅ ན། ཡང་དག་མ་ཡིན་པར་ཐལ། ལྡོག་པའི་ཚུལ་མེད་པའི་ཕྱིར་རོ། །རྟགས་མ་གྲུབ་ན་གཅིག་དང་དུ་མའི་དངོས་པོར་བདེན་པ་སྲིད་པར་འགྱུར་ལ། ལྡོག་ཁྱབ་མེད་པ་ལ་ཡང་དག་མ་ཡིན་པས་ཁྱབ་སྟེ་མ་ངེས་པའི་ལྟར་སྣང་བཞིན་ནོ། །འདོད་ན། རྟགས་དེ་སྣང་བ་འགོག་བྱེད་དུ་མི་རུང་སྟེ། ཡང་དག་མ་ཡིན་པའི་ཕྱིར་རོ། །གཞན་ཡང་འཁྲུལ་ངོ་ན་སྣང་བ་གྲུབ་པས་རང་བཞིན་ཤེས་པའི་ངོ་ན་ཡང་དེ་གྲུབ་པ་ཡིན་ཏེ། དེ་གཉིས་ཀྱི་ཁྱད་པར་སྣང་བ་ཆོས་ཉིད་དུ་རྟོགས་མ་རྟོགས་ལས་མེད་པའི་ཕྱིར། གཞི་སྣང་བ་མེད་ན་དེ་ཆོས་ཉིད་དུ་རྟོགས་བྱ་མེད་དེ། དཔེར་ན་སྦྲུལ་ཤེས་བྱ་ལ་མེད་ན་ཐག་པ་ལ་དེར་འཛིན་ཤེས་བྱ་ལ་མེད་པ་བཞིན་ནོ། །དེས་ན་གྲུབ་མཐའ་འདི་འཛིན་པས་སྟོང་ཉིད་རིག་པས་གྲུབ་ཚོད་དུ་སྣང་བ་ཡང་རིག་པས་གྲུབ་པར་འདོད་དེ། དོན་ལ་སྣང་སྟོང་དབྱེར་མེད་པའི་ཕྱིར་རོ། །གསུམ་པ་ནི་འཁྲུལ་པ་དམིགས་ཤིང་དེ་སྟོང་པར་ཤེས་པ་ལ་སོགས་སྣང་ཙམ་ལས་བྱུང་བས་འབྲས་བུའི་གཏན་ཚིགས་སོ། །ཡང་ན་དབྱེར་མེད་ཀྱི་རང་བཞིན་ཡིན་པ་ནི་རང་བཞིན་གྱིའོ། །ཡང་འདི་བསམ་པར་བྱ་སྟེ་སེམས་ཉིད་གཅིག་གི་སྟེང་དུ་སྔར་སྐྱེ་མེད་དུ་བསྒྲུབས་པ་དང་འདིར་འགག་མེད་དུ་བསྒྲུབ་པ་གཉིས་འགལ་ལོ་ཞེ་ན། དེ་ནི་དེ་གཉིས་ངོ་བོ་ཐ་དད་དུ་བསྒྲུབ་པ་མ་ཡིན་ཏེ། རྒྱུ་ཤེས་པའི་སྐབས་སུ་རིམ་གྱིས་པས་དབྱེར་མེད་དུ་མ་རྟོགས་པའི་ཕྱིར་ལྡོག་པ་ཐ་དད་དུ་བསྒྲུབས་ཤིང་གཏན་ལ་ཕབ་པ་ཡིན་ནོ། །ཐམས་ཅད་འགག་ཅེས་པ་འཁྲུལ་ངོ་ན་རྟོག་བཅས་ཀྱི་སེམས་སྐྱེས་པའི་དུས་ལས་སྐད་ཅིག་གཉིས་པར་མི་སྡོད་པར་འགག་ལ། རིག་ངོ་ན་དེ་ཉིད་ལ་བདེན་པར་འཛིན་པ་གོང་གི་སྐྱེ་མེད་སྒྲུབ་བྱེད་ཀྱི་རྟགས་ཀྱི་ཁེགས་པའི་ཕྱིར་འགག་པའོ། །འགག་པ་ཉིད་ན་འགག་པ་མེད། །ཅེས་པ་ཤེས་བྱ་ལ་གྲུབ་ཚུལ་ནས་འགག་མེད་གསལ་བ་ཉིད་འགག་པ་སྟོང་ཉིད་དང་དབྱེར་མེད་པས་རྟོག་པ་མེད་པ་སྟེ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དོན་གསུམ་པ་ནི་ཨེ་མ་ཧོ་ཞེས་པ་ཉོན་ཡིད་མཉམ་པ་ཉིད་དོ། །གནས་པ་མེད་ལས་ཞེས་པ་གོང་གི་སྐྱེ་མེད་སྒྲུབ་བྱེད་དང་འགག་མེད་སྒྲུབ་བྱེད་ཀྱི་རྟགས་དེ་དག་ཆོས་ཅན། གཅིག་གི་སྟེང་ན་ཐ་དད་མེད་པའི་ཕྱིར་ཕྱོགས་གཅིག་ཏུ་གནས་པ་མེད་པའོ། །ཐམས་ཅད་གནས་ཞེས་པ་དེ་ཉིད་མ་རྟོགས་ཏེ་འཁྲུལ་པའི་གཞན་སྡེ་སྟོང་པ་བས་སྟོང་དངོས་དང་། རང་སྡེ་ཉན་རང་གིས་ཆོས་བདག་དང་། སེམས་ཙམ་པའི་རང་རིག་ལ་སོགས་དངོས་པོར་སྨྲ་བ་རྣམས་དང་། ཡང་གཞན་སྡེ་ཆད་པ་བས་མེད་པ་ཕྱོགས་གཅིག་དང་། རང་སྡེ་དབུ་མ་པས་སྟོང་ཉིད་དུ་སྨྲ་བ་རྣམས་རྟོག་བཅས་ཀྱི་སེམས་དེ་དག་ལ་ཐ་དད་དུ་གནས་པའོ། །གནས་པ་ཉིད་ན་གནས་པ་མེད། །ཅེས་པ་དེ་དག་དངོས་པོའི་གནས་ལུགས་ལ་ཐ་དད་དང་ཕྱོགས་རིས་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དོན་བཞི་པ་ནི་ཨེ་མ་ཧོ་ཞེས་པ་ཡིད་ཤེས་སོ་སོར་རྟོག་པའོ། །དམིགས་པ་མེད་ལས་ཞེས་པ་དབྱེར་མེད་དམ་མཐའ་བྲལ་གྱི་ཆོས་ཉིད་དེ་ཡུལ་གུད་དུ་དམིགས་སུ་མེད་པའོ། །ཐམས་ཅད་དམིགས་ཞེས་པས་འཁྲུལ་པའི་ངོ་ན་འཛིན་པའི་སེམས་ཀྱིས་གཟུང་བྱའི་ཡུལ་ལ་ཐ་དད་དུ་དམིགས་པའོ། །དམིགས་པ་ཉིད་ན་དམིགས་པ་མེད། །ཅེས་པ་ཡང་དག་པར་ན་ཡུལ་དང་ཡུལ་ཅན་དབྱེར་དུ་རྟོགས་པ་ན་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་ཆོས་ཐམས་ཅད་རང་རང་གི་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པ་སོ་སོར་རྟོག་པའི་ཡེ་ཤེས་སོ། །དོན་ལྔ་པ་ནི་ཨེ་མ་ཧོ་ཞེས་པ་སྒོ་ལྔ་བྱ་བ་གྲུབ་པའོ། །འགྲོ་འོང་མེད་ལས་ཞེས་པ་སེམས་ཀྱི་རང་བཞིན་མཐའ་གང་དུའང་གཡོ་བ་མེད་པའོ། །འགྲོ་དང་འོང་ཞེས་པ་དེ་ཉིད་རྟོགས་པ་དང་མ་རྟོགས་པས་འཁོར་འདས་ཀྱི་རང་བཞིན་ཅིར་ཡང་སྣང་བའོ། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་པ་དེ་དག་སེམས་ཉིད་ལ་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །གཉིས་པ་བགྲོད་པ་ལམ་གྱི་སེམས་བསྐྱེད་ལ་གཉིས་ཏེ། གྲོལ་ལམ་ཅིག་ཅར་བའི་དབང་དུ་དང་། ཐབས་ལམ་འོག་སྒོའི་དབང་དུའོ། །དང་པོ་ལ་ལྔ་སྟེ། གཡོ་བའི་དང་། འཇུག་པའི་དང་། གནས་པའི་དང་། སྨོན་པའི་དང་། མཐར་ཕྱིན་པའི་སེམས་སོ། །དང་པོ་ནི་ཨེ་མ་ཧོ་ཞེས་པ་འོག་གི་གཞུང་དོན་སྐྱེ་བ་མེད་པ་ལ་ངམ་ཞིང་། ངོ་མཚར་ཞེས་པ་ཐམས་ཅད་སྐྱེས་པ་ལ་ངམ་ལ། རྨད་ཀྱི་ཆོས་ཞེས་པ་སྐྱེས་པ་ཉིད་ན་སྐྱེ་བ་མེད་པ་ལ་ངམ་པ་སྟེ་འོག་མ་བཞི་ཡང་འདིས་ཤེས་སོ། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་པ་ལྔ་ཅར་བདེན་པ་དབྱེར་མེད་ཀྱི་དོན་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་གྱི་ཐུགས་ཀྱི་དགོངས་པ་ཡིན་ལ་དེ་རྟོགས་པར་དཀའ་བའི་ཕྱིར་གསང་བའོ། །སྐྱེ་བ་མེད་ལས་ཞེས་པ་སེམས་ཉིད་སྟོང་པར་སྐྱེ་བ་མེད་པ་ལས་དཀོར་བདུན་གྱི་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་པའོ། །ཐམས་ཅད་སྐྱེས་ཞེས་པ་ཀུན་རྫོབ་རིག་པ་སྒྱུ་མ་ཙམ་དུ་སྐྱེ་བའི་ཆོ་འཕྲུལ་དུ་མ་འགགས་པའོ། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་པ་བདེན་པ་གཉིས་ལྡོག་པ་དང་མཚོན་ཚུལ་ཐ་དད་ཀྱང་ངོ་བོ་དབྱེར་མེད་པ་ནི། ལམ་པའི་བློ་ལ་དང་པོར་དབྱེར་མེད་འགོ་གཡོ་བའོ། །དེ་བཞིན་དུ་འགག་པ་མེད་ཅེས་དོན་དམ་པ་ཐམས་ཅད་འགག་ཅེས་པ་ཀུན་རྫོབ་ཏུ་སྐྱེ་འགག་ལྟར་སྣང་བའོ། །འགག་པ་ཉིད་ན་འགག་པ་མེད། །ཅེས་པ་དབྱེར་མེད་ཀྱི་དོན་ལ་འཇུག་པའོ། །གནས་པ་མེད་ལས་ཞེས་པ་དོན་དམ་ལ། ཐམས་ཅད་གནས་ཞེས་པ་ཀུན་རྫོབ་བོ། །གནས་པ་ཉིད་ན་གནས་པ་མེད། །ཅེས་པ་དབྱེར་མེད་ཀྱི་དོན་ལ་གནས་པའོ། །དམིགས་པ་མེད་ལས་ཞེས་པ་དོན་དམ་ལ། ཐམས་ཅད་དམིགས་ཞེས་པ་ཀུན་རྫོབ་བོ། །དམིགས་པ་ཉིད་ན་དམིགས་པ་མེད། །ཅེས་པ་དབྱེར་མེད་ལ་སྨོན་པ་སྟེ། དེ་ནི་དཀྱུས་ཀྱི་གོ་རིམ་ཡིན་ལ་རྒྱུད་ལ་སྐྱེ་རིམ་གྱི་དབང་དུ་གཡོ་བའི་རྗེས་སུ་འོང་ངོ་། །འགྲོ་འོང་མེད་ལས་ཞེས་པ་དོན་དམ་ལ། འགྲོ་དང་འོང་ཞེས་པ་ཀུན་རྫོབ་བོ། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་པ་དབྱེར་མེད་ཀྱི་དོན་མཐར་ཕྱིན་པ་སྟེ་མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་སོ། །དོན་གཉིས་པ་འོག་སྒོའི་དབང་དུ་བཤད་པ་ལ་ཡང་ཐབས་ལམ་གྱི་སེམས་ལྔ་སྟེ་དབང་ཕྱི་མ་གཉིས་འདིར་བསྐུར་བར་ཤེས་པར་བྱའོ། །དེ་ཡང་། ཨེ་མ་ཧོ་ཞེས་པ་འདོད་ཆགས་ཆེན་པོའི་སྤྱོད་པས་འཁོར་བར་མི་འཆིང་བ་ལ་ངམ་པའོ། །ངོ་མཚར་དེས་སླར་འབྲས་བུ་མྱུར་བ་ལ། རྨད་ཀྱི་ཆོས་ཞེས་པ་ཐབས་དེ་ཀ་གཞན་ལས་ཁྱད་པར་འཕགས་པ་འདིའི་དགོངས་པ་ཡིན་པས་ངམ་པ་སྟེ་འོག་མ་རྣམས་ཀྱང་དེ་ལྟར་རོ། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་པ་ལྔ་ཆར་ཡང་དག་པར་རྫོགས་པའི་རྒྱལ་བ་ཀུན་གྱི་དགོངས་པ་ཉོན་མོངས་པ་ལ་སྤྱད་པར་འབྲས་བུ་གྲུབ་པ་འདི་ཁེ་ཉེན་དང་བཅས་པས་གསང་བའོ། །སྐྱེ་བ་མེད་ལས་ཞེས་པ་རང་བཞིན་ལྷན་ཅིག་སྐྱེས་པ་རྟེན་མེད་ཀྱི་ཡེ་ཤེས་རྒྱུ་རྐྱེན་ལས་སྐྱེ་བ་མེད་པའོ། །ཐམས་ཅད་སྐྱེས་ཞེས་པ་དེ་ལམ་པའི་ཐབས་ཀྱིས་ཉམས་སུ་བླངས་ཚེ་རྟེན་ཅན་གྱི་དགའ་བ་བཅུ་དྲུག་རིམ་པར་སྐྱེ་བའོ། །སྐྱེ་བ་ཉིད་ན་སྐྱེ་བ་མེད། །ཅེས་པ་ཐིག་ལེའི་བདེ་བ་རིམ་པར་སྐྱེས་པའི་དུས་ཉིད་ན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་སྐྱེ་བ་མེད་པ་སྟེ། དེ་ནི་ལམ་པའི་ངོ་ན་ཐིག་ལེ་འགོ་ལྡང་ཙ་ན་བདེ་བ་དུས་མཉམ་དུ་འགོ་གཡོ་བས་གཡོ་ལྡང་བྱང་སེམས་སོ། །འགག་པ་མེད་ལས་ཞེས་པ་རང་བཞིན་ལྷན་ཅིག་སྐྱེས་པའི་བདེ་བ་ལའོ། །ཐམས་ཅད་འགག་ཅེས་པ་ལམ་པས་ཉམས་སུ་བླངས་པའི་ཚེ་ཕྱི་མའི་བདེ་བ་སྐྱེས་ཙམ་ན་སྔ་མའི་བདེ་བ་འགག་པའོ། །འགག་པ་ཉིད་ན་འགག་པ་མེད། །ཅེས་པ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་འགག་པ་མེད་པ་སྟེ། དེ་ནི་སྔ་མའི་བདེ་བ་ཞིག་ནས་ཕྱི་མའི་བདེ་བ་ལ་འཇུག་པས་འཇིག་འཇུག་བྱང་སེམས་སོ། །གནས་པ་མེད་ལས་ཞེས་པ་རང་བཞིན་གྱི་བདེ་བ་ལ་རྟེན་མེད་པའོ། །ཐམས་ཅད་གནས་ཞེས་པ་རྟེན་ཅན་གྱི་བདེ་བ་རང་ས་ན་གནས་པའོ། །གནས་པ་ཉིད་ན་གནས་པ་མེད། །ཅེས་པ་རང་བཞིན་གྱི་བདེ་བ་ལ་གནས་བཅའ་བ་དང་བྲལ་བ་སྟེ། དེ་ནི་དགའ་བ་བཅུ་དྲུག་རང་སའི་བདེ་བ་སྐྱེས་ལ་མ་འགགས་པར་གནས་པ་ནི་གནས་པ་བྱང་སེམས་སོ། །དམིགས་པ་མེད་ལས་ཞེས་པ་རང་བཞིན་གྱི་ཡེ་ཤེས་ལ་ཡུལ་གུད་དུ་དམིགས་སུ་མེད་དོ། །ཐམས་ཅད་དམིགས་ཞེས་པ་དགའ་བ་བཅུ་དྲུག་རང་སའི་བདེ་བ་བས་ཕྱི་མའི་བདེ་བ་ལ་མོས་པའོ། །དམིགས་པ་ཉིད་ན་དམིགས་པ་མེད། །ཅེས་པ་རང་བཞིན་གྱི་ཡེ་ཤེས་དེ་ཡུལ་གུད་དུ་དམིགས་སུ་མེད་པ་སྟེ། དེ་ནི་བདེ་བ་ཕྱི་མ་ལ་སྨོན་པས་སྨོན་པ་བྱང་སེམས་སོ། །འགྲོ་འོང་མེད་ལས་ཞེས་པས་རང་བཞིན་གྱི་ཡེ་ཤེས་ནི་རྩ་གནས་ནས་ལུགས་སུ་འགྲོ་བ་དང་སླར་ལོག་ནས་འོང་བ་གཉིས་མ་གྲུབ་པའོ། །འགྲོ་དང་ཞེས་པས་ཐིག་ལེ་དབབ་པའི་ཐབས་ཀྱིས་ཕབ་སྟེ་རྡོར་པད་ཀྱི་རྩེར་དགའ་བ་བཅུ་དྲུག་ལུགས་སུ་འགྲོ་བ་སྟེ། དུས་དེར་ཐིག་ལེ་གཉིས་འཕྲད་ནས་བཟུང་ཐབས་ཀྱིས་བཟུང་སྟེ་མ་ཤོར་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ཡིན་ལ། དེས་ཤེས་སྒྲིབ་དག་ནས་དོན་དམ་འོད་གསལ་གྱི་ཡེ་ཤེས་སྐྱེས་པའོ། །འོང་ཞེས་པས་ཐིག་ལེ་སླར་ལྡོག་པའི་ཐབས་ཀྱི་པདྨ་དང་རྡོ་རྗེའི་རྩེ་ནས་ལྡོག་སྟེ་ལྟེ་བ་སྤྲུལ་པའི་འཁོར་ལོ་ན་ཡར་སོང་བས་ཐིག་ལེ་གཞི་མདོ་ལ་སླེབས་ཙ་ན་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ཞེས་བྱ་སྟེ། རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པ་ནི་བདེ་བ་ཆེན་པོའི་དབང་ཐོབ་པ་སྟེ་ཀུན་རྫོབ་དང་དབྱེར་མེད་ཀྱི་ཡེ་ཤེས་སྐྱེས་པའོ། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་པས་ལམ་པ་ལ་དེ་ལྟར་སྣང་ཡང་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་འགྲོ་འོང་གཉིས་མེད་དེ། དེ་ནི་བྱང་ཆུབ་སེམས་དབབ་བཟུང་གིས་ལུགས་སུ་འགྲོ་བ་དང་། ལྡོག་དགྲམ་གྱི་སླར་འོང་བ་སྟེ་འགྲོ་འོང་བྱང་སེམས་སོ། །འདིར་ཁ་ཅིག་ཟབ་མོའི་དབང་གསུམ་པོ་འདི་རྐྱེན་གླེང་སླང་བ་ཡིན་ནམ་བསྟན་པ་རྒྱུད་དོན་ཡིན། དང་པོ་ལྟར་ན་ལྷན་ཅིག་པའི་འཁོར་གྱིས་དབང་ཐོབ་པས་རྒྱུད་གོ་བར་མི་འགྱུར་ཏེ། རྒྱུད་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལྟར་ན་ལེའུའི་མཚན་དང་ཡང་འགལ་ཞིང་བསྟན་པ་འབྱུང་བའི་རྐྱེན་མ་ཡིན་པར་འགྱུར་རོ་ཞེ་ན། ལྷན་ཅིག་པའི་འཁོར་ལ་བལྟས་ནས་གསང་དབང་རྐྱེན་ཡིན་ཅིང་དབང་ཕྱི་མ་གཉིས་རྒྱུད་དོན་ཡིན་པས་ཉེས་པ་དང་པོ་མེད་དེ། ཇི་སྐད་དུ་སྤར་ཁབ་ལས། རྒྱུད་ཀྱི་རྐྱེན་གཉིས་ལས་ཐུན་མོང་མ་ཡིན་པར་གླེང་སླང་བ་གསང་བའི་དབང་བསྟན་པའི་ཕྱིར། ཞེས་པ་དང་། མངོན་རྟོགས་ལས། སྟོན་པ་ཡབ་ཡུམ་གྱིས་གླེང་སླང་བ་ནི་དབང་བསྐུར་ཞིང་རྒྱུད་བཤད་པའི་ཕྱིར་ཞེས་གསུངས་པའི་ཕྱིར་རོ། །གོ་ཕྱེ་བའི་འཁོར་ལ་བལྟས་ནས་དབང་གསུམ་ཀ་རྐྱེན་ཡིན་པས་ཉེས་པ་གཉིས་པ་ཡང་མེད་དེ། ཇི་སྐད་དུ་དེ་ཉིད་ལས། འཁོར་གྱིས་རྟོགས་ནས་གླེང་སླང་བ་ནི་གོ་ཕྱེ་བ་རྣམས་ཀྱི་ཆེད་དུ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་བལྟས་པ་གཉིས་ལ་ལྟོས་ནས་དབང་གསུམ་པོ་རྒྱུད་འབྱུང་བའི་རྐྱེན་དང་རྒྱུད་དོན་གཉིས་ཀ་ཡིན་པ་མི་འགལ་བས། གླེང་སླང་བ་དབང་ཐོབ་པ་རྒྱུད་གོ་བ་གསུམ་ངོ་བོ་གཅིག་པའི་ཕྱིར་ལྷན་ཅིག་པའི་འཁོར་ལ་བལྟས་ཏེ་རྒྱུད་ཚར་གཅིག་རྫོགས་པ་ཡིན་ནོ། །དེའི་ཕྱིར་ལྷན་ཅིག་པ་རྣམས་རང་དོན་དུ་སྐུ་ལྔའི་བདག་ཉིད་དུ་སངས་རྒྱས་པ་ནི། གསུམ་པ་མཐར་ཕྱིན་འབྲས་བུའི་སེམས་བསྐྱེད་པ་སྟེ་གང་ཞེ་ན། ཨེ་མ་ཧོ་ཞེས་པས་ལྔ་ཆར་སྙོམས་པར་ཞུགས་ཤིང་གླེང་སླང་བ་ལ་ངམ་ཞིང་། ངོ་མཚར་ཞེས་པ་ཡང་དབང་སྐུར་ཞིང་རྒྱུད་བཤད་པ་ལ་ངམ་ལ། རྨད་ཀྱི་ཆོས་ཞེས་པས་སྒྲིབ་པ་དག་ཅིང་སངས་རྒྱས་པ་ལ་ངམ་པའོ། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་པ་ནི་ལྔ་ཆར་རང་དོན་དུ་མངོན་པར་རྫོགས་པར་སངས་རྒྱས་པས་སྟོན་པའི་དགོངས་པ་དང་ཐ་དད་མེད་པ་དེ་གོ་ཕྱེ་བའི་འཁོར་གྱིས་སྤྱོད་ཡུལ་དུ་མ་གྱུར་པས་གསང་བའོ། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་པ་རྐང་པ་གཉིས་ནི་སྐྱེ་མ་སྐྱེས་དབྱེར་མེད་ཆོས་ཀྱི་སྐུར་དང་། འགག་པ་མེད་ལས་ཞེས་པ་གཉིས་ནི་འགག་མི་འགག་གཉིས་མེད་ལོངས་སྐུར་དང་། གནས་པ་མེད་ལས་ཞེས་པ་གཉིས་ནི་གནས་མི་གནས་དབྱེར་མེད་རྡོ་རྗེའི་སྐུ་དང་། དམིགས་པ་མེད་ལས་ཞེས་པ་གཉིས་ནི་དམིགས་མི་དམིགས་གཉིས་མེད་མངོན་པར་བྱང་ཆུབ་པའི་སྐུར་དང་། འགྲོ་འོང་མེད་ལས་ཞེས་པ་གཉིས་ནི་འགྲོ་འོང་གཉིས་མེད་སྤྲུལ་པའི་སྐུར་སེམས་བསྐྱེད་པའོ། །གཉིས་པ་ཐུན་མོང་དུ་གླེང་སླང་བ་ནི། དེ་ལྟར་རང་དོན་དུ་སྟོན་པ་དང་དགོངས་པ་ཐ་དད་མེད་པའི་ཕྱིར་རྒྱུད་ཞུ་མི་དགོས་ཀྱང་གཞན་དོན་དུ་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་རྒྱུད་ཞུ་བ་ཡིན་ཏེ། མངོན་རྟོགས་ལས། འཁོར་གྱིས་རྟོགས་ནས་གླེང་སླང་བ་ནི་གོ་ཕྱེ་བ་རྣམས་ཀྱི་ཆེད་དོ། །ཞེས་གསུངས་པ་བཞིན་ནོ། །ཞུས་པ་དངོས་གང་ཞེ་ན། ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །ཞེས་པ་རྐང་པ་བཞི་གཞུང་བརྟག་ལ། འདིའི་དོན་ལ་འགྲེལ་པའི་དགོངས་པས་ཇི་སྐད་དུ། ལམ་གྱི་རྒྱུད་དང་ཐེག་པ་ཐུན་མོང་བ་རྣམས་བཤད་དུ་གསོལ་ཞེས་པས་ཟུར་གཉིས་སུ་ཤེས་པར་བྱ་སྟེ་འདི་ཉིད་གོ་བའི་སྐལ་བ་ཅན་རྣམས་ལ་ཁྱད་པར་གྱི་ལམ་འདི་ཉིད་བཤད་དུ་གསོལ་ཞེས་པ་དང་། སྐལ་པ་དེ་དང་མི་ལྡན་པ་རྣམས་ལ་ཐུན་མོང་གི་ལམ་དང་ཐེག་པ་རྣམས་བཤད་དུ་གསོལ་ཞེས་ཞུས་པར་སྤར་ཁབ་ཀྱིས་བསལ་ལོ། །སྟོན་པས་གནང་བ་ནི་ཕལ་ཆེར་གཞུང་བརྟགས་ཏེ་མཐར་སྤྲོ་བ་སྣ་ཚོགས་མཛད་ཅེས་པ་ལ་འགྲེལ་པ་ནས་གསང་བའི་སྙིང་པོ་འདི་ཉིད་བཤད་པར་དགྱེས་པའི་ཚུལ་དྲུག་མཛད་པ་དང་ཞེས་པས། ཚུལ་དྲུག་པོ་གང་ཞེ་ན། ཞལ་འཛུམ་པ་དང་། ཕྱག་རྐྱོང་བ་དང་། སྤྱན་འབྱེད་པ་དང་། སྨིན་མ་གཡོ་བ་དང་། སྐུ་གཟེངས་བསྟོད་པ་དང་། སྤྲུལ་པ་སྤྲོ་བའམ་འོད་ཟེར་འགྱེད་པ་དང་དྲུག་གོ། །དེ་ལ་སྔ་རབས་པ་ཁ་ཅིག་འགྲེལ་པ་མཁན་པོ་ནི་ཕོ་ཁམ་ཆུང་ཞིང་འདུ་ཤེས་འཁུམས་པ་ཡིན་ཏེ། གཞུང་ཉིད་ནས་སྣ་ཚོགས་མཛད་ཅེས་གསུངས་པའི་ཕྱིར་ཟེར་བ་ལ། བླ་མ་ནི་གོང་གི་དྲུག་པོ་ཡང་སྣ་ཚོགས་པ་ཡིན་ཞིང་། དེའི་བྱེ་བྲག་སྤྲུལ་པའམ་འོད་ཟེར་ནི་བ་སྤུའི་བུ་ག་རེ་རེ་ནས་ཀྱང་བྱེ་བ་ཕྲག་དྲུག་ཅུ་དྲུག་ཅུ་འགྱེད་པའི་ཕྱིར་ད་ལྟར་མི་འགྱུར་གསུང་ངོ་། །ཡང་ཐུན་མོང་གི་གླེང་སླང་བ་འདིར་བཀའ་སྩལ་པ་དང་གསོལ་པ་ཞེས་མི་འདུག་པས། འཁོར་གྱིས་ཞུས་ཤིང་སྟོན་པས་གནང་བར་མི་འཐད་དོ་ཞེ་ན། རྡོ་རྗེའི་ཚིག་འདིར་ཞུས་པ་དང་ལན་དངོས་སུ་མི་གསལ་ཡང་དོན་གྱིས་ཞུས་ལན་ཡིན་ཏེ། སྟོན་འཁོར་དགོངས་པ་ཐ་དད་མེད་པའི་ཕྱིར་རོ། །འོ་ན་ཞུ་མི་དགོས་པར་འགྱུར་ཏེ། ཐ་དད་མེད་པའི་ཕྱིར་ཞེ་ན། རང་དོན་དུ་འདོད་ཅིང་གཞན་དོན་དུ་ཁྱབ་པ་མེད་དོ། །དེ་ལྟར་ཡང་། ཐུན་མོང་མ་ཡིན་ངེས་པའི་རྒྱུད། །དྲིས་ལན་མི་མངོན་དོན་གྱིས་བསྡུས། །ཞེས་གསུངས་པ་ཡིན་ནོ། །ཡང་མཚན་ནི་སཾསྐྲྀཏའི་སྒྲ་པ་ཏ་ལ་ཞེས་པ་ལས་དྲངས་ན་ལེའུ་ཞེས་བྱ་ལ། ལེའུའི་མཚན་གྱིས་གཞུང་འགེབས་པའམ་སྐྱོབ་པ་ཡིན་པ་ལ་འདིར་མཚན་གྱིས་གཞུང་མ་ཁེབས་སོ་ཞེ་ན། དེ་ནི་འདི་ལྟར་དོན་དམ་པར་ཞེས་པར་གསང་དབང་འདུས་ཏེ། དེ་ནི་གཉིས་མེད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བྱེད་ཡིན་ལ་གཉིས་མེད་ཀྱི་ཡེ་ཤེས་ནི་དོན་དམ་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་ཡེ་ཤེས་ཞེས་པར་ཡེ་ཤེས་རང་གནས་འདུས་ཏེ། དེ་ནི་མྱོང་བའི་ཡེ་ཤེས་རྒྱུད་ལ་གསལ་བྱེད་ཡིན་ལ་གསལ་བ་ནི་ཀུན་རྫོབ་ཡིན་པའི་ཕྱིར་རོ། །བདེ་བ་ཆེན་པོ་མ་འདུས་སོ་ཞེ་ན་གོང་མ་གཉིས་ཀྱིས་ཤུགས་ལ་འདུས་པ་ཡིན་ཏེ། གོང་མ་རྒྱུད་ལ་བརྟན་པ་ནི་བདེ་བ་ཆེན་པོ་ཡིན་པའི་ཕྱིར་རོ། །འོ་ན་ཐུན་མིན་གྱི་གླེང་སླང་དེ་དག་ཏུ་འདུས་ཀྱང་། ཐུན་མོང་གི་གླེང་སླང་མ་འདུས་སོ་ཞེ་ན། ཐུན་མིན་རྒྱུ་ཡིན་ཏེ། ལྷན་ཅིག་པ་རྣམས་ཆོས་ཞུ་མི་དགོས་ཀྱང་དགོངས་པ་ཐ་དད་མེད་པ་རྒྱུ་མཚན་དུ་བྱས་ནས་དེ་མ་རྟོགས་པའི་དོན་དུ་ཐུགས་རྗེ་ཞུ་བའི་ཕྱིར། ཐུན་མོང་གི་གླེང་སླང་དེ་ཐུན་མིན་གྱི་ཡོན་ཏན་ནམ་འབྲས་བུ་ཡིན་པས་ཐུན་མིན་དུ་འདུས་གསུང་ངོ་། །ཡང་ཁ་ཅིག་ནི་གསང་དབང་ནི་སེམས་བསྐྱེད་པའི་རྒྱུ་ཡིན་ཞིང་ཐུན་མོང་གི་གླེང་སླང་དེའི་འབྲས་བུ་ཡིན་པས་རྒྱུ་མིང་འབྲས་ལ་བཏགས་པ་དང་། ཡང་དེ་ལས་ལྡོག་སྟེ་ཐུན་མོང་གི་གླེང་སླང་འབྲས་བུའི་མིང་གིས་རྒྱུ་སེམས་བསྐྱེད་པ་ལ་བཏགས་པས་འབྲས་མིང་རྒྱུ་ལ་བཏགས་པ་སྟེ། ཐུན་མོང་ཐུན་མིན་དུ་འདུ་ལ་དེ་མཚན་དུ་འདུས་པར་སྔར་འབྲུ་བཤད་པས་ཤེས་སོ་གསུང་ངོ་། །ཡང་ན་གསང་དབང་ནི་སེམས་བསྐྱེད་པའི་རྒྱུ་ཡིན། དབང་གཉིས་ཀྱི་ལས་སེམས་བསྐྱེད་པ་དངོས་ཡིན། གོ་ཕྱེ་བའི་ཆེད་དུ་རྒྱུད་ཞུ་བ་ཐུན་མོང་གི་གླེང་སླང་ནི་དེ་དག་གི་འབྲས་བུ་ཡིན་པའི་ཕྱིར་མཚན་དུ་ཐམས་ཅད་འདུས་པར་སེམས་ཏེ་འབྲུ་སྔར་བཤད་པ་བཞིན་ནོ། །རྒྱུད་དོན་རྣམ་ངེས་ལས་ལེའུ་གཉིས་པའི་རྣམ་པར་བཤད་པའོ།། ༈ །།ལེའུ་གསུམ་པའི་འགྲེལ་པ་ནི་དེ་ནས་ཞེས་པ་ལ་ཁ་ཅིག་ལེའུ་གཉིས་པར་གླེང་སླང་བ་བསྟན་ནས་གསུམ་པ་འདིར་གླེང་གཞི་སྟོན་ཞེས་པ་ནི་འགྲེལ་པའི་སྐབས་འཆོལ་ལོ་ཞེ་ན། ཇི་སྐད་དུ་སྤར་ཁབ་ལས། རྒྱུད་དུམ་བུར་གྱུར་ཀྱང་རིམ་པ་མ་ནོར་བའི་ཕྱིར་ནས་ཞེས་བྱའོ་ཞེས་པས། གསུམ་པའི་གླེང་གཞི་འདི་རྒྱུད་འབྱུང་བ་ཁྱད་པར་ཅན་གྱི་གླེང་གཞི་མ་ཡིན་པའི་ཕྱིར་གཉིས་པར་གླེང་སླང་ནས་འདིའི་སྨད་ནས་རྒྱུད་འབྱུང་བ་ནི་འགྲེལ་བ་འཆོལ་པ་མ་ཡིན་ནོ། །འོ་ན་གསུམ་པའི་སྟོད་འདིར་བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་ཞེས་བྱ་བ་ཐུབ་པས་ཐུན་མོང་གི་ཐེག་པ་གསུངས་པ་འདི་མི་འཐད་དེ། ལེའུ་གཉིས་པར་ལྷན་ཅིག་པས་ཨེ་མ་ཧོ་ཞེས་གསང་བ་བཞིས་བསྒྲིབས་པའི་ཆེད་དུ་རྒྱུད་བཤད་པར་ཞུས་ཤིང་། ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིན་ཞེས་སྟོན་པས་རྒྱུད་འདི་ཉིད་གསུང་བར་ཞལ་གྱིས་བཞེས་པའི་ཕྱིར་རོ་ཞེ་ན། གཉིས་པར་ཞུས་པའི་དོན་ལ་འགྲེལ་པ་མཁན་པོས་ཟུར་གཉིས་སུ་བཀྲལ་ཏེ། རྒྱུད་འདི་ཉིད་ཆིག་ཆོད་དུ་གོ་བའི་སྐལ་བ་དང་མི་ལྡན་པ་རྣམས་ལ་ལམ་སྟེགས་ཀྱི་ཐེག་པ་གསུང་བར་ཞུས་པའི་ལན་དུ་གསུངས་པ་ཡིན་ཏེ། སྤར་ཁབ་ལས། ཇི་སྐད་དུ་ཐེག་པ་ཐུན་མོང་བ་རྣམས་བཤད་དུ་གསོལ་ཞེས་པའི་ཕྱིར་རོ། །དེས་ན་ཐུན་མོང་གི་ཐེག་པ་གསུང་བ་པོ་ཐུབ་པ་ཡིན་ལ་དེ་སྟོན་པ་ཉིད་ལས་སྤྲུལ་པའི་ཕྱིར་གླེང་གཞིའི་རྒྱུ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཞེས་པ་ལ་སོགས་གཞུང་བརྟག་གོ། །གླེང་གཞི་སྤྱིར་བསྟན་པ་ནི་འཐོན་ནས་ཀྱང་ཞེས་པ་ལ་སོགས་ལ་ངག་དོན་བཞི་སྟེ། དོན་བྱ་བའི་ཞིང་སྟོང་གསུམ་དང་། དོན་མཛད་པ་པོ་ཐུབ་པ་དང་། དོན་མཛད་ཚུལ་འདུལ་པ་བཞི་དང་། དོན་མཛད་པའི་ཡུལ་འགྲོ་བ་ལྔའོ། །དང་པོ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་པ་ནི་གཞུང་གཞན་ལས་ཇི་སྐད་དུ། གླིང་བཞི་པ་དང་རི་རབ་དང་། །ཉི་ཟླ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་པ། །ཞེས་བཤད་པ་དེ་ལྟ་བུ་རེ་རེ་ནི་སྤྲུལ་པའི་སྐུ་ཐུབ་པ་གཅིག་གཅིག་གི་ཞིང་ཡིན་ནོ། །འོ་ན་གོང་དུ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞེས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་ལྷུན་གྲུབ་ལོངས་སྐུའི་ཞིང་ཡིན་ལ་དེ་སྤྲུལ་སྐུའི་ཞིང་གི་གཞིར་མཚོན་པ་ཡིན་ནོ། །གཉིས་པ་ནི་ཐུབ་པ་ཞེས་པ་ནི་སྐུ་ཐུབ་སྟེ་སྟག་དང་སྤྲེའུ་ལྟར་མི་མཛད། གསུང་ཐུབ་སྟེ་ཅ་ཅོ་མི་མངའ། ཐུགས་ཐུབ་སྟེ་མཉམ་པར་མ་བཞག་པ་མི་མངའ་བའོ་ཞེས་པའམ། ཡང་ན་མདོ་ཆེན་པོ་ནས་ཇི་སྐད་དུ། རྡོ་རྗེ་སེམས་དཔའ་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་འཁོར་བའི་དཔུང་གཏན་བཅོམ་པའི་ཕྱིར་ཐུབ་པ་ཞེས་བྱའོ་ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུ་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་སོ། །གསུམ་པ་ནི་སྐུས་འདུལ་པ་ལ་སོགས་པ་མཛད་པ་བཞིས་དོན་མཛད་པའོ། །བཞི་པ་ནི་འགྲོ་བ་ལྔའི་ཞེས་པ་ནི་སྤར་ཁབ་ལས། ལྔ་ནི་བསྡུས་པ་སྟེ་དྲུག་ཁོ་ནའོ་ཞེས་པས་ལྷ་མིན་སྟོད་རིས་ལྷ་ལ་སྨད་རིས་མིར་སྡུད་པའམ། ཡང་ན་ལྷའི་རིགས་ངན་ཤོས་སུ་བསྡུས་པ་དེ་དག་གི་དོན་མཛད་དེ་གང་ཞེ་ན། གཉིས་པ་བྱེ་བྲག་ཏུ་མཛད་པ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་སྐུའི་མཛད་པ་ནི་འདིར་གསུངས་པའི་བརྒྱད་པོ་འདི་དག་མདོ་སྡེ་དང་མཐུན་པར་བཅུ་གཉིས་སུ་གསུངས་ཏེ། དེ་ཡང་གཞུང་གཞན་ལས་ཇི་སྐད་དུ། ཐུགས་རྗེ་ཆེན་པོར་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། ཁབ་དང་རྒྱལ་སྲིད་བཞེས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན །ཞེས་པས། དགའ་ལྡན་གྱི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོས་སྐྱེ་བ་ཞེས་པ་ན། རོལ་མོ་དང་སིལ་སྙན་དག་ལས་ཇི་སྐད་དུ། དཔལ་ལྡན་ཁྱོད་ཀྱི་བསོད་ནམས་དཔལ་གྱིས་ནི། །དགའ་ལྡན་ཕོ་བྲང་ཤིན་ཏུ་མཛེས་མོད་ཀྱི། །འོན་ཀྱང་ཐུགས་རྗེའི་དཔལ་དང་ལྡན་པས་ན། །འཛམ་བུའི་རྒྱལ་མཚན་དུ་ནི་ཆར་པ་ཕོབ། །ཅེས་བསྐུལ་བས། བྱང་ཆུབ་སེམས་དཔའ་དེས་གཟིགས་པ་རྣམ་པ་བཞིའམ་ལྔ་ལ་གཟིགས་ཏེ། དེ་ཡང་དུས་ཡར་འཕེལ་གྱི་དུས་སུ་མི་འབྱོན་ཞིང་མར་འགྲིབ་སྡུག་བསྔལ་བཞིས་གདུངས་པའི་དུས་སུའོ། །གླིང་ནི་མུན་པའི་གླིང་དུ་གྱུར་པ་གསུམ་དུ་མ་ཡིན་ཏེ་འཛམ་བུའི་གླིང་དུའོ། །ཡུལ་ཡང་མཐའ་འཁོབ་དང་དབང་པོ་རྟུལ་བས་ལེགས་སྤྱད་དང་ཉེས་སྤྱད་མི་ཕྱེད་པར་མི་འབྱོན་ཏེ་ཡུལ་དབུས་སུའོ། །རིགས་ནི་གདོལ་པ་ལ་སོགས་སྲིད་པ་ཐ་མ་པའི་རྒྱལ་སྲས་ལ་འོས་པ་མ་ཡིན་ཏེ། འཇིག་རྟེན་ན་བཀུར་བའི་གནས་ཡོན་ཏན་དྲུག་ཅུ་རྩ་བཞི་དང་ལྡན་པའི་ཕྱིར་རྒྱལ་པོའམ་བྲམ་ཟེའི་རིགས་ཏེ། འདིར་ཤཱཀྱའི་རིགས་ཟས་གཙང་ཡང་ཆོས་དེ་དག་དང་ལྡན་ཞིང་འཇིག་རྟེན་ན་མ་སྨད་པ་ཡིན་པས་དེ་དང་། བུད་མེད་ཀྱང་གཡོ་སྒྱུ་དང་བཅས་པའི་མངལ་དུ་མི་འཇུག་སྟེ་སྐྱོན་བརྒྱད་དང་བྲལ་ཞིང་ཡོན་ཏན་སུམ་ཅུ་རྩ་གཉིས་དང་ལྡན་པའི་ལྷ་མོ་སྒྱུ་མའོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཁྱོད་ལྷ་རྣམས་ལ་ཆོས་སྟོན་པར་འགྱུར་རོ་ཞེས་སྨྲས་ཏེ། རང་གི་མགོ་ལས་ཐོད་དང་ཅོད་པན་ཕོག་ནས་བྱམས་པའི་མགོ་ལ་བཞག་སྟེ་ཁྱོད་འདིའི་འོག་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ནས་རྒྱལ་ཚབ་ཏུ་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའི་བྲམ་ཟེ་རིགས་བྱེད་ཀྱི་བསྟན་བཅོས་ལས་བྱུང་བ་ལྟར་གླང་པོ་ཆེའི་གཟུགས་ཀྱིས་འཛམ་བུའི་གླིང་དུ་གཤེགས་པར་བཞེད་པ་ན་ཟས་གཙང་གི་ཕོ་བྲང་དུ་ལྟས་ཆེན་པོ་བརྒྱད་བྱུང་ཞིང་། ཡུམ་ཡང་སྔར་བས་མཛད་པ་དང་ལྡན་ཞིང་སེམས་བདེ་བར་གྱུར་ནས་རྒྱལ་པོའི་དྲུང་དུ་ཕྱིན་ཏེ་ཚིགས་སུ་འཅད་པ་དུ་མ་སྨྲས་ནས་ལྷན་ཅིག་ཏུ་འདུག་པ་ནི་མཛད་པ་དང་པོའོ། །དེ་ནས་དཔྱིད་ཟླ་ཐ་ཆུང་སྐར་མ་ས་ག་ལ་བབས་པ་ན་ཟླ་བ་ཉའི་མཚན་མོ་ཡུམ་གསོ་སྦྱོང་ལ་གནས་པའི་ཚེ། དྲན་བཞིན་ཤེས་བཞིན་དུ་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་དང་ལྡན་པར་སྤྲུལ་ནས་ཡུམ་གྱི་གློ་གཡས་ན་ཞུགས་ཤིང་ཞུགས་ནས་ཀྱང་གཡས་ལོགས་ཉིད་དུ་གནས་སོ། །དེའི་ཚེ་ཡུམ་ལ་རྨི་ལམ་ཡང་དེ་ལྟ་བུ་རྨིས་པ་རྒྱལ་པོ་ལ་སྨྲས་པ། གླང་པོ་ཁ་བ་དངུལ་མདོག་མཆེ་བ་དྲུག །རྐང་ལག་རབ་མཛེས་མགོ་བོ་དམར་སྡུག་པ། །འགྲོ་བཟང་ལུས་ཚིགས་རྡོ་རྗེ་བཞིན་བརྟན་པ། །གླང་པོ་མཆོག་གཅིག་ཁོང་དུ་སོང་སྙམ་བྱེད། །ཅེས་སྨྲས་པ་དང་། བྲམ་ཟེ་རྨི་ལམ་མཁན་ལ་དྲིས་པས་དེས་སྨྲས་པ། ཁྱོད་ལ་སྲས་མངའ་ཡོན་ཏན་གྱིས་ནི་བརྒྱན་པ་སྐྱེ་བར་འགྱུར། །གལ་ཏེ་འདོད་པ་དག་དང་རྒྱལ་པོའི་ཕོ་བྲང་སྤངས་གྱུར་ཏེ། །འཇིག་རྟེན་ཐུགས་བརྩེ་ཆགས་མེད་རབ་ཏུ་བྱུང་གྱུར་ན། དེ་ནི་འཇིག་རྟེན་གསུམ་ན་སྦྱིན་གནས་སངས་རྒྱས་འགྱུར་བ་སྟེ། བདུད་རྩི་མཆོག་གི་རོ་ཡིས་འཇིག་རྟེན་ཐམས་ཅད་ཚིམ་མཛད་འགྱུར། །ཞེས་ལུང་བསྟན་པས་རྒྱལ་པོ་དགྱེས་ཏེ་བྲམ་ཟེ་ཚིམ་པར་བྱས་ནས་བཀྱེའོ། །དེ་ནས་བལྟམས་པ་དང་ཞེས་པ་ཟླ་བ་དགུ་འདས་པ་ན་སྐྱེད་མོས་ཚལ་དུ་མེ་ཏོག་ཁ་འབུས་པ་ལ་སོགས་པ་བལྟས་བཟང་པོ་རྣམས་ནི་ལྷ་མོས་བཙའ་བའི་དུས་ལ་བབ་པར་ཤེས་ནས། ལྷ་མོ་རྒྱན་དུ་མས་བརྒྱན་ཅིང་འཁོར་དུ་མས་བསྐོར་ཏེ་ཤིང་རྟའི་སྟེང་དུ་འདུག་ནས་ལུམ་བིའི་ཚལ་དུ་སོང་སྟེ་ཤིང་རྟ་ལས་བབས་ནས་གླག་ཤའི་ཡལ་ག་ལ་ཕྱག་གཡས་པ་འཇུས་ཏེ། མངལ་གྱི་དྲི་མས་མ་གོས་པར་དྲན་བཞིན་དུ་གཡས་ཀྱི་རྩིབ་མའི་གོ་བར་ནས་བྱོན་ནོ། །ཚངས་པ་དང་བརྒྱ་བྱིན་གྱིས་ཀ་ཤི་ཀའི་གོས་ཀྱིས་བླངས། ཀླུའི་རྒྱལ་པོ་དགའ་བོ་ལ་སོགས་པས་ལུས་ཕྱེད་ཕྱུང་ནས་ཁྲུས་གསོལ། ལྷའི་དབང་པོས་མེ་ཏོག་སིལ་མས་གཏོར་བ་དང་དངུལ་གྱི་རྔ་ཡབ་དང་རིན་པོ་ཆེའི་གདུགས་སུ་གྱུར་ཏོ། །དེའི་ཚེ་རི་བོ་གངས་ལྡན་ན་གནས་པའི་དྲང་སྲོང་མདོག་ནག་དང་རང་གི་གནག་བྲམ་ཟེ་མེ་བཞིན་གཉིས་རང་རང་གི་རྫུ་འཕྲུལ་གྱིས་འོངས་པ་ལ་མཚན་བསྟན་པས་བརྒྱལ་བར་གྱུར་ཏོ། །དེ་ལས་སངས་ཏེ་དྲིས་པས། ཁྱེའུ་འདི་ལ་བཀྲ་མི་ཤིས་པའི་མཚན་ནི་མེད་མོད་ཀྱི། འདི་སངས་རྒྱས་པ་ན་བདག་ཅག་རྒས་པར་གྱུར་པས་ཚེའི་དུས་བྱེད་པར་འགྱུར་ཏེ་བདག་ཉིད་ལ་བརྒྱལ་བར་ཟད་དོ་ཞེས་སྨྲས་པ། བཙས་གྱུར་གཞོན་ནུ་འདི་ཡན་མཚན་ལྟས་ནི། །སུམ་ཅུ་རྩ་གཉིས་མཚན་གྱིས་བརྒྱན་པ་མཐོང་། །འདི་ནི་གཉིས་སུ་འགྱུར་ཏེ་གཞན་དུ་མིན། །ཁྱིམ་ན་གནས་ན་འཁོར་ལོ་སྒྱུར་རྒྱལ་ལམ། །ཁྱིམ་ནས་ཁྱིམ་མེད་རབ་ཏུ་བྱུང་གྱུར་ན། །འདྲེན་པ་གཞན་གྱི་དྲིང་ལ་མི་འཇོག་པར། །འཇིག་རྟེན་འདིར་ནི་མངོན་རྫོགས་སངས་རྒྱས་འགྱུར། །གསང་བའི་གནས་མཆོག་ངེས་པར་ནུབ་གྱུར་ཅིང་། །སྤྱི་གཙུག་འགྲོ་བ་ཀུན་གྱིས་མི་མཐོང་བའི། །མཚན་མཆོག་གཉིས་ལྡན་གཞོན་ནུ་དམ་པ་འདི། ཁབ་ཏུ་བཞུགས་མི་འགྱུར་ཞེས་ལུང་ཡང་བསྟན། །ཞེས་མཚན་དམ་པར་བསྒྲགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སུས་ཀྱང་མ་བརྟེན་པར་དྲང་པོར་བཞེངས་ཏེ་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་པས་པདྨའི་ཕྲེང་བ་བདུན་དུ་གྱུར་ཏོ། །དེ་ནས་སྐྱེས་བུ་ཆེན་པོའི་ལྟ་སྟངས་ཀྱིས་སེང་གེ་ལྟར་ཞུམ་པ་མེད་པར་གནས་ནས་བདག་འཇིག་རྟེན་ལས་རྒྱལ་བར་བྱའོ། །ལྷ་དང་མིའི་སྦྱིན་གནས་སུ་བྱའོ་ལ་སོགས་པ་སེང་གེའི་སྒྲ་བསྒྲགས་སོ། །དེའི་ཚེ་ཡབ་རྒྱལ་པོས་འདི་བཙས་མ་ཐག་ཏུ་བདག་གི་བསམ་པ་དང་དོན་ཐམས་ཅད་གྲུབ་པས་མཚན་ཡང་དེར་གདགས་པར་རིགས་སོ་ཞེས་དེར་བཏགས་སོ། །གཞན་ཡང་དེའི་ཚེ་ཡ་རབས་ཀྱི་རིགས་ལྔ་བརྒྱ་དང་། བུ་མོ་ཁྲི་དང་། བྲན་མོ་བརྒྱད་བརྒྱ་དང་། བྲན་ལྔ་བརྒྱ་དང་། རྟིའུ་ཁྲི་དང་། གླང་པོ་ཆེའི་ཕྲུག་གུ་ལྔ་བརྒྱ་བཙས་ཤིང་འབྲངས་པ་རྣམས་ཀྱང་རྒྱལ་པོས་གཞོན་ནུ་ལ་རྩེད་མོའི་ཕྱིར་བྱིན་ནོ། །གླིིང་གི་དབུས་སུ་བྱང་ཆུབ་ཀྱི་ཤིང་སྐྱེས་སྐྱེད་ཚལ་ལྔ་བརྒྱ་དང་གཏེར་ཁ་ལྔ་བརྒྱ་ཡང་བྱུང་ཕྱོགས་བཞིར་རྒྱལ་ཕྲན་བཞི་ཡང་བཙས་ཏེ་རྒྱལ་པོའི་ཁབ་ཏུ་རྒྱལ་པོ་པད་ཆེན་གྱི་གཟུགས་ཅན་སྙིང་པོ་དང་། མཉན་ཡོད་དུ་རྒྱལ་པོ་ཚངས་བྱིན་གྱི་བུ་གསལ་རྒྱལ་དང་། འཕགས་རྒྱལ་དུ་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་རབ་སྣང་དང་། ཀ་ཤམྦྷིར་རྒྱལ་པོ་དམག་བརྒྱ་པའི་བུ་ཤར་བ་རྣམས་བཙས་པར་གྱུར། དེ་ལྟར་ཡུམ་གྱིས་བསྐྱེད་པའི་བྱ་བ་རྫོགས་ཟིན་ཅིང་། སྐྱེ་བོ་ཕལ་པ་སྐྱེད་པའི་མར་མི་རིགས་པ་དང་། ཁྱིམ་ནས་བྱུང་བ་ཡུམ་གྱིས་མི་བཟོད་པ་དང་། ཡུམ་གྱི་ཕྱག་མང་མི་བཞེད་པའི་ཕྱིར་འཁྲུངས་ནས་ཞག་བདུན་ཡུམ་གྱི་སྐུ་ཚེ་ལུས་པར་འགྱུར་བའི་དུས་ལྷུམས་སུ་འཇུག་པར་མཛད་པའི་ཕྱིར་དེ་ནས་དགུ་བདུན་ན་ཡུམ་སྒྱུ་མ་ཆེན་མོ་འདས་ནས་རིང་བོ་མ་ལོན་པར་རིན་པོ་ཆེ་སྣ་ཚོགས་བཀོད་པ་ཞེས་བྱ་བ་ཉིད་ཀྱི་ཁང་བཟང་དེར་བཞུགས་པར་གྱུར་ཏེ། སྲུ་སྐྱེ་རྒུའི་བདག་མོ་ལ་གཏད་ཅིང་མ་མ་སུམ་ཅུ་རྩ་གཉིས་བསྒོ་བ་དང་། གཙང་མའི་རིགས་ཀྱི་ལྷ་རྣམས་ཀྱིས་ཀྱང་བཀུར་སྟི་བྱས་སོ། །དེ་ནས་ཅུང་ཟད་བརྟས་པ་དང་ཤཱཀྱའི་ཁྱེའུ་སྟོང་ཕྲག་བཅུ་དང་ལྷན་ཅིག་ཏུ་བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་ལ། ཚངས་པ་དང་ཁ་རོ་སྐྱོང་དང་པདྨའི་ཡི་གེ་ལ་སོགས་པ་གཞན་གྱིས་མི་ཤེས་པ་དྲུག་ཅུ་རྩ་བཞི་བསླབས་སོ། །དེ་ནས་བྲམ་ཟེས་ལུང་བསྟན་པ་ཤཱཀྱ་རྣམས་ཀྱིས་ཐོས་ནས་རྒྱལ་པོ་ལ་ཁབ་བཞེས་པར་ཞུས་པ་དང་། རྒྱལ་པོས་ཁབ་ཏུ་འོས་པ་རྒྱལ་བུ་ཉིད་ལ་དྲིས་པས་རྒྱལ་བུས་སྨྲས་པ། གང་ཞིག་བདག་གི་སེམས་ནི་མངོན་པར་དགའ་བྱེད་ཅིང་། །བག་ཡོད་གཟུགས་དང་ན་ཚོད་རུས་རིགས་དག་པ་འོས། །ཡོན་ཏན་དེ་ནི་ཚིགས་སུ་བཅད་དེ་ཡི་གེར་བྲིས། །འདི་འདྲའི་བུ་མོ་མཆིས་ན་བདག་ལ་སྩོལ་ཞེས་སྤྲིང་ངོ་། །དེ་འདྲའི་བུ་མོ་ཤཱཀྱ་ལག་ན་བེ་ཅོན་ལས་རྙེད་ནས་དེ་སློང་དུ་ཕྱིན་པས། ལག་ན་བེ་ཅོན་གྱིིས་སྨྲས་པ། ཟས་གཙང་གི་བུ་ཕོ་བྲང་ན་སྐྱིད་བདེར་གནས་པ་ལ་བདག་གི་བུ་མོ་མི་སྦྱིན་ཏེ། སྒྱུ་རྩལ་གྱི་སྤྱོད་པ་རལ་གྲིའི་ཐབས་དང་། །འཕོང་དང་སྟོབས་དང་རྩིས་ལ་སོགས་པ་སུ་རྒྱལ་བ་དེས་འདི་ཁྱེར་ཅིག་ཅེས་དམ་བཅས་སོ། །དེ་ནས་ཞག་བདུན་ན་ཤཱཀྱ་གཞོན་ནུ་ལྔ་བརྒྱ་ཙམ་ཚོགས་ཏེ། ས་འཚོ་མ་རྒྱལ་བའི་རུ་མཚོན་དུ་བཞག་པས། ཐོག་མར་ལྷས་བྱིན་གྱིས་ལག་པ་གཡོན་པས་གླང་པོ་ཆེའི་སྣ་ནས་བཟུང་ནས་གཡས་པའི་ཐལ་མོས་བསད་པ་དང་། དེ་མཛེས་དགའ་བོས་གུད་དུ་བོར་རོ། །བྱང་ཆུབ་སེམས་དཔས་ཤིང་རྟ་ལ་འདུག་བཞིན་དུ་རྐང་པ་ཡ་གཅིག་ས་ལ་བརྐྱངས་ཏེ་མཐེ་བོས་གླང་པོ་ཆེའི་མཇུག་མ་ནས་བཟུང་སྟེ་འཕངས་པས། ར་བ་དང་འོབས་བདུན་བདུན་ལས་འདས་ཏེ་རྒྱང་གྲགས་གཅིག་ཏུ་དོར་བ་ན། ས་དེ་གཤོང་ཆེན་པོ་ཞིག་ཏུ་གྱུར་ཏེ་དེང་སང་གི་བར་དུ་ཡང་གླང་པོ་ཆེའི་གཤོང་ཞེས་གྲགས་སོ། །ལྷ་ཡིས་ཚིགས་སུ་བཅད་དེ་སྨྲས་པ། གླང་པོའི་དབང་པོ་རྡོ་རྗེ་བཞིན་བཞུད་པ། །ཞབས་ཀྱི་མཐེ་བོས་གླང་པོའི་དབང་པོ་བླངས། །ར་བ་བདུན་དང་འོབས་བདུན་ཡོངས་འདས་ནས། །གྲོང་ཁྱེར་འདི་ཡི་ཕྱི་རོལ་རྒྱང་རིང་འཕངས། །ཞེས་སྨྲས་སོ། །དེ་བཞིན་དུ་འཕོང་འགྲན་པ་ཡང་འབེན་ནི་ལྕགས་ཀྱི་ཕ་གུ་དང་སླ་ང་དང་ཏ་ལའི་སྡོང་པོ་རྣམས་རེ་རེ་ཞིང་བདུན་བདུན་ཏེ་ཉེར་གཅིག་ལ། ལྷས་བྱིན་ལ་སོགས་པས་འགའ་ཞིག་ལས་ཕིག་པར་མ་གྱུར་ཏོ། །བྱང་ཆུབ་སེམས་དཔས་མེས་སེང་གེ་འགྲམ་གྱི་ལྕགས་མདའ་དང་ལྕགས་གཞུ་བླངས་ཏེ་འཕངས་པས་ཐམས་ཅད་ལས་ཕ་རོལ་ཏུ་གྱུར་ཏོ། །མདའ་དེ་ནུབ་པའི་ཁུང་དེ་ནས་ཁྲོན་པ་ལྟ་བུའི་ཆུ་ཞིག་བྱུང་སྟེ། དིང་སང་གི་བར་དུ་ཡང་མདའ་ཆུ་ཁྲོན་པ་སྐྱེས་ཞེས་བྱའོ། །དེ་བཞིན་དུ་རྩིས་དང་ཡི་གེ་ལ་སོགས་སྒྱུ་རྩལ་གྱི་སྤྱོད་པ་དྲུག་ཅུ་རྩ་བཞི་པོ་རྣམས་གང་ཡང་ཐུབ་པར་མ་གྱུར་པས་ས་འཚོ་མ་བྱང་ཆུབ་སེམས་དཔའ་ལ་ཕུལ་ཏེ། ས་འཚོ་མ་ལ་སོགས་པ་བུ་མོ་ལྔ་བརྒྱ་དང་ཡང་སྤྱོད་ཚུལ་ལས་མ་གཡོས་པར་གནས་སོ། །དེ་ནས་སྲས་སྒྲ་ཅན་འཛིན་བལྟམས་ཤིང་རྒྱལ་པོའི་ཐུགས་ལ་ཉེ་བར་གནས་པ་ཡན་ཆད་ལྔ་ནི་འཇིག་རྟེན་པའི་མཛད་པའོ། །དེ་ནས་རབ་ཏུ་བྱུང་བ་དང་ཞེས་པ་བྱང་ཆུབ་སེམས་དཔའི་ཐུགས་རྣམ་པར་དག་པ་ལས། འདམ་དང་ལྗན་ལྗིན་ཁྲོད་ན་པདྨ་རྣམ་པར་རྒྱས། །མི་རྣམས་དགའ་བའི་ནང་ནས་རྒྱལ་པོ་འབྱོར་པ་ཐོབ། །སྔོན་ཆད་རྒྱལ་བ་རྣམས་ཀྱང་བཙུན་མོ་ཡི། །ནང་ནས་མངོན་པར་བྱུང་ནས་ཞི་བ་ཐོབ་པ་ཡིན། །སྙམ་དུ་སེམས་ན་ཕྱོགས་བཅུའི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་རོལ་མོ་དང་སིལ་སྙན་དག་ལས་སྒྲ་འདི་སྐད་དུ། སྡུག་བསྔལ་བརྒྱལ་བར་སེམས་ཅན་མཐོང་ནས་ནི། །འགྲོ་བའི་མགོན་དང་སྐྱབས་དང་གནས་གྱུར་ཅིང་། །ཕན་ཡོན་མཆོག་དང་དཔུང་གཉེན་གྱུར་ཅིག་ཅེས། །ཁྱོད་ཀྱིས་སྔོན་ནི་སྨོན་ལམ་དེ་སྐད་བཏབ། །འགྲོ་ཕན་བྱ་ཕྱིར་སྨོན་ལམ་དྲན་པར་བྱོས། །ཞེས་བསྐུལ་བ་དང་བྱང་ཆུབ་སེམས་དཔའ་ཤིང་རྟ་ལ་ཞོན་ནས་གྲོང་ཁྱེར་གྱི་ཕྱོགས་ཀྱི་སྒོ་བཞིར་བྱོན་པས་ཤར་ལ་སོགས་པར་ལྷའི་བུ་རྣམས་ཀྱིས་རྒས་པ་དང་ན་བ་དང་ཤི་བ་རྣམས་བསྟན་པས། མཁྱེན་བཞིན་དུ་འདི་དག་ཅི་ཡིན་ཞེས་འདུན་པ་ལ་དྲིས་པ། འདི་ཡི་ཆོས་འདི་རིགས་ཆོས་ཡིན་ནམ་འོན་ཏང་ནི། །འགྲོ་བ་འདི་ཀུན་ལའང་དེ་སྲིད་དེ་སྨྲོས་ཤོག །ཚིག་འདི་མ་ཐོགས་ཇི་བཞིན་མྱུར་དུ་སྨྲོས་ཤིག་དང་། །ཐོས་ནས་དེ་བཞིན་དོན་ལ་འདི་ནི་ཚུལ་བཞིན་བསམ། །ཞེས་དྲིས་པ་དང་ཁ་ལོ་སྒྱུར་བས་སྨྲས་པ། ལྷ་འདི་རིགས་ཆོས་མ་ལགས་ཡུལ་འཁོར་ཆོས་མ་ལགས། །སྐྱེ་བོ་ཀུན་གྱི་དར་ལ་བབ་པའང་རྒས་པས་འཇོམས། །ཁྱོད་ཀྱི་ཡབ་དང་ཡུམ་དང་ཉེ་དུ་གཉེན་ཚོགས་ཀྱང་། །རྒ་ལས་མ་ཐར་གྲོལ་པའི་ཐབས་ནི་གཞན་མ་མཆིས། །ཞེས་སྨྲས་པ་དང་། ཡང་རྒྱལ་བུས་སྨྲས་པ་དང་། ཁ་ལོ་སྒྱུར་བ་བྱིས་པ་སྐྱེ་བོ་མི་མཁས་པ། །བློ་དམན་གཞོན་པས་རྒྱགས་ཤིང་རྨོངས་པས་རྒ་མ་མཐོང་། །ང་ནི་སླར་འགྲོ་ང་ཡི་ཤིང་རྟ་མྱུར་དུ་སྒྱུར། །གང་ཡང་རྒ་ལ་གནས་ནི་རྩེ་དགས་ཅི་ཞིག་བྱ། །ཞེས་སྨྲས་པ་དང་། འདུན་པས་ཤིང་རྟ་སྒྱུར་ཏེ། ལྷོ་རུ་ན་བ་དང་། ནུབ་ཏུ་ཤི་བ་ལ་སོགས་སྔར་བཞིན་དུ་དྲིས་ཤིང་ལན་བཏབ་ནས། བྱང་གི་སྒོར་བྱང་ཆུབ་སེམས་དཔའ་ཉིད་ཀྱི་མཐུས་དགེ་སློང་གི་འབྱོར་བ་དང་ལྡན་པ་ཞིག་སྤྲུལ་ཏེ་སུ་ཡིན་དྲིས་པ་དང་། ལྷ་འདི་ནི་དགེ་སློང་ཞེས་བྱ་སྟེ་སྔར་གྱི་སྡུག་བསྔལ་དེ་དག་ལས་ཐར་པའི་ལམ་ལ་ཞུགས་པ་ཡིན་ནོ་ཞེས་སྨྲས་པ་དང་། འདུན་པ་ཐབས་དེ་ལ་བདག་ཀྱང་འཇུག་པར་བྱེད་དོ་ཞེས་གསུངས་པ་ཡབ་ཀྱིས་གསན་ནས། བསྲུང་བའི་ཕྱིར་འོབས་དང་སྒོ་གཏན་དང་སྲུང་མ་ཡང་མང་དུ་བསྒོ་བར་གྱུར་ཏོ། དེ་ནས་བྱང་ཆུབ་སེམས་དཔའ་ཕ་མས་མ་གནང་བར་རབ་ཏུ་འབྱུང་བར་མི་རིགས་པར་མཐོང་ནས་ཡབ་ཀྱི་དྲུང་དུ་སོང་སྟེ་འདི་སྐད་ཅེས་གསོལ་ཏོ། །ལྷ་ཅིག་བདག་ནི་མངོན་པར་འབྱུང་བའི་དུས་བབ་རིགས། །གེགས་ཀྱང་མ་མཛད་དགྱེས་པའང་མ་མཛད་ཅིག །རྒྱལ་པོ་གཉེན་བཅས་ཡུལ་འཁོར་བཅས་ཏེ་གློད་པར་མཛོད། །ཅེས་ཞུས་པས་རྒྱལ་པོས་ཤཱཀྱའི་རིགས་རྣམས་སྦྲན་ཏེ་བསྲུང་བའི་ཕྱིར་སྒོ་འཕར་ཆེན་པོ་སྒྲ་དཔག་ཚད་ཕྱེད་དུ་གྲགས་པ་མི་ལྔ་བརྒྱ་ལྔ་བརྒྱས་འབྱེད་ཅིང་གཅོད་པ་བྱས་སྒོ་རེ་རེར་ཡང་སྔར་བས་ལྷག་པའི་སྲུང་མ་ལྔ་བརྒྱ་ལྔ་བརྒྱ་བཀོད་དོ། །དེ་ནས་ལྷས་བསྐུལ་ཏེ་འདུན་པས་བྱང་ཆུབ་སེམས་དཔའ་ལ་རྟ་ཕུལ་བ་བླངས་ཏེ། འཇིག་རྟེན་སྐྱོང་བ་བཞིའི་ཕྱག་པདྨ་དང་འདྲ་བས་རྟའི་རྨིག་པ་ནས་བཏེག་ཅིང་བརྒྱ་བྱིན་དང་ཚངས་པས་ལམ་སྣ་དྲངས། ལྷ་ཀླུ་དྲི་ཟ་ལ་སོགས་པས་རོལ་མོ་དང་མཆོད་པ་སྣ་ཚོགས་དང་བཅས་ཏེ་ཕོ་བྲང་གི་མཐོང་ས་ན་ཡར་བྱོན་པས། ཤཱཀྱའི་ཡུལ་དང་ནེའུ་ཏའི་ཡུལ་དང་གྱད་ཡུལ་ལས་འདས་ཏེ་ཨེ་ནའི་ཡུལ་གྱི་གྲོང་རྡལ་རྗེས་སུ་སྤགས་པ་ནས། དཔག་ཚད་དྲུག་ཕྱིན་པ་ན་ནམ་ལངས་པར་གྱུར་པ་དང་རྟ་ལས་བབས་ནས་ལྷ་ལ་སོགས་པའི་འཁོར་རྣམས་སླར་བཀྱེ་སྟེ་འདུན་པ་ལ་རྒྱན་དང་རྟ་བྱིན་ནས་བཏང་ངོ་། །དེར་མཆོད་རྟེན་བརྩིགས་པ་ནི་འདུན་པ་སླར་ལོག་གི་མཆོད་རྟེན་ཞེས་བྱའོ། །དེ་ནས་མཆོད་རྟེན་རྣམ་དག་གི་རྩར་ཉིད་ཀྱི་གཙུག་ཕུད་ཉིད་ཀྱིས་བྲེགས་ཏེ་ནམ་མཁའ་ལ་དོར་བ་ལྷས་བླངས་ཏེ་སུམ་ཅུ་རྩ་གསུམ་གྱི་གནས་སུ་མཆོད་རྟེན་བཞེངས་པ་ནི་གཙུག་ཕུད་ཀྱི་མཆོད་རྟེན་ཞེས་བྱའོ། །རྔོན་པ་ལས་རབ་ཏུ་བྱུང་བ་དང་ཚུལ་མཐུན་པར་གོས་ངུར་སྨྲིག་བླངས་པ་འདུན་པས་མཐོང་ནས། དེར་མཆོད་རྟེན་བརྩིགས་པ་ལ་ངུར་སྨྲིག་བླངས་པའི་མཆོད་རྟེན་ཞེས་གྲགས་སོ། །དེ་ནས་སྲུ་སྐྱེ་རྒུའི་མོས་རྒྱན་མཐོང་བ་དེ་སྲིད་དུ་བདག་གི་སྙིང་ལ་མྱ་ངན་དུ་འགྱུར་གྱི་རྙམ་ནས་རྒྱན་དེ་དག་རྫིང་བུར་བོར་བ་ལ་རྒྱན་གྱི་རྫིང་བུ་ཞེས་གྲགས་སོ། །དེ་ནས་ས་འཚོ་མས་རྟ་ལ་འཇུས་ཤིང་ངུས་ཏེ་སྨྲས་པ། ཀྱེ་ཧུད་བསྔགས་ལྡན་ལེགས་སྐྱེས་ངའི་ཁྱིམ་ཐབ་གྲོགས་པོ་ཡིན་ཏེ་ཁྱོད་ཀྱིས་གཞན་དུ་ཁྲིད། །འདུན་པ་རྒྱལ་བ་ཀུན་གྱིས་ཕ་དང་མ་དག་མཆོད་པའི་འོས་ཞེས་རྟག་ཏུ་བསྔགས་མཛད་ན། །དེ་དག་རྣམས་ཀྱང་སྤངས་ཏེ་བྱུང་ན་བུད་མེད་འདོད་པའི་དགའ་བས་འདི་ལྟ་རྨོས་ཅི་དགོས། །ཀྱི་ཧུད་སྡུག་པ་རྣམས་དང་བྲལ་བ་གར་ལས་འདའ་བའི་རང་བཞིན་དྲན་ཏེ་རྟག་མ་ཡིན། །ཞེས་སྨྲས་སོ། །དེ་ནས་དཀའ་ཐུབ་མཛད་པ་དང་ཞེས་པ་ནི་འཛམ་བུའི་གླིང་སྙིགས་མ་ལྔ་ཤས་ཆེ་ཞིང་ཕྱི་རོལ་པའི་ལྟ་བ་དང་དཀའ་ཐུབ་དང་དཀའ་སྤྱད་ལ་མོས་པ་རྣམས་ལས་ལྡོག་པའི་དོན་དུ་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་ལོ་དྲུག་ཏུ་མཛད་པས་ལུས་ཆུང་ཞིང་རིད་པར་གྱུར་པ་ལ་ལྷས་ཚིག་སུ་བཅད་དེ་སྨྲས་པ། མི་ཡི་དབང་པོ་ཤཱཀྱའི་སྲས་འདི་ནི། །བརྣག་པ་མ་རྫོགས་དོན་ཡང་མ་མཛད་ཅིང་། །འཇིག་རྟེན་གསུམ་པོ་སྡུག་བསྔལ་མགོན་མེད་པར། །མཛད་ནས་མགོན་འདི་འགྲོངས་པར་མི་འགྱུར་དྲང་། །ཞེས་སྨྲས་པས། གྲོང་པའི་བུ་མོ་སྟོབས་ལྡན་མ་ལ་སོགས་པས་ཚོད་མ་ཕུལ་བ་ལ་ལོངས་སྤྱོད་པས་སྟོབས་དང་མདོག་ཕུན་སུམ་ཚོགས་པས་དགེ་སྦྱོང་མཛེས་པ་ཞེས་གྲགས་སོ། །དེ་ལ་ལྔ་སྡེ་བཟང་པོ་མ་དད་ནས་བ་ར་ཎཱ་སིར་གཤེགས་སོ། །དེ་ནས་བུ་མོ་ལེགས་སྐྱེས་མའི་སྨོན་ལམ་མཛད་པ་དེ་ལ་བསྐུལ་བས། བ་སྟོང་གི་འོ་མ་ཉིང་ཁུར་བྱས་ཏེ་འབྲས་གསར་པ་དང་ལྷན་ཅིག་ཏུ་བཙོས་པའི་ཚེ་དཔལ་གྱི་བེའུ་ལ་སོགས་པ་བཀྲ་ཤིས་པའི་མཚན་མ་སྣ་ཚོགས་བྱུང་ངོ་། །དེ་ཕུལ་བ་བླངས་ནས་སྔར་གྱི་ཆུ་འགྲམ་དུ་ཁྱེར་ཏེ། ལོངས་སྤྱད་ཅིང་ལྷུང་བཟེད་ཀྱང་ཆུར་དོར་རོ། །དེ་ནས་སྤྲེའུས་སྦྲང་རྩི་ཕུལ་བས་སྐུ་གསེར་གྱི་མདོག་ཅན་དུ་གྱུར་ཏོ། །དེ་ནས་བྱང་ཆུབ་སྙིང་པོར་གཤེགས་ཏེ་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱང་རྩྭའི་གདན་བཏིང་བ་ལ་བཞུགས་པར་མཁྱེན་ནས་རྩྭ་མཆོག་མྱ་ངན་མེད་པ་ནི་རྨ་བྱའི་མགྲིན་པ་ལྟར་འཇམ་ཞིང་རེག་ན་བདེ་བ་ལ་བཞུགས་པར་བཞེད་པ་ལ་ལྷ་ཡིས་མཐུན་གྱུར་བརྗོད་པའི་ཚེ། བཀྲ་ཤིས་རྩ་དག་བདག་ལ་མྱུར་དུ་བྱིན། །དེ་རིང་ང་ལ་རྩྭ་ནི་དོན་ཆེན་འགྱུར། །དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་ནི། །བྱང་ཆུབ་དམ་པ་ཞི་བ་རེག་པར་བྱ། །ཞེས་བླངས་ཏེ་རྩྭའི་རྩེ་མོ་ནང་དུ་བསྟན་མ་འཁྲུགས་པར་བཏིང་ནས་ཞལ་ཤར་དུ་བལྟས་ཏེ་སྐྱིལ་མོ་ཀྲུང་བཅས་སྐུ་དྲང་པོར་བསྲངས་དྲན་པ་མངོན་དུ་བཞག་ནས་འདི་སྐད་དུ། སྟན་འདི་ལ་ནི་བདག་གི་ལུས་འདི་བསྐམས་ཀྱང་རུང་། །པགས་པ་ཤ་དང་རུས་པའི་ཚོགས་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་དམ་བཅས་ནས་བྱང་ཆུབ་སྙིང་པོ་ལས་མི་གཡོ་བར་བཞུགས་སོ། །དེ་ནས་ཚིག་བསྒྱུར་ཏེ་བདུད་བཏུལ་བ་དང་ཞེས་པ་ནི་དེ་ལྟར་བཞུགས་ནས་གདུལ་བྱ་རྣམས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དུ་གཞུག་སྙམ་དུ་དགོངས་ཏེ། ནམ་གྱི་སྲོད་ལ་སྨིན་མཚམས་ཀྱི་འོད་ཟེར་ལས་བདུད་ཐམས་ཅད་སྤ་བཀོང་ཞིང་མོག་མོག་པོར་བྱས་ཏེ་གནས་ཐམས་ཅད་མུན་པས་ཁྱབ་པ་དང་། བདུད་སྡེ་དང་བཅས་པ་རབ་ཏུ་འཁྲུགས་ཏེ་རང་གི་མངོན་ཤེས་ཀྱིས་བལྟས་པས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང་ལྷག་པར་སེམས་བསྐྱེད་པ་ལ་བར་དུ་མ་བཅད་ན་བདུད་ཀྱི་རིགས་བརླག་པར་ཤེས་ནས་ཕྲག་དོག་གི་མུན་པས་གཡོགས་ཏེ། རང་རང་གི་འཁོར་ཡན་ལག་བཞི་པའི་དཔུང་གི་ཚོགས་འཇིགས་སུ་རུང་བ་རྣམས་ནི་འདི་ལྟ་སྟེ། ཁ་བཞིན་དམར་ལ་ལུས་ནི་སེར་བ་དང་། ཁ་བཞིན་སེར་ལ་ལུས་ནི་གནག་པ་དང་། །མགོ་གཅིག་མགོ་གཉིས་མགོ་གསུམ་ལྡན་པ་དང་། །མགོ་སྟོང་ལྡན་པའི་བར་དུ་རབ་ཏུ་མང་། །ཞེས་སྒྱུ་མ་ལྟར་ཤེས་པའི་བློ་དང་མི་ལྡན་པས་བལྟས་ན་སྙིང་འགས་པར་འགྱུར་བ་དག་གིས་དམག་དྲངས་ན་ཡང་། ཤཱཀྱའི་སྲས་པོས་རྟེན་ཅིང་འབྲེལ་པའི་ཆོས། །དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས། །ནམ་མཁའ་ལྟ་བུའི་སེམས་དང་རབ་ལྡན་པས། །གཡོ་ཅན་དཔུང་བཅས་ཚོགས་ཀྱིས་བརྫི་བ་མེད། །ཅེས་པ་ལྟར་ཅུང་ཟད་ཀྱང་བསྐྱོད་པར་མ་ནུས་ཏེ་མཚོན་ཆའི་ཆར་རྣམས་མེ་ཏོག་གི་བླ་བྲེ་ལ་སོགས་པར་གྱུར་ཏོ། །དེ་ནས་གོང་ན་སངས་རྒྱས་པ་དང་ཞེས་པ་དེ་ལྟར་སྲོད་ལ་བདུད་བཏུལ་ནས། ནམ་གྱི་ཆ་སྟོད་ལ་བསམ་གཏན་བཞི་མངོན་དུ་མཛད་དེ་ལྷའི་མིག་གིས་སེམས་ཅན་གྱི་འཆི་འཕོ་དང་སྐྱེ་བ་ཤེས། ནམ་གྱི་གུང་ལ་སྔོན་གྱི་གནས་མཁྱེན། ཐོ་རངས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐའ་དག་ཐུགས་སུ་ཆུད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ནས་ཟག་པ་མེད་པའི་མངོན་པར་ཤེས་པ་མངོན་དུ་བྱས་པས་རང་དང་གཞན་གྱི་དོན་གྲུབ་སྟེ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཞེས་པ་མཛད་པ་གཞན་རྣམས་ནི་གདུལ་བྱ་འདུན་པར་བྱེད་པའི་ཡན་ལག་ཙམ་ཡིན་གྱི་ཆོས་ཀྱི་འཁོར་ལོས་ནི་གདུལ་བྱ་དངོས་སུ་གྲོལ་བར་བྱེད་པ་ཡིན་ནོ། །དེ་ཡང་སངས་རྒྱས་མ་ཐག་ཏུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱག་བརྐྱངས་ཏེ་མགྲིན་གཅིག་ཏུ། བདག་ཅག་ཇི་ལྟར་བྱང་ཆུབ་ཐོབ་ལྟར་ཁྱེད་སངས་རྒྱས། །དཔེར་ན་མར་དང་མར་གྱི་ཉིང་ཁུ་མཚུངས་འདྲ་ཞིང་། །ཞེས་གསུངས་པ་དང་། ཉིད་ཀྱིས། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མིས་ཀྱང་བསམས་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་གྱུར། །མྱ་ངན་ལས་འདས་ཞི་བ་བསིལ་བའི་དངོས་པོ་ཐོབ། །ཅེས་གསུངས་ཏེ་སྐྱིལ་མོ་ཀྲུང་མ་བཤིག་པར་བྱང་ཆུབ་ཀྱི་ཤིང་ལ་གཟིགས་ཏེ་ཞག་བདུན་གནས་སོ། །བདུན་ཕྲག་གཉིས་པ་ལ་སྟོང་གསུམ་རྒྱང་རིང་པོར་སྐུ་བཅགས་སོ། །གསུམ་པ་ལ་བྱང་ཆུབ་ཀྱི་ཤིང་ལ་བརྟེན་ཏེ་བཞུགས་སོ། །བཞི་པ་ལ་འཛམ་བུའི་གླིང་ཐེར་མེད་དུ་བཅགས་སོ། །ལྔ་པ་ལ་ཀླུའི་རྒྱལ་པོ་བཏང་གཟུང་གི་གནས་སུ་བཞུགས་སོ། །དྲུག་པ་ལ་ཤིང་ནྱ་གྲོ་དྷ་སྐྱོང་གི་དྲུང་དུ་གཤེགས་ཤིང་བཞུགས་སོ། །བདུན་པ་སྒྲོལ་རྒྱུའི་ཚལ་དུ་བཞུགས་པའི་ཚེ། །ཚོང་པ་ག་གོན་དང་བཟང་པོས་རྙེད་པ་ཆེན་པོ་རྙེད་ནས་ཚོང་པ་ཕལ་མོ་ཆེ་རྣམས་དང་ལྷན་ཅིག་ཏུ་ལྷོ་ནས་བྱང་དུ་ཆས་པའི་ཤུལ་ལམ། གླང་བུ་ལེགས་སྐྱེས་དང་གྲགས་པ་གཉིས་ཀྱིས་སངས་རྒྱས་བཞུགས་པའི་ཕྱོགས་སུ་ཤིང་རྟ་དྲངས་པ་དང་། དེ་བཞིན་གཤེགས་པ་བཞུགས་པ་མཐོང་ནས་དད་པ་སྐྱེས་ཏེ་སྦྲང་རྩི་དང་བུ་རམ་ཕུལ་བ་རྣམས་འཇིག་རྟེན་སྐྱོང་བས་ཕུལ་བའི་ལྷུང་བཟེད་དུ་བཞེས་ནས། དེ་དག་ལ་འདི་སྐད་དུ། ལྷ་ཡིས་བཀྲ་ཤིས་དོན་གྲུབ་ཅིང་། །ཕྱོགས་རྣམས་བཀྲ་ཤིས་བྱེད་པ་དེས། །ཁྱེད་ཀྱི་དོན་རྣམས་འགྲུབ་འགྱུར་ཞིང་། །ཐམས་ཅད་མྱུར་དུ་མཐུན་པར་ཤོག །ཅེས་པ་ལ་སོགས་མདོ་ལ་སྔ་བ་ཤིས་པ་བརྗོད་པ་གསུངས་པ་ནི་བཀྲ་ཤིས་དམ་པའི་ཆོས་འབྱུང་བའི་ལྔ་ལྟས་ཡིན་ནོ་ཟེར་རོ། །དེ་ནས་དམ་པའི་ཆོས་བཙུན་པར་བྱ་བའི་ཕྱིར་གླག་ཤ་ལ་གཟིགས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབ་དག་ཏུ་གནས་པར་བྱའོ་སྙམ། །ཞེས་སྨིན་མཚམས་ནས་འོད་བྱུང་བས་དེའི་དགོངས་པ་ཚངས་པ་གཙུག་ཕུད་འཛིན་གྱིས་རིག་ནས་ཚངས་རིས་ཀྱི་ལྷའི་བུ་རྣམས་སྦྲན་ཏེ་ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱིས་བསྐོར་ཏེ་འདྲེན་པའི་སྤྱན་སྔར་འོངས་ནས་ཕྱག་བཙལ་ཏེ་གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་ཕུལ་ནས། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབས་ནས་ནི། །ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་བཀྱེ་མཛད་དེ། །ཡེ་ཤེས་ཟེར་གྱིས་བློ་ཡི་པདྨ་ཁ་འབྱེད་པ། །སྨྲ་བའི་ཉི་མ་འདི་རིང་ཅི་སླད་བཏང་སྙོམས་མཛད། །ཆོས་ཀྱི་རྔ་བོ་ཆེ་ནི་བརྡུང་དུ་གསོལ། །དམ་པ་ཆོས་ཀྱི་དུང་ནི་འབུད་དུ་གསོལ། །ཆོས་ཀྱི་མཆོད་སྡོང་ཆེན་པོ་བསྒྲེང་དུ་གསོལ། །ཞེས་གསོལ་བ་བཏབ་པས་ཅང་མི་གསུང་བས་གནང་བར་རིག་ནས་ལྷའི་ཙནྡན་གྱི་ཕྱེ་མ་དག་གིས་གཏོར་ནས་རང་གི་གནས་སུ་དོང་ངོ་། །ཡང་བརྒྱ་བྱིན་ལ་སོགས་འདོད་པ་དང་གཟུགས་ཀྱི་ལྷ་དུ་མས། ཟླ་བ་ཉ་བ་གཟའ་ལས་ཐར་པ་ལྟར། །ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ་བ་ལགས། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཞེས་གསོལ་བ་བཏབ་ཀྱང་མ་གནང་སྟེ། འདི་སྐད་དུ། ཚངས་པ་ང་ཡི་ཐ་བ་ཀུན། །སྐྱོན་རྣམས་བཅོམ་ནས་རྟོགས་གྱུར་བ། །སྲིད་དང་ཆགས་པས་བཅིངས་པ་ཡི། །འདོད་ཆགས་ཞེན་པས་མཐོང་མི་འགྱུར། །ཞེས་གསུངས་སོ། །དེ་ནས་ཚངས་པས་མ་ག་དྷར་ལོག་པའི་ལྟ་བ་རྒྱས་པར་རིག་ནས། མ་ག་དྷ་འདིར་སྔོན་ཆད་ཆོས་བྱུང་བ། མ་དག་དྲི་མའི་རྗེས་སུ་འབྲངས་པར་རྟོགས། །བདུད་རྩིའི་སྒོ་མོ་དབྱེ་བར་མཛོད་ཅིག་ཆོས། །རྡུལ་བྲལ་དྲི་མ་མེད་པ་བསྟན་དུ་གསོལ། །ཞེས་པ་ལ་སོགས་ཀྱིས་ཞུས་པས་འཇིག་རྟེན་ལ་གཟིགས་ཏེ་སྣོད་དུ་གྱུར་ཅིང་དུས་ལ་བབ་པར་མཁྱེན་ནས། ཚངས་པ་མ་ག་དྷ་ཡི་སེམས་ཅན་གང་། །རྣ་བར་ལྡན་ཞིང་དད་དང་ལྡན་གྱུར་པར། །མི་ཚེར་རྟག་ཏུ་དམ་པའི་ཆོས་མཉན་ཏམ། །དེ་དག་ལ་ནི་བདུད་རྩི་སྒོ་དབྱེའོ། །ཞེས་གནང་བས་ཚངས་པ་དགའ་མགུ་ཡི་རངས་སོ། །དེ་ནས་ཆོས་སུ་ལ་བསྟན་སྙམ་དུ་དགོངས་པས། རངས་བྱེད་ཀྱི་བུ་ལྷག་སྤྱོད་དང་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་གཉིས་སྣོད་དུ་གྱུར་པ་ཡིན་མོད་ཀྱང་དེ་གཉིས་ཤི་ནས་ཞག་བདུན་དང་གསུམ་ལོན་པར་མཁྱེན། དེའི་འོག་ཏུ་ལྔ་སྡེ་བཟང་པོ་སྣོད་དུ་གྱུར་པ་ནི་ད་ལྟ་ཡུལ་བ་རཱ་ཎ་སི་ན་འཁོད་པར་གཟིགས་ནས། འདི་སྐད་དུ། ང་འགྲོ་བ་ར་ཎ་སིར་འགྲོ། །གྲོང་ཁྱེར་དཔལ་ལྡན་དེར་སོང་ནས། །ལོང་བ་ལྟ་བུའི་འཇིག་རྟེན་ལ། །མཚུངས་པ་མེད་པའི་འོད་བྱའོ། །ཞེས་གསུངས་པ་དང་། བྱང་ཆུབ་ཤིང་གི་ལྷ་མོས་དེ་ནི་སྐྱེ་བོ་ཆུང་སྟེ་གྲོང་ཁྱེར་ཆེན་པོ་གཞན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུས་པས། བཞིན་བཟང་དག །དེ་སྐད་མ་ཟེར་ཅིག་ངས་དེར་མཆོད་སྦྱིན་ཆེན་པོ་སྟོང་ཕྲག་དྲུག་ཅུ་བྱས་སོ་གསུངས་སོ། །དེ་ནས་བ་ར་ཎཱ་སིར་བྱོན་པའི་ཚེ་ལྔ་སྡེ་བཟང་པོས་བཅའ་བ་བྱས་པས། དེ་པའི་གཟི་བརྗིད་མ་བཟོད་དེ་དམ་བཅའ་ནང་ཞིག་ནས་ལྡང་བ་དང་བསུ་བ་དང་མཆོད་པའི་སྒོ་ནས་དགའ་བར་གྱུར་པའི་གཏམ་དུ་མ་ཡང་སྨྲ་ཞིང་འཁོད་དོ། །དེ་ནས་ས་ཕྱོགས་དེར་རིན་པོ་ཆེའི་ཁྲི་སྟོང་ཕྲག་གཅིག་རང་བྱུང་བ་ལས། དེ་པ་སྔ་མ་རྣམས་ལ་གུས་པར་བྱ་བའི་ཕྱིར་ཁྲི་དང་པོ་གསུམ་ལ་བསྐོར་བ་མཛད་དེ། བཞི་པ་ལ་བག་ཚ་བ་མེད་པར་བཞུགས་པས་གཞན་རྣམས་ནུབ་པར་གྱུར་ཏོ། །དེ་ནས་དེ་བས་ཚངས་པའི་གསུང་གིས་ཆོས་ཀྱི་དུང་ཕྱུང་ནས། རྣམ་པར་དག་ཅིང་གྲོལ་བར་བྱེད་པའི་ཐབས་དཔག་ཏུ་མེད་པ་ཅིག་གསུངས་སོ། །དེ་དག་ཀྱང་ཐེག་པ་ཆེ་ཆུང་གི་མདོ་མ་ལུས་པ་རྣམས་སྡེ་སྣོད་གསུམ་དུ་བསྡུས་པ་ཡང་ཉེ་བར་སྤྱོད་པ་དང་ཀུན་ནས་དཀྲིས་པ་དང་བག་ལ་ཉལ་རྣམས་ཀྱི་གཉེན་པོར་བསླབ་པ་གསུམ་གྱི་རྗོད་བྱེད་དུ་གསུངས་པ་སྟེ་བཀའ་དང་པོ་བདེན་པ་བཞི་དང་། བར་པ་བྱ་རྒོད་ཕུང་པོ་དང་རྒྱལ་པོའི་ཁབ་ལ་སོགས་པ་མཚན་ཉིད་མེད་པ་དང་། ཐ་མ་དུར་ཁྲོད་བསིལ་བའི་ཚལ་དང་གྲོང་ཁྱེར་རྩྭ་མཆོག་ལ་སོགས་པར་ཐེག་པ་སྣ་ཚོགས་སམ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །དེ་ནས་ཆོ་འཕྲུལ་ཆེན་པོ་བསྟན་པ་དང་ཞེས་པ་ནི་ལྗགས་ལས་མཆིལ་མའི་ཐལ་བ་ཞིག་གིས་མུ་སྟེགས་ཀྱི་སྟོན་པ་སུམ་བརྒྱ་དྲུག་ཅུ་ཆུས་ཁྱེར་བར་མཛད་པ་ལ་སོགས་ཆོ་འཕྲུལ་མངོན་པར་བྱུང་བའོ། །དེ་ནས་འགྲོ་བ་རྣམས་རྟག་པ་ལ་མངོན་པར་ཞེན་པ་བཟློག་པའི་ཆེད་དུ་མྱ་ངན་འདས་པ་ཞེས་པ་ལོ་བརྒྱད་ཅུ་ལ་འདའ་བར་དགོངས་པ་ལས། བྲམ་ཟེ་སུ་ཀ་ཏོས་ཨུཏྤལ་གཏོར་ནས་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པས། ལོ་གཉིས་བཞུགས་ཏེ་སྐལ་པ་དང་ལྡན་པ་བཏུལ་ཞིང་། སྐལ་མེད་མི་འདུལ་བ་དང་ལེ་ལོ་ཅན་བརྩོན་འགྲུས་ལ་བསྐུལ་ཏེ་སྐྱོ་བ་བསྐྱེད་པའི་ཕྱིར། རྩྭ་མཆོག་གི་གྲོང་གྱད་སྟོབས་པོ་ཆེ་འབྱུང་བའི་གནས་ཤིང་སཱ་ལ་ཟུང་ཅིག་གི་དབུས་ཆུ་བོ་བ་ཏི་ཧ་རིའི་འགྲམ་དུ་ཤིང་ཟད་པའི་མེ་ལྟར་དགོངས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །དེ་ཡང་ཉན་ཐོས་པས་འདོད་པ་ལྟར་བསྟན་ནས་རྒྱུན་ཆད་པ་མི་མངའ་སྟེ། ཇི་སྐད་དུ་འདི་ཉིད་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །མ་རིག་སྨིན་མཛད་འདུལ་བའི་ཕྱིར། །བྱུང་ནས་མྱ་ངན་འདའ་བར་སྟོན། །ཞེས་གསུངས་པ་བཞིན་ནོ། །ལ་སོགས་པ་ཞེས་སྐུ་གདུང་རིང་བསྲེལ་བགོས་པ་ལ་སོགས་འདིའི་བརྒྱད་དུ་བཅུ་གཉིས་སུ་གསུངས་པ་རྣམས་བསྡུས་པའི་སྒྲ་ཡིན་ནོ། །དེ་རྣམས་ནི་དྲང་བའི་དོན་ཡིན་ཏེ། ངེས་དོན་དུ་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ལས་མ་གཡོས་པར་གདུལ་བྱ་དང་གྲངས་མཉམ་པར་རྒྱུད་དྲུག་གི་འདུལ་བྱེད་དུ་ཐུབ་པ་དྲུག་ཏུ་སྤྲུལ་ཞིང་། ཁྱད་པར་མིའི་གནས་ཀྱི་ཞིང་འདིར་ཐུབ་པའི་དབང་པོ་འདིར་བསྟན་ནས་དོན་མཛད་པ་ཡིན་ནོ། །ཡང་སྐུའི་མཛད་པའི་སྐབས་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཞེས་པ་ནི་སྐུའི་མཛད་པར་མི་རུང་སྟེ། གསུང་གི་མཛད་པ་ཡིན་པའི་ཕྱིར་རོ་ཞེ་ན། འདི་ལ་རྒྱུ་མཚན་གསུམ་སྟེ། སྒྲ་དོན་གྱི་གཙོ་བོ་ལས་ཐོབ་པ་དམག་དཔོན་ལྟ་བུ་དང་། གཞི་པོ་ལས་ཐོབ་པ་ལྷ་ཁང་བཞེངས་པའི་གནས་བརྟན་ལྟ་བུ་དང་། ཕལ་ཆེ་བ་ལས་ཐོབ་པ་སྐྱེས་པ་སྟོང་གི་གསེབ་ན་བུད་མེད་གཅིག་གཉིས་ཡོད་པ་ལྟ་བུ་ལས། དེ་དག་གསུམ་ཀ་དང་ལྡན་ཏེ་རིམ་པ་ལྟར་མཛད་པ་རྣམས་ཀྱི་གཙོ་བོ་ཡང་སྐུའི་མཛད་པ་ཡིན་པ་དང་། བརྟེན་པ་གསུང་གི་གཞི་ཡང་རྟེན་སྐུ་ཡིན་པ་དང་། རྣམ་གྲངས་བརྒྱད་དམ་བཅུ་གཉིས་ལས་ཕལ་ཡང་སྐུའི་ཆེ་སྟེ་གསུང་གི་གཅིག་ལས་མེད་པའི་ཕྱིར་སྐུའི་ཁོངས་སུ་བསྡུས་པ་ཡིན་ནོ། །ཡང་འདིར་ཁ་ཅིག་ལེའུའི་སླད་ནས་སྐུ་གསུང་ཐུགས་རྡོ་རྗེ་ལས་འཐོན་ཏོ་ཞེས་སྟོན་པ་ལས་སྤྲུལ་པ་དང་། བལྟམས་པ་དང་ཞེས་དགའ་ལྡན་ནས་བབས་ཤིང་ལྷ་མཛེས་ལ་བལྟམས་པར་གསུངས་པ་གཉིས་འགལ་ལོ་ཞེ་ན། གོང་མ་ནི་ངེས་དོན་གྱི་དབང་ཡིན་ལ་ཕྱི་མ་ནི་གདུལ་བྱའི་ངོ་ལ་དྲང་དོན་གྱི་དབང་ཡིན་ནོ། །ཡང་ན་ངེས་དོན་གྱི་དབང་དུ་ཡང་སྟོན་པའི་སྤྲུལ་པ་ལྷ་མཛེས་ལ་བལྟམས་པ་མི་འགལ་བར་སེམས་སོ། །ཐུགས་ཀྱི་མཛད་པ་ནི་དུས་བཞི་ཞེས་པ། དེ་ནི་འདས་པ་རྒྱུ་འབྲས་གཉིས་ཀ་སྤྱད་ཟིན་པ། ད་ལྟར་བ་རྒྱུ་སྤྱད་ཅིང་འབྲས་བུ་མ་སྤྱད་པ། མ་འོངས་པ་རྒྱུ་འབྲས་ཚོགས་པ་མ་སྤྱད་པ། འབྱུང་བར་མ་ངེས་པ་རྒྱུ་འབྲས་ཡོད་ལ་མ་འཚོགས་པའོ། །ཀུན་ཏུ་མཁྱེན་པ་དང་ཞེས་པ་དུས་དེ་དག་རེ་མོས་མཁྱེན་ནམ་མཉམ་པའམ་གཅིག་ཏུ་མཁྱེན། དང་པོ་ལྟར་ན་དེ་སངས་རྒྱས་ཀྱི་མངོན་ཤེས་མ་ཡིན་ཏེ། དེ་ལྟར་སེམས་ཅན་གྱི་རྟོག་པ་ལའང་སྣང་བའི་ཕྱིར་རོ། །གཉིས་པ་ལྟར་ན་དུས་བཞི་མ་ཡིན་པར་འགྱུར་ཏེ། གཅིག་པའི་ཕྱིར་རོ་ཞེ་ན། བཞིར་སྣང་བ་ནི་འཁྲུལ་པའི་བློ་ཡིན་ལ། འཁྲུལ་པ་དེ་དག་ལ་མཉམ་པའམ་གཅིག་ཏུ་མཁྱེན་པས་སྐྱོན་གཉིས་ཀ་ལས་གྲོལ་ལོ། །ཡང་འདིར་ཁ་ཅིག་འདིར་དུས་ལོག་པའི་སྐྱོན་ཡོད་དེ། ཆོས་གཞན་ནས་གསུམ་དུ་བཤད་པའི་ཕྱིར་ཞེ་ན། དེ་གང་ཞེས་དྲི་བར་བྱའོ། །ཁོ་ན་རེ་འདས་མ་འོངས་ད་ལྟར་གསུམ་ཡིན་ཞེ་ན། དེའི་སྟེང་དུ་འབྱུང་བར་མ་ངེས་པ་དང་བཞི་ཡིན་ནོ། །དེ་བསྣན་པས་བཞིར་འགྱུར་གྱི་ངེས་པར་གསུམ་ཡིན་ནོ་ཞེ་ན། དེ་ཚོད་དུ་ངེས་པར་གཉིས་ཡོད་པ་གང་གིས་འགོག་བྱས་པས། དེ་གང་ཡིན་ཞེས་འདྲི་ན་ད་ལྟར་དང་ད་ལྟར་མ་ཡིན་པ་གཉིས་ཡིན་ནོ། །དེ་ལ་ཁོང་གིས་སྨྲས་པ་ད་ལྟར་མ་ཡིན་པ་ལ་བྱེ་བས་འདས་མ་འོངས་གཉིས་ད་ལྟར་དང་གསུམ་དུ་ངེས་སོ་ཞེ་ན། མཚུངས་ཏེ་ད་ལྟར་མ་ཡིན་པ་ལ་མ་ངེས་པ་དང་གསུམ་ད་ལྟར་དང་བཞིར་ངེས་པ་ཡིན་ནོ། །གཞན་ཡང་སྤྱིར་དུས་ངེས་མ་ངེས་གཉིས་སུ་ཚད་མས་གྲུབ་སྟེ། ངེས་པ་ལ་གསུམ་དུ་ཚད་མས་གྲུབ་པའི་ཕྱིར་ངེས་པར་ཡང་སེམས་སོ། །འདིར་གསུང་སྒྲོས་ཀྱིས་བློ་དུས་ལས་འཁྲུལ་པ་ཆོས་ཉིད་དུས་ལས་འདས་པ་རང་བྱུང་ཡེ་ཤེས་དུས་ལ་དབང་སྒྱུར་བ་སྟེ་དུས་ཐ་དད་དུ་འཛིན་པ་ནི་འཁྲུལ་པ་ཡིན་ལ། འཁྲུལ་པ་དེ་དག་པའི་རྒྱལ་བ་ལ་དུས་ཐ་དད་མི་མངའ་སྟེ། ཇི་སྐད་དུ་རྒྱས་པ་ལས། འདས་དང་མ་འདས་ཐམས་ཅད་ཀུན། །ཡེ་ཤེས་རྟོགས་པའི་ཁྱད་པར་ལས། །དུས་བཞི་སྔ་ཕྱི་མེད་པ་ཡི། །མཉམ་པ་ཉིད་དུ་ལྷན་ནེར་སྦྱོར། །ཞེས་སོ། །དེས་ན་རྒྱལ་བ་ནི་ཆོས་ཉིད་མངོན་བྱས་ཡིན་ལ། ཆོས་ཉིད་ནི་དུས་ལས་འདས་པ་ཡིན་པའི་ཕྱིར། ཆོས་ཉིད་རྟོགས་པས་དུས་ལ་དབང་སྒྱུར་བ་ཡིན་ནོ། །དེའི་ཕྱིར་མ་འཁྲུལ་པའི་ང ོ་ན་དུས་ཐ་དད་མེད་ཅིང་འཁྲུལ་ངོ་ན་གསུམ་དུའང་མ་ངེས་ཏེ། གཞི་མི་ཁེགས་ཤིང་གཉིས་སུའང་འདུས་པའི་ཕྱིར་རོ། །དེ་ལྟར་དུས་བཞི་ཀུན་ཏུ་མཁྱེན་པས་སྔོན་དང་ཕྱི་མའི་གནས་མཁྱེན་པ་ལ་སོགས་མངོན་ཤེས་དྲུག་ཏུ་རྩི་ཞིང་གཞུང་བརྟག་གོ། །ཡང་འདིར་རྫུ་འཕྲུལ་གྱི་ཆོ་གས་ཀུན་ཏུ་དོན་སྤྱོད་པ་དང་ཞེས་པ་སྟོད་ནས་མེ་འབར་བ་དང་སྨད་ནས་ཆུ་འབྲུབ་པ་ལ་སོགས་པ་རྣམས་ལུས་ཀྱི་རྫུ་འཕྲུལ་ཡིན་པའི་ཕྱིར་ཐུགས་ཀྱི་མཛད་པར་མི་འཐད་དོ་ཞེ་ན། ཐུགས་ཀྱི་མཛད་པར་འགྱུར་ཏེ། རྫུ་འཕྲུལ་གང་གིས་འདུལ་བའི་བྱ་བ་ཤེས་པ་ནི་མངོན་ཤེས་ཡིན་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པའི་མཛད་པ་ནི་ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་ཞེས་པ་ལ་འགྲེལ་པའི་དགོངས་པས་སྟག་དང་སྤྲེའུ་ལ་སོགས་པ་འགྲོ་བ་ཐ་དད་ཀྱི་གཟུགས་སུ་སྣང་བ་སྟེ། མཉམ་སྦྱོར་ལས། རེས་འགའ་ཞི་ལ་རེས་འགའ་དྲག །རེས་འགའ་གདོན་ཆེན་བགེགས་འདུལ་མཛད། །དེ་ལ་སོགས་ཏེ་བསམ་མི་ཁྱབ། །རི་དང་སྐྱེ་བོ་ཐམས་ཅད་དོ། །ཞེས་པ་ལྟར་རམ། ཡང་ན་མདོ་སྡེ་འགའ་ཞིག་ནས་གྲངས་དང་ཚད་བསམ་གྱིས་མི་ཁྱབ་པ་གཉིས་ལས། དང་པོ་ནི་སྒྱུ་མ་མཁན་བཟང་པོས་སྒྱུ་མའི་ཁང་པ་དང་ལོངས་སྤྱོད་མང་པོ་བཤམས་ནས་དེ་པ་སྤྱན་དྲངས་པས་དེ་དག་རེ་རེ་ན་ཡང་བཞུགས་ཤིང་ལོངས་སྤྱོད་པར་སྣང་ལ། རྡོ་རྗེ་གདན་ན་ཏིང་ངེ་འཛིན་ལ་བཞུགས་ཤིང་བྱ་རྒོད་ཕུང་པོའི་རི་ལ་ཆོས་གསུང་བ་རྣམས་དུས་གཅིག་ལ་སྣང་བ་ལྟ་བུ་དང་། གཉིས་པ་ནི་མོ་གལ་གྱི་བུའམ་ཤུགས་འཆང་གིས་སྟེང་གི་ཕྱོགས་ཀྱི་ཞིང་ཁམས་མང་པོ་བརྒལ་བའི་ཕ་རོལ་ན་ཡང་དེ་པའི་དབུའི་གཙུག་ཏོར་བལྟ་བར་མི་མངོན་པ་ལྟ་བུའོ། །ཡང་སྐུ་བསམ་གྱིས་མི་ཁྱབ་པ་འདི་འགྲེལ་པ་ལྟར་ན་ལེའུའི་ཀླད་དུ་ཐུབ་པའི་ངེས་ཚིག་སྐུ་ཐུབ་སྟེ་སྟག་དང་སྤྲེའུ་ལྟར་མི་མཛད་ཅེས་པ་དང་འགལ་ལོ་ཞེ་ན། ལན་ནི་དོན་དུ་འགྱུར་བ་བཞི་དང་མི་ལྡན་ན་ཐུབ་པའི་ངེས་ཚིག་ཉམས་ཤིང་། དེ་དང་ལྡན་ན་སྐུ་བསམ་གྱིས་མི་ཁྱབ་པ་ལྟར་ཡང་ཡིན་ནོ། །ཡང་ཁ་ཅིག་ནི་སྣ་ཚོགས་གདུལ་བྱའི་སྣང་བ་ཡིན་ལ། ཐུབ་པའི་ངེས་ཚིག་དེ་པའི་སྣང་བ་ཡིན་ནོ་ཞེས་གསུང་ངོ་། །འདི་ནི་འགྲེལ་པའི་ངག་གོང་འོག་འགལ་བ་ལྟར་སྣང་བ་སྟེ་དེའི་ལན་གོང་མ་དག་གིས་ཐེབས་ཤིང་། གཞུང་ལ་ཐུབ་པའི་ངེས་ཚིག་མདོ་ཆེན་པོ་ལྟར་དང་སྐུ་བསམ་གྱིས་མི་ཁྱབ་པ་མདོ་སྡེ་ལྟར་ན་འགལ་བ་མེད་པར་སེམས་སོ། །འོག་མ་རྣམས་གཞུང་བརྟག་གོ། །གསུང་གི་མཛད་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཞེས་པའམ། གསུང་བསམ་གྱིས་མི་ཁྱབ་པ་དེ་དག་ཐམས་ཅད་ཀྱང་འོག་ཏུ་སྟོན་པ་འདི་ལྟ་སྟེ་ཞེས་པ་ལ། སྤྱིར་ཐེག་པའི་དོན་ལ་གསུམ་སྟེ། ནང་པའི་ཐེག་པ་ཙམ་དུ་མཚོན་པའི་མཚན་ཉིད། དེའི་རབ་ཏུ་དབྱེ་བ་དང་། ཕྱེ་བ་ཐེག་པ་སོ་སོའི་དོན་བསྟན་པའོ། །དང་པོ་ནི་གང་རྣམ་གྲོལ་གྱི་ལམ་འབྲས་བུ་དང་བཅས་པ་ཅིག་ཡིན་ནོ། །གཉིས་པ་དབྱེ་བ་ལ་གཉིས་ཏེ། མཚོན་བྱ་སྒྲ་བཤད་པ་དང་། དབྱེ་བ་དངོས་སོ། །དང་པོ་ནི་སཾསྐྲྀ་ཏའི་སྒྲ་ལས་ཡ་ན་ཞེས་པ་ལས་དྲངས་ན་ཐེག་པའོ། །དེ་ནི་རང་གི་བློ་དང་འཚམས་པར་སྣང་བ་སྟེ། ཇི་སྐད་དུ་རྒྱས་པ་ལས། བླ་མེད་ཐེག་པ་བསམ་ཡས་གསུངས་པ་ཡང་། །སོ་སོ་རང་གི་བློ་ལ་སྣང་བར་ཟད། །ཅེས་གསུངས་པའི་ཕྱིར་རོ། །ཡང་ན་འདིས་འདི་འདིར་བགྲོད་པའི་དོན་གྱིས་ན་ཐེག་པ་སྟེ་རིམ་པ་ལྟར། དང་པོ་ནི་བཞོན་པ་བཟང་པོ་རྟ་དང་གླང་པོ་ལྟ་བུ་ཐེག་པ་རང་རང་གི་བསྟན་པའི་གཞུང་ཚོགས་སོ། །གཉིས་པ་ནི་དེ་དག་ལ་ཞོན་པའི་མི་ལྟ་བུ་ཐེག་པ་ཉམས་སུ་ལེན་པ་པོ་རྟེན་གྱི་གང་ཟག་གོ། །གསུམ་པ་ནི་གང་དུ་འགྲོ་བྱའི་གནས་ལྟ་བུ་ཐེག་པ་རང་རང་གི་འབྲས་བུ་མཐར་ཕྱིན་པའི་ཕྱིར་ན་ཐེག་པ་ཞེས་བྱའོ། །གཉིས་པ་དབྱེ་བ་དང་པོ་ནི་སྤྱིར་བཀའ་རྒྱུད་སོ་སོའི་གཞུང་གིས་འདོད་པ་ཐ་དད་པའི་ཕྱིར་ཐེག་པའི་རྣམ་གྲངས་མ་ངེས་པར་འདོད་དོ། །བྱེ་བྲག་ཏུ་རྒྱུད་འདིའི་དབང་དུ་སྔར་གསུངས་པ་འདི་ཡིན་ནོ། །གསུམ་པ་དབྱེ་བ་སོ་སོའི་དོན་ནི་གདུལ་བྱ་ཐ་དད་པའི་རྒྱུད་འདུལ་བའི་དབང་གིས་ཐེག་པའི་བྱེ་བྲག་སོ་སོར་བསྟན་ཏེ་གང་ཞེ་ན། དང་པོ་ལྷ་དང་མིའི་ཞེས་པ་ནི་བསོད་ནམས་ཀྱི་བྱེ་བྲག་ལས་ཐར་པའི་རྟེན་དུ་གྱུར་པའོ། །ཐེག་པ་ཞེས་པ་ལ་རྒྱུ་མཚན་བཞི་སྟེ། དགེ་སྡིག་གི་རྒྱུ་འབྲས་ཕྱིན་ཅི་མ་ལོག་པར་རྟོགས་ནས་ཞི་རགས་སམ་མི་གཡོ་བ་བསྒོམ་ཞིང་དགེ་སྡིག་འདོར་ལེན་དུ་སྤྱད་པས་ངན་སོང་ལས་ཐར་ཏེ། ལྷ་མིའི་མངོན་པར་མཐོ་བའི་གོ་འཕང་ཐོབ་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཞེས་པ་རང་གི་ལམ་དུ་ཞུགས་ནས་འབྲས་བུ་མ་ཐོབ་ཀྱི་བར་རྐྱེན་སློབ་དཔོན་ལ་ཕལ་ཆེར་ཉན་ཞིང་ཐོས་དགོས་པས་ནའོ། །ཐེག་པ་ནི་སྔར་ལྟར་བཞི་ལས། གང་ཟག་གི་བདག་མེད་རྟོགས་ནས་འགོག་པའི་ཏིང་ངེ་འཛིན་བསྒོམ་ཞིང་རང་དོན་གཙོ་བོར་སྤྱད་པས་འབྲས་བུ་དགྲ་བཅོམ་པ་འཐོབ་པའི་ཕྱིར་རོ། །རང་བྱང་ཆུབ་ཀྱི་ཞེས་པ་སྦྱོར་ལམ་གྱི་བཟོད་པ་འབྲིང་པོ་ནས་རང་གི་འབྲས་བུ་ཐོབ་ཐོབ་ཏུ་རྐྱེན་སློབ་དཔོན་ལ་མི་ལྟོས་པར་རང་གི་ཤེས་རབ་ཀྱིས་འབྲས་བུ་ཐོབ་པའོ། །ཐེག་པ་ཞེས་པ་ཡང་གང་ཟག་དང་ཆོས་ཀྱི་ཕྱོགས་གཅིག་ལ་རང་བཞིན་མེད་པར་རྟོགས་ནས་རྟེན་འབྲེལ་ལུགས་ལྡོག་བསྒོམ་ཞིང་རང་དོན་གཙོ་བོར་སྤྱོད་དེ། ལུས་ཀྱི་རྫུ་འཕྲུལ་གྱིས་གཞན་དོན་ཤས་འགའ་ནུས་ཤིང་ཡིད་བཞིན་བདེ་བ་མཆོག་གི་ས་ཐོབ་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་ཞེས་པ་ཤེས་རབ་ཆེན་པོས་བྱང་ཆུབ་ཅིང་སྙིང་རྗེ་ཆེན་པོས་སེམས་ཅན་ལ་སེམས་དཔའོ། །ཐེག་པ་ཞེས་པ་ཡང་བདག་མེད་གཉིས་རྟོགས་ནས་ས་བཅུའི་ཏིང་ངེ་འཛིན་རིམ་པར་བསྒོམ་ཞིང་ཕ་རོལ་ཏུ་ཕྱིན་པ་བཅུས་དོན་གཉིས་རྒྱ་ཆེན་པོ་སྤྱད་པས་ཀུན་ཏུ་འོད་ཀྱི་ས་ཐོབ་པའི་ཕྱིར་རོ། །དེ་དག་དེ་ལྟར་རང་རང་གི་བློ་དང་འཚམས་པའི་ཕྱིར་ཐེག་པའོ། །བླ་ན་མེད་པའི་ཞེས་པ་ཀྲི་ཡ་ནས་ཨ་ཏིའི་བར་གསང་སྔགས་ཀྱི་བསྟན་པ་མཐའ་དག་གི་དོན་ཡིན་ཏེ། འོག་མ་དག་གིས་བླར་གྱུར་པའི་ཕྱིར་རོ། །ཐེག་པ་ཞེས་རྒྱུ་མཚན་བཞི་པོ་དག་ཀྱང་གོང་མ་ལས་ཁྱད་པར་དུ་གྱུར་པ་སྟེ། འདི་ལྟར་ལྟ་བས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་སྟེ། རྒྱས་པ་ལས། གཉིས་བྲལ་མཉམ་དང་མི་མཉམ་དེ་བཞིན་ཉིད་ཀྱི་དབྱིངས། །ཞེས་པ་དང་། འདིའི་བཅུ་དགུ་པ་ལས། མཉམ་ལ་མཉམ་པར་སྦྱོར་བ་ཡི། །ཞེས་གསུངས་པའི་ཕྱིར་རོ། །དེའི་དོན་ཡུལ་མེད་དུ་བསྒོམ་པ་སྟེ། རྒྱས་པ་ལས། མ་བཅོས་དེ་བཞིན་ངང་བཞག་དང་། །ཞེས་པ་དང་། འདི་ཉིད་ལས། མཉམ་པའི་དམ་ཚིག་ལ་གནས་ན། །ཞེས་གསུངས་པའི་ཕྱིར་རོ། །དེའི་ངང་ལ་བླང་དོར་དང་བྲལ་བར་སྤྱོད་པ་སྟེ། འདི་ཉིད་ལས། སྤྱོད་པ་ཅི་ལའང་ཐོགས་མེད་སྤྱོད། །ཅེས་གསུངས་པའི་ཕྱིར་རོ། །དེ་དག་གིས་འབྲས་བུ་སྐུ་ལྔ་མངོན་དུ་འགྱུར་པ་སྟེ། འདི་ཉིད་ལས། དེ་ཚེ་སྐུ་ལྔ་ལྷུན་གྱིས་གྲུབ། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་གོང་གི་ངེས་འབྱུང་གི་ཐེག་པ་རྣམས་ལས་ཁྱད་པར་དུ་གྱུར་པའི་ཕྱིར་བླ་ན་མེད་པའོ། །གལ་ཏེ་སྔར་གྱི་གྲུབ་མཐའ་འཛིན་པ་དག་ཁྱད་པར་དེ་དག་ཡོད་པར་མ་གྲུབ་ཅེ་ན། འདིར་མདོ་སྔགས་ཀྱི་ཁྱད་པར་གཞག་པར་བྱ་སྟེ། དེ་ལ་ཁ་ཅིག་ནི་སྒྲ་དོན་གྱི་ཁྱད་པར་ཡོད་དེ། རྒྱུ་མཚན་ཉིད་ཟེར་བས་སེམས་ཉིད་སངས་རྒྱས་ཀྱི་རྒྱུར་འདོད་ཅིང་། འབྲས་བུ་གསང་སྔགས་ཟེར་བས་སེམས་ཉིད་ཡེ་ནས་འབྲས་བུར་གནས་པར་འདོད་པའི་ཕྱིར་རོ་ཞེས་ཟེར་རོ། །ཡང་ཁ་ཅིག་ནི་དོན་དམ་ལ་དངོས་སྟོང་དུ་འཛིན་མི་འཛིན་དང་། ཀུན་རྫོབ་ལ་འཁྲུལ་པར་འཛིན་མི་འཛིན་དང་། བདེན་པ་དབྱེར་མེད་ཁས་ལེན་ནུས་མི་ནུས་ཀྱི་ཁྱད་པར་ཡོད་ཟེར་རོ། །ཡང་ཁ་ཅིག་ནི་ཤེས་རབ་ལ་ཁྱད་པར་མེད་ཅིང་ཐབས་ཀྱི་ཁྱད་པར་གང་ཞིག་གིས་ཕྱེ་བ་ཡིན་ཏེ་ཕ་ཝང་ནམ་འཕང་གཅོད་པ་ལྟ་བུ་ཟེར་རོ། །ཁ་ཅིག་ལྟ་བ་གཏན་ལ་འབེབས་ཚུལ་ལ་བརྟགས་ན་གོ་མྱུར་བུལ་གྱི་ཁྱད་པར་ཡོད་དེ། འདི་ནི་ཆོས་ཉིད་རང་གི་མཚན་ཉིད་མངོན་སུམ་དུ་གཏན་ལ་འབེབས་པས་མྱུར་ལ། ཅིག་ཤོས་ནི་རྗེས་དཔག་གིས་གཏན་ལ་འབེབས་པས་རང་མཚན་མི་མཐོང་བའི་ཕྱིར་བུལ་ལོ། །གཏན་ལ་ཕབ་པའི་གྲུབ་མཐའ་ལ་བརྟགས་ན་མཐའ་སྐྱོན་ཆེ་ཆུང་ཡོད་དེ། ཅིག་ཤོས་ནི་ཀུན་རྫོབ་སྣང་བ་ལས་གྲོལ་ཀྱང་དོན་དམ་སྟོང་པར་ཞེན་པས་སྐྱོན་ཆེ་ལ། འདི་ནི་དེ་ལ་མ་ཞེན་པས་སྐྱོན་དང་བྲལ་བའོ། །ལམ་ཉམས་སུ་ལེན་ཚུལ་ལ་བརྟགས་ན་ལམ་ཉེ་རིང་གི་ཁྱད་པར་ཡོད་དེ། འདིར་ཚེ་གཅིག་གམ་རྟོགས་གྲོལ་དུས་མཉམ་པའང་འདོད་པས་ཉེ་ལ། ཅིག་ཤོས་བསྐལ་པར་སྦྱོང་དགོས་པའི་ཕྱིར་རིང་བའོ། །ཉམས་སུ་བླངས་པའི་འབྲས་བུ་ལ་བརྟགས་ན་གནས་སྐབས་དང་མཐར་ཐུག་གི་ཁྱད་པར་ཡོད་དེ། །ཇི་སྐད་དུ་དབྱིག་སྒྲོན་ལས། ཁྱོད་ཀྱི་བཅུ་གཅིག་ཀུན་ཏུ་འོད། །ཐབས་ཆེན་ཐེག་པའི་བསྟི་གནས་ས། །ཞེས་པ་དང་། ཐབས་ཞགས་ལས་ཀྱང་། པདྨ་ཅན་དུ་གྱུར་པ་ནི། །ཀུན་ཏུ་འོད་ཀྱི་ས་ལས་འདས། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་སྟོན་པའི་གཞུང་ལ་བརྟགས་ན་གསལ་བར་སྟོན་མི་སྟོན་གྱི་ཁྱད་པར་ཡོད་དེ། འདིའི་གཞུང་རྣམས་ནས་འོག་མ་བའི་ལྟ་སྤྱོད་འབྲས་བུ་ལ་སོགས་ཇི་ལྟ་བར་སྟོན་ལ། འོག་མའི་གཞུང་ནས་འདིའི་དེ་དག་མིང་ཙམ་ཡང་བརྗོད་པར་མི་ནུས་པའི་ཕྱིར་ཏེ། དེ་ལྟར་ཁྱད་པར་ལྔར་བཞེད་དོ། །དེ་ལྟར་ཡིན་ཀྱང་དེ་དག་ནི་ཅུང་ཟད་ཞེ་འདོད་ཀྱི་དབང་གིས་བཀོད་པའང་སྲིད་ལ། གཞུང་རྣམས་ནས་ཁྱད་པར་དུ་མ་གསུངས་ཏེ། ཚུལ་གསུམ་པ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པ་དང་། མདོ་ཆེན་པོ་ལས། དཀར་པོའི་མཐར་ཐུག་བསོད་ནམས་ཀྱིས། །གསང་ཉིད་སྐད་ཅིག་འབུམ་ཆར་མིན། །ཞེས་པ་དང་། ཡང་དེ་ཉིད་ལས། ཡན་ལག་ལྟ་བུའི་དབུ་མ་ཉམས་ཀྱང་འཚོ། །སྙིང་དང་འདྲ་བའི་གསང་ཉིད་མེད་ན་བརླག །ཅེས་པ་ལ་སོགས་པ་དུ་མ་གསུངས་ཤིང་། །འདི་ཉིད་ལས་ཀྱང་། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པ་ལ་སོགས་བཀའ་རྒྱུད་དང་གཞུང་རྣམས་ནས་ཁྱད་པར་གསུངས་པ་རྣམས་ནི་ཡང་དག་པའི་སྒྲུབ་བྱེད་དུ་འོང་བར་སེམས་སོ། །དེ་ཡང་ཁྱད་པར་དེ་དག་གི་དཔེའི་སྟོང་ཐུན་ཆེན་པོ་བཞི་ལས་འདིར་དུག་སྡོང་དང་སྦྱར་ཏེ། དཔེར་ན་ཁྱིམ་བདག་ཅིག་གིས་བཟའ་ཤིང་སྣ་ཚོགས་བསྐྱེད་པའི་ར་བར་དུག་གི་རྩ་བ་ཅིག་འཕེལ་བས་ཁྱིམ་བདག་གི་བུ་ཤི་ན། དེའི་འཁོར་རྣམས་དུག་གི་སྤོང་ལུགས་ལ་བློ་ཆེ་ཆུང་དུ་མ་བྱུང་ངོ་། །དེ་ཡང་བཟའ་ཤིང་གི་ར་བ་དང་འདྲ་བར་ཀུན་གཞི་རྣམ་ཤེས་དགེ་སྡིག་གི་བག་ཆགས་སྣ་ཚོགས་བསགས་པ་དེར། དུག་གི་རྩ་བ་ལྟར་མ་རིག་པ་ལས་ཉོན་མོངས་པ་འཕེལ་བའོ། །ཁྱིམ་བདག་ཤི་བ་ལྟར་སེམས་ཉིད་འཁོར་བའི་འདམ་དུ་བྱིང་བའོ། །འཁོར་རྣམས་དུག་གི་སྤོང་ལུགས་དུ་མ་བྱུང་བ་ལྟར་འཁོར་བ་སྤོང་ལུགས་ལ་བློ་ཆེ་ཆུང་གིས་ཐེག་པ་མཐོ་དམན་དུ་མའོ། །དེའི་ཚེ་འཁོར་འགའ་ཞིག་ནི་སྔར་ཡང་ཉེས་པ་དེ་ལྟ་བུ་བྱུང་ཞིང་ད་གཟོད་ཀྱང་འབྱུང་སྲིད་པས་དུག་འདིས་འདོམ་དགུའི་བར་རྩད་ནས་སྤོང་དགོས་ཟེར་བ་ལྟར། ཉན་རང་གི་ཉོན་མོངས་པ་ལ་དགྲ་དང་ཚེར་མ་ལྟར་སྤོང་བ་ནི་གཞི་སྤོང་བའི་ལམ་པའོ། །འགའ་ཞིག་ནི་དུག་དེ་ཐེར་སླང་ལ་སོགས་པར་མེས་བསྲེགས་ཤིང་སྦྱངས་ན་ཆུས་མེད་དུ་འགྱུར་ཟེར་བ་ལྟར། བྱང་ཆུབ་སེམས་དཔས་ས་དང་ལམ་དུ་གཉེན་པོ་ཡེ་ཤེས་ཀྱིས་སྦྱོང་བར་འདོད་པ་ནི་སྦྱོང་བའི་ལམ་པའོ། །འགའ་ཞིག་བྲམ་ཟེ་ལ་སོགས་ཀྱི་སྔགས་ཀྱི་བཏབ་ནས་སླར་སྨན་དུ་ཡང་འགྱུར་ཟེར་བ་ལྟར་སྔགས་ཕྱི་རྒྱུད་པས་ཆོ་ག་ཡན་ལག་གིས་སྣོད་གཞལ་ཡས་ཁང་དང་བཅུད་ལྷར་བསྒྱུར་པ་ནི་བསྒྱུར་བའི་ལམ་པའོ། །དེའི་ཚེ་རྨ་བྱས་དུག་མཐོང་མ་ཐག་ཏུ་ཟས་སུ་ངོ་ཤེས་ཤིང་ལོངས་སྤྱད་པས་ཁོའི་སྐད་སྙན་པ་དང་མདོངས་ལེགས་པ་ལ་སོགས་ཡོན་ཏན་དེ་ལས་བྱུང་བ་ལྟར། ནང་རྒྱུད་བསྐྱེད་རྫོགས་གཉིས་ཀྱིས་ཉོན་མོངས་པ་ཆོས་ཉིད་དུ་རྟོགས་ཤིང་ཐབས་ཀྱི་ཟིན་པར་སྤྱད་པས་སླར་འབྲས་བུ་མྱུར་བ་ནི་དབང་དུ་བྱེད་པའི་ལམ་པའོ། །དེའི་དུས་ཀྱི་ས་གཞི་དེ་ལ་དུག་སྐྱེས་པས་མི་དགའ་བ་དང་། སྤངས་པས་དགའ་བའི་རྣམ་རྟོག་དང་བྲལ་བ་ལྟར། ཨ་ཏི་བླ་ན་མེད་པའི་ཐེག་པ་ནི་ཆོས་ཐམས་ཅད་སྐྱེ་འགག་དབྱེར་མེད་ཀྱི་ངང་དུ་མཉམ་པ་རྟོགས་པས་སྤང་བྱ་དང་གཉེན་པོ་གཉིས་དང་བྲལ་བ་ནི་དགག་སྒྲུབ་མེད་པའི་ལམ་པ་ཞེས་བྱའོ། །དེ་ལྟར་འདིར་ཐེག་པ་ཀུན་གྱི་ས་བོན་ཡོད་ཀྱང་ཧ་ཅང་རྒྱས་པར་བཤད་ན་སྐབས་དོན་ལས་འཆོལ་བ་དང་དུས་རིང་དུ་མི་ཐོན་པས་འགྱངས་པར་འགྱུར་བའི་ཕྱིར་མདོར་བསྡུས་པ་ཡིན་ནོ། །ཉོན་མོངས་པ་ལ་དགོངས་ཏེ་དབྱེ་བ་ནི། གདུལ་བྱ་སེམས་ཅན་རྣམས་མ་རིག་པའི་དབང་གིས་རང་རང་གི་རྣམ་པར་རྟོག་པ་དང་ཉོན་མོངས་པ་བསམ་གྱིས་མི་ཁྱབ་ཀྱང་ཅུང་ཟད་རིགས་བསྡུ་ན་སྟོག་ཕྲག་བརྒྱད་ཅུ་རྩ་བཞི་སྟེ། དུག་གསུམ་དང་དེ་གསུམ་ཆ་མཉམ་པ་ལས་གྱུར་པའམ་ང་རྒྱལ་ཕྲག་དོག་གཉིས་གཅིག་ཏུ་བསྡུ་སྟེ། དེ་ལྟར་རྩ་བའི་ཉོན་མོངས་པ་བཞི་པོ་དག་རེ་རེ་ལས་ཀྱང་ཉི་ཁྲི་ཆིག་སྟོང་རེ་རེར་གྱུར་པས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའོ། །དེའི་གཉེན་པོར་ཆོས་ཀྱི་སྒོ་ཡང་དེ་སྙེད་དུ་སྡེ་སྣོད་གསུམ་ལ་ཉི་ཁྲི་ཆིག་སྟོང་རེ་རེ་དང་། སྔགས་ཀྱི་བསྟན་པ་ཐམས་ཅད་གཅིག་ཏུ་བསྡུས་པ་ལས་ཉི་ཁྲི་ཆིག་སྟོང་གཅིག་སྟེ། དེ་ལྟར་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའོ། །དེ་དག་འདས་པའི་དུས་སུའང་གསུངས་ཤིང་ད་ལྟར་ཡང་གསུང་ལ། མ་འོངས་པའི་དུས་སུའང་གསུང་བར་འགྱུར་ཞེས་སོ། །འདིར་གསང་སྔགས་ཀྱི་བསྟན་པ་ཐམས་ཅད་འགའ་ཞིག་སེམས་ཀྱི་དང་། འགའ་ཞིག་ཤེས་རབ་ཀྱི་བསླབ་པ་སྟོན་པའི་ཕྱིར་གོང་གི་སྡེ་སྣོད་གསུམ་ལས་མདོ་སྡེ་དང་མངོན་པ་གཉིས་སུ་འདུ་ཟེར་བ་ནི་མ་ཡིན་པར་སེམས་ཏེ། ཇི་སྐད་དུ། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་དང་ནི་བཞི་སྟོང་གསུངས། །ཞེས་པ་དང་། ཡང་བམ་བརྒྱད་ལས། བརྒྱད་ཁྲི་བཞི་སྟོང་བསྟན་པ་ཡང་། །ཞེས་པ་དང་། གོང་གི་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཞེས་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཀ་ནས་གསུངས་ལ་དེ་མི་ཚང་བར་འགྱུར་ཏེ། སྔགས་ལས་གཞན་པའི་སྡེ་སྣོད་བཞི་པ་ཤེས་བྱ་ལ་ཁེགས་པའི་ཕྱིར་རོ། །གཞན་ཡང་སྔགས་ལ་ཚུལ་ཁྲིམས་ཀྱི་བསླབ་པ་མི་ཁེགས་ཏེ། དམ་ཚིག་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། འདིའི་བཅུ་དགུ་པ་ལས། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་གསུངས་པའི་ཕྱིར་རོ། །དེས་ན་བསླབ་པ་གསུམ་ནི་རྗོད་བྱེད་སྡེ་སྣོད་ཐམས་ཅད་ཀྱི་ཁྱབ་བྱེད་ཡིན་པར་སེམས་སོ། །གཉེན་པོ་ལ་དགོངས་ཏེ་བསྡུ་བ་ནི། དེ་ལྟར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ་དག་ཐམས་ཅད་ཀྱང་དབང་པོའི་བྱེ་བྲག་གིས་ལྔ་སྟེ། དང་པོ་ལྷ་མི་ནི་ཚིག་བསྒྱུར་ཏེ་འོག་ནས། དགེ་སྡིག་གི་ལས་ཐ་དད་པ་དང་མི་གཡོ་བའི་ལས་དང་གསུམ་གྱི་རང་བཞིན། ཡང་འབྲུ་བསྒྱུར་ལ་ཆུད་མི་ཟ་བའི་ཕྱིར། གོང་ནས་འབྲས་བུ་མཐོ་རིསས་མ་བདེ་བ་དང་ངན་སོང་ངམ་སྡུག་བསྔལ་དང་ཁམས་གོང་མའི་བཏང་སྙོམས་རྣམས་སུ་སྨིན་པར་རྟོགས་པའོ། །ཉན་ཐོས་ནི་ཚིག་གོང་ན། གང་ཟག་གི་བདག་མེད་རྟོགས་ནས་ཆོས་ཀྱི་བདག་ཕྱི་གཟུང་བའི་ཡུལ་རགས་པ་ལ་རང་བཞིན་མེད་པར་རྟོགས་ཤིང་། ཕྲ་བ་ཉི་ཟེར་གྱི་རྡུལ་འབྲིང་པོ་ལ་ཞེ་དགུར་བགོས་པའི་ཆ་གཅིག་ལྟ་བུ་རྡུལ་ཕྲན་ཆ་མེད་དོན་དམ་གྱི་དངོས་པོར་འདོད་པ་དང་། ནང་འཛིན་པའི་ཤེས་པ་ལ་འདས་མ་འོངས་ཀྱི་རྒྱུན་རང་བཞིན་མེད་པར་རྟོགས་ནས། སྐད་ཅིག་ཅེས་བྱ་བ་སེ་གོལ་གཅིག་གཏོགས་པའི་སྦྱོར་བ་སྐོར་གཅིག་ལ་ཆ་བརྒྱ་དྲུག་ཅུ་སྐྱེ་འགག་གནས་གསུམ་ཕྱེད་པའི་ཆ་གཅིག་ལྟ་བུ་དོན་དམ་དུ་འདོད་པའོ། །རང་རྒྱལ་ནི་བསྟན་པའི་གཞུང་ཉན་ཐོས་ལ་སོགས་པ་མེད་དེ། རིགས་ཀྱིས་ཕྱེ་བ་ཙམ་ཡིན་ནོ། །འོན་ཀྱང་ལྟ་བའི་ཁྱད་པར་ནི་གང་ཟག་གི་བདག་མེད་ཉན་ཐོས་དང་འདྲ་བའི་སྟེང་དུ་ཆོས་བདག་གཟུང་ཡུལ་རྡུལ་ཕྲན་ལ་རང་བཞིན་མེད་པར་རྟོགས་ནས་འཛིན་ཤེས་སྐད་ཅིག་བདེན་དངོས་སུ་འདོད་ལ། ཕྱི་ཞེས་པ་དེའི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་རྒྱུ་དང་འབྲེལ་བའི་ཆོས་ས་བོན་ལ་སོགས་དྲུག་དང་། དེ་དག་ཀྱང་འབྱུང་བ་ལྔ་དང་དུས་ཀྱིས་འགྱུར་བ་ལ་སོགས་རྐྱེན་གྱིས་བསྡུས་པའི་ཆོས་དྲུག་སྟེ་བཅུ་གཉིས་པོ་སྒྱུ་མ་ལྟར་ཤེས་ཤིང་། ནང་ཞེས་པ་དེའི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་མ་རིག་པ་ལ་ལས་འདུ་བྱེད་དེ་ལས་རྣམ་ཤེས་མིང་དང་གཟུགས་སྐྱེ་མཆེད་དྲུག་རེག་པ་ཚོར་བ་སྲེད་པ་ལེན་པ་སྲིད་པ་སྐྱེ་བ་རྒ་ཤི་ལ་སོགས་པ་གཅིག་ལ་གཅིག་བརྟེན་ནས་བྱུང་སྟེ་ལུགས་འབྱུང་འཁོར་བའི་ཆོས་དེ་དག་མིག་ཡོར་ལྟ་བུར་ཤེས་པའོ། །དེ་ལྟར་ཡང་རྒྱས་པ་ལས། ཕྱི་ནང་རྟེན་འབྲེལ་སྒྱུ་མ་མིག་གཡོར་ཚུལ་ཤེས་ཤིང་། །ཞེས་སོ། །བྱང་ཆུབ་སེམས་དཔས་ནི་རང་རྒྱལ་གྱིས་འདོད་པའི་འཛིན་པའི་ཤེས་པ་སྐད་ཅིག་མ་དེ་ཆོས་ཅན། རང་བཞིན་མེད་དེ། གཟུང་ཡུལ་མེད་པའི་ཕྱིར་རོ། །རྟགས་ཁོ་རང་གི་ཁས་ཀྱང་ལེན་ཅིང་ཚད་མས་ཀྱང་གྲུབ་བོ། །ཁྱབ་པ་ནི་གཟུང་དོན་མེད་ན་འཛིན་ཤེས་མེད་དེ་སྔོན་པོ་མེད་ན་སྔོ་འཛིན་མེད་པ་བཞིན་ནོ། །དེ་ལྟར་ཡང་། གཟུང་བ་མེད་ན་དེར་འཛིན་མེད། །ཅེས་གསུངས་པའི་ཕྱིར། འཛིན་ཤེས་མ་གྲུབ་པར་ཤེས་པས་བདག་མེད་གཉིས་ཀ་རྟོགས་པ་སྟེ། དཀར་དམར་ལ་སོགས་ཕྱི་རོལ་གྱི་སྣང་ཙམ་འདི་དག་རྟོག་མེད་སྣང་ཡུལ་ལ་འཁྲུལ་པའི་ཤེས་པ་ཡིན་པའི་ཕྱིར། དེ་ལ་ཀུན་རྫོབ་ཅེས་ཐ་སྙད་འདོགས་པ་སྟེ་ཟླ་བ་གཉིས་འཛིན་གྱི་ཤེས་པ་བཞིན་ནོ། །དེ་ལྟར་ངེས་འབྱུང་གི་ཐེག་པ་བཞི་པོ་དེ་དག་ལྟ་བའི་དབང་དུ་བསྡུས་པ་ཡིན་ནོ། །འབྲས་བུའི་ཐེག་པ་གཅིག་ཏུ་བསྟན་པ་ནི་སྤྱོད་པའི་དབང་དུ་སྟོན་ཏེ། གང་ཞེ་ན་ལས་དང་ཞེས་པ་ཀྲི་ཡ་སྟེ། ཇི་སྐད་དུ། ཁྲུས་དང་གཙང་སྦྲ་གཙོར་བྱེད་ཅིང་། ། སྡོམ་དང་ཚུལ་ཁྲིམས་དག་ལ་བརྩོན། །ཡང་ལག་ཚང་དང་བཞུགས་གསོལ་དང་། །བཟླས་པ་ཟུར་ཕྱིན་ལས་སུ་བྱེད། །དེ་ཕྱིར་ཀྲི་ཡ་ལས་ཞེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་འོག་གི་མི་གོས་ཞེས་པ་དང་སྦྱོར་ཏེ། དེ་དག་གིས་འཁོར་བའི་ལས་དང་བག་ཆགས་ཀྱིས་མི་གོས་པའོ། །ལས་ཀྱི་འབྲས་བུ་ཞེས་པ་ཡོ་ག་སྟེ། ཇི་སྐད་དུ། ཡན་ལག་དགུ་སྟེ་གཉིས་མེད་སྦྱོར། །མཚན་མའི་ལས་ལ་བརྟེན་ཅན་ནས། །མཚན་མ་མེད་པའི་འབྲས་བུ་བསྒྲུབ། །དེ་ཕྱིར་ཡོ་ག་ལས་ཀྱི་འབྲས། །ཞེས་སོ། །དེ་འོག་གི་གོས་པར་མི་འགྱུར་ཞེས་པ་དང་སྦྱར་བས་ལས་ཀྱི་འབྲས་བུ་ལ་མཚན་མར་འཛིན་པར་མི་འགྱུར་ཏེ། བསྒྲུབ་བྱ་མཚན་མེད་གོས་སུ་མེད་པ་གྲུབ་པའི་ཕྱིར་རོ་ཞེས་པའི་དོན་ཡིན་ནོ། །དེ་ལྟར་སྟོན་པ་ནི། བལྟས་ས་ངེས་འབྱུང་གི་ཐེག་པ་ལ་ལྟོས་ནས་མཐར་ཐུག་གོ་ཞེས་བྱ་སྟེ་གནས་སྐབས་ཀྱི་ཆོས་ཀྱི་ཆེ་བ་ཡིན་ནོ། །འདིར་ཁ་ཅིག་སྟོན་པའི་མཐར་ཐུག་གོ། །ཞེས་པ་དང་། གོང་གི་བླ་ན་མེད་པ་ཞེས་པ་གཉིས་བསྟན་པ་གསང་བའི་སྙིང་པོ་འདི་ཡིན་ནམ་མ་ཡིན། ཡིན་ན་འོག་ནས་རྒྱུད་དོན་གསུང་མི་དགོས་ལ། མིན་ན་མཐར་ཐུག་དང་བླ་ན་མེད་པར་བཤད་པ་དང་འགལ་ལོ་ཞེ་ན། མ་ཡིན་པས་ཉེས་པ་དང་པོ་མེད་ལ། མཐར་ཐུག་ཀྱང་འདས་མ་ཐག་དེ་ཉིད་འབྲུ་བསྣན་པའི་སྐབས་སུ་བཤད་ཟིན་ཏེ་བལྟས་པའི་མཐར་ཐུག་འདོད་རྒྱལ་དུ་སྨྲས་པ་ཡིན་ནོ། །བླ་ན་མེད་པ་ཞེས་པ་ཡང་གསང་སྔགས་མཐའ་དག་ལ་དགོངས་པ་ཡིན་ལ། དེའི་བྱེ་བྲག་གི་མིང་གིས་སྤྱི་ལ་བཏགས་ནས་བླ་ན་མེད་པ་ཞེས་བྱ་བའི་རྒྱུ་མཚན་ཡང་སྔར་བཤད་ཟིན་ཏོ། །ཡང་སྤྱིར་ཐུབ་པའི་མཛད་པ་འདི་རྣམས་ལ། སྤར་ཁབ་ལས། དྲང་བ་པ་དག་དགའ་ལྡན་གྱི་གནས་ནས་བབས་ཟེར་བ་ནི་བདེན་མོད་ཀྱི། ཞེས་པ། མཛད་པ་འདི་དག་དྲང་དོན་རྒྱུའི་ཐེག་པ་བས་དམ་པ་ཏོག་དཀར་པོ་དགའ་ལྡན་ནས་འཕོས་པ་ཡིན་ཏེ། ཇི་སྐད་དུ། དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །ཞེས་སོགས་གསུངས་པའི་ཕྱིར། མཛད་པ་རྣམས་མཐར་ཕྱིན་པས་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་སྟེ་རྒྱུད་མས་སྦྱངས་སུ་འདོད་ལ། ངེས་དོན་གསང་སྔགས་འདིའི་དགོངས་པས་སྟོན་པ་ཉིད་ལས་མ་གཡོས་པར་གདུལ་བྱའི་ངོ་ལ་ཐུབ་པ་དྲུག་ཏུ་ཤར་ཏེ། ཁྱད་པར་མིའི་གནས་སུ་ཤཱཀྱ་ཐུབ་པར་སྤྲུལ་ནས་མཛད་པ་བཅུ་གཉིས་ཀྱིས་དོན་མཛད་པར་སྣང་བ་ཡིན་ཏེ། ཇི་སྐད་དུ་ལེའུའི་ཀླད་ནས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཞེས་པ་ནས། རྡོ་རྗེ་ལས་འཐོན་ཏོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་དེ་ལྟར་སྟོན་པ་ལས་སྤྲུལ་པའི་ཐུབ་པས་གསང་སྔགས་གསུངས་ཏེ། འདི་ཉིད་ནས། བླ་ན་མེད་པའི་ཐེག་པ། ཞེས་པ་དང་། མདོ་ཆེན་པོ་ནས་ཐུབ་པ་འདས་ནས་ལོ་ཉེར་བརྒྱད་ཀྱི་དུས་སུ་འབྱུང་བར་བཤད་དེ། ཇི་སྐད་དུ། ང་ནི་འདི་ན་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ཞེས་གསུངས་པ་གཉིས་མི་འགལ་ལམ་ཞེ་ན། འདི་གཞུང་སོ་སོའི་དགོངས་པ་ཡིན་ཏེ། བཀའ་གཞན་ནས་ཕྱིས་འབྱུང་བར་བཤད་པ་ནི་སྤྲུལ་པ་ཉིད་བཞུགས་པའི་ཚེ་ཐུན་མོང་གི་འཁོར་འདུས་པ་ཕལ་མོ་ཆེ་རྣམས་ལ་རྒྱུའི་ཐེག་པ་ལས་སྔགས་མ་གསུངས་ཤིང་གསང་སྔགས་ནི་ཕྱིས་གསང་བདག་གིས་སྟོན་པར་ལུང་བསྟན་པ་ཡིན་ནོ། །འདི་ནས་བླ་ན་མེད་པ་ཞེས་གསུངས་པ་ནི་ཁྱད་པར་གྱི་འཁོར་རིག་འཛིན་ནམ་ས་ནོན་པ་རྣམས་ལ་གཞན་གྱི་མི་ཚོད་མ་ཡིན་པར་གསུངས་པའི་ཕྱིར་མི་འགལ་གསུང་ངོ་། །ཡང་ན་འདིར་སྔགས་གསུངས་པ་ནི་གསང་སྔགས་ཙམ་དུ་གྱུར་པ་ཕྱི་རྒྱུད་ཡིན་ལ། གཞན་ནས་ཕྱིས་འབྱུང་བར་གསུངས་པ་ན་ཁྱད་པར་ཅན་ནང་གི་རྒྱུད་རྣམས་ཡིན་པར་སེམས་སོ། །འོ་ན་འདིར་ཐུན་མོང་མ་ཡིན་པ་ཐེག་པ་འབྱུང་དགོས་པའི་སྐབས་སུ་ཐུབ་པས་ལམ་སྟེགས་ཀྱི་ཐེག་པ་གསུང་པ་འདི་སྐབས་འཆོལ་བར་མི་འགྱུར་རམ་ཞེ་ན། མ་ཡིན་ཏེ། རྒྱུད་འདིའི་བྱིན་གྱིས་རླབས་ལས་དེ་དག་བྱུང་བའི་ཕྱིར་རྒྱུད་དང་སྟོན་པའི་ཆེ་བར་འགྱུར་བའི་དགོས་པ་ཡང་ཡོད་ལ། ཡང་འདིར་ཆིག་ཆོད་དུ་འཇུག་མི་ནུས་པའི་ཆེད་དུ་ལམ་སྟེགས་ཀྱི་ཐེག་པ་ལ་བློ་སྦྱངས་པའི་དགོས་པ་ཡང་ཡོད་དེ། ཇི་སྐད་དུ་ཐ་མ་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་གསུངས་པའི་ཕྱིར་སྐབས་འཆོལ་བར་མི་འགྱུར་རོ། །གསུམ་པ་འབྲས་བུ་རྒྱུད་དོན་དངོས་ནི་གསུམ་པའི་སྨད་འདི་ནས་ཉེར་གཅིག་པ་ཡན་ཆད་དུ་ལེའུ་ཕྱེད་དང་བཅུ་དགུས་སྟོན་ནོ། །དེ་ཡང་ལོ་རྒྱུས་སུ་བརྗོད་པ་ནི་དེ་ནས་ཞེས་མཚམས་སྦྱོར་སྡུད་པ་པོའི་ཚིག་སྟེ། དེ་པ་ཐམས་ཅད་ཀྱི་བདག་ཉིད་ཀྱིས་ལམ་གྱི་རྒྱུད་དོན་འདི་ཉིད་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་བརྗོད་པ་འོག་ནས་འབྱུང་བ་འདི་བརྗོད་དོ། །ཞེས་སོ། །དེ་ཡང་སྤར་ཁབ་ལས། ཟུར་གཉིས་ཀྱི་དང་པོ་ལམ་དང་ཞེས་པ་འདི་ཉིད་གོ་བའི་སྐལ་བ་ཅན་རྣམས་ལ་འདི་ཉིད་ལམ་གྱི་རྒྱུད་དུ་བཤད་དུ་གསོལ་ཞེས་པའི་ལན་དུ། གཉིས་པ་རྒྱུད་དངོས་གསུངས་པ་ལས། དང་པོ་རྒྱུ་ཤེས་པ་ལྟ་བའི་དོན་གཏན་ལ་དབབ་པར་བྱ་སྟེ། དེ་ལས་ཀྱང་འཁོར་བའི་ཆོས་གཏན་ལ་དབབ་པ་ལ་གསུམ་སྟེ། གང་གཞལ་བྱ་ཆོས་ཅན་དང་། གང་གིས་འཇལ་བྱེད་གཏན་ཚིགས་དང་། ཇི་ལྟར་གཞལ་ཞིང་གཏན་ལ་ཕབ་པའི་གྲུབ་མཐའོ། །དང་པོ་ནི། ཇི་སྙེད་ཅེས་པ་ལ་སོགས་རྐང་པ་བཞིས་འཁོར་བའི་རྒྱུ་དང་ངོ་བོ་དང་ཚུལ་དང་ཉེས་པ་དང་བཞིར་གཞུང་བརྟག་གོ། །འདིའི་དོན་ངེས་པར་བྱ་བ་ལ་སྤྱིར་གཞལ་བྱའི་དོན་གང་ཞེ་ན། ལེའུ་བཅུ་གཅིག་པར་འཆད་པ་ལྟར་རིགས་གསུམ་ལས་འདིར་གཞུང་དོན་གཏན་ལ་འབེབས་པའི་དུས་སུ། ཇི་སྙེད་ཅེས་དངོས་པོ་གཉིས་ཀྱིས་བསྡུས་པ་ཡིན་ཏེ། རྣམ་བཀོད་ལས། བརྟགས་པའི་སྤྱོད་ཡུལ་གཉིས་ལ་གཞལ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་དེ་གཉིས་ཀྱི་རང་མཚན་གཞལ་བྱ་མ་ཡིན་ཏེ། འདས་པའི་རང་མཚན་སྤྱོད་ཡུལ་དུ་མ་གྱུར། འཁོར་བའི་རང་མཚན་འཁྲུལ་པ་ནི་བརྫུན་པའི་ཕྱིར་གཞལ་བྱར་མི་རུང་ལ། དེ་གཉིས་ཀྱི་ཞེན་སྣང་གཞལ་བྱ་ཡིན་ཏེ། ལམ་རིམ་ལས། འཁོར་དང་འདས་མངོན་ཞེན་སྣང་བརྟག །ཅེས་གསུངས་པའི་ཕྱིར་རོ། །དེ་ཡང་ཞེན་སྣང་གཉིས་རེ་རེ་གཞལ་བྱ་མ་ཡིན་ཏེ། དཔེར་ན་སྣང་ཆ་ནས་ཐག་པ་ཡིན་ཡང་ཞེན་ཆ་ནས་སྦྲུལ་དུ་ཞེན་པ་ལྟར། སྣང་ཆ་ནས་འདས་པ་ཡིན་ཀྱང་ཞེན་ཆ་ནས་འཁོར་བར་ཞེན་པའི་དེ་གཉིས་ཀྱི་ཚོགས་པ་དེ་གཞལ་བྱ་ཡིན་ནོ། །དེ་ཡང་རྣམ་བཀོད་ལས། དེ་བས་ཡུལ་སེམས་མ་འདྲེས་ཕྱིར། །ཞེས་སྣང་འཇལ་ལ་སྐྱོན་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་འདོད་པ་ལ་ཁ་ཅིག་ན་རེ། ཞེན་སྣང་ཆོས་ཅན། གཏན་ཚིགས་ཀྱིས་གཞལ་མི་དགོས་པར་ཐལ། དེ་གྲུབ་ཟིན་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། ཞེན་སྣང་གྲུབ་ཀྱང་དེ་ཆོས་ཉིད་དུ་མ་ངེས་པས་གཏན་ཚིགས་ཀྱིས་ངེས་པར་བསྒྲུབ་པ་ཡིན་ནོ། །འོ་ན་ཞེན་སྣང་གཏན་ལ་ཕབ་པས་ཆོས་ཉིད་གཏན་ལ་མི་ཕེབས་ཏེ། ཐ་དད་པའི་ཕྱིར་རྟ་གཏན་ལ་ཕབ་ཀྱང་གླང་པོའི་ཆོས་ཉིད་མི་རྟོགས་པ་བཞིན་ཞེ་ན། རྟ་གླང་ལྟ་བུ་ཐ་དད་འབྲེལ་བ་མེད་པར་མ་གྲུབ་སྟེ། ཞེན་སྣང་དང་ཆོས་ཉིད་ཆོས་ཅན་དང་ཆོས་ཉིད་ཡིན་པའི་ཕྱིར། ཆོས་ཅན་ཞེན་སྣང་གཏན་ལ་ཕབ་པས་ཆོས་ཉིད་དེ་བཞིན་ཉིད་ངེས་པར་འགྱུར་ཏེ། དཔེར་ན་ཆོས་ཅན་དུང་ལ་དཔྱད་པས་ཆོས་ཉིད་དཀར་པོ་རྟོགས་པ་བཞིན་ནོ། །འོ་ན་ཞེན་སྣང་བསམ་གྱིས་མི་ཁྱབ་པས་གཏན་ལ་ཕབ་ཀྱིས་མི་ལང་བར་འགྱུར་རོ་ཞེ་ན། དེ་དག་རེ་རེ་ཞིང་གཏན་ལ་དབབ་མི་དགོས་ཏེ། ཞེན་སྣང་གཅིག་ཆོས་ཉིད་དུ་གཏན་ལ་ཕབ་པས་ཀུན་གཏན་ལ་ཕེབས་པར་འགྱུར་ཏེ། དཔེར་ན་མར་མེ་གཅིག་འོད་སྐྱེད་པར་གྲུབ་ན་ཡུལ་དུས་རང་བཞིན་ཐ་དད་ཀྱི་མར་མེ་ཡང་འོད་སྐྱེད་པར་གྲུབ་པ་བཞིན་ནོ། །གཉིས་པ་གཏན་ཚིགས་ཐུན་མོང་དང་ཐུན་མིན་གཉིས་སོ། །དང་པོ་ནི་བདེན་པའི་གཏན་ཚིགས་ཏེ། དེ་ཡང་ཡང་དག་ཅེས་པ་དོན་དམ་དང་། སྒྱུ་མ་ཞེས་པ་ཀུན་རྫོབ་བོ། །ཚུལ་གཉིས་སུ་ཞེས་པ་རྒྱུ་མཚན་ཉིད་ཀྱི་ཐེག་པ་བས་ཆོས་ཐམས་ཅད་བདེན་པ་གཉིས་སུ་སྨྲ་སྟེ། སྣང་བ་མཚན་གཞི་ཀུན་རྫོབ་བདེན་པའི་ཐ་སྙད་དུ་མཚན་ནོ། །རིག་པས་དཔྱད་མི་བཟོད་འཛིན་པ་མཚན་ཉིད་དུ་བཀོད་པ་དང་། ཡང་སྣང་དུས་ཉིད་ན་སྣང་མེད་མཚན་གཞི་དོན་དམ་བདེན་པའི་ཐ་སྙད་དུ་མཚན་ནོ། །རིག་པས་དཔྱད་བཟོད་འཛིན་པ་མཚན་ཉིད་དུ་བཀོད་པ་སྟེ། དེ་ལྟར་ཆོས་ཐམས་ཅད་བདེན་པ་གཉིས་སུ་སྨྲ་སྟེ། ཁོག་གཞུང་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་དེ་ལྟར་འདོད་པ་དང་ཚུལ་མཐུན་པར་འདིར་ཡང་གཉིས་སུ་སྨྲ་སྟེ། མ་རིག་པས་བདག་ཏུ་འཛིན་པའི་ཤེས་པ་དང་ཕུང་པོ་ལ་བདག་གི་བར་རྟོག་པ་དང་འབྱུང་བ་ལ་གཞན་དུ་བཏགས་ཏེ་ཡུལ་དུ་འཛིན་པ་རྣམས་ཆོས་ཅན། དེ་ལྟར་གྲུབ་པ་མེད་དེ། བདེན་པ་གཉིས་སུ་རྣམ་པར་དག་པའི་ཕྱིར་རོ། །དེའི་ཚུལ་བསྒྲུབ་པ་ནི་ཀུན་རྫོབ་ཀྱི་དབང་དུ་བདག་ཅེས་རྣམ་ཤེས་ཏེ། དེ་ཡེ་ཤེས་སུ་རྟོག་པ་ཡེ་ཤེས་སྒྱུ་མ་ཡིན་ལ། གཞན་ཅིས་འབྱུང་བ་སྟེ་དེ་ཡུམ་ལྔར་རྟོགས་པ་དངོས་པོ་སྒྱུ་མ་ཡིན་ཅིང་། བདག་གི་ཞེས་པ་ཕུང་པོ་སྟེ་དེ་རིགས་ལྔར་རྟོགས་པ་ཕྱག་རྒྱ་སྒྱུ་མ་ཞེས་བྱ་བ་ཡིན་ནོ། །ཡང་དོན་དམ་གྱི་དབང་དུ་བདག་ཅེས་རྣམ་ཤེས་ཏེ། དེ་ཡེ་ཤེས་སུ་རྟོགས་པ་ཡེ་ཤེས་དོན་དམ། གཞན་ཞེས་འབྱུང་བ་ལྔ་ཡུམ་གྱི་རང་བཞིན་དོན་དམ་ཡིན་ཅིང་། བདག་གི་ཞེས་ཕུང་པོ་ལྔ་རིགས་ལྔར་རྟོགས་པ་འབྲས་བུ་དོན་དམ་ཡིན་ནོ། །དེ་ལ་ཁ་ཅིག་དེ་ལྟར་ཡིན་པར་མ་གྲུབ་ཅེ་ན། དེ་དག་ཏུ་ལུང་གིས་གྲུབ་སྟེ། ལེའུ་གཉིས་པ་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་ཕུང་པོ་རིགས་ལྔར་བཤད་པས་གྲུབ་ཅིང་། དེ་ཉིད་ལས། ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའི་དབྱིངས་ཀྱི་དབང་ཕྱུག་མ། །ཞེས་པས་འབྱུང་བ་ཡུམ་གྱི་རང་བཞིན་དུ་གྲུབ་ལ། བཅུ་གཅིག་པ་ལས། རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་པས་རྣམ་ཤེས་ཡོངས་སུ་བཤད་པས་གྲུབ་པའི་ཕྱིར་རོ། །དེ་ལྟར་བདེན་པ་གཉིས་ཀྱང་ཐ་དད་དུ་རྟོགས་པ་རྣམ་པར་དག་སྟེ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དུ་ཚུལ་གཅིག་པར་གོ་བ་ནི་བདེན་པའི་རྟགས་ཀྱི་བསྒྲུབ་བྱ་ཡིན་ནོ། །གཉིས་པ་ཐུན་མིན་ལ་རྟོགས་པ་དང་། དག་པ་གཉིས་སོ། །དང་པོ་ལ་རྒྱུ་གཅིག་པ་ནི། བདག་དང་བདག་གི་གཞན་རྣམས་ནི། །ཞེས་ལོག་རྟོག་བདག་གཞན་གསུམ་པོ་མཚན་དུ་སྔར་དང་འདྲའོ། །དེ་ལྟར་སྣང་བ་ནི་ལོག་པར་རྟོག་པ་ཡིན་ཏེ། འཁྲུལ་པའི་ངོ་བོ་ཉིད་དུ་སྣང་བ་ལས། དེ་རང་བཞིན་ཤེས་པའི་ངོ་ན་ཕྲ་ཞིང་ཕྲ་སྟེ་རྡུལ་ཕྲན་ཙམ་དང་ཟབ་པ་སྐད་ཅིག་ཙམ་དུའང་ཡོད་པ་མ་ཡིན་པའི་ཕྱིར་དཔེར་ན་ནམ་མཁའི་སྐྲ་ཤད་བཞིན་ནོ། །འོ་ན་གཟུགས་སྒྲ་ལ་སོགས་པའི་སྣང་དཔྱོད་ཆེན་པོ་རྒྱུན་ཆད་དུ་ཐལ། དེ་དག་ཕྲ་སྟེ་རྡུལ་ཟབ་སྟེ་སྐད་ཅིག་ཙམ་ཡང་མ་གྲུབ་པའི་ཕྱིར་ན་ནམ་མཁའི་པདྨོ་བཞིན་ནོ་ཞེ་ན། རང་བཞིན་ཤེས་པའི་ངོ་ན་མེད་ཀྱང་འཁྲུལ་ངོ་ན་སྣང་བ་མི་འགལ་ཏེ། ལོག་རྟོག་གི་རྒྱུན་སྔ་མ་ཉིད་ཀྱིས་རྒྱུན་གྱིས་སྤྱོད་པ་ནི་དེ་མ་ཡིན་ལ་དེར་འཛིན་པའི་ཕྱིར་རབ་རིབ་ཅན་ལ་སྣང་བའི་སྐྲ་བཤད་བཞིན་ནོ། །དེས་ན་འཁྲུལ་ངོ་ལ་སྣང་བ་ཉིད་ཡང་དག་པར་མ་གྲུབ་པའི་ཕྱིར་ཆོས་ཀྱི་དབྱིངས་ལས་གཞན་དུ་གཡོ་བ་ཅི་ཡང་མེད་པར་རྟོགས་པ་ནི་རྒྱུ་གཅིག་པའི་རྟགས་ཀྱི་བསྒྲུབ་བྱ་ཡིན་ནོ། །འོ་ན་སྔར་གྱི་ལོག་རྟོག་ཉིད་ཆོས་ཅན། གྲུབ་པར་ཐལ། ཐ་སྙད་པའི་ཤེས་ངོ་ན་སྣང་སྤྱོད་ཚད་མས་དམིགས་པའི་ཕྱིར་ཞེ་ན། བློ་དེ་ཡང་འདིའི་ཇི་བཞིན་པ་རྟོགས་པ་ལ་ལྟོས་ནས་ལོག་རྟོག་ཡིན་ཏེ། དེའི་རྒྱུ་མ་རིག་པ་དང་འབྲས་བུ་སྣང་ཞེན་གྱི་རྒྱུན་ཉིད་དམིགས་ཀྱང་། དེ་བདེན་པར་གྲུབ་པ་མེད་ན་ཅི་འགལ་ཏེ། རྒྱུན་འདི་ཉིད་ལ་བརྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་མེད་དེ། ཆོས་ཀྱི་དབྱིངས་མ་བཅོས་པ་ཟབ་མོ་དོན་གྱི་སྐད་ཅིག་མར་རྒྱུ་གཅིག་པར་རྟོགས་པའི་ཕྱིར། དཔེར་ན་རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་དེ་མིག་དྭང་བའི་ཡུལ་ན་མ་གྲུབ་པ་བཞིན་ནོ། །ཡིག་འབྲུའི་ཚུལ་ནི་བདག་པོའི་རྐྱེན་རྟོག་སྔ་མས་མ་རིག་པ་རྣམ་པར་དག་པའི་དོན་སྐྱེ་མེད་ཆོས་ཀྱི་དབྱིངས་དེ་ཉིད་རྟོགས་པའི་ཚུལ་ཇི་ལྟར་ཞེ་ན། ཉིད་ལ་ཞེས་པ་རྟོགས་བྱ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལའོ། །དབང་སྒྱུར་ཞེས་པ་དེ་ལ་རྟོགས་བྱེད་བློ་ཡིས་དབང་སྒྱུར་བ་སྟེ། ཇི་ལྟར་སྒྱུར་ན་རྒྱུ་ཤེས་པ་ཟག་བཅས་ཀྱི་སྐབས་སུ་སྒྲ་དང་ཚིག་ལ་བརྟེན་ནས་དང་པོ་བརྗོད་པ་ངེས་ལ། དེའི་རྗེས་སུ་བློས་བརྟགས་པ་འགལ་འབྲེལ་གྱི་རྣམ་དཔྱོད་ཀྱིས་ཡང་དག་པའི་དོན་ངེས་པ་ལ་ཡིག་འབྲུའི་ཚུལ་གྱིས་རྟོགས་པ་ཞེས་འདོད་དེ། ཇི་སྐད་དུ་བཅུ་གསུམ་པ་ལས། ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །ཞེས་པ་སྟེ། དེ་ལ་ཡང་དག་པའི་དོན་མངོན་དུ་བྱེད་པ་ཡིན་ཏེ། ཆོས་ཉིད་ལ་དེ་རྟོགས་ཀྱི་བློ་ཉིད་ཀྱིས་སྤྱོད་པའི་ཕྱིར་ཏེ། ཇི་སྐད་དུ་འདི་ཉིད་ཀྱི་བཞི་པ་ལས། དབྱིངས་ལ་དབྱིངས་ཀྱིས་བྲིས་པས་ན། །ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། །ཅེས་པ་བཞིན་ནོ། །གཞུང་འདིར་དེ་ལྟར་རྟོགས་པ་གོང་མ་གཉིས་ལས་མི་གསལ་ཀྱང་ཤུགས་ལ་ངག་དོན་གྱིས་བཞི་ཆར་ཅུང་ཟད་སྦྱར་ཏེ། བྱིན་གྱིས་བརླབས་ནི་གོང་གི་ཡིག་འབྲུའི་ཚུལ་ལས་རྒྱུ་གཅིག་པ་ཆོས་ཀྱི་དབྱིངས་སུ་རྟོགས་པ་བྱུང་ཞིང་། དེ་ལྟར་སྣང་ལྡོག་ཡིག་འབྲུའི་ཚུལ་དང་། སྟོང་ལྡོག་རྒྱུ་གཅིག་པ་གཉིས་དངོས་སུ་རྟོགས་པའི་བྱིན་རླབས་ལས་དབྱེར་མེད་དུ་རྟོགས་པ་ཤུགས་ལ་བྱུང་བའི་ཕྱིར་བྱིན་གྱིས་བརླབས་ཀྱིས་རྟོགས་པ་ཞེས་བྱའོ། །མངོན་སུམ་པ་ནི་ཐམས་ཅད་ཀྱི་རང་བཞིན་མཚན་ཉིད་ཡིན་པ་ལ། དེ་རྟོགས་ཀྱི་བློ་རང་རིག་མངོན་སུམ་གྱིས་རྟོགས་པས་མཚན་ཉིད་ཀྱི་དོན་ལ་དབང་སྒྱུར་བ་ནི་རྟགས་ཀྱི་རྗེས་སུ་དཔག་ནས་བསྒྲུབ་བྱ་རྟོགས་པ་ལྟ་བུ་མ་ཡིན་པའི་ཕྱིར་མངོན་སུམ་པའི་རྟོགས་པ་ཞེས་བྱའོ། །དག་པའི་གཏན་ཚིགས་ནི་གཞལ་བྱ་གོང་དང་འདྲ་སྟེ་བདག་ཕུང་པོ་དང་གཞན་འབྱུང་བ་དང་རྟོག་པའི་རྒྱུན་རྣམ་ཤེས་རྣམས་ཆོས་ཅན། དེ་དག་རིགས་ཀྱི་ཡབ་ལྔ་དང་ཡུམ་ལྔ་དང་ཡེ་ཤེས་ལྔར་རྣམ་པར་དག་པ་ཡིན་ཏེ། དེ་ལྟར་བརྟགས་ན་དེ་དག་ཏུ་སྣང་བའི་ཕྱིར་དཔེར་ན་ཟད་པར་གྱི་སྐྱེ་མཆེད་གོམས་པ་ལྟ་བུ་སྟེ། ཇི་སྐད་དུ། མེ་ཡི་སྐྱེ་མཆེད་དེར་བསྒོམས་ན། །མེ་དེ་ཉིད་དུ་སྣང་བར་འགྱུར། །ཞེས་བཤད་པ་བཞིན་ནོ། །རྟགས་འདི་ནི་འདིའི་ལམ་གྲོལ་ལམ་བསྐྱེད་རིམ་གྱི་སྒྲུབ་བྱེད་དུ་ཡང་འགྱུར་ཞིང་། ཕུང་པོ་ལ་སོགས་རིགས་ཀྱི་ཡབ་ལྔ་ལ་སོགས་སུ་བཏགས་ཤིང་བསྒོམས་པས་དེ་དག་ཏུ་དག་པ་ནི་དག་པའི་གཏན་ཚིགས་ཀྱི་བསྒྲུབ་བྱ་ཡིན་ནོ། །ཡང་གཏན་ཚིགས་འདི་དག་གི་སྐབས་སུ་ཁ་ཅིག །བདག་དང་བདག་གི་གཞན་མེད་དེ། །ཞེས་པ་དང་། བདག་དང་བདག་གི་གཞན་རྣམས་ནི། །ཞེས་པ་དང་། བདག་དང་གཞན་དང་རྟོག་པའི་རྒྱུན། །ཞེས་པ་གཞལ་བྱ་དེ་རྣམས་གསུམ་དུ་ཟློས་སོ་ཞེ་ན། ཟློས་པ་མ་ཡིན་ཏེ། དང་པོ་ནི་བདེན་པའི་རྟགས་ཀྱི་གཞལ་བྱར་སྨོས་ཤིང་། གཉིས་པ་ནི་རྟོགས་པའི་གཞལ་བྱ་སྨོས་ལ། ཐ་མ་ནི་དག་པའི་གཞལ་བྱར་སྨོས་པའི་ཕྱིར་རོ། །འོ་ན་གཞལ་བྱ་དེ་དག་གི་འཇལ་བྱེད་གཏན་ཚིགས་གསུམ་དུ་མཚོན་པ་ལ་དགོས་པ་ཞིག་ཡོད་དམ་མེད། མེད་ན་ཟློས་པར་འགྱུར་ལ། ཡོད་ན་གང་ཡིན་ཞེ་ན། དགོས་པ་ཡོད་པས་ཟློས་པར་མི་འགྱུར་ཏེ། འཇལ་བྱེད་གཏན་ཚིགས་ལ་འདིའི་ལུགས་ཀྱིས་ཐུན་མོང་དང་ཐུན་མིན་གཉིས་སུ་ངེས་པའི་ཕྱིར་རོ། །དེ་ཡང་དང་པོ་ནི་བདེན་པའི་གཏན་ཚིགས་ཏེ་སྒྲ་མཐུན་དོན་སྤགས་ཡིན་ཞིང་། ཕྱི་མ་ནི་རྟོགས་པ་དང་དག་པའི་གཏན་ཚིགས་ཏེ། ཚད་མ་བཀའ་གཞུང་ཡིན་པའི་ཕྱིར་རོ། །འོ་ན་ཐུན་མིན་གྱི་དག་རྟོགས་གཉིས་པོ་ཟློས་སོ་ཞེ་ན། མི་ཟློས་ཏེ། རྟོགས་པས་ནི་གཞལ་བྱ་བདག་གཞན་གསུམ་པོ་ལོག་རྟོག་ཙམ་དུ་ཡང་མ་གྲུབ་པར་གཏན་ལ་འབེབས་ཤིང་། དག་པས་ནི་དེ་གསུམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྣམ་པར་དག་པར་གཏན་ལ་འབེབས་པའི་ཕྱིར་གཏན་ཚིགས་གཉིས་ཟློས་པ་མ་ཡིན་ནོ། །ཡང་འདིར་འདི་ལྟར་བསམ་པར་བྱ་སྟེ། གཞལ་བྱ་སྔར་གྱི་ཞེན་དང་། འཇལ་བྱེད་གཏན་ཚིགས་འདི་དག་འཇལ་བ་པོའི་བློ་ལ་ལྟོས་ཏེ་གཅིག་པ་ཡིན་ནམ་ཐ་དད་པ་ཡིན། དང་པོ་ལྟར་ན་གཞལ་བྱ་འཇལ་བྱེད་དུ་མི་རུང་ཞིང་། གཉིས་པ་ལྟར་ན་ཤེས་རྒྱུད་གཉིས་འཆང་དུ་འགྱུར་རོ་ཞེ་ན། གཞལ་བྱ་འཇལ་བྱེད་བློ་རྫས་སུ་གཅིག་པས་ཤེས་རྒྱུད་གཉིས་འཆང་དུ་མི་འགྱུར་ཞིང་། རྫས་རྒྱུན་སྔ་མ་ལ་ཕྱི་མས་འཇལ་བས་སྐྱོན་དང་པོ་ཡང་མེད་དོ། །གསུམ་པ་དེ་ལྟར་གཏན་ལ་ཕབ་པའི་གྲུབ་མཐའ་ནི། གཞུང་འོག་ན་གཞལ་བྱ་ལོག་རྟོག་གསུམ་པོ་དེ་དག་གི་རང་བཞིན་ནི། མ་རྟོགས་ཏེ་འཁོར་བར་སྣང་ཞིང་ཞེན་པའི་དུས་ན་དེའི་རང་བཞིན་ཆོས་ཉིད་ཡིན་པ་ལས་ཉམས་པ་མེད་དེ། གོང་གི་གཏན་ཚིགས་དག་གིས་གཞལ་བས་དེ་ལྟར་གཏན་ལ་ཕེབས་པའི་དུས་ན་ཆོས་ཉིད་དེ་ལས་གཞན་དུ་འཛིན་པའི་འཁྲུལ་པ་དང་བྲལ་བའི་ཕྱིར། དཔེར་ན་རྒྱལ་བུ་རྐང་འཁྱམས་བློན་པོ་ཐབས་ལ་མཁས་པས་རྒྱལ་སར་ཕྱུང་བ་བཞིན་ནོ། །ཡང་འོག་ནས། དེ་ལྟར་སྟོན་པའི་གྲུབ་མཐའ་ནི་གུད་ན་མེད་པ་འབྲས་བུ་རྡོ་རྗེའི་ཐེག་པ་གཞན་ལས་མཆོག་ཏུ་གྱུར་པ་འདི་མ་ཡིན་པ་གཞན་གང་གིས་ཀྱང་སྨྲ་བར་ནུས་པ་མ་ཡིན་ནོ་ཞེས་པའི་དོན་ཡིན་ནོ། །མྱ་ངན་ལས་འདས་པ་ལ་ཐེག་པའི་ཁྱད་པར་ནི་གཞུང་བརྟག་ཅིང་དེ་རྒྱས་པར་གོང་གི་མཛད་པའི་སྐབས་སུ་བསྟན་ཏོ། །རང་བཞིན་གྱི་སྣང་བ་ནི་ཤེས་བྱའི་གནས་ལུགས་ཡང་དག་པའི་དོན་ཏེ། ཤེས་བྱེད་དེ་ཉིད་རྟོགས་པར་ནུས་པས་ཏེ། གང་ཞེ་ན་སོ་སོར་རྟོག་པའི་ཤེས་རབ་དེ་ཁོ་ན་ཉིད་ལ་དཔྱོད་པའི་བློས་རབ་ཏུ་བརྟགས་ན་ཆོས་ཐམས་ཅད་རང་བཞིན་ཅིར་ཡང་གྲུབ་པ་མེད་པའི་ཕྱིར། དེ་ལས་སྒྱུ་མ་ལྟར་རོལ་པ་ཅིར་ཡང་སྣང་ལ། ཡང་ཅིར་ཡང་སྣང་བའི་ཕྱིར་རང་བཞིན་ཅིར་ཡང་གྲུབ་པ་མེད་དོ། །དེ་གཉིས་གཅིག་གི་རྒྱུ་མཚན་གཅིག་ཡིན་ཏེ་གཉིས་སུ་མེད་པའོ། །སངས་རྒྱས་དང་ཆོས་ལ་འབྱུང་འཇིག་མེད་པ་ནི། སངས་རྒྱས་སྤྲུལ་པའི་སྐུ་ཡང་ཡང་དག་པར་ན་མྱ་ངན་ལས་ཡོངས་སུ་མི་འདའ་སྟེ། ཇི་སྐད་དུ་འདས་པའི་མདོ་ལས་ཀྱང་། རིགས་ཀྱི་བུ། དཔེར་ན་འཛམ་བུའི་གླིང་དུ་ཉི་མ་ནུབ་པ་ནི་རི་བོས་བསྒྲིབས་ནས་སེམས་ཅན་གྱིས་མི་མཐོང་བ་སྟེ། ཉི་མའི་རང་བཞིན་ཡང་དག་པར་ནུབ་པ་མེད་དོ། །སེམས་ཅན་གྱིས་མ་མཐོང་བའི་ཕྱིར་ནུབ་པའི་འདུ་ཤེས་བསྐྱེད་དོ། །དེ་བཞིན་དུ་ཉན་ཐོས་ཀྱི་ཉེ་གནས་རྣམས་ཀྱང་ཉོན་མོངས་པའི་རི་བོས་བསྒྲིབས་པས་ངའི་སྐུ་མི་མཐོང་སྟེ། དེ་ལྟར་མ་མཐོང་བའི་ཕྱིར་དེ་པ་མྱ་ངན་འདས་སོང་བའི་འདུ་ཤེས་བསྐྱེད་དོ། །ང་ནི་ཡང་དག་པར་མ་འདས་སོ་ཞེས་གསུངས་པ་བཞིན་ནོ། །འོག་མ་གཞུང་བརྟག ། རྒྱུད་ཀྱི་ཆེ་བ་ནི་འདི་བརྗོད་བྱ་བསླབ་པ་གསུམ་སྟོན་པའི་རྗོད་བྱེད་སྡེ་སྣོད་གསུམ་གྱི་འབྱུང་གནས་ཡིན་ཏེ། དེའི་ངེས་པ་སྒྲུབ་བྱེད་ནི་འདུལ་བ་ཞེས་པ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པ་སྟེ། ཇི་སྐད་དུ། ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་སོ། །མདོ་སྡེ་ཞེས་པ་ལྷག་པ་སེམས་ཀྱི་བསླབ་པ་སྟོན་པ་སྟེ། གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨོས་ཕྱིར་མདོ་ཡི་དོན། །ཞེས་སོ། །ཆོས་མངོན་དང་ཞེས་པ་ཤེས་རབ་ཀྱི་བསླབ་པ་སྟོན་པ་སྟེ། མངོན་དུ་ཕྱིར་དང་ཡང་ཡང་དང་། །ཟིལ་གནོན་རྟོགས་པ་མངོན་པའི་ཆོས། །ཞེས་པ་རྣམས་ཏེ། དེ་ལྟར་རྒྱུའི་ཐེག་པ་སྡེ་སྣོད་གསུམ་དང་། འབྲས་བུའི་ཐེག་པ་ལ། དམ་ཚིག་བསྒྲུབ་དང་གྲུབ་པ་དང་། །ཞེས་ཕྱི་རྒྱུད་སྡེ་གསུམ་དང་། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཅེས་པ་ནང་རྒྱུད་བསྐྱེད་རྫོགས་གསུམ་སྟེ། དེ་ལྟར་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཕྱོགས་བཅུ་དང་དུས་བཞི་རྣམས་སུ་རབ་ཏུ་གྲགས་པའི་བསྟན་པ་ཐམས་ཅད། གསང་བའི་སྙིང་པོ་འདིའི་བྱིན་རླབས་ལས་འཕྲོས་པ་ཡིན་ཏེ། དེའི་ཕྱིར་འདི་བསྟན་པའི་འབྱུང་གནས་ཡིན་ནོ། །དམིགས་འོག་མ་གཉིས་གཞུང་བརྟག །ཡང་ཁ་ཅིག་ལེའུ་འདིའི་སྟོད་ནས་ལྷ་དང་མིའི་ཐེག་པ་དང་ཞེས་པ་ལ་སོགས་དང་། ཡང་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཞེས་པ་ལ་སོགས་དང་། ཡང་གཟུང་བ་དང་འཛིན་པ་ཞེས་པ་ལ་སོགས་གསུམ་དང་། ལེའུ་སྨད་ནས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཞེས་པ་དང་། ཡང་འདུལ་བ་མདོ་སྡེ་ཞེས་པ་ལ་སོགས་གཉིས་ཏེ། ཐེག་པའི་རྣམ་གྲངས་ལན་ལྔར་བྱུང་བས་ཟློས་སོ་ཞེ་ན། མི་ཟློས་ཏེ། སྟོད་ནས་གསུམ་གྱི་དང་པོ་ལམ་པ་རིམ་གྱིས་པ་རྣམས་ལམ་སྟེགས་ཀྱི་ཐེག་པ་ཐུན་མོང་གི་ལམ་ལ་འཇུག་པའི་དོན་དུ་གསུངས་ཏེ། ཞུགས་པའི་དགོས་ཆེད་ཀྱང་ངེས་འབྱུང་གི་ཐེག་ཆུང་གསུམ་གྱིས་ཉོན་མོངས་པ་སྤོང་བ་དང་། བྱང་ཆུབ་སེམས་དཔས་སྦྱོང་ཞིང་། སྔགས་ཕྱི་པས་སྒྱུར་ལ། ནང་པ་གཉིས་ཀྱིས་དབང་དུ་བྱེད་ཅིང་། ཨ་ཏིས་རང་གྲོལ་ཆེན་པོར་སྟོན་པ་སྟེ། དེ་ཡང་དང་པོས་དེ་དག་མདོར་བསྟན་ཅིང་། ཕྱི་མ་གཉིས་ཀྱིས་རྒྱས་པར་སྟོན་པས་སྟོད་ཀྱི་གསུམ་པོ་མ་ཟློས་ཤིང་། སྨད་ནས་གཉིས་གསུངས་པའི་དང་པོས་གོང་གི་ངེས་འབྱུང་གི་ཐེག་པ་ལས་ཁྱད་པར་དུ་མཚོན་པའི་ཕྱིར་ཡིན་ལ། གཉིས་པ་ནི་འདི་བསྟན་པ་ཐམས་ཅད་ཀྱི་གཞིར་མཚོན་པས་འདི་རྟོགས་ན་བསྟན་པ་ཐམས་ཅད་གཏན་ལ་ཕེབས་པར་འགྱུར་བའི་ཕྱིར་རྒྱུད་ཀྱི་ཆེ་བར་གསུངས་པས་སྨད་ཀྱི་གཉིས་ཀྱང་མི་ཟློས་སོ། །ཡང་ན་ལན་ལྔར་གསུངས་པའི་དང་པོས་གསུང་གི་མཛད་པ་ཐེག་པ་ཐམས་ཅད་ཀྱི་མདོར་བསྟན་ཡིན་ནོ། །གཉིས་པ་ནི་ཉོན་མོངས་པ་ལ་དགོངས་ནས་དབྱེ་བ་ཡིན་ཞིང་། གསུམ་པ་གཉེན་པོ་ལ་དགོངས་ནས་བསྡུ་བ་ཡིན་ནོ། །བཞི་པ་ཐེག་པའི་ཁྱད་པར་ཡིན་ཅིང་། ལྔ་པ་ནི་རྒྱུད་ཀྱི་ཆེ་བ་ཡིན་པའི་ཕྱིར་མི་ཟློས་པར་སེམས་སོ། །གཉིས་པ་གཞུང་བསྡུ་བ་ལ་བཞི་ལས། དང་པོ་ནི་སྡུད་པ་པོས་མཚམས་སྦྱར་བའོ། །གཉིས་པ་བསྡུ་བ་དངོས་ནི་བརྗོད་བྱ་སྣང་བ་བཞི་པོ་རྗོད་བྱེད་རྟགས་སྦྱོར་བ་དོན་གསུམ་དུ་བཅིངས་ཏེ་གང་ཞེ་ན། ཇི་སྙེད་འཁྲུལ་པའི་སྣང་བ་ཆོས་ཅན་གྱི་དོན་དུ་དང་། ཇི་ལྟ་བ་རང་བཞིན་གྱི་སྣང་བ་གཞལ་བྱའི་དོན་དུ་དང་། དེ་ཤེས་པའི་ཤེས་བྱེད་ལམ་གྱི་སྣང་བ་གཏན་ཚིགས་ཀྱི་དོན་དུ་དང་། བསྒྲུབ་བྱ་དེ་པའི་སྣང་བ་གྲུབ་མཐའི་དོན་དུ་བསྡུ་བའོ། །དེ་ཡང་ཨ་ཧོ་ཞེས་པ་ནི་འཁོར་འདས་ཀྱི་དངོས་པོ་གཉིས་མེད་དུ་གཏན་ལ་ཕབ་པ་ལ་མཉེས་པའི་དོན་ཏེ། དེ་ལས་དོན་དང་པོ་ནི། སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །ཞེས་པར། མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཞེས་གཅིག་གོ། །ཇི་ལྟར་ན། སྲིད་པ་ནི་འཁོར་བའི་རང་བཞིན་ཉེར་དམིགས་དང་བཅས་པའོ། །དེའི་རྩ་བ་ནི་བདག་ཏུ་རྟོག་པ་ཁོ་ན་ཡིན་ཞིང་། དེ་ལས་འཕྲོས་པའི་ལས་དང་ཉོན་མོངས་པ་ལ་སོགས་སྡུག་བསྔལ་སྣ་ཚོགས་བསྐྱེད་པ་ནི་འཁོར་བའི་རྒྱུ་ཡིན་ནོ། །རྒྱུད་དྲུག་སྐྱེ་འགག་ལུས་ལོངས་སྤྱོད་དང་། །ཞེས་པར། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །ཞེས་གཅིག་གོ། །དེ་ནི་རྒྱུད་དྲུག་སེམས་ཅན་གྱི་གནས་ན་སྐྱེ་བ་དང་འགག་པ་ནི་འཆི་བ་ལ་སོགས་འཇིག་པ་རྣམས་དང་། གཞན་ཡང་ལུས་ཀྱི་ན་ཚ་དང་། ལོངས་སྤྱོད་ལའང་མེད་པ་བཙལ་གྱིས་མི་རྙེད་པ་ལ་སོགས་སྡུག་བསྔལ་བརྒྱད་དང་བཅས་པ་ནི་འཁོར་བའི་ངོ་བོ་ཡིན་ནོ་ཞེས་སོ། །གནས་དང་སྡུག་བསྔལ་ཞེས་པར། མི་མཐུན་བདེ་སྡུག་མྱོང་བར་འགྱུར། །ཞེས་གཅིག་གོ། །དེ་ནི་རིས་སུ་བཅད་པས་རིགས་དྲུག་སོ་སོའི་གནས་དང་སྐྱེ་རྒ་ན་འཆི་ལ་སོགས་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བ་ནི་ཉེས་པ་ཡིན་ནོ་ཞེས་སོ། །འཁྲུལ་འཁོར་ལ་སོགས་པ། །ཞེས་པར། ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །ཞེས་གཅིག་གོ། །དེའི་ཕྱིར་རང་གི་ཆོས་ཉིད་མ་རིག་སྟེ་འཁྲུལ་པའི་དབང་གིས་ཕྱི་ནང་གི་རྟེན་འབྲེལ་བཅུ་གཉིས་སུ་རིགས་དྲུག་གི་གནས་གཅིག་ནས་གཅིག་ཏུ་བསྐྱར་ཞིང་འཁོར་བ་ནི་ཚུལ་ཡིན་ཏེ། དེ་ལ་སོགས་པ་གཞན་ཡང་ཉེས་པ་ཇི་སྙེད་པ་རྣམས་ཏེ་དེ་དག་ཆོས་ཅན་གྱི་དོན་ནོ། །དོན་གཉིས་པ་ལོག་རྟོག་ཉིད་ལས་ཞེས་པར། བདག་དང་བདག་གི་གཞན་རྣམས་ནི། །ལོག་པར་རྟོག་པ་ཞེས་པ་དང་། །ཡང་། ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ། །ཞེས་པ་དང་། ཡང་། ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་། །ཞེས་པ་དང་། ཡང་། བདག་དང་གཞན་དང་རྟོག་པའི་རྒྱུན། །ཞེས་པ་རྣམས་སོ། །དེ་ནི་དེ་བཞིན་ཉིད་ལས་གཞན་ལོག་རྟོག་བདག་གཞན་གསུམ་དུ་འཛིན་པ་ནི་ཆོས་ཉིད་མ་རིག་པ་ལས་བྱུང་བའི་ཕྱིར་འཁྲུལ་པ་ཡིན་ནོ་ཞེས་སོ། །གཞན་དུ་ཅི་ཡང་མེད། །ཅེས་པ་དང་། ཙམ་ཉིད་ལས། །ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །ཞེས་པ་དང་། ཡང་། གཞན་དུ་གཡོ་བ་ཅི་ཡང་མེད། །ཅེས་པ་དང་། གཞི་རྩ་མེད་དབྱིངས་སྐད་ཅིག་མ། །རྣམ་པར་དག་པའི་དབྱིངས་ཉིད་ཚུལ། །ཞེས་པ་རྣམས་སོ། །དེ་ནི་གོང་ལྟར་འཁྲུལ་པའི་དུས་ཉིད་ན་ཆོས་ཉིད་ལས་གཞན་དུ་གྱུར་ཅིང་དེ་ལས་གཡོས་པ་ཅི་ཡང་མེད་དེ། འཁྲུལ་པ་དང་མཚན་ཉིད་དུས་སྔ་ཕྱི་མེད་ཅིང་། རང་བཞིན་བཟང་ངན་མེད་ལ། འདུག་ས་ཐ་དད་མེད་པའི་ཕྱིར། ངོ་བོ་གཅིག་ཏུ་གནས་པ་ནི་གཞལ་བྱ་ཡིན་ནོ་ཞེས་པའི་དོན་ནོ། །དེ་གཉིས་ཆར་གྱིས་གཞལ་བྱ་ཆོས་ཅན་ཞེས་སྦྱོར་བའི་དོན་དང་པོ་ཡིན་ནོ། །དོན་གསུམ་པ་ནི་སྟོང་ཉིད་ཅེས་པར། ཡང་དག་སྒྱུ་མའི་ཞེས་པ་ནས། ཚུལ་གཅིག་གོ། །ཞེས་པའི་བར་རྐང་པ་གསུམ་མོ། །དེ་ནི་གོང་གི་གཞལ་བྱ་དེ་ཐུན་མོང་བདེན་པའི་གཏན་ཚིགས་ཀྱིས་གཏན་ལ་ཕབ་ན་ཡོད་མེད་ལ་སོགས་མཐའ་ཐམས་ཅད་ཀྱིས་སྟོང་པའི་སྟོང་ཉིད་དུ་གནས་པ་ཡིན་ནོ་ཞེས་སོ། །བདག་མེད་ཅེས་པར། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གཉིས་སོ། །དེ་ནི་གང་ཟག་དང་ཆོས་ཀྱི་བདག་ཏུ་རྟོགས་པ་ལྷ་མི་དང་ཉན་རང་ཡིན་ལ། དེ་མེད་པར་རྟོགས་པ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། དེ་ལྟར་ངེས་འབྱུང་བཞི་ལས་ཁྱད་པར་དུ་གྱུར་པ་བླ་ན་མེད་པའི་ཐེག་པ་འདི་ཡིན་ནོ་ཞེས་སོ། །ཡེ་མཁྱེན་རང་རིག་ཐུགས། །ཞེས་པར། ཡང་དག་རྟོག་པས་རབ་བརྟགས་ན། །རང་བཞིན་མེད་ལས་ཅིར་ཡང་འགྲུབ། །ཅེས་གཉིས་སོ། །དེ་ནི་དེ་ལྟར་རྡོ་རྗེའི་ཐེག་པ་འདིས་འབྲུ་བསྒྱུར་ཏེ་འོག་ནས། རང་གི་རང་བཞིན་རིག་པའི་ཚུལ་གང་ཞེ་ན། ཡེ་ནས་ཡིན་པའི་དོན་ཕྱིན་ཅི་མ་ལོག་པར་མཁྱེན་པ་ནི་རྒྱལ་བའི་ཐུགས་གཉིས་མེད་ཀྱི་ཡེ་ཤེས་རྟོགས་པ་སྟེ། དེ་ནི་ལམ་གཏན་ཚིགས་ཀྱིས་ངེས་པ་ལས་བྱུང་བ་ཡིན་ནོ་ཞེས་སོ། །དོན་ཐ་མ་ལ་གཉིས་ཏེ། བསྒྲུབ་བྱ་གཞན་དུ་འཛིན་པ་དག་པ་གྲུབ་མཐའི་ངོ་བོ་དངོས་དང་། དེ་ལྟར་གྲུབ་པའི་འབྲས་བུ་དོན་མཛད་ཚུལ་ལོ། །དང་པོ་ནི་དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་སྒྱུར། །ཞེས་པ་དང་། ཡང་འོག་གི། གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་པར། ཉིད་ལ་དབང་སྒྱུར་ཉིད་སྤྱོད་ཕྱིར། །ཞེས་པ་དང་། ཡང་། རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་པ་དང་། བླ་མེད་ཐེག་པའི་མཆོག །ཅེས་པ་རྣམས་སོ། །དེ་ནས་དམིགས་པར་བྱ་བའི་ཡུལ་ཆོས་ཀྱི་དབྱིངས་དེ་དམིགས་བྱེད་གོང་གི་གཏན་ཚིགས་རྣམས་ཀྱིས་གཏན་ལ་ཕབ་པ་དེ་ལས་གཞན་ན་བསྒྲུབ་བྱ་མེད་པར་རྟོགས་ནས། དེའི་དོན་མ་བརྗེད་པར་དྲན་པའི་རྗེས་སུ་གནས་པའི་ཏིང་ངེ་འཛིན་གྱིས་ཇི་ལྟར་འདོད་རྒུར་དབང་སྒྱུར་བ་ནི་དེ་པའི་སྣང་བ་སྟེ་དེ་ནི་བསྒྲུབ་བྱ་དངོས་སོ། །དེའི་ཕྱིར་རང་གི་ཆོས་ཉིད་ལས་གཞན་ན་བསྒྲུབ་བྱ་འབྲས་བུ་མེད་དེ། རང་གི་སེམས་ཀྱི་རང་བཞིན་དེ་ཉིད་ཇི་ལྟར་གཏན་ལ་ཕབ་པ་དེ་ལྟར་འབྲས་བུ་རང་སྣང་བ་ཡིན་ནོ། །ཞེས་པ་ནི་གྲུབ་མཐའ་དངོས་སོ། །གཉིས་པ་ནི་ངོ་མཚར་སྐུ་ཞེས་པར། ལེའུའི་ཀླད་ནས་དེ་ནས་ཞེས་པ་ནས། འཐོན་ཏོ་ཞེས་པའི་བར་དང་། ཡང་བལྟམས་པ་དང་ཞེས་པ་ནས་སྟོན་པའི་ཐུབ་པ་ཞེས་པའི་བར་དང་། ཡང་སྨད་ནས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཞེས་པ་ལ་སོགས་ཤློ་ཀ་གཅིག་སྟེ་སྐུའི་མཛད་པ་རྣམས་སོ། །དེ་ནི་གོང་ལྟར་སེམས་ཉིད་རྟོགས་པས་ཆོས་ཐམས་ཅད་ལ་དབང་སྒྱུར་བས་འབྲས་བུ་མངོན་དུ་བྱས་པ་ནི་ངོ་མཚར་ཞིང་དེའི་བྱེ་བྲག་སྐུའི་མཛད་པ་ནི་བརྒྱད་དམ་བཅུ་གཉིས་ལ་སོགས་པས་དོན་མཛད་དོ་ཞེས་སོ། །གསུང་ཞེས་པར། ཐམས་ཅད་ཀྱང་འདི་ལྟ་སྟེ་ཞེས་པ་ནས། སྟོན་པའི་མཐར་ཐུག་གོ་ཞེས་པའི་བར་རོ། །དེ་ནི་གསུང་གི་མཛད་པ་ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་ལོགས་སུ་སྣང་བ་ཡིན་ནོ། །ཞེས་སོ། །ཡོན་ཏན་ཞེས་པར། དུས་བཞི་ཀུན་ཏུ་མཁྱེན་པ་ནས། མངོན་པར་ཤེས་པ་ཆེན་པོ་དྲུག་དང་ཞེས་པའི་བར་རོ། །དེ་ནི་ཆེ་བའི་ཡོན་ཏན་རྣམས་ལྷུན་གྱིས་གྲུབ་ཅིང་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ནོ་ཞེས་སོ། །ཞིང་ཁམས་ཞེས་པར། སྟོད་ནས་ལས་ཀྱི་དབང་གིས་སྣྲེལ་གཞི་ཞེས་པ་ནས། སྟོང་ཆེན་པོ་རེ་རེར་ཞེས་པའི་བར་རོ། །དེ་ནི་སྤྲུལ་སྐུའི་ཞིང་སྟོང་གསུམ་ལ་སོགས་ནི་དོན་མཛད་པའི་ཡུལ་ལམ་ཞིང་ཁམས་ཡིན་ནོ་ཞེས་སོ། །ལས་ཞེས་པར། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་ཞེས་པ་ནས། ཕྱོགས་བཅུར་སྣང་བར་གྱུར་ཏོ་ཞེས་པའི་བར་རོ། །དེ་ནི་དེ་ལྟར་སྐུ་གསུང་ཐུགས་ཀྱི་མཛད་པ་སྣ་ཚོགས་པ་ནི་ཕྲིན་ལས་ཀྱི་ཁྱད་པར་རོ་ཞེས་བདག་དོན་གྲུབ་པ་དང་གཞན་དོན་མཛད་པ་ནི་བསྒྲུབ་བྱ་གྲུབ་པའི་མཐའོ། །གསང་སྔགས་མཚོན་པ་དང་བསྡུས་པའི་ཡོན་ཏན་གཞུང་བརྟག །རྒྱུད་དོན་རྣམ་པར་ངེས་པ་ལས་ལེའུ་གསུམ་པའི་རྣམ་པར་བཤད་པའོ།། ༈ །།ལེའུ་བཞི་པའི་དང་པོ་ཡི་གེ་འབྱུང་བའི་ཚུལ་ལམ་ནི། སྒྲའི་བསྟན་བཅོས་ལས་ཇི་སྐད་དུ། ཁོག་པ་མགྲིན་པ་རྐན་དང་ལྕེ། །སྣ་དང་སྤྱི་བོ་སོ་དང་མཆུ། །ཞེས་བཤད་པ་ལྟར་དང་པོ་ཨ་ནི་ལུས་སྤྱིའི་ཁོང་ནས་བྱུང་བ་ཡིན་ཏེ། ཐུན་མོང་གི་རྒྱུད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་པ་དང་། མདོ་ཆེན་པོའི་སོ་བཞི་པ་ལས། ཨ་ནི་རང་བཞིན་ཡི་གེ་སྟེ། །ཁོང་ནས་ཀུན་ཁྱབ་ནམ་མཁའ་འདྲ། །ཞེས་པ་དང་། རྡོ་རྗེ་བཀོད་པའི་ལེའུ་གཉིས་པ་ལས། ཐུགས་ཀྱི་ཀློང་ནས་ཨ་བྱུང་བ། །ཞེས་གསུངས་པའི་ཕྱིར་རོ། །ཡི་གེ་གཞན་རྣམས་ནི་མདོ་ཆེན་པོ་ལས། དང་པོ་མགུར་གྱི་གཟུགས་བརྙན་ཏེ། །གཉིས་པ་ལྗགས་ཀྱི་གཟུགས་བརྙན་ཡིན། །གསུམ་པ་རྩེ་མོ་ལས་བྱུང་བ། །བཞི་པ་འབྱུང་བ་སྒྲོས་ལས་ཤར། །ལྔ་པ་གསུང་གི་རྒྱུན་ལམ་ཡིན། །ཞེས་པས་སྡེ་ཚན་ལྔར་གསུངས་སོ། །དེ་དག་རྒྱས་པར་རྡོ་རྗེ་བཀོད་པ་ལས། དང་པོ་ཀ་ལ་སོགས་པ་ལྔ། །མགུར་གྱི་གསང་བའི་རང་བཞིན་ནོ། །གཉིས་པ་ཙ་ལ་སོགས་པ་ལྔ། །ཟླ་གམ་ལྗགས་ཀྱི་རང་བཞིན་ཡིན། །གསུམ་པ་ཊ་ལ་སོགས་པ་བཅུ། །ལྗགས་ཀྱི་རྩེ་མོའི་རང་བཞིན་ཡིན། །བཞི་པ་པ་ལ་སོགས་པ་ལྔ། །ཞལ་གྱི་སྒྲོས་ལས་བྱུང་བར་བཤད། །ལྔ་པ་ཡ་ལ་སོགས་པ་ཡི། །བཅུ་ཚན་གཉིས་ཀྱི་ཡི་གེ་དག །སྐུ་ལས་འཕྲོས་པར་རབ་ཏུ་བཤད། །སྐྱེས་བུ་ཆེན་པོའི་བྱིན་པ་ལས། །འཁོར་བ་གནོན་པའི་ཡི་གེ་ཡ། །སྐྱེས་བུ་ཆེན་པོའི་དགུ་སྐབས་ལས། །གཏི་མུག་སེལ་བའི་ཡི་གེ་ཝ། །སྐྱེས་བུ་ཆེན་པོའི་སྟ་ཟུར་ལས། །འདོད་ཆགས་སྲེག་པའི་ཡི་གེ་ར། །སྐྱེས་བུ་ཆེན་པོའི་དཔུང་པ་ལས། །རྟོགས་པ་འཇོམས་པའི་ཡི་གེ་ལ། །ཕྱག་གི་འཁོར་ལོའི་འོད་ཟེར་ལས། །ཆོ་འཕྲུལ་བསྟན་པའི་ཡི་གེ་ཤ །ཐུགས་ཀར་འཁྱིལ་བའི་དཔལ་བེའུ་ལས། །མཚན་མ་དག་པའི་ཡི་གེ་ཥ། །སྐུ་ཡི་ཁྲུ་ཚད་ལྟེ་བ་ལས། །འདོད་པ་འབྱུང་བའི་ཡི་གེ་ས། །ཞབས་ཀྱི་འཁོར་ལོའི་འོད་ཟེར་ལས། །སྒྲིབ་པ་སེལ་བའི་ཡི་གེ་ཧ། །གསང་བ་མཁའ་ཡི་འོད་ཟེར་ལས། །ཆོ་འཕྲུལ་འབྱུང་བའི་ཡི་གེ་ཀྵ། །སྐྱེས་བུ་ཆེན་པོའི་སྤྱན་གཉིས་ལས། །རང་བཞིན་ཡི་གེ་ཨི་གཉིས་ཤར། །སྐྱེས་བུ་ཆེན་པོའི་སྙན་གཉིས་ལས། །རང་བཞིན་ཡི་གེ་ཨུ་གཉིས་ཤར། །སྐྱེས་བུ་ཆེན་པོའི་ཤངས་གཉིས་ལས། །རང་བཞིན་ཡི་གེ་ཨེ་གཉིས་ཤར། །སྐྱེས་བུ་ཆེན་པོའི་ཚེམས་གཉིས་ལས། །རང་བཞིན་ཡི་གེ་ཨོ་གཉིས་ཤར། །སྐྱེས་བུ་ཆེན་པོའི་སྤྱི་གཙུག་ལས། །རྒྱལ་བ་འབྱུང་བའི་ཡི་གེ་ཨཱོཾ། །ཞེས་གསུངས་སོ། །དེ་ལ། བཅུ་ཚན་གཉིས་ཀྱི་ཡི་གེ་དག །ཅེས་པ་ནི་སྤར་ཁབ་ནས་ཡི་གེ་བཅུ་བདུན་གྱི་སྟེང་དུ་ཁྱབ་བྱེད་ཀྱི་ཡི་གེ་གསུམ་བསྣན་པ་ལ་བཞེད་དོ། །ཡི་གེ་ཕྱུང་བའི་མཐུ་ནི་འདི་དག་ཕྱུང་བས་ཞེས་པ་ནས་རྣམ་པ་དྲུག་ཏུ་གཡོས་སོ་ཞེས་པ་ནི་སྤྱིར་ས་གཡོ་བ་ལ་དེ་བཞིན་གཤེགས་པའི་བྱིན་རླབས་ཀྱིས་དང་། བྱང་ཆུབ་སེམས་དཔའི་མཐུ་ལས་དང་། གནོད་སྦྱིན་ལ་སོགས་ཀྱི་གདུག་པས་དང་། ཉ་མོའི་འདྲེས་ཀྱིས་གཡོས་བ་ལས། འདི་དང་པོ་ཡིན་ནོ། །ཡི་གེ་ལ་སེམས་སྦྱང་བ་ནི། རྒྱུད་འབྲེལ་བ་བཞི་ལྡན་དུ་བྱས་ནས་མངོན་རྟོགས་ལས་སྡེབ་ཀྱི་དབང་དུ་རྒྱུའི་ཏིང་ངེ་འཛིན་ཡིན་ནོ། །ལམ་གྱི་རིམ་པའི་དབང་དུ་ལེའུ་གསུམ་པར་རྒྱུ་ཤེས་པ་ལྟ་བའི་དོན་གཏན་ཚིགས་ཀྱི་གཏན་ལ་ཕབ་ནས། རྐྱེན་འཇུག་པ་ལམ་གྱི་རྣལ་འབྱོར་ལྔ་ལས། སྟོང་ཉིད་ལེའུ་ལྔ་པ་ལྟར་བསྒོམས་ནས། ཕྱག་རྒྱ་གཅིག་པ་ལ་ཕྲ་རགས་གཉིས་ལས་ཕྲ་མོ་ཡིག་འབྲུ་ལ་སེམས་སྦྱངས་བ་ནི་འདི་ཡིན་ནོ། །འདི་ལ་ཡང་གཉིས་ཏེ། ཐོས་བསམ་གྱི་ཤེས་རབ་ལ་བརྟེན་ནས་རྒྱུད་དོན་ཤེས་བྱར་གཏན་ལ་དབབ་པ་དང་། སྒོམ་པའི་ཤེས་རབ་ཀྱིས་རྒྱུད་དོན་ཉམས་སུ་བླང་བྱར་བསྟན་པ་གཉིས་སོ། །དང་པོ་ནི་ཡི་གེའི་དོན་བདེན་པ་བཞིར་ཤེས་པའི་སྒོ་ནས་ཆོས་ཐམས་ཅད་མིང་ཙམ་དུ་རྟོགས་པ་དེ་ཡིན་ཏེ་འོག་ཏུ་འཆད་དོ། །གཉིས་པ་ལེའུ་འདི་དང་ལྔ་པའི་དོན་སྡེབ་ནས་ཡི་གེའི་སྒོ་ནས་སྒྱུ་འཕྲུལ་བསྒྲུབ་པ་སྟེ། དེ་ལ་བཞི་ལས། ཏིང་ངེ་འཛིན་སྔོན་དུ་འགྲོ་བའི་རིམ་པ་ནི་ཆོས་བདུན་ཏེ་ལག་ལེ ན་ལྟར་རོ། །གཉིས་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་ལེའུ་གཉིས་པ་ལྟར་རང་བཞིན་གཞིའི་སེམས་བསྐྱེད་པའོ། །ཏིང་ངེ་འཛིན་རིམ་པ་དངོས་ནི་ལེའུ་ལྔ་པ་ལྟར་དེ་བཞིན་ཉིད་དང་ཀུན་སྣང་བསྒོམས་ནས། དེ་བརྟན་པ་དང་རྒྱུ་ཏིང་ཡི་གེ་ལ་སེམས་སྦྱངས་པ་ཡིན་ལ་དེ་ལ་ངག་དོན་ལྔ་སྟེ། རྣམ་པ་བསྒོམ་ཞིང་སྤྲོ་བསྡུ་བྱ་བ་དང་། སྐྱོན་བཅོས་པས་ཉམས་ཇི་ལྟར་གསལ་བ་དང་། ཡི་གེའི་སེམས་མངོན་པར་འགྲུབ་པའི་ཚད་དང་། ཡི་གེ་སྣང་བྱེད་མཐར་ཕྱིན་ནས་ཚོགས་བསྒྲུབ་པ་དང་། དེ་བསྒྲུབས་པས་འབྲས་བུ་གྲུབ་པའི་ཚུལ་ལོ། །དང་པོ་ནི་ཨ་ཞེས་པ་སྣང་སྟོང་དབྱེར་མེད་ཀྱི་སེམས་ཉིད་ཨའི་རྣམ་པར་གསལ་བའོ། །དེ་ཆོས་ཇི་ལྟ་བུ་དང་ལྡན་ན་རབ་ཏུ་བརྟན་གྱུར་ཞེས་པ་མི་གཡོ་བ་མི་འགྱུར་བ་མངོན་པར་མི་འགྱུར་བ་ཅིར་ཡང་བསྒྱུར་དུ་རུང་བའི་རང་བཞིན་ཏེ་བརྟན་པའི་ཆོས་བཞི་དང་། ཨ་དཀར་ལས། །ཞེས་པ་ཁ་དོག་ཡིན་ཏེ། དེ་ཡང་གསལ་ལེ་བ་སང་ངེ་བ་ལྷག་གེ་བ་ལྷང་ངེ་བ་སྟེ་གསལ་བའི་བཞིའོ། །དེ་ཡང་སྤར་ཁབ་ལས། གསལ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཕྱིར་ཞེས་པས་དེ་ལ་དྲི་མས་མ་གོས་པར་མཚོན་པའོ། །རྣམ་པ་དེའང་བློ་ཆེ་ཆུང་གི་དབང་གིས་ཅིག་ཅར་བསྒོམ་པ་དང་ཐུན་དུ་བཅད་ཅིང་རིམ་གྱིས་བསྒོམ་པ་གཉིས་ལས། དེ་གང་ཡིན་ཡང་རུང་སྟེ། དེ་ལྟར་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་ལ་བློ་བརྟན་པ་དང་སྤྲོ་བསྡུ་བྱ་བ་ནི། སྤྱོད་ཡུལ་གྱི་ཞེན་པ་སྦྱང་བའི་ཕྱིར། ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཞེས་པ་དེ་ལས་ཨ་ཕྲ་མོ་གྲངས་མེད་པ་ཕྱོགས་བཅུར་སྤྲོས་པས། ཕྱོགས་བཅུ་ཐམས་ཅད་ཨ་ཡིས་གང་ཞིང་འབྲུ་བསྒྱུར་ཏེ་གསལ་བར་གྱུར་ནས། དེ་དག་བསྡུས་ཀྱང་ཕྱོགས་བཅུའི་ཨ་འགྲིབ་པ་མེད་ལ། དང་པོ་སྤྲོས་པའི་ཚེ་ན་ཕྱོགས་བཅུའི་ཨ་མ་འཕེལ་ཞིང་གཞིའི་ཨ་འགྲིབ་པ་མེད་དེ་གཉིས་སུ་མེད་པར་བརྟན་ཞེས་བྱའོ། །འོ་ན་སྤྲོས་ཤིང་བསྡུས་པ་དང་འགལ་ཏེ། སྤྲོས་པས་འཕེལ་ལ་བསྡུས་པ་ཉིད་ཀྱིས་འགྲིབ་པའི་ཕྱིར་ཞེ་ན། མི་འགལ་ཏེ། མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཕྱི་རོ། །དེའི་དོན་ནི་སྤྲོས་པའི་ཚེ་གཞི་མའི་ཨ་མ་ཉམས་ཤིང་ཕྱོགས་བཅུའི་ཨར་སྣང་བའི་གོ་མི་འགོག་པས་མ་འདྲེས་ལ། བསྡུས་པའི་ཚེ་ཕྱོགས་བཅུ་ཨ་ཡིས་གང་བ་རྣམས་ཨ་ཉིད་དུ་གཅིག་ཅིང་དེ་ལས་མ་གཡོས་པར་ཡོངས་སུ་རྫོགས་པ་སྟེ། དཔེར་ན་མེ་ལོང་ནང་དུ་གཟུགས་མང་བས་དེ་མི་འཕེལ་ཞིང་། དེ་ཉུང་བས་དེ་མི་འགྲིབ་པ་བཞིན་ནོ། །ཡང་ན་ལམ་པའི་ཏིང་ངེ་འཛིན་གྱི་དོན་ཡང་འཕེལ་འགྲིབ་མེད་དེ། གྲྭ་པ་མང་ཉུང་དང་གཟུགས་ཆེ་ཆུང་ཐམས་ཅད་སེམས་ཀྱི་ངོ་བོར་གཅིག་པའི་ཕྱིར་རོ། །ཡང་ན་དོན་ལ་དགོངས་པར་ཡང་སེམས་ཏེ། འདི་ལྟར་ཨ་ནི་མཚན་ཉིད་སྐྱེ་མེད་མཚོན་བྱེད་ཀྱི་ཡི་གེ་ཡིན་ལ། མཚན་ཉིད་ནི་ཤེས་བྱའི་ཁྱབ་བྱེད་དུ་ཡོད་པའི་ཕྱིར་སྤྲོས་ཞེས་བྱ་ལ། ཤེས་བྱ་ཐམས་ཅད་ཀྱང་མཚན་ཉིད་ལས་ཐ་མི་དད་དེ། དེའི་ངོ་བོར་གཅིག་པའི་ཕྱིར་བསྡུས་པ་སྟེ། དེས་ན་མཚན་ཉིད་སྐྱེ་མེད་ལ་སྤྲོས་པས་འཕེལ་བ་དང་བསྡུས་པས་འགྲིབ་པ་གཉིས་དང་བྲལ་བའི་ཕྱིར་རོ། །གཉིས་པ་ནི་དེ་ལྟར་བསྒོམས་པས་ཐུན་མོང་གི་སྐྱོན་བརྗེད་པ་དང་། བྱིང་བ་དང་། རྒོད་པ་གསུམ་བཅོས་ཤིང་། ཁྱད་པར་གྱི་སྐྱོན་ནི་ལམ་རིམ་ལས། ཡི་གེ་ནས་བཟུང་རྫོགས་བར་དུ། །ཁྱད་པར་རབ་རིབ་མག་མོག་གྲིབ། །གང་ཚད་དམིགས་ལ་ཚད་དང་ཚུལ། །གྲངས་དང་ཆ་ལུགས་མདོག་དབྱིབས་དང་། ཁ་དོག་འབའ་ཞིག་རིམ་པར་ནུས། །ཞེས་པ་བརྒྱད་དེ། ཚད་འགྱུར་བ་ནི་ཆེ་བ་ལས་ཆུང་བར་དང་། ཚུལ་ནི་སྐྱེ་བ་ལས་འགྲིབ་པའི་ཚུལ་དང་། གྲངས་ནི་མང་པོ་ལས་ཉུང་ངུ་དང་། ཆ་ལུགས་ནི་སྐུའི་སྐབས་ལས་འདིར་མི་འབྱུང་སྟེ་ཞི་བ་ལས་ཁྲོ་བོར་དང་། དབྱིབས་ཀ་ལས་ཁ་ལྟ་བུར་དང་། མདོག་ནི་དཀར་པོ་ལས་སྔོན་པོ་ལ་སོགས་དང་། ཁ་དོག་འབའ་ཞིག་ལས་མི་སྣང་བ་དང་། རིམ་པར་ནུབ་པ་ནི་སྟོད་གསལ་ཚེ་སྨད་མི་གསལ་བ་ལ་སོགས་པའོ། །དེ་དག་བཅོས་པ་ནི། རིམ་པར་ནུབ་ན་རངས་པ་ནི་མི་གསལ་ཡང་གང་གསལ་ལ་གཏད། ཁ་དོག་འབའ་ཞིག་དབྱིབས་དང་བསྲེ། གཞན་དྲུག་པོ་ལ་གང་བསྒོམ་བྱ་དེ་ཆེ་ཞིང་བརྟན་པར་རོ། །དེ་ལྟར་སྐྱོན་བཅོས་པས་ཉམས་ནི་ལྔར་གསལ་ཏེ། བསྒོམ་བྱ་ཨ་ལྟ་བུ་དེ་ཡང་སྨིག་རྒྱུ་ལྟར་གྱ་གྱུའི་རྣམ་པར་གསལ་བ་གཡོ་བ་དང་། དུ་བ་ལྟར་རེས་འགའ་གསལ་ཞིང་རེས་འགའ་མི་གསལ་བ་ནི་ཐོབ་པ་དང་། མེ་ཁྱེར་ལྟར་གང་སྒོམ་གཅིག་པུ་ཁོ་ནར་གསལ་བ་ནི་གོམས་པ་དང་། མར་མེ་གཞན་སེལ་ནུས་པ་ལྟར་སྤྲོས་ཤིང་བསྡུས་ཀྱང་མི་འགག་པ་ནི་བརྟན་པ་དང་། ཉི་མ་ལྟར་བསྐྱེད་དུ་བྱར་མེད་པ་ནི་མཐར་ཕྱིན་པ་སྟེ། བརྟན་པའི་ཚད་བཞི་ནི་དེའི་ཚེ་ལྡན་པ་ཡིན་ནོ། །དེ་ཡང་གོང་ལྟར་སྤྲོས་ཀྱང་དངོས་གཞི་མི་འགག་པའི་ཕྱིར་ཅི་ཡང་བསྒྱུར་དུ་བཏུབ་པ་སྟེ་རབ་ཏུ་བརྟན་གྱུར་ཞེས་བྱའོ། །གསུམ་པ་ཚད་ནི་དེ་ལས་ཞེས་ཨཱ་ལི་དབྱངས་དང་ཀཱ་ལི་སྒྲའི་ཡི་གེ་རྣམས་འདུས་པ་མིང་གི་ཚོགས་སོ། །ཡི་གེ་དེ་དག་ཀྱང་ཁ་དོག་གསལ་ཞིང་འོད་འབར་བ་དང་བཅས་པའི་ཡི་གེ་ཀུན་ལའང་སྤྲོ་ཞིང་བསྡུ་བ་གོང་དུ་ཨ་ལ་ཇི་ལྟར་བྱས་པ་དེ་བཞིན་དུ་བྱ་བ་ཡིན་ནོ། །དེ་ལྟར་རེ་རེ་ཞིང་སེམས་སྦྱངས་པས་བརྟན་པ་ཐོབ་པ་ནི་ཡི་གེ་བཞི་བཅུ་རྩ་གཉིས་པོ་རིག་པ་གཅིག་ལ་གསལ་བའི་དུས་ན་ཡི་གེ་མངོན་པར་གྲུབ་པ་ཡིན་ནོ། །བཞི་པ་ཚོགས་སྒྲུབ་པ་ནི་དགུ་པ་ལྟར་ཡི་གེ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བཞེངས་ནས། འཇུག་སྤྱོད་བཅོ་ལྔ་དང་ལྡན་པའི་སྒོ་ནས་བསྒྲུབ་པ་ནི་ལེའུ་བཅུ་གཅིག་པ་ལྟར་རོ། །ཐ་མ་འབྲས་བུ་ནི་འདི་ནི་ཞེས་གོང་མ་ལ་སྙེག་པ་སྟེ། ཡི་གེའི་སྒོ་ནས་མཚོན་བྱ་བསྒྲུབ་པ་འདི་ཡེ་ཤེས་ཀྱི་རྒྱུ་ཡིན་ནོ། །རྡོ་རྗེ་ཞེས་པ་སེམས་དང་ཡི་གེ་རང་བཞིན་ཐ་དད་མེད་པའོ། །དངོས་གྲུབ་ཀྱི་ཞེས་པ་ལྔ་པ་ལྟར་བསྒྲུབ་བྱ་ཐུན་མོང་དང་མཆོག་གཉིས་འགྲུབ་པའོ། །བརྟན་འབྱུང་ཞེས་པ་གོང་གི་བསྒྲུབ་བྱ་ཐོབ་པ་ལས་མི་ཉམས་པའི་ཕྱིར་རོ། །དེའི་ཐོབ་ཚུལ་ཡང་གནས་སྐབས་སུ་རིག་འཛིན་ལས་བརྒྱུད་ནས་མཐར་ཐུག་ཏུ་སྐུ་ལྔ་ལ་སྦྱོར་བའི་ཕྱིར་ཡེ་ཤེས་ཐོབ་པའི་རྒྱུ་ཡི་གེའི་སྣང་བྱེད་ལ་གོམས་པ་དེ་ཡིན་ནོ་ཞེས་པའི་དོན་ནོ། །དེ་ཡང་ས་མྱུག་ལྟར་བསྐྱེད་བྱ་སྐྱེད་བྱེད་དང་། མེ་ལོང་དང་བྱད་ལྟར་རྣམ་པ་གཞག་འཇོག་ནི་མིན་ཏེ། བྱས་པ་དང་མི་རྟག་པ་ལྟར་ངོ་བོ་ཉིད་ཀྱི་རྒྱུ་འབྲས་ཡིན་ནོ། །དེ་ལྟར་ཡི་གེའི་སྒོ་ནས་བསྒྲུབས་པའི་འབྲས་བུར་བསྟན་པའི་ཕྱིར་སེམས་ཉིད་ཡི་གེར་སངས་རྒྱས་པར་སྟོན་པ་ནི་གོང་གི་རྒྱུད་དོན་ཤེས་བྱར་གཏན་ལ་དབབ་པ་སྟེ། དེ་ལས་དང་པོ་བདེན་པ་དབྱེར་མེད་པའི་རང་བཞིན་ཆོས་སྐུར་སངས་རྒྱས་པ་སྟེ་ཨ་ནི་ཡོད་མེད་ལ་སོགས་མཐའ་ཐམས་ཅད་ཀྱིས་སྟོང་པ་དོན་དམ་གྱི་བདེན་པ་དང་། དེ་དག་གིས་མི་སྟོང་པ་ཀུན་རྫོབ་ཀྱི་བདེན་པ་དང་། དེ་གཉིས་ཀྱང་ངོ་བོ་གཅིག་གི་སྟེང་ན་ཐ་དད་མེད་པ་ནི་དབུ་མ་སྟེ་བདེན་པ་དབྱེར་མེད་དང་། དབྱེར་མེད་ཀྱང་ལྟོས་ས་གོང་མ་གཉིས་ལ་ལྟོས་པ་ཙམ་སྟེ་དབྱེར་མེད་ཉིད་མ་གྲུབ་པའི་ཕྱིར་དབུ་མའང་དམིགས་སུ་ཡོད་མ་ཡིན་ནོ། །དེས་ན་སྤྱོད་ཡུལ་དང་བྲལ་བ་སྟེ་དཔེར་ན་ཆུ་ཕར་འགྲམ་མེད་ན་ཚུར་འགྲམ་མེད་པ་བཞིན་ནོ། །དེ་ལྟར་བདེན་པ་བཞིར་ཀུན་ཁྱབ་གསུམ་གྱི་བསྒྲུབ་པར་བྱ་སྟེ། ཇི་སྐད་དུ། ལུང་དང་རིག་པ་མན་ངག་གི། །ཚད་མ་དག་གིས་གང་གཞལ་བ། །ཤེས་བྱ་ཁོང་དུ་ཆུད་པར་འགྱུར། །ཞེས་པས་གསུམ་མོ། །དེ་ཡང་བདེན་པ་དང་པོ་བསྒྲུབ་པ་ནི་སེམས་དང་སེམས་སྣང་བ་འདི་དག་གི་རང་བཞིན་ཆོས་ཅན། དོན་དམ་གྱི་བདེན་པ་ཡིན་ཏེ། ཡིན་ལུགས་ནས་མཐའ་དང་བྲལ་བ་ཡིན་པའི་ཕྱིར་ནམ་མཁའ་བཞིན་ཞེས་པའི་རྟགས་ཀྱིས་བསྒྲུབ་བོ། །དེ་ལྟར་ཡིན་པར་ཡང་འདིའི་དགུ་པ་ལས། མཐའ་དང་དབུས་མེད་དེ་བཞིན་ཉིད། །ཅེས་པ་དང་། རྒྱས་པ་ལས། དོན་དམ་སྐྱེ་བ་མེད་པར་མཉམ་པ་ནི། །ཞེས་སོགས་ཀྱིས་ཤེས་སོ། །མན་ངག་ནི་ལམ་རིམ་ལས། དངོས་རྣམས་ཉིད་ན་དངོས་མེད་པར། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །ཞེས་གསུངས་པའི་ཕྱིར་རོ། །བདེན་པ་གཉིས་པ་ནི་ཆོས་ཅན། ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། སྣང་ལུགས་ནས་ཅིར་ཡང་མ་འགགས་པའི་ཕྱིར་གཟུགས་བརྙན་བཞིན་ནོ། །དེ་ལྟར་ཡང་། མེད་པ་ཉིད་ན་སྣ་ཚོགས་སྣང་བ་ཞེས་པ་དང་། ཀུན་རྫོབ་སྒྱུ་མར་མཉམ་པ་ཞེས་བྱ་བའི་དམ་ཚིག་ནི་ཞེས་པ་ལ་སོགས་སོ། །མན་ངག་ཀྱང་དེ་ཉིད་ལས། ཀུན་རྫོབ་ཆུ་ཟླ་ལྟར་ཡིན་པས། །ཅིར་ཡང་འགྱུར་ཞིང་ཅིར་ཡང་འགྲུབ། །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི་གོང་གི་བདེན་གཉིས་ཆོས་ཅན། དབྱེར་མེད་ཡིན་ཏེ། ཀུན་རྫོབ་ཏུ་སྣང་བའི་ཚེ་དོན་དམ་ལས་མ་གཡོས་ཤིང་དོན་དམ་ངེས་པའི་ཚེ་ཀུན་རྫོབ་མ་སྤངས་པའི་ཕྱིར་དཔེར་ན་བྱས་པ་དང་མི་རྟག་པ་བཞིན་ནོ། །དེ་ལྟར་ཡང་རྒྱས་པ་ལས། བདེན་པ་དབྱེར་མེད་པ་ཞེས་མཉམ་པའི་དམ་ཚིག་ནི་ཞེས་པ་ལ་སོགས་པ་དང་། ཡང་། དོན་དམ་ཀུན་རྫོབ་དབྱེར་མེད་དེ། །འདུས་མ་བྱས་ཉིད་འདུས་བྱས་སྣང་། །ཞེས་སོ། །མན་ངག་ནི་དེ་ཉིད་ལས། སྣང་ལ་རང་བཞིན་མེད་པའི་ཕྱིར། །སེམས་ཉིད་དྷརྨ་ཀཱ་ཡར་གནས། །ཞེས་པས་སོ། །བཞི་པ་ནི། དབྱེར་མེད་ཆོས་ཅན། སྤྱོད་ཡུལ་དང་བྲལ་བ་ཡིན་ཏེ། །བློའི་ཡུལ་དུ་བྱ་བར་མ་དམིགས་པའི་ཕྱིར་ཆོས་ཀྱི་དབྱིངས་བཞིན་ནོ། །རྟགས་དེ་ཡིན་པར་ཡང་རྡོ་རྗེ་གཅོད་པ་ལས། ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་པ་བཞིན་ནོ། །དེ་ལྟར་ཡང་ལུང་ནི་འདི་ཉིད་ལས། དབུ་མའང་དམིགས་སུ་ཡོད་མ་ཡིན། །ཞེས་པ་དང་། ཡང་མདོ་ཆེན་པོ་ལས། སྣང་དང་མི་སྣང་ལ་སོགས་པ། །གཉིས་སུ་རྟོགས་པ་ཐམས་ཅད་མཐའ། །ཀུན་མཁྱེན་རྣམས་ནི་དབུས་ལའང་མིན། །ཞེས་གསུངས་པས་ཤེས་སོ། །དེ་ལྟར་གཏན་ལ་ཕབ་པས་ཆོས་ཐམས་ཅད་མིང་དུ་བཏགས་པ་ཙམ་ལས་ངོ་བོར་མ་གྲུབ་པར་རྟོགས་པ་ནི་ཆོས་སྐུར་སངས་རྒྱས་པའོ། །དེའི་ཕྱིར་སྐྱེ་མེད་ཉིད་ལས་སྐྱེ་བའི་ཆོ་འཕྲུལ་དུ་སྣང་བ་ཡི་གེ་ཀུན་དང་། མཚོན་བྱེད་ཡི་གེ་དེའི་རྒྱུན་ནི་ཕྲེང་བ་ལྟར་བར་མ་ཆད་པར་སྣང་བ་ཡང་ཆོས་སྐུ་ཉིད་ལས་མ་གཡོས་པར་གནས་ཏེ། ཡི་གེ་ཉིད་ངོ་བོས་སྟོངས་པའི་ཕྱིར་རོ། །གཉིས་པ་ནི་ཡི་གེ་བསྡུས་ནས་ཆོས་ཐམས་ཅད་ལ་དབང་སྒྱུར་ཞིང་སྤྱོད་པ་ནི་ལོངས་སྐུ་སྟེ། གོང་གི་ཆོས་སྐུ་མཚོན་བྱེད་ཨ་ཉིད་ཀྱིས་གོ་ཕྱེ་བས་སྣ་ཚོགས་པར་སྣང་བའི་ཡི་གེ་གང་ཞེ་ན། ཀ་ལ་སོགས་པ་བཞི་བཅུ་རྩ་གཉིས་སོ། །འདིར་ཁ་ཅིག་བཞི་བཅུ་རྩ་གཉིས་སུ་གྲངས་ངེས་པར་མ་གྲུབ་སྟེ། རྒྱ་གར་གྱི་ཡི་གེ་ལ་ལྔ་བཅུ་དང་བོད་ཀྱི་ཡི་གེ་ལ་སུམ་ཅུ་ཡིན་པའི་ཕྱིར་ཞེ་ན། སྤྱིར་དེ་ལྟར་ཡིན་མོད་ཀྱང་སྐབས་འདིར་བཞི་བཅུ་རྩ་གཉིས་སུ་གྲངས་ངེས་ཏེ། བསྐྱེད་བྱ་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་ངེས་ལ་དེ་དག་གི་སྐྱེད་བྱེད་ས་བོན་ཡིན་པའི་ཕྱིར་རོ། །གཞན་ཡང་། ཇི་སྐད་དུ་རྒྱལ་བའི་ཡུམ་ལས་ཀྱང་། ཡི་གེ་བཞི་བཅུ་རྩ་གཉིས་ལ་མཁས་པར་བྱའོ་ཞེས་གསུངས་པ་ཡང་འདིའི་ཤེས་བྱེད་དུ་འགྱུར་བའི་ཕྱིར་རོ། །ཡི་གེ་དེ་དག་ཀྱང་ཨའི་སྒྲ་ཡིས་མིང་གི་ཡི་གེ་ཐམས་ཅད་བསྡུས་ཤིང་དེས་ཆོས་ཐམས་ཅད་བསྡུས་པ་དང་། གཞན་ཡང་ཡི་གེ་བཞི་བཅུ་རྩ་གཉིས་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་སངས་རྒྱས་པའི་ཕྱིར་ཡི་གེས་བསྡུས་པའི་ཆོས་ཐམས་ཅད་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ། །དེས་ན་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་རྒྱལ་པོར་ངེས་ཏེ། ཡི་གེ་དེ་སེམས་ཉིད་དུ་ངེས་པའི་ཕྱིར་རོ། །གསུམ་པ་ཡི་གེ་ཉིད་དབྱིབས་དང་ཁ་དོག་སོགས་སུ་སྣང་བས་དོན་མཛད་པ་སྤྲུལ་པའི་སྐུ་ཡིན་པ་ནི་སྐུ་གསུང་ཐུགས་གསུམ་ལས། ཨེ་མ་ཞེས་ཆེ་བ་དང་ངོ་མཚར་ཞེས་བྱེད་ལས་དང་ཡ་མཚན་གྱི་ཞེས་རང་བཞིན་ནོ། །དེ་དག་གསུམ་དུ་མེད་བཞིན་སྣང་བས་འཕྲུལ་ཆེན་ཏེ་ཡི་གེའོ། །དེའི་རྣམ་གྲངས་གོང་གི་བཞི་བཅུ་རྩ་གཉིས་ཀྱི་སྟེང་དུ་ཁྱབ་བྱེད་ཀྱི་ཡི་གེ་གསུམ་བསྣན་པས་བཞི་བཅུ་རྩ་ལྔའོ། །དེ་ལྟར་ཡི་གེ་འདུས་པས་མིང་བྱུང་ལ་མིང་འདུས་པ་ལས་ཚིག་རྣམས་བྱུང་ཞིང་དེས་ཆོས་མ་ལུས་པའི་དོན་འཛིན་ཅིང་བརྟེན་པའི་གནས་ཡིན་ཏེ། འབྲུ་བསྒྱུར་ཏེ་ཡི་གེས་རྗོད་བྱེད་སྣ་ཚོགས་པའི་མིང་དུ་སྨྲ་ཞིང་བརྗོད་བྱའི་དོན་ཆེན་པོ་སྟོན་པར་ནུས་པའི་ཕྱིར་གསུངས་ཡིན་ནོ། །དེ་ལྟར་སྣང་དུས་ཉིད་ན་ཡི་གེ་ཉིད་བདེན་པའི་དངོས་པོར་མེད་དེ། ཡི་གེའི་རང་བཞིན་སེམས་ཉིད་ཡིན་ལ། སེམས་ལ་གང་ཟག་དང་ཆོས་ཀྱི་བདག་གཉིས་མེད་དེ་སྟོང་པའོ། །དེ་ལྟར་སྣང་སྟོང་ངམ་ཡོད་མེད་ལ་སོགས་མཐའ་ཐམས་ཅད་དང་བྲལ་ཏེ་ཅིར་ཡང་མི་དམིགས་པ་དོན་དམ་པའི་བདེན་པ་ནི་ཐུགས་ཡིན་ནོ། །ཀྱང་ཞེས་པ་དེ་ལྟར་མཐའ་གང་དུ་ཡང་མ་གྲུབ་ཅིང་ཀུན་རྫོབ་ཙམ་དུ། ཇི་སྐད་དུ་མདོ་ཆེན་པོ་ལས། ཨ་ཡི་གེ་སྒྲ་འབྱིན་པ་ལྟ་བུ་ལ་སོགས་དབྱིབས་སྣ་ཚོགས་དང་། རང་བཞིན་དང་རིགས་ཀྱི་ཁ་དོག་རྣམས་སུ་ཤར་བས། གོང་ལྟར་མིང་དང་ཚིག་དང་ཡི་གེའི་ཚོགས་སུ་སྣང་བ་རྣམས་ཀྱིས་མ་འགགས་པའི་རོལ་པ་ལྷ་དང་དཀྱིལ་འཁོར་ལ་སོགས་ཅིར་ཡང་འཕྲུལ་ཞིང་གདུལ་བྱའི་ངོ་ལ་སྟོན་པ་སྐུ་ཡིན་ནོ། །དེ་ལྟར་སངས་རྒྱས་པ་དེ་དག་གི་མཚོན་བྱེད་ནི་རྒྱལ་བ་ཉག་གཅིག་གི་མ་ཡིན་ཏེ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་མ་ལུས་པའི་བདག་ཉིད་ཀྱི་ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས་ཀྱི་མཚོན་བྱེད་ཡི་གེ་ཡིན་ནོ། །དེའི་ཕྱིར་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་བསྐྱེད་པའི་ས་བོན་ཡི་གེ་བཞི་བཅུ་རྩ་གཉིས་ཏེ་དེ་ནི་ཁྱབ་བྱ་ཡིན་ལ། དེ་དག་གིས་སྐུ་གསུང་ཐུགས་མཚོན་པ་ནི་ཁྱབ་བྱེད་ཀྱི་ཡི་གེ་གསུམ་སྟེ། དེ་ལྟར་བཞི་བཅུ་རྩ་ལྔ་ཉིད་དོ། །དེ་དག་ཡི་གེའི་འགོ་བེར་ཀ་རིས་ནས་ཐ་མ་ཀྵ་ཡན་ཆད་ལ་རྫོགས་ཞེས་པའོ། །དེ་ལ་ཁ་ཅིག་ཀྵའི་འོག་ན་ཐུབ་པའི་ཡི་གེ་རྣམས་ཡོད་པའི་ཕྱིར་རྫོགས་པར་མི་འགྱུར་ཞེ་ན། ཨ་ལ་གི་གུས་ཨིར་འགྱུར་པ་ལ་སོགས་ཡན་ལག་གི་ཡི་གེ་ཡིན་ལ། དེ་དག་ལུས་ཀྱི་ཡི་གེ་ཨ་ཉིད་ལ་རྫོགས་པ་ཡིན་ནོ། །ཡི་གེ་རང་བཞིན་ནི། ཚིག་ཅུང་ཟད་བསྒྱུར་ཏེ་འོག་ནས་ཡི་གེར་སྣང་བ་དེ་བདེན་པའི་དངོས་པོར་ཡོད་པ་མ་ཡིན་ཏེ། གོང་ནས་ཡི་གེའི་རང་བཞིན་སེམས་ཀྱི་ཆོ་འཕྲུལ་ཙམ་ཡིན་པའི་ཕྱིར་སྣང་སྟོང་གཉིས་སུ་མེད་པའི་ཆོས་ཉིད་དོ། །བྱེད་ལས་ནི། དེ་ལྟར་མཚན་ཉིད་མཐའ་གང་དུ་ཡང་དམིགས་སུ་མེད་པ་དེ་ཉིད་རྟོགས་ཤིང་མངོན་དུ་བྱས་པས་འབྲས་བུ་ཆེ་བའི་ཡོན་ཏན་སྣ་ཚོགས་པའི་རང་བཞིན་ཏེ། དེ་གང་ཞེ་ན་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཆེན་པོར་སྣང་བ་ཡང་ཐེག་པ་འོག་མ་ལྟར་རྒྱུ་རྐྱེན་ལས་བྱུང་བ་མ་ཡིན་པའི་ཕྱིར་འབྲུ་བསྒྱུར་ཏེ་ངོ་མཚར་ཞེས་པའོ། །གོང་དུ་དེ་ལྟར་སྐུ་གསུང་ཐུགས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པས་བདག་གཞན་གྱི་དོན་གྲུབ་པས་ཡ་མཚན་ཞེས་བྱའོ། །དེ་དག་མེད་བཞིན་སྣང་བའི་འཕྲུལ་ཆེན་ལ་། དེ་ཡི་གེའི་སྒོ་ནས་གྲུབ་པས་རབ་ཏུ་འགུག་པ་ཞེས་བྱའོ། །ངེས་ཚིག་ནི། རྟོགས་བྱ་ཆོས་ཀྱི་དབྱིངས་ལ་བློའི་དབང་པོ་དབྱིངས་རྟོགས་བྱེད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཆོས་ཀྱི་དབྱིངས་རྟོགས་པ་ལ་བྲིས་པ་ཞེས་བྱ་སྟེ། རྟོགས་བྱ་རྟོགས་པ་དེའི་ཕྱིར་ཡི་གེ་ཞེས་ནི་དབྱིངས་རྟོགས་པ་ལ་བརྗོད་པར་བྱའོ། །ཁྱབ་བྱེད་ཀྱི་ཡི་གེ་གསུམ་ནི། མཚོན་བྱེད་ཡི་གེ་གསུམ་ལས་གང་། དེས་མཚོན་པ་དག་བྱའི་རྟོག་པ་སྒོ་གསུམ་ལས་གང་། དེ་དག་བྱེད་ཀྱི་ལམ་ཐབས་ཤེས་དབྱེར་མེད་གསུམ་ལས་གང་། དེས་དག་པ་རྒྱལ་བའི་སྐུ་གསུང་ཐུགས་ལས་གང་ཞེས་བཞི་སྦྲག་ཏུ་སྦྱར་བའོ། །དེ་ཡང་ཡི་གེ་རྣམས་ཀྱི་མགོ་ནི་ཞེས་པ་བེར་ཀ་རིས་ཡིན་ཏེ། ཇི་སྐད་དུ་དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། འགོ་ནི་ཐོག་མར་མཚོན་པ་ནི། །དང་ལ་གཟུགས་སུ་གང་གསལ་བ། །དེ་ནི་ཡི་གེའི་འགོ་ཡིན་ཕྱིར། །བེར་ཀ་རིས་ལ་འགོ་ཞེས་བྱ། །ཞེས་པ་དང་། སྤར་ཁབ་ལས། ཡི་གེ་སྦྲུལ་ལྟ་བུས་ཐམས་ཅད་ཀྱི་འགོ་འདྲེན་པའི་ཕྱིར་ཞེས་པས། བེར་ཀ་རིས་ཀྱིས་འགོ་དྲངས་ནས་ཡི་གེ་ཐམས་ཅད་འཇུག་པས་མ་ནོར་བའི་ལམ་ཞེས་བྱའོ། །དོན་གྱི་དབང་དུ་བེར་ཀ་རིས་ཀྱིས་དག་བྱ་ཡིད་ཡིན་ལ། དེ་དག་བྱེད་ཐབས་ཤེས་རབ་དབྱེར་མེད་ཀྱིས་དག་པ་རྒྱལ་བའི་ཐུགས་གཉིས་མེད་ཀྱི་ཡེ་ཤེས་མཚོན་པའོ། །ཏིག་ནི་ཞེས་ཚིག་ཡིན་ཏེ། མིང་ཏིག་ཏུ་གདགས་པ་ནི། རྒྱས་པ་ལས། ཏིག་ནི་ཤེས་རབ་མིང་དུ་སྨྲ། །ཞེས་སོ། །དེ་ནི་དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། ཡི་གེའི་དགོས་པ་ཀུན་བསྡུས་ནས། །རྩེག་གིས་སྡེ་ཡི་དོན་མཚོན་ཏེ། །ཤེས་པར་བྱ་བའི་རབ་ཆེན་གྱིས། །དོན་དུ་རྩེག་གིས་གསལ་བར་བྱེད། །ཅེས་པ་དང་། རྒྱལ་པོ་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། ཏིག་ནི་ཚེག་ཏུ་སྒྲུབ་པ་སྟེ། །ཡི་གེ་སྡུད་ཅིང་མིང་དུ་སྨྲ། །དོན་གྱི་སྙིང་པོ་སྡེ་རུ་སློང་། །དེ་ཕྱིར་ཚེག་ནི་ཏིག་ཅེས་བྱ། །ཞེས་པ་དང་། རྒྱན་དམ་པ་ལས། སྡུད་པའི་ཕྱིར་ནི་རྩེག་ནི་ཏིག །འཐོར་བ་བསྡུས་ནས་མིང་དུ་སྨྲ། །ཞེས་པས། ཡི་གེ་རྣམས་བསྡུས་ནས་དོན་གསལ་བར་སྟོན་པའི་ཕྱིར་ཤེས་རབ་མིང་དུ་སྨྲ་ཞེས་བྱའོ། །དོན་གྱིས་དབང་དུ་རྩེག་གིས་དག་བྱ་ངག་ཡིན་ཅིང་། དེ་དག་བྱེད་ཤེས་རབ་ཀྱི་ལམ་གྱིས་དག་པ་རྒྱལ་བའི་གསུང་དུ་མ་འགགས་པས་ཆོས་སྟོན་པར་མཚོན་པའོ། །ཤད་ནི་ཞེས་པ་མདོ་ཆེན་པོ་ལས། དབྱུག་པ་ནི་འཕང་ཐུང་ལྟ་བུའོ་ཞེས་སོ། །ཐབས་ཆེན་ཚིགས་སུ་གཅོད། །ཅེས་པ་དེས་ཚིགས་སུ་བཅད་ནས་ཤློ་ཀར་སྡེབ་པ་སྟེ། དེ་ཉིད་ལས། གཅོད་པ་མཚོན་པ་ལ་ནི་མིང་ཤད་ཅེས་བླ་དྭགས་སུ་བཏགས་སོ་ཞེས་སོ། །དོན་གྱི་དབང་དུ་ཤད་ཀྱི་དག་བྱ་ལུས་ཀྱི་རྟོག་པ་ཡིན་ཏེ། དེ་དག་བྱེད་ཐབས་ཀྱི་ལམ་གྱིས་དག་པ་རྒྱལ་བའི་སྐུར་མ་འགགས་པས་དོན་མཛད་པར་མཚོན་པའོ། །འདིར་བཀའི་དོན་ལ་རྨོངས་ཤིང་ལོག་རྟོག་གི་གདོན་གྱིས་བརླམས་པ་འགའ་ཞིག །ཁྱབ་བྱེད་ཀྱི་ཡི་གེ་གསུམ་པོ་འདི་རྒྱ་གར་ནས་བསྒྱུར་བ་མ་ཡིན་ཏེ། འདི་དག་རྒྱ་གར་གྱི་ཡི་གེ་ལ་མེད་པའི་ཕྱིར་ཞེ་ན། བཀའ་ཡོངས་སུ་གྲགས་པ་རྒྱན་དམ་པ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་དང་། དཔལ་སྦྱིན་གྱིས་ཞུས་པའི་མདོ་རྣམས་ཀྱང་རྒྱ་གར་ནས་བསྒྱུར་བ་མ་ཡིན་པར་འགྱུར་ཏེ། དེ་དག་ནས་ཁྱབ་བྱེད་གསུམ་བཤད་པའི་ཕྱིར་རོ། །རྟགས་དེ་གོང་གི་ལུང་གིས་གྲུབ་ལ། ཁྱབ་པ་མེད་ན་འདིར་ཡང་མཚུངས་ཤིང་། འདོད་པར་མི་ནུས་སོ། །ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་དོན་བཤད་པ་ནི། མངོན་རྟོགས་ལས་སྡེབས་ཀྱི་དབང་དུ་ལེའུ་ལྔ་པ་ལྟར་ཐབས་གསུམ་ལས་གཞིའི་ཐབས་རྟེན་གཞལ་ཡས་ཁང་དང་བཅས་པ་བསྐྱེད་ནས། བསམ་གྱིས་མི་ཁྱབ་པའི་ཐབས་བརྟེན་པ་ལྷ་བསྐྱེད་པ་ལ་ཆོ་ག་གསུམ་ལས་འདི་གསུང་ཡིག་འབྲུའི་ཆོ་ག་ཡིན་ནོ། །དེ་ཡང་ཡི་གེ་བཞི་བཅུ་རྩ་གཉིས་པོ་འདི་ལྷ་བཞི་བཅུ་རྩ་གཉིས་ཀྱི་ས་བོན་དུ་བཏུ་བར་བྱ་སྟེ། ཇི་སྐད་དུ་རྒྱ་མཚོ་ལས། ས་དང་ནམ་མཁའ་སྤྱན་རྡོ་རྗེ། །སྟོབས་ཆེན་ལྔ་ནི་དང་པོ་ལྔ། །གཉིས་པ་ལྔ་པོ་རིམ་བཞིན་དུ། །སྒེག་མོ་ཕྲེང་དང་དབྱངས་དང་གར། །ཡ་མཱནྟ་ཀྲིཏ་ཉིད་དུ་བཤད། །ལྔ་པ་གསུམ་ནི་རིམ་པ་བཞིན། །སྣང་མཛད་རྡོ་རྗེ་རིན་ཆེན་དང་། །དཔག་མེད་དོན་གྲུབ་ཉིད་དུ་བཤད། །བཞི་པ་ལྔ་པོ་རིམ་བཞིན་དུ། །ནམ་མཁའ་སྤྱན་དང་ན་བཟའ་དཀར། །མཱ་མ་ཀཱི་དང་སྒྲོན་མར་བཤད། །ལྔ་པ་ལྔ་ནི་རིམ་བཞིན་དུ། །བྱམས་དང་སྒྲིབ་སེལ་ཀུན་བཟང་དཔལ། །རྟ་མགྲིན་རིམ་པར་འདོད་པ་ཡིན། །དྲུག་པ་བཞི་སྟེ་རིམ་པ་བཞིན། །བདུག་སྤྲོས་མེ་ཏོག་མར་མེ་དང་། །དྲི་ཆབ་ལྷ་མོ་ཞེས་སུ་བཤད། །བདུན་པ་བཞི་ནི་རིམ་པ་བཞིན། །རྟག་ཆད་མཚན་མ་དག་པ་དང་། །བདག་མེད་མ་སྟེ་རིམ་པ་བཞིན། །མཐར་ཟད་བྱེད་པོ་རྡོ་རྗེ་ནི། །མ་ལུས་འདུས་པའི་ངོ་བོ་ཉིད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །རྣམ་པར་སྤྲུལ་པའི་སྤྲུལ་པ་དྲུག །བརྒྱད་པ་ཡི་གེ་དྲུག་ཏུ་བཤད། །སྒྲིབ་པ་ཀུན་ཟད་ཡེ་ཤེས་ནི། །འཆིང་བ་གསོད་བྱེད་ཡིན་པར་བཤད། །ཅེས་གསུངས་པའི་ཕྱིར་རོ། །དེ་ཡང་ཡི་གེ་ལས་ལྷའི་ས་བོན་དུ་བཏུ་བའི་རྒྱུ་མཚན་བཞི་ཡོད་དེ། མིང་གི་ཡི་གེ་དང་པོ་ཡིན་པས་དང་། གནས་ལས་བཏུ་བ་དང་། མཚན་ཉིད་མཐུན་པས་དང་། རྣམ་པར་ཐར་བ་མཐུན་པའི་ཕྱིར་ས་བོན་བཏུ་བ་རྣམས་ལས། འདིར་ཕལ་ཆེར་ཕྱི་མ་གཉིས་ཀྱི་དབང་དུ་བྱས་པ་ཡིན་ནོ། །དེ་ལས་དང་པོ་ཨ་ནི་ས་བོན་གྱི་ཡི་གེ་ཀུན་གྱི་དང་པོར་བཞག་པའི་འཐད་པ་ནི། འདི་ཉིད་ལས། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །ཞེས་པ་དང་། སྒྱུ་འཕྲུལ་ཕྱི་མ་ལས། ཨ་ནི་སྟོང་པ་ཡེ་ནས་སྟོང་། །སྟོང་པ་ཉིད་ན་སྟོང་པ་མེད། །ཡི་གེ་ཀུན་གྱི་རྒྱུའམ་གཞི། །ཡིན་པའི་ཕྱིར་ན་དང་པོར་གཞག །ཅེས་གསུངས་པའི་ཕྱིར་རོ། །སྐྱེ་མེད་དེ་བཞིན་ཉིད། །ཅེས་པ་སརྦ་དྷརྨའི་སྒྲ་ལས་དྲངས་ན་ཆོས་ཐམས་ཅད་དོ། །དེ་ཨ་ཡིས་བཀག་པས་ཆོས་ཐམས་ཅད་སྐྱེ་བ་མེད་པ་སྟེ། དེ་ནི་ཡུམ་ཀུན་ཏུ་བཟང་མོ་ཡིན་པའི་ཕྱིར་དེའི་ས་བོན་ཡིན་ནོ། །དེས་གོ་ཕྱེ་བ་ལས་ཡི་གེ་གཞན་རྣམས་སྣང་བའི་ཚུལ་ནི། ཋ་ཐ་ལ་སོགས་བཅུ་ལས་དེ་བཞིན་གཤེགས་པ་ཡབ་ཡུམ་བཅུ་བསྐྱེད་དེ། ཅིའི་ཕྱིར་ཞེ་ན། ཏ་ཐཱ་ག་ཏའི་སྒྲ་ལས་དྲངས་ན་དེ་བཞིན་གཤེགས་པ་ཞེས་བྱ་བ་ཡིན་པའི་ཕྱིར་དེ་ཙམ་དུ་ཆོས་མཐུན་པར་སྦྱར་བ་ཡིན་ནོ། །དེ་ཡང་ཡི་གེ་ལོག་པ་ལས་ཡབ་བསྐྱེད་དེ། དེ་ནི་ཀུན་རྫོབ་ཀྱི་ཆ་འཛིན་པའི་ཕྱིར་རོ། །ཡུམ་རྣམས་མ་ལོག་པ་ལས་བསྐྱེད་དེ། དོན་དམ་གྱི་ཆ་འཛིན་པའི་ཕྱིར་རོ། །དེ་ཡང་ཋ་ནི་སྒྱུ་འཕྲུལ་ཞེས་པ་ལ་སོགས་ཡབ་རིགས་ལྔ་ལ་སྒྱུ་འཕྲུལ་དུ་བཤད་དེ། ལེ་ལག་ལས། སྒྱུ་མ་ལྟ་བུའི་ཕུང་པོ་ལས། །རང་རིག་ཐབས་ཀྱིས་རིགས་ལྔར་འཕྲུལ། །ཞེས་པའོ། །རྡོ་རྗེ་ཉིད། །ཅེས་པ་ལ་སོགས་གཞུང་བརྟག་གོ། །ཐ་ནི་དྲྭ་བས་ཞེས་པ་རིགས་ཀྱི་ཡུལ་ལྔ་ལ་དྲ་བར་བཤད་དེ། ཡུམ་གྱི་མཁའ་དང་དྲྭ་བ་ཆོས་མཐུན་པའི་ཕྱིར་རོ། །དེ་ལྟར་ཡང་རྡོ་རྗེ་ལས། དྲྭ་བ་ཅིར་ཡང་འགྱུར་བ་སྟེ། །མདོ་འདུས་འབྲེལ་ཞིང་ཟང་ཐལ་བས། །གང་ནས་བལྟས་ཀྱང་གསལ་བར་སྣང་། །ཅིར་ཡང་སྡུད་ཅིང་ཤོང་བ་བཞིན། །དེ་བཞིན་ཡུམ་གྱི་མཁའ་དབྱིངས་ཀྱང་། །མདོ་འདུས་འབྲེལ་ཞིང་ཟང་ཐལ་བ། །གང་ནས་ཞུགས་ཀྱང་གསལ་བར་སྣང་། །ཐམས་ཅད་སྡུད་ཅིང་ཤོང་བའི་ཕྱིར། །ཡུམ་ལ་དྲྭ་བ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །མངོན་རྫོགས་ཉིད། །ལ་སོགས་གཞུང་བརྟག་གོ། །ཀ་ཁ་ལ་སོགས་ལས་སའི་སྙིང་པོ་ལ་སོགས་ནང་གི་སེམས་དཔའ་བཞི་བསྐྱེད་དེ། ཅིའི་ཕྱིར་ན། ཀ་རུ་ནི་ཀའི་སྒྲ་ལས་དྲངས་ན་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཡིན་ལ། །དེ་ནི་ས་སྙིང་ལ་སོགས་བཞི་ཡིན་པའི་ཕྱིར་རོ། །དེ་ཡང་ཡི་གེ་དང་ལྷ་དང་པོ་དེ་གཙོ་བོར་བྱས་ནས་སྦྱར་བ་ཡིན་ནོ། །ཀ་ནི་སྤྱན་གྱི་ཞེས་པ་མིག་ཤེས་ལ་སོགས་རྣམ་ཤེས་བཞིའོ། །ཐུགས་ཀྱི་མཆོག །ཅེས་པ་རྣམ་ཤེས་དེ་དག་གི་རང་བཞིན་ཐུགས་ཡིན་ཏེ། ཆོས་རིག་ཅིང་གསལ་བའི་ཕྱིར་རོ། །དེ་ལྟར་ཡང་རྡོ་རྗེ་ལས། རྣམ་པར་ཤེས་པ་ཀུན་ཡིད་ཡིན། །ཡིད་ཀྱི་རྣམ་ཤེས་གཅོད་བྱེད་པ། །ཐུགས་ཉིད་རིག་པ་སྣ་ཚོགས་པས། །དེ་ཕྱིར་ཐུགས་ཀྱི་མཆོག་ཅེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །ཙ་ཚ་ལ་སོགས་བཞི་ལས་ལ་སྱེ་ལ་སོགས་ནང་གི་སེམས་མ་བཞི་བསྐྱེད་དེ། ཅིའི་ཕྱིར་ན། ཙར་ཞེས་པའི་སྒྲ་ལས་དྲངས་ན་སྤྱད་པར་བྱ་བ་ཞེས་བྱ་བ་ཡིན་ལ། དེ་ནི་གཟུགས་ལ་སོགས་པའི་ཡུལ་བཞི་ཡིན་ཏེ། དེ་དག་གི་རང་བཞིན་ལ་སྱེ་ལ་སོགས་སེམས་མ་བཞི་ཡིན་པའི་ཕྱིར་རོ། །ཙ་ནི་སྤྱན་གྱི་ཞེས་པ་གཟུགས་ལ་སོགས་པ་བཞིའོ། །སྐུ་ཡི་མཆོག །ཅེས་པ་ཡུལ་ལ་སྐུར་བཤད་དེ། རྣམ་ཤེས་སྐྱེ་བའི་རྟེན་བྱེད་པའི་ཕྱིར། དེ་ཉིད་ལས། རྣམ་ཤེས་བཞི་ཡིས་དམིགས་པའི་ཡུལ། །མཐོང་བར་བྱ་བ་ལ་སོགས་པ། །དམིགས་པར་བྱ་ཕྱིར་སྐུ་ཡི་མཆོག །ཅེས་གསུངས་པའི་ཕྱིར་རོ། །པ་ཕ་ལ་སོགས་པ་ལས་བྱམས་པ་ལ་སོགས་ཕྱིའི་སེམས་པ་བསྐྱེད་དེ། ཅིའི་ཕྱིར་ན། པ་ར་མི་ཏའི་སྒྲ་ལས་དྲངས་ན་དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། དེའི་རང་བཞིན་ནི་བྱམས་པ་ལ་སོགས་བཞི་ཡིན་པའི་ཕྱིར་རོ། །བ་ནི་སྤྱན་གྱི་ཞེས་པ་མིག་སོགས་དབང་པོ་བཞིའོ། །གསུང་གི་མཆོག། པ་དབང་པོ་ལ་གསུང་དུ་བཞག་པ་ནི་དེས་ཡུལ་དང་ཤེས་པ་བརྡ་སྤྲོད་པའི་ཕྱིར་རོ། །ཡ་ཝ་ར་ལ་བཞི་ལས་དྷཱུ་པེ་མ་ལ་སོགས་ཕྱིའི་སེམས་མ་བཞི་བསྐྱེད་དེ། ཅིའི་ཕྱིར་ན། ཡ་ཨ་ཡན་ཏ་ཞེས་པའི་སྒྲ་ལས་དྲངས་ན་སྐྱེ་ཞིང་འབྱུང་བ་ཞེས་བྱ་བ་ཡིན་ལ། དེ་ནི་དུས་བཞི་ཡིན་ཏེ། དེའི་རང་བཞིན་མཆོད་པའི་ལྷ་མོ་བཞི་ཡིན་པའི་ཕྱིར་རོ། །ཡང་སྡེ་ཚན་དང་པོའི་མཐའི་ང་དང་། གཉིས་པའི་མཐའི་ཉ་དང་། བཞི་པའི་མཐའི་མ་དང་། ཐམས་ཅད་ཀྱི་མཐར་འབྱུང་བའི་ཨོ་ལས་གཤེད་པོ་ལ་སོགས་སྒོ་བ་བཞི་བསྐྱེད་དེ། ཅིའི་ཕྱིར་ན། ཡི་གེ་ཡང་མཐར་ཟད་ཀྱི་ཡི་གེ་ཡིན་ཅིང་། སྒོ་བ་བཞི་ཡང་དཀྱིལ་འཁོར་གྱི་མཐར་གནས་པའི་ཕྱིར་རོ། །འོ་ན་འདི་དག་ལ་སྐུ་ཡང་འཇིགས་བྱེད་ཅེས་པ་ལ་སོགས་སྐུ་གསུང་ཐུགས་འཇིགས་བྱེད་དུ་བཤད་པ་ནི་ཇི་ལྟར་ཡིན་ཞེ་ན། འདི་ནི་གདུལ་བྱའི་མིང་གིས་འདུལ་བྱེད་ལ་བཏགས་པ་ཡིན་ཏེ། ལེའུ་བཅོ་ལྔ་པ་ན་དཔའ་བོ་ལྷ་རྗེ་ཞེས་གསུངས་པ་བཞིན་ནོ། །འོ་ན་གདུལ་བྱ་ལ་སྐུ་གསུང་ཐུགས་ཀྱི་སྒྲ་ཅིའི་ཕྱིར་བརྗོད་ཅེ་ན། གོང་དུ་རྣམ་ཤེས་ལ་ཐུགས་སུ་འཇོག་པའི་འཐད་པ་ལ་སོགས་ལུང་གི་ཤེས་བྱེད་དང་བཅས་པ་བཤད་ཟིན་ཏོ། །ཡང་ན་ནང་ལྟར་དུ་གསང་བའི་རྣམ་ཤེས་རིག་པ་ཡིན་པའི་ཕྱིར་ཐུགས་ལ་དེའི་བདེ་བ་སྐྱེས་པའི་ཚེ་ཐ་མལ་པའི་རྣམ་ཤེས་ཀྱི་རྟོག་པ་ཇི་སྙེད་པ་རྣམས་འཇིགས་པས་འཇིགས་བྱེད་དོ། །དེ་བཞིན་དུ་གསང་བའི་ཡུལ་ལས་དེའི་རྣམ་ཤེས་སྐྱེ་བའི་ཕྱིར་སྐུ་ཡིན་ལ། གསང་བའི་དབང་པོས་ཡུལ་དང་རྣམ་ཤེས་བརྡ་སྤྲོད་པའི་ཕྱིར་གསུང་སྟེ། དེ་དག་འཇིགས་པ་ནི་གོང་གིས་ཤེས་སོ། །ཤ་ཥ་ས་ཧ་བཞི་ལས་སྒོ་མ་བཞི་བསྐྱེད་དེ། ཅིའི་ཕྱིར་ན། བི་ཤུདྡྷེའི་སྒྲ་ལས་དྲངས་ན་ཞི་བ་ཞེས་བྱ་ལ། དེ་ནི་རྟག་པར་མ་ཡིན་པ་ལ་སོགས་ཏེ་དེ་དག་གི་རང་བཞིན་ལྕགས་ཀྱུ་མ་ལ་སོགས་སྒོ་མ་བཞི་ཡིན་པའི་ཕྱིར་རོ། །ཀྵ་ལས་ཀུན་ཏུ་བཟང་པོ་བསྐྱེད་དེ། ཅིའི་ཕྱིར་ན། ཀྵ་ཀྵ་ཏའི་སྒྲ་ལས་དྲངས་ན་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་ལ། དེའི་རང་བཞིན་ཀུན་ཏུ་བཟང་པོ་ཡིན་པའི་ཕྱིར་རོ། །ཡི་གེ་དེ་ཐུབ་པའི་ཡི་གེའི་གོང་དུ་འོང་བ་ཡིན་ཏེ། ཧྲི་ཧ་ཡ་ནའི་ཏནྟྲ་ལས། ཀྵ་ནི་ཀུན་ཏུ་བཟང་མོའི་མཁའ། །བྷ་ག་རྒྱ་མཚོའི་ཀློང་མཐའ་ཡས། །ཆོས་ཉིད་ཡངས་པའི་མཁའ་གཏིང་ནས། །འབྲས་བུ་ཀུན་ཏུ་བཟང་མོར་ཤར། །མཁའ་དང་གཉིས་མེད་རྣམ་པར་དག །བདེ་ཆེན་རྣམ་དག་སྐུ་གསུང་ཐུགས། །དེ་རྟོགས་པ་ལས་ཐུབ་དྲུག་འབྱུང་། །ཞེས་གསུངས་པའི་ཕྱིར་རོ། །ཨི་ཨཱི་ལ་སོགས་ལས་ཐུབ་པ་དྲུག་བསྐྱེད་དེ། ཅིའི་ཕྱིར་ན། ཀུན་བཟང་ཆོས་ཀྱི་སྐུ་སྐྱེ་བ་མེད་པའི་དབྱིངས་མཚོན་བྱེད་ཨ་ལས་གུག་འགྲེང་ཞབས་ཀྱུ་ལ་སོགས་པས་སྐྱེ་བའི་ཆོ་འཕྲུལ་ཐུབ་པ་དྲུག་མཚོན་པའི་ཕྱིར་དེ་དག་དེ་ཙམ་དུ་ཆོས་མཐུན་པར་སྦྱར་བ་ཡིན་ནོ། །ལེའུ་བསྡུ་བ་གཉིས་ཏེ། གྲོལ་ལམ་དུ་བསྡུ་བ་དང་། ཐབས་ལམ་དུའོ། །དང་པོ་ནི་བསྡུ་བ་གོང་མ་ལྟར་དོན་གསུམ་ལས་བསྡུ་བ་ནི། ཐབས་དང་ཤེས་རབ་དགྱེས་སྤྲིན་ཞེས་པར། ཨ་ནི་སྟོང་དང་མི་སྟོང་གི། དབུ་མའང་དམིགས་སུ་ཡོད་མ་ཡིན། །ཞེས་རྐང་པ་གཉིས་སོ། །ཚུལ་ནི་ཐབས་ཞེས་ཀུན་རྫོབ་སྣང་བ་དང་། ཤེས་རབ་ཅེས་དོན་དམ་སྟོང་ཉིད་དོ། །དགྱེས་ཞེས་པ་དབྱེར་མེད་མངོན་དུ་བྱས་པས་བདག་དོན་དུ་དགྱེས་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་དང་ལྡན་ཞིང་། སྦྱིན་ཞེས་གཞན་དོན་དུ་ཐུགས་རྗེ་སྤྲིན་ཕུང་ལྟར་སྣང་བ་ནི་འབྲས་བུ་ཆོས་སྐུའི་བདག་ཉིད་དོ། །བྱང་ཆུབ་སེམས་ཞེས་པར། ཨ། རབ་ཏུ་བརྟན་གྱུར་ཞེས་པ་ནས། འཕེལ་འགྲིབ་མེད་པར་བརྟན། །ཞེས་རྐང་པ་བཞིའོ། །དེ་ནི་བྱང་བ་སྟོང་པ་དང་ཆུབ་པ་སྣང་བ་སྟེ། དེ་གཉིས་དབྱེར་མེད་ཨ་ལ་སེམས་སྦྱང་བའི་དོན་ནོ། །ཚོགས་ཞེས་པར། དེ་ལས་མིང་ཚོགས་ཞེས་པ་ནས། དེ་བཞིན་ནོ་ཞེས་གཉིས་སོ། །དེ་ནི་ཨ་ལས་སྒྲ་དབྱངས་ཀྱི་ཡི་གེ་ཚོགས་སུ་སྣང་བ་ནི་ཐབས་ཀྱི་བཀོད་པ་ཡིན་ཞེས་པའོ། །རྒྱུ་ཞེས་པར། འདི་ནི་ཞེས་པ་ནས། རྒྱུ་ཡིན་ནོ། །ཞེས་སོ། །དེ་ནི་སྒྲ་དབྱངས་ཀྱི་ཡི་གེ་རྣམས་བསྐྱེེད་པའི་ས་བོན་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་རྒྱུ་ཡིན་ནོ་ཞེས་སོ། །འཁོར་ལོ་ཞེས་པར། ཀ་ཁ་ག་གྷ་ང་ཞེས་པ་ནས། གྱུར་ཏོ་ཞེས་པའི་བར་རོ། །དེ་ནི་མི་ཟད་པ་གསུང་གི་འཁོར་ལོ་དངོས་ཀ་ཁ་ལ་སོགས་བཞི་བཅུ་རྩ་གཉིས་སུ་བཀོད་པ་ཡིན་ཞེས་སོ། །འབྲས་བུ་རྒྱལ་བ་སྨིན་གྲུབ་ཅེས་པར། ཕྱོགས་བཅུ་དུས་བཞིར་ཞེས་པ་ནས། ཀྵ་ལ་རྫོགས་པའི་བར་བཞི་དང་། ཡང་། འགོ་ནི་མ་ནོར་ལམ་ཡིན་ཏེ། །ཞེས་པ་ནས། ཨཱོྂ་ནི་ཐམས་ཅད་ཞིག་པ་ཡིན། །ཞེས་པའི་བར་ཏེ། དེ་ནི་གྲོལ་ལམ་ཏིང་ངེ་འཛིན་དང་ཐབས་ཀྱི་ཁྱད་པར་ལས་འབྲས་བུ་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་སྐུར་སྨིན་པའི་སྒོ་ནས་བདག་དོན་གྲུབ་པ་ཡིན་ནོ་ཞེས་སོ། །ངོ་མཚར་ཞེས་པར། ཨེ་མ་ཧོ་ངོ་མཚར་ཡ་མཚན་གྱི། །ཞེས་པ་ནས། སྨྲ་ཞིང་སྟོན། །ཞེས་པའི་བར་བཞིའོ། །དེ་ནི་དེ་ལྟ་བུ་གྲུབ་པས་ངོ་མཚར་ཞིང་གཞན་ཡང་ཡི་གེའི་སྒོ་ནས་ཡང་དག་པའི་དོན་སྟོན་པ་ལ་སོགས་པ་དོན་བྱེད་དུ་མ་ནུས་པའི་ཕྱིར་རོ། །མིང་ཚོགས་ཞེས་པར། ཐམས་ཅད་མིང་ཙམ་ཞེས་པ་ནས། ཉིད་ལ་གནས། །ཞེས་པའི་བར་གཉིས་སོ། །དེ་ནི་ཆོས་ཐམས་ཅད་མིང་དུ་བཏགས་པའམ་མིང་འདུས་པའི་ཚིག་གི་ཚོགས་ཀྱིས་མཚོན་པ་ཡང་ཡང་དག་པར་ན་ངོ་བོས་མ་གྲུབ་ཅེས་མཚོན་པ་ཡི་གེ་ཉིད་ལ་གནས་པའི་དོན་ནོ། །བཞི་བཅུ་གཉིས་ཞེས་པར། ཨ་ཉིད་སྣ་ཚོགས་པར་སྣང་ཞེས་པ་ནས། དེ་ཉིད་ངེས། །ཞེས་པའི་བར་བཞིའོ། །དེ་ནི་དེ་ལྟ་བུའི་མཚོན་བྱེད་ཡི་གེ་རྣམ་གྲངས་ནི་བཞི་བཅུ་རྩ་གཉིས་སུ་ངེས་ཏེ། དེས་བསྐྱེད་བྱ་རྒྱལ་བ་བཞི་བཅུ་རྩ་གཉིས་བསྐྱེད་པའི་ཕྱིར་ཞེས་པའི་དོན་ནོ། །འདུས་མ་བྱས་ཉིད་ཅེས་པར། དངོས་མེད་ཡི་གེའི་ཞེས་པ་གཉིས་དང་། ཡང་། སེམས་ཀྱི་རང་བཞིན་ཡི་གེ་སྟེ། །ཞེས་པ་ནས། རབ་འགུགས་པའོ། །ཞེས་པའི་བར་དྲུག་གོ། །དེ་ནི་ཡི་གེ་དེ་དག་ཀྱང་རྒྱུ་རྐྱེན་འདུས་ནས་བྱེད་པ་པོ་གཞན་གྱིས་མ་བྱས་པ་ཉིད་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་འགྲུབ་བྱེད་ཡིན་ནོ་ཞེས་སོ། །འདུས་བྱས་རྡོ་རྗེ་དཀྱིལ་འཁོར་ཞེས་པར། དབྱིབས་དང་ཁ་དོག་ཅེས་པ་ནས། སྤྲུལ་ཞིང་སྟོན། །ཞེས་གཉིས་སོ། །དེ་ནི་ཡི་གེ་དེ་ནི་འདུས་བྱས་ལྟར་དབྱིབས་དང་ཁ་དོག་གིས་རོལ་པ་ཅིར་ཡང་སྟོན་པས་དོན་བྱེད་ནུས་ཤིང་། དེ་ཉིད་ངོ་བོར་མ་གྲུབ་པ་དང་རང་བཞིན་དབྱེར་མེད་པས་རྡོ་རྗེ་སྟེ། དེ་རང་བཞིན་གྱི་དཀྱིལ་འཁོར་ཡིན་ནོ་ཞེས་སོ། །འབྱིན་པའི་དམ་ཞེས་པར། དབྱིངས་ལ་དབྱིངས་ཀྱིས་ཞེས་པ་ནས། དེ་ཕྱིར་བརྗོད། །ཅེས་གཉིས་སོ། །དེ་ལྟ་བུར་རང་དཀྱིལ་འཁོར་དེ་ཆོས་ཀྱི་དབྱིངས་ཡིན་ལ་དེ་ཡི་གེས་མངོན་དུ་འབྱིན་པའི་ཕྱིར་གསུང་གི་དམ་ཚིག་ཡི་གེ་འཁོར་ལོའི་ཞེས་སོ། །འདའ་བར་མི་མཛད་ལ་སོགས་སུ། །ཡི་གེ་འཁོར་ལོའི་ཚོགས་ཆེན་འདིས། །ཞེས་གཉིས་སོ། །དེ་ནི་གསུང་གི་འཁོར་ལོ་དེས་འབྲས་བུ་གྲུབ་པ་ལས་འདའ་བར་མི་མཛད་མི་འགྲུབ་པའི་དབང་མེད་དེ། འགྲུབ་བྱེད་ཀྱི་རྒྱུ་རྐྱེན་མ་ཚོགས་པ་གང་ཡང་མེད་པའི་ཕྱིར། རྒྱུ་ནུས་པ་ཐོགས་མེད་བཞིན་ནོ། །དེས་ན་རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་པོ་ལས་འབྲས་བུ་འབྱུང་བ་མཚན་ཉིད་ཡིན་ནོ་ཞེས་པའི་དོན་ནོ། །དེ་ལ་མཉེས་པས་ཧོ་ཞེས་བྱའོ། །གཉིས་པ་ཐབས་ལམ་དུ་བསྡུ་བ་ནི། ཐབས་དང་ཞེས་པ་ཡབ་དང་། ཤེས་རབ་ཅེས་པ་ཡུམ་མོ། །དགྱེས་སྤྲིན་ཞེས་རོལ་པའི་བདེ་བ་གཞི་མ་ངེས་པ་ལས་ཐབས་ཀྱི་བཀོད་པ་ཅིར་ཡང་སྣང་བའོ། །བྱང་ཆུབ་སེམས་ཞེས་པ་གསང་བའི་ཐེག་ལེ་སྒྲ་དབྱངས་ཀྱི་ཡི་གེར་གསལ་བའོ། །ཚོགས་ཞེས་པ་ཐིག་ལེ་དེ་ཉིད་དགའ་བ་བཅུ་དྲུག་ལས་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་སྣང་བའོ། །རྒྱུ་འཁོར་ལོ་ཞེས་པ་ཡི་གེ་ཉིད་ལྷ་བསྐྱེད་པའི་རྒྱུ་འབྲས་སུ་མི་ཟད་པ་གསུང་གི་འཁོར་ལོའོ། །དེས་འབྲས་བུ་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་བསྒོམས་པས་དེ་ཉིད་དུ་སྨིན་ཅིང་གྲུབ་པར་བྱེད་པའོ། །དེའི་ཕྱིར་གསང་བའི་རྣམ་ཤེས་ཉིད་འབྲས་བུར་ཤར་བས་ངོ་མཚར་བའོ། །འབྲས་བུ་དེའི་མཚོན་བྱེད་ནི་གོང་གི་ཐིག་ལེ་ལས་མིང་དང་ཚིག་གི་ཚོགས་སུ་སྣང་བ་སྒྲ་དབྱངས་ཀྱི་ཡི་གེ་བཞི་བཅུ་རྩ་གཉིས་སོ། །དེས་ཇི་ལྟར་མཚོན་ན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདུས་མ་བྱས་པ་དེ་ཉིད་འདུས་བྱས་རྟེན་ཅན་གྱི་དགའ་བ་བཅུ་དྲུག་ལས། ཐིག་ལེ་བཞི་བཅུ་རྩ་གཉིས་ཡི་གེའི་ཚོགས་སུ་བཀོད་ཅིང་དེ་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པའི་ཕྱིར་རྡོ་རྗེའོ། །དེ་ལྟར་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གསལ་བ་ལ་འབྱིན་པ་ཞེས་བྱ་སྟེ། དེའི་དོན་ལས་མི་འདའ་བས་དམ་ཚིག་གོ། །དེས་འབྲས་བུ་རྒྱལ་བ་བཞི་བཅུ་རྩ་གཉིས་གྲུབ་པ་ལས་འདའ་བར་མི་མཛད་ཅིང་མི་འགྲུབ་པའི་དབང་མེད་དེ། རྒྱུ་བྱང་ཆུབ་སེམས་ཀྱི་ཐིག་ལེ་དང་དེ་ཉིད་རྐྱེན་ཐབས་ཀྱི་བཀོད་པ་གཉིས་ཚོགས་པས་ལས་སུ་རུང་བའི་ཕྱིར་རོ། །དེའི་ནུས་པའམ་མཐུ་ནི་གནས་སྐབས་སུ། ཇི་སྐད་དུ་བཅུ་གཅིག་པ་ལས། མཁའ་འགྲོ་གསལ་འབར་ཚེ་ལ་སོགས། །ཞེས་པ་དང་། མཐར་ཐུག་ཏུ་ཡོན་ཏན་ཆེན་པོ་ཐོབ་པ་ནི། ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞེས་པ་སྐུ་ལྔ་སྟེ། དེ་ལྟ་བུའི་ཐོབ་བྱེད་ནི་ཐབས་ཀྱི་ལམ་ཡིན་ཞིང་དེ་ལ་མཉེས་བས་ཧོ་ཞེས་སོ། །རྒྱུད་དོན་རྣམ་ངེས་ལས་ལེའུ་བཞི་པའི་རྣམ་པར་བཤད་པའོ།། ༈ །།ལེའུ་ལྔ་པའི་གཞུང་དོན་ལ་བརྒྱད་ལས། དང་པོ་འབྲས་བུ་འགྲུབ་པའི་རྒྱུ་ནི། གཞུང་འདི་ཉིད་ནས་ཆོས་ལྔ་དང་ལྡན་པ་གཅིག་གིས་འགྲུབ་པར་བཤད་དེ། གང་ཞེ་ན། གཞུང་འོག་ནས་སྟོན་པ་ཞེས་པ་སྟོན་པའི་རང་བཞིན་དང་མཉམ་པའི་རྡོ་རྗེ་སློབ་དཔོན་ནོ། །མཆོད་ཅེས་པ་དེ་སྒོ་གསུམ་གྱིས་མཉེས་པར་བྱ་དཀའ་བ་སྣ་ཚོགས་ཀྱིས་མཉེས་པར་བྱེད་པ་ལ་བརྩོན་པ་སྟེ། དེ་ཡིས་རང་གི་སྤྱོད་ལམ་ཡོངས་སུ་སྦྱང་བ་དང་། ལེའུ་གསུམ་པ་ལྟར་གཏན་ལ་ཕབ་པའི་ཆོས་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་རྟོགས་པའི་ལྟ་བ་རང་གི་བློ་ལ་གསལ་བ་དང་། དམ་ཚིག་ཅེས་པ་དང་འོག་གི་མ་ཉམས་ཞེས་པ་གཉིས་སྦྱར་བས་ལེའུ་བཅུ་དགུ་པ་ལྟར་འདིའི་བསྲུང་བྱ་རྣམས་རྣམ་པར་དག་པ་དང་། སྔགས་དང་ཞེས་པ་དེ་བཞི་དང་། ཕྱག་རྒྱ་ཞེས་པ་བཞིས་ལྷའི་སྐུ་བསྐྱེད་པའི་རིམ་པ་རྣམས་བསྒོམས་ཤེས་ཤིང་དེ་དག་གི་ཆོ་ག་ལས་ཀྱི་རིམ་པ་ལ་མཁས་པ་དང་། ཡོ་བྱད་ཅེས་པ་སྒྲུབ་པའི་དུས་ཀྱི་ཡོ་བྱད་ནི། བཟའ་བ་དང་བཏུང་བ། རྒྱན་དང་བགོ་བ། གླུ་ཚིག་སྒྲ། བྲོ་གར་འདུ་འཕྲོ། ཨཱ་ལི་ཀཱ་ལི་སྟེ་དེ་དག་དང་ལྡན་པའོ། །གསུང་ཡང་། དམ་ཚིག་ལྟ་བ་ཏིང་ངེ་འཛིན། །བྱང་ཆུབ་སེམས་དང་སྙིང་རྗེ་དང་། །ལྷག་པའི་ཡོ་བྱད་ལྔ་རྫོགས་བྱ། །ཞེས་ལམ་གྱི་ཡོ་བྱད་ལྔ་པོ་དེ་ཡིན་པར་སེམས་སོ། །དེ་ལྟར་ཆོས་ལྔ་པོ་དེ་རྣམས་དང་ལྡན་པའི་སྒོ་ནས་བསྒྲུབས་ན་བསྒྲུབ་བྱའི་འོག་གི་མཆོག་ཐུན་གཉིས་ཀ་འགྲུབ་པར་འགྱུར་ལ། ཆོས་དེ་དག་དང་མི་ལྡན་ན་བསྒྲུབས་པའི་དོན་མེད་ཅིང་རྒྱུད་བརླག་པར་འགྱུར་ཞེས་འགྲུབ་པའི་རྒྱུ་ཁེ་ཉེན་དང་བཅས་ཏེ་བསྟན་པ་ནི། འོག་གི་བསྒྲུབ་བྱ་གཉིས་པོ་ཁོ་ནའི་རྒྱུར་གསུངས་ལ། དེ་ལས་གཞན་ཡང་སྤྱིར་བླ་ན་མེད་པའི་བྱང་ཆུབ་འགྲུབ་པའི་རྒྱུ་ལ་ཁ་ཅིག་ནི་ཆོས་བཞི་ཡིན་ཏེ། ལྟ་བ་སྤྱི་སར་མི་གདོན་པ་དང་། སྒོམ་ཉམས་མུ་ཅོར་དུ་མི་སྨྲ་བ་དང་། གསང་སྒོ་ཡལ་བར་མི་དོར་བ་དང་། བྱང་ཆུབ་ངོ་དགར་མི་བཏང་བ་དང་བཞི་ཡིན་ཟེར་རོ། །ཡང་ཁ་ཅིག་ནི་གནས་ལ་ངེས་པ་མེད་པ་དང་། སྤྱོད་པ་ལ་དམ་བཅའ་མེད་པ་དང་། འཚོ་བས་ཆོག་པར་གནས་པ་དང་། མི་ཆོས་ཀྱི་བྱ་བ་ཐོག་ཏུ་མ་བབས་པ་དང་བཞི་ཡིན་ཟེར་རོ། །ཡང་བདེ་གཤེགས་ཆེན་པོ་ནི་ཆོས་བརྒྱད་དང་ལྡན་དགོས་ཏེ། དད་པས་ཕུལ་བཏབ་པ་དང་། བརྩོན་འགྲུས་ཀྱི་གཞུ་བདུངས་པ་དང་། དམ་ཚིག་སོ་མཚམས་ཀྱི་མཁར་ལྟར་བསྲུང་བ་དང་། དབེན་གནས་གྲོགས་ལྟར་བསྟེན་པ་དང་། འདུ་འཛི་དུག་ལྟར་སྤོང་བ་དང་། བྱང་ཆུབ་དོན་དུ་གཉེར་བ་དང་། མན་ངག་སྙིང་ལྟར་འཆང་བ་དང་། བླ་མ་ཡི་དམ་གྱི་ལྷ་ལྟར་འཁུར་བ་དང་བརྒྱད་ཡིན་ནོ་གསུང་ངོ་། །ཡང་རྗེ་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་གདར་ཤ་གཅད་པ་ལས་ཇི་སྐད་དུ། རབ་ཀྱིས་གངས་ཀྱི་སེང་གེ་ལྟར། །སྒྲ་ལས་གཟུགས་ཙམ་བསྟན་མི་བྱ། །འབྲིང་གིས་བྲག་གི་གླ་བ་ལྟར། །འདུག་ཀྱང་གཞན་དང་འཕྲད་མི་བྱ། །ཐ་མས་ལུག་ཁྱུའི་བོང་ཆུང་ལྟར། །གྲོང་ལས་སྤགས་ཙམ་བསྒོམ་པར་བྱ། །ཞེས་བཤད་པ་དང་། ནོར་བུའི་ཕྲེང་བ་ལས། བས་མཐའི་དགོན་པར་རབ་གནས་ཤིང་། །བདག་གིས་བདག་ཉིད་སྦ་བྱས་ཏེ། །རི་དྭགས་ཤི་བའི་རོ་བཞིན་དུ། །ཆགས་པ་མེད་པར་གནས་པར་བྱ། །ཞེས་པ་དང་། བསམ་གཏན་ཆོས་དྲུག་ལས། མང་པོ་རྟག་ཏུ་འཐབ་འགྱུར་ཏེ། །གཉིས་པོ་དག་ཀྱང་འགྲན་ཟླར་འགྱུར། །གཞོན་ནུ་མ་ཡི་གདུ་བུ་བཞིན། །བདག་ཉིད་གཅིག་པུར་གནས་པར་བྱ། །ཞེས་པ་དང་། ལམ་རིམ་ལས་ཀྱང་། སྐྱེས་བུ་སེང་གེ་བཞིན་རྒྱུ་བ། །ཞེས་པ་ལ་སོགས་གསུངས་པ་བཞིན་ཡིན་གསུང་ངོ་། །དེ་དག་བསྒོམ་པ་ལ་མོས་པའི་དོན་དུ་འཆད་པ་པོས་རྒྱས་པར་ཡང་བསྙད་དོ། །གཏན་ལ་དབབ་པའི་ལྟ་བ་ལ་གཉིས་ལས་གདམས་པ་ནི། རྣལ་འབྱོར་པ་བསྐལ་པ་དམན་ཞིང་གསང་བའི་ལུང་དང་མན་ངག་གིས་མ་ཟིན་པ་གང་གིས་ཡོད་མེད་ལ་སོགས་མཐའ་གང་དུ་ཡང་དམིགས་སུ་མེད་དེ། མཐའ་དང་བྲལ་བའི་དོན་མི་ཤེས་པས་སོ། །དེ་མ་ཤེས་ཏེ་ཕྱོགས་སུ་འཛིན་པའི་བློ་དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས་པ་ཡིན་ཏེ། ཆོས་ཀྱི་དབྱིངས་དེ་ནི་དམིགས་སུ་མེད་ཅིང་མཐའ་དང་བྲལ་བའི་ཕྱིར་རོ། །དེས་ན་དངོས་དང་ཞེས་པ་འོག་གི་འཇིག་པ་དང་སྦྱར་ཏེ། ཕྱི་ནང་གི་གྲུབ་མཐའ་དངོས་པོར་ལྟ་བ་རྣམས་ལེའུ་གསུམ་པ་ལྟར་གཏན་ཚིགས་ཀྱིས་དམིགས་མེད་དུ་གཏན་ལ་ཕབ་པས་འཇིག་ཅིང་། དངོས་མེད་པར་ཞེས་པ་ཡང་འོག་གི་འཇིག་པ་དང་སྦྱོར་ཏེ། ཕྱི་ནང་གི་གྲུབ་མཐའ་མེད་པ་ཕྱོགས་གཅིག་ཏུ་ལྟ་བ་ཡང་དམིགས་མེད་མཐའ་བྲལ་དུ་རྟོགས་པས་འཇིགས་པའི་ཕྱིར། དེས་ན་མཐའ་གང་དུ་ཡང་དམིགས་སུ་མེད་པའི་དོན་ཤེས་པར་གྱིས་ཤིག་ཅེས་གདམས་པ་ཡིན་ནོ། །གཏན་ལ་དབབ་བྱའི་ལྟ་བ་དངོས་ནི། རྒྱུ་ཤེས་པའི་སྐབས་སུ་རིམ་གྱིས་པའི་བློ་ལ་ལྟོས་ཏེ་བརྗོད་བྱ་སྣང་བ་སྟོང་པ་དབྱེར་མེད་བདེན་པ་གསུམ་དང་སྦྱར་ཏེ་ལྡོག་པ་ཐ་དད་དུ་རིམ་པར་གཏན་ལ་དབབ་པ་ནི་གཞུང་གཅིག་ལའང་། དང་པོ་སྟོང་ལྡོག་དོན་དམ་གྱི་ངོས་ནས་ཇི་ལྟར་གཏན་ལ་དབབ་ན། བརྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་མེད་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ནི། མཚན་གྱི་སྒོ་ནས་ཕོ་ཡང་མ་ཡིན་དེ་བཞིན་དུ་མོ་ཡང་མ་ཡིན་མ་ནིང་ཡང་མིན། མཚན་མེད་སྒོ་ང་ལྟ་བུ་ཡང་མ་ཡིན། ལྷ་དང་དམྱལ་བ་ལ་སོགས་འགྲོ་བ་རིགས་དྲུག་གི་བརྒྱུད་གང་ཡང་མིན། དཀར་དམར་ལ་སོགས་ཁ་དོག་གང་ཡང་མ་ཡིན། གྲུ་བཞི་ཟླུམ་པོ་ལ་སོགས་པ་དབྱིབས་གང་ཡང་མ་ཡིན། བརྟེན་པར་བྱ་བའི་གནས་དང་བྱེད་པའི་རྫས་སུ་མ་ཡིན་པས་གང་གི་ངོ་བོ་ཡང་མིན་ནོ། །དེ་ལ་དེ་བཞིན་ཉིད་ལས་མ་བཅོས་པའི་ཡིན་ཞིང་། དབྱིངས་ལས་སྐྱེ་བ་མེད་པའི་ཡིན་ལ། དབྱིངས་དེ་ཉིད་ཡེ་ཤེས་སུ་གསལ་བས་སྤྲོས་པ་དང་བྲལ་བར་གསལ་བའི་ཡེ་ཤེས་ཏེ། དེ་ཉིད་ཐབས་ཀྱིས་ཕྱག་རྒྱ་ལས་རང་བཞིན་གྱི་དང་། དེ་ཆོས་ཀུན་གྱི་རྒྱུ་ལས་ངོ་བོ་ཉིད་ཀྱི་རྒྱུའོ། །དེ་ལྟར་རྟོགས་པའི་བློ་དེའི་དོན་གཏན་ཚིགས་འདིའི་ཕྱིར་ན་དོན་འདི་ཡིན་ཞེས་ངོ་བོ་གང་ཡང་མ་གྲུབ་པས་ཡིན་པ་མེད་པའི་ལྟ་བ་ཞེས་བྱ་ཞིང་། དེ་ལ་སྐྱེ་མེད་དམ་ཆོས་ཉིད་དམ་དོན་དམ་ཙམ་དུ་ཡང་ཐ་སྙད་དུ་མི་བསྒྲུབ་པའི་ཕྱིར་ཡོངས་གཅོད་བསྒྲུབ་བྱ་མེད་པ་ཞེས་བྱ་ལ། གང་ཡང་ཡོད་ཆོས་སུ་མི་འདོད་པས་སྒྲོ་འདོགས་རྟག་པ་ལས་གྲོལ་བའི་ལྟ་བ་ཞེས་བྱའོ། །འོ་ན་དེ་སྟོང་པ་ཁོ་ནའི་མཐར་ཐུག་གོ་ཞེ་ན། དེའི་མཐའ་བསལ་བའི་ཕྱིར་སྣང་རྟོག་ཀུན་རྫོབ་ཀྱི་ངོས་ནས་གཏན་ལ་ཕབ་ན། གོང་གི་གཞུང་དེ་ཉིད་ལ་གང་ཡང་ཡིན་པར་འཆད་པ་པོས་བསྙད་ལ། དེས་དེ་བཞིན་ཉིད་ལས་ལྷུན་གྱིས་གྲུབ་པའི་དང་། དབྱིངས་ལས་སྣང་བ་མུ་མཐའ་མེད་པའི་ཡེ་ཤེས་ལས་མ་འགགས་པར་གསལ་བ་སྟེ། ཐབས་ཀྱི་ཕྱག་རྒྱ་ལས་ཏིང་ངེ་འཛིན་གྱི་དང་། ཆོས་ཀུན་གྱི་རྒྱུ་ལས་མངོན་གསལ་འབྲས་བུའི་རང་བཞིན་ཏེ། བློ་དེའི་དོན་གང་ཡང་གཏན་ཚིགས་ཀྱིས་གྲུབ་པས་མིན་པ་མེད་པའི་ལྟ་བ་ཞེས་བྱ་ལ། དེ་ལ་སྐྱེ་བ་དང་ཆོས་ཅན་དང་ཀུན་རྫོབ་ཙམ་དུ་གང་ཡང་གྲུབ་པའི་ཕྱིར་རྣམ་བཅད་དགག་བྱ་མེད་པ་ཞེས་བྱ་ཞིང་། གང་ཡང་མེད་ཆོས་སུ་མི་འདོད་པས་སྐུར་འདེབས་ཆད་པ་ལས་གྲོལ་བའི་ལྟ་བ་ཞེས་བྱའོ། །འོ་ན་དེ་སྣང་བའི་མཐར་ཐུག་ཅིང་། གོང་མ་སྟོང་པའི་མཐར་ཐུག་པས་མཐའ་གཉིས་ཐ་དད་དུ་འགྱུར་རོ་ཞེ་ན། མཐའ་དེ་གཉིས་བསལ་བའི་ཕྱིར་སྣང་སྟོང་ངམ་བདེན་པ་དབྱེར་མེད་ཀྱི་ངོས་ནས་གཏན་ལ་ཕབ་ན། གོང་གི་གཞུང་དེ་ཉིད་གང་ཡང་ཡིན་མིན་གཉིས་སུ་མེད་པར་བསྙད་ལ། དེ་ནི་གཉིས་སུ་མེད་པའི་དེ་བཞིན་ཉིད་དང་། གཉིས་སུ་མེད་པའི་དབྱིངས་དང་། གཉིས་སུ་མེད་པར་གསལ་བའི་ཡེ་ཤེས་ཏེ། །ཕྱག་རྒྱ་ལས་ཐབས་ཀྱིས་ལྷག་པའི་ཕྱག་རྒྱ་དང་། རྒྱུ་འབྲས་ཀྱི་ཆོས་ཀུན་གཉིས་མེད་ཀྱི་ངང་དུ་གཅིག་པས་གཉིས་སུ་མེད་པའི་རྒྱུ་ཞེས་བྱའོ། །བློ་དེའི་ངོ་ན་གང་ཡང་གྲུབ་མ་གྲུབ་དབྱེར་མེད་ཡིན་ཏེ། ཅིར་ཡང་མ་གྲུབ་པའི་ཕྱིར་ཅིར་ཡང་མ་འགགས་ལ། ཅིར་ཡང་མ་འགགས་པའི་ཕྱིར་ཅིར་ཡང་མ་གྲུབ་སྟེ། དེ་གཉིས་གཉིས་སུ་མེད་པས་ཡིན་མིན་གཉིས་མེད་ཀྱི་ལྟ་བ་ཞེས་བྱ་ཞིང་། དེ་ལ་སྐྱེ་འགག་གཉིས་དང་། ཆོས་ཅན་དང་ཆོས་ཉིད་གཉིས་དང་། དོན་དམ་དང་ཀུན་རྫོབ་གཉིས་ལ་སོགས་པ་ཐ་དད་དུ་འཛིན་པ་ཐམས་ཅད་དང་བྲལ་བའི་ཕྱིར། རྣམ་བཅད་དུ་དགག་བྱ་དང་ཡོངས་གཅོད་དུ་བསྒྲུབ་བྱ་གཉིས་ཀ་དང་བྲལ་ཏེ། གང་ཡང་ཡོད་མེད་ཐ་དད་དུ་མི་འདོད་པས་རྟག་ཆད་ཀྱི་སྒྲོ་སྐུར་ཐམས་ཅད་དང་བྲལ་བའི་ལྟ་བ་ཞེས་བྱའོ། །དེ་ལྟར་གཉིས་མེད་ཅེས་བྱ་བ་ཡང་དགོས་ཆེད་ཀྱི་དབང་གིས་སྒྲོ་བཏགས་ཏེ་བསྟན་པ་ཙམ་དུ་ཟད་ཀྱིས་གཉིས་མེད་ཉིད་དུ་ཡང་ཐུག་པ་མེད་དེ། སྤྱོད་ཡུལ་དང་བྲལ་བའི་ལྟ་བ་ཞེས་བྱའོ། །ཡང་འདི་བསམ་པར་བྱ་སྟེ་རྒྱུ་ཤེས་པའི་སྐབས་སུ་གཏན་ལ་དབབ་བྱ་ལྟ་བའི་དོན་ལ། ལེའུ་གསུམ་པར། བདག་དང་གཞན་དང་རྟོག་པའི་རྒྱུན། །ཞེས་པ་ལ་སོགས་བདེན་པ་གཉིས་སུ་དང་། ལེའུ་བཞི་པར་ཨ་ནི་སྟོང་དང་མི་སྟོང་གི་ཞེས་པ་ལ་སོགས་པ་བདེན་པ་བཞིར་དང་། འདིར་གཞི་རྩ་མེད་པའི་སེམས་ཉིད་ནི་ལ་སོགས་པ་བདེན་པ་གསུམ་དུ་གཏན་ལ་ཕབ་པ་རྣམས་ཟློས་སོ་ཞེ་ན། མི་ཟློས་ཏེ། དང་པོ་ལེའུ་གསུམ་པར་ནི་རྒྱུ་ཤེས་པས་ཤེས་བྱར་གཏན་ལ་ཕབ་པ་ཡིན་ཞིང་། ལྔ་པ་འདིར་ཉམས་སུ་བླང་བྱར་ཡིན་ལ། བཞི་པར་བདེན་པ་དབྱེར་མེད་པའི་ཡི་གེའི་སྐུ་གསུམ་དུ་སངས་རྒྱས་པའི་ཕྱིར་འབྲས་བུར་གཏན་ལ་ཕབ་པ་ཡིན་ནོ། །དེ་ཡང་ལེའུ་བཞི་པ་དང་ལྔ་པའི་གོ་རིམ་ནི། བཞི་པར་ལམ་གྱི་རིམ་པའི་དབང་དུ་རྒྱུད་དོན་ཉམས་སུ་བླང་བྱར་བཤད་ཟིན་ཏོ། །དེ་ལྟར་གཏན་ལ་ཕབ་པའི་དོན་རྐྱེན་འཇུག་པས་ཉམས་སུ་ལེན་པར་བྱེད་པ་ལ། ལམ་གྱི་རིམ་པའི་དབང་དུ་སྟོང་སྙིང་གཉིས་ཡིན་ལ། མངོན་རྟོགས་ལས་སྡེབ་ཀྱིས་རྒྱུད་དོན་ཉམས་སུ་བླང་བྱའི་དབང་དུ་ཏིང་ངེ་འཛིན་གསུམ་ལས་དང་པོ་གཉིས་ཡིན་ཏེ། དེ་བསྒོམ་པའི་དགོས་ཆེད་ནི། སེམས་ཉིད་ཕྱི་ནང་གི་དངོས་པོ་དཀར་དམར་གྱི་རྣམ་པ་སྣ་ཚོགས་སུ་སྣང་བ་རྣམས། སྣང་དུས་ཉིད་ན་རང་རང་གི་ངོ་བོས་སྟོངས་པའི་དངོས་པོ་ཅིར་ཡང་གྲུབ་པ་མེད་པར་རྟོགས་ན་ཐ་མལ་གྱི་རྟོག་པའི་ངོ་བོ་འདི་ཉིད་མ་སྤངས་པར་ཡེ་ཤེས་སུ་དབང་སྒྱུར་བ་ཡིན་ཏེ། གོང་གི་རྟོགས་པའི་ངང་ལ་གནས་པའི་ཏིང་ངེ་འཛིན་ལ་གོམས་པས་ཁྱད་པར་འགྱུར་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བློ་གཞག་པའི་ཐབས་ནི། སྒོམ་པ་པོ་རྣལ་འབྱོར་པ་གང་གིས་ཇི་བཞིན་པར་རྟོགས་ཀྱང་དེའི་ངང་ལ་བློ་གནས་པར་མ་གྱུར་ན། དཔེར་ན་གླང་པོ་ཆེ་རྒུན་ཆང་གིས་མྱོས་པས་ངམ་གྲོག་དང་གཡང་ས་རྣམས་ལ་བག་མེད་དུ་མཆོངས་ཤིང་རྒྱུག་པར་བྱེད་དོ། །དེ་དང་འདྲ་བར་རྣལ་འབྱོར་པས་ལྟ་བ་རྟོགས་ཀྱང་དེའི་ངང་ལ་མཉམ་པར་མ་བཞག་ན་བྱ་བ་དང་བྱ་བ་མ་ཡིན་པའི་ཡུལ་ལ་སེམས་རང་ཡན་དུ་འཕྲོས་པའོ། །གླང་པོ་ཆེ་མཆོངས་ཤིང་བརྒྱུགས་པའི་ཉེས་པས་ཆེར་སྲོག་དང་འབྲལ་ཞིང་ཆུང་དུ་རྐང་ལག་འཆག་པ་ལྟར། རྣལ་འབྱོར་པའི་སེམས་རང་ཡན་དུ་འཕྲོས་པས་ཆེར་ངན་སོང་དུ་ལྟུང་ཞིང་ཆུང་དུ་ཡུན་རིང་དུ་འཁོར་བ་ལས་མི་ཐར་བའོ། །འབྲུ་བསྒྱུར་ཏེ་འོག་ནས་བཏུལ་ནས་སུ། །ཞེས་པ་དེའི་ཚེ་གླང་པོ་དེ་བདག་པོ་ཐབས་ལ་མཁས་པས་སྣ་ནས་ལྕགས་ཀྱུས་བཟུང་སྟེ་སྡོང་པོ་ལ་བརྟོད་པས་ཐུལ་ཏེ་མཆོངས་རྒྱུག་མི་བྱེད་པ་ལྟར། རྣལ་འབྱོར་པ་ཡང་རྟོགས་པའི་ངང་ལ་མཉམ་པར་གཞག་པས་སེམས་ལ་དབང་ཐོབ་པར་འགྱུར་བ་ཡིན་ནོ། །དབང་ཐོབ་པ་དེ་ཉིད་ཐམས་ཅད་དུ་རང་སྣང་བ་ནི། ཆོས་ཐམས་ཅད་ཀྱི་རྩ་བ་ནི་རང་གི་སེམས་ཡིན་ལ་དེ་ནི་ཡོད་པ་དང་མེད་པའི་མཐའ་ཐམས་ཅད་ཀྱིས་སྟོངས་པའི་ཕྱིར་སེམས་ཉིད་ནི་དོན་དམ་པའི་བདེན་པ་ཡིན་ལ། དེ་ཉིད་ཀུན་རྫོབ་ཏུ་ཆོས་རྣམས་མ་ལུས་པ་ཀུན་གྱི་རྩ་བ་ཡིན་ཏེ། སེམས་མ་རྟོགས་པ་ལས་འཁོར་བ་བྱུང་ཞིང་རྟོགས་པ་ལས་ཡེ་ཤེས་སུ་སྣང་བའི་ཕྱིར། དཔེ་ན་ག་བུར་གཅིག་ཉིད་ཚ་གྲང་གི་ནད་ལ་སྨན་དུག་གཉིས་སུ་འགྱུར་བ་བཞིན་ནོ། །དེས་ན་གཅིག་ཏུ་མ་ངེས་པ་ལས་སེམས་ཉིད་རྟོགས་ཤིང་ལེའུ་བཞི་པ་ལྟར་ཡི་གེའི་སྣང་བྱེད་ལ་གོམས་པས་ཡེ་ཤེས་སུ་སྣང་བའི་རང་བཞིན་ཡིན་ཏེ། ཡི་གེའི་སྣང་བྱེད་ལས་འོག་ནས་འབྱུང་བའི་བསྒྲུབ་བྱ་དངོས་གྲུབ་གཉིས་འགྲུབ་པའི་ཕྱིར་དཔེར་ན་ཡིད་བཞིན་གྱི་རིན་པོ་ཆེ་ལས་དགོས་འདོད་སྤྲིན་ཕུང་ལྟར་འབྱུང་བ་བཞིན་ནོ། །དེའི་ཕྱིར་དེ་ལས་དཀྱིལ་འཁོར་བསྒོམ་པ་ནི། ཐབས་ལས་ཞེས་རྩ་བའི་ཐབས་ཏེ། དེ་ནི་ལེའུ་བཞི་པ་ལྟར་སེམས་ཉིད་ཡི་གེར་སྣང་བའོ། །ཐབས་བྱུང་ཞེས་གཞིའི་ཐབས་ཏེ་ལེའུ་དྲུག་པ་དང་བདུན་པ་ལྟར་ཡི་གེ་ལས་རྟེན་གཞལ་ཡས་སུ་བསྐྱེད་པའོ། །ཐབས་བསམ་ཡས། །ཞེས་པ་བསམ་གྱིས་མི་ཁྱབ་པའི་ཐབས་ཏེ། དེ་ནི་ལེའུ་བཞི་པ་ལྟར་གསུང་ཡིག་འབྲུ་དང་། དྲུག་པ་ལྟར་ཐུགས་ཕྱག་མཚན་དང་། བདུན་པ་ལྟར་སྐུ་རྫོགས་པའི་སྒོ་ནས་བརྟེན་པ་ལྷ་བསྐྱེད་པའོ། །དེ་དག་ཀྱང་སེམས་སུ་གཅིག་པས་ཐ་དད་མིན་ལས་བློ་དམན་པས་དུས་གཅིག་ཏུ་མི་ལྕོགས་ཤིང་རིམ་པར་སྣང་བས་ཐ་དད་པའི། ནང་དང་ཞེས་གོང་ལྟར་བསྐྱེད་པའི་བརྟེན་པའི་ལྷའོ། །ནང་གི་ཕྱི་རོལ་གྱི། །ཞེས་པ་རྟེན་གཞལ་ཡས་སོ། །དཀྱིལ་འཁོར་ཞེས་པ་ལྷག་པ་ཏིང་ངེ་འཛིན་གྱིའོ། །བསམ་ཡས་ཞེས་པ་དེའི་བཀོད་པའི་ཁྱད་པར་དང་ཆེ་བའི་ཡོན་ཏན་ནོ། །ཡེ་ཤེས་རོལ། །ཞེས་པ་རྟོག་པ་ཡེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན་པ་ལ་ཏིང་ངེས་དེ་ལྟར་བསྐྱེད་པས་ཡེ་ཤེས་ལ་ཡེ་ཤེས་རོལ་པ་ཞེས་བྱའོ། །དེ་ལ་འཁོར་བ་དང་གཡང་སའི་འཇིགས་པ་མེད་དེ། སྤྱོད་ཡུལ་ཀུན་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དག་པའི་ཕྱིར་བཟང་པོ་ཡིན་ལ། དེ་ལས་མི་འདའ་བས་ཕྱག་རྒྱ་སྟེ་དེའི་དོན་མཐར་ཕྱིན་པས་མཆོག་ཡིན་ནོ། །དེས་རྟོག་པ་དཀར་བའི་ཕྱིར་བླང་དོར་མེད་པ་ནི། ཡེ་ཤེས་ལ་ཡེ་ཤེས་རོལ་པ་གོང་གི་ཐབས་གསུམ་པོ་དེ་ཉིད་ཅི་ལས་སྣང་ཞེ་ན། ས་བོན་དང་སྐྱེད་སྔགས་དང་སྐུ་རྫོགས་པའི་ཡེ་ཤེས་རྣམས་སེམས་ལས་གཞན་མ་ཡིན་ཏེ། རང་གི་སེམས་ཉིད་ཡེ་ཤེས་སུ་སྣང་བའི་ཕྱིར་ཏེ། མིང་ཞེས་ས་བོན་དང་ཚིག་ཅེས་སྐྱེད་སྔགས་དང་། གཟུགས་ནས་སྐུ་རྫོགས་པ་ལ་སོགས་པ་རྣམས་སེམས་སུ་གཅིག་པའི་ཕྱིར། གཅིག་ལས་འདོད་རྒུར་སྒྱུར་བ་ནི་དཔེར་ན་ཡིད་བཞིན་གྱི་རིན་པོ་ཆེ་ལས་དགོས་འདོད་འབྱུང་བའམ། མུན་པ་མཐུག་པོ་ལ་སྒྲོན་མེའི་སྣང་བ་འབྱུང་བ་ཇི་བཞིན་དུའམ། གཞན་དུ་འགྱུར་བས་དཔེ་གཞན་ཡང་ལྕགས་ལས་གསེར་འགྱུར་གྱི་རྩི་ཡིས་གསེར་དུ་བསྒྱུར་བ་དང་། དུག་ལས་དུག་འགྱུར་གྱི་རྩི་ཡིས་དུག་སྨན་གྱི་རང་བཞིན་དུ་འགྱུར་བའི་ཚུལ་བཞིན་ནོ། །དེ་ལ་འདྲིས་པར་བསླབ་པ་ནི། སྔགས་ཀྱི་ཡན་ལག་དང་ལྡན་པས་ཕྱག་རྒྱ་གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་གསལ་བ་ལ་ཡུལ་གྱིས་མི་འཕྲོགས་པ་ལ་བློར་རབ་ཏུ་བརྟན་པ་ཐོབ་ན། འོག་ནས་འབྱུང་བའི་དངོས་གྲུབ་རྣམས་ངོ་བོ་གྲུབ་མེད་བཞིན་སྒྲུབ་པ་པོའི་ངོ་ལ་སྣང་བའི་ཕྱིར་ཡ་མཚན་ཆེན་པོ་ཐོབ་པར་འགྱུར་ཞེས་བྱའོ། །དེ་གང་ཞེ་ན་དང་པོ་ཐུན་མོང་གི་དངོས་གྲུབ་ནི་གང་ཞིག་ལྷ་ཆེན་པོའི་ཆུང་མ་ལ་སོགས་འཇིག་རྟེན་པ་གཙོར་སྒྲུབ་པ་གཅིག་ཡིན་ནོ། །འདི་འཆད་པ་ལ་སྤྱིར་རྒྱུད་ཀྱི་བཤད་ཐབས་དུ་མ་ཡོད་པ་ལས་འདི་ནི་རྒྱུད་བདག་ཉིད་ཀྱིས་བདག་ཉིད་བཤད་པ་ཞེས་བྱ་སྟེ། འདིའི་ཚིག་རེ་རེའང་བཤད་རྒྱུད་ཀྱི་ལེའུ་འགའ་ཞིག་གིས་སྟོན་པའི་ཕྱིར་རོ། །འདི་ཡང་གྲོལ་ལམ་གྱི་དབང་དུ་དང་། ཐབས་ལམ་གྱི་དབང་དུ་བཤད་པ་གཉིས་ལས། དང་པོ་ནི། རྒྱུད་ཀྱི་བཤད་ཐབས་དང་མཐུན་པར་རྒྱུད་ཀྱིས་རྒྱུད་འཆད་པ་ཡིན་ཏེ། འདི་ལྟར་བདུད་རྩིར་འགྱུར་ཞིང་ཞེས་པ། རྒྱས་པའི་ཞེ་བཞི་པ་བདུད་རྩི་སྨན་སྒྲུབ་པ་ནས་ཡི་གེའི་སྒོ་ནས་འཕྲོ་འདུས་དུག་བདུད་རྩིར་འགྱུར་བ་དང་། དེ་ནད་པ་ལ་བྱིན་པས་བསོས་པར་འགྱུར་ཞིང་། འབྱུང་བ་དང་། །ཞེས་པ་ཡི་གེའི་འཕྲོ་འདུ་ལས་འདོད་བྱ་གཞན་ཡང་ཇི་ལྟར་དམིགས་པར་འབྱུང་བའོ། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ཞེས་པ་དུག་བདུད་རྩིར་བསྒྲུབས་པ་དེ་ཟོས་པས་སམ། ཡང་ན་ནད་པའི་ལུས་ལ་ཡི་གེ་བཀོད་དེ་འཕྲོ་འདུའི་སྒོ་ནས་ནད་ཞི་བར་བསམ་ན་ཞི་བར་འགྱུར་རོ། །ལོངས་སྤྱོད་འབྱུང་ཞིང་ཞེས་ཏྲཾ་ལས་རིན་པོ་ཆེའི་གཏེར་དུ་བསམ་པའམ། ཡང་ན་ཡི་གེའི་འཕྲོ་འདུ་ལས་མཆོད་པའི་བྱེ་བྲག་ཏུ་བསམས་ན་དེའི་འབྲས་བུ་ལོངས་སྤྱོད་འབྱུང་བའོ། །གཞན་ཡང་འཕྲོ་འདུའི་སྒོ་ནས་ངན་སོང་གི་སྒྲིབ་པ་སྦྱོང་བར་བསམས་ན་དེ་བྱང་བར་འགྱུར་རོ། །ཅི་ཡང་གཞན་དུ་འགྱུར་བ་ཞེས་སྣང་བ་མི་མཐུན་པ་གཞན་དུ་བསྒྱུར་བ་ནི་སྐམ་ས་ལས་ཆུ་འབྱུང་བ་དང་། བྱེ་མ་གསེར་དུ་དང་། སོལ་བ་ལྗོན་ཤིང་དུ་བསྒྱུར་བ་ལ་སོགས་སོ། །འགྲུབ་ཅེས་པ་རྒྱལ་པོ་ས་འཛིན་དང་། བློན་པོ་ས་འཛིན་དང་། ཞང་བློན་དབང་ཆེན་དང་། དམག་མངས་མཐུ་ཆེན་ལ་སོགས་སོ། །ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་། །ཞེས་པ་སོ་བརྒྱད་པ་རྡོ་རྗེ་སྙིང་པོ་ལས་ཐམས་ཅད་གྲུབ་པའི་རྫུ་འཕྲུལ་བསྒྲུབ་པ་བསྟན་ཏེ། ཇི་སྐད་དུ། དེའི་དབྱིངས་ནས་བྱུང་བ་ནི། །ཞེས་པ་ཨ་ལས་ཧཱུཾ་ཏཾ་མུཾ་དེ་ལས་རྡོ་རྗེའི་བྲག་ཏུ་བསམ་ན་དེར་འགྱུར་བའོ། །འབར་ནས་ཞེས་པ་ཨ་ལས་རཾ་དེ་ལས་ཡེ་ཤེས་ཀྱི་མེས་ཐ་མལ་པའི་མེ་ཡང་འཚིག་པ་དང་། ཡང་ཨ་ལས་བཾ་དེ་ལས་ཡེ་ཤེས་ཀྱི་ཆུར་གྱུར་པར་བསམ་ཞིང་དེའི་རྒྱུན་འབབ་པའང་གོང་གི་མེས་མེ་འཚིག་པ་དེ་བཞིན་ཏེ་ཆུས་ཆུ་ཉིད་དག་པར་བྱེད་དོ། །འཇིག་རྟེན་ཁམས་ནི་ཞེས་པ་འོག་གི་ཕྱོགས་སུ་ཨ་ལས་ཡཾ་དེ་ལས་རླུང་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་ཞིང་བསྐྱོད་དེ་འཐོར་བར་བསམས་ན་དེར་འགྱུར་བ་དང་། ཐམས་ཅད་སྟོངས་ཤིང་ཞེས་པ་ས་གཞི་འཇིག་རྟེན་ཐམས་ཅད་ལ། ཡི་གེ་ཞེ་གཉིས་བཀོད་དེ། དེའི་འཕྲོ་འདུ་ལས་ས་གཞི་འོད་དུ་ཞུ་ནས་སྟོངས་ཤིང་ལྟུང་བར་བསམས་ན་དེར་འགྱུར་རོ། །དགུག་དང་ཞེས་པ་དབང་གི་ལས་ཏེ། དེ་ཡང་འཇིག་རྟེན་པ་ཐམས་ཅད་དགུག་ཅིང་དབང་དུ་བྱ་བ་ནི། སོ་བརྒྱད་པ་ཡུལ་ཁམས་དང་། ཞེ་ལྔ་པ་རྒྱལ་པོའི་ཆུང་མ་དང་། ལྷ་ཆེན་པོ་གཞན་གྱི་ཆུང་མ་དབང་དུ་བྱ་བ་དང་། གཞན་ཡང་རེ་ལྔ་པའི་པྲ་བསྒྲུབ་པ་དང་། རེ་དྲུག་པའི་ལྷ་ཆེན་པོ་བསྒྲུབ་པ་དང་རྒྱལ་པོ་ཆེན་པོ་བསྒྲུབ་པ་རྣམས་སོ། །བཏང་ཞེས་པ་དྲག་པོའི་ལས་ཏེ་བཀུག་པ་དེ་བཏང་བའམ། སོ་བརྒྱད་པའི་དགྲ་བགེགས་གླིང་ཁམས་གཞན་དུ་བཏང་བ་དང་། བདག་གི་གནས་ན་ཀླུ་ཡོད་པ་བསྐྲད་པའོ། །བཅིང་ཞེས་པ་དབང་གི་ལས་ཏེ་འཇིག་རྟེན་ལས་འདས་པ་དགུག་ཅིང་བཅིང་བ་ནི། སོ་དགུ་པའི་སྟོད་རིགས་ལྔ་བསྒྲུབ་པ་དང་། ཞེ་གཉིས་པ་རིགས་ལྔའི་བྱིན་དབབ་ཅིང་དགུག་པ་དང་། ལྷ་ཞེ་གཉིས་པོ་ཐམས་ཅད་ཀྱི་དང་། སེམས་མ་བཞིའི་བྱིན་དབབ་ཅིང་བཅིང་བ་སྟེ་འདི་རྣམས་མཆོག་གི་ཡིན་ནོ། །དགྲོལ་ཞེས་པ་ཞི་བའི་ལས་ཏེ། བདག་གི་སྡེ་པ་བྱད་དུ་བཅུག་པ་དང་། ཞེ་དྲུག་པ་གཟུངས་མ་ཀླུའི་བྱད་དུ་བཅུག་པ་དགྲོལ་བའོ། །གསོ་དང་ཞེས་པ་རྒྱས་པའི་ལས་ཏེ། ན་བ་དང་། ཤི་བ་དང་། སྲིའུ་དང་། ལོ་ཏོག་གསོ་བ་ལས། དང་པོ་ནི་དུག་དང་གདོན་གྱིས་ཟིན་པ་ལ་ཡི་གེའི་འཕྲོ་འདུས་ནད་ཕྱིར་བྱུང་བར་བསམས་ཤིང་གསོ་བ་ནི་ཞེ་དྲུག་པ་ཀླུའི་ནད་གསོ་བ་ལ་སོགས་སོ། །གཉིས་པ་བར་མ་དོའི་ཤེས་པ་འོད་ཀྱིས་དགུག་ཅིང་བསྟིམས་ཏེ་གསོ་བ་ནི། ཞེ་དྲུག་པ་ཁྲོ་བོ་རོ་ལངས་བསྒྲུབ་པ་དང་། བདུན་ཅུ་པ་ཞུན་ཆེན་བསྒྲུབ་པའོ། །གསུམ་པ་ནི་རེ་དྲུག་པ་འགྲོ་བ་རིགས་དྲུག་གི་ཚེ་ཉམས་པ་གསོ་བ་ལ་སོགས་པའོ། །བསད་ཅེས་པ་དྲག་པོའི་ལས་ཏེ། ང་དྲུག་པ་ཁྲོ་བོ་གསང་བ་ཉེ་བར་སྒྲུབ་པའི་སྒོ་ནས་བར་དུ་གཅོད་པའི་བགེགས་དང་བསྟན་པ་འཇིག་པའི་དགྲ་བས ད་པའོ། །འཕམ་དང་ཞེས་པ་དྲག་པོའི་ལས་ཏེ། གཞན་གྱི་གཡུལ་ནི་ཡུམ་གྱི་མཁའ་ལས་མཐའ་ཡས་ཀྱི་སྤྲོས་པས་ཕ་རོལ་གྱི་རྒྱུད་ལ་ཐིམ་པས་མྱོས་ཏེ་འཕམ་པར་བསམས་ན་དེར་འགྱུར་རོ། །རྒྱལ་ཞེས་པ་རྒྱས་པའི་ལས་ཏེ། བདག་གིས་གཡུལ་རྒྱལ་བ་ཡང་འཕྲོ་འདུས་འགྲུབ་པའོ། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་པ་ཕྱག་རྒྱ་ཞིག་སྤྲོས་ལ་བརྟན་པ་ཐོབ་པས་འདི་དག་དང་དངོས་སུ་འགྲུབ་པའོ། །གཉིས་པ་དེ་དག་ཐབས་ལམ་དུ་བཤད་པ་ནི། ཚིག་གོང་འོག་བསྒྱུར་ཏེ་འོག་ནས་ནམ་མཁའ་ཞེས་པ་ཀླད་པ་བདེ་ཆེན་གྱི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་དང་ལྡན་པའི་ཐིག་ལེ་བསྒོམ་པའོ། །རྡོ་རྗེ་ཞེས་པ་དེའི་བདེ་བ་དང་སེམས་ཉིད་དབྱེར་མི་ཕྱེད་པའོ། །སྲ་འབྱུང་ཞིང་། །ཞེས་པ་དེ་ལ་སྐྱེ་འཇིག་མེད་པའོ། །འབར་ནས་ཞེས་པ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འདབ་མ་བཅུ་དྲུག་དང་ལྡན་པའི་ཐིག་ལེ་བསྒོམས་པས་རོ་དྲུག་གི་བདེ་བ་མེ་ལྟར་དུ་འབར་བའོ། །འཚིག་པ་དང་། །ཞེས་པ་དེས་ཐ་མལ་པའི་རྟོག་པ་མི་གནས་པར་བསྲེག་པའོ། །ཆུ་རྒྱུན་འབབ་པའང་དེ་བཞིན་ཏེ། །ཞེས་པ་སྙིང་ག་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་དང་ལྡན་པའི་ཐིག་ལེ་བསྒོམས་པས་བདེ་གསལ་མི་རྟོག་པའི་ཡེ་ཤེས་རྒྱུན་ཆད་མེད་པའོ། །འཇིག་རྟེན་ཁམས་ནི་ཞེས་པ་ལུས་ཀྱི་སྲིད་པ་ལྟེ་བ་ནས་སྐྱེད་པས་འཇིག་རྟེན་ནོ། །དེ་ནས་ལྟེ་བ་སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞིའི་ཐིག་ལེ་བསྒོམས་པས། འཐོར་བ་དང་། །ཞེས་པ་སྤྱོད་ཡུལ་ལྷར་གསལ་བས་ལུས་ངག་ཡིད་གསུམ་གྱི་རྟོག་པ་མི་གནས་པར་བྱེད་པའོ། །དེ་ལྟར་འཁོར་ལོ་བཞིའི་བདེ་བ་རིམ་པར་བསྒོམས་ཏེ་རླུང་ལ་དབང་ཐོབ་ཅིང་བྱང་ཆུབ་ཀྱི་སེམས་ལས་སུ་རུང་བ་དང་། འོག་སྒོ་ཉམས་སུ་བླང་བར་བྱ་བ་ནི་ཚིག་བསྒྱུར་ཏེ་གོང་ནས་བདུད་རྩི་འགྱུར་འགྱུར་ཞིང་ཞེས་པ། ཡབ་ཡུམ་གྱི་ཐིག་ལེ་དེ་ཐབས་ཀྱིས་ཟིན་པར་བྱས་པས་བདུད་རྩིའོ། །འབྱུང་བ་དང་། །ཞེས་པ་བདེ་བའི་ཡོན་ཏན་ནོ། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ཞེས་པ་ཐིག་ལེ་སླར་ལྡོག་པའམ། ཡང་ན་གསང་དབང་གི་དུས་སུ་ལོངས་སྤྱད་པའི་ཡོན་ཏན་ནོ། །ལོངས་སྤྱོད་འབྱུང་ཞིང་ཞེས་པ་གསང་བའི་འདོད་ཡོན་རྫོགས་པའོ། །ངན་སོང་སྦྱོང་། །ཞེས་པ་གསང་དབང་བསྐུར་བས་སོ། །ཅི་ཡང་གཞན་དུ་འགྱུར་བ་འགྲུབ། །ཅེས་པ་ནམ་མཁའ་ལ་འགྲོ་བ་དང་ཁ་དོག་གསལ་བ་དང་ཚེ་རིང་བ་ལ་སོགས་པའི་ཡོན་ཏན་རྣམས་སོ། །ཡོན་ཏན་གཞན་ཡང་ནམ་མཁའ་རྡོ་རྗེ་ཞེས་པ་བུད་མེད་ཀྱི་མཁའ་ལ་རྡོ་རྗེ་བསྒོམས་ན་སྐྱེས་པར་འགྱུར་བའོ། །འབར་ནས་མེ་ཡང་འཚིག་པ་དང་། །ཞེས་པ་ཐིག་ལེ་བདེ་བར་འབར་བས་རྟོག་པ་སྲེག་པར་བྱེད་པའོ། །ཆུ་རྒྱུན་འབབ་པའང་དེ་བཞིན་ཏེ། །ཞེས་པ་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ཐབས་ཀྱིས་ཟིན་པའི་ཡོན་ཏན་གོང་བཞིན་ནོ། །འཇིག་རྟེན་ཁམས་ནི་འཐོར་དང་། །ཞེས་ཐིག་ལེའི་བདེ་བ་རྩ་གནས་ཀུན་ཏུ་ཁྱབ་པའོ། །ཐམས་ཅད་སྟོངས་ཤིང་ལྟུང་བར་འགྱུར། །ཞེས་པ་བྱང་ཆུབ་སེམས་ཀྱི་བདེ་བས་རྟོག་པ་ཐམས་ཅད་མི་གནས་པར་བྱེད་པའོ། །དགུག་དང་ཞེས་བྱང་ཆུབ་སེམས་ཐིག་ལེ་རྩ་གནས་ནས་དབབ་པའོ། །བཏང་དང་ཞེས་རྡོ་རྗེ་དང་པདྨའི་རྩེ་མོ་རུའོ། །བཅིང་དང་ཞེས་དེར་གཟུང་ཐབས་ཀྱིས་ཐིག་ལེ་གཉིས་རྩེ་སྲད་དེ་རྒྱས་གདབ་པའོ། །དགྲོལ་ཞེས་སོ་སོར་ཕྱེ་སྟེ་ལྡོག་པའི་ཐབས་ཀྱིས་རང་གི་གནས་སུ་ལྡོག་པའོ། །གསོ་དང་ཞེས་ཀླད་པའི་ཐིག་ལེ་བསོས་ཏེ་སྔོན་གྱི་གནས་ཕྱི་མོ་དང་འཕྲད་པའོ། །བསད་དང་ཞེས་དེས་ཐ་མལ་གྱི་རྟོག་པ་མི་གནས་པར་རོ། །འཕམ་དང་ཞེས་རྟོག་པའི་གཡུལ་ལོ། །རྒྱལ་ཞེས་ཡེ་ཤེས་ཀྱི་གཡུལ་ལོ། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་པ་སྒྱུ་འཕྲུལ་དྲྭ་བ་ཐབས་ལམ་གྱི་ཏིང་ངེ་འཛིན་འདི་ལས་སུ་རུང་ནས་བསྒྲུབ་བྱ་མ་ལུས་པ་འགྲུབ་པར་འགྱུར་རོ་བྱ་བའི་ཐ་ཚིག་གོ། །མཆོག་གི་དངོས་གྲུབ་ནི། གང་ཞིག་རྡོ་རྗེ་སེམས་དཔའ་ལ་སོགས་འདས་པ་གཙོ་བོར་བསྒྲུབ་པ་སྟེ། དེ་ནི་རྣལ་འབྱོར་གྱི་མངོན་སུམ་དུ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་མ་ལུས་པའི་བདག་ཉིད་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་རྣམ་པ་ཅན་དུ་མངོན་དུ་གྱུར་པ་ནི་བདག་དོན་གྲུབ་པའི་ཚུལ་ཡིན་ལ། དེ་ཉིད་དངོས་པོར་མ་གྲུབ་སྟེ་ཆོས་ཀྱི་སྐུའི་རང་བཞིན་ལས་མ་གཡོས་པར་གདུལ་བྱ་དག་པ་ལ་གཟུགས་སྐུའི་གཟུགས་བརྙན་དུ་ཡོན་ཏན་ཟད་མི་ཤེས་པ་རྒྱན་གྱི་འཁོར་ལོར་སྣང་བས། གདུལ་བྱ་རང་གིས་འདོད་པ་གྲུབ་པ་ནི་གཞན་དོན་མཛད་པའི་ཚུལ་ཡིན་ནོ། །དེ་ལའང་མདོ་རྒྱས་སུ་འཇོག་པའི་འཐད་པ་ཚིག་མང་ཉུང་ལ་མཛད་པ་ཡང་ཡོད་མོད་ཀྱི། འདིར་རང་དོན་དུ་སངས་རྒྱས་པ་ལས་རང་བཞིན་གཉིས་ཀའི་དོན་གྲུབ་པ་ནི་ལྷག་པར་རྒྱས་པ་ཡིན་ཞེས་གསུངས་ངོ་། །རྒྱུད་དོན་རྣམ་ངེས་ལས་ལེའུ་ལྔ་པའི་རྣམ་པར་བཤད་པའོ།། ༈ །།ལེའུ་དྲུག་པའི་ལོ་རྒྱུས་སུ་བརྗོད་པའི་སྐབས་སུ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ་ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་འབྱུང་བར་བཞེད་ནས་ཞེས་པ་ལ། ཁ་ཅིག་རྒྱུད་དྲུག་གི་འགྲོ་བ་འདི་དག་སྟོན་པའི་འཁོར་ཡིན་ནམ་མ་ཡིན། དང་པོ་ལྟར་ན་འགྲོ་བ་རྣམས་མ་དག་པ་མ་ཡིན་པར་འགྱུར་ཏེ། སྟོན་པའི་འཁོར་ཡིན་པའི་ཕྱིར། གཉིས་པ་ལྟར་ན་གཞུང་དང་འགལ་ལོ་ཞེ་ན། དངོས་ཀྱི་འཁོར་མ་ཡིན་པས་ཉེས་པ་དང་པོ་མེད་ལ། བརྒྱུད་པའི་སྒོ་ནས་ཡིན་པས་གཞུང་དང་མི་འགལ་བ་ཡིན་ནོ། །རང་བཞིན་གྱི་དཀྱིལ་འཁོར་ནི། གང་ཞིག་བློ་ཆེ་བ་ཅིག་ཅར་བས་ཤེས་བྱ་ཐམས་ཅད་དཀྱིལ་འཁོར་གྱི་རང་བཞིན་དུ་རྟོགས་ཤིང་བསྒོམ་པ་ཡིན་ཏེ། གང་ཞེ་ན། ཡེ་ཤེས་ཞེས་པ་ཆོས་ཐམས་ཅད་གསལ་ལ་རྟོག་པ་མེད་པ་མེ་ལོང་ལྟ་བུ་དང་། མཉམ་རྒྱུ་ཆོས་ཅན་མཚན་མ་སྣ་ཚོགས་རྣམས་མཉམ་པ་ཆོས་ཉིད་མཚན་མེད་དུ་མཉམ་པ་མཉམ་པ་ཉིད་དང་། རང་རང་གི་མཚན་ཉིད་མ་འདྲེས་པ་སོ་སོར་རྟོག་པ་དང་། རང་རིག་ལ་ཡོན་ཏན་ལྷུན་གྱིས་གྲུབ་པ་བྱ་བ་གྲུབ་པ་དང་། དེ་ལྟར་ཡེ་ཤེས་བཞི་ནི་ཤར་ལ་སོགས་པ་ཕྱོགས་བཞི་ཡིས་མཚོན་ཅིང་། དེ་དག་གཅིག་པ་དང་ཐ་དད་པ་ལ་སོགས་མཐའ་གང་དུ་ཡང་མ་གྲུབ་པར་སྟོང་པ་ཉིད་ཀྱི་མཚོན་བྱེད་དུ་དབུས་དང་ལྔར་བརྟགས་ཏེ། དེ་ལྟར་ཡེ་ཤེས་ལྔའི་དཀྱིལ་འཁོར་དེ་ཕྱོགས་སུ་འཛིན་པའི་བློས་བསམ་པའི་ཡུལ་ལས་འདས་ཏེ། མཐའ་ཡས་པའི་ཆོས་ཐམས་ཅད་ཀྱི་ཁྱབ་བྱེད་ཡིན་པའི་ཕྱིར་རོ། །འོ་ན་དེ་ལམ་པའི་བསྒོམ་བྱ་མ་ཡིན་པ་འགྱུར་ཏེ། བློའི་ཡུལ་དུ་མ་གྲུབ་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ལྷུན་གྲུབ་ཅེས་པ་མཐའ་བྲལ་རྟོགས་པའི་བློ་ལ་ལྟོས་ཏེ་ཆོས་ཐམས་ཅད་ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་རང་རིག་ལ་ལྷུན་གྱིས་གྲུབ་པའོ། །ནི་ཞེས་པ་དེ་གང་གི་ཡུལ་ཡིན་པ་སྟེ་འདི་ནི་གྲུབ་པ་མཐའ་འཛིན་གྱི་རྫོགས་པ་ཆེན་པོ་མ་ཡིན་ཏེ། མ་ཧཱའི་ལྟ་བ་ཡིན་པའི་ཕྱིར་རོ། །འོ་ན་གང་ཞེ་ན་ངོ་བོ་དོན་གྱི་རྫོགས་པ་ཆེན་པོ་སྟེ་འབྲུ་བསྒྱུར་ལ་ཆོས་ཐམས་ཅད་ཡེ་ཤེས་ཆེན་པོ་ལྔར་རྫོགས་པའི་དོན་རྟོགས་ཤིང་། དེའི་ངང་ལ་གནས་པའི་ཕྱིར་རྣལ་འབྱོར་པས་ཏེ་དེའི་བློ་ངོ་ན་སྣང་སྤྱོད་ཀུན་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གསལ་བའོ། །དེ་ལྟ་བུའི་ཡུལ་ཡིན་ལ་ཆེན་པོ་ཞེས་པ་ལྷག་པ་ཏིང་དཀྱིལ་ལས་ཁྱད་པར་དུ་གྱུར་པས་སོ། །སྤྱོད་ཅེས་པས་ལྟ་བས་ཇི་ལྟར་རྟོགས་པ་བཞིན་དུ་སྟེ། ཇི་སྐད་དུ་བཅུ་གཅིག་པ་ལས། སྤྱོད་པ་ཅི་ལའང་ཐོགས་མེད་སྤྱོད། །ཅེས་པ་བཞིན་ནོ། །ལྷག་པ་ཏིང་དཀྱིལ་ནི། དེ་ལྟར་བློས་མ་ལྕོགས་ཤིང་རིམ་གྱིས་པའི་བསྒོམ་བྱ་འདི་ཡིན་ཏེ། འདི་སྟོན་པ་ལ་བཤད་ཚུལ་ཉེས་པའི་སྐྱོན་བརྒྱད་ལས། འདིར་མངོན་པར་རྟོགས་པའི་རིམ་པ་བསྒྲིག་མ་ཤེས་ན་བདུད་རྩི་རོ་ཉམས་ཀྱི་སྐྱོན་སྤངས་ནས། བཤད་ཚུལ་ལེགས་པའི་ཡོན་ཏན་ལས་ཀྱང་ཕྲིན་ལས་ལག་ཏུ་ལོན་པར་བྱ་བའི་ཕྱིར་མངོན་རྟོགས་ལས་སྡེབ་ཀྱི་བཤད་པའོ། །དེའི་རྒྱུ་མཚན་ཡང་རྒྱུད་དང་ལག་ལེན་འབྲེལ་བ་བཞི་དང་ལྡན་ཏེ། གང་ཞེ་ན། རྒྱུད་སྒྲུབ་ཐབས་དང་འབྲེལ་ལ། དེ་གདམས་ངག་དང་འབྲེལ་ཞིང་། དེ་ཆོག་ཡིག་དང་འབྲེལ་ཏེ། དེ་བླ་མའི་ཕྱག་བཞེས་དང་འབྲེལ་དགོས་པའི་ཕྱིར་རོ། །འདི་ལ་ཡང་སྲོལ་གཉིས་ཏེ། ཡོངས་གྲགས་ཞེས་བྱ་སྟེ་རྒྱུད་གཞུང་སྤྱིའི་རྣམ་གཞག་གི་ལག་ལེན་གཙོར་འཛིན་པ་དང་། བཀའ་མ་ཞེས་བྱ་བ་རང་གི་བླ་མའི་ཕྱག་བཞེས་དང་ཞལ་གདམས་གཙོར་འཛིན་པ་གཉིས་ལས། འདིར་ཕྱི་མ་ཡིན་ནོ། །དེ་ལ་རྒྱུད་འདི་ནས་གང་ལ་ཕན་གདགས་པས་འདུལ་བ་དང་། གདུལ་དཀའ་དྲག་པོས་འདུལ་བ་གཉིས་ལས། ཐུགས་རྗེ་ཞི་བ་དང་། བདུད་འདུལ་ཁྲོ་བོའི་མངོན་པར་རྟོགས་པ་གཉིས་སྟོན་ནོ། །དེ་ལས་རྒྱུད་འདིའི་སྟོད་ནས་ཞི་བའི་མངོན་པར་རྟོགས་པ་འབྱུང་ལ། དེ་ལ་ཆོས་བཞི་སྟེ། ཏིང་ངེ་འཛིན་སྔོན་དུ་འགྲོ་བའི་རིམ་པ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཏིང་ངེ་འཛིན་གྱི་རིམ་པ་དངོས་དང་། ཏིང་ངེ་འཛིན་གྱི་འཇུག་གི་རིམ་པའོ། །དང་པོ་ལ་བདུན་ཏེ་ཕྱག་བཞེས་ལྟར་རོ། །གཉིས་པ་ནི་ལམ་ཀུན་གྱི་སྔོན་དུ་འགྲོ་བ་སྟེ་དེ་ལ་ཡང་གཉིས་ལས། འདི་དོན་དམ་སེམས་བསྐྱེད་ཡིན་ཏེ། དེ་ལེའུ་གཉིས་པར་གསུམ་དུ་བསྟན་པའི་དང་པོ་རང་བཞིན་གཞིའི་སེམས་བསྐྱེད་དོ། །གསུམ་པ་ལ་གཉིས་ཏེ། དགོས་ཆེད་དང་། དེ་བསྒོམ་པ་དངོས་སོ། །དང་པོ་ནི་ལམ་རིམ་ལས། སྒྲུབ་པའི་གཙོར་ནི་ཏིང་འཛིན་པས། །ཏིང་འཛིན་འདི་ཡིས་བྱེད་པར་གྱུར། །ཞེས་པ་དང་། འདིའི་ལྔ་པ་ལས། མུན་ལ་སྣང་བྱུང་ཇི་བཞིན་དུ། །འགྱུར་བ་གསེར་འགྱུར་སྨན་གྱི་ཚུལ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ཏིང་ངེ་འཛིན་བསྒོམ་པ་དངོས་ལ་གསུམ་སྟེ། ཏིང་ངེ་འཛིན་གསུམ་བསྒོམ་པ་དང་། དཀྱིལ་འཁོར་བསྒོམ་པའི་ཏིང་ངེ་འཛིན་དང་། ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ནོ། །དང་པོ་ལ་གསུམ་ལས། སྣང་བ་ལ་རང་རྒྱུད་དུ་ཞེན་པ་ཟློག་པའི་ཕྱིར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ལྔ་པ་ལས། དངོས་རྣམས་ཉིད་ན་དངོས་མེད་པར། །རྟོག་པའི་དབང་སྒྱུར་ཏིང་འཛིན་ཡིན། །ཞེས་པའི་དོན་ནོ། །སྟོང་པ་ཕྱོགས་གཅིག་གིས་མཐའ་ལ་ཞེན་པ་བཟློག་པའི་ཕྱིར་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ནི། དེ་ཉིད་ལས། རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཞེས་པའི་དོན་ནོ། །དེ་གཉིས་ཐ་དད་དུ་ཞེན་པ་བཟློག་པའི་ཕྱིར་རྒྱུའི་ཏིང་ངེ་འཛིན་ནི། དེ་ཉིད་ལས། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཅེན་སྤྲིན། །ཞེས་པའི་དོན་ནོ། །གཉིས་པ་དཀྱིལ་འཁོར་བསྒོམ་པ་ལ་གཉིས་ཏེ། གཞིའི་ཐབས་རྟེན་གཞལ་ཡས་ཁང་། བསམ་གྱིས་མི་ཁྱབ་པའི་ཐབས་བརྟེན་པ་ལྷ་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། དབང་ཆེན་ཡུམ་ལྔའི་དཀྱིལ་འཁོར་དང་། གཞལ་ཡས་ཁང་གདན་དང་བཅས་པའོ། །དང་པོ་ནི་རྩ་བའི་ཐབས་སེམས་ཉིད་ཡི་གེར་གསལ་བ་རྒྱུའི་ཏིང་ངེ་འཛིན་གྱི་ཁྱད་པར་ལས། འབྱུང་བ་ལྔའི་ས་བོན་གྱི་ཡི་གེ་རིམ་པར་སྤྲོས་ཏེ། དེ་དག་ལས་འོད་འཕྲོས་པས་ཕྱི་ནང་གི་འབྱུང་བ་དེར་ཞེན་གྱི་རྟོག་པ་སྦྱངས་ཤིང་ཡེ་ཤེས་ཀྱི་འབྱུང་བའི་བཅུད་བསྡུས་པ་ལས། ནམ་མཁའ་མཐིང་ཁ་གྲུ་གསུམ་དང་། རླུང་དཀྱིལ་སྔོ་སྐྱ་ལྗང་གུ་དང་། ཆུ་དཀྱིལ་དཀར་པོ་ཟླུམ་པོ་དང་། ས་དཀྱིལ་སེར་པོ་གྲུ་བཞི་དང་། མེ་དཀྱིལ་དམར་པོ་གྲུ་གསུམ་རྣམས་ཀུན་ཏུ་བཟང་མོ་ལ་སོགས་ཡུམ་ལྔའི་མཁའ་དབྱིངས་རྣམ་པར་དག་པར་གསལ་བའོ། །གཉིས་པ་ནི་རྒྱུ་ཏིང་ལེའུ་བཞི་པའི་ཨ་ལས་ལེའུ་བདུན་པའི་བྷྲཱུཾ་ཆད་དེ་འཕྲོས་པས་རྒྱལ་བ་མཆོད་ཅིང་སེམས་ཅན་གྱི་ཡུལ་དང་གནས་ལ་དེར་ཞེན་པའི་རྟོག་པ་སྦྱངས་ཏེ། བསྡུས་པས་རྒྱལ་བའི་ཞིང་ཁམས་དང་གཞལ་ཡས་ཀྱི་བཅུད་འདུས་པ་ལས། བདུན་པའི་སྐྱེད་སྔགས་ཀྱིས་གཞལ་ཡས་བསྐྱེད་ལ། དེ་གསལ་གདབ་པ་ནི་འཁོར་ལོ་རྩིབས་བཞི་ཞེས་པ་ལ་སོགས་དཀྱིལ་འཁོར་དོན་རྟགས་ཀྱིས་བཤད་པ་སྟེ་གཞུང་བརྟག་ཅིང་། དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །ཞེས་པ་ལ། ཁ་ཅིག་ལྷ་བསྐྱེད་ནས་བརྒྱན་ན་དེ་ཡན་ཆད་དུ་བསྐྱེད་པར་བཤད་པ་མེད་ལ། མ་བསྐྱེ་པར་བརྒྱན་ན་ལེའུ་བདུན་པའི་སྐྱེད་སྔགས་རྣམས་མི་དགོས་པར་འགྱུར་རོ་ཞེ་ན། ལན་ནི་སྤར་ཁབ་ལྟར་ལྷ་བཞི་བཅུ་རྩ་གཉིས་ཀྱི་ཆ་བྱད་ཅན་གྱི་སྤྲུལ་པའི་འཕྲོ་འདུས་བརྒྱན་པར་མངོན་ནོ། །དེ་ལྟར་ཡིན་ཀྱང་རྒྱན་ལ་གསུམ་སྟེ། བདག་པོའི་དང་། བདག་ཉིད་ཀྱི་དང་། ངོ་བོའི་རྒྱན་ནོ། །དང་པོ་ནི་ནང་གི་རྒྱན་གདན་ས་བཞི་བཅུ་རྩ་གཉིས་ཏེ་འོག་ཏུ་འཆད་དོ། །གཉིས་པ་ནི་ཕྱིའི་རྒྱན་ཏེ། རྔམ་གློག་ལས། དཔག་བསམ་ཤིང་དང་རིན་ཅེན་འབར། །ཡིད་བཞིན་ནོར་བུའི་རྒྱན་གྱིས་མཛེས། །ཞེས་པ་དང་། ཡང་། ཡེ་ནས་མཉམ་ཉིད་མི་གཡོའི་ཕྱིར། །ཏ་ལའི་ལྗོན་ཤིང་རང་བཞིན་གནས། །ཞེས་པ་དང་། རྒྱས་པ་ལས། ཞབས་དང་མ་ཆགས་ཟ་ར་ཚགས། །ཞེས་པ་ལ་སོགས་དང་། ཐམས་ཅད་ལ་ནི་དབང་སྒྱུར་ཕྱིར། །འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་བསྐོར། །ཞེས་པ་ལ་སོགས་སོ། །འོ་ན་དེ་དག་གིས་ལེའུ་དང་པོ་ལྟར་རང་བཞིན་གྱི་དཀྱིལ་འཁོར་འོག་མིན་ན་ཡོད་པ་ལ་བརྒྱན་ནམ། དྲུག་པ་འདི་ལྟར་ལྷག་པ་ཏིང་དཀྱིལ་རིག་པ་ལ་བསྐྱེད་པ་ལ་བརྒྱན་ནམ། དགུ་པ་ལྟར་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བཞེངས་པ་ལ་བརྒྱན་ཞེ་ན། སྤྱན་འགྲེལ་ལས་ཇི་སྐད་དུ། དེ་བས་ན་རང་བཞན་གྱིས་ཀྱང་འདི་ལྟར་བཞུངས་ཤིང་དྲི་བ་ཡང་འདི་ཁོ་ན་ལྟར་ལ། བསྒོམ་པ་ཡང་དེ་བཞིན་ནོ་ཞེས་པས་གསུམ་ཆར་ལ་བརྒྱན་ལ་བརྒྱན་པ་ཡིན་ནོ། །ཐ་མ་ནི་གང་གཞལ་ཡས་ཡིན་པ་ལ་ངོ་བོ་ཉིད་ཀྱིས་མཛེས་པར་གྲུབ་བྱས་ཏེ། དཔེར་ན་གསེར་ཡིན་ལ་ངོ་བོ་ཉིད་ཀྱིས་སེར་པའམ་ཁྱེའུ་དང་བུ་དང་བུ་མོ་འབྲས་ལེགས་པར་གྲུབ་ན་ངོ་བོ་ཉིད་ཀྱིས་གཟུགས་མཛེས་པ་གྲུབ་པ་བཞིན་ནོ། །དེ་ལྟར་ཡང་རྒྱ་མཚོ་ལས། ཡོན་ཏན་ལྔ་ཡི་བདག་ཉིད་དེ། །མ་སྤངས་རྒྱན་སོགས་གཞལ་ཡས་ཁང་། །ཞེས་པ་བཞིན་ནོ། །དེ་ལས་འདི་ནི་བདག་པོའི་རྒྱན་གདན་སར་ལྷ་བཞི་བཅུ་རྩ་གཉིས་ཀྱིས་སོ། །འོ་ན་ལྷ་ད་རུང་མ་གྲུབ་བོ་ཞེ་ན། རང་བཞིན་གྲུབ་པའི་དབང་དུ་ནི་ལྷ་དང་གཞལ་ཡས་ཁང་ལ་དུས་སྔ་ཕྱི་མེད་དེ། དཔེར་ན་དྲི་མ་གང་ཡོད་ན་ཁོའི་གནས་ཀྱང་ཡོད་པ་བཞིན་ནོ། །འདིར་སྔ་ཕྱི་ནི་ལམ་པ་བློ་ཆུང་བས་དུས་གཅིག་ཏུ་མི་ལྕོགས་པའི་དབང་དུ་སྟེ་ཕྱིས་འབྱུང་བ་ལ་དགོངས་པའོ། །དེར་གདན་ཇི་ལྟར་འགོད་པ་ནི། ཕོ་བྲང་གི་དབུས་ན་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན་ནོ། །དེའི་སྟེང་དུ་རིགས་ལྔ་ལ་ལྔ་བརྩེགས་ཏེ། འོད་རིམ་ལས། ཕོ་བྲང་དབུས་ཀྱི་ལྟེ་བ་ལ། །མི་འཇིགས་སེང་གེ་བརྒྱད་དང་ལྡན། །ཤར་གྱི་ལྟེ་བར་སྟོབས་གླང་སྟེ། །ལྷོ་རུ་རྫུ་འཕྲུལ་རྟ་བརྒྱུད་གདིང་། །ནུབ་ཏུ་དབང་བྱེད་རྨ་བྱ་དང་། །བྱང་དུ་ཕྲིན་ལས་ཤང་ཤང་ངོ་། །ཞེས་པ་ཞེ་སྡང་དག་ནས་མི་འཇིགས་པ་བཞི་གྲུབ་པའི་ཕྱིར་དབུས་སུ་སེང་གེ་དང་། གཏི་མུག་དག་ནས་སྟོབས་བཅུ་དང་ལྡན་པའི་ཕྱིར་ཤར་དུ་གླང་ཆེན་དང་། ང་རྒྱལ་དག་ནས་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་ཕྱིར་ལྷོར་རྟ་དང་། འདོད་ཆགས་དག་ནས་དབང་བཅུ་དང་ལྡན་པའི་ཕྱིར་ནུབ་ཏུ་ཁྱུང་སྟེ། འདི་ལ་ཁ་ཅིག་ལེའུ་དང་པོ་དང་འོད་རིམ་ལ་སོགས་ནས་རྨ་བྱར་བཤད་པ་དང་འགལ་ལོ་ཞེ་ན། མ་ཡིན་ཏེ་འདི་གཉིས་མུན་སྣང་ལྟར་ཕན་ཚུན་སྤངས་པ་དང་ཚ་གྲང་ལྟར་ལྷན་ཅིག་མི་གནས་པའི་འགལ་བ་གང་ཡང་མ་ཡིན་ནོ། །དེས་ན་ཐ་དད་པ་ཙམ་ལ་འགལ་བའི་ཁྱབ་པ་མེད་དོ། །འོ་ན་འདི་ཇི་ལྟར་ཡིན་ན་པིན་ཏར་ལས། གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་པོའི་ཚུལ། །ཞེས་པ་མཐའ་ཡས་ཀྱི་དེ་ཁོ་ན་ཉིད་དབང་ཡིན་ལ། དབང་གི་མཚོན་བྱེད་དུ་དེ་གཉིས་མཚུངས་ཏེ་རྨ་བྱས་དུག་དང་ཁྱུང་གིས་ཀླུ་དབང་དུ་བྱེད་པའི་ཕྱིར་རོ། །ཕྲག་དོག་དག་ནས་ཕྲིན་ལས་བཞི་འགྲུབ་པའི་ཕྱིར་བྱང་དུ་ནམ་མཁའ་ལྡིང་སྟེ་ཤང་ཤང་རྣམས་ནི་སའི་ཁྱད་པར་བགྲོད་པའི་གདན་ནོ། །དེ་དག་གི་བར་ན་འབྲུ་བསྒྱུར་ཏེ། ཆེ་བའི་ཡོན་ཏན་རྒྱས་པའི་ཕྱིར་རིན་པོ་ཆེའི་ཁྲི་ཆེན་པོ་ལ་དེའི་སྟེང་དུ་ཉོན་མོངས་པས་མ་གོས་ཤིང་གདུལ་བྱ་ལ་ཐུགས་རྗེ་ཆགས་པའི་ཕྱིར་པདྨ་དང་། ཤེས་རབ་རྣམ་པར་དག་པའི་ཕྱིར་ཉི་མ་དང་། ཐབས་མ་འགགས་པར་གསལ་བའི་ཕྱིར་ཟླ་བ་རྣམས་ནི་ཡོན་ཏན་གྱི་ཆེ་བ་སྤྱོམ་པའི་གདན་ནོ། །སེམས་དཔའ་ཡབ་ཡུམ་གྱི་གདན་ནི་གསུམ་བརྩེགས་ཏེ། འོད་རིམ་ལས། ཉི་ཟླ་ཆུ་སྐྱེས་གསུམ་བརྩེགས་སེམས། །ཞེས་པ་ནི། རྩིབས་མཆན་བཞི་དང་གྲུ་ཆད་བཞི་ལའོ། །ཀུན་བཟང་ཡབ་ཡུམ་ལ་བཞི་བརྩེགས་ཏེ། དེ་ཉིད་ལས། བྱ་བྱེད་ཀུན་བཟང་ཡབ་ཡུམ་ལ། །ཉི་ཟླ་པདྨ་རིན་ཅེན་རྒྱས། །ཞེས་པས་གློ་འབུར་ཤར་ནུབ་ཏུའོ། །སྒོ་བ་ལ་རྡོ་རྗེ་བྲག་གི་སྟེང་དུ་ཉི་མ་དང་ཐུབ་པ་ལ་པདྨ་རྐྱང་པ་སྟེ། ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། །ཅེས་པས་སྒོ་བཞི་དང་ལྷོ་བྱང་གི་གློ་འབུར་དང་ཁྱམས་ཀྱི་ཟུར་རྣམས་ལའོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ནི། དྲྭ་ཆུང་ལྟར་བདག་སྲས་གཞན་སྲས་སུ་བསྐྱེད་པ་དང་། དྲྭ་བ་འབྲིང་པོ་ལྟར་ཆོ་ག་གསུམ་གྱིས་བསྐྱེད་པ་དང་། དྲྭ་བ་ཆེན་པོ་ལྟར་རྫོགས་ཚུལ་དུ་བསྐྱེད་པ་ལས། འདིར་འབྲིང་པོ་ལྷ་བཞི་བཅུ་རྩ་གཉིས་པ་འདི་ཆོ་ག་གསུམ་གྱིས་བསྐྱེད་དེ། དེ་ལ་བཞི། ཆོ་ག་གསུམ་གྱིས་ལྷ་སོ་སོའི་སྐུ་བསྐྱེད་པ་དང་། དེ་གསལ་གདབ་པ་དང་། དཀྱིལ་འཁོར་གྱི་ཚད་དམ་ཆེ་བ་བསྟན་པ་དང་། དབང་བསྐུར་ཞིང་བྱིན་གྱིས་བརླབ་པའོ། །དང་པོ་ལ་གསུམ་ལས། གསུང་ཡིག་འབྲུའི་ཆོ་ག་ནི། ལེའུ་བཞི་པ་ལྟར་ཨ་ནས་ཀྵའི་བར་ཡི་གེ་བཞི་བཅུ་རྩ་གཉིས་རྣམས་གདན་ས་རྣམས་སུ་བསྒོམས་ཏེ་གསལ་བ་དང་འཕྲོས་པས་སེམས་ཅན་གྱི་ངག་གི་སྒྲིབ་པ་སྦྱངས་ཤིང་རྒྱལ་བ་ལ་གསུང་མཉེས་པའི་པཱུ་ཛ་ཕུལ་ནས་དེའི་ཡོན་ཏན་ནམ་བཅུད་བསྡུས་དེ་ཡིག་འབྲུ་དེ་དག་འོད་ཕུང་དུ་གྱུར་པ་ལས། གཉིས་པ་ཐུགས་ཕྱག་མཚན་གྱི་ཆོ་ག་ནི་བཛྲ་ཙཀྲ་ལ་སོགས་ཐུགས་མཚན་གྱི་སྐྱེད་སྔགས་ཀྱིས་རྡོ་རྗེ་འཁོར་ལོ་ལ་སོགས་ཕྱག་མཚན་བཞི་བཅུ་རྩ་གཉིས་སུ་གསལ་བའོ། །དེ་ལས་གོང་ལྟར་འཕྲོས་པས་སེམས་ཅན་གྱི་ཡིད་སྒྲིབ་སྦྱངས་ཤིང་རྒྱལ་བ་ལ་ཐུགས་མཉེས་པའི་པཱུ་ཛ་ཕུལ་ནས་ཐུགས་ཀྱི་ཡོན་ཏན་ནམ་བཅུད་བསྡུས་ཏེ། ཕྱག་མཚན་ལ་ཐིམ་པས་དེ་དག་འོད་ཕུང་དུ་གྱུར་པ་ལས། ལེའུ་བདུན་པའི་སྐྱེད་སྔགས་རྣམས་ཀྱིས་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་སྐུ་གསལ་བར་བསྐྱེད་དོ། །གཉིས་པ་གསལ་གདབ་པ་ནི། གོང་དུ་བཀོད་པའི་གདན་རྣམས་ལ་བཞི་བཅུ་རྩ་གཉིས་ཀྱི་སྐུ་རྒྱན་ཆ་ལུགས་དང་བཅས་པ་ཡོངས་སུ་རྫོགས་པ་དང་། དང་པོ་བཞུགས་ཚུལ་བཞུགས་གནས་དང་བཅས་པ་གསལ་གདབ་སྟེ། སེམས་དཔའ་ཚུལ་ཞེས་པ་གཞུང་གི་ཆ་ལ་གནས་པ་འཆད་པ་པོའི་གཉེན་གྱིས་བཤད་དེ། དང་པོ་རིགས་ལྔ་ཡབ་ཡུམ་དང་ཀུན་བཟང་ཡབ་ཡུམ་རྣམས་རྫོགས་པའི་སྐྱིལ་ཀྲུང་ངོ་། །སེམས་དཔའ་ཡབ་ཡུམ་ནི་འབབ་ཚུལ་ལམ་ཕྱེད་སྐྱིལ་ཀྲུང་སྟེ་ཡབ་རྣམས་གཡོན་བསྐུམས་གཡས་བརྐྱངས་ལ་ཡུམ་རྣམས་དེ་ལས་ལོག་པའོ། །སྒོ་བ་དོར་ཐབས་ལ་ཐུབ་པ་རྣམས་དྲང་པོར་བཞེངས་པའོ། །བཞུགས་གནས་ནི། འཁོར་ལོ་ཞེས་པ་རྩིབས་བཞི་ལྟེ་བ་དང་ལྔ་ལ་རྒྱལ་མཆོག་རིགས་ལྔ་པོ་དང་དེ་དག་གི་ཡུམ་རྒྱལ་མོ་ལྔའོ། །དང་ཞེས་པ་མ་སྨོས་གཞན་སྟོན་པའི་སྒྲ་སྟེ་ཐུགས་ཀྱི་སེམས་དཔའ་རྣམས་གང་དུ་དགོད་ཅེ་ན། ཁ་ཅིག་རྔམ་གློག་ལས། སྤྱན་སྔའི་གློ་འབུར་མཛེས་པ་ལ། །ལག་ན་རྡོ་རྗེ་སྔོ་སྐྱའི་མདོག །རང་རྟགས་རྡོ་རྗེ་རྩེ་གསུམ་པ། །གཙོ་བོ་ཉིད་དང་མཐུན་པའོ། །ཞེས་པས་གློ་འབུར་ལ་དགོད་ཟེར་བ་ནི་མ་ཡིན་ཏེ། འདི་ཉིད་ནས། ལྷག་པའི་ཡེ་ཤེས་གློ་འབུར་ཞེས་གསུངས་པས། །དེ་ལྟར་ན་ལྷག་པ་མ་ཡིན་པར་འགྱུར་པའི་ཕྱིར་རོ། །འོ་ན་གང་དུ་ཞེ་ན། མངོན་རྟོགས་ལས། སེམས་དཔའ་གཙོ་བོའི་གཡས་ཕྱོགས་ཤར་ལྷོའི་རྩིབས་མཆན་ལ་སའི་སྙིང་པོ་བཙུན་མོ་དང་བཅས་པ་བཞུགས་སོ་ཞེས་པ་དང་། སྤར་ཁབ་ལས། རྩིབས་མཆན་ལ་ཐུགས་ཀྱི་སེམས་དཔའ་བཞི་སྟེ་ཞེས་པས། གཙོ་བོ་ཞལ་ཤར་དུ་གཟིགས་པའི་གཡས་ཤར་ལྷོའི་རྩིབས་མཆན་ནས་བརྩམས་ཏེ། དེར་མཐོང་བ་མིག་གི་རྣམ་པར་ཤེས་པ་སའི་སྙིང་པོའོ། །འོ་ན་ཐོས་ཞེས་པ་ཤར་ལྷོའི་རྟིང་ལ་ལྷོ་ནུབ་འོང་བས་དེར་མཐོང་བའི་རྗེས་སུ་ཐོས་པ་ཕྱག་ན་རྡོ་རྗེ་མི་འོང་བར། ས་སྙིང་གི་རྗེས་སུ་དེར་ནམ་སྙིང་འོང་བའི་རྒྱུ་མཚན་ཅི་ཞེ་ན། སྤར་ཁབ་ལས། གྲལ་ནི་ལུགས་སུ་མཐུན་པ་ཁོ་ན་སྟེ་རིམ་པ་ནི་ཡི་གེའི་དབང་དུ་སྨོས་པའོ། །ཞེས་ས་སྙིང་གི་རྗེས་སུ་ལྷོ་ནུབ་ཏུ་ནམ་སྙིང་འགོད་པར་བཤད་པའི་ཕྱིར་རོ། །སྣོམ་པ་ལ་སོགས་གོ་རིམ་བཞི་དང་དང་གྲུ་ཆད་ལ་གསུང་གི་སེམས་དཔའ་ཡབ་ཡུམ་སྟེ་གཞུང་བརྟག་གོ། །བར་ཁྱམས་ལ་ནི་ཐུབ་པ་དྲུག་སྟེ་དེའི་དགོད་རིམ་ནི། ཤར་ལྷོ་ལྷ་ལ་ལྷོ་ཕྱོགས་མི། །ལྷོ་ནུབ་ནུབ་བྱང་ཡི་དྭགས་བྱོལ། །བྱང་དང་བྱང་ཤར་ལྷ་མིན་དམྱལ། །ཞེས་པ་བཞིན་ནོ། །དང་ཞེས་པ་གཞན་ཡང་ཁྱམས་ལ་དཀྱིལ་འཁོར་གྱི་མདུན་ཤར་དང་རྒྱབ་ནུབ་ཏུ་རིམ་པ་བཞིན་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་བྱ་བ་མོ་ཀུན་ཏུ་བཟང་མོ་དག་ནི་གནས་པར་བསྟན་ནོ། །འདི་ལ་ཁ་ཅིག་དཀྱིལ་འཁོར་གྱི་གཙོ་བོ་ལོག་པ་ཡིན་ཏེ། ཀུན་པོ་ཡབ་ཡུམ་ཁྱམས་ལ་བཞུགས་པའི་ཕྱིར་ཞེ་ན། རྒྱུད་འཆད་པའི་ཚེ་གཙོ་བོ་ཁྱམས་ལ་བཞུགས་པའི་ཕྱིར་ལོག་ཟེར་རམ། དཀྱིལ་འཁོར་དུ་འགོད་པའི་ཚེ་གཙོ་བོ་ཁྱམས་ལ་བཞུགས་པ་ལོག་ཟེར། དང་པོ་ལྟར་ན་རྟགས་མ་གྲུབ་སྟེ། སྟོན་པ་ཕོ་བྲང་ལྟེ་བ་ལ་བཞུགས་པའི་ཕྱིར་རོ། །དེར་བཞུགས་པར་མ་གྲུབ་ཅེ་ན། ཇི་སྐད་དུ་རྒྱ་མཚོ་ལས། ཕོ་བྲང་དབུས་ཀྱི་ལྟེ་བ་ལ། །བདག་པོ་ཀུན་བཟང་འཁོར་ལོ་བསྐོར། །ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཀུན་བཟང་ཡབ་ཡུམ་ཁྱམས་ལ་བཞུགས་ཀྱང་གཙོ་བོ་ལོག་པ་མ་ཡིན་ན་ཅི་འགལ་ཏེ། དེའི་ཚེ་གཙོ་བོ་མི་བསྐྱོད་པ་ཡིན་པའི་ཕྱིར་རོ། །དེ་ཡིན་པར་མ་གྲུབ་ཅེ་ན། དེ་ཡིན་ཏེ། ཇི་སྐད་དུ་ལེ་ལག་ལས། རྡོ་རྗེ་སེམས་དཔའ་དཀྱིལ་ཉིད་དེ། །རིགས་བཞི་ལྷ་དང་ལྷ་མོ་འཁོར། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་དེ་དག་མ་བརྟགས་པའི་སྒྲོ་སྐུར་ཡིན་གྱི། ཞལ་གདམས་སུ་ཀུན་པོ་ཡབ་ཡུམ་ཁྱམས་ལ་བཞུགས་པའི་དགོས་པ་གསུམ་ཡོད་དེ། དགོས་པ་དང་པོ་ནི་ཐུབ་པ་དྲུག་གི་འབྱུང་ཁུངས་ཡིན་ཏེ། ཇི་སྐད་དུ་རྡོ་རྗེ་ལས། བདེ་ཆེན་རྣམ་དག་སྐུ་གསུང་ཐུགས། །དེ་རྟོགས་པ་ལས་ཐུབ་དྲུག་འབྱུང་། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི་དཔེར་ན་ལྷ་ཁང་གི་ཕུགས་འགེལ་བའི་ཕྱྭ་མཁན་དེ་ཕྱིར་བསྐྱེད་དེ་བཟོའི་ཁྱད་པར་རྣམས་ལེགས་མི་ལེགས་ལྟ་བ་ལྟར། འདིར་སྲས་ཀྱི་ཚོགས་བཀོད་པ་ལ་རིམ་པར་མཛེས་མི་མཛེས་གཟིགས་པའི་ཚུལ་དུ་ཁྱམས་ལ་བཞུགས་སོ། །ཐ་མ་ནི་སྦྱང་བྱ་འཇིག་རྟེན་པའི་གླེང་གཞི་དང་མཐུན་ཏེ། འཇིག་རྟེན་ན་བུ་ཚ་ལ་ཁང་པ་བཟང་པོ་བྱིན་ནས་ཕ་མ་ཁང་པ་ངན་པར་སྡོད་པ་ལྟ་བུའོ་གསུང་ངོ་། །དེ་དག་ལྟར་ན་ཤུགས་ལས་གཙོ་བོས་འཁོར་བྱས་པར་མངོན་པ་ཡིན་ནོ། །ཡང་ཁ་ཅིག་རྟོག་པའི་ཚེ་ཡུལ་དང་ཡུལ་ཅན་གཉིས་སུ་འདུས་ལ། དེ་དག་པ་དབྱིངས་དང་ཡེ་ཤེས་ཡིན་ཞིང་། དེ་ནི་ཀུན་པོ་ཡབ་ཡུམ་ཡིན་པའི་ཕྱིར་ཁྱམས་ལ་བཞུགས་ཟེར་བ་ནི་མ་ཡིན་ཏེ། དེ་ལྟར་ཡིན་པས་ཁྱམས་ལ་ཤར་ནུབ་ཏུ་བཞུགས་པའི་རྒྱུ་མཚན་ཅི་ཡང་མེད་པའི་ཕྱིར་རོ། །ཡང་ན་ཁྱམས་ལ་བཞུགས་པའི་ཀུན་བཟང་ཡབ་ཡུམ་འདི་གཙོ་བོ་ཡིན་པར་མ་གྲུབ་པ་སྟེ། དེའི་རྒྱུ་མཚན་ནི། ཀུན་ཏུ་བཟང་པོའི་བྱེ་བྲག་ལྔ་ལས། རང་བཞིན་ཀུན་ཏུ་བཟང་པོ་ནི་ཤེས་བྱའི་ཁྱབ་བྱེད་སེམས་ཀྱི་གནས་ལུགས་ཡིན་པ་དང་། སྟོན་པ་ཀུན་ཏུ་བཟང་པོ་ནི་དེ་མངོན་དུ་བྱས་པའི་ཡེ་ཤེས་ཏེ་ལེའུ་དང་པོ་དང་གཉིས་པར་བསྟན་པ་ལྟར་རྒྱུད་ཀྱི་བྱེད་པ་པོ་ཡིན་ལ། སངས་རྒྱས་ཀུན་ཏུ་བཟང་པོར་གྲགས་པ་ནི་སྟོང་རྩ་གཉིས་ཀྱི་ཡ་གྱལ་ཡིན་ཞིང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་སེམས་དཔའི་ཡ་གྱལ་ཡིན་ཏེ། དེ་དང་འདི་ནི་ལོངས་སྐུ་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། དེ་གཉིས་དཀྱིལ་འཁོར་གྱི་འཁོར་གྱི་ལྷ་ཡིན་པའི་ཕྱིར་སྙམ་དུ་སེམས་སོ། །གཉིས་པ་ཐུགས་ཕྱག་མཚན་ནི། བཤད་རྒྱུད་རྡོ་རྗེ་ནས། ཐུབ་པ་དང་ཡུམ་རྣམས་མ་གཏོགས་པ་ཞལ་གསུམ་ཕྱག་དྲུག་ཏུ་བཤད་དེ། དེའི་དབང་དུ་ཕྱག་མཚན་ཡང་། དེ་ཉིད་ལས། རྡོ་རྗེ་འཁོར་ལོ་རལ་གྲི་འབར། །དྲིལ་བུ་པདྨ་རིན་པོ་ཆེ། །རྡོ་རྗེ་འཛིན་པའི་རིམ་པའོ། །ཞེས་པས། མི་བསྐྱོད་པའི་གཡས་དང་པོ་རྡོ་རྗེ་དང་གཡོན་དང་པོ་དྲིལ་བུ་སྟེ་དེ་གཉིས་རྒྱ་བཅིངས་ཤིང་ཡུམ་ལ་འཁྱུད་པའོ། །གཞན་གང་གནས་སུ་རྡོ་རྗེ་ཤེས། །ཞེས་པས། རིགས་བཞི་ལ་གཡས་རང་རྟགས་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་རྣམས་འཛིན་པ་དང་། གཡོན་པ་ཀུན་མཐུན་པར་དྲིལ་བུ་སྟེ་གོང་བཞིན་ཐུགས་ཀར་རྒྱ་བཅིངས་པའོ། །གཡས་ཀྱི་བར་པ་བཞི་ནི་རིམ་པ་བཞིན་རྡོ་རྗེ་འཁོར་ལོ་རཏྣ་པདྨའོ། །དེ་བཞིན་གཡོན་གྱི་བར་མ་བཞི་ཡང་རིམ་པ་བཞིན་པདྨ་འཁོར་ལོ་རཏྣ་རྡོ་རྗེའོ། །གཡས་མཐའ་མ་བཞི་ཡང་རིམ་བཞིན་རཏྣ་རྡོ་རྗེ་འཁོར་ལོ་པདྨའོ། །དེ་བཞིན་གཡོན་མཐའ་མ་བཞི་ཡང་རིམ་པ་བཞིན་འཁོར་ལོ་རིན་ཆེན་པདྨ་རལ་གྲིའོ། །དེ་དག་ཞལ་གཅིག་ཕྱག་གཉིས་པའི་དབང་དུ་རྡོ་རྗེ་ལ་སོགས་རང་རྟགས་ཐུགས་ཀར་འཛིན་ཅིང་དྲིལ་བུ་དཀུར་བརྟེན་པའོ། །འཁོར་གྱི་ཕྱག་མཚན་ནི། ཨུཏྤལ་ཀླུ་ཤིང་ཞེས་པས་སྔོན་ལ་ཐུགས་ཀྱི་སེམས་དཔའ་དང་པོའི་ཕྱག་མཚན་ནས་མི་སྨོས་པར། གསུང་གི་སེམས་དཔའ་མཐའ་མའི་ཕྱག་མཚན་ནས་སྨོས་པའི་རྒྱུ་མཚན་གང་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་དོན་མཛད་པའི་སྔོན་དུ་བྱམས་སྙིང་རྗེ་འགྲོ་ལ། དེ་ཤེས་རབ་ལས་སྐྱེས་པའི་ཕྱིར་སྔོན་དུ་འཇམ་དཔལ་གྱི་ཕྱག་མཚན་ནས་སྨོས་པ་ཡིན་ནོ། །འདི་རྣམས་ཀྱང་རྡོ་རྗེ་ལས། རིན་ཅེན་མྱུ་གུར་རལ་གྲི་འབར། །པདྨ་དཀར་པོ་རྡོ་རྗེ་ཆེ། །ཨུཏྤལ་ཀླུ་ཤིང་པོ་ཏི་སྙེ། །གཟུགས་མཛེས་རིན་ཅེན་ཕྲེང་བ་དང་། །པི་ཝང་གར་བསྒྱུར་པོག་མེ་དང་། །བྱུག་པ་ལ་སོགས་རིམ་ཤེས་བྱ། །ཞེས་སོ། །སེམས་དཔའ་འདི་དག་ཀྱང་ཞལ་གསུམ་ཕྱག་དྲུག་པའི་དབང་དུ་འདི་ལྟར། སའི་སྙིང་པོ་གཡས་གསུམ་རིམ་བཞིན་རིན་ཅེན་མྱུ་གུ་རྡོ་རྗེ་རལ་གྲི་དང་། གཡོན་དང་པོ་ཀུན་མཐུན་པར་དྲིལ་བུའོ། །འོག་མ་གཉིས་པད་དཀར་རྡོ་རྗེའོ། །ནམ་སྙིང་གཡས་གསུམ་རལ་གྲི་རཏྣ་རིན་མྱུག་དང་། གཡོན་གཉིས་པད་དཀར་རྡོ་རྗེའོ། །སྤྱན་རས་གཡས་གསུམ་པད་དཀར་དེ་དམར་རིན་མྱུག་དང་། གཡོན་གཉིས་རལ་གྲི་པད་དཀར་རོ། །ཕྱག་རྡོར་གཡས་གསུམ་རྡོ་རྗེ་ཀླུ་ཤིང་རལ་གྲི། གཡོན་གཉིས་པད་དཀར་རིན་སྙེའོ། །བྱམས་པ་གཡས་གསུམ་ཀླུ་ཤིང་རྡོ་རྗེ་པོ་ཏི་དང་། གཡོན་གཉིས་རིན་སྙེ་ཨུཏྤལ་ལོ། །སྒྲིབ་སེལ་གཡས་གསུམ་པོ་ཏི་རཏྣ་ཀླུ་ཤིང་དང་། གཡོན་གཉིས་རིན་སྙེ་ཨུཏྤལ་ལོ། །ཀུན་བཟང་གཡས་གསུམ་རིན་སྙེ་པད་དམར་ཀླུ་ཤིང་དང་། གཡོན་གཉིས་པོ་ཏི་ཨུཏྤལ་ལོ། །འཇམ་དཔལ་གཡས་གསུམ་ཨུཏྤལ་རལ་གྲི་ཀླུ་ཤིང་དང་། གཡོན་གཉིས་པོ་ཏི་རིན་སྙེའོ། །འདི་དག་ཀྱང་ཞལ་གཅིག་ཕྱག་གཉིས་པའི་དབང་དུ་གཡས་གཡོན་དང་པོའི་ཕྱག་མཚན་གཉིས་སོ། །འོ་ན་འདིར་ཨུཏྤལ་ཀླུ་ཤིང་ཞེས་སེམས་དཔའི་ཕྱག་མཚན་གཉིས་ལས་མི་སྨོས་པའི་རྒྱུ་མཚན་ཅི་ཞེ་ན། སེམས་དཔའི་ཕྱག་མཚན་གཞན་རྣམས་རིགས་ལྔའི་ཕྱག་མཚན་དུ་འདུས་ཏེ། རིན་ཅེན་སྙེ་དང་རིན་མྱུག་ཀྱང་རཏྣའི་བྱེ་བྲག་ཡིན་ལ་གཉིས་པོ་མ་འདུས་པས་སྨོས་པ་ཡིན་ནོ། །འོན་ཀྱང་ལ་སོགས་པ་ཞེས་པ་སོགས་ཁོངས་སུ་གཞན་དུ་སྦས་པ་བསྡུས་པ་ཡིན་ཏེ། དེ་ཡང་སྤྱིར་གཞུང་གཞན་དུ་དང་། ལེའུ་གཞན་དུ་དང་། སྐབས་གཞན་དུ་སྦས་པ་ལས། འདི་ལེའུ་གཞན་བརྒྱད་པར་སྦས་པས་དེར་སྟོན་ནོ། །སྒོ་བའི་ཕྱག་མཚན་ཀྱང་ཞལ་གསུམ་ཕྱག་དྲུག་པའི་དབང་དུ། དེ་ཉིད་ལས། གྲི་མགོ་རྡོ་རྗེ་ཐོ་རྒྱ་གྲམ། །ལྕགས་ཀྱུ་ཞགས་པ་སྥོ་ཊ་ཧོཿ །ཞེས་པས་སོ། །ཕྱག་གཉིས་པའི་དབང་དུ་གོང་ལྟར་རོ། །ཀུན་ཏུ་བཟང་པོ་ཡང་ཞལ་གསུམ་ཕྱག་དྲུག་པའི་དབང་དུ། དེ་ཉིད་ལས། འོད་འཕྲོ་མཉམ་གཞག་རྡོ་རྗེ་ཐལ། །ཡེ་ཤེས་རྩེ་ལྔ་ཆོས་ཁམས་དྲིལ། །ཐུགས་ཀར་བསྟན་པ་ཉིད་དུ་བཤད། །ཅེས་སོ། །ཞལ་གཅིག་ཕྱག་གཉིས་པའི་དབང་དུ་མཉམ་གཞག་རྡོ་རྗེས་མཚན་པའོ། །ཐུབ་པ་ནི་ཞལ་གཅིག་ཕྱག་གཉིས་པ་ཁོ་ན་སྟེ། དེ་ཉིད་ལས། ཐུབ་ཆེན་ངེས་པར་ཕྱག་གཉིས་ཤེས། །ཞེས་གསུངས་ཤིང་ཕྱག་མཚན་ཡང་། དེ་ཉིད་ལས། གསེག་པར་པི་ཝང་གོ་མཚོན་སྡེབ། །སྒྲོམ་གཏོད་པོ་ཏི་ཆོས་འཆད་ཚུལ། །མེད་དཔུང་བུམ་པར་ཤེས་པར་བྱ། །ཞེས་སོ། །ཡུམ་རྣམས་ནི་ཞལ་གཅིག་ཕྱག་གཉིས་པ་འབའ་ཞིག་སྟེ། རྔམ་གློག་ལས། གཡས་པ་ཐབས་ཀྱིས་ཡབ་ལ་འཁྱུད། །གཡོན་པ་རང་རྟགས་འཛིན་པའོ། །ཞེས་སོ། །གསུམ་པ་སྐུ་མདོག་ཚུལ་དང་བཅས་པ་ནི། སྐུ་མདོག་ལ་རང་བཞིན་གྱི་དང་། རིགས་ངེས་པ་དང་། རིགས་མ་ངེས་པའི་དང་གསུམ་དུ་བཞེད་དོ། །དེ་ལས་དང་པོ་ནི། ལེའུ་དང་པོར་བསྟན་ལ་ཕྱི་མ་གཉིས་གཞུང་བརྟག་གོ། །ཚུལ་ནི་དགུ་སྟེ་གཞུང་བརྟག་ཅིང་། བྱེ་བྲག་ཏུ་ལྡེམ་ཞེས་པ་ནི་ཐུབ་པ་ཡིན་ལ། དེ་ལ་འཁྲིལ་བ་མེད་པས་ལྷ་ཐམས་ཅད་ལ་ཚུལ་བརྒྱད་བརྒྱད་ཁྱབ་བྱེད་དུ་ཡོད་པ་ཡིན་ནོ། །དཀྱིལ་འཁོར་གྱི་ཚད་དམ་ཆེ་བ་ནི། རང་བཞིན་གྱི་དཀྱིལ་འཁོར་ལ་མཐའ་དབུས་དང་ཕྱི་ནང་དང་རྒྱ་ཁྱོན་ལ་སོགས་དང་བྲལ་བས་མཉམ་པ་ཉིད་དུ་གནས་པའི་དོན་དེ་རིག་པ་ལ་གསལ་བ་ཡིན་ཏེ། གཉིས་སུ་མེད་པར་གནས་པའི་དོན་ཤེས་བྱའི་ཁྱབ་བྱེད་ཡིན་ལ། དེ་ཅིག་ཅར་བས་བློ་ལ་གསལ་བ་ཡིན་པའི་ཕྱིར། དེ་ལྟར་རང་བཞིན་གྱི་དཀྱིལ་འཁོར་དེ་བློ་དམན་པའམ་རིམ་གྱིས་པའི་སྤྱོད་ཡུལ་མིན་པས་བསམ་ཡས་སོ། །དེ་རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་ཕྱིར་ལྷུན་གྱིས་གྲུབ་པའོ། །འདི་ནི་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་འདིའི་ཚད་དུ་འཆད་ཀྱང་། དེ་མ་ཡིན་པར་སེམས་ཏེ། རང་དཀྱིལ་ཤེས་བྱ་ལ་གྲུབ་པའི་དོན་འདི་བློ་ཆེན་པོ་ཅིག་ཅར་བའི་བསྒོམ་བྱ་ཡིན་པའི་ཕྱིར་རོ། །འོ་ན་ལྷག་པ་ཏིང་དཀྱིལ་གྱི་ཚད་གང་ཡིན་ཞེ་ན་དེ་ནི། ལེའུ་དགུ་པ་ལས་ཇི་སྐད་དུ། ཡང་ན་རྒྱང་གྲགས་དཔག་ཚད་དམ། །ནམ་མཁའ་དབྱིངས་ནི་བསམ་ཡས་པར། །ཞེས་པ་དང་། ཡང་། རིག་པས་དཔགས་པའི་ཚད་དུའོ། །ཞེས་པ་དེ་ཡིན་པར་སེམས་སོ། །དེ་ནས་ལེའུ་བདུན་པ་ལྟར་དབང་བསྐུར་ཞིང་བྱིན་གྱིས་བརླབས་ནས་དེ་ཡན་ཆད་ཀྱིས་དཀྱིལ་འཁོར་བསྒོམ་པའི་ཏིང་ངེ་འཛིན་གྱི་ཡན་ལག་རྫོགས་པ་ཡིན་ཏེ། དེའི་མཚན་ཉིད་ནི་ཏིང་ངེ་འཛིན་གྱི་ཁྱད་པར་གང་ཞིག་ཆོ་ག་ཡན་ལག་གིས་མཚན་བཅས་ལྷའི་སྐུར་གསལ་བ་ཞིག་ཡིན་ནོ། །རང་བཞིན་འབྲས་བུ་མཐར་ཕྱིན་པ་སྐུའི་དཀྱིལ་འཁོར་ནི་མཚན་ཉིད་དང་ཕྲིན་ལས་གཉིས་གཞུང་བརྟགས་ལ། འགྲུབ་ཚུལ་ལ་བྱང་ཆུབ་སེམས་དཔའི་ལམ་ནས་ཇི་ལྟར་གྲུབ་ཅེ་ན། སྒྲིབ་པ་སྦྱོང་ཞིང་འབྲས་བུ་ཐོབ་ཚུལ་ལ་ངག་དོན་ལྔ་སྟེ། སྒྲིབ་པ་དེ་རྟེན་གང་ལ་བརྟེན་ཏེ་སྦྱང་བའི་ཡུལ་དང་། དེ་དེས་སྦྱོང་ཚུལ་གྱི་དཔེ་དང་། སྦྱོང་བ་པོ་གང་ཟག་གང་གིས་ངོས་ཟིན་པའི་ཚུལ་དང་། གང་སྦྱང་བྱ་སྒྲིབ་པའི་ངོ་བོ་དང་། ཇི་ལྟར་སྦྱངས་པས་དག་པའི་ཡོན་ཏན་ནོ། །དེ་ལས་དང་པོ་ནི། རྒྱུའི་ཐེག་པའི་ལུགས་ཀྱིས་རང་དོན་ཆོས་སྐུ་ཐོབ་ནས་གཞན་དོན་གཟུགས་སྐུ་གཉིས་ལས། ཚིག་བསྒྱུར་ཏེ་འོག་ནས། ལོངས་སྤྱོད་རྫོགས་པའི་སྐུ་ནི་རྣམ་པར་སྣང་མཛད་ལྟ་བུ་སྟེ། དེ་ནི་ངེས་པ་ལྔ་དང་ལྡན་པའི་ཚུལ་ཡིན་ཏེ། གང་ཞེ་ན། སྐུ་དེ་ཉིད་མཚན་དཔེར་ངེས་པ་སྟེ། འདི་ཉིད་ནས། མཚན་དང་དཔེ་བྱད་ཐམས་ཅད་རྫོགས། །ཞེས་པ་དང་། གཞན་ཡང་། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཞེས་པ་བཞིན་ནོ། །གནས་ངེས་པ་ནི་གོང་དུ། འོག་མིན་བླ་མེད་གནས་མཆོག་ནི། །ཞེས་པ་དབང་ཕྱུག་ཆེན་པོའི་འོག་མིན་ཏེ། བཀའ་གཞན་ལས་ཀྱང་། འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་སངས་རྒྱས་ཞེས་གསུངས་པ་བཞིན་ནོ། །འཁོར་ངེས་པ་ནི་ཡང་འོག་ན་བྱང་ཆུབ་སེམས་དཔའ་འཁོར་དང་འཕགས་པའི་ཚོགས་རྣམས་ཏེ། ཀུན་བྱེད་ལེའུ་བཅུ་པ་ལས། ལོངས་སྤྱོད་རྫོགས་པ་སྐུ་ཡི་འཁོར་བསྟན་པ། །མོས་སྤྱོད་བཞི་ཡི་ས་ལས་འདས་པ་སྟེ། །དང་པོ་རབ་ཏུ་དགའ་བའི་ས་མནན་ནས། །བཅུ་པ་ཆོས་ཀྱི་སྤྲིན་གྱི་པར་ཞེས་གསུངས་པ་བཞིན་ནོ། །དེ་དག་ལ་ཆོས་སྟོན་པའི་ཚུལ་ཡང་ལྷ་མིའི་སྟོན་པ་གསུང་དབྱངས་ཡན་ལག་དང་བཅས་པའི་སྒོ་ནས་ཆོས་སྟོན་པ་དེ་བཞིན་འབྲུ་བསྒྱུར་ཏེ་འདིར་ལོངས་སྐུ་ནི་ཚིག་ཏུ་མི་སྨྲ་སྟེ། འོ་ན་གང་གིས་སྟོན་ཞེ་ན་ལོངས་སྐུའི་གསུང་དེ་ནི་གཞན་ལས་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་སྐུའི་བརྡ་ཡིས་གོ་བར་སྟོན་པ་ཡིན་ཏེ། ཇི་སྐད་དུ། དེ་བཞིན་གཤེགས་པ་ལ་ལ་ནི་སྤྱན་ཕྱེ་བས་སོ། །ལ་ལ་ནི་བཙུམས་པས་སོ། །ལ་ལ་ནི་ཕྱག་བརྐྱངས་པས་སོ། །ལ་ལ་ནི་བསྐུམས་པས་སོ། །ལ་ལ་ནི་བཙུན་མོ་དང་བཅས་པས་སོ། །ལ་ལ་ནི་བཙུན་མོ་མེད་པས་སོ་ཞེས་གསུངས་པའི་བཞིན་ནོ། །ཆོས་ངེས་པ་ནི་ཐེག་པ་ཆེན་པོ་རྣམས་ཁོ་ན་སྟེ། ཇི་སྐད་དུ། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་འདོད། །ཅེས་པ་བཞིན་ནོ། །དུས་ངེས་པ་ནི་འཁོར་གྱིས་གོ་བའི་ཚུལ་ལ་འཇལ་བར་སྟོན་པར་བྱ་སྟེ། དེ་བའི་ངོས་ནས་ཆོས་སྟོན་པའི་དུས་ཀྱི་རྟོག་པ་དང་བྲལ་ལ། གདུལ་བྱའི་ངོས་ནས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་སྟེ། ཇི་སྐད་དུ། ཡིད་བཞིན་ནོར་བུ་ལྟ་བུར་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །ཅེས་པ་བཞིན་ནོ། །ཡང་ཁ་ཅིག་ན་རེ་འདིར་གླེང་གཞི་གཅིག་བྱུང་བས་རྒྱུད་འབྱུང་བ་ཁྱད་པར་ཅན་གྱི་ཡིན་ན་དང་པོ་དང་ཟློས་ཤིང་། བསྟན་པ་འབྱུང་བ་སྤྱིའི་ཡིན་ན་གསུམ་པའི་སྟོད་དང་ཟློས་ལ། གདུལ་བྱ་དགོས་ཆེད་ཀྱི་ཡིན་ན་བཅོ་ལྔ་པ་དང་ཟློས་པར་འགྱུར་རོ་ཞེ་ན། དེ་དག་དང་མི་ཟློས་ཏེ། འདི་གླེང་གཞི་རང་མ་ཡིན་པའི་ཕྱིར་རོ། །འོ་ན་ཕུན་སུམ་ཚོགས་པ་ཚང་བ་འདི་ཅི་ཡིན་ཞེ་ན། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ས་བཅུའི་སྤང་བྱ་དང་སྒྲིབ་པ་སྦྱོང་ཚུལ་སྨོས་པ་ཡིན་གྱི། སྟོན་འཁོར་གནས་ལ་སོགས་པ་ཚང་བ་ཐམས་ཅད་ལ་གླེང་གཞི་ཡིན་པའི་ཁྱབ་པ་མེད་དོ། །གལ་ཏེ་ཡོད་ན་ཧ་ཅང་ཐལ་ཏེ། ལེའུ་དགུ་པ་དང་བཅུ་གཅིག་པའི་ཚོགས་སྒྲུབ་པའི་ཚེ་ཕུན་སུམ་ཚོགས་པ་ལྔ་ལ་སོགས་ཀྱང་དེར་འགྱུར་རོ་སྙམ་དུ་སེམས་སོ། །གཉིས་པ་དཔེ་ནི། རང་གི་བྱད་ལྟ་བར་འདོད་པ་ལ་མེ་ལོང་བསྟན་པས་བཞིན་གྱི་གཟུགས་བརྙན་སྣང་བའོ། །སྣང་བ་དེས་ཚིག་བསྒྱུར་ཏེ་བྱད་བཞིན་དངོས་ཀྱི་དྲི་མ་ལ་སོགས་མདོག་ངན་ཐམས་ཅད་ཤུགས་ལ་སེལ་ལོ། །དེས་ན་སྒྲིབ་པ་སྦྱོང་བའི་ཚུལ་ནི་མེ་ལོང་ལ་བལྟས་པས་རང་གི་བྱད་བཞིན་གྱི་སྐྱོན་མཐོང་བ་བཞིན་དུ་སྟོན་པའི་སྐུ་མཐོང་བ་ཙམ་གྱིས་རང་གི་སྒྲིབ་པ་ངོས་ཟིན་པ་ཡིན་ནོ། །གསུམ་པ་དེ་ངོས་ཟིན་པའི་ཚུལ་ནི། འཁོར་གྱིས་ཞེས་པ་གོང་གི་འཁོར་ངེས་པ་ས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། ཇི་སྐད་དུ་ལང་ཀར་གཤེགས་པ་ལས། ས་དང་པོའི་བྱང་ཆུབ་སེམས་དཔའ་དེ་ལ་ལོངས་སྤྱོད་རྫོགས་པ་སྐུས་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ནས། ཐེག་པ་ཆེན་པོ་རབ་ཏུ་སྣང་བ་ཅེས་བྱ་བ་ས་དང་པོ་ན་རང་གིས་མཐོང་བའི་ཆོས་ཉིད་ཏིང་ངེ་འཛིན་གྱིས་སྙོམས་པར་འཇིག་གོ་ཞེས་པས། དེ་ནི་བྱིན་བརླབས་གཉིས་ལས་དང་པོ་ཏིང་ངེ་འཛིན་གྱི་བྱིན་བརླབས་ཡིན་ནོ། །ཏིང་ངེ་འཛིན་ལ་ཞུགས་མ་ཐག་ཏུ་ཕྱོགས་བཅུའི་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་ཞལ་བསྟན་ནས་ཕྱག་གིས་དབང་བསྐུར་བས་ས་དང་པོ་པ་དེ་གཞན་གྱིས་དོན་བྱེད་ནུས་པའི་སྙིང་རྗེའི་སྙིང་པོ་དང་རྫུ་འཕྲུལ་དང་ལྡན་པར་གྱུར་ཏོ། །ཞེས་པས་དེ་ནི་བྱིན་བརླབས་གཉིས་ལས་གཉིས་པ་ཞལ་ནས་ཕྱག་གིས་དབང་བསྐུར་བའི་བྱིན་བརླབས་སོ། །དེ་ལྟར་བྱིན་བརླབས་གཉིས་ཀྱིས་ཞལ་མཐོང་ཞིང་སྒྲིབ་པ་ངོས་ཟིན་པ་ནི་བཞིན་གྱི་སྐྱོན་ལྟ་བར་འདོད་པས་མེ་ལོང་ལ་བལྟ་བ་དེ་བཞིན་དུ་ས་དང་པོ་པ་དེས་ལོངས་སྤྱོད་རྫོགས་པའི་སྐུ་ལ་ལྟོས་པས་སྐུ་དེ་ལ་བལྟས་ན་རང་གི་རྒྱུད་ལ་སྒྲིབ་པ་དཔག་ཏུ་མེད་པ་ཡོད་པར་ཤེས་པ་སྟེ་གང་ཞེ་ན། དེ་པ་ནི་ཡེ་ཤེས་སྒྱུ་མའི་སྐུ་སྐྱེ་འཇིག་མེད་ཅིང་། སེམས་དཔའི་ལུས་སྨོན་ལམ་ལས་གྲུབ་པ་སྐྱེ་འཇིག་ཅན་དུ་འདུག་པ་དང་། དེ་པ་གཅིག་དང་དུ་མ་དང་བྲལ་བ་ཡིན་ལ། སེམས་དཔའ་ནི་རྒྱུད་གཅིག་གིས་བསྡུས་པ་ཡིན་པ་དང་། དེ་པ་ཁ་སྦྱོར་ལ་གནས་ཀྱང་མི་དག་ལ་སེམས་དཔའ་རྣམས་ཐབས་ཀྱིས་མ་ཟིན་ན་འཁྲུལ་པར་འགྱུར་བ་དང་། དེ་པ་ནི་མཉམ་པར་བཞག་མ་བཞག་གཉིས་དང་བྲལ་ལ། སེམས་དཔའ་ནི་མཉམ་པར་འཇོག་དགོས་པའི་ཕྱིར་སྒྲིབ་པར་ངོས་ཟིན་ནོ། །བཞི་པ་སྒྲིབ་པའི་ངོ་བོ་ནི། ས་དང་པོའི་བྱང་ཆུབ་སེམས་དཔའ་དེས་ཟག་བཅས་མཐོང་སྤང་གི་སྒྲིབ་པ་སྦྱངས་ཟིན་མོད་ཀྱང་། སྒོམ་སྤང་ལ་སོགས་ལམ་གོང་མའི་སྒྲིབ་བྱེད་དུ་གྱུར་པ་གཏིང་དཔག་ཏུ་མེད་པ་རྣམས་མ་སྨྲས་ཀྱང་གོ་བ་མེ་ལོང་ལ་བལྟས་པ་བཞིན་དུ་དེ་པའི་སྐུ་ལ་བལྟས་པས་སྒྲིབ་པ་ཇི་ལྟར་སྣང་བ་ནི། འདི་ལྟར་ཟ་མ་ཏོག་བཀོད་པ་ལས། ས་དང་པོ་ན་ཆོས་དང་གང་ཟག་ལ་མཚན་མ་ཅན་དུ་མངོན་པར་ཞེན་ཅིང་འཁོར་བ་དང་ངན་སོང་གི་ཉོན་མོངས་པ་ལ་འཇིགས་པ་དང་། གཉིས་པ་ན་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་རོ་ལ་སྲེད་ཅིང་ཆོས་རྣམ་པར་དག་པ་ལ་ཞེན་པའི་དང་། གསུམ་པར་འཁོར་བ་ལ་ཤིན་ཏུ་སྐྱོ་ཞིང་མྱ་ངན་ལས་འདས་པ་ལ་སྲེད་པའི་དང་། བཞི་པར་འདུ་བྱེད་ཀྱི་རྒྱུ་བ་མངོན་དུ་གྱུར་པ་ལ་རྨོངས་ཤིང་མཚན་མ་སྦོམ་པོ་ལ་མངོན་དུ་གྱུར་པའི་དང་། ལྔ་པར་འཁོར་བ་ལ་ཤིན་ཏུ་སྐྱོ་ཞིང་མྱ་ངན་ལས་འདས་པ་ལ་མངོན་པར་གཞོལ་བའི་དང་། དྲུག་པར་མཚན་མ་ཕྲ་མོ་མངོན་དུ་གྱུར་ཞིང་མཚན་མ་མེད་པ་ཡིད་ལ་བྱེད་པའི་དང་། བདུན་པར་མཚན་མེད་ལ་ཆེད་དུ་རྩོལ་ཞིང་མཚན་མར་འཛིན་པ་ལ་དབང་མ་ཐོབ་པའི་དང་། བརྒྱད་པར་གང་ཆོས་སྟོན་པ་དང་ཚིག་དང་ཡི་གེ་ཚད་མེད་པ་ལ་མཁས་པར་མ་གྱུར་ཞིང་སྤོབས་པ་ལ་དབང་མཐོབ་པའི་དང་། དགུ་པར་མངོན་པར་ཤེས་པ་ཆེན་པོ་ལ་དབང་སྒྱུར་བ་མ་ཐོབ་ཅིག་དོན་དང་ལས་གསང་བ་ཕྲ་མོ་ལ་མཁས་པར་མ་གྱུར་པའི་དང་། བཅུ་པར་སྤྱོད་ཡུལ་ཤིན་ཏུ་ཆ་ཕྲ་བ་ཐམས་ཅད་ལ་ཤེས་བྱའི་སྒྲིབ་པས་རྨོངས་ཤིང་ཉོན་མོངས་ཤིན་ཏུ་ཆ་ཕྲ་བའི་བག་ལ་ཉལ་གྱིས་རྨོངས་པའི་སྒྲིབ་པ་རྣམས་སོ། །མཐའ་མ་དེས་སྦྱངས་པས་དག་པའི་ཡོན་ཏན་ནི། རང་རང་གི་ས་གོང་མ་ལ་སྒྲིབ་བྱེད་ངོས་ཟིན་པ་དེ་ནས་ལོངས་སྐུའི་བྱིན་རླབས་རེ་རེས་ས་གཉིས་པ་ནས་བཅུ་པའི་བར་དུ་རྟོགས་པའི་ཡེ་ཤེས་རེ་རེ་ཤར་བས་ཡོན་ཏན་རྣམས་རིམ་གྱིས་ཐོབ་ཅིང་སྦྱང་བྱ་རྣམས་རིམ་གྱིས་འབྱང་བའོ། །ཡོན་ཏན་ནི་གང་ཞེ་ན། ས་དང་པོའི་བྱང་ཆུབ་སེམས་དཔའ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཏེ། འདི་ལྟར་སངས་རྒྱས་བརྒྱའི་ཞལ་མཐོང་། །དེའི་བྱིན་རླབས་བརྒྱ་ཐོབ། བསྐལ་པ་བརྒྱར་གནས། སྔོན་དང་ཕྱི་མའི་བསྐལ་པ་བརྒྱར་ཡེ་ཤེས་ལ་འཇུག །སྤྲུལ་པ་བརྒྱར་འགྱེད། ཏིང་ངེ་འཛིན་བརྒྱ་ལ་མཉམ་པར་འཇོག །འཇིག་རྟེན་གྱི་ཁམས་བརྒྱ་གཡོ་ཞིང་སྣང་བར་བྱེད། སེམས་ཅན་བརྒྱ་སྨིན་པར་བྱེད། ཞིང་ཁམས་བརྒྱར་བགྲོད། ལུས་བརྒྱར་སྟོན། ཆོས་ཀྱི་སྒོ་བརྒྱ་བྱེད། འཁོར་བརྒྱར་སྟོན་པའོ། །ས་གཉིས་པ་ལ་དེ་དག་སྟོང་ཕྲག་བཅུ་གཉིས་པས་ལྷག་པ་སྟེ། དེ་ལྟར་ཞིག་ཁམས་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་ཕྲན་གྱི་གྲངས་དང་མཉམ་པར་འགྱུར་བ་ནི་བཅུ་པའི་བར་རོ། །དེའི་འབྲས་བུ་ནི་བླ་མེད་ཅེས་པ་འདོད་རྒྱལ་དུ་སྨྲ་བ་སྟེ་ཀུན་ཏུ་འོད་དོ། །བྱང་བ་ནི་གོང་གི་སྤང་བྱ་རྣམས་ཡིན་ལ་ཆུབ་པ་ནི་གོང་གི་སའི་ཡོན་ཏན་རྣམས་སོ། །དེ་ཐོབ་པས་ཡང་དག་ནི་འོག་གི་སྐུ་གསུམ་ཐོབ་པའོ། །དེ་གང་ཞེ་ན། གཉིས་པ་དེས་ཐོབ་པའི་འབྲས་བུ་རང་གི་ངོ་བོ་ནི། ནམ་མཁའ་ལྟར་རྟེན་སྐུ་གསུམ་དང་། །ཟླ་བ་ལྟར་བརྟེན་པ་ཡེ་ཤེས་བཞི་དང་། དེའི་གཟུགས་བརྙན་ལྟར་མཛད་པ་ཕྲིན་ལས་དང་བཅས་པའོ། །དང་པོ་ནི་ཆོས་སྐུ་ཞེས་པ་དག་པ་གཉིས་སུ་ཞི་ཞིང་བྲལ་བ་དང་སྨིན་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པ་སྟེ། རྒྱ་མཚོ་ལྟར་ཟབ་པས་བློས་དཔག་ཏུ་མེད་ཅིང་ཚིག་གིས་བརྗོད་དུ་མེད་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་གོང་ལྟར་ངེས་པ་ལྔ་དང་ལྡན་ཞིང་ཡོན་ཏན་ཟད་མེད་འབྱུང་བ་རིན་ཅེན་གྱི་གཏེར་ལྟར་ཟག་མེད་ཀྱི་བདེ་བས་ཚིམ་པར་བྱེད་པའོ། །སྤྲུལ་པའི་སྐུ་ནི་གདལ་བྱ་དང་མཐུན་པར་སྣ་ཚོགས་པ་སྟེ། ནོར་བུའི་དགོས་འདོད་ལྟར་བྱེད་པ་བསམ་གྱིས་མི་ཁྱབ་པས་འདོད་པ་རྣམས་གྲུབ་པའོ། །གཉིས་པ་བརྟེན་པ་ཡེ་ཤེས་ནི། །རྟོག་མེད་དུ་གཟུགས་སྐུ་གཉིས་ཀྱི་ཡོན་ཏན་དུ་གསལ་བ་ནི་མེ་ལོང་ལྟ་བུ་སྟེ། ཁོག་གཞུང་ལས། མེ་ལོང་ཡེ་ཤེས་རྟོག་པ་མེད། །ཤེས་བྱ་ཀུན་ལ་མ་རྨོངས་པ། །ཞེས་པ་བཞིན་ནོ། །ཇི་སྲིད་ཞི་བའི་མཐའ་ལ་མི་གནས་ཤིང་ཆོས་དབྱིངས་རྟོགས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། མི་གནས་ཞི་བར་བཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །ཅེས་སོ། །ཆོས་ཐམས་ཅད་ཀྱི་རང་རང་གི་མཚན་ཉིད་ཇི་སྙེད་པ་དག་ཐུགས་སུ་ཆུད་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། སོ་སོར་རྟོགས་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཞེས་པའོ། །གདུལ་བྱའི་དོན་ཇི་ལྟར་འདོད་པ་རྣམས་གྲུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་དོན་ཀུན་གྲུབ་པར་མཛད། །ཅེས་གསུངས་པ་བཞིན་ནོ། །གསུམ་པ་མཛད་པ་ཕྲིན་ལས་ནི། ལྷུན་གྱིས་གྲུབ་པ་དང་། སྣ་ཚོགས་པ་དང་། རྒྱུན་མི་འཆད་པའོ། །དང་པོ་ནི་རྟོག་པ་དང་རྩོལ་བ་མེད་པ་སྟེ། ཁོག་གཞུང་ལས། རྣམ་པར་རྟོག་མེད་ལྷུན་གྲུབ་པར། །འདོད་པ་ཐམས་ཅད་ཡོངས་སྐོང་བྱེད། །ཅེས་སོ། །གཉིས་པ་ནི་གང་ལ་གང་གིས་འདུལ་བ་ལྟར་སྣང་བ་སྟེ། འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཞེས་པ་བཞིན་ནོ། །མཐའ་མ་ནི་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་སྒྲུབ་པ་སྟེ། དེ་བཞིན་འཁོར་བ་ཇི་སྲིད་འདིར། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་པ་བཞིན་ནོ། །སྔགས་ཀྱི་ལམ་གྱིས་འབྲས་བུ་འགྲུབ་ཚུལ་ནི། ཚིག་བསྒྱུར་ཏེ་འོག་ནས་ཐབས་ཞེས་པ་ལམ་མཚན་ཉིད་གསུམ་གྱིས་ཇི་ལྟར་ཉམས་སུ་ལེན་པའི་ཐབས་དང་། ཤེས་རབ་ཅེས་པ་ཡང་དག་རྟོགས་པའི་ཤེས་རབ་ཀྱིས་འཆིང་བ་ལ་སྤྱད་ཀྱང་མི་གོས་པ་ནི་པདྨ་ཅན་ཏེ། སའི་མཆོག་ཅེས་པ་དེ་གོང་གི་ཀུན་ཏུ་འོད་ལས་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །གོང་ནས་དེ་ལ་མཚན་བཟང་པོ་སོ་གཉིས་དག་དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་ཐུན་མོང་དང་ཐུན་མིན་གསལ་བ་ཐམས་ཅད་རྫོགས་པའོ། །དེའི་ཚེ་འདི་ལྟར་སྣང་བའི་སྤྱོད་ཡུལ་ཀུན་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དག་པས་མ་དྷ་ལ་ཞེས་བྱའོ། །དེས་མ་འགགས་པ་བསོད་ནམས་དང་དེ་ལྟར་མ་དམིགས་པ་ཡེ་ཤེས་ཏེ་ཚོགས་ཆེན་པོ་གཉིས་ཀྱང་ཡོངས་སུ་རྫོགས་ཤིང་གཉིས་སུ་མེད་པར་ཡེ་ཤེས་ལ་ཡེ་ཤེས་རོལ་པར་སྤྱོད་པ་དེ་ལ་སོགས་པ་ཆེ་བའི་ཡོན་ཏན་མཐའ་ཡས་མཆོག་དང་ལྡན་པ་ནི་འཁོར་ལོ་ཚོགས་ཆེན་ཏེ། དེ་ལྟར་ཐོབ་ཚུལ་སངས་རྒྱས་ཀྱིས་ས་གཉིས་སོ། །དེ་ལྟ་ཐོབ་པ་འབྲས་བུའི་ངོ་བོ་ནི་སྐུ་ལྔ་སྟེ། སྐྱེ་ཤི་ལ་སོགས་པ་འཆིང་བ་མཐའ་དག་གི་བསྒྲིབས་གཡོགས་དང་བྲལ་བ་ནི་སྐྱེ་བ་མེད་པའི་དོན་མངོན་དུ་བྱས་པ་ཆོས་སྐུའོ། །དེ་ལ་འཕོ་འགྱུར་མེད་པས་གཡུང་དྲུང་ཡིན་ལ། སྐུ་ཞེས་པ་དེ་འབྲས་བུ་ཆེ་བའི་ཡོན་ཏན་མ་ལུས་པའི་རྟེན་བྱེད་པའི་ཕྱིར་རོ། །འདིར་ཁ་ཅིག་གཡུང་དྲུང་བཞེས་པས་བོན་ཡིན་ནོ་ཞེ་ན། ཕག་མོ་མངོན་འབྱུང་གི་རྒྱུད་ཀྱང་བོན་དུ་འགྱུར་ཏེ། ཇི་སྐད་དུ། གཡུང་དྲུང་འཁྱིལ་བའི་ཕྱག་རྒྱ་ལས། །ཞེས་བཤད་པའི་ཕྱིར། རྟག་རྒྱུད་དེས་གྲུབ་ཅིང་། ཁྱབ་པ་མེད་ན་འདིར་ཡང་མཚུངས་ལ། འདོད་པར་མི་ནུས་སོ། །གཞན་ཡང་དཀོན་བརྩེགས་ལས། བཀྲ་ཤིས་པ་དང་། གཡུང་དྲུང་འཁྱིལ་པ་དང་། ཟླ་གམ་ལྟ་བུར་ཉེ་བར་བརྒྱན་པའོ། །ཞེགས་གསུངས་པ་ཡང་དེ་ལྟར་འགྱུར་བའི་ཕྱིར་རོ། །དཀྱུས་ལྷག་མ་རྣམས་གཞུང་བརྟག་གོ། །ཡང་རང་བཞིན་འབྲས་བུ་མཐར་ཕྱིན་དཀྱིལ་འཁོར་གྱི་སྐབས་འདིར། སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི། །ཞེས་སྐུ་ལྔ་བཤད་པ་དང་། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ཅེས་སྐུ་གསུམ་བཤད་པ་དང་། སྐྱེ་ཤི་མེད་པ་གཡུང་དྲུང་སྐུ། །ཞེས་སྐུ་ལྔ་བཤད་པ་དང་། དེ་ལྟར་སྐུ་ལྔ་ལན་གཉིས་དང་སྐུ་གསུམ་རྣམས་ཟློས་སོ་ཞེ་ན། དང་པོ་ནི་རང་རིག་ལ་སྐུ་ལྔར་གྲུབ་ཚུལ་ཡིན་ལ། གཉིས་པ་སྐུ་གསུམ་ནི་བྱང་ཆུབ་སེམས་དཔའི་ལམ་ནས་འབྲས་བུ་གྲུབ་ཚུལ་ཡིན་ཞིང་། མཐའ་མ་ནི་འདིའི་ལམ་གྱིས་མོས་པ་ཅན་དྲང་བའི་ཕྱིར་རྒྱུའི་ཐེག་པ་དང་སྒོ་བསྟུན་ནས་ལམ་སྦྱངས་པས་འབྲས་བུ་གྲུབ་ཚུལ་དུ་གསུངས་པའི་ཕྱིར་མི་ཟློས་སོ། །འོ་ན་རྒྱུའི་ཐེག་པ་བས་གྲུབ་པའི་འབྲས་བུ་ཆོས་སྐུ་དཔག་མེད་ཅེས་པ་ལ་སོགས་སྐུ་གསུམ་དང་། འདིའི་འབྲས་བུ་སྐྱེ་ཤི་མེད་པ་གཡུང་དྲུང་སྐུ་ལ་སོགས་པའི་སྐུ་གསུམ་ལ་ཁྱད་པར་ཡོད་དམ་མེད། མེད་ན་འབྲས་བུ་ཟློས་པར་འགྱུར་ལ། ཡོད་ན་གང་ཡིན་ཞེ་ན། འདིའི་བཅུ་གཉིས་པ་ལས། རྒྱུ་འབྲས་ཁྱད་པར་ལྷུན་གྱིས་གྲུབ། །ཅེས་པས་ཁྱད་པར་ཡོད་པའི་ཕྱིར་ཟློས་པའི་སྐྱོན་མེད་དོ། །འོ་ན་ཁྱད་པར་གང་ཞེ་ན། སྐུ་གསུམ་ལ་ངོ་བོ་དང་། མཚན་ཉིད་དང་། བྱིན་གྱིས་བརླབས་ཀྱི་ཁྱད་པར་དང་གསུམ་གསུམ་ཡོད་དེ། དང་པོ་ནི་འོག་མའི་ཆོས་སྐུ་དོན་དམ་སྤྲོས་བྲལ་མངོན་དུ་བྱས་པའི་ཕྱིར་ངོ་བོ་སྟོང་པ་ཕྱོགས་གཅིག་པའམ་སྐྱེ་མེད་སྒྲ་ཇི་བཞིན་པ་ཡིན་ལ། ཅིག་ཤོས་ཀྱི་ཆོས་སྐུ་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་མངོན་དུ་བྱས་པའི་ཕྱིར་སྐུ་དང་ཡེ་ཤེས་མ་སྤངས་ཏེ་སྐྱེ་མེད་སྒྲ་ཇི་བཞིན་པ་མ་ཡིན་པའོ། །གཉིས་པ་ནི་འོག་མའི་ཆོས་སྐུ་དེ་སྐྱེ་མེད་སྒྲ་ཇི་བཞིན་པ་ཡིན་པའི་ཕྱིར་མཚན་ཉིད་སྟོང་པ་ཕྱོགས་གཅིག་ཏུ་གཟུང་དུ་ཡོད་ལ། འདིའི་ཆོས་སྐུ་སྐྱེ་མེད་སྒྲ་ཇི་བཞིན་པ་མིན་པའི་ཕྱིར་མཚན་ཉིད་སྟོང་པ་ཕྱོགས་གཅིག་ཏུ་གཟུང་དུ་མེད་པའོ། །མཐའ་མ་ནི་འོག་མའི་ཆོས་སྐུའི་བྱིན་རླབས་གཟུགས་སྐུ་གཉིས་སུ་མི་སྣང་སྟེ་སྟོང་པ་ཕྱོགས་གཅིག་པ་ཡིན་པའི་ཕྱིར་རོ། །འདིའི་ཆོས་སྐུ་ལས་མ་གཡོས་བཞིན་དེའི་བྱིན་རླབས་གཟུགས་སྐུ་གཉིས་སུ་སྣང་སྟེ་སྟོང་པ་ཕྱོགས་གཅིག་པ་མིན་པའི་ཕྱིར་རོ། །གཟུགས་སྐུ་གཉིས་ལའང་གོང་བཞིན་ཁྱད་པར་གསུམ་སྟེ། དང་པོ་ངོ་བོ་ནི་འོག་མའི་གཟུགས་སྐུ་ནི་ཚོགས་བསགས་ཤིང་སྨོན་ལམ་ལས་གྲུབ་པ་ཡིན་པའི་ཕྱིར་ངོ་བོ་འདུས་བྱས་ཡིན་ལ། ཅིག་ཤོས་ཀྱི་གཟུགས་སྐུ་ནི་རང་རིག་སྒྱུ་མ་ལྟར་སྣང་བས་རྒྱུ་རྐྱེན་ལ་རགས་མ་ལུས་པའི་ཕྱིར་ངོ་བོ་འདུས་མ་བྱས་པ་ཡིན་ཏེ། ཇི་སྐད་དུ། རྒྱུན་རྐྱེན་རག་ལུས་མེད་པ་ཡི། །སྒྱུ་མ་རྡོ་རྗེ་བཙན་པོ་མཆོག །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་མཚན་ཉིད་ནི། འོག་མའི་གཟུགས་སྐུ་རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་མཚན་ཉིད་སྐྱེ་འཇིག་ཅན་ཡིན་ལ། ཅིག་ཤོས་ཀྱི་གཟུགས་སྐུ་རྐྱེན་ལ་རག་མ་ལས་པའི་ཕྱིར་སྐྱེ་འཇིག་དང་བྲལ་བའོ། །གསུམ་པ་ཡོན་ཏན་གྱི་ཁྱད་པར་ལ་གཉིས་ཏེ། ལོངས་སྐུའི་དང་། སྤྲུལ་སྐུའི་ཡོན་ཏན་ནོ། །དང་པོ་ལའང་གཉིས་ཏེ། ལོངས་སྤྱད་བྱ་ཞིང་གི་དང་། སྤྱོད་ཚུལ་གྱི་ཁྱད་པར་རོ། །དང་པོ་ནི་ཁོག་གཞུང་ལས། གང་གིས་ཆོས་ཀྱི་ལོངས་སྤྱོད་ནི། །ཇི་ལྟར་འདོད་བཞིན་ཉེར་སྤྱོད་པ། །སྐུ་འདི་ལོངས་སྤྱོད་རྫོགས་པར་སྤྱད། །ཅེས་པས། འོག་མའི་ལུགས་ཀྱི་ལོངས་སྐུ་ནི་རྣམ་པར་དཀར་བའི་ཆོས་ཀྱི་ཕུང་པོ་ལ་སྤྱོད་ཅིང་འཁོར་བའི་ཆོས་ལ་ལོངས་སྤྱོད་མི་ནུས་ལ། ཅིག་ཤོས་ཀྱི་ལུགས་ཀྱི་ལོངས་སྐུ་ནི་འཁོར་འདས་གཉིས་ཀ་ལ་སྤྱོད་པ་ཡིན་ཏེ། ཇི་སྐད་དུ། དངོས་པོ་གཉིས་ཀྱི་ལོངས་སྤྱོད་ལ། །བསྟར་ལ་མི་འཛིན་དབང་ཕྱུག་ཆེ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་སྤྱོད་ཚུལ་གྱི་ཁྱད་པར་ནི། འོག་མ་པའི་ལོངས་སྐུས་རྣམ་པར་དཀར་བའི་ཆོས་ཉིད་ཟབ་མོ་ཡུལ་དུ་བྱས་ནས་སྤྱོད་ལ། ཅིག་ཤོས་ཀྱི་ལུགས་ཀྱིས་ནི་ཐམས་ཅད་རིག་པ་ཡིན་པའི་ཕྱིར་ཡུལ་མེད་དེ་བདག་ཉིད་ཆེན་པར་སྤྱོད་པས་ཁྱད་པར་ཡོད་དོ། །སྤྲུལ་སྐུའི་ཡོན་ཏན་ལ་གསུམ། གདུལ་བྱ་ཞིང་གི་དང་། འདུལ་བྱེད་ཐབས་ཀྱི་དང་། དོན་བྱེད་པ་འབྲས་བུའི་ཁྱད་པར་རོ། །དང་པོ་ནི་འོག་མའི་སྤྲུལ་སྐུས་ཉོན་མོངས་པ་སྤོང་བ་དང་སྦྱོང་བ་ཁོ་ན་ལ་མོས་པའི་གདུལ་བྱ་རྣམས་འདུལ་ཞིང་། ཉོན་མོངས་པ་བསྒྱུར་བ་ལ་སོགས་པ་ལ་མོས་པ་རྣམས་མི་འདུལ་ལ། ཅིག་ཤོས་ཀྱི་ལུགས་ཀྱིས་ནི་ཉོན་མོངས་པ་སྤོང་སྦྱོང་ལ་མོས་པ་དང་དེ་ལ་མི་མོས་ཏེ་བསྒྱུར་བ་ལ་སོགས་པ་ལ་མོས་པ་ཐམས་ཅད་འདུལ་བས་སམ། ཡང་ན་འོག་མའི་སྤྲུལ་སྐུའི་གདུལ་བྱར་རིགས་དྲུག་གྱུར་ལ། ཅིག་ཤོས་ཀྱི་སྤྲུལ་པའི་གདུལ་བྱར་འོག་མའི་སྤྲུལ་སྐུར་གྱུར་པས་འཕགས་ཞེས་ཀྱང་ཟེར་རོ། །གཉིས་པ་ནི་འོག་མ་པའི་སྤྲུལ་སྐུས་སྤོང་སྦྱོང་གི་ཐབས་ཕྱོགས་གཅིག་གིས་འདུལ་ལ། ཅིག་ཤོས་ཀྱི་ལུགས་ཀྱིས་སྤྲུལ་སྐུས་དེའི་སྟེང་དུ་བསྒྱུར་བ་དང་དབང་དུ་བྱེད་པ་ལ་སོགས་ཐབས་དམ་པས་འདུལ་བས་ཁྱད་པར་འཕགས་སོ། །མཐའ་མ་ནི་འོག་མ་པའི་སྤྲུལ་སྐུས་དོན་བྱས་པས་ཀུན་ཏུ་འོད་ཀྱི་ས་ཐོབ་ལ། འདིའི་སྤྲུལ་སྐུས་དོན་བྱས་པས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པ་སྟེ། ཇི་སྐད་དུ། དབྱིག་གི་སྒྲོན་མ་ལས། ཁྱོད་ཀྱི་བཅུ་གཅིག་ཀུན་ཏུ་འོད། །ཐབས་ཆེན་ཐེག་པའི་བསྟི་གནས་ས། །ཞེས་པ་དང་། ཐབས་ཞགས་ལས། པདྨ་ཅན་དུ་གྱུར་པ་ནི། །ཀུན་ཏུ་འོད་ཀྱི་ས་ལས་འདས། །ཞེས་གསུངས་པའི་ཕྱིར་རོ་ཞེས་གསུངས་ཏེ། འདི་རྣམས་ནི་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཀྱི་རང་རང་གི་འདོད་ལུགས་ཀྱི་ཁྱད་པར་ཡིན་གྱི། འབྲས་བུའི་རང་ལྡོག་ལ་གོང་གི་ཁྱད་པར་དེ་དག་མེད་པར་སེམས་སོ། །གལ་ཏེ་ཁྱད་པར་དེ་དག་ཡོད་ན་གང་ཡང་རུང་བ་གཅིག་འབྲས་བུ་མ་ཡིན་པར་འགྱུར་ཏེ། འབྲས་བུ་ཡིན་པའི་འགལ་ཟླ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡིན་པར་མ་གྲུབ་ཅེ་ན། འགལ་ཟླ་ཡིན་ཏེ། ངོ་བོ་འདུས་བྱས་ཡིན་མིན་དང་། མཚན་ཉིད་སྐྱེ་འཇིག་ཡོད་མེད་དང་། བྱིན་རླབས་གཟུགས་སྐུ་གཉིས་སུ་འཆར་མི་འཆར་ལ་སོགས་པ་རྣམས་དངོས་འགལ་ཡིན་པའི་ཕྱིར་རོ། །དེས་ན་ཁྱད་པར་དེ་དག་ཐེག་པ་གཉིས་ཀྱི་འདོད་ལུགས་ཀྱི་ཁྱད་པར་ཡིན་པར་ཤེས་པར་བྱའོ། །ལེའུ་བསྡུས་པ་ལ་གསུམ་ལས། ལོ་རྒྱུས་སུ་བརྗོད་པ་ནི་སྡུད་པ་པོ་མཚམས་སྦྱར་བའོ། །བསྡུས་པ་དངོས་ལ་གསུམ་ལས། གཞི་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། ལམ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། འབྲས་བུ་མཐར་ཕྱིན་པ་སྐུའི་དཀྱིལ་འཁོར་བསྡུས་པའོ། །དང་པོ་ནི། དམིགས་བྱ་ཞེས་པར། དེ་ནས་དེ་པ་ཐམས་ཅད་ཀྱི་རང་བཞིན་ཞེས་པ་ནས། ཡེ་ཤེས་ཕྱོགས་བཞི་ཞེས་གཉིས་སོ། །དེ་སྡུད་ཚུལ་ནི། ཡེ་ནས་གནས་པའི་ཆོས་ཉིད་ཤེས་བྱའི་ཁྱབ་བྱེད་དེ་དམིགས་པར་བྱ་བའི་ཡུལ་ཡིན་ཞེས་སོ། །དམིགས་བྱེད་ཅེས་པར། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཞེས་གཅིག་གོ། །ཚུལ་ནི་དམིགས་བྱ་ཆོས་ཉིད་དེ་རྟོགས་རུང་གི་བློ་སྟེ། དེ་ནི་གྲུབ་པ་མཐའ་འཛིན་གྱི་མ་ཡིན་ཏེ། ངོ་བོ་དོན་གྱི་རྫོགས་པ་ཆེན་པོ་རྟོགས་པ་ཞིག་གིས་དམིགས་པར་བྱེད་དོ། །མི་དམིགས་ཞེས་པ་ལ་སོགས་པར། ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་གཅིག་གོ། །དེ་ནི་གོང་གི་བློ་དེས་ཡུལ་དེ་ལ་ཡོད་མེད་ལ་སོགས་མཐའ་གང་དུ་ཡང་མི་དམིགས་པར་རྟོགས་པ་ནི་གཏིང་དཔག་ཏུ་མེད་པས་ཟབ་ཅིང་། བློས་བསམ་གྱིས་མི་ཁྱབ་པའི་ཕྱིར་རྒྱ་ཆེ་བ་སྟེ་དེ་ནི་ཤེས་བྱའི་གནས་ལུགས་ཡིན་ནོ་ཞེས་སོ། །དོན་གཉིས་པ་ནི། ཡེ་ཤེས་རང་རིག་ལ་སོགས་སུ། འཁོར་ལོ་རྩིབས་བཞི་ཞེས་པ་ནས། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་པའི་བར་དུ་ཤོ་ལོ་ཀ་བརྒྱད་དོ། །དེ་ནི་དེ་མངོན་དུ་བྱེད་པའི་ཡེ་ཤེས་ནི་རང་རིག་པའི་རྩལ་ལས་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རྟེན་གཞལ་ཡས་དང་བརྟེན་པ་ལྷ་ལ་སོགས་པའི་བཀོད་པ་སྣ་ཚོགས་སུ་སྣང་ཞིང་དེའི་ཆེ་བའི་ཡོན་ཏན་ཚིག་ཏུ་བརྗོད་ཀྱིས་མི་ལང་བ་ཡིན་ནོ་ཞེས་སོ། །དོན་གསུམ་པ་ནི། མཉམ་དང་ཞེས་པ་ལ་སོགས་པར། སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི། །ཞེས་གཅིག་གོ། །དེ་ནི་དེ་ལྟར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་མྱ་ངན་ལས་འདས་པ་དང་ཐ་དད་དུ་བཟུང་བས་མི་མཉམ་པར་རྟོགས་པ་འཁོར་བའི་ཆོས་ཀུན་ལ་རང་བཞིན་གྱི་དཀྱིལ་འཁོར་གྱིས་ཁྱབ་པ་སྟེ། དེ་ཡང་ཁྱབ་བྱ་དངོས་པོ་གཉིས་ལ་བདེན་པའི་རང་བཞིན་མེད་པའི་ཕྱིར་ཁྱབ་བྱེད་དང་དཀྱིལ་འཁོར་གྱིས་ཁྱབ་པའི་ཚུལ་ནི་གྱང་དང་རི་མོ་ལྟར་རྟེན་དང་བརྟེན་པ་མ་ཡིན་ཏེ། གསེར་དང་སེར་པོ་ལྟར་ངོ་བོ་ཉིད་ཀྱིས་ཁྱབ་པའི་དོན་ལ་ཆོས་ཀྱི་དབྱིངས་ཞེས་བྱའོ་ཞེས་སོ། །ཡེ་ནས་ཀུན་གསལ་ཞེས་པ་ལ་སོགས་པ་ནི། དེ་ལྟར་ཡེ་ནས་གནས་པའི་ཆོས་ཉིད་དེ་མངོན་དུ་བྱས་པའི་ཚེ་ཆོས་ཀུན་གྱི་རང་བཞིན་སྐུ་ལྔར་གསལ་བས་རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་དུ་གདུལ་བྱའི་ངོ་ལ་རྣམ་པར་སྤྲོས་པ་སྟེ། དེ་ལ་དོན་གསུམ་སྟེ། དེ་བཞིན་དབྱིངས་ལས་ཞེས་པ་ལ་སོགས་པ་རྐང་པ་བཅུ་གཅིག་གིས་རང་རིག་འབྲས་བུར་ལྷུན་གྱིས་གྲུབ་པས་ལ་སྐུ་ལྔའི་ལྡོག་པ་སོ་སོར་སྤྲོས་པ་དང་། འོག་མིན་བླ་མེད་ཅེས་པ་ནས། བླ་མེད་བྱང་ཆུབ་ཡང་དག་ཐོབ། །ཅེས་པའི་བར་བཅུ་གཉིས་ཀྱིས་རྒྱུའི་ཐེག་པའི་གཞུང་དང་། མཚན་དང་དཔེ་བྱད་ཅེས་པ་ནས། བསམ་ཡས་མཆོག་ཅེས་པའི་བར་ལྔས་འབྲས་བུའི་ཐེག་པའི་གཞུང་གིས་སྐུ་ལྔས་དོན་མཛད་པའི་ཕྱིར་ཐེག་པའི་གཞུང་སོ་སོར་སྤྲོས་པ་དང་། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ཅེས་རྐང་པ་གསུམ་གྱི་རྒྱུའི་ཐེག་པ་འབྲས་བུ་དང་། སྐྱེ་ཤི་མེད་ཅེས་པ་ནས། སྐུ་ལྔ་ཀུན་ཀྱང་རྫོགས་ཞེས་པའི་བར་བདུན་གྱིས་ཐེག་པ་འདིའི་འབྲས་བུ་སྟེ། ཐེག་པའི་གཞུང་དེ་དག་གིས་བསྒྲུབས་པའི་འབྲས་བུ་སོ་སོར་སྤྲོས་པའོ། །དེ་ལྟར་སྤྲོས་པའི་དཔེ་ཡང་། །དཔེར་ན་མེ་ལོང་ཆུ་ཟླ་བཞིན། །ཞེས་པ་ནས། རིམ་པ་བཞིན་ཞེས་པའི་བར་དྲུག་སྟེ། དེ་དག་ཀྱང་གདུལ་བྱའི་སྣང་བ་ལ་སྤྲོས་པ་ཡིན་གྱིས་དེ་པའི་སྣང་བ་ནས་སྤྲོས་པ་གང་ཡང་མེད་པ་སྟེ། དེ་ལ་མཉེས་པའི་དོན་ལ་ཧོ་ཞེས་བྱའོ། །བསྡུ་བའི་སྐབས་འདིར་འདི་ལྟར་བརྟག་པར་བྱ་སྟེ། རྒྱུད་འདིའི་ལེའུ་དང་པོ་དང་གསུམ་པ་དང་བཞི་པ་དང་དྲུག་པ་རྣམས་སུ་ལེའུའི་བསྡུ་བ་རེ་བྱུང་ལ་གཞན་རྣམས་སུ་མི་འབྱུང་བ་ཇི་ལྟར་ཡིན་ཞེ་ན། ལན་དུ་ཁ་ཅིག་ན་རེ་སྤྱིར་རྒྱུད་ཀྱི་རང་བཞིན་གཞི་ལམ་འབྲས་བུ་གསུམ་དུ་གནས་པ་ལ། ལེའུ་དང་པོར་གླེང་གཞི་བསྡུས་པ་ཡིན་ཏེ། གླེང་གཞི་ཆོས་ཉིད་དུ་བསྡུ་བ་ཅེས་བྱའོ། །གསུམ་པ་དང་བཞི་པར་ལམ་བསྡུས་པ་ཡིན་ཏེ། གསུམ་པར། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །ཞེས་བརྟག་གཞི་གཏན་ཚིགས་ཀྱིས་གཏན་ལ་ཕབ་པ་ནི་ཤེས་རབ་གྲོལ་བའི་ལམ་ཡིན་ཞིང་། བཞི་པར་ཐབས་དང་ཤེས་རབ་ཅེས་ལམ་གཉིས་དངོས་སུ་གསུངས་པའི་ཕྱིར་ལམ་གྱི་ངོ་བོ་བསྡུས་པ་ཡིན་ནོ། །དྲུག་པར། སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི། །ཞེས་པ་ལ་སོགས་པ་འདིའི་འབྲས་བུ་སྐུ་ལྔ་དང་རྒྱུའི་ཐེག་པའི་འབྲས་བུ་སྐུ་གསུམ་གསུངས་པའི་ཕྱིར་འབྲས་བུ་བསྡུ་བར་འཐད་ཟེར་རོ། །འོ་ན་གཞན་རྣམས་སུ་མི་འབྱུང་བ་ཇི་ལྟར་ཡིན་ཞེ་ན། དེ་དག་ཏུ་བརྗོད་བྱ་གཞི་ལམ་འབྲས་བུ་གསུམ་གཙོ་བོར་གསུངས་པའི་ཕྱིར་བྱུང་ལ། གཞན་རྣམས་སུ་ཕལ་ཆེར་ལམ་གྱི་ཆ་རྐྱེན་རྣམས་གསུངས་པའི་ཕྱིར་མི་འབྱུང་བ་ཡིན་ཏེ། རྒྱུ་མཚན་མེད་པ་ལ་རྟོག་ལྡན་བློ་འཇུག་མི་སྲིད་དོ་ཞེས་གྲག་གོ། །ལན་འདི་རྣམས་ནི་འཐད་པར་མ་མཐོང་སྟེ། འདི་ལྟར་བརྗོད་བྱ་གཞི་ལམ་འབྲས་བུ་གསུམ་གཙོ་བོར་སྟོན་ཅིང་དེའི་བྱེ་བྲག་ལམ་གྱི་ངོ་བོ་སྟོན་པ་ལེའུ་གཞན་ནའང་ཡོད་པའི་ཕྱིར་རོ། །ལེའུ་གསུམ་པའི་ལྟ་བ་དེ་ལམ་གྱི་ཆ་རྐྱེན་ཡིན་པས་བསྡུ་བར་འཐད་པའི་རྒྱུ་མཚན་དུ་དང་། ལེའུ་གཞན་རྣམས་སུ་ལམ་གྱི་ཆ་རྐྱེན་སྟོན་པས་བསྡུ་བ་མི་འོང་བ་ཡིན་ཞེས་ལམ་གྱི་ཆ་རྐྱེན་དེ་བསྡུ་བ་དང་མི་བསྡུ་བ་གཉིས་ཀའི་འཐད་པར་འགལ་བ་ཡིན་པའི་ཕྱིར་རོ། །གཞན་ཡང་རྒྱུ་མཚན་མེད་པ་ལ་རྟོག་ལྡན་བློ་འཇུག་མི་སྲིད་ཟེར་བ་ནི་རིགས་པ་མ་ཡིན་ཏེ་རྒྱུད་ཀྱི་གནས་ལུགས་འདི་རྟོག་ལྡན་གྱིས་བློས་བརྟགས་ནས་བྱས་པ་མ་ཡིན་པའི་ཕྱིར་རོ། །འོ་ན་འདི་ཇི་ལྟར་ཡིན་ཞེ་ན། རྒྱུད་ཀྱི་དངོས་པོའི་གནས་ལུགས་ཡིན་ཏེ། ལེའུ་བཞི་པར་བསྡུ་བ་འོང་ཞིང་གཞན་རྣམས་སུ་མི་འོང་བ་གཉིས་ཀ་ལ་ཤེས་བྱེད་མི་དགོས་སོ། །གལ་ཏེ་དགོས་ན་གསུངས་པ་ལོ་རྒྱུས་སུ་བརྗོད་པ་ཡང་དང་པོ་གཉིས་པ་གསུམ་པ་ལ་སོགས་འགའ་ཞིག་ཏུ་མི་འོང་ཞིང་འགའ་ཞིག་ཏུ་འོང་བ་ལ་རྒྱུ་མཚན་ཅི་ཡང་མེད་དོ། །དེས་ན་ཁྱོད་ཀྱི་མིག་དེ་དཔྲལ་བ་ཁོ་ན་ལ་ཡོད་ཀྱི་གཞན་ན་མེད་པ་ཅི་ཞེས་པ་དང་ཀུན་ནས་མཚུངས་སོ། །དེའི་ཕྱིར་འདི་ལྟ་བུ་ལ་རྟོག་པ་ནི་བློའི་སྐྱོན་ཡིན་ཏེ་མུ་ཐུག་པ་མེད་དོ། །རྒྱུད་དོན་རྣམ་ངེས་ལས་ལེའུ་དྲུག་པའི་རྣམ་པར་བཤད་པའོ།། ༈ །།ལེའུ་བདུན་པ་ནི་སྟོད་ནས་ཞི་བ་ལྷག་པ་ཏིང་དཀྱིལ་བསྐྱེད་པའི་སྔགས་ཏེ་མངོན་རྟོགས་ལེའུ་དྲུག་པར་བླངས་ཟིན་ཏོ། །དེ་ཡང་སྔགས་འདི་དག་ལ་འདི་ཉིད་ཀྱི་དྲུག་པ་ལྟར་ཕྱི་གྲོལ་ལམ་བསྐྱེད་རིམ་གྱི་དབང་དུ་དང་། ཐལ་རྒྱུད་ལྟར་ནང་ཐབས་ལམ་བདེ་བའི་དབང་དུ་བཤད་པ་གཉིས་གཉིས་སུ་ཤེས་པར་བྱའོ། །དེ་ལས་རྟེན་གཞལ་ཡས་ཁང་གི་སྔགས་ནི་བྷྲཱུཾ་ཞེས་པ་རྒྱུ་ས་བོན་ཡིན་ལ་བི་ཤྭ་བི་ཤུདྡྷེ་ཞེས་པ་སྐྱེད་སྔགས་ཏེ། འདི་ཡང་ཆོས་དང་པོའི་དབང་དུ་དཀྱིལ་འཁོར་བསྡུས་པ་འབྲིང་པོ་རྒྱས་པ་རྣམས་གང་བསྐྱེད་ཀྱང་རུང་སྟེ། དེ་ཉིད་གདན་དང་བཅས་པ་བསྐྱེད་ཅིང་གསལ་གདབ་པ་ལ་ལེའུ་དྲུག་པ་ལྟར་རོ། །ཆོས་གཉིས་པའི་དབང་དུ་ཐལ་རྒྱུད་ལས། བྷྲཱུྃ་དབྱིབས་བྷ་གར་སྣ་ཚོགས་འདུས། །ལས་དང་ངོ་བོས་དག་པ་ཡིན། །སངས་རྒྱས་རིན་ཅེན་ཟ་མ་ཅི། །བྱིན་བརླབས་སྐྱོབ་ཕྱིར་སྔགས་སུ་བརྗོད། །ཅེས་གསུངས་པའོ། །བརྟེན་པ་ལྷ་བསྐྱེད་པ་ལ་ཡང་དང་པོ་རིགས་ལྔ་བསྐྱེད་པ་ནི་ཧཱུཾ་བཛྲ་དྷྲིཀ་ལ་སོགས་པས་རྡོ་རྗེ་འཛིན་པ་ལ་སོགས་བསྐྱེད་དེ། དེ་ཡང་ཆོས་དང་པོ་ལྟར་ན་དཀྱིལ་འཁོར་བསྡུས་འབྲིང་རྒྱས་གསུམ་ལ་དྲུག་པར་བསྟན་པ་ལྟར་བསྐྱེད་ཚུལ་གསུམ་པོ་གང་གིས་བསྐྱེད་ཀྱང་རུང་སྟེ། སྤྱིར་སངས་རྒྱས་བཞི་བཅུ་རྩ་གཉིས་ལ་མཚུངས་པ་ཐུན་མོང་གི་ཆོས་གང་དང་ལྡན། ཐ་དད་པ་ཁྱད་པར་གྱི་ཆོས་ཇི་ལྟ་བུ་ཞེ་ན། དང་པོ་ནི་འདིའི་དྲུག་པ་ལས། མཚན་དང་དཔེ་བྱད་ཐམས་ཅད་རྫོགས། །ཞེས་པ་ལྟར། ཐུན་མོང་དང་ཐུན་མིན་གསང་བའི་མཚན་དང་དཔེ་བྱད་རྣམས་ཀྱིས་བརྒྱན་ཅིང་ཚུལ་དགུ་རྣམས་ཁྱབ་བྱེད་དུ་ཡོད་པའི་ཕྱིར་ཐུན་མོང་གི་ཆོས་སོ། །གཉིས་པ་ནི་ལྷ་ཚོགས་རྣམས་ཚན་ཚན་དུ་བསྡུ་ན་རིགས་ལྔ་དང་། སེམས་དཔའ་དང་། ཀུན་བཟང་དང་། སྒོ་བ་དང་། ཐུབ་པ་དང་ལྔའོ། །བྱེ་བྲག་ཏུ་ཕྱེ་ན་བཞི་བཅུ་རྩ་གཉིས་སུ་ཐ་དད་པས་ཁྱད་པར་གྱི་ཆོས་སོ། །བྱེ་བྲག་ཏུ་དང་པོ་རིགས་ལྔ་ཡབ་ཡུམ་ལ་ཐུན་མོང་གི་ཆོས་གདན་ཁྲི་བཞི་བརྩེགས་དང་། བཞུགས་ཚུལ་རྫོགས་པའི་སྐྱིལ་ཀྲུང་དང་། རྒྱས་བསྡུས་གང་ཡིན་ཡང་ཞལ་ཕྱག་དང་། ཕྱག་རྒྱ་དང་། ཕྱག་གཉིས་པའི་དབང་དུ་ཡབ་ཀྱི་གཡོན་དང་ཡུམ་གྱི་ཕྱག་མཚན་དྲིལ་བུ་དང་། ཚུལ་དགུ་དང། རྒྱན་ཆས་བཅུ་གསུམ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ལྷ་ལྔ་དང་། ཆིག་རྫོགས་ཀྱི་དབང་དུ་དབུ་རྒྱན་དང་། འོད་ཀྱི་རྒྱབ་ཡོལ་ལ་སོགས་འདྲ་བར་བསྒོམས་པས་ཐུན་མོང་ངོ་། །ཡང་སེང་གེ་ལ་སོགས་སེམས་ཅན་གྱི་ཁྲི་དང་། དབུས་དང་ཤར་ལ་སོགས་བཞུགས་གནས་དང་། ཋ་ཐ་ལ་སོགས་སྐྱེད་པའི་ས་བོན་དང་། རྡོ་རྗེ་ལ་སོགས་ཐུགས་ཕྱག་མཚན་དང་། བཛྲ་དྷྲིཀ་ལ་སོགས་སྐྱེད་སྔགས་དང་། མཐིང་ཁ་ལ་སོགས་སྐུ་མདོག་དང་། རང་རྟགས་གཡས་ཀྱི་ཕྱག་མཚན་དང་། ཐུགས་ཀའི་ཡེ་ཤེས་སེམས་དཔའ་དང་། ཕྱེད་སྐྱིལ་གྱི་དབང་དུ་དབུ་རྒྱན་གྱི་རིགས་བདག་དང་། མི་བསྐྱོད་པ་ལ་སོགས་མཚན་དང་། རྡོ་རྗེའི་རིགས་ལ་སོགས་པ་རིགས་རྣམས་ནི་ཐ་དད་པའི་ཕྱིར་ཁྱད་པར་གྱི་ཆོས་ཡིན་ཏེ། ཆོས་དེ་རྣམས་དང་ལྡན་པར་སྐྱེད་དོ། །དེ་ཉིད་ཆོས་གཉིས་པའི་དབང་དུ་ན་དང་པོ་ཡབ་ལྔ་ནི། དེ་ཉིད་ལས། ཙིཏྟ་ཁམས་ལྔའི་ཤི་ར་ལ། །རྡོ་རྗེ་རྒྱལ་བ་རིན་ཆེན་ཆོས། །ཤེས་རབ་རིག་ལྡན་བཅུད་ཀྱི་གཟུངས། །ངེས་པར་འཛིན་པ་གསང་བའི་སྔགས། །ཞེས་པ་ལྟར་རོ། །མུཾ་དྷཱ་ཏུ་ཤྭ་རཱི་ལ་སོགས་ཡུམ་ལྔ་ཡང་། དེ་ཉིད་ལས། དེ་ཉིད་དྭངས་མའི་ཡེ་ཤེས་ལྔ། །མ་རིག་གཉིས་སོགས་བཞི་པོ་དང་། །མི་ཕྱེད་ཕྲག་དོག་རྡོ་རྗེའི་སྔགས། །དབྱིངས་སུ་སྐྱོབ་ཕྱིར་དགའ་མར་བརྗོད། །ཅེས་པའི་དོན་ཏོ། །སེམས་དཔའ་ཡབ་ཡུམ་ལ་ཆོས་དང་པོའི་དབང་དུ་ན། སྤྱིའི་ཆོས་གདན་གསུམ་བརྩེགས་དང་། བཞུགས་ཚུལ་ཕྱེད་སྐྱིལ་ལམ་འབབ་ཚུལ་ཏེ། ཡབ་རྣམས་མཐུན་ཅིང་ཡུམ་རྣམས་མཐུན་ལ། གཡོན་གྱི་ཕྱག་རྒྱའམ་ཕྱག་མཚན་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ལྷ་དང་། རྒྱན་ཆས་རྣམས་ཐུན་མོང་བའོ། །ཁྱད་པར་གྱི་ཆོས་ནི། ཀ་དང་ཙ་ལ་སོགས་ས་བོན་དང་། རིན་མྱུག་ལ་སོགས་ཐུགས་མཚན་དང་། ཀྵི་ཧི་རཱ་ཛ་ལ་སོགས་སྐྱེད་སྔགས་དང་། ཤར་ལྷོའི་རྩིབས་མཆན་ལ་སོགས་བཞུགས་གནས་དང་། དཀར་པོ་ལ་སོགས་སྐུ་མདོག་དང་། །ཕྱག་མཚན་དང་། རིགས་བདག་གི་དབུ་རྒྱན་དང་། ཐུགས་ཀའི་ཡེ་ཤེས་སེམས་དཔའ་དང་། རིགས་དང་མཚན་རྣམས་ཐ་དད་པ་སྟེ། ཆོས་དེ་དག་དང་ལྡན་པར་སྐྱེད་དོ། །དེ་ལས་ནང་གི་སེམས་དཔའ་ནི། ཀྵི་ཧི་རཱ་ཛ་ཡ་ལ་སོགས་གོང་ལྟར་བ་སྐྱེད་ཅིང་། ནང་གི་སེམས་མ་ནི་ཧཱུཾ་ལ་སྱེ་ས་མ་ཡ་སྟྭཾ་ཞེས་པ་ལ་སོགས་ཀྱིས་བསྐྱེད་དེ། སེམས་མ་དེ་དག་ཆོས་གཉིས་པའི་དབང་དུ་ན། དེ་ཉིད་ལས། ལས་ཀྱི་བདེ་བས་སྒེག་པ་ནི། །ཆགས་པའི་དམ་ཚིག་དུས་ཡིན་ནོ། །སླར་ཡང་ལན་གྱིས་འབྲེལ་བ་ནི། །གཉིས་ཀ་དགྱེས་པའི་མཆོག་ཏུ་བཤད། །ཧ་དང་སི་ཡི་བདེ་སྒྲ་དག །བདག་གིས་ཆགས་པ་ཐོབ་པའོ། །ཤིན་ཏུ་བསྐྱོད་པའི་བདེ་བ་ཉིད། །ཀུན་ནས་བསྐྱོད་པའི་རླུང་ཞེས་བྱ། །ཞེས་པའོ། །ཕྱིའི་སེམས་དཔའ་ནི་མི་དྷ་ར་ནི་ལ་སོགས་པས་གོང་ལྟར་བསྐྱེད་ཅིང་། ཕྱིའི་སེམས་མ་ནི་ཛཿདྷཱུ་པེ་པྲ་བེ་ཤ་ལ་སོགས་པས་བསྐྱེད་དེ། དེ་ནི་ཆོས་གཉིས་པའི་དབང་དུ་ན། དེ་ཉིད་ལས། གཉིས་འདྲེས་འཛིན་པ་ཞེས་བྱ་སྟེ། །དེ་ཉིད་ཕྱེ་བ་ལས་བྱུང་བའོ། །མེ་ཏོག་བསྡུས་པའི་ངོ་བོ་ཉིད། །བདག་པོའི་ཞལ་དུ་ཐིམ་པར་བཤད། །ཤིན་ཏུ་བསྡམས་པའི་རིམ་ལས་བྱུང་། །གསལ་བའི་ཡེ་ཤེས་བདེ་བ་ཆེ། །ཀུན་གསལ་བརྗོད་དང་བདེ་བའི་སྒྲ། །གཉིས་མེད་ཐུགས་སུ་ཤེས་པར་བྱ། །ཞེས་པ་བཞིན་ནོ། །སྒོ་བ་ཡབ་ཡུམ་ནི་ཧཱུཾ་ཡ་མཱནྟ་ཀྲིཏ་ཕཊ། ཞེས་པ་ལ་སོགས་པ་ཡབ་རྣམས་དང་། བཛྲ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ལ་སོགས་ཀྱིས་ཡུམ་རྣམས་ཏེ། དེ་དག་ལ་གདན་རྡོ་རྗེ་བྲག་གི་སྟེང་དུ་ཉི་དཀྱིལ་དང་། ཕྱག་རྒྱ་གནོན་ཐབས་དང་། བཞུགས་ཚུལ་དོར་ཐབས་དང་། ལྟག་ལྤགས་སྦྲུལ་ཆུན་ལ་སོགས་རྒྱན་ཆས་དང་། མེ་རི་རྣམས་སྤྱིའི་ཆོས་ལ། ས་བོན་ཐུགས་ཕྱག་མཚན་སྐྱེད་སྔགས་སྐུ་མདོག་ཕྱག་མཚན་དབུ་རྒྱན་ཡེ་ཤེས་སེམས་དཔའ་རིགས་མཚན་བཞུགས་གནས་རྣམས་ཁྱད་པར་གྱི་ཆོས་ཏེ་དེ་དག་དང་ལྡན་པར་སྐྱེད་དོ། །རྒྱལ་མཆོག་ཀུན་བཟང་ཡབ་ཡུམ་ནི་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཨཱོཾ་ཞེས་པས་ཡབ་དང་། ཨ་ཨ་ཨ་བཛྲཱ་བྷ་དྲ་ས་མནྟ་ཨ་ཞེས་པས་ཡུམ་བསྐྱེད་དེ། དེ་ཡང་གདན་ཁྲི་བཞི་བརྩེགས་དང་། བཞུགས་ཚུལ་སྐྱིལ་ཀྲུང་དུ་དང་། སྐུ་མདོག་མཐིང་ཁར་དང་། ཕྱག་མཉམ་གཞག་ཏུ་དང་། མཚན་དང་རིགས་ནི་རིགས་ཀྱི་བདག་པོར་དང་། ཡན་ལག་གི་ལྷ་དང་རྒྱན་ཆས་རྣམས་མཐུན་པའི་ཕྱིར་སྤྱིའི་ཆོས་ལ་བཞུགས་གནས་དང་ས་བོན་དང་ཡབ་དང་ཡུམ་གྱི་ཁྱད་པར་དང་ཕྱག་མཚན་རྣམས་ཐ་དད་པའི་ཕྱིར་ཁྱད་པར་བས་ཏེ་དེ་དག་དང་ལྡན་པར་སྐྱེད་དོ། །དེ་ནི་ནང་དུ་ན་དེ་ཉིད་ལས། རྣམ་ཤེས་གསུམ་འདས་རྡོ་རྗེ་ནི། །ཡེ་ཤེས་ལྔ་རྫོགས་ཐུགས་ཉིད་དེ། །དབྱིངས་གསུམ་རྣམ་དག་འདུས་མ་བྱས། །ཀུན་ཏུའང་དེ་བཞིན་གནས་བྱེད་པའོ། །ཞེས་པ་བཞིན་ནོ། །ཐུབ་པ་ནི་ཨཱོཾ་མུ་ནི་ཧཱུཾ་ཏྲུཾ་སྭཱ་ཧཱ་ཞེས་པ་ལ་སོགས་པས་སྤྱིའི་ཆོས་གདན་པདྨ་དང་བཞུགས་ཚུལ་ལྡེམ་པར་དང་ཞལ་ཕྱག་དང་ཆ་ལུགས་རབ་ཏུ་བྱུང་བ་རྣམས་མཐུན་ལ། ཁྱད་པར་བཞུགས་གནས་ས་བོན་སྐྱེད་སྔགས་སྐུ་མདོག་ཕྱག་མཚན་རྣམས་ཐ་དད་དེ་དེ་དག་དང་ལྡན་པར་སྐྱེད་དོ། །དེ་ཉིད་ནང་དུ་ན་དེ་ཉིད་ལས། ས་བོན་ཟུང་གསུམ་བདེ་དེ་བ། །ངེས་སྐྱེས་རང་རིག་གྱུར་པ་ཡིས། །གཉིས་འབྱུང་འདུལ་བས་ཐུབ་པར་གསུངས། །ཞེས་པ་བཞིན་ནོ། །དེ་ལྟར་ཐབས་ཀྱི་བཤད་པ་འདི་རྣམས་འགྲེལ་པས་ཐལ་རྒྱུད་ལྟར་བཀྲལ་བ་རྣམས་གོང་མ་རྣམས་ཀྱི་གསུང་སྒྲོས་ཡིན་ནོ། །དེ་དག་དེ་ལྟར་བསྐྱེད་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམ་སྟེ། ཇི་སྐད་དུ་འགྲེལ་པ་བདུད་རྩི་ཐིག་པ་ལས། ཡེ་ཤེས་སེམས་དཔའ་སྙིང་གི་དྷཱུ་ཏཱིའི་ནང་དུ་བསྒོམ་ལ་ཞེས་པས། ལྷ་རྣམས་རང་རང་གི་ཐུགས་ཀར་ཉི་ཟླ་ཆུ་སྐྱེས་ཀྱི་སྟེང་དུ་རང་རང་ཅི་འདྲ་བའི་ཡེ་ཤེས་སེམས་དཔའ་སྐུ་དེ་དག་ཉིད་ཀྱི་ཚོན་གང་བའོ། །དེའི་ཐུགས་ཀར་རང་རང་གི་ཕྱག་མཚན་གྱི་ལྟེ་བ་ལ་ཟླ་དཀྱིལ་དབུས་སུ་སོ་སོའི་ས་བོན་ལ་རང་རང་གི་སྐྱེད་སྔགས་ཀྱིས་བསྐོར་བ་སྟེ་འོད་འཕྲོ་བ་ནི་ཕྲ་མོ་ཤེས་རབ་ཀྱི་ལྷ་ཞེས་བྱའོ། །དེ་ལྟར་ཡང་འོད་རིམ་ལས། རིན་ཆེན་སྨུག་པོའི་གནས་གཅིག་ཏུ། །ཚོན་གང་སེམས་དཔའ་འོད་ལྡན་པ། །ཐུགས་ཀྱི་ས་བོནབཟླས་པས་བསྐོར། །ཀུན་གྱི་བདག་ཕྱིར་དཀྱིལ་དུ་བསམ། །ཞེས་གསུངས་པའི་ཕྱིར་རོ། །ཡན་ལག་གི་ལྷ་གཞན་བསྒོམ་པ་འོག་ཏུ་འཆད། དེ་ནས་ལེའུ་དྲུག་པ་ལྟར་གདན་ལ་རྫོགས་དང་ཞེས་བཞུགས་ཚུལ་དང་། འཁོར་ལོ་ཞེས་བཞུགས་གནས་དང་། རྡོ་རྗེ་འཁོར་ལོ་ཞེས་པ་ལ་སོགས་ཕྱག་མཚན་དང་། མཐིང་ཁ་ལ་སོགས་སྐུ་མདོག་དང་། མཉེན་ལྕུགས་ལ་སོགས་ཚུལ་རྣམས་གསལ་བཏབ་སྟེ། ཚད་དམ་ཆེ་བ་ཡན་ཆད་བསྟན་ནས། དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་ནི། གཞུང་དོན་གསུམ་ལས། དེ་ནས་ཞེས་པ་ལ་སོགས་ལོ་རྒྱུས་སུ་བརྗོད་པ་ཡང་མངོན་རྟོགས་དང་སྦྱར་ཏེ། གཙོ་བོའི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཧཱུཾ་ལས། ཧཱུཾ་གཅིག་གྱེན་དུ་ཕྱུང་སྟེ་སྤྱི་གཙུག་ཏུ་གནས་པ་ལས་འོད་འཕྲོས་པས། ཕྱོགས་བཅུ་རྒྱལ་བའི་ཐུགས་དམ་བསྐུལ་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། དེ་དག་གི་རང་བཞིན་བྱེད་པ་པོ་རྡོ་རྗེ་དང་བྱ་བ་མོ་རྡོ་རྗེའམ་རིགས་ལྔ་ཡབ་ཡུམ་འབའ་ཞིག་གི་ཆ་བཟུང་གཉིས་སུ་མེད་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རྒྱུན་ཏིང་ངེའི་དཀྱིལ་འཁོར་རྣམས་ལ་ཐིམ་པར་མཛད་དོ། །དེས་ལྷ་རྣམས་ཀྱི་དབུའི་གནས་སུ་རིན་པོ་ཆེའི་ཁང་བུར་རིགས་ལྔ་ཡབ་ཡུམ་གྱི་ས་བོན་གྱི་ཡེ་གེ་བཅུར་གྱུར། དེ་ལས་འོད་འཕྲོས་དོན་གཉིས་བྱས་ཡེ་ཤེས་ལྔའི་བཅུད་བསྡུས་སླར་ཐིམ་པ་ལས། སྔགས་དངོས་ནི། ཨཱོཾ་མ་ཧཱ་ཤུ་ནྱ་ཏ་ཞེས་པ་ལ་སོགས་དོན་དེ་ནས་ཕྱོགས་བཅུ་དུས་བཞིིའི་དེ་པ་ཐམས་ཅད་ཀྱི་འབྲུ་བསྒྱུར་ཏེ་འོག་ནས་ཡེ་ཤེས་ལྔའི་རང་བཞིན་ངའམ་གོང་ནས་བདག་ཉིད་ཆེན་པོ་ཡིན་པའི་རྟགས་སུ་དབུའི་གནས་ལྔར་རིགས་ལྔ་ཡབ་ཡུམ་གྱིས་བརྒྱན་པའོ། །དེ་ལ་ལུགས་གཉིས་ཏེ། ཆིག་རྫོགས་དང་ཕྱེད་ཉིལ་ལས། དང་པོ་ནི་མི་བསྐྱོད་པས་གཙོ་བྱས་པ་ཤ་སྟག་གོ། །གཉིས་པ་ནི་མི་བསྐྱོད་པ་དང་བྱེད་པོ་ཡབ་ཡུམ་ལ་ཆིག་རྫོགས་ལྟར་ལ། རིགས་བཞིའི་གཙོ་བོ་རང་རང་གི་རིགས་བདག་ཏུ་གོ་འགྱུར་བའི་ཤུལ་དུ་མི་བསྐྱོད་པའོ། །འཁོར་རྣམས་ལ་ཡང་ལྔ་ཆར་བསྒོམ་པ་དང་། རེ་རེར་བསྒོམ་པ་གཉིས་ལས། གང་དུ་བསྒོམ་ཡང་རིགས་ཀྱི་བདག་པོས་དབང་བྱས་པའི་ཕྱིར། ཤར་གྱི་སྒོ་བ་དང་ཐུབ་པ་མ་གཏོགས་པ། ཤར་དང་ཤར་ལྷོའི་ལྷ་རྣམས་མི་བསྐྱོད་པ་དང་། ལྷོ་དང་ལྷོ་ནུབ་རིན་འབྱུང་། ནུབ་དང་ནུབ་བྱང་མཐའ་ཡས། བྱང་དང་བྱང་ཤར་དོན་ཡོད་གྲུབ་པས་དབུ་བརྒྱན་པའོ། །དེ་ཡང་ཐལ་རྒྱུད་ལས། མི་བསྐྱོད་བྱེད་པོ་ཡུམ་དང་བཅས། །རྡོ་རྗེ་འཛིན་པའི་ཕྱག་རྒྱར་ལྡན། །བྱམས་པ་ས་སྙིང་དེ་བཞིན་ཏེ། །གཞན་དག་རང་གི་ཕྱག་རྒྱའོ། །ཞེས་པའོ། །ཤར་གྱི་སྒོ་བ་ལ་རྣམ་སྣང་གིས་བརྒྱན་ཏེ། དེ་ཉིད་ལས། གཤིན་རྗེའི་གཤེད་ལ་རྟག་པར་བཤད། །ཅེས་པས་སོ། །ཐུབ་པ་ལ་མི་བསྐྱོད་པས་དབུ་བརྒྱན་པ་སྟེ། དེ་ཉིད་ལས། ཐུབ་ཆེན་རྡོ་རྗེ་འཛིན་འཆང་བ། །ཟླ་དང་བྲལ་བས་དཔའ་བོ་ཆེ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་ཟླ་དང་བྲལ་བས་ཞེས་པས་གོང་མ་རྣམས་ཡུམ་དང་བཅས་པར་ཤུགས་ལ་མངོན་པ་ཡིན་ནོ། །ཡང་ན་འོད་རིམ་ལས། ཐུབ་དྲུག་རང་བྱུང་སྤྲུལ་སྐུའི་ཕྱིར། །བྱིན་བརླབ་དབང་བསྐུར་མ་གསུང་ངོ་། །ཞེས་པ་དང་། མེ་ལོང་ལྟ་བུ་ལས་ཀྱང་། ཐུབ་དྲུག་ལུས་ཀྱི་དཀྱིལ་འཁོར་དང་། །བྱིན་བརླབ་དབང་བསྐུར་མ་གསུང་ངོ་། །ཞེས་བཤད་པའི་ཕྱིར་ཐུབ་པ་ལ་བྱིན་བརླབ་དབང་བསྐུར་མི་དགོས་པར་འདོད་པ་ཡང་ཡོད་དོ། །བྱིན་གྱིས་བརླབ་པ་ནི། གོང་ལྟར་བྱང་སེམས་ལས་སྤྱི་བོར་ཟླ་སྟེང་དུ་ཨཱོཾ་དང་། མགྲིན་པར་པད་སྟེང་དུ་ཨཱཿདང་། ཐུགས་ཀར་ཉི་སྟེང་དུ་ཧཱུཾ་དང་། ལྟེ་བར་རིན་ཅེན་ཟུར་བརྒྱད་སྟེང་དུ་སྭཱ་དང་། གསང་གནས་གྲུ་གསུམ་མེ་འདྲ་བའི་སྟེང་དུ་ཧཱ་རྣམས་ལས་འོད་འཕྲོས་ཏེ་དོན་གཉིས་བྱས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཟི་བྱིན་བསྡུས་པ་ལས། ༀ་སརྦ་ཏ་ཐཱ་ག་ཏ་ལ་སོགས་ཀྱིས་གནས་གསུམ་གྱི་ཡི་གེ་ལས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དཀར་དམར་མཐིང་གསུམ་འཁོར་ལོ་དང་པདྨ་དང་རྡོ་རྗེ་བསྣམས་པར་སྐྱེད་དོ། །དེ་ཡང་དེ་ཉིད་ལས། གནས་གསུམ་ཁྱབ་འཇུག་ཡི་གེ་ལས། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །ཁམས་གསུམ་བྱིན་བརླབ་གཟི་བྱིན་བསྡུས། །རང་བཞིན་རྡོ་རྗེ་གསུམ་གནས་པ། །རྒྱུ་གཉིས་ཚུལ་གྱིས་རང་སྣང་པའོ། །ཞེས་པའོ། །ཡང་ལྟེ་བ་དང་གསང་གནས་ཀྱི་ཡི་གེ་གཉིས་ལས་ཨ་ནུ་ར་ག་དང་པཱུ་ཙས་ཡོན་ཏན་དང་ཕྲིན་ལས་ཀྱི་ལྷ་སེར་པོ་དང་ལྗང་ཁུ་རིན་ཅེན་དང་རྒྱ་གྲམ་བསྣམས་པར་སྐྱེད་དོ། །དེ་ལྟར་ཡང་དེ་ཉིད་ལས། ལྟེ་བ་རྣམ་གཉིས་ཟླ་བ་ལས། །སྔོ་ལྗང་ཡི་གེ་སྭཱ་ཧཱ་ཉིད། །རྗེས་མཐུན་འོད་དང་ཡོན་ཏན་ལས། །ཡན་ལག་རྫོགས་པའི་གཟི་བྱིན་ལྡན། །ཞེས་གསུངས་པའོ། །དེ་གཉིས་ལ་ཁ་ཅིག་རཏྣ་དང་དཀར་དམར་འཛིན་པ་ཡོད་མོད་ཀྱི། འདིར་འགོ་འགྱུར་དང་མཐའ་འགྱུར་གྱིས་རིམ་པ་ལྟར་ཡོན་ཏན་དང་ཕྲིན་ལས་སུ་བཞེད་གསུམ་སྟེ་གོང་མ་དང་གཅིག་པར་སེམས་སོ། །གསུམ་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ལ་གསུམ་སྟེ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་དང་། མཆོད་པ་དང་། མཆོད་བཤགས་བྱ་ཞིང་སྨོན་ལམ་གདབ་པའི་རིམ་པའོ། །དང་པོ་ལ་ལྔ་ལས། སྙན་གསན་དབབ་པ་ནི། ཡུལ་གང་ལ་ན། ཕྱོགས་བཅུ་དུས་བཞིའི་དེ་པ་མ་ལུས་པའི་བདག་ཉིད་རང་བཞིན་མཐར་ཕྱིན་གྱི་དཀྱིལ་འཁོར་ཏེ། དགུ་པ་ལས། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །ཞེས་གསུངས་པའི་ཕྱིར་རོ། །དེའི་ངོ་བོ་ཇི་ལྟ་བུ་ན། ཐུགས་རྣམ་དག་མཐའ་གང་དུ་ཡང་མི་དམིགས་པ་ཆོས་ཀྱི་དབྱིངས་སུ་གཅིག་པ་སྟེ། དེ་ཉིད་ལས། མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆོས་སྐུའི་ངང་ལས་མི་གཡོ་བར་བཞུགས་བཞིན་དུ། ཨཱོཾ་ཨེ་ཧྱེ་ཧི་ལ་སོགས་པས་གཟུགས་སྐུའི་རྣམ་པར་བཞེངས་ཏེ། དེ་ཡང་གཉིས་ལས་ལོངས་སྐུར་ངེས་ཤིང་དེ་ལ་ཡང་ཞི་ཁྲོ་གཉིས་ལས་ཞི་བར་ངེས་ཏེ། རྣམ་པ་ནི་ལྷག་པ་ཏིང་དཀྱིལ་བསྐྱེད་པ་འདྲ་བར་བཞེངས་པའོ། །ལག་ལེན་དུ་སྟོང་པ་ཤིན་ཏུ་ཡོད་མེད་ལ་སོགས་དབྱངས་ཚིག་དང་ས་མ་ཛ་ཡིས་སོ། །སྤྱན་དྲང་བ་ནི། དེའི་ཕྱིར་རྒྱལ་བ་གཞན་དུ་མ་ལུས་མི་ལུས་ལུས་པ་མེད་པར་བྱོན་པ་སྟེ། དེ་ཉིད་ལས། དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །ཞེས་སོ། །གང་དུ་ན་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཀྱི་གནས་སུ་སྟེ། རང་སྣང་དབྱེར་མེད་དཀྱིལ་འཁོར་དུ། །ཞེས་པས་འདིར་ཛཿཧཱུཾ་བཾ་ཧོཿཞེས་ཕྱག་རྒྱ་བཞིས་མེ་རི་འདབ་འབྱོར་ཙམ་དུའོ། །ལག་ལེན་དུ་ཐུགས་རྗེ་ལྕགས་ཀྱུ་ལ་སོགས་དང་ཨེ་ཧྱེ་ཧིའོ། །རིག་པའི་མེ་ཏོག་དོར་བ་ནི། ༀ་ཨཱཿཧཱུཾ་ལ་སོགས་པས་དམ་ཚིག་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་སྔགས་ཕྱིར་རྒྱུད་པ་ལྟར་རྗེ་འབངས་ལ་སོགས་བཟང་ངན་དང་ཐ་དད་དུ་འཛིན་པའི་རྟོག་པ་དོར་ནས་དབྱེར་མེད་དུ་རིག་པར་བྱེད་པའོ། །དངོས་གྲུབ་བསྐུལ་པ་ནི། ༀ། ཡེ་ཤེས་རྒྱལ་པོ་ཞེས་པ་ལ་སོགས་དང་། །ཨཱོཾ་བཛྲ་ས་མ་ཡ་ལ་སོགས་པས་ཡེ་ཤེས་སེམས་དཔའི་དངོས་གྲུབ་སྩོལ་བར་རོ། །འདི་ལ་རྒྱ་སྐད་དང་བོད་སྐད་གཉིས་ཟློས་སོ་ཞེ་ན། དང་པོ་ངེས་པའི་དོན་དུ་བསྐུལ་པ་ཡིན་ཞིང་གཉིས་པ་ནི་དེ་ཉིད་གནད་ནས་ཕབ་སྟེ་བསྐུལ་པའི་ཕྱིར་མི་ཟློས་སོ། །བསྟིམ་པ་ནི། ལག་ལེན་དུ་རིན་ཅེན་སེང་གེའི་ཁྲི་ལ་ཞེས་པ་ལ་སོགས་པ་ལ་འདིར་ཛཿཧཱུཾ་བཾ་ཧོཿས་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་ཆུ་ལ་ཆུ་དང་མར་ལ་མར་ལྟར་དབྱེར་མེད་དུ་བསྲེ་བ་ཡིན་ནོ། །རང་བཞིན་འབྲས་བུ་མཐར་ཕྱིན་པ་གསུང་གི་སྐབས་སུ། གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། །ཞེས་པ་ནི་སྤྲུལ་པའི་སྐུའི་གསུང་གཅིག་གཅིག་ལའང་དཀྱིལ་འཁོར་ཞེས་པ་ནི་མཐར་དཀྱིལ་གསུང་གིའོ། །དེའི་བྱིན་རླབས་རྒྱུད་དྲུག་གི་གནས་སུ། མདོ་ཆེན་པོ་ལས། ཚངས་པ་ལྟ་བུ་དང་། སིལ་སྙན་ལྟ་བུ་དང་། གླུ་གར་ལྟ་བུ་དང་། ཀ་ལ་པིང་ཀ་ལྟ་བུ་དང་། འབྲུག་སྦྱངས་ལྟ་བུ་དང་། སྒྲ་བརྙན་ལྟ་བུ་དང་ཞེས་རྣམ་གྲངས་དྲུག་པོ་རེ་རེ་ལ་ཡང་ཡན་ལག་གཅེས་པ་ནི། དེ་ཉིད་ལས། འདུ་ཤེས་བསྐྱེད་པ་དང་། རྣམ་པར་རིག་པ་དང་། མཉན་པར་འོས་པ་དང་། མི་མཐུན་པ་མེད་པ་དང་། ཤིན་ཏུ་ཟབ་པ་དང་། རྗེས་སུ་འབྱུང་བ་དང་། གང་གིས་མི་ཚུགས་པ་དང་། རྣ་བར་སྙན་པ་དང་། རྣམ་པར་མ་འཁྲུགས་པ་དང་། ཤིན་ཏུ་བསངས་པ་སྟེ་ཞེས་པས། དེ་ལྟར་གསུངས་དབྱངས་ཡན་ལག་སུམ་བརྒྱ་དྲུག་ཅུར་འགྱུར་པའོ། །ཡང་ཁ་གཅིག་འདི་དང་འོག་གི། དཔེར་ན་དེ་བཞིན་སྦྲིད་བསངས་བཞིན། །ཞེས་པས་སྤྲུལ་སྐུའི་གསུང་ལན་གཉིས་བྱུང་བས་ཟློས་ཤིང་ལྷག་ལ། ལོངས་སྐུའི་གསུང་མ་བྱུང་བས་ཆད་པར་འགྱུར་རོ་ཞེ་ན། དང་པོ་མི་ཟློས་ཏེ་ཁ་ཅིག་གོང་མ་ཚིག་བྱིངས་ཆུང་ཞིང་འོག་མ་ཆེ་བས་སོ་ཟེར་རོ། །ཡང་ཁ་ཅིག་གོང་མ་ཚིག་ཏུ་གསུངས་ཤིང་འོག་མ་དབྱངས་སུ་བསྙད་པ་ཡིན་ནོ་ཞེས་སོ། །ཁ་ཅིག་གཞུང་གིས་གོང་མ་དོན་ལ་འོག་མ་དཔེ་རུ་གསལ་ཟེར་རོ། །རྗེ་ཉིད་ནི་གོང་མ་ཚིག་རེས་དོན་རེ་མཚོན་ལ། འོག་མ་ཚིག་གཅིག་གིས་དོན་དུ་མ་མཚོན་པ་ཡིན་ཏེ། དེ་ལས་སྤྲིད་པ་བསངས་པ་བཞིན་གསུང་སྟེ་དེའི་གཏམ་རྒྱུད་འཆད་པ་པོས་བསྙད་དོ། །འོ་ན་ལོངས་སྐུའི་གསུང་མ་བྱུང་བ་འདི་ནི་ཅི་ཞེ་ན། དེ་ནི་ལེའུ་དྲུག་པ་ལས། དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །ཞེས་སྨོས་ཟིན་པའི་ཕྱིར་རོ། །འདིར་ཡང་ས་བོན་མེད་པར་མ་གྲུབ་སྟེ་ཡི་གེ་མེད་དང་ཞེས་པ་དེ་ཡིན་ནོ། །རྒྱུད་དོན་རྣམ་ངེས་ལས་ལེའུ་བདུན་པའི་རྣམ་པར་བཤད་པའོ།། ༈ །།ལེའུ་བརྒྱད་པར་མངོན་རྟོགས་ལས་སྡེབ་ཀྱི་དབང་དུ་མཆོད་པ་ལས་ཀྱི་རིམ་པའོ། །དེ་ལ་བཅོ་ལྔ་སྟེ་བགྲང་། དེ་ལ་དང་པོ་མཉེས་པ་ཕྱག་དང་དམ་བཅའ་བ་ནི་ལག་ལེན་ལྟར་ལ། གསུམ་པ་ཐུགས་གྲོལ་བའི་སྒོ་མཚོན་པ་ཕྱག་རྒྱ་ནི། སྤྱིར་མུ་དྲའི་སྒྲ་ལས་དྲངས་ན་ཕྱག་རྒྱ་ཞེས་བྱ་སྟེ། འདའ་བར་དཀའ་བ་དང་བརྡ་སྤྲོད་པ་དང་མཛེས་པར་བྱེད་པས་ཕྱག་རྒྱའོ། །དེ་ཡང་དང་པོ་ནི་རྒྱལ་པོའི་བཀའ་རྟགས་ལྟར་ལྟ་བའམ་རང་བཞིན་གྱི་ཕྱག་རྒྱ་ནི་རང་རིག་གིས་མངོན་གསུམ་དུ་ཆོས་ཐམས་ཅད་ཐབས་ཤེས་གཉིས་མེད་ལས་གང་ཡང་མི་འདའ་བའི་ཕྱིར་རོ། །གཉིས་པ་ནི་ཚོང་བྱེད་མཁན་གྱི་ལག་པ་ལྟར་ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ནི་རྡོ་རྗེས་རྡོ་རྗེ་དང་། འཁོར་ལོས་དེ་པ་ལ་སོགས་རིགས་སོ་སོར་བརྡ་སྤྲོས་པའི་ཕྱིར་རོ། །ཐ་མ་ནི་སྒེག་མོ་དཔུང་རྒྱན་གྱིས་མཛེས་པ་ཆེར་བསྐྱེད་པ་ལྟར་སྤྲོས་པ་སྣང་འབྱེད་ཀྱི་ཕྱག་རྒྱ་ཉི་ཁྲི་བཞི་སྟོང་ལ་སོགས་སུ་གསལ་བ་ནི་ཆོས་ཉིད་ཀྱི་ངང་དུ་མཛེས་པའི་ཕྱིར་རོ། །དེ་ལས་རང་བཞིན་གྱི་ཕྱག་རྒྱ་ནི་སྒྱུ་འཕྲུལ་དྲྭ་བ་ཞེས་པ་ལ་སྤྱིར་བརྗོད་བྱ་སྣང་བ། སྟོང་པ། དབྱེར་མེད་པ་གསུམ་གྱི་རྗོད་བྱེད་དུ་སྒྱུ་མ་འཕྲུལ་པ་དྲྭ་བ་གསུམ་དུ་གསུངས་པ་ཡིན་ནོ། །དེ་ཡང་རྡོ་རྗེ་ལས་ཇི་སྐད་དུ། ཐབས་དང་ཤེས་རབ་འབྲེལ་བ་ཡིས། །སྒྱུ་འཕྲུལ་བཞེས་ནི་བཞིར་བཤད་དོ། །ཞེས་པས་བཞི་སྟེ། དང་པོ་ཕྱི་ལྟར་ན། སྒྱུ་མ་ནི་རྟོག་ཚོགས་སུ་བཏགས་པ་རྣམས་ཡིན་ལ། འཕྲུལ་པ་ནི་དེ་ཉིད་ལྷར་གསལ་བ་ཡིན་ཞིང་། དྲྭ་བ་ནི་དེ་གཉིས་དབྱེར་མེད་དུ་འབྲེལ་བ་སྟེ། ཇི་སྐད་དུ་བླ་མ་ལས། དཀྱིལ་འཁོར་ཀུན་འབྱུང་སྒྱུ་འཕྲུལ་ཏེ། །མང་ལ་འབྲེལ་བ་དྲྭ་བའི་དོན། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནང་ལྟར་ན་སྒྱུ་མ་ནི་འཁོར་ལོ་བཞིའི་རྩ་ཡིན་ལ། འཕྲུལ་པ་ནི་དེ་ལ་གནས་པའི་ཐེག་ལེ་ཡིན་ཞིང་། བསྒོམ་པའི་ཐབས་ཀྱིས་རྩ་ཐིག་འབྲེལ་བ་ནི་དྲྭ་བ་སྟེ། ཇི་སྐད་དུ་རྒྱ་མཚོ་ལས། གནས་གཞིའི་གར་ཐབས་སྒྱུ་མ་ལ། །ནམ་མཁའ་ཡེ་ཤེས་ཅིར་ཡང་གསལ། །ཅིར་སྣང་རིག་པས་བདག་ཉིད་འབྲེལ། །དྲྭ་བའི་དོན་དུ་ང་ཡིས་བཤད། །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་གསང་བ་ལྟར་ན་སྒྱུ་མ་ནི་མཁའ་པདྨ་དང་། འཕྲུལ་པ་ནི་ཐབས་ཀྱི་རྡོ་རྗེ་དང་། དྲྭ་བ་ནི་ཡབ་ཡུམ་བདེ་བས་འབྲེལ་བ་སྟེ། ཇི་སྐད་དུ་དེ་ཉིད་ལས། ཤེས་རབ་ཐབས་རོལ་སྒྱུ་མ་ལས། །རང་བཞིན་སྒྱུ་འཕྲུལ་ཆེན་པོར་བཤད། །ཐབས་དང་ཐབས་བྱུང་འབྲེལ་བ་ཉིད། །ཐམས་ཅད་ཀུན་གྱི་གཞིར་གནས་པའོ། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་དབང་དུ་གཞི་བྱང་ཆུབ་ཀྱི་སེམས་སྟོང་པའི་རྟོག་པ་ནི་སྒྱུ་མ་སྟེ། སྣང་ཡང་མ་གྲུབ་པའི་ཕྱིར་རོ། །སྣང་བའི་རྟོག་པ་ནི་འཕྲུལ་པ་སྟེ། མེད་བཞིན་དུ་སྣང་བའི་ཕྱིར་རོ། །དེ་གཉིས་དབྱེར་མེད་པའི་རྟོག་པ་ནི་དྲྭ་བ་སྟེ། ཐ་དད་དུ་མ་གྲུབ་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ་བླ་མ་ལས། སྟོང་ཞིང་དབེན་པའི་སེམས་ཉིད་ནི། །རིགས་དང་ཁ་དོག་དབྱིབས་མེད་ལས། །ཅིར་ཡང་མེད་ལས་ཅིར་ཡང་སྣང་། །མི་འགྱུར་སྒྱུ་འཕྲུལ་ཆེན་པོ་ཡིན། །ཞེས་པ་དང་། ཡང་དེ་ཉིད་ལས། སེམས་ཉིད་སྒྱུ་འཕྲུལ་དྲྭ་བ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་རྒྱུད་དབུ་ཞབས་ཀྱི་རྗོད་བྱེད་སྒྱུ་འཕྲུལ་དྲྭ་བ་ཞེས་གསུངས་པ་ཐམས་ཅད་འདི་ལྟར་ཤེས་པར་བྱའོ། །དེ་ལྟར་བཞི་ལས་སྐབས་འདིར་ཐ་མ་སྟེ་སྣང་སྟོང་དབྱེར་མེད་ཀྱི་དོན་ལས་གང་ཡང་མི་འདའ་བ་ནི་རང་བཞིན་གྱི་ཕྱག་རྒྱ་ཡིན་པའི་ཕྱིར་རོ། །དེ་ཉིད་ཅིག་ཅར་བས་རང་རིག་གིས་མངོན་དུ་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་རྟོགས་པའི་ཕྱིར་རོ། །ཇི་ལྟར་སྣང་བའི་ཆོས་ཐམས་ཅད་བྱང་བ་སྟོང་པ་ཆུབ་པ་སྣང་བ་སྟེ་དེ་གཉིས་ཐ་དད་ལས་མཆོག་ཏུ་གྱུར་པ་དབྱེར་མེད་པ་དག་གི་དོན་ལས་མི་འདའ་བས་ཕྱག་རྒྱའོ། །དེ་ལྟར་རྟོགས་དཀའ་བས་གསང་བ་ཡིན་ལ་དེ་ཁོ་ན་ཉིད་མ་ནོར་བར་རྟོགས་པས་ངེས་ཤིང་མི་བསླུ་བ་ཡིན་པའི་ཕྱིར། དེ་ལ་དོན་གྱི་བཅུད་འདུས་པས་སྙིང་པོ་ཡིན་པ་རང་བཞིན་གྱི་ཕྱག་རྒྱ་ཡིན་པས་རྒྱལ་པོའི་བཀའ་རྟགས་ལྟར་འདའ་བར་དཀའ་བའི་ཕྱིར་རོ། །ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱའི་རྒྱུ་ནི། སྔར་ནས་སྐྱེ་མཆེད་ཀྱི་རྟོག་པ་ལྷར་གསལ་བའི་ལུས་ཀྱི་ཡན་ལག་དབུ་དེ་པའི་དང་ཕྱག་གཡས་པ་རྡོ་རྗེ་དང་གཡོན་རིན་པོ་ཆེ་དང་ཞབས་གཡས་ལས་དང་གཡོན་པདྨའི་རིགས་རྣམས་སུ་གསལ་བར་བྱའོ། །དེའི་ཕྱག་གཡས་པ་དང་མི་བསྐྱོད་ཅེས་རྡོ་རྗེའི་རིགས་དང་ཆོས་མཐུན་པ་ཡིན་ཏེ། གཉིས་ཅར་བཙན་པའི་ཕྱིར་རོ། །དེ་ལྟར་གསལ་བའི་གཡས་ཀྱི་སོར་མོའི་རྩེ་ལྔ་ལ་ཉི་མའི་དཀྱིལ་འཁོར་སྟན་ཙ་ན་ཀ་ཙམ་གྱི་སྟེང་དུ་ཡབ་ཀྱི་ཡི་གེ་འབྲུ་ལྔ་སྟེ་དེ་ཡང་གུང་མོ་ལ་ཧཱུཾ་མཛུབ་མོ་ལ་ཨཱོཾ་མཐེ་བོང་ལ་སྭཱ་སྲིན་ལག་ལ་ཨཱཾ་མཐེ་ཆུང་ལ་ཧཱ་རྣམས་དགོད་ཅིང་། ཕྱག་གཡོན་པ་དང་རིན་ཆེན་རིགས་ཆོས་མཐུན་པ་ཡིན་ཏེ། དེར་ལོངས་སྤྱོད་རྣམས་གསོག་ཅིང་ལེན་པའི་ཕྱིར་རོ། །དེའི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་གོང་མ་ལྟ་བུའི་སྟེང་དུ་ཡུམ་གྱི་ཡི་གེ་འབྲུ་ལྔ་སྟེ་དེ་ཡང་གུང་མོ་ལ་མཱུཾ་མཛུབ་མོ་ལ་ལཱཾ་མཐེབ་ཆེན་ལ་མཱཾ་སྲིན་ལག་ལ་པྱཾ་མཐེའུ་ཆུང་ལ་ཏཱཾ་རྣམས་དགོད་དོ། །དེ་ལྟར་ཡིག་འབྲུ་ལྔ་ཚན་གཉིས་ཟུང་དུ་རྩེ་སྤྲད་པ་ལས་ཡབ་ཡུམ་སྦྱར་བས་ལྷག་པ་ཏིང་ངེ་འཛིན་རིགས་ལྔའི་ཕྱག་རྒྱ་འབྱུང་བའི་ཕྱིར་རྒྱུ་ཡིན་ནོ། །རིགས་ལྔ་སྤྱིའི་དམ་ཚིག་གམ་གསང་དབང་སྦྱིན་པའི་ཕྱག་རྒྱ་ནི། གོང་གི་སོར་མོ་རྣམས་ལ་ཡིག་འབྲུ་བཀོད་པའི་གཡས་ཀྱི་མཛུམ་མོའི་ཨཱོཾ་དང་གཡོན་གྱི་གུང་མོའི་མཱུཾ་གཉིས་རྩེ་སྦྱར་ཏེ། ཡིག་འབྲུ་ལྷག་མ་བརྒྱད་པོ་ཕན་ཚུལ་བསྣོལ་ཏེ་ཐབས་ཤེས་རབ་འབྲེལ་བའི་ཕྱིར་རྩེ་སྤྲད་པ་ནི་རྒྱལ་བ་ཀུན་གྱི་བདེ་བ་ཆེན་པོ་འབྱིན་པའི་ཕྱག་རྒྱར་བཤད་པ་ཡིན། ཇི་སྐད་དུ་ཐལ་རྒྱུད་ལས། དབྱིངས་དང་ཡེ་ཤེས་བདག་པོའི་དོན། །ཨཱོཾ་དང་མཱུཾ་དུ་རང་བཞིན་གནས། །རྭ་དང་འདབ་མའི་ཐིག་ལེ་རྣམས། །རང་གི་གནས་ཀྱིས་བསྣོལ་མར་གྱུར། །རབ་ཏུའང་འདྲེས་པར་གྱུར་བ་དང་། །རྒྱལ་བའི་ཡེ་ཤེས་བདེ་ཆེན་པོ། །མྱོང་ཕྱིར་ཐོབ་པ་ཞེས་སུ་བཤད། །ཅེས་པའི་ཕྱིར་ཡིག་འབྲུ་རྣམས་ཕན་ཚུན་བསྣོལ་བར་བཤད་དོ། །དེས་ནི་རིགས་ལྔ་ལ་སོགས་རྒྱལ་བ་ཀུན་རིགས་ཀྱི་ཡུམ་དང་མཉམ་པར་སྦྱོར་བའི་ཕྱིར་གསང་བའི་དངོས་གྲུབ་བམ་རིགས་ལྔའི་བདེ་བ་ཆེན་པོ་གསང་དབང་གིས་འབྱིན་ཞིང་བརྡ་སྤྲོད་པའི་ཕྱིར་ཕྱག་རྒྱའོ། །རིགས་ལྔ་ཡབ་ཡུམ་གྱི་ཕྱག་རྒྱ་ནི། ཕྱག་རྒྱ་བཞི་ལས་བདུན་དུ་འགྱུར་ཏེ། དེ་ཡང་རྩ་བའི་ཕྱག་རྒྱ་བཞི་ནི། སྐུ་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་ཀྱི་དང་། ལས་ཀྱི་ཕྱག་རྒྱའོ། །དང་པོ་ནི་ལྷ་གང་ཡིན་པའི་སྐུ་མདོག་ཞལ་ཕྱག་རྒྱན་ཆ་ལུགས་སུ་གསལ་བ་དེ་ཡིན་ནོ། །གཉིས་པ་ལ་གཉིས་ལས། གཡས་པའི་ཡིག་འབྲུ་བཞི་བཞི་སྦས་ནས་གུང་མོ་ལ་སོགས་རེ་རེ་ཐུགས་ཀར་བཀན་ཐབས་སུ་བཅའ་བ་ནི་བཅའ་བ་དམ་རྒྱ་ཡིན་ལ། ཀུན་མོ་ལ་སོགས་གཡོན་དུ་ཡུམ་བསམ་པ་ནི་བསམ་པ་དམ་རྒྱའོ། །གསུམ་པ་ལའང་གཉིས་ལས། གོང་གི་བཅའ་བ་དམ་རྒྱའི་རྩེར་ཧཱུཾ་བསྒྲེང་ལ་སོགས་ཡིག་འབྲུ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ལ་སོགས་ཕྱག་མཚན་འོད་འབར་བ་བསམ་པ་ནི་བསམ་པ་ཆོས་རྒྱ་ཡིན་ལ། ཡབ་ཡུམ་གྱི་ཐུགས་ཀར་ཕྱག་རྒྱ་དཀྲོལ་ནས་བཛྲ་དྷྲཱིཀ་ལ་སོགས་པ་བརྗོད་པ་ནི་བརྗོད་པ་ཆོས་རྒྱའོ། །ཐ་མ་ལའང་གཉིས་ལས། གོང་གི་བསམ་པ་ཆོས་ཀྱི་རྩེ་མོར་ཧཱུཾ་ལ་སོགས་པའི་ས་བོན་གྱི་ཡི་གེ་རྣམས་སྒྲ་དང་བཅས་པ་བསམ་པ་ནི་བསམ་པ་ལས་རྒྱ་ཡིན་ནོ། །གཡོན་གྱི་ཟླ་བའི་སོ་མོ་རྣམས་བརྟུལ་ཞིང་ཡིག་འབྲུ་རྣམས་སྦས་ཏེ་དྲིལ་བུ་གསིལ་བའི་ཚུལ་དུ་བྱ་ཞིང་ཡུམ་དང་འཁྲིལ་བའི་ཚུལ་གྱིས་ཞབས་གཡོན་པ་ཆོས་པདྨའི་རིགས་སུ་བརླབས་པ་ལ་བརྟེན་ཐབས་སུ་བཅའ་བ་ནི་བཅའ་བ་ལས་རྒྱའོ། །ཡུམ་རྣམས་དེའི་ཤུགས་ལ་ཤེས་ཤིང་འཁོར་གྱི་ཕྱག་མཚན་རྣམས་སླ་བར་ཟད་དོ། །རྣམ་པར་སྣང་མཛད་ཀྱི་སྐབས་སུ། སྤྱིར་ཐབས་ཀྱི་ལྷ། ཤེས་རབ་ཀྱི་ལྷ། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་ལྷ་གསུམ་དུ་བསྡུས་ནས་བསྒོམ་པ་ལ། དང་པོར་མི་བསྐྱོད་པ་དང་ཀུན་བཟང་ལྟ་བུར་བསྐྱེད་པ་ནི་འབྲུ་བསྒྱུར་ཏེ་རྩ་བའི་ལྷ་ཡབ་ཡུམ་གཉིས་སོ། །ལྡན་ཞེས་པ་དེ་ལ་ཡན་ལག་གི་ལྷ་བཞི་བཅུ་སྟེ། ཡབ་ལ་ཡབ་ཉིད་མ་གཏོགས་པ་ཉི་ཤུ་རྩ་གསུམ་དང་། ཡུམ་ལའང་ཉིད་མ་གཏོགས་པ་བཅུ་བདུན་བསྒོམ་པའོ། །དང་པོ་ནི་སྤྱི་བོར་རྣམ་སྣང་། ལྐོག་མར་མཐའ་ཡས། ལྟེ་བར་རིན་འབྱུང་། གསང་བར་དོན་གྲུབ། ཐུགས་ཀར་ཀུན་བཟང་། མིག་གི་རྩའི་ནང་དུ་ས་སྙིང་། རྣ་བ་ལ་ཕྱག་རྡོར། སྣ་ལ་ནམ་སྙིང་། ལྕེ་ལ་སྤྱན་རས་གཟིགས། མིག་གི་རྩའི་ཕྱི་རོལ་དུ་བྱམས་པ། རྣ་བ་ལ་སྒྲིབ་སེལ། སྣ་ལ་ཀུན་བཟང་། ལྕེ་ལ་འཇམ་དཔལ། ཕྱག་གཡས་ལ་གཤེད་པོ། གཡོན་ལ་སྟོབས་པོ་ཆེ། རྐང་པ་གཡོན་ལ་རྟ་མགྲིན། གཡས་ལ་བདུད་རྩི་འཁྱིལ་བ། སྤྱི་བོར་ལྷའི། དཔུང་པར་ལྷ་མིན་གྱི། སྙིང་གར་མིའི། པུས་མོ་ལ་བྱོལ་སོང་གི། མགྲིན་པར་ཡི་དྭགས་ཀྱི། རྐང་མཐིལ་དུ་དམྱལ་བའི་ཐུབ་པ་རྣམས་སོ། །གཉིས་པ་ཡུམ་རྣམས་བསྒོམ་པ་ནི་ཡབ་ཀྱིས་ཤེས་ཏེ་དེ་ལྟར་བཞི་བཅུ་པོ་དེ་ཐབས་ཀྱི་ལྷའོ། །དེ་ཉིད་ཡན་ལག་སྤྲོས་ཞེས་པ་དེ་དག་གིས་ཐུགས་ཀར་ཡེ་ཤེས་སེམས་དཔའ་བཞི་བཅུ་བསྒོམ་པ་ནི་དྲྭ་བ་ཤེས་རབ་ཀྱི་ལྷའོ། །འོག་ནས། བཞི་བཅུ་རྩ་གཉིས་གསུམ་འཕྲོར་འགྱུར། །ཞེས་པས། ཡང་དེ་དག་ལ་སྤྱི་པོར་སྐུའི་ལྷ་དང་མགྲིན་པར་གསུང་གི་ལྷ་དང་ཐུགས་ཀར་ཐུགས་ཀྱི་ལྷ་རྣམས་རེ་རེ་ཡང་བཞི་བཅུ་བཞི་བཅུ་སྟེ་བསམ་མི་ཁྱབ་ཀྱི་ལྷ་བརྒྱ་ཉི་ཤུ་དང་། གོང་གི་ཐབས་ཤེས་གཉིས་ལ་བཞི་བཅུ་བཞི་བཅུ་སྟེ་བརྒྱད་ཅུ་དང་ཉིས་བརྒྱ་པོ་ནི་གྲངས་ཀྱི་གཞི་ཡིན་ནོ། །གོང་ནས་བདག་སྟེ་ཞེས་པས་དེ་དག་ལ་བདག་པོའི་ལྷ་དབུ་རྒྱན་ལྔ་ལྔ་བསྣན་པས་ལྔ་ཚན་ཉིས་བརྒྱ་ལ་སྟོང་ཡོད་དོ། །དེ་རྣམས་ཡོད་པ་གང་དུ་བསྒོམ་ན། དེ་ལྟར་ལྡན་པའི་གཙོ་མཆོག་གིས། །ཞེས་པས་གཙོ་བོ་མི་བསྐྱོད་པ་ཡབ་ཡུམ་སྟེ་དེ་ལ་སྟོང་། རྒྱལ་བ་ཞེས་པ་རིགས་བཞི་ཡབ་ཡུམ་སྟེ་དེ་ལ་སྟོང་། རྒྱལ་མཆོག་ཅེས་པ་ཀུན་བཟང་ཡབ་ཡུམ་སྟེ་དེ་ལ་སྟོང་། བཅུ་གཉིས་ཞེས་པ་སེམས་དཔའ་ཡབ་ཡུམ་བཅུ་དྲུག་དང་སྒོ་བ་ཡབ་ཡུམ་བརྒྱད་དེ་དེ་ལྟར་ཡ་ཉི་ཤུ་རྩ་བཞི་ལ་ཟུང་བཅུ་གཉིས་ཡོད་པས་སྟོང་ཕྲག་བཅུ་གཉིས། དྲུག་གི་ཞེས་པ་ཐུབ་པ་དྲུག་སྟེ། དེ་ཡང་ཡབ་ལ་ཡབ་དགོད་པ་དང་ཡུམ་ལ་ཡུམ་དགོད་པ་ལ། ཐུབ་པ་ལ་ཡུམ་མེད་པས་གང་དུ་དགོད་ཅེ་ན། ཁ་ཅིག་ལུས་ཀྱི་གཡས་ལ་ཡབ་དང་གཡོན་ལ་ཡུམ་དགོད་ཟེར་རོ། །ཁ་ཅིག་གཙོ་བོ་ལྔའི་ཡུམ་དང་ཀུན་བཟང་གི་ཡུམ་དང་དྲུག་གཡར་ལ་བརྩི་ཟེར་རོ། །ཁ་ཅིག་རྟགས་ཀྱི་ཡུམ་གདན་པདྨ་ཡིན་པས་དེ་ལ་དགོད་ཟེར་བ་ཡང་ཡོད་དེ། དེ་དག་གང་དུ་བྱས་ཀྱང་སྟོང་ཕྲག་དྲུག་སྟེ། དེ་དག་ལ་སྤྱིར་སྟོང་ཕྲག་ཉི་ཤུ་རྩ་བཞི་སྟེ་ཉི་ཁྲི་བཞི་སྟོང་ཡོད་དོ། །དེ་ལ་ཐུབ་པ་ལ་ཡབ་ལ་ཡབ་བཀོད་པ་མི་བགྲང་བའི་དོད་གང་མི་བགྲང་ཞེ་ན་ཐུབ་པ་ཉིད་དོ། །འོ་ན་ཡུམ་ལ་ཡུམ་བཀོད་པའི་དོད་ཡུམ་མེད་པས་རྩ་བའི་ལྷ་ཐུབ་པ་ཉིད་དང་། པདྨ་ཐབས་ལྷ་ཞེ་གཅིག་དགོད་དགོས་པས་ཐབས་ལྷ་གཅིག་དང་། དེའི་ཐུགས་ཀའི་ཤེས་ལྷ་དང་གཉིས། གནས་གསུམ་གྱི་བསམ་གྱིས་མི་ཁྱབ་པའི་ལྷ་གསུམ་སྟེ་ལྔ། དེ་དག་ལ་དབུ་རྒྱན་ལྔ་ལྔ་སྟེ་སུམ་ཅུ་ལྷག་གོ་ཞེ་ན། ཡུམ་མི་བགྲང་བའི་དོད་ཀུན་མོ་མི་བགྲང་བས་དེ་དག་ལྷག་པ་མ་ཡིན་ནོ། །དེ་དག་ནི་དབུ་རྒྱན་ཁོ་ནའོ་གྲངས་ཏེ། ཇི་སྐད་དུ། སངས་རྒྱས་སྟོང་གི་དཀྱིལ་འཁོར་དང་། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་མ་ལུས་པ་བྱུང་བ་བཏབ་ན་ཡབ་ཡུམ་གཉིས་གཉིས་ལ་དབུ་རྒྱན་མ་གཏོགས་པ་ཐབས་ཤེས་བསམ་མི་ཁྱབ་ཀྱི་ལྷ་ཉིས་བརྒྱ་ཉིས་བརྒྱ་ཚན་པ་ཉི་ཤུ་རྩ་བཞིའོ། །དེ་ལ་དབུ་རྒྱན་ལྔ་ལྔ་སྟེ་ཡོངས་སུ་རྫོགས་པར་ཉི་ཁྲི་བཞི་སྟོང་བརྒྱད་བརྒྱར་གསལ་བའི་ཕྱིར་འོད་འཕྲོ་འབར་ཞེས་སོ། །དེ་ལྟར་བསྒོམ་པ་འདི་ནི་ཟག་བཅས་ཀྱི་སྐབས་སུ་ལམ་མཐར་ཆགས་པ་དངོས་ཀྱི་ཡུལ་མིན་ཏེ་སློབ་པའི་དབང་ཙམ་མོ། །ཐོད་རྒལ་བའི་དངོས་ཀྱི་ཡུལ་ཡིན་ཏེ། སྤྱོད་ཡུལ་ཀུན་ཏུ་མ་དྷ་ལ། །ཞེས་པ་ལྟར་ཚོགས་སྒྲུབ་མི་དགོས་པར་རྒྱ་ཆེན་ལ་སྦྱོར་བ་ཡང་ཡོད་པ་ཡིན་ནོ་ཞེས་གསུང་ངོ་། །འོ་ན་དེ་ལྟར་བསྒོམ་པའི་ཚེ་དབུའི་གནས་སུ་དབུ་རྒྱན་གྱི་ལྷ་རྣམ་སྣང་སྐུའི་ལྷ་ལྷའི་ཐུབ་པ་རྣམས་ལྷ་དུ་མ་གནས་གཅིག་ཏུ་བསྒོམ་པར་མི་འཐད་དོ་ཞེ་ན། ཀླད་པ་དུང་ཁང་གི་ནང་དུ་སྐུའི་ལྷ། དེའི་སྟེང་གི་གཙུག་ཏུ་དབུ་རྒྱན། དེའི་མདུན་དུ་རྣམ་སྣང་། མཚོག་མར་ཐུབ་པའོ། །དེ་བཞིན་དུ་མགྲིན་པའི་ནང་དུ་གསུང་གི་ལྷ། དེའི་ཕྱི་རོལ་དུ་མཐའ་ཡས། དེའི་འོག་ཏུ་ཡི་དྭགས་ཀྱི་ཐུབ་པའོ། །ཐུགས་ཀར་ཡང་སྙིང་གའི་ནང་དུ་ཡེ་ཤེས་སེམས་དཔའ། དེའི་ཕྱི་བྲང་གི་ནང་དུ་ཐུགས་ཀྱི་ལྷ། ཕྱི་རོལ་གྱི་ཐུགས་ཀར་རྡོ་རྗེ་སེམས་དཔའ། དེའི་འོག་ཏུ་ཀུན་བཟང་། དེའི་འོག་ཏུ་ཐུབ་པའོ་གསུང་ངོ་། །འདི་དག་ནི་དང་པོ་ཅན་མ་ཡིན་ཞིང་སེམས་ཀྱི་བྱེད་པ་ཡིན་པའི་ཕྱིར་མེ་ལོང་དང་གཟུགས་བརྙན་ལྟར་གཅིག་གི་གོ་གཅིག་གིས་མི་འགག་པར་གསལ་པར་ཡང་སེམས་སོ། །དེས་དོན་བྱེད་ཚུལ་ནི། དེ་ཞེས་པ་གོང་གི་ཉི་ཁྲི་ཆིག་སྟོང་ལ་སོགས་སྣང་བ་ཐམས་ཅད་ཕྱག་རྒྱར་གསལ་བ་སྟེ་དེ་ལ་བསམ་མི་ཁྱབ་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ། དེས་དོན་བྱ་བའི་ཡུལ་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་ཞིང་བསམ་ཡས་པའི་གནས་སུ་འདུལ་བྱེད་དཀྱིལ་འཁོར་གྱིས་གདུལ་བྱ་འགྲོ་བའི་དོན་རྣམས་རང་གི་བློ་དང་འཚམས་པར་འདུལ་ཐབས་སོ་སོར་སྟོན་པར་བྱེད་དོ། །འོ་ན་དཀྱིལ་འཁོར་མ་ཡིན་པ་གཞན་གྱིས་དོན་མཛད་པ་མེད་དམ་ཞེ་ན། མ་ཡིན་ཏེ། གསུང་གི་མཛད་པ་ཐེག་པའི་སྒོ་ནས་དོན་མཛད་ཚུལ་ཡང་མཐོ་བ་ཐེག་ཆེན་དང་དམན་པ་ཐེག་ཆུང་ཐམས་ཅད་དང་། དེ་དག་ལས་ཕྱིན་ཅི་ལོག་ཏུ་ལྟ་བ་མུ་སྟེགས་ལ་སོགས་པ་རྣམས་ལ་ཡང་དེ་དག་རང་རང་གི་བསམ་པ་དང་མཐུན་པར་འདུལ་ཐབས་མཐའ་ཡས་པར་སྟོན་པ་དང་། གཞན་ཡང་ཞི་བས་འདུལ་བ་ལ་ཚངས་པ་དང་ཁྲོ་བོས་འདུལ་བ་ལ་སྲིན་པོ་ལྟ་བུར་བསྟན་པའི་ཚོགས་ཆེན་གྱིས་འདུལ་བའི་གདུལ་བྱ་ཐམས་ཅད་ལའང་འདུལ་བྱེད་སོ་སོར་དེ་དག་དང་མཐུན་པར་བྱས་ཏེ་དུས་ཀུན་ཏུ་དོན་མཛད་པར་སྣང་བ་ཡིན་ནོ་ཞེས་པའོ། །འདིར་ཁ་ཅིག་ཞི་ཁྲོའི་ཚོགས་ཆེན་ཐམས་ཅད་ལ་ཞེས་པས། འདི་གདུལ་བྱ་ཡིན་པ་ཟེར་བ་ནི་འཐད་པ་མ་ཡིན་ཏེ། དེ་གདུལ་བྱར་བྱས་པའི་འདུལ་བྱེད་སུ་ཡིན་ཏེ་མི་རྙེད་པའི་ཕྱིར་རོ། །འོ་ན་དེ་ལྟར་དོན་མཛད་པ་ཁོ་ནའི་ཆེད་དུ་རྩོལ་ཞིང་ཕྱག་རྒྱའི་དཀྱིལ་འཁོར་ལས་གཡོས་པར་གྱུར་ཏོ་ཞེ་ན། ལྷུན་གྱིས་གྲུབ་པའི་ཕྱིར་དེ་ལས་མ་གཡོས་ཤིང་རྩོལ་རྟོག་དང་བྲལ་བས་དོན་མཛད་པ་ཡིན་ཏེ། དཔེར་ན་གར་མཁན་ཉིད་དང་འདྲ་བ་སྟེ་དེའི་ལུས་ལས་མ་བཀོད་ཟེར་ཡང་མ་གཡོས་པར་ཡན་ལག་གི་འཁྱོག་དང་རྣམ་འགྱུར་སྣ་ཚོགས་ཀྱིས་ལྟད་མོ་བའི་ཡིད་ཚིམ་པར་སྟོན་པ་བཞིན་ནོ། །ཕྱག་རྒྱའི་རྣམ་གྲངས་བསྡུས་པ་ནི་འབྲུ་བསྒྱུར་ཏེ་ཕྱག་རྒྱ་དེ་དག་ཀྱང་མདོར་བསྡུས་ན་རྟག་པའི་ལྷ་དང་ལུས་ལ་བཀོད་པའི་ལྷ་ཐམས་ཅད་ནི་འདི་ཁོ་ནའོ་ཞེས་པའམ་གཅིག་ཏུ་ངེས་པ་ཡིན་ནོ་ཞེས་ཕྱོགས་གཅིག་ཏུ་བརྗོད་དུ་མེད་པ་ཡིན་ཏེ། བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་གཅིག་ལའང་སློབ་པའི་རིམ་པ་དང་བློ་གསུམ་ལ་ལྟོས་ཏེ་ཚུལ་ཐ་དད་དུ་སློབ་པའི་ཕྱིར་ཏེ། གང་ཞེ་ན། སློབ་པའི་རིམ་པ་དང་པོ་བར་པ་ཐ་མ་གསུམ་དང་། བློ་ཐ་མ་འབྲིང་རབ་གསུམ་ལ་རིམ་པ་ལྟར་ངེས་པ་ཅན་དང་དོན་མི་འགྱུར་ལ་གནས་སྐབས་འགྱུར་བ་དང་ངེས་མེད་དུ་སློབ་པའི་ཕྱིར་རོ། །དེ་ཡང་གཉིས་དང་ཞེས་པས་ཐབས་དང་ཤེས་རབ་ཀྱི་ལྷ་བཞི་བཅུ་ཚན་པ་གཉིས་སོ། །གསུམ་དུ་ཞེས་པས་བསམ་མི་ཁྱབ་ཀྱི་ལྷ་བཞི་བཅུ་ཚན་གསུམ་མོ། །རྣམ་པར་འཕྲོ་ཞེས་པས་དབུ་རྒྱན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྟོང་དུའོ། །ཡང་ན་གཉིས་དང་ཞེས་པ་རྐང་པ་གཉིས་ལ་ལས་དང་པདྨའི་རིགས་སོ། །གསུམ་དུ་ཞེས་པ་ལག་པ་གཉིས་མགོ་དང་གསུམ་ལ་རིན་ཅེན་རྡོ་རྗེ་དེ་པའི་རིགས་ཚོམ་བུ་ལྔའི་དཀྱིལ་འཁོར་རོ། །རྣམ་པར་འཕྲོ་ཞེས་པ་ཡན་ལག་གི་ལྷ་ཉི་ཁྲི་བཞི་སྟོང་ལ་སོགས་སོ། །དཀྱུས་ལྷག་མ་རྣམས་གཞུང་བརྟག་གོ། །འོན་ཀྱང་། དེ་སྐད་དག་མཆོག་ཉིད་ཀྱིས་བཤད། །ཅེས་པ་ལ་སྟོན་པ་ངས་བཤད་ཅེས་པ་འདི་མི་འཐད་དེ། རང་གི་ཚིག་རང་ལ་ལུང་དུ་མི་འགྱུར་བའི་ཕྱིར་ཞེ་ན། དེ་ཚོད་དུ་རྒྱལ་བའི་ཡུམ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ཡང་བཀའ་མ་ཡིན་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར། མཚུངས་པར་མ་གྲུབ་སྟེ། སྡུད་པ་པོའི་ཚིག་ཡིན་པའི་ཕྱིར་ཞེ་ན། དེ་འདིར་ཡང་མཚུངས་པ་ཡིན་ནོ། །རྒྱུད་དོན་རྣམ་ངེས་ལས་ལེའུ་བརྒྱད་པའི་རྣམ་པར་བཤད་པའོ།། ༈ །།ལེའུ་དགུ་པ་མན་ཆད་ཀྱི་གསུངས་པ་ལོ་རྒྱུས་སུ་བརྗོད་པ་ན། དགྱེས་པ་ཆེན་པོ་ཞེས་པ་ལ་སྤར་ཁབ་ལས། ཐུན་མོང་གི་དགའ་བ་དང་། ལོག་པའི་དགའ་བ་དང་། དགའ་བའི་དགའ་བ་སྟེ། དེ་དག་གི་འདོད་པ་ན་ཉེ་བར་སྤྱོད་པ་དང་། བསམ་གཏན་བཞི་དང་། མཐོང་ལམ་པ་རྣམས་ཀྱི་ཕྱིར་ཞེས་སོ། །འདིར་དེ་དག་ལས་ཁྱད་པར་དུ་གྱུར་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཟག་མེད་ཀྱི་བདེ་བ་ལ་མངའ་བརྙེས་པས་ནའོ། །ལེའུའི་གཞུང་ནི། སྤྱིར་གང་ཟག་གཅིག་ལམ་འདིར་ཞུགས་ནས་མཐར་ཐུག་གི་འབྲས་བུའི་བར་ལམ་གྱི་རིམ་པ་མ་ནོར་བ་ཞིག་སྟོན་ཏེ། དེ་ཡང་བརྟགས་པ་གཉིས་ཞིག་ནས་དང་པོར་གཡོ་བའི་སེམས། དེས་གཞི་བྱས་ནས་འདིའི་དོན་ཁོང་དུ་ཆུད་པར་སྨོན་པའི་སྒོ་ནས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་འཇུག་པ་ལ། སྔོན་དུ་རྡོ་རྗེ་སློབ་དཔོན་གྱིས་བསྙེན་པ་བྱ་བ་ནི། ཤིན་ཏུ་ཕྲ་བ་སྦྱངས་པ་ཡི། །ཞེས་པས་ཕྲ་མོའི་ཏིང་ངེ་འཛིན་ལ་བློ་སྦྱོང་བའོ། །དེ་ལ་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི་དང་། མཇུག་གོ། །དང་པོ་ནི་མདྷ་ལ་བྱ། དེ་ལ་གོམ་ཡེ་དང་དྲིའི་ཐིག་ལེ་བྱ་ཞིང་ཚོམ་བུ་བཀོད་ནས། ལས་ཀྱི་རིམ་པ་གཞུང་བསྲུང་བ་ལ་སྔོན་འགྲོ་བདུན་གྱི་རྗེས་སུ། །དངོས་གཞི་ཏིང་ངེ་འཛིན་གསུམ་གྱིས་ཁྱད་པར་ལས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའོ། །དངོས་གཞི་ལ་གཉིས་ཏེ། རིགས་ཀྱི་བདག་པོ་ལ་དང་། རྡོ་རྗེ་རིགས་ལ་སོགས་པ་རིགས་ལྔ་པའོ། །དེ་རེ་རེ་ལ་ཡང་བསྙེན་པ་བྱ་བའི་ཐབས་དང་། བསྙེན་པ་རྫོགས་པའི་ཚད་དོ། །དང་པོ་ལ་གསུམ་སྟེ། གསུང་ཕྲ་མོ་དང་། ཐུགས་ཕྲ་མོ་དང་། སྐུ་ཕྲ་མོའི་བསྙེན་པའོ། །དང་པོ་ནི་རྒྱུའི་ཡེ་གེ་ལས་ཀྵ་དང་ཨ་བྱུང་སྟེ། ཨཀྵ་ཛྙཱ་ན་ལ་སོགས་པའི་བཟླས་པ་རྫོགས་པ་དང་། ཏིང་ངེ་འཛིན་གསུམ་ནས་བཟླས་པ་ཡན་ཆད་དུ་ལས་གཞུང་བསྲང་བ་གསུང་ངོ་། །ཐུགས་ཕྲ་མོ་ནི་ཀྵ་དང་ཨ་འོད་དུ་ཞུ་བ་ལས་རྡོ་རྗེ་དང་དྲིལ་བུར་གྱུར་པ་ལས་བཛྲ་གྷཎྜེ་ཛྙཱ་ན་ལ་སོགས་པའི་བཟླས་པ་རྫོགས་པ་དང་ལས་གཞུང་བསྲང་བ་སྔ་མ་དང་མཐུན་ནོ། །སྐུ་ཕྲ་མོ་ཡང་རྡོ་རྗེ་འོད་དང་ཞུ་བ་ལས་སྐུ་བཟང་དང་། དྲིལ་བུ་ཞུ་བ་ལས་ཀུན་ཏུ་བཟང་མོར་གྱུར་པ་ལས། ཧཱུཾ་བཛྲ་ཙིཏྟ་དང་ཨ་བཛྲཱ་བྷ་དྲ་ལ་སོགས་བདུན་པ་ལྟར་བཟླས་ལ་གྲངས་རྫོགས་པ་དང་ལས་གཞུང་བསྲང་བ་སྔ་མ་ལྟར་རོ། །དེ་ནས་མཆོད་པ་དང་བསྟོད་པ་རྣམས་བྱ། ཡི་གེ་བརྒྱ་པས་བཤགས་ལ། རེ་ཞིག་ནམ་མཁར་གཤེགས་པར་བྱ། རིགས་བྱེ་བྲག་པ་ཡང་དེས་ཤེས་པར་བྱའོ། །གཉིས་པ་བསྙེན་པ་རྫོགས་པའི་ཚད་ནི། རབ་མཚན་རྟགས་ཐོབ་པ། འབྲིང་གྲངས་ཚང་བ། ཐ་མ་དུས་རྫོགས་པའོ། །མཇུག་གི་རིམ་པ་ནི་ལྷག་མ་བཏང་། དཀྱིལ་འཁོར་བསྡུས། ཡི་གེ་བརྒྱ་པས་བཤགས། དགེ་བ་བསྔོ། སྤྱོད་ལམ་བྱ་བའོ། །དེ་ལྟར་ཤིན་ཏུ་ཕྲ་བའི་ཏིང་ངེ་འཛིན་བསྒོམ་ཞིང་བསྙེན་པ་སྟེ་བཟླས་པ་རྫོགས་པ་ལས་མི་འདའ་བའི་ཕྱིར་དམ་ཚིག་མཆོག་ཅེས་བྱའོ། །དཀྱིལ་འཁོར་གྱི་ལས་ཀྱི་རིམ་པ་ནི་རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་བའི་རྣམ་པ་དང་། །རབ་གནས་སྦྱིན་སྲེག་འཇུག་པ་དང་། །ཡོན་ཏན་རྣམ་བཅུ་རྒྱས་ཞེས་བྱ། །ཞེས་པས། ཞི་བ་དང་། ཁྲོ་བོ་དང་། མཆོག་གི་དཀྱིལ་འཁོར་དང་གསུམ་ཀ་ལ་དེ་ལྟར་བཅུ་བཅུ་ཤེས་པར་བྱའོ། །དེ་ལ་དང་པོ་ཞི་དཀྱིལ་འཁོར་གྱི་དབང་དུས་གཞི་མཉམ་པ་ནི་ཡང་ན་ཞེས་པ་དགར་བ་སྟེ། དགར་གཞི་ནི་རྒྱུད་ཀྱི་རིམ་པའི་དབང་དུ། སོར་ནི་བཞི་ཡི་ཚད་དུ་བྱ། །ཞེས་པའམ། དཀྱིལ་འཁོར་མཛུབ་གང་ཚད་དུ་བྱ། །ཞེས་པ་ལ་སོགས་གསང་དབང་གི་དཀྱིལ་འཁོར་ལས་དགར་བ་ཡིན་ཞིང་། འགྲེལ་བའི་དབང་དུ་ན་སྤར་ཁབ་ལས། རྒྱུད་ཀྱི་རིམ་པ་སྤངས་ཏེ་མན་ངག་གི་རིམ་པ་ལ་འཇུག་པར་བྱའོ་ཞེས་པས། དགར་གཞི་རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་ལས་ཡང་ན་ཏིང་འཛིན་གྱི་དཀྱིལ་འཁོར་བསྒོམ་ལ། ཏིང་འཛིན་དཀྱིལ་འཁོར་ལས་ཡང་ན་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བཞེངས་པ་སྟེ། ཇི་སྐད་དུ། རང་བཞིན་དཀྱིལ་འཁོར་ཅི་འདྲ་བ། །ཏིང་འཛིན་དཀྱིལ་འཁོར་བསྒོམ་པར་བྱ། །ཏིང་འཛིན་དཀྱིལ་འཁོར་ཅི་འདྲ་བར། །གཟུགས་བརྙན་དཀྱིལ་འཁོར་བྲི་བར་བྱ། །ཞེས་སོ། །ས་གཞི་རབ་མཉམ་ལ་ཞེས་པ་ནི། རྡོ་རྗེ་ལས་རིམ་ལས། གཞི་དང་རང་མཚན་བསླང་དབང་དང་། །སྦྱང་བྱིན་བསྲུང་དང་གཟུང་བ་ནི། །དང་པོའི་ཉིང་ལ་ཉིད་དུ་བཤད། །ཅེས་པས་བརྒྱད་ལས། དང་པོ་གཞི་དང་ཞེས་པ་ནི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གང་དུ་བྱ་བ་གནས་ཀྱི་མཚན་ཉིད་ཡིན་ཏེ། དེ་ལ་གསུམ། ནམ་མཁའ་བརྟག་པ་དང་། མཚམས་ཀྱི་དགྲ་བརྟག་པ་དང་། ཕྱོགས་ཀྱི་རི་བརྟག་པའོ། །དང་པོ་དེ་ཉིད་ལས། ཟུར་བརྒྱད་ལ་སོགས་རྩེ་མང་དང་། །ཆུ་བོ་བཞིན་དུ་མ་བོ་ཞིང་། །མཉམ་ཞིང་འོ་ཁ་ཆུ་ལྟར་དྭངས། །ཉི་མ་ཤིན་ཏུ་གནས་པ་ནི། །ནམ་མཁའི་མཚན་ཉིད་ཤེས་པར་བྱ། །ཞེས་པས་མཚན་ཉིད་བཞི་དང་ལྡན་པའོ། །གཉིས་པ་ནི། དཀྱིལ་འཁོར་དབང་དགྲ་མཚམས་བརྟག་བྱ། །ཞེས་པས། ཤར་ལྷོ་མཚམས་ན་གཤིན་རྗེ་གདུག་པའི་མདུང་རྩེ་ལྟ་བུ་དང་། ལྷོ་ནུབ་ན་སྲིན་མོ་དུས་པའི་མཆི་རྗེས་ལྟ་བུ་དང་། ནུབ་བྱང་ན་མ་མོ་རྔམས་པའི་སྤར་བཤད་ལྟ་བུ་དང་། བྱང་ཤར་ན་འབྱུང་པོ་རྐུས་པོའི་འཇོལ་ས་ལྟ་བུ་རྣམས་མེད་པའོ། །ཐ་མ་ལའང་གཉིས་ཏེ། ཕྱོགས་ཀྱི་རི་བརྟག་པ་དང་། གནས་ཉིད་ཀྱི་རི་བརྟག་པའོ། །དང་པོ་ནི་དེ་ཉིད་ལས། ཤར་ལྷོ་གཞོལ་ཞིང་འཇམ་པ་ལ། །མཐོ་དང་འདུད་པ་ནུབ་བྱང་ཡིན། །ཞེས་པ་བཞིན་ནོ། །གཉིས་པ་ནི། ལྷུན་སྟུག་རི་བོ་ནགས་ཚལ་ལྡན། །རབ་ཏུ་མཉམ་ཞིང་སྣུམ་བག་ཅན། །ཆུ་བོ་དབང་གི་ཕྱོགས་ཡིན་ཏེ། །ཅུང་ཟད་ཀྱིས་ནི་རླུང་ཉུང་ཞིང་། །མེ་ཏོག་ཤིང་དང་བྱ་སྐད་བརྟག །ལོ་རྒྱུས་ཤིས་པའང་མཆོག་ཏུ་བཤད། །ཅེས་གསུངས་པ་བཞིན་ནོ། །གཉིས་པས་རང་གི་མཚན་ཉིད་ལ་གཉིས་ཏེ། ངན་པ་བརྟགས་ལ་སྤང་བ་དང་། བཟང་པོ་བརྟགས་ལ་དཀྱིལ་འཁོར་བྱ་བའོ། །དང་པོ་ནི། མཚན་ཉིད་སྦྱོང་བ་ཕྱོགས་གསུམ་སྟེ། །ཞེས་པས་གསུམ་ལས། ཕྱི་ངན་པ་ནི། ཐང་ཁ་སོག་ལེ་ལྟ་བུ་དང་། །དམའ་དང་བོ་བའི་མཚན་ཉིད་དང་། །ཚ་སྒོ་ཟུག་རྡོ་རུས་སྦལ་དང་། །ཞེས་པ་ལྟ་བུའོ། །ནང་ངན་པ་ནི། གྲམ་པ་ཐལ་ཤིང་སོལ་དུ མ་དང་། །གྱོ་མོ་རུས་པ་གསེག་ལ་སོགས། །ཞེས་པའོ། །གཉིས་ཀ་ངན་པ་ནི། ནྱ་གྲོ་ཏ་དང་པ་ལ་ཤ །ཨུ་དུམ་འབར་བ་ཨ་ཤྭད་ཐ། །ཨ་རྫུ་ནུ་ལ་སོགས་པའི་ཚུལ། །འདོད་པ་མ་ཡིན་སྦྱང་སྤོ་བྱ། །ཞེས་པ་ལྟར་རོ། །གཉིས་པ་ས་བཟང་པོ་ནི། བཀྲ་ཤིས་རྩྭ་དང་མེ་ཏོག་ཤིང་། །གནག་དང་ཁ་དོག་ལྡན་པ་ལ། །རྩིགས་མ་རྒྱུས་པ་རབ་ཉུང་ཞིང་། །ལྷག་པར་གྱུར་པ་མཆོག་ཏུ་བཤད། །ཅེས་པའོ། །གསུམ་པ་ས་བསླང་བ་ནི། རྔམ་གློག་ལས། མངོན་དང་མི་མངོན་བདག་པོ་ལ། །རྩོད་པ་ཉེ་བར་ཞི་བྱའི་ཕྱིར། །སེར་སྣ་སྤང་བའི་སེམས་ཀྱིས་ནི། །རིན་བཅལ་བདེན་པས་བསྒོ་ལ་བསླང་། །ཞེས་པས་གཉིས་ལས། མངོན་པ་ལ་བསླང་བ་ནི་རྒྱལ་པོ་གདུག་པ་ཅན་ལ་སོགས་པ་སའི་བདག་པོར་གྱུར་པ་ལ་རིན་བཅལ་ལ་བསླང་ངོ་། །གཉིས་པ་མི་མངོན་པ་ལ་བསླང་བ་ནི། ས་བདག་ཞིང་སྐྱོང་ལ་དང་། སའི་ལྷ་མོ་ལ་བསླང་བའོ། །དང་པོ་ནི། ནམ་མཁར་བཞུགས་ཏེ་ས་རྣམས་སྤང་། །ཚིམ་བྱ་བསྒོ་བ་དྲག་བྱས་ལ། །མཐུན་པའི་རྫས་ཀྱིས་མཆོད་བྱས་བསླང་། །ཞེས་པའོ། །གཉིས་པ་ནི། མཆོད་པ་བདུད་རྩི་གླུ་གར་གྱིས། །རྒྱས་མཆོད་གསོལ་བ་གདབ་པར་བྱ། །ཞེས་པས། ལག་ལེན་ལྟར་ཆོ་གས་བསྐུལ་ཞིང་སྔགས་བརྗོད་པས་ལྷ་མོ་ལས་འོད་འཕྲོས་ཏེ་ས་ཉིད་ཡེ་ཤེས་རིན་པོ་ཆེའི་ས་གཞིར་བསམ་མོ། །བཞི་པ་དབང་དུ་བྱ་བ་ནི། དངོས་གྲུབ་དབང་དུ་བྱ་བའི་ཕྱིར། །ཟངས་སོགས་ཕུར་པ་ཟླ་གམ་ལ། །ཧཱུཾ་ལས་གྱུར་པའི་དབང་མཆོག་ཁྲོ། །རཱ་གའི་མདོག་འདྲ་ཟླ་གམ་ལ། །པདྨ་ཞགས་པ་ཕུར་འདྲིལ་བ། །སྡང་མིག་ཕྱག་བཞི་ངེས་བསམས་ཏེ། །སྐུ་གསུང་བྱིན་དབབ་དབུས་སུ་སྦྱར། །འོད་ཀྱིས་ཐམས་ཅད་བསྡུ་བྱས་ལ། །བདག་གིར་གྱུར་པའི་ས་དག་ནི། །ལས་རྣམས་ཀུན་ལ་ཤིས་པར་འགྱུར། །ས་གཞི་དབང་དུ་བསྒྲུབ་མཆོག་གོ། །ཞེས་པའོ། །ལྔ་པ་སྦྱང་བ་ནི། དེ་ཉིད་ལས། སྦྱང་བ་ལས་མེ་སྔགས་ཕྱག་རྒྱ། །ཏིང་ངེ་འཛིན་གྱིས་དག་པར་འགྱུར། །ཞེས་པས་བཞི་སྟེ། ལས་དང་བྱ་བས་དང་། མེ་ཡིས་དང་། སྔགས་དང་ཕྱག་རྒྱས་དང་། ཏིང་ངེ་འཛིན་གྱིས་སྦྱང་བའོ། །དང་པོ་ལའང་གཉིས་ལས། ས་གཏེར་གཞུག་པ་ནི། དེ་ཉིད་ལས། ཟངས་དང་བཀྲ་ཤིས་རིན་ཅེན་ནས། །འབྲུ་སྦྱར་བྱས་པ་ས་གཏིང་དུ། ཁམ་སའི་པར་བུར་བླུགས་ལ་གཞུག །ཅེས་པའོ། །གཉིས་པ་གོ་མ་ཡེ་བྱ་བ་ནི། སུམ་ཅུ་རབ་སྙམ་བསྐམ་པར་བྱ། །ཞེས་སོ། །གཉིས་པ་སའི་མཚན་ཉིད་ཤིན་ཏུ་ངན་ན་ཞི་བའི་སྦྱིན་སྲེག་བྱ་སྟེ། ཇི་སྐད་དུ། གཞན་དུ་བགྲོད་དམ་ཞི་བ་ཡི། །མེ་ཡིས་རབ་ཏུ་དག་པར་འགྱུར། །ཞེས་སོ། །ས་བཟང་ངན་འབྲིང་པོ་ཙམ་ཡིན་ན་ལག་པ་གཡས་ལ་ཉི་མའི་དཀྱིལ་འཁོར་སྟེང་དུ་འབྲུ་ལྔ་བཀོད་པ་ཧ་ནའི་སྔགས་བརྗོད་དེས་ལ་ལན་གསུམ་དུ་བཏབ་པས་དག་པར་བསམ་མོ། །གསུམ་པ་ནི་ཐལ་མོ་ཁོང་སྟོང་སྦྱར་ལ་ཤུ་ནྱ་ཏའི་སྔགས་ཀྱིས་སྟོང་པ་ཉིད་དུ་སྦྱངས། ཐ་མ་ནི་གཉིས་ལས་མཚན་མེད་གོང་ལྟར་ལ། མཚན་བཅས་ནི་ས་ལ་ནི་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་ལ་དཀྱིལ་འཁོར་རྒྱས་འབྲིང་བསྡུས་པ་གང་བྱེད་ཅིག་བསྒོམ་སྟེ། ཇི་སྐད་དུ། རྒྱས་དང་འབྲིང་པོ་ལ་སོགས་པའི། །སྣ་ཚོགས་རྒྱན་ལྡན་གཞལ་ཡས་ཁང་། །ཇི་ལྟར་གྱུར་པ་བཞིན་དུ་བསྒོམ། །ཞེས་པ་བཞིན་ནོ། །དྲུག་པ་བྱིན་གྱིས་བརླབ་པ་ནི། གཞི་དཀྱིལ་འཁོར་བསྐྱེད་དེ་ཡེ་ཤེས་ལ་སྤྱན་དྲངས་ནས་མཆོད་པ་ཕུལ་ཏེ་ཚིག་གིས་བསྐུལ་བས་དེ་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ཏེ་རང་ཉིད་ལ་ཐིམ་པས་ཞེ་སྡང་རྡོ་རྗེར་བསྐྱེད་ལ་ས་གཞི་རྡོ་རྗེའི་རང་བཞིན་དུ་བརླབ་བོ། །བདུན་པ་བསྲུང་བ་ནི། ནམ་མཁར་ཁྱབ་པའི་རྩིབས་བརྒྱད་ལ། །ཁྲོ་བོའི་ཐུགས་ལས་ངེས་ཕྱུང་དགོད། །ཅེས་པས། ཁྲོ་བོ་བཅུའམ་མཚོན་ཆ་འཆོལ་བ་ལ་སོགས་བསྲུང་བའི་འཁོར་ལོས་མཚམས་བཅད་དེ། གང་ཡང་བར་ཆད་སྐབས་མེད་ན། །བསྲུང་བའི་མཆོག་ཏུ་དེ་གསུངས་སོ། །ཞེས་སོ། །བརྒྱད་པ་གཟུང་བ་ནི་གཉིས་ལས། དང་པོ་དེ་པ་ལ་གཟུང་བར་ཚིག་གིས་བསྐུལ་ནས། གཉིས་པ་ཏིང་ངེ་འཛིན་གྱིས་ལྷ་རྣམས་རོལ་པའི་གཟི་བརྗིིད་ཀྱིས་དཀྱིལ་འཁོར་དུ་གསལ་བར་བྱ་བ་ནི། ངེས་བརྗོད་རོལ་པའི་བྱིན་རླབས་ཀྱིས། །ཐམས་ཅད་དཀྱིལ་འཁོར་རང་བཞིན་ཏེ། །གསལ་བྱས་ཡོངས་སུ་གཟུང་བའོ། །ཞེས་པས། ཐིག་བཏབ་སྟེ་ལྷ་གནས་སུ་བྱང་སེམས་ཀྱི་ཐིག་ལེ་ལྷ་གྲངས་དང་མཉམ་པ་བྱ་སྟེ་ཚོམ་བུ་བཀོད་ལ། སྦྱོར་མཚམས་ནས་གཞལ་ཡས་ཁང་དང་ལྷ་བསྐྱེེད་ནས་ཡེ་ཤེས་པ་སྤྱན་དྲངས་བསྟིམས་ཏེ་མཆོད་ཅིང་བསྟོད་པ་ཡན་ཆད་བྱས་ལ། ཆོ་གའི་ཚིག་གིས་གསོལ་བ་བཏབ་ནས་ས་ཉིད་ལྷ་དང་གཞལ་ཡས་སུ་བསྒོམ་པའོ། །དེ་དག་ལ་ཅིའི་ཕྱིར་ས་གཞི་མཉམ་པ་ནི་ཞེས་བྱ་ཞེ་ན། ཇི་སྐད་དུ། ཐམས་ཅད་རང་སེམས་མཉམ་སྦྱོར་བས། །ས་གཞི་ཅན་ཡང་དེ་བཞིན་བསྒྲུབ། །འདིར་ལྟར་གང་ཞིག་གསལ་གྱུར་པ། །ས་གཞི་རབ་ཏུ་མཉམ་ཞེས་བྱའོ། །ཞེས་ཐ་དད་ཀྱི་རྟོག་པ་དག་ནས་ཐམས་ཅད་མཉམ་པར་མཚོན་པའི་ཕྱིར་རོ། །དོན་གཉིས་པ་ཚད་ཀྱི་སྐབས་སུ་རྒྱས་འབྲིང་བསྡུས་པ་གསུམ་ལ་ཚད་གཉིས་གཉིས་སུ་བྱུང་བ་ནི། ཇི་སྐད་དུ། ཚད་ནི་རྐྱེན་གྱིས་མ་ངེས་ཏེ། །ཞེས་པས་སློབ་དཔོན་ཕྱག་བཟོ་མི་བཟོ་དང་། གནས་ཁང་ཡངས་དོག་དང་། སློབ་བུ་མོས་མི་མོས་དང་། འབྱོར་བ་ཆེ་ཆུང་གིས་འདམ་ཁ་ཡིན་ཏེ། ལམ་རིམ་ལས། མོས་དང་འབྱོར་པས་རྣམ་ཕྱེ་བའོ། །ཞེས་པ་དང་། སྤར་ཁབ་ལས། གཉིས་ནི་བཟོ་ཡི་ཡང་ཕྱིར་རོ། །ཞེས་པས་སོ། །མཆོག་གི་དཀྱིལ་འཁོར་ལ་གཉིས་སུ་བྱུང་བ་ནི། སློབ་དཔོན་དགོངས་པ་ཟབ་མི་ཟབ་དང་། སློབ་བུ་ལས་ཚབས་ཆེ་ཆུང་གི་དབང་ངོ་། །དོན་གསུམ་པ་ཐིག་ལེ་ལ་བདུན་ཏེ། འགྱིང་ཕུར་དང་། རྒྱུ་དང་། གྲངས་དང་། གྲོགས་དང་། རབ་གནས་དང་ཇི་ལྟར་གདབ་པ་དངོས་དང་། ཉེས་པ་སྤང་བའོ། །དང་པོ་ནི་ཕུར་བུ་ཞེས་པ་འགྱིང་ཕུར་ཏེ་ཆ་རྐྱེན་བསྡུས་པའོ། །གཉིས་པ་རྒྱུ་ནི་སྲད་བུ་ཞེས་པ་སྟེ་ཡེ་ཤེས་ཀྱི་སྐུད་པའི་རྒྱུ་པདྨའི་རྒྱུས་པ་ལ་བྱ་ཞིང་། དམ་ཚིག་གི་རྒྱུ་ནི་རས་བལ་ལམ་སྲིན་བལ་ལ་བྱ་བར་གསུངས་སོ། །གསུམ་པ་གྲངས་ནི་ཡེ་ཤེས་ཀྱི་ཉི་ཤུ་རྩ་ལྔའམ་ལྔ་སྒྲོལ་ལ་དམ་ཚིག་གི་དགུའམ་གསུམ་སྟེ། དེ་ཉིད་ལས། པདྨའི་རྒྱུས་ལས་ཁ་དོག་བསྒྱུར། །བཅུ་དྲུག་ཕྱག་རྒྱས་ལེགས་བཀལ་ལ། །སྣལ་མ་གཅིག་ཀྱང་ལྔ་ལྔར་ལྡན། །ཡེ་ཤེས་རང་བཞིན་ཤེས་པར་བྱ། །ཞེས་སོ། །དམ་ཚིག་ཀྱང་དེ་ཉིད་ལས། ཁ་དོག་གསུམ་ལྡན་སྣལ་མ་དགུ། །དམ་ཚིག་སྐུད་པའི་རྒྱུ་དང་གྲངས། །རས་བ་ལ་སོགས་སྐུ་གསུང་ཐུགས། །ཞེས་གསུངས་པའོ། །བཞི་པ་གྲོགས་ནི། གོས་རྒྱན་མཛེས་པ་ཡིད་འོང་གྲོགས། །ཞེས་པས་མཚན་ཉིད་དང་ལྡན་པའི་ཡུམ་ལོ་བཅུ་དྲུག་མ་རྒྱན་གྱིས་བརྒྱན་པ་སྟེ། བཅུ་དྲུག་ཕྱག་རྒྱས་ལེགས་བཏགས་ལ། །ཞེས་པའི་ཕྱིར་རོ། །ལྔ་པ་རབ་གནས་ནི་འབྲུ་བསྒྱུར་ཏེ་ཆོས་ཕུན་སུམ་ཚོགས་ཞེས་པ་ཡང་། དེ་ཉིད་ལས། གཙང་མའི་སྣོད་དུ་ལེགས་བཀོད་དེ། །ཉི་མ་ཟླ་བའི་གདན་དག་ལ། །ཐུགས་ལས་ཡིག་འབྲུ་གྲངས་དེ་བཞིན། །ཕྱོགས་བཅུ་དུས་བཞི་མདུན་དྲངས་ཏེ། །མཆོད་སྦྱར་གསོལ་བ་གདབ་པར་བྱའོ། །སྦྱོར་བའི་ཡེ་ཤེས་གྲངས་མཉམ་དང་། །རྡོ་རྗེ་གསུམ་ཉིད་ངེས་པར་བསྟིམ། །ཞེས་པས། ཐིག་ཚོན་གཉིས་ཀར་རབ་གནས་ཚུལ་གཅིག་སྟེ་བྷནྡྷ་ལ་སོགས་སྣོད་གཙང་མ་གང་ཡིན་ཡང་སྣོད་ཕྱོགས་མ་ནོར་བར་བཀོད་ལ་ལས་གཞུང་བསྲང་། དེ་ནས་ཐིག་ཚོན་དྲི་ཡིས་བསངས་ལ་ཆོ་ག་གསུམ་ལས་རིགས་ལྔ་ཡབ་ཡུམ་དུ་བསྐྱེད་ཅིང་སྐུ་གསུང་ཐུགས་གསུམ་བྱིན་གྱིས་བརླབས་ཡེ་ཤེས་ལྔ་ཡིས་དབང་བསྐུར་སྙན་གསན་དབབ་སྤྱན་དྲངས་དབྱེར་མེད་པར་བསྟིམས་ལ། ཕྱི་ནང་གིས་མཆོད་ཅིང་བསྟོད་པ་ཅི་རིགས་པ་བྱ། བརྟན་པ་དང་སྦྱོར་བའི་བྱང་ཆུབ་སེམས་ལས་ཡེ་ཤེས་ལྔའི་རང་བཞིན་དུ་བསམ་པའོ། །དྲུག་པ་ཐིག་གདབ་པ་དངོས་ནི། གོང་ནས་ཐིག་གདབ་ཅེས་པས་གཉིས་ལས། དང་པོ་དམ་ཚིག་གི་གདབ་པ་ནི། ཕྱོགས་མཚམས་ལེགས་པར་ཕྱེ་ནས་ཀྱང་། །སོ་སོའི་ཚད་བཞིན་རྒྱས་པར་དབྱེ། །ཞེས་པ་དང་། ཡེ་ཤེས་ཀྱི་ནི། དམ་ཚིག་རྗེས་སུ་གསལ་བར་དབྱེ་ཟེར་ཀྱང་སྔོན་དུ་ནམ་མཁའ་ལ་གདབ་པའོ། །ཐ་མ་ཉེས་པ་སྤང་བ་ནི། མཁས་ལྡན་ཆེན་པོས་བསྒྲིམས་ཏེ་བྱ། །ཞེས་པའི་དོན་གཉིས་ལས། མ་བསྒྲིམས་པའི་ཉེས་པ་ནི། ཇི་སྐད་དུ། ཐིག་སྐུད་ཆད་ན་སློབ་དཔོན་འཆི། །རྒྱུན་ཆད་ལམ་ལ་གནོད་པར་འགྱུར། །ཕྱོགས་འཁྲུལ་བས་ནི་གཉིས་ཀ་ཉམས། །ཞེས་པ་ལྟར་རོ། །ཐིག་སྐུད་དམ་བཏབ་པ་ལ་འགོང་བ་ཡང་ཉེས་པ་ཡིན་པའི་ཕྱིར། ཇི་སྐད་དུ། ཧྲི་སྒྲའི་ཕྱག་རྒྱས་འཛུལ་བར་བྱ། །ཞེས་པ་ལྟར་རོ། །དོན་བཞི་པ་ཚོན་ལ་དྲུག་སྟེ། དགོས་ཆེད་དང་། རྒྱུ་དང་། རབ་གནས་དང་། ཇི་ལྟར་དགྱེ་ལུགས་དང་། ཉེས་པ་སྤང་བའོ། །དང་པོ་ནི་ཡེ་ཤེས་ལྔའི་དོན་མ་མཐོང་སྟེ་དེའི་དོན་ལ་རྨོངས་པ་རྣམས་ལ་ཡེ་ཤེས་ལྔའི་དོན་བསྟན་པའི་ཕྱིར་ཚོན་རྩི་ཁ་དོག་ལྔར་བྱའོ། །གཉིས་པ་རྒྱུ་ནི་གོང་གི་ཐིག་གི་སྐབས་ན་ཚོན་ཕྱེ་དང་ཞེས་པ་སྟེ་དེ་ནི། ཨིནྡྲ་ནཱི་ལ་ཟླ་འོད་དང་། །ནུ་ཤ་ར་བ་བྱུ་རུ་ཟངས། །ཨ་རག་ཏ་ལས་བྱས་པ་དབྱེ། །ཞེས་པས་རབ་རིན་པོ་ཆེའོ། །དེ་བཞིན་འབྱོར་བས་གཞན་དག་བསྡུ། །ཞེས་པས་འབྲིང་འབྲུ་ཚོན་དང་། ཐ་མ་རྡུལ་ཚོན་ནོ། །གསུམ་པ་གྲངས་ནི། ཁ་དོག་ཉི་ཤུ་རྩ་ལྔའམ། །ལྔ་ཡི་ཚོན་གྱིས་བྲི་བར་བྱ། །ཞེས་པའོ། །བཞི་པ་རབ་གནས་ནི། རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ། །ཞེས་པ་གོང་ལྟར་རོ། །དེ་ཡང་། སྣོད་རིམ་མ་འདྲེས་དག་བྱས་ལ། །ཧཱུཾ་སོགས་ཡིག་འབྲུ་གཅིག་ཀྱང་ལྔ། ཁ་དོག་རྗེས་སུ་མཐུན་བྱས་ཏེ། །ཞེས་པའོ། །ལྔ་པ་དགྱེ་ལུགས་དང་པོ་ནི། འདུལ་བའི་ཆོ་ག་བཞིན་དུ་དགྱེ། །ཞེས་པའོ། །ཐ་མ་ཉེས་པ་སྤང་བ་ནི། བག་མེད་གྱུར་པའི་ཉེས་པ་ཡང་། །ཐིག་གི་རྗེས་སུ་ཤེས་པར་བྱ། །ཞེས་པས། མཆོད་པ་ཕུལ་ནས་གཤེགས་ན་ཉེས་པ་མེད་དོ། །དོན་ལྔ་པ་བྲི་བ་ནི། ལྟེ་བ་རྩིབས་དང་ལྡན་པ་ཡི། །ཞེས་པ་ལ་སོགས་གཞུང་བརྟགས་ནས་དེ་ལ་གསུམ་སྟེ། སློབ་དཔོན་གྱིས་བྲི་བ་དང་། སློབ་མས་བྲི་བ་དང་། བྲིས་པའི་ཉེས་པ་སྤང་བའོ། །དང་པོ་ནི། ཆས་ལྡན་དབང་ཕྱུག་ཐིག་བཏེག་ལ། །དབང་ལྡན་ཕྱོགས་ནས་བསྐོར་བྱས་ཏེ། །ཞེས་པ་བཞིན་ནོ། །གཉིས་པ་ནི། དེ་ནས་ཞལ་དབང་ཐོབ་པ་རྣམས། །ཞེས་པའོ། །ཐ་མ་ནི་གཞུང་གཞན་ལས། ཚོན་ཐལ་ཤོར་ན་ནད་དུ་འགྱུར། །ཚོན་རྩི་སྲབ་ན་དབུལ་པོར་འགྱུར། །ཞེས་བཤད་པ་ལྟར་རོ། །དོན་དྲུག་པ་རྣམ་པ་དགོད་པ་ནི། སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། །ཅེས་པ་ནི་གསུམ་སྟེ། ཇི་སྐད་དུ། ཡན་ལག་རྒྱན་རྫོགས་གཟུགས་སྐུ་ཉིད། །ཉི་ཟླ་པདྨ་རིམ་བཞུགས་པ། །དཀྱིལ་འཁོར་སྐུ་ཡི་མཚན་ཉིད་ཡིན། །ཐ་སོགས་ཡང་ན་ཧཱུཾ་མཱུཾ་ནི། །དཀྱིལ་འཁོར་གསུང་དུ་ཤེས་པར་བྱ། །ཕྱག་རྒྱ་གསལ་བཀོད་ཐུགས་དཀྱིལ་འཁོར། །ཞེས་གསུངས་པ་ཡིན་ནོ། །དོན་བདུན་པ་རབ་གནས་ལ་གསུམ་སྟེ། ངོ་བོ་དང་། སྒྲ་འཇུག་པའི་རྒྱུ་མཚན་དང་། དབྱེ་བའི་རྣམ་གྲངས་སོ། །དང་པོ་ནི། ཡུལ་གང་ལ་རྒྱལ་བ་ཡེ་ཤེས་སེམས་དཔའི་ཆེ་བའི་ཡོན་ཏན་གྱི་བྱིན་བསྡུས་ཏེ་གཞུག་པའི་ཆོ་ག་ཡན་ལག་རྫོགས་པས་ཁྱད་པར་ཅན་དུ་གྱུར་པ་སྟེ། འདི་ཉིད་ལས། འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཞེས་སོ། །གཉིས་པ་ནི་པྲ་ཏི་ནའི་སྒྲས་དུས་རྒྱུན་དུ་རང་བཞིན་བཟང་པོར་གནས་པ་ལས་མི་འདའ་བ་སྟེ། ཉེ་བར་གྱུར་པའི་དམ་ཚིག་མཆོག །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། ལས་རིམ་ལས། རབ་གནས་ལུགས་ནི་གསུམ་ཡིན་ཏེ། །ཞེས་པས། དབང་པོ་ཡང་རབ་རྟོགས་པ་དང་ལྡན་པས་དུས་སྐད་ཅིག་ཙམ་ལ་རྫོགས་པའི་དང་། འབྲིང་ཏིང་ངེ་འཛིན་ལ་གོམས་པས་དེའི་ཡན་ལག་རྫོགས་པའི་ཚེ་གྲུབ་པའི་དང་། ཐ་མས་གཞུང་ནས་བཤད་པ་ལྟར་བསྙེན་པ་ལ་སོགས་སྤྱི་དང་བྱེ་བྲག་གི་ཆོ་ག་རྫོགས་པས་གྲུབ་པའི་ལུགས་སོ། །དེ་ལའང་གསུམ་ཡིན་ཏེ་ཞེས་པ་ལྟར། ཐུགས་ཀྱི་དང་། གསུང་གི་དང་། སྐུའི་རབ་གནས་སོ། །དེ་ལའང་གསུམ་ཡིན་ཏེ་ཞེས་པས། བུམ་པ་དང་། སློབ་བུ་དང་། དཀྱིལ་འཁོར་གྱི་རབ་གནས་སོ། །དང་པོ་ནི། བུམ་པ་རིན་ཅེན་ལས་བྱས་པ། །ལྟོ་དང་མགྲིན་པར་ལྡན་པ་ལ། ཁ་དོག་ལྡན་པའི་རས་དཀྲིས་དགང་། །ཞེས་པས། བུམ་རྫས་ཁ་རྒྱན་མགུལ་ཆིངས་ལ་སོགས་དང་ལྡན་པ་ལ་བསྙེན་པ་འབུམ་ལ་སོགས་པ་བྱ་བ་སྟེ། འདི་ལག་ལེན་དུ་ཡན་ལག་གི་རབ་གནས་ཞེས་གོང་གི་ཐིག་ཚོན་ལ་སོགས་དང་ཐུན་མོང་དུ་བྱ་བ་དག་ཡིན་ནོ། །གཉིས་པ་ནི། གཉིས་པ་སློབ་བུར་ཤེས་པར་བྱ། །དགོས་པའི་ཡོ་བྱད་གཉིས་སོགས་ལ། །ལས་ཀྱི་དཀྱིལ་འཁོར་ལས་རིམ་སྦྱར། །ཞེས་པས། སློབ་བུ་ལྷར་རབ་གནས་བྱ་བ་སྟེ་འོག་ཏུ་འཇུག་པའི་སྐབས་བཞིན་ནོ། །གསུམ་པ་དཀྱིལ་འཁོར་གྱི་རབ་གནས་ནི། ཞི་ཁྲོ་གཉིས་ལས། གཉིས་ཅར་ལ་གཞུང་ནས་དྲུག་ཏུ་བསྟན་ཀྱང་ལག་ལེན་དུ་བརྒྱད་དེ། སྔོན་དུ་བྱ་བའི་རིམ་པ་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ་པ་དང་། དབང་པོ་ལ་སོགས་པའི་སྐྱོན་བསལ་བ་དང་། ཆེ་བའི་ཡོན་ཏན་རྒྱན་ཆས་ཀྱིས་མངའ་གསོལ་བ་དང་། ཆུ་བདུན་གྱིས་སྐུ་ཁྲུས་གསོལ་ཞིང་རས་ཀྱིས་སྐུ་འཕྱི་བ་དང་། ཕྱི་ནང་གསང་བའི་མཆོད་པ་དབུལ་བ་དང་། བདེན་པའི་བྱིན་གྱིས་རླབས་ཀྱིས་དམིགས་ཤིང་བརྟན་པར་བཞུགས་སུ་གསོལ་བའོ། །དང་པོ་ནི། བཅོས་བུའི་རས་ནི་སྣ་ཚོགས་དང་། །རྒྱན་ཕྲེང་བཏུང་བ་བྲོ་བས་བསྐོར། །ཞེས་པའོ། །གཉིས་པ་ནི། ལུས་ངག་སེམས་དང་ཞེས་པ་ལ་སོགས་པས་སྟོང་པ་ཉིད་དུ་སྦྱངས་ནས། ཏིང་འཛིན་རོལ་མོ་ཞེས་པ་ལ་སོགས་པས་ཏིང་འཛིན་དཀྱིལ་འཁོར་བསྐྱེད་པའོ། །དེའི་ཡོན་ཏན་ནི། ས་ལ་སོགས་ལས་ཕྱག་རྒྱར་བྱས། །ཞེས་པ་ལ་སོགས་པའོ། །གསུམ་པ་ནི། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །ཞེས་པ་ལ་སོགས་པས་དཀྱིལ་འཁོར་གང་ཡིན་པའི་གཞུང་དུ་སྙན་གསན་དབབ་ཅིང་སྤྱན་དྲངས་ནས་དབྱེར་མེད་པར་བསྟིམས་ཏེ་བརྟན་པར་བཞུགས་སུ་གསོལ་བའོ། །བཞི་པ་ནི། ཨཱོཾ་ཙཀྵུ་ལ་སོགས་ཆོ་གས་མིག་སྨན་བྱུགས་པའི་ཐུར་མ་ལ་སོགས་ཀྱིས་སྤྱན་དབྱེ་བ་ལ་སོགས་དབང་པོ་སྐྱོན་བསལ་གྱི་ཆོས་བདུན་བྱའོ། །ལྔ་པ་ལ་གཉིས་ལས། བུམ་པས་དབང་བསྐུར་བས་ཡེ་ཤེས་ལྔ་དང་ལྡན་ཞིང་ཡི་གེ་ལྔས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་ལྡན་པར་བྱ་བའི་སྤྱིར་མངའ་གསོལ་བའོ། །ཁྱད་པར་མངའ་གསོལ་བ་སྭཱའི་འཕྲོ་འདུ་ལས་ཞི་བ་ལ་རིན་པོ་ཆེའི་དབུ་རྒྱན་ལ་སོགས་རྒྱན་ཆས་ཉི་ཤུ་རྩ་ལྔ་དང་། ཁྲོ་བོ་ལ་རྔམས་བརྗིད་ལ་སོགས་སུམ་ཅུ་རྩ་བཞིས་སོ། །དྲུག་པ་ནི། ཆོ་ག་ལྟར་ཞི་བ་ལ་ཆུ་གཙང་ལ་སོགས་བདུན་དང་ཁྲོ་བོ་ལ་ཞུན་ཆེན་ལ་སོགས་བདུན་གྱི་སྐུ་ཁྲུས་གསོལ་ཞིང་རས་ཀྱིས་སྐུ་འཕྱི་བར་བྱའོ། །བདུན་པ་ནི། གླུ་ཚིག་བྲོ་གར་རོལ་མོ་ཡི། །ཞེས་པ་ལ་སོགས་ཕྱི་ནང་གི་དང་། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །ཞེས་པ་ལ་སོགས་ལྷག་པ་ཏིང་ངེ་འཛིན་གྱི་དང་། གསལ་ལྡན་མའམ་ཞེས་པ་ལ་སོགས་གསང་བའི་མཆོད་པ་རྣམས་དབུལ་ལོ། །ཐ་མ་ནི་ཆེ་གེ་མོའི་དོན་ཡོངས་སུ་མ་རྫོགས་ཀྱི་བར་དུ་བརྟན་པར་བཞུགས་ནས་སེམས་ཅན་གྱི་དོན་ཡོངས་སུ་རྫོགས་པར་གྱུར་ཅིག་ལ་སོགས་བརྟན་བཞུགས་ཀྱི་མེ་ཏོག་དོར་ནས་འདོད་ག སོལ་རྣམས་གདབ་པར་བྱའོ། །འདི་ནི་ཁྱད་པར་དུ་ལེའུ་བཅུ་པའི་དབང་རྫས་ཀྱི་རབ་གནས་ཡིན་ལ། སྤྱིར་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་ཡང་འདི་ལྟར་བྱ་བ་ཡིན་ནོ། །དོན་བརྒྱད་པའི་སྤྱིན་སྲེག་ནི། དེ་ཉིད་ཀྱི་རྩ་བ་ལས། ཇི་སྐད་དུ། གནས་རྫས་ཐབ་ཀྱི་རྣམ་པ་དང་། །གཟུངས་དང་གཙོ་སེམས་བསྒྲུབ་པ་དང་། །ཕུར་པ་ལྷ་དུས་ལས་རིམ་དང་། །ལྷག་མ་བཅུ་གཅིག་རྫོགས་པའོ། །ཞེས་པས། ལས་བཞི་རེ་རེ་ལ་ཡང་དོན་བཅུ་གཅིག་སྟེ། དང་པོ་གང་དུ་བྱ་བའི་གནས་ནི་དེ་ཉིད་ལས། རི་བོ་འདུས་པ འི་རྩེ་དག་དང་། །ཆུ་གླིང་འཇམ་པའི་ས་ཕྱོགས་སུ། །དང་བར་བྱེད་པའི་ལས་རྣམས་བརྩམ། །ཞེས་པའི་ཞི་བའི་དང་། ནགས་ཚལ་སྨན་ལྗོངས་མེ་ཏོག་ཚལ། །ལྷུན་སྟུག་རི་བོ་རྒྱས་པར་བཤད། །ཅེས་པས་རྒྱས་པའི་དང་། སུམ་མདོ་ཆུ་བོ་འདུས་པ་དང་། །བཞི་མདོ་ཁང་སྟོང་སྡུད་ཅེས་བྱ། །ཞེས་པས་དབང་གི་དང་། དུར་ཁྲོད་ཆེན་པོའི་ས་ཕྱོགས་སུ། །ལྷག་པར་བརྩམས་ན་ངེས་པར་འགྲུབ། །ཅེས་པས་དྲག་པོའི་གནས་སོ། །དོན་གཉིས་པ་རྫས་ནི་ཚིག་བསྒྱུར་ཏེ། འོག་ནས། བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ཞེས་པ་ནི། དེ་ཉིད་ལས། གཉིས་པ་རྣམ་པ་ལྔར་བཤད་དེ། །ཞེས་པས། སྒྲུབ་པའི་དང་། མེའི་དང་། ལིང་གའི་དང་། གཏོར་མའི་དང་། སྲེག་རྫས་སོ། །དང་པོ་ནི་སྔགས་པའི་ཆས་གོས་ལྔའོ། །གཉིས་པ་ལ་ཡང་གཉིས་ལས། སྲེག་ཤིང་ནི། རྩེ་མོ་ཞི་བྱེད་ཡལ་ག་རྒྱས། །སྡོང་པོ་དབང་རྩ་མངོན་སྤྱོད་པའོ། །ཞེས་སོ། །གཉིས་པ་ཡམ་ཤིང་ནི། ཤུག་པ་ཙནྡན་དཀར་པོ་དང་། །ཨུ་དུམ་འབར་བ་འོ་མའི་ཤིང་། །ཞི་རྒྱས་ཡམ་ཤིང་ཤེས་པར་བྱ། །དམར་ལ་དྲིལ་ཞིམ་ཤིང་རྣམས་དང་། །དུག་ཤིང་ཚེར་མ་ཅན་དག་ནི། །ཚིལ་བྱུགས་དབང་དྲག་མེ་སྤར་རོ། །ཞེས་པའོ། །གསུམ་པ་ནི། བསྒྲུབ་བྱའི་དམ་རྫས་གོས་སོགས་དང་། །ལོངས་སྤྱོད་དེ་བཞིན་ཤེས་པར་བྱ། །དུག་དང་ཚ་བ་རྣམ་གསུམ་དང་། །ཤ་ཆེན་ར་དང་བ་གླང་ཤ །མཆོག་ཏུ་གསོད་པར་བྱེད་པ་ཡིན། །སྐྱུར་བ་དབང་སྟེ་ལིངྒའི་རྫས། །ཞེས་སོ། །བཞི་པ་ནི། འོ་མ་འབྲས་ཆན་དངུལ་ཕྱེ་རྣམས། །མེ་ཏོག་དཀར་པོའི་གཏོར་མས་ཞི། །ལྡོང་རོས་གྲོ་ཆན་ཞོ་དང་ཕྲུམ། །མེ་ཏོག་གསེར་ཕྱེ་རྒྱས་པ་ལའོ། །ཟངས་ཕྱེ་བུ་རམ་འབྲས་མར་ཆན། །རམ་བུ་པདྨ་རཀྟར་སྦྱར། །ཐམས་ཅད་སྡུད་པའི་གཏོར་མ་ཡིན། །དུག་རྣམས་ལྕགས་ཕྱེ་རྡོ་ཕྱེ་དང་། །ར་ཁྱིའི་ཁྲག་དང་ཤ་ཆེན་དང་། །དུར་སོལ་མུར་ཀའི་ཆན་རྣམས་ནི། །གསོད་པར་བྱེད་པའི་གཏོར་མ་ཡིན། །ཞེས་པ་བཞིན་ནོ། །ཐ་མ་ནི། མར་དཀར་ཏིལ་དཀར་ནས་དཀར་ཆན། །མངར་གསུམ་ཙནྡན་དཀར་པོའི་ཤིང་། །ཐམས་ཅད་ཡེ་ཤེས་བདུད་རྩི་སྟེ། །ཐ་མས་ཡེ་ཤེས་མེ་སྐྱེད་དོ། །ཞོ་དང་མར་རྙིང་བུ་རམ་སྦྲང་། །རྒུན་འབྲུམ་སྟར་ཀ་ཤ་ཆེན་དང་། །དྲི་ཞིམ་གསེར་ཞིང་རྒྱས་པ་ལའོ། །དན་ཏི་ལི་དང་ཤ་ཆེན་དང་། །སྐེ་ཚེ་ཚ་བའི་མར་དག་དང་། །དམར་པོའི་ཤིང་དང་རྩྭ་དག་གིས། །ཐམས་ཅད་འགུགས་པའི་མཆོག་ཏུ་གསུངས། །དུག་དང་ཚིལ་ཆེན་སྐེ་ཚེའི་མར། །སྲན་ཆེན་ཁྲག་སྣ་ཚོགས་པ་དང་། །ཚེར་མ་ཅན་གླང་ཤ་ཡིས་གསོད། །ཅེས་གསུངས་པ་རྣམས་སོ། །དོན་གསུམ་པ་ཐབ་ཀྱི་རྣམ་པ་ཇི་ལྟར་བྱ་བ་ནི། དབྱིབས་དང་ཁ་དོག་མཚན་ལྡན་པའི། །ཞེས་པའི་དོན་ནི། ཞི་བ་ལ་ཟླུམ་པོ་མདོག་དཀར་པོ་འཁོར་ལོ་ཨཱོཾ་གྱིས་མཚན་པ་སྟེ། དཀྱིལ་འཁོར་ཟླུམ་པོ་རིམ་པ་གསུམ། །ཞེས་པའོ། །རྒྱས་པ་ལ་གྲུ་བཞི་སེར་པོ་རིན་པོ་ཆེ་ཏྲཾ་གིས་མཚན་པ་སྟེ། ཡེ་ཤེས་ཕྱོགས་བཞི་དབུས་འོད་འབར། །ཞེས་པའོ། །དབང་ལ་ཟླ་གམ་དམར་པོ་པདྨ་ཧྲཱིཿས་མཚན་པ་སྟེ། ཐབ་ཁུང་ཟླ་གམ་གདེངས་པ་ལ། །ཞེས་པའོ། །དྲག་པོ་ལ་གྲུ་གསུམ་ནག་པོ་ཁྲོ་ཞལ་ཧཱུཾ་གིས་མཚན་པ་སྟེ། དཀྱིལ་འཁོར་གྲུ་གསུམ་བརྩེགས་མ་ལ། །ཞེས་པ་དང་། གཞན་ཡང་ཞལ་གདངས་སྤྱན་བགྲད་པའི། །ཁྲོ་ཞལ་ཤིན་ཏུ་འཇིགས་པར་བྱ། །ཞེས་གསུངས་པ་རྣམས་ཀྱིས་ཕྱིར་རོ། །དེ་དག་གི་རྒྱ་དང་དཔངས་ནི། ཇི་སྐད་དུ། ཁྲུ་གང་དབངས་དང་ཞེང་དུ་ཡིན། །ཟབ་དང་གྱེན་དུ་ཕྱེད་དུ་བཤད། །ཅེས་པའོ། །དོན་བཞི་པ་གཟུངས་མ་ནི་འདིའི་ཉི་ཤུ་པ་ལས། ལྗོན་པ་དང་ནི་ལྕུག་ཕྲན་ཚལ། །སྡོང་གཅིག་དང་ནི་མེས་རེག་དྲུང་། །ཞེས་པ་བཞི་ནི་འདི་སྐད་དུ། བོང་ཆུང་ལུས་མཛེས་ཟླ་བའི་མདོག །གཡས་འཁྱིལ་ལུས་ཀྱང་དེ་བཞིན་ཤེས། །སྐད་གསལ་སྔགས་ཟློས་ཡིད་མི་སྐྱོ། །ཁྲོ་སྤངས་པ་དེ་ཞི་ལ་སྦྱར། །ཞེས་པ་དང་། ལྕུག་ཕྲན་ནི། བན་གླང་སེར་མོ་གྲུ་བཞི་པ། །རྣ་བ་འགྲམ་སླང་རིང་ཤ་རྒྱས། །ཡན་ལག་ཟླ་མང་ལས་ལ་མཁས། །དལ་ཞིང་བློ་གྲོས་ལྡན་པ་ནི། །འཕེལ་བའི་དུས་སུ་ཤེས་པར་བྱ། །ཞེས་པའོ། །སྡོང་གཅིག་ནི། དམར་མོ་ཟླ་གམ་མཛེས་པའི་ཞལ། །ཡལ་ག་སྒྱུ་གནས་རྣམ་སྤངས་པ། །ཐབས་མཁས་བརྩོན་འགྲུས་ལྡན་པ་ནི། །ཐམས་ཅད་སྡུད་པར་བྱེད་པའི་མཆོག །ཅེས་སོ། །མེས་རེག་ནི། ནག་མོ་གྲུ་གསུམ་རྩིད་མགོ་མ། །ཁྲོ་གཉེར་ཅན་ལ་གེལ་བག་ཆགས། །གཏུམ་ཞིང་བརླང་ཚིག་འཛེམ་བག་མེད། །སྔགས་ཟློས་བརྟུལ་ཞུགས་ལྡན་པ་ནི། །ཐ་མའི་དུས་སུ་འདི་ཤེས་བྱ། །ཞེས་པ་རྣམས་སོ། །དོན་ལྔ་པ་གཙོ་བོའི་སེམས་ནི་གཉིས་ལས། དོན་གྱི་སེམས་ནི་ཆོས་ཉིད་གཉིས་སུ་མེད་པའི་དོན་རྟོགས་པ་སྟེ། ཇི་སྐད་དུ། རང་རིག་སངས་རྒྱས་ཀུན་གྱི་དངོས། །ཐམས་ཅད་རང་དབང་སྒྱུར་བདག་ཕྱིར། །སྒྲུབ་པའི་གཙོ་བོར་འདི་གསུངས་སོ། །ཞེས་གསུངས་སོ། །གཉིས་པ་སྟོངས་ཀྱི་སེམས་ནི། ཉི་ཤུ་པ་ལས། དང་བས་དགའ་བས་ཆགས་པས་དང་། །ཁྲོས་པས་ཀ་ལི་རབ་ཏུ་བྱ། །ཞེས་པའོ། །དོན་དྲུག་པ་བསྒྲུབ་བྱ་ནི། རྒྱལ་བློན་གདུག་པ་ཅན་ལ་སོགས་པ་བདག་གཞན་ལ་གནོད་པའི་བསམ་སྦྱོར་ཅན་ནི་ཞི་བའི་ཡིན་ཏེ། བདག་གཞན་གནོད་པའི་སེམས་དང་ནི། །ཞེས་སོ། །ཚེ་དང་ལོངས་སྤྱོད་ལ་སོགས་སྒོ་གསུམ་གྱི་ཡོན་ཏན་དང་མི་ལྡན་པ་ནི་རྒྱས་པའི་ཡིན་ཏེ། ཚེ་དང་ལོངས་སྤྱོད་སྒོ་གསུམ་གྱི། །ཡོན་ཏན་མངོན་པར་མི་ལྡན་པ། །ཞེས་སོ། །མི་མོས་ཤིང་མི་འདུད་པ་ནི་དབང་གི་ཡིན་ཏེ། མོས་འདུད་མེད་པ་ལས་རྐྱེན་ཅན། །ལས་གསུམ་བདག་གཞན་དོན་གྱི་ཕྱིར། །ཞེས་སོ། །དམ་པའི་ཆོས་འཇིག་པ་ལ་སོགས་ཞིང་བཅུ་ནི་དྲག་པོའི་བསྒྲུབ་བྱ་ཡིན་ཏེ། ཞིང་བཅུར་གྱུར་བའི་སེམས་ཅན་ནི། །དམ་པའི་ཆོས་འཇིག་མ་རུངས་ལ། །ཞེས་སོ། །དེ་ཡང་དེ་དག་གི་གདུག་སེམས་ཞི་བ་དང་། ལོངས་སྤྱོད་བསྡུས་ཏེ་བསྟིམ་པས་འཕེལ་བ་དང་བདག་ལ་མོས་ཤིང་འདུད་པར་བྱ་བ་དང་གདུག་པ་ཅན་ཚར་གཅད་པར་བྱ་བའི་ཆེད་དོ། །དོན་བདུན་པ་ཕུར་བུ་ནི། དེ་ཉིད་ལས། དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླུམ་མོ། །སྟེང་འོག་ལོགས་ལ་ཁྲོ་བཅུ་བསྒོམ། །འཕྲོ་འདུས་བདེ་གཤེགས་ཕུར་པ་ལ། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །མཐའ་སྐོར་ཡན་ལག་སྙིང་ལ་སྦྱར། །གསེར་རམ་སེར་པོའི་ཤིང་དག་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་བཞི། །ལྷ་རྣམས་དེ་བཞིན་རིན་ཆེན་ཁྲོ། །ཟུར་བཞིར་གནས་པས་ལུས་གནས་བཞིར། །བཏབ་པས་ཡོན་ཏན་འཕེལ་བར་འགྱུར། །ཟངས་སམ་དམར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླ་གམ། །དེ་བཞིན་ཆགས་པའི་ཕུར་བུ་ཤེས། །ཟླ་གམ་མཐའ་ལྔར་དབང་པོ་སྦྱར། །ལྕགས་སམ་ནག་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །དེ་བཞིན་རྡོ་རྗེ་ཕུར་བརླབ་པ། །ཟུར་གསུམ་ལུས་ངག་སེམས་ལ་སྦྱར། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དོན་བརྒྱད་པ་ལྷ་ནི། སྦྱིན་དང་སྲེག་པའི་ལྷ་གཉིས་ཏེ། །ཞེས་པས་གཉིས་ལས། དང་པོ་སྦྱིན་པའི་ལྷ་ནི། ཞལ་དུ་གྱུར་པའི་མེ་བོས་ལ། །ཞེས་པ་མེ་ལྷ་སྟེ། དེ་ཉིད་ལས། སངས་རྒྱས་རིགས་ཀྱི་སྤྲུལ་པའི་ཕྱིར། །ཐམས་ཅད་ལས་ལ་ཐོགས་མེད་འཇུག །སྐུ་མདོག་ཆ་ལུགས་རིམ་བཞིན་ཤེས། །གུནྡྷེ་སྒྲོམ་ཞགས་ཏྲི་ཤུལ་འཛིན། །ཞེས་པའོ། །གཉིས་པ་སྲེག་པའི་ལྷ་ནི། རྒྱལ་པོ་ལུས་མཛེས་འཁོར་ལོ་འཆང་། །རྒྱལ་རྣམས་ཞི་ལ་དཀར་བ་དང་། །ཞེས་པ་དང་། ཡང་། རིན་ཆེན་དགའ་འཕྲོ་སེར་སྐྱ་ནི། །འོད་ཟེར་འབར་བ་རིན་ཆེན་ཅན། །ཞེས་པ་དང་། ཡང་། འདོད་ཆགས་རྡོ་རྗེ་ལྕགས་སྒྲོག་དང་། །མདོག་ནི་དམར་སྨུག་འོད་པོ་ཆེ། །ཞེས་པ་དང་། ཡང་། ཞེ་སྡང་རྡོ་རྗེ་གཏུམ་ཆེན་འབར། །དུད་ཁ་ནག་པོ་མདོག་འདྲ་བ། །ཞེས་པ་ལ་སོགས་རིགས་ཀྱི་ལྷ་རྣམས་གཙོ་བོར་འགྱུར་བ་ཡིན་ནོ། །དོན་དགུ་པ་དུས་ནི། དབྱར་དགུན་སྟོན་དཔྱིད་ལས་རིམ་དང་། །སྔ་དྲོ་གུང་དགོང་ནམ་ཕྱེད་དུས། །ལས་རིམ་བརྩམས་ན་ཤིས་པར་བཤད། །ཅེས་པས། ལོ་དང་ཞག་གཅིག་གི་དབང་དུ་རིམ་པ་བཞིན་དགུན་ནམ་སྔ་དྲོ་ཞི་བ། དབྱར་རམ་ཉིན་གུང་རྒྱས་པ། སྟོན་ནམ་དགོང་མོ་དབང་། དཔྱིད་དམ་ནམ་གུང་དྲག་པོའོ། །དོན་བཅུ་པ་ལས་ཀྱི་རིམ་པ་ནི། ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་པ་ནི། མེ་ཐབ་ཀྱི་སྟེང་དུ་སྲེག་ཤིང་གི་ཐབ་བརྩིགས། ཡམ་ཤིང་ལྷ་གྲངས་དང་མཉམ་པར་དགོད། ཕྱི་ནང་གི་མཆོད་པ་དང་གོང་གི་སྲེག་རྫས་རྣམས་བཤམས། མེ་དར་རིགས་དང་མཐུན་པ་དགབ། དེ་ནས་ཕྱི་རོལ་དུ་ཆ་གསུམ་བཏང་། ནང་དུ་ཚུལ་ཕྱག་ནས་ཚོགས་ལ་སོགས་ཡན་ཆད་ལས་གཞུང་བསྲང་། བཟླས་པའི་འཕྲོ་འདུས་བསྐུལ་བའོ། །དེ་ནས་ཐབ་བསངས་ལ་དམ་ཚིག་གི་མེ་ལྷ་བསྐྱེད། དེ་ལ་རིགས་བདག་གིས་དབུ་བརྒྱན། སྐུ་གསུང་ཐུགས་སུ་བརླབ། ཡེ་ཤེས་པ་སྙན་གསན་ཕབ་ནས་སྤྱན་དྲང་། ཀུན་པོ་ལ་སོགས་ཕྱི་ནང་གིས་མཆོད། སྲེག་རྫས་རྣམས་རྩ་སྔགས་ལ་ཤཱནྟིཾ་ལ་སོགས་བསྒྱུར་ལ་དགང་བླུགས་བདུན་ནམ་ཉེར་གཅིག་ཏུ་དབུལ། དེ་ནས་བསྟོད་ཅིང་ཕྲིན་ལས་བཅོལ་ལ་འདོད་དོན་ལ་གསོལ་བ་གདབ་པའོ། །དེ་ནས་མེ་ལྷའི་ལྟོ་བར་བྷྲཱུཾ་ལས་ཞི་བའི་དཀྱིལ་འཁོར་བསྐྱེད། དེར་ཆོ་ག་གསུམ་ལས་རང་གི་རིགས་ཀྱིས་གཙོ་བོ་བྱས་པའི་སྲེག་ལྷ་རྣམས་བསྐྱེད། དེ་ལ་དབང་བསྐུར་བྱིན་གྱིས་བརླབས་ནས། ཡེ་ཤེས་ཀྱི་དཀྱིལ་འཁོར་སྙན་གསན་དབབ་ཅིང་སྤྱན་དྲང་བསྟིམ་ཞིང་བརྟན་པར་བཞུགས་ལ། ཀུན་པོ་ལ་སོགས་ཕྱི་ནང་གིས་མཆོད། དེ་ནས་ལྷ་ཚོགས་རྣམས་ཀྱི་རྩ་བའི་སྔགས་ལ་ཤཱནྟིཾ་ཀུ་རུ་ལ་སོགས་ལས་བཞིར་བསྒྱུར་ལ་དགང་བླུགས་བདུན་ནམ་ཉེར་གཅིག་ཕུལ་ལ། བསྟོད་པ་རྫོགས་པའི་རྗེས་སུ་འདོད་དོན་གསོལ་གདབ་བོ། །དེ་ནས་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་བསྡུའོ། །དོན་ཐ་མ་ལྷག་མ་ནི་ལེའུ་ཉི་ཤུ་པ་ནས་འབྱུང་བ་ལྟར་བྱའོ། །དེ་ནས་གོ་བགོ་ལུས་བསྲུང་བྱ། ཡི་གེ་བརྒྱ་པས་བཤགས། དགེ་བ་ཡོངས་སུ་བསྔོ། རྒྱུན་གྱི་ཏིང་ངེ་འཛིན་བྱའོ། །དེ་དག་གང་ལ་གང་བྱ་ཞེ་ན། ས་ཆོག་གི་དུས་སུ་ཞི་བའི་བྱ་ཞིང་། སློབ་བུའི་རབ་གནས་ཀྱི་དུས་སུ་རྨི་ལམ་ངན་ན་དྲག་པོའི་བྱ་ལ། དཀྱིལ་འཁོར་རབ་གནས་ཀྱི་དུས་སུ་རྒྱས་པའི་བྱ་སྟེ། དངོས་གཞི་དབང་བསྐུར་བའི་དུས་སུ་དབང་གི་སྦྱིན་སྲེག་བྱ་བ་ཡིན་ནོ། །དེ་ལྟར་ཡང་རྡོ་རྗེ་ལས་རིམ་ལས། ས་དང་རབ་གནས་རྣམ་གཉིས་དང་། །བདེ་བ་སྦྱིན་པའི་དུས་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །དོན་དགུ་པ་དཀྱིལ་འཁོར་དུ་འཇུག་པ་ལ་གཉིས་ཏེ། སློབ་དཔོན་དང་། སློབ་བུ་འཇུག་པའོ། །དང་པོ་ནི། ཀུན་བྱེད་དབང་ཕྱུག་རིག་པས་འཇུག །ཅེས་པ་ནི། རྡོ་རྗེ་ལས་རིམ་ལས། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། །ཞེས་པས་གཉིས་ལས། དང་པོ་རུ་འཇུག་པ་ནི་རུ་ཉིད་དབང་གོས་དང་ལྡན་པས་དཀྱིལ་འཁོར་གྱི་ཤར་དུ་ཕྱིན་ལ། ལག་ཏུ་མེ་ཏོག་ཐོགས་ཏེ་རིག་པའི་མེ་ཏོག་དོར་ཞིང་སིདྡྷི་བསྐུལ་བས་ལྷ་དང་གཉིས་སུ་མེད་པར་བསམ་པའོ། །ཡང་དེ་ཉིད་ལས། དབང་གོས་ལྡན་པ་དབང་ཕྱུག་སྟེ། །གཞན་དག་གཞན་གྱིས་མཛེས་པར་བྱ། །ཤར་སྒོར་གུས་འདུག་དཀྱིལ་འཁོར་གྱི། །ལྷ་རྣམས་མངོན་བྱས་རིན་ཆེན་ལྡན། །འབྲུ་ལྔ་རྡོ་རྗེ་དམ་ཚིག་གི། །སྔགས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་ཡེ་ཤེས་གཉིས་མེད་སྦྱར། །ཞེས་སོ། །གཉིས་པ་བཟོད་གསོལ་ནི་སློབ་དཔོན་གྱིས་ཚིག་བརྗོད་པས་རྡོར་དྲིལ་འཛུམ་པའི་མདངས་ཀྱིས་བསྐུལ། །ཞེས་པ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཞལ་མཛུམ་པའི་མདངས་ཀྱིས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདུང་འཚོབ་པ་རྡོ་རྗེ་སློབ་དཔོན་ཁྱོད་ཀྱིས་བུ་དཀྱིལ་འཁོར་དུ་གཞུག་ཅིང་དབང་གིས་རྒྱུད་སྨིན་པར་གྱིས་ཤིག་ཅེས་གནང་བ་ཐོབ་པར་བསམ་སྟེ། ཇི་སྐད་དུ། འཛུམ་བཅས་གནང་བ་ཐོབ་པར་བསམ། །ཞེས་པའོ། །དེ་ལྟར་ཆོས་གཉིས་ཀྱིས་རུ་དཀྱིལ་འཁོར་དུ་བཞུགས་པ་དེ་ནས། དོན་གཉིས་པ་སློབ་མ་དཀྱིལ་འཁོར་དུ་ཆོས་བཅུ་དྲུག་གི་སྒོ་ནས་གཞུག་པར་བྱ་བ་ནི། ཇི་སྐད་དུ་དེ་ཉིད་ལས། ཁྲུས་དགབ་དྲི་དང་ལུས་དབུལ་དང་། །བགེགས་བསྐྲད་ལྷར་བརླབ་དམ་ཚིག་སྦྱིན། །དེ་ཉིད་དཔོག་དང་ཆུ་ནན་དང་། །བསྒྲག་དང་རིན་ཆེན་དོར་བ་དང་། །ལྷ་དབབ་པ་དང་ནན་ཏན་དང་། །མིག་དབྱེ་དཀྱིལ་འཁོར་ལེགས་བསྟན་དང་། །ཚོགས་མཆོག་ཡོན་དང་རྣམ་བཅོ་བརྒྱད། །ཅེས་པས། འདིར་བཅུ་དྲུག་དང་གོང་གི་གཉིས་ཏེ་བཅོ་བརྒྱད་དོ། །དེ་ལས་དང་པོ་ཁྲུས་ཞེས་པ་ནི། ཤིན་ཏུ་བཟང་པོའི་བགོ་བ་རྣམས། །དྲི་ཡི་ཆུ་ཡིས་དག་པར་བྱ། །ཞེས་སོ། །དགབ་པ་མིག་དར་ཏེ། སྙིམ་པར་མེ་ཏོག་ལྡན་པ་དག །རས་སོགས་དམར་པོས་གདོང་གཡོགས་ལ། །ཞེས་སོ། །དྲི་དང་ཞེས་པ་ནི་སློབ་དཔོན་གྱིས། བུ་ཁྱོད་ཅི་ལ་དགའ་ཞེས་དྲི། །བུས། སྐལ་བཟང་བདག་དགས་ལན་བླན་ལ། །ཞེས་དེ་ལས་ཀྱི་སློབ་དཔོན་གྱིས། །འཁོར་ལོའི་དྲུང་དུ་བཀྲི་བར་བྱ། །ཞེས་སོ། །ལུས་དབུལ་ཞེས་པ་ནི། ཐལ་སྦྱར་གུས་དང་བཅས་པ་ཡིས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །ཞེས་རྒྱལ་བ་ལ་ཕུལ་བས་བྱིན་གྱིས་རློབ་ཅིང་། དབང་ཕྱུག་སངས་རྒྱས་ད་ལྟར་བདག །ཅེས་སློབ་དཔོན་ལ་ཕུལ་བས་དབང་བསྐུར་བ་ལ། མ་འོངས་རང་བཞིན་སེམས་ཅན་ལ། །ཞེས་སེམས་ཅན་ལ་ཕུལ་བས་འགྲོ་དོན་འཕེལ་བ་སྟེ་དེ་ལྟར་ཡང་། དགོས་པ་གསུམ་ཕྱིར་ལུས་དབུལ་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །བགེགས་བསྐྲད་ཅེས་པ་ནི། ཚེ་བསྲུང་སྦྱོར་བའི་ཁྲོ་ཚོགས་ཀྱིས། །བར་ཆད་བགེགས་བསྐྲད་མཚམས་བཅད་ལ། །ཞེས་པས་སློབ་དཔོན་གྱི་ཐུགས་ཀ་ནས་བྷྲཱུཾ་བུའི་སྨིན་ཕྲག་ཏུ་འཕྲོས་པས་གཞལ་ཡས་ཁང་སྒོ་གཅིག་པ་ཞིག་བསྐྱེད། དེའི་དབུས་སུ་ཧཱུཾ་ཀ་ར། སྒོ་ལ་ཨཱར་ཨ་ཙ་ལ་བསྐྱེད་ལ་ཚེ་བསྲུང་། བི་ཤྭ་བཛྲས་བགེགས་བསྐྲད་དོ། །ལྷར་བརླབ་ངེས་པ་ནི། སྒྲིབ་པ་ཕྲལ་ཞིང་ཧཱུཾ་ལས་རྡོ་རྗེ་སེམས་དཔར་བསྐྱེད་དེ། སྒྲིབ་སྦྱངས་རྣམ་ཤེས་ཆོ་ག་ཡིས། །ཧཱུཾ་ལས་སེམས་དཔའ་མ་གཞན་ཡང་རུང་། །ཞེས་པའོ། །དམ་ཚིག་སྦྱིན་ཞེས་པ་ནི་བདུད་རྩི་སྐུ་གསུང་ཐུགས་སུ་བརླབ་ས་ལ། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །ལ་སོགས་པའི་ཆོ་གས་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྦྱིན་པ་སྟེ། དམ་ཚིག་ཆེན་པོ་ཡེ་ཤེས་ལྔ། །རང་བཞིན་འབྲས་བུ་སྐུ་གསུང་ཐུགས། །གཟི་བརྗིད་ལྡན་པས་བྱིན་བརླབས་ལ། །དམ་ཚིག་སྡོམ་པའི་མཆོག་ཅེས་བྱ། །ཞེས་སོ། །དེ་ཉིད་དཔོག་ཅེས་པ་ནི། ལག་ལེན་ལྟར་ཚིག་གིས་དཔོག་པའོ། །ཆུ་ནན་ཞེས་པ་ནི། ཙནྡན་དཀར་དམར་སྦྱར་བ་ལ། །རྡོ་རྗེ་འཛིན་པའི་རབ་གནས་བྱ། །ཞེས་པས། ཙནྡན་གྱི་ཆུ་རྡོ་རྗེ་གནོད་སྦྱིན་དུ་བསྐྱེད་ནས་ལྕེ་ལ་བཞག་ཏེ། ཆོ་ག་བརྗོད་ཅིང་སྔགས་ཀྱིས་དམ་ཚིག་མ་བསྲུངས་བའི་སྐྱོན་གྱི་གཡང་ས་བསྟན་ཏེ་ནན་ཏན་བྱ་ཞིང་། ཡང་བདུད་རྩིའི་ཆུ་སྙིང་གར་བཞག་སྟེ་དམ་ཚིག་བསྲུངས་པའི་ཡོན་ཏན་གྱིས་བྲོད་བསྐྱེད་དེ་སྲུངས་ཤིག་པའི་ནན་ཏན་བྱ་བའོ། །བསྒྲག་པ་ཅེས་པ་ནི། ངེས་པའི་ཐེག་པ་འདི་གཞུང་བཞིན་དུ་སྤྱོད་གཅིག་པར་བསྒྲག་པའོ། །རིན་ཆེན་དོར་ཞེས་པ་ནི། དཀྱིལ་འཁོར་ཡིད་ལ་མངོན་བྱས་ནས། །འདོད་པའམ་ཡང་ན་གཞན་ཡང་རུང་། །དོར་ཏེ་འབྲེལ་པ་ལེགས་པར་བརྟག །ཅེས་སོ། །ལྷ་དབབ་པ་ནི། ལྕགས་ཀྱུ་ཧ་ཧིས་དགུག་བྱས་ལ། །ཉེས་ལེགས་ཕྲིན་ལས་གསལ་བྱས་ལ། །ཕྱག་རྒྱས་བསྟིམས་ལ་བརྟན་པར་བྱ། །ཞེས་པས། མེ་ཏོག་བུའི་སྤྱི་བོར་བཞག་ལ་ལྷ་གང་ཡིན་པ་འོག་མིན་ནས་སྤྱན་དྲངས་ལ་བསྟིམ་པ་ནི་ཕྱིའི་ལྷ་དང་། དེ་ཉིད་བསྒོམ་པའི་ཐབས་ཡོད་དེ། བསྒོམ་དུ་གཞུག་པ་ནི་ནང་གི་ལྷ་དབབ་པའོ། །ནན་ཏན་ཞེས་པ་ནི། མེ་ཏོག་ཕོག་ཅིང་གོང་དུ་ཕབ་པའི་ལྷ་དེ་བུ་ལ་བསྒོམ་པར་ནན་ཏན་བྱ་བ་སྟེ། སྐལ་བ་མཉམ་པའི་ཡེ་ཤེས་ནི། །ཞེས་པ་ལ་སོགས་གཞུང་བརྟགས་ལ། བསྒོམ་པའི་ཡོན་ཏན་གྱི་སྒོ་ནས་ནན་ཏན་བྱ་བ་སྟེ། ཇི་སྐད་དུ། བདག་ཉིད་ལྷ་དང་མཉམ་སྦྱོར་ན། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །གཅིག་དང་དུ་མ་ཡོངས་བྲལ་ཕྱིར། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པ་དང་། གཞན་ཡང་། ལྷ་ཡི་སྐུ་ཉིད་གསལ་བསྒོམས་ན། །བསོད་ནམས་ཚོགས་ཆེན་འགྲུབ་པར་འགྱུར། །དེ་ཉིད་ཆུ་ཟླའི་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་འགྲུབ་པར་འགྱུར། །ཞེས་པ་ལ་སོགས་པའོ། །དེ་ཉིད་མ་བསྒོམས་པའི་སྐྱོན་གྱི་སྒོ་ནས་ནན་ཏན་བྱ་བ་ནི། དད་མེད་ཉམས་ན་ཕུང་བར་འགྱུར། །ཞེས་པ་སྟེ། དེ་ཡང་ཇི་སྐད་དུ། གང་ཞིག་ཕྱག་རྒྱ་འདི་སྤངས་ན། །ཉོན་མོངས་ངན་སོང་གསུམ་དུ་སྐྱེ། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །བླ་མེད་འགྲོ་བའི་རྒྱུན་ཆད་དེ། །རིགས་ཆད་ཉིད་དུ་གནས་པར་འགྱུར། །ཞེས་པ་དང་། གཞན་ཡང་ལམ་རིམ་ལས། ཡི་དམ་ལྷ་ཡི་མཚན་ཉིད་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་རྡོ་རྗེའི་བདག་པོའི་ཕྱིར། །ལྷ་སྤངས་དགེ་སྤྱད་དོན་མེད་འགྱུར། །ཞེས་པའོ། །མིག་དབྱེ་བ་ནི། །གསེར་སོགས་མཚོན་བྱེད་ངེས་བླངས་ལ། །འོད་ཟེར་ཐུར་མས་དབྱེ་བྱ་སྟེ། །ཞེས་པས། སོར་མོ་ཡིག་འབྲུར་བསླབས་པའི་འོད་ཟེར་གྱིས་ཕྱེ་བས་ལིང་ཏོག་བསལ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བར་བསམ་པ་སྟེ། འཁོར་ལོ་མངོན་པའི་ང་རྒྱལ་བྱ། །ཞེས་སོ། །དཀྱིལ་འཁོར་ལེགས་བསྟན་ཞེས་པ་ནི། ཆོས་རྣམས་ཐམས་ཅད་གཉིས་མེད་པའི། །དབྱིངས་སུ་ཐིམ་པའི་འོད་ཟེར་གསལ། །གཅིག་དང་སྤྲོས་པ་ཐམས་ཅད་མེད། །དཀྱིལ་འཁོར་སྤྲོས་མེད་ཟླུམ་པའི་ཚུལ། །ཞེས་པས། རིན་པོ་ཆེའི་ཚར་ནོན་ལ་སོགས་པས་དཀྱིལ་འཁོར་གྱི་དོན་རྟགས་བཤད་པར་བྱའོ། །ཚོགས་མཆོག་ཡོན་དང་ཞེས་པ་ནི་ཡོན་དབུལ་བ་སྟེ། དབང་དང་དངོས་གྲུབ་འདོད་པས་ནི། །འདི་ལ་ཤིན་ཏུ་ནན་ཏན་བྱའོ། །ཞེས་པ་དང་། གཞན་ཡང་འདི་ཉིད་ལས། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཞེས་པ་ལ་སོགས་པ་བཞིན་ནོ། །རྣམ་བཅོ་བརྒྱད་ཅེས་པ་སློབ་དཔོན་འཇུག་པའི་ཆོས་གཉིས་དང་བུ་འཇུག་པའི་བཅུ་དྲུག་སྟེ་བསྡོམས་པས་དཀྱིལ་འཁོར་དུ་འཇུག་པ་ལ་ཐོ་བཅོ་བརྒྱད་དོ། །དོན་ཐ་མ་བཞུགས་པའི་ཡོན་ཏན་ནི། བདེ་བ་ཆེན་པོའི་དཀྱིལ་འཁོར་ནི། །ཞེས་པ་ལ་སོགས་གཞུང་བརྟག་སྟེ། དེ་ཡང་རྡོ་རྗེ་ལས་རིམ་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །དཀྱིལ་འཁོར་མངོན་དུ་ཞུགས་པ་ཡིས། །བསོད་ནམས་རྟག་པ་གང་ཡིན་པ། །ཕྱིས་ཀྱང་དེ་བཞིན་ལུང་བསྟན་ཕྱིར། །ཞེས་པས། སྦྱོར་བ་ཡེ་ཤེས་ཀྱི་ཡོན་ཏན་དང་། སྒྱུ་འཕྲུལ་དྲྭ་བར་ལེགས་ཞུགས་པས། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །དཀྱིལ་འཁོར་ཀུན་ཏུ་ཞུགས་པ་ཡིན། །ཞེས་པ་རྡོ་རྗེ་གསུམ་གྱིས་བརླབས་པའི་ཡོན་ཏན་ནོ། །གཉིས་པ་ཁྲོ་བོ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། ཁྲོ་བོ་དཀྱིལ་འཁོར་དེ་བཞིན་ཏེ། །ཞེས་པའང་ཞི་བ་ལྟར་དོན་བཅུ་ལས། དང་པོ་ས་ཆོག་ནི། སྣོད་སྐྲད་ས་མནན་བྱིན་གྱིས་བརླབ། །ཅེས་པ་ཕལ་ཆེར་ཞི་བ་དང་མཐུན་ནོ། །ཚད་ནི། ལུས་གང་ལུས་དོ་གསུམ་གྱི་ཚད། །སྟེགས་བུ་ཁྲུ་གང་ལུས་གང་དང་། །ལུས་གསུམ་བཅུ་དྲུག་ཁྲུ་ལྡན་དང་། །ཉི་ཤུའམ་ཉི་ཤུ་ལྔར་ལྡན་པ། །དཔག་ཚད་རྒྱང་གྲགས་རིམ་བཞིན་དུ། །འཇིགས་བྱེད་ལྷ་གྲངས་རིམ་པ་བཞིན། །ཞེས་པས་སོ། །ཐིག་ནི། བ་སུ་ཏའམ་རྒྱུས་ཆེན་ལ། །དམ་ཚིག་ཡེ་ཤེས་སྐུ་གསུམ་ལྔ། །ཞེས་པའོ། །ཚོན་ནི། ཁ་དོག་ཉི་ཤུ་རྩ་ལྔའམ། །ལྔ་ཡི་ཚོན་གྱིས་བྲི་བར་བྱ། །དུར་ཁྲོད་ཚོན་བྱིན་ལྡན་པ་ཡིས། །ཞེས་སོ། །བྲི་བ་ནི། འབར་བའི་འཁོར་ལོ་རྩིབས་བཞི་དང་། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །ཡང་ན་ཚད་མེད་རྩིབས་སྟེང་ལྔ། །འཁོར་ལོ་བར་ཁྱམས་སྒོ་ལྡན་པའི། །ཕོ་བྲང་ལྔ་པ་བྲི་བར་བྱ། །ཞེས་སོ། །རྣམ་པ་དགོང་པ་ནི། ཕྱག་རྒྱ་གཟུངས་དང་སྙིང་པོ་རྣམས། །ཞེས་སོ། །རབ་གནས་ནི། ལྷག་པ་གཟུགས་བརྙན་རབ་གནས་དང་། །ཞེས་པས། དོན་བརྒྱད་ཞི་བ་ལྟར་ལ། ཁྱད་པར་དུ་ཆེ་བའི་ཡོན་ཏན་རྒྱན་ཆས་ནི་དུར་ཁྲོད་ཀྱི་ཆས་དང་། ཆུ་བདུན་ནི་ཞུན་ཆེན་གྱི་ཁུ་བ་ལ་སོགས་པའོ། །སྦྱིན་སྲེག་ནི་ཞི་བ་ལྟར་དོན་བཅུ་གཅིག་ཁྲོ་བོར་བསྒྱུར་བའོ། །འཇུག་པ་ནི་གཉིས་སུ་ཞི་བ་ལྟར་རོ། །ཞུགས་པའི་ཡོན་ཏན་ནི། འཇིགས་བྱེད་སྟངས་དཔྱལ་གཉིས་ས མ་ལྔ། །བྱས་ཏེ་དད་ལྡན་རབ་ཞུགས་ན། །འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་སོ། །མཆོག་གི་དཀྱིལ་འཁོར་ནི། བསམ་ཡས་དག་ལའང་དེ་བཞིན་བྱ། །ཞེས་པས་གོང་ལྟར་བཅུ་སྟེ་བགྲང་། དེ་ལས་ས་གཞི་མཉམ་པ་ནི། ཆོས་ཐམས་ཅད་མཉམ་པར་རྟོགས་པའམ་ཇི་བཞིན་པ་ལ་བློ་འཇོག་པའོ། །ཚད་ནི། རིག་པས་དཔགས་པའི་ཚད་དུའོ། །ཞེས་པས་གོང་ལྟར། ཡང་ན་རྒྱང་གྲགས་དཔག་ཚད་དམ། །ནམ་མཁའི་དབྱིངས་ནི་བསམ་ཡས་པར། །ཞེས་པ་སྟེ། རྡོ་རྗེ་ལས། སློབ་དཔོན་མཐར་ཉེའི་ལམ་གནས་པས། །རྒྱང་གྲགས་དཔག་ཚད་ལ་སོགས་པ། །རྡོ་རྗེའི་ཐིག་ཚད་དོར་ཙམ་གྱིས། །ཕྱག་རྒྱའི་དཀྱིལ་འཁོར་གསལ་ལྡན་པ། །དཀྱིལ་འཁོར་སྣ་ཚོགས་མཆོག་ཏུ་གསུངས། །ཞེས་སོ། །ཐིག་ནི། རྡོ་རྗེ་ཐིག་སྣ་དོར་ཙམ་གྱིས། །ཞེས་པས་བསྒོམ་པར་བློ་བཏང་བ་ཙམ་གྱིས་སོ། །ཚོན་ནི། བསྒོམ་པའི་ཚེ་རིག་པ་ལ་ཁ་དོག་ཉེར་ལྔའམ་ལྔར་གསལ་བའོ། །བྲི་བ་ནི། གཞལ་ཡས་ཁང་བསྒོམ་པ་ཉིད་དོ། །རྣམ་པ་ནི། བརྟེན་པ་ལྷའི་སྐུ་གསུང་ཐུགས་སུ་སྐྱེད་པས་བཀོད་པའོ། །རབ་གནས་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ནས་བསྟིམས་ཏེ་མཆོད་པའོ། །ཕྱིའི་རང་བཞིན་དང་ཐུགས་རྗེའི་དང་ནང་གི་ལོངས་སྤྱོད་དང་སྤྲོས་བཅས་སྤྲོས་མེད་དང་གསང་བའི་ཁམས་བཞི་དང་གསུམ་གྱི་སྦྱིན་སྲེག་རྣམས་སོ། །འཇུག་པ་ནི། ཏིང་ངེ་འཛིན་གྱིས་སོ། །ཡོན་ཏན་ནི་འོག་མིན་དུ་སེམས་དཔའ་ཞུགས་པ་དང་མཉམ་པ་སྟེ། འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ལས་འདིར་དེ་བཞིན་བྱ་ཞེས་པ་ནི་རྣམ་གྲངས་བཅུར་གོང་མ་ལ་སྙོག་པ་ཡིན་གྱིས་དོན་རྣམས་ཐ་དད་པར་སེམས་ཏེ། གོང་མ་གཉིས་ལྷག་པ་གཟུགས་བརྙན་ཡིན་ལ། འདི་ནི་ཏིང་ངེ་འཛིན་གྱི་ཡིན་པའི་ཕྱིར་རོ། །དེ་དག་གིས་ཕན་ནུས་ཀྱི་དབང་གི་དཀྱིལ་འཁོར་བསྟན་ཏེ། གསང་དབང་གི་དཀྱིལ་འཁོར་ནི་ཕལ་ཆེར་གཞུང་བརྟགས་ལ། དངོས་ཀྱི་ཚད་ནི། སོར་ནི་བཞི་ཡི་ཚད་དུ་བྱ། །ཞེས་མཁའ་པདྨ་དང་། དཀྱིལ་འཁོར་མཛུབ་གང་ཚད་དུ་བྱ། །ཞེས་པ་ནི་ཐབས་ཀྱི་རྡོ་རྗེའོ། །འདིར་ཁ་ཅིག་མཚོན་བྱེད་རྟགས་ཀྱི་དཀྱིལ་འཁོར་ཞེས་པ་གསེར་དངུལ་ལ་སོགས་ལ་བཟོ་བོ་མཁས་པས་བྱས་པ་ལ་འདོད་ཟེར་བ་ནི་གསང་སྔགས་ཀྱི་དགོངས་པ་མ་ཡིན་ཏེ། ཇི་སྐད་དུ། ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ། །ཞེས་བདེ་བ་དང་ལྡན་པ་མཁའ་གསང་གི་དཀྱིལ་འཁོར་གྱིས་དེ་ཡེ་ཤེས་སུ་ངོས་འཛིན་པ་ཡིན་ཏེ། ཁོག་གཞུང་ལས། ཡེ་ཤེས་ལྔ་ཡི་རོ་ལྡན་པས། །དཀྱིལ་འཁོར་ཞེས་སུ་བརྗོད་པ་སྟེ། །ཞེས་པས། གསེར་དངུལ་ལ་སོགས་བེམ་པོས་བདེ་བའི་ཡེ་ཤེས་མཚོན་མི་ནུས་པའི་ཕྱིར་རོ། །དེ་ལྟར་བྲི་བར་གཞུང་བརྟག །དེ་ལྟར་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་བ་ལེའུ་བཅུ་པ་ལྟར་ཡིན་ནོ། །དེ་ལྟར་དབང་ཐོབ་ནས་ཚོགས་བསྒྲུབ་པའི་ཕྱིར་ཚོགས་ཀྱི་སྒྲུབ་པ་པོ་ནི་མཇུག་གཅོད་ཀྱི་ཆོས་བཅོ་ལྔ་ཚང་བ་སྟེ་གང་ཞེ་ན། ཆོ་ག་ལྔ་ནི་ཞེས་པ་དེ་ལམ་སྤྱིའི་དབང་དུ་ལེའུ་ལྔ་པ་ལྟར། སྟོན་པ་མཆོད་བརྩོན་ཞེས་པ་ལ་སོགས་འགྲུབ་པའི་རྒྱུ་ལྔ་པོ་དེ་ཡིན་ལ། ལམ་བྱེ་བྲག་གི་དབང་སྟོང་སྙིང་གཉིས་རྒྱ་གཅིག་ཕྲ་རགས་གཉིས་སྤྲོས་པ་དང་ལྔའོ། །ལམ་དེ་དག་གི་ཚེ་འཕྲོ་འདུའི་དབང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་མ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་གསུང་ཡིག་འབྲུ་དེ་ལས་ཐུགས་ཕྱག་མཚན་དེ་ལས་སྐུ་རྫོགས་པ་སྟེ་དེ་དག་རྫོགས་པར་བྱས་ཤིང་། སྒྲུབ་པའི་ཡོ་བྱད་ལྔ་ནི་ལམ་སྤྱིའི་དབང་དུ་བསྲུང་བྱའི་དམ་ཚིག་བསྒོམ་པའི་ཏིང་ངེ་འཛིན་རྟོགས་པའི་ཤེས་རབ་དོན་དམ་ཀུན་རྫོབ་ཀྱི་བྱང་སེམས་གཉིས་སྙིང་རྗེ་དང་ལྔ་སྟེ། ཇི་སྐད་དུ། དམ་ཚིག་ཏིང་འཛིན་ཤེས་རབ་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་ལྔའོ། །ཞེས་གསུངས་པའི་ཕྱིར་རོ། །ཁྱད་པར་གྱི་ལམ་གྱི་དབང་དུ་དམ་རྫས་བདུད་རྩི་ལྔ་དང་། དེའི་ཡན་ལག་ཤ་ལྔའོ། །འདིར་ཚོགས་ཀྱི་སྒྲུབ་པ་པོས་ལོངས་སྤྱོད་པའི་དབང་དུ། །འདིའི་བཅུ་གཅིག་པ་ལས། གོས་རྒྱན་བཟའ་བཏུང་ཀླུ་དང་ཚིག །བྲོ་གར་ཞེས་པ་དང་། ཡང་བཅུ་གཉིས་པ་ལས། ཨཱ་ལི་ཀཱ་ལི་ཞེས་པ་ལ་སོགས་པ་ཉིད་རྫོགས་པར་ལྡན་པ་དང་། སྔགས་ཀྱི་ཞེས་པ་ནི་མནྟྲའི་སྒྲ་ལས་དྲངས་ན་ཡིད་སྐྱོབ་པའི་ཕྱིར་ལྷ་ཡིན་ཏེ། ཡེ་ཤེས་སྙིང་པོ་ལས། མ་ན་ཡིད་ཅེས་བྱ་བ་སྟེ། །ཏྲ་ནི་སྐྱོབ་པ་ཉིད་དུ་བཤད། །ཅེས་པས་དེ་ཡང་རྩ་བའི་ལྷའོ། །ཡན་ལག་ཅེས་པ་ནི་ལེའུ་བརྒྱད་པ་ལྟར་ཐབས་ཀྱི་དང་། ཤེས་རབ་ཀྱི་དང་། བསམ་མི་ཁྱབ་ཀྱི་ལྷ་རྣམས་སོ། །ལྔ་རྫོགས་ཞེས་པ་ནི་དབུ་རྒྱན་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྔའོ། །དེ་དག་གི་འཕྲོ་འདུའི་དབང་དུ་ཐུགས་ཀའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཐུགས་ཕྱག་མཚན། དེའི་ལྟེ་བ་ལ་རྒྱུའི་ས་བོན་ལ་སྔགས་ཀྱིས་བསྐོར་བའོ། །དེ་ལྟར་བཅོ་ལྔ་ཚང་བའི་སྒྲུབ་པ་པོ་སྟོན་པ་འཁོར་ལ་སོགས་པ་རྣམས་དམ་ཚིག་མ་ཉམས་ཤིང་རྐྱེན་འཇུག་པ་ཏིང་ངེ་འཛིན་ལ་རབ་ཏུ་བརྩོན་པས་བསྒྲུབས་ན། ལམ་དུ་གྱུར་པའི་འབྲས་བུ་ཚེ་དབང་འགྲུབ་པའི་དུས་ཞིག་དང་ཁམས་དང་བརྩོན་པ་རབ་ཡིན་ན་སུམ་ཅུ་ཕྲག་དྲུག་ལ་སོགས་པའོ། །འགྲུབ་པ་དངོས་གང་ཞེ་ན། དེ་ལ་གཉིས་ལས་བློ་ཆུང་ན་རྣམ་སྨིན་འགྲུབ་སྟེ། ཇི་སྐད་དུ་རྡོ་རྗེ་ལས། བྲོ་གླུ་གར་དང་ཏིང་འཛིན་ཐབས། །བར་ཆད་མེད་པས་བསྒྲུབ་པར་བྱ། །གལ་ཏེ་འདོད་པ་མ་རྫོགས་པར། །སྒྱུ་མའི་ལུས་དེ་མ་བརྟན་ན། །ཡིད་ཀྱི་རྡོ་རྗེ་གསུམ་གནས་པས། །རྣམ་པར་སྨིན་པའི་རིག་འཛིན་ཏེ། །ཕྱིན་ཆད་འཇིགས་བྲལ་ཁྱུང་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །བློ་ཆེན་ཚེ་དབང་ལ་སྦྱོར་ནུས་པ་ཡིན་ཏེ། དབང་སྒྱུར་ཞེས་པ་ལུས་ལ་དབང་ཐོབ་པ་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་སོ། །དེ་ལའང་རིགས་ཀྱི་བྱེ་བྲག་བཞི་ལས་བཅུད་ལེན་རྩི་དང་བདེ་བ་ཐབས་དང་སྒྲོན་མ་རླུང་ལ་སོགས་བཏགས་པ་བ་གསུམ་ལས་དམ་པ་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་མཚན་ཉིད་པ་འགྲུབ་པའོ། །དེས་བརྒྱུད་ནས་མཐར་ཐུག་ཏུ་སྐུ་ལྔ་འགྲུབ་པའི་དུས་ནི། ཚེ་དབང་གྲུབ་པ་དེའི་ཚེ་རང་དོན་དུ་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བའི་དུས་ངེས་པ་ནི་ལོ་བརྒྱ་ཕྲག་བཅུ་དྲུག་སྟེ། སྟོང་དྲུག་བརྒྱ་ཚུན་ཆད་ཀྱིས་སྦྱོར་བ་སྟེ། ཇི་སྐད་དུ། ལོ་ནི་བཅུ་དང་དྲུག་པ་ཡི། །བརྒྱ་བརྒྱ་དག་ན་བསྣུར་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་སར། །ཞེས་པ་བཞིན་ནོ། །དེ་ཡང་ལམ་གྱི་རིམ་པ་མ་དོར་བར་མཐར་ཆགས་སུ་རྒྱ་ཆེན་ལྷུན་གྲུབ་ནས་བརྒྱུད་ནས་སྐུ་ལྔ་ལ་སྦྱོར་བ་ཡང་ཡོད་ཅིང་། ཐོད་རྒལ་བ་ཡིན་ན་རྒྱ་དོར་ཅིག་ཅར་མཐར་འགྲོ་བ་ཞེས་རྒྱ་ཆེན་དོར་ཏེ་ལྷུན་གྲུབ་ནས་བརྒྱུད་ནས་སྐུ་ལྔ་ལ་སྦྱོར་བ་ཡང་ཡོད་ལ། ཡང་། ཡུན་རིང་ཆོས་ཀྱི་བདེ་སྤྱད་ནས། །ཞེས་པ་དང་། མཐོང་བའི་ཆོས་ལ་མྱ་ངན་འདའ། །ལུས་མ་བོར་བར་སངས་རྒྱས་སར། །ཞེས་གོང་མ་གཉིས་ཅར་དོར་ནས་མཐར་ཐུག་ལ་སྦྱོར་བ་ཡང་ཡོད་པས་དེ་དག་གང་ཡིན་ཡང་རུང་སྟེ། སྦྱར་བྱ་སྐུ་ལྔ་ནི་ལེའུ་དྲུག་པར་བསྟན་པ་ལྟར། ཡེ་ནས་རང་རིག་ལ་ལྷུན་གྱིས་གྲུབ་པའི་དོན་ལམ་འདིས་མངོན་དུ་བྱས་པའི་མཐར་ཐུག་གི་འབྲས་བུའི་ཆེ་བའི་ཡོན་ཏན་མ་ལུས་པ་རྫོགས་པའི་ཚུལ་ནི་གང་ཞེ་ན། དེ་ལྟར་བསྒྲུབས་པའི་འབྲས་བུ་དངོས་དེ་རང་སྣང་དུ་གྲུབ་ཚུལ་ནི། ལྷུན་གྲུབ་ནས་བརྒྱུད་པའི་དབང་དུ་ཡེ་ཤེས་ཐིག་ལེ་ནི་ལྷུན་གྲུབ་ཀྱི་མཉམ་གཞག་ཞིག་དགོངས་པ་སྤྲོས་པ་དང་བྲལ་བ་དེ་ཉིད་ལས། སངས་རྒྱས་ཀྱི་ཡེ་ཤེས་ཐིག་ལེ་སྟེ་སྤྲོས་བྲལ་དེ་ཉིད་དང་ཐ་དད་མེད་པས་སྣང་བ་ཡིན་ཞེས་སོ། །འོ་ན་ལྷུན་གྲུབ་དེ་མཐར་ལམ་པ་མ་ཡིན་པར་འགྱུར་ཏེ། སངས་རྒྱས་ཀྱི་དགོངས་པ་དང་ཐ་དད་མེད་པའི་ཕྱིར། དེ་ཁས་བླངས་ལ། སངས་རྒྱས་ཀྱི་དགོངས་པ་སྣང་བ་ལ་ལམ་པ་མིན་པས་ཁྱབ་ཅིང་། འདོད་ན་ལྷུན་གྲུབ་དེ་མཐར་ལམ་པ་ཡིན་པར་གསལ་ལོ་ཞེ་ན། ཐིག་ལེ་ཉིད་ཅེས་པ་ནི་མཐར་ལམ་གྱི་མཉམ་གཞག་དང་སངས་རྒྱས་ཀྱི་དགོངས་པ་གཉིས་སྤྲོས་བྲལ་དུ་འདྲ་བའི་ཕྱིར་འདྲ་བ་རྒྱུ་མཚན་དུ་བྱས་ནས་སྣང་ཞེས་བརྗོད་པ་ནི། སེམས་ཙམ་པའི་གཞུང་ལས། དོན་དང་འདྲ་བར་མྱོང་བ་ལ། །དོན་མྱོང་ཞེས་ནི་འདོགས་པ་ཡིན། །ཞེས་པ་ལྟར་རོ། །རྗེས་ཐོབ་ཀྱི་དུས་ན། ཇི་སྐད་དུ། བག་ལ་ཉལ་དང་སྒྲིབ་པ་རྣམས། །བཅོམ་ལྡན་འདས་པར་གྱུར་པ་ཡིན། །ཞེས་ཁྱབ་པར་ཡོད་ན་ཅི་འགལ་ཏེ་ཁྱབ་པ་མེད་དོ། །དེས་ན་སངས་རྒྱས་ཀྱི་དགོངས་པ་དེ་བློའི་ཡུལ་དུ་མ་གྱུར་པས་བསམ་གྱི་མི་ཁྱབ་པའོ། །སྒྲིབ་པ་དང་བྲལ་བའི་ཡེ་ཤེས་དེ་ཤེས་བྱའི་དཀྱིལ་འཁོར་མ་ལུས་པའི་ཁྱབ་བྱེད་ཡིན་པས་མཐའ་ཡས་མཆོག་ཅེས་སོ། །འོ་ན་དེ་སངས་རྒྱས་ཉག་གཅིག་གི་དགོངས་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཕྱོགས་བཅུ་དང་དུས་བཞིར་མངོན་པར་རྫོགས་པར་སངས་རྒྱས་པ་མ་ལུས་པའི་དགོངས་པ་གཅིག་ཏུ་མཐར་ཕྱིན་པ་སྟེ་རྒྱལ་བ་ལ་རྒྱུད་ཐ་དད་མ་གྲུབ་པའི་ཕྱིར་རོ། །འོ་ན་སྐུ་དང་རིགས་དང་ཞི་ཁྲོ་ལ་སོགས་ཐ་དད་དུ་བཤད་པ་དང་འགལ་ལོ་ཞེ་ན། དེ་དག་ནི་གདུལ་བྱ་ལ་སྣང་ཚུལ་ཡིན་གྱི་དེ་བའི་སྣང་བ་ནས་ཐ་དད་མེད་དེ། ཇི་སྐད་དུ་བཞི་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མ་གཡོས་པར་ཞེས་པ་ལ་སོགས་དུ་མ་གསུངས་པའི་ཕྱིར་རོ། །དེའི་ཆེ་བའི་ཡོན་ཏན་ནི་བརྗོད་པར་མི་ནུས་ཀྱང་ཅུང་ཟད་རིགས་བསྡུས་ན་ལྔར་གསལ་ཏེ། གང་ཞེ་ན། ཞིང་ཁམས་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པ་དང་། འདིར་རྒྱ་ཁྱོན་འདི་ཙམ་ཞེས་པའི་ཚད་དང་བྲལ་བའི་གཞལ་ཡས་ཁང་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན་ལ་སོགས་གདན་ཁྲི་དང་། མཚན་དང་དཔེ་བྱད་ལ་སོགས་རྒྱན་དང་། གཟུགས་ཀྱི་ལྷ་མོ་ལ་སོགས་འདོད་པའི་ཡོན་ཏན་གྱི་རོལ་མོའི་སྤྲིན་སྣ་ཚོགས་པ་ནི་ལོངས་སྤྱོད་དོ། །དེ་ལྟར་རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་གྱི་ཆེ་བའི་ཡོན་ཏན་མ་ལུས་ཤིང་མི་ཟད་པ་རྒྱན་གྱི་འཁོར་ལོ་བསམ་ཡས་པར་སྣང་བ་ཀུན། ཐོབ་པའི་ཚུལ་ནི་སྐད་ཅིག་མ་དང་པོ་ལ་རང་མཚན་མཐོང་ནས་གཉིས་པ་ལ་དེ་རིག་པ་ལ་གསལ་བས་ཐོབ་པ་ལ་མ་རག་པ་ནི་ཉེ་བར་བསྙེན་པ་སྟེ་དེ་མཐར་རྫོགས་ཤིང་ཐོབ་པ་དང་བདག་དོན་གྲུབ་པ་ཡིན་ནོ། །དེས་གཞན་དོན་མཛད་པ་པོར་སྣང་བ་ནི་རྒྱ་ཆེ་ཞེས་པས་སྤྱིར་མཛད་པ་བསམ་གྱི་མི་ཁྱབ་པའོ། །བྱེ་བྲག་ཏུ་གསུང་ལྔ་ལྷུན་གྱིས་གྲུབ་པ་ལས་གདུལ་བྱ་རང་གི་བློ་དང་མཚམས་པར་ཐེག་པ་སྣ་ཚོགས་ཀྱི་དོན་འབྱུང་བ་ནི་གདུལ་བྱ་དང་མཐུན་པར་སྣང་བ་ཡིན་ཏེ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་དེ་གདུལ་བྱ་རང་རང་གི་སྣང་བ་དང་མཐུན་པར་ཤར་བའི་རྒྱུ་མཚན་གསུམ་སྟེ། སྤར་ཁབ་ལས། རང་བྱུང་གི་ཡེ་ཤེས་དང་། རིག་པའི་ཡེ་ཤེས་དང་། ལྷུན་གྱི་གྲུབ་པའི་ཡེ་ཤེས་གསུམ་ཚུལ་གཅིག་ཏུ་གྱུར་པས། ཞེས་གསུངས་པའི་ཕྱིར་རོ། །དེའི་དཔེ་ནི། སྒྲ་མི་སྙན་ན་དཔག་བསམ་གྱི་ཤིང་ལས་དགོས་འདོད་འབྱུང་བ་དང་ལྷའམ་ཀླུའི་ཡུལ་ན་དབང་གི་རྒྱལ་པོ་ལ་སོགས་ཡིད་བཞིན་གྱི་རིན་པོ་ཆེ་དང་གཞན་ཡང་ལྷའི་བུམ་པ་བཟང་པོ་དང་རྣམ་ཐོས་ཀྱི་བུའི་ནེའུ་ལེའི་རྐྱལ་པ་ལ་སོགས་ལ་དགོས་འདོད་འབྱུང་བ་ཀུན། རྟ་དང་གླང་ཆེན་ལ་སོགས་དགོས་འདོད་རྣམས་རིན་པོ་ཆེ་དེ་དག་ལ་རྫས་སུ་གྲུབ་ནས་ཡོད་པ་ལ་ལོངས་སྤྱོད་པ་མ་ཡིན་ཏེ། འོ་ན་གང་ཞེ་ན། རིན་པོ་ཆེ་དེ་དག་དགོས་འདོད་ཀྱི་རང་བཞིན་དུ་གྲུབ་ཅིང་འབྲུ་བསྒྱུར་ཏེ། དེ་སེམས་ཅན་རང་རང་གི་སྔོན་གྱི་བསོད་ནམས་ལས་གྲུབ་པ་ལྟར་སྣང་བ་ཡིན་པའི་ཕྱིར། ཇི་ལྟར་དམིགས་ཤིང་གསོལ་བ་བཏབ་པ་ལྟར་འདོད་པ་རྣམས་གྲུབ་པར་བསྟན་པ་ཡིན་ནོ། །དེ་དང་འདྲ་བར་ཆོས་ཉིད་མངོན་དུ་བྱས་པ་ལས་བདག་དོན་གྲུབ་པ་དང་གཞན་དོན་མཛད་པ་པོར་སྣང་བས་ངོ་མཚར་ཞིང་རང་གི་ངོ་བོ་ཆོས་ཀྱི་སྐུ་ཅིར་ཡང་མ་གྲུབ་ཅིང་གཟུགས་སྐུ་གཉིས་སུ་མ་འགགས་པས་ཆོ་འཕྲུལ་ཡིན་ལ་ཡོན་ཏན་ཉེར་ལྔ་ལ་སོགས་ཁྱད་པར་འཕགས་པས་རྨད་དུ་བྱུང་བ་སངས་རྒྱས་ཀྱི་ཐུགས་སུ་ཆུད་པའི་ཆོས་དེ་རང་གི་སེམས་ལས་གཞན་ན་ཡོད་པ་ཅིག་བཙལ་ནས་འོངས་པ་མ་ཡིན་ཏེ། འོ་ན་གང་ཞེ་ན། ལམ་གྱི་ཐབས་སུ་ཐབས་ཀྱིས་ལམ་ལ་བརྟན་པ་ཐོབ་ཅིང་གྲོལ་བའི་ལམ་ཤེས་རབ་ཀྱིས་ཆོས་ཉིད་མངོན་དུ་བྱས་པ་དེ་ལྟ་བུའི་ངང་དུ་འབྲས་བུར་རང་བྱུང་བའོ། །དེ་ལྟར་གྲུབ་པའི་འབྲས་བུ་རང་གི་ངོ་བོ་ནི་ཐོབ་བྱེད་རྒྱུ་རྐྱེན་གཞན་ལས་བྱུང་བ་མ་ཡིན་པའི་ཕྱིར། ཤེས་བྱེད་ཡང་དག་པའི་དོན་རྟོགས་པའི་ཤེས་རབ་ཀྱིས་ཤེས་བྱ་ཆོས་ཀྱི་དབྱིངས་ཆོས་ཉིད་དང་གཞན་ཉིད་དེ་རྟོགས་ནས། ཇི་ལྟར་སྣང་བ་ཐམས་ཅད་ཐབས་ཀྱི་སྒོ་ནས་ཕྱག་རྒྱར་གྱུར་པའི་ཕྱིར། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ལ་ནི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རོལ་པ་ཞེས་བྱའོ། །འོ་ན་དེ་བདེན་པའི་རང་བཞིན་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཡེ་ཤེས་ལ་ཡེ་ཤེས་རོལ་པ་ཉིད་ཀྱང་ཡང་དག་པར་ནམ་གྲུབ་སྟེ་གསོག་ལྟར་སྙིང་པོ་མེད་དོ། །དེ་ལས་གཞན་ཡང་རྒྱལ་བ་སྤྲུལ་པའི་སྐུ་འཇིག་རྟེན་དུ་སྔོན་དུ་བྱུང་ནས་འཁོར་བ་སྡུག་བསྔལ་ལས་སྐྱོབ་པ་དང་། ལོངས་སྐུའི་བརྡའི་སྒོ་ནས་དང་། ཆོས་སྐུའི་བྱིན་གྱིས་བརླབས་ཀྱི་སྒོ་ནས་ཆོས་སྟོན་པའང་གོང་མ་དེ་བཞིན་ཏེ་ཡང་དག་པར་ནམ་གྲུབ་སྟེ་ངོ་བོས་སྟོངས་པའོ། །འོ་ན་དོན་བྱེད་མི་ནུས་པར་འགྱུར་རོ་ཞེ་ན། དོན་བྱ་བའི་ཡུལ་ལ་དོན་བྱེད་ནུས་པའི་རྒྱུ་མཚན་ནི་ཆོས་སྐུ་ལས་མ་གཡོས་བཞིན་གཟུགས་སྐུ་གཉིས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་སྣང་བའི་ཕྱིར་དེའི་གཟི་བྱིན་གྱིས་དོན་མཛད་པའོ། །དེ་ལྟར་གདུལ་བྱ་ལ་སྣང་བཞིན་དུ་དེ་པ་ལ་མཛད་པར་མ་གྲུབ་པས་སྒྱུ་མ་ལྟ་བུ་ཡིན་ལ། དེ་གཉིས་དབྱེར་མེད་པའི་ཕྱིར་རྡོ་རྗེ་ཡིན་ཞིང་གཉེན་པོ་དང་བྲལ་བས་བཙན་པོ་སྟེ་དེ་གཞན་ལས་ཁྱད་པར་དུ་འཕགས་པས་མཆོག་ཡིན་ནོ། །འབྲས་བུའི་མཚན་ཉིད་གཅིག་དང་དུ་མ་ལ་སོགས་པའི་མཐའ་དང་བྲལ་ཞིང་རང་བྱུང་དུ་བསྟན་པ་ནི་རྒྱལ་བ་རྣམས་ནི་ཁྱབ་བྱེད་ཆོས་སྐུས་ཁྱབ་པ་ཅིག་ལས་མ་གཡོས་པར་གཟུགས་སྐུ་ཐ་དད་ཀྱི་མཛད་པ་སྣ་ཚོགས་སུ་སྣང་བའི་ཕྱིར་གཅིག་དང་བྲལ་ལ། ཁྱབ་བྱ་གཟུགས་སྐུ་ཐ་དད་ཀྱི་རང་བཞིན་ཆོས་སྐུ་ལས་མ་གཡོས་པས་རྒྱུད་ཐ་དད་མེད་པའི་ཕྱིར་དུ་མ་དང་བྲལ་བ་སྟེ། ཀུན་བྱེད་ལས། ཆོས་སྐུས་ཁྱབ་པ་གཅིག་པའི་ཕྱིར། །ཆེ་བའི་ཆེན་པོར་རང་བཞིན་གནས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཕྱིར་དབུས་ཞེས་པ་གཅིག་དང་ཐ་དད་ལ་སོགས་གཉིས་ཀ་ཡིན་པའམ་གཉིས་ཀ་མ་ཡིན་པའི་ཕུང་པོ་གསུམ་པའང་མེད་པ་སྟེ་དེ་ལྟར་ཆོས་ཉིད་དེ་ཇི་ལྟར་གནས་པ་བཞིན་མངོན་དུ་བྱས་པ་ཉིད་ལས་གཞན་དུ་འབྲས་བུ་ཞིག་སངས་རྒྱས་ཉིད་ཀྱིས་ཀྱང་ཡུལ་དུ་མི་གཟིགས་ཏེ། དེས་ན་དེ་རྒྱུ་རྐྱེན་དང་བྲལ་བས་རང་བྱུང་ཡིན་ལ། ཡེ་ནས་ཡིན་པའི་དོན་མངོན་དུ་བྱས་པས་ཡེ་ཤེས་ཏེ་དེ་ཉིད་ཐུགས་རྗེ་ཆེན་པོས་ཞི་བའི་དང་ཤེས་རབ་ཆེན་པོས་འཁོར་བའི་མཐའ་གཉིས་ལ་གནས་པ་མེད་པར་བཞུགས་པ་ལ་དེ་པའི་སྣང་བ་ཞེས་བྱའོ། །ཡེ་ཤེས་དེས་གདུལ་བྱ་གཟིགས་ཚུལ་ནི། ལོག་པར་རྟོག་ཅེས་པ་ཡེ་ནས་སེམས་ཉིད་འབྲས་བུའི་རང་བཞིན་ཡིན་ཡང་གཞན་དུ་འཛིན་པ་ནི་ལྷན་ཅིག་སྐྱེས་པའི་དང་། བརྟགས་ཞེས་པ་དེའི་རྒྱུན་གྱིས་ལས་དང་ཉོན་མོངས་པ་ལ་སོགས་ཐ་དད་དུ་འཛིན་པའི་བློ་ནི་ཀུན་བརྟགས་ཀྱིས་རིག་པའོ། །གང་དེ་ལས་ལོག་སྟེ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཐུགས་སུ་ཆུད་པ་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཡིན་ཅིང་། ཚིག་བསྒྱུར་ཏེ་འོག་ནས། འགྲོ་དྲུག་གི་རྟོག་པ་ལ་ཡོད་པའི་དུས་སྔ་ཕྱི་དང་གནས་མཐོ་དམན་ལ་སོགས་མ་ལུས་པར་སྣང་བ་རྣམས་མཚན་ཉིད་མ་འདྲེས་པར་མཁྱེན་པ་ནི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །གོང་ནས། ཡེ་ཤེས་དེས་གདུལ་བྱ་སེམས་ཅན་ལ་རྒྱུན་དུ་གཟིགས་པ་ཡིན་ཏེ། སེམས་ཅན་གྱི་རང་བཞིན་ཆོས་ཀྱི་དབྱིངས་ལས་མི་གཞན་ཏེ་ཐ་དད་མེད་པའི་ཕྱིར། དེ་ནི་མཚན་ཉིད་དོན་གྱི་ཐུགས་རྗེ་སྟེ་བསྐྱེ་བྱ་སྐྱེ་བྱེད་ལས་ཁྱད་པར་དུ་བྱས་པའི་ཆེན་པོས་ངོ་བོ་རིས་མེད་དུ་འབྲེལ་བ་དེ་རྒྱུ་མཚན་དུ་བྱས་ནས་གཟིགས་པས་ན་ཐུགས་རྗེ་རྒྱུན་ཆད་པ་མི་མངའ་བ་ནི་ཐེག་པ་མཆོག་འདིའི་ལུགས་ཀྱི་ཐུགས་རྗེ་ཡིན་ནོ། །རྒྱུད་དོན་རྣམ་ངེས་ལས་ལེའུ་དགུ་པའི་རྣམ་པར་བཤད་པའོ།། ༈ །།ལེའུ་བཅུ་པར་དབང་བསྐུར་བ་སྟོན་ཏེ། དེ་ཡང་སྔོན་བྱུང་གི་དང་། རྗེས་འཇུག་གི་དབང་གཉིས་ལས། དང་པོ་ནི་ལེའུ་གཉིས་པ་དང་བཅོ་ལྔ་པ་ལྟར་རོ། །གཉིས་པ་ལ་ཡང་ཞི་ཁྲོ་གཉིས་ལས། འདི་དངོས་སུ་ཞི་བའི་ཡིན་ལ། ཁྲོ་བོའི་དབང་ཡང་ཤུགས་ལ་ཤེས་པར་བྱེད་དེ། ཇི་སྐད་དུ་ལེའུ་དགུ་པ་ལས། ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ། །ཞེས་སོ། །དེ་ཡང་རྡོ་རྗེ་ལས་རིམ་ལས། རྒྱུ་རྐྱེན་ངོ་བོ་འབྲས་བུ་དང་། །ལས་རིམ་སྐྱོན་ཡོན་བརྒྱད་ཅེས་བྱ། །ཞེས་པས་བརྒྱད་ལས། དང་པོ་རྒྱུ་ལ་གཉིས་ཏེ། མཚུངས་ལྡན་གྱི་དང་། ལྷན་ཅིག་བྱེད་པའི་རྒྱུའོ། །དང་པོ་ནི་དབང་གི་དོན་མཚུངས་ལྡན་ཙམ་དུ་རང་ལ་གནས་པ་ཡིན་ཏེ། ཇི་སྐད་དུ་ངེས་འབྱེད་ལས། དབང་མཆོག་རང་ལ་ཡོད་པར་ནི། །དུས་གསུམ་རྒྱལ་བའི་ལུང་ལས་གསུངས། །ཞེས་གསུངས་པའི་ཕྱིར་རོ། །དེ་མི་གནས་ནས་བསྐུར་ཡང་མི་ཐོབ་པ་ཡིན་ཏེ། དཔེར་ན་རྡོ་དང་ཤིང་ལ་སོགས་པ་ལ་བསྐུར་ཡང་དེ་དག་གིས་ཐོབ་པ་མེད་པ་བཞིན་ནོ། །དེ་ལྟར་ཡང་འདི་ཉིད་ལས། དབང་རྣམས་རང་ལ་མི་གནས་ན། །བསྐུར་བས་ཐོབ་པར་མི་འགྱུར་རོ། །ཞེས་པ་དང་། ཡང་། གྲོ་སྲན་འབྲས་བུ་དབང་བསྐུར་ཡང་། །དེ་ལ་འབྲས་བུ་སྣང་བ་མེད། །ཅེས་པ་བཞིན་ནོ། །འོ་ན་དབང་རྣམས་ཆོས་ཅན། བསྐུར་མི་དགོས་པར་འགྱུར་ཏེ། རང་ལ་གནས་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། མཚུངས་ལྡན་གནས་པ་ཡིན་གྱི་མངོན་གྱུར་གྱི་ནུས་པ་མི་གནས་པས་བསྐུར་དགོས་པ་ཡིན་ཏེ། དེ་ཉིད་ལས། གདོད་ནས་ལྡན་ཕྱིར་མཚུངས་པ་སྟེ། །གཞན་ཕྱིར་ཐོག་མར་བསྐུར་བ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །རྒྱུ་གཉིས་པ་ནི་མན་ངག་ལས་ཤེས་པ་ཡིན་ནོ། །གཉིས་པ་རྐྱེན་ལ་བཞི་ལས། རྒྱུའི་རྐྱེན་ནི་དེ་མ་ཐག་པ་དེ་ཡིན་ནོ། །བདག་པོའི་རྐྱེན་ནི་སྟོན་པའི་བདག་ཉིད་ནས་དབང་གི་རིམ་པ་བར་མ་ཆད་པའི་རྡོ་རྗེ་སློབ་དཔོན་ནོ། །དམིགས་པའི་རྐྱེན་ནི་ཐོབ་བྱའི་ངོ་བོ་ལྔ་སྟེ། ཇི་སྐད་དུ། ངོ་བོ་ནུས་ཕན་གསང་བ་དང་། །ཤེས་རབ་ཡེ་ཤེས་བདེ་ཆེན་པོ། །ཞེས་པའོ། །དེ་མ་ཐག་རྐྱེན་ནི་ཐབས་ཀྱི་ཡན་ལག་སྔ་མས་གོ་ཕྱེ་ནས་ཕྱི་མར་དབང་རིམ་པར་གནང་བའོ། །གསུམ་པ་ངོ་བོའམ་དབང་ཙམ་དུ་མཚོན་པའི་མཚན་ཉིད་ནི། རང་ཡུལ་ལ་བདེ་བླག་ཏུ་སྤྱོད་པའི་ནུས་པ་གང་ཞིག །རྡོ་རྗེ་སློབ་དཔོན་ལས་བྱུང་བའི་ཐབས་ཀྱི་ཡན་ལག་གིས་མཚུངས་ལྡན་སྨིན་པར་བྱེད་པ་ཅིག་ཡིན་ནོ། །བཞི་པ་འབྲས་བུ་ནི་གནས་སྐབས་ཀྱི་བདེ་བ་དང་མཐར་ཐུག་གི་བདེ་བ་ཆེན་པོ་ཐོབ་པ་སྟེ། ཇི་སྐད་དུ་ལམ་རིམ་ལས། ཉི་ཟླ་ཟ་བའི་དབང་བྱིན་ནས། །རོལ་པའི་ཀ་ར་བརྟན་པ་ཡིས། །ཡེ་ཤེས་བརྟན་རྫོགས་དབང་ཐོབ་ནས། །དེ་བཞིན་དེ་བཞིན་གཤེགས་པའོ། །ཞེས་པ་འོག་གི་ཡོན་ཏན་གྱི་སྐབས་སུའང་འཆད་དོ། །ལྔ་པ་བསྐུར་བའི་ལས་ནི་ཆོས་ཡིན་ཏེ་འོག་ཏུ་འབྱུང་། དྲུག་པ་གང་ལ་གང་བསྐུར་བའི་རིམ་པ་ནི་དགུ་པར་བསྟན་ཟིན་ལ། དེ་ཉིད་ཐལ་བ་ལས་ཀྱང་ཇི་སྐད་དུ། གང་དུ་དང་དད་བརྩོན་འགྲུས་པས། །བརྟུལ་ཞུགས་གསུམ་དང་ལྡན་པ་ལ། །ས་བོན་འཇོག་དང་ནུས་བསྐྱེད་ནས། །བདེ་བའི་དབང་ནི་རིམ་བཞིན་སྦྱིན། །ཞེས་པ་དང་། ཡང་དེ་ཉིད་ལས། ཐ་མའི་འདུ་ཤེས་ཀུན་བཟློག་ནས། །རང་རང་ལྷར་བྱས་གསལ་བ་ལ། །ནུས་པའི་ཚད་དང་མཉམ་སྦྱར་ནས། །ཉན་པའི་དབང་དང་སྒོམ་པ་དང་། །འཆད་དང་ཕྲིན་ལས་བྱེད་པ་དང་། །རྡོ་རྗེ་རྒྱལ་པོ་སློབ་དཔོན་དབང་། །རང་བཞིན་ངོ་བོས་གནས་པ་ལ། །ཇི་ལྟར་ཆུ་ལ་ཆུ་བཞག་ལྟར། །ཐབས་དང་ཏིང་འཛིན་དབང་བསྐུར་བས། །མི་ནུས་ནུས་པ་ཐོབ་པའི་ཚད། །མི་ནུས་པ་ལ་བསྐུར་བ་ཡིན། །ཚད་ལྡན་རྣམས་ལ་རིམ་པ་བསྐུར། །ཞེས་པ་བཞིན་ནོ། །བདུན་པ་མ་བསྐུར་བའི་སྐྱོན་དང་། བརྒྱད་པ་བསྐུར་བའི་ཡོན་ཏན་གཉིས་འོག་ཏུ་འཆད་དོ། །དེ་ལྟར་ཆོས་དེ་དག་རྡོ་རྗེ་ལས་རིམ་གྱི་གཞུང་གིས་བསྟན་པའི་དབང་ཡིན་ལ། འདིར་གསུང་སྒྲོས་ཀྱི་དབང་དུ་གང་བསྐུར་བྱ་ཕྱི་ནང་གསང་བའི་དབང་གསུམ་པོ་འདི་དག་རེ་རེ་ལ་ཡང་། གཞི་གང་ལ་བསྐུར་བའི་མཚུངས་ལྡན་དང་། གང་གིས་བསྐུར་བ་དབང་རྫས་དང་། ཇི་ལྟར་བསྐུར་བའི་ལས་ཀྱི་རིམ་པ་དང་གསུམ་གསུམ་དུ་ཤེས་པར་བྱ་གསུང་ངོ་། །དེ་ལ་དང་པོ་ཕན་པའི་དབང་ནི། དབུ་རྒྱན་ཅོད་པན་ཞེས་པ་ལ་སོགས་པ་སྟེ། དེ་ལ་གསུམ་ལས། མཚུངས་ལྡན་ནི། ཐལ་བ་ལས། ཁམས་བཅུད་བདེ་བའི་ལམ་གཉིས་དང་། །དབུ་མ་བཅུད་འདུས་མཚན་ལྡན་པ། །དྲྭ་བའི་རྩ་དང་དབང་པོ་དང་། །ཕུང་སོགས་ཡེ་ཤེས་བདེ་འཁོར་ལོ། །ཧཱུཾ་གིས་བདེ་བའི་ཡེ་ཤེས་བཅས། །ཚོགས་བརྒྱད་རང་བཞིན་ཡེ་ཤེས་ལྔ། །སྔགས་རྫས་དགོངས་པ་གང་བསླང་བ། །ཀུན་ནས་ལྡང་ཞིང་སྐྱོབ་པ་ཡིས། །སྡུག་བསྔལ་ལས་གྲོལ་རིགས་སུ་ངེས། །ཞེས་པས། དབུ་རྒྱན་གྱི་རྣམ་ཤེས་ཚོགས་བརྒྱད་དོ། །ཅོད་པན་གྱི་རྩ་རོ་རྐྱང་གཉིས་སོ། །ཕྲེང་བའི་ཀུན་དྷར་མ་ལ་མདུད་པ་སོ་གཉིས་ཡོད་པ་དེའོ། །གོ་ཆའི་ལུས་རྩའི་དྲྭ་བས་ཁེབས་པ་དེའོ། །རྒྱལ་མཚན་གྱི་ཕོ་མོའི་དབང་པོའོ། །ཕྱག་རྒྱའི་ཕུང་པོ་ལྔ་ལ་སོགས་པའི་རྟོག་ཚོགས་སོ། །གདུགས་ཀྱི་ཀླད་པ་བདེ་ཆེན་གྱི་འཁོར་ལོའོ། །བུམ་པའི་རྩ་ཐིག་ལེས་གང་བའོ། །བཟའ་བཏུང་གི་སྣང་བ་འདོད་ཡོན་དུ་མ་འགགས་པའོ། །སྙིང་པོ་ལྔའི་ཁམས་ལྔའི་བཅུད་དོ། །གཉིས་པ་དབང་རྫས་ནི་ཕྱག་རྒྱ་ཙཀ་ལིར་བྲིས་པ་ལ་བྱ་ཞིང་གཞན་རྣམས་དངོས་སུ་བཤམ་པ་ཡིན་ནོ། །གསུམ་པ་བསྐུར་བའི་ཐབས་ལ་ལྔ་སྟེ། དབང་རྫས་རབ་གནས་བྱ་བ་དང་། གང་དུ་བསྐུར་ཞིང་བསྟིམ་པའི་གནས་དང་། རྡོ་རྗེ་སློབ་དཔོན་གྱི་དགོངས་པ་དང་། བསྐུར་བའི་ཚིག་དང་། བསྒྲག་པའི་ཚིག་གོ། །དང་པོ་རབ་གནས་ནི་ལེའུ་དགུ་པར་བསྟན་ལ། དེ་གང་ལ་གང་གིས་བྱ་བའི་རིམ་པ་ནི། རྡོ་རྗེ་ལས་རིམ་ལས། རིན་ཆེན་རབ་གནས་ལས་བྱུང་བའི། །རིན་ཆེན་མཛེས་པའི་དབུ་རྒྱན་བཅིངས། །ཞེས་པས། དབུ་རྒྱན་ལ་རིན་ཆེན་འབྱུང་ལྡན་གྱིས་སོ། །རབ་གནས་ཆོས་འབྱུང་ཡེ་ཤེས་དངོས། ཁ་དོག་གཉིས་ལྡན་དབང་བསྐུར་བྱ། །ཞེས་པས་ཅོད་པན་ལ་མཐའ་ཡས་ཀྱིས་སོ། །རིན་ཆེན་རབ་གནས་ཕྲེང་བ་བཅིངས། །ཞེས་པས་ཕྲེང་བ་ལ་རིན་འབྱུང་གིས་སོ། །ལས་མཆོག་རབ་གནས་རྡོ་རྗེའོ། །ཞེས་པས་གོ་ཆ་ལ་དོན་ཡོད་གྲུབ་པས་སོ། །རྡོ་རྗེ་རབ་གནས་ལས་འབྱུང་བ། །ཞེས་པས་རྒྱལ་མཚན་ལ་རྡོ་རྗེ་སེམས་དཔས་སོ། །མཆོག་ཚོགས་ཕྱག་རྒྱ་གང་ཡིན་པ། །རང་གི་རབ་གནས་ཅུང་ཟད་མཆོད། །ཅེས་པས་ཙཀ་ལི་རྣམས་ལ་རང་རང་གིས་སོ། །མི་བསྐྱོད་རབ་གནས་རིན་ཆེན་གདུགས། །ཞེས་པས་གདུགས་ལ་མི་བསྐྱོད་པས་སོ། །རིགས་ལྔ་འདུས་པའི་བུམ་ཆུ་སྦྱིན། །ཞེས་པས་བུམ་པ་ལ་རིགས་ལྔ་སྤྱི་ཡིས་སོ། །སངས་རྒྱས་རབ་གནས་ལྷ་མོའི་ཚོགས། །ཞེས་པས་བཟའ་བཏུང་ལ་རྣམ་སྣང་གིས་སོ། །སྙིང་པོ་འབྲས་ཞེས་པས་སྙིང་པོ་ཡིག་འབྲུ་ལྔ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡིས་རབ་གནས་བྱའོ། །གཉིས་པ་གནས་ནི། ངེས་འབྱེད་ལས། གནས་ནི་སྤྱི་དང་ཁྱད་པར་ཏེ། །ཞེས་པས་གཉིས་སོ། །སྤྱིའི་གནས་ནི། སྤྱི་དབང་ལུས་ལ་བསྐུར་བ་སྟེ། །ཞེས་པས་ལུས་སྤྱི་ལའོ། །ཁྱད་པར་གྱི་གནས་ནི། ཁྱད་པར་སྙིང་པོ་དབུ་རྒྱན་བུམ། །གདུགས་དང་ཅོད་པན་ཕྲེང་བ་མགོ། །གོ་ཆ་ལུས་ཏེ་རྒྱལ་མཚན་ལག །བཟའ་གཏུང་ངག་གི་ལམ་ལའོ། །ཕྱག་རྒྱ་སྤྱི་བོ་སྙིང་གར་ཏེ། །ཞེས་པས་གནས་དེ་དག་ཏུ་བསྐུར་ཞིང་མཚུངས་ལྡན་གང་ཡིན་ལ་བསྟིམ་པ་སྟེ། ཇི་སྐད་དུ། གཞག་པའི་གནས་དང་བསྟིམ་པའི་གནས། །དེ་བཞིན་ཁོང་དུ་ཆུད་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་དགོངས་པ་ནི། བུ་ལྷར་གསལ་བ་ལ་དབུ་རྒྱན་བསྐོན་ཏེ་སྔགས་དང་ཕྱག་རྒྱས་རཏྣའི་ཁང་བུ་ལྔའི་ནང་དུ་གདན་ཁྲིའི་ལྔའི་སྟེང་དུ་རིགས་ལྔ་ཡབ་ཡུམ་གྱི་ས་བོན་བཅུ་དགོད། དེ་ནས་རྡོ་རྗེ་སློབ་དཔོན་གྱི་ཕྱག་གི་སོར་མོ་བཅུ་ལའང་གོང་གི་ཡི་གེ་རྣམས་གསལ་བས་ཕྱག་རྒྱ་བཅས་ཏེ་ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རྒྱུན་གྱིས་སྤྱི་བོ་ལ་སོགས་གནས་ལྔར་ཐིམ་པས། ཡི་གེ་རྣམས་ལས་དོན་ཡེ་ཤེས་ལྔའི་དབང་ལ་རྟགས་སུ་རིགས་ལྔས་དབུ་བརྒྱན་པར་བསམ། ཅོད་པན་གྱིས་ཡོན་ཏན་ཐམས་ཅད་རྫོགས་ཤིང་ཁམས་གསུམ་གྱི་གདུག་པ་ཅན་ཐམས་ཅད་འདུལ་བར་དང་། ཕྲེང་བས་འབྲས་བུའི་ཆོས་ཐམས་ཅད་རྫོགས་པར་དང་། གོ་ཆས་ཕས་ཀྱི་རྒོལ་བས་མི་ཚུགས་པར་དང་། རྒྱལ་མཚན་གྱིས་བདུད་དང་མུ་སྟེགས་ལ་སོགས་ལོག་པར་ལྟ་བ་ཟིལ་གྱིས་མནོན་པར་དང་། ཕྱག་རྒྱ་ཡིས་རྟོག་པ་དག་ནས་ལྷའི་སྐུར་དང་། གདུགས་ཀྱིས་ཉོན་མོངས་པའི་གདུང་བ་ལས་སྐྱོབ་པར་དང་། བུམ་པའི་ཆུས་རྒྱུད་ཀྱི་ཉོན་སྒྲིབ་དག་ནས་ཡེ་ཤེས་ལྔའི་དབང་ཐོབ་པར་དང་། བཟའ་བཏུང་གིས་འདོད་ཡོན་ལྔ་མ་འགགས་པར་ལོངས་སྤྱོད་པར་དང་། སྙིང་པོ་ལྔས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བྱིན་རླབས་བསྡུས་ཏེ་རིགས་ལྔའི་སྐུར་བསམ་པ་ལ་སོགས་པའོ། །བཞི་པ་བསྐུར་བའི་ཚིག་ནི་བཅུ་ཆར་རྡོ་རྗེ་ལས་རིམ་གྱི་གཞུང་ལྟར་ལག་ལེན་དུ་ཤེས་པར་བྱའོ། །ཐ་མ་བསྒྲགས་པ་ནི་བདེན་པའི་རྗེས་སུ་བསྐུར་བྱ་གང་ཡིན་གྱི་གྱུར་ཤོག་བརྗོད་པའོ། །དེ་དག་གིས་འདི་ཕྱི་གཉིས་སུ་ཕན་པའི་ས་བོན་ཙམ་འཇོག་པའི་ཕྱིར་ན་ཕན་པའི་དབང་ཞེས་བྱ་སྟེ། ཐལ་རྒྱུད་ལས། ས་བོན་ཙམ་འཇོག །ཅེས་གསུངས་པའི་ཕྱིར་རོ། །དེ་བསྐུར་བའི་དུས་ནི་སྨོན་པའི་སེམས་བསྐྱེད་ནས་དགུ་པ་ལྟར་ཆོས་བཅུ་དྲུག་གི་སྒོ་ནས་དཀྱིལ་འཁོར་དུ་ཞུགས་པའི་དུས་སུ་བསྐུར་བ་ཡིན་ནོ། །ནུས་པའི་དབང་ལ་ཡང་གོང་ལྟར་དོན་གསུམ་སྟེ། མཚུངས་ལྡན་གྱི་རྒྱུ་དང་། དབང་རྫས་དང་། ལས་ཀྱི་རིམ་པའོ། །དང་པོ་ནི། བུའི་རྣ་བ་གཉིས་ཀྱི་འདོམས་རྩ་ན་སྒྲ་ཉན་པར་ནུས་པའི་ཐིག་ལེ་ཤིན་ཏུ་དྭངས་པར་གནས་པ་ནི་ཉན་པའི་ཡིན་ནོ། །སྙིང་གི་ཐིག་ལེ་དེ་ལྟར་གནས་པ་ནི་སྒོམ་པའི་ཡིན་ནོ། །ལག་པ་ནི་ཕྲིན་ལས་ཀྱིའོ། །ལྕེ་ནི་འཆད་པའིའོ། །ཡན་ལག་ལྔའི་ཐིག་ལེ་དྭངས་པར་གནས་པ་ནི་རྡོ་རྗེ་རྒྱལ་པོའི་ཡིན་ནོ། །གཉིས་པ་ནི་ཉན་པའི་གླེགས་བམ་བསྒོམ་པའི་ཕྲེང་བ་ཕྲིན་ལས་ཀྱི་རྡོ་རྗེ་རྒྱ་གྲམ་འཆད་པའི་འཁོར་ལོ་རྡོ་རྗེ་རྒྱལ་པོའི་རྡོ་རྗེ་དྲིལ་བུའོ། །དེ་ཡང་རྡོ་རྗེ་ལས་རིམ་ལས། གླེགས་བམ་ཕྲེང་བ་རྒྱ་གྲམ་ལྗང་། །འཁོར་ལོ་རྡོ་རྗེ་དྲིལ་བུ་སྦྱིན། །ཞེས་སོ། །གསུམ་པ་བསྐུར་ཐབས་ཀྱི་ལས་རིམ་ལ་ལྔ་ལས། དབང་རྫས་རབ་གནས་ནི་པོ་ཏི་ལ་རིན་འབྱུང་གིས་དང་། ཕྲེང་བ་ལ་ཡི་དམ་གང་ཡིན་གྱིས་དང་། རྒྱ་གྲམ་ལ་དོན་ཡོད་གྲུབ་པས་དང་། འཁོར་ལོ་ལ་མཐའ་ཡས་ཀྱིས་དང་། རྡོ་རྗེ་དྲིལ་བུ་ལ་རིགས་ལྔ་སྤྱི་ཡིས་བྱའོ། །དེ་ཡང་ངེས་འབྱེད་ལས། འབྱུང་ལྡན་དོན་ཡོད་སྣང་མཐའ་ཡས། །ཡི་དམ་རིགས་ལྔའི་རབ་གནས་ལྡན། །ཞེས་སོ། །གནས་ནི་ལག་ཏུ་བསྐུར་ཞིང་མཚུངས་ལྡན་ལ་བསྟིམ་པ་སྟེ། གནས་ནི་རྣ་བ་སྙིང་ཡན་ལག །ལྕེ་དང་ཡན་ལག་རྣམ་ལྔའོ། །ཞེས་སོ། །སློབ་དཔོན་གྱི་དགོངས་པ་ནི་ལྔ་ཆར་འདིས་ཤེས་པར་བྱ་སྟེ། ཉན་བྱེད་ཅེས་པ་རྣ་བ་སྟེ་དེ་ལ་སོགས་པ་མཚུངས་ལྡན་རྣམས་ཀྱི་རྟེན་དབང་པོ་རྣམས་སོ། །དེ་ལ་མན་ངག་བཞིན་རྒྱུ་གཉིས་པ་རྫས་ཀྱི་ཐིག་ལེ་ལས་གཞལ་ཡས་ཀྱི་ས་བོན་ནོ། །དེ་ལས་བསྐྱེད་སྔགས་ཀྱིས་དབུས་འཁོར་ལོ་རྩིབས་བཞི་ཁྱམས་སྤངས་པའི་གྲུ་ཆད་སྒོ་དང་བཅས་པའི་གཞལ་ཡས་སུ་གདན་རྣམས་ཚང་བར་བཀོད་པ་དེར། བརྟེན་པ་མཚུངས་ལྡན་གསལ་བའི་ཐིག་ལེ་དྭངས་པར་གནས་པ་དབང་གི་ངོ་བོ་དེ་ཉིད། ཏྲཾ་གི་ཞེས་པ་དེ་ལ་སོགས་པ་རིགས་ཀྱི་ས་བོན་རྣམས་ཟུང་ལྔ་ལ་བཅུར་བསམ་པའོ། །དེ་ལས་ཐུགས་མཚན་རྣམས་སོ། །དེ་ལས་སྐུ་ཕྱག་རྒྱ་རྣམས་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་བསྐྱེད་པ་ནི། ཚིག་བསྒྱུར་ཏེ་འོག་ནས། གཙོ་བོ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་ནི་དཀྱིལ་འཁོར་ཡིན་ཏེ། དེ་ལ་སོགས་པའི་རིགས་སོ་སོའི་གཙོ་བོ་ཡབ་ཡུམ་རྣམས་རང་རང་གི་རིགས་ཆུང་གི་འཁོར་དང་བཅས་པ་ལ་གསལ་བར་བསྐྱེད་དོ། །དེ་ནས་གོང་གི་ཚོགས་ཞེས་པ་ནི་མང་པོའི་སྒྲས་ཡན་ལག་ལྷ་དང་བཅས་པའོ། །དེ་ལྟར་དམ་ཚིག་སེམས་དཔའ་དེའི་མཆོག་འོག་མིན་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྙན་གསན་དབབ་ཅིང་སྤྱན་དྲངས་པ་ལས། ཡང་འབྲུ་བསྒྱུར་ཏེ་འོ་ནས། ཐིམ་ཞེས་པ་ནི་དབྱེར་མེད་པར་རོ། །གོང་ན་སྤྲོ་ཞེས་པ་ནི་ཀུན་ཏུ་བཟང་པོ་ལ་སོགས་པ་ཕྱི་ནང་གི་མཆོད་པ་ཅི་རིགས་པས་མཆོད་ཅིང་བསྟོད་པའོ། །བསྐུར་བའི་ཚིག་ནི་ལྔ་ཆར་སོ་སོར་གཞུང་བརྟག་གོ། །བསྒྲག་པ་ཡང་རང་རང་གི་སྨོན་ལམ་བརྗོད་པའོ། །འདི་དག་གིས་རང་གཞན་གྱི་དོན་དངོས་སུ་ནུས་པའི་ཕྱིར་ན་ནུས་དབང་ཞེས་བྱ་སྟེ། ཐལ་བ་ལས། ནུས་བསྐྱེད་ནས་ཞེས་གསུངས་པའི་ཕྱིར་རོ། །དེ་བསྐུར་བའི་དུས་ནི་ཕན་དབང་ཐོབ་ནས་བདག་དོན་གྱི་བརྩོན་འགྲུས་དང་ལྡན་པ་ལ་ཉན་པ་དང་བསྒོམ་པའི་དབང་བསྐུར་ལ། གཞན་དོན་གྱི་བརྩོན་འགྲུས་དང་ལྡན་པ་ལ་འཆད་པ་དང་ཕྲིན་ལས་ཀྱི་དབང་བསྐུར་ཞིང་། གཉིས་ཀའི་བརྩོན་འགྲུས་ཅན་ལ་བཀའ་རབ་འབྱམས་ཀྱི་དབང་བསྐུར་བ་ཡིན་ནོ། །གསུམ་པ་ཟབ་མོའི་དབང་གསུམ་ལའང་གོང་ལྟར་གསུམ་ལས། དང་པོ་མཚུངས་ལྡན་ནི་བུའི་ལུས་ལ་ཐིག་ལེ་མི་རྟོག་པའི་ཡེ་ཤེས་དོན་དམ་པའི་ངོ་བོར་ཡེ་ནས་གནས་པ་ནི་གསང་དབང་གི་ཡིན་ལ། བུ་ལ་དོན་དམ་འོད་གསལ་གྱི་ཡེ་ཤེས་ཡེ་ནས་གནས་པ་ནི་ཡེ་ཤེས་རང་གནས་ཀྱི་ཡིན་ཞིང་། དབྱེར་མེད་ཀྱི་ཡེ་ཤེས་རང་ཆས་སུ་གནས་པ་ནི་བདེ་བ་ཆེན་པོའི་དབང་གི་ཡིན་ནོ། །གཉིས་པ་དབང་རྫས་ནི་རྡོ་རྗེ་སློབ་དཔོན་ཡབ་ཡུམ་གྱི་ཉི་ཟླ་གཉིས་འདྲེས་ནི་གསང་བའི་དབང་རྫས་ཡིན་ལ། བུ་ཉིད་ཀྱི་ཡུམ་ཟླ་བ་འཛག་པ་ནི་ཡེ་ཤེས་རང་གནས་ཀྱི་ཡིན་ཏེ། ངེས་འབྱེད་ལས། རྫས་ནི་སྐབས་ཀྱི་ཕྱག་རྒྱ་མོ། །ཟླ་བ་ལྡན་པ་གཏད་པའོ། །ཞེས་པ་བཞིན་ནོ། །བུ་ཉིད་ཀྱི་ཡུམ་ཉི་མ་འཛག་པ་ནི་བདེ་བ་ཆེན་པོ་ཡིན་ཏེ། ཁྱད་པར་ཅུང་ཟད་ཉི་ལྡན་མ། །ཞེས་པའི་དོན་ནོ། །གསུམ་པ་བསྐུར་བའི་ཐབས་ནི་དཀྱུས་གཅིག་ལ་ཟུར་གསུམ་དུ་བཤད་དེ། དང་པོ་གསང་དབང་གི་དབང་དུ་ན་ཤེས་རབ་ཅེས་པ་མཚན་ཉིད་དང་ལྡན་པའི་ཡུམ་རྡོ་རྗེ་གཟུངས་མ་སྟེ། ལོ་ཉི་ཤུ་མ་ཁྲུས་བྱས་ཟས་བསྲུང་གོས་བརྗེ་རྒྱན་གྱིས་བརྒྱན་པ་ལ་སོགས་འདོད་པའི་བསྟན་བཅོས་དང་ལྡན་པས་བདེ་བ་རྒྱས་པར་བྱ་སྟེ་དབང་བསྐུར་ཞིང་དམ་ཕོག་ནས་རིགས་ཀྱི་ཡུམ་གྱི་བསྐྱེད་ཅིང་བྱིན་གྱིས་བརླབས་པ་དེའོ། །ཐབས་ཞེས་པ་རྡོ་རྗེ་སློབ་དཔོན་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཏུ་བསྐྱེད་པའོ། །དེ་ལྟར་གསལ་བས་ཕྱག་རྒྱ་བཞི་ཡིས་རོལ་པ་ལས། ལྷན་སྐྱེས་ཀྱི་བདེ་བའི་རང་བཞིན་ཡབ་ཀྱི་ཟླ་བ་ཡིག་འབྲུ་ཧཱུཾ་གི་ཚོགས་སུ་གསལ་བའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་དེ་དབབ་པའི་ཐབས་ཀྱིས་ཕབ་སྟེ་ཡབ་ཀྱི་རྡོ་རྗེའི་ལམ་ནས་ཕྱུང་སྟེ་ཡུམ་གྱི་མཁའ་པདྨར་བཟུང་བ་ནི་འཁྱིལ་བའོ། །དེ་ལྟར་རྡོར་པད་ཀྱི་རྩེ་གཉིས་ནས་བ་དང་བེའུ་འམ་བུང་བ་དང་མེ་ཏོག་ལྟར་བསྐུར་བ་སྟེ། བཞག་པའི་གནས་ནི་བུའི་ལྕེ་ལ་བཞག་ནས་སྙིང་གི་དབུས་སུ་བསྟིམ་པའོ། །དེ་ཡང་ངེས་འབྱེད་ལས། གནས་ནི་བཞག་དང་བསྟིམ་གཉིས་སོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ན་བྱ་དང་བྱེའུ་ལྟར་ཏེ་ལྡོག་པའི་ཐབས་ཀྱིས་རྩ་གནས་སུ་རིམ་པར་ལྡོག །མགྲིན་པ་ལོངས་སྤྱོད་ནས་ལྗགས་སྟེང་དུ་དྲང་ཞིང་དེ་ནས་བུའི་ལྕེ་ཐོག་ཏུ་བཞག་པའོ། །དེ་དག་ནི། ཇི་སྐད་དུ་བླ་མ་ལས། སེམས་ཀྱི་དཀྱིལ་ནས་དྲངས་པའི་ཆུ། །ཁྱོད་ཀྱི་ལྕེ་ལ་བཞག་པ་འདི། །སྙིང་གི་དཀྱིལ་དུ་གཟུང་བར་བྱོས། །ཞེས་གསུངས་པ་ཡིན་ནོ། །དཀྱིལ་འཁོར་བསྒྱུར་ཞེས་པ་ནི་ཡབ་ཡུམ་གྱི་ཐིག་ལེ་ཧཱུཾ་གི་ཚོགས་སུ་གསལ་བ་ཉིད། རྡོ་རྗེ་སེམས་དཔའ་ཡུངས་འབྲུ་ཙམ་པ་མང་པོར་གྱུར་ཏེ་སྙིང་ལ་ཐིམ་པས། བུའི་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་བཞི་ལ་རིགས་དྲུག་ཏུ་སྐྱེ་བའི་ས་བོན་དྲུག་པོ་བསྲེགས་ནས་དོན་དམ་མི་རྟོག་པའི་ཡེ་ཤེས་སུ་བསྒྱུར་བའོ། །དེ་ལ་ཅིའི་ཕྱིར་གསང་དབང་ཞེས་བྱ་ཞེ་ན། གཉིས་མེད་ཀྱི་ཡེ་ཤེས་ངོས་ཟིན་དཀའ་བའི་དོན་དེ་རྫས་ཀྱི་ཁྱད་པར་དུ་བྱས་ནས་ཐོབ་པའི་ཕྱིར་རོ། །དེ་བསྐུར་བའི་དུས་ནི་ནུས་དབང་རྣམས་རྫོགས་པར་ཐོབ་ནས་རྫོགས་པ་རྫོགས་རིམ་ལ་སློབ་པའི་དུས་སུ་བསྐུར་བ་ཡིན་ནོ། །གཉིས་པ་ཡེ་ཤེས་རང་གནས་ཀྱི་དབང་དུ་ན་ཤེས་རབ་ཅེས་སྲིང་མོ་སྟེ་ལོ་བཅུ་དྲུག་མ་ཆས་སུ་བཅུག་པའོ། །ཐབས་ཞེས་པ་སློབ་བུ་ཉིད་དོ། །དེ་ལྟར་ཡབ་ཡུམ་གཉིས་ཀྱིས་ལྷའི་སྐུ་ཕྱག་རྒྱར་གསལ་བས་རོལ་བ་ལས་བྱུང་བའི་བདེ་བའི་རང་བཞིན་སྒྲ་དབྱངས་ཀྱི་ཡིག་འབྲུའི་ཚོགས་སུ་གསལ་བ་དེའི་བདེ་བའི་རྒྱུན་ནོ། །དེ་ཡང་ཐལ་རྒྱུད་ལས། རང་སྣང་སྐུ་ཡི་འཁོར་ལོ་ལས། །རང་བཞིན་གསུང་གི་དཀྱིལ་འཁོར་ཉིད། །ཅེས་གསུངས་པའི་ཕྱིར་རོ། །དེ་ཡང་དབབ་པའི་ཐབས་ཀྱིས་རྡོ་རྗེའི་ལམ་དུ་ཕབ་ནས་ཡུམ་གྱི་པདྨར་གཟུང་བའི་ཐབས་ཀྱིས་བཟུང་སྟེ་འཁྱིལ་བ་དེའི་ཚེ་བསྐུར་བའི་གནས་རིག་པའི་ཕོ་བྲང་དུ་ཉམས་སུ་མྱོང་བ་སྟེ། ཇི་སྐད་དུ། གནས་ནི་རིག་པའི་ཕོ་བྲང་དུ། །ཞེས་པའི་དོན་ནོ། །དེ་ལྟར་རྡོར་པད་ཀྱི་རྩེ་ནས་ཕན་ཚུན་བསྣོལ་མར་དགོད་དེ་སྤྱི་གཙུག་བདེ་ཆེན་ནས་བཅུ་དྲུག་ཏུ་བབ་དེ་བཞིར་ཟགས་ཏེ། དེ་ཉིད་ལས། སྡེ་ཚན་བརྒྱད་དང་ཕྱེད་པ་དང་། །ཁྱབ་འཇུག་གསུམ་ཡང་དེ་བཞིན་ཏེ། །ཞེས་གསུངས་པ་ཡིན་ནོ། །དེ་མགྲིན་པར་གཅིག་ཏུ་འདྲིལ། ཡང་བཞིར་ཟགས་ཏེ་སྙིང་གར་གཅིག་ཏུ་འདྲིལ། དེ་རྡོ་རྗེའི་ལམ་ནས་བཅུ་དྲུག་ཏུ་བབ། དེའི་ཕྱེད་བརྒྱད་དང་དེའི་ཕྱེད་བཞིར་གྱུར་ཏེ་རྡོ་རྗེའི་རྩེར་གཅིག་ཏུ་འདྲིལ་བ་ལྟར་ཡུམ་ལའང་དེ་བཞིན་ནོ། །དེ་ལྟར་ཡབ་ཡུམ་གཉིས་ཅར་ལ་བདེ་བ་བཅུ་དྲུག་བཅུ་དྲུག་བཀོད་པ་དེ་ཕན་ཚུན་གཅིག་ལ་གཅིག་བསྟིམ་ཞིང་བུའི་སེམས་ཉིད་བདེན་པ་དབྱེར་མེད་པའི་དཀྱིལ་འཁོར་དོན་དམ་འོད་གསལ་གྱི་ཡེ་ཤེས་སུ་བསྒྱུར་བའོ། །ཡང་དེ་ཉིད་ལས། རིམ་པར་བཀོད་པ་རང་སྣང་བས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ཅིའི་ཕྱིར་ཡེ་ཤེས་རང་གནས་ཞེས་བྱ་ན། ཉམས་སུ་མྱོང་བའི་ཡེ་ཤེས་དེ་རང་གི་རྒྱུད་ལ་གསལ་བའི་ཕྱིར་རོ། །དེ་བསྐུར་བའི་དུས་ནི་གསང་དབང་ཐོབ་པའི་རྗེས་སུའོ། །གསུམ་པ་བདེ་བ་ཆེན་པོའི་དབང་དུ་ནི། ཤེས་རབ་ཅེས་པ་ཡུམ་ལོ་བཅུ་གཉིས་མ་ཉི་ཟླ་དང་ལྡན་པ་ཆས་སུ་བཅུག་པའོ། །ཐབས་ཀྱི་ཞེས་པ་བུ་ཉིད་དོ། །དེ་གཉིས་ཀ་སྐུ་ཕྱག་རྒྱར་གསལ་བས་རོལ་པ་ལས་བྱུང་བའི་བྱང་སེམས་འདྲེས་པའི་བདེ་བ་ཉིད་གོང་ལྟར་ཡིག་འབྲུའི་ཚོགས་སུ་གསལ་བའི་ཚེ། དེ་ཉིད་ཡབ་ཡུམ་གཉིས་ཀྱི་རྩ་བའི་དགའ་བ་བཞི་ནི། གླང་པོ་རབ་འབོག་ལས། བླ་མས་ལྷན་སྐྱེས་ཡེ་ཤེས་སྟོན། །ཤེས་རབ་ཡེ་ཤེས་དབང་བསྐུར་བས། །དགའ་བ་མཆོག་དགའ་དག་འབྲལ་དང་། །ལྷན་ཅིག་སྐྱེས་པའི་དགའ་བ་ཡིས། །ཞེས་པས། རེ་རེ་ལའང་བཞི་བཞིའི་ཕྱིར་བཅུ་དྲུག་བཅུ་དྲུག་ཏུ་བཀོད་པ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སོ། །ཡབ་ཀྱི་དགའ་བ་རེ་རེ་ཡང་སེམས་ལྔ་ལྔ་དང་ལྡན་པ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ། དེ་ལྟར་ལྷན་སྐྱེས་ཀྱི་བདེ་བ་བར་མ་ཆད་པའི་རྒྱུན་དང་བཅས་པ་རྡོ་རྗེའི་ལམ་ནས་ཕབ་སྟེ་རྟོག་མེད་མའི་མཁའ་པདྨར་ཐབས་ཀྱིས་བཟུང་བས་འཁྱིལ་བའོ། །དེའི་ཚེ་ཐ་མ་རྫོགས་པའི་སེམས་ཡིན་ཏེ་ཐིག་ལེ་རྡོ་རྗེའི་རྩེ་ནས་ལྡོག་པའི་ཐབས་ཀྱིས་ལྡོག་སྟེ་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་སོགས་རིམ་པར་ཀླད་པ་བདེ་ཆེན་ལ་ཐུག་གི་བར་བསྟིམ་པས་སྔོན་གྱི་གནས་རྗེས་སུ་དྲན་པ་ནི་ལྷན་སྐྱེས་ཡེ་ཤེས་སུ་མངོན་དུ་བྱས་པ་ཡིན་ཞིང་། དེ་ལྟ་བུའི་རྫུ་འཕྲུལ་གྱི་བྱ་བ་ཤེས་པས་ཉོན་མོངས་པས་མ་གོས་པའི་ཕྱིར་པདྨ་སྤྱན་གྱིས་ཡིན་ལ། དེས་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གནས་བསྒྱུར་ཏེ་མི་ཟད་པ་རྒྱན་གྱི་འཁོར་ལོར་གསལ་བ་ནི་འཁོར་ལོ་ཚོགས་ཆེན་གྱི་ས་ཡིན་ཏེ། དེ་ཉིད་ལས། ཡིད་ཀྱི་དྲི་མ་དག་བྱས་ནས། །ས་ནི་ཕྱེད་དང་གསུམ་རྫོགས་པས། །རྣལ་འབྱོར་ཡབ་ཡུམ་འབྲས་ཐོབ་པ། །ཆོས་ཀྱི་སྐུ་ལ་སྦྱོར་བར་བྱེད། །ཅེས་སོ། །དེ་ལ་ཅིའི་ཕྱིར་བདེ་བ་ཆེན་པོ་ཞེས་བྱ་ན་གཉིས་པར་གསལ་བའི་ཡེ་ཤེས་དེ་རྒྱུད་ལ་བརྟན་པའི་ཕྱིར་རོ། །དེ་བསྐུར་བའི་དུས་ནི་གོང་མ་གཉིས་རྫོགས་ནས་སའི་རླུང་ཐུར་དུ་རྒྱུ་བའི་དུས་སུའོ། །ཡང་ཟབ་མོའི་དབང་འདི་རྣམས་ལ་གཞུང་འགའ་ཞིག་ནས། སྣོད་དང་དཀྱིལ་འཁོར་བསྐུར་བའི་དུས། །ངོ་བོ་རྫས་དང་ཐབས་རྒྱུ་རྐྱེན། །གནས་དང་དགོས་ཆེད་བཅུ་ཡིས་བཤད། །ཅེས་པ་ལྟར་ཡང་རུང་བ་ཡིན་ནོ། །དེ་ལྟར་ཕྱི་ནང་གསང་བ་གསུམ་ལ་བཅོ་བརྒྱད་དུ་ཕྱེ་བ་ནི་ཞི་བའི་དབང་དུ་ཡིན་ལ། ཁྲོ་བོ་ལ། ཇི་སྐད་དུ་ཁྲོ་བོ་རྡོ་རྗེ་ལས་རིམ་ལས། རྣམ་གྲངས་རྗེས་སུ་འཇུག་པ་ཡང་། །ལྷ་དབང་ཕྱག་མཚན་རྒྱན་ཆས་དང་། །སྒྲུབ་རྫས་གསང་བ་རྣམ་གསུམ་མོ། །ཞེས་པས་རྣམ་གྲངས་ལྔར་གསལ་བ་ཡིན་ནོ། །དེ་ཡང་དེ་གཉིས་ཅར་ལ་དཀྱིལ་འཁོར་གྱིས་ཕྱེ་ན་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བརྟེན་པ་ནི་ཕྱི་དང་ནང་གི་དབང་ཡིན་ཞིང་། མཁའི་དཀྱིལ་འཁོར་ལ་བརྟེན་པ་ནི་གསང་དབང་ཡིན་ལ། ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་པ་ནི་ཤེས་རབ་ཡེ་ཤེས་ཀྱི་ཡིན་ཏེ། སེམས་ཀྱི་དཀྱིལ་འཁོར་དུ་ཐོབ་པ་ནི་བདེ་བ་ཆེན་པོའི་དབང་ཡིན་ནོ། །དེ་དག་ལམ་གྱི་རིམ་པའི་དབང་དུ་ཟག་བཅས་ཀྱི་ལམ་དུ་དེའི་ལམ་པ་ལ་སློབ་དཔོན་དྲོད་ཐོབ་པས་ཞི་ཁྲོ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་རིགས་ངན་མོ་ཞེས་པ་ལྟར་དངོས་ཀྱི་ཡུམ་ལ་བརྟེན་པ་དང་། བར་ཆད་མེད་པའི་ལམ་དུ་དེའི་ལམ་པ་ལ་སློབ་དཔོན་རིག་འཛིན་གྱིས་ལྷག་མ་ཚོགས་ཀྱི་དཀྱིལ་འཁོར་ཞི་ཁྲོ་གཉིས་སུ་ལྷ་མོ་ཞེས་ཏིང་ངེ་འཛིན་འོད་ཀྱི་ཡུམ་ལ་བརྟེན་ནས་དང་། ཟག་མེད་ཀྱི་ལམ་དུ་དེའི་ལམ་པ་ལ་སློབ་དཔོན་སངས་རྒྱས་ཀྱི་རང་བཞིན་གྱིས་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ཞི་ཁྲོ་གཉིས་སུ་ཡེ་ཤེས་ཀྱི་ཡུམ་ལ་བརྟེན་ནས་དབང་བསྐུར་བ་རྣམས་ནི་རྒྱུད་ཚོད་ཀྱིས་ཕྱེ་བ་དག་ཡིན་ནོ། །འདི་དག་ལ་ཁ་ཅིག་ལམ་དང་པོར་ནུས་པ་ཙམ་འཇོག་ཅིང་གཉིས་པར་ནུས་པ་ཆེར་འཇོག་ལ། གསུམ་པར་ནི་ནུས་པ་དངོས་སུ་འཇོག་པ་ཡིན་ཟེར་བ་ནི་རྣམ་གཞག་ལ་འཁྲུལ་པ་ཡིན་ཏེ། ནུས་པ་འཇོག་ཚུལ་གསུམ་པོ་འདི་བྱེ་བྲག་ཕྱི་ནང་གསང་བ་གསུམ་གྱི་ཁྱད་པར་ཡིན་ཏེ། ཇི་སྐད་དུ་ཐལ་བ་ལས། གང་དུ་དད་དང་བརྩོན་འགྲུས་དང་། །བརྟུལ་ཞུགས་གསུམ་དང་ལྡན་པ་ལ། །ས་བོན་ཙམ་འཇོག་ནུས་བསྐྱེད་ནས། །བདེ་བའི་དབང་ནི་རིམ་བཞིན་སྦྱིན། །ཞེས་ཕན་དབང་གིས་ནུས་པ་ཙམ་འཇོག་ཅིང་ནུས་དབང་གིས་ཆེར་འཇོག་པ་ཟབ་མོའི་དབང་གིས་དངོས་སུ་འཇོག་པར་གསུངས་ལ། དེ་ལྟར་ཕྱི་ནང་གསང་བ་གསུམ་ནི་གོང་གི་ལམ་གསུམ་ཆར་དུ་བསྐུར་དགོས་ཏེ། ཁྱབ་བྱེད་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་སོ། །རྒྱུད་དོན་རྣམ་ངེས་ལས་ལེའུ་བཅུ་པའི་རྣམ་པར་བཤད་པའོ།། ༈ །།ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པ་སྡེབ་ནས་ཚོགས་སྒྲུབ་སྟོན་ཏེ། དེ་ལྟར་རྒྱུད་ཀྱི་བཤད་ཐབས་ཡང་རྡོ་རྗེ་ལྟར་རྐེད་པ་ནས་བཟུང་སྟེ་བཤད་པར་ཞེས་བྱ་སྟེ། འདིའི་ལམ་གྱི་བརྗོད་བྱ་མ་ལུས་པ་འདིར་མཚན་ཉིད་གསུམ་དུ་དྲིལ་ནས་འཆད་པར་བྱེད་དོ། །དེ་ཡང་འདིའི་དགུ་པ་ལས། སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཞེས་པས། ལམ་པའི་བློ་ཆེ་ཆུང་གི་ཁྱད་པར་གྱིས་རིམ་གྱིས་པ་དང་། ཅིག་ཅར་བ་གཉིས་གཉིས་སུ་ཤེས་པར་བྱའོ། །དེ་གཉིས་ཀྱི་ཁྱད་པར་ནི། ཁ་ཅིག་སངས་རྒྱས་ཀྱི་སར་བགྲོད་པའི་དུས་མྱུར་བུལ་དང་། ཁ་ཅིག་སེམས་ལྔ་རྒྱུད་ལ་སྐྱེ་བའི་རིམ་པ་མྱུར་བུལ་ལ་འདོད་ཀྱང་། འདིར་རྗེ་སྒྲོ་ཕུག་པའི་རྗེས་སུ་འབྲངས་ཏེ་བདེན་པ་གསུམ་ཀ་འབྲེལ་མི་འབྲེལ་གྱི་ཁྱད་པར་དུ་བྱས་པར་བཞེད་དེ་དོན་འོག་ཏུ་འཆད་པས་ཤེས་སོ། །དེ་ལྟར་རིམ་ཅིག་ཅར་གཉིས་ཀ་ཡང་མཚན་ཉིད་གསུམ་གྱིས་དོན་མཐར་ཕྱིན་པར་བྱེད་དེ། ཇི་སྐད་དུ་ལྟ་ཕྲེང་ལས། ལམ་གཉིས་ཀ་ཡང་མཚན་ཉིད་གསུམ་གྱིས་དོན་མཐར་ཕྱིན་པར་འགྱུར་ཏེ། ཞེས་གསུངས་པའི་ཕྱིར་རོ། །མཚན་ཉིད་གསུམ་གང་ཞེ་ན་དང་པོ་མདོར་བསྟན་པ་ནི། ལེའུ་བསྒྱུར་ཏེ་བཅུ་གཉིས་པ་ནས་སོ། །དེའི་ཡང་ཚིག་བསྒྱུར་ཏེ་འོག་གི་རྒྱུ་ཞེས་པ་དང་གོང་གི་ཤེས་པ་གཉིས་སྦྱར་ནས་མཚན་ཉིད་ཅེས་པ་གསུམ་ཆར་ལ་སྦྱར་བས། རྒྱུ་ཤེས་པའི་མཚན་ཉིད་དེ་ནི་དང་པོར་ཐོས་བསམ་གྱིས་ལྟ་བ་འཚོལ་བ་ཅིག་ཡིན་ནོ། །ཡང་རྐྱེན་ཞེས་པ་དང་འཇུག་པ་གཉིས་སྦྱར་བས་རྐྱེན་འཇུག་པའི་མཚན་ཉིད་དེ་ནི་ལམ་གྱི་རྣལ་འབྱོར་རྣམས་ཅི་རིགས་པར་བསྒོམ་པ་ཅིག་ཡིན་ནོ། །ཡང་སྨིན་བྱེད་ནི་གོང་གི་ལྟ་སྒོམ་གཉིས་སོ། །དེ་གཉིས་འབྱོར་པས་ཕྱིར་མི་ལྡོག་པའི་གཟུངས་ལ་ཞུགས་པ་ནི་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་དེ། དེ་ནི་གནས་སྐབས་ཀྱི་འབྲས་བུ་རིག་འཛིན་བཞིའོ། །མདོར་ན་ལམ་མཚན་ཉིད་གསུམ་གྱི་ཚུལ་དུ་མཐར་ཕྱིན་པ་དེ་ནུས་པ་མཐུ་ཅན་དུ་གྱུར་པ་གང་ཞེ་ན། རིག་འཛིན་ཞེས་པ་དཔེར་ན་རྒྱལ་པོའི་བུ་ཡིན་པ་ལ་རྒྱལ་རིགས་ཟེར་བ་བཞིན། དང་པོ་དེ་ལས་བྱུང་ཞིང་བར་དུ་དེ་ལ་གནས་པས་ཐ་མ་དེའི་རྒྱུད་མི་སྟོངས་པའི་ཕྱིར་ཏེ། ལྷུན་གྱིས་གྲུབ་པས་ཆོས་སྐུ་དང་། རྒྱ་ཆེན་གྱིས་ལོངས་སྐུའི་དང་། རྣམ་སྨིན་ཚེ་དབང་གིས་སྤྲུལ་སྐུའི་རིག་འཛིན་པ་ཉིད་དེ། དེ་ལྟར་འདིའི་བཅུ་དགུ་པ་ལས། རྒྱལ་བའི་རིགས་མཆོག་འཛིན་པ་དེ། །ཞེས་གསུངས་པའི་ཕྱིར་རོ། །མཐར་ཐུག་པའི་ནི་རྒྱལ་བ་སྐུ་གསུམ་ཉིད་ཞིང་ཐམས་ཅད་དུ་ཡོངས་སུ་གྲགས་པར་འགྱུར་ཞེས་པའོ། །རྒྱས་པ་ལའང་གསུམ་ལས། དང་པོ་རྒྱུ་ཤེས་པ་ལའང་གཉིས་ཏེ། རིམ་གྱིས་པའི་དང་། ཅིག་ཅར་བའི་ལྟ་བ་གཏན་ལ་འབེབས་ཚུལ་ལོ། །དང་པོ་ནི་ལམ་རིམ་ལས། གཞི་དེ་གཏན་ཚིགས་གྲུབ་པའི་དོན། །ཞེས་པས་གསུམ་སྟེ། དེ་ཡང་གཞི་ནི་གང་གཞལ་བྱ་ཆོས་ཅན་དང་། གཏན་ཚིགས་ནི་གང་གིས་འཇལ་བྱེད་གཏན་ཚིགས་དང་། གྲུབ་པའི་དོན་ནི་གང་དུ་གཏན་ལ་ཕབ་པའི་གྲུབ་མཐའོ། །དང་པོ་གཞལ་བྱ་ནི་ལེའུ་འདིའི་གཞུང་ནས་མི་སྟོན་ཀྱང་འོག་གི་གཏན་ཚིགས་འདི་དག་ལ་གཞལ་བྱ་དགོས་པས་ཅུང་ཟད་ངག་དོན་དུ་སྦྱར་ན། སྐབས་དང་དགོས་ཆེད་ཀྱིས་རིགས་གསུམ་དུ་འགྱུར་བ་ཡིན་ཏེ། དེ་ཡང་རྒོལ་བ་དང་ཕྱི་རྒོལ་གཉིས་རྩོད་པའི་ཚེ་བུམ་པ་ལྟ་བུའི་མཐུན་སྣང་དུ་གྲུབ་པ་ཅིག་ཆོས་ཅན་ཡིན་ཏེ། དེ་དེར་བཞག་པས་དེ་ཚད་མས་གྲུབ་པའི་དགོས་པ་ཡོད་དེ། ཇི་སྐད་དུ་གཞུང་གཞན་ལས། རྒོལ་བ་གཉིས་ཀའི་ཤེས་པ་ལ། །ཇི་ཙམ་སྣང་བའི་ཆ་ཡོད་པ། །དེ་ཙམ་དེ་ལ་བརྟེན་ནས་ནི། །དེ་ཚེ་རྗེས་སུ་དཔག་པ་འབྱུང་། །ཞེས་གསུངས་པའི་ཕྱིར་རོ། །ཡང་སློབ་དཔོན་གྱིས་བུ་ལ་གདམས་ངག་འབོགས་པའི་ཚེ་བུའི་ཚོགས་བརྒྱད་ཡུལ་དང་བཅས་པ་དེ་ཆོས་ཅན་ཡིན་ཏེ། དེ་དེར་བཞག་པས་བསྟན་བྱ་གདམས་ངག་དེ་བུའི་རྒྱུད་ཐོག་ཏུ་ཁེལ་བའི་དགོས་པ་ཡོད་དོ། །ཡང་སློབ་དཔོན་གྱིས་བུ་ལ་གཞུང་འཆད་པའི་ཚེ་འཁོར་འདས་ཐམས་ཅད་ཆོས་ཅན་ཡིན་ཏེ། དེ་དེར་བཞག་པས་དེ་དག་གི་ཆོས་ཉིད་གཏན་ལ་ཕེབས་པས་ཤེས་བྱ་ལ་མི་ཤེས་པའི་འཆིང་བ་ལས་གྲོལ་བའི་དགོས་པ་ཡོད་དོ། །དེ་ལྟར་གསུམ་ལས་འདིར་ཕྱི་མ་ལེན་པ་ཡིན་ཏེ། ཇི་སྐད་དུ་རྣམ་བཀོད་ལས། བརྟགས་པའི་སྤྱོད་ཡུལ་གཉིས་ལ་གཞལ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་གཞལ་དུ་མི་བཏུབ་པར་འགྱུར་ཏེ། ཚད་མས་མ་གྲུབ་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། འདིའི་ལུགས་ཀྱི་ཚད་མ་ནི་ཀུན་ཁྱབ་གསུམ་ལ་བྱེད་པའི་ཕྱིར་འགའ་ཞིག་ནི་ལུང་དང་། འགའ་ཞིག་ནི་ཉམས་སུ་མྱོང་བའི་མན་ངག་དང་། འགའ་ཞིག་ནི་རིག་པས་གྲུབ་པའི་ཕྱིར་རོ། །དེ་ཡང་འཁོར་འདས་ཀྱི་རང་མཚན་གཞལ་བྱ་མ་ཡིན་ཏེ། དེ་གཉིས་ཀྱི་ཞེན་སྣང་གཞལ་བྱ་ཡིན་ཞེས་ལེའུ་གསུམ་པར་བསྟན་པར་ལྟར་འདིར་ཡང་འཆད་པ་པོས་རྒྱས་པར་བསྙད་དོ། །གཉིས་པ་གང་གིས་འཇལ་བྱེད་གཏན་ཚིགས་ནི། དགག་སྒྲུབ་གཉིས་སུ་བྱེད་པའི་ལས་ཅན་ཏེ། ཇི་སྐད་དུ་ལམ་རིམ་ལས། དེ་ཕྱིར་གཏན་ཚིགས་ལས་ལ་བརྗོད། །ཅེས་གསུངས་པའི་ཕྱི་རོ། །དེ་ཡང་གཞུང་གཅིག་ལའང་བློ་ཆེ་ཆུང་གི་དབང་གིས་རིམ་གྱིས་གཏན་ལ་འབེབས་པའི་ཚུལ་དང་། ཅིག་ཅར་གཏན་ལ་འབེབས་ཚུལ་གཉིས་སུ་སྦྱར་ཏེ། དང་པོ་ལ་གསུམ་ལས། རྟོགས་པ་བཞི་ནི། རྒྱུ་གཅིག་པ་དང་ཞེས་པ་ལ་འགྲེལ་པའི་དགོངས་པ་ལྟར་ན། གོང་གི་གཞལ་བྱ་འཁོར་འདས་གཉིས་ཆོས་ཅན། རྒྱུ་གཅིག་པ་ཡིན་ཏེ། གཉིས་ཆར་སེམས་ལས་བྱུང་བའི་ཕྱིར་ཏེ། དཔེར་ན་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་དང་མི་རྟག་པར་ངེས་པའི་ཚད་མ་གཉིས་དམིགས་ཡུལ་སྒྲ་གཅིག་པ་བཞིན་ནོ། །རྟགས་དེ་ནི་ཚད་མས་གྲུབ་པ་ཡིན་ཏེ། སེམས་རྟོགས་པ་ལས་འདས་པ་བྱུང་ཞིང་མ་རྟོགས་པ་ལས་འཁོར་བ་བྱུང་བ་དེ་གཉིས་ཆར་སེམས་སུ་གཅིག་པའི་སེམས་ཏེ། ཇི་སྐད་དུ་སྤར་ཁབ་ལས། དེ་གཉིས་ནི་བསལ་བས་ཐ་དད་ཀྱང་ངོ་བོ་གཅིག་སྟེ། ཞེས་པ་དང་། ལེའུ་གཉིས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས། ཞེས་པ་ལ་སོགས་པ་དུ་མ་གསུངས་པའི་ཕྱིར་རོ། །རྟགས་དེ་ལ་བརྟེན་པའི་བློས་འཁོར་འདས་གཉིས་རྒྱུ་སེམས་སུ་གཅིག་པར་རྟོགས་ཤིང་སེམས་ཀྱི་རང་བཞིན་སྟོང་པར་རྟོགས་པ་ཡང་ཤེས་བྱ་སྟོང་པའི་ལྡོག་པ་དོན་དམ་སྐྱེ་མེད་དུ་རྟོགས་པ་ཡིན་ནོ། །ཡིག་འབྲུའི་ཚུལ་ཞེས་པ་ནི་སྔར་གྱི་སྟོང་ཉིད་ཆོས་ཅན། དེ་མཚོན་བྱེད་སེམས་ཉིད་ཡི་གེར་མ་འགགས་པ་ཡིན་ཏེ། རིམ་གྱིས་པ་ལ་ལྟོས་ནས་དབྱིངས་ཡེ་གེས་མཚོན་ནས་རྟོགས་པའི་ཕྱིར། མཛུབ་མོ་དང་རི་བོང་ཅན་བཞིན་ནོ། །དབྱིངས་ཡི་གེས་མཚོན་ནས་རྟོགས་པར་ཡང་། བཞི་པ་ལས། དབྱིངས་ལ་དབྱིངས་ཀྱིས་བྲིས་པས་ན། །ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་དུ་གང་ཡི་གེས་མཚོན་ནས་དོན་རྟོགས་པ་དེ་ཡིག་འབྲུའི་ཚུལ་གྱིས་རྟོགས་པ་ཡིན་པར་ཁོ་བོ་ཅག་འདོད་དེ། ཇི་སྐད་དུ་བཅུ་གསུམ་པ་ལས། ཡི་གེ་སྒྲ་བཏགས་མིང་ཚོགས་ལས། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །ཞེས་གསུངས་པའི་ཕྱིར་རོ། །རྟགས་དེ་ལ་བརྟེན་པའི་བློས་ཡིག་འབྲུའི་ཚུལ་གྱིས་རྟོགས་པ་ཡང་ཤེས་བྱ་སྣང་ལྡོག་ཀུན་རྫོབ་འགག་མེད་དུ་རྟོགས་པ་ཡིན་ནོ། །བྱིན་གྱིས་བརླབས་དང་ཞེས་པ་ནི། དེ་ལྟར་སྣང་སྟོང་གཉིས་པོ་ཆོས་ཅན། དེ་གཉིས་དངོས་སུ་རྟོགས་པའི་བྱིན་རླབས་ལས་དབྱེར་མེད་ཀྱི་རྟོགས་པ་ཤུགས་ལས་བྱུང་བ་ཡིན་ཏེ། དཔེར་ན་རས་དཀར་པོ་དམར་པོར་གཏོང་བའི་ནུས་པ་བརྩོད་ལ་ཡོད་པ་བཞིན་ནོ། །དེ་ལྟར་ཡང་རྔམ་གློག་ལས། སྐྱེ་མེད་དབྱིངས་ཀྱི་བྱིན་རླབས་ལས། །ཆོས་ཀུན་སྣང་བར་ཤེས་པ་དང་། །དེ་ལྟ་བུ་ཡི་རང་བཞིན་ཏེ། །ཞེས་པའོ། །རྟགས་དེ་ལ་བརྟེན་པའི་བློས་བྱིན་གྱིས་བརླབས་ཀྱིས་རྟོགས་པ་ཡང་སྣང་སྟོང་དབྱེར་མེད་ཀྱི་ལྡོག་པ་བདེན་པ་དབྱེར་མེད་སྤྱིའི་མཚན་ཉིད་ཙམ་དུ་རྟོགས་པ་ཡིན་ནོ། །མངོན་སུམ་པ་ཞེས་པ་ནི་རྟགས་ཀྱི་རྗེས་སུ་དཔག་པའི་བསྒྲུབ་བྱ་རྟོགས་པ་ལྟ་བུ་མ་ཡིན་ཡང་། དེ་དང་མི་འགལ་བར་དབྱེར་མེད་རང་མཚན་དུ་རྟོགས་པ་སྟེ། དེ་ཉིད་ལས་ཇི་སྐད་དུ། གཞན་ལ་མ་བརྟེན་མི་འགལ་བར། །མངོན་སུམ་རིག་པས་ཐག་ཆོད་ན། །རྣལ་འབྱོར་ས་ལ་སླེབས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་མངོན་སུམ་བཞི་ལས་རྣལ་འབྱོར་གྱི་མངོན་སུམ་ནི་ཟག་བཅས་ཀྱི་སྐབས་སུ་རྒྱུད་ལ་མ་སྐྱེས་ཤིང་། དབང་པོའི་མངོན་སུ་ནི་བློ་འདི་ལ་ལྟོས་ཏེ་འཁྲུལ་པའི་ཡུལ་ཅན་ཡིན་ཏེ། ཇི་སྐད་དུ་ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་མིག་དང་རྣ་བ་སྣ་དང་ལྕེ་ཡང་ཚད་མ་མིན། །དེ་བཞིན་ལུས་དང་ཡིད་ཀྱང་ཚད་མིན་ཏེ། །ཇི་སྲིད་དབང་པོ་དེ་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་དེ་ལ་ཅི་ཞིག་བྱ། །ཞེས་གསུངས་ཤིང་། ཨ་ཏིའི་གཞུང་ལས་ཀྱང་། དབྱིབས་དང་ཁ་དོག་དབང་པོའི་སྤྱོད་ཡུལ་མིན། །ཞེས་གསུངས་པའི་ཕྱིར་རོ། །ཡིད་ཀྱི་མངོན་སུམ་ལ་སྒྲུབ་བྱེད་ཀྱི་ཚད་མ་མེད་པས། འདིར་རང་རིག་གི་མངོན་སུམ་སྟེ་ཤེས་བྱའི་གནས་ལུགས་ཇི་ལྟར་ཡིན་པའི་དོན་ལ་སྒྲིབ་གཡོགས་དང་བྲལ་བར་རྟོགས་པ་ཅིག་ཡིན་ཏེ། ཀུན་བྱེད་ལས། མངོན་སུམ་མཐོང་བའི་མིག་མེད་མངོན་སུམ་མཐོང་བའི་མིག །དེ་ཕྱིར་ཐམས་ཅད་མཁྱེན་པའི་སྤྱན་ཞེས་དེ་ལ་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་རྟོགས་པ་བཞི་པོ་འདི་དག་སྔ་མའི་བསྒྲུབ་བྱ་ཕྱི་མའི་གཞལ་བྱ་སྟེ། ར་ཟམ་པ་ལ་སྦྲེངས་པ་ལྟར་རིམ་པར་སྐྱེ་བའི་ཕྱིར་རིམ་གྱིས་པའི་རྟོགས་ཚུལ་ཡིན་ནོ། །དེ་ལས་བསྐྱེད་དུ་བྱར་མེད་པས་རབ་ཏུ་རྟོགས་པ་ཞེས་བྱ་སྟེ། དེའི་རྣམ་གྲངས་ནི་གོང་གི་རྒྱུ་གཅིག་པ་ལ་སོགས་རྣམ་པ་བཞི་ཡིས་གཏན་ལ་ཕབ་པས་གཞལ་བྱ་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་དོན་མངོན་དུ་བྱས་པའི་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཕྱིར་རྒྱལ་པོ་ཡིན་ལ་དེ་ཁྱད་པར་དུ་འཕགས་པས་ཆེ་ཞེས་བྱའོ། །གཉིས་པ་དག་པའི་གཏན་ཚིགས་ལ་ཡང་གསུམ་ལས། དང་པོ་ནི་སྣོད་ཅེས་པ་འབྱུང་བ་སྟེ། དེ་ཆོས་ཅན། རིགས་ཀྱི་ཡུམ་ལྔར་དག་པ་ཡིན་ཏེ། དེ་ལྟར་རྟོགས་ཤིང་བསྒོམས་ན་དེ་ལྟར་སྣང་དུ་རུང་བའི་ཕྱིར་རོ། །ཡང་བཅུད་ཅེས་པ་ཕུང་པོ་ལྔ་ཡང་རིགས་ཀྱི་ཡབ་ལྔ་དང་། རྒྱུད་ཅེས་པ་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱང་ཡེ་ཤེས་ལྔར་དག་པའི་གཏན་ཚིགས་ཀྱིས་བསྒྲུབ་པ་གོང་དང་འདྲའོ། །དེ་དག་གི་མཐུན་དཔེ་ནི་ཟད་པར་གྱི་སྐྱེ་མཆེད་གོམས་པ་ལྟ་བུ་སྟེ། རྟགས་དེ་ལྟར་རྟོགས་ཤིང་གོམས་པ་ལྟར་སྣང་བར་མ་གྲུབ་བོ་ཞེ་ན། ཇི་ལྟར་བརྟགས་པ་དེ་ལྟར་སྣང་བ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་གཅིག་ཏུ་མ་ངེས་པའི་ཕྱིར་དཔེར་ན་བུམ་པ་གཅིག་ཉིད་བདེན་དོན་བཅུ་བདུན་དུ་དུས་གཅིག་ལ་སྣང་བ་བཞིན་ནོ། །དེ་ལྟར་ཨ་ཏིའི་གཞུང་ལས། རང་བཞིན་གཅིག་ཏུ་མ་ངེས་པས། །ཇི་ལྟར་བརྟགས་པ་དེ་ལྟར་སྣང་། །ཞེས་གསུངས་པ་ཡིན་ནོ། །དེ་དག་གི་བྱེ་བྲག་གཟུགས་ཕུང་རྣམ་སྣང་དུ་མ་ངེས་ཏེ་རིན་འབྱུང་ཡིན་ནོ་ཞེས་མ་ངེས་པའི་ལྟར་སྣང་དུ་འགྱུར་བ་ནི་ལེའུ་དང་པོར་སྤངས་ཟིན་ནོ། །ཐ་མ་མཉམ་པའི་གཏན་ཚིགས་ལ་ཡང་ཐུན་མོང་གི་དང་། ལྷག་པའི་མཉམ་པ་གཉིས་ལས། དང་པོ་ནི་ཆོས་ཐམས་ཅད་དོན་དམ་སྐྱེ་མེད་དུ་དང་། ཀུན་རྫོབ་སྒྱུ་མར་མཉམ་པ་གཉིས་སོ། །གཉིས་པ་ནི། དོན་དམ་ཉིད་སྣང་བ་ངོ་བོ་ཉིད་ཀྱི་རྒྱུ་ལྷུན་གྱིས་གྲུབ་པས་ལྷག་ཅིང་། ཀུན་རྫོབ་སྣང་བ་ཉིད་རང་བཞིན་མེད་པས་ལྷག་པའི་ཕྱིར་རོ། །འོ་ན་བདེན་པ་དབྱེར་མེད་དང་སྤྱོད་ཡུལ་དང་བྲལ་བ་གཉིས་ལ་གང་གིས་ལྷག་ཅེ་ན། དེ་གཉིས་ལ་ལྷག་ལུགས་མི་དགོས་ཏེ། འདིར་ལྷག་པ་ནི་རྒྱུའི་ཐེག་པ་ལས་ཁྱད་པར་འཕགས་པ་ཡིན་ལ། དེ་གཉིས་རྒྱུའི་ཐེག་པ་ལ་མེད་པའི་ཕྱིར་རོ། །དེ་ལྟར་ཐུན་མོང་མ་ཡིན་པའི་མཉམ་པ་གཉིས་ཀྱིས་གཞལ་བས་ཆོས་ཐམས་ཅད་བདེན་པ་དབྱེར་མེད་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ་གཏན་ལ་ཕབ་པ་ནི། བདེན་པ་ཐ་དད་དུ་འཛིན་པའི་སྤྱོད་ཡུལ་དག་པ་ལ་ཀུན་ཏུ་བཟང་པོ་རང་བཞིན་ཏེ། དེ་ནི་ངོ་བོ་ཉིད་ཀྱིས་དག་པར་གནས་པའི་ཕྱིར་ཞིང་ཞེས་བྱའོ། །དེ་ལྟར་མཉམ་པའི་དོན་རྟོགས་ན་སྒོ་གསུམ་གྱིས་ཇི་ལྟར་བྱེད་ཅིང་སྤྱོད་པ་ཐམས་ཅད་མ་འགག་པར་བསོད་ནམས་དང་དེ་དག་ཏུ་མ་དམིགས་པ་ཡེ་ཤེས་ཀྱི་ཚོགས་ཆེན་པོ་གཉིས་སུ་གྱུར་ནས་རང་བཞིན་འབྲས་བུ་མཐར་ཕྱིན་པ་ལ་སྦྱོར་བའོ། །དེ་ལྟར་ན་གཏན་ཚིགས་འདི་དག་གི་སྐབས་སུ་འདི་ལྟ་བུ་ཅིག་དཔྱད་པའི་ཡུལ་དུ་མཐོང་སྟེ། གཞལ་བྱ་ཞེན་སྣང་ཅིག་ལ་གཏན་ཚིགས་ཀྱི་སྒོ་དག་མཉམ་རྟོགས་པ་གསུམ་པོ་དེས་དུས་གཅིག་ཏུ་འཇལ་ལམ། རེ་མོས་སུ་འཇལ། དང་པོ་ལྟར་ན་ཤེས་རྒྱུད་གཅིག་ལ་རྟོག་པ་གསུམ་དུས་གཅིག་ཏུ་སྐྱེ་བར་འགྱུར་ཏེ། འཇལ་བྱེད་བློ་རྫས་གསུམ་གྱིས་དུས་གཅིག་ཏུ་འཇལ་བའི་ཕྱིར་རོ། །དེའི་རྟགས་ཁས་བླངས་ཤིང་། ཁྱབ་པ་ཚད་མས་གྲུབ་ལ། འདོད་ན། ཇི་སྐད་དུ། རྣམ་འགྲེལ་རྟོག་གཉིས་ཅིག་ཅར་འཇུག་པ་མེད། །ཅེས་པའམ། འགྲོ་ལ་ཤེས་རྒྱུད་གཉིས་མེད་ལྡན། །ཞེས་བཤད་པས་གསལ་ལོ། །གཉིས་པ་ལྟར་ན་གཏན་ཚིགས་གསུམ་པོ་ཟློས་པར་འགྱུར་ཏེ། གཞལ་བྱ་གཅིག་ལ་གཏན་ཚིགས་གསུམ་གྱིས་རེ་མོས་སུ་འཇལ་བའི་ཕྱིར་རོ་ཞེས་ཟེར་བ་དག་སྲིད་ནའང་། ལན་དུ་འདི་ལྟར་འཐད་པར་སེམས་ཏེ། དེ་དག་དུས་གཅིག་ཏུའང་རེ་མོས་སུ་འཇལ་ན་དེ་ལྟར་བདེན་མོད་ཀྱི། འདིར་ནི་གཉིས་གང་ཡང་མ་ཡིན་ཏེ། བསྒྲུབ་བྱ་བསྒྲུབ་འདོད་ལ་རགས་ལས་པ་ཡིན་ནོ། །དེའི་དོན་ཡོངས་གཅོད་དུ་བསྒྲུབ་བྱ་ལྟ་བའི་རང་མཚན་རྟོགས་པར་འདོད་པས་རྟོགས་པའི་གཏན་ཚིགས་ཀྱིས་འཇལ་ལ། རྣམ་བཅད་དུ་དགག་བྱ་ལོག་ལྟོག་དག་པར་འདོད་པས་དག་པའི་གཏན་ཚིགས་ཀྱིས་འཇལ་ཞིང་། དགག་སྒྲུབ་གཉིས་དང་བྲལ་བར་འདོད་པས་མཉམ་པའི་གཏན་ཚིགས་ཀྱིས་འཇལ་བ་ཡིན་སྙམ་དུ་སེམས་ཏེ། སྔོན་ཆད་མཁས་པ་རྣམས་ཀྱིས་འདི་ལ་བརྟགས་ཤིང་དཔྱད་པར་མ་མཐོང་ངོ་། །ཡང་ཁ་ཅིག་འདིར་གཏན་ཚིགས་ཀྱིས་གཞལ་བྱ་གཏན་ལ་འབེབས་པ་འདི་ལེའུ་གསུམ་པ་དང་ཟློས་སོ་ཞེ་ན། མི་ཟློས་ཏེ། གསུམ་པ་ཤེས་བྱ་ལ་གནས་ཚུལ་དུ་གཏན་ལ་འབེབས་པ་ཡིན་ཞིང་། འདིར་ལམ་པས་རྟོགས་ཚུལ་དུ་གཏན་ལ་འབེབས་པའི་ཕྱིར་སྙམ་མོ། །ད་ནི་གཉིས་པ་ཅིག་ཅར་བས་རྒྱུ་ཤེས་པ་ལྟར་གཏན་ལ་འབེབས་ཚུལ་ལའང་གསུམ་ལས། གཞུང་སྔ་མ་སྟེ། དང་པོ་རྟོགས་པ་བཞི་ནི་རྒྱུ་གཅིག་པ་དང་ཞེས་པས་འཁོར་བའི་རྒྱུ་མ་རིག་པ་དང་། འདས་པའི་རྒྱུ་ཡེ་ཤེས་གཉིས་དོན་དམ་སྤྲོས་བྲལ་དུ་གཅིག་ཅིང་ཀུན་རྫོབ་སྒྱུ་མ་ཡང་གཅིག་ལ་བདེན་པ་དབྱེར་མེད་དུ་ཡང་གཅིག་པར་རྟོགས་པས་ཏེ། ཇི་སྐད་དུ་རྔམ་གློག་ལས། རྒྱུ་ནི་བདེན་གཉིས་གཅིག་པ་རུ། །གཅིག་པས་གཅིག་པའི་མཚན་ཉིད་དང་། །ཞེས་གསུངས་པའི་ཕྱིར་རོ། །ཡིག་འབྲུའི་ཚུལ་ཞེས་པ་ཡི་གེ་གསུམ་གྱིས་མཚོན་ནས་བདེན་པ་དབྱེར་མེད་དུ་རྟོགས་པ་སྟེ། ཨས་མཚོན་ནས་སྐུ་དབྱེར་མེད་དོན་དམ་དུ་དང་། དེ་ལ་ན་རོ་མ་འགགས་པ་ཨོ་ཡིས་མཚོན་ནས་གསུང་འགག་མེད་ཀུན་རྫོབ་ཏུ་དང་། དེ་ལ་ཀླད་ཀོར་བཞག་པ་ཨཱོཾ་གྱིས་མཚོན་ནས་ཐུགས་སྐྱེ་འགག་དབྱེར་མེད་དུ་རྟོགས་པའོ། །བྱིན་གྱིས་བརླབས་དང་ཞེས་པ་རས་དཀར་པོ་དམར་པོར་གཏོང་བའི་མཐུ་བཙོད་ལ་ཡོད་པ་ལྟར་རྟོགས་པ་གོང་མའི་མཐུ་ངོ་ཤེས་པ་ལས་ཀྱང་ཡིན་གྱི། འདིར་ཡི་གེ་འབྲུ་གསུམ་གྱིས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་སྣང་བ་ཐམས་ཅད་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབ་པ་སྟེ། རྔམ་གློག་ལས། སྐུ་གསུང་ཐུགས་ཀྱི་ཡི་གེ་རུ། །ཆོས་ཀུན་རང་བཞིན་གཅིག་པ་དང་། །ཞེས་པ་བཞིན་ནོ། །མངོན་སུམ་པ་ནི་གོང་གི་རིམ་གྱིས་པ་དང་འདྲའོ། །འོ་ན་རིམ་ཅིག་ཅར་གཉིས་ཁྱད་མེད་པར་འགྱུར་རོ་ཞེ་ན། མངོན་སུམ་པ་ནི་རྟོགས་པ་རང་གི་ངོ་བོ་ཡིན་པའི་ཕྱིར་འདི་ལ་ལྟོས་ནས་འདོད་པ་ཡིན་ལ། རྟོགས་ཚུལ་ལ་ལྟོས་ཏེ་ཁྱད་པར་མེད་པའི་རྒྱུ་མཚན་མ་གྲུབ་བོ། །གལ་ཏེ་མངོན་སུམ་པར་རྟོགས་པའི་སྐབས་འདིར་དབྱེར་མེད་རང་མཚན་དེ་རྟོགས་པ་ཡིན་ནམ་མ་ཡིན། ཕྱི་མ་ལྟར་ན་མངོན་སུམ་པའི་རྟོགས་པ་མ་ཡིན་པར་འགྱུར་ལ། དང་པོ་ལྟར་ན་གཏན་ཚིགས་བྱས་ན་གྲུབ་མཐའ་མེད་ལ། གྲུབ་མཐའ་བྱས་ན་གཏན་ཚིགས་མེད་དོ་ཞེ་ན། མ་ཡིན་ཏེ། ཞོར་སེལ་ཞོ་བསྒྲུབ་ཞེས་བྱ་བ། དཔེར་ན་དངོས་པོའི་སྟེང་དུ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ཞོར་ལ་རྟག་པ་སེལ་བ་ལྟར། དབྱེར་མེད་རང་མཚན་རྟོགས་པས་མ་རྟོགས་པ་དང་ཐ་དད་ལ་སོགས་འགལ་ཟླ་ཞོར་ལ་སེལ་ཞིང་། དེ་བསལ་བས་རྟོགས་པ་རང་གི་ངོ་བོ་ཞོར་ལ་གྲུབ་པའི་ཕྱིར་ན་གཏན་ཚིགས་ཡིན་ཞིང་། ཞོར་སེལ་ཞོར་བསྒྲུབ་དེ་ལྟ་བུ་དང་བྲལ་བར་ཕྱིར་ན་གྲུབ་མཐའ་ཡིན་ཏེ། དཔེར་ན་ཉན་རང་དགྲ་ལྷ་འབར་ལ་བུ་གཅིག་བཙས་མ་ཐག་དེས་དགྲ་གཉེན་གཉིས་ལ་ཕན་གནོད་མ་བྱས་ཀྱང་དེ་གཉིས་ལ་དགའ་མི་དགའ་གཉིས་སུ་བྱུང་བ་བཞིན་ནོ། །གཉིས་པ་དག་པ་ནི་སྣོད་འབྱུང་བ་དང་བཅུད་ཕུང་པོ་དང་ཤེས་པའི་རྒྱུད་ཚོགས་བརྒྱད་རྣམས་ཀུན་རྫོབ་ཏུ་རིགས་ཀྱི་ཡབ་དང་ཡུམ་དང་ཡེ་ཤེས་སུ་དག་ཅིང་། དོན་དམ་དུ་དེ་དག་ཆོས་ཀྱི་དབྱིངས་སུ་དག་པར་རྟོགས་ཤིང་དེ་ལ་གནས་པའོ། །གསུམ་པ་མཉམ་པ་ནི། ཐུན་མོང་གི་མཉམ་པ་གཉིས་དང་ལྷག་པའི་མཉམ་པ་གཉིས་ལ་སོགས་པའི་ཐ་སྙད་ཀྱིས་སྟོངས་ཏེ། ཤེས་བྱ་ཐམས་ཅད་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ་གཅིག་པས། ཆོས་ཐམས་ཅད་ཡེ་ནས་མཉམ་པ་ཉིད་ཡིན་དོན་ལ་དེ་རྟོགས་ཀྱི་བློས་དགག་སྒྲུབ་ཏུ་འཛིན་པ་ཡོངས་སུ་དག་པའི་ཕྱིར་ཀུན་ཏུ་བཟང་པོ་ཡིན་ཏེ། ཀུན་བྱེད་ལས། མི་ལེན་མི་འདོར་མཉམ་པའི་རྒྱལ་པོར་གནས། །ཞེས་གསུངས་པ་བཞིན་ནོ། །དེའི་ཞིང་ནི་མཉམ་པ་ཉིད་ཡིན་ཏེ། ཇི་སྐད་དུ་སྤར་ཁབ་ལས། ངོ་བོ་ཉིད་ཀྱི་ཞིང་ཁམས་ཞེས་བྱ་བ་ཁོ་ནའོ། །ཞེས་པ་དང་། བཅུ་དགུ་པ་ལས། མཉམ་ལ་མཉམ་པར་སྦྱོར་བ་ཡི། །ཞེས་པ་བཞིན་ནོ། །བློ་དེ་ལ་ལྟོས་ཏེ་གོང་ལྟར་གཞལ་བྱ་དང་གཏན་ཚིགས་དང་གྲུབ་མཐའ་གསུམ་དུ་འཛིན་པ་དང་བྲལ་བ་ཡིན་ཏེ། ཇི་སྐད་དུ་ལམ་རིམ་ལེའུ་ཐ་མ་ལས། ཆོས་དང་ཆོས་ཅན་ཀུན་བྲལ་བ། །རང་སྤྱི་དབྱེར་མེད་དུས་གཅིག་ཏུ། །མི་ཕྱེད་རྡོ་རྗེ་ཐུགས་མཆོག་གོ། །ཞེས་གསུངས་པའི་ཕྱིར་རོ། །སྤྱི་དོན་གསུམ་པ་གཏན་ལ་ཕབ་པའི་གྲུབ་མཐའ་ནི། བསྒྲུབ་བྱ་ལ་འཁྲུལ་པ་དང་བྲལ་བ་ཞིག་ཡིན་པ་དེ་ནི་ཚིག་བསྒྱུར་ཏེ་འོག་གི། རྫོགས་པའི་སངས་རྒྱས་ཞེས་པ་དེ་ཡིན་ནོ། །འཁྲུལ་པ་ནི་དེ་རང་གི་སེམས་ལས་གཞན་དུ་འཛིན་པ་ཞིག་ཡིན་ཏེ། དེས་ན་ཡང་གོང་ན་འཁྲུལ་པ་ལས་ཡོད་པའི་ཤར་ལ་སོགས་པ་ཕྱོགས་བཅུ་དང་། འདས་མ་འོངས་ལ་སོགས་པ་དུས་བཞི་གང་ནས་བཙལ་ཀྱང་། ཡང་འོག་ནས། རྫོགས་པའི་སངས་རྒྱས་རྙེད་པར་མི་འགྱུར་ཏེ། ཇི་སྐད་དུ་སྤར་ཁབ་ལས། སངས་རྒྱས་ནི་གདུལ་བྱའི་དབང་གིས་བཏགས་སུ་ཟིན་ཀྱང་ངོ་བོ་ཉིད་ཀྱིས་བསྟན་པར་དཀའ་བའི་ཕྱིར་ཞེས་པ་བཞིན་ནོ། །འོ་ན་གང་དུ་བཙལ་ཞེ་ན། རང་གི་སེམས་ཉིད་ཡེ་ནས་རྫོགས་པའི་སངས་རྒྱས་ཡིན་ལ་དེ་ལྟར་ཤེས་པ་ནི་བདག་ཞལ་བདག་གིས་མཐོང་བས་ཏེ། ཇི་སྐད་དུ་འདི་ཉིད་ལས། མ་ལུས་བདག་ཉིད་ཞལ་མཐོང་བ། །དབང་བསྒྱུར་མཆོག་ཉིད་དམ་པ་ཡིན། །ཞེས་པ་དང་། རྡོ་རྗེ་ལས་ཀྱང་། རང་བཞིན་གནས་ཕྱིར་གནས་ནས་འོང་བ་མེད། །ཞེན་པ་ལོག་ནས་བདག་ཞལ་བདག་གིས་མཐོང་། །ཞེས་གསུངས་པ་ཡིན་ནོ། །དེས་ན་སངས་རྒྱས་ཞེས་ནི་རང་གི་སེམས་ལས་གཞན་དུ་མ་འཚོལ་ཅིག་ཅེས་གདམས་པ་སྟེ། གོང་གི་གཏན་ཚིགས་དེ་དག་གིས་སེམས་ལས་གཞན་དུ་འཛིན་པ་བཀག་ནས་རང་གི་སེམས་སངས་རྒྱས་སུ་རྟོགས་པ་ནི་བསྒྲུབ་བྱ་གྲུབ་པའི་མཐའ་ཡིན་ནོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ལ་ཡང་རིམ་གྱིས་པ་དང་། ཅིག་ཅར་བ་གཉིས་སོ། །དང་པོ་ལ་ཡང་གཉིས་ཏེ་གང་གིས་གང་དུ་གང་ལ་བརྟེན་ཏེ་ནམ་གྱི་ཚེ་སྒྲུབ་པ་བཞི་ཕུན་སུམ་ཚོགས་པ་དང་། གང་ཇི་ལྟར་གྲུབ་པ་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་གཉིས་ལས། དང་པོ་སྒྲུབ་པ་པོ་ནི་ཚིག་བསྒྱུང་ཏེ་འོག་ནས་རྣལ་འབྱོར་ཞེས་པ་སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་རྒྱལ་པོ་དང་། འཁོར་ཕུན་སུམ་ཚོགས་པ་རྒྱས་ཐེབས་ནས་རྡུལ་ཕྱགས་སྐྱེས་བུ་ཡན་ཆད་ཕོ་མོ་དུ་མ་འཚོགས་པའོ། །དེ་དག་གི་མཚན་ཉིད་འཇུག་སྤྱོད་ཀྱི་ཆོས་བཅོ་ལྔ་ཚང་བ་སྟེ་ལེའུ་དགུ་པ་བཤད་པ་ལྟར་གོང་ནས་ལྷའི་ཡན་ལག་ལྔ་པོ་མཉམས་ཤིང་། སྒྲུབ་པའི་ཡོ་བྱད་ལྔ་དང་ལྡན་ནས་ལམ་གྱི་རིམ་པའི་ཆོ་ག་ལྔ་རྫོགས་པས་བསྒྲུབ་བྱ་གྲུབ་པར་ཤེས་པའི་ཕྱིར། ཡང་འོག་ནས་བསྒོམ་བྱ་ཚོགས་ཀྱི་དཀྱིལ་འཁོར་གྱིས། ངེས་པར་འབྲས་བུ་གྲུབ་སྟེ་ལེགས་པ་ནི་གནས་སྐབས་ལ་དགོངས་པ་སྟེ་མཐར་ཐུག་གི་འབྲས་བུ་འགྲུབ་པའོ། །གནས་དང་ཡོ་བྱད་ཕུན་སུམ་ཚོགས་པ་གཉིས་ལ། དང་པོ་གང་དུ་བསྒྲུབ་པའི་གནས་ནི་འཚོ་བ་ཡོ་བྱད་ཀྱི་དང་། ཏིང་ངེ་འཛིན་དང་། སྲོག་གི་དང་བར་ཆད་གསུམ་མེད་པ་སྟེ་མཚན་ཉིད་ནི་ལེའུ་དགུ་པར་བཤད་ཟིན་ཏོ། །དང་ཞེས་པ་གཞན་སྡུད་པ་སྟེ་གནས་དེར་སློབ་དཔོན་གྱི་བསག་བྱ་སྒྲུབ་རྫས་རྣམས་དང་། འཁོར་གྱི་བསག་བྱ་བཟའ་བ་དང་བཏུང་བའི་ཡོ་བྱད་ལ་སོགས་ལོངས་སྤྱོད་དང་། ཐུན་མོང་དུ་བསག་བྱ་རྐྱེན་ཟློག་རྣམས་སོ། །ཅི་བདེ་ཞེས་པ་དེ་དག་འབྱོངས་པས་བདེ་བར་ལོངས་སྤྱོད་དུ་ཡོད་པའོ། །དེ་དང་གོང་གི་ཡན་ལག་བཅོ་ལྔ་པོ་མ་ཉམས་ཤིང་རྟོགས་གོམས་ཀྱི་བློ་དང་ནི་རབ་ཏུ་ལྡན་པས་བསྒྲུབ་པ་ལ། དང་པོ་དམ་མནོས་ཞེས་པ་ནི་ཁ་ཅིག་ཞག་གྲངས་དམ་མནོས་པ་ལ་འདོད་པ་ནི་མ་ཡིན་ཏེ། དམ་མནོས་པ་དེས་མི་འགྲུབ་པ་དང་དེ་མི་དགོས་པ་ཡང་སྲིད་པའི་ཕྱིར་རོ། །འོ་ན་གང་ཞེ་ན་ཞི་ཁྲོའི་ཚོམ་བུ་གང་སྒྲུབ་དང་པོར་དམ་ནོས་པ་བཞིན་དུ་མཐར་ཕྱིན་པར་བྱ་བའོ། །དེ་ལྟར་སྒྲུབ་པའི་ཚེ་སྤང་བྱ་ལེ་ལོ་དང་སྒྱིད་སྙོམས་རྣམས་སྤངས་ཏེ་མེད་པ་ཡིས་དངོས་གྲུབ་ཀྱི་གེགས་ཐེ་ཚོམ་ཡིན་ལ་དེ་དང་བྲལ་བ་སྟེ་མེད་པར་བསྒྲུབ་བྱ་བསྒྲུབས་པར་བྱས་ན། འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་རང་བཞིན་གྲུབ་པར་འགྱུར་ཏེ། གང་ཞེ་ན། ཡོན་ཏན་ལྷུན་གྱིས་གྲུབ་པས་རྡོ་རྗེ་ལ་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་ཅིང་བསྒྲུབ་བྱ་གཞན་ལས་ཁྱད་པར་དུ་གྱུར་པས་མཆོག་དམ་པ་ཡིན་ལ། དེ་རང་རིག་ལ་མངོན་དུ་གྱུར་པས་ཐོབ་ཅེས་བརྗོད་པའོ། །དུས་ཕུན་སུམ་ཚོགས་པ་ནི་ཚིག་གོང་འོག་བསྒྱུར་ནས་སྤྱིར་ཚོགས་སྒྲུབ་ཀྱི་དུས་བཞི་སྟེ། སྒྲུབ་པ་ལ་འཇུག་པའི་དང་། དཀྱིལ་འཁོར་འབྲི་བའི་དང་། དངོས་གྲུབ་ལེན་པ་དང་། ཟག་མེད་ལ་སྦྱོར་བའི་ཞག་གི་དུས་སོ། །དེ་དག་རྒྱུད་འདི་ཉིད་ཀྱི་ལེའུ་དགུ་པ་དང་། རྒྱུད་གཞན་ལས་ཀྱང་སྨོས་པ་བཞིན་དུ་བཤད་དེ། དང་པོ་ནི་གཟའ་སྐར་ཚེས་གྲངས་བཟང་པོ་ལ་འཇུག་པ་སྟེ། དེ་ནི་བམ་བརྒྱད་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཞེས་པ་དང་། ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་པ་བཞིན་ནོ། །གཉིས་པ་ཡང་དེ་ཉིད་ལས། སྔ་དྲོའི་དུས་སུ་དཀྱིལ་འཁོར་འབྲི། །ཞེས་པའོ། །གསུམ་པ་ནི་སྐྱ་རེངས་ཤར་བའི་དུས་སོ། །ཐ་མ་ནི་འདིའི་དགུ་པ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་གཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་པའོ། །ཡང་འདིར་ཁ་ཅིག་རྒྱུད་ལོག་པ་ཡིན་ཏེ། ཇི་སྐད་དུ། རྒྱུད་ལས་སྨོས་པ་བཞིན་དུ་བཤད། །ཅེས་པ་ནི་འདི་རྒྱུད་མ་ཡིན་པར་ཤུགས་ལ་མཚོན་པར་འགྱུར་བའི་ཕྱིར་རོ་ཞེ་ན། དེ་ལྟར་བཤད་ཀྱང་འདི་རྒྱུད་མ་ཡིན་པར་མི་འགྱུར་ན་ཅི་འགལ་ཏེ་ཁྱབ་པ་མེད་དོ། །གལ་ཏེ་ཁྱབ་པ་ཡོད་ན། སྤྱིར་རྒྱུད་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡང་དེ་ལྟར་འགྱུར་ཏེ། ཇི་སྐད་དུ། རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས། །ཞེས་གསུངས་པའི་ཕྱིར་རོ། །ཁོ་ན་རེ་དེ་ནི་བསྟོད་པ་གླུ་བླངས་ཀྱི་ལེའུ་དེ་སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་པ་དེ་ཉིད་དུ་ཁ་འཕངས་པས་དེ་ལྟར་མི་འགྱུར་ཞེ་ན། མཚུངས་ཏེ་འདིར་ཡང་ཟག་མེད་རིག་འཛིན་ལ་སྦྱོར་པའི་དུས་འདི་ཉིད་ཀྱི་ལེའུ་དགུ་པར་ཁ་འཕངས་པ་ཡིན་ནོ། །གཞན་ཡང་འཇུག་པ་དང་དཀྱིལ་འཁོར་བྲི་བའི་དུས་བམ་བརྒྱད་དང་རྡོ་རྗེེ་བཀོད་པ་ལ་སོགས་སུ་ཁ་འཕངས་ཀྱང་འདི་རྒྱུད་མ་ཡིན་པར་མི་འགྱུར་རོ། །གལ་ཏེ་འགྱུར་ན། གསར་མའི་དགྱེས་པ་རྡོ་རྗེ་ཡང་རྒྱུད་མ་ཡིན་པར་འགྱུར་ཏེ། ཇི་སྐད་དུ། ཇི་ལྟར་དེ་ཉིད་བསྡུས་པ་ཡི། །དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། །ཞེས་དེ་ཉིད་བསྡུས་པར་ཁ་འཕངས་པའི་ཕྱིར་རོ། །གཞན་ཡང་མདོ་སྔགས་ཐུན་མོང་དུ་གྲགས་པའི་སོར་སོར་འབྲང་མ་ཡང་བཀའ་མ་ཡིན་པར་འགྱུར་ཏེ། ཇི་སྐད་དུ་དེ་ཉིད་ལས། ཆོ་ག་ལས་ནི་འབྱུང་བ་བཞིན། །ཞེས་སྒྲུབ་ཐབས་སུ་ཁ་འཕངས་པའི་ཕྱིར་རོ། །དེས་ན། རྒྱུད་ལས་སྨོས་པ་བཞིན་དུ་བཤད། །ཅེས་པས་རང་གི་དོན་ནི་སྤྱིར་དཀའ་སྩལ་སྟོན་པ་དང་། ཞུ་བ་འཁོར་དང་། མཚམས་སྦྱོར་སྡུད་པ་པོའི་ཚིག་གསུམ་ལས། འདི་ཕྱི་མ་ཡིན་ནོ། །གང་གིས་བསྒྲུབ་པའི་ཐབས་ལ་ཞི་ཁྲོ་གཉིས་ལས། ཞི་བའི་བསྙེན་སྒྲུབ་བཞི་མདོར་བསྟན་པ་ནི། རིགས་ཀྱི་བྱེ་བྲག་བཞིར་སྦྱར་ཏེ། རྟོགས་བྱ་ལྟ་བའི་དོན་དང་སྦྱར་བ། སྒྲུབ་པ་ལམ་གྱི་རིམ་པ་དང་སྦྱར་བ། རྗེས་འཇུག་གི་ཚོགས་སྒྲུབ་པ་ཞིག་གིས་དུས་དང་སྦྱར་བ། དངོས་གཞི་སྦྱོར་བའི་ཐབས་ཀྱི་ཡན་ལག་དང་སྦྱར་བ་དང་བཞིའོ། །དེ་ཡང་བསྙེན་པ་དང་ནི་ཞེས་པས། དང་པོ་ལྟར་ན་རྟོགས་བྱ་བྱང་ཆུབ་ཀྱི་སེམས་དེ་བཞིན་ཉིད་དེ་གཞན་ལ་རག་མ་ལས་པར་རང་ལ་གནས་པ་དེའོ། །གཉིས་པ་ལྟར་ན་རྒྱུ་ཤེས་པར་ལྟ་བ་གཏན་ལ་ཕབ་ནས་དེ་ཏིང་དང་ཀུན་ཏིང་གིས་དེའི་ངང་ལ་གནས་པ་དེའོ། །གསུམ་པ་ལྟར་ན་ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་སྟེ་སྔོན་འགྲོ་ཤོམ་བྱེད་པའོ། །བཞི་པ་ལྟར་ན་མཚན་ཉིད་དང་ལྡན་པའི་ཡུམ་ཕྱི་ནང་གི་ཆོས་གསུམ་གྱིས་བསྟེན་པར་བྱ་སྟེ་ཁྲུས་དང་རྒྱན་གྱིས་བརྒྱན་ནས་ལྷར་གསལ་བའོ། །ཉེ་བསྙེན་དང་ཞེས་པ་དང་པོ་ལྟར་ན་རང་གི་བྱང་སེམས་དེ་ཡང་བདེ་བར་གཤེགས་པའི་སྙིང་པོར་གྲུབ་ནས་ཡོད་པ་དེའོ། །གཉིས་པ་ལྟར་ན་བདག་ལྷར་ཤེས་པ་ཕྱག་རྒྱ་གཅིག་སྤྲོས་སོ། །གསུམ་པ་ལྟར་ན་ཇི་ཙམ་གྲུབ་པའི་ཕྱེད་ཚུལ་གྱིས་སྣོད་དུ་རུང་བར་བྱེད་པའོ། །བཞི་པ་ལྟར་ན་ཡུམ་བྱིན་གྱིས་བརླབ་ཅིང་གདན་གཅིག་ལ་འདུག་པའོ། །སྒྲུབ་པ་དང་ནི་ཞེས་པ་དང་པོ་ལྟར་ན་གྲུབ་པའི་དོན་དེ་གསང་བའི་ལུང་དང་མན་ངག་གིས་མཚོན་ཅིང་གཏན་ལ་འབེབས་པའོ། །གཉིས་པ་ལྟར་ན་ཚོགས་སྒྲུབ་ཡིན་ཏེ། ཡོ་བྱད་ལྔ་དང་ལྡན་པས་དངོས་གྲུབ་དོན་དུ་གཉེར་བའོ། །གསུམ་པ་ལྟར་ན་ཐ་མའི་ཞག་གཅིག་མ་གཏོགས་པ་ཇི་ཙམ་སྒྲུབ་པའི་ཕྱེད་ཕན་ཆད་དོ། །བཞི་པ་ལྟར་ན་ཡབ་ཡུམ་གཉིས་ལྷའི་སྐུ་གསུང་ཐུགས་དང་མཉམ་པར་སྦྱོར་བས་ཕྱག་རྒྱ་བཞིས་རོལ་པ་སྟེ་དབབ་བཟུང་གི་དགོངས་པ་ཡིན་ནོ། །སྒྲུབ་ཆེན་པོ་ཞེས་པ་དང་པོ་ལྟར་ན་གཏན་ལ་ཕབ་པས་ལྟ་བ་ངེས་ཏེ་མཐར་ཕྱིན་པའོ། །གཉིས་པ་ལྟར་ན་ཚོགས་སྒྲུབ་རྒྱུན་གྱི་ཐ་མ་སྟེ་ཟག་མེད་ཀྱི་རིགས་འཛིན་ཐོབ་ལ་མ་རག་པའོ། །གསུམ་པ་ལྟར་ན་ནུབ་ཐ་མའི་དགོངས་པ་ཆོ་གའི་སྒོ་ནས་བཀོད་པ་རྫས་ཀྱི་དངོས་གྲུབ་ལེན་པའོ། །བཞི་པ་ལྟར་ན་བྱང་སེམས་ཡུམ་གྱི་མཁའ་ནས་རྡོ་རྗེ་ལྕེ་ཡིས་ལེན་པ་སྡེ་ལྡོག་དགྲམ་གྱི་དགོངས་པ་ཡིན་ནོ། །བསྙེན་སྒྲུབ་བཞི་རྒྱས་པ་ལ་གཞིའི་སྔོན་དུ་བྱ་བའི་དང་། བྱ་བ་ལས་ཀྱི་བསྙེན་པ་གཉིས་ཀྱི་འབྲུ་གཞུང་བརྟག་གོ། །འདིར་བསྒོམ་བྱ་ཚོམ་བུ་ཞེས་བྱ་བ་རིགས་གང་དང་གང་གིས་གཙོ་བོ་བྱས་པ་ལ་དེ་དང་དེའི་འཁོར་གྱིས་བསྐོར་བ་འདི་དཀྱིལ་འཁོར་དང་ངོ་བོ་ཐ་དད་པ་ཅིག་ཡིན་ནམ། ཡང་ན་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཅིག་ཡིན་ནམ། གལ་ཏེ་མིང་གི་རྣམ་གྲངས་པ་ཅིག་ཡིན་ཞེ་ན། འདི་གཉིས་ལྷའི་ངོ་བོ་མཐུན་ཞིང་གྲངས་མཉམ་ཡང་ཚོམ་དཀྱིལ་གཉིས་ལ་ཆོས་ཐ་དད་པ་ཡོད་པས་དཔྱད་པར་བྱ་སྟེ། ཁ་ཅིག་ན་རེ་རྣམ་གྲངས་བྱུང་རྫོགས་སུ་བརྗོད་པའི་ངོས་ནས་དཀྱིལ་འཁོར་ཡིན་ལ་ཕོ་བྲང་གཙོ་བོའི་ངོས་ནས་ཚོམ་བུ་ཡིན་ཏེ། གཙོ་བོ་གཅིག་ཡོད་པས་ཚོམ་བུ་གཅིག་པ་དང་། གསུམ་ཡོད་པས་གསུམ་པ་དང་། ལྔ་ཡོད་པས་ལྔ་པར་འགྱུར་བའི་ཕྱིར་ཟེར་རོ། །ཞེས་སོ། །ཡང་ཁ་ཅིག་ནི་རྣལ་འབྱོར་པ་ཕོ་མོ་རེ་རེ་དང་ལྷ་ཡབ་ཡུམ་རེ་རེ་བྲང་སྤྲོད་དུ་བསྒོམ་པ་ཚོམ་བུ་ཡིན་ཞིང་། རྣལ་འབྱོར་པ་གཅིག་གིས་ལྷ་ཀུན་བསྒོམ་པའམ་བྲང་སྤྲོད་དུ་བསྒོམ་པར་མ་ངེས་པར་དཀྱིལ་འཁོར་ཡིན་ནོ། །ཡང་ན་བདག་དོན་གཙོ་ཆེ་བ་ཚོམ་བུ་དང་གཞན་དོན་གཙོ་ཆེ་བ་དཀྱིལ་འཁོར་ཡིན་ཞེས་གསུང་ངོ་། །ཁ་ཅིག་ནི་ལྷ་ཡབ་ཡུམ་འབྲེལ་པར་ངེས་པ་ཚོམ་བུ་དང་དེར་མ་ངེས་པ་དཀྱིལ་འཁོར་ཡིན་ཞེས་གསུང་ངོ་། །བུདྡྷ་ཀཱིརྟི་ནི་ཞི་བ་ལ་ཡབ་ཡུམ་ཟུང་དུ་ངེས་ཤིང་གཙོ་འཁོར་རིགས་ངེས་པས་གོང་མ་དག་གིས་ཁྱད་པར་བྱེད་ཀྱང་། ཁྲོ་བོ་ལ་དེ་དག་གིས་ཁྱད་པར་མི་བྱེད་དེ། གནས་ཡུལ་དབང་མོ་རྣམས་ཚོམ་དཀྱིལ་གཉིས་ཀ་ལ་ཞུགས་པའི་ཕྱིར་ཏེ། ཇི་སྐད་དུ་བཅོ་ལྔ་པ་ལས། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཞེས་པ་ནས་ཆུ་ལྷ་མོ་རྣམས་འཁྲིལ་ལོ་ཞེས་དབང་མོའི་ཡབ་རིགས་ལྔར་བཤད་པའི་ཕྱིར་རོ། །འོ་ན་གང་ཞེ་ན། དཀྱིལ་འཁོར་གྱི་སྒྲ་ཙམ་གཅིག་ཚོམ་བུ་ལ་ཡང་འཇུག་སྟེ། ཚོམ་བུའི་དཀྱིལ་འཁོར་ཞེས་ཟེར་བའི་ཕྱིར་རོ། །འོན་ཀྱང་གཙོ་བོ་རིགས་ཆུང་དང་བཅས་པ་རང་གི་རིགས་སུ་ངེས་པ་ཚོམ་བུ་ཡིན་ལ། གཙོ་བོ་རིགས་ཆུང་ཡང་སྤྱིའི་རིགས་སུ་ངེས་ཤིང་སྒོ་བཞིར་སྒོ་སྲུང་དང་བཅས་པ་ནི་དཀྱིལ་འཁོར་ཡིན་ཞེས་གསུང་ངོ་། །རྣལ་འབྱོར་པས་ལྷ་སྤྱིའམ་བྱེ་བྲག་ཏུ་བསྒོམ་པ་ནི་གཞུང་བརྟགས་ལ། འདི་ཚོམ་བུ་གཅིག་པ་བསྒོམ་པ་ཡིན་ནམ། དཀྱིལ་འཁོར་བསྡུས་པ་བསྒོམ་པ་ཡིན། དང་པོ་ལྟར་ན་ཚོམ་བུའི་གཙོ་བོ་རིགས་ངེས་པ་ཅན་ཡིན་པ་ལ། འདིའི་འགྲེལ་པར་གཙོ་བོ་རིགས་དྲུག་པོ་གང་ཡང་རུང་བ་སྟེ་མ་ངེས་སོ། །འདི་ནི་ཚོགས་ཀྱི་དཀྱིལ་འཁོར་དང་གཟུགས་བརྙན་གྱི་དཀྱིལ་འཁོར་ཀུན་ལ་སྦྱར་རོ། །ཞེས་གསུངས་པ་དང་འགལ་ལ། གཉིས་པ་ལྟར་ན་གཞུང་གིས་རྣལ་འབྱོར་པ་དང་ལྷ་བྲང་སྤྲོད་དུ་བསྒོམ་པར་གསལ་ཞིང་གཞན་ཡང་ལེའུ་གཉིས་སྡེབ་ནས་ཚོགས་སྒྲུབ་པའི་བསྒོམ་བྱ་ཚོམ་བུ་ཡིན་པའི་ཕྱིར་དཀྱིལ་འཁོར་ཡིན་པར་མི་འཐད་དེ་ཞེ་ན། སྤྱིར་ཚོམ་བུ་གཅིག་པ་དང་དཀྱིལ་འཁོར་བསྡུས་པ་གཉིས་ལྷ་གྲངས་མཉམ་སྟེ་རིགས་གང་ཡང་རུང་བའི་གཙོ་བོ་ཡབ་ཡུམ་ལ་དེའི་རིགས་ཆུང་ཡབ་ཡུམ་བརྒྱད་དེ་བཅོ་བརྒྱད་དོ། །སྐབས་འདིར་འགྲེལ་པའི་ངག་འདི་ཚོམ་དཀྱིལ་གཉིས་ཀྱི་ཁྱད་པར་ཕྱེ་ནས་འདི་དཀྱིལ་འཁོར་བསྡུས་པར་བཞེད་དེ། གཙོ་བོ་མ་ངེས་པར་གསུངས་པའི་ཕྱིར་རོ། །འོ་ན་སྐྱོན་ཕྱི་མ་གང་གིས་སྤོང་ཞེ་ན། མི་ཤེས་པས་བརྗོད་པའི་སྐྱོན་དེ་སྤང་མི་དགོས་ཏེ། ལྷ་དང་རྣལ་འབྱོར་པ་བྲང་སྤྲོད་དུ་བསྒོམ་པ་དཀྱིལ་འཁོར་མ་ཡིན་ཏེ། ཚོགས་སྒྲུབ་ལ་དཀྱིལ་འཁོར་བསྒོམ་པ་ཁེགས་པར་རྒྱུད་འགྲེལ་གང་ནས་ཀྱང་བཤད་པ་མེད་པའི་ཕྱིར་རོ། །འོ་ན་དཀྱིལ་འཁོར་རྒྱས་བསྡུས་ཀྱི་ཁྱད་པར་གང་ཞེ་ན། སྤྱིར་རྒྱས་པའི་ཁོངས་ནས་འབྲིང་པོའི་ལྷ་ཚོགས་འབྱུང་ཞིང་དེར་བསྡུས་པའི་ལྷ་རྣམས་འབྱུང་དགོས་པ་ལ། འདིར་དེ་ལྟར་མ་བྱུང་བས་རྒྱས་བསྡུས་སུ་མི་འཐད་དོ་ཞེས་རྟོག་ན། རྒྱས་བསྡུས་ལ་བྱེ་བྲག་གསུམ་སྟེ། རྣམ་གྲངས་དང་། རིགས་དང་། རྟོག་པ་རྒྱས་བསྡུས་ལས། དང་པོ་ནི་གཅིག་ཁོངས་སུ་གཅིག་འབྱུང་བ་གོང་ལྟར་ཡིན་ནོ། །འདི་ནི་རིགས་རྒྱས་བསྡུས་ཏེ་གཙོ་བོ་རིགས་ལྔ་ལ་རིགས་སྤྱིའི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བ་ནི་རིགས་རྒྱས་པ་ཡིན་ལ། གཙོ་བོ་རིགས་ལྔ་ལ་འཁོར་སེམས་དཔའ་ཡབ་ཡུམ་གཉིས་གཉིས་ལས་མ་སྨོས་པ་ནི་འབྲིང་པོ་ཡིན་ཞིང་། གཙོ་བོ་རིགས་ལྔ་གང་རུང་གཅིག་ལ་རང་གི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བ་ནི་རིགས་གཅིག་གི་ཆ་ལས་མེད་པས་བསྡུས་པ་ཡིན་ནོ། །ཚོམ་བུ་གསུམ་ལ་སྒྲུབ་པ་ནི་གཞུང་བརྟགས་ལ། འདིར་ཁ་ཅིག་ཚོམ་བུ་གཅིག་པ་གསུམ་པ་ལྔ་པ་གསུམ་ལ་ཁྱད་པར་ཡོད་དམ་མེད། ཕྱི་མ་ལྟར་ན་ཁྱད་པར་ཡོད་པར་གཞུང་གིས་གསལ་ཏེ། ཇི་སྐད་དུ། གཉིས་མེད་འགྱུར་ནས་ཕྱག་རྒྱ་ཆེ། །གཅིག་པའི་འབྲས་བུ་རྒྱ་ཆེན་པོ། །རིག་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་གསུམ་པའི་འབྲས་བུ་ལྷུན་གྲུབ་དང་། དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། །ཅེས་ལྔ་པའི་འབྲས་བུ་སྐུ་ལྔར་བཤད་པའི་ཕྱིར་རོ་ཞེས་སོ། །དེ་ལ་འབྲས་བུ་ལ་ཁྱད་པར་གསུངས་ཀྱང་རྒྱུ་ཚོམ་བུ་ལ་ཁྱད་པར་མེད་ན་ཅི་འགའ་བྱས་པས། ཁོ་ན་རེ་འབྲས་བུ་ཆོས་ཅན། །རྒྱུའི་རྗེས་སུ་འགྲོ་ལྡོག་མི་བྱེད་པར་འགྱུར་ཏེ། རྒྱུ་ཁྱད་པར་མེད་པ་ལ་འབྲས་བུ་ཁྱད་པར་ཅན་དམིགས་པའི་ཕྱིར། རྟགས་དེའི་ཟུར་དང་པོ་ཁས་བླངས་ལ་གཉིས་པ་གཞུང་ནས་གསུངས་པས་གྲུབ་ཅིང་། རྒྱུ་ལ་ཁྱད་པར་མེད་ཅིང་འབྲས་བུ་ཁྱད་པར་ཅན་དུ་དམིགས་པ་དེ་ལ་འབྲས་བུ་རྒྱུའི་རྗེས་སུ་འགྲོ་ལྡོག་མི་བྱེད་པར་འགྱུར་བས་ཁྱབ་བོ། །འདོད་ན་རྒྱུ་ཁེགས་པས་འབྲས་བུ་ཁེགས་པར་བསལ་ལོ་ཞེས་ཟེར་རོ། །ཡང་ཚོམ་བུ་གསུམ་པ་ཁྱད་པར་ཡོད་ན། རྡོ་རྗེའི་རིགས་སུ་ཐམས་ཅད་དཀྱིལ། །ཞེས་གཅིག་པའི་གཙོ་བོ་དང་། ཐུགས་ཉིད་དེ་ཞེས་གསུམ་པའི་གཙོ་བོ་དང་། དཀྱིལ་འཁོར་ལྔ་དང་ཞེས་ལྔ་པའི་གཙོ་བོ་དང་གསུམ་རྡོ་རྗེ་སེམས་དཔར་ངོ་བོ་མི་གཅིག་པར་འགྱུར་ཏེ། ཁྱད་པར་ཡོད་པའི་ཕྱིར་རོ། །རྟགས་དེ་ཁས་བླངས་ཤིང་། ཁྱད་པར་ཡོད་པ་ལ་ངོ་བོ་གཅིག་མ་ཡིན་པས་ཁྱབ་ལ། འདོད་ན་ཚོམ་བུ་གསུམ་གྱི་གཙོ་བོ་རྡོ་རྗེ་སེམས་དཔར་གཅིག་པས་གསལ་ལོ་ཞེ་ན། དེའི་ལན་ནི་བསྒོམ་བྱ་ཚོམ་དཀྱིལ་ལ་ལྟོས་ཏེ་ལྷ་མང་ཉུང་གི་ཁྱད་པར་ཅུང་ཟད་ཡོད་ཀྱང་ལྷའི་ངོ་བོ་གཅིག་པའི་ཕྱིར་ཁྱད་པར་མེད་པས་སྐྱོན་དང་པོ་མེད་དོ། །འོ་ན་འབྲས་བུའི་ཁྱད་པར་གསུམ་བཤད་པ་དེ་དག་རྒྱུའི་རྗེས་སུ་འགྲོ་ལྡོག་བྱས་པ་མ་ཡིན་པར་འགྱུར་ཏེ། རྒྱུ་ཚོམ་བུ་གསུམ་ངོ་བོ་གཅིག་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། བསྒོམ་བྱ་གཅིག་ཉིད་ལའང་སྒོམ་པ་པོ་རྟེན་གྱི་གང་ཟག་གི་རྒྱུད་ཚོད་དང་། ལམ་སློབ་པའི་རིམ་པ་ལ་ལྟོས་ཏེ་གྲངས་མང་ཉུང་དང་། རྣམ་པ་གསལ་མི་གསལ་དང་། ཚོམ་བུའམ་དཀྱིལ་འཁོར་རྒྱས་བསྡུས་ལ་སོགས་པ་ནི་བསྒོམ་བྱའི་ཁྱད་པར་མ་ཡིན་ཏེ། སྒོམ་པ་པོའི་ཁྱད་པ་ཡིན་པའི་ཕྱིར་སྐྱོན་ཕྱི་མའང་མེད་པར་སེམས་ཏེ། ཇི་སྐད་དུ་རྡོ་རྗེ་ལས་ཀྱང་། མོས་པའི་ཚུལ་དང་སྦྱར་བ་ཡིན། །ཚོམ་བུ་གཅིག་པའི་ལྷ་རྣམས་དང་། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེས་ན་སྒོམ་པ་པོ་ལ་ཁྱད་པར་ཡོད་པས་ཚོམ་བུ་ལ་ཁྱད་པར་བྱུང་ལ་དེ་བྱུང་བས་འབྲས་བུ་ལའང་ཁྱད་པར་བྱུང་བ་སེམས་སོ། །ཡང་བཞི་བ་ཚོགས་སྒྲུབ་ཀྱི་སྐབས་འདིར་ལྔ་དང་ལྔ་ཡི་ཞེས་པ་ལ་སོགས་པ་ཚོམ་བུ་ལན་ཅིག་གསུངས་པ་དང་། རྡོ་རྗེའི་རིགས་སུ་ཐམས་ཅད་དཀྱིལ། །ཞེས་པར་ལན་ཅིག་གསུངས་པ་གཉིས་ཟློས་སོ་ཞེ་ན། འདི་སྐབས་དང་དགོས་ཆེད་གཉིས་ཀྱི་ཕྱིར་མི་ཟློས་ཏེ། དེ་ཡང་སྐབས་ནི་དང་པོ་བསྙེན་པའི་སྐབས་ཡིན་ཞིང་། གཉིས་པ་སྒྲུབ་པའི་སྐབས་ཡིན་པའི་ཕྱིར་དང་། དགོས་ཆེད་ཀྱང་དང་པོ་ཚོམ་བུའི་རྣམ་གྲངས་བདེ་བླག་ཏུ་རྟོགས་པས་དེ་སྒོམ་ཤེས་པའི་དགོས་པ་ཡོད་ཅིང་། གཉིས་པ་བསྒོམས་པས་འབྲས་བུའི་རིམ་པ་གསུམ་ཐོབ་ཚུལ་དང་བཅས་པའི་སྒོ་ནས་མ་འོངས་པའི་གདུལ་བྱ་རྣམས་བྲོད་པས་འཇུག་པའི་དགོས་པ་ཡོད་པའི་ཕྱིར་རོ། །སྒྲུབ་པ་ཆེན་པོའི་ཡོ་བྱད་སྤྱིར་ལྔ་ལས། གཞི་ལ་སྤྱད་ཐབས་ནི་གཞུང་བརྟགས་ལ། བྱེ་བྲག་ཨཱ་ལི་ཀཱ་ལི་ལ་སྤྱད་པ་ནི། སྤྱིར་མཚོན་བྱེད་ཨཱ་ལི་ཀཱ་ལིས་ཐབས་ཤེས་རབ་དང་ཡབ་ཡུམ་ལ་སོགས་དུ་མ་མཚོན་པ་ལས། སྐབས་འདིར་སྦྱོར་སྒྲོལ་གཉིས་མཚོན་པའོ། །དེ་ནི་ལེ་ལག་ལས། འདིས་ནི་རང་བཞིན་སྦྱོར་སྒྲོལ་དང་། །ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་དང་། །དབང་པོ་ཡུལ་དུས་སྦྱོར་སྒྲོལ་དང་། །ཐབས་ཆེན་པོ་ཡི་སྦྱོར་སྒྲོལ་དང་། །མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ལོ། །ཞེས་པས་ལྔ་ལས། དང་པོ་ནི་ཡེ་ནས་གནས་པའི་མཚན་ཉིད་ཀྱི་དོན་ལ་དེ་རྟོགས་ཀྱི་བློས་སྦྱོར་བ་ནི་སྦྱོར་བ་ཡིན་ལ། དེས་མ་རིག་པ་རྣམ་པར་དག་པ་ཡི་སྒྲོལ་བ་སྟེ། བཅུ་དགུ་པ་ལས། མཉམ་ལ་མཉམ་པར་སྦྱོར་བ་ཡིས། །ཞེས་པ་དང་། བཅོ་བརྒྱད་པ་ལས། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི་བསྐྱེད་རིམ་གྱི་ཚེ་བསྒོམ་བྱ་ཡིན་ལ་དེ་མངོན་དུ་བྱུང་བའི་ཆ་རྐྱེན་དུ་འགྱུར་བ་ཡིན་ནོ། །དེ་ཡང་ཐབས་ཞགས་ལས། རྣམ་ཤེས་ཧཱུཾ་གིས་བསྡུས་རྡུབས་ཏེ། །འོག་མིན་བླ་མེད་གནས་མཆོག་ཏུ། །གཙོ་བོ་དང་ནི་གཙོ་མོ་དང་། །སེམས་དཔའ་དང་ནི་སེམས་མ་རྣམས། །སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕང་། །ཞེས་པའོ། །གསུམ་པ་ནི་སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བས་རྟོག་ཚོགས་སུ་བཏགས་པ་ལས་གྲོལ་བ་སྟེ། བཅུ་གསུམ་པ་ལས། དབང་པོ་ཡུལ་དུས་རིག་པ་རྣམས། །བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །ཞེས་པའོ། །བཞི་པ་ནི་སྔོན་བྱུང་དུ་རྒྱལ་བ་རྣམས་ཀྱིས་དྲག་པོའི་ཕྲིན་ལས་ཀྱི་དོན་མཛད་པ་སྟེ། ཐབས་ཞགས་ལས། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །ཕོ་བསྒྲལ་དུར་ཁྲོད་བརྒྱད་དུ་བྱས། །མོ་རྣམས་སྦྱར་ཏེ་སླས་སུ་བྱས། །དེ་ནི་ཐབས་ཀྱི་མཛད་སྤྱོད་དོ། །ཞེས་པས་ཏེ་ལེའུ་བཅོ་ལྔ་པར་སྟོན་ནོ། །ཐ་མ་ནི་འདིར་ཚོགས་སྒྲུབ་ཀྱི་དུས་སུ་དངོས་ཀྱི་སྤྱད་བྱ་ཡིན་ཏེ། དེ་རྟེན་གྱི་གང་ཟག་ཇི་ལྟ་བུ་ཞིག་གིས་སྤྱད་ཅེ་ན། ཁ་ཅིག་ན་རེ་ཏིང་ངེ་འཛིན་གྱིས་འགུགས་ཤིང་སྒྲོལ་བར་ནུས་ལ་ཇི་སྲིད་མ་མོས་ན་ཟློག་པར་ཡང་ནུས་ཏེ་ནུས་པ་གཉིས་དང་ལྡན་པ་ཅིག་ཡིན་ཟེར་རོ། །འདིར་ནི་གོང་དུ་བཤད་པའི་སྒྲུབ་པ་པོའི་མཚན་ཉིད། མ་ཉམས་བློ་ནི་རབ་ལྡན་པས། །ཞེས་པ་རྒྱུ་ཤེས་པ་མཚན་ཉིད་རྟོགས་པའི་བློ་དང་ལྡན་ཞིང་། རྐྱེན་འཇུག་སྤྱོད་ཀྱི་ཡན་ལག་བཅོ་ལྔ་མ་ཉམས་ཤིང་སྣང་བྱེད་ཀྱི་ཏིང་ངེ་འཛིན་ལ་གོམས་པ་དང་རླུང་སེམས་ལ་དབང་ཐོབ་པ་ཞིག་ཡིན་ཏེ། སྒེག་པའི་གཞུང་ལས་ཀྱང་། ལྟ་སྤྱོད་ཏིང་འཛིན་འབྲེལ་གོམས་པས། །ཞེས་གསུངས་པའི་ཕྱིར་རོ། །དེས་ཇི་ལྟར་སྤྱད་པར་བྱ་བ་ནི་གཞུང་ལྟར་གསུམ་མོ། །དང་པོ་ཨཱ་ལི་སྦྱོར་བ་ལ་ཡང་གསུམ་ལས་གང་ལ་སྦྱར་བའི་ཡུལ་ནི། ལྷ་མོ་ཀླུ་མོ་རིགས་ངན་མོ། །ཞེས་པ་སྒྲུབ་པ་པོ་དགོངས་པ་སྟོབས་ཆེ་ན་དང་པོ་གཉིས་དངོས་ཡིན་ལ་ཕྱི་མ་མིའི་བུ་མོ་སྟེ་དེ་ཆུང་ན་གསུམ་ཀ་མིའི་བུ་མོའོ། །དེ་དག་གི་ཁྱད་པར་རིམ་པ་ལྟར་མཚན་གྱི་སྒོ་ནས་དུང་ཅན་མ་མཉམ་མ་ཞར་མ་ཞེས་བྱ། ཐིག་ལེའི་སྒོ་ནས་ཟླ་བ་དང་ལྡན་པ་ཉི་མ་དང་ལྡན་པ་གཉིས་ཀ་དང་མི་ལྡན་པའོ། །བདེ་བའི་སྒོ་ནས་གཉིས་ཀ་བདེ་བ་དང་གཞན་བདེ་བ་དང་རང་བདེ་བའོ། །ལོ་གྲངས་ཀྱི་སྒོ་ནས་བཅུ་གཉིས་མ་དང་བཅུ་དྲུག་མ་དང་ཉེར་ལྔ་མའོ། །དེ་དག་ཀྱང་སྒེག་པའི་གཞུང་ལས་རིགས་ཅན་བརྒྱད་དུ་བཤད་དེ། ཇི་སྐད་དུ། པད་ཅན་དུང་ཅན་རི་མོ་ཅན། །བ་ལང་ཅན་དང་ལྕུག་ཕྲན་དང་། །སྡོང་གཅིག་མེས་རེག་ཕྱལ་བ་བརྒྱད། །ཅེས་སོ། །དེ་དག་གི་མཚན་ཉིད་ཀྱང་དེ་ཉིད་ལས། མཉེན་དྲང་རྐེད་རིང་སྟོད་སྨད་ཕྱེད། །ཡན་ལག་ཕྲ་འཇམ་ཚིགས་རྨིག་ཟླུམ། །དཔྲལ་བའི་དགྱེས་ཆེ་སྨིན་དཀྱུས་རིང་། །མིག་ཕྲ་དཀྱིལ་ནས་ཨུཏྤལ་མདོག །མཆུ་ཞེང་གཉིས་ཀ་འབྲིང་དུ་བཤད། །ལུས་ལ་ཆུ་རླུང་ག་བུར་དྲི། །གསང་ཐུབ་ཤེས་རབ་སྤྱོད་པ་དཀྱིལ། །དད་ལྡན་འགྲོགས་ཤིང་དད་པ་ཆེ། །གསང་བའི་གནས་སུ་སྤྱད་པར་བྱ། །ཞེས་པའོ། །དེ་དག་སྒྲུབ་པ་པོ་ཐབས་སམ་དགོངས་པ་སྟོབས་ཆུང་ན་མཚན་ལ་བདེ་བ་རག་ལས་པའི་ཕྱིིར་རིགས་དབྱེ་སྟེ་བཟང་པོ་ལ་རོལ་པའམ་ཡང་ན་ཐབས་དང་དགོངས་པ་སྟོབས་ཆེན་མི་དབྱེ་བར་རོལ་པའོ། །ཇི་ལྟར་སྤྱད་པའི་ཐབས་ནི་བསྙེན་པ་དང་ནི་ཞེས་པ་ལ་སོགས་སྦྱོར་བ་དུས་ཀྱི་ཡན་ལག་བཞི་དང་ལྡན་པ་སྟེ། གོང་གི་མདོར་བསྟན་པའི་སྐབས་སུ་བྱེ་བྲག་བཞིའི་ཐ་མ་འདིར་ངོས་གཟུང་བའོ། །དེ་ཡང་སྒེག་པའི་གཞུང་ལས། དབང་བསྐུར་དམ་དཔོག་ཆོས་གསུམ་བཤད། །ལུས་ལ་རིགས་ལྔའི་རྡུལ་ཚོན་དགྱེ། །ཐབས་ལ་མཁས་པས་སྐབས་ཀྱིས་སྦྱར། །ཞེས་པའོ། །དེ་ལྟར་ཡུམ་གྱི་མཁའ་པདྨ་བརྒྱད་དུ་བརླབས་པའི་དཀྱིལ་འཁོར་དུ་ཉམས་སུ་མྱོང་བའི་བདེ་བ་དེ་རྒྱལ་བའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་མཚོན་བྱེད་ཡིན་ལ། དེའི་རྟེན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལས་སྐྱེས་པའི་བརྟེན་པ་བདེ་བས་ལུས་ཀྱི་སྲིད་པ་ཀུན་ཏུ་ཁྱབ་པའི་ཕྱིར་སྤྲོས་པའོ། །དེས་རྟོག་པ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པ་ནི་སྤྲིན་ཚོགས་ལྟ་བུ་མང་ལ་འབྲེལ་བ་མ་ལུས་པ་རྣམས་ལ་བདེ་བས་དགྱེས་པའི་རོ་ཡབ་ཡུམ་གཉིས་ཀ་ལ་དུས་མཉམ་དུ་བསྟར་བས་ཐ་མལ་གྱི་འདོད་ཆགས་ཡེ་ཤེས་སུ་དག་པས་མཆོག་ཡིན་ལ། དེ་ལ་འཛིན་པ་དང་བྲལ་བས་སྦྱིན་པས་ཏེ་ཡབ་ཡུམ་གཉིས་ཕན་ཚུན་གཅིག་གིས་བདེ་བ་གཅིག་ལ་དགོད་ཅིང་གཉིས་སུ་མེད་པ་བསྟིམ་པའོ། །དེའི་ཡོན་ཏན་སྦྱོར་བའི་བསྙེན་སྒྲུབ་བཞི་ལས་བྱུང་བའི་ཉི་ཟླ་ནི་ཡབ་ཡུམ་གྱི་རྩ་ས་ཡ་ཕྲག་བཅུ་གསུམ་གྱི་བཅུད་འདུས་པའི་སྙིང་པོའོ། །དེ་ལྟར་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དེ་ཡབ་ཀྱི་ཐབས་ཀྱི་རྡོ་རྗེའི་ལྕེ་ཡིས་སོ་སོར་ཕྱེ་ནས་ཡུམ་གྱི་མཁའ་ནས་བླངས་ཏེ་ལྡོག་པའི་ཐབས་ཀྱིས་ལྡོག་ཅིང་དགྲམ་པར་བྱས་ནས། སྤྱི་གཙུག་བདེ་ཆེན་དུ་སྔོན་གྱི་གནས་ཕྱི་མོ་དང་འཕྲད་པའི་ཚེ་ཐུན་མོང་གི་ཡོན་ཏན་ནི་མཁའ་ལ་འགྲོ་ཞིང་ཁ་དོག་གསལ་བ་དང་འོད་འབར་ཞིང་ཚེ་རིང་བ་དང་མངོན་ཤེས་དང་ལྡན་ཞིང་རྫུ་འཕྲུལ་གྲུབ་པ་ལ་སོགས་དུ་མ་གྲུབ་ལ། ཐུན་མོང་མ་ཡིན་པའི་ཡོན་ཏན་ཡིད་བཞིན་གྱི་ནོར་བུ་བཞིན་དགོས་འདོད་རྣམས་སྤྲིན་ལས་ཆར་གྱི་རྒྱུན་ལྟར་འབྱུང་བས་ཆེ་བའི་ཡོན་ཏན་དུ་མའི་བདག་ཉིད་ཆེན་པོར་འགྱུར་བ་ནི་སྐུ་ལྔ་ཉིད་དོ། །གཞན་ཡང་སྒེག་པའི་གཞུང་ལས་ཇི་སྐད་དུ། དངོས་གྲུབ་ཡོན་ཏན་བསམ་མི་ཁྱབ། །སློབ་བུ་སྨིན་ཞིང་ལས་རྣམས་འགྲུབ། །སྐྱེ་གནས་ཀུན་གྲོལ་རིགས་སུ་ངེས། །ཐབས་ཀྱི་ཐེག་པ་འདི་བཤད་དོ། །ཞེས་སོ། །གཉིས་པ་ཀཱ་ལི་སྒྲོལ་བ་ལ་སྤྱད་པ་ཡང་གོང་ལྟར་གསུམ་ལས། གང་བསྒྲལ་བྱའི་ཡུལ་ནི་ཐུགས་རྗེས་བཟུང་བའི་ཞིང་བསྒྲལ་བའི་ཞིང་དུ་གྱུར་པ་ལ་གཉིས་ཏེ། མཆོག་ཅེས་པ་བཀྲ་ཤིས་དག་པའི་ཞིང་དང་། མཆོག་ཕྲན་ཞེས་པ་ཐུགས་རྗེས་གཟུང་བའི་ཞིང་ངོ་། །དེ་ཡང་དང་པོ་ནི་བྱང་ཆུབ་སེམས་དཔའ་སྐྱེ་བ་བདུན་པ་གཞན་ཕན་གྱི་བློས་ལུས་སྦྱིན་པར་གཏོང་བ་ལ་ཐུགས་རྗེས་བསྐུལ་བ་ལྟ་བུའོ། །གཉིས་པ་ནི་སྒེག་པའི་གཞུང་ལས། དཀོན་ཅོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུས་པ་དང་། །འདུས་པར་འོངས་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངོན་སོང་གསུམ་དང་བཅུ་པོ་འདི། །རྣལ་འབྱོར་ཀུན་གྱིས་དང་དུ་བླངས། །ཞེས་པས་ཞིང་བཅུ་པོ་རྣམས་སོ། །ཇི་ལྟར་བསྒྲལ་བའི་ཐབས་ནི། དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་ཨེའི་དཀྱིལ་འཁོར་དུ་ཉི་ཟླའི་གདན་བཀོད་པའི་སྟེང་དུ། གང་གིས་ན་སྒྲོལ་བའི་ཐབས་ལ་མཁས་པས་འཁོར་བ་རུ་ཟློག་པའི་ཕྱིར། ཇི་ལྟར་ན་གན་རྐྱལ་དུ་བསྒྱེལ་ལ་གཞག་གོ། །དེ་ཡང་ཐབས་ལ་མཁས་པ་དེ་གིང་ཏ་ཀི་རཱ་ཙར་བསྐྱེད་པའི་ང་རྒྱལ་དང་ལྡན་པས་ལག་གི་འདུ་བྱེད་སོར་མོ་ལྔ་ལ་ཟླ་དཀྱིལ་སྟེང་དུ་དཔའ་བོ་འབྲུ་ལྔ་བསྒོམ་ཞིང་། ཀ་ར་རི་མཱུཾ་ལས་འཇམ་དཔལ་རྣོན་པོར་བསྐྱེད་དེ་གཟུང་འཛིན་གྱི་རྒྱ་དྲལ་བའི་ཕྱིར་ཁོག་དབུགས་དྲལ་ཏེ་རྣམ་པར་ཤེས་པའི་རྟེན་ཙིཏྟ་ལ་གོང་གི་དཔའ་བོ་འབྲུ་ལྔས་རེག་པའི་ཚེ་འཁོར་བའི་ས་བོན་དྲུག་པོ་བསྲེགས་ཏེ་ཧཱུཾ་དྲུག་ཏུ་གྱུར་པས་སྒྲིབ་པ་རྣམ་པར་དག་ཅིང་ཐུགས་ཡེ་ཤེས་སུ་གཅིག་པའི་རྟགས་སུ་ཧཱུཾ་དཀར་པོ་གཅིག་ཏུ་གྱུར་ཏེ་མཛུབ་མོའི་རྩེ་ལ་བླངས་ཏེ། དཀྱིལ་འཁོར་གྱི་ནུབ་ཕྱོགས་ན་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་དགོངས་པ་ལ་བཞུགས་པར་ཕུལ་བས། རྡོ་རྗེ་རྒྱལ་པོས་ཤངས་ཕུག་ནས་རྡུབས་ཏེ་ཡབ་ཡུམ་སྦྱོར་བས་ཀླད་པའི་རྒྱས་སུ་ཕྱུག་སྒལ་ཚིགས་ཀྱི་རྟ་བརྒྱུད་རྡོ་རྗེའི་ལམ་ནས་ཕྱུག་སྟེ་ཡུམ་གྱི་མཁའ་དབྱིངས་སུ་ཐིམ་ནས་ཆོ་ག་གསུམ་གྱིས་རིགས་ངེས་པའི་སྲས་སྐུ་ཕྱག་རྒྱར་བསྐྱེད་པ་ནི། བྱང་སེམས་གསུང་ཡིག་འབྲུ་ཧཱུཾ་དུ་གནས་པ་ལས་བཛྲ་ཞེས་པས་ཐུགས་ཕྱག་མཚན་རྡོ་རྗེའི་འོད་འབར་བ་ཞིག་ཏུ་གྱུར། དེ་ལས་བཛྲ་ས་ཏྭ་ཞེས་པས་རྡོ་རྗེ་སེམས་དཔའི་སྐུར་ཡོངས་སུ་རྫོགས་པ་མཚོན་གང་བར་གྱུར་ཏེ། རྟོག་པ་དག་པའི་རྟགས་སུ་འོད་ཟེར་རྣམ་པ་ལྔར་འཕྲོ་བས་གཟི་བརྗིད་དང་ལྡན་པའོ། །དེའི་གཙུག་ཏུ་ངན་སོང་ལས་རྣམ་པར་རྒྱལ་བའི་རྟགས་སུ་བུདྡྷ་བཻ་རོ་ཙ་ན་ཨཱོཾ་ཞེས་པས་རྣམ་སྣང་གིས་དབུ་བརྒྱན་པར་བསྒོམ། དེ་ནས་ཨ་ཡཾ་ཞེས་པས་དེའི་འོག་ཏུ་ཟླ་དཀྱིལ་དེའི་འོག་ཏུ་ཟླ་དཀྱིལ་དེའི་འོག་ཏུ་ཡཾ་ལས་རླུང་གིས་ཟླ་དཀྱིལ་སྐུར་བཅས་བཏེག་སྟེ་ཨེ་ཡཾ་ཛ་སྥ་ར་ཎས་འོག་མིན་ན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྦྱོར་བའི་ལྷུམས་སུ་འཕངས་ཏེ། བྱང་སེམས་ཀྱིས་དབང་བསྐུར་ནས་རིགས་ངེས་པའི་སྲས་སུ་བསྐྱེད་པའོ། །དེ་ཡང་སྒེག་པའི་གཞུང་ལས། ཏིང་འཛིན་སྔགས་དང་ཕྱག་རྒྱ་རྣམས། །ཤིན་ཏུ་གོམས་པས་དབང་བསྐུར་ཏེ། །བྱང་ཆུབ་ཞིང་དུ་དགོད་པར་བྱ། །ཏིང་འཛིན་སྔགས་རྒྱས་བག་ཆགས་སྦྱང་། །རྣམ་ཤེས་ལྷར་བསྐྱེད་འོག་མིན་འཕང་། །ཡེ་ཤེས་ཚོགས་ཀྱང་རྫོགས་པར་འགྱུར། །ཕུང་པོ་བྱིན་བརླབ་མཆོད་པར་བསྔོ། །བསོད་ནམས་ཚོགས་སུ་འདི་འགྱུར་རོ། །ཞེས་པ་བཞིན་ནོ། །དེའི་ཡོན་ཏན་ནམ་དགོས་པ་ནི། འབྲུ་བསྒྱུར་ཏེ་བསྒྲལ་བྱ་ཞིང་བཅུ་པོ་རྣམས་ལས་ངན་པ་སྤྱད་པའི་འབྲས་བུ་ངན་སོང་དུ་འགྲོ་བ་ལས་ཐར་ཏེ་གནས་སྤར་བས་རིགས་ངེས་པའི་སྲས་རྒྱལ་བའི་གོ་འཕང་ཐོབ་པའི་ཐབས་ཡིན་པས་ན་ངོ་མཚར་བའོ། །ཡང་དེ་ཉིད་ལས། དེ་ལྟར་བསྒྲལ་བའི་དགོས་ཆེད་ཀྱང་། བྱང་ཆུབ་སྤྱོད་འཕེལ་སེམས་ཅན་བདེ། །ལྷ་མཉེས་བདག་ཉིད་དམ་སྐོང་ཞིང་། །ལས་ངན་བར་ཆད་སྡུག་ཡུན་ཐུང་། །རང་གིས་བསགས་མེད་ངན་སོང་ལས། །བདེ་ལམ་འདི་ལས་གཞན་མེད་དོ། །ཞེས་པའོ། །གསུམ་པ་དེ་གཉིས་ལ་སྤྱད་པར་བསྒྲུབ་པ་ནི། བསྒྲུབ་པ་དངོས་དང་། དེ་ལ་རྩོད་པའི་སྐྱོན་སྤངས་པའོ། །དང་པོ་ནི་ཚིག་བསྒྱུར་ཏེ་འོག་ནས་སྦྱོར་སྒྲོལ་ཞེས་པས་དེ་ཆོས་ཅན། སྤྱད་པར་བྱ་བའི་དམ་ཚིག་ཏན་གན་ལ་སོགས་ཀུན་ལ་སྤྱད་པར་བྱས་ཀྱང་གོས་པར་མི་འགྱུར་ཏེ། རྟོགས་ཤིང་གོམས་པའི་བློ་ལ་ལྟོས་ཏེ་དོན་ལ་རྡུལ་ཆ་ཙམ་ཡང་བྱས་པ་མེད་པའི་ཕྱིར་རོ། །དེ་མ་གྲུབ་བོ་ཞེ་ན་རྡུལ་ཆ་ཙམ་ཡང་བྱས་པ་མེད་དེ། ཡང་འོག་ནས་ཆོས་ཐམས་ཅད་ཡེ་ནས་སྐྱེ་བ་མེད་པ་དེ་བཞིན་ཉིད་ཀྱི་དབྱིངས་སུ་གཅིག་ཅིང་། འདིར་དེ་མངོན་དུ་གྱུར་པས་སྤྱད་པ་ཡིན་པའི་ཕྱིར། དཔེར་ན་སྒྱུ་མར་སྣང་བའི་སྐྱེས་བུས་མིག་ཡོར་དུ་སྣང་བའི་གང་ཟག་ལ་སྦྱར་ཞིང་བསྒྲལ་བའི་ཚུལ་བཞིན་ནོ་ཞེས་རྟགས་ཀྱིས་བསྒྲུབ་བོ། །གཉིས་པ་ལ་ཁ་ཅིག །སྦྱོར་སྒྲོལ་གཉིས་པོ་ཆོས་ཅན། སྤྱད་བྱ་མ་ཡིན་པ་ལ་སྤྱོད་པར་ཐལ། འཁོར་བར་འཆིང་ཞིང་ངན་འགྲོར་ལྟུང་བྱེད་ཡིན་པའི་ཕྱིར། དཔེར་ན་མཚམས་མེད་ལྔ་ལ་སྤྱོད་པ་བཞིན་ཞེ་ན། ཅི་སྦྱོར་སྒྲོལ་དེ་ཐམས་ཅད་ཀྱིས་ཐམས་ཅད་ཀྱི་ཚེ་སྤྱད་བྱ་མ་ཡིན་པར་ཐལ། འཁོར་བའི་ལྟུང་བྱེད་ཡིན་པའི་ཕྱིར་ཞེས་སམ། འགའ་ཞིག་གིས་འགའ་ཞིག་གི་ཚེ་སྤྱད་བྱ་མ་ཡིན་པར་ཐལ། དེ་ཡིན་པའི་ཕྱིར་ཟེར། དང་པོ་ལྟར་ན་མདོ་སྡེ་ནས་འབྱུང་བ་ལྟར་བྱང་ཆུབ་སེམས་དཔའ་གཞན་དོན་གྱི་ཚེ་ན་རྔོན་པ་དང་སྨད་འཚོང་དུ་སྤྲུལ་ནས་དོན་བྱེད་པའང་སྤྱད་བྱ་མ་ཡིན་པར་འགྱུར་ཏེ། གསོད་སྦྱོར་དེ་ཐམས་ཅད་ཀྱིས་སྤྱད་བྱ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་སྒེག་པའི་གཞུང་ལས། ཐབས་ཀྱི་སྤྱོད་པས་འཆིང་འགྱུར་ཏེ། །བྱང་ཆུབ་སེམས་དཔའ་འདུལ་དབང་གིས། །རྔོན་དང་སྨད་འཚོང་སྟོན་པའང་ལྟུང་། །ཞེས་པ་བཞིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔས་གཞན་དོན་དུ་དེ་དག་སྤྱད་ཀྱང་ལྟུང་བར་མི་འགྱུར་ན་ཅི་འགལ་ཞེ་ན། ཐམས་ཅད་ཀྱིས་ཐམས་ཅད་ཀྱི་སྤྱད་བྱ་མ་ཡིན་པ་ཉམས་སོ། །གཉིས་པ་ལྟར་ན་ཁྱབ་པ་མེད་དེ། བློ་དམན་ཞིང་ཐབས་ཀྱིས་མ་ཟིན་པའི་ཡུལ་མིན་ཡང་དེ་ལས་ལྡོག་སྟེ་ལྟ་བ་རྟོགས་ཤིང་ཐབས་ཀྱིས་ཟིན་པས་ཚོགས་སྒྲུབ་ཀྱི་དུས་སུ་དེ་དག་ལ་སྤྱད་ཀྱང་འཆིང་བར་མི་འགྱུར་ན་ཅི་འགལ་ཏེ། ཇི་སྐད་དུ་དེ་ཉིད་ལས། ཁེང་གྲགས་སྤྱོད་པས་དེ་མིན་ཕྱིར། །ཐབས་ཆེན་ལམ་ལ་གནས་པ་ཡི། །སྐྱེས་བུ་ཀུན་གྱིས་སྤྱད་པར་གསུངས། །ཞེས་གསུངས་པའི་ཕྱིར་རོ། །བསྒྲུབ་བྱ་དངོས་གྲུབ་ལ་གཉིས་སུ་གཞུང་བརྟག་གོ། །ཡང་དེ་ལྟར་བསྒྲུབ་པ་ལ་གང་ཟག་མོས་པ་ཐ་དད་པའི་ཕྱིར་ཁྲོ་བོའི་སྒོ་ནས་ཚོགས་སྒྲུབ་པ་ནི་ཁྲོ་བོ་ཞེས་བཛྲ་ཧེ་རུ་ཀ་དང་ཁྲོ་མོ་ཞེས་བཛྲ་ཀྲོ་ཏིའོ། །ཚོགས་ཆེན་ནི་རིགས་བཞི་ཡབ་ཡུམ་དང་། ཕོ་ཉ་ནི་གནས་ཀྱི་མ་མོ་ལ། ཕྱག་བརྙན་ནི་ཡུལ་གྱི་ཕྲ་མེན་ཏེ། བཀའ་ཉན་ནི་སྒོ་མའི་ཚོགས་སོ། །ཅི་བགྱིད་ནི་དབང་ཕྱུག་མའོ། །མངོན་རྟོགས་ནས་ཚོམ་བུ་གཅིག་པ་ལ་དེ་ལྟར་ལྔ་བཅུ་རྩ་བརྒྱད་བསྒོམ་པར་བཤད་ཅིང་། ལམ་རིམ་ལས་ཀྱང་། དང་པོར་ལྔ་བཅུ་བརྒྱད་གོམས་ནས། །ཞེས་བཤད་པ་བཞིན་ནོ། །སྤར་ཁབ་ནས་གོང་མ་རྣམས་མཐུན་ལ། ལ་སོགས་ཞེས་པ་ནི་རིགས་འདྲ་གཞན་ཁྲོ་བོ་ཁྲོ་མོ་ཉི་ཤུ་བསྡུས་པས་བདུན་ཅུ་རྩ་བརྒྱད་དོ། །ལམ་རིམ་ལས་ཀྱང་། བདུན་ཅུ་རྩ་བརྒྱད་དེ་བཞིན་ནོ། །ཞེས་སོ། །ཚོགས་རྣམས་ཞེས་པ་ཚོམ་བུ་གསུམ་ལ་ཕོ་བྲང་གི་ཤར་ནུབ་ཏུ་དེ་པ་དང་པདྨའི་རིགས་ལ་ཉི་ཤུ་སྟེ་དགུ་བཅུ་རྩ་བརྒྱད་དོ། །ལྔ་པ་ལ་དེའི་སྟེང་དུ་ལྷོ་བྱང་གཉིས་སུ་རིན་པོ་ཆེ་དང་ལས་ཀྱི་རིགས་ལ་ཉི་ཤུ་སྟེ་བརྒྱ་དང་བཅོ་བརྒྱད་དོ། །ཀྱིས་ཞེས་པ་བྱེད་པ་པོའི་སྒྲ་སྟེ་གོང་གི་ཚོགས་ཀྱི་དཀྱིལ་འཁོར་དེ་དག་གིས་འབྲུ་བསྒྱུར་ཏེ་བསྒྲུབ་བྱ་ལས་བཞིའི་དངོས་གྲུབ་རྣམས་མ་ལུས་ཤིང་རྫོགས་པར་འགྲུབ་པར་བྱེད་པའོ། །དོན་གཉིས་པ་ཅིག་ཅར་བ་ནི་གཞུང་བསྒྱུར་ཏེ་བཅུ་གཉིས་པའི་གཤམ་ནས་ཆོ་ག་ཞེས་པ་ལམ་གྱི་རིམ་པ་སྟེ་སྟོང་སྙིང་གཉིས་ཕྱག་རྒྱ་གཅིག་པ་ལ་ཕྲ་རགས་གཉིས་སྤྲོས་པ་དང་ལྔའོ། །འདི་ལ་སྔ་རབས་པ་རྣམས་འདི་ལྟར་བཞེད་དོ། །ལྷག་ཅེས་པ་མཐར་ཆགས་པ་ཡིན་ཏེ། ཕྱོགས་གཅིག་ལ་མཚོན་ན། རིམ་གྱིས་པས་སྟོང་སྙིང་གཉིས་མཐར་མ་ཕྱིན་པར་ཕྱག་རྒྱ་གཅིག་པ་བསྒོམས་པས་ཐུན་མོང་གི་སྐྱོན་བྱིང་པ་རྒོད་པ་བརྗེད་པ་གསུམ་དང་། ཁྱད་པར་གྱི་སྐྱོན་ནི་ལམ་རིམ་ནས། གང་ཚད་དམིགས་པ་ཚད་དང་ཚུལ། །གྲངས་དང་ཆ་ལུགས་མདོག་དབྱིབས་དང་། ཁ་དོག་འབའ་ཞིག་རིམ་པར་ནུབ། །ཅེས་པ་རྣམས་བྱུང་ནས་སྟོང་སྙིང་ལ་བསྐྱར་ནས་བསྒོམ་པ་ལྟ་བུ་ཡིན་ཞིང་། མ་ཚང་བ་ནི་ཕྱག་རྒྱ་གཅིག་པའི་བློ་ཆེ་ཤོས་ནས་ཐོད་རྒལ་དུ་སོང་བ་ལ་སྤྲོས་པ་ཆད་ཀྱང་དོན་ལྷག་པ་ཡིན་ཏེ། དཔེར་ན་བྱང་ཆུབ་སེམས་དཔའི་ལམ་དུ་བསམ་གཏན་བཞི་དང་། སྙོམས་འཇུག་བཞིའི་ཏིང་ངེ་འཛིན་རྩལ་སྦྱོང་བྱེད་པ་དང་འདྲ་གསུངས་ནས་མཛོད་ཀྱི་གཞུང་འདྲེན་ནོ། །ཡང་བླ་མ་ནི་འགྲེལ་ཆེན་ནས་རིམ་གྱིས་པ་རྒན་པོ་ཚིག་གཙོ་བོར་མི་བྱེད་ཅེས་གསུངས་པ་ལྟར་ཆོ་གའི་གོ་བ་བརྗོད་ཚིག་ལ་བརྗོད་དེ། དེ་བློ་ཆེ་བ་ལ་དེའི་ལྷག་ཆད་ཀྱིས་མི་གནོད་པར་འདོད་པ་བདེ་གསུང་པ་ནི་མ་ཡིན་པར་སེམས་ཏེ། ཇི་སྐད་དུ་དགུ་པ་ལས། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཞེས་པ་དང་། བཅུ་གཅིག་པ་ལས། ཆོ་ག་རྫོགས་པར་ཤེས་པ་ཡིས། །ཞེས་པས། ཆོ་གའི་གོ་བ་ལམ་གྱི་རིམ་པ་ཡིན་པར་གསུངས་བའི་ཕྱིར་རོ། །འདིར་ནི་རྐྱེན་འཇུག་པའི་མཚན་ཉིད་ཅིག་ཅར་བ་འདོད་དེ། དེ་ཡང་ཆོ་ག་ཅེས་པ་གོང་མ་ལྟར་ལ། ལྷག་ཅེས་པ་ནི་མ་དགོས་པ་སྟེ། ཇི་སྐད་དུ་སྤར་ཁབ་ལས། ལྷག་པ་ནི་དོན་ལྷག་པ་སྟེ་ཐོད་རྒལ་བའི་ཏིང་ངེ་འཛིན་ལྟ་བུ་ཐམས་ཅད་ལ་མི་དམིགས་པའི་ཚུལ་གྱིས་སློབ་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་གོང་གི་རིམ་གྱིས་པ་ལ་དགོས་པའི་ལམ་གྱི་རིམ་པ་དང་བསྙེན་སྒྲུབ་ཀྱི་དབྱེ་བ་རྣམས་མ་ཚང་ཡང་། འདིར་ཅིག་ཅར་བ་ལ་སྐྱོན་མ་ཡིན་ཏེ། དེ་ཉིད་ལས། མ་ཚང་བ་ནི་ཆད་པ་སྟེ་སེམས་མེད་པའི་ཏིང་ངེ་འཛིན་ལྟ་བུ་རང་གི་ངོ་བོ་ཉིད་ཀྱང་མ་དམིགས་ན་གཞན་ལྟ་ཅི་སྨོས། ཞེས་གསུངས་པའི་ཕྱིར་རོ། །དེའི་དོན་གཏན་ཚིགས་ཀྱིས་བསྒྲུབ་སྟེ་འབྲུ་བསྒྱུར་ལ། ལམ་ཅིག་ཅར་བ་ཆོས་ཅན། ལམ་གྱི་ལྷག་ཆད་ཀྱི་ཉེས་པ་མེད་དེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ངང་ལ་གནས་པས་ལམ་གྱི་རིམ་པ་ལ་གྲོགས་མཚན་མར་འཛིན་པ་ཐམས་ཅད་རྣམ་པར་དག་པའི་ཕྱིར། དཔེར་ན་ནམ་མཁའ་ལ་རྡུལ་གྱིས་མི་གོས་པ་བཞིན་ནོ། །དེ་ལྟར་རྒྱས་པ་ལས། ལྷུན་གྱིས་རྟོགས་ནས་ལྷུན་གྱིས་བསྒོམ། །རིམ་བྲལ་དེ་ཉིད་གསལ་གྱུར་འབྲེལ། །ཞེས་པ་དང་། ཡང་། མ་བཅོས་ཇི་བཞིན་ངང་བཞག་དང་། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འབྱུང་། །ཞེས་པ་དང་། བླ་མ་ལས། ཐིག་ལེ་ཆེན་པོ་ཉག་གཅིག་ལ། །སྒོམ་པ་རྣམ་གསུམ་དུས་གཅིག་རྫོགས། །ཞེས་པ་དག་གིས་ཤེས་པ་ཡིན་ནོ། །གསུམ་པ་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་ལའང་རིམ་ཅིག་ཅར་གཉིས་ལས། དང་པོ་ལའང་ཡོ་བྱད་ལྔ་ལ་སྤྱད་པའི་འབྲས་བུ་ནི་སྒྱུ་འཕྲུལ་དྲྭ་བ་ཞེས་པ་ལ་བཞི་ལས་འདི་ནང་གི་སྟེ་གཞུང་བརྟག་གོ། །ཚེ་དབང་གི་ཆ་ལུགས་ནི་སྔོན་ཚོགས་སྒྲུབ་ཀྱི་ལུས་གང་ཡིན་པའི་མི་དང་ལྷ་དང་དེའི་བྱེ་བྲག་ཚངས་པ་ལ་སོགས་པའི་སྐྱེ་བ་རྣམ་པར་དག་པ་འཛིན་པ་ཡིན་ཏེ། དེའི་ལུས་དེ་རྡོ་རྗེའི་ལུས་སུ་ཁྱེར་བས་ཚེ་གཅིག་གི་འབྲས་བུ་ཡིན་པའི་ཕྱིར་སྙམ་དུ་སེམས་སོ། །འོ་ན་ཚེ་དབང་དེ་ཆོས་ཅན། །ལྷ་མི་དང་ཁྱད་པར་མེད་པར་འགྱུར་ཏེ། སྐྱེ་བ་རྣམ་དག་འཛིན་པར་མཚུངས་པའི་ཕྱིར་ཞེ་ན། སྐྱེ་བ་རྣམ་དག་འཛིན་པ་ཙམ་དུ་འདྲ་མོད་ཀྱང་། དགོངས་པ་དང་ཡོན་ཏན་གྱི་ཁྱད་པར་དུ་བྱས་པ་ཡིན་ན་ཅི་འགལ་ཏེ་ཁྱབ་པ་མེད་དོ། །དེས་ཁྱད་པར་དུ་བྱས་པར་མ་གྲུབ་ཅེ་ན། དགོངས་པས་ཁྱད་པར་དུ་བྱས་པ་ཡིན་ཏེ། ལུས་ལ་རང་དབང་ཐོབ་པས་ཚེ་ལ་དབང་བ་ཡིན་ཞིང་། ཡོན་ཏན་ནི་ཟག་མེད་ཀྱི་ས་ལ་གནས་པར་གྱུར་བ་ཡིན་པའི་ཕྱིར་རོ། །འོ་ན་ཚེ་དབང་དེ་ཆོས་ཅན། བྱང་ཆུབ་སེམས་དཔའ་ས་དང་པོ་པ་དང་ཁྱད་པར་མེད་པར་འགྱུར་ཏེ། ས་ཁྱད་པར་ཅན་ལ་གནས་པར་མཚུངས་པའི་ཕྱིར་ཞེ་ན། མཚུངས་པར་མ་གྲུབ་སྟེ། ཚེ་དབང་གིས་རྒྱུའི་ས་དང་པོ་ལ་བགྲོད་མི་དགོས་ཤིང་། རྒྱུའི་ཐེག་པའི་ས་དང་པོ་པས་ཚེ་དབང་ལ་ད་གཟོད་བགྲོད་དགོས་པའི་ཕྱིར་རོ། །དེ་གཉིས་མ་གྲུབ་བོ་ཞེ་ན། ཚེ་དབང་གིས་རྒྱུའི་ས་དང་པོ་ལ་བགྲོད་མི་དགོས་ཏེ། རིམ་གྱིས་པའི་དབང་དུ་སྔར་བགྲོད་ཟིན་ཅིང་། ཅིག་ཅར་བའི་དབང་དུ་དེ་ལ་གཏན་ནས་ལྟོས་མི་དགོས་པའི་ཕྱིར་རོ། །རྒྱུའི་ས་དང་པོ་པས་ཚེ་དབང་ལ་གཟོད་བགྲོད་དགོས་པ་ཡིན་ཏེ། ཇི་སྐད་དུ་ཐ་མ་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་སྒོམ་ལམ་དང་མཐར་ལམ་ཀྱང་གོང་མ་དང་མཚུངས་སོ། །མཐར་ཐུག་པའི་འབྲས་བུ་ལ་སྦྱོར་ཚུལ་ནི། དེ་ལྟར་ལམ་གྱི་དུས་ན་རྒྱུའི་ཐེག་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་ཀུན་འདིའི་ལྟ་བ་ལ་དུས་གཅིག་ཏུ་རྫོགས་པ་ཡིན་ཏེ། གང་ཞེ་ན། གཉིས་མེད་མཐར་ཕྱིན་པ་ནི་གང་ལ་ཡང་མི་འཛིན་པས་སྦྱིན་པ་དང་། གང་ལ་ཡང་མ་ཆགས་པས་ཚུལ་ཁྲིམས་དང་། གཉིས་མེད་ཀྱི་ལྟ་བ་ནི་ཟབ་མོའི་དོན་ཡིན་ལ་དེ་ལ་མི་སྐྲག་པས་བཟོད་པ་དང་། དེའི་ངང་ལས་མི་གཡོ་བས་གསམ་གཏན་དང་། དེ་ལས་དུས་ཐམས་ཅད་མི་ཡེངས་པས་བརྩོན་འགྲུས་དང་། ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པ་གསལ་བས་ཤེས་རབ་དང་། དེ་མངོན་དུ་གྱུར་པས་སྨོན་ལམ་དང་། འབྲས་བུ་གཞན་ནས་མི་འཚོལ་བས་ཐབས་དང་། དེས་ལྟ་ངན་ཟིལ་གྱིས་གནོན་པས་སྟོབས་དང་། ཡེ་ནས་ཡིན་པའི་དོན་མངོན་དུ་གསལ་བས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་ཕྱིར་ཚིག་བསྒྱུར་ཏེ་འོག་ནས་རྒྱུའི་ཐེག་པའི་སའི་ཁྱད་པར་བཅུ་ཡང་འདིར་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་གཅིག་ལ་ལྷུན་གྱིས་གྲུབ་པ་ཡིན་ཏེ། འདི་ལྟར་མཉམ་པ་ཉིད་ཀྱི་དབྱིངས་མཐོང་བས་དང་པོ་རབ་ཏུ་དགའ་བ། དེས་མཐར་ལྟ་དག་པས་གཉིས་པ་དྲི་མ་མེད་པ། སེམས་ཉིད་རང་གསལ་བས་འགྲོ་དོན་མི་འགོག་པར་བྱེད་པས་གསུམ་པ་འོད་བྱེད་པ། རང་རིག་ཉིད་ཐམས་ཅད་དུ་སྣང་བས་བཞི་པ་འོད་འཕྲོ་བ། དོན་གཉིས་དུས་གཅིག་ཏུ་བྱེད་པས་ལྔ་པ་སྦྱང་དཀའ་བ། མཚན་ཉིད་ཡུལ་དང་བྲལ་བར་གསལ་བས་དྲུག་པ་མངོན་དུ་གྱུར་བ། མཐའི་ལྟ་བ་སྤོང་བས་བདུན་པ་རིང་དུ་སོང་བ། གཡེང་བའི་ཡུལ་མེད་པས་བརྒྱད་པ་མི་གཡོ་བ། ཡོན་ཏན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་མངའ་བས་དགུ་པ་ལེགས་པའི་བློ་གྲོས། ཡོན་ཏན་དེ་དག་གི་འབྱུང་གནས་སུ་འགྱུར་པས་བཅུ་པ་ཆོས་ཀྱི་སྤྲིན་ནོ། །དང་ཞེས་པ་འབྲས་བུ་སངས་རྒྱས་ཀྱི་ས་གསུམ་ཡང་གྲུབ་སྟེ། ཡང་གོང་ནས་ས་བཅུའི་བསྒྲུབ་བྱའི་མཆོག་ཀུན་ཏུ་འོད་ཡིན་ལ་དེ་འདིར་གཉིས་མེད་རྟོགས་པའི་ངང་དུ་རྫོགས། རྫོགས་པའི་ལྟ་བ་དེས་ཉོན་མོངས་ལ་སོགས་དངོས་པོ་གཉིས་ལ་མ་འགགས་པར་སྤྱད་ཀྱང་ཤེས་རབ་ཀྱིས་དེ་དག་ཏུ་མི་དམིགས་པར་རྟོགས་པས་ཆོས་སྐུ་མངོན་དུ་བྱས་པ་ནི་དཔེར་ན་པདྨ་འདམ་ནས་སྐྱེས་ཀྱང་དེས་མི་གོས་པ་ལྟར་ཀུན་ཏུ་འོད་ཀྱི་མཆོག་པདྨ་ཅན་གྱི་སའོ། །གི་ཞེས་པ་པདྨ་ཅན་གྱི་ཡང་མཆོག་ཏུ་གྱུར་པ་སྟེ། ཡང་གོང་ནས། དེ་ལྟར་ཆོས་སྐུ་མངོན་དུ་གྱུར་ནས་གཟུགས་སྐུ་གཉིས་ཀྱིས་དོན་མཛད་པའི་ཐབས་དང་ཐེག་པ་བསམ་གྱིས་མི་ཁྱབ་པ་ལ་སོགས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་མངའ་བརྙེས་པ་ནི་འཁོར་ལོ་ཚོགས་ཆེན་གྱི་སའོ། །དེ་ལྟར་ཡང་དག་པའི་དོན་མངོན་དུ་བྱས་པའི་ཤེས་རབ་ཀྱིས་སྐུ་ལྔ་མཐར་ཕྱིན་པའི་ཚེ་ཡང་འོག་ནས་བྱང་ཆུབ་སེམས་དཔའི་ལམ་དུ་རྒྱུ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་འབྲས་བུ་ས་བཅུའི་ཁྱད་པར་རམ། ཡང་ན་རྒྱུའི་ཐེག་པའི་ས་དང་འབྲས་བུ་རྡོ་རྗེ་ཐེག་པའི་སའི་ཁྱད་པར་རམ། ཡང་ན་རྒྱུ་ས་བཅུ་དང་། འབྲས་བུ་སངས་རྒྱས་ཀྱི་ས་གསུམ་གྱི་ཁྱད་པར་དེ་དག་འདིར་ལྷུན་གྱིས་གྲུབ་པའི་ཡེ་ཤེས་གཅིག་ལ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་པའི་དོན་ནོ། །གཉིས་པ་ཅིག་ཅར་བ་ནི་བསྒྲུབ་བྱའི་ཚོམ་བུའི་དཀྱིལ་འཁོར་ཀུན་དང་། ལམ་དུ་གྱུར་པའི་འབྲས་བུ་རིག་འཛིན་བཞི་ཆར་རིག་པ་གཅིག་ལ་གསལ་བའི་བློས་རབ་ཏུ་སྦྱོར་བས་ན་རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་གྱི་ཆེ་བའི་ཡོན་ཏན་ཐམས་ཅད་འགྲུབ་པར་འགྱུར་བའོ། །ལེའུའི་མཚན་གྱི་སྐབས་སུ་ཚོགས་ཀྱི་ཞེས་པ་ནི། ཞུབ་ཅན་མང་པོ་འཚོགས་པ་ལ་དམག་ཚོགས་ཟེར་བ་ལྟར། འདིར་ཡང་རྣལ་འབྱོར་པ་དུ་མ་འཚོགས་ནས་དང་། ཡོ་བྱད་དུ་མ་ལ་བརྟེན་ནས་དང་། བསྒྲུབ་བྱ་ལྷ་དུ་མ་བསྐྱེད་ནས་བསྒྲུབ་པའི་ཕྱིར་ཚོགས་ཞེས་བྱ་སྟེ། དང་པོ་ནི་རྡོ་རྗེ་ལས། སྐྱེ་བོ་མཛའ་བ་ཀུན་འཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །ཞེས་པས་སྐལ་ལྡན་མིའི་དང་། གཉིས་པ་ནི། འབྱོར་བ་ལོངས་སྤྱོད་ཚང་བ་ནི། །བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ཅེས་པས་འབྱོར་ལྡན་ཡོ་བྱད་ཀྱི་དང་། གསུམ་པ་ནི། ལྷ་དང་དམ་ཅན་ཀུན་འདུས་པ། །འདུས་པ་ཆེན་པོའི་ཚོགས་སུ་གསུངས། །ཞེས་པས་དགྱེས་ལྡན་ལྷའི་འཚོགས་ཏེ། དེ་དག་ལ་མ་འགགས་པར་སྤྱད་པས་བསོད་ནམས་དང་། དེ་དག་ཏུ་མ་དམིགས་པར་ཤེས་པས་སྤྱད་ཀྱང་མ་གོས་པ་ནི་ཡེ་ཤེས་སུ་གྱུར་པའི་ཕྱིར་ཏེ། ཐམས་ཅད་སྤྱོད་ལ་མི་འཛིན་པས། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པའོ། །ཞེས་གསུངས་པའི་ཕྱིར་རོ། །དཀྱིལ་འཁོར་གྱི་ཞེས་པ་ནི་བསྒྲུབ་བྱ་སྟེ། ལེ་ལག་ལས། རྡོ་རྗེ་སེམས་དཔའ་དཀྱིལ་ཉིད་དེ། །རིགས་བཞི་ལྷ་དང་ལྷ་མོ་འཁོར། །ཞེས་པའོ། །རྒྱུད་དོན་རྣམ་ངེས་ལས་ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པའི་རྣམ་པར་བཤད་པའོ།། ༈ །།ལེའུ་བཅུ་གསུམ་པ་མཚོན་པར་བྱེད་པའི་སྒོ་ནས་གོལ་སྒྲིབ་གདར་ཤ་ཆོད་པར་བྱ་བའི་ཕྱིར་ལྟ་བ་བརྒལ་བརྟག་གིས་བཤད་པ་ཞེས་བྱ་བ་ཡིན་ཏེ། དེ་ལ་གཉིས། འདོད་པ་ཕྱོགས་ལྷུང་གི་ལྟ་བ་རྣམས་སུན་དབྱུང་བ་དང་། འདིའི་དབྱེར་མེད་ཀྱི་ལྟ་བའི་དོན་བསྒྲུབ་པའོ། །དང་པོ་ལའང་གཉིས་ཏེ། རང་རང་གི་ལྟ་བ་རྣམས་ཀྱི་ཐུན་མོང་གི་ཚུལ་བརྗོད་པ་དང་། སོ་སོའི་ཚུལ་བརྗོད་པའོ། །དང་པོ་ནི་རང་རང་གི་རྟོགས་བྱའི་ཡུལ་ལ་རྟོགས་བྱེད་ཀྱི་བློ་མ་འཁྲུལ་པར་འདོད་པ་སྟེ། ཐུན་མོང་གི་རྒྱུད་ལས། གྲུབ་པའི་མཐར་ཕྱིན་འཁྲུལ་པ་མེད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ལ་ཡང་དེ་ལྟ་བུའི་གྲུབ་མཐས་བློ་མ་བསྒྱུར་བ་དང་བསྒྱུར་བ་གཉིས་ཏེ། དེ་གཉིས་ཀྱི་ཁྱད་པར་ནི་རང་གི་སྟོན་པ་དང་བསྟན་པའི་རྗེས་སུ་བློ་མ་འབྲངས་པ་དང་། འབྲངས་པས་ཕྱེ་བ་ཡིན་ནོ། །དེ་ལས་དང་པོ་ནི་མ་རྟོགས་པ་དང་ཞེས་པ་འཇིག་རྟེན་ཕལ་པ་སྟེ་མ་རིག་པ་དང་མཚུངས་པར་ལྡན་པའི་ལྟ་བ་ཕྱོགས་གཅིག་པ་ཞིག་ཡིན་ནོ། །མ་རིག་པ་ལ་གཉིས་ཏེ། ཡང་དག་པའི་དོན་ལ་རྨོངས་པ་དང་། ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པའམ། ཡང་ན་ལྷན་ཅིག་སྐྱེས་པ་དང་། ཀུན་ཏུ་བརྟགས་པའི་མ་རིག་པའོ། །དེ་ལས་འདི་ནི་རྒྱུ་འབྲས་ལ་རྨོངས་པ་དང་མཚུངས་པར་ལྡན་པའི་ལྟ་བ་ཙམ་མོ། །དེ་ལ་ཡང་འཇིག་རྟེན་ཕྱལ་པ་དང་། རྒྱང་འཕེན་གཉིས་སོ། །དང་པོ་ལ་ཡང་ངོ་བོ་ངེས་ཚིག་དབྱེ་བ་གསུམ་ལས་ངོ་བོ་ནི་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ལ་རྨོངས་པའོ། །ངེས་ཚིག་ནི་ལྟ་བ་འདི་ལྟར་ཡིན་མིན་གྱི་དམིགས་མ་རྙེད་པའི་ཕྱིར་དེ་སྐད་ཅེས་བྱའོ། །དབྱེ་ན་གཉིས་ཏེ། དམན་རིགས་དང་། རིགས་མ་ངེས་པའོ། །དེ་ལྟར་ཡང་རྒྱས་པ་ལས། ངེས་མེད་འདི་ཞེས་བསྟན་དུ་མེད། །ཅེས་པ་དང་། ཀུན་ལ་མཐུན་བྱས་འཇམ་པས་འཇུག །ཅེས་པ་བཞིན་ནོ། །རྒྱང་འཕེན་པ་ལ་ཡང་གསུམ་ལས། ངོ་བོ་ནི་ཕྱལ་བ་དང་འདྲ་བའི་སྟེང་དུ་ཚེ་གཅིག་གི་ཕན་བདེ་བག་ཙམ་བསྒྲུབ་པའི་བློ་ཅན་ནོ། །ངེས་ཚིག་ནི་ཕྱི་མ་ཕན་ཆད་ཀྱི་བདེ་བ་རྒྱང་དུ་བོར་ནས་འདིའི་ཕན་བདེ་ཁོ་ན་ལ་དམིགས་པ་སྟེ་འཇིག་རྟེན་བྲང་བྲེང་གི་ངོར་སད་པ་ཞེས་བྱའོ། །དབྱེ་ན་གཉིས་ཏེ། རིགས་ཆད་དང་། འདུ་ཤེས་ཅན་ནོ། །དང་པོ་ལའང་གཉིས་ཏེ། རང་བཞིན་གྱིས་དང་། རྐྱེན་གྱི་རིགས་ཆད་པའོ། །དང་པོ་ནི་ཐེག་པ་ཆེན་པོའི་གྲུབ་མཐའ་འཛིན་པས་འདོད་བྱ་མ་ཡིན་ཏེ། བདེ་བར་གཤེགས་པའི་སྙིང་པོས་མ་ཁྱབ་ཅིང་གཞི་བཟང་ངན་ཅན་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་ནི་སྤྱན་འགྲེལ་ལས། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ལས་ཀྱང་འབྱུང་སྟེ་ཡུན་རིང་དུ་བརྒྱངས་པ་ཙམ་ལ་བྱའོ་ཞེས་གང་གསུངས་པ་དེ་ཡིན་ཏེ། ཐུན་མོང་གི་ཐེག་པ་ལྟར་ན་ཚིག་ཀྱང་མི་ཟིན་ཅིང་དོན་ཡང་མི་གོ་བས་དབང་པོ་རྟུལ་པོར་གྱུར་པའོ། །དེ་ཡང་ཇི་སྐད་དུ། ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་གྱུར་ཀྱང་། །རང་རིག་རྟོགས་པའི་སྐལ་དང་མི་ལྡན་ན། །ཇི་ལྟར་དམུས་ལོང་མདུན་དུ་མདོག་བསྟན་ལྟར། །དེ་ནི་སྐལ་མེད་རིགས་ཆད་ས་ཡིན་ནོ། །ཞེས་པའོ། །འདུ་ཤེས་ཅན་ལ་ཡང་བཞི་སྟེ། ཆགས་པའི་དང་། གཡེང་བའི་དང་། ཡང་བའི་དང་། མོས་པའི་འདུ་ཤེས་ཅན་ནོ། །དེ་ཡང་མདོ་ཆེན་པོ་ལས། འདུ་ཤེས་ཅན་བཞི་ཆགས་པ་དང་། །གང་ལ་གཡེང་དང་ཡ་ང་ཅན། །མོས་པ་ཅན་བཞི་གྲགས་པ་བཞི། །ས་བོན་འཛིན་པའི་ཞིང་དུ་སྣང་། །ཞེས་པའོ། །གཉིས་པ་གྲུབ་མཐས་བློ་བསྒྱུར་བ་ལ་གཉིས་ཏེ། ཕྱི་རོལ་པ་དང་། ནང་པའི་གྲུབ་མཐའ་འཛིན་པ་གཉིས་སོ། །དེ་གཉིས་ཀྱི་ཁྱད་པར་ནི་ཁ་ཅིག་ལྟ་བ་བདག་ཡོད་མེད་དང་། སྤྱོད་པ་སེམས་ཅན་ལ་འཚེ་བ་མི་སྤོང་ཞིང་སྤོང་བ་དང་། སྐྱབས་ཡུལ་དཀོན་ཅོག་གསུམ་ལ་མི་བྱེད་ཅིང་བྱེད་པ་དང་གསུམ་གྱིས་ཁྱད་པར་དུ་བྱས་ཞེས་ཟེར་བ་ནི་མ་ངེས་པ་ཡིན་ཏེ། རིམ་པ་ལྟར་ལྟ་བ་མུ་སྟེགས་རྒྱང་འཕེན་པ་ཡང་བདག་མི་འདོད་པའི་ནང་པར་འགྱུར་ལ། རང་སྡེ་ཉན་རང་ཡང་ཆོས་བདག་འདོད་པས་ཕྱི་རོལ་པར་འགྱུར་རོ། །སྤྱོད་པ་གཅེར་བུ་ཡང་སེམས་ཅན་ལ་འཚེ་བ་སྤོང་བས་ནང་པར་འགྱུར་ཞིང་། སྐྱབས་ཡུལ་འཇིག་རྟེན་ཕྱལ་བ་ལ་སོགས་པ་ཡང་དཀོན་ཅོག་གསུམ་ལ་མི་འཛིན་པས་ཕྱི་རོལ་པར་འགྱུར་བའི་ཕྱིར་རོ། །ཡང་ཁ་ཅིག་ནི་ལྟ་བ་རྟག་ཆད་ཀྱི་མཐར་ཞེན་ཅིང་། སྤྱོད་པ་བརྟུལ་ཞུགས་ཕྱིན་ཅི་ལོག་ཏུ་སྤྱོད་ལ། སྐྱབས་ཡུལ་དབང་ཕྱུག་ལ་སོགས་པ་ལ་འཛིན་པས་འབྲས་བུ་འཇིག་རྟེན་པར་སྨིན་པ་ནི་ཕྱི་རོལ་པ་ཡིན་ལ། ལྟ་བ་རྟག་ཆད་ཀྱི་མཐའ་ལས་གྲོལ་ཞིང་། སྤྱོད་པ་བརྟུལ་ཞུགས་དག་པར་སྤྱོད་ལ། སྐྱབས་ཡུལ་དཀོན་ཅོག་གསུམ་ལ་འཛིན་པས་འབྲས་བུ་འདས་པར་སྨིན་པ་ནི་ནང་པ་ཡིན་ཟེར་བ་ཡང་ཅུང་ཟད་གནོད་པ་དང་བཅས་པ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན། འདི་གྲུབ་མཐའ་འཛིན་ལུགས་ཀྱི་ཁྱད་པར་ཡིན་ཏེ། ཁྱབ་འཇུག་གམ་དབང་ཕྱུག་ལ་སོགས་པ་ལ་སྟོན་པར་འཛིན་ཅིང་དེའི་བསྟན་པའི་རྗེས་སུ་བློ་འབྲངས་ཏེ་དེའི་གྲུབ་མཐའ་འཛིན་པ་ནི་ཕྱི་རོལ་པ་ཡིན་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྟོན་པར་འཛིན་ཅིང་དེས་གསུངས་པའི་བསྟན་པའི་རྗེས་སུ་བློ་འབྲངས་ནས་དེའི་གྲུབ་མཐའ་འཛིན་པ་ནི་ནང་པ་ཡིན་ནོ། །དེ་ལྟར་གཉིས་ལས་དང་པོ་ལོག་པར་རྟོག་ཞེས་པ་ནི། མདོ་ཆེན་པོ་ལས། ལོག་པར་རྟོག་འདི་ཡ་མཚན་ཅན། །བརྒྱ་ཕྲག་གསུམ་དང་དྲུག་ཅུ་གཉིས། །ཞེས་པས། ལྟ་ལོག་སུམ་བརྒྱ་དྲུག་ཅུ་རྩ་གཉིས་ནི། གང་ཟག་གི་བདག་ཉེར་ལེན་གྱི་ཕུང་པོ་ལྔ་པོ་རེ་རེ་ལའང་ངོ་བོའི་སྒོ་ནས་གཟུགས་བདག་ཡིན་ལ། རྒྱན་གྱི་སྒོ་ནས་གཟུགས་བདག་དང་ལྡན། བྱེད་པའི་སྒོ་ནས་གཟུགས་བདག་གི་ཡིན། བརྟེན་པའི་སྒོ་ནས་གཟུགས་ལ་གནས་ཞེས་པ་ལ་སོགས་བཞི་བཞི་སྟེ་ཉི་ཤུའོ། །དེ་དག་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་དུ་རྟོག་པ་སྟེ་དེ་ལྟར་དུས་གསུམ་ལོག་པའི་རི་བོ་ཉི་ཤུ་ཕྲག་གསུམ་པོ་དེ་སྟོན་པ་མི་འཕམ་སྐྲའི་ལྭ་བ་ཅན་ལ་སོགས་པ་དྲུག་གིས་ཁས་བླངས་པས་སུམ་བརྒྱ་དྲུག་ཅུ་དང་རྩ་བ་རྟག་ཆད་གཉིས་སོ། །གཉིས་པ་ནང་པ་ལའང་ཐེག་པ་ཆེ་ཆུང་གཉིས་ཏེ། དེ་གཉིས་ཀྱི་ཁྱད་པར་ནི། ཆོས་ལྔ་དག་དང་ཞེས་པ། བློས་བཏགས་པ་སྣ་ཚོགས་སུ་སྣང་བའི་མཚན་མ་དང་། དེ་དག་ལ་བཏགས་པའི་མིང་དང་། དེ་དག་ལ་རྟོགས་པའི་རྣམ་རྟོག་དང་། དེ་དག་གིས་སྟོངས་པའི་དེ་བཞིན་ཉིད་དང་། དེ་རྟོགས་པའི་ཡེ་ཤེས་སོ། །རང་བཞིན་གསུམ་ཞེས་པ། ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་སྟེ་འདི་སེམས་ཙམ་པའི་སྐབས་སུ་འཆད་དོ། །རྣམ་པར་ཤེས་པ་བརྒྱད་ཉིད་དང་ཞེས་པ། ཀུན་གཞི། ཉོན་ཡིད། ཡིད་ཤེས། སྒོ་ལྔའོ། །བདག་མེད་གཉིས་རྟོགས་ཞེས་པ། ཕྱི་རོལ་པས་བཏགས་པའི་གང་ཟག་གི་བདག་དང་། ཉན་རང་གིས་བཏགས་པའི་ཆོས་བདག་གོ། །དེ་ལྟར་ཆོས་དེ་རྣམས་ཁས་ལེན་པའི་ནང་དུ་ནི། ཐེག་པ་ཆེན་པོའི་མཐའ་དག་འདུས་ཞེས་སོ། །ཡང་སློབ་དཔོན་ཨ་རོའི་གཞུང་ལྟར། ཐེག་པའི་རང་བཞིན་ཤེས་རབ་སྙིང་རྗེ་ཁོ་ན་སྟེ། །འདི་དག་ཆེ་ཆུང་དབང་གིས་ཐེག་པའི་ཁྱད་པར་བསྟན། །ཞེས་པས། གང་ཤེས་རབ་ཆུང་སྟེ་བདག་མེད་ཕྱོགས་རེ་ལས་མ་རྟོགས་ཤིང་། སྙིང་རྗེ་ཆུང་སྟེ་སེམས་ཅན་གྱི་དོན་གཙོ་བོར་མི་སྤྱོད་པ་ནི་ཐེག་ཆུང་ཡིན་ལ། གང་ཤེས་རབ་ཆེ་སྟེ་བདག་མེད་གཉིས་རྫོགས་པར་རྟོགས་ཤིང་། སྙིང་རྗེ་ཆེ་སྟེ་གཞན་དོན་གཙོ་བོར་སྤྱོད་པ་ནི་ཐེག་ཆེན་ནོ། །དེ་ལས་ཐེག་ཆུང་ནི་ཕྱོགས་རྟོགས་ཞེས་པ་ཤེས་བྱའི་བྱེ་བྲག་ལས་མ་རྟོགས་ཤིང་མཚན་མར་འཛིན་པ་ཉན་རང་གཉིས་སོ། །དང་པོ་ཉན་ཐོས་ལའང་གཉིས་ལས། སྤྱི་དོན་དུ་སྣང་བ་ཐམས་ཅད་ཤེས་པ་ཡིན་ཏེ། དེ་ཡང་ཤེས་པ་ཉིད་དོན་དུ་སྣང་བ་མ་ཡིན་ཞིང་། ལྐོག་ན་མོ་ཞེས་བྱ་བ་ཕྲ་མོ་དོན་དམ་གྱི་དམིགས་རྐྱེན་ལས་སྐྱེས་པ་ནི་དོན་གྱི་རྣམ་པ་གཏོད་བྱེད་ཀྱི་རྒྱུར་འདོད་ཅིང་། དོན་གྱི་རྣམ་པ་ཅན་གྱི་ཤེས་པ་འབྲས་བུར་འདོད་པ་ནི་རྣམ་བཅས་མདོ་སྡེ་པ་ཡིན་ལ། ཕྱི་དོན་དུ་སྣང་བ་ཐམས་ཅད་གསུམ་དུ་ངེས་པ་ལས་དོན་སྤྱི་དང་། དངོས་མེད་གསལ་སྣང་གཉིས་ཡུལ་དངོས་པོར་མེད་ཅིང་། དོན་རང་མཚན་ནི་ཡུལ་དངོས་པོར་བདེན་པར་འདོད་དོ། །ཡང་དེ་དག་འཛིན་པའི་ཤེས་པ་ཡང་གསུམ་དུ་ངེས་པ་ལས། འཛིན་པ་རྟོག་པ་དང་། རྟོག་མེད་འཁྲུལ་པ་གཉིས་བློ་འཁྲུལ་པ་ཡིན་ཞིང་། འཛིན་པ་མངོན་སུམ་ནི་བློ་མ་འཁྲུལ་པར་འདོད་དོ། །དེས་ན་ཡུལ་ཅན་བློ་མ་འཁྲུལ་པ་དེས་ཡུལ་དངོས་པོ་འཛིན་པ་ཡང་ཁབ་དང་ཁབ་ལེན་ལྟར་འབྲེལ་མེད་དུས་མཉམ་ཐུག་འཕྲད་དུ་འཛིན་པར་འདོད་པ་ནི་རྣམ་མེད་བྱེ་བྲག་པ་ཡིན་ནོ། །གཉིས་པ་རང་རྒྱལ་ནི། གང་ཟག་གི་བདག་མེད་རྟོགས་ལ། ཆོས་བདག་བྱེ་བྲག་པས་འདོད་པའི་གཟུང་ཡུལ་རྡུལ་ཕྲན་ཆ་མེད་དོན་དམ་གྱི་དངོས་པོ་ཡང་རང་བཞིན་མེད་དེ། ཕྱོགས་ཀྱི་ཆ་དང་བཅས་པའི་ཕྱིར་རོ། །གལ་ཏེ་དེ་མ་གྲུབ་ན་རགས་པ་མི་སྣང་བར་འགྱུར་བ་ལས་དམིགས་པའི་ཕྱིར་ཞེས་རྡུལ་ཕྲན་མ་གྲུབ་པར་འདོད་ལ། འཛིན་ཤེས་སྐད་ཅིག་བདེན་དངོས་སུ་འདོད་པ་སྟེ། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པའང་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཞེས་སོ། །གཉིས་པ་ཐེག་པ་ཆེན་པོ་ལའང་རྒྱུ་མཚན་ཉིད་ཀྱི་དང་། འབྲས་བུ་རྡོ་རྗེའི་ཐེག་པའོ། །དེ་གཉིས་ཀྱི་ཁྱད་པར་ནི་ལེའུ་གསུམ་པར་བསྟན་ཟིན་ཏོ། །དེ་ལས་མཚན་ཉིད་ཀྱི་ཐེག་པ་ནི་ཡང་དག་ཉིད་མ་རྟོགས་ཞེས་པ། ཡང་དག་པའི་དོན་ཕྱོགས་འགའ་ཙམ་ལས་མ་རྟོགས་པ་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། དེ་ལ་ཡང་སེམས་ཙམ་དང་། དབུ་མ་གཉིས་ལས། དང་པོ་ནི་འདི་ལྟར་གང་ཟག་གི་བདག་ཏུ་སྒྲོ་བཏགས་པ་ལྟ་བུའི་མཚན་ཉིད་ཡོངས་སུ་ཆད་པའི་དང་། རིག་ཤེས་ཀྱི་བློ་ལ་ལྟོས་ཏེ་ཤེས་པ་ལས་ཐ་དད་པའི་དོན་དུ་སྣང་བ་གཟུགས་ལ་སོགས་པ་ལྟ་བུ་རྣམ་གྲངས་པའི་ཀུན་བརྟགས་གཉིས། གཞན་རྐྱེན་རྣམ་པར་རྟོག་པ་ལས་བྱུང་བ་ལྟ་བུ་མ་དག་པ་དང་། ས་བཅུའི་རྗེས་ཐོབ་ལྟ་བུ་དག་པའི་གཞན་དབང་གཉིས། བདག་གཉིས་ཀྱིས་སྟོངས་པའི་འགྱུར་བ་མེད་པའི་དང་། མཚན་ཉིད་དེ་རྟོགས་བྱེད་ཀྱི་ལམ་དང་མྱ་ངན་ལས་འདས་པའི་ཆོས་གཉིས་ནི་ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པ་སྟེ། དེ་ལྟར་ཀུན་བརྟགས་དང་གཞན་དབང་གཉིས་ཀུན་རྫོབ་ལ། ཡོངས་གྲུབ་ནི་དོན་དམ་ཡིན་ཞེས་སྨྲའོ། །དེ་ཡང་ཀུན་རྫོབ་ལ་གཟུང་ཡུལ་གསུམ་ལ་བདེན་རྫུན་དང་། དེ་འཛིན་ཤེས་པ་གསུམ་ལ་འཁྲུལ་མ་འཁྲུལ་བྱེ་བྲག་པ་དང་འདྲ་ལ། གཟུགས་ལ་སོགས་ཡུལ་གྱི་རྣམ་པ་རྣམས་རང་རིག་ཏུ་བདེན་པར་འདོད་པ་ནི་རྣམ་བདེན་པ་ཡིན་ལ། དེ་རྫུན་པར་འདོད་པ་ནི་རྣམ་རྫུན་པའོ། །གཉིས་པ་དབུ་མ་པ་ནི་ཆོས་ཐམས་ཅད་བདེན་པ་གཉིས་སུ་འདུས་པར་སྨྲ་བ་སྟེ། ཇི་སྐད་དུ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་སོ། །དེ་གང་ཞེ་ན། འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་པའོ། །དེ་ཡང་དོན་དམ་ལ་དབུ་མ་པ་གཉིས་མཐུན་ཏེ། ཇི་སྐད་དུ། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། །དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་ཡང་དེ་ཡི་ཕྱིར། །ཤེས་བྱ་ཐམས་ཅད་མཉམ་པ་ཉིད་དུ་ཡང་དག་གཟིགས་གྱུར་པ། །མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གཅིག་གིས་ཤེས་བྱ་ཐུགས་སུ་ཆུད། །ཅེས་པ་ལྟར་ཁྱད་པར་གྱི་དབྱེ་བ་ཅུང་ཟད་ཙམ་ཡང་མེད་པར་འདོད་དོ། །ཀུན་རྫོབ་ལ། ཇི་སྐད་དུ། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པ། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་པས། སྣང་ལ་དོན་བྱེད་ནུས་པ་ཡང་དག་པའི་ཀུན་རྫོབ་ལ། དེ་དང་དེས་སྟོངས་པ་ལོག་པའི་ཀུན་རྫོབ་ཏུ་འདོད་པ་རང་རྒྱུད་པ་ཡིན་ལ། ཡང་ཡུལ་བདེན་པ་ལ་དབང་ཤེས་མ་འཁྲུལ་པ་དུང་དཀར་འཛིན་ལྟ་བུ་ནི་ཡང་དག་པའི་ཀུན་རྫོབ་ལ། ཡུལ་རྫུན་ཞིང་བློ་འཁྲུལ་པ་དུང་སེར་འཛིན་ལྟ་བུ་ནི་ལོག་པའི་ཀུན་རྫོབ་ཏུ་འདོད་པ་ཐལ་འགྱུར་བ་སྟེ། དེ་ལྟར་གཞི་ཀུན་རྫོབ་ལ་ཡུལ་བདེན་རྫུན་དང་། བློ་འཁྲུལ་མ་འཁྲུལ་དང་། རང་རྒྱུད་དངོས་པོའི་སྟོབས་ཀྱིས་ཞུགས་པའི་ཚད་མ་ཡོད་མེད་གསུམ་གྱིས་ཕྱེ་ལ། ལམ་སློབ་ལམ་རྗེས་ཐོབ་ལ་འཁྲུལ་མ་འཁྲུལ་གྱི་ཕྱེ་ཞིང་། འབྲས་བུ་སངས་རྒྱས་ཀྱི་ས་ན་རང་སྣང་གི་ཡེ་ཤེས་ཡོད་མེད་གཉིས་ཀྱིས་རང་ཐལ་གཉིས་སུ་ཕྱེ་བར་འདོད་དོ། །གཉིས་པ་འབྲས་བུ་རྡོ་རྗེའི་ཐེག་པ་ལ་ཡང་ཕྱི་ནང་གཉིས་ལས། འདི་གཉིས་ཀྱི་ཁྱད་པར་ཕྱོགས་གཅིག་གིས་ཕྱེད་པར་དཀའ་ཡང་། རེ་ཞིག་ལྔ་ལས། དང་པོ་རྟོགས་བྱ་ལྟ་བ་རང་མཚན་རྟོགས་མ་རྟོགས་ཀྱི་ཁྱད་པར་ནི། ཕྱི་པས་བདེན་པས་ཐ་དད་དུ་བཏགས་པས་རང་མཚན་དབྱེར་མེད་མ་རྟོགས་པའི་ཕྱིར་རང་མཚན་ཁས་མི་ལེན་ཏེ། སི་ཏི་ཀ་ར་ལས། དོན་དམ་དང་ནི་ཀུན་རྫོབ་ལ། བསླབ་པའི་རིམ་པས་བསླང་བར་བྱ། །ཞེས་སོ། །ཅིག་ཤོས་ཀྱིས་དབྱེར་མེད་མཐའ་བྲལ་དུ་རྟོགས་པ་ནི་རང་མཚན་ཡིན་ཕྱིར་ཁས་ལེན་པ་སྟེ། དགུ་པ་ལས། གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལམ་ཐབས་དང་ཤེས་རབ་ལ་དངོས་སུ་བརྟེན་མི་བརྟེན་གྱི་ཁྱད་པར་ནི། ཕྱི་པའི་གཞུང་ལས། མུ་སྟེགས་རྩོད་པ་སྤང་བའི་ཕྱིར། །བདེ་གཤེགས་ཡུམ་ནི་ཕྱག་རྒྱར་སྦས། །ཞེས། ཡུམ་དངོས་སུ་མི་བརྟེན་ལ། ཅིག་ཤོས་ནི་དྲུག་པ་ལས། བཙུན་མོའི་ཚོགས་དང་ལྡན་པར་གནས། །ཞེས་པ་དང་། བཅུ་གཅིག་པ་ལས། ལྷ་མོ་ཀླུ་མོ་རིགས་ངན་མོ། །ཞེས་པ་ལ་སོགས་ཟབ་ཅིང་རྒྱ་ཆེ་བར་གསུངས་པའི་ཕྱིར་རོ། །གསུམ་པ་བསྒྲུབ་པའི་རྫས་ལྔ་ལ་སྤྱོད་ནུས་མི་ནུས་ཀྱི་ཁྱད་པར་ནི། ཕྱི་པས་དག་ཅིང་གཙང་བ་ལ་གཙོ་བོར་སྤྱོད་དེ། ཇི་སྐད་དུ་སི་ཏི་ཀ་ར་ལས། མེ་ཏོག་དཀར་པོ་དྲི་ཞིམ་པ། །སངས་རྒྱས་བཅོམ་ལྡན་འདས་ལ་འབུལ། །ཞེས་སོ། །ཅིག་ཤོས་བདུད་རྩི་ལྔ་ལ་སྤྱོད་དེ། བཅུ་དགུ་པ་ལས། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་བཅུད་མི་དོར་རོ། །ཞེས་པ་ལ་སོགས་དུ་མ་གསུངས་པའི་ཕྱིར་རོ། །བཞི་པ་ཐོབ་བྱ་ཟབ་མོའི་དབང་ཡོད་མེད་ཀྱི་ཁྱད་པར་ནི། ཕྱི་པས་ཟབ་མོའི་དབང་བསྐུར་ཐོབ་མི་ནུས་ཏེ། ངན་སོང་སྦྱོང་བ་ལས། སརྦ་བྱིད་ཀྱིས་ཇི་ལྟར་དབང་བསྐུར་བ། །བུམ་པ་ལ་སོགས་ཇི་སྙེད་མ་ཐོབ་པར། །རྫས་བཅུ་རྣམས་ཀྱིས་དབང་བཅུ་ཅི་དགར་བསྐུར། །ཞེས་སོ། ཅིག་ཤོས་ཟབ་མོའི་དབང་གཙོར་འཛིན་པ་ཡིན་ཏེ། འདིའི་བཅུ་པ་ལས། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །བདེ་བའི་འདུ་ཚོགས་གསལ་བའི་རྒྱུན། །ཞེས་པ་ལ་སོགས་གསུངས་པའི་ཕྱིར་རོ། །ཐ་མ་དེ་དག་གིས་ཐོབ་པའི་འབྲས་བུ་དུས་མྱུར་བུལ་གྱི་ཁྱད་པར་ནི། ཕྱི་པ་མི་ཚེ་བདུན་ལ་སོགས་པ་དུས་ལ་ལྟོས་ཏེ། སང་ཏྲ་ཧ་ལས། ཡེ་ཤེས་ཚེ་སྟོབས་ན་ཚོད་དང་། །ཀུན་ཏུ་འགྲོ་བ་ཉིད་རྣམས་ཐོབ། །ཅེས་སོ། །ཅིག་ཤོས་མི་ཚེ་དང་ལོ་དང་བསྐལ་པ་ལ་སོགས་ལ་མི་ལྟོས་ཏེ། དགུ་པ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་དང་། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་གསུངས་པའི་ཕྱིར་རོ། །དེ་ལས་ཕྱི་པ་ནི། འདུལ་བ་ཅེས་པ་བྱ་བའི་རྒྱུད་དེ། ཀྲི་ཡ་པ་ནི། དོན་དམ་དག་པ་མཐའ་བཞི་དང་བྲལ་བའི་བྱིན་རླབས་ཀུན་རྫོབ་རིགས་གསུམ་གྱི་ལྷར་སྣང་བ་ཡང་ཡེ་ཤེས་དང་དམ་ཚིག་རྗེ་དང་ཁོལ་ལྟར་བལྟ་ཞིང་། དེ་ལྟར་བདེན་གཉིས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་འདོད་དེ། སི་ཏི་ཀ་ར་ལས། ཀུན་རྫོབ་རིགས་གསུམ་དཀྱིལ་འཁོར་གྱི། །རང་བཞིན་དུ་ན་བརྟག་བྱ་སྟེ། །དོན་དམ་དག་པའི་ཆོས་ཉིད་དུ། །ཞེས་སོ། །ཨུ་པ་ཡ་ནི་སྤྱོད་པ་ཀྲི་ཡ་ལྟར་སྤྱོད་ལ་ལྟ་བ་ཡོ་ག་ལྟར་ལྟ་བ་སྟེ། དོན་དམ་མཐུན་ཞིང་ཀུན་རྫོབ་རིགས་བཞིའི་དཀྱིལ་འཁོར་ཡང་ཡེ་ཤེས་དང་དམ་ཚིག་དཔོན་དང་གཡོག་ལྟར་འདོད་དོ། །དགོངས་པ་ཞེས་པ་རྣལ་འབྱོར་གྱི་རྒྱུད་དེ། སྤྲོས་བྲལ་རྣམ་པར་སྣང་མཛད་ཆེན་པོའི་ཡེ་ཤེས་ནི་དོན་དམ་ལ། ཡེ་ཤེས་དེའི་བྱིན་རླབས་ལས་ཀུན་རྫོབ་སྣང་བ་ཐམས་ཅད་རིགས་ལྔའི་དཀྱིལ་འཁོར་དུ་ཤར་བ་ཡང་། རྒྱུད་གཞན་ཐ་དད་ཅིང་ཡེ་ཤེས་དང་དམ་ཚིག་གཉིས་གྲོགས་ལྟར་མཉམ་པར་འདོད་དོ། །དེར་གསང་སྔགས་ཕྱི་རྒྱུད་མཐའ་དག་གི་རྒྱུད་ཀྱི་དགོངས་པ་བསྡུས་ཏེ་བསྟན་པའི་ཕྱིར་དེ་སྐད་ཅེས་བྱའོ། །གཉིས་པ་གསང་སྔགས་ནང་པ་ལ་ཡང་གསུམ་སྟེ། ཇི་སྐད་དུ་མདོ་ཆེན་པོ་ལས། དབང་སྒྱུར་ཐབས་ཀྱི་ཐེག་པ་ནི། །འདི་ཡང་ཡུལ་གྱིས་གསུམ་ཉིད་དེ། །བསྐྱེད་དང་རྫོགས་དང་ཡོངས་སུ་རྫོགས། །ཞེས་པས་བསྐྱེད་པ་མ་ཧཱ་དང་། རྫོགས་པ་ཨ་ནུ་དང་། རྫོགས་པ་ཆེན་པོ་ཨ་ཏིའི་ཐེག་པའོ། །དེ་གསུམ་གྱི་ལྟ་བའི་ཁྱད་པར་ནི་སློབ་དཔོན་དགའ་རབ་རྡོ་རྗེའི་གཞུང་ལས། ཆོ་འཕྲུལ་རྩལ་དང་རང་སྣང་བའོ། །ཞེས་པས། མ་ཧཱའི་ལུགས་ཀྱིས་ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་པའི་རྣམ་འཕྲུལ་ཏེ། དེ་སེམས་ཅན་གྱི་རྒྱུད་ལ་ངོས་བཟུང་ན་ཡིད་ཀྱི་རྣམ་ཤེས་སོ། །དེ་འཁོར་བའི་བྱེད་པོ་ཡིན་ལ། དེ་རྟོགས་པ་གཉིས་མེད་ཀྱི་ཡེ་ཤེས་ནི་འདས་པའི་བྱེད་པོ་སྟེ། ཇི་སྐད་དུ་འདིའི་གཉིས་པ་ལས། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ཞེས་པས་དེ་ནི་དེ་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོའོ། །ཨ་ནུ་ལྟར་ན་ཆོས་ཐམས་ཅད་སེམས་ཉིད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྩལ་གྱིས་འཁོར་འདས་གཉིས་སུ་སྣང་སྟེ། དེ་སེམས་ཅན་གྱི་རྒྱུད་ལ་ངོས་བཟུང་ན་ཀུན་གཞི་རྣམ་ཤེས་ཡིན་ལ། དེ་རྟོགས་པའི་ཚེ་སྲས་བདེ་བ་ཆེན་པོ་སྟེ། ཇི་སྐད་དུ་མདོ་ཆེན་པོ་ལས། ཆོས་རྣམས་ཀུན་གྱི་རྩ་བ་ཀུན་གཞི་སྟེ། །ཀུན་གཞི་གནས་གྱུར་ཡེ་ཤེས་ལྔར་སྣང་བ། །ཡེ་ཤེས་ལྔ་ཡང་གཅིག་ཏུ་འདུས་རིགས་བྱ། །ཆོས་རྣམས་རྩ་བ་ཀུན་གཞིའི་དོན་རྟོགས་ན། །ཡེ་ནས་སངས་རྒྱས་ས་ཉིད་མ་བཙལ་ཡང་། །གདལ་ཁྱབ་ས་ཉིད་ཡེ་ནས་ཐོབ་པར་གསུངས། །ཞེས་པའི་དོན་ནོ། །ཨ་ཏི་ནི་ཆོས་ཐམས་ཅད་སེམས་ཉིད་ཡེ་ནས་སྐྱེ་འགག་དབྱེར་མེད་པའི་རང་བྱུང་ཡེ་ཤེས་སུ་རང་སྣང་བ་སྟེ། དེ་སེམས་ཅན་གྱི་རྒྱུད་ལ་ངོས་བཟུང་ན་ཚོགས་བརྒྱད་ཡུལ་དང་བཅས་པ་ཐམས་ཅད་དོ། །དེ་ཉིད་རྣམ་པར་གྲོལ་བས་སངས་རྒྱས་ཀྱི་དགོངས་པ་སེམས་ཉིད་ལ་ལྷག་ཆད་མེད་པར་ཡེ་ནས་བཞུགས་པ་སྟེ། ཇི་སྐད་དུ་མདོ་བཅུ་ལས། རང་བྱུང་རྒྱུ་རྐྱེན་མེད་པར་བྱུང་བ་ཡིན། །ཡེ་ཤེས་འགག་པ་མེད་པར་གསལ་བ་ཡིན། །ཞེས་སོ། །དེ་དག་ཀྱང་དཔེར་ན་གནོད་སྦྱིན་ལ་སོགས་པའི་ཆོ་འཕྲུལ་ནི་འོད་དང་རྨི་ལམ་གྱི་མཚན་མ་ལྟ་བུ་ལ། རྩལ་ནི་དེས་ནད་དང་གནོད་པ་འབྱུང་བ་ལྟ་བུ་ཡིན་ཞིང་། རང་སྣང་ནི་ཁོ་རང་གི་ངོ་བོ་མཐོང་བ་ལྟ་བུའོ་གསུང་ངོ་། །གཞན་ཡང་སྒྲ་དོན་གྱི་ཁྱད་པར་ཡང་ཡིན་ཏེ། གང་ཞེ་ན། ཆོ་ག་ཡན་ལག་གིས་ལྷ་བསྐྱེད་པའི་ཕྱིར་བསྐྱེད་པ་མ་ཧཱ་ཡིན་ལ། དེ་ལ་མི་བརྟེན་པར་ཆུ་ལ་ཉ་ལྡང་ལྟར་རྫོགས་པ་ནི་རྫོགས་པ་ཨ་ནུ་ཡིན་ཞིང་། བསྐྱེད་དུ་མེད་པའི་ཕྱིར་དེ་ལྟ་བུའི་རྩོལ་བ་ལས་གྲོལ་བ་ནི་རྫོགས་པ་ཆེན་པོ་ཨ་ཏིའོ། །དེ་ཡང་གསང་བ་དང་ཞེས་པ་ནི་རྣལ་འབྱོར་ཆེན་པོའི་ཚུལ་མ་ཧཱ་སྟེ། ཕྱི་རྒྱུད་མན་ཆད་ཐུན་མོང་གི་སྒོར་གྱུར་པའི་ཡུལ་མ་ཡིན་ཞིང་། ཐབས་མཁས་པའི་རྣལ་འབྱོར་ཆེན་པོ་རྣམས་ཀྱིས་ལྟ་བ་དང་སྤྱོད་པར་བསྟན་པའི་ཕྱིར་རོ། །འབྲུ་བསྒྱུར་ཏེ་ཡང་གསང་བའི་ཞེས་པ་ནི་ཨ་ནུ་སྟེ་དབྱིངས་ཡེ་ཤེས་གཉིས་མེད་ཀྱི་སྲས་བདེ་བ་ཆེན་པོ་ནི་ཟབ་ཅིང་རྟོགས་དཀའ་བས་གསང་བ་བས་ཀྱང་ཆེས་གསང་བར་བསྟན་པའི་ཕྱིར་རོ། །ཡང་གོང་ནས་རང་བཞིན་ཞེས་པ་ནི་ཨ་ཏི་སྟེ་སྐྱེ་འགག་གཉིས་སུ་མེད་པ་རང་བྱུང་གི་ཡེ་ཤེས་ལ་ཆོས་ཐམས་ཅད་རྫོགས་པས་ལམ་གྱིས་བསྒྲུབ་ཅིང་གཉེན་པོས་བཅོས་སུ་མེད་དེ། ཡེ་ནས་མྱ་ངན་ལས་འདས་པ་ནི་ཤེས་བྱའི་གནས་ལུགས་ཡིན་པའི་ཕྱིར་རོ། །ཡང་འོག་ནས་དོན་རྣམས་ནི་ཞེས་པ་གསང་བའི་ཐེག་པ་གསུམ་གྱི་ལྟ་བ་སྟེ། འདོད་པ་ཕྱོགས་ལྷུང་གི་ལྟ་བ་རྣམས་བཀག་པ་བསྒྲུབ་བྱའི་དོན་ཞེས་པའི་དོན་ནོ། །འདིར་ཁ་ཅིག་འདི་མ་ཧཱའི་ཐེག་པ་ཡིན་པའི་ཕྱིར་གོང་མ་གཉིས་ཀྱི་ལྟ་བ་གཏན་ལ་འབེབས་པར་མི་འཐད་དེ། འོག་མས་གོང་མའི་དོན་མི་མཐོང་བའི་ཕྱིར་རོ་ཞེ་ན། ལྟ་ཕྲེང་ལྟར་རྣལ་འབྱོར་ཆེན་པོའི་ཚུལ་ལ་ཡང་གསུམ་དུ་ཕྱེ་བའི་འདི་མ་ཧཱའི་ཨ་ཏི་ཡིན་པའི་ཕྱིར་འདི་ལྟར་གཏན་ལ་འབེབས་པར་འཐད་དོ། །བསྟན་པ་དེ་དག་གིས་མཚོན་བྱེད་ནི་ཡི་གེ་སྒྲ་བཏགས་ཞེས་པ། ཡི་གེ་ཨའི་སྒྲ་ལས་བཏགས་པའི་ཕྱིར་སྒྲའི་ཡི་གེ་སུམ་ཅུ་རྩ་བཞི་དང་། ཨའི་སྒྲ་གདངས་ལས་སྣང་བ་དབྱངས་ཀྱི་ཡི་གེ་བཅུ་གཉིས་དང་། གཉིས་ཀ་ལས་བྱུང་བ་མ་ནིང་གི་ཡི་གེ་བཞིའོ། །མིང་ཚོགས་ལས་ཞེས་པ་དེ་དག་འདུས་པ་མིང་གི་ཚོགས་སོ། །བརྟེན་པའི་ཚིག་གིས་ཞེས་པ་མིང་གི་ཚོགས་ལ་བརྟེན་པ་ཚིག་གི་ཚོགས་སོ། །རབ་མཚོན་ཏེ་ཞེས་པ་དེ་དག་ལས་བྱུང་བ་བསྟན་པའི་ཚོགས་རྒྱ་མཚོ་ལྟ་བུ་མཚོན་བྱེད་ཀྱི་ཐེག་པ་ནི་ལམ་གྱི་རྒྱུད་ཁོ་ན་ཡིན་ནོ། །རྒྱུད་དེ་ཡང་བརྗོད་བྱ་རང་བཞིན་གྱི་རྒྱུད་ཀྱི་ཁོང་ན་གབ་པ་དང་། རྗོད་བྱེད་ཡི་གེའི་རྒྱུད་དུ་སྦས་པའི་དོན་རྣམས་འབྱིན་པར་བྱེད་པ་པོ་གང་ཞེ་ན། དང་པོ་ནི་སྟོན་པའི་བདག་ཉིད་དང་འཆད་པའི་སྐྱེས་བུའི་ཐུགས་ལ་གནས་པ་དེ་མཚོན་བྱེད་ཀྱི་རྒྱུད་དུ་བཀའ་སྩལ་པས་འབྱིན་ཅིང་། གཉིས་པ་ནི་མཚོན་བྱེད་ཀྱི་རྒྱུད་དེ་རྡོ་རྗེ་སློབ་དཔོན་གྱི་ཐུགས་ལ་ཕྱིན་ཅི་མ་ལོག་པར་གནས་པ་དེ་རྒྱུད་བཤད་ཐབས་ཀྱིས་འབྱིན་པ་ཡིན་ནོ། །གཉིས་པ་མྱོང་བར་བྱེད་པའི་ཐབས་ལ་གདམས་ངག་གིས་གསུམ་སྟེ། ཕྱི་ཤེས་རབ་གྲོལ་བའི་ལམ་གྱི་དབང་དུ་དང་། ནང་ཐབས་ལམ་སྟེང་སྒོའི་དབང་དུ་དང་། གསང་བ་ཟབ་མོ་འོག་སྒོའི་དབང་དུ་བཤད་པའོ། །དང་པོ་ལའང་ལྔའི་དང་པོ་ནི། དཀྱིལ་འཁོར་ཞེས་པ་དོན་དམ་ཆོས་ཉིད་ཀྱི་དང་། ཀུན་རྫོབ་ཡེ་ཤེས་ཀྱི་དང་། བདེན་པ་དབྱེར་མེད་ཀྱི་དཀྱིལ་འཁོར་གསུམ་མོ། །ལྡན་པའི་ཞེས་པས་གང་ལ་ན་སེམས་ཅན་དང་སངས་རྒྱས་ཐམས་ཅད་ལའོ། །ཇི་ལྟར་ན་རྟེན་དང་བརྟེན་པ་ལྟ་བུ་མ་ཡིན་ཏེ། རང་བཞིན་ངོ་བོ་ཉིད་ཀྱིས་ལྡན་པའོ། །དཀྱིལ་འཁོར་གྱི་ཞེས་པ་ནི་དེ་རྟོགས་པར་བྱེད་པའི་ཐབས་ཚང་མ་བཀའ་གཞུང་གིས་སོ། །དཀྱིལ་འཁོར་ལ་ནི་ཞེས་པ་དེས་རྟོགས་པ་ལྟ་བའི་ངོ་བོ་བསྒོམ་བྱའི་གཞིར་གནས་པའོ། །དཀྱིལ་འཁོར་བསྒོམ་ཞེས་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་མི་རྟོག་པར་རོ། །གཉིས་པ་ནི། དོན་དམ་ཆོས་ཉིད་ཀྱི་དཀྱིལ་འཁོར་མ་རྟོགས་པས་འཁོར་བ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་སྙིང་རྗེ་སྒྱུ་མ་ལྟར་བྱུང་བ་ཡིན་ནོ་ཞེས་པའི་དོན་ནོ། །གསུམ་པ་བདེན་པ་དབྱེར་མེད་པས་ཐུགས་ཀྱིའོ། །དེ་ཡང་ཆོ་ག་ཕྲ་མོ་གསུམ་ལས་ཕྱག་རྒྱ་གཅིག་པ་གསང་བའི་དཀྱིལ་འཁོར་ལྷག་པའི་ལྷ་དང་བཅས་པ་གསལ་བའི་ཕྱིར་དཀྱིལ་འཁོར་གྱི་སྒྲ་ཡང་ཐོབ་པ་ཡིན་ནོ། །དེ་བདེན་པ་ཐ་དད་ལས་ཁྱད་པར་དུ་གྱུར་པས་དཀྱིལ་འཁོར་མཆོག་ཅེས་སོ། །བཞི་པ་ནི་དེ་ལྟར་དབྱེར་མེད་ཀྱི་ལྟ་བ་ཟབ་མོའི་དོན་དེ་ཐ་དད་དུ་ཞེན་པའི་བློས་རྟོགས་དཀའ་བས་གསང་བ་ཡིན་ལ། དེ་ཉིད་མཐའི་སྤྲོས་པ་དང་བྲལ་བས་ཐིག་ལེ་ཡིན་ཞིང་། ཕྱག་རྒྱ་གཅིག་པས་དཀྱིལ་འཁོར་ལ་གོམས་ན་སྤྲོས་པ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་འབྱུང་ཁུངས་ཀྱི་དབྱིངས་ཡིན་ནོ། །ཚིག་བསྒྱུར་ཏེ་འོག་ནས་ཆེན་པོ་ནི་འབྱུང་བ་རགས་པ་སྟེ་དེ་དག་རིགས་ཀྱི་ཡབ་ལྔ་ཡིན་ལ། དེ་བཞིན་ཏེ་ཞེས་པ་ཡང་གོང་ནས་འབྱུང་བ་ཆ་ཕྲ་བ་ནི་ཤེས་རབ་རིགས་ཀྱི་ཡུམ་ལྔའོ། །ཡང་འོག་ནས་མིག་གི་དབང་པོ་ལ་སོགས་པ་དབང་པོ་དང་གཟུགས་ལ་སོགས་པ་ཡུལ་བཞི་དང་འདས་པ་ལ་སོགས་པ་དུས་བཞི་དང་རིག་པ་ནི་མིག་སོགས་རྣམ་ཤེས་བཞིའོ། །རྣམས་ཞེས་པ་སྡུད་པའི་སྒྲས་རེག་སོགས་ལུས་ཀྱི་ཆོས་བཞི་དང་རྟག་སོགས་ཕྱིན་ཅི་ལོག་བཞི་དང་རྒྱུད་དྲུག་གི་བག་ཆགས་ཀྱང་བསྡུའོ། །དེ་རྣམས་གང་དུ་དག་ཅེ་ན་གོང་ནས། བྱང་ཆུབ་སེམས་ཞེས་པས་དབང་པོ་བཞི་ཕྱིའི་སེམས་དཔའ་ལ་དུས་བཞི་ཕྱིའི་སེམས་མ་དང་། རྣམ་ཤེས་བཞི་ནང་གི་སེམས་དཔའ་ལ་ཡུལ་བཞི་ནང་གི་སེམས་མ་དང་ནི་ཞེས་པ་ལུས་ཀྱི་ཆོས་བཞི་ནི་སྒོ་བ་ཡིན་ལ་ཕྱིན་ཅི་ལོག་བཞི་སྒོ་མ་དང་། རྒྱུད་དྲུག་གི་རྟོག་པ་ནི་ཐུབ་པ་སྟེ། རྡོ་རྗེ་ཞེས་པ་རྟོག་པ་དང་ལྷ་དེ་དག་དབྱེར་མེད་པའོ། །ཚོགས་ཞེས་པ་མང་པོའི་སྒྲས་གོང་གི་ལྷ་དང་རྟོག་པ་རྣམས་སོ། །དེ་དག་ཀྱང་ཡིད་ཀྱི་རྣམ་ཤེས་དང་ཆོས་འདུས་བྱས་འདུས་མ་བྱས་སུ་འདུས་ལ་དེ་ནི་ཀུན་ཏུ་བཟང་པོ་ཡབ་ཡུམ་སྟེ། དེ་ལྟར་རྟོག་པའི་རང་བཞིན་ལྷར་དག་པ་ནི་སྤྲོས་བཅས་ཀྱི་དཀྱིལ་འཁོར་ཡིན་ལ་དེ་རང་གི་སེམས་ཀྱི་རྣམ་འཕྲུལ་ཡིན་པའི་ཕྱིར་བདག་ཉིད་ཆེན་པོ་སྟེ། ལྷག་པའི་ཞེས་པ་དེ་དག་ཡན་ལག་ལྷག་པའི་ལྷ་དགུའམ་བཅུ་གཅིག་དང་བཅས་པ་སྟེ་གང་ཞེ་ན་ཐུགས་ཀྱི་ཞེས་པ་ཡེ་ཤེས་སེམས་དཔའོ། །ཡེ་ཤེས་ལྔ་ཞེས་པ་དབུ་རྒྱན་ནོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་ཡང་བསྒོམ་ཞིང་ཡོན་ཏན་ཕྲིན་ལས་ཀྱི་ལྷ་དང་བཅས་པར་གསལ་བའོ། །ལྔ་པ་ནི་སྙིང་པོ་ཞེས་པ་རྒྱུ་འབྲས་གཉིས་སུ་མེད་པས་སམ་ཡང་ན་ཚོགས་བསྒྲུབས་པས་དག་མེད་ཐོབ་པ་ནི་འབྲས་བུ་ཡིན་པའི་ཕྱིར་རོ། །ཐིག་ལེ་ཞེས་པ་སྤྲོས་པ་དང་བྲལ་བ་སྟེ་ཐོབ་བྱ་རིག་འཛིན་གྱི་དགོངས་པའམ་ཡང་ན་ཐོབ་བྱེད་ཀྱི་རྒྱུར་ཡང་རུང་སྟེ་ཚོགས་སྒྲུབ་པའི་ཆ་རྐྱེན་ཡོ་བྱད་ལྔ་ལས་ཨཱ་ལི་ཀཱ་ལི་གཙོར་བླངས་པའོ། །མཉམ་སྦྱོར་བས་ཞེས་པ་ཚོགས་བསྒྲུབ་པའི་ལམ་གྱི་ཆ་རྐྱེན་དང་ལྡན་པས་ཐོབ་བྱ་རིག་འཛིན་ལ་སྦྱོར་བའི་ཕྱིར་སྦྱོར་ལམ་ཞེས་ཀྱང་བྱའོ། །བདེ་བའི་ཡེ་ཤེས་ཞེས་ཚོགས་བསྒྲུབས་པས་རྟགས་ཐོན་པའི་དངོས་གྲུབ་ཟུག་རྔུ་དང་བྲལ་བའོ། །དེ་ཡང་དཔེར་ན་རོལ་མོ་ཡིས་ལྟད་མོ་བའི་ཡིད་ཚིམ་པ་ལྟར་བདེ་བའི་དངོས་གྲུབ་ཀྱིས་སྒྲུབ་པ་པོའི་ཡིད་ཚིམ་པའོ། །ཡེ་ཤེས་དགྱེས་ལ་ཞེས་པ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ལ་ཉོན་མོངས་པའི་གདུང་བ་མེད་པས་སམ་ཡང་ན་དགྱེས་ལྡན་ལྷའི་ཚོགས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཞི་ཁྲོ་གཉིས་ཀའོ། །མཆོད་པ་འབུལ་ཞེས་པ་ནི་དངོས་གྲུབ་འདོད་པའི་འཛིན་པ་དང་བྲལ་པས་ཡོ་བྱེད་ལྔ་ཡིས་མཆོད་པའོ། །གཉིས་པ་ཐབས་ལམ་སྟེང་སྒོ་དབང་དུ་བཤད་པ་ལ་ཡང་བཞི་ལས། དང་པོ་ནི་ཚིག་རྐང་པ་བཞིས་སྟོན་ཏེ། འདི་སྙིང་ག་ཆོས་ཀྱི་འཁོར་ལོ་བསྒོམ་པ་ཡིན་ལ་དེ་ལ་ཀུན་ཏུ་བཟང་པོ་ཐིག་ལེ་བསྒོམ་པའི་མན་ངག་ཏུ་བཞག་པའི་འཐད་པ་ནི། གསང་ཐིག་ལས། ཀུན་ཏུ་བཟང་པོ་རྒྱུད་ལ་ལྡན་པ་ལ་དགོངས་པའོ་ཞེས་པས། དེ་ཡང་དཀྱིལ་འཁོར་ཞེས་པ་རང་དཀྱིལ་འཁོར་ཏེ་དབུས་ཀྱི་རྩ་དཀྱིལ་ཡིན་ལ། ཡན་ལག་གི་རྩ་འཁོར་ཡིན་པའོ། །ལྡན་པའི་ཞེས་པ་དེ་སྙིང་ག་ཆོས་ཀྱི་འཁོར་ལོ་ལའོ། །ཇི་ལྟར་ལྡན་ན་ཐབས་དང་ཤེས་རབ་ཀྱི་རང་བཞིན་སྙིང་དཀར་དམར་ཉི་ཟླ་གའུའི་དབུས་ན་གླེང་གཞི་བསྟན་པ་ལྟརའགྲོ་བ་ཐམས་ཅད་ལ་འབྱུང་བ་དྭངས་མ་ལྔ་འདུས་ཀྱི་རང་བཞིན་ཡུམ་ལྔ་དང་སྐུ་ལྔ་ཡེ་ཤེས་ལྔར་བདེ་ལ་མི་རྟོག་པར་གཟུགས་ཅན་རྣམས་ལ་དངོས་དང་གཟུགས་མེད་རྣམས་ལ་བག་ཆགས་སུ་ལྡན་པའོ། །དཀྱིལ་འཁོར་གྱིས་ཞེས་པ་བསྒོམ་པའི་གདམས་ངག་གིས་དེའི་གནས་ལུགས་ཇི་ལྟ་བ་བཞིན་ཤེས་པར་བྱེད་པའོ། །དཀྱིལ་འཁོར་ལ་ནི་ཞེས་པ་སྙིང་ག་ཆོས་ཀྱི་འཁོར་ལོ་དེ་ཡེ་ཤེས་ལྔའི་དཀྱིལ་འཁོར་བསྒོམ་པའི་གཞིར་གནས་པའི་ཕྱིར་རོ། །དཀྱིལ་འཁོར་བསྒོམ་ཞེས་པ་རྣམ་བཀོད་ལྟར་བསྒོམ་པའི་ཐབས་བཞི་སྟེ། མཁའ་འགྲོ་མ་དང་བཅས་པ་དང་། །དེ་མེད་པར་དང་། མདོར་བསྒོམ་པ་དང་། འཁོར་ལོ་བཞི་བསྐུལ་ཏེ་བསྒོམ་པའོ། །ཡང་ན་འདི་ལྟར་དཀྱིལ་འཁོར་ཞེས་པ་ཡེ་ཤེས་ལྔའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་ལས་བྱུང་བ་ཞེས་པ་དེ་བསྒོམས་པའི་སྟོབས་ལས་བྱུང་བ་སྟེ། གང་བྱུང་ན་ཐུགས་ཀྱི་དཀྱིལ་འཁོར་ཞེས་པ་ཐིག་ལེ་འོད་དུ་འབར་བས་རྩ་བཞིའི་སྐུ་གསུང་ཐུགས་ཀྱི་ཡི་གེ་རྣམས་བསྐུལ། དེས་འཁོར་བའི་ས་བོན་དྲུག་དང་ཤེས་པ་བཞིའི་བག་ཆགས་སྦྱངས་ནས་ཡེ་ཤེས་ཀྱི་སྙིང་པོ་ལ་འདུས་ཏེ་ཅིར་ཡང་མི་དམིགས་པ་ཉིད་ཡེ་ཤེས་ལྔར་གསལ་བའོ། །དཀྱིལ་འཁོར་མཆོག་ཅེས་པ་ནི་དེའི་གོང་ན་འབྲས་བུ་གཞན་མེད་པའི་ཕྱིར་རོ། །གཉིས་པ་རྐང་པ་བརྒྱད་ཀྱིས་སྟོན་པ་སྟེ། འདིར་ལྟེ་བ་སྤྲུལ་པའི་འཁོར་ལོ་བསྒོམ་པ་ཡིན་ལ་དེ་ལ་ཀུན་ཏུ་བཟང་མོའི་ཐིག་ལེ་བསྒོམ་པའི་མན་ངག་ཏུ་བཞག་པའི་འཐད་པ་ཡང་ལྟེ་བ་ལ་ཨ་གནས་ཤིང་ཨ་དེ་ནི། ལེའུ་བཞི་པ་ལས། ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཅེས་པས་དེ་ཀུན་ཏུ་བཟང་མོའི་ས་བོན་དང་རང་བཞིན་ཡིན་པར་གསུངས་པའི་ཕྱིར་རོ། །དེ་ཡང་གསང་བའི་ཐིག་ལེ་ཞེས་པ་ལྟེ་བ་སྤྲུལ་པའི་འཁོར་ལོ་ན་ཀུན་གཞི་ཀུན་མོའི་ཐིག་ལེ་དབྱིངས་ཕྱུག་ལྔའི་དཀྱིལ་འཁོར་དུ་གནས་པ་དེ་རྟོགས་དཀའ་བས་གསང་བའོ། །དཀྱིལ་འཁོར་དབྱིངས་ཞེས་པ་ཡུམ་ལྔའི་དཀྱིལ་འཁོར་དེ་ཐབས་ཀྱི་རྒྱུའམ་བདེ་བ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་སོ། །འབྱུང་བ་དངོས་ནི་འབྱུང་བ་ལྔ་ཆ་ཕྲ་བ་ཤེས་རབ་ཀྱི་ཆ་རིགས་ཀྱི་ཡུམ་ཡིན་ལ། ཆེན་པོ་ནི་རིག་པ་རྣམས་རིགས་ཀྱི་ཡབ་ལྔ་ཡིན་པའང་དེ་བཞིན་ཏེ། དབང་པོ་ཡུལ་དུས་རིག་པ་རྣམས། །བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །ཞེས་པ་ལྟེ་བའི་ཨ་ལས་བྱུང་བ་གསལ་བྱེད་ཀྱི་ཡི་གེ་བ་དང་ཡ་ལ་སོགས་པ་ལས་ཕྱིའི་སེམས་དཔའ་ཡབ་ཡུམ་དང་། ཀ་དང་ཙ་ལ་སོགས་པ་ལས་ནང་གི་སེམས་དཔའ་ཡབ་ཡུམ་དང་། མཐར་གནས་ཀྱི་ཡི་གེ་ཤ་ལ་སོགས་པ་ལས་སྒོ་བ་ཡབ་ཡུམ་ལ་སོགས་པ་རྣམས་བདེ་བའི་རང་བཞིན་ལས་ལྷར་གསལ་བའི་ཕྱིར་སྐྱེ་མཆེད་རྡོ་རྗེར་གནས་པའོ། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཞེས་པ་རྟོག་ཚོགས་བདེ་བའི་ལྷར་དག་པ་སྟེ། ལ་ཞེས་པ་དེ་བསྒོམ་བྱའི་གཞིར་གནས་པའོ། །དེ་ལས་གཞན་མ་དམིགས་པའི་ཕྱིར་བདག་ཉིད་ཆེན་པོ་དངོས་པོ་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་གསལ་བའོ། །ལྷག་པའི་ཞེས་པ་གོང་གི་སྙིང་གའི་ཐིག་ལེ་ལ་ཡེ་ཤེས་ལྔ་ཡེ་ནས་གནས་པ་ལས་འདིར་ཁྱད་པར་དུ་བསྒོམ་པས་སོ། །ཐུགས་ཀྱི་ཡེ་ཤེས་ནི་སྙིང་གའི་ཐིག་ལེ་མི་རྟོག་པ་དེ་ཡིན་ནོ། །ལྔ་ནི་དྭངས་མ་ལྔ་ཡེ་ཤེས་ལྔར་གནས་པའོ། །ལྟ་ཞིང་ཞེས་པ་དེ་འོད་དུ་འབར་ནས་རྩ་ཀུན་དྷར་མར་ཐུར་དུ་ཞུགས་ཏེ་ལྟེ་བའི་ཐིག་ལེ་ལ་འོད་ཕོག་པས་ཡེ་ཤེས་ལྔའི་བདེ་བ་མཐོང་བ་མེད་པའི་ཚུལ་དུ་མྱོང་བས་ན་ལྷ་ཞེས་བྱའོ། །ཡང་ན་ཐུགས་རང་བཞིན་གྱི་ཡེ་ཤེས་ལྔ་ཀུན་མོ་ལ་སོགས་དབྱིངས་ཕྱུག་མ་ལྔའི་ཐིག་ལེ་ལས། སྙིང་ག་ཆོས་ཀྱི་འཁོར་ལོའི་ཡེ་ཤེས་ཀྱིས་བལྟས་པ་ནི་བསྒོམ་པ་ཡིན་ཞིང་དེ་གསལ་བའི་དུས་ན་ཀུན་མོའི་ཐིག་ལེ་ལས་མེ་བྱུང་བས། སྙིང་གའི་དྭངས་མ་ལྔའི་འོད་ཐུར་དུ་དྲངས་ཏེ་ཀུན་མོའི་ཐིག་ལེ་ལ་ཐིམ་པས། དེའི་ཚེ་དྭངས་མའི་དབུགས་དང་ཡིད་ཀྱི་རྒྱུ་བ་ཡང་ཆད་དེ་ཤིན་ཏུ་བདེ་བའི་རང་བཞིན་དུ་གྱུར་པ་ནི་ཀུན་མོའི་ཐིག་ལེ་རྙེད་པའོ། །གསུམ་པ་ནི་རྐང་པ་གསུམ་གྱིས་སྟོན་ཏེ། འདི་མགྲིན་པ་ལོངས་སྤྱོད་ཀྱི་ཐིག་ལེ་བསྒོམ་པ་ཡིན་ལ། དེ་ལ་ཅིའི་ཕྱིར་སྦྱོར་བ་དག་པ་ཞེས་བྱ་ན། ལྟེ་བའི་ཐིག་ལེ་ལས་གྱེན་དུ་འཕྲོས་ཏེ་མགྲིན་པའི་ཐིག་ལེ་དང་སྦྱོར་བ་རོ་དྲུག་གི་བདེ་བ་ཉམས་སུ་མྱོང་བའི་ཕྱིར་རོ། །དེ་ཡང་སྙིང་པོ་ཞེས་པ་གོང་གི་ལྟེ་བ་ཀུན་མོའི་ཐིག་ལེའི་བདེ་བ་ལ་རྒྱུ་འབྲས་ཐམས་ཅད་ཀྱི་བཅུད་འདུས་པས་ནའོ། །ཐིག་ལེ་ཞེས་པ་ནི་མགྲིན་པ་ལོངས་སྤྱོད་ཀྱི་ཐིག་ལེ་ནི་འདབ་མ་བཅུ་དྲུག་གི་དབུས་ན་བཞུགས་པའི་དོན་ནོ། །མཉམ་སྦྱོར་ཞེས་པ་སྤྲུལ་པའི་བདེ་བའི་འོད་ཡུངས་འབྲུ་ཙམ་ཀུན་དྷར་མའི་ནང་ནས་གྱེན་དུ་ཞུགས་ནས་ལོངས་སྤྱོད་ཀྱི་ཐིག་ལེ་ལ་ཕོག་སྟེ། དཔེ་ཆབ་རོམ་ཞུ་བ་བཞིན་བབ་པས་མགྲིན་པ་དང་ལྟེ་བའི་བདེ་བ་དུས་གཅིག་ཏུ་མྱོང་བའི་ཕྱིར་ཐིག་ལེ་གཉིས་ངོ་བོས་མཉམ་པར་སྦྱོར་བའོ། །བདེ་བའི་ཡེ་ཤེས་ཞེས་པ་དེ་ལ་རྟོག་པའི་ཟུག་རྔུ་མེད་པས་བདེ་བ་ཡིན་ཞིང་མགྲིན་པའི་ཡི་གེ་བཅུ་དྲུག་འོད་དུ་ཞུ་ནས་འདབ་མ་བཅུ་དྲུག་ཡེ་ཤེས་སུ་གསལ་བའོ། །རོལ་མོ་ཡིས་ཞེས་པ་ཡེ་ཤེས་ཀྱི་བདེ་བས་མགྲིན་པའི་རྟོག་ཚོགས་ཚིམ་པས་རོལ་མོ་ལྟ་བུའོ། །དེ་ཡང་ཡེ་ཤེས་ནི་མགྲིན་པའི་བདེ་བ་ལ། དགྱེས་ལ་ནི་དེས་ཚིམ་པ་ལ་རྟོག་པའི་གདུང་བ་མེད་པའོ། །མཆོད་པར་འབུལ་ཞེས་པ་རྒྱུད་ལ་མྱོང་བས་གནས་སུ་སྟོབས་ཤིང་དེ་ལའང་འཛིན་པ་དང་བྲལ་བའོ། །བཞི་པ་ནི་རྐང་པ་ལྔས་སྟོན་ཏེ། འདིར་ཀླད་པ་བདེ་ཆེན་གྱི་འཁོར་ལོ་བསྒོམ་པ་ཡིན་ལ་དེ་ལ་ཁྱབ་གདལ་ཆེན་པོར་བཞག་པའི་འཐད་པ་ནི། སྤྱི་གཙུག་བདེ་ཆེན་གྱི་ཐིག་ལེ་ཞུ་བའི་ཚེ་ལུས་ཀྱི་སྲིད་པ་མ་ལུས་པ་ལ་བདེ་བ་ཁྱབ་བྱེད་དུ་སྐྱེ་བའི་ཕྱིར་རོ། །དེ་ནི་གང་ཞེ་ན། ཟག་པ་མེད་པའི་བསོད་ནམས་ཞེས་པ་འབྲུ་བསྒྱུར་ཏེ་གོང་གི་ལྟེ་མགྲིན་མཉམ་སྦྱོར་གྱི་བདེ་བ་རིམ་པར་སྐྱེས་ནས་རོ་དྲུག་གི་བདེ་བར་མ་འགགས་པ་ནི་བསོད་ནམས་སོ། །དེའི་དུས་སུ་ལོངས་སྤྱོད་ཀྱང་མི་འཛིན་པས་བག་ཆགས་སུ་མི་འགྱུར་བའི་ཕྱིར་དག་པ་མེད་པའོ། །ཀྱིས་ཞེས་པ་བྱེད་པའི་སྒྲས་གོང་གི་ཡེ་ཤེས་དེ་འོད་ཟེར་དྲུག་ཏུ་བྱས་ནས་རྩ་ཀུན་དྷར་མ་ནས་གྱེན་དུ་སོང་བས་ཀླད་པ་བདེ་ཆེན་གྱི་འཁོར་ལོ་འདབ་མ་སོ་གཉིས་ཀྱི་དབུས་ན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་འོད་ཕོག་པའོ། །ཡེ་ཤེས་ནི་དེས་བདེ་བ་གསལ་བའོ། །སྒྱུ་མ་ནི་དེ་སྣང་ལ་རང་བཞིན་མེད་པའི་ཕྱིར་རོ། །རང་སྣང་བ་ནི་རང་གི་བདེ་བ་རང་ལ་སྣང་བ་ཡིན་ནོ། །རོལ་མོའི་ཞེས་པ་བདེ་བའི་ཡེ་ཤེས་ཀྱིས་བསྒོམ་པ་པོའི་ཡིད་ཚིམ་པར་བྱེད་པ་སྟེ། གཞི་མ་ངེས་པ་ལས་ཐབས་ཀྱི་གྲངས་སྣ་ཚོགས་སུ་སྣང་བའི་ཕྱིར་རོ། །དེ་ཡང་བསྒོམ་བྱ་སྤྱི་བོའི་དབུས་ཀྱི་བྱང་སེམས་ཧཾ་གི་རྣམ་པ་དཀྱིལ་ཡིན་ལ། འདབ་མ་སོ་གཉིས་ཀྱི་བདེ་བའི་རང་བཞིན་འཁོར་ཡིན་ནོ། །དེ་ཇི་ལྟར་བསྒོམ་ན་ཧཾ་ལས་ཚངས་བུག་ནས་འོད་འཕྲོས་ཏེ་རྒྱལ་བའི་ཞིང་ཁམས་མཐའ་ཡས་པར་ཁྱབ་པས། རྒྱལ་བ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་དག་ཀྱང་རིགས་ལྔ་ཡབ་ཡུམ་འབའ་ཞིག་གི་ཆ་བཟུང་སྦྱོར་བའི་ཆུ་རྒྱུན་རང་གི་ཚངས་བུག་ལ་སོགས་པའི་གནས་སུ་ཐིམ་པས་འཁོར་ལོ་རྣམས་ཡེ་ཤེས་སུ་གནས་བསྒྱུར་བས། རྟོག་པ་བཞི་བཅུ་རྩ་གཉིས་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་གསལ་བའི་ཕྱིར་མཆོག་ཅེས་བྱའོ། །དེ་ཕལ་གྱི་ཡུལ་མ་ཡིན་པས་གསང་བ་ཡིན་ལ། ཐིག་ལེ་ནི་བདེ་བ་ཆེན་པོའི་ངོ་བོར་གནས་པའོ། །དེ་ཡང་སྟེང་སྒོའི་བདེ་བ་དེ་ཉིད་ཀྱི་འབྱུང་གནས་ཐིག་ལེ་ཉིད་ཡིན་པས་དབྱིངས་ཞེས་བྱའོ། །དེ་ལྟར་སྟེང་སྒོ་ལ་དབང་ཐོབ་པ་དེ་ནི་སེམས་ལ་དབང་སྒྱུར་བའི་ཕྱིར་ལས་དང་ངོ་བོ་ཉིད་ཀྱིས་སངས་རྒྱས་ཀུན་གྱི་ཡེ་ཤེས་དང་འདྲ་བར་ཉམས་སུ་མྱོང་བ་ཡིན་ལ། དེ་མཐར་ཕྱིན་པས་འབྲས་བུ་མངོན་དུ་གྱུར་པ་དངོས་གང་ཞེ་ན། ཕྱོགས་བཅུ་དུས་བཞི་ཞེས་པ་ལ་སོགས་དང་འབྲེལ་ལོ། །གསུམ་པ་གསང་བ་འོག་སྒོའི་དབང་དུ་བཤད་པ་ལ་གསུམ་ལས། དང་པོ་ནི་རྐང་པ་བཞིས་སྟོན་ཏེ། དེ་ཡང་དཀྱིལ་འཁོར་ཞེས་པ་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དེ་ཉིད་བདེ་བའི་རོ་དང་བཅས་པ་སྒོམ་པ་པོ་ཡབ་ཡུམ་གཉིས་ལ་རང་བཞིན་གྱིས་ལྡན་པའི་ཕྱིར་རོ། །དཀྱིལ་འཁོར་གྱིས་ཞེས་པ་དེ་ཉིད་གསང་བའི་ལུང་མན་ངག་གིས་གཏན་ལ་འབེབས་པའོ། །དཀྱིལ་འཁོར་ཞེས་པ་ཡབ་ཡུམ་ལྷར་བསྐྱེད་པ་ལྷག་པ་ཏིང་དཀྱིལ་ལོ། །ལ་ནི་ཞེས་པ་དེ་སྐྱེ་མཆེད་དང་གསང་གནས་བརླབ་པའི་གཞི་ཡིན་པས་སོ། །དེ་གང་ཞེ་ན་དཀྱིལ་འཁོར་བསྒོམ་ཞེས་ཡན་ལག་གི་ལྷ་ཡབ་ལ་ཡབ་དང་ཡུམ་ལ་ཡུམ་རྣམས་བསྐྱེད་པ་ནི་སྐྱེ་མཆེད་བརླབ་པའོ། །དེ་གཉིས་ཀྱི་མཁའ་པདྨ་བརྒྱད་དང་ཐབས་རྡོ་རྗེ་རྩེ་ལྔ་པར་བསྒོམ་པ་ནི་མཁའ་གསང་བྱིན་གྱིས་བརླབས་པའོ། །དཀྱིལ་འཁོར་དཀྱིལ་འཁོར་ཞེས་པ་ཡབ་ཡུམ་གཉིས་ལྷར་གསལ་བའོ། །ལས་བྱུང་བ་ཞེས་པ་གཉིས་སུ་མེད་པར་རོལ་པ་ལས་བདེ་བ་བྱུང་བའོ། །དེ་ཇི་ལྟར་བྱུང་ན་ཡབ་ཀྱི་བྱང་སེམས་དབབ་པའི་ཐབས་ཀྱིས་ཕབ་སྟེ་རྡོ་རྗེའི་དབུའི་དཀྱིལ་དུ་སྣང་བའི་དུས་ན་གཟུང་ཐབས་ཀྱིས་དེ་ཉིད་གཉིས་མེད་ཀྱི་ཡེ་ཤེས་སུ་གསལ་ལ་མི་རྟོག་པ་ནི་ཐུགས་ཀྱི་དཀྱིལ་འཁོར་ཡིན་ལ། ཐབས་དེ་ཤེས་རབ་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྦྱོར་བས་མཆོག་ཅེས་བྱ་བ་ཡིན་ནོ། །གཉིས་པ་ནི་རྐང་པ་བརྒྱད་ཀྱིས་སྟོན་པ་ལས་གསང་བའི་ཐིག་ལེ་ཞེས་པ་དེ་ལས་བྱུང་བའི་བདེ་བ་ཉིད་ཐབས་ཀྱིས་ཟིན་པ་དང་མ་ཟིན་པས་འཁོར་འདས་གཉིས་སུ་བྱེད་པས་ཁེ་ཉེན་ཆེ་བའི་ཕྱིར་རོ། །དཀྱིལ་འཁོར་ནི་བྱང་ཆུབ་སེམས་ཀྱིའོ། །དེ་ཐབས་ཀྱིས་ཟིན་པ་ནི་རྟོག་ཚོགས་ལྷར་གསལ་བའི་གནས་ཡིན་པའི་ཕྱིར་དབྱིངས་སོ། །ལྷར་གསལ་བ་དངོས་གང་ཞེ་ན་འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ་ལ་སོགས་རྐང་པ་བཞིས་འབྱུང་བ་ཆ་ཕྲ་བ་ཡུམ་དང་རགས་པར་སྣང་བ་ཡབ་དང་དབང་པོ་དང་རྣམ་ཤེས་ལ་སོགས་སེམས་དཔའ་དང་སྒོ་བ་ལ་སོགས་པ་སྐད་ཅིག་གིས་གསལ་བའི་ནུས་པ་དང་ལྡན་པའོ། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ་ཞེས་པ་དེས་སྤྱོད་ཡུལ་བདེ་བའི་རང་བཞིན་དུ་དག་པའོ། །དེ་ལ་བདག་ཉིད་ཆེན་པོ་ཞེས་བྱ་སྟེ། ཡབ་ཡུམ་གྱི་ཐིག་ལེ་རྡོར་པད་ཀྱི་ནོར་བུ་དང་ཟེ་འབྲུར་འཐོན་པའི་ཚེ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གསལ་བ་ལས་གཞན་མ་དམིགས་པའི་ཕྱིར་རོ། །དེ་ཐབས་ཀྱིས་བསྒོམ་པས་ཁྱད་པར་དུ་འགྱུར་བའི་ཕྱིར་ལྷག་པའོ། །འབྲུ་བསྒྱུར་ཏེ་བདེ་བ་ཉིད་མི་རྟོག་པའི་ཡེ་ཤེས་ལྔར་གསལ་བ་ནི་རྒྱལ་བ་མ་ལུས་པའི་ཐུགས་ཀྱི་རང་བཞིན་ནོ། །དེས་ན་བདེ་བར་སྣང་བའི་དུས་ན་རང་བཞིན་མེད་པར་རྟོགས་པའི་ལྟ་བས་དངོས་གྲུབ་ཀྱི་ཞིང་མ་ལུས་པ་ལ་དབང་བྱེད་པའི་ཕྱིར་ཤེས་རབ་ཉིད་ཐབས་སུ་སྦྱོར་བ་ཞེས་བྱའོ། །གསུམ་པ་རྐང་པ་བརྒྱད་ཀྱིས་སྟོན་པ་ལས། སྙིང་པོ་ནི་ཐིག་ལེ་སྟེ་ཡབ་ཡུམ་གྱི་རྩ་ས་ཡ་ཕྲག་བཅུ་གསུམ་གྱི་བཅུད་འདུས་པ་ཡིན་པའི་ཕྱིར་རོ། །དེ་གང་ལས་བྱུང་ན་འབྲུ་བསྒྱུར་ཏེ་ཡབ་ཡུམ་སྦྱོར་བས་་ཐིག་ལེ་དུས་མཉམ་དུ་འདྲེས་པའི་ཚེ། དེ་ལ་རྟོག་པའི་གདུང་བ་མེད་པའི་བདེ་བ་ཡིན་ལ་དེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐའ་གཉིས་དང་བྲལ་བ་སྟེ། དེ་རྒྱུད་ལ་མྱོང་བའི་ཚེ་སྟེང་སྒོ་རླུང་ལ་གོམས་པས་གར་ཐབས་ཆེན་པོ་བཅུ་དྲུག་ལ་སོགས་པ་ཐབས་ཀྱིས་སླར་ལྡོག་པ་ནི་དཔེར་ན་རོལ་མོ་ལྟ་བུ་ཡིས་རྩ་གནས་ཚིམ་ཞིང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ནི་ཟུག་རྔུ་དང་བྲལ་བའི་ཕྱིར་དགྱེས་པ་ཡིན་ལ། དེ་སྔོན་གྱི་གནས་ཕྱི་མོ་མངོན་དུ་བྱས་པ་ནི་མཆོད་པ་ཡིན་ཏེ། དེར་འཛིན་པ་དང་བྲལ་བས་ཟག་མེད་ཀྱི་དབྱིངས་སུ་གནས་སྟོབས་པ་ལ་འབུལ་བ་ཞེས་བྱའོ། །ཟག་པ་མེད་པའི་ཞེས་པ་ཐབས་ཀྱིས་ཟིན་པས་འཁོར་བར་མི་འཆིང་བས་སོ། །བསོད་ནམས་ཞེས་པ་ཡང་དག་པའི་འདོད་ཆགས་སྤྱད་པའི་ཡོན་ཏན་ནོ། །ཀྱིས་ཞེས་པ་དེ་ཐོབ་བྱེད་ཀྱི་སྒྲའོ། །ཇི་ལྟར་ཐོབ་ན་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་དཔེ་སྒྱུ་མ་ལྟར་རང་གི་སེམས་ཉིད་ཡེ་ཤེས་སུ་སྣང་བ་ཡིན་ནོ། །རོལ་མོའི་ཞེས་པ་དེ་དག་གི་བདེ་བས་སྒོམ་པ་པོ་ཡིད་ཚིམ་ཞིང་། དཀྱིལ་འཁོར་ཞེས་པ་དེས་སེམས་ཉིད་སྐུ་དང་ཡེ་ཤེས་སུ་གསལ་བའོ། །མཐའ་ཡས་ཞེས་པ་དཀྱིལ་འཁོར་དེ་ཡང་གཅིག་ཏུ་མ་ངེས་པ་ཡིན་ཏེ། དཀྱིལ་འཁོར་མ་ལུས་པའི་བདག་ཉིད་ཀྱི་ཕྱིར་རོ། །མཆོག་ཅེས་པ་དེ་ལ་སོགས་པ་ཆེ་བའི་ཡོན་ཏན་གྲངས་ལས་འདས་པའོ། །དེ་ཡང་གསང་བ་ཞེས་པ་ཉམས་སུ་མྱོང་བའི་རོ་ཡིན་ལ། ཐིག་ལེ་ནི་མྱོང་བྱེད་ཉི་ཟླ་སྟེ་དེ་ཉིད་ལས་ལྷན་སྐྱེས་ཀྱི་ཡེ་ཤེས་འབྱུང་བས་དབྱིངས་ཡིན་པའི་ཕྱིར་ཐབས་ཤེས་གཉིས་སུ་མེད་པར་སྦྱོར་བ་ཞེས་བྱའོ། །དེ་ལྟར་ཐབས་ཀྱིས་སེམས་ཉིད་ཡེ་ཤེས་སུ་གསལ་ཞིང་དེ་ཆོས་ཀྱི་དབྱིངས་སུ་སྦྱོར་བ་དེ་ནི་ཕྱོགས་བཅུ་དུས་བཞིས་སངས་རྒྱས་ཀུན་གྱི་བདག་ཉིད་ཀུན་ཏུ་བཟང་པོ་ཡབ་ཡུམ་དངོས་ཡིན་ཏེ། རང་རིག་ལ་དབང་སྒྱུར་བས་མཐར་ཐུག་གི་འབྲས་བུ་མངོན་དུ་བྱས་པའི་ཕྱིར་ཕྱོགས་བཅུ་དུས་བཞི་ཞེས་པ་ལ་སོགས་དང་འབྲེལ་ལོ། །དེ་ལྟར་གཞུང་འདི་དག་ཐུགས་ཐིག་དང་གསང་ཐིག་གི་དགོངས་པས་རྟེན་གང་ཟག་འདོད་ཆགས་ཅན་གྱི་ལམ་གྱི་ཆ་རྐྱེན་ཚང་བར་བསྟན་པ་ཡིན་ནོ། །གསུམ་པ་མངོན་དུ་གྱུར་པའི་འབྲས་བུ་ནི། ལམ་དེ་དག་གིས་ཚོགས་སྒྲུབ་པ་མན་ཆད་དུ་བསྒྲུབ་པའི་འབྲས་བུ་ཐོབ་ཚུལ་ཡིན་ཏེ། དེ་ཡང་ལམ་དུ་གྱུར་བའི་འབྲས་བུ་ཚེ་དབང་ནི་ཟག་པ་ཅེས་སྤྱིར་ཟག་པ་ཙམ་གྱི་གོ་བ་ནི་ཐ་མལ་གྱི་འཛིན་ཤེས་བག་ཆགས་དང་བཅས་པ་ཞིག་ཡིན་ཏེ། ཇི་སྐད་དུ་སྤར་ཁབ་ལས། དེ་དག་འཇིག་རྟེན་པ་ལ་ཡོད་ན་འཛིན་པའི་ཕྱིར་ཟག་པར་འགྱུར་ལ་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ཕྱེ་ན་ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་གསུམ་ཡིན་ནོ། །འདིར་ཚེ་དབང་ལ་དེ་དག་དང་བྲལ་བའི་ཕྱིར་མེད་པའོ། །དེ་ཡང་བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་ཡོ་བྱད་ལྔ་ལ་སྤྱད་པས་གྲུབ་པའི་སྐུ་ཡིན་ཞིང་། ཀྱིས་ཞེས་པ་དེའི་དགོངས་པ་སྟོན་པ་སྟེ། གང་ཞེ་ན། ཡེ་ཤེས་ཞེས་པ་སྔར་མ་མཐོང་བའི་ཆོས་ཉིད་རང་གི་མཚན་ཉིད་མངོན་དུ་མཐོང་བ་དེའོ། །དེ་དཔེ་སྒྱུ་མ་ལྟར་སྣང་ལ་རང་བཞིན་མེད་པར་སེམས་ཉིད་རང་སྣང་བའོ། །དེ་ཡང་རོལ་མོ་ལྟར་ཟག་པ་མེད་པའི་བདེ་བ་དེས་ཡིད་ཚིམ་པའོ། །དེ་རང་གང་ཞེ་ན། རང་བཞིན་གྱི་དཀྱིལ་འཁོར་མངོན་དུ་གྱུར་བའི་དགོངས་པ་ཚད་ལས་འདས་པས་མཐའ་ཡས་སོ། །དེ་ཟག་བཅས་ཀྱི་ཏིང་ངེ་འཛིན་ལས་ཁྱད་པར་དུ་གྱུར་པས་མཆོག་ཡིན་ནོ། །དེ་ལྟ་བུའི་ཚེ་དབང་གི་དགོངས་པ་དེ་ཟབ་ཅིང་གཏིང་དཔག་དཀའ་བས་གསང་བ་ཡིན་ལ། སྤྲོས་པ་དང་བྲལ་བས་ཐིག་ལེ་སྟེ། དེ་ཉིད་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་དབྱིངས་སོ། །དེ་ལྟར་ཆོས་ཉིད་རང་མཚན་མཐོང་བ་དེ་ནི་འདྲ་བ་དང་འབྲེལ་བ་གཉིས་ཀ་རྒྱུ་མཚན་དུ་བྱས་ནས་སངས་རྒྱས་ཀུན་གྱི་དངོས་ཞེས་བྱའོ། །གཉིས་པ་རྒྱ་ཆེན་ནི་གཞུང་བསྒྱུར་ཏེ་འོག་ནས་དཀྱིལ་འཁོར་ཞེས་པ་སྦྱར་ས་རྒྱ་ཆེན་ལ་སྦྱར་བའི་ཚེ་འདིའི་དགོངས་པ་མཉམ་པ་ཉིད་ལ་གནས་པ་ནི་རང་དཀྱིལ་འཁོར་ཡིན་ལ། དཀྱིལ་འཁོར་ཉིད་ཅེས་པ་དེའི་ཆ་ལུགས་ལོངས་སྐུ་དང་འདྲ་བའི་ཕྱིར་ན་དེ་རྒྱུ་མཚན་དུ་བྱས་ནས་མཐར་དཀྱིལ་འཁོར་རོ། །གསུམ་པ་ལྷུན་གྲུབ་ཀྱི་ངོ་བོ་ནི་རྫོགས་ཞེས་པ་རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་གྱི་ཡོན་ཏན་ནོ། །དེ་མཐར་ལམ་ལ་མཉམ་གཞག་གི་ཚེ་ལྷུན་གྱིས་གྲུབ་སྟེ་ཐ་དད་མེད་པའི་ཕྱིར་རོ། །རྗེས་ཐོབ་ཀྱི་ཚེ་སྐུ་དེ་ལ་རྒྱན་དུ་མཚན་དཔེ་དུ་མས་སྤྲས་ཤིང་དཀྱིལ་འཁོར་བདུན་གྱིས་བསྡུས་པའི་ཆོས་མ་ལུས་པ་ཡོངས་སུ་རྫོགས་པས་འགྲོ་བའི་དོན་ཐོགས་པ་མེད་པས་གང་འདུལ་དུ་སྣང་བའོ། །དེ་ལྟར་འབྲས་བུ་ཆེ་བའི་ཡོན་ཏན་མ་ལུས་པ་རྫོགས་པའི་རང་དཀྱིལ་འཁོར་མཐར་ཕྱིན་པའི་དཀྱིལ་འཁོར་དང་། མཐར་ལམ་གྱི་དགོངས་པ་མཉམ་པར་སྦྱོར་བས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་སྟེ། རང་བཞིན་དབྱེར་མེད་པའི་ཕྱིར་རོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ལ་སྦྱོར་ཚུལ་ནི། ཡེ་ཤེས་ནི་སྐུ་ལྔའི་དགོངས་པའོ། །རྫོགས་པ་ནི་དེ་འབྲས་བུ་ཆེ་བའི་ཡོན་ཏན་མ་ལུས་པའི་བདག་ཉིད་དོ། །དེ་ལྟར་རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་དེ་མཐར་ལམ་གྱི་དགོངས་པས་སྦྱང་བྱའི་ཡུལ་ཡིན་པས་ལ་ཞེས་བྱའོ། །ཇི་ལྟར་སྦྱོར་བའི་ཚུལ་ནི་ཐོས་བསམ་སྒོམ་པའི་ཞེས་པ་མཐར་ལམ་ཤེས་རབ་གསུམ་གྱིས་རྒྱལ་བ་དང་དགོངས་པ་མཉམ་པར་སྦྱོར་བའི་ཚུལ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཐར་ཕྱིན་པའོ། །དགོངས་པའི་ངོ་བོ་དང་བྲལ་བས་རང་བྱུང་ཞེས་བྱ་ལ། དེ་ལ་རྒྱལ་བ་ཀུན་གྱི་དགོངས་པ་ངམ་ཞིང་ངོ་མཚར་བ་ལྷུན་གྱིས་གྲུབ་པ་སྟེ། རྒྱལ་བ་ལ་རྒྱུད་ཐ་དད་མེད་ཅིང་རྒྱུ་རྐྱེན་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །དེས་ན་ལམ་འདི་ནི་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པ་ཡིན་པའི་ཕྱིར་ཐུགས་དམ་འདི་ལས་འདའ་བར་མི་མཛད་པས་ན་དམ་ཚིག་མཆོག་ཅེས་བྱའོ། །དེ་ལྟར་འབྲས་བུ་ལ་སྦྱོར་ཚུལ་འདི་ནི་ལམ་རིམ་གྱིས་པའི་བགྲོད་ཚུལ་དེ་ལས་ཀྱང་མཐར་ཆགས་པའི་དབང་དུ་བཤད་པ་ཡིན་གྱི། ཅིག་ཅར་བ་ཐོད་རྒལ་བའི་དབང་དུ་ན་ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པ་བཤད་པ་ལྟར་འདིར་ཡང་ཤེས་པར་བྱའོ། །གཉིས་པ་མཐར་ཐུག་གི་འབྲས་བུ་རང་གི་ངོ་བོ་ནི། གཞུང་འོག་ནས་ཕྱོགས་བཅུ་དུས་བཞི་ཞེས་པས་ཕྱོགས་དུས་ཀྱི་རྒྱལ་བ་མ་ལུས་པའི་བདག་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར། དེ་དག་གི་སྐུ་དང་གསུང་དང་ཡོན་ཏན་དང་ཕྲིན་ལས་དང་ཐུགས་རྣམས་བསྡུས་པ་ལྔ། འབྲིང་དུ་ཉེར་ལྔ། རྒྱས་པར་མཐའ་ཡས་པ་ལ་སོགས་ཆེ་བའི་ཡོན་ཏན་ཇི་སྙེད་པ་རྣམས་མ་ལུས་པའི་བདག་ཉིད་དུ་གྱུར་པ་སྐུ་ལྔ་ལྷུན་གྲུབ་ཀྱི་ཞལ་རང་གིས་སེམས་མཐོང་བ་སྟེ། རང་རིག་ལ་དབང་ཐོབ་པས་ཅིར་ཡང་འདོད་རྒུར་སྒྱུར་བ་ནི་བདག་དོན་དུ་དགྱེས་པའི་ལོངས་སྤྱོད་དང་། གཞན་དོན་དུ་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པའོ། །དེ་ལས་བསྒྲུབ་བྱ་གཞན་མེད་པས་མཆོག་ཅེས་བྱ་ཞིང་། དེ་ཉིད་ཐུན་མོང་གི་ལམ་གྱི་འབྲས་བུ་ལས་ཁྱད་པར་དུ་གྱུར་པས་ངམ་པ་ཡིན་ནོ། །དེས་དོན་མཛད་ཚུལ་ནི་ཡང་འོག་ནས། རྟག་པར་རྒྱུན་གྱི་ཐུགས་རྗེ་ལ་སོགས་ཏེ་དེ་ཡང་དཀྱིལ་ནི་སྤྲོས་པ་དང་བྲལ་བ་ལས་འཁོར་ནི་དོན་མཛད་པར་མ་འགགས་པ་སྟེ། དཔེར་ན་ཉི་མ་ནམ་མཁར་ཤར་བས་འོད་ཟེར་འཇིག་རྟེན་དུ་འབྱུང་བ་ལྟར་རྩོལ་རྟོག་མེད་པར་ཡོངས་ཀྱིས་འབྱུང་བའོ། །དེས་ཕྱོགས་བཅུའི་ཞིང་མ་ལུས་པར་དུས་རྟག་ཏུ་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་དེས་གདུལ་བྱ་འདུལ་ཞིང་འགྲོ་བ་རྣམས་སྡུག་བསྔལ་ལས་སྐྱོབ་པའི་མགོན་དང་གཉེན་གཅིག་པུར་གྱུར་པའོ། །དེ་ལྟར་སྣང་དུས་ཉིད་ན་མ་གྲུབ་པས་སྒྱུ་མ་ལྟ་བུའི་དཀྱིལ་འཁོར་གྱིས་འགྲོ་བ་རྣམས་ཡང་དག་པའི་ས་ལ་སྒྲོལ་བ་ཡང་ལྷུན་གྱིས་གྲུབ་པ་ཡིས་དོན་བྱ་བའི་ཡུལ་དང་བྱེད་པ་པོ་གཉིས་མེད་པར་མཐར་ཕྱིན་པའི་དཀྱིལ་འཁོར་གྱི་བདག་ཉིད་དུ་སྤྱོད་པའོ། །ཡང་སྣོད་དང་ལྡན་པའི་སྤྱོད་ཡུལ་གྱི་སྐབས་སུ། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །ཞེས་པས་རང་བཞིན་གྱི་དབང་པོ་རྣོན་པོ་དེ་ཆོས་ཅན། འདིའི་ཡུལ་མ་ཡིན་པར་འགྱུར་ཏེ། བསྐལ་པར་སྦྱངས་པ་མེད་པའི་ཕྱིར་རོ། །རྟགས་མ་གྲུབ་ན་རང་བཞིན་གྱི་དབང་པོ་རྣོན་པོ་མ་ཡིན་པ་འགྱུར་ཞིང་ཁྱབ་པ་མེད་ན་གཞུང་དང་འགལ་ལ། འདོད་ན་དེའི་ཡུལ་ཡིན་པར་བསལ་ལོ་ཞེ་ན། འདི་ལ་ཁྱབ་པ་མ་གྲུབ་ཀྱིས་ལན་འདེབས་སོ། །འོ་ན་གཞུང་དེ་དང་འགལ་ལོ་ཞེ་ན། འགལ་བར་མ་གྲུབ་སྟེ། སྦྱངས་རྣོའི་ཡུལ་ཡིན་པས་རང་རྣོའི་ཡུལ་ཡིན་པ་མི་ཁེགས་པའི་ཕྱིར་ཏེ། དེ་གཉིས་དངོས་འགལ་མ་ཡིན་པའི་ཕྱིར་རོ། །མན་ངག་གི་ཆེ་བ་ནི་འབྲས་བུ་ལམ་དུ་གྱུར་པ་ཡིན། ཞེས་པ་དེ་ཉིད་ལ་ཁ་ཅིག་གསང་སྔགས་པ་འབྲས་བུ་ལམ་དུ་བྱེད་པ་དེ་སྨིན་པ་ཞིག་གམ། མ་སྨིན་པ་ཞིག་ལམ་དུ་བྱེད། དང་པོ་ལྟར་ན་ཐུག་མེད་དུ་འགྱུར་ཏེ། སྨིན་པ་ལམ་དུ་བྱེད་པའི་ཕྱིར་རོ། །རྟགས་དེ་ཁས་བླངས་ཤིང་། ཁྱབ་པ་ཚད་མ་སྟེ་ན་ནིང་གི་འབྲས་བུ་ད་གཟོད་ཀྱི་ས་བོན་དུ་འགྱུར་བ་བཞིན་ནོ། །འདོད་པར་མི་ནུས་སོ། །གཉིས་པ་ལྟར་ན་འབྲས་བུ་ལམ་དུ་བྱེད་པ་མ་ཡིན་པར་འགྱུར་ཏེ། མ་སྨིན་པའི་ཕྱིར་རོ་ཞེ་ན། ཁ་ཅིག་ངོ་བོ་སྨིན་ཞིང་མཚོན་ཚུལ་མ་སྨིན་པ་ལམ་དུ་བྱེད་ཅེས་ཟེར་བ་ནི་མ་ཡིན་ཏེ། འོ་ན་འབྲས་བུ་གཅིག་གི་ངོ་བོ་དང་མཚོན་ཚུལ་གཉིས་འགྲེལ་པ་མེད་པར་འགྱུར་ཏེ། སྨིན་མ་སྨིན་འགལ་བ་ཡིན་པའི་ཕྱིར་རོ། །རྟགས་དེ་ཚད་མ་ཡིན་ལ། འགག་པ་ལ་འབྲེལ་མེད་ཀྱིས་ཁྱབ་སྟེ་མུན་སྣང་བཞིན་ནོ། །འོ་ན་ཇི་ལྟར་ཞེ་ན་རྣམ་པར་དབྱེ་སྟེ་ཡེ་ནས་ཡིན་པའི་འབྲས་བུ་དང་། དེ་ལམ་གྱིས་མངོན་དུ་བྱས་པའི་འབྲས་བུ་གཉིས་ལས། འདི་དང་པོ་ཡིན་པས་འབྲས་བུ་ལམ་དུ་བྱེད་པ་མ་ཡིན་པར་འགྱུར་བའི་སྐྱོན་མེད་ལ། དེ་མངོན་དུ་བྱས་པ་མ་ཡིན་པ་ལ་ཐུག་མེད་དུ་འགྱུར་བའི་སྐྱོན་མེད་དོ། །འོ་ན་ཐེག་པ་ཐམས་ཅད་ཆོས་ཅན། འབྲས་བུ་ལམ་དུ་བྱེད་པ་འབའ་ཞིག་ཏུ་ཐལ། དེ་ཡིན་ཙམ་ཁྱབ་བྱེད་དུ་ཡོད་པའི་ཕྱིར་རོ་ཞེ་ན། ཁྱབ་པ་མེད་དེ། ཡིན་ཀྱང་ཐམས་ཅད་ཀྱིས་དེ་ལྟར་གཏན་ལ་འབེབས་ཤིང་རྟོགས་པ་མེད་དོ། །ཡང་ན་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་གཉིས་ལས་འདི་དང་པོ་སྟེ། འོག་མའི་འབྲས་བུ་འདིའི་ལམ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་དབྱིག་གི་སྒྲོན་མ་ལས། ཁྱོད་ཀྱི་བཅུ་གཅིག་ཀུན་ཏུ་འོད། །ཐབས་ཆེན་ཐེག་པའི་བསྟི་གནས་ས། །ཞེས་སོ། །གཞུག་ལྷག་མ་བརྟགས་ལ། དེ་ལྟར་ཆེ་བ་དེ་དག་དང་ལྡན་པའི་ཕྱིར་རྒྱུད་འདི་ནི་དུས་བཞིའི་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་ནོ། །གཞུང་དོན་ཐ་མའི་སྐབས་སུ་ཐོས་བསམ་སྒོམ་ལ་ཞེས་པ་ཐོས་པ་ནི་མིང་ལ་དམིགས་པ་སྟེ་གཞོན་ནུ་མེ་ཏོག་འཐུ་བ་ལྟར་སྒྲ་དང་ཚིག་ལ་བརྟེན་ནས་ཤེས་བྱ་རྟོགས་པར་བྱེད་པའོ། །བསམ་པ་ནི་མིང་དོན་གཉིས་ཀ་ལ་དམིགས་པ་སྟེ་རྒྱ་སོལ་ལ་རླུང་གིས་བཏབ་པ་ལྟར་ཚིག་གི་རྗེས་སུ་རྟོག་པ་དང་དཔྱོད་པའི་སྒོ་ནས་ཐེ་ཚོམ་སེལ་བའོ། །སྒོམ་པ་ནི་དོན་ཁོ་ན་ཉིད་ལ་དམིགས་པ་སྟེ་བུམ་པའི་ནང་གི་མར་མེ་ལྟར་གོང་མ་གཉིས་ཀྱིས་ངེས་པའི་སྟེང་དུ་གནས་པ་ཅིག་ཡིན་ནོ། །དེ་ལྟར་ཤེས་རབ་གསུམ་ལ་བློ་རབ་ཏུ་སྦྱངས་པའི་ཞེས་པ་ལ་སོགས་གཞུང་བརྟག །ཡང་འདིར་ལེའུ་གོང་འོག་གི་ཟློས་སྐྱོན་འདི་ལྟ་བུ་ཞིག་བསམ་པའི་ཡུལ་དུ་མཐོང་སྟེ། དང་པོ་ལེའུ་ལྔ་པར་ཡོ་བྱད་ལྡན་ཞེས་གྲོལ་ལམ་རིམ་གྱིས་པའི་ཚོགས་སྒྲུབ་ཅིག་བསྟན། དགུ་པར་ཡང་ཆོ་ག་ལྔ་ནི་ཞེས་པ་ལ་སོགས་ཚོགས་སྒྲུབ་ཅིག་བསྟན། བཅུ་གཅིག་པ་དང་བཅུ་གཉིས་པར་ཡང་ཡན་ལག་མ་ཉམས་ཞེས་པ་ལ་སོགས་སུ་བསྟན། བཅུ་གསུམ་པ་འདིར་ཡང་བྱུང་བས་དེ་དག་ཟློས་སོ་ཞེ་ན། དགོས་ཆེད་སོ་སོའི་དབང་གིས་མི་ཟློས་ཏེ། ལྔ་པར་ནི་རྒྱུ་ཚང་བས་ཕྱག་རྒྱ་གཅིག་སྤྲོས་ལས་སུ་རུང་བས་ཡི་གེ་སྒྱུ་འཕྲུལ་བསྒྲུབས་པས་དངོས་གྲུབ་གཉིས་ཀྱི་ཐོབ་ཚུལ་ཡིན་ཏེ། ཇི་སྐད་དུ་དེ་ཉིད་ལས། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་སོ། །དགུ་པར་ཟབ་མོའི་དབང་ཐོབ་ནས་ཚོགས་བསྒྲུབ་པའི་གནས་སྐབས་སུ་ཚེ་དབང་དང་མཐར་ཐུག་ཏུ་སྐུ་ལྔ་ལ་སྦྱོར་བའི་དུས་གཙོ་བོར་བསྟན་པ་ཡིན་ཏེ། དེ་ཉིད་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་པ་དང་། ཡང་། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཞེས་གསུངས་པའི་ཕྱིར་རོ། །བཅུ་གཅིག་པར་གཞི་ཕུན་སུམ་ཚོགས་པ་ལྔ་དང་ཐབས་བསྙེན་སྒྲུབ་བཞི་རྒྱས་པར་བསྟན་པས་སྒྲུབ་པའི་ཡན་ལག་ཚང་ཞིང་གཙོ་བོར་མངོན་དུ་ཕྱུང་བའི་ཏན་གན་ལ་སྤྱད་པས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ལ་སྦྱོར་ཚུལ་ཡིན་ཏེ། དེ་ཉིད་ལས། ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཞེས་པ་དང་། མཁའ་འགྲོ་གསལ་འབར་ཚེ་ལ་སོགས། །ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །བཅུ་གསུམ་པ་འདིར་ནི་དགག་བྱ་གཞན་གྱིས་བརྟགས་པའི་མ་རྟོགས་ལོག་རྟོགས་བསལ་ནས་ཐུན་མོང་གི་ལམ་ནས་བཀོད་པའི་མཐའ་འདིའི་ལམ་མངོན་དུ་བྱེད་ཚུལ་གཙོ་བོ་བསྟན་པ་ཡིན་ཏེ། ཇི་སྐད་དུ་ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །ཞེས་པ་དང་། འདི་ནི་གསང་ཆེན་ངེས་པ་ཡིས། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །རྒྱུད་དོན་རྣམ་ངེས་ལས་ལེའུ་བཅུ་གསུམ་པའི་རྣམ་པར་བཤད་པའོ།། ༈ །།ལེའུ་བཅུ་བཞི་པའི་མངོན་པར་རྟོགས་པའི་དབང་དུ་མཆོད་པ་ལས་ཀྱི་རིམ་པ་ལ་བཅོ་ལྔ་ལས་ཐ་མ་རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་ལ་བསྟོད་པའོ། །དེ་ཡང་སྒྲོ་སྐུར་དང་བྲལ་བའི་དཀྱིལ་འཁོར་ལ་དེ་དང་མཐུན་པར་ཉིད་ཀྱིས་བསྟོད་པ་སྟེ། འདིར་ཁ་ཅིག་ཆོས་སྐུའི་སྐུ་གསུང་ཐུགས་གསུམ་ལྡོག་པ་གཅིག་ཏུ་འགྱུར་ཏེ། སྐུ་ཡང་ཐིག་ལེ་ཞེས་པ་དང་། གསུང་ཡང་ཐིག་ལེ་ཞེས་པ་དང་། ཐུགས་ཞེས་པ་ཡང་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་གསུམ་སྐྱེ་མེད་སྤྲོས་བྲལ་དུ་གཅིག་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དཔེར་ན་བུམ་པ་གཅིག་གི་སྟེང་དུ་དབྱིབས་དང་ཁ་དོག་བྱས་པ་དང་མི་རྟག་པ། ཤེས་བྱ་དང་གཞལ་བྱ་ལ་སོགས་ལྡོག་པའི་ཆོས་སུ་མ་བརྟེན་པ་ལྟར། སྐྱེ་མེད་སྤྲོས་བྲལ་གྱིས་གོ་ཕྱེ་ནས་འབྲས་བུ་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པའི་ལྡོག་པ་ནས་སྐུ་ཡིན་ཞིང་། དེས་དེ་ཉིད་དུ་གོ་ཞིང་བརྡའ་སྤྲོད་པས་ན་གསུང་ཡིན་ལ། དེ་ཉིད་རྣམ་པ་ཅིར་ཡང་མི་རྟོག་པའི་ལྡོག་པ་ནས་ཐུགས་ཡིན་ནོ། །ཡང་། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཞེས་པ་ལ་སོགས་སྤྱིར་བསྟོད་པའི་སྐབས་སུ། སྤར་ཁབ་ལས། གངས་ཆེན་པོ་མཚོ་ལྔ་ཡང་དེ་དག་ལྔའི་ངོ་བོ་ཁོ་ནའོ་ཕྱིར་ཞེས་པས། དེ་ལ་ཁ་ཅིག་གངས་ཆེན་པོ་མཚོ་ལྔས་བསྡུས་པའི་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཡིན་ཞིང་། དེ་ལ་དེས་ཁྱབ་ལ། དེ་དེར་མ་འདུས་པ་མེད་དོ་ཞེས་བྱ་བ་ཡིན་ཟེར་རོ། །འོ་ན་གངས་ཆེན་པོ་མཚོ་ལྔ་རང་གང་ཡིན་ཞེ་ན། དེ་ནི་བརྔ་ཡིས་བཤད་པ་ཡིན་ཏེ། བདག་ཏུ་ཞེན་པའི་ཉོན་མོངས་པ་ལྔ་ནི་ཡེ་ཤེས་ཀྱིས་བཞུ་དཀའ་བའི་ཕྱིར་གངས་ཞེས་བྱ་ལ། དེའི་དབང་གིས་འཁོར་བའི་རྒྱ་མཚོར་གནས་པ་ནི་གཉེན་པོས་བསྐམ་པར་བྱ་བའི་ཕྱིར་མཚོ་ཞེས་བྱའོ། །འོ་ན་སངས་རྒྱས་ལ་བསྟོད་པར་མི་འགྱུར་ཏེ། སེམས་ཅན་ལ་བསྟོད་པར་འདུག་པའི་ཕྱིར་ཞེ་ན། དེ་ལྟར་མ་ཡིན་ཏེ། དཔེར་ན་སྟོད་མངའ་རིས་སྐོར་གསུམ་ན་མིའི་སྡེ་ཚན་དང་བྱེ་བྲག་མང་པོ་ཡོད་ཀྱང་མངའ་བདག་རྩེ་ལྡེའི་མངའ་འོག་ཏུ་མ་འདུས་པ་མེད་ཅིང་སྐུ་དྲིན་གྱིས་ཁྱབ་ལ་འབངས་ཡིན་ནོ་ཞེས་སྨོས་པས་རྩེ་ལྡེའི་ཆེ་བར་འགྱུར་བ་ལྟར། རང་བཞིན་ལ་ལྟོས་ཏེ་འཁོར་བའི་ཉོན་མོངས་པ་ལྔར་སྣང་བ་ཡང་ངོ་བོ་ཉིད་ཀྱིས་སྟོངས་པས་ཆོས་སྐུར་ལྷུན་གྱིས་གྲུབ་ཅིང་འཁོར་འདས་ངོ་བོ་ཐ་དད་དུ་མ་གྲུབ་པའི་ཕྱིར་སངས་རྒྱས་ལ་བསྟོད་པར་འགྱུར་ཟེར་བ་ལ། ཁ་ཅིག་གངས་མ་ཡིན་གང་ཞེས་ཡིན་ཏེ། གངས་ཆེན་མཚོ་ནི་རྣམ་སྣང་ཡིན་ལ། རྣམ་སྣང་ལ་སོགས་པ་རིགས་ལྔ་ཡིན་ཟེར་བ་ཡང་འཐད་པ་མ་ཡིན་ཏེ། འདི་སྐུ་ལྔ་ལ་བསྟོད་པ་ཡིན་ལ་རིགས་ལྔ་ནི་དེའི་བྱེ་བྲག་ཡིན་པའི་ཕྱིར་རོ། །ཡང་ཁ་ཅིག་འགྲེལ་པའི་ངག་དེ་ནི་འབྱུང་བ་ལྔའམ་ཉོན་མོངས་པ་ལྔ་ཡང་རིགས་ལྔའི་ངོ་བོ་ཡིན་པས་དེ་སྐད་ཅེས་བྱའོ་ཟེར་བ་ལ་ཡང་རྒྱུ་མཚན་ཡོད་པར་མ་མཐོང་ངོ་། །འོ་ན་གང་ཞེ་ན་དེ་དག་ནི་འགྲེལ་པའི་དགོངས་པ་མ་མཐུན་པ་ཡིན་གྱི། གཞུང་གི་ཐད་སོར་འབྲུ་སྦྱར་ན་ཐམས་ཅད་མ་ལུས་ཞེས་པ་ནི་རྒྱལ་བའོ། །སྐུ་གསུང་ཐུགས་ཞེས་པ་དེར་འདུས་པའོ། །འོ་ན་ཡོན་ཏན་ཕྲིན་ལས་མ་ལུས་འདུས་སམ་ཞེ་ན། དེར་མ་ཟད་དེར་འབྲས་བུ་ཆེ་བའི་ཡོན་ཏན་མ་ལུས་པ་ཡང་འདུས་པ་ཡིན་ཏེ། ཇི་སྐད་དུ་བཅུ་གཅིག་པ་ལས། ཡང་ན་སྐུ་གསུང་ཐུགས་ཉིད་དེ། །ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྐུ་གསུང་ཐུགས་ཀྱིས་བསྡུས་པའི་རང་བཞིན་ནི་སྐུ་ལྔའི་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར། ཁྱབ་བྱེད་སྐུ་གསུང་ཐུགས་ཀྱིས་ཁྱབ་བྱ་རྒྱལ་བ་ཀུན་ལ་དེ་དང་དེའི་བདག་ཉིད་དུ་ཁྱབ་པའོ། །དེ་ལྟར་སྐུ་གསུང་ཐུགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ནི་ཐིག་ལེ་སྟེ་སྤྲོས་པ་དང་བྲལ་བ་ཡིན་ལ། ཆེ་ཞེས་པ་ནི་དེའི་ངོ་བོ་ཉིད་དམ་མངོན་པར་བྱང་ཆུབ་པའི་སྐུ་ཡིན་པའི་ཕྱིར་རོ། །དེ་ནས་མཆོད་བཤགས་བྱ་ཞིང་སྨོན་ལམ་གདབ་པ་ལག་ལེན་ལྟར་ལ། ཏིང་ངེ་འཛིན་མཇུག་གི་རིམ་པ་ནི་ཁྲོ་བོའི་སྐབས་སུ་ཐུན་མོང་དུ་འཆད་དོ། །རྒྱུད་དོན་རྣམ་ངེས་ལས་ལེའུ་བཅུ་བཞི་པའི་རྣམ་པར་བཤད་པའོ།། ༈ །།ལེའུ་བཅོ་ལྔ་པ་ནི་སྤྱིར་རྒྱུད་འདི་ལ་གླེང་གཞི་གསུམ་ཡོད་པ་ལས་འདི་གདུལ་བྱ་དགོས་ཆེད་ཀྱི་གླིང་གཞི་ཡིན་ནོ། །དེ་ཡང་དེ་ནས་ཞེས་པ་ལ་སོགས་ལ་གཞུང་དོན་བཞི་ལས་གང་གིས་འདུལ་བྱེད་ཀྱི་གཉེན་པོ་དེ་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པ་སྐུ་ལྔ་ལྷུན་གྱིས་གྲུབ་པའོ། །དེས་འདུལ་བའི་གདུལ་བྱ་ལ་མོས་པ་ཐ་དད་པ་ཡོད་པའི་ཕྱིར་རྒྱུད་འདི་ནས་མངོན་པར་རྟོགས་པ་ཞི་ཁྲོ་གཉིས་སྟོན་པ་ལས། ལེའུ་བཅུ་བཞི་པ་ཡན་ཆད་དུ་ཕལ་ཆེར་ཞི་བའི་དོན་རྣམས་བསྟན་ནས། བཅོ་ལྔ་པ་འདི་ནས་ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་དེ་ཞེས་པས། སྤྱིར་ཁྲོ་བོ་ལ་གསུམ་སྟེ། ཤེས་རབ་ཆེན་པོའི་དང་། ཡེ་ཤེས་ཆེན་པོའི་དང་། ཕྱག་རྒྱ་ཆེན་པོའི་ཁྲོ་བོའོ། །དང་པོ་ནི་ཆོས་ཉིད་མི་དམིགས་པ་རྟོགས་པའི་ཤེས་རབ་ཀྱིས་དངོས་པོར་འཛིན་པའི་རྟོག་པ་འཇོམས་པ་སྟེ། རྒྱས་པ་ལས། རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཕྱོགས་བཅུའི་ཁམས་རྣམས་དབང་བསྡུས་ནས། །ཀུན་ཀྱང་མི་དམིགས་དབྱིངས་སུ་ཐིམ། །ཞེས་པ་བཞིན་ནོ། །གཉིས་པ་ནི་ཇི་བཞིན་པ་མངོན་དུ་བྱས་པས་འཆིང་བ་ཐམས་ཅད་དང་བྲལ་བ་སྟེ། རྡོ་རྗེ་ལས། ཡང་དག་ཁྲོ་བོ་ཆེན་པོ་ནི། །མཚན་མ་འཇོམས་ཕྱིར་ཁྲོ་བོའི་མཆོག །ཅེས་པ་བཞིན་ནོ། །ཐ་མ་ནི་དྲེགས་པ་ཆེན་པོ་འདུལ་བའི་དོན་དུ་སྐུ་མདོག་ཞལ་ཕྱག་རྒྱན་ཆ་ལུགས་དང་བཅས་པར་སྣང་བ་སྟེ། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་རྔམས་པའི་སྐྱི་བུང་ཞེས་བྱེད་པ། འབར་བ་ཆེན་པོ་ཁྲག་འཐུང་སྐུ་སྨུག་ནག་ཅིར་ཡང་འགྱུར་བ། དབུ་དང་ཕྱག་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་མཚོན་ཆ་སྣ་ཚོགས་འཛིན་པ་སྟེ། ཞེས་པ་ལ་སོགས་པ་བཞིན་ནོ། །འོ་ན་དངོས་པོའི་གནས་ལུགས་ལ་ཞི་ཁྲོ་གཉིས་པོ་གཅིག་པ་ཞིག་གམ་ཐ་དད་པ་ཡིན། དང་པོ་ལྟར་ན་གཉིས་སུ་བཤད་པ་དང་འགལ་ལ། གཉིས་པ་ལྟར་ན་ཀུན་ཁྱབ་གསུམ་གྱིས་གནོད་བྱེད་ཡོད་དེ་འདི་ལྟར། རིག་པ་ནི་ཞི་ཁྲོ་གཉིས་པོ་ཆོས་ཅན། རང་བཞིན་ཆོས་སྐུར་གཅིག་པ་མ་ཡིན་པར་འགྱུར་ཏེ། རྒྱུད་གཞན་ཐ་དད་པའི་ཕྱིར། རྟགས་དེ་ཁས་བླངས་ཤིང་། ཐ་དད་པ་ལ་གཅིག་མ་ཡིན་པས་ཁྱབ་ལ་ལྷས་བྱིན་དང་མཆོག་སྦྱིན་བཞིན་ནོ། །འདོད་ན་གོང་ནས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ཞེས་ངོ་བོ་གཅིག་ཏུ་བཤད་པས་བསལ་ལོ། །གཞན་ཡང་ཞི་བ་ལས་ཁྲོ་བོར་བསྒྱུར་དུ་མི་བཏུབ་པར་འགྱུར་ཏེ། ཐ་དད་པའི་ཕྱིར་རོ། །ལུང་གི་གནོད་བྱེད་ནི། རྒྱས་པ་ལས། ཁྲོ་བོའི་རང་བཞིན་ཤིན་ཏུ་གདུག་ཅིང་འཇིགས་པ་མ་ཡིན་ཞིང་། །ཞི་བའི་མཛད་པས་ཀུན་གྱི་ཡིད་ལ་འཐད་པར་གནས་འགྱུར་ཡོད་མ་ཡིན། །དེ་གཉིས་གཉིས་སུ་མེད་པའི་ངང་དུ་གནས། །ཞེས་གསུངས་པའི་ཕྱིར་རོ། །མན་ངག་ཀྱང་། ལམ་རིམ་ལས། སྒྱུར་བའི་འཁོར་ལོ་དེ་བཞིན་ཏེ། །ཞེས་པ་དང་། ཡང་དག་གི་རྩ་བ་ལས་ཀྱང་། དངོས་གྲུབ་དམ་ཤིས་བླང་བའི་ཕྱིར། །སྔ་མ་ལས་ཀྱི་གནས་བསྒྱུར་ཏེ། །ཞེས་པ་ལ་སོགས་དང་འགལ་བའི་ཕྱིར་རོ། །འདིར་ཁ་ཅིག་ཞི་ཁྲོ་རེ་མོས་པ་འགོག་པ་ནི་འཐད་པ་མ་ཡིན་ཏེ། གང་ཟག་གཅིག་གིས་གཉིས་ཅར་བསྒོམ་པར་ངེས་ཤིང་རྟོག་གཉིས་ཅིག་ཅར་འཇུག་པ་མེད་ལ། བསྒྱུར་བ་ནི་རེ་མོས་པ་ཡིན་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན་ལམ་པས་བསྐྱེད་ཅིང་བསྒོམ་བྱ་ཞི་ཁྲོ་གཉིས་པོ་ཆོས་ཅན། དངོས་པོའི་གནས་ལུགས་ལ་དབྱེར་མེད་པ་ཡིན་ཏེ། གཞི་སེམས་ཉིད་ལ་ཐ་དད་དུ་མ་གྲུབ་ཅིང་། ལམ་ཏིང་ངེ་འཛིན་གྱིས་བསྒྱུར་ཏུ་བཏུབ་ལ། འབྲས་བུ་ལ་དེ་གཉིས་རྒྱུད་སོ་སོར་མ་གྲུབ་སྟེ། རང་བཞིན་ཆོས་སྐུར་གཅིག་པའི་ཕྱིར་རོ། །ཁ་ཅིག་རང་བཞིན་གནས་ལུགས་ཀྱི་ཞི་ཁྲོ་གཉིས་སུ་འདོད་པ་ནི་བཏགས་པ་བ་ཡིན་ནོ། །དེས་ན་རྟགས་ཁྱབ་གཉིས་ཀ་གོང་གི་ལུང་དང་མན་ངག་གིས་གྲུབ་བོ། །འོ་ན་སྤྱིར་ཞི་ཁྲོ་གཉིས་སུ་བཤད་ཅིང་ཁྱད་པར་དུ་འདིར་ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་པ་དེ་ཅིའི་ཕྱིར་ཞེ་ན། དྲི་བ་དེའི་ལན་ལ་རང་སྤྱི་དང་ཁྱད་པར་གྱི་རྒྱུ་མཚན་གཉིས་ཏེ། དང་པོ་ནི་གདུལ་བྱ་དགོས་ཆེད་ཀྱི་དབང་གིས་ཞི་ཁྲོ་གཉིས་སུ་སྣང་བ་ཡིན་ཏེ། དེ་ཡང་གདུལ་བྱའི་རྒྱུད་ཐ་དད་ལ་ལྟོས་ནས་མོས་པ་ཐ་དད་པའི་ཕྱིར་དང་། རྒྱུད་གཅིག་ལ་ལྟོས་ནས་སྔ་ཕྱི་རེས་འགའ་བར་དམིགས་པའི་ཕྱིར་རོ། །གཉིས་པ་ནི། གདུག་པ་ཅན་རུ་དྲ་འཁོར་བཅས་འདུལ་པའི་ཕྱིར་ལེའུ་བཅོ་ལྔ་པ་འདིར་ཁྲོ་བོའི་དཀྱིལ་འཁོར་དུ་བསྟན་པ་ཡིན་ཏེ། དེ་ཡང་གོང་ལྟར་གསུམ་ལས་འདིར་ཕྱག་རྒྱ་ཆེན་པོའི་ཁྲོ་བོ་སྟེ་དེ་རྗེས་འཇུག་གིས་ཉམས་སུ་བླང་བྱ་ཡིན་པའི་ཕྱིར་མངོན་པར་རྟོགས་པ་དང་འབྲེལ་བ་ཡིན་ནོ། །དེ་ནི་བླ་མ་གོང་མ་དག་གི་གསུང་གིས་སྔོན་བྱུང་དུ་དཔལ་ཆེན་པོའི་མཛད་པ་དང་མཐུན་པར་རྗེས་འཇུག་ཏུ་བདག་སྲས་ཀྱི་ཏིང་ངེ་འཛིན་ལེའུ་བཅོ་ལྔ་པ་འདི་ལྟར་ཉམས་སུ་བླང་སྟེ། སྔོན་བྱུང་དང་ཚུལ་མཐུན་པ་རྗེས་འཇུག་ཏུ་གང་ཟག་ཡིད་ཆེས་པར་བྱེད་པའི་ཕྱིར་ཞེས་གསུངས་པའི་རྗེས་སུ་འབྲངས་ནས། སྔར་ཞི་བའི་སྐབས་སུ་བཤད་པ་ལྟར་གསང་སྔགས་ཀྱི་བཤད་ཚུལ་ལ་ཉེས་ལེགས་ཀྱི་སྐྱོན་ཡོན་འདོར་ལེན་དུ་ཤེས་པར་བྱ་ཞིང་རྒྱུད་འགྲེལ་པ་བཞི་དང་ལྡན་པའི་ཕྱིར། འདིར་ཁྲོ་བོའི་མངོན་པར་རྟོགས་པ་ལ་དོན་བཞིས་ཉམས་སུ་བླང་སྟེ། ཏིང་ངེ་འཛིན་སྔོན་དུ་འགྲོ་བའི་རིམ་པ་དང་། སྔོན་གྱི་གླེང་གཞིས་ཁྲོ་བོར་བསྒོམ་པའི་དགོས་ཆེད་དང་། ཏིང་ངེ་འཛིན་གྱི་རིམ་པ་དངོས་དང་། ཏིང་ངེ་འཛིན་མཇུག་གི་རིམ་པའོ། །དང་པོ་ནི་ཞི་བ་དང་ཐུན་མོང་བ་ཡིན་ལ། གཉིས་པ་ལ་ཡང་གཉིས་ཏེ། གདུལ་བྱ་རུ་དྲའི་དང་། འདུལ་བྱེད་དཔལ་ཆེན་པོའི་གླེང་གཞིའོ། །དང་པོ་ནི་གཞུང་དོན་གཉིས་པ་གང་གདུལ་བྱའི་ཡུལ་ཏེ། དེ་ལའང་གཉིས་ལས། སྤྱིར་སེམས་ཅན་ཐམས་ཅད་གོལ་བའི་རྒྱུ་ནི་མ་རིག་པའོ། །དེ་ལ་གཉིས་ཏེ། མ་རིག་པ་ཙམ་དུ་མཚོན་པའི་མཚན་ཉིད་དང་། མཚན་གཞིའི་དབྱེ་བའོ། །དང་པོ་ནི་དེ་མ་ཡིན་ལ་དེར་ཞེན་པའ་ིརྟོག་པ་སྟེ། ཇི་སྐད་དུ་འདིའི་གསུམ་པ་ལས། སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །ཞེས་པ་བཞིན་ནོ། །གཉིས་པ་ལ་གསུམ་སྟེ། བདག་ཏུ་རྨོངས་པའི་རྟོག་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། བརྟགས་པ་ལ་མངོན་པར་ཞེན་པ་ཀུན་ཏུ་བརྟགས་པའི་མ་རིག་པ་དང་། ཡང་དག་པའི་ལམ་ནི་འབྲས་བུ་རྡོ་རྗེའི་ཐེག་པ་འདི་ཡིན་ལ། དེ་སྟོན་པར་བྱེད་པའི་རྡོ་རྗེ་སློབ་དཔོན་དང་བྲལ་བ་ནི་མ་མཇལ་བ་དག་གིས་སེམས་ཅན་ཐམས་ཅད་སྲིད་པར་འཁྱམས་པའོ། །བྱེ་བྲག་ཏུ་རུ་དྲ་གོལ་བའི་རྒྱུ་ནི་འདིའི་ཁུངས་ཇི་ལྟ་བར་སྟོན་པ་མདོ་ཆེན་པོའི་བྱུང་ཚུལ་དྲུག་པ་ཡིན་ལ། དེ་ཡང་དེའི་ལེའུ་ཉི་ཤུ་པ་ལས། ཇི་སྐད་དུ་དྲན་པ་བསྐལ་པ་དཔག་ཏུ་མེད་པ་འདས་པའི་སྔོན་དུ་བྱུང་བ་ནི། སངས་རྒྱས་མི་བསྐྱོད་པ་ཞེས་བྱ་བ་བསྐལ་པ་ཀུན་དགའ་ཞེས་བྱ་བ་ལ། ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བར་བྱུང་བའི་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་སློང་ཐུབ་དཀའ་གཞོན་ནུ་ཞེས་བྱ་བ། གང་ཇི་ལྟ་བ་བཞིན་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བ། ཐམས་ཅད་ནས་ཐམས་ཅད་དུ་མ་བཅོས་མ་བསླད་པའི་རྣལ་འབྱོར་དུ་གནས་པ་སྐྱེས་བུ་དམ་པར་ཆུད་པ་ཞིག་བྱུང་བ་དེས། སེམས་ཅན་ཐམས་ཅད་རྒྱལ་བའི་སྲས་སུ་མཐོང་ཞིང་དེ་ཡོངས་སུ་བསྐུལ་བ་ལ་བརྩོན་པ་འབའ་ཞིག་བྱེད་དོ། །དེའི་ཚེ་དེའི་དུས་ན་འཁོར་བ་ཐོག་མ་དང་ཐ་མ་མེད་པར་སྐྱེ་བ་ཐོག་མ་དང་ཐ་མ་མེད་པའི་ལས་དང་སྐྱེ་བ་དཔག་ཏུ་མེད་པ་ནི་བརྗོད་ཀྱིས་མི་རྫོགས་ཏེ། ལས་སྐབས་ཤིག་གི་སྐྱེ་བ་ཆ་གཅིག་ལ་བཟུང་ན་འདི་ལྟ་སྟེ། ཉེ་འཁོར་དུ་ཁྱིམ་བདག་ཀེའུ་ཀ་ཡ་ཞེས་བྱ་བ་ཞིག་ལ་བུ་ཐར་པ་ནག་པོ་ཞེས་བྱ་བ་ཡོད་དེ། བུ་དེ་ལ་གཡོག་དན་འཕག་ཅེས་བྱ་བ་ཡོད་དེ། དེའི་ཚེ་མི་གང་དག་དགེ་སློང་ཐུབ་དཀའ་གཞོན་ནུ་ལ་རྣལ་འབྱོར་གྱི་ལམ་བསླབས་ཏེ་ཀུན་ཀྱང་རྣལ་འབྱོར་ལ་གནས་ཤིང་སྤྱོད་པར་གྱུར་ཏོ། །དེའི་ཚེ་ཐར་པ་ནག་པོ་འདི་ལྟར་རྟོག་སྟེ། དགེ་སློང་ཐུབ་དཀའ་གཞོན་ནུ་འདིས་ཐམས་ཅད་ཇི་ལྟ་བ་བཞིན་སྤྱོད་པ་ཐོས་ནས། ཐམས་ཅད་ཇི་དགའ་བར་སྤྱོད་བཞིན་དུ་ལམ་ཡོད་པའི་ཆོས་དག་འབྱུང་ངམ་ཞེས་རྟོག་ལ་གང་དག་ལ་ཡང་དྲིས་པ་ལས། ཐམས་ཅད་ཀྱིས་དེ་ལྟར་འབྱུང་བར་སྨྲས་སོ། །དེ་ནས་གཡོག་དང་བཅས་ཏེ་དགེ་སློང་གང་ན་བ་དེར་ཞུགས་ཏེ་གན་དུ་ཕྱི་ཏེ་འདུན་པ་ལེགས་པར་འདུན་ནས་གསོལ་བ། དགེ་སློང་ཆེན་པོ། ཐམས་ཅད་ཇི་ལྟ་བར་སྤྱོད་བཞིན་དུ་ལམ་སྟོན་པའི་ཐབས་ལ་མཁས་པར་ཐོས་ན། དེ་དེ་ལྟ་ཉིད་དུ་ངེས་སམ་ཞེས་གསོལ་བ་ལས། སྨྲས་པ་ལ། རིགས་ཀྱི་བུ། དེ་དེ་ལྟ་ཉིད་དུ་འབྱུང་བ་དག་ཡོད་པར་རུང་ངོ་ཞེས་སྨྲས་པས། ཐར་པ་གཡོག་དང་བཅས་པ་དགའ་མགུ་ཡི་རངས་ཏེ་བདག་གཡོག་དང་བཅས་པ་འདི་ཁྱོད་ཀྱིས་བཀའ་བར་བཟུང་དུ་གསོལ། བདག་ཀྱང་ཐམས་ཅད་མི་འགོག་པའི་ལམ་བསླབས་ཏེ་རྣལ་འབྱོར་དུ་གནས་པར་འཚལ་བས་དམ་པ་ཉིད་དུ་ངེས་པར་བཟུང་དུ་གསོལ་ཞེས་འདུན་པ་ལས། དགེ་སློང་དེས་སྨྲས་པ་ཡིན་ནོ་ལེགས་སོ་དེ་ལྟར་བྱའོ་ཞེས་ལེགས་སོ་བྱིན་ནས། ཐར་པ་ནག་པོ་རབ་ཏུ་བྱུང་ནས་དམ་པར་བཟུང་། དན་འབག་ནི་དུས་འཛིན་དུ་བཟུང་ནས་ཐར་བའི་གཡོག་ཏུ་བྱས་སོ། །དེ་ནས་ཐར་པ་དགེ་སློང་གིས་གསོལ་པ། དགེ་སློང་ཆེན་པོ་ཐམས་ཅད་ཇི་ལྟ་བའི་ལམ་དམ་པ་དེ་གང་ལགས། སྨྲས་པ། ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་སྤྱད་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །འདི་ནི་རྣལ་འབྱོར་དམ་པའི་ལམ། །དེ་སྐད་སྨྲས་པས་ཐར་པ་གཡོག་དང་བཅས་པ་ཡི་རངས་ཏེ་ཨེ་མ་ཧོ་ཐབས་ལ་མཁས་སོ། །ངེས་སོ། །ཡིན་ནོ། །གཏད་དོ། །བདག་ཐམས་ཅད་དུ་དེ་ལ་གནས་སོ་ཞེས་གསོལ་པ་ནི་གབ་པའི་གསང་བ་མ་རྟོགས་པར་སྒྲ་ཇི་ལྟ་བ་དེ་བཞིན་སྤྱད་པ་ལས། ཐར་པ་དགེ་སློང་ནི་བློ་གྲོས་ཀྱིས་ངེས་པ་མ་རྙེད་དེ་སྒྲ་འབའ་ཞིག་ལ་ཕྱོགས་པས་སོ། །དེ་ལས་གཞན་ཡང་སྦས་པའི་གསང་བ་ཏན་གན་ལ་སོགས་ལ་མངོན་པར་འཆེལ་ནས་དངོས་པོ་བཞི་ཁོ་ནར་སྤྱད་དེ་ཞེན་ནས་ལུས་དམ་པའི་ཆ་བྱད་དུ་བཅུག་ནས་སེམས་ངན་འགྲོའི་ལམ་དུ་ཞུགས་སོ། །དན་འབག་ནི་གཞིའི་དོན་གྱི་ངེས་པ་རྙེད་ནས་བློ་གྲོས་དམ་པར་འབྲེལ་ཏེ་དོན་འབའ་ཞིག་ལ་ཕྱོགས་པས་ཇི་བཞིན་པ་ཁོ་ནར་སྤྱད་དེ་ཞེན་ནས་ཡོངས་སུ་རྣལ་འབྱོར་པས། ལུས་མ་རབས་སུ་གནས་ཀྱང་སེམས་དམ་པར་ངེས་པའི་ལམ་དུ་ཞུགས་སོ། །དེ་ནས་ཐར་པ་གཡོག་དང་ལྟ་བ་མ་མཐུན་ཏེ་སྨྲས་པ། བདག་ཅག་དཔོན་གཅིག་ལ་སྒྲ་གཅིག་ཏུ་བྱུང་བ་འདི་ལ་སོ་སོར་མ་མཐུན་པ་འདི་ཇི་ལྟ་བ་ཞིག །དན་འབག་གིས་སྨྲས་པ། བདག་གིས་ནི་ད་ལྟར་ངེས་པར་འཇོག་པ་འདི་ཁོ་ན་ལས་གཞན་མ་ཐོས་སོ། །སྨྲས་པ་བདག་གིས་ཀྱང་ངེས་པ་རྙེད་དེ་སྤྱོད་པ་འདི་ཁོ་ན་ལས་གཞན་མ་ཐོས་སོ་ཞེས་སྨྲས་པས། རྩོད་པ་ཆེན་པོར་གྱུར་ཏེ་ལྟ་བ་མ་མཐུན་པས་གཡོག་དང་སོ་སོར་བསྐལ་ཏེ་མ་མཐོང་མ་འཕྲད་པར་དམ་བཅས་ནས་ཁམས་རིང་པོར་བཤུགས་ཏེ་སྤངས་སོ། །དེ་ནས་ཐར་བ་དགེ་སློང་དེ་མངོན་པའི་ང་རྒྱལ་ལོག་པའི་རི་བོ་སྐྱེས་ཏེ། དཔོན་ལ་སོ་སོའི་ངེས་པ་རྙེད་པ་གསོལ་བ་ལས། དགེ་སློང་ཐུབ་དཀའ་གཞོན་ནུ་ནི་མ་བཅོས་མ་བསླད་པའི་རྣལ་མར་སྤྱོད་པས། ཁ་གསག་མེད་དེ་རང་བཞིན་གསོང་པོར་སྨྲ་བས་དན་འབག་ལྟར་ངེས་སོ་ཞེས་བསྒོ་བས་ཐར་པ་ཀུན་ནས་འཁྲུགས་ཏེ་སྨྲས་པ། དཔོན་དུ་བྱས་པ་འདྲ་ན་གཉིས་ཀ་ལྟར་རོ་ཞེས་ཀྱང་མ་བསྙད་པར་ངེས་པར་བདག་བཀར་བཅག་པ་དང་སུན་དབྱུང་བ་འདི་བྱས་པས། དཔོན་འདི་ཡང་ཁམས་འདིར་མ་ཆགས་པར་བྱས་ལ་འདི་དག་བདག་གིས་ཁམས་སུ་བྱའོ་ཞེས་དམ་བཅས་ནས་ཆེ་བའི་ང་རྒྱལ་སྐྱེས་ཏེ་དཔོན་ཡང་ཁམས་རིང་པོར་བཤུགས་ཏེ་སྤངས་སོ། །དེ་ནས་གཞན་ཡང་ཐར་པས་དེ་པའི་གསུང་གི་སྒོ་གྲངས་མང་ཞིང་རྒྱ་ཆེ་བར་གྱུར་བས་ཐམས་ཅད་དུ་སྟོན་པ་ལ་དཔག་པར་དཀའ་བའི་ཕྱིར་ཡོངས་སུ་མ་ཆུད་དེ་གཞལ་བ་གཉིས་ཀྱིས་གཞལ་བར་མ་བྱས་པར་ཐར་པ་རང་གི་ངེས་པ་ཚད་མ་ལ་གཞན་ཕྱོགས་སུ་དྲངས། ཐམས་ཅད་ཀྱང་ལོག་པར་བསྒྱུར། ཉིད་ཀྱང་ལོག་པའི་རྒྱ་མཚོར་ཞུགས་ཏེ། ལོག་པའི་དཀའ་ཐུབ་དྲག་པོ་དང་བརྟུལ་ཞུགས་ཆེན་པོ་ལ་སྤྱོད་པ་ནི་རྒྱུ་དགེ་སྡིག་དང་འབྲས་བུ་བདེ་སྡུག་གི་དོན་ལ་རྨོངས་པས་དང་དུ་བླང་བྱ་དང་དོར་བྱ་རྣམས་མི་ཤེས་པ་ནི། ཇི་སྐད་དུ། དུར་གྱི་མི་རོ་དག་བླངས་ཏེ་ཁ་ཟས་སུ་བྱིན་ཅིང་། པགས་པ་དག་བཤུས་ཏེ་གཡང་གཞིར་གྱོན་ནས་ལོངས་སྤྱོད་པ། ཅེ་སྤྱང་ནག་པོ་དང་། འཕར་བ་རྐང་བསྡེབས་དང་། དྲེད་མོ་ལག་བསྡེབས་དང་། བྱ་གཅན་གསོད་བྱེད་དང་། དུར་བྱ་ཀང་ཀ་དང་། ཟ་བྱེད་དུར་ཕག་ལ་སོགས་པ་གསོན་མ་མང་པོ་བསྟེན་ཅིང་ཐམས་ཅད་སྲོག་གཅོད་ཅིང་ཤ་ཁྲག་ལ་ལོངས་སྤྱོད་པར་བྱེད་དོ། །སྨད་འཚོང་མའི་ཚོགས་མང་པོ་བསྡུས་ཏེ་ཆགས་པ་ཆེན་པོ་སྤྱོད་པས་དངོས་པོ་བཞི་ལས་མི་འདའ་ཞིང་དེའི་རང་བཞིན་གྱིས་ཆོས་ཉིད་དེ་ཁོ་ན་ཉིད་ལས་ཡོངས་སུ་འདས་པར་གྱུར་ཏོ། །གཉིས་པ་གོལ་བའི་འབྲས་བུ་ལ་ཡང་རྣམ་པར་སྨིན་པའི་འབྲས་བུ་ནི་དམྱལ་བ་དང་། ཡི་དྭགས་གཉིས་ལས། དང་པོ་ནི་དེ་ལྟ་བུའི་སྲིད་པའི་ས་བོན་རྩུབ་མོས་ངན་འགྲོའི་གནས་སུ་འཕངས་ནས་སྡུག་བསྔལ་ཉམས་སུ་མྱོང་བ་ནི། དེ་ནས་སྐྱེ་བ་འཕོས་པར་གྱུར་ནས་ཅེ་སྤྱང་ནག་པོ་ལ་སོགས་པ་དུད་འགྲོའི་སྐྱེ་བ་རིགས་མི་མཐུན་པ་བརྒྱད་དང་། དེ་ནས་མཚམས་མེད་པ་རབ་ཏུ་ཚ་བའི་དམྱལ་བ་ཞེས་པ་ལ་སོགས་ཏེ་དམྱལ་བའི་སྐྱེ་བ་དགུའོ། །གཉིས་པ་ནི་དེ་ནས་རྣམ་པར་སྨིན་པ་དེ་ཟད་པ་དང་ཡི་དྭགས་ལྟོགས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་ཉེན་པ་དང་ཞེས་པ་སྲུལ་པོའི་བུ་ལྟོག་འདོད་ཅན་ལ་སོགས་པ་སྐྱེ་བ་ངན་པ་དྲུག་གོ། །གཉིས་པ་རྒྱུ་མཐུན་པའི་འབྲས་བུ་སྐྱེ་བ་ཉི་ཤུ་རྩ་ལྔའི་མཐའ་མར་སྲིན་པོའི་ལུས་བླངས་པ་སྟེ། དེ་ལ་གཉིས་ལས་སྐྱེ་བ་བླངས་པ་དངོས་ནི། དེ་ནི་ལས་ཀྱི་སྒྲིབ་པ་ཞེས་པ་ནས། ཡི་དྭགས་སྲིན་པོ་ཞེས་པའི་དོན་ནི། དེ་ཉིད་ལས་ཇི་སྐད་དུ། ཡུལ་ལངྐ་པུ་རི་ཞེས་བྱ་བར་སྨད་འཚོང་མ་ཞིག་གི་མངལ་དུ་ཆགས་ཏེ་སྐྱེ་བར་སྨིན་ཏོ། །དེ་དེར་སྐྱེ་བ་བླངས་ཏེ་ཟླ་བ་དགུ་ན་མ་ཤི་བར་གྱུར་པ་དང་། མི་གང་དེ་དག་གི་དྭ་བུ་ལྐོག་བུ་འདི་གསོ་བར་བྱར་ཡུལ་གང་རྨེ་བར་འགྱུར་བས་མའི་མཆན་དུ་གཞག་པར་རིགས་སོ་ཞེས་གླེངས་ནས། དུག་ཤིང་ནལ་བྱ་ཞེས་བྱ་བའི་རྩ་ན་དུར་ཕག་གཏི་མུག་གམ་ཚང་བཅས་པའི་བར་ན། དུག་སྤྲུལ་ཞེ་སྡང་གི་འཁྲ་ས་བྱེད་པ། རྩེ་ལ་འདོད་ཆགས་བྱའི་ཚང་བཅས་པའི་རྩར། ཀུན་གྱི་མའི་རོ་ཁང་བརྩིགས་ཏེ་རོ་ཁྱོགས་ལ་བླངས་ནས་དེར་བ ཅུག་སྟེ་བུ་ཡང་མའི་རོ་མཆན་དུ་བཞག་གོ། །དྭ་བུ་དེས་མའི་རོ་ལ་འཇུས་ནས་ནུ་མ་ལ་འཇིབས་པས་ཆུ་སེར་དུ་དྲངས་ཏེ་ཞག་བདུན་གྱི་འཚོ་བ་བྱས་སོ། །དེ་ནས་ཁྲག་ཏུ་འཇིབས་པས་ཞག་བདུན་གྱི་འཚོ་བས་འཚོ་བར་བྱས་སོ། །དེ་ནས་ནུ་མ་གཉིས་ཟོས་པས་ཞག་བཅུའི་འཚོ་བས་འཚོའོ། །དེ་ནས་མའི་ནང་ཁྲོལ་ཟད་པར་ཟོས་པས་འཚོ་བའི་བྱ་བར་གྱུར་ཏོ། །དེ་ནས་ཤ་ཟད་པར་ཟོས་པས་ཟླ་བ་བདུན་གྱི་འཚོ་བའི་བྱ་བ་བྱས་སོ། །དེ་ནས་གཞོན་ནུ་དེ་བརྟས་པར་གྱུར་ནས་དུར་ཁྲོད་ཀྱི་རོ་རྣམས་ཀྱིས་འཚོ་བའི་བྱ་བ་བྱས་སོ། །དེ་ནས་ཤིན་ཏུ་བརྟས་པར་གྱུར་པ་དང་རོ་རྣམས་ཟས་སུ་ཟ་ཞིང་རོ་གོས་དང་པགས་པ་རྣམས་གྱོན་ཏེ་དུར་ཁྲོད་ཀྱི་མ་མོ་དང་ཤ་ཟ་དང་ཡི་དྭགས་དང་མི་མ་ལགས་པའི་ཚོགས་མང་པོ་ཡང་མི་རོ་རྣམས་ཀྱི་ཤ་རྗེན་པར་ཟོས་པས་རང་བཞིན་གྱི་མཐུས་དབང་དུ་འདུས་ཏེ། དུར་ཁྲོད་ཀྱི་གདུག་པ་ཅན་ཀུན་གྱི་བདག་པོར་གྱུར་ཏེ་གཞན་གྱི་གཟི་བྱིན་འཕྲོག་པའི་མི་གང་དག་གསོན་པོར་ཟ་ཞིང་མདངས་འཕྲོག་པ་ཤིན་ཏུ་འཇིགས་པའི་གཟུགས་ཅན་མ་རུངས་པར་གྱུར་ཏོ། །མའི་ཤ་རྗེན་པར་ཟོས་པས་ན་མ་ཟན་མ་ཏང་ཀ་ཞེས་མིང་གང་དག་གིས་ཡོངས་སུ་གྲགས་སོ། །གཉིས་པ་དེའི་ལུས་དང་མཐུའི་མཚན་ཉིད་ནི་རབ་ཏུ་གདུག་པ་གཏུམ་པོ་ལ་སོགས་པ་སྟེ་མགོ་སྣ་ཚོགས་པ་ནི། རྡོ་རྗེ་ཕུར་པའི་རྒྱུད་ལས། མ་རུངས་སྲིན་པོའི་མགོ་བོ་བཅུ། །སྲིད་པའི་ཡི་དྭགས། གླེན་ལྐུགས་བྱོལ་སོང་། སྲེག་བྱེད་དམྱལ་པའི། སྨྲ་བྱེད་མིའི། རྟ་དང་རྔ་མོང་སྦྲུལ་དང་ནི། །ཕག་དང་སྤྱང་ཀི་ལ་སོགས་བཅུའོ། །ཞེས་པ་བཞིན་ནོ། །དེ་ལ་སོགས་པ་མྱོས་ཤིང་ཉམས་པར་བྱེད་པའི་མཐུ་ནི། གཞན་ཡང་ཇི་སྐད་དུ། མི་དུག་གིས་ཕོག་པས་འཆི་བར་ངེས་པ་དྲག་པོའི་སྔགས་གཟེར་བཟླས་པར་བྱས་པས་ཐམས་ཅད་དབང་དུ་འདུ་བར་འགྱུར་པ། ལུས་ཆེན་པོ་ལ་མདོག་ཐལ་ཁ་སྔོ་སྐྱར་འདུག་པ་ཁྲག་དང་ཞག་གི་ཐིག་ལེས་བརྒྱན་པ། ཐོད་པའི་ཕྲེང་བ་སེ་རལ་དུ་ཐོགས་པ། དམར་པོ་ཁྲག་གིས་བརྐུས་པའི་པགས་པ་བགོས་པ། ཐོད་སྐྱོགས་ཁྲག་གི་བཀང་བ་རྟག་པར་འཐུང་བ། སྐུ་རལ་པ་ཁམ་ནག་འབར་ཞིང་སྙིགས་པ། འབྲུ་མར་ཐོད་རུས་ཟས་སུ་ཟ་བ། བ་དང་ཀྲོ་ཏ་ཨན་ཛ་ནས་ལུས་བརྒྱན་པ། བྱའི་གཤོག་པ་ལུས་ལ་བྱུང་བས་ནམ་མཁའ་ལ་བྱ་བཞིན་བྱ་བ་བྱེད་པ། གཅེར་བུ་ཐོགས་པ་མེད་པས་ཆུ་ལ་ཉ་བཞིན་བྱ་བ་བྱེད་པ། གང་གིས་མཐོང་བའི་མིག་རྩ་རིག་རིག་དངངས་ཤིང་བརྒྱལ་བར་བྱེད་པ། ལུས་ཕག་གི་སྤུ་ཅན་རྩུབ་ལ་ཡན་ལག་སྦྲུལ་དུ་བྱུང་བ། སྦྲུལ་གྱིས་བརྒྱན་པ། སེན་མོ་ཀང་ཀའི་མཆུ་སྡེར་དུ་བྱུང་བས་གང་ཟིན་པའི་ལུས་མྱགས་པར་བྱེད་པ། སྔོན་གོམས་པའི་མཐུས་ལུས་ཅན་ཐམས་ཅད་གསད་པར་དམིགས་པ་། གང་མོའི་དབང་པོ་སྡུད་པར་དམིགས་པ། ལུས་ཅན་མཐའ་དག་ཧག་དངངས་ཏེ་ཟིལ་གྱིས་མནན་ནས་འདར་ཡེད་ཡེད་འཇོག་པ། འཇིག་རྟེན་གྱི་མ་མོ་དང་འབྱུང་པོ་དང་གནོད་སྦྱིན་མཐུ་ཅན་གྱིས་ཕྱག་བྱས་ཏེ་གཙོ་བོར་མཐོང་བ། གདུག་པ་ཅན་མཐའ་དག་མག་པ་དང་ཕོ་ཉ་དང་གཡོག་དང་ཡང་གཡོག་དང་བྲན་དང་ཡང་བྲན་དུ་འཁོལ་ཞིང་ཀུན་ལ་དབང་བསྒྱུར་བའི་དབང་ཕྱུག་ཆེན་པོར་གྱུར་ཏོ་ཞེས་པའོ། །དེས་ང་རྒྱལ་གྱི་ཚིག་སྒྲོགས་ཏེ། ཇི་སྐད་དུ། ཉེར་གཅིག་པ་ལས། ཨེ་མ་ཧོ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོ་ནི་བདག་མེད་ན་བདག་ལས་གཞན་པའི་དབང་ཕྱུག་དང་ཕྲུ་མ་ཡོད་ན་དེ་ཡང་བདག་གིར་འགྱུར་ན་བདག་ནི་འགྲན་གྱི་ཟླ་མེད་ཆེ་བཙན་གཅིག་པུར་བྱུང་ངོ་། །ཞེས་སྒྲོགས་ཤིང་སྟོང་པ་རྒྱུན་ཆད་ལ་སོགས་ལོག་ལྟ་དགུ་ལ་བཙུད་ཅིང་ཐམས་ཅད་ལོག་པར་སྒྱུར་བའོ། །དེ་ནས་སྲིད་པ་གསུམ་དབང་དུ་བསྡུས་ཏེ་ཀླུའི་རིགས་དང་ཞེས་པ་ལ་སོགས་ནི་ཉེར་གཉིས་པ་ལྟར་སྲིན་པོ་དང་ལྷའི་ཚོགས་དང་ལྷ་མིན་གཡོ་འགུལ་ཐམས་ཅད་དབང་དུ་བསྡུས་ཏེ་དེ་ལྟར་ལོག་པའི་ལམ་དུ་གྱུར་པས་བྱང་ཆུབ་ཀྱི་མྱུ་གུ་ཆད་དེ་མུན་སྲོས་པ་ལྟར་གྱུར་ཏེ་ཞེས་པའོ། །གཉིས་པ་འདུལ་བྱེད་དཔལ་ཆེན་པོའི་གླེང་གཞི་ནི་གཞུང་དོན་གསུམ་པ་ཇི་ལྟར་འདུལ་ཐབས་ཀྱི་ཕྲིན་ལས་ཏེ། དེ་ཡང་དེ་སྔོན་བསྟེན་པའི་སྟོབས་ཀྱིས་ཞེས་པ་ལ་སོགས་མདོར་བསྟན་པ་སྟེ་གཞུང་བརྟག་གོ། །འདིར་ཁ་ཅིག་གསང་སྔགས་ཀྱི་ཐེག་པ་འདི་ཉེ་ལམ་མ་ཡིན་པར་འགྱུར་ཏེ། ཐར་པའི་སྐྱེ་བ་གཅིག་གཅིག་ལ་ཡང་བསྐལ་པ་དཔག་ཏུ་མེད་ཅིང་མཐའ་མ་བཏུལ་བའི་བར་དེ་སྲིད་དུ། དན་འབག་ནི་རྩལ་ཆེན་རྫོགས་པའི་སྐྱེས་བུ་ཞེས་མཐར་ལམ་ལ་གནས་པའི་ཕྱིར་ཏེ། ཇི་སྐད་དུ། ཐར་པ་ནག་པོ་གང་ཡིན་པ་རུ་ཏྲར་སྨིན་པར་གྱུར་པ་དེའི་ཚེ། གང་ཐུབ་དཀའ་གཞོན་ནུ་སྙིང་པོ་བྱང་ཆུབ་གང་ན་དེར་རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དུ་གྱུར་ཏོ། །དན་འབག་གང་ཡིན་པ་དེའི་ཚེ་དེའི་དུས་ན་རྩལ་ཆེན་རྫོགས་པའི་སྐྱེས་བུ་དམ་པ་རྡོ་རྗེ་འཛིན་པ་ཞེས་བྱ་བ་ཉིད་དུ་གྱུར་ཏོ་ཞེས་གསུངས་པའི་ཕྱིར་རོ་ཞེ་ན། ཁྱབ་པ་མེད་དེ། འཁྲུལ་པའི་བློ་འདི་ལ་མངོན་པར་ཞེན་པ་དག་ལ་བསྐལ་པ་ཚད་ལས་འདས་པར་སྣང་ཡང་། མཐར་ལམ་གྱི་མཉམ་གཞག་གི་དགོངས་པ་ལ་ལྟོས་ཏེ་ཐུན་གཅིག་ལས་མེད་པའི་ཕྱིར་རོ། །དེ་ལྟར་འདུལ་ཐབས་ཀྱི་ཕྲིན་ལས་རྒྱས་པ་ལ་ངག་དོན་གསུམ་སྟེ། གདུལ་བྱ་སྔོན་དུ་བྱ་བའི་སྦྱོར་བ་དང་། བདུད་བཏུལ་བ་དངོས་དང་། ལས་ཀྱི་མཇུག་གསང་སྔགས་ཀྱི་སྒོར་ཞུགས་ནས་འབྲས་བུ་དབང་ཐོབ་པའོ། །དང་པོ་ནི་མདོ་ཆེན་པོ་ལེའུ་ཉེར་གསུམ་པ་ལྟར་བདུད་བཏུལ་བའི་ཆོ་འཕྲུལ་བསྐུལ་བ་དང་། ཉེར་བཞི་པ་ལྟར་འདུལ་བར་བཀའ་བགྲོས་བཅད་པ་དང་། ཉེར་ལྔ་པ་ལྟར་གང་གིས་འདུལ་བའི་བཀའ་བགྲོས་པ་དང་། ཉེར་དྲུག་པ་ལྟར་ལས་ཀྱི་བསྐོས་གདབ་པ་སྟེ། དེ་དག་རྒྱུད་འདིའི་མངོན་པར་རྟོགས་པའི་དབང་དུ་དོན་གསུམ་པ་ཏིང་ངེ་འཛིན་གྱི་རིམ་པ་དངོས་ཡིན་ཏེ། དེ་ལ་གཞུང་དོན་བཅུ་གཉིས་ལ་དང་པོ་ནི་དེ་བཞིན་གཤེགས་པ་ཆེ་བའི་རྡོ་རྗེ་བཀོད་པའི་ཞེས་པ་ལ་སོགས་རྣམས་ཀྱིས་ཁྲོ་བོའི་ཏིང་ངེ་འཛིན་སྟོན་པའི་ཕྱིར་མངོན་རྟོགས་ལྟར་ལག་ལེན་དང་སྦྱར་ཏེ། འདི་ལ་གསུམ། ཏིང་ངེ་འཛིན་གསུམ་བསྒོམ་པ་དང་། དཀྱིལ་འཁོར་བསྒོམ་པའི་ཏིང་ངེ་འཛིན་དང་། ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ཏོ། །དང་པོ་ལ་གཉིས་ཏེ། ཏིང་ངེ་འཛིན་གསུམ་པོ་སྤྱིའི་རྣམ་པར་གཞག་པ་དང་། ཏིང་ངེ་འཛིན་གསུམ་སོ་སོའི་རང་བཞིན་བསྟན་པའོ། །དང་པོ་ལ་ལྔ་སྟེ། རྣམ་གྲངས་གསུམ་དུ་ངེས་པའི་རྒྱུ་མཚན་དང་། དེ་དག་གི་གོ་རིམ་ངེས་པ་དང་། ངོ་བོ་ཇི་ལྟར་བསྒོམ་པའི་མཚན་ཉིད་དང་། དེས་མི་མཐུན་པའི་ཕྱོགས་སྤང་བྱ་གང་སྤོང་བ་དང་། འབྲས་བུ་གང་ཐོབ་པའོ། །དང་པོ་ནི་ཤེས་བྱའི་ཆོས་ཐམས་ཅད་བདེན་པ་གསུམ་དུ་ངེས་ཤིང་དེར་གཏན་ལ་ཕབ་ནས་དེ་ཉམས་སུ་ལེན་པ་ལ་ཏིང་ངེ་འཛིན་གསུམ་དུ་ངེས་པ་ཡིན་ནོ། །གཉིས་པ་ནི་དེ་བཞིན་ཉིད་དང་པོར་བསྒོམ་པར་ངེས་ཏེ། ཏིང་ངེ་འཛིན་ཕྱི་མ་དག་གི་སྒོ་འབྱེད་ཅིང་བསྐྱེད་པའི་རྒྱུའམ་གཞི་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་རིམ་དྲུག་ལས། དོན་དམ་ཀུན་གྱི་རྒྱུ་ཡིན་ཕྱིར། །ལྷག་པའི་རྒྱུ་དེ་ཐོག་མར་བསྒོམ། །ཞེས་གསུངས་པའི་ཕྱིར་རོ། །ཀུན་སྣང་བར་དུ་བསྒོམས་པར་ངེས་ཏེ། མཚམས་སྦྱོར་གྱི་ཏིང་ངེ་འཛིན་ཡིན་པའི་ཕྱིར། དེ་ཉིད་ལས། མཚམས་སྦྱོར་སྙིང་རྗེ་གཡོ་མིན་པས། །དེ་བཞིན་ཉིད་ཀྱི་རྗེས་སུ་བསྟན། །ཞེས་པས་སོ། །རྒྱུ་ཏིང་ནི་ཕྱི་ལ་བསྒོམ་པར་ངེས་ཏེ། ཏིང་ངེ་འཛིན་གསུམ་དུ་ངེས་ཤིང་ཅིག་ཤོས་གཉིས་དང་པོ་དང་བར་དུ་བསྒོམ་པར་གསུངས་པའི་ཕྱིར་དང་། གཞན་ཡང་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །འོ་ན་རྒྱུ་ཏིང་ངེ་འབྲས་བུའི་ཏིང་ངེ་འཛིན་དུ་འགྱུར་ཏེ། གོང་མ་གཉིས་ལས་སྐྱེས་པའི་ཕྱིར་རོ་ཞེ་ན། ཁྱབ་པ་མེད་དེ། དོན་གཞན་ཏིང་ངེ་འཛིན་སྔ་མ་ལས་སྐྱེས་པའི་འབྲས་བུ་ཡིན་ཀྱང་དོན་གཞན་ཏིང་ངེ་འཛིན་ཕྱི་མ་བསྐྱེད་པའི་རྒྱུ་ཡིན་ཏེ་ད་ལྟར་གྱི་ས་བོན་བཞིན་ནོ། །གསུམ་པ་ངོ་བོའམ་མཚན་ཉིད་གསུམ་སྟེ། གཞན་ལུགས་དགག་པ་དང་། རང་ལུགས་གཞག་པ་དང་། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི་ཁ་ཅིག་དེ་ཏིང་གི་མཚན་ཉིད་སྟོང་པ་ཉིད་ཡིན་ཟེར་བ་དང་། གཞན་ཡང་མི་གཡོ་བ་དང་རྟོག་མེད་དང་མི་དམིགས་པ་ལ་སོགས་པ་རྣམས་ཡིན་ཟེར་བ་ནི་འཐད་པ་མ་ཡིན་ཏེ། དངོས་གཞི་རྫོགས་རིམ་ལ་ཁྱབ་ཆེས་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི་རྒྱུ་ཤེས་པར་གཏན་ལ་ཕབ་པའི་དོན་སྤྲོས་པ་དང་བྲལ་བ་གང་ཞིག་དྲན་པའི་རྫས་སུ་གནས་པ་ཞིག་ཡིན་ཏེ། ཇི་སྐད་དུ། དེ་བཞིན་ཉིད་ཀྱི་ཏིང་འཛིན་གྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །སྤྲོས་དང་བྲལ་བའི་མཚན་ཉིད་འཛིན། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི་སྤྲོས་བྲལ་དེས་དངོས་གཞི་རྫོགས་རིམ་ལ་མ་ཁྱབ་བམ་ཁྱབ། དང་པོ་ལྟར་ན་རྫོགས་རིམ་བསྒོམས་པ་ལ་དགོས་པ་མེད་པར་ཐལ་ཏེ། སྤྲོས་པ་མ་ཁེགས་པའི་ཕྱིར་རོ། །རྟགས་ཁས་བླངས་ཤིང་། སྤྲོས་པ་མ་ཁེགས་ན་རྫོགས་རིམ་དོན་མེད་དུ་འགྱུར་བས་ཁྱབ་སྟེ། འཁྲུལ་པའི་བློ་བཞིན་ལ། འདོད་པར་མི་ནུས་སོ། །གཉིས་པ་ལྟར་ན་དེ་གཉིས་ཀྱི་རྣམ་དབྱེ་མི་དགོས་པར་འགྱུར་རོ་ཞེ་ན། ཁྱབ་པས་སྐྱོན་དང་པོ་མེད་ལ། ཁྱབ་མེད་ཀྱང་དེ་གཉིས་རྣམ་དབྱེ་མེད་པར་འགྱུར་ཏེ། དག་པའི་སྣང་བ་བསྐྱེད་རྫོགས་བསྒོམ་པའི་སྔོན་དུ་མ་དག་པའི་བློ་འཇིག་རྟེན་རགས་པའི་རྟོག་པ་འཇོམས་པའི་ཕྱིར་སྤྲོས་བྲལ་དུ་བསྒོམ་པ་ནི་དེ་ཏིང་ཡིན་ལ། དག་པ་བསྐྱེད་རིམ་གྱི་མཚན་མའི་ཉེས་པ་ཅུང་ཟད་ཡོད་པ་འཇོམས་པའི་ཕྱིར་སྤྲོས་བྲལ་དུ་བསྒོམ་པ་ནི་མཚན་མེད་རྫོགས་རིམ་ཡིན་པའི་ཕྱིར་རོ། །ཀུན་ཏིང་གི་ངོ་བོ་ནི་དེ་བཞིན་ཉིད་མ་རྟོགས་པ་རྒྱུ་མཚན་དུ་བྱས་ནས་སེམས་ཅན་ལ་སྙིང་རྗེ་མ་འགགས་པ་ཡིན་ལ། རྒྱུ་ཏིང་གི་ངོ་བོ་ནི་སེམས་དབྱེར་མེད་ཀྱི་རྣམ་པ་ཡི་གེར་གསལ་བ་ཡིན་ནོ། །བཞི་པ་སྤང་བྱ་ནི། ཏིང་ངེ་འཛིན་དང་པོས་སྣ་ཚོགས་ཞེན་བཅས་ཀྱི་རྟོག་པ་སྤོང་ཞིང་། གཉིས་པས་སྟོང་པ་ཕྱོགས་གཅིག་ལ་ཞེན་པ་སྤོང་ལ། མཐའ་མས་བདེན་པ་རེས་འཇོག་གི་རྟོག་པ་སྤོང་བའོ། །མཐའ་མ་འབྲས་བུ་ནི་དེ་གསུམ་ལ་གོམས་པ་མཐར་ཕྱིན་པ་ན་སྐུ་གསུམ་མངོན་དུ་གྱུར་པའོ། །དེ་ལ་ཁ་ཅིག་འོག་གི་བསྐྱེད་རྫོགས་རྣམས་བསྒོམ་མི་དགོས་པར་ཐལ་ཏེ། སྐུ་གསུམ་ལས་ལྷག་པའི་ཐོབ་བྱ་མེད་ཅིང་དེ་ཏིང་ངེ་འཛིན་གསུམ་གྱིས་ཐོབ་པའི་ཕྱིར་ཞེ་ན། སྤྱིར་རྒྱུས་འབྲས་བུ་ཐོབ་པ་ཐམས་ཅད་དངོས་སུ་ཐོབ་པ་དང་བརྒྱུད་པའི་སྒོ་ནས་ཐོབ་པ་གཉིས་ཡིན་ལ། འདི་ཕྱི་མ་ཡིན་པའི་ཕྱིར་ཁྱབ་པ་མེད་པ་ཡིན་ནོ། །གཉིས་པ་ཏིང་ངེ་འཛིན་གསུམ་སོ་སོའི་རང་བཞིན་ནི་ལག་ལེན་ལྟར་བརྗོད། ཚིག་གི་སྒོ་ནས་དེ་དག་གི་རྣམ་པ་བསྒོམ་པའོ། །དོན་གཉིས་པ་དཀྱིལ་འཁོར་བསྒོམ་པ་ལ་གཉིས་ཏེ། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་ལའང་གཉིས་ལས། དབང་ཆེན་ཡུམ་ལྔའི་དཀྱིལ་འཁོར་ནི་རྒྱུ་ཏིང་ལས་འབྱུང་བ་ལྔའི་ས་བོན་གྱི་འཕྲོ་འདུ་ཡིས། ནམ་མཁའ་དང་། རླུང་དང་། རཀྟ་དང་། ཀེང་རུས་དང་། མེ་དཔུང་རྣམས་ནི། ཀྲོ་ཏིའི་ཤྭ་རི་ལྔའི་མཁའ་དབྱིངས་སུ་བསྒོམ་ཞིང་དེ་གསལ་གདབ་པར་བྱའོ། །གཉིས་པ་ནི་རྒྱུ་ལས་གཞལ་ཡས་ཀྱི་ས་བོན་འཕྲོ་འདུའི་སྒོ་ནས་ཁྲོ་དཀྱིལ་མངོན་རྟོགས་ལྟར་བསྐྱེད་དེ་ལེའུ་བཅུ་བདུན་པ་ལྟར་གསལ་གདབ་པ་ཡིན་ནོ། །དོན་གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ་ཡང་གཉིས་ཏེ། བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བ་བྱ་བ་དང་། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་དེ་པའི་སྲས་སུ་བདག་བྱའོ། །དང་པོ་ལ་ལྔ་སྟེ། དགོངས་གཞི་གང་ལ་དགོངས་པ་དང་། ཐེག་པའི་སྒོ་གང་དང་བསྟུན་པ་དང་། རྒྱུད་ཀྱི་ཁུངས་གང་ནས་བཏུས་པ་དང་། སྦྱང་བྱའམ་དཔེ་འཇིག་རྟེན་གྱི་བསླབ་གཞི་གང་དང་མཐུན་པ་དང་། དེ་རང་གང་ཟག་གི་ཉམས་སུ་བླང་ན་ཇི་ལྟར་བླང་བའོ། དེ་ལ་གསུམ་སྟེ། གཙོ་བོ་ཡབ་ཡུམ་བསྐྱེད་དེ་མཁའ་གསང་བྱིན་གྱིས་བརླབས་ལ་རོལ་པ་བྱ་བ་དང་། བྱང་ཆུབ་སེམས་ལས་སྤྲུལ་པ་སྤྲོ་བ་དང་། སྲས་ཀྱི་ལྷ་ཚོགས་བསྐྱེད་པའོ། །དང་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ནས། ཞུགས་ཏེ་ཞེས་པའི་བར་གྱིས་ཡབ་བསྐྱེད་པའོ། །དེ་ཡང་རྒྱུ་ཏིང་དབུས་ཀྱི་གདན་ཐོག་ཏུ་ཕབ་སྟེ་འཕྲོ་འདུའི་སྦྱོར་བ་ལས་སྔགས་དང་བསྐྱེད་ཚིག་གིས་བསྐུལ་ཞིང་གསལ་གདབ་པ་ཡིན་ནོ། །གཞུང་དོན་གཉིས་པ་ནི། དེ་བཞིན་ཉིད་ཀྱི་ཞེས་པ་ནས། སྤྲིན་ལས་ཞེས་པའི་བར་ཡུམ་བསྐྱེད་པ་སྟེ། ཡབ་ཀྱི་ཐུགས་ཀའི་ས་བོན་ལས་གཡོན་ཕྱོགས་སུ་ཆད་དེ་སྔགས་ཀྱིས་བསྐྱེད་ལ་གསལ་གདབ་པའོ། །གཉིས་པ་བྱང་སེམས་ལས་སྤྲུལ་པ་སྤྲོ་བ་ནི་གཞུང་དོན་གསུམ་པ་སྟེ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པ་ནས། བརྗོད་པས་ཞེས་པ་སྦྱོར་མཚམས་ནས་བྱང་སེམས་ལས་ཁྲོ་བོའི་སྤྲུལ་པ་ཕྱོགས་བཅུར་སྤྲོས་པའོ། །གཞུང་དོན་བཞི་པ་ནི་འཇིག་རྟེན་དྲུག་གི་ཞེས་པ་ནས། འཐོན་པར་གྱུར་པས་ཞེས་པའི་བར་ནི་སྤྲུལ་པ་དེ་དག་གི་གྲངས་དང་ཆེ་ཆུང་གི་ཚད་དོ། །གཞུང་དོན་ལྔ་པ་ནི། དེ་དག་གིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་གཡོས་པ་སྟེ། དེ་ལྟར་ས་གཡོ་བ་ལ་ལེའུ་བཞི་པ་ལྟར་བཞི་ལས་འདི་དེ་པའི་བྱིན་གྱིས་བརླབས་ཀྱིས་སོ། །དེ་ཡང་ཕྱི་ལྟར་གཞུང་རང་ལུགས་ལ། ནང་དུ་ལམ་པའི་སེམས་ཉམས་དང་སྦྱོར་བ་ཡིན་ནོ། །གཞུང་དོན་དྲུག་པ་ནི་དེས་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་གདུག་པ་ཅན་ཐམས་ཅད་བརྒྱལ་བ་ལ་སོགས་པ་ནི་བསྒྲལ་ཞིང་བཏུལ་བས་ཚར་བཅད་པར་གྱུར་ཏོ། །གསུམ་པ་སྲས་ཀྱི་དཀྱིལ་འཁོར་བསྐྱེད་པ་ལ་གཉིས་ཏེ། གཙོ་བོ་རིགས་ལྔ་ཡབ་ཡུམ་དང་། ངོ་མཚར་ཚོགས་ཀྱི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་རིགས་ལྔ་ཡབ་ཡུམ་བསྐྱེད་པ་ལ་གཞུང་དོན་བདུན་པ་ནས་བཅུ་གཅིག་པའི་བར་ལྔ་ལས། དང་པོ་ནི་དེ་ནས་བཅོམ་ལྡན་ཞེས་པ་ནས། བཞུགས་སོ་ཞེས་པའི་བར་རོ། །གཉིས་པ་ནི་དེ་ནས་གྲགས་པ་ཆེན་པོ་ཞེས་པ་ནས། རྔམ་མོ་ཞེས་པའི་བར་ནི་རྡོ་རྗེ་སྲིན་པོ་ལ་དམག་གསར་བའི་ཚུལ་ཏེ། ཇི་སྐད་དུ་ཉེར་བདུན་པ་ལས། དབང་ཕྱུག་ཆེན་པོ་རྣམས་ཤིན་ཏུ་དངས་ཤིང་འཁྲུགས་ཏེ་རྔམས་ནས་རོང་རོང་པོར་གྱུར་ཏེ། མྱ་ངན་གྱི་དུག་ལོ་འཚུབས་པ་བཞིན་བདུད་ཀྱི་ཕྲུ་མར་འདུས་ཏེ་བདུད་ཀྱི་རུ་མཚོན་ཕྱར། མཚོན་ཆའི་སྤྲིན་གཏིབས། བདུད་ཀྱི་སྒྱུ་འཕྲུལ་དྲྭ་བ་བཀྲམ་ཏེ། བསྭོ་དང་ཆའི་སྒྲ་བསྒྲགས་ཏེ་སྦགས་པ་ལས་ཞེས་པ་བཞིན་ནོ། །གསུམ་པ་ནི། ངག་དོན་གཉིས་པ་བདུད་བཏུལ་བ་དངོས་ཡིན་ཏེ། དེ་འདུལ་བྱེད་ཀྱི་སྐུ་ནི། དེ་ནས་བཅོམ་ལྡན་འདས་དབུ་དགུ་ཞེས་པ་ཧེ་རུ་ཀ་དབུ་ཀློང་རྔམས་པའི་རྟགས་སོ། །ཇི་སྐད་དུ་བླ་མ་ལས། དབུ་གསུམ་དང་པོར་བྱུང་བ་ནི། །གཡས་དཀར་གཡོ་དམར་དབུས་མཐིང་ནག །རྣམ་པར་ཐར་པའི་དབུ་གསུམ་ལ། ཁམས་གསུམ་མྱ་ངན་འདས་པའི་ཞལ། །དབུ་གསུམ་བར་པ་རྔམས་པ་ནི། །གཡས་སྔོ་གཡོན་ལྗང་དབུས་མཐིང་ཞལ། །ཐབས་དང་ཤེས་རབ་སེམས་ཀྱི་དབུ། །སྲིད་གསུམ་དབྱིངས་སུ་ཐོངས་པའི་ཞལ། །དབུ་གསུམ་ཐ་མ་རྔམས་པ་ནི། །གཡས་མཐིང་གཡོན་མཐིང་དབུས་མཐིང་ཞལ། ཁམས་གསུམ་རེ་བ་སྐོང་བ་ཡི། །ལུང་དང་མན་ངག་སེམས་ཀྱི་དབུ། །འགྱུར་བ་མེད་པའི་མཐིང་ནག་ཞལ། །ཞེས་སོ། །ཕྱག་བཅོ་བརྒྱད་ཅེས་པ་ནི་སྒྲོལ་བྱེད་ཀྱི་གིང་བཅོ་བརྒྱད་ཀྱི་ཕྱིར་ཏེ་ཕྱག་མཚན་ཡང་། དེ་ཉིད་ལས། བཅོ་བརྒྱད་ཕྱག་ན་བསྣམས་པ་ནི། །རྡོ་རྗེ་གློ་ནི་ཞིང་ཆུང་གཡས། །བྷནྡྷ་ཞིང་དབྱུག་སྙིང་ཕྱུང་གཡོན། །རྒྱུ་ཞགས་ཉི་མ་ཁྱུང་ཆེན་གཡས། །ཞིང་ཆེན་ཟླ་བ་འུག་པ་གཡོན། །མེ་དང་རྒྱ་མཚོ་འུག་པ་གཡས། །རླུང་དང་རིན་ཆེན་རི་རབ་གཡོན། །ཡོན་ཏན་བཅོ་བརྒྱད་དབྱིངས་སུ་རྫོགས། །ཞེས་སོ། །ཡང་ན་གཡས་གཡོན་དང་པོ་གཉིས་རྡོ་རྗེ་མདུང་དམར་ལ། གཡས་ཀྱི་འོག་མ་བརྒྱད་མ་མོ་བརྒྱད་དང་། གཡོན་གྱི་འོག་མ་བརྒྱད་ཕྲ་མེན་བརྒྱད་པ་སྣམས་པ་ཡང་ཡིན་ནོ། །ཞབས་བརྒྱད་དུ་གནས་ནས་ཞེས་པ་ནི་ཚད་མེད་བཞི་དང་ཕྲིན་ལས་བཞིས་དོན་མཛད་པའི་ཕྱིར་ཏེ། དེ་ཉིད་ལས། ཞབས་བརྒྱད་ལྷ་ཆེན་བརྫིས་པ་ནི། །བསམ་གཏན་བླ་ན་མེད་པ་ཡིས། །ང་རྒྱལ་ཅན་རྣམས་ཚར་གཅད་དོ། །ཞེས་པའོ། །ཧཱུཾ་ཧཱུཾ་ཧཱུཾ་ལ་སོགས་གསུམ་གསུམ་ནི་འདུལ་བྱེད་ཀྱི་དབང་དུ་སྐུ་གསུང་ཐུགས་ལ། གདུལ་བྱའི་དབང་དུ་སྒོ་གསུམ་མམ་དུག་གསུམ་དུ་ཞེན་པ་ཀུན་བསྒྲལ་ཞིང་བཏུལ་བ་སྟེ། ཤ་ཁྲག་རུས་པའི་ཚོགས་རྣམས་ལྟེ་བ་ཆོས་ཀྱི་དབྱིངས་སུ་སྦྱངས་པའོ། །བཞི་པ་ནི་དེ་ནས་ཧཱུཾ་ཧཱུཾ་ཞེས་པ་དང་སྲིན་མོ་ཆེན་མོ་མིའི་སྲིན་མོ་ཞེས་པ་ནས། འཁོར་ཞིང་གི་རྡུལ་སྙེད་ཀྱང་བསྡུས་སོ་ཞེས་པའི་བར་ཏེ། འདི་དག་ཕྱི་སྲིན་མོའི་ཚུལ་དང་། ནང་བདུད་མོའི་ཚུལ་དང་། གསང་བ་མཁའ་འགྲོའི་ཚུལ་ལས་འདི་མཐའ་མའོ། །ལྔ་པ་ནི་དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་ཏེ་དེ་ལྟར་གཙོ་བོ་རུ་དྲ་ལ་སོགས་པ་རྣམས་བསྒྲལ་ནས། མཛད་པ་མཐར་དབྱུང་བའི་ཕྱིར་མོ་རྣམས་ལ་སྦྱར་བ་སྟེ། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ་ལ་ཞེས་པ་ལ་སོགས་ནི། གཙོ་བོ་ལ་བརྒྱད་འཁྲིལ། རིགས་ལ་ལྔ་ལྔ་འཁྲིལ་ཞེས་པ་ལྟར། གཙོ་བོ་ལ་ཕྱོགས་ཀྱི་དབང་མོ་བཞི་དང་སྒོམ་བཞི་སྟེ་བརྒྱད་དང་། རིགས་བཞི་ལ་ཕྱོགས་ཀྱི་ལྷག་མ་ལྔ་ལྔའོ། །འོ་ན་དེ་དག་དང་རེ་མོས་རོལ་ལམ། ཡང་ན་ཞི་བ་ལྟར། མདུན་རྒྱབ་ཟུར་གཉིས་དབུ་གསུམ་དང་། མདུན་ལ་སོགས་གཙོ་མོ་བདུན་གྱིས་འཁྲིལ་ཞེས་པ་ལྟར། དུས་གཅིག་ཏུ་རོལ་ཞེ་ན། གཉིས་ཀ་ལྟར་མིན་ཏེ། དེ་པའི་སྣང་བ་ནས་སྦྱོར་བའི་རྟོག་པ་མེད་ལ། མ་མོའི་སྣང་བ་ནས་དེ་པ་རེ་རེ་དང་སྦྱོར་བར་སྣང་བ་སྟེ། མངོན་རྟོགས་ལས། མ་མོ་རེ་རེ་ཡང་དེ་པ་རེ་རེ་དང་སྦྱར་བར་མཐོང་བ་ནི། ཞེས་གསུངས་པའི་ཕྱིར་རོ། །དོན་གཉིས་པ་ངོ་མཚར་ཚོགས་ཀྱི་དཀྱིལ་འཁོར་བསྐྱེད་པ་ནི་གཞུང་དོན་བཅུ་གཉིས་པའི་མཐའ་མ་སྟེ། དེ་ལ་བཞི་ལས། དང་པོ་ནི་དེ་ནས་དགྱེས་ཏེ་ཞེས་པ་ལ་སོགས་ཏེ། རྒྱུ་དེ་ལྟར་རོལ་པའི་བྱང་སེམས་ལས་རྐྱེན་ཧ་ཞེས་པ་བརྒྱད་བརྗོད་པས། གནས་མ་བརྒྱད་བསྐྱེད་དེ། དཀར་མོའི་ཞེས་པ་ནི་ཀེའུ་རཱི་མ་སྟེ། དེ་ནི་དཔལ་ཆེན་པོའི་ཐུགས་ཡང་དག་པ་ལས་སྣང་བའི་ཕྱིར་དཀར་མོ་ཞེས་སོ། །ཚོགས་དང་ཞེས་པ་ནི། མིའི་དབང་དུ་དེ་དག་རེ་རེའང་ཉེར་བརྒྱད་ཀྱི་ཕྱིར་རོ། །དེ་རྣམས་ཐུགས་ཡེ་ཤེས་སུ་གཅིག་པའི་ཕྱིར་རིགས་གཅིག་གཅིག་ཏུ་བསྡུས་ནས་འགོད་པ་ཡིན་ནོ། །དེ་ལྟར་འོག་མར་རྣམས་ཀྱང་ཤེས་པར་བྱ་ཞིང་གསུམ་ཅར་གཞུང་བརྟག་གོ། །འདིར་སྲས་ཀྱི་དཀྱིལ་འཁོར་གནས་ཡུལ་སྒོ་མ་འདི་རྣམས་དབང་མོ་དང་རོལ་པ་ལས་བསྐྱེད་པ་དང་། སྒྲུབ་ཐབས་ནས་རིགས་ཀྱི་ཡུམ་དང་རོལ་པ་ལས་བསྐྱེད་པར་འདོད་པ་གཉིས་འགལ་ལོ་ཞེ་ན། དེ་ལྟར་མ་ཡིན་ཏེ། འདིར་དྲེགས་པ་ཅན་བསྒྲལ་ཞིང་དེའི་འཁོར་མོ་རྣམས་དབང་དུ་བསྡུས་ཏེ་སྦྱོར་བ་ནི་ཐབས་ཆེན་པོའི་ཏན་གན་གྱི་ཆེ་བ་དབྱུང་བའི་དགོས་པ་ཡོད་པའི་ཕྱིར་དབང་མོ་དང་རོལ་ལ། །དོན་གྱིས་འདིར་ཡང་ཡེ་ཤེས་ཀྱི་ཡུམ་དང་རོལ་པ་ཡིན་ཏེ། ཇི་སྐད་དུ། །དེ་བཞིན་ཉིད་ཀྱི་དབྱིངས་ནས། ཞེས་པ་དང་། ཡང་བཙུན་མོ་ཁྲག་འཐུང་ཆེན་མོའི་མཚན་ཉིད་རྣམས་སོ་སོའི་སྐུ་ལ་འཁྲིལ་པའི་ཚུལ་གྱིས་བཞུགས་སོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་འདིར་མ་དབང་མོ་ཉེར་བརྒྱད་ལ་བུ་མོ་ཉི་ཤུ་ལས་མ་བྱུང་བ་ནི་ཉུང་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཚོགས་དང་བཅས་པ་མིའི་དབང་དུ་ན་རེ་རེ་ཡང་ཉེར་བརྒྱད་ཉེར་བརྒྱད་དེ། བརྒྱ་ཕྲག་ལྔ་དང་བཅུ་ཕྲག་དྲུག་ཡོད་ལ། དཀྱིལ་འཁོར་དུ་འགོད་པའི་ཚེ་དེ་དག་ཐུགས་ཡེ་ཤེས་སུ་གཅིག་པའི་ཕྱིར་རིགས་རེ་རེར་བསྡུས་ནས་འགོད་པ་ཡིན་ནོ། །གཞུང་དོན་བཞིའི་ཐ་མ་དེ་ལྟར་བཏུལ་བའི་འབྲས་བུ་ནི། ངག་དོན་ཐ་མ་འབྲས་བུ་དབང་ཐོབ་པ་སྟེ་དེ་ལ་བཞི་ལས། དང་པོ་ནི། དེ་ནས་ཞེས་པ་ནས་དུས་གཅིག་ཏུ་བཏུལ་ལོ་ཞེས་པའི་དོན་ནི། །སྔོན་དུ་གཙོ་བོ་དང་འཁོར་གྱིས་འགྱོད་པའི་སྒོ་ནས་རྒྱུད་སྦྱངས་ཏེ། དེ་ནས་དཀྱིལ་འཁོར་དུ་བཅུག་ཅིང་ཞུགས་པའི་སྒོ་ནས། འབྲས་བུ་དབང་བསྐུར་བ་དངོས་ནི། ཨཱོཾ་བཛྲ་ཞེས་པ་ནས། ཨཾ་ཞེས་པའི་བར་ནི་དམ་རྫས་རློན་སྦྱོར་གྱིས་ཟབ་མོའི་དབང་བསྐུར་བ་སྟེ་སྔོན་བྱུང་གི་དབང་ཡིན་ནོ། །གཉིས་པ་གཞུང་བརྟག་གོ། །གསུམ་པའི་མ་དང་སྲིང་མོ་བུ་རྣམས་སོ། །དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ། །ཞེས་ཕུལ་ནས་དཀྱིལ་འཁོར་གྱི་མུ་རན་ལ་བཀོད་ཅིང་ལྷག་མ་སྦྱིན་པར་གསུངས་པ་ཡིན་ཏེ། ཇི་སྐད་དུ། དབུས་སུ་མཆིས་སྐལ་མི་ལྡན་གྱིས། །དཀྱིལ་འཁོར་མུ་རན་མཐའ་ལ་འགོད། །ཕུད་ལ་འཚལ་སྐལ་མི་ལྡན་གྱིས། །ལྷག་མའི་ཞལ་ཆབ་སྦྲོན་ལ་གསོལ། །ཞེས་པ་བཞིན་ནོ། །དེ་དག་གིས་ཀྱང་དམ་བཅས་པ་སྟེ། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདི། །མིང་ཙམ་འཛིན་པར་བྱེད་པ་ཡང་། །གཙུག་གི་ནོར་བུ་འབར་བ་ལྟར། །ཞེས་པ་ལ་སོགས་ནི་རྣལ་འབྱོར་པ་ལ་དེ་དག་གིས་མཐོང་ལྟས་གསུམ་སྟེ། རབ་ལ་ལྷའམ་ཀླུའི་དབང་པོའི་གཙུག་གི་ནོར་བུ་ལ་གང་གིས་ཀྱང་འཚེ་བར་མི་ནུས་ཤིང་ཇི་སྲིད་འཚེ་བ་བྱས་ན་དེ་ཉིད་བརླག་པར་འགྱུར་བ་ལྟར། རྣལ་འབྱོར་པ་ལྟ་སྒོམ་གདེངས་སུ་གྱུར་པའི་ཕྲིན་ལས་དེ་དག་གིས་རང་བཞིན་གྱི་མཛད་པ་ཡིན་ནོ། །འབྲིང་ལ་རྗེ་དཔོན་དབང་པོ་ཆེའི་གཟི་བརྗིད་བྲན་གྱིས་མི་བཟོད་པ་ལྟར། རྣལ་འབྱོར་པ་ལྷའི་ཏིང་ངེ་འཛིན་ལ་གནས་པའི་གཟི་བརྗིད་མི་བཟོད་དེ། ཕོ་ཉ་དང་མངག་གཞུག་གི་ལས་ཐམས་ཅད་བྱེད་དོ། །ཐ་མ་ནི་རྗེ་དཔོན་ཡང་བྲན་ནམ་སྤྱན་འདྲེན་ངོ་ཆེ་བའི་བསྙེན་བཀུར་ལ་འབྱོན་ཞིང་བསྐུལ་བ་ལྟར། རྣལ་འབྱོར་པ་ཡང་ལྟ་སྒོམ་སྔགས་ལ་སོགས་པའི་མཐུ་དང་མི་ལྡན་ཡང་དམ་ཚིག་བསྲུང་ཞིང་མཐུན་པའི་དམ་རྫས་ཚང་བའི་སྒོ་ནས་ཆོ་ག་དག་པར་བསྐུལ་ནས་ལས་ལ་འཇུག་པ་ཡིན་ཏེ། དེ་དག་གིས་སྔོན་རྒྱལ་བའི་སྤྱན་སྔར་དམ་བཅས་པའི་ཕྱིར་རོ། །དེ་དག་ཐམས་ཅད་དང་མི་ལྡན་པར་ལས་ལ་བསྐུལ་ན་སླར་རྣལ་འབྱོར་པ་དེ་ཉིད་ལ་བཀའ་ཆད་ཀྱི་གནས་སུ་འགྱུར་རོ་ཞེས་གསུང་ངོ་། །བཞི་པ་གཞུང་བརྟག །ལེ་དོན་གཉིས་པ་འཁོར་གྱི་མཁའ་འགྲོ་དམ་ལ་བཏགས་ཏེ་དབང་རྫས་ལག་ཏུ་རྡོ་རྗེ་འབྱིན་ནས་རང་རང་གི་ཁྱོ་ལ་གྲགས་པའི་མིང་གིས་དབང་བསྐུར་ཏེ། དབང་རྟགས་སུ་ལྕགས་ཀྱི་རྡོ་རྗེ་རྩེ་གསུམ་པ་རེས་དབུ་བརྒྱན་ཅིང་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བཀོད་དོ། །ད་ནི་འདི་ལྟར་བསམ་པར་བྱ་སྟེ། ལེའུ་བཅོ་ལྔ་པའི་གཞུང་འདིར་གསུངས་པའི་རུ་ཏྲ་ཞེས་བྱ་བ་འདི་རང་རྒྱུད་པ་ཞིག་གམ། འོན་ཏེ་སྤྲུལ་པ་བ་ཞིག་ཡིན། དང་པོ་ལྟར་ན་ལུང་དང་རིག་པ་གཉིས་ཀྱིས་གནོད་དེ། གང་ཞེ་ན། ལུང་ནི་འདི་ཉིད་ནས། དབུ་དགུ་བརྒྱ་ཕྱག་སྟོང་བརྒྱད་བརྒྱ་སྐུ་འབར་བ་ཆེན་པའི་དཀྱིལ་འཁོ་ན་བཞུགས་པར་མཐོང་ངོ་ཞེས་སྣང་བྱེད་ཐོབ་པས་བཤད་པ་དང་། གཞན་ཡང་འདིའི་ལུང་ཇི་ལྟ་བར་སྟོན་པ། མདོ་ཆེན་པོའི་ཉེར་གཅིག་པ་ལས། གསང་བ་མཆོག་གི་བདག་ཡིན་པས། །ཞེས་པ་དང་། ཡང་དེ་ཉིད་ལས། འགྲོ་བའི་ཚུལ་དུ་མངོན་བྱུང་བ། །ཞེས་འགྲོ་བ་དང་ཚུལ་མཐུན་པར་སྤྲུལ་པར་བཤད་པ་དང་། ཡང་སུམ་ཅུ་པ་ལས། བདག་ནི་རྡོ་རྗེ་མངོན་དུ་དབང་བསྐུར་བས། །སངས་རྒྱས་ཀུན་གྱིས་དེ་ཉིད་བདག་དབང་བསྐུར། །བཅོམ་ལྡན་ཐམས་ཅད་མཆོག་ནི་བདག་ལགས་ཏེ། །ཞེས་པ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དུ་བཤད་པ་དང་འགལ་ཞིང་། གཞན་ཡང་མདོ་མྱ་ངན་ལས་འདས་པ་ལས། དེའི་ཚེ་བདུད་སྡིག་ཏོ་ཅན་ནི་གཞན་དུ་མ་རྟོག་ཅིག་ཅེས་པ་དེ་ཡང་སྤྲུལ་པར་བཤད་པ་དང་མཚུངས་སོ། །རིག་པ་ནི་མཚམས་མེད་ལྔ་སྤྱོ་པ་ལ་སོགས་སྒྲིབ་པ་གང་ཆེ་བ་དེས་རྒྱལ་བའི་སྐུ་མཐོང་ཞིང་གསུང་ཐོས་པར་འགྱུར་ཏེ། གསང་སྔགས་ཀྱི་དམ་ཚིག་ཉམས་པ་ལས་བྱུང་བའི་རུ་ཏྲ་དེས་རྒྱུད་མ་སྦྱངས་པར་རྒྱལ་བའི་སྐུ་མཐོང་ཞིང་གསུང་ཐོས་པའི་ཕྱིར་རོ། །རྟགས་གཞུང་གིས་གྲུབ་ལ། ཁྱབ་པ་མེད་ན་དམ་ཚིག་ཉམས་པ་དང་མཚམས་མེད་ལྔ་སྤྱད་པ་གཉིས་རྒྱུ་མཚན་མཚུངས་པ་ལ། གཅིག་གིས་རྒྱལ་བའི་སྐུ་མཐོང་ཞིང་གསུང་ཐོས་ལ། ཁ་ཅིག་གིས་དེ་མཐོང་ཞིང་ཐོས་པར་མི་འགྱུར་བ་ལ་རྒྱུ་མཚན་ཅི་ཡང་མེད་དོ། །ཐལ་འགྱུར་འདོད་པར་ཡང་མི་ནུས་སོ། །ཡང་གཉིས་པ་ལྟར་ན་ལུང་རིག་གཉིས་ཀྱིས་གནོད་དེ། དང་པོན་ནི། འདི་ཉིད་ལས། བདག་ཏུ་རྨོངས་པའི་རྟོག་པ་དང་། བཏགས་པ་ལ་མངོན་པར་ཞེན་པ་དང་ཞེས་པ་ལ་སོགས་རྒྱུ་མཚན་གསུམ་གྱིས་རྒྱུ་བྱས་པར་གསུངས་པ་དང་། གཞན་ཡང་མདོ་ཆེན་པོའི་ཉི་ཤུ་པའི་མཚན་ལས་མ་དག་པའི་སྐྱེ་རྒྱུད་བསྟན་པ། ཞེས་པ་དང་། ཡང་ཉེར་གཅིག་པ་ལས། འདས་པའི་དུས་ན་སྔོན་བྱུང་ལྟར། །ད་ལྟ་དུས་འདི་ཉིད་དུ་བྱུང་། །ཞེས་སྔར་སྤྲུལ་པ་བྱུང་བ་ལྟར་ད་ལྟ་རང་རྒྱུད་པ་བྱུང་བར་མངོན་པ་དང་། ཡང་དེ་ཉིད་ལས། སྟོང་པ་རྒྱུན་ཆད་དུ་གྱུར་ཏེ་མཐར་ཟད་པ་ཤ་སྟག་གོ། །ཞེས་པ་ལ་སོགས་དང་། འདི་ཉིད་ནས་ནད་བཞི་བརྒྱ་རྩ་བཞིས་འདེབས་པར་བྱེད་པ་ལ་སོགས་ནི་སྤྲུལ་པ་པའི་མཛད་པ་ནོར་བ་ཡིན་ནོ། །ཡང་སོ་གཅིག་པ་ལས། འོག་གི་ཕྱོགས་ཀྱི་འཇིག་རྟེན་ཐལ་བས་ཁེབས་པ་ཞེས་བྱ་བར་འཚང་རྒྱ་བར་ལུང་བསྟན་པ་ཐོབ་པར་འགྱུར་རོ་ཞེས། ད་ལྟའི་བསྐལ་པ་འདིའི་ཡུན་དུ་དགེ་བསྙེན་ལེགས་ལྡན་ནག་པོ་ཞེས་བྱ་བར་གྱུར་ནས་རྣལ་འབྱོར་བའི་ཆོས་སྲུང་བར་བྱེད་ལ། བསྐལ་པ་ཕྱི་མ་ལ་ཐལ་བའི་དབང་པོ་དབྱངས་ཞེས་བྱ་བར་འཚང་རྒྱ་བར་ལུང་བསྟན་པ་དང་འགལ་ཞིང་། གཞན་ཡང་མདོ་སྡེ་ནས་བཤད་པའི་རིགས་ངན་གྱི་བུ་མཚོན་ཆའི་འཁོར་ལོ་ཅན་ལ་སོགས་པ་སྡིག་པའི་འབྲས་བུ་ངན་སོང་གི་སྡུག་བསྔལ་མྱོང་བ་ཐམས་ཅད་ཀྱང་སྤྲུལ་པར་འགྱུར་ལ། དེ་འདོད་ན་རང་རྒྱུད་པ་མི་རྙེད་དོ། །རིག་པའི་གནོད་བྱེད་ཀྱང་ཡོད་དེ། མཚམས་མེད་པ་ལྔ་ལ་སོགས་པ་སྤྱད་པའི་འབྲས་བུ་ངན་སོང་གི་སེམས་ཅན་ཐམས་ཅད་ཀྱང་སྤྲུལ་པ་བར་འགྱུར་ཏེ། གསང་སྔགས་ཀྱི་དམ་ཚིག་ཉསམ་པ་ལས་བྱུང་བའི་རུ་ཏྲ་འདི་སྤྲུལ་པ་ཡིན་པའི་ཕྱིར། རྟགས་ཁས་བླངས་ཤིང་ཁྱབ་པ་མེད་ན། དམ་ཚིག་ཉམས་པ་དང་མཚམས་མེད་སྤྱད་པ་གཉིས་འབྲས་བུ་སྡུག་བསྔལ་དུ་སྨིན་པར་མཚུངས་པ་ལ། གཅིག་སྤྲུལ་པ་ཡིན་ཞིང་གཅིག་དེ་མ་ཡིན་པའི་རྒྱུ་མཚན་ཅི་ཡང་མེད་ལ་འདོད་པར་ཡང་མི་ནུས་སོ་ཞེ་ན། དེའི་ལན་ལ་སྔ་རབས་པ་ཁ་ཅིག་གཞུང་གིས་གཉིས་ཅར་གསལ་བའི་ཕྱིར་ཕྱོགས་གཉིས་ཀ་ཁས་བླངས་ནས་སྐྱོན་བརྗོད་རྣམས་གཅིག་གིས་གཅིག་སྤོང་པར་བྱེད་ཟེར་བ་ནི་འཐད་པ་མ་ཡིན་ཏེ། སྤྱིར་དང་སྤྲུལ་གཉིས་སུ་ཡོད་ཀྱིས་ཀྱང་གཞུང་འདི་ནས་བཤད་པའི་རུ་ཏྲ་ཞེས་བྱ་བ་ཤེས་རྒྱུད་གཅིག་གིས་བསྡུས་པ་འདི་གཉིས་ཅར་ཡིན་པར་འགལ་བའི་ཕྱིར་རོ། །ཡང་ཁ་ཅིག་རང་རྒྱུད་པ་ཡིན་ན་འཇིགས་བྱེད་ཆེན་པོ་རིགས་ལྔ་ལས་གཅིག་ཏུ་བསྡུས་ཏེ་དྲེགས་པ་ཅན་བསྒྲལ་པ་དང་། ཡང་གཅིག་ལས་ལྔར་སྣང་སྟེ་མོ་རྣམས་ལ་སྦྱར་ཏེ་སྲས་ཀྱི་ཚོགས་བསྐྱེད་པས་སྤྲུལ་པ་ཡིན་པའི་ཕྱིར་རང་རྒྱུད་པར་འགལ་ཟེར་བ་ནི་འཐད་པ་མ་ཡིན་ཏེ། སངས་རྒྱས་སྤྲུལ་པ་ཡིན་པས་རུ་ཏྲ་རང་རྒྱུད་པ་མ་ཡིན་པར་མི་འགྱུར་བའི་ཕྱིར་རོ། །ཡང་དེ་ལ་ཁ་ཅིག་སངས་རྒྱས་ལ་རུ་ཏྲར་བཤད་པ་མི་འཐད་ཅེས་རྩོད་པའི་ལན་མཉམ་སྦྱོར་གྱི་ལུང་དྲངས་ནས་ལན་འདེབས་པ་ནི་དྲིས་ལན་གཉིས་ཀ་ལྟར་མ་ཡིན་ཏེ། གདུལ་བྱ་རང་རྒྱུད་པ་ཡིན་པས་འདུལ་བྱེད་དེར་མི་འགྱུར་བའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན་འདི་སློབ་དཔོན་རྔོ་མདོས་སྤྲུལ་པར་བསྒྲུབས་ཏེ། དེ་ལ་གོང་གི་གནོད་བྱེད་རྣམས་ལུང་གི་དགོངས་པ་གཞན་ཡིན་ཞིང་། རིག་པས་གནོད་པར་མི་འགྱུར་ཏེ། འདི་ལྟར་ལེའུ་ཉི་ཤུ་པའི་མཚན་ཡང་སྤྲུལ་པས་གདུལ་བྱའི་ངོ་ལ་མ་དག་པའི་སྐྱེ་བ་བླངས་པ་ལྟར་བསྟན་པ་ཡིན་ཞིང་། ཉེར་བཞི་པ་ནས་འདས་པའི་དུས་སུ་སྤྲུལ་པ་བྱུང་བ་ལྟར་ཕྱིས་སྤྲུལ་པ་འབྱུང་བ་མ་བཀག་ལ། ཉེར་གཅིག་པའི་ལོག་ལྟ་དགུ་ཡང་མུ་སྟེགས་ལ་སོགས་པ་དེ་དག་ལ་ཞེན་པ་རྣམས་ལ་དེ་དག་ཏུ་བསྟན་ནས་བཀྲི་ཞིང་དྲང་བ་ཡིན་པའི་ཕྱིར་དང་། སོ་གཅིག་པའི་མ་འོངས་པའི་དུས་སུ་འཚང་རྒྱ་བར་ལུང་བསྟན་པ་ཡང་། སྤྲུལ་པ་ཉིད་བསྐལ་པ་འདིའི་ཡུན་དུ་སྲུང་མ་མཛད་པ་ནི་བསྟན་པའི་ཆེ་བ་དབྱུང་བ་ཡིན་ལ་ལུང་ཡང་གདུལ་བྱའི་ངོ་ལ་བསྟན་པ་ཡིན་ཏེ། ཇི་སྐད་དུ་དེ་ཉིད་ལས། བཅོམ་ལྡན་ཐམས་ཅད་མཆོག་ནི་བདག་ལགས་ཏེ། །ཞེས་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དུ་བཤད་པའི་ཕྱིར་རོ། །རིག་པས་གསང་སྔགས་ཀྱི་དམ་ཚིག་ཉམས་པ་ལས་བྱུང་བའི་རུ་ཏྲ་འདི་སྤྲུལ་པ་ཡིན་ན་ཐུན་མོང་གི་མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པའི་འབྲས་བུ་ངན་སོང་དུ་ལྟུང་བ་ཐམས་ཅད་སྤྲུལ་པར་འགྱུར་བ་ནི་བདེན་མོད་ཀྱི། འདིར་དམ་ཚིག་ཉམས་པར་མ་གྲུབ་སྟེ། དེའི་ཚུལ་དུ་བསྟན་པ་ཙམ་ཡིན་པའི་ཕྱིར་འགོ་མི་མཚུངས་སོ། །ཞེས་སྤྲུལ་པ་བར་བཞེད་པར་རང་ཉིད་ཀྱང་དེའི་རྗེས་སུ་འབྲངས་པ་ཡིན་ནོ། །རྒྱུད་དོན་རྣམ་ངེས་ལས་ལེའུ་བཅོ་ལྔ་པའི་རྣམ་པར་བཤད་པའོ།། ༈ །།ལེའུ་བཅུ་དྲུག་པ་ནི། བརྟེན་པ་ལྷ་བསྐྱེད་པ་ལ་གཉིས་ཡོད་པའི་རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་དེ་པའི་སྲས་སུ་བདག་བྱ་བའོ། །དེ་ལ་ཡང་གོང་ལྟར་ལྔ་སྟེ། དགོངས་པ་གང་ལ་དགོངས། སྒོ་གང་དང་བསྟུན། ཁུངས་གང་ནས་བཏུས། བསླབ་གཞི་གང་དང་མཐུན། དེ་རང་ཉམས་སུ་བླང་ན་ཇི་ལྟར་བླང་བའོ། །དེ་ལ་བརྒྱད་དེ། བསྐུལ་ཚིག་བརྗོད་པ་དང་། ཆོས་ཀུན་བྱང་ཆུབ་སེམས་སུ་གཅིག་པར་ཐིམ་པ་དང་། ཆོ་ག་གསུམ་གྱིས་གཙོ་བོ་ཡབ་ཡུམ་བསྐྱེད་དེ་མཁའ་གསང་བརླབས་ལ་རོལ་པ་བྱ་བ་དང་། ཡུམ་གྱི་མཁར་ལྷ་བསྐྱེད་ཅིང་གདོན་པ་དང་། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པའི་ཡོན་ཏན་དང་། གསལ་གདབ་པ་དང་། དཀྱིལ་འཁོར་གྱི་ཚད་དམ་ཆེ་བ་དང་། དབང་བསྐུར་ཞིང་བྱིན་གྱིས་བརླབ་པའོ། །དང་པོ་ནི། བདག་རྒྱུའི་ཧེ་རུ་ཀ་སྲིན་པོ་ཕྲུག་གུའི་ཆ་བྱད་ལྟ་བུ་ཚོན་གང་བ་གཅིག་གཙོ་བོའི་ཐུགས་ཀ་ནས་ཕྱུང་སྟེ། ཤར་གྱི་སྒོ་ནས་ཐལ་མོ་སྦྱར་ལོང་བུ་སྤྲད་ཙོག་ཙོག་པུར་འདུག་སྟེ་བསྐུལ་ཚིག་བརྗོད་པས་སྒྲིབ་པ་སྦྱོངས་ལ་རིགས་ངེས་པའི་སྲས་སུ་བསྐྱེད་ཅིག་པར་གསོལ་བ་གདབ་པའོ། །གཉིས་པ་ནི། ལྷ་སུམ་ཅུ་པོ་སྐུ་གསུང་ཐུགས་ཀྱི་གནས་སམ་སྦྱོར་མཚམས་ནས་འབྲུ་གསུམ་འོད་དང་བཅས་པ་འཕྲོས་པས། གོང་གི་རྒྱུའི་ཧེ་རུ་ཀའི་སྒྲིབ་པ་སྦྱངས་པས་བདག་གི་སེམས་གསེར་རམ་དངུལ་ཞུན་མ་ལྟར་དཀར་ལྟེང་ལྟེང་གནས་པ་ལས། འབྲུ་གསུམ་འཕྲོས་པས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་གྱུར་ནས་བྱང་སེམས་དེ་ཧཱུཾ་མཐིང་ནག་གཅིག་ཏུ་གསལ་བའོ། །ཨ་ཡཾ་ཞེས་པས་དེའི་འོག་ཏུ་ཡཾ་ལས་རླུང་གིས་ཟླ་བ་ཧཱུཾ་དང་བཅས་པ་བཏེག་སྟེ། གཡས་ཕྱོགས་ནས་ལྷ་རྣམས་ལ་སྤྱིའམ་བྱེ་བྲག་ཏུ་ལན་གསུམ་བསྐོར་བ་བྱས་ནས་གཙོ་བོའི་ཐུགས་ཀར་ཐིམ་པས། ཡབ་ཡུམ་གྱི་རྒྱུད་བསྐུལ་ཏེ་རོལ་པའི་བདེ་བས་འོད་དུ་ཞུ། དེས་འཁོར་ཐམས་ཅད་ཀྱང་ཞུ་ཞིང་དབུས་སུ་འདུས་ཏེ་འོད་ཕུང་དུ་གནས་པ་ལས་ཚིག་གིས་བསྐུལ་ཞིང་གསལ་གདབ་པའོ། གསུམ་པ་ནི། དེ་ནས་འོད་ཕུང་དེ་གསུང་ཡིག་འབྲུའི་ཆོ་ག་ཧཱུཾ་མཐིང་ནག་གཅིག་ཏུ་གྱུར། དེ་ལས་འོད་འཕྲོས་ཤིང་འདུས་པས་ཐུགས་ཕྱག་མཚན་རྡོ་རྗེ་མཐིང་ནག་ནས་འབྲས་ཙམ་དུའོ། །དེ་ལས་འོད་ཀྱི་འཕྲོ་འདུས་སྐུ་ཕྲ་མོ་ཚོན་གང་བར་རོ། །དེའི་འཕྲོ་འདུ་ལས་ཡབ་ཡུམ་རགས་པ་གོང་ལྟར་བསྐྱེད་ཅིང་གསལ་བཏབ་ནས་མཁའ་གསང་བྱིན་གྱིས་བརླབས་ཏེ་རོལ་པའོ། །བཞི་པ་ནི་དེ་ལྟར་རོལ་པའི་བྱང་སེམས་ལས་གཞལ་ཡས་ཁང་ཡུམ་གྱི་མཁའ་ལ་བསྐྱེད། ཡང་འཕྲོས་པས་གདན་བསམ། ཡང་འཕྲོས་པས་མཁའི་དཀྱིལ་འཁོར་དེར་ལྷ་སུམ་ཅུ་ཚང་བར་བསྐྱེད་དེ། དེ་དག་གདོན་པ་ལ་གཉིས་ཏེ། བསྐྱེད་པ་རྣམས་ཕྱི་རོལ་ཏུ་གདོན་པ་དངོས་དང་། ཞོར་ལ་དབང་མོ་རིག་པ་ལས་བསྐྱེད་པའོ། །དང་པོ་ལ་གཉིས་ཏེ། གཙོ་བོ་རིགས་ལྔ་ཡབ་ཡུམ་དང་། འཁོར་བསྐྱེད་ཅིང་གདོན་པའོ། །དང་པོ་ནི། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ལ་སོགས་པ་ལ་མངོན་རྟོགས་སྦྱར་བའི་དང་། དྲངས་པའི་དང་། བསྒྱུར་བའི་སྒྲ་ལས་འདིར་མ་ཧཱ་ན་ཆེན་པོ་ལ་སོགས་པ་ནི་ཐ་མའོ། །ཤྲཱི་ཧེ་རུ་ཀ་ཞེས་པ་ལ་འཇུག་པའི་སྒྲ་མང་དུ་ཡོད་མོད་ཀྱང་ངེས་པར་དཀོན་ཅོག་འགྲེལ་ནས་ཤྲཱི་ནི་དཔལ་ཞེས་སོ། །ཧེ་ནི་ཧེ་ཧེ་ཀྲི་ར་ཐ་ཞེས་པ་ནི་སྤྱོད་པ་ཞེས་པའོ། །རུ་ནི་རུ་ཏི་རཀྟ་ནི་ཁྲག་གི་སྒྲའོ། །ཀ་ནི་བདག་པོའི་རྐྱེན་གྱིས་དེ་ལ་རོལ་པ་སྟེ། མདོར་ན་སྤྱོད་པས་དཔལ་ཁྲག་འཐུང་ཞེས་བྱའོ། །ཡང་ན་ཀ་ནི་ཀ་པཱ་ལ་སྟེ་ཐོད་པ་ཁྲག་གིས་བཀང་བ་ལ་རོལ་པའི་ཧེ་རུ་ཞེས་བྱའོ། །དེ་ལྟར་སྔགས་ཀྱིས་བསྐྱེད་ཅིང་གདོན་པ་ལ་འདིར་ཁ་ཅིག་དཀྱིལ་འཁོར་གྱི་གཙོ་བོ་རྣམ་སྣང་ཡིན་ལ། ཁྲོ་བོ་ནི་བུདྡྷ་ཧེ་རུ་ཀ་ཡིན་ཏེ། ཇི་སྐད་དུ་རྔམ་གློག་ལས། དབུས་ཀྱི་ཕོ་བྲང་སྙིང་པོ་ལས། །རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། །ཞེས་གསུངས་པའི་ཕྱིར་ཞེས་ཟེར་བ་ལྟར་མ་ཡིན་ཏེ། རྒྱུ་མཚན་ནི་འདི་དཀྱིལ་འཁོར་གྱི་གཙོ་བོ་ལ་མཚན་དུ་བཏགས་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་གཙོ་བོ་ཡིན་པར་མ་གྲུབ་ཅེ་ན། ཡིན་ཏེ། ལེ་ལག་ལས། རྡོ་རྗེ་སེམས་དཔའ་དཀྱིལ་ཉིད་དེ། །རིགས་བཞི་ལྷ་དང་ལྷ་མོ་འཁོར། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་ཞི་བ་རྣམས་ཐུགས་ཀྱིས་འདུལ་བའི་ཕྱིར་ཐུགས་རྡོ་རྗེའི་རིགས་གཙོ་བོའི་བྱུང་ལ། ཁྲོ་བོ་རྣམས་སྐུ་ཡིས་འདུལ་བའི་ཕྱིར་སྐུ་བུདྡྷ་ཧེ་རུ་ཀ་གཙོ་བོར་བྱུང་བ་ཡིན་ཟེར་ཡང་། བླ་མ་གོང་མའི་བཞེད་ཀྱིས་ཞི་བ་གང་ཡིན་པ་ཁྲོ་བོར་གནས་གྱུར་པའི་ཕྱིར་འོག་ནས་བཛྲ་ཧེ་རུ་ལེན་ཅིང་གཙོ་བོར་མཛད་དོ། །ལེའུ་བཅུ་བདུན་པའི་གདན་དང་སྐུ་མདོག་ལ་སོགས་ཀྱང་དེས་ཤེས་པར་བྱའོ། །ལུང་གི་ཤེས་བྱེད་ཀྱང་ཡོད་དེ། རྒྱ་ཆེ་འགྲེལ་པ་ལས་ཇི་སྐད་དུ། རྒྱུད་འཁྲུགས་པ་ཚིག་སྦས་པའི་དབང་དུའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱི་སྔགས་ཀྱིས་དེ་མཁའི་གཞལ་ཡས་ཀྱི་དབུས་ནས་ཕྱུང་ནས་ཕྱི་རོལ་གྱི་བདག་ཉིད་གཙོ་བོ་ཡབ་ཡུམ་དང་དབྱེར་མེད་དུ་བསྟིམ་མོ། །དེ་ལྟར་རིགས་བཞི་པོ་ནི་གསང་བ་ནས་ཕྱུང་སྟེ་ཕྱི་རོལ་གྱི་གནས་ག་ན་བར་དགོད་པར་བྱའོ། །གཉིས་པ་འཁོར་གདོན་པ་ལ་གསུམ་ལས། དང་པོ་ནི། བཛྲ་ཀ་རི་ཧ་ཞེས་པ་ལ་སོགས་གནས་ཀྱི་མ་མོ་བརྒྱད་མཁའི་ནང་ནས་ཕྱུང་བ་རྣམས་ཕྱི་རོལ་གྱི་དེར་འགོད་པ་ཡིན་ནོ། །གཉིས་པ་ནི་བཛྲ་སེང་ཧ་མུ་ཁཱ་ཧེ་ལ་སོགས་ཡུལ་གྱི་ཕྲ་མེན་མ་རྣམས་ཀྱང་དེ་ལྟར་ལ། གསུམ་པ་བཛྲ་ཨར་ཏེ་ཛ་ལ་སོགས་སྒོ་མ་རྣམས་ཀྱང་དེ་ལྟར་བསྐྱེད་ཅིང་གདོན་པའོ། །དེ་ཡང་འདི་རྣམས་ལ་མདའ་དང་གླན་ན་ལག་ལེན་ལྟར་ལྷ་རེ་རེ་འདོན་ཞིང་སྤྲོ་བསྡུ་བྱེད་ལ། སྐྱོ་ཡང་ཁྱེད་ནི་རིགས་ལྔ་ལ་སོགས་ཚན་ཚན་དུ་གདོན་ཞིང་སྤྲོ་བསྡུ་བྱས་ཏེ་འགོད་དོ། །དབང་མོ་རྣམས་ལ་ཁ་ཅིག །ཇི་སྐད་དུ་རྒྱ་མཚོ་ལས། བྷྱོ་ནི་ལས་བྱེད་མ་མོ་སྟེ། །ལས་ཀྱི་མཁའ་འགྲོ་ཐིག་ལེར་ཆགས། །ཞེས་པས་མཁའ་ནས་འདོན་པར་ཡང་མངོན་ཟེར་རོ། །འདིར་ནི་སྲས་མ་ཡིན་ཏེ། བྱི་མོ་ཡིན་པའི་ཕྱིར་མཁའ་ལས་མི་འདོན་ཏེ་བྷྱོ་ལས་ཆུ་བུར་ལྟར་བསྐྱེད་པར་འདོད་དོ། །དོན་ལྔ་པ་ནི། ལེའུ་དགུ་པ་ནས་ས་ལ་སོགས་དང་ཞེས་པ་ལྟར་ལ། དྲུག་པ་ནི་ལེའུ་བཅུ་བདུན་པ་ནས་སྨུག་ནག་སྔོ་ནག་ལ་སོགས་སྐུ་མདོག་དང་། སྟོང་གི་འཇིག་རྟེན་ལ་སོགས་ཕྱག་མཚན་དང་། ཀོ་རློན་གོས་ནི་ལ་སོགས་རྒྱན་ཆས་དང་། དབུ་གསུམ་ཕྱག་དྲུག་ལ་སོགས་ཞལ་ཕྱག་དང་། དེ་རྣམས་གསལ་གདབ་བོ། །བདུན་པ་ཡང་། དེ་ཉིད་ལས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་འབར་བའི་དཀྱིལ་འཁོར་ཀུན་ཏུ་གསལ་བར་གྱུར་ཏོ་ཞེས་པའི་དོན་ནོ། །མཐའ་མ་ནི་སྔགས་ལེའུ་བདུན་པ་ལྟར་ལ་མངོན་རྟོགས་ཁྲོ་བོར་བསྒྱུར་བ་ཡིན་ནོ། །ད་ནི་མངོན་པར་རྟོགས་པའི་དབང་དུ་ཏིང་ངེ་འཛིན་གྱི་རིམ་པ་དངོས་ལ་གསུམ་དུ་བྱས་པའི་མཐའ་མ། ལེའུ་འདིའི་གཞུང་དོན་གྱི་དབང་དུ་དོན་གཉིས་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ནོ། །དེ་ལ་གསུམ་སྟེ། སྤྱན་དྲང་བ་དང་། མཆོད་པ་དང་། མཆོད་བཤགས་བྱ་ཞིང་སྨོན་ལམ་གདབ་པའི་རིམ་པའོ། །དང་པོ་ལ་གཞུང་དོན་ཟུང་གསུམ་ཡ་དྲུག་ལས། དང་པོ་ནི་བྷི་ཤ་མི་ཏྲའི་གཞུང་ལས། མཉེས་དཀའ་མ་ཡིན་བཀུར་གནས་ཕྱིར། །འཇིག་རྟེན་དབང་པོའི་ཆོས་ལུགས་ཀྱིས། །ཞེས་པས། དཔེར་ན་འཇིག་རྟེན་གྱི་དབང་པོ་ནི་རྒྱལ་པོ་ལྟ་བུ་སྤྱན་འདྲེན་པ་ལ་སྙན་གསན་དབབ་པ་ལ་སོགས་ཚུལ་དང་མཐུན་པར་བྱ་དགོས་ཏེ། དེ་ལྟར་མ་བྱས་ན་ཀོ་ལོང་དུ་འགྱུར་བ་ཡིན་ནོ། །འདིར་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་དེ་ལྟར་མཉེས་པར་དཀའ་བ་སྟེ་ཀོ་ལོང་ཅན་ལྟ་བུ་མ་ཡིན་ཡང་། དམ་ཚིག་གི་དཀྱིལ་འཁོར་གྱིས་སྲི་ཞུ་གུས་པའི་སྒོ་ནས་ཚུལ་མཐུན་ཞིང་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུར་གནས་སུ་བྱ་བའི་ཕྱིར་སྙན་གསན་ཕབ་ནས་སྤྱན་དྲང་བ་ཡིན་ནོ། །དེ་ནི་རུ་ལུ་ཞེས་པས་སྤྱིར་སྐུ་ལས་ཆོས་སྐུ། བྱེ་བྲག་དཀྱིལ་འཁོར་གྱི་ལྷ་ལས་རིགས་ལྔ་ཡབ་ཡུམ་དང་། རུ་ལུ་ཞེས་པས་ལོངས་སྐུའམ་གནས་ཡུལ་སྒོ་མ་དང་། རུ་ལུ་ཧཱུཾ་ཞེས་པས་སྤྲུལ་སྐུའམ་དབང་མོ་སྟེ། དེ་དག་ལ་སྙན་གསན་ཕབ་པས་ཆོས་སྐུའི་ངང་ལས་མ་གཡོས་བཞིན་དུ་གཟུགས་སྐུར་བཞེངས་པ་ཡང་ལོངས་སྐུར་ངེས་ཤིང་། དེ་ལས་ཀྱང་ཁྲོ་བོར་ངེས་ཏེ། སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཅི་འདྲ་བའི་རྣམ་པར་བཞེངས་པའོ། །གཉིས་པ་ནི་ལག་ལེན་དུ་ལེའུ་དགུ་པ་ལྟར། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །ལ་སོགས་དང་། འདིར་ཨེ་ཧྱེ་ཧི་ལ་སོགས་པས་དམ་ཚིག་གི་གནས་མེ་རི་འདབ་འབྱོར་གྱི་སར་སྤྱན་དྲང་ངོ་། །གསུམ་པ་ནི་ཨཱོྂ་བཛྲ་ས་མ་ཡ་ཧོ་ཞེས་པས་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་བཟང་ངན་དང་ཐ་དད་དུ་འཛིན་པའི་རྟོག་པ་དོར་ཞིང་། བཞི་པ་ནི་ཨཱོྂ་ཁྲོ་ལ་ཞེས་པ་ལ་སོགས་ཚིག་དང་ཨཱོཾ་བཛྲ་ཀྲོ་ཏ་ས་མ་ཡ་སྟྭཾ་གྱིས་སྐུ་གསུང་ཐུགས་ཀྱི་དམ་ཙིགས་བརྟན་པར་བྱས་ཤིང་། ཧོ་ཡིས་མཉེས་ནས། ཕཊ་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཐུགས་ཀ་ནས་ཕཊ་ནག་པོ་གྲངས་མེད་པ་འཕྲོས་པས། དམ་ཚིག་གི་དཀྱིལ་འཁོར་གྱི་ཐུགས་ཀར་ཐིམ་པས་སྣོད་དག་ཅིང་དངོས་གྲུབ་བསྐུལ་བའོ། །ལྔ་པ་ནི་དྲིན་གང་ཡོད་ན་འདས་མ་ཐག་གི་ཕཊ་ཀྱི་འོད་ཟེར་གྱིས་སྣོད་སྦྱངས་པའི་དྲིན་ནོ། །དེའི་ལན་དུ་ཨ་ལི་ཨུ་ལི་ལ་སོགས་ཀྱིས་འདོད་པའི་ཡོན་ཏན་གྱིས་མཆོད་བའོ། །དྲུག་པ་ནི་ཧཱུཾ་གིས་རིགས་ལྔ་ཡབ་ཡུམ་དང་། ཧ་ཡིས་གནས་ཀྱི་མ་མོ་དང་། ཧེ་ཡིས་ཡུལ་གྱི་ཕྲ་མེན་དང་། ཕཊ་ཀྱིས་ཡེ་ཤེས་ཀྱི་སྒོ་མ་དང་། ཤུགས་ལ་གནས་པ་བྷྱོ་ཡིས་དབང་མོ་རྣམས་ཆུ་ལ་ཆུ་ལྟར་དབྱེར་མེད་དུ་བསྟིམ་ཞིང་། རཾ་ཞེས་པ་དེ་དག་གི་སྐུ་ལ་མེ་རི་འབར་བར་བསམ་མོ། །དེ་དག་གི་སྟེང་དུ་ལག་ལེན་ལྟར་བརྟན་པར་བཞུགས་ཤིང་། གདུག་པ་ཅན་ཞལ་དུ་ཟ་བ་དང་། སྔོན་གྱི་དམ་ཚིག་བསྟན་པ་དང་། ཟིལ་གྱིས་མནན་པ་རྣམས་ཀྱང་བྱ་བ་ཡིན་ནོ། །དེའི་ཡོན་ཏན་ནི་ཞེས་བརྗོད་པས་ཞེས་པ་འདི་དག་གཞུང་གོང་འོག་བསྒྱུར་ཏེ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་དཀྱིལ་འཁོ་གྱི་ཚོགས་ཀྱིས་གང་བའི་སྐུ་ལ་མེ་རི་འབར། འབར་བས་ཚིག་པར་སེམས་སོ། །རྒྱུད་དོན་རྣམ་ངེས་ལས་ལེའུ་བཅུ་དྲུག་པའི་རྣམ་པར་བཤད་པའོ།། ༈ །།ལེའུ་བཅུ་བདུན་པའི་མངོན་རྟོགས་གོང་དུ་བླངས་ཟིན་ཏེ་རྟེན་གཞལ་ཡས་དང་བརྟེན་པ་ལྷ་གསལ་གདབ་པ་རྣམས་ཡིན་ནོ། །འབྲུ་ཅུང་ཟད་འཆད་དགོས་པ་རྣམས་ནི་འདི་ལྟར་གདན་གྱི་སྐབས་སུ་ཁྱུ་མཆོག་ཅེས་པ་ནི། པིན་ཏར་ལས། གདན་མཆོག་གདུལ་དཀའ་མི་འཇིགས་ཁྱུ་མཆོག་དང་། །ཞེས་པ་དང་། རྒྱུད་གཞན་ལས་ཀྱང་། མི་འཇིགས་བཞི་ལྡན་ཁྱུ་མཆོག་སྟེ། །ཞེས་པས་སེང་གེ་ལ་བཤད་དོ། །ཡུམ་ཉི་ཁྲི་ནས། ཁྱུ་མཆོག་གླང་པོ་ཆེའི་གནས་སུ་བཅའ་ཞེས་པས་གླང་པོ་ཆེར་བཤད་དོ། །བླ་མའི་གསུང་གིས་དེ་གཉིས་རོལ་པ་ལས་བྱུང་བར་བཤད་དོ། །དེ་ལྟར་གདན་འདི་རྣམས་མངོན་རྟོགས་ནས་ཇི་སྐད་དུ། ལྷ་ཆེན་པོ་རྣམས་ཀྱི་བཞོན་པ་ཕྲོགས་པའོ་ཞེས་པས། རྒྱལ་བྱེད་དཔའ་རྟགས་ཀྱི་སྟན་དུ་གསོལ་ལོ། །བརྟེན་པ་ལྷའི་གཙོ་བོ་ལ་བཞི་ལས། དང་པོ་དང་གཉིས་པ་གཞུང་བརྟག །གསུམ་པ་ནི་ཀོ་རློན་གོས་ནི་ཞེས་པ་རྟོག་པ་ལྷ་རྒྱུད་ལས། གླང་ཆེན་འདུལ་སྟོབས་ཐེག་པའི་རྒྱན། །སྟག་ནི་དཔའ་རྟུལ་ཟ་བྱེད་རྒྱན། །གཡང་གཞི་ཚུལ་ཁྲིམས་གོས་ཀྱི་རྒྱན། །ཞེས་པས་གོས་གསུམ་གྱོན་པའོ། །སྣ་ཚོགས་ཞེས་པས་བྱུག་པའི་རྒྱན་གསུམ་བསྡུ་སྟེ། དེ་ཉིད་ལས། རཀྟ་ཐུགས་རྗེ་ཆགས་པའི་རྒྱན། །ཐལ་བ་འདུལ་བྱེད་ཕྲིན་ལས་རྒྱན། །གཟི་ཆེན་དོན་དམ་བཅུད་ཀྱི་རྒྱན། །ཞེས་སོ། །རྔམས་པའི་ཞལ་ནས་ཧཱུཾ་ཧ་ཧེ་ཕཊ་ལ་སོགས་གཤེ་ཞིང་མྱུར་བ་བཞད་མོའི་སྒྲ་ཆེན་པོ་སྒྲོགས་པས་བདུད་དང་མུ་སྟེགས་ལ་སོགས་ལོག་པར་ལྟ་བ་ཐམས་ཅད་འཇིགས་པར་བྱེད་པ་ནི་གསུང་གི་མཛད་པའོ། །སྤྲུལ་ཞེས་པ། དེ་ཉིད་ལས། སྤྲུལ་པ་དཔལ་བརྗིད་གཉེན་ལྕུག་རྒྱན། །ཞེས་པ་སྟེ། དེ་ཡིས་དབུ་ལ་དཀྲིས་ཤིང་སྙན་ཆ་དང་། སེ་རལ་ཁ་དང་། དཔུང་རྒྱན་དང་། ཕྱག་ཞབས་ཀྱི་གདུབ་བུ་དང་། དོ་ཤལ་དང་། སྐུ་རགས་རྣམས་མཛད་པའོ། །དང་ཞེས་པ་གཞན་སྡུད་པའི་སྒྲ་ཀྲོ་ཏ་ཨན་ཛ་ནས་ཀྱང་བརྒྱན་ནོ། །ཐོད་ཕྲེང་ཞེས་པ་དུས་གསུམ་གྱི་སངས་རྒྱས་མཚོན་པའི་ཕྱིར་ཐོད་སྐམ་གྱི་དབུ་རྒྱན་དང་། ཐོད་ཚལ་ལམ་ར་རིའི་དཔུང་རྒྱན་དང་། ཐོད་རློན་གྱི་དོ་ཤལ་ལོ། །ཉི་ཟླའི་ཆས་ཞེས་པ་གསལ་བའི་རྒྱན་གཉིས་ཏེ་སྙན་གོང་ན་ཉི་ཟླའི་དཀྱིལ་འཁོར་སྟོང་འབྱེད་པའོ། །བཞི་པ་ནི་སྤྱིར་ཐབས་ཞགས་ནས་ཕྱག་མཚན་གྱི་རྣམ་གྲངས་བཅུ་གཅིག་ཏུ་བཤད་དེ། དེ་གང་ཞེ་ན། མཚོན་པ་རང་རྟགས་ཀྱི་དང་། ཐབས་དང་ཤེས་རབ་ཀྱི་དང་། དབྱིངས་དང་ཡེ་ཤེས་ཀྱི་དང་། རྒྱལ་བྱེད་དཔའ་རྟགས་ཀྱི་དང་། རྦོད་གཏོང་ཕྲ་མེན་གྱི་དང་། ཡིད་བཞིན་རེ་སྐོང་གི་དང་། ཐུགས་ཆུད་ཆོས་ཉིད་ཀྱི་དང་། རྟོག་འདུལ་ཐུགས་རྗེའི་དང་། མི་འཇིགས་སྲུང་བྱེད་ཀྱི་དང་། ཕྲིན་ལས་སྐུལ་བྱེད་ཀྱི་དང་། ཐུགས་ཡེ་ཤེས་རང་སྣང་གི་ཕྱག་མཚན་ལས། གཞུང་འདིར་བསྟན་པ་ནི་འགའ་ཞིག་གང་ཡིན་ཞིང་འགའ་ཞིག་གང་ཡིན་ཏེ། གཙོ་བོར་མཐའ་མ་ལེན་ནོ། །དེ་ཡང་། སྟོང་གི་འཇིག་རྟེན་ཁོར་ཡུག་བཅས། །ཞེས་པ་ནི་བཛྲ་ཧེ་རུ་ཀའི་གཡོན་མཐའ་མ་ནའོ། །རྡོ་རྗེ་ཞེས་པ་དེའི་གཡས་དང་པོ་ན་རྩེ་དགུ་པ་དང་། རིགས་ལྔ་ཆར་གྱི་གཡས་བར་མ་ན་རྩེ་ལྔ་པའོ། །དུང་ཆེན་གང་པ་ཞེས་པ་ནི་ཡབ་ལྔའི་གཡོན་བར་པ་དང་ཡུམ་ལྔའི་གཡོན་ནའོ། །རལ་གྲི་ཞེས་ཀརྨའི་གཡོན་མཐའ་ལ། དགྲ་སྟྭ་ནི་རཏྣའི་གཡོན་མཐའ་སྟེ། གཤོལ་ནི་པདྨའི་གཡོན་མཐའོ། །ལ་སོགས་ཞེས་པ་སོགས་ཁོངས་སུ་མང་པོ་སྡུད་དེ། བུདྡྷའི་གཡོན་མཐའ་ཏྲི་ཤུལ་དང་། གཞན་ཡང་ལྔ་ཆར་གྱི་གཡས་དང་པོ་འཁོར་ལོ་ལ་སོགས་རང་རྟགས་དང་། གཡས་མཐའ་མ་རྣམས་ཏི་ར་དང་། །གཡོན་དང་པོ་རྣམས་དྲིལ་བུ་དང་། །ཡུམ་རྣམས་ཀྱིས་གཡས་ཡབ་ལ་འཁྱུད་པས་ཁ་ཊྭཱཾ་འཛིན་པ་རྣམས་བསྡུས་པ་ཡིན་ནོ། །དེ་ལྟར་ཕྱག་མཚན་འདི་རྣམས་རྩ་རྒྱུད་འདི་དང་། བཤད་རྒྱུད་རྒྱས་པ་དང་རྡོ་རྗེ་མེ་ལོང་དང་བླ་མ་ལ་སོགས་རྣམས་ཅུང་ཟད་མི་མཐུན་པ་ཡོད་ཀྱང་། སྤྱིར་བདེ་བར་གཤེགས་པའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ལ་སོགས་གཅིག་ཁོ་ནར་མ་ངེས་པར་ཤེས་པར་བྱ་སྟེ། རྒྱལ་བའི་ཐུགས་རྗེ་དང་མཛད་པ་ལ་ཕྱོགས་རིས་མེད་ཅིང་གདུལ་བྱ་ལ་མོས་པ་ཐ་དད་ཡོད་པའི་ཕྱིར་རོ། །འོ་ན་གང་ཟག་གིས་ཉམས་སུ་བླང་དུ་མི་བཏུབ་པར་འགྱུར་ཏེ། གཅིག་ཏུ་མ་ངེས་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། རྒྱུད་གཞུང་རེ་རེའི་དབང་དུ་ངེས་པ་ཅན་དུ་གསུངས་པའི་ཕྱིར། གང་ཟག་གིས་དེ་ལྟར་ཉསམ་སུ་ལེན་པ་ཡིན་ནོ། །དེ་ལྟར་ཡེ་ཤེས་རང་སྣང་གི་མཚོན་བྱེད་དུ་ལག་ཆ་སྣ་ཚོགས་བསྣམས་ཤིང་། བཙུན་མོ་འཇིགས་པའི་ཚོགས་ཀྲོ་ཏི་ཤྭ་རི་ལྔ་དང་འཁྲིལ་བས་ལྷན་ཅིག་སྐྱེས་པའི་སྐུར་བཞུགས་པ་ནི་དབྱིངས་དང་ཡེ་ཤེས་ཀྱི་མཚོན་བྱེད་དོ། །གཉིས་པ་འཁོར་ནི། གནས་དང་ཞེས་པ་ནི་དུར་ཁྲོད་ཀྱི་གནས་བརྒྱད་དོ། །དེ་ལ་ཕྱི་ནང་གསང་བ་གསུམ་ལས། ཕྱིའི་ནི། བམ་བརྒྱད་ལས། བསིལ་བའི་ཚལ་དང་། སྐུ་ལ་རྫོགས་དང་། ཧེ་ཆེན་བརྡལ་དང་། ལྷུན་གྱིས་གྲུབ་དང་། གསང་ཆེན་རོལ་དང་། པདྨ་བརྩེགས་དང་། རྒྱུ་གཆོག་ཆེན་པོ་དང་། འཇིག་རྟེན་བརྩེགས་རྣམས་སོ། །ནང་གི་ནི་ལྷའི་དེད་དཔོན་མ་ཏང་ཀ་རུ་ཏྲ་བསྒྲལ་བའི་ཡན་ལག་བཞི། མགོ་དང་། སྙིང་ཁོག་པ་དང་བཅས་པ། ནང་རོལ་དང་། མཚན་མ་དང་བརྒྱད་ཕྱོགས་མཚམས་བརྒྱད་དུ་བཞག་པའོ། །གསང་བ་ནི་འགྲོ་བ་རྣམས་ཀྱི་རང་རང་གི་རྣམ་པར་ཤེས་པའི་ཚོགས་བརྒྱད་དེ། །ཡུལ་གྱི་ཞེས་པ་གོང་གི་དུར་ཁྲོད་བརྒྱད་ཀྱི་ཡོད་པ་སྟེ་འདི་ལྟར་མ་ག་དྷ་དང་། སིང་ག་ལ་དང་། ཁ་ཆེའི་དང་། སཱ་ལའི་དང་། ཨོ་རྒྱན་དང་། ཟ་ཧོར་དང་། བལ་པོའི་དང་། ལི་ཡུལ་རྣམས་ནི་ཕྱིའི་ཡིན་ལ། ནང་གི་ནི་དུར་ཁྲོད་དང་མཚུངས་ལ། གསང་བ་ནི་ཆོས་འདུས་བྱས་འདུས་མ་བྱས་ལ་སོགས་བརྒྱད་དོ། །དེ་ལྟར་ཡང་བ མ་བརྒྱད་བཞི་པ་ནས། དེ་ཡི་ལུས་སྙིང་མ་ག་ཏ། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །མ་མོ་ཆེན་མོ་ཀེའུ་རི་ཧ། །ཞེས་པ་ལ་སོགས་པས་ཤེས་སོ། །ཕྱག་རྒྱ་དང་ཞེས་པ་ནི་རྟེན་གོང་གི་གནས་ཡུལ་དེ་དག་ན་བརྟེན་པ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ནི་ཀེའུ་རི་དང་སིང་ཧ་ལ་སོགས་ལྷ་མོ་རྣམས་ཏེ། དེ་དག་གི་མཚན་དང་ཕྱག་མཚན་དང་སྐུ་མདོག་རྣམས་འཇིག་རྟེན་འདས་མདོ་ལྟར། ཀེའུ་རི་བན་དམན་བྱིས་དབྱུག་སྔོ། །ལ་སོགས་པ་རྣམས་ཀྱིས་ཤེས་པར་བྱའོ། །ཡང་ན་ཕྱག་རྒྱ་ཞེས་པ་ནི་ཕྱག་མཚན་འཛིན་ཚུལ་ཏེ། རྡོ་རྗེ་ལས། བྱིས་དབྱུག་མདའ་གཞུ་རྒྱལ་མཚན་དང་། །བྱིས་སྙིང་རྡོ་རྗེ་ཟ་ཏོག་ཚུལ། །ཞེས་པ་དང་། བླ་མ་ལས། དང་པོ་གནས་མའི་ཕྱག་རྒྱ་ནི། །སྟྭ་རེའི་དབྱུག་པ་གཡས་པ་ན། །བྷནྡྷ་རཀྟ་གཡོན་པ་ན། །ཐབས་ཀྱི་མདའ་དྲག་གཡས་པ་ན། །ཤེས་རབ་གཞུ་ཐོགས་གཡོན་པ་ན། །ཆུ་སྲིན་རྒྱལ་མཚན་གཡས་པ་ན། །བྷནྡྷ་རཀྟ་གཡོན་པ་ན། །རྡོ་རྗེ་རྩེ་ལྔ་སྡིགས་མཛུབ་མགོ་བཅད་གཡོན། །ཏི་ར་ཆེན་པོ། ཚེམས་ཀྱི་རྒྱུ་འདྲེན། རྩེ་གསུམ་འཁྲུགས་པ་གཡས། བྷནྡྷ་རཀྟ་གཡོན། ཙིཏྟ་ཕྱུང་བ་གཡས། ཏི་ར་ཆུང་དུ་གཡོན། བྷནྡྷ་བཅད་པ་གཡས་པ་ན། །ཏི་ར་མཆོག་ལུས་གཡོན་པ་ནའོ། །ཞེས་པ་དང་། ཡང་། ཡུལ་གྱི་ཕྲ་མེན་ཕྱག་རྒྱ་ནི། །ཕྱག་གཉིས་བསྣོལ་ནས་ཤིན་ཏུ་འགྱིང་། །ཏི་ར་ཆེན་པོ་སྤྲུག་ཅིང་གསོལ། །ཕྱག་གཉིས་གྱད་ཀྱི་དོར་ཐབས་ཀྱིས། །ཏི་ར་བསྒྱུར་ནས་འབྲུ་ཚུགས་ལྟ། །ཕྱག་གཉིས་ཏི་རའི་ནང་ཁྲོལ་འབྲུ། །ཕྱག་གཉིས་རོལ་པ་ཆེན་པོ་ཡིས། །ཏི་ར་ཕྱེད་མར་བཅད་ནས་གསོལ། །ཟངས་གྲི་དམར་པོ་གཡས་པ་ན། །རྒྱུ་ཞགས་དྲངས་ནས་གཡོན་དུ་འགོད། །ཏིར་ཆུང་སྟོད་སྨད་གཡས་གཡོན་ན། །རྔམས་པའི་ཚུལ་གྱིས་ཕྲག་ལ་ཁུར། །ཟངས་གྲི་དམར་པོ་གཡས་པ་ན། །བྷནྡྷ་རཀྟ་གཡོན་པ་ན། །རྡོ་རྗེ་ལྕགས་ཀྱུ་གཡས་པ་ན། །ཏིར་ཆུང་སྤྱིར་བཅོམ་གཡོན་པ་ནའོ། །ཞེས་སོ། །འོ་ན་གནས་མ་དང་ཡུལ་མའི་ཁྱད་པར་གང་ཞེ་ན། ཁ་ཅིག་བསིལ་བ་ཚལ་ལ་སོགས་པ་གོང་ལྟར་ལྷ་ཆེན་པོའི་ཡན་ལག་ལས་གྲུབ་པ་ལ་ནི་དུར་ཁྲོད་ཀྱི་གནས་ཞེས་བྱའོ། །དེ་ན་མཆོད་རྟེན་དང་ཤིང་དང་མེ་དང་ཆུ་དང་སྤྲིན་དང་ཞིང་སྐྱོང་ལ་སོགས་ཡོན་ཏན་རེ་རེ་ཡང་བརྒྱད་ཚན་བརྒྱད་དང་ལྡན་པར་གནས་པ་ལ་གནས་ཀྱི་མ་མོ་ཞེས་བྱ་སྟེ། ཀ་རཱི་ལ་སོགས་སོ། །མ་ག་དྷ་ལ་སོགས་པ་ཡུལ་བརྒྱད་ན་གནས་པའི་མ་མོ་ལ་ཡུལ་གྱི་ཕྲ་མེན་ཞེས་བྱ་སྟེ་སིང་ཧ་ལ་སོགས་སོ་ཟེར་རོ། །དེ་ལ་བླ་མའི་གསུང་གིས་ཡུལ་བརྒྱད་ན་དུར་ཁྲོད་བརྒྱད་ཡོད་པའི་ཕྱིར་མ་མོ་དང་ཕྲ་མེན་མ་གནས་གཅིག་ཏུ་གྱུར་པའི་སྐྱོན་ཡོད་པས་འཐད་པ་མ་ཡིན་ཞེས་དཔེར་བརྗོད་ཀྱང་མཛད་དོ། །འོ་ན་ཇི་ལྟར་ཞེ་ན་ཀུན་གཞི་ལ་སོགས་རང་རང་གི་རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་གྱུར་པའི་མ་མོ་ལ་གནས་ཀྱི་མ་མོ་ཞེས་བྱ་སྟེ་ཀ་རཱི་ལ་སོགས་པ་ཡིན་ལ། དེ་དག་གི་ཡུལ་ཆོས་འདུས་བྱས་འདུས་མ་བྱས་ལ་སོགས་པ་ཡུལ་བརྒྱད་གནས་སུ་གྱུར་པ་ལ་ཡུལ་གྱི་ཕྲ་མེན་ཞེས་བྱ་སྟེ་སིང་ཧ་ལ་སོགས་པའོ་ཞེས་གསུང་ངོ་། །འདི་ནི་ཕྱི་ཡུལ་དང་སྦྱར་ན་སྔ་མ་ལྟར་བདེ་སྟེ། བམ་བརྒྱད་ཀྱི་ལུང་གིས་ཤེས་སོ། །ནང་དོན་དུ་སྦྱར་ན་བླ་མའི་གསུང་སྒྲོས་ལྟར་བདེ་སྟེ། འདི་ཉིད་ལས། མཛོད་ལྡན་ཆེན་མོ་ལ་སོགས་པ། །ཞེས་རྣམ་ཤེས་ལ་སོགས་གནས་གྱུར་པར་བཤད་པའི་ཕྱིར་སྙམ་དུ་སེམས་སོ། །སྒོ་བཞི་ཞེས་པ་ནི་ཁྱམས་ནང་མའི་སྒོའོ། །ཕྱག་རྒྱ་ཞེས་པ་ནི་དེ་ན་གནས་པའི་ལྷ་མོ་སྟེ་རྟ་གདོང་སྔོན་མོ་ལྕགས་ཀྱུ་འཛིན་པ་ལ་སོགས་པའོ། །ཡང་ན་ཕྱག་མཚན་འཛིན་ཚུལ་ཏེ། དེ་ཉིད་ལས། རྡོ་རྗེ་ལྕགས་ཀྱུ་གཡས་པ་ན། །བྷནྡྷ་རཀྟ་གཡོན་པ་ན། །ལྕགས་ཀྱི་དྲིལ་ཞགས་གཡས་པ་ན། །བྷནྡྷ་རློན་པ་གཡོན་པ་ན། །ལྕགས་སྒོག་མེ་འབར་གཡས་པ་ན། །བྷནྡྷ་རློན་པ་གཡོན་པ་ན། །དྲིལ་བུ་ཐལ་བྱེད་གཡས་པ་ན། །བྷན་དྷ་རློན་པ་གཡོན་པ་ན། །ཞེས་སོ། །ལྷ་ཚོགས་དེ་རྣམས་ཀྱིས་བདག་པོའི་རྒྱན་དུ་རབ་ཏུ་མཛེས་པར་གནས་ཤིང་། གཞན་ཡང་དཔལ་གྱི་ཕོ་བྲང་སླས་པར་བྱེད་པ་དང་ཡུམ་ནི་མ་ཡིན་ལ་ཐབས་ཀྱིས་སྦྱོར་བས་བྱི་མོའི་ཚོགས་ཀྱི་ཡང་གཙོ་བོར་གྱུར་པ་སྟེ། བཅུ་ཕྲག་གཉིས་དང་བརྒྱད་དེ་ཉེར་བརྒྱད་ཀྱིས་ཡོངས་སུ་མཛེས་པར་བསྐོར་བའོ། །འཁོར་དེ་རྣམས་རང་རང་གི་གདན་ནི་གནས་ཡུལ་སྒོ་མ་རྣམས་ཀྱི་གདན་འཇིག་རྟེན་འདས་མདོ་ལྟར་ཤར་ནས་བརྩམས་ཏེ་རིམ་པ་ལྟར་དྲི་ཟ་དང་གཤིན་རྗེ་དང་ཉི་མ་དང་ཟླ་བའོ། །ཤར་ལྷོ་ནས་རིམ་བཞིན་མེ་ལྷ་བདེན་བྲལ་རླུང་ལྷ་དབང་ལྡན་ནོ། །དེ་བཞིན་ཕྲ་མེན་ཀྱང་ཁྱམས་ཤར་ནས་རིམ་བཞིན་དྲི་ཟ་གྲུལ་བུམ་ཡི་དྭགས་གནོད་སྦྱིན་དང་། མཚམས་བཞི་གོང་ལྟར་རོ། །སྒོ་མའི་ཡང་ཤར་ཕག་ཆེན། ལྷོ་སྲིན་ར་གདོང་། ནུབ་བུམ་སྣ། བྱང་གནོད་སྦྱིན་གསུས་ཆེན་ནོ། །ཡང་ན་མངོན་རྟོགས་ནས་ཁྲོ་མོ་ཉི་ཤུ་ལ་ཉི་དཀྱིལ་ཏེ་སྟེང་དུ་ཞིང་རློན་པ་དང་། དབང་མོ་རྣམས་ཞིང་སྐམ་པོ་དང་ཆས་བཤད་དོ། །ལག་ཆ་དང་ཞེས་པ་དབང་མོའི་ཕྱག་མཚན་ཏེ། འདས་མདོ་ལས། སྲིན་མོ་སྨུག་ནག་རྡོ་རྗེ་ཐོད་རློན་འཛིན། །ཞེས་པ་ལ་སོགས་ཏེ་ཤེས་པར་ཟད་དོ། །ལས་ཅི་བགྱི་ཞེས་ནི་ཆས་ཏེ་ཁྱམས་ཕྱི་མ་ལ་གནས་པའོ། །རྒྱུད་དོན་རྣམ་ངེས་ལས་ལེའུ་བཅུ་བདུན་པའི་རྣམ་པར་བཤད་པའོ།། ༈ །།ལེའུ་བཅོ་བརྒྱད་པ་ནི་ཞི་ཁྲོ་གཉིས་ཆར་ཐུན་མོང་པ་སྟེ། མངོན་པར་རྟོགས་པའི་དབང་དུ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ལས་པཱུ་ཛ་ལས་ཀྱི་རིམ་པའོ། །དེ་ལ་བཅོ་ལྔ་ལས་སྒྲོལ་སྦྱོར་ནི་རྒྱས་པར་ལེའུ་བཅུ་གཅིག་པ་ལྟར་ལ། འདིར་ནི་དེ་ལ་ཞེས་པ་གང་ལ་མཆོད་པའི་ཡུལ་དཀྱིལ་འཁོར་གཉིས་སོ། །མཆོད་ཅེས་པ་ནི་གང་རྒྱལ་བ་མཉེས་པར་བྱེད་པ་ཅིག་ཡིན་ཏེ། དེ་མདོར་བསྡུ་ན་གསུམ་སྟེ། ཡོན་ཆབ་བདུག་སྤོས་ལ་སོགས་ཐུན་མོང་ཕྱིའི་དང་། འདོད་པའི་ཡོན་ཏན་ལ་སོགས་ཁྱད་པར་ནང་གི་དང་། ཏན་གན་ལ་སོགས་གསང་བ་རྨད་དུ་བྱུང་བའི་མཆོད་པའོ། །སྦྱིན་ཞེས་པ་གོང་མ་དག་གིས་གཙོ་བོར་དཀྱིལ་འཁོར་གྱི་ལྷ་ཚོགས་མཆོད་ཅིང་ཞོར་ལ་འཁོར་གྱི་མཁའ་འགྲོ་ལའང་སྦྱིན་པའོ། །དམ་པ་ཞེས་པ་ནང་དང་གསང་བའི་མཆོད་པ་ནི་ཀུན་གྱི་ཡུལ་མ་ཡིན་པས་སོ། དེ་ལས་ཀྱང་གསང་བ་གཙོ་བོར་སྟོན་པ་སྟེ་ཐོག་མར་ཞེས་པ་ཏན་གན་གཉིས་ཀྱི་སྔོན་དུ་འགྲོ་བའོ། །དེ་གང་ཞེ་ན་འབྲུ་བསྒྱུར་ཏེ་འོག་ནས་རྟོགས་གོམས་ཞེས་པ་སྟེ་དེ་ཡང་རྟོགས་པ་ནི་རྒྱུ་ཤེས་པའི་ལྟ་བ་ཡིན་ལ། གོམས་པ་ནི་རྐྱེན་འཇུག་པའི་ཏིང་ངེ་འཛིན་ནོ། །དེ་གཉིས་དང་ལྡན་པས་གང་བསྒྲལ་ན་གོང་ནས་བདག་ཉིད་ཅེས་པ་བདག་གི་མ་རིག་པ་དང་ལོག་རྟོག་གོ། །དེ་ལྟར་གོང་གི་རྟོགས་གོམས་གཉིས་ཀྱི་བློས་མ་རིག་པ་རྣམ་པར་དག་པ་ནི་རང་དོན་དུ་རྟོགས་པས་བདག་བསྒྲལ་བ་ཡིན་ལ། རྟོགས་པས་བདག་བསྒྲལ་བ་དེ་ནས་གཞན་དོན་དུ་ཐུགས་རྗེས་གཞན་བསྒྲལ་བ་ནི་གང་ཞེ་ན། གཉིས་ཞེས་པ་བསྒྲལ་བྱ་གཟུང་ཡུལ་དང་སྒྲོལ་བའི་བློ་འཛིན་པའི་སེམས་ཏེ། མེད་ཅེས་པ་གཟུང་འཛིན་གཉིས་ཆོས་ཉིད་དེ་བཞིན་ཉིད་དུ་རྟོགས་པའོ། །བློ་དེ་ཡིས་ནི་གང་བསྒྲལ་ན་བློ་ངན་ཞེས་པ་མི་ཤེས་པའི་འཆིང་བས་རྒྱུད་བཅིངས་པ་ཐམས་ཅད་དོ། །དེའི་འབྲས་བུ་འཇིག་རྟེན་ཞེས་པ་སེམས་ཅན་ལས་ངན་པ་ལ་སྤྱོད་པའི་ཞིང་བཅུ་སྟེ་ལེའུ་བཅུ་གཅིག་པར་བསྟན་ནོ། །གང་གིས་ཕྱིར་ན་སྙིང་རེ་རྗེ་ཞེས་པ་འབྲས་བུ་སྡུག་བསྔལ་ཉམས་སུ་མྱོང་བ་དེ་རྒྱུན་གཅད་པའི་ཕྱིར་རོ། །ཇི་ལྟར་ན་གཉིས་སུ་མེད་པར་ཞེས་པས་ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་སམ། ཡང་ན་ཡབ་ཡུམ་ཐབས་ཤེས་རབ་གཉིས་མེད་ཀྱི་མཁའ་དབྱིངས་སུ་བསྒྲལ་བར་བྱའོ། །འདི་ལྟར་སྒྲོལ་བ་ལ་ལེ་ལག་ལྟར་རྣམ་གྲངས་ལྔ་པོ་རེ་རེ་ཡང་སྒེག་པའི་གཞུང་ལས། བྱེད་པའི་ཚིག་ལྔར་ཤེས་པར་བྱ། །ཞེས་པས། བྱེད་ཚིག་ལྔ་ལྔ་དང་སྦྱར་བར་བྱ་སྟེ། དང་པོ་རང་བཞིན་གྱི་སྒྲོལ་བ་ལ་ཡང་། གང་བསྒྲལ་ན་མ་རིག་པས་ཕྱིན་ཅི་ལོག་ཏུ་འཛིན་པའི་བློའོ། །གང་གིས་ན་ཆོས་ཉིད་ཇི་བཞིན་པ་རྟོགས་པ་དེས་སོ། །ཇི་ལྟར་ན་ཤེས་རབ་གསུམ་དང་མ་བྲལ་བས་སོ། །དེའི་དགོས་པ་ནི་ཆོས་ཉིད་མངོན་དུ་བྱས་པས་མཐར་ཐུག་གི་བདེ་བ་ཐོབ་པའི་ཆེད་དོ། །དཔེ་ནི་ཉི་མས་མུན་པ་བསལ་བ་ལྟ་བུའོ། །གཉིས་པ་དབང་པོ་ཡུལ་དུས་ཀྱི་ལ་ཡང་། གང་ན། སྤྱོད་ཡུལ་འདི་དག་ལ་རང་རྒྱུད་དུ་ཞེན་པའི་རྟོག་པའོ། །གང་གིས་ན་བསྐྱེད་རིམ་ལ་གོམས་ཤིང་འཇུག་པའི་གང་ཟག་གིས་སོ། །ཇི་ལྟར་ན། རྟོག་པ་ལྷར་སྤྲད་དེ་དེར་ཤེས་པའི་ལམ་བརླབས་ནས་སོ། །དགོས་པ་ནི་ལྷར་གསལ་བས་རྟོག་ཚོགས་རྣམ་པར་དག་ཅིང་དེ་ཉིད་དེ་བཞིན་དུ་དག་པས་དོན་དམ་མངོན་དུ་གྱུར་པའི་ཆེད་དོ། །དཔེ་རྒྱལ་བུ་རྒྱལ་སར་བཏོན་པ་ལྟ་བུའོ། །གསུམ་པ་ཏིང་ངེ་འཛིན་གྱི་ལ་ཡང་། གང་ན། ལོག་པའི་རྣམ་རྟོག་མཐའ་དག་གོ། །གང་གིས་ན། མཚན་བཅས་མཚན་མེད་གང་ཡིན་ཡང་རྩེ་གཅིག་ཏུ་གནས་པའི་སེམས་ཀྱིས་སོ། །ཇི་ལྟར་ན་རིག་པ་བསྲང་དུ་འཛུད་པའི་གནད་ཤེས་པའི་ཐབས་ཀྱིས་སོ། །དགོས་པ་ནི་སེམས་ལ་དབང་ཐོབ་པས་ལམ་རྟགས་མངོན་དུ་གྱུར་པའི་ཆེད་དོ། །དཔེ་ནི་མཁའ་ལ་བྱ་དང་ཆུ་ལ་ཉ་ཡིས་དབང་ཐོབ་པ་ལྟ་བུའོ། །བཞི་པ་ཐབས་ཆེན་པོའི་ལ་ཡང་། གང་ན། རུ་དྲ་འཁོར་བཅས་སོ། །གང་གིས་ན་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱིས་སོ། །ཇི་ལྟར་ན། ཡུལ་དང་མཐུན་པར་གཙོ་བོ་བསྒྲལ་ཞིང་འཁོར་དམ་ལ་བཏགས་ནས་སོ། །དགོས་པ་ནི། དྲག་པོའི་ཕྲིན་ལས་མཐར་ཕྱིན་པའི་ཆེད་དོ། །དཔེ་ནི་དཔའ་བོས་དགྲ་ཐུལ་བ་ལྟ་བུའོ། །མཐའ་མ་མངོན་དུ་བྱུང་བ་ལ་ཡང་། གང་ན། ཞིང་བཅུའོ། །གང་གིས་ན། རྟོགས་གོམས་ཀྱི་བློ་དང་ལྡན་པས་གསད་གསོའི་གྲུབ་པ་བརྙེས་པས་སོ། །ཇི་ལྟར་ན། ལེའུ་བཅུ་གཅིག་པའི་ཐབས་ལྟར་རོ། །དགོས་པ་ནི། དེའི་སྡུག་བསྔལ་ཡུན་ཐུང་བྱང་ཆུབ་ཀྱི་སེམས་འཕེལ་གསང་སྔགས་ཀྱི་སྤྱོད་པ་མཐར་ཕྱིན་པ་ལ་སོགས་པའི་ཆེད་དོ། །དཔེ་ནི་བཤན་པའི་ལག་པ་ལྟར་རོ། །སྦྱོར་བ་ནི་གཞུང་བརྟགས་ཏེ་དེ་ལྔ་ལ་ཡང་གོང་བཞིན་ལྔ་ལྔ་སྟེ། དང་པོ་རང་བཞིན་གྱི་སྦྱོར་བ་ནི་གང་ལ་ན་ཡེ་ནས་གནས་པ་ཆོས་ཉིད་ལའོ། །གང་གིས་ན་དེ་རྟོགས་པར་ནུས་པའི་བློ་དབང་པོ་རྣོན་པོ་དེས་སོ། །ཇི་ལྟར་ན་ཤེས་འཇུག་གི་ལམ་གྱི་མཚན་ཉིད་ཀྱིས་སོ། །དགོས་པ་ནི་འཁྲུལ་པས་བཅིངས་པ་ལས་གྲོལ་ནས་ཟག་མེད་ཀྱི་བདེ་བ་ཐོབ་པ་ཡིས་སོ། །དཔེ་ནི་སྔར་འདྲིས་ཀྱི་མི་ཕྱིས་ཤེས་པ་ལྟ་བུའོ། །གཉིས་པ་དབང་པོ་ཡུལ་དུས་ཀྱི་ལ་ཡང་། གང་ལ་ན། རྟོག་ཚོགས་ཇི་སྙེད་པ་རྣམས་ལའོ། །གང་གིས་ན་དེ་སྐུ་དང་ཡེ་ཤེས་སུ་རྟོགས་པའམ་བསྒོམས་པའི་བློ་ཡིས་སོ། །ཇི་ལྟར་ཆོ་ག་ཡན་ལག་གི ས་མཚན་བཅས་ལྷའི་རྣལ་འབྱོར་དུ་གསལ་བས་སོ། །དགོས་པ་ནི་ཐ་མལ་གྱི་རྟོག་པ་དག་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བློ་འབྱོངས་པ་ཡིས་སོ། །དཔེ་ནི་གསེར་འགྱུར་གྱི་རྩི་ལྟ་བུའོ། །གསུམ་པ་ཏིང་ངེ་འཛིན་གྱི་ལ་ཡང་། གང་ལ་ན། ལྷ་མོ་ཞེས་འོད་ཀྱི་ཡུམ་ལའོ། །གང་གིས་ན་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པས་སོ། །ཇི་ལྟར་ན་རང་ལུས་ཐབས་དང་ལྡན་པས་ལུས་སེམས་བདེ་བས་རྒྱས་པར་རོ། །དགོས་པ་ནི་ཁ་སྦྱོར་ལ་ལྟོས་མི་དགོས་པར་སྣང་སྤྱོད་བདེ་བའི་རང་གཟུགས་སུ་འཆར་བའོ། །དཔེ་ནི་རྨི་ལམ་གྱི་འགྲོ་བ་བཟང་མོ་ལྟ་བུའོ། །བཞི་པ་ཐབས་ཆེན་པོའི་ལ་ཡང་། གང་ལ་ན་རུ་དྲའི་ཆུང་མ་ཀྲོ་ཏི་ཤྭ་རི་ལའོ། །གང་གིས་ན་ཕྱག་རྒྱ་ཆེན་པོའི་ཁྲོ་བོར་སྣང་བའི་དཔལ་ཆེན་པོས་སོ། །ཇི་ལྟར་ན་མི་རྟོག་པའི་ཚད་པའི་གདུངས་པ་བསལ་ནས་ཡེ་ཤེས་ཀྱི་སྤྲུལ་པ་ཞགས་པའོ། །དགོས་པ་ནི་རྒྱལ་བའི་མཛད་པ་ལྷུན་གྱིས་གྲུབ་པ་ཡིས་སོ། །དཔེ་ནི་ཙནྡན་དང་སྦྲུལ་ལྟ་བུའོ། །མཐའ་མ་མངོན་དུ་བྱུང་བའི་ལ་ཡང་། གང་ལ་ན་རིགས་ངན་མོ་ཞེས་པ་ཟག་བཅས་ཀྱི་ཡུམ་ལའོ། །གང་གིས་ན་འདོད་ཆགས་ཅན་གྱི་གང་ཟག་སྟེང་སྒོ་ལས་སུ་རུང་བས་སོ། །ཇི་ལྟར་ན་སྦྱོར་བའི་དུས་ཀྱི་བསྙེན་སྒྲུབ་བཞིས་དབབ་བཟུང་ལྡོག་དགྲམ་ལ་བསླབས་པས་ལྷན་སྐྱེས་མངོན་དུ་བྱེད་པའོ། །དགོས་པ་ནི་འདོད་ཆགས་ལམ་དུ་སློངས་པས་ཐ་མལ་གྱིས་བཅིངས་པ་ལས་གྲོལ་བ་ཡིས་སོ། །དཔེ་ནི་རྨ་བྱ་དུག་གིས་འཚོ་བ་ལྟ་བུའོ། །དེ་ལྟར་ལེའུ་འདིར་བསྟན་པའི་སྦྱོར་སྒྲོལ་འདི་དག་དངོས་སུ་མངོན་དུ་བྱུང་བ་ཡིན་ཞིང་དེའི་ཆ་རྐྱེན་དུ་དགོས་པའི་ཕྱིར་རང་བཞིན་དང་ཏིང་ངེ་འཛིན་གྱི་ཡང་ཡིན་ནོ། །འདི་སྤྱད་པར་མི་འཐད་པའི་སྐྱོན་ལེའུ་བཅུ་གཅིག་པར་སྤངས་ཟིན་ཏོ། །འོ་ན་ལེའུ་བཅུ་གཅིག་པ་དང་ཟློས་སོ་ཞེ་ན། ཁ་ཅིག་གོང་མ་མངོན་དུ་ཕྱུང་བ་ཡིན་ཞིང་། འདི་ཏིང་ངེ་འཛིན་གྱི་ཡིན་པས་མི་ཟློས་ཟེར་རོ། །ཡང་ཁ་ཅིག་གོང་མ་སྤྱོད་པ་ཡིན་ལ་འདི་མཆོད་པ་ཡིན་པས་མི་ཟློས་ཟེར་ཏེ། དེ་གཉིས་ཀ་མ་ངེས་པར་སེམས་ཏེ། གོང་མ་ཡང་མཆོད་པར་འགྱུར་ཞིང་འདིར་ཡང་མངོན་དུ་ཕྱུང་བར་བཞེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། གོང་མ་ཚོགས་སྒྲུབ་ཀྱི་དུས་སུ་ཉམས་སུ་བླང་བྱར་གསུངས་པས་ལམ་གྱི་ངོ་བོ་ཡིན་ཞིང་། འདི་མཆོད་པའི་སྐབས་ཡིན་པས་ལམ་གྱི་ཆ་རྐྱེན་དུ་འཐད་པར་སེམས་སོ། །གཏི་མུག་དམ་རྫས་ཀྱི་མཆོད་པ་ནི་མཉམ་པའི་ཞེས་པ་རྫས་ལྔ་ལ་གཙང་རྨེ་ཐ་དད་དུ་འཛིན་པ་དག་པའོ། །གྲུབ་རྫས་ཞེས་པ་དམ་རྫས་ལྔ་ལ་གྲུབ་པ་བཞི་སྟེ། ཆོས་ཉིད་རང་བཞིན་གྱིས་དང་། རང་གི་ངོ་བོས་དང་། མཐུ་ཡིས་དང་། བྱིན་གྱིས་བརླབས་ཀྱིས་གྲུབ་པའོ། །དང་པོ་ཐལ་རྒྱུད་ལས། དངོས་པོ་མ་ལུས་སེམས་ཉིད་ཕྱིར། །མཚན་ཉིད་བྲལ་བ་ཆོས་ཀྱི་དབྱིངས། །ཞེས་སོ། །གཉིས་པ་ཡང་། དེ་ཉིད་ལས། རང་བཞིན་མེད་པའི་ཡེ་ཤེས་ལྔ། །བྱེད་པ་མེད་པར་སྣང་བའོ། །ཞེས་པའོ། །གསུམ་པ་ཡང་། ཤེས་རབ་ཏིང་འཛིན་ཐབས་དག་གིས། །ནུས་མཐུ་ངེས་པར་འབྱུང་བར་འགྱུར། །ཞེས་པའོ། །མཐའ་མ་ནི། འདི་ལྟའི་ལམ་ལ་གང་གནས་པ། །ཕྱོགས་དུས་ཀུན་ནས་བྱིན་གྱིས་རློབས། །ཞེས་གསུངས་པའི་ཕྱིར་རོ། །འདོད་ཡོན་གྱི་གཞུང་བརྟགས་ལ། དེ་ནས་མངོན་རྟོགས་ཀྱི་དབང་དུ་མཆོད་བཤགས་བྱ་ཞིང་སྨོན་ལམ་གདབ་པ་ཡང་འདིར་དོན་གྱིས་ཤེས་པར་བྱས་ནས་ལས་ཀྱི་རིམ་པ་དེ་དག་གི་དངོས་གཞི་བསྟན་པའོ། །རྒྱུད་དོན་རྣམ་ངེས་ལས་ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པའོ།། ༈ །།ལེའུ་བཅུ་དགུ་པ་འདི་ཡང་ཞི་ཁྲོ་གཉིས་ཀར་ཐུན་མོང་བ་སྟེ། ལམ་འདི་ཉམས་སུ་ལེན་པའི་བསྲུང་བྱ་དམ་ཚིག་གོ། །དེ་ལ་གཞུང་དོན་བདུན་ལས། དང་པོ་ཆེ་བ་མདོར་བསྟན་པ་ནི། ཚིག་བསྒྱུར་ཏེ་འོག་ནས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པས་འདུལ་བའི་གདུལ་བྱ་དག་གི་ཉོན་མོངས་པའི་དབང་གིས་ཉན་ཐོས་ཀྱི་ཐེག་པ་ལ་གཉེན་པོ་ཚུལ་ཁྲིམས་བསྲུང་བ་དང་། ཡང་འབྲུ་བསྒྱུར་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་སྡོམ་པ་དང་དེ་ལ་སོགས་པ་གདུལ་བྱ་ཇི་སྙེད་པ་ལ་བསྲུང་བྱ་མཐའ་ཡས་པ་རྣམས། གོང་ནས་བླ་ན་མེད་པ་ཐེག་པའི་མཆོག་རྡོ་རྗེའི་ཐེག་པ་འདིའི་དམ་ཚིག་གི་ནང་དུ་ཡང་འོག་ནས་ཐེག་པ་འོག་མའི་བསྲུང་བྱ་དེ་དག་མ་ལུས་པ་ཀུན་འདུས་ཤིང་མ་གོས་པས་རྣམ་པར་དག་པ་ཡིན་ཏེ། ཡང་གོང་ནས་རིགས་ཀྱི་སྤྱི་དམ་ཚིག་འདིར་བསྲུང་བྱ་རྣམས་ཕུན་སུམ་ཚོགས་པའི་ཕྱིར། དཔེར་ན་སོར་མོ་ལྔའི་ཚོགས་པ་གྲུབ་ན་བྱེ་བྲག་མཐེ་བོང་གྲུབ་པ་བཞིན་ནོ་ཞེས་བཀོད་པ་ལ། ཁ་ཅིག་དེ་ལྟར་མ་གྲུབ་སྟེ། འདིའི་སྤྱད་པར་བྱ་བའི་དམ་ཚིག་ཏན་གན་ལ་སོགས་པ་ནི་ཉོན་མོངས་པ་མི་སྤོང་བ་ཡིན་ལ། དེ་འོག་མའི་བསྲུང་བྱ་དང་འགལ་བ་ཡིན་པའི་ཕྱིར་ཞེ་ན། ཐེག་པ་འདི་ལ་ལྟོས་ནས་འགལ་བར་མ་གྲུབ་སྟེ། ཡང་གོང་ནས། འདོད་ཆགས་ལ་སོགས་ཉོན་མོངས་པ་དང་མཚམས་མེད་ལ་སོགས་ལས་ངན་པ་རྣམས་ཀུན་ལ་སྤྱོད་ཀྱང་། འབྲུ་འོག་མ་བླང་སྟེ་མི་སོགས་ཞེས་པ་ནི་མི་གོས་པ་སྟེ། དེའི་རྒྱུ་མཚན་ནི་གོང་ནས་བླ་ན་མེད་པ་རྡོ་རྗེའི་ཐེག་པར་བློ་རབ་ཏུ་ངེས་པས་དོན་རྟོགས་ན། ཡང་འོག་ནས། ལས་ཉོན་ལ་སྤྱད་པར་བྱས་ཀྱང་དོན་ལ་དེ་ཉིད་མ་གྲུབ་པར་རྟོགས་པའི་ཕྱིར་དཔེར་ན་སྒྱུ་མ་བཞིན་ནོ། །དེས་ན་ཡང་འོག་ནས་ཚུལ་ཁྲིམས་ཞེས་པ་འདིས་ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དག་པ་རྟོགས་པ་ནི་ཡང་དག་པའི་ཚུལ་ཁྲིམས་ཡིན་ཏེ། འདི་ལྟར་ལས་དང་ཉོན་མོངས་པ་ལ་སྤྱད་ཀྱང་མ་གོས་པས་སྡོམ་པའི་དང་། དེས་དོན་ཕྲ་བ་ཡང་མི་འདོར་བས་སེམས་ཅན་དོན་བྱེད་ཀྱི་དང་། སྒོ་གསུམ་ཕྱག་རྒྱ་ཆེན་པོ་ལས་མི་ཡེངས་པས་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སོ། །སྡོམ་པ་ཞེས་པ་དེས་སོགས་བསྲུང་བྱ་མཐའ་དག་འདིར་འདུས་པའི་ཕྱིར། ཡང་གོང་ནས། བསྲུང་བྱ་དེ་དག་ཏུ་མ་འགགས་པ་བསོད་ནམས་དང་། དེར་མ་གྲུབ་པ་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་སྟེ་དེའི་ཕྱིར་དམ་ཚིག་གི་ཆེ་བ་ཡིན་ནོ། །དེ་རྒྱས་པ་ལ་བཞི་ལས། དང་པོ་ནི། ཡོད་ཅེས་པ་མུ་སྟེགས་ཀྱི་རྟག་དངོས་དང་། ཉན་རང་གི་ཆོས་བདག་དང་། སེམས་ཙམ་པའི་རང་རིག་བདེན་དངོས་ལ་སོགས་ཡོད་པའི་མཐའ་དང་། མེད་ཅེས་པ་མུ་སྟེགས་ཀྱི་ཆད་མཐའ་དང་། དབུ་མ་རྒྱུན་ཆད་ཀྱི་སྟོང་ཉིད་ལ་སོགས་མེད་པའི་མཐའ་དང་། དབུ་མ་ཞེས་པ་དེ་གཉིས་ཀ་དང་བྲལ་བའི་དབུ་མའང་མི་དམིགས་ཤིང་མ་གྲུབ་སྟེ། ལྟོས་ས་ཡོད་མེད་ཀྱི་མཐའ་གཉིས་མ་གྲུབ་པའི་ཕྱིར། དཔེར་ན་ཆུ་ཕར་ཀ་མེད་ན་ཚུར་ཀ་ཡང་མེད་པ་བཞིན་ནོ། །དེ་ལྟར་ཆོས་ཐམས་ཅད་མཐའ་བྲལ་དུ་རྟོགས་པའི་དོན་ཏ་ནའི་དམ་ཚིག་ལ་སྤྱད་ཀྱང་། ཚིག་བསྒྱུར་ཏེ་གཉིས་ཀྱི་འོག་ནས་དོན་ལ་གཅད་བྱ་སྲོག་དང་གཅོད་བྱེད་སྐྱེས་བུ་གཉིས་ཆོས་ཅན། གོང་གི་ཚིག་གི་འབྲུ་བསྒྱུར་ལ། ཐ་སྙད་དུ་སྲོག་ཏུ་བཏགས་ཀྱང་དོན་ལ་གཅད་དུ་མེད་པ་ཡིན་ཏེ། དོན་ལ་སྲོག་མེད་ཅིང་། ཡང་འོག་ནས། སྲོག་དང་སྐྱེས་བུར་འཛིན་པ་ནི་ལོག་རྟོག་འཁྲུལ་ངོ་ཙམ་ཡིན་པའི་ཕྱིར། མཐུན་དཔེ་ནི་གོང་ནས་སྒྱུ་མར་སྣང་བའི་སེམས་ཅན་གྱི་སྲོག་མིག་ཡོར་ལྟ་བུའི་སྐྱེས་བུས་བཅད་པའི་ཚུལ་བཞིན་ནོ། །ཡང་དེ་དག་གདམས་ངག་གི་དབང་དུ་བཤད་ན་འདིར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་སྲོག་གཅད་བྱ་དང་གཅོད་བྱེད་གཉིས་སུ་འཛིན་པའི་འཁྲུལ་པ་དང་། དེ་དག་པས་རང་དབང་མེད་པའི་སྐྱེ་བ་ཁེགས། དེ་ཁེགས་པས་འཆི་བ་དང་བྲལ་བ་ནི་སྲོག་གཅོད་པའི་དམ་ཚིག་ཡང་དག་པ་ཡིན་པར་སེམས་སོ། །གཉིས་པ་བདེན་པ་གཉིས་ཀ་ཞེས་པ་མ་བྱིན་པར་བླང་བྱ་ལེན་བྱེད་གཉིས་དོན་དམ་གྱི་ངོས་ནས་བློའི་ཡུལ་ཙམ་དུ་ཡང་མ་གྲུབ་པའི་ཕྱིར་དང་། ཀུན་རྫོབ་ཀྱི་ངོས་ནས་བླང་བྱ་ལེན་བྱེད་གཉིས་ཀ་ངོ་བོ་ཉིད་ཀྱིས་སྟོངས་པའི་ཕྱིར་དབྱེར་མེད་པ་སྟེ། ཚིག་བསྒྱུར་ཏེ་གཉིས་ཀྱི་འོག་ནས། །དེ་ལྟར་རྟོགས་ན་ཅི་བླངས་ཀྱང་དོན་ལ་བླངས་པ་མེད་དེ། དེའི་གོང་ནས། བདག་པོ་གཞན་དང་དེའི་རྫས་མ་བྱིན་པར་བླངས་པ་གཉིས་མེད་པའི་ཕྱིར་རོ། །དེར་མ་གྲུབ་ཅེ་ན། ཡང་འོག་ནས། བདག་པོ་གཞན་དང་དེའི་རྫས་མ་བྱིན་པར་བླངས་པ་གཉིས་མེད་དེ། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་དབྱིངས་སུ་གཅིག་པར་རྟོགས་པའི་ཕྱིར། མཐུན་དཔེ་ནི་གོང་ནས་འཕྲུལ་དགའི་ལོངས་སྤྱོད་རང་ལས་སྤྲུལ་ཞིང་རང་གིས་ལོངས་སྤྱོད་པའི་ཚུལ་བཞིན་ཏེ་ཐ་དད་པ་མིན་ནོ། །གསུམ་པ་ནི་ཆོས་རྣམས་ཞེས་པ་རང་གི་མཚན་ཉིད་འཛིན་པ་ཐམས་ཅད། འོག་ནས་དེ་དག་ལ་འདོད་ཞེན་གྱིས་མིང་དང་ཚིག་ཐ་དད་དུ་བརྟགས་ཤིང་སྤྱད་པས་ཐམས་ཅད་བརྫུན་འབའ་ཞིག་ཡིན་ཏེ། བདེན་པའི་རང་བཞིན་ལོགས་སུ་མ་གྲུབ་པའི་ཕྱིར་རོ། །མཐུན་དཔེ་གོང་ནས་སྒྱུ་མ་ལྟ་བུའོ། །དང་ཞེས་པ་མི་བདེན་པའི་དཔེ་གཞན་ཡང་རྨི་ལམ་ལ་སོགས་པའོ། །དེས་ན་འོག་ནས། བདེན་པས་སྟོང་པ་ངོ་བོ་ཉིད་ཀྱི་བརྫུན་ཉིད་ལ་ནི་ཡོད་ལས་མེད་སྨྲ་ལ་སོགས་ལོག་པའི་བརྫུན་གྱིས་སྤྱོད་པའི་ཕྱིར། བརྫུས་ཞེས་ཐ་སྙད་དུ་བཏགས་པ་ཙམ་ལས་ཡང་དག་པར་ན་ཡོད་པ་མ་ཡིན་ནོ། །ཐ་མ་ནི་མ་ཆགས་པ་ལ་ཞེས་པ་ཡང་དག་གི་དོན་ལ་ཆགས་མཁན་དང་ཆགས་ཡུལ་གཉིས་མེད་པས་སོ། །ཆགས་པ་དང་ཞེས་པ་དེ་མ་རྟོགས་ཏེ་འཁྲུལ་ངོ་ན་གཉིས་སུ་སྣང་པས་སོ། །དེ་ལྟར་ཆགས་པའི་དུས་ཉིད་ན་མ་གྲུབ་པར་རྟོགས་པས་ཆགས་པའི་ཡུལ་དང་ཡུལ་ཅན་གཉིས་མེད་པའོ། །དེ་ལྟར་རྟོགས་པ་ནི་སྤྱད་ཀྱང་མ་ཞེན་པས་ཚངས་པར་སྤྱོད་པའི་མཆོག་ཡིན་ཞིང་། ཐབས་ཀྱིས་ཟིན་པས་སྤྱད་ཀྱང་ཐ་མལ་གྱི་འདོད་ཆགས་ལ་དབང་སྒྱུར་བའི་ཕྱིར་རྒྱལ་པོ་སྟེ། དེ་ལྟར་དབྱེར་མེད་ཀྱི་དོན་ལ་ཤིན་ཏུ་ཆགས་པས་ཡང་དག་པའི་དོན་དང་འདུ་འབྲལ་མེད་པའི་ཕྱིར་ཆེན་པོ་ཡིན་ནོ། །རྣམ་གྲངས་མདོར་བསྟན་པ་ལ་གསུམ་ལས། དང་པོ་གཞུང་བརྟག་ཅིང་། གཉིས་པ་ལ་མི་སྤང་བ་ནི་གཏི་མུག་ཆགས་དང་ཞེས་པ་ལ་སོགས་ཉོན་མོངས་པ་ལྔ་ལས། མི་སྤང་ངོ་ཞེས་པས་འདི་ལ་བཞི་སྟེ། ཉོན་མོངས་པ་མི་སྤོང་བ་དེ་གསང་བ་ཡིན་ནམ་བསྒྲག་པ་ཡིན་པ་དང་། དྲང་དོན་ཡིན་ནམ་ངེས་དོན་ཡིན་པ་དང་། མི་སྤོང་བའི་གཏན་ཚིགས་དང་། མ་སྤངས་པའི་དགོས་ཆེད་དོ། །དང་པོ་ནི་སྣོད་མིན་ལ་གསང་ཞིག་སྣོད་ལྡན་ལ་བསྒྲག་བྱ་ཡིན་ནོ། །གཉིས་པ་ནི་བློ་ཆུང་ལ་དྲང་དོན་ཡིན་ཞེས་པ་ནི་འཐད་པར་མི་སེམས་ཏེ། ཐེག་པ་འདི་བློ་ཆུང་གི་ཡུལ་མ་ཡིན་པའི་ཕྱིར་དང་། ཉོན་མོངས་མི་སྤོང་བ་འདི་དྲང་དོན་དུ་བསྟན་དུ་ཡང་མི་བཏུབ་པའི་ཕྱིར་རོ། །འདི་བློ་ཆེན་པོ་ལ་ངེས་དོན་ཡིན་ནོ། །གསུམ་པ་ནི་རྟགས་ཀྱིས་བསྒྲུབ་པ་སྟེ་གང་ཞེ་ན། ཉོན་མོངས་པ་ལྔར་སྣང་བ་དེ་ཆོས་ཅན། སྤང་བྱ་མ་ཡིན་ཏེ། སྤང་བྱའི་རྫས་མ་གྲུབ་པའི་ཕྱིར་དང་། རང་བཞིན་ཆེན་པོ་ཡིན་པའི་ཕྱིར་དང་། ལམ་འདི་ཐབས་ལ་མཁས་པའི་ཕྱིར། །དཔེར་ན་སྨིག་རྒྱུ་ལ་ཤྭ་རགས་ཀྱི་རྩོལ་བ་མི་དགོས་པ་དང་། སྐྱེས་བུ་ཕ་ནོར་ལ་བུ་སྤྱོད་པ་དང་། བྱ་འདབ་གཤོག་ཅན་ནམ་མཁའ་ལ་འཕུར་བ་བཞིན་ནོ། །རྟགས་དེ་དག་མ་གྲུབ་བོ་ཞེ་ན། དང་པོའི་ཚུལ་བསྒྲུབ་པ་ནི། དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་པའི་ཚེ་སྦྲུལ་མེད་དེ་ཐག་པ་ཡིན་ཞིང་། དེར་མ་གྲུབ་སྟེ་སྤུ་ཉག་མ་རེ་ཡིན་ཞིང་། དེ་ཡང་མ་གྲུབ་སྟེ་རྡུལ་ཕྲན་ནོ། །དེར་ཡང་མ་གྲུབ་སྟེ་རང་བཞིན་མེད་པ་ལྟར། སེམས་ཅན་གྱི་ཤེས་རྒྱུད་ཉོན་མོངས་ལྔར་འཁྲུལ་པའི་ཚེ་ཉོན་མོངས་པ་དེ་གཞན་དུ་མ་གྲུབ་སྟེ་རང་རང་གི་སེམས་ཡིན་ནོ། །སེམས་ལ་བརྟགས་ཤིང་དཔྱད་ན་དབུ་མ་པས་ཡང་བདེན་པའི་གཅིག་དང་དུ་མ་དང་བྲལ་བར་རྟོགས་ན། འདིར་ཆོས་ཐམས་ཅད་ཀྱི་རང་བཞིན་མཐའ་གང་དུ་ཡང་མ་གྲུབ་པར་རྟོགས་པས་སྤངས་བྱའི་རྫས་གྲུབ་པར་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདིར་སྤང་བྱའི་རྫས་ཆོས་ཅན། མ་གྲུབ་སྟེ། ཆོས་ཐམས་ཅད་རང་རང་གི་ངོ་བོ་ཉིད་ཀྱིས་སྟོངས་པའི་ཕྱིར་ནམ་མཁའ་བཞིན་ནོ། །དེ་ལྟར་སྤང་བྱའི་རྫས་མ་གྲུབ་བཞིན་སྤོང་བ་ནི་སྨིག་རྒྱུ་ལ་ཤྭ་རགས་ཀྱི་རྩོལ་བ་བྱེད་པ་དང་འདྲ་སྟེ་ཤེས་རབ་འཆལ་བའི་རང་བཞིན་ནོ། །གཉིས་པའི་ཚུལ་བསྒྲུབ་པ་ཡང་ཆེན་པོ་ཞེས་བྱ་བ་ནི་ཡང་དག་པའི་དུག་ལྔ་ཡིན་ཏེ། གང་ཞེ་ན། རྒྱལ་བའི་ཐུགས་ཉིད་ལ་ཆོས་ཐ་དད་རིས་སུ་མི་འབྱེད་པའི་གཏི་མུག་དང་། ཆོས་ཉིད་ཀྱི་དོན་དང་འདུ་འབྲལ་མེད་པའི་འདོད་ཆགས་དང་། མ་རིག་པའམ་ལོག་རྟོག་སྒྲོལ་བའི་ཞེ་སྡང་དང་། ཡང་དག་པའི་དོན་ལས་མི་ཉམས་པའི་ང་རྒྱལ་དང་། ལྟ་བ་ངན་པ་འགེགས་ཤི ང་སེལ་བའི་ཕྲག་དོག་རྣམས་དང་ལྡན་པའི་ཕྱིར་རོ། །ཡང་ན་རྟགས་ཀྱིས་བསྒྲུབ་སྟེ། ཉོན་མོངས་པ་ལྔར་སྣང་བ་ཆོས་ཅན། ཆེན་པོ་ཡེ་ཤེས་ལྔ་ཡིན་ཏེ། ཉོན་མོངས་པ་ལས་རྫས་གཞན་དུ་ཡེ་ཤེས་ལྔ་མ་གྲུབ་པའི་ཕྱིར་བྱས་པ་དང་མི་རྟག་པ་བཞིན་ནོ་ཞེས་པའི་རྟགས་ཀྱིས་བསྒྲུབ་པ་ཡང་ཡིན་ནོ། །དེ་ནི་དཔེར་ན་ཕ་མཛངས་པ་ཞིག་གིས་བསགས་པའི་ནོར་ལ་བུ་དགེ་སློང་ལྟ་བུས་སྤྱད་ཀྱང་མ་བྱིན་ལེན་གྱི་ཉེས་པ་མེད་པ་དང་འདྲའོ། །གསུམ་པའི་ཚུལ་བསྒྲུབ་པ་ནི་དཔེར་ན་གུར་གུམ་དང་པདྨ་འདམ་ནས་སྐྱེས་ཀྱང་དེ་མི་གོས་པ་ལྟར། འདིའི་ལམ་ལས་ཐབས་ལམ་གྱི་དབང་དུ་རླུང་སེམས་ལ་དབང་ཐོབ་པས་ཁ་སྦྱོར་གྱི་བདེ་བ་ལྷན་སྐྱེས་ཀྱི་ཡེ་ཤེས་སུ་འགྱུར་ཞིང་། གྲོལ་ལམ་གྱི་དབང་དུ་ཉོན་མོངས་པའི་རང་བཞིན་ཆོས་ཉིད་དུ་གཏན་ལ་ཕབ་པས་མ་གྲུབ་པར་རྟོགས་པའི་ཕྱིར་རོ། །དེ་ལྟར་ཐབས་གཉིས་དང་ལྡན་པ་ནི་དཔེར་ན་བྱ་འདབ་གཤོག་ཅན་ནམ་མཁའ་ལ་འཕུར་ཡང་ལྟུང་བའི་འཇིགས་པ་མེད་པ་བཞིན་ནོ། །དེ་ལྟར་ཉོན་མོངས་པ་མི་སྤོང་ཞིང་ལམ་དུ་བྱེད་པ་ལ་ཁ་ཅིག་དངོས་ལ་ལམ་དུ་བྱེད་པ་ཞེས་བྱ་བ་ཞེ་སྡང་མནར་སེམས་སྤུན་དགུ་ལྟ་བུར་སྐྱེས་པའི་ལྡོག་པ་ལམ་དུ་བྱེད་ཟེར་བ་ནི་འཐད་པ་མ་ཡིན་ཏེ། དེ་ལྟར་ན་ཕ་བས ད་ཀྱི་བུ་དྭའུ་ཡང་གྲོལ་བར་འགྱུར་བའི་ཕྱིར་རོ། །ཡང་ཁ་ཅིག་ཁྱབ་བྱ་ཡིན་ན་ལམ་དུ་བྱེད་པ་ཞེས་བྱ་བ་ཞེ་སྡང་ལ་སོགས་ཉོན་མོངས་པར་མ་འགགས་པ་ནི་སྣང་བ་ཡིན་ལ། དེ་ལ་རང་བཞིན་མེད་པ་ཁྱབ་བྱེད་དུ་ཡོད་པས་དེ་ལམ་དུ་འགྱུར་ཟེར་བ་ཡང་། ཉོན་མོངས་པ་ལམ་དུ་བྱེད་པར་མི་འགྱུར་ཏེ། དེའི་ཆོས་ཉིད་ལམ་དུ་བྱེད་པའི་ཕྱིར་རོ། །ཡང་ཁ་ཅིག་དེའི་གཤིས་ཁ་ལ་ལམ་དུ་བྱེད་པ་ཞེས་བྱ་སྟེ་གང་ཞེ་སྡང་ལ་སོགས་སྐྱེས་པ་ནི་ཀུན་རྫོབ་རིག་པ་སྒྱུ་མ་དང་། དེ་ལ་རང་བཞིན་མེད་པ་ནི་དོན་དམ་རིག་པ་སྤྲོས་བྲལ་གཉིས་ཟུང་དུ་ཞུགས་ཏེ་དབྱེར་མེད་པ་དེ་ལམ་དུ་བྱེད་ཟེར་བ་ཡང་ཉོན་མོངས་ལམ་དུ་བྱེད་པ་མ་ཡིན་ཏེ། དེ་ཤེས་བྱའི་གནས་ལུགས་ཙམ་ཡིན་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན་རུ་མདའ་སེང་གེའི་བཞེད་ཀྱིས་ཉོན་མོངས་པ་ཆོས་ཉིད་ཡིན་ལུགས་དང་། དེ་ལམ་དུ་འགྲོ་ལུགས་གཉིས་ལས། དང་པོ་ནི་ཉོན་མོངས་པ་རང་དང་སྤྱིའི་མཚན་ཉིད་མ་ནོར་བ་དང་རང་མཚན་སྒྱུ་མ་དང་སྤྱི་མཚན་སྤྲོས་བྲལ་དུ་རྟོགས་པ་དེ་ཡིན་ཏེ། ཇི་སྐད་དུ་རྒྱས་པ་ལས། ཉོན་མོངས་རང་དང་སྤྱིར་བསྟན་པ། །མཚན་ཉིད་མ་ནོར་དོན་རྟོགས་ན། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི་རྒྱུ་ཤེས་པའི་སྐབས་སུ་གཏན་ཚིགས་ཀྱིས་ཉོན་མོངས་པ་ཆོས་ཉིད་དུ་གཏན་ལ་ཕབ་ནས། རྐྱེན་འཇུག་པ་ཚོགས་སྒྲུབས་ཀྱི་དུས་སུ་ཐབས་དང་ལྡན་པས་ཏན་གན་ལ་སྤྱད་པས། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་པ་ཞིག་ཡིན་ཏེ། དེ་ཉིད་ལས། རྣམ་པར་བྱང་བས་ལམ་དུ་འགྱུར། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱང་། །གང་ན་མེད་དེ་དེ་ཉིད་ཡིན། །ཞེས་གསུངས་པ་བཞིན་ནོ། །ཡང་ན་ཆོས་ཉིད་ཡིན་ལུགས་ནི་གོང་གི་མི་སྤོང་བའི་གཏན་ཚིགས་ཀྱི་སྐབས་སུ་རྟགས་ཀྱིས་བསྒྲུབས་པ་ལྟར་ཡིན་པར་ཡང་སེམས་སོ། །ཐ་མ་མ་སྤངས་པའི་དགོས་པ་ལ་ཡང་གསུམ་སྟེ། དངོས་པོ་ལ་མངོན་པར་ཞེན་པ་ལྡོག་པ་དང་། ཆོས་ཉིད་བདེན་པའི་དོན་ལ་རྟོགས་པའི་བློ་མྱུར་བ་དང་། བཀའ་ཟབ་མོ་ལ་གུས་པའི་སྟོབས་སྐྱེ་བའོ། །དང་པོ་ནི་ཁྱིམ་བདག་ཅིག་གིས་མེ་བསྟེན་ཉེས་ཏེ་ནོར་ཕྱུགས་ཁང་པ་ལ་སོགས་པ་ཚིག་པས། མེའི་དངོས་པོ་ལ་ཚ་ཞིང་བསྲེག་པ་ཁོ་ནར་ཞེན་པའི་ཚེ། རྐྱེན་ཞིག་གིས་འབྲོག་དགོན་པར་ཕྱིན་པ་ན་དྲང་སྲོང་མེ་ལྷ་དང་། གཞན་ཡང་མེའི་ཡི་དྭགས་མ་ཞེས་བྱ་བ་དང་། བྱོལ་སོང་མེ་བྱི་དཀར་པོ་དང་། རི་དྭགས་མེའི་གཙང་སྦྲ་ཅན་ལ་སོགས་པ་མེ་ལ་གནས་ཤིང་ཟས་སྐོམ་དང་ལོངས་སྤྱོད་ཀྱང་མེ་ལ་སྤྱོད་པར་མཐོང་བས། འོ་ན་འགའ་ཞིག་གི་གནས་དང་ལོངས་སྤྱོད་ཀྱང་བྱེད་པའི་ཕྱིར་ཚ་ཞིང་བསྲེག་པ་ཁོ་ནའོ་སྙམ་དུ་ཞེན་པ་ལས་ལོག་པ་ལྟར། ཐེག་པ་འོག་མ་བས་ཉོན་མོངས་པ་ལ་འཁོར་བའི་ཆོས་ཁོ་ནར་བཟུང་སྟེ་འགའ་ཞིག་གིས་སྤོང་ཞིང་འགེགས་ལ། འགའ་ཞིག་གིས་སྦྱོང་ཞིང་། འགའ་ཞིག་གི་བསྒྱུར་བ་ལས། འདིར་ཉོན་མོངས་པའི་རང་བཞིན་སེམས་ཉིད་ཡིན་པའི་ཕྱིར་མཚན་ཉིད་མ་སྐྱེས་པར་ཤེས་ནས་ལམ་དུ་བྱས་པས་འབྲས་བུ་མངོན་དུ་འགྱུར་བའི་ཕྱིར། ཉོན་མོངས་པའི་དངོས་པོ་ལ་འཁོར་བའི་ཆོས་ཁོ་ནར་ཞེན་པ་ལས་ལྡོག་པ་ཡིན་ནོ། །དཔེ་གཞན་ཡང་བཙན་དུག་དེ་རྨ་བྱའི་སྲོག་སྐྱེད་བྱེད་ཡིན་ཀྱང་མིའི་འགག་བྱེད་ཡིན་པའི་ཕྱིར་གཅིག་ཏུ་མ་ངེས་སོ། །དེ་ཡང་དུག་དེ་རེས་བསྐྱེད་ཅིང་རེས་འགག་པ་མིན་ཏེ། རྨ་བྱ་ལ་ལྟོས་ཏེ་རྟག་ཏུ་སྐྱེད་ཅིང་། མི་ལ་ལྟོས་ཏེ་རྟག་ཏུ་འགོག་བྱེད་ཡིན་ནོ། །འོན་ཀྱང་རྨ་བྱའི་སྐྱེད་བྱེད་དེ་གཞན་གྱི་འགོག་བྱེད་ཁོ་ནར་ཡང་མ་ངེས་ཏེ་འབྲས་ལ་སོགས་པ་ནི་གཉིས་ཅར་གྱི་སྐྱེད་བྱེད་ཡིན་ནོ། །ཡང་འགག་པ་བརྫུན་ལ་སྐྱེད་པ་བདེན་པ་ཡང་མ་ཡིན་ཏེ། མི་ལ་ལྟོས་ནས་འགག་པ་བདེན་ལ་སྐྱེད་པ་བརྫུན་ཞིང་། རྨ་བྱ་ལ་ལྟོས་ཏེ་འགག་པ་བརྫུན་ཞིང་སྐྱེད་པ་བདེན་པ་ཡིན་ནོ། །དེ་དང་འདྲ་བར་དངོས་པོ་ཐམས་ཅད་ལ་རང་རང་གི་མངོན་པ་ཞེན་པ་རྣམས་མ་གྲུབ་པ་ཡིན་ཏེ། ཇི་སྐད་དུ། ཡི་དྭགས་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་ད་ལྟར་རིགས་རྣམས་སུ། །དངོས་གཅིག་ཡིན་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་པ་བཞིན་ཉོན་མོངས་པ་སྤོང་སྦྱོང་ལ་སོགས་ཁོ་ནར་མ་གྲུབ་པ་ཡིན་ནོ། །གཉིས་པ་ནི་འཁྲུལ་སྣང་ཉོན་མོངས་ལ་མ་སྤྱད་ན་བདེན་དོན་ཆོས་ཉིད་རྟོགས་པའི་དུས་མེད་ལ། དེ་ལ་དཔྱད་པས་དེ་རྟོགས་པའི་བློ་མྱུར་བ་ཡིན་ཏེ། དེ་གཉིས་ལ་རྫས་ཐ་དད་མེད་པའི་ཕྱིར་དཔེར་ན་བརྫུན་སྣང་སྦྲུལ་ལ་མ་དཔྱད་ན་བདེན་དོན་ཐག་པར་རྟོགས་དུས་མེད་ལ། དེ་ལ་དཔྱད་པས་དེར་རྟོགས་པ་མྱུར་བ་བཞིན་ནོ། །ཐ་མ་ནི་གདུལ་བྱ་སྐལ་པ་ཅན་དག་ཉོན་མོངས་པ་མ་སྤངས་པར་འབྲས་བུ་ཐོབ་པར་གསུངས་པའི་བཀའ་དང་ཐེག་པ་འདི་གཞན་ལས་ཁྱད་པར་འཕགས་ཤིང་ཟབ་མོའི་དོན་ཡིན་སྙམ་དུ་གུས་པའི་སྟོབས་འབྱུང་བ་ཡིན་ནོ། །གཉིས་པ་མི་དོར་བའི་དམ་ཚིག་ནི་དཀར་རྩི་དམར་རྩི་ཞེས་པ་ལ་སོགས་ཏེ་དམ་རྫས་ལྔ་པོ་འདི་དག་ནི། མི་དོར་ཞེས་པས་དོར་བྱ་མ་ཡིན་ཞིང་དང་དུ་བླང་བྱ་ཡིན་པས། ཇི་སྐད་དུ། སྒེག་པའི་གཞུང་ལས། གྲུབ་པ་བཞི་དང་ནད་ལྔ་བསལ། །ཐུན་མོང་དགོངས་པ་ལྔ་དོན་གཉེར། །གཙང་རྨེའི་རྟོག་པ་གཞོམ་ཕྱིར་བླང་། །ཞེས་པས། གྲུབ་པ་བཞི་ནི་ལེའུ་བཅོ་བརྒྱད་པར་བསྟན་ལ། ནད་ལྔ་ཇི་ལྟར་སེལ་ན་དྲི་ཆེན་གྱིས་དུག་ནད་དང་། དྲི་ཆུས་གག་པ། རཀྟས་གྲང་བ། ཤ་ཆེན་གྱིས་མཛེ་ནད་དང་། བྱང་སེམས་གྱིས་ཚ་བའི་ནད་རྣམས་སེལ་ལོ། །ཐུན་མོང་གི་དགོས་པ་ནི་རང་བཞིན་གྱི་ནུས་པ་ལྔ་ཡོད་དེ། དྲི་ཆེན་དང་དུ་བླངས་པས་ཚེ་རིང་བ་དང་། དྲི་ཆུས་སྐད་སྙན་ཞིང་། ཤ་ཆེན་གྱིས་མཐུ་ཆེ་ལ། རཀྟས་མདངས་གསལ་ཞིང་། བྱང་སེམས་ཀྱིས་མི་བརྗེད་པའི་གཟུངས་ཐོབ་པའོ། །མཆོག་གི་དགོས་པ་ཡང་རིགས་དང་ཡེ་ཤེས་དང་སྐུ་ལ་སོགས་ལྔ་ལྔ་འགྲུབ་སྟེ། གང་ཞེ་ན། དྲི་ཆེན་གྱིས་རིགས་ལས་དེ་པའི་དང་། ཡེ་ཤེས་ལས་སྟོང་པ་ཉིད་ཀྱི་དང་། སྐུ་ལས་ཆོས་ཀྱི་སྐུ་གྲུབ་བོ། །དེ་བཞིན་དྲི་ཆུས་ལས་ཀྱི་རིགས་དང་། བྱ་བ་གྲུབ་པའི་ཡེ་ཤེས་སྤྲུལ་པའི་སྐུའོ། །ཤ་ཆེན་གྱིས་རཏྣའི་རིགས་དང་མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུའོ། །རཀྟས་པདྨའི་རིགས་དང་སོ་སོར་རྟོག་པའི་ཡེ་ཤེས་མངོན་བྱང་ངོ་། །བྱང་སེམས་ཀྱིས་རྡོ་རྗེའི་རིགས་དང་མེ་ལོང་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་བོ། །དེ་ལྟར་མཆོག་ཐུན་གཉིས་འགྲུབ་བྱེད་ཀྱི་རྫས་ཡིན་པའི་ཕྱིར་དང་དུ་བླང་བྱ་ཡིན་ནོ། །ཐ་མ་ནི་གོང་ལྟར་རྩ་བ་ལྔ་ལས་བླ་མ་རྒྱུན་དུ་བཀུར་བ་དང་། ཡང་དག་པའི་ལམ་དུ་ཞུགས་པ་ལ་བྱམས་པར་བྱ་བ་དང་། གསང་བའི་དོན་རྣམས་ཕྱིར་མི་སྨྲ་བར་བྱེད་པ་དང་གསུམ་ནི་བསྲུང་བའི་དམ་ཚིག་ཡིན་ཞིང་། བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་མི་སྤང་བ་དང་། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་པ་གཉིས་ནི་སྒྲུབ་པའི་དམ་ཚིག་སྟེ། དེ་ལྟར་ལྔ་པོ་དེ་རྩ་བ་ཡིན་ཏེ། ཇི་སྲིད་ཉམས་ན་རིགས་ཆད་དེ་འབྲས་བུ་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་རྡོ་རྗེ་ལས། ལམ་དང་སྒྲུབ་པའི་རྩ་བ་དང་། །དངོས་གྲུབ་ཀུན་གྱི་རྩ་བ་དང་། །འདི་དག་ཉམས་ན་ཀུན་ཉམས་པས། །རྩ་བ་ཞེས་སུ་བཤད་པ་ཡིན། །ཞེས་པ་བཞིན་ནོ། །ཡང་མི་སྤང་བ་ནི་ཉོན་མོངས་པ་ལྔ་དང་། མི་དོར་བ་བདུད་རྩི་ལྔ་སྟེ་ལྔ་ཚན་གཉིས་ཏེ་བཅུ་ནི་ཡན་ལག་གི་ཡིན་ཏེ། མི་སྤང་བ་ཉམས་ན་ཉན་ཐོས་སུ་གོལ་ཞིང་། མི་དོར་བ་ཉམས་ན་ཕྱི་པར་གོལ་ལ། ལྟ་སྤྱོད་མ་འབྲེལ་བས་ནང་པར་མི་ཚུད་པ་ཡིན་ནོ། །དེ་ཡང་སྤྱིར་དམ་ཙིག་གཅེས་པའི་མཚོན་བྱ་སྒྲ་བཤད་ན་སཾསྐྲྀ་ཏའི་སྐད་ལས་ས་མ་ཡ་ཞེས་པའི་སྒྲ་ལ་སཾ་བྷ་རའི་རྐྱེན་བྱིན་པས་སྡོམ་པ་ལ་འཇུག་པ་ལ་སོགས་མང་དུ་ཡོད་ཀྱང་། འདའ་དཀའོ་ཞེས་པ་སྒྲ་རང་གི་ངོ་བོ་ནི་དམ་ཚིག་གམ་ཐ་ཚིག་ཡལ་གམ་ཞེས་བྱའོ། །དེའི་དོན་ནི། ཐུགས་ཐིག་ལས། ངེས་ཚིག་སྐྱོན་ཡོན་སྐབས་ཀྱིས་བསྒྱུར། །ཞེས་པས་གཉིས་ཏེ། ཐུབ་པ་ཡོན་ཏན་གྱི་དབང་དུ་ན་དམ་ཞེས་པ་ནི་སྒོ་གསུམ་སྡོམ་པར་གནས་པས་གནས་ངན་པར་མི་གཏོང་བའི་ཕྱིར་ཏེ། ཇི་སྐད་དུ་རྒྱས་པ་ལས། མི་གཏོང་ཕྱིར་ན་དམ་ཞེས་བྱ། །གཟུང་དུ་གྱུར་པས་དམ་ཞེས་བྱ། །ཞེས་པ་བཞིན་ནོ། །ཚིག་ཅེས་པ་དེ་ཉིད་བདེན་པའི་ཚིག་ཡིན་ཞིང་། དེས་མཚོན་པ་ནི་མ་ནོར་བའི་ལམ་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས། རྡོ་རྗེ་མ་ནོར་ལམ་སྟོན་པ། །དེ་ལ་ཡང་ནི་ཚིག་ཅེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་མ་ཐུབ་པའི་སྐྱོན་གྱི་དབང་དུ་ན་དམ་ཞེས་པ་ནི་བསྲུང་བྱ་ལས་འདའ་བར་དཀའ་བའི་ཕྱིར་དང་། ཚིག་ཅེས་པ་ནི་ཇི་སྲིད་འདས་ན་མི་ཁོམ་པའི་གནས་སུ་འཚིག་པའི་ཕྱིར་ཏེ། དེ་ཉིད་ལས། ཡང་ན་དེ་བཞིན་བཀའ་བཅག་ན། །མི་ཁོམ་གནས་སུ་འཚིག་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གཞུང་དོན་གསུམ་པ་ནི། གཞི་ཆོས་ཐམས་ཅད་ཡེ་ནས་མཉམ་པ་ཉིད་ཡིན་པའི་དོན་ལ་དེ་ལྟར་རྟོགས་པའི་བློ་དང་ལྡན་པའི་ཅིག་ཅར་བ་དེས། ལེའུ་བཅུ་གཅིག་པ་ལྟར་རྒྱུ་ཤེས་པ་མཉམ་པའི་གཏན་ཚིགས་ཀྱིས་གཏན་ལ་ཕབ་ནས། མཉམ་པར་གནས་པ་དང་དེ་ལྟར་རྟོགས་པའི་བློ་གཅིག་ཏུ་སྦྱོར་བ་ཡིས་དེའི་དོན་ལས་མི་འདའ་བའི་ཕྱིར་མཉམ་པའི་དམ་ཚིག་སྟེ། དེའི་ངང་ལ་གནས་ན་འབྲས་བུ་མཉམ་རྫོགས་ཆེན་པོ་ནི་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ཐོབ་པར་འགྱུར་བས་ན། དེའི་འགའ་ཟླ་མཉམ་པ་ལས་འདས་ཏེ་ཐ་དད་དུ་རྟོག་ན་སངས་རྒྱས་ཐོབ་པ་མ་ཡིན་ནོ་ཞེས་སྐྱོན་དང་བཅས་ཏེ་བསྟན་ནོ། །བཞི་པ་ནི་གཞུང་བརྟག །ལྔ་པ་ནི་དམ་ཚིག་ཅེས་པའི་སྒྲ་དོན་བཤད་ཟིན་ཏོ། །དེ་ལ་སོགས་པའི་བསྲུང་བྱ་ཇི་སྙེད་པ་རྣམས་ནི་རང་གིས་སེམས་ཡིན་ཏེ། ཇི་སྐད་དུ། དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་ལྟ་བ་དམ་ཚིག་ཡིན། །ཞེས་པ་བཞིན་ནོ། །རྡོ་རྗེེ་ཞེས་པ་ནི་སེམས་ལ་རྡོ་རྗེར་འཇོག་པའི་མཚན་ལྔ་ལས་འདིར་རང་བཞིན་གཉིས་སུ་མེད་པའི་ཕྱིར་ཏེ། སེམས་དང་བསྲུང་བྱ་ཐ་དད་མེད་པའོ་དེ་བསྲུང་བྱ་གཞན་ལས་ཁྱད་པར་འཕགས་པས་ཆེ་ཞེས་སོ། །དེ་ལྟར་གཉིས་མེད་ཀྱི་དོན་ལས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཡང་མི་འདའ་བའི་ཕྱིར་རྒྱལ་བ་ཀུན་གྱི་ཐུགས་དམ་མམ་བདག་ཉིད་ཡིན་ནོ། །དྲུག་པ་ནི་ལམ་རིམ་གྱིས་པའི་དབང་དུ་བསྲུང་མཚམས་ཀྱི་དམིགས་ཕྱེད་པར་བྱ་བའི་དམ་ཚིག་རྣམ་གྲངས་ཀྱི་བཤད་པ་སྟེ། དེ་ཡང་གཉིས་ལས་དང་པོ་ནི། རྣམ་གྲངས་སུ་བགྲང་བྱའི་གཞི་གོང་དུ་བསྟན་པའི་རྩ་བའི་དམ་ཚིག་ལྔ་ལ་ནི་བརྒྱ་དྲུག་ཅུ་བརྩི་སྟེ། གང་ཞེ་ན། གཅིག་ལའང་ཞེས་པ་ལྔ་པོ་རེ་རེ་ལའོ། །གཉིས་དང་ཞེས་པ་ཤེས་རབ་ལྟ་བས་རྟོགས་པ་དང། ཐབས་སྤྱོད་པས་གྲུབ་པ་གཉིས་གཉིས་ཏེ་བཅུ་ཕྲག་གཅིག་དང་པོར་གཞག་གོ། །གསུམ་ཞེས་པས་ཟུང་ལྔ་པོ་རེ་རེ་ལ་ཡང་སྒོ་གསུམ་གྱི་བསྲུང་བྱ་བཅུ་ཕྲག་གསུམ་གསུམ་སྟེ་བརྒྱ་ལྔ་བཅུའོ། །དེའི་སྟེང་དུ་གོང་གི་རྩ་བ་གཉིས་ཏེ་བརྒྱ་དྲུག་ཅུར་དབྱེའོ། །དེ་དག་ཕྲ་རྒྱས་ཀྱི་དབང་དུ་བརྩིས་ན། དང་པོ་བླ་མེད་མི་སྤང་བའི་བཅུ་ཕྲག་གསུམ་ནི་ཡི་དམ་ལྷ་ལ་ཞི་བའི་ལྷག་པའི་ལྷ་དགུ་ཉིད་དང་བཅུ། ཁྲོོ་བོ་ལ་ཡང་དེ་བཞིན་ཏེ་ཉི་ཤུ་ཐུན་མོང་དང་ཐུན་མིན་གྱི་ཚད་མེད་པ་བཞི་བཞི་བརྒྱད་ཀྱི་སྟེང་དུ་དོན་དམ་ཀུན་རྫོབ་ཀྱི་བྱང་སེམས་གཉིས་དང་བཅུ་སྟེ་དེ་ལྟར་སུམ་ཅུའོ། །གཉིས་པ་བླ་མ་བཀུར་བ་ལ་ཡང་སྒོ་གསུམ་གྱི་བཅུ་བཅུ་སྟེ། དང་པོ་ལུས་ཀྱི་བཅུ་ནི། ཕྲ་རྒྱས་ལས་ཇི་སྐད་དུ། ལུས་ཀྱི་བསྲུང་བ་བརྡེག་ལ་སོགས། །འཐིང་སླད་ཙམ་དུའང་བྱ་བ་མིན། །འདོད་ཡོན་ལྔ་ཡིས་མཆོད་པ་དང་། །གསང་བའི་སྣོད་དུ་དུག་མི་སྤྱོད། །འགྲོ་བ་དྲང་བའི་ཕྱོགས་སྤང་དང་། །གདན་དང་གདན་ས་མི་རློམ་ཤིང་། །འགྲེང་འདུག་ངན་སྤྱོད་ལ་སོགས་སྤང་། །རྒྱན་འདོགས་གཟི་ལྡིར་དེ་བཞིན་ཏེ། །མ་རབས་སྤྱོད་པ་ཀུན་སྤངས་པ། །སྤྱོད་ལམ་ཟོན་ཆགས་བསྟི་གནས་བྱའོ། །ཞེས་སོ། །ངག་གི་བཅུ་ནི། དེ་ཉིད་ལས། རྫུན་དང་ཕྲ་མ་ཚིག་རྩུབ་དང་། །འཁྱལ་པ་ནམ་ཡང་མི་བྱ་སྟེ། །བེ་ཕོགས་མ་ཡིན་རྡབས་སྐད་དོར། །ལྐོག་ཏུ་ཚུལ་བརྗོད་ཉམས་པར་འགྱུར། །ཡོན་ཏན་བརྗོད་ཅིང་སྙན་པར་སྨྲ། །ཅ་ཅོ་ལ་སོགས་མ་ཡིན་ནོ། །ཞེས་སོ་། །སེམས་ཀྱི་བཅུ་ནི། དམ་པ་སྟོན་པའི་བླ་མ་ལ། །ཆགས་དང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་དུག་ལྔའི་སེམས་མི་བྱ། །ངན་དུ་མི་སེམས་ལྕི་བ་དང་། ཕ་མ་ཡི་དམ་ལྷར་བསམ་དང་། །རྟག་ཏུ་གདུང་བ་རྒྱུན་མི་གཅད། །ཅེས་སོ། །གསུམ་པ་སྔགས་དང་ཕྱག་རྒྱ་ལ་ཡང་བཅུ་ཕྲག་གསུམ་སྟེ། ཇི་སྐད་དུ། ཞི་ཁྲོའི་ཕྱག་རྒྱ་བདུན་གཉིས་དང་། །ཕྱོགས་བཅིང་རྟེན་དང་ཁང་གི་སྔགས། །རྩ་བ་བསྐྱེད་དང་ལས་བཞིའི་སྔགས། །དབང་བསྐུར་བྱིན་བསྡུ་གསང་སྔགས་དང་། །སྤྱན་དྲང་བསྟིམ་བརྟན་ཕྱག་འཚལ་མཆོད། །ཅེས་སོ། །བཞི་པ་ཡང་དག་པའི་ལམ་དུ་ཞུགས་པ་ལ་བྱམས་པར་བྱ་བ་ལ་ཡང་སུམ་ཅུ་སྟེ། དང་པོ་ལུས་ཀྱི་ནི། བསྣུན་དང་མ་བྱིན་བླང་མི་བྱ། །ཟླ་ཟེར་མ་ཡིན་གཟུངས་མི་སྤྱད། །ལྟ་སྤྱོད་མཐོ་བའི་གོང་མི་གཅད། །དབང་དང་དམ་ཚིག་དེ་བཞིན་ནོ། །ཀུན་ཏུའང་བག་ཟོན་འཁྲིག་ཅན་དང་། །བཀུར་སྟི་མཆོད་བྱེད་དགའ་བར་སྤྱོད། །ཅེས་སོ། །ངག་གི་ནི། རྫུན་སོགས་རྣམ་བཞི་སྤང་བ་དང་། །བྱ་བ་མི་སྨྲ་ཚུལ་མི་བརྗོད། །སྙན་དང་ཞེ་ས་གསོང་པོར་སྨྲ། །བདེན་སྨྲ་སྲི་ཞུའི་སྒྲ་བྱེད་པའོ། །ཞེས་སོ། །སེམས་ཀྱི་ནི། སེམས་ཀྱིས་སྔོན་བཞིན་དུག་ལྔ་དོར། །རྔན་དང་སྐྱོ་སེམས་དོར་བ་དང་། །མིག་འདྲར་བལྟ་ཞིང་གདུང་བར་བྱ། །གནོད་སེམས་སྤང་བ་རྣམ་བཅུའོ། །ཞེས་སོ། །ཐ་མ་གསང་བ་གཞན་ལ་མི་བསྟན་པ་ཡང་བཅུ་ཕྲག་གསུམ་སྟེ། སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་རྣམ་པ་བཅུ། །སེམས་ཀྱིས་བསྟན་པར་མི་བསམ་ཞིང་། །ངག་གིས་བརྗོད་པར་ཡོངས་མི་བྱ། །ལུས་བརྡས་བསྟན་མིན་སུམ་ཅུའོ། །ཞེས་སོ། །གཉིས་པ་ཡན་ལག་གི་རྣམ་གྲངས་ནི། ཡན་ལག་ཞེས་པ་མི་སྤོང་ཞིང་མི་དོར་བའི་ལམ་འདིས་འབྲས་བུ་གྲུབ་པའི་གྲོགས་བྱེད་པའམ་གོང་གི་རྩ་བའི་ཆ་རྐྱེན་དུ་འགྱུར་བའི་ཕྱིར་རོ། །དམ་ཚིག་ཅེས་པ་བཤད་ཟིན། ལྔ་གཉིས་ལ་ཞེས་པ་མི་སྤང་བ་ལྔ་དང་། མི་དོར་བ་ལྔ་སྟེ་བཅུའོ། །གཅིག་ལའང་ཞེས་པ་དེ་དག་རེ་རེ་ལའང་བཅུ་ཕྲག་གཉིས་སུ་ཞེས་པས་བདག་དོན་དུ་བཅུ་དང་། གཞན་དོན་དུ་བཅུ་སྟེ་ཉི་ཤུར་དབྱེའོ། །དེ་གང་ཞེ་ན། གཏི་མུག་གི་ཉི་ཤུ་ནི། ཇི་སྐད་དུ་ཕྲ་རྒྱས་ལས། ཐབས་ཀྱི་མཛད་པས་མི་འབྱེད་ཅིང་། །ཤེས་རབ་གཉིས་མེད་མི་འབྱེད་པའི། །གཏི་མུག་བཅུ་གཉིས་འདའ་མི་བྱེད། །ཅེས་སོ། །ཞེ་སྡང་གི་ཉི་ཤུ་ནི། ཞིང་བཅུ་ཐབས་ཀྱིས་མཛད་པས་འཇོམས། །ཤེས་རབ་རང་བཞིན་མེད་པས་སྒྲོལ། །ཞེས་སོ། །ང་རྒྱལ་གྱི་ཉི་ཤུ་ནི། ཞིང་བཅུ་ཐབས་ཀྱིས་ཟིལ་གནོན་དང་། །ཤེས་རབ་རང་བཞིན་མེད་པས་གནོད། །ཞེས་སོ། །འདོད་ཆགས་ཀྱི་ཉི་ཤུ་ནི། ཞིང་བཅུ་ཐུགས་རྗེས་མི་གཏོང་བ། །རིགས་ལྔ་ཡུམ་ལ་ཐབས་ཀྱིས་རོལ། །ཏིང་འཛིན་ཐབས་དབང་རང་བཞིན་སྦྱར། །ཤེས་རབ་དོན་དང་འདུ་འབྲལ་མེད། །ཅེས་སོ། །ཕྲག་དོག་གི་ཉི་ཤུ་ནི། མ་རྟོག་གཉིས་དང་ལོག་རྟོག་གཉིས། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །གསང་སྔགས་ཕྱི་པའི་ཐེག་པ་གསུམ། །གསང་སྒོར་མཛད་པས་མི་ཆུད་དང་། །ཤེས་རབ་དམན་པས་མི་ཆུད་པ། །ཕྲག་དོག་ཆེན་པོའི་དམ་ཚིག་གོ། །ཞེས་སོ། །གཉིས་པ་མི་དོར་བ་ཡང་། དེ་ཉིད་ལས། སྒྲུབ་རྫས་ལྔ་ལ་རྩ་བ་བརྒྱད། །བརྒྱད་ཆ་རེ་ཞིང་དྭངས་སྙིགས་ལྔ། །རེ་རེའང་རྣམ་པ་བཅུར་ནི་འགྱུར། །ཞིང་བཅུའི་བདུད་རྩི་དེ་བཞིན་པས། །རྣམ་པར་དབྱེ་བ་ཉི་ཤུ་འགྱུར། །ཞེས་པས། དམ་རྫས་ལྔ་ལ་རེ་རེའང་ཉི་ཤུ་ཉི་ཤུ་སྟེ། དེ་ཡང་འགྲོ་བ་སྤྱིའི་དམ་རྫས་རྩ་བ་བརྒྱད་དྭངས་སྙིགས་གཉིས་དང་བཅུ། འགྲོ་བ་བྱེ་བྲག་གི་ཞིང་བཅུའི་དང་ཉི་ཤུའོ། །དེ་ཡང་དང་པོར་དཀར་རྩི་རྩ་བ་བརྒྱད་ལ་མངོན་པ་ཕྱིའི་བཞི་དང་། སྦས་པ་ནང་གི་བཞིའོ། །དང་པོ་ནི། སེམས་དང་། ཆུ་རྒྱུས་དང་། རུས་པ་དང་། ཁྲག་དང་། ཆུ་སེར་རྣམས་མཐར་ཕྱིན་པ་ལས། རིམ་པ་བཞིན། མིག་དང་། སེན་མོ་དང་། སོ་དང་། སྐྲ་སྤུ་རྣམས་སོ། །གཉིས་པ་ནང་གི་བཞི་ནི། བཞུགས་པའི་གནད་ཀླད་པ། རྒྱུན་ལམ་རྒྱུངས་པ། གཤེགས་ཤུལ་རྡོ་རྗེ་ཆུ་བ། ཕོ་བྲང་བེ་ག་ལིག་གོ། །ཕྱི་ནང་གི་དྭངས་སྙིགས་གཉིས་དང་བཅུ། ཞིང་བཅུའི་དང་ཉི་ཤུའོ། །དེ་བཞིན་དུ་དམར་རྩི་ལ་ཡང་མངོན་པ་ཕྱིའི་བཞི་ནི། མཛོད་སྙིང་གི་དང་། མཚོ་མཆིན་པའི་དང་། རྩིབ་མ་མཚེར་པའི་དང་། གཤེགས་ལམ་མཁལ་མའི་ཁྲག་གོ། །ནང་གི་ནི་གཞོན་ནུ་དང་པོར་འཛག་པའི་དང་། གཟུངས་མ་མཚན་ལྡན་གྱི་དང་། སློབ་དཔོན་གྱི་ནས་གཡོན་པའི་དང་། རྒྱུད་ལྔ་བསྒྲལ་བའི་ཁྲག་གོ། །དྭངས་སྙིགས་དང་ཞིང་བཅུར་ཤེས་པར་བྱའོ། །དྲི་ཆེན་གྱི་ཕྱིའི་བཞི་ནི། གཡག་ཁྱུ་བའི། ཚིག་ཐུབ་ཕག་གི་དང་། བྱིས་པ་གཙང་མའི་དང་། རང་ཤི་བམ་གྱིའོ། །ནང་གི་ནི། རྡོ་རྗེ་སློབ་དཔོན་དང་། ཡུམ་གཟུངས་མ་དང་། དྲང་སྲོང་སྒོམ་ཆེན་དང་། བསྒྲལ་བ་ཞིང་གིའོ། །ཤ་ཆེན་གྱི་ཕྱིའི་ནི་རྐང་ལག་བཞིའི་ཉྭ་ཤའོ། །ནང་གི་ནི། ལྕེ་དང་། སྙིང་དང་། མཁལ་མ་དང་། འཇད་དོ། །དྲི་ཆུ་ཕྱིའི་ནི་བ་དམར་སེར་དང་། བྱིས་པ་གཞོན་ནུ་དང་། བོང་བུ་དང་། རང་ཤི་བམ་གྱིའོ། །ནང་གི་ནི་དྲང་སྲོང་སྒོམ་ཆེན་དང་། རྡོ་རྗེ་སློབ་དཔོན་དང་། གཟུགས་མ་མཚན་ལྡན་དང་། བསྒྲལ་བ་ཞིང་གིའོ། །དེ་དག་ལ་དྭངས་སྙིགས་གཉིས་གཉིས་དང་བཅུ། ཞིང་བཅུའི་དང་ཉི་ཤུ་ཉི་ཤུའོ། །གཞུང་དོན་ཐ་མའི་སྐབས་སུ། ཉམས་ན་བསྐང་པས་རྫོགས་པ་དང་། །ཞེས་པ་ནི། ཇི་སྲིད་བསྲུང་བྱ་ལས་འདས་ན་བསྐང་ཞིང་བཤགས་པའི་ཐབས་ཡོད་དོ། །དེ་མེད་ན་ཉམས་པ་བདེན་དངོས་སུ་འགྱུར་ཏེ། ཉམས་པར་བདེན་ལ་བསྐང་བའི་ཐབས་མེད་པའི་ཕྱིར་རོ། །དེས་ན་འདིས་བསྲུང་བྱ་ནི་གསེར་དངུལ་ཞོམ་པ་ལྟར་ཉམས་ཀྱང་སླར་གསོ་བའི་ཐབས་ཡོད་དེ། ཇི་སྐད་དུ་རྡོ་རྗེ་ལས། གལ་ཏེ་རྩ་བའི་དམ་ཉམས་ན། །བླ་མ་གྲོགས་པོ་བརྒྱ་དག་ལ། །བཟླས་པ་བྱེ་བ་བདུན་འབུམ་བྱ། །སྦྱིན་སྲེག་འབུམ་ཕྲག་བཅུ་གཅིག་གོ། །དེ་ནས་སླར་ཡང་བསླང་བའམ། །བླ་མས་གནང་ནས་གནས་པར་བྱ། །ཞེས་པ་རྩ་བའི་བསྐང་ཐབས་དང་། ཡན་ལག་ཀྱང་འདི་ཉིད་ལས། ཡན་ལག་དམ་ཚིག་ཉམས་གྱུར་ན། །ཟླ་བ་བདུན་དུ་སྨྲ་གཅད་བྱ། །སྦྱིན་སྲེག་སྟོང་རྩ་བརྒྱད་དུ་བྱ། །བཟླས་པ་བྱེ་བ་འབུམ་ཕྲག་དང་། །གཏོར་མ་ཁྲི་ཁྲག་གཅིག་ཏུ་བྱ། །དེ་ནས་སླར་ཡང་བསླང་བ་དང་། །དག་དང་ཚངས་པར་བསྒྲག་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ན་མདོ་ཆེན་པོ་ལས། རྩ་བ་ཉམས་དང་ཡན་ལག་ཉམས། །དེ་བཞིན་ཞོར་ཉམས་ཟླས་ཉམས་ལྔ། །ཞེས་ཉམས་པའི་རྣམ་གྲངས་ལྔ་ལ་བསྐང་ཐབས་ཀྱང་དེ་བཞིན་ཏེ། དེ་ཉིད་ལས། གང་དེ་བསྐང་བར་བྱ་བའི་ཐབས ། །རྣམ་པ་ལྔར་ནི་ཤེས་པར་བྱ། །ལས་དང་རྫས་དང་འདུན་པ་དང་། །ཏིང་ངེ་འཛིན་དང་དེ་ཉིད་དོ། །ཞེས་པ་ལྟར་བསྐང་བ་ཡང་ཡིན་ནོ། །རྒྱུད་དོན་རྣམ་ངེས་ལས་ལེའུ་བཅུ་དགུ་པའི་རྣམ་པར་བཤད་པའོ།། ༈ །།ལེའུ་ཉི་ཤུ་པ་ནི་ཐུན་མོང་གི་ཆོས་ཕྲིན་ལས་ཏེ། འདི་ཡང་གོང་གི་མངོན་རྟོགས་ཞི་ཁྲོ་གཉིས་ཆར་གྱི་དབང་དུ་ཏིང་ངེ་འཛིན་མཇུག་གི་རིམ་པའོ། །དེ་ལ་བདུན་ཏེ། འཛབ་བྱ་བ་དང་། ཚོགས་བྱ་བ་དང་། ལྷག་མ་བྱ་བ་དང་། ལས་ཀྱི་མཁའ་འགྲོ་བསྐྱང་ཞིང་གཏོར་མ་སྦྱིན་པར་བསྔོ་བ་དང་། དཀྱིལ་འཁོར་བསྡུ་ཞིང་གོ་བ གོ་ལུགས་སྲུང་བྱ་བ་དང་། ཡི་གེ་བརྒྱ་པས་ཁ་བསྐང་ཞིང་དགེ་བ་བསྔོ་བ་དང་། རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པར་བྱ་བ་ལས། དང་པོ་ནི་འཛབ་ལ་དབྱེ་བའམ་ཡང་ན་དཀྱིལ་འཁོར་གསལ་བཏབ་ལ་འཛབ་དྲང་ཞིང་དེའི་འཕྲོ་འདུ་བྱས་ཏེ་འཛབ་བསྟོད་ལེའུ་ཉེར་གཅིག་པར་སྟོན་ནོ། །གཉིས་པ་ཚོགས་ལ་བཞི་ལས། དྲང་ཞིང་བསངས་ལ་བརླབས་ནས་མགྲོན་སྤྱན་དྲངས་ཏེ། མཆོད་པ་ལ་ཞི་བའི་དབང་དུ་ལྷ་མོ་བཅུ་གཉིས་ཀྱིས་སྤྱིར་དང་། འདོད་ཡོན་ལྔས་བྱེ་བྲག་ཏུའོ། །འདིར་ཁྲོ་བོའི་དབང་དུ་ཡང་སྤྱི་དང་། བྱེ་བྲག་ཏུའོ། །དེ་ལ་གསུམ་སྟེ། དང་པོས་མཆོད་ཅིང་བར་པས་བཤགས་ནས། ཐ་མ་བསྟབ་ཅིང་ཕྲིན་ལས་བྱ་བ་ལ་ལུགས་གཉིས་ལས། གདུལ་བྱ་རྒྱས་པར་བྱེད་པ་ལ་དོན་བཅུ་གསུམ་སྟེ། འདོད་ཡོན་གྱི་ལྷ་མོ་ཧཱུཾ་གིས་བསྡུས་ཏེ་ལིངྒ་བྱ་བ་དང་། དྲག་པོའི་དཀྱིལ་འཁོར་བསྐྱེད་པ་དང་། ལྷ་ལས་ལ་གཟུད་པ་དང་། དྲག་པོའི་དཀྱིལ་འཁོར་ལས་ལ་བསྐུལ་བ་དང་། བདེན་པ་བདར་བ་དང་། ཕོ་ཉས་དགུགས་པ་དང་། སྲས་མཆོག་བཏོན་ལ་ཕུར་བུས་གདབ་པ་དང་། མཚོན་གྱིས་གཏུབ་པ་དང་། མཚོན་ཆའི་ཆར་དབབ་པ་དང་། ཁྲག་འཐུང་གི་དཀྱིལ་འཁོར་སྤྱན་དྲང་བ་དང་། བསྟབ་པ་དང་། དུག་གསུམ་གྱི་མཆོད་པ་དང་། རྩ་བའི་སྔགས་ཀྱིས་བསྟབ་པའོ། །དེ་ལྟར་ལག་ལེན་གྱི་དོན་བཅུ་གསུམ་པོ་འདིར་རྫས་ཀྱི་སྒོ་ནས་ཕྲིན་ལས་བྱ་བ་བཞི་ཆར་ལ་གཞུང་དོན་ལྔ་ལྔར་སྡུད་དོ། །དེ་ལ་དང་པོ་དྲག་པོའི་ཕྲིན་ལས་ལ་གཞུང་དོན་ལྔའི་དང་པོ་དང་ལག་ལེན་གྱི་ཆོས་བཅུ་གསུམ་གྱི་དང་པོ་གཉིས་ལིངྒ་བྱ་བ་ཡིན་ཏེ། གང་ཞེ་ན། གཞུང་བསྒྱུར་ཏེ་འོག་ནས་བདུད་རྩི་ལྔའམ་ཞེས་པ་གང་ལ་བྱ་བ་གཟས་པ་པོའི་ཟག་རྫས་སོ། །ཟས་ལྔ་ལ་ཞེས་པ་ནི་ཉ་ཤ་ཏིལ་སྦྲང་བུ་རམ་འབྲས་རྣམས་ལ་ལིངྒ་བྱས་ཏེ་ཕོ་མོ་གང་ཡིན་གྱི་མཚན་མ་དང་། གྲོ་ཤོག་ལ་སྙིང་གར་མིང་དཔྲལ་བར་རུས་བརླ་ལ་བླ་དྭགས་དང་བཅས་པ་བྱས་ལ། རབས་ཆད་སོགས་ཀྱི་ཐོད་པ་མཚན་ངན་དུ་མགོ་བོ་ལྷོ་ནུབ་མཚམས་སུ་བསྟན་ལ་གཞག་གོ། །གཞུང་གི་གཉིས་པར་ལག་ལེན་གྱི་གཉིས་པ་དྲག་པོའི་དཀྱིལ་འཁོར་བསྐྱེད་པ། གསུམ་པ་ལྷ་ལས་ལ་གཟུད་པ། བཞི་པ་དྲག་པོའི་དཀྱིལ་འཁོར་ལས་ལ་བསྐུལ་བ་གསུམ་སྡུད་དེ། དེ་ཡང་གོང་ནས་ཨེའི་ཞེས་པ་ཨེ་རཾ་གྱིས་ཕྱི་སྣོད་ཀྱི་འཇིག་རྟེན་མཐིང་ནག་གྲུ་གསུམ་འབྱམས་ཡ་བར་བསྐྱེད་དོ། །ཚོགས་ཀྱི་དཀྱིལ་འཁོར་མཆོག་ཅེས་པས་ནང་བཅུད་ཀྱི་སྐྱེ་འགྲོ་ཐམས་ཅད་དྲག་པོའི་སྤྲུལ་པ་ཕྱག་ན་འཇིགས་པའི་མཚོན་ཆ་སྣ་ཚོགས་ཐོགས་པ་སྟེ་ཛྭ་ལ་རཾ་ཞེས་པས་དེ་དག་གི་སྐུ་ལས་མེ་རི་འཕྲོ་བར་བསྐྱེད་དེ་ལས་ལ་གཟུད་ཅིང་བསྐུལ་བའོ། །གཞུང་གི་གསུམ་པར་ལག་ལེན་གྱི་ལྔ་པ་བདེན་པ་བདར་བ། དྲུག་པ་ཕོ་ཉས་དགུག་པ། བདུན་པ་སྲས་མཆོག་གིས་གདབ་པ། བརྒྱད་པ་མཚོན་གྱིས་གཏུབ་པ། དགུ་པ་མཚོན་ཆའི་ཆར་དབབ་པ། བཅུ་པ་ཁྲག་འཐུང་གི་དཀྱིལ་འཁོར་སྤྱན་དྲང་བ། བཅུ་གཅིག་པ་བསྟབ་པ་རྣམས་སྡུད་དེ། དང་པོ་བདེན་པ་བདར་ལ། སྤྲུལ་པ་སྤྲོས་ཤིང་ཕོ་ཉ་བཏང་ལ་བཏུལ་ནས་ཞེས་པ་སྤྲུལ་པ་རྣམས་ཀྱིས་མཚང་ཅན་བཙོན་དུ་ཟིན་པ་ལྟར་གཟས་པ་པོ་གནས་ནས་བཀུག་སྟེ་ལྷ་དང་ཕྲལ་ནས་སྐྱབས་མེད་པར་འདར་ཕྲིལ་ཕྲིལ་གནས་པ་ལ། པྲ་བེ་ཤས་ལིངྒ་དབྱེ་ཞིང་ཨ་བེ་ཤས་བསྟིམས་ལ་ཕྱག་རྒྱ་བཞིས་བསྔམ་བཅིང་བྱས་ལ་བཞག་གོ། །དེ་ལ་ལྕགས་སམ་དྲག་པོའི་ཤིང་ལ་བྱས་པའི་རྡོ་རྗེ་ཕུར་པ་སྲས་མཆོག་བཛྲ་ཀཱི་ལ་ཡར་བསྐྱེད་དེ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ནས་གནས་རྐྱང་སྒྲགས་བདུན་དུ་གདབ་བོ། །དེ་ནས་རྡུལ་ཕྲ་རབ་ཙམ་དུ་གྲིས་གཏུབས་པར་བྱས་ནས། དགུ་པ་མཚོན་ཆའི་ཆར་དབབ། བཅུ་པ་ཁྲག་འཐུང་གི་དཀྱིལ་འཁོར་སྤྱན་དྲངས་ལ། བཅུ་གཅིག་པ་ཚོགས་དེ་རྣམས་ལ་བསྟབས་ཏེ་དབུལ་བའོ། །དེ་ནས་བཅུ་གཉིས་པ་དུག་གསུམ་གྱི་མཆོད་པ་བྱའོ། །གཞུ་དོན་བཞི་པ་ནི་ལག་ལེན་གྱི་ཐ་མ་རྩ་བའི་སྔགས་ཀྱིས་བསྟབ་པ་སྟེ། འབར་བ་གཏུམ་ཆེན་རྔམས་པ་ནི་དྲག་པོ་ཁྲག་འཐུང་གི་ལྷ་ཚོགས་ལ། སྟོངས་ཀྱི་སེམས་གདུལ་བྱ་ལ་ཁྲོས་པའི་ཡིད་བསྒྲལ་བར་མོས་པའི་སེམས་ཀྱིས་བདེ་བར་གཤེགས་པ་ལ་མཆོད་ཅིང་འཁོར་གྱི་མཁའ་འགྲོ་ལ་སྦྱིན་པར་བྱ་སྟེ། བསྟོད་ཅིང་ཕྲིན་ལས་ལ་བསྐུལ་བའོ། །དེའི་ཡོན་ཏན་ནི་སངས་རྒྱས་ཀྱི་བསོད་ནམས་ལས་གྲུབ་པའི་སྐུ་ཡང་འཇིག་པར་ནུས་ན་གཞན་ལྟ་ཅི་སྨོས་སོ། །གཞུང་དོན་ཐ་མ་ནི་ལུ་གུ་རྒྱུད་ཀྱི་བྲོའི་སྒོ་ནས་ཕྲིན་ལས་བྱ་བ་སྟེ། དེ་ཡང་ཨེ་བྷྲཱུཾ་ཞེས་པས་དབུས་སུ་དྲག་པོའི་གཞལ་ཡས་གྲུ་གསུམ་འབྱམས་ཡ་བར་བསྐྱེད། དེར་དྲག་པོའི་ལྷ་ཚོགས་རྣམས་སྔགས་ཀྱིས་བསྐྱེེད་པའི་དཀྱིལ་འཁོར་དུ། སྒྲུབ་པ་པོ་རྣམས་ལངས་ཏེ་མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་ཞིང་བསྡམས་ནས་ཕྱག་རྒྱ་བཅིངས་ཏེ་གསལ་བར་གྱུར་བའི་ཚེ་ན་ཞབས་ཀྱི་བྲོ་སྟབས་ཀྱིས་བསྐྱོད་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཕྱོགས་བཅུར་མེར་མེར་དུ་གཡོས་པར་བསམས་ཏེ། ལྷ་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་ནག་པོ་འཕྲོས་ནས་གཟས་པ་པོའི་ལུས་ངག་ཡིད་གསུམ་ལ་ཐིམ་པས་མྱོས་ནས་སྙིང་གས་ཏེ་བསྒྲལ་བས་རྒྱུད་འཚིག་པར་འགྱུར་བའོ། །དེ་ལྟར་དབང་དང་རྒྱས་པ་དང་ཞི་བ་རྣམས་ལ་ཡང་ཤེས་པར་བྱའོ། །དེ་ནས་ལག་ལེན་གྱི་དབང་དུ་རྡོ་རྗེ་རྒྱལ་པོས་ཚོགས་དབང་བསྐུར་ནས་ཐབས་དང་ལྡན་པར་རོལ་ཞིང་། འཁོར་གྱི་མཁའ་འགྲོ་མཆོད་ཕྱིར་ལྷག་མ་གསོག་འཇོག་མེད་པར་གཞག་གོ། །གཞུང་གི་གཉིས་པ་ལག་ལེན་གྱི་གསུམ་པ་ནི་ལྷག་མ་སྟེ། དེ་ཡང་མདོར་བསྟན་པ་ནི། སླས་དང་ཞེས་པ་སྔོན་གཙོ་བོ་རུ་དྲ་བསྒྲལ་ཞིང་དེའི་འཁོར་རྣམས་དཀྱིལ་འཁོར་གྱི་མུ་རན་ལ་བཀོད་དེ་སླས་དང་བྱི་མོར་བྱས་པ་རྣམས་སོ། །ལྷག་མ་ཞེས་པ་གོང་ལྟར་དཀྱིལ་འཁོར་ལྷ་ལ་ཕུལ་བའི་ལྷག་མ་དེ་རྣལ་འབྱོར་པ་རོལ་པའི་ཕུད་ཡིན་པས་ལྷག་ཕུད་ཅེས་བྱའོ། །ཡང་ན་ཚོགས་ལ་ཆ་ལྔར་བྱས་ཏེ། དང་པོས་མཆོད། གཉིས་པས་བཤགས། གསུམ་པས་བསྟབ། བཞི་པས་རོལ། ལྔ་པས་མཁའ་འགྲོ་མཆོད་དེ། ཆ་ལྔའི་ཐ་མ་ཡིན་པའི་ཕྱིར་དེ་སྐད་དུ་བྱ་བར་ཡང་གསུངས་སོ། །དེ་རྒྱས་པར་བསྟན་པ་ནི། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །ཞེས་པ་ལ་སོགས་པ་ལ་ལག་ལེན་ནོར་བུ་ལུགས་དང་ཆིག་རྫོགས་གཉིས་ལས། གོང་མའི་ཕྱག་བཞེས་ལྟར་ཆིག་རྫོགས་ལ་བཞི་སྟེ། ལྷག་མའི་ལྷ་སྤྱན་དྲང་ཞིང་མཆོད་པ་དང་། མཆོད་བཤགས་བྱ་ཞིང་སྨོན་ལམ་གདབ་པ་དང་། འདོད་གསོལ་གདབ་ཅིང་བཤགས་པ་བྱ་བ་དང་། གཤེགས་སུ་གསོལ་ཞིང་ལྷག་དཀྱིལ་བསྡུ་བའོ། །དང་པོ་ནི་རྩ་བའི་དཀྱིལ་འཁོར་གསལ་གདབ་ཅིང་གཏོར་མ་ཤོད་དུ་ཕབ་ལ་ལྷག་ཕུད་བསྲེས་ཏེ་བྱིན་གྱིས་བརླབས་ནས། ལྷག་མའི་དཀྱིལ་འཁོར་བསྐྱེད་པ་དང་། སྙན་གསན་དབབ་ཅིང་སྤྱན་དྲང་བ་དང་། གདན་དབུལ་ཞིང་དབང་བསྐུར་ཏེ་དམ་དཔོག་པ་དང་། ཟིལ་གྱིས་མནན་ཅིང་རིགས་ལྔར་ཕྱེ་ལ་མཆོད་པ་དང་། དཔལ་ཆེན་པོའི་ང་རྒྱལ་གྱིས་ཞལ་གྱི་ཟེར་སྤྲོས་ཏེ་ཁ་ཆུས་གདབ་པ་རྣམས་སྤྱིའི་ལས་རིམ་ཡིན་ལ། བྱེ་བྲག་ཏུ་མཁའ་འགྲོ་ལ་སོགས་རང་རང་གི་མཚན་ཉིད་བརྗོད་ཅིང་མཆོད་པ་ཕུལ་ནས་ཕྲིན་ལས་བཅོལ་བ་ནི། དེ་བས་རྣལ་འབྱོར་སྔགས་འཆང་གིས། །ཞེས་པ་ལ་སོགས་ཏེ་གནས་ལྔའམ་བདུན་ལ་སོགས་གང་བྱེད་ནི་བྱེ་བྲག་གི་ལས་རིམ་མོ། །དེ་ཡང་ཇི་སྐད་དུ། ཕུད་ལ་འཚལ་སྐལ་མི་ལྡན་གྱིས། །ལྷག་མ་ཞལ་ཆབ་བྲན་ལ་གསོལ། །ཞེས་པ་ལྟར་རོ། །དེ་ནས་མཇུག་གི་རིམ་པའི་དོན་བཞི་པ་མན་ཆད་ལག་ལེན་དུ་ཤེས་པར་བྱའོ། །གཞུང་དོན་གསུམ་པ་ནི་སླ་བར་ཟད་དོ། །འོན་ཀྱང་མཛོད་ལྡན་ཆེན་མོ་ཞེས་པ་ནི་རྒྱུ་མིང་འབྲས་ལ་བཏགས་པ་སྟེ། རྒྱུ་ཀུན་གཞིའི་རྟོག་པ་ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་ཕྱིར་མཛོད་ཅེས་བྱའོ། །དེའི་མིིང་གིས་དེ་གནས་སུ་དག་པའི་ལྷ་མོ་ཀ་རཱི་མ་ལ་ཡང་མཛོད་ལྡན་ཞེས་བྱའོ། །ཡང་ན་འཇིག་རྟེན་གྱི་མིང་སྙིང་ཁྲིན་ལ་བཏགས་པ་ལྟ་བུ་ཡང་ཡིན་ནོ། །གཞུང་དོན་ཐ་མ་ནི། གོང་གི་ཐབས་དེ་དག་གིས་ཕྲིན་ལས་བྱེད་པ་ལ་ཤེས་རབ་དང་བྲལ་ན་མི་གྲུབ་པའི་ཕྱིར་གཟུངས་མ་གང་ལ་བརྟེེན་ཏེ་བྱ་བ་ནི། དཔེའམ་བརྡའི་སྒོ་ནས་བསྟན་པ་སྟེ་ཤིང་ལྗོན་པ་ནི་ཞེས་པ་དེ་ནི་འཛེར་ཐུག་མེད་ཅིང་མཉེན་པ་ལྟར། ཞི་བའི་ཕྲིན་ལས་ཀྱི་ཚེ་ཡུམ་རྒྱུད་དུལ་བ་ཞིག་གིས་བྱ་སྟེ། ཇི་སྐད་དུ་རྡོ་རྗེ་ལས། གང་བོང་ལུས་མཛེས་མདོག་དཀར་རྩུབ། །ངོས་སུ་ལུས་ཀྱང་དེ་བཞིན་ཏེ། །སྐད་གསལ་སྔགས་ཟློས་མི་སྐྱོ་བ། །ཁྲོ་སྤངས་སེམས་རྒྱུད་ཞི་ལས་བྱ། །ཞེས་པ་བཞིན་ནོ། །ལྕུག་ཕྲན་ནི་སྐྱེ་ཟླ་མང་བས་ཚལ་ལྟར་རྒྱས་པའི་ཡུམ་ནི་སྤུན་ཟླ་མང་བ་སྟེ། དེ་ཉིད་ལས། བ་ལང་སེར་མོ་གྲུ་བཞི་རྒྱས། །རྣ་བ་འགྲམ་བརླང་རིང་བ་ལ། །ཤ་རྒྱས་ཡན་ལག་ཟླ་མང་ཞིང་། །ལས་ཀྱི་རིམ་པ་ལ་མཁས་པ། །ཞེས་པའོ། །སྡོང་གཅིག་དང་ནི་ཞེས་པ་ཟླ་མེད་པ་ལྟར། དབང་གི་ཡུམ་སྤུན་ཟླ་མེད་པ་ཞིག་སྟེ། དེ་ཉིད་ལས། དམར་མོ་བཞིན་མདོག་ཟླ་གམ་ལ། །རང་ཉིད་གཅིག་པུར་གནས་པ་སྟེ། །ཐབས་མཁས་བརྩོན་འགྲུས་ཆེ་བ་ནི། །དབང་དུ་བསྡུ་བའི་ཡུམ་དུ་ཤིས། །ཞེས་སོ། །མེས་རེག་ཅེས་པ་ནི་ཤིང་འགལ་དུམ་ལྟར་དྲག་པོའི་ཡུམ་ནི་སྡུག་བསྔལ་གྱི་མེས་རེག་པ་ཡུགས་ས་སྟེ། དེ་ཉིད་ལས། ནག་མོ་གྲུ་གསུམ་རྩིད་མགོ་མ། །ཁྲོ་གཉེར་ཅན་ལ་གེལ་བག་ཆགས། །གཏུམ་བརླང་འཛེམ་བག་མེད་པ་དང་། །སྔགས་ཟློས་བརྟུལ་ཞུགས་ལྡན་པའོ། །ཞེས་པ་བཞིན་ནོ། །གཙོ་བོའི་སེམས་ནི་དོན་དང་། སྟོངས་ཀྱི་སེམས་གཉིས་ལས། དང་པོ་ནི་ཆོས་ཉིད་ཇི་བཞིན་པ་རྟོགས་པའི་ངང་ནས་བྱ་བ་སྟེ། ཕྲིན་ལས་བཞི་ཆར་ལ་ཁྱབ་བྱེད་དུ་དགོས་པ་ཡིན་ནོ། །གཉིས་པ་ནི་དང་བས་ཞེས་པ་ཞི་བའི་ཚེ་གདུག་སེམས་ཀྱིས་མ་གོས་པའོ། །དགའ་བས་ཞེས་པ་ནི་རྒྱས་པའི་ཚེ་རྟོགས་པ་དང་ཡེ་ཤེས་ཚེ་དང་བསོད་ནམས་ལ་སོགས་འཕེལ་བར་འདོད་པས་སོ། །ཆགས་པ་དང་ཞེས་པ་དབང་གི་ཚེ་ཐམས་ཅད་མངར་འདུས་པར་འདོད་པས་གདུལ་བྱ་ལ་ཆགས་པའོ། །ཁྲོས་པས་ཞེས་པ་དྲག་པོའི་ཚེ་གདུག་པ་ཅན་གཅོད་པར་འདོད་པའི་སེམས་སོ། །སེམས་དེ་དག་དང་ལྡན་པས་ཀཱ་ལི་ནི་ཕྲིན་ལས་ཏེ་རབ་ཏུ་འབད་པས་བྱའོ། །རྒྱུད་དོན་རྣམ་ངེས་ལས་ལེའུ་ཉི་ཤུ་པའི་རྣམ་པར་བཤད་པའོ།། ༈ །།ལེའུ་ཉེར་གཅིག་པ་ནི། རང་བཞིན་འབྲས་བུ་མཐར་ཕྱིན་པ་ཁྲོ་བོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་བསྟོད་པ་སྟེ་སླ་བར་ཟད་དོ། །དབང་ཆེན་དཀྱིལ་འཁོར་ལ་བསྟོད་པ་ནི་ཡང་ན་འདི་ལྟར། རྡོ་རྗེ་བྲག་ཆེན་སྲ་བ་པོ། །ཞེས་པ་ཕྱག་རྒྱ་ཆེན་པོའི་ཁྲོ་བོ་ཐམས་ཅད་ཀྱི་གཞལ་ཡས་ཁང་གི་གཞི་རྡོ་རྗེེ་བྲག་གིས་གཏམས་པའོ། །ཆུ་བོ་སྡུད་ཆེན་པོ་ནི་རཀྟའི་རྒྱ་མཚོ་ཞལ་དུ་སྡུད་ཅིང་གསོལ་བའོ། །མེ་སྟེ་ཀུན་འབར་ཆེ་ནི་མེ་རི་སྨུག་ནག་གི་ཀློང་ན་བཞུགས་པའོ། །འཐོར་རླུང་ཆེ་ནི་ཞལ་དང་ཤངས་ནས་དྲག་པོ་འཐོར་བྱེད་ཀྱི་རླུང་བྱུང་བའོ། །ཡང་ན་དེ་དག་དོན་གྱི་དབང་དུ་གཞི་ཆོས་ཉིད་མཐའ་གང་དུ་ཡང་མི་འགྱུར་བ་ནི་རྡོ་རྗེའི་བྲག་ཡིན་ཞིང་། ཆོས་ཅན་ཇི་སྙེད་པ་རྣམས་ཆོས་ཉིད་ཇི་བཞིན་པར་སྡུད་པ་ནི་ཆུ་ཡིན་ལ། ཤེས་རབ་ཆེན་པོས་མ་རིག་པའི་བུད་ཤིང་སྲེག་པ་ནི་མེ་ཡིན་ཏེ། དེས་སྒྲིབ་པ་ཐམས་ཅད་མི་གནས་པར་འཐོར་བར་བྱེད་པ་ནི་རླུང་ཡིན་ནོ་སྙམ་དུའང་སེམས་སོ། །རྒྱུད་དོན་རྣམ་ངེས་ལས་ལེའུ་ཉེར་གཅིག་པའི་རྣམ་པར་བཤད་པའོ།། ༈ །།དེ་ལྟར་དེ་ཡན་ཆད་ནས་གསུམ་པའི་སྨད་མན་ཆད་ཀྱིས་རྒྱུད་དོན་དངོས་བསྟན་ནས། སྤྱི་དོན་བཞི་པ་རྒྱུད་ཀྱི་དགོས་འབྲེལ་ནི་གོང་མ་དག་གི་ཁྱབ་བྱེད་ཡིན་པའི་ཕྱིར་ཤུགས་ལ་བསྟན་ཞིང་། འོན་ཀྱང་ཡན་ལག་བཞིར་འདིར་ཡང་སྟོང་ཐུན་ལྟར་འཆད་པ་པོས་བསྙད་དོ། །སྤྱི་དོན་ཐ་མ་གདམས་ཤིང་གཏད་པ་ནི་ལེའུ་ཐ་མས་སྟོན་ཏེ། དེ་ལ་གཉིས་ལས། རང་བཞིན་གྱི་རྒྱུད་ཡེ་ནས་སངས་རྒྱས་པ་ལས་མི་འགྱུར་བས་འབོད་གཅིག་པར་གདམས་པ་ནི། རྒྱུད་དབུ་ཞབས་ཀྱི་བརྗོད་བྱ་སྣང་བ་བཞི་ཡིན་ལ། དེ་རྗོད་བྱེད་འདིར་ཤློ་ཀ་གཉིས་སུ་བསྡུས་ནས་བསྟན་ལ། དེ་ཡང་རང་བཞིན་གྱི་སྣང་བ་སེམས་ཀྱི་དེ་ཁོ་ན་ཉིད་གཅིག་ཏུ་བསྟན་པའི་ཕྱིར་རྒྱུད་རལ་གྲི་ལྟར་རྩ་བ་ནས་བཟུང་སྟེ་བཤད་པ་ཞེས་བྱ་བ་ཡིན་ནོ། །དེ་ཡང་། ཀྱེ་ཀྱེ་ཞེས་པ་དང་པོས་ལྷན་ཅིག་པ་དང་། གཉིས་པས་གོ་ཕྱེ་བའི་འཁོར་ལ་འབོད་པའམ། ཡང་ན་རང་བཞིན་གྱི་རྒྱུད་གདམས་པ་དང་མཚོན་བྱེད་ཀྱི་རྒྱུད་གཏད་པ་གཉིས་ཀྱི་ཕྱིར་རོ། །དེ་གང་ཞེ་ན། འཁྲུལ་ངོ་ན་ཡོད་པའི་ཤར་ལ་སོགས་པའི་ཕྱོགས་བཅུ་དང་འདས་མ་འོངས་ལ་སོགས་དུས་བཞིས་བསྡུས་པ་འཁོར་བའི་རང་བཞིན་འདི་དག་ཆོས་ཅན། ཡིན་ལུགས་ནས་ཡེ་ནས་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་ཏེ། རང་བཞིན་ལ་ལྟོས་ཏེ་འཁོར་བའི་ཆོས་སུ་སྣང་ཞིང་ཞེན་པའི་ཚེ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་པ་ལས་སྐད་ཅིག་ཀྱང་མ་བྲལ་ཞིང་། དེ་དེར་ངེས་པའི་ཚེ་འཁོར་བའི་ཆོས་རྫས་གཞན་དུ་མ་གྲུབ་པའི་ཕྱིར། དཔེར་ན་དུང་སེར་འཛིན་བཞིན་ནོ། །དེ་མ་གྲུབ་ཅེ་ན་དངོས་པོ་གཉིས་ཆོས་ཅན། རྫས་ཐ་དད་དུ་ཐལ། རང་བཞིན་དབྱེར་མེད་དུ་མ་གྲུབ་སྟེ་གཞན་དང་གཞན་ཡིན་པའི་ཕྱིར། དཔེར་ན་རྟ་གླང་བཞིན་ནོ། །དབྱེར་མེད་མ་ཡིན་པ་ལ་རྫས་ཐ་དད་པས་ཁྱབ་ཅིང་། འདོད་ན་འཁོར་བ་སྤངས་ཀྱང་འདས་པ་མི་འགྲུབ་སྟེ། རྟ་སྤངས་ཀྱང་གླང་པོ་མི་འགྲུབ་པ་བཞིན་ནོ། །གཞན་ཡང་ལམ་དང་ཐེག་པ་རྣམས་ཆོས་ཅན། དོན་མེད་པར་འགྱུར་ཏེ། དངོས་པོ་གཉིས་རང་བཞིན་ཐ་དད་ཡིན་པའི་ཕྱིར། དཔེར་ན་དུང་སོལ་གཉིས་ཐ་དད་པས་སོལ་བ་ལ་བྱི་དོར་བྱས་ཀྱང་དུང་གི་དཀར་པོ་མི་འབྱུང་བ་བཞིན་ནོ། །དེ་ལྟར་ཡང་རྒྱས་པ་ལས། སོ་སོའི་རང་བཞིན་ངེས་ཤེ་ན། །ཡང་དག་ལམ་གྱིས་བ ཅོས་སུ་མེད། །ཅེས་པ་བཞིན་ནོ། །དེས་ན་དངོས་པོ་གཉིས་ལྡོག་པ་གཅིག་ཏུ་བསྒྲུབ་པ་ཡིན་གྱིས། སྒྲུབ་བྱེད་རང་བཞིན་གྱི་གཏན་ཚིགས་ཀྱིས་བསྒྲུབ་བྱ་དངོས་པོ་གཉིས་ཀྱི་རང་བཞིན་དབྱེར་མེད་དུ་སྒྲུབ་པ་འདི་ཆོས་ཉིད་ཀྱི་རིག་པ་ཡིན་པའི་ཕྱིར། བློ་དེས་དེ་ལྟར་བརྟགས་ན་རྟོགས་སུ་རུང་ལ་བསླབས་ན་འགྲུབ་ཏུ་རུང་བས། གང་གིས་དེ་ལྟར་རྟོགས་ཤིག་སྒྲུབས་ཤིག་འབོད་ཅིག་ཅེས་གདམས་པ་ཡིན་ནོ། །གཉིས་པ་རྒྱུད་གཏད་པ་དངོས་ལ་ངག་དོན་གསུམ་སྟེ། སྡུད་པ་པོ་ལ་དང་། གང་ཟག་ཆོས་མིག་ཅན་ལ་དང་། མ་མོ་དང་མཁའ་འགྲོ་ལ་གཏད་པའོ། །དེ་དག་རེ་རེ་ལ་ཡང་བྱེད་ཚིག་བཞི་བཞི་སྟེ། གང་གིས་དང་། ཡུལ་གང་ལ་དང་། དགོས་ཆེད་ཅིའི་ཕྱིར་དང་། ཚུལ་ཇི་ལྟར་གཏད་པའོ། །དང་པོ་གང་གིས་ན། དེ་དག་གསུམ་ཆར་འཆད་པའི་སྐྱེས་བུས་གཏད་པར་མཐུན་ལ། གཉིས་པ་ཡུལ་ནི་གོང་གི་གསུམ་ལའོ། །གསུམ་པ་དགོས་ཆེད་ནི་སྡུད་པ་པོ་ལ་གཏད་པས་རྒྱལ་ཚབ་རྒྱུད་ཀྱི་སྟོན་པར་དབྱུང་བའི་དགོས་པ་ཡོད་ལ། གང་ཟག་ཆོས་མིག་ཅན་ལ་གཏད་པས་གསང་བའི་བསྟན་པ་འདི་ལྷ་དང་མིའི་འཇིག་རྟེན་དུ་དར་ཞིང་རྒྱས་པར་འགྱུར་ཞིང་། མ་མོ་དང་མཁའ་འགྲོ་ལ་གཏད་པས་བསྟན་པ་འདི་ཡོངས་སུ་མི་ནུབ་པས་བརྟན་ཞིང་བཀའི་བྱིན་ཆེ་བའི་དགོས་པ་ཡོད་དོ། །ཐ་མ་ཚུལ་ལ་དང་པོ་སྡུད་པ་པོ་ལ་གཏད་ཚུལ་ནི་གཞུང་བསྒྱུར་ཏེ་འོག་ནས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་དགོངས་པ་གསང་བའི་སྙིང་པོ་འདི་ལས་ལྷག་པའི་དོན་གཞན་ཞིག་མི་མངའ་སྟེ། འདིའི་བརྗོད་བྱ་ནི་ཡོད་པ་སྒྲོ་འདོགས་དང་མེད་པ་སྐུར་འདེབས་ལ་སོགས་པའི་མཐའ་ཐམས་ཅད་ཞི་བ་ནི་བྲལ་བར་སྟོན་པ་ཡིན་པའི་ཕྱིར། དེའི་རྗོད་བྱེད་གསང་བའི་སྙིང་པོའི་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ་མཚོན་བྱེད་ཀྱི་རྒྱུད་འདི་ཡང་སྒྲོ་སྐུར་ཐམས་ཅད་དང་བྲལ་བ་ཡིན་ནོ། །དེས་ན་སྟོན་པའི་བདག་ཉིད་ཀྱིས་ཆོས་ཉིད་དེ་བཞིན་ཉིད་ངེས་པའི་དབྱིངས་ནས་ཕྱུང་པའི་རྒྱུད་འདི་ཟུངས་ཤིག་ཅེས་སྡུད་པ་པོ་ལ་གཏད་པའོ། །གཉིས་པ་ནི་གོང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཕྱག་རྒྱ་གསང་ཆེན་ངེས་པ་མཚོན་བྱེད་ཀྱི་རྒྱུད་འདི། མ་འོངས་པའི་རྣལ་འབྱོར་པ་གང་ཞིག་རང་གིས་ཕྱིན་ཅི་མ་ལོག་པར་རྟོགས་ནས་གཞན་ལ་སྨྲ་བར་གང་བྱེད་པ་དེ་སྟོན་པའི་བདག་ཉིད་ང་དང་དགོངས་པ་མཉམ་པ་ཡིན་ཏེ། ཤེས་རབ་ཀྱི་སྤྱན་དང་ལྡན་ཞིང་རིག་པ་རྩལ་གྱི་དབང་ཡང་རྫོགས་པའི་ཕྱིར་རོ། །གསུམ་པ་ནི་འོག་ནས་དེའི་ཡང་ཚིག་བསྒྱུར་ཞིང་འབྲུ་ཡང་བསྒྱུར་ཏེ། དེ་ལྟར་རྒྱལ་བའི་ཐུགས་ལས་སྐྱེས་པའི་སྲས་དེ་ནི་ངེས་པའི་སྐྱེས་བུར་ལུང་བསྟན་པ་ཐོབ་པ་ཡིན་ཏེ། དེ་ནི་གང་ཞེ་ན། ས་རབ་རིག་པ་འཛིན་པ་སྔགས་ཀྱི་ས་ལ་གནས་པ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། སྔགས་ཀྱི་རྟོགས་པས་མི་གཏོང་བས། །ཏིང་འཛིན་ནུས་པའི་མཐུ་མེད་ཀྱང་། །ས་སྦྱོང་སེམས་དཔས་བསྐྱོད་དུ་མེད། །བདེ་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །རིག་པའི་སྐྱེས་བུར་ལུང་བསྟན་པའོ། །ཞེས་པ་ལྟར་གང་ཟག་ཆོས་མིག་ཅན་ལ་གཏད་པའོ། །མཁའ་འགྲོ་མ་རྣམས་ལ་གཏད་ཚུལ་ནི་སྣོད་དང་ལྡན་པ་ལ་འཕྲད་པར་བྱེད་ཅིང་སྣོད་མིན་ལ་མི་འཕྲད་པར་བྱ་བའི་ཕྱིར་བཀའི་སྲུང་མར་གཉེར་གཏད་པ་ནི་འདི་ནས་མི་གསལ་ཡང་། རྒྱས་པའི་ལྔ་བཅུ་པ་ལས་ཇི་སྐད་དུ། གསང་སྔགས་ཀྱི་རྒྱལ་པོ་འདི་བརྟན་ཞིང་མི་འགྱུར་བ་དང་། འཇིག་རྟེན་གྱི་ཁམས་སུ་ཡང་ཡུན་རིང་དུ་གནས་པར་བྱ་བའི་ཆེད་དུ། འབྱུང་པོ་རྣམས་ཀྱི་ཇོ་མོའི་ཡང་ཇོ་མོ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་བཅས་པ་ལ་སོགས་དང་། ཡང་དེ་ཉིད་ལས། དེ་ཡི་གཟུངས་ལ་གཏད་པ་ནི། །ཡིད་བཞིན་མཛོད་འབྱོར་བཀའ་ཡི་གནས། །ང་ཡི་ཐུགས་ཀྱི་སྙིང་པོ་འདི། །ཕྱོགས་བཅུ་ཀུན་ཏུ་སྤེལ་བ་དང་། །ཕྱི་ནང་ཐེག་པ་བསྟན་བཅོས་དང་། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས། །སྤྱོད་དང་སྒོམ་དང་བཟླས་པ་དང་། །སྡོམ་པ་ཀུན་ལ་མཁས་པ་ཡི། །སྒོམ་པ་དྲན་དང་ཆོས་ཕྱོགས་རྣམས། །བསྟན་པ་འཛིན་པར་ནུས་པ་ཡིས། །གསང་བ་སྙིང་པོ་མཆོག་ཏུ་གསུངས་པའོ། །དོན་ཐ་མ་རྒྱུད་རྫོགས་པའི་བྱ་བ་ལ་གསུམ་ལས། དང་པོ་ནི། ཞེས་པ་གོང་དུ་བསྟན་པའི་རྒྱུད་ཀྱི་དངོས་པོ་རྣམས་སོ། །དེ་ལྷན་ཅིག་པ་དང་གོ་ཕྱེ་བའི་འཁོར་གཉིས་ལ་བརྗོད་ཅིང་བསྟན་པས་སྟོན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀུན་ཏུ་བཟང་པོ་ཉིད། འཁོར་གྱིས་ཆོས་ཐམས་ཅད་དབྱེར་མེད་པར་གནས་པའི་དོན་མངོན་དུ་བྱས་ཤིང་། རྒྱུད་ཀྱི་མཛད་པ་རྫོགས་པས་དགྱེས་ནས། འཁྲུལ་ངོ་ན་ཡོད་པའི་དུས་བཞི་ཐ་དད་དུ་འཛིན་པ་དག་སྟེ། ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་སུ་ཆོས་ཐམས་ཅད་ཡེ་ནས་འབྲས་བུ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་ལྷུན་གྱིས་གྲུབ་པ་ལ་སེལ་མེད་པས་སྟུག་པོ་བཀོད་པའོ། །མཛད་པ་དེ་ཆོས་ཉིད་ཀྱི་ངང་དུ་མཛེས་པ་རྒྱན་ཡིན་ཞིང་། དེ་བཞིན་ཉིད་དུ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བཞུགས་སོ། །གཉིས་པ་ནི། འཕགས་པ་ཞེས་པ་རྒྱུད་འདི་གཞན་ལས་དོན་བརྒྱད་ཀྱིས་ཁྱད་པར་དུ་བྱས་པས་སམ། ཡང་ན་འབྲས་བུ་ཐོབ་པའི་དུས་དང་། ཐོབ་བྱེད་ཀྱི་ཐབས་དང་། ཐོབ་པས་འབྲས་བུའི་ངོ་བོ་རྣམས་གཞན་ལས་ཁྱད་པར་དུ་གྱུར་པར་སྟོན་པའི་རྒྱུད་ཡིན་པའི་ཕྱིར་རོ། །རྟོག་པ་ཞེས་པ་ནི་ཁ་ཅིག་འཁྲུལ་པའི་དང་། ཡང་དག་པའི་རྟོག་པ་གཉིས་ལས་ཕྱི་མའོ་ཞེས་འདོད་ཀྱང་། འདི་རྒྱུད་དང་མིང་གི་རྣམ་གྲངས་ཡིན་པར་སེམས་སོ། །དེ་ལྟར་རྟོག་པ་འདིའི་མཚན་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་ལ། དེའི་ལེའུའི་གྲངས་ནི་སྟོང་ཕྲག་བརྒྱ་པ་གཅིག་རྒྱ་གར་ན་བཞུགས་པ་ལས། རྩ་བའི་རྒྱུད་འདི་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་སྟོན་པའི་མདོ་ཐམས་ཅད་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པ་སྟོན་པའི་རྒྱུད་ཐམས་ཅད་དང་ལུང་གི་སྤྱི་ཡིན་ཏེ། དབྱེར་མེད་ཀྱི་རྒྱུད་འདིས་ཐམས་ཅད་གཏན་ལ་འབེབས་པའི་ཕྱིར་རོ། །དེས་ན་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ལས་ཀྱང་ཆེས་གསང་བ་སྟོན་པ་རྒྱུད་ཡིན་ནོ། །ཐ་མ་ནི། དེ་ལྟར་ཐུགས་ཀྱི་རྒྱུད་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བའི་རྒྱུད་འདིའི་ཁུངས་གོང་ལྟར་ལེའུ་སྟོང་ཕྲག་བརྒྱ་པ་བཞུགས་པ་ལས་འདིར་ཕྱི་ནང་གི་ཐེག་པ་ཐམས་ཅད་མ་ལུས་པར་སྤྲོས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་དག་གི་བསྒྲུབ་བྱར་གྱུར་པས་འབྲས་བུའོ། །དེ་ནི་གང་གིས་སྨད་པར་མི་ནུས་ཤིང་གཞན་ལས་ཁྱད་པར་དུ་འཕགས་པས་མཆོག་ཡིན་པའི་ཕྱིར་ཡོངས་སུ་མི་ནུབ་པའོ། །དེ་ལྟར་འབྲས་བུའི་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་རེ་ཞིག་རྫོགས་སོ་ཞེས་པ་ནི་བཤད་དུ་མེད་པའི་དོན་ནོ་ཞེས་གསུངས་སོ། །རྣམ་བཤད་འདི་དག་ཕལ་ཆེར་སྐྱེས་ཆེན་བླ་མའི་གསུང་། །སྒྲུབ་བྱེད་རིག་པས་གནད་དོན་ལུང་གིས་རབ་བརྒྱན་པ། །ཅུང་ཟད་གཞན་ལས་རྟོགས་པ་ཡང་ཡོད་རང་གིས་སྦྱར། །བཟོད་པ་བླ་མ་མཁས་སོགས་དཔང་གྱུར་རྣམས་ཀྱིས་བཞེས། །འགའ་ཞིག་མིང་སྟོང་བསྒྲིགས་པ་ཚིག་གི་དཔུང་བསྐྱེད་དང་། །ཡང་དག་ཐེག་པའི་བྱེ་བྲག་ཙམ་གྱི་དོན་མཐོང་ལ། །ཀུན་ཤེས་རློམ་ཤིང་ཆགས་སྡང་ཞེ་འདོད་ཀྱིས། །སྨ་བ་དེ་དག་ཕྱོགས་རེའི་བློ་ཅན་ཡིན། །དབང་གིས་མ་སྨིན་བརྒྱུད་པའི་གདམས་པ་མེད། །རྣམ་དཔྱོད་བློ་བྲལ་གཞུང་དོན་མ་རྟོགས་ཀྱང་། །དྲེགས་དང་འདོད་པའི་དབང་གིས་འཆད་འདོད་ལ། །བློ་དམན་སྐལ་མེད་དག་གི་ཡུལ་འདི་མིན། །རྒྱ་ཆེན་ཤེས་བྱའི་གནས་ལ་མ་རྨོངས་དང་། །རབ་ཟབ་ཐབས་ཀྱིས་མྱུར་འགྲོད་ཁྱད་པར་ལམ། །མཐར་ཕྱིན་དོན་གཉིས་ཕུན་ཚོགས་བསྟན་པའི་རྒྱན། །ཐེག་མཆོག་འདིར་ནི་ཀུན་ཀྱང་འཇུག་བྱ་ཡིན། །རྡོ་རྗེའི་ཚིག་འདི་དཀའ་བས་གང་བཤད་པ། །དེ་ཡི་དགེ་བ་འགྲོ་རྣམས་ལ་བསྔོ་ཞིང་། །བློ་ལྡན་ཡུལ་གྱུར་རྒྱུད་དོན་རྣམ་ངེས་འདི། །སྐལ་བ་ཅན་ལ་རབ་ཏུ་རྒྱས་གྱུར་ཅིག །རྒྱུད་དོན་རྣམ་པར་ངེས་པ་ཞེས་བྱ་བ་དཔལ་སྨན་ལུང་དུ་མི་བསྐྱོད་རྡོ་རྗེས་སྦྱར་བའོ། །མངྒ་ལཾ།། ༈ །།མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ། །མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ། །ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་བའི། །བསྟན་པ་འཕེལ་རྒྱས་འཛམ་གླིང་ཁྱབ་གྱུར་ཅིག། །།

ཆོས་ཚོམས་ངོས་གཟུང་བ།

ཆོས་ཚོམས་ངོས་གཟུང་བ་ཞེས་བྱ་བ་བཞུགས་སོ། །བླ་མ་རྣམས་ལ་རབ་བཏུད་རྒྱུད་རྒྱལ་གྱི། །ལེ་དོན་རེ་ལའང་དབང་པོའི་བྱེ་བྲག་གིས། །ཆོས་མཚན་གསུམ་ལས་གང་སྟོན་ངོས་གཟུང་ཞིང་། །གང་གི་ཡུལ་ཡིན་རྣམ་བཞིར་བསྡུས་འདི་ཉོན། །འདིར་ཆོས་ཚོམས་ངོས་གཟུང་བ་ཞེས་བྱ་བ་ལེའུ་རེ་རེ་ནས་ཀྱང་། དབང་པོ་རབ་ཀྱི་ཆོས་གཞི་ལམ་འབྲས་བུ་གསུམ་ལས་གང་སྟོན་པ་དང་། གཞི་ལའང་ངོ་བོའི་དང་། བཏགས་པའི་གཞི་གཉིས་ལས་གང་སྟོན། ལམ་ལ་ཐུན་མོང་དང་ཐུན་མོང་མིན་པ་གཉིས་ལས་གང་སྟོན། ཐུན་མོང་མིན་པ་ལ་ཐབས་གྲོལ་གཉིས་ལས་གང་སྟོན། ཐབས་ལམ་ལ་སྟེང་སྒོ་འོག་སྒོ་གཉིས་ལས་གང་། གྲོལ་ལམ་ལ་རིམ་གྱིས་པ་དང་ཅིག་ཅར་གཉིས་ལས་གང་། འབྲས་བུ་ལ་གནས་སྐབས་དང་མཐར་ཐུག་གི་ལས་གང་། མཐར་ཐུག་ལ་བདག་དོན་གྲུབ་པ་པོ་དང་གཞན་དོན་མཛད་པ་པོ་ལས་གང་སྟོན་ཞེས་ངོས་གཟུང་། དབང་པོ་འབྲིང་གི་ཆོས་ལ། །གླེང་གཞི། གླེང་སླང་བ། རྒྱུད་དོན། དགོས་འབྲེལ། གདམས་གཏད་ལྔ་ལས་གང་། གླེང་གཞི་ལ་ཐུན་མོང་གི་དང་ཐུན་མིན་གཉིས་ལས་གང་། ཐུན་མོང་ལ་རྒྱུད་འབྱུང་བ་ཁྱད་པར་ཅན་དང་། བསྟན་པ་འབྱུང་བ་སྤྱི་གཉིས་ལས་གང་ཞེས་པ་དང་། རྒྱུད་དོན་ལ་བཅུ་ལས་གང་། དེའི་བྱེ་བྲག་དཀྱིལ་འཁོར་བདུན་ལས་གང་ཞེས་ངོས་གཟུང་ངོ་། །དབང་པོ་ཐ་མའི་ཆོས་མཚོན་བྱེད་ཀྱི་བཤད་ཐབས་བཅུ་ལས། སྤྱིར་འགྲོ་བ་གསུམ་གྱི་སྟེང་དུ་ཁྱད་པར་བ་གང་གིས་སྟོན་ཞེས་ངོས་གཟུང་ཞིང་། དེ་ལྟར་སྟོན་པའི་ལེའུ་དེ་གང་ཟག་དང་ལམ་པ་གང་གི་ཡུལ་ཡིན་པ་དང་བཞིར་ངོས་གཟུང་བར་བྱའོ། །དེ་ལ་བརྩད་ཆ་ན་རེ། ལེའུ་དང་པོ་དང་། གཉིས་པ་དང་། ཐ་མ་རྣམས་ལ་ངོས་གཟུང་བར་མི་འཐད་དེ། དེ་དག་གླེང་གཞི་དང་། གླེང་སླང་དང་། གདམས་གཏད་རྣམས་ཡིན་པའི་ཕྱིར་རོ་ཟེར་ཡང་། དེ་དག་ལ་འབྲིང་གི་ཆོས་རྒྱུད་དོན་ངོས་གཟུང་བར་མི་འཐད་པ་ཡིན་གྱི། གཞན་རྣམས་ངོས་གཟུང་བར་འཐད་པའི་ཕྱིར། ༈ །དང་པོ་གླེང་གཞིའི་ལེའུ་ལ། རབ་ཀྱི་ཆོས་གསུམ་ལས། ལེའུའི་ངོ་བོ་ནི་དག་པ་དེ་པའི་སྣང་བ་འབྲས་བུའི་རྒྱུད་ཡིན་ནོ། །མཚན་དང་གླེང་གཞི་མདོར་བསྟན་གཉིས་ལམ་དང་སྦྱར་ནས་འཆད་པའི་ཕྱིར་ཁྱད་པར་གྱི་ལམ་ཐབས་གྲོལ་གཉིས་ཀ་སྟོན་ཅིང་། ཐབས་ལམ་སྟེང་འོག་གི་སྒོ་གཉིས་ཆར་སྟོན་ནོ། །འབྲིང་གི་ཆོས་ལྔ་ལས་གླེང་གཞིའོ། །དེ་ལས་ཐུན་མོང་། དེ་ལས་རྒྱུད་འབྱུང་བ་ཁྱད་པར་ཅན་གྱིའོ། །ཐ་མའི་ཆོས་བཅུ་ལས་ཁྱབ་བྱེད་གསུམ་གྱི་སྟེང་དུ་དེ་བཞིན་ཉིད་ཀྱི་དབྱིངས་ཞེས་པས་རང་བཞིན་ལྟ་བའི་ཚིག་དང་། ལེའུ་བསྡུ་བ་ཡོད་པས་སྤྱི་དོན་སྡུད་པ་དང་། མཚན་དང་གླེང་གཞི་མདོར་བསྟན་འོག་སྒོར་འཆད་པས་ལྡེམ་དགོངས་མན་ངག་དང་། དེ་ལ་རྩོད་སྤོང་ཡོད་པས་གཏར་ཁ་གེགས་སེལ་དང་། ཐལ་རྒྱུད་རྒྱ་མཚོ་ལ་སོགས་ལུང་དུ་མ་དྲངས་པས་ཚད་མ་བཀའ་གཞུང་དང་། དཔེར་ན་ཏིལ་གྱི་གང་བུ་ཞེས་པས་མཚོན་པ་དཔེའི་ཚིག་དང་། སྟོན་པའི་ངོ་བོ་འོག་ནས་ལེན་པས་བསྣོལ་མཚམས་འཕེན་སྡུད་དེ། དེ་ལྟར་ཁྱད་པར་བདུན་དང་བཅུ་ཁས་སྟོན་ནོ། །འདི་ནི་མཐར་ཕྱིན་དེ་པའི་ཡུལ་ལོ། ༈ །གཉིས་པ་གླེང་སླང་བའི་ལེའུ་ལ། རབ་ཀྱི་ཆོས་ལ་གསུམ་ལས། ལེའུ་ངོ་བོ་འབྲས་བུ་ཡིན་ཅིང་། བཅིང་མེད་རྣམ་པར་གྲོལ་མེད་པ། །ཡེ་ནས་ལྷུན་གྲུབ་ཅེས་པས་ངོ་བོའི་གཞི་དང་། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ལ་སོགས་པས་བཏགས་པའི་གཞི་གཉིས་ཀ་སྟོན་ནོ། །ལམ་ལས་ཁྱད་པར་གྱི་ལམ་ཐབས་གྲོལ་གཉིས་ཀ་སྟོན་ཏེ་སེམས་བསྐྱེད་པའི་སྐབས་སུ་ཐབས་ལམ་འོག་སྒོ་དང་། གྲོལ་ལམ་ཅིག་ཅར་བའོ། །འབྲིང་གི་ལྔ་ལས་གླེང་སླང་བའོ། །དེ་ལའང་ཐུན་མིན་ཐུན་མོང་གཉིས་ཀའོ། །ཐ་མའི་ཆོས་བཅུ་ལས། ལྟ་བ་དང་ལྡེམ་དགོངས་ཚད་མ་བཀའ་གཞུང་རྣམས་ཤས་ཆེས་གཏར་ཁ་དང་བསྣོལ་མཚམས་ཟུར་ཙམ་མོ། །འདིར་ཐུན་མོང་གི་གླེང་སླང་ཡོད་པས་ཀུན་གྱི་ཡུལ་ལོ། ༈ །གསུམ་པ་ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་ལ། རབ་ཀྱི་ཆོས་གསུམ་ལས། རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་པས་ངོ་བོའི་གཞི་དང་། ཇི་སྙེད་ལོ་ཀ་འཁྲུལ་པའི་ཆོས། །ལ་སོགས་པས་བཏགས་པའི་གཞི་གཉིས་ཀ་སྟོན། ལམ་ལས་ཐུན་མོང་གི་ལམ་དང་། ཁྱད་པར་གྱི་ལམ་གཉིས་སྟོན། དེ་ལས་གྲོལ་ལམ་རིམ་གྱིས་པ། དེ་ལས་ཀྱང་རྒྱུ་ཤེས་པ་གཏན་ཚིགས་ཀྱིས་ལྟ་བ་གཏན་ལ་ཕབ་པ་སྟོན། འབྲས་བུ་ལ་ཐུབ་པའི་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པས་གཞན་དོན་མཛད་པ་པོ་སྟོན། འབྲིང་གི་ཆོས་ལྔ་ལས་སྟོད་ནས་བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་སྟོན་ལ། སྨད་ནས་ཉེར་གཅིག་པ་ཡན་ཆད་དུ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་རྒྱུད་དངོས་སྟོན་པར་ཀུན་འདྲ་ལ། དེ་ལ་ལམ་གྱི་ངོ་བོ་དང་། ཆ་རྐྱེན་གཉིས་ལས། ངོ་བོ་ནི་རབ་ཀྱི་ཆོས་ཀྱི་སྐབས་སུ་ངོས་འཛིན་པའང་ཀུན་མཐུན་ནོ། །ཆ་རྐྱེན་གྱི་བཅུ་ལས་འདི་ནས་ལྟ་བ་སྟོན། དེ་ལས་གཞལ་བྱ་གཏན་ཚིགས་གྲུབ་མཐའ་གསུམ་སྟོན། ཐ་མའི་ཆོས་བཅུ་ལས། ཁྱད་པར་བ་རང་བཞིན་ལྟ་བ་སྤྱི་དོན་སྡུད་པ། ཚད་མ་བཀའ་གཞུང་། གཏར་ཁ་གེགས་སེལ་རྣམས་ཤས་ཆེ། བསྣོལ་མཚམས་འཕེན་སྡུད་དང་། མཚོན་པ་དཔེ་ཟུར་ཙམ། འདི་ཀུན་གྱི་ཡུལ་ལོ། ༈ །བཞི་པ་ཡི་གེ་ཕྲེང་བ་འཁོར་ལོ་བཀོད་པའི་ལེའུ་ལ་རབ་ཀྱི་གསུམ་ལས། ཨ་ནི་སྟོང་དང་མི་སྟོང་གི། །ལ་སོགས་པ་བདེན་པ་བཞི་དབྱེར་མེད་དུ་གཏན་ལ་འབེབས་པས་ངོ་བོའི་གཞིའོ། །ལམ་ལས་ཁྱད་པར་གྱི་ལམ་གྲོལ་ལམ་ཅིག་ཅར་བ་ཟུར་ཙམ་ལ། རིམ་གྱིས་པ་ཤས་ཆེ་བར་སྟོན། བསྡུ་བའི་སྐབས་སུ་ཐབས་ལམ་འོག་སྒོ་ཟུར་ཙམ་མོ། །ཡི་གེ་སྐུ་གསུམ་གྱི་ངོ་བོར་སངས་རྒྱས་པ་སྟོན་པས་འབྲས་བུ་ཟུར་ཙམ་མོ། །འབྲིང་གི་རྒྱུན་དོན་ལ་ཡང་གཉིས་ལས། ཆ་རྐྱེ་ནི་ལྟ་བ་དང་། དཀྱིལ་འཁོར་ལས་ས་མ་ཏིའི་དཀྱིལ་འཁོར་དང་། བྱང་ཆུབ་སེམས་ཀྱིའོ། །ཏིང་ངེ་འཛིན་ལས་བསྐྱེད་པའི་ཏིང་ངེ་འཛིན་སྟོན། སྔགས་དང་ཕྱག་རྒྱ་ལས་སྔགས་ཀྱི་ངོ་བོ་ཨཱ་ལི་ཀཱ་ལིའོ། །དེས་ཡི་གེའི་སྒོ་ནས་ཚོགས་སྒྲུབ་པ་སྟོན། ཐ་མའི་བཅུ་ལས། རང་བཞིན་ལྟ་བ་ལྡེམ་དགོངས་གཏར་ཁ་རྣམས་ཟུར་ཙམ་དང་། ཚད་མ་བཀའ་གཞུང་དང་བསྣོལ་མཚམས་འཕེན་སྡུད་ཤས་ཆེར་སྟོན། འདི་དངོས་སུ་ཕྱག་རྒྱ་གཅིག་པ་ཕྲ་མོའི་ཡུལ་ལ། ཤུགས་ལ་ཟག་བཅས་ཀྱི་ལམ་ཀུན་གྱི་ཡུལ་ལོ། ༈ །ལྔ་པ་སྒྱུ་འཕྲུལ་བསྒྲུབ་པ་ཏིང་ངེ་འཛིན་གྱི་ལེའུ་ལ། རབ་ཀྱི་ཆོས་ལ་གསུམ་ཆར་ཏེ་གཞི་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ལ་སོགས་པ་ངོ་བོའི་གཞི་སྟོན། ལམ་ལས་ཐུན་མོང་གི་དངོས་གྲུབ་རྣམས་ཁྱད་པར་གྱི་ལམ་ཐབས་གྲོལ་གཉིས་ཀར་འཆད་ཅིང་། ཐབས་ལམ་སྟེང་འོག་གཉིས་ཀ་སྟོན་ལ། གྲོལ་ལམ་ཅིག་ཅར་བ་ཟུར་ཙམ་དང་། རིམ་གྱིས་པ་ཤས་ཆེ་བར་སྟོན། །འབྲས་བུ་ལས་མཐར་ཐུག་གི་འབྲས་བུ་བདག་དོན་གྲུབ་པ་དང་། གཞན་དོན་མཛད་པ་གཉིས་ཀ་སྟོན། འབྲིང་གི་ཆ་རྐྱེན་ལས་ལྟ་བ་དང་། ཏིང་ངེ་འཛིན་དང་། སྤྱོད་པ་ཟུར་ཙམ་དང་། དཀྱིལ་འཁོར་ལས་ཏིང་ངེ་འཛིན་དང་། བྱང་ཆུབ་སེམས་ཀྱིའོ། །གཙོ་བོར་སྒྲུབ་པ་སྟོན་པའི་ཕྱིར་གཞན་རྣམས་ཀུན་ཤུགས་ལ་སྟོན་པ་ཡིན་ནོ། །ཐ་མའི་རང་བཞིན་ལྟ་བ་ལྡེམ་དགོངས་གཏར་ཁ་བསྣོལ་མཚམས་ཚད་མ་བཀའ་གཞུང་མཚོན་པ་དཔེའོ། །འདི་ཀུན་གྱི་ཡུལ་ལོ། ༈ །དྲུག་པ་སྐུའི་དཀྱིལ་འཁོར་བསྟན་པའི་ལེའུ་ལ། རབ་ཀྱི་གསུམ་ཀ་སྟེ། གཞི་ལས། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་པས་ངོ་བོའི་གཞིའོ། །ལམ་ལས་ཐུན་མོང་གི་ལམ་སྟོན། ཁྱད་པར་གྱི་ལམ་ལས་གྲོལ་ལམ་རིམ་གྱིས་པ་ཤས་ཆེ། ངོ་བོའི་གཞི་སྟོན་པའི་ཕྱིར་ཅིག་ཅར་བ་ཟུར་ཙམ་མོ། །འབྲས་བུ་ལས་མཐར་ཐུག་གིའོ། །དེ་ལས་ཐུན་མོང་པ་དང་ཁྱད་པར་གྱི་ལམ་གཉིས་ཀ་ནས་གྲུབ་པ་བདག་དོན་གྲུབ་པ་པོ་ཡིན་ལ། ཤུགས་ལ་གཞན་དོན་མཛད་པ་ཡང་སྟོན། འབྲིང་གི་ཆ་རྐྱེན་ལས། །རྫོགས་ཆེན་རྟོགས་པའི་ཞེས་པས་ལྟ་བ་དང་། ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་པས་གཅིག་ཅར་བ་བླང་དོར་མེད་པའི་སྤྱོད་པ་དང་། ཙཀྲ་རྩི བས་བཞི་ཞེས་པ་ལ་སོགས་ཞི་བ་ལྷག་པ་ས་མ་ཏི་སྐུའི་དང་། རང་བཞིན་མཐར་ཕྱིན་དཀྱིལ་འཁོར་རྣམས་སོ། །ཐ་མའི་རང་བཞིན་ལྟ་བ་ཚད་མ་མཚོན་པའི་དཔེ་བསྣོལ་མཚམས་གཏར་ག་སྤྱི་དོན་སྡུད་པ་རྣམས། འདི་ནི་ཕྱག་རྒྱ་སྤྲོས་བཅས་ཀྱིའོ། ༈ །བདུན་པ་གསུང་གི་དཀྱིལ་འཁོར་གྱི་ལེའུ་ལ། རབ་ཀྱི་ལམ་དང་འབྲས་བུ་སྟེ། ལམ་ལས་ཁྱད་པར་བ་གྲོལ་ལམ་རིམ་གྱིས་པ་དང་། སྔགས་རྣམས་ཐབས་ལམ་འོག་སྒོ་ཅུང་ཟད་སྟོན། འབྲས་བུ་ལས་རང་བཞིན་ནི་འབྲས་བུ་མཐར་ཕྱིན་པ་གསུང་གི་དཀྱིལ་འཁོར་རོ། །འབྲིང་གི་ཆ་རྐྱེན་ལ་དཀྱིལ་འཁོར་ལས། ཞི་བ་ལྷག་པ་གསུང་གི་དང་། ས་མ་ཏི་ལས་བསྐྱེད་རིམ་དང་། སྔགས་དང་ཕྱག་རྒྱ་རྣམས་སོ། །ཐ་མའི་ཁྱད་པར་བ་རང་བཞིན་ལྟ་བ་དང་། སྤྱི་དོན་སྡུད་པ་མ་ཡིན་པ་ལྔས་སྟོན་པ་ལས། གཏར་ག་ཟུར་ཙམ་མོ། །འདི་ནི་སྟོད་སྤྲོས་བཅས་ལ་སྨད་མཐར་ལམ་གྱི་ཡུལ་ལོ། ༈ །བརྒྱད་པ་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་ལ། རབ་ཀྱི་གསུམ་ལས་རང་བཞིན་དང་ལྟ་བ་ཕྱག་རྒྱ་སྟོན་པས་གཞི་ཟུར་ཙམ་མོ། །ལམ་ལས་ཁྱད་པར་བ་གྲོལ་ལམ་རིམ་གྱིས་པ་ཤས་ཆེ། གསང་དབང་སྦྱིན་པའི་སྐབས་སུ་ཐབས་ལམ་འོག་སྒོ་ཟུར་ཙམ་མོ། །འབྲས་བུ་ནི། སོ་སོར་མཐུན་བྱས་ཀུན་ཏུ་སྟོན། །ཞེས་པས། གཞན་དོན་མཛད་པ་པོར་མི་འགལ་ལོ། །འབྲིང་གི་ཆ་རྐྱེན་ལྟ་བ་དང་། སྤྱོད་པ་ལས་སྤྲོས་བཅས་ཀྱི་དང་། དཀྱིལ་འཁོར་ལས་ལྷག་པ་ས་མ་ཏི་ཐུགས་ཀྱི་དང་། དབང་ལས་གསང་དབང་ཟུར་ཙམ་དང་། ས་མ་ཏི་ལས་བསྐྱེད་རིམ་གྱི་དང་། པཱུ་ཛ་ལས་ཕྱག་རྒྱའི་དང་། སྔགས་དང་ཕྱག་རྒྱ་ལས་ཕྱག་རྒྱ་འདའ་དཀའོ་ཞེས་པས། དམ་ཚིག་ཀྱང་ཤུགས་ལ་སྟོན་པས་མི་འགལ་ལོ། །ཐ་མའི་ཁྱད་པར་བ་སྤྱི་དོན་སྡུད་པ་མ་ཡིན་པ་དྲུག་གིས་སོ། །འདི་ཕྱག་རྒྱ་སྤྲོས་བཅས་ཀྱིའོ། ༈ །དགུ་པ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལེའུ་ལ། རབ་ཀྱི་གསུམ་ཆར་ཏེ་གཞི་ལས་ངོ་བོའི་གཞི་ཟུར་ཙམ་དང་། ལམ་ལས་ཁྱད་པར་བ་ཐབས་གྲོལ་གཉིས་ཅར་རོ། །ཐབས་ལམ་འོག་སྒོ་དང་། གྲོལ་ལམ་རིམ་གྱིས་པ་ཤས་ཆེ། ཅིག་ཅར་བ་ཡང་སྟོན། འབྲས་བུ་ལས་གནས་སྐབས་ཀྱི་རིག་འཛིན་བཞི་ཆར། མཐར་ཐུག་གི་གྲུབ་མཛད་གཉིས་ཆར་རོ། །འབྲིང་གི་ཆ་རྐྱེན་ལས་དངོས་སུ་དཀྱིལ་འཁོར་དང་། དབང་དང་སྒྲུབ་པ་གསུམ་སྟོན་ལ། ཤུགས་ལ་བཅུ་ཆར་སྟོན་ནོ། །ཐ་མའི་ཁྱད་པར་བ་བདུན་ཀ་འཇུག་པས་བཅུ་ཆར་གྱིས་འཆད། འདི་ནི་ཀུན་གྱི་ཡུལ་ལོ། ༈ །བཅུ་པ་དབང་བསྐུར་བའི་ལེའུ་ལ། རབ་ཀྱི་གཙོ་བོར་ལམ་དང་འབྲས་བུ་ཟུར་ཙམ་མོ། །ལམ་ལས་ཁྱད་པར་བ་ཐབས་ལམ་འོག་སྒོ་ཁོ་ནའོ། །ཉན་དབང་ནི་གྲོལ་ལམ་རིམ་གྱིས་པར་ཅུང་ཟད་གཟུང་། འབྲིང་གི་ཆ་རྐྱེན་དབང་ཁོ་ནས་ཏེ། དེའི་ཆ་རྐྱེན་དུ་དགུ་ཆར་ཤུགས་ལ་གནས་པའི་ཕྱིར་སྟོན་ནོ། །ཐ་མའི་ཁྱད་པར་བ་ལྡེམ་དགོངས་དང་། ཚད་མ་བཀའ་གཞུང་གཏར་ག་རྣམས་གཙོ་ཆེ། གཞན་བཞིས་ཀྱང་ཤུགས་ལ་ཟུར་ཙམ་འཆད་དོ། །འདི་ཡང་ཟག་བཅས་ནས་མཐར་ལམ་གྱི་བར་དབང་བསྐུར་བའི་ཕྱིར། ཀུན་གྱི་ཡུལ་ཡིན་ནོ། ༈ །བཅུ་གཅིག་པ་ཚོགས་ཀྱི་ལེའུ་དང་། བཅུ་གཉིས་པ་སྒྲུབ་པའི་ལེའུ་ལ། རབ་ཀྱི་གསུམ་འཆར་ཏེ། གཞི་ལས་གཏན་ཚིགས་གཏན་ལ་དབབ་པ་བཏགས་གཞི་དང་ངོ་བོའི་གཞི་གཉིས་ཆར་རོ། །ལམ་ལས་ཁྱད་པར་བ་ཐབས་བྲལ་གཉིས་ཆར་རོ། །ཐབས་ལམ་འོག་སྒོ་ཡིན་ལ། གྲོལ་ལམ་རིམ་གྱིས་པ་དང་ཅིག་ཅར་པ་གཉིས་ཀ་སྟོན། འབྲས་བུ་ལས་གནས་སྐབས་ཀྱི་རིག་འཛིན་བཞི་ཆར་དང་མཐར་ཐུག་གི་བདག་དོན་གྲུབ་པ་དང་གཞན་དོན་མཛད་པ་གཉིས་ཆར་རོ། །འབྲིང་གི་ཆ་རྐྱེན་དགོས་སུ་ཚོགས་སྒྲུབ་ཁོ་ན་སྟེ། དེའི་ཆ་རྐྱེན་དུ་བཅུ་ཆར་སྟོན་ནོ། །ཐ་མའི་ཁྱད་པར་བ་བདུན་དང་བཅུ་ཆར་གྱིས་འཆད། འདི་ནི་ལེའུའི་ངོ་བོ་ཚོགས་སྒྲུབ་པ་ཡིན་ལ། འདི་ནས་རྒྱུ་ཤེས་པ་ལྟ་བ་གཏན་ལ་དབབ་པ་ནས་མཐར་ཕྱིན་འབྲས་བུའི་བར་དུ་མ་ལུས་པར་སྟོན་པས་ཀུན་གྱི་ཡུལ་ལོ། ༈ །བཅུ་གསུམ་པ་ཤིན་ཏུ་གསལ་བ་མན་ངག་གི་ལེའུ་ལ། རབ་ཀྱི་གསུམ་ཆར་ཏེ་གཞི་ལས་བཏགས་པའི་དང་། ངོ་བོའི་གཞི་གཉིས་ཆར་རོ། །ལམ་ལས་ལེའུ་སྟོད་ཐུན་མོང་གི་ལམ་ལ་སྨད་ཁྱད་པར་གྱི་ལམ་སྟེ། དེ་ཡང་སྟོད་གྲོལ་ལམ་རིམ་གྱིས་པ་ཡིན་ལ་སྨད་གྲོལ་ལམ་ཅིག་ཅར་བ་དང་། ཐབས་ལམ་སྟེང་འོག་གི་སྒོ་གཉིས་ཆར་རོ། །འབྲས་བུ་ལ་གོང་ལྟར་གནས་སྐབས་ཀྱི་བཞི་ཆར་དང་མཐར་ཐུག་གི་གཉིས་ཆར་རོ། །འབྲིང་གི་ཆ་རྐྱེན་ནི་ཕྱི་ནང་གི་ཐེག་པ་ཐམས་ཅད་ཀྱི་ལྟ་བ་དང་། དཀྱིལ་འཁོར་ལས་ལྷག་པའི་ཏིང་ངེ་འཛིན་དང་། བྱང་ཆུབ་སེམས་ཀྱིའོ། །ཚོགས་སྒྲུབ་ཟུར་ཙམ་མོ། །ཐ་མའི་བཅུ་ཆར་གྱིས་སོ། །འདི་ནི་ཀུན་གྱི་ཡུལ་ལོ། ༈ །བཅུ་བཞི་པ་བསྟོད་པའི་ལེའུ་ལ། རབ་ཀྱི་ཆོས་ལེའུའི་ངོ་བོ་མཐར་ཐུག་གི་འབྲས་བུའོ། །འབྲིང་གི་ཆ་རྐྱེན་མཆོད་པར་ངོས་ཅུང་ཟད་བཟུང་། ཐ་མའི་མཚོན་པ་དཔེ་དང་། གཏར་ག་ཅུང་ཟད་ཙམ། འདི་བསྟོད་བྱ་རྒྱལ་བ་ཡིན་ལ། སྟོད་བྱེད་འདི་ལྟར་གང་གིས་བསྟོད་ཀྱང་རུང་སྟེ་ཀུན་གྱི་ཡུལ་ལོ། ༈ །བཅོ་ལྔ་པ་ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་སྤྲོས་པའི་ལེའུ་ལ། རབ་ཀྱི་གསུམ་ཆར་ཏེ་གཞི་ལས་ངོ་བོའི་དང་གོལ་གཞིའི་གཉིས་ཀའོ། །ལམ་ལས་ཁྱད་པར་བ་ཐབས་གྲོལ་གཉིས་ཆར་རོ། །དེ་ཡང་ཐབས་ལམ་ནི་སྔོན་བྱུང་གི་ཟབ་མོའི་དབང་ཡིན་ལ། བསྐྱེད་རིམ་ནི་གྲོལ་ལམ་རིམ་གྱིས་པའོ། །འབྲས་བུ་ལམ་མཐར་ཐུག་གི་གཞན་དོན་མཛད་པའོ། །འབྲིང་གི་ཆ་རྐྱེན་ནི་ལྟ་བ་དང་། ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། དཀྱིལ་འཁོར་ལས་ཁྲོ་བོ་ལྷག་པ་ཏིང་ངེ་འཛིན་སྐུའི་དཀྱིལ་འཁོར་རོ། །དབང་ལས་ཟབ་མོའི་དབང་སྔོན་བྱུང་གིའོ། །དམ་ཚིག་གི་ནི་ཉམས་པའི་རྒྱུ་རྐྱེན་དང་འབྲས་བུའོ། །ཕྲིན་ལས་ལས་དྲག་པོའི། ཏིང་ངེ་འཛིན་ལས་བསྐྱེད་རིམ་དང་། སྔགས་རྒྱ་ཡང་ཤུགས་ལ་གནས་ཏེ་དེ་དག་སྟོན། ཐ་མའི་ཁྱད་པར་བ་སྤྱི་དོན་སྡུད་པ་མ་ཡིན་པ་དྲུག་ཆར་གྱིས་སོ། །འདིའི་ལེའུའི་ངོ་བོ་ནི་མཐར་ལམ་པའི་ཡིན་ལ་ཤུགས་ལས་ཕྱག་རྒྱ་སྤྲོས་པའི་ཡུལ་ལོ། ༈ །བཅུ་དྲུག་པ་ཁྲོ་བོ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ལེའུ་ལ། རབ་ཀྱི་ལམ་ཁོ་ན་སྟེ། དེ་ལས་ཁྱད་པར་གྱི་གྲོལ་ལམ་རིམ་གྱིས་པའོ། །འབྲིང་གི་ཆ་རྐྱེན་ནི་དཀྱིལ་འཁོར་ལས་ཁྲོ་བོ་ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་རོ། །ཏིང་ངེ་འཛིན་ལས་བསྐྱེད་རིམ་མོ། །སྔགས་རྒྱ་ལས་ཁྲོ་བོའི་སྔགས་སོ། །ཐ་མའི་ཁྱད་པར་བ་བསྣོལ་མཚམས་འཕེན་སྡུད་ཟུར་ཙམ་མོ། །འདི་ཡང་སྤྲོས་བཅས་ཀྱི་ཡུལ་ལོ། ༈ །བཅུ་བདུན་པ་ཁྲོ་བོ་ལྷག་པ་ཏིང་ངེ་འཛིན་སྐུ་དང་ཐུགས་ཀྱི་ལེའུ་ལ། རབ་ཀྱི་གོང་མ་དང་ཚུལ་འདྲ། འབྲིང་གི་ཆ་རྐྱེན་ནི་དཀྱིལ་འཁོར་ལས་ཁྲོ་བོ་ལྷག་པ་སྐུ་ད ང་ཐུགས་སོ། །ཏིང་ངེ་འཛིན་ལས་བསྐྱེད་པ་དེ་ལ་ཁྱབ་པ་སྔགས་རྒྱ་རྣམས་སྟོན། ཐ་མའི་ཁྱད་པར་བ་ཚད་མ་བཀའ་གཞུང་ཤས་ཆེ་འཕེན་སྡུད་ཟུར་ཙམ་མོ། །ལམ་ལས་ཁྱད་པར་བ་ཐབས་གྲོལ་གཉིས་ཆར་རོ། ༈ །བཅོ་བརྒྱད་པ་མཆོད་སྦྱིན་དམ་པ་བསྟན་པའི་ལེའུ་ལ། རབ་ཀྱི་ངོ་བོའི་གཞི་ཟུར་ཙམ་ལམ་ཁོ་ན་སྟེ་གྲོལ་ལམ་རིམ་གྱིས་པའོ། །ཐབས་ལམ་འོག་སྒོ་ཅུང་ཟད། འབྲས་བུ་གྲུབ་པ་པོར་མངོན་ཙམ་མོ། །འབྲིང་གི་ཆ་རྐྱེན་ལྟ་བ་ཅུང་ཟད་དང་། ཐབས་ཏིང་ངེ་འཛིན་དང་། རྨད་དུ་བྱུང་བའི་སྤྱོད་པ་ཟུར་ཙམ་དང་། མཆོད་པ་ནང་དང་གསང་བ་བླ་ན་མེད་པའི་མཆོད་པ་ཁོ་ནའོ། །ཐ་མའི་ཁྱད་པར་བ་རང་བཞིན་ལྟ་བ་ཟུར་ཙམ་དང་ལྡེམ་དགོངས་ཤས་ཆེ། ཚད་མ་བཀའ་གཞུང་དང་གཏར་ག་ཟུར་ཙམ་མོ། །འདི་ནི་དངོས་སུ་ཚོགས་སྒྲུབ་ཀྱི་ཡུལ་ལོ། ༈ །བཅུ་དགུ་པ་དམ་ཚིག་གི་ལེའུ་ལ། རབ་ཀྱི་གསུམ་ཆར་ཏེ། གཞི་ལས་ངོ་བོའོ། །ལམ་ལས་འདི་དམ་ཚིག་ཏུ་འོག་མའི་བསྲུང་བྱ་འདུས་པའི་ཕྱིར་ཐུན་མོང་གི་ལམ་ཤུགས་ལ་སྟོན་ཅིང་། དངོས་སུ་ཁྱད་པར་གྱི་ལམ་གྲོལ་ལམ་རིམ་གྱིས་པ་ཤས་ཆེ་ལ་ཅིག་ཅར་བ་ཟུར་ཙམ་མོ། །ཐབས་ལམ་ཉོན་མོངས་པ་མི་སྤོང་ཞིང་བདུད་རྩི་ལྔ་དང་དུ་བླང་བ་སྟོན། འབྲས་བུ་བདག་དོན་གྲུབ་པའོ། །འབྲིང་གི་ཆ་རྐྱེན་ནི་དངོས་དམ་ཚིག་ཡིན་ལ་ཤུགས་ལ་ལྟ་བ་སྟོན། ཐ་མའི་ཁྱད་པར་བ་སྤྱི་དོན་སྡུད་པ་དང་མཚོན་པ་དཔེ་མ་ཡིན་པ་ལྔ་ཡིས་འཆད། འདི་ཀུན་གྱི་ཡུལ་ལོ། ༈ །ཉི་ཤུ་པ་ཕྲིན་ལས་ཀྱི་ལེའུ་ལ། རབ་ཀྱི་ལམ་ཁོ་ན་སྟེ། གྲོ་ལམ་རིམ་གྱིས་པ་ཡིན་ལ། ཐབས་ལམ་འོག་སྒོ་ཟུར་ཙམ་མོ། །འབྲིང་གི་ཆ་རྐྱེན་ལས་ཕྲིན་ལས་ཏེ་ཞི་རྒྱས་དབང་དྲག་བཞི་ཆར་རོ། །དེ་དག་ལས་ཁྱབ་བྱེད་དུ་དགོས་པ་དོན་གྱི་སེམས་ནི་ཤུགས་ཀྱི་ལྟ་བའོ། །ཐ་མའི་ཁྱད་པར་བ་བསྣོལ་མཚམས་འཕེན་སྡུད་དང་མཚོན་པ་དཔེ་ཤས་ཆེ་ལྡེམ་དགོངས་ཟུར་ཙམ་མོ། །འདི་ནི་དངོས་སྤྲོས་བཅས་ཡན་ཆད་ལ་ཤུགས་ལ་ཀུན་གྱིའོ། ༈ །ཉེར་གཅིག་པ་ཁྲོ་བོའི་དཀྱིལ་འཁོར་ལ་བསྟོད་པའི་ལེའུ་ལ། རབ་ཀྱི་འབྲས་བུ་ཁོ་ནའོ། །འབྲིང་གི་ཆ་རྐྱེན་བསྟོད་པའི་མཆོད་པར་རུང་། ཐ་མའི་ཁྱད་པར་བ་མཚོན་པ་དཔེའོ། །འདི་ལམ་པ་བཅུ་བཞི་པ་དང་མཚུངས་སོ། ༈ །ཐ་མ་བསྟན་པ་གདམས་ཤིང་གཏད་པའི་ལེའུ་ལ། རབ་ཀྱི་གསུམ་ཆར་ཏེ། གཞི་ལས་ངོ་བོའི་དང་བཏགས་པའི་གཞི་གཉིས་ཆར་རོ། །འབྲས་བུ་ལས་གཞན་དོན་མཛད་པའོ། །འབྲིང་གི་གདམས་གཏད་སྟོན ། ཆ་རྐྱེན་ངོས་གཟུང་བར་མི་འཐད། ཐ་མའི་ཚད་མ་བཀའ་གཞུང་ཟུར་ཙམ་གྱིས་འཆད། འདི་ནི་གང་ཟག་ཆོས་མིག་ཅན་ལ་གཏད་པ་ཡོད་ཕྱིར་ཀུན་གྱི་ཡུལ་ལོ། །ཆོས་ཚོམས་ངོས་གཟུང་བ་ཞེས་བྱ་བ་དཔལ་སྨན་ལུང་དུ་མི་བསྐྱོད་རྡོ་རྗེས་ཉེ་བར་བཀོད་པའོ། །ཨྀ་ཏི།། མངྒ་ལཾ།། །།

གསང་བ་སྙིང་པོའི་རྒྱུད་ཀྱི་སྤྱི་དོན།

གསང་བ་སྙིང་པོའི་རྒྱུད་ཀྱི་སྤྱི་དོན་སྨན་ལུང་མི་བསྐྱོད་རྡོ་རྗེས་མཛད་པ་བཞུགས་སོ། །གང་ཞིག་དངོས་གཉིས་ལམ་གསུམ་མ་ལུས་ཆོས། །ཡོད་སོགས་མཐའ་རྣམས་བྲལ་ཕྱིར་ལྷུན་གྲུབ་པས། །དེ་བཞིན་ཉིད་དུ་མཐར་སོན་འབྲས་མཆོག་ཅན། །བདུན་ལྡན་སྐུ་ལྔའི་བདག་ལ་ཕྱག་འཚལ་ལོ། །དེ་ལྟར་ཕྱོགས་དུས་རྒྱལ་བ་མ་ལུས་པའི། །གསུང་གཅིག་གདུལ་བྱ་བློ་ཡི་བྱེ་བྲག་གིས། །སོ་སོར་འཇལ་བ་རིག་པའི་བྱིན་རླབས་ཡིན། །བརྒྱད་ལྡན་རྒྱུད་རྒྱལ་རྡོ་རྗེའི་ཚིག་ལ་མོས། །དེ་དོན་དགོངས་པ་ཕྱིན་ཅི་མ་ལོག་པར། །སྟོན་མཛད་གསུམ་བརྒྱུད་མཚན་ལྡན་བླ་མ་ཡི། །ཞབས་བཏུད་རྩ་བཤད་རྒྱུད་རྣམས་སྤྱི་དོན་འདི། །དུས་བཞི་ཕྱོགས་བཅུ་ཀུན་ཏུ་རྒྱས་གྱུར་ཅིག །འདིར་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས་རྩ་བའི་རྒྱུད་གཙོར་བླངས་ཏེ། རྩ་རྒྱུད་བཤད་རྒྱུད་གཉིས་ཀྱི་སྤྱིའི་དོན་རྣམ་པར་བཞག་པ་བསྟན་པ་ལ་གཉིས་ཏེ། བསྟན་པའམ་ཐེག་པ་སྤྱིའི་འབྱུང་ལུགས་ལྟར་གཏན་ལ་དབབ་པ་དང་། བྱེ་བྲག་ཏུ་རྒྱུད་འདི་ཉིད་ཀྱི་གནས་ཚུལ་ལྟར་གཏན་ལ་དབབ་པའོ། །དང་པོ་ནི་གོང་དུ་བསྟན་ནས། འདིར་གཉིས་པ་བྱེ་བྲག་ཏུ་རྒྱུད་འདི་ཉིད་ཀྱི་གནས་ཚུལ་ལྟར་གཏན་ལ་དབབ་པ་འདི་དག་གི་བརྗོད་བྱ་རྣམས་གསལ་བར་སྟོན་པའི་མན་ངག །ཐུགས་ཐིགས་དང་སྤར་ཁབ་ལས་སྣང་བ་བཞིར་བཤད་དེ། ཇི་སྐད་དུ། རང་བཞིན་བདེ་གཤེགས་གདུལ་བྱ་ཡི། །སྣང་བ་གསུམ་གྱི་ངོ་བོ་ལ། །རྒྱུད་ཀྱི་དབྱེ་བ་རྣམ་པར་གཞག །གཅིག་ལ་གསུམ་གྱི་ངོ་བོ་ཡང་། །འཁྲུལ་པའི་སྣང་བས་གསུམ་དུ་འགྱུར། །དེས་ན་སྣང་བ་བཞི་དག་ཏུ་ཞེས་པས་གཞི་རང་བཞིན་གྱི་སྣང་བ་དང་། ཞར་བྱུང་འཁྲུལ་པའི་སྣང་བ་དང་། ལམ་གདུལ་བྱའི་སྣང་བ་དང་། འབྲས་བུ་དེ་བཞིན་གཤེགས་པའི་སྣང་བའོ། །སྤྱན་འགྲེལ་ལས་རིགས་སམ་རྣལ་འབྱོར་གསུམ་དུ་བཤད་དེ། ཚད་མ་གསུམ་གྱི་དངོས་པོ་ཡིས། །རྣལ་འབྱོར་གསུམ་གྱི་ཕུང་པོ་ལ། །རིགས་དང་སྣང་བའི་ཡན་ལག་བཞག །དེ་ཉིད་ཐུར་མའི་མཆོག་ཏུ་བཤད། །ཅེས་པས། མི་འགྱུར་ཞིང་མ་ཆད་པ་ཕྱི་མོའི་རིགས་སམ་རང་བཞིན་གྱི་རྣལ་འབྱོར་དང་། རྒྱུད་དུ་བྱུང་ཞིང་མི་གཏོང་བ་རྩོལ་བའི་རིགས་སམ་ལམ་གྱི་རྣལ་འབྱོར་དང་། རྒྱུད་དུ་བྱུང་ཟིན་པས་མཐར་ཐུག་པ་འབྲས་བུའི་རིགས་སམ་འབྲས་བུའི་རྣལ་འབྱོར་རོ། །རིམ་གསུམ་དང་མངོན་རྟོགས་ལས་རྒྱུད་དམ་གཞི་ལམ་འབྲས་བུ་གསུམ་དུ་བཤད་དེ། གཞི་ལམ་འབྲས་བུའི་ཤེས་བྱ་རྣམས། །འབྲུ་མཐུན་དོན་ཚིག་ཤེས་བྱའི་ཕྱིར། །དངོས་པོ་གསུམ་གྱི་གོ་རིམ་སྡེབ། །ཅེས་པས། གང་རྟོགས་བྱ་གཞིའི་རྒྱུད་དང་། གང་གིས་རྟོགས་ཤིང་བགྲོད་པ་ལམ་གྱི་རྒྱུད་དང་། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དོ། །དེ་ལྟར་དེ་དག་མིང་གི་རྣམ་གྲངས་ཡིན་ཞིང་། དེ་དག་གི་བྱེ་བྲག་རྣམས་ལྡོག་པ་ཐ་དད་པ་སྟེ། རང་བཞིན་འཁྲུལ་པ་དང་བཅས་པའི་ལྡོག་པ་ནི་རང་བཞིན་གྱི་སྣང་བ་ཡིན་ལ། བསལ་བྱ་འཁྲུལ་པའི་ལྡོག་པ་ནི་གཉིས་པ་ཡིན་ཞིང་། སེལ་བྱེད་ཀྱི་ལྡོག་པ་ནི་གསུམ་པ། དེས་དག་པའི་ལྡོག་པ་ནི་འབྲས་བུ་དེ་པའི་སྣང་བའོ། །དེ་ཡང་། སྣང་བ་གསུམ་གྱི་ངོ་བོ་ལ། །རྒྱུད་ཀྱི་དབྱེ་བ་རྣམ་པར་གཞག །ཅེས་པས། རང་བཞིན་གྱི་སྣང་བ་གཞིའི་རྒྱུད་དང་། གདུལ་བྱའི་སྣང་བ་ལམ་གྱི་རྒྱུད་དང་། དེ་པའི་སྣང་བ་འབྲས་བུའི་རྒྱུད་དང་གསུམ་དུ་བསྡུས་ཏེ་ཤེས་པར་བྱའོ། །དེ་ཡང་གསང་བ་བརྟན་པའི་བརྗོད་བྱ་རྣམས་སྤྱི་ཐེམས་བཞིས་འཆད་པར་བཤད་དེ། མདོའི་ང་གཅིག་པ་ལས། གང་དུ་དགོས་པ་གང་ངེས་པ། །ངོ་བོ་དམིགས་པ་དང་བཅས་པའོ། །ཞེས་པས། གང་གིས་བསྟན་པའི་དགོས་པ་དང་། གང་གིས་བསྟན་བྱའི་ངོ་བོ་དང་། དེ་ལྟར་བསྟན་པའི་སྒྲ་དོན་དང་། ཇི་སྙེད་བསྟན་པའི་རྣམ་གྲངས་དང་། དེ་དག་གི་དོན་ཉེ་བར་སྦྱར་བའི་དཔྱད་པ་དང་ལྔ་ལྔས་འཆད་དོ། །དེ་ལས་དང་པོ་རང་བཞིན་གྱི་སྣང་བ་ནི། ཡེ་ནས་བཅིང་གྲོལ་མེད་པར་ལྷུན་གྱིས་གྲུབ་པའི་ཆོས་ཉིད་དེ་བཤད་པའི་གཞི་ཡིན་ཏེ། འདིའི་གཉིས་པ་ལས། བཅིངས་མེད་རྣམ་པར་གྲོལ་མེད་པ། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་གསུངས་པའི་ཕྱིར་རོ། །དེ་བཤད་ན་གོང་ལྟར་ལྔ་ལས། དང་པོ་ནི། ཡེ་ནས་གནས་པའི་དང་། བསྟན་ཅིང་མཚོན་པའི་དགོས་པའོ། །དང་པོ་ནི། གཞི་དེ་པའི་ངོ་བོ་ཉིད་དུ་གནས་པས་གང་གིས་དེ་བརྟགས་ན་རྟོགས་སུ་རུང་ལ་བསྒྲུབས་ན་འགྲུབ་ཏུ་རུང་བ་སྟེ། ཐ་མ་ལས། ཀྱེ་ཀྱེ། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་སོ། །གཉིས་པ་ནི། འཁོར་གཉིས་ཀྱི་གོང་མའི་རང་བཞིན་རྟོགས་པ་སྟེ། ཁོག་གཞུང་ལས། གདུལ་བྱ་གཉིས་ལ་བརྒྱུད་པ་དང་། །མངོན་སུམ་སྒོ་ནས་བསྟན་པའི་ཕྱིར། །ཞེས་པའོ། །གཉིས་པ་ངོ་བོ་ནི། རིམ་གསུམ་ལས། ངོ་བོ་ཐམས་ཅད་སེམས་ཉིད་དེ། །ཞེས་པ་ཉིད་དོ། །དེ་ལ་གཉིས་ལས། རིགས་མི་མཐུན་སེལ་བའི་ཚུལ་ནི། །སེམས་ཙམ་པས་ཀུན་གཞི་རྣམ་ཤེས་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དོན་དམ་གྱི་དངོས་པོར་འདོད་པ་སྟེ། དེ་ཡང་ཐུགས་ཐིགས་ལས། དེ་ཡང་འཆིང་གྲོལ་གཉིས་ཀའི་བདག །མེ་ལོང་དྭངས་བའི་གཡའ་བཞིན་དུ། །ཕན་ཚུན་སྤངས་བ་མེད་པ་ལས། །བྱིས་པ་གཞི་དང་རྟེན་ཞེས་སྨྲ། །ཞེས་པ་དང་། རྒྱས་པའི་དོན་ལྔ་པ་ལས། ཀུན་གཞི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་བ། །ཅེས་པའོ། །ངོ་བོ་དངོས་ནི་བསྒྲུབ་པའི་དོན་གསུམ་སྟེ། དོན་གསུམ་པ་ལས། རྣམ་རྟོག་ཀུན་གཞི་མ་ཡིན་པ། །རང་བཞིན་མེད་ལ་དོན་གྱི་གཞི། །ཞེས་པས། ཆོས་ཐམས་ཅད་སེམས་སུ་དང་། དེ་གཉིས་སུ་མེད་པར་དང་། དེ་ལྷུན་གྱིས་གྲུབ་པར་བསྒྲུབ་པའོ། །དང་པོ་ནི་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། སེམས་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་ཕྱིར་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་བཞིན་ནོ། །དེ་ལྟར་ཡང་། དོན་གཉིས་པ་ལས། འཇིག་རྟེན་པ་དང་འཇིག་རྟེན་འདས། །སོ་སོའི་སྣང་བ་ཐམས་ཅད་ཀུན། །རང་རིག་རྒྱལ་པོར་ཡང་དག་འདུ། །རང་རིག་དེ་ཉིད་ཐམས་ཅད་ཡིན། །ཞེས་པ་དང་། ཉེར་བདུན་པ་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། དེ་ནི་ལུང་གི་ཚད་མར་གཞག །ཅེས་པ་དང་། ལམ་རིམ་ལས། སེམས་ལས་མ་གཏོགས་ཆོས་མེད་ཕྱིར། །སྒྱུ་མའང་རྡོ་རྗེ་བཙན་པོ་མཆོག །ཅེས་སོ། །གཉིས་པ་ནི། སེམས་ཉིད་དེ་སྣང་སྟོང་དབྱེར་མེད་པ་ཡིན་ཏེ། གང་གིས་ཀྱང་མཐར་མ་ཐུག་པའི་ཕྱིར་ཆུ་ཟླ་བཞིན། དེ་ཡང་དོན་གསུམ་པ་ལས། སྣང་དང་མི་སྣང་གཉིས་ཀ་མེད། །ཡོད་དང་མེད་པའང་དབྱེར་མེད་དོ། །ཡང་བདེན་པ་གཉིས་སུ་མེད་པར་མཉམ་པ་ཞེས་བྱ་བའི་དམ་ཚིག་ནི། འདུས་མ་བྱས་ཉིད་འདུས་བྱས་དང་། །འདུལ་བྱས་སྣང་བའང་རྡོ་རྗེ་ཉིད། །ཡིན་ཕྱིར་ངོ་བོ་ཐ་དད་མེད། །ཅེས་པ་དང་། རེ་གཉིས་པ་ལས། གཉིས་བྲལ་མཉམ་དང་མི་མཉམ་དེ་བཞིན་ཉིད་ཀྱི་དབྱིངས། །ང་མེད་བདག་མེད་མཚན་མ་སྣ་ཚོགས་དབྱེར་མེད་པར། །སྟོང་དང་མི་སྟོང་མི་གནས་དེ་བཞིན་ཉིད་དུ་གཅིག །ཅེས་སོ། །གསུམ་པ་ནི། དབྱེར་མེད་དེ་ཉིད་ཆོས་ཐམས་ཅད་དུ་ལྷུན་གྱིས་གྲུབ་པ་ཡིན་ཏེ། མཐའ་བྲལ་དུ་གནས་པའི་ཕྱིར་རིན་པོ་ཆེའི་དགོངས་འདོད་བཞིན་ནོ། །འདིའི་གཉིས་པ་ལས། ཡེ་ནས་ལྷུན་གྲུབ་སངས་རྒྱས་ཆོས། །ཞེས་པ་དང་། བཞི་པ་ལས། ཨ་ནི་སྟོང་དང་མི་སྟོང་གི། དབུ་མའང་དམིགས་སུ་ཡོད་མ་ཡིན། །ཞེས་པ་དང་། ཐུགས་ཐིགས་ལས། མཁས་པས་ལྷུན་གྲུབ་སྨ་བསམ་འདའ། །ཞེས་པ་དང་། ཁོག་གཞུང་ལས། ལྷུན་གྲུབ་ཡེ་ཤེས་སྒྲོན་མ་ཉིད། །རང་བཞིན་གསལ་བ་སྤྱན་གྱི་མཆོག །ཅེས་སོ། །གསུམ་པ་སྒྲ་དོན་ནི། དེ་ཡང་རང་བཞིན་ཞེས་པ་ཕྱིན་ཅི་ལོག་གི་རྒྱུ་རྐྱེན་དང་ཡང་དག་པའི་ཤེས་རབ་དང་གཏན་ཚིགས་ལ་སོགས་པ་ཁྱད་པར་གང་དུའང་མ་བྱས་པ་སྟེ། ལམ་རིམ་ལས། རྒྱལ་འགྲོས་མ་མཛད་མ་བཅོས་པར། །རང་བཞིན་ངང་གིས་དབྱེར་མེད་པའང་། །ཞེས་གསུངས་པའི་ཕྱིར་རོ། །སྣང་བ་ཞེས་པ་རང་སྣང་བ་སྟེ། ཐུགས་ཐིགས་ལས། སྣང་སྟོང་ཀུན་ཏུ་གསལ་བ། རང་བཞིན་ངང་གིས་སྣང་བའོ། །ཞེས་གསུངས་པའི་ཕྱིིར་རོ། །གཞི་ཞེས་པ་ཆོས་ཐམས་ཅད་ཀྱི་གོ་འབྱེད་པ་སྟེ། རིམ་གསུམ་ལས། ཐ་སྙད་གཉིས་ཀྱིས་བསྡུས་པའི་ཆོས། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །སྤྱིར་རྒྱུད་ཙམ་གྱི་གོ་བ་ནི་དགོས་པ་ཚང་ཞིང་འབྲེལ་བ་དང་ལྡན་པ་སྟེ། རྔམ་གློག་ལས། འབྲེལ་དང་མ་ཚད་མེད་པ་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། །ཞེས་སོ། །བྱེ་བྲག་ཏུ་གཞིའི་དགོས་པ་ཚང་ཞིང་འབྲེལ་པ་དང་ལྡན་པ་ནི་གཞིའི་རྒྱུད་ཡིན་ཏེ། ཁོག་གཞུང་ལས། རྒྱུད་གསུམ་ཚང་དང་དེར་འབྲེལ་པས། །རང་བཞིན་རྒྱུད་ཀྱི་མིང་དུ་གྲགས། །ཞེས་སོ། །དེ་ཡང་དགོས་པ་ནི་སྔར་བསྟན་ཟིན་ལ། འབྲེལ་བ་ནི་ལམ་དང་ཤེས་བྱ་ཤེས་བྱེད་དུ་འབྲེལ་ཞིང་འབྲས་བུ་དེ་དང་དེའི་བདག་ཉིད་དུ་འབྲེལ་པ་སྟེ། ཁོག་གཞུང་ལས། བདེ་གཤེགས་འབྲས་བུའི་སྙིང་པོ་ཉིད། །ཡེ་ནས་ཡིན་ཕྱིར་རིགས་རྒྱུད་དེ། །ཞེས་གསུངས་པའི་ཕྱིར་རོ། །རྣམ་གྲངས་ནི། རིམ་གསུམ་ལས། ངོ་བོའི་གཞི་དང་བཏགས་པའི་གཞི། །ཞེས་པས། གནས་ལུགས་ངོ་བོ་ཉིད་ཀྱི་གཞི་དང་། བཏགས་པའི་གཞིའོ། །དང་པོ་ནི། ལམ་རིམ་ལས། དེ་ཡང་རྣམ་གསུམ་གནས་ཚུལ་གཞག །ཅེས་པས་ལྷག་པ་དོན་དམ་དང་། ཀུན་རྫོབ་དང་། བདེན་པ་དབྱེར་མེད་དོ། །དེ་ཡང་མཐའ་ཐམས་ཅད་ཀྱི་གཞི་སྟོང་པའི་ལྡོག་པ་ནི་བདེན་པ་དང་པོ་ཡིན་ཏེ། རྟགས་ནི་ལམ་རིམ་ལས། དངོས་རྣམས་ཉིད་ན་དངོས་མེད་པར། །རྟོགས་པའི་སྨྲ་བསམ་ཡུལ་ལས་འདས། །ཞེས་པའོ། །ཅིར་ཡང་སྣང་བའི་ལྡོག་པ་ནི་བདེན་པ་གཉིས་པ་སྟེ། དེ་ཉིད་ལས། སེམས་ཉིད་ཆུ་ཟླ་ལྟར་ཡིན་པས། ཅིར་ཡང་སྣང་ཞིང་ཅིར་ཡང་འགྲུབ། །ཅེས་པའོ། །དེ་གཉིས་ངོ་བོ་གཅིག་པའི་ལྡོག་པ་ནི་བདེན་པ་ཐ་མ་སྟེ། དེ་ཉིད་ལས། སྣང་ལ་རང་བཞིན་མེད་པའི་ཕྱིར། །སེམས་ཉིད་ཆོས་ཀྱི་སྐུ་རུ་གནས། །ཞེས་པའོ། །དེ་དག་ཐེག་པ་འོག་མ་པ་འགའ་ཞིག་གིས་ངོ་བོ་ཐ་དད་པར་འདོད་པ་ལས་འདིར་དབྱེར་མེད་པའི་ཕྱིར་ལྷག་པ་ཞེས་བྱའོ། །འདིར་ཁ་ཅིག་རང་བཞིན་གྱི་སྣང་བ་གསུམ་དུ་འགྱུར་ཏེ། གནས་ཚུལ་གྱི་ཕྱིར་རོ་ཞེ་ན། དེར་གྲུབ་པའི་ཕྱིར་ཞེ་ན་རྟགས་མ་གྲུབ་ལ། དེར་བཀོད་པའི་ཕྱིར་ཞེ་ན། རང་བཞིན་དེ་རྟོགས་པར་བྱ་བའི་ཕྱིར་བློས་སྒྲོ་བཏགས་ཏེ་གསུམ་དུ་བཀོད་ཀྱང་དེར་མི་འགྱུར་ན་ཁྱབ་པ་མེད་དོ། །དེ་ནི་འདིའི་ལེའུ་གཉིས་པ་ནས་བཅིངས་མེད་ཅེས་པ་དང་། གསུམ་པ་ནས། རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་པ་དང་། བཞི་པ་ནས། ཨ་ནི་སྟོང་དང་མི་སྟོང་གི། །ཞེས་པ་དང་། ལྔ་པ་ནས་གཞི་རྩ་མེད་པའི་སེམས་ཉིད་ཅེས་པ་དང་། དྲུག་པ་ནས་ཡེ་ཤེས་ཕྱོགས་བཞི་ཞེས་པ་དང་། བརྒྱད་པ་ནས་སྒྱུ་འཕྲུལ་དྲྭ་བ་ཞེས་པ་དང་། བཅུ་གཉིས་པ་ནས་དུས་བཞི་ཕྱོགས་བཅུ་ཞེས་པ་དང་། བཅུ་གསུམ་པ་ནས་དཀྱིལ་འཁོར་ལྡན་པའི་ཞེས་པ་དང་། བཅུ་དགུ་པ་ནས་མཉམ་ལ་མཉམ་པར་ཞེས་པ་དང་། ཐ་མ་ནས་ཀྱེ་ཀྱེ་ཕྱོགས་བཅུ་ཞེས་པས་སྟོན་ནོ། །གཉིས་པ་བཏགས་གཞི་ནི། རིམ་གསུམ་ལས། བཏགས་གཞི་གཉིས་སུ་བསྟན་པའི་ཆོས། །འཁོར་དང་མྱ་ངན་འདས་པར་གསུངས། །ཞེས་པས་གཉིས་ལས། འདས་པའི་བཏགས་གཞི་ནི་ཐུན་མོང་གི་ལམ་དང་འབྲས་བུ་བསྡུས་པ་རྣམས་ཡིན་པའི་ཕྱིར་ཤུགས་ལ་ཤེས་པར་བྱའོ། །འཁོར་བའི་བཏགས་གཞི་ནི། དེ་ཉིད་ལས། འཁོར་བའི་རྒྱུ་རྐྱེན་ངོ་བོ་དང་། །དཔེ་དང་མཚན་ཉིད་བྱེད་པོ་དང་། །འཁོར་ཚུལ་ཉེས་པ་དུས་རྣམས་སུ། །ཞེས་པ་དང་། བྱེ་བྲག་བསྟན་པ་ལས། རྒྱུ་རྐྱེན་འབྲས་བུ་འབྱུང་བའི་དུས། །ཚུལ་དང་ཉེས་པ་འགྲུབ་བྱེད་པ། །ཉེ་བར་མཚོན་པས་རྣམ་པར་དབྱེ། །ཞོར་ལ་སྤྱི་ཡིས་དགོས་བཤད་པའོ། །ཞེས་པས་དོན་དགུའོ། །དང་པོ་རྒྱུ་ལ་གཉིས་ལས། སྤྱིའི་རྒྱུ་ནི། འཁོར་བའི་ཆོས་ཐམས་ཅད་བདག་ཏུ་རྟོག་པ་ལས་བྱུང་བ་ཡིན་ཏེ། འདིའི་གསུམ་པ་ལས། སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་བྱེ་བྲག་གི་རྒྱུ་ནི། རིམ་གསུམ་ལས། རྒྱུར་མཚུངས་ལྷན་ཅིག་ཉེར་ལེན་པ། །ཞེས་པས་བཞི་ལས། བརྒྱུད་པའི་རྒྱུ་ནི་བདེ་གཤེགས་སྙིང་པོ་ཞེས་པ་གང་གསུངས་པ་ཉིད་དོ། །མཚུངས་ལྡན་གྱི་རྒྱུ་ནི། མ་རིག་པ་དང་ཞེས་པས་གོང་མ་དང་ལྷན་ཅིག་ཏུ་སྐྱེས་པའི་མ་རིགས་སྟེ། སྤར་ཁབ་ལས། སེམས་རང་བཞིན་གྱིས་འོད་གསལ་བ་ཡིན་ཡང་ངེས་པའི་ཤེས་པས་ངེས་པར་མ་བྱས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པའོ། །ཞེས་པ་བཞིན་ནོ། །ལྷན་ཅིག་བྱེད་པའི་རྒྱུ་ནི། ཀུན་ཏུ་བརྟགས་པའི་མ་རིག་པས་འཁོར་བ་དང་ལྷན་ཅིག་ཏུ་བྱེད་པ་སྟེ། བདག་དང་ཆོས་དང་དངོས་པོ་རྣམས། །ངོ་བོ་ཡོད་ལ་སོགས་བརྟགས་པས། །ཞེས་པའོ། །ཉེ་བར་ལེན་པའི་རྒྱུ་ནི། དགེ་སྡིག་གི་བག་ཆགས་མཐུ་ཅན་དུ་གྱུར་པས་འབྲས་བུ་འབྱིན་ལ་མ་རག་པ་སྟེ། རྒྱས་པ་ལས། རྟོག་པའི་བག་ཆགས་སྟུག་པོ་ཡིས། །ཞེས་པའོ། །གཉིས་པ་རྐྱེན་ནི། རིམ་གསུམ་ལས། རྐྱེན་གཉིས་བསྟན་པ་ལས་གསུམ་དང་། །ཀུན་བརྟགས་མ་རིག་ཉོན་མོངས་ལྔ། །ཞེས་པས། ལས་གསུམ་དང་། ཉོན་མོངས་པ་ལྔའོ། །དང་པོ་ནི་མི་དགེ་བས་ངན་སོང་དུ་དང་། མི་གཡོ་བས་ཁམས་གོང་མ་གཉིས་སུ་སྟེ་བསམ་གཏན་བཞི་དང་སྙོམས་འཇུག་བཞིའོ། །ཡང་ན་རྒྱུ་འབྲས་ལུང་དུ་མ་བསྟན་པ་ནི་ཤིང་བཟོ་བ་ལྟ་བུའོ། །དགེ་བས་མཐོ་རིས་སུ་སྐྱེ་བའི་རྐྱེན་བྱེད་པ་ནི། འདིའི་གཉིས་པ་ལས། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །ཞེས་སོ། །གཉིས་པ་ནི་ཞེ་སྡང་གིས་དམྱལ་བར་སྐྱེ་སྟེ། རྒྱལ་པ་ལས། ཐམས་ཅད་ཀུན་ལ་ཞེ་སྡང་ཞིང་། །སྙིང་རྗེ་ཡང་དག་མེད་གྱུར་ན། །འདི་ནི་མི་བཟད་ཆེན་པོའི་ལས། །དམྱལ་ཁམས་བཅོ་བརྒྱད་དག་ཏུ་གནས། །ཞེས་སོ། །འདོད་ཆགས་ཀྱིས་ཡི་དྭགས་སུ་སྐྱེ་སྟེ། དེ་ཉེད་ལས། ཆགས་མེད་དངོས་པོ་མ་ཤེས་ཤིང་། །མ་ལུས་ཀུན་ཏུ་འདོད་ཆགས་པས། །ལུས་ཀྱིས་བསྒྲིབས་དང་ཟས་ཀྱིས་བསྒྲིབས། །ཡི་དྭགས་ཆེན་པོའི་གནས་སུ་སྐྱེ། །ཞེས་སོ། །གཏི་མུག་གིས་བྱོལ་སོང་དུ་སྐྱེ་སྟེ། ཆོས་རྣམས་མ་ལུས་ཐམས་ཅད་ལ། །ཤེས་རབ་གསལ་དོན་མེད་པས་ན། །དགེ་སྡིག་གཉིས་ཀྱི་དོན་མ་རྟོགས། །འདི་ནི་བྱོལ་སོང་གནས་སུ་སྐྱེ། །ཞེས་སོ། །ང་རྒྱལ་གྱིས་ལྷར་སྐྱེད་སྟེ། མཉམ་པའི་དོན་ཉིད་མ་རྟོགས་ཤིང་། །ཚད་མེད་བཞི་དང་བསམ་གཏན་བཞི། །རིམ་པར་སོ་སོར་བདག་འཛིན་ཅིང་། །གཟུགས་སོགས་རྣམས་ལ་བདག་ཏུ་རྟོག །འདི་ནི་ཚངས་གནས་རིམ་པར་སྐྱེ། །ཞེས་སོ། །ཕྲག་དོག་གིས་ལྷ་མིན་དུ་སྐྱེ་སྟེ། ཕྲག་དོག་དངོས་པོ་མི་ཤེས་ཤིང་། །ང་དང་བདག་ཏུ་འཛིན་གྱུར་ན། །ལྷ་མ་ཡིན་གྱི་གནས་སུ་སྐྱེ། །དེ་ནས་ཡི་དྭགས་གནས་སུ་སྐྱེ། །ཞེས་སོ། །དེ་དག་མཉམ་པ་ལས་མིར་སྐྱེ་སྟེ། དགེ་བཅུ་དག་ལ་གཙོར་ལེན་ཅིང་། །དགེ་དང་མི་དགེ་མི་མཉམ་པས། །ལྷ་དང་མི་ཡི་སྐྱེ་གནས་ཏེ། །འདོད་ཁམས་དག་ཏུ་འཁོར་བའི་ས། །ཞེས་སོ། །གསུམ་པ་ངོ་བོ་ནི། སྣོད་བཅུད་དུ་སྣང་ཞིང་ཞེན་པས་ལས་དང་སྡུག་བསྔལ་དུ་སྨིན་པ་སྟེ། རིམ་གསུམ་ལས། ངོ་བོ་ཕྱི་ནང་འཇིག་རྟེན་གྱི། །སྣང་དང་ཞེན་པའི་ཆོས་རྣམས་སོ། །ཞེས་པའོ། །བཞི་པ་དཔེ་ནི། འཁོར་བ་ཟོ་ཆུན་ཁྱུད་འཁོར་དང་མཆེད་པ་རྩྭ་ཁའི་མེ་ལྟ་བུ་སྟེ། དེ་ཉིད་ལས། ཟོ་ཆུན་རྩྭ་སོགས་མེ་དཔེ་བཞིན། །རྟག་ཏུ་འཁོར་ཞིང་མཆེད་པའོ། །ཞེས་པའོ། །ལྔ་པ་མཚན་ཉིད་ནི། སྐྱེ་ཞིང་འཇིག་པའི་ཆོས་དང་ལྡན་པ་སྟེ། །དེ་ཉིད་ལས། འཇིག་དང་ཆགས་དང་སྟོངས་དང་གནས། །སྐྱེ་རྒས་ན་འཆི་བཞི་ལྡན་པས། །མཚན་ཉིད་ཐེར་ཟུག་མ་ཡིན་པའོ། །ཞེས་པའོ། །དྲུག་པ་བྱེད་པ་པོ་ནི། འཁོར་འདས་གཉིས་ཀའི་བྱེད་པ་པོ་ནི་མ་བཅོས་རྒྱུན་གྱི་སྐད་ཅིག་མ་དང་། བྱེ་བྲག་ཏུ་འཁོར་བའི་བྱེད་པ་པོ་ནི་ལོག་རྟོག་རྒྱུན་གྱི་སྐད་ཅིག་མ་སྟེ། དེ་ཉིད་ལས། རྒྱུན་དང་བཅས་པའི་སྐད་ཅིག་མ། །ལས་ཀྱི་བྱེད་པར་བརྗོད་པ་ཡིན། །ཞེས་པའོ། །བདུན་པ་འཁོར་བའི་ཚུལ་ནི། ཕྱི་རྟེན་ཅིང་འབྲེལ་བ་ནི། ས་བོན་ལ་སོགས་རྒྱུ་དང་འབྲེལ་བའི་ཆོས་དྲུག་དང་། དེ་དག་ཀྱང་ས་ཡིས་རྟེན་པ་སོགས་རྐྱེན་གྱིས་བསྡུས་པ་དྲུག་གོ། །ནང་རྟེན་ཅིང་འབྲེལ་བ་བཅུ་གཉིས་ནི་མ་རིག་པ་ལ་སོགས་ལུགས་འབྱུང་འཁོར་བའི་ཆོས་སོ། །དེ་ཉིད་ལས། རྟེན་འབྲེལ་བཅུ་གཉིས་ཚུལ་དག་ཏུ། །ཕྱི་ནང་གཉིས་ཀ་འཁོར་བའོ། །ཞེས་པའོ། །བརྒྱད་པ་ཉེས་པ་ནི། འཕགས་པའི་ལམ་དང་བྲལ་བ་དང་། །སྡུག་བསྔལ་ཉམས་སུ་མྱོང་བ་སྟེ། །ཉེས་པ་རྣམ་པ་གཉིས་སུ་གསུངས། །འཕགས་ལམ་བྲལ་དང་སྡུག་བསྔལ་མྱོང་། །ཞེས་པའོ། །ཐ་མ་དུས་ནི། ཐོག་མ་དང་ཐ་མ་མེད་པ་ནས་འཁོར་བ་སྟེ། འདིར་ཁ་ཅིག་འཁོར་བ་ལ་ཐོག་ཐ་ཡོད་དམ་མེད་ཅེ་ན། དོན་གྱིའམ་དུས་ཀྱི་ཞེས་སོ། །དང་པོ་བརྒྱུད་པའི་རྒྱུ་དེ་མ་རྟོགས་པ་ནི་ཐོག་མ་ཡིན་ལ། དེ་ནི་རྟོགས་པ་ཐ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། འཁོར་བ་སྤྱི་ལའམ་བྱེ་བྲག་ལ་ཞེས་བརྟག་གོ། །དང་པོ་ནི་ཐོག་ཐ་གཉིས་ཀ་མེད་དེ། ཇི་སྐད་དུ། སྲིད་པའི་འཁོར་ལོ་ཐོག་ཐ་མེད། །ཅེས་པ་དང་། གཞུང་ཉིད་ཀྱིས་གྲུབ་བོ། །གཉིས་པ་ལྟར་ན་ཐོག་མ་མེད་ཀྱང་ཐ་མ་ཡོད་དེ། རྒྱལ་བུ་དོན་གྲུབ་བཞིན་ནོ། །འོ་ན་སྤྱི་ལའང་ཡོད་པར་འགྱུར་ཏེ། སྤྱི་བྱེ་བྲག་གི་མཚན་ཉིད་ཅན་ཡིན་པའི་ཕྱིར། འབྲུའི་ཕུང་པོ་རེ་རེ་ནས་བགྲངས་ན་འཛད་པ་བཞིན་ནོ་ཞེ་ན། ཁྱབ་པ་མེད་དོ། །གལ་ཏེ་ཡོད་ན་ཁམས་གསུམ་གྱི་སེམས་ཅན་མི་དམིགས་པར་འགྱུར་ཏེ། རྒྱལ་བུ་དོན་གྲུབ་སངས་རྒྱས་པའི་ཕྱིར་རོ། །དེ་འདོད་པར་མི་ནུས་སོ། །དེ་ཉིད་ལས། ཐོག་མ་ཐ་མ་མེད་དུས་ནས། །ཡང་དག་དོན་ལ་རྟོགས་པས་ཉམས། །ཞེས་པའོ། །དེ་ནི་ལེའུ་གཉིས་པ་ནས། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་པ་དང་། གསུམ་པ་ནས། ཇི་སྙེད་འཇིག་རྟེན་ཞེས་པ་དང་། བཅུ་གསུམ་པ་ནས་མ་རྟོགས་པ་དང་ཞེས་པ་དང་། བཅོ་ལྔ་པ་ནས་བདག་ཏུ་རྨོངས་པ་ཞེས་པ་དང་། ཐ་མ་ནས་གཟུང་འཛིན་སྤྲོས་ལས་ཞེས་པས་སྟོན། དེ་དག་གི་དོན་ཉེ་བར་སྦྱར་བ་དཔེས་མཚོན་ཏེ་བཤད་པ་ནི། རིམ་གསུམ་ལས། གསེར་གྱི་དཔེ་བཞིན་གཉིས་སུ་མེད། །ཅེས་པས། གསེར་གྱི་སྐུ་དང་ཆོལ་ཟངས་ཆོས་དུ་མས་ཐ་དད་ཀྱང་གསེར་དུ་གཅིག་པ་ལྟར། བཏགས་གཞི་ཆོས་ཅན་དངོས་པོ་གཉིས་སུ་ལྡོག་པ་ཐ་དད་ཀྱང་རང་བཞིན་གྱི་སྣང་བར་གཅིག་པ་ཡིན་ཏེ། དེ་ཉིད་རྟོགས་པ་དང་མ་རྟོགས་པའི་ལྡོག་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཐ་དད་པ་ཞིག་ན་འཁོར་བ་སྤངས་ནས་འདས་པ་བསྒྲུབ་ཏུ་མེད་པར་འགྱུར་ཏེ། རྒྱ་མཚོ་ལས། གསེར་ལ་བཟོ་ཡི་རྣམ་པར་ལྟར། །སྣང་བ་དང་པོ་རང་རིག་པ། །ཞེས་པ་དང་། རྒྱས་པའི་ང་གསུམ་པ་ལས། རྣམ་པར་བྱང་དང་སྡུག་བསྔལ་དག །ཡེ་ནས་ངོ་བོ་ཡོད་ཡིན་ན། །ཉོན་མོངས་སྤོང་ཞིང་བྱང་བསྒྲུབ་མེད། །ཅེས་སོ། །གཞན་ཡང་ལམ་དང་ཐེག་པ་རྣམས་དོན་མེད་པར་འགྱུར་ཏེ། དུང་སོལ་ཐ་དད་པས་སོལ་བ་ལ་བྱི་དོར་བྱས་ཀྱང་དཀར་པོ་མི་འབྱུང་བ་བཞིན་ཏེ། སོ་སོའི་རང་བཞིན་ངེས་ཤེ་ན། །ཡང་དག་ལམ་གྱིས་བཅོས་སུ་མེད། །ཅེས་པ་བཞིན་ཐ་དད་པ་མ་ཡིན་ཏེ། འདིའི་གསུམ་པ་ལས། རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་སོ། །གཉིས་པ་གདུལ་བྱའི་སྣང་བ་ནི། གདུལ་བྱ་བློ་དང་འཚམས་པར་སྣང་བ་དེ་བཤད་པའི་གཞི་ཡིན་ཏེ། འདིའི་གཉིས་པ་ལས། དེ་བཞིན་ཉིད་ཀྱི་མ་བཅོས་ཀྱང་། །ལས་འཕྲོའི་དབང་གིས་སོ་སོར་སྣང་། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་བཤད་ན་ལྔ་ལས། དང་པོ་དགོས་པ་ནི་བྱེད་པ་གཉིས་དང་ལྡན་ཏེ། རང་བཞིན་མངོན་བྱེད་ཅེས་པས་ཤེས་བྱ་གཞིའི་རྒྱུད་ཤེས་པར་བྱེད་པ་སྟེ། བཅུ་གསུམ་པ་ལས། ཁོང་ནས་གབ་སྦས་དོན་འབྱིན་པ། །ཞེས་པས། དེས་ཐོབ་བྱ་འབྲས་བུའི་རྒྱུད་ཤེས་པར་བྱེད་པ་ནི། འདིའི་དགུ་པ་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །ཞེས་སོ། །གཉིས་པ་ངོ་བོ་ལ་གཉིས་ལས། བགྲོད་བྱ་ལམ་གྱི་ནི། རྣལ་འབྱོར་པ་ཞེས་པས་ལམ་པས་འཇུག་ཅིང་བགྲོད་པར་བྱ་བ་སྟེ། དོན་བསྡུས་ལས། བགྲོད་དང་དེ་ཆོས་ལྡན་པ་དང་། །ཞེས་པ་བཞིན་ནོ། །བགྲོད་བྱེད་ལམ་པའི་ངོ་བོ་ནི། སྐྱེད་བྱེད་ཤེས་རབ་གསུམ་གྱིས་བསྐྱེད་བྱ་སེམས་ཐུན་མོང་ཐུན་མིན་ལ་སོགས་བཞི་ལྔ་ཅི་རིགས་པར་སྐྱེ་བ་དང་སྐྱེས་པ་སྟེ། རིམ་གསུམ་ལས། ངོ་བོ་ཤེས་རབ་རྣམ་གསུམ་གྱིས། །སེམས་བཞི་སྐྱེ་བར་བསྟན་པ་ཡིན། །ཞེས་པ་དང་། སྤྱན་འགྲེལ་ལས། ལྔ་སེམས་ལྡན་པའི་ཤེས་རབ་ཉིད། །སྐྱེ་བའི་གཞི་དང་སྐྱེ་ངེས་པའོ། །ཞེས་པའོ། །དེ་ལའང་འགྲེལ་བཤད་ལས། སྐྱེ་ས་རྐྱེན་གྱི་སྐྱེ་ཚུལ་དང་། །སྐྱེས་པའི་ངོ་བོ་སེམས་རིམ་ལྔ། །ཞེས་པ་བཞིན་ནོ། །དེ་ཡང་སྐྱེ་ས་ནི། རྒྱ་མཚོ་ལས། གཞི་དང་སྐབས་དང་སྐྱེར་འགྱུར་ས། །ཞེས་པས། གཞི་ནས་དང་། སྐབས་ནས་དང་། འབྲས་བུ་ནས་སྐྱེ་བ་གསུམ་ལས། དང་པོ་ནི། གྲུབ་མཐའ་གང་གི་ཡང་སྒོར་མ་ཞུགས་པར་འདིར་འཇུག་པར་ནུས་པ་སྟེ། ཀུན་ལ་མཐུན་བྱས་འཇམ་པས་འཇུག །ཅེས་སོ། །གཉིས་པ་ནི། འོག་མ་དག་གི་ལམ་ནས་འདིར་འཇུག་པ་སྟེ། རིམ་གསུམ་ལས། ཐུན་མོང་ལམ་ལྔར་བསླབ་པ་དང་། །ཞེས་སོ། ཐ་མ་ནི། འོག་མའི་འབྲས་བུ་མཐར་ཕྱིན་ནས་འདིར་འཇུག་པ་སྟེ། འདིར་ནི་གསང་ཆེན་ངེས་པ་སྟེ། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །སེམས་སྐྱེ་བའི་རྒྱུ་རྐྱེན་རྒྱུ་དང་རྐྱེན་དུ་འབྲེལ་བས་ཁྱད་པར་དུ་བྱས་ནས་སྐྱེ་བ་སྟེ། དང་པོ་རྒྱུ་ལ་གཉིས་ལས། མཚུངས་ལྡན་གྱི་རྒྱུ་ནི། བདེ་བར་གཤེགས་པའི་སྙིང་པོ་ཁྱབ་བྱེད་དུ་ཡོད་པ་ཡིན་ཏེ། ལམ་རིམ་ལས། སྙིང་པོ་རང་བཞིན་མཚུངས་པ་དང་། །ཞེས་པའོ། །ལྷན་ཅིག་བྱེད་པའི་རྒྱུ་ནི། དེ་རྟོགས་རུང་གི་བློ་སོ་སོར་རྟོག་པའི་ཤེས་རབ་དེ་ཡིན་ཏེ། དེ་ཉིད་ལས། ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱིས། །རང་བྱུང་ཀུན་ངམ་འགྲུབ་བྱེད་ཕྱིར། །ཞེས་པའོ། །རྐྱེན་ནི་བཞི་ལས། རྒྱུའི་རྐྱེན་ནི་དེ་མ་ཐག་པ་ཉིད་དོ། །བདག་པོའི་རྐྱེན་ནི་ལུང་མན་ངག་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ཏེ། དེ་ཉིད་ལས། བཤེས་གཉེན་མགོན་ལ་ལུང་གཉིས་ཐོས། །ཞེས་སོ། །དམིགས་པའི་རྐྱེན་ནི། མཚོན་བྱེད་ཡི་གེའི་རྒྱུད་མན་ངག་དང་བཅས་པ་རྣམས་ཏེ། དེ་ཉིད་ལས། དེ་བདག་གསང་སོགས་དམིགས་པ་སྟེ། །ཞེས་སོ། །དེ་མ་ཐག་པའི་རྐྱེན་ནི། །ཐོས་བསམ་གྱིས་ཤེས་བྱ་ལ་རྟོགས་པ་བོགས་ཕྱུང་བ་སྟེ། དེ་ཉིད་ལས། སྐད་ཅིག་འཕེལ་བའང་དེ་མ་ཐག །ཅེས་སོ། །དེ་དག་འབྲེལ་ཚུལ་ནི། ལྷན་ཅིག་བྱེད་རྒྱུ་དང་བཅས་པའི་ལམ་པ་སྟེ་མཚུངས་པར་ལྡན་པའི་རྒྱུ་དོན་གྱི་བླ་མ་དང་བྱས་པ་དང་མི་རྟག་པ་ལྟར་བདག་གཅིག་ཏུ་འབྲེལ་ཞིང་། བདག་རྐྱེན་རྟགས་ཀྱི་བླ་མ་དང་སྣོད་དང་བཅུད་དུ་སེང་གེའི་འོ་མ་ལྟར་འབྲེལ་ལ། དམིགས་རྐྱེན་མདོ་རྒྱུད་རྣམས་དང་མེ་ལྟར་ཤེས་བྱ་ཤེས་བྱེད་དུ་འབྲེལ་ཞིང་། །དེ་གསུང་བ་པོ་སྟོན་པའི་བདག་ཉིད་ཉི་མ་དང་འཇིག་རྟེན་ལྟར་ལས་དང་ཐུགས་རྗེར་འབྲེལ་བའི་ཕྱིར་རྒྱུ་དང་རྐྱེན་དུ་གྱུར་པའོ། །སེམས་སྐྱེ་ཚུལ་ནི་བརྒྱད་དེ། མོས་པ་ཐ་དད་ཀྱི་སྒོ་ནས་བཞག་པ་ཐབས་གྲོལ་གཉིས་སུ་དང་། བློ་ཆེ་ཆུང་གི་སྒོ་ནས་རིམ་ཅིག་ཅར་གཉིས་སུ་དང་། རིམ་པ་སྤངས་མ་སྤངས་ཀྱི་སྒོ་ནས་མཐར་ཆགས་ཐོད་རྒལ་གཉིས་སུ་དང་། ཞེན་པ་དག་མ་དག་གི་སྒོ་ནས་ཟག་བཅས་ཟག་མེད་གཉིས་སུ་དང་། མཚན་མ་ཆེ་ཆུང་གི་སྒོ་ནས་མི་རྟོག་པ་དང་ལྷ་སྒོམ་པ་དང་གཉིས་སུ་དང་། ཕན་གདགས་པ་དང་གདུལ་དཀའ་འདུལ་བའི་སྒོ་ནས་ཞི་བ་དང་ཁྲོ་བོ་གཉིས་སུ་དང་། ཏིང་ངེ་འཛིན་གསལ་མི་གསལ་གྱི་སྒོ་ནས་མོས་བསྒོམ་དང་ཡོངས་རྫོགས་སུ་བསྒོམ་པ་གཉིས་སུ་དང་། རང་སྟོབས་གཞན་སྟོབས་ཀྱི་སྒོ་ནས་གདམས་ངག་དང་ཤེས་རབ་ཏུ་སེམས་སྐྱེ་བའོ། །སྐྱེས་པ་རང་གི་ངོ་བོ་ནི། ངོ་བོ་སེམས་ལྔ་སྐྱེ་བའོ། །ཞེས་པ་ལ་གཉིས་ཏེ། སྤྱན་འགྲེལ་ལས། ངོ་བོ་རྐྱེན་གྱིས་རྣམ་པར་དབྱེ། །རིགས་དང་རིགས་སུ་ངེས་པ་ཡི། །ཞེས་པས་གྲོལ་ལམ་གྱི་དང་། གཅིག་ཤོས་ཀྱི་ནི། ཁམས་ཉེར་གཅིག་པ་ལས། འཇིག་དང་ལྡང་དང་གནས་པ་དང་། །སྨོན་པ་བྱང་ཆུབ་སེམས་ཡིན་ནོ། །གཡོ་དང་བསྐྱོད་དང་ལྡང་དང་གནས། །ཞེས་པས་སོ། །དང་པོ་ནི། བརྟགས་པ་གཉིས་ཞིག་ནས་གསང་སྔགས་སུ་གཡོ་བའི་དང་། གཞི་དེས་ཁོང་དུ་ཆུད་པར་སྨོན་པའི་དང་། འདིའི་དོན་ཆ་འཇུག་པའི་དང་། དོན་ཉམས་སུ་ལེན་ཅིང་གནས་པའི་དང་། དེ་མཐར་ཕྱིན་པའི་སེམས་ཏེ། ལམ་རིམ་ལས། དེ་ཇི་བཞིན་དུ་གཉིས་དང་བཞི། །མཆོག་གི་གཡོ་བ་སེམས་འབྱུང་འགྱུར། །གཞི་དེ་ཁོང་དུ་སྨོན་པ་དང་། །ལྷག་པ་གཟུགས་བརྙན་འཇུག་པར་བྱེད། །མཆོག་གི་དམ་ཚིག་དེ་རུ་སྦྱིན། །རིགས་ངེས་གྱུར་ལ་ཕན་པ་བཅུ། །ནུས་པ་གཉིས་ཀྱི་བྱིན་རླབས་བཞག །རང་གི་སྤྱན་མཆོག་བྱེད་ལ་བརྩོན། །ཞེས་པའོ། །གཉིས་པ་ནི་ཁོག་གཞུང་ལས། དེ་ཡང་སྐྱེ་བོ་ཆགས་ཅན་དོན། །ཞེས་པས་འོག་སྒོའི་སེམས་ལྔ་སྟེ། གཡོ་ལྡང་དང་། འཇིག་འཇུག་དང་། གནས་པ་དང་། སྨོན་པ་དང་། འགྲོ་འོང་བྱང་སེམས་ཏེ། དཔེ་ཆུང་རང་གནས་ལས། འཇིག་ལྡང་ལ་སོགས་བྱང་སེམས་ལྔ། །ངེས་པར་སྐྱེས་པ་ངོ་བོར་བཤད། །ཅེས་པའོ། །གསུམ་པ་སྒྲ་བཤད་པ་ནི། དེ་ཡང་གདུལ་བྱ་ཞེས་པ་ཐུན་མོང་དང་མཆོག་གི་སེམས་ལྔ་སྐྱེར་རུང་བ་སྟེ། སྤྱན་འགྲེལ་ལས། ཕྱེ་བས་རྒྱུ་འབྲས་ཆེན་པོ་དག །མ་ངེས་འཇུག་དང་འདི་ཉིད་དུ། །ཞེས་སོ། །སྣང་བ་ཞེས་པ་བསྟན་པ་བློ་དང་འཚམས་པ་སྟེ། རིགས་བརྒྱད་དབྱེ་བ་ལས། བླ་མེད་ཐེག་པ་བསམ་ཡས་གསུངས་པ་ཡང་། །སོ་སོ་རང་གི་བློ་ལ་སྣང་བར་ཟད། །ཅེས་སོ། །ལམ་གྱི་རྒྱུད་ཅེས་པ་ནི་ལམ་འདི་གཞི་ཤེས་ཤིང་འབྲས་བུ་ཐོབ་བྱེད་ཡིན་པའི་ཕྱིར། ཤེས་བྱ་དང་ཐོབ་བྱེད་གཉིས་ཀྱི་མིང་གིས་བཏགས་པས་ལམ་གྱི་རྒྱུད་ཡིན་པའི་ཕྱིར་བཏགས་པ་ལས་ཐོབ་པ་ཞེས་བྱ་སྟེ། དེ་ཉིད་ལས། ཤེས་ཐོབ་བཏགས་མིང་ངེས་ཚིག་གཉིས། །ཞེས་སོ། །ཡང་ལམ་གྱི་ཆ་རྐྱེན་གྱི་དགོས་པ་དང་ལྡན་ཞིང་གཞི་ལམ་ཤེས་བྱ་ཤེས་བྱེད་དུ་འབྲེལ་ལ། ལམ་འབྲས་ཐོབ་བྱ་ཐོབ་བྱེད་དུ་འབྲེལ་བའི་ཕྱིར་ལམ་གྱི་རྒྱུད་ཡིན་པའི་ཕྱིར་རང་གི་ངོ་བོས་ཐོབ་པ་ཞེས་བྱ་སྟེ། དེ་ཉིད་ལས། རྒྱུ་རྐྱེན་ཐབས་འབྲེལ་དགོས་རྫོགས་ཕྱིར། །ཞེས་པ་དང་། དེ་ཉིད་ལས། རང་གི་ངེས་ཚིག་བཞི་རུ་འགྱུར། །ཞེས་པའོ། །བཞི་པ་རྣམ་གྲངས་ནི། རིམ་གསུམ་ལས། ཐུན་མོང་ལམ་ལྔར་བསླབ་པ་དང་། །ཁྱད་པར་སོ་སོའི་ལམ་བཞིན་བསླབ། །ཅེས་པས་ཐུན་མོང་གི་དང་། ཐུན་མོང་མ་ཡིན་པའི་ལམ་གཉིས་སོ། །དང་པོ་ལ་བཞི་ལས། དགོས་པ་ནི། དངོས་སུ་འདིའི་གོོལ་ས་ཤེས་ཤིང་བརྒྱུད་ནས་གདུལ་བྱ་དམན་པའང་ཁྱད་པར་གྱི་ལམ་ལ་གཟུད་པ་སྟེ། ཁོག་གཞུང་ལས། ཐུན་མོང་ལམ་སྟེགས་ཙམ་ཉིད་དུ། །ཕ་རོལ་ཕྱིན་བཅུ་རྒྱུ་འབྲས་སྤྱོད། །ཅེས་སོ། ངོ་བོ་ནི་གང་བློ་ཆེ་ཆུང་གི་ཡུལ་དུ་གྱུར་པ་སྟེ། ངེས་འབྱུང་གི་ཐེག་པ་བཞི་དང་ཕྱི་རྒྱུད་སྡེ་གསུམ་མོ། །སྒྲ་དོན་ནི། དེ་དག་གིས་རང་རང་གི་འབྲས་བུ་བསྒྲུབ་པ་དང་འདིའི་ལམ་སྟེགས་སུ་བགྲོད་པ་ཐུན་མོང་དུ་བྱེད་པའི་ཕྱིར་རོ། །རྣམ་གྲངས་ལ་གཉིས་ཏེ། ངོ་བོས་དང་། ལྟོས་པས་ཐུན་མོང་གི་ལམ་མོ། །དང་པོ་ནི། ལྷ་མི་ཉན་རང་སེམས་དཔའ་བཞི་སྟེ། སྤྱན་འགྲེལ་ལས། རིགས་ཀྱི་དབྱེ་བས་ལམ་ཕྱེ་བ། །ལྔ་དང་གཅིག་གིས་རྒྱུ་འབྲས་འགྱུར། །མ་ངེས་སྤྱི་ཡི་དབྱེ་བ་སྟེ། །བཞི་ནི་ངེས་འབྱུང་ཐུན་མོང་ལམ། །ཞེས་སོ། །གཉིས་པ་ནི། ཀྲྀ་ཡ་ཡོ་ག་ཨུ་པ་གསུམ་སྟེ། དེ་བཞིན་རིགས་གཅིག་ཐུན་མོང་མིན། །དེ་ཉིད་ཕྱི་ནང་ཆ་ཕྱེ་བས། །ཕྱི་རོལ་ལྟོས་པས་ཐུན་མོང་ལམ། །ཞེས་པའོ། །དེ་དག་འདིའི་ཉམས་སུ་བླང་བྱ་ཡིན་ནམ་མ་ཡིན་ན། དངོས་སུ་མིན་ཅིང་རིམ་གྱིས་པ་ལྟོས་ནས་ཤུགས་ལ་སྔོན་དུ་རྫོགས་པར་བྱ་བ་སྟེ། དེ་ཉིད་ལས། རང་བཞིན་སྔོན་དུ་སོང་བ་དང་། །ཆེད་དུ་མངོན་དུ་བསྡུར་བས་འགྲོ། །དེས་ན་ཐུན་མོང་མངོན་རྫོགས་ལམ། །ཞེས་པའོ། །དེ་ནི་གསུམ་པ་ནས་ཐམས་ཅད་ཀྱང་འདི་ལྟ་སྟེ། ཞེས་པ་དང་། དྲུག་པ་ནས་དེ་ནས་ས་བཅུ་རིམ་གྱིས་འབྱང་། ཞེས་པ་དང་། བཅུ་གསུམ་པ་ནས་མ་རྟོགས་པ་དང་ཞེས་པ་དང་། ཐ་མ་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །ཞེས་པས་སྟོན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་ལམ་ནི། ཁོག་གཞུང་ལས། ཐུན་མོང་མ་ཡིན་རྣམ་གཉིས་ཏེ། །ཞེས་པས་གཉིས་སོ། །དེ་གང་ཞེ་ན། །རྒྱ་མཚོ་ལས། གྲོལ་ལམ་ཐབས་སུ་རྣམ་པར་བཤད། །ཅེས་པས། ཤེས་རབ་གྲོལ་བའི་ལམ་དང་། ཐབས་ཀྱི་ལམ་སྟེ་འོག་ཏུ་སྟོན་ནོ། །ཐ་མ་དེ་དག་གི་དོན་ཉེ་བར་སྦྱར་བའི་བཤད་པ་ནི། ལམ་དེ་མཚོན་པར་བྱེད་པའི་གཞུང་ཚོགས་ཡི་གེའི་རྒྱུད་ཀྱི་བཤད་ཐབས་ཏེ། རིམ་གསུམ་ལས། ཚིག་དང་ཡི་གེའི་རྐྱེན་གཉིས་ལ། །བརྟེན་ནས་རྟོགས་པར་བྱེད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་གཉིས་ཏེ། གང་བཤད་པར་བྱ་བའི་རྒྱུད་ངོས་གཟུང་བ་དང་། དེ་ཇི་ལྟར་བཤད་པའི་ཐབས་སོ། །དང་པོ་ནི་རྒྱུད་ཐམས་ཅད་ལ། ཐབས་ཀྱི་རྒྱུད་ནི་བརྗོད་བྱའི་གཙོ་བོ་བདེ་སྟོང་གཉིས་ལས་བདེ་བ། བྱམས་སྙིང་གཉིས་ལས་བྱམས་པ། རྩ་ཐིག་གཉིས་ལས་རྩ། དཀྱིལ་འཁོར་གྱི་གཙོ་བོ་ཡང་ཡབ་ཤས་ཆེ་བས་ཐབས་ཀྱི་རྒྱུད་དོ། །བརྗོད་བྱའི་གཙོ་བོ་བདེ་སྟོང་གཉིས་ལས་སྟོང་པ། བྱམས་སྙིང་གཉིས་ལས་སྙིང་རྗེ། རྩ་ཐིག་གཉིས་ལས་ཐིག་ལེ། དཀྱིལ་འཁོར་གྱི་གཙོ་བོ་ཡུམ་ཤས་ཆེ་བས་ཤེས་རབ་ཀྱི་རྒྱུད་དོ། །གཞན་ཡང་གདུལ་བྱ་སྐྱེས་པ་དང་བུད་མེད་ཀྱི་ཆེད་དུ་རྒྱུད་གཉིས་སུ་ངེས་ཏེ། སྐྱེས་པ་རྣམས་ནི་འདུལ་དོན་དུ། །ཐབས་ཀྱི་རྒྱུད་རྣམས་རབ་བཤད་ལ། །བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །ཤེས་རབ་མ་ཡི་རྒྱུད་རབ་བཤད། །ཅེས་པའོ། །བརྗོད་བྱའོ་གཙོ་བོ་བདེ་སྟོང་དབྱེར་མེད། བྱམས་སྙིང་གཉིས་ཀ །རྩ་ཐིག་གཉིས་ཀ །དཀྱིལ་འཁོར་གྱི་གཙོ་བོ་ཡང་ཡབ་ཡུམ་ཞལ་སྦྱོར་བས་དབྱེར་མེད་དུ་ངེས་པས་ཏེ། དཔེ་ཆུང་ལས། ཐབས་དང་ཤེས་རབ་མ་ནིང་རྒྱུད། །བསྟན་པའི་ཡིག་ལམ་རྐྱེན་དུ་འདོད། །ཅེས་སོ། །འདི་ནི་དབྱེར་མེད་ཀྱི་རྒྱུད་དེ། རྒྱུད་ཐམས་ཅད་ཀྱི་ལུང་གི་སྦྱི། ཞེས་གསུངས་པའི་ཕྱིར་རོ། །འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་བསྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །ཞེས་པ་ལྟར་གཞུང་གཞན་ལ་མ་བརྟེན་པར་དོན་གཞན་བསྐྱེད་ནུས་པ་རྩ་བའི་རྒྱུད་འདི་དང་། རྒྱུད་ཀྱིས་རྒྱུད་ཀྱི་དོན་འགྲོལ་བ་བཤད་པའི་རྒྱུད་དང་། དེ་དག་གི་མ་ཚང་བ་ཁ་སྐོང་བ་རྒྱུད་ཕྱི་མ་རྣམས་ལ ས། དངོས་སུ་དང་པོ་ཡིན་ལ་ཤུགས་ལ་གང་བཤད་བྱར་ངོས་གཟུང་ངོ་། །གཉིས་པ་དེ་བཤད་ཐབས་ལ་གསུམ་སྟེ། དོར་བྱ་བཤད་ཚུལ་ཉེས་པའི་སྐྱོན་ངོས་གཟུང་བ་ནི་བརྒྱད་དེ། སྔགས་དང་མཚན་ཉིད་བསྲེས་ནས་བཤད་ན་རྡོ་རྗེ་ཐེག་པ་ན་བབས་ཀྱི་སྐྱོན་དང་། ཡོ་ག་ཕྱི་ནང་བསྲེས་ན་ཁྱད་པར་བསྙེན་སྒྲུབ་ཀྱི་དོན་ལས་འབྲོག་འཆོལ་བའི་དང་། རྟོག་གེ་བས་བཏགས་པའི་ཐེ་ཚོམ་གྱི་གེགས་སེལ་མ་ཤེས་ན་མཛངས་པ་ལྕེ་རྡུམ་གྱི་དང་། རྒྱུད་འཁྲུགས་པའི་བདག་ཉིད་སྡེབ་མ་ཤེས་ན་རཏྣ་རྩར་འཆོལ་གྱི་དང་། འབྲེལ་ཚུལ་གཉིས་ཀ་མི་ལྡན་ན་རང་དགའི་ཚིག་དང་། མི་མཐུན་པའི་ཚིག་དོན་སྡེབ་མ་ཤེས་ན་ཤེས་རབ་ལོང་བའི་དང་། མངོན་པར་རྟོགས་པའི་རིམ་པ་སྡེབ་མ་ཤེས་ན་བདུད་རྩི་རོ་ཉམས་ཀྱི་དང་། སྤྱི་དང་ཁྱད་པར་གྱི་དགོས་ཆེད་མེད་ན་དོན་མེད་འཆལ་བའི་སྐྱོན་ནོ། །དང་དུ་བླང་བ་ལེགས་པའི་ཡོན་ཏན་ཤེས་པར་བྱ་བ་ནི་བཅུ་གཅིག་སྟེ། ལྟ་བ་བརྒལ་བརྟག་གིས་བཤད་པ་དང་། སྤྱོད་པ་རྗེས་འཇུག་ཐབས་ཀྱིས་དང་། དཀྱིལ་འཁོར་དོན་རྟགས་ཀྱིས་དང་། དམ་ཚིག་རྣམ་གྲངས་ཀྱིས་དང་། ཕྲིན་ལས་ཆོག་བསྒྲིགས་ཀྱིས་དང་། སྒྲུབ་པ་ཕྱག་བཞེས་ཀྱིས་དང་། ཏིང་འཛིན་བསྐྱེད་རྫོགས་ཀྱིས་དང་། པཱུ་ཛ་ཕྱི་ནང་གིས་དང་། སྔགས་སྒྲ་དང་སྡེབ་ཀྱིས་དང་། ཕྱག་རྒྱ་བསྐྱེད་རིམ་གྱིས་བཤད་པའོ། །དེས་ཇི་ལྟར་རྟོགས་ཚུལ་དཔེའི་སྒོ་ནས་བསྟན་པ་ནི། ཁོག་གཞུང་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མ་འབྲུ་གཉེར་དགྲོལ་བའོ། །ཞེས་པས་གསུམ་སྟེ། དབང་པོ་རབ་ལ་རྒྱུད་ཀྱི་མཚན་བསྟན་པས་རྟོགས་པ་སྨན་པ་འཚོ་བྱེད་ཀྱིས་ལག་གི་རྩ་བལྟས་པས་ལུས་མགོ་མཇུག་གི་ནད་རྟོགས་པ་ལྟ་བུ་དང་། འབྲིང་གི་དོན་རྣམ་པར་ཕྱེ་བས་རྟོགས་པ་སྨན་སྣོད་ཀྱི་ཁ་བྱང་ལྟ་བུ་དང་། ཐ་མ་ལ་འབྲུ་རེ་གཉེར་རེས་རྟོགས་པས་སྨན་གཅིག་གཅིག་ཀྱང་དྲི་དང་ཁ་དོག་ལ་སོགས་པ་ཆོས་དུ་མས་གཏན་ལ་འབེབས་པ་ལྟ་བུའོ། །དང་པོ་ནི། དེ་ཉིད་ལས། རབ་མཚན་ཐ་སྙད་གསུམ་དུ་གྲགས། །ཞེས་པ་དང་། ཐུགས་ཐིགས་ལས། དང་པོར་མཚོན་པ་མཚན་གསུམ་ལྡན། །ཞེས་པས། བསྟན་བྱ་མཚན་གྱི་རྣམ་གྲངས་གསུམ་སྟེ། གང་ཞེ་ན། སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། །ཞེས་པས། རྒྱུད་དང་སྟོན་པའི་མཚན་ཐུན་མོང་དུ་གྲགས་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་སྟེ། འདིའི་གཉིས་པ་ནས། རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས། །བདེ་ལྡན་གསུང་གི་དོན་འབྱུང་བ། །ཞེས་སོ། །ལུང་དང་ཆེ་བ་ལས་བཏགས་པ་ལུང་གི་སྤྱི་ཞེས་བྱ་སྟེ། ཁམས་ཉེར་གཅིག་པ་ལས། ལུང་གི་སྤྱི་འདི་ཡང་ཤིན་ཏུ་ཟབ་པའི་ཕྱིར་ཞེས་པ་དང་། འདི་ཉིད་ཀྱི་ཐ་མ་ལས། རྒྱུད་དང་ལུང་གི་སྤྱི་ཞེས་པ་དང་། སྤྱན་འགྲེལ་ལས་ཀྱང་། ལུང་གི་སྤྱི་རུ་གྲགས་པ་འདི་ཞེས་སོ། །མན་ངག་དང་དོན་རང་གི་ངོ་བོ་ལ་བཏགས་པ་གསང་བའི་སྙིང་པོ་སྟེ། འདིའི་གསུམ་པ་ལས། རང་བཞིན་གསང་བའི་སྙིང་པོ་འདི། །ཞེས་པ་དང་། ཐ་མ་ལས། གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་གི་དཔེ་གོང་དུ་སྨོས་པ་ལྟར་དབང་པོ་རབ་ལ་ལྟོས་ནས་རྒྱུད་དབུ་ཞབས་ཀྱི་དོན་རྟོགས་པ་ཡིན་ཏེ། ཁོག་གཞུང་ལས། ལག་གི་རྩ་བཞིན་དབུ་ཞབས་རྟོགས། །སྐལ་བ་ཅན་གྱི་ཆེད་ཕྱིར་རོ། །ཞེས་པའོ། །གཉིས་པ་དོན་རྣམ་པར་དབྱེ་བ་ནི། མངོན་རྟོགས་ལས། ལུང་གི་སྤྱི་རུ་གྲགས་པ་འདི། །རྣམ་པར་ཕྱེ་པས་ལྔ་རུ་འགྱུར། །ཞེས་སོ། །དེ་ནི་གང་ཞེ་ན། སྤྱན་འགྲེལ་ལས། རྒྱུད་གཞུང་གཞི་བསླང་ཡོངས་སུ་ཤེས། །དགོས་འབྲེལ་གཏད་དང་རྫོགས་པའོ། །ཞེས་པས། རྒྱུད་འབྱུང་བའི་རྒྱུ་གླིང་གཞི་དང་། རྐྱེན་གླེང་བསླང་བ་དང་། འབྲས་བུ་རྒྱུད་དོན་དང་། དེའི་དགོས་འབྲེལ་དང་། བསྟན་པ་གཏད་པའོ། །དང་པོ་ལ་བཞི་ལས། དགོས་པ་ནི། རྒྱུད་དོན་འབྱུང་བར་ངེས་ཤིང་དེས་མ་འོངས་པའི་གདུལ་བྱ་རྣམས་ཡིད་ཆེས་པའོ། །ངོ་བོ་ནི་ཕུན་སུམ་ཚོགས་པ་ལྔ་སྟེ་འོག་ཏུ་སྟོན། སྒྲ་དོན་ནི། གླེང་བ་ཞེས་པ་རྒྱུད་འཆད་པ་ཡིན། དེའི་རྒྱུའམ་གཞི་ཕུན་སུམ་ཚོགས་པ་ལྔའི་ཕྱིར་རོ། །རྣམ་གྲངས་ནི། ཁོག་གཞུང་ལས། ཐུན་མོང་གླེང་གཞི་རྣམ་གཉིས་དང་། །ཐུན་མོང་མིན་པ་རྣམ་པ་གཉིས། །ཞེས་པས། སྤྱིར་ཐུན་མོང་གི་དང་། ཐུན་མོང་མ་ཡིན་པའི་གླེང་གཞི་གཉིས་སོ། །དང་པོ་ལའང་གཉིས་ཏེ། བསྟན་པ་འབྱུང་བའི་སྤྱིའི་དང་། རྒྱུད་འབྱུང་བ་ཁྱད་པར་ཅན་གྱིའོ། །དང་པོ་ལ་གསུམ་སྟེ། གླེང་གཞིའི་རྒྱུ་དང་། རང་གི་ངོ་བོ་དང་། ཞོར་ལ་དུས་ལུགས་བསྟན་པའོ། །དང་པོ་ནི། ཉིད་ཀྱི་སྐུ་གསུང་ཐུགས་ལས་ཐུབ་པ་དྲུག་སྤྲོས་པ་སྟེ། འདིའི་གསུམ་པ་ལས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་དེ་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །ཞེས་པ་དང་། ཁོག་གཞུང་ལས། ཐུབ་དྲུག་སྟོན་པ་ཞེས་པའོ། །གཉིས་པ་ནི་བཞི་ལས། དེ་ཉིད་ལས། སྟོང་གསུམ་གནས་པ་ཞེས་པ་ཞིང་ཁམས་ཏེ། འཐོན་ནས་ཀྱང་ལས་ཀྱི་དབང་གིས་སྣྲེལ་གཞི་དང་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར་ཞེས་སོ། །ཁྱད་པར་ཤཱཀྱ་ཐུབ་པ་ཉིད་ཅེས་པ་སྟོན་པ་སྟེ་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་ཞེས་སོ། །དེ་ཉིད་ལས། རྒྱུད་དྲུག་འཁོར་དང་རྣམ་བཞི་སོགས། །ཞེས་པ་ནི། དེ་ཉིད་ལས། འགྲོ་བ་ལྔ་ཡི་དོན་མཛད་དེ། །ཞེས་གདུལ་བྱ་དང་། དེ་ཉིད་ལས། རྒྱལ་སྲིད་བཙུན་མོ་འཁོར་སྤངས་ནས། །རབ་ཏུ་བྱུང་སོགས་མཛད་པ་ཡི། །ཞེས་པས་མཛད་པའོ། །དེ་ལའང་བཞི་སྟེ། སྐུའི་མཛད་པ་ནི། འདིའི་གསུམ་པ་ལས། བལྟམས་པ་དང་ཞེས་སོ། །ཐུགས་ཀྱི་ནི་དུས་བཞི་ཀུན་ཏུ་མཁྱེན་པ་ཞེས་སོ། །བསམ་གྱིས་མི་ཁྱབ་པའི་ནི་ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་ཅེས་སོ། །གསུང་གི་མཛད་པ་ནི་ཐམས་ཅད་ཀྱང་འདི་ལྟ་སྟེ་འདུལ་བའི་དབང་གིས་ཞེས་པས་སོ། །དུས་ནི་སྒྲོན་མ་བཀོད་པའི་དུས་ཏེ། དེ་ཉིད་ལས། ཤིན་ཏུ་དཀོན་པའི་དུས་ནའོ། །ཞེས་པའོ། །དེ་ཡང་ཁོག་གཞུང་ལས། སྐྱེ་བོ་ཆགས་སོགས་སྤོང་འདུལ་བ། །བྱིན་རླབས་ཤར་བའི་ཐུབ་པ་ཉིད། །མི་ཡི་སྐྱེ་བ་བཞེས་སྣང་བས། །བཅུ་གཉིས་ལ་སོགས་རྫོགས་པ་སྟེ། །རྣམ་དག་མཆོད་རྟེན་རྡོ་རྗེའི་གདན། །རབ་བྱུང་མངོན་པར་རྫོགས་ཚུལ་སྣང་། །ཞེས་སོ། །དེ་ནི་ལེའུ་གསུམ་པའི་སྟོད་ནས་སྟོན་ནོ། །གཉིས་པ་རྒྱུད་འབྱུང་བ་ཁྱད་པར་ཅན་གྱི་གླེང་གཞི་ལ་གཉིས་ཏེ། གླེང་གཞི་དངོས་དང་། ཞོར་ལ་གདུལ་བྱ་དགོས་ཆེད་ཀྱི་གླེང་གཞིའོ། །དང་པོ་ནི། དེ་ཉིད་ལས། སྟོན་པ་གནས་དང་སྡུད་པ་འཁོར། །ཞེས་པས་དེ་དག་འཛོམ་པའི་ཚེ་དུས་ཏེ། ཕུན་སུམ་ཚོགས་པ་ལྔ་ལས། སྟོན་པ་ནི། སྟོན་པ་བདག་ཉིད་དང་། འཆད་པའི་སྐྱེས་བུའོ། །དང་པོ་ནི། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཡབ་ཡུམ་སྟེ། དེ་ཉིད་ལས། སྟོན་པའི་རང་བཞིན་བདུན་དང་ལྡན། །བདག་ཉིད་བྱེད་པ་ཀུན་ཏུ་བཟང་། །ཞེས་པའོ། །གཉིས་པ་ནི་རིགས་ལྔ་ཡབ་ཡུམ་སྟེ། དེ་ཉིད་ལས། མཚུངས་པ་བཞི་དང་ལྡན་པའི་ཕྱིར། །ལྔས་ཀྱང་སྟོན་པ་གསུང་མི་འགལ། །ཞེས་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། ཞེས་པའོ། །གནས་ནི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། དེ་ཉིད་ལས། གནས་ཀྱི་རང་བཞིན་དེ་བཞིན་ཉིད། །ངོ་བོ་འོག་མིན་གཞལ་ཡས་ཁང་། །ཞེས་པ་དང་། ཡང་འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན་ཞེས་པ་ནས། ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ་ན། ཞེས་པ་དང་། ཐུགས་ཐིགས་ལས། ཆོས་དབྱིངས་འོག་མིན་གསང་བ་ན། །ལྷན་ཅིག་འདུས་པའི་རིན་ཆེན་ཁང་། །ཞེས་པས་སོ། །འཁོར་ལ་གཉིས་ཏེ། རྣམ་གྲངས་དངོས་དང་། ཞོར་ལ་དེ་དག་གི་ཚད་དོ། །དང་པོ་ནི། དེ་ཉིད་ལས། ལྷན་ཅིག་འཁོར་དང་གོ་ཕྱེ་བ། །ཞེས་པས་གཉིས་ཏེ། ལྷན་ཅིག་པའི་འཁོར་དང་། གོ་ཕྱེ་བའི་འཁོར་རོ། །དང་པོ་ལ་གསུམ་ལས། རང་བཞིན་གཉིས་སུ་མེད་པ་ནི་གོང་དུ་བསྟན་པ་འཆད་པའི་སྐྱེས་བུ་ལྔ་སྟེ། ཁོག་གཞུང་ལས། ཉིད་ལས་མི་གཞན་རིགས་ལྔ་དང་། །ཞེས་གོང་དུ་བསྟན་ནོ། །རིག་པ་ཁྱད་པར་ཅན་གྱི་ནི་རྒྱལ་སྲས་སེམས་དཔའ་དང་འཇིགས་བྱེད་ཆེན་པོ་རྣམས་ཏེ། དེ་ཉིད་ལས། རིག་པའི་ཡེ་ཤེས་བྱང་ཆུབ་སེམས། །ཞེས་པ་དང་། དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། ཞེས་པ་ནས་མཚན་མར་མ་ཡིན་པ་ལ་སོགས་པ་ཞེས་སོ། །ཆོས་ཀྱི་འབྲེལ་བ་དད་པས་གཏམ་ཉན་པའི་འཁོར་ནི། འཇིག་རྟེན་པའི་ལྷ་ཆེན་པོ་ལ་སོགས་པ་རྣམས་ཏེ། དད་པས་ཉན་པའི་ལྷ་ཆེན་རྣམས། །ཞེས་དང་། རྒྱས་པའི་དོན་གཉིས་པ་ལས། གོང་ན་མེད་པའི་ཡེ་ཤེས་མཆོག །ཐམས་ཅད་ལ་ནི་དབང་སྒྱུར་ཕྱིར། །འཇིག་རྟེན་ལྷ་ཆེན་རྣམས་ཀྱི་བསྐོར། །ཞེས་པ་དང་། རྡོ་རྗེ་ལས། གཟུང་འཛིན་བྲལ་བའི་བླ་མེད་རྗེས་མདོང་དང་། །འཇིག་རྟེན་གཙོ་དང་འཁོར་བཀུར་དབང་ཕྱུག་དང་། །ཞེས་སོ། །གཉིས་པ་གོ་ཕྱེ་བའི་འཁོར་ནི། །ཐུན་མོང་བ་རྣམ་པར་འདྲེན་པའི་སྤྲུལ་པ་དྲུག་དང་། རྗེས་སུ་འཇུག་པའི་རྣལ་འབྱོར་པ་སྐལ་པ་ཅན་རྣམས་ཏེ། འགྲོ་བ་འདུལ་བར་སྤྲུལ་སོགས་པ་ཞེས་པས། རྒྱས་པའི་བཅུ་གཅིག་པ་ལས། གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ན། །ཞེས་པ་དང་། འདིའི་བཅུ་གསུམ་པ་ལས། འབྱུང་དང་མ་འོངས་ཐམས་ཅད་དང་། །ཐ་མ་ལས། སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ས་རབ་རིག་པ་འཛིན་ལ་གནས། །ཞེས་པ་རྣམས་ནི་གོ་ཕྱེ་བར་མང་མངོན་ནོ། །ཐ་མ་ཚད་ནི། ཀུན་ཏུ་ཁྱབ་ཅིང་མཐའ་ཡས་པར་ཁྱབ་པ་སྟེ། ཆོས་ཀྱི་དབྱིངས་མཐའ་ཡས་པར་ཁྱབ་པ་ནི་འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་གང་ནས་ཁྱབ་པར་བཞུགས་སོ། །མང་བ་སྟེ། །དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ། །ཞེས་པ་དང་། འཁོར་གྱི་ཚད་ནི་ཁྱབ་དང་མང་། །བརྗོད་འདས་ནམ་མཁའི་མཐའ་ཀླས་གང་། །ཞེས་པའོ། །དུས་ལ་གཉིས་ཏེ། ངོ་བོའི་དང་། གདུལ་བྱ་ལ་སྣང་བའི་དུས་སོ། །དང་པོ་ནི། སྔ་ཕྱི་ཐ་དད་དུ་འཛིན་པ་འཁྲུལ་པ་ཡིན་ལ་དེ་དག་པས་མཉམ་པ་ཉིད་དེ། དེ་ཉིད་ལས། དུས་ཀྱི་ངོ་བོ་མཉམ་གནས་ཀྱང་། །ཞེས་པ་དང་། རྒྱས་པ་ལས། འདས་དང་མ་འོངས་ཐམས་ཅད་ཀུན། །ཡེ་ཤེས་རྟོགས་པའི་ཁྱད་པར་ལས། །དུས་བཞི་སྔ་ཕྱི་མེད་པ་ཡི། །མཉམ་པ་ཉིད་དུ་ལྷན་ནེར་སྦྱོར། །ཞེས་པ་དང་། འདི་ནས་དུས་བཞི་ཀུན་ཏུ་མཁྱེན་པ་དང་ཞེས་སོ། །གཉིས་པ་ནི། རྒྱུད་འབྱུང་བའི་རྒྱུ་ཕུན་སུམ་ཚོགས་པ་ལྔ་པོ་ཚང་བས་གདུལ་བྱའི་ངོ་ལ་རྒྱུད་དོན་བྱུང་བ་དེ་ཡིན་ཏེ། དེ་ཉིད་ལས། སྐལ་པ་ཅན་ལས་དཀོན་པའི་དུས། །ཞེས་པའོ། །སྡུད་པ་པོ་ནི། ཕྱོས་བཅུ་་དུས་བཞིའི་རྒྱལ་བ་རྣམས་ཀྱི་གསང་བའི་མཛོད་འཛིན་པ་གསང་བདག་སྟེ། དེ་ཉིད་ལས། གསང་བདག་ཕྱག་ན་རྡོ་རྗེ་ཡིས། །ཐུན་མོང་མ་ཡིན་ངེས་པའི་རྒྱུད། །དྲིས་ལན་མི་མངོན་དོན་གྱིས་བསྡུས། །བྱིན་རླབས་མི་ཡུལ་གྲགས་པ་ཡིན། །ཞེས་པ་དང་། རྒྱ་མཚོ་ལས། འཁོར་གྱི་ནང་ནས་སྐལ་ལྡན་མཆོག །འདུལ་བའི་དུས་བབ་གསང་བའི་བདག །ལག་ན་རྡོ་རྗེས་བསྡུ་བ་མཛད། །ཅེས་པ་དང་། འདི་ཉིད་ལས། རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་སོ། །དེ་ལེའུ་དང་པོས་སྟོན་ནོ། །གཉིས་པ་གདུལ་བྱ་དགོས་ཆེད་ཀྱི་གླེང་གཞི་ལ་ཡང་ལྔ་ལས། སྟོ ན་པ་ནི། གོང་མ་ཉིད་ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་པ་སྟེ་ཆེ་མཆོག་བཛྲ་ཧེ་རུ་ཀ་སྟེ། བཅོ་ལྔ་པ་ལས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོའོ། །གནས་ནི་དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ཏེ་བདེ་བའི་གནས་ཞེས་པས། དུར་ཁྲོད་ཆེན་པོར་བཞུགས་པར་དགྱེས་ནས་ཁྲག་གི་རྒྱ་མཚོའི་དཀྱིལ་ཀེང་རུས་ཆེན་པོ་རི་རབ་ཀྱི་སྟེང་འབར་བའི་འཁོར་ལོའི་དཀྱིལ་ན། ཞེས་པས་སོ། །འཁོར་ནི་རིགས་ལྔ་སྟེ། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོར་གྱུར་ཏེ་ཤར་ཕྱོགས་སུ་བཞུགས་སོ། །གསང་བའི་བུ་མོ་བརྒྱད་ནི། དཀར་མོའི་ཚོགས་དང་ཞེས་པ་ལ་སོགས་སོ། །གུས་པའི་བུ་མོ་བརྒྱད་ནི། སེང་གདོང་ཆེན་མོའི་ཚོགས་ལ་སོགས་སོ། །དུར་ཁྲོད་སའི་སྒོ་སྲུང་བཞི་ནི། སྟག་གདོང་ཆེན་མོའི་ཚོགས་དང་ཞེས་སོ། །སྲིན་མོ་ཉེར་བརྒྱད་ནི། སྲིན་མོ་ཆེན་མོ་མིའི་སྲིན་མོ་ལ་སོགས་སོ། །དུས་ནི། གདུལ་དཀའ་དྲག་པོའི་གདུལ་བྱ་ལས་དྲག་པོའི་ཕྲིན་ལས་སུ་སྣང་བའི་དུས་ཏེ། འདུལ་བའི་ཐབས་སྣ་ཚོགས་བསམ་གྱིས་མི་ཁྱབ་པར་སོ་སོར་སྣང་བས་དུས་གཅིག་ཏུ་བཏུལ་ཏེ། ཞེས་སོ། །སྡུད་པ་པོ་ནི་གོང་མའོ། །བཅོ་ལྔ་པས་སྟོན་ནོ། །གཉིས་པ་ཐུན་མུན་གྱི་གླེང་གཞི་ལ་གཉིས་ཏེ། སྤྱིར་བསྐྱེད་རྫོགས་གཉིས་ལས་རྫོགས་རིམ་གྱི་ཆར་གཏོགས་པས་ན། རྫོགས་པ་བསྐྱེད་རིམ་གྱི་དང་། རྫོགས་པ་རྫོགས་རིམ་གྱི་གླེང་གཞིའོ། །དང་པོ་ནི། སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་བཞི་ལས་བཞིའི་དབྱིབས་དང་ཁ་དོག་ཏུ་ཡོད་པ་ནི་གནས་ཞེས་པ། རྒྱ་མཚོ་ལས། དྷརྨ་ཙཀྲ་ཆོས་ཀྱི་གནས། །འོད་བཞིན་ཨེ་སོགས་དབྱིབས་ཅན་གནས། །ཞེས་སོ། །དེའི་དབུས་ན་སྲོག་མི་ཤིགས་པའི་ཐིག་ལེ་ནི་སྟོན་ནོ། །དེ་ཉིད་ལས། མི་ཤིགས་ཐིག་ལེ་བཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་བདག །ཅེས་སོ། །ཡེ་ཤེས་ལ་སོགས་བདེ་བའི་རྣམ་ཤེས་སྐྱེར་རུང་བ་ནི་འཁོར་ཞེས་པས། དེ་ཉིད་ལས། མ་ནུ་ཡིད་སོགས་རྣམ་ཤེས་བཞི། །ཡེ་ཤེས་མྱོང་བས་བཤད་སྡུད་འདོད། །ཅེས་སོ། །དོན་དམ་བྱང་སེམས་དངོས་སུ་སྐྱེས་པ་ནི་སྡུད་པ་པོ་ཡང་ཡིན་ལ་བསྟན་པར་ཡང་རུང་སྟེ། ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། པ་ར་མཱརྠ་དོན་ཟབ་མོ། །ཞེས་སོ། །དེའི་ཚེ་སྔ་ཕྱིར་འཛིན་པ་དག་པས་དུས་ཞེས་པས། བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་སོ། །གཉིས་པ་ནི་ཡུམ་གྱི་མཁའ་ལས་བཞིའི་དབྱིབས་སུ་ཡོད་པ་ནི་གནས་ཏེ། ཐལ་རྒྱུད་ལས། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་སུ་གནས། །ཞེས་སོ། །ཡབ་ཀྱི་ཐིག་ལེ་དབུར་རྫོགས་པ་ནི་ཐམས་ཅད་ཀྱི་བྱེད་པ་པོའི་ཕྱིར་སྟོན་པ་སྟེ། དེ་ཉིད་ལས། སྐད་ཅིག་གསལ་བྱེད་ལས་མིང་ཅན། །བཾ་དབྱིབས་ཐིག་ལེར་བཅས་སྟོན་པའོ། །ཞེས་སོ། །ཡེ་ཤེས་ལ་སོགས་གསང་བའི་རྣམ་ཤེས་མྱོང་བྱེད་ནི་འཁོར་ཏེ། དེ་ཉིད་ལས། མ་ད་མ་ནུ་སྡོམ་བྱེད་ཡི། །ལུས་ཅན་རྣམ་ཤེས་དེ་དག་ལ། །ཞེས་སོ། །ཐམས་ཅད་བདེ་བར་བསྡུས་ནས་དངོས་སུ་ཉམས་སུ་མྱོང་བས་སྡུད་པར་ཡང་རུང་ལ། མྱོང་བྱ་དོན་ཟབ་མོ་ནི་བསྟན་པ་སྟེ། པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡ་ན་ཐེག་ཆེན་འདི་ཉིད་དོ། །ཞེས་སོ། །དེ་སྐྱེས་ལ་ངོས་མི་ཟིན་པ་ནི་བསམ་གྱི་མི་ཁྱབ་པའི་ཕྱིར་དུས་ཏེ། དུས་ནི་བསམ་གྱི་མི་ཁྱབ་དུས། །ནཱ་མ་དེ་མིང་ཞེས་བྱ་བ། །ཞེས་དང་། ཁོག་གཞུང་ལས། ཡབ་ཡུམ་རོལ་པའི་དུས་ཉིད་དུ། །གསང་བ་ཕུན་སུམ་ཚོགས་དྲུག་གིས། །ཡིག་བཞིའི་སྒོ་ནས་བྱིན་བརླབས་ཀྱིས། །དབང་བསྐུར་མ་བརྗོད་རྒྱུད་བཤད་པ། །ཀུན་ཡུལ་མིན་པས་སྐལ་མེད་གསང་། །ཞེས་སོ། །ལེའུ་དང་པོ་དང་། བཞི་པ་དང་། བཅུ་གསུམ་པ་རྣམས་ནས་སྟོན་ནོ། །དོན་གཉིས་པ་རྐྱེན་གླིང་བསླང་བ་ལ་བཞི་ལས། དགོས་པ་ནི། མྱུར་དུ་རྒྱུད་དོན་གདུལ་བྱའི་བློ་དང་འཚམས་པར་འབྱུང་བ་སྟེ། ཐུགས་ཐིགས་ལས། བརྗོད་བྱ་རང་བཞིན་གསང་བའི་རྒྱུད། །དེ་ཇི་བཞིན་དུ་རྗོད་བྱེད་དག །སྟོན་པས་རྒྱུད་དོན་ལམ་དང་ཚིག །གླེང་གཞིའི་རྗེས་སུ་ངེས་པར་འགྲོ། །ཞེས་སོ། །ངོ་བོ་ནི། སྟོན་འཁོར་དྲིས་ལན་གཅིག་གི་རྐྱེན་དུ་གཅིག་གྱུར་པས་བསྟན་པ་འབྱུང་ལ་མ་རག་པ་སྟེ། དེ་ཉིད་ལས། སྟོན་པས་གནང་དང་འཁོར་གྱིས་ཞུས། །སྐབས་ལས་གླེང་བསླང་སྟོན་དང་འཁོར། །གནང་འདྲིའི་རྐྱེན་དུ་གང་གྱུར་པ། །དེ་དེས་གསུང་ལ་མ་རེག་པ། །ཞེས་སོ། །སྒྲ་བཤད་པ་ནི། གོང་ལྟར་གླེང་བ་ནི་རྒྱུད་འཆད་པ་ཡིན་ལ། དེར་བསྐུལ་བས་རྒྱུད་འབྱུང་བའི་རྐྱེན་དུ་གྱུར་པའི་ཕྱིར་ཏེ། ཐུགས་ཐིགས་ལས། ངེས་པའི་ཚིག་གྲུབ་ངོ་བོའང་དེ། །སྐབས་ཀྱི་དྲིས་ལས་སྨོས་ཅི་དགོས། །དྲིས་ལས་མདོ་ཕྱིར་ངེས་པར་འགྲུབ། །ཅེས་སོ། །རྣམ་གྲངས་ནི། ཁོག་གཞུང་ལས། དེ་བཞིན་གླེང་བསླང་རྣམ་པ་གཉིས། །ཞེས་པས། ཐུན་མིན་ལྷན་ཅིག་པའི་ཆེད་དུ་དང་། ཐུན་མོང་གི་ཕྱེ་བའི་ཆེད་དུ་གླེང་བསླང་བ་སྟེ། ཐུགས་ཐིགས་ལས། འཁོར་དང་གཞན་གྱི་དོན་ཕྱིར་དང་། །རྒྱུ་ཚོགས་ཐུགས་རྗེས་ལྡང་པར་འགྱུར། །ཞེས་སོ། །དང་པོ་ལ་གཉིས་ཏེ། གསང་བའི་དབང་བསྐུར་བ་དང་། དབང་ཕྱི་མ་གཉིས་ཀྱི་བྱེད་ལས་ཐུན་མོང་དུ་བསྟན་པའོ། །དང་པོ་ནི། ཁོག་གཞུང་ལས། ཐུན་མོང་མ་ཡིན་སྟོན་པ་གཉིས། །ཡབ་ཡུམ་ཆགས་བསྐུལ་རོལ་པ་དང་། །དགྱེས་བསྟར་འཁོར་ལ་དབང་བསྐུར་བས། །རྒྱུད་དོན་འབྱུང་ཕྱིར་བསླང་ཞེས་བྱ། །ཞེས་པས་ཡབ་ཡུམ་སྙོམས་པར་ཞུགས་པ་སྟེ། འདིའི་གཉིས་པ་ལས། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ཐམས་ཅད་མ་ལུས་པའི་རང་བཞིན་གྱི་ཚུལ་རྡོ་རྗེ་བཙུན་མོ་བྱ་བ་མོ་ཆོས་སྐུ་ཀུན་ཏུ་བཟང་མོ་ལ་འཇུག་པར་གྱུར་ཏོ། །ཉམས་སུ་བསྟར་བ་ལས་ཁྱད་པར་གྱི་རྫས་ཀྱི་དབང་བསྐུར་བ་དངོས་ནི། ཕྱོགས་བཅུ་དུས་བཞིའི་དེ་པ་མ་ལུས་པ་ཐམས་ཅད་གཅིག་གི་རང་བཞིན་དུ་དབྱེར་མེད་པའོ། །གླེང་བསླང་ནས་དེའི་རྟོགས་པ་བརྗོད་པ་ནི། ཨེ་མ་ཧོཿ རྡོ་རྗེ་ཕུང་པོའི་ཡན་ལག་ནི། ཞེས་པ་དང་། ཀྱེ་མའོ། ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །ཞེས་སོ། །དེའི་ངེས་ཚིག་ནི། དེ་པ་ཉིད་ཀྱིས་དེ་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་བརྗོད་པས་ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །ཞེས་སོ། །གཉིས་པ་ལ་ཡང་། དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཡེ་ནས་སངས་རྒྱས་པའི་སེམས་ཡེ་ཤེས་སུ་བསྐྱེད་པ་འདི་གསུངས་སོ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཞེས་གཡོ་ལྡང་དང་། འགག་པ་མེད་ལས་ཞེས་འཇིག་འཇུག་དང་། གནས་པ་མེད་ལས་ཞེས་གནས་པ་དང་། དམིགས་པ་མེད་ལས་ཞེས་སྨོན་པ་དང་། འགྲོ་འོང་མེད་ལས་ཞེས་འགྲོ་འོང་བྱང་སེམས་སོ། །གསུངས་པ་ལོ་རྒྱུས་སུ་བརྗོད་དེ་དབང་གི་ངོ་བོ་ཐབས་ལམ་གྱི་སེམས་རིམ་པ་ལྔར་བསྐྱེད་ནས་དེ་ཐོབ་པའི་ཡོན་ཏན་སྟོན་འཁོར་དགོངས་པ་ཐ་མི་དད་དུ་གྱུར་པ་སྟེ། ཞེས་བརྗོད་པས་དེ་པ་ཐམས་ཅད་དང་བཙུན་མོའི་ཚོགས་དང་བཅས་པ་ཐམས་ཅད་མཉེས་པས་ཁྱད་པར་གྱུར་ཏོ། །ཞེས་པ་དང་། འགྲོ་བ་ཆགས་ཅན་སྤོངས་མེད་ལ། །ལོངས་སྤྱོད་རྫོགས་སྐུ་བཙུན་མོ་དང་། །གཉིས་མེད་རོལ་སོགས་བསྟན་པ་སྟེ། །མཐུན་པས་མཐུན་པ་སྒྲོལ་ཕྱིར་རོ། །ཞེས་པའོ། །གཉིས་པ་ནི། ཁོག་གཞུང་ལས། ཐུན་མོང་གླེང་བསླང་སྟོན་དང་འཁོར། །ཐ་དད་སྣང་ནས་དབང་ཐོབ་སྟེ། །ཉིད་ཀྱིས་རྟོགས་ནས་འགྲོ་དོན་དུ། །བཀའ་སྩལ་དོན་གྱིས་ཞུས་དང་ལན། །ཞེས་པས་ལྷན་ཅིག་པ་རྣམས་དབང་ཐོབ་པས་རྒྱུད་རྟོགས་ཀྱང་གོ་ཕྱེ་བ་གསང་བ་བཞིས་བསྒྲགས་པའི་ཆེད་དུ་དེ་བཤད་པར་ཞུས་པ་སྟེ། དེ་ནས་དེ་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་པས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱི་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་སོ། །ཡང་དེ་ཉིད་ལས། གནང་བར་དོན་གྱི་ཚིག་ཏུ་ཕྱུང་། །སྐུ་གསུང་ཐུགས་ཀྱི་སྤྲོ་བ་མཛད། །ཅེས་པ་དང་། ཅེས་བརྗོད་པས་ཞེས་པ་དང་། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ་ཞེས་པ་ནས། བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་པའི་བར་གྱིས་སྟོན་པ་ཐུགས་རྗེ་སྐྱེས་ནས་རྒྱུད་འཆད་པར་དགྱེས་པ་མཛད་པའོ། །ལེའུ་གཉིས་པས་སྟོན་ནོ། །དོན་གསུམ་པ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་རྒྱུད་ཀྱི་དོན་ལ་ཡང་བཞི་ལས། དགོས་པ་ནི། དངོས་སུ་ལམ་གྱི་རྒྱུད་རྟོགས་ཤིང་བརྒྱུད་ནས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་གཉིས་མངོན་དུ་བྱེད་པའོ། །ངོ་བོ་ནི་ལམ་དང་དེའི་ཆ་རྐྱེན་རྣམས་ཏེ་འོག་ཏུ་སྟོན་ནོ། །སྒྲ་བཤད་པ་ནི། རྒྱུད་ཅེས་པ་གོང་ལྟར་ལ། དོན་ཞེས་པ་བྱ་བའི་སྒྲ་བྱེད་པ་ལ་ཞུགས་པ་སྟེ་ཤེས་བྱ་དང་ཐོབ་བྱ་ནི་དོན་ཡིན་ལ། དེ་ལམ་འདིས་ཤེས་ཤིང་ཐོབ་པར་བྱེད་པའི་ཕྱིར་ཏེ། ཁོག་གཞུང་ལས། རྒྱུད་དོན་ཚང་དང་དོན་འབྲེལ་བས། །རང་བཞིན་རྒྱུད་ཀྱི་མིང་དུ་གྲགས། །མཚོན་བྱེད་རྒྱུད་ཀྱང་དེ་བཞིན་ནོ། །ཞེས་པའོ། །རྣམ་གྲངས་ནི། དེ་ཉིད་ལས། རྒྱུད་དོན་ལམ་དང་ཡན་ལག་སྟེ། །ཞེས་པས་གཉིས་ཏེ། ལམ་གྱི་ངོ་བོ་དང་། ཡན་ལག་ཆ་རྐྱེན་ནོ། དང་པོ་ལ་བཞི་སྟེ། ཁྱད་པར་ལམ་གྱི་མཚན་ཉིད་དང་། མཚོན་བྱའི་དབྱེ་བ་དང་། ཕྱེ་བའི་ཆོས་འབྲེལ་ལམ་ཐ་དད་བརྟག་པ་དང་། སྔོན་དུ་གང་འགྲོ་དཔྱད་པའོ། །དང་པོ་ནི། ཁྱད་པར་གྱི་ལམ་པས་ཉམས་སུ་བླང་བྱར་གྱུར་པ་སྟེ། ལམ་རིམ་ལས། དེ་ལྟར་བརྟགས་པའི་སྐལ་ལྡན་ཕྱིར། །ཞེས་པ་དང་། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་པ། །ཤེས་རབ་མིག་ལྡན་འདིར་འཇུག་ཕྱིར། །ཞེས་པ་དང་། རྒྱས་པ་ལས། དེ་བཞིན་གཤེགས་པའི་སྤྱོད་ཡུལ་འདི། །སྐྱེས་བུ་བློ་རྩལ་རབ་ཀྱིས་རྟོགས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ཁོག་གཞུང་ལས། དེ་ཡང་གདུལ་བྱའི་བསམ་པ་ཡི། །དབང་གིས་ལམ་ཡང་གཉིས་སུ་བརྗོད། །ཅེས་པས་གཉིས་ཏེ། གང་ཞེ་ན། དེ་ཉིད་ལས། གྲོལ་ལམ་ཐབས་ལམ་བསྟན་པ་ཡིན། །ཞེས་པས་ཤེས་རབ་གྲོལ་བའི་ལམ་དང་། གདམས་ངག་ཐབས་ཀྱི་ལམ་སྟེ། འདིའི་དགུ་པ་ལས། ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད། །ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར། །ཞེས་སོ། །དང་པོ་ལ་གཉིས་ཏེ། གོ་དོན་དང་། དབྱེ་བའོ། །དང་པོ་ནི། ཤེས་འཇུག་གི་འཆིང་བ་ལས་གྲོལ་བས་འབྲས་བུ་གྲུབ་བྱེད་དུ་གྱུར་པ་སྟེ། ལམ་རིམ་ལས། ཐོས་བསམ་བསྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་འགྲུབ་བྱེད་ཕྱིར། །ཞེས་སོ། །གཉིས་པ་ནི། དེ་ཉིད་ལས། རིང་བའང་རིམ་དང་ཅིག་ཅར་བའོ། །ཞེས་པས་རིམ་གྱིས་པ་དང་། ཅིག་ཅར་བ་གཉིས་སོ། །དང་པོ་ལ་བཞི་སྟེ། ལམ་མཚན་ཉིད་གསུམ་དུ་བཅིང་བ་དང་། དེ་ལ་མཐར་ཆགས་ཐོད་རྒལ་དུ་བརྟག་པ་དང་། ལམ་གང་ལ་ཞི་ཁྲོ་གཉིས་སུ་ཡོད་མེད་ཀྱི་བྱེ་བྲག་དང་། དེ་དག་ལ་ཟག་པ་ཡོད་མེད་ཀྱི་ཁྱད་པར་བསམ་པའོ། །དང་པོ་ནི། འདིའི་བཅུ་གཉིས་པ་ལས། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །ཞེས་པས། རྒྱུ་ཤེས་པའི་དང་། རྐྱེན་འཇུག་པའི་དང་། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་དོ། །དང་པོ་ནི། ལྟ་བ་རྟོགས་པ་སྟེ། དེ་ལ་གསུམ། གང་གིས་རྟོགས་བྱ་ལྟ་བའི་རང་བཞིན་དང་། གང་གིས་རྟོགས་བྱེད་བློའི་ངོ་བོ་དང་། དེས་ཇི་ལྟར་རྟོགས་པའི་ཚུལ་ལོ། །དང་པོ་ནི། ཐམས་ཅད་ཀྱི་རང་བཞིན་ཇི་ལྟར་གནས་པ་དེ་ཡིན་ཏེ། དོན་གསུམ་པ་ལས། ཆོས་ཀྱི་རང་བཞིན་ཇི་ལྟ་བུ། །བདག་གིས་ཡང་དག་རྟོགས་བྱ་བ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ཐོས་བསམ་ལས་བྱུང་བའི་ཤེས་རབ་ཀྱི་དབང་པོ་དེ་ཡིན་ཏེ། ལམ་རིམ་ལས། རྒྱུ་ཡི་དཀྱིལ་འཁོར་མཐོང་བྱའི་ཕྱིར། །ཐོས་བསམ་དམ་པ་འཚོལ་བར་བྱེད། །ཅེས་པ་དང་། འདིའི་བཅུ་གསུམ་པ་ལས། ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་སོ། །ཐ་མ་ནི། དེ་ཉིད་ལས། དེ་ལྟར་ལྡན་པས་སྤྱན་ཚོལ་ཚེ། །གཏན་ཚིགས་རྣམས་ཀྱིས་སྨལ་བྱས་ཏེ། །ནོར་བའི་ཤེས་རབ་དམིགས་བསལ་ཏེ། །མ་ནོར་དམིགས་ནས་བསླང་བར་བྱ། །ཞེས་པས་གཞལ་བྱ་གཏན་ཚིགས་ཀྱིས་རྟོགས་པར་བྱེད་པའོ། །དེ་ནི་དེ་ཉིད་ལས། གཞི་དང་གཏན་ཚིགས་གྲུབ་པའི་དོན། །ཞེས་པས་གསུམ་སྟེ། གང་གཞལ་བྱ་ཆོས་ཅན་དང་། གང་གིས་འཇལ་བྱེད་གཏན་ཚིགས་དང་། དེ་ལྟར་གཞལ་བའི་གྲུབ་མཐའོ། །དང་པོ་ནི། བློ་ཚད་མས་རྟོགས་པར་བྱེད་པ་སྟེ། དེ་ལ་རིགས་ཀྱི་བྱེ་བྲག་གསུམ་ལས་སྐབས་འདིར་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡིན་ཏེ། དེ་ཉིད་ལས། དེ་ཡང་དངོས་སུ་བརྟག་གཞི་ནི། །འཁོར་དང་འདས་དངོས་ཞེན་སྣང་བརྟག །ཅེས་གསུངས་པའི་ཕྱིར་རོ། །དེ་ཡང་འདས་པའི་རང་མཚན་ཡུལ་དུ་མ་གྱུར་ཅིང་འཁོར་བའི་རང་མཚན་དེར་བདེན་པར་གཏན་ལ་ཕབ་ཀྱང་དེ་ཉིད་འཁྲུལ་པ་ཡིན་པའི་ཕྱིར་གཞལ་བ་ལ་དགོས་པ་མེད་པར་འགྱུར་རོ་ཞེ་ན། དེ་གཉིས་ཀྱི་རང་མཚན་གཞལ་བྱ་མ་ཡིན་ནོ། །འོ་ན་གང་ཞེ་ན། འདས་པར་སྣང་ཡང་འཁོར་བར་ཞེན་པའི་སྣང་ཞེན་གཉིས་ཀྱི་ཚོགས་པ་དེ་ཡིན་ཏེ། དེ་ཉིད་ལས། ཞེན་སྣང་འཇལ་ལ་སྐྱོན་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་གཏན་ཚིགས་ནི། ཚུལ་གསུམ་ཚང་བས་རྩོད་གཞིའི་སྟེང་དུ་དགག་སྒྲུབ་གཉིས་ཀྱི་བྱེད་ལས་དང་ལྡན་པ་སྟེ། དེ་ཉིད་ལས། དེ་ཕྱིར་གཏན་ཚིགས་ལས་ལ་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལ་གཉིས་ཏེ། སྒྲ་མཐུན་དོན་སྤགས་ཀྱི་དང་། ཚད་མ་བཀའ་གཞུང་གི་གཏན་ཚིགས་སོ། །དང་པོ་ལ་ལྔ་སྟེ། གཅིག་དང་དུ་བྲལ་གྱི་གཏན་ཚིགས་ནི། དམག་ཚོགས་དང་ནམ་མཁའ་ལྟར་གཅིག་དང་དུ་བྲལ་ཡིན་པའི་ཕྱིར་ཞེན་སྣང་དེར་མ་གྲུབ་པ་སྟེ། འདིའི་དགུ་པ་ལས། གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །ཅེས་སོ། །རྒྱུའི་ཐེག་པ་པས་དེ་སྤངས་ནས་བྲལ་བར་འདོད་པ་ལས་འདིར་མ་སྤངས་པའི་ཕྱིར་སྤགས་སོ། །བདེན་པ་གཉིས་ཀྱི་ནི། སྣང་ཙམ་ལ་བློ་འཁྲུལ་པའི་དབང་གིས་དེར་ཞེན་པ་ནི་ཀུན་རྫོབ་དང་། དེ་མ་འཁྲུལ་པ་དེ་དང་ལྡན་པ་ནི་དོན་ཏེ། གསུམ་པ་ལས། ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །བདག་དང་བདག་གིར་གཞན་མེད་དེ། །ཞེས་སོ། །དེ་ཡང་ཅིག་ཤོས་ཀྱིས་བདེན་པ་ཐ་དད་དུ་བརྟགས་ཏེ་དགག་སྒྲུབ་བྱེད་པ་ལས་འདིར་དབྱེར་མེད་པའི་ཕྱིར་དེ་དང་བྲལ་བས་སྤགས་སོ། །རྣམ་པར་དབྱེ་བ་ནི། བུམ་པའི་དབྱིབས་དང་ཁ་དོག་ལ་སོགས་པར་བྱུང་བས་ཕྱི་ཡུལ་གྱི་རྣམ་པ་རྣམས་གཅིག་ཏུ་མ་གྲུབ་པའི་ཕྱིར་ཡང་དག་པར་ན་ཆོས་ཀྱི་དབྱིངས་ཡིན་ཏེ། རྒྱས་པའི་ང་གཅིག་པ་ལས། འབྱུང་བ་ཆེན་པོ་ལྔ་རྣམས་ལ། །རང་བཞིན་མེད་པར་གཞིག་བྱའི་ཕྱིར། །གཅིག་ལའང་ལྔ་ལྔར་དབྱེ་བྱ་སྟེ། །ཡུམ་གྱི་དབྱིངས་སུ་ཐིམ་པར་བྱ། །ཞེས་སོ། །དེ་ཡང་ཅིག་ཤོས་འབྱུང་བ་བཞི་ལ་འབྱུང་ཆུང་བཞི་བཞིར་ཕྱེ་ནས་ཐ་དད་དུ་གཏན་ལ་འབེབས་པ་ལས། འདིར་མཚོན་བྱེད་ཡུམ་གྱིས་མཚོན་བྱ་ཆོས་ཀྱི་དབྱིངས་སུ་གཅིག་པར་འབེབས་པས་འཕགས་སོ། །རང་སྤྱི་ནི། སྦྲུལ་སྣང་ལ་དཔྱད་པར་ཐག་ཁྲ་རྟོགས་པ་ལྟར། ཞེན་བྱེད་ཉོན་མོངས་རང་མཚན་ལ་དཔྱད་པས་ཞེན་པ་སྤྱི་མཚན་དེ་བཞིན་ཉིད་རྟོགས་པ་སྟེ། ང་གསུམ་པ་ལས། ཉོན་མོངས་རང་དང་སྤྱིར་བསྟན་པ། །མཚན་ཉིད་མ་ནོར་དོན་རྟོགས་ན། །རྣམ་པར་བྱང་བའི་ལམ་དུ་འགྱུར། །ཞེས་སོ། །དེ་ཡང་ཅིག་ཤོས་ཞེ་སྡང་བརྣབ་སེམས་སྤུན་དགུ་ལ་སོགས་རྣམས་སྤྱི་མཚན་མི་རྟག་སྡུག་བསྔལ་སྟོང་བདག་མེད་ལ་སོགས་པས་སྤོང་སྦྱོང་བྱེད་ལ། འདིར་རང་མཚན་སྤྲོས་བྲལ་དུ་རྟོགས་པའོ། །མཚོན་པ་དཔེའི་གཏན་ཚིགས་ནི། མེ་ལོང་དང་གཏན་ཚིགས་ལྟར་ཕྱོགས་རིས་མི་འདྲ་བ་མེད་པའི་ཕྱིར་ཇི་ལྟར་སྣང་བ་ཐམས་ཅད་མཐུན་དཔེར་གྲུབ་པ་སྟེ། རྒྱས་པ་ལས། ནམ་མཁའ་བཟུང་དུ་མེད་པ་ལྟར། །སྣང་སྲིད་ཐམས་ཅད་དེ་དང་འདྲ། །ཞེས་སོ། །དེ་ཡང་ཅིག་ཤོས་དཔེ་དོན་ཐ་དད་དུ་འདོད་པ་ལས། འདིར་ཐམས་ཅད་ཆོས་ཉིད་དུ་གཅིག་པའི་ཕྱིར་དབྱེར་མེད་པའོ། །གཉིས་པ་ལ་ལྔ་སྟེ། རྟོགས་པ་བཞིའི་དང་། དག་པ་གསུམ་གྱི་དང་། མཉམ་པ་བཞིའི་དང་། བདག་ཉིད་ཆེན་པོའི་དང་། རང་བཞིན་གྱི་གཏན་ཚིགས་སོ། །དང་པོ་རྒྱུ་གཅིག་པའི་གཏན་ཚིགས་ནི། དངོས་པོ་གཉིས་ཀའི་རྒྱུ་སེམས་སུ་གཅིག་ཅིང་དེའི་རང་བཞིན་སྟོང་པར་གཅིག་པ་སྟེ། དེ་ལྟར་རྟོགས་པ་དང་མ་རྟོགས་པ་ལས་དངོས་པོ་གཉིས་སུ་སྣང་བའི་ཕྱིར། ག་བུར་ཉིད་ནད་རྐྱེན་གྱིས་སྨན་དུག་གཉིས་སུ་སྣང་བ་བཞིན་ནོ། །དེས་ན་འདི་ནི་རིམ་གྱིས་པ་ལ་ལྟོས་ཏེ་སེམས་སྟོང་པ་ཤེས་བྱེད་ཀྱི་རྟགས་སོ། །ཡིག་འབྲུའི་ཚུལ་ནི། སེམས་ཉིད་དེ་ལྟར་མཚོན་བྱེད་ཡི་གེར་མ་འགགས་པ་ཡིན་ཏེ། དེ་ལྟར་མཚོན་པའི་ཡི་གེ་འདུས་པ་ལས་བྱུང་བའི་ཕྱིར་ཏེ། རི་བོང་ཅན་ལ་ཟླ་བའི་སྒྲས་བརྗོད་པ་བཞིན། དེས་ན་འདི་ནི་སྣང་ལྡོག་གི་རྟགས་སོ། །བྱིན་གྱིས་བརླབ་ཀྱི་ནི། གོང་མ་སྣང་སྟོང་གཉིས་དངོས་སུ་རྟོགས་པ་ལས་བྱུང་བ་ཡིན་ཏེ། དེ་མེད་ན་འདི་མི་འབྱུང་བའི་ཕྱིར། ས་བོན་མེད་ན་མྱུ་གུ་མེད་པ་བཞིན་ནོ། །དེས་ན་དབྱེར་མེད་ཀྱི་རྟགས་སོ། །མངོན་སུམ་པ་ནི་བཞི་ལས། འདིར་རང་རིག་པའི་མངོན་སུམ་དེ་སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཇི་ལྟར་ཡིན་པའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་རྟགས་ལ་བརྟེན་པ་མ་ཡིན་ཞིང་དེ་དང་མི་འགལ་བར་ངེས་པ་སྟེ། ཐུགས་ཐིགས་ལས། མངོན་སུམ་རྟོགས་པ་རྟོག་པའི་མཆོག །རང་རིག་ཡེ་ཤེས་ཚོགས་གཅིག་པུ། །ཞེས་པ་བཞིན་ནོ། །གཉིས་པ་ནི། ཕྱི་སྣོད་འབྱུང་བ་ལྔ་ནང་བཅུད་ཕུང་པོ་ལྔ་རྒྱུད་རྣམ་པར་ཤེས་པའི་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པར་རྟོགས་ཤིང་གོམས་པས་དེ་དག་ཉིད་དུ་གྱུར་པའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་བཞིན་ནོ། །གསུམ་པ་ནི། ཆོས་ཐམས་ཅད་ཀུན་རྫོབ་སྒྱུ་མ་དང་དོན་དམ་སྤྲོས་བྲལ་ཏེ། བཅུ་གཅིག་པ་ལས། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །ཞེས་པས་སྣང་བ་སྣ་ཚོགས་པ་ནི་དོན་དམ་སྟོང་པའི་ངོ་བོ་ཉིད་ལས་སྣང་བའི་ཕྱིར་རྒྱུ་གཞན་ལ་ལྟོས་མེད་ཡིན་ཞིང་དེ་ཉིད་ཀྱིས་སྟོང་པ་དང་རང་བཅས་སུ་འབྲེལ་བ་སྣང་བ་ཉིད་ཀྱི་རྒྱུ་ལས་གཞན་ལྟོས་མེད་ཡིན་པའི་ཕྱིིར་རོ། །ལམ་རིམ་ལས། དེ་དག་ངོ་བོ་ཉིད་རྒྱུར་གནས། །ཞེས་སོ། །གཞལ་བྱ་ཞེན་སྣང་ཉིད་ལ་གོང་གི་རྟགས་རྣམས་ཀྱིས་གཞལ་བས་འཁྲུལ་པ་ཡེ་ཤེས་སུ་དབང་སྒྱུར་བ་ནི་ཆོས་ཉིད་ལ་ཆོས་ཉིད་སྤྱོད་པའི་ཕྱིར་རང་གི་ལོངས་སྤྱོད་རང་གིས་སྤྱོད་པ་བཞིན་ནོ། །ཐ་མ་ནི་ལེའུ་ཐ་མ་ལས། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་པ་ནི། ངོ་བོ་ཉིད་དུ་གྲུབ་ཅིང་གནས་པ་ཡིན་ཏེ། དེ་ལྟར་མ་རྟོགས་པའི་ཚེ་དེ་ལྟར་ཡིན་པ་དང་སྐད་ཅིག་ཀྱང་མ་བྲལ་ཞིང་། དེ་ལྟར་ངེས་པའི་ཚེ་དེ་གཉིས་གཞན་དང་གཞན་དུ་མ་གྲུབ་པའི་ཕྱིར་སྦྲུལ་སྣང་དང་ཐག་ཁྲ་བཞིན་ནོ། །ཐ་མ་གྲུབ་པའི་མཐའ་ནི། གཏན་ཚིགས་དེ་དག་གིས་གཞལ་བས་གཞན་སྣང་དེ་བཞིན་ཉིད་དུ་གཏན་ལ་ཕེབས་པ་ནི་བསྒྲུབ་བྱ་ཡིན་ལ། དེས་མཐར་ཐུག་གི་འབྲས་བུ་གྲུབ་མཐའ་ཡིན་པའི་ཕྱིར་ཏེ། བཅུ་གཉིས་པ་ལས། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །ཅེས་གསུངས་པའི་ཕྱིར་རོ། །མཚན་ཉིད་བར་པ་ནི། ལམ་གྱི་རྣལ་འབྱོར་ལྔ་སྟེ། སྟོང་པ་ཆེན་པོའི་དང་། སྙིང་རྗེ་ཆེན་པོའི་དང་། ཕྱག་རྒྱ་གཅིག་པའི་དང་། སྤྲོས་བཅས་ཀྱི་དང་། ཚོགས་སྒྲུབ་པའོ། །འདིར་དེ་དག་རེ་རེ་ཡང་ཆོས་ལྔ་ལྔ་དང་ལྡན་པར་སྟོན་ཏེ། གང་ཉམས་སུ་ལེན་པ་ལམ་གྱི་ངོ་བོ་ནི་དམིགས་པ་ཡུལ་དུ་བྱེད་པ་སྟེ། ཁོག་གཞུང་ལས། དངོས་གྲུབ་མྱུར་དུ་འགྲུབ་འདོད་ན། །ཤིན་ཏུ་མི་དམིགས་དབྱིངས་སུ་སྒོམ། །ཞེས་སོ། །གཉིས་པ་བྱིང་རྒོད་དང་བྲལ་བའི་རང་རིག་སྒྱུ་མ་ལྟར་གསལ་བ་སྟེ། དེ་ཉིད་ལས། ཐམས་ཅད་སྒྱུ་མ་མིག་ཡོར་ཚུལ། །ཞེས་སོ། །གསུམ་པ་ཕྱག་རྒྱ་བཞི་ལྡན་གྱི་སྐུ་སྣང་ལ་རང་བཞིན་མེད་པར་གསལ་བ་སྟེ། སྐུ་གཅིག་རྡོ་རྗེ་དྲིལ་འབར་སྒོམ། །ཞེས་སོ། །བཞི་པ་ནི་རྟོག་པ་མཐའ་དག་ལྷའི་དཀྱིལ་འཁོར་དུ་གསལ་བ་སྟེ། སྤྱོད་ཡུལ་ཀུན་ཏུ་མ་དྷ་ལ། །ཞེས་སོ། །ཐ་མ་ནི་རྣལ་འབྱོར་ཕོ་མོ་ཡོ་བྱད་དུ་མ་ལ་བརྟེན་ནས་ལྷ་དུ་མའི་དངོས་གྲུབ་དོན་དུ་གཉེར་བ་སྟེ། རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་ལ། །ངེས་པར་ལེགས་པའི་དགོངས་པ་གྲུབ། །ཅེས་སོ། །དེར་ངེས་པའི་ཚིག་སྒྲ་བཤད་པ་ནི། མཉམ་བཞག་ལ་སེམས་རྩེ་གཅིག་ཏུ་གནས་པའི་ཕྱིར། གཉིས་པ་སྒྱུ་མ་ལྟར་སྣང་བ་ལ་རྩེ་གཅིག་པའི་ཕྱིར། གསུམ་པ་རྩ་བའི་ལྷ་དང་གཅིག་དུ་གསལ་བའི་ཕྱིར་རོ། །བཞི་པ་རྩ་བའི་ལྷ་རགས་པ་དུ་མར་གསལ་བའི་ཕྱིར། །ཐ་མ་རྣལ་འབྱོར་པ་དང་ལྷ་དང་ཡོ་བྱད་དུ་མ་ཚོགས་དགོས་པའི་ཕྱིར་རོ། །ལམ་དེ་ཉམས་སུ་བླངས་པའི་དགོས་པ་ནི། དང་པོ་དངོས་པོ་ལ་དེར་ཞེན་གྱི་རྟོག་པ་དག་ཅིང་དོན་དམ་རྟོགས་པའོ། །གཉིས་པའི་སྟོང་པ་ཕྱོགས་གཅིག་ལ་ཞེན་པ་གྲོལ་ཞིང་སེམས་ཅན་གྱི་དོན་མི་འགོག་པའོ། །གསུམ་པ་རྟོག་པ་གནས་གྱུར་ཞིང་སྤྲོས་པའི་རྒྱུར་གྱུར་པ། བཞི་པ་ལྷར་ཞེན་པ་ལས་གྲོལ་ཞིང་རྟོག་པ་མཐའ་དག་ལས་ལོག་པ། ཐ་མའི་སི་ཏི་གཉིས་ཀ་ལ་དབང་སྒྱུར་བའོ། །དེ་དག་གི་རྣམ་གྲངས་ནི། དང་པོ་དབུ་མའི་ཕྱོགས་གཅིག །ཀྲྀ་ཡའི་དག་པ། ཡོ་གའི་རྣམ་སྣང་། མ་ཧཱའི་མཆོག་ལྡན་ནོ། །གཉིས་པའི་ལོག་རྟོག །རྟེན་འབྲེལ་དངོས་པོ་སྒྱུ་མ་གསུམ་འཁྲུལ་ལ། ཐབས་ཡེ་ཤེས་ཕྱག་རྒྱ་སྒྱུ་མ་གསུམ་ནི་མ་འཁྲུལ་པའོ། །གསུམ་པའི་ཞི་བ་དང་ཁྲོ་བོ་ཕྱག་རྒྱ་གཅིག་པའོ། །བཞི་པའི་ཞི་ཁྲོ་གཉིས་ཆར་ལ་དཀྱིལ་འཁོར་དང་ཚོམ་བུ་དང་ཞལ་ཕྱག་དང་རྣམ་གྲངས་སྤྲོས་པའོ། །ཐ་མ་ནི་ཞི་ཁྲོ་གཉིས་རེ་རེ་ལ་ཡང་ཚོམ་བུ་གཅིག་པ་གསུམ་པ་ལྔ་པའོ། །རང་རང་གི་འབྲས་བུ་ནི། དང་པོ་དོན་དམ་མངོན་དུ་བྱེད་པས་རྟོག་པ་ལས་གྲོལ། གཉིས་པ་ཀུན་རྫོབ་ཡེ་ཤེས་སུ་གསལ་བས་འཛིན་པ་ལས་གྲོལ། གསུམ་པ་སྐུ་དང་ཡེ་ཤེས་སུ་གསལ་བས་བརྟན་པ་ཐོབ། །བཞི་པ་སྣང་བ་ཕྱག་རྒྱར་གསལ་བ་ལ་བརྟན་པ་རྒྱ་ཆེན་འགྲུབ། ཐ་མ་ཟག་མེད་ལ་དངོས་སུ་སྦྱོར་ནུས་པའོ། །མཚན་ཉིད་ཐ་མ་ནི། ལམ་དུ་གྱུར་པའི་འབྲས་བུ་སྟེ། ཁོག་གཞུང་ལས། ཚེ་ལ་དབང་དང་ཕྱག་རྒྱ་ཆེ། །ལྷུན་གྲུབ་ཏིང་འཛིན་རིམ་པའོ། །ཞེས་པས་བཞི་སྟེ། རྣམ་པར་སྨིན་པ་ནི། རྡོ་རྗེ་ལས། གསང་བའི་ཡོ་བྱད་ལྔ་ལྡན་པས། །བརྩོན་པས་ཚུལ་བཞིན་རབ་བསྒྲུབས་ན། །རྡོ་རྗེའི་ལུས་དང་རྣམ་སྨིན་དུ། །ཞེས་སོ། །ཚེ་ལ་དབང་བའི་དང་། ཕྱག་རྒྱ་ཆེན་པོའི་དང་། ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ། །འདི་དག་རེ་རེ་ལ་ཡང་བཞིན་བཞི་དང་ལྡན་ཏེ། གང་གི་རིག་ས་འཛིན་པ་རང་གི་ངོ་བོ་ནི། ལུས་རྒྱས་བསྒྲིབས་ཤིང་ཡིད་ལྷའི་སྐུར་སྨིན་པའོ། །གཉིས་པ་ནི་ལྷག་མའི་ལུས་དང་བཅས་ནས་འབྲས་བུ་ལ་སྦྱོར་བའོ། །དེ་གཉིས་ཆར་སྤྲུལ་བའི་སྐུའོ། །གསུམ་པ་ནི་བསྒོམ་བྱ་མངོན་དུ་གྱུར་པས་ལྷའི་རང་མཚན་འཛིན་པ་ལོངས་སྐུའོ། །བཞི་པ་ནི་ལམ་མཐར་ཕྱིན་པས་སྤྲོས་པ་དང་བྲལ་བའི་ཕྱིར་ཆོས་ཀྱི་སྐུའོ། །དེར་ངེས་པའི་སྒྲ་དོན་ནི། སེམས་ལྷའི་རྣམ་པར་སྨིན་པའི་ཕྱིར་རོ། །གཉིས་པ་ནི་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་སུ་གནས་པའི་ཕྱིར་རོ། །གསུམ་པ་ནི་མཚན་དཔེ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཐ་མ་ནི་སྐུ་ལྔའི་དགོངས་པ་འགྲུབ་པའི་ཕྱིར་རོ། །དགོངས་པའི་ཁྱད་པར་ནི་ཟག་མེད་ཀྱི་ཤེས་རབ་ཀྱིས་ཕྱག་རྒྱ་སྟོང་གི་དཀྱིལ་འཁོར་གསལ་བའོ། །གཉིས་པ་ཆོས་ཉིད་རང་མཚན་མཐོང་ཞིང་ཉི་ཁྲི་བཞི་སྟོང་དུ་གསལ་བའོ། །གསུམ་པ་མཐོང་བའི་དོན་ལ་མཉམ་པར་བཞག་སྟེ་མི་གཡོ་བའོ། །ཐ་མ་ན་མཉམ་བཞག་གི་ཚེ་སངས་རྒྱས་དང་ཁྱད་པར་མེད་ཅིང་རྗེས་ཐོབ་བག་ལ་ཉལ་དང་བཅས་པའོ། །ཇི་ལྟར་བཞུགས་པའི་ཆ་ལུགས་ནི། གོང་མ་གཉིས་སྔོན་གང་ཡིན་པ་དེ་མི་དང་ལྷ་དང་། ཞེས་སོ། །གསུམ་པ་ལྷའི་སྐུ་རུའོ། །ཐ་མ་གདུལ་བྱའི་དབང་གིས་མ་ངེས་པར་སྟོན་ནོ། །དོན་གཉིས་པ་མཐར་ཆགས་པ་ནི་ལམ་གྱི་རིམ་པ་དགུ་པོ་འདི་དག་ལ་མོ་ཚོད་གང་དང་མཐུན་ཞེས་རྒྱུའི་ཐེག་པ་པ་དང་གུང་སྦྱོར་བ་ནི་མི་འཐད་པར་སེམས་ཏེ། ལམ་ལ་བགྲོད་ཚུལ་ཐ་དད་པ་ཙམ་ལས་ཐུན་མིན་གྱི་ཁྱད་པར་མེད་པར་འགྱུར་ཞིང་གཞན་ཡང་འདིར་སེམས་སྐྱེ་བའི་སྐྱེ་སར་བཤད་པ་དང་འགལ་ལོ། །རྡོ་རྗེ་ཐེག་པ་ན་བབས་སུ་འགྱུར་བའི་ཕྱིར་རོ། །དེས་ན། རྒྱུ་འབྲས་ཁྱད་པར་ལྷུན་གྱིས་གྲུབ། །ཅེས་སོ། །ཐོད་རྒལ་བ་ལ་གསུམ་སྟེ། དེ་འབྱུང་བའི་རྒྱུ་ཁྱད་པར་གྱི་ཆོས་ནི་སྟོང་སྙིང་ལྟར་གཉིས་མེད་བསྒོམ་མི་ནུས་ཤིང་རྣམ་སྨིན་ལྟར་ནང་རིགས་ཀྱི་བློ་ཆུང་ཞིང་ལམ་ངེས་པ་ཅན་ཡིན་པ་དང་། ལྷུན་གྲུབ་ལྟར་དོར་རྒྱུ་མེད་པ་ནས་མི་འབྱུང་སྟེ། གཉིས་མེད་བསྒོམ་ནུས་ཤིང་ལམ་ངེས་པ་ཅན་མིན་ལ། ལམ་དོར་རྒྱུ་ཡོད་ཅིང་ནང་རིགས་ཀྱི་བློ་ཆེ་བའོ། །གང་ནས་འབྱུང་བའི་གནས་ནི། ཟག་བཅས་གཅིག་སྤྲོས་ཚོགས་གསུམ་དང་། །དེ་བྲལ་ཚེ་དབང་རྒྱ་ཆེན་ནས། །ཞེས་སོ། །གང་དུ་འགྲོ་བའི་ས་ནི། ཟག་བཅས་གསུམ་པོ་ཚེ་དབང་ཡན་ཆད་ཅི་རིགས་དང་། ཚེ་དབང་ནི། རྒྱ་དོར་ཅིག་ཅར་མཐར་འགྲོ་བ། །ཞེས་ལྷུན་གྲུབ་དང་། ཡང་། ལུས་མ་བོར་བར་སངས་རྒྱས་ས། །ཞེས་རྒྱ་ཆེན་ནི་ལྷུན་གྲུབ་ལས་དོར་རྒྱུ་མེད་དེ་སངས་རྒྱས་ཀྱི་སའོ། །དོན་གསུམ་པ་ནི། ཕྱག་རྒྱ་གཅིག་པ་ནས་ཕྱག་རྒྱ་གཅིག་པའི་བར་བསྐྱེད་རིམ་ཞི་ཁྲོ་གཉིས་སུ་བསྟན་ལ། དེ་ལས་གཞན་པའི་ལམ་རྣམས་ནི་དེ་གཉིས་ཀྱི་ཆོས་དང་བྲལ་བའོ། །དོན་ཐ་མ་ལ་གསུམ་སྟེ། ཟག་པའི་མཚན་ཉིད་ནི་ཐ་མལ་གྱི་འཛིན་ཤེས་བག་ཆགས་དང་བཅས་པ་སྟེ། སྤར་ཁབ་ལས། དེ་དག་འཇིག་རྟེན་པ་ལ་ཡོད་ན་འཛིན་པའི་ཕྱིར་ཟག་པར་འགྱུར་ལ། ཞེས་སོ། །མཚན་གཞིའི་དབྱེ་བ་ནི། རང་དབང་མེད་པར་འདོར་པ་ལུས་ཀྱི་དང་། བདེ་མི་བདེར་སྣང་བ་ཁམས་ཀྱི་དང་། ལས་ཀྱི་སྟོབས་ཀྱིས་རང་དབང་མེད་པའི་ལུས་ལེན་པ་སྐྱེ་གནས་ཀྱིའོ། །གང་ལ་ཡོད་མེད་ཀྱི་ཁྱད་པར་ནི་གོང་གི་མཚན་ཉིད་དང་མི་ལྡན་ཏེ། ཚོགས་སྒྲུབ་མན་ཆད་ཟག་བཅས་ལ་རྣམ་སྨིན་ཡན་ཆད་ཟག་མེད་དོ། །དེ་ཡང་ཁ་ཅིག་རྣམ་སྨིན་ལ་ཟག་བཅས་ཡིན་ཡང་ཟག་མེད་དུ་འདེབས་ཟེར་བ་དང་། ཁ་ཅིག་གཙོ་བོ་སྐྱེ་གནས་ལེན་པས་ཟག་མེད་ཡིན་ཟེར་བ་ལ། སྔ་མ་ནི། ས་ཕྱོགས་ན་ཤིང་གི་བྱེ་བྲག་ཡོད་པས་ཤིང་ཡོད་དུ་འགྱུར་བ་ལྟར། རྣམ་སྨིན་ལ་ལུས་ཁམས་ཀྱི་ཟག་པ་རྟགས་སུ་བཀོད་ནས་ཟག་བཅས་སུ་བསྒྲུབ་པ་ལའང་གནོད་པ་ཅན་ཏེ། ཁམས་བདེ་མི་བདེ་དང་ལུས་དོར་བ་ཙམ་གྱིས་དེར་གྱུར་ན། སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཡང་དེར་འགྱུར་ཏེ། དེ་གཉིས་ཡོད་པའི་ཕྱིར་རོ། །དེས་ན་རྣམ་སྨིན་ལུས་ལ་རང་དབང་ཡོད་པར་འདོད་པ་ཡོད་པ་གང་ན་མེད་དོ། །གཉིས་པ་ཅིག་ཅར་བ་ནི། ཁོག་གཞུང་ལས། དེ་ཉིད་ཁོ་ན་ཅིག་ཅར་བ། །ཞེས་སོ། །འདི་ཡང་གོང་ལྟར་མཚན་ཉིད་གསུམ་ལས། དང་པོ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་དབྱེར་མེད་དུ་རྟོགས་པས་གཞལ་བྱ་དང་གཏན་ཚིགས་ལ་སོགས་པའི་ཐ་སྙད་ཀྱིས་སྟོང་པ་སྟེ། ལམ་རིམ་ལས། ཆོས་དང་ཆོས་ཅན་ཀུན་བྲལ་བར། །འཁོར་འདས་རང་སྤྱི་དབྱེར་མེད་དུ། །མི་ཕྱེད་རྡོ་རྗེ་ཐུགས་མཆོག་གོ། །ཞེས་སོ། །བར་པ་ལ་གཉིས་ཏེ། མི་རྟོག་པ་བསྒོམ་པའི་དང་། ཕྱག་རྒྱ་བསྒོམ་པའི་ཅིག་ཅར་བའོ། །དང་པོ་ནི། ཁོག་གཞུང་ལས། སྒོམ་པའི་རིམ་པ་བསླབ་བྱ་བྲལ། །མ་བཅོས་ཇི་བཞིན་ངང་བཞག་དང་། །ལྷུན་གྲུབ་དཀྱིལ་འཁོར་འབྱུང་བའི་ཕྱིར། །མི་གནས་གནས་ལ་གནས་པར་སྒོམ། །ཞེས་པ་དང་། བཅུ་དགུ་པ་ལས། མཉམ་པའི་དམ་ཚིག་ལ་གནས་ན། །ཞེས་པ་དང་། བྱེ་བྲག་བསྟན་པ་ལས། ལྷུན་གྱིས་བསྒོམས་ཞེས་པ་དང་། བླ་མ་ལས། ཐེག་ལེ་ཆེན་པོ་ཉག་གཅིག་ལ། །སྒོམ་པ་རྣམ་གསུམ་དུས་གཅིག་རྫོགས། །ཞེས་པ་ལྟར་རོ། །གཉིས་པ་ནི། རྒྱས་པ་ལས། ཉི་ཟླ་གཟའ་སྐར་ཇི་བཞིན་དུ། །རྒྱ་མཚོ་དྭངས་པར་གསལ་བ་བཞིན། །སྐད་ཅིག་སྐུར་གསལ་འོད་དུ་འབར། །སྙིང་པོ་བརྗོད་པས་འཁོར་ལོ་རྫོགས། །ཞེས་པའོ། །ཐ་མ་ནི་རིག་འཛིན་བཞིའི་ཆར་གཏོགས་པའི་ཡེ་ཤེས་གཅིག་ལ་གྲུབ་པ་སྟེ། བྱེ་བྲག་བསྟན་པ་ལས། རིམ་བྲལ་དེ་ཉིད་གསལ་འགྱུར་འབྲེལ། །སྐབས་ཀྱིས་རྫོགས་པ་ཆེན་པོར་བརྗོད། །ཅེས་པས་འདིར་ཁ་ཅིག་ཅིག་ཅར་བ་ལ་སེམས་ལྔ་རིམ་པར་སྐྱེའམ་མི་སྐྱེ། དང་པོ་ལྟར་ན་ཅིག་ཅར་བ་མ་ཡིན་པར་འགྱུར་ལ། གཉིས་པ་ལྟར་ན་ཅིག་ཅར་བ་དེ་ལམ་གྱི་ངོ་བོ་མིན་པར་འགྱུར་ཏེ། སེམས་ལྔ་མི་སྐྱེ་བའི་ཕྱིར་རོ་ཞེ་ན། སྐྱེ་བས་སྐྱོན་ཕྱི་མ་མེད་ལ། དུས་མྱུར་བས་སྐྱོན་དང་པོའང་མེད་དེ། ཤོ་མང་ལྔ་བརྩེགས་ལ་ཁབ་བརྡེག་པ་བཞིན་ནོ། །རིམ་གྱིས་པ་ནི་རྡོ་ཤིང་ལྔ་འབུགས་པ་ལྟ་བུའོ། །ལེའུ་གང་ནས་སྟོན་པ་ནི། རང་བཞིན་གྱི་སྣང་བ་སྟོན་པ་རྣམས་དང་མཐུན་ནོ། །དོན་གཉིས་པ་ཐབས་ཀྱི་ལམ་ལའང་གཉིས་ཏེ། གོ་དོན་དང་། དབྱེ་བའོ། །དང་པོ་ནི། གདམས་ངག་གིས་འཆིང་བ་ལ་སྤྱད་པས་མཐར་ཐུག་གི་འབྲས་བུ་འགྲུབ་བྱེད་དུ་གྱུར་པའོ། །གཉིས་པ་ནི། གདམས་ངག་སྟེང་དང་འོག་གི་སྒོ། །ཞེས་པས་གཉིས་ཏེ། རིམ་གྱིས་པ་སྟེང་སྒོ་དང་། ཅིག་ཅར་བ་འོག་སྒོའོ། །དང་པོ་ལ་བཞི་སྟེ། སྔོན་དུ་འགྲོ་བའི་རིམ་པ་ནི་རྒྱུ་མཚན་ཉིད་དང་ལྡན་པ་གཅིག་ལ་ཕྱི་ནང་གསང་བའི་དབང་ཡོངས་སུ་རྫོགས་པར་ཞུས་ནས་འཁོར་གསུམ་ཡོངས་སུ་དག་པ་བྱས་ཏེ་གནས་དབེན་པར་སྟན་བདེ་བ་ལ་འདུག་སྟེ་སྣང་མཛད་ཀྱི་ཆོས་བདུན་བཅའོ། །རང་ལུས་ལ་རྩ་དང་འཁོར་ལོའི་གནས་ཚུལ་ནི། རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །ཞེས་པས་དངོས་གཞིའི་འཁོར་ལོ་བཞི་དང་ཆ་རྐྱེན་གྱི་འཁོར་ལོ་གཉིས་སོ། །གསང་ཐིགས་ལས། བཅུ་གསུམ་གཉིས་ཀྱི་དཀྱིལ་འཁོར་དུ། །བདེ་བའི་ཐིག་ལེ་མཉམ་པའི་དབྱིངས། །ཞེས་པས་སྤྱི་གཙུག་བདེ་ཆེན་གྱི་ཙཀྲ་ན་རྩ་སུམ་ཅུ་རྩ་གཉིས་གནས། དེའི་དབུས་ན་བྱང་ཆུབ་སེམས་ཀྱི་ཡི་གེ་ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པ་གཅིག་གནས་སོ། །དེ་ཉིད་ལས། ལྔ་གཉིས་དྲུག་གི་དཀྱིལ་འཁོར་དུ། །ཞེས་པས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་བཅུ་དྲུག་གནས། དེའི་དབུས་ན་འདོད་ཡོན་གྱི་ཡི་གེ་ༀ་གཅིག་གནས། དེ་ཉིད་ལས། གང་ལ་ཡོད་པ་གནས་པ་བརྒྱད་དུ་ཤེས། །ཞེས་པས། སྙིང་ག་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་བརྒྱད་གནས། དེའི་དབུས་ན་ཀུན་གཞི་ཀུན་ཕོའི་ཡི་གེ་ཧཱུཾ་མཐིང་ཁ་གཅིག་གནས་སོ། །ཡང་། བཅུ་དྲུག་བཅུ་བཞིའི་དཀྱིལ་འཁོར་དུ། །ཞེས་པས་ལྟེ་བ་སྤྲུལ་པའི་འཁོར་ལོ་ན་རྩ་འདབ་དྲུག་ཅུ་རྩ་བཞི་གནས། དེའི་དབུས་ན་ཀུན་མོའི་ཡི་གེ་ཨཾ་མཐིང་ཁ་གཅིག་གནས་སོ། །ལྟེ་བའི་འོག་ནས་སོར་བཞི་བཅལ་བའི་ས་ན་དོན་དམ་མེའི་འཁོར་ལོ་ཞེས་བྱ་བ་དབྱིབས་གྲུ་གསུམ་རཾ་གྱིས་མཚན་པ་གཅིག་གནས། སྦ་ཁ་ན་སྒྲོམ་མདོ་རླུང་གི་ཙཀྲ་ཞེས་བྱ་བ་དབྱིབས་ཟླ་གམ་ཡི་གེ་ཡཾ་གིས་མཚན་པ་གཅིག་གནས་སོ། །ཀུན་དར་མ་གདུགས་ཀྱི་ཡུ་བའི་ཚུལ་དུ་དབུས་ན་ཡར་གནས། ཙཀྲ་རྣམས་གདུགས་ཕུབ་པའི་ཚུལ་དུ་གནས། རོ་རྐྱང་གཉིས་གདུགས་རྟེན་པའི་ཚུལ་དུ་གཡས་གཡོན་ན་གནས་སོ། །དེ་ལམ་པས་ཇི་ལྟར་བསྒོམ་པའི་ཐབས་ནི། མེ་རླུང་འགྲོ་བས་ནམ་མཁའི་བ། །བཞོ་བས་ཞེས་གདམས་ངག་ལྟར་རྔུབ་དགང་བསྐྱིལ་དབབ་ལ་སོགས་གཏུམ་མོ་འབར་འཛག་ལ་བརྟེན་ནས་བདེ་བ་རིམ་གྱིས་བསྐྱེད་པའི་ཕྱིར་སྟེང་དུ་རྣམ་པར་གྲགས། །ཞེས་སོ། །དེ་ལྟར་བསྒོམས་པའི་འབྲས་བུ་ནི་དངོས་སུ་རླུང་སེམས་ལ་དབང་ཐོབ་པས་འོག་སྒོ་ཉམས་སུ་བླང་དུ་རུང་ཞིང་བརྒྱུད་ནས་དེའི་འབྲས་བུ་དང་ཐུན་མོང་དུའོ། །གཉིས་པ་ལའང་བཞི་སྟེ། རིགས་དང་མཐུན་པའི་ཡུམ་བརྟག་ཅིང་དབང་དུ་བྱ་བ་ནི། བཅུ་གཉིས་པ་ལས། ལྷ་མོ་ཀླུ་མོ་རིགས་ངན་མོ། །དབྱེའམ་ཡང་ན་མི་དབྱེ་བར། །ཞེས་པ་དང་། ལྔ་པ་ལས། དགུག་དང་ཞེས་པ་ཐབས་ཀྱིས་སོ། །འདོད་པའི་བསྟན་བཅོས་དང་ལྡན་པའི་ལྷར་བསྐྱེད་ཅིང་བརླབ་པ་ནི། དགུ་པ་ལས། གོས་རྒྱན་མཛེས་པ་ཞེས་པ་བཀླུབས་ཤིང་འཕུར་བ་དར་གྱི་གོས་རཏྣའི་སིལ་ཁྲོལ་གྱི་རྒྱན་གྱིས་མཛེས་པར་བྱས་ཏེ། བཅུ་གཅིག་པ་ལས། བསྙེན་པ་དང་ནི་ཞེས་ཕྱི་ནང་གི་ཁྲུས་ཀྱིས་རྒྱུད་དག་པར་བྱས་ནས་དམ་དཔོག་ཅིང་དབང་བསྐུར་རོ། །སྐྱེ་མཆེད་དང་མཁའ་གསང་བརླབ་བོ། །སྒྲུབ་པ་དང་ནི་ཞེས་པས། དངོས་གཞི་ཨཱ་ལི་ཡབ་དང་ཀཱ་ལི་ཡུམ་གྱིས་སྙོམས་པར་ཞུགས་པའི་དགོངས་པ་ཉམས་སུ་བླང་བ་ནི། བཅུ་པ་ལས། བདེ་བའི་འབྲུ་ཚོགས་གསལ་བའི་རྒྱུན། །རྡོ་རྗེའི་ལམ་ནས་པདྨོར་འཁྱིལ། །ཞེས་དབབ་གཟུང་དང་། སྒྲུབ་པ་ཆེན་པོ་ཞེས་པ་ནི། བཅུ་གཅིག་པ་ལས། སྒྲུབ་པ་ཉི་ཟླའི་སྙིང་པོ་དེ། །དེ་ལ་རྡོ་རྗེ་ལྕེ་ཡིས་བླང་། །ལྡོག་དང་དགྲམ་སྟེ་དེ་ལྟར་རོ། །དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་ནི། བཅུ་གཅིག་པ་ལས། མཁའ་འགྲོ་གསལ་འབར་ཚེ་ལ་སོགས། །ཞེས་ཐུན་མོང་དང་། ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞེས་མཆོག་འགྲུབ་པ་དང་། ཁོག་གཞུང་ལས། ཐབས་ལམ་རྒྱུ་དང་རིམ་པ་ནི། །གདམས་ངག་ཏིང་འཛིན་སྟོབས་འགྱུར་ཞིང་། །རླུང་འགག་ལས་ལ་གོམས་པས་ནི། །ཤིན་ཏུ་བདེ་བ་འབྱུང་བའི་རྒྱུ། །གསང་དབང་པདྨ་ལྟར་གྱུར་ན། །ཆགས་པ་མེད་པའི་ཚུལ་གྱིས་སུ། །བཅུ་དང་གསུམ་གྱི་རྒྱུ་འབྲས་རྣམས། །རྫོགས་ཕྱིར་རིམ་དང་ལྡོག་ཤེས་ན། །བྱིན་རླབས་ཤུགས་ཀྱིས་ཡང་དག་འཐོབ། །གསང་དབང་མཆོག་གི་འཕྲུལ་ཆེན་འཕྲོ། །དཀྱིལ་འཁོར་རྡུལ་སྙེད་གྲངས་མེད་དང་། །ཕུན་སུམ་ཚོགས་པ་ལྷུན་གྲུབ་རྣམས། །གསང་དབང་མཆོག་གིས་འབྱིན་བྱེད་པས། །ཐབས་ཀྱི་ལམ་ལའང་འབད་པར་བྱ། །ཞེས་བསྟན་པའོ། །དེ་ནི། གཉིས་པ། བཞི་པ། ལྔ་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གསུམ་པ། བཅོ་བརྒྱད་པ་རྣམས་ཀྱིས་སྟོན་ནོ། །གསུམ་པ་ནི། ལམ་རིམ་ལས། ཕུན་སུམ་ཚོགས་པ་ལྷུན་གྲུབ་རྣམས། །གསང་དབང་མཆོག་གིས་འབྱིན་པར་བྱེད། །ཅེས་པས་ཅིག་ཤོས་ཀྱིས་ཀྱང་འབྲས་བུ་ལ་སྦྱོར་ལ། ལམ་རིམ་ལས། ཐོས་བསམ་སྒོམ་པའི་རྣལ་འབྱོར་གྱིས། །རང་བྱུང་ཀུན་ངམ་འགྲུབ་བྱེད་པའོ། །ཞེས་པས་གྲོལ་ལམ་གྱིས་ཀྱང་འབྲས་བུ་ལ་སྦྱོར་བའི་ཕྱིར་ཐ་དད་ཅེས་འདོད་ཀྱང་། འདིར་གྲོལ་ལམ་གྱི་སྔོན་དུ་དབང་འགྲོ་ཞིང་། དབང་གི་སྔོན་དུ་སེམས་བསྐྱེད་པའི་ཕྱིར་འབྲེལ་བ་སྟེ། དེ་ཡང་ཚོགས་སྒྲུབ་པའི་ཚེ་ཏན་གན་ལ་སྤྱོད་པ་ནི་ཐབས་ཡིན་ལ། དེ་ལ་ལྟ་བས་ཟིན་དགོས་པའི་ཕྱིར་དངོས་སུ་འབྲེལ་བའོ། །ཐ་མ་ནི་གྲོལ་ལམ་སྔོན་དུ་འགྲོ་བ་ཡིན་ཏེ། དབང་གི་སྔོན་དུ་སེམས་བསྐྱེད་པར་ངེས་ཤིང་ཅིག་ཤོས་ཀྱི་ལམ་མ་ཡིན་པའི་ཕྱིར་ཏེ། ཐུགས་ཐིགས་ལས། ལམ་གྱི་ཤེས་རབ་སྔོན་འགྲོ་བ། །ཐབས་ལ་དེ་ཉིད་རིམ་པར་བསླབ། །ཅེས་སོ། །ལམ་གྱི་ཆ་རྐྱེན་ནི། ཁོག་གཞུང་ལས། ལམ་གྱི་ཡན་ལག་རྐྱེན་བཞག་པ། །རྗེས་མཐུན་སྤྱོད་དང་ལྷ་དབང་དམ། །སྒྲུབ་དང་མཆོད་དང་ཕྲིན་ལས་དང་། །དཀྱིལ་འཁོར་ལ་སོགས་བརྒྱད་ཀྱིས་རྫོགས། །ཞེས་པ་དང་། ཡང་སྤར་ཁབ་ལས། ལྟ་སྤྱོད་དཀྱིལ་འཁོ་དབང་དམ་དང་། །ཕྲིན་ལས་སྒྲུབ་པའི་ལས་རིམ་གྱིས། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱ། །ཞེས་པས་བདུན་ཡང་དོན་གྱི་བཅུར་གནས་པ་ལས། འདི་རྣམས་རེ་རེ་ཡང་ཐུགས་ཐིགས་ལས་ཆོས་མ་ངེས་པར་བསྟན་ཀྱང་། འདིར་ཉ་རི་བའི་གསུང་སྒྲོས་ཀྱིས། དེ་དག་གི་དགོས་པ་དང་། ངོ་བོ་དང་། ངེས་པའི་ཚིག་དང་། རྣམ་གྲངས་དང་། དེ་དང་མི་ལྡན་པའམ་མེད་པའི་སྐྱོན་དང་། ཡོན་ཏན་དང་དྲུག་ཏུ་གསུང་ངོ་། །དེ་ལས་དང་པོ་ལྟ་བ་ལ་དྲུག་ལས། དགོས་པ་ནི། ཐུགས་ཐིགས་ལས། གཞན་པའི་ལྟ་དམིགས་བསལ་བ་དང་། །ཞེས་པ་གཞན་སེལ་བ་ནི། བཅུ་གསུམ་པ་ལས། མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །ཞེས་སོ། །མཆོག་གི་སྤྱན་རབ་ཐོབ་བྱའི་ཕྱིར། །ཞེས་པས་དོན་དུ་གཉེར་བའི་དགོས་པའོ། །དེ་ལ་གསུམ་སྟེ། ཆོས་ཉིད་ཡང་དག་རྟོགས་པ་ནི། དོན་གསུམ་པ་ལས། ཆོས་ཀྱི་རང་བཞིན་ཇི་ལྟ་བུ། །བདག་གིས་ཡང་དག་རྟོགས་བྱ་བ། །ཞེས་སོ། །ལས་གང་ལ་སྤྱད་ཀྱང་མི་འཆིང་བ་ནི། ང་གསུམ་པ་ལས། ཐབས་དང་ཤེས་རབ་ལྡན་པ་ཡིས། །དུག་ལྔ་དུག་གསུམ་གནོད་མི་འགྱུར། །ཞེས་སོ། །སངས་རྒྱས་ཉིད་འཐོབ་པའི་དངོས་རྒྱུར་གྱུར་པ་ནི། དོན་གཉིས་པ་ལས། རང་རིག་ཡེ་ཤེས་དོན་རྟོགས་ན། །སྐྱེ་ཤི་མེད་པའི་གཡུང་དྲུང་འཐོབ། །ཅེས་སོ། །ངོ་བོ་ནི། དོན་དམ་དུ་ནི་དཀོར་བདུན་ནོ། །ཞེས་སོ། །རིགས་པ་སྒྱུ་མ་ཉིད་ནི་མེད་པ་སྟེ། ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཞེས་སོ། །དེ་གཉིས་ཚིག་སྔ་ཕྱི་ཡང་དོན་གཅིག་པ་སྟེ། ཚིག་གིས་སྔ་ཕྱིར་བྱུང་མོད་ཀྱང་། །དོན་གྱིས་ཅིག་ཅར་རྫོགས་པར་སྒོམ། །ཞེས་པ་དང་། དོན་དམ་ཀུན་རྫོབ་དབྱེར་མེད་པར། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །ཞེས་པ་དང་། དོན་དམ་ཅིར་ཡང་སྣང་བ་ངོ་བོ་ཉིད་དུ་གྲུབ་པ་ལ་ཆོས་ཉིད་དེ་ངེས་ཤིང་ཀུན་རྫོབ་སྟེ། ཁོག་གཞུང་ལས། ལྷུན་གྲུབ་ཡེ་ཤེས་སྒྲོན་མ་ཉིད། །རང་གཞན་གསལ་བ་སྤྱན་གྱི་མཆོག །ངོ་བོ་དེ་བཞིན་ཉིད་དུ་ཤེས། །ཞེས་སོ །ངེས་ཚིག་ནི། དྷི་ཏིའི་སྒྲ་ལས་ལྔ་པ་ཞེས་བྱ་ལ་དེ་ནི་བདེན་དོན་མཐོང་བས་གདེངས་སུ་གྱུར་པ་སྟེ། དེ་ཉིད་ལས། ཡུལ་མེད་གསལ་ཕྱིར་ལྟ་ཞེས་བཤད། །ཅེས་པ་དང་། རྒྱས་པ་ལས། ལྟ་དང་བལྟ་བར་བྱ་མེད་དེ། །ཡེ་ཤེས་སྒྲོན་མ་བསྒྲེང་བས་ནི། །ཕྱོགས་བཅུའི་ཞིང་ཁམས་མ་ལུས་མཐོང་། །ཞེས་སོ། །རྣམ་གྲངས་ལ་གསུམ་སྟེ། གོལ་སྒྲིབ་གདར་ཤ་བཅད་དེ་དང་། གཏན་ཚིགས་ཀྱིས་གཏན་ལ་ཕབ་སྟེ་དང་། རྣམ་གྲངས་རྣམ་པར་ཕྱེ་ནས་དམིགས་གཟུང་བའོ། །དང་པོ་ལ་གཉིས་ཏེ། གཅད་བྱ་གོལ་སྒྲིབ་དང་། གཅོད་བྱེད་གཏན་ཚིགས་སོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་དང་། དེའི་དབྱེ་བའོ། །དང་པོ་ལའང་སྒྲིབ་པའི་མཚན་ཉིད་ནི་མཐོང་བར་བྱ་བ་ལས་གེགས་སུ་གྱུར་པ་ཡིན་ཅིང་། དེས་བགྲོད་བྱ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་གོལ་བའོ། །དབྱེ་བ་ནི། མ་རྟོགས་པ་རྒྱུད་དྲུག་དང་། ལོག་པར་རྟོགས་པ་རྟག་ཆད་དང་། ཕྱོགས་འགའ་ཙམ་རྟོགས་པ་འོག་མ་བ་རྣམས་ཏེ། དེ་དག་གིས་ཡོད་མེད་དུ་སྒྲོ་བཏགས་ཤིང་སྐུར་བ་བཏབ་པ་ནི་གོལ་སྒྲིབ་ཀྱི་ངོ་བོའོ། །གཉིས་པ་གཅོད་བྱེད་ནི། །ཐུགས་ཐིགས་ལས། །གཏན་ཚིགས་ཐུན་མོང་ཡིན་མིན་པ། །རྒྱུད་ལས་གྲགས་པས་རྐྱེན་བྱས་ཏེ། །རི་རྒྱལ་ལྟ་བུ་མཐོང་བ་ཡི། །ཞེས་པས་བར་པ་གཏན་ཚིགས་ཀྱིས་གཏན་ལ་དབབ་པ་དངོས་ཏེ་རྒྱུ་ཤེས་པའི་སྐབས་སུ་བསྟན་ཟིན་ནོ། །ཐ་མ་རྣམ་གྲངས་རྣམ་པར་དབྱེ་བ་ནི་གཉིས་ལས། མིང་གི་རྣམ་གྲངས་ནི་ཚོགས་བརྒྱད་དེ། རུ་ཇོ་མདོ་ནི། ཚོགས་བརྒྱད་པོ་འདི་རྟེན་གཟུགས་ཅན་གྱིས་ཡུལ་ཐ་དད་ལ་སྒྲོ་འདོགས་གཅོད་པའི་ཕྱིར་གྱི་རྣམ་གྲངས་ཡིན་ཟེར་བ་ནི་མ་ཡིན་ཏེ། ཐུགས་ཐིགས་ལས། དབང་པོ་དྲུག་གི་ཆར་སྣང་ཡང་། །སྤྱན་ལ་མཆོག་ཏུ་བརྗོད་པ་ཡིན། །ཤེས་རབ་ཡུལ་དུ་དབྱེར་མེད་པས། །མངོན་སུམ་རྟོགས་པ་རྟོགས་པའི་མཆོག །རང་རིག་ཡེ་ཤེས་ཚོགས་གཅིག་པུ། །ཞེས་པ་དང་། ལམ་རིམ་ལས། མ་འདྲེས་ཡོངས་རྫོགས་གསལ་སྟོང་གཟུགས། །ཁྱབ་གསལ་རང་བཞིན་གོ་བའི་སྒྲ། །དང་བས་ཚིམ་བྱེད་ཆོས་ཀྱི་དྲི། །དོན་བཅུད་ཉམས་སུ་མྱོང་བའི་རོ། །ཡང་དག་དོན་ལ་རེག་པ་ཉིད། །ཆོས་ཁམས་སྣ་ཚོགས་ཀུན་མཁྱེན་པས། །རང་རིག་རྒྱལ་པོར་རང་སྣང་ངོ་། །ཞེས་པའོ། །དོན་གྱི་རྣམ་གྲངས་ལ་ཡང་གཉིས་ལས། །ཉམས་སུ་ལེན་བྱེད་ལམ་གྱི་རིམ་པ་ནི། དེ་ཉིད་ལས། རྣམ་པ་ཀུན་ལྡན་སྟོང་ཆེན་མཐོང་། །རང་རིག་ཡེ་ཤེས་སྙིང་རྗེས་གཟིགས། །ཕྱག་རྒྱ་གཅིག་སྐུ་འབྲས་བུར་ལྟ། །ཐམས་ཅད་གསལ་བའི་ལྟ་བ་དང་། །བར་ཆད་མེད་དང་ཚོགས་ཆེན་མཐོང། །ཐམས་ཅད་མཉམ་ཉིད་མི་གཡོ་བ། །ཡེ་ཤེས་ཀུན་མཁྱེན་ལྟ་བ་དགུ། །ཞེས་པས་ཁྱབ་བྱ་ལམ་དེ་དག་ལ་ཁྱབ་བྱེད་ལྟ་བས་ཁྱབ་པས་ལམ་གྱི་རིམ་པའི་ལྟ་གྲངས་ཞེས་བྱའོ། །གཉིས་པ་ཉམས་སུ་བླང་བྱ་རྒྱུད་དོན་རྣམས་ལ་ཡང་ཁྱབ་བྱེད་ལྟ་བས་ཁྱབ་ཕྱིར་རྒྱུད་དོན་གྱི་ལྟ་གྲངས་ཞེས་བྱའོ། །ལྟ་བ་མ་རྟོགས་པའི་སྐྱོན་ནི་གཉིས་ཏེ། དགེ་བ་ལ་སྐུར་བ་མིན་ཡང་མ་རྟོགས་ན་གནས་སྐབས་སུ་དགེ་བ་སྤྱད་ཀྱང་འཁོར་བ་ལས་མི་གྲོལ་ཏེ། ང་གསུམ་པ་ལས། ཐབས་ལ་མཁས་པས་མ་ཟིན་ན། །ལམ་གྱི་དགེ་སྤྱད་རྟག་སྤྱད་ཀྱང་། །མཐོ་རིས་ལྷ་དང་མིར་སྐྱེ་ཡི། །སྐྱེ་ཤི་མེད་པའི་ས་མི་འཐོབ། །ཅེས་སོ། །སངས་རྒྱས་ཀྱི་ཞིང་ཡང་འཁོར་བའི་གནས་སུ་མཐོང་བའི་སྐྱོན་ནོ། །རྟོགས་པའི་ཡོན་ཏན་ལ་གསུམ་སྟེ། ངན་སོང་གི་གནས་ཉིད་འོག་མིན་གྱི་ཞིང་དུ་རྟོགས་པ་ནི། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཉིད་འོག་མིན་དགའ་ལྡན་གནས། །ཞེས་སོ། །ཅི་ལ་སྤྱད་ཀྱང་མི་འཆིང་བ་སྟེ། ཐབས་དང་ཤེས་རབ་ལྡན་པ་ཡིས། །དུག་ལྔ་དུག་གསུམ་གནོད་མི་འགྱུར། །ཞེས་སོ། །སླར་ཡང་མི་འཁྲུལ་ཏེ་སངས་རྒྱས་ཉིད་འཐོབ་པ་ནི། གནས་ལུགས་བདེན་དོན་རྟོགས་པས་འཁོར་བའི་སྐྱོན་སྤངས་པ་མིན་པའི་ཕྱིར་མི་གོས་ལ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐོབ་པ་མིན་པའི་ཕྱིར་མི་ཉམས་ཏེ། རྒྱས་པའི་ཉེར་གཅིག་པ་ལས། དངོས་གྲུབ་མཆོག་གི་སྙིང་པོ་འདི། །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། །དང་པོ་དོན་རྟོགས་མཐའ་མི་གཏོང་། །སྤྱོད་ཡུལ་ཀུན་ཏུ་ཚད་དཔག་མེད། །ཅེས་སོ། །དེ་འདིའི་གསུམ་པ། བཞི་པ། ལྔ་པ། བཅུ་གཅིག་པ། བཅུ་གཉིས་པ། བཅུ་གསུམ་པ། བཅོ་བརྒྱད་པ། བཅུ་དགུ་པ་ནས་སོ། །རྒྱས་པའི་བཅོ་ལྔ་པ། བཅུ་བདུན་པ། རྩ་དྲུག་པ། རྩ་བདུན་པ། བཞི་བཅུ་པ། ང་གསུམ་པ། ང་བཞི་པ། རེ་གསུམ་པ་རྣམས་ནས་སོ། །གཉིས་པ་སྤྱོད་པ་ལ་དྲུག་ལས། དགོས་པ་ནི། ཐུགས་ཐིགས་ལས། བདག་དང་གཞན་གྱི་དོན་གྱི་ཕྱིར། །བྲི་སོགས་མི་གོས་གོམས་པར་བྱེད། །ཅེས་པས་སྒོ་གསུམ་ཐ་མལ་ལས་ལྡོག་ནས་ལྟ་སྒོམ་སྟོབས་སུ་གྱུར་པ་སྟེ། རིམ་གསུམ་ལས། ཏིང་འཛིན་ཁྱད་པར་འགྱུར་བའི་ཕྱིར། །རྗེས་མཐུན་སྤྱོད་པ་གཞུང་བཞིན་སྤྱད། །ཅེས་སོ། །ངོ་བོ་ནི། ལམ་པའི་སྒོ་གསུམ་གྱི་བྱ་བར་གྱུར་བ་སྟེ། འདིའི་དགུ་པ་ལས། ལུས་ངག་སེམས་དང་ཆོས་ཐམས་ཅད། །གང་ནའང་མི་གནས་མི་དམིགས་པས། །ཞེས་སོ། །ངེས་ཚིག་ནི། ཙར་ཞེས་པའི་སྒྲས་སྤྱོད་པ་ཞེས་བྱའོ། །དེ་ནི་སྤྱད་བྱ་ལ་སྤྱོད་པའི་ཕྱིར་ཏེ། ཁོག་གཞུང་ལས། སྒོ་གསུམ་ལས་ཕྱིར་ངེས་ཚིག་འགྲུབ། །ཅེས་སོ། །རྣམ་གྲངས་ལ་གཉིས་ཏེ། དངོས་དང་། ཞོར་ལ་དུས་ནམ་གྱི་ཚེ་སྤྱད་པ་ནི། ཐུགས་ཐིགས་ལས། ཀུན་ཀྱང་མཉམ་ལས་ལངས་ཚེའོ། །ཞེས་སོ། །དང་པོ་ནི། ཁོག་གཞུང་ལས། དེ་ཡང་བདག་གཞན་དོན་དུའོ། །ཞེས་པས་གཉིས་ཏེ། བདག་དོན་གྱི་ནི། ལམ་རིམ་ལས། དཀྱིལ་འཁོར་རོལ་པའི་ཚུལ་སྤྱོད་ལ། །ཚོགས་གཉིས་རྫོགས་པ་བདག་གི་དོན། །ཞེས་པའོ། །གཞན་དོན་གྱི་སྤྱོད་པ་ནི། སྨིན་པས་ཕྲིན་ལས་རྫོགས་བྱེད་པ། །མི་འདོར་འགོད་པ་གཞན་གྱིས་སོ། །ཞེས་སོ། །དང་པོ་ལ་གཉིས་ཏེ། གྲོལ་ལམ་གྱི་དང་། ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པའོ། །དང་པོ་ལ་གཉིས་ཏེ། །རིམ་གྱིས་པའི་དང་། ཅིག་ཅར་བ་བླང་དོར་དང་བྲལ་བ་རྨད་དུ་བྱུང་བའི་སྤྱོད་པའོ། །དང་པོ་ལ་གསུམ་སྟེ། ཟག་བཅས་ཀྱི་ལམ་དུ་དང་། བར་ཆད་མེད་པའི་ལམ་དུ་དང་། ཟག་མེད་ཀྱི་ལམ་དུ་ཇི་ལྟར་སྤྱད་པའོ། །དང་པོ་ལ་ལྔ་ལས། ལམ་རིམ་ལས། ཐོས་བསམ་བཅུ་སྤྱོད་ཆེད་དུ་གཉེར། །ཞེས་པ་དང་། ལམ་ཆུང་ལས། གཞན་ཕྱིར་སོ་སོའི་རྣལ་འབྱོར་གྱིས། །དོན་ནི་ཅི་སྨོས་དང་པོ་བཅུ། །གཞན་ལ་སྟོན་ཅིང་བཀྲི་བར་བྱ། །ཞེས་པས་དད་བརྩོན་གྱི་དང་། ཁོག་གཞུང་ལས། བྱ་བ་མེད་ལས་བྱ་མེད་བྱ། །ཞེས་པས་ཤེས་རབ་དང་མཐུན་པའི་དང་། ཐབས་ཀྱིས་ཕ་རོལ་ཕྱིན་སྤྱོད་ལ། །ཞེས་པས་ཐབས་དང་མཐུན་པའི་དང་། དེ་ཉིད་ལས། ཆོས་སྤྱོད་བཅུ་ཡི་ཆ་གཅིག་ལ་གནས་པ། །ཞེས་པ་དང་། ཕྱོགས་གཅིག་སྤྱོད་ལ་གང་གནས་པ། །ཞེས་པ་དང་། ལམ་རིམ་ལས། རྒྱུ་འབྲས་མཚམས་སྦྱོར་བར་སྐབས་ཀུན། །ཆོས་སྤྱོད་དགུ་ཡི་སྤྲོས་པ་དང་། །རྒྱུད་ལ་ལྡན་ཡང་བླང་བྱ་མིན། །མཚན་མའི་གཡོ་བ་ཡིན་ཕྱིར་རོ། །ཞེས་པས་ཕྱོགས་གཅིག་པའི་དང་། གནས་དང་ལོངས་སྤྱོད་ཅི་བདེ་ལ། །མ་ཉམས་བློ་དང་ལྡན་པ་ཡིས། །མཉམ་ལས་ལངས་ཚེ་སྤྱོད་པ་ནི། །ཞེས་པ་དང་། ཡན་ལག་དབང་པོ་རྣམ་ཤེས་ཀུན། །རྣམ་སྨིན་ཨཱོྂ་དུ་ཤེས་པར་བྱ། །རྫོགས་པའི་དཀྱིལ་འཁོར་ཉིད་དུ་སྒོམ། །ཡང་ན་ཁྲོ་བོའི་དཀྱིལ་འཁོར་སྒོམ། །ཞེས་པས་སྤྲོས་བཅས་ཀྱི་སྤྱོད་པའོ། །བར་ཆད་མེད་པའི་ལམ་དུ་ནི། འདི་ལས། གོས་རྒྱན་བཟའ་བཏུང་གླུ་དང་ཚིག །བྲོ་གར་ཚོགས་ཀྱི་སྤྲིན་ཕུང་ལས། །ཧཱུཾ་དུ་ཤེས་པས་རབ་སྤྱད་ན། །ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས། །ཞེས་སོ། །ཐ་མ་ལ་གསུམ་སྟེ། རྣམ་སྨིན་ཚེ་དབང་གི་སྤྱོད་པ་ནི། ལམ་རིམ་ལས། ཀུན་ཏུ་འགྲོ་བ་བདག་པོའི་དོན། །ཞེས་པས་རང་དོན་ཀུན་ཏུ་འགྲོའི་དྲི་མ་སྦྱོང་ཞིང་ལམ་གོང་མ་ལ་སྦྱོར་བའོ། །ཕྱག་རྒྱ་ཆེན་པོའི་ནི་ཤེས་རབ་གསུམ་གྱིས་ལྷན་ཅིག་གནས་པའི་དྲི་མ་སྦྱོང་ཞིང་གོང་མ་ལའོ། །ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་སྤྱོད་པ་ནི། ལམ་རིམ་ལས། ཉིད་ཕྱིར་རྡོ་རྗེ་འཛིན་རྫོགས་ལ། །སྐད་ཅིག་དུས་ཀྱིས་བསླབ་རྫོགས་ན། བག་ལ་ཉལ་བའི་སྒྲིབ་པ་དང་། །བཅོམ་ལྡན་འདས་པར་གྱུར་པ་ཡིན། །ཤེས་བྱའི་སྒྲིབ་པ་སྦྱོང་ཞིང་སངས་རྒྱས་པའོ། །ཅིག་ཅར་བ་བླང་དོར་དང་བྲལ་བ་རྨད་དུ་བྱུང་བའི་སྤྱོད་པ་ནི། རྒྱས་པའི་དོན་གསུམ་པ་ལས། རྣལ་འབྱོར་ཆེན་པོའི་སྤྱོད་པ་ནི། །ཐམས་ཅད་ཀུན་ལ་དབྱེར་མེད་སྤྱོད། །ཅེས་པ་དང་། འདི་ཉིད་ལས། སྤྱོད་པ་ཅི་ལའང་ཐོགས་མེད་སྤྱོད། །ཅེས་སོ། །གཉིས་པ་ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་ནི། རྒྱས་པའི་གསུམ་པ་ལས། སེམས་ཅན་རྟོག་པ་བཟློག་པའི་ཕྱིར། །གཙོ་རུ་དང་དུ་བླང་བར་བྱ། །ཞེས་པ་དང་། འདིའི་བཅུ་གཉིས་པ་ལས། ལྷ་མོ་ཀླུ་མོ་རིགས་ངན་མོ། །ལ་སོགས་དང་། ཞིང་གྱུར་མཆོག་དང་ཞེས་པ་ལ་སོགས་པའོ། །མེད་པའི་སྐྱོན་ནི། ཐུགས་ཐིགས་ལས། ཁྱད་པར་གྱི་སྤྱོད་པ་དང་མི་ལྡན་ན་མཐར་ཐུག་གི་འབྲས་བུ་མི་ཐོབ་སྟེ། ཁྱད་པར་མེད་ན་མཐར་ཕྱིན་མེད། །ཅེས་གསུངས་པའི་ཕྱིར་རོ། །ཡོད་པའི་ཡོན་ཏན་ནི། ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་འབྱང་བར་འགྱུར་བ་སྟེ། དེ་ཉིད་ལས། བསག་སྦྱང་གཉིས་འགྱུར་བྲི་བར་འགྱུར། །ཞེས་པའོ། །དེ་ནི་དགུ་པ་དང་། བཅུ་གཅིག་པ་དང་། བཅུ་གཉིས་པ་དང་། བཅོ་བརྒྱད་པ་དང་། བཅུ་དགུ་པ་རྣམས་ནས་སོ། །གསུམ་པ་བཀོད་པ་དཀྱིལ་འཁོར་ལ་དྲུག་ལས། དགོས་པ་ནི། དེ་ཉིད་ལས། དཀྱིལ་འཁོར་དགོས་པའི་དུས་ལྔ་དང་། །ཞེས་པས་དབང་སྒྲུབ་མཆོད་ཕྲིན་རབ་གནས་རྣམས་གསོན་དོན་ནོ། །རོ་བསྲེག་གནས་སྦྱང་གཉིས་གཤིན་དོན་ནོ། །དེ་དག་གི་མི་མཐུན་པའི་ཕྱོགས་རྣམས་སེལ་ཞིང་དོན་རྣམས་བསྒྲུབ་པའི་ཆེད་དོ། །ངོ་བོ་ནི། ཐུགས་ཐིགས་ལས། གནས་སྐབས་བདུན་དུ་སྙིང་པོ་ལེན། །བཀོད་པ་གང་རྫོགས་དེ་ངོ་བོ། །ཞེས་པ་དང་། ཆོས་དོན་ལས། ངོ་བོ་ཆོས་རྣམས་ཐམས་ཅད་དེ། །བདེན་པ་གཉིས་ཀྱི་མཚན་མ་ཅན། །དོན་དམ་སྤྲོས་པ་མེད་པ་ལས། །ཀུན་རྫོབ་གཙོ་འཁོར་དེ་ཉིད་དོ། །ཞེས་པ་བཞིན་ནོ། །ངེས་ཚིག་ནི། མ་དྷ་ལའི་སྒྲས་དཀྱིལ་འཁོར་རོ། །དེ་ནི་གང་གཙོ་བོ་ལ་འཁོར་གྱིས་བསྐོར་བའི་ཕྱིར་ཏེ། ཐུགས་ཐིག་ལས། བདུན་གྱི་གཙོ་སྙིང་གང་གང་ལ། །དེ་ཡི་འཁོར་ལྡན་ངེས་པའི་ཚིག །ཅེས་པ་དང་། ཆོས་དོན་ལས། ངེས་ཚིག་དཀྱིལ་ནི་གཙོ་བོ་སྟེ། །འཁོར་ནི་དེ་ཡི་སྤྲུལ་པ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །རྣམ་གྲངས་ནི་དངོས་དང་། ཞོར་ལ་དུས་ནི། ཐུགས་ཐིགས་ལས། དཀྱིལ་འཁོར་དགོས་པའི་དུས་ལྔ་དང་། །ཞེས་སོ། །དང་པོ་ནི། རྒྱས་པའི་དགུ་པ་ལས། འདི་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་དང་། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་པས་བདུན་ཏེ། རང་བཞིན་གྱི་དང་། གཟུགས་བརྙན་གྱི་དང་། ལྷག་པ་གཟུགས་བརྙན་གྱི་དང་། ཏིང་ངེ་འཛིན་གྱི་དང་། ལྷག་པ་ཏིང་ངེ་འཛིན་གྱི་དང་། བྱང་ཆུབ་སེམས་ཀྱི་དང་། ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་རོ། །དང་པོ་ལ་གཉིས་ཏེ། རང་བཞིན་ཉིད་ཀྱི་དང་། རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་རོ། །དང་པོ་ལ་གསུམ་སྟེ། རང་བཞིན་དོན་དམ་གྱི་དཀྱིལ་འཁོར་ནི། རྒྱས་པའི་དོན་གཉིས་པ་ལས། ཕྱོགས་བཅུ་མཐའ་ཡས་མུ་མེད་པ། །སྣང་གྲགས་བསམ་གྱིས་མི་ཁྱབ་པ། །ཕྱི་དང་ནང་གི་རྣམ་པ་དག །དེ་བཞིན་དབྱིངས་ཀྱི་ངང་དུ་ཐིམ། །ཞེས་སོ། །ཀུན་རྫོོབ་ཀྱི་དཀྱིལ་འཁོར་ནི། ཕྱི་ནང་སྣོད་བཅུད་བདག་རྣམས་ལ་། །རང་བཞིན་དཀྱིལ་འཁོར་ཡེ་ནས་གནས། །ཞེས་སོ། །དབྱེར་མེད་ཀྱི་དཀྱིལ་འཁོར་ནི། །དོན་བཞི་པ་ལས། རང་བཞིན་དཀྱིལ་འཁོར་ཡང་དག་ནི། །ཆོས་དབྱིངས་དག་དང་དབྱེར་མེད་པས། །མཉམ་པར་སྦྱོར་ཞིང་དག་པ་ཡི། །ཞེས་སོ། །གཉིས་པ་ནི། ཆོས་དོན་ལས། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་གྱུར་པ། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །ཞེས་པ་དང་། རྒྱས་པ་ལས། འབྲས་བུ་མཐར་ཕྱིན་འོག་མིན་ན། །བཞུགས་པ་གཙོ་དང་འཁོར་གྱི་ཚུལ། །ཞེས་པ་སྟེ། འདི་རྒྱས་པར་འབྲས་བུའི་སྐབས་སུ་སྟོན། འདིར་དཀྱིལ་འཁོར་གྱི་རྣམ་གྲངས་ཙམ་དུ་འཆད་ཀྱི་ལམ་གྱི་ཆ་རྐྱེན་མ་ཡིན་ནོ། །དཀྱིལ་འཁོར་གཉིས་པ་ནི། དོན་དམ་པའི་གཟུགས་བརྙན་རྟོག་པ་ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་བྱུང་བ་དང་། རྣམ་རྟོག་ཕྲ་རགས་ཀྱིས་ལྷ་ཡབ་ཡུམ་དུ་མཚོན་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཏེ། དེ་གཉིས་ཆར་ཡང་འོག་མིན་ན་བཞུགས་པ་དང་འདི་ལྟར་གསལ་བ་གཉིས་འདྲ་བའི་ཕྱིར་ཏེ། རྒྱས་པའི་དོན་བཞི་པ་ལས། གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི། །ཆེན་པོ་རགས་པ་ཐབས་སུ་རྟོགས། །མཚན་ཉིད་འཛིན་པ་ཤེས་རབ་སྟེ། །གཉིས་མེད་འབྲེལ་པས་ཐབས་ཆེན་ཡིན། །ཞེས་སོ། །དཀྱིལ་འཁོར་གསུམ་པ་ནི། དཀྱིལ་འཁོར་གྱི་ལས་ཀྱིས་ལྷག་པ་སྟེ་ས་ལ་སོགས་པ་ལ་ཕྱག་རྒྱར་བཞེངས་པ་སྟེ། འདིའི་དགུ་པ་ལས། ཡང་ན་ས་གཞི་རབ་མཉམ་ལ། །ཞེས་པ་དང་། ཆོས་དོན་ལས། གསེར་དངུལ་ལུགས་དང་དུང་རྡོ་འབུར། རྭ་ཤིང་བཞོག་དང་གྱང་རས་རིས། །ས་མྱག་ལྡེར་དང་རྡུལ་ཚོན་བཅས། །ཞེས་པ་བཞིན་ནོ། །དེ་ལ་ཡང་ངོ་བོ་རྣམ་གྲངས་ནི་སྐུ་གསུང་ཐུགས་གསུམ་སྟེ། སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། །ཅེས་པས་གོང་གི་དགོས་པ་དང་འབྲེལ་བའི་ཕྱིར་གནས་ཀྱི་རྣམ་གྲངས་ལྔའམ་བདུན་ནོ། །དཀྱིལ་འཁོར་བཞི་པ་ནི། གང་བསྒོམ་བྱའི་དོན་ལ་རྩེ་གཅིག་ཏུ་གནས་པ་སྟེ། འདི་ལ་གཉིས་ལས། མཚན་མེད་ནི། རྒྱས་པ་ལས། དེ་བཞིན་ཏིང་འཛིན་དཀྱིལ་འཁོར་གྱིས། །ཉིད་ཀྱི་ཐུགས་ལ་ཐིམ་བྱས་ཏེ། །ཡང་དག་ཆོས་སྐུའི་ཕྱག་རྒྱ་ཆེ། །ཞེས་སོ། །ཡང་མཚན་བཅས་ནི་ལྷག་པ་ཏིང་དཀྱིལ་ལོ། །དཀྱིལ་འཁོར་ལྔ་པ་ནི། ཏིང་ངེའི་ལས་ལྷག་པ་སྟེ་ཞི་ཁྲོ་གཉིས་སོ། །དེ་རེ་རེ་ཡང་སྐུའི་ནི་འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས་ལ་སོགས་པ། དེ་བཞིན་བ ཅུ་གཅིག་པའི་འབར་བའི་རྒྱལ་པོ་རྩིབས་བཞི་པ་ནོར་ཏེ། འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་ལ་སོགས་པ་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་ལ་སོགས་པའོ། །གསུང་གི་ནི་གཅིག་པའི་སྔགས་ནོར་ཏེ་གཅིག་པའི་སྔགས། བཞི་པའི་ཡི་གེ་ནོར་ཏེ་ཧཱུཾ་ཧ་ཧེ་ཕཊ་ལ་སོགས་ས་བོན་ནོ། །ཐུགས་ཀྱི་དཀྱིལ་འཁོར་ཏེ་མཐིང་ཁ་དཀར་པོ་སེར་ལེ་བརྒན་ནོར་ཏེ་སྨུག་ནག་སྔོ་ནག་སེར་ནག་དང་ལ་སོགས་སོ། །རྡོ་རྗེེ་འཁོར་ལོ་ལ་སོགས་ཕྱག་མཚན་ནོར་གསུང་ངོ་། །སྟོང་གི་འཇིག་རྟེན་ལ་སོགས་སོ། །ལྷ་དང་ལྷ་འདྲ་བར་སྒོམ་ཞེས་པའོ། །དཀྱིལ་འཁོར་དྲུག་པ་ནི། ཅིག་ཤོས་འོག་སྒོའི་དུས་ཏེ། དེ་ཡང་བརྟེན་པ་བདེ་བ་ནི་དཀྱིལ་ཡིན་ཏེ། འདིའི་བཅུ་གསུམ་པ་ལས། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་སྒོམ། །ཞེས་པ་དང་། ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །ཅེས་པའོ། །དེའི་རྟེན་ཐིག་ལེ་ནི། གསང་བའི་དབང་པོ་པདྨར་ལྡན་གྱུར་ན། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྣམ་པ་གཉིས། །ཞེས་སོ། །དེའི་རྟེན་རྩ་རྣམས་འཁོར་ཡིན་པའི་ཕྱིར་ཕྱི་དང་ནང་དང་གསང་བ་སྟེ། བཞི་བརྒྱད་ཤི་ར་མ་དྷ་ལ། །ཞེས་སོ། །ཁོག་གཞུང་ལས། ཟབ་ཕྱིར་བྱང་སེམས་དཀྱིལ་འཁོར་ནི། །རྟེན་དང་བརྟེན་ཅན་ཐ་སྙད་གཉིས། །དབྱེ་བ་ཕྱི་ནང་མཐར་ཐུག་འགྱུར། །ཞེས་སོ། །དཀྱིལ་འཁོར་ཐ་མ་ནི། རིགས་གང་ལ་དེའི་འཁོར་གྱིས་བསྐོར་བ་འདི་དཀྱིལ་འཁོར་དང་གཅིག་པ་དགག་པའི་དབྱེ་བ་སྟེ། དེ་ལའང་ཞི་ཁྲོ་གཉིས་སོ། །དེ་རེ་རེའང་ཚོམ་བུ་གཅིག་པ་ནི། རིགས་ཀྱི་རིགས་ཏེ་ལ་སོགས་བཅོ་བརྒྱད་དང་། དེ་བཞིན་ཁྲོ་བོ་ལ་ཡང་། དང་པོར་ལྔ་བཅུ་བརྒྱད་བསྒོམས་ནས། །ཞེས་པའོ། །གསུམ་པ་ནི། དེ་བཞིན་རིགས་དང་རྡོ་རྗེའི་རིགས། །ཞེས་པ་ལ་སོགས་པ་བཞི་བཅུ་དྲུག་དང་། བདུན་ཅུ་རྩ་བརྒྱད་གསལ་བ་དང་། །ཞེས་སོ། །ལྔ་པ་ནི། ལྔ་ཡི་ལ་སོགས་བདུན་ཅུ་དང་། །དགུ་བཅུ་རྩ་བརྒྱད་དེ་བཞིན་ནོ། །ཞེས་སོ། །དེ་དག་གི་བྱེ་བྲག་གི་ངེས་ཚིག་ནི་བཞི་ལས། རང་དཀྱིལ་འཁོར་གྱི་ནི། རྒྱས་པ་ལས། འདས་པ་རྟག་ཏུ་དཀྱིལ་ཡིན་ཏེ། །འཇིག་རྟེན་སྣ་ཚོགས་འཁོར་དུ་གསུངས། །ཞེས་སོ། །གཟུགས་བརྙན། ལྷག་པ་གཟུགས་བརྙན། ལྷག་པ་ཏིང་དཀྱིལ། ཚོགས་དཀྱིལ་འཁོར། འབྲས་བུ་མཐར་ཕྱིན་པ་དང་ལྔའི་ནི། ཡང་དེ་ཉིད་ལས། རྡོ་རྗེ་སེམས་དཔའ་དཀྱིལ་ཉིད་དེ། །རིགས་བཞིའི་ལྷ་དང་ལྷ་མོ་འཁོར། །ཞེས་སོ། །ཏིང་དཀྱིལ་ནི། རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཞེས་སོ། །བྱང་སེམས་ལ་གཉིས་ལས། ཕྱིའི་ནི་རྩ་སྟེ། རྡོ་རྗེ་ལས་རིམ་ལས། སྙིང་པོ་ཐམས་ཅད་དུས་སུ་དཀྱིལ། །གང་ཡང་ཡན་ལག་འཁོར་དུ་གསུངས། །ཞེས་སོ། །ནང་གི་ནི་ཐིག་ལེ་སྟེ། བཅོ་བརྒྱད་ཁམས་གསུམ་སྙིང་པོ་ཉིད། །དེ་དག་འཁོར་ཏེ་བདེ་བའི་ཁམས། །ཞེས་སོ། །གསང་བ་ནི་བདེ་བ་སྟེ། ཡེ་ཤེས་ཇི་བཞིན་ལྷ་དེ་བཞིན། རྟེན་ཅན་དཀྱིལ་འཁོར་ཡིན་ལ། བརྟེན་པའང་དཀྱིལ་འཁོར་ཞེས་སོ། །མེད་པའི་སྐྱོན་ནི། ཐུགས་ཐིགས་ལས། དེ་ལས་ལྡོག་པའི་སྐྱོན་ཅན་བཞི། །གྲངས་ཀྱི་རྗེས་སུ་མ་ངེས་པར། ཞེས་པས་འོག་གི་ཡོན་ཏན་ལས་ལྡོག་པའོ། །ཡོན་ཏན་ནི། ཐུགས་ཐིགས་ལས། འཕེལ་འགྲིབ་ཕན་ཡོན་ཐབས་འགྲུབ་བཞི། །ཞེས་པ་ཉིད་དོ། །དེ་ནི་རང་བཞིན་གྱི་དཀྱིལ་འཁོར་རང་བཞིན་གྱི་སྣང་བ་བསྟན་པའི་ལེའུ་རྣམས་ཀྱིས་སོ། །གཞན་ཡང་། བཞི་པ། ལྔ་པ་། དྲུག་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གསུམ་པ། བཅོ་ལྔ་པ། བཅུ་དྲུག་པ། བཅུ་བདུན་པ་རྣམས་ནས་སྟོན་ནོ། །བཞི་པ་དབང་ལ་དྲུག་ལས། དགོས་པ་ནི་སྒྲིབ་པ་འཇོམས་ཤིང་ནུས་པ་འཇོག་པའོ། །ངོ་བོ་ནི་གང་ཐབས་ཀྱི་ཡན་ལག་གིས་ཐོབ་པར་བྱ་བ་སྟེ་ལྔ་ལས། ཐོབ་བྱའི་ངོ་བོ་དངོས་ནི། རིམ་གསུམ་ལས། ངོ་བོ་ནུས་ཕན་གསང་བ་དང་། །ཤེས་རབ་ཡེ་ཤེས་བདེ་ཆེན་པོ། །ཞེས་སོ། །འཐོབ་པའི་རྒྱུ་རྐྱེན་ནི། དེ་ཉིད་ལས། ཁྱད་པར་རྒྱུ་རྐྱེན་ལྔར་བཤད་དོ། །ཞེས་སོ། །སྣོད་དང་སྦྱར་ཏེ་བསྐུར་བའི་རིམ་པ་ནི། དེ་ཉིད་ལས། དད་དང་བརྩོན་འགྲུས་གསུམ་ལྡན་པས། །བརྟུལ་ཞུགས་གསུམ་པ་སྤྱོད་པ་ལ། །གོ་རིམ་བཞིན་དུ་འཚམས་པར་སྦྱིན། །ཞེས་པ་དང་། འདིའི་དགུ་པ་ལས། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་བསྐུར་བར་བྱ། །ཞེས་སོ། །བསྐུར་བའི་ཐབས་ནི། ལག་ལེན་ལྟར་ལྔ་སྟེ། དབང་རྫས། རབ་གནས། རུའི་དགོངས་པ། གང་དུ་བསྐུར་ཞིང་བསྟིམ་པའི་གནས། བསྐུར་བའི་ཚིག །བསྒྲག་པའི་ཚིག་གོ། །ཐོབ་པའི་ཚད་དམ་དཔེ་ནི། དེ་ཉིད་ལས། རྒྱལ་པོ་ཕྲུག་གུ་དྲུག་འགྱུར་ཞིང་། །ཞེས་སོ། །ངེས་ཚིག་ནི། ཨ་བྷི་ཥིཉྩའམ་ཥེ་ཀའི་སྒྲས་དབང་ཞེས་བྱ་ལ་དེ་ནི་མངོན་པར་གཏོར་བའམ་ཡོན་ཏན་ཐོབ་པའི་ཕྱིར་རོ། །རྣམ་གྲངས་ལ་གཉིས་ཏེ། དངོས་དང་། ཞོར་ལ་དུས་ནི། ཁོག་གཞུང་ལས། དུས་ནི་རྣམ་པ་གསུམ་དུ་སྟེ། ཕྱི་ནང་དཀྱིལ་འཁོར་རྣམ་པ་གསུམ། །བསྐྱེད་པའི་རིམ་ལ་སློབ་པའི་དུས། །རྫོགས་རིམ་གདམས་ངག་སྦྱོར་དུས་སུ། །རོལ་པས་འཇུག་དུས་གསང་བའོ། །ཞེས་སོ། །དང་པོ་ནི། ཐུགས་ཐིགས་ལས། དཀྱིལ་འཁོར་ལས་ཀྱི་རྗེས་ཞུགས་པས། །སྣོད་རིམ་སྦྱར་བའི་ལས་རྫོགས་བྱ། །ཞེས་པས་གསུམ་སྟེ། ལམ་གྱི་རིམ་པའི་སྒོ་ནས་དང་། དཀྱིལ་འཁོར་གྱི་སྒོ་ནས་དང་། མོས་པ་ཐ་དད་པའི་དབྱེ་བའོ། །དང་པོ་ནི། ཟག་བཅས་ཀྱི་ལམ་དུ་དབང་གསུམ་གྱི་ནུས་པ་ཙམ་འཇོག་པ་དང་། བར་ཆད་མེད་པའི་ལམ་དུ་ཕལ་ཆེར་འཇོག །ཟག་མེད་ལམ་དུ་དངོས་སུ་འཇོག་ཅིང་བསྐུར་བའོ། །གཉིས་པ་ནི། ཁོག་གཞུང་ལས། རི་མོ་བཞེངས་གསོལ་ཕན་ནུས་བསྐུར། །ཞེས་པས་ལྷག་པ་གཟུགས་བརྙན་གྱི་དང་། དཀྱིལ་འཁོར་བསྟན་ལ་ཤེས་རབ་སྦྱིན། །ཞེས་ལུས་ཀྱི་དང་། གསང་དབང་བསྐུར་བའི་སོར་བཞི་པ། །ཞེས་པ་མཁའི་དཀྱིལ་འཁོར་ལ་བརྟེན་པའོ། །ཐ་མ་ལ་གཉིས་ཏེ། ཞི་བའི་དང་། ཁྲོ་བོའི་དབང་ངོ་། །དང་པོ་ནི། ཐུགས་ཐིགས་ལས། རྩ་བ་རྣམ་ལྔ་བཅོ་བརྒྱད་དང་། །ཞེས་པས་དད་པ་ཅན་ལ་ཕན་པའི་དབང་བཅུ་དང་། བརྩོན་འགྲུས་ཅན་ལ་ནུས་དབང་ལྔ་དང་། བརྟུལ་ཞུགས་ཅན་ལ་ཟབ་མོའི་དབང་གསུམ་མོ། །གཉིས་པ་ནི། དེ་ཉིད་ལས། བསྒྱུར་བ་ལྔ་ལ་ཞེས་པས། བརྩི་བའི་གྲངས་ལྔར་གསལ་ཏེ། འདི་ལས། ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ། །ཞེས་སོ། །ཁྲོ་བོ་རྡོ་རྗེ་ལས་རིམ་ལས། ལྷ་དབང་ཕྱག་མཚན་རྒྱན་ཆས་དང་། །སྒྲུབ་རྫས་གསང་བ་རྣམ་གསུམ་མོ། །ཞེས་སོ། །དེའི་བྱེ་བྲག་ནི། སུམ་ཅུ་དྲུག་ཅེས་པས། ཕྱི་དབང་བཅུ་ནི། དབུ་རྒྱན་ཕྱག་མཚན་གཟུངས་མ་བུམ། །བཀྲ་ཤིས་རྫས་བརྒྱད་རཏྣ་བདུན། །གདན་ཁྲི་རྒྱན་ཆས་མིང་འཁོར་ལོ། །ཞེས་སོ། །ནང་དབང་བཅུ་གཅིག་ནི། ཉན་དང་ལས་བཞི་འཆད་པ་དང་། །རྡོ་རྗེ་རྒྱལ་པོ་གདན་ཁྲི་དང་། །རཏྣ་བདུན་དང་ཕྱག་རྒྱ་དང་། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །བཀྲ་ཤིས་རྫས་བརྒྱད་མིང་དབང་ངོ་། །ཞེས་སོ། །སྒྲུབ་པའི་དབང་བཅུ་གསུམ་ནི། ཤེས་རབ་རིག་དབང་ཁམས་གསུམ་སྒྱུར། །འགྲོ་དོན་རྫོགས་བྱེད་ཐོང་གཤོལ་དང་། །དྲུག་གསུམ་གདན་སྤྲུགས་ཐོད་ཚར་གསུམ། །སྲིད་གསུམ་དག་བྱེད་མཚོན་བྱ་དང་། །སྤྱོད་བཞིན་མ་ཆགས་འདོད་ཡོན་ལྔ། །རྣམ་བཞིའི་ལས་རྫོགས་ཏིར་དབྱུག་ཐོ། །དོན་དམ་དབྱེར་མེད་སྦྲུལ་ཆུན་དང་། །གཉིས་མེད་སྦྱོར་རྟགས་ལྷ་མོ་ཡུམ། །བདག་ཉིད་ཆེན་མོ་ལོངས་སྤྱོད་ཚོགས། །མངའ་བདག་ཆེན་པོ་སྒྲུབ་རྫས་དང་། །གྲགས་ཆེན་རྡོ་རྗེ་མིང་དབང་དང་། །སྦས་པ་གསང་བའི་དབང་དག་གོ། །ཞེས་སོ། །ཟབ་མོའི་དབང་གཉིས་ནི་ཤེས་རབ་ཡེ་ཤེས་དང་། བདེ་བ་ཆེན་པོའོ། །མ་ཐོབ་པའི་སྐྱོན་ནི། དབང་མ་ཐོབ་བཞིན་རང་བྱན་དུ་སྤྱད་པས་འབད་པའི་འབྲས་བུ་མེད་ཅིང་ངན་འགྲོར་ལྟུང་བ་སྟེ། ཐུགས་ཐིགས་ལས། གསང་བ་ཉམས་པས་ལྟུང་འཇིགས་པ། །སོ་མ་བཏང་བའི་རྫས་སྤྱོད་ལྟར། །འགྱུར་བ་གསང་བའི་རྒྱུད་ཀུན་ལྟོས། །ཞེས་པ་དང་། འདིའི་བཅུ་པ་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་པ་དང་། ཁོག་གཞུང་ལས། ལས་རྩོམ་འབྲས་མེད་ལྟུང་བས་སྐྱོན། །ཞེས་སོ། །ཐོབ་པའི་ཡོན་ཏན་ནི། གནས་སྐབས་སུ་བདེ་བ་དང་མཐར་ཐུག་བདེ་བ་ཆེན་པོ་ཐོབ་པ་སྟེ། འདི་དང་ཕྱི་མ་ཕན་ཡོན་གྲངས། །རྒྱུད་ལས་གསུངས་པ་ཇི་བཞིན་ནོ། །ཞེས་པ་དང་། ཁོག་གཞུང་ལས། བསྐུར་བས་སྐྱེ་གནས་ལས་ཉོན་མོངས། །ཤེས་སྒྲིབ་ཆ་ཕྲ་རྣམ་དག་ནས། ཡོན་ཏན་སྣང་ཕྱིར་མིང་དུ་བརྗོད། །ཅེས་པ་དང་། ཕྱིར་མི་ལྡོག་པས་ཡོན་ཏན་ནོ། །ཞེས་སོ ། །དེ་ནི་གཉིས་པ་དང་། བཅོ་ལྔ་པ་སྔོན་བྱུང་གིས་སྟོན་ལ། དགུ་པ། བཅུ་པ། བཅུ་གསུམ་པས་རྗེས་འཇུག་གི་དབང་སྟོན་ནོ། །ལྔ་པ་དམ་ཚིག་ལ་དྲུག་ལས། དགོས་པ་ནི། ངན་འགྲོར་མི་ལྟུང་ཞིང་ལམ་དང་འབྲས་བུའི་གཞི་འཛིན་པ་སྟེ། རང་སྤྱི་གདུལ་བྱའི་བསག་སྦྱང་བའི། །ཞེས་པ་དང་། ཁོག་གཞུང་ལས། རྟོག་པ་འདུལ་དང་ལས་དོན་འགྲུབ། །ཅེས་སོ། །ངོ་བོ་ལ་གསུམ་སྟེ། ངོ་བོ་དངོས་དང་། དེ་གཞན་ལས་ཁྱད་པར་དུ་འཕགས་པའི་ཆེ་བ་དང་། དེའི་རང་བཞིན་ནོ། །དང་པོ་ནི། བསྲུང་བྱའི་སེམས་ས་བོན་དང་བཅས་པ་སྟེ། ཐུགས་ཐིགས་ལས། གསང་སྒོར་ཞུགས་པ་ཐམས་ཅད་ཀྱིས། །སྒོ་གསུམ་རང་གི་བསྲུང་བྱ་ལས། །རྒྱལ་པོའི་བཀའ་རྟགས་ཇི་ལྟ་བར། །མི་འབྲལ་སྡོམ་པ་དེ་ངོ་བོ། །ཞེས་སོ། །གཉིས་པ་ནི། ཁོག་གཞུང་ལས། འདུལ་དང་སྡོམ་པ་དམ་ཚིག་ཚོགས། །འདུས་པར་གསུངས་པ་ཆེ་བའི་མཆོག །ཅེས་སོ། །འདིའི་དམ་ཚིག་ཏུ་འོག་མའི་བསྲུང་བྱ་རྣམས་འདུས་པའི་ཕྱིར་ཏེ། སྨོས་པ་བླ་མེད་བསྲུང་ཐུབ་ན། །ཚུལ་ཁྲིམས་སྡོམ་པ་ཐམས་ཅད་རྫོགས། །ཞེས་པ་དང་། འདི་ལས། བླ་མེད་མཆོག་གོ་དམ་ཚིག་ཏུ། །འདུལ་པའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་མཐའ་ཡས་པ། །མ་ལུས་རྣམ་དག་ལྷུན་གྱིས་གྲུབ། །ཅེས་སོ། །ཐ་མ་ནི་ཁོག་གཞུང་ལས། རང་བཞིན་ཡེ་ནས་སངས་རྒྱས་པའོ། །ཞེས་པས་གཉིས་སུ་མེད་པ་སྟེ། དེ་ཉིད་ལས། བྱ་བྱེད་མེད་པར་ཉམས་པ་མེད། །ཅེས་པ་དང་། འདིའི་བཅུ་དགུ་པ་ལས། དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཞེས་སོ། །ངེས་ཚིག་ནི། ས་མ་ཡའི་སྒྲས་དམ་ཚིག་སྟེ། དེ་ནི་བསྲུང་བྱ་ལས་འདའ་བར་དཀའ་བའི་ཕྱིར་རོ། །དེ་ཡང་། སྐྱོན་ཡོན་ཆ་ཡིས་ཆེད་ཆེ་བ་། །དེ་དང་དེ་ཡི་ངེས་ཚིག་འགྲུབ། །ཅེས་པས་གཉིས་ལས། ཐུབ་པའི་ཡོན་ཏན་གྱི་དབང་དུ་མ་ཀ་ཡོ་ནའི་རྐྱེན་གྱིས་བསྲུང་བྱ་ལ་རྣམ་པར་གནས་པས་གནས་ངན་པར་མི་འཇུག་པའི་ཕྱིར་དམ་ཞེས་བྱ་ལ། དེ་སྟོན་པའི་ལམ་ནི་མ་ནོར་བདེན་པའི་ཚིག་ཡིན་པས་ན་ཚིག་ཅེས་བྱ་སྟེ། རྒྱས་པ་ལས། གཟུངས་སུ་གྱུར་པས་དམ་ཞེས་བྱ། །རྡོ་རྗེ་མ་ནོར་ལམ་སྟོན་པ། །དེ་ལ་ཡང་ནི་ཚིག་ཅེས་བྱ། །ཞེས་སོ། །ཡང་སྐྱོན་གྱི་དབང་དུ། ཡེ་མ་ཀ་ནའི་རྐྱེན་གྱིས་བསྲུང་བྱ་ལས་འདའ་བར་དཀའ་བས་དམ་ཞེས་བྱ་ལ། ཇི་སྲིད་འདས་ན་རང་གི་རྒྱུད་འཚིག་པའི་ཕྱིར་དམ་ཚིག་ཅེས་བྱ་སྟེ། དེ་ཉིད་ལས། ཡང་ན་དེ་བཞིན་བཀའ་བཅག་ན། །མི་ཁོམ་གནས་སུ་འཚིག་པར་འགྱུར། །ཞེས་སོ། །རྣམ་གྲངས་ནི། དངོས་དང་། ཞོར་ལ་འདུས་སོ། །དང་པོ་ལ་གཉིས་ཏེ། མཉམ་པ་ཅིག་ཅར་བའི་ནི། འདི་ཉིད་ལས། མཉམ་ལ་མཉམ་པར་སྦྱོར་བ་ཡི། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །ཞེས་སོ། །དབྱེ་བ་རིམ་གྱིས་པའི་དམ་ཚིག་གོ། །དེ་ལ་གཉིས་ཏེ། དབྱེ་གཞི་དང་། དེ་ལས་ཕྱེ་བའི་རྣམ་གྲངས་སོ། །དང་པོ་ནི། རྩ་བའི་དམ་ཚིག་ལྔ་སྟེ། འདི་ཉིད་ལས། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །ཞེས་སོ། །ཡན་ལག་གི་དམ་ཚིག་བཅུ་ནི། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་བཅུད་མི་འདོར་རོ། །ཞེས་སོ། །གཉིས་པ་ལ་ཡང་གཉིས་ཏེ། དོན་དང་། རྣམ་གྲངས་སྤྲོས་པའོ། །དང་པོ་ནི། གཞི་ལམ་འབྲས་བུ་གསུམ་ལས་དགུ་བཅུ་རྩ་བདུན་དུ་གསུངས་པ་སྟེ། རྒྱས་པ་ལས། སྤོང་པ་རྡོ་རྗེ་ཞེས་བྱ་བའི་དམ་ཚིག་ཅེས་པ་ལ་སོགས་པའི་རྣམ་གྲངས་སོ། །གཉིས་པ་ལ་ཡང་། སུམ་བརྒྱ་དྲུག་ཅུ་ནི། འདི་ལས། རྩ་བའི་དམ་ཚིག་ལྔ་གཉིས་ལས། །གཅིག་ལའང་བཅུ་ཕྲག་གསུམ་དུ་དབྱེ། །ཡན་ལག་དམ་ཚིག་ལྔ་གཉིས་ལས། །གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། །ཞེས་སོ། །མཐའ་ཡས་པར་སྤྲོ་བ་ནི། དམ་ཚིག་འདི་ནི་རྨད་པོ་ཆེ། །འཇིགས་རྟེན་དྲུག་གི་ཕྱོགས་བཅུ་ན། །སྲིད་གསུམ་འགྲོ་བ་ཇི་སྙེད་པ། །རྟོགས་འདུལ་དམ་ཚིག་དེ་སྙེད་འཕྲོས། །ཞེས་པས་སོ། །ཞོར་ལ་དུས་ནི་ལམ་ཐམས་ཅད་དུའོ། །ཟག་བཅས་དངོས་སུ་བསྲུང་ཞིང་ཟག་མེད་ཤུགས་ལ་ལྡན་པའོ། །ཉམས་པའི་སྐྱོན་ནི། དངོས་དང་། ཞོར་ལ་བསྐང་ཐབས་སོ། །དང་པོ་ལ་གསུམ་སྟེ། རྩ་བ་ཉམས་པའི་སྐྱོན་ནི། རྩ་བའི་དམ་ཚིག་ཉམས་གྱུར་ན། །སྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཞེས་སོ། །ཡན་ལག་ཉམས་པའི་སྐྱོན་ནི། ཡན་ལག་དམ་ཚིག་ཉམས་གྱུར་ན། །འབྲས་བུ་མེད་ཅིང་ངན་སོང་ལྟུང་། །ཞེས་སོ། །ཉམས་པ་དང་འགྲོགས་པའི་སྐྱོན་ནི། །རྩ་བ་ཉམས་པའི་ཕྱལ་བ་དག །གསོ་ལ་ཉེ་བར་མི་བརྩོན་ན། །སྐད་ཅིག་ཡུད་ལ་སྨྲ་མ་བྱེད། །ཉམས་གྱུར་ཉེས་པ་བརྗོད་མི་ལང་། །ཞེས་སོ། །ཞར་ལ་བསྐང་ཐབས་ནི། ཉམས་ན་བསྐང་བས་རྫོགས་པ་དང་། །ངེས་ཚིག་ངེས་པར་གྲུབ་པ་ཡིན། །ཞེས་སོ། །མ་ཉམས་པའི་ཡོན་ཏན་ནི། དེ་ཉིད་ལས། བསྒྲུབ་བྱ་རྒྱུད་ལ་སྨིན་པ་སྟེ། །མ་ནོར་གནས་པའི་ཡོན་ཏན་ནི། །རྣམ་གྲངས་རྗེས་འཇུག་སྤྱིར་རྒྱུད་གྲགས། །ཞེས་པ་དང་། དེ་ཉིད་ལས། གཞན་ཡང་རྒྱལ་མཆོག་ཀུན་བཟང་གི། །ཐམས་ཅད་མ་ལུས་ཕྱག་རྒྱ་ཡིས། །བསྒྲུབ་མེད་དམ་པ་མ་ལུས་འགྲུབ། །ཅེས་པས་སོ། །དེ་ནི་བཅུ་དགུ་པས་སྟོན་ནོ། །དྲུག་པ་ཕྲིན་ལས་ལ་དྲུག་ལས། དགོས་པ་ནི། རྒྱུད་འབྱང་ཞིང་བདག་གཞན་གྱི་དོན་གྲུབ་པ་སྟེ། ཐུགས་ཐིགས་ལས། བདག་དང་གཞན་དང་གཉིས་ཀ་དང་། །དམ་ཆོས་ཕྱིར་ན་རྣམ་ལྔའོ། །ཞེས་སོ། །ངོ་བོ་ནི། དོན་བྱ་བའི་ཡུལ་ལ་བྱེད་པ་གང་ཞིག་ཚད་མེད་དང་བའི་རྒྱུད་ལས་བྱུང་ཞིང་ཐབས་ཀྱིས་ཟིན་པ་སྟེ། ཐུགས་ཐིག་ལས། ཕྱི་རོལ་ཚད་མེད་ཉིད་ལས་བཞི། །ལྷག་པ་གཟུགས་བརྙན་རྣམ་གཉིས་དང་། །མཆོད་རྟེན་སྒོ་དང་སྦྱིན་སྲེག་སྟེ། །ཞེས་སོ། །ངེས་ཚིག་ནི། ཀརྨའི་སྒྲས་ཕྲིན་ལས་སོ། །དེ་ནི་ལས་བཞིས་རང་གཞན་གྱི་དོན་བྱེད་པའི་ཕྱིར་ཏེ། ཐུགས་ཐིགས་ལས། ཟུག་རྔུ་ཕྱི་ནང་ཞི་ཕྱིར་དང་། །སྤེལ་བྱ་གཉིས་པོ་འཕེལ་ཕྱིར་དང་། །དགུག་དབང་བཞི་པོ་བསྡུ་ཕྱིར་དང་། །གདུག་པ་རྣམ་གཉིས་འཇོམས་ཕྱིར་དང་། །ལྔ་པ་དོན་དུ་བསྟན་བཞིན་ཕྱིར། །ངེས་ཚིག་ངེས་པར་འགྲུབ་པ་ཡིན། །ཞེས་པ་དང་། ཕྲིན་ནི་རྣམ་པ་བཞི་ཡིན་ཏེ། །ལས་ནི་སོ་སོའི་དགོས་པ་སྐོང་། །ཞེས་སོ། །རྣམ་གྲངས་ལ། དངོས་དང་། ཞོར་ལ་དུས་སོ། །དང་པོ་ནི། ཐུགས་ཐིགས་ལས། དོན་གྱིས་དམིགས་སུ་གཟུང་བའི་ཕྱིར། །རང་བཞིན་ལམ་དང་ཐུགས་རྗེ་ཆེ། །ཞེས་པས་སྤྱིར་གཞི་ལམ་འབྲས་བུ་གསུམ་ལས། འདིར་ལམ་གྱི་ཕྲིན་ལས་ལ་བཞི་སྟེ། དོན་བྱ་བའི་ཡུལ་དང་། དོན་བྱེད་པའི་ཕྲིན་ལས་དང་། དོན་བྱ་ཐབས་ཀྱི་རྣམ་གྲངས་དང་། དོན་བྱེད་ཚུལ་གྱི་ཁྱད་པར་རོ། །དང་པོ་ནི། སྣོད་སྡིག་ཅན་དང་། དྲེགས་པ་ཅན་དང་། ལོག་ལྟ་ཅན་དང་། གདུག་པ་ཅན་ཏེ། གདུལ་བྱ་ཕྱི་ནང་ཟུང་བཞི་པོ། །ཞེས་སོ། །གཉིས་པ་ནི། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་དང་། ལྷུན་གྱིས་གྲུབ་པའོ། །གསུམ་པ་ལ་བཞི་སྟེ། རྣམ་གྲངས་དངོས་དང་། གཙོ་བོའི་སེམས་གང་གིས་དང་། གཟུངས་མ་གང་ལ་བརྟེན་ཏེ་དང་། ནམ་གྱི་ཚེ་བྱ་བའི་དུས་སོ། །དང་པོ་ནི། ཁོག་གཞུང་ལས། མཆོད་རྟེན་ཕྱག་རྒྱའི་སྒོ་དང་ནི། །ཧོམ་བྲོ་གླུ་དང་རྫས་ཀྱིས་བྱ། །ཞེས་པས་ལྔ་སྟེ། མཆོད་རྟེན་གྱི་སྒོ་ནས་ནི། རྒྱས་པ་ལས། མཆོད་རྟེན་ནག་པོ་འོད་འབར་བ། །བགེགས་ཀྱི་ལིང་ག་མནན་པར་བྱ། །གཏུམ་པོ་རྔམས་པའང་ལྷན་ནེར་འགྱུར། །མི་མཐུན་ཕྱོགས་རྣམས་རྡུལ་དུ་རློག །ཅེས་སོ། །ཕྱག་རྒྱའི་སྒོ་ནས་བྱ་བ་ལ་གཉིས་ལས། བཅས་པའི་སྒོ་ནས་ནི། སོ་གཉིས་པ་ལས། ཡན་ལག་དབང་པོ་རྩེ་གཅིག་དང་། །རྩེ་ལྔ་རྩེ་དགུ་བཅུ་གཅིག་ཏུ། །ལས་རྣམས་སོ་སོར་རབ་ཏུ་སྒོམས། །ཞེས་པ་དང་། བསྒྱུར་བའི་སྒོ་ནས་ནི། རྒྱས་པའི་བཅུ་གཅིག་པ་ལས། རྡོ་རྗེ་ལན་གསུམ་གསོར་བ་ཡིས། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དམ་ཅན་རྣལ་འབྱོར་དབང་དུ་འགྱུར། །ཞེས་སོ། །རྫས་ཀྱི་སྒོ་ནས་བྱ་བ་ནི། འདིའི་ཉི་ཤུ་པ་ལས། བདུད་རྩི་ལྔའམ་ཟས་ལྔ་ལ། །ཞེས་སོ། །ལུ་གུ་རྒྱུད་ཀྱི་བྲོའི་སྒོ་ནས་ནི། ལུག་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །ཞེས་སོ། །མེའི་སྒོ་ནས་ཕྲིན་ལས་བྱ་བ་ནི་གསུམ་སྟེ། ཕྱི་ལྷག་པ་གཟུགས་བརྙན་གྱི་དང་། ནང་ཁམས་བཞིའི་ནི་སྙིང་གར་ཞི་བ། ལྐོག་མར་དབང་། ལྟེ་བར་རྒྱས། སྒྲོམ་མདོར་དྲག་པོའོ། །གསང་བ་ཁམས་གསུམ་གྱི་སྦྱིན་སྲེག་ནི་དབང་པོ་དང་ཡུལ་དང་རྣམ་ཤེས་སོ། །གཉིས་པ་གཙོ་བོའི་སེམས་ནི་དོན་གྱི་སེམས་གཉིས་མེད་རྟོགས་པ་ལས་བཞི་ཆར་ལ་ཁྱབ་བྱེད་དུ་དགོས་ལ། སྟོངས་ཀྱི་སེམས་ནི། ཉི་ཤུ་པ་ལས། དང་བས་དགའ་བས་ཆགས་པས་དང་། །ཁྲོས་པས་ཀ་ལི་རབ་ཏུ་བྱ། །ཞེས་སོ། །གསུམ་པ་གཟུངས་མ་གང་ལ་བརྟེན་པ་ནི། ཁོག་གཞུང་ལས། ན་སོ་གཞོན་དང་རིགས་འཕེལ་དང་། །སྐྱེ་བརྒྱུད་མེད་དང་ཟླ་བྲལ་དང་། །ལས་བཞིའི་དུས་སུ་སྦྱར་བ་ཤིས། །ལས་ཀྱི་ནུས་མཐུ་ཆེར་བསྟན་ཕྱིར། །སྔོན་ནས་བཙལ་བ་རབ་ཏུ་གཅེས། །ཞེས་སོ། །བཞི་པ་དུས་ནམ་གྱི་ཚེ་བྱ་བ་ནི། །ཐུགས་ཐིགས་ལས། ངོ་བོ་རྗེས་སུ་ཞི་བ་གཉིས། །ཕྱི་ལ་བགེགས་དགྲ་ཞི་བའོ། །ནང་ལ་ཉོན་མོངས་རྟོག་ཞི་བ། །རྒྱས་པ་གཉིས་པོ་གོས་དང་འཕེལ། །ན་ཤི་ལོ་ཏོག་སྲེའུ་སོགས། །ཚེ་དང་རིགས་བརྒྱད་ལོངས་སྤྱོད་དང་། །བསོད་ནམས་བཞི་ནང་འབྲས་བུའོ། །དབང་ནི་དགུག་དང་བསྡུ་བ་གཉིས། །ཕྱི་རོལ་དྷ་རིའི་རྣམ་པ་དགུག །མི་མཐུན་རྣམ་གཉིས་དབང་པོ་བསྒྱུར། །རང་སེམས་འབྲས་ལྔ་བསྡུ་བར་བྱ། །མངོན་སྤྱོད་བསྐྲད་དང་མནན་པ་དང་། །སྨྱོ་འབོག་བྱད་དང་ཀརྨ་དང་། །རྨོངས་དང་བརྟན་པོ་རྒྱུད་གཞན་ལའོ། །རང་གི་ཕྱི་ནང་དགྲ་བགེགས་འཇོམས། །ཞེས་པས་དེ་དག་གི་དུས་སུའོ། །ཐ་མ་ཁྱད་པར་ནི། ཐུགས་ཐིགས་ལས། ཁྱད་པར་ཟག་བཅས་བར་ཆད་མེད། །མཐར་ཕྱིན་ལམ་གྱི་ཕྱེ་བའམ། །ཤེས་རབ་དབང་པོ་རྣམ་གསུམ་གྱིས། །ནུས་མཐུ་བྱིན་བརླབས་ཡུལ་ངོ་བོ། །ཐབས་དང་གཞི་ལ་ཁྱད་པར་བ། །གན་ཙ་ལྟ་བུ་ཇི་ལྟ་བའོ། །ཞེས་སོ། །དུས་ནི་ཐུགས་ཐིགས་ལས། སྐབས་ནི་དབང་དང་སྒྲུབ་པ་དང་། །མཆོད་བཤགས་ཚེ་དང་དུས་བབ་ཚེ། །ཞེས་སོ། །མེད་པའི་སྐྱོན་ནི། དེ་ཉིད་ལས། མི་སྐོང་མི་རྫོགས་མི་འབྱང་དང་། །དོན་གཉིས་མི་འགྲུབ་དེ་ཡི་སྐྱོན། །ཞེས་སོ། །ཡོན་ཏན་ནི། དེ་ཉིད་ལས། དེ་ལས་ལྡོག་པའི་ཚུལ་བསྟན་པ། །ཡོན་ཏན་ཉིད་དུ་ཤེས་པར་བྱ། །ཞེས་པ་དང་། ཡང་། གཏུམ་པོ་རྔམས་པའང་ལྷན་ནེར་འགྱུར། །ཅེས་པས་ཞི་བ་དང་། ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །ཞེས་རྒྱས་པ་དང་། སངས་རྒྱས་གསུང་ཡང་དབང་དུ་འགྱུར། །ཞེས་དབང་དང་། སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །ཅེས་དྲག་པོའོ། །དེ་ནི་དགུ་པ་དང་། ཉི་ཤུ་པ་ནས་སྟོན་ནོ ། །བདུན་པ་སྒྲུབ་པ་ལ་དྲུག་ལས། །དགོས་པ་ནི། སྒྲུབ་པའི་ཐབས་ཡལ་བར་མ་དོར་བས་བསྒྲུབ་བྱ་གཉིས་མངོན་དུ་གྱུར་པ་ནིི། ཐུགས་ཐིགས་ལས། ཐུན་མོང་མཆོག་གི་དངོས་གྲུབ་རྣམས། །བདག་གཞན་ཐོབ་ནས་དོན་བཞིའི་ཕྱིར། །ཞེས་སོ། །ངོ་བོ་ནི། གཞི་ཕུན་སུམ་ཚོགས་པ་ལྔ་ཚང་ནས་ཐབས་བསྙེན་སྒྲུབ་བཞིས་བསྒྲུབ་བྱ་དོན་དུ་གཉེར་བཞིན་པ་ཞིག་སྟེ། གང་གིས་གང་ཐོབ་འདོད་པ་སྟེ། །ཡན་ལག་བཅུ་ལྡན་གཉེར་བསྔོ་བའོ། །ཞེས་པ་དང་། འདི་ལས། ཡན་ལག་མ་ཉམས་ཡོ་བྱད་ལྡན། །ཆོ་ག་རྫོགས་པར་ཤེས་པ་ཡིས། །རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་ལ། །ངེས་པར་ལེགས་པའི་དགོངས་པ་འགྲུབ། །ཅེས་སོ། །ངེས་ཚིག་ནི། སིདྡྷིའི་སྒྲས་དངོས་འགྲུབ་སྟེ། དེ་ནི་བསྒྲུབ་བྱའོ། །དེ་ཐབས་ཀྱིས་ཉམས་སུ་བླངས་པས་གྲུབ་པའི་ཕྱིར་ཏེ། དོན་དུ་གཉེར་ཕྱིར་སྒྲུབ་མཚན་ངེས། །ཞེས་སོ། །རྣམ་གྲངས་ལ་གཉིས་ཏེ། རྣམ་གྲངས་དངོས་དང་། ཞོར་ལ་དུས་སོ། །དང་པོ་ལ་ཡང་། སྒྲུབ་པ་དང་། དེའི་ཆ་རྐྱེན་ནོ། །དང་པོ་ལ་གསུམ་སྟེ། གང་ཞིག་ལྷ་ཆེན་པོ་ལ་སོགས་འཇིག་རྟེན་འདིའི་འདོད་བྱ་གཙོ་བོར་སྟོན་པ་ཐུན་མོང་གི་དང་། གང་ཞིག་རྡོ་རྗེ་སེམས་དཔའ་ལ་སོགས་པ་མཐར་ཐུག་གི་བསྒྲུབ་བྱ་གཙོ་བོར་སྟོན་པ་མཆོག་དང་། གང་ཞིག་དེ་དག་གི་བསྒྲུབ་པའི་ཚུལ་གཙོ་བོར་སྟོན་པ་ཚོགས་སྒྲུབ་པའོ། །དང་པོ་ནི། འདི་ལས། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། །ལོངས་སྤྱོད་འབྱུང་ཞིང་ངན་སོང་སྦྱོང་། །ཅི་ཡང་གཞན་དུ་འགྱུར་བ་འགྲུབ། །ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་། །འབར་ནས་མེ་ཡང་འཚིགས་པ་དང་། །ཆུ་རྒྱུན་འབབ་པའང་དེ་བཞིན་ཏེ། །འཇིག་རྟེན་ཁམས་ནི་འཐོར་བ་དང་། །ཐམས་ཅད་སྟོང་ཤིང་ལྟུང་བར་འགྱུར། །དགུག་དང་གཏང་དང་བཅིང་དང་དགྲོལ། །གསོ་དང་གསད་དང་ཕམ་དང་རྒྱལ། །ཞེས་པ་དང་། ཁོག་གཞུང་ལས། འཇིག་རྟེན་པ་ཡང་འདི་ལྟ་སྟེ། །རོ་ལངས་ཚེ་པྲ་སྒྲུབ་པ་དང་། །ལྷ་ཆེན་པོ་དང་རྒྱལ་པོ་བཞི། །གདུག་པ་ཀླུ་འདུལ་རྒྱལ་བློན་གྱི། །ཆུང་མ་དབང་དུ་བྱ་བ་གཉིས། །རོ་ལངས་དམ་ཚིག་རྐང་མགྱོགས་བསྐྲད། །མི་སྣང་གཟུགས་སྒྲུབ་ལྷ་ཀླུ་མོ། །རྒྱལ་བློན་དཔོན་དང་ཞང་བློན་སྒྲུབ། །ཚེ་འདི་ཆེད་ཕྱིར་འཇིག་རྟེན་པའོ། །ཞེས་སོ། །གཉིས་པ་ནི། དེ་ཉིད་ལས། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པའི། །ཕྱོགས་བཅུ་དུས་བཞིར་མངོན་རྫོགས་པ། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པ་དང་། དེ་ཉིད་ལས། ཡི་གེ་སྒྱུ་འཕྲུལ་ཚོགས་སྒྲུབ་དང་། །རྡོ་རྗེ་སེམས་དཔའ་སྨན་སྒྲུབ་དང་། །རིགས་ལྔ་སྒྲུབ་དང་ཡུམ་ལྔ་སེམས། །བྱིན་རླབས་སྒྲུབ་པ་རྣམ་གཉིས་སོ། །ཞེས་པའོ། །ཐ་མ་ནི། ཐུགས་ཐིགས་ལས། རྣལ་འབྱོར་རྟོགས་གོམས་འབྱོར་པ་དང་། །སྔགས་དང་ཕྱག་རྒྱ་བརྟན་པ་དང་། །མི་ལྕོགས་མེད་པ་གང་ཡོད་དང་། །ཆ་རྐྱེན་ཚང་བས་དབང་སྒྱུར་སྔོན། །ཞེས་སོ། །གཉིས་པ་ཆ་རྐྱེན་ནི། ཁོག་གཞུང་ལས། སྐབས་ཀྱིས་གཙོ་དང་གྲོགས་པོས་བསྡུས། །ཞེས་པས་རྒྱུད་དོན་གཞན་དགུ་ཆར་ཡིན་ཏེ། དེ་ལས་དྲུག་སྔོན་དུ་བསྟན་ལ། དྲུག་རྗེས་སུ་སྟོན་ནོ། །ཞོར་ལ་དུས་ནི། ཐུགས་ཐིགས་ལས། ཆ་རྐྱེན་ཚང་བས་དབང་བས་དབང་སྒྱུར་སྔོན། །ཞེས་པས་ཚེ་དབང་གི་སྔོན་དུ་གཅིག་སྤྲོས་མཐར་ཕྱིན་ནས་སྒྲུབ་པ་སྟེ། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་སོ། །སྐྱོན་ནི་ཐུགས་ཐིགས་ལས། ཡལ་བས་མི་འབྱང་མི་ཐོབ་བཅུ། །བྱེ་བྲག་རྒྱས་པ་ཁོང་དུ་ཆུད། །ཅེས་སོ། །ཡོན་ཏན་ནི། དེ་ཉིད་ལས། ཟློག་པ་འདི་ཕྱི་མར། ལྔ་ལྔ་འཐོབ་ལ་དོན་གཉེར་རྫོགས། །ཞེས་པ་དང་། དགུ་པ་ལས། དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་པའམ། སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཞེས་སོ། །དེ་ནི་བཞི་པ། ལྔ་པ། དགུ་པ། བཅུ་གཅིག་པ། བཅུ་གཉིས་པ། བཅུ་གསུམ་པ་རྣམས་ཀྱིས་སྟོན་ནོ། །བརྒྱད་པ་ཏིང་ངེ་འཛིན་ལ་དྲུག་ལས། དགོས་པ་ནི། རྟོགས་པའི་ངང་ལ་གནས་པས་འཁོར་བ་ལ་དབང་སྒྱུར་བ་སྟེ། ལམ་རིམ་ལས། རྟོག་པ་དབང་སྒྱུར་ཏིང་འཛིན་ཡིན། །ཞེས་སོ། །ངོ་བོ་ནི། སྒོམ་པའི་ཐབས་ཀྱི་བསྒོམ་བྱ་ལས་མི་གཡོ་བར་གནས་པའོ། །ཞེས་པས་འདི་ལས། མཉམ་པར་བཞག་པས་བཏུལ་ནས་སུ། །ཞེས་སོ། །ངེས་ཚིག་ནི། ས་མ་ཏིའི་སྒྲས་ཏིང་ངེ་འཛིན་ནི། དེ་ནི་རྩེ་གཅིག་པར་གནས་པས་བསྒོམ་བྱ་མི་གཏོང་བའི་ཕྱིར་རོ། །རྣམ་གྲངས་ལ་གཉིས་ཏེ། དངོས་དང་། ཞོར་ལ་དུས་སོ། །དང་པོ་ལ་གསུམ་སྟེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་དང་། ཐབས་ཀྱི་ཏིང་ངེ་འཛིན་ནོ། །དུས་ནི། མཉམ་པར་བཞག་པས་བཏུལ་ནས་སུ། །ཞེས་པས་མཉམ་བཞག་གི་དུས་སོ། །མེད་པའི་སྐྱོན་ནི། དེ་ཉིད་ལས། གལ་ཏེ་རྣལ་འབྱོར་འདི་མེད་ན། །རྒྱ་མཚོའི་འཇིང་གི་ཕ་བོང་ལྟར། །བསྐལ་པར་ལམ་ལ་བཙལ་བྱས་ཀྱང་། །དོན་མེད་སྙིང་པོ་བསྐམས་པ་ཡིན། །ཞེས་སོ། །ཡོན་ཏན་ནི། བསྒྲུབ་བྱ་འགྲུབ་པ་སྟེ། དེ་ཉིད་ལས། བསྒྲུབ་པའི་གཙོར་ནི་ཏིང་འཛིན་པས། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་པ་དང་། འདིའི་ལྔ་པ་ལས། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་སོ། །དེ་ནི་ལྔ་པ་དང་བཅུ་གསུམ་པ་ལ་སོགས་པས་སྟོན་ནོ། །དགུ་པ་མཆོད་པ་ལ་དྲུག་ལས། དགོས་པ་ནི། རྒྱུད་འབྱང་ཞིང་དམ་སྐོང་བ་དང་ལྷ་མཉེས་ཤིང་དོན་བཞི་རྫོགས་པ་སྟེ། ཐུགས་ཐིགས་ལས། བདག་གཞན་དོན་རྫོགས་མཉེས་སྐོངས་པ། །ཞེས་སོ། །ངོ་བོ་ནི། མཆོད་བྱའི་ཡུལ་གང་ཞིག་མཉེས་པར་བྱེད་པ་སྟེ། དེ་ཉིད་ལས། བྱ་བྱེད་བྱ་བ་བྱེད་འདུས་པས། །དགྱེས་ཚིམ་འགྱུར་བའི་དངོས་པོ་ཉིད། །ཅེས་སོ། །ངེས་ཚིག་ནི། པཱུ་ཛའི་སྒྲས་མཆོད་པ་སྟེ། དེ་ཡང་པུར་པ་ཛའི་རྐྱེན་གྱིས་སྔོན་དུ་སྔོན་དུ་སྐྱེད་པར་བྱེད་པ་དང་། པུར་ན་པུར་ན་ཏྲི་ཡང་ཛ་ཧའི་རྐྱེན་གྱིས་ཡང་དང་ཡང་དུ་དགྱེས་པ་བསྐྱེད་པ་དང་། པུ་ཛ་ཐ་གོར་ཝ་ཐ་ནའི་རྐྱེན་གྱིས་བཀུར་བའི་ཕྱིར་མཆོད་པའོ། །རྣམ་གྲངས་ལ། དངོས་དང་། དུས་སོ། །དང་པོ་ལ་གསུམ་སྟེ། ཐུན་མོང་ཕྱིའི་དང་ཁྱད་པར་ནང་གི་དང་། གསང་བ་བླ་མེད་རྨད་དུ་བྱུང་བ་སྟེ། དེ་ཉིད་ལས། ཕྱི་ནང་གསང་བའི་རྫས་དགོངས་མཆོད། །སྲོག་དང་ལྡན་པ་རྟེན་གསུམ་ཚུལ། །ཞེས་པ་དང་། ཞར་ལ་འབུལ་ཐབས་ནི་ལྟ་བ་དང་ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་རིམ་གྱིས་དང་ཅིག་ཅར་ཏེ། རིམ་གྱིས་ཡང་ན་ཅིར་ཅར་དུ། །ཞེས་སོ། །དུས་ནི་དབང་དང་། ཕྲིན་ལས། ཉམས་སྐོང་། མཆོད། གཙོ་བོར་སྒྲུབ་པ་སྟེ། ལས་སྦྱོང་སྒྲུབ་དབང་མཆོད་ཚེ་ན། །ཞེས་སོ། །དེ་མེད་པའི་སྐྱོན་ནི། དེ་ཉིད་ལས། དེ་ལས་ལྡོག་དང་མི་སྐོང་གཡེལ། །ཉམས་ཆད་མཐུ་བྱིན་བྲལ་བར་འགྱུར། །ཞེས་སོ། །ཡོན་ཏན་ནི། དེ་ཉིད་ལས། དུས་ཀྱི་རྗེས་ཞུགས་ཡོན་ཏན་དག །སྤྱི་དང་ཁྱད་པར་སྐབས་ཀྱིས་ནི་། །འདི་དང་ཕྱི་མར་གང་འཐོབ་པ། །བདག་གཞན་དོན་གྱིས་གཉིས་སུ་འགྱུར། །ཞེས་སོ། །དེ་ནི་དགུ་པ་དང་བཅོ་བརྒྱད་པས་སོ། །ཐ་མ་སྔགས་དང་ཕྱག་རྒྱ་ལ་དྲུག་ལས། །དགོས་པ་ནི། བར་ཆད་སེལ་ཞིང་ནུས་པ་བསྐྱེད་པ་སྟེ། ཐུགས་ཐིགས་ལས། སྦྱང་ཞིང་ཉེ་བར་བསྐྱེད་པ་དང་། ཐོབ་བྱ་ལྔ་པོ་རྫོགས་བྱའི་ཕྱིར། །ཞེས་སོ། །ངོ་བོ་ལ་སྔགས་ཀྱི་ནི། ཨཱ་ལི་ཀཱ་ལིའི་སྟེ་ཡི་གེའི་གོ་རིམ་སྦྱར་བས་ནུས་པ་མཐུ་ཅན་དུ་འགྱུར་བའི་ཕྱིར་། དེ་ཉིད་ལས། ཡི་གེ་འདུས་པས་གྲུབ་པ་བཞི། །མཐུ་ཅན་རེད་པ་གང་ཡིན་པ། །ཞེས་གསུངས་པའི་ཕྱིར་རོ། །ཕྱག་རྒྱའི་ནི། བསྐྱེེད་རིམ་གྱི་ཡན་ལག་རྫོགས་པ་སྟེ། དེ་ཉིད་ལས། བཞི་རྫོགས་ཉིད་ལས་མི་འདའ་བ། །གང་ལ་སྣང་བ་དེ་ངོ་བོ། །ཞེས་སོ། །ངེས་ཚིག་ནི། མནྟྲ་མུ་ཏྲའི་སྒྲས་སྔགས་དང་ཕྱག་རྒྱ་སྟེ། ཡེ་ཤེས་སྙིང་པོའི་ལེའུ་བདུན་པ་ལས། ཨ་ནི་ཡིད་ཅེས་བྱ་བ་སྟེ། །ཏྲ་ནི་སྐྱོབ་པ་ཉིད་དུ་བཤད། །ཅེས་པས། ཡིད་སྐྱོབ་ཅིང་བྱིན་རླབས་འབྱུང་བ་དང་། མི་འདའ་བའམ་འཆིང་ཞིང་སྡོམ་པའི་ཕྱིར། འདིའི་བརྒྱད་པ་ལས། སྙིང་པོ་ཕྱག་རྒྱ་འདའ་དཀའོ། །ཞེས་སོ། །རྣམ་གྲངས་ལ་དངོས་དང་། ཞོར་ལ་དུས་སོ། །དང་པོ་ལ་སྔགས་དང་། ཕྱག་རྒྱ་གཉིས་སོ། །དང་པོ་ལ་བཞི། རྒྱུ་མ་ནོར་བ་རྩ་བའི་སྔགས་དང་། བསྐྱེད་པ་རྐྱེན་གྱི་དང་། བཟླགས་པ་ལས་ཀྱི། ཞོར་ལ་བཟླས་ཐབས་ནི། ཐུགས་ཐིགས་ལས། སྐྱོན་བརྒྱད་སྤངས་པའི་བརྩོན་པས་སྦྱར། །ཞེས་པས། བརྒྱད་ནི་རྔམ་གློག་ལས། སྒྲ་ཆེར་མ་ཡིན་ཆུང་བར་མིན། །མགྱོགས་པར་མ་ཡིན་བུལ་བར་མིན། །དྲག་པར་མ་ཡིན་ཞན་པར་མིན། །ཡིག་འབྲུ་ཡན་ལག་ཉམས་པར་མིན། །ཡེངས་དང་ཕྱལ་སོགས་བར་ཆད་པ། །རྒྱུ་བའི་བསམ་པ་སྤངས་པ་དང་། །ཞེས་སོ། །བཞི་པ་བསྐུལ་བ་ཕྲིན་ལས་ཀྱི་སྔགས་སོ། །གཉིས་པ་ལ་ཡང་བཞི་སྟེ། སྐུ་ཕྱག་རྒྱ་ཆེན་པོ་མི་བསྐྱོད་པ་སྟེ། གཡས་པའི་གུང་མོ་ཐུགས་ཀར་བཀན་ཐབས་སུ་བཅའ་བ་བཅའ་བ་དམ་ཚིག་གི་ཕྱག་རྒྱའོ། །ཧཱུཾ་མཐིང་ནག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འོད་འབར་བ་བསམ་པ་ནི་བསམ་པ་དམ་རྒྱའོ། །རྡོ་རྗེའི་རྩེར་ཧཱུཾ་སྒྲ་དང་བཅས་པ་བསམ་པ་ནི་བསམ་པ་ཆོས་ཀྱིའོ། །གཡོན་པ་དྲིལ་བུ་གསིལ་ཞིང་གཡོན་དུ་ཡུམ་བསམ་པ་ནི་བསམ་པ་ལས་ཀྱིའོ། །ཞབས་གཡོན་པ་པདྨའི་རིགས་སུ་བརླབས་ཏེ། ཡུམ་དང་འཁྱིལ་ཐབས་སུ་བཅའ་བ་བཅའ་བ་ལས་ཀྱིའོ། །ངག་ཏུ་ཧཱུཾ་བཛྲ་དྷྲིཀ་བརྗོད་པ་བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །ཞོར་ལ་དུས་ནི། དབང་། རབ་གནས། མཆོད་ཕྲིན་གཙོ་བོར་བསྒྲུབ་པའོ། །མེད་པའི་སྐྱོན་ནི། གསུང་གི་དམ་ཚིག་ཉམས་ཤིང་འབྲས་བུ་མེད་པར་འགྱུར་བ་སྟེ། དེ་ཉིད་ལས། རལ་གྲིའི་སོ་ལ་བཟུང་ཉེས་ལྟར། །ནན་ཏན་མེད་པའི་གསང་སྔགས་པ། །ཕུང་ཞིང་འབྲས་རྣམས་མེད་པར་འགྱུར། །ཞེས་སོ། །ཡོན་ཏན་ནི། དེ་ཉིད་ལས། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེར་འགྱུར་བས། །ཡིད་ལ་བསམ་པ་ཐམས་ཅད་འགྲུབ། །ཅེས་སོ། །དེ་ནི་བདུན་པ། བརྒྱད་པ། བཅུ་དྲུག་པ་རྣམས་ནས་སོ། །རྒྱུད་ཀྱི་དགོས་འབྲེལ་ལ་བཞི་ལས། དགོས་པ་ནི། ཕས་ཀྱི་རྒོལ་བ་ཚར་གཅད་པ་དང་དེས་རྟོགས་ལྡན་བསྟན་པ་ལ་འཇུག་པ་སྟེ། ཁོག་གཞུང་ལས། རྒྱུད་ལ་ལྡན་ཕྱིར་རྒོལ་བ་ཟློག །ཅེས་པ་དང་། རྒོལ་བ་པོ་དག་ཚར་གཅད་ཕྱིར། །ཞེས་པའོ། །ངོ་བོ་ནི། དེ་ཉིད་ལས། རྗོད་དང་འབྲེལ་པ་དགོས་ཡང་དགོས། །ཞེས་པས་ཡན་ལག་བཞི་པ་ཉིད་དོ། །ངེས་ཚིག་ནི། དེ་དག་རྒྱུད་ལ་ཚང་བའི་ཕྱིར་རོ། །རྣམ་གྲངས་ལ་གཉིས་ཏེ། གྲོལ་ལམ་གྱི་དང་། ཐབས་ལམ་གྱི་དགོས་འབྲེལ་ལོ། །དང་པོ་ལ་ཡན་ལག་བཞི་ལས། དང་པོ་བརྗོད་བྱ་ནི། དེ་ཉིད་ལས། བརྗོད་པ་བརྗོད་བྱ་རྗོད་བྱེད་དེ། །ཞེས་པས་གཉིས་ལས། བརྗོད་བྱ་ནི། བརྡ་བཏགས་པ་ལ་བརྟེན་ནས་དོན་གོ་བྱར་གནས་པ་སྟེ་རང་བཞིན་གྱི་རྒྱུད་དེ་ཡིན་ཏེ། ཁོག་གཞུང་ལས། མཚོན་བྱ་རང་བཞིན་གཞི་ཡི་རྒྱུད། །ཅེས་སོ། །རྗོད་བྱེད་ནི། སྒྲ་དང་ཚིག་ལ་བརྟེན་ནས་དོན་གོ་བྱེད་དུ་གྱུར་པ་སྟེ་མཚོན་བྱེད་ཡི་གེའི་རྒྱུད་རྣམས་ཏེ། མཚོན་བྱེད་སྒྱུ་འཕྲུལ་དྲྭ་བ་སྟེ། །ཞེས་སོ། །གཉིས་པ་དགོས་པ་ནི། དོན་དུ་གཉེར་བར་བྱ་བ་སྟེ། །དེ་ཉིད་ལས། དོན་དུ་གཉེར་ཕྱིར་དགོས་པའོ། །ཞེས་སོ། །དེ་འདིར་གང་བརྗོད་བྱ་རྟོགས་པ་ཞིག་ཡིན་ཏེ། མཛུབ་མོས་རི་བོང་ཅན་བཞིན་ནོ། །ཞེས་སོ། །གསུམ་པ་ཡང་དགོས་ནི། དོན་དུ་གཉེར་བྱ་མཐར་ཐུག་པ་སྟེ། དེ་ཉིད་ལས། དགོས་པའི་དགོས་པ་འབྲས་བུ་ཉིད། །ཅེས་སོ། །དེ་འདིར་མཐར་ཐུག་གི་འབྲས་བུ་མཐར་ཕྱིན་པ་སྟེ། དེ་ཉིད་ལས། དགོས་པ་འགྲུབ་ཕྱིར་ཡང་དགོས་སོ། །ཞེས་སོ། །ཐ་མ་འབྲེལ་པ་ནི། སྤྲིན་མེད་ན་མི་འབྱུང་བ་སྟེ། གྲུབ་སྒྲོན་ལས། མེད་ན་མི་འབྱུང་ཞེས་སོ། །རག་ལས་འབྲེལ་ཞེས་པས། དེ་ལས་ཕྱེ་བས་བདག་གཅིག་པའི་དང་། དེ་ལས་འབྱུང་བའི་འབྲེལ་བ་གཉིས་སོ། །འདིར་བརྗོད་བྱའི་དོན་རྗོད་བྱེད་ཀྱིས་བརྗོད་པ་ནི་ཐབས་ཡིན་ལ། དོན་རྟོགས་པ་ནི་ཐབས་ལས་བྱུང་བའི་ཕྱིར་དེ་གཉིས་དེ་དང་འབྲེལ་ཞིང་། ཡང་དོན་རྟོགས་པ་ནི་རྒྱུ་ཡིན་ལ་སངས་རྒྱས་པ་ནི་འབྲས་བུ་ཡིན་པའི་ཕྱིར་དེ་གཉིས་རྒྱུ་འབྲས་སུ་འབྲེལ་དགོས་པ་སྟེ། ཁོག་གཞུང་ལས། མཚོན་བྱ་མཚོན་བྱེད་རྒྱུ་འབྲས་ཚུལ། །ཤེས་དང་ཡུལ་དུ་འབྲེལ་བའོ། །དོན་གཉིས་པ་ཡང་གོང་ལྟར་ཡན་ལག་བཞི་ལས། དང་པོ་ལ་གཉིས་ཀྱི་བརྗོད་བྱ་ནི། གསང་བའི་རྣམ་ཤེས་ནི། རང་བཞིན་གསང་བའི་སྙིང་པོ་ནི། །ཞེས་མཐུན་ཟེར་ཀྱང་དོན་ཐ་དད་དེ། འདིར་གསང་བའི་ཡུལ་དང་དབང་པོ་འཕྲད་པའོ། །རྗོད་བྱེད་ནི། ཐིག་ལེ་ཆེན་པོ་ཐབས་དང་བཅས་པའོ་ཞེས་པ་འཁོར་ལོ་སྒྱུར་བ་དྲུག་ལ་སོགས་བྱེད་པ་སྡོམ་པའོ། །དགོས་པ་ནི། དགའ་བ་བཅུ་དྲུག་གིས་ཐིག་ལེ་བཞི་བཅུ་རྩ་གཉིས་ཀྱི་བདེ་བ་ཉམས་སུ་མྱོང་བ་ནི་དགའ་བ་མཆོག་དགའ་དགའ་བྲལ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་རྩ་བ་བཞི་ལས་བྱེ་བྲག་བཞི་བཞིར་ཕྱེ་བས་བཅུ་དྲུག་གོ། །ཡང་དགོས་ན། དེ་དག་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་ཡེ་ཤེས་སུ་མངོན་དུ་བྱས་པའོ། །འབྲེལ་པ་ནི། གོང་ལྟར་རམ་ཡང་ན་ཡང་དགོས་དགོས་པ་ལས་བྱུང་ཞིང་དེ་བརྗོད་བྱ་ལས་བྱུང་བའོ། །དེ་ནི་རྒྱུད་དབུ་ཞབས་ཐམས་ཅད་ནས་སྟོན་ནོ། །བསྟན་པ་གདམས་ཤིང་གཏད་པ་ལ་གསུམ་ལས་དགོས་པ་ནི། བསྟན་པ་ཡལ་བར་མི་འདོར་བས་གཅེས་སྤྲས་སུ་འཛིན་པའོ། །ངེས་ཚིག་ནི་བཀའ་སྩལ་བའི་རྒྱུད་དེ་ཟུངས་ཤིག་པར་གསུངས་པའི་ཕྱིར་རོ། །ངོ་བོ་དང་རྣམ་གྲངས་ཐུན་མོང་པ་ལ་གཉིས་ཏེ། སྤྱིར་རྒྱུད་དབུ་ཞབས་ཀྱི་བརྗོད་བྱ་སྣང་བ་བཞིར་འདུས་ལ། སྣང་བ་བཞི་ཡང་རང་བཞིན་གྱི་སྣང་བ་བཞིིའི་རྒྱུད་དུ་འདུས་ཏེ་ཡེ་ནས་སངས་རྒྱས་པ་ལས་མི་འགྱུར་བས་དེའི་དོན་ལ་རྟོགས་ཤིག་སྒྲུབས་ཤིག་འབོད་ཅིག་པར་གདམས་པ་ཡིན་ཏེ། ཀྱེ་ཀྱེ། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་སོ། །རྒྱུད་གཏད་པ་དངོས་ནི་ཐུགས་ཐིགས་ལས། སྟོན་པ་གང་གིས་གང་ཉིད་ལ། །གཏད་པ་གང་དེ་ཅི་ཡི་ཕྱིར། །ཞེས་པས་བཞི་སྟེ། གང་གིས་དང་། གང་ལ་དང་། གང་གི་ཕྱིར་དང་། ཚུལ་ཇི་ལྟར་གཏད་པའོ། །དང་པོ་ནི། སྟོན་པའི་བདག་ཉིད་དང་། །འཆད་པའི་སྐྱེས་བུས་གཏད་པ་སྟེ། ཐུགས་ཐིགས་ལས། སྟོན་པ་རང་བྱུང་རྡོ་རྗེ་འཛིན། །རྒྱལ་ཚབ་རྒྱུད་ནི་སྐྱེས་བུ་གཉིས། །ཞེས་སོ། །གཉིས་པ་ནི། གཏད་པའི་ཡུལ་གསུམ་སྟེ། ཁོག་གཞུང་ལས། སྡུད་པ་པོ་དང་བུད་མེད་དང་། །རྣལ་འབྱོར་མིག་ལྡན་ལ་སོགས་པའོ། །ཞེས་སོ། །གསུམ་པ་ནི། རྒྱལ་ཚབ་རྒྱུད་ཀྱི་སྟོན་པར་དབྱུང་བ་དང་། བརྟན་ཅིང་བྱིན་ཆེ་བ་དང་། དར་ཞིང་རྒྱས་པའི་ཕྱིར་ཏེ། དེ་ཉིད་ལས། རྟོགས་དང་བསྲུང་དང་གདམས་པ་ཡིས། །ཞེས་པ་དང་། མི་ནུབ་བསྟན་པ་ཡུན་རིང་ཕྱིར། །ཞེས་སོ། །ཐ་མ་ནི་གསུམ་སྟེ། ཐ་མ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །སྒྲོ་དང་སྐུར་པ་ཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་པས་སྡུད་པ་པོ་ལ་དང་། གང་ཟག་ཆོས་མིན་ཅན་ལ་དང་། མ་མོ་དང་མཁའ་འགྲོ་ལ་གཏད་ཚུལ་ལོ། །དེ་དག་གི་ཕྱིར་ཐ་སྙད་ཙམ་དུ་གཏད་ཅེས་བྱའོ། །དེ་ནི་ལེའུ་ཐ་མས་སྟོན་ནོ། །དབང་པོ་ཐ་མ་ལ་འབྲུ་རེ་གཉེར་རེས་བཤད་པ་ནི། ཁོག་གཞུང་ལས། ཤེས་རབ་ཐ་མའི་དོན་བསྟན་པ། །བཤད་ཚུལ་སྣོད་དང་སྦྱར་བ་སྟེ། །ཞེས་པས་སྤྱིར་འདི་བློ་རབ་ཀྱི་སྤྱོད་ཡུལ་ཡིན་ལ། དེའི་ཐ་མའི་དོན་དུ་མཚོན་བྱེད་ཀྱི་རྒྱུད་འདི་དག་གི་བཤད་ཐབས་ཀྱི་ཡན་ལག་ནི་བཅུ་སྟེ། མདོ་ཆེན་པོ་ལས། ལྟ་ཉིད་དེ་བཞིན་སྒོ་འབྱེད་དང་། །སྤྱི་སྡུད་པ་དང་སྦྱོར་བར་འབྲེལ། །རང་རྐྱེན་ལྡེམ་དགོངས་གལ་པོའི་ཚིག །མ་བཅོས་དེ་བཞིན་མཚོན་པའི་དཔེ། །ཆོ་རོལ་སྣེལ་གཞི་རྣམ་པ་ཀུན། །མེ་ལོང་བཅུ་དང་མཐུན་པར་སྦྱར། །ཞེས་པས་རང་བཞིན་ལྟ་བའི་ཚིག་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟར་བཤད་པ་ནི། ཐུགས་ཐིགས་ལས། ཀ་ལ་པངྐིའི་ཆོས་བཞི་པོས། །རྣལ་འབྱོར་ཅན་གྱིས་ལྟ་འཕང་གཅད། །ཅེས་པས་ཆོས་བཞི་སྟེ། མིག་གོང་དུ་མི་བལྟ་བ་དང་གཅིག །གཤོག་པ་གཡོབ་པའི་རྩོལ་བ་མེད་པ་དང་གཉིས། ངམ་གྲོག་དང་གཡང་ས་ལ་ཉམ་མི་ང་བ་དང་གསུམ། ཁ་འོག་ཏུ་ཆུད་པའི་ཆོས་གསལ་བ་བཞིའོ། །དང་པོ་ནི། འདིའི་གོང་ན་རྟོགས་བྱ་གཞན་མེད་པའོ། །གཉིས་པ་ནི་ལྟུང་གནས་ལ་ཉམ་མི་ང་བའོ། །གསུམ་པ་ནི་ལམ་བགྲོད་པའི་རྩོལ་བ་དང་བྲལ་བའོ། །བཞི་པ་ནི་འོག་མའི་ལྟ་བ་རྣམས་ཁ་འོག་ཏུ་ཆུད་པའི་ཆོས་གསལ་བའོ། །རྣམ་པར་འབྱེད་པའི་ཚིག་སྟག་གིས་མཆོངས་པ་ལྟར་ནི། དེ་ཉིད་ལས། བྱཱ་ཀྲི་མཆོངས་པ་དེ་བཞིན་པས། །རྒྱུད་ཀྱི་ཚིག་དོན་དུམ་བུར་གཅོད། །ཅེས་པས་གཉིས་ཏེ། བགྲོད་པར་བྱ་བའི་ས་ཚིགས་གཅིག་ཡིན་པ་དང་། ས་ཚོམས་སུ་བཅད་ནས་མཆོངས་པའོ། །དང་པོ་ནི་དཀྱུས་དབུ་ཞབས་ཀྱི་དོན་ནོ། །གཉིས་པ་ནི་གཞུང་རྣམས་ཚོམས་སུ་གཅོད་པའོ། །སྤྱི་དོན་སྡུད་པའི་ཚིག་སེང་གེའི་མཆོངས་པ་ལྟར་ནི། དེ་ཉིད་ལས། སེང་ཆེན་མཆོངས་པའི་ཆོས་གཅིག་ལྟར། །རྣམ་གྲངས་ཚིག་ལམ་དོན་གཅིག་སྡུད། །ཅེས་པས་གཉིས་ཏེ། བགྲོད་པར་བྱ་བའི་ས་ཚིགས་གཅིག་ཡིན་པ་དང་། ས་ཁམས་དུ་མ་ཁ་འོག་ཏུ་ཆུད་པའོ། །དང་པོ་ནི་ས་ཚིགས་དང་འདྲ་བར་དཀྱུས་དབུ་ཞབས་ཀྱི་དོན་ནོ། །གཉིས་པ་དབྱེ་བ་མང་པོ་རྣམས་གཅིག་ཏུ་སྡུད་པའོ། །འབྲེལ་པ་སྦྱོར་བའི་ཚིག་བྱ་ངང་མོའི་འགྲོས་ལྟར་ནི། དེ་ཉིད་ལས། ངང་མོའི་འགྲོས་ཆོས་རྣམ་གཉིས་ལྟར། །གཞན་དོན་དབུ་ཞབས་ལེའུ་མཚམས་སྦྱོར། །ཞེས་པས་གཉིས་ཏེ། སྔར་རྗེས་ཕྱི་རྗེས་ཀྱིས་ནོན་པར་འགྲོ་བ་དང་། ཕན་ཚུལ་འབྲེལ་མར་འགྲོ་བའོ། །དང་པོ་སྔར་བཤད་ཟིན་དང་ཕྱིས་འཆད་པ་རྣམས་རྗེས་ཀྱིས་ནོན་པའོ། །གཉིས་པ་ཚིག་དོན་མངོན་རྟོགས་ས་ལམ་ལ་སོགས་འབྲེལ་པའོ། །རང་རྐྱེན་གཉེར་གྱིས་རུས་སྦལ་གྱིས་ནུར་འགྲོས་ལྟར་ནི། དེ་ཉིད་ལས། རུས་སྦལ་འགྲོས་ཀྱི་ཆོས་གསུམ་པོ། །འབྲུ་སྟོང་མི་གཞག་གཟེར་གཉིས་གདབ། །ཅེས་པས་གསུམ་སྟེ། བགྲོད་པར་བྱ་བའི་ས་ཚིགས་དང་། འགྲོར་མི་མངོན་པར་རྗེས་ཀྱིས་འགེངས་པ་དང་། འགྲོར་མི་མངོན་ཡང་དུས་ལན་ཅིག་ཕྱིན་པའོ། །དང་པོ་ནི་དཀྱུས་དབུ་ཞབས་ཀྱི་དོན་ནོ། །གཉིས་པ་ཚིག་རེ་ནས་བཤད་པས་རྫོགས་པར་མི་མངོན། གསུམ་པ་མི་མངོན་ཡང་གཞུང་རྫོགས་པའོ། །ལྡེམ་དགོངས་མན་ངག་གི་ཚིག་རྣ་ཕྲུག་བྲག་ལ་འཛེག་པ་ལྟར་ནི། དེ་ཉིད་ལས། རྣ་ཕུག་འཛེག་པའི་ཆོས་ཉིད་ལྟར། །ལྡེམ་དགོངས་གསང་བ་བརྒྱད་ཀྱིས་སྦྱར། །ཞེས་པས་གཉིས་ཏེ། རྣ་ཕྲུག་གིས་བྲག་ཉི་མ་འཆར་ཚད་ལ་ཐར་བ་དང་། དེ་རི་དྭགས་གཞན་ལ་མི་འཚམས་ཡང་དེ་ཉིད་ལ་འཚམས་པའོ། །དང་པོ་ནི་ཐབས་དང་ལྡན་པས་འཆིང་བ་གཅོད་པའོ། །གཉིས་པ་དེ་འོག་མའི་ཡུལ་མིན་ཡང་འདིའི་འོ། །གཏར་ཀ་གེགས་སེལ་གྱི་ཚིག་བྱ་གླག་གཟན་ལ་འཇུམས་པ་ལྟར་ནི། དེ་ཉིད་ལས། གླག་གི་གཟན་གྱི་ཆོས་གཉིས་ལྟར། །དོན་གྱི་དམིགས་གཟུང་གེགས་བསལ་ལོ། །ཞེས་པས་གཉིས། ཡིད་ལ་བཏགས་པའི་ཟས། ཁོང་ན་གནས་པའི་བཅུད་དེ་ཟོས་པས་གླག་གི་ཉམས་རྩལ་རྒྱས་པའོ། །དང་པོ་བུས་རྟོག་པའི་ཡུལ་ལོ། །གཉིས་པ་སློབ་དཔོན་གྱི་ཐུགས་ལ་གནས་པའོ། །གསུམ་པ་དྲིས་ཤིང་ལན་གྱིས་ཚིམ་པའོ། །མཚོན་པ་དཔེའི་ཚིག་མེ་ལོང་ལྟ་བུ་ནི། དེ་ཉིད་ལས། མེ་ལོང་ཆོས་ལྟར་མཚོན་པའི་དཔེ། །ཀུན་ལ་དེས་མཚོན་ཐོག་ཏུ་དབབ། །ཅེས་པས་གཉིས། བཞིན་ལྐོག་ཏུ་གྱུར་པ་དང་། མེ་ལོང་གིས་གསལ་བའོ། །དང་པོ་གཞུང་དོན་མི་གསལ་བ་རྣམས་སོ། །གཉིས་པ་དེ་དཔེས་རྣམ་པ་གསལ་བའོ། །ཚད་མ་བཀའ་གཞུང་གི་ཚིག་དུས་ཀྱི་འབྲུག་སྒྲ་ལྟར་ནི། དེ་ཉིད་ལས། དུས་ཀྱི་འབྲུག་ལྟར་ཆོས་གསུམ་པོ། །བཀའ་ཡི་ཚད་གཟུང་སྐབས་སྦྱར་ནས། །ཞེས་པས་གསུམ། འབྲུག་སྒྲ་དུས་མིན་པར་མི་འབྱུང་། དུས་སུ་འབྱུང་། དེས་སྐྱེ་འཁྲུངས་སུ་ཡིད་ཆེས་པའོ། །དང་པོ་དྲང་བའི་ཡུལ་མིན་པར་མི་དྲང་། གཉིས་པ་སྐབས་དང་མཐུན་པར་དྲང་། གསུམ་པ་དེས་རང་གཞུང་ཁེགས་པར་ཡིད་ཆེས་ཏེ། ཇི་སྐད་དུ། ལུང་ནི་ཡིད་ཆེས་གནས་ཡིན་ཏེ། ཉེས་པ་སྤངས་པ་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་སོ། །བསྣོལ་མཚམས་འཕེན་སྡུད་ཀྱི་ཚིག་སེང་ཕྲུག་རྩལ་སྦྱོང་བ་ལྟར་བཤད་པ་ནི། མི་འཇིགས་ཕྲུག་གུ་རྩལ་སྦྱོང་ལྟར། །འབྲུ་ཚིག་དོན་གྱི་གོ་རིམ་སྡེབ། །ཅེས་པས་གཉིས་ཏེ། ཕན་ཚུན་འབྲེལ་བར་འགྲོ་བ། མ་རྗེས་དྲང་པོར་སྲོང་བའོ། །དང་པོ་གོང་འོག་འཁྲུགས་ཀྱིས་བཤད་པའོ། །གཉིས་པ་དོན་གོ་རིམ་མ་ནོར་བའོ། །དེ་དག་ལ་ཡང་དཀྱུས་དབུ་ཞབས་ཐམས་ཅད་དུ་ཁྱབ་བྱེད་དུ་འཇུག་པ་གསུམ་ལ་རྣམ་པར་འབྱེད་པ། འབྲེལ་པར་སྦྱོར་བ། རང་རྐྱེན་གཉེར་གསུམ་མོ། །ཁྱད་པར་དུ་འཇུག་པ་གསུམ་སྟེ། རང་བཞིན། ལྡེམ་དགོངས། སྤྱི་དོན་ནོ། །འཇུག་ཏུ་ཡང་རུང་བ་བཞིན་ནོ། །མཚོན་པ་དཔེ། གཏར་ཀ །ཚད་མ་བཀའ་གཞུང་། བསྣོལ་མཚམས་འཕེན་སྡུད་དོ། །དེ་ཡང་། ཚིག་དོན་མོས་པར་བཤད་པའི་ཕྱིར། །རྣམ་པར་ཕྱེ་བས་མ་འདྲེས་གསལ། །ཞེས་པའོ། །དེ་བཞིན་གཤེགས་པའི་སྣང་བ་འབྲས་བུའི་རྒྱུད་ནི། ཆོས་ཀྱི་དབྱིངས་མངོན་དུ་གྱུར་པས་དག་པ་སྐུ་དང་ཡེ་ཤེས་སུ་སྣང་བ་ནི་བཤད་པའི་གཞི་ཡིན་ཏེ། སྐུ་མཆོག་རྡོ་རྗེ་འོད་སྣང་བ། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་སོ། །དེ་ལ་བཤད་ན་ལྔ་ལས། དགོས་པ་ནི། སྐྱོན་ཐམས་ཅད་ལས་གྲོལ་ཞིང་ཡོན་ཏན་མ་ལུས་པ་ལྷུན་གྱིས་རྫོགས་པ་སྟེ། འབྲས་བུ་ཡོན་ཏན་ལྷུན་གྲུབ་པས། །ཡིད་བཞིན་ནོར་ལྟར་སྣང་བའོ། །ཞེས་སོ། །ངོ་བོ་ནི། རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམས་སོ། །འབྲས་བུའི་ངོ་བོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ལ་སོགས་པ། །ཞེས་པས། དེ་ལ་གཉིས་ཏེ། དེ་དག་བདག་དོན་དུ་གྲུབ་པ་དབྱེར་མེད་རྡོ་རྗེ་དང་། དེས་གཞན་དོན་མཛད་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། མ་འདྲེས་རྣམ་གྲངས་སུ་སྣང་བ་དང་། དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོ་དང་། མཚན་ཉིད་མཐའ་བྲལ་དུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། རྣམ་གྲངས་བསྡུས་པ་དང་། འབྲིང་པོ་དང་། རྒྱས་པའོ། །དང་པོ་ནི། སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི། །ཞེས་པ་ཆེ་བའི་ཡོན་ཏན་མ་ལུས་པའི་རྟེན་བྱེད་པས་སྐུ་དང་། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་པས་གདུལ་བྱ་ལ་བརྡ་སྤྲོད་པ་སྟེ་གསུང་དང་། ཐམས་ཅད་མཁྱེན་པའི་ཐུགས་ཡིན་ཏེ། །དེ་ཡིས་མི་མཁྱེན་གང་ཡང་མེད། །ཅེས་སོ། །ཡོན་ཏན་ནི་མངའ་ཐང་རྫོགས་པ་སྟེ། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར། །ཞེས་སོ། །ཕྲིན་ལས་ནི་གདུལ་བྱའི་བྱ་བ་བྱེད་པ་སྟེ། གདུལ་བྱ་ཐམས་ཅད་ཆུད་མ་ཟོས། །ཞེས་སོ། །བར་པ་ནི། ཁོག་གཞུང་ལས། དེ་ཡང་སྐབས་ཀྱི་ལྔ་ལྔ་སྟེ། །ཞེས་པས་རེ་རེར་ཡང་ལྔ་ལྔའོ། །དེ་ལས་སྐུ་ལྔ་ནི། རིག་པ་སྤྲོས་བྲལ་གྱི་དབྱིངས་མངོན་དུ་གྱུར་པ་ཆོས་ཀྱི་སྐུ་སྟེ། འདིའི་དྲུག་པ་ལས། དེ་བཞིན་དབྱིངས་ལས་མ་གཡོས་ཀྱང་། །ཞེས་པ་དང་། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །ཞེས་སོ། །སྣ་ཚོགས་ཟག་མེད་ཀྱི་བདེ་བར་ལོངས་སྤྱོད་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཡང་དག་ཐར་པའི་གཟུགས་སྐུ་དང་། །ཞེས་པ་དང་། དེ་མི་ཤེས་ཀྱི་གཏེར་དུ་འགྱུར། །ཞེས་པའོ། །དེ་ཉིད་འགྲོ་བ་ཇི་ལྟར་མོས་པ་ལྟར་སྐུ་སྣ་ཚོགས་སུ་སྣང་བ་སྤྲུལ་པའི་སྐུ་སྟེ། དེ་ཉིད་ལས། འགྲོ་བ་མ་ལུས་འདུལ་བའི་ཕྱིར། །མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན། །ཞེས་སོ། །དབྱེར་མེད་ཀྱི་དོན་རིག་པའི་མཚན་ཉིད་འཛིན་པ་རྡོ་རྗེའི་སྐུ་སྟེ། དེ་ཉིད་ལས། སྟོན་ཉིད་སྒྱུ་མ་མིག་ཡོར་ཚུལ། །ཚུལ་ཉིད་དབྱིངས་ལས་གཡོས་པ་མེད། །ཅེས་སོ། །དེ་དག་རིག་པའི་ཡེ་ཤེས་ལ་ལྷུན་གྱིས་རྫོགས་པ་མངོན་པར་བྱང་ཆུབ་པའི་སྐུ་སྟེ། དེ་ཉིད་ལས། མ་གཡོས་བཞིན་དུ་སྣ་ཚོགས་པའི། །དེ་ཚེ་མི་མཐུན་སྣ་ཚོགས་ལ། །སོ་སོ་འདྲ་བར་སྣང་བ་ཡིན། །ཞེས་སོ། །གསུང་ལྔ་ནི། བརྗོད་མེད་དོན་གྱི་གསུང་ནི། བདུན་པ་ལས། སྒྲ་དང་མིང་ཚིག་ཀུན་ལས་འདས། །སྣ་ཚོགས་སྒྲ་རྣམས་གསལ་བར་འགྱུར། །ཞེས་སོ། །དགོངས་པ་བརྡའི་གསུང་ནི། དྲུག་པ་ལས། དེ་བཞིན་གསུང་མཆོག་མི་སྨྲ་ཞིང་། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །ཞེས་སོ། །བརྗོོད་པ་ཚིག་གི་གསུང་ནི། བདུན་པ་ལས། བརྗོད་མེད་དེ་ཉིད་སྣ་ཚོགས་སྒྲ། །ཀུན་ལ་གྲགས་ཤིང་སོ་སོར་འཇལ། །ཅེས་སོ། །དབྱེར་མེད་རྡོ་རྗེའི་ནི། དེ་ཉིད་ལས། སྒྲ་ཉིད་མ་ཆགས་ངང་དུ་གསུངས། །གསུངས་པ་ཉིད་ན་བརྗོད་དུ་མེད། །ཅེས་སོ། །རིག་པ་བྱིན་རླབས་ཀྱི་གསུང་ནི། །དེ་ཉིད་ལས། གྲོལ་ཐར་ལམ་དང་འཁོར་བའི་སྒྲ། །ཇི་སྐད་བརྗོད་ཀྱང་གསུང་མཆོག་སྟེ། །ཞེས་སོ། །ཐུགས་ལྔ་ནི། སྐྱེ་མེད་ཀྱི་དབྱིངས་མངོན་དུ་གྱུར་པ་རྣམ་པ་ཅིར་ཡང་མི་རྟོག་པ་སྟེ། རྣམ་བཀོད་ལས། སྟོང་ཉིད་ཡེ་ཤེས་དངོས་པོ་མེད། །ཅེས་སོ། །ཐ་དད་དུ་འཛིན་པ་དག་པ་མཉམ་པ་ཆེན་པོ་སྟེ། དེ་ཉིད་ལས། མཉམ་ཉིད་ཡེ་ཤེས་བཟང་ངན་མེད། །ཅེས་སོ། །ཐུགས་རྗེས་འགྲོ་བ་རྣམས་ཡང་དག་པའི་ས་ལ་སྒྲོལ་བ་སྟེ། དེ་ཉིད་ལས། བྱ་བའི་ཡེ་ཤེས་མཐར་ཕྱིན་པ། །ཞེས་སོ། །ཆོས་སྤྱི་དང་རང་མཚན་ཅིར་ཡང་ས་ལེ་མཁྱེན་པའི་ཐུགས་ནི། དེ་ཉིད་ལས། ཀུན་རྟོག་ཡེ་ཤེས་མ་འདྲེས་གསལ། །ཞེས་སོ། །རྒྱས་པའི་དོན་གཉིས་པ་ལས། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །རྩ་བ་ལྔ་ཞེས་བརྗོད་མེད་ཀྱང་། །བརྗོད་པའི་མཚན་ཉིད་ཡོངས་མེད་དེ། །མཚན་ཉིད་མེད་པར་སྣ་ཚོགས་སྣང་། །དེ་ཉིད་ཐམས་ཅད་མཁྱེན་པ་ཉིད། །ཅེས་སོ། །ཡོན་ཏན་ལྔ་ནི། རྣམ་པར་དག་པའི་ཞིང་ཁམས་ནི། །ཞིང་ཁམས་རྣམ་དག་བསམ་ཡས་དང་། །ཞེས་སོ། །རྒྱ་དང་ཡ་བའི་གཞལ་བྱས་ནི། །ཞེས་སོ། །གསལ་ཞིང་དག་པའི་འོད་ཟེར་ནི། །མཐིང་ཁ་དཀར་པོ་སེར་ལེ་བརྒན། །ཞེས་པ་དང་། འོར་ཟེར་འཕྲོ་བའི་ཚོགས་ཆེན་པོ། །ཞེས་སོ། །ཁྱད་པར་འཕགས་པའི་གདན་ཁྲི་ནི། མི་འཇིགས་པ་སེང་གེའི་ཁྲི་དང་ཞེས་པ་ལ་སོགས་དང་། རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་ཞེས་སོ། །དགྱེས་རྒུར་རོལ་པའི་ལོངས་སྤྱོད་ནི། གཟུགས་སྣ་ཚོགས་དང་ལ་སོགས་སོ། །ཕྲིན་ལས་ལྔ་ནི། རྟོག་པ་དང་ཟུག་རྔུ་ཞི་བས་དང་། ཡེ་ཤེས་དང་ཚེ་བསོད་རྒྱས་པས་དང་། རྣམ་རྟོག་གདུལ་བྱ་དབང་གིས་དང་། །མ་རིག་པ་དང་གནོད་སྟུག་དྲག་པོས་དང་། །ལྷུན་གྱིས་གྲུབ་པས་དོན་མཛད་པའོ། །དེ་དག་ཐམས་ཅད་དོན་གཉིས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱི། །བྱ་བྱེད་མེད་ལས་རྣམ་བཞིར་མཛད། །མཛད་དང་མཛད་པར་བྱ་བ་མེད། །ཅེས་སོ། །ཐ་མ་ནི། དེ་ལྟར་སྐུ་ནི་རེ་བདུན་པ་ལས། བདེ་གཤེགས་སྐུ་ལྔ་མདོ་རུ་བསྡུས། །བཅོམ་ལྡན་འདས་དང་བྱང་ཆུབ་སྐུ། །བླ་མེད་གཟུགས་དང་རྡོ་རྗེའི་སྐུ། །དེ་ལ་སོགས་པ་སྐུ་བསམ་ཡས། །ཞེས་སོ། །གསུང་ནི། གསུང་བརྗོད་བསམ་གྱིས་མི་ཁྱབ་པ། །ཞེས་པ་དང་། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས། །ཞེས་སོ། །ཐུགས་ནི། ཐེག་པ་བསམ་ཡས་སྟོན་པ་ཡང་། །དེ་བཞིན་ཉིད་ཀྱི་མ་བརྗོད་ཀྱང་། །སེམས་ཅན་བློ་ཡི་རིམ་པ་བཞིན། །སོ་སོར་འཚམས་པར་ཀུན་ལ་གསལ། །ཞེས་སོ། །ཡོན་ཏན་ནི། རྒྱས་པ་ལས། ཡེ་ཤེས་སྤྱན་གྱིས་སྤྲས་པའི་ཕྱིར། །ཞིང་དང་ཡོན་ཏན་བསམ་མི་ཁྱབ། །ཅེས་སོ། །ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ནི། དེ་ཉིད་ལས། འགྲོ་བའི་ཕྲིན་ལས་བསམ་མི་ཁྱབ། །ཅེས་སོ། །གཉིས་པ་ནི། ལྷུན་གྲུབ་ཡོན་ཏན་རང་སྣང་བ། །ཅེས་པས། དེ་དག་ཀྱང་ཆོས་ཉིད་མངོན་བྱས་ཀྱི་ལྡོག་པ་ཐ་དད་པ་ཙམ་ཡིན་གྱི། ཡེ་ཤེས་ཆོས་ཀྱི་དབྱིངས་ལས་མི་གཞན་པའི་ཕྱིར། དཔེར་ན་བུམ་པ་གཅིག་གི་རྫས་དང་ལྡོག་པ་ལྟ་བུ་སྟེ། གཉིས་མེད་སེམས་སུ་མངོན་བྱས་པས། །བདེན་གཉིས་དབྱེར་མེད་རྡོ་རྗེའི་སྐུ། །ཆུ་ཡི་ཟླ་བ་ལྟ་བུ་བ། །རང་བཞིན་དང་བ་ཐ་མི་དད། །ཅེས་སོ། །ཐ་མ་ནི། ཁོག་གཞུང་ལས། མཚན་ཉིད་གཅིག་དང་དུ་མ་མེད། །ཅེས་པས། དེའང་མཐའ་གང་དུའང་མ་གྲུབ་པའི་ཕྱིར་བཞི་ཆར་ཡིན་པའི་ཐམས་ཅད་དུ་ལྷུན་གྱིས་གྲུབ་པ་སྟེ། རིམ་གསུམ་ལས། མཚན་ཉིད་བཞི་དང་ལྡན་པའི་ཕྱིར། །མ་ལུས་གཅིག་མིན་ཐ་དད་མིན། །ཞེས་པ་དང་། མཚན་ཉིད་གཅིག་དང་དུ་མ་མེད། །ཅེས་པ་དང་། འདིའི་དགུ་པ་ལས། གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་པ་དང་། དུས་གསུམ་རིམ་པར་རྫོགས་སངས་པའི། །ལོག་རྟོག་ཐ་དད་སྣང་བ་ཡང་། །ཡེ་ནས་མཐའ་ལས་གྲོལ་བའི་ཕྱིར། །གཅིག་དང་མི་གཅིག་བརྗོད་བསམ་འདས། །ཞེས་སོ། །ཆོས་གཉིས་པ་ལ་ཡང་དོན་གསུམ་ལས། གདུལ་བྱ་གཟིགས་པར་མཛད་པ་ལ། གཟིགས་པར་འཐད་པ་དང་། གཟིགས་ལུགས་རྒྱས་པར་བསྟན་པ་སྟེ། དེ་ཉིད་ལས། ཉིད་ལས་མི་གཞན་དོན་ཉིད་ཀྱིས། །མེ་ལོང་ལྟ་བུར་གཟིགས་པར་འགྱུར། །ཞེས་སོ། །ཐུགས་རྗེ་ཤར་བར་མཛད་པ་ལ། ཐུགས་རྗེའི་རྒྱུ་རྐྱེན་བསྟན་པ་དང་། སྐྱེ་ཚུལ་རྒྱས་པར་བཤད་པ་སྟེ། དེ་ཉིད་ལས། ཐུགས་རྗེ་ཆེན་པོས་གདུལ་བྱ་ལ། །རྟག་རྒྱུན་རང་བཞིན་ཤུགས་གསོལ་དང་། །ཡུལ་དང་འཕྲད་ནས་འབྱུང་བར་སྣང་། །ཞེས་སོ། །ཤར་ནས་འགྲོ་དོན་མཛད་པ་ལ་དོན་མཛད་པའི་བཞེད་གཞུང་ཐ་དད་བསྟན་པ་དང་། མཛད་ཚུལ་རྒྱས་པར་བཤད་པ་སྟེ། དེ་ཉིད་ལས། ཕྲིན་ལས་རྣམ་བཞིའི་མཛད་སྤྱོད་ཀྱིས། །བྱ་བ་མེད་བཞིན་དོན་རྣམས་རྫོགས། །ཞེས་པ་ཉིད་དོ། །སྒྲ་བཤད་པའམ་ཏ་ཐཱ་ག་ཏའི་སྒྲས་དེ་བཞིན་གཤེགས་པ་སྟེ། དེ་ཞེས་པ་ཆོས་ཉིད་དོ། །བཞིན་ཞེས་པ་མ་བསླད་པ་སྟེ། རྒྱས་པ་ལས། དེ་བཞིན་ཉིད་དུ་གཤེགས་པ་ཡང་། །ཞེས་པ་དང་། གཤེགས་པ་ནི་དེ་མངོན་དུ་བྱས་པས་འབྲས་བུ་མཐར་ཕྱིན་པ་སྟེ། སྣ་ཚོགས་ཞེན་ལས་གྲོལ་བར་བཤད། །ཅེས་སོ། །སྣང་བ་ནི་དག་པ་ཡེ་ཤེས་སུ་སྣང་བ་སྟེ། སྐུ་མཆོག་རྡོ་རྗེ་འོད་སྣང་བ། །ཅེས་སོ། །འབྲས་བུ་ནི་ལམ་བགྲོད་པ་དོན་ཡོད་པ་སྟེ། ཁོག་གཞུང་ལས། གྲུབ་པའི་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་སོ། །རྒྱུད་ཅེས་པ་འབྲས་བུའི་དགོས་པ་ཚང་ཞིང་འབྲེལ་བ་དང་ལྡན་པའི་ཕྱིར་རོ། །དབྱེ་བ་ནི། ཐེག་པ་ཐུན་མོང་གི་འབྲས་བུ་སྨིན་འབྲས་དང་། འདི་ཉིད་ཀྱི་འབྲས་བུ་བྲལ་འབྲས་སོ། །དང་པོ་ནི་རྟེན་སྐུ་གསུམ་སྟེ། དྲུག་པ་ལས། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ལོངས་སྤྱོད་ཟད་མེད་རིན་ཆེན་གཏེར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཅེས་སོ། །བརྟེན་པ་ཡེ་ཤེས་བཞི་ནི། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །ཞེས་སོ། །མཛད་པ་ཕྲིན་ལས་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ནམ་མཁས་ཇི་ལྟར་ཁྱབ་གྱུར་པ། །མཛད་པས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་པས། སྣ་ཚོགས། རྒྱུན་འབྱུང་། ལྷུན་གྲུབ་དང་བཅས་པས་སོ། །གཉིས་པ་ནི། ཁོག་གཞུང་ལས། ལམ་དུ་གྱུར་འབྲས་མཐར་ཐུག་འབྲས། །ཞེས་པས་གཉིས་ལས། ལམ་དུ་གྱུར་པའི་འབྲས་བུ་ནི་གོང་དུ་བསྟན་ཏེ། ཚེ་ལ་དབང་དང་ཕྱག་རྒྱ་ཆེ། །ལྷུན་གྲུབ་ཏིང་འཛིན་ལ་སོགས་པ། །ལམ་དང་འབྲས་བུ་ཐུན་མོང་བརྗོད། །ཅེས་སོ། །མཐར་ཐུག་གི་འབྲས་བུ་ཡང་དེའི་ངོ་བོའི་སྐབས་སུ་ཟབ་ཅིང་རྒྱ་ཆེ་བར་བཤད་ཟིན་ཏོ། །ཞོར་ལ་དེ་དག་གི་དོན་ཉེ་བར་སྦྱར་བའི་བཤད་པ་ནི་འབྲས་བུ་དེ་དག་གི་ཐོབ་ཚུལ་ཏེ། དེ་ལ་གཉིས་ལས། ལམ་ཐུན་མོང་གི་ཐེག་པ་པའི་ལུགས་ཀྱི་སངས་རྒྱས་ནི་སྤངས་རྟོགས་མཐར་ཐུག་པ་ཞེས་བྱ་བར་འདོད་དེ། འཕགས་པའི་ལམ་དུ་ས་བཅུས་སྤང་བྱ་སྒྲིབ་པ་རྣམས་སྤངས་ནས་གོང་གི་ཐོབ་བྱ་རང་གི་འབྲས་བུ་ཐོབ་པར་འདོད་པ་སྟེ། དེ་ནས་ས་བཅུ་རིམ་གྱི་འབྱང་། །བླ་མེད་བྱང་ཆུབ་ཡང་དག་འཐོབ། །ཅེས་སོ། །འདིར་ནི་སྤངས་ཐོབ་དང་བྲལ་ཏེ། འདིའི་གཉིས་པ་ལས། ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་ཞེས་པ་དང་། དགུ་པ་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །ཞེས་པ་དང་། དོན་གཉིས་པ་ལས། སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་རྨད་བྱུང་ཀུན་གྲགས་པ། །གཞན་ནས་ཡོད་འོང་མ་ཡིན་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་པས ། ཡེ་ནས་ཡིན་པའི་དོན་ཉིད་མངོན་དུ་བྱས་པས་འབྲས་བུ་མཐར་ཕྱིན་པ་སྟེ། མཐར་ཐུག་བསྐྱེད་དུ་བྱ་བ་མེད། །ཅེས་པ་དང་། ལམ་དང་འབྲས་བུར་བཅས་པ་ཡང་། །འཕྲལ་དུ་བྱ་བ་འབྱུང་མེད་དེ། །སེམས་ཅན་དུས་ནས་ལྷུན་རྫོགས་པས། །ཞེས་གསུངས་པའི་ཕྱིར་རོ། །དེ་ནི་དང་པོ་དང་། གཉིས་པ་དང་། གསུམ་པའི་སྟོད། བཞི་པ། ལྔ་པ། དྲུག་པའི་སྨད། བདུན་པའི་སྨད། དགུ་པ། བཅུ་གཉིས་པ། བཅུ་གསུམ་པ། བཅུ་བཞི་པ། བཅོ་ལྔ་པ། ཉེར་གཅིག་པ། ཐ་མ་རྣམས་ནས་སྟོན་ནོ། །རྒྱུད་ཀྱི་དོན་སྤྱིའི་རྣམ་པར་བཞག་པ་རྡོ་རྗེ་དྲྭ་བའི་འོད་ཅེས་བྱ་བ་རྫོགས་སོ། །མངྒ་ལཾ།། །།

དཔལ་གསང་བ་སྙིང་པོའི་བསྡུས་དོན་འོད་ཟེར་མཐའ་ཡས།

དཔལ་གསང་བ་སྙིང་པོའི་བསྡུས་དོན་འོད་ཟེར་མཐའ་ཡས་ཞེས་བྱ་བ་བཞུགས་སོ། །ཐུགས་མཆོག་རྡོ་རྗེ་མི་བསྐྱོད་ལ། །ལྷག་པའི་ལྷ་ཕྱིར་ཕྱག་བཙལ་ནས། །རྒྱུད་དོན་ལ་དབྱེ་དེ་བསྡུས་དོན། །བདེ་བླག་རྟོག་ཕྱིར་འདིར་དགོད་བྱ། །དཔལ་གསང་བའི་སྙིང་པོ་འདི་ལ་གཉིས་ཏེ། རྒྱུད་ཀྱི་མཚན་བསྟན་པ་དང་། མཚན་དེ་དང་ལྡན་པའི་རྒྱུད་དོན་དངོས་སོ། །དེ་ལ་གསུམ་སྟེ། ཀླད་ཀྱི་དོན་སྟོན་པ་ལ་ཕྱག་བཙལ་བ་དང་། གཞུང་གི་དོན་ཡི་གེའི་རྒྱུད་བཤད་པ་དངོས་དང་། མཇུག་གི་དོན་རྒྱུད་རྫོགས་པའི་བྱ་བ་བསྟན་པའོ། །གཉིས་པ་ནི། བཀའ་རང་གཉེར་གཞུང་ཚོགས་ལེའུ་ཉེར་གཉིས་ལ། སློབ་དཔོན་གདམས་ངག་གིས་ལྔ་སྟེ། རྒྱུད་འབྱུང་བའི་རྒྱུ་གླེང་གཞི་ཕུན་སུམ་ཚོགས་པ་དང་། རྐྱེན་གླེང་བསླང་བ་དང་། འབྲས་བུ་རྒྱུད་དོན་དངོས་དང་། དེ་དག་ལ་ཁྱབ་བྱེད་དུ་རྒྱུད་ཀྱི་དགོས་འབྲེལ་དང་། འཁོར་ལ་རྒྱུད་གདམས་ཤིང་གཏད་པའོ། །དང་པོ་རྒྱུད་ཀྱི་རྒྱུ་གླེང་གཞི་ལ་གཉིས། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གསུམ་སྟེ། ཐུན་མོང་མ་ཡིན་པའི་སྒོ་ནས་གླེང་གཞི་མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པ་དང་། མདོར་བསྡུས་པའོ། །གཉིས་པ་ལ་གསུམ་སྟེ། སྟོན་པ་དང་། གནས་དང་། འཁོར་ཕུན་སུམ་ཚོགས་པའོ། །དང་པོ་ལ་གཉིས་ཏེ། སྟོན་པའི་རང་བཞིན་དང་། སྟོན་པའི་ངོ་བོའི་འཆད་པའི་སྐྱེས་བུ་དང་མཚན་ཐུན་མོང་དུ་བསྟན་པའོ། །གནས་ལ་ལྔ་སྟེ། རང་བཞིན་དང་། ངོ་བོ་དང་། ཁྱད་པར་དང་། མཚན་ཉིད་དང་། གདན་ཁྲིའོ། །ངོ་བོ་ལ་བདུན་ཏེ། གཞི་དང་། རྒྱུ་དང་། རྒྱ་ཁྱོན་དང་། དབྱིབས་དང་། རྩེ་མོ་དང་། རྒྱན་དང་། འོག་གཞི་འབུར་འཕང་དང་བཅས་པའོ། །རྒྱན་ལ་གཉིས་ཏེ། སྤྱིའི་རྒྱན་དང་། བྱེ་བྲག་གི་རྒྱན་ནོ། །ཁྱད་པར་ལ་གསུམ་སྟེ། གློ་འབུར་དང་། སྒོ་དང་། རྟ་བབས་ཀྱི་དོན་ནོ། །འཁོར་ལ་གསུམ་སྟེ། རྣམ་གྲངས་དང་། སྐུ་མདོག་དང་། ཚད་དོ། །དང་པོ་ལ་གཉིས་ཏེ། རང་བཞིན་གཉིས་སུ་མེད་པའི་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་རོ། །དང་པོ་ལ་གཉིས་ཏེ། རིགས་ཀྱི་ཡབ་ལྔ་དང་། ཡུམ་ལྔའོ། །རིགས་ཁྱད་པར་ཅན་གྱི་ལ་གཉིས་ཏེ། རྒྱལ་སྲས་སེམས་དཔའི་དང་། འཇིགས་བྱེད་ཆེན་པོའི་འཁོར་རོ། །དང་པོ་ལ་གཉིས་ཏེ། ནང་གི་སེམས་དཔའ་ཡབ་ཡུམ་དང་། ཕྱིའི་སེམས་དཔའ་ཡབ་ཡུམ་མོ། །ཚད་ལ་གཉིས་ཏེ། ཁྱབ་པའི་ཚད་དང་། མང་བའི་ཚད་དོ། །གླེང་གཞི་བསྡུས་པ་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། བསྡུས་པ་དངོས་གླེང་གཞིའི་ངེས་ཚིག་དང་བཅས་པ་དང་། གསང་སྔགས་མཚོན་པར་བྱེད་པའི་ཚིག་གོ། །དོན་གཉིས་པ་རྐྱེན་གླེང་བསླང་བ་ལ་གཉིས་ཏེ། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གཉིས་ཏེ། གཞུང་དངོས་གླེང་བསླང་བ་དང་། དེའི་ངོས་ཚིག་གོ། །དང་པོ་ལ་གཉིས་ཏེ། ཐུན་མོང་མ་ཡིན་པར་གླེང་བསླང་བ་དང་། ཐུན་མོང་དུའོ། །དང་པོ་ལ་གཉིས། གསང་དབང་བསྐུར་བ་དང་། དབང་གཉིས་ཀྱི་ལས་ཐུན་མོང་དུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། གླེང་བསླང་ནས་དབང་བསྐུར་བ་དངོས་དང་། གསང་དབང་ཐོབ་པའི་ཡོན་ཏན་ངེས་ཚིག་དང་བཅས་པ་པའོ། །དང་པོ་ལ་གཉིས་ཏེ། དབང་བསྐུར་བའི་ཆེད་དུ་ཡབ་ཡུམ་གྱིས་སྙོམས་པར་ཞུགས་པ་ལོ་རྒྱུས་སུ་བརྗོད་པ་དང་། ཉམས་སུ་བསྟར་བའི་དོན་ལས་རྫས་ཀྱིས་དབང་བསྐུར་ཞིང་དེའི་རྟོགས་པ་བརྗོད་པའོ། །དབང་གཉིས་ཀྱི་ལས་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། སེམས་བསྐྱེད་ཅིང་ཇི་ལྟར་དབང་བསྐུར་བའི་རིམ་པ་དངོས་དང་། དེའི་ཡོན་ཏན་ནོ། །བར་པ་ལ་ལྔ་སྟེ། གཡོ་ལྡང་བྱང་སེམས་དང་། འཇིག་འཇུག་དང་། གནས་པ་དང་། སྨོན་པ་དང་། འགྲོ་འོང་བྱང་ཆུབ་ཀྱི་སེམས་སོ། །ཐུན་མོང་དུ་གླེང་བསླང་བ་ལ་གཉིས་ཏེ། འཁོར་གྱིས་ཞུས་པ་དང་། སྟོན་པས་གནང་བའོ། །དང་པོ་ལ་གཉིས་ཏེ། ལོ་རྒྱུས་སུ་བརྗོད་པ་དང་། གསང་བ་བཞིས་ཆོད་པའི་གདུལ་བྱའི་ཆེད་དུ་རྒྱུད་བཤད་པར་ཞུས་པ་དངོས་སོ། །སྟོན་པས་གནང་བ་ལ་གཉིས་ཏེ། ཐུགས་རྗེ་བསྐྱེད་ནས་གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། ལྷུན་གྲུབ་ཀྱི་ཆོས་སྟོན་པའི་ཆེད་དུ་སྤྲོ་བར་ཞལ་གྱིས་བཞེས་པའོ། ༈ །གསུམ་པ་རྒྱུད་དོན་ལེའུ་གསུམ་པ་ལ་གཉིས་ཏེ། གཞུང་དང་། མཚན་ནོ། །དང་པོ་ལ་གཉིས་ཏེ། རྒྱས་པ་དང་། བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས་ཏེ། བསྟན་པ་འབྱུང་བའི་སྤྱིའི་གླེང་གཞི་དང་། ཡོངས་སུ་ཤེས་པར་བྱ་བ་རྒྱུད་དངོས་ཀྱི་ལྟ་བའོ། །དང་པོ་ལ་གཉིས་ཏེ། གླེང་གཞིའི་རྒྱུ་དང་། དེའི་ངོ་བོ་དངོས་སོ། །དེ་ལ་གཉིས་ཏེ། སྤྱིར་དང་། བྱེ་བྲག་ཏུ་བསྟན་པའོ། དེ་ལ་བཞི་སྟེ། སྐུའི་མཛད་པ་དང་། ཐུགས་ཀྱི་མཛད་པ་དང་། བསམ་གྱིས་མི་ཁྱབ་པའི་མཛད་པ་དང་། གསུང་གི་མཛད་པའོ། །དེ་ལ་གཉིས་ཏེ། མདོར་དང་། རྒྱས་པའོ། །དེ་ལ་གཉིས་ཏེ། ཉོན་མོངས་པ་ལ་དགོངས་ཏེ་དབྱེ་བ་དང་། གཉེན་པོ་ལ་དགོངས་ཏེ་བསྡུ་བའོ། །ཡོངས་སུ་ཤེས་པར་བྱ་བ་རྒྱུད་དངོས་ཀྱི་ལྟ་བ་ལ་གཉིས་ཏེ། སྟོན་པས་གསུངས་ཏེ་སྡུད་པ་པོས་ལོ་རྒྱུས་སུ་བརྗོད་དེ་མཚམས་སྦྱར་བ་དང་། ཇི་ལྟར་གཏན་ལ་དབབ་བྱའི་ལྟ་བ་དངོས་སོ། །དེ་ལ་གཉིས་ཏེ། གཏན་ལ་དབབ་བྱ་འཁོར་བའི་ཆོས་དང་། འབེབས་བྱེད་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་ཡོན་ཏན་ནོ། །དང་པོ་ལ་གསུམ་སྟེ། གཞལ་བྱ་དང་། གཏན་ཚིགས་དང་། གྲུབ་མཐའི་འབྲས་བུ་རྡོ་རྗེའི་ཐེག་པ་བསྟན་པའོ། །བར་པ་ལ་གཉིས་ཏེ། ཐུན་མོང་བདེན་པའི་དང་། ཐུན་མོང་མ་ཡིན་པའི་གཏན་ཚིགས་སོ། །དེ་ལ་གཉིས་ཏེ། རྟོགས་པའི་དང་། དག་པའི་གཏན་ཚིགས་སོ། །དང་པོ་ལ་གཉིས་ཏེ། རྒྱུ་གཅིག་པའི་རྟོགས་པ་དང་། ཡིག་འབྲུའི་ཚུལ་གྱིས་རྟོགས་པའོ། །མྱ་ངན་ལས་འདས་པའི་ཐེག་པ་ལ་ལྔ་སྟེ། ཐེག་པའི་ཁྱད་པར་དང་། རང་བཞིན་སྣང་བ་དང་། སངས་རྒྱས་དང་ཆོས་ལ་འབྱུང་འཇིག་དར་ནུབ་མེད་པ་དང་། རྒྱུད་ཀྱི་ཆེ་བ་དང་། གདུལ་བྱ་དང་མཐུན་པར་གསུངས་པའང་ཡང་དག་པར་གསུང་དུ་མེད་པར་བསྟན་པའོ། །རྒྱུད་ཀྱི་ཆེ་བ་ལ་གཉིས་ཏེ། བསྟན་པའི་འབྱུང་གནས་ཡིན་པ་དང་། །ལུང་གི་སྤྱི་འགྲེལ་ཡིན་པའོ། །ལུང་གི་སྤྱི་འགྲེལ་ཡིན་པའོ། །ལེའུ་བསྡུས་པ་ལ་བཞི་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། བསྡུས་པ་དངོས་དང་། གསང་སྔགས་མཚོན་པའི་ཚིག་དང་། བསྡུས་པའི་ཡོན་ཏན་ནོ། ༈ །ལེའུ་བཞི་པ་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་རྗོད་པ་དང་། གཞུང་དང་། མཚན་ནོ། །གཞུང་ལ་གཉིས་ཏེ། རྒྱས་པ་དང་། བསྡུས་པའོ། །དང་པོ་ལ་བཞི་སྟེ། ཡི་གེ་ཇི་ལྟར་བྱུང་བའི་ཚུལ་དང་། ཡི་གེ་བྱུང་བའི་མཐུ་དང་། ལམ་པའི་དབང་དུ་སེམས་སྦྱང་བ་དང་། ཡི་གེའི་དོན་བཤད་པའོ། །སེམས་སྦྱང་བ་ལ་གསུམ་སྟེ། ཨ་ལ་སེམས་སྦྱང་བ་དང་། ཡི་གེ་གཞན་ལ་སེམས་སྦྱང་བ་དང་། དེ་ཡེ་ཤེས་ཀྱི་རྒྱུར་བསྟན་པའོ། །དོན་བཤད་པ་ལ་གསུམ་སྟེ། ལོ་རྒྱུས་སུ་བརྗོད་པ་དང་། དོན་བཤད་པ་དངོས་དང་། མཇུག་བསྡུ་བའོ། །བར་པ་ལ་གཉིས་ཏེ། སྤྱིའི་མཚན་ཉིད་ཀྱི་དོན་དང་། རང་གི་མཚན་ཉིད་ཀྱི་དོན་ནོ། །དང་པོ་ལ་བཞི་སྟེ། ཡི་གེའི་ཆེ་བ་དང་། རང་བཞིན་དང་། བྱེད་ལས་དང་། ངེས་ཚིག་གོ། །དང་པོ་ལ་གཉིས་ཏེ། ཡི་གེ་སྐུ་གསུམ་གྱི་བདག་ཉིད་དུ་སངས་རྒྱས་པ་དང་། སངས་རྒྱས་དེ་དག་གི་སྐུ་གསུང་ཐུགས་ཀྱི་མཚོན་བྱེད་དུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། དོན་བདེན་པ་དབྱེར་མེད་པའི་རང་བཞིན་ཆོས་སྐུར་དང་། ཡི་གེ་བསྡུས་པའི་ཆོས་ཐམས་ཅད་ལ་དབང་སྒྱུར་བ་ལོངས་སྐུ་དང་། དེ་ཉིད་སྣ་ཚོགས་སུ་སྣང་བས་དོན་མཛད་པ་སྤྲུལ་སྐུར་བསྟན་པའོ། །དེ་ལ་གསུམ་སྟེ། གསུང་དུ་དང་། ཐུགས་སུ་དང་། སྐུ་རུ་བསྟན་པའོ། །རང་གི་མཚན་ཉིད་ལ་གཉིས་ཏེ། ཁྱབ་བྱེད་ཀྱི་ཡི་གེ་གསུམ་གྱི་དང་། ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་དོན་བཤད་པའོ། །དེ་ལ་བདུན་ཏེ། ཀུན་ཏུ་བཟང་མོའི་ཡི་གེ་དང་། རིགས་ལྔ་ཡབ་ཡུམ་གྱི་དང་། སེམས་དཔའ་སྒོ་བ་དང་བཅས་པ་དང་། སྒོ་མ་བཞིའི་དང་། ཀུན་ཏུ་བཟང་པོའི་དང་། ཐུབ་པ་དྲུག་གི་དང་། བྱང་གི་སྒོ་བའི་ཡི་གེའོ། །སེམས་དཔའ་སྒོ་བ་དང་བཅས་པ་ལ་བཞི་སྟེ། ནང་གི་སེམས་དཔའ་ཤར་གྱི་སྒོ་བ་དང་བཅས་པའི་ཡི་གེ་དང་། ནང་གི་སེམས་མ་ལྷོའི་སྒོ་བ་དང་བཅས་པའི་དང་། ཕྱི་སེམས་དཔའ་ནུབ་ཀྱི་སྒོ་བ་དང་བཅས་པའི་དང་། ཕྱིའི་སེམས་མའི་ཡི་གེའོ། །བསྡུས་པ་ལ་བཞི་སྟེ། ལོ་རྒྱུས་སུ་བརྗོད་པ་དང་། བསྡུས་པ་དངོས་དང་། གསང་སྔགས་མཚོན་པ་དང་། ཡོན་ཏན་ནོ། ༈ །ལེའུ་ལྔ་པ་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། གཞུང་དང་། མཚན་ནོ། །བར་པ་ལ་གཉིས་ཏེ། དངོས་དང་། དེ་ལ་མཉེས་པའི་ཚུལ་གྱིས་མཇུག་བསྡུ་བའོ། །དང་པོ་ལ་བརྒྱད་དེ། གྲུབ་པའི་རྒྱུ་དང་། རྟོགས་པའི་ལྟ་བ་དང་། བསྒོམ་པའི་དགོས་ཆེད་དང་། བློ་བཞག་པའི་ཐབས་དང་། དེ་ཉིད་ཐམས་ཅད་དུ་རང་སྣང་བ་དང་། །དེ་ལས་དཀྱིལ་འཁོར་བསྒོམ་པ་དང་། དེས་ཀར་དག་པས་བླང་དོར་དང་བྲལ་བ་དང་། དེ་ལ་འདྲིས་པར་བསླབས་པས་དངོས་གྲུབ་འགྲུབ་པའི་ཚུལ་ལོ། །གཉིས་པ་ལ་གཉིས་ཏེ། གདམས་པ་ཉེ་བར་བསྟན་པ་དང་། ཇི་ལྟར་གཏན་ལ་དབབ་པ་དངོས་སོ། །ཐ་མའི་གྲུབ་ཚུལ་ལ་གཉིས་ཏེ། །མདོར་དང་། རྒྱས་པའོ། །དེ་ལ་གཉིས་ཏེ། ཐུན་མོང་གི་དངོས་གྲུབ་དང་། མཆོག་གིའོ། །དེ་ལའང་གཉིས་ཏེ། མདོར་དང་། རྒྱས་པའོ། ༈ །ལེའུ་དྲུག་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །གཞུང་ལ་གཉིས་ཏེ། རྒྱས་པ་དང་། བསྡུས་པའོ། །དང་པོ་ལ་གསུམ་སྟེ། རང་བཞིན་གྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་དཀྱིལ་དང་། རང་བཞིན་འབྲས་བུ་མཐར་ཕྱིན་པ་སྐུའི་དཀྱིལ་འཁོར་རོ། །བར་པ་ལ་གསུམ་སྟེ། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷ་དང་། དཀྱིལ་འཁོར་གྱི་ཚད་དམ་ཆེ་བའོ། །དང་པོ་ལ་གཉིས་ཏེ། ངོ་བོ་རྒྱན་དང་བཅས་པ་དང་། གདན་ནོ། །བརྟེན་པ་ལྷ་ལ་གསུམ། བཞུགས་ཚུལ་བཞུགས་གནས་དང་བཅས་པ་དང་། ཐུགས་ཕྱག་མཚན་དང་། སྐུ་མདོག་ཚུལ་དང་བཅས་པའོ། །རང་བཞིན་སྐུའི་དཀྱིལ་འཁོར་ལ་བཞི་སྟེ། སྐུའི་མཚན་ཉིད་དང་། ཕྲིན་ལས་དང་། དེ་འགྲུབ་པའི་ཚུལ་དང་། དེ་གསུངས་པའི་ཡོན་ཏན་ནོ། །འགྲུབ་ཚུལ་ལ་གཉིས་ཏེ། བྱང་ཆུབ་སེམས་དཔའི་དང་། སྔགས་ཀྱི་ལམ་གྱིས་འགྲུབ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། སྒྲིབ་པ་སྦྱོང་ཞིང་འབྲས་བུ་ཐོབ་ཚུལ་དང་། དེས་ཐོབ་པ་འབྲས་བུའི་ངོ་བོ་སྐུ་གསུམ་མོ། །སྔགས་ཀྱི་འགྲུབ་ཚུལ་ལའང་གཉིས་ཏེ། འགྲུབ་ཚུལ་སངས་རྒྱས་ཀྱི་ས་གཉིས་དང་། གྲུབ་པའི་ངོ་བོ་སྐུ་ལྔར་བསྟན་པའོ། །བསྡུས་པ་ལ་གསུམ་སྟེ། ལོ་རྒྱུས་དང་། དངོས་དང་། གསང་སྔགས་མཚོན་པའི་ཚིག་གོ། ༈ །ལེའུ་བདུན་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །གཞུང་ལ་གཉིས་ཏེ། ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་དང་། རང་བཞིན་གསུང་གི་དཀྱིལ་འཁོར་རོ། །དང་པོ་ལ་གསུམ། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པའི་སྔགས་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བའི་སྔགས་དང་། དེའི་ཡོན་ཏན་ནོ། །དང་པོ་ལ་གསུམ་སྟེ། རྟེན་གཞལ་ཡས་བསྐྱེད་པ་དང་། བརྟེན་པ་ལྷ་བསྐྱེད་པ་དང་། དབང་བསྐུར་ཞིང་བྱིན་གྱིས་བརླབས་པའོ། །བརྟེན་པ་ལྷ་ལ་ལྔ། །རིགས་ལྔ་ཡབ་ཡུམ་བསྐྱེད་པའི་དང་། སེམས་དཔའ་ཡབ་ཡུམ་གྱི་དང་། སྒོ་བ་ཡབ་ཡུམ་གྱི་དང་། ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་དང་། ཐུབ་པ་དྲུག་བསྐྱེད་པའི་སྔགས་སོ། །སེམས་དཔའ་ལ་གཉིས། ནང་གི་སེམས་དཔའ་ཡབ་ཡུམ་གྱི་དང་། ཕྱིའི་སེམས་དཔའ་ཡབ་ཡུམ་མོ། །དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་ལ་གསུམ། ལོ་རྒྱུས་དང་། སྔགས་དངོས་དང་། དེའི་ཡོན་ཏན་ནོ། །དང་པོ་ལ་གཉིས། དབང་བསྐུར་བའི་དང་། བྱིན་གྱིས་བརླབ་པའི་སྔགས་སོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་ལ་ལྔ་སྟེ། སྙན་གསན་དབབ་པ་དང་། སྤྱན་དྲང་བ་དང་། རིག་པའི་མེ་ཏོག་དོར་བ་དང་། དངོས་གྲུབ་བསྐུལ་བ་དང་། བསྟིམ་པའི་སྔགས་སོ། །རང་བཞིན་གསུང་གི་དཀྱིལ་འཁོར་ལ་གསུམ་སྟེ། གསུང་ལྔའི་མཚན་ཉིད་དང་། བྱེད་ལས་དང་། རྣམ་གྲངས་པའི་སྒོས་ནས་མཇུག་བསྡུ་བའོ། །དང་པོ་ལ་ལྔ་སྟེ། སྐྱེ་མེད་དོན་གྱི་དང་། བརྗོད་པ་ཚིག་གི་དང་། རིག་པ་བྱིན་གྱིས་རླབས་ཀྱི་དང་། དབྱེར་མེད་རྡོ་རྗེའི་དང་། ཚངས་པ་དབྱངས་ཀྱི་གསུང་ངོ་། ༈ །ལེའུ་བརྒྱད་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །གཞུང་ལ་ལྔ། རང་བཞིན་གྱི་ཕྱག་རྒྱ་དང་། ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་། ལྟ་བའི་ཕྱག་རྒྱ་དང་། ཕྱག་རྒྱ་སྤྲོས་པ་དང་བཅས་པའི་ཏིང་ངེ་འཛིན་དང་། ཕྱག་རྒྱ་རྣམ་གྲངས་བསྡུས་པའི་སྒོ་ནས་མཇུག་བསྡུ་བའོ། །ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ལ་གཉིས། ཕྱག་རྒྱའི་རྒྱུ་དང་། ཕྱག་རྒྱ་དངོས་སོ། །དེ་ལ་གཉིས། རིགས་ལྔ་སྤྱིའི་དམ་ཚིག་གི་ཕྱག་རྒྱ་དང་། ལྷ་སོ་སོའི་ཕྱག་རྒྱའོ། །དེ་ལ་ལྔ་སྟེ། རིགས་ལྔ་ཡབ་ཡུམ་གྱི་དང་། སེམས་དཔའ་ཡབ་ཡུམ་གྱི་དང་། སྒོ་བ་ཡབ་ཡུམ་གྱི་དང་། ཐུབ་པ་དྲུག་གི་དང་། ཀུན་བཟང་ཡབ་ཡུམ་གྱི་ཕྱག་རྒྱའོ། །ཕྱག་རྒྱ་སྤྲོས་པ་དང་བཅས་པ་ལ་གཉིས། སྣང་བ་རྣམ་འབྱེད་ལ་ཇི་ལྟར་བསླབ་པ་དང་། དེས་དོན་བྱེད་ཚུལ་ལོ། ༈ །ལེའུ་དགུ་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །གཞུང་ལ་གསུམ་སྟེ། དཀྱིལ་འཁོར་དང་། དབང་དང་། ཚོགས་སྒྲུབ་པའོ། །དང་པོ་ལ་གཉིས། ཕྲ་མོ་ལ་བློ་སྦྱངས་པའི་རུ་ཡིས་བསྙེན་པ་བྱ་བ་ལས་མི་འདའ་བ་དང་། དཀྱིལ་འཁོར་གྱི་ལས་ཀྱི་རིམ་པ་དངོས་བསྟན་པའོ། །དེ་ལ་གསུམ་སྟེ། ཞི་བའི་དཀྱིལ་འཁོར་དང་། ཁྲོ་བོའི་དཀྱིལ་འཁོར་ཞི་བ་ལྟར་དང་། མཆོག་གི་དཀྱིལ་འཁོར་ཡང་ཞི་བ་ལྟར་ཤེས་པར་གདམས་པའོ། །དང་པོ་ལ་བཅུ་སྟེ། ས་ཆོག་བྱ་བ་དང་། ཚད་དང་། ཐིག་དང་། ཚོན་དང་། དཀྱིལ་འཁོར་བྲི་བ་དང་། ལྷ་དགོད་པ་དང་། རབ་གནས་བྱ་བ་དང་། སྦྱིན་སྲེག་བྱ་བ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་པའི་ཡོན་ཏན་ནོ། །ཚད་ལ་བཞི་སྟེ། བསྡུས་པའི་དང་། འབྲིང་པོའི་དང་། རྒྱས་པའི་དང་། མཆོག་གི་ཚད་དོ། །ཐིག་ལ་གཉིས། འགོ་མ་ཡེ་བཏང་བ་དང་། བྱིན་གྱིས་བརླབས་ལ་གདབ་པའོ། །ཚོན་ལ་གཉིས། དགོས་ཆེད་དང་། བྱིན་གྱིས་བརླབ་པའོ། །རབ་གནས་ལ་དྲུག །ཡོ་བྱད་དགྲམ་པ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྦྱང་བ་དང་། རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་བསྐྱེད་པ་དང་། ཏིང་ངེ་འཛིན་གཉིས་ཀྱིས་སྦྱངས་ཤིང་བསྐྱེད་པའི་ཡོན་ཏན་དང་། ཡེ་ཤེས་ཅན་གཞུག་པ་དང་། མཆོད་པ་བྱ་བའོ། །དེ་ལ་གསུམ། ཕྱི་ནང་གི་མཆོད་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་དང་། གསང་བའི་མཆོད་པ་བྱ་བའོ། །དཀྱིལ་འཁོར་དུ་འཇུག་པ་ལ་གཉིས། སློབ་དཔོན་དང་སློབ་མ་འཇུག་པ་དང་། སློབ་མ་ལ་ལྷ་བསྒོམ་པར་ནན་ཏན་བྱ་བའོ། །དབང་ལ་གསུམ། དབང་གི་རྒྱུ་ཡོན་དབུལ་བ་དང་། སྣོད་དང་སྦྱར་ལ་བསྐུར་བ་དང་། གསང་དབང་གི་དཀྱིལ་འཁོར་རོ། །དང་པོ་ལ་གཉིས། དངོས་དང་། དེའི་འབྲས་བུའོ། །གསང་དབང་གི་དཀྱིལ་འཁོར་ལ་གཉིས། ཚད་དང་། དེ་ཇི་ལྟར་བྲི་བའོ། །དང་པོ་ལ་གཉིས། སོར་བཞི་པ་དང་། མཛུབ་གང་བའོ། །ཚོགས་སྒྲུབ་ལ་གསུམ་སྟེ། སྒྲུབ་པ་པོ་དང་། འབྲས་བུ་འགྲུབ་པའི་དུས་དང། དེ་ལྟར་བསྒྲུབས་པའི་འབྲས་བུའོ། །འགྲུབ་པའི་དུས་ལ་གཉིས། གནས་སྐབས་སུ་ཚེ་དབང་འགྲུབ་པ་དང་། མཐར་ཐུག་ཏུ་སྐུ་ལྔ་འགྲུབ་པའི་དུས་སོ། །འབྲས་བུ་ལ་གཉིས། འགྲུབ་ཚུལ་དང་། དེ་ལྟར་གྲུབ་པའི་འབྲས་བུ་རང་གི་ངོ་བོ་དངོས་སོ། །དང་པོ་ལ་གཉིས། འགྲུབ་ཚུལ་རང་སྣང་དུ་བསྟན་པ་དང་། དེ་དཔེའི་སྒོ་ནས་བསྟན་པའོ། །རང་གི་ངོ་བོ་ལ་གསུམ། རྒྱུ་རྐྱེན་ལས་མ་སྐྱེས་ཤིང་དོན་བྱེད་ནུས་པ་དང་། གཅིག་དང་དུ་མ་དང་བྲལ་བའི་དོན་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱ་གཟིགས་ཚུལ་ལོ། ༈ །ལེའུ་བཅུ་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །གཞུང་ལ་གསུམ་སྟེ། དབང་བསྐུར་བའི་རིམ་པ་དང་། དེ་མ་བསྐུར་བའི་སྐྱོན་དང་། བསྐུར་བའི་ཡོན་ཏན་ནོ། །དང་པོ་ལ་གསུམ་སྟེ། ཕན་པའི་དབང་བཅུ་དང་། ནུས་པའི་དབང་ལྔ་དང་། ཟབ་མོའི་དབང་གསུམ་བསྐུར་བའོ། ༈ །ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པ་སྡེབ་ནས་ཚོགས་སྒྲུབ་པ་ལ་གསུམ་སྟེ། ལོ་རྒྱུས་སུ་བརྗོད་པ་གཉིས་དང་། གཞུང་གཉིས་དང་། མཚན་གཉིས་སོ། །གཞུང་ལ་གཉིས་ཏེ། ཚོགས་བསྒྲུབ་པའི་ཕྱིར་གཞུང་གཉིས་སྡེབ་པ་དངོས་དང་། དེ་གསུངས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་གསུམ་མདོར་དང་། རྒྱས་པར་བསྟན་པའོ། །དེ་ལ་གསུམ་སྟེ། རྒྱུ་ཤེས་པའི་དང་། རྐྱེན་འཇུག་པའི་དང་། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་དོ། །དང་པོ་ལ་གཉིས། གཏན་ཚིགས་དང་། གྲུབ་མཐའ་འབྲས་བུ་གཞན་དུ་ཞེན་པ་དགག་པའོ། །དང་པོ་ལ་གསུམ་སྟེ། རྟོགས་པ་བཞིའི་དང་། དག་པ་གསུམ་གྱི་དང་། མཉམ་པ་བཞིའི་གཏན་ཚིགས་སོ། །རྐྱེན་འཇུག་པ་ལ་གཉིས་ཏེ། རིམ་གྱིས་དང་། ཅིག་ཅར་བའོ། །དང་པོ་ལ་གཉིས་ཏེ། གང་བསྒྲུབ་པའི་གཞུང་ཕུན་སུམ་ཚོགས་པ་དང་། ཇི་ལྟར་བསྒྲུབ་པའི་ཐབས་ཕུན་སུམ་ཚོགས་པའོ། །དང་པོ་ལ་གསུམ། སྒྲུབ་པ་པོ་དང་། གནས་དང་ཡོ་བྱད་ཐུན་མོང་དུ་བསྟན་པ་དང་། དུས་སོ། །བསྒྲུབ་པའི་ཐབས་ལ་གཉིས་ཏེ། ཞི་བའི་སྒོ་ནས་དང་། ཁྲོ་བའི་སྒོ་ནས་བསྒྲུབ་པའོ། །དང་པོ་ལ་གཉིས། བསྙེན་སྒྲུབ་བཞི་མདོར་དང་། དེ་རྒྱས་པར་བསྟན་པའོ། །དེ་ལ་བཞི་སྟེ། བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའོ། །དང་པོ་ལ་གཉིས། སྔོན་དུ་བྱ་བ་དང་། བྱ་བ་ལས་ཀྱི་བསྙེན་པའོ། །དེ་ལ་གསུམ་སྟེ། ཚོམ་བུ་གཅིག་པ་ལ་དང་། གསུམ་པ་ལ་དང་། ལྔ་པ་ལ་བསྙེན་པ་བྱ་བའོ། །ཉེ་བའི་བསྙེན་པ་དང་སྒྲུབ་པ་ཐུན་མོང་དུ་བསྟན་པ་ལ་གཉིས་ཏེ། རྣལ་འབྱོར་པས་བྱེ་བྲག་ཏུ་བསྒོམ་པ་དང་། ཚོམ་བུའི་ལྷ་བསྒྲུབ་པའི་ཐབས་དངོས་སོ། །དེ་ལ་གསུམ། ཚོམ་བུ་གཅིག་པ་བསྒྲུབ་པ་དང་། གསུམ་པ་བསྒྲུབ་པ་དང་། ལྔ་པ་བསྒྲུབ་པའོ། །སྒྲུབ་པ་ཆེན་པོ་ལ་གཉིས་ཏེ། །སྒྲུབ་བྱེད་ཡོ་བྱད་ལ་ཇི་ལྟར་སྤྱད་པའི་ཐབས་དང་། དེའི་བསྒྲུབ་བྱ་དངོས་གྲུབ་ཀྱི་དོན་དངོས་སོ། །དང་པོ་ལ་གཉིས། ཡོ་བྱད་བཞི་ལ་སྤྱད་ཐབས་དང་། ཨཱ་ལི་ཀཱ་ལི་ལ་སྤྱད་ཐབས་སོ། །དེ་ལ་གསུམ། ཨཱ་ལི་སྦྱོར་བ་ལ་སྤྱད་ཐབས་དང་། ཀཱ་ལི་སྒྲོལ་བ་ལ་སྤྱད་ཐབས་དང་། དེ་ལྟར་སྤྱད་པར་སྒྲུབ་པ་ལ་རྩོད་པའི་སྐྱོན་སྤོང་བ་དང་བཅས་པའོ། །དང་པོ་ལ་གསུམ། སྤྱད་པར་བྱ་བའི་ཡུལ་དང་། ཇི་ལྟར་སྤྱད་པའི་ཐབས་དང་། དངོས་གྲུབ་ཆེན་པོ་ཡུམ་གྱི་མཁའ་ནས་བླང་བའི་ཡོན་ཏན་ནོ། །དངོས་གྲུབ་དངོས་ལ་གཉིས། དེ་འབྱུང་བའི་རྒྱུའམ་གཞི། དཀྱིལ་འཁོར་གྱི་བཀོད་པ་རྫས་ཀྱི་དངོས་གྲུབ་དངོས་སོ། །འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་ལ་གཉིས་ཏེ། རིམ་གྱིས་པ་དང་། ཅིག་ཅར་བའོ། །དང་པོ་ལ་གསུམ། ཡོ་བྱད་ལྔ་ལ་སྤྱད་པའི་འབྲས་བུ་དང་། ཚེ་ལ་དབང་བའི་རིག་འཛིན་གྱི་ཆ་ལུགས་དང་། མཐར་ཐུག་པའི་འབྲས་བུ་བསྟན་པའོ། ༈ །ལེའུ་བཅུ་གསུམ་པ་ལ་གསུམ་སྟེ། ལོ་རྒྱུས་སུ་བརྗོད་པ་དང་། གཞུང་དང་། མཚན་ནོ། །བར་པ་ལ་གཉིས། དངོས་དང་། དེ་གསུངས་པའི་ཚུལ་གྱིས་མཇུག་བསྡུ་བའོ། །དང་པོ་ལ་བདུན་ཏེ། མཚོན་པར་བྱེད་པའི་སྒོ་དང་། མྱོང་བར་བྱེད་པའི་ཐབས་དང་། མངོན་དུ་གྱུར་པའི་འབྲས་བུ་དང་། །རྒྱུད་འདི་ལ་མོས་པ་ཙམ་གྱི་ཡོན་ཏན་དང་། འདི་སྣོད་དང་ལྡན་པའི་ཡུལ་ལ་བསྟན་པ་དང་། མན་ངག་གི་ཆེ་བ་དང་། སྣོད་ལྡན་ལ་སྦྱིན་ཞིང་སྣོད་ངན་ལ་བྱིན་པའི་ཉེས་དམིགས་སོ། །དང་པོ་ལ་གཉིས། མཚོན་བྱ་ཐེག་པའི་སྒོ་དང་། དེ་ཇི་ལྟར་མཚོན་པའི་ཐབས་སོ། །མྱོང་བར་བྱེད་པའི་ཐབས་ལ་གདམས་ངག་གིས་ལྔ་ལས། ལྟ་བ་རྟོགས་ནས་དང་པོར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་དང་། དེ་ནས་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་བསྒོམ་པ་དང་། དེ་ནས་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་བསྒོམ་པ་དང་། དེ་ནས་སྤྲོས་པ་བསྒོམ་པ་དང་། དེ་ནས་ཚོགས་སྒྲུབ་པས་འབྲས་བུ་རང་ལ་སྣང་ཚུལ་དང་ལྔས་ཕྱི་ཤེས་རབ་གྲོལ་ལམ་གྱི་དབང་དུ་བཤད་པའོ། །གཞུང་དེ་ཉིད་ལ་ཡང་། ཀུན་ཏུ་བཟང་པོའི་ཐིག་ལེ་བསྒོམ་པའི་མན་ངག་དང་། ཀུན་ཏུ་བཟང་མོའི་དང་། སྦྱོར་བ་དག་པའི་དང་། ཁྱབ་གདལ་ཆེན་པོའི་མན་ངག་དང་བཞིས་ཐབས་ལམ་གདམས་ངག་སྟེང་སྒོའི་དབང་དུ་བཤད་པའོ། །དེ་ཉིད་ལ་ཡང་། ཐབས་ཉིད་ཤེས་རབ་ཏུ་སྦྱོར་བ་དང་། ཤེས་རབ་ཉིད་ཐབས་སུ་སྦྱོར་བ་དང་། ཐབས་ཤེས་རབ་དབྱེར་མེད་དུ་སྦྱོར་བ་དང་གསུམ་གྱིས་གསང་བ་འོག་སྒོའི་དབང་དུ་བཤད་པའོ། །མངོན་དུ་གྱུར་པའི་འབྲས་བུ་ལ་གཉིས། ལམ་དུ་གྱུར་པའི་དང་། མཐར་ཕྱིན་པའི་འབྲས་བུའོ། །དང་པོ་ལ་གསུམ། ཚེ་དབང་དང་། ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པའོ། །དེ་ལ་གཉིས། དེའི་ངོ་བོ་དང་། དེས་མཐར་ཐུག་པའི་འབྲས་བུ་ལ་སྦྱོར་ཚུལ་ལོ། །མཐར་ཕྱིན་པའི་འབྲས་བུ་ལ་གཉིས། བདག་དོན་གྲུབ་པ་དང་། གཞན་དོན་མཛད་པའི་ཚུལ་ལོ། །མན་ངག་གི་ཆེ་བ་ལ་གསུམ་སྟེ། རྒྱལ་བའི་གཤེགས་བཤུལ་ཡིན་པ་དང་། རྣལ་འབྱོར་པའི་ལམ་ཡིན་པ་དང་། འབྲས་བུའི་ཐུགས་ཡིན་པའོ། ༈ །ལེའུ་བཅུ་བཞི་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །གཞུང་ལ་དྲུག་སྟེ། སྐུ་ལ་བསྟོད་པ་དང་། གསུང་ལ་བསྟོད་པ་དང་། ཐུགས་ལ་དང་། ཡོན་ཏན་ལ་དང་། ཕྲིན་ལས་ལ་དང་། དེ་དག་ལ་སྤྱིར་བསྟོད་པའོ། ༈ །ལེའུ་བཅོ་ལྔ་པ་ལ་གཉིས་ཏེ། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གཉིས། གང་གདུལ་བྱ་གཙོ་བོ་ཇི་ལྟར་བཏུལ་བ་དགོས་ཆེད་ཀྱི་གླེང་གཞི་དང་། འཁོར་གྱི་མཁའ་འགྲོ་དམ་ལ་བཏགས་ཏེ་མིང་གི་དབང་བསྐུར་ནས་མུ་རན་ལ་བཀོད་ཚུལ་ལོ། །དང་པོ་ལ་བཞི་སྟེ། གང་གིས་འདུལ་བྱེད་ཀྱི་གཉེན་པོ་དང་། གང་གདུལ་བྱའི་ཡུལ་དང་། ཇི་ལྟར་འདུལ་ཐབས་ཀྱི་ཕྲིན་ལས་དང་། དེ་ལྟར་བཏུལ་བའི་འབྲས་བུའོ། །གདུལ་བྱ་ལ་གཉིས། གོལ་བའི་རྒྱུ་དང་། འབྲས་བུའོ། །དང་པོ་ལ་གཉིས། སྤྱིར་སེམས་ཅན་ཐམས་ཅད་གོལ་བའི་དང་། བྱེ་བྲག་ཏུ་རུ་ཏྲ་གོལ་བའི་རྒྱུའོ། །འབྲས་བུ་ལ་གཉིས་ཏེ། རྣམ་པར་སྨིན་པའི་དང་། རྒྱུ་མཐུན་པའི་འབྲས་བུའོ། །དང་པོ་ལ་གཉིས། དམྱལ་བར་དང་། ཡི་དྭགས་སུ་སྐྱེ་བ་བླངས་པའོ། །རྒྱུ་མཐུན་པ་ལ་གཉིས་ཏེ། སྐྱེ་བ་བླངས་པ་དངོས་དང་། དེའི་ལུས་དང་མཐུའི་མཚན་ཉིད་བསྟན་པའོ། །ཇི་ལྟར་འདུལ་ཐབས་ལ་གཉིས། ཐམས་ཅད་མཁྱེན་པའི་ཐུགས་རྗེས་གཟིགས་ནས་འདུལ་བ་མདོར་དང་། དེ་རྒྱས་པར་བསྟན་པའོ། །དེ་ལ་བཅུ་གཉིས་ཏེ། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང་། ཆེ་མཆོག་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དང་། སྤྲུལ་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། བྱིན་གྱིས་རླབས་ཀྱི་ཆོ་འཕྲུལ་དང་། ཆོས་སྣང་བའི་ཆོ་འཕྲུལ་དང་། སྤྲུལ་པ་ཆེན་པོའི་དཀྱིལ་འཁོར་དང་། ཕྲིན་ལས་རྨད་དུ་བྱུང་བའི་ངོ་བོ་དང་། འཁོར་སྤྲུལ་པའི་ཆོ་འཕྲུལ་དང་། ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དང་། འཁོར་བསྡུས་པའི་ཆོ་འཕྲུལ་དང་། ངོ་མཚར་ཚོགས་ཀྱི་དཀྱིལ་འཁོར་རོ། །དེ་ལ་བཞི་སྟེ། གནས་མ་བསྐྱེད་པ་དང་། ཡུལ་མ་བསྐྱེད་པ་དང་། སྒོ་མ་བསྐྱེད་པ་དང་། ཁྲོས་པར་བསྐུལ་བའོ། །དེ་ལྟར་བཏུལ་བའི་འབྲས་བུ་ལ་བཞི་སྟེ། དབང་བསྐུར་ཏེ་གནས་སྤར་བས་སྣང་བ་རྣམ་པར་འབྱེད་པ་ཐོབ་པ་དང་། དམ་བཅས་ནས་ལུས་གདན་དུ་ཕུལ་བ་དང་། འཁོར་ཕུལ་བ་དང་། འཁོར་དམ་ལ་བཏགས་པའོ། ༈ །ལེའུ་བཅུ་དྲུག་པ་ལ་གསུམ་སྟེ། ལོ་རྒྱུས་སུ་བརྗོད་པ་དང་། གཞུང་དང་། མཚན་ནོ། །གཞུང་ལ་གཉིས་ཏེ། གསུང་གི་དཀྱིལ་འཁོར་མངོན་དུ་ཕྱུང་བ་དངོས་དང་། དེའི་ཡོན་ཏན་ནོ། །དང་པོ་ལ་གཉིས་ཏེ། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པའི་སྔགས་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་ལ་སོགས་པ་ལས་ཀྱི་རིམ་པའི་སྔགས་སོ། །དང་པོ་ལ་གསུམ་སྟེ། རིགས་ལྔ་ཡབ་ཡུམ་བཅུའི་རྩ་བ་བསྐྱེད་པ་ལས་དང་བཅས་པའི་དང་། ཁྲོ་མོ་ཉི་ཤུ་རྩ་བ་བསྐྱེད་པ་ལས་དང་བཅས་པའི་དང་། དབང་ཕྱུག་མ་ཉེར་བརྒྱད་ཀྱི་རྒྱུ་མ་ནོར་བ་རྩ་བའི་སྔགས་སོ། །ཁྲོ་མོ་ཉི་ཤུའི་སྔགས་ལ་གསུམ། གནས་མ་བརྒྱད་བསྐྱེད་པའི་དང་། ཡུལ་མ་བརྒྱད་བསྐྱེད་པའི་དང་། སྒོ་མ་བཞི་བསྐྱེད་པའི་སྔགས་སོ། །ལས་ཀྱི་རིམ་པའི་སྔགས་ལ་གསུམ་སྟེ། སྙན་གསན་དབབ་ཅིང་སྤྱན་དྲང་བའི་སྔགས་དང་། རིག་པའི་མེ་ཏོག་དོར་ཞིང་དངོས་གྲུབ་བསྐུལ་བའི་དང་། དྲིན་ལན་དུ་མཆོད་ཅིང་བསྟིམ་པའི་སྔགས་སོ། ༈ །ལེའུ་བཅུ་བདུན་པ་ལ་གསུམ་སྟེ། ལོ་རྒྱུས་སུ་བརྗོད་པ་དང་། གཞུང་དང་། མཚན་ནོ། །གཞུང་ལ་གཉིས་ཏེ། སྐུའི་དཀྱིལ་འཁོར་མངོན་དུ་ཕྱུང་བ་དངོས་དང་། དེའི་ཡོན་ཏན་ནོ། །དང་པོ་ལ་གཉིས། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷའོ། །དང་པོ་ལ་གཉིས། གཞལ་ཡས་ཁང་གི་ངོ་བོ་རྒྱན་དང་བཅས་པ་དང་། གདན་ནོ། །བརྟེན་པ་ལྷ་ལ་གཉིས། གཙོ་བོ་དང་། འཁོར་གྱི་རང་བཞིན་ནོ། །དང་པོ་ལ་བཞི། སྐུ་མདོག་དང་། ཞལ་ཕྱག་དང་། རྒྱན་དང་། ཕྱག་མཚན་ནོ། ༈ །ལེའུ་བཅོ་བརྒྱད་པ་ལ་གསུམ་སྟེ། ལོ་རྒྱུས་སུ་བརྗོད་པ་དང་། གཞུང་དང་། མཚན་ནོ། །གཞུང་ལ་གཉིས་ཏེ། གཞུང་དངོས་དང་། དེ་གསུངས་པའི་ཡོན་ཏན་ནོ། །གཞུང་དངོས་ལ་གཉིས་ཏེ། མཆོད་པ་དང་། དེའི་འབྲས་བུའོ། །དང་པོ་ལ་བཞི་སྟེ། ཞེ་སྡང་སྒྲོལ་བའི་དང་། འདོད་ཆགས་སྦྱོར་བའི་དང་། གཏི་མུག་དམ་རྫས་ཀྱི་དང་། འདོད་པ་ཡོན་ཏན་གྱི་མཆོད་པའོ། ༈ །ལེའུ་བཅུ་དགུ་པ་ལ་གསུམ་སྟེ། ལོ་རྒྱུས་སུ་བརྗོད་པ་དང་། གཞུང་དང་། མཚན་ནོ། །གཞུང་ལ་གཉིས་ཏེ། དམ་ཚིག་དངོས་དང་། དེའི་ཡོན་ཏན་ནོ། །དང་པོ་ལ་བདུན་ཏེ། དམ་ཚིག་གི་ཆེ་བ་དང་། རྣམ་གྲངས་མདོར་བསྟན་པ་དང་། མཉམ་པའི་དམ་ཚིག་གི་སྐྱོན་ཡོན་དང་བཅས་པ་དང་། དམ་ཚིག་ཉམས་པའི་སྐྱོན་དང་། དམ་ཚིག་གི་རང་བཞིན་དང་། དམ་ཚིག་གི་རྣམ་གྲངས་རྒྱས་པར་བཤད་པ་དང་། དེ་མ་ཉམས་པའི་ཡོན་ཏན་ནོ། །དང་པོ་ལ་གཉིས། མདོར་དང་། རྒྱས་པའོ། །དེ་ལ་བཞི་སྟེ། སྲོག་བཅོད་པའི་དང་། མ་བྱིན་པར་ལེན་པའི་དང་། རྫུན་དུ་སྨྲ་བའི་དང་། མི་ཚངས་པར་སྤྱོད་པའི་དམ་ཚིག་འདུས་ལ་དག་པའོ། །རྣམ་གྲངས་མདོར་བསྟན་པ་ལ་གསུམ་སྟེ། རྩ་བའི་དམ་ཚིག་དང་། ཡན་ལག་གི་དམ་ཚིག་དང་། ཉམས་པའི་སྐྱོན་གྱིས་དེ་ལས་འདའ་བར་དཀའ་བའོ། །ཉམས་པའི་སྐྱོན་ལ་གསུམ། ཉམས་པ་དང་འགྲོགས་པའི་དང་། རྩ་བ་ཉམས་པའི་དང་། ཡན་ལག་ཉམས་པའི་སྐྱོན་ནོ། །རྣམ་གྲངས་རྒྱས་པ་ལ་གཉིས། སུམ་བརྒྱ་དྲུག་ཅུར་དབྱེ་བ་དང་། གདུལ་བྱ་ལ་དགོངས་ཏེ་དབྱེ་བའོ། ༈ །ལེའུ་ཉི་ཤུ་པ་ལ་གསུམ་སྟེ། ལོ་རྒྱུས་སུ་བརྗོད་པ་དང་། གཞུང་དང་། མཚན་ནོ། །གཞུང་ལ་གཉིས། ཕྲིན་ལས་དངོས་དང་། དེ་གསུངས་པའི་ཡོན་ཏན་ནོ། །དང་པོ་ལ་བཞི་སྟེ། རྫས་དང་། ལུ་གུ་རྒྱུད་ཀྱི་གླུ་བྲོའི་སྒོ་ནས་ཕྲིན་ལས་བྱ་བ་དང་། ལྷག་མའི་ལས་དང་། བྲོ་གར་གླུ་ཚིག་གི་ཡོན་ཏན་དང་། གཟུངས་མ་དང་། གཙོ་བོའི་སེམས་བསྟན་པའོ། །དང་པོ་ལ་བཞི། དྲག་པོའི་དང་། དབང་གི་དང་། རྒྱས་པའི་དང་། ཞི་བའི་ཕྲིན་ལས་སོ། །དེ་བཞི་ཆར་ལ་ལྔ་ལྔ་སྟེ། ལིང་ག་བཅའ་བ་དང་། དྲག་པོའི་དཀྱིལ་འཁོར་བསྐྱེད་པ་དང་། བསྒྲུབ་བྱའི་ལས། མཆོད་སྦྱིན་བྱ་བ་ཡོན་ཏན་དང་བཅས་པ་དང་། ལུ་གུ་རྒྱུད་ཀྱི་བྲོའི་ལས་ཡོན་ཏན་དང་བཅས་པའོ། །ལྷག་མའི་ལ་གཉིས་ཏེ། མདོར་དང་། རྒྱས་པའོ། །དེ་ལ་གསུམ། དམ་ཚིག་བསྒྲག་ཅིང་ལས་ལ་བསྐུལ་བ་དང་། ལས་དེ་མ་བསྒྲུབས་པའི་སྐྱོན་དང་། ལས་བསྒྲུབས་པའི་ཡོན་ཏན་ནོ། །བྲོ་གར་གླུ་ཚིག་བསྟན་པ་ལ་དྲུག་སྟེ། ཁྲག་འཐུང་ཡབ་ཡུམ་ཀྱི་གླུ་ཚིག་གིས་ལས་བཞི་ཀ་འགྲུབ་པ་དང་། ཕྱོགས་ཀྱི་ཁྲོ་མོས་དབང་དང་རྒྱས་པ་འགྲུབ་པ་དང་། མཚམས་ཀྱི་ཁྲོ་མོས་ཞི་དྲག་འགྲུབ་པ་དང་། ཕྱོགས་ཀྱི་ཕྲ་མེན་མས་དྲག་པོ་འགྲུབ་པ་དང་། མཚམས་ཀྱི་ཕྲ་མེན་གྱིས་ཀྱང་དྲག་པོ་འགྲུབ་པ་དང་། དབང་ཕྱུག་མས་ཕོ་ཉ་དང་མངག་གཞུག་གི་ལས་ཐམས་ཅད་འགྲུབ་པའོ། ༈ །ལེའུ་ཉེར་གཅིག་པ་ལ་གསུམ་སྟེ། ལོ་རྒྱུས་སུ་བརྗོད་པ་དང་། གཞུང་དང་། མཚན་ནོ། །གཞུང་ལ་གཉིས། བསྟོད་པ་དངོས་དང་། དེའི་ཡོན་ཏན་ནོ། །དང་པོ་ལ་དྲུག་སྟེ། སྐུ་ལ་དང་། གསུང་ལ་དང་། ཐུགས་ལ་དང་། ཡོན་ཏན་ལ་དང་། ཕྲིན་ལས་ལ་དང་། དབང་ཆེན་གྱི་དཀྱིལ་འཁོར་ལ་བསྟོད་པའོ། ༈ །སྤྱི་དོན་ལྔ་པ་རྒྱུད་གདམས་ཤིང་གཏད་པ་ལ་གསུམ་སྟེ། སྡུད་པ་པོས་གསུངས་པ་ལོ་རྒྱུས་སུ་བརྗོད་དེ་མཚམས་སྦྱར་བ་དང་། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །གཞུང་ལ་གཉིས་ཏེ། རང་བཞིན་གྱི་རྒྱུད་ཡེ་ནས་སངས་རྒྱས་པ་ལས་མི་འགྱུར་བས་འབོད་ཅིག་པར་གདམས་པ་དང་། བསྟན་པ་དར་ཞིང་རྒྱས་པར་བྱ་བའི་ཕྱིར་མཚོན་བྱེད་ཀྱི་རྒྱུད་གཏད་པ་དངོས་སོ། །དེ་ལ་གསུམ། ལྷན་ཅིག་པའི་འཁོར་སྡུད་པ་པོ་ལ་གཏད་པ་དང་། གོ་ཕྱེ་བའི་འཁོར་གང་ཟག་ཆོས་མིག་ཅན་ལ་གཏད་པ་དང་། ངེས་པར་ལུང་བསྟན་པའི་སྒོ་ནས་གཏད་པའི་འཐད་པ་དང་བཅས་པའོ། ༈ །མཇུག་གི་དོན་རྒྱུད་རྫོགས་པའི་བྱ་བ་ལ་གསུམ། རྒྱུད་ཀྱི་མཛད་པ་རྫོགས་ནས་དགོངས་པ་མཉམ་པ་ཉིད་ལ་བཞུགས་ཚུལ་དང་། ཆེ་བ་དང་ལྡན་པ་གསང་བ་བསྟན་པའི་རྒྱུད་ཀྱི་ཁུངས་དང་། ཡོངས་སུ་མི་ནུབ་པའི་ཕྱིར་འདི་ལས་ཐམས་ཅད་སྤྲོས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས་འབྲས་བུའི་མཆོག་ཏུ་བསྟན་པའོ། །དཔལ་གསང་བ་སྙིང་པོའི་བསྡུས་དོན་འོད་ཟེར་མཐའ་ཡས་ཞེས་བྱ་བ་དཔལ་སྨན་ལུང་དུ་མི་བསྐྱོད་རྡོ་རྗེས་བཀོད་པའོ། །མངྒ་ལཾ།། །།