cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་རེ་བཞི་པ།

གླེགས་བམ། ངུ༽

ལོ་ཆེན་དྷརྨ་ཤྲཱི། རབ་འབྱམས་པ་ཆོས་གྲགས།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན།

གུ ཧྱ པ ཏི ས ནྡྷྱ ལཾ ཀཱ ར ནཱ མ ཤྲཱི གུ ཧྱ ག རྦྷ ཏ ཏྭ བི ནི ཤྩ ཡ ཏ ནྟྲ སྱ བྲྀ ཏྟི བི ཧ ར ཏི སྨ། །
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན་ཞེས་བྱ་བ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གདོད་མའི་དབྱིངས་སུ་རང་རིག་ཡེ་ཤེས་ཉིད། །རྣམ་པར་གྲོལ་ལས་རྒྱལ་བའི་དཀྱིལ་འཁོར་ཀུན། །སྤྲོ་དང་བསྡུ་བའི་བྱེད་པོ་བཅོམ་ལྡན་འདས། །ཀུན་བཟང་ལྷ་ཡི་ལྷ་ལ་དང་པོར་འདུད། །མཐའ་ཡི་རྟོག་པས་མི་བསྐྱོད་རྡོ་རྗེའི་ཐུགས། །མཐའ་བྲལ་ཆོས་དབྱིངས་ངང་དུ་རྟོགས་གྱུར་པས། །མཐའ་དང་དབུས་མེད་རྒྱལ་བའི་དཀྱིལ་འཁོར་ཆེར། །མཐའ་ཡས་རྒྱུད་དོན་འཆད་པའི་སྐྱེས་བུ་རྒྱལ། །རབ་འབྱམས་བདེ་བར་གཤེགས་པ་མ་ལུས་པའི། །རྨད་བྱུང་ཐུགས་ཀྱི་གསང་བ་རྡོ་རྗེའི་མཛོད། །འཛིན་མཛད་རྒྱལ་སྲས་ཐུ་བོ་གང་ལགས་པ། །དེ་ལ་དངོས་པོ་ཀུན་གྱིས་ཕྱག་བགྱིའོ། །ཆོས་དབྱིངས་མཁའ་ལ་ཐབས་ཤེས་མཁའ་ལྡིང་གིས། །དྲངས་པའི་ལམ་རྒྱུད་ཤིང་རྟ་ལ་བསྐྱོན་ནས། །རྣམ་གྲོལ་གླིང་དུ་བདེ་བར་འཁྲིད་མཛད་པའི། །ལམ་མཁན་རིག་འཛིན་བླ་མའི་ཚོགས་ལ་འདུད། །ཁྱད་པར་གསང་བདག་དྲིན་ལས་གསང་ཆེན་གྱི། །བཀའ་བབས་དྲྭ་མ་ལྔ་དང་རྒྱལ་པོ་ཛཿ །རྒྱུད་དོན་རྣམ་པར་འགྲེལ་ལ་ཟླ་བྲལ་བ། །སྒེག་རྡོར་སངས་རྒྱས་གསང་བ་རྣམ་གཉིས་མཆོད། །བསིལ་ལྡན་མཁའ་ལ་ཐུགས་རྗེའི་རྟ་བདུན་གྱིས། །གསང་ཆེན་ཉི་མ་འདྲེན་མཛད་པད་འབྱུང་དང་། །བི་མ་མི་ཏྲ་ལོ་ཆེན་རྨ་གཉགས་ཟུང་། །བཀའ་སྲོལ་གཅིག་འདུས་གནུབས་ཆེན་རྣམས་ལ་འདུད། །གངས་ཅན་རི་ཡི་སུལ་དུ་ཐེག་མཆོག་གི། །འཇིགས་མེད་ཆོས་སྒྲས་ལྟ་ངན་རི་དྭགས་ཀུན། །སྐྲག་མཛད་ཕྱོགས་ལས་རྣམ་རྒྱལ་མིའི་སེང་གེ། །ཟུར་གྱི་རིགས་འཁྲུངས་མེས་དབོན་རྣམ་གསུམ་རྒྱལ། །གང་གི་བཀའ་སྲོལ་ཁོ་ནས་འཛིན་མའི་ཁྱོན། །ཁྱབ་མཛད་བཤེས་གཉེན་ཚོགས་དང་དེ་ལས་གཞན། །ལེགས་བཤད་གཏམ་གྱི་འབྱུང་གནས་རོང་ཟོམ་དང་། །དྲི་མེད་འོད་ཟེར་རྣམས་ལའང་གུས་ཕྱག་འཚལ། །གློ་བུར་ལས་སྐྱེས་མ་རིག་ཆུ་འཛིན་གྱིས། །མཐའ་བྲལ་ཆོས་དབྱིངས་ནམ་མཁའ་བསྒྲིབས་གྱུར་པ། །དེ་སེལ་མཛད་པོ་གཏེར་ཆེན་བླ་མ་ལས། །གཞན་དུ་མ་དམིགས་དད་བརྒྱའི་གཙུག་གིས་མཆོད། །གང་ཞིག་ཕུང་ཁམས་སྐྱེ་མཆེད་ལྟར་སྣང་འགྲོ་བའི་རྟོག་ཚོགས་ཇི་སྙེད་ཀུན། །ཡེ་ནས་རྣམ་གྲོལ་རང་བཞིན་རྣམ་དག་འཁོར་འདས་རོ་མཉམ་དཀྱིལ་འཁོར་ཆེར། །མཁའ་ལྟར་མི་ཕྱེད་ཐམས་ཅད་བདག་ཉིད་རྟག་བཞུགས་བདེ་བ་ཆེན་པོའི་སྐུ། །རང་བྱུང་ཡེ་ཤེས་དོན་དམ་སྙིང་པོ་བྱང་ཆུབ་སེམས་ལ་གུས་པས་འདུད། །གང་ཡང་དཔལ་ལྡན་སྙིང་པོའི་རྒྱུད་རྒྱལ་འདིར། །སྔོན་རབས་མཁས་པའི་རྣམ་བཤད་དཔག་མེད་ཅིང་། །བདག་ལྟས་དོན་གཞན་བརྗོད་པའང་ནུས་མིན་ཀྱང་། །དོན་ལ་མོས་པ་འགའ་ཡིས་བསྐུལ་བ་དང་། །ཁྱད་པར་བདག་ཉིད་འདི་ན་ཚིག་གཅིག་ཙམ། །སྨྲ་བ་གང་དེའང་གསུང་རབ་འདི་ཡི་མཐུ། །དེ་ཕྱིར་རྒྱུད་དོན་ཇི་བཞིན་མཐོང་མིན་ཀྱང་། །གུས་པ་ཁོ་ནས་ཚུལ་འདི་བརྗོད་ལ་སྤྲོ། །གང་གི་ཚེ་གདོད་མའི་དབྱིངས་སུ་རིག་པའི་ཡེ་ཤེས་རྣམ་པར་གྲོལ་བས་སྤངས་རྟོགས་མཐར་ཕྱིན་པའི་བྱང་ཆུབ་ཆེན་པོ་བརྙེས་ནས། གཙང་མའི་གནས་སྤངས་པའི་འོག་མིན་ཆེན་པོའི་གནས་སུ་རིགས་བདག་དྲུག་པའི་ཕྱག་རྒྱར་བསྟན་ཏེ། འཆད་པའི་སྐྱེས་བུ་དེ་བཞིན་གཤེགས་པ་ལྔ་ཡང་མངོན་པར་སྣང་བར་མཛད་ནས། རྡོ་རྗེ་གསང་བ་ལ་སོགས་པ་རིག་པ་ཁྱད་པར་ཅན་གྱི་འཁོར་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་ཉིད་དགོངས་པ་བརྡའི་ཚིག་གིས་དུས་རྟག་པ་རྒྱུན་གྱི་འཁོར་ལོས་བགྲོ་བར་མཛད་པ་ལས་རྣམ་པར་གཡོ་བའི་རྩོལ་རྟོག་མི་མངའ་བཞིན་དུ་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་ངོར་འཇིགས་བྱེད་ཆེན་པོ་དཔལ་ཧེ་རུ་ཀའི་རོལ་པ་ཚད་མེད་པ་དང་། ཐུན་མོང་གི་གདུལ་བྱ་རྣམས་ལ་འདུལ་བྱེད་ཀྱི་སྟོན་པ་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་དྲུག་ཐུགས་རིག་པ་ཡེ་ཤེས་ཀྱི་བྱིན་རླབས་ལས་སྤྲོ་བ་སོགས་ཇི་ལྟར་འཚམས་པས་འདུལ་བའི་སྒྲོན་མ་རྣམ་པར་བཀོད་དེ་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར་རོ། །དེ་དག་གི་དོན་དང་འབྲས་བུ་ཐམས་ཅད་གང་དུ་འདུ་བའི་སྣོད་དང་། གང་ལས་འཕྲོ་བའི་གཞི་ལྟ་བུ་ནི་དཔལ་གསང་བའི་སྙིང་པོ་ཡིན་ཏེ། ཇི་སྐད་དུ། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་དང་། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་གསུངས་ཤིང་། བཤད་རྒྱུད་རྒྱས་པ་ལས་ཀྱང་། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་འདིར་གང་བཤད་པར་བྱ་བའི་ཆོས་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཡིན་ལ། དེ་གང་གིས་འཆད་ན། བཤད་པའི་རྒྱུད་རྣམས་དང་། བླ་མ་དམ་པ་རྣམས་ཀྱིས་དོན་ལ་རྟོན་པའི་དགོངས་འགྲེལ་མཛད་པ་དེ་དག་ལ་བརྟེན་ནས་སོ། །ཇི་ལྟར་འཆད་པའི་ཚུལ་ལ། སློབ་དཔོན་ཆེན་པོ་བི་མ་ལའི་ཁོག་གཞུང་གསལ་སྒྲོན་དུ། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མར་འབྲུ་གཉེར་དགྲོལ་བའོ། །ཞེས་པས་དོན་གསུམ་སྟེ། འགོ་སྨོས་པས་གོ་བའི་དབང་པོ་ཡང་རབ་རྣམས་ལ་མཚན་བཤད་པ་དང་། དབང་པོ་འབྲིང་པོ་རྣམས་ལ་སྤྱིའི་དོན་རྣམ་པར་དབྱེ་བས་བཤད་པ་དང་། དབང་པོ་ཐ་མ་རྣམས་ལ་འབྲུ་རེ་གཉེར་རེའི་སྒོ་ནས་སྤྲོས་ཏེ་བཤད་པའོ། །དང་པོ་ལའང་། ཁོག་གཞུང་ལས། རབ་མཚན་ཐ་སྙད་གསུམ་དུ་གྲགས། །སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། །ལག་གི་རྩ་བཞིན་དབུ་ཞབས་རྟོགས། །སྐལ་པ་ཅན་གྱི་ཆེད་ཕྱིར་རོ། །ཞེས་མཚན་གྱི་རྣམ་གྲངས་གསུམ་དུ་བསྟན་པ་ལས། དང་པོ་རྒྱུད་དང་དཀྱིལ་འཁོར་གྱི་གཙོ་བོ་དང་འཆད་པའི་སྐྱེས་བུ་གསུམ་གྱི་མཚན་ཐུན་མོང་དུ་བསྟན་པ་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་སྟེ། བཤད་རྒྱུད་མེ་ལོང་ལས། ཆོས་རྣམས་མ་ལུས་གཉིས་མེད་པའི། །རང་རིག་བྱང་ཆུབ་སེམས་ཉིད་དོ། །ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་པས་རྡོ་རྗེ་ནི་རང་བཞིན་དབྱེར་མི་ཕྱེད་པ་སྟེ་ཤེས་རབ་སྟོང་པ་ཉིད། སེམས་དཔའ་ནི་སཏྭའི་སྒྲ་བརྟན་པ་དང་། བསྡུས་པ་དང་། རྟོགས་པ་གསུམ་ལ་སྐབས་འདིར་འཇུག་པས་ན། ཐབས་རང་རིག་པ་བྱང་ཆུབ་ཀྱི་སེམས་ཤེས་རབ་སྟོང་པ་ཉིད་དང་རོ་གཅིག་པའི་ཟུང་འཇུག་རང་བཞིན་གྱིས་རྣམ་པར་དག་པ་དེ་རྡོ་རྗེ་ལྟར་བརྟན་པས་སམ། དེ་ཉིད་ཀྱི་ཕྱག་རྒྱས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བཏབ་པས་མཉམ་པ་ཉིད་དུ་བསྡུས་པ་ནི་གཞི་འབྲས་གཉིས་སུ་མེད་པའི་རྡོ་རྗེ་སེམས་དཔའ་དང་། གནས་ལུགས་ཀྱི་དོན་དེ་ཉིད་སྒྲིབ་གཉིས་ཟད་ཅིང་ཚོགས་གཉིས་རྫོགས་པའི་སྐྱེས་བུས་མངོན་དུ་རྟོགས་པ་ནི་འབྲས་བུའི་རྡོ་རྗེ་སེམས་དཔའ་སྟེ། གང་རྟོགས་པའི་ཡེ་ཤེས་དེ་ཡང་རྡོ་རྗེ་ལྟར་གཉིས་སུ་མེད་པར་གྱུར་པའི་ཕྱིར་རོ། །དེ་ཉིད་མཚན་མའི་ཕྱག་རྒྱར་སྣང་བ་དཀྱིལ་འཁོར་གྱི་གཙོ་བོ་དང་འཆད་པའི་སྐྱེས་བུ་རྡོ་རྗེ་མི་བསྐྱོད་པ་ལ་ཡང་རྡོ་རྗེ་སེམས་དཔའ་ཞེས་གྲགས་སོ། །སྒྱུ་འཕྲུལ་དྲྭ་བ་ནི། རྡོ་རྗེ་ལས། ཐབས་དང་ཤེས་རབ་འབྲེལ་བའི་དོན། །ཞེས་པས་འབྱུང་བ་ལྔ་སྒྱུ་མ་ལྟར་སྣང་བ་རིས་སུ་མ་ཆད་པའི་རྒྱུས་ཅིར་ཡང་འཕྲུལ་པ་ནི་ཕུང་པོ་ལྔ་སྟེ་རྒྱུ་འབྲས་འབྲེལ་བ་ཅན་གྱི་ཕྱིར་དྲྭ་བའོ། །རྒྱུ་མཚན་དེས་ཤེས་རབ་དབྱིངས་སྟོང་པ་ཉིད་དང་། ཐབས་རིག་པ་རང་བྱུང་གི་ཡེ་ཤེས་གཉིས་ཟུང་དུ་འབྲེལ་བ་ནི་ངེས་དོན་གྱི་སྒྱུ་འཕྲུལ་དྲྭ་བ་དང་། དེའི་རྟགས་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བ་ནི་དྲང་དོན་བརྡའི་སྒྱུ་འཕྲུལ་དྲྭ་བའོ། །ཡང་ན་སྒྱུ་མ་ནི་རྟོག་ཚོགས། །འཕྲུལ་པ་ནི་ལྷ། དྲྭ་བ་ནི་རང་བཞིན་གཉིས་སུ་མེད་པར་འབྲེལ་བ་སྟེ། ལེ་ལག་ལས། ལྔ་ཕུང་སྒྱུ་མའི་ཡེ་ཤེས་ལ། །རང་རིག་ཐབས་ཀྱིས་རིགས་ལྔར་འཕྲུལ། །ཞེས་དང་། བླ་མ་ལས། ཀུན་འབྱུང་དཀྱིལ་འཁོར་སྒྱུ་འཕྲུལ་ཆེ། །མང་ལ་འབྲེལ་བ་དྲྭ་བའི་དོན། །ཞེས་གསུངས། འདི་ཉིད་ཀྱི་ལེའུ་བཞི་པ་ལས་ནི་ཡབ་ལ་སྒྱུ་འཕྲུལ་དང་། ཡུམ་ལ་དྲྭ་བར་བཤད་ཅིང་། གཞི་དང་འབྲས་བུ་ལ་མཚན་ཇི་སྐད་དུ་ཐོབ་པའི་ངེས་པས་ཤེས་ཐོབ་ཀྱི་བྱ་བྱེད་དང་འབྲེལ་བ་ལམ་གྱི་རྒྱུད་དང་། དེ་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་ལའང་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞེས་བྱའོ། །གཉིས་པ་ཆེ་བ་ལས་མཚན་དུ་བཏགས་པ་ནི། ལུང་གི་སྤྱི་སྟེ། རྡོ་རྗེ་ལས། སོ་སོར་བསྟན་པ་རྒྱ་མཚོའི་རྒྱུད། །འདིར་སྟོན་འདིས་སྟོན་འདི་ཕྱིར་སྟོན། །དོན་ཀུན་འདི་ལ་ཡོངས་རྫོགས་པས། །ལུང་གི་སྤྱི་ཞེས་བཤད་པ་ཡིན། །ཞེས་དང་། འདི་ཉིད་ལས། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། །ཞེས་སོ། །གསུམ་པ་དོན་རང་གི་ངོ་བོ་ལས་བཏགས་པ་ནི། འགྲེལ་ཆུང་ལས། སྔོན་དུ་འགྲོ་བའི་བདག་ཉིད་པས། །མིང་ཉིད་ཐོག་མར་སྨོས་པ་གཅེས། །ཞེས་པ་ལྟར་གླེགས་བམ་གྱི་ཀླད་དུ་བཀོད་པའི་མཚན་ཏེ་འཆད་པར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། དོན་གྱི་རྣམ་གྲངས་རྣམ་པར་དབྱེ་བ་དང་། ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བའོ། །དང་པོ་ལ་ལྔ་སྟེ། རྒྱུད་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་བསླང་བ། འབྲས་བུ་ཡོངས་སུ་ཤེས་པར་བྱ་བ་རྒྱུད་དོན། རྒྱུད་ཀྱི་དགོས་འབྲེལ། འཁོར་ལ་གདམས་ཤིང་བསྟན་པ་གཏད་པའོ། །དང་པོ་ནི། རྒྱུད་ཕྱི་མ་འགོས་འགྱུར་ལས། སྟོན་པ་ལ་སོགས་རབ་དབྱེ་བས། །ཕུན་སུམ་ཚོགས་པ་ལྔར་བརྗོད་དོ། །ཞེས་པས་གང་དུ་སྟོན་འཁོར་ཚོགས་པ་དེའི་ཚེ་རྒྱུད་དོན་འབྱུང་བར་ངེས་པའི་ཕྱིར་ཕུན་སུམ་ཚོགས་པ་ལྔ་ལྡན་ནི་གླེང་གཞིའོ། །ཅིའི་ཕྱིར་གླེང་གཞི་ཞེས་བྱ་ཞེ་ན། དཱ་ནའི་སྒྲ་ལས་བཀའ་ཡིན་མིན་དུ་རྟོག་པའི་ཐེ་ཚོམ་ཅན་དག་ལ་ཕུན་སུམ་ཚོགས་པ་ལྔའི་ལོ་རྒྱུས་བརྗོད་པས་ཡིད་ཆེས་ཀྱི་ངེས་པ་སྦྱིན་པར་བྱེད་པའི་ཕྱིར་དང་། གང་གླེང་བར་བྱ་བ་རྒྱུད་ཀྱི་དོན་འབྱུང་བའི་རྒྱུའམ་གཞིར་འགྱུར་བའི་ཕྱིར་རོ། །དབྱེ་ན། ཐུན་མོང་མ་ཡིན་པ་དང་། ཐུན་མོང་གི་གླེང་གཞི་གཉིས་ལས། དང་པོ་ནི། ཐབས་ལམ་དང་སྦྱར་ཏེ་ནང་གསང་ལྟར་འཆད་པ་དག་ཡིན་ནོ། །གཉིས་པ་ནི། ལོངས་སྐུའི་གླེང་གཞིའམ། རྒྱུད་འབྱུང་བ་ཁྱད་པར་ཅན་གྱི་གླེང་གཞི་དང་། ཞར་བྱུང་གདུལ་བྱ་དགོས་ཆེད་དུ་བསྟན་པ་ཁྲོ་བོའི་གླེང་གཞི། སྤྲུལ་སྐུ་འགྲོ་བ་འདུལ་བའི་གླེང་གཞིའམ། བསྟན་པ་སྤྱིའི་གླེང་གཞིར་གྲགས་པ་རྣམས་སོ། །གཉིས་པ་རྐྱེན་གླེང་བསླང་བ་ནི། ཐུགས་ཐིག་ལས། སྟོན་པས་གནང་དང་འཁོར་གྱིས་ཞུས། །སྐབས་ལས་གླེང་བསླང་སྟོན་དང་འཁོར། །གནང་འདྲིའི་རྐྱེན་དུ་གང་གྱུར་པ། །དེ་དེས་གསུང་ལ་མ་རག་པ། །ཞེས་པས་སྟོན་འཁོར་དྲི་ལན་གྱི་སྦྱོར་བས་རྒྱུད་དོན་གདུལ་བྱའི་བློ་དང་འཚམས་པར་འབྱུང་མ་རག་པའོ། །ཅིའི་ཕྱིར་གླེང་བསླང་ཞེས་བྱ་ཞེ་ན། གང་གླེང་བར་བྱ་བ་ནི་རྒྱུད་དོན་ཡིན་ལ། དེ་ཉིད་གླེང་བར་བསྐུལ་བ་ནི་བསླང་བ་སྟེ། བསྟན་པ་འབྱུང་བའི་རྐྱེན་བྱེད་པའི་ཕྱིར་རོ། །དབྱེ་ན། ཐུན་མོང་མ་ཡིན་པའི་དང་། ཐུན་མོང་གི་གླེང་བསླང་གཉིས་ལས། དང་པོ་ནི། སྟོན་པ་ཡབ་ཡུམ་གྱིས་ལྷན་ཅིག་པའི་འཁོར་ལ་ཟབ་དབང་བསྐུར་བའི་སྦྱོར་བས་མདུན་བསུས་ཏེ། ཐབས་ཤེས་གཉིས་མེད་ཀྱི་ཆ་བཟུང་ནས་གླེང་བསླང་བ་གསུམ་མོ། །གཉིས་པ་ནི། འཁོར་གྱིས་གཞན་དོན་དུ་རྒྱུད་བཤད་པར་ཞུས་པས་སྟོན་པའི་ཐུགས་རྗེ་སྐྱེས་ཏེ། དངོས་དང་བརྒྱུད་པའི་སྒོ་ནས་འཆད་པར་དགྱེས་པའོ། །གསུམ་པ་འབྲས་བུ་ཡོངས་ཤེས་རྒྱུད་དོན་བཤད་པ་ལ་གཉིས་ཏེ། རྒྱུད་གསུམ་གྱི་རྣམ་བཞག་སྤྱིར་བཤད། །ལམ་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་པས་སྤྱིར་རྒྱུན་ཆགས་པའི་དོན་གྱིས་ན་རྒྱུད་ཅེས་བྱ་ལ། དབྱེ་ན། གང་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད་དང་། གང་གིས་རྟོགས་ཤིང་བགྲོད་པ་ཐབས་སམ་ལམ་གྱི་རྒྱུད་དང་། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དོ། །དང་པོ་ནི། བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་དང་། རྒྱས་པ་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཅེས་པས་གཞི་འཆིང་གྲོལ་མེད་པའི་གནས་ལུགས་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་ཡེ་ནས་གནས་པ་གང་ཡིན་པ་སྟེ། ཁམས་བདེ་བར་གཤེགས་པའི་སྙིང་པོ་དང་། རང་བཞིན་གྱིས་གནས་པའི་རིགས་དང་། །ཀུན་གཞིའི་ཡེ་ཤེས་དང་། དྲི་བཅས་དེ་བཞིན་ཉིད་ལ་སོགས་པའི་ཐ་སྙད་གང་ལ་འཇུག་པའི་གཞིའོ། །དེ་ཉིད་གཞི་ལམ་འབྲས་གསུམ་གྱི་ལྡོག་ཆ་གང་རུང་དང་མ་བསྟུན་པར་སྤྱིར་བཞག་པ་ན་རང་བཞིན་ནམ་གནས་ལུགས་དང་། གློ་བུར་གྱི་དྲི་མ་སྦྱོང་བ་དང་བསལ་སྟོབས་ཀྱིས་མངོན་དུ་གྱུར་པ་ལ་ལྟོས་ནས་ལམ་དང་འབྲས་བུར་བཞག་གོ། །ཅིའི་ཕྱིར་གཞིའམ་རྒྱུའི་རྒྱུད་དུ་འགྱུར་ཞེ་ན། ཐབས་ཀྱི་རྐྱེན་གྱིས་ཟིན་པ་དང་མ་ཟིན་པ་ལས་འཁོར་བ་དང་མྱང་འདས་སུ་འགྲུབ་པར་བྱེད་པས་ན། འཁོར་འདས་གཉིས་ཀའི་འབྱུང་གཞིའམ་རྒྱུར་གྱུར་པའི་ཕྱིར་དང་། དེ་ཉིད་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་རང་བཞིན་འགྱུར་བ་མེད་པར་རྒྱུན་ཆགས་སུ་འཇུག་པས་ན་རྒྱུད་དེ། རིམ་གསུམ་ལས། ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། །ཞེས་དང་། མགོན་པོ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ། །དབྱེ་ན། སློབ་དཔོན་བི་མ་ལས། རིམ་པ་གསུམ་པར། དང་པོ་རྣམ་པ་གཉིས་ཡིན་ཏེ། །ངོ་བོའི་གཞི་དང་བཏགས་པའི་གཞི། །ཞེས་པས་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་བདེ་བར་གཤེགས་པའི་སྙིང་པོ་ནི་དྲི་མ་སྦྱོང་བའི་གཞི་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་དང་། ལོག་པའི་ཞེན་སྣང་ཡུལ་དང་བཅས་པ་ནི་སྦྱང་བྱའི་དྲི་མ་འདམ་རྫབ་ལྟ་བུ་སྟེ། མེད་སྣང་གློ་བུར་བ་ཡིན་པས་འཁྲུལ་པ་བཏགས་པའི་གཞི་ཞེས་གསུངས་སོ། །ཞེན་སྣང་ཉིད་འཁོར་བ་འགྲུབ་བྱེད་ཀྱི་རྒྱུ་དང་། རྣམ་ཤེས་ཀྱི་འཇུག་པ་མ་ཟད་བར་རྒྱུན་ཆགས་པ་ཙམ་ཡིན་ཀྱང་བཅོས་མ་གློ་བུར་གྱི་ཆོས་ཡིན་པས་འབྲས་བུའི་ཉ ེར་ལེན་དུ་གྱུར་པའི་རྒྱུ་རྒྱུད་མ་ཡིན་ཞིང་། རིག་པས་དཔྱད་དོན་གྱི་སྟོང་ཉིད་མེད་དགག་ཀྱང་རྒྱུ་རྒྱུད་མཚན་ཉིད་པ་མ་ཡིན་ཏེ། ཉེར་ལེན་གྱི་རྒྱུ་དང་རྒྱུན་གྱི་དོན་གཉིས་ཀ་མི་གནས་པའི་ཕྱིར་རོ། །གཉིས་པ་ནི། རྒྱུ་རྒྱུད་དེ་གློ་བུར་གྱི་དྲི་མ་དང་བྲལ་བར་བྱེད་པའི་ཐབས་ཤེས་འཇུག་གི་བྱེད་རྩོལ་དང་བཅས་པ་སྟེ། དེ་ཡང་ངོ་བོ་སྐྱེད་བྱེད་ཤེས་རབ་རྣམ་གསུམ་གྱིས་བསྐྱེད་བྱ་ཐུན་མོང་དང་མཆོག་གི་སེམས་ལྔ་སྐྱེས་སམ་སྐྱེ་བའོ། །དེ་ལྟར་ཡང་རིམ་གསུམ་ལས། ངོ་བོ་ཤེས་རབ་རྣམ་གསུམ་གྱིས། །སེམས་ལྔ་སྐྱེས་པར་བསྟན་པ་ཡིན། །ཞེས་སོ། །ཅིའི་ཕྱིར་ཐབས་སམ་ལམ་གྱི་རྒྱུད་དུ་འགྱུར་ཞེ་ན། ཐོབ་བྱ་འབྲས་རྒྱུད་ཉིད་མངོན་དུ་བྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པས་ཐབས་དང་། གང་གིས་གང་དུ་བགྲོད་བྱའི་རྟེན་ཡིན་པས་ལམ་སྟེ། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །ཞེས་དང་། མདོའི་དོན་བསྡུས་ལས། བགྲོད་དང་དེ་ཆོས་ལྡན་པ་དང་། །ཞེས་སོ། །དེ་ལའང་ཉེ་རིང་གཉིས་ལས། རྣལ་འབྱོར་བླ་ན་མེད་པ་ཁྱད་པར་གྱི་ལམ་འདི་ནི་ཉེ་བའི་ལམ་མམ་ཐབས་རྒྱུད་ཡིན་ལ། དེ་ལས་གཞན་པ་ཐུན་མོང་གི་ལམ་ངེས་འབྱུང་གི་ཐེག་པ་བཞི་དང་། ཕྱི་རྒྱུད་སྡེ་གསུམ་གྱི་ལམ་རྣམས་ནི་སྐབས་འདིར་རིང་བའི་ལམ་ཞེས་བྱའོ། །དེ་ཡང་གཞི་འབྲས་གཉིས་དང་ཤེས་ཐོབ་ཀྱི་བྱ་བྱེད་འབྲེལ་བ་ཅན་དུ་གནས་པའི་ཕྱིར་ཐབས་བར་མ་ཆད་པར་རྒྱུན་ཆགས་སུ་འབྱུང་བས་ན་རྒྱུད་དོ། །ཁྱད་པར་གྱི་ལམ་ལ་དབྱེ་ན། ཐབས་ཀྱིས་ངེས་པའི་ལམ་དང་། ཤེས་རབ་རྣམ་པར་གྲོལ་བའི་ལམ་གཉིས་ཏེ། བཤད་རྒྱུད་རྒྱ་མཚོ་ལས། གྲོལ་ལམ་ཐབས་སུ་རྣམ་པར་བསྟན། །ཞེས་སོ། །དེ་ལ་ཐབས་ལམ་ནི། ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཞེས་པས་གཙོ་བོར་ཐབས་ཀྱི་ཁྱད་པར་བརྟུལ་ཞུགས་ཀྱི་སྤྱོད་པ་རྨད་དུ་བྱུང་བའི་སྒོ་ནས་འབྲས་བུ་མྱུར་དུ་འགྲུབ་པར་བྱེད་པ་སྟེ། མཀྵི་ཀའི་སྦྱོར་བས་ལྕགས་ཁམས་ཡུད་ཙམ་གྱིས་གསེར་དུ་བསྒྱུར་བ་བཞིན་ནོ། །དབྱེ་ན། རིམ་གསུམ་ལས། གདམས་ངག་སྟེང་དང་འོག་གི་སྒོ། །ཞེས་པ་ལྟར་གཉིས་ལས། སྟེང་སྒོ་ནི། འཁོར་ལོ་དྲུག་ལ་བརྟེན་ནས་འབར་འཛག་གི་སྦྱོར་བས་འཁོར་ལོ་བཞིར་བདེ་བའི་ཡེ་ཤེས་བསྐྱེད་པ་ལ་བསླབ་པ་རིམ་གྱིས་པ་སྟེ། རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བས་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། །ཞེས་སོ། །འོག་སྒོ་མཁའ་གསང་གཉིས་ལ་བརྟེན་ནས་དབབ་བཟུང་ལྡོག་ཁྱབ་ཀྱི་སྦྱོར་བས་སྐད་ཅིག་ལ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་བསྐྱེད་པ་ཐབས་ལམ་ཅིག་ཅར་བ་སྟེ། རྒྱས་པ་ལས། ཕུན་སུམ་ཚོགས་པ་ལྷུན་གྲུབ་རྣམས། །གསང་བ་མཆོག་གིས་སྦྱིན་པར་བྱེད། །ཅེས་སོ། །གཉིས་པ་གྲོལ་ལམ་ནི། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་པས་གཙོ་བོར་ཤེས་རབ་རྣམ་པ་གསུམ་གྱི་སྒོ་ནས་རང་རྒྱུད་ཀྱི་འཆིང་བ་ཆོས་ཉིད་དུ་གྲོལ་བར་བྱེད་པ་སྟེ། རིན་པོ་ཆེ་ཀསྟུ་བྷ་དང་ལྷན་ཅིག་བཞག་པའི་རྡོའི་ཁམས་རིམ་གྱིས་གསེར་དུ་འགྱུར་བ་བཞིན་ནོ། །དབྱེ་ན། ལམ་རིམ་ལས། རིང་བའང་རིམ་དང་ཅིག་ཅར་བའོ། །ཞེས་པས་དབང་པོ་ཡང་རབ་ཁ་ཅིག་དབྱེར་མེད་ཆིག་ཆོད་དུ་རྟོགས་གོམས་མཐར་ཕྱིན་པར་བྱེད་པ་ཡོད་དེ་ཅིག་ཅར་བ་ཞེས་བྱ་ཞིང་། ཡང་རིམ་གྱིས་རྟོགས་གོམས་མཐར་ཕྱིན་པར་བྱེད་པ་ནི་རིམ་གྱིས་པ་སྟེ། དེ་ཅུང་ཟད་བཤད་ན། འདི་ཉིད་ལས། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པས་མཚན་ཉིད་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞིའོ། །དང་པོ་ནི། ལམ་རིམ་ལས། གཞི་དང་གཏན་ཚིགས་གྲུབ་པའི་དོན། །ཞེས་པས་གཞལ་བྱ་ཞེན་སྣང་ཉིད་འཇལ་བྱེད་གཏན་ཚིགས་རྣམས་ཀྱིས་གཏན་ལ་ཕབ་པས་རྟོགས་བྱའི་ལྟ་བ་རང་བཞིན་རྒྱུ་རྒྱུད་གནས་ལུགས་ཀྱི་དོན་དེ་བཞིན་ཉིད་དེ་རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྗེན་པར་རྟོགས་པ་ནི་གྲུབ་མཐའ་སྟེ། ལམ་རིམ་ལས། རྒྱ་མཚོ་དང་བའི་གཟུགས་བརྙན་ལྟར། །སྒྲ་བརྟེན་ཡིད་ལ་བྱེད་མིན་པར། །རང་རིག་མངོན་སུམ་དམིགས་བྲལ་བ། །རང་གསལ་གསུམ་བྲལ་མི་བསྒུལ་བར། །ངེས་པར་གདེངས་སུ་གང་བྱས་པ། །ཐོས་བསམ་བརྟེན་པའི་ལྟ་མཐར་ཕྱིན། །ཞེས་གསུངས། གང་དག་སྔགས་ཀྱི་གྲུབ་མཐའ་ནི་ལྟ་བ་དབུ་མ་ལས་ཐབས་ཁྱད་པར་དུ་འཕགས་པས་ཕྱེ་བ་ཙམ་དུ་འདོད་པ་ནི། བདེན་པ་དབྱེར་མེད་སྣོད་བཅུད་དག་མཉམ་ཆེན་པོར་གཏན་ལ་འབེབས་པའི་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བ་ལ་ཅེ་རེ་ལོང་དུ་སོང་བ་ཡིན་ནོ། །གལ་ཏེ་རིག་པ་འགྱུར་མེད་ལ་དེ་བཞིན་ཉིད་དུ་བྱས་པ་ནི་ངེས་དོན་གྱི་མདོ་སྡེ་ཟབ་མོ་རྣམས་ལས་ཀྱང་འབྱུང་བས་རྟོགས་བྱའི་ཡུལ་ལ་ཁྱད་པར་མེད་དམ་སྙམ་ན། བདེན་མོད་ཀྱི། དེ་ལྟ་ནའང་། དེ་བཞིན་ཉིད་དེ་བླ་ན་མེད་པའི་རྒྱུད་འདིར་རྒྱུ་རྒྱུད་དུ་འཇོག་པའི་ཚེ་ན་ལྷན་ཅིག་སྐྱེས་པ་མི་འགྱུར་བའི་བདེ་བ་ཆེན་པོའི་རང་བཞིན་དུ་བྱས་པ་ནི་སྔགས་ཀྱི་ཁྱད་ཆོས་སུ་བཞེད་པ་ཡིན་ཏེ། རྡོ་རྗེ་མེ་ལོང་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། དུས་འཁོར་ལས། དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་སྔགས་ཀྱི་ཐེག་པར་བསྟན། །ཅེས་དང་། བརྟག་གཉིས་ལས། རྟག་ཏུ་རང་བཞིན་བདེ་བ་ཅན། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཅེས་སོ། །གཞན་ཡང་གཉིས་སྣང་འཁོར་བའི་ཆོས་འདི་རྣམས་ཐག་ཁྲའི་སྦྲུལ་ལྟར་མེད་སྣང་གློ་བུར་བ་དང་། དེ་དག་གི་སྣང་གཞི་གནས་ལུགས་དེ་བཞིན་ཉིད་ཡིན་པའི་གནད་ཀྱིས། རྟོག་ཚོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དག་པར་གསུངས་པ་ཡང་། ཕུང་སོགས་ཀྱི་སྣང་གཞི་དེ་བཞིན་ཉིད་ཀྱི་རྩལ་གཉུག་མའི་ཡེ་ཤེས་ཀྱི་རྩ་དང་རླུང་སེམས་ལ་སོགས་པ་གདོད་ནས་སྐུ་གསུམ་གྱི་ངོ་བོར་ལྷུན་གྱིས་གྲུབ་པ་དང་། ཡེ་ཇི་བཞིན་པའི་རིགས་ལྔ་སོགས་ལྷའི་བདག་ཉིད་དུ་བཞུགས་པ་གང་ཡིན་པ་སྟེ། སློབ་དཔོན་ཆེན་པོ་སངས་རྒྱས་གསང་བའི་ལམ་རིམ་དུ། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གཞི་རྫོགས་ཕྱག་རྒྱ་མ་འདྲེས་གསལ། །ཅིར་ཡང་འགྱུར་ཞིང་ཅིར་ཡང་འགྲུབ། །ཅེས་སོ། །གཉིས་པ་ལ། ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་ཀྱང་། །སྤྱིའི་རྣམ་པ་ཙམ་སྒོམ་པ་མོས་སྒོམ་དང་། །ལམ་སོ་སོའི་ཏིང་ངེ་འཛིན་མཐར་ཕྱིན་བར་བསླབ་པ་ངེས་རྫོགས་གཉིས་སུ་འདུས་ཤིང་། དེ་ཡང་ངེས་རྫོགས་ནི། ལམ་རིམ་ལས། སྲིད་པ་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེས་པའི་རིམ་གསུམ་གཉིས་མེད་དོན། །ཞེས་པས་སྐྱེ་འཆི་བར་དོ་གསུམ་ཕྲུགས་གཅིག་སྦྱོང་བའི་ལམ་རྫོགས་པར་སྟོན་པ་སྟེ། འཆི་བ་འོད་གསལ་དང་རྗེས་སུ་མཐུན་པའི་ལམ་སྟོང་པ་ཆེན་པོ། དེ་བཞིན་དུ་བར་དོ་དང་སྙིང་རྗེ་སྒྱུ་མ། སྐྱེས་པའི་རིམ་པ་གསུམ་པོ་དང་ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་སྟེ་ཟག་པ་དང་བཅས་པའི་ལམ་གྱི་རྣལ་འབྱོར་ལྔ་ཡིན་ལ། དེ་ལས་ཀྱང་དང་པོ་བཞི་ནི་ཟག་ལྡོག་གཉིས་ཀ་ཡོད་པ་ཚོགས་ལམ་གྱི་རྣལ་འབྱོར་ཏེ། ལམ་རིམ་ལས། དེ་ཕྱིར་ལམ་བཞིར་ཟག་ལྡོག་ཡོད། །ཅེས་སོ། །ཚོགས་སྒྲུབ་ནི་སྦྱོར་ལམ་གྱི་རྣལ་འབྱོར་ཡིན་པས་ཟག་པ་ཡོད་ཀྱང་ལྡོག་པ་མེད་པའི་ལམ་སྟེ། སྤྱོད་པའི་དུས་གྲངས་ངེས་པས་ཟག་མེད་ལ་དངོས་སུ་སྦྱོར་བའི་བར་ཆད་མེད་ལམ་ཡིན་པའི་ཕྱིར་རོ། །གསུམ་པ་ལམ་གྱུར་གྱི་འབྲས་བུ་ནི། ཟག་ལྡོག་གཉིས་ཀ་མེད་པའི་ལམ་མཐོང་སྒོམ་མཐར་ལམ་གསུམ་གྱིས་བསྡུས་པ་རིག་འཛིན་བཞི་སྟེ། དེ་ཡང་མཐོང་ལམ་པ་ལ། ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་བློའི་ནུས་སྟོབས་ཆེ་ཆུང་གིས་འབྱུང་བ་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱོང་བར་མ་ནུས་པ་རྣམ་སྨིན་རིག་འཛིན་དང་། སྦྱོང་བར་ནུས་པས་སྐྱེ་འཇིག་མེད་པ་དྭངས་མའི་ལུས་སུ་གྱུར་པ་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་གཉིས་ཏེ། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་སོ། །སྒོམ་ལམ་པ་ནི། ཡེ་ཤེས་སྒྱུ་མའི་སྐུ་ཅན་ཕྱག་ཆེན་རིག་འཛིན་ཡིན་ལ། མཐར་ལམ་པ་ནི། སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཆ་ལུགས་འཛིན་པ་ལྷུན་གྲུབ་རིག་འཛིན་ནོ། །དེ་དག་ཀྱང་རྣམ་སྨིན་རིག་འཛིན་དང་རྒྱུའི་ཐེག་པའི་མཐོང་ལམ་རབ་དགའ་ལ་གནས་པའི་སེམས་དཔའ་གཉིས་དགོངས་པ་མཉམ་ཞིང་། དེ་ལས་གཞན་པ་ཚེ་དབང་སོགས་གསུམ་ནི་རྒྱུའི་ཐེག་པའི་ས་དང་པོ་དང་། བརྒྱད་པ་དང་། བཅུ་པ་ཙམ་དུ་སྐལ་བ་མཉམ་པར་འགྱུར་མོད་ཀྱི། འོན་ཀྱང་དགོངས་སྤྱོད་ཀྱིས་ཁྱད་པར་དུ་གྱུར་པ་ཡིན་ཏེ། རྒྱུའི་ཐེག་པའི་སྒོམ་ལམ་ས་བརྒྱད་པ་དང་ཚེ་དབང་། བཅུ་པ་དང་ཕྱག་ཆེན། མི་སློབ་པའི་ས་ཀུན་ཏུ་འོད་དང་ལྷུན་གྲུབ་རིག་འཛིན་རྣམས་མཉམ་པར་བཞེད་པའི་ཕྱིར། དེ་ལྟར་ཡང་ལམ་ཆུང་ལས། དེ་ཡང་དང་པོ་དང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་མཆོག་དེ། །བརྒྱད་པའི་སེམས་དཔར་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོད། །དགོངས་སྤྱོད་རྒྱ་མཚོས་ཁྱད་པར་འཕགས། །ཞེས་དང་། བསམ་གཏན་མིག་སྒྲོན་གྱི་རང་འགྲེལ་ལས། ཀུན་ཏུ་འོད་བསྟི་གནས་ཀྱི་སའོ། །དེ་ནི་འདིར་ལྷུན་གྱིས་གྲུབ་པའི་རིག་འཛིན་དངོས་སོ། །ཞེས་གསུངས་སོ། །རྣམ་སྨིན་རིག་འཛིན་གྱི་དངོས་འབྲས་རྒྱ་ཆེན་དུ་ངེས་པའི་ཕྱིར། མཐོང་ལམ་གཉིས་པོ་ལམ་མཐར་ཆགས་ཀྱི་སྐབས་སུའང་རིམ་པར་བགྲོད་པ་མི་སྲིད་ཅིང་། རྣམ་སྨིན་ནས་ཐོད་བརྒལ་དུ་བགྲོད་པ་ཡང་མི་འབྱུང་ངོ་། །གཞན་དུ་ཅིག་ཅར་བའི་རིགས་མ་ཡིན་པའི་ལམ་པ་བློ་ཆེ་བ་འགའ་ཞིག་ཕྱག་རྒྱ་གཅིག་སྤྲོས་གཉིས་ནས་སྦྱོར་མཐོང་དང་། ཚེ་དབང་ནས་ལྷུན་གྲུབ་རིག་འཛིན། ཚེ་དབང་དང་རྒྱ་ཆེན་གཉིས་ནས་རྫོགས་པའི་སངས་རྒྱས་ཀྱི་སར་ལམ་གཞན་བར་ནས་བོར་ལ་ཐོད་བརྒལ་དུ་སྦྱོར་བ་སྲིད་པ་ཡིན་ཏེ། དེ་དག་ལ་ངང་གིས་བློ་ཆེ་བ་དང་། ཟུང་འཇུག་གི་ལམ་བསྒོམ་པ་དང་། ལམ་གཞན་བར་ནས་བོར་དུ་ཡོད་པ་སྟེ་ཐོད་བརྒལ་འབྱུང་བའི་ཆོས་གསུམ་པོ་ཚང་བའི་ཕྱིར་རོ། །དེ་ལྟར་ན་ཚོགས་སྒྲུབ་ནས་ཀྱང་ཐོད་བརྒལ་འབྱུང་བ་སྲིད་དམ་སྙམ་ན། མ་ཡིན་ཏེ། ལམ་རིམ་ལས། ལམ་མཆོག་དབྱེ་ས་གཅིག་ཡིན་ནོ། །ཞེས་ཟག་མེད་ཀྱི་ལམ་གྱི་འདུ་ས་དང་དབྱེ་ས་མཐོང་ལམ་ཡིན་པར་གསུངས་པས་ལམ་གཞན་བར་ནས་བོར་དུ་མེད་པའི་ཕྱིར་རོ། །གསུམ་པ་ནི། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། གྲུབ་པའི་རྣལ་འབྱོར་རྣལ་འབྱོར་ཆེ། །ལྷུན་གྲུབ་ཇི་བཞིན་མངོན་བྱས་པའང་། །བཏགས་པ་ཙམ་སྟེ་གཉིས་པ་མེད། །དེ་ཕྱིར་དེ་ལ་དེ་བརྗོད་དོ། །ཞེས་པས་སྦྱང་གཞི་རྒྱུ་རྒྱུད་ལ་བརྟེན་པའི་སྦྱང་བྱ་གློ་བུར་གྱི་དྲི་མ་རྣམས་སྦྱོང་བྱེད་ཀྱིས་ལེགས་པར་སྦྱངས་པས་གཞི་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་མཐར་ཐུག་པའོ། །ཅིའི་ཕྱིར་འབྲས་བུའི་རྒྱུད་དུ་འགྱུར་ཞེ་ན། ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་པས་བླ་ན་མེད་པ་མཆོག་གི་འབྲས་བུ་མཐར་ཐུག་པ་དོན་དུ་གཉེར་བ་རྣམས་བསམ་པ་ཡོངས་སུ་རྫོགས་པས་ན་འབྲས་བུ་དང་། ནམ་ཡང་རྒྱུན་མི་ཆད་པས་ན་རྒྱུད་དོ། །དབྱེ་ན། ཁོག་གཞུང་ལས། འབྲས་བུའི་ངོ་བོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །དེ་ཡང་སྐབས་ཀྱི་ལྔ་ལྔ་སྟེ། །ཞེས་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་རེ་རེ་ལའང་ལྔ་ལྔ་སྟེ་འབྲས་ཆོས་ཉི་ཤུ་རྩ་ལྔར་འགྱུར་ལ། དེ་ཡང་རྟེན་སྐུ་དང་། བརྟེན་པ་ཡེ་ཤེས་དང་། མཛད་པ་ཕྲིན་ལས་གསུམ་དུ་འདུ་བ་ཡིན་པས། དང་པོ་རྟེན་ནི། གསུམ་མམ་ལྔ་སྟེ། དབྱིངས་ཐོག་ཏུ་རིག་པའི་ཡེ་ཤེས་གྲོལ་བ་ཟུང་འཇུག་ཆོས་ཀྱི་སྐུ་དང་། དེ་ལས་མ་གཡོས་བཞིན་དུ་ས་བཅུའི་སེམས་དཔའ་ལ་མཚན་དཔེའི་རྣམ་པར་སྣང་བའི་གཟུགས་བརྙན་ལོངས་སྐུ་དང་། སོ་སྐྱེས་རྣམས་ལ་མོས་པ་དང་མཐུན་པར་སངས་རྒྱས་ཀྱི་གཟུགས་བརྙན་ཅི་རིགས་སུ་སྣང་བ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་མོ། །ཡང་ན་སྐུ་གསུམ་སྣང་ཆ་མ་འདྲེས་པའི་ཆ་ནས་མངོན་བྱང་དང་། དབྱེར་མི་ཕྱེད་པའི་ཆ་ནས་རྡོ་རྗེའི་སྐུ་སྟེ་གཉིས་པོ་བསྣན་པས་སྐུ་ལྔའོ། །གཉིས་པ་བརྟེན་པ་ཡེ་ཤེས་ནི། དེའི་ཚེ་ཚོགས་བརྒྱད་གནས་སུ་དག་པས་ཡེ་ཤེས་ལྔ་སྟེ། ཅིར་ཡང་མི་དམིགས་པ་ཆོས་དབྱིངས་ཡེ་ཤེས་དང་། གསལ་ལ་རྟོག་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། འཁོར་འདས་ཀྱི་མཐའ་ལ་མི་གནས་པ་མཉམ་ཉིད་ཡེ་ཤེས་དང་། ཆོས་ཅན་མ་ལུས་པ་མངོན་སུམ་དུ་ས་ལེར་གཟིགས་པ་སོར་རྟོག་ཡེ་ཤེས་དང་། འགྲོ་དོན་མཛད་པ་ལ་ཐོགས་པ་མེད་པའི་ཕྲིན་ལས་འཇུག་པ་བྱ་གྲུབ་ཡེ་ཤེས་སོ། །དེ་དག་ཀྱང་ཆོས་དབྱིངས་ཡེ་ཤེས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཕྱི་མ་བཞི་པོ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་འདུ་བས་ན་ཡེ་ཤེས་གཉིས་སོ། །གསུམ་པ་མཛད་པ་ཕྲིན་ལས་ནི། དེ་ལྟར་སྒྲིབ་གཉིས་བག་ཆགས་དང་བཅས་པ་མཐའ་དག་སྤངས་ཤིང་། ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པའི་སྤངས་རྟོགས་མཐར་ཕྱིན་པའི་མཐུ་ལས་གདུལ་བྱའི་སྐལ་བ་དང་འཚམས་པའི་ཕྲིན་ལས་དུས་ལས་ཡོལ་བ་མེད་པར་ལྷུན་གྱིས་གྲུབ་པ་ནམ་མཁའ་ཇི་སྲིད་བར་འབྱུང་བ་ཡིན་ནོ། །གཉིས་པ་ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བྱེ་བྲག་ཏུ་བཤད་པ་ནི། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཚིག །མཆོད་སྔགས་ཏིང་འཛིན་ཕྲིན་སྒྲུབ་ཀྱིས། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱ། །ཞེས་པ་ལྟར་བཅུ་སྟེ། དེ་ཁོ་ན་ཉིད་ལྟ་བ། ལ་དོར་བ་སྤྱོད་པ། བཀོད་པ་དཀྱིལ་འཁོར། རིམ་པ་བགྲོད་པ་དབང་། མི་འདའ་བ་དམ་ཚིག །རོལ་པ་ཕྲིན་ལས། དོན་དུ་གཉེར་བ་སྒྲུབ་པ། མི་གཡོ་བ་ཏིང་འཛིན། གནས་སུ་སྟོབ་པ་མཆོད་པ། འཆིང་ཟློས་སྔགས་དང་ཕྱག་རྒྱའོ། །དང་པོ་ལྟ་བ་ལ་གསུམ་སྟེ། ངོ་བོ་ནི། ལམ་རིམ་ལས། ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པ། །དོན་དམ་དུ་ནི་དཀོར་བདུན་ལ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཡང་དག་སྐྱེས་མཆོག་དམ་པ་ཡིས། །དོན་དམ་ཀུན་རྫོབ་དབྱེར་མེད་པར། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །ཞེས་པས་མཐའ་གང་དུ་ཡང་མ་རེག་པའི་སེམས་ཉིད་ཡེ་ནས་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ནི་ལྷག་པ་དོན་དམ་བདེན་པ་དང་། དེ་ཉིད་ཀྱི་རྩལ་སྣང་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བས་འཁོར་འདས་མཉམ་པ་ཉིད་དུ་རྫོགས་པ་ནི་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་གཉིས་ཀྱང་ཕྱོགས་སུ་ལྷུང་བ་མ་ཡིན་པར་ངོ་བོ་དབྱེར་མི་ཕྱེད་པར་མཉམ་པ་ཉིད་དུ་གནས་ཤིང་། དེར་འཛིན་གྱི་བསམ་བརྗོད་ལས་ཀྱང་ཡང་དག་པར་འདས་པས་ན་ཐ་སྙད་ཙམ་དུ་ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཞེས་བཏགས་ཏེ། དེ་ལས། རྒྱལ་འགྲོས་མ་མཛད་མ་བཅོས་པར། །རང་བཞིན་ངང་གིས་དབྱེར་མེད་པའང་། །དེ་མིང་ཞེན་པ་དགྲོལ་ཕྱིར་ལས། །ཐ་སྙད་གཉིས་པར་བསམ་བརྗོད་འདས། །ཞེས་གསུངས་ཤིང་། ལྷག་པ་ཞེས་པའི་སྒྲ་ཡང་དོན་དམ་བདེན་ངོར་མ་ཟད། ཀུན་རྫོབ་ཏུ་ཡང་ཆོས་ཐམས་ཅད་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་ན་རྒྱུའི་ཐེག་པ་ལས་འཕགས་པའི་ཕྱིར་དེ་སྐད་དུ་བརྗོད་པ་སྟེ། དེ་ལས། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་སོ། །ངེས་ཚིག་ནི། དྲྀཥྚའི་སྒྲ་ལས་གནས་ལུགས་ཀྱི་དོན་ལ་དེ་དང་རྗེས་སུ་མཐུན་པའི་ཤེས་རབ་ཀྱིས་སྒྲོ་འདོགས་གཅོད་པས་ན་ལྟ་བའོ། །དབྱེ་ན། དབང་པོ་ཡང་རབ་ལ་གཏན་ཚིགས་ཀྱིས་རྟོགས་པར་བྱ་བ། དབང་འབྲིང་ལ་རང་བཞིན་དང་འབྲས་བུའི་རྟགས་ལ་བརྟེན་ནས་རྟོགས་པར་བྱ་བ། དབང་རྟུལ་ལ་བརྒྱུད་དེ་རྟོགས་པར་བྱ་བ་ཉེ་རིང་གཉིས་རྣམས་སོ། །གཉིས་པ་སྤྱོད་པ་ལའང་གསུམ་སྟེ། ངོ་བོ་ནི། རིམ་གསུམ་ལས། ཏིང་འཛིན་ཁྱད་པར་འགྱུར་བའི་ཕྱིར། །རྗེས་མཐུན་སྤྱོད་པ་གཞུང་བཞིན་སྤྱད། །ཅེས་པས་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་ལམ་པའི་སྒོ་གསུམ་གྱི་བྱ་བར་གྱུར་པ་གང་ཡིན་པའོ། །ངེས་ཚིག་ནི། ཙརྻའི་སྒྲ་ལས་སྤྱད་བྱ་ལ་ཚུལ་བཞིན་དུ་སྤྱོད་པར་བྱེད་པའི་དོན་གྱིས་ན་སྤྱོད་པའོ། །དབྱེ་ན། སྤྱིར་ལུས་ངག་ཡིད་གསུམ་ཡོངས་སུ་དག་པར་བྱ་བ་ཡིན་ལ། བྱེ་བྲག་ཏུ། ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་གཉིས་སུ་བཤད་ཅིང་། ཕྱི་མ་ལའང་། དད་བརྩོན་གྱི་སྤྱོད་པ། ཤེས་རབ་དང་མཐུན་པ། ཐབས་དང་མཐུན་པ། ཕྱོགས་གཅིག་པ། སྤྲོས་པ་དང་བཅས་པ། ཚོགས་ཀྱི་སྤྱོད་པ། རྫུ་འཕྲུལ་གྱི་སྤྱོད་པ་སྟེ་རིམ་གྱིས་པའི་སྤྱོད་པ་བདུན་དང་། བླང་དོར་མེད་པ་རྨད་དུ་བྱུང་བ་ཅིག་ཅར་བའི་སྤྱོད་པ་དང་བརྒྱད་དོ། །གསུམ་པ་དཀྱིལ་འཁོར་ལའང་གསུམ་སྟེ། ངོ་བོ་ནི། ཐུགས་ཐིག་ལས། གནས་སྐབས་བདུན་དུ་སྙིང་པོ་ལེན། །བཀོད་པ་གང་རྫོགས་དེ་ངོ་བོ། །ཞེས་པ་བཀོད་པ་ལྷའི་འཁོར་ལོར་རྫོགས་པར་སྣང་བའོ། །ངེས་ཚིག་ནི། མཎྜ་ལའི་སྒྲ་ལས། མཎྜ་ནི་སྙིང་པོའམ་བཅུད་དང་། ལ་ནི་འཛིན་པའམ་ལེན་པ་སྟེ། སྙིང་པོའི་ཡོན་ཏན་གྱི་གཞི་འཛིན་པས་ན་སྙིང་པོ་ལེན་པ་ཞེས་དང་། ཡང་སྒྲ་གཟུག་པོ་ཟླུམ་པོའམ་བསྐོར་བའི་དོན་ལ་འཇུག་པས་ན་གང་གཙོ་བོ་ལ་འཁོར་གྱིས་བསྐོར་བའི་ཕྱིར་དཀྱིལ་འཁོར་རོ། །དབྱེ་ན། ཆོས་དོན་ལས་གསུམ་དང་། འགྲེལ་ཆུང་ལས་བཅུ་གཉིས་སུ་ཕྱེ་ཡང་། འདིར་རྒྱས་པ་ལས། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་བདུན་དུ་གསུངས་སོ། །བཞི་པ་དབང་ལའང་གསུམ་སྟེ། ངོ་བོ་ནི། ཐུགས་ཐིག་ལས། རྒྱུ་གཉིས་རྐྱེན་བཞིས་ཡན་ལག་བསྙད། །དྲུག་ལ་གནས་པའི་ཐོབ་བྱ་དེ། །ངོ་བོ་ཉིད་ཅེས་རྣམ་པར་བཤད། །ཅེས་པས་རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པའི་ལས་ཀྱིས་ཐར་པའི་མྱུ་གུ་མངོན་དུ་བསྐྱེད་པའམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པའོ། །ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་མངོན་པར་གཏོར་བའམ་བླུགས་པ་སྟེ། སྒོ་གསུམ་གྱི་དྲི་མ་འཁྲུད་ཅིང་འབྲས་བུ་ཡེ་ཤེས་ཀྱི་ནུས་པ་ཁྱད་པར་ཅན་འཇོག་པས་ན་དབང་ངོ་། །དབྱེ་ན། རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་པས་བཞིར་གསུངས་ཤིང་། དེ་ལས་ཀྱང་བུམ་དབང་ལ་ཕན་ནུས་གཉིས་སུ་ཕྱེ་བས་ལྔར་འགྱུར་ཏེ། རྡོ་རྗེ་ལས། དང་པོ་ས་བོན་འཇོག་པ་སྟེ། །གཉིས་པ་ནུས་པ་བསྐྱེད་པ་ཡིན། །གསུམ་པ་ཉམས་མྱོང་བསྐྱེད་པའོ། །བཞི་པས་དེ་ཉིད་བརྟན་པར་བྱེད། །ལྔ་པས་བརྟན་པ་ཉམས་ལོན་པས། །མཆོག་གི་དངོས་གྲུབ་ཚེ་འདིས་འགྲུབ། །ཅེས་སོ། །དེ་ཡང་ཞི་བ་ལ་ཕན་དབང་བཅུ། ནུས་དབང་ལྔ། ཟབ་དབང་གསུམ་སྟེ་བཅོ་བརྒྱད། ཁྲོ་བོ་ལ། གདན་དང་ལྷ་དབང་ཕྱག་མཚན་དང་། །ཆས་བཅུ་སྒྲུབ་རྫས་བཅོ་ལྔ་སྟེ། །ཞེས་པ་ལྟར་ཕན་དབང་ལ་ཉེར་བརྒྱད་དུ་ཕྱེ་བས་སུམ་ཅུ་རྩ་དྲུག་གོ། །ལྔ་པ་དམ་ཚིག་ལའང་གསུམ་སྟེ། ངོ་བོ་ནི། རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་པས་བསྲུང་བྱའི་དོན་ཁྱད་པར་ཅན་ལས་མི་འདའ་བར་སྡོམ་པའི་སེམས་པ་ས་བོན་དང་བཅས་པའོ། །ངེས་ཚིག་ནི། ས་མ་ཡའི་སྒྲ་དངོས་སུ་ཡལ་གམ་བཅས་པ འི་ཐ་ཚིག་ལ་འཇུག་པས་ཇི་ལྟར་བཅས་པ་ལས་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་དམ་ཚིག་གོ། །དབྱེ་ན། རྩ་བའི་དམ་ཚིག་ལྔ་དང་། ཡན་ལག་གི་དམ་ཚིག་ལྔ་ཚན་གཉིས་ཏེ་བཅོ་ལྔ། དེ་དག་ལས་ཀྱང་སྤྲོས་ན་སུམ་བརྒྱ་དྲུག་ཅུ་ལ་སོགས་པའོ། །དྲུག་པ་ཕྲིན་ལས་ལའང་གསུམ་སྟེ། ངོ་བོ་ནི། ཐུགས་ཐིག་ལས། ཕྱི་རོལ་ཚད་མེད་ཉིད་ལས་བཞི། །ཞེས་པས་ཚད་མེད་པ་བཞིའི་རྒྱུ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་ཆེན་པོས་ཟིན་པའི་སྒོ་ནས་གཙོ་བོར་གཞན་དོན་བསྒྲུབ་པ་ལ་དམིགས་པའི་ཐབས་མཁས་ཀྱི་མཛད་སྤྱོད་དོ། །ངེས་ཚིག་ནི། ཀརྨ་ཞེས་པའི་སྒྲ་ལས་སྒོ་གསུམ་གྱི་བྱ་བའི་མཚན་ཉིད་ཅན་ནི་ལས་ཏེ་བྱེད་པ་པོའི་འདོད་པའོ། །དབྱེ་ན། ཕྱི་མ་འགོས་འགྱུར་ལས། ཞི་བ་ལ་སོགས་རབ་དབྱེ་བས། །ལས་ནི་རྣམ་པ་བཞིར་བསྡུས་སོ། །ཞེས་པས་ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་སྟེ་ལས་བཞིའོ། །དེ་དག་ཀྱང་གང་གིས་བྱ་བའི་ཐབས་ཀྱི་རིམ་པ་ནི། མེ་དང་། རྫས་དང་། ལུ་གུ་རྒྱུད་དང་། མཆོད་རྟེན་དང་། ཕྱག་རྒྱའི་སྒོ་ནས་བྱ་བ་རྣམས་ཏེ། ཁོག་གཞུང་ལས། བདག་གཞན་དོན་གྲུབ་ཕྲིན་ལས་ནི། །མཆོད་རྟེན་ཕྱག་རྒྱའི་སྒོ་དང་ནི། །ཧོམ་བྲོ་གླུ་དང་རྫས་ཀྱིས་བྱ། །ཞེས་སོ། །བདུན་པ་སྒྲུབ་པ་ལའང་གསུམ་སྟེ། ངོ་བོ་ནི། རྒྱུད་ཕྱི་མ་ཁ་ཆེ་འགྱུར་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པའི་སྦྱོར་བས་ཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པའི་སྦྱོར་བས་སོ། །ཞེས་པ་ལྟར་ཐབས་ཁྱད་པར་ཅན་གང་གིས་བསྒྲུབ་བྱ་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་ལས་གང་འདོད་དོན་དུ་གཉེར་བ་ཞིག་གོ། །ངེས་ཚིག་ནི། སིདྡྷིའི་སྒྲ་ལས་དངོས་གྲུབ་སྟེ་བསྒྲུབ་བྱ་དང་། སཱ་ཱདྷ་ནའི་སྒྲ་ལས་ཀུན་ཏུ་ལེན་པ་སྟེ། འདོད་པའི་དོན་ལེན་ཅིང་ཐོབ་པར་བྱེད་པའམ་སྒྲུབ་པ་བྱེད་པས་ན་སྒྲུབ་པ་ཞེས་བྱའོ། །དབྱེ་ན། ཐུན་མོང་དང་། མཆོག་གི་སྒྲུབ་པའོ། །དང་པོ་ནི། ཁོག་གཞུང་ལས། རོ་ལངས་ཚེ་དང་པྲ་སྒྲུབ་དང་། །ལྷ་ཆེན་པོ་དང་རྒྱལ་པོ་བཞི། །གདུག་པ་ཀླུ་འདུལ་རྒྱལ་བློན་གྱི། །ཆུང་མ་དབང་དུ་བྱ་བ་གཉིས། །ཡུལ་ཁམས་ཅེ་སྤྱང་རྐང་མགྱོགས་བསྐྲད། །མི་སྣང་གཟུགས་སྒྲུབ་ལྷ་ཀླུ་མོ། །རྒྱལ་བློན་དམག་དཔོན་ཞང་བློན་སྒྲུབ། །ཚེ་འདིའི་ཆེད་ཕྱིར་འཇིག་རྟེན་པའོ། །ཞེས་སོ། །གཉིས་པ་ནི། དེ་ལས། ཡི་གེ་སྒྱུ་འཕྲུལ་ཚོགས་སྒྲུབ་དང་། །རྡོ་རྗེ་སེམས་དང་སྨན་སྒྲུབ་དང་། །རིགས་ལྔ་སྒྲུབ་དང་ཡུམ་ལྔ་སེམས། །བྱིན་དབབ་སྒྲུབ་པ་རྣམ་གཉིས་སོ། །ཞེས་སོ། །ཇི་ལྟར་སྒྲུབ་པའི་ཚུལ་ནི། བྱེ་བྲག་སོ་སོའི་སྒྲུབ་ཐབས་གུད་དུ་ཕྱུང་བ་རྣམས་དང་། གཙོ་བོར་སྟོན་པ་ནི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་སྟེ། གཞི་ཕུན་སུམ་ཚོགས་པ་ལྔ་ཚང་བའི་སྒོ་ནས་བསྙེན་སྒྲུབ་བཞིའི་ཐབས་ཀྱིས་སྒྲུབ་པའོ། །བརྒྱད་པ་ཏིང་ངེ་འཛིན་ལའང་གསུམ་སྟེ། ངོ་བོ་ནི། ཧེ་རུ་ཀ་འདུས་པ་ལས། གང་དང་གང་དུ་གསལ་བའི་ཡིད། །མ་ཡེངས་པ་ཉིད་ཏིང་འཛིན་ཏེ། །ཞེས་པས་བསྒོམ་བྱའི་དོན་ཁྱད་པར་ཅན་ལས་མི་གཡོ་བར་གནས་པའི་སེམས་རྩེ་གཅིག་པའོ། །ངེས་ཚིག་ནི། ས་མ་དྷཱིའི་སྒྲ་ལས་མཉམ་པའི་བློ་སྟེ། སེམས་རྩེ་གཅིག་ཏུ་ཟིན་པའི་དོན་གྱིས་ན་ཏིང་ངེ་འཛིན་ནོ། །དབྱེ་ན། ཕྱི་མ་ཁ་ཆེ་འགྱུར་ལས། ལྷ་ཡི་རྣམ་པའི་སྦྱོར་བ་ཡི། །ཟླ་བ་རྡོ་རྗེ་ལ་སོགས་རིམ། །བསྐྱེད་པའི་རིམ་པ་ཞེས་སུ་བཤད། །རང་བཞིན་གྲུབ་པའི་རྣལ་འབྱོར་ནི། །རྫོགས་པའི་རིམ་པ་ཞེས་བྱར་བརྗོད། །ཅེས་པས་བསྐྱེད་རིམ་དང་། རྫོགས་རིམ་གཉིས་ལས། དང་པོ་ལའང་། དེ་ལས། བསྐྱེད་རིམ་ལ་བརྟེན་སྐྱེ་གནས་ཏེ། །མངའ་སྐྱེས་ལ་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་པ་བཞི་རུ་འདོད། །ཅེས་པས་སྐྱེ་གནས་བཞིའི་བག་ཆགས་སྦྱོང་བའང་བསྟུན་ཏེ་སྒོམ་ཚུལ་བཞིའམ། ཡང་ན་ལམ་རིམ་ལྟར་སྲིད་པ་མངལ་སྐྱེས་རྫུས་སྐྱེས་གཉིས་དང་བསྟུན་ཏེ་རིམ་གྱིས་པ་དང་ཅིག་ཅར་བའོ། །རྫོགས་རིམ་ལ། ཐབས་ལམ་སྟེང་འོག་གི་སྒོ་ལ་བརྟེན་པ་དང་། གྲོལ་ལམ་ཟུང་འཇུག་གི་རྣལ་འབྱོར་རིམ་ཅིག་ཅར་གཉིས་ཀྱིས་བསྡུས་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནོ། །དགུ་པ་མཆོད་པ་ལའང་གསུམ་སྟེ། ངོ་བོ་ནི། ཐུགས་ཐིག་ལས། བྱ་བྱེད་བྱ་བ་བྱེད་འདུས་པས། །དགྱེས་ཚིམ་གྱུར་པའི་དངོས་པོ་ཉིད། །ཅེས་པས་མཆོད་པའི་ཡུལ་དུ་གྱུར་པ་རྣམས་བཀུར་ཞིང་མཆོད་པའི་བསམ་པས་སྒོ་གསུམ་དང་། ཡོ་བྱད་སྟོབ་པའི་སྒོ་ནས་ཀྱང་མཉེས་པར་བྱེད་པའོ། །ངེས་ཚིག་ནི། པཱུ་ཛའི་སྒྲ་ལས་སྔོན་དུ་བསྐྱེད་པ་དང་། ཡང་དང་ཡང་དུ་དགྱེས་པ་བསྐྱེད་པ་དང་། བཀུར་བའི་དོན་གྱིས་གནས་སུ་སྟོབ་པའི་ཕྱིར་མཆོད་པའོ། །དབྱེ་ན། སྤྱིར་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་མཆོད་པ་དང་། བྱེ་བྲག་ཏུ། ཕྱི་ཉེར་སྤྱོད། ནང་དམ་རྫས་བདུད་རྩི། གསང་བ་སྦྱོར་སྒྲོལ་ཟབ་མོའམ། ཞི་ཁྲོའི་མཆོད་པ་བཅུ་བཞི་ལ་སོགས་པ་རྣམས་སོ། །བཅུ་པ་སྔགས་དང་ཕྱག་རྒྱ་ལའང་གསུམ་སྟེ། ངོ་བོ་ནི། ཐུགས་ཐིག་ལས། ཡི་གེ་འདུས་པ་གྲུབ་པ་བཞི། །མཐུ་ཅན་རེད་པ་གང་ཡིན་པ། །བཞི་རྫོགས་ཉིད་ལས་མི་འདའ་བ། །གང་ལ་སྣང་བ་དེ་ངོ་བོ། །ཞེས་པས། ཐབས་ཤེས་ཀྱི་ཡི་གེ་འདུས་ཤིང་བྱིན་གྱིས་བརླབས་པས་ནུས་མཐུ་ཅན་དུ་གྱུར་པ་ནི་སྔགས་ཀྱི་ངོ་བོ་དང་། རིག་པ་ཕྱག་རྒྱ་བཞི་རྫོགས་ཀྱི་ལྷའི་སྐུར་གསལ་བ་ལས་མི་འདའ་བ་ནི་ཕྱག་རྒྱའི་ངོ་བོའོ། །ངེས་ཚིག་ནི། མནྟྲའི་སྒྲ་ལས་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པས་ན་སྔགས་དང་། མུ་དྲའི་སྒྲ་ལས་འདེབས་ཤིང་མཚོན་པར་བྱེད་པའམ། རྒྱས་བཏབ་པ་ལས་འདའ་བར་དཀའ་བའི་ཕྱིར་མཚན་མའི་དོན་གྱིས་ན་ཕྱག་རྒྱའོ། །དབྱེ་ན། སྔགས་ལ་སྤྱིར་གསང་སྔགས། རིག་སྔགས། གཟུངས་སྔགས་གསུམ་དང་། བྱེ་བྲག་ཏུ་དེ་དག་གི་སྒོར་གྱུར་པའི་སྔགས་ལ། གསལ་བཀྲ་ལས། རྩ་བ་བསྐྱེད་དང་ལས་སྔགས་དང་། །ཞེས་པས་རྒྱུ་མ་ནོར་བ་རྩ་བ། བསྐྱེད་པ་རྐྱེན། བཟླས་པ་ལས་ཀྱི་སྔགས་རྣམས་སོ། །ཕྱག་རྒྱ་ལའང་སྤྱིར་རྟོག་ཚོགས་ཡེ་ནས་ལྷའི་དཀྱིལ་འཁོར་དུ་གནས་པ་དང་། རྟོགས་པ་དང་། མངོན་དུ་བྱས་པའི་གནས་སྐབས་གསུམ་ལས། རང་བཞིན་དང་། ལྟ་བ་དང་། འབྲས་བུའི་ཕྱག་རྒྱ་གསུམ་དང་། བྱེ་བྲག་ཏུ་ལྷག་པ་ཏིང་ངེ་འཛིན་གྱི་དབང་དུ་བྱས་ན། གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་སོ། །བཞི་པ་རྒྱུད་ཀྱི་དགོས་འབྲེལ་ནི། །ཐུགས་ཐིག་ལས། བརྗོད་འབྲེལ་དགོས་པ་ཡང་དགོས་དང་། །རྒྱུ་རྐྱེན་ཡན་ལག་བཞི་རུ་འགྱུར། །ཞེས་པས་མཚོན་བྱ་རང་བཞིན་གྱི་རྒྱུད་ནི་བརྗོད་པར་བྱ་བའོ། །དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་མཚོན་བྱེད་ཡི་གེའི་རྒྱུད་འདི་ནི་རྗོད་པར་བྱེད་པའོ། །རྗོད་བྱེད་ལ་བརྟེན་ནས་བརྗོད་བྱའི་དོན་ཤེས་པ་ནི་དགོས་པའོ། །དེ་ལྟར་ཤེས་པའི་དོན་ཉམས་སུ་བླངས་པས་ཐུན་མོང་གི་དངོས་གྲུབ་ཐོབ་པ་ནི་ཉིང་དགོས་ཕྲ་མོ་དང་། སློབ་པ་དང་མི་སློབ་པའི་ཟུང་འཇུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་གྱུར་པ་ནི་ཉིང་དགོས་མཆོག་གོ། །དེ་ཡང་བརྗོད་བྱ་དང་རྗོད་བྱེད་གཉིས་ཤེས་བྱ་ཤེས་བྱེད་དང་། རྗོད་བྱེད་དང་དགོས་པ་གཉིས་ཐབས་ལས་ཐབས་བྱུང་དང་། དགོས་པ་དང་ཉིང་དགོས་གཉིས་དེ་ལས་དེ་བྱུང་དང་། ཉིང་དགོས་དང་བརྗོད་བྱ་གཉིས་ངོ་བོ་བདག་གཅིག་གིས་འབྲེལ་བ་ཡིན་ནོ། །ཅིའི་ཕྱིར་རྒྱུད་ཀྱི་དགོས་འབྲེལ་ཞེས་བྱ་ཞེ་ན། ཐོབ་བྱ་མཐར་ཐུག་གི་འབྲས་བུ་སྒྲུབ་པ་ལ་མེད་ན་མི་འབྱུང་གི་འབྲེལ་པ་གྲུབ་པའི་ཕྱིར་རོ། །དབྱེ་ན། གྲོལ་ལམ་དབང་བཙན་དུ་བྱས་པ་དང་། ཐབས་ལམ་དབང་བཙན་དུ་བྱས་པའི་དགོས་འབྲེལ་གཉིས་ཏེ། འདིར་ཕྱི་མ་བཏང་སྙོམས་སུ་བྱས་སོ། །ལྔ་པ་གདམས་གཏད་ནི། བསྟན་པའི་སྙིང་པོ་དེ་ཡོངས་སུ་མི་ཉམས་ཤིང་བསྲུང་བའི་ཆེད་དུ་འཁོར་རྣམས་ལ་གདམས་ཤིང་གཏད་པའོ། །ཅིའི་ཕྱིར་གདམས་གཏད་ཅེས་བྱ་ཞེ་ན། རང་བཞིན་གྱི་རྒྱུད་ལས་མི་འགྱུར་བར་གདམས་པའང་ཡིན་ལ། ལམ་གྱི་རྒྱུད་དེ་མི་ནུབ་པར་ཟུངས་ཤིག་ཅེས་གཏད་པའང་ཡིན་པའི་ཕྱིར་རོ། །དབྱེ་ན་གཉིས་ལས། གདམས་པ་ནི། ཀྱེ་ཀྱེ། ཕྱོགས་བཅུ་དུས་བཞིའི་སོགས་ཚིགས་བཅད་གཉིས་ཀྱིས་རྒྱུད་དབུ་ཞབས་ཀྱི་དོན་ཐམས་ཅད་སྣང་བ་བཞིར་བསྡུས་ནས། འཁྲུལ་སྣང་དག་བྱ་དང་། གཞན་གསུམ་ཤེས་ཤིང་བགྲོད་པ་དང་ཐོབ་བྱར་བྱས་ཏེ། རང་བཞིན་གྱི་རྒྱུད་ལས་མི་འགྱུར་བར་གདམས་པའོ། །གཏད་པ་ནི། ཁོག་གཞུང་ལས། སྡུད་པ་པོ་དང་བུད་མེད་དང་། །རྣལ་འབྱོར་མིག་ལྡན་སོགས་ལའོ། །ཞེས་པས་ཡུལ་སྡུད་པ་པོ་དང་། མ་འོངས་པའི་གང་ཟག་ཆོས་མིག་ཅན་དང་། མ་མོ་དང་མཁའ་འགྲོ་རྣམས་ལ་གཉེར་གཏད་པའོ། །གཉིས་པ་ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བ་ནི། རྒྱུད་ཕྱི་མ་ལས། གང་གིས་བརྗོད་བྱ་འཆད་བྱེད་པ། །དེ་ནི་རྗོད་བྱེད་དུ་བཤད་དོ། །ཞེས་པས་བརྗོད་བྱ་འཆད་པར་བྱེད་པ་རྗོད་བྱེད་སྒྲའི་རྒྱུད་དམ། ཡི་གེའི་རྒྱུད་དུ་གྲགས་པ་གང་ཡིན་པའོ། །དེ་ཡང་ངོ་བོ་ཚོགས་པ་གསུམ་ལྡན་ཏེ། ཆོས་གང་ལ་སྒྲ་གང་ཞིག་དེ་ཉིད་ཡིན་པ་ལྟ་བུར་བཏགས་ནས་བརྗོད་པ་ནི་མིང་ཡིན་ལ། དེ་མང་པོ་འདུས་པ་ནི་མིང་གི་ཚོགས་སོ། །མིང་དེ་ཉིད་སྤྱིར་ཡན་དུ་མ་བཅུག་པར་རྣམ་དབྱེས་བྱེ་བྲག་སོ་སོར་ཕྱེ་ནས་ཆོས་དེ་དང་དེའི་དོན་གྱི་ཁྱད་པར་སྟོན་པ་ནི་ཚིག་ཡིན་ཅིང་། མིང་ཚིག་དེ་དག་གསལ་བར་བྱེད་པའི་འབྲུ་ལ་ནི་ཡི་གེ་ཞེས་བྱའོ། །དེ་ལྟར་ན། ཡི་གེ་འདུས་པ་ལས་མིང་། མིང་འདུས་པ་ལས་ཚིག །དེ་འདུས་པ་ལས་ཚིགས་སུ་བཅད་པ་དང་། ལྷུག་པ་དང་། ལེའུ་ལ་སོགས་པའི་རིམ་པས་གླེགས་བམ་གྱི་བར་དུ་རྒྱུན་ཆགས་པ་ལས་གཞུང་ཚོགས་ཡི་གེའི་རྒྱུད་དམ། བརྗོད་བྱ་དོན་གྱི་རྒྱུད་མཚོན་པར་ནུས་པའི་རྗོད་བྱེད་སྒྲའི་རྒྱུད་གྲུབ་པ་ཡིན་ཏེ། ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་དཔྱད་ན། སྟོན་པའི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་ལས་དངོས་ཀྱི་འཁོར་རྣམས་ཀྱི་ཡིད་ལ་རྒྱུད་དོན་རང་སྣང་བའམ། དེ་ཉིད་མ་འོངས་པའི་གདུལ་བྱ་རྣམས་ཀྱི་ཡིད་ལའང་སྒྲ་སྤྱིའི་རྣམ་པར་ཤར་བའི་མིང་ཚིག་ཡི་གེ་གསུམ་ཚོགས་པའི་རྒྱུད་གཞུང་སྟེ་སྒྲར་སྣང་བའི་རྒྱུད་དང་། དེ་དང་མཐུན་པའི་སྒྲ་བརྗོད་འདོད་ཀྱི་དབང་གིས་གནས་དང་བྱེད་པ་སོགས་འཕྲད་པ་ལས་ངག་ཏུ་བརྗོད་པ་ནི་སྒྲར་གྲགས་པའི་རྒྱུད་དང་། དེ་བརྗོད་པའི་རྟེན་ཕྱི་རོལ་དུ་ཡི་གེའི་གཟུགས་བརྙན་གླེགས་བམ་ལ་བཀོད་པ་ནི་བརྡར་གྱུར་པའི་རྒྱུད་གཞུང་སྟེ། རྗོད་བྱེད་ཀྱི་སྒོ་ནས་ཕྱེ་ན་དེ་ཙམ་མོ། །ཅིའི་ཕྱིར་སྒྲའི་རྒྱུད་ཅེས་བྱ་ཞེ་ན། བརྗོད་བྱའི་དོན་ཉིད་རྗོད་བྱེད་ཀྱི་སྒྲར་སྣང་ཞིང་སྒྲར་གྲགས་པའི་དོན་གྱིས་ན་སྒྲ་དང་། ཚིགས་སུ་བཅད་པ་སོགས་གཞུང་གི་ཚོགས་རྒྱུན་ཆགས་པས་སམ་གླེང་གཞི་ལ་སོགས་པ་ལྔ་རྒྱུ་རྐྱེན་འབྲས་བུའི་ཚུལ་དུ་འབྲེལ་བས་ན་རྒྱུད་དོ། །གཞན་དུ་ན་བརྗོད་བྱ་ལ་རྒྱུད་ཀྱི་མིང་ཐོབ་པས་དེ་རྗོད་བྱེད་ལའང་རྒྱུད་ཅེས་བཏགས་སོ། །དབྱེ་ན། རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་གཉིས་སམ། རྩ་བའི་རྒྱུད་ཉིད་ལའང་ཚིག་གི་ཚོགས་པ་ལེའུ་ཉི་ཤུ་རྩ་གཉིས་སུ་བཅད་དེ་གནས་ལ། དེ་ཡང་ལེའུ་དང་པོ་དང་། གསུམ་པའི་སྟོད་དང་། བཅོ་ལྔ་པ་རྣམས་ཀྱིས་རྒྱུ་གླེང་གཞི་དང་། ལེའུ་གཉིས་པས་རྐྱེན་གླེང་བསླང་བ། ལེའུ་གསུམ་པའི་སྨད་ནས་ཉེར་གཅིག་པ་ཡན་ཆད་ཀྱིས། འབྲས་བུ་ཡོངས་ཤེས་རྒྱུད་དོན་དང་། དེ་དག་ལ་ཁྱབ་བྱེད་དུ་རྒྱུད་ཀྱི་དགོས་འབྲེལ་དང་། ལེའུ་ཐ་མས་གདམས་གཏད་རྣམས་སྟོན་ཅིང་། ཡོངས་སུ་ཤེས་པར་བྱ་བ་རྒྱུད་དོན་ལའང་། རྒྱུད་ཀྱི་དངོས་པོ་བཅུ་དང་། ཞི་ཁྲོ་སྤྱི་བྱེ་བྲག་གི་ཆོས་རྣམས་ལེའུ་གང་དང་གང་གིས་སྟོན་ཚུལ་སོགས་ཀྱང་སྤྲོ་ན་ཞིབ་ཏུ་བསྙད་པས་ཆོག་གོ། །གསུམ་པ་དབང་པོ་ཐ་མ་རྣམས་ལ་འབྲུ་རེ་གཉེར་རེའི་སྒོ་ནས་སྤྲོས་ཏེ་བཤད་པ་ལ། རྒྱུད་ཀྱི་མཚན་བསྟན་པ་དང་། མཚན་དེ་དང་ལྡན་པའི་རྒྱུད་དོན་དངོས་སོ། །དང་པོ་མཚན་བསྟན་པ་ནི། བོད་སྐད་དུ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པ་སྟེ། འདི་ལ་གསུམ། ཀླད་དུ་སྨོས་པའི་དགོས་པ་དང་། མཚན་གྱི་དོན་བཤད་པ་དང་། རྩོད་པ་སྤོང་བའོ། །དང་པོ་ནི། བུམ་པ་ཞེས་པའི་མིང་ལས་བུམ་པའི་དངོས་པོ་གོ་བ་ལྟར། དབང་པོ་རབ་ཀྱིས་མཚན་ལ་བརྟེན་ནས་རྒྱུད་དོན་རྟོགས་པ་དང་། འབྲིང་གིས་དོན་གྱི་རྣམ་གྲངས་ཙམ་བརྡ་འཕྲོད་པ་དང་། ཐ་མས་ཀྱང་སྨན་སྣོད་ཀྱི་ཁ་བྱང་ལྟར་གླེགས་བམ་བཙལ་སླ་བའི་དགོས་པ་ཡོད་དོ། །གཉིས་པ་ནི། བི་མ་ལས་འགྲེལ་ཆུང་དུ། རང་བཞིན་གསང་བ་ཞེས་བྱ་སྟེ། །ཆེ་བ་ཞེས་པ་སྙིང་པོའི་དོན། །དེ་ཁོ་ན་ཉིད་མཚན་ཉིད་དོ། །ངེས་པས་ངེས་དོན་མདོར་བསྟན་པ། །ཞེས་པས་མཚན་བཞིས་རྒྱུད་ཀྱི་རང་བཞིན་དང་། ཆེ་བ་དང་། མཚན་ཉིད་དང་། ངེས་པའི་དོན་རྣམས་བསྟན་ནོ། །དེ་ལ་གསང་བའི་དོན་ནི། གནས་ལུགས་དེ་བཞིན་ཉིད་གདོད་མ་ནས་རང་བཞིན་ཉིད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པས་འཁོར་འདས་མཉམ་ཉིད་དུ་གནས་པ་ནི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་སྟེ། དེ་ཉིད་ཟབ་ཅིང་གཏིང་དཔག་དཀའ་བས་ཤིན་ཏུ་རྟོགས་དཀའ་བའི་ཕྱིར་གསང་བའོ། །ཇི་ལྟར་གསང་ཚུལ་ལ། སྒེག་པ་རྡོ་རྗེས་རང་བཞིན་སོགས་གསུམ་དང་། བི་མ་ལས་མི་བསྟན་པའི་གསང་བ་བསྣན་ཏེ་བཞིར་ཕྱེ་ནའང་། རང་བཞིན་གྱི་གསང་བ་ནི་གབ་པའི་ཁོངས་སུ་འདུ་ཞིང་། མི་བསྟན་པའི་གསང་བའང་སྦས་པའི་ནང་དུ་འདུ་བས་འདིར་རྟོགས་དཀའ་བ་དང་། རྟོགས་སུ་མི་རུང་བའི་ཁྱད་པར་གྱིས་གབ་སྦས་གཉིས་ཏེ། འདི་ཉིད་དུ། ཁོང་ནས་གབ་སྦས་དོན་འབྱིན་པ། །ཞེས་པ་དང་། གབ་པའི་གསང་བ་མ་རྟོགས་པར། སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་གང་ལ་གབ་པའི་ཡུལ་ནི། གང་ཟག་འཁྲུལ་པའི་བློ་ཅན་རྣམས་ལའོ། །གབ་ཚུལ་ནི། མཚོན་བྱ་རང་བཞིན་གྱི་རྒྱུད་གནས་ལུགས་དེ་བཞིན་ཉིད་དེ་རང་ལ་རང་ཆས་སུ་གནས་ཀྱང་། དབུལ་པོའི་ཁྱིམ་ན་ཡོད་པའི་ས་འོག་གི་གཏེར་ལྟར་གློ་བུར་འཁྲུལ་རྟོག་གིས་བསྒྲིབས་ནས་མ་མཐོང་བ་ནི་གབ་པ་སྟེ། རྣམ་སྣང་མངོན་བྱང་ལས། བྱིས་པ་མི་ཤེས་པས་སྒྲིབས་པས། །ཚུལ་འདི་ཤེས་པར་མ་གྱུར་རྣམས། །སངས་རྒྱས་གཞན་དུ་འཚོལ་བར་བྱེད། །འདི་ན་གནས་པ་ཡོངས་མ་མཐོང་། །ཞེས་སོ། །དེས་མཚོན་ཏེ། བླ་ན་མེད་པའི་དགོངས་སྤྱོད་ཟབ་མོ་རྣམས་རང་སྟོབས་ཀྱིས་སམ། གཞན་གྱིས་བསྟན་ཀྱང་མ་རྟོགས་པས་གབ་སྟེ། མིག་སེར་ཅན་ལ་དུང་གི་དཀར་སྣང་གབ་པ་བཞིན་ནོ། །སྦས་པའི་གསང་བ་ལའང་། གང་སྦ་ན། གསང་སྔགས་བླ་ན་མེད་པའི་ལྟ་བ་ཕུལ་དུ་བྱུང་བ་དང་། སྒོམ་སྤྱོད་རྨད་དུ་བྱུང་བ་རྣམས་སོ། །གང་ལ་སྦ་ན། ཐེག་པ་འོག་མ་པ་རྣམས་དང་། སོ་སོའི་སྐྱེ་བོ་ལོག་སྲེད་ཅན་སོགས་སྣོད་མ་སྨིན་པའི་གང་ཟག་རྣམས་ལ་སྟེ། དེ་དག་གི་སྤྱོད་ཡུལ་དུ་མི་རུང་བའི་ཕྱིར་རོ། །གལ་ཏེ་མ་སྦས་ན། འདི་ལ་བརྟེན་ནས་སྒྲོ་འདོགས་དང་སྐུར་པ་མི་བཟད་པས་དེ་དག་གནས་ངན་དུ་ལྟུང་ཞིང་། གསང་སྒོ་འཆོལ་བས་རང་ཉིད་ཀྱང་ཉམས་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་སྦ་ན། བརྡ་ལ་སོགས་པའི་ཚུལ་གྱིས་ཏེ། དམ་ཚིག་གསལ་བཀྲ་ལས། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་རབ་ཏུ་གསང་། །གསང་ཐུབ་དངོས་གྲུབ་མི་ཡལ་བ། །གསང་ཕྱིར་བརྡ་དག་སྣ་ཚོགས་གསུངས། །ཞེས་སོ། །གཉིས་པ་སྙིང་པོའི་དོན་ནི། སྙིང་པོའི་སྒྲ། སཱ་ར། ཧྲྀ་ད་ཡ། གརྦྷ་གསུམ་ལས། སཱ་ར་ནི་གཅིག་ལས་དུ་མ་འཕྲོ་བའི་གཞི་ལྟ་བུ་ལ་འཇུག་པས། མཚོན་བྱ་རང་བཞིན་གྱི་རྒྱུད་རྟོགས་པ་དང་མ་རྟོགས་པ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་ཞིང་། དེ་གཏན་ལ་འབེབས་པའི་རྒྱུད་འདི་ཡང་བསྟན་པ་ཐམས་ཅད་ཀྱི་འཕྲོ་གཞིར་གྱུར་པས་སྙིང་པོ་སྟེ། ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །ཞེས་སོ། །ཧྲྀ་ད་ཡ་ནི་སྲོག་གམ་སྙིང་ལྟར་གཅེས་སྤྲས་སུ་བྱ་བའི་དོན་ལ་འཇུག་སྟེ། ཐེག་པའི་སྒོ་གང་ནས་ཞུགས་ཀྱང་མཐར་ཐུག་བགྲོད་པ་གཅིག་པའི་ལམ་འདི་ལས་མི་འདའ་བའི་ཕྱིར། ཐར་འདོད་ཀུན་གྱིས་བསྟེན་བྱར་གྱུར་པས་ན་སྙིང་པོ་སྟེ། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །ཞེས་སོ། །གརྦྷ་ནི་ཤུན་པའི་ནང་གི་སྙིང་པོ་ལྟ་བུ་ལ་འཇུག་སྟེ། རྟོག་ཚོགས་ཐམས་ཅད་ཡེ་ནས་ལྷའི་ངོ་བོར་དག་པས་འཁོར་འདས་མཉམ་པ་ཉིད་དུ་གཏན་ལ་ཕབ་པའི་དོན་འདི་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པས་དབུས་ན་གནས་པ་ལྟ་བུའམ། བཅུད་འདུས་པའི་དོན་གྱིས་ན་སྙིང་པོ་ཞེས་བྱའོ། །དེ་ཡང་རྒྱས་པ་ལས། བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་དང་། རྡོ་རྗེ་ཕྲེང་བ་ལས། ཆོས་རྣམས་དབུས་ན་གནས་པའི་ཁམས། །ཁྱབ་ཅིང་སྤྱོད་ཡུལ་མ་ཡིན་ཏེ། །ཞེས་སོ། །གསུམ་པ་དེ་ཁོ་ན་ཉིད་ཀྱི་དོན་ལ་གསུམ་སྟེ། སྣང་སྟོང་དབྱེར་མེད་རང་བྱུང་གི་ཡེ་ཤེས་ལ་སྒོམ་བྱེད་ཀྱི་བློས་མ་བཅོས་པར་འཇོག་པ་ནི་འབྲས་བུ་བྱུང་བ་ལ་མི་བསླུ་བའི་ཕྱིར་རྒྱུའི་དེ་ཁོ་ན་ཉིད་དོ། །དེ་ཉིད་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་བྱུང་བ་ལ་ཕྱིན་ཅི་ལོག་གི་ཆོས་བསལ་དུ་མེད་པས་འབྲས་བུའི་དེ་ཁོ་ན་ཉིད་དོ། །རང་བཞིན་བདེན་པ་དབྱེར་མེད་ཀྱི་ཡེ་ཤེས་ལས་ཤེས་བྱ་དང་བསྒྲུབ་བྱའི་ཆོས་གཞན་ཞིག་གུད་ན་མེད་དེ། དེ་ལ་རྒྱུ་འབྲས་ཀྱི་དབྱེ་བ་ཙམ་ཡང་མ་གྲུབ་པས་སྒྲོ་སྐུར་དང་བྲལ་བའི་ཕྱིར་རྒྱུ་འབྲས་རོ་གཅིག་པའི་དེ་ཁོ་ན་ཉིད་དོ། །དེ་དག་ཀྱང་རྡོ་རྗེ་ལས། རྒྱུ་འབྲས་གཉིས་སུ་མེད་པ་ལ། །དེ་ཉིད་ངོ་བོ་སྐབས་ཀྱིས་གསུམ། །ཞེས་སོ། །བཞི་པ་ངེས་པའི་དོན་ནི། སྐལ་དམན་གྱི་གདུལ་བྱ་རྣམས་ཆུད་མི་ཟ་བའི་ཐབས་དྲང་བའི་དོན་ཙམ་དུ་བསྟན་པ་ལྟ་བུ་མ་ཡིན་ཏེ། འདིར་སྐལ་ལྡན་དབང་རྣོན་རྣམས་ལ་རྒྱལ་བ་ཉིད་ཀྱི་ཇི་ལྟར་ཐུགས་སུ་ཆུད་པའི་དོན་བསྟན་པས་ན་ངེས་པའོ། །དེ་སྐད་དུའང་། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལ་གསང་བའི་ངེས་དོན་མེད། །ཅེས་སོ། །ཡང་ན། ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་གཞིའི་རྒྱུད་ནི་རྟོགས་པར་དཀའ་བས་གསང་བའོ། །དེའི་ངང་ལ་བསལ་བཞག་མེད་པར་འཇོག་པའི་སྒོ་ནས་གང་ཤར་དག་སྣང་དུ་སྦྱོང་བའི་ཐབས་ཁྱད་པར་ཅན་ནི་ལམ་གྱི་རྒྱུད་དེ་བསྟན་པ་ཐམས་ཅད་ཀྱི་བཅུད་དུ་གྱུར་པས་ན་སྙིང་པོའོ། །གཞི་མི་འགྱུར་བ་དང་། ལམ་གྱིས་དེ་རྟོགས་པ་ལ་མི་བསླུ་བས་དོན་ལ་གཉིས་པོ་ཕྱིན་ཅི་མ་ལོག་པའི་ཕྱིར་དེ་ཁོ་ན་ཉིད་དོ། །དེ་འདིར་སྒྲོ་སྐུར་དང་བྲལ་བར་གཏན་ལ་ཕབ་པས་ན་རྣམ་པར་ངེས་པ་སྟེ། རྒྱུད་ཕྱི་མ་ལས། གསང་བ་ཆོས་འབྱུང་ལ་བཤད་དེ། །སྙིང་པོའང་དེ་ཡི་ཐབས་ཅན་ནོ། །གཉིས་པོ་ཕྱིན་ཅི་མ་ལོག་ཕྱིར། །དེ་ཉིད་དོ་འདིར་རྣམ་ངེས་སོ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་མཚན་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་ནང་ལྟར་འཆད་པ་དང་། འོག་སྒོ་དང་སྦྱར་ཏེ་གསང་བ་ལྟར་འཆད་པའི་བཀའ་སྲོལ་ཡོད་ཀྱང་འདིར་མ་སྤྲོས་པས་སྤྲོ་ན་འཆད་པ་པོས་བསྙད་དོ། །གསུམ་པ་རྩོད་པ་སྤང་བ་ནི། ཁ་ཅིག །ཁྱེད་ཀྱི་རྒྱུད་འདི་ལ་ཀླད་དུ་རྒྱ་སྐད་མ་སྨོས་པས་བོད་མར་འགྱུར་རོ་ཞེ་ན། དེར་མ་ངེས་ཏེ། བོད་དུ་བརྩམས་པའི་བསྟན་བཅོས་དུ་མར་ཡང་ཀླད་དུ་རྒྱ་སྐད་བཀོད་པ་ཡོད་དེ་དེས་རྒྱ་གར་མར་མི་འགྱུར་བ་བཞིན་ནོ། །འདི་ཡང་རྒྱ་གཞུང་སྤྱིའི་མཚན་ཀླད་དུ་ལོ་ཙཱ་བས་བཀོད་པ་ཤས་ཆེ་མོད་ཀྱང་། འདི་ནི་སྡུད་པ་པོས་བཀོད་པར་བཞེད་པའི་ཕྱིར། རྒྱ་དཔེའི་ཀླད་དུ། གུ་ཧྱ་གརྦྷ་ཏ་ཏྭ་བི་ནིཤྩ་ཡ། ཞེས་འབྱུང་ཡང་ལོ་ཙཱ་བ་སྤྲོས་པ་ལ་མི་དགའ་བས་མཚན་བོད་སྐད་དུ་བསྒྱུར་ཏེ་བཀོད་པ་ལས་མིང་གཅིག་ལན་གཉིས་སུ་ཟློས་པ་ལ་དགོས་པ་ཆུང་བར་དགོངས་ནས་རྒྱ་སྐད་མ་སྨོས་པ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། ཀླད་ཀྱི་དོན་སྟོན་པ་ལ་ཕྱག་བཙལ་བ། གཞུང་གི་དོན་རྒྱུད་དོན་དངོས་བཤད་པ། མཇུག་གི་དོན་རྒྱུད་རྫོགས་པའི་བྱ་བ་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། བདུད་བཞི་ལ་སོགས་པ་མི་མཐུན་པའི་ཕྱོགས་མ་ལུས་པ་བཅོམ་པ་ནི་སྤངས་པ་ཕུན་ཚོགས། ཆེ་བའི་ཡོན་ཏན་ཐམས་ཅད་རང་རིག་པའི་ཡེ་ཤེས་ལ་རང་བཞིན་གྱིས་ལྡན་པ་ནི་རྟོགས་པ་ཕུན་སུམ་ཚོགས་པའོ། །འདས་པའི་སྒྲ་ནི་རྒྱ་སྐད་ལ་མེད་དེ། བཀས་བཅད་ལས། འཇིག་རྟེན་པའི་བྷ་ག་ཝཱན་ལས་ཁྱད་པར་འདས་ཞེས་བླ་ཐབས་སུ་བསྣན་ཏེ། ཞེས་འབྱུང་བས་སོ་གསུང་ཡང་། བླ་ཐབས་སུ་སྣོན་པ་དེ་སྐད་དོད་དང་མ་འབྲེལ་བ་ཞིག་གློ་བུར་དུ་དབང་ཆེའི་རིག་པས་བསྣན་པ་ལྟ་བུ་མ་ཡིན་ཏེ། དཔེར་ན་བརྟག་གཉིས་ལས། སངས་རྒྱས་འདི་ལ་བྷ་ག་མངའ། །བཅོམ་ལྡན་འདས་ཞེས་བརྗོད་པར་བྱ། །བྷ་ག་རྣམ་པ་དྲུག་ཏུ་བརྗོད། །དབང་ཕྱུག་ལ་སོགས་ཡོན་ཏན་ཀུན། །ཡང་ན་ཉོན་མོངས་ལ་སོགས་བདུད། །འཇོམས་ཕྱིར་བཅོམ་ལྡན་འདས་ཞེས་བྱ། །ཞེས་བྷ་ག་ཝཱན་གྱི་སྒྲ་ལས། བྷ་ག་ནི་བཅོམ་པ་དང་། ལེགས་པ་རྣམ་པ་དྲུག་པོ་གཉིས་ཀ་ལ་འཇུག་པ་བཞིན་དུ། འདིར་ཡང་ཡི་གེ་བསྣན་པའི་སྒྲ་ལས། བྷ་ནི་ཨ་བྷ་ཝིཥྱནྟི་སྟེ་འབྱུང་བར་མི་འགྱུར་བ་དང་། ག་ནི་ག་ཏི་སྟེ་སོང་བ་ཞེས་པའི་དོན་ཡིན་པས། ཡང་དག་པའི་གནས་སུ་སོང་ཞིང་ལོག་པའི་གནས་སུ་མི་འགྱུར་བ་སྟེ། དོན་ལ་ཤེས་རབ་དང་སྙིང་རྗེ་ཆེན་པོས་འཁོར་འདས་གཉིས་ཀྱི་མཐའ་ལ་མི་གནས་པའི་ཕྱིར། འདས་ཞེས་འཇིག་རྟེན་པའི་བྷ་ག་ཝཱན་ལས་ཁྱད་འབྱེད་དུ་བྱས་པའོ། །དེ་ཡང་ཕལ་པོ་ཆེ་ལས། སྲིད་དང་ཞི་ལས་རྣམ་གྲོལ་ཞིང་། །ཡོན་ཏན་རྒྱ་མཚོ་གཉིས་སུ་མེད། །སྤྲོས་པ་ཀུན་ལས་རབ་འདས་པའི། །བཅོམ་ལྡན་འདས་ནི་མཁའ་རབ་ཞི། །ཞེས་སོ། །དཔལ་ནི་གཞི་ཆོས་དབྱིངས་ཤིན་ཏུ་དྲི་མེད་ལ་རང་བཞིན་ལྷུན་གྲུབ་ཀྱི་དཔལ་ཞེས་གྲགས་ཏེ། དེ་ཇི་ལྟ་བ་བཞིན་མངོན་དུ་གྱུར་པའི་འབྲས་བུ་ནི་ཆོས་སྐུ་རྟོགས་པ་བདག་གི་དཔལ་དང་། དེ་ཉིད་ཀྱི་ངང་ལས་གང་ལ་གང་འདུལ་གྱི་གཟུགས་སྐུ་ལྷུན་གྲུབ་ཏུ་འཆར་བ་ནི་ཐུགས་རྗེ་གཞན་གྱི་དཔལ་ལོ། །དེ་ཡང་ཆོས་ཀུན་གྱི་གནས་ལུགས་འཆིང་གྲོལ་མེད་པའི་རང་བཞིན་ཐུགས་སུ་ཆུད་པས་སྤྱོད་ཡུལ་ཡོངས་སུ་དག་པའི་ཕྱིར་ཀུན་ཏུ་བཟང་པོ་སྟེ། ཡེ་ཤེས་གསང་བ་ལས། རང་བཞིན་མི་གཡོ་ལྷུན་རྫོགས་ཤིང་། །སྤྱོད་ཡུལ་ཀུན་ཏུ་བཟང་པོ་སྟེ། །ཞེས་སོ། །དེ་ལ་ཕྱག་འཚལ་ལོ་ཞེས་གསང་བདག་གིས་ཡུལ་དང་འཚལ་མཁན་རོ་གཅིག་ཏུ་རྟོགས་པའི་སྒོ་ནས་ལྟ་བ་མཇལ་བའི་ཕྱག་མཛད་དོ། །ཁ་ཅིག་འགྱུར་ཕྱག་དང་། གཞན་དག་ཡི་གེ་པའི་ཕྱག་ཏུ་འདོད་པ་ནི་མ་ཡིན་ཏེ། སྤར་ཁབ་ལས། སྡུད་པ་པོས་ཚིག་གཉེར་བ་དེའི་ཚེ་རང་གི་སྟོན་པ་ལ་མཆོད་པར་བརྗོད་པའོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ན་ལོ་ཙཱ་བའི་འགྱུར་ཕྱག་ཆད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དུས་འཁོར་བསྡུས་རྒྱུད་ཀྱི་ཀླད་དུའང་ཡི་གེ་པའི་ཕྱག་གིས་གོ་བཅད་ནས་འགྱུར་ཕྱག་ཟུར་དུ་མ་བཀོད་པ་ལྟར་འདིར་ཡང་དེ་བཞིན་ནོ། །གཉིས་པ་རྒྱུད་དོན་དངོས་བཤད་པ་ལ། ལེའུ་ཉི་ཤུ་རྩ་གཉིས་སུ་གནས་པ་ལས། ལེའུ་དང་པོ་ལ་གཉིས་ཏེ། གཞུང་དང་། མཚན་ནོ། །དང་པོ་གཞུང་ལ་གསུམ་སྟེ། ཐུན་མོང་མ་ཡིན་པའི་སྒོ་ནས་གླེང་གཞི་མདོར་བསྟན། རྒྱུད་ཁྱད་པར་གྱི་གླེང་གཞིའི་སྒོ་ནས་དེ་རྒྱས་པར་བཤད། གླེང་གཞིའི་དོན་བསྡུ་བའོ། །དང་པོ་ནི། རྒྱུད་ཀྱི་ཐོག་མར་ཕུན་སུམ་ཚོགས་པ་ལྔའི་བདག་ཉིད། ཨེ་ཝཾ་མ་ཡ། ཞེས་པའི་ཡི་གེ་བཞི་སྨོས་པས་སྟོན་ཏེ། ཐུགས་ཐིག་ལས། ཡི་གེ་བཞི་ཡིས་ཤེས་པར་འགྱུར། །ཞེས་གསུངས་པའི་ཕྱིར། འདི་ལ་གསུམ་སྟེ། ཕྱི་གྲོལ་ལམ་ལྟར་རྒྱུད་ཁྱད་པར་གྱི་གླེང་གཞི་དང་སྦྱར་ཏེ་བཤད་པ། ནང་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་བཤད་རྒྱུད་རྒྱ་མཚོས་བཤད་པ། གསང་བ་འོག་སྒོ་དང་སྦྱར་ཏེ་བཤད་རྒྱུད་ཐལ་བས་བཤད་པའོ། །དང་པོ་ནི། ཨེ་ཡིག་ཤེས་རབ་ཀྱི་བརྡའ་སྟེ། ཡུམ་ལྔའི་མཁའ་དབྱིངས་ཀྱི་རང་བཞིན་གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ངོ་། །ཝ་ཡིག་ཐབས་ཀྱི་བརྡའ་སྟེ་སྟོན་པ་ཕུན་སུམ་ཚོགས་པ་རིགས་དྲུག་པའོ། །ཝ་ཡིག་གི་ཐིག་ལེ་ནི་སྦྱོར་བའི་བརྡའ་སྟེ། ཐབས་ཤེས་ཟུང་དུ་འཇུག་པའི་དོན་གཞི་ལམ་འབྲས་གསུམ་དབྱེར་མི་ཕྱེད་པར་འབྲེལ་ཞིང་རྒྱུན་ཆགས་པའི་རྒྱུད་རང་བཞིན་གསང་བའི་སྙིང་པོ་ནི་སྟོན་པ་ཕུན་སུམ་ཚོགས་པའོ། །དེ་ལྟར་ཡང་དང་པོའི་སངས་རྒྱས་ལས། ཨེ་ཡི་དབུས་སུ་ཝཾ་ཡིག་ཉིད། །སངས་རྒྱས་ཀུན་གྱི་བདེ་བའི་གནས། །མཁའ་དབྱིངས་རྡོ་རྗེ་སེམས་དཔའ་འདི། །སྐུ་གསུང་ཐུགས་སུ་སྦྱོར་བ་ལས། །ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་བྱ་རྡུལ་ཉི་གསུང་། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་ལ་རྣམ་པར་གནས། །ཞེས་དང་། བརྟག་གཉིས་ལས། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་དང་། ལྷའི་དབང་པོས་ཞུས་པའི་མདོ་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་གྲངས་སྙེད་ཀྱི། །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་སུ་རབ་ཏུ་བསྟན། །ཡི་གེ་ཨེ་ནི་མར་གྱུར་ལ། །ཝ་ནི་ཕ་ཞེས་བྱ་བར་གྲགས། །ཐིག་ལེ་དེར་ནི་སྦྱོར་བས་ཏེ། །སྦྱོར་ཏེ་ཤིན་ཏུ་རྨད་བྱུང་བའོ། །ཞེས་སོགས་གསུངས་ཤིང་། ཨེ་ཝཾ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐབས་ཤེས་སྟོན་པ་ཉིད་ཀྱི་བརྡར་གྱུར་པས་གསུང་རབ་ཀུན་གྱི་དང་པོར་འཇོག་དགོས་པར། དེ་ཉིད་ལས། ཨེ་ཝཾ་ཡིག་གཉིས་སྒྱུ་མ་ལ། །ཐམས་ཅད་མཁྱེན་པ་འདིར་བཞུགས་པས། །དམ་ཆོས་སྟོན་པའི་ཐོག་མར་ནི། །ཨེ་ཝཾ་དེ་ཕྱིར་རབ་ཏུ་བཤད། །ཅེས་སོ། །མ་ནི་མ་ན་ཤེས་པ་སྟེ། དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་ལ་སོགས་པའམ། ཡང་ན་སྤྱི་མདོར་མ་ནི་དྲན་པ་མཚོན་པའི་ཡི་གེར་བཤད་པས་སྨྲྀ་ཏ་སྟེ། དྲན་ཤེས་ཀྱི་ལས་ཀྱིས་རྒྱུད་དོན་མི་བརྗེད་པར་འཛིན་པས་འཁོར་ཕུན་སུམ་ཚོགས་པའོ། །ཡ་ནི་ཡ་དཱའི་སྒྲ་ལས་གང་ཚེ་ཞེས་པས་དུས་ཕུན་སུམ་ཚོགས་པ་སྟེ། རྒྱུད་འདི་བཤད་པ་གང་གི་ཚེ་ཞེས་དུས་སྟོན་པའི་ཚིག་ཕྲད་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཇི་སྐད་དུ། དྷརྨ་ཙཀྲ་ཆོས་ཀྱི་གནས། །འོད་བཞི་ཨེ་སོགས་དབྱིབས་སུ་གནས། །མི་ཤིགས་ཐིག་ལེ་ཝཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་དག །མ་ནུ་ཡིད་སོགས་རྣམ་ཤེས་བཞི། །ཡེ་ཤེས་མྱོང་བས་བསྡུས་པར་བཤད། །ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། །པ་ར་མཱརྠ་དོན་ཟབ་མོ། །བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་བཤད་རྒྱུད་རྒྱ་མཚོ་ལས་གསུངས་པ་ལྟར། ཨེས་མཚོན་པའི་གནས་ནི། དྷརྨ་ཙཀྲ་ཞེས་པའི་སྙིང་ག་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་བརྒྱད་ཡོད་པ་རྩ་བའི་འདབ་མ་བཞིར་འདུ་སྟེ། མདུན་ན་ཆོས་ཉིད་ཀྱི་རྩ་ལ་འོད་དཀར་པོ་ཟླུམ་པོ། གཡས་ཡེ་ཤེས་ཀྱི་རྩ་ལ་གྲུ་བཞི་སེར་པོ། གཡོན་ཡོན་ཏན་གྱི་རྩ་ལ་ཟླ་གམ་དམར་པོ། རྒྱབ་རང་རྒྱུད་ཀྱི་རྩ་ལ་གྲུ་གསུམ་དམར་ནག་རྣམས་ཏེ། ཨེ་སོགས་ལས་བཞིའི་དབྱིབས་མདོག་ཅན་ནི་དོན་དམ་འོད་གསལ་གྱི་བཞུགས་གནས་ཡིན་པའི་ཕྱིར་གནས་སོ། །ཝཾ་གིས་མཚོན་པའི་སྟོན་པ་ནི། དེ་ལྟ་བུའི་གནས་ལ་བརྟེན་པའི་དྭངས་མ་ལྔའི་དབུས་ན་བཞུགས་པ་སེམས་ཀྱི་དྭངས་མ་མི་ཤིགས་པའི་ཐིག་ལེ་ཝཾ་ཡིག་གི་རྣམ་པར་གནས་པ་སྟེ། དེ་ཉིད་མར་མེ་གསལ་བྱེད་གཞན་ལ་ལྟོས་མི་དགོས་པ་ལྟར་རང་གིས་རང་ལ་བདེ་བ་གསལ་བར་སྟོན་པས་ན་སྟོན་པའོ། །མས་མཚོན་པའི་འཁོར་ནི། མ་ནུའི་སྒྲ་ལས་དྲངས་ན། མ་ན་ཤེས་པ་ལའོ་ཞེས་པས་ཡིད་ལ་སོགས་པའི་རྣམ་ཤེས་ཚོགས་བརྒྱད་དེ། ཆོས་ཉིད་ཀྱི་རྩལ་ཀུན་གཞི། ཡེ་ཤེས་ཀྱི་རྩལ་ཡིད། ཡོན་ཏན་གྱི་རྩལ་ཉོན་ཡིད། རང་རྒྱུད་ཀྱི་རྩལ་སྒོ་ལྔའི་རྣམ་ཤེས་རྣམས་གནས་པས། དེ་དག་བརྗོད་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྔར་གསལ་བར་ཉམས་སུ་མྱོང་བས་ན་འཁོར་རོ། །ཡ་ཡིག་གིས་མཚོན་པའི་བསྟན་པ་ནི། ཡཱ་ནའི་སྒྲ་ལས་བླ་ན་མེད་པའི་ཐེག་པ་སྟེ། དེའི་མན་ངག་སྟེང་སྒོ་འཇུ་འདུལ་གྱི་ཐབས་ཀྱིས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ནམ་མཁའི་གཟུགས་ཅན་སྐྱེས་པ་ནི། པར་མཱརྠའི་སྒྲ་ལས་དམ་པའི་དོན་ནམ། དོན་ཟབ་མོ་སྟེ་བསྟན་པའོ། །རྣམ་པ་གཅིག་ཏུ་ན་ཡ་ནི་ས་མ་ཡའི་མིང་མཐའ་བསྡུས་པའམ། ཡ་དཱའི་སྒྲ་ལས་དུས་ཀྱང་མཚོན་ཏེ། བདེ་བའི་ཡེ་ཤེས་སྐྱེས་པ་དེའི་ཚེ་སྔ་ཕྱིར་འཛིན་པའི་རྟོག་པ་དང་བྲལ་བས་དུས་གསུམ་མཉམ་པ་ཉིད་དེ་བསམ་གྱིས་མི་ཁྱབ་པའི་དུས་སོ། །གསུམ་པ་ནི། ཇི་སྐད་དུ། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གནས། །སྐད་ཅེས་གསལ་བྱེད་ལས་མིང་ཅན། །ཝཾ་དབྱིབས་ཐིག་ལེར་བཅས་སྟོན་པའོ། །མ་ད་མ་ནུ་སྡོམ་བྱེད་ཡིད། །ལུས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བས་བཤད་པར་འདོད། །པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡཱ་ན་ཐེག་ཆེན་འདི་ཡིན་ནོ། །དུས་ནི་བསམ་གྱིས་མི་ཁྱབ་དུས། །ནཱ་མ་དེ་མིང་ཞེས་བྱའོ། །ཞེས་བཤད་རྒྱུད་ཐལ་བ་ལས་གསུངས་པ་ལྟར། འདི་ཞེས་པ་ཨེས་མཚོན་པའི་གནས་ཏེ། ཡུམ་གྱི་བྷ་ག་སྒོ་གྲུ་གསུམ། ཁྱམས་གྲུ་བཞི། སྐྱེ་གནས་ཟླ་གམ། དབྱིངས་ཕྱུག་གི་སྣ་རྩེ་ཟླུམ་པོ་སྟེ། ཨེ་སོགས་ལས་བཞིའི་དབྱིབས་ཅན་དེ་གསང་བའི་སྟོན་འཁོར་བཞུགས་པའི་གནས་སོ། །སྐད་ཅེས་པ་ཝཾ་ཡིག་གིས་མཚོན་པའི་སྟོན་པ་སྟེ། ཡབ་ཀྱི་རྡོ་རྗེ་ནོར་བུའི་དབུར་རྩ་ས་ཡ་ཕྲག་བཅུ་གསུམ་གྱི་བཅུད་འདུས་པའི་ཀུན་རྫོབ་ཡེ་ཤེས་ཀྱི་ཐིག་ལེ་ཝཾ་གི་དབྱིབས་ཅན་ནི་ཡབ་ཡུམ་གཉིས་ཀའི་རྒྱུད་ལ་བདེ་བ་གསལ་བར་སྟོན་པའི་བདག་ཉིད་ཡིན་པས་ན་སྟོན་པའོ། །བཤད་ཅེས་པ་མ་ཡིག་གིས་མཚོན་པའི་འཁོར་ཏེ། མ་ད་ན་སྡོམ་བྱེད། མ་ནུ་ན་ཡིད་དེ། བྱེད་པ་སྡོམ་པ་ཐབས་དང་བཅས་པའི་གསང་བའི་རྣམ་ཤེས་ནི་ཡེ་ཤེས་ཉམས་སུ་མྱོང་བས་ན་འཁོར་རོ། །པའི་ཞེས་པ་ཡ་ཡིག་གིས་མཚོན་ནས། ཡཱ་ནའི་སྒྲ་ལས་ཐེག་པ་ཆེན་པོ་ཞེས་བསྙད་པའི་བསྟན་པ་འདིའོ། །དེ་གང་ཞེ་ན། པ་ར་མཱརྠ་ཞེས་པས་དོན་དམ་པ་སྟེ། ཉམས་སུ་མྱོང་བྱ་སེམས་ལྔ་རྫོགས་པའི་དགའ་བ་བཅུ་དྲུག་གི་ཐ་མ་རྣམ་ཐར་བཞི་ལྡན་གྱི་བདེ་བ་ཆེན་པོ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དུས་ན་ཞེས་པ་ཡ་ཡིག་གིས་མཚོན་པའི་དུས་ཏེ། དེ་ཉིད་ཉམས་སུ་མྱོང་བའི་ཚེ་དུས་འདི་ཞེས་མཚོན་དུ་མེད་པས་ན་བསམ་གྱིས་མི་ཁྱབ་པའི་དུས་སོ། །ནཱ་མ་ནི་ཞེས་བྱ་བ་ཞེས་པ་སྟེ། ཕུན་སུམ་ཚོགས་པ་ལྔ་ཀའི་མིང་དེ་དང་དེ་མཚོན་པའི་མཇུག་སྡུད་དོ། །གཉིས་པ་རྒྱུད་ཁྱད་པར་གྱི་གླེང་གཞིའི་སྒོ་ནས་རྒྱས་པར་བཤད་པ་ལ་ལྔ་སྟེ། ཆོས་དང་། དུས་དང་། སྟོན་པ་དང་། གནས་དང་། འཁོར་ཕུན་སུམ་ཚོགས་པའོ། །དང་པོ་ནི། འདི་སྐད་བཤད་པ་ནི་གསང་བའི་སྙིང་པོ་སྟེ། དེ་ཡང་འདི་སྐད་ཅེས་པ་ནི་རྒྱུད་དོན་མ་ལུས་པ་མཚོན་པའི་ཚིག་ཕྲད་དོ། །འོ་ན་བདག་གིས་ཐོས་པ་མི་ཟེར་བར་བཤད་པ་ཟེར་བ་གང་ཞེ་ན། རྒྱུད་གཞན་རྣམས་སུ་བདག་གིས་ཐོས་ཞེས་སྨོས་པའི་དགོས་པ་ནི། སྡུད་པ་པོ་རང་ཉིད་སྟོན་པ་མ་ཡིན་པར་ཁས་བླངས་ནས་དེ་སྐད་དུ་བརྗོད་པ་དང་། བདག་ཉིད་ཀྱིས་སྟོན་པ་ལས་མངོན་སུམ་དུ་ཐོས་ཀྱི་གཞན་ལས་བརྒྱུད་དེ་ཐོས་པ་མ་ཡིན་པ་དང་། ཚིག་ཐོས་པ་ཙམ་དུ་ཟད་ཀྱི་དོན་རྟོགས་པ་ནི་མ་ཡིན་ནོ་ཞེས་མཚོན་པར་བྱེད་པ་ལས། འདིར་ནི་ཐུན་མོང་མ་ཡིན་པའི་ཕྱོགས་བཟུང་སྟེ། སྡུད་པ་པོ་རང་ཉིད་སྟོན་པ་དང་ཐ་མི་དད་པར་ཁས་བླངས་ནས་སྔར་ངས་འོག་མིན་དུ་བཤད་པ་ཉིད་ཡང་འདིར་བཤད་པར་བྱ་ཞེས་སྨོས་པའོ། །དོན་འདི་ཉིད་ཀྱིས་ན་བསྟན་པ་འདི་ཡང་རྒྱལ་བའི་དགོངས་པའི་ཞེ་ཕུགས་ངེས་དོན་མཐར་ཐུག་པ་ཉིད་བསྟན་པ་ཡིན་པར་མཚོན་ཅིང་། འཕགས་པ་ཕྱག་ན་རྡོ་རྗེ་རང་ཉིད་ཀྱང་ཐུན་མོང་གི་སྡུད་པ་པོ་གཞན་ལས་ཁྱད་པར་དུ་འཕགས་པའི་ཆེ་བ་བསྟན་པའོ། །དེ་སྐད་དུའང་ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་ལས། བཤད་ཅེས་པས་ནི་འཁོར་དང་སྟོན་པ་གཉིས་སུ་མེད་པར་བསྟན་པ་ཡིན་ལ། ཞེས་དང་། སྤར་ཁབ་ལས་ཀྱང་། ཐུན་མོང་མ་ཡིན་པའི་གླེང་གཞི་སྟེ། རྒྱུད་གཞན་ལས་ཁྱད་པར་དུ་གྱུར་པའི་ཕྱིར། ཞེས་སོ། །དེ་ཡང་སྡུད་པ་པོ་ཉིད་བསྟན་པ་དང་རྒྱུད་ཐ་མི་དད་པར། བདེ་འདུས་ཞི་བ་འདུས་པ་རྩ་བའི་རྒྱུད་ལས། ང་ནི་ཆེ་བའི་རྒྱལ་པོ་སྟེ། །འཆད་དང་ཉན་པའང་ང་ཉིད་ཡིན། །ཞེས་དང་། བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པའང་ང་། །ཞེས་དང་། གསང་བ་གྲུབ་པ་ལས། རྒྱུད་འཆད་པ་དེ་ཐུགས་རྡོ་རྗེ། འཆད་པ་པོ་དེ་སྡུད་པའང་དེ། །ཞེས་སོ། །གཉིས་པ་དུས་ཕུན་སུམ་ཚོགས་པ་ནི། དུས་ན་ཞེས་པ་སྟེ། འདི་སྐད་བཤད་པའི་ཚེ་ན་སྟོན་པ་འདི་ཉིད་གནས་འདིར་འཁོར་འདི་དག་དང་ལྷན་ཅིག་ཏུ་བཞུགས་ཞེས་འབྲེལ་སྦྱར་བ་ཡིན་ནོ། །འོ་ན་དུས་གཅིག་ན་མི་ཟེར་བ་གང་སྙམ་ན། འདིར་དུས་ན་ཞེས་པ་དུས་བཞི་མཉམ་པ་ཉིད་མཚོན་པ་སྟེ། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི་རྟག་པ་རྒྱུན་གྱི་འཁོར་ལོར་ཆོས་སྟོན་པས་དུས་རེས་འགའ་བ་གཅིག་གི་ངེས་པ་ལས་འདས་པའི་ཕྱིར། དུས་ཐུན་མོང་མ་ཡིན་པའི་ཆེ་བ་སྨོས་པའོ། །དེ་ཡང་རྒྱ་མཚོ་ལས། དེ་ཚེ་དུས་ཉིད་མཐའ་བྲལ་ཕྱིར། །ངོ་བོ་དུས་བཞི་མཉམ་པ་ཉིད། །ཅེས་སོ། །གཞན་དུ་ཐུན་མོང་བ་ལྟར་ན། །དུས་གཅིག་གི་ངེས་པ་བཟུང་བའི་དགོས་པ་ཡང་། དུས་གཅིག་གི་ཚེ་འདི་ཐོས་ཀྱི་གཞན་དུ་མ་ཐོས་ཞེས་བཀའི་དོན་རྙེད་དཀའ་བ་དང་། འདིར་འདི་ཐོས་ལ་གཞན་དུ་གཞན་དག་ཀྱང་ཐོས་ཞེས་སྡུད་པ་པོ་རང་ཉིད་ཐོས་པ་ཆེ་བ་དང་། དུས་ལན་གཅིག་གིས་ཁོང་དུ་ཆུད་པས་ཤེས་རབ་ཕུལ་དུ་བྱུང་བར་བསྟན་པ་ཡིན་ནོ། །འདིར་ཁ་ཅིག་ན་རེ། རྒྱུད་འདི་ཉིད་བཀའ་ཡང་དག་པ་མ་ཡིན་ཏེ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་མ་སྨོས་པའི་གླེང་གཞི་ལོག་པའི་ཕྱིར་རོ་ཟེར་ན། དེ་ལྟར་ན། དུས་ཀྱི་འཁོར་ལོ་དང་། འཇམ་དཔལ་མཚན་བརྗོད་དང་། བདེ་མཆོག་རྩ་རྒྱུད་སོགས་རྒྱུད་རྣམ་དག་མང་པོ་ཞིག་ཀྱང་བཀའ་ཡང་དག་པ་མ་ཡིན་པར་འགྱུར་བས་རྣམ་པར་མ་བརྟགས་པའི་བླ་བརྡོལ་ལོ། །དེ་བས་ན་དེ་བཞིན་གཤེགས་པ་རྣམས་ནི་རྣམ་པར་འཕྲུལ་པ་སྒྱུ་མ་ལྟ་བུ་ལ་མངའ་བརྙེས་པའི་ཕྱིར། ཚུ་རོལ་མཐོང་བའི་བློས་ཕྱོགས་གཅིག་ཁོ་ནར་ངེས་བཟུང་བྱ་བའི་ཡུལ་མ་ཡིན་པས། ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་བཞག་ཐ་དད་པ་གཅིག་གིས་གཅིག་དགག་པར་མི་བྱ་སྟེ། མངོན་རྟོགས་རྒྱན་གྱི་འགྲེལ་པ་ལས། འདི་ནི་རྣམ་པར་བཞག་པ་གཞན་ཁོ་ན་ཡིན་པས། ཐེག་པ་གཞན་གྱི་ལུགས་ལ་བརྟེན་ནས་ནམ་དུའང་སུན་འབྱིན་བརྗོད་པར་མི་བྱའོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་སྟོན་པ་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། སྟོན་པའི་རང་བཞིན་དང་། ངོ་བོའོ། །དང་པོ་ནི། དེ་བཞིན་གཤེགས་པ་ནས། དབྱེར་མེད་པའི་རང་བཞིན་ཏེ། ཞེས་པའི་བར་གྱིས་བསྟན། དེ་ཡང་རྒྱུད་ཕྱི་མ་ལས། གང་ཕྱིར་དེ་བཞིན་ཉིད་དུ་གཤེགས། །དེ་བཞིན་གཤེགས་པར་མངོན་པར་བརྗོད། །ཅེས་པས་སྒྲིབ་བྱེད་ཀྱི་ཞེན་པ་གཟུང་འཛིན་གཉིས་དང་བྲལ་བ་མཐར་ཐུག་པས་གཞི་ཇི་ལྟ་བ་དེ་བཞིན་དུ་གཤེགས་པའོ། །དེ་ཉིད་ཀྱང་རང་བྱུང་གི་ཡེ་ཤེས་ལ་སྤང་བྱ་མ་གྲུབ་པས་ཡང་དག་པ་ཉིད་ཀྱི་ཕྱིར། འབྲས་བུ་མ་བཙལ་བར་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྫོགས་པར་རང་སྣང་བའི་བདག་ཉིད་ནི་སངས་རྒྱས་ཏེ། བུདྡྷའི་སྒྲ་གཉིད་སད་པ་ལྟར་སངས་པ་དང་། པདྨ་ཁ་བྱེ་བ་ལྟར་རྒྱས་པའི་དོན་གཉིས་ཀ་ལ་འཇུག་པས། མ་རིག་པའི་གཉིད་སངས་ཤིང་ཤེས་བྱ་ལ་བློ་རྒྱས་པ་སྟེ། སྐྱབས་འགྲོ་བདུན་ཅུ་པ་ལས། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །ཞེས་སོ། །དེ་ནི་འདིར་དོན་ཇི་བཞིན་པ་མངོན་དུ་བྱས་པའི་སྟོབས་ཀྱིས་སྤངས་ཐོབ་མེད་པའི་ཡོན་ཏན་མཐར་ཐུག་པ་ལ་བཞག་སྟེ། ལེ་ལག་ལས། མ་རིག་པ་ཉིད་ཡེ་ཤེས་གསལ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །ཅེས་སོ། །དེ་ལྟ་བུའི་རང་བཞིན་ནི་བདུད་བཞི་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་བཅོམ་ཞིང་། སྐུ་ལྔ་ལ་སོགས་པ་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པས་ན་ལྡན་ལ། མཐའ་གཉིས་ལ་མི་གནས་པས་རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད་པས་ན་འདས་པ་སྟེ། རྡོ་རྗེ་ལས་རིམ་ལས། བདུད་བཞི་ལ་སོགས་རིག་པའི་གདེངས་ཀྱིས་བཅོམ། །སྐུ་ལྔ་ལ་སོགས་ཡོན་ཏན་བརྗོད་ལས་འདས། །རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། །ཅེས་སོ། །བདུད་བཞི་བཅོམ་ལུགས་ནི། ཉོན་མོངས་པ་ལྔ་ཉིད་ཡེ་ཤེས་ལྔའི་ངོ་བོར་རྣམ་པར་དག་པས་ཉོན་མོངས་པའི་བདུད་བཅོམ་ལ། དེ་དག་པས་ཕུང་པོ་ལྔ་ཡང་རིགས་ལྔའི་ངོ་བོར་མངོན་དུ་འགྱུར་བར་གདོན་མི་ཟ་བས་ན་ཕུང་པོའི་བདུད་བཅོམ་མོ། །དེ་ལྟར་ལྷ་རྟོག་དབྱེར་མེད་དུ་རྟོགས་པ་ལ་འདོད་ལྷའི་བར་ཆད་ཀྱིས་མི་ཚུགས་ཤིང་། ཕུང་པོའི་བདུད་བཅོམ་པས་ཕུང་པོ་ཉིང་མཚམས་སྦྱོར་བ་མེད་ལ། དེ་མེད་པས་སེམས་ཉིད་སྐྱེ་འཆི་ལས་གྲོལ་བའི་ཕྱིར་ལྷའི་བུའི་བདུད་དང་འཆི་བདག་གི་བདུད་ཀྱང་བཅོམ་སྟེ། རྒྱས་པ་ལས། བདུད་བཞི་ཚར་གཅོད་ཅེས་བྱ་བའི་དམ་ཚིག་ནི། ཉོན་མོངས་པ་ཉིད་རྣམ་པར་དག །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་ཏེ། །སྐྱེ་ཤི་མེད་པའི་གཡུང་དྲུང་གནས། །ཞེས་སོ། །སྒྲིབ་པ་གཉིས་ནི། རྒྱུད་བླ་མ་ལས། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་བརྗོད། །སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་བརྗོད། །ཅེས་པས་དུག་ལྔ་རང་མཚན་གྱི་རྟོག་པ་ནི་ཉོན་སྒྲིབ་ཡིན་ལ། ཤེས་སྒྲིབ་ནི། ཡེ་ཤེས་སྣང་བ་རྒྱན་གྱི་མདོར་དུས་གསུམ་ཡིད་བྱེད་ལ་བཤད་དེ། དོན་ལ་དག་བྱེད་གཉེན་པོ་ལ་ཞེན་པའི་རྟོག་པའོ། །བག་ཆགས་ནི་ཀུན་འབྱུང་ཕྲ་བའི་མཐར་ཐུག་འཕོ་བའི་བག་ཆགས་ཏེ་དཀར་དམར་རླུང་གསུམ་འགྲོགས་པས་ཤེས་པ་གཉིས་སྣང་འཁོར་བའི་ཆོས་སུ་ཤར་བ་ལ་བཞེད་པས། དེ་སྦྱོང་བྱེད་རྟེན་གྱི་བྱེད་བཅིངས་ལས་རྟེན་དང་བརྟེན་པའི་འབྲེལ་ཆད་ནས་དག་པར་གསུངས་པའི་ཕྱིར། འདི་ནི་ལམ་བདེན་མཐར་ཐུག་སྔགས་ཀྱི་ཐེག་པ་ཁོ་ནས་སྦྱོང་དགོས་པའི་སྒྲིབ་པ་ཤིན་ཏུ་ཕྲ་བའོ། །སྐུ་ལྔའི་ཡོན་ཏན་དང་ལྡན་པ་ནི་གཞན་ལས་སྐལ་པ་ཕུན་སུམ་ཚོགས་པ་དྲུག་བཤད་པ་དང་དགོངས་པ་མཐུན་ཏེ། སམྦུ་ཊི་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བརྗོད། །ཅེས་པས་དབང་ཕྱུག་ནི་བག་ཆགས་མ་ལུས་པ་བཅོམ་པའི་བདག་ཉིད་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་སྐུ་དང་ཆོས་དབྱིངས་ཡེ་ཤེས་ཡིན་ལ། དེ་བཞིན་དུ་གཟུགས་བཟང་བ་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་མངོན་བྱང་དང་མེ་ལོང་ལྟ་བུ། དཔལ་དང་གྲགས་པ་ནི་འགྲོ་ལ་ཡོན་ཏན་སྟེར་བ་ལས་མི་གཡོ་བ་ལོངས་སྐུ་དང་མཉམ་ཉིད། ཡེ་ཤེས་ནི་ཆོས་ཀུན་དབྱེར་མི་ཕྱེད་པར་དུས་གཅིག་ཏུ་མཁྱེན་པས་རྡོ་རྗེའི་སྐུ་དང་སོར་རྟོག །བརྩོན་འགྲུས་ནི་ཕྲིན་ལས་ཚད་མེད་པར་སྣང་བས་སྤྲུལ་པའི་སྐུ་དང་བྱ་བ་གྲུབ་པའི་ཡེ་ཤེས་སོ། །འཁོར་འདས་གཉིས་ཀྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་ཀྱང་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་ལྷུན་གྱིས་གྲུབ་པས་བླང་དོར་གྱི་སྤྱོད་ཡུལ་ལས་འདས་པའི་ཕྱིར་གཞན་ལས་འཕགས་པས་ན་ཆེན་པོའོ། །དེ་ཡང་སྟེང་འོག་ཕྱོགས་མཚམས་བརྒྱད་དེ་ཕྱོགས་བཅུ་དང་། འདས་མ་འོངས་ད་ལྟ་འབྱུང་བར་མ་ངེས་པ་སྟེ་དུས་བཞིའི་དབྱིངས་ན་བཞུགས་ཤིང་འགྲོ་དོན་མཛད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆེ་བའི་ཡོན་ཏན་གྱི་རྟེན་བྱེད་པས་སྐུ་དང་། གདུལ་བྱའི་བསམ་པ་དང་མཐུན་པའི་ཆོས་བརྡ་སྤྲོད་པས་གསུང་དང་། ཤེས་བྱ་མ་ལུས་པ་མཁྱེན་ཅིང་སྒྲིབ་པ་གསུམ་ལས་རྣམ་པར་གྲོལ་བས་ཐུགས་དང་། དེ་དག་གི་ཟླས་དྲངས་ཏེ། དགོས་འདོད་མ་ལུས་པ་འབྱུང་བས་ཡོན་ཏན་དང་། གཞན་དོན་མཛད་པ་ལ་ནུས་མཐུ་ཐོགས་པ་མེད་པས་ཕྲིན་ལས་ཏེ། རེ་རེ་ཡང་ལྔ་ལྔར་ཕྱེ་བས་འབྲས་ཆོས་ཉི་ཤུ་རྩ་ལྔར་འགྱུར་ལ། དེ་དག་ཐམས་ཅད་ཀྱང་རང་བཞིན་དབྱེར་མི་ཕྱེད་པ། མཚན་ཉིད་སྐྱེ་འཇིག་དང་བྲལ་བ། ངོ་བོ་འདུས་མ་བྱས་པས་རྡོ་རྗེའི་བདག་ཉིད་དུ་རོ་གཅིག་པའི་ཕྱིར། རྒྱལ་བ་དྲུག་པ་ལ་རིགས་ཐམས་ཅད་ཀྱི་བདག་པོའམ། སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཅན་ཞེས་བྱའོ། །དེ་ལྟར་ན་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཁོ་ནར་ངེས་པས་འཁོར་བའི་ཆོས་རྣམས་འདོར་རམ་ཞེ་ན་མ་ཡིན་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་དང་དབྱེར་མི་ཕྱེད་པའི་རང་བཞིན་དུ་བཞུགས་སོ་ཞེས་སྟོན་པ་ལ། སྔར་འདས་པའི་འཁོར་འདས་མ་ལུས་པ་དང་། ད་ལྟར་བའི་འཁོར་འདས་མི་ལུས། མ་འོངས་པའི་འཁོར་འདས་ལུས་པ་མེད་པ་ཐམས་ཅད་དང་རྒྱུད་ཀྱི་བདག་པོ་རིགས་དྲུག་པ་ཉིད་ཀུན་རྫོབ་ཏུ་རིག་པ་སྒྱུ་མའི་སྣང་བརྙན་ཡིན་པས་སོ་སོ་མ་ཡིན། དོན་དམ་པར་མ་སྐྱེས་པས་ཐ་མི་དད། བདེན་པ་གཉིས་ཀའི་ཐ་སྙད་ལས་ཀྱང་འདས་པས་དབྱེར་མེད་པའི་རང་བཞིན་ཏེ། དེ་དག་ཀྱང་། སྤར་ཁབ་ལས། རྒྱལ་བ་དྲུག་པའི་ཡོན་ཏན་མཐའ་ཡས་པ་ཡང་མདོར་བདུན་དུ་འདུ་སྟེ། ཞེས་པས་གཞུང་ཚན་བདུན་པོས་རིམ་བཞིན། དེ་བཞིན་ཉིད་དུ་ནར་སོན་པའི་དང་། ཡོན་ཏན་མ་བཙལ་བར་ལྷུན་གྱིས་གྲུབ་པའི་དང་། ཡེ་ཤེས་མཐའ་དབུས་དང་བྲལ་བའི་དང་། འབྲས་བུ་ལ་མངའ་མཛད་ཀྱང་ངོ་བོ་བསྟན་དུ་མེད་པའི་དང་། མཉམ་པ་ཉིད་མངོན་དུ་མཛད་ཀྱང་སྤྱོད་ཡུལ་དང་བྲལ་བའི་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་གཅིག་དང་དུ་མ་ལས་གྲོལ་བའི་དང་། གཉིས་སུ་མེད་པའི་བདག་ཉིད་ཆེན་པོར་དུས་གསུམ་འདུ་འབྲལ་མེད་པའི་རང་བཞིན་རྣམས་ཡིན་ལ། ཁོག་གཞུང་ལས། སྟོན་པའི་རང་བཞིན་བརྒྱད་དང་ལྡན། །ཞེས་པས་ཡང་དག་པའི་རང་བཞིན་དང་རྫོགས་པའི་རང་བཞིན་གཉིས་སོ་སོར་ཕྱེ་སྟེ་བརྒྱད་དང་། འགྲེལ་ཆུང་དུ་བཅོམ་ལྡན་འདས་ཞེས་པ་ཡན་ཆད་གཅིག་ཏུ་བསྡོམས་ནས་བཞིར་བཤད་དེ། ཇི་སྐད་དུ། བྱང་ཆུབ་མཆོག་གི་ངོ་བོ་དང་། །ཆོས་རྣམས་རོལ་པར་ལོངས་སྤྱོད་དང་། །ཕྱོགས་དུས་བདེ་གཤེགས་བདག་པོ་དང་། །ཆོས་སོ་ཅོག་དང་དབྱེར་མེད་པའོ། །ཞེས་གསུངས་སོ། །གཉིས་པ་སྟོན་པའི་ངོ་བོ་ནི། སྐུ་མདུན་དང་རྒྱབ་མེད་པ་ནས། དབུ་གསུམ་དང་ལྡན་པ། ཞེས་པའི་བར་ཏེ། སྟོན་པ་ནི་ཡེ་ཤེས་ཀྱི་སྐུ་ཅན་ཡིན་པའི་ཕྱིར། དེའི་སྐུ་ལ་མདུན་དང་རྒྱབ་ཁོ་ནར་རིས་སུ་ཆད་པ་མེད་པས་ཕྱོགས་ཐམས་ཅད་དུ་སྒྲིབ་པ་མེད་པར་ཞལ་གྱི་དཀྱིལ་འཁོར་ཐལ་ལེ་བར་གསལ་བ་སྟེ་ཀུན་ཏུ་ཞལ་གྱི་རང་བཞིན་དུ་བཞུགས་ཤིང་། སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་བཟང་པོ་གསལ་ཞིང་སོ་སོར་འབྱེད་པ་དང་ལྡན་པས་སྐུ་ལ་རྣམ་པར་སྤྲས་པའོ། །མཚན་དཔེ་ལ་གཉིས་ཏེ། ཐུན་མོང་དང་། ཐུན་མོང་མ་ཡིན་པའོ། །དང་པོ་ལ་གཉིས་ལས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ནི། མངོན་རྟོགས་རྒྱན་ལས། ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲྭ་བས་འབྲེལ་བ་དང་། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང་། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། བྱིན་པ་ཨེ་ཎྱ་ཡའི་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་ལྦ་བ་སྦུབས་སུ་ནུབ་པའི་མཆོག །ལྤགས་པ་གསེར་མདོག་ལྤགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་ཀྱང་གཡས་ལེགས་འཁྲུངས། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེ་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི། །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་སོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི། དེ་ཉིད་ལས། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲུལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམས། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་བལྟ་ན་སྡུག་པ་དང་། ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །ཕྱག་རིས་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམྦ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །དཔྲལ་བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་མ་འཛིངས་དང་། །མི་གཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་གྱི་བེའུ་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་སོ། །གཉིས་པ་ནི། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་བཞི་རེ་རེའང་བཞི་བཞིར་ཕྱེ་བའི་ཡེ་ཤེས་བཅུ་དྲུག་གི་རྩལ་སེམས་དཔའ་བཅུ་དྲུག །དེའི་ཡུལ་ཆོས་དབྱིངས་བཅུ་དྲུག་གི་རྩལ་སེམས་མ་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་ནི་མཚན་བཟང་པོ་ཡིན་ལ། སེམས་དཔའ་བཅུ་དྲུག་ལ་ཡེ་ཤེས་ལྔའི་རྟགས་རིགས་ཀྱི་ལྷ་ལྔ་ལྔས་དབུ་བརྒྱན་པའི་ལྷ་བརྒྱད་ཅུ་ནི་དཔེ་བྱད་དེ། སྤྱི་མདོ་ལས། མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུས་སྤྲས་པའི་ཕྱིར། སྲས་ཀྱི་ཚོགས་ཀྱིས་ཀུན་ནས་བརྒྱན་པའོ། །ཞེས་སོ། །འོ་ན་སེམས་མ་བཅུ་དྲུག་ལ་དབུ་རྒྱན་མེད་དམ་ཞེ་ན། མེད་དེ། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར་རོ། །དེ་ཡང་ཕྱག་ཞབས་འཁོར་ལོས་མཚན་སོགས་ཐུན་མོང་དུ་གྲགས་པ་ལས་ཁྱད་པར་དུ་གྱུར་པ་ཡེ་ཤེས་ཆེན་པོའི་རྟགས་ཀྱི་མཚན་མར་སྣང་བས་ན་ཐུན་མོང་མ་ཡིན་པ་ཞེས་བྱ་ལ། དེ་དག་མཚན་དཔེར་འཇོག་པའི་རྒྱུ་མཚན་ཡང་། འཁོར་དང་འཁོར་གྱི་རྒྱན་ཕུན་སུམ་ཚོགས་པས་གཙོ་བོའི་རང་བཞིན་ཡང་བཀོད་པས་མཛེས་པར་བྱེད་པའི་ཕྱིར་ཏེ། སོར་གདུབ་དང་སོར་གདུབ་ཀྱི་ཕྲས་སྐྱེས་བུའི་ལག་པ་མཛེས་པར་བྱེད་པ་བཞིན་ནོ། །དེ་ལྟ་བུའི་སྐུ་ལས་མི་གཡོ་བཞིན་དུ་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་གང་ལ་གང་འདུལ་གྱི་སྐུའི་བཀོད་པ་དང་། སྒྲ་སྐད་མཐའ་ཡས་པས་ཐེག་པ་མ་ལུས་པ་སྟོན་པའི་གསུང་དང་། སྤངས་རྟོགས་ཀྱིས་བསྡུས་པའི་ཡོན་ཏན་ཐུགས་མཁྱེན་པའི་ཡེ་ཤེས་ཀྱི་ཁྱབ་ཅིང་། གདུལ་བྱ་དག་མ་དག་གི་སྣང་བ་དང་མཐུན་པའི་རྣམ་པར་འཕྲུལ་པ་སྣ་ཚོགས་པར་ཀུན་ཏུ་སྣང་བས་འགྲོ་བའི་དོན་མཛད་དེ། དཀོན་བརྩེགས་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གིས་ཇི་སྙེད་ཁྱབ་གྱུར་པ། །ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་པ་ལྟར་རོ། །འདིས་སྤྲུལ་པ་ཐམས་ཅད་ཀྱི་འབྱུང་གནས་སུ་བསྟན་པས་ཐུབ་པ་དྲུག་ཀྱང་ཤུགས་ཀྱིས་བསྟན་པར་འགྱུར་ཞིང་། གོང་མ་རྣམས་གཞུང་ཚན་གསུམ་པོ་དེ་སྟོན་པ་སྐུ་གསུམ་གྱི་བདག་ཉིད་ཡིན་པར་སོ་སོར་སྦྱོར་བར་མཛད་པའང་མི་འགལ་ལོ། །འོ་ན་སྟོན་པའི་རྣམ་འགྱུར་ཇི་ལྟ་བུ་སྙམ་ན། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སྲིད་ཞིའི་མཐའ་ལ་མི་གནས་པའི་བརྡར་ཞབས་གཉིས་ཡབ་མཉམ་པའི་སྐྱིལ་ཀྲུང་དང་། ཡུམ་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དང་མཚུངས་པར་བཞུགས་ནས་སྙོམས་པར་འཇུག་པ་སྟེ། འདིར་ཡུམ་གྱི་བཞུགས་ཚུལ་བཤད་པས་ཀུན་ཏུ་བཟང་མོ་བསྟན་པ་ཡིན་ནོ། །ཡེ་ཤེས་ལྔ་རང་བྱུང་གི་ཡེ་ཤེས་དང་དྲུག་གི་དོན་མཚོན་བྱེད་ཕྱག་དྲུག་དང་། ཡེ་ཤེས་དེ་དག་གི་གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བའི་རྟགས་རིན་པོ་ཆེ་ལས་གྲུབ་པའི་རིགས་ལྔ་ཡེ་ཤེས་ལྔ་དང་ཆོས་དབྱིངས་ཀྱི་ཕྱག་རྒྱ་རྡོ་རྗེ་ལ་སོགས་པ་འོད་འབར་བ་ཅན་འཛིན་པ་སྟེ། སྒྱུ་འཕྲུལ་རོལ་པ་ཆེན་པོ་ལས། ཡེ་ཤེས་དྲུག་གི་བདག་ཉིད་ཀྱི། །ཕྱག་རྒྱ་རིན་ཆེན་འབར་བའི་མཚན། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །དྲིལ་བུ་པདྨ་རལ་གྲི་འབར། །ཞེས་སོ། །སྐུ་སྟོང་པ་ཉིད་དང་། གསུང་མཚན་མ་མེད་པ་དང་། ཐུགས་སྨོན་པ་མེད་པ་གསུམ་ནི་བློའི་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པ་ཡིན་ལ། དེའི་རྟགས་སུ་དབུ་གསུམ་དང་ལྡན་པ་སྟེ། །གཡས་དཀར་གཡོན་དམར་དབུས་མཐིང་གར་སྣང་བའོ། །བཞི་པ་གནས་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། གནས་ཀྱི་རང་བཞིན་དང་། ངོ་བོའོ། །དང་པོ་ནི། འོག་མིན་ཞེས་སོགས་ཏེ། དེ་ལ་སྤྱིར་འོག་མིན་ནི་བླ་ན་གཞན་མེད་པའི་དོན་ཡིན་ལ། བྱེ་བྲག་ཏུ་དབྱེ་ན། ཆོས་དབྱིངས་དོན་གྱི་འོག་མིན་དང་། རིག་པའི་འོག་མིན་དང་། གསང་བའི་འོག་མིན་དང་། གཙང་རིས་ཀྱི་ལྷ་ལྔའི་ནང་ཚན་འཇིག་རྟེན་གནས་ཀྱི་འོག་མིན་རྣམས་ལས། འདིར་འོག་མིན་ཆེན་པོ་ཞེས་བྱ་བ་ལོངས་སྤྱོད་རྫོགས་པ་སྐུའི་སངས་རྒྱས་ཀྱི་བཞུགས་གནས་གཙང་མའི་གནས་ལས་སྤགས་པ་གང་ཡིན་པ་སྟེ། རྡོ་རྗེ་ལས། གཙང་མའི་རིས་དག་རྣམ་སྤངས་པའི། །འོག་མིན་ཆེན་པོའི་གནས་མཆོག་ན། །ཞེས་དང་། རྒྱ་མཚོ་ལས། འཇིག་རྟེན་གནས་ཀྱི་འོག་མིན་ལས། །ཉིས་འགྱུར་ཤིན་ཏུ་སྤགས་པ་ན། །ངོ་བོ་མཐའ་གསུམ་ལས་འདས་པ། །མ་སྤངས་རྒྱན་རྫོགས་གཞལ་ཡས་ཁང་། །ཞེས་སོ། །དེ་ཡང་རྒྱུའི་བྱང་སེམས་ཀྱིས་ས་དང་པོའི་བདེན་པ་མཐོང་བའི་གནས་གཙང་མའི་འོག་མིན་ལས། ངེས་དོན་དུ་འཚང་རྒྱ་བའི་ཞིང་ཁམས་འོག་མིན་ཆེན་པོ་ཉིས་འགྱུར་གྱིས་འཕགས་པར་གསུངས་པ་ནི། ཚོགས་ལམ་གྱི་སྣ་ཟིན་ནས་མཐོང་ལམ་ཐོབ་པ་ལ་ཡུན་ཇི་ཙམ་ཐོགས་པའི་ཉིས་འགྱུར་ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་དུ་དགོས་པ་ལ་དགོངས་པ་ཡིན་གྱི། གཙང་མའི་གནས་དེའི་ཡ་རོལ་ན་ཡོད་པའི་ངེས་པ་མེད་དེ། སངས་རྒྱས་ཀྱི་ཞིང་ནི་རང་གང་ན་བཞུགས་པའི་རང་སྣང་ཡིན་པས་མ་དག་པའི་ཞིང་སྤངས་པའི་ཕ་རོལ་ན་དག་པའི་ཞིང་གཞན་ཞིག་བློས་བཙལ་དུ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཀྱང་འོག་མིན་དགའ་ལྡན་གནས། །ཞེས་དང་། རྡུལ་ཕྲ་རབ་གཅིག་གི་སྟེང་ནའང་སངས་རྒྱས་ཀྱི་ཞིང་ཚད་མེད་པ་མ་འགགས་པར་སྣང་བས་བསམ་གྱིས་མི་ཁྱབ་པའི་གནས་ཏེ། སྡོང་པོ་བཀོད་པ་ལས། སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པར་གྱུར་པ་མེད། །ཅེས་དང་། བཟང་སྤྱོད་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །ཞེས་སོ། །དོན་ལ་ནམ་མཁས་གར་ཁྱབ་ཏུ་སངས་རྒྱས་ཀྱི་སྐུ་དང་ཕྲིན་ལས་ཀྱིས་ཁྱབ་པས། སངས་རྒྱས་ཀྱི་ཞིང་ལ་ཕྱོགས་དང་རིས་སུ་ཆད་པ་མེད་དེ། ཤཱཀྱ་ཐུབ་པའི་ཞིང་འདི་ཉིད་ཀྱང་དག་པ་དང་མ་དག་པའི་ཞིང་ཁམས་སོ་སོ་བར་མཐོང་ན། རང་གི་བློ་སྣང་ཙམ་ལས་དག་པ་དང་མ་དག་པའི་ཞི ང་རང་མཚན་པ་ཞིག་ལོགས་ན་ཡོད་པ་མ་ཡིན་ནོ། །དེ་ཡང་འདི་ལྟར་དྲི་མ་མེད་པར་གྲགས་པའི་མདོ་ལས། བཙུན་པ་ཤཱ་རིའི་བུས་སྨྲས་པ། བདག་གིས་ས་ཆེན་པོ་འདི་མཐོ་དམན་དང་གཡང་ས་དང་ལྗན་ལྗིན་གྱིས་གང་བར་མཐོང་ངོ་ཞེས་ཟེར་རོ། །སངས་རྒྱས་མྱ་ངན་མེད་པའི་ཞིང་ནས་འོངས་པའི་ཚངས་པ་རལ་པ་ཅན་གྱིས་སྨྲས་པ། བདག་གིས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་འདི་ཉིད་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་བཞིན་དུ་ཡོངས་སུ་དག་པར་མཐོང་ངོ་ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་རྣམས་ལ་སངས་རྒྱས་ཀྱི་ཞིང་འདིའི་རང་བཞིན་བསྟན་པར་མཛད་པས། ཐམས་ཅད་ཀྱིས་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་པའི་ཞིང་ཁམས་བཞིན་ཡོངས་སུ་དག་པར་མཐོང་བར་གྱུར་པ་དེའི་ཚེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའི་སངས་རྒྱས་ཀྱི་ཞིང་འདི་ནི་རྟག་ཏུ་འདི་འདྲ་སྟེ། ཁྱེད་རྣམས་ཀྱིས་མི་མཐོང་ངོ་། །ཞེས་གསུངས་པ་ལྟར་རོ། །དེས་ན་ལོངས་སྐུའི་གནས་དེའི་རང་བཞིན་ནི། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ཡིན་པས་མཐའ་དང་དབུས་ལ་སོགས་པ་གང་གི་ཡང་རིས་སུ་ཆད་པ་མེད་པས་ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པ་སྟེ། འགྲེལ་ཆུང་ལས། མཐའ་དབུས་མེད་པ་ཆོས་ཀྱི་དབྱིངས། །དེ་ནི་གནས་ཀྱི་བླ་མར་འདོད། །ཅེས་སོ། །གཉིས་པ་ངོ་བོ་ནི། དེ་ལྟ་བུའི་གནས་ན་ཡོན་ཏན་གྱི་ཁྱད་པར་རང་སྣང་བའི་ཕོ་བྲང་གི་བཀོད་པ་ཇི་ལྟ་བུ་སྙམ་ན། དེ་འཆད་པ་ལ། འགྲེལ་ཆུང་ལས། གཞལ་ཡས་གཞི་དང་རྒྱུ་དང་རྒྱ། །དབྱིབས་དང་གློ་འབུར་རྩེ་མོ་དང་། །རྒྱན་དང་སྒོ་ཁྱུད་རྟ་བབས་དང་། །མཚན་ཉིད་གདན་གྱི་རྣམ་པ་སྟེ། །ཞེས་དོན་བཅུ་གཅིག་ཏུ་གསུངས་པ་ལས། དང་པོ་འོག་གཞི་ནི། གཞི་ཚད་མེད་ཅེས་སོགས་ཏེ་འོག་གཞིའི་རྒྱ་ཁྱོན་བློས་ཚད་དམིགས་སུ་མེད་པར་བརྡལ་བའི་རང་བཞིན་ཡེ་ཤེས་ལྔ་མཚོན་བྱེད་ཀྱི་རྟགས་རྣམ་པ་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་མ་འདྲེས་པར་གསལ་བའི་སྟེང་ལ་སྟེ། རོལ་པ་ཆེན་པོ་ལས། འཁོར་ལོ་ཆེན་པོའི་ས་གཞི་ལ། །ཁང་པ་གྲུ་བཞི་རྣམ་པར་བརྗིད། །ཅེས་སོ། །གཉིས་པ་རྒྱུ་ནི། ཡེ་ཤེས་རིན་པོ་ཆེ་འབར་བའི་ཞེས་སོགས་ཏེ། ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་ཏུ་རང་སྣང་བས་གདུལ་བྱའི་རེ་བ་སྐོང་བའི་རྟགས་སུ་རིན་པོ་ཆེ་འོད་འབར་བ་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོའོ། །གསུམ་པ་རྒྱ་ཚད་ནི། རྒྱ་ཕྱོགས་བཅུར་ཞེས་སོགས་ཏེ་ཆོས་ཀྱི་དབྱིངས་ལ་རྒྱ་ཚད་མེད་པའི་རྟགས་སུ་གཞལ་ཡས་ཁང་དེའི་ཚད་ཕྱོགས་བཅུ་ཐམས་ཅད་དུ་རྒྱ་ཡོངས་སུ་མ་ཆད་པའོ། །བཞི་པ་དབྱིབས་ནི། ཡོན་ཏན་ཞེས་སོགས་ཏེ། དེ་ལྟར་རྒྱ་མ་ཆད་པས་ཕྱལ་བར་འགྱུར་རམ་སྙམ་ན། མ་ཡིན་ཏེ། རང་བྱུང་གི་ཡེ་ཤེས་ལ་འབྲས་བུ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར། དེའི་རྟགས་ཀྱི་ཕྱག་རྒྱ་དབྱིབས་གྲུ་བཞི་པར་གྱུར་པའོ། །ལྔ་པ་གློ་འབུར་ནི། ལྷག་པའི་ཞེས་སོགས་ཏེ། ཡེ་ཤེས་རེ་རེ་ཡང་ལྷག་པའི་ཡེ་ཤེས་བཞི་བཞི་དང་ལྡན་པའི་རེ་བ་སྐོང་བའི་རྟགས་སུ་གྲུ་ཆད་ལས་ཕྱིར་འཕྱར་བའི་རིན་པོ་ཆེའི་གློ་འབུར་རིགས་བཞིའི་ཁ་དོག་ཅན་གྱིས་མཛེས་པའོ། །དྲུག་པ་རྩེ་མོའི་དོན་ནི། རྩེ་མོ་ཞེས་སོགས་ཏེ། གཞལ་ཡས་ཁང་དེའི་རྩེ་མོ་བུམ་པ་ཟླུམ་པོའི་རྣམ་པར་འཁྱིལ་བ་ནི། ཐུགས་རང་རིག་པའི་ཡེ་ཤེས་ཉིད་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀུན་གྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་བར་རང་སྣང་བའི་ཕྱིར། རང་བཞིན་སོ་སོ་མ་ཡིན་ཞིང་། ངོ་བོ་ཉིད་གཅིག་པའི་ཡེ་ཤེས་སྤྲོས་པ་ཀུན་དང་བྲལ་བའི་ཀློང་དུ་འཁྱིལ་བ་མཚོན་པའི་རྟགས་སོ། །བདུན་པ་རྒྱན་ནི། ཡེ་ཤེས་བསམ་གྱིས་ནས། བཀླུབས་པ་ཞེས་པའི་བར་ཏེ། ཐུགས་རང་རིག་པའི་ཡེ་ཤེས་ཀྱི་རྩལ་མ་འགགས་པ་ལས་ཡེ་ཤེས་ལྔའམ་ཉི་ཤུ་རྩ་ལྔ་ལ་སོགས་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་མངའ་བའི་རྟགས་སུ་ཡེ་ཤེས་རང་སྣང་བའི་རྒྱན་རིན་པོ་ཆེ་ལས་གྲུབ་པའི་དབྱིབས་དང་ཁ་དོག་ལ་སོགས་པ་རྣམ་པ་ཐ་དད་པའི་བྱེ་བྲག་ཚད་མེད་པ་དང་ལྡན་པས་གཞལ་ཡས་ཁང་གཞན་ལས་ཁྱད་པར་དུ་གྱུར་པའི་བཀོད་པ་ཕུན་སུམ་ཚོགས་པས་བརྒྱན་པ། ཐེག་པ་དང་ས་ལམ་གཞན་ལས་འདི་ཉིད་འཕགས་པའི་རྟགས་སུ་སྒོ་དང་ཁྱམས་སོགས་ནས་ལྟེ་བའི་བར་རྡོ་རྗེ་འགྲེང་བུ་རེས་རིམ་པར་སྤགས་པ། ཆོས་ཀྱི་དབྱིངས་ལ་མཐའ་ཐུག་པ་མེད་པའི་རྟགས་སུ་ཕོ་བྲང་གི་རྩེ་མོ་དེ་བཞིན་གཤེགས་པའི་གཙུག་ཏོར་ལྟར་མཐོ་དམའི་ཚད་འདི་ཞེས་དཔག་ཏུ་མེད་པ། ཡེ་ཤེས་ཀྱི་རྩལ་སྣང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རྒྱན་གྱི་ཁྱད་པར་ཡང་། ཐུགས་རྗེ་དང་སྤྲུལ་པའི་ཕྲིན་ལས་རྒྱུན་མི་ཆད་པའི་རྟགས་སུ་ཕྲེང་བ་དང་། བདེན་གཉིས་དབྱེར་མི་ཕྱེད་པའི་རྟགས་སུ་ཆུན་འཕྱང་དང་། ཐབས་སྣ་ཚོགས་པ་མ་འདྲེས་ཡོངས་སུ་རྫོགས་པའི་རྟགས་སུ་ཤར་བུའི་རྒྱན་དང་། གཞན་ཡང་འདོད་ཡོན་ཐམས་ཅད་མ་སྤངས་རྣམ་དག་རོལ་པའི་རྒྱན་དང་ཤར་བའི་རྟགས་སུ་ཡིད་དུ་འོང་བའི་གཟུགས་སྣ་ཚོགས་དང་། སྒྲ་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རོ་སྣ་ཚོགས་དང་། རེག་བྱ་སྣ་ཚོགས་པ་དང་། དེ་དག་ཐོགས་པའི་རྡོ་རྗེའི་ལྷ་མོ་རྣམས་ཀྱིས་ཕྱོགས་བཅུར་སྤྲིན་ཕུང་ལྟར་འཁྲིགས་པ་ནི་འབད་རྩོལ་མེད་པར་རང་བྱུང་ལ། དེ་དག་ཐམས་ཅད་ཀྱང་ཕན་ཚུན་གཅིག་གིས་གཅིག་མི་སྒྲིབ་པར་ཕྱི་ནང་ཟང་ཐལ་དུ་གསལ་བའི་རྒྱན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་བཀོད་པས་མཛེས་པར་བརྒྱན་ཅིང་བཀླུབས་པའོ། །བརྒྱད་པ་སྒོ་ནི། རྣམ་པར་ཐར་པ་བཞིའི་ཞེས་སོགས་ཏེ། དངོས་པོ་དང་མཚན་འཛིན་གྱི་སྒྲིབ་པ་ལས་རྣམ་པར་ཐར་པའི་སྒོ་ཐུན་མོང་བ་གསུམ་དང་། ཐུན་མོང་མ་ཡིན་པ་རང་བཞིན་གྱིས་འོད་གསལ་བ་སྟེ་བཞིའི་སྒོ་ནས་བྱང་ཆུབ་ཆེན་པོར་ལྷུན་གྱིས་འཇུག་པའི་རྟགས་སུ་སྒོ་བཞི་སྒོ་ཁྱུད་ཀྱི་ཟླས་དྲངས་པའི་འགྲམ་ལོགས་དང་ཡ་ཕུབས་ཅན་གྱིས་ཕྱོགས་བཞིར་བརྒྱན་པ་སྟེ། ལེ་ལག་ལས། སྟོང་སྨོན་མཚན་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་བཞིར་ཤར། །ཞེས་སོ། །དགུ་པ་རྟ་བབས་ནི། རྣམ་པར་ཐར་པ་བརྒྱད་ཀྱི་ཞེས་སོགས་ཏེ། །རྡོ་རྗེ་མེ་ལོང་ལས། ལམ་བརྒྱད་རིམ་པར་བགྲོད་པ་ཡིས། །འབྲས་བུའི་ཡོན་ཏན་ཀུན་རྫོགས་པས། །རྟ་བབས་རྒྱུ་འབྲས་བཅུ་དྲུག་བསྟན། །ཞེས་པས་རྒྱུ་དང་འབྲས་བུའི་རྟ་བབས་བརྒྱད་བརྒྱད་དེ་བཅུ་དྲུག་ལས། རྒྱུའི་རྟ་བབས་ནི། མཚོན་སྒོ་རྣམ་ཐར་བཞིའི་སྒོ་ནས་མཚོན་བྱ་བྱང་ཆུབ་ཆེན་པོར་འཇུག་པ་དང་། འཁོར་བ་ལས་རྣམ་པར་ཐར་པ་ཐེག་པ་བརྒྱད་བགྲོད་ནས་འཇུག་པའི་རྟགས་སུ་སྒོ་ཕུགས་ཀྱི་ཕྱི་ནང་གཉིས་ན་ཐེམ་སྐས་བཞི་བཞི་སྟེ་བབས་ཞོན་གྱི་རྟ་བབས་བརྒྱད་དང་ལྡན་པའོ། །དེ་ཡང་ལེ་ལག་ལས། དེར་འགྲོ་ལམ་སྟེགས་བརྒྱད་དང་ལྡན། །རྟ་བབས་བརྒྱད་དུ་འགྱུར་བ་ཡིན། །ཞེས་དང་། སྡུད་པ་ལས། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །ཞེས་གསུངས་པ་ལྟར་རོ། །འབྲས་བུའི་རྟ་བབས་ནི། ཐེག་བརྒྱད་ཀྱི་གྲུབ་མཐའི་ཡོན་ཏན་བརྒྱད་རྫོགས་པའི་རྟགས་སུ་སྒོ་ཁང་གི་སྟེང་ན་རྒྱན་གྱི་རྟ་བབས་བརྒྱད་དང་ལྡན་པ་སྟེ། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། དེ་ཡི་གྲུབ་པའི་མཐའ་རྫོགས་པའི། །ཡོན་ཏན་བརྒྱད་ཕྱིར་རྟ་རྐང་དང་། །ཆུ་སྐྱེས་སྒྲོམ་དང་ཟ་ར་ཚགས། །སྣ་འཕྱང་ཆུན་འཕྱང་ཤར་བུ་དང་། །ཁྱུང་མགོ་མཛེས་པས་རིམ་པར་འཁྲིགས། །ཞེས་སོ། །བཅུ་པ་གནས་ཀྱི་མཚན་ཉིད་ནི། ཕྱི་དང་ནང་མེད་པ་ཞེས་སོགས་ཏེ། གཞལ་ཡས་ཁང་དེའི་ཕྱི་དང་ནང་མེད་པ་ཐམས་ཅད་རང་རིག་པའི་ཡེ་ཤེས་ཀྱི་རྩལ་སྣང་འབའ་ཞིག་ཏུ་གྱུར་པའི་ཕྱིར་ཀུན་ཏུ་ཡང་ནང་དུ་གྱུར་པ་ན་ཞེས་བྱའོ། །བཅུ་གཅིག་པ་གདན་ཁྲི་ནི། མི་འཇིགས་པ་ནས། རིན་པོ་ཆེའི་གདན་ལ་ཞེས་པའི་བར་ཏེ། གསང་བའི་ཐེག་པ་འདི་ནི་ཐེག་པ་འོག་མ་རྣམས་ལ་ཉམ་མི་ང་བའི་ཕྱིར་རམ། རྒྱལ་བའི་ཐུགས་ལ་མི་འཇིགས་པ་བཞི་ལྷུན་གྱིས་གྲུབ་པ་མཚོན་བྱེད་དབུས་སུ་སེང་གེའི་ཁྲི་དང་། ཐེག་པ་འོག་མར་མི་ཆུད་པའི་དོན་འདིར་ཤོང་ཞིང་ཐེག་པས་སམ་སྐུ་སྟོབས་བཅུ་དང་ལྡན་པའི་རྟགས་སུ་ཤར་དུ་གླང་པོ་ཆེའི་ཁྲི་དང་། འདིས་གདུལ་བྱ་རྣམས་མྱུར་དུ་སྒྲོལ་ཞིང་ཡོན་ཏན་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་རྟགས་སུ་ལྷོར་རྟའི་ཁྲི་དང་། འདིས་ལས་ཉོན་མ་སྤངས་པར་དབང་དུ་བྱེད་ཅིང་གསུང་དབང་བཅུ་དང་ལྡན་པའི་རྟགས་སུ་ནུབ་ཏུ་རྨ་བྱའི་ཁྲི་དང་། ཕྲིན་ལས་འགྲོ་བ་སྒྲོལ་བ་ལ་ཆགས་པ་དང་ཐོགས་པ་མེད་པའི་རྟགས་སུ་བྱང་དུ་ནམ་མཁའ་ལྡིང་སྟེ་ཤང་ཤང་གི་ཁྲི་དང་། ཐེག་པ་བརྒྱད་བགྲོད་ནས་འབྲས་བུའི་ཡོན་ཏན་ཐུགས་སུ་ཆུད་པའི་རྟགས་སུ་སེང་གེ་ལ་སོགས་པ་དེ་དག་རེ་རེ་ཡང་བརྒྱད་བརྒྱད་དེ་མཇུག་མ་ནང་དུ་བསྣོལ་ནས་རིན་པོ་ཆེའི་ཁྲི་རྐང་འདེགས་པའོ། །དེ་ཡང་དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་འཇོམས། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །སྐུ་ནི་སྟོབས་བཅུས་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་པོའི་གསུང་། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་ཕྲིན་ལས་བཞི་ཡིས་འགྲོ་བ་སྒྲོལ། །དེ་གྲུབ་རྟགས་སུ་ཤང་ཤང་ཁྲི་ལ་བཞུགས། །ཞེས་སོ། །ཐུགས་རང་བཞིན་གྱིས་རྣམ་པར་དག་པས་འོད་གསལ་ཞིང་ཐབས་ཤེས་ཟུང་དུ་འཇུག་པའི་རྟགས་སུ་ཉི་ཟླའི་དཀྱིལ་འཁོར་དང་། ཉེས་པའི་སྐྱོན་གྱིས་གོས་པ་མེད་པའི་རྟགས་སུ་པདྨ་དང་། གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བའི་རྟགས་སུ་རིན་པོ་ཆེའི་གདན་ཏེ། དེ་ཡང་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པའི་རྟགས་སུ་ཀ་བས་བཏེགས་པའི་ཁྲི་རྐང་མཛོད་མིག་བདུན་པའོ། །དེ་ལྟར་གདན་ལྔ་བརྩེགས་དེ་དག་གཙོ་བོ་དང་རིགས་ལྔའི་གདན་ཏེ། འཁོར་གཞན་རྣམས་ལ་ནི་སོ་སོའི་གནས་སུ་ཇི་ལྟར་འོས་པའི་གདན། སེམས་དཔའ་ལ་ནི་སུམ་བརྩེགས་སོ། །ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། །ཅེས་པ་ལྟར་ཡིན་ལ། ཀུན་བཟང་ཡབ་ཡུམ་ནི་དཀྱིལ་འཁོར་ལ་འགོད་པའི་ཚེ་བཞི་བརྩེགས་སུ་བཤད་ཀྱང་། གླེང་གཞིའི་སྐབས་འདིར་ཕོ་བྲང་གི་ལྟེ་བར་བཞུགས་ཤིང་། སྤྱན་འགྲེལ་ལས། གདན་ཡང་ལྔ་བརྩེགས་སུ་གསུངས་སོ། །འོ་ན་འདིར་མི་བསྐྱོད་པ་གང་དུ་བཞུགས་སྙམ་ན། འཆད་པའི་སྐྱེས་བུ་རིགས་ལྔ་ལས་ཐུགས་ཀྱི་སྒྱུ་འཕྲུལ་གྱི་སྐབས་འདིར་རྡོ་རྗེ་མི་བསྐྱོད་པ་ནི་སྟོན་པ་རིགས་དྲུག་པའི་མདུན་ན་བཞུགས་ཏེ། རྒྱ་མཚོ་ལས། འཁོར་ལོ་འབར་བའི་ལྟེ་བ་ལ། །བདག་པོ་ཀུན་བཟང་འཁོར་ལོ་བསྐོར། །བཀའ་སྡོད་སྐྱེས་བུ་མདུན་ན་གནས། །བརྗོད་པ་མེད་བཞིན་གོ་བར་མཛོད། །ཅེས་དང་། ཐལ་རྒྱུད་ལས། འཁོར་ལོའི་ལྟེ་བར་མི་འཇིགས་སྟེང་། །བདག་པོ་ཀུན་བཟང་འཁོར་རྣམས་ལ། །ཀུན་འབྱུང་སྒྱུ་འཕྲུལ་སྟོན་པའི་ཚེ། །མི་བསྐྱོད་རྒྱལ་པོ་མདུན་ན་གནས། །ཞེས་སོ། །ལྔ་པ་འཁོར་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། རང་བཞིན་གཉིས་སུ་མེད་པའི་འཁོར་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་རོ། །དང་པོ་ལ་གཉིས་ཏེ། རིགས་ཀྱི་ཡབ་ལྔ་དང་། ཡུམ་ལྔའོ། །དང་པོ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནས། འཚེར་བ་ཞེས་པའི་བར་ཏེ། དེ་ཡང་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་ཅིང་མཐའ་གཉིས་ལ་མི་གནས་པས་བཅོམ་ལྡན་འདས་དང་། ཡེ་ཇི་བཞིན་པའི་དབྱིངས་སུ་གཤེགས་པས་དེ་བཞིན་གཤེགས་པའོ། །མཚན་གཉིས་པོ་དེ་སྟོན་པ་རིགས་དྲུག་པ་དང་ཐུན་མོང་བ་སྟེ། སྤར་ཁབ་ལས། མཚན་ཐུན་མོང་བ་གཉིས་ནི་སྔར་ཐལ་ཏེ། ཞེས་གསུངས་ཤིང་། དེས་མཚོན་ནས་སྟོན་པའི་རང་བཞིན་བདུན་པོ་རིགས་ལྔའི་རང་བཞིན་དུའང་འགྱུར་བས་རང་བཞིན་གཉིས་སུ་མེད་པའི་འཁོར་ཞེས་གྲགས་སོ། །རྣམ་པར་ཤེས་པ་ནི་ཡུལ་རྣམ་པར་རིག་པའི་མཚན་ཉིད་ཅན་གྱི་ཚོགས་བརྒྱད་དོ། །གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་ཅན་གྱི་རྒྱུའི་གཟུགས་བཞི། འབྲས་གཟུགས་བཅུ་གཅིག་སྟེ་བཅོ་ལྔའོ། །ཚོར་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད་ཅན་གྱི་ཆོས་བདེ་བ། སྡུག་བསྔལ་བ། བཏང་སྙོམས་གསུམ་གྱིས་བསྡུས་པའོ། །འདུ་ཤེས་ནི་མཚན་མར་འཛིན་པའི་མཚན་ཉིད་ཅན་གྱི་ཆོས་མཚན་མ་མེད་པ། མཚན་མ་དང་བཅས་པ། རྒྱ་ཆེ་བ། ཆུང་བ། ཚད་མེད་པ་སྟེ་ལྔའོ། །འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་གྱི་སེམས་པ་སྟེ། ཀུན་ཏུ་འགྲོ་བ་ལྔ། ཡུལ་སོ་སོར་ངེས་པ་ལྔ། དགེ་བ་བཅུ་གཅིག །རྩ་བའི་ཉོན་མོངས་པ་དྲུག །ཉེ་བའི་ཉོན་མོངས་པ་ཉི་ཤུ། གཞན་འགྱུར་བཞི་སྟེ་སེམས་བྱུང་ལྔ་བཅུ་རྩ་གཅིག་ལས་ཚོར་བ་དང་འདུ་ཤེས་གཉིས་ལོགས་སུ་བགྲངས་པའི་ལྷག་མ་བཞི་བཅུ་རྩ་དགུའོ། །གཞུང་ལུགས་ཕལ་མོ་ཆེར་ཕུང་པོ་ལྔའི་འགོ་གཟུགས་ཕུང་ནས་བརྩམས་ཏེ་སྟོན་ན། ཅིའི་ཕྱིར། འདིར་རྣམ་ཤེས་དང་པོར་སྨོས་ཞེ་ན། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱང་སེམས་ཀྱི་རོལ་རྩལ་ཙམ་ལས་གཞན་མ་ཡིན་པས། སེམས་ཉིད་གཙོ་བོའི་དབང་དུ་མཛད་ནས་རྣམ་ཤེས་དང་པོར་སྨོས་ཤིང་། ལྷའི་དུས་ནའང་དཀྱིལ་འཁོར་གྱི་གཙོ་བོ་མི་བསྐྱོད་པ་དང་སྦྱར་རོ། །ལྷ་དང་རྟོག་པའི་ཆོས་མཐུན་བརྩི་བ་ནི། རྣམ་ཤེས་ཐུགས་ཀྱི་བདག་ཉིད་ཡིན་པས་ཐུགས་ཀྱི་རིགས་མི་བསྐྱོད་པ་དང་། གཟུགས་ནི་སྐུ་དང་དངོས་སུ་མཐུན་པས་ན་སྐུའི་རིགས་རྣམ་སྣང་དང་། ཚོར་བ་ནི་ཡུལ་ལ་ལོངས་སྤྱོད་དུ་ལྟ་བའི་གཞི་ཡིན་པས་ཡོན་ཏན་གྱི་རིགས་རིན་ཆེན་འབྱུང་གནས་དང་། འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་ཕྱི་ནང་གི་ཆོས་རྣམས་ལ་ཐ་སྙད་དུ་འདོགས་པའི་ལས་ཀྱིས་བརྡའ་སྤྲོད་པས་གསུང་གི་རིགས་སྣང་མཐའ་དང་། འདུ་བྱེད་ནི་བྱ་བ་བྱེད་པ་ལས་ཀྱི་བདག་ཉིད་ཡིན་པས་ཕྲིན་ལས་ཀྱི་རིགས་དོན་ཡོད་གྲུབ་པ་སྟེ། ཇི་སྐད་དུ། གཟུགས་ནི་རྣམ་པར་སྣང་མཛད་ཉིད། །ཚོར་བ་རིན་ཆེན་འབྱུང་ལྡན་ལ། །འདུ་ཤེས་སྣང་བ་མཐའ་ཡས་ཏེ། །འདུ་བྱེད་དོན་ཡོད་གྲུབ་པ་ཉིད། །རྣམ་པར་ཤེས་པ་མི་བསྐྱོད་པ། །ཞེས་ཡེ་ཤེས་གྲུབ་པའི་རྒྱུད་དུ་གསུངས་པ་ལྟར་རོ། །གང་དག་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་རྣམ་སྣང་དུ་བཞེད་པ་ནི་མ་ཡིན་ཏེ། རྡོ་རྗེ་ལས་རིམ་ལས། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །མི་བསྐྱོད་ཡབ་ཡུམ་རང་བཞིན་ལས། །ཞེས་པས་གནོད་པའི་ཕྱིར་རོ། །ཡན་ལག་བརྒྱད་ཅུ་དང་ལྡན་པའི་ཕུང་པོ་ལྔ་མ་དག་པ་འཁོར་བའི་ཆོས་ལྟར་སྣང་བ་འདི་ཁོ་ན་རིགས་ལྔའི་སངས་རྒྱས་ཡིན་ནམ་སྙམ་ན། མ་ཡིན་ཏེ། མ་དག་པའི་ཕུང་སོགས་རྟོག་ཚོགས་འདི་དག་སྦྱང་བྱའི་ཆོས་མེད་སྣང་གློ་བུར་བ་ཡིན་པས་རིགས་ལྔའི་སངས་རྒྱས་སུ་མི་རུང་སྟེ། དཔེར་ན་མིག་ནད་ཅན་གྱིས་དུང་སེར་པོར་མཐོང་བའི་ཚེ། སེར་པོ་དེ་དུང་གི་ཁ་དོག་གི་གནས་ལུགས་མ་ཡིན་པ་བཞིན་ནོ། །དེ་བས་ན་རྟོགས་པ་དང་ལྷ་གཉིས་ཆོས་མཐུན་བརྩི་བའང་དངོས་པོ་ལ་མངོན་པར་ཞེན་པ་རྣམས་ལྷ་རྟོག་དབྱེར་མེད་ཀྱི་ཤེས་རབ་སྐྱེ་བ་ལ་ཁ་དྲང་བའི་ཐབས་ཙམ་དུ་གསུངས་པ་ཡིན་ནོ། །འོ་ན་ཕུང་སོགས་མ་དག་པའི་རྟོག་ཚོགས་ལས་རིགས་ལྔའི་སངས་རྒྱས་གཞན་དུ་གྲུབ་པ་ཞིག་གམ་སྙམ་ན། དེ་ཡང་མ་ཡིན་ཏེ། དེ་དག་གི་སྣང་གཞི་རང་བཞིན་ནམ་གཉུག་མའི་ཕུང་པོ་ལྔ་ཡེ་ནས་རིགས་ལྔའི་སངས་རྒྱས་སུ་རྣམ་པར་དག་པ་དེ་ཉིད་ལམ་རྐྱེན་གྱིས་མངོན་དུ་གྱུར་པ་ལ་འབྲས་བུར་རྣམ་པར་བཞག་པས་ན་རྟོག་ཚོགས་ལས་གཞན་དུའང་བརྗོད་དུ་མེད་པ་སྟེ། མིག་གི་ནད་སྨན་གྱིས་སྦྱངས་པས་དག་པའི་ཚེ་ན་སྔར་སེར་པོར་མཐོང་བའི་དུང་དེ་ཀ་དཀར་པོར་སྣང་བ་ལས། དཀར་པོའི་ཁ་དོག་གཞན་ཞིག་ལོགས་ནས་བཙལ་དུ་མེད་པ་བཞིན་ནོ། །རིགས་ལྔ་ཀའི་མཚན་ལ་རྒྱལ་པོ་ཞེས་སྨོས་པ་ནི། དཔེར་ན་རྒྱལ་པོ་རྣམས་རང་གི་རྒྱལ་སྲིད་ལ་དབང་སྒྱུར་ཞིང་ལོངས་སྤྱོད་པ་དང་། གཞན་གྱི་དཔུང་ཕམ་པ་དང་། རང་གི་དཔུང་རྒྱལ་བར་བྱེད་པ་བཞིན་དུ། ཐུགས་རང་རིག་པའི་ཡེ་ཤེས་ཀྱི་རྟོག་ཚོགས་ལ་དབང་སྒྱུར་བ་དང་། ཟག་པ་མེད་པའི་ཆོས་ལ་མངའ་བརྙེས་པས་བདེ་བ་ཆེན་པོའི་ལོངས་སྤྱོད་ལ་རོལ་བར་མཛད་ཅིང་། ཆོས་ཀྱི་རྒྱལ་སྲིད་བསྐྱངས་པས་གདུལ་བྱའི་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པའི་དཔུང་མ་ལུས་པ་ཕམ་པ་དང་། ཚོགས་གཉིས་ལ་སོགས་པའི་ཡོན་ཏན་གྱི་དཔུང་རྒྱལ་བར་མཛད་པའི་ཕྱིར་རོ། །མི་བསྐྱོད་པ་ལ་སོགས་པ་སོ་སོའི་མཚན་གྱི་རྒྱུ་མཚན་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ནི་ཕྱི་ནང་གི་རྐྱེན་གང་གིས་ཀྱང་བསྐྱོད་པར་མི་ནུས་པས་མི་འགྱུར་བ་རྡོ་རྗེའི་རིགས་མི་བསྐྱོད་པ་དང་། སྐུ་ནི་དེ་བཞིན་ཉིད་ལས་མ་གཡོས་བཞིན་དུ་རྣམ་པ་སྣ་ཚོགས་པར་སྣང་བས་དེ་བཞིན་གཤེགས་པའི་རིགས་རྣམ་སྣང་དང་། ཡོན་ཏན་ནི་དོན་གཉིས་འགྲུབ་པའི་གནས་སུ་གྱུར་པས་རིན་པོ་ཆེའི་རིགས་རིན་ཆེན་འབྱུང་གནས་དང་། གསུང་ནི་ཆགས་པ་མེད་པའི་སྒོ་ནས་འཇིག་རྟེན་དུ་ཆོས་ཀྱི་སྣང་བ་ཆེན་པོ་རྒྱས་པར་མཛད་པས་པདྨའི་རིགས་སྣང་བ་མཐའ་ཡས་དང་། ཕྲིན་ལས་ནི་འགྲོ་བའི་དོན་མཐར་ཕྱིན་པར་མཛད་པས་ལས་ཀྱི་རིགས་དོན་ཡོད་གྲུབ་པ་སྟེ། རྡོ་རྗེ་བཀོད་པ་ལས། སྐུ་ནི་མ་བཅོས་དེ་བཞིན་ཉིད། །ཐུགས་ནི་མི་འགྱུར་རྡོ་རྗེའི་རིགས། །ཡོན་ཏན་ཀུན་འབྱུང་རིན་ཆེན་རིགས། །གསུང་ནི་ཆགས་མེད་པདྨའི་རིགས། །དོན་གྲུབ་སྤྱོད་པ་ལས་ཀྱི་རིགས། །ཞེས་སོ། །དེ་ཡང་འབྲས་ཆོས་ལྔ་ལ་མཚན་ཇི་སྐད་དུ་ཐོབ་པའི་ངེས་པས། དེ་ཉིད་འགྲོ་བ་འདུལ་བའི་ཐབས་ཀྱི་ཕྱག་རྒྱར་འཕྲུལ་པ་འཆང་བའི་སྐྱེས་བུ་ལྔ་ལའང་དེ་ལྟར་དུ་གྲགས་སོ། །རིགས་ལྔ་པོ་དེ་དག་ཀུན་གྱི་རིགས་ཀྱི་མཚན་མར་གྱུར་པའི་ཁ་དོག་ཀྱང་། ཆོས་ཉིད་མི་འགྱུར་བའི་བརྡར་ཆོས་དབྱིངས་ཡེ་ཤེས་དང་རྡོ་རྗེའི་རིགས་མཐིང་ག་དང་། ཉེས་པའི་སྐྱོན་གྱིས་མ་གོས་པའི་བརྡར་མེ་ལོང་ལྟ་བུའི་ཡེ་ཤེས་དང་དེ་བཞིན་གཤེགས་པའི་རིགས་དཀར་པོ་དང་། ཆེ་བའི་ཡོན་ཏན་རྒྱས་པའི་བརྡར་མཉམ་ཉིད་ཡེ་ཤེས་དང་རིན་ཆེན་རིགས་སེར་པོ་དང་། གདུལ་བྱའི་དོན་ལ་རྗེས་སུ་ཆགས་པའི་བརྡར་སོར་རྟོག་ཡེ་ཤེས་དང་པདྨའི་རིགས་ལེ་བརྒན་ཏེ་དམར་པོ་དང་། སེམས་ཅན་གྱི་དོན་སྣ་ཚོགས་མཛད་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་བརྡར་བྱ་གྲུབ་ཡེ་ཤེས་དང་ལས་ཀྱི་རིགས་རྣམས་ལྗང་གུ་སྟེ། ཐམས་ཅད་ཀྱང་སོ་སོའི་མདོག་ཏུ་གསལ་ཞིང་བཀྲག་མདངས་འཚེར་བའོ། །གཉིས་པ་ཡུམ་ལྔ་ནི། བཙུན་མོ་དམ་པ་ནས། ཁྱབ་པར་བཞུགས་སོ། །ཞེས་པའི་བར་ཏེ། རྟོག་པའི་དུས་ན་འབྱུང་བ་ལྔས་ཕུང་པོ་ལྔ་བསྐྱེད་ཅིང་། ལྷའི་དུས་ན་རིགས་ཀྱི་ཡབ་ལྔས་ལོངས་སྤྱོད་པར་བྱ་བའི་ཡུལ་ལམ། སྲས་བསྐྱེད་པའི་ཡུམ་དུ་གྱུར་པས་ན་བཙུན་མོ། ཡོན་ཏན་གྱི་ཁྱད་པར་གཞན་ལས་འཕགས་པས་ན་དམ་པའོ། །གང་གིས་གོ་ཕྱེ་བས་དངོས་པོ་ཐམས་ཅད་སྣང་བར་བྱེད་པ་ནམ་མཁའ་ནི་ཆོས་ཀྱི་ཁམས་རྣམ་ཤེས་ཀྱི་ཡུལ་ཡིན་པས། དེ་གནས་སུ་དག་པའི་ཚེ། ཐུགས་རྡོ་རྗེའི་རིགས་ཀྱི་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་དང་། སྲ་བ་སའི་ཁམས་ནི་བརྟན་ཅིང་རྟེན་དུ་གྱུར་པས་ན་སྐུའི་རིགས་ཀྱི་ཡུམ་སངས་རྒྱས་སྤྱན་མ་དང་། མཉེན་པ་ཆུའི་ཁམས་ནི་རྒྱུད་བརླན་ཅིང་ཡོན་ཏན་སྡུད་པར་བྱེད་པ་རིན་ཆེན་རིགས་ཀྱི་ཡུམ་མཱ་མ་ཀཱི་དང་། དྲོ་བ་མེའི་ཁམས་ནི་མཚན་འཛིན་གྱི་སྤུ་རིས་གསལ་བར་བྱེད་ཅིང་ཤེས་རབ་ཀྱི་མེས་དག་པར་བྱེད་པའི་བདག་ཉིད་པདྨ་རིགས་ཀྱི་ཡུམ་གོས་དཀར་མོ་དང་། བསྐྱོད་པ་རླུང་གི་ཁམས་ནི་གདུལ་བྱ་སྒྲོལ་བ་ལ་ཐོགས་པ་མེད་པ་ལས་ཀྱི་རིགས་ཀྱི་ཡུམ་དམ་ཚིག་སྒྲོལ་མ་སྟེ། དེ་ཡང་འབྱུང་ལྔའི་ཁམས་ཡེ་ནས་ཡུམ་ལྔའི་དབྱིངས་སུ་དག་པས་སམ། སྲས་དང་བདེ་བའི་ཡེ་ཤེས་ཀྱི་འབྱུང་ཁུངས་སུ་གྱུར་པས་ན་ཐམས་ཅད་ལ་དབྱིངས་ཀྱི་སྒྲས་སྨོས་སོ། །དེ་དག་ལ་སོགས་པ་རིགས་ཀྱི་བཙུན་མོའི་ཚོགས་དང་། དོན་རང་བཞིན་གཉིས་སུ་མེད་ཅིང་། རྟགས་ཡབ་ཡུམ་འཁྲིལ་བས་མཉམ་པར་སྦྱོར་བའི་ཚུལ་གྱིས་བཞུགས་ཏེ། ཇི་ལྟར་ཞེ་ན། ཁྱབ་བྱེད་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་བྱ་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ལ་ཁྱབ་པས་ནམ་མཁའི་མཐའ་ཀླས་པ་ཀུན་ཏུ་སྟོན་པའི་མཛད་སྤྱོད་ཀྱི་རོལ་མོ་མཐའ་ཡས་པར་སྣང་བས་ཁྱབ་པ་ནི་འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གང་བུ་ཁ་ཕྱེ་བ་བཞིན་དུ་གོ་མཚམས་མེད་པར་གང་ནས་ཀུན་ཏུ་ཁྱབ་པར་བཞུགས་སོ། །གཉིས་པ་རིག་པ་ཁྱད་པར་ཅན་གྱི་འཁོར་ལ་གཉིས་ཏེ། རྒྱལ་སྲས་སེམས་པའི་འཁོར་དང་། འཇོམས་བྱེད་ཁྲོ་བོའི་འཁོར་རོ། །དང་པོ་ལ་གཉིས་ཏེ། ནང་སེམས་ཡབ་ཡུམ་དང་། ཕྱི་སེམས་ཡབ་ཡུམ་མོ། །དང་པོ་ནི། དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་ནས། །མྱོང་བར་བྱ་བའི་ཚོགས་དང་། ཞེས་པའི་བར་ཏེ། དེ་བཞིན་གཤེགས་པ་ལྔ་བཤད་པའི་རྗེས་དེ་ནས་ཞེས་འབྲེལ་སྦྱར་ལ། མིག་ཤེས་ལ་སོགས་པའི་རྟོག་ཚོགས་རྣམས་ཡེ་ནས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཏེ། དེ་ཉིད་མངོན་དུ་གྱུར་པའི་འབྲས་བུ་ནི་སྤངས་རྟོགས་མཐར་ཕྱིན་པས་བྱང་ཆུབ་ཀྱང་ཡིན་ལ། སར་གནས་ཀྱི་སེམས་དཔའ་ལས་འཕགས་པས་ཆེན་པོའང་ཡིན་ཏེ། འདིར་བསྟན་གྱི་འཁོར་ཐམས་ཅད་སྟོན་པའི་ཐུགས་རིག་པ་རང་སྣང་གི་སྤྲུལ་པ་བ་ཡིན་པའི་ཕྱིར། དེ་ཡང་རྒྱ་མཚོ་ལས། དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བ་སེམས་སོགས་དང་། །ཞེས་གསུངས། རྡོ་རྗེ་ནི་རྟོག་ཚོགས་སུ་སྣང་ཡང་རང་བཞིན་ལྷའི་དཀྱིལ་འཁོར་དུ་ངེས་པས་དབྱེར་མི་ཕྱེད་པའི་དོན་ཏེ་སྤྱིའི་མཚན་ནོ། །བྱེ་བྲག་ཏུ་མིག་དབང་ལ་བརྟེན་ནས་མིག་ཤེས་ཀྱི་ཡུལ་གཟུགས་མཐོང་བས་ན་མིག་གི་རྣམ་ཤེས་ལ་མཐོང་བ་ཞེས་བརྗོད་ལ། དེ་གནས་སུ་དག་པ་སའི་སྙིང་པོ་དང་། དེ་བཞིན་དུ་ཐོས་པ་རྣ་བའི་རྣམ་ཤེས་ཏེ་ཕྱག་ན་རྡོ་རྗེ་དང་། སྣོམ་པ་སྣའི་རྣམ་ཤེས་ཏེ་ནམ་མཁའི་སྙིང་པོ་དང་། མྱོང་བ་ལྕེའི་རྣམ་ཤེས་ཏེ་སྤྱན་རས་གཟིགས་དང་། དེ་དག་གི་ཡུམ་ཡང་། ཡུལ་བཞིས་རྣམ་ཤེས་བཞི་བསྐྱེད་པར་བྱེད་ཅིང་རྣམ་ཤེས་ཀྱིས་སྤྱད་བྱར་གྱུར་པས་ན་བཙུན་མོ། མིག་ཤེས་ཀྱིས་མཐོང་བྱའི་ཡུལ་ཡིན་པས་མཐོང་བར་བྱ་བ་གཟུགས་ཏེ་རྡོ་རྗེ་སྒེག་མོ་དང་། དེ་བཞིན་དུ་མཉན་པར་བྱ་བ་སྒྲ་སྟེ་གླུ་དབྱངས་མ་དང་། བསྣམ་པར་བྱ་བ་དྲི་སྟེ་ཕྲེང་བ་མ་དང་། མྱོང་བར་བྱ་བ་རོ་སྟེ་གར་སྒྱུར་མའི་ཚོགས་སོ། །ཡབ་ཡུམ་འདི་རྣམས་འདིར་གོ་རིམ་བཞིན་ཡུལ་ཤེས་སྦྱོར་བ་དང་མན་ངག་ལས་སྤྱན་རས་གཟིགས་ཀྱི་ཡུམ་གླུ་མ་དང་། ཕྱག་རྡོར་གྱི་ཡུམ་གར་མར་མཛད་པ་གཉིས་མི་འགལ་ལམ་སྙམ་ན། འདིར་ནི་རྟོག་པའི་ཡུལ་ཡུལ་ཅན་གཙོ་བོར་བྱས་ལ། མན་ངག་ལས་ནི་རིགས་གཙོ་བོའི་དབང་དུ་བྱས་ཏེ། གླུ་མ་གསུང་གི་རིགས་དང་། གར་མ་ལས་རིགས་སུ་བསྡུས་པ་ཡིན་པས་འགལ་བ་མེད་དོ། །གཉིས་པ་ནི། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་ནས། མ་བྱོན་པའི་ཚོགས་དང་ཞེས་པའི་བར་ཏེ། འདིར་ཡང་བྱང་ཆུབ་ཆེན་པོ་རྡོ་རྗེ་ནི་སྤྱིའི་མཚན་ཡིན་ལ། བྱེ་བྲག་ཏུ་མིག་ཤེས་ཀྱིས་གཟུགས་མཐོང་བར་བྱེད་པའི་བདག་རྐྱེན་མིག་གི་དབང་པོས་བྱེད་པས། མཐོང་བྱེད་ནི་མིག་དབང་སྟེ་བྱམས་པ་དང་། དེ་བཞིན་དུ་ཐོས་བྱེད་རྣ་བའི་དབང་པོ་སྟེ་སྒྲིབ་སེལ་དང་། སྣོམ་བྱེད་སྣའི་དབང་པོ་སྟེ་ཀུན་ཏུ་བཟང་པོ་དང་། མྱོང་བྱེད་ལྕེའི་དབང་པོ་སྟེ་འཇམ་དཔལ་དབྱངས་དང་། དེ་དག་གི་ཡུམ་ཡང་། དུས་བཞིས་གོ་ཕྱེ་ནས་དབང་པོ་བཞི་བསྐྱེད་པས་ན་བཙུན་མོ། རྒྱུ་འབྲས་གཉིས་ཀ་སྤྱད་ཟིན་པ་འདས་པའི་དུས་ཏེ་བདུག་སྤོས་མ་དང་། རྒྱུ་སྤྱད་ཅིང་འབྲས་བུ་མ་སྤྱད་པ་ད་ལྟར་བ་སྟེ་མེ་ཏོག་མ་དང་། རྒྱུ་འབྲས་ཚོགས་ལ་མ་སྤྱད་པ་འབྱུང་བ་ནི་མ་འོངས་པ་སྟེ་མར་མེ་མ་དང་། རྒྱུ་འབྲས་ཡོད་ལ་མ་ཚོགས་པས་འདས་མ་འོངས་གང་དུའང་མ་ངེས་པ་ནི་མ་བྱོན་པའི་དུས་ཏེ་དྲི་ཆབ་མའི་ཚོགས་སོ། །དེ་ཡང་དུས་བཞིས་བསྡུས་པའི་ཆོས་ཐམས་ཅད་རྒྱལ་བ་རྣམས་ཀྱི་དག་པའི་དབང་པོ་མེ་ལོང་ལྟ་བུའི་ནང་དུ་ཆགས་ཐོགས་མེད་པར་སལ་ལེར་གསལ་བས་ཀྱང་ཡབ་ཡུམ་དུ་འབྲེལ་ཏེ། ཕལ་པོ་ཆེ་ལས། འདས་དང་མ་འོངས་ད་ལྟར་བྱུང་། །ཇི་སྙེད་ཇི་བཞིན་མངོན་དུ་གྱུར། །ཞེས་སོ། །གཉིས་པ་འཇོམས་བྱེད་ཁྲོ་བོའི་འཁོར་ནི། འཇོམས་པ་ཆེན་པོ་ནས། གཉིས་སུ་མེད་པར་བཞུགས་སོ། །ཞེས་པའི་བར་ཏེ། གདུག་པ་ཅན་འཇོམས་པའི་བརྟུལ་ཞུགས་ཆེན་པོས་ཐམས་ཅད་འཇོམས་ཤིང་། ཕས་ཀྱི་རྒོལ་བས་ཚུར་མི་ཚུགས་པས་ན་རྡོ་རྗེ་སྟེ། རྒྱས་པ་ལས། རྡོ་རྗེའི་རང་བཞིན་སྒྲིབ་པ་ཀུན། །འཇོམས་ཤིང་ཅིས་ཀྱང་མི་ཚུགས་ལ། །རང་བྱུང་ཡེ་ཤེས་ལྷ་ཡི་ལྷ། །ཐམས་ཅད་ཀུན་ལ་འབིག་པར་བྱེད། །ཅེས་སོ། །བྱེ་བྲག་ཏུ་ལུས་ཀྱི་ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་རེག་པ་སྟེ་བདུད་རྩི་འཁྱིལ་བ་དང་། རེག་བྱེད་ལུས་ཀྱི་དབང་པོ་སྟེ་རྟ་མགྲིན་དང་། རེག་བྱ་ཡུལ་ཏེ་སྟོབས་པོ་ཆེ་དང་། རེག་ཤེས་ལུས་ཀྱི་རྣམ་པར་ཤེས་པ་སྟེ་གཤིན་རྗེ་གཤེད་དང་། གདུག་པ་ཅན་འཇོམས་བྱེད་ཀྱི་གཉེན་པོ་ཡང་རྟག་ཆད་བདག་མཚན་བཞི་མ་ཡིན་པའི་ཆོས་ཉིད་ཡུམ་གྱི་ངོ་བོ་དེས་བསྐྱེད་པའི་ཕྱིར་རམ། ཆོས་ཉིད་དེ་ཡང་ཡེ་ཤེས་ཀྱིས་དམིགས་ཤིང་སྤྱད་བྱར་གྱུར་པ་དང་། ཚད་མེད་པ་བཞི་ཡང་སྤྱད་བྱའི་ཡུལ་ཡིན་པས་ན་བཙུན་མོ། ཆོས་ཐམས་ཅད་རྟག་པར་འཛིན་པའི་རྟོག་པ་ཉིད་རང་ག་མར་སྣང་བ་ལྟར་མ་ཡིན་ཏེ། དེ་གནས་སུ་དག་པའི་ལྷ་བྱམས་པས་སྡུད་ཅིང་འདྲེན་པར་བྱེད་པའི་བདག་ཉིད་ལྕགས་ཀྱུ་མ་དང་། དེ་བཞིན་དུ་ཆད་པར་འཛིན་པ་མ་ཡིན་པ་སྟེ་སྙིང་རྗེས་གཞན་སྡུད་ཅིང་འཆིང་བར་བྱེད་པའི་ལས་ཅན་ཞགས་པ་མ་དང་། བདག་ཏུ་འཛིན་པ་མ་ཡིན་པ་སྟེ་དགའ་བས་སྡུད་ཅིང་སྡོམ་པའི་ལས་ཅན་ལྕགས་སྒྲོག་མ་དང་། མཚན་མར་འཛིན་པ་མ་ཡིན་པ་སྟེ་བཏང་སྙོམས་ཀྱིས་སྡུད་ཅིང་མཉེས་པར་བྱེད་པའི་ལས་ཅན་དྲིལ་བུ་མ་ལ་སོགས་པ་དེ་ལྟ་བུ་ཐུགས་ཡེ་ཤེས་རང་སྣང་གི་འཁོར་དང་། གཞན་ཡང་རྒྱུད་མས་སྦྱངས་ཀྱི་ཚོགས་དང་བཅས་པ་བརྗོད་ཀྱིས་མི་ལང་བ་རྣམས་དང་རང་བཞིན་གཉིས་སུ་མེད་པར་བཞུགས་ཏེ། ཇི་སྐད་སྨོས་པའི་སྟོན་འཁོར་གྱི་རྣམ་པར་སྣང་བ་དེ་ཐམས་ཅད་སྟོན་པ་རིགས་དྲུག་པ་ཉིད་ཀྱི་ཡེ་ཤེས་ཀྱི་རོལ་པ་གཅིག་གི་ངང་དུ་འདུ་ཞིང་། འགྲོ་བའི་ཕུང་ཁམས་སྐྱེ་མཆེད་ཇི་སྙེད་པ་ཐམས་ཅད་ཀྱང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པའི་ཕྱིར་ཏེ། འགྲེལ་ཆུང་ལས། སྲིད་གསུམ་འགྲོ་བ་ཐམས་ཅད་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །བརྗོད་མེད་བརྗོད་ཀྱིས་མི་ལང་བ། །དེ་སྙེད་འཁོར་ལོའི་དཀྱིལ་འཁོར་དུ། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །གཉིས་མེད་ལྷུན་གྲུབ་དཀྱིལ་འཁོར་ན། །ཐམས་ཅད་བདག་ཉིད་རྟག་པར་བཞུགས། །ཞེས་དང་། བརྟག་གཉིས་ལས། ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་སོ། །གསུམ་པ་བསྡུ་བ་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོོད་པ་དང་། བསྡུ་བ་དངོས། བཀའ་གསང་སྔགས་མཚོན་བྱེད་ཀྱི་ཚིག་གོ། །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་ཞེས་སོགས་ཏེ། གླེང་གཞི་རྒྱས་པར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཡབ་རྣམས་ཡུམ་བཙུན་མོའི་ཚོགས་དང་དགོངས་པ་གཉིས་སུ་མེད་པའི་ངོ་བོ་རྟོགས་དཀའ་བ་གསང་བའི་ཡེ་ཤེས་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་དོན་གཞན་གྱི་སྤྱོད་ཡུལ་ལས་འདས་པའི་གསང་བ་ཆེན་པོ་འདི་ཉིད་སྟོན་པ་རིགས་དྲུག་པའི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ལྔའི་ངོ་བོ་འཆད་པའི་སྐྱེས་བུ་རིགས་ལྔ་དབྱེར་མི་ཕྱེད་པའི་རྡོ་རྗེའི་ངང་དེ་ལས་མངོན་པར་སྣང་བས་ན་ཕྱུང་ངོ་ཞེས་བསྙད་དོ། །གཉིས་པ་ནི། ཨེ་ཨེ་མ་ཨེ་མའོ། །དེ་བཞིན་ཉིད་ཅེས་སོགས་ཚིགས་བཅད་གཅིག་སྟེ། །ཨེ་ཨེ་མ་ཨེ་མའོ་ཞེས་ཟློས་ཏེ་བརྗོད་པ་ནི། འགྲེལ་ཆུང་ལས། ཨེ་ཞེས་བྱ་བ་ངམ་པའི་ཚིག །ཨེ་མ་ཞེས་པ་རབ་ཏུ་ངམ། །ཨེ་མའོ་ཞེས་པ་ཤིན་ཏུ་ངམ། ཞེས་པས་ཤིན་ཏུ་ངོ་མཚར་བར་སྟོན་པའི་ཚིག་སྟེ། ངན་སོང་སྦྱོང་བ་ལས། ཀྱེ་མ་སངས་རྒྱས་ཀྱེ་སངས་རྒྱས། །ཀྱེ་མ་སངས་རྒྱས་མཛད་པ་ལེགས། །ཞེས་པ་ལྟ་བུའོ། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ཅེས་པར་གནས་ཀྱི་རང་བཞིན་དང་མཚན་ཉིད་བསྡུ་སྟེ། དེ་ཡང་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་བཞིན་ཉིད་ཀྱི་དབྱིངས་ལས་མ་གཡོས་པའོ། །རང་སྣང་བ་ཉིད་ཅེས་པར། གཞལ་ཡས་གཞི་དང་རྒྱུ་དང་རྒྱ། །དབྱིབས་དང་གློ་འབུར་རྩེ་མོ་དང་། །རྒྱན་དང་ཞེས་པ་ཡན་ཆད་བསྡུ་སྟེ། རྟོགས་པའི་རིག་པ་ཉིད་ལ་འབྲས་བུའི་ཡོན་ཏན་ཐམས་ཅད་རྫོགས་པའི་རྩལ་ཕོ་བྲང་གི་གཞི་ལ་སོགས་པ་རྣམ་འཕྲུལ་སྣ་ཚོགས་པར་རང་སྣང་བ་ཉིད་དོ། །ཏིང་འཛིན་ཞེས་པར་སྒོའི་དོན་བསྡུ་སྟེ། རྣམ་ཐར་བཞིའི་ཏིང་ངེ་འཛིན་གྱི་སྒོ་ནས་འཇུག་པའི་བརྡར་སྒོ་བཞིར་སྣང་བའོ། །གཟུགས་བརྙན་ཞེས་པར་རྟ་བབས་ཀྱི་དོན་བསྡུ་སྟེ། ཐེག་པ་བརྒྱད་ནས་བསྒྲོད་པའི་རྒྱུ་འབྲས་མཚོན་བྱེད་རྟ་བབས་ཀྱི་གཟུགས་བརྙན་དུ་རང་སྣང་བའོ། །སྒྱུ་མ་རྣམ་དག་གསལ་བ་ཞེས་དང་། ཡིད་བཞིན་རིན་པོ་ཞེས་པར་གདན་གྱི་དོན་བསྡུ་སྟེ། མི་འཇིགས་པ་བཞི་སོགས་མཚོན་བྱེད་རྟོགས་པའི་རིག་པ་ཉིད་སྒྱུ་མ་ལྟར་སེམས་ཅན་ལྔའི་གདན་དང་། ཉེས་སྐྱོན་གྱིས་མ་གོས་པས་རྣམ་པར་དག་པ་པདྨ་དང་། འོད་གསལ་བ་ཉི་ཟླ་དང་། རེ་བ་ཡིད་བཞིན་དུ་སྐོང་བ་རིན་པོ་ཆེའི་གདན་རྣམས་སུ་སྣང་བ་ཡིན་ནོ། །དབང་སྒྱུར་ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང་ཞེས་པར་སྟོན་པའི་དོན་བསྡུ་སྟེ། དེ་བཞིན་ཉིད་ཀྱི་དབྱིངས་ལ་མངའ་མཛད་ཅིང་དབང་སྒྱུར་བའི་ཡེ་ཤེས་ཉིད་སྟོན་པའི་ངོ་བོར་སྣང་ལ། རྟོགས་པའི་རིག་པ་ཉིད་ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་གསལ་ཞིང་དེ་ཉིད་ཆོས་ཅན་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་ཆོས་ཉིད་ཐ་མི་དད་པར་གནས་པ་ཐུགས་རྗེའི་ངང་སྟེ་སྟོན་པའི་རང་བཞིན་ནོ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཞེས་པར་རང་བཞིན་གཉིས་སུ་མེད་པའི་འཁོར་རིགས་ལྔ་ཡབ་ཡུམ་བསྡུ་སྟེ། སྟོན་པའི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ལྔ་ལས་ཕུང་ཁམས་རྣམ་པར་དག་པ་འཆད་པའི་སྐྱེས་བུ་རིགས་ལྔ་ཡབ་ཡུམ་དུ་སྣང་བའོ། །སེལ་མེད་ཅེས་པར་ཁྱབ་པའི་ཚད་ཆོས་ཀྱི་དབྱིངས་ཀུན་ཏུ་ཞེས་དང་། མང་བའི་ཚད་དེ་ལྟ་བུའི་ཚོགས་ཞེས་སོགས་བསྡུ་སྟེ། ཆོས་ཐམས་ཅད་ལ་སྐུ་དང་ཡེ་ཤེས་ཀྱིས་ཁྱབ་པས་ཉེས་སྐྱོན་ཅུང་ཟད་ཙམ་གྱི་ཡང་སེལ་མེད་པའོ། །ཡོན་ཏན་ཞེས་པར་སྐུ་མདོག་གི་དོན་བསྡུ་སྟེ་རིགས་ཀྱི་སྐུ་མདོག་དང་འོད་ཟེར་ལ་སོགས་པར་སྣང་བས་འགྲོ་བ་འདུལ་བའི་ཐབས་མ་འདྲེས་པར་གསལ་བའི་ཡོན་ཏན་མཚོན་པའོ། །མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་ཞེས་པར་རིག་པ་ཁྱད་པར་ཅན་གྱི་འཁོར་བསྡུ་སྟེ། སྟོན་པ་ཉིད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཁྱད་པར་ལས་རང་སྣང་བའོ། །རྡོ་རྗེ་མཆོག་གི་གནས་ཉིད་དོ་ཞེས་པར་དུས་དང་ཆོས་ཕུན་སུམ་ཚོགས་པ་བསྡུ་སྟེ། རྡོ་རྗེ་ཐེག་པས་རྒྱུད་མཆོག་ཏུ་གྱུར་པ་ནི་བསྟན་པ་ཡིན་ལ། དེ་འབྱུང་བའི་གནས་ནི་སྟོན་འཁོར་གནས་གསུམ་ཚོགས་པའི་དུས་ཉིད་དོ་ཞེས་པའི་ཐ་ཚིག་གོ། །གསུམ་པ་ནི། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་པ་སྟེ། རྡོ་རྗེ་གསང་བ་ནི་རྡོ་རྗེའི་ཐེག་པ་ཡིན་ལ། དེ་མཚོན་པར་བྱེད་པའི་ཚིག་ཏུ་བསྡུས་པའོ་ཞེས་སམ། ཡང་ན་རྡོ་རྗེ་འཛིན་པ་གསང་བའི་བདག་པོས་ཚིག་ཏུ་བསྡུས་པའོ། །དེ་ལྟར་ན་རིགས་ལྔ་དབྱེར་མི་ཕྱེད་པ་དྲུག་པ་ཉིད་ཀྱི་ཐུགས་ལས་ཕྱུང་བར་བཤད་པ་དང་འགལ་ལོ་ཞེ་ན། འདིར་སྡུད་པ་པོ་ཉིད་སྟོན་པ་དང་དགོངས་པ་ཐ་མི་དད་པར་སྔར་བཤད་པ་བཞིན་ཡིན་པས་སྐྱོན་མེད་དོ། །གཉིས་པ་ལེའུའི་མཚན་ནི། གསང་བའི་ཞེས་སོགས་ཏེ། དེ་ལྟར་བཤད་པ་དེ་དག་གིས་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་རྩ་བའི་རྒྱུད་འདི་ལ་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། འདིས་རྒྱུད་འབྱུང་བའི་རྒྱུ་ཕུན་སུམ་ཚོགས་པ་ལྔ་བསྟན་པས་ན་གླིང་གཞི་ཞེས་བྱ་ལ། ལེའུ་ནི་པ་ཊ་ལའི་སྒྲ་ལས་རིས་སུ་བཅད་པའམ། ཡང་ན་པ་ཊ་ནི་གོས་ཀྱི་དོན་ཏེ་སྐྱོབ་པའི་མཚན་ཉིད་ཅན། ལ་ནི་འཛིན་པའི་དོན་ལ་འཇུག་པས་མཚན་གྱིས་གཞུང་ཁེབས་ཤིང་གཞུང་དུམ་བུར་བཅད་པས་དོན་ཚན་འདྲེས་པ་ལས་ཉེ་བར་སྐྱོབ་པའི་ཕྱིར་ལེའུ་ཞེས་བྱ་སྟེ། ཡས་ནས་བགྲངས་པའི་ཐོག་མ་ཡིན་པས་ན་དང་པོའོ།། ༈ །།ལེའུ་གཉིས་པ་ལ་གཉིས་ཏེ། གཞུང་དང་། མཚན་ནོ། །དང་པོ་གཞུང་ལ་གཉིས་ཏེ། ཐུན་མོང་མ་ཡིན་པར་གླེང་བསླང་བ་དང་། ཐུན་མོང་དུ་གླེང་བསླང་བའོ། །དང་པོ་ལ་གཉིས་ཏེ། ཡབ་ཡུམ་གཉིས་ཀྱིས་གླེང་བསླང་བའི་སྒོ་ནས་གསང་དབང་བསྐུར་བ་དང་། དབང་གཉིས་ཀྱི་ལས་ཐུན་མོང་དུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། གསང་དབང་བསྐུར་བའི་ཆེད་དུ་ཡབ་ཡུམ་སྙོམས་པར་ཞུགས་ཚུལ། ཉམས་སུ་བསྟར་བའི་དོན་ལས་རྫས་ཀྱི་དབང་བསྐུར་ཞིང་། རྟོགས་པ་བརྗོད་པ། དབང་ཐོབ་པའི་ཡོན་ཏན་ངེས་ཚིག་དང་བཅས་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཅེས་སོགས་དང་། དེ་ནས་བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོས་ཞེས་སོགས་འོག་ནས་བླངས་ཏེ་གཞུང་ཚན་གཉིས་པོ་དེས་བསྟན། དེ་ཡང་གླེང་གཞི་ཚོགས་པ་དེ་ནས་ཞེས་འབྲེལ་སྦྱར་ཏེ། སྤྱིར་ཡིད་ནི་རྟོགས་པའི་དུས་ན་རང་རིག་པ་རང་བྱུང་གི་ཡེ་ཤེས་ཞེས་གྲགས་པ་གཉུག་མའི་ཡིད་དེ་འདས་པའི་བྱེད་པ་པོ་ཡིན་མོད་ཀྱང་། དེ་ཉིད་མ་རྟོགས་པའི་དུས་ན་རྟོག་བཅས་འཁྲུལ་པའི་ཡིད་ཅེས་གློ་བུར་བ་མེད་སྣང་འཁོར་བའི་བྱེད་པ་པོར་འགྱུར་བའི་ཕྱིར། འཁོར་འདས་གཉིས་ཀའི་བྱེད་པ་པོའོ། །ཆོས་བྱ་བ་ཞེས་པ་ནི་དབང་པོ་གཟུགས་ཅན་ལྔས་སྤྱད་བྱར་མ་གྱུར་པའི་ཡུལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་ཁམས་ཏེ། ཡིད་ཀྱིས་གཏན་ལ་དབབ་པར་བྱ་བའི་ཡུལ་ཀྱང་ཡིན་ལ། དེས་ཡིད་སྐྱེད་པར་བྱེད་པས་ན་སྐྱེད་བྱེད་དུའང་འགྱུར་རོ། །དེ་བས་ན་འདིར་ནི་བཅོམ་ལྡན་འདས་རྒྱུད་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བྱེད་པ་པོ་འཁོར་འདས་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པར་ཐུགས་སུ་ཆུད་པའི་ཡིད་རང་རིག་པ་རང་བྱུང་གི་ཡེ་ཤེས་ཏེ། སྤྱོད་ཡུལ་ཡོངས་སུ་དག་པས་ཀུན་ཏུ་བཟང་པོ་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་ལུས་པའི་རང་བཞིན་བདག་ཉིད་ཀྱི་ཚུལ་དུ་རོ་གཅིག་ཅིང་དབྱེར་མི་ཕྱེད་པའི་རྡོ་རྗེས། བཙུན་མོ་སྟེ་ཡུལ་གཏན་ལ་དབབ་པར་བྱ་བ་མོ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་ཀྱི་ཕྱག་རྒྱ་ཡུམ་ཀུན་ཏུ་བཟང་མོ་ལ་སྙོམས་པར་འཇུག་པར་གྱུར་ཅིང་། དེའི་ཚེ་བཙུན་མོ་བྱ་བ་མོ་ཆོས་ཀྱི་དབྱིངས་ཀུན་ཏུ་བཟང་མོ་ཡང་བཅོམ་ལྡན་འདས་ཡིད་ཀུན་ཏུ་བཟང་པོ་དང་ཐབས་ཤེས་གཉིས་སུ་མེད་པར་སྙོམས་པར་འཇུག་པར་གྱུར་ཏོ། །དེ་ལྟར་ཐབས་ཤེས་གཉིས་ཕན་ཚུན་སྙོམས་པར་ཞུགས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱི་དགོངས་པ་དབྱིངས་དང་ཡེ་ཤེས་ཟུང་འཇུག་གཅིག་གི་རང་བཞིན་དུ་དབྱེར་མེད་པར་མཁྱེན་པས་ཉིད་ལས་གཞན་པའི་གདུལ་བྱ་མ་གཟིགས་ནས་སྟོན་པ་དེ་བཞིན་གཤེགས་པ་ཡབ་ཡུམ་ཉིད་ལྷན་ཅིག་པའི་འཁོར་རང་བཞིན་གྱི་དེ་བཞིན་གཤེགས་པ་ཉིད་ལ་ཐབས་དང་ཤེས་རབ་ཀྱི་གསང་དབང་བསྐུར་བའི་ཕྱིར་རང་གིས་ཉམས་སུ་བསྟར་བའི་དགོངས་པ་འོག་ནས་འབྱུང་བ་ཉིད་བསྟན་པར་བཞེད་ནས་ཆེད་དུ་བརྗོད་པའི་ཚུལ་ཐབས་ཤེས་ཀྱི་གླེང་བསླང་གཉིས་པོ་འདི་བརྗོད་པར་མཛད་དོ། །གཉིས་པ་ལ་གཉིས་ལས། དང་པོ་ཡབ་ཀྱིས་ཉམས་སུ་བསྟར་བའི་དོན་ཐབས་ཀྱི་ཆ་བཟུང་ནས་བརྗོད་པ་ནི། ཨེ་མའོ་རྡོ་རྗེ་ཕུང་པོ་ནས། མཉེས་པར་གྱུར་ཏོ་ཞེས་པའི་བར་ཏེ། རྟོག་ཚོགས་ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་དུ་རྟོགས་པ་ལ་ཨེ་མའོ་ཞེས་ངོ་མཚར་བའོ། །ཇི་ལྟར་ན། སྲིད་དང་རྣམ་པར་གྲོལ་བའི་ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་ཀྱི་རང་བཞིན་དུ་དབྱེར་མི་ཕྱེད་པས་རྡོ་རྗེ་སྟེ། ཕུང་པོ་ནི་དུ་མ་སྤུངས་པའི་དོན་ཡིན་ལ། དེའི་ཡན་ལག་གི་དབྱེ་བ་ནི་རྣམ་ཤེས་སོགས་ལྔའི་བྱེ་བྲག་རྟོག་པ་བརྒྱད་ཅུའོ། །དེ་དག་རྣམ་ཤེས་ཀྱི་ཕུང་པོ་མི་བསྐྱོད་པར་གྲུབ་པ་སོགས་ཕུང་པོ་ལྔ་རྫོགས་པའི་སངས་རྒྱས་ལྔ་རུ་གྲགས་ཤིང་། དེ་བཞིན་དུ་དབང་ཡུལ་ལས་རྣམ་ཤེས་དྲུག་སྐྱེ་ཞིང་སྐད་ཅིག་ཕྱི་མར་རྒྱུན་མཆེད་པར་བྱེད་པས་དང་། རྣམ་ཤེས་ཡུལ་དབང་གི་ཁམས་དྲུག་དྲུག་སྟེ་བཅོ་བརྒྱད་པོ་རྣམས་ཀྱི་རྟོག་པའི་བྱེ་བྲག་མང་པོ་ཀུན་ཀྱང་བྱང་ཆུབ་སེམས་དཔའ་ཡབ་ཡུམ་སོགས་འཁོར་གྱི་དཀྱིལ་འཁོར་ཉིད་དུ་གནས་ཏེ། ཤེེས་ཡུལ་དབང་གསུམ་རེ་རེ་ཡང་དྲུག་དྲུག་གི་སྔ་མ་བཞི་བཞི་དང་། དབང་པོའི་གོ་འབྱེད་དུས་རྣམས་ནི་རིམ་པ་ཇི་ལྟ་བར་ནང་སེམས་ཡབ་ཡུམ་དང་ཕྱི་སེམས་ཡབ་ཡུམ། དེ་གསུམ་གྱི་ལྔ་པ་ལུས་ཀྱི་དབང་ཤེས་རེག་བྱ་གསུམ་དང་། གསུམ་འདུས་ཀྱི་རེག་པ་རྣམས་ཀྱི་འཇོམས་པ་བཞི། ཡིད་ཀྱི་དབང་ཤེས་ཀུན་ཏུ་བཟང་པོ་དང་། ཡུལ་ཆོས་ནི་བཟང་མོ་ཡིན་ལ། སྒོ་མ་བཞིའི་རྟོག་པའང་དེའི་བྱེ་བྲག་སྟེ། རྟག་ཆད་བདག་མཚན་བཞི་མ་ཡིན་པའི་ཆོས་ཉིད་ཀྱང་དེར་འདུ་བའི་ཕྱིར་རོ། །འབྱུང་བ་ལྔ་ནི་རིགས་ཀྱི་ཡུམ་ལྔ་སྟེ། ས་དང་ཆུ་ནི་སངས་རྒྱས་སྤྱན་མ་དང་མཱ་མ་ཀཱིའོ། །མེ་དང་རླུང་ནི་གོས་དཀར་མོ་དང་དམ་ཚིག་སྒྲོལ་མ་སྟེ། ནམ་མཁའ་ནི་ཡུམ་དབྱིངས་ཀྱི་དབང་ཕྱུག་མའོ། །དེ་ལྟར་ན་སྲིད་གསུམ་ཡེ་ནས་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་སུ་རྣམ་པར་དག་པས་འཁོར་བའི་ཆོས་ཐམས་ཅད་དང་། འདས་པའི་ཆོས་མ་ལུས་པ་སྟེ། སྣང་ཞིང་སྲིད་པའི་ཆོས་སོ་ཅོག་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བས་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པ་ཉིད་ལས་གཞན་མ་ཡིན་ཏེ། སངས་རྒྱས་ཉིད་ལས་གཞན་དུ་གྱུར་པའི་ཆོས་འདི་ཞེས་རང་མཚན་དུ་གྲུབ་པ་ཞིག་སངས་རྒྱས་ཉིད་ཀྱིས་བཙལ་ཀྱང་དོན་ལ་མེད་པས་མི་བརྙེས་སོ་སྟེ་རྙེད་པ་མ་ཡིན་ནོ། །དེ་ལྟར་ཡང་ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། ཆོས་ཀུན་ཡེ་ནས་སངས་རྒྱས་པས། །བྱང་ཆུབ་ནམ་མཁའི་མཚན་ཉིད་དོ། །ཞེས་སོ། །དེ་ལྟར་རྟོག་ཚོགས་ཐམས་ཅད་ཡེ་ནས་སངས་རྒྱས་པའོ་ཞེས་སྟོན་པ་ཡབ་ཀྱིས་བརྗོད་པས་ཡུམ་དང་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ། །གཉིས་པ་ཡུམ་གྱིས་ཉམས་སུ་བསྟར་བའི་དོན་ཤེས་རབ་ཀྱི་ཆ་བཟུང་ནས་དབྱིངས་ཀྱི་དོན་གླེང་བ་ནི། ཀྱེ་མའོ་ཕྱོགས་བཅུ་སོགས་ཚིགས་བཅད་གཉིས་ཏེ། རང་གིས་རྟོགས་པའི་དོན་གཞན་ལ་སྟོན་པར་བཞེད་ནས་ཀྱེ་མའོ་ཞེས་བོད་ཅིང་། འདི་འདྲའི་ངོ་མཚར་བ་བསྟན་དུ་ཡོད་ཅེས་ངམ་པའོ། །དེ་ཇི་ལྟ་བུ་ཞེ་ན། ཞིང་འདིས་མཚོན་ཏེ་ཕྱོགས་བཅུའི་སྟོང་ཁམས་ཀྱི་འཇིག་རྟེན་དུ་སྣང་བ་ཐམས་ཅད་ལོག་རྟོག་གིས་བརྟགས་པ་ལས་ཡེ་ནས་རང་བཞིན་གྱིས་དབེན་ལ། དེའི་རྒྱུ་མཚན་གྱིས་སྲིད་པ་གསུམ་ཉིད་རྣམ་པར་དག་པ་སངས་རྒྱས་སྐུ་གསུམ་གྱི་ཞིང་ཁམས་དང་། འགྲེལ་ཆུང་དུ། ཉོན་མོངས་དུས་ཚེ་ལྟ་བ་སེམས་ཅན་ཉིད། །ཅེས་གསུངས་པའི་སྙིགས་མ་ལྔ་ཉིད་མ་སྤངས་པར་བདེ་ལྡན་གྱི་གནས་སུ་རྟོགས་ཏེ། ཉོན་མོངས་པ་ལ་སོགས་པའི་སྙིགས་མ་ལྔ་པོ་རིམ་བཞིན་དྭངས་མ་ཡེ་ཤེས་ལྔ་དང་། དུས་བཞི་མཉམ་ཉིད་དང་། སྐྱེ་འཆི་མེད་པ་རྡོ་རྗེའི་ཚེ་དང་། ཡེ་ནས་སངས་རྒྱས་པ་དང་། སྲིད་ཞི་མཉམ་ཉིད་དུ་སྟེ། སྤར་ཁབ་ཏུ། ལྟ་བའི་སྙིགས་མའི་དོད་དུ་ལས་ཀྱི་སྙིགས་མ་བཤད་པ་ལྟར་ན། ཅི་བྱེད་ཡང་དག་པའི་མཛད་སྤྱོད་དུ་རྟོགས་ཤིང་། འགྲོ་བའི་ཕུང་པོ་ལྔ་ཉིད་རང་བཞིན་གྱིས་མངོན་པར་རྫོགས་པར་སངས་རྒྱས་པས་ན། ཆོས་ཐམས་ཅད་གནས་ལུགས་ལ་མཆོག་གི་འབྲས་བུ་བསྒྲུབ་བྱའི་གཞི་བདེ་བར་གཤེགས་པའི་སྙིང་པོ་སྟེ། གཉུག་མ་རང་བཞིན་རྣམ་དག་གི་སངས་རྒྱས་ཡིན་པས། དེ་ལས་གཞན་དུ་རྒྱལ་བའི་ཆོས་ཤིག་ཡོད་དམ་སྙམ་ནས་བཙལ་བར་མི་བྱ་སྟེ། སངས་རྒྱས་ཉིད་ལས་གཞན་དུ་གྱུར་པ་མ་དག་པ་འདི་ཞེས་བྱ་བའི་ཆོས་ཤིག་གུད་ནས་བཙལ་ཀྱང་། གཟིགས་པ་རྣམ་པར་དག་པ་རྒྱལ་བ་ཉིད་ཀྱིས་ཀྱང་མི་བརྙེས་སོ་སྟེ། དོན་ལ་མེད་ངེས་ཡིན་པའི་ཕྱིར་མི་རྙེད་དོ། །དེ་ཡང་རྣམ་ངེས་ལས། ཐམས་ཅད་མཁྱེན་པས་གཟིགས་པ་ལོག་པ་ནི་ཐམས་ཅད་དུ་མེད་པར་གོ་བར་བྱེད་པ་ཁོ་ན་ཡིན་ནོ། །ཞེས་སོ། །གསུམ་པ་ནི། ཞེས་བརྗོད་པས་ཐམས་ཅད་ཅེས་སོགས་ཏེ། དེ་ཡང་སྟོན་པའི་ཐུགས་རང་རིག་པ་ཉིད་གདུལ་བྱའི་ངོ་ལ་ཡེ་ཤེས་སྒྱུ་མའི་རང་བཞིན་རྩ་རླུང་ཐིག་ལེའི་རྣམ་པར་སྣང་བས་ཡབ་ཡུམ་སྙོམས་པར་ཞུགས་ཏེ། དེ་ལས་བྱུང་བའི་ཉི་ཟླས་རྒྱུ་དང་། ཉམས་སུ་བསྟར་བའི་དོན་རྟོག་ཚོགས་ཐམས་ཅད་ཡེ་ནས་ལྷའི་ཕྱག་རྒྱ་དང་། ཆོས་ཉིད་སྐྱེ་བ་མེད་པའི་ངོ་བོར་སངས་རྒྱས་པའོ་ཞེས་རྟོགས་པ་བརྗོད་པས་རྐྱེན་བྱས་ཏེ། ལྷག་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་མཐོང་སྟེ་རྟོག་ཚོགས་ཐམས་ཅད་ཡེ་གདོད་མ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་སྟོན་པ་ཡབ་ཡུམ་ཉིད་དང་དགོངས་པ་ཐ་མི་དད་པའི་འཁོར་རྣམས་ཀྱིས་མཁྱེན་ཏོ་ཞེས་འདིར་གཞན་རྣམ་པར་བཅད་པའི་ཚིག་གིས་གསང་དབང་གི་ངེས་ཚིག་ཀྱང་གྲུབ་སྟེ། འཁོར་ཐུན་མོང་བ་རྣམས་ཀྱིས་དབང་ཐོབ་པས་དོན་དམ་རྟོག་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་ཀྱང་སྟོན་པའི་དགོངས་པ་དབྱེར་མེད་ཀྱི་ཡེ་ཤེས་ཆེན་པོ་ད་དུང་མ་མྱོང་བའི་ཕྱིར་སྤྱོད་ཡུལ་མ་ཡིན་པས་ན་གསང་བའི་དབང་ཞེས་བྱའོ། །གཉིས་པ་དབང་གཉིས་ཀྱི་ལས་ལ་གསུམ་སྟེ། གསུངས་པའི་ལོ་རྒྱུས་དང་། སེམས་བསྐྱེད་ཅིང་ཇི་ལྟར་བསྐུར་བའི་རིམ་པ་དངོས་དང་། དེའི་ཡོན་ཏན་ནོ། །དང་པོ་ནི། དེ་ནས་གཉིས་སུ་མེད་པའི་ཞེས་སོགས་ཏེ། གསང་དབང་བསྐུར་བ་དེ་ནས་དོན་དགོངས་པ་དང་རྟགས་ཡབ་ཡུམ་གྱི་ཉི་ཟླ་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པའི་བདག་ཉིད་བདེ་བ་ཆེན་པོའི་རང་བཞིན་གྱིས་འཁོར་རྣམས་ལ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དོན་སེམས་ཉིད་ཡེ་ཤེས་ལྔར་དངོས་སུ་བསྐྱེད་པ་འདི་གསུངས་སོ། །གཉིས་པ་ནི། ཨེ་མའོ་ངོ་མཚར་སོགས་ཚིགས་བཅད་ལྔ་སྟེ། འདི་ལ་གསུམ་གཞི་རང་བཞིན་གྱི། བགྲོད་པ་ལམ་གྱི། མཐར་ཕྱིན་འབྲས་བུའི་སེམས་བསྐྱེད་དོ། །དང་པོ་ནི། ཨེ་མའོ་ཞེས་པ་ངོ་མཚར་བའི་ཚིག་སྟེ། །གང་ལ་ན། རྣམ་ཤེས་ཚོགས་བརྒྱད་ཀྱི་རང་བཞིན་ཡེ་ཤེས་ལྔར་དག་པའི་གནས་ལུགས་ངོ་མཚར་ཞིང་གཞན་ལས་རྨད་དུ་བྱུང་བའི་ཆོས་ཉིད་འདི་ནི་རྫོགས་པའི་སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་བ་ཟབ་མོ་སྟེ། ཕལ་གྱི་སྤྱོད་ཡུལ་མ་ཡིན་པའོ། །གང་ཞེ་ན། སེམས་ཉིད་གདོད་ནས་སྐྱེ་བ་མེད་པ་ལས་འཁྲུལ་ངོར་རྟོག་བཅས་ཀྱི་སེམས་ཐམས་ཅད་རྒྱུ་རྐྱེན་ལས་སྐྱེས་པ་ལྟར་སྣང་ལ། དེ་ལྟར་སྐྱེས་པར་སྣང་ཙམ་ཉིད་ན་དོན་ལ་དེ་ལྟ་བུར་སྐྱེ་བ་གྲུབ་པ་མེད་པ་འདི་ནི་ཀུན་གཞི་ཉིད་ཆོས་དབྱིངས་ཡེ་ཤེས་སུ་བསྐྱེད་པའོ། །དེ་བཞིན་དུ་སྣང་བ་ཐམས་ཅད་འགག་པ་ཉིད་ན་དོན་ལ་འགག་པ་མེད་པའི་ཟུང་འཇུག་རྟོག་མེད་རང་གསལ་བ་འདི་ནི་ཀུན་གཞིའི་རྣམ་ཤེས་མེ་ལོང་ལྟ་བུའི་ཡེ་ཤེས་སུའོ། །རྟེན་གང་ལ་གནས་པ་ལྟར་སྣང་ཙམ་ཉིད་ན་དོན་ལ་གནས་པ་མེད་པའི་ཟུང་འཇུག་དངོས་པོའི་གཤིས་ཐ་དད་དང་ཕྱོགས་རིས་བྲལ་བ་འདི་ནི་ཉོན་མོངས་པ་ཅན་གྱི་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུའོ། །ཡུལ་ཐ་དད་དུ་དམིགས་པ་ཉིད་ན་དོན་ལ་དམིགས་པ་མེད་པའི་ཟུང་འཇུག་ཡུལ་ཡུལ་ཅན་གཉིས་མེད་གསལ་ལ་མ་འདྲེས་པ་ནི་ཡིད་སོ་སོར་རྟོག་པའི་ཡེ་ཤེས་སུའོ། །གང་དུ་འགྲོ་བ་དང་འོང་བ་ལྟར་སྣང་ཙམ་ཉིད་ན་དོན་ལ་འགྲོ་འོང་མེད་པའི་ཟུང་འཇུག་སེམས་ཉིད་མ་བཙལ་ལྷུན་གྱིས་གྲུབ་པ་ནི་སྒོ་ལྔ་བྱ་བ་གྲུབ་པའི་ཡེ་ཤེས་སུ་བསྐྱེད་པའོ། །གཉིས་པ་ལ། གྲོལ་ལམ་དང་། ཐབས་ལམ་གཉིས་ལས། དང་པོ་ནི། ཨེ་མའོ་ངོ་མཚར་རྨད་དུ་བྱུང་བ་ཟུང་འཇུག་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་རྫོགས་པའི་སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་བ་ནི་འདི་ལྟ་སྟེ། དོན་དམ་པར་སྐྱེ་འགག་གནས་དམིགས་འགྲོ་འོང་མེད་པའི་ངང་ལས། ཀུན་རྫོབ་ཏུ་ཆོས་ཐམས་ཅད་སྐྱེ་འགག་ལ་སོགས་པར་སྣང་ལ། དེ་ལྟར་སྐྱེས་པ་ལ་སོགས་པར་སྣང་དུས་ཉིད་ན་དོན་དམ་པར་སྐྱེ་བ་ལ་སོགས་པ་མེད་པའི་ངོ་བོ་ལྷག་པ་བདེན་པ་དབྱེར་མེད་དུ་ལ་བཟླ་བ་ལྔ་པོ་འདི་ནི་ཡེ་ཤེས་ལྔ་དང་སྦྱར་ན་སྟོང་པ་ཉིད་ལ་སོགས་པ་སྟེ། དེ་ལྟར་རྟོགས་པའི་བློ་ནི་ཡེ་ཤེས་སོ། །དེ་དག་སེམས་ལྔ་དང་སྦྱར་ཏེ་བཤད་ན། ཆོས་ཐམས་ཅད་ཐོག་མར་སྐྱེ་བ་མེད་ན་མཐར་འགག་པ་དང་བར་དུ་གནས་པ་མེད་ལ། དེ་མེད་པས་རང་སྤྱིའི་མཚན་ཉིད་དུ་དམིགས་པ་མེད་ཅིང་། གནས་དམིགས་མེད་པས་འགྲོ་འོང་ཀྱང་མེད་མོད་ཀྱི། དེ་ལྟ་ནའང་། དེའི་ངང་ལས་རིག་པ་སྒྱུ་མ་ཙམ་དུ་ཐམས་ཅད་སྐྱེ་འགག་ལ་སོགས་པ་ལྟར་སྣང་བས་བདེན་གཉིས་མཚོན་ཚུལ་གྱི་ལྡོག་ཆ་ནས་ཐ་དད་ཀྱང་ངོ་བོ་དབྱེར་མེད་པ་སྟེ། སྐྱེས་པ་ཉིད་ན་སྐྱེ་བ་མེད་པ་ནི་བདེན་པ་དབྱེར་མེད་ཀྱི་དོན་ལ་སེམས་དང་པོར་འགོ་ལྡང་བ་གཡོ་ལྡང་བྱང་ཆུབ་ཀྱི་སེམས་སོ། །དེ་བཞིན་དུ་འཁྲུགས་སྡེབས་ཀྱི་རིམ་པས་དམིགས་པ་སོགས་དོན་དེ་ཁོང་དུ་ཆུད་པར་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། འགག་པ་སོགས་དབྱེར་མེད་ཀྱི་དོན་ལ་འཇུག་པ་བྱང་ཆུབ་ཀྱི་སེམས་དང་། གནས་པ་སོགས་དབྱེར་མེད་ཀྱི་དོན་ལ་གནས་པ་བྱང་ཆུབ་ཀྱི་སེམས་དང་། འགྲོ་འོང་སོགས་དབྱེར་མེད་ཀྱི་དོན་མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང་ལམ་པའི་བློ་ཁྱད་ཀྱིས་དབྱེར་མེད་ཀྱི་བདེན་པ་ལ་སེམས་ལྔ་དུས་གཅིག་ལ་རྫོགས་པ་ཅིག་ཅར་བ་དང་། རིམ་པར་བསྐྱེད་པ་རིམ་གྱིས་པའོ། །གཉིས་པ་ནི། ཨེ་མའོ་ཞེས་པ་ངམ་པ་སྟེ། གང་ལ་ན། འདོད་ཆགས་ཆེན་པོའི་སྤྱོད་པ་འདི་ནི་སྤྱད་ཀྱང་མི་འཆིང་བས་ངོ་མཚར་ཞིང་། དེས་བླ་ན་མེད་པའི་འབྲས་བུ་མངོན་དུ་བྱེད་པའི་མྱུར་ལམ་གཞན་ལས་ཆེས་རྨད་དུ་བྱུང་བའི་ཆོས་རྫོགས་པའི་སངས་རྒྱས་ཀུན་གྱི་ཐུགས་ཀྱི་བརྣག་བྱ་ཡིན་པར་མ་ཟད། ཁེ་ཉེན་དང་བཅས་པའི་ཐབས་ཀྱི་ལམ་ཡིན་པའི་ཕྱིར་གསང་བའོ། །གང་ཞེ་ན། རང་བཞིན་ལྷན་ཅིག་སྐྱེས་པ་རྟེན་མེད་ཀྱི་ཡེ་ཤེས་ལ་སྐྱེ་འགག་གནས་དམིགས་འགྲོ་འོང་མེད་པ་ལས་ཡབ་ཡུམ་གཉིས་སུ་མེད་པར་རོལ་པའི་སྦྱོར་བས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ལམ་ཉམས་སུ་བླངས་པའི་ཚེ་རྩ་གནས་ཐམས་ཅད་ནས་ཐིག་ལེ་གཡོས་པས་བདེ་བ་འགོ་ལྡང་བའི་ཚུལ་དུ་སྐྱེས་པ་ནི་གཡོ་ལྡང་བྱང་ཆུབ་ཀྱི་སེམས་སོ། །བདེ་བ་ཕྱི་མ་འཇུག་པའི་ཚེ་སྔ་མ་འཇིག་ཅིང་མཐར་ཐམས་ཅད་འགག་པ་ནི་འཇིག་འཇུག་བྱང་ཆུབ་ཀྱི་སེམས་སོ། །རྟེན་ཅན་གྱི་བདེ་བ་རང་ས་ན་གནས་པ་མེད་པའི་ཚུལ་གྱིས་ཐམས་ཅད་གནས་པ་ནི་གནས་པ་བྱང་ཆུབ་ཀྱི་སེམས་སོ། །སྔ་མའི་བདེ་བས་མཚོན་ནས་ཕྱི་མའི་བདེ་བ་ཐམས་ཅད་ལ་དམིགས་ཤིང་འདུན་པ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་ཏེ། དེ་དག་ནི་དབང་གཉིས་ཀྱི་སྔོན་འགྲོ་ཐུན་མོང་བའོ། །དངོས་གཞི་ནི། ཉི་ཟླ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་པདྨའི་རྩེར་དགའ་བ་བཅུ་དྲུག་ལུགས་འབྱུང་དུ་འགྲོ་བས་ཕྲད་ཙམ་ན་ཐབས་ཀྱིས་འཛག་པ་བཀག་སྟེ་བཟུང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ཅིང་། ཐུན་མོང་གི་ས་བཅུ་དང་ལམ་ལྔ་རྫོགས་ནས་དོན་དམ་འོད་གསལ་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་པའོ། །དེ་ཉིད་སླར་ལྡོག་པའི་ཐབས་ཀྱིས་རང་གནས་སུ་འོང་བ་མས་བརྟན་གྱི་དགའ་བ་བཅུ་དྲུག་གི་མཐར་དཀར་དམར་གྱི་ཆ་སྟེང་འོག་ཏུ་ཐིམ་པའི་སྐད་ཅིག་གཉིས་པར་རླུང་ཡང་འགགས་པས་དེ་གསུམ་གྱི་འགྱུར་བ་མྱོང་བའི་ཤེས་རིག་ཀྱང་རྒྱུན་ཆད་དེ་བདེ་བ་ཆེན་པོའི་དབང་ཐོབ་ཅིང་། ཁྱད་པར་གྱི་ས་ལམ་རྫོགས་ནས་ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའི་ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོ་མངོན་དུ་བྱས་པ་ནི་མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་ཏེ། དེ་དག་ཀྱང་སྐྱེ་འགག་གནས་དམིགས་འགྲོ་འོང་ལྟར་སྣང་དུས་ཉིད་ན་དོན་ལ་སྐྱེ་བ་ལ་སོགས་པ་མེད་པས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བདེན་པ་དབྱེར་མེད་དུ་ལ་བཟླ་བའོ། །དེ་ལྟར་དབང་རྫོགས་པས་ལྷན་ཅིག་པའི་འཁོར་རྣམས་ཀྱིས་རང་བཞིན་གསང་བའི་སྙིང་པོའི་དོན་ཁོང་དུ་ཆུད་དེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་ནས་གཞན་དོན་དུ་རྒྱུད་ཞུ་བའི་སྤོབས་པ་སྐྱེས་པའི་ཕྱིར། སྔོན་བྱུང་གི་ཟབ་དབང་གསུམ་པོ་འདི་གོ་ཕྱེ་བའི་འཁོར་ལ་ལྟོས་ཏེ་རྒྱུད་འབྱུང་བའི་རྐྱེན་གླེང་བསླང་དུ་འགྱུར་ནའང་། ལྷན་ཅིག་པའི་འཁོར་ལ་ལྟོས་ན་རྒྱུད་ཚར་གཅིག་དུས་དེར་རྫོགས་པ་ཡིན་ཏེ། སྔོན་བྱུང་དུ་གླེང་བསླང་བ། དབང་ཐོབ་པ། རྒྱུད་དོན་རྟོགས་པ་གསུམ་ངོ་བོ་གཅིག་ལ་ལྡོག་པ་སོ་སོར་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཨེ་མའོ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཟབ་དབང་གསུམ་ཐོབ་པས་ལྷན་ཅིག་པ་རྣམས་རང་དོན་དུ་རྫོགས་པའི་སངས་རྒྱས་སྐུ་ལྔ་པོ་ཀུན་གྱི་བདག་ཉིད་དུ་སངས་རྒྱས་ཏེ། སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པ་འདི་ནི་འཁོར་ཐུན་མོང་བའི་སྤྱོད་ཡུལ་མ་ཡིན་པས་གསང་བ་སྟེ། སྐྱེ་བ་མེད་ལས་ཞེས་སོགས་ཀྱིས་དབྱིངས་ཡེ་ཟུང་འཇུག་ཆོས་ཀྱི་སྐུ་དང་། འགག་པ་སོགས་ཀྱིས་སྐུ་གསུམ་དབྱེར་མེད་གསལ་སྟོང་ཟུང་འཇུག་མངོན་བྱང་གི་སྐུ་དང་། གནས་པ་སོགས་ཀྱིས་དག་པའི་གདུལ་བྱ་ལ་གཟུགས་སྐུའི་རྣམ་པར་སྣང་ཡང་མཐའ་ལ་མི་གནས་པའི་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་དང་། དམིགས་པ་སོགས་ཀྱིས་སྐུ་གསུམ་སོ་སོར་སྣང་ཡང་མི་དམིགས་པའི་དབྱིངས་སུ་དབྱེར་མི་ཕྱེད་པ་རྡོ་རྗེའི་སྐུ་དང་། འགྲོ་འོང་སོགས་ཀྱིས་སྐལ་པ་དང་འཚམས་པར་འཆར་ནུབ་ཏུ་སྟོན་ཀྱང་དོན་ལ་འགྲོ་འོང་མེད་པ་སྤྲུལ་པའི་སྐུའོ། །གསུམ་པ་ཡོན་ཏན་ནི། ཞེས་བརྗོད་པས་སོགས་ཏེ། སེམས་བསྐྱེད་ཅིང་དབང་བསྐུར་བའི་རིམ་པ་དེ་སྐད་ཅེས་བརྗོད་པས་ལྷན་ཅིག་པའི་འཁོར་གྱི་དེ་བཞིན་གཤེགས་པ་ཡབ་ཐམས་ཅད་དང་ཡུམ་བཙུན་མོའི་ཚོགས་ཐམས་ཅད་ཀྱང་དོན་དམ་འོད་གསལ་དང་དབྱེར་མེད་ཀྱི་དགོངས་པ་ཉམས་སུ་མྱོང་སྟེ་སྟོན་འཁོར་དགོངས་པ་ཁྱད་མེད་དུ་གྱུར་པ་ལ་མཉེས་པས་ཁྱབ་པར་གྱུར་ཏོ། །གཉིས་པ་ཐུན་མོང་གི་གླེང་བསླང་བ་ལ་གཉིས་ཏེ། འཁོར་གྱིས་ཞུགས་པ་དང་། སྟོན་པས་ལན་སྩལ་བའོ། །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་ནས། ཤིན་ཏུ་གསང་ཞེས་པའི་བར་ཏེ། ཐུན་མོང་མ་ཡིན་པའི་གླེང་བསླང་བ་དེ་ནས་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་རང་རང་གི་བཙུན་མོའི་ཚོགས་དང་བཅས་པས་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་སྟོན་པའི་ཐུགས་རྗེ་བསྐུལ་བའི་བརྗོད་པ་འདི་བརྗོད་དོ། །ཇི་ལྟར་ཞུས་ན། མ་རྟོགས་པའི་འགྲོ་བ་ལ་སྐྱོ་བའི་ཚུལ་གྱིས་ཨེ་མའོ་ཞེས་ངམ་སྟེ། གཉིས་སུ་མེད་པའི་ཆོས་ཉིད་ལ་འབྲས་བུ་ཆེ་བའི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་ཀྱང་། དེའི་དོན་ཐོག་མ་ཉིད་ནས་མ་རྟོགས་པས་ཡེ་ནས་གསང་བའི་ཆོས་སོ། །དེ་ཉིད་སྣ་ཚོགས་སུ་སྣང་བའི་ཆོས་ཐམས་ཅད་ཀྱང་འབྲས་བུ་མི་ཟད་པ་རྒྱན་གྱི་འཁོར་ལོར་གནས་པ་ལ་ཕྱིན་ཅི་ལོག་གི་ཤེས་པས་བསླད་ནས་རང་གི་རང་བཞིན་མ་རྟོགས་པ་ནི་རང་བཞིན་གྱིས་གསང་བའོ། །གནས་ལུགས་དེ་ཡང་ཡུལ་སེམས་དང་རྒྱུ་འབྲས་ལ་སོགས་པ་གཉིས་ཆོས་ཐམས་ཅད་ལས་ངོ་བོ་ཉིད་ཀྱིས་གྲོལ་ཏེ་ཡུལ་དུ་བྱར་མེད་ཀྱང་མ་རྟོགས་པས་དེ་ལྟར་ལྟ་བ་ནི་རབ་ཏུ་གསང་བའོ། །དེ་ཡང་སེམས་ཉིད་ལས་གཞན་ཞིག་གུད་དུ་ཡོད་པ་མིན་ཀྱང་སྒྲིབ་གཉིས་བག་ཆགས་དང་བཅས་པས་བསྒྲིབས་ཏེ་རང་ལ་གནས་པ་གཞན་ལས་འཚོལ་བ་ནི་ཤིན་ཏུ་གསང་བ་སྟེ། དེ་ལྟར་གསང་བ་བཞིས་ཆོད་ནས་མ་རྟོགས་པའི་གདུལ་བྱ་རྣམས་ཐུགས་རྗེས་བཟུང་བར་རིགས་ཞེས་ཞུས་པའོ། །གཉིས་པ་ལན་སྩལ་བ་ནི། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་ནས། ཆེད་དུ་གླེང་ངོ་ཞེས་པའི་བར་ཏེ། འཁོར་གྱིས་གསང་བ་བཞིའི་དོན་དེ་སྐད་ཅེས་བརྗོད་དེ་ཞུས་པས་སྟོན་པའི་ཐུགས་རྗེས་སྐྱེས་ཏེ། ཇི་ལྟར་ན། དག་པ་དེ་བཞིན་གཤེགས་པའི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་དང་། མ་དག་པ་འཁོར་བའི་ཆོས་ཕྱི་ནང་སྣོད་བཅུད་དུ་སྣང་བ་ཐམས་ཅད་རྟོགས་རུང་མ་རྟོགས་རུང་གཉིས་སུ་མེད་དེ། བྱེད་པ་པོ་མེད་པར་ཡེ་ནས་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་བདེན་པ་དབྱེར་མེད་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མི་ཕྱེད་པའི་ཕྱི ར་ཐུགས་རྗེ་སྐྱེས་ནས་དོན་བྱར་མེད་ནའང་། འགྲོ་བ་རང་རང་གི་རྣམ་པར་རྟོག་པ་བསྐྱེད་པའི་རྩ་བ་མ་རིག་པ་གཉིས་ལས། འབྲས་བུ་ལྷ་མ་ཡིན་སྟོད་རིས་ལྷ་དང་སྨད་རིས་དུད་འགྲོར་བསྡུས་པས་འགྲོ་བ་རྒྱུད་ལྔའི་སྡུག་བསྔལ་ནང་རིགས་མི་མཐུན་པ་བསམ་གྱིས་མི་ཁྱབ་པར་སྨིན་པ་ལ། ཐབས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་། ཤེས་རབ་སངས་རྒྱས་ཀྱི་ཐུགས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆེན་པོ་སྟེ། དེ་ཉིད་ཀྱི་ངང་ནས་ཇི་སྙེད་མཁྱེན་པའི་ཡེ་ཤེས་མི་འགག་པས་གདུལ་བྱའི་ངོ་ལ་ཐུགས་རྗེ་སྐྱེས་ནས་དོན་མཛད་པར་དགོངས་ཏེ་ཆེད་དུ་བརྗོད་པ་འདི་བརྗོད་དོ་ཞེས་སྤྲུལ་པ་སྤྲོ་བར་ཞལ་གྱིས་བཞེས་པའོ། །གང་གི་ཕྱིར་སྤྲོ་ན། མ་རྟོགས་པ་ལ་བརྩེ་བའི་རང་བཞིན་གྱིས་ཨེ་མའོ་ཞེས་ངམ་སྟེ། སེམས་ཉིད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་ནི་བདེ་གཤེགས་སྙིང་པོའོ། །དེ་ལྟར་ཡིན་པ་ལས་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པས་རང་ངོ་མ་ཤེས་ཤིང་། རྐྱེན་སེམས་ཅན་རང་རང་གི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ཀུན་བརྟགས་ཀྱིས་ཉོན་མོངས་པ་སྐྱེས་ནས་ལས་སྣ་ཚོགས་ལ་སྐྱེས་ནས་ལས་སྣ་ཚོགས་ལ་སྤྱད་པའི་དབང་གིས་འཁོར་བའི་ཆོས་འདི་རྣམས་ཐག་ཁྲ་ལ་སྦྲུལ་མཐོང་ལྟར་མེད་སྣང་གློ་བུར་དུ་སྤྲུལ་ཏེ། དེ་ལས་བདེ་འགྲོ་དང་ངན་འགྲོ་སོགས་སྣ་ཚོགས་པའི་ལུས་དང་། རང་རང་གི་འདོད་པའི་ཡུལ་གཟུགས་སྒྲ་དྲི་རོ་སོགས་ལོངས་སྤྱོད་དང་། མཐོ་དམན་སྣ་ཚོགས་པའི་གནས་དང་། ཚ་གྲང་གི་སྡུག་བསྔལ་ལ་སོགས་པ་སྣ་ཚོགས་པར་སྣང་བ་ལ། ལུས་ཅན་རྣམས་ཀྱི་ངའོ་ཞེས་བདག་དང་། ངའི་འདི་དང་འདི་ཞེས་བདག་གིར་བྱེད་པས་སོ་སོར་བཟུང་བ་དང་འཛིན་པས་བཅིངས་ཏེ་ཉམ་ཐག་གོ། །དེ་ཡང་འཁྲུལ་ངོར་སྣང་བ་ཙམ་དུ་ཟད་ཀྱི། དོན་དམ་པར་འགྲོ་བ་འདི་ཀུན་འཆིང་བྱེད་ཀྱི་མཁན་པོ་སུས་ཀྱང་མ་བཅིངས་ཤིང་། དངོས་པོ་གང་གིས་ཀྱང་བཅིངས་པ་མེད་དེ། གང་བཅིང་བར་བྱ་བ་རང་ཡང་ཡོད་པ་མ་ཡིན་ཀྱང་། ཀུན་རྫོབ་ཏུ་བཅིངས་པ་ལྟར་སྣང་བ་ནི། རང་གི་རྣམ་རྟོོག་བདག་ཏུ་འཛིན་པ་ཡིས་བཅིངས་པ་ལས། འཆིང་བྱེད་གཞན་མེད་ཀྱང་བློ་འཁྲུལ་ངོར་སྣང་བ་ཙམ་དུ་ཟད་དེ། དཔེར་ན་རབ་རིབ་ཅན་གྱིས་ནན་གྱིས་བརྟགས་ཀྱང་མཁའ་ལས་སྐྲ་ཤད་འཛག་པ་མེད་བཞིན་དུ་འཛག་པར་མཐོང་ནས། དེ་ལ་མདུད་པ་འདོར་བའི་འཁྲུལ་སྣང་བྱུང་བ་ལྟར། ཆོས་ཉིད་རིས་མེད་ལ་དགག་སྒྲུབ་གཟུང་འཛིན་གྱི་ཕྱོགས་རིས་སུ་བཅད་པས་འཁྲུལ་པ་ལས་དོན་ལ་འཁོར་བ་ཚད་མས་གྲུབ་པ་མ་ཡིན་ནོ། །དེ་ཡང་བཅིངས་པ་ཡོད་ན་དེ་ལྟོས་ཀྱི་གྲོལ་བའང་སྲིད་པ་ལས། ལྟོས་གཞི་བཅིངས་པ་མེད་པས་དེ་ལ་ལྟོས་པའི་ཆོས་རྣམས་པར་གྲོལ་བའང་མེད་པའི་ཕྱིར། འགྲོ་བ་མཐའ་དག་ཡེ་ནས་བཅིངས་གྲོལ་མེད་པའི་གནས་ལུགས་སྐུ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་རྫོགས་པའི་རང་བཞིན་དུ་སངས་རྒྱས་པས་འཁོར་འདས་མཉམ་པ་ཉིད་དུ་ལ་བཟླ་བའི་ཆོས་ཏེ། དེ་ཉིད་མཚོན་པར་བྱེད་པའི་རྒྱུད་འདི་གདུལ་བྱ་ཁྱད་པར་ཅན་གྱི་ཆེད་དུ་དངོས་སུ་བསྟན་ཅིང་། གདུལ་བྱ་ཐུན་མོང་བ་རྣམས་ལ་བརྒྱུད་ནས་བསྟན་པར་བྱ་བའི་ཕྱིར་བསམ་གྱིས་མི་ཁྱབ་པའི་སྤྲུལ་པ་ཐུབ་པ་དྲུག་སྤྲོ་བ་སོགས་འགག་མེད་ཐུགས་རྗེེ་ཆེན་པོའི་རོལ་པ་རྣམ་པ་སྣ་ཚོགས་པ་སྟོན་པར་མཛད་དོ། །ཞེས་སྟོན་པ་དེ་བཞིན་གཤེགས་པ་ཉིད་ལྷན་ཅིག་པའི་འཁོར་དབང་རྫོགས་པས་དེ་བཞིན་གཤེགས་པ་ཉིད་དུ་གྱུར་པ་ལ་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་གླེང་ངོ་། །གཉིས་པ་ལེའུའི་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། འདིས་དོན་དམ་པར་སྤྲོས་པ་ཉེ་བར་ཞི་བ་དང་། ཀུན་རྫོབ་ཏུ་དེ་ཉིད་མ་རྟོགས་པའི་དབང་གིས་འཁོར་བ་ལ་དོན་མཛད་ཚུལ་གཉིས་སོ་སོར་བསྟན་ཀྱང་། དོན་ལ་གཉིས་ཀ་བྱང་ཆུབ་ཀྱི་སེམས་འཆིང་གྲོལ་མེད་པའི་ངོ་བོར་དབྱེར་མི་ཕྱེད་པས་ན་འཁོར་འདས་ཡེ་ནས་དབྱེར་མེད་དུ་གནས་པ་ལ་གནས་པར་ཤེས་པའི་བདག་ཉིད་དུ་སེམས་བསྐྱེད་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། ༈ །།ལེའུ་གསུམ་པ་ལ་གཉིས་ཏེ། གཞུང་དང་། མཚན་ནོ། །གཞུང་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་དང་། ཡོངས་སུ་ཤེས་པར་བྱ་བ་ལྟ་བའོ། །དང་པོ་ལའང་། རྒྱུ་དང་། ངོ་བོ་གཉིས་ལས། དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་ནས། འཐོན་ཏོ་ཞེས་པའི་བར་ཏེ། གང་གི་ཆེད་དུ་སྤྲོ་བར་ཞལ་གྱིས་བཞེས་པ་དེ་ནས། ཇི་ལྟར་སྤྲོ་ན། འཐོན་ཏོ་ཞེས་སྦྲེལ་ཏེ། གང་ན། དེ་བཞིན་གཤེགས་པ་ཐམས་ཅད་ལས་དམིགས་མེད་ཀུན་ཁྱབ་རང་བྱུང་གི་ཐུགས་རྗེ་ཆེན་པོར་རང་ཤར་བའི་བྱིན་གྱིས་བརླབས་པ་དུས་སུ་འབྱུང་བ་ཞེས་བྱ་བ་ཐུགས་རིག་པའི་ཡེ་ཤེས་ལས་རྣམ་པར་འཕྲུལ་པས་ན་རིག་པའི་སྐྱེས་བུ་དང་། ལས་ཉོན་གྱི་དཔུང་བཅོམ་པས་ན་ཐུབ་པ་སྟེ། གདུལ་བྱའི་དབང་གིས་རྣམ་པ་དྲུག་གོ། །གང་ལས་ན་སྟོན་པ་དེ་བཞིན་གཤེགས་པ་རིགས་དྲུག་པའི་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་སོ། །ཇི་ལྟར་ན། ཚངས་པ་རང་གི་གནས་ལས་མ་གཡོས་བཞིན་དུ་ལྷ་གནས་གཞན་ཐམས་ཅད་དུ་རང་གཟུགས་ཀྱི་སྣང་བ་སྟོན་པ་ལྟར་གདུལ་བྱའི་ངོ་ལ་རང་སྣང་བའི་ཚུལ་གྱིས་ཏེ། རྒྱུད་བླ་མ་ལས། ཇི་ལྟར་ཚངས་པ་ཚངས་པ་ཡི། །གནས་ནས་འཕོ་བ་མེད་བཞིན་དུ། །ལྷ་ཡི་གནས་ནི་ཐམས་ཅད་དུ། །སྣང་བ་འབད་མེད་སྟོན་པ་ལྟར། །དེ་བཞིན་ཐུབ་པ་ཆོས་སྐུ་ལས། །བསྐྱོད་པ་མེད་པར་ཁམས་ཀུན་ཏུ། །སྐལ་ལྡན་རྣམས་ལ་འབད་མེད་པར། །སྤྲུལ་པ་དག་ནི་སྟོན་པར་མཛད། །ཅེས་སོ། །གཉིས་པ་ངོ་བོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། འཐོན་ནས་ཀྱང་ནས། དོན་མཛད་དེ་ཞེས་པའི་བར་ཏེ། དེ་ལྟར་ཐུབ་པ་དྲུག་འཐོན་ནས་ཀྱང་དོན་མཛད་པའི་ཡུལ་ངན་སོང་གསུམ་དང་ལྷ་མི་སྟེ་འགྲོ་བ་རྒྱུད་ལྔའམ། ཐེག་པ་ལྔའི་རིགས་ཅན་གྱི་འགྲོ་བ་ལྔའི་དོན་མཛད་དེ། གང་དུ་ན། དོན་བྱ་བའི་ཞིང་གདུལ་བྱའི་ལས་ཀྱི་བྱེ་བྲག་ཐ་དད་པའི་དབང་གིས་མགོ་འཕྲེད་ལ་བསྟན་ནས་འགྲོ་བ་སྣྲེལ་གཞི་དང་། གྱེན་མཐུར་དུ་བསྟན་ནས་འགྲོ་བ་ཡན་མན་གྱི་འཇིག་རྟེན་སྣོད་ཀྱི་བྱེ་བྲག་ཟླུམ་པོ་སོགས་བཞི་དང་གཞི་ཕྱལ་བ་དང་སྟེང་གཡོགས་མེད་པ་སྟེ་རྣམ་པ་མི་འདྲ་བ་དྲུག་གི་རང་བཞིན་གྱིས་ཕྱོགས་བཅུར་ཁྱབ་ཅིང་ཚད་བཟུང་དུ་མེད་པས་མཐའ་ཡས་མུ་མེད་པའི་ཞིང་ཁམས་ནམ་མཁའི་དབྱིངས་ལྟར་སྣང་བ་ལས། དེའི་ཁོངས་སུ་ཚུད་པ་དུམ་བུའི་འཇིག་རྟེན་ཆུ་དཀྱིལ་ནས་བསམ་གཏན་དང་པོ་མན་ཆད་ཀྱིས་བསྡུས་པ་གླིང་བཞི་པ་སྟེ། དེ་སྟོང་ལ་སྟོང་སྤྱི་ཕུད། དེ་སྟོང་ལ་སྟོང་གཉིས་པ་བར་མ། དེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་སྟེ། དེ་རེ་རེར་གང་གིས་དོན་མཛད་པ་པོ་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེར་སྣང་ནས་ཇི་ལྟར་དོན་མཛད་པའི་ཚུལ་འོག་ནས་འབྱུང་བའི་སྐུ་བསོད་ནམས་ཆེན་པོས་འདུལ་བ་སོགས་འདུལ་བ་རྣམ་པ་བཞིའི་སྒོ་ནས་སོ། །གཉིས་པ་ལ་བཞི་སྟེ། སྐུ་བསོད་ནམས་ཆེན་པོས། ཐུགས་མངོན་སུམ་པས། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས། གསུང་རིག་པས་འདུལ་བའོ། །དང་པོ་ནི། བལྟམས་པ་དང་ནས། སྟོན་པའི་ཐུབ་པས། ཞེས་པའི་བར་ཏེ། འཛམ་གླིང་བྱེ་བ་ཕྲག་བརྒྱ་རེ་རེར་འདུལ་བྱེད་མཆོག་གི་སྤྲུལ་སྐུ་ཡང་དེ་སྙེད་འབྱུང་བ་ཐམས་ཅད་མཛད་པའི་ཚུལ་མཐུན་པར་སྟོན་པས་ན་གཅིག་གི་མཛད་ཚུལ་སྨོས་པས་ཐམས་ཅད་ཀྱི་མཛད་པ་རྟོགས་པར་འགྱུར་བའི་ཕྱིར། འོ་སྐོལ་གྱི་སྟོན་པ་འདི་ཉིད་ཀྱི་སྒོ་ནས་བརྗོད་དེ། དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་པོར་སྐྱེ་བ་བཞེས་ཏེ། གཟིགས་པ་ལྔས་གཟིགས་ནས། ས་མོ་ལུག་གི་ལོ་ཆུ་སྟོད་ཟླ་བའི་ཉ་ལ་གླང་པོ་ཆེའི་རྣམ་པས་ཡུམ་སྒྱུ་འཕྲུལ་མ་གསོ་སྦྱོང་ལ་གནས་པའི་ལྷུམས་སུ་ཞུགས་ཏེ། ཟླ་བ་བཅུ་ཕལ་ཆེར་རྫོགས་པ་ལྕགས་སྤྲེལ་ས་གའི་ཚེས་བདུན་རྒྱུ་སྐར་རྒྱལ་ལ་བབས་པའི་ཚེ་ལུམྦི་ནིའི་ཚལ་དུ་ཡུམ་གྱི་རྩིབ་ལོགས་གཡས་པ་ནས་མངལ་གྱི་དྲི་མ་མེད་པར་སྐུ་བལྟམས་ཏེ། ཡི་གེ་སོགས་སློབ་པ་ལྟར་མཛད་ནས་བཟོའི་གནས་ལ་བྱང་བར་གྱུར་ཅིང་། ཤཱཀྱ་རྣམས་སྒྱུ་རྩལ་གྱིས་ཕམ་པར་མཛད་དེ། ས་འཚོ་མ་བཙུན་མོའི་འཁོར་བརྒྱད་ཁྲི་བཞི་སྟོང་དང་བཅས་པ་བདག་གིར་བཞེས་ནས་ལོ་ཉི་ཤུ་རྩ་དགུའི་བར་ཁབ་ཏུ་བཞུགས་པ་དང་། དེ་ནས་ཁྱིམ་སྤངས་ཏེ་མཆོད་རྟེན་རྣམ་དག་གི་དྲུང་དུ་རབ་ཏུ་བྱུང་བ་དང་། དེ་ནས་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་གི་བར་དཀའ་ཐུབ་མཛད་པས་སྐུ་ཤིན་ཏུ་རིད་པ་ལ་གྲོང་པའི་བུ་མོ་ལེགས་སྐྱེས་མས་བ་སྟོང་གི་འོ་མ་ཉིང་ཁུར་བྱས་པ་སྦྲང་རྩི་དང་སྦྱར་བ་དྲངས་པ་གསོལ་བའི་མོད་ལ་སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་གྱུར་པ་དང་། དེ་ནས་རྡོ་རྗེ་གདན་དུ་སྐྱེས་བུ་ཆེན་པོའི་སྟབས་ཀྱིས་གཤེགས་ཤིང་རྩྭ་འཚོང་བཀྲ་ཤིས་ལས་རྩ་བསླང་བ་ལ་སྟན་མཛད་ནས། བྱང་ཆུབ་ཀྱི་ཤིང་དྲུང་དུ་སྐྱིལ་མོ་ཀྲུང་གིས་བཞུགས་ཏེ། དགུང་ལོ་སོ་ལྔ་པ་ཤིང་རྟ་ས་གའི་ཉའི་ཐོ་རེངས་བསམ་གཏན་བཞི་པ་ལ་བརྟེན་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་ཤིང་། ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་དེ་མངོན་པར་རྫོགས་པ་སངས་རྒྱས་པ་དང་། དེའི་སྔ་ལོགས་ཉ་དེའི་སྲོད་ཀྱི་དུས་སུ་སྨིན་མཚམས་ནས་འོད་ཟེར་བཀྱེ་བ་ལ་སོགས་པའི་སྒོ་ན ས་བདུད་བཏུལ་བ་དང་། སངས་རྒྱས་ནས་ཞག་བདུན་ཕྲག་བདུན་གྱི་བར་དུ་ཆོས་མ་གསུངས་པ་ལ། ཚངས་པ་དང་བརྒྱ་བྱིན་གྱིས་བསྐུལ་ཏེ་ཝཱ་ར་ཎཱ་སཱིར་ལྔ་སྡེ་ལས་བརྩམས་ནས་བཀའ་དང་པོ་བདེན་པ་བཞི་དང་། བྱ་རྒོད་ཕུང་པོའི་རི་བོ་ལ་སོགས་པར་བཀའ་བར་པ་མཚན་ཉིད་མེད་པ་དང་། ཡངས་པ་ཅན་ལ་སོགས་པར་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པ་སྟེ་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་བསྐོར་བ་དང་། མཉན་ཡོད་དུ་མུ་སྟེགས་རྣམས་འདུལ་བ་དང་སངས་རྒྱས་མ་ཐག་ཤིང་ཏཱ་ལ་བདུན་སྲིད་དུ་འཕགས་པ་སོགས་ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། མཐར་དགུང་ལོ་བརྒྱད་ཅུ་རྩ་གཅིག་པ་ལྕགས་འབྲུག་ས་གའི་ཉ་ལ་གྱད་ཡུལ་རྩྭ་ཅན་གྱི་གནས་ཤིང་སཱ་ལ་ཟུང་གི་རྩ་བར་རྡོ་རྗེ་ལྟ་བུའི་སྐུ་བཤིག་ནས་མྱ་ངན་ལས་འདའ་བའི་ཚུལ་དང་སྐུ་གདུང་རིང་བསྲེལ་ལ་སོགས་པ་རྣམ་འཕྲུལ་མཐའ་ཡས་པར་སྟོན་པའི་ཐུབ་པ་གང་གི་སྐུའི་མཛད་པ་དེ་དག་ནི་བསོད་ནམས་ཐུན་མོང་མ་ཡིན་པ་གཞན་ལས་འཕགས་པར་བསྟན་པས་ན་སྐུ་བསོད་ནམས་ཆེན་པོས་འདུལ་བའོ། །གཉིས་པ་ནི། དུས་བཞི་ནས། དྲུག་དང་ཞེས་པའི་བར་ཏེ། སྔོན་གནས་དྲན་པ་དང་ཕྱི་མའི་གནས་མཁྱེན་པའི་མངོན་ཤེས་ཀྱིས་འདས་པ་ལ་སོགས་པའི་དུས་བཞི་ཀུན་ཏུ་སྒྲིབ་པ་མེད་པར་སལ་ལེར་མཁྱེན་པ་དང་། ཕ་རོལ་གྱི་སེམས་མཁྱེན་པའི་མངོན་ཤེས་ཀྱིས་གཞན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཀྱི་འགྱུ་བ་སྣ་ཚོགས་པ་ཀུན་ཏུ་མ་སྒྲིབས་པར་མཁྱེན་པ་དང་། སྒྲིབ་པ་མེད་པ་རྫུ་འཕྲུལ་གྱི་ལྷའི་སྤྱན་གྱིས་ཉེ་རིང་མེད་པའི་གཟུགས་དང་འཆི་འཕོ་སྐྱེ་བ་སོགས་ཐམས་ཅད་ཀུན་ཏུ་གཟིགས་པ་དང་། ལྷའི་སྙན་གྱིས་སྒྲ་ཆེ་ཆུང་ཐམས་ཅད་ཉེ་རིང་མེད་པར་ཀུན་ཏུ་གསན་པ་དང་། ཆོ་ག་སྟེ་བྱ་བ་གྲུབ་པའི་མངོན་ཤེས་ཀྱིས་གང་འདུལ་གྱི་མོས་པ་དང་མཐུན་པར་སྤྲུལ་སྒྱུར་སོགས་སྣ་ཚོགས་སྟོན་པས་ཀུན་ཏུ་སེམས་ཅན་གྱི་དོན་སྤྱོད་པ་དང་། སྒྲིབ་པ་དག་པའི་ཡེ་ཤེས་ཟག་པ་མེད་པའི་མངོན་ཤེས་ཀྱིས་ཇི་ལྟར་སྤྱད་ཀྱང་མི་གོས་པ་རྣམ་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པ་སྟེ། དེ་ལྟ་བུའི་མངོན་པར་ཤེས་པ་ཆེན་པོ་དྲུག་ཀ་ཐུགས་ཀྱི་རྗེས་སུ་འགྲོ་ཞིང་མཁྱེན་ནས་ཤེས་བྱ་ཐམས་ཅད་ལ་མངོན་སུམ་དུ་དབང་སྒྱུར་བ་དང་ལྡན་པས་དོན་མཛད་པའི་ཕྱིར་ཐུགས་མངོན་སུམ་པས་འདུལ་བའོ། །གསུམ་པ་ནི། ཀུན་ཏུ་སྐུ་ནས་སྣང་བར་གྱུར་ཏོ་ཞེས་པའི་བར་ཏེ། གདུལ་བྱའི་ཞིང་ཀུན་ཏུ་རང་རང་གི་སྣང་བ་དང་མཐུན་པར་ལྷ་མིའི་རྒྱལ་པོ་ལ་སོགས་པའི་སྐུ་དང་། རྒྱུད་ཀུན་ཏུ་མོས་པ་དང་མཐུན་པར་འཇུག་པའི་ཐུགས་མཁྱེན་པའི་ཡེ་ཤེས་དང་། སྐུ་རེ་རེ་ལའང་འགྲོ་བའི་མོས་པ་ཐ་དད་པའི་སྤྱོད་ཡུལ་ཀུན་ཏུ་དེ་དང་མཐུན་པའི་ཞལ་གྱི་དཀྱིལ་འཁོར་ཞི་ཁྲོ་དང་ཕྲ་མེན་ལ་སོགས་པ་དང་། གདུལ་བྱའི་སྐལ་བ་ཇི་ལྟར་ཡོད་པ་ཀུན་ཏུ་སོ་སོའི་སྐད་དང་མཐུན་པར་ཆོས་སྟོན་པའི་གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་སྟེ། དེ་ལྟར་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པར་འཕྲོ་བས་གྲངས་མེད་པ་དག་ཕྱོགས་བཅུའི་ཞིང་ཀུན་ཏུ་སྣང་ནས་འདུལ་བར་གྱུར་ཏོ། །བཞི་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཐམས་ཅད་ཀྱང་ནས། ཐེག་པས་ཞེས་པའི་བར་ཏེ། དེ་ལ་སྤྱིར་ཐེག་པའི་སྒྲ་དོན་དང་། དབྱེ་བ་དང་། ཕྱེ་བ་སོ་སོའི་དོན་བཤད་པ་དང་གསུམ་ལས། སྒྲ་དོན་ནི། ཡཱ་ནའི་སྒྲ་ལས་འདེགས་པའི་དོན་གྱིས་ན་ཐེག་པ་ཞེས་བྱའོ། །དེའང་འདིས་འདེགས་པས་ན་ཐེག་པ་སྟེ་བཞོན་པ་བཟང་པོ་ལྟ་བུའོ། །འདི་འདེགས་པས་ན་ཐེག་པ་སྟེ་དེ་ལ་བརྟེན་ནས་འགྲོ་བའི་གང་ཟག་གོ། །འདིར་འདེགས་པས་ན་ཐེག་པ་སྟེ་རང་རང་གི་འདོད་བྱའི་འབྲས་བུའོ། །དེ་ཡང་སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་འདའ། །ཞེས་སོ། །དབྱེ་བ་ལ། བཀའ་སྤྱི་གཞུང་དུ་གྲགས་པ་ལྟར་ན། ཐེག་པའི་གྲངས་འདི་ཁོ་ན་ཞེས་ཕྱོགས་གཅིག་ཏུ་བཟུང་དུ་མེད་དེ། གདུལ་བྱའི་བློ་དང་འཚམས་པར་སངས་རྒྱས་ཀྱི་ཐུགས་རྗེས་ཆོས་གང་ལ་གང་འདུལ་དུ་བསྟན་པའི་ཕྱིར་ཏེ། རྒྱས་པ་ལས། བླ་མེད་ཐེག་པ་བསམ་ཡས་གསུངས་པ་ཡང་། །སོ་སོ་རང་གི་བློ་ལ་སྣང་བར་ཟད། །ཅེས་དང་། ལང་ཀར་གཤེགས་པ་ལས། སེམས་ཅན་རྣམས་ནི་ཡོངས་དྲང་ཕྱིར། །ཐེག་པ་མཐའ་དག་ངས་བཤད་དེ། །འདི་ཞེས་དམིགས་སུ་ཡོད་མ་ཡིན། །ཞེས་སོ། །དེ་ཡང་རེ་ཞིག་བསྡུ་ན། དམ་ཆོས་པད་དཀར་ལས། ཐེག་པ་གཅིག་སྟེ་ཐེག་པ་གསུམ་དུ་མེད། །ཅེས་པ་ལྟ་བུ་འབྲས་བུ་ལ་དགོངས་ཏེ་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་པ་དང་། ཡང་ཐེག་པ་ཆུང་ངུ་དང་ཆེན་པོའམ། རྒྱུ་འབྲས་ཀྱི་དབྱེ་བས་གཉིས་དང་། ཉན་རང་བྱང་སེམས་གསུམ་མམ། ཀུན་འབྱུང་འདྲེན་པ། དཀའ་ཐུབ་རིག་བྱེད། དབང་སྒྱུར་ཐབས་ཀྱི་ཐེག་པ་སྟེ་གསུམ་དང་། རྒྱུའི་ཐེག་པ་གསུམ་འབྲས་ཐེག་དང་བཅས་པས་བཞི་དང་། མཚན་ཉིད་སྡེ་གསུམ། ཕྱི་རྒྱུད་སྡེ་གསུམ། ནང་རྒྱུད་སྡེ་གསུམ་སྟེ་ཐེག་པ་དགུ་དང་། ལང་གཤེགས་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་ནི་ནམ་ཞིག་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཅེས་པས་ཇི་སྲིད་བློའི་རིམ་པ་མ་ཟད་ཀྱི་བར་དུ་ཐེག་པའི་མཐའ་ལ་ཐུག་པ་མེད་པས་བསམ་གྱིས་མི་ཁྱབ་པ་དང་། གང་ལ་བརྟེན་ནས་འགྲོ་བའི་ལམ་དང་གང་གིས་འགྲོ་བ་ལ་སོགས་པ་བློ་ངོ་བོ་ཉིད་ཀྱིས་དག་པའི་དོན་ཐེག་པ་ཞེས་པའང་དམིགས་སུ་མེད་པའི་བར་དུ་བཤད་དོ། །བྱེ་བྲག་རྒྱུད་གཞུང་འདི་ཉིད་དུ་གྲགས་པ་ལྟར་ན། སྤྲུལ་སྐུའི་གསུང་བསམ་གྱིས་མི་ཁྱབ་པ་དེ་དག་ཐམས་ཅད་ཀྱང་བསྡུ་ན་འདི་ལྟ་སྟེ། རིགས་ཅན་ལྔའི་གདུལ་བྱ་འདུལ་བའི་དབང་གིས་ཐེག་པའི་བྱེ་བྲག་ལྔར་ཕྱེ་ནས་བསྟན་ཏོ། །ཕྱེ་བ་སོ་སོའི་དོན་ནི། དེ་ཝའི་སྒྲ་ལས་བདེ་བ་ལ་རོལ་པའི་དོན་གྱིས་ལྷ་དང་། མ་ནུ་ཥྱའི་སྒྲ་ལས་ཡིད་ཤས་ཆེ་བས་ན་མི་སྟེ་བསོད་ནམས་ཀྱི་བྱེ་བྲག་ལས་རྟེན་བཟང་པོར་གྱུར་པའོ། །དེའི་ཐེག་པ་ནི། འཇིག་རྟེན་ཕ་རོལ་དང་ལས་འབྲས་ལ་ཡིད་ཆེས་ཀྱི་ལྟ་བས་ཟིན་པའི་སྒོ་ནས་དགེ་བཅུའི་ལས་ལམ་ལ་སྤྱད་པས་ངན་སོང་ལས་ཐར་ཏེ། དགེ་བའི་ལས་སྟོབས་ཆེ་ཆུང་གིས་མི་དང་འདོད་ལྷའི་བདེ་བ་མཐར་ཐུག་གི་བར་བགྲོད་པ་དང་། དགེ་བཅུ་སྤྱོད་པ་གཞིར་བཞག་གི་སྟེང་དུ་ཚད་མེད་པ་བཞི་དང་མི་གཡོ་བའི་ཏིང་ངེ་འཛིན་བསམ་གཟུགས་ཀྱི་སྙོམས་འཇུག་བརྒྱད་བསྒོམས་པས་ཁམས་གོང་མ་གཉིས་ཀྱི་ལྷའི་གོ་འཕང་བགྲོད་པར་བྱེད་དེ་ལང་གཤེགས་སུ་སྔ་མ་ལ་གཙོ་བོའི་སྒྲས་བསྟན་ནས་ལྷའི་ཐེག་པ་དང་། ཕྱི་མ་ལ་འདོད་ཉོན་གྱིས་གཙང་ཞིང་དག་པས་ཚངས་པའི་ཐེག་པ་ཞེས་བཤད་དོ། །དེའང་རྒྱས་པ་ལས། དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ། །ཚངས་གནས་ལ་སོགས་སྐྱེ་བའི་རྒྱུ་ཡིན་ནོ། །ཞེས་སོ། །ཤྲ་བ་ཀའི་སྒྲ་ཉན་པ་དང་ཐོས་སྒྲོགས་ལ་འཇུག་པས་སྟོན་པ་ལས་ཆོས་ཉན་ཅིང་། རང་གིས་ཐོས་པའི་འབྲས་བུ་གཞན་ལ་སྒྲོག་ཅིང་ཐོས་པས་ན་ཉན་ཐོས་ཏེ། དེ་ཉིད་ཀྱི་ཐེག་པ་ནི། དངོས་པོ་བཟུང་ཡུལ་རགས་པ་དང་འཛིན་པ་སེམས་ཀྱི་རྒྱུན་འདི་ཀུན་རྫོབ་ཏུ་སྣང་བ་ཙམ་ལས་རང་བཞིན་མེད་པས་གང་ཟག་གི་བདག་མེད་རྟོགས་ཀྱང་། ཆོས་ཀྱི་བདག་བཟུང་བ་རྡུལ་ཕྲན་བྱེ་མདོ་གཉིས་ཀྱིས་བསྐོར་བ་བར་བཅས་བར་མེད་དང་། གཉིས་ཀས་འཛིན་སེམས་སྐད་ཅིག་མ་དོན་དམ་བདེན་པར་གཏན་ལ་ཕབ་ནས། ལས་འབྲས་ལ་བླང་དོར་མ་ནོར་བར་སྤྱོད་ཅིང་། སེམས་ལས་སུ་རུང་བའི་ཞི་གནས་དང་། བདེན་བཞིའི་རྣམ་པ་བཅུ་དྲུག་བསྒོམ་པའི་ལྷག་མཐོང་གིས་མཐོང་བས་སྤང་བ་སོགས་ཡེ་ཤེས་བཅུ་དྲུག་གིས་རིམ་པར་སྦྱངས་ཏེ། མཐོང་ལམ་ཐོབ་པའི་རྗེས་ལ་སྒོམ་ལམ་གྱིས་འདོད་ཉོན་དགུའི་བཞི་མན་ཆད་ཙམ་དང་། དྲུག་ནས་བརྒྱད་ཀྱི་བར་དང་། དགུ་པ་སྤངས་པའི་རིམ་པས་གནས་སྐབས་ཀྱི་འབྲས་བུ་རྒྱུན་ཞུགས་ལན་ཅིག་ཕྱིར་འོང་། ཕྱིར་མི་འོང་བ་གསུམ་བགྲོད་ནས་མཐར་ཐུག་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤངས་པ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱེད་པ་སྟེ། རྒྱས་པ་ལས། བདེན་བཞིའི་དོན་རྟོགས་རབ་ཏུ་སྤོང་བ་ཡི། །ཡེ་ཤེས་བཅུ་དྲུག་ཆ་སྦྱངས་རབ་ཞི་བ། །རྒྱུན་ཞུགས་ལ་སོགས་རིམ་པས་སྦྱངས་ནས་ནི། །ཉོན་མོངས་དགྲ་རྣམས་ཞི་བའི་ས་རུ་འགྲོ། །ཞེས་སོ། །པྲ་ཏྱེ་ཀ་བུདྡྷའི་སྒྲ་ལས་སློབ་དཔོན་ལ་མ་བརྟེན་པར་རང་གི་བྱང་ཆུབ་རང་གིས་རྟོགས་པས་ན་རང་རྒྱལ་ཏེ། དེ་ཉིད་ཀྱི་ཐེག་པ་ནི། གངཟག་གི་བདག་དང་། བཟུང་བ་རང་བཞིན་མེད་པར་རྟོགས་ཀྱང་། ཤེས་པ་སྐད་ཅིག་མ་དོན་དམ་དུ་བལྟ་ཞིང་འཁོར་འདས་རྟེན་འབྲེལ་རྒྱུ་འབྲས་སུ་ཤེས་ནས་ལུགས་ལྡོག་སྟོང་པ་བཅུ་གཉིས་ཁྲིགས་ཆགས་སུ་བསྒོམས་པས་འབྲས་བུ་སྒྲུབ་སྟེ། སྒྲ་མེད་ལུས་ཀྱི་རྫུ་འཕྲུལ་གྱིས་ཆོས་སྟོན་ཅིང་། ཡིད་བཞིན་བདེ་བ་མཆོག་གི་སར་མྱ་ངན་ལས་འདའ་བར་བྱེད་པ་སྟེ། རྒྱས་པ་ལས། ཕྱི་ནང་རྟེན་འབྲེལ་སྒྱུ་མ་མིག་ཡོར་ཚུལ་ཤེས་ཤིང་། །དངོས་པོའི་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག །དགེ་བཤེས་མི་སློབ་རང་གི་རིག་པས་རྟོགས། །བྱང་ཆུབ་སར་བགྲོད་ཡིད་བཞིན་བདེ་བ་མཆོག །ཅེས་སོ། །བོ་དྷི་སཏྭའི་སྒྲ་ལས་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ལ་སེམས་སྟོབས་ཆེ་བས་ན་བྱང་ཆུབ་སེམས་དཔའ་སྟེ། དེའི་ཐེག་པ་ནི། སེམས་ཙམ་པས་དོན་དམ་པར་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དང་། དབུ་མ་པས་དོན་དམ་པར་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་གཏན་ལ་ཕབ་སྟེ། ཀུན་རྫོབ་སྒྱུ་མ་ཙམ་དུ་སྨོན་པ་དང་འཇུག་པའི་སེམས་ཀྱིས་ཟིན་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་བཅུས་དོན་གཉིས་རྒྱ་ཆེན་པོ་སྤྱོད་ཅིང་། སློབ་པའི་ལམ་བཞིར་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་པས་བསྐལ་པ་གྲངས་མེད་གསུམ་ན་མི་སློབ་པའི་ལམ་ཀུན་ཏུ་འོད་ཀྱི་ས་བརྙེས་པར་བྱེད་པ་སྟེ། རྒྱས་པ་ལས། བདག་མེད་གཉིས་རྟོགས་ཕ་རོལ་ཕྱིན་རྫོགས་པའི། །ས་བཅུ་རིམ་གྱིས་བགྲོད་པའི་རྣལ་འབྱོར་པས། །སངས་རྒྱས་ས་བགྲོད་གོ་འཕང་ཐོབ་པའི་ལམ། །བདེན་པ་གཉིས་ཀྱིས་རབ་ཏུ་ཐོབ་པར་འགྱུར། །ཞེས་སོ། །གསང་བ་སྔགས་ཀྱི་ཐེག་པ་ནི། རྒྱས་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་པས་ཀུན་རྫོབ་ཏུ་ཡང་ཆོས་ཐམས་ཅད་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་བདེན་གཉིས་ལ་བཟང་ངན་བླང་དོར་དུ་བལྟ་བ་རྒྱུའི་ཐེག་པ་ལས་འཕགས་ཤིང་། དེ་དག་ཐམས་ཅད་འདིར་རྫོགས་པས་ན་བླ་ན་མེད་པ་སྟེ། དེའི་ཐེག་པ་ལ། ཕྱི་ཐུབ་པ་རྒྱུད་དང་། ནང་པ་ཐབས་རྒྱུད་གཉིས་ལས། ཕྱི་ནི་ཀྲྀ་ཡོག་སྡེ་གསུམ་སྟེ། དེ་ཡང་དོན་དམ་པར་མཐའ་བཞི་དང་བྲལ་བའི་དག་པར་རྟོགས་པས་ཀུན་རྫོབ་ཏུ་ལྷ་དང་བདག་རྗེ་ཁོལ་གྱི་ཚུལ་དུ་བལྟས་ནས་དངོས་གྲུབ་ཞུ་ཞིང་། གཙང་སྦྲ་དང་དཀའ་སྤྱད་སོགས་ཕྱིའི་བྱ་བ་ལ་གཙོ་བོར་བརྟེན་ཏེ་བསྒྲུབས་པས་མི་ཚེ་བདུན་ན་རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་པ་ཀྲྀ་ཡ་སྟེ་བྱ་བ་དང་། ལྟ་སྒོམ་རྣལ་འབྱོར་རྒྱུད་དང་སྤྱོད་པ་བྱ་བ་ལྟར་སྤྱད་པས་མི་ཚེ་ལྔ་ན་རིགས་བཞི་རྡོ་རྗེ་འཆང་གི་ས་ཐོབ་པར་འདོད་པའི་ཕྱིར་ཨུ་པ་ཡ་སྟེ་གཉིས་ཀའམ་སྤྱོད་པ་ཞེས་བྱ་བ་དང་། དོན་དམ་པར་མཚན་མ་མེད་པའི་ཆོས་ཉིད་ཀྱི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གཏན་ལ་ཕབ་སྟེ། བདག་དམ་ཚིག་པ་དང་ལྷ་ཡེ་ཤེས་པ་གཉིས་བཟང་ངན་མེད་པར་བལྟས་ནས་རྣལ་འབྱོར་ལ་གཙོ་བོར་བརྟེན་ཅིང་བསྒྲུབས་པས་མི་ཚེ་གསུམ་ན་རིགས་ལྔ་སྟུག་པོ་བཀོད་པའི་ས་ཐོབ་པར་འདོད་པ་ཡོ་ག་སྟེ་རྣལ་འབྱོར་གྱི་ཐེག་པའོ། །ནང་པ་ཐབས་ཀྱི་རྒྱུད་དུ་ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་གཏན་ལ་ཕབ་པའི་དོན་ཡུལ་མེད་རང་གསལ་དུ་སྒོམ་ཞིང་། དེའི་ངང་ལ་བླང་དོར་མེད་པར་སྤྱད་པས་ཚེ་འདི་ཉིད་ལ་གྲོལ་བར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། གཉེན་པོ་ལ་དགོངས་ཏེ་དབྱེ་བ་དང་། དེའང་དབང་པོའི་བྱེ་བྲག་གིས་བསྡུ་བའོ། །དང་པོ་ནི། མ་རིག་པ་ནས་གསུང་བར་འགྱུར་རོ་ཞེས་པའི་བར་ཏེ། འགྲོ་བ་རྣམས་ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་གིས་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པས་བསྐྱེད་པའི་ཉོན་མོངས་པ་དུག་གསུམ་དང་ཆ་མཉམ་པ་ཉི་ཁྲི་ཆིག་སྟོང་རེ་སྟེ་བསྡོམས་པས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་སྤྱོད་པའི་གཉེན་པོར་ཆོས་ཀྱི་སྒོ་ཡང་སྡེ་སྣོད་གསུམ་དང་། ཆ་མཉམ་རིག་པ་འཛིན་པའི་སྡེ་སྣོད་དེ་བཞིས་བསྡུས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་སྔར་གསུངས་སོ། །ད་ལྟར་གསུང་ངོ་། །མ་འོངས་པ་ནའང་གསུང་བར་འགྱུར་རོ། །དེ་སྐད་དུའང་ཀུན་བྱེད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་དང་། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་སོ། །གཉིས་པ་ནི། དེ་དག་ནས་མཐར་ཐུག་གོ་ཞེས་པའི་བར་ཏེ། ཆོས་ཀྱི་སྒོ་དེ་དག་ཐམས་ཅད་ཀྱང་དབང་པོའི་བྱེ་བྲག་གིས་ལྔར་འདུ་སྟེ། དེ་ཡང་ལས་དགེ་སྡིག་དང་མི་གཡོ་བའི་ལས་ཀྱི་འབྲས་བུ་ཐམས་ཅད་ཆུད་མི་ཟ་བར་སོ་སོར་སྨིན་པར་ཡིད་ཆེས་པས་བླང་དོར་མ་ནོར་བར་སྤྱོད་ཀྱང་འཁོར་བ་ལས་ངེས་པར་འབྱུང་མ་ནུས་པ་ལྷ་མིའི་ཐེག་པ་དང་། གང་ཟག་གི་བདག་མེད་རྟོགས་པས་འཁོར་བ་ལས་ངེས་པར་བྱུང་ཡང་ཆོས་ཀྱི་བདག་གཟུང་བ་རྡུལ་ཕྲན་དང་འཛིན་པ་སྐད་ཅིག་མ་དོན་དམ་དུ་འདོད་པ་ཉན་ཐོས་ཀྱི་ཐེག་པ་ལ་ཉོན་མོངས་པ་སྤོང་བའི་ཐབས་དང་། ཤེས་པ་སྐད་ཅིག་མ་དོན་དམ་དུ་འདོད་པས་ཕྱིའི་རྟེན་འབྲེལ་ས་བོན་ནས་འབྲས་བུའི་བར་དང་། ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་རིག་པ་ནས་རྒ་ཤིའི་བར་དུ་འཁོར་བར་འདོད་པས་རང་རྒྱལ་གྱི་ཐེག་པ་ལ་ཉོན་མོངས་པ་འགེགས་པའི་ཐབས་ཏེ། དེ་གསུམ་ནི་བདེན་པ་གཉིས་ཀ་རྫས་ཡོད་དུ་བལྟས་ནས་བླང་དོར་བྱེད་པས་སྤོང་བའི་ལམ་དུ་གཅིག་གོ། །ཆོས་ཐམས་ཅད་བདག་གཉིས་ཀྱིས་སྟོང་པར་རྟོགས་པས་གཟུང་བའི་ཡུལ་ཡང་འཛིན་པའི་ཤེས་པ་རྐྱེན་གྱིས་འཁྲུལ་པའི་ལས་ཀྱིས་ཡུལ་དུ་སྒྲོ་འདོགས་པར་ཟད་ཀྱི། དོན་ལ་དོན་མེད་སྒྱུ་མ་ལྟ་བུར་ཤེས་ཀྱང་། ཐབས་ཀྱིས་ཟིན་པ་དང་མ་ཟིན་པ་ལས་ཕན་གནོད་ཀྱི་བྱ་བ་ཡང་བྱེད་པར་ཤེས་ནས་ཀུན་རྫོབ་རྫས་ཡོད་དུ་བལྟས་ཏེ་བླང་དོར་བྱེད་པས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཉོན་མོངས་པ་ཆོས་ཉིད་དུ་སྦྱོང་བའི་ཐབས་དང་། ཡང་ཀུན་རྫོབ་རྫས་ཡོད་དུ་མི་འདོད་ཀྱང་བཏགས་པའི་ཡོད་པ་མི་འགོག་པས་འདི་ལྟར་ལས་དང་ལས་ཀྱི་འབྲས་བུ་རྣམས་མེད་ཅེས་སྐུར་པ་གདབ་ཏུ་མི་རུང་ལ། འོན་ཀྱང་ཉོན་མོངས་པ་ལྷ་དང་ཡེ་ཤེས་སུ་སྒྱུར་བའི་ཐབས་ལ་བརྟེན་ན་དེ་དག་གིས་མི་གོས་སོ་ཞེས་སྟོན་པ་ཀྲྀ་ཡོག་སྡེ་གསུམ་གྱི་ཐེག་པ་དང་། ཀུན་རྫོབ་ཏུ་བཏགས་པའི་ཡོད་པར་འཛིན་པའང་ཆེར་ཟད་དེ་ལས་དང་ལས་ཀྱི་འབྲས་བུ་བདག་ཉིད་ཆེན་པོའི་རོལ་པར་རྟོགས་པས་ཉོན་མོངས་པ་ལྔ་ཉིད་ཡེ་ཤེས་ལྔའི་རང་མདངས་སུ་ཤེས་ཏེ་སྤང་གཉེན་གཉིས་མེད་པས་ན་གོས་པར་མི་འགྱུར་ཏེ། ཇི་ལྟར་སྤྱད་ཀྱང་ཡོན་ཏན་དུ་འཆར་བ་སྔགས་ནང་པ་གཉིས་ལ་ཉོན་མོངས་པ་དབང་དུ་བྱེད་པའི་ཐབས་དང་། ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་རང་ཤར་བས་སྤོང་སྦྱོང་བསྒྱུར་བ་དབང་དུ་བྱེད་པ་ཐམས་ཅད་དངོས་ཞེན་གྱི་ལྟ་བ་ལས་བྱུང་བར་རྟོགས་ནས། གང་ཡང་མི་འགོག་ཅིང་གང་དུའང་མི་རྩོལ་བས་སྤང་གཉེན་གྱི་ཐ་སྙད་ཐམས་ཅད་ལས་གྲོལ་ནས་ལས་དང་ལས་ཀྱི་འབྲས་བུས་གོས་སུ་མེད་པར་སྟོན་པ་སྟེ། ཐེག་པ་ཐམས་ཅད་ཀྱི་གྲུབ་པའི་མཐའ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་གཞུང་འདིར་ཐུག་པ་ཡིན་ནོ། །གཉིས་པ་ཡོངས་སུ་ཤེས་པར་བྱ་བ་ལྟ་བ་ལ་གཉིས་ཏེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། གཏན་ལ་དབབ་པ་དངོས་སོ། །དང་པོ་ནི། དེ་ནས་དེ་བཞིན་སོགས་ཏེ། བསྟན་པའི་སྤྱིའི་གླེང་གཞི་བཤད་པ་དེ་ནས་སྟོན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཉིད་ཀྱིས་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་དགོངས་པ་བརྡའི་གསུང་གིས་བརྗོད་པ་དང་འདྲ་བར་བརྡ་སྤྲོད་པ་འདི་བརྗོད་པས་གོ་བར་མཛད་དོ་ཞེས་སྡུད་པ་པོས་ལོ་རྒྱུས་བརྗོད་དེ་འབྲེལ་སྦྱར་བའོ། །གཉིས་པ་ལ་གཉིས་ཏེ། བརྟག་གཞི་འཁོར་བའི་ཆོས་རང་བཞིན་མེད་པར་དང་། འདས་པའི་ཆོས་བརྗོད་མེད་དུ་གཏན་ལ་དབབ་པའོ། །དང་པོ་ལ། གཞལ་བྱ། གཏན་ཚིགས། གྲུབ་མཐའ་རྡོ་རྗེ་ཐེག་པར་བསྟན་པའོ། །དང་པོ་ནི། ཇི་སྙེད་སོགས་རྐང་པ་ལྔ་སྟེ། ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཇི་སྙེད་པས་བསྡུས་པའི་འཇིག་རྟེན་འདི་དག་དེ་མ་ཡིན་པ་ལ་དེར་འཛིན་གྱིས་སྒྲོ་བཏགས་པས་རྨི་ལམ་ལྟར་འཁྲུལ་པའི་ཆོས་ཏེ། རྩ་བ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། བདག་གཉིས་སུ་རྟོག་པའི་ཀུན་བརྟགས་གཟུང་འཛིན་གཉིས་སྣང་གི་ཤེས་པས་ཕྱིའི་རྟེན་འབྲེལ་ས་བོན་གྱི་རྒྱུ་དང་འབྲེལ་བ་མྱུ་གུ་ནས་འབྲས་བུའི་བར་གྱིས་བསྡུས་པ། རྐྱེན་དང་འབྲེལ་བའི་ཆོས་འབྱུང་ལྔ་དུས་ཀྱི་འགྱུར་བ་དང་བཅས་པས་བསྐྱེད་པ་ལྟ་བུ་དང་། ནང་གི་རྟེན་འབྲེལ་མ་རིག་པ་ནས་རྒ་ཤིའི་བར་གྱིས་བསྡུས་པ་ལྟ་བུར་ཕྱི་ནང་གཉིས་སུ་བར་མེད་པ་ཤིང་རྟའི་འཁོར་ལོ་ལྟར་འཁོར་ཏེ་ལས་མི་མཐུན་པའི་དབང་གིས་བདེ་སྡུག་སྣ་ཚོགས་མྱོང་བས་ཉམ་ཐག་པར་འགྱུར་ཞིང་། དེ་ལྟར་སྣང་དུས་ཉིད་ན་དེའི་རང་བཞིན་ཆོས་ཉིད་ལས་ཉམས་པ་མེད་པས་འཁོར་འདས་གཉིས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་མོད་ཀྱང་། སོ་སོར་ཞེན་པ་སྒྲོ་བཏགས་ཀྱི་བློ་དེ་ཉིད་སྐབས་འདིར་བརྟག་གཞིའམ་གཞལ་བྱའོ། །དེའང་རྣམ་བཀོད་ལས། བཏགས་པའི་སྤྱོད་ཡུལ་གཉིས་ལ་གཞལ། །ཞེས་དང་། ལམ་རིམ་ལས། འཁོར་དང་འདས་དངོས་ཞེན་སྣང་བརྟག །ཞེས་སོ། །གཉིས་པ་ལ། ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ཐུན་མོང་བ་བདེན་པའི་གཏན་ཚིགས་ནི། ཡང་དག་སྒྱུ་མའི་སོགས་རྐང་པ་གསུམ་སྟེ། འཁོར་བར་སྣང་ཙམ་ཉིད་ནས་ཡང་དག་པར་མ་གྲུབ་པ་དོན་དམ་བདེན་པ་དང་། སྒྱུ་མ་ལྟ་བུར་མ་འགགས་པར་སྣང་བ་ཀུན་རྫོབ་སྟེ། དེ་ལྟར་མཚན་ཉིད་ཐེག་པ་བས་ཆོས་ཐམས་ཅད་བདེན་པ་གཉིས་སུ་འབྱེད་པའི་འདོད་པ་དང་ཚུལ་མཐུན་པར་འདིར་ཡང་གཉིས་སུ་སྨྲ་སྟེ། འདི་ལྟར་བདག་ཏུ་འཛིན་པའི་ཤེས་པ་དང་། བདག་གི་བར་རྟོག་པ་ཕུང་པོ་ལྔ་དང་། འབྱུང་བ་ལྔ་ལ་གཞན་དུ་སྒྲོ་བཏགས་ཏེ་ཡུལ་དུ་འཛིན་པ་འདི་དག་སྣང་ཙམ་ཉིད་ནས་དེ་ལྟར་གྲུབ་པ་མེད་དེ། རྣམ་པར་དག་པའི་དབྱིངས་དེ་བཞིན་ཉིད་ཀྱི་ངང་དུ་ཚུལ་གཅིག་པར་མཉམ་པའི་ཕྱིར་རོ། །དེ་ཡང་བདག་གསུམ་པོ་དེ་དོན་དམ་བདེན་ངོར་གྲུབ་པ་མེད་པས་སྐྱེ་མེད་དུ་མཉམ་ལ། ཀུན་རྫོབ་བདེན་ངོར་མི་བསླུ་བས། སྒྱུ་མ་ཙམ་དུ་མཉམ་པ་ནི་ཐུན་མོང་བ་དང་། ལྷག་པ་བདེན་པ་གཉིས་ཀྱིས་གཏན་ལ་ཕབ་ན། བདག་གསུམ་པོ་དེ་རིམ་པ་ཇི་ལྟ་བར་ཡེ་ཤེས་ལྔ་དང་། རིགས་ལྔ་དང་། ཡུམ་ལྔར་དག་པས་དོན་དམ་བདེན་པའི་དབང་དུ་ཡེ་ཤེས། འབྲས་བུ། རང་བཞིན་དོན་དམ་གསུམ་སྟེ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པར་མཉམ་ལ། ཀུན་རྫོབ་བདེན་པའི་དབང་དུ་ཡེ་ཤེས། ཕྱག་རྒྱ། དངོས་པོ་སྒྱུ་མ་གསུམ་སྟེ། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་རྫོགས་པར་མཉམ་པ་ནི་ཐུན་མོང་མ་ཡིན་པའི་མཉམ་པའོ། །གཉིས་པ་ལ། རྟོགས་པ་བཞི་དང་། དག་པ་གསུམ་གྱི་གཏན་ཚིགས་སོ། །དང་པོ་ནི། བདག་དང་བདག་གི་གཞན་རྣམས་ནི་སོགས་རྐང་པ་གཅིག་དང་བཅས་པའི་ཚིགས་བཅད་གཉིས་ཏེ། བདག་དང་བདག་གི་གཞན་ཞེས་ཐ་དད་དུ་སྣང་བ་འདི་རྣམས་ནི་མ་རིག་པའི་དབང་གིས་ལོག་པར་རྟོག་པའི་འཁྲུལ་སྣང་ཙམ་ཉིད་ལས་གཞན་དུ་མ་མཐོང་བས་ཕྲ་ཞིང་ཕྲ་བ་སྟེ་རྡུལ་ཕྲན་དང་། མ་རྟོགས་པས་ཟབ་པ་སྟེ་ཤེས་པ་སྐད་ཅིག་མ་ཡང་ལོགས་ན་ཡོད་པ་མ་ཡིན་ཀྱང་། འདི་ལྟར་སྣང་བ་ནི་ལོག་རྟོག་གི་རྒྱུན་སྔ་མ་ཉིད་ལ་ཕྱི་མ་ཉིད་སྤྱོད་པ་རྨི་ལམ་གྱི་སྣང་བ་ལྟར་འཁྲུལ་པར་ཟད་པས་ན་འབྱུང་བཞིའི་འཕོ་འགྱུར་ནམ་མཁའི་ངང་ལས་མ་གཡོས་པ་བཞིན་དུ་དོན་ལ་ཆོས་ཉིད་ལས་གཞན་དུ་གཡོ་བ་ཅི་ཡང་མེད་པ་ནི་རྒྱུ་གཅིག་པའི་རྟགས་ཀྱི་བསྒྲུབ་བྱ་སྟེ། སྒྲུབ་ཚུལ་ནི་ཐ་སྙད་པའི་ཤེས་ངོར་སྣང་ཡང་རྣམ་པར་དཔྱད་ན་ལོག་རྟོག་ཙམ་ཡང་ཡོད་པ་མ་ཡིན་ཏེ། དེའི་རྒྱུ་མ་རིག་པའི་བདག་དང་། འབྲས་བུ་ཕུང་པོ་ལྔ་དང་། ཞེན་པའི་རྒྱུན་རྣམ་ཤེས་སུ་སྣང་བ་ཉིད་ཀྱང་བརྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་ཡེ་ནས་གྲུབ་པ་མེད་པས་ཏེ། འཁོར་འདས་མཉམ་པ་ཉིད་ཀྱི་དབྱིངས་སུ་ལོག་རྟོག་སྐད་ཅིག་མའི་རྒྱུན་ཙམ་ཡང་མ་གྲུབ་པས་ཆོས་ཐམས་ཅད་སེམས་ཀྱི་ཆོས་ཉིད་དུ་རྒྱུ་གཅིག་པར་རྟོགས་པའི་ཕྱིར་རོ། །དེ་ལྟར་ལོག་རྟོག་གི་རྒྱུན་རྣམ་པར་དག་པས་ཆོས་ཐམས་ཅད་མཉམ་པའི་དབྱིངས་སུ་རྒྱུ་གཅིག་པ་ཉིད་རྟགས་ཡིག་འབྲུའི་ཚུལ་གྱིས་མ་འགགས་པར་རྟོགས་ཏེ། དེ་ཡང་སྐྱེ་མེད་མཚོན་པ་ཨའི་ཚུལ་ཏེ་གསུང་གི་རང་བཞིན་དང་། དེ་ཉིད་ལ་ཅིར་ཡང་མི་འགགས་པས་དབང་སྒྱུར་བ་མཚོན་པ་ཨུའི་ཚུལ་ཏེ་སྐུའི་རང་བཞིན་དང་། ཡི་གེ་གཉིས་མཚམས་སྦྱར་ལ་ཐིག་ལེས་བརྒྱན་པས་གཉིས་མེད་དུ་རྟོགས་པའི་རིག་པ་ཉིད་ཡེ་ཤེས་ལྔར་གསལ་བ་མཚོན་བྱེད་ༀ་གྱི་ཚུལ་དུ་རྟོགས་པ་ཐུགས་ཀྱི་རང་བཞིན་དུ་ཡིག་འབྲུའི་ཚུལ་ལོ། །དེ་ལྟར་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་དུ་རྟོགས་པའི་མཐུས་བདེན་པ་དབྱེར་མེད་དུ་ཡེ་ནས་སངས་རྒྱས་པར་རྟོགས་པའི་བྱིན་རླབས་ཤུགས་ལ་འབྱུང་ཞིང་། རང་རིག་མངོན་སུམ་གྱིས་ཉིད་ལ་ཉིད་སྤྱོད་པ་ལྟར་ཡུལ་མེད་རང་གསལ་དུ་རྟོགས་པའི་ཕྱིར་རྟོགས་པ་བཞིའི་གཏན་ཚིགས་སོ། །གཉིས་པ་ནི། བདག་དང་གཞན་དང་སོགས་རྐང་པ་གཉིས་ཏེ། བདག་ཕུང་པོ་ལྔ་དང་། གཞན་འབྱུང་བ་ལྔ་དང་། རྟོག་པའི་རྒྱུན་རྣམ་ཤེས་ཏེ་ཕྱི་ནང་གི་ཆོས་འདི་དག་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཏེ། བདག་གསུམ་པོ་དེ་རིམ་པ་ཇི་ལྟ་བར་རིགས་ཀྱི་ཡབ་ལྔ་དང་། ཡུམ་ལྔ་དང་། ཡེ་ཤེས་ལྔར་དག་པའི་ཕྱིར་རོ། །གསུམ་པ་གྲུབ་མཐའ་ནི། གཏན་ཚིགས་དེ་དག་གིས་གཞལ་བའི་འབྲས་བུ་སྔར། རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་པས་ཆོས་ཐམས་ཅད་རང་བཞིན་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའི་ཆོས་ཉིད་དུ་གཏན་ལ་ཕེབས་པ་ནི། བླ་ན་མེད་པ་རྡོ་རྗེའི་ཐེག་པ་འདིའི་གྲུབ་མཐའ་སྟེ། མཚན་ཉིད་དང་ཕྱི་རྒྱུད་ཀྱི་ཐེག་པ་ལས་ཁྱད་པར་དུ་གྱུར་པའི་ཕྱིར་མཆོག་གོ། །གཉིས་པ་འདས་པའི་ཆོས་བརྗོད་མེད་དུ་གཏན་ལ་དབབ་པ་ལ་ལྔ་སྟེ། ཐེག་པ་བཞིས་ངེས་པར་འབྱུང་བའི་འབྲས་བུ་བླ་ན་མེད་པའི་ཐེག་པར་བསྟན་པ། ཆོས་ཐམས་ཅད་རང་བཞིན་མེད་པའི་ཆོ་འཕྲུལ་དུ་བསྟན་པ། སངས་རྒྱས་དང་ཆོས་ལ་འཕོ་འགྱུར་མེད་ཀྱང་གདུལ་བྱའི་དོན་དུ་དེ་ལྟར་བསྟན་པ། རྒྱུད་ཀྱི་ཆེ་བ་བསྟན་པ། དེ་ཐམས་ཅད་བཏགས་པ་ཙམ་སྟེ་རང་བཞིན་བརྗོད་མེད་དུ་བསྟན་པའོ། །དང་པོ་ནི། ཐེག་པ་བཞི་སོགས་རྐང་པ་གཉིས་ཏེ། ལྷ་མི་ཉན་རང་། བྱང་སེམས་ཀྱི་ཐེག་པ་བཞི་ཡིས་རང་རང་གི་མི་མཐུན་ཕྱོགས་ངན་འགྲོ་དང་། འཁོར་བ་དང་། མཐའ་གཉིས་ལས་ངེས་པར་འབྱུང་ལ། དེ་ལྟར་ངེས་པར་བྱུང་བའི་མཐར་བླ་ན་མེད་པའི་ཐེག་པ་གཅིག་པུ་འདི་ཁོ་ན་ནི། དེ་དག་གི་བསྒྲུབ་བྱ་དང་འདི་ལས་བགྲོད་ཅིང་སྦྱང་དུ་མེད་པས་འབྲས་བུར་ངེས་ཤིང་གནས་པའི་ས་ཡང་ཡིན་ནོ། །གཉིས་པ་ནི། ཡང་དག་རྟོགས་པས་སོགས་རྐང་པ་གཉིས་ཏེ། །ཡང་དག་པའི་གནས་ལུགས་རྟོགས་པའི་ཤེས་རབ་ཀྱིས་རབ་ཏུ་བརྟགས་ཤིང་དཔྱད་ན་ཆོས་ཐམས་ཅད་རང་བཞིན་ཅིར་ཡང་གྲུབ་པ་མེད་པའི་ངང་ལས་རྟེན་འབྲེལ་ཙམ་དུ་རོལ་པ་ཅིར་ཡང་མ་འགགས་པར་འཆར་བས་ཐབས་རྣམས་ཀྱང་གདུལ་བྱའི་བློ་དང་མཐུན་པར་ཆུད་མི་ཟ་བར་འགྲུབ་བོ། །གསུམ་པ་ནི། སངས་རྒྱས་སོགས་ཚིགས་བཅད་གཅིག་སྟེ། ཡང་དག་པར་ན་སྐུ་གསུམ་དབྱེར་མེད་པས་སངས་རྒྱས་སྤྲུལ་པའི་སྐུའང་མྱ་ངན་ལས་ཡོངས་སུ་མི་འདའ་ཞིང་། དེས་གསུངས་པའི་ཆོས་ཀྱང་འཁོར་བ་མ་སྟོངས་བར་ནུབ་པར་མི་འགྱུར་ཏེ། སེམས་ཅན་ཐམས་ཅད་སྒྲོལ་བར་བཞེད་པའི་སྙིང་རྗེ་ཆེན་པོ་མཐར་ཕྱིན་པའི་ཕྱིར་རོ། །འོན་ཀྱང་འཕོ་འགྱུར་ཡོད་པ་ལྟར་སྣང་བ་ནི། གནས་ལུགས་མ་རིག་པའི་སེམས་ཅན་རྣམས་སྨིན་པར་མཛད་པ་དང་འདུལ་བར་མཛད་པའི་ཕྱིར། སངས་རྒྱས་འཇིག་རྟེན་དུ་དང་པོ་བྱུང་བ་ནས་མཐའ་མྱ་ངན་ལས་འདའ་བའི་བར་གྱི་མཛད་པ་དང་། བསྟན་པ་དར་ནུབ་ཀྱི་ཚུལ་སྟོན་པ་ཐམས་ཅད་སྤྲུལ་པ་ཙམ་ལས་རང་རྒྱུད་པ་མ་ཡིན་ཏེ། སྤྱི་མདོ་ལས། ཁྱོད་ནི་ནམ་མཁའི་རང་བཞིན་ཏེ། །འདའ་དང་མི་འདའ་ཡོངས་མི་མངའ། །འཇིག་རྟེན་པ་དང་མཐུན་འཇུག་ཏུ། །འདའ་བས་འདུལ་བར་ཡོངས་སུ་དགོངས། །ཞེས་དང་། གསེར་འོད་དམ་པ་ལས། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བཀོད་པ་རྣམ་པ་སྣ་ཚོགས་སྟོན། །ཞེས་སོ། །བཞི་པ་ནི། འདུལ་བ་སོགས་ཚིགས་བཅད་གཉིས་ཏེ། གང་དུ་ལྷག་པ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བསླབ་པ་གསུམ་གཙོ་བོར་སྟོན་པས་བཞག་པ་འདུལ་བ། མདོ་སྡེ། ཆོས་མངོན་པ་སྟེ་སྡེ་སྣོད་གསུམ་དང་། ཁྲུས་དང་གཙང་སྦྲ་སོགས་འདའ་བར་དཀའ་བའི་དམ་ཚིག་གིས་བཅིངས་པ་བྱ་རྒྱུད་དང་། ཀྲྀ་ཡོག་གཉིས་ཀ་ལ་བརྟེན་ནས་སྒྲུབ་པ་སྤྱོད་རྒྱུད་དང་། ལུས་ངག་གི་སྤྱོད་པ་གྲོགས་ཙམ་ལས་གཙོ་བོར་རྣལ་འབྱོར་པ་བརྟེན་པས་དོན་གྲུབ་པར་བྱེད་པ་ཡོ་ག་དང་། ཆོ་ག་གསུམ་བསྐྱེད་སོགས་བསྐྱེད་རིམ་དང་། རྫོགས་རིམ་གསལ་སྟོང་གཙོ་བོར་སྟོན་པ་སྐུའི་རྒྱུད་ཕ་བླ་མེད་དང་། བསྐྱེད་རིམ་རྫོགས་ཚུལ་དང་རྫོགས་རིམ་བདེ་སྟོང་གཙོ་བོར་སྟོན་པ་གསུང་གི་རྒྱུད་མ་བླ་མེད་དང་། བསྐྱེད་རྫོགས་ཟུང་དུ་འཇུག་ཅིང་འོད་གསལ་ཡེ་ཤེས་ཆེན་པོའི་རྫོགས་རིམ་གཙོ་བོར་སྟོན་པ་ཐུགས་ཀྱི་རྒྱུད་གཉིས་སུ་མེད་པ་སྟེ། ཕྱོགས་བཅུའི་ཞིང་ཁམས་རྣམས་སུ་སྣོད་ལྡན་ལ་རབ་ཏུ་གྲགས་པའི་མདོ་རྒྱུད་ཐམས་ཅད་གསང་བའི་སྙིང་པོ་འདི་ལས་འཕྲོས་ཏེ། དེ་བས་ན་མ་མོ་དང་མཁའ་འགྲོ་ཐམས་ཅད་ཀྱིས་རྒྱས་འདེབས་པའི་རང་བཞིན་གྱིས་གསང་བའི་སྙིང་པོ་འདི་ནི་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི་འབྱུང་གནས་ཏེ་ཕྱི་མོ་ལྟ་བུར་འགྱུར་ཞིང་། དེ་ཐམས་ཅད་གཏན་ལའང་འདིས་ངེས་པར་འབེབས་པས་ན་མདོ་རྒྱུད་ཀུན་གྱི་སྤྱི་འགྲེལ་ལྟ་བུའང་ཡིན་ནོ། །ལྔ་པ་ནི། ཆོས་རྣམས་ནས་བརྗོད་དོ་ཞེས་པའི་བར་ཏེ། དེ་ལྟར་བསྟན་པའི་ཆོས་རྣམས་ཐམས་ཅད་མིང་ཐ་དད་དུ་བཏགས་པ་ཙམ་ལས་དོན་ལ་གྲུབ་པ་མེད་ཀྱང་། སྟོན་པས་ཐ་སྙད་ལ་བརྟེན་ནས་ཡང་དག་པའི་དོན་ལ་རིམ་གྱིས་དཀྲི་བའི་ཆེེད་དུ་རེ་ཞིག་གདུལ་བྱའི་བློ་དང་མཐུན་ཕྱོགས་སུ་མིང་དང་ཚིག་ཏུ་སྒྲོ་བཏགས་ནས་ཆོས་བསྟན་པ་ཙམ་ལས། དེ་ལྟར་སྟོན་པའི་དུས་ཉིད་ནས་མིང་ཚིག་ལ་དོན་གྱི་དངོས་པོ་ཅུང་ཟད་ཀྱང་གྲུབ་པ་མེད་དེ། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་ལ་ལ་ཞིག་ལ་བུ་བཙས་ནས། །དེ་ཡི་མིང་ནི་ཐ་དད་དེར་བཏགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ཏུ་བཙལ་ན་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དེ་ལྟར་ཆོས་ཐམས་ཅད་བརྗོད་དྲ་མེད་པའོ་ཞེས་བརྗོད་པར་མཛད་དོ། །གཉིས་པ་བསྡུ་བ་ལ་བཞི་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ། བསྡུ་བ་དངོས། བཀའ་གསང་སྔགས་མཚོན་པའི་ཚིག །བསྡུས་པའི་ཡོན་ཏན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། རྒྱས་པར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཡབ་ཡུམ་དགོངས་པ་གཉིས་སུ་མེད་པའི་རང་བཞིན་གྱི་དཀྱིལ་འཁོར་དེ་དག་ཉིད་ཀྱི་དོན་སྤྱོད་ཡུལ་ལས་འདས་པའི་གསང་བ་འདི་ཉིད་སྟོན་པའི་སྐུ་ལ་སོགས་པ་ལྔའི་ངོ་བོ་རིགས་ལྔ་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་ཕྱུང་ངོ་། །གཉིས་པ་ནི། ཨ་ཧོཿ སྲིད་རྩའི་སོགས་ཚིགས་བཅད་གཉིས་ཏེ། ཨ་ཧོཿཞེས་པ་ནི་འཁོར་འདས་གཉིས་མེད་དུ་གཏན་ལ་ཕེབས་པ་ལ་ངོ་མཚར་བའོ། །དེ་ཡང་ཚིགས་སུ་བཅད་པ་དང་པོའི་ནང་དུ་ཇི་སྙེད་འཇིག་རྟེན་ཞེས་སོགས་གཞལ་བྱ་སྟོན་པ་རྐང་པ་ལྔ་བསྡུ་སྟེ། འདི་ལྟར་སྲིད་པ་འཁོར་བའི་ཉེས་དམིགས་ཐམས་ཅད་བསྐྱེད་པའི་རྩ་བ་ནི་ང་དང་བདག་ཏུ་རྟོག་པའི་མ་རིག་པ་སྟེ། དེ་ལས་འཕྲོས་པ་ལས་དང་ཉོན་མོངས་པའི་འདུ་བྱེད་ཀྱི་བག་ཆགས་སྨིན་པའི་དབང་གིས་མངོན་པར་གྲུབ་པ་རྒྱུད་དྲུག་གི་སེམས་ཅན་སོ་སོའི་སྣང་བ་ལ་སྐྱེ་བ་དང་། སྲོག་འགག་པས་འཆི་བ་དང་། ལུས་བཟང་ངན་དང་། ལོངས་སྤྱོད་ཆེ་ཆུང་དང་། གནས་མཐོ་དམན་དང་། འཆི་འཕོ་ལྟུང་བ་ལ་སོགས་པའི་སྡུག་བསྔལ་གྱི་འཁྲུལ་འཁོར་བར་མེད་དུ་འཁོར་བ་ལ་སོགས་པ་སྟེ། དེ་དག་ཀྱང་ལོག་རྟོག་ཉིད་དེ་ལྟར་སྣང་བ་ཙམ་ལས་དོན་གཞན་དུ་གྲུབ་པ་ཅི་ཡང་མེད་དེ། དྲན་པ་ཉེར་བཞག་ལས། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །བདེ་སྡུག་ཉིད་དུ་སྣང་བ་ནི། །སེམས་ཀྱིས་སྤྲུལ་ཞིང་སེམས་ཀྱིས་བྱས། །སེམས་ལས་གཞན་དུ་ཅུང་ཟད་མེད། །དཔེར་ན་རྨི་ལམ་ཇི་བཞིན་ནོ། །ཞེས་སོ། །རྐང་པ་ལྔ་པའི་ཕྱེད་སྔ་མར་གཏན་ཚིགས་གསུམ་གྲུབ་མཐའ་དང་བཅས་པ་བསྡུ་སྟེ། བདེན་རྟོག་དག་པའི་གཏན་ཚིགས་གསུམ་གྱི་སྒོ་ནས་གཞལ་བྱའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་ཉིད་བདག་མེད་པའི་དོན་གཏན་ལ་ཕེབས་པའོ། །ཕྱེད་ཕྱི་མར་ཡང་དག་རྟོགས་པས་སོགས་རྐང་པ་དྲུག་བསྡུ་སྟེ། སྟོང་ཉིད་བདག་མེད་པའི་དོན་ཡེ་ནས་མཁྱེན་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཐུགས་སུ་ཆུད་པ་ན་ཆོས་ཐམས་ཅད་རང་བཞིན་མེད་པའི་ཆོ་འཕྲུལ་དུ་གཟིགས་ཤིང་སྟོན་པ་དང་བསྟན་པའི་འཕོ་འགྱུར་ཡང་འགྲོ་བ་འདུལ་བའི་ཐབས་ཙམ་དུ་སྟོན་པར་སྣང་བའོ། །རྐང་པ་དྲུག་བར་ཐེག་པའི་ཁྱད་པར་དང་། རྒྱུད་ཀྱི་ཆེ་བ། རང་བཞིན་བརྗོད་མེད་དུ་བསྟན་པའི་དོན་གསུམ་བསྡུ་སྟེ། དམིགས་བྱ་གཟུང་བའི་ཡུལ་དང་དམིགས་བྱེད་འཛིན་སེམས་ཀྱི་རྟོག་པ་གཉིས་ངང་གིས་མེད་པར་དྲན་སྣང་ཡེ་ཤེས་སུ་དབང་སྒྱུར་བ་སྟེ། ཡེ་ཤེས་ཉིད་ལ་ཉིད་འདོད་དགུར་སྤྱོད་པས་བཞིས་ངེས་པར་བྱུང་བའི་འབྲས་བུ་ཐེག་པ་འདིར་བསྟན་པ་དང་། འདི་ལས་བསྟན་པ་ཐམས་ཅད་འཕྲོས་ཤིང་ཐམས་ཅད་འདིས་འགྲེལ་པ་དང་། དབབ་བྱའི་ཡུལ་དང་འབེབས་བྱེད་ཀྱི་ཐེག་པ་ཐམས་ཅད་བརྗོད་མེད་དུ་བསྟན་པའོ། །དེ་རྣམས་ནི་བསྡུ་བའི་སྟོད་དུ་ལེའུའི་སྨད་བསྡུ་བ་ཞེས་བྱའོ། །དེ་ནས་རྐང་པ་བདུན་པ་དང་བརྒྱད་པ་སྟེ་བསྡུ་བའི་སྨད་དུ་ལེའུའི་སྟོད་བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་བསྡུ་སྟེ། གནས་ལུགས་རྟོགས་པས་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་འབྲས་བུ་མངོན་དུ་བྱས་པས་ཡོན་ཏན་ལྷུན་གྱིས་གྲུབ་པ་ལ་ངོ་མཚར་བའི་མཛད་པ་གླེང་གཞི་སྤྲོ་བའི་རྒྱུ་དང་། སྐུ་བསོད་ནམས་ཆེན་པོ་དང་། གསུང་རིག་པ་དང་། ཡོན་ཏན་ཉིད་མངོན་ཤེས་དང་རྫུ་འཕྲུལ་དུ་ཤར་ནས་དོན་མཛད་པ་ཐུགས་མངོན་སུམ་པ་དང་། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ་སྟེ། ཇི་ལྟར་སྤྲོ་བའི་མཛད་པ་འདུལ་བ་བཞིས་གང་དུ་འདུལ་བའི་ཞིང་ཁམས་མཐའ་ཡས་པར་སྣང་བ་དེ་ཐམས་ཅད་ཀྱང་སངས་རྒྱས་ཉིད་ཀྱི་ཡེ་ཤེས་རང་སྣང་བ་ལས་གཞན་ལོགས་ན་རང་མཚན་དུ་གྲུབ་པ་མེད་དེ། ཡེ་ཤེས་དེ་ཉིད་གདུལ་བྱའི་སྣང་བ་ལ་དེ་ལྟར་སྣང་བ་ཡིན་ཏེ། རྨད་བྱུང་རྒྱལ་པོ་ལས། སངས་རྒྱས་སྐུ་དང་ཡེ་ཤེས་ཞིང་ཁམས་དང་། །ཡེ་ཤེས་ཡོན་ཏན་ཕྲིན་ལས་ཇི་སྙེད་པ། །ཡེ་ཤེས་དེ་ཉིད་དེ་ལྟར་སྣང་བ་ཡིན། །གཞན་ནས་མ་ཡིན་དེ་ལྟར་ལྷུན་གྱིས་གྲུབ། །ཞེས་སོ། །གསུམ་པ་ནི། ཞེས་རྡོ་རྗེ་སོགས་ཏེ། དེ་ལྟར་ཆོས་ཐམས་ཅད་སྣང་བ་གཉིས་ལས་མ་འདས་སོ་ཞེས་རྡོ་རྗེ་འཛིན་པ་གསང་བའི་བདག་པོས་ཚིག་ཏུ་བསྡུས་པའོ། །བཞི་པ་ནི། ཞེས་བརྗོད་པས་ཐུབ་པ་སོགས་ཏེ། དེ་སྐད་ཅེས་བརྗོད་པས་སྟོན་པའི་ཐུགས་རྗེ་ལས་ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པ་སྤྲོས་ནས་འདུལ་བའི་དབང་གིས་ཆོས་ཀྱི་སྒོ་དུ་མ་བསྟན་པ་དང་། གདོད་ནས་གྲུབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པ་དང་བརྡ་ལ་སོགས་པའི་སྒོ་ནས་གསུངས་པ་ཡང་ཆོས་ཐམས་ཅད་སེམས་དང་ཡེ་ཤེས་རང་སྣང་བར་བསྟན་པ་དེ་དག་ཙམ་དུ་འདུས་པར་སྟོན་པ་དེ་བཞིན་གཤེགས་པ་རིགས་དྲུག་པ་ཉིད་ཀྱིས་མཁྱེན་ཏོ། །གཉིས་པ་ལེའུའི་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས་འདིས་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་དང་ཡེ་ཤེས་ཉིད་དེ་ལྟར་སྣང་བ་ཙམ་དང་། དེ་ཐམས་ཅད་ཀྱང་མཐར་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་དུ་གཏན་ལ་ཕབ་ནས་བསྟན་པའི་ལེའུ་སྟེ་གསུམ་པའོ།། ༈ །།ལེའུ་བཞི་པ་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ནས་རྡོ་རྗེ་ལས་ཕྱུང་ངོ་ཞེས་པའི་བར་ཏེ། ཆོས་ཐམས་ཅད་གཏན་ལ་ཕབ་པ་དེའང་མཚོན་བྱེད་ཡི་གེ་ལ་བརྟེན་ནས་འབེབས་དགོས་པའི་ཕྱིར། དེ་ནས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་ཐ་དད་མེད་དེ་གཅིག་ཏུ་གྱུར་ནས་སྲིད་ཞི་མཉམ་པ་ཆེན་པོའི་ཚུལ་དུ་དབྱེར་མི་ཕྱེད་པ་རྡོ་རྗེའི་དབྱིངས་སུ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པས་སངས་རྒྱས་པར་གྱུར་པའི་ཏིང་ངེ་འཛིན་ལས་དགོངས་པ་གཞན་དུ་མི་གཡོ་བར་བཞུགས་པས་ཆོས་ཐམས་ཅད་ངོ་བོ་མེད་པ་མིང་ཙམ་དུ་གནས་པའི་དོན་མཚོན་པར་བྱེད་པ་ཡི་གེ་ཕྲེང་བའི་འཁོར་ལོ་ཞེས་བྱ་བ་འདི་སྟོན་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་ཕྱུང་ངོ་། །ལེའུའི་གཞུང་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། བསྡུས་ཏེ་བསྟན་པའོ། །དང་པོ་ལ་བཞི་སྟེ། ཡི་གེ་ཇི་ལྟར་བྱུང་བའི་ཚུལ། དེ་ལྟར་བྱུང་བའི་མཐུ། ལམ་པའི་དབང་དུ་སེམས་སྦྱང་བ། ཡི་གེའི་དོན་བཤད་པའོ། །དང་པོ་ནི། ཨ། ཀ་ཁ་ནས་ཨོ་ཨ་ཞེས་པའི་བར་ཏེ། ཀུན་འདུས་ལས། དབྱིངས་ལས་ཨ་བྱུང་ཨ་ལས་ནི། །ཡི་གེའི་ཚོགས་རྣམས་མ་ལུས་འཕྲོ། །ཞེས་པས་ཡི་གེ་འཁོར་ལོའི་འཕྲོ་གཞིའམ་རྩ་བ་ཨ་ཡིག་ནི་ཁོང་ནས་རང་བྱུང་བ་སྟེ། འགྲེལ་ཆུང་ལས། སྐུ་གསུང་ཐུགས་ཀྱི་ཀློང་ནས་ཨ་བྱུང་སྟེ། །ཨ་ནི་ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་སོ། །ཡི་གེ་གཞན་རྣམས་སྔོན་བྱུང་སྟོན་པའི་ཐུགས་རྗེ་རང་སྣང་བའི་ཚེ་འཕྲོ་བའི་གནས་ནི་ཨའི་འོད་ཟེར་སྐུའི་གནས་སོ་སོར་འཁྱིལ་བ་དེ་དང་དེ་ལས་བྱུང་བ་སྟེ། དེའང་འགྲེལ་ཆུང་ལས། ཨ་ལས་འོད་ཟེར་མགུར་གྱི་བུམ་པར་འཁྱིལ། །འོད་འཕྲོས་ཀ་ལ་སོགས་པ་འབྲུ་ལྔ་ཤར། །ཞེས་སོགས་གསུངས་པ་ལྟར། མགུར་གྱི་གནས་ལས་ཀ་ཁ་ག་གྷ་ང་། དེ་བཞིན་དུ་ལྗགས་ལས་ཙ་སྡེ། ལྗགས་ཀྱི་རྩེ་མོ་ལས་ཊ་སྡེ་དང་ཏ་སྡེ་གཉིས། མཆུ་ལས་པ་སྡེ། སྐུའི་ཆ་ཉི་ཤུ་ལས་ཡ་སོགས་བཅུ་བདུན་དང་ཁྱབ་བྱེད་ཀྱི་ཡི་གེ་གསུམ་རྣམས་འཐོན་ཏོ། །དེ་ལ་སྐུའི་ཆ་ཉི་ཤུ་ནི་འགྲེལ་ཆུང་གི་བཞེད་པ་ལྟར་སྡོམས་སུ་བྱས་ན། བྱིན་པ་སྟ་ཟུར་དཀུ་སྐབས་དང་། །དཔུང་ལས་ཡ་ར་ཝ་ལ་བྱུང་། །ཕྱག་མཐིལ་ཐུགས་ཀ་མཛོད་སྤུ་དང་། །ཞབས་མཐིལ་གསང་གནས་ལས་རིམ་བཞིན། །ཤ་ཥ་ས་ཧ་ཀྵ་རྣམས་འཕྲོས། །སྤྱན་སྙན་ཚེམས་ཤངས་རྣམ་བཞི་ལས། །གཉིས་གཉིས་འཕྲོས་ལས་ཨི་ཨཱི་དང་། །ཨུ་ཨཱུ་ཨེ་ཨཻ་ཨོ་ཨ་འཕྲོས། །སྤྱི་གཙུག་ལྟེ་བ་མཚོག་མ་ཡི། །གནས་ལས་མགོ་ཤད་ཏིག་གསུམ་འཐོན། །ཞེས་བྱའོ། །རྗེས་འཇུག་ལམ་པའི་སེམས་ཉིད་རང་སྣང་བའི་ཡི་གེ་འབྱུང་བའི་གནས་ནི། སྨྲ་སྒོ་ལས། ཁོག་པ་མགྲིན་པ་རྐན་དང་ལྕེ། །སྣ་དང་སྤྱི་བོ་སོ་དང་མཆུ། །ཞེས་པས་ཨ་ཀུ་ཧ་རྣམས་མགྲིན་པ། ཨི་ཙུ་ཡ་ཤ་ཨེ་རྣམས་རྐན། རྀ་ཊུ་ར་ཥ་སྤྱི་བོ། ཨུ་བུ་ཝ་ཨོ་མཆུ། ལྀ་ཏུ་ལ་ས་སོ། རྗེས་སུ་ང་རོ་སྣ་སྟེ། མགྲིན་པ་རྐན་སྤྱི་བོ་སོ་བཞིའི་བྱེད་པ་ནི་རིམ་བཞིན་ལྕེའི་རྩ་བ་དང་། དབུས་དང་། རྩེ་མོར་ཉེ་བ་དང་། རྩེ་མོ་རྣམས་རྐན་དང་འཕྲད་པ་ལས་སོ། །འདིར་དབྱངས་ཨཱ་རིང་དང་། རྀ་རྀ་བཞི་དང་། ཨཾ་ཨཿརྣམས་མ་བྱུང་བ་ནི་ལྷ་དང་སྦྱོར་བའི་དབང་གིས་བསྡུས་པ་སྟེ། ཨཱ་རིང་པོ་ཤད། ཨཿརྣམ་བཅད་ཅན་ཏིག །རྀ་ལྀ་བཞི་ར་དང་ལ། ཨཾ་ནི་ཨོ་ཡིག་ལ་སྦྱར་ནས། ༀ་ཞེས་བསྡུས་པར་རྗེ་རོང་ཟོམ་བཞེད། ཐར་ལོའི་ཕྱི་འགྱུར་ལས་ནི་ཡི་གེ་ལྔ་བཅུ་ཚང་བར་བྱུང་ཞིང་། འོག་ཏུ་སོ་སོའི་དོན་འཆད་པའི་དུས་སུའང་། ཨཱ་ནི་ཐོག་མཐའ་སྟོང་པ་ཉིད། །ཨཾ་ནི་ཉེར་སྐྱེས་དག་པ་ཉིད། །ཨཿནི་ཟས་སོགས་དག་པ་ཉིད། །རྀ་ནི་དངོས་དང་དངོས་མེད་སྟོང་། །རཱྀ་ནི་སྲིད་དང་སྲིད་མེད་སྟོང་། །ལྀ་ནི་ཤེས་དང་ཤེས་བྱ་སྟོང་། །ལཱྀ་ནི་སྟོང་དང་སྙིང་རྗེའི་བདག །ཅེས་འབྱུང་ཞིང་། སྔར་གྱི་དཔེ་ཕལ་ཆེ་བར། ༀ་ནི་ཐམས་ཅད་ཞིག་པ་ཡིན། །ཞེས་རོང་ཊཱི ཀ་གི་བསྡུས་བཤད་ལྟར་ཨ་ལ་ༀ་དུ་འདོན་ནའང་རྒྱ་དཔེར། ཨ་སརྦ་བཱི་ནཱ་ཤི་ཏཱ། ཞེས་སྣང་བས་ཨ་ཉིད་དུ་བཏོན་པ་ལེགས་སོ། །གཉིས་པ་ནི། འདི་དག་ཕྱུང་བས་ཤེས་སོགས་ཏེ། ཡི་གེ་འདི་དག་ཕྱུང་བ་ཙམ་གྱི་མཐུས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ཐམས་ཅད་ཤར་ནུབ་དང་མཐའ་དབུས་སོགས་ཕན་ཚུན་མཐོ་དམའི་རྣམ་པ་དྲུག་ཏུ་གཡོས། ཆེར་རབ་ཏུ་གཡོས། ཆེས་ཆེར་ཀུན་ཏུ་གཡོས་པས་དངོས་པོའི་འཁྲུལ་པ་ཞིག་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་མིང་དུ་བཏགས་པ་ལས་དོན་གྱི་ངོ་བོ་མ་གྲུབ་པའི་མཚན་ཉིད་ཙམ་དུ་གྱུར་པ་ལ་མཉེས་པས་ཧོཿཞེས་བྱའོ། །དེ་ལྟར་ཡང་སྤྱི་མདོ་ལས། གང་སྐྱེ་བ་མེད་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་ཨ་ཞེས་བླ་དྭགས་སུ་བཏགས་སོ། །བྱ་བ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་ཀ་ཞེས་བླ་དྭགས་སུ་བཏགས་སོ། །ཞེས་སོགས་གསུངས་པ་བཞིན་ནོ། །གསུམ་པ་ལམ་པའི་དབང་དུ་སེམས་སྦྱང་བ་ལ་གསུམ་སྟེ། ཨ་ཡིག་ལ་སྦྱང་བ། ཡི་གེ་གཞན་ལ་སྦྱང་བ། དེ་ཡེ་ཤེས་ཀྱི་རྒྱུར་བསྟན་པའོ། །དང་པོ་ནི། ཨ། རབ་ཏུ་བརྟན་གྱུར་སོགས་ཚིགས་བཅད་གཅིག་སྟེ། རང་རིག་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་ཨ་ཡིག་དཀར་པོ་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་བསྒོམ་པར་བྱའོ། །ཇི་ལྟར་ན། མི་གཡོ། མི་འགྱུར། མངོན་པར་མི་འགྱུར། ཅིར་ཡང་བསྒྱུར་དུ་རུང་བ་སྟེ་རབ་ཏུ་བརྟན་པར་གྱུར་པའི་ཚད་བཞི་དང་ལྡན་པའི་ཨ་དཀར་པོ། སལ་ལེ། སང་ངེ་། ལྷག་གེ །ལྷང་ངེ་བ་སྟེ་གསལ་བའི་ཚད་བཞི་དང་ལྡན་པ་ལ་རྩེ་གཅིག་ཏུ་བློ་གནས་པ་དང་། སྤྱོད་ཡུལ་གྱི་སྣང་ཞེན་སྦྱོང་ཕྱིར་དེ་ལས་ཤིན་ཏུ་ཕྲ་བའི་ཨ་གྲངས་མེད་པ་རྣམས་སྤྲོ་བར་བྱའོ། །དེ་ལྟར་སྤྲོས་པས་ཕྱོགས་བཅུ་ཐམས་ཅད་ཨས་གང་བར་སྣང་བ་ཏིང་ངེ་འཛིན་གྱི་ཡུལ་དུ་གསལ་བར་གྱུར་པ་དང་། དེ་ནས་འཕྲོ་གཞིའི་ཨ་དེ་ལ་བསྡུས་ཀྱང་གཞི་དང་མཁའ་ཁྱབ་ཀྱི་ཨའི་རང་བཞིན་ལ་འཕེལ་བའམ་འགྲིབ་པ་མེད་དེ། མ་འདྲེས་ཡོངས་སུ་རྫོགས་པར་གསལ་ཞིང་བརྟན་པའི་ཕྱིར་རོ། །གཉིས་པ་ནི། དེ་ལས་སོགས་རྐང་པ་གཉིས་ཏེ། ཨ་ཡིག་དེ་ལས་མིང་གི་གཞི་དང་ང་རོ་རྣམས་གསལ་བར་བྱེད་པའི་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་ཚོགས་ཁ་དོག་གསལ་ཞིང་འོད་འབར་བ་ཕྱོགས་ཀུན་ཁྱབ་པར་སྤྲོ་ཞིང་བསྡུ་བའི་ཚུལ་གྱིས་སྦྱོང་བའང་སྔར་ཨ་ལ་ཇི་ལྟར་སྦྱངས་པ་དེ་བཞིན་ནོ། །གསུམ་པ་ནི། འདི་ནི་སོགས་རྐང་པ་གཉིས་ཏེ། དེ་ལྟར་ཡི་གེ་ལ་སེམས་སྦྱོང་བའི་ཐབས་འདི་ལ་འབད་པས་ནི་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐམས་ཅད་ཀྱི་རྒྱུ་ཏིང་ངེ་འཛིན་བརྟན་པ་ཉིད་འབྱུང་སྟེ། དེས་འབྲས་བུ་ཡེ་ཤེས་བསྐྱེད་པའི་རྒྱུ་བྱེད་པ་ཡིན་ནོ། །བཞི་པ་ཡི་གེའི་དོན་བཤད་པ་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས། དོན་བཤད་དངོས། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་སོགས་ཏེ། ཡི་གེ་ལ་སེམས་སྦྱང་བ་བསྟན་པའི་རྗེས་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་སྟོན་པས་ཡི་གེའི་དོན་བཤད་ཀྱི་ཆེད་དུ་བརྗོད་པ་འདི་དག་བརྗོད་དོ། །གཉིས་པ་ལ་གཉིས་ཏེ། ཡི་གེ་སྤྱིའི་དོན་བཤད་དང་། བྱེ་བྲག་བཞི་བཅུ་རྩ་ལྔའི་དོན་བཤད་པའོ། །དང་པོ་ལ་བཞི་སྟེ། ཡི་གེའི་ཆེ་བ། རང་བཞིན། བྱེད་ལས། ངེས་ཚིག་གོ། །དང་པོ་ལ་གཉིས་ཏེ། ཡི་གེ་སྐུ་གསུམ་གྱི་བདག་ཉིད་དུ་བསྟན་པ་དང་། དེ་དག་གི་རྡོ་རྗེ་གསུམ་མཚོན་བྱེད་དུ་བསྟན་པའོ། །དང་པོ་ལ་གསུམ་ལས། དམིགས་མེད་ཆོས་སྐུར་བསྟན་པ་ནི། ཨ་ནི་སྟོང་དང་སོགས་ཚིགས་བཅད་གཅིག་སྟེ། ཡི་གེ་ཨ་ནི་སྟོང་པ་དང་མི་སྟོང་པ་གཉིས་ཀྱི་མཐའ་དང་བྲལ་བར་མ་ཟད། ཟུང་འཇུག་དབུ་མ་ཙམ་དུའང་དམིགས་སུ་ཡོད་པ་མ་ཡིན་པས་སྤྲོས་པ་ཐམས་ཅད་དང་བྲལ་བ་སྟེ། སྤྱི་མདོ་ལས། སྣང་དང་མི་སྣང་ལ་སོགས་པ། །གཉིས་སུ་རྟོག་པ་ཐམས་ཅད་མཐའ། །ཀུན་མཁྱེན་རྣམས་ནི་དབུས་ལའང་མིན། །ཞེས་སོ། །དེ་ལྟར་གཏན་ལ་ཕེབས་པས་ཆོས་ཐམས་ཅད་མིང་དུ་བཏགས་པ་ཙམ་ལས་དོན་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ནི་སངས་རྒྱས་ཀུན་གྱི་རང་བཞིན་ཆོས་སྐུར་ངེས་པའི་ཕྱིར། དེའི་རང་གདངས་ཡི་གེ་ཕྲེང་བའི་འཁོར་ལོ་ཉིད་ཀྱང་ཆོས་སྐུའི་ངང་ལ་གནས་པ་ལས་གཞན་དུ་མ་གཡོས་སོ། །གཉིས་པ་དབང་སྒྱུར་ལོངས་སྐུར་བསྟན་པ་ནི། ཨ་ཉིད་སྣ་ཚོགས་སོགས་ཚིགས་བཅད་གཅིག་སྟེ། ཡི་གེ་ཐམས་ཅད་ཀྱི་འབྱུང་ཁུངས་ཨ་ཉིད་ཀྱིས་གོ་ཕྱེ་བས་སྣ་ཚོགས་བར་སྣང་བའི་ཚུལ་ནི་དག་གི་འདུ་བྱེད་ཀྱི་དབང་ལས་ཀ་ལ་སོགས་པ་བཞི་བཅུ་རྩ་གཉིས་སུ་སྣང་བའང་སྒྲའི་ང་རོ་དབྱངས་དང་མིང་གཞི་གསལ་བྱེད་ཀྱི་ཡི་གེ་ཇི་སྙེད་པ་ཐམས་ཅད་འདིར་དེ་སྙེད་དུ་བསྡུས་པ་སྟེ། དེའང་སངས་རྒྱས་བཞི་བཅུ་རྩ་གཉིས་སུ་མངོན་པར་རྫོགས་པར་མངའ་མཛད་པའི་རྒྱལ་པོ་དེ་ཁོ་ན་ཉིད་ལོངས་སྐུའི་ངོ་བོར་ངེས་པའོ། །གསུམ་པ་རོལ་པ་སྣ་ཚོགས་པར་སྣང་བ་སྤྲུལ་སྐུར་བསྟན་པ་ལ་གསུམ་ལས། དང་པོ་སྤྲུལ་སྐུའི་གསུང་དུ་བསྟན་པ་ནི། ཨེ་མ་ཧོ་ངོ་མཚར་སོགས་ཚིགས་བཅད་གཅིག་སྟེ། ཨེ་མ་ཧོ་ཞེས་ཡི་གེ་ཕྲེང་བའི་འཁོར་ལོ་ནི་ཤིན་ཏུ་ངོ་མཚར་ཞིང་ཆེས་ཡ་མཚན་གྱི་གནས་ཏེ། ཅིའི་ཕྱིར་ན། ཆོ་འཕྲུལ་ཆེན་པོ་བསམ་གྱིས་མི་ཁྱབ་པ་མངའ་བའི་ཡི་གེ་ཞེ་གཉིས་ཀྱི་སྟེང་དུ་ཁྱབ་བྱེད་ཀྱི་ཡི་གེ་གསུམ་བསྣན་པས་བཞི་བཅུ་རྩ་ལྔའི་ཚོགས་འདི་དག་འདུས་པ་ལས། དོན་གྱི་ངོ་བོ་ཙམ་སྟོན་པ་མིང་དང་། དོན་གྱི་ཁྱད་པར་སྟོན་པའི་ཚིག་རྣམས་བྱུང་ཞིང་། དེ་འདུས་པ་ལས་ངག་གི་རྣམ་པ་མ་ལུས་པ་འཛིན་པའི་གནས་སུ་གྱུར་ཏེ། གང་འདུལ་སྤྲུལ་སྐུའི་གསུང་རྒྱ་ཆེ་བ་ཐེག་པ་སྣ་ཚོགས་པ་དང་། ཟབ་པ་བརྗོད་བྱའི་དོན་ཆེན་པོ་གདུལ་བྱའི་སྣང་ངོར་སྨྲ་ཞིང་གཞན་ལ་སྟོན་པ་ཡིན་ནོ། །གཉིས་པ་སྤྲུལ་སྐུའི་ཐུགས་སུ་བསྟན་པ་ནི། དངོས་མེད་སོགས་རྐང་པ་གཉིས་ཏེ། ཡི་གེར་སྣང་དུས་ཉིད་ནས་བདེན་པའི་དངོས་པོ་མེད་དེ། ཅིའི་ཕྱིར་ན་ཡི་གེའི་རང་བཞིན་སེམས་ཉིད་ཡིན་པས། སེམས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་ཡི་གེའི་རང་བཞིན་ཡང་བདག་གཉིས་མེད་ཅིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་བློའི་ཡུལ་དུ་ཅིར་ཡང་མི་དམིགས་པ་ནི་ཐུགས་ཀྱི་གསང་བའོ། །གསུམ་པ་སྤྲུལ་སྐུའི་སྐུར་བསྟན་པ་ནི། དབྱིབས་དང་སོགས་རྐང་པ་གཉིས་ཏེ། ཡི་གེའི་རང་བཞིན་དམིགས་པ་མེད་ཀྱང་རོལ་པ་མ་འགགས་པ་ཙམ་དུ། སྤྱི་མདོ་ལས། ཨ་སེང་གེ་གླལ་བ་ལྟ་བུ་ཞེས་སོགས་གསུངས་པ་ལྟར་བརྡར་བཏགས་པ་ཡི་གེའི་གཟུགས་དབྱིབས་དང་། དེ་དག་གི་ཁ་དོག་ཀྱང་ཐ་དད་པ་ལ་བརྟེན་ནས་ངོ་བོ་མིང་ཚིག་སྣ་ཚོགས་ཀྱི་རྣམ་པར་འཕྲུལ་པའི་སྤྲིན་ལས་ལྷ་བསྐྱེད་པའི་ས་བོན་དང་། གླེགས་བམ་གྱི་སྣང་བརྙན་སོགས་ཐུགས་རྗེའི་རོལ་པ་ཅིར་ཡང་སྣང་བས་སྤྲུལ་སྐུའི་མཛད་པ་སྒྲུབ་ཅིང་སྟོན་པའི་ཕྲིན་ལས་ཅན་ནོ། །གཉིས་པ་དེ་དག་གི་རྡོ་རྗེ་གསུམ་མཚོན་བྱེད་དུ་བསྟན་པ་ནི། ཕྱོགས་བཅུ་དུས་བཞིར་སོགས་ཚིགས་བཅད་གཅིག་སྟེ། ཕྱོགས་བཅུ་དུས་བཞིར་འགྲོ་དོན་ལ་གཤེགས་ཤིང་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཡེ་ཤེས་སེམས་དཔའ་རང་བཞིན་གྱི་དཀྱིལ་འཁོར་ཞེ་གཉིས་སུ་འདུས་པ་ཁྱབ་བྱར་བྱས་པའི་དེ་རེ་རེ་ལ་ཁྱབ་བྱེད་སྐུ་གསུང་ཐུགས་གསུམ་གསུམ་དང་ལྡན་པས་དཀྱིལ་འཁོར་ཞེ་གཉིས་ཁྱབ་བྱེད་གསུམ་དང་བཅས་ཏེ་བཞི་བཅུ་རྩ་ལྔའི་བདག་ཉིད་དུ་འདུས་ཤིང་དེ་དག་ཀྱང་ཡི་གེ་མགོ་ཤད་ཏིག་སྟེ་ཁྱབ་བྱེད་གསུམ་དང་། ཀ་ནས་ཀྵའི་བར་གསལ་བྱེད་སོ་བཞི། ཨི་དང་ཨའི་བར་དབྱངས་བརྒྱད་དྲིལ་བས་ཁྱབ་བྱའི་ཡི་གེ་ཞེ་གཉིས་ཏེ། མདོར་ན་ཨའི་ཆོ་འཕྲུལ་ཡི་གེ་བཞི་བཅུ་རྩ་ལྔ་ལ་འདུས་ཤིང་རྫོགས་པའི་ཆོས་སྐུའི་རོལ་པ་གཟུགས་སྐུའི་དཀྱིལ་འཁོར་ཇི་སྙེད་པ་ཐམས་ཅད་ཀྱི་རྩ་བ་མཚོན་པར་བྱེད་པ་ནི་ཡི་གེའོ། །གཉིས་པ་ཡི་གེའི་རང་བཞིན་ནི། སེམས་ཀྱི་སོགས་རྐང་པ་གཉིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་ཡི་གེར་རང་སྣང་བ་སྟེ། དེ་ལས་གཞན་དུ་ཡི་གེ་ཞེས་དངོས་པོར་གྲུབ་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལྟར་ཡང་མདོ་ལས། རབ་འབྱོར་ཡི་གེ་ནི་དོན་དམ་པར་མ་སྐྱེས་པ་སྟེ། ཨའི་ངོ་བོ་ཉིད་དོ། །ཨའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་སེམས་ཀྱི་རང་བཞིན་ཏེ། དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་ལས་ཡང་དག་པར་འདུས་པའོ། །ཞེས་སོ། །གསུམ་པ་བྱེད་ལས་ནི། དམིགས་མེད་དེ་ཉིད་སོགས་ཚིགས་བཅད་གཅིག་སྟེ། ཅིར་ཡང་དམིགས་མེད་ཀྱི་ཡི་གེ་དེ་ཉིད་ཀྱང་རོལ་པ་སྣ་ཚོགས་པར་རང་སྣང་བའི་ཡི་གེ་སྐུ་གསུང་ཐུགས་དཀྱིལ་འཁོར་གྱི་འཁོར་ལོ་ཆེན་པོར་མ་འགགས་པ་སྟེ། དེས་ཡེ་ནས་སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པ་ནི་ངོ་མཚར་གྱི་གནས་ཡ་མཚན་ཞིང་ཆོ་འཕྲུལ་ཆེན་པོར་སྣང་བའི་དངོས་གྲུབ་ཉིད་རང་རིག་པའི་མངོན་སུམ་དུ་རབ་ཏུ་འགུགས་ཤིང་འདྲེན་པར་བྱེད་པ་ཡིན་ནོ། །བཞི་པ་ངེས་ཚིག་ནི། དབྱིངས་ལ་སོགས་རྐང་པ་གཉིས་ཏེ། ཡུལ་ཆོས་ཀྱི་དབྱིངས་ལ་ཡུལ་ཅན་མཚན་མེད་ཤེས་རབ་ཀྱི་དབྱིངས་ཀྱིས་བྱ་རྩོལ་མེད་པའི་བྲིས་པ་སྟེ། དེའི་ཕྱིར་ཡེ་ནས་ལྷུན་གྱིས་གྲུབ་པའི་ཡི་གེའི་སྤྲིན་འགྱུར་བ་མེད་ཅིང་རྣམ་པ་བརྗོད་བྱ་ཐམས་ཅད་གསལ་བའི་ནུས་པ་དང་ལྡན་པས་ཡི་གེ་ཞེས་པའི་མིང་ནི་ཐ་སྙད་ཙམ་དུ་བརྗོད་པ་སྟེ། ཡི་གེའི་སྐད་དོད་ཨཀྵ་རའི་སྒྲ་ལས་དྲངས་ན་མི་འགྱུར་བ་དང་། བྱཉྫ་ན་གསལ་བྱེད། ཝཪྞ་ནུས་པ་དང་ལྡན་པར་འཇུག་པའི་ཕྱིར་རོ། །གཉིས་པ་བྱེ་བྲག་གི་དོན་བཤད་པ་ལ་གཉིས་ཏེ། ཁྱབ་བྱེད་གསུམ་དང་། ཁྱབ་བྱ་ཞེ་གཉིས་ཀྱི་དོན་བཤད་པའོ། །དང་པོ་ནི། མགོ་ནི་སོགས་རྐང་པ་གསུམ་སྟེ། མཚོན་བྱེད་ཡི་གེ་མགོ་ནི་བེར་ཀ་རིས་ཏེ། མཚོན་བྱའི་དོན་ཟུང་འཇུག་མ་ནོར་བ་གཉིས་མེད་ཡེ་ཤེས་ཀྱི་རང་བཞིན་ཐུགས་རྡོ་རྗེ་མཚོན། བྱེད་ལས་ནི་ཡི་གེ་ཐམས་ཅད་ཀྱི་འགོ་འདྲེན་ཅིང་འཇུག་པའི་སྒོར་གྱུར་པས་ལམ་དང་འདྲ་བ་ཡིན་ཏེ། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། མགོ་ནི་ཐོག་མར་མཚོན་པ་སྟེ། །དང་ལ་གཟུགས་སུ་གང་གསལ་བ། །དེ་ནི་ཡི་གེའི་མགོ་ཡིན་ཏེ། །བེར་ཀ་རིས་ལ་མགོ་ཞེས་བྱ། །ཞེས་སོ། །ཡི་གེ་ཏིག་ནི་ཚེག་སྟེ། དོན་ཤེས་རབ་བརྗོད་མེད་ཀྱི་རང་བཞིན་གསུང་རྡོ་རྗེ། བྱེད་ལས་ཡི་གེ་རྣམས་འདུས་པ་དབྱངས་ཀྱིས་བཅིངས་པས་དངོས་པོ་སོ་སོའི་མིང་དུ་གྲུབ་པ་མ་འདྲེས་པར་སྨྲ་བ་སྟེ། ཡོ་ག་རྒྱན་དམ་པ་ལས། སྡུད་པའི་ཕྱིར་ན་ཚེག་ནི་ཏིག །འཐོར་བ་བསྡུས་ནས་མིང་དུ་སྨྲ། །ཞེས་སོ། །འདིར་ཁ་ཅིག་རྒྱ་གར་གྱི་དཔེ་ལ་ཚེག་མེད་པས་བོད་མའོ་ཟེར་བ་ནི། དཔུང་བཟང་ལས། གུག་བཀྱེད་ཀླད་ཀོར་ཚེག་རྣམས་མ་ཉམས་པར། །ཞེས་པ་མ་མཐོང་བར་ཟད་དོ། །ཡི་གེ་ཤད་ནི་དོན་ཐབས་སྙིང་རྗེ་ཆེན་པོས་འདུལ་བའི་རང་བཞིན་སྐུ་རྡོ་རྗེ། བྱེད་ལས་རྐང་པ་སྡེབས་ནས་ཚིགས་སུ་གཅོད་པར་བྱེད་པ་སྟེ། སྤྱི་མདོར། གཅོད་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་དབྱུག་པ་ཞེས་བླ་དྭགས་སུ་བཏགས་སོ། །ཞེས་སོ། །གཉིས་པ་ལ་བདུན་ལས། དང་པོ་བཟང་མོ་དང་རིགས་ལྔ་ཡབ་ཡུམ་གྱི་ཡི་གེ་ནི། ཨ་ནི་སྐྱེ་མེད་སོགས་རྐང་པས་དམན་པའི་ཚིགས་བཅད་གསུམ་སྟེ། ཡི་གེ་ཨ་ནི་ཆོས་ཐམས་ཅད་སྐྱེ་མེད་དེ་བཞིན་ཉིད་ཀྱི་དབྱིངས་བྱ་བ་མོ་ཀུན་ཏུ་བཟང་མོ་སྟེ། ཡུམ་བར་མ་ལས། ཨ་ཞེས་བྱ་བ་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་དང་། སྒྱུ་འཕྲུལ་གྱི་ཕྱི་མ་ལས། ཨ་ནི་སྟོང་པ་ཡེ་ནས་སྟོང་། །སྟོང་པ་ཉིད་ན་སྟོང་པ་མེད། །ཡི་གེ་ཀུན་གྱི་གཞིའམ་རྒྱུ། །ཡིན་པའི་ཕྱིར་ན་མགོ་བོར་བཞག །ཅེས་ཡི་གེ་ཀུན་གྱི་འབྱུང་ཁུངས་ཡིན་པས་ཐོག་མར་སྨོས་སོ། །ཋ་ཡིག་ནི་སྒྱུ་མ་ལྟ་བུའི་རྣམ་ཤེས་ཆོས་དབྱིངས་ཡེ་ཤེས་སུ་དག་པའི་ཕྱག་རྒྱར་འཕྲུལ་པ་རྡོ་རྗེ་མི་བསྐྱོད་པ་ཉིད་དེ། འདིར་ཡབ་ལྔ་ལ་སྒྱུ་འཕྲུལ་གྱི་སྒྲས་སྟོན་པའང་། ཕུང་པོ་ལྔ་སྒྱུ་མའི་སྣང་བ་ལྟར་མེད་པ་གསལ་སྣང་ཙམ་དུ་འཆར་བ་མ་འགགས་ཀྱང་། འཆར་གཞི་གཉུག་མ་རང་རིག་པའི་ཡེ་ཤེས་སུ་རྣམ་པར་དག་པ་ནི་ཡེ་ཤེས་ལྔ་ཡིན་ལ། དེ་ཉིད་ཐབས་ཀྱི་ཕྱག་རྒྱར་འཕྲུལ་པ་ནི་དེ་བཞིན་གཤེགས་པ་ཡབ་ལྔ་སྟེ། ལེ་ལག་ལས། ལྔ་ཕུང་སྒྱུ་མའི་ཡེ་ཤེས་ལ། །རང་རིག་ཐབས་ཀྱིས་རིགས་ལྔར་འཕྲུལ། །ཞེས་སོ། །དེ་ལྟར་སྤྱིའི་མཚན་སྒྱུ་འཕྲུལ་འགྲེལ་བ་ལས་སོ་སོའི་ཁྱད་ཆོས་ལ། ཊ་ནི་མེ་ལོང་ཡེ་ཤེས་ཀྱི་ཕྱག་རྒྱར་སྣང་བའི་ལྷ་རྣམ་སྣང་། ཌ་ནི་མཉམ་ཉིད་ཡེ་ཤེས་ཀྱིས་རེ་བ་ཡིད་བཞིན་དུ་སྐོང་བའི་ཕྱག་རྒྱ་རིན་འབྱུང་། ཌྷ་ནི་ཆོས་ཀུན་སོ་སོར་མ་འདྲེས་པའི་གཟིགས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྣང་མཐའ། ཎ་ནི་གདུལ་བྱའི་དོན་ཀུན་ཏུ་མཐར་ཕྱིན་པར་མཛད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དོན་གྲུབ་ཉིད་དོ། །ཐ་ནི་དྲྭ་བས་ཏེ་ཡུམ་རྣམས་དབྱིངས་ཀྱི་ཕྱག་རྒྱ་ཡིན་པས་ཆོས་ཅན་ཐམས་ཅད་དང་འབྲེལ་ཞིང་། རྣམ་པའང་ཡབ་དང་ཕན་ཚུན་ཐབས་ཤེས་ཟུང་འབྲེལ་དུ་བཞུགས་པས་སམ་ཡུམ་གྱི་མཁའ་དྲྭ་བ་དང་ཆོས་མཐུན་པས་ཀྱང་དྲྭ་བ་ཞེས་པའི་སྒྲས་བསྟན་ནོ། །སོ་སོའི་ཁྱད་པར་ནི། ཐ་ནི་ཆོས་ཉིད་ཀྱི་མཁའ་ལ་ཆོས་ཅན་ཐམས་ཅད་མངོན་པར་རྫོགས་པའི་ཕྱག་རྒྱ་དབྱིངས་ཕྱུག་མ་ཉིད་དོ། །ཏ་ནི་སྲ་བརྟན་སའི་ཁམས་ཡོན་ཏན་གྱི་རྟེན་དུ་གྱུར་པ་སྤྱན་མ། ད་ནི་ལྷག་མཐོང་གི་མེ་ལྷམ་མེར་གསལ་བ་གོས་དཀར། དྷ་ནི་མཉེན་ཅིང་འཁྲིལ་བ་ཆུས་ཡོན་ཏན་སྡུད་པ་མཱ་མ་ཀཱི །ན་ནི་ཀུན་ཏུ་གཡོ་ཞིང་འགྱུར་བས་གདུལ་བྱ་སྒྲོལ་བ་དམ་ཚིག་སྒྲོལ་མའོ། །གཉིས་པ་ནང་སེམས་བཞི་ཤར་སྒོའི་ཁྲོ་བོ་དང་བཅས་པའི་ཡི་གེ་ནི། ཀ་ནི་སྤྱན་གྱི་སོགས་རྐང་པ་ལྔ་སྟེ། ཡུལ་སོ་སོར་རིག་པ་སྒོ་ལྔའི་རྣམ་ཤེས་ལ་འདིར་ཐུགས་ཀྱི་སྒྲས་བསྟན་ཏེ། ཀ་ནི་སྤྱན་གྱི་རྣམ་ཤེས་དག་པས་ཐུགས་ཀྱི་མཆོག་ས་སྙིང་། ཁ་ནི་སྙན་གྱི་རྣམ་ཤེས་དག་པ་ཕྱག་རྡོར། ག་ནི་ཤངས་ཀྱི་རྣམ་ཤེས་དག་པ་ནམ་སྙིང་། གྷ་ནི་ལྗགས་ཀྱི་རྣམ་ཤེས་དག་པ་སྤྱན་རས་གཟིགས། ང་ནི་ལུས་ཤེས་ཀྱི་མཐར་ཐུག་གསང་བའི་རྣམ་ཤེས་ཀྱིས་བདེ་བ་མྱོང་དུས་མིག་ཤེས་ལ་སོགས་པའི་རྟོག་པ་འགག་པས་ཐུགས་ཀྱང་འཇིག་པར་བྱེད་པ་གཤིན་རྗེ་གཤེད་དོ། །གསུམ་པ་ནང་གི་སེམས་མ་བཞི་ལྷོ་སྒོའི་ཁྲོ་བོ་དང་བཅས་པའི་ཡི་གེ་ནི། ཙ་ནི་སྤྱན་གྱི་སོགས་རྐང་པ་ལྔ་སྟེ། སྒོ་ལྔའི་རྣམ་ཤེས་སྐྱེ་བའི་རྟེན་བྱེད་པས་ན་ཡུལ་ལྔ་ལ་སྐུའི་སྒྲས་བསྟན་ཏེ། ཙ་ནི་སྤྱན་གྱི་ཡུལ་གཟུགས་རྣམ་པར་དག་པས་སྐུའི་མཆོག་སྒེག་མོ། ཚ་ནི་སྙན་གྱི་ཡུལ་སྒྲ་དག་པ་གླུ་མ། ཛ་ནི་ཤངས་ཀྱི་ཡུལ་དྲི་དག་པ་ཕྲེང་མ། ཛྷ་ནི་ལྗགས་ཀྱི་ཡུལ་རོ་དག་པ་གར་མ། ཉ་ནི་ཡུལ་རེག་བྱའི་མཐར་ཐུག་གསང་བའི་པདྨ་དང་འཕྲད་པའི་དུས་ཡུལ་གཞན་གྱི་རྟོག་པ་འགག་པས་སྐུ་ཡང་འཇིག་པར་བྱེད་པ་སྟོབས་ཆེན་ནོ། །བཞི་པ་ཕྱི་སེམས་བཞི་ནུབ་སྒོའི་ཁྲོ་བོ་དང་བཅས་པའི་ཡི་གེ་ནི། པ་ནི་སྤྱན་གྱི་སོགས་རྐང་པ་ལྔ་སྟེ། ཡུལ་དང་ཤེས་པ་གཉིས་ཕྱི་ནང་དུ་བརྡ་སྦྱོར་བྱེད་པས་ན་དབང་པོ་ལྔ་ལ་གསུང་གི་སྒྲས་བསྟན་ཏེ། པ་ནི་སྤྱན་གྱི་དག་པས་གསུང་གི་མཆོག་བྱམས་པ། ཕ་ནི་སྙན་གྱི་དབང་པོ་དག་པ་སྒྲིབ་སེལ། བ་ནི་ཤངས་ཀྱི་དབང་པོ་དག་པ་ཀུན་བཟང་། བྷ་ནི་ལྗགས་ཀྱི་དབང་པོ་དག་པ་འཇམ་དཔལ། མ་ནི་རེག་བྱེད་ལུས་དབང་གི་མཐར་ཐུག་གསང་བའི་དབང་པོས་ཡུལ་བཞིར་འཛིན་པའང་མི་གནས་པས་གསུང་ཡང་འཇིག་པར་བྱེད་པ་རྟ་མགྲིན་ནོ། །ལྔ་པ་ཕྱིའི་སེམས་མ་བཞི་སྒོ་མ་བཞི་དང་བཅས་པའི་ཡི་གེ་ནི། ཡ་ནི་སྐྱེ་བ་སོགས་ཚིགས་བཅད་གཉིས་ཏེ། ཡ་ནི་ད་ལྟར་བ་སྐྱེ་བའི་གོ་འབྱེད་བྱེད་འདས་པའི་དུས་རྣམ་པར་དག་པ་སྤོས་མ། ཝ་ནི་གནས་བཞིན་པ་ད་ལྟར་བའི་དུས་དག་པ་མེ་ཏོག་མ་ཡིན་ནོ། །ར་ནི་ད་ལྟར་བ་འདི་འཇིག་པ་མ་འོངས་པའི་དུས་དག་པ་སྟེ་མར་མེ་མ། ལ་ནི་དུས་གསུམ་གང་དུའང་ཐ་སྙད་གདགས་རུང་གིས་སྟོང་པ་མ་ངེས་པའི་དུས་དག་པ་དྲི་ཆབ་མའོ། །ཤ་ནི་ཆོས་ལ་རྟག་པ་མེད་པར་འཛིན་པ་དག་པ་སྟེ་ལྕགས་ཀྱུ་མ། ཥ་ནི་ཆད་པར་འཛིན་པའང་ཡོད་པ་མ་ཡིན་པ་སྟེ་ཞགས་པ་མ། ས་ནི་བདག་གཉིས་སུ་འཛིན་པའི་མཐའ་དང་བྲལ་བས་བདག་མེད་པ་སྟེ་ལྕགས་སྒྲོག་མ། ཧ་ནི་མཚན་མ་མེད་པའི་ཆོས་ཉིད་དུ་འཛིན་པའང་དག་པ་དྲིལ་བུ་མའོ། །དྲུག་པ་ཀུན་བཟང་ཐུབ་དྲུག་དང་བཅས་པའི་ཡི་གེ་ནི། ཀྵ་ནི་ཡེ་ཤེས་སོགས་རྐང་པ་བདུན་ཏེ། ཀྵ་ནི་རྣམ་ཤེས་ཡེ་ཤེས་སུ་དག་པ་ཐུགས་ཀྱི་བདག་ཉིད་རང་བྱུང་ཡེ་ཤེས་ཀྱི་ཐུགས་རིགས་དྲུག་པ་ཀུན་ཏུ་བཟང་པོ་སྟེ། འདིར་ཐུགས་ཀྱི་སྒྲ་ཟློས་ཏེ་བསྟན་པ་ནི། ཡིད་ཀྱི་རྣམ་ཤེས་ཀྱིས་རང་ཡུལ་ཆོས་དང་སྒོ་ལྔའི་ཡུལ་གཉིས་ཀ་གཅོད་པར་བྱེད་པའི་ཕྱིར་རོ། །ཨི་ནི་རྒྱ་མཚོ་ཆེན་པོའི་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་ལྷ་རྣམས་ཀྱི་གནས་སུ་འདུལ་བྱེད་རིགས་མཐུན་གྱི་གཟུགས་སུ་སྣང་བ་ལྷའི་ཐུབ་པ་བརྒྱ་བྱིན་དང་། ཨཱི་ནི་རྡུལ་སྙེད་ལྷ་མིན་གྱི་ཐུབ་པ་ཐག་བཟང་རིས། ཨུ་ནི་རྡུལ་སྙེད་མི་རྣམས་ཀྱི་གནས་སུ་ཤཱཀ་ཐུབ། ཨཱུ་ནི་རྡུལ་སྙེད་བྱོལ་སོང་རྣམས་ཀྱི་ཐུབ་པ་སེང་གེ་རབ་བརྟན། ཨེ་ནི་རྡུལ་སྙེད་ཡི་དྭགས་རྣམས་ཀྱི་གནས་སུ་ཁ་འབར་དེ་བ། ཨཻ་ནི་རྡུལ་སྙེད་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་རྣམས་སུ་བསྟན་ནས་འདུལ་བ་སྟེ། ཡི་གེ་དྲུག་པོ་ཀྵ་ཡིག་གི་རྗེས་སུ་འབྱུང་བའང་བྱེད་པ་པོ་ཀུན་བཟང་གི་ཐུགས་རིག་པ་ཡེ་ཤེས་ཀྱི་བྱིན་རླབས་ལས་འགྲོ་འདུལ་གྱི་སྤྲུལ་སྐུར་བསྟན་པ་མཚོན་ནོ། །བདུན་པ་བྱང་སྒོའི་ཁྲོ་བོའི་ཡི་གེ་ནི། ཨོ་ནི་སོགས་རྐང་པ་གཉིས་ཏེ། ཨོ་ནི་ཡུལ་དབང་ཤེས་གསུམ་འདུས་པ་རེག་པའི་མཐར་ཐུག་གསང་བའི་ཁམས་གསུམ་གྱི་རྟོག་པ་ཐམས་ཅད་བདེ་བའི་ངང་དུ་འཇིག་པར་བྱེད་ཅིང་། ཨ་ནི་བདེ་བའང་སྟོང་པར་གྲོལ་བས་རྟོག་པ་ཐམས་ཅད་མི་གནས་པར་ཞིག་པ་ཡིན་ཏེ་རྒྱུ་འབྲས་རོ་གཅིག་པས་ཡི་གེ་གཉིས་པོ་དེ་བདུད་རྩི་འཁྱིལ་བར་བསྡུས་སོ། །གསུམ་པ་མཇུག་བསྡུ་བ་ནི། ཡི་གེ་ནས་ཨ་ཧོཿའི་བར་ཏེ། དེ་ལྟར་ན་གསུང་ཡི་གེ་འཁོར་ལོའི་ཚོགས་ཆེན་འདི་རྣམས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཕྲེང་བ་རྣམས་མ་ལུས་པར་བསྡུས་པའོ་ཞེས་ཆེད་དུ་བརྗོད་དོ། །དེ་ལྟར་གསུང་ཡི་གེའི་འཁོར་ལོ་གཏན་ལ་ཕབ་པ་ལ་དགྱེས་པས་ཨ་ཧོཿཞེས་ངོ་མཚར་བར་བསྟན་པའོ། །གཉིས་པ་བསྡུས་ཏེ་བསྟན་པ་ལ་བཞི་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ། བསྡུས་བ་དངོས། བཀའ་གསང་སྔགས་མཚོན་པ། ཡོན་ཏན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། རྒྱས་པར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཡབ་རྣམས་ཡུམ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་རང་བཞིན་གྱི་དཀྱིལ་འཁོར་དེ་དག་ཉིད་ཀྱི་དོན་རྟོགས་དཀའ་བའི་གསང་བ་འདི་ཉིད་སྟོན་པའི་སྐུ་སོགས་རིགས་ལྔ་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་ཕྱུང་ངོ་། །གཉིས་པ་ནི། ཨ་ཧོཿ ཐབས་དང་ནས་ཨ་ཧོཿའི་བར་ཏེ། ཨ་སྐྱེ་བ་མེད་པ་ཤེས་རབ་དང་། ཧོཿདགྱེས་པ་ཐབས་ཏེ་ཟུང་འཇུག་ཡི་གེའི་འཁོར་ལོ་ལ་ངོ་མཚར་བའོ། །དེ་ཡང་ཐབས་སྣང་བ་དང་ཤེས་རབ་སྟོང་པ་ཉིད་དབྱེར་མེད་སྤྲོས་བྲལ་གྱི་ཡེ་ཤེས་ཏེ། དེར་ཡི་གེ་དམིགས་མེད་ཆོས་སྐུར་བསྟན་པའི་ཚིགས་བཅད་གཅིག་བསྡུའོ། །སེམས་ཉིད་སྣང་སྟོང་གཉིས་མེད་དུ་སྦྱོར་བའི་དགྱེས་རོལ་ལས་སྤྱོད་ཡུལ་ཐམས་ཅད་ཨའི་སྤྲིན་ཆེན་པོར་སྤྲོ་ཞིང་བསྡུ་བ་སྟེ། ཨ་ཡིག་ལ་སེམས་སྦྱང་བ་བསྡུའོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ཨ་ལས་ཡི་གེ་ཞེ་གཉིས་ཀྱི་ཚོགས་ཀྱང་སྤྲོ་ཞིང་བསྡུ་བ་སྟེ། ཡི་གེ་གཞན་ལ་སེམས་སྦྱང་བ་བསྡུའོ། །སྟོན་པའི་ཐུགས་རྗེ་དང་ལམ་པས་ཡི་གེ་ལ་སེམས་སྦྱོང་བའི་ཐབས་ནི་ཡི་གེ་འཁོར་ལོ་དང་འབྲས་བུ་ཡེ་ཤེས་ཀྱི་རྒྱུར་ངེས་པ་སྟེ། ལེའུ་སྤྱི་དང་། ཡི་གེའི་དོན་བཤད་གཉིས་ཀྱི་གསུངས་པ་ལོ་རྒྱུས་དང་། འདི་ནི་སོགས་ཡེ་ཤེས་ཀྱི་རྒྱུར་བསྟན་པ་རྣམས་བསྡུའོ། །གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡི་གེའི་སྤྲིན་ནི་སྟོན་པའི་ཐུགས་རྗེ་ལས་རང་སྣང་བ་སྟེ། ཨ་ཀ་ཁ་སོགས་ཡི་གེ་ཇི་ལྟར་བྱུང་བའི་ཚུལ་བསྡུའོ། །སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ཕྱག་རྒྱ་རྨད་དུ་བྱུང་བའི་འབྲས་བུ་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་སྨིན་པས་དོན་གཉིས་གྲུབ་པ་སྟེ། དེ་དག་གི་རྡོ་རྗེ་གསུམ་མཚོན་བྱེད་དུ་བསྟན་པ་དང་། འགོ་ནི་མ་ནོར་སོགས་བྱེ་བྲག་ཡི་གེ་བཞི་བཅུ་རྩ་ལྔའི་དོན་བཤད་པ་བསྡུའོ། །ཡི་གེའི་སྒོ་ནས་ཟབ་པ་དང་རྒྱ་ཆེ་བའི་དོན་སྟོན་པ་ལ་ངོ་མཚར་བ་སྟེ། ཡི་གེ་སྤྲུལ་སྐུའི་གསུང་དུ་བསྟན་པ་བསྡུའོ། །ཆོས་ཐམས་ཅད་མིང་གི་ཚོགས་པ་ཙམ་ལས་ངོ་བོ་གང་དུའང་མ་གྲུབ་པ་སྟེ། ཡི་གེ་འབྱུང་བའི་མཐུ་བཤད་པ་བསྡུའོ། །ཡི་གེ་བཞི་བཅུ་རྩ་གཉིས་ནི་རྒྱལ་བ་ཞེ་གཉིས་ཀྱི་རང་བཞིན་དུ་མངོན་པར་གྲུབ་པ་སྟེ། ཡི་གེ་དབང་སྒྱུར་ལོངས་སྐུར་བསྟན་པ་བསྡུའོ། །ཡི་གེ་དེ་དག་ཀྱང་རྒྱུ་རྐྱེན་གྱིས་གསར་དུ་འདུ་མ་བྱས་པ་སེམས་ཀྱི་ཆོས་ཉིད་དམིགས་པ་དང་བྲལ་བ་སྟེ། ཡི་གེ་སྤྲུལ་སྐུའི་ཐུགས་སུ་བསྟན་པ། ཡི་གེའི་རང་བཞིན། ཡི་གེའི་ངེས་ཚིག་རྣམས་བསྡུའོ། །དེ་ལྟ་ནའང་ལམ་པའི་ངོར་ཡི་གེ་དེ་དག་འདུས་བྱས་པ་ལྟར་དབྱིབས་ཁ་དོག་སོགས་ཀྱི་རོལ་པ་མ་འགགས་པ་སྣང་བ་སྟེ། ཡི་གེའི་སྤྲུལ་སྐུའི་སྐུར་བསྟན་པ་བསྡུའོ། །སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་དཀྱིལ་འཁོར་མ་ལུས་པ་གསུང་ཡི་གེའི་འཁོར་ལོས་མངོན་དུ་འབྱིན་པ་ལས་མི་འདའ་བའི་དམ་ཚིག་སྟེ། ཡི་གེ་འཁོར་ལོ་སོགས་མཇུག་བསྡུའི་རྐང་པ་གཉིས་བསྡུའོ། །དེ་ལྟར་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་སྣང་བར་མཛད་པའི་དམ་ཚིག་ལས་འདའ་བར་མི་མཛད་པས་འབྲས་བུ་སྐུ་དང་ཡེ་ཤེས་ཀྱིས་བསྡུས་པའི་དངོས་གྲུབ་མི་འགྲུབ་པའི་དབང་མེད་དེ། འགྲུབ་བྱེད་ཀྱི་རྒྱུ་ལྟ་བ་དང་རྐྱེན་བསྒོམ་པའི་ཏིང་ངེ་འཛིན་ཚོགས་པའི་མཐུ་ཆེན་པོ་ལས་འབྲས་བུ་མངོན་དུ་ཐོབ་པ་ཆོས་ཉིད་ཡིན་པའི་ཕྱིར་ཏེ། དམིགས་མེད་དེ་ཉིད་སོགས་ཡི་གེའི་བྱེད་ལས་བསྡུའོ། །དེ་ལྟར་བསྡུས་པ་ལ་ཨ་ཧོཿཞེས་ངོ་མཚར་བས་མཉེས་པའོ། །གཞན་ཡང་ཐབས་ལམ་སྟེང་འོག་གི་སྒོ་གཉིས་དང་སྦྱར་ནས་འཆད་པའི་བཀའ་སྲོལ་ཀྱང་ཡོད་དེ། སྤྲོ་ཞིང་ནུས་ན་འཆད་པ་པོས་བསྙད་པར་བྱའོ། །གསུམ་པ་ནི། རྡོ་རྗེ་སོགས་ཏེ། ཡི་གེ་འཁོར་ལོ་བཀོད་པའི་དོན་རྣམས་རྡོ་རྗེ་འཛིན་པ་གསང་བའི་བདག་པོས་ཚིག་ཏུ་བསྡུས་པའོ། །བཞི་པ་ནི། ཞེས་བརྗོད་པས་སོགས་ཏེ། ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བའི་འཁོར་ལོའི་དོན་ཐམས་ཅད་དེ་ཙམ་དུ་འདུས་སོ་ཞེས་ཆེད་དུ་བརྗོད་པས་གཞི་འབྲས་ཀྱི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་ཡི་གེ་ཕྲེང་བའི་འཁོར་ལོ་དང་རང་བཞིན་གཉིས་སུ་མེད་པར་གྱུར་ཏོ། །གསུམ་པ་ལེའུའི་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས་འདིས་ཆོས་ཐམས་ཅད་མིང་ཙམ་ལས་དོན་ལ་མ་གྲུབ་པ་མཚོན་བྱེད་ཡི་གེ་ཕྲེང་བའི་འཁོར་ལོ་སྟོན་པའི་ཐུགས་རྗེ་དང་གདུལ་བྱའི་སེམས་ཉིད་ལས་རང་སྣང་བར་བཀོད་ཅིང་བསྟན་པའི་ལེའུ་སྟེ་བཞི་པའོ།། ༈ །།ལེའུ་ལྔ་པ་ལ་གསུམ་སྟེ། གསུང་པ་ལོ་རྒྱུས་སུ་བརྗོད་པ་དང་། གཞུང་དངོས། མཚན་ནོ། །དང་པོ་ནི། དེ་ནས་ཡི་གེ་སོགས་ཏེ། གསུང་ཡི་གེའི་དཀྱིལ་འཁོར་བསྟན་པ་དེ་ནས་བཤད་མ་ཐག་གི་ཡི་གེ་འཁོར་ལོའི་སྤྲིན་བཀོད་པའི་མཐུ་ལས་ཐབས་ཤེས་ཟུང་འཇུག་སྒྱུ་འཕྲུལ་ལྷའི་དཀྱིལ་འཁོར་དང་། ལས་དང་དངོས་གྲུབ་སྒྲུབ་པའི་རིམ་པ་རྣམ་པར་འཕྲོ་བ་འདི་ཆེད་དུ་བརྗོད་དོ། །གཉིས་པ་གཞུང་དངོས་ལ་གསུམ་སྟེ། གང་གིས་སྒྲུབ་པ་རྟེན་གྱི་གང་ཟག །རྟོགས་གོམས་ཀྱི་ཐབས་ཀྱིས་ཇི་ལྟར་འགྲུབ་ཚུལ། གཞུང་གསུངས་པའི་ཡོན་ཏན་ནོ། །དང་པོ་ནི། སྟོན་པ་མཆོད་བརྩོན་སོགས་ཚིགས་བཅད་གཅིག་སྟེ། ཐར་ལམ་སྟོན་པ་པོ་བླ་མ་རྡོ་རྗེ་སློབ་དཔོན་མཆོད་པ་ལ་བརྩོན་ཞིང་ཕན་ནུས་ཟབ་མོའི་དབང་གསུམ་ཐོབ་པས་རྒྱུད་སྨིན་པ། ལྟ་བ་ལྷག་པ་བདེན་པ་དབྱེར་མེད་ཀྱི་གནས་ལུགས་རྟོགས་པ་དང་། རྟོགས་དོན་སྒོམ་པའི་ཏིང་ངེ་འཛིན་གསལ་བ། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་མ་ཉམས་པས་རྣམ་པར་དག་པ། རྒྱུ་རྐྱེན་ལས་ཀྱི་སྔགས་གསུམ་དང་། དམ་ཚིག་ལས་ཆོས་རྒྱ་བཞིའི་ཕྱག་རྒྱ་རྣམས་ལེགས་པར་ཤེས་ཤིང་། ལམ་རིམ་ལས། དམ་ཚིག་ལྟ་བ་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་སྟེ། །ལྷག་པའི་ཡོ་བྱད་ལྔ་རྫོགས་བྱ། །ཞེས་པ་ལྟར་ལམ་དུས་ཀྱི་ཡོ་བྱད་ལྔའམ། །ཡང་ན་བཟའ་དང་བཏུང་བ། རྒྱན་དང་བགོ་བ། གླུ་ཚིག་སྒྲ། བྲོ་གར་འདུ་འཕྲོ། ཨཱ་ལི་ཀཱི་ལི་སྟེ་སྒྲུབ་པ་རྫས་ཀྱི་ཡོ་བྱད་ལྔ་དང་ལྡན་པས་བསྒྲུབས་ན་འགྲུབ་པར་འགྱུར་ལ། ཆོས་དེ་དག་དང་མི་ལྡན་པས་ནི་བསྒྲུབས་ཀྱང་དོན་མེད་པར་མ་ཟད། སྒྲུབ་པ་པོ་རང་ཉིད་བརླག་པར་འགྱུར་རོ་ཞེས། ཁེ་ཉེན་དང་བཅས་ཏེ་བསྟན་ནོ། །གཉིས་པ་ལ་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་འཛིན། མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་དོ། །དང་པོ་ལ་གཉིས་ཏེ། རྟོགས་པའི་ཐབས་ལ་གདམས་པ་དང་། རྟོགས་བྱ་ལྟ་བའི་ངོ་བོ་བཤད་པའོ། །དང་པོ་ནི། གང་གིས་དམིགས་མེད་སོགས་ཚིགས་བཅད་གཅིག་སྟེ། གང་ཟག་གང་གིས་སེམས་ཉིད་གང་དུའང་དམིགས་སུ་མེད་པའི་དོན་མི་ཤེས་པ་དེ་ཡིས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་མཐའ་བྲལ་གྱི་གནས་ལུགས་ཟབ་མོ་མི་ཤེས་ལ། རྒྱུ་མཚན་དེའི་ཕྱིར་ཕྱི་ནང་གི་གྲུབ་མཐའ་དངོས་པོར་ལྟ་བ་རྣམས་དང་། དངོས་པོ་མེད་པར་འཛིན་པ་དེ་ཐམས་ཅད་ཅིར་ཡང་མ་གྲུབ་ཅིང་གང་དུའང་མ་འགགས་པའི་སེམས་ཉིད་མཐའ་བྲལ་གྱི་ངང་དེར་འཇིག་པའི་ཚུལ་རྟོགས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་དམིགས་མེད་བསམ་བརྗོད་དང་བྲལ་བའི་དོན་དེ་ཉིད་ཤེས་པར་གྱིས་ཤིག་ཅེས་གདམས་སོ། །གཉིས་པ་ནི། གཞི་རྩ་མེད་པའི་སོགས་རྐང་པ་བདུན་ཏེ། བརྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་མེད་པའི་སེམས་ཉིད་གཉུག་མའི་རང་བཞིན་ནི། འདི་ཞེས་ཅིར་ཡང་གདགས་སུ་མེད་དེ། ཕོ་དང་མོ་དང་མ་ནིང་གསུམ་ཡང་མིན་ལ། དེ་ལས་གཞན་དུ་མཚན་མེད་དང་། འགྲོ་བ་རིགས་དྲུག །རྒྱལ་རིགས་སོགས་རིགས་བཞི། རིགས་སོ་སོའི་རྒྱུད་སོགས་གང་ཡང་མ་ཡིན་ཞིང་། དཀར་དམར་སོགས་ཁ་དོག་དང་། གྲུ་བཞི་ཟླུམ་པོ་སོགས་དབྱིབས་སུ་གྲུབ་པ་དང་། བརྟེན་བྱའི་གནས་དང་རྟེན་བྱེད་ཀྱི་རྫས་སོགས་དངོས་པོ་དང་དངོས་མེད་ཀྱི་ཆོས་སུ་གྲུབ་པ་མ་ཡིན་ཏེ། མདོར་ན་གང་ཡང་ཡིན་པར་མི་འགྱུར་བས་མཐའ་ཅིར་ཡང་གྲུབ་པ་མིན་པ་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་ཏེ། དེ་ཉིད་གཞི་མངོན་དུ་བྱེད་པ་ལས་མི་འདའ་བ་ཐབས་ཀྱི་ཕྱག་རྒྱ་ལམ་དང་། རྟོགས་མ་རྟོགས་ཀྱི་བྱེད་པས་འཁོར་འདས་སུ་སྣང་བ་ཀུན་གྱི་གཞིའམ་རྒྱུ་སྟེ། ཅིའི་ཕྱིར་ན། སེམས་ཀྱི་ཆོས་ཉིད་ལས་གཞན་དུ་གྱུར་པའི་ཆོས་འགའ་ཡང་མེད་པའི་ཕྱིར་རོ། །དེ་ཡང་ལེའུ་ལྔ་པ་འདི་ཉིད་བརྒྱུད་པའི་བཀའ་སྲོལ་ལ་མཚན་ཉིད་གསུམ་དུ་དྲིལ་ནས་འཆད་པས་ན། རྟོགས་པའི་ཐབས་དང་རྟོགས་བྱའི་ངོ་བོ་བཤད་པའི་གཞུང་ཚན་གཉིས་པོ་འདི་རྒྱུ་ཤེས་པའི་མཚན་ཉིད་ཡིན་མོད། དེ་ཡང་མན་ངག་ལམ་རིམ་དང་སྦྱར་ན། དེ་ཉིད་ལས། རང་བཞིན་ཡེ་ཤེས་རང་གནས་དང་། །དེ་མཐོང་དེར་འཇུག་རྣལ་འབྱོར་བཞི། །བར་ཆད་མེད་སྒྲུབ་རྣམ་པར་སྨིན། །དབང་སྒྱུར་ཕྱག་རྒྱ་ལྷུན་གྲུབ་ལམ། །མངོན་བྱས་རིམ་པ་བརྗོད་པར་བྱ། །ཞེས་པ་ལྟར་མཚན་ཉིད་གསུམ་ཡང་ལེའུ་དགུར་ཕྱེ་སྟེ། དང་པོར་རྟོགས་བྱ་ཡེ་ཤེས་རང་གནས་གཞིའི་ལེའུ། གཉིས་པར་རང་གནས་མཐོང་བ་ལྟ་བའི་ལེའུ། གསུམ་པ་ནས་དྲུག་པའི་བར་ལེའུ་བཞིས། སྟོང་ཆེན། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་སྤྲོས་ཏེ་ཚོགས་ལམ་གྱི་རྣལ་འབྱོར་བཞི། བདུན་པ་སྦྱོར་ལམ་ཚོགས་སྒྲུབ། བརྒྱད་པས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི། དགུ་པས་གཞི་ཇི་ལྟ་བ་མངོན་བྱས་མཐར་ཐུག་གི་འབྲས་བུ་རྣམས་བསྟན་པ་ལས། རྟོགས་བྱ་ལྟ་བའི་ངོ་བོ་འདི་ལམ་རིམ་གྱི་གཞི་ཡེ་ཤེས་རང་གནས་ཀྱི་ལེའུ་དང་སྦྱར་ནས། རྟོགས་པའི་ཐབས་ལ་གདམས་པ་རང་གནས་མཐོང་བ་དང་སྦྱར་དུ་རུང་བར་རྒྱལ་བ་གཡུང་བཞེད་ཅིང་། སྔར་རྟེན་གྱི་གང་ཟག་བཤད་པའི་གཞུང་དེ་ལེའུ་བདུན་པ་བར་ཆད་མེད་པའི་ལམ་ཚོགས་སྒྲུབ་དང་སྦྱོར་བ་ཡིན་ནོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ་དྲུག་སྟེ། ཅིའི་ཕྱིར་བསྒོམ་པའི་དགོས་ཆེད། ཇི་ལྟར་བསྒོམ་པའི་ཐབས། དེ་ཉིད་ཐམས་ཅད་དུ་རང་སྣང་བ། དེ་ལས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ། དེ་ཉིད་ཀར་དག་པས་བླང་དོར་དང་བྲལ་བར་དཔེས་བསྟན་པ། དེ་ལ་འདྲིས་པར་བསླབས་པས་འབྲས་བུ་ལ་མཚམས་སྦྱོར་བའོ། །དང་པོ་ན། དངོས་རྣམས་སོགས་རྐང་པ་གཉིས་ཏེ། འདི་ལྟར་དངོས་པོ་སྣ་ཚོགས་སུ་སྣང་བའི་ཆོས་རྣམས་སྣང་དུས་ཉིད་ན་དངོས་པོར་གྲུབ་པ་རྡུལ་ཙམ་ཡང་མེད་པར་རྟོགས་པའི་དོན་ལ་རང་དབང་སྒྱུར་བའི་ཐབས་ནི་ཏིང་ངེ་འཛིན་ཡིན་ནོ། །གཉིས་པ་ནི། གང་གིས་གླང་ཆེན་སོགས་རྐང་པ་གཉིས་ཏེ། སྒོམ་པ་པོ་གང་གིས་མ་དུལ་བའི་གླང་ཆེན་ཆང་གིས་མྱོས་པ་དང་འདྲ་བའི་སེམས་འཁྲུལ་རྟོག་སྣ་ཚོགས་ཀྱིས་མྱོས་པས་ལས་སུ་མི་རུང་བ་འདི་ཉིད། ཇི་ལྟར་གླང་རྫི་མཁས་པས་ལྕགས་ཀྱུ་ལ་སོགས་པའི་ཐབས་ཀྱིས་གླང་པོ་བཏུལ་ན་ཐུབ་པ་ལྟར། གདམས་ངག་གམ་ཤེས་རབ་ཀྱི་སྟོབས་ཀྱིས་མཉམ་པར་འཇོག་ཐབས་གཉིས་པོ་གང་རུང་ལ་བརྟེན་ནས་རྟོགས་དོན་གནས་ལུགས་ཀྱི་ངང་ལ་ཡུལ་མེད་རང་གསལ་དུ་བཞག་པས་བཏུལ་བ་ན་དངོས་པོ་དང་མཚན་མར་འཛིན་པའི་འཁྲུལ་རྟོག་ཐམས་ཅད་ཞི་ནས་གཞི་ཇི་ལྟ་བ་བཞིན་ཀླུངས་སུ་ཕེབས་པ་ནི་ཐུལ་བའོ། །དེ་ལྟར་དགོས་ཆེད་དང་སྒོམ་ཐབས་གཉིས་པོ་འདི་ནི་དེ་བཞིན་ཉིད་ཀྱི་ཏིང་འཛིན་སྟོང་པ་ཆེན་པོའི་རྣལ་འབྱོར་ཏེ། ལམ་རིམ་ལེའུ་གསུམ་པ་དང་སྦྱར་རོ། །གསུམ་པ་ནི། རྩ་བ་མེད་པའི་སོགས་ཚིགས་བཅད་གཅིག་སྟེ། གཞི་དང་རྩ་བ་གང་དུའང་གྲུབ་པ་མེད་པའི་སེམས་ཀྱི་ཆོས་ཉིད་ནི་ཅིར་ཡང་མ་འགགས་པས་འཁོར་འདས་ཀྱི་ཆོས་རྣམས་ཀུན་གྱི་རྩ་བ་ཡིན་པར་ངེས་པ་རྙེད་ནས། རང་གནས་ཀྱི་ཡེ་ཤེས་མ་རྟོགས་པས་སྒྱུ་མ་ལྟ་བུའི་འཁོར་བར་འཁྱམས་པའི་སེམས་ཅན་ལ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་བསྒོམ་པ་ནི་ཀུན་སྣང་གི་ཏིང་ངེ་འཛིན་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ཏེ། ལམ་རིམ་ལེའུ་བཞི་པ་དང་སྦྱར་རོ། །དེ་ལྟར་སྐྱེ་འགག་གཉིས་སུ་མེད་པའི་སེམས་ཉིད་ཐམས་ཅད་དུ་རང་སྣང་བ་ལས་འདིར་ཡི་གེ་ཨའི་རང་བཞིན་དུ་བསྒོམ་སྟེ། ཡི་གེ་དེ་ལས་ཨ་ཕྲ་མོ་དང་ཀ་ལ་སོགས་པའི་འཕྲོ་འདུ་ལ་སེམས་སྦྱོང་བ་ནི་ཇི་ལྟར་ཡིད་བཞིན་གྱི་ནོར་བུའི་ཆར་འདོད་རྒུར་འབེབས་པ་ལ་རིན་ཆེན་གྱི་ཁམས་ལས་གྲུབ་པའི་སྤྲིན་དགོས་པ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་སྤྲོ་བའི་རྒྱུར་ཡི་གེ་ལ་སེམས་སྦྱོང་དགོས་ཏེ། རྒྱུའི་ཏིང་ངེ་འཛིན་ནམ་ཕྲ་བ་ཡིག་འབྲུ་ལ་བསླབ་པ་ཞེས་བྱའོ། །བཞི་པ་ནི། ཐབས་ལས་སོགས་རྐང་པ་ལྔ་སྟེ། རྩ་བའི་ཐབས་རང་རིག་ཡི་གེར་སྣང་བ་ལས། རྟེན་གྱི་དཀྱིལ་འཁོར་དུ་སྣང་བ་གཞིའི་ཐབས་བྱུང་ཞིང་། དེར་བརྟེན་པ་ལྷའི་དཀྱིལ་འཁོར་བཀོད་དེ་སྒོམ་པ་ནི་ཐབས་བསམ་ཡས་པ་ཞེས་བྱའོ། །དེ་དག་ནི་རགས་པ་ལྷ་སྐུ་ལ་བསླབ་པ་སྟེ། འདི་དང་། སྔར་གྱི་ཕྲ་བ་ཡིག་འབྲུ་ལ་བསླབ་པ། འཆད་འགྱུར་གྱི་དེ་ལ་འདྲིས་པར་བསླབ་པ་གསུམ་ནི་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ཡིན་པས་ལམ་རིམ་ལེའུ་ལྔ་པ་དང་སྦྱར་རོ། །དེ་ལྟར་ཐབས་གསུམ་དང་ལྡན་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་རང་རིག་པའི་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་སྣང་བས་བཟང་ངན་ཐ་དད་པར་གྲུབ་པ་མིན་ཀྱང་། རྣམ་པ་གཙོ་བོ་ལས་ཐ་དད་པའི་འཁོར་སོགས་ནང་བརྟེན་པ་ལྷའི་དཀྱིལ་འཁོར་དང་ནང་གི་ཕྱི་རོལ་རྟེན་གྱི་དཀྱིལ་འཁོར་ཏེ། སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞི་བ་ལ་ཚོམ་བུ་སྟོང་དང་། ཉི་ཁྲི་བཞི་སྟོང་དང་། ཁྲོ་བོ་ལ་སྟོང་བཞི་བརྒྱ་ལྔ་བཅུ་དང་། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ། གཉིས་ཀ་ལ་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་སོགས་ཕྱག་རྒྱ་སྤྲོས་པ་མཁའ་ཁྱབ་བསམ་ཡས་ཀྱི་དཀྱིལ་འཁོར་དུ་བསྒོམ་པ་དེ་ཐམས་ཅད་ཀྱང་རང་རིག་ཡེ་ཤེས་ཀྱི་རོལ་པར་ཤར་བས་འཁོར་བ་ཚོགས་ལམ་གྱི་གཡང་སར་འཇིགས་པ་མེད་དེ། སྤྱོད་ཡུལ་ཡོངས་དག་ཀུན་བཟང་ཕྱག་རྒྱའི་མཆོག་དེས་མ་བཏབ་པ་ཅི་ཡང་མེད་པའི་ཕྱིར་རོ། །ལྔ་པ་ནི། དེ་ཉིད་ཡེ་ཤེས་སོགས་ཚིགས་བཅད་གཅིག་སྟེ། བཤད་མ་ཐག་གི་ཐབས་གསུམ་པོ་དེ་ཉིད་རང་རིག་པའི་ཡེ་ཤེས་ལས་རང་སྣང་བའི་ཕྱིར་ན་ཡི་གེ་དང་མིང་ཚིག་གིས་བསྡུས་པའི་ལྷའི་ས་བོན་དང་བསྐྱེད་སྔགས་ལས་གཟུགས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པའི་སྐུར་བསྒོམ་པ་སོགས་ཡིད་ལ་ཇི་ལྟར་འདོད་པ་བཞིན་ཏིང་ངེ་འཛིན་ལ་འདོད་རྒུར་བྱར་ཡོད་པའི་ཡོན་ཏན་གྱི་དཔེ་ནི། མུན་ནག་ལ་སྒྲོན་མེ་བཏེག་པས་སྣང་བ་བྱུང་བ་ཇི་ལྟ་བ་དེ་བཞིན་དུ་རྟོག་ཚོགས་གར་ཡང་མ་སྤངས་པར་བརྟེན་པ་ལྷའི་སྣང་བར་གྲོལ་ཞིང་། ལྕགས་ཡུད་ཙམ་གྱིས་གསེར་དུ་འགྱུར་བ་གསེར་འགྱུར་གྱི་རྩིས་ཐེབས་པ་ལྟར་འབྱུང་ལྔ་མ་སྤངས་པར་ཡུམ་ལྔའི་རང་བཞིན་རྟེན་གཞལ་ཡས་ཁང་གི་སྣང་བར་གྲོལ་བ་དང་། བཅུད་ལེན་གྱི་རྩིས་དུག་སྨན་གྱི་རང་བཞིན་དུ་འགྱུར་བའི་ཚུལ་དང་འདྲ་བར་རྣམ་ཤེས་ཚོགས་བརྒྱད་དམ་དུག་ལྔ་ཡེ་ཤེས་ལྔར་གྲོལ་བ་སྟེ། དེའང་རྣམ་པར་གྲོལ་བ་ཙམ་ལས་མ་དག་པའི་ཆོས་རྣམས་མེད་སྣང་ཡིན་པས་དག་པའི་ངོ་བོར་གསར་དུ་བསྒྱུར་དགོས་པར་ནི་མི་བསམ་མོ། །དྲུག་པ་ནི། སྔགས་དང་སོགས་རྐང་པ་གཉིས་ཏེ། ཕྱག་རྒྱ་གཅིག་སྤྲོས་ཀྱི་སྐབས་སུ་སྔགས་ཀྱི་ཡན་ལག་ལྔ་དང་ལྡན་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་ལ་འདྲིས་པར་བསླབས་པའི་རྐྱེན་གྱིས་མི་འཕྲོག་པའི་གསལ་སྣང་ལ་རབ་ཏུ་བརྟན་ཅིང་གོམས་པ་ན་འོག་ནས་འབྱུང་བའི་དངོས་གྲུབ་ཡ་མཚན་ཆེན་པོ་རྣམས་ཐོབ་པར་འགྱུར་བ་ཡིན་ནོ། །གསུམ་པ་མངོན་འགྱུར་འབྲས་བུའི་མཚན་ཉིད་ལ་གཉིས་ཏེ། ཐུན་མོང་དང་། མཆོག་གི་དངོས་གྲུབ་བོ། །དང་པོ་ཐུན་མོང་ནི། ལམ་ཐབས་གྲོལ་གཉིས་ཀྱི་དབང་དུ་ཕྱི་ནང་གི་བཤད་ཚུལ་གཉིས་མཛད་པའི་བཀའ་སྲོལ་སྣང་ནའང་། འདིར་རེ་ཞིག་ཕྱི་བཤད་གྲོལ་ལམ་ལྟར་འཆད་དོ། །དེ་ལ་གསུམ་སྟེ། ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག །འབྱུང་ལྔའི་དབང་གྲུབ་ལྔ། ལས་ཕྲན་ཚེགས་བརྒྱད་དོ། །དང་པོ་ནི། བདུད་རྩིར་སོགས་ཚིགས་བཅད་གཅིག་སྟེ། རྒྱུད་འགྲེལ་པ་དང་སྒྲུབ་ཐབས་ཀྱིས་འཆད་པའི་དབང་དུ་བྱས་ན། ཡི་གེའི་འཕྲོ་འདུ་ལ་བརྟེན་ནས་བསྒྲུབ་སྟེ། བསྒྱུར་གཞི་ཟས་དུག་ཅན་ལ་ཡི་གེ་ཨ་བཀོད་དེ་འཇུ་འདུལ་གྱི་ལས་ཀྱིས་སྨན་མཆོག་བདུད་རྩིར་འགྱུར་བ་ཟོས་པ་ཙམ་གྱིས་འདོད་བྱ་འགྲུབ་པ་དང་། ནད་ཞི་བ་སོགས་ཡོན་ཏན་ལྷག་མ་ལྔ་པོ་ཐམས་ཅད་འགྲུབ་ཅིང་། དེ་ལྔ་སོ་སོར་བསྒྲུབ་ན། ཡི་གེའི་འཕྲོ་འདུས་འདོད་བྱ་གཞན་དམིགས་པ་ལྟར་འབྱུང་བ་དང་། ནད་པའི་ལུས་ལ་ཡི་གེ་བཀོད་པའི་འཕྲོ་འདུས་རླུང་མཁྲིས་བད་ཀན་འདུས་པའི་ནད་བཞིའམ། ཡང་ན་ཀུན་བརྟགས་དོན་གྱི། འཕྲལ་བྱུང་རྐྱེན་གྱི། འབྱུང་འདུས་གཞིའི། རང་བཞིན་སྔོན་ལས་ཀྱི་ནད་བཞི་པོ་རེ་རེ་ལའང་བརྒྱ་རྩ་གཅིག་པ་རེ་སྦྱར་བ་བཞི་བརྒྱ་རྩ་བཞིའི་ནད་ཐམས་ཅད་སེལ་ཞིང་བདེ་བར་འགྱུར་རོ། །ཏྲཾ་ལས་རིན་པོ་ཆེའི་གཏེར་དུ་བསམ་པའམ། ཡི་གེའི་འཕྲོ་འདུས་མཆོད་པས་ལོངས་སྤྱོད་ཅི་འདོད་འབྱུང་ཞིང་། འབྱུང་བའི་ཡི་གེ་གསུམ་གྱི་འཕྲོ་འདུས་ངན་སོང་དུ་སྐྱེ་བའི་སྒྲིབ་པ་སྦྱོང་བ་དང་། གང་དང་ཅིར་སྣང་བའི་ཆོས་ཀྱི་རྣམ་པ་ཡང་དེ་དང་མི་མཐུན་པའི་སྣང་བ་གཞན་སྐམ་ས་ལས་ཆུ་དང་། སོལ་བ་ལས་ལྗོན་ཤིང་། བྱེ་བ་ལས་གསེར་དུ་འགྱུར་བ་སོགས་འགྲུབ་པ་ཡིན་ནོ། །དེ་དག་བཤད་རྒྱུད་རྒྱས་པ་དང་སྦྱར་ཏེ་བཤད་ན། རྐང་པ་དང་པོ་གཉིས་ནི་ལེའུ་བཞི་བཅུ་པ་མཆོག་གི་བདུད་རྩི་སྒྲུབ་པ་དང་། བདུན་ཅུ་པ་ཐུན་མོང་གི་བདུད་རྩི་རོ་ལངས་སྒྲུབ་པས་བསྟན། ལོངས་སྤྱོད་འབྱུང་བ་ནི་ཞེ་གཅིག་པའི་བློན་པོ་ནོར་མང་སྒྲུབ་པ་སོགས་ཀྱིས་བསྟན། ངན་སོང་སྦྱོང་བ་ནི་ཞེ་གཅིག་པའི་རྡོ་རྗེ་རིགས་ཀྱི་སྒྲུབ་པ་ལས་ཨ་ལ་སེམས་སྦྱངས་ནས་ཧཱུཾ་དུ་བསྒོམ་ཏེ་བདག་ལུས་སྦྱོང་བ་སོགས་ཀྱིས་བསྟན། ཅི་ཡང་གཞན་དུ་འགྱུར་བ་ནི། སོ་བརྒྱད་པ་ནས་རྐང་མགྱོགས་དང་མི་སྣང་བ། རེ་བཞི་པ་ནས་ཚེ། རེ་ལྔ་པ་ནས་པྲ་སྒྲུབ་སོགས་ཀྱིས་བསྟན། གཉིས་པ་ནི། ནམ་མཁའ་སོགས་རྐང་པ་ལྔ་སྟེ། འདི་ཡང་འགྲེལ་སྒྲུབ་ལྟར་ན། ནམ་མཁའ་ལ་ཧཱུཾ་ཞེས་རྡོ་རྗེའི་སྐས་བསམས་ན་སྲ་བའི་སྐས་འབྱུང་ཞིང་། ལག་མཐིལ་དུ་རཾ་བཀོད་པས་འབར་བའི་ཡེ་ཤེས་ཀྱི་མེར་གྱུར་ནས་ཐ་མལ་གྱི་མེ་ཡང་ཚིག་པར་འགྱུར་བ་དང་། དེ་བཞིན་དུ་ཁཾ་བཀོད་པ་ཡེ་ཤེས་ཀྱི་ཆུར་འགྱུར་བས་ཐ་མལ་གྱི་ཆུར་འབབ་པའང་དག་པར་བྱེད་པ་དང་། ཡཾ་བཀོད་པ་རླུང་དུ་གྱུར་ནས་འཇིག་རྟེན་གྱི་ཁམས་ནི་གཞན་དུ་འདེགས་ཤིང་འཐོར་བར་བྱེད་པ་དང་། ཡི་གེ་ཨེ་བཀོད་དེ་འཕྲོ་འདུས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྟོངས་པར་བྱེད་ཅིང་སྟེང་འོག་ཏུ་འཕེན་པ་དང་ལྟུང་བར་འགྱུར་བ་སོགས་འགྲུབ་བོ། །བཤད་རྒྱུད་དང་སྦྱར་ན་འབྱུང་བ་ལ་ཐོགས་པ་མེད་པའི་རྫུ་འཕྲུལ་སྟོན་པར་ནུས་པ་སྟེ། རྒྱས་པའི་སོ་བརྒྱད་པ་ལས། མི་གནས་ནམ་མཁའི་མཐའ་ཀླས་པར། །གོམས་པར་འདོད་པས་འགྲོ་བ་དང་། །ཆུ་ལ་ས་བཞིན་འགྲོ་བ་དང་། །བསྲེག་བྱ་འབར་བའི་དབུས་གནས་དང་། །ཚངས་པའི་རླུང་གིས་བཏེགས་ནས་ཀྱང་། །ཕྱོགས་བཅུ་ཀུན་ཏུ་ཕྱིན་པར་འགྱུར། །ཞེས་སོ། །གསུམ་པ་ནི། དགུག་དང་སོགས་རྐང་པ་གསུམ་སྟེ། འགྲེལ་སྒྲུབ་ལྟར་ན་ཏིང་ངེ་འཛིན་གྱིས་གཟུངས་མ་དང་དགྲ་བགེགས་སོགས་བསྒྲུབ་བྱ་གང་ཡིན་དགུག་པ་དང་། ཡུལ་གཞན་དུ་བཏང་བ་སྟེ་བསྐྲད་པ་དང་། དགྲ་རྐུན་སོགས་གཡོ་མེད་དུ་བཅིང་བ་དང་། བྱད་གདོན་གྱིས་བཅིངས་པ་སོགས་དགྲོལ་བ་དང་། ནད་པ་དང་སྲིའུ་ལ་སོགས་པ་གསོ་བ་དང་། དགྲ་བགེགས་གསད་པ་དང་། གཞན་སྡེ་ཕམ་པར་བྱ་བ་དང་། རང་སྡེ་རྒྱལ་བར་བྱ་བའི་ལས་རྣམས་ཇི་ལྟར་དམིགས་པ་བཞིན་དུ་འགྲུབ་བོ། །དེ་དག་བཤད་རྒྱུད་དང་སྦྱར་ན། དགུག་པ་དང་བཅིང་བ་ནི། རྒྱས་པའི་སོ་བརྒྱད་པར་ཡུལ་ཁམས་དབང་དུ་བྱ་བ། ཞེ་གཉིས་དང་ཞེ་གསུམ་གཉིས་ནས་འདས་པའི་གཟུངས་མ་རིགས་ལྔའི་ཡུམ་དང་སེམས་མ། ཞེ་ལྔ་པར་འཇིག་རྟེན་པའི་གཟུངས་མ་རྒྱལ་པོ་དང་ལྷ་ཆེན་གཞན་གྱི་ཆུང་མ་དགུག་པ། ང་དྲུག་པ་ནས་དགྲ་བགེགས་དགུག་པ། རེ་ལྔ་པར་པྲ་སེ་ན། རེ་དྲུག་པར་ལྷ་ཆེན་དང་རྒྱལ་པོ་དགུག་ཅིང་བཅིང་བ་སོགས་ཀྱིས་བསྟན་ནོ། །བཏང་བ་ནི་སོ་བརྒྱད་པར་དགྲ་བགེགས་གླིང་ཁམས་གཞན་དུ་བསྐྲད་པ་དང་། ཞེ་དྲུག་པར་རང་གནས་ཀྱི་ཀླུ་བསྐྲད་པ་སོགས་ཀྱིས་བསྟན། དགྲོལ་བ་དང་གསོལ་བ་ནི་ལེའུ་དེ་ལས་གཟུངས་མ་ཀླུའི་བྱད་དུ་བཅུག་པ་དགྲོལ་ཐབས་དང་འཁོར་ཀླུ་ནད་ཀྱིས་ཟིན་པ་གསོ་བ། ཞེ་བདུན་པར་མཐར་བྱེད་བཞིའི་སྒོ་ནས་རོ་ལངས་དང་། བདུན་ཅུ་པར་ཞིང་ཆེན་སྒྲུབ་པ། རེ་བཞི་པར་ཚེ་གསོ་བ་སོགས་ཀྱིས་གསོ་བ་བསྟན། བསད་པ་ནི་ང་དྲུག་པར་དགྲ་བགེགས་བསད་པ་སོགས་ཀྱིས་བསྟན། འཕམ་རྒྱལ་གྱི་ལས་གཉིས་ནི། ཞེ་གཅིག་པར་དམག་མང་མཐུ་ཆེན་དང་། རེ་དྲུག་པར་ལྷ་ཆེན་དང་རྒྱལ་པོ་སྡེ་བཞི་སྒྲུབ་པ་སོགས་དང་སྦྱར་བར་བྱ་སྟེ། ལས་དང་ཐུན་མོང་གི་དངོས་གྲུབ་དེ་རྣམ་ཐམས་ཅད་ཕྱག་རྒྱ་གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་འདི་ལ་བརྟན་པ་ཐོབ་པ་ཡིས་བྱེད་ནུས་པར་འགྱུར་ཞིང་། དེ་ལྟར་ཐུན་མོང་གི་དངོས་གྲུབ་བསྟན་པ་འདི་དང་། སྔར་བཤད་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ། དེ་ཉིད་ཀར་དག་པས་བླང་དོར་དང་བྲལ་བར་དཔེས་བསྟན་པ་གསུམ་གྱིས་ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་བསྟན་ཏེ། ལམ་རིམ་ལེའུ་དྲུག་པ་དང་སྦྱར་རོ། །གཉིས་པ་མཆོག་གི་དངོས་གྲུབ་ལ་བསྟན་བཤད་གཉིས་ལས། དང་པོ་མདོར་བསྟན་ནི། སྒྱུ་འཕྲུལ་དཀྱིལ་འཁོར་སོགས་ཏེ། རྟོག་ཚོགས་སྒྱུ་འཕྲུལ་ལྷའི་དཀྱིལ་འཁོར་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་སྣང་བ་རྣམས་ཐབས་ཤེས་ཟུང་འབྲེལ་དྲྭ་བའི་དཀྱིལ་འཁོར་རང་རིག་མངོན་སུམ་གྱི་ཡུལ་དུ་རྫོགས་པར་གསལ་བ་ལ། བསྒྲུབ་བྱ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་མ་ལུས་པའི་ཡོན་ཏན་རྫོགས་པས་གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་ཕྱིར་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་འགྲུབ་པར་འགྱུར་རོ། །འདི་ནི་མཐར་ཐུག་གི་འབྲས་བུ་སྟེ། ལམ་རིམ་ལེའུ་དགུ་པ་དང་སྦྱར་རོ། །གཉིས་པ་རྒྱས་བཤད་ནི། དུས་གསུམ་སོགས་རྐང་པ་དྲུག་སྟེ། སྣང་སྤྱོད་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གསལ་བ་ནི། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་དགོངས་པའི་ངོ་བོ་དང་། དེ་དག་གིས་ཐུགས་སུ་ཆུད་པའི་དོན་ཡང་ཡིན་ལ། རྣལ་འབྱོར་པའི་ལྟ་བའང་ཡིན་པའི་ཕྱིར། ཐུན་མོང་གི་གྲུབ་པ་ལས་ཁྱད་པར་དུ་གྱུར་པ་དངོས་གྲུབ་མཆོག་ཅེས་བརྗོད་པ་གང་གི་བསྒྲུབ་བྱའི་སྙིང་པོ་འདི་མངོན་དུ་གྱུར་པའི་ཡོན་ཏན་ནི་ངོ་བོ་ཉིད་ཀྱིས་རྟག་པའི་ཕྱིར། ཐོབ་ནས་ཟད་པའི་དུས་མེད་པས་ཡིད་བཞིན་གྱི་ནོར་བུའི་མཛོད་ལྟར་འཕེལ་འགྲིབ་ཀྱི་འགྱུར་བ་མེད་པར་འབྱུང་བ་ཡིན་ཏེ། དོན་དམ་པར་དངོས་པོའམ་མཚན་མར་གྲུབ་པ་མེད་པའི་ངང་ལས་གདུལ་བྱའི་ངོར་དངོས་པོ་ལྟར་སྣང་བའི་སྤྲིན་གྱི་རོལ་པ་ལྷ་དང་དཀྱིལ་འཁོར་ལ་སོགས་པ་དངོས་གྲུབ་སྣ་ཚོགས་པའི་རྣམ་པར་འབྱུང་ཞིང་། དོན་མཛད་པའི་ཕྲིན་ལས་ཅིར་ཡང་འགྱུར་བའོ། །འདི་ནི་གནས་སྐབས་ལམ་གྱུར་གྱི་འབྲས་བུ་སྟེ། ལམ་རིམ་ལེའུ་བརྒྱད་པ་དང་སྦྱོར་ཞིང་། དེའང་གཞུང་ཚན་གཉིས་པོ་འདི་མདོ་རྒྱས་སུ་འཇོག་པའི་འཐད་པ་ནི། མཆོག་དངོས་སྤྱི་ལ་སྦྱོར་བའི་ཚེ་གཞུང་སྔ་མར་རང་དོན་ཕུན་ཚོགས་དང་། ཕྱི་མར་དོན་གཉིས་ཕུན་ཚོགས་གཙོ་བོར་བསྟན་པས་ཕྱི་མ་བརྗོད་བྱ་རྒྱས་པར་བཞེད་ལ། ཡང་གནས་སྐབས་དང་མཐར་ཐུག་གི་མཆོག་དངོས་སོ་སོར་སྦྱོར་བ་ན་གཞུང་ཚིག་མང་ཉུང་གིས་མདོ་རྒྱས་སུ་སོང་བ་ཡིན་གསུངས་སོ། །གསུམ་པ་གཞུང་གསུངས་པའི་ཡོན་ཏན་ནི། ཞེས་བརྗོད་པས་སོགས་ཏེ། དེ་ལྟར་སྒྱུ་འཕྲུལ་དྲྭ་བ་སྒྲུབ་པའི་རིམ་པའང་ཤེས་འཇུག་མཐར་ཕྱིན་པའི་མཚན་ཉིད་གསུམ་པོ་དེར་འདུས་སོ་ཞེས་ཆེད་དུ་བརྗོད་པས་འཁོར་གྱི་དེ་བཞིན་གཤེགས་པ་ཉིད་ཏིང་ངེ་འཛིན་ལས་དངོས་གྲུབ་སྣ་ཚོགས་ཡུལ་མེད་རང་གསལ་དུ་ཤར་བའི་གཟིགས་མོས་མཉེས་པར་གྱུར་ཏོ། །གསུམ་པ་ལེའུའི་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། འདིས་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་དངོས་གྲུབ་ཐམས་ཅད་སྒྲུབ་པའི་ཐབས་ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་ལྔ་པའོ།། ༈ །།ལེའུ་དྲུག་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་དེ་བཞིན་སོགས་ཏེ། སྔ་མར་ཐབས་གསུམ་མདོར་བསྟན་པ་དེ་ནས་གཞི་དང་བསམ་མི་ཁྱབ་ཀྱི་ཐབས་གཉིས་ལས་ཞི་བ་ལྷག་ཏིང་དང་འབྲས་བུ་རང་བཞིན་སྐུའི་དཀྱིལ་འཁོར་གཉིས་རྒྱས་པར་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པས་མ་འདྲེས་ཡོངས་སུ་རྫོགས་པའི་བདག་ཉིད་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་སྟོན་པས་གདུལ་བར་བྱ་བའི་ཡུལ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ་རྣམ་པར་གཟིགས་ཏེ། འདུལ་བྱེད་སྟོན་པ་ཉིད་ཀྱི་ཆེ་བའི་ཡོན་ཏན་ཡེ་ཤེས་ལྔའི་དཀྱིལ་འཁོར་གྱི་རྣམ་པར་དབྱུང་བར་བཞེད་ནས་འཁོར་གྱི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་གཞུང་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་སྐུའི་དཀྱིལ་འཁོར་དང་། རང་བཞིན་འབྲས་བུ་མཐར་ཕྱིན་སྐུའི་དཀྱིལ་འཁོར་རོ། །དང་པོ་ནི། ཡེ་ཤེས་ཕྱོགས་སོགས་ཚིགས་བཅད་གཅིག་སྟེ། རང་རིག་པའི་ཡེ་ཤེས་ཀྱི་རང་བཞིན་ལ་ཕྱོགས་རིས་མ་གྲུབ་ཀྱང་། ཡོན་ཏན་གྱི་ལྡོག་ཆ་ནས་མཚོན་བྱ་ཡེ་ཤེས་ལྔར་སྣང་བ་ལ། མཚོན་བྱེད་ཕྱོགས་བཞི་དང་དབུས་ལྔའི་ཐ་སྙད་བརྟགས་ཏེ། དེ་ལྟར་ཡེ་ཤེས་ལྔའི་དཀྱིལ་འཁོར་དེ་ཉིད་དམིགས་མེད་བསམ་བརྗོད་ཀྱི་ཡུལ་ལས་འདས་ཤིང་། མཐའ་ཡས་པའི་ཆོས་ཐམས་ཅད་ཀྱི་ཁྱབ་བྱེད་དུ་མ་བཙལ་བར་ལྷུན་གྱིས་གྲུབ་པ་ནི་རང་བཞིན་གསང་བའི་སྙིང་པོར་ཡེ་ནས་རྫོགས་པའི་གནས་ལུགས་ཆོས་ཉིད་རང་བཞིན་གྱི་དཀྱིལ་འཁོར་ཆེན་པོ་སྟེ། དེ་རྟོགས་པའི་རྣལ་འབྱོར་པས་ཆོས་ཀུན་འབྱུང་བའི་གཞི་རང་བཞིན་གྱི་དཀྱིལ་འཁོར་ཆེན་པོ་དེ་ཉིད་ཏིང་ངེ་འཛིན་གྱི་ཡུལ་དུ་བྱས་ཏེ་གོམས་ཤིང་འདྲིས་པར་བསླབ་པའི་ཕྱིར་བསྒོམ་པའི་བྱ་བས་སྤྱོད་ཅིག་པའོ། །གཉིས་པ་ལ་གསུམ་སྟེ། རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ། དཀྱིལ་འཁོར་གྱི་ཆེ་བ་བཤད་པའོ། །དང་པོ་ནི། འཁོར་ལོ་སོགས་ཚིགས་བཅད་གཅིག་སྟེ། འོག་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོའི་ལྟེ་བ་ལ་རྫོགས་པའི་ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་བསྒོམ་པ་སྟེ། དེའང་ཡེ་ཤེས་ལྔས་མ་རིག་པ་གཅོད་པའི་རྟགས་སུ་ནང་གི་གཞི་འཁོར་ལོ་རྩིབས་བཞི་དབུས་ཀྱི་ལྟེ་བ་དང་ལྔ། དེ་ཉིད་སྤྲོས་པ་དང་བྲལ་བའི་ཆོས་ཉིད་དུ་ཟླུམ་པས་རྡོ་རྗེ་ར་བའི་མུ་ཁྱུད་དང་བཅས་པ། དེའི་ཕྱིར་བདེན་པ་བཞི་མཚོན་པའི་གྲུ་ཆད་བཞིས་བརྒྱན་པ། བདེན་གཉིས་དབྱེར་མེད་མཚོན་པའི་བར་ཁྱམས་འཁོར་ཡུག་ཏུ་འཁོར་བ་དང་། ཆེ་བའི་ཡོན་ཏན་ཀུན་ཏུ་རྒྱས་པའི་རྟགས་སུ་དབྱིབས་གྲུ་བཞི་པ། རྣམ་ཐར་བཞི་མཚོན་པའི་སྒོ་བཞི་སྒོ་ཁྱུད་ཅན་རྒྱུ་འབྲས་ཀྱི་རྟ་བབས་ལ་སོགས་པའི་རྒྱན་དང་ལྡན་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྩལ་སྣང་མ་འགགས་པའི་རོལ་མོ་རྩིག་པ་ལྔ་སྦྲག་གི་སྟེང་ན་མུ་ཏིག་གི་དྲྭ་བ་དཔྱངས་པའི་སེང་མགོས་བཏེགས་པའི་རིན་པོ་ཆེའི་ཕ་གུ་དང་། བྲེ་ཕུལ་གྱི་སྣམ་བུར་རིན་པོ་ཆེའི་དྲྭ་བ་དང་དྲྭ་ཕྱེད། བྱ་འདབ་ལས་དཔྱངས་པའི་ཤར་བུ། སྟེང་ངོས་སུ་པུ་ཤུས་མཛེས་པ། གདུགས་འཕན་རྒྱལ་མཚན་སོགས་རྒྱན་སྣ་ཚོགས་པས་ཀུན་ཏུ་འཁྲིགས་ཤིང་། འདོད་ཡོན་མ་སྤངས་རྒྱན་དུ་ཤར་བས་གཟུགས་རྡོ་རྗེེ་མ་སོགས་མཆོད་རྫས་ཐོགས་པའི་ལྷ་མོ་སྤྲིན་ཕུང་བཞིན་དུ་གཏིབས་པ། ཆོས་དབྱིངས་ཡེ་ཤེས་མཐའ་ཐུག་པ་མེད་པའི་བརྡར་དབུས་ཕྱུར་བུར་བུམ་པ་ཟླུམ་པོའི་རྣམ་པར་འཁྱིལ་བའི་རྩེར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་པ། ཡེ་ཤེས་ལྷག་མ་བཞི་མཚོན་པའི་གློ་འབུར་བཞི་གྲུ་ཆད་ལས་ཕྱིར་འཕྱར་བ་སོགས་ལེའུ་དང་པོར་བཤད་པ་ལྟར་ཤེས་པར་བྱའོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། མདོར་བསྟན་ནི། དཀྱིལ་འཁོར་སོགས་ཏེ། གཞལ་ཡས་ཁང་དེ་ཉིད་མཛེས་བྱེད་བདག་པོའི་རྒྱན་ལྷའི་དཀྱིལ་འཁོར་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱིས་མཛེས་པར་བརྒྱན་པ་སྟེ། ཁང་པ་མཛེས་བྱེད་ཁྱིམ་བདག་བཞིན་ནོ། །རྒྱས་བཤད་ལ་བཞི་སྟེ། གདན་གང་ལ་ཇི་ལྟར་བཞུགས་ཚུལ། བཞུགས་གནས་ཀྱི་ཁྱད་པར། འཛིན་པ་ཕྱག་མཚན། སྐུ་མདོག་ཞི་ཚུལ་འོད་དང་བཅས་པའོ། །དང་པོ་ནི། སེང་གེ་སོགས་ཚིགས་བཅད་གཅིག་སྟེ། གདན་གྱི་ཁྱད་པར་མི་འཇིགས་པ་བཞི་སོགས་མཚོན་བྱེད་དབུས་ཀྱི་འཁོར་ལོའི་ལྟེ་བ་དང་རྩིབས་བཞིར་སེང་གེ་དང་། གླང་ཆེན་དང་། རྟ་དང་། ཁྱུང་དང་། ནམ་མཁའ་ལྡིང་སྟེ་ཤང་ཤང་རྣམས་རེ་རེ་ཡང་བརྒྱད་བརྒྱད་ཀྱིས་བཏེགས་པའི་ཁྲི་ཆེན་པོ་ལ། ཐབས་ཤེས་རྣམ་དག་ཉི་ཟླ་པདྨའི་གདན་རྣམས་ཏེ། དེ་དག་ཀྱང་འདོད་རྒུ་འབྱུང་བ་རིན་པོ་ཆེའི་ཁྲི་རྐང་མཛོད་མིག་བདུན་པས་བཏེགས་པའོ། །སྣང་མཐའ་ལ་འདིར་ཁྱུང་དང་གླེང་གཞིར་རྨ་བྱ་འབྱུང་བ་ནི་དབང་གི་ཁྲིར་དོན་རྟགས་མཚུངས་པས་འདམ་ཁ་སྟེ། རྨ་བྱས་དུག་དབང་དུ་བྱེད་པ་ལྟར་ཁྱུང་གིས་ཀྱང་ཀླུའི་དུག་དབང་དུ་བྱེད་པའི་ཕྱིར་རོ། །དེ་ལྟར་རིགས་ལྔ་ལ་སྲོག་ཆགས་དང་རིན་པོ་ཆེའི་ཁྲི་ཉི་ཟླ་པདྨ་སྟེ། ལྔ་བརྩེགས་བཤད་ཅིང་། དེས་གཞན་རྣམས་ཀྱང་མཚོན་དགོས་ཏེ། འདི་ལྟར་འོད་རིམ་ལས། ཉི་ཟླ་ཆུ་སྐྱེས་སུམ་བརྩེགས་སེམས། །ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ་། །བྱ་བྱེད་ཀུན་བཟང་ཡབ་ཡུམ་ལ། །ཉི་ཟླ་པདྨ་རིན་ཆེན་རྒྱས། །ཞེས་སོ། །སོ་སོའི་གདན་དེ་དག་ལ་བཞུགས་ཚུལ་ཇི་ལྟར་ཞེ་ན། རིགས་ལྔ་ཡབ་ལྔ་ནི་དོན་གཉིས་ཀྱི་མཛད་པ་ཡོངས་སུ་རྫོགས་པ་དང་། ཡུམ་ལྔ་ནི་རང་དོན་བརྟུལ་ནས་གཞན་དོན་ལ་ཞུགས་པའི་ཕྱིར་ཡབ་ཡུམ་བཅུ་པོ་རྒྱལ་པོའི་ཚུལ་ལྟར་དེ་དང་དེའི་སྐྱིལ་ཀྲུང་དུ་བཞུགས་ཤིང་། སེམས་དཔའ་རྣམས་ནི་གཞན་དོན་གྱི་མཛད་པ་མ་རྫོགས་པས་ཡབ་རྣམས་གཡས་དང་ཡུམ་རྣམས་གཡོན་ཅུང་ཟད་བརྐྱང་བའི་ཕྱེད་སྐྱིལ་ཏེ་བློན་པོའི་ཚུལ་དང་། ཀུན་བཟང་ཡབ་ཡུམ་ནི་མཛད་པ་རྫོགས་ཤིང་དཀྱིལ་འཁོར་ཐམས་ཅད་ཀྱི་བྱ་བྱེད་ཐབས་ཤེས་མཚོན་པས་རྡོ་རྗེ་དང་། པདྨའི་སྐྱིལ་ཀྲུང་། མཐར་བྱེད་ཡབ་ཡུམ་ནི་དམག་དཔོན་གྱི་ཚུལ་ལྟར་གདུག་པ་ཅན་ཚར་གཅོད་པས་ཞལ་ཕྱིར་གཟིགས་ནས་གྱད་ཀྱི་དོར་སྟབས། ཐུབ་དྲུག་ནི་སྐད་ཅིག་ཀྱང་མི་གནས་པར་འགྲོ་དོན་ལ་གཤེགས་པས་བཞེངས་སྟབས་ཀྱིས་བཞུགས་པའོ། །གཉིས་པ་ནི། འཁོར་ལོ་རྒྱལ་པོ་སོགས་རྐང་པས་དམན་པའི་ཚིགས་བཅད་གསུམ་སྟེ། དབུས་ཀྱི་འཁོར་ལོའི་ལྟེ་བ་དང་རྩིབས་བཞི་ལ་རྒྱལ་པོ་རིགས་ལྔ་པོ་རྒྱལ་མོ་ཡུམ་ལྔ་དང་བཅས་པའོ། །གཙོ་བོ་ཞལ་ཤར་གཟིགས་ཀྱི་གཡས་ནས་བརྩམས་ཏེ་མདུན་རྒྱབ་ཀྱི་གཡས་གཡོན་དུ་རིམ་པར་འགོད་པའི་ངེས་པས། ཤར་ལྷོ་དང་། བྱང་ཤར་དང་། ལྷོ་ནུབ་དང་། ནུབ་བྱང་བཞིའི་རྩིབས་མཆན་ལ་རིམ་པ་ཇི་ལྟ་བར། མཐོང་བ་ས་སྙིང་དང་། ཐོས་པ་ཕྱག་རྡོར་དང་། སྣོམ་པ་ནམ་སྙིང་དང་། མྱོང་བ་སྤྱན་རས་གཟིགས་དང་བཞི་བཙུན་མོའང་རིམ་པར་སྒེག་མོ། གར་མ། ཕྲེང་མ། གླུ་མའི་ཚོགས་སུ་བཅས་པའོ། །དེ་བཞིན་དུ་གྲུ་ཆད་བཞི་ལ་ནི་ཤར་ལྷོ་ནས་གཡས་བསྐོར་གྱིས་རིམ་པར། མཐོང་བྱེད་བྱམས་པ་དང་། ཐོས་བྱེད་སྒྲིབ་སེལ་དང་། སྣོམ་བྱེད་ཀུན་བཟང་དང་། མྱོང་བྱེད་འཇམ་དཔལ་རྣམས་བཙུན་མོ་སྤོས་མ། མེ་ཏོག་མ། མར་མེ་མ། དྲི་ཆབ་མའི་ཚོགས་དང་ལྡན་པར་གནས་སོ། །བར་ཁྱམས་ལ་ནི། འོད་རིམ་ལས། ཤར་ལྷོ་ལྷ་ལ་ལྷོ་ཕྱོགས་མི། །ལྷོ་ནུབ་ནུབ་བྱང་ཡི་དྭགས་བྱོལ། །བྱང་དང་བྱང་ཤར་ལྷ་མིན་དམྱལ། །ཞེས་པའི་རིམ་པ་ལྟར་ཐུབ་པ་དྲུག་དང་། །གཞན་ཡང་བར་ཁྱམས་དེའི་ཤར་དང་ནུབ་སྟེ་གཙོ་བོ་ཞལ་ཤར་གཟིགས་ཀྱི་མདུན་དང་རྒྱབ་ཀྱི་ཕྱོགས་དག་ཏུ་བྱེད་པ་ཀུན་ཏུ་བཟང་པོ་དང་། བྱ་བ་བཟང་མོ་དག་ནི་གནས་པར་བསྟན་ཏེ། དེ་གཉིས་དཀྱིལ་འཁོར་ཐམས་ཅད་ཀྱི་བྱ་བྱེད་དུ་མཚོན་པའོ། །ཡོངས་གྲགས་ཁམས་ལུགས་པ་རྣམས་དཀྱིལ་འཁོར་གྱི་དབུས་སུ་བཞུགས་པར་བཞེད་པ་ནི་མི་རིགས་ཏེ། བཤད་རྒྱུད་མེ་ལོང་ལས། ཁྱམས་ཀྱི་མདུན་དང་རྒྱབ་ཏུ་ནི། །ཀུན་བཟང་ཡབ་ཡུམ་ནམ་མཁའི་མདོག །ཅེས་གསུངས་པ་དང་འགལ་བའི་ཕྱིར་རོ། །སྒོ་ཁྱུད་བཞི་ལ་གདུག་པ་ཅན་འཇོམས་པར་བྱེད་པའི་ཁྲོ་བོ་ཤར་སྒོར་གཤིན་རྗེ་གཤེད། ལྷོར་སྟོབས་ཆེན། ནུབ་ཏུ་རྟ་མགྲིན། བྱང་དུ་བདུད་རྩི་འཁྱིལ་བ་རྣམས་ནི་རང་རང་གི་བཙུན་མོ་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་མ་བཞིའི་ཚོགས་དང་ལྡན་པར་གནས་སོ། །འདིར་ཁ་ཅིག །སྟོན་པ་ཀུན་བཟང་ཁྱམས་ལ་བཀོད་པས་གཙོ་འཁོར་ལོག་པའི་སྐྱོན་ཡོད་ཅེས་སྨྲ་བ་ནི། རང་གི་རང་བཞིན་གསལ་བར་སྟོན་པའི་སྨྲེ་སྔགས་ཤོར་བ་སྟེ། རྒྱུད་འཆད་པ་པོ་ཁོ་ནས་དཀྱིལ་འཁོར་གྱི་གཙོ་བོར་བྱེད་པར་མ་ངེས་པའི་ཕྱིར། དཔེར་ན་འཇམ་དཔལ་སྒྱུ་དྲྭའི་དཀྱིལ་འཁོར་གྱི་གཙོ་བོར་སྟོན་པ་ཤཱཀ་ཐུབ་མི་འབྱུང་བ་བཞིན་ནོ། །གསུམ་པ་ནི། རྡོ་རྗེ་སོགས་ཚིགས་བཅད་གཅིག་སྟེ། ཡེ་ཤེས་ལྔ་མཚོན་པ་རིགས་ལྔའི་རང་རྟགས་ཀྱི་ཕྱག་མཚན་ནི། མཐའི་རྟོག་པས་མི་ཕྱེད་པའི་བརྡར་མི་བསྐྱོད་པའི་རྡོ་རྗེ། ཀུན་ལ་དབང་སྒྱུར་བས་རྣམ་སྣང་གི་འཁོར་ལོ། ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ་པས་རིན་འབྱུང་གི་རིན་པོ་ཆེ། གསལ་ལ་མ་ཆགས་པར་གཟིགས་པས་སྣང་མཐའི་པདྨ། ཕྲིན་ལས་བཞིས་འགྲོ་བའི་ཉོན་མོངས་པ་གཅོད་པས་དོན་གྲུབ་ཀྱི་རལ་གྲི། ཡེ་ཤེས་ཀྱི་ཡུལ་དབྱིངས་ཀྱི་ཕྱག་རྒྱ་དྲིལ་བུ་སྟེ་ཐམས་ཅད་ཀྱང་འོད་འབར་བ་ཅན་ནོ། །དེ་ཡང་ཡབ་ལྔ་གཡས་རང་རྟགས་ཐུགས་ཀ་དང་། གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་ཅིང་། ཡུམ་ལྔ་པོ་དེ་ལས་ལྡོག་སྟེ་གཡས་དྲིལ་བུས་ཡབ་ཀྱི་དཀུ་གཡས་ནས་འཁྱུད་ཅིང་གཡོན་རང་རྟགས་ཐུགས་ཀར་འཛིན་པའོ། །སེམས་དཔའ་རྣམས་ཀྱི་ཕྱག་མཚན་ནི། འཇམ་དཔལ་ནི་ཉོན་མོངས་དག་པས་བློ་རྒྱས་པའི་ཕྱིར་ཨུཏྤལ། བྱམས་པ་ནི་གདུང་བ་སྐྱོབ་པས་ཀླུ་ཤིང་འཛིན་པ་ལ་སོགས་པས་མཚོན་ནས་གཞན་རྣམས་ཀྱང་རང་རྟགས་ཀྱིས་མཚན་པ་སྟེ། ཇི་ལྟར་ན། ས་སྙིང་ནི་ཡེ་ཤེས་བསྐྱེད་པའི་རིན་ཆེན་མྱུ་གུ། ནམ་སྙིང་ནི་ཉོན་མོངས་པ་གཅོད་པའི་རལ་གྲི། སྤྱན་རས་གཟིགས་ནི་སྐྱོན་གྱིས་མ་གོས་པས་པད་དཀར། ཕྱག་རྡོར་ནི་ཉོན་མོངས་པ་འཇོམས་པས་རྡོ་རྗེ། སྒྲིབ་སེལ་ནི་ཉོན་མོངས་པ་ཆོས་ཉིད་དུ་མཁྱེན་པས་འཁོར་ལོ། ཀུན་བཟང་ནི་རེ་བ་སྐོང་བས་རིན་ཆེན་སྙེ་མའོ། །འདིར་ཕྱི་སེམས་ཀྱི་མཐའ་ཐོག་ནས་བརྩམས་ཏེ་ཕྱག་མཚན་སོགས་ཁོངས་སྨོས་པ་གང་ཞེ་ན། གཞན་དྲུག་པོའི་ཕྱག་མཚན་རིགས་ལྔའི་ཕྱག་མཚན་དུ་འདུས་པའི་དབང་དུ་མཛད་པ་སྟེ། གཡོན་པའི་དྲིལ་བུ་བཞིན་ནོ། །སེམས་མ་བརྒྱད་ནི་མཛེས་པའི་མཆོར་སྒེག་གི་ཚུལ་དང་བཅས་ཏེ་མཉེས་པར་བྱེད་པའི་མཆོད་རྫས་གཟུགས་གསལ་བའི་མེ་ལོང་དང་། དྲི་རྒྱུན་མི་ཆད་པའི་ཕྲེང་བ་སོགས་རང་རང་གི་མིང་དང་མཐུན་པའི་ཡོ་བྱད་འཛིན་པ་སྟེ། སེམས་དཔའ་བརྒྱད་པོ་གཡོན་དྲིལ་བུ་དཀུར་བརྟེན་ཅིང་ཡབ་ཡུམ་ཕན་ཚུན་འཁྱུད་ཚུལ་ཀྱང་སྔར་རིགས་ལྔར་བཤད་པ་བཞིན་ནོ། །སྒོ་བ་བཞི་ནི། བྱམས་པས་ཞེ་སྡང་ཚར་གཅོད་པ་དང་། སྙིང་རྗེས་སྡུག་བསྔལ་འཇོམས་པ་དང་། དགའ་བས་འགྲོ་བའི་དོན་མི་གཏོང་བ་དང་། བཏང་སྙོམས་ཀྱིས་འགྲོ་དོན་མཐར་ཕྱིན་པར་མཛད་པས་ཕྱག་མཚན་ནྲྀ་མགོ་གདེངས་པ་ལ་སོགས་པ་དང་། ཡུམ་རྣམས་ཚད་མེད་པ་བཞིས་འགྲོ་བ་རྣམས་ཐུགས་རྗེས་འཛིན་པ་དང་། འཆིང་བ་དང་། མི་འཆོར་བར་སྡོམ་པ་དང་། ཉོན་མོངས་པ་ཐལ་བར་རློག་པས་དགའ་བར་མཛད་པའི་ཕྱིར་ལྕགས་ཀྱུ་ལ་སོགས་པའོ། །ཀུན་བཟང་ཡབ་ཡུམ་ནི་བྱེད་པས་འཁོར་འདས་མཉམ་ཉིད་དུ་མཁྱེན་ཅིང་བྱ་བ་མོས་ཀུན་ལ་ཁྱབ་པར་གནས་པས་ཕྱག་མཉམ་བཞག་གོ། །ཐུབ་དྲུག་ནི། སྡོམ་བཞིས་ཆོས་སྒྲས་ང་རྒྱལ་འཇོམས་པར་མཛད་པས་ལྷའི་ཐུབ་པ་པི་ཝཾ། བཟོད་པས་ཕྲག་དོག་སྦྱོང་མཛད་ལྷ་མིན་གྱི་ཐུབ་པ་གོ་ཆ། ཆགས་བྲལ་གྱི་ལམ་གྱིས་འདོད་ཆགས་དག་པར་མཛད་པས་མིའི་ཐུབ་པ་གསེག་པར། གཏི་མུག་སེལ་ཕྱིར་ཆོས་སྟོན་པས་བྱོལ་སོང་གི་ཐུབ་པ་པུསྟི། བཀྲེས་སྐོམ་སེལ་བས་སེར་སྣ་དག་བྱེད་ཡི་དྭགས་ཀྱི་ཐུབ་པ་རིན་ཆེན་སྒྲོམ་བུ། ཚ་གྲང་གི་ཉེས་དམིགས་བསྟན་ནས་ཞེ་སྡང་དག་པར་མཛད་པ་དམྱལ་བའི་ཐུབ་པ་མེ་ཆུ་བསྣམས་པའོ། །ཞལ་ཕྱག་སྤྲོས་པའི་སྐབས་འདིར་རྒྱས་འབྲིང་བསྡུས་གསུམ་ལས། རྒྱས་པ་ནི་ཡུམ་རྣམས་དང་ཐུབ་དྲུག་མ་གཏོགས་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པར་བཤད་རྒྱུད་རྡོ་རྗེར་བཤད་ཅིང་། དེ་ལས་གཞན་དུ་རིགས་ལྔའམ་གཙོ་བོ་ཙམ་ཞལ་གསུམ་ཕྱག་དྲུག་པར་མཛད་པ་འབྲིང་པོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པར་མཛད་པ་བསྡུས་པ་སྟེ། འདིར་བླ་མ་རྣམས་འབྲིང་པོ་རིགས་ལྔ་ཞལ་གསུམ་ཕྱག་དྲུག་པ་ལ་ཕྱག་ལེན་མཛད་པས། དེའི་དབང་དུ་རྡོ་རྗེ་ལས། རྡོ་རྗེ་འཁོར་ལོ་རལ་གྲི་འབར། །དྲིལ་བུ་པདྨ་རིན་པོ་ཆེ། །རྡོ་རྗེ་འཛིན་པའི་རིམ་པའོ། །གཞན་གང་གནས་སུ་རྡོ་རྗེ་ཤེས། །དང་པོ་ཐུགས་དང་གཡོན་འཁྱུད་པའོ། །ཞེས་པས་མི་བསྐྱོད་པའི་ཕྱག་མཚན་རྫོགས་པར་བསྟན་ནས་རིགས་གཞན་བཞི་ལ་གཡས་དང་པོར་རང་རྟགས་ཀྱི་ཕྱག་མཚན་སོང་བའི་ཤུལ་དུ་རྡོ་རྗེ་སྤོ་བ་ཁྱད་པར་རོ། །བཞི་པ་ནི། མཐིང་ག་སོགས་རྐང་པ་དྲུག་སྟེ། དེ་ཡང་སྐུ་མདོག་ལ་རིགས་དང་རིགས་འདྲེས་པ་ཁ་དོག་གཉིས་ལས། དང་པོ་རིགས་ཀྱི་སྐུ་མདོག་ནི་ཉེར་གསུམ་སྟེ། ལེའུ་དང་པོར་བཤད་པ་ལྟར་རིགས་ལྔ་ཡེ་ཤེས་ལྔའི་མཚོན་ཚུལ་ངེས་པར་བྱས་ཏེ། མི་བསྐྱོད། བྱེད་པོ། ཕྱག་རྡོར་རྣམས་སོ་སོའི་ཡུམ་བཅས། ལྷ་མིན་གྱི་ཐུབ་པ་དང་བདུན་ནི་མཐིང་ག །རྣམ་སྣང་དང་། ས་སྙིང་ཡུམ་བཅས། ལྷའི་ཐུབ་པ་དང་ལྔ་ནི་དཀར་པོ། རིན་འབྱུང་དང་ནམ་སྙིང་ཡུམ་བཅས། མིའི་ཐུབ་པ་དང་ལྔ་ནི་སེར་པོ། སྣང་མཐའ་དང་སྤྱན་རས་གཟིགས་ཡུམ་བཅས་བཞི་ནི་ལེ་བརྒན་ཏེ་དམར་པོ། དོན་གྲུབ་ཡབ་ཡུམ་གཉིས་ནི་ལྗང་ཁུའོ། །གཉིས་པ་དེ་ལ་སོགས་པའི་ཁོངས་ནས་རིགས་གཉིས་འདྲེས་སྣ་ཚོགས་པའི་སྐུ་མདོག་ནི་བཅུ་དགུ་སྟེ། བྱམས་པ་དཀར་སེར་ཡིན་པ་སོགས་གྲུ་ཆད་ཀྱི་ཕྱི་སེམས་བཞི་ཡབ་ཡུམ་ཕྱེ་བས་བརྒྱད་ནི་ཕྱོགས་གཉིས་འདྲེས་ཀྱི་ཁ་དོག་དང་། ཤར་སྒོ་ལ་སོགས་པའི་འཇོམས་པ་ཡབ་ཡུམ་བརྒྱད་ནི་སྨུག་སེར་དམར་ལྗང་བཞིའི་ཁ་དོག་ནག་པོ་དང་འདྲེས་པ་དང་། ཐུབ་པ་དྲུག་ལས་བྱོལ་སོང་དམར་ནག །ཡི་དྭགས་སེར་ནག །དམྱལ་བ་དུད་ཁའོ། །ཞི་བའི་ཚུལ་དགུ་ནི། ལྷ་དེ་དག་ཀྱང་ང་རྒྱལ་གནས་སུ་དག་པས་སྐུ་ཤ་མཉེན་པ། ཞེ་སྡང་དག་པས་ཡན་ལག་ལྕུག་པའམ། དཀུ་སྐབས་ཕྱེད་ཅིང་འཚམས་པ། འདོད་ཆགས་དག་པས་ཐབས་ཤེས་ཕན་ཚུན་འཁྲིལ་བའམ་འཁྲིལ་བག་ཆགས་པས་སྐུ་ལྷོད་པོར་མ་གྱུར་པ། ཕྲག་དོག་དག་པས་སྐུ་དྲང་ཞིང་ལྡེམ་པ། གཏི་མུག་དག་པས་སྐུ་གཞོན་ཤ་ཆགས་པའི་ངང་ཚུལ་ཅན། མ་རིག་པ་སྤངས་པས་སྐུ་གཙང་ཞིང་གསལ་བ། ཡེ་ཤེས་རྒྱས་པས་བཀྲག་ཅིང་འཚེར་བ། མཚན་དཔེ་རྫོགས་པས་བརྗིད་ཅིང་ཡིད་དུ་འོང་བས་ལྷུན་སྡུག་པ། ཆེ་བའི་ཡོན་ཏན་གྱིས་ཐམས་ཅད་ཟིལ་གྱིས་གནོན་པས་གཟི་བྱིན་ཆེན་པོ་དང་ལྡན་པ་སྟེ། སྔ་མ་ལྔ་ངོ་བོའི་ཡོན་ཏན་དང་། ཕྱི་མ་བཞི་རྣམ་པའི་ཡོན་ཏན་ནོ། །སྐུ་དེ་དག་ལས་འོད་ཇི་ལྟར་འཕྲོ་བ་ནི། ཞི་བ་རྣམས་ཀྱི་བ་སྤུའི་བུ་ག་རེ་རེ་ནས་ཀྱང་གསལ་ཞིང་དག་པའི་འོད་ཟེར་དཀར་སེར་དམར་སྔོ་བཙོད་ཁ་དངུལ་མདོག་དང་དྲུག་པོ་རེ་རེ་ལས་ཀྱང་བྱེ་བ་ཕྲག་དྲུག་དྲུག་ཕྱོགས་བཅུར་འཕྲོ་བའི་ཚོགས་ཆེན་པོའི་སྣང་བས་ཁྱབ་པར་བྱེད་ཅིང་། ཁྲོ་བོ་རྣམས་ལ་མེ་ལྟར་འབར་ཞིང་རྣོ་བའི་འོད་ཟེར་གྱི་ཕྲེང་བས་ཀུན་ཏུ་འཁྲིགས་པའི་ཀློང་ན་བཞུགས་པ་སྟེ། གར་དགུའི་ཉམས་ཀྱིས་སྒེག་པའོ། །འཕྲོས་དོན་རྒྱན་གྱི་ཁྱད་པར་ལ། རིགས་ལྔ་དང་། སེམས་དཔའ་ཡབ་ཡུམ། བྱ་བྱེད་རྣམས་ནི། གདུལ་བྱའི་ཉོན་མོངས་པའི་གདུང་བ་སེལ་བའི་བརྡར་ལྷ་རྫས་ལས་གྲུབ་པའི་དར་གྱི་ཆས་གོས་ལྔ་དང་། འདོད་ཡོན་མ་སྤངས་རྒྱན་དུ་རྫོགས་པས་འགྲོ་བའི་རེ་བ་སྐོང་བའི་བརྡར་རིན་པོ་ཆེའི་རྒྱན་བརྒྱད་དེ། རྒྱན་ཆས་བཅུ་གསུམ་མོ། །ཐུབ་དྲུག་ནི་གང་འདུལ་གྱི་གཟུགས་སུ་རྣམ་པར་སྟོན་ཀྱང་འཁོར་བའི་ཆགས་པས་མ་གོས་པའི་བརྡར་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་དང་། ཁྲོ་བོ་ཡབ་ཡུམ་ནི་དཔའ་རྟགས་ཀྱི་རྒྱན་དུར་ཁྲོད་ཀྱི་ཆས་བརྒྱད་དོ། །གསུམ་པ་དཀྱིལ་འཁོར་གྱི་ཆེ་བ་ནི། མཐའ་དབུས་སོགས་རྐང་པ་གཉིས་ཏེ། མཐའ་དང་དབུས་འདི་ཞེས་དམིགས་སུ་མེད་པར་ཆོས་ཐམས་ཅད་ལ་ཁྱབ་པའི་ཆོས་ཉིད་གཞི་རང་བཞིན་གྱི་དཀྱིལ་འཁོར་བསམ་བརྗོད་ལས་འདས་པའི་མཐའ་ཡས་པའི་གནས་ལུགས་དེ་ཉིད་རྟོགས་དོན་སྒོམ་པའི་ཐབས་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་གོམས་པར་བསླབས་པའི་མཐུས་འབྲས་བུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འགྲུབ་པར་འགྱུར་རོ། །གསུམ་པ་རང་བཞིན་འབྲས་བུ་མཐར་ཕྱིན་སྐུའི་དཀྱིལ་འཁོར་ལ་བཞི་སྟེ། སྐུའི་མཚན་ཉིད། སྐུའི་ཕྲིན་ལས། འབྲས་བུ་ཐོབ་ཚུལ། དེ་གསུངས་པའི་ཡོན་ཏན་ནོ། །དང་པོ་ནི། སྐུའི་ཕྱག་རྒྱ་སོགས་ཚིགས་བཅད་གཉིས་ཏེ། འབྲས་བུ་ཆེ་བའི་ཡོན་ཏན་གྱི་རྟེན་བྱེད་པས་ན་སྐུ་སྟེ། དེ་ཡང་མཐར་ཐུག་གི་འབྲས་བུ་སྐུ་ལྔ་ལྷུན་གྱིས་གྲུབ་པ་ལས་མི་འདའ་ཞིང་གཞན་ལས་ཁྱད་པར་དུ་གྱུར་པའི་ཕྱག་རྒྱ་ཆེས་ཆེ་བའི་མཆོག་ནི་རིགས་དྲུག་པ་རྒྱལ་བ་སྤྱིའི་གཟུགས་ཅན་ཉིད་ཡིན་ལ། སྐུ་གཅིག་པོ་དེ་ལས་སྐུ་ལྔར་སྣང་བ་ནི། གཞི་ཆོས་དབྱིངས་དེ་བཞིན་ཉིད་ཟུང་འཇུག་སྤྲོས་བྲལ་གྱི་ཡེ་ཤེས་ལས་མ་གཡོས་པའི་ལྡོག་པ་ནི་ཆོས་ཀྱི་སྐུའོ། །དེ་ལྟར་མ་གཡོས་ཀྱང་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་ཡང་དག་པར་ཐར་པའི་གཟུགས་སྐུ་དག་པའི་གདུལ་བྱ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཚན་དཔེས་བརྒྱན་པར་སྣང་ཞིང་དངོས་པོ་གཉིས་ལ་རྫོགས་པར་ལོངས་སྤྱོད་པའི་ལྡོག་པ་ནི་ལོངས་སྐུ་དང་། གདུལ་བྱའི་འགྲོ་བ་མ་ལུས་པ་དངོས་བརྒྱུད་ཅི་རིགས་པར་འདུལ་བའི་ཕྱིར། དེ་དག་གི་བསམ་པ་དང་མཐུན་པར་བྱས་པའི་སྐུའི་བཀོད་པ་ནི་གཅིག་ཏུ་མ་ངེས་པར་སྣ་ཚོགས་སུ་སྟོན་པའི་ལྡོག་པ་ནི་སྤྲུལ་པའི་སྐུའོ། །དེ་ལྟར་སྟོན་པ་ཉིད་ཀྱང་དཔེ་སྒྱུ་མའམ་མིག་ཡོར་གྱི་ཚུལ་དང་འདྲ་བར་གཟུགས་སྐུ་གཉིས་སུ་སྣང་བའི་ཚུལ་དེ་ཉིད་ཀྱང་དབྱིངས་ཆོས་ཀྱི་སྐུ་ལས་གཡོས་པ་མེད་པས་སྐུ་གསུམ་དབྱེར་མི་ཕྱེད་པའི་ལྡོག་པ་ནི་རྡོ་རྗེའི་སྐུའོ། །དེ་ལྟར་ཆོས་སྐུ་ལས་མ་གཡོས་བཞིན་དུ་གདུལ་བྱའི་ལས་དང་མཐུན་པར་སྐུ་སྣ་ཚོགས་སུ་སྣང་བས་སྐུ་གསུམ་སྣང་ཆ་མ་འདྲེས་པར་གོ་འབྱེད་པའི་ལྡོག་པ་ནི་མངོན་བྱང་གི་སྐུའོ། །གཉིས་པ་སྐུའི་ཕྲིན་ལས་ལ་གཉིས་ཏེ། སྐུ་ཇི་ལྟར་སྣང་བའི་ཚུལ་དང་། སྐུའི་མཛད་པའོ། །དང་པོ་ནི། དེ་ཚེ་མི་མཐུན་སོགས་རྐང་པ་ལྔ་སྟེ། སྐུ་ལྔ་ལྷུན་གྱིས་གྲུབ་པ་དེའི་ཚེ་གདུལ་བྱའི་སྐལ་པ་མི་མཐུན་པ་སྣ་ཚོགས་ལ་འདུལ་བྱེད་ཀྱི་སྐུ་སོ་སོའི་རིགས་དང་འདྲ་བར་སྣང་བ་ནི་དེ་བཞིན་ཉིད་ཀྱི་ངང་ལས་རྩོལ་བས་མ་བཅོས་ཀྱང་གདུལ་བྱ་རང་རང་གི་སྐལ་བ་དང་སྔོན་གྱི་ལས་འཕྲོའི་དབང་གིས་སྐུ་སོ་སོར་སྣང་བ་སྟེ། དཔེར་ན་གཟུགས་གཅིག་ཉིད་མེ་ལོང་དུ་མའི་ནང་དུ་སོ་སོར་འཆར་བའམ། ཆུ་སྣོད་དུ་མར་ཟླ་གཟུགས་གཅིག་ཉིད་སོ་སོར་འཆར་བ་བཞིན་ནོ། །དེ་ལྟར་ཡང་ཕལ་པོ་ཆེ་ལས། ཟླ་བ་དབྱིངས་ལས་མ་འཕོས་ཀྱང་། །ཆུ་ཡི་སྣོད་དུ་སྣང་བ་ལྟར། །དེ་བཞིན་ཉིད་ལས་མ་གཡོས་པར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཅེས་སོ། །གཉིས་པ་སྐུའི་མཛད་པ་ནི། དེ་ཚེ་འགྲོ་དྲུག་སོགས་རྐང་པ་བཅུ་སྟེ། སྐུ་དེ་ལྟར་སྣང་ནས་དོན་མཛད་པ་དེའི་ཚེ་ལྷ་དང་མི་སོགས་འགྲོ་དྲུག་གི་སེམས་ཅན་ཐ་མལ་པ་ཐམས་ཅད་ལ་འདུལ་བྱེད་སྡིག་སྤོང་གི་གཟུགས་བརྒྱ་བྱིན་དང་འཁོར་ལོས་སྒྱུར་རྒྱལ་སོགས་སུ་རྣམ་པར་བསྟན་ནས་དོན་མཛད་ཅིང་། དེ་བཞིན་དུ་དགེ་ཚུལ་གྱིས་མཚོན་པའི་ཉན་ཐོས་ཀྱི་རིགས་ཅན་རྣམས་ལ་ཉན་ཐོས་དགྲ་བཅོམ་པའི་གཟུགས་དང་། རང་རྒྱལ་གྱི་རིགས་ཅན་རྣམས་ལ་བསེ་རུ་ལྟ་བུ་རིགས་མཐུན་པའི་ཚུལ་དུ་བསྟན་ནས་དོན་མཛད་དོ། །དེ་ལས་གཞན་ཡང་རྒྱུ་དང་འབྲས་བུའི་ཐེག་པ་མཆོག་གི་རིགས་ཅན་རྣམས་ལ་ཤཱཀྱ་ཐུབ་པ་སོགས་འདུལ་བྱེད་ཀྱི་སྟོན་པའང་གདུལ་བྱའི་དབང་པོའི་རིམ་པ་བཞིན་དུ་བསྟན་ནས་འདུལ་བ་ནི་སྤྲུལ་སྐུའི་མཛད་པའོ། །ལོངས་སྐུའི་མཛད་པ་ནི། གནས་ངེས་པ་འོག་མིན་བླ་ན་མེད་པའི་གནས་གཟུགས་ཁམས་ལས་འཕགས་པའི་མཆོག་ཏུ། སྟོན་པ་ངེས་པ་ལོངས་སྐུ་རྣམ་པར་སྣང་མཛད་ཆེན་པོའི་ཚུལ་གྱིས། འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་སྟེ་འཕགས་པའི་འཁོར་རྣམས་ལ། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོར་ཆོས་སྟོན་ཏེ། དེའི་ཚུལ་ནི་སྤྲུལ་སྐུ་བཞིན་དུ་ཆོས་རྣམས་གསུང་མཆོག་ཚིག་ཏུ་མི་སྨྲ་སྟེ། འོ་ན་ཇི་ལྟར་སྟོན་ན་སྐུའི་བརྡ་ཡིས་ཆོས་ངེས་པ་ཐེག་པ་ཆེན་པོ་ཉིད་འཁོར་རྣམས་ཀྱི་བློ་ལ་འཇལ་བར་སྟོན་ནོ། །གསུམ་པ་འབྲས་བུ་ཐོབ་ཚུལ་ལ་གཉིས་ཏེ། བྱང་ཆུབ་སེམས་དཔའི་དང་། གསང་སྔགས་ཀྱི་ཐོབ་ཚུལ་ལོ། །དང་པོ་ལ་གཉིས་ལས། སྒྲིབ་པ་སྦྱངས་པས་གྲོལ་ཚུལ་ནི། མེ་ལོང་བསྟན་པའི་སོགས་རྐང་པ་བདུན་ཏེ། ཇི་ལྟར་མེ་ལོང་བསྟན་པའི་ནང་དུ་བྱད་ཀྱི་དྲི་མ་སྣང་བའི་ཚུལ་གྱིས་བྱད་དངོས་ཀྱི་མདོག་བཟང་པོ་ངན་པར་བསྒྱུར་བའི་དྲི་མ་ཐམས་ཅད་ངོས་ཟིན་ནས། གདོད་སེལ་བར་བྱེད་པ་དེ་བཞིན་དུ་འཁོར་ས་བཅུའི་བྱང་སེམས་རྣམས་ཀྱིས་སྟོན་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུར་བལྟས་པ་ན། བླ་ན་མེད་པའི་བྱང་ཆུབ་ལ་སྒྲིབ་པར་བྱེད་པའི་དྲི་མ་གཏིང་དཔག་མེད་པ་རྣམས་མེ་ལོང་ལ་སྣང་བ་བཞིན་དུ་སྟོན་པའི་སྐུ་ལ་སྣང་བས་རང་རྒྱུད་ཀྱི་སྦྱང་བྱའི་དྲི་མ་ངོས་ཟིན་པའོ། །དེ་ཡང་ཐོག་མར་ཚོགས་ལམ་གསུམ་དུ་ཚོགས་བསགས་པས་གཙོ་བོར་ཐོས་བསམ་ལ་བརྟེན་པའི་ཤེས་རབ་ཀྱིས་བདག་མེད་གཉིས་དོན་སྤྱིའི་ཚུལ་དུ་རྟོགས་ཤིང་། ཚོགས་ལམ་ཆེན་པོ་ཐོབ་ནས་སངས་རྒྱས་སྤྲུལ་པའི་སྐུ་ལས་གདམས་ངག་ཉན། སྦྱོར་ལམ་བཞིར་འཇིག་རྟེན་པའི་སྒོམ་བྱུང་གི་ཡེ་ཤེས་ལ་དངོས་སུ་ཞུགས་པས་གཟུང་འཛིན་གྱི་རྣམ་རྟོག་རགས་པ་རྣམས་རིམ་པར་བཅོམ་ནས། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྔར་མ་མཐོང་བ་གསར་དུ་མཐོང་བས་སྒྲོ་བཏགས་ཀྱི་སྒྲིབ་པ་མ་ལུས་པ་སངས་པ་ན། སྤྱི་མདོ་ལས། བྱུང་བའི་མུན་པ་སངས་ནས་རྫོགས་ལོངས་སྤྱོད་པ་མངོན་དུ་སྣང་ངོ་། །ཞེས་པས་ལོངས་སྐུའི་ཞལ་མཐོང་སྟེ་སྒྲིབ་པ་ངོས་ཟིན་པ་དེ་ནས་བརྩམས་ཏེ། མཐོང་ཟིན་གོམས་པར་བྱེད་པ་སྒོམ་ལམ་ས་དགུར་ལྷན་སྐྱེས་ཀྱི་སྒྲིབ་པ་ཇེ་སྲབ་ཏུ་གྱུར་པས་ས་བཅུའི་མི་མཐུན་ཕྱོགས་རྣམས་ཕར་ཕྱིན་བཅུ་དང་སའི་ཡོངས་སུ་སྤྱོད་པས་རིམ་གྱིས་འབྱང་བ་སྟེ་དག་པས། ས་དང་པོར་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང་། དེ་ཉིད་ས་གཉིས་པར་སྟོང་འགྱུར། གསུམ་པར་བརྒྱ་སྟོང་། བཞི་པར་ཁྲག་ཁྲིག །ལྔ་པར་ཁྲག་ཁྲིག་ཕྲག་སྟོང་། དྲུག་པར་ཁྲག་ཁྲིག་ཕྲག་བརྒྱ་སྟོང་། བདུན་པར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་། བརྒྱད་པར་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད། དགུ་པར་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད། བཅུ་པར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་བལྟ་བ་དང་། ཆོས་ཉན་པ་སོགས་སྐད་ཅིག་རེ་རེ་ལ་སྟོན་པར་ནུས་པ་ཡིན་ནོ། །དེ་ལྟར་ས་བཅུ་རྒྱུན་གྱི་ཐ་མར་མདོ་སྡེ་རྒྱན་ལས། སྒོམ་པ་ཐ་མ་ཐོབ་ནས་ནི། །འོད་ཟེར་ཆེན་པོའི་དབང་བསྐུར་རོ། །ཞེས་པ་ལྟར་འོད་ཟེར་ཆེན་པོའི་དབང་བསྐུར་བས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་སྟེ་ཤེས་སྒྲིབ་ཕྲ་བ་བག་ལ་ཉལ་གྱི་དྲི་མ་བཅོམ་ནས་བླ་ན་མེད་པའི་བྱང་ཆུབ་ཀུན་ཏུ་འོད་ཀྱི་ས་ཡང་དག་པར་ཐོབ་བོ། །གཉིས་པ་དེ་ལྟར་ཐོབ་པའི་འབྲས་བུའི་ངོ་བོ་སྐུ་གསུམ་ནི། ཆོས་སྐུ་སོགས་རྐང་པ་གསུམ་སྟེ། དག་པ་གཉིས་ལྡན་ཆོས་ཀྱི་སྐུ་ནི་བློས་དཔག་ཏུ་མེད་ཅིང་ངག་གིས་བརྗོད་དུ་མེད་དེ་ནམ་མཁའ་ལྟ་བུའོ། །དེའི་ངང་ལས་ལོངས་སྤྱོད་རྫོགས་པའི་སྐུ་ནི་རྟག་ཏུ་ཟད་པ་མེད་པ་ནོར་བུ་རིན་ཆེན་གྱི་གཏེར་དང་འདྲ་བར་བཞུགས་པ་དང་། སྤྲུལ་བའི་སྐུ་ནི་གང་ལ་གང་འདུལ་གྱི་སྐུའི་བཀོད་པ་བྱེ་བ་ཕྲག་བརྒྱ་སོགས་བསམ་གྱིས་མི་ཁྱབ་པ་སྣ་ཚོགས་པར་བསྟན་ནས་དོན་མཛད་དོ། །གཉིས་པ་སྔགས་ཀྱི་ཐོབ་ཚུལ་ལའང་གཉིས་ལས། མཐར་ཐུག་གི་སའི་ཁྱད་པར་ནི། མཚན་དང་དཔེ་བྱད་སོགས་རྐང་པ་ལྔ་སྟེ། སྔགས་ཀྱི་ཐབས་ཁྱད་པར་ཅན་ལ་བརྟེན་ནས་འགྱུར་བ་དེའི་བག་ཆགས་ཆེས་ཕྲ་བའང་རྣམ་པར་དག་པས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་དུ་འཚང་རྒྱ་བའི་སངས་རྒྱས་ཀྱི་ས་གཅིག་གི་ངོ་བོ་ལ། སྐུ་གསུམ་གྱི་ལྡོག་པས་ཕྱེ་ན། སྒྲིབ་བྲལ་གྱི་དགོངས་པ་ཤེས་རབ་སྤྲོས་བྲལ་གྱི་ཡེ་ཤེས་ནི་ཐུན་མོང་མ་ཡིན་པའི་ཀུན་ཏུ་འོད་དེ་ཆོས་སྐུའི་སའོ། །དེའི་ངང་ལས་ཐབས་འགག་པ་མེད་པ་ཆོས་སྐུ་དང་ངོ་བོ་གཅིག་པའི་དཀྱིལ་འཁོར་གྱི་འཁོར་ལོ་རབ་འབྱམས་སུ་འཆར་ཡང་དམིགས་པ་དང་བྲལ་བས་གོས་པ་མེད་པའི་ཡེ་ཤེས་ནི་པདྨ་ཅན་ལོངས་སྐུའི་ས་དང་། ཐུན་མོང་མ་ཡིན་པའི་མཚན་དང་དཔེ་བྱད་ཐམས་ཅད་རྫོགས་ཤིང་། སྤྱོད་ཡུལ་ཀུན་ཏུ་ཡེ་ཤེས་རང་སྣང་བདེ་བ་ཆེན་པོའི་མཎྜལ་ཞེས་དཀྱིལ་འཁོར་ཏེ། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་ལ་མ་ཞེན་པར་ཤར་བའི་ཕྱིར་ཚོགས་ཆེན་གཉིས་ཀྱང་མ་བཙལ་ལྷུན་གྱིས་རྫོགས་པས་གདུལ་བྱ་གཞན་སྣང་དུ་རྣམ་པར་རོལ་པའི་སྤྲུལ་པ་སྟོན་པར་ནུས་པའི་ཡེ་ཤེས་ནི་འཁོར་ལོ་ཚོགས་ཆེན་སྤྲུལ་སྐུའི་སའོ། །དེ་ལ་སོགས་ཏེ་སའི་གྲངས་དང་ཡོན་ཏན་བསམ་ཡས་པའི་མཆོག་རྫོགས་པ་མཐར་ཐུག་གི་ས་གསུམ་པོ་དེ་རྒྱུའི་ཐེག་པའི་ཀུན་ཏུ་འོད་ལས་ཁྱད་པར་དུ་གྱུར་པས་ན་སའི་མཆོག་ཅེས་བྱའོ། །གང་དག་ཀུན་ཏུ་འོད་སྤྲུལ་སྐུ་དང་། ཡི་གེ་འཁོར་ལོ་ཆོས་སྐུའི་སར་བསྡུས་པ་ནི་མཁས་པའི་གསུང་ཡིན་ཀྱང་འཐད་པར་མི་སེམས་ཏེ། ཧེ་རུ་ཀ་གལྦོ་ལས། དབྱིངས་ལ་ཡེ་ཤེས་ཤར་བ་ཀུན་ཏུ་འོད། །པདྨའི་སྤྱན་འདྲ་མི་འགག་ལོངས་སྤྱོད་རྫོགས། །ཡི་གེ་འཁོར་ལོར་གདུལ་བྱར་སྤྲུལ་པ་འགྱེད། །དེ་བཞིན་གཤེགས་པའི་ས་ཞེས་བྱ་བའོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་འབྲས་བུ་སྐུ་ལྔར་བསྟན་པ་ནི། སྐྱེ་ཤི་སོགས་རྐང་པ་བདུན་ཏེ། སྐྱེ་ཤི་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་འགྱུར་བ་མེད་པའི་ཡོངས་གྲུབ་རྟག་བརྟན་གཡུང་དྲུང་གི་སྐུ་ནི་ཆོས་ཀྱི་སྐུའོ། །འགྲོ་བ་ཉོན་མོངས་པ་ཅན་ཀུན་གྱི་བསོད་ནམས་ཀྱི་ཞིང་དུ་གནས་པ་སྤྲུལ་པའི་སྐུའི་སྣང་བརྙན་གདུལ་བྱའི་བློ་དང་མཐུན་པར་ཟད་མི་ཤེས་པར་འབྱུང་བའི་གཏེར་དུ་གྱུར་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྐུ་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེ་རང་རིག་པའི་ངང་དུ་འདུ་འབྲལ་མེད་པར་འཛིན་པའི་སྐུ་ནི་རྡོ་རྗེའི་སྐུའོ། །ཆོས་ཐམས་ཅད་རིག་པའི་ཡེ་ཤེས་སུ་དབྱེར་མེད་པས་མཉམ་པ་ཉིད་དུ་གནས་པའི་ཕྱིར་སྐུ་གསུམ་སྣང་ཆ་མ་འདྲེས་པར་སྣང་བའི་སྐུ་ནི་མངོན་བྱང་ངོ་། །ཆོས་ཅན་ཇི་སྙེད་པ་ཐམས་ཅད་མ་འདྲེས་པར་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱའི་མོས་ངོར་བརྟན་གཡོ་སྣ་ཚོགས་པའི་རྣམ་པར་སྟོན་པའི་སྐུ་ནི་སྤྲུལ་པའི་སྐུ་སྟེ། མཐར་ཐུག་ཐུན་མོང་མ་ཡིན་པའི་ས་ཐོབ་པ་དེའི་ཚེ་སྐུ་ལྔ་པོ་དེ་དག་ཀུན་ཀྱང་རྫོགས་པར་ཐོབ་པས་སྔ་ཕྱི་མེད་དེ། སྒྲིབ་བྲལ་མི་འགྱུར་བའི་ཡེ་ཤེས་ཉིད་ཡོན་ཏན་གྱི་རྟེན་བྱེད་པའི་ལྡོག་པ་ནས་སྐུ་དང་། སངས་རྒྱས་ཀྱི་ས་དང་། མི་སློབ་པའི་ལམ་ཞེས་སམ། རང་བྱུང་གི་རིག་པར་གནས་པའི་ཆ་ནས་ཡེ་ཤེས་དང་། དེས་དོན་མཛད་པའི་ཆ་ནས་ཕྲིན་ལས་ཞེས་སོ་སོར་བཏགས་ནའང་ངོ་བོ་ཐ་མི་དད་པར་གཅིག་པའི་ཕྱིར་རོ། །བཞི་པ་གསུངས་པའི་ཡོན་ཏན་ནི། །ཞེས་བརྗོད་པས་སོགས་ཏེ་རང་བཞིན་སྐུའི་དཀྱིལ་འཁོར་གྱི་དོན་དེ་སྐད་ཅེས་བརྗོད་པས་གདུལ་བྱའི་ཡུལ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་ཞིང་མཐའ་ཡས་མུ་མེད་པ་ཐམས་ཅད་དུ་འདུལ་བྱེད་སྐུའི་དཀྱིལ་འཁོར་གྱི་རྣམ་པར་རོལ་པ་བརྗོད་ཀྱིས་མི་ལང་བ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གི་རྡུལ་སྙེད་རང་རིག་པའི་ཡུལ་དུ་གསལ་ཞིང་སྣང་བར་གྱུར་ཏོ། །གཉིས་པ་བསྡུས་ཏེ་བསྟན་པ་ལ་གསུམ་སྟེ། ལོ་རྒྱུས་བརྗོད་པ། བསྡུ་བ་དངོས། གསང་སྔགས་མཚོན་པའི་ཚིག་གོ། །དང་པོ་ནི། དེ་ནས་སོགས་ཏེ། རྒྱས་པར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཡབ་རྣམས་ཡུམ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་རང་བཞིན་རྟོགས་དཀའ་བའི་གསང་བ་འདི་ཉིད་སྟོན་པའི་སྐུ་སོགས་རིགས་ལྔ་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་ཕྱུང་ངོ་། །གཉིས་པ་ནི། ཨ་ཧོཿ དམིགས་བྱ་སོགས་ཏེ། རང་བཞིན་མ་སྐྱེས་པ་ལས་རོལ་པ་འགག་མེད་ལམ་དང་འབྲས་བུ་སྐུའི་དཀྱིལ་འཁོར་དུ་གསལ་བ་ལ་ཨ་ཧོཿཞེས་ངོ་མཚར་བའོ། །དེའང་དམིགས་བྱ་དབྱིངས་དང་དམིགས་བྱེད་རང་རིག་གཉིས་དབྱེར་མེད་ཀྱི་ཡེ་ཤེས་ཙམ་དུའང་མི་དམིགས་པས་བློས་དཔག་མེད་བསམ་གྱིས་མི་ཁྱབ་པར་རྟོགས་ནས་བསྒོམ་པ་སྟེ། དེར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པའི་ཚིགས་བཅད་གཅིག་བསྡུའོ། །གཞི་རང་བྱུང་གི་ཡེ་ཤེས་ལ་རང་རིག་པས་དབང་སྒྱུར་བའི་རྩལ་སྣང་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་རྣམ་པ་སྣ་ཚོགས་བརྗོད་ཀྱིས་མི་ལང་བར་སྣང་བ་སྟེ། གསུངས་པའི་ལོ་རྒྱུས་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྟོན་པའི་ཚིགས་བཅད་བརྒྱད་བསྡུའོ། །གདུལ་བྱ་དག་པ་ཆོས་མཉམ་ཉིད་དུ་རྟོགས་པ་དང་། མི་མཉམ་པར་ཐ་དད་དུ་འཛིན་པ་མ་དག་པའི་གདུལ་བྱ་སྟེ། དེ་དག་ཀུན་ལ་རྒྱལ་བ་དྲུག་པའི་ཕྲིན་ལས་ཀྱིས་ཁྱབ་པར་དོན་མཛད་པའི་དུས་ན། གདུལ་བྱའི་ཡུལ་དེ་དག་ཆོས་ཉིད་ལས་གཞན་དུ་མ་གྱུར་པའི་ཕྱིར་ཁྱབ་བྱ་ཁྱབ་བྱེད་མེད་པས་གཉིས་མེད་དུ་ཁྱབ་པ། སྣང་སྟོང་ཐ་མི་དད་པའི་དབྱིངས་རྣམ་པར་དག་པ་སྟེ། སྐུའི་མཚན་ཉིད་དང་ཕྲིན་ལས། རྒྱུའི་འབྲས་བུ་ཐོབ་ཚུལ། སྔགས་ཀྱི་མཐར་ཐུག་སའི་ཁྱད་པར་བསྟན་པ་རྣམས་བསྡུའོ། །ཡེ་ནས་སྐུ་ལྔ་པོ་ཀུན་ཀྱང་བདེ་བ་ཆེན་པོའི་སྐུ་ལས་མ་འགགས་པར་རང་གསལ་བའི་དཀྱིལ་འཁོར་རྣམ་པར་སྤྲོས་པ་ཙམ་ཉིད་ནས་སྤྲོས་པའི་མཚན་མ་མེད་པ་སྟེ། སྔགས་ཀྱི་འབྲས་བུ་སྐུ་ལྔ་བསྟན་པ་དང་། དེ་གསུངས་པའི་ཡོན་ཏན་གཉིས་བསྡུའོ། །དེ་ལྟར་བསྡུས་པའི་དོན་ལ་ཧོཿཞེས་མཉེས་པའོ། །གསུམ་པ་ནི། ཞེས་རྡོ་རྗེ་སོགས་ཏེ། དཀྱིལ་འཁོར་གསུམ་གྱི་དོན་དེ་སྐད་ཅེས་རྡོ་རྗེ་འཛིན་པ་གསང་བའི་བདག་པོས་ཚིག་ཏུ་བསྡུས་པའོ། །གསུམ་པ་ལེའུའི་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། འདིས་ཏིང་འཛིན་ལྷག་པའི་ཏིང་འཛིན་གཉིས་དང་། འབྲས་བུ་རང་བཞིན་སྐུའི་དཀྱིལ་འཁོར་སྤྲོས་ནས་བསྟན་པའི་ལེའུ་སྟེ་དྲུག་པའོ།། ༈ །།ལེའུ་བདུན་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་དེ་བཞིན་སོགས་ཏེ། སྐུའི་དཀྱིལ་འཁོར་བསྟན་པ་དེ་ནས་ལྷག་ཏིང་དང་འབྲས་བུ་རང་བཞིན་གསུང་གི་དཀྱིལ་འཁོར་གཉིས་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་ཡབ་རྣམས་ཡུམ་བཙུན་མོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་གསུང་གསང་སྔགས་ཀྱི་གསང་བ་འདི་དག་ཕྱུང་ངོ་། །གཉིས་པ་གཞུང་ལ་གཉིས་ཏེ། ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་དང་། རང་བཞིན་གསུང་གི་དཀྱིལ་འཁོར་རོ། །དང་པོ་ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་འཆད་པའི་སྐབས་འདིར་ཞི་བའི་ཕྲིན་ལས་སྒོམ་རིམ་གྱི་སྡེབས་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་ལས། སྔོན་འགྲོ་ལའང་བདུན་ཏེ། དང་པོ་གྲལ་ཕྱག་དང་ཚུལ་ཕྱག་བྱ་བ། གཉིས་པ་ཡན་ལག་བརྒྱད་པས་རྒྱུད་སྦྱང་བ། །གསུམ་པ་མཚོན་ཆ་དམ་ཚིག་ལས་རྒྱལ་པོ་ལྔའི་ཕྱག་རྒྱས་མཚམས་བཅད་པ། བཞི་པ་བརྗོད་མེད་ཀྱི་བཤགས་པ་བྱ་བ། ལྔ་པ་པུཎྜ་རི་ཀའི་རྒྱུད་ལས་གསུངས་པ་ལྟར་དམ་བཅའ་ཉི་ཤུ་པ་བྱ་བ། དྲུག་པ་བབ་དྲུག་འདས་བཞིའི་དགོངས་པས་བདག་གནས་ཡོ་བྱད་རྣམས་ལ་བྱིན་དབབ་པ། བདུན་པ་ཕྱི་ནང་གི་མཆོད་པ་རྣམས་བྱིན་གྱིས་རློབ་པ་སྟེ། སྒྲུབ་ཐབས་ཀྱི་ལས་བྱང་ལྟར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས་ལས། དང་པོ་ཁྱད་པར་གྱི་སྦྱོར་བ་སེམས་བསྐྱེད་པ་ནི། བདག་དང་མཐའ་ཡས་སོགས་ཀྱིས་ཀུན་རྫོབ་དང་། །ལེའུ་གཉིས་པའི་ཨེ་མ་མཚར་ལྔས་དོན་དམ་པའི་སེམས་བསྐྱེད་པའོ། །གཉིས་པ་ཏིང་ངེ་འཛིན་གྱི་རིམ་པ་དངོས་ལ་གསུམ་སྟེ། ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ནོ། །དང་པོ་སྣང་སྟོང་སོ་སོ་ཐ་དད་ཀྱི་ཞེན་རྟོག་སྦྱོང་བྱེད་ལེའུ་ལྔ་པར་གསུངས་པའི་ཏིང་ངེ་འཛིན་གསུམ་ཚིག་རིན་ཆེན་དྲྭ་བ་ལྟར་དང་། བརྟན་པའི་ཡན་ལག་ཏུ་རྒྱུའི་ཨ་ལས་ཡི་གེ་ཕྲ་མོའི་སྤྲོ་བསྡུ་ལ་སེམས་སྦྱང་བ་ལེའུ་བཞི་པ་ལྟར་རོ། །གཉིས་པ་ལ། འབྱུང་ལྔའི་ཞེན་རྟོག་སྦྱང་ཕྱིར་སྒྲུབ་ཐབས་ལྟར་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པའི་རང་བཞིན་གཞི་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་པ། མ་དག་པའི་སྣོད་བཅུད་ཀྱི་སྣང་ཞེན་སྦྱོང་ཕྱིར་ས་བོན་བྷྲཱུཾ་ལས་རྟེན་གཞལ་ཡས་ཁང་དང་། ལེའུ་བཞི་པ་ལྟར་ཡི་གེ་ཞེ་གཉིས་སྤྲོས་པ་ལས་ཆོ་ག་གསུམ་གྱིས་བརྟེན་པ་ལྷའི་དཀྱིལ་འཁོར་ཏེ། འདིར་བཤད་པའི་བསྐྱེད་སྔགས་ཀྱིས་བསྐྱེད་ཅིང་། ལེའུ་དྲུག་པ་ལྟར་ཚིག་གིས་གསལ་གདབ། རིགས་མཐུན་གྱི་ལས་ལ་དབང་བསྒྱུར་བ་དང་སྒོ་གསུམ་གྱི་སྟོབས་འཕེལ་བའི་ཞེན་རྟོག་སྦྱང་ཕྱིར་དབང་བསྐུར་བྱིན་རླབས་འདི་ནས་བཤད་པ་ལྟར་བྱ་བ་རྣམས་སོ། །གསུམ་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ལ་དྲུག་ལས། དང་པོ་འཁོར་འདས་ཐ་དད་ཀྱི་ཞེན་པ་སྦྱང་ཕྱིར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སྙན་གསན་དབབ་ཅིང་། སྤྱན་དྲངས་པ་ལ་རིག་པའི་མེ་ཏོག་དོར་ནས་དབྱེར་མེད་དུ་བསྟིམ་པ་རྣམས་འདི་ནས་བཤད་པ་ལྟར་རོ། །གཉིས་པས་ཕྱག་དང་མཆོད་པ་བཅུ་གསུམ་འབུལ་བ། གསུམ་པ་བཤགས་པ་བྱ་བ། བཞི་པ་དངོས་གྲུབ་གསོལ་བ། ལྔ་པ་དམ་བཅའ་བ། དྲུག་པ་འཛབ་ཁང་ཕྱེ་ནས་དམ་ཡེ་འཕྲོ་འདུ་གསུམ་གསལ་བས་ངག་གི་ཞེན་པ་སྦྱོང་བ་དང་ལྷའི་ཐུགས་དམ་བསྐུལ་བའི་ཕྱིར་འཛབ་བཟླ་ཞིང་སྐབས་ཀྱི་མཇུག་བསྡུ་བ་རྣམས་སྒྲུབ་ཐབས་ལྟར་རོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་ལྔ་སྟེ། དང་པོ་བསོད་ནམས་སྤེལ་ཕྱིར་ཚོགས་ཀྱི་མཆོད་སྦྱིན། གཉིས་པ་ལས་འཆོལ་ཕྱིར་བརྟན་མ་སྐྱོང་བ། །གསུམ་པ་རྟག་ཆད་ཀྱི་མཐའ་བསལ་ཕྱིར་དཀྱིལ་འཁོར་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང་བ། བཞི་པ་བར་ཆད་ཀྱི་རྒྱུན་གཅོད་ཕྱིར་གོ་བགོ་ལུས་བསྲུང་། ལྔ་པ་སྤྱོད་པ་རྣམ་པར་དག་པའི་ཕྱིར་སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་བསྐྱང་པ་རྣམས་ཀྱང་སྒྲུབ་ཐབས་ལྟར་རོ། །ད་ནི་དཀྱུས་ཉིད་ལ་འཇུག་སྟེ། ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་ལ་གསུམ། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པའི་སྔགས། ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་བསྟིམ་གྱི་སྔགས། དེའི་ཡོན་ཏན་ནོ། །དང་པོ་ལ་གསུམ་སྟེ། རྟེན་གཞལ་ཡས་ཁང་བསྐྱེད་པའི། བརྟེན་པ་ལྷ་བསྐྱེད་པའི། དབང་བསྐུར་བྱིན་གྱིས་རློབ་པའི་སྔགས་སོ། །དང་པོ་ནི། བྷྲཱུཾ་བི་ཤྭ་བི་ཤུདྡྷེ། ཞེས་པའི་བྷྲཱུཾ་ནི་རིགས་ལྔ་འདུས་པའི་གཞལ་ཡས་ཁང་གི་ས་བོན། བི་ཤྭ་སྣ་ཚོགས། བི་ཤུདྡྷེ་རྣམ་པར་དག་པ་ན་ཞེས་པ་སྟེ། འབྱུང་ལྔའི་རྟོག་པ་སྣ་ཚོགས་ཡུམ་ལྔའི་མཁའ་དབྱིངས་སུ་རྣམ་པར་དག་པ་གཞལ་ཡས་ཁང་བསྐྱེད་པའི་སྔགས་ཏེ། ཐལ་རྒྱུད་ལས། བྷྲཱུཾ་དབྱིངས་བྷ་གར་སྣ་ཚོགས་འདུས། །ལས་དང་ངོ་བོ་དག་པ་ཉིད། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བྱིན་རླབས་སྐྱོབ་ཕྱིར་སྔགས་སུ་བརྗོད། །ཅེས་སོ། །གཉིས་པ་ལ་ལྔ་སྟེ། རིགས་ལྔ་ཡབ་ཡུམ། སེམས་དཔའ་ཡབ་ཡུམ། སྒོ་སྐྱོང་ཡབ་ཡུམ། བྱེད་པོ་ཡབ་ཡུམ། ཐུབ་དྲུག་གི་སྔགས་སོ། །དང་པོ་ནི། ཧཱུཾ་བཛྲ་དྷྲིཀ྄་སོགས་ཏེ། རིགས་ཀྱི་ཡབ་ལྔའི་སྔགས་ཀྱི་འགོ་འདྲེན་ཧཱུཾ་ༀ་སྭཱ་ཨཱཾ་ཧཱཾ་རྣམས་ནི་ཐུགས་རྡོ་རྗེ་མི་བསྐྱོད་པ་སོགས་ཀྱི་རིགས་ཀྱི་ས་བོན་ཏེ། རྒྱུ་མ་ནོར་བ་རྩ་བའི་སྔགས་སོ། །བཛྲ་རྡོ་རྗེ། དྷྲིཀ྄་འཛིན་པ་སྟེ། རྣམ་ཤེས་དག་པ་བྱང་ཆུབ་ཀྱི་སེམས་ཟུང་འཇུག་དབྱེར་མི་ཕྱེད་པའི་རྡོ་རྗེ་འཛིན་པ་མི་བསྐྱོད་པ་སྟེ། དེའི་བསྐྱེད་པ་རྐྱེན་གྱི་སྔགས་སོ། །ས་བོན་དང་བསྐྱེད་སྔགས་སྦྲེལ་བ་ནི་བཟླས་པ་ལས་ཀྱི་སྔགས་ཏེ་ཐམས་ཅད་ལ་འགྲེ་ཤེས་པར་བྱའོ། །ཛི་ན་ཛིཀ྄་རྒྱལ་བ་རྒྱལ་ཏེ། དབྱིངས་སྤྲོས་བྲལ་ནི་མི་དགེ་བའི་ཆོས་ལས་རྒྱལ་ཞིང་། དེ་ལས་ཤར་བའི་འབྱུང་དང་འབྱུང་འགྱུར་གྱི་གཟུགས་ཀྱང་རྒྱལ་བའི་སྐུར་དག་པ་སྟེ་རྣམ་སྣང་། རཏྣ་དྷྲིཀ྄་རིན་ཆེན་འཛིན་པ་སྟེ། བསམ་པ་ཐམས་ཅད་རྫོགས་པར་བྱེད་པས་སེམས་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་དེ་ཉིད་ཉམས་སུ་མྱོང་བས་འཛིན་པར་བྱེད་པ་ཚོར་ཕུང་དག་པ་རིན་འབྱུང་། ཨཱ་རོ་ལིཀ྄་ཆགས་ཆེན་མཚོན་ཏེ། སེམས་འདོད་ཅིང་རྩེན་པའི་མཚན་ཉིད་མཚོན་བྱེད་མཚན་མར་འཛིན་པ་འདུ་ཤེས་དག་པ་སྣང་མཐའ། པྲཛྙཱ་དྷྲིཀ྄་ཤེས་རབ་འཛིན་པ་སྟེ། རྣམ་ཤེས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་བློ་ནི་ཤེས་རབ། དེ་འཛིན་པར་བྱེད་པ་འདུ་བྱེད་དག་པ་དོན་གྲུབ་ཀྱི་བསྐྱེད་སྔགས་སོ། །དེ་ལྟར་ཡང་གསང་འདུས་ལས། རྡོ་རྗེ་འཛིན་དང་རྒྱལ་བའི་རྒྱལ། །རིན་ཆེན་འཛིན་དང་ཆགས་ཆེན་མཚོན། །ཤེས་རབ་འཛིན་པ་ཞེས་བྱ་སྟེ། །ཞེས་དང་། ནང་ལྟར་ན་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་ལྔས་རིགས་ལྔའི་ཐིག་ལེའི་བཅུད་འཛིན་པ་སྟེ། ཐལ་རྒྱུད་ལས། ཙིཏྟ་ཁམས་ལྔའི་ཤི་ར་ལ། །རྡོ་རྗེ་རྒྱལ་བ་རིན་ཆེན་ཆོས། །ཤེས་རབ་རིགས་ལྡན་བཅུད་ཀྱི་གཟུགས། །ངེས་པར་འཛིན་པ་གསང་བའི་སྔགས། །ཞེས་སོ། །རིགས་ལྔའི་ཡུམ་གྱི་སྔགས་ཀྱི་འགོ་འདྲེན། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་སྟེ་ས་བོན་རྣམས་ནི། མོཀྵ་ཐར་པ་སྟེ་རང་བཞིན་གྱི་རྣམ་པར་དག་པའི་དབྱིངས་མཚོན་པར་བྱེད་པ་དང་། ལོ་ཙ་ན་སྤྱན་མ། མཱ་མ་ཀཱི་བདག་མོ། པཎྜ་ར་དཀར་མོ། ཏཱ་ར་སྒྲོལ་མ་ལྔའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་སྟེ་བྱང་ཆུབ་ཀྱི་སེམས་དཀར་ཆ་ཐབས་དང་མ་བྲལ་བ་མཚོན་པའོ། །དྷཱ་ཏྭཱི་ཤྭ་རཱི་ནི་དབྱིངས་ཀྱི་དབང་ཕྱུག་མ་སྟེ་གཙོ་ཡུམ། དྭེ་ཥ་ཞེ་སྡང་། མོ་ཧ་གཏི་མུག །རཱ་ག་འདོད་ཆགས། བཛྲ་རྡོ་རྗེ་སྟེ་ཕྲག་དོག །དེ་བཞིན་རྣམ་པར་དག་པ་རིགས་ཀྱི་ཡབ་རྣམས་མཉེས་པར་བྱེད་པས་ན་ར་ཏི་ཞེས་དགའ་མ་སྟེ། གསང་འདུས་ལས། གཏི་མུག་ཞེ་སྡང་འདོད་ཆགས་དང་། །རྡོ་རྗེ་རྟག་ཏུ་དགའ་མར་སྦྱར། །ཞེས་དང་། ནང་ལྟར་སྙིང་གའི་ཐིག་ལེའི་ཡུལ་ཆ་ཕྲ་བའི་དྭངས་མ་ལྔས་དུག་ལྔ་དབྱིངས་སུ་སྐྱོབ་པར་བྱེད་པ་སྟེ། ཐལ་རྒྱུད་ལས། དེ་ཉིད་དྭངས་མའི་ཡེ་ཤེས་ལྔ། །མ་རིག་གཉིས་སོགས་བཞི་པོ་དང་། །མི་ཕྱེད་ཕྲག་དོག་རྡོ་རྗེའི་སྔགས། །དབྱིངས་སུ་སྐྱོབ་པ་དགའ་མར་བརྗོད། །ཅེས་སོ། །གཉིས་པ་ལ་གཉིས་ལས། དང་པོ་ནང་སེམས་ཡབ་ཡུམ་གྱི་སྔགས་ནི། ཀྵིཾ་ཧི་རཱ་ཛ་སོགས་ཏེ། ཀྵིཾ་ཏི་ཞེས་སའི་མིང་གི་དང་པོ་སྟེ་ས་བོན། ཧི་རཱ་ཛ་ཡ་ངོ་མཚར་རྒྱལ་པོ་སྟེ་ས་སྙིང་། ཏྲཾ་རིན་ཆེན་རིགས་ཀྱི་ས་བོན། ཨཱ་ནི་ཨཱ་ཀ་ཤ་ནམ་མཁའ། གརྦྷ་ཡ་སྙིང་པོ་སྟེ་ནམ་སྙིང་། ཧྲཱིཾ་ཧ་ཧཱུཾ་པདྨ་རིགས་ཀྱི་ས་བོན། པདྨ་པ་ད་མ་པདྨའི་ཕྱག་སྟེ་སྤྱན་རས་གཟིགས། ཛིཾ་རྒྱལ་བའི་ས་བོན། ཀུ་རུ་པཱ་ཎ་དང་སྦྲེལ་བས་རྒྱལ་མཛད་ཕྱག་སྟེ་ཕྱག་རྡོར། ཡུམ་བཞིའི་ཧཱུཾ་ཏྲཱཾ་ཧྲཱི་ཨཱཾ་བཞི་ནི་རིགས་ཀྱི་ས་བོན། ལཱ་སྱེ་སྒེག་མོ། མཱ་ལེ་ཕྲེང་མ། གཱི་ཏི་གླུ་མ། ནཱིརྟི་གར་མ་སྟེ། འདོད་ཆགས་ཀྱི་ཡུལ་དང་། འཁྱུད་པ་དང་། དགའ་བ་དང་། བསྐྱོད་པར་གྱུར་པའི་མིང་ངོ་། །སོ་སོའི་མཐར་སྙོམས་འཇུག་གི་བརྡ་བཞི་སྦྱོར་ཏེ། ས་མ་ཡ་སྟྭཾ་དུས་ལ་བབ་ཅེས་ཡུམ་གྱིས་བསྐུལ་བ། ས་མ་ཡ་ཧོཿདུས་ཡིན་ནོ་ཞེས་ལན་བྱིན་པ། རཱ་གོ྅་ཧཾ་བདག་ཆགས་སོ་ཞེས་བསྐུལ་བ། རཱ་ག་ཡ་མི་ཆགས་པར་བགྱིའོ་ཞེས་ལན་བྱིན་པའོ། །དེ་ཡང་ཐལ་རྒྱུད་ལས། ལས་ཀྱི་བདེ་བས་སྒེག་པ་ནི། །ཆགས་པའི་དམ་ཚིག་དུས་ཡིན་ནོ། །སླར་ཡང་ལན་གྱིས་འབྲེལ་བ་ནི། །གཉིས་ཀ་དགྱེས་པའི་མཆོག་ཏུ་བཤད། །ཧ་དང་སི་ཡི་བདེ་སྒྲ་དག །བདག་གི་ཆགས་པ་ཐོབ་པའོ། །ཤིན་ཏུ་བསྐྱོད་པའི་བདེ་བ་ཉིད། །ཀུན་ནས་བསྐྱོད་པས་རླུང་ཞེས་བྱ། །ཞེས་སོ། །གཉིས་པ་ཕྱི་སེམས་ཡབ་ཡུམ་གྱི་སྔགས་ནི། མཻ་དྷཱ་ར་ཎེ་སོགས་ཏེ། མཻ་ནི་མཻ་ཏྲི་བྱམས་པའི་མིང་གི་དང་པོ་ས་བོན། དྷཱ་ར་ཎི་གཟུངས་ལ་ཞེས་པ་སྟེ་བྱམས་པས་རྗེས་སུ་འཛིན་པ། ཐླྷིཾ་སྒྲིབ་སེལ་གྱི་བསྡུས་པའི་ས་བོན། ནིསྶ་རཾ་བྷ་ཡ་དང་སྦྲེལ་བས་སྒྲིབ་པ་བསལ་བའི་ཆེད་དུ། ཧཱུཾ་བྱང་ཆུབ་སེམས་ཀྱི་ས་བོན། ས་རཱ་ཛ་ཡའི་ས་ནི་ས་མནྟ་སྟེ་ཀུན་ནས་རྒྱལ་པོའི་ཆེད་དུ་ཞེས་ཀུན་བཟང་། མུཾ་ནི་མུཀྟ་སྟེ་རྣམ་པར་གྲོལ་བ་མཚོན་པའི་ས་བོན། ཤྲཱི་དཔལ། ཨཱཾ་གསུང་གི །རཱ་ག་ཡ་ཆགས་པའི་ཆེད་དུ་སྟེ་འཇམ་དཔལ། བཞི་ཀའི་མཐར་སྭཱ་ཧཱ་ནི་ཡོན་ཏན་ཁྱད་པར་ཅན་ལས་དང་སྦྱར་བའི་མིང་སོ་སོ་དེ་དང་དེའི་ཆེད་དུ་གཞི་འཛུགས་པའི་ལེགས་པར་བྱིན་ཞེས་པའོ། །ཡུམ་བཞིའི་ས་བོན་ཛཿཧཱུཾ་བཾ་ཧོཿབཞི་ནི་བཟུང་འཁྱུད་སྡོམ་མཉེས་ཏེ་ཕྱག་རྒྱ་བཞིའི་ས་བོན། དྷཱུ་པེ་བདུག་སྤོས་མ། པུཥྤེ་མེ་ཏོག་མ། དཱི་པ་སྒྲོན་མེ། གནྡྷེ་དྲི་ཆབ་མ་ཞེས་སོ་སོའི་མིང་དང་། མཐར་སྙོམས་འཇུག་གི་སྦྱོར་ཚད་བཞི་རིམ་པར་སྦྱོར་ཏེ། པྲ་བེ་ཤ་རབ་ཏུ་ཞུགས་པ། ཨ་བེ་ཤ་བབས་པ། སུ་གི་རཱི་བདེ་བ་མ། ཙིཏྟ་ཐུགས་ཏེ་སེམས་ཚིམ་པའོ། །དེའང་ཐལ་རྒྱུད་ལས། གཉིས་འདྲེས་འཛིན་པ་ཞེས་བྱ་སྟེ། །དེ་ཉིད་ཕྱེ་བ་ལས་བྱུང་བའོ། །མེ་ཏོག་བསྡུས་པའི་ངོ་བོ་ཉིད། །བདག་པོའི་ཞལ་དུ་ཐིམ་པར་བཤད། །ཤིན་ཏུ་བསྡམ་པའི་རིམ་ལས་བྱུང་། །གསལ་བའི་ཡེ་ཤེས་བདེ་བ་ཆེ། །ཀུན་གསལ་བརྗོད་དང་འདྲ་བའི་སྒྲ། །གཉིས་མེད་ཐུགས་སུ་ཤེས་པར་བྱ། །ཞེས་སོ། །གསུམ་པ་ནི། ཧཱུཾ་ཡ་མཱནྟ་ཀྲྀཏ་སོགས་ཏེ། ཁྲོ་བོ་བཞིའི་འགོ་འདྲེན་ཧཱུཾ་བཞི་ནི་སྤྱིའི་རིགས་ཀྱིས་ཁྱབ་བྱའི་རིགས་བཞི་ལ་ཞུགས་པའི་ས་བོན། ཡ་མ་གཤིན་རྗེ་དང་། པྲཛྙཱ་ཤེས་རབ་དང་། པདྨ་སྐད་སོར་བཞག་དང་། བིགྷྣཾ་བགེགས་ཏེ། སོ་སོའི་མཐར་ཨནྟ་ཀྲྀཏ་ཏེ་མཐར་བྱེད་ཅེས་སྦྱར་བ་མིང་དང་། ཕཊ་བཀས་པའི་དོན་ཏེ་བཀས་པར་གྱིས་ཤེས་ལས་ལ་སྦྱར་བའི་བསྐུལ་ཚིག་གོ། །ཡུམ་བཞིའི་འགོ་འདྲེན་ༀ་བཞི་ནི་རབ་བསྔགས་ཏེ་སྤྱིའི་ས་བོན། མ་ཧཱ་ཆེན་པོ། བཛྲ་རཏྣ་པདྨ་ཀརྨ་བཞི་ནི་རྡོ་རྗེ་རིན་ཆེན་པདྨ་ལས། དྷ་ར་འཆང་བ། མ་ཧཱ་ཆེན་པོ། ཀྲོ་དྷཱི་ཤྭ་རཱི་ཁྲོ་མོའི་དབང་ཕྱུག་མ། ཛྭ་ལཱི་ནི་འབར་བ་མ་སྟེ། རྡོ་རྗེ་རིན་ཆེན་སོགས་འཆང་ཆེན་པོའི་ཞེས་པ་ཐབས་དང་། ཁྲོ་མོ་ཆེན་མོ་འབར་བའི་དབང་ཕྱུག་མ་ཞེས་པ་ཤེས་རབ་ཀྱི་མིང་སོ་སོའི་མཐར། ཧཱུཾ་བཞི་ཁྱབ་བྱེད་ཞུགས་པའི་རིགས་ཀྱི་སྙིང་པོ་དང་། ཕཊ་བསྐུལ་ཚིག་སྦྱར་བའོ། །བཞི་པ་ནི། ཧཱུཾ་ཧཱུཾ་ཧཱུཾ་སོགས་ཏེ། ཧཱུཾ་གསུམ་ནི་ཀུན་གཞི་སྒོ་ལྔ་ཡིད་ཀྱི་རྣམ་ཤེས་གསུམ་འདས་པ་ཡེ་ཤེས་ཀྱི་ས་བོན། བཛྲ་ཙིཏྟ་རྡོ་རྗེ་ཐུགས། ༀ་ཐབས་ཀྱི་སྙིང་པོ་སྟེ་བྱེད་པ་པོ་ཀུན་བཟང་། ཨ་གསུམ་ནི་ཤེས་པ་གསུམ་གྱི་ཡུལ་ཆོས་ཀྱི་དབྱིངས་ཀྱི་ས་བོན། བཛྲཱི་བྷ་དྲ་ས་མནྟ་རྡོ་རྗེ་ཀུན་ཏུ་བཟང་མོ། ཨ་ནི་ཤེས་རབ་ཀྱི་སྙིང་པོ་སྟེ་བྱ་བ་མོའི་སྔགས་སོ། །དེའང་ཐལ་རྒྱུད་ལས། རྣམ་ཤེས་གསུམ་འདས་རྡོ་རྗེ་ནི། །ཡེ་ཤེས་ལྔ་རྫོགས་ཐུགས་ཉིད་དོ། །དབྱིངས་གསུམ་རྣམ་དག་འདུས་མ་བྱས། །ཀུན་ཏུ་དེ་བཞིན་གནས་བྱེད་པའོ། །ཞེས་སོ། །ལྔ་པ་ནི། ༀ་མུ་ནེ་ཀྲཱེཾ་སོགས་ཏེ། ༀ་རྣམས་ནི་རབ་བསྔགས་ཏེ་ཕྱག་འཚལ་བའི་ས་བོན། མུ་ནེ་རྣམས་ནི་ཐུབ་པ། ཀྲཱེཾ་ནི་བྱེད་པ་སྟེ་འདོད་ཡོན་གྱི་བྱེད་པས་ལྷག་པ་ལྷའི་ས་བོན། ཧཱུཾ་ཏྲཱུཾ་ནི་གོ་ཆ་བཀོད་པ་སྟེ་ལྷ་མིན་གྱི་ས་བོན། སྲུཾ་ནི་ས་ར་འཁྱིལ་བ་སྟེ་བློ་དཀྱིལ་ཆེ་བ་མིའི་ས་བོན། པྲཾ་ནི་པྲ་ཧོ་སྟེ་འདུད་པའི་དོན་གྱིས་དུད་འགྲོའི་ས་བོན། ཀྵཾ་ནི་ཀྵ་ར་སྟེ་དངོས་སྣང་འགྱུར་བས་གདུང་བ་ཡི་དྭགས་ཀྱི་ས་བོན། ཡེ་ནི་གང་ཡང་རུང་བར་ཁྲིད་པས་དམད་པའི་གནས་སུ་གྱུར་པ་སྟེ་དམྱལ་བའི་ས་བོན། སྭཱ་ཧཱ་ནི་འགྲོ་བའི་རིགས་དེ་དང་དེའི་བག་ཆགས་ཞི་བའི་ཆེད་དུ་གཞི་འཛུགས་པའི་དོན་ནོ། །ནང་ལྟར་ན་སྙིང་གར་རིགས་དྲུག་གི་ས་བོན་ཟུང་གསུམ་གནས་པ་བདེ་བ་ཆེན་པོས་རང་རིག་པའི་ཡེ་ཤེས་སུ་གསལ་བ་ན་མ་རིག་པ་གཉིས་ལས་བྱུང་བའི་འཁོར་བའི་བག་ཆགས་ཐུལ་བ་སྟེ། ཐལ་རྒྱུད་ལས། ས་བོན་ཟུང་གསུམ་དེ་བདེ་བ། །ངེས་སྐྱེས་རང་རིག་གྱུར་བ་ཡིས། །གཉིས་བྱུང་འདུལ་བས་ཐུབ་པར་གསུངས། །ཞེས་སོ། །གསུམ་པ་དབང་བསྐུར་བྱིན་གྱིས་རློབ་པའི་སྔགས་ལ་གསུམ་སྟེ། ལོ་རྒྱུས། སྔགས་དངོས། དེའི་ཡོན་ཏན་ནོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས་ཕྱུང་ངོ་ཞེས་པའི་བར་ཏེ། དཀྱིལ་འཁོར་བསྐྱེད་པ་དེ་ནས་བཅོམ་ལྡན་འདས་དབང་བསྐུར་བའི་བྱེད་པ་པོ་ཕྱོགས་དུས་བདེ་གཤེགས་ཐམས་ཅད་དང་མི་ཕྱེད་པའི་རྡོ་རྗེ་རིགས་ཀྱི་ཡབ་ལྔ་དང་། སྤྱད་བྱའི་ཡུལ་བྱ་བ་མོ་རྡོ་རྗེ་ཡུམ་ལྔའི་རྣམ་པར་རང་གི་ཐུགས་ཀའི་དྭངས་མའི་སྲོག་ཧཱུཾ་ཡིག་གི་འོད་ཀྱིས་སྤྱན་དྲངས་པ་རྣམས་གཉིས་སུ་མེད་པར་སྦྱོར་བའི་རྗེས་ཆགས་ཀྱི་མེས་ཞུ་བ་ཡེ་ཤེས་ལྔའི་ཆུ་རྒྱུན་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་དབུའི་གནས་ལྔ་ལ་ཐིམ་པར་མཛད་དོ། །དེ་ལྟར་དབང་བསྐུར་བས་ཉོན་མོངས་པ་ལྔ་སྦྱངས་ནས་ཆུ་ལུད་པ་དབང་གནས་སུ་འཁྱིལ་བ་ལས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བདག་ཉིད་ཆེན་པོ་རང་རིགས་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་ཅིང་། ཕུང་ལྔ་བདག་ཉིད་ཆེན་པོའི་རང་བཞིན་དུ་དག་པའི་ཡེ་ཤེས་ཀྱི་ངོ་བོ་རིགས་ལྔའི་སངས་རྒྱས་སུ་ང་རྒྱལ་འཛིན་པ་སྟེ། འདིར་རིགས་ཀྱི་དབྱེ་བ་ནི། ཐལ་བ་ལས། མི་བསྐྱོད་བྱེད་པོ་ཡུམ་དང་བཅས། །རྡོ་རྗེ་འཛིན་པའི་ཕྱག་རྒྱར་བསྟན། །བྱམས་པ་ས་སྙིང་དེ་བཞིན་ཉིད། །གཞན་དག་རང་གི་ཕྱག་རྒྱས་ཏེ། །གཤིན་རྗེ་གཤེད་ལ་རྟག་པར་བཤད། །ཐུབ་ཆེན་རྡོ་རྗེ་འཛིན་འཆང་བ། །ཞེས་པས་མི་བསྐྱོད་པ་ཡབ་ཡུམ་རྡོ་རྗེའི་རིགས་ཡིན་པའི་ཤུགས་ཀྱིས། སྣང་མཛད་དེ་བཞིན་རིགས། རིན་འབྱུང་རིན་ཆེན། མཐའ་ཡས་པདྨ། དོན་གྲུབ་ལས་རིགས་ཡིན་པར་མཚོན་ཅིང་། དེ་བཞིན་དུ་བྱ་བྱེད་དང་ཐུབ་དྲུག་ཀྱང་རྡོ་རྗེའི་རིགས་ཏེ། རྐང་པ་དང་པོ་གཉིས་དང་དྲུག་པའི་དོན་ནོ། །ས་སྙིང་དང་བྱམས་པ་དེ་བཞིན་གཤེགས་པའི་རིགས་ཡིན་པའི་ཤུགས་ཀྱིས། ནམ་སྙིང་དང་སྒྲིབ་སེལ་རིན་ཆེན། སྤྱན་རས་གཟིགས་དང་ཀུན་བཟང་པདྨ། ཕྱག་རྡོར་དང་འཇམ་དཔལ་ལས་རིགས་ཡིན་པས་མཚོན་ཏེ། རྐང་པ་གསུམ་པའི་དོན་ནོ། །གཤིན་རྗེ་གཤེད་རྟག་པ་རྣམ་སྣང་གི་རིགས་ཡིན་པའི་ཤུགས་ཀྱིས། སྟོབས་ཆེན་རིན་ཆེན། རྟ་མགྲིན་པདྨ། འཁྱིལ་བ་ལས་རིགས་ཏེ། རྐང་པ་ལྔ་པའི་དོན་དང་། རྐང་པ་བཞི་པས་ནི་མཚོན་བྱེད་དངོས་སུ་སྨོས་པའི་ཤུགས་ལས་མཚོན་བྱ་གཞན་རྣམས་མཚོན་པའི་ཚིག་གོ། །མདོར་ན་རིགས་གང་ཡིན་གྱི་ལྷ་ལ་རང་རིགས་ཀྱི་བདག་པོ་དབུས་སུ་སོང་བའི་ཤུལ་དུ་རྡོ་རྗེའི་རིགས་འགྲོ་བའང་ཤེས་པར་བྱ་སྟེ། དེ་དག་ནི་དབང་བསྐུར་བའི་དགོངས་པ་དང་། ཡང་སངས་རྒྱས་ཐམས་ཅད་ཀྱི་འབྲས་ཆོས་ལྔའི་བྱིན་བསྡུ་བའི་དགོངས་པ་ནི། སྤྱི་བོ་དུང་ཁང་དུ་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཾ་དམར་པོ། ཐུགས་ཀར་ཙིཏྟའི་མདུན་དུ་ཉི་མ་ལ་ཧཱུཾ་སྔོན་པོ། ལྟེ་བའི་གཡས་གཡོན་དུ་ཟླ་བ་ལ་སྭཱ་སྔོན་པོ་དང་ཧཱ་ལྗང་ཁུ་རྣམས་ལས་འཕྲོས་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། རྡོ་རྗེ་ལྔའི་ལྷའི་རྣམ་པར་སྤྱན་དྲངས་པ་ཡི་གེ་སོ་སོ་ལ་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་རྟགས་ཡི་གེ་ལྔ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པ་སོགས་དེ་བཞིན་གཤེགས་པ་ལྔས་རྒྱས་བཏབ་པར་བསམ་པ་སྟེ། ཐལ་བ་ལས། གནས་གསུམ་ཁྱབ་འཇུག་ཡི་གེ་ལས། །འོད་ཟེར་འགྲོ་བའི་ཚོགས་ཆེན་པོས། །ཁམས་གསུམ་བྱིན་རླབས་གཟི་བྱིན་བསྡུ། །རང་བཞིན་རྡོ་རྗེ་གསུམ་གནས་པ། །རྒྱུ་གཉིས་ཚུལ་གྱིས་རང་སྣང་བའོ། །ལྟེ་བ་རྣམ་གཉིས་ཟླ་བ་ལ། །སྔོ་ལྗང་ཡི་གེ་སྭཱ་ཧཱ་གཉིས། །རྗེས་མཐུན་འོད་ཀྱིས་ཡོན་ཏན་ལས། །ཡན་ལག་རྫོགས་པའི་གཟི་བྱིན་ལྡན། །ཞེས་སོ། །དེ་ལྟར་དབང་དང་བྱིན་བསྡུ་བ་ཞེས་བྱ་བའི་གསང་སྔགས་འདི་དག་སྟོན་པའི་སྐུ་དང་གསུང་དང་ཐུགས་མི་ཕྱེད་པའི་རྡོ་རྗེ་ཐབས་ཤེས་ཟུང་འབྲེལ་སྒྱུ་འཕྲུལ་དྲྭ་བ་ལས་ཕྱུང་ངོ་། །གཉིས་པ་ལ་གཉིས་ཏེ། དབང་བསྐུར་བ་དང་། བྱིན་གྱིས་རློབ་པའི་སྔགས་སོ། །དང་པོ་ནི། ༀ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་ཏེ། ༀ་རབ་བསྔགས། མ་ཧཱ་ཆེན་པོ། ཤཱུ་ནྱ་ཏཱ་སྟོང་པ་ཉིད། ཨཱ་དཪྴ་མེ་ལོང་ལྟ་བུ། ས་མ་ཏཱ་མཉམ་པ་ཉིད། པྲ་ཏྱ་བེཀྵ་ཎ་སོ་སོར་རྟོག་པ། ཀྲྀཏྱཱ་ནུཥྛ་ན་བྱ་བ་གྲུབ་པ། ཛྙཱ་ན་བཛྲ་ཡེ་ཤེས་རྡོ་རྗེ། སྭ་བྷཱ་ཝ་རང་བཞིན་ནམ་ངོ་བོ་ཉིད། ཨཱཏྨ་ཀཿབདག་ཉིད། ཨ་ཧཾ་ང་སྟེ། མཚམས་སྦྱར་བས་ཨཱཏྨ་ཀོ྅་ཧཾ་ཞེས་འབྱུང་བས། རབ་བསྔགས་སྟོང་པ་ཉིད་སོགས་ཀྱི་ཡེ་ཤེས་ཆེན་པོ་རྡོ་རྗེའི་ངོ་བོ་ཉིད་ཀྱི་བདག་ཉིད་ངའོ་ཞེས་སོ། །འདིར་དབང་རྒྱ་ནི། ལེའུ་བརྒྱད་པར་གསུངས་པ་ལྟར་གུང་མོ་རྡོ་རྗེའི་རིགས་ཡིན་པ་སོགས་ངེས་པར་བྱས་ཏེ། རྡོ་རྗེ་བསྡམས་པ་ལས་རང་རིགས་ཀྱི་སོར་མོ་གཉིས་སྦྱར་ནས་བརྐྱང་པ་སྤྱི་བོ་སོགས་མགོ་བོའི་གནས་ལྔར་འཇོག་ཅིང་། དེའང་རང་རིགས་ཀྱི་ཕྱག་རྒྱ་དབུས་སུ་གང་སོང་གི་ཤུལ་དུ་རྡོ་རྗེའི་རིགས་ཀྱི་དབང་རྒྱ་འགྲོ་བའང་ཤེས་པར་བྱའོ། །གཉིས་པ་ནི། ༀ་སརྦ་ཏ་ཐཱ་ག་ཏ་སོགས་ཏེ། ༀ་རབ་བསྔགས། སརྦ་ཐམས་ཅད། ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ། མ་ཧཱ་ཆེན་པོ། ཀཱ་ཡ་སྐུ། ཝཱ་ཀ་གསུང་། ཙིཏྟ་ཐུགས། ཨ་ནུ་རཱ་ག་ཎ་རྗེས་སུ་ཆགས་པ། པཱུ་ཛ་མཆོད་པ། བཛྲ་རྡོ་རྗེ། སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་སྔར་བཞིན་ཏེ། རབ་བསྔགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་སོགས་རྡོ་རྗེ་ཆེན་པོའི་ངོ་བོ་ཉིད་ཀྱི་བདག་ཉིད་ངའོ་ཞེས་སོ། །འདིར་བྱིན་གྱིས་རློབ་པའི་རྒྱ་ནི། རྡོ་རྗེའི་ཕྱག་རྒྱ་གནས་དེ་དང་དེར་གཏུག་པའོ། །དེ་ལྟར་དབང་དང་བྱིན་རླབས་ཀྱི་ལྷ་ལྔ་ལྔ་སྟེ་བཅུའི་སྟེང་དུ་སྙིང་དབུས་སྲོག་གི་གོར་རང་འདྲའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་རེ་རེ་བསྒོམ་པ་རྩིས་པས་ཡན་ལག་གི་ལྷ་བཅུ་གཅིག་ཏུ་འགྱུར་ནའང་དོན་ལ་བྱིན་རླབས་ཀྱི་ཡོན་ཏན་དང་ཕྲིན་ལས་གཉིས་རྡོ་རྗེ་གསུམ་གྱི་ཞར་བྱུང་ཙམ་ཡིན་པས་ལམ་བསྒོམས་པའི་དབང་དུ། ས་ཆུ་གཉིས་དང་མེ་རླུང་གཉིས་ཀྱི་དྭངས་མ་རོ་གཅིག་ཏུ་འཇུག་པས་རིན་འབྱུང་རྣམ་སྣང་ལ་བསྡུས་པ་སྐུ་རྡོ་རྗེ། དོན་གྲུབ་མཐའ་ཡས་ལ་བསྡུས་པ་གསུང་རྡོ་རྗེ། དེའི་རིག་པས་སེམས་ཀྱི་དྭངས་མ་དོན་དམ་པའི་ནམ་མཁའ་དང་རོ་གཅིག་པ་ཉིད་ཀྱིས་ཁྱབ་བྱེད་དྲུག་པ་དང་ཁྱབ་བྱ་མི་བསྐྱོད་པ་གཉིས་འདྲེས་ཐུགས་རྡོ་རྗེར་བྱས་པས་བྱིན་རླབས་ཀྱི་ལྷ་གསུམ་སྟེ། ཡན་ལག་གི་ལྷ་དགུར་གསུངས་པའི་གནད་ཀྱང་ཤེས་པར་བྱའོ། །གསུམ་པ་ཡོན་ཏན་ནི། ཞེས་བརྗོད་པས་སོགས་ཏེ། དབང་དང་བྱིན་བསྡུ་བའི་སྔགས་དེ་སྐད་ཅེས་བརྗོད་པས་ཡེ་ཤེས་ལྔའི་ཆུ་རྒྱུན་སྤྱི་བོ་ནས་ཐིམ་པར་གྱུར་པས་དབུའི་གནས་ལྔར་དབང་ལྷ་རིགས་ལྔ་གསལ་བར་གྱུར། གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ལྷ་རྣམས་འབར་བར་གྱུར་ཏོ། །གཉིས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་བསྟིམ་གྱི་སྔགས་ལ་བཞི་ལས། དང་པོ་སྙན་གསན་དབབ་པའི་སྔགས་ནི། ༀ་ཨེ་ཧྱེ་ཧི་སོགས་ཏེ། ༀ་ཡེ་ཤེས་ཀྱི་སྙིང་པོ་སྟེ་འགོ་འདྲེན། ཨེ་ཧྱེ་ཧི་ཚུར་སྤྱོན་ཚུར་སྤྱོན། བྷ་ག་ཝཱན་བཅོམ་ལྡན་འདས། མ་ཧཱ་ཀཱ་རུ་ཎི་ཀ་ཐུགས་རྗེ་ཆེན་པོ་དང་ལྡན་པ། དྲྀ་ཤྱ་ཧོཿགཟིགས་ཤིག །ས་མ་ཡ་སྟྭཾ་དུས་ལ་བབ་བོ་ཞེས་པ་སྟེ། དམ་ཚིག་པའི་ཐུགས་སྲོག་ཧཱུཾ་གི་འོད་ཀྱིས་བསྐུལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུ་ཡེ་ཤེས་ཀྱི་འཁོར་ལོའི་རྣམ་པ་ཅན་དུ་སད་པར་བསམ་པའོ། །གཉིས་པ་སྤྱན་དྲངས་པའི་སྔགས་ནི། ཛཿཧཱུཾ་བཾ་ཧོཿཞེས་ཏེ། ཐུགས་ཀ་ནས་སྤྲོས་པའི་ཕྱག་རྒྱའི་ལྷ་མོ་བཞིས་དགུག་བཅིངས་བསྡམས་ལ་དགྱེས་པ་བསྐྱེད་པས་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས་ཏེ། དམ་ཚིག་གི་འཁོར་ལོ་དང་མེ་རི་འདབ་འབྱོར་དུ་བཞུགས་པའོ། །གསུམ་པ་རིག་པའི་མེ་ཏོག་དོར་བའི་སྔགས་ནི། ༀ་ཨཱཾ་སོགས་ཏེ། ༀ་ཨཱཾ་ཧཱུཾ་སྭཱ་ཧཱ་ཞེས་པའི་ཡི་གེ་རེ་རེ་ཐོག་མཐར་སྦྱར་བའི་བར་དུ། བཛྲ་ས་མ་ཡ་ཞེས་ཡི་གེ་རེ་རེ་བཏུས་ཏེ་སྡེབས་པའི་སྔགས་ཚན་ལྔས། བདག་དམ་ཚིག་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་རྡོ་རྗེ་ལྟར་མི་ཕྱེད་པའི་དམ་ཚིག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྲས་ཆོས་ལྔ་དང་གཉིས་མེད་དུ་རྟགས་པར་བྱེད་པ་སྟེ། རིག་པའི་མེ་ཏོག་དོར་བ་ཞེས་ཀྱང་བྱ། སོ་སོ་མ་ཡིན་པར་རིག་པ་འདུན་པའི་ཕྱག་གམ་རང་སྣང་གི་དཀྱིལ་འཁོར་དུ་འཇུག་པའི་ཚུལ་ཞེས་ཀྱང་གྲགས་སོ། །བཞི་པ་དངོས་གྲུབ་བསྐུལ་ཏེ་བསྟིམ་པའི་སྔགས་ནི། ༀ། ཡེ་ཤེས་རྒྱལ་སོགས་ཏེ། ༀ་ནི་དངོས་གྲུབ་གསོལ་བའི་གླུའི་འགོ་འདྲེན་ནོ། །རང་རིག་པའི་ཡེ་ཤེས་ལ་མངའ་མཛད་པའི་རྒྱལ་པོ་ཞེས་བོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཞན་ལས་ཆེས་རྨད་པོ་ཆེ་དེ་ཉིད་དུས་ཕྱིར་མ་ལུས་པར་ད་ལྟ་ཉིད་དུ་འདིར་ནི་དབྱེར་མེད་མཉམ་པར་སྦྱོར་བས་ཡེ་ཤེས་ལྷའི་རྡོ་རྗེེ་གསུམ་གྱི་ཕྱག་རྒྱ་ཆེན་པོར་བདག་གི་སྒོ་གསུམ་སྦྱོར་བར་མཛོད་ཅིག་ཅེས་བསྐུལ་བས་ལྷ་རྣམས་དངོས་གྲུབ་སྩོལ་བ་ལ་ཕྱོགས་པར་གྱུར་པ་དང་། ༀ་བཛྲ་ས་མ་ཡ་ཧཱུཾ་ཞེས་པའི་ཧཱུཾ་ཐུགས་བསྐུལ་བའི་ས་བོན་དུ་བྱས་ཏེ། རབ་བསྔགས་རྡོ་རྗེ་མཉམ་པར་མཛོད། ཅེས་པས་ཡེ་ཤེས་པ་དམ་ཚིག་པ་ལ་བསྟིམ་སྟེ་གཉིས་མེད་དུ་གྱུར། ༀ་བཛྲ་ས་མ་ཡ་སྟྭཾ་ཞེས་པས་ནམ་མཁའི་ལྷའི་འཁོར་ལོར་གྲུབ་པར་མ་གྱུར་གྱི་བར་དུ་བརྟན་པར་བཞུགས་པའི་རྡོ་རྗེའི་དམ་ཚིག་ཁྱོད་ཅེས་སོ། །ༀ་བཛྲ་ས་མ་ཡ་ཧོཿམཆོག་སྟེར་རྡོ་རྗེའི་དམ་ཚིག་གིས་མཉེས་པར་མཛོད་ཅེས་བསྐུལ་བས་ཤིན་ཏུ་དབང་དུ་གྱུར་ཏེ་དགྱེས་པ་ཆེན་པོས་རྗེས་སུ་ཆགས་པར་བྱའོ། །ཛཿཧཱུཾ་བཾ་ཧོཿཞེས་ཕྱག་རྒྱ་བཞིས་ཤིན་ཏུ་བརྟན་ཅིང་གསལ་བར་བྱས་པའོ། །གསུམ་པ་ཡོན་ཏན་ནི། ཞེས་བརྗོད་པས་སོགས་ཏེ། དེ་སྐད་ཅེས་བརྗོད་པས་ལྷག་ཏིང་གསུང་གསང་སྔགས་ཀྱི་དཀྱིལ་འཁོར་འདི་དག་གིས་ཡུལ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཀྱི་གདུལ་བྱའི་ངག་ལ་ཡེ་ནས་ཁྱབ་པར། དེ་ལམ་རྐྱེན་གྱིས་སྔགས་སྒྲར་རབ་ཏུ། དེས་འགག་མེད་གསུང་རྡོ་རྗེར་གྲོལ་བས་ཀུན་ཏུ་གྲགས་སོ། །གཉིས་པ་རང་བཞིན་གསུང་གི་དཀྱིལ་འཁོར་ལ་གསུམ་སྟེ། གསུང་ལྔའི་མཚན་ཉིད། བྱེད་ལས། རྣམ་གྲངས་སོ། །མཚན་ཉིད་ལ་ལྔ་ལས། དང་པོ་སྐྱེ་མེད་དོན་གྱི་གསུང་ནི། ཨེ་མ་ཧོཿངོ་མཚར་སོགས་ཚིགས་བཅད་གཅིག་སྟེ། ཨེ་མ་ཧོཿ ཞེས་བརྗོད་མེད་ལས་དོན་གོ་བས་ངོ་མཚར་ཞིང་ཆེས་རྨད་ཀྱི་ཆོས་ཏེ། ཇི་ལྟར་ན་རྫོགས་པའི་སངས་རྒྱས་ཀུན་གྱི་ཁྱབ་བྱེད་ཆོས་ཀྱི་སྐུའི་གསུང་ནི་གྲགས་པའི་སྒྲ་དང་བཏགས་པའི་མིང་དང་། བརྗོད་པའི་ཚིག་སོགས་ཀུན་ལས་འདས་པའི་བརྗོད་མེད་ཀྱི་གསུང་དེས་གོ་ཕྱེ་བས་སྣ་ཚོགས་པའི་སྒྲ་རྣམས་གསལ་བར་འབྱུང་བའི་གཞིར་གྱུར་པའོ། །གཉིས་པ་བརྗོད་པ་ཚིག་གི་གསུང་ནི། གསུང་གཅིག་སོགས་ཚིགས་བཅད་གཅིག་སྟེ། དེ་བཞིན་གཤེགས་པའི་གསུང་གི་གསང་བ་གཅིག་ལ་ཡང་གསུང་གི་དཀྱིལ་འཁོར་ཡན་ལག་དྲུག་ཅུ་ལ་སོགས་པར་སྣང་བ་ནི། མདོ་ཆེན་པོར་གསུངས་པའི་དོན་སྡོམས་སུ་བྱས་ན། ཚངས་དབྱངས་སིལ་སྙན་གླུ་གར་དང་། །ཀ་ལ་པིངྐ་འབྲུག་གི་སྒྲ། །སྒྲ་བརྙན་ལྟ་བུའི་རྣམ་གྲངས་དྲུག །རེ་རེ་ལ་ཡང་ཡན་ལག་ནི། །བཅུ་བཅུ་འཇུག་སྟེ་འདུ་ཤེས་བསྐྱེད། །རྣམ་རིག་མཉན་འོས་མི་མཐུན་མེད། །ཤིན་ཏུ་ཟབ་དང་རྗེས་སུ་འབྱུང་། །མི་ཚུགས་རྣར་སྙན་མ་འཁྲུགས་དང་། །ཤིན་ཏུ་གསང་སྟེ་དྲུག་ཅུའོ། །དེ་དག་ཀྱང་གདུལ་བྱ་རིགས་དྲུག་གི་གནས་ཀྱིས་ཕྱེ་བས་སུམ་བརྒྱ་དྲུག་ཅུ་སོགས་བསམ་གྱིས་མི་ཁྱབ་པས་ཞིང་ཁམས་ཀུན་ཏུ་ཁྱབ་ཅིང་རང་རང་གི་སྐད་དུ་བརྡ་སྤྲོད་པའི་སྒྲ་དང་མིང་ཚིག་སོ་སོར་གྲག་ཅིང་། གྲགས་པ་དེ་ཐམས་ཅད་ཀྱང་ཟབ་པ་དང་རྒྱ་ཆེ་བའི་གསུང་གི་ཕྱག་རྒྱ་ལས་མི་འདའ་བའི་ཕྱིར་མཆོག་ཏུ་གྱུར་པའོ། །གསུམ་པ་རིག་པ་བྱིན་རླབས་ཀྱི་གསུང་ནི། རྒྱུད་མཆོག་སོགས་རྐང་པ་ལྔ་སྟེ། རྒྱུད་ཐམས་ཅད་ཀྱི་མཆོག་ཐབས་ཤེས་ཟུང་འབྲེལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་འབྲས་བུ་བདེ་བ་ཆེན་པོ་དང་ལྡན་པ་རང་རིག་པ་ཡེ་ཤེས་ཀྱི་གསུང་གི་དོན་འབྱུང་བའང་ཇི་ལྟར་ཞེ་ན། འཁོར་འདས་ཀྱི་སྒྲ་ཐམས་ཅད་གཟུང་འཛིན་གྱིས་གོས་པ་མེད་པ་པདྨ་ལྟ་བུའི་ངང་དུ་གྱུར་པའི་ཕྱིར་ན། རྣམ་པར་གྲོལ་བ་འདས་པ་དང་། ཐར་པར་བགྲོད་བྱེད་ལམ་དང་། བཅིངས་པ་འཁོར་བའི་སྒྲ་སྐད་ཀྱི་རྣམ་པ་ཇི་སྐད་བརྗོད་པ་ཐམས་ཅད་ཀྱང་མཚན་མས་མ་གོས་པས་གསུང་གི་མཆོག་སྟེ། ཅིར་ཡང་མི་འགག་པར་རང་རིག་ལ་སྣང་བའི་ཕྱིར་རིག་པའི་གསུང་ངམ་བདེ་བ་ཆེན་པོའི་གསུང་ཞེས་ཀྱང་བྱའོ། །བཞི་པ་དབྱེར་མེད་རྡོ་རྗེའི་གསུང་ནི། ཐེག་པ་མཐོ་དམན་སོགས་རྐང་པ་དྲུག་སྟེ། རྣམ་པར་གྲོལ་བའི་ཐེག་པ་མཐོ་དམན་ཐམས་ཅད་དང་། ཕྱིན་ཅི་ལོག་མུ་སྟེགས་པ་དང་། འགྲོ་བ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་མ་ལུས་ཐམས་ཅད་ཀྱི་སྒྲ་སྐད་ཀུན་ཀྱང་དོན་ལ་གྲགས་སྟོང་གཉིས་སུ་མེད་པའི་ངོ་བོར་ཡེ་ནས་བྱང་ཆུབ་པ་རྡོ་རྗེའི་གསུང་དུ་བསྡུས་ཤིང་། བསྡུས་ཙམ་ཉིད་ནའང་དེ་ལས་མ་གཡོས་བཞིན་དུ་ཕྱོགས་བཅུ་རྣམ་པར་གྲགས་ཤིང་གོ་བར་མཛད་པའི་སྒྲ་ཉིད་ཇི་ལྟར་པདྨ་ལ་ཆུས་མིས་གོས་པ་ལྟར་མ་ཆགས་འཛིན་མེད་ཀྱི་ངང་དུ་གསུངས་པས་མཐའ་གཉིས་ལས་གྲོལ་བའི་ཕྱིར། མ་འགགས་པར་གསུངས་པའི་དུས་ཉིད་ན་མ་དམིགས་པས་བརྗོད་དུ་མེད་པའོ། །ལྔ་པ་ཚངས་པ་དབྱངས་ཀྱི་གསུང་ནི། བརྗོད་མེད་དེ་ཉིད་སོགས་རྐང་པ་ལྔ་སྟེ། བརྗོད་མེད་དོན་གྱི་གསུང་དེ་ཉིད་བརྗོད་པ་སྣ་ཚོགས་པའི་སྒྲའི་འབྱུང་གནས་སུ་སྣང་བས་གདུལ་བྱ་ཀུན་ལ་ཚིག་གཅིག་མཐུན་པར་གྲགས་ཤིང་། དེ་ལས་དོན་སོ་སོར་འཇལ་ཞིང་གོ་བར་བྱེད་དེ། དཔེར་ན་ཚུལ་དེ་བཞིན་དུ་ཐུབ་པའི་དབང་པོས་སྦྲིད་པ་སངས་པ་ལ་ནད་པ་སྨན་པ་ཁྱིམ་བདག་མོ་གསུམ་གྱིས་དོན་སོ་སོར་གོ་བ་བཞིན་དེ་བཞིན་གཤེགས་པའི་གསུང་གཅིག་གི་སྒྲ་ཡིས་སོ་སོའི་བསམ་པ་དང་མཐུན་པའི་ཆོས་ཐམས་ཅད་གོ་བ་དེ་ནི་གསུང་གཅིག་གིས་ཀུན་ལ་ཁྱབ་པས་གསུང་མཆོག་རྒྱལ་པོ་སྟེ་ཚངས་པ་དབྱངས་ཀྱི་གསུང་ཡིན་ནོ། །དེ་ལྟར་ཡང་དཀོན་བརྩེགས་ལས། རྒྱལ་བའི་གསུང་དབྱངས་གཅིག་སྣང་བ། །མོས་པའི་དབང་གིས་སོ་སོར་ཐོས། །ཞེས་གསུངས་པ་ལྟར་རོ། །འདིར་ལོངས་སྐུ་བརྡའི་གསུང་མ་བྱུང་བས་ཆད་ལ། སྤྲུལ་སྐུའི་གསུང་གཉིས་བྱུང་བས་ལྷག་གོ་ཞེ་ན། ལོངས་སྐུའི་གསུང་ནི་སྔར་ལེའུ་དྲུག་པར། དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །ཞེས་བསྟན་ཟིན་པས་འདིར་མ་སྨོས་ལ། སྤྲུལ་སྐུའི་གསུང་གཉིས་ལས། ཚིག་གི་གསུང་ནི་ཚིག་རེས་དོན་རེ་མཚོན་པ་ཡིན་ལ། ཚངས་པ་དབྱངས་ཀྱི་གསུང་ནི་ཚིག་རེས་དོན་དུ་མ་མཚོན་པ་ཡིན་པས་ལྷག་པའི་སྐྱོན་མེད་ཅེས་གསུངས་སོ། །གཉིས་པ་གསུང་གི་བྱེད་ལས་ནི། ཐེག་པ་མཐོ་དམན་སོགས་རྐང་པ་གསུམ་སྟེ། གདུལ་བྱའི་སྣང་བར་ཐེག་པ་མཐོ་དམན་བསམ་ཡས་གསུངས་པ་ལྟར་སྣང་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་ཉིད་ལ་འབབ་པ་ཁོ་ན་ལས་གཞན་མ་གསུངས་ཏེ། གདུལ་བྱ་འདུལ་བའི་ཐབས་སུ་ཆོས་ཀྱི་རྣམ་གྲངས་སོ་སོར་ཐོས་པ་ཙམ་དུ་ཟད་དོ། །དེ་ལྟར་ཡང་ཏིང་ངེ་འཛིན་རྒྱལ་པོ་ལས། ཀ་དཱི་ནྱ། ངས་ནི་གཟུགས་ཀྱི་དེ་བཞིན་ཉིད་འབའ་ཞིག་གསུངས་ན། ལ་ལས་ནི་གཟུགས་སྟོང་ཞེས་བྱ་བར་ཐོས། ལ་ལས་ནི་གཟུགས་མི་སྟོང་ཞེས་བྱ་བར་ཐོས། ལ་ལས་ནི་གཟུགས་བདེ་ཞེས་བྱ་བར་ཐོས། ལ་ལས་ནི་གཟུགས་སྡུག་བསྔལ་ཞེས་བྱ་བར་ཐོས། ཞེས་སོ། །གསུམ་པ་གསུང་གི་རྣམ་གྲངས་ནི། ཇི་ལྟར་གསུང་རབ་སོགས་ཚིགས་བཅད་ཕྱེད་དང་གསུམ་སྟེ། ཇི་ལྟར་གསུང་རབ་ཀྱི་དོན་ཀུན་ཚིག་ཏུ་བརྗོད་ཀྱང་དོན་ཆོས་ཉིད་དེ་བཞིན་ཉིད་ཀྱིས་གཞལ་ན་བརྗོད་དུ་མེད་པའི་ཕྱིར་ཅུང་ཟད་ཀྱང་གསུངས་པ་མེད་དེ། ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་ངོ་། །དོན་གྱི་གསུང་དེ་ཉིད་མཚོན་བྱེད་ཀྱི་ཡི་གེར་གྲུབ་པ་མེད་པ་དང་སྒྲར་བརྗོད་དུ་མེད་པས་ལྗགས་ཀྱི་རྩེ་མོར་སྒྲ་ཚིག་ཏུ་མ་བྱུང་ཡང་སྐུའི་བརྡས་འཁོར་གྱི་བློ་ལ་དོན་འཇལ་བར་སྟོན་པས་ན་ལོངས་སྐུ་དགོངས་པ་བརྡའི་གསུང་ངོ་། །རིག་པ་ཡེ་ཤེས་ཀྱི་གསུང་དེ་ཉིད་ཀུན་ཁྱབ་ཀྱི་ཐུགས་རྗེ་དང་སྒྲ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་ལྷུན་གྱིས་གྲུབ་པའི་གསུང་གི་བྱིན་རླབས་ཅིར་ཡང་མི་འགགས་པའི་སྟོབས་ཀྱིས་དོན་མཛད་པ་ནི་མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་ངོ་། །འགྲོ་བ་གང་ལ་གང་འདུལ་གྱི་མོས་པ་དང་མཐུན་པའི་སྒྲ་དོན་སྣ་ཚོགས་ཚིག་གཅིག་གིས་སོ་སོར་གསལ་ཞིང་ཐོས་པས་བརྡ་སྤྲོད་པ་ནི་སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་ངོ་། །དེ་ལྟར་གསལ་བ་ཉིད་ནའང་མི་དམིགས་པས་གསུང་གི་རང་བཞིན་དབྱེར་མི་ཕྱེད་པས་རྡོ་རྗེའི་མཆོག་སྟེ་དབྱེར་མེད་རྡོ་རྗེའི་གསུང་ངོ་། །ཚུལ་དེ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་སྒོ་ནས་འགྲོ་བའི་དོན་མཛད་པ་རྣམས་ནི་བརྗོད་མེད་དེ་བཞིན་ཉིད་ཀྱི་ངང་ལས་གཞན་དུ་མ་གཡོས་ཀྱང་རྒྱལ་བའི་ཐུགས་རྗེ་དང་། གདུལ་བྱའི་མོས་པ་ལས་རང་སྣང་བ་སྟེ། དཔེར་ན་བྲག་ཆའི་སྒྲ་ཉིད་ཀྱང་བརྗོད་འདོད་དང་། རྟོག་པ་དང་། རྩོལ་བ་གང་ཡང་མེད་བཞིན་དུ་རྐྱེན་གྱིས་སྒྲའི་རྣམ་པ་འབྱུང་བ་བཞིན་ནོ། །དེ་སྐད་དུའང་རྒྱུད་བླར། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །དེ་ལྟར་དེ་བཞིན་གཤེགས་པའི་གསུང་། །ཕྱི་དང་ནང་ནའང་གནས་མ་ཡིན། །ཞེས་པ་ལྟར་རོ། །གསུམ་པ་ལེའུའི་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། འདིས་རང་བཞིན་གསུང་གི་དཀྱིལ་འཁོར་ཇི་སྙེད་པ་གསུང་ལྔར་བསྡུས་པ་དང་། ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་གསང་སྔགས་ཀྱི་དོན་བསྟན་པའི་ལེའུ་སྟེ་བདུན་པའོ།། ༈ །།ལེའུ་བརྒྱད་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་དེ་བཞིན་སོགས་ཏེ། གསུང་གི་དཀྱིལ་འཁོར་བསྟན་པ་དེ་ནས་རང་བཞིན་དང་ལྟ་བ་དང་ལྷག་ཏིང་སྟེ་ཐུགས་ཕྱག་རྒྱའི་དཀྱིལ་འཁོར་གསུམ་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བདག་ཉིད་ཀྱིས་ལུས་དང་རྟོག་པའི་ཡན་ལག་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཉིད་རྟོགས་གོམས་ཀྱི་སྦྱོར་བས་མཐར་ཕྱིན་པར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཕྱག་རྒྱའི་རིམ་པ་འདི་ཆེད་དུ་བརྗོད་དོ། །གཉིས་པ་གཞུང་ལ་ལྔ་སྟེ། རང་བཞིན་གྱི་ཕྱག་རྒྱ་དང་། ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་། ལྟ་བའི་ཕྱག་རྒྱ་དང་། ཕྱག་རྒྱ་སྤྲོས་བཅས་ཀྱི་ཏིང་ངེ་འཛིན་བསྟན་པ་དང་། ཕྱག་རྒྱའི་རྣམ་གྲངས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། སྒྱུ་འཕྲུལ་དྲྭ་བས་སོགས་ཚིགས་བཅད་གཅིག་སྟེ། ཆོས་ཐམས་ཅད་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ་ཡེ་ནས་རང་བཞིན་གྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རྟོག་ཚོགས་ཐམས་ཅད་ལ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་མཆོག་གི་ཕྱག་རྒྱས་བཏབ་པ་སྟེ། དེ་ཉིད་གནས་རྟོགས་མངོན་དུ་བྱས་པའི་གནས་སྐབས་གསུམ་ལ། རང་བཞིན་དང་། ལྟ་བ་དང་། འབྲས་བུའི་ཕྱག་རྒྱ་ཞེས་བྱའོ། །དེ་ལྟར་རྟོགས་དཀའ་བའི་གསང་བ་དེ་ཁོ་ན་ཉིད་དུ་ངེས་པའི་དོན་ཆོས་ཉིད་སྙིང་པོའི་ཕྱག་རྒྱས་བཏབ་པ་ནི་རྒྱལ་པོའི་བཀའ་རྟགས་ལྟར་འདའ་བར་དཀའ་བ་སྟེ། ནམ་ཡང་དེ་ལས་མི་འདའོ། །གཉིས་པ་ལ་གསུམ་སྟེ། ཕྱག་རྒྱའི་རྒྱུ་དང་། དེ་ལས་བྱུང་བ་རིགས་ལྔ་སྤྱིའི་དམ་རྒྱ། དེ་ལས་འཕྲོས་པ་ལྷ་སོ་སོའི་ཕྱག་རྒྱའོ། །དང་པོ་ནི། མི་བསྐྱོད་སོགས་ཚིགས་བཅད་གཅིག་སྟེ། འགྲེལ་ཆུང་ལས། དབུ་ནི་བདེ་གཤེགས་རིགས་ཉིད་དེ། །ལག་གཡས་རྡོ་རྗེ་མི་བསྐྱོད་པ། །ལག་གཡོན་རིན་ཆེན་སེམས་དཔའི་རིགས། །རྐང་གཡོན་ཆོས་ཀྱི་སེམས་དཔའ་སྟེ། །རྐང་གཡས་ལས་ཀྱི་སེམས་དཔའོ། །ཞེས་ལུས་ཀྱི་ཡན་ལག་ལྔ་དང་། ཉིང་ལག་གི་གུང་མོ་རྡོ་རྗེ། །མཛུབ་མོ་བདེ་གཤེགས། སྲིན་ལག་རིན་ཆེན། མཐེ་བོང་པདྨ། མཐེའུ་ཆུང་ལས་རིགས་ཏེ། ཡན་ལག་དང་ཉིང་ལག་ཐམས་ཅད་རིགས་ལྔའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའི་ཕྱིར། མི་བསྐྱོད་པའི་རིགས་ལག་པ་གཡས་ཀྱི་སོར་མོའི་བྲེ་ཁ་ལྔ་ལ་ཉི་མའི་དཀྱིལ་འཁོར་ལྔའི་སྟེང་དུ་ཐབས་རིགས་ལྔའི་ཡི་གེ་ཧཱུཾ་ༀ་སྭཱ་ཨཱཾ་ཧཱ། རིན་ཆེན་རིགས་ལག་པ་གཡོན་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་ལྔའི་སྟེང་དུ་ཤེས་རབ་ཡུམ་ལྔའི་ཡི་གེ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་སོར་མོའི་རིགས་གང་ཡིན་ལྟར་མ་འཁྲུལ་བར་བཀོད་རྗེས། སོར་མོ་ལྔ་ཕྲག་གཉིས་པོ་ཟུང་དུ་སྤྲད་པའི་ལས་ཀྱིས་ཐལ་མོ་མཉམ་པར་སྦྱར་བས་ལྷ་སོ་སོའི་ཕྱག་རྒྱ་འབྱུང་བའི་རྒྱུར་འགྱུར་རོ། །གཉིས་པ་ནི། ༀ་དང་མཱུ ཾ་གཉིས་སོགས་ཚིགས་བཅད་གཅིག་སྟེ། གཡས་ཀྱི་མཛུབ་མོའི་ༀ་དང་གཡོན་གྱི་གུང་མོའི་མཱུཾ་གཉིས་རྩེ་སྦྱར་ཏེ་ལྷག་མ་རིགས་བཞིའི་ཡི་གེ་འབྲུ་བརྒྱད་ཀྱང་། གཡས་ཀྱི་གུང་མོའི་ཧཱུཾ་དང་གཡོན་གྱི་མཛུབ་མོའི་ལཱཾ། དེ་བཞིན་དུ་མཐེ་བོང་དང་མཐེའུ་ཆུང་གཡས་གཡོན་གྱི་ཧཱ་དང་པཱཾ། ཨཱཾ་དང་ཏཱཾ་རྣམས་ཕན་ཚུན་སོ་སོར་བསྣོལ་ནས་རྩེ་སྤྲད་པ་ལས་སྲིན་ལག་གི་སྭཱ་མཱཾ་གཉིས་མཐེའུ་ཆུང་ནང་དུ་བཀུག་པའི་རྒྱབ་ཏུ་སྦྱར་ནས་སྦྲེང་བ་ནི་རྒྱལ་བ་ཀུན་དང་དབྱེར་མེད་མཉམ་པར་སྦྱོར་བའི་དངོས་གྲུབ་བདེ་བ་ཆེན་པོའི་ཡེ་ཤེས་སྦྱིན་པར་བྱེད་པའི་ཕྱག་རྒྱའོ། །དེ་ལྟར་ཡང་ཐབས་ཞགས་ལས། སོར་མོ་ནང་དུ་བསྣོལ་ནས་བཀན། །གུང་མཛུབ་མཐེ་བོང་མཐེའུ་ཆུང་རྣམས། །སོ་སོར་རྩེ་སྤྲད་ཕྱིར་བཀྱེད་དེ། །སྲིན་ལག་གཤིབས་བསྒྲེང་དམ་ཚིག་རྒྱ། །ཞེས་དང་། རྔམ་གློག་ལས་ཀྱང་། ༀ་དང་མཱུཾ་གཉིས་རྩེ་སྤྲད་ལ། །དེ་བཞིན་ཧཱུཾ་དང་ལཱཾ་དུ་སྦྱར། །ཧཱ་དང་པཱཾ་ཡང་དེ་བཞིན་ཏེ། །ཨཱཾ་དང་ཏཱཾ་དུ་སྦྱར་བ་ལས། །རྒྱབ་སྦྱར་སྭཱ་དང་མཱཾ་བསྒྲེང་བ། །འདི་ནི་ཡབ་ཀྱི་སྤྱི་རྒྱ་ཡིན། །ལག་པ་ཐལ་མོ་སྦྱར་བ་ལས། །ༀ་དང་མཱུཾ་སྦྱར་ཧཱུཾ་དང་ནི། །ལཱཾ་སྦྱར་སྭཱ་དང་པཱཾ་དུ་སྦྱར། །ཨཱཾ་དང་མཱཾ་སྦྱར་ཧཱ་ཏཱཾ་བསྒྲེང་། །ཡུམ་གྱི་སྤྱི་རྒྱ་ཡིན་པར་བཤད། །ཅེས་སོ། །གསུམ་པ་སོ་སོའི་ཕྱག་རྒྱ་ལ་ལྔ་ལས། དང་པོ་རིགས་ལྔའི་ཕྱག་རྒྱ་ལས་གཙོ་བོ་ཡབ་ཡུམ་ནི། འབྲུ་བཞི་སྦས་ནས་སོགས་ཚིགས་བཅད་གཉིས་ཏེ། བདག་ཉིད་གཙོ་བོ་མི་བསྐྱོད་པའི་སྐུར་བསྒོམ་པ་ཕྱག་རྒྱ་ཆེན་པོ། དེའི་ངང་ལས་ལག་གཡས་པའི་ཧཱུཾ་མ་གཏོགས་པའི་ཡིག་འབྲུ་གཞན་བཞི་པོ་ཁུ་ཚུར་གྱི་རྣམ་པར་སྦས་ནས་གུང་མོ་གྱེན་དུ་བསྒྲེང་བའི་རྒྱབ་ཐུགས་ཀར་གཏད་དེ་བཀན་པ་ནི་བཅའ་བ་དམ་རྒྱ། ཧཱུཾ་ཡིག་མཐིང་ག་གུང་མོ་བསྒྲེང་བ་དེའི་རྩེ་མོ་བསྒོམ་པ་ནི་བསམ་པ་ཆོས་རྒྱ། ཧཱུཾ་ཞུ་བ་ལས་རྡོ་རྗེ་རྩེ་ལྔ་པ་འོད་འབར་བར་གྱུར་པ་ནི་བསམ་པ་དམ་རྒྱ། ལག་གཡོན་པའི་ཟླ་བ་ལྔ་ནང་དུ་བརྟུལ་བས་ཡུམ་གྱི་ཡིག་འབྲུ་ལྔ་སྦས་པའི་ཁུ་ཚུར་གྱིས་དྲིལ་བུ་བཟུང་བ་གསིལ་ཞིང་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་ཀྱི་སེམས་དཔའམ་པདྨའི་རིགས་ཀྱི་སྟེང་དུ་བཞག་པས་དཀུ་ལ་བརྟེན་ཐབས་སུ་བཅའ་བ་ནི་བཅའ་བ་ལས་རྒྱ་དང་། དེ་ལྟར་བསྒོམ་པ་ནི་བསམ་པ་ལས་རྒྱ། དེ་ནས་ཕྱག་རྒྱ་གཡས་སུ་བཅས་པ་མདུན་དུ་བསྒྱུར་ནས་གཡོན་དུ་ཡུམ་གྱི་ཐུགས་ཀར་སེ་གོལ་གྱི་སྒྲ་དང་བཅས་ཏེ། ངག་ཏུ་ཧཱུཾ་བཛྲ་དྷྲིཀ྄་ཅེས་བརྗོད་ཅིང་དགྲོལ་བ་ནི་བརྗོད་པ་ཆོས་ཀྱི་ཕྱག་རྒྱ་སྟེ། ཤེས་རབ་ལ་ཐབས་ཀྱིས་རྒྱས་འདེབས་པའོ། །ཡུམ་གྱི་ཕྱག་རྒྱ་ནི་མི་བསྐྱོད་པའི་གཡོན་ཕྱོགས་ཀྱི་འཕང་དུ་ཡུམ་དབྱིངས་ཕྱུག་མ་བསྒོམ་པ་ནི་ཕྱག་ཆེན། ལག་གཡོན་གྱི་འབྲུ་བཞི་ནང་དུ་སྦས་ནས་གུང་མོ་ཐུགས་ཀར་བཀན་ཐབས་སུ་བསྒྲེང་བ་ནི་བཅའ་བ་དམ་རྒྱ། མཱུཾ་མཐིང་ག་གུང་མོ་བསྒྲེང་བའི་རྩེ་མོར་བསྒོམ་པ་ནི་བསམ་པ་ཆོས་རྒྱ། མཱུཾ་ཞུ་བ་ལས་དྲིལ་བུ་གསིལ་བའི་སྒྲ་ཅན་འོད་འབར་བར་གྱུར་པ་ནི་བསམ་པ་དམ་རྒྱ། ལག་གཡས་ཉི་མ་ལ་གནས་པའི་འབྲུ་ལྔ་མ་བཅིངས་པས་ཡབ་ཀྱི་བརླ་གཡས་པ་ལས་ཀྱི་སེམས་དཔའི་སྟེང་དུ་བཞག་པའི་ཚུལ་གྱིས་འཁྲིལ་ཞིང་དབུ་ཡབ་ལ་ཅུང་ཟད་བཏུད་དེ་ཞལ་འཛུམ་པའི་མདངས་ཀྱིས་ཡབ་ཀྱི་ཞལ་ལ་བལྟ་བའི་ཚུལ་དུ་བཅའ་བ་ནི་བཅའ་བ་ལས་རྒྱ། དེ་ལྟར་བསྒོམ་པ་ནི་བསམ་པ་ལས་རྒྱ། དེ་ནས་ཕྱག་རྒྱ་གཡོན་དུ་བཅས་པ་མདུན་དུ་བསྒྱུར་ནས་གཡས་སུ་ཡབ་ཀྱི་ཐུགས་ཀར་སེ་གོལ་གྱི་སྒྲ་དང་བཅས་ཏེ་མཱུཾ་དྷཱ་ཏྭཱི་ཤྭ་རཱི་ཅེས་བརྗོད་ཅིང་དགྲོལ་བ་ནི་བརྗོད་པ་ཆོས་རྒྱ་སྟེ་ཐབས་ལ་ཤེས་རབ་ཀྱིས་རྒྱས་འདེབས་པའོ། །མདོར་ན་ཕྱག་རྒྱ་བདུན་པོ་དེའང་བཞིར་འདུ་སྟེ། དམ་རྒྱ་དང་ལས་རྒྱ་གཉིས་ལ་བཅའ་བ་དང་བསམ་པ། ཆོས་རྒྱ་ལ་བསམ་པ་དང་བརྗོད་པ་གཉིས་གཉིས་སུ་ཕྱེ་བ་ཙམ་དུ་ཟད་པས་དྲུག་པོ་དབྱེ་གཞི་གསུམ་དུ་བསྡུས་པའི་སྟེང་ཕྱག་རྒྱ་ཆེན་པོ་བསྣན་པས་བཞིའམ། ཡང་ན་ལྷ་སྐུ་སྒྱུ་མ་ལྟ་བུར་གསལ་བ་ཕྱག་ཆེན། ས་བོན་ཆོས་རྒྱ། བཅའ་བ་དམ་རྒྱ། དགྲོལ་བ་ལས་རྒྱ་སྟེ་བཞིའོ། །དེ་ལྟར་ཡང་གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་སོ། །དེ་བཞིན་དུ་རྣམ་སྣང་ཡབ་ཡུམ་སོགས་རིགས་གཞན་བཞི་པོའི་ཕྱག་རྒྱ་ཡང་། འབྲུ་བཞི་སྦས་ནས་སོགས་ཚིགས་བཅད་བརྒྱད་དེ། བདག་ཉིད་རྣམ་སྣང་སོགས་རིགས་གང་ཡིན་དེར་གསལ་བ་ལས། ལག་གཡས་པའི་འབྲུ་བཞི་སྦས་ནས་རང་རིགས་ཀྱི་སོར་མོ་བསྒྲེང་བ་ཐུགས་ཀར་བཀན་ཐབས་སུ་བཅས་ཤིང་། ༀ་སྭཱ་ཨཱཾ་ཧཱཾ་བཞི་རིགས་མཐུན་གྱི་ཁ་དོག་ཅན་སོར་མོ་བསྒྲེང་བ་དེའི་རྩེ་མོར་བསམ་པ་ལས་རང་རང་གི་ཐུགས་ཕྱག་མཚན་འཁོར་ལོ་དང་རིན་ཆེན་དང་པདྨ་དང་རལ་གྲི་རྣམས་འོད་འབར་བར་གྱུར་པར་བསམ་ཞིང་། གཡོན་ཟླ་བརྟུལ་གྱིས་ཡུམ་གྱི་འབྲུ་ལྔ་སྦས་པའི་ཁུ་ཚུར་གྱིས་དྲིལ་བུ་གསིལ་ཞིང་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་ལ་བརྟེན་པའོ། །ཡང་གཡོན་དུ་རིགས་ཀྱི་ཡུམ་གང་ཡིན་གསལ་བ་ལས། གཡོན་པའི་འབྲུ་བཞི་སྦས་ནས་རང་རིགས་ཀྱི་སོར་མོ་བསྒྲེང་བ་ཐུགས་ཀར་བཀན་ཐབས་སུ་བཅའ་ཞིང་། ལཱཾ་མཱཾ་པཱཾ་ཏཱཾ་བཞི་རིགས་ཀྱི་ཁ་དོག་ཅན་སོར་མོ་བསྒྲེང་བ་དེའི་རྩེ་མོར་བསམ་པ་ལས་དྲིལ་བུ་གསིལ་བའི་སྒྲ་ཅན་འོད་འབར་བར་གྱུར་ཅིང་། གཡས་ཉི་མ་འབྲུ་ལྔ་དང་བཅས་པ་མ་བཅིངས་པས་ལས་ཏེ་ཡབ་ཀྱི་བརླ་གཡས་པའི་སྟེང་དུ་བཞག་པས་འཁྲིལ་ཞིང་ཡབ་ལ་དབུ་བཏུད་དེ་འཛུམ་པའི་མདངས་ཀྱིས་ཞལ་ལ་བལྟ་བ་སྟེ། ཡབ་ཡུམ་སོ་སོའི་མཐར་སྔགས་བརྗོད་ཅིང་ཐབས་ཤེས་ཕན་ཚུན་རྒྱས་འདེབས་ཀྱིས་དགྲོལ་བར་བྱའོ། །གཉིས་པ་སེམས་དཔའ་ཡབ་ཡུམ་གྱི་ཕྱག་རྒྱ་ནི། ཨུཏྤལ་ཀླུ་ཤིང་སོགས་ཚིགས་བཅད་གསུམ་སྟེ། ལག་གཡས་པའི་མཐེ་བོང་མ་གཏོགས་པའི་སོར་མོ་གཞན་བཞི་ལ་ཉི་དཀྱིལ་རེ་རེའི་སྟེང་དུ་མཛུབ་མོ་ནས་བརྩམས་ཏེ་ཐུགས་ཀྱི་སེམས་དཔའ་བཞིའི་ས་བོན། ཀྵཱིཾ་ཏྲཱཾ་ཧྲཱིཾ་ཛྲིཾ་དང་། གསུང་གི་སེམས་དཔའི་ཚེ་མཻ་ཐླྷིཾ་ཧཱུཾ་མཱུཾ་བཞི་དགོད། གཡོན་གྱི་སོར་རྩེ་བཞི་ལ་ཟླ་དཀྱིལ་རེ་རེར་ནང་སེམས་ཀྱི་ཡུམ་བཞིའི་ས་བོན་ཧཱུཾ་ཏྲཱཾ་ཧྲཱི་ཨཱཾ་དང་། ཕྱིའི་སེམས་མ་ཛཿཧཱུཾ་བཾ་ཧོཿབཞི་བཀོད་ནས། སེམས་དཔའ་སེམས་མ་གང་ཡིན་གྱི་སྐུར་གསལ་བ་ལས་འབྲུ་གསུམ་སྦས་ནས་རང་རིགས་ཀྱི་སོར་མོ་སྦྲེང་བའི་རྩེར་ས་བོན་སོ་སོ་ཡོངས་སུ་གྱུར་པ་ལས་འཇམ་དཔལ་གྱི་ཨུཏྤལ། བྱམས་པའི་ཀླུ་ཤིང་ལ་སོགས་པ་ཐུགས་ཕྱག་མཚན་འོད་འབར་བ་བསམ་པ་སྟེ། དེ་བཞིན་དུ་ས་སྙིང་གི་རིན་ཆེན་མྱུ་གུ། ནམ་སྙིང་གི་རལ་གྲི་འོད་འབར་བ། སྤྱན་རས་གཟིགས་ཀྱི་པདྨ་དཀར་པོ། ཕྱག་རྡོར་གྱི་རྡོ་རྗེ་འབར་བ། སྒྲིབ་སེལ་གྱི་ཆོས་ཀྱི་འཁོར་ལོ། ཀུན་བཟང་གི་རིན་ཆེན་སྙེ་མ་སྟེ་ཡབ་བརྒྱད་དང་། །དེ་དག་གི་ཡུམ་སྒེག་མོས་གཟུགས་མཛེས་གསལ་བའི་མེ་ལོང་། མཱ་ལེས་རིན་ཆེན་ཕྲེང་བ་དང་། གཱིརྟིས་པི་ཝཾ། ནཱིརྟིས་གར་མཁན་མཆོག་གི་མཚན་མ་རྔ་ཡབ་ཉིད་དང་། དེ་བཞིན་དུ་པུཥྤེས་མེ་ཏོག་གི་ཕྲེང་བ་དང་། བདུག་སྤོས་ཀྱི་མཆོད་སྣོད་འཆང་བའི་དྷཱུ་པེ་མ། ཨཱ་ལོ་ཀེའི་མར་མེ། གནྡྷེ་མའི་དྲིའི་བྱུག་པ་རྣམས་འོད་འབར་བར་བསམ་པའོ། །ལ་སོགས་ཞེས་པའི་ཁོངས་ནས་སེམས་དཔའ་བརྒྱད་ཀྱི་གཡོན་ཟླ་བརྟུལ་འབྲུ་སྦས་ཀྱིས་ཕྱག་མཚན་དྲིལ་བུ་བཟུང་བ་གསིལ་ཞིང་བརླ་གཡོན་པ་ཆོས་ལ་བརྟེན་ཐབས་སུ་བཅས་ལ་ཚུལ་དེ་དང་ཡབ་ཀྱི་དབུ་རྣམས་ཀྱང་ཡུམ་ལ་ཅུང་ཟད་འབྱོ་བར་བསྒོམ་ཞིང་། སེམས་མ་བརྒྱད་ཀྱི་ལག་གཡས་ཉི་མ་འབྲུ་ལྔ་མ་བཅིངས་པས་ཡབ་ཀྱི་བརླ་གཡས་ལས་ལ་བརྟེན་པས་འཁྲིལ་ཞིང་དབུ་རྣམས་ཡབ་ལ་ཅུང་ཟད་འདུད་པའི་ཚུལ་དུ་བཅའ་བ་དང་བསམ་པའི་མཐར་སོ་སོའི་སྔགས་དང་བཅས་ཐབས་ཤེས་ཕན་ཚུན་རྒྱས་འདེབས་ཀྱིས་དགྲོལ་བའོ། །མདོར་ན་གོང་གི་ཕྱག་རྒྱ་ཆེན་པོ་སོགས་ཕྱག་རྒྱ་བདུན་ལྡན་རིགས་ལྔའི་སྐབས་བཞིན་དུ་ཐབས་ཤེས་གཉིས་མེད་ཆོས་ཉིད་དབྱིངས་ཀྱི་ངང་དུ་འཁྲིལ་བའོ། །གསུམ་པ་སྒོ་བ་ཡབ་ཡུམ་གྱི་ཕྱག་རྒྱ་ནི། སྒོ་བཞི་སོགས་རྐང་པ་བདུན་ཏེ། སྒོ་བཞིར་གནས་པའི་ཁྲོ་བོ་ཡབ་ཡུམ་གྱི་ཕྱག་རྒྱ་ནི་སྔར་བཞིན་གཡས་ཀྱི་སོར་མོ་བཞི་ལ་ཧཱུཾ་རེ་དང་གཡོན་གྱི་སོར་མོར་ཛཿཧཱུཾ་བཾ་ཧོཿབཀོད་ནས་ལྷ་སོ་སོའི་སྐུར་གསལ་བས་ཁུ་ཚུར་ལས་རང་རིགས་ཀྱི་སོར་མོ་བསྒྲེང་བའི་རྩེར་ས་བོན་སོ་སོ་ལས། གཤིན་རྗེ་གཤེད་ཀྱི་ནྲྀ་མགོ་གདེངས་པ་དང་། སྟོབས་ཆེན་གྱི་རྡོ་རྗེ་རྩེ་ལྔ་གནོན་ཐབས་དང་། རྟ་མགྲིན་ཐོད་དབྱུག་སྦྲུལ་ཆེན་པོས་དཀྲིས་པ་གནོན་ཐབས་སུ་འཛིན་པ་དང་། བདུད་རྩི་འཁྱིལ་བ་རྡོ་རྗེ་རྒྱ་གྲམ་ལས་ཀྱི་མཚན་མ་གནོན་ཐབས་དང་། ཡུམ་བཞིར་ཐོད་ཁྲག་ཏུ་གྱུར་པར་བསམ་ཞིང་། དེ་ལྟར་སྒོ་བཞིར་གནས་པ་དེ་དག་ཀྱང་ཡབ་ཀྱི་གཡོན་རྣམས་སྡིགས་མཛུབ་དང་། ཡུམ་གྱི་གཡས་རྣམས་རིམ་པར་ལྕགས་ཀྱུ་དང་ཞགས་པ་དང་སྥོ་ཊ་སྟེ་ལྕགས་སྒྲོག་དང་ཧོཿཞེས་དགྱེས་པ་སྐྱེད་བྱེད་དྲིལ་བུ་འཛིན་པས་ཕན་ཚུན་དབུ་འདུད་པ་དང་འབྱོ་བའི་ཚུལ་གྱིས་ཡབ་ཡུམ་འཁྲིལ་བའང་གོང་དུ་བཤད་མ་ཐག་པ་བཞིན་ནོ། །བཞི་པ་ཐུབ་དྲུག་གི་ཕྱག་རྒྱ་ནི། ཐུབ་དྲུག་སོགས་རྐང་པ་གསུམ་སྟེ། ཐུབ་པ་དྲུག་གི་ཕྱག་རྒྱ་ནི་གདུལ་བྱ་མ་ངེས་པ་འདུལ་བའི་ཕྱིར་སྣ་ཚོགས་ཏེ། འོན་ཀྱང་རིགས་མདོར་བསྡུས་ན་ཕྱག་རྒྱ་དྲུག་ཏུ་འདུ་སྟེ། རྡོ་རྗེ་ལས། པི་ཝཾ་གོ་ཆ་གསེག་པར་སྒྲོམ། །པུསྟི་མེ་ཆུར་ཤེས་པར་བྱ། །ཞེས་པས་ཀྲཱིཾ་ཏྲུཾ་སོགས་ཀྱི་ས་བོན་ལས་ཕྱག་མཚན་དེ་དག་ཐུགས་ཀར་འཛིན་པར་བསམ་པ་ཡིན་ནོ། །འདིར་ཐུབ་དྲུག་ལ་ཐབས་ཤེས་ཟུང་འབྲེལ་གྱིས་མཉེས་པར་བྱེད་པའི་ཕྱག་རྒྱ་མེད་དམ་སྙམ་ན། དམིགས་བཅས་རྟགས་ཀྱི་ཡུམ་མེད་ཀྱང་འདིར་ནི་དམིགས་མེད་ཆོས་ཀྱི་དབྱིངས་ཀྱི་ཡུམ་དང་འདུ་འབྲལ་མེད་པས་མཉེས་པར་བྱེད་དོ། །ལྔ་པ་ཀུན་བཟང་ཡབ་ཡུམ་གྱི་ཕྱག་རྒྱ་ནི། ཀུན་བཟང་སོགས་རྐང་པ་ལྔ་སྟེ། བྱེད་པ་པོ་ཀུན་བཟང་ཕྱག་གཡས་པ་སྟེང་དུ་བཀོད་པའི་མཉམ་བཞག་ལས་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བ། ཡུམ་བྱ་བ་མོ་དེ་ལས་འགྱུར་ཏེ་ཕྱག་གཡོན་སྟེང་དུ་བཀོད་པའི་མཉམ་བཞག་མཛད་ཅིང་། བཞུགས་ཐབས་ཡབ་རྫོགས་པ་རྡོར་སྐྱིལ་དང་། ཡུམ་པདྨོའི་སྐྱིལ་ཀྲུང་དུ་བཞུགས་པའོ། །དེ་ལས་གཞན་ཡང་ཡུམ་གྱི་ཕྱག་རྒྱའི་བྱེ་བྲག་ནི་ཆོས་ཉིད་ཅིར་ཡང་མི་འགག་པས་གཅིག་ཏུ་མ་ངེས་པར་སྣ་ཚོགས་སུ་སྣང་སྟེ། དེ་ཡང་ཇི་ལྟར་ན་དེ་བཞིན་གཤེགས་པ་ཡབ་ཀུན་བཟང་ལྟར་ལས་མ་འགྱུར་བའི་མཉམ་བཞག་ཉིད་དམ། ཡང་ན་རྡོ་རྗེ་ཐལ་མོ་ཐུགས་ཀར་སྦྱར་བ་ཉིད་དོ། །ཡང་བཀའ་སྲོལ་ལ་ལར། རྐང་པ་ཕྱི་མ་གསུམ་པོ་ཕྱག་རྒྱ་སྤྱིའི་རྣམ་གྲངས་བསྡུ་བའི་དོན་དུ་མཛད་དོ། །གདུལ་བྱའི་དབང་གིས་རིགས་སོ་སོར་བསྒྲུབ་ན་དེ་དག་གི་ཕྱག་རྒྱ་རིགས་དེ་དང་དེའི་ཕྱག་མཚན་གྱི་རྣམ་པར་བསྟན་པ་སོགས་མ་ངེས་པ་དང་། ཡང་ན་ལྷ་སོ་སོའི་ཕྱག་རྒྱ་མི་ནུས་པས་བསྡུས་པ་ལ་དགའ་ན་དེ་བཞིན་གཤེགས་པ་རིགས་ལྔ་སོ་སོའི་ཕྱག་རྒྱའམ་སྤྱིའི་དམ་རྒྱ་སྔར་བཤད་པ་ཙམ་དང་། དེའང་མི་ནུས་ན་རྡོ་རྗེ་ཐལ་མོ་འབའ་ཞིག་བཅས་པས་ཀྱང་རུང་ཞེས་བཞེད་དོ། །གསུམ་པ་ལྟ་བའི་ཕྱག་རྒྱ་ནི། ཕྱག་རྒྱ་ཆེན་པོའི་སོགས་ཚིགས་བཅད་གཅིག་སྟེ། རྟོག་ཚོགས་ཐམས་ཅད་ཕྱག་རྒྱ་ཆེན་པོ་སྣང་སྟོང་དབྱེར་མེད་ལྷ་སྐུ་སྒྱུ་མ་ལྟ་བུའི་རྡོ་རྗེ་གསུམ་གྱི་རོལ་པར་སྣང་བའི་ཚོགས་མཆོག་ནི་སྲིད་ཞིའི་མཐའ་འགོག་བྱེད་ཐབས་དང་ཤེས་རབ་དབྱེར་མི་ཕྱེད་པ་སྟེ། ཡུལ་མེད་རང་གསལ་ཟུང་འཇུག་གི་དོན་ཟབ་མོ་དེ་རྟོགས་པའི་བློ་དང་ལྡན་ཅིང་རྒྱུད་ལ་འབྱོར་ན། ལུས་མ་བསྐྱོད་ཅིང་ཡན་ལག་མ་བསྒུལ་ཡང་ཅི་བྱས་ཅིར་སྣང་ཐམས་ཅད་ཀུན་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་ངང་དུ་གནས་པ་ལས་མི་འདའ་བས་ལག་པ་བསྒྱུར་པ་སོགས་བཅོས་མའི་ཕྱག་རྒྱ་ངེས་པར་འཆིང་དགོས་པ་མ་ཡིན་ནོ། །བཞི་པ་ཕྱག་རྒྱ་སྤྲོས་བཅས་ལ་གཉིས་ཏེ། །སྣང་བ་རྣམ་འབྱེད་ལ་ཇི་ལྟར་བསླབ་པ་དང་། དེས་དོན་བྱེད་ཚུལ་ལོ། །དང་པོ་ལའང་གསུམ་སྟེ། སངས་རྒྱས་སྟོང་དང་། ཉི་ཁྲི་བཞི་སྟོང་དང་། བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་བསླབ་པའོ། །དང་པོ་ནི། ཡན་ལག་སོགས་རྐང་པ་གསུམ་སྟེ། ཡན་ལག་གི་བཞི་བཅུ་ཐམ་པ་རྩ་ལྷ་ཡབ་ཡུམ་གཉིས་ལ་ལྡན་པར་བསྒོམ་པ་སྟེ། དེ་ཡང་ཡབ་ཀྱི་རྟོག་པའི་གནས་སུ་ཡབ་བཅུ་བདུན་ཐུབ་དྲུག་དང་བཅས་པས་ཉེར་གསུམ། ཡམ་གྱི་རྟོག་པའི་གནས་སུ་ཡུམ་བཅུ་བདུན་འགོད་དོ། །ཇི་ལྟར་ན། བདག་ཉིད་མི་བསྐྱོད་པར་གསལ་བའི་དབུ་ལ་རྣམ་སྣང་། ལག་གཡས་སུ་ཀུན་བཟང་། གཡོན་ལ་རིན་འབྱུང་། རྐང་པ་གཡོན་ལ་མཐའ་ཡས། གཡས་ལ་དོན་གྲུབ། མིག་རྣ་བ་སྣ་ལྕེ་བཞིའི་གཡས་ཀྱི་ཆའི་རྩ་ལ་རིམ་པར་ས་སྙིང་། ཕྱག་རྡོར། ནམ་སྙིང་། སྤྱན་རས། གཡོན་གྱི་ཆའི་རྩ་ལ། བྱམས་པ། སྒྲིབ་སེལ། ཀུན་བཟང་། འཇམ་དཔལ། ལག་མཐིལ་གཡས་སུ་གཤིན་རྗེ་གཤེད། །གཡོན་པར་སྟོབས་ཆེན། རྐང་མཐིལ་གཡོན་པར་རྟ་མགྲིན། གཡས་པར་འཁྱིལ་བ། མཚོག་མར་ལྷ། དཔུང་པའི་སྟ་ཟུར་ལ་ལྷ་མིན། སྙིང་གར་མི། ལྟེ་བར་བྱོལ་སོང་། མགྲིན་པར་ཡི་དྭགས། གསང་གནས་སུ་དམྱལ་པའི་ཐུབ་པ་རྣམས་དགོད་དོ། །དེ་བཞིན་དུ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མའི་ཡན་ལག་ལྔ་ལ་སྤྱན་མ་དང་བཟང་མོ་སོགས་ཡུམ་ལྔ། མིག་སོགས་བཞིའི་གཡས་པར་སྒེག་སོགས་ཡུལ་གྱི་ལྷ་མོ་བཞི་དང་། གཡོན་པར་དྷཱུ་པེ་མ་སོགས་དུས་ཀྱི་ལྷ་མོ་བཞི། རྐང་ལག་གི་མཐིལ་རྣམས་སུ་སྒོ་མ་བཞི་རྣམས་གོ་རིམ་ཡབ་ལྟར་དགོད་དེ། ཡབ་ཡུམ་བསྡོམས་པས་ཡན་ལག་གི་ལྷ་བཞི་བཅུ་ནི་རགས་པ་དང་ཕྱིར་གནས་པའི་ཆ་ནས་ཐབས་ཀྱི་ལྷ་ཞེས་བྱའོ། །དེ་ལྟར་ཐབས་ལྷ་བཞི་བཅུ་པོ་དེ་རྣམས་སོ་སོའི་སྲོག་གི་གོར་རང་ཉིད་འདྲ་བའི་ཡན་ལག་གི་ལྷ་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་ཚོན་གང་བ་རེ་རེ་སྤྲོས་ཏེ་བསྒོམ་པ་ནི། ཕྲ་བ་དང་། ནང་ན་གནས་པའི་ཆ་ནས་ཤེས་རབ་ཀྱི་ལྷ་བཞི་བཅུ་ཞེས་བྱའོ། །ཡན་ལག་གི་ལྷ་བཞི་བཅུ་ཐམ་པ་རྩ་ལྷ་གཉིས་ལ་བཀོད་པའི་ཐབས་ལྷ་བཞི་བཅུ་པོ་རེ་རེ་ལའང་སྐུ་གསུང་ཐུགས་བྱིན་རླབས་ཀྱི་ལྷ་གསུམ་གསུམ་འཕྲོ་བས་བརྒྱ་ཉི་ཤུར་འགྱུར་རོ། །ཐབས་ཀྱི་ལྷ་དང་བྱིན་རླབས་ཀྱི་ལྷ་བསྡོམས་པ་བརྒྱ་དྲུག་ཅུ་པོ་རེ་རེ་ལའང་རང་རང་གི་རིགས་ཀྱི་བདག་པོས་གཙོ་བྱས་པའི་དབུ་རྒྱན་གྱི་ལྷ་ལྔ་ལྔ་སྟེ་བརྒྱད་བརྒྱའོ། །མདོར་ན་ཐབས་ཀྱི་ལྷ་བཞི་བཅུ། ཤེས་རབ་ཀྱི་ལྷ་བཞི་བཅུ། སྐུ་གསུང་ཐུགས་ཀྱི་ལྷ་བརྒྱ་ཉི་ཤུ། དབུ་རྒྱན་གྱི་ལྷ་བརྒྱད་བརྒྱ་སྟེ། ཀུན་དྲིལ་བས་རྩ་ལྷ་ཡབ་ཡུམ་གཉིས་ལ་ཡན་ལག་དང་ལྷག་པའི་ལྷ་སྟོང་བསྒོམ་པ་ནི་སངས་རྒྱས་སྟོང་གི་དཀྱིལ་འཁོར་ལ་བསླབ་པའོ། །གཉིས་པ་ནི། དེ་ལྟར་ལྡན་པའི་སོགས་རྐང་པ་གསུམ་སྟེ། སངས་རྒྱས་སྟོང་གི་དཀྱིལ་འཁོར་དེ་དག་གང་ལ་ཇི་ལྟར་ལྡན་པའི་ལྷ་གཙོ་མཆོག་མི་བསྐྱོད་པ་ཡབ་ཡུམ་གྱིས་མཚོན་ཏེ། ལྷ་གཞན་རྣམས་ལའང་རིགས་འགྲེ་ཤེས་པར་བྱ་ཞིང་། ཁྱད་པར་གང་རྩ་ལྷར་སོང་བའི་ཡབ་ཡུམ་གྱི་རྟོག་པའི་གནས་སུ་ཀུན་བཟང་ཡབ་ཡུམ་འགོད་པ་ནི་ཐམས་ཅད་ལ་འདྲའོ། །དེ་ལྟར་ངེས་པར་བྱས་ཏེ། རྒྱལ་བ་རིགས་བཞི་དང་། རྒྱལ་མཆོག་ཀུན་ཏུ་བཟང་པོ་ཡབ་ཡུམ་སྟེ་ཟུང་ལྔ་ལའང་སྔར་བཀོད་པ་ནི་དེ་བཞིན་དུ་བརྩིས་པས་སྟོང་ཚོ་ལྔ། སེམས་དཔའ་བརྒྱད་དང་སྒོ་སྐྱོང་བཞི་སྟེ་ཡབ་ཡུམ་ཟུང་བཅུ་གཉིས་ལ་སྟོང་ཚོ་བཅུ་གཉིས། ཐུབ་དྲུག་ལ་ཡུམ་མེད་པས་གཡས་ཀྱི་ཆ་ལ་ཡབ་ཉི་ཤུ་རྩ་གསུམ་དང་། གཡོན་གྱི་ཆ་ལ་ཡུམ་བཅུ་བདུན་པོ་རྣམས་རྐང་ལག་གི་ལྷ་གནས་དེ་དང་དེའི་རྩའི་མདུན་རྒྱབ་དང་། ཕྱི་ནང་གི་སེམས་དཔའ་ཡབ་ཡུམ་རྣམས་དབང་རྩའི་ཕྱི་དང་ནང་དུ་འགོད་པའི་ངེས་པས་ཐུབ་པ་དྲུག་རེ་རེ་ལའང་སྟོང་ཚང་བས་སྟོང་ཚོ་དྲུག །དེ་དག་གི་སྟེང་དུ་གཙོ་བོ་མི་བསྐྱོད་པའི་སྟོང་ཚོ་གཅིག་སྟེ། མདོར་ན་སྟོང་ཚོ་ཉི་ཤུ་རྩ་བཞི་པོ་ཐམས་ཅད་ཀྱང་འོད་ཟེར་འཕྲོ་ཞིང་གཟི་བརྗིད་འབར་བར་བསྒོམས་པ་ནི་ཉི་ཁྲི་བཞི་སྟོང་གི་དཀྱིལ་འཁོར་ལ་བསླབ་པའོ། །གསུམ་པ་ནི། དེ་ལ་སོགས་ཏེ་བསམ་མི་ཁྱབ་ཅེས་ཏེ། སྟོང་དང་ཉི་ཁྲི་བཞི་སྟོང་པོ་དེ་ལ་སོགས་ཏེ་སྣང་འབྱེད་ཀྱི་ཏིང་ངེ་འཛིན་ལས་སུ་རུང་བས་སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་འབྱམས་བསམ་གྱིས་མི་ཁྱབ་པར་གསལ་བ་ནི་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་བསླབ་པའོ། །གཉིས་པ་དེས་དོན་བྱེད་ཚུལ་ནི། ཕྱོགས་བཅུ་སོགས་ཚིགས་བཅད་གཉིས་ཏེ། དོན་བྱ་བའི་ཡུལ་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་ཞིང་ཁམས་བསམ་ཡས་པ་རྣམས་སུ་འདུལ་བྱེད་དཀྱིལ་འཁོར་གྱི་འཁོར་ལོ་དེ་ལྟར་སྤྲོས་པས་གདུལ་བྱ་འགྲོ་བའི་དོན་རྣམས་མོས་པ་བཞིན་དུ་འདུལ་ཐབས་སོ་སོར་སྟོན་ཅིང་། དེར་མ་ཟད་ཐེག་པ་མཐོ་བ་གསང་སྔགས་དང་བྱང་སེམས། དམན་པ་ཉན་རང་སྟེ་ཡང་དག་པའི་གྲུབ་མཐའ་ལ་ཞུགས་པ་ཐམས་ཅད་དང་། ཕྱིན་ཅི་ལོག་གི་གྲུབ་མཐའ་ལ་ཞུགས་པ་མུ་སྟེགས་བྱེད་རྣམས་དང་། གང་ལའང་མ་ཞུགས་པའི་སྐྱེ་བོ་བསམ་ཡས་དང་། དེ་དག་ཀྱང་ལྷ་སོགས་ཞི་བའི་རིགས་དང་། བདུད་སྲིན་སོགས་ཁྲོ་བོའི་རིགས་ཀྱི་གདུལ་བྱའི་ཚོགས་ཆེན་པོ་ཐམས་ཅད་ལ་སོ་སོར་མོས་པ་དང་མཐུན་པར་བྱས་པའི་འདུལ་བྱེད་ཀྱི་སྐུའི་བཀོད་པ་ཀུན་ཏུ་སྣང་བར་མཛད་ནའང་། ཕྱག་རྒྱའི་དཀྱིལ་འཁོར་ལས་གཡོས་པ་མི་མངའ་ཞིང་རྩོལ་རྟོག་དང་བྲལ་བས་དོན་མཛད་པ་ནི་དཔེར་ན་ཟློས་གར་མཁན་ཉིད་དང་འདྲ་བ་སྟེ། གར་མཁན་དེ་ཡང་ལུས་གཅིག་པོ་དེ་ལས་མ་གཡོས་བཞིན་དུ་རྣམ་འགྱུར་གྱི་བཀོད་པ་སྣ་ཚོགས་སྟོན་པའི་ཕྱིར་རོ། །ལྔ་པ་ཕྱག་རྒྱའི་རྣམ་གྲངས་བསྡུ་བ་ནི། མདོར་ན་ཕྱག་རྒྱ་སོགས་ཚིགས་བཅད་གཉིས་ཏེ། མདོར་ན་ལུས་དང་རྟོག་པའི་ཡན་ལག་གི་ཕྱག་རྒྱ་ཐམས་ཅད་ནི། རྣམ་པ་འདི་ཁོ་ནའོ་ཞེས་སམ། གྲངས་གཅིག་ཏུ་ངེས་ཞེས་བརྗོད་དུ་མེད་དེ། ཇི་ལྟར་ན། ལུས་ཀྱི་ཡན་ལག་གི་དབང་དུ་གཉིས་དང་གསུམ་གཅིག་ཏུ་བསྡོམས་ཏེ་ཡན་ལག་ལྔ་པོ་རེ་རེའང་རིགས་ལྔ་ཡབ་ཡུམ་བཅུ་བཅུར་རྣམ་པར་འཕྲོ་བས་ཕྱག་རྒྱ་ལྔ་བཅུའམ། རྟོག་པའི་ཡན་ལག་གི་དབང་དུ་ཐབས་ཤེས་གཉིས་བསྡོམས་པའི་ལྷ་བརྒྱད་ཅུ་དང་། རྡོ་རྗེ་གསུམ་དུ་བྱིན་གྱིས་རློབ་པའི་ལྷ་བརྒྱ་ཉི་ཤུ། དེ་དག་ལས་ཀྱང་རྣམ་པར་འཕྲོ་བ་དབུ་རྒྱན་གྱི་ལྷ་བརྒྱད་བརྒྱ་སྟེ་སངས་རྒྱས་སྟོང་གི་དཀྱིལ་འཁོར་ལ་སོགས་པའོ། །དེ་བས་ན་ལུས་ཀྱི་ཡན་ལག་བསྐྱོད་པ་དང་། རྟོག་པའི་ཡན་ལག་སྤྲོ་བའང་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་དེ་བཞིན་ཉིད་ལས་མི་འདའ་བར་བསླབ་པར་བྱ་བ་སྟེ། དེ་དག་ཀྱང་མདོར་བསྡུ་ན་ཡན་ལག་བསྒུལ་ཞིང་ལུས་བསྐྱོད་པ་ཅི་སྣང་ཅི་བྱས་ཐམས་ཅད་ཀུན་རང་བཞིན་ཇི་ལྟ་བར་རྟོགས་གོམས་ཀྱིས་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་ངང་དུ་གནས་པ་ལས་མི་གཡོ་ཞིང་། དེ་ལྟར་གནས་པའི་དུས་ཉིད་ནའང་དེར་འཛིན་མེད་པའི་ཕྱིར། མི་གནས་པའང་མ་ཡིན་ལ། གནས་པའང་མིན་ཏེ་མཐའ་དང་བྲལ་བའི་ཆོས་ཉིད་དོ་ཞེས་དེ་སྐད་དུ་སྤྱོད་ཡུལ་ཡོངས་སུ་དག་པའི་རྒྱལ་མཆོག་སྟོན་པ་ཉིད་ཀྱིས་བཤད་ཅེས་སྡུད་པ་པོའི་ཚིག་གོ། །གསུམ་པ་ལེའུའི་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། འདིས་ལུས་དང་རྟོག་པའི་ཡན་ལག་ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས་རང་བཞིན་ལྟ་བ་ཏིང་ངེ་འཛིན་གསུམ་གྱི་ཕྱག་རྒྱ་སྤྲོས་ནས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ༈ །།ལེའུ་དགུ་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་དེ་ནས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་དབྱེར་མེད་བླང་དོར་དང་བྲལ་བ་ཟག་མེད་བདེ་བའི་ཡེ་ཤེས་ལ་དགྱེས་པ་ཆེན་པོར་ལོངས་སྤྱོད་པའི་བདག་ཉིད་ཀུན་ཏུ་བཟང་པོས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་གསང་བ་གསུམ་ཐོབ་པར་བྱེད་པའི་ཐབས་ལས་མི་འདའ་བའི་དམ་ཚིག་དཀྱིལ་འཁོར་དབང་སྒྲུབ་སྟེ་ལས་ཀྱི་རིམ་པ་གསུམ་དུ་བཀོད་ཅིང་། དེ་ཉིད་སྟོན་པའི་དགོངས་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་གཞུང་ལ་གསུམ་སྟེ། དཀྱིལ་འཁོར་དང་། དབང་དང་། སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། སྔོན་དུ་སློབ་དཔོན་གྱིས་བསྙེན་པ་བྱ་བ་དང་། དཀྱིལ་འཁོར་གྱི་ལས་རིམ་དངོས་སོ། །དང་པོ་ནི། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཅེས་ཏེ། ཡིད་དང་མཐུན་པའི་གནས་སུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་ཕུབ་ནས་ཡི་གེ་དང་ཕྱག་མཚན་དང་ལྷ་སྐུ་སྟེ་རྡོ་རྗེ་གསུམ་གྱི་ཕྱག་རྒྱ་ཤིན་ཏུ་ཕྲ་བའི་ཏིང་ངེ་འཛིན་བསྒོམ་པའི་སྒོ་ནས་མཚན་དུས་གྲངས་གསུམ་གང་རུང་གི་བསྙེན་པ་རྫོགས་པར་བྱ་བ་སྟེ། འདི་ནི་གཞན་དོན་གཉེར་བའི་སློབ་དཔོན་གྱིས་ངེས་པར་འདའ་མི་རུང་བའི་དམ་ཚིག་གི་མཆོག་སྟེ་གཙོ་བོ་ཡིན་པས་འབད་པར་བྱའོ། །གཉིས་པ་ལ་གཉིས་ཏེ། ཞི་བའི་དཀྱིལ་འཁོར་བསྟན་པ་དང་། དེས་ཁྲོ་བོ་དང་མཆོག་གི་དཀྱིལ་འཁོར་མཚོན་པར་བསྟན་པའོ། །དང་པོ་ལའང་། རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་བ་རྣམ་པ་དང་། །རབ་གནས་སྦྱིན་སྲེག་དཀྱིལ་འཁོར་དང་། །འཇུག་དང་ཞུགས་པའི་ཡོན་ཏན་ནོ། །ཞེས་དོན་བཅུ་ལས། དང་པོ་ལའང་། ས་གཞི་མཉམ་པ་སྤྱིར་བཤད་པ་དང་། གོ་མ་ཡེ་བཏང་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཡང་ན་ས་གཞི་རབ་མཉམ་ལ། །ཞེས་ཏེ། སྐལ་ལྡན་གཞུག་བྱའི་དཀྱིལ་འཁོར་རྒྱུད་ཚོད་དང་སྦྱར་བ་བཞི་ལས། རང་བཞིན་ཡེ་ཤེས་དང་། ལྷག་པ་ཏིང་ངེ་འཛིན་དང་། རིག་པ་ཉམས་ཀྱི་དཀྱིལ་འཁོར་གསུམ་དུ་འཇུག་མི་ནུས་པའི་གང་ཟག་རྣམས། དེ་ལས་གཞན་ཡང་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བཞེངས་ཏེ། དེར་འཇུག་པའི་དབང་དུ་བྱས་ན། ཐོག་མར་ས་དང་སར་འཛིན་གྱི་རྟོག་པ་རིག་པའི་དབྱིངས་སུ་མཉམ་པར་བྱ་བའི་ཕྱིར་ས་གཞི་སའི་ཆོ་གས་རབ་ཏུ་མཉམ་པར་བྱ་སྟེ། དེ་ལའང་སྔ་མ་ལས། གཞི་དང་རང་མཚན་བསླང་དབང་དང་། །སྦྱང་བྱིན་བསྲུང་དང་བཟུང་བ་ནི། །དང་པོ་ཉིད་ལ་ཉིད་དུ་བཤད། །ཅེས་པས། ས་དེར་དཀྱིལ་འཁོར་རུང་མི་རུང་བརྟག་པའི་ཕྱིར་སྤྱིར་གནམ་ས་བར་གསུམ་གྱི་དཔྱད་དེ་སའི་གཞི་ལ་བརྟག་པ། བྱེ་བྲག་ཏུ་ས་རང་གི་མཚན་ཉིད་ལ་བརྟག་ཅིང་། བརྟགས་པས་རུང་བར་མཐོང་ན་སྣང་བ་སའི་བདག་པོ་ལ་རིན་འཇལ་བ་དང་། མི་སྣང་བ་དཀྱིལ་འཁོར་གྱི་ལྷ་ལ་འདོད་དོན་གསོལ་ཞིང་ས་བདག་འཁོར་དང་བཅས་པར་བདེན་པ་བརྗོད་དེ་བསླངས་ལ། གཞི་དེར་དབང་མཆོག་གི་ཕུར་བུ་གདབ་པས་དབང་དུ་བྱ་བ་དང་། ལྟོ་འཕྱེ་སྟོན་གསུམ་མགོ་ཤར་དུ་བལྟ་བ་སོགས་གཡས་བསྐོར་གྱི་གནས་ལུགས་ཤེས་པས་ལྟོ་བའི་ཐད་ནས་བརྐོས་ལ། ཆུ་སའི་སྒོ་ནས་པྲ་བརྟག་ཅིང་གཏེར་བཅུག་སྟེ། སྟེགས་བུ་དབུས་བགས་ཀྱིས་མཐོ་ཞིང་ཤར་དང་བྱང་ཡིད་ཙམ་གཞོལ་བ་བརྩིགས་པ་ལ་བ་བྱུང་དང་རྫས་སུམ་ཅུས་སྐྱང་ནུལ་བྱ་བ་རྣམས་ནི་ལས་དང་བྱ་བས་སྦྱང་བའོ། །གཞན་ཡང་ཞི་བའི་མེ་དང་། སྔགས་རྒྱ་དང་། མཚན་མེད་སྟོང་ཉིད་ཀྱི་ངང་ལས་མཚན་བཅས་གཞི་དེར་གཞལ་ཡས་ཁང་བསྒོམ་པའི་ཏིང་ངེ་འཛིན་རྣམས་ཀྱིས་སའི་ཉེས་སྐྱོན་སྦྱང་བ་དང་། དེ་ནས་སློབ་དཔོན་རྡོ་རྗེའི་འགྲོས་ཀྱིས་ཤར་སྒོ་ནས་ཞུགས་ཏེ་དབུས་སུ་གནས་པས་བདག་ཉིད་གཙོ་བོ་ཡབ་ཡུམ་དུ་བསྐྱོད་པའི་སེམས་སྤྲིན་ལས་འཁོར་རྣམས་སྤྲོ་ཞིང་། མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་མཆོད་ནས། ཡུམ་བཞིའི་ང་རྒྱལ་འཛིན་པའི་ཕྱོགས་ཀྱི་སློབ་མ་བཞིས་སློབ་དཔོན་ལ་མཆོད་ཅིང་གསོལ་བ་བཏབ་རྗེས། སློབ་དཔོན་གྱིས་རྒྱལ་བ་རྣམས་བསྐུལ་ཞིང་བྱིན་བསྡུས་ནས། རང་ཉིད་ཞེ་སྡང་རྡོ་རྗེའི་སྙེམས་པས་འབར་བའི་སྤྱན་དང་རྡོ་རྗེའི་འགྲོས་ཀྱིས་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་རློབ་ཅིང་། ཁྲོ་བཅུའི་ཕུར་བུ་གདབ་པ་དང་མཚོན་ཆ་ལྔའི་ར་བས་ས་བསྲུང་བར་བྱ་བ་རྣམས་ཏེ། བཟུང་བ་ནི་འོག་ཏུ་མཛད་དོ། །དེ་དག་ནི་ནུབ་དང་པོའི་བྱ་བའོ། །གཉིས་པ་ནི། འབྲུ་ལྔ་སོགས་རྐང་པ་གསུམ་སྟེ། ཕུང་པོ་ལྔ་སྐུ་ལྔར་དག་བྱེད་འབྲུ་ལྔ། དབང་པོ་ལྔ་ཕྲིན་ལས་ལྔར་དག་བྱེད་སྤོས་ལྔ། ཡུལ་ལྔ་ཡོན་ཏན་ལྔར་དག་བྱེད་རིན་ཆེན་ལྔ། རྣམ་ཤེས་ལྔ་ཡེ་ཤེས་ལྔར་དག་བྱེད་སྙིང་པོ་ལྔ་དང་། འདོད་ཡོན་ལྔ་གསུང་ལྔར་དག་བྱེད་སྨན་ལྔ་དང་། ཁམས་ལྔ་རིགས་ལྔར་དག་བྱེད་བདུད་རྩི་ལྔ་སྟེ། རྫས་སུམ་ཅུ་པོ་ཉིད་རབ་ཏུ་མཉམ་པར་སྦྱར་བའི་ལྡེ་གུས་དཀྱིལ་འཁོར་གྱི་གཞི་ལ་གོ་མ་ཡེ་བཏང་བར་བྱའོ། །འདི་ཉིད་ཊཱི་ཀ་རྣམས་སུ་གཞུང་གི་འགྲོས་ལྟར་ཐིག་གིས་ཁོངས་སུ་བསྡུས་ནའང་། རྡོ་རྗེ་ལས་རིམ་ལྟར་འདིར་ལས་དང་བྱ་བས་སྦྱང་བའི་ཁོངས་སུ་སྡེབས་ཤིང་། དཀྱིལ་འཁོར་ཁང་པ་རྙིང་པ་ལྟ་བུར་ནི་ཐིག་དང་སྦྲེལ་ཀྱང་ལེགས་པར་འགྱུར་རོ། །གཉིས་པ་ཚད་ལ་གཉིས་ལས། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ཚད་ནི། དཀྱིལ་འཁོར་ཁྲུ་གང་སོགས་རྐང་པ་གསུམ་དང་། ཡང་ན་ཁྲུ་ནི་སོགས་རྐང་པ་གཉིས་ཏེ། གནས་ཁང་དང་འབྱོར་པའི་ཁྱད་པར་ལས་ཆུང་འབྲིང་ཆེ་གསུམ་དུ་འགྱུར་བས་དཀྱིལ་འཁོར་ལོགས་རེར་ཁྲུ་གང་གི་ཚད་དུ་བྱ་བའམ། ཡང་ན་དེ་བཞི་འགྱུར་ལུས་གང་གི་ཚད་དུ་བྱ་སྟེ་ཆུང་ཚད་གཉིས་སོ། །ཡང་ན་ལུས་ནི་གསུམ་གྱི་ཚད་དེ་ཁྲུ་བཅུ་གཉིས་པའམ། ཡང་ན་ཁྲུ་ནི་བཅུ་དྲུག་གི་ཚད་གཉིས་ནི་འབྲིང་ཚད་དང་། ཁྲུ་ཉི་ཤུའམ་ཡང་ན་ཉི་ཤུ་རྩ་ལྔར་བྱ་བ་གཉིས་ནི་ཆེ་ཚད་དོ། །དེ་ནས་མཆོག་གི་དཀྱིལ་འཁོར་ལྷག་པ་ཏིང་ངེ་འཛིན་གྱི་ཚད་ནི། ཡང་ན་རྒྱང་གྲགས་སོགས་རྐང་པ་གསུམ་སྟེ། རྣལ་འབྱོར་པ་ཏིང་ངེ་འཛིན་གྱི་རྩལ་ཞན་པ་དང་། འབྲིང་དང་། རབ་གསུམ་གྱི་དགོངས་པའི་ཁྱད་པར་ལས་ཆུང་འབྲིང་ཆེ་གསུམ་སྟེ། བྲིས་དཀྱིལ་ལས་གཞན་ཡང་ན་རྒྱང་གྲགས་གཅིག་གི་ཚད་དུ་བསྒོམ་པ་ཆུང་ཚད་དེ། དེའི་དོན་ནི་མཛོད་ལས། སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་དག་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་སོ། །འབྲིང་དཔག་ཚད་གཅིག་གི་ཚད་དམ། ཡང་ན་རབ་ཀྱི་ཚད་ནམ་མཁའི་དབྱིངས་ནི་བསམ་ཡས་པར་ཁྱབ་པའི་སངས་རྒྱས་སྟོང་དང་ཉི་ཁྲི་བཞི་སྟོང་དང་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་སོགས་སྣ་ཚོགས་བརྗོད་ཀྱིས་མི་ལང་བ་བསྒོམ་པའམ། ལྷག་པ་ཏིང་ངེ་འཛིན་གྱི་གཟུགས་བརྙན་ཞེས་གྲགས་པ་དཀྱིལ་འཁོར་དངོས་སུ་སྤྲུལ་ནས་སྟོན་པ་སྟེ། ལམ་རིམ་ལས། སངས་རྒྱས་སྟོང་གི་དཀྱིལ་འཁོར་སོགས། །རྡོ་རྗེའི་ཐིག་ཚད་དོར་ཙམ་གྱིས། །རྒྱང་གྲགས་ལ་སོགས་མཚན་མ་ཡི། །དཀྱིལ་འཁོར་ཕྱག་རྒྱ་གསལ་ལྡན་པ། །ཏིང་འཛིན་ལྷག་པའི་གཟུགས་བརྙན་ཡིན། །ཞེས་གསུངས་ཏེ། སྔོན་སངས་རྒྱས་གསང་བས་མཚོ་མ་ཕམ་ལ་ཐིག་བཏབ་ནས་མཉྫུ་ཤྲཱི་སོགས་ལ་རྡོ་རྗེའི་དབྱིངས་ཀྱི་དཀྱིལ་འཁོར་དངོས་སུ་བསྟན་པ་དང་། སློབ་དཔོན་པདྨས་སྟག་ཚང་དུ་མཁར་ཆེན་བཟའ་ལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ནམ་མཁའ་དང་མཉམ་པར་བསྟན་ནས་དབང་བསྐུར་བ་ལྟ་བུ་སྟེ། གཞན་དུ་སྤྲུལ་པའི་དཀྱིལ་འཁོར་ཞེས་གྲགས་པ་དེའོ། །གང་དག་ལྷག་ཏིང་གི་ཚད་འདིར་སྨོས་པ་ནི་སྐབས་འཆོལ་ལོ་སྙམ་ན། སྐྱོན་མེད་དེ། ལྷག་པ་གཟུགས་བརྙན་གྱིས་མཚོན་ནས་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པའི་ཕྱིར་འབྲེལ་བས་འཕྲོས་དོན་དུ་སྨོས་པའོ། །གསུམ་པ་ཐིག་ནི། རིག་པས་ཐིག་ནི་གདབ་པར་བྱ། །ཞེས་དང་། ཕུར་བུ་སོགས་ཚིགས་བཅད་གཅིག་སྟེ། དེ་ལའང་དོན་བདུན་ལས། དང་པོ་རྒྱུ་ནི། སྤྱིར་མི་འགྱུར་བའི་དོན་གྱིས་ཐིག་སྟེ། དེའི་རྒྱུར་འགྱིང་བསྐོར་གྱི་ཕུར་བུ་གཉིས་འདུ་བྱ་ཞིང་། སྲད་བུ་ལ་གཉིས་ལས། ཡེ་ཐིག་གི་རྒྱུ་པདྨའི་རྒྱས་པ་དང་། དམ་ཐིག་གི་རྒྱུ་རས་བལ་འཇམ་པོའོ། །གྲོགས་ནི། གོས་རྒྱན་བཟང་པོས་མཛེས་པར་བརྒྱན་པའི་མཚན་ལྡན་ཡིད་དུ་འོང་བའི་གྲོགས་ཕྱག་རྒྱ་ལོ་བཅུ་དྲུག་ལོན་པས་འཁེལ་ལོ། །ཚད་ནི། རིང་ཐུང་དཀྱིལ་འཁོར་ཉིས་འགྱུར་ལ། །སྦོམ་ཕྲ་སྒོ་ཡི་ཉི་ཤུ་ཆའོ། །གྲངས་ནི། ཚོན་གྱིས་ཁ་དོག་སོ་སོར་ཕྱེ་བ་སྟེ། ཡེ་ཤེས་ཀྱི་ཐིག་སྐུད་ཁ་དོག་ཉི་ཤུ་རྩ་ལྔའམ་ལྔ་སྒྲིལ་དང་། དམ་ཚིག་གི་ཐིག་སྐུད་ཁ་དོག་དགུའམ་སུམ་སྒྲིལ་ལོ། །རབ་གནས་ནི། ཡེ་ཐིག་གདབ་པའི་སྲད་བུ་ཡེ་ཤེས་ལྔ་དང་། དམ་ཚིག་གི་ཐིག་སྐུད་སྐུ་གསུང་ཐུགས་ཀྱི་ངོ་བོར་བྱིན་གྱིས་རློབ་པའི་ཆོ་ག་རིགས་མཐུན་གྱི་ཡིག་འབྲུར་བསྐྱེད་པ་ལ་མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་སྦྱོར་བའི་བྱིན་བསྡུ་ཞིང་བསྟིམ་པ་ལ་སོགས་ཕུན་སུམ་ཚོགས་པར་བྱའོ། །གདབ་པའི་ཐབས་ནི། ཐིག་གཡོག་རིག་མ་དངོས་སམ་དེར་མོས་པ་ལ་ཐིག་སྣ་གཏད་དེ་ཡབ་ཡུམ་ལྷར་གསལ་བར་བྱས་པས་དམ་ཚིག་གི་ཐིག་སྐུ་གསུང་ཐུགས་ཀྱི་རང་བཞིན་ཅན་དུ་བཏབ་པའི་སྟེང་དུ་ཡེ་ཤེས་ཀྱི་ཐིག་ནི་མཁའ་ལ་བཏབ་པས་སྐུ་གསུང་ཐུགས་རེ་རེའང་ཡེ་ཤེས་ལྔ་ལྔའི་རང་བཞིན་དུ་རྒྱས་གདབ་པར་བྱ་བའོ། །ཉེས་པ་སྤངས་པ་ནི། དཀྱིལ་འཁོར་གྱི་ལས་ལ་མཁས་པས་ལག་ལེན་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ཆེན་པོས་རིག་པ་མ་ཡེངས་པར་བསྒྲིམས་ཏེ། ཐིག་སྐུད་མ་ཆད་ཅིང་ཐིག་སྣ་མ་ཤོར་བ་དང་། བསྐོར་འདུག་གི་ཕྱོགས་མ་འཁྲུལ་བ། ཐིག་རྒྱུན་མ་ཆད་པ། ཐིག་ལ་མི་འགོམ་པའི་སྒོ་ནས་གདབ་ཅིང་། གལ་ཏེ་འགོམ་དགོས་ན་ཧྲཱིཿའི་སྒྲ་དང་འདེགས་པའི་རྒྱས་ཐིག་མཁའ་ལ་བཏེག་པའི་འོག་ཏུ་འཛུལ་ནས་ལས་བྱའོ། །བཞི་པ་ཚོན་ནི། རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ། །ཞེས་དང་། མ་མཐོང་སོགས་ཚིགས་བཅད་གཅིག་སྟེ། དེ་ལའང་དོན་དྲུག་ལས། དགོས་ཆེད་ནི། ཡེ་ཤེས་ལྔས་འགྲོ་བ་ཀུན་ལ་ཁྱབ་ཀྱང་དེའི་དོན་མ་མཐོང་བའི་རྨོངས་པ་རྣམས་ལ་རང་གནས་ཀྱི་དོན་བསྟན་པར་བྱ་བའི་ཕྱིར་ཚོན་ཁ་དོག་སོ་སོར་ཕྱེ་བའོ། །རྒྱུ་ནི། འབྱོར་པ་རབ་ཀྱིས་རིན་ཆེན་སྣ་ལྔ་དང་། འབྲིང་གིས་འབྲུའམ་སྨན་ཁ་དོག་བསྒྱུར་བ་དང་། ཐ་མས་ས་ཚོན་ཁ་དོག་ལྔ་ལ་བྱའོ། །གྲངས་ནི། ཁ་དོག་རྒྱས་པར་ན་རིགས་རེ་རེའང་ལྔ་ལྔར་ཕྱེ་བས་ཉི་ཤུ་རྩ་ལྔའམ། ཡང་ན་ཁ་དོག་ལྔ་ཡི་གྲངས་སུ་བསྡུས་ཀྱང་རུང་ངོ་། །རབ་གནས་ནི། ས་བོན་ཕྱག་མཚན་ལས་རིགས་ཀྱི་དཀྱིལ་འཁོར་ཐབས་ཤེས་ཟུང་འབྲེལ་ལྔའམ། རྒྱས་པར་ན་སོ་སོའི་རིགས་ཆུང་དང་བཅས་པས་ལྷ་ལྔ་བཅུ་རྣམས་བསྒོམས་པ་ཞུ་བ་ལས་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་པའོ། །ཚོན་བཀྱེ་ལུགས་ནི། ལག་སོར་ལ་དཔའ་བོ་འབྲུ་ལྔ་བཀོད་ནས་དང་པོར་སློབ་དཔོན་གྱིས་འགྱིང་ཕུར་བཏབ་པའི་ཤུལ་དུ་ཚོན་སྣ་ལྔས་རྐང་རྗེས་ཤར་དུ་བལྟ་བས་གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་ནས་བརྩམས་ཏེ་པཉྩ་རེ་ཁཱ་སྒོ་ཚད་གཅིག་གི་ཚད་དུ་བྲི་བར་བྱ་ཞིང་། པྲ་བརྟག་པའི་དོན་དུ་དེ་ལ་ཀ་པཱ་ལ་བཀབ་སྟེ་བཞག་ནས། སློབ་བུ་རྣམས་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གང་གིས་འདུལ་བའི་ཆོ་ག་སྟེ་དེའི་ལུགས་བཞིན་དུ་བག་དང་ལྡན་པས་དགྱེ་བར་བྱའོ། །དེ་ལྟར་ཡང་རྣམ་སྣང་སྒྱུ་དྲྭ་ལས། ཚོན་ནི་ནང་ནས་བཀྱེ་བར་བྱ། །ཕྱི་རོལ་ནས་ནི་ཚོན་མི་དགྱེ། །དང་པོ་བྱང་ཤར་ནས་བརྩམས་ཏེ། །ཐོག་མར་སློབ་དཔོན་ཉིད་ཀྱིས་བཀྱེ། །དེ་ནས་སློབ་མས་བྱ་བར་བཤད། །ཅེས་སོ། །ཉེས་པ་སྤང་བ་ནི། ཚོན་ཧ་ཅང་མཐུག་པའམ་སྲབ་པ། ཚོན་ཐལ་ཤོར་བ་སོགས་སྤྱི་དང་། ཁྱད་པར་ཚོན་པྲ་ལ། རེ་ཁཱ་དམས་པ། ཡོ་བ། ཆད་ལྷག །ཉམས་པ། མི་གསལ་བ་སོགས་འདུག་ན་ངན་པས་བསལ་བའི་ཆོ་ག་བྱའོ། །ལྔ་པ་བྲི་བ་ནི། ལྟེ་བ་རྩིབས་དང་སོགས་ཚིགས་བཅད་གཅིག་སྟེ། དབུས་ཀྱི་ལྟེ་བ་ཟླུམ་པོའི་མཐར་འཁོར་ལོ་རྩིབས་བཞི་རྩིབས་རྟེན་མུ་ཁྱུད་དང་ལྡན་པའི་ཕྱི་རོལ་དུ་གྲུ་ཆད་བཞི་དང་། དབྱིབས་གྲུ་བཞིའི་རྣམ་པ་སྒོ་བཞི་སྒོ་ཁྱུད་ཅན་རྟ་བབས་སྣམ་བུ་བརྒྱད་པ་ཕྱི་རོལ་དུ་པད་རྡོར་མེའི་ཁོར་ཡུག་དང་ལྡན་པར་བྱ་བ་ནི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་ཀའི་ཐུན་མོང་བ་སྟེ། ཁྱད་པར་རྒྱས་པ་ལྟར་ན་དབུས་ཀྱི་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པའི་གནས་ལྔར་རྩིབས་བཞི་པའི་འཁོར་ལོ་ཆུང་བ་མུ་ཁྱུད་དང་བཅས་པ་རེ་རེས་མཚན་པ་དང་། རྒྱས་འབྲིང་གཉིས་ལ་གྲུ་ཆད་ཀྱི་ཕྱིར་བར་ཁྱམས་དང་ལྡན་པ་བྲི་ཞིང་། བསྡུས་པ་ལ་ནི་ཁྱམས་མེད་པའི་ཕྱིར་གྲུ་ཆད་ལ་སྒོ་དོད་པའི་རྣམ་པ་ཅན་ནོ། །དྲུག་པ་རྣམ་པ་དགོད་པ་ནི། སྐུ་གསུང་ཐུགས་སོགས་ཏེ། དཀྱིལ་འཁོར་གྱི་ལྷ་གནས་སོ་སོར་རྟེན་ཙཀ་ལི་ལྟ་བུ་བྲིས་འབུར་རམ། མེད་ན་ཚོན་གྱིས་བྲི་བའི་རྗེས་འབྲེལ་དུ་སྐུ་ཕྱག་རྒྱའི་གཟུགས་བརྙན་དང་། གསུང་ཋ་ཊའམ་ཧཱུཾ་མཱུྃ་སོགས་ས་བོན་དང་། ཐུགས་ཕྱག་མཚན་ནམ་རང་མདོག་མཚུངས་པའི་ཐིག་ལེ་འབྲི་བ་སོགས་མཚན་མ་གསུམ་གང་རུང་དང་ལྡན་པའི་གཟུགས་ཀྱི་རྣམ་པའང་ཅི་ནུས་དགོད་པར་བྱའོ། །བདུན་པ་རབ་གནས་ལ་གཉིས་ཏེ། ནུབ་གཉིས་པའི་ལས་རིམ་གཞུང་བཤད་ཀྱི་དབང་དུ་འབྲེལ་སྡེབས་ནས་འདིར་བཤད་པ་དང་། སྐབས་ཐོབ་ཀྱི་ལས་རིམ་དཀྱིལ་འཁོར་རབ་གནས་སོ། །དང་པོ་ལའང་གཉིས་ཏེ། ཡན་ལག་དང་། ཡན་ལག་ཅན་གྱི་ལྷག་གནས་སོ། །དང་པོ་ནི། ཁྲོ་བོ་མི་འཆི་ཐབ་སྦྱོར་བསྐྱེད་བཟླས་ཞུ་བའི་སྒོ་ནས་ཐོག་མར་ལས་བུམ་སྒྲུབ་སྟེ། གནས་བྱ་ཐམས་ཅད་ལ་བསངས་གཏོར་བྱ་བའི་ཆེད་དུའོ། །དེ་དང་རྗེས་འབྲེལ་དུ་རྡོར་དྲིལ། ཐོད་ཆུ་སྔར་བཤད་པའི་ཐིག་ཚོན་རབ་གནས་རྣམས་སོ། །གཉིས་པ་ལ། བུམ་པ། སློབ་མ། ལྷ་སྟ་གོན་ནོ། །དང་པོ་ནི། རྣམ་རྒྱལ་བུམ་པར་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་རྫོགས་བསྐྱེད་བཟླས་འོད་ཞུས་བུམ་ཆུ་ནུས་ལྡན་དུ་སྒྲུབ་པའོ། །གཉིས་པ་ནི། ཁྲུས་དང་སེམས་བསྐྱེད་ནས་གནང་བ་བྱིན་ཅིང་སྤྲོ་བ་བསྐྱེད། བགེགས་དང་སྒྲིབ་པ་ཕྲལ་བ་སྔོན་དུ་འགྲོ་བས་སློབ་མ་ལྷར་བསྐྱེད་ཅིང་བསྐུར་རློབ་གོ་བགོ་ལུས་བསྲུང་རྣམས་བྱས་ལ་སོ་ཤིང་དོར། དེ་ནས་ཁྱོར་ཆུ། བསྲུང་སྐུད། སྐུ་ཤ་གསུམ་བྱིན་ཞིང་གེགས་བརྒྱད་བཤད་དེ། རྨི་ལམ་བརྟག་ཏུ་གཞུག །གལ་ཏེ་ངན་ན་སྔགས་རྒྱ་དང་མེས་སྦྱང་བ་རྣམས་སོ། །གསུམ་པ་ནི། རྡོ་རྗེ་ལས་རིམ་དུ། ས་བཟུང་བ་ཞེས་གསུངས་པ་དེ་ཡིན་ཏེ། ལས་ཐིག་རྫོགས་པའམ་སྐྱ་ཐིག་ཙམ་གདབ་པ་གང་རུང་གི་ལྷ་གནས་ངེས་པར་བྱས་ནས་གཞལ་ཡས་ཁང་བསྒོམས་རྗེས། ལྷ་གནས་རྣམས་སུ་བྱང་སེམས་ཀྱི་ཐིག་ལེ་ཚོམ་བུ་དང་བཅས་པ་སོ་སོའི་སྔགས་ཀྱིས་བཀོད་དེ། རང་གཙོ་བོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྤྲོས་ལ་དབང་ནས་བསྟོད་པའི་བར་བྱས་རྗེས་སྙན་གསན་ཕབ་སྟེ་རོལ་པའི་གཟི་བྱིན་གྱིས་དེ་ཉིད་དུ་ཐིམ་པར་མོས་པའོ། །གཉིས་པ་དཀྱིལ་འཁོར་རབ་གནས་ལ་གཉིས་ཏེ། ལས་ཁྲིགས་ཀྱི་སྡེབས་བཤད་པ་དང་། གཞུང་དོན་བཤད་པའོ། །དང་པོ་ལ་དོན་དགུ་ལས། དང་པོ་སྔོན་དུ་བྱ་བའི་རིམ་པ་ནི། སློབ་དཔོན་གྱིས་བུམ་བསྙེན་བྱ་ཞིང་བུམ་ཆུ་བསྡུ་བ། རྒྱས་པའི་སྦྱིན་སྲེག །གནས་བྱའི་གཟུགས་བརྙན་ལ་བ་བྱུང་བཀུ་ཞིང་ཤིང་ཤུན་གྱིས་འཕྱི་བ་སོགས་བྱས་ཏེ། ཞི་བའི་ལས་གཞུང་བསྲང་བ་རྣམས་སོ། །གཉིས་པ་ཏིང་ངེ་འཛིན་གཉིས་ཀྱིས་སྦྱང་ཞིང་བསྐྱེད་པ་དང་། གསུམ་པ་སྤྱན་དྲང་ཞིང་བསྟིམ་པ་གཉིས་ལེའུ་འདི་ནས་བཤད་པ་ལྟར་རོ། །བཞི་པ་ཐུར་མས་སྤྱན་དབྱེ་བ་སོགས་དབང་པོའི་སྐྱོན་བསལ་བའི་ཆོས་བདུན་དབུལ་ལོ། །ལྔ་པ་ཐུན་མོང་དུ་ཡེ་ཤེས་ལྔའི་རང་བཞིན་གྱི་བུམ་ཆུས་དབང་བསྐུར་ཞིང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། ཁྱད་པར་དབུ་རྒྱན་སོགས་རྒྱན་ཆས་ཉི་ཤུ་རྩ་ལྔས་མངའ་གསོལ་བའོ། །དྲུག་པ་ཆུ་བདུན་གྱིས་ཁྲུས་གསོལ་ཞིང་རས་ཀྱིས་འཕྱི་བའོ། །བདུན་པ་མཆོད་པ་ཕྱི་ནང་ལྷག་ཏིང་གསང་མཆོད་རྣམས་འདི་ནས་བཤད་པ་ལྟར་དབུལ་ལོ། །བརྒྱད་པ་འདོད་དོན་མ་རྫོགས་ཀྱི་བར་བརྟན་བཞུགས་གསོལ་བའོ། །དགུ་པ་བསྐོར་བ་དང་སྨོན་ལམ་གདབ་པ་རྣམས་ཏེ་རབ་གནས་ཀྱི་ཆོ་ག་ལས་ཤེས་པར་བྱའོ། །གཉིས་པ་གཞུང་དོན་བཤད་པ་ལ་དྲུག་སྟེ། ཡོ་བྱད་དགྲམ་པ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྦྱང་བ། རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྐྱེད་པ། དེ་ལྟར་སྦྱངས་ཤིང་བསྐྱེད་པའི་ཡོན་ཏན། ཡེ་ཤེས་པ་དྲང་ཞིང་གཞུག་པ། མཆོད་པ་འབུལ་བའོ། །དང་པོ་ནི། བཅོས་བུའི་སོགས་རྐང་པ་གཉིས་ཏེ། བཅོས་བུ་སྟེ་ཁ་དོག་བསྒྱུར་བའི་རས་ལ་དབྱིབས་ནི་བླ་རེ་འཕན་གདུགས་ལྡ་ལྡི་སོགས་སྣ་ཚོགས་པ་དང་། རིན་པོ་ཆེའི་རྒྱན་ཕྲེང་དང་། བཏུང་བ་དང་བཟའ་བ་བྲོ་མཆོག་ལྡན་པས་ཀྱང་ཡོངས་སུ་བསྐོར་ཞིང་། གཞན་ཡང་ཐུན་མོང་མ་ཡིན་པའི་དཀྱིལ་འཁོར་གྱི་རྒྱན་བཀོད་དང་། ཁྲུས་ཆས་སོགས་རབ་གནས་ཀྱི་ཡོ་བྱད། ཐུན་མོང་དུ་ཕྱི་ནང་གི་མཆོད་གཏོར་སོགས་བཀོད་ལེགས་པར་བཤམས་པའོ། །གཉིས་པ་ནི། ལུས་ངག་སོགས་ཚིགས་བཅད་གཅིག་སྟེ། རང་གི་ལུས་ངག་སེམས་གསུམ་དང་གནས་བྱའི་རྟེན་གྱིས་མཚོན་པའི་ཕྱི་ནང་གི་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ལས་གཞན་གང་ནའང་མི་གནས་ཤིང་ཅིར་ཡང་མི་དམིགས་པའི་ངང་ལས་མེད་བཞིན་དུ་རང་སྣང་བ་མི་གཡོར་ལྟ་བུའི་ཚུལ་དུ་མཉམ་པར་སྦྱོར་བས་ཡུལ་ཆོས་ཉིད་ནམ་མཁའ་ལྟ་བུ་ལ་ཡུལ་ཅན་རིག་པ་ནི་རོ་གཅིག་ཏུ་འདྲེས་པས་ཡུལ་མེད་རང་གསལ་ནམ་མཁའ་ལྟར་མཐའ་བྲལ་དུ་བསྒོམ་ཞིང་ཤཱུ་ནྱ་ཏཱའི་སྔགས་ཀྱིས་ང་རྒྱལ་བྱའོ། །གསུམ་པ་ནི། ཏིང་འཛིན་རོལ་མོ་སོགས་རྐང་པ་ལྔ་སྟེ། སྟོང་ཉིད་ཀྱི་ངང་ལས་ཏིང་འཛིན་གྱི་རྩལ་ཅིར་ཡང་མ་འགགས་པའི་རོལ་མོ་མཐའ་ཡས་མཆོག་དང་ལྡན་པས་རང་གི་ཐུགས་ཀ་ནས་སྤྲོས་པའི་ས་བོན་ལས་འབྱུང་ལྔ་རིམ་བརྩེགས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། དེར་གཟུགས་སྐུ་རྣམས་སྟོང་ཉིད་ཡེ་ཤེས་སུ་གསལ་བ་ལ་བདག་ཉིད་ལྷ་ཡབ་ཡུམ་སྦྱོར་བའི་བྱང་སེམས་ཋ་ཊ་སོགས་གསུང་ཡི་གེའི་འཁོར་ལོའམ། ཧཱུཾ་མཱུཾ་སོགས་སྙིང་པོའི་རྣམ་པར་བཏོན་པ་ལས་སྐད་ཅིག་གིས་བསྐྱེད་པའམ། ཡང་ན་ཡིག་འབྲུ་རྣམས་སོ་སོའི་གདན་ལ་བཀོད་དེ་འོད་ཟེར་སྤྲོ་བསྡུ་བྱའམ་མ་བྱས་ཀྱང་རུང་སྟེ་ཕྱག་རྒྱ་ཕྲ་བ་ཕྱག་མཚན་ལས་རགས་པ་སྐུ་ཡོངས་སུ་རྫོགས་པའི་ལྷ་གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་དང་ལྡན་པར་བསྐྱེད་ཅིང་བྱིན་གྱིས་བརླབས་ན་དངོས་གྲུབ་ཡ་མཚན་ཐུན་མོང་དང་རྨད་པོ་ཆེ་མཆོག་འགྲུབ་པར་འགྱུར་བ་ནི་སངས་རྒྱས་ཀུན་གྱི་དམ་ཚིག་སྟེ། ནམ་དུའང་དེ་ལས་མི་འདའ་བར་སྟོན་པའི་ཕྱིར་རོ། །བཞི་པ་ནི། ས་ལ་སོགས་ལ་སོགས་ཚིགས་བཅད་གཅིག་སྟེ། འདི་ལྟར་ས་དང་ཤིང་ལ་སོགས་པ་རྒྱུ་དམན་པ་ལ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་བྱས་པས་ཀྱང་རྣམ་གྲོལ་འབྲས་བུའི་རིམ་པ་གདུལ་བྱ་རང་རང་གི་སྐལ་བ་དང་མཐུན་པ་ཐོབ་པར་འགྱུར་ན་གཟུང་འཛིན་དག་པ་སྟོང་པ་ཉིད་དང་རོལ་མོ་ལྟ་བུའི་ཡེ་ཤེས་ཀྱིས་སྦྱངས་ཤིང་ལྷར་བསྐྱེད་པས་འདོད་པའི་འབྲས་བུ་ཐོབ་པ་སྨོས་ཅི་དགོས་ཏེ། སེམས་ཀྱི་དེ་ཁོ་ན་ཉིད་ཡེ་ནས་ལྷ་ཡིན་པ་ལས་གཞན་པའི་ལྷ་སྐུ་བཙལ་དུ་མེད་པའི་ཕྱིར་རོ། །ལྔ་པ་ནི། ཕྱོགས་དུས་སོགས་ཚིགས་བཅད་གཉིས་ཏེ། ཕྱོགས་བཅུ་དུས་བཞིའི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པའི་བདག་ཉིད་ཆེན་པོ་ཆོས་ཀྱི་སྐུ་ཅིར་ཡང་མི་དམིགས་པ་ཐུགས་ཀྱི་དཀྱིལ་འཁོར་སྤྲོས་བྲལ་གྱི་ངང་ལ་བཞུགས་པ་ལས་གཟུགས་སྐུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཇི་ལྟར་འདུལ་བའི་མོས་པ་ལྟར་བཞེངས་པ་ཐམས་ཅད་སྤྱན་དྲང་ངོ་། །གང་དུ་ན་རིག་པ་རང་སྣང་དབྱེར་མེད་དམ་ཚིག་གི་དཀྱིལ་འཁོར་ལ་སྤྱན་དྲངས་པ་དེ་ཉིད་འཇུག་ཅིང་བསྟིམ་པའི་མཚན་ཉིད་ཀྱིས་དམ་ཡེ་མཉམ་པར་སྦྱོར་བས་ཕྱོགས་བཅུ་དུས་བཞི་ཀུན་ནས་དོན་གཉིས་མཐར་ཕྱིན་པར་གཤེགས་པའི་རྒྱལ་བ་ཐམས་ཅད་སྔོན་བསྙེན་པའི་སྨོན་ལམ་གྱི་དབང་གིས་འགྲོ་དོན་མཛད་པའི་ཕྲིན་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཐུགས་རྗེས་བཞེངས་ནས་བྱོན་པ་དམ་ཚིག་གི་དཀྱིལ་འཁོར་ལ་རབ་ཏུ་རྫོགས་པར་འཇུག་པ་ནི་སངས་རྒྱས་ཐམས་ཅད་འདི་ལས་འདའ་བར་མི་མཛད་པས་ཉེ་བར་འབྲེལ་བར་གྱུར་པའི་ཕྱིར་དམ་ཚིག་གི་མཆོག་ཅེས་བྱའོ། །དྲུག་པ་ལ་གསུམ་ལས། དང་པོ་ཕྱི་ནང་གི་མཆོད་པ་ནི། གླུ་ཚིག་སོགས་ཚིགས་བཅད་གཅིག་སྟེ་ཕྱིའི་མཆོད་པ་རྣམ་པ་ལྔ་དང་ན་བཟའ་ལྷབ་ལྷུབ། ནང་སྨན་གཏོར་ཚོགས་ཀྱི་ཡོ་བྱད་དང་། ངག་གི་གླུ་ཚིག་ལུས་ཀྱི་བྲོ་གར། རོལ་མོ་ཡེ་ཤེས་སོགས་མཆོད་པའི་སྤྲིན་ཕུང་མཐའ་ཡས་པའི་ཚོགས་ཀྱིས་རབ་ཏུ་མཆོད་ཅིང་། རྒྱས་འདེབས་མ་སོགས་གསང་ཡུམ་བཞི་དང་། ཡིད་འཇོ་བའི་ཚུལ་ཅན་སྒོ་མ་བཞི་དང་། ཕྱི་ནང་གི་སེམས་མ་བརྒྱད་དེ་ལྷ་མོ་བཅུ་དྲུག་གིས་ཇི་ལྟར་འདོད་པའི་སྐབས་ཀྱི་ལས་གང་བྱེད་པ་དེ་བཞིན་དུ་མཆོད་དོ། །གཉིས་པ་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་ནི། མཆོད་པའི་ཕྱག་རྒྱ་སོགས་རྐང་པས་དམན་པའི་ཚིགས་བཅད་དྲུག་སྟེ། ཡིད་སྤྲུལ་གྱིས་ཇི་ལྟར་མཆོད་པ་ལས་མི་འདའ་བའི་ཕྱག་རྒྱ་ཆེན་པོ་ནི་རང་སེམས་ཀྱི་བཀོད་པ་ཡིད་བཞིན་གྱི་ཆར་འབེབས་པའི་རིན་པོ་ཆེའི་སྤྲིན་ཚོགས་ལྟར་བསམ་མི་ཁྱབ་ཀྱིས་མཆོད་དེ། ཇི་ལྟར་ན་རང་གི་ཐུགས་ཀ་ནས་ས་བོན་སོ་སོ་སྤྲོས་པས་སྣང་གྲགས་ཐམས་ཅད་མཆོད་རྫས་སུ་གྱུར་ནས་མཆོད་པའོ། །དེ་ཡང་བྷྲཱུཾ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་རློབ་སྟེ། དེའི་ཡོན་ཏན་ཡང་མཉེན་འཇམ་རེག་ན་བདེ་བ་དང་ལྡན་པའི་རང་བཞིན་རྒྱུ་སྣ་ཚོགས་རིན་པོ་ཆེའི་ས་གཞི་ཁོད་སྙོམས་པ་ལ་མིག་མང་རིས་སུ་མཛེས་པར་བྲིས་ཤིང་རིན་པོ་ཆེའི་ཕྲ་ཚོམ་གྱིས་སྤྲས་པ་དང་། ཏྲཱཾ་ལས་རི་དང་རི་བྲན་ཐམས་ཅད་འདོད་རྒུ་ཀུན་འབྱུང་བའི་རིན་ཆེན་གྱི་ཕུང་པོ་འོད་འབར་བར་གྱུར་པ་དང་། ཨ་ལས་རྒྱ་མཚོ་དང་ལྟེང་ཀ་སོགས་ཁ་དོག་དང་དབྱིབས་ལེགས་པའི་རྫིང་བུ་རོ་བྲོ་བའི་མཆོག་བསིལ་ཞིང་དྭངས་པ་སོགས་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བ་དང་། བྷྲཱུཾ་ལས་གནས་ཁང་ཐམས་ཅད་རྒྱུ་རིན་ཆེན་ལས་གྲུབ་པའི་ཁང་པ་རྒྱན་དང་བཀོད་པ་སྣ་ཚོགས་ཀྱིས་མཛེས་པ་དང་། ཏྲཱཾ་ལས་རྩི་ཤིང་ནགས་ཚལ་ཐམས་ཅད་རིན་པོ་ཆེའི་རྒྱན་དང་དར་གྱི་ལྡ་ལྡིས་སྦྲེལ་བའི་ལྷའི་དཔག་བསམ་གྱི་ལྗོན་ཤིང་རྒྱས་པའི་ཚལ་དང་། ཧྲཱིཿལས་སྒྲ་ཐམས་ཅད་སྙན་པའི་གླུ་དབྱངས་དང་འཕགས་པ་མཆོད་ཅིང་སེམས་ཅན་ལ་ཆོས་སྟོན་པའི་ཚིགས་སུ་བཅད་པའི་སྒྲར་རང་བྱུང་བ་དང་། མཱཾ་ལས་གོས་ཐམས་ཅད་བླ་རེ་རྒྱལ་མཚན་ན་བཟའ་གདུགས་ལ་སོགས་པ་སྣ་ཚོགས་དང་། ཏྲཱཾ་ལས་རྒྱན་ཐམས་ཅད་དོ་ཤལ་དཔུང་རྒྱན་སེ་མོ་དོ་སོགས་རིན་པོ་ཆེའི་རྒྱན་གྱི་ཁྱད་པར་དང་། ཨ་ལས་ལོངས་སྤྱོད་ཐམས་ཅད་རོ་བརྒྱ་ལྡན་པའི་བཟའ་བ་དང་བདུད་རྩིའི་བཏུང་བ་རོ་བྲོ་བའི་མཆོག་རྣམས་དང་། ཧཱུཾ་ལས་འགྲོ་བ་ཀུན་ཀྱང་རང་ལུས་ལ་ཇི་ལྟར་མཛེས་པའི་རྒྱན་གྱི་ཁྱད་པར་གྱིས་བརྒྱན་ཅིང་འདོད་ཡོན་སྣ་ཚོགས་ཐོགས་པའི་ལྷ་དང་ལྷ་མོ་ཞིང་གི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པས་ལུས་ཀྱི་བྲོ་གར་དང་ངག་གི་གླུ་དབྱངས་ལ་སོགས་པ་བསམ་ཡས་ཀྱིས་ཕྱོགས་བཅུའི་ནམ་མཁའི་མཐར་ཀླས་ཀྱི་ཁམས་ཐམས་ཅད་ཡོངས་སུ་བཀང་ནས་རྒྱལ་བའི་དཀྱིལ་འཁོར་ཀུན་ལ་རེ་རེ་ཞིང་ནས་རྒྱས་བར་དབུལ་ཏེ། ཇི་ལྟར་ན་སྐལ་ལྡན་རྣལ་འབྱོར་པའི་ཏིང་ངེ་འཛིན་མི་གསལ་བའམ་གསལ་བའི་ཁྱད་པར་གྱིས་དུས་རིམ་གྱིས་སམ་ཡང་ན་ཅིག་ཅར་དུ་སྤྲོས་ཏེ་འཁོར་གསུམ་མི་དམིགས་ཆོས་ཀྱི་དབྱིངས་དང་མཉམ་པ་ཉིད་དུ་སྦྱོར་ཞིང་སྣང་སྲིད་ཐམས་ཅད་གཉིས་མེད་ཀྱི་ངོ་བོར་གནས་སུ་སྟོབ་པ་ལས་མི་འདའ་བ་མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ་པར་བྱ་བའོ། །གསུམ་པ་གསང་མཆོད་ནི། གསལ་ལྡན་མའམ་སོགས་ཚིགས་བཅད་གསུམ་སྟེ། ལས་རྒྱ་ཤེས་རབ་དང་ཏིང་ངེ་འཛིན་གསལ་ལྡན་མ་ཡིན་ན་རང་ཉིད་ཀྱིས་སམ། མི་ལྡན་ན་ཡབ་ཀྱིས་ལྷར་བསྐྱེད་ཅིང་མཁའ་གསང་བྱིན་གྱིས་བརླབས་ལ། དཔེར་ན་འཕགས་པའི་རྫུ་འཕྲུལ་གྱིས་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡུངས་འབྲུར་གཞུག་ཅིང་ཆུད་པའི་ཚུལ་བཞིན་དུ་ཡུམ་གྱི་པདྨའི་སྣ་རྩེ་ཡུངས་འབྲུ་ཙམ་ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ཚང་ཞིང་མ་འདྲེས་པར་བཀོད་པ་ལ་ཆོས་ཀྱི་དབྱིངས་ནས་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་བསྟིམ་པ་ཐབས་ཤེས་རོལ་པའི་བདེ་བས་མཆོད་དོ། །དེས་དཀྱིལ་འཁོར་གྱི་ལྷ་རྣམས་མཉེས་ནས་དངོས་གྲུབ་སྟེར་བར་འགྱུར་བ་ལས་མི་འདའ་བའི་དམ་ཚིག་མཆོག་གི་བདུད་རྩི་སྟེ། དེ་ལྟར་བདེ་བའི་བདག་ཉིད་ཆེན་པོ་ཡུམ་གྱི་མཁའ་དཀྱིལ་མཆོད་པས་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་མཉེས་ཤིང་། དེའི་བྱིན་རླབས་ཀྱིས་སྲིད་གསུམ་གྱི་འགྲོ་བ་ཐམས་ཅད་ལ་དགའ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་རོས་ཁྱབ་པར་འགྱུར་ཞིང་། དེར་མ་ཟད་རྣལ་འབྱོར་པ་རང་ཉིད་སྒྱུ་འཕྲུལ་དྲྭ་བ་སྟེ་ཐབས་ཤེས་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པ་ཡིས་འབྲས་བུ་ཕྱོགས་བཅུ་དུས་བཞིར་དོན་གཉིས་མཐར་ཕྱིན་པར་གཤེགས་པའི་སངས་རྒྱས་དཀྱིལ་འཁོར་མ་ལུས་པའི་རང་བཞིན་དང་ཁམས་གསུམ་གྱི་འགྲོ་བ་སེམས་ཅན་རྣམས་ལ་ཐུགས་རྗེས་གཟིགས་པའི་ཡེ་ཤེས་མངོན་སུམ་དུ་གསལ་བར་འགྱུར་བ་ཡིན་ནོ། །བརྒྱད་པ་སྦྱིན་སྲེག་ནི། དབྱིབས་དང་ཁ་དོག་སོགས་ཚིགས་བཅད་གཅིག་སྟེ། རྡོ་རྗེ་ལས་རིམ་ལས། ས་དང་རབ་གནས་རྣམ་གཉིས་དང་། །བདེ་བ་སྦྱིན་པའི་དུས་ཉིད་དོ། །ཞེས་པས་ས་ཆོག་གི་ཚེ་མཚན་མ་ངན་ན་ཞི་བ། རབ་གནས་ཀྱི་ཚེ་རྒྱས་པ། དབང་བསྐུར་བའི་གོང་དུ་དབང་། སློབ་མ་སྟ་གོན་གྱི་ཚེ་ཀུན་རྨི་ལྟས་ངན་ན་དྲག་པོ་བྱ་སྟེ། དེ་ཡང་སྦྱིན་སྲེག་རྩ་བར། གནས་རྫས་ཐབ་ཀྱི་རྣམ་པ་དང་། །གཟུངས་དང་གཙོ་སེམས་བསྒྲུབ་བྱ་དང་། །ཕུར་བུ་ལྷ་དུས་ལས་རིམ་དང་། །ལྷག་མ་བཅུ་གཅིག་ཤེས་པར་བྱ། །ཞེས་དོན་བཅུ་གཅིག་ལས། དང་པོ་གནས་ནི། སྤྱིར་ཞི་རྒྱས་གཉིས་བཀྲ་ཤིས་པའི་གནས་དང་། དབང་དྲག་གཉིས་གཉན་པའི་གནས་སུ་བྱ་བའམ། བྱེ་བྲག་ཞི་བ་རི་བོ་འདུས་པའི་རྩེ། །རྒྱས་པ་ནགས་ཚལ། དབང་ཆུ་བོ་འདུས་པའི་སུམ་མདོ། །དྲག་པོ་དུར་ཁྲོད་དོ། །གཉིས་པ་རྫས་ནི། ལས་བཞི་གང་བྱེད་ཀྱི་སྲེག་ཤིང་། ཡམ་ཤིང་། ལིངྒའི་རྒྱུ། གཏོར་མ། སྲེག་རྫས་རྣམས་བསྲེག་གོ། །གསུམ་པ་ཐབ་ཀྱི་རྣམ་པ་ནི། འཁོར་ལོ་རིན་ཆེན་པདྨ་རྒྱ་གྲམ་བཞིའི་ལྟེ་བ་ལ་གནས་པའི་ཐབ་ཁུང་དབྱིབས་ནི་ཞི་བར་ཟླུམ་པོ་སོགས་སྤྱི་དང་འདྲ་ཞིང་། བཞི་ཀའང་རྒྱར་ཁྲུ་གང་དཔངས་སུ་ཁྲུ་ཕྱེད་པ་བང་རིམ་གསུམ་པའོ། །ཁ་དོག་ནི་དཀར་སེར་དམར་མཐིང་ངོ་། །ཐབས་སོ་སོའི་དབུས་སུ་མཚན་མ་ནི་ཞི་བར་འཁོར་ལོ་ༀ། རྒྱས་པར་རིན་ཆེན་ཏྲཾ། དབང་ལ་པདྨ་ཧྲཱིཿ དྲག་པོར་རྡོ་རྗེ་ཧཱུཾ་ཡིག་དང་ལྡན་པར་བྱ་བའོ། །བཞི་པ་གཟུངས་མ་ནི། དུང་ཅན་མ། བན་གླང་མ། པདྨ་ཅན། རི་མོ་ཅན་བཞིའོ། །ལྔ་པ་གཙོ་སེམས་ནི། དོན་གྱི་སེམས་སྤྱིར་བདེན་པ་དབྱེར་མེད་ཀྱི་ལྟ་བ་རྟོགས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྡན་པ། བྱེ་བྲག་ལས་སོ་སོའི་ཀུན་སློང་སྟོངས་ཀྱི་སེམས་ནི། ཞི་ཞིང་དྭངས་པ། དགའ་ཞིང་སྤྲོ་བ། ཆགས་ཤིང་ཞེན་པ། ཞེ་སྡང་ཁྲོས་པའི་སེམས་སོ། །དྲུག་པ་བསྒྲུབ་བྱ་ནི། གནོད་སྡིག་ཅན་དང་། དབུལ་ཕོངས་ཅན་དང་། ལོག་ལྟ་ཅན་དང་། གདུག་པ་ཅན་རྣམས་ཏེ། ཡུལ་དེ་དག་གི་ལིངྒ་གནས་ཡིག་དང་བཅས་པ་བྲིས་ཏེ་ལས་དང་མཐུན་པའི་བྲུབ་ཁུང་དུ་གཞུག་གོ། །བདུན་པ་ཕུར་བུ་ནི། རྒྱུ་དབྱིབས་ལས་དང་མཐུན་པའི་ཕུར་བུ་བཞི་སོགས་ལ་རིམ་པར་གྲངས་དྲུག་དང་། བཞི་དང་། ལྔ་དང་། གསུམ་རྣམས་ཏེ། རང་རང་གི་བྲུབ་ཁུང་གི་ཁ་ཁྱེར་ལ་བསྐོར་རོ། །བརྒྱད་པ་ལྷ་ནི། ལས་སྦྱོར་གྱི་ལྷ་ཞི་ཁྲོ་གང་ལ་བརྟེན་པ་དེའི་གཞུང་ཡིན་ལ། སྦྱིན་སྲེག་གི་ལྷ་ལ་གཉིས་ལས། སྦྱིན་ལྷ་ནི་དྲང་སྲོང་གི་ཆས་ཅན་ར་སྐྱེས་ལ་གནས་པ་ལས་བཞི་གང་ཡིན་གྱི་སྐུ་མདོག་ཕྱག་མཚན་ཅན་ནོ། །སྲེག་ལྷ་ནི། ཞི་བ་ལ་རྣམ་སྣང་དང་བུདྡྷ་ཧེ་རུ་ཀ །རྒྱས་པ་ལ་རིན་འབྱུང་དང་རཏྣ། དབང་ལ་མཐའ་ཡས་དང་པདྨ། དྲག་པོ་ལ་མི་བསྐྱོད་པ་དང་བཛྲ་ཧེ་རུ་ཀ་རྣམས་ཀྱིས་གཙོ་བྱས་པའི་ཞི་ཁྲོའི་ལྷ་ཀུན་ལས་གང་ཡིན་གྱི་ཁ་དོག་ཅན་དུ་བསྐྱེད་དོ། །དགུ་པ་དུས་ནི། ཞི་སོགས་རིམ་བཞིན་ལོ་དང་ཞག་གི་དབང་དུ་བྱས་པ་གཉིས་རེ་སྟེ། དབྱར་རམ་སྔ་དྲོ། སྟོན་ནམ་ཉི་ཕྱེད། དགུན་ནམ་དགོང་ཀ །དཔྱིད་དམ་ནམ་གུང་ངོ་། །བཅུ་པ་ལས་རིམ་ནི། ཕྱི་རོལ་དུ་ཆ་གསུམ་བཏང་། ནང་དུ་ལས་བཞིའི་འདུག་སྟངས་ཀྱིས་ཤིས་པའི་ཕྱོགས་ལ་ཁ་བལྟས་ཏེ། ཞི་ཁྲོ་གང་བྱེད་ཀྱི་གཞུང་བསྲང་། ལས་བཞི་སོ་སོའི་འཛབ་ཀྱི་འཕྲོ་འདུས་ཐུགས་དམ་བསྐུལ། དེ་ནས་ཚོགས་ཐ་མ་དང་སྦྲེལ་ཏེ་ལིངྒ་ལ་དགུག་བསྟིམ་དང་། སོ་སོའི་བསྐུལ་སྔོན་འགྲོས་གཏོར་ཐུན་དབབ་ཅིང་ཕུར་བུ་གདབ། མཚོན་ཆར་དབབ་གྲིས་གཏུབས་ནས་སྲེག་རྫས་དང་བསྲེས་ལ་བཞག་གོ། །སྦྱིན་སྲེག་གི་ལས་རིམ་དངོས་ནི། དཔེར་ན་ཁ་ཟས་ཀྱིས་ལུས་ཀྱི་འབྱུང་བ་རྒྱས་པས་དེ་ལ་དེར་བརྟེན་གྱི་དབང་པོ་དང་རྣམ་ཤེས་རྒྱས་པར་འགྱུར་བ་ལྟར་མེའི་སྒོ་ནས་མེ་ལྷ་ཚིམ་པས། དེའི་སྒོ་ནས་དཀྱིལ་འཁོར་གྱི་ལྷ་ཚིམ་པར་འགྱུར་བའི་ཕྱིར། མེ་ལྷའི་རང་བཞིན་ནི་མཆོད་སྦྱིན་གསོལ་བའི་ཞལ་དུ་གྱུར་པ་ཞེས་གྲགས་པས་ན་ཐོག་མར་འཇིག་རྟེན་པའི་མེ་ལྷ་མཆོད་པར་བྱ་སྟེ། མེ་སྦར་ལ་ཐབ་ནང་དུ་ༀ་ཏྲཱཾ་ཧྲཱིཿཧཱུཾ་བཞི་ལས། ལས་གང་བྱེད་ཀྱི་མེ་ལྷ་བསྐྱེད་ཅིང་བསྐུར་རློབ་དབབ། དད་པ་དང་ནི་སོགས་ཀྱིས་བོས་ལ་བསྟིམ། མཆོད་སྲེག་གི་རྫས་དང་དགང་བླུགས་ཕུལ་ལ་སྨོན་ལམ་གདབ། དེ་ནས་མེ་ལྷའི་ལྟོ་བར་ལས་བཞི་གང་བྱེད་ཀྱི་སྲེག་ལྷ་བསྐྱེད་ཅིང་། བསྐུར་རློབ་དབབ་དྲངས་བསྟིམ་པ་ལ་མཆོད་ནས། བཟའ་བཏུང་རོ་བྲོ་བའི་ཚོགས་ཀྱི་སྲེག་རྫས་དང་དགང་བླུགས་རྣམས་ལས་གང་བྱེད་ཀྱི་ཚོགས་ལས་བཞི་སོ་སོའི་སྐབས་དང་སྦྱར་བའི་མཆོད་པ་རབ་ཏུ་སྦྱིན་ནས་བདེན་པ་དང་སྨོན་ལམ་བརྗོད་ཅིང་བསྟོད་པར་བྱའོ། །ཚུལ་དེས་ཐོག་མར་ཞི་བའི་དཀྱིལ་འཁོར་མཆོད་ནས་སླར་ཁྲོ་དཀྱིལ་དུ་བསྒྱུར་ཏེ་སྲེག་བླུགས་སྔར་ལྟར་ཕུལ་རྗེས་ལས་གང་ཡིན་གྱི་བྲོ་བྱའོ། །བཅུ་གཅིག་པ་ལྷག་མའི་ལས་ནི། ཚོགས་ལྷག་དང་སྲེག་རྫས་ལྷག་རྣམས་བསྡུས་ཏེ་ལྷག་ཆོག་བྱ་ཞིང་བརྟན་མ་བསྐྱང་། ལྷག་ཆད་བསྐང་ལ་སྲེག་ལྷ་དང་མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ་བ་སོགས་ལས་ཀྱི་རྗེས་རྣམས་མཐའ་རྒྱས་སུ་བྱའོ། །དགུ་པ་དཀྱིལ་འཁོར་དུ་འཇུག་པ་ནི། རྡོ་རྗེ་ལས་རིམ་ལས། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། །ཁྲུས་དགབ་དྲི་དང་ལུས་དབུལ་དང་། །བགེགས་བསྐྲད་ལྷར་སློབ་དམ་ཚིག་སྦྱིན། །དེ་ཉིད་དབབ་དང་ཆུ་ནན་དང་། །བསྒྲག་དང་རིན་ཆེན་དོར་བ་དང་། །ལྷ་དབབ་པ་དང་ནན་ཏན་དང་། །མིག་དབྱེ་དཀྱིལ་འཁོར་ལེགས་བསྟན་དང་། །ཚོགས་མཆོག་ཡོན་དང་རྣམ་བཅོ་བརྒྱད། །འདི་ཡི་ཡན་ལག་རྫོགས་པར་འགྱུར། །ཞེས་ཆོས་བཅོ་བརྒྱད་པོ་རིགས་བསྡུས་ན་གཉིས་ཏེ། སློབ་དཔོན་འཇུག་པའི་ཆོས་གཉིས་དང་། སློབ་མ་འཇུག་པའི་ཆོས་བཅུ་དྲུག་གོ། །དང་པོ་ནི། ཀུན་བྱས་སོགས་ཏེ། དེ་ལྟར་དཀྱིལ་འཁོར་བཞེངས་སྒྲུབ་ཀྱི་ལས་རིམ་ཀུན་བྱས་ནས་དབང་གིས་ཕྱུག་ཅིང་དབང་དོན་ཤེས་པའི་རྡོ་རྗེ་སློབ་དཔོན་རང་ཉིད་སློབ་མ་འཇུག་པ་ལྟར་དཀྱིལ་འཁོར་དུ་ཞུགས་ཏེ། སློབ་མ་ལ་དབང་ཇི་ཙམ་བསྐུར་བ་དེ་ཆོ་ག་རྒྱས་བསྡུས་ཅི་རིགས་པས་བླང་བའམ། ཡང་ན་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་ཀྱང་དཀྱིལ་འཁོར་དུ་འཇུག་པའི་གོ་ཆོད་ཅིང་། གང་ལྟར་ཡང་སློབ་མ་འཇུག་པར་གསོལ་བ་གདབ་པ་དང་བཟོད་གསོལ་གནང་བ་ནོང་པ་རྣམས་ཏེ། སློབ་དཔོན་འཇུག་པའི་ཆོས་གཉིས་སོ། །གཉིས་པ་ནི། དེ་ནས་སློབ་མ་སོགས་ཏེ། སློབ་དཔོན་ཞུགས་པ་དེ་ནས་ཆོས་བཅུ་དྲུག་གིས་སློབ་མ་དཀྱིལ་འཁོར་དུ་གཞུག་པར་བྱ་སྟེ། ཐོག་མར་སློབ་མས་ཁྲུས་བྱ། གཉིས་པ་གདོང་བཅིངས་ཏེ་སྙིམ་པ་མེ་ཏོག་གིས་བཀང་ལ་གསོལ་བ་གདབ། གསུམ་པ་འདོད་དོན་དྲི་ལན་བྱས་ནས་སློབ་དཔོན་གྱི་དྲུང་དུ་དྲང་། བཞི་པ་དུས་གསུམ་གྱི་རྒྱལ་བ་ལ་ལུས་དབུལ། ལྔ་པ་སློབ་བུའི་ཚེ་བསྲུངས་ལ་བགེགས་བསྐྲད། དྲུག་པ་སྒྲིབ་པ་ཕྲལ་ནས་ལྷར་བསྐྱེད་དེ་གོ་བགོ་ལུས་བསྲུང་བྱ། བདུན་པ་རྡོ་རྗེ་གསུམ་གྱི་དམ་ཚིག་བྱིན། བརྒྱད་པ་དམ་ཚིག་དེ་ཉིད་ཚིག་གིས་དབབ། དགུ་པ་ཁེ་ཉེན་གྱི་སྒོ་ནས་ཆུ་ནན་བྱ། བཅུ་པ་སྐྲག་པ་དང་དོགས་པ་མེད་པའི་བརྟུལ་ཞུགས་ཀྱིས་རྨད་དུ་བྱུང་བའི་དམ་ཚིག་གཞུང་བཞིན་སྤྱོད་ཅིག་པར་བསྒྲག །བཅུ་གཅིག་པ་ལྷ་དང་ལས་འབྲེལ་བརྟག་ཕྱིར་མེ་ཏོག་དོར། བཅུ་གཉིས་པ་མེ་ཏོག་དེ་སྤྱི་བོར་བཅིངས་ལ་འོག་མིན་ནས་ཡི་དམ་གྱི་ལྷ་བཀུག་པ་སྔར་ཆུ་ནན་གྱི་ལྷ་དང་གཉིས་མེད་དུ་བསྟིམ་པ་ནི་ཕྱིའི་ལྷ་དབབ་པ་སྟེ། ཕེབས་རྟགས་བྱུང་བ་དང་། བརྟན་པར་བྱ། ནང་གི་ལྷ་དབབ་པ་ནི་གསང་མཚན་འདོགས་ཤིང་ལྷའི་སྒོམ་ཐབས་སྟོན་པའོ། །བཅུ་གསུམ་པ་ལྷ་བསྒོམ་པ་ལ་ནན་ཏན་བྱེད་པར་གདམས་པ་ནི། སྐལ་པ་མཉམ་པའི་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་དཀྱིལ་འཁོར་ཞུགས་ཕྱིན་ཆད་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པས་ཡི་དམ་གྱི་ལྷ་དང་སྐལ་པ་མཉམ་པར་གྱུར་པའི་ཕྱིར། ཡེ་ཤེས་དེ་ཉིད་དོན་དུ་གཉེར་ནས་བསྒྲུབས་ན་དུས་ཉེ་བ་ཚེ་འདིར་མངོན་དུ་འབྱུང་བའི་མཆོག་ཐུན་གྱི་དངོས་གྲུབ་ཡ་མཚན་ཆེན་པོ་ཉིད་འབྱུང་ཞིང་ཐོབ་པར་ངེས་པས་ལྷ་བསྒོམ་པ་ལ་ནན་ཏན་དུ་བྱ་སྟེ། གཞན་དུ་ལྷའི་སྒོམ་བཟླས་ལ་དད་པ་མེད་ན་རྡོ་རྗེ་གསུང་གི་དམ་ཚིག་ཉམས་པར་གྱུར་པས་ན་འདི་ཕྱིར་མི་འདོད་པའི་གནས་སུ་ལྟུང་བའི་ཕྱིར་འཕུང་བར་འགྱུར་རོ། །བཅུ་བཞི་པ་མིག་དབྱེ། བཅོ་ལྔ་པ་དཀྱིལ་འཁོར་གྱི་དོན་རྟགས་བཤད་ཅིང་ལྷ་ངོ་བསྟན། དེའང་བརྒྱུད་པའི་ཕྱག་བཞེས་སུ་སྔར་སོང་བའི་ནང་གི་ལྷ་དབབ་པ་དང་ནན་ཏན་བྱེད་པར་གདམས་པ་གཉིས་སྐབས་འདིར་བླངས་ནས་མཛད་དོ། །བཅུ་དྲུག་པ་སློབ་མས་ཡོན་དབུལ་ཏེ། དེ་དག་ནི་སློབ་བུ་འཇུག་པའི་ཆོས་སོ། །བཅུ་པ་དཀྱིལ་འཁོར་དུ་བཞུགས་པའི་ཡོན་ཏན་ནི། བདེ་བ་ཆེན་པོའི་སོགས་ཚིགས་བཅད་གཅིག་སྟེ། ཐབས་ཤེས་ཟུང་འབྲེལ་བདེ་བ་ཆེན་པོའི་དཀྱིལ་འཁོར་རྒྱས་པ་འབྲི་བའམ་མི་ནུས་པས་ནི་གཙོ་བོ་སྟངས་དཔྱལ་ཏེ་ཡུམ་གཉིས་སམ། ཡང་ན་རིགས་ལྔ་ཡབ་ཡུམ་ཙམ་གྱིས་ཏེ་དད་ལྡན་གྱི་སློབ་མ་དེར་རབ་ཏུ་ཞུགས་ན་དཀྱིལ་འཁོར་རྒྱས་པར་ཞུགས་པ་དང་འདྲ་བར་འདོད་པའི་དོན་དབང་དང་དངོས་གྲུབ་ཡིད་འོང་ཐོབ་པས་ན་སྔར་འོག་མིན་དུ་ཐར་ལམ་པ་ཞུགས་པ་དང་སྐལ་བ་མཉམ་པར་འགྱུར་ཏེ། མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་སྔོན་དུ་མཐོང་བ་ཡིས། །བསོད་ནམས་རྟག་པ་གང་ཡིན་པ། །ཕྱིས་བྱས་པ་ཡང་དེ་བཞིན་ནོ། །ཞེས་སོ། །གཉིས་པ་དེས་ཁྲོ་བོ་དང་མཆོག་གི་དཀྱིལ་འཁོར་མཚོན་པ་བསྟན་པ་ལའང་གཉིས་ལས། དང་པོ་ཁྲོ་དཀྱིལ་ནི། ཁྲོ་བོའི་དཀྱིལ་འཁོར་སོགས་ཏེ། སྒྱུ་འཕྲུལ་ཁྲོ་བོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལས་རིམ་ཡང་ཁོག་ཞི་བའི་སྐབས་སུ་བཤད་པ་དེ་བཞིན་དུ་དོན་བཅུས་སྟོན་ནའང་། མི་འདྲ་བའི་ཁྱད་པར་འགའ་ཞིག་ཡོད་དེ། འདིར་ཡི་གེ་འཇིགས་པས་ཁྲོ་བོའི་དཀྱིལ་ཆོག་ལྟར་ཤེས་པར་བྱའོ། །གཉིས་པ་མཆོག་གི་དཀྱིལ་འཁོར་ནི། ཤིན་ཏུ་ཕྲ་ལ་སོགས་རྐང་པ་གསུམ་སྟེ། ཏིང་ངེ་འཛིན་གྱི་གནད་ཤིན་ཏུ་ཕྲ་ཞིང་ཟབ་པ་ལ་བློ་སྦྱངས་པའི་རྣལ་འབྱོར་པས་བསམ་ཡས་ལྷུན་གྲུབ་སོགས་ལྷག་ཏིང་གི་དཀྱིལ་འཁོར་དག་ལའང་བཤད་མ་ཐག་པ་དེ་བཞིན་དུ་རྣམ་གྲངས་བཅུར་ཤེས་པར་བྱ་སྟེ། དེ་ལ་ས་གཞི་མཉམ་པ་ནི། ཆོས་ཐམས་ཅད་མཉམ་ཉིད་དུ་རྟོགས་པའམ་ཇི་བཞིན་པའི་དོན་ལ་མཉམ་པར་འཇོག་པའོ། །ཚད་ནི། རྒྱང་གྲགས་སམ་དཔག་ཚད་ནས་ཇི་སྲིད་མཁའ་ཁྱབ་ཀྱི་བར་རང་གི་རིག་པས་ཇི་ཙམ་དཔག་ནུས་པ་དེ་ཙམ་དུ་བསྒོམ་པའོ། །ཐིག་ནི། རང་རིག་དཀྱིལ་འཁོར་དུ་གསལ་བ་ལས་མི་འགྱུར་བའོ། །ཚོན་ནི་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་མཚོན་པའི་རང་གདངས་མ་འདྲེས་པའོ། །བྲི་བ་ནི། སེམས་ཀྱི་ཆོས་ཉིད་ལ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་འདྲེས་ཡོངས་རྫོགས་སུ་གསལ་བ་སྟེ། རྟེན་གཞལ་ཡས་ཁང་སྒོམ་པ་ལའང་སྦྱར་རོ། །རྣམ་པ་ནི། སྣང་གྲགས་རིག་གསུམ་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་མ་འགགས་པར་དགོད་པ་སྟེ། བརྟེན་པ་ལྷ་བསྐྱེད་པའང་ངོ་། །རབ་གནས་ནི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ་བསྟིམ་ནས་མཆོད་པས་འཁོར་འདས་དབྱེར་མེད་ཀྱི་དབྱིངས་སུ་སེམས་རབ་ཏུ་བཞུགས་པའོ། །སྦྱིན་སྲེག་ནི། ཏིང་ངེ་འཛིན་གྱི་ཕྱག་རྒྱར་འབར་བའམ། འོད་གསལ་ལམ་གཏུམ་མོའི་མེས་མཚན་རྟོག་སྲེག་ཅིང་བདེ་ཆེན་ཡེ་ཤེས་རྒྱུད་ལ་སྦྱིན་པའོ། །འཇུག་པ་ནི། རང་སྣང་གི་དཀྱིལ་འཁོར་དུ་ཏིང་ངེ་འཛིན་གྱིས་ཞུགས་ནས་རྒྱུན་ཆད་མེད་པར་ཉམས་སུ་ལེན་པའོ། །ཞུགས་པའི་ཡོན་ཏན་ནི། སྔོན་འོག་མིན་དུ་ཐར་ལམ་པ་ཞུགས་པ་དང་སྐལ་བ་མཉམ་མོ། །གཉིས་པ་དབང་ལ་གསུམ་སྟེ། རྒྱུ་ཡོན་འབུལ་བ། སྣོད་དང་མཚམས་པར་བསྐུར་ཚུལ། གསང་དབང་གི་དཀྱིལ་འཁོར་བཤད་པའོ། །དང་པོ་ནི། དེ་ནས་རིགས་ཀྱི་སོགས་ཚིགས་བཅད་གཉིས་ཏེ། དཀྱིལ་འཁོར་དུ་ཞུགས་པ་དེ་ནས་རིགས་ཀྱི་བུར་བྱས་པ་དཀྱིལ་འཁོར་མཐོང་བས་སྐལ་བ་མཆོག་ཏུ་གྱུར་པ་དེས་མེ་ཏོག་ཕོག་པའི་ལྷ་དང་སྦྱར་ནས་ཡོན་དབུལ་ཏེ། དེ་བཞིན་གཤེགས་པ་རིགས་ལ་རྒྱལ་སྲིད་དེ་རང་གི་འབྱོར་པ་ཐམས་ཅད་དང་། རྡོ་རྗེའི་རིགས་ལ་ནི་རང་གི་ལུས་དང་། པདྨའི་རིགས་ལ་བུ་དང་ཆུང་མ། རིན་ཆེན་རིགས་ལ་གསེར་དངུལ་སོགས་ནོར་གྱི་དབྱིག །ལས་རིགས་ལ་རང་ལ་གང་ཡོད་ཀྱི་དངོས་པོའི་ནང་ནས་རབ་ཏུ་གཅེས་ཤོས་དེ་དང་། རིགས་དྲུག་པ་ལ་རང་གི་ཡིད་དུ་འོང་ཞིང་བླ་མའི་ཐུགས་ལ་གང་འཐད་ཀྱི་དངོས་པོ་སྟེ་རིགས་སོ་སོར་དབྱེའམ། ཡང་ན་མ་ཕྱེ་བར་རྒྱལ་སྲིད་སོགས་རང་གང་ལ་གཅེས་ཤིང་ཡིད་དུ་འོང་བ་དེ་ཉིད་དབུལ་ལོ། །དེ་ལྟར་དབང་ཕྱུག་ལ་འདོད་པའི་ལོངས་སྤྱོད་ལྔས་མཆོད་ན་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱང་མཆོད་པར་འགྱུར་བ་ཡིན་པས་ཉེ་བ་ད་ལྟ་ཞུགས་པའི་དཀྱིལ་འཁོར་དེ་ཉིད་མཆོད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སངས་རྒྱས་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་ཞུགས་ནས་གདུལ་བྱའི་མཆོད་པ་ལེན་པར་མཛད་པའི་ཕྱིར་དང་། དེས་ཉམས་ཆག་སོགས་ཉེས་པ་ཐམས་ཅད་བྱང་ཞིང་དག་པར་འགྱུར་བའི་ཕྱིར་ཏེ། འཇམ་དཔལ་ཞལ་ལུང་ལས། འདི་ཡིས་དོན་ལྡན་འགའ་ཞིག་ལ། །ང་ནི་འདི་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་མཉེས་དེ་ཡི་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་སོ། །གཉིས་པ་ནི། དད་བརྩོན་སོགས་ཚིགས་བཅད་གཅིག་སྟེ། ཐོག་མར་སློབ་དཔོན་གྱིས་སློབ་མའི་རྒྱུད་བརྟགས་པས་ཕྱི་ནང་གསང་བའི་དབང་གསུམ་བསྐུར་རུང་གི་སྣོད་ལྡན་དུ་རབ་ཏུ་རྟོགས་ན་བློའི་ཐེག་ཚད་དང་སྦྱར་ནས་དབང་བསྐུར་ཏེ། དེའང་སློབ་བུ་དད་པ་ཅན་ལ་ཕྱི་ཕན་པའི་དབང་བཅུ་སྦྱིན་ཞིང་། རང་བཞན་གྱི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་ལྔ་དང་། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་གསུམ་སྣོད་ཀྱི་རིམ་པ་བཞིན་དུ་འཚམས་པར་སྦྱིན་པར་བྱ་ཞིང་། གལ་ཏེ་མི་ཐེག་པ་ལ་སྦྱིན་ན་བུའི་རྒྱུད་ཆུད་ཟོས་པར་འགྱུར་བས་སློབ་དཔོན་གྱིས་ལྷག་པའི་སྙིང་རྗེས་སློབ་བུའི་རྒྱུད་ཆུད་མ་ཟོས་པར་རྗེས་སུ་བཟུང་བར་བྱ་སྟེ། ཐལ་རྒྱུད་ལས། གང་དུ་དད་དང་བརྩོན་འགྲུས་དང་། །བརྟུལ་ཞུགས་གསུམ་དང་ལྡན་པ་ལ། །ས་བོན་འཇུག་དང་ནུས་སྐྱེད་ནས། །བདེ་བའི་དབང་ནི་རིམ་བཞིན་སྦྱིན། །ཞེས་སོ། །གསུམ་པ་ལ་གཉིས་ཏེ། ཚད་དང་། དེ་ལ་མཚན་མ་དགོད་པའོ། །དང་པོ་ཚད་ནི། སྤྱིར་གསང་བ་སྒྱུ་འཕྲུལ་པའི་ལུགས་ལ་དཀྱིལ་འཁོར་རྣམ་པ་བཞིར་དབང་ལྔ་བསྐུར་བར་གསུངས་ཏེ། དེ་ཡང་ཕྱི་ལྷག་པ་གཟུགས་བརྙན་དུ་ཕན་དབང་། ནང་ལུས་དཀྱིལ་འཁོར་དུ་ནུས་དབང་། གསང་བ་བྷ་གར་གསང་དབང་དང་ཤེར་དབང་། དེ་ཁོ་ན་ཉིད་སེམས་ཀྱི་དཀྱིལ་འཁོར་དུ་བདེ་བ་ཆེན་པོའི་དབང་བསྐུར་བ་ལས། འདིར་ནི་གསང་དབང་གི་དཀྱིལ་འཁོར་ཡབ་ཡུམ་གྱི་མཁའ་གསང་མཚོན་བྱེད་འབུར་དུ་དོད་པའམ་བྲིས་པས་ཀྱང་རུང་སྟེ། སོར་བཞི་པའི་པདྨ་དང་། མཛུབ་གང་བའི་རྡོ་རྗེའོ། །དེ་ལ་པདྨའི་ཚད་ནི། ཤིན་ཏུ་ཕྲ་བའི་སོགས་ཚིགས་བཅད་གཅིག་སྟེ། དཀྱིལ་འཁོར་ཁྲུ་གང་བ་སོགས་ལ་ལྟོས་ན་ཤིན་ཏུ་ཕྲ་ཞིང་མཚོན་བྱེད་རྟགས་ཀྱིས་མཚོན་བྱ་མཁའ་དབྱིངས་བདེ་བའི་ཡེ་ཤེས་ཀྱི་རྒྱུར་མཚོན་པའི་དམ་ཚིག་མཆོག་གི་དཀྱིལ་འཁོར་ཏེ། སློབ་དཔོན་ལྷ་སྐུ་ཕྱག་རྒྱ་ཆེན་པོར་གསལ་བའི་ཕྱག་མཉམ་བཞག་གི་མཐིལ་དུ་ཐུགས་བདེ་བའི་ཡེ་ཤེས་སྐྱེད་བྱེད་ཀྱི་དཀྱིལ་འཁོར་དམ་པ་ཡུམ་གྱི་མཁའ་དེ་ཉིད་མཚོན་བྱེད་པདྨ་དམར་པོ་འདབ་མ་བཞི་པ་ཚད་དགའ་བཞི་མཚོན་པའི་སོར་ནི་བཞི་ཡི་ཚད་དུ་བྱ་བ་ཡིན་ནོ། །དེ་ནས་རྡོ་རྗེའི་ཚད་ནི། ཡང་ན་ཐལ་མོ་སོགས་ཚིགས་བཅད་གཅིག་སྟེ། དེ་ལས་གཞན་ཡང་རྡོ་རྗེའི་ཚད་ཇི་ལྟར་ན། ཐལ་མོ་ནི་བརྡ་སྟེ་སློབ་དཔོན་ཡབ་ཡུམ་གཉིས་ཀྱི་དབང་པོ་རབ་ཏུ་བསྣོལ་ནས་ཡབ་ལྷ་སྐུ་ཕྱག་རྒྱ་ཆེན་པོར་གསལ་བའི་ཕང་དུ་ཡུམ་བླངས་ནས་ནི་བདེ་བའི་ཡེ་ཤེས་བསྐྱེད་པའི་རྟེན་གྱི་དཀྱིལ་འཁོར་གསང་བའི་རྡོ་རྗེ་མཚོན་བྱེད་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་མཛུབ་གང་བའི་ཚད་དུའང་མཁས་པས་ཆོ་ག་བཞིན་དུ་བཟོ་བར་བྱའོ། །གཉིས་པ་མཚན་མ་དགོད་པ་ནི། སེན་ཟླུམ་སོགས་ཚིགས་བཅད་གཅིག་སྟེ། གསང་དཀྱིལ་གཉིས་ཀྱི་པདྨའི་ལྟེ་བ་དང་འདབ་བཞིར་སེན་ཟླུམ་ཙམ་གྱི་ཉི་དཀྱིལ་དང་། རྡོ་རྗེའི་རྭ་ལྔ་ལ་དེ་ཙམ་གྱི་ཟླ་བ་ལ་སྲན་མ་ཙ་ན་ཀའི་འབྲུ་ཙམ་གྱི་པདྨའི་གདན་རེ་རེའི་སྟེང་དུ་ཡུངས་འབྲུ་ཙམ་གྱི་ཡི་གེ་རྡོ་རྗེ་ལ་ཡབ་ཀྱི་འབྲུ་ལྔ་དང་པདྨར་ཡུམ་གྱི་འབྲུ་ལྔ་བཀོད་པ་ལས་ལྷའི་ཕྱག་རྒྱ་ཏིལ་འབྲུ་ཙམ་དུ་བྲི་བ་སྟེ་གསལ་གདབ་བོ། །ཇི་ལྟར་ན་མཚོན་བྱེད་རྟགས་ལ་བཀོད་པ་ལྟར་མཚོན་བྱ་ཡབ་ཡུམ་མཉམ་པར་སྦྱོར་བའི་མཁའ་གསང་གཉིས་ལ་ཐབས་ཤེས་བསྣོལ་བའི་སྒོ་ནས་དགོད་པར་བྱའོ། །གསུམ་པ་སྒྲུབ་པ་ལ་གསུམ་སྟེ། སྒྲུབ་པ་པོ། འགྲུབ་པའི་དུས་དང་། བསྒྲུབས་པའི་འབྲས་བུའོ། །དང་པོ་ནི། ཆོ་ག་ལྔ་ནི་སོགས་ཚིགས་བཅད་གཅིག་སྟེ། སྟོང་ཆེན། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ་ཕྲ་རགས་གཉིས། ཕྱག་རྒྱ་སྤྲོས་བཅས་ཀྱི་ཆོ་ག་ལྔ་ནི་སྔོན་དུ་རྫོགས་པ་སྟེ་བརྟན་པ་ཐོབ་པར་བྱས་ཤིང་། ལམ་རིམ་ལས། དམ་ཚིག་ལྟ་བ་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་སྟེ། །ལྷག་པའི་ཡོ་བྱད་ལྔ་རྫོགས་བྱ། །ཞེས་པ་ལྟར་ལམ་གྱི་ཡོ་བྱད་ལྔའམ། བྲོ་གར། གླུ་ཚིག །བཟའ་བཏུང་། གོས་རྒྱན། སྦྱོར་སྒྲོལ་ཏེ་སྒྲུབ་པ་རྫས་ཀྱི་ཡོ་བྱད་ལྔ་ནི་རྫོགས་པར་ལྡན་པ་དང་། ཡིད་སྐྱོབ་པ་དང་བྱིན་གྱིས་རློབ་པའི་ཕྱིར་སྔགས་ཏེ་ཡན་ལག་གི་ལྷ་དགུའི་དབུ་རྒྱན་རིགས་བདག་གཅིག་གིས་བསྡུས་པའི་གནད་ཀྱིས་གཅིག་ཏུ་བརྩིས་པས་ཡན་ལག་གི་ལྷ་ལྔའམ། ཡང་ན་འགྲེལ་ཆུང་ལས། སྙིང་གར་ཡེ་ཤེས་སེམས་བསྒོམ་སྙིང་གར་ཉི་ཟླའི་དཀྱིལ། །དམ་ཚིག་ཕྱག་རྒྱ་བཞག་སྟེ་དེ་སྟེང་ཡིག་འབྲུ་བཞག །ཟློས་ཚེ་སྤྲོ་བསྡུས་བཟླས་པ་སྔགས་ཀྱི་ཡན་ལག་ཡིན། །ཞེས་གསུངས་ཏེ། དེ་དག་རྫོགས་པར་གསལ་བའི་རྣལ་འབྱོར་པས་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་པར་སྒྲུབ་པ་ལ་འཇུག་ཅིང་། ཞུགས་ནས་ཉམས་ལེན་ལ་རབ་ཏུ་བརྩོན་པར་བྱས་ན་འགྲུབ་པར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། མཐོང་ལམ་འགྲུབ་པའི་དུས་དང་། མཐར་ཐུག་སྐུ་ལྔ་འགྲུབ་པའི་དུས་སོ། །དང་པོ་ནི། ཞག་ནི་སོགས་རྐང་པ་གསུམ་སྟེ། དབང་པོ་དང་བརྩོན་པ་ཡང་རབ་ཀྱིས་ཞག་ནི་སུམ་ཅུ་ཕྲག་དྲུག་སྟེ་ཟླ་བ་དྲུག་གམ། རབ་ཀྱིས་ཟླ་བ་བཅུ་གཉིས་ཏེ་ལོ་གཅིག །འབྲིང་གིས་ཟླ་བ་བཅུ་བཞི་སྟེ་ལོ་གཅིག་དང་ཟླ་བ་གཉིས། ཐམས་ཅད་ཀྱང་ཟླ་བ་བཅུ་དྲུག་སྟེ་ལོ་གཅིག་དང་ཟླ་བ་བཞི་རྣམས་ཀྱིས་དབང་པོ་རྟུལ་ན་རྣམ་སྨིན་ནམ། རྣོ་ན་ཚེ་ལ་དབང་སྒྱུར་བའི་རིགས་ཀྱི་དམ་པ་སྟེ་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་འགྲུབ་པར་འགྱུར་རོ། །གཉིས་པ་ནི། དེ་ཚེ་སོགས་རྐང་པ་གཉིས་ཏེ། མཐོང་ལམ་ལ་གཉིས་ལས་ནུས་ཐོབ་ཚེ་དབང་རིག་འཛིན་ཐོབ་པ་དེའི་ཚེ་ལོ་བརྒྱ་བརྒྱ་ན་ཕྱིར་བསྣུར་བ་ལན་བཅུ་དྲུག་སྟེ་སྟོང་དྲུག་བརྒྱ་ཚུན་ཆད་ཀྱིས་རིམ་གྱིས་པ་ཕྱག་ཆེན་དང་ལྷུན་གྲུབ་རིག་འཛིན་བརྒྱུད་ནས་མཐར་ཐུག་གི་འབྲས་བུ་ལ་སྦྱོར་ཞིང་ཐོད་རྒལ་བ་ཚེ་དབང་ནས་ལྷུན་གྲུབ་རིག་འཛིན་ནམ། ཤིན་ཏུ་བློ་ཆེན་ལམ་གཞན་མ་བརྒྱུད་པར་མཐར་ཐུག་གི་འབྲས་བུ་སྐུ་ལྔ་ལྷུན་གྱིས་གྲུབ་པ་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་དེ། རྒྱས་པ་ལས། ཚེ་ནི་བཅུ་དང་དྲུག་པ་ཡིས། །བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་ས། །ཞེས་གསུངས་ཤིང་། ཇི་ལྟར་འགྲུབ་པའི་ཚུལ་ནི་འཆད་པར་འགྱུར་རོ། །གསུམ་པ་བསྒྲུབས་པའི་འབྲས་བུ་ལ་གཉིས་ཏེ་འགྲུབ་ཚུལ་དང་། འབྲས་བུ་རང་གི་ངོ་བོའོ། །དང་པོ་ལ་གཉིས་ཏེ། འགྲུབ་ཚལ་དུ་རང་སྣང་དུ་བསྟན་པ་དང་། དེ་དཔེའི་སྒོ་ནས་བསྟན་པའོ། །དང་པོ་ནི། ཡེ་ཤེས་ཐིག་ལེ་སོགས་རྐང་པས་དམན་པའི་ཚིགས་བཅད་གསུམ་སྟེ། ལམ་མཐར་ཆགས་ཀྱི་དབང་དུ་ལྷུན་གྲུབ་རིག་འཛིན་དང་། ཐོད་རྒལ་གྱི་དབང་དུ་ཚེ་དབང་གི་དགོངས་པར་རིག་པའི་ཡེ་ཤེས་སྤྲོས་བྲལ་ཐིག་ལེ་དེ་ཉིད་ཀྱི་ངང་ལ་མཉམ་པར་བཞག་པའི་དུས་སུ་སངས་རྒྱས་ཀྱི་ཡེ་ཤེས་སྤྲོས་པ་དང་བྲལ་བའི་ཐིག་ལེ་དེ་ཉིད་རང་སྣང་བའི་ཕྱིར། དགོངས་པའི་ངོ་བོ་ནི་བློའི་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པའི་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པའི་ཕྱིར་མཆོག་སྟེ། དེ་ཚེ་ཕྱོགས་བཅུ་དང་དུས་བཞིར་མངོན་པར་རྫོགས་པ་བྱང་ཆུབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞིང་ཁམས་རྣམ་པར་དག་པ་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པ་དང་། ཞིང་དེར་རྒྱ་གང་དུའང་མ་ཆད་པས་འདི་ཙམ་ཞེས་བསམ་པའི་ཡུལ་དང་བྲལ་བའི་གཞལ་ཡས་ཁང་གཞི་ཚད་མེད་ཀྱི་ཡེ་ཤེས་ཀྱི་འཁོར་ལོ་ལ་བརྟེན་པའི་བཀོད་པ་མཛེས་པའི་རྒྱན་དང་། འདོད་ཡོན་གྱི་རོལ་མོའི་སྤྲིན་ཚོགས་རྣམ་པར་འཁྲིགས་ཤིང་། དེ་ལྟར་རྒྱལ་བའི་དཀྱིལ་འཁོར་ཆེ་བའི་ཡོན་ཏན་མ་ལུས་ཟད་པ་མེད་པའི་རྒྱན་གྱི་འཁོར་ལོ་བསམ་ཡས་པར་སྣང་བ་ཀུན་ཀྱང་། སྐད་ཅིག་དང་པོ་མཉམ་བཞག་གི་གཟིགས་ངོར་རང་རིག་མངོན་སུམ་གྱིས་མཐོང་ནས་སྐད་ཅིག་གཉིས་པ་རྗེས་ཐོབ་ལ་ཉེ་བར་བརྙེས་པ་སྟེ། དེ་ཐོབ་པ་དང་གསུང་ལྔ་ཡང་ལྷུན་གྱིས་གྲུབ་པས་རིས་སུ་མ་ཆད་པ་རྒྱ་ཆེན་པོའི་གསུང་གི་སྣང་བ་ལས་གདུལ་བྱའི་དོན་ལྷུན་གྲུབ་ཏུ་འབྱུང་བའང་གཞི་ལམ་འབྲས་བུའི་ཡེ་ཤེས་གསུམ་ཚུལ་གཅིག་ཏུ་གྱུར་པས་མཐུན་པའི་ཡེ་ཤེས་ཞེས་བྱའོ། །དེའི་ཕྱིར་གཞན་དུ་གྲུབ་པ་མེད་དེ། རིག་པའི་ཡེ་ཤེས་ལ་རང་སྣང་བའོ། །གཉིས་པ་ནི། དཔག་བསམ་སོགས་ཚིགས་བཅད་གཉིས་ཏེ། དཔེར་ན་ལྷའི་གནས་སོགས་སུ་དཔག་བསམ་ཤིང་གིས་གྲིབ་མར་གནས་པ་རྣམས་ཀྱི་རེ་བ་སྐོང་ནུས་པ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་མཆོད་པ་བྱེད་པ་རྣམས་ཀྱི་རེ་བ་སྐོང་ནུས་པ་དང་། དེར་མ་ཟད་གཞན་ཡང་འདོད་པ་འབྱུང་བའི་གནས་སུ་གྱུར་པ་ཀུན་སྣང་ཡང་། དོན་དེ་དག་རྫས་གྲུབ་ཏུ་ཡོད་ནས་དེ་ལ་སྤྱོད་པ་མ་ཡིན་ཏེ། གཞོན་ནུ་མེ་སྐྱེས་ཀྱི་རིན་པོ་ཆེའི་ཁང་བཟང་མ་སྐྱེས་དགྲའི་ཁང་པ་དང་བརྗེས་ཀྱང་ཁོ་རང་གི་ཕྱི་བཞིན་འབྲང་བ་ལྟར་རང་རང་གི་སེམས་ཀྱི་སྣང་བ་བསོད་ནམས་ཀྱི་མཐུ་བརྟས་ཤིང་བརྟན་པར་གྱུར་པ་ཉིད་དེ་ལྟ་བུར་སྣང་བ་ཡིན་ནོ། །དེ་བཞིན་དུ་འབྲས་བུ་འགྲུབ་ཚུལ་ཀྱང་དེ་དང་འདྲ་སྟེ། གཞི་ཇི་ལྟ་བ་མངོན་དུ་གྱུར་པས་སྤངས་ཐོབ་མེད་པར་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ངོ་མཚར་བའི་ཆོ་འཕྲུལ་ཆེན་པོ་ཡ་མཚན་རྨད་དུ་བྱུང་བ་བརྙེས་པའི་ཡོན་ཏན་གྱི་ཆོས་དེ་ཡང་། ལམ་པ་ཉིད་ཀྱིས་ཕར་བགྲོད་ནས་དེར་སླེབས་པའམ། གཞན་ཞིག་ན་ཡོད་པ་ཚུར་བཀུག་ནས་འོངས་པ་མ་ཡིན་ཏེ། ཐབས་རང་གསལ་འགགས་མེད་བདེ་བ་ཆེན་པོ་ལ་གོམས་པ་རབ་ཏུ་བརྟན་པར་གྱུར་པའི་རང་རིག་པའི་ཡེ་ཤེས་ཉིད་ཤེས་རབ་སྟོང་པ་ཉིད་ཀྱི་དབྱིངས་སུ་གྲོལ་བའི་ཟུང་འཇུག་དེ་ལྟ་བུའི་ངང་དུ་མ་བཙལ་བར་རང་བྱུང་དུ་སྣང་བའོ། །གཉིས་པ་འབྲས་བུ་རང་གི་ངོ་བོ་ལ་གསུམ་སྟེ། རྒྱུ་རྐྱེན་ལས་མ་སྐྱེས་ཤིང་དོན་བྱེད་ནུས་པར་བསྟན་པ། གཅིག་དུ་བྲལ་གྱི་དོན་རང་བྱུང་ཀྱི་ཡེ་ཤེས་སུ་བསྟན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱ་ལ་གཟིགས་ཚུལ་ལོ། །དང་པོ་ནི། ཤེས་རབ་དབྱིངས་སོགས་ཚིགས་བཅད་གཉིས་ཏེ། ཤེས་རབ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཐབས་ལམ་གྱི་ཕྱག་རྒྱ་ཆེན་པོ་གོམས་པར་གྱུར་པས་སྣང་ཞེན་གྱི་འཁྲུལ་པ་སངས་པའི་དོན་འབྲས་བུའི་ཡོན་ཏན་རྣམས་རང་གསལ་བའི་ཕྱིར། བྲལ་འབྲས་ཙམ་ལས་ལམ་གྱིས་གསར་དུ་བསྒྲུབས་པ་མ་ཡིན་ཏེ། གཞིའི་ཡེ་ཤེས་དེ་ཉིད་ལ་ནི་འབྲས་བུ་རང་སྣང་བའི་ཡེ་ཤེས་རོལ་པ་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ལྟར་ན་འབྲས་བུའི་སྣང་བ་དེ་དག་ཡོད་པའི་མཚན་མར་མི་འགྱུར་རམ་ཞེ་ན། ཡེ་ཤེས་ལ་ཡེ་ཤེས་རོལ་པ་ཉིད་ཀྱང་དངོས་པོར་མ་གྲུབ་སྟེ། སྒྱུ་མ་ལྟར་གསོག་གསོབ་ཡ་མ་བརླའོ། །ཡེ་ཤེས་ཅི་འདྲ་བར་སྐུ་ཡང་དེ་འདྲ་སྟེ། རྒྱལ་བ་སྤྲུལ་པའི་སྐུ་འཇིག་རྟེན་དུ་མངོན་སུམ་དུ་འབྱུང་ཞིང་འགྲོ་བ་སྡུག་བསྔལ་ལས་སྐྱོབ་པ་དང་། ཆོས་སྐུའི་ངང་ལས་ལོངས་སྐུ་རང་སྣང་བའི་བྱིན་རླབས་ཀྱིས་བརྡའི་ཆོས་སྟོན་པའང་ཡེ་ཤེས་ལ་བརྗོད་པ་དེ་བཞིན་ཏེ། རང་རིག་སྐུའི་དཀྱིལ་འཁོར་དུ་ཡེ་ནས་བཞུགས་པ་ལ་འབྲས་བུའི་སྐུ་རོལ་ཞིང་དེ་ཉིད་ཀྱང་རང་བཞིན་མེད་པ་སྒྱུ་མ་ལྟ་བུའོ། །འོ་ན་སྐུ་དང་ཡེ་ཤེས་དེས་དོན་བྱེད་མི་ནུས་པ་ཞིག་གམ་སྙམ་ན། མ་ཡིན་ཏེ། དོན་བྱ་བའི་ཡུལ་ལ་དོན་བྱེད་ནུས་པའི་ཐུགས་རྗེའི་གཟི་བྱིན་མངའ་བའི་ཕྲིན་ལས་ཀྱིས་སྐུ་དང་ཡེ་ཤེས་ཀྱི་རོལ་པ་གང་ལ་གང་འཚམས་སུ་བསྟན་ནས་སྒྱུ་མ་ལྟ་བུའི་ཕྲིན་ལས་ཀྱིས་དོན་མཛད་ཅིང་། དེ་ལྟ་ནའང་ངོ་བོ་གཞན་དུ་འགྱུར་བ་མ་ཡིན་ཏེ། སྐུ་ལྔ་དབྱེར་མི་ཕྱེད་པ་རྡོ་རྗེའི་རང་བཞིན་ཅན་གང་གིས་ཀྱང་མི་ཤིགས་པའི་ནུས་མཐུ་མངའ་བས་བཙན་པོ་སྟེ་ཆེ་བའི་མཆོག་དམ་པའོ། །དེ་ཡང་རྡོ་རྗེ་ལས། ཡེ་ཤེས་སྒྱུ་མ་རང་སྣང་བ། །རྡོ་རྗེ་བཙན་པོ་དམ་ཚིག་མཆོག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཆེ། །འགྲོ་བ་ཀུན་ལ་རབ་སྣང་བའོ། །ཞེས་སོ། །གཉིས་པ་ནི། གཅིག་དང་དུ་མ་སོགས་ཚིགས་བཅད་གཅིག་སྟེ། སངས་རྒྱས་རྣམས་ཀྱི་གཞན་སྣང་གཟུགས་སྐུའི་རོལ་པ་ཐ་དད་དུ་སྟོན་པས་གཅིག་གི་མཐའ་དང་། ཇི་ལྟར་བསྟན་ཀྱང་རང་བཞིན་ཆོས་ཉིད་ཀྱི་སྐུ་ལས་མ་གཡོས་པས་དུ་མའི་མཐའ་དང་བྲལ་ཞིང་། དེ་ལྟོས་ཀྱི་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མུ་ཡང་མེད་དེ། གཅིག་དང་དུ་མ་མ་གྲུབ་པས་དེའི་མཐའ་ཁེགས་པའི་ཕྱིར་དང་། ཡོད་མེད་རྟག་ཆད་ལ་སོགས་པའི་མཐའ་དང་དེ་ལྟོས་ཀྱི་དབུས་ཀྱང་གྲུབ་པ་མེད་དེ། བརྗོད་མེད་དེ་བཞིན་ཉིད་ཀྱི་དབྱིངས་སུ་གཤེགས་པས་མཚན་ཉིད་མེད་པའི་ཕྱིར། སངས་རྒྱས་ཀྱིས་ཀྱང་གཟིགས་བྱ་གཟིགས་བྱེད་ལས་འདས་པས་མི་གཟིགས་ཏེ། སྡོང་པོ་བཀོད་པ་ལས། ཇི་ལྟར་མཚན་ཉིད་སྣ་ཚོགས་པ། །དེ་དག་བྱིས་པའི་སྤྱོད་ཚུལ་ཏེ། །གང་ཞིག་མཚན་ཉིད་ཀུན་མེད་པའི། །སངས་རྒྱས་རྣམས་ནི་མི་མཐོང་ངོ་། །ཞེས་སོ། །དེ་ལྟ་ནའང་རང་བྱུང་ཡེ་ཤེས་ཀྱི་དགོངས་པ་ནི་གནས་བྱའི་ཡུལ་དང་གནས་བྱེད་ཀྱི་ཡུལ་ཅན་གཉིས་མེད་པར་རང་གསལ་མ་འགགས་པར་ཐམས་ཅད་དུ་སྣང་བའོ། །གསུམ་པ་ནི། ལོག་པར་སོགས་ཚིགས་བཅད་གཅིག་དང་། ཞེས་ཆེད་སོགས་ཏེ། འགྲོ་བའི་ལོག་པར་རྟོག་པ་གཟུང་འཛིན་གྱིས་རྣམ་པར་བརྟགས་པའི་སྒྲིབ་པ་དེ་དག་ཡེ་ནས་རྣམ་པར་དག་པས་ཆོས་དང་ཆོས་ཉིད་རང་བཞིན་གྱིས་འབྲེལ་ཞིང་། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱང་ཆོས་ཐམས་ཅད་ཀྱི་ཆོས་དབྱིངས་ལས་མི་གཞན་པའི་ཕྱིར་ཡུལ་དང་ཡུལ་ཅན་རང་བཞིན་ཐ་མི་དད་པར་འབྲེལ་བ་དང་། སངས་རྒྱས་རྣམས་སྔོན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ་ཐུགས་རྗེ་ཆེན་པོས་སེམས་ཅན་ཡོངས་སུ་སྒྲོལ་བར་དམ་བཅས་པས་ལས་དང་ཐུགས་རྗེར་འབྲེལ་བའོ། །དེ་ལྟར་འབྲེལ་བ་གསུམ་གྱིས་འབྲེལ་བས་ན་ཐུགས་རྗེས་གཟིགས་པའི་ཐ་སྙད་གདགས་སུ་རུང་སྟེ། གདུལ་བྱ་འགྲོ་བའི་སྣང་བ་དངོས་པོ་མ་གྲུབ་པས་ཅིར་ཡང་མི་དམིགས་པར་གཟིགས་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། རིགས་དྲུག་གི་འཇིག་རྟེན་དུས་སྔ་ཕྱི་དང་གནས་མཐོ་དམན་སོགས་སྣང་བ་ཐམས་ཅད་མ་ལུས་པ་ས་ལེར་གཟིགས་པ་ནི་ཇི་སྙེད་མཁྱེན་པའི་ཡེ་ཤེས་སོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་གཟིགས་པ་ནི་དབྱེར་མེད་མཁྱེན་པའི་ཡེ་ཤེས་ཞེས་བྱའོ། །དེ་སྐད་ཅེས་སྟོན་པས་ཆེད་དུ་བརྗོད་པར་མཛད་དོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་ཡོད་པ་ལས། འདིས་རྡོ་རྗེ་གསུམ་ཐོབ་བྱེད་ལས་ཀྱི་རིམ་པ་གསུམ་དུ་བཀོད་པའི་དོན་མཆོག་ཏུ་གསང་བ་འདའ་དཀའི་དམ་ཚིག་གི་ལེའུ་སྟེ་དགུ་པའོ།། ༈ །།ལེའུ་བཅུ་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། དཀྱིལ་འཁོར་དུ་འཇིག་ཅིང་སྣོད་དང་འཚམས་པར་དབང་བསྐུར་ཚུལ་མདོར་བསྟན་པ་དེ་ནས་ཇི་ལྟར་བསྐུར་བའི་རིམ་པ་སྟོན་པའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཆོས་ཀྱི་རྒྱལ་པོའི་གོ་འཕང་སྐལ་བ་དང་འཚམས་པར་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབང་བསྐུར་བའི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་གཞུང་ལ་གསུམ་སྟེ། དབང་བསྐུར་བའི་རིམ་པ། མ་བསྐུར་བའི་སྐྱོན། བསྐུར་བའི་ཡོན་ཏན་ནོ། །དང་པོ་དབང་བསྐུར་བའི་རིམ་པ་འཆད་པའི་སྐབས་འདིར། སྤྱིར་གསང་བདག་སྒྲོ་ཕུག་པ་ཆེན་པོའི་གསུང་རྒྱུན་སྔ་ཕྱི་གཉིས་ལས། སྔ་མའི་བཀའ་སྲོལ་འཛིན་པ་རྣམས་དབང་ཐམས་ཅད་ལ། མཚུངས་ལྡན་དང་། དབང་རྫས་དང་། བསྐུར་ཐབས་གསུམ་དུ་བསྡུས་ནས་གསུང་ནའང་། ཕྱིས་དོན་བརྒྱད་བརྒྱད་དུ་བསྡུས་ནས་གསུངས་པའི་ལུགས་དབང་བཙན་དུ་བྱས་ན། རྡོ་རྗེ་ལས་རིམ་ལས། རྒྱུ་རྐྱེན་ངོ་བོ་འབྲས་བུ་དང་། །རིམ་ལས་སྐྱོན་ཡོན་བརྒྱད་ཅེས་བྱ། །ཞེས་པ་ལྟར་དོན་བརྒྱད་ཀྱི། དང་པོ་རྒྱུ་ལ་གཉིས་ལས། མཚུངས་ལྡན་ནི། རླུང་སེམས་རྩ་དང་ཐིག་ལེར་དབང་བཅོ་བརྒྱད་རང་ཆས་སུ་ལྡན་པ་སྟེ། ལམ་རིམ་ལས། གནས་བརྟེན་རྩ་དང་ཐིག་ལེ་ལ། །བཅུ་དབང་ལྔ་གསུམ་དབང་རྣམས་ལྡན། །ཞེས་པས་ཕན་ནུས་གཉིས་ལ་རང་རང་གི་བསྟིམ་གནས་དང་། ཟབ་དབང་གསུམ་གྱི་ལྷག་པའི་བདེན་པ་གསུམ་མོ། །ལྷན་ཅིག་བྱེད་རྒྱུ་ནི། ཕན་ནུས་གཉིས་ལ་དབང་རྫས་རབ་གནས་ཅན་དང་། ཟབ་དབང་ལ་བྱིན་གྱིས་བརླབས་པའི་ཕྱག་རྒྱ་མའོ། །གཉིས་པ་རྐྱེན་ལ་བཞི་ལས། དད་བརྩོན་བརྟུལ་ཞུགས་གསུམ་ལྡན་པའི་རིམ་པས་ཕན་ནུས་ཟབ་མོའི་དབང་གསུམ་བསྐུར་རུང་བའི་སློབ་བུ་རྒྱུའི་རྐྱེན། དབང་གསུམ་བསྐུར་ནུས་པའི་མཚན་ལྡན་གྱི་སློབ་དཔོན་བདག་པོའི་རྐྱེན། རྫས་སྔགས་ཏིང་འཛིན་སོགས་འཛོམ་པའི་ནུས་པ་ཅན་དམིགས་པའི་རྐྱེན། དབང་སྔ་མ་སྔ་མས་གོ་ཕྱེ་ནས་ཕྱི་མ་ཕྱི་མ་འབྱུང་བ་དེ་མ་ཐག་རྐྱེན་ནོ། །གསུམ་པ་ངོ་བོ་ནི། རྡོ་རྗེ་ལས་རིམ་ལས། ངོ་བོ་སྣོད་ཀྱི་མཚན་ཉིད་ཀྱིས། །དབྱེ་བ་རྣམ་པ་ལྔ་རུ་འགྱུར། །ཞེས་པས་ཕྱི་ཕན་དབང་། ནང་ནུས་དབང་། གསང་བ་ཟབ་མོའི་དབང་གསུམ་མོ། །བཞི་པ་འབྲས་བུ་ནི། དཔེར་ན་མཚོན་ལ་ངར་བཏགས་པ་ལྟར་དབང་བསྐུར་བས་ཐོབ་བྱ་རང་གནས་ཀྱི་དོན་མངོན་དུ་གྱུར་པའི་ནུས་པ་དངོས་སུ་སྐྱེས་པའམ་ས་བོན་ཙམ་ཐེབས་པ་སྟེ། ཁོག་གཞུང་ལས། རྣོ་ལ་ངར་བཏགས་ནུས་པ་བཞིན། །ནུས་པ་སྐྱེས་པ་ཐོབ་པའི་ཚད། །ཅེས་སོ། །ལྔ་པ་རིམ་པ་ནི། ཐོག་མར་ཕན་དབང་། དེ་རྗེས་ནུས་དབང་དང་ཟབ་མོའི་དབང་གསུམ་སྣོད་དང་སྦྱར་ཏེ་རིམ་པར་བསྐུར་ཞིང་། ཁྱད་པར་ཕན་དབང་གི་འཁྲུགས་སྡེབས་ནི། སྙིང་པོ་ལྔ་དང་དབུ་རྒྱན་དང་། །བུམ་པ་ཅོད་པན་ཕྲེང་བ་སྟེ། །གོ་ཆ་རྒྱལ་མཚན་གདུགས་ཕྱག་རྒྱ། །བཟའ་བཏུང་དབང་རྣམས་རིམ་བཞིན་བསྐུར། །དྲུག་པ་དབང་བསྐུར་བའི་ལས་རིམ་ནི། བསམ་རྒྱུད། སྒྲག་ཚིག །བསྐུར་གནས། བསྟིམ་གནས། རང་སྐལ་གྱི་སྒྲིབ་པ་གང་དག་ནས་ནུས་པ་གང་སྐྱེ་བའི་ཚུལ་རྗེས་མཐུན་སྨོན་ལམ་དང་བཅས་པ་སྟེ། དབང་རེ་རེ་ལའང་ལྔ་ལྔའོ། །བདུན་པ་མ་ཐོབ་པའི་སྐྱོན་དང་། བརྒྱད་པ་ཐོབ་པའི་ཡོན་ཏན་གཉིས་ཀྱི་འོག་ཏུ་སྟོན་ནོ། །ད་ནི་གཞུང་གི་དཀྱུས་ཉིད་ལ་འཇུག་སྟེ། དེ་ཡང་དབང་བསྐུར་བའི་རིམ་པ་ལ། ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་བསྐུར་བའི་རིམ་པ་དང་གསུམ། དང་པོ་ནི། དབུ་རྒྱན་སོགས་ཚིགས་བཅད་གཅིག་སྟེ། སློབ་བུ་ལྷར་གསལ་བ་ལ། རིན་འབྱུང་གི་རབ་གནས་ཅན་གྱི་དབུ་རྒྱན་བསྐོན་ལ་སྤྱི་བོར་རིགས་ལྔའི་དབང་རྒྱ་འཆིང་ཞིང་དབང་རྫས་ཚོགས་བརྒྱད་ཀྱི་ཤེས་པ་ལ་བསྟིམ་པས་དོན་ཡེ་ཤེས་ལྔའི་ངོ་བོར་དག་པའི་རྟགས་རིགས་ལྔས་དབུ་བརྒྱན་པར་བསམ་པའོ། །དེ་བཞིན་དུ་མཐའ་ཡས་དང་རྡོར་སེམས་ཀྱིས་བརླབས་པའི་དར་དམར་མཐིང་གི་ཅོད་པན་མགོ་བོའི་གཡས་གཡོན་དུ་འཕུར་ཞིང་དཔྱངས་པ་རྩ་རོ་རྐྱང་གཉིས་ལ་བསྟིམ་པས་ཡོན་ཏན་ཐམས་ཅད་རྫོགས་ཤིང་གདུག་པ་ཅན་འདུལ་བ་དང་། རིན་འབྱུང་གིས་བརླབས་པའི་ཕྲེང་བ་མགོར་བཅིངས་ཤིང་ཐིག་ལེ་སོ་གཉིས་ལ་བསྟིམ་པས་གཟུངས་དང་ཏིང་འཛིན་སོགས་འབྲས་བུའི་ཆོས་ཐམས་ཅད་རྫོགས་པར་དང་། དོན་གྲུབ་ཀྱིས་བརླབས་པའི་གོ་ཆ་ལུས་ལ་བསྐོན་ཞིང་ལུས་རྩའི་དྲྭ་བས་ཁེབས་པ་ལ་བསྟིམ་པས་རྒོལ་བས་མི་ཚུགས་པར་དང་། རྡོར་སེམས་ཀྱིས་བརླབས་པའི་རྒྱལ་མཚན་ལག་ཏུ་གཏད་ཅིང་གསང་བའི་དབང་པོ་ལ་བསྟིམ་པས་ལོག་ལྟ་ཅན་ཟིལ་གྱིས་གནོན་པར་དང་། ལྷ་རང་རང་གིས་བརླབས་པའི་ཕྱག་རྒྱ་སྤྱི་བོའམ་སྙིང་གར་བཞག་ཅིང་སོ་སོའི་རྟོག་ཚོགས་ལ་བསྟིམ་པས་རྟོག་པ་ལྷའི་ངོ་བོར་དག་པར་དང་། མི་བསྐྱོད་པས་བརླབས་པའི་གདུགས་སྤྱི་བོར་བཞག་ཅིང་ཀླད་པ་བདེ་ཆེན་གྱི་འཁོར་ལོ་ལ་བསྟིམ་པས་ཉོན་མོངས་ཤིང་གདུང་བ་ལས་སྐྱོབ་པར་དང་། རིགས་ལྔ་འདུས་ཀྱིས་བརླབས་པའི་བུམ་པའི་ཆུས་སྤྱི་བོར་བསྐུར་ཞིང་རྩ་གནས་ཐིག་ལེས་གང་བ་ལ་བསྟིམ་པས་ཉོན་མོངས་པའི་དྲི་མ་དག་ནས་ཡེ་ཤེས་ལྔའི་དབང་ཐོབ་པར་དང་། རྣམ་སྣང་གིས་བརླབས་པའི་བཟའ་བཏུང་ཁར་བྱིན་ཞིང་ལྕེ་ལ་གནས་པའི་རོ་འབབ་མ་ལ་བསྟིམ་པས་ཡེ་ཤེས་ཀྱི་སྣང་བ་འདོད་ཡོན་གྱི་རོལ་མོར་མ་འགགས་པར་སྤྱོད་པའི་དང་། འབྲས་བུ་ལྔས་བརླབས་པའི་སྙིང་པོ་ལྔ་སྤྱི་མགྲིན་སྙིང་དང་ལྟེ་བའི་གཡས་གཡོན་ལྔའམ་མགོར་བཞག་ཅིང་ཁམས་ལྔའི་བཅུད་དམ་རྫས་ལྔ་ལ་བསྟིམ་པས་ཁམས་ལྔ་རིགས་ལྔའི་ངོ་བོར་དག་པར་བསམ་ཞིང་། དེ་ལྟར་ཕྱི་དབང་བཅུ་བསྐུར་བས་ནི་འདི་ཕྱིར་ཕན་པའི་ས་བོན་ཙམ་འཇོག་པ་ལས་ད་ལྟ་ནས་དོན་གཉིས་སྒྲུབ་པའི་ནུས་པ་སོ་སོར་བཞག་པ་མེད་པའི་ཕྱིར་ན་ཕན་དབང་ཞེས་བྱ་སྟེ། ཕྱི་དཀྱིལ་འཁོར་དྲང་དོན་གྱི་བསྐྱེད་རིམ་རྣམས་མཉན་དུ་རུང་བའི་སྐལ་པ་ཅན་དུ་བྱས་སོ། །གཉིས་པ་ནུས་དབང་ལྔ་པོ་རིགས་བསྡུས་ན་གསུམ་སྟེ། བདག་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཉན་སྒོམ། གཞན་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཕྲིན་ལས་དང་འཆད་དབང་། གཉིས་ཀའི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་བའོ། །དང་པོ་ལ་གཉིས་ཀྱི། ཉན་དབང་གི་བསམ་རྒྱུད་ནི། ཉན་བྱེད་སོགས་ཏེ། སློབ་དཔོན་རིགས་དྲུག་པ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་སློབ་བུའི་མཚུངས་ལྡན་གྱི་གནས་སོ་སོར་བྷྲཱུཾ་ཡིག་དམར་སེར་སྤྲོས་པ་ལས་གཞལ་ཡས་ཁང་སྒོམ་པ་དབང་ལྔ་ཀ་ལ་སྦྱར་ཏེ། སློབ་བུའི་ཉན་བྱེད་རྣ་བ་གཉིས་ཀྱི་འདོམ་རྩར་བྷྲཱུཾ་ལས་འཁོར་ལོ་རྩིབས་བཞི་པ་སྒོ་དང་བཅས་པའི་གཞལ་ཡས་སུ་སྒྲ་གསལ་བའི་ཐིག་ལེ་ཤིན་ཏུ་དྭངས་པའི་ངོ་བོ་ཉིད་དུ་གནས་པ་དེ་ཏྲཱཾ་ཡིག་ཟུང་ལྔ་གསུང་ཆོས་ཀྱི་ཕྱག་རྒྱའི་ཚོགས་མཆོག་ལས་རིན་ཆེན་འབྱུང་གནས་རིགས་ཆུང་གི་སེམས་དཔའ་སྒོ་སྐྱོང་དང་བཅས་པའི་ལྷ་ཡབ་ཡུམ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་གསལ་བར་བསྐྱེད་ཅིང་། བསྐུར་རློབ་དབབ་དྲང་བསྟིམ་བརྟན་མཆོད་ནས། སློབ་དཔོན་གྱི་སྦྱོར་མཚམས་ནས་སྤྲོས་པའི་འོད་ཀྱིས་བསྐུལ་བས་ལྷ་ཐམས་ཅད་རྗེས་ཆགས་ཀྱིས་ཞུ་བ་སློབ་བུར་ཐིམ་པའི་རྐྱེན་གྱིས་སློབ་བུའང་འོད་དུ་ཞུ་བ་ལས་རིན་ཆེན་འབྱུང་གནས་ཀྱི་སྐུར་བསྐྱེད་པ་ལ། གླེགས་བམ་རིན་འབྱུང་གི་རབ་གནས་ཅན་ལག་ཏུ་གཏད་དེ། སྒྲག་ཚིག་ནི། ཏྲཱཾ། གསང་བ་སོགས་ཏེ། ཏྲཱཾ་ཡིག་འགོ་འདྲེན། གསང་བ་མ་ཧཱ། གསང་ཆེན་ཨ་ནུ། གསང་མཆོག་ཨ་ཏི་ཡོ་གའི་རྒྱུད་གང་ཡིན་པ་དང་། དེར་མ་ཟད་གསང་བ་སྔགས་ཀྱི་རྒྱུད་སྡེ་གཞན་ཀྲྀ་ཡོག་སོགས་ཀུན་ལའང་ཉན་པར་དབང་བས་མཉམ་པར་བྱ་ཞེས་གནང་བ་སྦྱིན་ཞིང་། ཉན་ནས་གསང་བའི་དོན་ཉིད་བསམ་པས་བརྟག་ཅིང་དཔྱོད་པ་ལས་གཞན་འཆད་དབང་མ་ཐོབ་ཀྱི་བར་དེ་སྲིད་དུ་སུ་ལའང་སྨྲ་བར་བྱ་བ་མིན་པས་མ་སྟོན་ཅིག་ཅེས་དམ་ཚིག་བསྒྲགས་ནས། དབང་རྫས་རྣ་བའི་ཐིག་ལེར་བསྟིམ་པས་བཀའ་ཕྱི་ནང་ཐམས་ཅད་ཉན་པ་ལ་དབང་ཐོབ་པར་གྱུར་པའོ། །དེ་ནས་སྒོམ་དབང་གི་བསམ་རྒྱུད་ནི། གསལ་བའི་སོགས་ཏེ། དྲན་པ་གསལ་བར་བྱེད་པའི་རྟེན་སྙིང་རྩའི་འཁོར་ལོའི་གཞལ་ཡས་སུ་དྲན་པ་གསལ་བའི་ཐིག་ལེ་དྭངས་པའི་ངོ་བོ་ཉིད་མེ་ཏོག་འཕོག་པའི་ལྷ་གང་ཡིན་གྱི་ཡི་གེ་ཟུང་ལྔའི་ཕྲེང་བའི་ཚོགས་མཆོག་ལས་རིགས་གང་ཡིན་གྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ་པ་སོགས་སྔར་ལྟར་ལས་སློབ་བུ་ཡི་དམ་གང་ཡིན་དུ་བསྐྱེད་པ་ལ། རང་རིགས་ཀྱིས་བརླབས་པའི་ཕྲེང་བ་ལག་ཏུ་གཏད་དེ། སྒྲག་ཚིག་ནི། ༀ། དུས་གསུམ་སོགས་ཏེ། བུ་ཁྱོད་དུས་གསུམ་རྒྱལ་བའི་སྲས་ཆེན་པོ་ཡིན་པས་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལྷ་སྔགས་འོད་གསལ་གྱི་དོན་སྒོམ་པ་ལས་མི་འདའ་བར་གཟུང་སྟེ། རྒྱལ་བ་ཐམས་ཅད་ནི་སྒྲུབ་པས་མཉེས་པར་འགྱུར་བས་ན་དེས་མཆོད་ལ་འབྲས་བུ་རྒྱལ་བ་ཀུན་དང་མཉམ་པར་སྦྱོར་བའི་གོ་འཕང་སྒྲུབ་ཤིག་ཅེས་བསྒྲགས་ནས། རྫས་སྙིང་གི་ཐིག་ལེར་བསྟིམ་པས་རྣམ་པར་གྲོལ་བའི་ལམ་མཐའ་དག་སྒོམ་པ་ལ་དབང་ཐོབ་པར་གྱུར་པའོ། །གཉིས་པ་ལ་གཉིས་ཀྱི། ཕྲིན་ལས་དབང་གི་བསམ་རྒྱུད་ནི། ལག་པའི་སོགས་ཏེ། ལག་པ་གཉིས་ཀྱི་འདོམ་རྩའི་འཁོར་ལོའི་གཞལ་ཡས་སུ་བྱ་བྱེད་གསལ་བའི་རྟེན་གྱི་ཐིག་ལེ་དྭངས་པའི་ངོ་བོ་ཉིད་ཧཱཾ་ཟུང་ལྔའི་ཕྱག་རྒྱའི་ཚོགས་མཆོག་ལས་ཕྲིན་ལས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ་པ་སོགས་ལས་སློབ་བུ་དོན་གྲུབ་ཏུ་བསྐྱེད་པ་ལ། ལས་རིགས་ཀྱིས་བརླབས་པའི་རྒྱ་གྲམ་ལག་ཏུ་གཏད་དེ། སྒྲག་ཚིག་ནི། ༀ། ཁྱོད་ནི་སོགས་ཏེ། བུ་ཁྱོད་ནི་ད་ཕྱིན་ཆད་རྡོ་རྗེ་ལས་མཁན་ཡིན་གྱིས་ཞི་རྒྱས་སོགས་ལས་རྣམས་མ་ལུས་ཀུན་ཁྱོད་ཀྱིས་གྱིས་ཤིག་དང་། དེའི་གྲོགས་ཕོ་ཉ་མང་པོའི་རོལ་པ་ནང་དུ་འདུ་ཞིང་ཕྱིར་འཕྲོ་བ་ཀུན་གྱིས་ཁྱོད་ཀྱི་གནས་སྐབས་དང་མཐར་ཐུག་གི་དགོས་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ཞེས་བསྒྲགས་ནས། རྫས་ལག་པའི་ཐིག་ལེར་བསྟིམ་པས་གཞན་དོན་ཕྲིན་ལས་ཀུན་ལ་དབང་ཐོབ་པར་གྱུར་པའོ། །དེ་ནས་འཆད་དབང་གི་བསམ་རྒྱུད་ནི། སྨྲ་བྱེད་སོགས་ཏེ། སྨྲ་བྱེད་ལྕེའི་འདོམ་རྩའི་འཁོར་ལོའི་གཞལ་ཡས་སུ་སྒྲ་གསལ་བའི་ཐིག་ལེ་དྭངས་པའི་ངོ་བོ་ཉིད་ཧྲཱིཿཟུང་ལྔའི་ཕྱག་རྒྱའི་ཚོགས་མཆོག་ལས་གསུང་ཆོས་ཀྱི་རིགས་སྣང་མཐའི་དཀྱིལ་འཁོར་གྱི་འཁོར་ལོ་གསལ་སྤྲོ་ཐིམ་པ་སོགས་ལས་སློབ་བུ་འོད་དཔག་མེད་དུ་བསྐྱེད་པ་ལ། སྣང་མཐས་བརླབས་པའི་དུང་དང་འཁོར་ལོ་ཕྱག་ཤིང་རྣམས་ལག་ཏུ་གཏད་དེ། སྒྲག་ཚིག་ནི། ༀ། ཆོས་ཀྱི་སོགས་ཏེ། ཕྱི་ནང་གསང་བའི་ཆོས་ཀྱི་བདུད་རྩི་བླ་མེད་ཀྱིས་གདུལ་བྱ་དད་ལྡན་གྱི་སྐྱེས་བུ་ངོམས་པར་བྱོས་ཤིག །ཇི་ལྟར་ན་དབང་པོ་རབ་འབྲིང་ཐ་མའི་བློ་ཅན་ལ་སོ་སོའི་བློའི་རིམ་པ་དང་མཐུན་པར་ཆོས་ཀྱི་གསང་བ་བསྒྲག་པར་བྱ་བ་ལས་གཞན་དུ་མིན་ཏེ། དོན་དུ་མི་འགྱུར་བའི་ཕྱིར་རོ་ཞེས་བསྒྲགས་ནས་རྫས་ལྕེའི་ཐིག་ལེར་བསྟིམ་པས་བསྟན་པ་མཐའ་དག་འཆད་པ་ལ་དབང་ཐོབ་པར་གྱུར་བའོ། །གསུམ་པ་རྡོ་རྗེ་རྒྱལ་པོའི་དབང་གི་བསམ་རྒྱུད་ནི། བསྐྱོད་ཆེན་སོགས་ཏེ། བསྐྱོད་ཆེན་ཡན་ལག་ལྔར་འཁོར་ལོ་གཞལ་ཡས་ཁང་ཆ་ལྔའི་གནས་སུ་སྐྱོད་བྱེད་གསལ་བའི་རེག་ཤེས་ཀྱི་ཐིག་ལེའི་ངོ་བོ་ཉིད་ལག་གཡས་པར་ཧཱུཾ། མགོ་བོར་ༀ། ལག་གཡོན་པར་སྭཱ། རྐང་པ་གཡོན་པར་ཨཱཾ། གཡས་པར་ཧཱ་རྣམས་ཟུང་ལྔ་ལྔ་ལས་རིགས་ལྔ་སོ་སོ་རིགས་ཆུང་དང་བཅས་པའི་དཀྱིལ་འཁོར་ལྔ་དང་། ལུས་ཀྱི་སྟེང་འོག་ཕྱོགས་མཚམས་བཅུར་ཁྲོ་བཅུ་ཡབ་ཡུམ་གྱི་ཕྲེང་བ་སྒོམ་པ་སོགས་སྔར་ལྟར་ལས་སློབ་བུ་ཀུན་ཏུ་བཟང་པོར་བསྐྱེད་པ་ལ། རིགས་དྲུག་པས་བརླབས་པའི་རྡོར་དྲིལ་ལག་ཏུ་གཏད་དེ། སྒྲག་ཚིག་ནི། ༀ། ཕྱོགས་བཅུ་སོགས་ཏེ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག་ཉིད་ཆེ་བའི་མཆོག་སྟེ། རྒྱུད་དང་དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ་ཁྱོད་ཡིན་པས་དཀྱིལ་འཁོར་ཀུན་གྱི་བདག་པོ་གྱིས་ལ་སྐལ་བ་དང་འཚམས་པར་སྦྱིན་པའི་བྱ་བ་ལ་སྤྱོད་ཅིག་ཅེས་གནང་བ་སྦྱིན་ནས། དབང་རྫས་ཡན་ལག་ལྔའི་ཐིག་ལེ་ལ་བསྟིམ་པས་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་དབང་ཐོབ་པར་གྱུར་པའོ། །དེ་ལྟར་ནང་དབང་ལྔ་བསྐུར་བས་རང་གཞན་གྱི་དོན་ད་ལྟ་ཉིད་ནས་དངོས་སུ་བྱེད་པའི་ནུས་པ་སོ་སོར་བཞག་པའི་ཕྱིར་ནུས་དབང་ཞེས་བྱ་སྟེ། དང་པོ་གཉིས་ཀྱིས་སྣང་བྱེད་ཀྱི་མན་ངག་སོགས་ནང་དཀྱིལ་ངེས་དོན་གྱི་བསྐྱེད་རིམ་དང་ཐུན་མོང་བའི་རྫོགས་རིམ་རྗེས་མཐུན་པ་རྣམས་ཉན་བསྒོམ་ནུས་པའི་སྐལ་པ་ཅན་དུ་བྱས་ཤིང་། ལྔ་པས་ནི་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་བ་དང་། འཆད་ཕྲིན་གཉིས་དེའི་བྱེད་ལས་སུ་འགྱུར་རོ། །གསུམ་པ་ཟབ་དབང་བསྐུར་བའི་རིམ་པ་ནི། ཤེས་རབ་སོགས་ཚིགས་བཅད་གཅིག་གི་སྟེང་དུ་ཟབ་དབང་གསུམ་སྦྲགས་ནས་སྟོན་ཏེ། ཡུམ་ཤེས་རབ་མ་མཚན་དང་ལྡན་པ་ལོ་ཉི་ཤུ་མ། བཅུ་དྲུག་མ། བཅུ་གཉིས་མ་གསུམ་རིམ་པར་དབང་གསུམ་གྱི་རྟེན་དུ་གྱུར་པ་དང་། ཐབས་ཡབ་ནི་གསང་དབང་ལ་རྡོ་རྗེ་སློབ་དཔོན་དང་། གོང་མ་གཉིས་ལ་སློབ་མ་སྟེ། ཡབ་ཡུམ་ལྷར་གསལ་བས་ཐབས་ཤེས་གཉིས་ཀྱི་མཁའ་གསང་བྱིན་གྱིས་རློབ་ཅིང་། སྦྱོར་བའི་བརྡས་བསྐུལ་ནས་ཕྱག་རྒྱ་བཞིས་སྙོམས་པར་ཞུགས་པ་ལས་ཡབ་ཀྱི་བྱང་ཆུབ་ཀྱི་སེམས་བདེ་བའི་རང་བཞིན་ཧཱུཾ་ཡིག་གི་འབྲུ་ཚོགས་སུ་གསལ་བའི་ཆུ་རྒྱུན་ཡབ་ཀྱི་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨོར་འཁྱིལ་བའོ། །དེ་ནས་བཤད་པའི་ཟུར་གསུམ་ལས། དང་པོ་གསང་དབང་གི་དུས་སུ་པདྨོར་བསྐྱིལ་བའི་བྱང་སེམས་དེ་ཉིད་ཐབས་ཤེས་གང་ཡང་རུང་བའི་མཁའ་གསང་གི་རྩེ་ནས་དངོས་སུ་ལེན་ཅིང་། མི་ནུས་ན་ཡབ་ཀྱི་ལྕེས་བླངས་པ་ལས་སམ། མེ་ལོང་གིས་བླངས་ཏེ་བདུད་རྩི་དང་སྦྱར་བ་སློབ་བུའི་ལྕེ་ཐོག་ཏུ་བཞག་པས་བྱང་སེམས་དེ་ཉིད་ཡུངས་འབྲུ་ཙམ་གྱི་རྡོ་རྗེ་སེམས་དཔའ་ཤ་སྟག་ཏུ་གསལ་བ་སྙིང་གར་བབས་ཏེ་བསྟིམ་ཞིང་། དེས་ཆོས་ཀྱི་འཁོར་ལོའི་རྩ་ཆེན་བཞི་ལ་གནས་པའི་རིགས་དྲུག་གི་ས་བོན་གཉིད་དང་བཅས་པ་སྦྱངས་པས་སེམས་ཉིད་རྣམ་པར་མི་རྟོག་པའི་རང་བཞིན་དོན་དམ་སྤྲོས་མེད་ཀྱི་དཀྱིལ་འཁོར་དུ་དབང་སྒྱུར་བའོ། །ཡང་ཟུར་གཉིས་པ་ཤེར་དབང་གི་དུས་སུ་ཡས་བབས་དགའ་བཞིའི་འགྲོས་ཀྱིས་ཕྱིན་པའི་ཐིག་ལེ་པདྨོར་རེག་པའི་གནས་སུ་བསྐྱིལ་བ་གསང་རྩེའི་སྣ་རྩེ་གཉིས་ནས་ཉི་ཟླ་ཕན་ཚུན་དུ་བསྟིམ་ཞིང་རོ་གཅིག་ཏུ་འདྲེས་པས་སེམས་ཉིད་དོན་དམ་འོད་གསལ་དུ་དྭངས་པའི་རྟགས་སྣང་ལྷག་པ་ཀུན་རྫོབ་ཀྱི་ཡེ་ཤེས་སུ་ཤར་བ་ན་དེའི་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་དཀྱིལ་འཁོར་དུ་དབང་སྒྱུར་བའོ། །ཡང་ཟུར་གསུམ་པ་དབྱེར་མེད་བདེ་ཆེན་གྱི་དབང་གི་དུས་སུ་བྱང་སེམས་ཡུམ་གྱི་པདྨོར་བསྐྱིལ་བས་ཡས་བབས་ཀྱི་དགའ་བཞིའི་འགྲོས་རེ་རེ་ལའང་དགའ་བ་བཞི་བཞི་སྟེ་བཅུ་དྲུག །དེ་ལ་ཉི་ཟླ་སོ་སོར་བརྩིས་པས་མཚན་སོ་གཉིས། ཟླ་བའི་དགའ་བ་བཅུ་དྲུག་པོ་ལའང་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པས་དཔེ་བྱད་བརྒྱད་ཅུ་རྫོགས་ཤིང་། མངོན་པར་ཤེས་པ་དྲུག་ཀྱང་འཆར་རོ། །སླར་ཡང་ཡུམ་གྱི་རྩ་ཁ་ག་མུ་ཁའི་རྩེ་ནས་ཉི་ཟླ་གཉིས་འདྲེས་དེའི་ལྡོག་པའི་ཐབས་ཀྱིས་རྡོ་རྗེར་བསྟིམ་ཞིང་། མས་བརྟན་གྱི་དགའ་བ་བཅུ་དྲུག་གི་དང་པོ་བཞིས་ཚོགས་ལམ། དེ་ནས་རེ་རེས་སྦྱོར་མཐོང་། དེ་ནས་དགུས་སྒོམ་ལམ་ས་དགུ་རྫོགས་ཏེ། དགའ་བ་བཅུ་དྲུག་གི་མཐའི་རང་བཞིན་ལྷན་ཅིག་སྐྱེས་དགའ་ལྷན་སྐྱེས་མི་འགྱུར་བའི་བདེ་བ་ཆེན་པོ་ནི་སྣང་སྟོང་གི་མཐས་མ་བསྒྲིབས་པར་གསལ་བས་ཀུན་ཏུ་འོད་དང་། མི་ཤིགས་པའི་དྭངས་མས་ལུས་ཐམས་ཅད་ལ་ཁྱབ་ཅིང་བརྟན་པས་འཁོར་བའི་སྐྱོན་གྱིས་མ་གོས་པས་པདྨ་ཅན་དང་། རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་འབྱམས་སུ་རང་སྣང་བས་ཡི་གེ་འཁོར་ལོའི་ས་རྫོགས་ཏེ། འཁོར་འདས་མཉམ་ཉིད་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་དབང་སྒྱུར་བའོ། །དེ་ལྟར་གསང་བ་ཟབ་མོའི་དབང་གསུམ་བསྐུར་བས་ཐུན་མོང་མ་ཡིན་པའི་རྫོགས་རིམ་ལ་སྤྱོད་པའི་སྐལ་བ་ཅན་དུ་བྱས་པའོ། །གཉིས་པ་དབང་མ་བསྐུར་བའི་སྐྱོན་ནི། སློབ་དཔོན་སོགས་ཚིགས་བཅད་གཅིག་སྟེ། དབང་བསྐུར་བ་པོའི་སློབ་དཔོན་སྒོ་གསུམ་གྱིས་མཉེས་པར་མ་བྱས་ཤིང་། ཕན་ནུས་ཟབ་མོའི་དབང་རྣམས་རྒྱུད་ལ་ཐོབ་པར་མ་བྱས་པར་གསང་སྔགས་ཀྱི་རྒྱུད་དང་མན་ངག་ཉན་འཆད་སྒྲུབ་པ་ལ་སོགས་པའི་བྱ་བ་རྩོམ་པ་རྣམས་ཚེ་འདིར་བསྒྲུབས་པའི་འབྲས་བུ་དངོས་གྲུབ་མེད་ཅིང་། ཕྱི་མ་ངན་འགྲོར་ལྟུང་བས་བརླག་པར་འགྱུར་རོ། །གསུམ་པ་དབང་བསྐུར་བའི་ཡོན་ཏན་ནི། དུས་འདི་སོགས་ཚིགས་བཅད་གཅིག་སྟེ། དབང་ཐོབ་པའི་དུས་འདི་ཕྱིན་ཆད་བུ་ཁྱོད་དུས་གསུམ་གྱི་རྒྱལ་བའི་སྲས་སུ་གྱུར་པ་ཡིན་ཞིང་། ཕྱི་མར་ངན་སོང་དུ་ལྟུང་བའི་ལས་བསྲབས་ཤིང་ཟད་པར་བྱས་པས་ངན་འགྲོའི་སྡུག་བསྔལ་ཐམས་ཅད་མེད་པ་དང་། འདིར་ཡང་ཚེ་རིང་ཞིང་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་ལ། སྐྱེ་བ་ཕྱི་མར་ཕན་དབང་གིས་མཐོ་རིས་ལྷ་མིའི་རྒྱལ་པོ་དང་། ནུས་དབང་གིས་ཐར་པའི་ལམ་སྟོན་པའི་བཤེས་གཉེན་དང་། ཟབ་དབང་གིས་རྒྱལ་བ་ཀུན་གྱི་རིགས་ཀྱི་བདག་པོ་ཆེན་པོར་འགྱུར་རོ་ཞེས་བརྗོད་པར་མཛད་དོ། །གསུམ་པ་ལེའུའི་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་ཡོད་པ་ལས། འདིས་སྣོད་དང་འཚམས་པར་དབང་གསུམ་སྦྱིན་པའི་ལེའུ་སྟེ་བཅུ་པའོ།། ༈ །།ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པ་བསྡེབས་ནས་ཚོགས་སྒྲུབ་བསྟན་པ་ལ་གསུམ་སྟེ། ལོ་རྒྱུས་གཉིས་དང་། གཞུང་གཉིས་དང་། མཚན་གཉིས་སྡེབས་པའོ། །དང་པོ་ནི། ལེའུ་བཅུ་གཅིག་པའི་དེ་ནས་སོགས་དང་། བཅུ་གཉིས་པའི་དེ་ནས་སོགས་ཏེ། སྔར་ལེའུ་དགུ་པར་ཚོགས་སྒྲུབ་མདོར་བསྟན་པ་དེ་ནས་ལེའུ་གཉིས་སྡེབས་ནས་ཚོགས་སྒྲུབ་རྒྱས་པར་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་བསྒྲུབ་བྱ་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་རྒྱལ་པོའི་གོ་འཕང་མཆོག་གི་དངོས་གྲུབ་ལ་དབང་སྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣང་སྤྱོད་ཀྱི་ཡུལ་ཐམས་ཅད་ཡེ་ཤེས་ཀྱི་རོལ་མོའི་སྤྲིན་རྣམ་པར་སྤྲོས་ཏེ་ལོངས་སྤྱོད་མི་ཟད་པ་རྒྱན་གྱི་འཁོར་ལོ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གཉིས་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་གཞུང་གཉིས་སྡེབས་པ་ལ་གཉིས་ཏེ། དངོས་དང་། དེ་གསུངས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་གསུམ་མདོར་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཤེས་འཇུག་སོགས་ཚིགས་བཅད་གཅིག་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་རྟོགས་ཤིང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གོམས་པས་ལྟ་སྤྱོད་ཟུང་འབྲེལ་དུ་འབྱོར་པ་ནི་སྒྲུབ་བྱེད་ཐབས་ཀྱི་ངེས་པ་མི་གཏོང་བའི་གཟུངས་ཀྱང་ཡིན་ལ ། ས་བོན་དང་ཆུ་ལུད་ལྟར་འབྲས་བུར་སྨིན་བྱེད་ཀྱི་རྒྱུ་དང་རྐྱེན་ཡང་ཡིན་ནོ། །དེ་ལྟར་རྟོགས་གོམས་གཉིས་འབྲས་བུ་འབྱིན་ནུས་ཀྱི་མཐུ་ཅན་དུ་གང་གི་ཚེ་གྱུར་པ་ན་ཟག་མེད་སློབ་པའི་ལམ་རིག་འཛིན་བཞི་དང་། མི་སློབ་པའི་ལམ་རྒྱལ་བ་སྐུ་ལྔའི་གོ་འཕང་ཐོབ་ནས་སངས་རྒྱས་ཀྱི་ཞིང་ཀུན་ཏུ་གྲགས་པར་འགྱུར་རོ། །ཡང་ཅིག་ཅར་བ་ལྟར་ན་ཤེས་འཇུག་གཉིས་དབྱེར་མེད་ཆིག་ཆོད་དུ་རྟོགས་གོམས་ཟུང་དུ་འབྱོར་པས་ཟག་མེད་ལམ་གྱི་ཡེ་ཤེས་གཅིག་ཆོད་དུ་མངོན་པར་འགྱུར་བའོ། །དེ་ལྟར་རིམ་གཅིག་ཅར་གཉིས་ཀའི་ལམ་མཚན་ཉིད་གསུམ་གྱིས་འཆིང་སྟེ། ལྟ་ཕྲེང་ལས། ལམ་གཉིས་ཀ་ཡང་མཚན་ཉིད་གསུམ་གྱིས་དོན་མཐར་ཕྱིན་པར་འགྱུར་ཏེ། ཞེས་སོ། །གཉིས་པ་ལ་གསུམ་སྟེ། རྒྱུ་ཤེས་པའི་དང་། རྐྱེན་འཇུག་པའི་དང་། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་དོ། །དང་པོ་ལ་གཉིས་ཏེ། གཏན་ཚིགས་དང་། འགྲུབ་འབྲས་གཞན་འཚོལ་གྱི་ཞེན་པ་དགག་པའོ། །དང་པོ་ལ་གསུམ་སྟེ། རྟོགས་པ་བཞིའི་དང་། དག་པ་གསུམ་གྱི་དང་། མཉམ་པ་བཞིའི་གཏན་ཚིགས་སོ། །དང་པོ་ནི། རྒྱུ་གཅིག་སོགས་ཚིགས་བཅད་གཅིག་སྟེ། མ་རིག་ལོག་རྟོག་གི་སེམས་ལས་འཁོར་བ་དང་། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་མྱང་འདས་སུ་སྣང་བ་སྟེ། དེ་ལྟར་འཁོར་འདས་གཉིས་སུ་སྣང་ཞིང་ཞེན་པའི་ཆོས་ནི་རྒྱུ་གཅིག་པའི་རྟགས་ཀྱི་གཞལ་བྱ་ཡིན་ལ། འཇལ་ཚུལ་སྔ་མ་སྔ་མས་གཏན་ལ་ཕབ་པའི་གྲུབ་མཐའ་ཞེན་ཆ་གཏན་ཚིགས་ཕྱི་མ་ཕྱི་མའི་གཞལ་བྱར་བྱས་ཏེ། འཇལ་བྱེད་རྒྱུ་གཅིག་པའི་དང་། ཡིག་འབྲུའི་ཚུལ་གྱིས་དང་། བྱིན་གྱིས་བརླབས་པའི་དང་། མངོན་སུམ་པའི་གཏན་ཚིགས་བཞིས་བཅལ་བས། རིམ་པ་ཇི་ལྟ་བར་རང་བཞིན་སྐྱེ་མེད། རོལ་པ་འགག་མེད། ངོ་བོ་དབྱེར་མེད། དེའང་ཡུལ་ཡུལ་ཅན་མེད་པར་མངོན་སུམ་དུ་རྟོགས་པ་ནི་མཚན་ཉིད་བློ་བྲལ་ཏེ་གྲུབ་མཐའོ། །ཇི་ལྟར་ཞེ་ན། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྐྱེ་བ་མེད་པའི་དབྱིངས་སུ་རྒྱུ་གཅིག་པ་ཡིན་ཏེ། དེ་ལྟར་རྟོགས་པ་དང་མ་རྟོགས་པ་ལས་འཁོར་འདས་གཉིས་སུ་སྣང་བའི་ཕྱིར། དཔེར་ན་རྒྱལ་བུ་དྭའུ་དམངས་སུ་འཛིན་པའི་སྒྲོ་འདོགས་དང་རྒྱལ་བུར་ངེས་པའི་ཚད་མ་གཉིས་ངོ་བོ་རྒྱལ་བུར་གཅིག་པ་བཞིན་ནོ། །དེའང་རྒྱ་མཚོ་ལས། ཆོས་ཉིད་དབྱིངས་སུ་ཚུལ་གཅིག་པས། །མ་ལུས་རང་སྣང་ཆོས་ཐམས་ཅད། །མ་ལུས་བྱང་ཆུབ་སེམས་སུ་རྟོགས། །ཞེས་སོ། །སེམས་ཉིད་སྐྱེ་མེད་ཀྱི་གདངས་རོལ་པ་འགགས་མེད་ལྷའི་སྐུ་གསུང་ཐུགས་སུ་རང་སྣང་བ་ཡིན་ཏེ། མཚོན་དུ་མེད་པའི་ཡི་གེ་ཨ་ཉིད་མཚོན་བྱེད་ཡི་གེ་དུ་མར་མ་འགགས་པར་སྣང་བས་མཚོན་ནས་རྟོགས་པའི་ཕྱིར། དཔེར་ན་མཛུབ་མོས་རི་བོང་ཅན་བཞིན་ནོ། །དེའང་རྒྱ་མཚོ་ལས། སྐུ་གསུང་ཐུགས་སུ་སྣང་བ་ཡིས། །མ་ལུས་གསུང་གི་རྒྱན་དུ་རྟོགས། །ཐམས་ཅད་གསུང་གི་ཡི་གེ་སྟེ། །ཐབས་དང་ལྡན་པས་རྒྱས་གདབ་བོ། །ཞེས་སོ། །རང་བཞིན་སྐྱེ་མེད་དང་རོལ་པ་འགགས་མེད་གཉིས་དངོས་སུ་རྟོགས་པའི་མཐུས་དེ་གཉིས་ངོ་བོ་དབྱེར་མེད་དུ་རྟོགས་པའི་བྱིན་རླབས་ཤུགས་ལ་འབྱུང་བ་ཡིན་ཏེ། ལྷག་པ་དོན་དམ་དཀོན་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པས་དེའི་སྣང་ལྡོག་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར། དཔེར་ན་གསེར་དང་གསེར་གྱི་སེར་པོ་བཞིན་ནོ། །དེའང་རྒྱ་མཚོ་ལས། དེ་ཉིད་དབྱེར་མེད་བྱིན་རླབས་ལས། དེ་ཉིད་དེ་ཡི་བྱིན་རླབས་ཏེ། །གཉིས་མེད་ཚུལ་གྱིས་རང་སྣང་བ། །བྱིན་རླབས་ངོ་མཚར་བསམ་མི་ཁྱབ། །ཅེས་སོ། །བདེན་པ་དབྱེར་མེད་དེའང་བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། བལྟ་བྱའི་ཡུལ་དང་ལྟ་བྱེད་ཀྱི་ཤེས་པ་གཉིས་སུ་མེད་པ་རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྟོགས་པའི་ཕྱིར། དེ་ཉིད་ཆོས་རྒྱལ་ཐམས་ཅད་ཀྱི་གནས་ལུགས་ཡིན་ནོ། །རྒྱུད་དག་པ་རྣམས་ཀྱིས་ཡེ་ཤེས་ཀྱི་གཟིགས་ངོར་དེ་ལྟར་གཟིགས་པའི་ཕྱིར། དཔེར་ན་མིག་སྐྱོན་མེད་པས་དུང་དཀར་པོ་མཐོང་བ་ཉིད་དུང་གི་ཁ་དོག་གི་གནས་ལུགས་ཡིན་པ་བཞིན་ནོ། །དེའང་རྒྱ་མཚོ་ལས། རང་བྱུང་རང་ཤར་སེམས་འདི་དག །གཉིས་མེད་རང་རིག་མ་སྐྱེས་པར། །གསལ་བར་མངོན་སུམ་ཐེ་ཚོམ་མེད། །རྟོགས་པ་ཀུན་གྱི་མཆོག་ཏུ་བཤད། །ཅེས་དང་། ལྟ་ཕྲེང་ལས། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་ཀྱིས་གནས་པ་དེའང་ལུང་དང་མན་ངག་དང་འགལ་བའང་མ་ཡིན་ལ། ལུང་དང་མན་ངག་གི་ཚིག་ཙམ་ལ་བརྟེན་པའང་མ་ཡིན་པར་རང་གི་རིག་པས་བློའི་གཏིང་དུ་ཡིད་ཆེས་པས་མངོན་སུམ་དུ་རྟོགས་པའོ། །ཞེས་སོ། །དེ་ལྟར་རབ་ཏུ་རྟོགས་པ་རྣམ་པ་བཞིའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་གཏན་ལ་ཕེབས་ཏེ་གནས་ལུགས་ཇི་ལྟ་བ་བཞིན་རང་རིག་པའི་མངོན་སུམ་དུ་གསལ་བར་རྫོགས་པས་སྤོང་ལེན་མེད་པར་ཕྱམ་གཅིག་སྐུ་དང་ཡེ་ཤེས་ཀྱི་རོལ་པར་དབང་སྒྱུར་བའི་ཕྱིར་རྒྱལ་པོ་སྟེ། འདི་ལས་ཆེ་བའི་གྲུབ་མཐའ་གཞན་མེད་པའོ། །འདི་དག་སྔ་མའི་གྲུབ་མཐའ་ཕྱི་མའི་གཞལ་བྱར་བྱས་པ་ནི་རིམ་གྱིས་པའི་རྟོགས་ཚུལ་ཏེ། ཅིག་ཅར་བའི་དབང་དུ་བྱས་ན། དངོས་པོ་གཉིས་ཀྱི་བསྡུས་པའི་ཆོས་ཐམས་ཅད་བདེན་པ་དབྱེར་མེད་དུ་རྒྱུ་གཅིག་པ་དང་། དེ་མཚོན་བྱེད་ཡིག་འབྲུ་ཨ་ཨུ་མ་གསུམ་འདུས་པའི་ཚུལ་གྱིས་མཚོན་ནས། གཉིས་སུ་མེད་པའི་དབྱངས་དེའི་བྱིན་གྱིས་བརླབས་ཀྱི་མཐུས་རྡོ་རྗེ་གསུམ་དུ་ཡེ་ནས་སངས་རྒྱས་པར་རང་རིག་མངོན་སུམ་གྱིས་ཐག་ཆོད་ཅིང་བློའི་སྤྱོད་ཡུལ་ལས་རྣམ་པར་གྲོལ་བ་ནི་གྲུབ་མཐའ་སྟེ། རྔམས་གློག་ལས། རྒྱུ་ནི་བདེན་གཉིས་ཅིག་ཅར་དུ། །གཅིག་པས་གཅིག་པའི་མཚན་ཉིད་དང་། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །ཆོས་ཀུན་རང་བཞིན་རྟོགས་པ་དང་། །སྐྱེ་མེད་དབྱིངས་ཀྱི་བྱིན་རླབས་ལས། །ཆོས་ཀུན་སྣང་བར་ཤེས་པ་དང་། །དེ་ལྟ་བུ་ཡི་རང་བཞིན་ཏེ། །གཞན་ལ་མ་བརྟེན་མི་འགལ་བར། །མངོན་སུམ་རིག་པས་ཐག་ཆོད་ན། །རྣལ་འབྱོར་ས་ལ་སླེབས་པ་ཡིན། །ཞེས་སོ། །གཉིས་པ་ནི། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔ་དང་། །ནང་བཅུད་ཀྱི་སེམས་ཅན་ཕུང་པོ་ལྔ་དང་དེ་དག་རང་རང་གི་རྣམ་ཤེས་ཚོགས་བརྒྱད་ཀྱིས་བསྡུས་པ་རྣམས་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པ་ཡིན་ཏེ། སྣོད་བཅུད་རྒྱུད་གསུམ་པོ་དེ་རིམ་པ་ཇི་ལྟ་བར་དེ་བཞིན་གཤེགས་པ་ཡུམ་ལྔ་དང་། ཡབ་ལྔ་དང་། ཡེ་ཤེས་ལྔར་དག་པའི་ཕྱིར། གང་ཡེ་ནས་དག་པའི་རང་བཞིན་ལ་སྒྲིབ་པ་མཐའ་དག་གིས་གོས་མ་མྱོང་བས་ཁྱབ་ཅིང་དེ་ཉིད་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་སངས་རྒྱས་པས་ཁྱབ་སྟེ། ཆོས་ཀྱི་སྐུ་བཞིན་ནོ། །དེ་སྐད་དུའང་། ཐམས་ཅད་མཆོག་གི་སྙིང་པོ་བས། །གཞན་དུ་རྒྱལ་བས་ཆོས་མི་བཙལ། །ཞེས་སོ། །གལ་ཏེ་དེ་ཉིད་རྟོགས་ཤིང་གོམས་ན་སངས་རྒྱས་ཡིན་མོད། གནས་པ་ཙམ་གྱིས་སངས་རྒྱས་སུ་ཇི་ལྟར་འགྱུར་སྙམ་ན། རྟོགས་རུང་མ་རྟོགས་རུང་རང་བཞིན་རྣམ་དག་ནི་སངས་རྒྱས་ཡིན་ཏེ། འདུས་བྱས་རྣམས་རྟོགས་རུང་མ་རྟོགས་རུང་མི་རྟག་པ་ཡིན་པ་བཞིན་ནོ། །གསུམ་པ་ནི། མཉམ་གཉིས་སོགས་རྐང་པ་གསུམ་སྟེ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཡིན་ཏེ། མཉམ་པ་བཞིས་འཁོར་འདས་གཉིས་མེད་དུ་རྟོག་པའི་ཕྱིར། དེ་ལ་མཉམ་པ་བཞི་ནི། སྤྲོས་པ་ཕྱོགས་རེ་ཙམ་དང་མཐའ་དག་ཆོད་པའི་དབྱེ་བས་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་དོན་དམ་ཞེས་ཕྱེ་བ་གཉིས་ཀའང་སྤྲོས་པ་བཀག་པའི་སྟོང་ཉིད་ཙམ་དུ་མཉམ་ཞིང་། སྣང་དུ་འདྲའང་དོན་བྱེད་ནུས་མི་ནུས་ཀྱིས་ཡང་དག་དང་ལོག་པའི་ཀུན་རྫོབ་ཞེས་བཏགས་པ་གཉིས་ཀའང་བདེན་པས་སྟོང་པ་ཙམ་དུ་མཉམ་པ་གཉིས་ནི་ཐེག་ཆེན་ཐུན་མོང་བའི་ཚུལ་ཡིན་ལ། ཁྱད་པར་སྔགས་བླ་ན་མེད་པའི་ཚུལ་ལས་ནི་ལྷག་པའི་མཉམ་པ་གཉིས་གསུངས་ཏེ། མེད་དགག་དང་མ་ཡིན་དགག་གི་དབྱེ་བས་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་སྟོང་ཉིད་གཉིས་ཀའང་ལྷག་པའི་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པར་མཉམ་ཞིང་། མ་དག་པ་ལས་སྣང་ལོག་པའི་དང་དག་པ་ལྷར་སྣང་ཡང་དག་པའི་ཀུན་རྫོབ་གཉིས་ཀའང་ལྷག་པ་ཀུན་རྫོབ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་པའོ། །དེ་ལྟར་འཇལ་བྱེད་གཏན་ཚིགས་རྣམས་ཀྱིས་བཙལ་བས་གཞལ་བྱ་འཁོར་འདས་ཀྱི་ཆོས་ཐམས་ཅད་རོ་མཉམ་པར་རང་བཞིན་གྱི་དཀྱིལ་འཁོར་དུ་རྟོགས་པ་ནི་གྲུབ་མཐའ་སྟེ། དེའི་ཚེ་དག་མ་དག་གི་ཕྱེ་བའི་ཞིང་ཐམས་ཅད་ཀྱང་ཀུན་ཏུ་བཟང་པོའི་ཞིང་ཁམས་ཀྱི་རང་བཞིན་དུ་དབྱེར་མི་ཕྱེད་ཅིང་། སྒོ་གསུམ་གྱི་བྱེད་སྤྱོད་ཅིང་དང་ཅི་བྱས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་གཉིས་ལྷུན་རྫོགས་སུ་གྱུར་ནས་ཅིར་སྣང་ཡེ་ཤེས་སུ་འཆར་རོ། །གང་དག་རྟོགས་པ་བཞི་དང་དག་མཉམ་གྱི་གཏན་ཚིགས་འདི་རྣམས་སྔར་ལེའུ་གསུམ་པར་ཡང་བྱུང་བས་ཟློས་སོ་སྙམ་ན། གནས་ཚུལ་དང་རྟོགས་ཚུལ་གྱི་ལྡོག་པས་ཟློས་སྐྱོན་མེད་དེ། སྔ་མ་ནི་བཏགས་གཞི་འཁོར་བའི་ཆོས་གཏན་ལ་འབེབས་པའི་ཆེད་དུ་སྨོས་ལ། འདིར་ནི་ལྟ་སྤྱོད་སྦྲེལ་བའི་ཕྱིར་ཚོགས་སྒྲུབ་ཀྱི་སྔོན་འགྲོར་སྨོས་པའོ། །གཉིས་པ་ནི། དུས་བཞི་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་གཏན་ལ་ཕེབས་པའི་གྲུབ་མཐའི་འབྲས་བུ་དེ་དག་དུས་བཞི་དང་ཕྱོགས་བཅུ་སྟེ་ཡུལ་དུས་གནས་སྐབས་གང་ནས་བཙལ་ཀྱང་རང་གི་སེམས་ཉིད་ལས་ལོགས་སུ་གྱུར་པའི་རྫོགས་པའི་སངས་རྒྱས་རང་མཚན་པ་ཞིག་རྙེད་པར་མི་འགྱུར་རོ། །ཅིི་ཕྱིར་ཞེ་ན། སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དེ་ཀ་རྟོགས་ན་རྫོགས་པའི་སངས་རྒྱས་ཏེ། འདི་ལྟར་ནང་དུ་སངས་རྒྱས་མ་རྟོགས་ན་གཞན་ཕྱི་རོལ་ཏུ་བཙལ་ཀྱང་མི་རྙེད་པས་མ་འཚོལ་ཞིག་ཅེས་གདམས་སོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ལ། རིམ་གྱིས་པ་དང་། ཅིག་ཅར་བ་གཉིས་ལས། དང་པོ་ལའང་གཉིས་ཏེ། གང་བསྒྲུབ་པའི་གཞི་དང་། ཇི་ལྟར་བསྒྲུབ་པའི་ཐབས་ཕུན་སུམ་ཚོགས་པའོ། །དང་པོ་ལ་གསུམ་སྟེ། སྒྲུབ་པ་པོ་དང་། གནས་ཡོ་ཐུན་མོང་དུ་བསྟན་པ་དང་། དུས་སོ། །དང་པོ་ནི། ཡན་ལག་སོགས་ཚིགས་བཅད་གཅིག་སྟེ། སྔགས་ཀྱི་ཡན་ལག་ལྔ་ཚང་ཞིང་དམ་ཚིག་མ་ཉམས་པས་རྒྱུད་དག་པ། སྒྲུབ་པ་རྫས་ཀྱི་ཡོ་བྱད་ལྔ་དང་ལྡན་ཞིང་། དེ་ཏིང་སོགས་ཆོ་ག་ལྔ་པོ་རྫོགས་པར་ཤེས་པའི་རྣལ་འབྱོར་པ་ཚོམ་བུ་གཅིག་གསུམ་ལྔ་པ་གང་ཡིན་གྱི་ལྷ་གྲངས་དང་མཐུན་པ་ཚོགས་པའི་དཀྱིལ་འཁོར་གྱིས་ཚོགས་བསྒྲུབས་ན་ངེས་པར་ལེགས་པའི་དགོས་པ་རིག་འཛིན་བཞི་དང་། མཐར་ཐུག་གི་འབྲས་བུ་རྫོགས་པའི་བྱང་ཆུབ་འགྲུབ་པར་འགྱུར་རོ། །གཉིས་པ་ནི། གནས་དང་སོགས་རྐང་པ་བདུན་ཏེ། རང་དབང་ཞིང་བར་ཆད་མི་འབྱུང་བའི་གནས་འཁོར་ཁང་རིམ་པ་གསུམ་ལྡན་དང་། འཚོ་བ་ཟས་ཀྱི། རྐྱེན་བཟློག་སྨན་གྱི། སྒྲུབ་པ་རྫས་ཀྱི། མཆོད་པ་རྫས་ཀྱི་ཡོ་བྱད་དེ་ཉེར་མཁོའི་ལོངས་སྤྱོད་ཐམས་ཅད་བསགས་པས་ཅི་བདེ་བར་སྤྱད་དུ་ཡོད་པ་དང་། དེས་མཚོན་ཏེ་མཐུན་རྐྱེན་རྣམས་མ་ཉམས་པར་ཚང་ཞིང་འགལ་རྐྱེན་མེད་ལ། སྒྲུབ་པའི་བློ་ནི་གཞན་རྐྱེན་གྱིས་མི་འཕྲོག་པས་མཐར་སྐྱེལ་བའི་ཞེ་བཅད་དང་། ལྟ་སྒོམ་སྤྱོད་གསུམ་འབྲེལ་བའི་བློ་རབ་དང་ལྡན་པས། དང་པོར་སྒྲུབ་པ་ལ་འཇུག་དུས་འདོད་པའི་དོན་མ་གྲུབ་ཀྱི་བར་དུ་བསྒྲུབ་བོ་སྙམ་པའི་དམ་ནོས་པ་བཞིན་དུ་མཐར་སྐྱེལ་བར་བྱ་ཞིང་། དེའི་ཚེ་བརྩོན་པ་འདོར་བའི་ལེ་ལོ་དང་སྒྱིད་ལུག་གི་སྙོམས་ལས་སུ་ལུས་པ་རྣམས་མེད་པའི་སྒོ་ནས་བློ་ལ་ཐེ་ཚོམ་མེད་པར་བསྒྲུབས་བྱས་ན་ཚོམ་བུའི་དཀྱིལ་འཁོར་གང་བསྒྲུབས་ཀྱང་ཐུན་མཆོག་གི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་ཏེ། གང་ཞེ་ན། འབྲས་ཆོས་ལྔ་དབྱེར་མི་ཕྱེད་པའི་རྡོ་རྗེ་གསང་མཆོག་རྒྱལ་བའི་དགོངས་པ་དམ་པ་ཐོབ་པར་འགྱུར་རོ། །གསུམ་པ་ནི། སྒྲུབ་པའི་སོགས་རྐང་པ་གཉིས་ཏེ། ཇི་ཙམ་བསྒྲུབ་པའི་ཞག་གྲངས་ནི་སུམ་ཅུ་ཕྲག་དྲུག་སོགས་ལེའུ་དགུ་པར་བཤད་པ་བཞིན་དང་། སྒྲུབ་པ་ལ་འཇུག་པའི་ཚེས་གྲངས་སོགས་ནི་བཤད་རྒྱུད་རྒྱས་པ་སོགས་རྒྱུད་གཞན་ལས་སྨོས་པ་བཞིན་དུ་བཤད་པར་བྱ་ཞེས་ཁ་འཕངས་ཏེ། རྒྱས་པ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བྱ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་སོ། །འདིར་ཁ་ཅིག །སྙིང་པོའི་རྒྱུད་འདི་རྒྱུད་མ་ཡིན་པར་འགྱུར་ཏེ། རྒྱུད་ལ་ཁ་འཕངས་པའི་ཕྱིར་ཟེར། དེ་ལྟར་ན་འཇམ་དཔལ་སྒྱུ་དྲྭ་དང་མཁའ་འགྲོ་མ་ཀུན་སྤྱོད་ཀྱི་རྒྱུད་སོགས་ཀྱང་རྒྱུད་མ་ཡིན་པར་འགྱུར་ཏེ། རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས། །ཞེས་དང་། རྒྱུད་དུ་སྦས་པ་འདིར་བཤད་བྱ། །ཞེས་རྒྱུད་གཞན་ལ་ཁ་འཕངས་པའི་ཕྱིར་རོ། །གཉིས་པ་སྒྲུབ་པའི་ཐབས་ལ་གཉིས་ཏེ། ཞི་བའི་དང་། ཁྲོ་བོའི་སྒོ་ནས་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། བསྙེན་སྒྲུབ་བཞི་མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པའོ། །དང་པོ་ནི། བསྙེན་པ་དང་ནི་སོགས་རྐང་པ་གཉིས་ཏེ། འདིའི་སྐབས་སུ་སྤྱིར་ལམ་རིམ་ལས། འདི་ཡང་ལམ་སྒྲུབ་སྦྱོར་བ་ཡི། །ཞེས་པས་ལམ་དུས་ཀྱི། སྒྲུབ་པའི་དུས་ཀྱི། སྦྱོར་བའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ལས། དང་པོ་ནི། ལམ་བགྲོད་ཚུལ་རིམ་གྱིས་པའི་དབང་དུ་བྱས་ཏེ། ལྟ་བ་རྟོགས་ནས་སྟོང་ཆེན་དང་ཀུན་ཏིང་ལ་གནས་པ་བསྙེན་པ་དང་། ཕྱག་རྒྱ་གཅིག་སྤྲོས་ནི་ཉེ་བསྙེན་དང་། ཚོགས་སྒྲུབ་ནི་སྒྲུབ་པ་དང་། དེ་འབྲས་མཐོང་ལམ་ཐོབ་མ་རག་པ་ནི་སྒྲུབ་པ་ཆེན་པོ་སྟེ། ལམ་རིམ་ལས། བྱང་ཆུབ་སེམས་རྟོགས་འགྲུས་པ་ནི། །བསྙེན་པའི་དམ་པ་ཡིན་པའི་ཕྱིར། །སེམས་ཆས་སྙིང་རྗེ་མན་ཆད་དོ། །ཕྱག་རྒྱ་གསལ་བ་ཉེ་བསྙེན་པ། །དེ་ཕྱིར་གཅིག་དང་སྤྲོས་པའོ། །སྒྲུབ་པ་ཉིད་ནི་བར་ཆད་མེད། །དུས་ཀྱི་ཚོགས་མཐས་སྒྲུབ་ཆེན་ལེན། །ཞེས་སོ། །གཉིས་པ་ནི། བར་ཆད་མེད་པའི་ལམ་པ་ཚོགས་སྒྲུབ་པའི་དབང་དུ་བྱས་ཏེ། སྔོན་འགྲོ་ཤོམས་བྱེད་ཅིང་ནུབ་དང་པོ་འགོ་འཛིན་གྱི་བསྙེན་པ་ལ་འཇུག་པ་དང་བཅས་པ་ནི་བསྙེན་པ་དང་། ཇི་ཙམ་བསྒྲུབ་པའི་ཞག་གྲངས་ཕྱེད་ཚུན་ཆད་ནི་ཉེ་བསྙེན་ཏེ། དེ་གཉིས་ལ་འོད་ཟེར་དཀར་པོ་སྤྲོས་པས་སྣོད་རུང་དུ་བྱེད་པ་དང་། ནུབ་ཐ་མ་མ་གཏོགས་པའི་ཕྱེད་ཕན་ཆད་འོད་ཟེར་དམར་པོའི་འཕྲོ་འདུ་བསྣོལ་མས་དངོས་གྲུབ་བསྐུལ་ཞིང་བསྡུ་བས་བཅུད་དག་པར་བྱེད་པ་ནི་སྒྲུབ་པ་དང་། རྟགས་མཐོང་ནས་ནུབ་ཐ་མར་འོད་ཟེར་མཐིང་ག་ཚུར་བསྡུ་བས་རྒྱུད་དག་པར་བྱེད་པ་ནི་སྒྲུབ་པ་ཆེན་པོ་སྟེ། ཟླ་གཅིག་ལ་དཔེར་བྱས་ན་ལམ་རིམ་ལས། ཟླ་ཕྱེད་ཕྱེད་ཞལ་ཉེ་བསྙེན་པ། །ལྷ་གསལ་འཕྲོ་འདུས་སྣོད་དུ་རུང་། །བཅོ་ལྔ་མར་ཕྱེད་སྒྲུབ་པ་སྟེ། །འཕྲོ་འདུ་བསྣོལ་མས་བསྒྲུབ་པར་བྱ། །ཞག་གྲངས་ཚང་ནས་རྟགས་བྱུང་ན། །དངོས་གྲུབ་བཟླས་བླང་སྒྲུབ་ཆེན་པོ། །ཞེས་སོ། །གསུམ་པ་ནི། སྒྲུབ་པ་ཆེན་པོའི་དུས་དེར་དངོས་གྲུབ་ཡུམ་གྱི་མཁའ་ལས་བླང་པའི་དབང་དུ་བྱས་ཏེ། ཕྱག་རྒྱ་བཙལ་ནས་ཆས་སུ་འཇུག་པ་ནི་བསྙེན་པ་དང་། ཡུམ་རློབ་ཅིང་སྦྱོར་བའི་བརྡས་བསྐུལ་བ་སོགས་ནི་ཉེ་བསྙེན་དང་། རོལ་ནས་དབབ་བཟུང་གི་དགོངས་པ་ནི་སྒྲུབ་པ་དང་། ཉི་ཟླ་རྡོ་རྗེའི་ལྕེས་བླངས་ཏེ་ལྡོག་དགྲམ་གྱི་དགོངས་པ་ནི་སྒྲུབ་པ་ཆེན་པོའོ། །གཉིས་པ་རྒྱས་བཤད་ལ་གསུམ་སྟེ། བསྙེན་པ་དང་། ཉེ་སྒྲུབ་ཐུན་མོང་དུ་བསྟན་པ་དང་། སྒྲུབ་པ་ཆེན་པོའོ། །དང་པོ་ལ་གཉིས་ཏེ། སྔོན་དུ་བྱ་བའི་དང་། ནུབ་དང་པོ་བྱ་བ་ལས་ཀྱི་བསྙེན་པའོ། །དང་པོ་ནི། མཁའ་དཀྱིལ་སོགས་ཚིགས་བཅད་གཅིག་སྟེ། བསྐྱེད་རིམ་ལྟར་ན་ཏིང་འཛིན་གསུམ་སྔོན་དུ་འགྲོ་བས་མཁའ་དཀྱིལ་ལྟར་དྭངས་པའི་དབྱིངས་ཀྱི་སྣང་བརྙན་གཞལ་ཡས་ཁང་དུ་པད་ཉི་ཟླ་བའི་གདན་ལ། རང་བྱུང་ཡེ་ཤེས་ཀྱིས་ཀུན་ལ་དབང་སྒྱུར་བའི་རྒྱལ་པོ་རྡོ་རྗེ་སེམས་དཔའ་སྟངས་དཔྱལ་ཏེ་ཡབ་ཡུམ་དང་། རྫོགས་རིམ་ལྟར་ན་དབྱིངས་དང་ཡེ་ཤེས་ཏེ། དེ་ལྟར་ཟུང་འབྲེལ་དུ་བསྒོམ་པར་བྱས་པས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན་ཀྱང་ལྷག་མ་མ་ལུས་པར་ནི་བསྒོམ་པར་འགྱུར་ཏེ། རྒྱལ་བ་ཐམས་ཅད་གཅིག་དང་དུ་མའི་མཐའ་ལས་གྲོལ་ཞིང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའང་དབྱིངས་ཡེ་ཟུང་འཇུག་ཏུ་འདུ་བའི་ཕྱིར་རོ། །དེ་ལ་སྤྱིར་ཚོགས་སྒྲུབ་ཀྱི་སྔོན་དུ་ཞི་ཁྲོ་གང་བྱེད་ཀྱི་བསྙེན་པ་བྱེད་པ་ནི། མོས་བསྒོམ་ཙམ་མ་ཡིན། ངེས་རྫོགས་སུ་བསླབ་པའི་ལུགས་ཡིན་པས། དང་པོར་ལྟ་བ་གཏན་ལ་ཕེབས་པར་བྱས་ནས་ཚོགས་ལམ་གྱི་རྣལ་འབྱོར་བཞི་ལ་བརྟན་པ་ཐོབ་པར་བྱ་དགོས་མོད། འདིར་དོན་རྟོགས་ཀྱི་རྒྱ་གཅིག་ཙམ་སྨོས་པ་ནི། བསྐྱེད་རྫོགས་གཉིས་ཀའི་བསྡུས་དོན་ལྟ་བུ་ལས་སྔོན་དུ་བྱ་བའི་བསྙེན་པ་ཁོ་ན་འཆད་བྱེད་དུ་མ་ངེས་ཀྱང་། སྙིང་རྗེ་སྒྱུ་མ་ནས་ཐོད་བརྒལ་དུ་བགྲོད་པ་འབྱུང་མི་སྲིད་པས་ཚོགས་སྒྲུབ་ཀྱི་སྔོན་དུ་རྒྱ་གཅིག་འགྲོ་བས་ཁྱབ་པའི་ཕྱིར་ས་ཁོངས་འཛིན་བྱེད་ཙམ་དུ་སྨོས་པའོ། །གཉིས་པ་ལ་གསུམ་སྟེ། ཚོམ་བུ་ལྔ་པ་དང་། གསུམ་པ་དང་། གཅིག་པའོ། །དང་པོ་ནི། ལྔ་དང་སོགས་ཚིགས་བཅད་གཅིག་སྟེ། རྣལ་འབྱོར་པ་ཕོ་མོ་དང་། ལྷ་ཡབ་ཡུམ་བྲང་སྤྲད་དེ་སོ་སོར་བསྒོམ་པའམ། རྣལ་འབྱོར་པ་སྤྱིས་ཚོམ་བུ་སྤྱིར་བསྒོམ་པ་གང་མོས་ཀྱིས་གཙོ་བོ་རིགས་ཀྱི་ཡབ་ལྔ་དང་ཡུམ་ལྔའི་ལྷ་ཞལ་སྦྱོར་དུ་བཞུགས་པ་ལ་སོ་སོའི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་ཟུང་བཞིས་བསྐོར་བས་ཚོམ་བུ་ལྔའི་ལྷ་ལྔ་བཅུ་བཀོད་པ་ལ་ཁྲོ་བོ་བཅུ་དང་ཁྲོ་མོ་བཅུས་བསྐོར་བས་ལྷ་བདུན་ཅུའི་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་ཤོམས་ཀྱི་ཚེ་བྲི་ཞིང་བསྙེན་པའི་དུས་སུ་རྣམ་པར་བསྒོམ་པར་བྱའོ། །གཉིས་པ་ནི། དེ་བཞིན་སོགས་ཚིགས་བཅད་གཅིག་སྟེ། ཤར་ཕྱོགས་སུ་དེ་བཞིན་གཤེགས་པའི་རིགས་དང་། དབུས་སུ་རྡོ་རྗེའི་རིགས་དང་། ནུབ་ཏུ་པདྨའི་རིགས་རྣམས་ལ་སོ་སོའི་རིགས་ཆུང་གི་སེམས་དཔའ་ཟུང་བཞིས་བསྐོར་བ་སྟེ། དེ་ལྟར་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆ་གསུམ་གྱི་མཐར་ཁྲོ་བོ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བས་ལྷ་ཞེ་དྲུག་གི་ཚོགས་དང་ལྡན་པའི་ཚོམ་བུ་གསུམ་གྱི་ལྷ་རྣམས་བྲི་ཞིང་བསྒོམ་མོ། །གསུམ་པ་ནི། རིགས་ཀྱི་སོགས་ཚིགས་བཅད་གཅིག་སྟེ། རིགས་ཐམས་ཅད་ཀྱི་རིགས་ཀྱི་བདག་པོ་སྟེ་རིགས་ཀྱི་གཙོ་བོ་ནི་ཐུགས་རྡོ་རྗེར་འདུ་ཞིང་། དེའི་རྒྱུ་མཚན་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ལྔ་གཅིག་ཏུ་འདུས་པ་ནི་རང་བྱུང་གི་ཡེ་ཤེས་ཏེ། དེ་ཉིད་མཚོན་བྱེད་ཐུགས་ཀྱི་མཆོག་རྡོ་རྗེ་མི་བསྐྱོད་པ་ཡབ་ཡུམ་ལ་རང་གི་རིགས་ཆུང་གི་སེམས་དཔའ་ཟུང་བཞི་དང་། ཁྲོ་བོ་ཡབ་ཡུམ་བཞིས་བསྐོར་བས་ལྷ་བཅོ་བརྒྱད་ཀྱི་ཚོགས་དང་ལྡན་པའི་ཚོམ་བུ་གཅིག་པའི་ལྷ་རྣམས་བྲི་ཞིང་བསྒོམ་མོ། །གཉིས་པ་ལ་གཉིས་ཏེ། རྣལ་འབྱོར་པ་ཕོ་མོས་ལྷ་སོ་སོར་བསྒོམ་པ་དང་། ཚོམ་བུའི་ལྷ་སྒྲུབ་པའི་ཐབས་སོ། །དང་པོ་ནི། རྣལ་འབྱོར་ཐབས་དང་སོགས་རྐང་པ་ལྔ་སྟེ། རྣལ་འབྱོར་པ་ཐབས་ཡབ་དང་ཤེས་རབ་ཡུམ་རྣམས་ཀྱིས་རིམ་པ་ལྟར་དེ་བཞིན་གཤེགས་པ་རིགས་ཀྱི་ཡབ་ལྔ་དང་རིགས་ཀྱི་ཡུམ་ལྔ་རུ་སོ་སོར་བསྒོམ་ཞིང་། དེ་བཞིན་དུ་འཁོར་གྱི་རྣལ་འབྱོར་པ་ཕོ་རྣམས་ཀྱི་སེམས་དཔའ་དང་། མོ་རྣམས་ཀྱིས་སེམས་མ་ཉིད་དུ་བསྒོམས་ནས་ལྷ་སོ་སོའི་སྔགས་དང་རང་རང་གི་ཕྱག་རྒྱ་དང་ཏིང་ངེ་འཛིན་དེ་དང་དེ་ཡང་དག་པར་སོ་སོ་མ་འདྲེས་པར་གསལ་བ་ལ་བསླབ་པའོ། །གཉིས་པ་ལ་གསུམ་སྟེ། ཚོམ་བུ་གཅིག་པ་དང་། གསུམ་པ་དང་། ལྔ་པ་སྒྲུབ་པའི་ཐབས་སོ། །དང་པོ་ནི། རྡོ་རྗེའི་རིགས་སོགས་ཚིགས་བཅད་གཅིག་སྟེ། རྡོ་རྗེའི་རིགས་སུ་རིགས་གཞན་ཐམས་ཅད་འདུ་བས་ཚོམ་བུ་གཅིག་པའི་དཀྱིལ་འཁོར་འོད་འཕྲོ་གཟི་བྱིན་འབར་བར་རབ་ཏུ་བསྒོམ་ཞིང་། ཡོ་བྱད་ལ་ཆགས་མེད་ཚུལ་གྱིས་སྤྱོད་པས་འཁོར་གསུམ་མི་དམིགས་པའི་དབྱིངས་སུ་བསྟིམ་པར་བྱ་བ་སྟེ། དེའི་འབྲས་བུ་ནི་ལྟ་སྤྱོད་གཉིས་མེད་དུ་འབྱོར་བར་གྱུར་ནས་ཐོབ་པའི་མཐོང་ལམ་དེ་ལམ་གོང་མ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བར་བྱེད་དོ། །གཉིས་པ་ནི། ཡང་ན་སོགས་ཚིགས་བཅད་གཉིས་ཏེ། ཚོམ་བུ་གཅིག་པ་ལས་གཞན་ཡང་ན་སྐུ་གསུང་ཐུགས་ཀྱི་ཚོམ་བུ་གསུམ་དུ་བསྒྲུབ་པར་བྱ་བ་ཉིད་དེ། སངས་རྒྱས་ཐམས་ཅད་མ་ལུས་པ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་འདུས་པའི་ཕྱིར། ཚོམ་བུ་གསུམ་གྱི་ལྷའི་ཏིང་འཛིན་གསལ་ཞིང་གཟི་བྱིན་འབར་བའི་འོད་ཟེར་འཕྲོ་བས་བསྒོམས་ནས། ཡོ་བྱད་རྣམས་གཉིས་མེད་ཀྱི་བློས་མཉམ་པའི་དབྱིངས་ཀྱི་ངང་དུ་ཐིམ་པར་སྤྱད་པས་བརྙེས་པའི་འབྲས་བུ་མཐོང་ལམ་གཉིས་ལས། ཚེ་དབང་དེ་རིག་འཛིན་བཞིའི་ནང་ནས་དངོས་གྲུབ་མཆོག་བརྙེས་པ་ལྷུན་གྲུབ་རིག་འཛིན་ཐོབ་པ་ལ་སྦྱོར་བར་འགྱུར་བས་ཡོན་ཏན་བདག་དོན་དུ་རྒྱལ་བའི་དཀྱིལ་འཁོར་མ་ལུས་འབར་བ་སྟེ་གསལ་བར་མངོན་དུ་འགྲུབ་ཅིང་། གཞན་དོན་དུ་འགྲོ་བའི་ཉོན་མོངས་སྡུག་བསྔལ་སེལ་བར་བྱེད་པའི་ཕྲིན་ལས་ཀྱིས་ཐམས་ཅད་ཀྱང་རྡོ་རྗེ་གསུམ་མི་ཕྱེད་པའི་རིགས་སུ་སྐྱེ་བའི་གནས་ལ་འདོད་པར་མཛད་དོ། །གསུམ་པ་ནི། སྔགས་འཆང་སོགས་རྐང་པ་བདུན་ཏེ། སྔགས་འཆང་གང་ཞིག་དངོས་གྲུབ་ཡང་དག་ཐོབ་པར་འདོད་པས་ནི་རྣལ་འབྱོར་པ་ཐབས་དང་ཤེས་རབ་གྲངས་ཚང་བ་ཚོགས་པ་ཐམས་ཅད་ཀྱིས་ཚོམ་བུའི་དཀྱིལ་འཁོར་ཆ་ལྔ་དང་ཁྲོ་ཕྲེང་རྣམས་ཏེ་ལྷ་བདུན་ཅུ་སོ་སོར་བསྒོམས་ནས། ཡོ་བྱད་ལ་ཆགས་པ་མེད་པའི་ཚུལ་གྱིས་འདོད་ཡོན་མ་འགགས་པའི་འོད་ཟེར་རྣམ་པ་མང་པོ་འཕྲོ་ཞིང་གཉིས་སུ་མེད་པའི་དབྱིངས་སུ་བསྟིམ་པར་བྱེད་པའི་བྱ་བས་བརྙེས་པའི་འབྲས་བུ་མཐོང་ལམ་གཉིས་ལས་ཚེ་དབང་དེས་དངོས་གྲུབ་མཆོག་གི་སྙིང་པོ་སྐུ་ལྔར་སྦྱོར་བ་འགྲུབ་བོ། །འོ་ན་ཚོམ་བུ་དང་དཀྱིལ་འཁོར་གྱི་ཁྱད་པར་གང་སྙམ་ན། རྣམ་སྣང་སོགས་རིགས་བཞིའི་གཙོ་བོ་རྡོ་རྗེའི་རིགས་གཅིག་གིས་བསྡུས་པས་རིགས་ཐ་དད་ཀྱི་གཙོ་བོ་གཅིག་ཏུ་གྱུར་པ་ནི་དཀྱིལ་འཁོར་དང་། རང་གི་རིགས་ཆུང་གིས་བྱེ་བྲག་ཏུ་བསྐོར་བས་རིགས་ཐ་མི་དད་ཀྱི་གཙོ་བོ་རིགས་སོ་སོས་བྱེད་པ་ནི་ཚོམ་བུའོ། །གསུམ་པ་སྒྲུབ་པ་ཆེན་པོ་ལ་གཉིས་ཏེ། སྒྲུབ་བྱེད་ཡོ་བྱད་ལྔ་ལ་སྤྱད་པའི་ཐབས་དང་། དེའི་བསྒྲུབ་བྱ་དངོས་གྲུབ་བོ། །དང་པོ་ལ་གཉིས་ཏེ། ཡོ་བྱད་བཞི་ལ་སྤྱད་པའི་ཐབས་དང་། ཨཱ་ལི་ཀཱ་ལི་ལ་སྤྱད་པའི་ཐབས་སོ། །དང་པོ་ནི། གོས་རྒྱན་སོགས་ཚིགས་བཅད་གཅིག་སྟེ། དར་དང་ཞིང་ལྤགས་སོགས་ལུས་ལ་བགོ་བའི་གོས་དང་། རིན་ཆེན་དང་ཐོད་ཕྲེང་སོགས་འདོགས་པའི་རྒྱན་གྱི་ཡོ་བྱད་དང་། དྲི་རོ་ཞིམ་པའི་བཟའ་བཏུང་གི་དང་། སྙན་པའི་གླུ་དབྱངས་སྦྱར་བའི་སྒྲ་ཚིག་གི་དང་། རིགས་སོ་སོའི་རྐང་བྲོ་དང་ལག་གར་གྱི་འདུ་འཕྲོ་སྟེ། ཡོ་བྱད་བཞིའི་ཚོགས་གང་དང་གང་སྤྱོད་པ་ཐམས་ཅད་ཀྱི་སྤྲིན་ཕུང་ལ་རང་རིག་པའི་ཡེ་ཤེས་ཀྱི་རང་བཞིན་ཧཱུཾ་གིས་མཚོན་ནས་རང་སྣང་གི་ལོངས་སྤྱོད་དུ་ཤེས་པས་ཆགས་ཞེན་མེད་པར་རབ་སྤྱད་ན་འབྲས་བུ་ངོ་མཚར་འབྱུང་བའི་དཀྱིལ་འཁོར་ཐམས་ཅད་མཉེས་པས་ཕན་ཡོན་རླབས་པོ་ཆེ་ཐོབ་བོ། །གཉིས་ལ་གསུམ་སྟེ། ཨཱ་ལི་སྦྱོར་བ། ཀཱ་ལི་སྒྲོལ་བ། དེ་གཉིས་སྤྱད་ཀྱང་ཉེས་པས་མི་གོས་པར་བསྟན་པའོ། །དང་པོ་ལ་གསུམ་སྟེ། གང་ལ་སྤྱད་བྱའི་ཡུལ། ཇི་ལྟར་སྤྱད་པའི་ཐབས། ཡུམ་གྱི་མཁའ་ལས་དངོས་གྲུབ་ཆེན་པོ་བླང་བའོ། །དང་པོ་ནི། ལྷ་མོ་སོགས་རྐང་པ་གཉིས་ཏེ། ལོ་གྲངས་རྒན་གཞོན་དང་། རྩ་བཟང་ངན་དང་། ཉི་ཟླ་འཛག་མི་འཛག་དང་། སྦྱོར་ཐབས་ཀྱི་སྒྱུ་རྩལ་ཤེས་མི་ཤེས་སོགས་ཀྱི་སྒོ་ནས་ཕྱེ་བའི་མི་མོ་སྟེ། རབ་ལྷ་མོ། འབྲིང་ཀླུ་མོ། ཐ་མ་རིགས་ངན་མོ་དང་། ཡང་ན་རྣལ་འབྱོར་པ་ནུས་པ་ཐོབ་པས་དང་པོ་གཉིས་དངོས་སུ་དགུག་པའམ། དེ་ལྟར་མི་ནུས་པས་ཕྱི་མ་སྟེ་མིའི་བུ་མོའོ། །གང་ལྟར་ཀྱང་རྣལ་འབྱོར་པའི་བློ་ཁྱད་ཀྱིས་བཟང་ངན་སོ་སོར་དབྱེ་སྟེ་བཟང་པོ་བསྟེན་པའམ། ཡང་ན་མི་དབྱེ་བས་གང་རུང་བསྟེན་པའོ། །གཉིས་པ་ནི། ཡུམ་གྱི་སོགས་ཚིགས་བཅད་གཅིག་སྟེ། འདོད་པའི་བསྟན་བཅོས་ཀྱིས་བདེ་བ་རྒྱས་པར་བྱས་ཏེ། ཡབ་ཡུམ་ལྷར་བསྐྱེད་ཅིང་མཁའ་གསང་རྡོ་རྗེ་དང་པདྨར་རློབས་པའི་ཡུམ་གྱི་པདྨར་ཚོམ་བུའི་དཀྱིལ་འཁོར་བསྐྱེད་ནས། དེ་ཉིད་དུ་བདེ་བ་ཆེན་པོའི་རང་བཞིན་ཐུགས་ཀྱི་དཀྱིལ་འཁོར་བྱང་ཆུབ་ཀྱི་སེམས་སྤྲོ་ཞིང་། བདེ་བའི་སྒྲ་དང་འོད་ཟེར་གྱིས་སངས་རྒྱས་ཀྱི་སྤྲིན་འཁྲིགས་པའི་ཚོགས་མ་ལུས་ལ་མཆོད་ཅིང་སྤྱན་དྲངས། དེ་རྣམས་དགྱེས་པར་རོལ་པས་འདོད་ཆགས་ཆེན་པོའི་མེས་བྱང་སེམས་དཀར་དམར་ཤིན་ཏུ་དྭངས་པའི་ངོར་བོར་ཞུ་བ་བདག་གི་སྤྱི་བོ་ནས་ཞུགས་པདྨའི་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་པས་ཐམས་ཅད་རང་རིག་གི་ངོ་བོར་དགྱེས་མཉམ་མཆོག་གི་སྦྱིན་པས་བདག་དང་འཁོར་འདས་དབྱེར་མེད་བདེ་བ་ཆེན་པའི་ངང་དུ་བསྟིམ་པའོ། །གསུམ་པ་ནི། སྒྲུབ་པ་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་སྒྲུབ་པར་བྱས་པའི་མཁའ་གསང་གི་ཉི་ཟླ་གཉིས་འདྲེས་ཡེ་ཤེས་ལྔར་རང་གསལ་བར་བྱེད་པའི་སྙིང་པོ་དེ་པདྨའི་དཀྱིལ་འཁོར་ནས་ཚོགས་སྒྲུབ་ཀྱི་ནུབ་ཐ་མའི་ཐོ་རེངས་ཀྱི་དུས་སུ་ཡབ་ཀྱི་གསང་བ་རྡོ་རྗེའི་ལྕེ་ཡིས་བླངས་ཏེ་ལྡོག་དགྲམ་གྱི་སྦྱོར་བས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ལ་བཟླའོ། །དེ་ལྟར་བསྒྲུབས་པའི་ཡོན་ཏན་ནི། རྫུ་འཕྲུལ་གྱིས་མཁའ་ལ་བྱ་ལྟར་འགྲོ་བ་དང་། ལུས་ཀྱི་ཁ་དོག་གསལ་ཞིང་གཟི་བྱིན་འབར་བའམ་སེམས་ཀྱི་མངོན་ཤེས་གསལ་ཞིང་ཏིང་འཛིན་དང་ཡེ་ཤེས་ཀྱི་འོད་འབར་བས་ལམ་གོང་མར་བགྲོད་པ་དང་། ཚེ་ཉི་ཟླ་དང་མཉམ་པ་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་རྣམས་དང་། ཡིད་བཞིན་རིན་པོ་ཆེའི་སྤྲིན་ལྟར་འདོད་པའི་ཆར་འབེབས་པ་ཟག་མེད་སློབ་པའི་ལམ་རིག་འཛིན་གྱི་ས་དང་མཐར་ཐུག་གི་འབྲས་བུ་རིགས་བདག་ཀུན་ཏུ་བཟང་པོའི་ས་མཆོག་ཐོབ་པར་འགྱུར་ཏེ་མཆོག་གི་དངོས་གྲུབ་བོ། །གཉིས་པ་ཀཱ་ལི་སྒྲོལ་བའི་ཐབས་ནི། ཞིང་གྱུར་སོགས་ཚིགས་བཅད་གཉིས་ཏེ། བསྒྲལ་བའི་ཞིང་དུ་གྱུར་པ་ནི་མཆོག་བཀྲ་ཤིས་དག་པའི་ཞིང་དང་། མཆོག་ཕྲན་ཐུགས་རྗེས་བཟུང་བྱའི་ཞིང་གཉིས་ལས། སྔ་མ་ནི་དངོས་གྲུབ་ཀྱི་རྫས་ཁྱད་པར་ཅན་གྱི་རྒྱུ་སྐྱེ་བ་བདུན་པའི་མི་ཡིན་ལ། ཕྱི་མ་ནི་ཞིང་བཅུ་སྟེ། གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུས་པ་དང་། །འདུ་བར་འོངས་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང་། །ཞེས་སོ། །ཡང་ན་མཆོག་ཞིང་བཅུ་ལས་སྐུ་དགྲ་གཉིས་གཅིག་ཏུ་བརྩིས་པའི་མི་བདུན་དང་། མཆོག་ཕྲན་ནི་ངན་སོང་གསུམ་རྣམས་སོ། །ཇི་ལྟར་སྒྲོལ་བའི་ཐབས་ནི། ཨེ་གྲུ་གསུམ་འབར་བའི་ནང་ཉི་ཟླའི་སྟེང་དུ་སྒྲོལ་བའི་ལས་ལ་མཁས་པའི་རྣལ་འབྱོར་པས་བསྒྲལ་བྱ་བཀུག་པ་བཞག །དེ་ནས་བསྒྲལ་བྱ་རཱུ་ཏྲ་སྟེ་བདག་འཛིན་གསུམ་སྒྲོལ་བའི་ཕྱིར། སྒྲོལ་བྱེད་སློབ་དཔོན་དཔལ་ཆེན་པོ་དང་། སྒྲོལ་གིང་ཊཀྐི་རཱ་ཛའི་ང་རྒྱལ་ལ་གནས་པས་གྲི་འཇམ་དཔལ་རྣོན་པོར་བསྐྱེད་དེ་ལག་གི་འདུ་བྱེད་ཀྱིས་ཁོག་པ་ཕྱེ་བས་མ་རིག་པའི་རྒྱ་དྲལ་བར་བསྒོམ། དེ་ནས་ལག་སོར་ལ་དཔའ་བོ་འབྲུ་ལྔ་བཀོད་པ་དེས་སྙིང་བཟུང་བས་ཡིག་འབྲུའི་འོད་ཀྱིས་རིགས་དྲུག་གི་ས་བོན་གཉིད་དང་བཅས་པ་སྦྱངས་པའི་དྭངས་མ་ཧཱུཾ་ཡིག་དྲུག་དང་། དེའང་གཅིག་ཏུ་གྱུར་པ་སློབ་དཔོན་གྱི་ཤངས་བུག་གཡོན་ནས་སྐུ་ལ་བཅུག་པས་སྒྲིབ་པ་རྣམ་པར་དག་པ་དེ་ཉིད་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་དབྱིངས་སུ་ཐིམ་ནས་གནས་པའི་ཧཱུཾ་ཡིག་དེ་ཐུགས་ཀྱི་ཕྱག་རྒྱ་རྡོ་རྗེ་འོད་འབར་བར་གྱུར་པ་ལས་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཅིང་། ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བས་བརྗིད་པའི་གཙུག་ཏུ་འཁོར་བ་ལས་རྣམ་པར་རྒྱལ་བའི་རྟགས་རིགས་བདག་བསྒོམ་ཞིང་། དེ་ཉིད་རླུང་དཀྱིལ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞག་ནས་ཕཊ་ཀྱིས་འོག་མིན་དུ་འཕང་བའི་ལས་ཀྱིས་སྒྲོལ་བའི་ཐབས་འདི་ནི་ངོ་མཚར་ཆེ་སྟེ། བསྒྲལ་བྱ་སྡིག་ཅན་ངན་འགྲོ་ལས་ཐར་ནས་རྣམ་པར་གྲོལ་བ་ཐོབ་པའི་ཐབས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །གསུམ་པ་ཉེས་པས་མི་གོས་པར་བསྟན་པ་ནི། ཡེ་ནས་སོགས་ཚིགས་བཅད་གཅིག་སྟེ། ཆོས་ཐམས་ཅད་ཡེ་ནས་སྐྱེ་མེད་དེ་བཞིན་ཉིད་ཀྱི་གནས་ལུགས་རྟོགས་པས་ཇི་ལྟར་སྒྱུ་མར་སྣང་བའི་སྐྱེས་བུས་མིག་ཡོར་དུ་སྣང་བའི་གང་ཟག་ལ་སྦྱོར་སྒྲོལ་བྱས་པའི་ཚུལ་བཞིན་དུ་སྦྱོར་བ་དང་སྒྲོལ་བའི་བྱ་བ་ཀུན་བྱས་ཀྱང་འཛིན་ཞེན་མེད་པས་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཡང་བྱས་པ་མེད་དེ། ཡེ་ཤེས་རྒྱས་པ་ལས། ཇི་ལྟར་སྒྱུ་མའི་མཁན་པོ་དག །རང་གིས་སྤྲུལ་པའི་སྒྱུ་མ་ལ། །དགེ་དང་མི་དགེ་འདུ་བྱེད་པ། །ཉེས་པ་གང་གིས་མི་གོས་ལྟར། །ཐབས་ལ་མཁས་པས་རྣམ་པར་སྤྱོད། །ཅེས་དང་། སྡུད་པ་ལས། སྐྱེ་བོ་ཕལ་ཆེར་མགོ་མང་བྱེ་བ་གཅོད་བྱེད་ཀྱང་། །འགྲོ་ཀུན་སྤྲུལ་འདྲར་རབ་ཤེས་དེ་ལ་འཇིགས་པ་མེད། །ཅེས་སོ། །གཉིས་པ་བསྒྲུབ་བྱ་དངོས་གྲུབ་ལ་གཉིས་ཏེ། དེ་འབྱུང་བའི་རྒྱུ་དང་། བླང་བའི་ཐབས་སོ། །དང་པོ་ནི། རྣལ་འབྱོར་སྔགས་འཆང་སོགས་ཚིགས་བཅད་གཅིག་སྟེ། ལམ་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཡིད་སྐྱོབ་སྔགས་ཀྱི་རང་བཞིན་རང་རིག་ལ་འཆང་བས་བསྒྲུབ་བྱའི་དངོས་གྲུབ་ནི། ལྟ་བ་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་མཉམ་རྫོགས་ལྷུན་གྱིས་གྲུབ་པར་རྟོགས་པ་དེའི་ངང་ལ་བསྒོམ་པ་ཏིང་ངེ་འཛིན་གནས་ཤིང་། སྤྱོད་པ་ཅི་ལའང་ཆགས་ཐོགས་དང་ཞེན་པ་མེད་པར་སྤྱོད་པའི་ཐབས་དེས་ཆོས་ཐམས་ཅད་ཡེ་ནས་དབྱེར་མེད་དུ་རྟོགས་པ་ནི་དངོས་གྲུབ་འབྱུང་བའི་གཞིའམ་རྒྱུའོ། །གཉིས་པ་ནི། ཡན་ལག་སོགས་ཚིགས་བཅད་གཉིས་ཏེ། རང་སྣང་གི་ཡན་ལག་ལྔ་དང་། དབང་པོ་ལྔ་དང་། དེ་དག་གི་རྣམ་ཤེས་དང་བཅས་པ་ཀུན་གྱི་རྣམ་པ་ཡེ་ཤེས་ལྔའི་ངོ་བོར་སྨིན་པ་མཚོན་བྱེད་ཡི་གེ་ༀ་དུ་ཤེས་པར་བྱ་ཞིང་། དེས་མཚོན་བྱ་རྫོགས་པའི་སངས་རྒྱས་རིགས་ལྔ་ཡབ་ཀྱི་དཀྱིལ་འཁོར་ཉིད་དུ་བསྒོམ་པའམ། ཡང་ན་གདུལ་བྱའི་དབང་གིས་ཁྲོ་བོ་རིགས་ལྔའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །དེ་བཞིན་དུ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཡུལ་གྱི་རྣམ་པ་ཀུན་དབྱིངས་ལྔའི་ངོ་བོར་སྨིན་པ་མཚོན་བྱེད་ཡི་གེ་མཱུཾ་དུ་ཤེས་པར་བྱ་ཞིང་། དེས་མཚོན་བྱ་རིགས་ལྔ་ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ་པའམ། ཡང་ན་ཁྲོ་མོ་ལྔའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །གཉིས་པ་ཁྲོ་བོའི་སྒོ་ནས་སྒྲུབ་པ་ནི། ཁྲོ་བོ་ཁྲོ་མོའི་སོགས་ཚིགས་བཅད་གཅིག་སྟེ། །ཁྲོ་བོ་ཡབ་ལྔ་དང་ཁྲོ་མོ་ཡུམ་ལྔའི་ཚོགས་ཆེན་པོ་ལ་འཁོར་ཕོ་ཉ་གནས་མ་བརྒྱད་དང་། ཕྱག་བརྙན་ཡུལ་མ་བརྒྱད། བཀའ་ཉན་སྒོ་མ་བཞིའི་ཚོགས་དང་། ཅི་བགྱིའི་མངགས་གཞུག་དབང་མོ་ཉེར་བརྒྱད་ལ་སོགས་པའི་ཁོངས་ནས་ཁྲོ་བཅུ་ཡབ་ཡུམ་སྟེ་བདུན་ཅུ་དོན་བརྒྱད་ཀྱི་ཚོགས་རྣམས་ཀྱི་རྣལ་འབྱོར་དང་ལྡན་པས་བསྒྲུབས་ན་མཆོག་ཐུན་གྱི་དངོས་གྲུབ་དང་ལས་བཞི་སོགས་འདོད་པའི་འབྲས་བུ་རྣམས་རྫོགས་པར་བྱེད་དོ། །འདིར་ལམ་རིམ་ལས། དེ་ནས་འཁོར་ལོ་གཅིག་པའམ། །གསུམ་དང་ལྔ་རུ་བསྒོམ་པར་བྱ། །ཞེས་པས་སྔར་གྱི་རིགས་བཞི་ཧེ་རུ་ཀ་རྡོ་རྗེའི་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བཞིས་བརྗེས་པའི་ལྷ་དོན་བརྒྱད་ནི་ཚོམ་བུ་གཅིག་པ། ཡང་རྡོ་རྗེ་ཧེ་རུ་ཀ་རིགས་ཆུང་དང་བཅས་པ་ལྟེ་བར་བཀོད་ནས་ཤར་ནུབ་ཀྱི་རྩིབས་ལ་བུདྡྷ་དང་པདྨ་ཧེ་རུ་ཀ་སོ་སོའི་རིགས་ཆུང་དང་བཅས་པ་བསྣན་པའི་གོ་བརྒྱད་ནི་ཚོམ་བུ་གསུམ་པ། དེའི་སྟེང་དུ་ལྷོ་བྱང་གི་རྩིབས་ལ་རཏྣ་དང་ཀརྨ་ཧེ་རུ་ཀ་རིགས་ཆུང་དང་བཅས་བསྣན་པའི་བརྒྱ་བཅོ་བརྒྱད་ནི་ཚོམ་བུ་ལྔ་པའོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་གཅིག་ཅར་བ་ནི། ཆོ་ག་ལྷག་གམ་སོགས་རྐང་པ་གཉིས་ཏེ། ཆོ་ག་སྟེ་ལམ་གྱི་རིམ་པ་རྣམས་ཅིག་ཅར་བའི་གང་ཟག་གིས་རིམ་གྱིས་པ་ལྟར་བསྒོམས་པས་ལྷག་གམ་མ་བསྒོམས་པས་མ་ཚང་ནའང་ཆད་ལྷག་གི་སྐྱོན་ཉིད་དག་སྟེ། དེའི་ཉེས་པ་མེད་པས་དངོས་གྲུབ་ཐོབ་པ་ལ་མི་སྒྲིབ་སྟེ། ནམ་མཁའ་ལ་རྡུལ་གྱིས་མི་གོས་པ་བཞིན་ནོ། །གསུམ་པ་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་ལའང་རིམ་ཅིག་ཅར་གཉིས་ལས། དང་པོ་རིམ་གྱིས་པ་ལ་གསུམ་སྟེ། ཡོ་བྱད་ལྔ་ལ་སྤྱད་པའི་འབྲས་བུ། ཚེ་དབང་རིག་འཛིན་གྱི་ཆ་ལུགས། མཐར་ཐུག་གི་འབྲས་བུ་བསྟན་པའོ། །དང་པོ་ལའང་ལྔ་སྟེ། བྲོ་གར་འདུ་འཕྲོའི། གླུ་ཚིག་སྒྲའི། རྒྱན་དང་བགོ་བའི། བཟའ་དང་བཏུང་བའི། ཨཱ་ལི་ཀཱ་ལིའི་ཡོ་བྱད་ལ་སྤྱད་པའི་འབྲས་བུའོ། །དང་པོ་ནི། སྒྱུ་འཕྲུལ་དྲྭ་བས་སོགས་ཚིགས་བཅད་གཅིག་སྟེ། ཚོམ་བུའི་ལྷ་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་ཕྱག་རྒྱ་རང་རིག་ལ་ཐེབས་པས་ཐམས་ཅད་མངོན་རྫོགས་ལྷ་དང་ལྷ་མིའི་དཀྱིལ་འཁོར་དུ་གསལ་ཞིང་བརྟན་པའི་ཏིང་ངེ་འཛིན་ཐོབ་པས་ཆགས་ཞེན་མེད་པར་སྤྱོད་ཅེས་འོག་མ་རྣམས་ལའང་སྦྱར་རོ། །དེའི་ངང་ལས་ཡན་ལག་ལྔ་ལ་ལྷ་བཀོད་དེ་རྐང་ལག་གི་བསྒུལ་བསྐྱོད་བྲོ་གར་ལས་མི་འདའ་བའི་ཕྱག་རྒྱ་འོད་ཟེར་སྤྲུལ་པའི་འདུ་འཕྲོ་སྣ་ཚོགས་དང་བཅས་ཏེ་སྤྱད་པ་ཡིས་ས་འོག་དང་རི་བྲག་ལ་འཛུལ་ལམ། སྟེང་གི་ནམ་མཁར་ཐོགས་མེད་དུ་འགྲོ་བས་ཀླུ་དང་ལྷའི་བུ་མོ་རྣམས་དབང་དུ་བྱེད་པར་འགྱུར་རོ། །གཉིས་པ་ནི། གླུ་ཚིགས་སོགས་ཏེ། སྙན་པའི་གླུ་དང་བརྗོད་པའི་ཚིག་ཐམས་ཅད་རང་རིག་ཡེ་ཤེས་ཀྱི་སྒྲ་ལས་མི་འདའ་བའི་ཕྱག་རྒྱར་སྤྱད་པ་ཡིས་གསུང་གཅིག་གིས་མཐའ་ཡས་པའི་གདུལ་བྱར་ཆོས་ཀྱི་འཁོར་ལོ་བསྐོར་བའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གསུམ་པ་ནི། རྒྱན་དང་སོགས་ཏེ། རིན་ཆེན་རུས་པ་སོགས་ཀྱི་རྒྱན་དང་དར་དང་ཀོ་རློན་སོགས་བགོ་བའི་ཆས་གོས་རྣམས་ཡེ་ཤེས་ལས་མི་འདའ་བའི་ཕྱག་རྒྱར་སྤྱད་པ་ཡིས་གཟི་བྱིན་འབར་བའི་རྒྱལ་པོ་རྒོལ་བ་གང་གིས་ཀྱང་ཐུབ་པ་མེད་པའི་སྟོབས་དང་ལྡན་པ་འགྲུབ་པར་འགྱུར་རོ། །བཞི་པ་ནི། བཟའ་དང་སོགས་ཏེ། ཤ་ཆང་སོགས་བཟའ་དང་བཏུང་བ་རྣམས་ཡེ་ཤེས་ལས་མི་འདའ་བའི་ཕྱག་རྒྱར་སྤྱད་པ་ཡིས་འདོད་རྒུར་བསྒྱུར་བའི་ཡིད་བཞིན་གྱི་སྐུ་བཟང་པོ་དང་རོ་བརྒྱ་ལྡན་པའི་བདུད་རྩི་ཟད་པ་མེད་པས་འགྲོ་བ་ཚིམ་པར་བྱེད་པ་འགྲུབ་བོ། །ལྔ་པ་ནི། ཨཱ་ལི་སོགས་ཏེ། ཨཱ་ལི་སྦྱོར་བ་དང་ཀཱ་ལི་སྒྲོལ་བའི་བརྡ་ཚིག་སྟེ། རང་རིག་པའི་ཡེ་ཤེས་ལས་མི་འདའ་བའི་ཕྱག་རྒྱར་སྤྱད་པ་ཡིས་ལས་ཐམས་ཅད་དང་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །གཉིས་པ་ཚེ་དབང་གི་ཆ་ལུགས་ནི། མི་དང་སོགས་རྐང་པ་གསུམ་སྟེ། མིའི་དབང་པོ་དང་། འདོད་པའི་ལྷ་དང་། གཟུགས་ཀྱི་ལྷ་ཚངས་པ་ལ་སོགས་པའི་སྐྱེ་བ་རྣམ་དག་འཛིན་མོད་ཀྱང་གཞན་ལས་ཁྱད་པར་དུ་གྱུར་པ་སྟེ། སྐྱེ་བ་ལ་རང་དབང་འབྱོར་བས་གང་ལ་གང་འདུལ་དུ་སྐྱེ་བར་སྣང་བའི་ཕྱིར་རོ། །དེས་ན་ནུས་ཐོབ་མཐོང་ལམ་གྱི་ས་ལ་གནས་པས་རྒྱུའི་ཐེག་པའི་རབ་དགའ་དང་མཐོང་ལམ་ཙམ་དུ་སྐལ་བ་མཉམ་ཀྱང་དགོངས་པ་རྒྱུའི་མི་གཡོ་བའི་ས་ལ་བཞུགས་པའི་བྱང་སེམས་དང་མཉམ་པར་འགྱུར་བ་ཡིན་ནོ། །གསུམ་པ་ནི། ཕ་རོལ་སོགས་རྐང་པ་ལྔ་སྟེ། ཤེས་འཇུག་འབྲེལ་བས་ཚོགས་གཉིས་རྫོགས་པའི་འབྲས་བུ་ནི་རྒྱུ་འབྲས་ཀྱི་ས་ལམ་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། དེ་ཡང་སློབ་ལམ་ས་བཅུའི་ངོ་བོ་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་གཉིས་སུ་མེད་པའི་དོན་མཐར་ཕྱིན་པ་ལ་རྫོགས་པ་ནི། གང་ལ་ཡང་ཡོངས་སུ་མི་འཛིན་པས་སྦྱིན་པ། ཅི་ལའང་མ་ཆགས་པས་ཚུལ་ཁྲིམས། གཉིས་མེད་ཀྱི་དོན་ལ་མི་སྐྲག་པའི་བཟོད་པ། དེའི་ངང་ལས་མི་གཡོ་བའི་བསམ་གཏན། དེ་ལས་དུས་ཐམས་ཅད་དུ་མི་གཡེལ་བའི་བརྩོན་འགྲུས། དོན་ཕྱིན་ཅི་མ་ལོག་པར་རང་རིག་ལ་གསལ་བའི་ཤེས་རབ། དེ་མངོན་དུ་གྱུར་པས་སྨོན་ལམ། འབྲས་བུ་གཞན་ནས་མི་འཚོལ་བས་ཐབས། མི་མཐུན་ཕྱོགས་ཀྱིས་མི་བརྫི་བས་སྟོབས། ཡེ་ཇི་བཞིན་པའི་དོན་མངོན་དུ་རྟོགས་པས་ཡེ་ཤེས་ཏེ། དེ་ལྟར་ཕར་ཕྱིན་བཅུ་པོ་ཀུན་ཏུ་རྫོགས་པ་ན་སའི་ཁྱད་པར་བཅུའི་བགྲོད་པའང་རྫོགས་པར་འགྱུར་ཏེ། འདི་ལྟར་མཉམ་པ་ཉིད་ཀྱི་དབྱིངས་རང་མཚན་མཐོང་བས་ས་དང་པོ་རབ་ཏུ་དགའ་བ། མཐར་ལྟའི་དྲི་མ་དག་པས་གཉིས་པ་དྲི་མ་མེད་པ། སེམས་ཉིད་རང་གསལ་བས་འགྲོ་བའི་དོན་མི་འགོག་པར་བྱེད་པས་གསུམ་པ་འོད་བྱེད་པ། རང་རིག་ཉིད་ཐམས་ཅད་དུ་འོད་གསལ་བས་བཞི་པ་འོད་འཕྲོ་བ། དོན་གཉིས་དུས་གཅིག་ཏུ་བྱེད་པས་ལྔ་པ་སྦྱང་དཀའ་བ། སེམས་ཉིད་ཡུལ་མེད་དུ་རང་གསལ་བས་དྲུག་པ་མངོན་དུ་གྱུར་པ། མཐའི་ལྟ་བ་ལས་རིང་དུ་སོང་བས་བདུན་པ་རིང་དུ་སོང་བ། གཡེང་བའི་ཡུལ་མེད་པས་བརྒྱད་པ་མི་གཡོ་བ། ཡོན་ཏན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་མངའ་བས་དགུ་པ་ལེགས་པའི་བློ་གྲོས། ཡོན་ཏན་དེ་དག་ཀུན་གྱི་འབྱུང་གནས་སུ་གྱུར་པས་བཅུ་པ་ཆོས་ཀྱི་སྤྲིན་རྣམས་དང་། མཐར་ཐུག་སངས་རྒྱས་ཀྱི་ས་གསུམ་ཡང་གྲུབ་སྟེ། རང་རིག་ཅིར་ཡང་མི་དམིགས་པ འི་ཡེ་ཤེས་ཉིད་ཀུན་ཏུ་ཁྱབ་ཅིང་སྣང་བས་ཐབས་མ་འགགས་པ་སྟེ་ཀུན་ཏུ་འོད་ཀྱི་ས་དང་། དེ་ལས་མ་གཡོས་བཞིན་དུ་མ་ཆགས་མི་དམིགས་པའི་ཤེས་རབ་ཀྱིས་གོས་པ་མེད་པའི་ཡེ་ཤེས་ནི་ཐབས་ལ་མཁས་པ་ཉིད་ཀྱི་ཕྱིར་མཆོག་སྟེ་པདྨ་ཅན་གྱི་སའོ། །ཤེས་རབ་སྤྲོས་བྲལ་གྱི་ཡེ་ཤེས་མཆོག་གི་བྱིན་རླབས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྩོལ་བ་མེད་པ་ལྷུན་གྱིས་གྲུབ་པར་སྟོན་ནུས་པ་མཆོག་ཏུ་གྱུར་པའི་ཡེ་ཤེས་ནི་འཁོར་ལོ་ཚོགས་ཆེན་གྱི་ས་སྟེ། འགྲེལ་ཆུང་ལས། ཐབས་ནི་ཀུན་ཏུ་འོད་ཡིན་ཤེས་རབ་པདྨ་ཅན། །ཐབས་དང་ཤེས་རབ་མཆོག་ཉིད་འཁོར་ལོ་ཚོགས་ཆེན་ཏེ། །ཞེས་སོ། །དེ་ལྟར་མཐོང་སྒོམ་མཐར་གསུམ་གྱིས་བསྡུས་པས་བཅུ་ནི་རྒྱུའི་ས་སྟེ། སྤང་བྱ་སྤོང་བ་དང་གཉེན་པོ་སྐྱེ་བའི་ས་ཡིན་པའི་ཕྱིར། ས་མཚན་ཉིད་པ་ཡིན་ལ། ཀུན་ཏུ་འོད་སོགས་གསུམ་ནི་མཐར་ཐུག་འབྲས་བུ་སངས་རྒྱས་ཀྱིས་གཅིག་གི་ངོ་བོ་ལ་སྐུ་གསུམ་གྱི་ཆས་ཕྱེ་ནས་བཏགས་པ་སྟེ། ས་ལམ་གྱི་ཁྱད་པར་དེ་ཐམས་ཅད་དུས་ཡུན་རིང་པོར་སྦྱང་མི་དགོས་པར་མྱུར་དུ་ལྷུན་གྱིས་རྫོགས་པར་འགྱུར་རོ། །འོ་ན་རྒྱུའི་ཐེག་པའི་ཀུན་ཏུ་འོད་དང་མཐར་ཐུག་ས་གསུམ་གྱི་ནང་ཚན་ཀུན་ཏུ་འོད་གཉིས་གཅིག་གམ་སྙམ་ན། མི་གཅིག་སྟེ། ལམ་རིམ་ལས། ལམ་གྱི་རྩོལ་བས་ངལ་བ་རྣམས། །བྲོད་པ་བསྐྱེད་ཕྱིར་ཀུན་ཏུ་འོད། །རྡོ་རྗེ་འཛིན་སྟུག་བཀོད་པར་བསྟན། །མཐར་ཐུག་ས་གསུམ་ཆ་ལས་བརྗོད། །ཅེས་སོགས་ཀྱི་འཕྲོས་ལས། རང་ས་ཐོབ་ལས་ངོ་བོ་ཉིད། །གཅིག་པར་སྨྲ་བ་མུན་སྤྲུལ་ལོ། །ཞེས་དང་། དབྱིག་གི་སྒྲོན་མ་ལས་ཀྱང་། ཁྱོད་ཀྱི་མཐར་ཕྱིན་ཀུན་ཏུ་འོད། །ཐབས་ཆེན་ཐེག་པའི་བསྟི་གནས་སོ། །ཞེས་དང་། ཨཱརྱ་དེ་བའི་གསུང་མིག་སྒྲོན་རང་འགྲེལ་དུ་དྲངས་པར་ཀྱང་། རྒྱུ་ཡིས་བགྲོད་པའི་ཀུན་ཏུ་འོད། །ཐབས་ཆེན་ལམ་གྱི་ཆོས་སྐུ་སྟེ། །ཞེས་སོ། །དེ་ལྟར་ན་འདི་ཉིད་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པ་དང་འགལ་ལོ་ཞེ་ན། རང་རང་གི་གནས་སྐབས་ཀྱི་དམིགས་ཡུལ་ལ་ལྟོས་ནས་ཐ་དད་པའི་འབྲས་བུ་རེ་ཐོབ་ནའང་མཐར་ཐུག་ཡང་དག་པའི་འབྲས་བུ་ལ་ལྟོས་ནས་གཅིག་ཏུ་གྱུར་པས་སྐྱོན་མེད་དེ། འདི་ཉིད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཡེ་ཤེས་ངོ་མཚར་རབ་འབྱམས་ཀྱིས། །དོན་དུ་མི་འགྱུར་ཡོངས་མ་གསུངས། །ཞེས་སོ། །གཉིས་པ་ཅིག་ཅར་བའི་འབྲས་བུ་ནི། དཀྱིལ་འཁོར་ཀུན་ཏུ་སོགས་རྐང་པ་གཉིས་ཏེ། བསྒྲུབ་བྱའི་དཀྱིལ་འཁོར་ཀུན་དང་། ལམ་དུ་གྱུར་པའི་འབྲས་བུ་རིག་འཛིན་བཞིའི་ཆར་གཏོགས་པའི་ཡེ་ཤེས་ཆིག་ཆོད་དུ་རང་རིག་ལ་གསལ་བའི་བློས་རབ་ཏུ་སྦྱོར་བས་ན་མཐར་ཐུག་གི་འབྲས་བུའི་དཀྱིལ་འཁོར་གྱི་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱང་རྩོལ་མེད་དུ་འགྲུབ་པར་འགྱུར་ཏེ། འདི་ཉིད་ལས། མཉམ་པའི་དམ་ཚིག་ལ་གནས་པ། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །ཞེས་སོ། །གཉིས་པ་གསུང་ཚུལ་ལ་གཉིས་ཏེ། བཀའ་གསང་སྔགས་མཚོན་པ་དང་། གཞུང་གསུངས་པའི་ཡོན་ཏན་ནོ། །དང་པོ་ནི། རྡོ་རྗེ་སོགས་ཏེ་ཚོགས་སྒྲུབ་ཀྱི་དོན་འདི་རྣམས་རྡོ་རྗེ་འཛིན་པ་གསང་བའི་བདག་པོས་ཚིག་ཏུ་བརྗོད་པའོ། །གཉིས་པ་ནི། ཞེས་དེ་བཞིན་སོགས་དང་། ཅེས་ཆེད་དུ་སོགས་ཏེ། དེ་སྐད་ཅེས་སྟོན་པ་དེ་བཞིན་གཤེགས་པ་ཉིད་ཀྱིས་འཁོར་གྱི་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ཞིང་ཆེད་དུ་བརྗོད་པས་སྣང་སྤྱོད་ཐམས་ཅད་ཡེ་ཤེས་ཀྱི་རོལ་མོར་འཆར་བའི་སྤྲིན་གྱིས་མཉེས་པར་གྱུར་ཏོ། །གསུམ་པ་མཚན་ཉིད་སྡེབས་པ་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་ཡོད་པ་ལས། འདིས་སྐལ་ལྡན་མིའི། འབྱོར་ལྡན་ཡོ་བྱད་ཀྱི། དགྱེས་ལྡན་ལྷའི་ཚོགས་དང་། དེ་དག་སྣང་ལ་མི་དམིགས་པར་སྤྱད་པས་ཚོགས་ཆེན་པོ་སྟེ། དེ་ལྟ་བུའི་ཚོགས་ཀྱི་དཀྱིལ་འཁོར་ཚོམ་བུ་གཅིག་གསུམ་ལྔ་བའི་སྒོ་ནས་ཚོགས་སྒྲུབ་པའི་ལེའུ་སྟེ་བཅུ་གཅིག་པ་དང་བཅུ་གཉིས་པའོ།། ༈ །།ལེའུ་བཅུ་གསུམ་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། ཚོགས་སྒྲུབ་བསྟན་པ་དེ་ནས་ཐབས་གྲོལ་གྱི་མན་ངག་སྙིང་པོ་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་ཕྱོགས་བཅུ་དུས་བཞིས་བསྡུས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཕྱེད་པའི་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་རིག་པའི་ཡེ་ཤེས་རང་སྣང་བ་ལས་ཐ་མི་དད་པས་གཅིག་ཏུ་འདུས་ནས་གནས་པའི་སྟོན་པ་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོ་རང་བྱུང་གི་ཡེ་ཤེས་སུ་མ་བཙལ་བར་ལྷུན་གྱིས་གྲུབ་པ་ལས་མི་འདའ་བའི་དམ་ཚིག་སྣོད་མ་ཡིན་པ་ལ་ཤིན་ཏུ་གསང་བ་རང་བཞིན་གསང་པའི་སྙིང་པོ་དེ་ཁོ་ན་ཉིད་མཚོན་བྱེད་ཐབས་ཀྱི་སྤྲིན་རྣམ་པར་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་གཞུང་ལ་གཉིས་ཏེ། དངོས་དང་། གསུང་ཚུལ་ལོ། །དང་པོ་ལ་གསུམ་སྟེ། མན་ངག་གི་ངོ་བོ་བཤད་པ། དེ་གཞན་ལས་འཕགས་པའི་ཆེ་བ་བཤད་པ། ཡུལ་གང་ལ་གདམས་པའི་སྣོད་བཤད་པའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། མཚོན་པར་བྱེད་པའི་སྒོ། མྱོང་བར་བྱེད་པའི་ཐབས། མངོན་དུ་གྱུར་པ་འབྲས་བུའོ། །དང་པོ་ལའང་གསུམ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྟ་བ་མཚོན་པའི་སྒོ། དེ་གཉིས་ཀའི་ཐ་སྙད་མཚོན་བྱེད་ཀྱི་སྒོ། མཚོན་བྱ་དོན་གྱི་ཁྱད་པར་འབྱིན་ཚུལ་ལོ། །དང་པོ་ནི། མ་རྟོགས་པ་དང་སོགས་ཚིགས་བཅད་གཅིག་སྟེ། འདི་ལ་གཉིས་ལས། དང་པ་ོ འཇིག་རྟེན་པའི་ལྟ་བ་ལ། མ་རྟོགས་པ་དང་། ལོག་པར་རྟོགས་པ་གཉིས་ཀྱི། མ་རྟོགས་པ་ནི། འཁོར་བ་ལས་སྒྲོལ་བའི་ཐབས་ལ་རྨོངས་པ་སོར་བཞག་ལྷ་དང་མིའི་ཐེག་པ་གཉིས་སོ་ཞེས་བཞེད་པའང་ཡོད་མོད་ཀྱི། དེ་ལྟ་ནའང་མན་ངག་ལྟ་ཕྲེང་དང་བི་མ་ལའི་འགྲེལ་ཆུང་ལས། ཕྱལ་རྒྱང་གཉིས་ལ་བཞེད་པ་ལྟར་འཆད་དེ། རྟེན་འབྱུང་རྒྱུ་འབྲས་ཀྱི་ཆོས་ཡོད་མེད་གང་དུའང་མ་རྟོགས་པས་སྤོང་ལེན་མི་བྱེད་པའི་ཀུན་ཏུ་རྨོངས་པ་ནི་ཕྱལ་པ་ཞེས་བྱ་ཞིང་། ཚེ་སྔ་ཕྱི་དང་ལས་འབྲས་ཡོད་པ་ཙམ་རྟོགས་ཀྱང་ཕྱི་མ་རྒྱང་དུ་བོར་ཏེ་ཚེ་འདིའི་བཙན་ཕྱུག་མཐུ་སྟོབས་སོགས་འཇིག་རྟེན་པའི་རིག་པ་བཟོ་དང་མོ་རྩིས་སོགས་ལ་བརྟེན་ནས་བསྒྲུབ་པས་ན་རྒྱང་འཕེན་པ་ཞེས་བྱའོ། །དེ་ལ་ཕྱལ་བ་ནི་མ་རྟོགས་པ་དངོས་དང་། རྒྱང་འཕེན་པ་ནི་ཞར་ལས་བྱུང་བའི་མ་རྟོགས་པ་སྟེ། དེ་གཉིས་ཀ་གྲུབ་མཐས་བློ་བསྒྱུར་བའི་ལྟ་བ་མ་ཡིན་ཀྱང་སེམས་ཀྱི་གནས་ཚུལ་བསྡུ་བའི་ཕྱིར་དེའི་ཟླ་ལ་བཤད་པ་ཡིན་ནོ། །ལོག་པར་རྟོགས་པ་ནི། ཆད་ལྟ་མུར་སྟུག་པ་དང་། རྟག་ལྟ་མུ་སྟེགས་པའོ། །དང་པོ་ནི། ཆོས་ཉིད་ཅིའི་ངོ་བོར་ཡང་མ་གྲུབ་པས་འཁྲུལ་གཞི་བྱས་ནས་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་པར་ལྟ་བ་སྟེ། ཚེ་གཅིག་གི་ཆོས་ཐམས་ཅད་རྒྱུ་མེད་གློ་བུར་དུ་སྐྱེ་ཞིང་མཐའ་ཆད་པར་སྨྲ་བས་སྔ་ཕྱིའི་མུར་ཐུག་པའོ། །གཉིས་པ་ནི། ཆོས་ཉིད་འགྱུར་བ་མེད་པས་འཁྲུལ་གཞི་བྱས་ནས་བདག་དང་གཙོ་བོའམ་དབང་ཕྱུག་སོགས་རྟག་པ་གཅིག་པུ་རང་དབང་ཅན་དུ་འདོད་པ་སྟེ། དབྱེ་ན། གྲངས་ཅན་པ། བྱེ་བྲག་པ། སྤྱོད་པ་པ། གཅེར་བུ་པ་དང་བཞིའི་སྟེང་དུ་ཆད་ལྟ་མུར་སྟུག་པ་བསྣན་པས་ཏརྐ་སྡེ་ལྔ་ཞེས་གྲགས་ཤིང་། དེ་ཐམས་ཅད་བདག་ཏུ་ལྟ་བར་མཐུན་ཏེ། མུ་སྟེགས་པ་ནི་བདག་རྟག་པར་འདོད་ལ། མུར་སྟུག་པ་ནི་བདག་ཡོད་པ་ཆད་པར་འདོད་པའོ། །རྒྱུ་མཚན་དེས་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་ཐབས་མ་ཡིན་ཏེ། འཁོར་བའི་རྩ་བ་བདག་འཛིན་གྱིས་བཅིངས་པའི་ཕྱིར། དེ་ལྟར་ཡང་རྣམ་འགྲེལ་ལས། ཇི་སྲིད་བདག་ལ་མངོན་ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར། །ཞེས་སོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ལྟ་བ་ལ། རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས། དང་པོ་རྒྱུའི་ཐེག་པ་ལའང་རྣམ་པར་ཐར་པའི་སྒོ་ཕྱོགས་རེ་ཙམ་རྟོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་གཉིས་ཏེ། སྔ་མས་གང་ཟག་གི་བདག་མེད་དང་། ཕྱི་མས་དེའི་སྟེང་དུ་ཆོས་བདག་གཟུང་བ་རང་བཞིན་མེད་པར་རྟོགས་པས་ཕྱེད་དང་གཉིས་རྟོགས་ཀྱང་འཛིན་པ་རང་བཞིན་མེད་པར་མ་རྟོགས་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པའི་རྣམ་ཐར་གྱི་སྒོ་ལ་སྤྱོད་ཀྱང་རྡོ་རྗེའི་ཐེག་པའི་དོན་མ་རྟོགས་པས། ཡང་དག་ཉིད་མ་རྟོགས་པ་ནི་དབུ་སེམས་གཉིས་ཏེ། སེམས་ཙམ་པས་དོན་དམ་པར་གཟུང་འཛིན་གཉིས་མེད་དང་། དབུ་མ་པས་དོན་དམ་པར་སྤྲོས་པ་དང་བྲལ་བར་འདོད་པས་བདག་མེད་གཉིས་རྟོགས་ཀྱང་། ཆོས་ཐམས་ཅད་ཡེ་ནས་དག་མཉམ་ཆེན་པོར་གནས་པའི་དོན་མ་མཐོང་བའི་ཕྱིར། གཉིས་པ་འབྲས་བུའི་ཐེག་པ་ལ་ཕྱི་ནང་གཉིས་ལས། དང་པོ་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ལ། སྒོ་གསུམ་གྱི་བྱ་བས་རྒྱུད་འདུལ་བ་གཙོ་བོར་བྱེད་པ་ཀྲྀ་ཡ་དང་ཨུ་པ་ཡ། སེམས་ཀྱི་དགོངས་པ་ཏིང་ངེ་འཛིན་གཙོ་བོར་བྱེད་པས་འབྲས་བུ་སྒྲུབ་པ་ནི་ཡོ་གའོ། །གཉིས་པ་ནང་པ་ཐབས་ཀྱི་རྒྱུད་ལ། ཕྱི་རྒྱུད་མན་ཆད་ཐུན་མོང་གི་ཡུལ་དུ་མ་གྱུར་པས་གསང་བ་ནི་ཕ་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག་དང་། མ་རྒྱུད་རྫོགས་པ་ཨ་ནུ་ཡོ་གའོ། །ཆོས་ཐམས་ཅད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་སུ་གནས་པའི་དོན་ཨ་ནུ་མན་ཆད་ཀྱི་ཡུལ་དུ་མ་གྱུར་པས་གསང་བ་ནི་གཉིས་མེད་ཀྱི་རྒྱུད་ཨ་ཏི་ཡོ་ག་སྟེ། མ་ཧཱ་ཡོ་ག་ལ་གསུམ་དུ་ཕྱེ་བའི་བསྐྱེད་རྫོགས་གསུམ་མོ། །དེ་ལྟར་ཨ་ཏི་མན་ཆད་ཀྱི་དོན་དེ་རྣམས་ནི་མཚོན་བྱ་སྒོའི་ཁྱད་པར་བསྟན་པའོ། །གཉིས་པ་ནི། ཡི་གེ་སྒྲ་བཏགས་སོགས་རྐང་པ་གཉིས་ཏེ། མཚོན་བྱ་དེ་རྣམས་ཐ་སྙད་གང་གིས་མཚོན་ཞེ་ན། ཡི་གེ་ཨ་ལས་སྒྲའི་ང་རོ་དང་མིང་གཞི་གསལ་བར་བྱེད་པའི་ཐ་སྙད་ཀྱིས་གཏགས་པ་དབྱངས་གསལ་གྱི་ཡི་གེ་སིལ་བུ་འདུས་པ་ལས་དོན་གྱི་ངོ་བོ་ཙམ་སྟོན་པ་མིང་འབྱུང་ཞིང་། དེ་དུ་མ་ཚོགས་པ་ལ་བརྟེན་ནས་དོན་གྱི་ཁྱད་པར་གསལ་བར་སྟོན་པའི་ཚིག་དང་། ཚིག་གི་ཚོགས་འདུས་པ་ལས་གཞུང་སོ་སོའི་ལུས་གྲུབ་ཅིང་། དེས་རང་རང་གི་བརྗོད་བྱའི་དོན་རབ་ཏུ་མཚོན་ཏེ་གནས་སོ། །གསུམ་པ་ནི། ཁོང་ནས་སོགས་རྐང་པ་གཉིས་ཏེ། སྤྱིར་གཞུང་ཚིག་སོ་སོའི་ཁོང་ནས་རང་རང་གི་བརྗོད་བྱའི་དོན་གནས་ཤིང་། ཁྱད་པར་མཚོན་བྱ་རང་བཞིན་གྱི་རྒྱུད་སེམས་ཅན་ཀུན་གྱི་ཁོང་ན་གནས་ཀྱང་རྟོགས་དཀའ་བས་གབ་ཅིང་། མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་དུ་གསང་བ་ཟབ་མོ་རྣམས་སྐལ་མེད་ཀྱིས་མི་གོ་བའི་ཕྱིར་སྦས་པ་སྟེ། དེ་ལྟར་གབ་སྦས་ཀྱི་དོན་གཉིས་པོ་དེ་འབྱིན་པར་བྱེད་པ་པོ་ནི་རྒྱུད་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་རྡོ་རྗེ་སློབ་དཔོན་གྱི་ཐུགས་ལ་གནས་པའི་ཕྱིར་དེས་འབྱིན་ཅིང་། ཇི་ལྟར་འབྱིན་ན། རང་གནས་རང་བཞིན་གྱི་རྒྱུད་ངོ་སྤྲོད་པ་དང་། ཡི་གེའི་རྒྱུད་འཆད་པའི་མན་ངག་གིས་འཁྲུགས་པ་སྡེབ་ཅིང་གབ་པ་མངོན་དུ་ཕྱུང་བའི་ཚུལ་གྱིས་སོ། །གཉིས་པ་མྱོང་བར་བྱེད་པའི་ཐབས་ལ། གཞུང་གཅིག་གི་སྟེང་དུ་བཤད་ཚུལ་གཉིས་ཏེ། ཤེས་རབ་གྲོལ་ལམ་གྱི་དབང་དུ་བཤད་པ་དང་། ཐབས་ལམ་གདམས་ངག་གི་དབང་དུ་བཤད་པའོ། །དང་པོ་ལའང་གཉིས་ཏེ། གྲོལ་ལམ་རིམ་གྱིས་པ་ལྟར་དུ་བཤད་པ་དང་། གྲོལ་ལམ་ཅིག་ཅར་བ་ལྟར་དུ་བཤད་པའོ། །དང་པོ་ལའང་མཚན་ཉིད་གསུམ་ལས། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ནི། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །ཤེས་ཏེ། རང་རིག་པ་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རིས་མེད་དུ་ལྡན་པར་ཁྱབ་པ་ནི་ལྟ་བའི་ངོ་བོ་སྟེ། གནས་ལུགས་ཀྱི་དཀྱིལ་འཁོར་དེ་ཉིད་གཏན་ཚིགས་རྣམས་ཀྱིས་གཏན་ལ་ཕབ་པས་ཡུལ་མེད་རང་གསལ་དུ་རྟོགས་པ་ནི་གྲུབ་མཐའོ། །དེ་ནས་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ནི། དཀྱིལ་འཁོར་ལ་ནི་སོགས་ཚིགས་བཅད་ཕྱེད་དང་བཞི་སྟེ། ཡེ་ནས་རྣམ་པར་དག་པ་ཆོས་ཉིད་དོན་གྱི་དཀྱིལ་འཁོར་དེ་ལ་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྟོང་པ་ཆེན་པོའི་རྣལ་འབྱོར་བསྒོམ་ཞིང་། དོན་དམ་ཆོས་ཉིད་ཀྱི་དཀྱིལ་འཁོར་དེའི་རང་གདངས་མ་འགགས་པ་ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ་པ་ནི་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་རོ། །དེ་གཉིས་ཟུང་དུ་འཇུག་པ་མི་འགྱུར་བའི་བདེ་བ་ཆེན་པོ་ཅིར་ཡང་མ་འགགས་པ་ལས་རང་བྱུང་བའི་ཡི་གེ་ཨར་སྣང་སྟེ། དེ་ལས་ཨ་ཕྲ་མོ་དང་ཀ་སོགས་ཀྱི་འཕྲོ་འདུ་ལ་སེམས་སྦྱང་ཞིང་། དེ་ཐམས་ཅད་ཀྱང་ཐུགས་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་ཧཱུཾ་གི་དཀྱིལ་འཁོར་དུ་བསྡུས་ལ་བསྒོམ་པ་ནི་ཕྲ་བ་ཡིག་འབྲུ་ལ་བསླབ་པའོ། །དེ་ཉིད་རྡོ་རྗེ་རྩེ་ལྔ་པར་གསལ་བ་ཡོངས་སུ་གྱུར་པ་ལས་སྣང་སྟོང་དབྱེར་མེད་ཀྱི་ལྷ་སྐུའི་དཀྱིལ་འཁོར་ཡན་ལག་ལྷག་པའི་ལྷ་དང་བཅས་པ་བསྒོམ་པ་ནི་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་ཡིན་ལ། དེས་དཀྱིལ་འཁོར་ཐམས་ཅད་བསྒོམས་པར་འགྱུར་བས་ན་མཆོག་སྟེ། རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན། །མ་ལུས་པར་ནི་བསྒོམ་པར་འགྱུར། །ཞེས་གསུངས་ཤིང་། ཟུང་འཇུག་གི་ལྷ་སྐུ་དེ་ཐ་དད་དུ་ཞེན་པའི་བློས་རྟོགས་དཀའ་བས་གསང་བའི་དོན་དང་མཐའི་སྤྲོས་པ་དང་བྲལ་བས་ཐིག་ལེ་སྟེ། དེ་ལྟར་སྤྲོས་བཅས་ཀྱི་དཀྱིལ་འཁོར་འཆར་གཞིར་གྱུར་པས་ན་དབྱིངས་སོ། །དེའང་འབྱུང་བ་ལྔ་ནི་ཤེས་རབ་ཀྱི་རང་བཞིན་རིགས་ཀྱི་ཡུམ་ལྔ་དང་། ཆེན་པོའི་སྒྲས་བརྗོད་པ་ཕུང་པོ་ལྔ་ནི་རིགས་ཀྱི་དེ་བཞིན་གཤེགས་པ་ལྔ་སྟེ། དེ་ལྟར་རྟོག་ཚོགས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་རང་བཞིན་གྱིས་རྣམ་པར་དག་པས་ལྷ་རྟོག་དབྱེར་མི་ཕྱེད་པ་ནི་རྡོ་རྗེའི་ཚོགས་ཏེ། འདི་ལྟར་མིག་སོགས་དབང་པོ་དང་། གཟུགས་སོགས་ཡུལ་དང་། འདས་པ་སོགས་དུས་དང་། མིག་གི་རྣམ་ཤེས་སོགས་རིག་པ་སྟེ། དེ་ལྟར་རྟོག་ཚོགས་ཀྱིས་བསྡུས་པའི་སྤྱོད་ཡུལ་རྣམས་སེམས་དཔའ་སེམས་མ་དང་། ཁྲོ་བོ་ཁྲོ་མོ་སོགས་ལྷར་ཡོངས་སུ་དག་པས་ན་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་སྟེ། རྒྱལ་བ་བཞི་བཅུ་རྩ་གཉིས་ལ་ཡན་ལག་གི་ལྷ་བཞི་བཅུ་པ་རེ་བསྒོམ་པ་ནི་ཐབས་ཀྱི་ལྷ་བཞི་བཅུའོ། །དེ་རྣམས་ཀྱང་རང་གི་སེམས་ཉིད་རྣམ་པར་འཕྲུལ་པའི་བདག་ཉིད་ཆེན་པོ་ཡན་ལག་ལྷག་པའི་ལྷ་ཐུགས་ཡེ་ཤེས་སེམས་དཔའ་རེ་རེ་བསྒོམས་པས་ཤེས་རབ་ཀྱི་ལྷ་བཞི་བཅུ་དང་། ཐབས་ལྷ་བཞི་བཅུ་པོ་ལ་སྐུ་གསུང་ཐུགས་ཀྱི་ལྷ་རེ་རེ་སྟེ། བཞི་བཅུ་པ་ཚན་པ་བཞི་ལ་ཡེ་ཤེས་ལྔའི་ཕྱག་རྒྱ་དབུ་རྒྱན་གྱི་ལྷ་ལྔ་ལྔ་རེས་བརྒྱན་པར་བལྟ་ཞིང་བསྒོམ་མོ། །དེ་ལྟར་ཉི་ཁྲི་བཞི་སྟོང་པོ་ཐམས་ཅད་གསལ་ཞིང་བརྟན་པ་ནི་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ཏེ་སྤྲོས་བཅས་སོ། །དྭངས་མ་དཀར་དམར་གྱི་སྙིང་པོའི་ཐིག་ལེ་དབབ་ལྡོག་གི་སྦྱོར་བས་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་སྦྱོར་བ་ནི་ཨཱ་ལི་སྟེ། དེས་མཚོན་ནས་ཡོ་བྱད་ལྔ་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པར་མཉམ་པར་སྦྱོར་བས་སྤྱོད་བཞིན་མ་ཆགས་པ་བདེ་བའི་ཡེ་ཤེས་ཀྱི་རོལ་མོ་ཡིས་རྟོག་ཚོགས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་གསལ་བས་དགྱེས་པ་དང་ལྡན་པའི་ལྷ་ཉིད་ལ་ཉིད་རོལ་པའི་ཚུལ་དུ་མཆོད་པ་མཉམ་རྫོགས་ཆེན་པོར་དབུལ་བ་ནི་ཚོམ་བུ་ཚོགས་སྒྲུབ་བོ། །དེ་ནས་འབྲས་བུའི་མཚན་ཉིད་ནི། ཟག་པ་སོགས་རྐང་པ་དགུ་སྟེ། དེ་ལྟར་ཟག་པ་མེད་པའི་ཡེ་ཤེས་དང་བསོད་ནམས་ཁྱད་པར་ཅན་གྱི་མཐུས་གནས་སྐབས་ཀྱི་འབྲས་བུ་འོད་གསལ་གྱི་ལྷ་སྐུར་མངོན་དུ་གྱུར་པ་མཐོང་ལམ་གཉིས་གང་རུང་ཐོབ་པ་ལས། ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུར་རང་སྣང་བ་རྒྱ་ཆེན་དང་མཐར་ལམ་གྱི་ས་བརྙེས་པ་ལ་སྦྱོར་བར་འགྱུར་ཏེ། དེའི་དགོངས་པ་ནི་སྤྱོད་ཡུལ་ཐམས་ཅད་རང་བྱུང་གི་ཡེ་ཤེས་རང་སྣང་བའི་རོལ་མོ་དག་པ་རབ་འབྱམས་ལྷའི་དཀྱིལ་འཁོར་མཐའ་ཡས་པར་འཆར་ཞིང་། སྣང་སྟོང་མི་ཕྱེད་པའི་ཡེ་ཤེས་མཆོག་ཐུགས་སུ་ཆུད་ལ། དེ་ཉིད་རྟོགས་དཀའ་ཞིང་སྤྲོས་པའི་ཡུལ་ལས་འདས་པས་གསང་བའི་ཐིག་ལེ་སྟེ་མཉམ་པ་ཉིད་ཀྱི་དབྱིངས་སོ། །ཟུང་འཇུག་དེ་ནི་སངས་རྒྱས་ཀུན་གྱི་ངོ་བོའམ་དངོས་གཞི་སྟེ། དེའི་ཚེ་ན་ཕྱོགས་བཅུ་དུས་བཞིའི་དབྱིངས་སུ་མངོན་པར་རྫོགས་པ་སངས་རྒྱས་པའི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས་ཏེ་འབྲས་བུའི་ཆོས་རྣམས་མ་ལུས་པ་རང་གི་རིག་པ་ལས་ཐ་དད་མེད་པར་རྟོགས་པ་ནི། བདག་ཉིད་ལ་ཡོད་པ་དེའི་ཞལ་བདག་གིས་མཐོང་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་གཉིས་སུ་མེད་པའི་བདག་ཉིད་དུ་དབང་སྒྱུར་བའི་མཆོག་ཉིད་དེ། སློབ་ལམ་གྱི་རྩེ་མོར་ཕྱིན་པས་ལམ་གྱི་ནང་ནས་དམ་པ་ཡིན་ནོ། །དེ་ལྟར་མན་ངག་ལམ་རིམ་གྱིས་རྒྱབ་བྱས་ནས་གྲོལ་ལམ་རིམ་གྱིས་པ་ལྟར་དུ་བཤད་པ་སྟེ། འདི་ལ་སྔ་རབས་པ་རྣམས་ཀྱིས་བསྐྱེད་རིམ་ཞེས་བཤད་ནའང་། གྲོལ་ལམ་ཅིག་ཅར་བ་ལ་ལྟོས་ནས་དེ་ལྟར་གསུངས་པ་ལས། རིམ་པ་གཉིས་ཀྱི་ཟླས་ཕྱེ་བའི་བསྐྱེད་རིམ་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན། དེ་ཁོ་ན་ལ་བསླབས་པས་སྤྱོད་པའི་ཉེ་རྒྱུ་ཚོགས་སྒྲུབ་ཀྱིས་ཟག་མེད་མཐོང་ལམ་ལ་སྦྱོར་བ་མི་སྲིད་པའི་ཕྱིར་རོ། །དེས་ན་ལམ་རིམ་དུ། ཕྱག་རྒྱ་གཅིག་པའི་སྐབས་སུ་ཆོ་ག་གསུམ་བསྐྱེད་དང་བཟླས་པ་བྱ་ཚུལ་སོགས་འབྱུང་ཡང་། དེ་ཙམ་གྱིས་བསྐྱེད་རིམ་ཁོ་ནར་མི་འགྱུར་ཏེ། རྫོགས་རིམ་གྱིས་དྲངས་པའི་ལྷའི་གསལ་སྣང་ལ་བསླབ་ཚུལ་དང་། ཐུན་མཚམས་ཀྱི་བྱ་བ་བཟླས་པ་སོགས་སྦྱར་ཏེ་བསྐྱེད་རྫོགས་ཟུང་འཇུག་ཏུ་བསླབ་པའི་ཆེད་ཡིན་པའི་ཕྱིར་རོ། །འོན་ཀྱང་བསྐྱེད་རིམ་ལྟར་བསླབ་པའང་མཐའ་གཅིག་ཏུ་ནི་མི་འགོག་སྟེ། གང་ཟག་འགའ་ཞིག་བསྐྱེད་པའི་རིམ་པས་སྤྲོས་བཅས་ཀྱི་ལྷའི་གསལ་སྣང་ཅི་རིགས་ཐོབ་ནས། ཚོགས་ཀྱི་སྤྱོད་པས་ཐུན་མོང་གི་དངོས་གྲུབ་མཁའ་སྤྱོད་བསྒྲུབས་ཏེ་དངོས་དང་སྤྲུལ་པའི་སྒོ་ནས་ཕན་འདོགས་པ་དང་ཚར་གཅོད་པ་སོགས་ཀྱིས་སེམས་ཅན་གྱི་དོན་བྱེད་ཅིང་། རྟེན་དེས་སངས་རྒྱས་བྱང་སེམས་རྣམས་མཉེས་པར་བྱས་པའི་མཐུས་རྫོགས་རིམ་པ་ལ་ཞུགས་ཏེ་ཟུང་འཇུག་གི་སྐུ་སྒྲུབ་པ་ནི་ཡོད་པར་འདོད་དགོས་སོ། །དེས་ན་ལམ་གྱི་གནད་ནི་འདི་ཡིན་ཏེ། ལམ་རིམ་ལས། ཡན་ལག་དབང་པོ་ཐམས་ཅད་ཀུན། །རང་བཞིན་ཡོངས་ཀྱིས་དག་པ་དང་། །ཏིང་འཛིན་དེ་བཞིན་གཤེགས་པ་ལྔར། །ཡེ་ནས་མ་བཅོས་ཡོངས་ཀྱིས་གནས། །ཞེས་དང་། རང་ལུས་གདོད་ནས་ཕྱག་རྒྱ་ཆེ། །བསྒོམས་པས་མངོན་དུ་གྱུར་པའི་ལྷ། །ཞེས་སོགས་གསུངས་པ་ལྟར་མན་ངག་གི་གནད་གཟིགས་པའི་དམ་པ་གོང་མ་རྣམས་བསྐྱེད་རིམ་ཞེས་གསུང་ཡང་། དེའི་དོན་འཆད་པའི་ཚེ་ལྷག་པ་ཀུན་རྫོབ་འདི་ལྟར་སྣང་བ་ཀུན་རང་བཞིན་གྱིས་ལྷའི་དཀྱིལ་འཁོར་དུ་ཡོངས་སུ་གྲུབ་པས། དེ་ལྟར་གསལ་བཏབ་ཅིང་གོམས་པ་ན་ཟུང་འཇུག་གི་ལྷ་སྐུ་རང་ཤར་དུ་འབྱུང་བར་བཞེད་པའི་ཕྱིར་རྫོགས་རིམ་གྱི་ལྷ་སྐུ་ལས་འོས་མེད་དོ། །ཇི་ལྟར་བསྒོམ་པའི་གནད་ཀྱང་། ལྟ་བ་གཏན་ལ་ཕེབས་པའི་གང་ཟག་གིས་སྒོ་གསུམ་གྱི་བྱ་བ་བཏང་ནས། སྟོང་པ་ཆེན་པོའི་རྣལ་འབྱོར་གྱིས་ཉིན་མཚན་སྦྲེལ་ཏེ་དོན་དམ་འོད་གསལ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། ཞི་ལྷག་ཟུང་དུ་འཇུག་པའི་འོད་གསལ་གྱི་ངང་དུ་སེམས་ཐིམ་སྟེ་འགགས་པ་ན་ཕྱི་ནང་གསང་བའི་དྲོད་དང་ཟད་པར་གྱི་སྣང་བ་སོགས་སྟོང་གཟུགས་ཀྱི་སྣང་བ་མཐའ་ཡས་པ་འཆར་ལ། དེའི་ངང་ལས་ཉིན་སྣང་དང་མཚན་མོ་རྨི་ལམ་གྱི་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་ཤར་ནས་འགྲོ་བ་རྣམས་ལ་དམིགས་མེད་ཀྱི་སྙིང་རྗེ་རང་གསལ་མ་འགགས་པའི་ངང་དུ་མཉམ་པར་འཇོག་པ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ལ་བསླབས་པས། སྣང་བ་རིས་མེད་ལས་སྙིང་རྗེ་ཆེན་པོའི་འཕེན་པ་དང་ཏིང་ངེ་འཛིན་གྱི་རྐྱེན་གྱིས་ཟུང་འཇུག་གི་ལྷ་སྐུ་ཕྱག་རྒྱ་གཅིག་པ་དང་། དེ་ལས་ཆེས་ཆེར་འཕེལ་ཏེ་སྣང་བ་ཐམས་ཅད་ཟུང་འཇུག་གི་ལྷར་མངོན་སུམ་དུ་སྤྲོ་བར་ནུས་པ་ནི་ཕྱག་རྒྱ་སྤྲོས་བཅས་སོ། །དེ་ལས་ཉེ་རྒྱུའི་སྤྱོད་པ་སྤྲོས་བཅས་ཚོགས་སྒྲུབ་བམ། སྤྲོས་མེད་རྣལ་འབྱོར་ཕོ་མོ་གཙོ་བོ་ཡབ་ཡུམ་ཙམ་ཚོགས་པ་ལ་བརྟེན་པའམ་ཤིན་ཏུ་སྤྲོས་མེད་ནི་ཡབ་མི་འགྱུར་བའི་བདེ་ཆེན་ཉིད་ཡུམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་ཁ་སྦྱོར་གྱི་སྤྱོད་པས་ཟག་མེད་ཀྱི་ལམ་ལ་སྦྱོར་བར་བྱེད་དོ། །དེས་ན་ཐོག་མར་སྟོང་ཆེན་འོད་གསལ་རྣམ་པར་མི་རྟོག་པའི་ལམ་ལས་བརྩམས་པས་ལྷ་སྐུའི་སྣང་བ་རྣམས་ཀྱང་ཟུང་འཇུག་གི་ལྷ་སྐུ་ཕྱག་རྒྱ་ཆེན་པོར་འཆར་བའི་ཕྱིར། མངོན་སུམ་པའི་ལམ་རྫོགས་པའི་རིམ་པ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། ཀོ་དྲ་བ་ཡི་ས་བོན་ལས། །སཱ་ལུའི་འབྲུ་ནི་འབྱུང་བ་མེད། །རྣམ་རྟོག་ས་བོན་ལས་བྱུང་བའི། །འབྲས་བུ་རྣམ་པར་རྟོག་པར་འགྱུར། །རྣམ་པར་མི་རྟོག་ལས་སྐྱེས་པའི། །འབྲས་བུ་རྣམ་པར་མི་རྟོག་འགྱུར། །ཞེས་སོ། །གཉིས་པ་ཅིག་ཅར་བ་ལྟར་བཤད་པ་ལ། བསྟན་བཤད་གཉིས་ལས། དང་པོ་ནི། དཀྱིལ་འཁོར་ལྡན་པའི་སོགས་རྐང་པ་ལྔ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་ཏེ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་གྱི། ཕྱིས་ལམ་གྱིས་འབྲས་བུ་གསར་དུ་བསྒྲུབས་པ་ནི་མ་ཡིན་ནོ། །ཆོས་རྣམས་ཀྱི་རང་བཞིན་དེ་ལྟར་ཡིན་ཀྱང་། ཡིན་པ་ཙམ་གྱིས་ཕན་མི་ཐོགས་པས། གཞི་དེ་ལྟར་ཡིན་པ་ལམ་གྱིས་མངོན་དུ་རྟོགས་པར་བྱ་དགོས་ཏེ། དེ་ཡང་ཡེ་ནས་རང་བཞིན་གྱི་དཀྱིལ་འཁོར་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་ལྡན་པའི་དོན་རྟོགས་ནས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱིས་ཡེ་ནས་ཡིན་པའི་དཀྱིལ་འཁོར་དེ་ལ་ནི། དེ་ལྟར་ཡིན་པར་ཤེས་པའི་ཚུལ་གྱིས་དཀྱིལ་འཁོར་དུ་གསལ་འདེབས་ཤིང་བསྒོམ་པར་བྱས་ནས་རང་བཞིན་གྱི་དཀྱིལ་འཁོར་དང་མཉམ་པར་སྦྱོར་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལས་བྱུང་བ་ནི་ཐུགས་རང་རིག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་མཆོག་འབྲས་བུའི་དཀྱིལ་འཁོར་རོ། །དེ་ལྟར་གཞི་ལམ་འབྲས་གསུམ་དུ་སྣང་ཡང་དོན་ལ་གསང་བ་བྱང་ཆུབ་སེམས་ཀྱི་རང་བཞིན་ཐིག་ལེ་ཆེན་པོའི་དཀྱིལ་འཁོར་སྤྲོས་བྲལ་གྱི་དབྱིངས་ལས་གཞན་དུ་མ་གཡོས་པས་དེ་ཙམ་དུ་ཟད་དོ། །གཉིས་པ་ལ་གསུམ་ལས། དང་པོ་དཀྱིལ་འཁོར་ཇི་ལྟར་ལྡན་པར་བསྟན་པ་ནི། འབྱུང་བ་སོགས་ཚིགས་བཅད་གཅིག་སྟེ། སྔར་ལྟར་འབྱུང་བ་ལྔ་ཡུམ་ལྔ་ཡིན་པ་སོགས་རྟོག་ཚོགས་ཐམས་ཅད་རང་བཞིན་གྱིས་ལྷར་རྣམ་པར་དག་པས་འགྲོ་བ་ཀུན་ལ་དེ་ལྟར་ཡེ་ནས་རང་ཆས་སུ་ལྡན་པ་ཡིན་ནོ། །གཉིས་པ་རང་བཞིན་གྱི་དཀྱིལ་འཁོར་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཇི་ལྟར་བསྒོམ་ཚུལ་ནི། ཀུན་ཏུ་བཟང་པོའི་སོགས་རྐང་པ་གསུམ་སྟེ། དེ་ལྟར་ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པ་དེ་ལ། དེའི་དོན་ལེགས་པར་རྟོགས་པའི་རྣལ་འབྱོར་པ་བདག་ཉིད་ཆེན་པོས་ཡེ་ནས་གྲུབ་པའི་དོན་དེ་དང་གཉིས་སུ་མེད་པར་རིག་པས་ལྷག་པའི་དགོངས་པ་ཟབ་མོ་སྟེ། ཐུགས་རང་བྱུང་གི་ཡེ་ཤེས་གཅིག་དང་དུ་མའི་མཐའ་དང་བྲལ་བ་ལས་རོལ་པ་མ་འགགས་པ་ཡེ་ཤེས་ལྔར་འཆར་བའི་ཚུལ་གྱིས་ལྟ་ཞིང་བསྒོམ་པར་བྱའོ། །གསུམ་པ་དེ་ལྟར་བསྒོམ་པ་ལས་ཅིར་འགྱུར་བ་ནི། སྙིང་པོའི་སོགས་ཚིགས་བཅད་གསུམ་སྟེ། ཆོས་ཐམས་ཅད་ཀྱི་སྙིང་པོར་གྱུར་པའི་ཆོས་ཀྱི་དབྱིངས་ཐིག་ལེ་ཉག་གཅིག་དང་གཉིས་སུ་མེད་པར་མཉམ་པར་སྦྱོར་བ་ལས། དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་རིག་པ་རང་བྱུང་བ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། དེ་ཉིད་ཀྱི་རོལ་མོ་སྣ་ཚོགས་པར་འཆར་བའི་སྤྲིན་གྱིས་ཡེ་ཤེས་ལ་ཡེ་ཤེས་དགྱེས་པར་རོལ་པའི་ཚུལ་དུ་མཆོད་པར་དབུལ་ཞེས་བྱའོ། །དེ་ལྟར་གཞི་ལམ་འབྲས་གསུམ་དུ་བསྟན་ཀྱང་རྩ་བ་བྱང་ཆུབ་ཀྱི་སེམས་ལས་མ་གཡོས་ཏེ། ཟག་པ་མེད་པའི་བསོད་ནམས་ཀྱི་སྟོབས་ཀྱིས་བསྒྲུབས་པའི་ཡེ་ཤེས་སྒྱུ་མ་ལྟ་བུར་མ་འགགས་པར་རང་སྣང་བའི་རོལ་མོའི་དཀྱིལ་འཁོར་རྣམ་འགྱུར་མཐའ་ཡས་པར་འཕྲུལ་ཡང་མཆོག་གསང་བའི་ཐིག་ལེ་བྱང་ཆུབ་ཀྱི་སེམས་དེ་བཞིན་ཉིད་ཀྱི་དབྱིངས་ལས་གཞན་དུ་གཡོས་པ་མེད་དོ། །དེ་ལྟ་བུའི་མན་ངག་དང་མན་ངག་ཅན་གྱི་ཡོན་ཏན་གང་ཞེ་ན། དབྱིངས་དེ་ཉིད་ནི་སངས་རྒྱས་ཀུན་གྱི་དངོས་གཞི་སྟེ་མན་ངག་གི་དོན་ཡིན་ལ། མན་ངག་དེ་དང་ལྡན་པ་ནི། ཕྱོགས་བཅུ་དུས་བཞིར་ཚོགས་གཉིས་རྫོགས་པའི་སངས་རྒྱས་མ་ལུས་པ་བདག་ཉིད་ལས་མི་གཞན་པའི་ཚུལ་དུ་སྐུའི་ཞལ་མཐོང་བ་དང་། གསུང་ཆོས་ལ་དབང་སྒྱུར་བ་དང་། ཡོན་ཏན་ཕྲིན་ལས་མཐར་ཕྱིན་པའི་མཆོག་ཉིད་དུ་དང་། ཐུགས་དབྱེར་མི་ཕྱེད་པའི་བསླུ་མེད་སྐྱབས་ཀྱི་དམ་པར་གྱུར་པ་ཡིན་ནོ། །གཞན་ཡང་དཀྱིལ་འཁོར་ལ་གནས་སོགས་རྐང་པ་གསུམ་གྱིས་དེ་ཐོབ་ཚུལ་དང་། རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བས་སོགས་རྐང་པ་ལྔས་ཐུགས་རྗེ་ཆེན་པོའི་མཛད་པ་ཇི་ལྟར་འབྱུང་ཚུལ་བསྟན་པའི་ཡོན་ཏན་རྣམས་ཀྱང་འདིར་སྦྲེལ་བའི་བཀའ་སྲོལ་ཡོད་ཀྱང་ཡི་གེས་འཇིགས་སོ། །དེ་ལྟར་མན་ངག་དེ་ལ་སློབ་དཔོན་ཆེན་པོ་པདྨས་ལྟ་བའི་ཕྲེང་བར། རྟོགས་པ་བཞིའི་ལམ་གྱིས་ཡིད་ཆེས་པར་བྱ་བ་དང་། མཚན་ཉིད་གསུམ་གྱིས་དོན་མཐར་དབྱུང་བ་དང་། བསྙེན་སྒྲུབ་ཡན་ལག་བཞིས་དོན་ལྷུན་གྱིས་གྲུབ་པར་བྱ་བ་དང་། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་འཇུག་པའི་ཐབས་བསྟན་པ་སྟེ། དོན་རྣམ་པ་བཞིར་ཕྱེ་ནས་གསུངས་པ་ལས། ཕྱི་མ་ནི་འོག་ཏུ་འཆད་པར་འགྱུར་ཞིང་། དང་པོ་གསུམ་ནི་སྔར་བཤད་པ་ལ་འདུས་པས་འདིར་རྒྱས་པར་མ་སྤྲོས་སོ། །གཉིས་པ་ཐབས་ལམ་གདམས་ངག་གི་དབང་དུ་བཤད་པ་ལ་གཉིས་ཏེ། སྟེང་སྒོ་འཇུ་འདུལ་གྱི་མན་ངག་ལྟར་བཤད་པ་དང་། འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ལྟར་བཤད་པའོ། །དང་པོ་ལའང་བཞི་སྟེ། ཀུན་ཏུ་བཟང་པོའི་དང་། ཀུན་ཏུ་བཟང་མོའི་དང་། སྦྱོར་བ་དག་པའི་དང་། ཁྱབ་བརྡལ་ཆེན་པོའི་མན་ངག་གོ། །དང་པོ་ནི། དཀྱིལ་འཁོར་ལྡན་པའི་སོགས་ཚིགས་བཅད་གཅིག་སྟེ། སྙིང་ཁོང་སྟོང་གི་དབུས་ན་རྩའི་དྭངས་མ་རྩ་འདབ་བརྒྱུས་པ་ལྡང་བ་འདྲ་བ་བརྒྱད་ཡོད་པ་རྩ་བཞིར་འདུ་སྟེ། མདུན་གྱི་གསུམ་ཆོས་ཉིད་ཀྱི་རྩ་སྟེ་སྐྱེ་བ་མེད་པའི་རང་སྣང་བའི་ལས་བྱེད་པ། གཡས་ཀྱི་གཅིག་ཡེ་ཤེས་ཀྱི་རྩ་སྟེ་ཡེ་ཤེས་འཆར་བའི་ལས་བྱེད་པ། གཡོན་གྱི་གཅིག་ཡོན་ཏན་གྱི་རྩ་སྟེ་མངོན་ཤེས་དང་འབྲས་བུའི་ཆོས་རྣམས་སྣང་བའི་ལས་བྱེད་པ། རྒྱབ་ཀྱི་གསུམ་རང་རྒྱུད་ཀྱི་རྩ་སྟེ་ཤེས་པ་རྣམས་རྨོངས་ཤིང་འཇོམས་པའི་ལས་བྱེད་དོ། །རྩ་དེ་དག་གི་སྦུབས་ན་འོད་བཞི་དང་། དེའི་ཁྲོད་ན་སྦྱངས་བྱ་དང་སྦྱོང་བྱེད་ཀྱི་ས་བོན་རྣམ་ཤེས་དང་བཅས་པ་རྣམས་གནས་ཏེ། ཆོས་ཉིད་ཀྱི་རྩ་ལ་འོད་ཟླུམ་པོ་དཀར་པོ། སྦྱང་བྱ་སུ་དང་ཏྲི། སྦྱོང་བྱེད་ༀ། ཀུན་གཞིའི་རྣམ་ཤེས། ཡེ་ཤེས་ཀྱི་རྩ་ལ་འོད་གྲུ་བཞི་སེར་པོ། སྦྱང་བྱ་ཨ་དང་ནྲྀ། སྦྱོང་བྱེད་ཧཱུཾ། ཡིད་ཀྱི་རྣམ་ཤེས། ཡོན་ཏན་གྱི་རྩ་ལ་འོད་ཟླ་གམ་དམར་པོ། སྦྱང་བྱ་པྲེ་ངང་དུ། སྦྱོང་བྱེད་ཨཱཿ ཉོན་མོངས་ཅན་གྱི་ཡིད། རང་རྒྱུད་ཀྱི་རྩ་ལ་འོད་གྲུ་གསུམ་དམར་ནག་ལ། སྒོ་ལྔའི་ཤེས་པ་གཉིད་དང་བཅས་པ་གནས་སོ། །འདིར་ཆོས་ཉིད་དང་ཡེ་ཤེས་ཀྱི་རྩའི་འོད་དཀར་པོ་དང་སེར་པོར་བྱས་པ་ནི་དཔེ་ཆུང་རང་གནས་ཀྱི་ལུགས་ཏེ། གསང་ཐིག་ལས་ནི་ཆོས་ཉིད་སེར་པོ་དང་། ཡེ་ཤེས་མཐིང་གར་བཤད་དོ། །དེ་ལྟར་སྙིང་གི་དཀྱིལ་འཁོར་རྩ་ཆེན་བཞི་དང་ལྡན་པ་དེའི་ནང་ན། དྭངས་མ་ལྔའི་དཀྱིལ་འཁོར་རང་བཞིན་གྱིས་གནས་པའི་དབུས་སུ་ཡེ་ཤེས་སྙིང་པོའི་ཐིག་ལེ་སྟོང་གསལ་འགག་མེད་བདེ་བ་ཆེན་པོའི་ངོ་བོར་བཞུགས་ཏེ། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །ཞི་བའི་དཀྱིལ་འཁོར་བཞི་བཅུ་གཉིས། །སྐུ་ནི་སྣང་ལ་རང་བཞིན་མེད། །ཆ་ཕྲ་འོད་གསལ་སྙིང་པོར་བཞུགས། །ཞེས་དང་། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོར་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང་། རིམ་ལྔ་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་སོ། །དེ་ལ་དྭངས་མ་ལྔ་ནི། རྩའི་དྭངས་མ་དར་དཀར་གྱི་སྐུད་པ་འདྲ་བ་སྦོམ་ཕྲ་རྟ་རྔ་བཅུ་གཤགས་ཙམ་གྱི་ནང་ན། ཁྲག་གི་དྭངས་མ་མཚལ་ཁུ་ལྟ་བུ་དང་། མེའི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་དང་། རླུང་གི་དྭངས་མ་གསེར་ས་འོག་ན་ཡོད་པའི་རླངས་ཙམ་དང་། ནམ་མཁའི་དྭངས་མ་བར་སྣང་སང་སེང་གོ་འབྱེད་པའི་ཚུལ་དུ་ཡོད་དེ། ལྔ་པོའང་ཡེ་ནས་ཡུམ་ལྔ། ཡེ་ཤེས་ལྔ། སྐུ་ལྔར་གནས་ཏེ། རྩའི་དྭངས་མ་ནི་འབྱུང་བ་ས་སྟེ། ཡུམ་སྤྱན་མ། མེ་ལོང་ལྟ་བུའི་ཡེ་ཤེས། མངོན་བྱང་གི་སྐུའོ། །ཁྲག་གི་དྭངས་མ་ནི་ཆུ་སྟེ། མཱ་མ་ཀཱི། མཉམ་ཉིད། ལོངས་སྐུའོ། །མེའི་དྭངས་མ་ནི། གོས་དཀར། སོར་རྟོག །རྡོ་རྗེའི་སྐུའོ། །རླུང་གི་དྭངས་མ་ནི། སྒྲོལ་མ། བྱ་གྲུབ། སྤྲུལ་སྐུའོ། །ནམ་མཁའི་དྭངས་མ་ནི། དབྱིངས་ཕྱུག་མ། སྟོང་པ་ཉིད། ཆོས་ཀྱི་སྐུའོ། །ཡེ་ཤེས་སྙིང་པོའི་ཐིག་ལེ་ནི། རིག་པའི་དྭངས་མ་སེམས་ཉིད་འོད་གསལ་བ་སྟེ། ཡུམ་ལྔ་འདུས་པ་བྱ་བ་མོ་དང་། ཡེ་ཤེས་ལྔ་འདུས་རང་བྱུང་གི་ཡེ་ཤེས་དང་། སྐུ་ལྔ་འདུས་པ་བདེ་ཆེན་གྱི་སྐུར་དོན་གྱིས་འགྱུར་ཞིང་། དེར་མ་ཟད་དྭངས་མ་དྲུག་པོའང་གཉིས་གཉིས་རོ་གཅིག་ཏུ་འཇུག་པས་ཤིན་ཏུ་ཕྲ་བའི་སྒོ་གསུམ་མམ། རྡོ་རྗེ་མི་ཤིགས་པ་གསུམ་དུའང་འགྱུར་ཏེ། ས་ཆུ་གཉིས་སྐུ་རྡོ་རྗེ། མེ་རླུང་གཉིས་གསུང་རྡོ་རྗེ། མཁའ་སེམས་གཉིས་ཐུགས་རྡོ་རྗེ་སྟེ། དཔེ་ཆུང་ལས། མི་ཤིགས་ཡེ་ཤེས་ཐིག་ལེ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །གཅིག་དང་དུ་མ་རྣམ་སྤངས་པ། །སྣ་ཚོགས་སྣང་ལ་མཚོན་དུ་མེད། །ཅེས་སོ། །དེ་ལྟར་དྭངས་མ་ལྔ་འདུས་ཀྱི་དབུས་ན་ཡེ་ཤེས་སྙིང་པོའི་དཀྱིལ་འཁོར་དྭངས་ཤིང་འོད་འབར་བར་བཞུགས་ལ། དེ་ཉིད་ནི་ཡེ་ནས་བཞུགས་པ་ལྟར་ལམ་པས་ཐིག་ལེའི་དཀྱིལ་འཁོར་ཡུངས་འབྲུ་ཙམ་འོད་ལྔའི་གོང་བུ་ཅན་གསལ་བ་ཡུལ་གྱིས་མི་འཕྲོག་པར་བསྒོམ་པར་བྱས་པས། དྭངས་མ་ལྔ་ཡེ་ཤེས་སྙིང་པོ་དང་དྲུག་ཡེ་ཤེས་དྲུག་གི་དཀྱིལ་འཁོར་དུ་རང་སྣང་བ་ནི་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་བོ། །དེ་ལ་སྤྱི་བོ་ཚངས་པའི་བུ་ག་ནས་མར་སེམས་གཏད་དེ་བསྒོམས་པས་ཡེ་ཤེས་སྙིང་པོའི་དཀྱིལ་འཁོར་སྟེ་ཐིག་ལེ་འོད་འབར་བ་ལས་བྱུང་བའི་འོད་ཀྱིས་སྐུ་གསུང་ཐུགས་ཀྱི་ཡི་གེ་བསྐུལ་བ་འོད་དུ་འབར་བས་སྦྱང་བྱའི་ཡི་གེ་དྲུག་གཉིད་དང་བཅས་པ་སྦྱངས་ཏེ། ལས་དང་བག་ཆགས་ཐམས་ཅད་མི་དམིགས་པས་འཁོར་བ་ཆོས་ཉིད་དུ་གྲོལ་ཞིང་། དྭངས་མ་ལྔའང་ཡེ་ཤེས་སྙིང་པོ་ལ་བསྡུས་པས་བདེ་བའི་ཡེ་ཤེས་འབྱུང་སྟེ། དེའང་རྩས་བདེ་བའི་རྟེན་བྱེད། ཆུས་བདེ་བ་སྡུད་ཅིང་རྒྱུད་རླན་པར་བྱེད། དྲོད་ཀྱིས་བདེ་བ་སྨིན་པར་བྱེད། དབུགས་ཀྱིས་གཡོ་བར་བྱེད། ནམ་མཁས་ཁམས་གསུམ་བདེ་བ་ཆེན་པོར་ཡོངས་སུ་གྲོལ་བར་བྱེད་པས་བདེ་བའི་ཡེ་ཤེས་ཀྱི་ངོ་བོ་ནི་དམིགས་མེད་མཐའ་བྲལ་ཐུགས་ཀྱི་དཀྱིལ་འཁོར་སྟེ། གསང་ཐིག་འགྲེལ་པ་ལས། དེ་ལྟར་ནམ་མཁའི་གཟུགས་སུ་སྐྱེས་པ་དེ་ཉིད་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཡིན་ཏེ་ཆོས་ཀྱི་སྐུའོ། །ཞེས་པས་རླུང་སེམས་ཀྱི་དྭངས་མ་ཐམས་ཅད་ཐུགས་ཀྱི་དཀྱིལ་འཁོར་དེར་རྫོགས་པའི་ཚེ་སྣང་ཆ་འོད་ལྔ་དང་སྟོང་ཆ་ཆོས་ཀྱི་སྐུར་རོ་གཅིག་ཏུ་འདྲེས་པས་ཚོགས་གཉིས་རྫོགས་ཏེ། སྐུ་གཉིས་མངོན་དུ་གྱུར་ནས་འཚང་རྒྱ་བའི་ཕྱིར། འདི་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པའོ། །རྣལ་འབྱོར་པ་འཆི་བའི་དུས་སུའང་དྭངས་མ་དང་རླུང་ཐམས་ཅད་དབུ་མར་འདུ། དབུ་མའི་རླུང་དང་དྭངས་མའི་ཤིན་ཏུ་དྭངས་མ་རིམ་བཞིན་འདུས་པ་ལས་འཆི་སྲིད་སྟོང་པའི་འོད་གསལ་སྣང་བ་བཞི་དང་། དེ་ནུབ་ནས་སྣང་བའི་འོད་གསལ་རིགས་ལྔ་ཚོམ་བུའི་སྣང་བ་ནམ་མཁའ་ཁྱབ་པར་འཆར་བའང་འདིའི་གནད་ཀྱིས་བྱུང་བར་བཞེད་དོ། །གཉིས་པ་ནི། གསང་བའི་ཐིག་ལེ་སོགས་ཚིགས་བཅད་གཉིས་ཏེ། ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ན་དབྱིངས་ཕྱུག་ལྔའི་ཐིག་ལེ་ཞེས་བྱ་བ་ཨ་ཐུང་གི་རྣམ་པར་གནས་པ་ནི་ཆོས་ཀྱི་དབྱིངས་ཟབ་མོ་གསང་བ་ཤེས་རབ་ཀུན་ཏུ་བཟང་མོའི་རང་བཞིན་ཉི་མའི་ཐིག་ལེ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་དབྱིངས་སོ། །དེའི་རང་བཞིན་ནི་ཤེས་རབ་དང་ཐབས་ཏེ། གང་ཞེ་ན། ཐིག་ལེ་དེ་ལས་བྱུང་བ་འབྱུང་བ་ལྔའི་དྭངས་མ་ཆ་ཕྲ་བ་རང་བཞིན་མེད་པའི་དབྱིངས་ནི་ཤེས་རབ་སྟེ་རིགས་ཀྱི་ཡུམ་ལྔ་དང་། ཆེན་པོ་རགས་པ་མཚན་ཉིད་འཛིན་པ་ནི་ཐབས་རིགས་ཀྱི་དེ་བཞིན་གཤེགས་པ་སྟེ་ཡབ་ལྔའོ། །དེ་ལྟར་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཐབས་ཤེས་དབྱེར་མི་ཕྱེད་པ་ནི་རྡོ་རྗེ་སྟེ། དེ་ལས་བྱུང་བའི་རྟོག་ཚོགས་དབང་པོ་དང་ཡུལ་དང་དུས་དང་། ཡུལ་སོ་སོར་རིག་པར་བྱེད་པའི་རྣམ་ཤེས་རྣམས་སེམས་དཔའ་དང་འཇོམས་བྱེད་ཡབ་ཡུམ་སོགས་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་རྣམ་པར་དག་པས་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཡིན་ལ། དེ་དག་ཐམས་ཅད་ཀྱང་དབྱིངས་རང་བྱུང་གི་ཡེ་ཤེས་སུ་རྫོགས་པས་བདག་ཉིད་ཆེན་པོ་སྟེ། དེ་དང་ཁ་སྦྱོར་སྙིང་གའི་འཁོར་ལོ་ལ་རྒྱལ་བ་ཀུན་གྱི་ལྷག་པའི་དགོངས་པ་ཟབ་མོ་ཐུགས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྣང་ཆ་མེ་ལོང་ལྟ་བུ་ལ་སོགས་པ་ལྔ་ཡེ་ནས་ལྷུན་གྲུབ་ཏུ་གནས་པ་སྟེ། དེས་བལྟ་བ་ནི་སྙིང་ག་ནས་མར་ལྟེ་བའི་ཐིག་ལེ་ལ་སེམས་གཏད་དེ་བསྒོམས་པས་སྙིང་གའི་ཐིག་ལེའི་འོད་དང་དྭངས་མའི་དྲོད་མར་སོང་བ་དབྱིངས་ཕྱུག་ལྔའི་ཐིག་ལེ་ལ་ཕོག་སྟེ་འོད་དུ་འབར་བས་རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་གསལ་བར་གྱུར། དེའི་དྲོད་སླར་ཡང་ཡར་སོང་སྟེ་སྙིང་གའི་དྭངས་མ་ལ་ཐིམ་པས་དྭངས་མའི་བདེ་དྲོད་ཆེས་ཆེར་འབར་བ་ན་རགས་པའི་རླུང་གི་རྒྱུ་བ་འགགས་པས་ཐིག་ལེ་འགྲོ་འོང་མེད་པར་སྙིང་གའི་གནས་ལས་མི་གཡོ་བར་གནས་པས་བདེ་བ་ཆེན་པོ་རང་རིག་པའི་ཡེ་ཤེས་རང་ཤར་བ་ལ་བལྟ་བྱ་ལྟ་བྱེད་མེད་པའི་ཚུལ་གྱིས་བལྟ་ཞིང་ཉམས་སུ་ལེན་པ་ནི་ལྟེ་བའི་འཁོར་ལོ་སྒོམ་པའི་མན་ངག་གོ། །གསུམ་པ་ནི། སྙིང་པོའི་ཐིག་ལེ་སོགས་རྐང་པ་གསུམ་སྟེ། མགྲིན་པའི་རྩ་འདབ་བཅུ་དྲུག་གི་དབུས་ན་མཁའ་འགྲོ་མ་རྔམས་མ་ཞེས་བྱ་བ་ཡི་གེ་ཨཾ་གི་རྣམ་པར་གནས་པ་ལ་བཟའ་བཏུང་གི་བཅུད་འདུས་པས་ན་སྙིང་པོའི་ཐིག་ལེ་སྟེ། དེ་སྙིང་གའི་དྭངས་མ་ཆེན་པོའི་འོད་དང་དྲོད་ཡར་སོང་སྟེ་ཞུ་བའི་དྭངས་མ་སྙིང་གར་མཆེད། དབུགས་ཐིག་ལེར་ཐིམ་པས་རླུང་དང་རྟོག་པ་འགགས་ཏེ་འཁོར་ལོ་གཉིས་བདེ་བ་དུས་གཅིག་ཏུ་མཉམ་པར་སྦྱོར་ཞིང་། དེ་ལྟར་སྦྱར་བས་བདེ་བ་ཆེན་པོ་ལ་གནས་པའི་རང་གདངས་ཡེ་ཤེས་ལྔར་མ་འགགས་པའི་རོལ་མོ་ཡིས་དྲོད་རླུང་རྩ་གསུམ་གཅིག་ཏུ་འདྲེས་ཏེ་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་གཡོ་བར་རང་གསལ་བའི་དགྱེས་པ་ཆེན་པོ་ལ་ཡུལ་ཡུལ་ཅན་གཉིས་མེད་ཀྱི་ངང་དུ་མཆོད་པར་འབུལ་ཞེས་བྱ་སྟེ། མགྲིན་པའི་འཁོར་ལོ་སྒོམ་པའི་མན་ངག་གོ། །བཞི་པ་ནི། ཟག་པ་སོགས་རྐང་པ་དགུ་སྟེ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་དབུས་ན་ཀུན་ཏུ་བཟང་པོ་ཟླ་བའི་ཐིག་ལེ་ཧཾ་གི་རྣམ་པར་གནས་ཏེ། དེའང་སྔར་མགྲིན་པའི་ཐིག་ལེའི་བདེ་བ་ནི་ཡུལ་ཡུལ་ཅན་གྱི་རྟོག་པ་ཟད་པས་ཟག་པ་མེད་པའི་བདེ་བ་ཡིན་ལ། དེ་ཉིད་མ་འགགས་པའི་བསོད་ནམས་ཀྱི་མཐུས་ཐིག་ལེ་ཉིད་རང་བཞིན་མེད་དེ། བདེ་བ་ཆེན་པོའི་ཡེ་ཤེས་སྒྱུ་མ་ལྟ་བུར་རང་སྣང་བ། དེ་ལས་བདེ་བའི་རོལ་མོ་འོད་ཀྱི་དཀྱིལ་འཁོར་མཐའ་ཡས་པར་སྤྲོ་བའི་མཆོག་ཅེས་བྱ་སྟེ། མགྲིན་པའི་ཐིག་ལེའི་འོད་ཀྱིས་ཤིན་ཏུ་རྟོགས་དཀའ་བས་གསང་བ་སྟེ་བདེ་ཆེན་འཁོར་ལོའི་ཐིག་ལེ་ལ་འཕོག་པས་འོད་དུ་ཞུ་ནས་སྤྱི་བླུགས་སུ་གྱུར་པས་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་ཏེ། དེ་ཉིད་ཆོས་ཀྱི་དབྱིངས་དང་རོ་གཅིག་པས་ཁམས་གསུམ་ཐམས་ཅད་སོ་སོ་མ་ཡིན་པ་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནམ་མཁའི་གཟུགས་སུ་སྐྱེས་ནས་ཀུན་གྱི་དངོས་པོར་བདག་གྱུར་པ་ཞེས་བྱ་བ་ཆོས་ཀྱི་སྐུར་གྱུར་པ་དེ་ནི་དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པའི་དངོས་ཏེ། དེ་ལྟར་རྣལ་འབྱོར་པ་བདེ་བ་ཆེན་པོ་ཆོས་ཀྱི་སྐུར་གྱུར་པ་ན་ཕྱོགས་བཅུ་དུས་བཞིར་གཤེགས་ཤིང་བཞུགས་པའི་རྫོགས་པའི་སངས་རྒྱས་མ་ལུས་པ་ཐམས་ཅད་བདག་ཉིད་ལས་གཞན་དུ་མ་གྱུར་པས་སྐུའི་ཞལ་དུས་གཅིག་ལ་མཐོང་བ་སྟེ། དེ་གསུང་ལ་དབང་སྒྱུར་བ་དང་། ཡོན་ཏན་ཕྲིན་ལས་མཆོག་ཉིད་མཐར་ཕྱིན་ཞིང་། ཐུགས་དོན་དམ་པའི་ཡེ་ཤེས་སུ་རོ་གཅིག་ཏུ་གྱུར་པ་ཡིན་ཏེ་སྤྱི་བོའི་འཁོར་ལོ་སྒོམ་པའི་མན་ངག་གོ། །དེ་ལྟར་འཁོར་ལོ་བཞིའི་རིམ་པ་མདོར་བསྡུ་ན། སྙིང་གའི་འཁོར་ལོ་སྒོམ་པ་ལས་བྱུང་བའི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་ཆོས་ཀྱི་སྐུ་དང་། ལྟེ་བའི་འཁོར་ལོ་སྒོམ་པའི་ཡེ་ཤེས་རྟོག་ཚོགས་ཞེ་གཉིས་ལྷར་དག་པ་ནི་སྤྲུལ་པའི་སྐུ་དང་། མགྲིན་པའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་ནི་ལོངས་སྐུ་དང་། སྤྱི་བོའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་ནི་བདེ་བ་ཆེན་པོའི་སྐུ་སྟེ། དེའང་དྭངས་མའི་དྭངས་མ་རྣམས་འཁོར་ལོ་བཞིའི་ལྟེ་བའི་དྭངས་མ་གཡོ་བྱེད་དང་བྲལ་བའི་འོད་གསལ་ལ་ཚུར་ཐིམ་པས་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོ་གཅིག་དང་དུ་མ་མེད་པའི་ཆོས་ཉིད་མཆོག་ཏུ་མི་འགྱུར་བའི་འོད་གསལ་འཆར་བ་ཡིན་ནོ། །གཉིས་པ་འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ལྟར་བཤད་པ་ལ་གསུམ་སྟེ། ཐབས་ཉིད་ཤེས་རབ་ཏུ་དང་། ཤེས་རབ་ཉིད་ཐབས་སུ་དང་། ཐབས་ཤེས་དབྱེར་མེད་དུ་སྦྱོར་བའོ། །དང་པོ་ནི། དཀྱིལ་འཁོར་ལྡན་པའི་སོགས་ཚིགས་བཅད་གཅིག་སྟེ། གསང་བ་བྱང་ཆུབ་ཀྱི་སེམས་དཀྱིལ་འཁོར་བདེ་བའི་ཡེ་ཤེས་ཀྱི་རོ་དང་བཅས་པ་ཡབ་ཡུམ་གཉིས་ལ་རང་ཆས་སུ་ལྡན་པ་དེ་ཉིད་རྟོགས་པར་བྱེད་པའི་དཀྱིལ་འཁོར་གསང་བའི་ལུང་རིགས་མན་ངག་གསུམ་གྱིས་གཏན་ལ་ཕབ་ནས། ཡབ་ཡུམ་ལྷའི་དཀྱིལ་འཁོར་དུ་བསྐྱེད་པ་ལ་སྐྱེ་མཆེད་རློབ་པ་ནི་ཡན་ལག་གི་ལྷ་ཡབ་ལ་ཡབ་དང་ཡུམ་ལ་ཡུམ་གྱི་དཀྱིལ་འཁོར་བསྒོམ་ཞིང་། མཁའ་གསང་རྡོ་རྗེ་དང་པདྨར་རློབས་ཏེ་སྙོམས་འཇུག་གི་བརྡ་བཞིས་བསྐུལ་ནས་ཡབ་ཐབས་ཀྱི་དཀྱིལ་འཁོར་དང་ཡུམ་ཤེས་རབ་ཀྱི་དཀྱིལ་འཁོར་གཉིས་ཕྱག་རྒྱ་བཞིས་གཉིས་མེད་དུ་རོལ་པའི་རྗེས་ཆགས་ཀྱི་རྐྱེན་གྱིས་རླུང་བསྐྱོད་པས་དམར་ཆ་འབར་བ་དེས་དཀར་ཆ་ཞུ་བ་ཡས་འབབ་ཀྱི་དགའ་བཞིའི་འགྲོས་ཀྱིས་ཕྱིན་པའི་རིམ་གྱི་ཟླ་བ་རྡོ་རྗེའི་བུམ་པར་འཛག་མེད་དུ་བཟུང་སྟེ་གང་བ་ལས་བདེ་བའི་ཡེ་ཤེས་བྱུང་བའོ། །དེ་ཉིད་གཉིས་མེད་ཀྱི་ཡེ་ཤེས་སུ་གསལ་ལ་མི་རྟོག་པས་ཐུགས་ཀྱི་དཀྱིལ་འཁོར་ཏེ། དེ་ལྟར་མྱོང་བའི་ཚེ་ཁམས་ལྔའི་བཅུད་ཀུན་རྫོབ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བས་ན་མཆོག་གོ། །གཉིས་པ་ནི། གསང་བའི་ཐིག་ལེ་སོགས་ཚིགས་བཅད་གཉིས་ཏེ། དེའི་ཚེ་ཡུམ་གྱི་གསང་བ་པདྨའི་ཟེའུ་འབྲུར་ཐིག་ལེ་ཉི་མ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྣང་བ་སྟེ་གནས་པའི་ཚེ། དེ་ཉིད་ཐབས་ཀྱིས་ཟིན་ན་རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དབྱིངས་སོ། །ཇི་ལྟར་ན། ཡུམ་གྱི་འབྱུང་བའི་དྭངས་མ་ཆ་ཕྲ་བ་ནི་ཤེས་རབ་རིགས་ཀྱི་ཡུམ་ལྔ་དང་། ཆེན་པོ་སྟེ་རགས་པ་རིགས་ཀྱི་ཡབ་དེ་བཞིན་གཤེགས་པ་ལྔར་གསལ་བ་སྟེ་ལྷུན་གྱིས་གྲུབ་ཅིང་། བྱང་ཆུབ་སེམས་ཀྱི་བདེ་བས་རྟོག་ཚོགས་ཐམས་ཅད་ནི་སྐུ་དང་ཡེ་ཤེས་ཀྱི་རྡོ་རྗེ་དབྱེར་མི་ཕྱེད་པའི་ཚོགས་སོ། །དེའང་དབང་པོ་ཡུལ་དུས་རིག་པ་རྣམས་ལྷར་ཡོངས་སུ་དག་པས་སྤྱོད་ཡུལ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ་སེམས་ལྔ་མཐར་ཕྱིན་པའི་ལྷན་སྐྱེས་བདེ་བའི་ཡེ་ཤེས་ཟག་པ་མེད་པའི་བདག་ཉིད་ཆེན་པོ་སྐྱེས་པ་དེ་ཉམས་སུ་མྱོང་བས་ལྷག་པའི་ཐུགས་ཀྱི་དགོངས་པའི་ངོ་བོ་བདེ་བ་ཆེན་པོའི་རོ་ཡེ་ཤེས་ལྔར་འཆར་བ་ལས་བལྟ་བྱ་ལྟ་བྱེད་མེད་པའི་ཚུལ་གྱིས་བལྟ་ཞིང་རང་གསལ་བའོ། །གསུམ་པ་ནི། སྙིང་པོའི་ཐིག་ལེ་སོགས་ཚིགས་བཅད་གསུམ་སྟེ། ཡབ་ཡུམ་གྱི་རྩ་ཐམས་ཅད་ཀྱི་བཅུད་འདུས་པའི་སྙིང་པོ་ཉི་ཟླའི་དྭངས་མ་ཐིག་ལེ་དུས་གཅིག་ཏུ་མཉམ་པར་སྦྱོར་བས་དངོས་པོ་ལྷན་ཅིག་སྐྱེས་པ་བདེ་བའི་ཡེ་ཤེས་ཉམས་སུ་མྱོང་ནས། སླར་ཡང་དགའ་བཞི་ལུགས་ལྡོག་གི་འགྲོས་ཀྱིས་མྱོང་བའི་བདེ་བ་མཆོག་ཏུ་གསང་བའི་རོལ་མོ་ཡིས་རྟོག་ཚོགས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྣམ་པར་གྲོལ་བས་རབ་ཏུ་དགྱེས་པར་གྱུར་པའི་དཀྱིལ་འཁོར་ལ་བདེ་སྟོང་གཉིས་སུ་མེད་པའི་མཆོད་པར་དབུལ་ཞེས་བྱའོ། །དེ་ལྟར་ཚོགས་དྲུག་གི་རྟེན་གྱི་དྭངས་མ་ཐམས་ཅད་དབབ་བཟུང་ལྡོག་པའི་ཐབས་ཀྱིས་ཚོགས་བརྒྱད་རྟོག་པའི་དངོས་པོ་ཐམས་ཅད་ལྷན་སྐྱེས་ཀྱི་ཡེ་ཤེས་སུ་རང་གསལ་བས་ཟག་པ་མེད་པའི་ཡེ་ཤེས་ཀྱི་རོ་མ་འགགས་པར་མྱོང་བ་བསོད་ནམས་ཀྱི་ཚོགས་ཀྱིས་བདེ་བའི་ཡེ་ཤེས་སྒྱུ་མ་ལྟ་བུར་སྣང་ལ་འཛིན་མེད་དུ་སྤྱོད་པས་ཚོགས་གཉིས་རྫོགས་པ་དང་། འདོད་ཆགས་བདེ་སྟོང་གི་ཡེ་ཤེས་སུ་རང་སྣང་བའི་རོལ་མོས་རྟོག་ཚོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་བསམ་མི་ཁྱབ་པས་མཐའ་ཡས་པའི་མཆོག་ཏུ་རང་གསལ་ཞིང་། ཉི་ཟླ་གཉིས་མེད་ཀྱི་ཡེ་ཤེས་ཉམས་སུ་མྱོང་དཀའ་བས་གསང་བའི་ཐིག་ལེ་སྟེ། དེ་ཉིད་འབྲས་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་དབྱིངས་སོ། །དེ་ལྟར་བསྒོམས་པའི་ཡོན་ཏན་ཀྱང་། བདེ་བ་ཆེན་པོའི་ཡེ་ཤེས་དེ་ནི་སངས་རྒྱས་ཀུན་གྱི་དགོངས་པའི་དངོས་གཞི་སྟེ། དེ་ཐོབ་པའི་ཚེ་ཕྱོགས་བཅུ་དུས་བཞི་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས་ཏེ་འབྲས་ཆོས་ཉི་ཤུ་རྩ་ལྔ་མ་ལུས་པ་མངོན་དུ་བྱས་ཤིང་བདག་ཉིད་ཀྱི་ཞལ་མཐོང་བ་མེད་པའི་ཚུལ་གྱིས་མཐོང་བ་དང་། འཛག་མེད་ཀྱི་བདེ་བས་དབང་པོའི་སྡུག་བསྔལ་བཅོམ་སྟེ་འདོད་ཆགས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་དབང་བསྒྱུར་བས་ན་ལམ་གྱི་ནང་ནས་མཆོག་ཉིད་དང་། ཐབས་ཀྱི་ནང་ནས་དམ་པ་སྟེ། བདེ་མྱུར་གྱི་ལམ་རྨད་དུ་བྱུང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་འོག་སྒོ་ཐིག་ལེའི་རྣལ་འབྱོར་ཉམས་སུ་བླངས་པའི་ཚེ་གནས་སྐབས་ལ་ལྟོས་པའི་དགའ་བ་བཞི་ནི། སྙོམས་པར་ཞུགས་པས་དང་པོར་ཐིག་ལེ་གནས་ནས་གཡོས་པ་ནི་དགའ་བ། བདེ་བ་ཉམས་སུ་མྱོང་བ་ནི་མཆོག་དགའ། བདེ་བའི་ངོ་བོར་སེམས་འགགས་པས་སྟོང་པར་གྲོལ་བ་ནི་དགའ་བྲལ། རང་བཞིན་གསང་བའི་སྙིང་པོ་བདེ་སྟོང་དབྱེར་མེད་ཉམས་སུ་མྱོང་བ་ནི་ལྷན་སྐྱེས་ཀྱིས་དགའ་བ་སྟེ། ལུགས་འབྱུང་ལུགས་ལྡོག་གི་འགྲོས་ཀྱིས་དགའ་བ་བཞི་བཞི་ལུས་ཀྱི་གནས་བཞི་དང་ཡང་སྦྱར་ལ་བཤད་དོ། །དེ་རེ་རེ་ལའང་དགའ་བའི་དགའ་བ་སོགས་བཅུ་དྲུག་སྟེ། རྡོ་རྗེ་ལས་རིམ་ལས། གནས་ནི་ཡེ་ཤེས་བཅུ་དྲུག་པོ། །ཚོགས་སྦྱོར་ལ་སོགས་དང་པོ་ནས། །མཐར་ཕྱིན་སངས་རྒྱས་ས་ཉིད་དེ། །གནས་བཞི་དེ་བཞིན་དབྱེ་བ་ལས། །གཉིས་པའི་གཉིས་པ་རབ་དགའ་སོགས། །ཕ་རོལ་ཕྱིན་དང་ས་མཚན་ཉིད། །མཚུངས་ཕྱིར་རྫོགས་པར་བཤད་པ་ཡིན། །ཞེས་པས་དགའ་བའི་དགའ་བ་བཞི་ཚོགས་ལམ་སོགས་སྔར་དབང་གི་དུས་སྦྱར་བ་ལྟར་ལས་ཡས་འབབ་རྒྱུའི་ས་ལམ་དང་། མས་བརྟན་ལ་འབྲས་བུའི་ས་ལམ་ཁྱད་པར་གྱི་ས་གསུམ་དང་བཅས་པ་རྫོགས་ཚུལ་སྦྱར་ཞིང་། དེའི་ཚེ་ཕ་རོལ་ཏུ་ཕྱིན་པ་བཅུ་ཡང་རྫོགས་ཏེ། བྱང་སེམས་རྩ་གནས་ཐམས་ཅད་དུ་ཁྱབ་པར་གཏོང་བ་སྦྱིན་པ། འཛག་མེད་དུ་སྡོམ་པ་ཚུལ་ཁྲིམས། ཐབས་ལ་མི་སྐྲག་པ་བཟོད་པ། དེ་ལ་འབད་པ་བརྩོན་འགྲུས། དེའི་ངང་ལས་མི་གཡོ་བ་བསམ་གཏན། རྟོག་ཚོགས་བདེ་ཆེན་དུ་ཤར་བ་ཤེས་རབ། སྤྱད་ཀྱང་ཉོན་མོངས་པས་མི་གོས་པ་ཐབས། རྣམ་རྟོག་དུས་གཅིག་ལ་འཇོམས་པས་སྟོབས། འབྲས་བུ་ལ་སྨོན་པས་སྨོན་ལམ། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱོང་བ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གསུམ་པ་མངོན་དུ་གྱུར་པའི་འབྲས་བུ་ནི། དཀྱིལ་འཁོར་ལ་གནས་སོགས་ཚིགས་བཅད་གཉིས་ཏེ། ཐབས་གྲོལ་ལམ་གྱི་དཀྱིལ་འཁོར་ལ་གོམས་པ་མཐར་ཕྱིན་པའི་མཐུས་གཞི་གནས་ལུགས་ཀྱི་དཀྱིལ་འཁོར་དེ་ཉིད་མངོན་དུ་རྟོགས་པས་ཚོགས་གཉིས་རྫོགས་པ་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་རང་རིག་ལ་ལྷུན་གྱིས་གྲུབ་པར་སྣང་བའི་ཚེ་ཡེ་ཤེས་ཀྱི་རང་བཞིན་རིག་པའི་རྒྱན་དུ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ་ཐོགས་ཏེ། འབྲས་བུའི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པའོ། །དེ་ལྟར་སྤངས་རྟོགས་རྫོགས་པ་འབྲས་བུའི་དཀྱིལ་འཁོར་རང་སྣང་གི་སྐུ་གསུམ་དབྱེར་མི་ཕྱེད་པར་མཉམ་པར་སྦྱོར་བ་ལས་གདུལ་བྱ་འདུལ་བྱེད་ཐུགས་རྗེའི་དཀྱིལ་འཁོར་བཙལ་བ་མེད་པར་ཡོངས་ཏེ་སྭ་ཡཾ་བྷུའི་སྒྲ་ལས་རང་བྱུང་གིས་འབྱུང་སྟེ། ཕྱོགས་བཅུ་དུས་བཞིས་བསྡུས་པའི་གདུལ་བྱའི་ཞིང་ཁམས་ཀུན་ཏུ་གཞན་སྣང་གཟུགས་སྐུའི་དཀྱིལ་འཁོར་གང་ལ་གང་གིས་འདུལ་ཞིང་སྐྱོབ་པའི་མགོན་པོ་སྒྱུ་མ་ལྟ་བུའི་དཀྱིལ་འཁོར་དུ་སྣང་བས་མེད་སྣང་སྒྱུ་མ་ལྟ་བུའི་འཁོར་བ་ལས་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་རང་གནས་སུ་སྒྲོལ་བའི་ཕྲིན་ལས་ཀྱིས་དོན་མཛད་པ་ལྟར་སྣང་ཡང་། སྣང་དུས་ཉིད་ནས་བསྒྲལ་བྱ་སེམས་ཅན་དང་སྒྲོལ་བྱེད་སྤྲུལ་པ་གཉིས་ཀ་རང་མཚན་པ་མེད་པར་སྒྱུ་མའི་སྐྱེས་བུས་སྒྱུ་མའི་སྐྱེ་བོ་མང་པོ་སྒྱུ་མའི་སྡུག་བསྔལ་ལས་བཏོན་ནས་སྒྱུ་མའི་བདེ་བ་ལ་འགོད་པའི་ཚུལ་གྱིས་འདུལ་བྱེད་སྤྲུལ་པའི་དཀྱིལ་འཁོར་གྱིས་འདུལ་བའི་སྤྱོད་པ་སྟོན་པར་མཛད་དོ། །གཉིས་པ་དོན་བསྡུ་བ་ནི། ཡེ་ཤེས་རྫོགས་པའི་སོགས་རྐང་པ་ལྔ་སྟེ། ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་ཆེན་པོར་ལྷུན་གྱིས་རྫོགས་པ་རང་བཞིན་གཞིའི་དཀྱིལ་འཁོར་དུ་གནས་པ་ལ་ཇི་ལྟར་འཇུག་ཅེ་ན། དེ་ལྟར་གནས་པའི་དོན་དགེ་བའི་བཤེས་གཉེན་ལས་ཐོས་ཤིང་བསམ་པའི་ཤེས་རབ་ཀྱིས་རྟོགས་པར་བྱས་ནས་སྒོམ་པའི་ཤེས་རབ་ཀྱིས་རྟོགས་དོན་གོམས་པར་བྱས་ཏེ། གནས་ལུགས་ཀྱི་དོན་ལ་བློ་མཉམ་པར་སྦྱོར་བའི་ཐབས་ཀྱིས་ཡིན་ལུགས་ཇི་ལྟ་བ་ལྟར་མངོན་དུ་གྱུར་པ་ནི་འབྲས་བུ་རང་བྱུང་བ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་སྣང་བས་གདུལ་བྱའི་དོན་ལ་ཐུགས་རྗེ་ཆེན་པོ་ཀུན་ནས་ངམ་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་སྣང་ངོ་། །ཚུལ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་པས་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བ་རྣམས་ཀྱིས་འདའ་བར་མི་མཛད་པའི་དམ་ཚིག་མཆོག་ཏུ་བསྟན་ཏོ། །གཉིས་པ་དེ་གཞན་ལས་འཕགས་པའི་ཆེ་བ་བཤད་པ་ལ་གཉིས་ཏེ། སྒྲུབ་པ་པོ་གང་ཟག་གི་ཆེ་བ་དང་། སྒྲུབ་ཐབས་ལམ་གྱི་ཆེ་བའོ། །དང་པོ་ནི། གང་ཞིག་སོགས་རྐང་པ་ལྔ་སྟེ། སྒྲུབ་པ་པོ་གང་ཞིག་རྒྱུད་འདི་ལ་མོས་པར་གྱུར་པ་ཙམ་ཡང་སངས་རྒྱས་ཀྱི་དཀྱིལ་འཁོར་ཕྱོགས་བཅུར་བཞུགས་པ་ཐམས་ཅད་ཀྱིས་ཕྱོགས་དང་དུས་ཀུན་ནས་གཟིགས་ཏེ། རྣམ་པ་ཐམས་ཅད་དུ་གསང་བའི་དཀྱིལ་འཁོར་མ་ལུས་རྒྱུད་ལ་བསྙེན་ཏེ་ཐོབ་པར་བྱེད་པའི་ཉེ་བའི་སྲས་སུ་དགོངས་པར་འགྱུར་ཏེ། དཔེར་ན་སངས་རྒྱས་ཀྱི་ཉེ་བའི་སྲས་ཉན་རང་སོགས་མ་ཡིན་པར་དགོངས་པ་མཐུན་པར་སྐྱེས་པ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་པ་བཞིན་ནོ། །གཉིས་པ་ལ་བཞི་སྟེ། ལམ་ཀུན་གྱི་འབྲས་བུ་ཡིན་པའི་དང་། རྒྱལ་བའི་གཤེགས་ཤུལ་ཡིན་པའི་དང་། རྣལ་འབྱོར་པ་རྣམས་ཀྱི་ལམ་ཡིན་པའི་དང་། རྒྱལ་བའི་དགོངས་པའི་ཞེ་ཕུགས་ཡིན་པའི་ཆེ་བའོ། །དང་པོ་ནི། སྐལ་པ་སོགས་ཚིགས་བཅད་གཅིག་སྟེ། དུས་བསྐལ་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲན་ཀྱི་ཞིང་གི་རྡུལ་ཕྲན་གྱི་གྲངས་དང་མཉམ་པ་དེ་སྙེད་དུ་རྒྱུའི་ཐེག་པར་ཤིན་ཏུ་བློ་སྦྱངས་པ་ལ་རབ་ཏུ་གནས་ཤིང་བརྩོན་པ་དང་། གསང་སྔགས་ཕྱི་ནང་གི་དཀྱིལ་འཁོར་མ་ལུས་པ་བསྙེན་ཅིང་སྒྲུབ་པ་དེ་ཐམས་ཅད་ཀྱིས་དོན་དུ་གཉེར་བྱའི་འབྲས་བུ་འཚང་རྒྱ་བ་ལ་ལམ་གསང་ཆེན་བླ་ན་མེད་པའི་ཐེག་པ་འདི་ཁོ་ན་ལ་རག་ལས་པ་ཡིན་ཏེ་གཞན་མེད་དོ། །གཉིས་པ་ནི། འཇིག་རྟེན་སོགས་ཚིགས་བཅད་གཅིག་སྟེ། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་ཞིང་ན་སྔར་འདས་པ་དང་། ད་ལྟར་བྱུང་ནས་དོན་མཛད་པའི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱང་ལམ་འདི་ལ་བསྙེན་པ་སྟེ་བརྟེན་ནས་འབྲས་བུ་སྐུ་ལྔ་ལྷུན་གྱིས་རྫོགས་ཏེ། རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། འབྱུང་དང་སོགས་རྐང་པ་གཉིས་ཏེ། དེ་ལྟར་འབྱུང་བཞིན་པ་དང་མ་འོངས་པ་ན་འབྱུང་འགྱུར་གྱི་རྣལ་འབྱོར་པ་ཐམས་ཅད་ཀུན་ཀྱང་ལམ་འདི་ཡིས་འབྲས་བུ་ལྷུན་གྱིས་གྲུབ་པར་འགྱུར་རོ། །བཞི་པ་ནི། འདི་ནི་སོགས་རྐང་པ་ལྔ་སྟེ། རྒྱུད་འདི་ནི་གསང་ཆེན་ངེས་པའི་དོན་རྨད་དུ་བྱུང་བ་སྟེ་འབྲས་བུའི་ངོ་བོ་ཡེ་ནས་སངས་རྒྱས་པའི་དོན་ལམ་དུ་བྱས་པས་བསྒྲུབ་བྱ་གཞན་ནས་སྒྲུབ་མི་དགོས་པར་འགྲུབ་པའི་ཉེ་ལམ་དུ་གྱུར་པ་ཡིན་པའི་ཕྱིར་དང་། དུས་གསུམ་གྱི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ལ་དགོངས་པའི་ཞེ་ཕུགས་འདི་ལས་བཟང་བའི་ལམ་གསང་བའི་ངེས་དོན་གཞན་ཞིག་མེད་ངེས་ཡིན་པས་བཙལ་ཀྱང་གཞན་གྱིས་རྙེད་པ་ལྟ་ཞོག་རྒྱལ་བས་ཀྱང་མི་བརྙེས་སོ་སྟེ་མི་རྙེད་དོ། །གསུམ་པ་ཡུལ་གང་ལ་གདམས་པའི་སྣོད་བཤད་པ་ལ་གཉིས་ཏེ། སྣོད་དང་ལྡན་ལ་སྦྱིན་པ་དང་། སྣོད་མིན་ལ་མི་སྦྱིན་པར་བསྟན་པའོ། །དང་པོ་ནི། ཀུན་གྱི་སོགས་རྐང་པ་ལྔ་སྟེ། སངས་རྒྱས་ཀུན་གྱི་བཀའ་རྟགས་ཀྱི་ཕྱག་རྒྱ་ཆེན་པོ་མཆོག་ཏུ་གྱུར་པའི་མན་ངག་འདི་ནི་ཐོས་བསམ་སྒོམ་གསུམ་ལ་བློ་རབ་ཏུ་སྦྱངས་པའི་ཤེས་རབ་རྣམ་པ་གསུམ་གྱི་མིག་དང་ལྡན་པ་རྣམས་ཀྱིས་མ་ནུབ་པར་བཟུང་ལ། སྐལ་ལྡན་གྱི་སློབ་མ་ཟབ་དོན་ལ་མི་སྐྲག་པས་སྣོད་དང་ལྡན་ཅིང་། ངང་ཚུལ་དགེ་ཞིང་བཟང་ལ་དད་པ་བརྟན་པས་ཆོས་ཕྱིར་ལུས་དང་ལོངས་སྤྱོད་ཐམས་ཅད་གཏོང་ནུས་པ་རྟག་ཏུ་ངུ་ལྟ་བུ་དེ་ལ་ཡོངས་སུ་རྫོགས་པར་སྦྱིན་ཅིག་པའོ། །གཉིས་པ་ནི། གཞན་དུ་སོགས་ཚིགས་བཅད་གཅིག་སྟེ། དེ་ལས་གཞན་དུ་སྣོད་མིན་ལ་ནམ་ཡང་སྦྱིན་པར་མི་བྱ་སྟེ། ཉེས་པ་ཆེན་པོ་བསྐྱེད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། རྨོངས་པ་ལ་འཕྱར་བས་གསང་མ་ཐུབ་པར་གལ་ཏེ་སྦྱིན་ན་བཀའི་ཆད་པས་འཆི་བའི་དུས་མིན་པར་གློ་བུར་དུ་ནི་སྲོག་ཟད་ནས་ཚེའི་དུས་བྱེད་ཅིང་། ཤི་མ་ཐག་ཚ་དམྱལ་གྱི་མེས་བསྲེག་པ་དང་། གྲང་དམྱལ་གྱི་ཆུས་སྦྲེབས་པར་བྱེད་པའི་སྡུག་བསྔལ་ལ་ཡུན་རིང་གནས་ཏེ་ཉམ་ཐག་པར་འགྱུར་རོ། །གཉིས་པ་གསུངས་ཚུལ་ནི། ཞེས་དེ་བཞིན་སོགས་ཏེ། དེ་སྐད་ཅེས་སྟོན་པ་དེ་བཞིན་གཤེགས་པ་ཉིད་ཀྱིས་འཁོར་གྱི་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པར་མཛད་དོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་ཡོད་པ་ལས། འདིས་ཐེག་པ་འོག་མ་རྣམས་ལ་ཤིན་ཏུ་གསང་བའི་དོན་ཚེ་འདི་ཉིད་ལ་གྲོལ་བའི་ཐབས་ཉེ་བར་བསྟན་པའི་མན་ངག་ཟབ་ཅིང་སྙིང་པོར་དྲིལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། ༈ །།ལེའུ་བཅུ་བཞི་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། ལམ་ཐབས་གྲོལ་གྱི་མན་ངག་སྙིང་པོ་བསྟན་པ་དེ་ནས་རང་སྣང་གི་དཀྱིལ་འཁོར་ལ་བསྟོད་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རིགས་དྲུག་པས་ཉིད་ཀྱི་ཆེ་བའི་ཡོན་ཏན་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ལ་དགྱེས་པ་ཆེན་པོའི་གླུ་དྲུག་པོ་འདི་བླངས་སོ། །གཉིས་པ་གཞུང་ལ་གཉིས་ཏེ། འབྲས་ཆོས་ཉེར་ལྔ་སོ་སོར་བསྟོད་པ་དང་། སྤྱིར་བསྟོད་པའོ། །དང་པོ་ལ་ལྔ་ལས། དང་པོ་སྐུ་ལྔ་ལ་བསྟོད་པ་ནི། ༀ། ཕྱོགས་བཅུ་སོགས་ཏེ། ༀ་ནི་ཡེ་ཤེས་ལྔའི་ཡི་གེས་གླུའི་འགོ་འདྲེན་པར་བྱེད་པ་སྟེ། འདིར་སྐུ་ལྔ་མཚོན་པའོ། །ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་རང་རིག་པའི་ཡེ་ཤེས་གཅིག་ལ་ལྷུན་གྱིས་རྫོགས་པས་སྐུ་གསུམ་སྣང་བའི་གོ་འབྱེད་པ་ནི། མངོན་པར་བྱང་ཆུབ་པའི་སྐུའོ། །རིག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དབྱིངས་ཐིག་ལེ་ཆེན་པོའི་ཀློང་དུ་གྲོལ་བ་ནི་ཆོས་ཀྱི་སྐུའོ། །བསོད་ནམས་ཀྱི་ཚོགས་ལས་གྲུབ་པའི་སྐུ་མཚན་དཔེའི་དཀྱིལ་འཁོར་དག་པའི་གདུལ་བྱ་ལ་སྣང་བ་ནི་ལོངས་སྐུའོ། །གང་ལ་གང་འདུལ་གྱི་སྐུ་ཡི་བཀོད་པ་སྣ་ཚོགས་པར་སྟོན་པ་ནི་སྤྲུལ་པའི་སྐུའོ། །སྣང་སྟོང་དབྱེར་མི་ཕྱེད་པའི་ཐིག་ལེར་སྐུ་གསུམ་པོ་ཀུན་རོ་གཅིག་ཏུ་རྫོགས་པ་ནི་རྡོ་རྗེའི་སྐུའོ། །ཧོཿཞེས་པ་དེ་ལ་མཉེས་པའི་དོན་ནོ། །གཉིས་པ་གསུང་ལྔ་ལ་བསྟོད་པ་ནི། ༀ། རྡོ་རྗེ་བསོད་ནམས་སོགས་ཏེ། ༀ་ནི་གསུང་ལྔ་མཚོན་པའོ། །འགྲོ་བ་སྒྲོལ་བ་ལ་ཐོགས་པ་མེད་པ་རྡོ་རྗེའི་ཚིག་གིས་གདུལ་བྱའི་བསོད་ནམས་དང་མཐུན་པར་སྟོན་པ་བརྗོད་པ་ཚིག་གི་གསུང་ངོ་། །བརྗོད་མེད་ཐིག་ལེ་ཆེན་པོའི་རང་བཞིན་བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་སྐྱེ་མེད་དོན་གྱི་གསུང་ངོ་། །སྒྲ་ཐམས་ཅད་རང་རིག་པའི་རྡོ་རྗེར་ལྷུན་གྱིས་གྲུབ་པས་རིག་པ་ཡེ་ཤེས་གསུང་གི་དཀྱིལ་འཁོར་ཅིར་ཡང་མ་འགགས་པར་ལྡན་པས་བརྡ་སྤྲོད་པ་ནི་རིག་པ་བྱིན་རླབས་ཀྱི་གསུང་ངོ་། །དོན་ཐ་དད་པ་ཚིག་གཅིག་ཏུ་མི་ཕྱེད་པར་འབབ་པས་རྡོ་རྗེའི་སྒྲ་ཆེན་པོ་སྟེ་རྗོད་བྱེད་ཀྱི་ཚིག་གཅིག་གིས་བརྗོད་བྱའི་དོན་མཐའ་ཡས་པ་གོ་བར་བྱེད་པ་ནི་ཚངས་པ་དབྱངས་ཀྱི་གསུང་ངོ་། །སྐུའི་བརྡས་ཐོགས་པ་མེད་པར་གདུལ་བྱའི་བློ་ལ་དོན་འཇལ་བས་དབང་བསྒྱུར་བ་ནི་རྡོ་རྗེ་རྒྱལ་པོ་སྟེ་དགོངས་པ་བརྡའི་གསུང་ངོ་། །སྒྲ་ཐམས་ཅད་གྲགས་སྟོང་དབྱེར་མི་ཕྱེད་པ་ཐིག་ལེ་ཆེན་པོར་གྲོལ་བ་ནི་རྡོ་རྗེའི་གསུང་ངོ་། །ཧོཿཞེས་མཉེས་པའོ། །གསུམ་པ་ཐུགས་ལྔ་ལ་བསྟོད་པ་ནི། ༀ། སྐུ་གསུང་སོགས་ཏེ། ༀ་ནི་ཐུགས་ལྔ་མཚོན་པའོ། །མེ་ལོང་ཡེ་ཤེས་ནི་ཡེ་ཤེས་གཞན་གསུམ་པོ་འཆར་གཞིའི་རྟེན་བྱེད་པས་སྐུ་དང་། སོར་རྟོག་ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་མ་འདྲེས་པར་གཟིགས་ནས་ཆོས་སྟོན་པས་གསུང་དང་། ཆོས་དབྱིངས་ཡེ་ཤེས་ནི་སྙིང་པོར་གྱུར་པས་ཐུགས་ཀྱི་ཐུགས་ཏེ། དེ་གསུམ་རྫོགས་པའི་བདག་ཉིད་ཆེན་པོ་དེ་ལ་ཡོན་ཏན་མ་ལུས་པའི་འབྱུང་གནས་མཉམ་ཉིད་དང་། གདུལ་བྱ་འདུལ་བའི་ཕྲིན་ལས་བྱ་གྲུབ་ཡེ་ཤེས་ཀྱང་ཀུན་ཏུ་རྫོགས་པའོ། །དེ་ལྟར་ཡེ་ནས་ཡེ་ཤེས་ལྔར་ལྷུན་རྫོགས་ཀུན་ཏུ་བཟང་པོའི་རང་བཞིན་ཏེ། ཡེ་ཤེས་རེ་རེ་ལའང་ལྔ་ལྔ་འདུས་པའི་ཚོགས་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་གི་ངོ་བོར་འདུས་པའི་ཐིག་ལེ་ཆེ་ཧོཿཞེས་མཉེས་པའོ། །བཞི་པ་ཡོན་ཏན་ལྔ་ལ་བསྟོད་པ་ནི། ༀ། མི་དམིགས་སོགས་ཏེ། ༀ་ནི་ཡོན་ཏན་ལྔ་མཚོན་པའོ། །མཐའ་དབུས་གང་དུའང་མི་དམིགས་ཤིང་ཅིར་ཡང་མ་འགགས་པའི་སྒྱུ་འཕྲུལ་རིས་མེད་ཀུན་ཁྱབ་མཉམ་པ་ཆེན་པོ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་ཞིང་ཁམས་ཀྱི་ཡོན་ཏན་ནོ། །རྒྱ་ཚད་ཀྱིས་གཞལ་བའི་ཡུལ་རང་སྣང་གི་བཀོད་པ་དང་བཅས་པ་མཐའ་ཡས་པར་ཀུན་ནས་སྣང་བ་ནི་གཞལ་ཡས་ཁང་གི་ཡོན་ཏན་ནོ། །བ་སྤུའི་བུ་ག་རེ་རེ་ནས་ཀྱང་གསལ་ཞིང་དག་པའི་འོད་ཟེར་སྣ་ཚོགས་པ་སྤྲོ་བ་ནི་འོད་ཟེར་གྱི་ཡོན་ཏན་ནོ། །འདོད་ཡོན་གྱི་ལྷ་མོ་རེ་རེ་ཡང་མཐའ་ཡས་པ་ཕྱོགས་བཅུ་ཀུན་ནས་མ་བཙལ་བར་ལྷུན་གྱིས་གྲུབ་ཅིང་། དབང་པོ་སོ་སོ་ལ་ཐིམ་པས་དགྱེས་དགུར་སྤྱོད་པ་ནི་ལོངས་སྤྱོད་ཀྱི་ཡོན་ཏན་ནོ། །མི་འཇིགས་པ་བཞི་སོགས་ཡོན་ཏན་སྣ་ཚོགས་པ་ཐུགས་ལ་མངའ་བས་སེང་གེ་ལ་སོགས་པ་ལྔས་བཏེགས་པའི་ཁྲིའི་སྟེང་དུ། ཁུ་བ་དག་པ་སྐུ་ཟླ་བ། རྡུལ་དག་པ་གསུང་ཉི་མ། རླུང་དག་པས་སྐྱོན་གྱིས་གོས་པ་མེད་པ་ཐུགས་པདྨའི་གདན་དང་། རེ་བ་སྐོང་བས་རིན་ཆེན་སྣ་ཚོགས་པའི་ཁྲི་རྐང་སྟེ་ཁྱད་པར་དུ་འཕགས་པ་གདན་ཁྲིའི་ཡོན་ཏན་ནོ། །ཧོཿཞེས་མཉེས་པའོ། །ལྔ་པ་ཕྲིན་ལས་ལྔ་ལ་བསྟོད་པ་ནི། ༀ། ཕྱོགས་བཅུའི་སོགས་ཏེ། ༀ་ནི་ཕྲིན་ལས་ལྔ་མཚོན་པའོ། །དོན་བྱ་བའི་ཡུལ་ཕྱོགས་བཅུའི་འཇིག་རྟེན་རྡུལ་ཕྲ་མོ་སྙེད་ཀྱི་ཞིང་ཁམས་དག་པ་དང་མ་དག་པ་ཀུན་ཏུ། བྱེད་པའི་ཐབས་རྒྱལ་བ་རྣམས་ཀྱིས་གདུལ་བྱའི་དོན་རྣམས་ཐོགས་པ་མེད་པར་མཛད་པའི་ཕྲིན་ལས་རྡུལ་ཕྲན་གྱི་གྲངས་དེ་སྙེད་དུ་སྟོན་པ་ཀུན་ཀྱང་། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་བཞིར་འདུ་ལ། དོན་དེ་དག་བྱེད་པའི་མཁན་པོ་ནི་ཞི་བ་དང་ཁྲོ་བོ་སོགས་གང་ལ་གང་འདུལ་གྱི་སྤྲུལ་པ་ཡང་རྡུལ་ཕྲན་གྱི་གྲངས་དང་མཉམ་པ་བསམ་ཡས་ཀྱིས་དོན་མཛད་དོ། །ཇི་ལྟར་མཛད་ན། སྤྲུལ་པ་དེ་དག་གིས་ཞིང་དེ་དག་ཏུ་སྐད་ཅིག་ཡུད་ཙམ་ལ་འབད་རྩོལ་མེད་པར་ཕྲིན་ལས་བཞིས་དོན་མཛད་པ་ནི་ལྷུན་གྱིས་གྲུབ་པའི་ཕྲིན་ལས་སོ། །ཧོཿཞེས་མཉེས་པའོ། །གཉིས་པ་སྤྱིར་བསྟོད་པ་ནི། ༀ། ཐམས་ཅད་སོགས་ཏེ། ༀ་ནི་འབྲས་ཆོས་ལྔ་མཚོན་པའོ། །ཕྱོགས་བཅུ་དུས་བཞི་དང་རང་སྣང་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མ་ལུས་པའི་རང་བཞིན་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སྟེ། དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་སངས་རྒྱས་ཀུན་གྱི་སྤྱི་གཟུགས་རྒྱལ་བ་དྲུག་པའི་བདག་ཉིད་ཆེན་པོར་འདུ་ཞིང་། ཁྱབ་བྱེད་རིགས་དྲུག་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཆར་གྱིས་ཀྱང་ཁྱབ་བྱ་རྒྱལ་བ་ཐམས་ཅད་ལ་ཀུན་ཏུ་ཁྱབ་བོ། །དེའི་ཕྱིར་མཚོ་གཅིག་ཏུ་གངས་ལྔའི་གཟུགས་བརྙན་འཆར་བ་དང་། གངས་གཅིག་མཚོ་ལྔར་འཆར་བའི་དཔེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྣང་ཚུལ་ཀུན་གཅིག་གི་བདག་ཉིད་དུ་འདུས་པ་དང་། གཅིག་ཀུན་ཏུ་འཆར་བས་ན་གཅིག་དང་དུ་མའི་མཐའ་ལས་གྲོལ་བ་ཐིག་ལེ་ཆེན་པོའི་རང་བཞིན་ནོ། །ཧོཿཞེས་མཉེས་པ་སྟེ། དེ་སྐད་ཅེས་རང་སྣང་གི་དཀྱིལ་འཁོར་ལ་དགྱེས་པ་ཆེན་པོས་ཆེད་དུ་བསྒྲགས་སོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་ཡོད་པ་ལས། འདིས་མཉེས་པ་ཆེན་པོའི་གླུས་ཉིད་ཀྱི་དཀྱིལ་འཁོར་ལ་བསྟོད་པའི་ལེའུ་སྟེ་བཅུ་བཞི་པའོ།། ༈ །།ལེའུ་བཅོ་ལྔ་པ་ལ་གཉིས་ཏེ། གཞུང་དང་། མཚན་ནོ། །དང་པོ་ལ་གཉིས་ཏེ། ཁྲོ་བོའི་དཀྱིལ་འཁོར་མངོན་པར་འདུ་མཛད་ཚུལ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་སོགས་ཏེ། ཞི་བའི་དཀྱིལ་འཁོར་བསྟན་པ་དེ་ནས་ཁྲོ་བོའི་དཀྱིལ་འཁོར་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་རིགས་ཐམས་ཅད་ཀྱི་བདག་པོ་དྲུག་པ་ཀུན་ཏུ་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པ་ཉིད་ཀྱིས་རང་སྣང་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ལས་མ་གཡོས་པར་འདུལ་བྱེད་སྤྲུལ་པ་སྐུའི་ཁྲོ་བོའི་དཀྱིལ་འཁོར་ཇི་ལྟར་འཚམས་པ་མངོན་པར་འདུ་མཛད་དེ། ཐབས་ཞགས་ལས། མཉམ་ཉིད་ངང་གི་ཁྲོ་ལ་ཕྱག་འཚལ་ལོ། །ཁྲོ་བས་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་ལོ། །རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་ལོ། །ཞེས་སོ། །སྦྱིར་ཁྲོ་བོ་ལ་བཞི་སྟེ། བདག་མེད་རྟོགས་པའི་ཤེས་རབ་ནི་ངང་གིས་ཁྲོ་བ་སྟེ། དེས་རྣམ་རྟོག་གི་མཚན་མ་འཇོམས་པའི་ཕྱིར་རོ། །རང་རིག་པའི་ཡེ་ཤེས་ནི་རྟོགས་པ་ངང་གིས་ཁྲོ་བ་སྟེ། དེས་འཁོར་བའི་ས་བོན་དྲུང་ནས་འཇོམས་པའི་ཕྱིར་རོ། །ཐུགས་རྗེ་ནི་ཤུགས་ཀྱིས་ཁྲོ་བ་སྟེ། དེས་འགྲོ་བ་སྐྱོབ་པ་ན་འབད་རྩོལ་མེད་པར་མི་མཐུན་ཕྱོགས་འཇོམས་པའི་ཕྱིར་རོ། །ཕྲིན་ལས་ཕྱག་རྒྱའི་ཁྲོ་བོ་ནི་གདུལ་བྱའི་དབང་གིས་ཁྲོ་བོར་སྟོན་པ་སྟེ། ཇི་ལྟར་འཚམས་པར་འབྱུང་བས་གདུལ་བྱ་ནམ་ཡང་མི་འདོར་བའི་ཕྱིར་རོ། །དེ་ལྟར་བཞི་ལས་འདིར་ནི་ཕྱི་མ་ཕྱག་རྒྱ་ཆེན་པོའི་ཁྲོ་བོ་སྟེ། དགོངས་འདུས་ལས། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་སོ། །གཉིས་པ་ལ་གསུམ་སྟེ། གང་འདུལ་བྱའི་ཡུལ། གང་གིས་ཇི་ལྟར་འདུལ་བའི་ཐབས། དེ་ལྟར་བཏུལ་བའི་འབྲས་བུའོ། །དང་པོ་ལ་གཉིས་ཏེ། རྒྱུ་གང་གིས་གོལ་བ་དང་། གོལ་བའི་འབྲས་བུ་ཇི་ལྟར་སྨིན་པའོ། །དང་པོ་ནི། དེ་ཅིའི་ཕྱིར་ནས་རྨོངས་པས་ཞེས་པའི་བར་ཏེ། དེ་ལྟར་འདུལ་བྱེད་ཁྲོ་བོའི་དཀྱིལ་འཁོར་མངོན་པར་འདུ་མཛད་པ་དེ་དགོས་ཆེད་ཅིའི་ཕྱིར་ཞེ་ན། ཞེས་དྲིས་པའི་ལན་ནི། གདུལ་བྱ་གདུག་པ་ཅན་འདུལ་བའི་ཆེད་དུའོ། །དེ་སུ་ཞིག་སྙམ་པ་ལ། སྤྱིར་སྲིད་པའི་རྩ་བ་བདག་ཏུ་རྨོངས་པ་མ་རིག་པའི་རྣམ་པར་རྟོག་པས་ང་དང་བདག་ཏུ་ཞེན་པ་དང་། ཆོས་ཐམས་ཅད་བློས་སྒྲོ་བཏགས་ཙམ་ལས་བདེན་པར་གྲུབ་པ་མ་ཡིན་ཀྱང་། ཕྱིན་ཅི་ལོག་གིས་གཟུང་ཡུལ་ལ་བདག་གིར་མངོན་པར་ཞེན་པས་འཁོར་བར་འཁྱམས་ཤིང་གདུང་ལ། དེ་ལས་ངེས་པར་འབྱིན་བྱེད་ཡང་དག་པའི་ལམ་དང་བྲལ་བ་དག་ནི་སྲིད་པར་འདུ་བྱེད་པ་ཡིན་ལ། དེའི་སྟེང་དུ་ཁྱད་པར་རཱུ་དྲ་ནི་གབ་པའི་གསང་བ་གནས་ལུགས་དེ་བཞིན་ཉིད་མ་རྟོགས་པར་སྦས་པའི་གསང་བ་སྦྱོར་སྒྲོལ་སོགས་སྤྱོད་པ་བརླང་པོ་ལ་མངོན་པར་འཆེལ་ནས་བྱོལ་ཉོག་ཏུ་སྤྱོད་ཅིང་། དེ་ཡང་རྒྱུ་ལས་དགེ་སྡིག་དང་། འབྲས་བུ་བདེ་སྡུག་གི་འབྲེལ་བ་ལ་རྨོངས་པའི་དབང་གིས། དེ་ལྟར་སྤྱོད་པ་རྣམས་རཱུ་ཏྲར་གོལ་བའི་རྒྱུ་སྟེ། དཔེར་ན་སྔོན་བསྐལ་པ་ཀུན་བཀོད་ཀྱི་དུས་སུ་བྱུང་བའི་དགེ་སློང་ཐར་པ་ནག་པོ་དེ། གོལ་གཞི་ཐུབ་དཀའ་གཞོན་ནུས། ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་སྤྱད་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །འདི་ནི་རྣལ་འབྱོར་དམ་པའི་ལམ། །ཞེས་གསུངས་པ་ལ་སྒྲ་ཇི་བཞིན་པར་སྤྱད་པས་གོལ་བ་བཞིན་ནོ། །གཉིས་པ་གོལ་བའི་འབྲས་བུ་ཇི་ལྟར་སྨིན་པ་ལ་གཉིས་ཏེ། རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་མྱོང་བ་དང་། རྒྱུ་མཐུན་གྱི་འབྲས་བུ་གཞན་ལ་འཚེ་བའོ། །དང་པོ་ལའང་གཉིས་ཏེ། དམྱལ་བར་དང་། ཡི་དྭགས་སུ་སྐྱེས་ཚུལ་ལོ། །དང་པོ་ནི། སྲིད་པའི་སོགས་ཏེ། སྲིད་པར་སྐྱེ་བའི་ས་བོན་མི་དགེ་བའི་ལས་རྩུབ་མོས་འཕངས་ནས་བར་དོ་མེད་པར་མཚམས་མེད་པའི་རབ་ཏུ་ཚ་བའི་དམྱལ་བ་མནར་མེད་པར་སྐད་ཅིག་གིས་སྐྱེས་སོ། །དེ་ཉིད་དུ་རབ་ཏུ་ཚ་བས་བསྲེགས་པའི་སྡུག་བསྔལ་དྲག་པོས་ཡུན་རིང་གདུངས་པ་དང་། འདི་བས་ཤིན་ཏུ་གྲང་ཡང་ཅི་མ་རུང་སྙམ་པའི་མོད་ལ་ཁ་བ་དང་བུ་ཡུག་སོགས་ཀྱིས་རབ་ཏུ་སྦྲེབས་པས་གྲང་བ་དང་ལུས་པདྨ་ལྟར་ཆེར་གས་པའི་སྡུག་བསྔལ་དྲག་པོ་དག་གིས་རབ་ཏུ་གདུངས་པར་བྱས་སོ། །དེ་ལྟ་བུའི་སྡུག་བསྔལ་རབ་ཏུ་ཚ་བ་ལ་སོགས་པ་སྟེ། ཚ་བ་ནས་ཡང་སོས་ཀྱི་བར་བརྒྱད་དང་། ཤིན་ཏུ་གྲང་བ་པདྨ་ལྟར་ཆེར་གས་པ་ལ་སོགས་པ་སྟེ་ཆུ་བུར་ཅན་གྱི་བར་བརྒྱད་པོ་དག་ཏུ་ཚ་གྲང་གི་དམྱལ་བ་ཕན་ཚུན་ཟུང་རེ་རེ་ཞིང་སྐྱེ་རེས་ཀྱིས་འཇིག་རྟེན་གྱི་ཁམས་དེ་འཇིག་པའི་དུས་སུ་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དུ་བརྒྱུད་ནས་འཕོ་ཞིང་། ཚེ་ཚད་ནི། འཇིག་རྟེན་གྱི་ཁམས་གཅིག་ཆགས་གནས་འཇིག་སྟོངས་བཞི་པོ་རེ་རེ་ལ་བར་བསྐལ་ཉི་ཤུ་ཉི་ཤུ་སྟེ་བསྡོམས་པས་བར་བསྐལ་བརྒྱད་ཅུ་ལ་བསྐལ་ཆེན་དུ་བྱས་པའི་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་སུ་ཚ་གྲང་གི་སྡུག་བསྔལ་མྱོང་ངོ་། །གཉིས་པ་ནི། དེ་ནས་རྣམ་པར་སོགས་ཏེ། དེ་ནས་དམྱལ་བར་སྐྱེ་བའི་ལས་ཀྱི་རྣམ་པར་སྨིན་པ་དེ་མྱོང་སྟོབས་ཀྱིས་ཟད་པ་དང་ཡི་དྭགས་སུ་སྐྱེས་ཏེ། ལྟོགས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་རབ་ཏུ་ཉེན་པ་སྤྱི་མཐུན་གྱི་སྒྲིབ་པ་ཅན་དང་། ཕྱི་རོལ་གྱི་འདོད་པའི་དངོས་པོ་རྣམས་ཀྱང་ཡིད་དུ་མི་འོང་བ་ཆུ་རྣག་ཏུ་མཐོང་བ་ལྟ་བུ་ཕྱིའི་སྒྲིབ་པ་ཅན་དང་། བཟའ་བཏུང་ཅུང་ཟད་རྙེད་པ་ཟོས་པ་ན་གདུག་ཅིང་རྩུབ་པའི་དངོས་པོ་མེ་སོགས་སྣ་ཚོགས་སུ་འགྱུར་བས་ནང་ཁྲོལ་སྲེག་པ་སོགས་མེ་ལྕེའི་འཁོར་ལོ་ཅན་དང་། ཟས་སྐོམ་སོགས་མཐོང་བ་སྤྱོད་འདོད་པས་དྲུང་དུ་བསྙེགས་པའི་ཚེ་ཡོད་པ་རྗེས་ཙམ་ཡང་མེད་པར་འགྱུར་ཞིང་། ལུས་ཤིན་ཏུ་རིད་ཅིང་སྐམ་པ་དང་། ལྟོ་བ་རི་བོ་ཙམ་ལ་རྐང་ལག་འཇག་མ་དང་ཁ་ཁབ་མིག་ལྟ་བུ་སོགས་ལུས་དང་ཡན་ལག་དང་དབང་པོ་རྣམས་མི་འཚམས་པར་ཉམས་ཐག་པར་གྱུར་པ་དེ་ལྟ་བུར་བསྐལ་པ་ཆེན་པོ་དྲུག་ཏུ་འཇིག་རྟེན་གྱི་ཁམས་བརྒྱུད་ཅིང་སྐྱེས་སོ། །གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་ནི། དེ་ནས་ལས་ཀྱི་སོགས་ཏེ། དེ་ནས་ཡི་དྭགས་སུ་སྐྱེ་བའི་ལས་ཀྱི་སྒྲིབ་པ་རྩུབ་མོའི་རྣམ་པར་སྨིན་པ་དེ་ཡང་ཁད་ཀྱིས་བསྲབས་པ་དང་། སྔོན་གྱི་དུས་སུ་སྔགས་ལམ་ལས་གོལ་ཏེ་ཁྲོ་བོ་དང་ཕྲ་མེན་གྱི་ལྷ་རང་རྒྱུད་དུ་བསྒོམས་ནས་དྲག་སྔགས་བཟླས་ཤིང་ལས་བརླང་པོར་སྤྱད་པའི་སྲིད་པས་རཱུ་དྲའི་རྒྱུད་དུ་མཚམས་སྦྱར་ནས། ཡི་དྭགས་ཀྱི་འགྲོ་བས་བསྡུས་པའི་སྲིན་པོ་ཆེན་པོ་བྱའི་གཤོག་པ་ཅན་ལུས་རབ་ཏུ་འཇིགས་ཤིང་། སེམས་གདུག་པ་ཁྲོ་ཞིང་གཏུམ་པོ་སྟེ། ལས་ཀྱི་རྫུ་འཕྲུལ་ལུས་གཅིག་ལ་མགོ་བོ་བརྒྱ་ཡོད་པ་དང་། དེ་ཡང་མགོ་བརྙན་མི་འདྲ་བ་སྣ་ཚོགས་པ་དང་། ལུས་མི་གཅིག་པ་བརྒྱ་ལ་མགོ་བོ་གཅིག་ལས་མེད་པ་དང་། སྟག་སེང་སོགས་ཀྱི་ལུས་སྣ་ཚོགས་པ་དང་། ལུས་གཅིག་ལ་ཡན་ལག་མང་པོ་དང་། ཡན་ལག་རིགས་མི་འདྲ་བ་སྣ་ཚོགས་པ་དང་། དེ་དག་གི་མདའ་དང་མདུང་ཐུང་སོགས་གདུག་པའི་ལག་ཆ་སྣ་ཚོགས་པ་ཐོགས་པ། གསོད་བྱེད་ཀྱི་འཁོར་དྲེད་མོ་འཕར་བ་བྱ་གཅན་སོགས་རབ་ཏུ་མང་པོ་དང་། འཇིགས་པའི་སྦྲུལ་གཟུགས་སྡོམ་སྡིག་སོགས་སྣ་ཚོགས་པ་དང་། འཇིགས་པའི་སྒྲ་ར་ལ་ར་ལ་སོགས་སྣ་ཚོགས་སྒྲོག་པ། འཇིགས་པའི་གཟུགས་དང་། མི་སྙན་པའི་ང་རོ། མི་ཞིམ་པའི་དྲི་དང་ཁ་རླངས་ཀྱིས་ནད་གཏོང་ཞིང་། ལུས་ཅན་ཐམས་ཅད་སྐྱི་བུང་ཞེས་དངངས་པར་བྱེད་པ། རབ་ཏུ་འཇིགས་པའི་རླུང་ནག་གིས་ཕྱོགས་ཀུན་ཁེབས་པ་དང་། གྲང་བ་དང་ཚ་བའི་དབུགས་ཀྱིས་ཕྱོགས་བཅུ་ཀུན་ཏུ་སྟོང་ཁམས་ཐམས་ཅད་འཁྲུག་པར་བྱེད་པ། རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞིས་འདེབས་པར་བྱེད་པ། སེམས་མྱོས་ཤིང་དྲན་པ་ཉམས་པར་བྱེད་པའི་བྱེད་ལས་ཀྱི་མཐུས་ཀླུའི་རིས་དང་། ལྷ་མ་ཡིན་གྱི་རིས་དང་། འདོད་པའི་ལྷའི་རིས་དང་། གཟུགས་ཁམས་ལས་ཚངས་པའི་རིས་སོགས་བསམ་གཏན་དང་པོའི་གནས་གསུམ་དང་། འོད་གསལ་གྱི་བར་གཉིས་པའི་གསུམ་དང་། དགེ་རྒྱས་ཀྱི་བར་གསུམ་པའི་གསུམ་དང་། འབྲས་བུ་ཆེ་བའི་བར་བཞི་པའི་གསུམ་སྟེ། གནས་རིམ་བཅུ་གཉིས་པ་མན་ཆད་དབང་དུ་བསྡུས་སོ། །གཉིས་པ་གང་གིས་ཇི་ལྟར་འདུལ་པའི་ཐབས་ལ་གཉིས་ཏེ། གདུལ་བྱར་གཟིགས་ནས་འདུལ་བ་མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པའོ། །དང་པོ་ནི། དེ་སྔོན་སོགས་ཏེ། རཱུ་དྲ་དེས་སྔོན་དགེ་བའི་བཤེས་གཉེན་བསྟེན་ཅིང་སྔགས་ཀྱི་ཐེག་པར་ཞུགས་པའི་སྟོབས་ཀྱིས་འབྲེལ་བས་ཐམས་ཅད་མཁྱེན་པས་འདུལ་བའི་དུས་ལ་བབ་པར་གཟིགས་ནས་ཐུགས་རྗེ་དང་ཕྲིན་ལས་ཀྱིས་འདུལ་བར་གྱུར་ཏོ། །གཉིས་པ་ལ་བཅུ་གཉིས་ཏེ། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང་། ཆེ་མཆོག་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དང་། སྤྲུལ་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། བྱིན་གྱིས་རློབས་ཀྱི་ཆོ་འཕྲུལ་དང་། ཆོས་སྣང་བའི་ཆོ་འཕྲུལ་དང་། སྤྲུལ་པ་ཆེན་པོའི་དཀྱིལ་འཁོར་དང་། ཕྲིན་ལས་རྨད་དུ་བྱུང་བའི་ངོ་བོ་དང་། འཁོར་སྡུད་པའི་ཆོ་འཕྲུལ་དང་། ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དང་། འཁོར་འདུས་པའི་ཆོ་འཕྲུལ་དང་། ངོ་མཚར་ཚོགས་ཀྱི་དཀྱིལ་འཁོར་རོ། །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་སོགས་ཏེ། གདུལ་བྱ་བསྟན་པ་དེ་ནས་འདུལ་བྱེད་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་ཆེ་བའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་བཀོད་པའི་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བ་ལས། དོན་བྱ་བའི་ཡུལ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ་གྱི་བདག་པོ་དྲེགས་པ་ཅན་རཱུ་དྲ་འདུལ་བའི་ང་རྒྱལ་ཆེན་པོས་ཟིལ་གྱིས་གནོན་པའི་གཟི་བརྗིད་སྟོན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་རྡོ་རྗེའི་བདག་པོ་རིགས་དྲུག་པ་བཅོམ་ལྡན་འདས་དྲེགས་པ་འདུལ་བའི་ཐབས་ལ་དགྱེས་པ་ཆེན་པོ་ཁྲོ་བོའི་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀའི་དཀྱིལ་འཁོར་གྱི་སྤྲིན་ཆེན་པོ་རྣམ་པར་འཕྲོ་བའི་སྒྱུ་འཕྲུལ་དྲྭ་བའི་རྒྱལ་པོའི་ཏིང་ངེ་འཛིན་ལ་དགོངས་པ་སྙོམས་པར་ཞུགས་པ་སྟེ། དམ་པ་རྒྱན་ལས། འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། །གདུག་པ་སྲིད་གསུམ་འདུལ་བ་ཡི། །ང་རྒྱལ་ཆེན་པོ་བསྟན་པའི་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་བསྒོམ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དེ་བཞིན་ཉིད་ཀྱི་སོགས་ཏེ། ཆོས་ཉིད་དེ་བཞིན་ཉིད་སྐྱེ་མེད་ཀྱི་དབྱིངས་ནས་ཡུམ་ཁྲོ་མོ་དབང་ཕྱུག་ཆེན་མོ་མངོན་དུ་ཕྱུངས་ཏེ། ཧི་ཧི་ཞེས་ཡབ་ལ་དགྱེས་པའི་གཟི་མདངས་ཀྱིས་བསྐུལ་བས། ཐབས་ཤེས་ཀྱི་མཁའ་གསང་རིན་ཆེན་དང་པདྨ་བདེ་བས་རྒྱས་པར་མཛད་ནས་ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ་བའི་དགྱེས་པས་པདྨར་ནོར་བུ་ཐིམ་ནས་རོལ་བར་མཛད་དོ། །གསུམ་པ་ནི། བྱང་ཆུབ་སོགས་ཏེ། རྒྱུ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་སྤྲིན་སྤྲོས་པ་ལས། རྐྱེན་དེའི་ཚེ་ཧཱུཾ་ཧཱུཾ་ཧཱུཾ་རྡོ་རྗེ་གསུམ་གྱི་བདག་ཉིད། བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ནི་རྡོ་རྗེ་ཁྲོ་བོ་སྣ་ཚོགས་འབར་བའི་དཀྱིལ་འཁོར། ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུཾ། སྒོ་གསུམ་བཀས་ཤིང་གཏོར་ཅིག་ཅེས་ཐུགས་བསྐུལ་བའི་ཚིག་སྦྱར་བའོ། །དེ་སྐད་ཅེས་བརྗོད་པས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཁྲོ་བོ་འཆོལ་བའི་སྤྲིན་སྤྲོ་བའི་རྐྱེན་བྱེད་པའོ། །བཞི་པ་ནི། འཇིག་རྟེན་སོགས་ཏེ། གང་དུ་སྤྲོ་ན་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་གོ་མཚམས་མེད་པར་ཁྱབ་པར། གང་སྤྲོ་ན་ཁྲོ་བོ་འཆོལ་བའི་དཀྱིལ་འཁོར་གྱི་ཚོགས། ཆེ་ཆུང་སྟོང་གསུམ་གྱི་འཇིག་རྟེན་ཙམ་ལ་གྲངས་ཕྱོགས་བཅུའི་འཇིག་རྟེན་གྱི་རྡུལ་ཕྲ་མོ་སྙེད་ཙམ་འཐོན་པས་སྟོང་ཁམས་གང་བར་གྱུར་ནས་གདུག་པ་ཅན་རྣམས་བག་འཁུམས་པར་བྱེད་པའོ། །ལྔ་པ་ནི། འཇིག་རྟེན་སོགས་ཏེ། དེ་ལྟར་ཁྲོ་བོའི་སྤྲིན་སྤྲོས་པ་དེས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཀྱི་ས་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་གཡོས་སོ། །ཟིན་པའི་སྒྲ་ཐམས་ཅད་དྲག་པོར་འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་འུར་འུར་རོ། །མ་ཟིན་པའི་སྒྲ་རྣམས་ཀྱང་རང་འཁྲོལ་དུ་ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །རི་གླིང་སོགས་དུམ་བུར་ཤིག་ཤིག །རབ་ཏུ་ཤིག་ཤིག །ཀུན་ཏུ་ཤིག་ཤིག་གོ། །དེ་དག་ཀྱང་གཏོར་གཏོར། རབ་ཏུ་གཏོར་གཏོར། ཀུན་ཏུ་གཏོར་གཏོར་རོ། །དེ་ལྟར་ཕྱི་རོལ་དུ་ལྟས་གཡོས་པ་དང་འུར་བ་སོགས་སྡེ་ཚན་ལྔ་པོ་རེ་རེ་ལའང་ཆུང་འབྲིང་ཆེ་གསུམ་སྟེ་བཅོ་ལྔ་དང་། ནང་དུ་ལམ་པའི་སེམས་ལ་ཚོགས་སྦྱོར་གྱི་རྣལ་འབྱོར་ལྔར་གཡོ་ཐོབ་གོམས་པའི་ཉམས་གསུམ་བོགས་འཐོན་པའོ། །དྲུག་པ་ནི། འཇིག་རྟེན་སོགས་ཏེ། དེ་ལྟར་ལྟས་ཆེན་པོ་བཅོ་ལྔ་དང་ཁྲོ་བོའི་སྤྲིན་ཚོགས་མི་བཟད་པའི་ཆོས་ཀུན་ཏུ་སྣང་བ་དེའི་ཚེ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་གསུམ་གྱི་ཁམས་ཐམས་ཅད་ན་གནས་པའི་གཙོ་བོ། སོ་སོའི་གནས་སུ་དབང་ཆེ་བ་དང་། འཕྲུལ་དང་གཟི་བརྗིད་ཆེ་བ་དང་། ནུས་མཐུ་ཆེ་བའི་རིས་དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། བརྒྱ་བྱིན་ལ་སོགས་ཏེ། དྲེགས་པ་ཅན་ཐམས་ཅད་འཇིགས་ཤིང་སྐྲག་ནས་ལུས་སར་འགྱེལ་ཞིང་། ངག་འཐམ། སེམས་མྱོས་ནས་དྲན་པ་ཉམས་ཏེ་བརྒྱལ། རབ་ཏུ་བརྒྱལ། ཀུན་ཏུ་བརྒྱལ་བར་གྱུར་ཏོ། །བདུན་པ་ནི། དེ་ནས་སོགས་ཏེ། ཆོས་སྣང་བའི་ཆོ་འཕྲུལ་བསྟན་པ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཆེ་མཆོག་ཉིད། འཇིགས་བྱེད་ཆེན་པོ་ཤིན་ཏུ་རྔམ་པའི་སྐུ་གདུག་པ་ཅན་རྣམས་སྐྱི་བུང་ཞེས་བྱེད་པའི་གཟི་བྱིན་འབར་བ་ཆེན་པོའི་མེ་འོད་འཕྲོ་བ་ཁྲག་འཐུང་སྨུག་ནག་ཅིར་ཡང་འགྱུར་བའི་རྣམ་པ་ཅན། དབུ་དང་ཕྱག་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་ལྟར་མཐའ་ཡས་པས་མཚོན་ཆ་སྣ་ཚོགས་འཛིན་པ་དེ་ཉིད་ལ་གོང་དུ་སྤྲོས་པའི་ཁྲོ་བོའི་སྤྲིན་ལས་རྡོ་རྗེའི་རིགས་ཀྱི་ཁྲོ་ཚོགས་ཐམས་ཅད་འདུས་ཏེ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་བཛྲ་ཧེ་རུ་ཀ །རྣམ་ཐར་གྱི་དབུ་གསུམ། ཡེ་ཤེས་ཀྱི་ཕྱག་དྲུག །རྫུ་འཕྲུལ་རྐང་བཞིའི་རྟགས་ཞབས་བཞི་པར་གྱུར་ཏེ། དུར་ཁྲོད་འབར་བའི་གཞལ་ཡས་ཁང་ཆེན་པོར་བཞུགས་པར་དགྱེས་ནས། མཁའ་རླུང་གི་དཀྱིལ་འཁོར་ལ་བརྟེན་པའི་ཁྲག་གི་རྒྱ་མཚོར་ཆགས་པ་ཞིང་ཆེན་གྱི་ས་གཞིའི་དཀྱིལ་ན་ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་། ཡེ་ཤེས་ཀྱི་མེ་དཔུང་འབར་བ་ཆེན་པོའི་ཀློང་། གཞལ་ཡས་ཁང་གི་དབུས་འཁོར་ལོ་རྩིབས་བཞི་པའི་དཀྱིལ་ན་དབང་ཕྱུག་ལྷ་ཆེན་པོ་དང་། དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཆེན་པོ་རཱུ་དྲ་ཕོ་མོ་སྟེ་ཁྱོ་ཤུག་བྱི་ཆིངས་སུ་བསྣོལ་བའི་གདན་ལ་ཞབས་གཡས་བརྐྱང་གཡོན་བསྐུམ་དུ་བཞུགས་སོ། །འདིར་ཞབས་གཡོན་བརྐྱང་དུ་བཞེད་པའང་སྣང་མོད། དེ་ལྟ་ནའང་རྒྱ་དཔེར། ཨཱ་ལཱི་ཌྷ་པཱ་ཱད་ཞེས་གཡས་བརྐྱང་གི་སྐད་དོད་ཡོད་དོ། །དེ་བཞིན་དུ་བདེ་གཤེགས་རིགས་དང་། རིན་ཆེན་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་ཀྱི་ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་ཕུང་དེ་དག་སོ་སོར་འདུས་པ་ལས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་བཞིའི་བདག་ཉིད་རིགས་བཞིའི་ཧེ་རུ་ཀར་གྱུར་པའང་། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ཞེས་སྦྱར་ཏེ། བུདྡྷ་ཧེ་རུ་ཀར་གྱུར་ཏེ་འཁོར་ལོ་རྩིབས་བཞིའི་ཤར་ཕྱོགས་སུ་དང་། རིན་པོ་ཆེར་གྱུར་ཏེ་ལྷོ་ཕྱོགས་སུ་དང་། པདྨར་གྱུར་ཏེ་ནུབ་ཕྱོགས་སུ་དང་། ཀུན་ཏུ་ལས་སུ་གྱུར་ཏེ་བྱང་ཕྱོགས་སུ་བཞུགས་སོ། །ཁྲག་འཐུང་དེ་དག་ཀུན་ཀྱང་འཇིགས་བྱེད་ཆེན་པོའི་ཆ་ལུགས་དུར་ཁྲོད་ཀྱི་ཆས་དང་། ཧཱུཾ་ཕཊ་སོགས་རྔམ་པའི་ང་རོ་དང་། མེ་དཔུང་འབར་བའི་ཀློང་ན་དབུ་གསུམ་ཕྱག་དྲུག་ཞབས་བཞིས། ཤར་དུ་དྲི་ཟ་དང་། བྱང་དུ་གནོད་སྦྱིན་དང་། ནུབ་ཏུ་སྲིན་པོ་དང་། ལྷོར་གཤིན་རྗེ་ལ་སོགས་ཏེ་གདུག་པ་ཅན་ཐམས་ཅད་བསྡུས་པ་ཁྱོ་ཤུག་གི་གདན་ལ་གཡས་བརྐྱང་གིས་བཞུགས་སོ། །བཙུན་མོ་ཁྲག་འཐུང་ཆེན་མོ་རིགས་ལྔའི་ཚོགས་རྣམས་ཀྱང་རིགས་སོ་སོའི་ཧེ་རུ་ཀའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ། །བརྒྱད་པ་ནི། དེ་ནས་དྲེགས་པ་སོགས་ཏེ། རིགས་ལྔའི་ཧེ་རུ་ཀར་སྣང་བས་དྲེགས་པ་ཅན་གདན་དུ་བྱས་པ་དེ་ནས་དྲེགས་པ་ཆེན་པོ་རཱུ་དྲ་ལ་སོགས་པ་ཕོ་རྒྱུད་རྣམས་ཀྱིས། ཁྲོ་ཞིང་གཏུམ་པའི་སེམས་ཀྱིས་དགྲ་ཟླར་མཐོང་སྟེ། ལུས་གདན་དུ་གནས་ཀྱང་གདུག་པའི་རྫུ་འཕྲུལ་ཆེན་པོ་སྣ་ཚོགས་བསྟན་ནས། འཁོར་བཅས་མགྲིན་གཅིག་ཏུ་གདུག་པའི་ང་རོས་མི་སྙན་བརླང་པོའི་གཏུམ་ཚིག་གིས་འདི་སྐད་དུ་སྨྲས་པ། ངེད་རྣམས་གདན་དུ་བཅིངས་པ་ལས་ཐོང་ཐོང་། ཁྱེད་ཅག་སྙིང་རྗེའི་བདག་པོ་མ་ཡིན་ནམ། ཅི་བདག་ཅག་ལ་དེ་ལྟར་ཐོ་འཚམས་པར་བྱེད་དམ། ཞེས་ཟེར་ཞིང་། ཤིན་ཏུ་གདུག་པའི་སེམས་ཀྱིས་ཁྲོས་ནས་ད་དུང་རྔམ་མོ། །དེ་ནས་གདུག་པ་ཅན་དེ་དག་གི་གཉེན་པོར་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་རིགས་ལྔའི་ཧེ་རུ་ཀ་ཉིད་སྒྲོལ་བྱེད་རྡོ་རྗེ་སྲིན་པོ་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་དུ་གནས་པར་སྤྲུལ་ནས། ཐུགས་རྗེས་འདུལ་བའི་ཐབས་ལ་མཁས་པ་ཉིད་ཀྱིས་རཱུ་དྲའི་ངོར་ཤིན་ཏུ་ཁྲོས་པ་ལྟར་སྣང་ནས་རྔམ་པའི་སྐད་ཀྱིས། ཧཱུཾ་ཧཱུཾ་ཧཱུཾ་ཞེས་དེ་དག་གི་སྒོ་གསུམ་བསྡུས་ཤིག་པའོ། །ཧ་ཧ་ཧ་ཞེས་དུག་གསུམ་ཞལ་དུ་གསོལ་བར་དགྱེས་པའི་བཞད་སྒྲའོ། །ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཞེས་ཤ་ཁྲག་རུས་གསུམ་ཟོ་ཞིག་པའོ། །སྔགས་དེ་སྐད་ཅེས་བརྗོད་པས་དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་པ་ཆེན་པོའི་ཚོགས་དེ་དག་གི་བདག་འཛིན་གཅོད་ཕྱིར་དོན་སྙིང་དང་། ཡུལ་འཛིན་གྱི་སྒོ་དགག་ཕྱིར་དབང་པོ་ཀུན་ཕྱུང་། མངོན་ཞེན་དགག་ཕྱིར་ནང་ཁྲོལ་ཀུན་དྲངས། ལས་ངན་གྱི་བག་ཆགས་གཅོད་ཕྱིར་ཡན་ལག་ཀུན་དུམ་བུར་བཅད་ཅིང་གཏུབས་ནས། དུག་གསུམ་དག་པར་མཛད་པའི་ཕྱིར་དུ་གཏི་མུག་ཤ་ཀུན་ཟོས། འདོད་ཆགས་ཁྲག་ཀུན་འཐུངས། ཞེ་སྡང་རུས་པ་ཀུན་འཆོས་སོ། །དགུ་པ་ནི། དེ་ནས་སོགས་ཏེ། ཕོ་རྒྱུད་བསྒྲལ་ཏེ་བཏུལ་བ་དེ་ནས་མོ་རྒྱུད་སྦྱོར་བས་འདུལ་བའི་ཕྱིར། ཧཱུཾ་ཧཱུཾ་ཧཱུཾ་ནི་ལུས་ངག་ཡིད་གསུམ་བསྡུས་ཤིག་པའི་བསྐུལ་ཚིག །བྷྱོ་ནི་མ་མོ་རྣམས་ཀྱི་སྙིང་པོ་དང་བོད་པ། ཨེ་འདིར། ཨཱ་ར་ལི་རོལ་པ། ཛཿཛ་དགུག་པའི་ས་བོན་ནོ། །དེ་སྐད་ཅེས་བརྗོད་པས་ཕྱོགས་བཅུའི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐས་གཏུགས་པ་དང་བཅས་པ་ཀུན་མ་ལུས་པར་ཡུངས་འབྲུ་གཅིག་ཙམ་དུ་ཆུད་པར་དབང་འབྱོར་བའི་རྫུ་འཕྲུལ་ཆེན་པོས་བསྡུས་སོ། །དེ་ནས་བཅུད་ཀྱི་སེམས་ཅན་འབྱུང་པོ་ཕལ་པའི་རིགས་མ་ལུས་པའི་རྒྱལ་པོ་ནི་ལྷ་དང་ལྷ་མིན་གྱི་བློན་པོ་ཆེན་པོ་རྣམས་ཡིན་ལ། དེའི་ཡང་རྒྱལ་པོ་ནི་དྲེགས་པ་ཆེན་པོ་སྲིན་པོ་ལ་སོགས་པ་དབང་ཕྱུག་ཆེན་པོ་ཕོ་རྒྱུད་ཉི་ཤུ་རྩ་བརྒྱད་པོ་ཡིན་པས། དེ་རྣམས་སོ་སོའི་ཆུང་མ་ནི་འབྱུང་པོ་མོ་རྒྱུད་ཕལ་པའི་རིགས་ཐམས་ཅད་ཀྱི་རྗེ་མོ་སྟེ་བློན་པོ་ཆེན་པོའི་ཆུང་མ། དེ་ཚོའི་ཡང་རྗེ་མོར་གྱུར་པ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དེ། ཁྱོའི་མིང་ཆུང་མར་གྲགས་པས། སྲིན་པོ་ད་ཤ་གྲཱི་བའི་ཆུང་མ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ཚངས་པའི་ཚངས་མ་དང་། ལྷ་ཆེན་དྲག་པོའི་འཁྲུག་མོ་དང་། བརྒྱ་བྱིན་གྱི་དབང་མོ་དང་། ཁྱབ་འཇུག་གི་འཇུག་སྲེད་མོ་དང་། གདོད་དྲུག་གི་གཞོན་ནུ་མོ་དང་དྲུག་ནི་ཤར་གྱི་མ་མོའོ། །འཇུག་སྲིད་ཀྱི་དམར་མོ་དང་། ཉི་མའི་བདུད་རྩི་མོ་དང་། ཟླ་བའི་ཞི་བ་མོ་དང་། བེ་ཅོན་གྱི་བེ་ཅོན་མོ་དང་། སྲིན་པོ་ཁྲག་མིག་གི་སྲིན་མོ་དང་། ལྷ་ཟ་བྱེད་ཀྱི་ཟ་བ་མོ་དང་དྲུག་ནི་ལྷོའི་མ་མོའོ། །དགའ་བྱེད་དབང་ཕྱུག་གི་དགའ་བ་མོ་དང་། སྟོབས་བཟང་གི་ར་རོ་ཁྲག་འཐུང་མྱོས་མ་དང་། བྷྲྀཾ་གི་རི་ཏིའི་གཅིག་པུར་སྤྱོད་མ་དང་། འདོད་ལྷའི་ཡིད་འཕྲོག་མ་དང་། ནོར་སྲུང་གི་གྲུབ་མོ་དང་། རླུང་ལྷའི་རླུང་མོ་དང་དྲུག་ནི་ནུབ་ཀྱི་མ་མོའོ། །ལྷ་གསོད་བྱེད་ཀྱི་གསོད་བྱེད་མོ་དང་། མེ་ལྷའི་མེ་མོ་དང་། ས་བདག་ཕག་ཆེན་གྱི་ཕག་མོ་དང་། གཤིན་རྗེའི་རྒན་བྱེད་མོ་དང་། ཚོགས་བདག་གི་སྣ་ཆེན་མོ་དང་། ཀླུའི་ཆུ་ལྷ་མོ་དང་དྲུག་ནི་བྱང་གི་མ་མོའོ། །ལྷ་ནག་པོ་ཆེན་པོའི་ནག་མོ་ཆེན་མོ་དང་། ར་གདོང་ཆེན་པོའི་ར་མགོ་དམར་སེར་ཆེན་མོ་དང་། སྲིན་པོ་བུམ་རྣའི་བུམ་རྣ་སྔོ་ནག་ཆེན་མོ་དང་། གསུས་པོ་ཆེའི་གསུས་འཛིན་སེར་ནག་ཆེན་མོ་དང་བཞི་ནི་སྒོ་མའོ། །དེ་ལ་སོགས་པ་མ་མོའི་ཚོགས་ཏེ། ཕྱིའི་ལས་བྱེད་བྲན་དང་། དེའི་ཡང་བྲན་དང་། ནང་གི་ལས་བྱེད་གཡོག་དང་། དེའི་ཡང་གཡོག་དང་བཅས་པ་འཁོར་ཞིང་གི་རྡུལ་སྙེད་ལྟར་མཐའ་ཡས་པ་ཐམས་ཅད་ཀྱང་བསྡུས་སོ། །བཅུ་པ་ནི། དེ་ནས་བཅོམ་ལྡན་འདས་སོགས་ཏེ། མོ་རྒྱུད་རྣམས་བསྡུས་པ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེ་སྲིན་པོར་སྣང་བ་དེས་མ་མོ་རྣམས་འདུལ་བའི་ཐབས་ཀྱིས། སླར་ཡང་རིགས་ལྔའི་འཇིགས་བྱེད་ཆེན་པོ་ལྔ་ཀ་ཡོངས་སུ་རྫོགས་པར་མ་མོ་རྣམས་ལ་སྣང་བར་བྱས་ནས། དེ་དག་ཀུན་ཀྱང་དགྱེས་པ་ཆེན་པོས་རོལ་པ་ལས་ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་སྔགས་འདི་ཕྱུང་ངོ་། །ༀ་ཨཱཿཧཱུཾ་ནི་རྡོ་རྗེ་གསུམ། བཛྲ་ནི་རྡོ་རྗེ་སྟེ་ཡབ་ཀྱི་གསང་བའི་རྡོ་རྗེ། པྲ་བེ་ཤ་རབ་ཏུ་ཞུགས་པ་སྟེ་གསང་བའི་པདྨར་རོ། །ཨ་ལ་ལ་ཧོཿདགྱེས་པས་ངོ་མཚར་བའོ། །བཅུ་གཅིག་པ་ནི། ཞེས་བརྗོད་པས་སོགས་ཏེ། དེ་སྐད་ཅེས་བརྗོད་པས་འབྱུང་མོའི་རྒྱལ་མོ་རྣམས་རིགས་ལྔའི་ཧེ་རུ་ཀར་སྣང་བ་ལ་ཤིན་ཏུ་ཆགས་པའི་ཡིད་གཡོས་ནས། རང་རང་གི་པདྨའི་དཀྱིལ་འཁོར་སྡུད་པ་སྟེ་འཛུམ་ཞིང་རྒྱས་པར་གྱུར་ནས། དཔེར་ན་རྡོ་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ་དབང་མོ་རྣམས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཧེ་རུ་ཀ་རིགས་ལྔའི་སྐུ་ལ་འཁྲིལ་ཏེ། འདི་ལྟར་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེ་ཧེ་རུ་ཀའི་སྐུ་བརྒྱད་དུ་སྣང་བ་ལ། ཕྱོགས་ཀྱི་གཙོ་མོ་སྲིན་མོ་ཆེན་མོ་མིའི་སྲིན་མོ་སོགས་བཞི་དང་། སྒོ་སྐྱོང་ནག་མོ་ཆེན་མོ་སོགས་བཞི་སྟེ་བརྒྱད་པོ་རྣམས་སོ་སོར་འཁྲིལ་ཏོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རིགས་བཞི་པོ་ལྔ་ལྔར་སྣང་སྟེ། དེ་བཞིན་གཤེགས་པའི་སྐུ་ལ་ཚངས་མ་སོགས་ཤར་ཕྱོགས་ཀྱི་མ་མོ་ལྔ་རྣམས་འཁྲིལ་ཏོ། །རིན་པོ་ཆེའི་སྐུ་ལ་བདུད་རྩི་མོ་སོགས་ལྷོའི་མ་མོ་ལྔ་རྣམས་འཁྲིལ་ཏོ། །པདྨའི་སྐུ་ལ་ཁྲག་གིས་མྱོས་མ་སོགས་ནུབ་ཀྱི་མ་མོ་ལྔ་རྣམས་འཁྲིལ་ཏོ། །ཀུ ན་ཏུ་ལས་ཀྱི་སྐུ་ལ་མི་མོ་སོགས་བྱང་གི་མ་མོ་ལྔ་རྣམས་འཁྲིལ་ཏོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་རིགས་ལྔའི་ཁྲོ་བོའི་དཀྱིལ་འཁོར་དེ་དག་གིས་ཧཱུཾ་ཞེས་བརྗོད་པས་དབང་མོ་རྣམས་ཀྱི་པདྨའི་དཀྱིལ་འཁོར་གྱི་ཚོགས་རིགས་ལྔའི་རྡོ་རྗེ་ལ་བསྡུས་ནས་སྐུའི་སྟོད་སྨད་ཤིན་ཏུ་བཅུམ་པས་རོལ་པར་གྱུར་ཏོ། །བཅུ་གཉིས་པ་ལ་བཞི་སྟེ། གནས་མ་དང་། ཡུལ་མ་དང་། སྒོ་མ་རྣམས་སྤྲོ་བ་དང་། ཁྲོས་པར་བསྐུལ་བའོ། །དང་པོ་ནི། དེ་ནས་སོགས་ཏེ། གཉིས་མེད་དུ་རོལ་པ་དེ་ནས་དགྱེས་ཏེ་ཧ་ཞེས་བརྗོད་པའི་བཞད་སྒྲས་སྦྱོར་མཚམས་ནས་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཞི་བའི་ལས་ཀྱིས་དག་པར་བྱེད་པ་དཀར་མོའི་ཚོགས་དང་། དབང་གིས་སྡུད་པ་རྐུན་མོའི་ཚོགས་དང་། ཞི་བས་སྤང་བླང་འབྱེད་པ་མེད་པའི་དབྱིངས་སུ་སྦྱར་བ་རྨོངས་མོའི་ཚོགས་དང་། དྲག་པོས་མི་མཐུན་པ་འཇོམས་པ་ཐལ་བྱེད་མའི་ཚོགས་དང་། རྒྱས་པས་ཡོན་ཏན་གྱིས་གང་བ་སྦོམ་མོའི་ཚོགས་དང་། དྲག་པོས་ཞེ་གཅོད་པ་གཏུམ་མོའི་ཚོགས་དང་། ལས་ཐམས་ཅད་པས་གང་ཡང་འགྲུབ་པ་སྨེ་ཤ་ཅན་གྱི་ཚོགས་དང་། རྒྱས་པས་འཕེལ་བའི་ལས་སྒྲུབ་པ་མ་ཚོགས་མའི་ཚོགས་རྣམས་ཞིང་དབྱུག་དང་ཐོད་ཁྲག་སོགས་རང་རང་གི་ལག་ཆ་དང་། ངོ་མཚར་བའི་གཟུགས་རྒྱན་དང་བཅས་པས་དབང་མོའི་མཁའ་ནས་ཕྱིར་འཐོན་ཏོ། །གནས་མ་བརྒྱད་པོ་རེ་རེ་ཡང་ཉི་ཤུ་རྩ་བརྒྱད་དུ་འཐོན་ནས་ཀྱང་རིགས་བསྡུས་ཏེ་འབར་བ་ཆེན་པོའི་འཁོར་ལོའི་རྩིབས་མཆན་དང་གྲུ་ཆད་བཞིར་ཤར་ལྷོའི་ཕྱོགས་ནས་གཡས་བསྐོར་གྱིས་འཁོར་བར་འཇིགས་པའི་གཟུགས་རང་རང་གི་ལག་ཆ་དང་བཅས་ནས་འཁོད་དོ། །གཉིས་པ་ནི། དེ་ནས་སོགས་ཏེ། གནས་མ་འཐོན་པ་དེ་ནས་ཤིན་ཏུ་དགྱེས་ནས་ཧེ་ཞེས་བརྗོད་པའི་བཞད་སྒྲ་དང་སེམས་སྤྲིན་ལས། རྟོག་པ་ཟིལ་གྱིས་གནོན་པ་སེང་གདོང་ཆེན་མོའི་ཚོགས་དང་། དེ་བཞིན་དུ་དཔའ་ཞིང་བརྟུལ་ཕོད་པ་སྟག་གདོང་། ཐབས་ལ་མཁས་པས་ཕུང་པོའི་བདུད་འཇོམས་པ་ཝ་གདོང་། མེལ་ཚེ་མཁས་ཤིང་ལྷའི་བུའི་བདུད་འཇོམས་པ་ཁྱི་གདོང་། མིག་རྣོ་ཞིང་ཤེས་བྱ་ལ་ཐོགས་པ་མེད་པ་བཞད་གདོང་། དབུགས་བྲལ་ལ་སྤྱོད་ཅིང་འཆི་བདག་གི་བདུད་འཇོམས་པ་ཀངྐའི་གདོང་། ཉོན་མོངས་པ་ཟད་པར་བྱེད་པ་ཁྭ་གདོང་། གདུལ་བྱ་ཕྲ་བའང་མི་འདོར་བ་འུག་གདོང་སྟེ། དེ་ལྟར་ཕྲ་མེན་ཆེན་མོ་རེ་རེའང་ཉེར་བརྒྱད་ཀྱི་ཚོགས་དང་བཅས་པ་རྣམས། ལག་གཉིས་གྱེན་དུ་བསྣོལ་བས་རོ་བཟུང་བ་སོགས་རང་རང་གི་ལག་ཆ་དང་ངོ་མཚར་དུ་བཅས་ནས་འཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་རིགས་བསྡུས་ཏེ་འབར་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ་གསེར་ཁྱམས་ལ་ཤར་ཕྱོགས་ནས་འཁོར་བར་ཕྱོགས་བཞིར་མཆེ་བ་ཅན་དང་མཚམས་བཞིར་གཤོག་པ་ཅན་བཞི་རྔམས་པའི་མདངས་ཀྱིས་འཁོད་དོ། །གསུམ་པ་ནི། དེ་ནས་སོགས་ཏེ། ཡུལ་མ་འཐོན་པ་དེ་ནས་ཤིན་ཏུ་དགྱེས་པས་ཕྲིན་ལས་བཞིའི་སྣང་བས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པར་ཁྱབ་ནས་ཕཊ་ཅེས་བརྗོད་པའི་བཞད་སྒྲ་དང་སེམས་སྤྲིན་ལས། བྱམས་པས་མི་གཏོང་བར་འཛིན་པ་རྡོ་རྗེ་སྲིང་འགྲོ་རྟ་གདོང་མ། སྙིང་རྗེས་འཆིང་བ་རྡོ་རྗེ་གདོང་མོ་ཕག་གདོང་མ། དགའ་བས་སྡོམ་པ་རྡོ་རྗེ་འཇིག་རྟེན་སེང་གདོང་མ། བཏང་སྙོམས་ཀྱིས་མྱོས་པར་བྱེད་པ་རྡོ་རྗེ་རོ་ལངས་སྤྱང་གདོང་མའི་ཚོགས་རྣམས་ལྕགས་ཀྱུ་སོགས་རང་རང་གི་ལག་ཆ་དང་ངོ་མཚར་དུ་བཅས་ནས་འཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་ཉེར་བརྒྱད་པོ་རིགས་བསྡུས་ཏེ་འབར་བ་ཆེན་པོའི་དཀྱིལ་འཁོར་གྱི་སྒོ་བཞིར་ཤིན་ཏུ་རྔམ་པའི་གཟུགས་ཀྱིས་གནས་སོ། །གང་དག་སྲས་མོ་ཉི་ཤུ་པོ་སྤྲོ་བའི་ཡུམ་འདིར་དབང་མོ་དང་སྒྲུབ་ཐབས་སུ་རིགས་ཀྱི་ཡུམ་ལྔས་བྱས་པ་གཉིས་འགལ་ལོ་ཞེ་ན། འདིར་སྔོན་བྱུང་དྲེགས་པ་འདུལ་བའི་དགོས་ཆེད་དང་། སྒྲུབ་ཐབས་ཀྱི་དུས་རྗེས་འཇུག་ཉམས་ལེན་གྱི་དབང་དུ་ཡིན་པས་འགལ་བ་མེད་དོ། །བཞི་པ་ནི། དེ་ནས་སོགས་ཏེ། དཀྱིལ་འཁོར་འགོད་པའི་མཛད་པ་རྫོགས་པ་དེ་ནས་ཡབ་ཡུམ་དགྱེས་པར་རོལ་པའི་སྤྲིན་ལས་ཕྱོགས་བཅུ་ནས་ཕཊ་ཅེས་བསྒྲགས་པས་ཐམས་ཅད་རྔམས་ཤིང་ཁྲོས་ནས་མ་མོ་ཐམས་ཅད་ཀྱང་སྔོན་གང་ནས་འོངས་པའི་རང་རང་གི་གནས་ག་ལ་བ་དེར་ཡུད་ཙམ་ལ་རྫུ་འཕྲུལ་གྱིས་ཕྱིན་པར་བཀྱེའོ། །གསུམ་པ་དེ་ལྟར་བཏུལ་བའི་འབྲས་བུ་ལ་བཞི་སྟེ། དབང་བསྐུར་ཏེ་གནས་སྤར་ནས་སྣང་འབྱེད་ཀྱི་ཏིང་འཛིན་ཐོབ་པ། འབངས་སུ་དམ་བཅས་ནས་ལུས་གདན་དུ་ཕུལ་བ། འཁོར་ཕུལ་ཏེ་གུས་པས་མཆོད་པར་དམ་བཅས་པ། དབང་མོ་རྣམས་ལས་ནོད་པ་ལ་དབང་བསྐུར་ནས་མུ་རན་ལ་བཀོད་ཚུལ་ལོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་སོགས་ཏེ། སྦྱོར་སྒྲོལ་གྱི་ཕྲིན་ལས་རྨད་དུ་བྱུང་བ་བསྟན་པ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་རིགས་ལྔ་པོ་དེ་དག་ཀུན་བཛྲ་ཧེ་རུ་ཀར་བསྡུས་པ་ཉིད་རང་བྱུང་གི་ཐུགས་རྗེ་ཆེན་པོ་གསོ་བར་བྱེད་པས་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་དབང་བསྐུར་བའི་དམ་རྫས་སྔགས་དང་བཅས་པ་འདི་དག་ཕྱུང་ངོ་། །སྔར་ཞལ་དུ་བསྟབས་པའི་དབང་ཕྱུག་ཆེན་པོ་ལ་སོགས་པ་དེ་རྣམས་ཐམས་ཅད་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གི་ལྟོ་བ་ན་གནས་པ་དཔལ་ཆེན་པོའི་བསྣམས་ཏེ་གཤང་ལམ་ནས་བཏོན་ཏེ་མི་གཙང་བའི་འདམ་གྱི་རྒྱ་མཚོར་ཆུད་པ་ལས། སླར་ཡང་བསྣམས་ནས་ཨུ་ཙུཥྨ་ཀྲོ་དྷ་ཞེས་པ་ཁྲོ་མོ་རྨེ་བ་བརྩེགས་པ་དང་དམ་རྫས་བདུད་རྩི་ཕྱུངས་ནས་ༀ་བཛྲ་མ་ཧཱ་ཨ་མྲྀ་ཏ་མཆོག་སྟེར་རྡོ་རྗེ་བདུད་རྩི་ཆེན་པོ། མ་ཧཱ་ཀྲོ་དྷ་ཁྲོ་བོ་ཆེན་པོ། ཨཾ་ཨཾ་ཨཾ་ཞེས་བརྗོད་པས་ལན་གསུམ་དམ་རྫས་བདུད་རྩི་ལྕེར་བཞག་ཅིང་དབང་བསྐུར། རྨེ་བ་བརྩེགས་པས་འདམ་ཀུན་འཐུངས་ཏེ་གསོས་པས་དྲེགས་པ་ཅན་དེ་དག་དྲན་པ་སླར་རྙེད་ནས་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ཐོབ་པས་འབར་བ་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་བསམ་ཡས་ལྷུན་གྲུབ་ཀྱི་ཞལ་མངོན་སུམ་དུ་མཐོང་སྟེ། ཁྲོ་བོ་དེ་དག་ཐམས་ཅད་ཀྱང་དབུ་དགུ་བརྒྱ་པ། ཕྱག་སྟོང་བརྒྱད་བརྒྱ་པ། ཞབས་བརྒྱད་བརྒྱ་པ། སྐུ་གཟི་བྱིན་མཐའ་ཡས་པ་འབར་བ་ཆེན་པོའི་དཀྱིལ་འཁོར་ན་བཞུགས་པར་མཐོང་ངོ་། །ཡེ་ཤེས་ཀྱི་ཆོ་འཕྲུལ་གྱིས་སྤྲུལ་པའི་རཱུ་དྲ་བཏུལ་བ་དེའི་དུས་སུ། གདུལ་བར་བྱ་བའི་ཡུལ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ་པོ་ཀུན་ཏུ་གནས་ཤིང་དབང་སྒྱུར་བའི་དྲེགས་པའི་དབང་ཕྱུག་ཆེན་པོ་ཐམས་ཅད་གང་ལ་གང་གིས་ཇི་ལྟར་འདུལ་བའི་ཐབས་ཀྱི་སྒོ་སྣ་ཚོགས་སུ་སྣང་བའི་རོལ་བ་བསམ་གྱིས་མི་ཁྱབ་པར་རང་རང་གི་ཞིང་སོ་སོར་སྣང་བའི་སྔ་ཕྱི་མེད་པ་དུས་གཅིག་ཏུ་བཏུལ་ལོ། །འོ་ན་སྐབས་འདིར་བསྟན་གྱི་གདུལ་བྱ་སྤྲུལ་པ་ཡིན་པར་གང་གིས་ཤེས་སྙམ་ན། འགྲེལ་པ་ལུང་བསྟན་ལས། དེ་བཞིན་གཤེགས་པ་ཉིད་ཀྱིས་ཚུལ་དུ་བསྟན་པར་རིག་པར་བྱ་སྟེ། དེ་ལ་དགོས་པ་དང་དགོངས་པ་ཅི་ཡོད་ཅེ་ན། རང་རྒྱུད་པའི་གོལ་ས་དགག་པ་དང་། ཆེ་བའི་མཐུའི་ཚད་བསྟན་པའི་དགོས་པ་དང་། ནང་དུ་བདུད་བཞི་བཏུལ་བའི་རྟགས་ཕྱི་རོལ་དུ་བསྟན་པར་འབྲེལ་ཏོ། །ཞེས་དང་། ཇི་སྐད་བཤད་པའི་མཐུ་འདི་དག་རང་རྒྱུད་པ་ལ་ཡོད་པ་མ་ཡིན་ཏེ། སྤྲུལ་པ་བ་ཡིན་པར་སོམ་ཉི་མི་བྱའོ། །ཞེས་སོ། །དེ་ལྟར་ན་གོང་དུ་བདག་ཏུ་རྨོངས་པའི་ཞེས་སོགས་ཀྱིས་གནོད་དོ་ཞེ་ན། མི་གནོད་དེ། ཕྱིས་འཇིག་རྟེན་དུ་ཆ་ལུགས་དང་མཐུ་ཆ་འདྲ་བའི་རཱུ་དྲ་རང་མཚན་པ་འབྱུང་བ་རྣམས་རྒྱུ་དེ་ལྟ་བུས་བསྐྱེད་པར་སྟོན་པའི་ཕྱིར་དང་། དེར་མ་ཟད། གཉེན་པོ་མཆོག་རྣམས་ཉེས་པས་མི་གོས་པར་བསྟན་པའི་ཕྱིར། རྒྱལ་བས་སོར་མོའི་ཕྲེང་བ་ཅན་སྤྲུལ་ནས་བཏུལ་བ་བཞིན་ཐབས་ཀྱི་ཆེ་བ་དབྱུང་བ་དང་། སྔགས་ལམ་པའི་གོལ་ས་དགག་པའི་ཆེད་དུ་ཐབས་ལ་མཁས་པའི་ཆོ་འཕྲུལ་རྨད་དུ་བྱུང་བའོ། །གཉིས་པ་ནི། དེ་ནས་དེ་དག་སོགས་ཏེ། གནས་སྤར་བ་དེ་ནས་དྲེགས་པ་ཅན་དེ་དག་སྐྲག་པས་ལུས་ཤིན་ཏུ་འདར་ཞིང་། སེམས་བྲེད་པས་རབ་ཏུ་དཔའ་ཞུམ་པའི་ང་རོས། བདག་ཅག་ཁྱེད་ཀྱི་འབངས་སུ་མཆི། ངེས་པར་འབངས་སུ་མཆི། གལ་ཏེ་འབངས་སུ་ནན་ཏན་མ་བགྱིས་ན། བདག་ཅག་རྣམས་ཀྱི་མགོ་དང་ལུས་ནི་དུམ་བུ་བརྒྱར་འགས་ཤིང་། སྙིང་ཡང་ཚལ་པར་འགས་ཤིང་དུམ་བུར་གཏུབ་པར་གྱུར་ཅིག །ལུས་ཀྱང་རུལ་ཞིང་མྱགས་ལ་དམོད་ཚིག་གི་མེས་འཚིག་ནས་ཐལ་བར་བརླག་པ་དང་། ཚེ་ཕྱི་མར་ཡང་རྡོ་རྗེའི་དམྱལ་བར་ལྷུངས་ནས་འོ་དོད་འབོད་པར་ཤོག །དེ་སྐད་ཅེས་འབངས་སུ་མཆི་བར་མནའ་བོར་ནས་རང་རང་གི་ལུས་ཁྲག་འཐུང་རིགས་ལྔའི་དཀྱིལ་འཁོར་གྱི་གདན་དུ་ཕུལ་ནས་བཞག་གོ། །གསུམ་པ་ནི། ཐམས་ཅད་ཀྱིས་སོགས་ཏེ། དྲེགས་པ་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཡང་སྨྲས་པ། བདག་ཅག་རྣམས་ཀྱི་མཆིས་བྲང་ཆུང་མ་དང་། མ་དང་བུ་མོ་དང་། སྲིང་མོ་རྣམས་ཀྱང་ཁྲོ་བོའི་དཀྱིལ་འཁོར་ཆེན་པོར་འབུལ་བས་བཞེས་སུ་གསོལ། གང་གིས་ན་དྲེགས་པ་ཅན་འཇོམས་པའི་དཔའ་བོ་ལྷ་ཆེན་པོ་རྣམས་ཀྱི་ཡང་རྗེ་བོར་གྱུར་པ་དཔལ་ཧེ་རུ་ཀས་བཞེས་སུ་གསོལ། ཞེས་འཁོར་ཕུལ་ནས། མཆོད་པར་དམ་བཅའ་བ་ནི། བདག་ཅག་སོ་སོར་འཁོར་དང་བཅས་པ་རྣམས་ཀྱིས། འདི་ལྟར་ཞལ་མཐོང་བའི་ཁྲོ་བོའི་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིའི་མིང་ཙམ་འཛིན་པར་བྱེད་པའི་རྣལ་འབྱོར་པ་ཡང་རང་གི་གཙུག་གི་ནོར་བུ་འོད་འབར་བ་བཀུར་བ་ལྟར་སེམས་ལ་གཡོ་སྒྱུ་མེད་ཅིང་མཆོག་ཏུ་གུས་པ་དང་ལྡན་པའི་སེམས་ཀྱི་བློས་བླངས་ནས་རྣམ་པ་ཐམས་ཅད་དུ་སྤྱི་བོའི་གཙུག་ཏུ་བཞག་སྟེ་བཀུར་སྟི་དང་རིམ་གྲོ་ཕུན་སུམ་ཚོགས་པར་བགྱི་བས། དཀྱིལ་འཁོར་གྱི་མཚན་འཆང་བ་དེའི་དགོས་པའི་ལས་ཅི་ཡིན་ཡང་རུང་སྟེ། འདོད་པའི་རེ་བ་མ་ལུས་པ་རྫོགས་པར་བདག་ཅག་རྣམས་ཀྱིས་སྒྲུབ་བོ། །གལ་ཏེ་དཔའ་བོ་ཧེ་རུ་ཀའི་སྤྱན་སྔ་འདིར་བདག་ཅག་རྣམས་ཀྱིས་ཡལ་གམ་བཅས་པའི་ཐ་ཚིག་སྨྲས་པ་འདི་བཞིན་དུ་མ་བསྒྲུབས་ན། བདག་ཅག་རྣམས་ཀྱི་མགོ་ཚལ་པར་བཀས་ཤིང་། ལུས་དམོད་པའི་མཚོན་གྱིས་གཏུབས་ཏེ་སྙིང་ཡང་དུམ་བུར་འཐོར་ནས་རུལ་བར་མཆིའོ་ཞེས་སྨྲས་སོ། །བཞི་པ་ནི། དེ་ནས་སོགས་ཏེ། བྲོ་བོར་བ་དེ་ནས་དྲེགས་པ་ཅན་དེ་དག་གི་ཆུང་མའི་ཚོགས་དང་། སྲིང་མོ་དང་། མ་དང་། བུ་མོའི་ཚོགས་ཐམས་ཅད་སྔར་བཀྱེ་བ་ལས་སླར་ཡང་དཀྱིལ་འཁོར་གྱི་དྲུང་དུ་ཡུད་ཙམ་གྱིས་འོངས་ནས། དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། བདག་ཅག་དབང་མོ་འཁོར་གྱི་ཚོགས་དང་བཅས་པ་ཐམས་ཅད་ཀུན་གཡུལ་ལས་རྣམ་པར་རྒྱལ་བའི་དཔའ་བོ་ཆེན་པོའི་འབངས་སུ་མཆི་བར་བགྱི་ན་དཔའ་བོ་ཆེན་པོས་བདག་ཅག་རྣམས་ལ། ཕྲིན་ལས་རྣམ་པ་བཞི་ལས་འདི་དང་འདི་གྱིས་ཤིག་ཅེས་ལས་གང་བྱེད་ཀྱི་བཀའི་བསྒོ་བ་སྐལ་བ་དང་མཐུན་པའི་དངོས་གྲུབ་སྩལ་དུ་གསོལ་ཞེས་སྨྲས་སོ། །ཅི་བགྱི་ཞུས་པ་དེ་ནས་བཅོམ་ལྡན་དགྱེས་པ་ཆེན་པོས་དེ་རྣམས་ཀྱི་ལག་ཏུ་རྡོ་རྗེ་བྱིན་ནས། རྡོ་རྗེ་མིའི་སྲིན་མོ་སོགས་རང་རང་དང་མཐུན་པའི་མིང་གི་དབང་བསྐུར་ཏེ། དཀྱིལ་འཁོར་ཆེན་པོའི་གསེར་ཁྱམས་ཀྱི་ཕྱི་རོལ་དུ་ཁྲག་ཁྱམས་ལ་སོ་སོའི་ལས་བསྐོས་པའི་ཕྱོགས་ཀྱི་རིམ་པ་ཇི་ལྟ་བར་བཀོད་དོ། །གཉིས་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་ཡོད་པ་ལས། འདིས་ཁྲོ་བོ་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་གྱི་སྤྲིན་རྣམ་པར་སྤྲོས་པའི་ལེའུ་སྟེ་བཅོ་ལྔ་པའོ།། ༈ །།ལེའུ་བཅུ་དྲུག་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། རང་བཞིན་གྱི་དཀྱིལ་འཁོར་བསྟན་པ་དེ་ནས་གསུང་སྔགས་ཀྱི་དཀྱིལ་འཁོར་སྟོན་པའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་སྔར་བསྟན་པ་འདི་དག་གསང་སྔགས་ཀྱི་དམ་ཚིག་གིས་གྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཁྲོ་བོ་ཁྲག་འཐུང་ཆེན་པོ་རིགས་ལྔ་རང་རང་གི་བཙུན་མོ་དང་བཅས་པའི་ཚོགས་དེ་དག་གི་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེའི་བདག་ཉིད་རང་བྱུང་གི་ཡེ་ཤེས་རང་ཤར་བའི་སྔགས་ཀྱི་ང་རོ་རྔམ་པ་ལས་ལྷག་ཏིང་གསུང་གི་དཀྱིལ་འཁོར་གསང་སྔགས་འདི་དག་ཕྱུང་ངོ་། །གཉིས་པ་གཞུང་ལ་གཉིས་ཏེ། གསུང་གི་དཀྱིལ་འཁོར་དང་། དེའི་ཡོན་ཏན་ནོ། །དང་པོ་གསུང་གི་དཀྱིལ་འཁོར་གྱི་སྐབས་འདིར་ཁྲོ་བོའི་ཕྲིན་ལས་བསྒོམ་རིམ་གྱི་སྡེབས་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་གྱི། སྔོན་འགྲོ་ལ་ཆོས་བདུན་ཞི་བ་དང་འདྲ་བ་ལས་ཁྱད་པར་ཁྲོ་བོའི་མཚམས་གཅོད་ལ་ཁྲོ་བཅུ་རོལ་པ་མཛད་དོ། །གཉིས་པ་དངོས་གཞི་ལ་གཉིས་ལས། དང་པོ་ཁྱད་པར་གྱི་སྦྱོར་བ་སེམས་བསྐྱེད་པ་ནི། འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། །ཞེས་སོ། །ཏིང་ངེ་འཛིན་གྱི་དགོས་ཆེད་བསྟན་པའི་སྒོ་ནས་སོ། །གཉིས་པ་ཏིང་ངེ་འཛིན་གྱི་རིམ་པ་དངོས་ལ་གསུམ་སྟེ། ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ནོ། །དང་པོ་ནི། སྒྲུབ་ཐབས་ལྟར་དེ་ཏིང་དང་ཀུན་སྣང་སྔོན་དུ་འགྲོ་བས། རྒྱུ་ཏིང་ནི། རང་རིག་ཧཱུཾ་ལས་ཆོ་ག་གསུམ་གྱིས་རྒྱུའི་ཧེ་རུ་ཀ་སྨུག་ནག་ཅིར་ཡང་འགྱུར་བར་བསྐྱེད། གཉིས་པ་ལ། རྒྱུའི་ཧེ་རུ་ཀའི་ཐུགས་ཀ་ནས་ས་བོན་སྤྲོས་ཏེ་གཞི་དབང་ཆེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་གདན་དང་བཅས་པ་བསྒོམས་ལ། ལེའུ་བཅུ་བདུན་པ་ལྟར་ཚིག་གིས་གསལ་གདབ། དེ་ནས་བདག་ཉིད་ཡེ་ནས་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་བདག་སྲས་ཀྱི་ཆོ་ག་ནི། ལེའུ་བཅོ་ལྔ་པ་ལྟར་ངོ་མཚར་ཚོགས་ཀྱི་ལྷ་སུམ་ཅུ་བསྐྱེད། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བ་གཞན་སྲས་ཀྱི་ཆོ་ག་ནི། བདག་གཙོ་བོའི་ཐུགས་ཀ་ནས་འཐོན་ཏེ་བསྐུལ་བས། ལྷ་ཚོགས་རྣམས་ལས་ཐབས་ཤེས་གཉིས་སུ་མེད་པའི་འོད་ཟེར་སྤྲོས་པས་བདག་གི་ལུས་རྟོག་སྦྱངས་ཏེ་འོད་ཀྱི་གོང་བུར་གྱུར་པ་ལ། སླར་ཡང་རྡོ་རྗེ་གསུམ་གྱི་འོད་ཟེར་བསྟིམ་པས་ཡི་གེ་འབྲུ་གསུམ་དུ་གྱུར་པ་རིམ་བཞིན་ཧཱུཾ་ལ་བསྡུས་པ་དེ་ཉིད་ཟླ་བ་ལ་གནས་པ་རླུང་དཀྱིལ་གྱིས་བཏེག་སྟེ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་གཡས་སུ་བསྐོར་ནས་གཙོ་བོའི་ཐུགས་ཀར་ཐིམ། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་སྐུའི་དབྱིབས་བརྒྱུད་ཡུམ་གྱི་མཁར་སོན་པའི་རྐྱེན་གྱིས་གཙོ་བོ་ཡབ་ཡུམ་ཡང་བདེ་བ་ཆེན་པོའི་ངོ་བོར་ཞུ་ཞིང་། ཧཱུཾ་ཧ་ཧེ་ཕཊ་ཅེས་པས་འཁོར་རྣམས་ཀྱང་དབུས་ཀྱི་ཐིག་ལེར་བསྡུས་ནས་འོད་ཀྱི་གོང་བུར་བསམ་པ་ནི་བདག་དོན་ཆོས་སྐུའི་ཏིང་ངེ་འཛིན་གྱིས་སྣང་བའི་ཞེན་པ་སྦྱོང་བའོ། །དེ་ནས་ཧཱུཾ་ཧཱུཾ་ཞེས་པའི་སྒྲ་གདངས་ཡིད་ལ་དྲན་པ་ཙམ་གྱིས་འོད་ཕུང་དེ་ཧཱུཾ་ཡིག་ཟུང་དུ་གྱུར་པ་ལས་ཆོ་ག་གསུམ་གྱིས་གཙོ་བོ་བཛྲ་ཧེ་རུ་ཀ་ཡབ་ཡུམ་བསྐྱེད་ནས་དབང་བསྐུར་ཞིང་བྱིན་གྱིས་བརླབ། དེ་ནས་མཁའ་གསང་བརླབ་པ་སོགས་བྱས་ཏེ་ཡུམ་གྱི་མཁར་བྱང་ཆུབ་ཀྱི་སེམས་ལྷའི་ས་བོན་ཡིག་འབྲུའི་དཀྱིལ་འཁོར་དུ་བཞུགས་པ། ལེའུ་འདིར་བཤད་པའི་སྔགས་ཀྱིས་བསྐྱེད་ནས་ངོ་མཚར་ཚོགས་ཀྱི་ལྷ་སུམ་ཅུ་ཡུམ་གྱི་མཁའ་ལས་ཕཊ་ཛཿཞེས་པས་ཕྱིར་བཏོན་ལ། སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཏེ་གཙོ་བོ་རང་ལ་བསྟིམ་ཞིང་འཁོར་རྣམས་སོ་སོའི་གནས་སུ་བཀོད། དབང་མོ་ཉེར་བརྒྱད་པོ་གཙོ་བོའི་ཐུགས་ཀ་ནས་བྷྱོ་ཉེར་བརྒྱད་སོ་སོའི་གནས་སུ་སྤྲོས་པ་ལས། མ་ནུ་རཀྵ་སཱི་བྷྱོ་སོགས་བསྐྱེད་སྔགས་ཀྱིས་ཁྲག་ཁྱམས་སུ་བསྐྱེད་ཅིང་། ལེའུ་བཅུ་བདུན་པ་བཞིན་དུ་ཚིག་གི་གསལ་གདབ་པ་རྣམས་ནི་གཞན་དོན་གཟུགས་སྐུའི་ཏིང་ངེ་འཛིན་གྱིས་སྟོང་པའི་འཛིན་པ་སྦྱོང་བའོ། །གསུམ་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ནི། སྤྱན་དྲང་བ་ནས་བརྩམས་ཏེ་ཛཔ྄་བཟླ་བའི་བར་ས་བཅད་དྲུག་དང་། གསུམ་པ་རྗེས་ཀྱི་རིམ་པ་ལའང་ཚོགས་མཆོད་སོགས་ས་བཅད་ལྔ་སྟེ་སྒྲུབ་ཐབས་ལྟར་ཤེས་པར་བྱའོ། །ད་ནི་དཀྱུས་ལ་འཇུག་སྟེ། གསུང་གི་དཀྱིལ་འཁོར་ལ་གཉིས་ཏེ། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པའི་སྔགས་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་སོགས་ལས་ཀྱི་རིམ་པའི་སྔགས་སོ། །དང་པོ་ལ་གསུམ་སྟེ་རིགས་ལྔ་ཡབ་ཡུམ་བཅུའི་དང་། ཁྲོ་མོ་ཉི་ཤུའི་རྩ་བསྐྱེད་ལས་སྔགས་དང་བཅས་པ། དབང་མོ་རྣམས་ཀྱི་རྩ་བའི་སྔགས་སོ། །དང་པོ་ནི། ༀ་བཛྲ་མ་ཧཱ་སོགས་ཏེ། སྔར་གྱི་དཔེ་རྒྱུན་རྣམས་སུ་བུདྡྷ་ཧེ་རུ་ཀའི་སྔགས་ཐོག་མར་འབྱུང་ཡང་། རྒྱ་དཔེར་བཛྲ་ཧེ་རུ་ཀ་ཉིད་དང་པོར་ཡོད་ཅེས་གསུང་ཞིང་ཐར་ལོ་འགྱུར་དུའང་དེ་ལྟར་འབྱུང་ངོ་། །དེ་ལ་སྔགས་ཀྱི་འགོ་འདྲེན་ༀ་རྣམས་ནི་ཡེ་ཤེས་ལྔའམ་རྡོ་རྗེ་གསུམ་གྱི་བདག་ཉིད་རབ་བསྔགས་ཀྱི་ས་བོན་ནོ། །བཛྲ་རྡོ་རྗེ། སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད། རཏྣ་རིན་པོ་ཆེ། པདྨ་སྐད་སོར་བཞག །ཀརྨ་ལས་ཏེ་ཡབ་ལྔའི་རིགས་སོ་སོའི་མཚན། མ་ཧཱ་ཤྲཱི་ཧེ་རུ་ཀ་ཞེས་པ་ནི་སྤྱིའི་མཚན་སྔགས་བོད་པ་སྟེ། མ་ཧཱ་ཆེན་པོ། ཤྲཱི་དཔལ། ཧེ་ནི་ཧེ་ལ་སྟེ་སྤྱོད་ཅིང་རྩེན་པ། རུ་ནི་རུ་དྷི་ར་སྟེ་ཁྲག །ཀ་ནི་བདག་པོའི་སྒྲ་སྟེ་ཁྲག་ལ་རོལ་བའི་དོན་གྱིས་ཁྲག་འཐུང་ངོ་། །དེ་དག་གི་སྙིང་པོ་བསྐྱེད་པའི་སྔགས་སོ། །མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་ནི་ལས་ལ་བསྐུལ་བའི་སྔགས་ཏེ། མ་ཧཱ་ཙཎྜ་ནི་གཏུམ་པོ་ཆེན་པོ། སརྦ་དུཥྚ་ནི་གདུག་པ་ཅན་ཐམས་ཅད། ཨནྟ་ཀ་ནི་མཐར་བྱེད་པ། ཧ་ན་བསྣུན་པ། ད་ཧ་སྲེག་པ། པ་ཙ་འཚེད་པ། ཧཱུཾ་གསུམ་གྱི་དང་པོ་རྩ་བའི་ས་བོན། གཉིས་པ་ཐུགས་བསྐུལ་བའི་ས་བོན། གསུམ་པ་ནི་བསྡིགས་པར་མཛོད། ཕཊ་ནི་བཀས་པར་གྱིས་ཞེས་ལས་ལ་བསྐུལ་བའི་སྔགས་ཏེ། རབ་སྔགས་རྡོ་རྗེ་སོགས་རིགས་གང་ཡིན་གྱི་དཔལ་ཁྲག་འཐུང་ཆེན་པོ་ཞེས་བོས་ནས། གཏུམ་པོ་ཆེན་པོ་གདུག་པ་ཅན་ཐམས་ཅད་མཐར་བྱེད་པས་བསྣུན་ཅིག །སྲེགས་ཤིག །ཚོས་ཤིག །བསྡིགས་ཤིག །བཀས་བར་མཛོད་ཅིག་པའོ། །ཡུམ་ལྔའི་སྔགས་ནི། བཛྲ་སརྦ་ཏ་ཐཱ་ག་ཏ་རཏྣ་པདྨ་རྣམས་སྔར་དང་། སརྦ་ཨ་མོ་གྷ་ཐམས་ཅད་དོན་ཡོད་པ་སྟེ་རིགས་ཀྱི་མཚན་ནོ། །མཧཱ་ཀྲོ་དྷེ་ཤྭ་རཱི་རྣམས་ནི་ཁྲོ་མོ་དབང་ཕྱུག་མ་ཆེན་མོ། ཐོག་མཐའི་ༀ་དང་ཕཊ་སྔར་བཞིན། ཧཱུཾ་རྩ་བའི་ས་བོན། ཁྱད་པར་དུ་དྷཱ་ར་འཆང་བ། ཛྭ་ལི་ནཱི་འབར་བ་མ། སརྦ་དུཥྚན་གདུག་པ་ཅན་ཐམས་ཅད་ལ། མ་ཧཱ་སཱུརྻ་ཉི་མ་ཆེན་མོ། བི་ད་མ་རིག་མ། ཧྲཱི་ཤྲུ་ཏ་ས་མ་ཏ་ཀུན་ཏུ་རྒོད་པ། ཁཱ་ཧི་ཟོ་ཞིག །བི་ཤྭ་སྣ་ཚོགས་སོ། །གཉིས་པ་ལ་གསུམ་སྟེ། གནས་མ་བརྒྱད་ཀྱི། ཡུལ་མ་བརྒྱད་ཀྱི། སྒོ་སྐྱོང་བཞིའི་སྔགས་སོ། །དང་པོ་ནི། ༀ་བཛྲ་ག་རཱི་སོགས་ཏེ། ༀ་རབ་བསྔགས། བཛྲ་རྣམས་ནི་རྡོ་རྗེ་སྟེ་དབང་རྟགས་མཚོན་པའོ། །མཇུག་གི་ཧ་བརྒྱད་ནི་རྩ་བའི་ས་བོན། བྱེ་བྲག་ག་རཱི་དཀར་མོའམ་མཛོད་ལྡན་མ། ཙ་རཱི་ཆོམ་རྐུན་མའམ་རྐུན་མོ། པྲ་མོ་ཧེ་རབ་རྨོངས་མའམ་རྨོངས་མོ། །བེ་ཏ་ལཱི་རོ་ལངས་མའམ་ཐལ་བྱེད་མ། ཙཎྜ་ལཱི་གཏུམ་མོ། །པུཀྐ་སཱི་སྦོས་མོ། གྷསྨ་རཱི་སྨེ་ཤ་ཅན་ནམ་དྲོད་མོ། སྨ་ཤ་ནཱི་དུར་ཁྲོད་མའམ་མ་ཚོགས་མའོ། །གཉིས་པ་ནི། ༀ་བཛྲ་སིཾ་ཧ་སོགས་ཏེ། ༀ་དང་བཛྲ་འདྲ། མཇུག་གི་ཧེ་བརྒྱད་རྩ་བའི་ས་བོན། སིངྷ་མུ་ཁཱི་སེང་གདོང་མ། བྷྱཱ་གྷྲྀ་མུ་ཁཱི་སྟག་གདོང་མ། ཤྲཱི་གཱ་ལ་མུ་ཁཱི་ཝ་གདོང་མ། ཤཱ་ན་མུ་ཁཱི་ཁྱི་གདོང་མའམ་སྤྱང་གདོང་མ། གྲྀདྡྷ་མུ་ཁཱི་བྱ་རྒོད་གདོང་མའམ་བཞད་གདོང་མ། ཀངྒ་མུ་ཁཱི་ཀངྒའི་གདོང་མའམ་དུར་བྱའི་གདོང་མ། ཀཱ་ཀ་མུ་ཁི་ཁཱ་གདོང་མའམ་བྱ་རོག་གདོང་མ། ཨུ་ལཱུ་ཀ་མུ་ཁཱི་འུག་གདོང་མའོ། །གསུམ་པ་ནི། ༀ་བཛྲ་ཨཱརྱ་སོགས་ཏེ། ༀ་དང་བཛྲ་འདྲ། ཨཱརྱ་ཏེ་ཛ་ཏེ་ང་འཕགས་མ་སྲིང་འགྲོ་མའམ་རིང་འགྲོ་མ། ཨ་མུ་ཀེ་གདོང་མོའམ་དོན་ཡོད་མ། ལོ་ཀ་འཇིག་རྟེན་མ། བྷསྨི་པ་ལ་ཡ་བ་ཏུ་ཐལ་བར་བྱེད་མ། མཇུག་གི་ཛཿཧཱུཾ་བཾ་ཧོཿབཞི་ནི་ས་བོན་ནོ། །གསུམ་པ་དབང་མོའི་རྩ་སྔགས་ནི། བྷྱོ་དྲུག་ཚད་བཞི། བཞི་ཚད་གཅིག་སྟེ་ཉེར་བརྒྱད་ནི། མ་མོའི་ཚོགས་ཀྱི་དོན་དང་། སྙིང་པོའང་ཡིན་ལ། འབོད་པ་དང་བསྐུལ་བའང་ཡིན་ནོ། །རྣམ་པ་གཅིག་ཏུ་ན། བྷ་གི་ནཱི་སྲིང་མོ་དང་། བྷཪྻཱ་ཆུང་མ་ལ་འཇུག་པའི་སྒྲ་བསྡུས་པའམ། མན་ངག་སྙེ་མར། འཇིགས་པར་བྱེད་པའི་དོན་ལ་བཤད་པ་ལྟར་ན་འཇིགས་བྱེད་མ་ཞེས་བོད་པའོ། །བསྐྱེད་སྔགས་ནི་མ་ནུ་རཀྵ་སཱི་བྷྱོ་སོགས་བཤད་རྒྱུད་མེ་ལོང་ལས་གསུངས་པ་ལྟར་རོ། །གཉིས་པ་ལས་ཀྱི་རིམ་པའི་སྔགས་ལ་གསུམ་སྟེ། དབབ་ཅིང་དྲང་བའི་སྔགས། མེ་ཏོག་དོར་ཞིང་དངོས་གྲུབ་བསྐུལ་བའི་ཚིག་སྔགས། དྲིན་ལན་དུ་མཆོད་ཅིང་བརྟན་པའི་སྔགས་སོ། །དང་པོ་ནི། ༀ་རུ་ལུ་རུ་ལུ་ཧཱུཾ་ཞེས་པ་སྙན་གསན་དབབ་པའི་སྔགས་ཏེ། སྤྱིར་རུ་ནི་རུ་ཛའི་སྒྲ་ལས་འཇིག་པར་གྱིས། ལུ་ནི་ལུ་ཉའི་སྒྲས་གཅོད་པ། ཧཱུཾ་ནི་བསྡིགས་པ་སྟེ། སྔགས་ཀྱི་ལྷ་བཅོམ་ལྡན་འདས་ཀྱིས་འཇིག་ཅིང་ཆོད་ལ་བསྡིགས་པར་མཛོད་ཅེས་པས་གདུལ་བྱ་གདུག་པ་ཅན་གྱི་ངོར་ཆོས་ཀྱི་སྐུ་ལས་འཇིགས་བྱེད་ཆེན་པོར་བཞེངས་པར་མཛོད་ཅེས་བསྐུལ་བའོ། །ཁྱད་པར་བ་ནི་རུ་ལུའི་བྱེ་བྲག་བཅུ་ལས་སྤྱན་དྲང་བར་ཤེས་པའི་སྐབས་ཏེ། སྔོན་ལས་ཀྱི་སྲིན་པོའི་དམ་ཚིག་གི་གདུག་པའི་གླུ་དཔལ་ཆེན་པོས་བྱིན་གྱིས་བརླབས་པའོ། །ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུཾ་བཾ་ཧོཿཞེས་པ་ནི་སྤྱན་དྲང་བའི་སྔགས་ཏེ། ཨེ་ཧྱེ་ཧི་ཚུར་སྦྱོན་ཚུར་སྦྱོན། ཨཱ་ན་ཡ་དགུག་པའོ། །ཛཿཧཱུཾ་བཾ་ཧོཿཚད་མེད་བཞིས་འགྲོ་དོན་ལ་བསྐུལ་བའོ། །རཾ་ནི་དམ་ཡེ་གཉིས་མེ་རི་འདབ་འབྱོར་ཙམ་དུ་བཞུགས་པའོ། །གཉིས་པས་ནི། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ་ནི་མེ་ཏོག་དོར་བ་སྟེ། ༀ་རབ་བསྔགས། བཛྲ་ཀྲོ་དྷ་རྡོ་རྗེ་ཁྲོ་བོ། ས་མ་ཡ་དམ་ཚིག །ཧཱུཾ་བསྡུས་ཤིག་པའོ། །ༀ་ཁྲོ་ལ་སོགས་ནི་དངོས་གྲུབ་བསྐུལ་བ་སྟེ། ༀ་ནི་གླུའི་འགོ་འདྲེན། གདུལ་བྱ་ཁྲོ་ལ་འདུལ་བྱེད་ཁྲོས་པར་སྣང་བའི་རྒྱུད་ཞི་བར་མཛད་པ་ཐུགས་རྗེ་ངང་གིས་ཁྲོ་བར་བསྟན་ནས་འགྲོ་བའི་དཔལ་མགོན་འཇིགས་བྱེད་ཆེན་པོ་རྔམས་པའི་ཚོགས་ཁྲག་འཐུང་འབར་བའི་དཀྱིལ་འཁོར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བྱིན་རླབས་གཞན་ལས་ཆེས་ཆེ་བའི་རྨད་པོ་ཆེ་སྟེ། དེ་ཉིད་དུས་ད་ལྟ་ཉིད་དུ་འདིར་ནི་བདག་ལ་སྩོལ་བར་མཛོད་ཅིག་པའོ། །ༀ་བཛྲ་ཀྲོ་དྷ་གསུམ་ནི་སྔར་ལྟར་དང་། ས་མ་ཡ་དམ་ཚིག་གམ་དུས་ལ། སྟྭཾ་ཁྱོད་ཅེས་བོད་པའམ་བབ་བོ། །ཕཊ་སྤྲོས་ཤིག །ཧོཿམཉེས་པར་མཛོད་ཅེས་པ་སྟེ། མཆོག་སྟེར་རྡོ་རྗེ་ཁྲོ་བོའི་དམ་ཚིག་ཁྱོད། དམ་ཚིག་སྤྲོས་ཤིག །དམ་ཚིག་གིས་དགྱེས་པར་མཛོད་ཅེས་སོ། །གསུམ་པ་ནི། ཨ་ལི་སོགས་ཏེ་ཨ་བ་བྷྲཾ་ཤའི་སྐད་ཡིན་ཅེས་གསུང་། དེ་ལ་ཨ་ལི་ནི་ཆང་སྟེ་བཏུང་བ། ཨུ་ལི་ནི་ཤ་སྟེ་བཟའ་བ། ཏཱ་ལི་ཏ་པ་ལི་འབྲུ་འབྲས་སོགས་དམ་ཚིག་གི་རྫས་སྣ་ཚོགས། དཾཥྚཱ་ཞལ་མཆེ་བ་བགྲད་པ། གོ་ནཱ་རྡོ་རྗེ། ར་དྲི་ཁྲོ་བའམ་དྲག་པོ། ཁ་ར ཾ་སྟོབ་པ་སྟེ། རྡོ་རྗེ་ཁྲོ་བོ་མཆེ་བ་བགྲད་པའི་ཞལ་དུ་སྟོབ་བོ་ཞེས་པའོ། །ཡོ་གི་ནི་རྣལ་འབྱོར་མ། ཁཱ་ཧི་གསོལ་ཅིག །ཧོཿམཆོད་པ་སྟོབ་པ་སྟེ། འཁོར་གྱི་རྣལ་འབྱོར་མ་རྣམས་ལ་སྟོབ་པའོ། །ཧཱུཾ་ཧ་ཧེ་ཕཊ་ནི་དམ་ཡེ་གཉིས་མེད་དུ་གྱུར་ནས་གསལ་ཞིང་བརྟན་པར་བྱས་པའོ། །གཉིས་པ་ཡོན་ཏན་ནི། ཅེས་བརྗོད་པས་སོགས་ཏེ། དེ་སྐད་ཅེས་གསུང་གསང་སྔགས་བརྗོད་པའི་མཐུ་བྱིན་གྱིས་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་འགྲོ་བ་ཐམས་ཅད་ཀྱི་ལུས་སྣང་བའི་རྟོག་ཚོགས་ཐམས་ཅད་ཚིག །ངག་གྲགས་པའི་རྟོག་ཚོགས་རབ་ཏུ་འཚིག །སེམས་སྒྲིབ་པའི་རྟོག་ཚོགས་ཀུན་ཏུ་ཚིག་གོ། །དེ་ལྟར་ཚིག་པས་སྣང་བ་ལྷའི་དཀྱིལ་འཁོར་དུ་འབར། གྲགས་པ་སྔགས་ཀྱི་དཀྱིལ་འཁོར་དུ་རབ་ཏུ་འབར། དྲན་རིག་ཐུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཀུན་ཏུ་འབར་རོ། །དེའི་ཚེ་ནམ་མཁའི་གར་ཁྱབ་ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་གྱི་ཚོགས་ཀྱི་སྐུས་གང་། གསུང་གིས་ཁྱབ་པར་རབ་ཏུ་གང་། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཀུན་ཏུ་ཁྱབ་ཅིང་གང་བར་གྱུར་རོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་ཡོད་པ་ལས། འདིས་ཁྲོ་བོའི་ཚོགས་ཆེན་པོའི་ལྷག་ཏིང་གསུང་གི་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་བཅུ་དྲུག་པའོ།། ༈ །།ལེའུ་བཅུ་བདུན་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། གསུང་གི་དཀྱིལ་འཁོར་བསྟན་པ་དེ་ནས་ལྷག་པ་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་སྟོན་པའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཁྲོ་བོའི་སྤྲིན་གསང་སྔགས་དང་བཅས་པ་དེ་དག་གིས་བསྐྱེད་པའི་དཀྱིལ་འཁོར་གྱི་རྣམ་པ་གསལ་བར་བསྟན་པའི་ཕྱིར་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་གཞུང་ལ་གཉིས་ཏེ། སྐུའི་དཀྱིལ་འཁོར་དང་། དེའི་ཡོན་ཏན་ནོ། །དང་པོ་ལ་གཉིས་ཏེ། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷའོ། །དང་པོ་ལའང་གཉིས་ཏེ། ངོ་བོ་རྒྱན་དང་བཅས་པ་དང་། གདན་བསྟན་པའོ། །དང་པོ་ནི། འབར་བའི་འཁོར་ལོ་སོགས་རྐང་པ་དྲུག་སྟེ། འོག་གཞི་ཚད་མེད་པའི་འཁོར་ལོའི་ལྟེ་བ་ལ་རྫོགས་པའི་ཡེ་ཤེས་རིན་པོ་ཆེའི་རང་བཞིན་བྷཉྫ་འབར་བའི་གཞལ་ཡས་ཁང་གི་དབུས་སུ་ཡེ་ཤེས་ལྔའི་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ། དེའི་ཕྱིར་བདེན་བཞི་མཚོན་པའི་གྲུ་ཆད་བཞིས་ནི་རྣམ་པར་བརྒྱན་ཅིང་། ཆེ་བའི་ཡོན་ཏན་རྒྱས་པས་དབྱིབས་གྲུ་བཞི་པ། རྣམ་ཐར་བཞིའི་སྒོ་བཞི་སྒོ་ཁྱུད་ཅན་བཞི་དང་ལྡན་པ། བདེན་གཉིས་མཚོན་པའི་འབར་བའི་བར་ཁྱམས་ནང་མ་གསེར་ཁྱམས་དང་། ཕྱི་མ་ཁྲག་ཁྱམས་གཉིས་ཀྱིས་མཛེས་ཤིང་། ཐོད་པ་སྐམ་རློན་རྙིང་གསུམ་གྱི་རྩིག་པ་ཕྱི་མ་རིམ་པ་ལྔ་དང་། ནང་མ་གསུམ་པ། ཐམས་ཅད་ཀྱང་རཀྟས་སྤྱིན་ཐབས་སུ་སྦྱར་ཞིང་གནམ་ལྕགས་ཀྱི་གཟེར་བུས་བཏབ་པ། རྩིག་སྟེང་ཐོད་པ་སྣ་ཚོགས་ཀྱི་ཕ་གུ་འཕྱར་བ་ལས་རྒྱུ་མ་དང་སྙིང་གི་མགུལ་འཁོར་དང་། བྲེ་ཕུལ་གྱི་སྣམ་བུར་སྦྲུལ་སྦྲམ་དང་ཐོད་ཕྲེང་གི་དྲྭ་བ་དང་དྲྭ་བ་ཕྱེད་པ། རྐང་ལག་གི་ཤར་བུ། སྒལ་རྩིབ་ཀྱི་མདའ་ཡབ། རིམ་པ་གཉིས་ཀའི་རྩིག་པའི་འགྲམ་དུ་འདོད་པའི་སྣམ་བུ་དང་། སྒོ་ཕྱི་མ་ལ་རྒྱུ་འབྲས་ཀྱི་རྟ་བབ་སོགས་འཇིགས་པའི་རྒྱན་སྣ་ཚོགས་ཀྱིས་བཀྲ་བ། སྟེང་ཞིང་ལྤགས་ཀྱི་ཐོག་ཕུབས་ཉི་མ་དང་ཟླ་བའི་མཐོངས་དཀར་དང་བཅས་པའི་དབུས་ཕྱུར་བུ་ལྷ་ཆེན་གྱི་ཐོད་པས་ཕུབ་པའི་རྩེ་མོར་ཙིཏྟའི་ཏོག་གིས་བརྗིད་པ། ཕྱི་རོལ་དུ་རཱུ་དྲ་ལོངས་སྤྱོད་དང་བཅས་པ་དབྱིངས་སུ་བསྒྲལ་བའི་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་ཞིང་། འབར་བའི་མེ་དཔུང་མེའི་ཚྭ་ཚྭ་འཕྲོ་བའི་ཀློང་ནས་ཁྲོ་ཆུང་མང་པོ་འཕྲོ་ཞིང་འཁྲུག་པས་མཛེས་པའོ། །གཉིས་པ་ནི། ཁྱུ་མཆོག་སོགས་རྐང་པ་གསུམ་སྟེ། དབུས་ཀྱི་ལྟེ་བ་དང་རྩིབས་བཞིར་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ། གཏི་མུག་གནས་སུ་དག་པའི་རྟགས་སུ་ཤར་རྩིབས་ལ་ཁྱུ་མཆོག་དང་། ང་རྒྱལ་དག་པ་ལྷོར་མ་ཧེ་དང་། འདོད་ཆགས་དག་པ་ནུབ་ཏུ་གཟིག་དང་། ཕྲག་དོག་དག་པ་བྱང་དུ་སྟག་དང་། ཞེ་སྡང་དག་པ་དབུས་སུ་གཏུམ་པ་དོམ་རྣམས་ཟུང་གི་སྤར་བས་ནི་དྲེགས་པ་ཟིལ་གནོན་གྱི་གདན་དབུས་སུ་དབང་ཕྱུག་དང་ལྷ་ཆེན་པོ་དྲག་པོ། ལ་སོགས་པས་ཤར་དུ་དྲི་ཟ། ལྷོར་གཤིན་རྗེ། ནུབ་ཏུ་སྲིན་པོ། བྱང་དུ་གནོད་སྦྱིན་རྣམས་ཕོ་མོ་ཁ་བུབ་གན་རྐྱལ་དུ་བསྣོལ་བའི་སོག་སྦྲག་དང་ནུ་སྦྲག་ནས་ལས་ལ་ནན་ཏུར་དུ་བསྟན་པའི་ཕྱིར་བཟུང་བའོ། །འཁོར་གྱི་གནས་ཡུལ་སྒོ་སྐྱོང་རྣམས་ལ་ཉི་མ་དང་ཞིང་གི་གདན། དབང་མོ་རྣམས་ལ་ཞིང་སྐམ་པོའི་གདན་རེ་རེའོ། །གཉིས་པ་བརྟེན་པ་ལྷ་ལ་གཉིས་ཏེ། གཙོ་བོ་རིགས་ལྔའི་བཞུགས་ཚུལ་དང་། འཁོར་གྱི་བཀོད་པའོ། །དང་པོ་ལ་ལྔ་སྟེ། སྐུ་མདོག །ཞལ་ཕྱག །རྒྱན་དང་ང་རོ། ཕྱག་མཚན། འཁྲིལ་ཚུལ་ལོ། །དང་པོ་ནི། སྨུག་ནག་སོགས་རྐང་པ་གཉིས་ཏེ། དུག་ལྔ་གནས་སུ་དག་ཅིང་ཕྲིན་ལས་ལྔའི་མཛད་པ་མཚོན་པའི་བརྡར་རིགས་སོ་སོའི་ཁ་དོག་ལ། དེ་དག་ཀྱང་རིགས་མི་འགྱུར་ཞིང་ལས་བཞིའི་ཕྲིན་ལས་ཀྱི་གཞི་དང་མཐར་ཕྱིན་པ་དྲག་པོས་མཛད་པའི་ཕྱིར་ཐམས་ཅད་ལ་ནག་པོའི་སྒྲས་སྨོས་ཏེ། བུདྡྷ་ཧེ་རུ་ཀའི་སྐུ་མདོག་སྨུག་ནག །བཛྲ་ཧེ་རུ་ཀའི་སྔོ་ནག །རཏྣ་ཧེ་རུ་ཀའི་སེར་ནག་དང་། པདྨ་ཧེ་རུ་ཀའི་དམར་ནག །ཀརྨ་ཧེ་རུ་ཀའི་ལྗང་ནག་སྟེ་སྐུ་མདོག་རྩ་ཞལ་དང་བཅས་པའོ། །གཡས་ཞལ་ནི་རཏྣ་ཧེ་རུ་ཀའི་སྔོན་པོ་དང་། གཞན་ཐམས་ཅད་དཀར་པོ། གཡོན་ཞལ་ནི་བུདྡྷ་དང་པདྨ་གཉིས་སེར་པོ་དང་། གཞན་གསུམ་དམར་པོ་སྟེ། གདུག་པ་ཅན་གྱི་ངོར་ཤིན་ཏུ་འཇིགས་པའི་སྐུ་ཆེ་ཞིང་ཡན་ལག་རགས་པའོ། །གཉིས་པ་ནི། དབུ་གསུམ་སོགས་ཏེ། ཐམས་ཅད་ཀྱང་རྣམ་ཐར་གསུམ་མཚོན་པའི་དབུ་གསུམ། ཡེ་ཤེས་དྲུག་གིས་འགྲོ་དོན་མཛད་པའི་ཕྱིར་ཕྱག་དྲུག་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་ཕྱིར་ཞབས་བཞི་གཡས་བརྐང་བའི་དོར་སྟབས་སུ་བགྲད་པའོ། །གསུམ་པ་ནི། ཀོ་རློན་སོགས་རྐང་པ་གསུམ་སྟེ། བགོ་བ་ཀོ་རློན་གྱི་གོས་ནི་སྣ་ཚོགས་པ་གྱོན་པ་སྟེ། སྟོབས་བཅུས་གཏི་མུག་བཅོམ་པའི་བརྡར་གླང་ཆེན་གྱི་ཀོ་རློན་དང་། བྱང་ཆུབ་སེམས་ཀྱིས་འདོད་ཆགས་བཅོམ་པའི་བརྡར་ཞིང་ལྤགས་ཀྱིས་སྟོད་གཡོགས་ཤིང་། དཔའ་བརྟུལ་དྲག་པོའི་ལས་ཀྱིས་ཞེ་སྡང་བཅོམ་པའི་བརྡར་སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ་སྟེ་བགོ་བའི་གོས་གསུམ་མོ། །ཀླུ་རྒྱལ་རིགས་དཀར་པོས་སྐྲ་ཆིངས། རྗེ་རིགས་སེར་པོས་སྙན་ཆ། བྲམ་ཟེའི་རིགས་དམར་པོས་སེ་མོ་དོ་དང་མགུར་ཆུ། དམངས་རིགས་ལྗང་ཁུས་སྐ་རགས་དང་དོ་ཤལ། གདོལ་པ་ནག་པོས་གདུ་བུ་སྟེ་ཐམས་ཅད་ཀྱང་གདུག་པ་སྦྲུལ་གྱི་རྣམ་པ་ཅན་དང་། ཐོད་ཕྲེང་ནི་སྐམ་པོ་ལྔའི་དབུ་རྒྱན། འཛག་པའི་མགོ་རློན་ལྔ་བཅུའི་དོ་ཤལ། ཚལ་བུས་དཔུང་རྒྱན་ཏེ་གདགས་པའི་རྒྱན་གཉིས་སོ། །དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། སྨིན་མཚམས་སུ་རཀྟའི་ཐིག་ལེ། མགྲིན་པར་ཞག་གི་ཟོ་རིས་རྣམས་ནི་བྱུག་པའི་རྩི་གསུམ་སྟེ། དེ་དག་ནི་དུར་ཁྲོད་ཀྱི་ཆས་བརྒྱད་དོ། །སྙན་གོང་གཡས་གཡོན་ནས་ཉི་ཟླའི་འོད་ཟེར་སྤྲོ་བ་ནི་གསལ་བའི་ཆས་གཉིས་སོ། །གསུང་ནི་འབྲུག་ལྟར་ཆེམས་པའི་རྔམས་པའི་སྒྲ་ཆེན་དྲག་པོ་ཤིན་ཏུ་འཇིགས་པར་སྒྲོགས་པའོ། །བཞི་པ་ནི། སྟོང་གི་སོགས་ཏེ། སྟོང་གསུམ་གྱི་འཇིག་རྟེན་ཁོར་ཡུག་དང་བཅས་པ་ནི་བཛྲ་ཧེ་རུ་ཀའི་ཕྱག་གཡོན་གྱི་ཐ་མས་བསྣམས་པ་ཡིན་ལ། རྡོ་རྗེ་རྩེ་དགུ་པ་ནི་བཛྲ་ཧེ་རུ་ཀའི་གཡས་དང་པོའི་ཕྱག་མཚན་དང་། རྩེ་ལྔ་པ་དང་དུང་ཆེན་གང་བ་ནི་ཐམས་ཅད་ཀྱི་ཕྱག་བར་པ་གཉིས་དང་། རལ་གྲི་ནི་ཀརྨ་ཧེ་རུ་ཀའི་གཡས་དང་པོ་སྟེ། སྒྲུབ་ཐབས་སུ་བཤད་རྒྱུད་བརྒྱད་པ་ལྟར་རྒྱ་གྲམ་བཤད་དོ། །དགྲ་སྟྭ་ནི་རཏྣའི་གཡོན་ཐ་མ། ཐོང་གཤོལ་ནི་ཀརྨའི་གཡོན་ཐ་མའོ། །དེ་ལ་སོགས་པ་རང་རང་གི་ལག་ཆ་སྣ་ཚོགས་པ་འཛིན་པ་སྟེ། ཕྱག་གཡས་ཀྱི་དང་པོ་བུདྡྷའི་འཁོར་ལོ། རཏྣའི་རིན་ཆེན། པདྨའི་པད་སྡོང་། ཐམས་ཅད་ཀྱི་གཡོན་དང་པོ་དྲིལ་བུ་དང་། གཡས་ཐ་མ་ཞིང་དབྱུག །བུདྡྷའི་གཡོན་ཐ་མ་ཏྲི་ཤཱུལ་དང་པདྨའི་རྔེའུ་ཆུང་རྣམས་ཏེ། འདི་དག་ནི་བཤད་རྒྱུད་བརྒྱད་པ་ལྟར་སྒྲུབ་ཐབས་ཀྱི་ཕྱག་རྒྱ་གར་མཆོད་དང་མཐུན་པར་བྱས་པའོ། །ལྔ་པ་ནི། བཙུན་མོ་སོགས་ཏེ། རང་རང་གི་རིགས་ཀྱི་བཙུན་མོ་འཇིགས་པའི་ཚོགས་ལྔ་ག་སྐུ་མདོག་ཡབ་དང་མཐུན་པ་གཟིག་ཤམ་ཅན། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་དྲིལ་བུས་ཡབ་ལ་འཁྱུད་ཅིང་གཡོན་དུང་དམར་ཞལ་དུ་སྟོབ་པ། སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་བརྡར་ཡབ་དང་གཉིས་སུ་མེད་པར་འཁྲིལ་བའོ། །གཉིས་པ་འཁོར་གྱི་བཀོད་པ་ནི། གནས་དང་སོགས་རྐང་པ་དྲུག་སྟེ། རྣམ་ཤེས་ཚོགས་བརྒྱད་ནི་འཁོར་བ་བསྐྱེད་པའི་གནས་དང་། དེའི་ཡུལ་བརྒྱད་གནས་སུ་དག་པར་ན་ག་རཱི་མ་སོགས་ལ་གནས་མ་དང་། སིངྷ་མ་སོགས་ལ་ཡུལ་མ་བརྒྱད་ཅེས་བཏགས་ལ། དེ་དག་གི་ཕྱག་རྒྱ་ནི། ག་རཱི་བྷན་དམར་ཞིང་དབྱུག་སྔོ། །ཞེས་སོགས་དང་། སིངྷ་ཁ་རོ་བསྣོལ་སེར་སེང་། །ཞེས་སོགས་དང་། སྒོ་མ་བཞིའི་ཕྱག་རྒྱ་ནི། རྟ་གདོང་སྔོན་མོ་ལྕགས་ཀྱུ་འཛིན། །ཞེས་སོགས་ཏེ། སོ་སོའི་སྐུ་མདོག་ཕྱག་མཚན་དང་མགོ་བརྙན་རྣམས་ཀྱང་གར་མཆོད་ཀྱིས་གསལ་བར་བསྟན་ནོ། །དེ་ལྟར་ཁྲོ་མོ་ཉི་ཤུའི་འཁོར་གྱི་བཀོད་པས་རབ་ཏུ་མཛེས་ཤིང་། གཞན་ཡང་སླས་ཏེ་ཆུང་མ་དང་། བྱི་མོ་སྟེ་མཛའ་མོ་དང་། བྲན་མོ་སྟེ་ལས་བྱེད་པོའི་ཆ་ནས་བཏགས་པ་དབང་ཕྱུག་མའི་ཚོགས་གྲངས་བཅུ་ཚན་གཉིས་དང་ཡ་བརྒྱད་དེ་ཉི་ཤུ་རྩ་བརྒྱད་ཀྱིས་མཛེས་པར་བསྐོར་བ། དེ་དག་ཀྱང་རང་རང་གི་སྟན་ཞིང་སྐམ་པོ་རེ་དང་། སྐུ་མདོག་དང་ལག་ཆ་ནི། སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཞེས་སོགས་དང་། བདག་གི་ལས་སྐལ་ཅི་བགྱིས་ཞེས་ཞུ་ཞིང་། རྫུ་འཕྲུལ་ནི་ཐོགས་པ་མེད་པར་ཡུད་ཙམ་གྱིས་ཆས་ཏེ་སོ་སོའི་ལས་དང་མཐུན་པའི་ཕྱོགས་སུ་གནས་སོ། །དེ་ལྟར་ཁྲག་འཐུང་ང་བརྒྱད་ནི་དཀྱིལ་འཁོར་སྤྲོས་པ་ལས་བསྡུས་པའི་དཀྱིལ་འཁོར་ཏེ། འབྲིང་པོ་ལ་དེའི་སྟེང་དུ་ཁྲོ་བཅུ་ཡབ་ཡུམ་བསྣན་པས་དོན་བརྒྱད། རྒྱས་པ་ལ་དེའི་ཡང་སྟེང་དུ་ཁྲག་འཐུང་རིགས་ལྔ་ལ་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་ཟུང་བཞིས་བསྐོར་བའི་བཞི་བཅུ་བསྣན་པས་བརྒྱ་བཅོ་བརྒྱད་དོ། །ཡང་འཕྲོས་དོན་རྣམ་གྲངས་སྤྲོས་པ་ནི། ལམ་རིམ་ལས། ཡན་ལག་བཀོད་པ་ལྔ་བཅུ་བརྒྱད། །ཆ་ལྔའི་གྲངས་ནི་ཉིས་བརྒྱ་དང་། །དགུ་བཅུའི་ལྷ་རྣམས་ཡན་ལག་ལྡན། །ཞེས་པས་བཛྲ་ཧེ་རུ་ཀའི་ཡན་ལག་ལྔ་ལ་ཁྲག་འཐུང་ཡབ་ལྔ་དང་ཡུམ་ལ་ཡུམ་ལྔ། ཡབ་ཀྱི་དབང་རྟེན་གྱི་ནང་རྩར་ག་རཱི་མ་བརྒྱད། ཕྱི་རྩར་སིཾ་ཧ་མ་བརྒྱད། མཐིལ་བཞི་ལ་སྒོ་མ། སྒལ་ཚིགས་ལ་དབང་མོ་ཉེར་བརྒྱད་དེ་ཐབས་ལྷ་ང་བརྒྱད། དེ་རྣམས་ལ་ཡེ་ཤེས་སེམས་དཔའ་དང་། སྐུ་གསུང་ཐུགས་ཀྱི་ལྷ་རྣམས་རེ་རེ་བསྒོམས་པས་ང་བརྒྱད་པ་ཆ་ལྔ་ལ་ཉིས་བརྒྱ་དང་དགུ་བཅུ། དེ་ལས་ཤེས་རབ་ཀྱི་ལྷ་ང་བརྒྱད་ཕྲི་བའི་ལྷག་ཉིས་བརྒྱ་སོ་གཉིས་པོ་རེ་རེ་ལ་དབུ་རྒྱན་གྱི་ལྷ་ལྔ་ལྔ་སྟེ་སྟོང་ཆིག་བརྒྱ་དྲུག་ཅུ་འབྱུང་བ་ཉིས་བརྒྱ་དགུ་བཅུ་ལ་བསྣན་པས་སྟོང་བཞི་བརྒྱ་ལྔ་བཅུ་སྟེ་གཙོ་བོ་ཡབ་ཡུམ་ལ་ཚང་བར་བསྒོམ་མོ། །དེས་མཚོན་ནས་ཁྲག་འཐུང་རིགས་བཞིའི་ཟུང་རེ་རེ་དང་། གནས་ཡུལ་སྒོ་དབང་གི་ལྷ་ཞེ་བརྒྱད་ལ་ཡུམ་མེད་པས། མགོའི་གཡས་དང་། རྐང་ལག་གཡས་ཀྱི་མདུན་རྒྱབ་ལ་ཡབ་ལྔ་དང་། མགོའི་གཡོན་དང་། རྐང་ལག་གཡོན་གྱི་མདུན་རྒྱབ་ལ་ཡུམ་ལྔ་བཀོད་དེ། མདོར་ན་སྟོང་བཞི་བརྒྱ་ལྔ་བཅུ་ཆ་ང་གསུམ་ལ་བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུའི་དཀྱིལ་འཁོར་འབྱུང་ཞིང་། བསམ་ཡས་ལྷུན་གྲུབ་གྱི་དཀྱིལ་འཁོར་ནི་ཞི་བ་ལྟར་རོ། །གཉིས་པ་ཡོན་ཏན་ནི། ཞེས་བརྗོད་པས་སོགས་ཏེ། དེ་སྐད་ཅེས་བརྗོད་པའི་མཐུས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་འབར་བ་ཆེན་པོ་ཁྲོ་བོའི་དཀྱིལ་འཁོར་གྱིས་ཀུན་ཏུ་ཁྱབ་ཅིང་གསལ་བར་གྱུར་ཏོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་ཡོད་པ་ལས། །འདིས་ཁྲོ་བོའི་ལྷག་ཏིང་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། ༈ །།ལེའུ་བཅོ་བརྒྱད་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། ཁྲོ་བོའི་དཀྱིལ་འཁོར་བསྟན་པ་དེ་ནས་ཁྱད་པར་གྱི་མཆོད་པ་སྟོན་པའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མཉེས་པར་བྱེད་པ་རྨད་དུ་བྱུང་བའི་མཆོད་པ་ཆེན་པོ་འདི་ཆེད་དུ་བརྗོད་དོ། །གཉིས་པ་གཞུང་ལ་གསུམ་སྟེ། མཆོད་པ་དངོས་དང་། མཆོད་པའི་འབྲས་བུ་དང་། དེ་གསུངས་པའི་ཡོན་ཏན་ནོ། །དང་པོ་ལ་བཞི་སྟེ། ཞེ་སྡང་སྒྲོལ་བའི། འདོད་ཆགས་སྦྱོར་བའི། གཏི་མུག་དམ་རྫས་ཀྱི། འདོད་ཡོན་རྒྱན་གྱི་མཆོད་པའོ། །དང་པོ་ནི། དེ་ལ་སོགས་རྐང་པ་ལྔ་སྟེ། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་བསགས་པ་དེ་ལ་དེ་བཞིན་གཤེགས་རྣམས་མཆོད་པ་དང་། མཁའ་འགྲོ་རྣམས་ལ་སྦྱིན་པ་གཉིས་ལས། དེ་དག་གི་ནང་ནས་ཀྱང་ཁྱད་པར་དུ་གྱུར་པའི་མཆོག་དམ་པ་ནི་འདི་ཡིན་ཏེ། ཐོག་མར་རྣལ་འབྱོར་པ་བདག་ཉིད་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་རྟོགས་ཤིང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གོམས་པའི་ཐབས་ཀྱིས་གཟུང་འཛིན་གྱི་ཞེན་རྟོག་ཆོས་ཉིད་སྐྱེ་མེད་ཀྱི་དབྱིངས་སུ་བསྒྲལ་ཏེ་རྟོགས་པས་བདག་བསྒྲལ་བའོ། །དེ་ནས་ཐུགས་རྗེས་གཞན་སྒྲོལ་བ་ནི། བསྒྲལ་བྱ་སྒྲོལ་བྱེད་གཉིས་མེད་དུ་རྟོགས་པའི་བློ་ཡི་གདེངས་ཀྱིས་ཟིན་པ་ནི་ཤེས་རབ་སྟེ། དེའི་ངང་ལས་རྒྱུ་འབྲས་ཀྱི་དོན་ལ་རྨོངས་པའི་བློ་ངན་ཞིང་བཅུར་གྱུར་པའི་སེམས་ཅན་སྲིད་པའི་འཇིག་རྟེན་འོག་མར་བརྒྱུད་པ་འདི་དག་སྙིང་རེ་རྗེ་ཞེས་ཐབས་སྙིང་རྗེ་ཆེན་པོའི་སྒོ་ནས་བསྒྲལ་བྱའི་རྣམ་ཤེས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་དབྱིངས་དེར་བསྒྲལ་བར་བྱའོ། །གཉིས་པ་ནི། འཁྲིལ་བའི་སོགས་རྐང་པ་གཉིས་ཏེ། ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ་བས་བདེ་བའི་མཆོད་རྫས་ཆེན་པོ་ཉི་ཟླ་བྱང་ཆུབ་ཀྱི་སེམས་མཉམ་པར་སྦྱོར་བས་རྣལ་འབྱོར་པ་བདག་ཉིད་བདེ་བའི་རོལ་མོས་མཉེས་ཤིང་ཚིམ་པར་བྱས་ནས། བྱང་ཆུབ་སེམས་ཀྱི་རྡུལ་ཕྲ་རབ་མཁའ་ཁྱབ་ཏུ་སྤྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པ་དང་། སེམས་ཅན་ཐམས་ཅད་ཀྱང་ཚིམ་སྟེ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རོ་མཉམ་པར་བྱས་པའོ། །གསུམ་པ་ནི། མཉམ་པའི་སོགས་རྐང་པ་གཉིས་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་དངོས་གྲུབ་སྒྲུབ་པའི་རྫས་ཆེན་པོ་བདུད་རྩི་ལྔ་པོ་འདི་དག་བདག་དམ་ཚིག་གི་འཁོར་ལོ་དང་ཡེ་ཤེས་ལྷའི་དཀྱིལ་འཁོར་གཉིས་མེད་དུ་མཉམ་པའི་ཚོགས་ལ་འཁོར་གསུམ་ཡོངས་དག་གི་མཆོད་པར་དབུལ་ལོ། །བཞི་པ་ནི། བཟའ་དང་སོགས་རྐང་པ་གསུམ་སྟེ། ཤ་ཟན་སོགས་བཟའ་བ་དང་། ཤིང་ཐོག་སོགས་བཅའ་བ་དང་། ཇ་ཆང་སོགས་བཏུང་བ་དང་། སྲབ་འཇམ་ཡང་བའི་བགོ་བ་དང་། གཞན་ཡང་ལྷ་དང་མིའི་ལོངས་སྤྱོད་འདོད་པའི་ཡོན་ཏན་དང་ལྡན་པའི་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་རྣམ་པར་དག་པས་འབུལ་ཚུལ་ནི། མཆོད་ཡུལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷ་ཚོགས་ལ་ནི་མཆོད་རྫས་འདོད་ཡོན་ལྷ་མོའི་དཀྱིལ་འཁོར་གཉིས་མེད་བདེ་བ་ཆེན་པོར་རོ་གཅིག་ཏུ་ཐིམ་པའི་ཚུལ་གྱི་དབུལ་ལོ། །གཉིས་པ་མཆོད་པའི་འབྲས་བུ་ལ་གཉིས་ཏེ། ཐུན་མོང་དང་། མཆོག་གིའོ། །དང་པོ་ནི། ཕྱོགས་བཅུ་སོགས་ཚིགས་བཅད་གཅིག་སྟེ། ཕྱོགས་བཅུ་དང་དུས་བཞིར་འགྲོ་བའི་དོན་ལ་གཤེགས་པ་ཡི་བདེ་བར་གཤེགས་པ་རྣམས་ཀྱི་ཆེ་བའི་ཡོན་ཏན་རྨད་པོ་ཆེ་རྣམས་ཀྱང་། རང་རིག་རྟོགས་པ་ལས་གཞན་ཞིག་ལོགས་ནས་བཙལ་དུ་ཡོད་པའམ་ཚུར་འོངས་པ་མ་ཡིན་ན་གཞན་འཇིག་རྟེན་པའི་དངོས་གྲུབ་ལྷ་སྲིན་ལ་སོགས་པའི་མཐུ་ལས་བྱུང་བའི་ཡོན་ཏན་འགྲུབ་པ་ནི་ལྟ་སྨོས་ཀྱང་ཅི་དགོས་སོ། །གཉིས་པ་ནི། རྣལ་འབྱོར་སོགས་ཚིགས་བཅད་གཅིག་སྟེ། རྣལ་འབྱོར་པ་གང་ཞིག་ལྟ་བ་རྟོགས་ཤིང་ཏིང་ངེ་འཛིན་ལས་སུ་རུང་བ་རྣམས་ཀྱིས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་རང་རིག་ལ་མངོན་དུ་རྫོགས་པར་འགྱུར་ཞིང་། དེ་ཉིད་ཡུལ་གྱིས་མི་འཕྲོག་པར་གསལ་བ་ལ་བརྟན་པ་ཐོབ་ནས་འབྲས་བུ་འགྲུབ་བམ་མི་འགྲུབ་སྙམ་པའི་ཡིད་གཉིས་དང་ཐེ་ཚོམ་མེད་པར་གྱུར་པ་ན་རང་བཞིན་འབྲས་བུའི་དཀྱིལ་འཁོར་གྱི་དངོས་གྲུབ་ཆེན་པོ་འབྱུང་བར་འགྱུར་རོ། །གསུམ་པ་དེ་གསུངས་པའི་ཡོན་ཏན་ནི། ཞེས་བརྗོད་པས་སོགས་ཏེ། དེ་སྐད་ཅེས་བརྗོད་པའི་མཐུས་མཉེས་པ་ཆེན་པོས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་མཆོད་པའི་སྤྲིན་གྱི་རོལ་མོའི་ཁྱབ་པར་གྱུར་ཏོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་ཡོད་པ་ལས། འདིས་རྒྱལ་བ་རྣམས་མཆོད་ཅིང་མ་མོ་དང་མཁའ་འགྲོར་སྦྱིན་པའི་ཐབས་ཐུན་མོང་དུ་མ་གྲགས་པས་མཆོག་དམ་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། ༈ །།ལེའུ་བཅུ་དགུ་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། ཁྱད་པར་གྱི་མཆོད་སྦྱིན་བསྟན་པ་དེ་ནས་དམ་ཚིག་གི་རིམ་པ་སྟོན་པའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་སྔགས་འཆང་རྣལ་འབྱོར་པ་རྣམས་ལོག་པར་མི་ལྟུང་ཞིང་འབྲས་བུ་མྱུར་དུ་འགྲུབ་པས་ལམ་ལ་འབད་པ་དོན་ཡོད་པར་བྱ་བའི་ཕྱིར། བླ་ན་མེད་པའི་དམ་ཚིག་ཆེན་པོ་འདི་དག་ཆེད་དུ་བརྗོད་དོ། །གཉིས་པ་གཞུང་ལ་གཉིས་ཏེ། དམ་ཚིག་དངོས་དང་། དེའི་ཡོན་ཏན་ནོ། །དང་པོ་ལ་བདུན་ཏེ། དམ་ཚིག་གི་ཆེ་བ་དང་། རྣམ་གྲངས་མདོར་བསྟན་པ་དང་། མཉམ་པའི་དམ་ཚིག་སྐྱོན་ཡོན་དང་བཅས་པ་དང་། དམ་ཚིག་ཉམས་པའི་སྐྱོན་དང་། དམ་ཚིག་གི་རང་བཞིན་དང་། དམ་ཚིག་གི་རྣམ་གྲངས་རྒྱས་པར་བཤད་པ་དང་། དེ་མ་ཉམས་པའི་ཡོན་ཏན་ནོ། །དང་པོ་ལ་གཉིས་ཏེ། སྤྱོད་སྒོ་ཡངས་པའི་དང་། འདུལ་སྡོམ་ཐམས་ཅད་འདུས་པའི་ཆེ་བའོ། །དང་པོ་ནི། བླ་མེད་ཐེག་པར་སོགས་ཚིགས་བཅད་གཅིག་སྟེ། གང་ཟག་གང་ཞིག་རྟོགས་གོམས་ཀྱི་གདེངས་དང་ལྡན་པས་མཉམ་པ་ཆེན་པོའི་དམ་ཚིག་ལ་གནས་པ་ནི་བླ་ན་མེད་པའི་ཐེག་པར་རབ་ཏུ་ངེས་པ་སྟེ། ཉམས་སུ་ལོན་ན་ཉོན་མོངས་པ་དུག་ལྔ་དང་། དེས་བསྐྱེད་པའི་ལས་རྣམས་ཀུན་ལ་སྤྱད་ཀྱང་སྒྱུ་མ་མཁན་གྱིས་སྒྱུ་མའི་ལོངས་སྤྱོད་ལ་སྤྱོད་པ་ལྟར་བྱས་པར་སྣང་ཡང་དེ་ལ་འཛིན་ཞེན་མེད་པས། དེའི་སྒྲིབ་པ་དང་བག་ཆགས་མི་གསོག་པའི་སྟེང་དུ་ཚོགས་གཉིས་རྫོགས་པར་འགྱུར་ཏེ། སྤྱོད་པ་དེའི་ངོ་བོ་ལ་སོ་བྱང་ཕྱི་རྒྱུད་རྣམས་ཀྱི་ཚུལ་ཁྲིམས་དང་སྡོམ་པ་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པར་འགྱུར་བ་ཡིན་ནོ། །གཉིས་པ་ལ། སྤྱིར་བཤད་པ་དང་། ཇི་ལྟར་འདུས་ཤིང་དག་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། བླ་མེད་མཆོག་གི་སོགས་ཚིགས་བཅད་གཅིག་སྟེ། གསང་སྔགས་བླ་ན་མེད་པ་རྡོ་རྗེའི་ཐེག་པ་མཆོག་གི་དམ་ཚིག་འདིའི་ནང་དུ་འགྲོ་བ་འདུལ་བའི་དབང་གིས་རྣམ་པར་བཞག་པའི་ཉན་ཐོས་ཀྱི་ཚུལ་ཁྲིམས་ཇི་སྙེད་པ་དང་། བྱང་སེམས་དང་གསང་སྔགས་ཕྱི་ནང་གི་བསྲུང་བྱ་ཇི་སྙེད་པའི་སྡོམ་པ་བསམ་ཡས་ཡོད་པ་མ་ལུས་པའི་ཡོན་ཏན་ཀུན་ཡར་ལྡན་གྱི་ཚུལ་དུ་འདིར་འདུས་ཤིང་། ཉེས་པ་ཕྲ་མོས་ཀྱང་གོས་པ་མེད་པས་རྣམ་པར་དག་པའི་ཕྱིར་རོ། །དེ་ལ་ཇི་སྙེད་པའི་སྡོམ་པ་ཀུན་རིགས་བསྡུས་ན། སོ་ཐར། བྱང་སེམས། རིག་པ་འཛིན་པའི་སྡོམ་པ་གསུམ་དུ་འདུ་ལ། དེ་གསུམ་ཡང་རྣམ་པ་འགལ་བ་ལྟར་སྣང་ཡང་། ངོ་བོ་ཚང་བ་དང་གནས་འགྱུར་བའི་སྒོ་ནས་སོ་བྱང་གཉིས་སྔགས་སྡོམ་དུ་འདུས་ཤིང་རྣམ་པར་དག་པ་སྟེ། ཇི་ལྟར་ན། སོ་བྱང་གཉིས་ལ་མཉམ་པ་ཆེན་པོའི་ཐབས་ཀྱིས་མ་ཟིན་པའི་ཐ་མལ་སྣང་ཞེན་གྱི་ལྡོག་ཆ་རེ་ཡོད་པ་རྩ་གཏོང་གིས་སོ་ཐར་གྱི་གཞན་གནོད་གཞི་བཅས་ལས་ལྡོག་པ་དང་། བྱང་སྡོམ་གྱི་གཞན་ཕན་ལ་ཞུགས་པའི་ལྡོག་ཆ་གཉིས་པོ་དེ་སྔགས་སྡོམ་གྱི་མཉམ་པ་ཆེན་པོའི་ངང་ནས་གཞན་དོན་རྩོལ་མེད་དུ་མཛད་པའི་ཐབས་མཁས་ཀྱི་ནང་དུ་ཚང་ཞིང་། རྫས་གོང་འཕེལ་གྱི་ཚུལ་གྱིས་སྔགས་ཀྱི་སྡོམ་རྫས་སུ་གནས་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་། ཐེག་ཆེན་དམ་ཚིག་ལ་གནས་ན། །འོག་མའི་འདུལ་སྡོམ་དམ་ཚིག་ཀུན། །བསྲུང་བ་མེད་པར་ཐུབ་པས་ན། །དགེ་སློང་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཡིན། །ཞེས་སོ། །གཉིས་པ་ལ་བཞི་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། རྫུན་དུ་སྨྲ་བ་དང་། མི་ཚངས་པར་སྤྱོད་པ་སྤོང་བ་ཇི་ལྟར་འདུས་ཤིང་དག་པའོ། །དང་པོ་ནི། ཡོད་མེད་སོགས་ཚིགས་བཅད་གཅིག་སྟེ། དོན་དམ་པར་ཆོས་ཐམས་ཅད་ཡོད་པ་རྟག་པ་དང་མེད་པ་ཆད་པའི་མཐའ་དང་། དེ་གཉིས་ཀ་དང་བྲལ་བའི་དབུ་མ་ཙམ་དུའང་མི་དམིགས་ཤིང་། ཀུན་རྫོབ་ཏུ་སྒྱུ་མའི་སྐྱེས་བུས་མིག་ཡོར་གྱི་སེམས་ཅན་བསད་པའི་ལྟ་བུའི་ཚུལ་དུ་སྣང་ཡང་། སྣང་དུས་ཉིད་ནས་བཅད་བྱའི་སྲོག་བདེན་པར་གྲུབ་པ་མེད་པས་སྲོག་གཅོད་མཁན་དང་བཅད་དོ་བའི་འདུ་ཤེས་ཀྱང་མ་གྲུབ་པས་དོན་ལ་བཅད་དུ་མེད་དེ། སྲོག་དང་དེ་ལྡན་གྱི་སྐྱེས་བུར་འཛིན་པ་ནི་ལོག་རྟོག་འཁྲུལ་ངོ་ཙམ་ཡིན་པའི་ཕྱིར། དེ་ལྟར་རྟོགས་ནས་ཞིང་བཅུའི་སྲོག་བཅད་ཀྱང་ཉེས་པས་མི་གོས་ཤིང་། ཚོགས་རྫོགས་པས་ན་སྲོག་གཅོད་སྤོང་བའི་སྡོམ་པའི་ངོ་བོ་དང་ཡོན་ཏན་ཡར་ལྡན་དུ་འདུས་སོ། །གཉིས་པ་ནི། བདེན་པ་སོགས་ཚིགས་བཅད་གཅིག་སྟེ། ཆོས་ཐམས་ཅད་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ཀའི་ཚུལ་ལ་བདག་དང་གཞན་ཞེས་དབྱེར་མེད་པས་དོན་དམ་པར་མ་དམིགས་ཤིང་། ཐ་སྙད་ཀུན་རྫོབ་ཏུའང་འཕྲུལ་དགའི་ལྷ་རྣམས་རང་གིས་སྤྲུལ་པའི་ལོངས་སྤྱོད་ལེན་པ་ལྟར། མ་བྱིན་པར་ལེན་དུས་ཉིད་ནས་རང་སྣང་གི་རྫས་ལ་རང་སྣང་གིས་ལེན་པའི་ཚུལ་གྱི་བླངས་ཏེ་སྤྱད་ཀྱང་དོན་ལ་ཐ་དད་མིན་པས། བླང་བྱའི་ཡུལ་གཞན་དང་། དེས་བདག་གིར་བཟུང་བའི་རྫས་མ་བྱིན་པར་ལེན་རྒྱུ་ཞིག་གུད་ན་མེད་པའི་ཕྱིར། བླངས་པའང་མེད་དེ། ཅི་བླངས་ཀྱང་ཐམས་ཅད་བདག་ཉིད་ལས་མི་འདའ་བར་གཉིས་མེད་ཀྱི་དབྱིངས་སུ་རོ་གཅིག་ཏུ་རྟོགས་པའི་ཕྱིར། དེ་ལྟར་བདག་གཞན་གྱི་རྒྱུད་དབྱེར་མེད་དུ་ཤེས་པས་འཇུངས་པ་ལས་བླངས་ནས་བཀྲེན་པ་ལ་སྟེར་བ་སོགས་བྱས་ན་ཉེས་པས་མི་གོས་ཤིང་ཚོགས་རྫོགས་པས་མ་བྱིན་ལེན་སྤོང་བའི་སྡོམ་པའི་ངོ་བོ་དང་ཡོན་ཏན་ཡར་ལྡན་དུ་འདུས་སོ། །གསུམ་པ་ནི། ཆོས་རྣམས་སོགས་ཚིགས་བཅད་གཅིག་སྟེ། ཆོས་རྣམས་ཐམས་ཅད་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་མ་ཡིན་པས་སྒྱུ་མ་ལྟ་བུ་སྟེ་རྫུན་ཙམ་དུ་ཟད་ལ། དེ་ལྟར་བརྗོད་བྱའི་དོན་མ་གྲུབ་བཞིན་དུ་རྗོད་བྱེད་ཀྱི་མིང་དང་ཚིག་ཏུ་སྒྲོ་བཏགས་ནས་དེ་ལ་དེར་འཛིན་པའང་རྫུན་ནོ། །དེའི་ཕྱིར་ཡུལ་ཤེས་བྱ་དང་བརྗོད་བྱ་ཐམས་ཅད་བདེན་པར་མ་གྲུབ་པས་རྫུན་པ་ཉིད་ལ་ནི། ཤེས་བྱེད་དང་རྗོད་བྱེད་རྫུན་པ་ཉིད་སྤྱོད་པ་སྟེ། ཆོས་གང་ལའང་བདེན་པ་གཉིས་མ་གྲུབ་ན། དེ་ལ་ལྟོས་པའི་རྫུན་པའང་མ་གྲུབ་པས་རྫུན་ཞེས་བྱ་བའི་ཆོས་ནི་མིང་ཙམ་བཏགས་པ་ཙམ་དུའང་ཡོད་པ་མ་ཡིན་ནོ། །དེ་ལྟར་ཤེས་པས་རྫུན་སྨྲས་ཀྱང་ཉེས་པས་མི་གོས་ཤིང་། ཇི་ལྟར་ཕན་པ་དེ་ལྟར་སྨྲས་པས་ཚོགས་རྫོགས་པའི་ཕྱིར་ན་རྫུན་སྨྲ་བ་སྤོང་བའི་སྡོམ་པའི་ངོ་བོ་དང་ཡོན་ཏན་ཡར་ལྡན་དུ་འདུས་སོ། །བཞི་པ་ནི། མ་ཆགས་སོགས་ཚིགས་བཅད་གཅིག་སྟེ། ཆོས་ཐམས་ཅད་ལ་ཡུལ་སེམས་གཉིས་མེད་དུ་གསལ་བ་ནི་མ་ཆགས་པའི་ཡེ་ཤེས་ཏེ། དེ་ལ་གཉིས་སུ་ཞེན་ཅིང་ཆགས་པའི་དུས་ན། གཉིས་མེད་དུ་ཤེས་པའི་ལྟ་བ་དང་། འདུ་ཤེས་གསུམ་ལྡན་གྱི་སྒོམ་པ་དང་། ཐབས་ཀྱིས་ཟིན་པའི་སྤྱོད་པ་དང་ལྡན་པས་འཁྲིག་པའི་འདོད་ཆགས་ལ་སྤྱོད་པ་ལྟར་སྣང་བའི་དུས་ཉིད་ན་ཡང་ཐ་མལ་གྱི་ཆགས་པའི་དྲི་མ་རྡུལ་ཙམ་ཡང་མེད་པ་ནི་འཛག་མེད་ཀྱི་ཚུལ་ཁྲིམས་ཚངས་པར་སྤྱོད་པ་ཐམས་ཅད་ཀྱི་མཆོག་གམ་རྒྱལ་པོ་སྟེ། ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་བདེ་སྟོང་ཟུང་འཇུག་རང་རིག་གི་ངོ་བོར་གྲོལ་བ་ནི་ཆགས་པ་ཆེན་པོ་བདེ་ཆེན་གྱི་ཡེ་ཤེས་ཡིན་ནོ། །དེ་ལྟར་ཤེས་ནས་སྤྱད་ན་ཉེས་པས་མི་གོས་ཤིང་། འཛག་མེད་ཀྱི་ཡེ་ཤེས་གྲུབ་པ་སོགས་ཚོགས་རྫོགས་པའི་ཕྱིར་མི་ཚངས་སྤྱོད་སྤོང་པའི་སྡོམ་པའི་ངོ་བོ་དང་ཡོན་ཏན་ཡར་ལྡན་དུ་འདུས་སོ། །གཉིས་པ་དམ་ཚིག་གི་རྣམ་གྲངས་མདོར་བསྟན་པ་ལ་གསུམ་སྟེ། རྩ་བའི་དམ་ཚིག །ཡན་ལག་གི་དམ་ཚིག །དེ་གཉིས་ཀྱི་ངེས་ཚིག་བཤད་པའོ། །དང་པོ་ནི། བླ་མེད་སོགས་རྐང་པ་དྲུག་སྟེ། འདི་ལ་དམ་ཚིག་གསལ་བཀྲ་ལས། བྱང་སེམས་རྣམ་གཉིས་སློབ་དཔོན་དྲུག །མཆེད་བཞི་སྔགས་གསུམ་ཕྱག་རྒྱ་བཞི། །གསང་བཅུ་རྩ་བར་ཤེས་པར་བྱ། །ཞེས་པ་ལྟར་རྩ་བའི་དམ་ཚིག་ལ་ལྔ་ལས། བླ་མེད་མི་སྤོང་བ་ནི། ཡུལ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ལྷག་པ་དོན་དམ་དང་། ལྷག་པ་ཀུན་རྫོབ་ཀྱི་བདེན་པ་གཉིས་སོ། །དེ་མི་སྤང་བའི་ཚུལ་ནི་ལྷག་པ་བདེན་གཉིས་དབྱེར་མེད་དུ་རྟོགས་ནས། སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས་མི་འདའ་བར་བྱེད་པའོ། །བླ་མ་བཀུར་བ་ནི། ཡུལ་ཀུན་གྱིས་དམ་པར་བཀུར་ཞིང་བཀའ་དྲིན་ཅུང་ཟད་ཐོབ་པ་སྤྱིའི་དང་། རབ་བྱུང་གི་མཁན་པོ་ལྟ་བུ་འདྲེན་པའི་དང་། དམ་ཚིག་འབོགས་ཤིང་དབང་བསྐུར་བ་པོ་དམ་ཚིག་དབང་གི་དང་། བཤགས་ཡུལ་དུ་གྱུར་པ་ཉམས་ཆགས་སྐོང་བའི་དང་། ཆོས་འཆད་པའི་སློབ་དཔོན་ལྟ་བུ་ཤེས་རྒྱུད་འགྲོལ་བའི་དང་། མན་ངག་སྟོན་ཅིང་ལུང་འབོགས་པ་པོ་མན་ངག་ལུང་གི་སློབ་དཔོན་ཏེ། གསལ་བཀྲ་ལས། སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆག་སྐོང་དང་ཤེས་རྒྱུད་འགྲོལ། །མན་ངག་ལུང་གི་སློབ་དཔོན་དྲུག །ཅེས་སོ། །ཁྱད་པར་དུའང་དབང་བསྐུར། རྒྱུད་བཤད། མན་ངག་ནོད་པ་གསུམ་ནི་ལྷག་པར་ཡང་བཀུར་བའི་ཡུལ་གྱི་བླ་མའོ། །བཀུར་ལུགས་ནི་སྒོ་གསུམ་གཡོ་ཟོལ་མེད་པས་ཅི་མཉེས་སྒྲུབ་པའོ། །སྔགས་རྒྱ་རྒྱུན་མི་བཅད་པ་ནི། ཡུལ་སྔགས་གསུམ་དང་ཕྱག་རྒྱ་བཞི་སྟེ། གསལ་བཀྲ་ལས། རྩ་བ་བསྐྱེད་དང་ལས་སྔགས་དང་། །དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་སོ། །དེ་དག་བརྩོན་པ་རབ་ཀྱིས་ཆུ་བོའི་རྒྱུན་བཞིན་ནམ། ཉིན་ཞག་གཅིག་གི་ནང་དུ་ཐུན་དྲུག་གམ་བཞིའི་རྣལ་འབྱོར་དུ་བྱ་བ། འབྲིང་གིས་ཟླ་བ་རེ་ལ་དུས་ཚིགས་དྲུག་གམ། དུས་བཟང་པོ་བཞིའམ། ཉ་སྟོང་གཉིས་ཙམ་དང་། ཐ་མས་ཀྱང་ཟླ་དུས་དང་ལོ་དུས་ཀྱི་མཆོད་པ་རྒྱུན་མི་བཅད་པར་འབད་པར་བྱའོ། །མཆེད་ལ་བྱམས་པ་ནི། ཡུལ་སྤྱིའི་མཆེད་སེམས་ཅན་ཐམས་ཅད། རིང་བའི་མཆེད་བསྟན་ལ་བཞུགས་སོ་ཅོག །ཉེ་བའི་མཆེད་སྔགས་ཀྱི་ཐེག་པར་ཞུགས་པ། འདྲེས་པའི་མཆེད་བླ་མ་གཅིག་གིས་བསྡུས་པ་ཕ་གཅིག་པའི་སྤུན་དང་། དེའི་ཤུགས་ཀྱིས་དཀྱིལ་འཁོར་གཅིག་གིས་བསྡུས་པ་མ་གཅིག་གི་སྤུན་རྣམས་སོ། །དེ་རྣམས་ལས་ཁྱད་པར་ཕྱི་མ་གསུམ་ནི་ཡང་དག་པའི་ལམ་དུ་ཞུགས་པའི་མཆེད་དང་། དེའི་ནང་ནས་ཀྱང་འདྲེས་པའི་མཆེད་ནི་ལྷག་པར་ཡང་བྱམས་པར་བྱ་བའི་ཡུལ་ལོ། །དེ་དག་ལ་བྱམས་ལུགས་ཀྱི་རྟག་ཏུ་མི་འབྲལ་ཞིང་ཕན་འདོགས་པའི་ལྷག་བསམ་གྱིས་བརྩེ་གདུང་རྒྱུན་མི་ཆད་པར་བྱ་བའོ། །གསང་སྒྲོག་གི་ཡུལ་ནི། ཕྲ་རྒྱས་ལས། དམ་ཉམས་དམ་ལས་ལོག་པ་དང་། །དམ་མེད་དཀྱིལ་འཁོར་མ་མཐོང་དང་། །འདྲེས་དང་མ་འདྲེས་ཐམས་ཅད་ལ། །ཞེས་སོ། །ཇི་ལྟར་གསང་བའི་ཚུལ་ནི། སྤྱིར་གསང་སྔགས་ཀྱི་ཚིག་དོན་རྣམས་ཕྱིར་གྱུར་པ་སྟེ། སྣོད་མ་ཡིན་པ་ལ་གསང་བར་བྱ་བ་ཡིན་མོད། ཁྱད་པར་དུ་ནི། ཕྲ་རྒྱས་ལས། སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་རྣམ་པ་བཅུ། །ཞེས་གསུངས་པ་རྣམས་ནི་ཤིན་ཏུ་གསང་བར་བྱ་བའོ། །དེ་ལ་སྤྱིར་གསང་བཞི་ནི། གསལ་བཀྲ་ལས། ལྟ་ཟབ་སྤྱོད་པ་བརླང་པོ་དང་། །ལྷའི་མིང་གཟུགས་དང་གྲུབ་རྟགས་གསང་། །ཞེས་པའི་ལྟ་ཟབ་ནི་ཐེག་དམན་སོགས་བློ་འཕངས་དམའ་བ་རྣམས་དང་། སྤྱོད་པ་ནི་མ་འདྲེས་པ་ཐམས་ཅད་ལ་གསང་ངོ་། །ཡི་དམ་གྱི་ལྷ་སྔགས་དང་གྲུབ་རྟགས་ནི་མ་འདྲེས་པ་ལ་བསྟན་ན་དམ་ཚིག་ཉམས་ཤིང་། འདྲེས་པར་བསྟན་ནའང་དངོས་གྲུབ་ཉམས་པར་གསུངས་པས་ཐམས་ཅད་དུ་གསང་བར་བྱའོ། །བར་གསང་བཞི་ནི། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་ལ་བསྒྲུབ་པར་བྱ། །ཞེས་པས་སྒྲུབ་པའི་བར་དེ་སྲིད་དུ་གསང་ངོ་། །གསང་བར་འོས་པ་ནི་རྫས་དང་སྤྱོད་པ་མཐོང་ཐོས་སུ་མི་རུང་བ་རྣམས་སོ། །གཉེར་གཏད་པ་ནི། སློབ་དཔོན་དང་མཆེད་ཀྱིས་གསང་བར་གདམས་པ་རྣམས་གཞན་དུ་སྨྲ་བར་མི་བྱའོ། །དེ་ལྟར་ལྔ་པོ་འདི་ལ་ནི། ལྗོན་ཤིང་གི་རྩ་བ་ལྟར་ཡོན་ཏན་གྱི་རྟེན་གཞི་ཡིན་པས་རྩ་བ་ལྔ་ཞེས་གསུངས་པ་རྣམས་ཏེ། དེའང་བྱང་སེམས་དང་སྔགས་རྒྱ་གཉིས་སྒྲུབ་པའི་དམ་ཚིག་དང་། གཞན་གསུམ་བསྲུང་བའི་དམ་ཚིག་གི་མཆོག་སྟེ་རྩ་བའོ། །ཡང་རྩ་བ་གསུམ་དུ་བསྡུ་ན། བླ་མ་དང་མཆེད་ལ་བསྲུང་བ་སྐུའི་དམ་ཚིག །སྔགས་རྒྱ་གསུང་གི །གསང་བཅུ་ཐུགས་ཏེ། བྱང་སེམས་ཀྱང་ཐུགས་ཀྱི་དམ་ཚིག་ཏུ་བསྡུས་ན་བདེའོ། །དེ་ལྟར་ཡང་བདེ་འདུས་ཞི་རྒྱུད་ལས། བྱང་ཆུབ་སེམས་གསུམ་བསྒོམ་པ་ནི། །རྡོ་རྗེ་ཐུགས་ཀྱི་དམ་ཚིག་གོ། །ཞེས་སོ། །གཉིས་པ་ཡན་ལག་གི་དམ་ཚིག་ལ་གསུམ་སྟེ། མི་སྤང་བ་ལྔ་དང་། མི་དོར་བ་ལྔ་བསྟན་པ་དང་། གཉིས་ཀའི་མཇུག་བསྡུ་བའོ། །དང་པོ་ནི། གཏི་མུག་སོགས་རྐང་པ་གཉིས་ཏེ། འདི་ལ་གསལ་བཀྲ་ལས། ཡང་དག་དུག་ལྔ་ལོག་དུག་ལྔ། །ཞེས་པས་སྤྱིར་ཡང་ལོག་གཉིས་ལས། ཡང་དག་པའི་དུག་ལྔ་ནི། ཆོས་ཐམས་ཅད་མཉམ་ཉིད་དུ་རྟོགས་པའི་ཚེ། ལྟ་བ་ལ་ཕྱོགས་རིས་དང་སྤྱོད་པ་ལ་བླང་དོར་གྱིས་འབྱེད་པ་མེད་པ་ནི་གཏི་མུག་དང་། དེ་མ་རྟོགས་པ་ལ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོའི་འདོད་ཆགས་དང་། རང་རིག་པའི་ཡེ་ཤེས་ཀྱིས་ལོག་རྟོག་འཇོམས་པའི་ཞེ་སྡང་དང་། མཉམ་ཉིད་རྟོགས་པའི་ལྟ་བ་ཤོངས་སུ་མི་འབེབས་པའི་ང་རྒྱལ་དང་། གཉིས་འཛིན་གྱི་ཞེན་རྟོག་མཉམ་ཉིད་ཀྱི་ཀློང་དུ་མི་ཤོང་བའི་ཕྲག་དོག་སྟེ། རྟོགས་གོམས་ཀྱིས་སྦྱོར་བས་མི་སྤང་ངོ་། །ལོག་པའི་དུག་ལྔ་ནི། དུག་ལྔ་རང་མཚན་པ་རྣམས་ཏེ། དེ་དག་ཅིའི་ཕྱིར་མི་སྤང་ཞེ་ན། ལོག་པའི་དུག་ལྔ་ཆོས་ཅན། སྤང་བྱ་མ་ཡིན་ཏེ། ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པས་སྤང་བྱའི་རྫས་མ་གྲུབ་པའི་ཕྱིར་དང་། ཐབས་ཀྱིས་ཟིན་ན་སྤྱད་ཀྱང་མི་འཆིང་བར་རྣམ་པར་གྲོལ་བའི་ལམ་ཡིན་པའི་ཕྱིར་དང་། ཡེ་ནས་རིགས་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བས་ན་མི་སྤང་བ་ལ་དགོས་པ་ཡོད་དེ། དངོས་པོའི་ཞེན་པ་ལྡོག་པ་དང་འཆིང་བྱེད་ཀྱི་ལས་ལ་སྤྱད་པས་གྲོལ་བ་འདི་འདྲ་ངོ་མཚར་ཆེ་སྙམ་དུ་ཐབས་ཀྱི་ལམ་ཟབ་མོ་ལ་ངེས་ཤེས་སྐྱེ་བ་དང་། ཆོས་ཉིད་ཟབ་མོ་རྟོགས་པ་ལ་བློ་མྱུར་བའི་དགོས་པ་རྣམས་ཡོད་པའི་ཕྱིར་རོ། །གཉིས་པ་མི་དོར་བ་ལྔ་ནི། དཀར་རྩི་སོགས་རྐང་པ་གཉིས་ཏེ། དཀར་རྩི་བྱང་སེམས་དཀར་པོ་དང་། དམར་རྩི་བྱང་སེམས་དམར་པོ་དང་། དྲི་ཆེན་དང་། ཤ་ཆེན་དག་པའི་སྣོད་དེ་དྭངས་མ་དང་། དྲི་ཆུ་རྣམས་ནི་གཙང་རྨེའི་རྟོག་པ་སྦྱོང་བ་དང་། ནད་ལྔ་སེལ་ཞིང་ཐུན་མོང་གི་ཡོན་ཏན་ལྔ་འབྱུང་བ་དང་། རིགས་ལྔ་ཡེ་ཤེས་ལྔ་སྒྲུབ་པའི་དམ་རྫས་ཁྱད་པར་ཅན་ཡིན་པའི་ཕྱིར། མི་དོར་བར་དང་དུ་བླང་བར་བྱའོ། །འདིར་དཔེ་ཕལ་ཆེ་བར། དག་པའི་སྣོད་བཅུད་ཅེས་འབྱུང་བ་ནི་མ་དག་པ་སྟེ། རྒྱ་དཔེར་ཆུའི་སྐད་དོད་ཛ་ལམ་ཞེས་ཡོད་ཅིང་། ཐར་ལོའི་འགྱུར་ལས་ཀྱང་། དཀར་དང་དམར་དང་དྲི་དང་ནི། །ཤ་ཆེན་དག་པ་ཡི་ནི་སྣོད། །ཆུ་ཉིད་ཀྱང་ནི་དོར་མི་བྱ། །ཞེས་སོ། །གསུམ་པ་མཇུག་བསྡུ་བ་ནི། ཡན་ལག་སོགས་རྐང་པ་གཉིས་ཏེ། དེ་ལྟར་མི་སྤང་མི་དོར་བ་ནི་རྩ་བའི་གྲོགས་སམ་ཐབས་སུ་གྱུར་པས་ན་ཡན་ལག་བཅུ་ཡི་དམ་ཚིག་ཅེས་བྱ་སྟེ། ཡེ་ནས་དག་པ་གསུམ་དང་མཉམ་པ་བཞིར་གནས་པའི་དོན་རྟོགས་པས་སྤྱད་པར་བྱའོ། །གསུམ་པ་ངེས་ཚིག་ནི། བསྲུང་ཞིང་སོགས་ཚིགས་བཅད་གཅིག་སྟེ། སྔར་བཤད་བསྲུང་ཞིང་སྒྲུབ་པའི་དམ་ཚིག་རྣམ་པ་ལྔ་ནི་རྩ་བའི་དམ་ཚིག་ཡིན་ཏེ། ལྗོན་ཤིང་གི་རྩ་བ་ལྟར་བསྲུང་ན་དངོས་གྲུབ་འབྱུང་ཞིང་ཉམས་ན་རེ་ཞིག་བྱང་ཆུབ་ཀྱི་རིགས་ཀྱང་མེད་པར་འགྱུར་བའི་ཕྱིར་རོ། །མི་སྤོང་མི་དོར་བའི་དམ་ཚིག་ལྔ་ཚན་གཉིས་ནི་རྩ་བའི་དམ་ཚིག་གི་གྲོགས་སུ་དགོས་པས་ཡན་ལག་གི་དམ་ཚིག་ཅེས་བྱ་སྟེ། དེ་དག་ཀྱང་ཉམས་ན་འབྲས་བུ་མྱུར་དུ་འབྱུང་བ་ལ་གེགས་བྱེད་པས་ར་བ་མཚམས་ཀྱི་འོབས་ལྟར་འདའ་བར་དཀའ་བའོ། །གསུམ་པ་མཉམ་པའི་དམ་ཚིག་སྐྱོན་ཡོན་དང་བཅས་པ་ནི། མཉམ་ལ་སོགས་ཚིགས་བཅད་གཅིག་སྟེ། ཆོས་ཐམས་ཅད་བདེན་གསུམ་རིས་མེད་དུ་མཉམ་པ་ལ་ཤེས་འཇུག་གི་ལམ་ཟབ་མོས་མཉམ་པར་སྦྱོར་བ་ཡི་དོན་དེ་ལས་མི་འདའ་བས་མཉམ་པའི་དམ་ཚིག་སྟེ། དེའི་ངང་ལ་གནས་ན་འབྲས་བུ་མཉམ་རྫོགས་ཆེན་པོ་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ཐོབ་པར་འགྱུར་བས་བསྲུང་བར་བྱ་ཞིང་། གལ་ཏེ་དེའི་འགལ་ཟླ་མཉམ་པ་ལས་འདས་ཏེ་ཐ་དད་དུ་རྟོག་ན་འབྲས་བུ་སངས་རྒྱས་ཐོབ་པ་མ་ཡིན་ནོ། །བཞི་པ་དམ་ཚིག་ཉམས་པའི་སྐྱོན་ལ་གསུམ་སྟེ། ཉམས་པ་དང་འགྲོགས་པའི་དང་། རྩ་བ་ཉམས་པའི་དང་། ཡན་ལག་ཉམས་པའི་སྐྱོན་ནོ། །དང་པོ་ནི། རྩ་བ་ཉམས་པའི་སོགས་ཚིགས་བཅད་གཅིག་སྟེ། རྩ་བའི་དམ་ཚིག་ཉམས་པའི་བསླབ་སྡོམ་འཆལ་བ་དག་དམ་ཚིག་གསོ་བའི་ཐབས་ལ་དུས་ཉེ་བར་མི་བརྩོན་པ་རྣམས་དང་སྐད་ཅིག་ཙམ་ཡང་མི་འགྲོགས་ཤིང་ཡུད་ཙམ་དུའང་གཏམ་སྨྲ་བར་མ་བྱེད་ཅིག །ཅིའི་ཕྱིར་ཞེ་ན། ཉམས་པ་དང་འགྲོགས་པར་གྱུར་པའི་ཉེས་པ་བརྗོད་ཀྱིས་མི་ལང་སྟེ་ཟླས་ཉམས་ཞེས་བྱའོ། །དེ་ལྟར་ཡང་ཀུན་འདུས་ལས། ཇི་ལྟར་འོ་མ་རུལ་བ་དག །རུལ་བས་འོ་མ་ཀུན་རུལ་ལྟར། །རྣལ་འབྱོར་ཉམས་གྱུར་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུངས་བྱེད། །ཅེས་སོ། །གཉིས་པ་ནི། རྩ་བའི་དམ་ཚིག་སོགས་ཚིགས་བཅད་གཅིག་སྟེ། རྩ་བའི་དམ་ཚིག་ཉམས་པར་གྱུར་ན་ཆར་ཕབ་པས་ཐན་པ་འབྱུང་བ་ལྟ་བུ་ཚེ་འདིར་ཡང་ལས་གང་སྒྲུབ་པ་ཐམས་ཅད་ཀྱང་འབྲས་བུ་ཕྱིན་ཅི་ལོག་པར་འགྱུར་བ་སོགས་མི་འདོད་པ་སྣ་ཚོགས་འབྱུང་ཞིང་། ཕྱི་མར་ཡང་ཡིད་དུ་མི་འོང་བ་སྣ་ཚོགས་པའི་འབྲས་བུ་རྡོ་རྗེའི་དམྱལ་བ་སོགས་ངན་སོང་གསུམ་གྱི་སྡུག་བསྔལ་མི་འདོད་བཞིན་དུ་ཁབ་ལེན་གྱིས་ལྕགས་ལྟར་རང་དབང་མེད་པར་འདུ་བར་འགྱུར་རོ། །གསུམ་པ་ནི། ཡན་ལག་སོགས་རྐང་པ་གཉིས་ཏེ། ཡན་ལག་གི་དམ་ཚིག་ཉམས་པར་གྱུར་ན་བསྒྲུབས་པའི་འབྲས་བུ་དངོས་གྲུབ་མེད་ཅིང་ཕྱི་མར་ངན་སོང་གསུམ་གྱི་གནས་སུ་ལྟུང་བར་འགྱུར་རོ། །ལྔ་པ་དམ་ཚིག་གི་རང་བཞིན་ནི། དམ་ཚིག་རྣམས་ནི་སོགས་ཏེ། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཀྱི་རང་བཞིན་ནི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་རྡོ་རྗེ་ཆེན་པོའི་རང་བཞིན་ཏེ། འདི་ནི་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་བདག་ཉིད་ཆོས་ཀུན་གྱི་སྲོག་དང་བསླབ་པ་ཐམས་ཅད་ཀྱི་དམ་པ་ཡིན་ནོ། །དྲུག་པ་དམ་ཚིག་གི་རྣམ་གྲངས་རྒྱས་པར་བཤད་པ་ལ་གཉིས་ཏེ། སུམ་བརྒྱ་དྲུག་ཅུར་དང་། མཐའ་ཡས་པར་སྤྲོས་པའོ། །དང་པོ་ནི། རྩ་བའི་དམ་ཚིག་སོགས་ཚིགས་བཅད་གཅིག་སྟེ། འདི་ལ་ཕྲ་རྒྱས་ལས། ཕྱི་མ་རྩ་བ་ཡན་ལག་ལས། །ལྔ་བཅུའི་བརྒྱ་དང་དྲུག་ཅུ་དང་། །ཉིས་བརྒྱའི་བསྲུང་བྱ་མ་ལུས་པ། །བཀའ་ལུང་གཉིས་ཀྱི་རྗེས་སུ་བསྙེག །ཅེས་པས་རྩ་བའི་དམ་ཚིག་ལ་བརྒྱ་དྲུག་ཅུ་དང་། ཡན་ལག་གི་དམ་ཚིག་ལ་ཉིས་བརྒྱར་ཕྱེ་བས་སུམ་བརྒྱ་དྲུག་ཅུ་སྟེ། དེ་ཡང་རྩ་བའི་དམ་ཚིག་ལྔ་པོ་ལ་ནི། གཅིག་སྟེ་རེ་རེ་ལའང་ཐབས་ཤེས་གཉིས་གཉིས་སུ་ཕྱེ་བས་བཅུ་དང་། ཡང་རྩ་བ་ལྔ་པོ་རེ་རེ་ལའང་བཅུ་ཕྲག་གསུམ་སྟེ་སུམ་ཅུ་རེར་ཕྱེ་བས་ཆིག་བརྒྱ་ལྔ་བཅུ་སྟེ། དེ་སྔར་གྱི་བཅུ་དང་སྡོམ་པས་བརྒྱ་དྲུག་ཅུའོ། །དེ་ཡང་ཕྲ་རྒྱས་ལས། པཉྩའི་ཉིང་ལག་ཅེས་པའང་། །དང་པོ་ཉིད་ལས་ཐབས་སྤྱོད་དང་། །ཤེས་རབ་ཉིད་ཀྱིས་ཉིས་འགྱུར་ཡིན། །རེ་རེའང་བསྲུང་བྱ་སུམ་ཅུ་སྟེ། །ཞེས་སོ། །ཡན་ལག་གི་དམ་ཚིག་ལྔ་ཚན་གཉིས་ཏེ་བཅུ་པོ་རེ་རེ་ལ་དབྱེ་ཚུལ་གཏི་མུག་ལྟ་བུ་གཅིག་ལའང་ནང་ཚན་བཅུ་ཕྲག་གཉིས་སུ་སྟེ་ཉི་ཤུ་ཉི་ཤུར་དབྱེ་བས་ཉིས་བརྒྱའོ། །དེ་ལྟར་རྩ་བ་དང་ཡན་ལག་གི་དམ་ཚིག་སུམ་བརྒྱ་དྲུག་ཅུ་སོ་སོའི་དོན་ཤེས་པར་འདོད་ན་ཕྲ་རྒྱས་སུ་བལྟ་བར་བྱའོ། །གཉིས་པ་ནི། དམ་ཚིག་འདི་ནི་སོགས་ཚིགས་བཅད་གཅིག་སྟེ། རྩ་བ་དང་ཡན་ལག་གི་དམ་ཚིག་འདི་དག་ནི་གཞན་ལས་ཁྱད་པར་དུ་གྱུར་པས་རྨད་པོ་ཆེ་ཡིན་ཏེ། དེས་དོན་བྱ་བའི་ཡུལ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་སྲིད་པ་གསུམ་གྱིས་བསྡུས་པའི་འགྲོ་བ་ཇི་སྙེད་ཅིག་ཡོད་པ་དེ་རྣམས་སོ་སོའི་རྣམ་པར་རྟོག་པ་འདུལ་བའི་གཉེན་པོར་དམ་ཚིག་གི་རྣམ་གྲངས་ཀྱང་བསམ་གྱིས་མི་ཁྱབ་པ་དེ་སྙེད་ཅིག་སྤྲོས་ནས་དོན་མཛད་དོ། །བདུན་པ་མ་ཉམས་པའི་ཡོན་ཏན་བསྟན་པ་ལ་དྲུག་ལས། དང་པོ་འབྲས་བུ་ཐོབ་ཅིང་ཚད་མེད་པའི་ཡོན་ཏན་ནི། གཞན་ཡང་སོགས་ཚིགས་བཅད་གཅིག་སྟེ། མཉམ་པའི་དམ་ཚིག་ལས་གཞན་ཡང་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་བསྲུངས་པའི་འབྲས་བུ་རྒྱལ་མཆོག་རིགས་ཀྱི་བདག་པོ་ཀུན་ཏུ་བཟང་པོ་ཉིད་ཀྱི་གོ་འཕང་ཐོབ་པར་འགྱུར་ཏེ། དེའི་ངོ་བོ་ཇི་ལྟར་ཞེ་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷག་མ་མ་ལུས་པ་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་ངོ་བོར་ལྷུན་གྱིས་གྲུབ་པས་ཆེད་དུ་སྒྲུབ་པ་མེད་པར་འབྲས་བུའི་མཆོག་དམ་པ་ཀུན་བཟང་གི་ཡོན་ཏན་མ་ལུས་པ་འགྲུབ་ཅིང་། དེ་ལ་སོགས་པའི་ཡོན་ཏན་བསམ་བརྗོད་ལས་འདས་པས་ན་མཐའ་ཡས་པའི་མཆོག་གོ། །གཉིས་པ་འཇིག་རྟེན་གྱི་གཙོ་བོས་བསྟོད་ཅིང་བཀུར་བ་ནི། རྒྱལ་བའི་སོགས་རྐང་པ་གཉིས་ཏེ། རྒྱལ་བའི་རིགས་མཆོག་གསང་སྔགས་འཛིན་ཅིང་དམ་ཚིག་ལ་གནས་པ་དེ་ལྷ་ཆེན་པོ་ལ་སོགས་པ་འཇིག་རྟེན་གྱི་གཙོ་བོ་རྣམས་དང་། དེའི་འཁོར་མ་མོ་དང་མཁའ་འགྲོ་ཐམས་ཅད་ཀྱིས་རྫོགས་པའི་སངས་རྒྱས་ལྟར་བཀུར་གནས་དམ་པར་མཐོང་བར་འགྱུར་རོ། །གསུམ་པ་འཕགས་པས་བྱིན་གྱིས་རློབ་པ་ནི། དམ་པ་སོགས་རྐང་པ་གཉིས་ཏེ། དམ་པ་མཆོག་རྫོགས་པའི་སངས་རྒྱས་དང་། དམ་པ་སར་གནས་ཀྱི་བྱང་ཆུབ་སེམས་དཔའ་ཡིས་རིམ་པ་ཇི་ལྟ་བར་རང་གི་སྲས་ཀྱི་ཐུ་བོ་དང་། སྤུན་དུ་དགོངས་པས་ཐུགས་རྗེའི་བྱིན་གྱིས་རློབ་པ་མྱུར་བ་ཉིད་དུ་འཇུག་པར་འགྱུར་རོ། །བཞི་པ་རྒྱལ་བའི་སྤྱོད་ཡུལ་ཐོབ་པ་ནི། བདེ་གཤེགས་སོགས་རྐང་པ་གཉིས་ཏེ། དམ་ཚིག་དང་ལྡན་པ་དེ་ནི་བདེ་བར་གཤེགས་པ་ཉིད་ཀྱི་སྤྱོད་ཡུལ་རིག་པ་འཛིན་པའི་ས་ལ་རིམ་པར་ཞུགས་ནས། ལྟུང་གནས་ཀྱི་འཇིགས་པ་དང་བག་ཚ་བ་ཐམས་ཅད་མེད་པ་སྤྱོད་ཡུལ་ཡོངས་དག་ཀུན་ཏུ་བཟང་པོའི་ཞིང་ཁམས་ཆེན་པོར་སྦྱོར་བར་འགྱུར་རོ། །ལྔ་པ་འོག་མའི་འདུལ་སྡོམ་རྫོགས་པའི་ཡོན་ཏན་ནི། ཇི་བཞིན་སོགས་རྐང་པ་གསུམ་སྟེ། གནས་ལུགས་ཇི་བཞིན་པའི་ཆོས་ཉིད་མངོན་དུ་བྱེད་པ་བླ་མེད་ཀྱི་དམ་ཚིག་དང་། དེའི་ནང་དུ་གདུལ་བྱ་རྣམས་བློ་དང་འཚམས་པར་འདུལ་བའི་ཐབས་ཉན་རང་བྱང་སེམས་ཀྱི་ཀྲི་ཡོག་སོགས་ཐེག་པ་ཇི་སྙེད་པ་དེ་དག་གི་སྡོམ་པ་བསམ་ཡས་པ་ཐམས་ཅད་ཀྱང་འདིར་ཡར་ལྡན་གྱི་ཚུལ་དུ་འདུས་ཤིང་། དགག་བྱ་མ་ལུས་པ་རྣམ་པར་དག་པ་དང་། ཡོན་ཏན་ཐམས་ཅད་མ་བཙལ་བར་རང་བཞིན་ལྷུན་གྱིས་གྲུབ་པ་ཡིན་ནོ། །དྲུག་པ་ཉམས་ཀྱང་བསྐང་བའི་ཐབས་ཡོད་པའི་ཡོན་ཏན་ནི། ཉམས་ན་སོགས་རྐང་པ་གཉིས་ཏེ། གལ་ཏེ་གསང་སྔགས་ཀྱི་དམ་ཚིག་ཉམས་པར་གྱུར་ན་ཉན་ཐོས་ཀྱི་ཕམ་པ་འཆབ་བཅས་བྱུང་བ་ལྟར་གསོར་མི་རུང་བ་མ་ཡིན་ཏེ། སྐོང་བའི་ཐབས་ཁྱད་པར་ཅན་གྱི་ཆོ་གས་བསྐང་བས་སྔར་བཞིན་སོར་ཆུད་ཅིང་། དམ་ཚིག་གི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང་། དེ་ལ་སོགས་པའི་ཡོན་ཏན་མཐའ་ཡས་པའི་མཆོག་རྡོ་རྗེའི་ཐེག་པ་འདི་ལ་མངའ་བ་ཡིན་ནོ། །གཉིས་པ་ཡོན་ཏན་ནི། ཅེས་བརྗོད་པས་སོགས་ཏེ། དེ་སྐད་ཅེས་བརྗོད་པས་དམ་ཚིག་གི་རང་བཞིན་ནི་དེ་བཞིན་གཤེགས་པ་ཉིད་ཡིན་པས་ན། དེའི་རང་བཞིན་ལས་རྒྱལ་བ་དེ་བཞིན་གཤེགས་པ་ཉིད་ཀྱང་འདའ་བར་མི་མཛད་ན་གཞན་ལྟ་ཅི་སྨོས་ཏེ། དེའི་ཕྱིར་གདུལ་བྱ་རྣམས་ལ་བླ་ན་མེད་པའི་དམ་ཚིག་བསྟན་ནས་འདུལ་བར་གྱུར་ཏོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་ཡོད་པ་ལས། འདིས་རྩ་བ་དང་ཡན་ལག་གི་དམ་ཚིག་གི་རྣམ་བཞག་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། ༈ །།ལེའུ་ཉི་ཤུ་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། དམ་ཚིག་བསྟན་པ་དེ་ནས་དམ་ཚིག་ཅན་གྱིས་ཕྲིན་ལས་བྱ་བ་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཡེ་ནས་སེམས་ཉིད་ཕྲིན་ལས་བཞིའི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ལས་མི་འདའ་བའི་དམ་ཚིག་དེ་ཉིད་ཆོ་ག་བཞིས་བསྐུལ་བས་མངོན་དུ་སྣང་བར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྲིན་ལས་ཀྱི་དོན་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་གཞུང་ལ་གཉིས་ཏེ། ཕྲིན་ལས་དངོས་དང་། དེའི་ཡོན་ཏན་ནོ། །དང་པོ་ལ་ལྔ་སྟེ། རྫས་ཧོམ་ལུག་རྒྱུད་ཀྱི་སྒོ་ནས་ལས་བྱ་བ་དང་། ལྷག་མའི་ལས་དང་། བྲོ་གར་གླུ་ཚིག་གི་ཡོན་ཏན་དང་། ལས་བཞིའི་གནས་གཟུངས་ཐུན་མོང་དུ་བསྟན་པ་དང་། དོན་སྟོངས་ཀྱི་སེམས་བསྟན་པའོ། །དང་པོ་ལའང་ལས་རྣམ་པ་བཞི་ལས། ཐོག་མར་དྲག་པོའི་ཕྲིན་ལས་ལ་ལྔ་སྟེ། ལིངྒ་བཅའ་བ། དཀྱིལ་འཁོར་བསྐྱེད་པ། བསྒྲུབ་བྱའི་ལས། མཆོད་སྦྱིན་བྱ་བ་ཡོན་ཏན་དང་བཅས་པ། ལུ་གུ་རྒྱུད་ཀྱི་བྲོའི་ལས་ཡོན་ཏན་དང་བཅས་པའོ། །དང་པོ་ནི། བདུད་རྩི་ལྔ་སོགས་རྐང་པ་གཉིས་ཏེ། བསྒྲུབ་བྱའི་བདུད་རྩི་ལྔ་སྟེ་ཟག་རྫས་སམ། ཟས་ཤ །ཉ་ཤ །བུ་རམ། སྦྲང་རྩི། ཏིལ་ལྔ་དང་། གཞན་ཡང་མི་ལ་རྐང་རྗེས་ཀྱི་ས་དང་། མི་མ་ཡིན་པ་ལ་གནས་རྟེན་གྱི་ས་སོགས་ལ་རྒྱུ་བྱས་པའི་ལིངྒ་ཕོ་མོ་གང་ཡིན་གྱི་མཚན་མ་ཅན་དཔྲལ་བར་རུས། སྙིང་གར་སྲོག་གང་ཡིན་མིང་དུ་བཅས་པ་རྣམས་གྲོ་ཤོག་ལ་བྲིས་ཏེ་གནས་སོ་སོར་གླན་པའི། ཡང་ན་གྲོ་ཤོག་རང་ལ་ལིངྒ་བྲིས་པའི་ལྟེ་བར་བླ་དྭགས། འདོམས་སུ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཀྱི་སྤུ་གྲི་བྲི། མཐར་རྫས་བསྐོར་ཞིང་། སྔར་གྱི་རྫས་རྣམས་བྱུགས་ཏེ། ཐོད་པ་མཚན་ངན་གྱི་ནང་དུ་མགོ་ལྷོ་ནུབ་ཏུ་བསྟན་ནས་བཅུག་པ་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་བྲུབ་ཁུང་གྲུ་གསུམ་དུ་གཞུག་པར་བྱའོ། །གཉིས་པ་ནི། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་ཏེ། སྔགས་འཆང་རྣམས་དྲག་པོའི་ལས་དང་མཐུན་པའི་ཆ་བྱད་དང་འདུག་སྟངས་ཀྱིས། ཨེ་རཾ་སོགས་བརྗོད་པས་ཕྱི་སྣོད་ཀྱི་འཇིག་རྟེན་གྲུ་གསུམ་ཨེ་ཡིག་གི་རྣམ་པ་ཅན་མཐིང་ནག་མེ་འབར་བའི་དབུས་སུ་སྔགས་ཀྱི་རྐྱེན་གྱིས་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཁྲག་འཐུང་འབར་བའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་དྲག་པོའི་ལས་ལ་མཆོག་ཏུ་ཤིས་པ་བཛྲ་ཧེ་རུ་ཀས་གཙོ་བྱས་ཤིང་། ཐམས་ཅད་ཀྱང་སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས་ཅན་དུ་བཞེངས་པར་བསམ་པའོ། །གསུམ་པ་ནི། བཀུག་ནས་སོགས་རྐང་པ་གཉིས་ཏེ། བ་ཧུའི་སྔགས་ཀྱིས་ལས་ལ་གཟུད། བི་ཤྭས་སྤྲུལ་པ་སྤྲོ། བསྒྲུབ་བྱ་བཀུག་ནས་གཉིས་མེད་དུ་བསྟིམ་ལ། ལྕགས་སམ་ཤིང་ནག་པོ་ལས་བྱས་པའི་རྡོ་རྗེ་ཕུར་བུ་རྒྱ་མདུད་དབལ་ཟུར་གསུམ་པ་གསུམ་སྲས་མཆོག་བཛྲ་ཀཱི་ལ་ཡར་བསྐྱེད་ནས་བྱིན་གྱིས་བརླབས་ཏེ། ཕུར་བསྐུལ་དང་སྡེར་མོའི་སྔགས་ལས་ཀྱི་སྤུ་གྲི་བཏགས་པས་དཔྲལ་བ་སོགས་གནས་གསུམ་དུ་གདབ་ཅིང་གྲིས་གཏུབ། མཚོན་ཆའི་ཆར་དབབ་པས་ལུས་ངག་རྡུལ་ཕྲན་བཞིན་དུ་བྱས་པར་བསམས་ནས་ལིང་རོ་ཆ་གསུམ་དུ་བཅད་ལ། ཆ་གཅིག་བཛྲ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་གི་ཚོགས་ལ་དབུལ་ཏེ་སྟོབ་པ་བྱ། ཆ་གཅིག་སྦྱིན་སྲེག་གི་སྲེག་རྫས་དང་བསྲེ། ཆ་གཅིག་བྲོ་གདན་ལ་བྲོ་རའི་དབུས་སུ་སྤུངས་ནས་བྲོ་བརྡུངས་རྗེས་མི་མ་ཡིན་གདུག་པ་ཅན་གནས་པའི་སར་དོང་གྲུ་གསུམ་པར་བཅུག་སྟེ། དུར་གཡམ་ལ་རོ་སོལ་གྱིས་རྡོ་རྗེ་རྒྱ་གྲམ་བྲིས་པས་བཀབ་ལ་མནན་པར་བྱའོ། །བཞི་པ་ནི། འབར་བ་སོགས་རྐང་པ་གསུམ་སྟེ། དྲག་པོའི་མེ་ལྷའི་ལྟོ་བར་བཛྲ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་འབར་བའི་དཀྱིལ་འཁོར་བསྐྱེད་པའི་ལྷ་ཚོགས་གཏུམ་ཆེན་རྔམས་པའི་ཆ་བྱད་ཅན་ལ། སྟོངས་ཀྱི་སེམས་རབ་ཏུ་ཁྲོས་པའི་ཡིད་ཀྱིས་སྲེག་བླུགས་ཀྱི་མཆོད་སྦྱིན་བྱས་ན་ཚོགས་གཉིས་ལས་གྲུབ་པ་སངས་རྒྱས་བསོད་ནམས་བརྒྱའི་མཚན་གྱིས་བརྒྱན་པའི་སྐུ་ཡང་འཇིག་ན་བསྒྲལ་བྱའི་སེམས་ཅན་རྣམས་ལྟ་ཅི་སྨོས་པའོ། །ལྔ་པ་ནི། ཨེ་ཡི་སོགས་ཚིགས་བཅད་གཅིག་སྟེ། ཨེ་བྷྲུཾ་ཞེས་བརྗོད་པས་ཕྱི་སྣོད་དྲག་པོའི་དཀྱིལ་འཁོར་ཨེ་དབྱིབས་གྲུ་གསུམ་པའི་རྣམ་པ་ཅན་མཐིང་ནག་འབར་བའི་དབུས་སུ་སྔགས་ཀྱི་རྐྱེན་གྱིས་བཅུད་ཐམས་ཅད་ཁྲག་འཐུང་འབར་བའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་གཙོ་མཆོག་བཛྲ་ཧེ་རུ་ཀས་བྱས་པར་བསམ་ལ། ལིང་རོ་དབུས་སུ་སྤུངས་པའི་མཐར་སྒྲུབ་པ་པོ་མཆེད་ལྕམ་ཀུན་བྲོ་ར་གྲུ་གསུམ་དུ་བཅས་ལ། ལག་གཡས་སྟེང་དུ་བྱས་ཏེ་བསྣོལ་བའི་མཐེའུ་ཆུང་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ཞིང་བསྡམས་ནས། ཧཱུཾ་ཧཱུཾ་ཧཱུཾ། ཞེ་སྡང་རྡོ་རྗེ་སོགས་ཀྱི་ཚིག་དང་སུམྦྷའི་སྔགས་ཀྱིས་བསྐུལ་ཞིང་། ཕྱག་རྒྱ་དེ་ལྟར་བཅིངས་པར་གྱུར་པ་ལས་མིག་དང་ལུས་བསྐྱོད་ནས་བྲོ་བརྡུངས་པས་རྡོ་རྗེའི་རིགས་ཀྱི་ཁྲོ་ཚོགས་དཔག་མེད་ཕྱོགས་བཅུར་གཡོས་པས་བསྒྲུབ་བྱ་རྡུལ་དུ་བརླག་པར་བསམས་ལ། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་། ཕྱག་རྒྱ་སྤྲུགས་ཏེ་བཤིག་པས་གཟས་པོ་དེ་ཉིད་དྲན་པ་མྱོས་ནས་སྙིང་གས་ཏེ་ལུས་ཀྱང་ཐུལ་གྱིས་འཚིག་ནས་མིང་གི་ཐ་མར་བྱེད་པར་འགྱུར་རོ། །དེ་བཞིན་དུ་དབང་སོགས་ལས་ལྷག་མ་གཞན་གསུམ་སྤྱིར་དེས་ཁོག་ཕུབ་པ་ལ། ཁྱད་པར་གྱི་སྒོས་ཆོས་རྣམས་བཤད་པར་བྱ་སྟེ། དེ་ལ་ལིངྒ་བཅའ་བ་ནི། རྒྱུ་བདུད་རྩི་ལྔའམ་ཟས་ལྔ་ལ། བསྒྲུབ་བྱ་གང་ཡིན་གྱི་ལིངྒ་མཚན་མ་མིང་དུ་བཅས་པ་བྱ་སྟེ། དེའང་དབང་ལ་གང་དབང་དུ་བྱ་བར་འདོད་པ་དང་། རྒྱས་པ་ལ་འཇིག་རྟེན་ན་ཚེ་དང་བསོད་ནམས་རྒྱས་པ་སོགས་འདོད་པའི་ཡོན་ཏན་འབྱུང་བའི་ཡིད་བཞིན་གྱི་གཏེར་དུ་བརྟག་པ་དང་། ཞི་བ་ལ་མ་རུངས་པ་གཏུམ་རྔམ་འཁྲུག་པའི་ངོ་བོར་བརྟག་སྟེ། དེ་རྣམས་ལས་གང་ཡིན་གྱི་བྲུབ་ཁུང་དུ་བཅུག་ནས། དབང་ལ་དཀྱིལ་འཁོར་གྱི་ནུབ། རྒྱས་པ་ལ་ལྷོ། ཞི་བར་ཤར་དུ་བཞག་གོ། །དེ་ནས་དཀྱིལ་འཁོར་བསྐྱེད་པ་ནི། དབང་ལ་ཝཾ་གི་རྣམ་པའི་དཀྱིལ་འཁོར་དམར་པོ་ཟླ་གམ། རྒྱས་པ་ལ་མ་ཡི་རྣམ་པའི་གྲུ་བཞི་སེར་པོ། ཞི་བ་ལ་ཡ་ཡི་རྣམ་པའི་ཟླུམ་པོ་དཀར་པོ་སྟེ། ཐམས་ཅད་ཀྱང་ཡངས་ཤིང་མེ་འོད་འཕྲོ་བ་ཅན་གྱི་ནང་དུ་ཁྲག་འཐུང་འབར་བའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ལས་གང་ལ་ཤིས་པའི་མཆོག་དབང་ལ་པདྨ་ཧེ་རུ་ཀ །རྒྱས་པར་རཏྣ་ཧེ་རུ་ཀ །ཞི་བར་བུདྡྷ་ཧེ་རུ་ཀས་གཙོ་བྱས་པ། གཙོ་འཁོར་ཐམས་ཅད་ཀྱང་ལས་དང་མཐུན་པའི་ཁ་དོག་ཅན་དུ་བསྐྱེད་དོ། །དེ་ནས་བསྒྲུབ་བྱའི་ལས་ནི། སྔར་བཞིན་བསྒྲུབ་བྱ་དགུག་བསྟིམ་གྱི་བར་དུ་བྱས་ཏེ། དབང་ལ་ཟངས་སམ་ཤིང་དམར་པོ་ལས་དབལ་ཟླ་གམ་ཅན་རྡོ་རྗེེ་ཆགས་པ་སྟེ་པདྨ་ཀཱི་ལ་ཡར་བསྐྱེད་པའི་ཕུར་བུ་ལྔ་དབང་པོ་ལྔ་དང་། རྒྱས་པར་གསེར་རམ་ཤིང་སེར་པོ་ལས་དབལ་གྲུ་བཞི་པར་བྱས་པ་ང་རྒྱལ་དགའ་འཕྲོ་སྟེ་རཏྣ་ཧེ་རུ་ཀར་བསྐྱེད་པའི་ཕུར་བུ་བཞི་ཡན་ལག་བཞི་དང་། ཞི་པར་དངུལ་ལམ་ཤིང་དཀར་པོ་ལས་དབལ་ཟླུམ་པོར་བྱས་པ་ལྷན་ནེར་གསལ་བ་སྟེ་བུདྡྷ་ཀཱི་ལ་ཡར་བསྐྱེད་པའི་ཕུར་བུ་དྲུག་གིས་ཡན་ལག་ལྔ་དང་སྙིང་ལ་གདབ་པར་བྱ་སྟེ། ཕུར་བུ་ཐམས་ཅད་ཀྱང་མགོ་བོ་རྒྱ་མདུད་ཅན་བྱིན་གྱིས་བརླབས་ཏེ། ཕུར་བསྐུལ་དང་། སྡེར་མོའི་སྔགས་ལས་སོ་སོའི་སྤུ་གྲིའི་ཤམ་བུ་ཅན་གྱིས་གདབ་ཅིང་། གྲི་མཚོན་གྱིས་གཏུབས་ཏེ། ལིང་རོ་ཆ་གཅིག་ཆགས་པའི་ཚོགས་དང་འབར་བ་ལྷན་ནེ་སོགས་ལས་དང་མཐུན་པའི་ལྷ་ལ་སྟོབ་པར་བྱ། ཆ་གཅིག་ལས་གང་ཡིན་གྱི་བསྲེག་རྫས་ལ་བསྲེ། ཆ་གཅིག་ལ་བྲོ་གདན་བྱའོ། །དེ་ནས་མཆོད་སྦྱིན་བྱ་བ་ཡོན་ཏན་དང་བཅས་པ་ནི། ལས་སོ་སོའི་མེ་ལྷའི་ལྟོ་བར་འདས་པའི་ལྷའི་དཀྱིལ་འཁོར་བསྐྱེད་དེ། དེའང་དབང་ལ་ལྷ་ཚོགས་འོད་འབར་བ་གཟི་བརྗིད་ཆེ་ཞིང་སྐུ་ལྷུན་པོ་ཆེན་པོ་ལྟ་བུ་པད་རིགས་གཙོ་བོར་བྱས་པ་ལ་སྟོངས་ཀྱི་སེམས་ཆགས་པའི་ཡིད་ཀྱིས་མཆོད་སྦྱིན་བྱས་པའི་གསུང་རྡོ་རྗེ་པདྨ་གར་དབང་ཡང་དབང་དུ་འགྱུར་ན་གཞན་ལྟ་ཅི་སྨོས་པ་དང་། རྒྱས་པར་རིན་ཆེན་རིགས་གཙོ་བོར་བྱས་པའི་ལྷ་ཚོགས་འོད་འབར་བ་སྤྲུལ་པའི་འདུ་འཕྲོ་ཅན་གཟི་བརྗིད་ཆེན་པོ་ལ་སྟོངས་ཀྱི་སེམས་དགའ་ཞིང་སྤྲོ་བའི་ཡིད་ཀྱིས་མཆོད་སྦྱིན་བྱས་པས་ཚེ་དང་བསོད་ནམས་འཕེལ་བ་སོགས་ཡོན་ཏན་ཚད་མེད་ནམ་མཁའི་མཐའ་དང་མཉམ་པ་ཐོབ་པ་དང་། ཞི་བར་བུདྡྷས་གཙོ་བྱས་པའི་ལྷ་ཚོགས་དྭངས་ཤིང་གསལ་བའི་གཟི་བརྗིད་མཆོག་ཏུ་འབར་ཞིང་འོད་ཟེར་འཚེར་བ་ལ་སྟོངས་ཀྱི་སེམས་ཞི་ཞིང་དང་བའི་ཡིད་ཀྱིས་མཆོད་སྦྱིན་བྱས་ན་མ་རུངས་པ་གཏུམ་ཆེན་རྔམ་པའང་ཞི་བའི་སེམས་སུ་ལྷན་ནེར་འགྱུར་བའོ། །དེ་ནས་ལུག་རྒྱུད་ཡོན་ཏན་དང་བཅས་པ་ནི། སྔར་བཞིན་ཝཾ་བྷྲུཾ་སོགས་ཀྱིས་ཡི་གེ་གསུམ་གྱི་རྣམ་པའི་དཀྱིལ་འཁོར་མེ་འབར་བའི་ནང་དུ་ལས་དང་མཐུན་པའི་ཁྲག་འཐུང་འབར་བ་ཚོགས་ཀྱི་དཀྱིལ་འཁོར་བསྐྱེད་ལ། ལིང་རོ་སྤུངས་པའི་མཐར་མཆེད་རྣམས་ལག་གཡས་སྟེང་དུ་བྱས་ནས་བསྣོལ་བའི་དབང་ལ་སྲིན་ལག །རྒྱས་པར་གུང་མོ། ཞི་བར་མཛུབ་མོ་ལུ་གུ་རྒྱུད་དུ་སྦྲེལ་ཞིང་བསྡམས་ནས་བྲོ་ར་ལས་དབྱིབས་དང་མཐུན་པ་བཅས་ལ། ཧཱུཾ་ཧཱུཾ་ཧཱུཾ། འདོད་ཆགས་རྡོ་རྗེ་སོགས་ལས་སོ་སོའི་ཚིག་དང་སུམྦྷའི་སྔགས་ཀྱིས་བསྐུལ་ལ་བྲོ་བརྡུངས། དེའི་ཚེ་རིགས་སོ་སོའི་ཁྲོ་ཚོགས་དཔག་མེད་སྤྲོས་པས་ལས་གང་ཡིན་འགྲུབ་པར་བསམས་ནས། ལས་སོ་སོའི་སྤུ་གྲིའི་སྔགས་བརྗོད་ཅིང་ཕྱག་རྒྱ་སྤྲུགས་ཏེ་བཤིག་ལ། ལིང་རོ་དེ་དབང་ལ་རང་གི་མལ་འོག །རྒྱས་པར་མཛོད་དུ། ཞི་བར་ལམ་གྱི་དཀྱིལ་རྣམས་སུ་ལས་མཐུན་གྱི་བྲུབ་ཁུང་བྲུས་པར་མནན་ནོ། །དེ་དག་གི་ཡོན་ཏན་ཀྱང་། དབང་གིས་འགྲོ་བ་ཐམས་ཅད་འགུགས་པར་འགྱུར་བ་ལ་ལྟ་ཅི་སྨོས་ཏེ། ཕྱག་ན་རྡོ་རྗེའང་རང་གི་ཕྱི་བཞིན་དུ་འབྲང་བ་སོགས་ཡིད་ལ་ཅི་འདོད་པ་དེ་བཞིན་དུ་འོང་བར་འགྱུར་བ་དང་། རྒྱས་པར་གཟི་བརྗིད་འབར་བའི་རྣམ་འཕྲུལ་ཆེན་པོ་རིགས་ཀྱི་ཁྲོ་བོ་སྤྲོ་བའི་ཏིང་ངེ་འཛིན་གྱིས་ཡོན་ཏན་ཚེ་དང་བསོད་ནམས་སོགས་འདོད་དགུ་འབྱུང་བའི་ཡིད་བཞིན་གྱི་ནོར་བུས་ནམ་མཁའི་ཁམས་ཐམས་ཅད་གང་བར་འགྱུར་བ་དང་། ཞི་བས་ཕ་རོལ་མ་རུངས་པའི་སེམས་མེ་ལྟར་འབར་བའང་ལྷན་ནེར་ཞི་བའི་བྱིན་རླབས་ཀྱིས་ཁྱབ་པར་སྡིག་པ་དང་གདུག་སེམས་ཐམས་ཅད་ཅུང་ཟད་ཀྱང་ཡིད་ལ་མི་འགྱུར་བས་གཡོ་བ་མེད་པར་བྱེད་པའོ། །གཉིས་པ་ལྷག་མའི་ལས་ལ་གཉིས་ཏེ། མདོ་དང་། རྒྱས་པའོ། །དང་པོ་ནི། སླས་དང་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་ལས་བཞི་གང་ཡང་རུང་བ་བྱས་པའི་རྗེས་ལ། རྩ་བའི་དཀྱིལ་འཁོར་གསལ་གདབ། ལྷག་མའི་དཀྱིལ་འཁོར་བསྐྱེད། མགྲོན་བཀུག་ལ། ལྷག་གཏོར་རྣམས་ཁ་ཕྲུས་བྲན་ནས་གཏོར་མར་བསྲེ་ཞིང་སོ་སོར་མཆོད་དེ། དཔལ་ཆེན་པོའི་དཀྱིལ་འཁོར་གྱི་མུ་རན་དུ་གནས་པ་སླས་ཏེ་ལྷ་ཆེན་པོའི་ཆུང་མ་དང་། བྱི་མོ་སྟེ་མཛའ་མོ་དང་། གཡོག་བྱེད་པས་བྲན་མོའི་ཚོགས་ཏེ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་པོ་ལྷག་མའི་མཆོད་སྤྱིན་འདོད་པའི་མགྲོན་ཡིན་པས། ཆོ་ག་བཞིན་དུ་སྦྱིན་ཏེ་ཟ་ལམ་བདུན་ཅུའི་སར་བསྐྱལ་ཞིང་། སྔོན་དཔལ་ཆེན་པོའི་སྤྱན་སྔར་རང་རང་གི་ཁས་བླངས་པའི་དམ་ཚིག་རྣམས་རབ་ཏུ་བསྒྲགས་ནས་ཕྲིན་ལས་བཞི་གང་དང་གང་འདོད་པའི་ལས་དེ་དང་དེ་བྱེད་པར་བཀའ་བསྒོ་བར་བྱའོ། །གཉིས་པ་ལ་གསུམ་སྟེ། དམ་བསྒྲག་ཅིང་ལས་ལ་བསྐུལ་བ། ལས་དེ་མ་བསྒྲུབས་པའི་སྐྱོན། ལས་བསྒྲུབས་པའི་ཡོན་ཏན་ནོ། །དང་པོ་ནི། སྔོན་ཚེ་སོགས་རྐང་པ་དགུ་སྟེ། སྔོན་རཱུ་དྲ་འདུལ་བའི་ཚེ་དཔལ་ཆེན་པོ་ཧེ་རུ་ཀ་གདུལ་བྱ་དང་མཐུན་པར་ཤིན་ཏུ་གདུག་ཅིང་གཏུམ་བག་ཅན་དུ་བཞེངས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དྲེགས་པ་ཅན་མ་ལུས་པ་རྣམས་འདུལ་བར་མཛད་པའི་དབང་ཕྱུག་དང་བྱིན་རླབས་ཁྱད་པར་དུ་གྱུར་པའི་ཕྱིར་རྨད་པོ་ཆེ་མངའ་བས་ལྷ་ཆེན་པོ་ལ་སོགས་པ་ཐམས་ཅད་དབང་དུ་བསྡུས་ནས། དེ་དག་གི་འཁོར་ན་གནས་པའི་མ་མོ་རྣམས་ལོངས་སྤྱོད་པའི་ཕྱིར་དབང་ཕྱུག་དང་སླས་སུ་དབང་བསྐུར་བར་བྱས་ཏེ། ཞི་རྒྱས་དབང་དྲག་སོ་སོའི་ལས་རྣམས་སྐལ་བ་བཞིན་བསྐོས་པ་དེ་ཉིད་སྔོན་ཇི་ལྟར་དམ་བཅས་ཤིང་ཁས་བླངས་པ་རྣམས་སྐད་ཅིག་ཀྱང་མ་ཐོགས་པར་མྱུར་བ་ཉིད་དུ་ལས་ཀྱི་འབྲས་བུ་མངོན་པར་ཕྱུང་བར་མཛོད་ཅིག་པའོ། །གཉིས་པ་ནི། དམ་བཅས་སོགས་རྐང་པ་བཅུ་གཅིག་སྟེ། རང་གི་དམ་བཅས་པ་བཞིན་དུ་ལས་མ་བྱས་ན་སྔོན་ཇི་ལྟར་རང་གིས་དམ་བཅས་ཤིང་མནའ་བོར་བའི་སྡོམ་བཅས་ཀྱི་མཚམས་དེ་ལས་འདའ་བར་འགྱུར་ལ། གལ་ཏེ་དམ་ཚིག་དེ་ལས་འདའ་བར་གྱུར་ན་ནི་ཁྱེད་ཅག་རྣམས་ཀྱི་མགོ་ལུས་དང་སྙིང་ཡང་ཚལ་པ་བདུན་དུ་ཡཀྵ་ཁྲོ་བོས་དུམ་བུར་གཏུབ་པར་འགྱུར་རོ། །དེ་བས་ན་དེ་འདྲའི་ཉེན་ལ་མ་བདོ་བར་རྣལ་འབྱོར་སྔགས་འཆང་བདག་གིས་ལས་ཇི་ལྟར་བཅོལ་བ་བཞིན་དུ་སྒྲུབ་པར་བྱོས་ཤིག །གལ་ཏེ་ལས་དེ་མངོན་དུ་མ་བྱས་ན་རང་རང་གིས་མནའ་བོར་ཞིང་ཁས་བླངས་པའི་དམོད་པ་བཞིན་རུལ་མྱགས་འཚིག་ནས་མཐུར་དུ་བལྟས་ཏེ་རྡོ་རྗེའི་དམྱལ་བར་འགྲོ་བར་འགྱུར་རོ། །གསུམ་པ་ནི། རྣལ་འབྱོར་སོགས་རྐང་པ་ལྔ་སྟེ། དེ་བས་ན་རྣལ་འབྱོར་པ་དམ་པ་གནས་པར་གྱུར་པའི་ལས་གང་དང་གང་འདོད་པ་རྣམས་ཡོངས་སུ་རྫོགས་པར་བྱ་བ་དང་། རྣལ་འབྱོར་པ་དེའི་འཁོར་རྣམས་ཀྱང་རང་གི་བུ་གཅིག་པུ་ལ་མས་གདུངས་པ་བཞིན་དུ་སྐྱོངས་ཤིག་དང་། དེའི་མཐུས་ཁྱེད་ཅག་ཕྲ་མེན་མ་རྣམས་ཀྱང་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་འགྱུར་བ་དེའི་ཕྱིར། རྣལ་འབྱོར་པས་ཇི་ལྟར་བཅོལ་བའི་ལས་རྣམས་མངོན་སུམ་དུ་གྲུབ་པར་བྱོས་ཤིག་ཅེས་བཀའ་བསྒོའོ། །གསུམ་པ་བྲོ་གར་གླུ་ཚིག་གི་ཡོན་ཏན་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། ཁྲོ་བོ་ཞེས་སོགས་ཏེ། ཁྲོ་བོའི་དཀྱིལ་འཁོར་དང་ཚོགས་ཀྱི་སྒྲུབ་པའི་དུས་སུ་ཕྲིན་ལས་བཞིའི་བྱ་ཐབས་ཀྱི་གཙོ་བོ་ནི་བྲོ་གར་གླུ་ཚིག་འདི་ཡིན་ཏེ། ཧོམ་དང་རྫས་སོགས་ཀྱི་སྒོ་ནས་ལས་བཞིའི་ཕྲིན་ལས་གང་དང་གང་བགྱིས་ཀྱང་རུང་སྟེ། ལས་ཟིན་རྗེས་འདིས་མཐའ་བསྡུས་ན་ལས་བྱས་པ་གསོར་མི་རུང་བར་འགྱུར་བ་ཡིན་ནོ། །འདིས་འགོས་འགྱུར་དུ། ཞེས་པ་ཁྲོ་བོའི་སྒྲུབ་ཐབས་ཀྱི། །ལས་རྣམས་ཀུན་ལ་བརྗོད་པར་བྱ། །ངེས་པར་གཙོ་བོ་འདི་ཡིན་ཏེ། །རྣམ་པ་གཞན་དུ་གདུལ་དཀར་འགྱུར། །ཞེས་འབྱུང་ངོ་། །གཉིས་པ་ལ་དྲུག་སྟེ། ཁྲག་འཐུང་ཡབ་ཡུམ་གྱིས་ལས་བཞི་ཀ་འགྲུབ་པ། ཕྱོགས་ཀྱི་ཁྲོ་མོས་དབང་རྒྱས། མཚམས་ཀྱི་ཁྲོ་མོས་ཞི་དྲག །ཕྱོགས་ཀྱི་ཕྲ་མེན་མས་དྲག་པོ། མཚམས་ཀྱི་ཕྲ་མེན་མས་ཀྱང་དྲག་པོ། དབང་ཕྱུག་མས་ཕོ་ཉ་དང་མངགས་གཞུག་གི་ལས་ཐམས་ཅད་འགྲུབ་པའོ། །དང་པོ་ནི། ཁྲག་འཐུང་སོགས་ཚིགས་བཅད་གཅིག་སྟེ། ཁྲག་འཐུང་ཆེན་པོ་བཛྲ་ཧེ་རུ་ཀ་ལ་སོགས་པ་རིགས་ལྔའི་ཧེ་རུ་ཀ་ཡབ་ཡུམ་གྱི་རྐང་པའི་བྲོ་ལག་པའི་གར་ཞལ་གྱི་གླུ་ཚིག་གི་ང་རོ་ཆེན་པོས་ནི། ཞི་རྒྱས་སོགས་ལས་ཐམས་ཅད་དང་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཅི་དང་ཅི་ཐོབ་པར་འདོད་པ་ལྟར་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། མཛོད་ལྡན་སོགས་ཚིགས་བཅད་གཅིག་སྟེ། ག་རཱིའི་སྒྲ་ལས་མཛོད་ལྡན་ཆེན་མོ་ལ་སོགས་པའི་ཁོངས་ནས། ཙ་རཱི་མ། པྲ་མོ་ཧེ། བེ་ཏཱ་ལི་རྣམས་ཀྱི་བྲོ་གར་གླུ་ཚིག་ཆེན་མོས་ནི་འགྲོ་བ་དབང་དུ་འདུ་བར་འདོད་ན་དབང་དུ་འདུ་བར་བྱེད་ཅིང་། ཚེ་དང་བསོད་ནམས་སོགས་འཕེལ་ཞིང་རྒྱས་པར་འདོད་ན་འཕེལ་ཞིང་རྒྱས་པར་བྱེད་དོ། །གསུམ་པ་ནི། སྦོས་མོ་སོགས་ཚིགས་བཅད་གཅིག་སྟེ། པུཀྐ་སཱིའི་སྒྲ་ལས་སྦོས་མོ་ཆེན་མོ་ལ་སོགས་པའི་ཁོངས་ནས། གྷསྨ་རཱི། སྨེ་ཤ་ནཱི། ཙཎྜ་ལཱི་རྣམས་ཀྱི་བྲོ་གར་གླུ་ཚིག་ཆེན་མོས་ནི་མི་མཐུན་པའི་ཕྱོགས་རྣམས་ལྷན་ནེར་ཞི་བར་འདོད་ན་ཞི་ཞིང་ལྷན་ནེར་བྱེད་ལ། དྲག་པོས་དྲན་པ་ཉམས་ཏེ་སེམས་རྨུགས་ཤིང་མི་གསལ་བར་འདོད་ན་རྨུགས་པར་བྱེད་དོ། །བཞི་པ་ནི། སེང་གདོང་སོགས་ཚིགས་བཅད་གཅིག་སྟེ། སེང་གདོང་ཆེན་མོ་ལ་སོགས་པ་མཆེ་བ་ཅན་བཞིའི་བྲོ་གར་གླུ་ཚིག་ཆེན་མོས་ནི་གདུག་པ་ཅན་ཐམས་ཅད་ཀུན་གྱི་སྲོག་ལུས་ལ་ཟ་བར་བྱེད་ཅིང་། རྡུལ་ཕྲན་གྱི་ཆ་ཙམ་ཡང་མེད་པར་བརླག་པར་བྱེད་དོ། །ལྔ་པ་ནི། བཞད་གདོང་སོགས་ཚིགས་བཅད་གཅིག་སྟེ། གྲྀདྡྷའི་སྒྲ་ལས་བཞད་གདོང་ཆེན་མོ་ལ་སོགས་པ་གཤོག་པ་ཅན་བཞིའི་བྲོ་གར་གླུ་ཚིག་ཆེན་མོས་ནི་གདུག་པ་ཅན་ཐམས་ཅད་ཀྱི་མཐུ་རྩལ་མ་ལུས་པའམ་རང་གནས་ལས་འབྱིན་པ་སྟེ་བསྐྲད་པར་བྱེད་ཅིང་། དེ་དག་ཀུན་ལ་ཡོད་པའི་ཕུན་སུམ་ཚོགས་པ་རྣམས་རབ་ཏུ་ཉམས་པར་བྱེད་དོ། །འདིའི་འབྱིན་པ་ཞེས་པའི་རྒྱ་དཔེར། ཨཱ་ཀཪྵ་ཞེས་ཡོད་པས་འགུགས་པའི་དོན་དེ་དབང་གི་ལས་སུ་འགྱུར་རམ་སྙམ་མོ། །དྲུག་པ་ནི། སླས་དང་སོགས་ཚིགས་བཅད་གཅིག་སྟེ། སླས་དང་བྱི་མོ་བྲན་མོ་སྟེ་དབང་ཕྱུག་མའི་ཚོགས་ཀྱི་བྲོ་གར་གླུ་ཚིག་ཆེན་མོས་ནི་དགྲ་ལ་རྦད་ཅིང་མངགས་གཞུག་གི་ལས་ལ་གཏང་བར་བྱ་བ་སྟེ། འགལ་བྱེད་ཐམས་ཅད་བརླག་པར་བྱེད་པ་དང་། མཐུན་པའི་ཕྱོགས་རྣམས་སྒྲུབ་པ་ཕོ་ཉའི་ལས་ཐམས་ཅད་བྱེད་པ་ཡིན་ནོ། །བཞི་པ་ལས་བཞིའི་གནས་གཟུངས་ཐུན་མོང་དུ་བསྟན་པ་ནི། ལྗོན་པ་སོགས་རྐང་པ་གཉིས་ཏེ། ཤིང་ལྗོན་པ་ཅན་ནི་ཞི་བའི་གནས་དང་། ལྕུག་ཕྲན་གྱི་ཚལ་ནི་རྒྱས་པའི་དང་། སྡོང་གཅིག་ནི་དབང་གི་དང་། མེས་རེག་སྟེ་ནགས་ཚལ་འཚིག་པའི་གནས་སུ་དྲག་པོའི་ལས་ཤིས་པའོ། །ལས་སོ་སོའི་གཟུངས་མ་ཡང་། ཞི་བའི་གཟུངས་མ་ཤིང་ལྗོན་པ་ཆོས་མཚུངས་པ་ནི་དུང་ཅན་མའི་རིགས་དཀར་མོ་བཞིན་ལུས་མཛེས་པ་ལ་སོགས་པའོ། །རྒྱས་པའི་གཟུངས་མ་ནི་ལྕུག་ཕྲན་གྱི་ཚལ་ལྟ་བུ་སྟེ་བ་གླང་ཅན་གྱི་རིགས་ཤ་རྒྱས་ཤིང་སྤུན་ཟླ་མང་བའོ། །དབང་ནི་གཟུངས་མ་ཤིང་སྡོང་པོ་གཅིག་པ་དང་ཆོས་མཐུན་པ་ནི་པདྨ་ཅན་གྱི་རིགས་བཞིན་ལུས་མཛེས་ཤིང་སྤུན་ཟླ་དང་བུ་ཚ་མེད་པའོ། །དྲག་པོའི་གཟུངས་མ་ལྗོན་ཤིང་མེས་རེག་པ་ལྟ་བུ་ནི་རི་མོ་ཅན་གྱི་རིགས་མདོག་ནག་ཅིང་ངག་གཏུམ་པ་ལ་སོགས་པའོ། །ལྔ་པ་དོན་སྟོངས་ཀྱི་སེམས་བསྟན་པ་ནི། དང་བས་སོགས་རྐང་པ་གཉིས་ཏེ། དེ་ལ་དོན་གྱི་སེམས་ནི། ལྷག་པ་བདེན་པ་དབྱེར་མེད་ཀྱི་གནས་ལུགས་རྟོགས་ཤིང་། ཚད་མེད་པ་བཞིའི་རྒྱུ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ནི་ལས་བཞི་ཀ་ལ་ཁྱབ་བྱེད་དུ་དགོས་པ་རྒྱུའི་སེམས་ཞེས་བྱ་སྟེ། སྦྱིན་སྲེག་རྩ་བ་ལས། རང་རིག་སངས་རྒྱས་ཀུན་གྱི་དངོས། །ཐམས་ཅད་རང་དབང་སྒྱུར་བདག་ཕྱིར། །སྒྲུབ་པའི་གཙོ་བོར་འདི་གསུངས་སོ། །ཞེས་སོ། །སྟོངས་ཀྱི་སེམས་ནི། མཐུན་པའི་གྲོགས་བྱེད་པས་རྐྱེན་གྱི་སེམས་ཞེས་བྱ་སྟེ། ལས་སོ་སོ་ཀུན་ནས་སློང་བའི་བསམ་པའོ། །དེའང་ཞི་བ་ལ་ཞི་ཞིང་དང་བས། རྒྱས་པ་ལ་དགའ་ཞིང་སྤྲོ་བས། དབང་ལ་ཆགས་ཤིང་ཞེན་པས་དང་། དྲག་པོ་ལ་ཞེ་སྡང་ཁྲོས་པའི་སེམས་དང་ལྡན་པས་ཀཱ་ལི་ཐབས་ཏེ། ཕྲིན་ལས་རྣམ་པ་བཞིའི་ཐབས་མཁས་ཀྱི་མཛད་པ་རབ་ཏུ་བསྒྲུབ་པར་བྱའོ། །གཉིས་པ་ཡོན་ཏན་ནི། ཞེས་བརྗོད་པས་སོགས་ཏེ། དེ་སྐད་ཅེས་བརྗོད་པས་གདུལ་བྱ་རང་བཞིན་གྱི་དེ་བཞིན་གཤེགས་པ་ཉིད་དེ་སེམས་ཅན་རྣམས་ལ། འདུལ་བྱེད་རྟོགས་པ་མངོན་དུ་གྱུར་པའི་དེ་བཞིན་གཤེགས་པ་ཉིད་ཀྱིས་ཕྲིན་ལས་རྣམ་བཞིས་རྒྱུད་དག་པར་སྤྱོད་པས་འདུལ་བར་གྱུར་ཏོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་ཡོད་པ་ལས། འདིས་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་བཞི་མངོན་དུ་སྣང་བར་བྱེད་པས་བྱིན་གྱིས་བརླབ་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་པའོ།། ༈ །།ལེའུ་ཉེར་གཅིག་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། ཁྲོ་བོའི་དཀྱིལ་འཁོར་རྫོགས་པར་བསྟན་པ་དེ་ནས་རང་སྣང་གི་དཀྱིལ་འཁོར་ལ་བསྟོད་པའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཁྲག་འཐུང་ང་བརྒྱད་འདུས་པའི་ཚོགས་ཀྱི་དཀྱིལ་འཁོར་གྱིས་ཞལ་ཤིན་ཏུ་རྔམ་པའི་མདངས་ཀྱིས་རང་སྣང་གི་འཁོར་ལོར་དགྱེས་པའི་གླུ་དྲུག་པོ་འདི་བླངས་སོ། །གཉིས་པ་གཞུང་ལ་གཉིས་ཏེ། འབྲས་ཆོས་ལྔ་སོ་སོར་བསྟོད་པ་དང་། རྟེན་བརྟེན་པ་སྤྱིར་བསྟོད་པའོ། །དང་པོ་ལ་ལྔ་ལས། དང་པོ་སྐུ་ལ་བསྟོད་པ་ནི། ཧཱུཾ། གཏུམ་ཆེན་སོགས་ཏེ། འགོ་འདྲེན་གྱི་ཧཱུཾ་རྣམས་ནི་ཁྲོ་བོའི་སྣང་གླུ་སྟེ། གླུ་རྣམས་རེ་རེའང་སྐུ་ལྔ་ཡེ་ཤེས་ལྔར་མཚོན་པའོ། །དེ་ལ་དཔལ་ཆེན་པོའི་སྐུ་ནི། དྲེགས་པ་ཅན་རྣམས་འདུལ་བས་གཏུམ་པོ་ཆེན་པོ་སྟེ། དུས་ཀྱི་མཐའི་བསྐལ་པ་འཇིག་པའི་མེ་ཆེན་ལྟར་འབར་བའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་ཉི་མ་འབུམ་དུས་གཅིག་ལ་ཤར་བ་ལྟར་གྱི་གཟི་བརྗིད་ཆེན་པོས་ཐམས་ཅད་ཟིལ་གྱིས་གནོན་པ། མི་སྡུག་པའི་ཁྲོ་གཉེར་རྣམ་པར་འགྱུར་བ་ནི་གློག་སྟོང་དུས་གཅིག་ལ་འགྱུ་བ་བཞིན་འཁྱུག་པས་བསྡིགས་པར་མཛད་པ། གདུག་པ་ཅན་ཚར་གཅོད་པའི་མཆེ་བ་ནི་ཏཱིཀྵའི་སྒྲ་ལས་ཟངས་ཡག་སྟེ་རྣོན་པོ་གཙིགས་པས་མ་རུངས་པ་ཐམས་ཅད་ཆོམ་ཆོམ་དུ་ཟ་བར་བྱེད་པའི་འཇིགས་བྱེད་ཆེན་པོའོ། །མཇུག་གི་ཧོཿརྣམས་ནི་དགྱེས་པའི་གད་རྒྱང་ངོ་། །གཉིས་པ་གསུང་ལ་བསྟོད་པ་ནི། རྔམ་པའི་སོགས་ཏེ། འཇིགས་རུང་ཁྲོས་ཤིང་རྔམ་པའི་གསུང་གི་ང་རོ་ནི་འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ལྟར་སྒྲའི་གཏུམ་ཆེན་གྱི་དྲག་ཤུལ་རི་རབ་འབུམ་དུས་གཅིག་ལ་བསྙིལ་བའི་སྐད་དང་མཉམ་པ། ཨ་ལ་དང་། ཧ་ཧ་དང་། ཨ་ལ་ལ་ཞེས་རྡོ་རྗེའི་གད་རྒྱངས་ཆེན་པོ་རྒོད་པས་ས་གསུམ་གཡོ་བ་དབུགས་ཀྱི་ཤུགས་ལས་སྤྱུགས་པའི་འཐོར་བྱེད་ཀྱི་རླུང་ཆེན་པོས་གདུག་པ་ཅན་རྣམས་གཡེང་བ་སྟེ། དུས་མཐའི་རླུང་ཆེན་པོས་གཏོར་བ་ལྟར་བྱེད་པའོ། །གསུམ་པ་ཐུགས་ལ་བསྟོད་པ་ནི། ཁྲོ་བོ་ཤེས་རབ་སོགས་ཏེ། ཡེ་ཤེས་ཆེན་པོས་མ་རིག་པའི་ཚོགས་ལ་ངམ་ངམ་ཤུགས་ཀྱིས་ཁྲོས་པའི་ཁྲོ་བོ་ཡང་དག་པའི་ཤེས་རབ་ཀྱིས་གདུལ་བྱའི་མུན་པ་སེལ་བར་མཛད་པས་འོད་པོ་ཆེ་སྟེ། ཐུགས་ཡེ་ཤེས་ལྔའི་དཀྱིལ་འཁོར་གྱིས་ཤེས་བྱའི་ཡུལ་ཀུན་དུས་གཅིག་ཏུ་རང་གསལ་མ་འགགས་པར་མཁྱེན་ཅིང་། འབར་བའི་ཡེ་ཤེས་དེས་གདུལ་བྱའི་ལོག་རྟོག་ཀུན་ཏུ་འཇོམས་པར་མཛད་པ། དེ་ཡང་ཡེ་ཤེས་ལྔ་དང་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་སོགས་སྣ་ཚོགས་པའི་ཡེ་ཤེས་རྣམ་པ་ཐ་དད་དུ་གསལ་བ་ཀུན་ཀྱང་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཆེན་པོ་གཅིག་གི་ངོ་བོར་དབྱེར་མེད་པའོ། །བཞི་པ་ཡོན་ཏན་ལ་བསྟོད་པ་ནི། ཁྲོ་བོའི་རྒྱལ་པོ་སོགས་ཏེ། གདུག་པ་ཅན་འདུལ་བ་ཁྲོ་བོའི་མཛད་པས་གདུལ་བྱ་ལ་དབང་སྒྱུར་བའི་རྒྱལ་པོ་སྟེ། ཡོན་ཏན་འབྱུང་བའི་སྤྲིན་ཆེན་པོ་ལས་འཕྲོས་པའི་འདུལ་བྱེད་ཁྲོ་བོའི་དཀྱིལ་འཁོོར་གྱི་ཐུགས་རྗེའི་ཆར་ཆེན་པོ་འབེབས་པས་གང་ལ་གང་འདུལ་གྱི་སྤྲུལ་པའི་དཀྱིལ་འཁོར་ཟད་པ་མེད་པ་དགོས་འདོད་ཡིད་བཞིན་དུ་འབྱུང་བ་རིན་པོ་ཆེའི་གཏེར་དང་འདྲ་བས་དོན་མཛད་པ་སྣ་ཚོགས་སུ་སྣང་བའི་ཕྱག་རྒྱ་ཆེན་པོའི་སྐུར་ཁྲོས་པ་ཐམས་ཅད་ཡེ་ཤེས་ཆེན་པོའི་ཁྲོ་བོར་རོ་གཅིག་པའི་ཐིག་ལེ་ཆེན་པོར་གནས་པའོ། །ལྔ་པ་ཕྲིན་ལས་ལ་བསྟོད་པ་ནི། བདུད་ཀུན་སོགས་ཏེ། བདུད་བཞི་པོ་ཀུན་གྱི་རང་བཞིན་མ་སྤངས་པར་དབང་དུ་བྱེད་པ་ནི་བདག་ཉིད་ཆེན་པོ་དཔལ་ཧེ་རུ་ཀའོ། །དེའང་བདུད་བཞིའི་དཔུང་མཐར་བྱེད་ཀྱི་བདུད་དེ་སྒྲིབ་གཉིས་བག་ཆགས་དང་བཅས་པའི་བདུད་རྣམས་འཇོམས་པར་མཛད་ཅིང་། བདུད་དང་གཤིན་རྗེ་སོགས་འཇིགས་པའི་ཚོགས་རྣམས་ཀྱང་བསྡིགས་ཤིང་འཇིགས་པར་བྱེད་པས་འཇིགས་བྱེད་ཆེན་པོ་ཆེ་བཙན་འགྲན་ཟླ་དང་བྲལ་བའི་ཁྲག་འཐུང་གི་ཚོགས་ཐམས་ཅད་ཀྱང་ངོ་བོ་ཆོས་སྐུ་སྤྲོས་བྲལ་ཐིག་ལེ་ཆེན་པོར་རོ་གཅིག་པའོ། །གཉིས་པ་རྟེན་བརྟེན་པ་སྤྱིར་བསྟོད་པ་ནི། རྡོ་རྗེ་བྲག་ཆེན་སོགས་ཏེ། ཁྲག་འཐུང་གི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ནི་རྡོ་རྗེའི་བྲག་ཆེན་པོ་ལྟར་སྐྱེ་ཤི་དང་འཕོ་འགྱུར་མེད་པས་སྲ་བ་པོ་སྟེ་ཆེ་བའི་ཡོན་ཏན་ཀུན་གྱི་རྟེན་དུ་གྱུར་པའོ། །གསུང་དང་ཡོན་ཏན་ནི་རྡོ་རྗེའི་ཆུ་བོ་ལྟ་བུ་སྟེ་གདུལ་བྱའི་ཚོགས་མ་ལུས་པ་སྡུད་པ་དང་བདེ་བ་ཆེན་པོས་རྒྱུད་བརླན་ཅིང་ཚིམ་པར་མཛད་པའོ། །ཐུགས་ནི་རྡོ་རྗེ་མེ་སྟེ་ཐུགས་རྗེའི་ཡེ་ཤེས་ཀུན་ཏུ་འབར་བ་ཆེན་པོས་མཚན་མའི་རྟོག་པ་ཐམས་ཅད་བསྲེག་ཅིང་ཤེས་བྱའི་ཡུལ་ཐམས་ཅད་མངོན་སུམ་དུ་མཁྱེན་པའོ། །ཕྲིན་ལས་ནི་རྡོ་རྗེའི་རླུང་སྟེ་གདུལ་བྱ་ལ་ཁྱབ་ཅིང་གཡོ་བས་འདུལ་བར་མཛད་ཅིང་ཁྱད་པར་གདུག་པ་ཅན་རྣམས་ཆོས་དབྱིངས་སུ་འཐོར་བར་བྱེད་པའི་རླུང་ཆེན་པོ་སྟེ་བརྟེན་པ་ལ་བསྟོད་པའོ། །རྟེན་གཞལ་ཡས་ཁང་ལ་བསྟོད་པ་ནི། རྡོ་རྗེ་བྲག་ཆེན་ནི་ཀེང་རུས་ཀྱི་རི་རབ་ཞིང་ཆེན་གྱིས་གཞི་སྲ་བ་དང་བཅས་པ། རྡོ་རྗེ་ཆུ་ནི་རཀྟའི་རྒྱ་མཚོ། རྡོ་རྗེ་མེ་ནི་ཡེ་ཤེས་ཀྱི་མེ། རྡོ་རྗེ་རླུང་ནི་འོག་གཞི་རླུང་གི་དཀྱིལ་འཁོར་དང་། ནམ་མཁའ་ནི་ཀུན་གྱི་གོ་འབྱེད་པ་སྟེ། འབྱུང་ལྔ་དག་པ་ཡུམ་ལྔའི་མཁའ་ཀློང་ནི་གཞལ་ཡས་ཁང་གི་རང་བཞིན་ནོ། །དེ་སྐད་ཅེས་རང་སྣང་གི་དཀྱིལ་འཁོར་ལ་དགྱེས་པ་ཆེན་པོས་ཆེད་དུ་གླུ་བླངས་སོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་ཡོད་པ་ལས། འདིས་རང་སྣང་ཁྲོ་བོའི་དཀྱིལ་འཁོར་ལ་བསྟོད་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། ༈ །།ལེའུ་ཉེར་གཉིས་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་སོགས་ཏེ། རྒྱུད་དོན་རྫོགས་པར་བསྟན་པ་དེ་ནས་རྒྱུད་གདམས་ཤིང་གཏད་པ་སྟོན་ཏེ། གང་གིས་ན། སྟོན་པ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཀུན་ཏུ་བཟང་པོས་སོ། །གང་ལ་ན། ལྷན་ཅིག་པའི་འཁོར་རྒྱུད་ཡོངས་སུ་དག་པའི་དེ་བཞིན་གཤེགས་པ་ཉིད་དང་། གོ་ཕྱེ་བའི་འཁོར་ཡེ་ཇི་བཞིན་པའི་དེ་བཞིན་གཤེགས་པ་ཉིད་དེ་ཕྱི་རབས་ཀྱི་གང་ཟག་ཆོས་ཀྱི་མིག་ཅན་རྣམས་ལ་གཏད། གང་གཏད་ན། བསྟན་པ་གསང་སྔགས་རྨད་དུ་བྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདིའོ། །ཇི་ལྟར་ན། རྒྱུད་འདི་ཉིད་འགྲོ་བའི་ཕན་བདེའི་གཞིར་མི་ནུབ་པར་བརྟན་པར་ཟུང་ཞིག་ཅེས་པའི་འདི་ཆེད་དུ་བརྗོད་དོ། །གཉིས་པ་གཞུང་ལ་གསུམ་སྟེ། གདམས་པ་དང་། གཏད་པ་དང་། རྒྱུད་རྫོགས་ནས་མཛད་པ་ཆོས་ཉིད་དུ་བཞུགས་ཚུལ་ལོ། །དང་པོ་ལ་བཞི་སྟེ། གཞི་རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས་པ། ལོག་རྟོག་འཁྲུལ་པའི་སྣང་བ་དག་བྱར་གདམས་པ། གདུལ་བྱ་ལམ་གྱི་སྣང་བ་བགྲོད་བྱར་གདམས་པ། འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པའོ། །དང་པོ་ནི། ཀྱེ་ཀྱེ། ཕྱོགས་བཅུ་སོགས་རྐང་པ་གཉིས་ཏེ། ཀྱེ་ཀྱེ་ཞེས་འཁོར་གཉིས་ལ་བོས་ནས། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གནས་པ་གཞི་རང་བཞིན་གྱི་རྒྱུད་ཡིན་པས་དེའི་དོན་རྟོགས་པར་བྱའོ་ཞེས་གདམས་པའོ། །གཉིས་པ་ནི། གཟུང་འཛིན་སོགས་རྐང་པ་གཉིས་ཏེ། ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་ཀྱི་སྤྲོས་པ་ལ་ཞེན་པས་བློ་མངོན་པར་འཆེལ་ཞིང་གོམས་པ་ཡི་མཐུས་རང་གི་རྣམ་རྟོག་ཞགས་པ་དང་འདྲ་བས་ཁམས་གསུམ་རིགས་དྲུག་གི་གནས་སོ་སོར་འཛིན་ཅིང་སྡུག་བསྔལ་གྱིས་ཉམ་ཐག་པར་གྱུར་པས་ན། དེ་ལས་གྲོལ་བར་གདམས་པའོ། །གསུམ་པ་ནི། ས་རྣམས་སོགས་རྐང་པ་གཉིས་ཏེ། དེ་ལས་གྲོལ་བྱེད་དབང་པོའི་རིམ་པས་ཐེག་པ་སོ་སོའི་ས་རྣམས་དང་ལམ་གྱི་ཁྱད་པར་མ་འདྲེས་པར་བཀོད་པ་ཉན་རང་བྱང་སེམས་དང་ཕྱི་རྒྱུད་གསུམ་གྱི་ཐེག་པ་ཡང་རང་བཞིན་གསང་བའི་སྙིང་པོ་འདིར་འགྲོ་བའི་ལམ་སྟེགས་ཡིན་པས་ན་བགྲོད་པ་གཅིག་པའི་ལམ་འདི་ཉིད་ཉམས་སུ་བླང་བར་གདམས་པའོ། །བཞི་པ་ནི། ཡེ་ཤེས་སོགས་རྐང་པ་གཉིས་ཏེ། དེ་ལྟར་ལམ་མཐར་ཕྱིན་པས་སྤངས་པ་དང་རྟོགས་པའི་ཡེ་ཤེས་ངོ་མཚར་བ་བརྙེས་ནས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་རབ་འབྱམས་མངའ་བ་ཉིད་ཀྱིས་ཕྲིན་ལས་གསུང་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པར་སྣང་བའང་གདུལ་བྱའི་དོན་དུ་མི་འགྱུར་བ་ནི་གང་ཅུང་ཟད་ཅིག་ཀྱང་རྣམ་པ་ཐམས་ཅད་དུ་ཡོངས་སུ་མ་གསུངས་ཏེ་གསུང་བར་མི་མཛད་པས་ན། དེ་ཉིད་ཐོབ་བྱར་གདམས་པའོ། །མདོར་ན་གཞི་ལམ་འབྲས་གསུམ་ཡང་རང་བཞིན་གྱི་རྒྱུད་དུ་འདུས་པས་ན་ཡེ་ནས་སངས་རྒྱས་པའི་དོན་དེ་ལས་ནམ་ཡང་མི་འགྱུར་བར་གདམས་པའོ། །གཉིས་པ་གཏད་པ་ལ་གསུམ་ཏེ། ལྷན་ཅིག་པའི་འཁོར་སྡུད་པ་པོ་དང་། གོ་ཕྱེ་བའི་འཁོར་ཕྱི་རབས་ཀྱི་གང་ཟག་དང་། མ་མོ་དང་མཁའ་འགྲོ་རྣམས་ལ་གཏད་པའོ། །དང་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཞེས་སོགས་རྐང་པ་ལྔ་སྟེ། ཕྱོགས་དུས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་དགོངས་པ་གསང་བའི་སྙིང་པོ་འདི་ལས་ལྷག་པའི་དོན་གཞན་ཅུང་ཟད་ཀྱང་མི་མངའ་བས་འདིའི་བརྗོད་བྱ་ནི་ཟབ་པའི་ཕྱིར་ཡོད་པ་སྒྲོ་འདོགས་དང་མེད་པ་སྐུར་བ་འདེབས་པ་སོགས་མཐའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་རང་བཞིན་ཏེ། མངོན་རྟོགས་རྒྱན་ལས། ཟབ་པ་ཉིད་དེ་སྒྲོ་འདོགས་དང་། །སྐུར་པའི་མཐའ་ལས་གྲོལ་བ་ཉིད། །ཅེས་སོ། །དེ་རྗོད་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ་འདི་ཉིད་ཀྱང་སྒྲོ་སྐུར་ཐམས་ཅད་དང་བྲལ་བའོ། །དེ་ལྟར་སྟོན་པའི་བདག་ཉིད་ཀྱིས་རང་བཞིན་ཆོས་ཉིད་དེ་བཞིན་ཉིད་ངེས་པའི་དབྱིངས་རིམ་ནས་ཕྱུང་བའི་རྒྱུད་འདི་ཟུང་ཞིག་ཅེས་སྡུད་པ་པོ་ལ་གཏད་པའོ། །གཉིས་པ་ལ་གཉིས་ཏེ། གང་ཟག་ཆོས་མིག་ཅན་ལ་གཏད་པ་དང་། ངེས་པར་ལུང་བསྟན་པའི་སྒོ་ནས་གཏད་པའི་འཐད་པ་དང་བཅས་པའོ། །དང་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོགས་ཚིགས་བཅད་གཅིག་སྟེ། ཕྱོགས་དུས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཕྱག་རྒྱ་གསང་ཆེན་སྙིང་པོ་ཡི་གེའི་རྒྱུད་འདི་མ་འོངས་པའི་རྣལ་འབྱོར་པ་གང་ཞིག་རང་གིས་ཚུལ་བཞིན་དུ་རྟོགས་ནས་གཞན་ལ་མ་ནོར་བར་སྨྲ་བར་བྱེད་པ་དེ་ཉིད་ནི་ཀུན་ཏུ་བཟང་པོ་ང་དང་ཐ་མི་དད་པ་ཡིན་ཅིང་། ཕན་ནུས་ཟབ་མོའི་དབང་ཡང་རང་བཞིན་གྱིས་རྫོགས་པའི་ཕྱིར་རྒྱུད་འདི་བཟུང་ལ་མི་ནུབ་པར་གྱིས་ཤིག་ཅེས་པའོ། །གཉིས་པ་ནི། དེ་ནི་སོགས་རྐང་པ་གསུམ་སྟེ། རྒྱུད་འདི་འཛིན་ཅིང་སྟོན་པའི་གང་ཟག་དེ་ནི་ངེས་པ་ཁོ་ནར་གཞན་ལ་སྟོན་པ་རིག་པའི་སྐྱེས་བུ་དང་། དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་སངས་རྒྱས་སུ་ལུང་བསྟན་ཏེ། །རྡོ་རྗེ་ལས། རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་སྣང་རིག་པ་མངོན་བྱས་པས། །རིག་འཛིན་མཆོག་དེ་ལྷུན་གྲུབ་པའོ། །ཏིང་འཛིན་ནུས་པའི་མཐུ་མེད་ཀྱང་། །ས་སྦྱོང་སེམས་དཔས་བསྐྱེད་དུ་མེད། །བདེ་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །རིག་པའི་སྐྱེས་བུར་ལུང་ཐོབ་པའོ། །ཞེས་སོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་དྭངས་མ་ཡིན་ཏེ། དེ་ནི་ཀུན་ཏུ་བཟང་པོའི་ཐུགས་ཀྱི་གསང་བ་ཟབ་མོ་འདི་ལས་སྐྱེས་པ་ཡིན་པའི་ཕྱིར། ས་རབ་སྟེ་ས་ཐམས་ཅད་ཀྱི་མཆོག་རིག་པ་འཛིན་པའམ་རྡོ་རྗེ་འཛིན་པའི་ས་ལ་གནས་པ་ཡིན་ཏེ། དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་རང་གིས་དོན་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱས་ནས་སྣོད་ལྡན་རྣམས་ལ་སྟོན་ཅིག་ཅེས་གཏད་པའོ། །གསུམ་པ་ནི། རྒྱས་པ་ལས། ང་ཡི་ཐུགས་ཀྱི་སྙིང་པོ་འདི། །ཕྱོགས་བཅུ་ཀུན་ཏུ་སྤེལ་བ་དང་། །དེ་ཡི་གཟུངས་ལ་གཏད་པ་ནི། །ཡིད་བཞིན་མཛོད་འབྱོར་བཀའ་ཡི་གནས། །བསྟན་པ་འཛིན་པར་ནུས་པ་ལ། །གསང་བའི་སྙིང་པོ་མཆོག་ཏུ་གཏད། །ཅེས་མ་མོ་དང་མཁའ་འགྲོ་རྣམས་ལ་བསྟན་པ་སྐྱོང་ཞིང་ཕྱོགས་བཅུར་སྤེལ་བར་གཉེར་གཏད་པའོ། །གསུམ་པ་མཛད་པ་ཆོས་ཉིད་དུ་བཞུགས་ཚུལ་ནི། ཞེས་བརྗོད་པས་སོགས་ཏེ། རྒྱུད་དོན་དེ་སྐད་ཅེས་བརྗོད་པས་སྟོན་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་དབྱེར་མེད་པར་གྱུར་ཅིང་། རྒྱུད་ཀྱི་མཛད་པ་རྫོགས་པས་དགྱེས་ནས་དུས་བཞི་ཐ་དད་དུ་མི་དམིགས་པ་ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་སུ་རྣམ་པར་དག་པའི་ཞིང་ཁམས་སྣང་ཞིང་བཀོད་པ་ཐམས་ཅད་སྟོན་པ་ཉིད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་ལྷུན་གྱིས་གྲུབ་པ་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་འཕོ་འགྱུར་མེད་པར་བཞུགས་སོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་ཡོད་པ་ལས། འདིས་ཐ་མ་རྒྱུད་རྫོགས་ཤིང་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པ་ལ་མཉེས་པ་དང་། གདམས་ཤིང་གཏད་པའི་སྒོ་ནས་རྒྱུད་ཡོངས་སུ་བཟུང་བའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། ༈ །།གསུམ་པ་མཇུག་གི་དོན་རྒྱུད་རྫོགས་པའི་བྱ་བ་བསྟན་པ་ནི། འཕགས་པ་ཞེས་སོགས་ཏེ། བརྗོད་བྱ་གཞི་ལམ་འབྲས་གསུམ་དབྱེར་མེད་པའི་རང་བཞིན་ལྷག་པ་བདེན་པ་དབྱེར་མེད་ཀྱི་དོན་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པར་སྟོན་པས་ན་གཞན་ལས་ཁྱད་པར་དུ་འཕགས་པའི་ཕྱིར། དེ་རྗོད་བྱེད་ཡི་གེའི་རྒྱུད་འདི་ལའང་འཕགས་པ་ཞེས་བཏགས་སོ། །རྟོག་པ་ནི་དངོས་གྲུབ་རྣམ་པ་གཉིས་སྒྲུབ་པའི་ཐབས་ཀྱི་རྒྱུད་ཐམས་ཅད་ལ་གྲགས་ཤིང་། དེ་དག་ཐམས་ཅད་ལས་རྒྱུད་འདི་མཆོག་ཏུ་གྱུར་པས་ན་རྒྱལ་པོའོ། །དེ་ལྟ་བུའི་རྒྱུད་གྱི་རྒྱལ་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བ། དེའི་ལེའུའི་གྲངས་ནི་སྟོང་ཕྲག་བརྒྱ་བ་སྟེ་འབུམ་ཕྲག་གཅིག་བཞུགས་པ་ལས་ཕྱུངས་པ་རྩ་བའི་རྒྱུད་ལེའུ་ཉི་ཤུ་རྩ་གཉིས་ཀྱི་བདག་ཉིད་དུ་བསྟན་པ་འདི་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་གསང་སྔགས་ཀྱི་རྒྱུད་ཐམས་ཅད་ཀྱི་འབྱུང་ཁུངས་སམ་འཕྲོ་གཞིར་གྱུར་པས་ལུང་གི་སྤྱི་འགྲེལ། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ལས་ཀྱང་ཆེས་གསང་བ། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བའི་རྒྱུད་འདི་ལས་བསྟན་པ་དང་ཐེག་པ་ཐམས་ཅད་མ་ལུས་པར་འཕྲོས་ཏེ་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར་བ་དེ་དག་གང་ནས་ཞུགས་ཀྱང མཐར་ཐུག་བགྲོད་པ་གཅིག་པས་ཀུན་གྱི་འབྲས་བུ་བླ་ན་མེད་པའི་མཆོག་རྩ་བའི་རྒྱུད་ཆེན་པོ་རྫོགས་སོ་ཞེས་པ་ནི་གཏན་ལ་ཕབ་ཟིན་པའི་དོན་དང་། ཨི་ཏི་ཞེས་པ་ནི་ཤིན་ཏུ་ཟབ་པའི་དོན་ནོ། །གླེགས་བམ་གྱི་མཐར་རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་དང་། རྨ་ཨཱ་ཙརྻ་རིན་ཆེན་མཆོག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་འབྱུང་བ་ནི་འགྱུར་བྱང་སྟེ། རྒྱུད་འདི་ལ་ལོ་པཎ་སྡེབས་པའི་གཞི་འགྱུར་གསུམ་ཡོད་པར་གྲགས་ཤིང་། དེའང་སངས་རྒྱས་གསང་བ་དང་བཻ་རོ་ཙ་ནའི་སྔ་འགྱུར། སློབ་དཔོན་ཆེན་པོ་པདྨ་དང་གཉགས་ཀྱི་བར་འགྱུར། བི་མ་ལ་དང་རྨ་གཉགས་ཐུན་མོང་གི་ཕྱི་འགྱུར་རྣམས་ལས་འདིར་ཕྱི་མ་སྟེ། ལོ་པཎ་དེ་རྣམས་ཀྱིས་ལེགས་པར་བསྒྱུར་ཞིང་འཆད་ཉན་གྱིས་གཏན་ལ་ཕབ་ནས་དར་རྒྱས་སུ་མཛད་དོ། །ཟབ་རྒྱས་བདེ་གཤེག་གསུང་རབ་མ་ལུས་པའི། །ཕུལ་གྱུར་དཔལ་ལྡན་གསང་བ་སྙིང་པོ་ལྟའི། །ཐར་འདོད་རྣམས་ཀྱི་འཇུག་ངོགས་གཞན་མེད་པས། །འཇིག་རྟེན་འདི་ན་མཚུངས་མེད་ཡིན་བཞིན་ནོར། ༡ །དེ་དོན་ཇི་བཞིན་འཆད་ལ་ཟླ་བྲལ་བ། །དཔལ་ལྡན་ཟུར་བའི་བཀའ་སྲོལ་བདུད་རྩིའི་རྒྱུན། །གཏེར་ཆེན་བླ་མའི་ཐུགས་མཚོར་འཁྱིལ་བ་ལས། །དད་བརྩོན་རྔ་ཡབ་རྩེ་མོས་བཅུད་དུ་བླངས། ༢ །ཤིན་ཏུ་རྙེད་དཀའ་གསང་ཆེན་རྡོ་རྗེའི་ཚིག །དབྱེ་བར་དཀའ་མོ་རང་དང་རྗེ་མཐུན་པར། །རྣམ་པར་ཕྱེ་འདི་དཔལ་ལྡན་གསང་བའི་བདག །དགོངས་པ་མཛེས་བྱེད་ལེགས་བཤད་རྒྱན་དུ་རློམ། ༣ །སྦྲང་བུའི་བགྲོད་པས་ནམ་མཁའ་མཐའི་འཚོལ་ལྟར། །གསང་ཆེན་ཟབ་མོ་བྱིས་བློའི་སྤྱོད་ཡུལ་མིན། །དེ་ཕྱིར་བླུན་བློས་འདིར་ནོངས་གྱུར་པའི་ཚོགས། །འཕགས་དང་དམ་པ་རྣམས་ཀྱིས་བཟོད་པར་མཛོད། ༤ །སྐྱེ་བོ་ཕལ་ཆེར་གྲགས་པའི་རྗེས་འགྲོ་བས། །འཕགས་དང་མཁས་གཞུང་རྣམས་ཀྱང་ཕྱོགས་གཅིག་ཏུ། །ལེན་པ་མིན་ན་བདག་གཞུང་ལྟ་ཅི་སྨོས། །དེ་ཕྱིར་གཞན་དོན་འགྱུར་སྙམ་སྤྲོ་བ་མེད། ༥ །འོན་ཀྱང་དམ་པའི་གསུང་གིས་བསྐུལ་བ་དང་། །རང་གི་བློ་ལའང་གོམས་པ་སྐྱེ་བའི་སླད། །བློ་རྨོངས་གྱུར་ཀྱང་བླ་མའི་མན་ངག་ལ། །བརྟེན་ནས་རྣམ་པར་བཤད་ལ་སྐྱོན་ཡོད་མིན། ༦ །འདི་ལས་རྣམ་དཀར་དགེ་བ་གང་ཐོབ་པ། །དེ་ཡིས་མཁའ་མཉམ་ལུས་ཅན་ཐམས་ཅད་ཀུན། །རྨད་བྱུང་ལམ་གྱི་དྲི་མ་ཡོངས་སྤྱངས་ཏེ། །རང་བྱུང་ཡེ་ཤེས་མངོན་དུ་རྟོགས་པར་ཤོག ༧ །ཕྱོགས་ལྷུང་སྒྲོ་སྐུར་བྲལ་བའི་བློ་གྲོས་མཁར། །རྣམ་པར་སོང་བའི་ལེགས་བཤད་འོད་བརྒྱ་པ། །ཤར་བ་ཡིས་ནི་མི་ཤེས་རྨོངས་པའི་མུན། །མཐར་བྱེད་བཀྲ་ཤིས་སྣང་བ་འབར་གྱུར་ཅིག ༨ །དཔལ་གསང་བའི་སྙིང་པོའི་རྒྱུད་ཀྱི་འགྲེལ་པ་གྲོལ་ལམ་གཙོ་བོར་སྟོན་པ་གསང་བདག་དགོངས་རྒྱན་ཞེས་བྱ་བ་འདི་ནི་དཔལ་གདོང་ཆུ་བྱའི་ལོ་ལེའུ་གསུམ་པ་ཡན་ཆད་ཙམ་གྲུབ་པ་ལས། དེ་མན་ཆད་ལེ་ལོའི་དབང་གིས་ལུས་པ་ཕྱིས་རྗེ་བླ་མ་དམ་པའི་སྲས་ཀྱི་ཐུ་བོ་ཐུགས་རྗེ་དང་མཁྱེན་རབ་རྨད་དུ་བྱུང་བ་ཞབས་དྲུང་རིན་པོ་ཆེ་སྐུ་མཆེད་གཟིགས་པའི་སླད་དང་། བློ་གསར་དོན་གཉེར་ཅན་མང་པོས་ཀྱང་བསྐུལ་ཞིང་། ཁྱད་པར་སྔོན་གོམས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བས་སྤྲས་པ་དཔལ་རི་སྤྲུལ་པའི་སྐུ་ངག་དབང་ཀུན་བཟང་པདྨ་དང་། མང་ཐོས་སྤོང་བ་ལ་གཞོལ་བ་མེ་རག་ཆོས་རྗེ་པདྨ་ཕྲིན་ལས་དབང་ཕྱུག་གཉིས་ཀྱིས་ནན་ཏན་ཆེན་པོའི་གསུང་གིས་ཉེ་བར་བསྐུལ་བ་ལ་བརྟེན་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཚད་མེད་པའི་ཐུགས་རྗེ་དང་དྲི་མ་མེད་པའི་ཡེ་ཤེས་ལ་མངའ་འབྱོར་བ་མཚན་བརྗོད་པར་དཀའ་བ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་བའི་བཀའ་དྲིན་གྱིས་འཚོ་བ་སྨྱོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་རྣམ་གནོན་ལྕགས་འབྲུག་གི་ལོ། སྟོན་ར་ཁྲུམས་ཟླ་བའི་མར་ངོའི་ཚེས་བཅུ། རྒྱལ་ཕུར་འཛོམ་པའི་འགྲུབ་སྦྱོར་བཟང་པོ་ལ། ཡོན་ཏན་རིན་པོ་ཆེའི་འབྱུང་གནས་གངས་རིའི་ཁྲོད་ཀྱི་པདྨ་འོད་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སུག་བྲིས་སུ་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་གཞིར་གྱུར་ཅིག། ༈ །།ༀ་སྭ་སྟི། གཞི་རྒྱུད་བདེ་གཤེགས་སྙིང་པོའི་ཁམས། །ཐབས་རྒྱུད་ལམ་གྱིས་ཡོངས་སྦྱངས་ནས། །འབྲས་རྒྱུད་སྐུ་བཞིར་མཚམས་སྦྱོར་བའི། །བླ་མ་དེ་ལ་གུས་ཕྱག་འཚལ། ༡ །འོག་མིན་ཞིང་ཁམས་ཉམས་དགའ་བར། །ཁྱབ་བདག་སྟོན་པ་ཀུན་བཟང་གིས། །གང་གསུངས་རྡོ་རྗེའི་ཐེག་པ་ནི། །གསང་འཛིན་རྣམས་ཀྱིས་བསྡུ་བ་མཛད། ༢ །མཁའ་སྤྱོད་གྲུབ་པའི་ཞིང་རྣམས་སུ། །འཕེལ་གྲིབ་མེད་པར་བཞུགས་པ་ཉིད། །རིགས་ཅན་དྲྭ་མ་ལྔ་སོགས་ཀྱིས། །ཞིང་འདིར་མངོན་དུ་མཛད་པ་གང་། ༣ །འཕགས་ཡུལ་པན་གྲུབ་དགོངས་པའི་མཚོར། །ཡོངས་འཁྱིལ་པད་འབྱུང་བི་མ་དང་། །རྨ་གཉགས་བཻ་རོ་ལ་སོགས་ཀྱིས། །བསྒྱུར་བཤད་གངས་ཅན་གདུང་སེལ་མཛད། ༤ །དེ་ནས་གནུབས་ཉང་ཟུར་ལ་སོགས། །སྐྱེས་མཆོག་རིམ་པར་བྱོན་རྣམས་ཀྱིས། །བཤད་སྒྲུབ་ཕྲིན་ལས་ཉི་མ་ཡིས། །གསང་ཆེན་རིང་ལུགས་ཀུན་གསལ་མཛད། ༥ །ཕྱིས་དུས་རིག་འཛིན་འགའ་ཞིག་ལ། །ཐུན་མོང་མིན་ལས་གཞན་དག་ཏུ། །ཆོས་དཀོན་གྱུར་ཚེ་བླ་མའི་དྲིན། །གཞལ་དུ་མེད་ལས་རྙེད་འདི་མཚར། ༦ །དེ་ཕྱིར་སྡེ་སྣོད་རྒྱུད་ཀུན་མཆོག །མཆོག་གསང་གསང་བ་སྙིང་པོའི་རྒྱུད། །རྒྱུད་དོན་ཇི་བཞིན་འགྲེལ་བྱེད་གཞུང་། །གཞུང་ལུགས་ཀུན་གྱི་སྙིང་པོ་གང་། ༧ །ངག་གི་དབང་ཕྱུག་གྲུབ་པའི་ལྷ། །ཆོས་དཔལ་རྒྱ་མཚོའི་རྣམ་དཔྱོད་ལས། །འཁྲུངས་པའི་ཡིད་བཞིན་ནོར་བུ་ནི། །གསང་བདག་དགོངས་པའི་རྒྱན་དུ་ཤར། ༨ །གང་དེ་ཨོ་རྒྱན་མཁན་པོ་ཡི། །རིང་ལུགས་སྨིན་གྲོལ་འདུས་པའི་གླིང་། །བཤད་སྒྲུབ་ཆོས་ཀྱི་རྒྱལ་མཚན་གྱི། །རྩེ་མོར་མཆོད་པ་ཉིད་དུ་བྱས། ༩ །དེ་ལས་ཇི་སྙེད་ཆོས་ཀྱི་ཆར། །འབེབས་ཕྱིར་ཨོ་རྒྱན་དཔལ་འབྱོར་གྱིས། །བྲིས་ཤིང་དག་བྱེད་འབུམ་རམ་པ། །ཨོ་རྒྱན་སྐལ་བཟང་ཞེས་བྱའོ། ༡༠ །བརྐོས་མཁན་ཨོ་རྒྱན་རྡོ་རྗེ་དང་། །རྡོ་རྗེ་ཚེ་བརྟན་དགེ་གཉེན་གྱིས། །ལེགས་བརྐོས་སྨིན་གྲོལ་གླིང་ཞེས་པའི། །ཆོས་གྲྭར་སྣ་ཚོགས་ལོ་ལ་བསྒྲུབས། ༡༡ །འདི་ལས་བྱུང་བའི་བསོད་ནམས་ཀྱིས། །ཆོས་དང་སྲིད་ཀྱི་ཕུན་ཚོགས་དཔལ། །རབ་འཕེལ་འགྲོ་ཀུན་ལམ་འདི་ལས། །ཀུན་བཟང་གོ་འཕང་ཐོབ་ཕྱིར་བསྔོ། ༡༢ །ལེགས་བྱས་ཆུ་ཡི་གཏེར་ཆེན་ལས། །འཁྲུངས་པའི་བསོད་ནམས་ཉི་མ་ནི། །ཕན་བདེའི་སྣང་བ་མཐའ་ཡས་པའི། །བཀྲ་ཤིས་ཀུན་ཏུ་གསལ་གྱུར་ཅིག ༡༣ །ཅེས་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཀུན་གྱི་རྩེ་མོ་དཔལ་གསང་བའི་སྙིང་པོའི་འགྲེལ་པ་གསང་བདག་དགོངས་པའི་རྒྱན་ཞེས་བྱ་བ་གནས་ལྔ་རིག་པའི་བཤེས་གཉེན་མཁན་ཆེན་ལོ་ཙཱ་བ་ཆོས་དཔལ་རྒྱ་མཚོའི་རྣམ་དཔྱོད་ལས་བྱུང་བ་འདི་ཉིད་ཨོ་རྒྱན་སྨིན་གྲོལ་གླིང་གི་རིག་འཛིན་འདུས་པའི་སྡེ་རྗེས་འབྲང་དང་བཅས་པ་རྣམས་ཐོས་བསམ་ལྷུར་བྱེད་པའི་མིག་རྐྱེན་དུ་ཆུ་ཕོ་རྟའི་ལོ་ལ་པར་དུ་བརྐོས་པའི་ཚེ་འགྱུར་མེད་རྡོ་རྗེས་སྨྲ་པའོ།། ༈ །།མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ། །མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ། །ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་བའི། །བསྟན་པ་འཕེལ་རྒྱས་འཛམ་གླིང་ཁྱབ་གྱུར་ཅིག ༈ །མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །འཛམ་གླིང་ས་གསུམ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། །མི་འབྲལ་དུས་གསུམ་དགེ་ལེགས་ཤོག །དགེའོ།། །།

དཔལ་གསང་བདག་དགོངས་རྒྱན་གྱི་སྤྱི་དོན་ཡན་གྱི་བཤད་པའི་ཟིན་བྲིས་བླ་མའི་མན་ངག་རིན་ཆེན་ཕྲེང་བ།

དཔལ་གསང་བདག་དགོངས་རྒྱན་གྱི་སྤྱི་དོན་ཡན་གྱི་བཤད་པའི་ཟིན་བྲིས་བླ་མའི་མན་ངག་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། དཔལ་གསང་བདག་དགོངས་རྒྱན་གྱི་སྤྱི་དོན་ཡན་གྱི་བཤད་པའི་ཟིན་བྲིས་བླ་མའི་མན་ངག་རིན་ཆེན་ཕྲེང་བ་ཞེས་བྱ་བ། བླ་མ་དང་དཔལ་ཀུན་ཏུ་བཟང་པོ་དབྱེར་མ་མཆིས་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སེམས་ཀྱི་ཆོས་ཉིད་ཡེ་ནས་རང་བཞིན་རྣམ་དག་གདོད་མའི་མགོན་པོ་གཞི་ཡི་རྒྱུད། །རྟོགས་གོམས་བྱེད་རྩོལ་དང་བཅས་རྨད་བྱུང་ཐབས་དང་གྲོལ་བ་ཤེས་ཐོབ་ལམ་གྱི་རྒྱུད། །གློ་བུར་དྲི་མ་ལས་གྲོལ་བྲལ་ཐོབ་ཡོན་ཏན་བླ་ན་མེད་གང་འབྲས་བུའི་རྒྱུད། །རྒྱུད་གསུམ་ངོ་བོ་སྲིད་ཞི་ཀུན་ཁྱབ་རང་བྱུང་ཡེ་ཤེས་ཀུན་ཏུ་བཟང་པོར་འདུད། །དགོངས་པ་བརྡ་དང་སྙན་དུ་བརྒྱུད་པ་ཡི། །བཤེས་གཉེན་རིམ་པར་བྱོན་པའི་ཚོགས་ཀུན་ལ། །མོས་དང་ལྷག་བསམ་རྣམ་པར་དག་པ་ཡི། །དད་པའི་དབྱངས་ཀྱིས་གུས་པས་འདིར་བསྟོད་དོ། །ཁྱད་པར་རྒྱལ་ཀུན་ཐུགས་རྗེའི་མཚོ་ལས་ངོ་མཚོར་རྒྱལ་བའི་ཉི་མ་ནི། །ཕན་བདེའི་པདྨོ་ཀུན་དགར་རྒྱས་བྱེད་ཕྲིན་ལས་འོད་སྟོང་འབྱུང་བའི་གནས། །སྲིད་ཞིའི་མུན་སེལ་གཏེར་ཆེན་བླ་མ་འགྱུར་མེད་རྡོ་རྗེ་ཉིན་མོར་བྱེད། །གདུལ་བྱའི་མཁའ་ལ་འཆར་ནུབ་བྲལ་ཁྱོད་མི་འབྲལ་སྤྱི་བོའི་གཙུག་ཏུ་མཆོད། །གང་གི་ཡེ་ཤེས་སྒྱུ་མའི་རྣམ་རོལ་ངག་ཚིག་ཀུན་ལ་དབང་འབྱོར་བ། །ཇི་ལྟ་ཇི་སྙེད་ཤེས་བྱའི་ཆོས་རྣམས་ཡོངས་གཟིགས་ལེགས་བཤད་སྨྲ་བའི་དཔལ། །དམ་པ་རྣམ་གཉིས་མཐོང་ཐོས་དྲན་རེག་འགྲོ་བའི་འདྲེན་པ་བླ་ན་མེད། །སྤྱི་གཙུག་འཁོར་ལོའི་རྒྱན་དུ་མི་འབྲལ་བརྩེ་བས་འགྲོ་ཀུན་བུ་བཞིན་སྐྱོངས། །ཚུལ་བཞིན་བསྙེན་ལས་དམ་ཆོས་གདྒཱའི་རྒྱུན། །བླ་མའི་ཞལ་གྱི་འབབ་སྟེགས་ལས་འོངས་པ། །རྣ་བའི་བུམ་པར་ཐིག་པ་ཙམ་འཁྱིལ་བ། །མྱོང་བ་འདིས་ནི་སྐལ་བ་བཟང་པོར་བྱས། །དེ་ཕྱིར་རྒྱུད་དོན་ཇི་བཞིན་རྟོགས་མིན་ཀྱང་། །འདི་དོན་འཆད་དང་རྩོད་དང་རྩོམ་སོགས་ལ། །དགྱེས་པའི་འཛུམ་མདངས་ལེགས་སྐྱེས་དབུགས་དབྱུང་སོགས། །བཀའ་དྲིན་དྲན་པས་མཆོད་པའི་རྫས་སུ་སྤྲོ། །འོན་ཀྱང་བླ་མའི་གསུང་བཤད་གང་། །ཇི་བཞིན་ཟིན་ཐོར་འགོད་པ་ལས། །བླུན་པོས་དོན་གཞན་ཇི་ལྟར་སྤོབས། །དེས་ན་གུས་པས་བརྗོད་པར་བྱ། །དེ་ཡང་འདི་ལྟར་གསུངས་ཏེ། ཐོག་མར་སློབ་བུའི་རྒྱུད་ཀྱི་སྡིག་སྒྲིབ་སྦྱོང་བའི་ཕྱིར་དུ། སོ་སོ་རང་རང་གི་དབུ་གཙུག་ཏུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ལ་རྣམ་པ་དཔལ་རྡོ་རྗེ་སེམས་དཔའི་རྣམ་པར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་བརྒྱ་པའི་སྔགས་ཕྲེང་གསལ་བཏབ་སྟེ། ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས་ཐུགས་ཀའི་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ལས་བདུད་རྩི་དཀར་པོའི་རྒྱུན་སྐྱ་ཆིལ་ཆིལ་བབས་པས་ནད་གདོན་སྡིག་སྒྲུབ་ཐམས་ཅད་སངས་ཀྱིས་དག །སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དབང་བཞི་རྫོགས་སུ་ཐོབ་པའི་ཐུགས་མོས་གནང་བར་ཞུ་གསུངས་ཏེ། ལྷན་ཅིག་ཏུ་ཡིག་བརྒྱ་ཚར་བདུན་རེ་སོང་བ་དང་། སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་སྟེ་སོ་སོ་རང་རང་ལ་ཐིམ་པར་གྱུར་གསུངས། དེ་ནས་སློབ་མ་རིན་འབྱུང་ཡབ་ཡུམ་གྱི་ངོ་བོར་བསྐྱེད་བསྟིམ་འོད་ཞུས་ཉན་དབང་དང་། སློབ་དཔོན་རང་ཉིད་སྣང་བ་མཐའ་ཡས་ཀྱི་ངོ་བོ་བསྐྱེད་བསྟིམ་འོད་ཞུས་འཆད་པའི་དབང་བཞེས་ཏེ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ངོ་བོར་བཞེངས་ནས། གང་དག་རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ན། །བདེར་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་སྟོན་པས་ཆོས་ཀྱི་ཆར་འབེབས་ཀྱི། །མཉན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ཅེས་གསུངས། དེ་ནས་ལས་ཀྱི་སློབ་དཔོན་གྱིས་མཎྜལ་ཕུལ་ནས། དེ་ཡང་རྣ་རྒྱུད་ལུང་གི་ཕྲེང་བ་ལས། རྒྱལ་བ་རྣམས་ནི་འཇིག་རྟེན་འབྱོན་པའི་ཚེ། །དེ་ཡིས་གསུངས་པའི་ལུང་ཆེན་རྣམས་ལ་ནི། །ཕྱི་རོལ་རྒོལ་བ་ངན་པ་བྱུང་སྲིད་ཀྱི། །དང་པོར་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨྲོས། །ཞེས་གསུངས་པ་ལྟར། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་པའི་དབང་དུ་བྱས་ན། དང་པོ་སྟོན་པས་གསུངས་ཚུལ་དང་། དེ་ལས་ཇི་ལྟར་བརྒྱུད་ཚུལ་གཉིས་ལས། དང་པོ་ནི། འདི་ལས་བཞེད་ཚུལ་མི་འདྲ་བ་འགའ་ཞིག་སྣང་སྟེ། སློབ་དཔོན་ཉི་འོད་སེང་གེས་ནི། འོག་མིན་དུ་ལོངས་སྤྱོད་རྫོགས་པའི་སྐུས་གསང་སྔགས་ཀྱི་ཆོས་གསུངས་པའི་ཚེ། དེ་དང་དུས་མཚུངས་པར་མི་ཡུལ་དུ་མཆོག་གི་སྤྲུལ་སྐུས་རྡོ་རྗེ་གདན་དུ་འཚང་རྒྱ་ཚུལ་མ་བསྟན་པའི་གོང་དུ་གསུངས་པ་ཡིན་ནོ། །ཞེས་གསུངས་ཏེ་ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་དུ་དེ་ལྟར་བཤད། ཡང་སློབ་དཔོན་སྒེག་པ་རྡོ་རྗེས་ནི། མཆོག་གི་སྤྲུལ་སྐུས་མི་ཡུལ་དུ་ཐུན་མོང་གི་ཐེག་པ་བཤད་པ་དང་དུས་མཚུངས་པར་སྟོན་པས་འོག་མིན་དུ་གསུངས་པར་བཞེད་དེ། དེས་མཛད་པའི་འགྲེལ་པ་སྤར་ཁབ་ཏུ་དེ་ལྟར་བཤད་པའི་ཕྱིར། དོན་ལ་དེ་གཉིས་ཀྱང་དགོངས་པའི་གནད་གཅིག་པས་འགལ་བ་མེད་ཀྱང་། སྔོན་གྱི་ཟུར་པ་རྣམས་ཀྱིས་སྤར་ཁབ་ཀྱི་ལུགས་ལྟར་མཛད་པས་འདིར་ཡང་དེ་ལྟར་བཞེད་པ་ཡིན། དོན་ལ་དེ་གཉིས་འགལ་མེད་དུ་འཆད་ཐུབ་སྟེ། གདུལ་བྱའི་མཐོང་སྣང་གི་དབང་གིས་རྒྱུད་གཞུང་གཅིག་གླེང་གཞི་བཤད་ཚུལ་ཐ་དད་པ་གཞན་ལས་ཀྱང་འབྱུང་སྟེ། འཇམ་དཔལ་སྒྱུ་དྲྭའི་བཤད་རྒྱུད་ལས། གླེང་གཞི་རྣམ་པ་གསུམ་ཡིན་ཏེ། །འོག་མིན་གནས་དང་རི་རབ་རྩེ། །འཛམ་བུའི་གླིང་འདིར་གྲགས་པ་ཡིན། །བྱང་ཆུབ་སེམས་དང་ལྷ་རྣམས་དང་། །མི་རྣམས་ཀྱི་ནི་དོན་དུ་གསུངས། །སྟོན་པ་ཡང་ནི་རྣམ་གསུམ་སྟེ། །སངས་རྒྱས་རྡོ་རྗེ་འཆང་ཆེན་དང་། །སྤྲུལ་སྐུ་འཁོར་ལོས་སྒྱུར་བ་དང་། །ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས། །དུས་ནི་གདུལ་བྱ་འདུལ་བའི་དུས། །འཁོར་རྣམས་འདུས་པའི་དུས་དེར་གསུངས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དེ་ལས་ཇི་ལྟར་བརྒྱུད་ཚུལ་ནི། བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་གསུངས་པས། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་དང་གསུམ་ལས། དང་པོ་ནི། རྒྱལ་བ་ཀུན་ཏུ་བཟང་པོས་འོག་མིན་བདེ་བ་ཆེན་པོའི་གནས་སུ་ཉིད་ལས་མི་གཞན་པའི་འཁོར་རྒྱལ་བ་རིགས་ལྔ་ལ་ཆོས་འོད་གསལ་གྱི་དགོངས་པ་ཟང་ཐལ་དུ་གསུངས་པ་ནི་རྒྱལ་བ་དགོངས་པས་བརྒྱུད་པ། རིག་འཛིན་བརྡས་བརྒྱུད་པ་ནི། རྒྱལ་བ་རིགས་ལྔས་རྒྱལ་སྲས་སེམས་དཔའ་སོགས་ལ་བརྗོད་མེད་རིག་པའི་གསུང་དབྱངས་ཀྱི་བརྡས་གོ་བར་མཛད་པ་ནི་རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་ཁུང་དུ་བརྒྱུད་པ་ནི། རྒྱལ་སྲས་སེམས་དཔའི་འཁོར་རྣམས་ཀྱི་ནང་ནས་རིགས་གསུམ་གྱིས་གདུལ་བྱ་རང་རང་གི་སྐལ་བ་དང་མཐུན་པར་བསྟན་པ་ནི། འཇམ་དཔལ་གྱིས་ལྷའི་གནས་སུ་ལྷ་གྲགས་ལྡན་ཕྱོགས་སྐྱོང་ལ་བཤད་དེ་ལྷའི་རིག་འཛིན་རྣམས་ལ་དར་བར་མཛད། སྤྱན་རས་གཟིགས་ཀྱིས་ཀླུའི་གནས་སུ་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད་དེ་དར། ཕྱག་ན་རྡོ་རྗེས་གནོད་སྦྱིན་གྱི་གནས་སུ་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད་དེ་དར་བར་བྱས་པ་ནི་གང་ཟག་སྙན་ཁུང་དུ་བརྒྱུད་པའོ། །དེའི་དུས་སུ་སྟོན་པས་ལས་ཅན་གྱི་གདུལ་བྱ་དག་པ་ལ་གསང་སྔགས་ཀྱི་ཐེག་པ་གསུངས་ནས། ལྷ་ཀླུ་མིའི་འཇིག་རྟེན་དུ་གསང་ཐབས་ཀྱིས་སྤྱོད་པ་ལས། གསང་སྔགས་ཀྱི་སྒྲ་ཡོངས་སུ་མ་གྲགས་ཏེ་འདི་ལ་དགོངས་ནས། དགོངས་འདུས་སུ། ངེས་པའི་ཐེག་པ་ཡོངས་མ་གསུངས། །ཞེས་གསུངས། དེས་ན་རེ་ཞིག་རྡོ་རྗེའི་ཐེག་པས་འདུལ་བའི་དུས་ལ་མ་བབས་པའི་ཕྱིར། རིགས་ཅན་ལྔ་དང་རྒྱལ་པོ་ཟླ་བཟང་སོགས་ལ་གསུངས་ནས། འཇིག་རྟེན་དུ་གསང་སྔགས་ཀྱི་སྒྲ་ཡོངས་སུ་མ་གྲགས་པ་ཕྱིས་འབྱུང་བར་ལུང་བསྟན་ཏེ། སྡོམ་འབྱུང་གི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །རྒྱལ་པོ་ཛཿཞེས་བྱ་བ་ལ། །བསོད་ནམས་ཆེན་པོའི་མཐུས་སྣང་བའི། །གསང་བའི་བདག་པོས་གནང་བར་འགྱུར། །ཞེས་གསུངས་པ་དང་མཐུན་པར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ན། དམ་པའི་རིགས་ཅན་དྲྭ་མ་ལྔ་ནང་དུ་ཡང་དག་འཇོག་ལ་གནས་པ་རང་རང་གི་མངོན་པར་ཤེས་པས་མཁྱེན་ནས། རི་མ་ལ་ཡ་གནས་ལྕགས་ཡོད་པའི་རྩེར་རྫུ་འཕྲུལ་གྱི་བྱ་བས་འདུས་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཡིད་ལ་བྱས་ཏེ། ཀྱེ་མ་ཀྱི་ཧུད་ཀྱེ་མ་བློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་སོགས་གདུང་ཚིག་ཉི་ཤུ་རྩ་གསུམ་བཏོན་པས། སྟོན་པ་རིགས་དྲུག་པ་ཀུན་ཏུ་བཟང་པོ་ཉིད་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་རྣམ་པར་བསྟན་ནས། སྔར་འོག་མིན་དུ་གསུངས་པ་ཉིད་སླར་ཡང་བཟླས་ཏེ་གསུང་བར་དགོངས་ཏེ། ཇི་སྐད་དུ། སེམས་ཀྱི་དཀྱིལ་འཁོར་མེ་ལོང་བཞིན། །བསྟན་པ་དེ་ལྟར་བདག་གིས་ཀྱང་། །ཐོག་མ་ཐ་མ་མེད་པ་རུ། །བདག་གི་དམ་བཅའ་མི་འདོར་བས། །བསྐུལ་བའི་དུས་ནི་གང་བྱུང་བ། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང་། །ཞེས་རྨད་དུ་བྱུང་བའི་ཆོ་འཕྲུལ་གྱིས་རི་མ་ལ་ཡའི་རྩེར་གཤེགས་ཏེ། རིགས་ཅན་དྲ་མ་ལྔ་དང་རིག་འཛིན་ཕལ་མོ་ཆེའི་འཁོར་གྱི་དབུས་སུ་གསང་བདག་ལག་ན་རྡོ་རྗེའི་སྐུའི་རྣམ་པར་བསྟན་ནས། སྔོན་འོག་མིན་དང་། དགའ་ལྡན་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་གནས་རྣམས་སུ་གྲགས་པའི་གསང་བའི་ཐེག་པ་ཉིད་སྟོན་པར་མཛད་ཅིང་། དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྻའི་ཞུན་མས་བྲིས་ནས་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་སྦས་སོ། །དེའི་ཚེ་དེའི་བྱིན་རླབས་ཀྱིས་ས་ཧོ་རའི་རྒྱལ་པོ་ཛཿལ་རྨི་ལྟས་ངོ་མཚར་བ་བདུན་རྨིས་ཏེ། ཇི་སྐད་དུ། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་། །ཆོས་ཀྱི་བགྲོ་བ་བྱས་པ་དང་། །ཀུན་གྱི་དམ་པར་བསྒྲགས་པ་དང་། །མཆོད་པ་ཆེན་པོ་བྱས་པ་དང་། །རིན་ཆེན་ཆར་པ་བབས་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་པའི་རྨི་ལྟས་དང་མཐུན་པར་རྒྱུད་སྡེའི་གླེགས་བམ་རྣམས་མི་ཡུལ་དུ་དངོས་སུ་བབས་ཏེ། ཀྲི་ཡའི་རྒྱུད་རྣམས་ཝཱ་ར་ཎཱ་སཱི་དང་། ཨུ་པ་ཡའི་རྒྱུད་རྣམས་རི་བོ་བྱ་རྐང་ཅན་དང་བསིལ་བའི་ཚལ་དུ་བབས། ཡོ་གའི་རྒྱུད་རྣམས་དུར་ཁྲོད་མེ་རི་འབར་བའི་རྩེ་མོར་བབས། མ་ཧཱ་ཡོ་གའི་རྒྱུད་རྣམས་ཟ་ཧོར་གྱི་ཡུལ་རྒྱལ་པོ་ཛཿའི་ཁང་སྟེང་དུ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་ཆར་བབས། ཨ་ནུ་ཡོ་གའི་རྒྱུད་རྣམས་སིངྒ་ལའི་གླིང་དུ་གླེགས་བམ་དང་བཅས་ཏེ་བབས། ཨ་ཏི་ཡོ་ག་རྣམས་ནི་ནུབ་ཕྱོགས་ཨ་ཌཱི་ཡ་ནའི་ཡུལ་དུ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་དཔལ་རྡོ་རྗེ་སེམས་དཔའ་ལས་དངོས་སུ་གསན་ནས་གླེགས་བམ་ལ་བཀོད་པར་མཛད་དོ། །དེ་ལྟར་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་པོ་རྒྱལ་པོ་ཛཿས་སློབ་དཔོན་ཀུ་ཀུ་རཱ་ཛ་ལ། དེས་སེང་ཧ་རཱ་ཛ་ལ། དེས་ཨུ་པ་རཱ་ཛ་ལ། དེས་སྲས་མོ་གོ་མ་དེ་ཝི་ལ། དེས་སྒེག་པ་རྡོ་རྗེ་དང་སངས་རྒྱས་གསང་བ་གཉིས་ལ། དེ་གཉིས་ཀྱིས་པཎ་ཆེན་བི་མ་མི་ཏྲ་ལ། དེས་བོད་དུ་ལོ་ཙཱ་བ་རྨ་རིན་ཆེན་མཆོག་དང་། གཉགས་ཛྙཱ་ན་ཀུ་མཱ་ར་གཉིས་ལ། རྨ་རིན་ཆེན་མཆོག་གིས་གཙུག་རུ་རིན་ཆེན་གཞོན་ནུ་དང་གྱེ་རེ་ཕྱོགས་སྐྱོང་གཉིས་ལ། དེ་གཉིས་ཀས་དར་རྗེ་དཔལ་གྱི་གྲགས་པ་དང་ཞང་རྒྱལ་བའི་ཡོན་ཏན་གཉིས་ལ་བཤད། ཞང་གིས་གནུབས་སངས་རྒྱས་ཡེ་ཤེས་ལ་བཤད་པ་སྟེ་བཀའ་སྲོལ་གཅིག་གོ། །ཡང་སློབ་དཔོན་པདྨ་དང་བི་མ་ལ་གཉིས་ཀས་གཉགས་ཛྙཱ་ན་ཀུ་མཱ་ར་ལ། དེས་སོག་པོ་དཔལ་གྱི་ཡེ་ཤེས་ལ། དེས་གནུབས་ཆེན་ལ་བཤད་པ་སྟེ་བཀའ་སྲོལ་གཅིག་གོ། །ཡང་རྨ་གཉགས་ཐུན་མོང་གི་སློབ་མ་ཁུ་བྱང་ཆུབ་འོད་ནས། མཁས་པ་གཙུག་གྱེར་རྣམ་གཉིས་ལ་བརྒྱུད་དེ་གནུབས་ལ་བཤད་པས་བཀའ་སྲོལ་གཅིག་གོ། །དེ་ལྟར་ན་གནུབས་ལ་བརྒྱུད་པའི་བཀའ་སྲོལ་གྱི་ཆུ་བོ་ཐམས་ཅད་འདུས་ཤིང་། དེ་ལ་ཐུགས་ཟིན་གྱི་སྲས་བཞི། སྲས་ཀྱི་དམ་པ་གཅིག་དང་ལྔ་བྱུང་བར་གྲགས། སྲས་ཀྱི་དམ་པ་གནུབས་ཡོན་ཏན་རྒྱ་མཚོས་སྲས་ཡེ་ཤེས་རྒྱ་མཚོ་ལ། དེས་སོ་ཡེ་ཤེས་དབང་ཕྱུག་ལ། དེས་ཉང་ཤེས་རབ་མཆོག་ལ། དེས་ཉང་ཡེ་ཤེས་འབྱུང་གནས་ལ། དེས་ལྷ་རྗེ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ལ། དེ་ལ་སློབ་མ་རྩེ་མོ་བཞི་དང་། རྩེ་ལྐོག་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་ལ་སོགས་པ་བྱུང་། ཟུར་ཤཱཀྱ་འབྱུང་གནས་ཀྱིས་ཟུར་ཆུང་ཤེས་རབ་གྲགས་པ་ལ། དེ་ལ་སློབ་མ་ཀ་བ་བཞི། གདུང་མ་བརྒྱད། ཕྱམ་བཅུ་དྲུག །དྲལ་མ་སུམ་ཅུ་སོ་གཉིས། ཡུས་པོ་ཆེ་མི་གཉིས་ལ་སོགས་པ་མང་དུ་བྱུང་། ལྷ་རྗེ་ཟུར་ཆུང་གིས་རང་གི་སྲས་གསང་བདག་སྒྲོ་ཕུག་པ་ཆེན་པོ་ཤཱཀྱ་སེང་གེ་ལ། དེ་ལ་གདུགས་ཐོགས་ཀྱི་སློབ་མ་གྲྭ་ས་འཛིན་པ་སྟོང་དང་། དེའི་ནང་ནས་ཀྱང་ཐུགས་ཟིན་གྱི་སློབ་མ་བཞི་གསུམ་བཅུ་གཉིས་ལ་སོགས་པ་བྱུང་བར་གྲགས། དེ་ནས་ཟུར་གྱི་རིགས་ལས་རིམ་པར་བརྒྱུད་པའི་མཐར། ཟུར་ཆེན་བཀྲ་ཤིས་ཀུན་དགས་གཉོས་སྟོན་གསང་བདག་ཕྲིན་ལས་ལྷུན་གྲུབ་ལ་སྩལ། དེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་ལ། དེས་མཁན་ཆེན་དྷརྨཱ་ཤྲི་ལ་བརྒྱུད་པ་སྟེ། དེ་ལྟར་གོང་འོག་གི་བབས་སོ་དེ་དག་གི་ནང་ནས་མ་ཧཱ་ཡོ་གའི་ཐེག་པ་ལ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་ཡོད་པ་ལས། དེའི་གྲངས་ལ་བཞེད་པ་མི་མཐུན་པ་མང་ཡང་། གཏེར་ཆེན་བླ་མའི་དགོངས་པ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ཆེན་པོ་ལྔ། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ། སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ། མ་ཚང་བ་ཁ་སྐོང་བར་བྱེད་པའི་རྒྱུད་ཕྱི་མ་ལྟ་བུ་གཉིས། དེ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་སྡེ་ཆེན་པོ་གཅིག་དང་བཅོ་བརྒྱད་དོ། །ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཡིན་ལ། དེ་ནི་བཤད་བྱའི་ཆོས་ངོས་བཟུང་བ་དེ་ཡིན། དེ་གང་གིས་འཆད་ན་ཞེས་པ་ནི་འཆད་བྱེད་ཀྱི་ཆོས་ཏེ། དེ་ནི་བཤད་པའི་རྒྱུད་རྣམས་དང་། བླ་མ་དམ་པ་རྣམས་ཀྱིས་དོན་ལ་རྟོན་པའི་དགོངས་འགྲེལ་མཛད་པ་དེ་དག་ལ་བརྟེན་ནས་སོ། །ཞེས་པས་བཤད་པའི་རྒྱུད་རྣམས་དང་ཞེས་པ་ནི། འདི་དག་ལ་སྔ་རབས་པ་དག་གིས་དགོངས་པ་མི་མཐུན་པ་མང་ཡང་། ཟུར་ལུགས་ལ་སྒྱུ་འཕྲུལ་སྡེ་བརྒྱད། བཤད་རྒྱུད་སྡེ་བཞི་ཞེས་བཤད་པས་སྡེ་བརྒྱད་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་དབྱེར་མེད་དུ་སྟོན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། ལས་ཚོགས་རྒྱས་པར་སྟོན་པ་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ། དཀྱིལ་འཁོར་རྒྱས་པར་སྟོན་པ་སྒྱུ་འཕྲུལ་བརྒྱད་པ། ཕྲིན་ལས་རྫོགས་པར་སྟོན་པ་བཞི་བཅུ་པ། དབང་གཙོ་བོར་སྟོན་པ་བླ་མ། ཡོན་ཏན་མཐར་ཕྱིན་པར་སྟོན་པ་བརྒྱད་ཅུ་པ། དམ་ཚིག་མཆོག་ཏུ་སྟོན་པ་ལེ་ལག་དང་བརྒྱད་དོ། །སྐབས་དོན་འཆད་བྱེད་ཀྱི་ཆོས་ནི་བཤད་རྒྱུད་སྡེ་བཞི་སྟེ། རྒྱུད་འདིའི་བཤད་བྱའི་གཙོ་བོ་ལ། ལམ་ཐབས་གྲོལ་གཉིས་ལས། གྲོལ་ལམ་རིམ་ཅིག་ཅར་དུ་སྟོན་པ་སྒྱུ་འཕྲུལ་ཡེ་ཤེས་སྙིང་པོ་དང་། སྒྱུ་འཕྲུལ་རྡོ་རྗེ་མེ་ལོང་། ཐབས་ལམ་རིམ་ཅིག་ཅར་དུ་སྟོན་པ་སྒྱུ་འཕྲུལ་རྒྱ་མཚོ་དང་། སྒྱུ་འཕྲུལ་ཐལ་རྒྱུད་དེ། བཤད་རྒྱུད་སྡེ་བཞིའི་ལུང་ཚད་མ་དང་། བླ་མ་དམ་པ་རྣམས་ཀྱིས་དོན་ལ་རྟོན་པའི་དགོངས་འགྲེལ་ཞེས་པས་རྒྱུད་སྡེ་དེ་དག་གི་དགོངས་འགྲེལ་གྱི་མན་ངག་སྟེ་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་མཛད་པའི་མན་ངག་ཚད་མ་དང་། དེ་གཉིས་དང་རྗེས་སུ་མཐུན་པའི་རིག་པ་ཚད་མ་གསུམ་གྱིས་གཏན་ལ་ཕབ་པས་རྒྱུད་དོན་ཕྱིན་ཅི་མ་ལོག་པར་རྟོགས་པར་འགྱུར་ཏེ། རྡོ་རྗེ་མེ་ལོང་ལས། ལུང་དང་རིག་པ་མན་ངག་གི། །ཚད་མ་དག་གིས་གང་གཞལ་བས། །ཤེས་བྱ་ཁོང་དུ་ཆུད་པར་འགྱུར། །ཞེས་དང་། བི་མ་ལའི་འགྲེལ་ཆུང་ལས་ཀྱང་། ཐུགས་ཀྱི་སྒྲོན་མ་གསང་བའི་འགྲེལ་བ་འདི། །ལུང་དང་མན་ངག་རིག་པས་གཏན་ལ་དབབ། །ཅེས་སོ། །རྒྱུད་ལུང་མན་ངག་གི་མཚན་ཉིད་དེ་ཡང་གང་ཞེ་ན། རྒྱུད་ཀྱི་མཚན་ཉིད་ནི། འབྲེལ་ཞིང་རྒྱུན་ཆགས་ལ་དངོས་གྲུབ་སྒྲུབ་པའི་ཡན་ལག་མ་ཚང་བ་མེད་ཅིང་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ་སྟེ། རྡོ་རྗེ་རྩེ་མོ་ལས། འབྲེལ་དང་མ་ཚང་མེད་ཕྱིར་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། །ཞེས་སོ། །ལུང་གི་མཚན་ཉིད་ནི། མདོ་རྒྱུད་ནས་ཚིག་དུམ་བུར་ཕྱུངས་ཤིང་ཡིད་ཆེས་སུ་བྱེད་པ་སྟེ། མདོ་ལས། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པ་རྫུན་གྱི་ངག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་སོ། །མན་ངག་གི་མཚན་ཉིད་ནི། ཚེགས་ཆུང་ངུས་དཔག་པར་དཀའ་བའི་དོན་དཔག་ཏུ་མེད་པ་རྟོགས་སླ་བའི་ཐབས་སུ་གྱུར་པ་སྟེ། རྒྱུད་ལས། ཐབས་ཆེ་ཚེགས་ཆུང་དོན་དཔག་མེད། །བྱ་སླ་དཔག་དཀའ་མན་ངག་གོ། །ཞེས་སོ། །ཇི་ལྟ་འཆད་པའི་ཚུལ་ནི། ཞེས་པ་ལ་འཆད་ཚུལ་མང་དུ་ཡོད་དོ། །མ་ཧཱ་ཡོ་ག་སྤྱིའི་འཆད་ཚུལ། བོད་སྔ་རབས་པའི་འཆད་ཚུལ། ཟུར་ལུགས་ཀྱི་འཆད་ཚུལ་སོགས་ཡོད་པ་ལས། དང་པོ་ནི་ཧེ་རུ་ཀ་གལྤོའི་རྒྱུད་ལས། མ་ཧཱ་ཡོ་གའི་རྒྱན་བདུན་ཡང་། །གླེང་བསླང་བ་དང་སངས་རྒྱས་ཚུལ། །རྒྱས་བཤད་མཐའ་དང་བཤད་པའི་ཚུལ། །དབྱེ་བའི་རྣམ་པ་གང་ཟག་སྣོད། །བདེན་པའི་དགོངས་པ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རྒྱན་བདུན་གྱི་སྒོ་ནས་འཆད་དེ། རྒྱན་དང་པོ་ནི། དྲི་བ་དྲིས་ལན་གྱི་སྒོ་ནས་འཆད་པ་སྟེ། གལྤོ་ལས། རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན། །རྒྱུད་འདི་སུ་ཡི་དོན་དུ་མཛད། །ཅེས་སོགས་གསུངས་པ་ལྟར་ཡིན། རྒྱན་གཉིས་པ་ནི། གལྤོ་ལས། སངས་རྒྱས་པ་ཡི་ཚུལ་བཞི་སྟེ། །རྒྱུད་དང་གླེང་གཞི་ངེས་ཚིག་རྒྱུ། །ཞེས་གསུངས་པ་ལྟར་ཚུལ་བཞིའི་སྒོ་ནས་འཆད་དེ། བཅོམ་ལྡན་འདས་ཐུབ་པའི་དབང་པོས་ནི་ཚུལ་བཞིའི་སྒོ་ནས་སངས་རྒྱས་པར་འཇིག་རྟེན་དུ་གྲགས་ཏེ། མིའི་རིགས་རྒྱུད་དུ་འཁྲུངས་པས་རྒྱུད་ཀྱི་ཚུལ་དང་། དེ་ལས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་གླེང་གཞིའི་ཚུལ་དང་། རབ་ཏུ་བྱུང་ནས་ཀྱང་འདུལ་སྡོམ་བསྲུང་བར་ངེས་པས་ངེས་ཚིག་གི་ཚུལ་དང་། དེ་ལྟར་བསྲུང་ནས་ལམ་ལ་བསླབ་པས་རྣམ་གྲོལ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རྒྱུ་ཡི་ཚུལ་ཏེ། ཚུལ་བཞིའི་སྒོ་ནས་འཆད་པར་བཞེད་པའོ། །རྒྱན་གསུམ་པ་ནི། གལྤོ་ལས། རྒྱས་བཤད་མཐའ་ནི་རྣམ་པ་དྲུག །དྲང་དོན་ངེས་དོན་དགོངས་པས་བཤད། །དགོངས་མིན་སྒྲ་ནི་ཇི་བཞིན་པ། །ཇི་བཞིན་མ་ཡིན་ཉིད་དུ་བཤད། །ཅེས་གསུངས་པ་ལྟར་དྲང་ངེས་གཉིས། དགོངས་དགོངས་མིན་གཉིས། སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པ་གཉིས་ཏེ་ཚིག་དོན་འདི་དྲུག་ལས་མི་འདའ་བས་ན་མཐའ་དྲུག་ཅེས་བཤད་པའི་ཕྱིར་གསུངས། རྒྱན་བཞི་པ་ནི། གལྤོ་ལས། ཚིག་སྤྱི་སྦས་དང་མཐར་ཐུག་ཡིན། །ཞེས་གསུངས་པ་ལྟར་བཞི་ལས། ཚིག་གི་དོན་ནི། ཡི་གེའི་འབྲུ་བསྣོལ་མཚམས་ལ་གཞོལ་བའི་བཤད་པ་སྒྲ་ཚད་ཀྱི་གཞུང་མཐུན་པར་འཆད་པའོ། །སྤྱིའི་དོན་ནི། སྔགས་ལམ་བདེ་ཞིང་མྱུར་བ་ལ་མི་ཞུགས་པར། མདོ་ལམ་བུལ་ཞིང་དཀའ་ཐུབ་ཀྱི་ལམ་ལ་ཞུགས་པར་འགྱོད་ན། དེ་དག་ཀྱང་འདིའི་ལམ་སྟེགས་ཡིན་ཚུལ་དུ་འཆད་པའོ། །ཡང་སྔགས་ལམ་གཙང་དམེ་མེད་པ་ཁྱི་ཕག་ལྟ་བུ་དང་སྦྱོར་སྒྲོལ་སོགས་འཚེ་བ་ཆོས་སུ་སྨྲ་བས་མུ་སྟེགས་ཀྱི་ཆོས་སོ་སྙམ་དུ་འགྱོད་ན། མདོ་ལམ་དུའང་གཙང་དམེར་ཞེན་འཛིན་མ་སྤང་ན་མཉམ་ཉིད་ཀྱི་དོན་མི་མཐོང་བ་དང་། དགེ་སེམས་ཀྱི་སྤྱོད་པར་འཛིན་པ་མ་ཞུགས་ན་གང་ཡང་བསོད་ནམས་ཀྱི་ཚོགས་སུ་གསུངས་ཏེ། མི་ནག་མདུང་ཐུང་ཅན་བསད་པ་དང་། དེད་དཔོན་གྱི་བུ་མོར་བསྒྲོད་པ་སོགས་བསོད་ནམས་འཕེལ་བའི་རྒྱུར་སོང་ཚུལ་དུ་འཆད་པའོ། །སྦས་དོན་ནི། བསྐྱེད་རིམ་ལས་རྒྱ་སོགས་དང་། རྫོགས་རིམ་རྩ་རླུང་ཐིག་ལེ་བྱེད་བཅིངས་སོགས་སྦས་དོན་དུ་འཆད་པའོ། །མཐར་ཐུག་གི་དོན་ནི། དོན་དམ་འོད་གསལ་གྱི་དགོངས་པ་དང་། བདེན་གཉིས་ཟུང་འཇུག་གི་གནས་ལུགས་མཐར་ཐུག་ཡིན་ཚུལ་དུ་འཆད་པའོ། །རྒྱན་ལྔ་པ་ནི། གལྤོ་ལས། ཉན་བཤད་དབྱེ་བ་རྣམ་པ་གཉིས། །ཚོགས་དང་སློབ་མ་དག་ཏུ་འདོད། །ཅེས་གསུངས་པ་ལྟར། ཚོགས་བཤད་ནི། སྒྲ་ཇི་བཞིན་པ་དང་། ཐེག་པ་ཐུན་མོང་གི་དོན་འཆད་པའོ། །སློབ་བཤད་ནི། སྒྲ་ཇི་བཞིན་མ་ཡིན་པ་དང་། ངེས་དོན་མཐར་ཐུག་གི་དོན་འཆད་པར་བྱེད་པའོ། །རྒྱན་དྲུག་པ་ནི། གལྤོ་ལས། སྣོད་ཀྱི་གང་ཟག་རྣམ་པ་ལྔ། །ཨུཏྤལ་པདྨ་དཀར་དམར་དང་། །ཙནྡན་རིན་པོ་ཆེ་ཡི་དཔེ། །ཞེས་གསུངས་པ་ལྟར། ཨུཏྤལ་ལྟ་བུའི་གང་ཟག་དང་། པདྨ་དཀར་དམར་ལྟ་བུ་དང་། ཙནྡན་ལྟ་བུ་དང་། རིན་པོ་ཆེ་ལྟ་བུའི་གང་ཟག་ལྔའི་སྣོད་ལ་བརྟགས་ནས་འཆད་པར་བྱེད་པའོ། །རྒྱན་བདུན་པ་ནི། གལྤོ་ལས། བདེན་པའི་དགོངས་པ་རྣམ་པ་གཉིས། །ཀུན་རྫོབ་དོན་དམ་བཤད་པར་གྱིས། །ཞེས་གསུངས་པ་ལྟར་སྔ་མ་དྲུག་ལ་བརྟེན་ནས་རྒྱུད་དོན་བདེན་པ་གཉིས་སུ་བསྡུས་ཏེ་འཆད་པར་བྱེད་པའོ། །དེ་ལྟར་རྒྱན་བདུན་གྱི་འཆད་ཚུལ་འདི་ནི་རྒྱུད་འདིའི་འཆད་ཐབས་ཀྱི་བཀའ་སྲོལ་མ་ཡིན་ཀྱང་མ་ཧཱ་ཡོ་ག་སྤྱིའི་འཆད་ཐབས་ཡིན་གསུངས། གཉིས་པ་སྔ་རབས་པ་རྣམས་ཀྱིས་འཆད་ཚུལ་ནི། མདའ་ལྟར་རྩེ་མོ་ནས་བཟུང་སྟེ་འཆད་པ་ཞེས་བྱ་བ། མཚན་གྱི་ནང་དུ་ཆོས་ཐམས་ཅད་གཞི་ལམ་འབྲས་གསུམ་དུ་བསྡུས་ནས་འཆད་པ་དང་། མདུང་ལྟར་སྐེད་པ་ནས་བཟུང་སྟེ་འཆད་པ་ཞེས་བྱ་བ། ལེའུ་ལྔ་པའི་ནང་དུ་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་དྲིལ་ནས་འཆད་པ་དང་། རལ་གྲི་ལྟར་ཡུ་བ་ནས་བཟུང་སྟེ་འཆད་པ་ཞེས་བྱ་བ། ལེའུ་ཐ་མར་ཆོས་ཐམས་ཅད་སྣང་བ་བཞིར་བསྡུས་ནས་འཆད་པ་ཡིན་གསུངས། གསུམ་པ་བཀའ་སྡེ་ཟུར་པའི་བཤད་སྲོལ་ནི། ཆོས་ལྔའི་སྒོ་ནས་འཆད་དེ། རང་བཞིན་དངོས་པོའི་གནས་ཚུལ། མ་རྟོགས་འཁྲུལ་པའི་སྣང་ཚུལ། ཐམས་ཅད་མཁྱེན་པས་གཟིགས་ཚུལ། བརྩེ་བའི་ཐུགས་རྗེ་སྐྱེ་ཚུལ། འགྲོ་དོན་ཇི་ལྟར་མཛད་ཚུལ་དང་ལྔའི་སྒོ་ནས་འཆད་གསུངས། འདིར་ནི་སློབ་དཔོན་བི་མ་ལའི་རྗེས་སུ་འབྲངས་ནས་འཆད་དེ། བི་མའི་ཁོག་གཞུང་གསལ་སྒྲོན་དུ། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མར་འབྲུ་གཉེར་དགྲོལ་བའོ། །ཞེས་གསུངས་པ་ལྟར། རབ་ལ་མཚན་བསྟན་ཞེས་པ་དབང་པོ་ཡང་རབ་ལ་རྒྱུད་ཀྱི་མཚན་བསྟན་ཏེ་བཤད་པའི་དོན་ཡིན། འབྲིང་ལ་དབྱེ་ཞེས་པ་དབང་པོ་འབྲིང་ལ་རྒྱུད་ཀྱི་སྤྱི་དོན་རྣམ་པར་དབྱེ་ནས་བཤད་པའི་དོན་ཡིན། ཐ་མར་འབྲུ་གཉེར་དགྲོལ་བའོ། །ཞེས་པ་དབང་པོ་ཐ་མ་ལ་ཚིག་འབྲུ་རེ་རེའི་སྒོ་ནས་དགྲོལ་ཏེ་བཤད་པའི་དོན་ཡིན་གསུངས། དང་པོ་དབང་པོ་ཡང་རབ་རྣམས་ལ་རྒྱུད་ཀྱི་མཚན་བསྟན་པ་ནི། ཁོག་གཞུང་ལས། རབ་མཚན་ཐ་སྙད་གསུམ་དུ་གྲགས། །སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། །ལག་གི་རྩ་བཞིན་དབུ་ཞབས་རྟོགས། །སྐལ་བ་ཅན་གྱི་ཆེད་ཕྱིར་རོ། །ཞེས་པས་བསྟན། དེ་ལ་རབ་མཚན་ཐ་སྙད་གསུམ་དུ་གྲགས། །ཞེས་པ་ནི་དབང་པོ་ཡང་རབ་ལ་བསྟན་པའི་མཚན་དེ་ལ་རྣམ་པ་གསུམ་དུ་ཡོད་ཅེས་པའི་དོན་ཡིན། གསུམ་པོ་གང་ཞེ་ན། སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། །ཞེས་པས་བསྟན། སྒྱུ་འཕྲུལ་ཞེས་པས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞེས་པ་རྒྱུད་དང་མཐུན་པའི་མཚན། སྙིང་པོ་ཞེས་པས་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པ་མན་ངག་དང་མཐུན་པའི་མཚན། ལུང་གི་སྤྱི་ཞེས་པས་མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི་ཞེས་པ་ལུང་དང་མཐུན་པའི་མཚན་ནོ། །ལག་གི་རྩ་བཞིན་དབུ་ཞབས་རྟོགས། །ཞེས་པས་དབང་རབ་ཀྱིས་མཚན་ཐ་སྙད་གསུམ་པོ་དེ་ལ་བརྟེན་ནས་རྒྱུད་དོན་རྟོགས་ཚུལ་བསྟན་ཏེ། ལག་གི་རྩ་བཞིན་ཞེས་པས་དཔེ་བསྟན། དབུ་ཞབས་རྟོགས་ཞེས་པས་དཔེ་ཅན་བསྟན་ཏེ། དཔེར་ན་སྨན་པ་མཁས་པས་ནད་པའི་ལག་གི་རྩ་ལ་བརྟེན་ནས་ལུས་མགོ་མཇུག་གི་ནད་ཐམས་ཅད་ངོས་ཟིན་པ་བཞིན་དུ། དབང་རབ་དེས་ཀྱང་རྒྱུད་ལུང་མན་ངག་གི་མཚན་གསུམ་ལ་བརྟེན་ནས། རྒྱུད་དབུ་ཞབས་ཀྱི་དོན་ཐམས་ཅད་བདེ་བླག་ཏུ་རྟོགས་པར་འགྱུར་བས་དབུ་ཞབས་རྟོགས་ཞེས་བཤད་པ་ཡིན་གསུངས། སྐལ་པ་ཅན་གྱི་ཆེད་ཕྱིར་རོ། །ཞེས་པ་ནི། དེ་ནི་སྐལ་ལྡན་དབང་རབ་ཀྱི་སྤྱོད་ཡུལ་ཡིན་ལ་སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཞེས་པའི་དོན་ཡིན། དེ་ལྟར་རྒྱུད་དང་དཀྱིལ་འཁོར་གྱི་གཙོ་བོ་དང་འཆད་པའི་སྐྱེས་བུ་གསུམ་གྱི་མཚན་ཐུན་མོང་དུ་བསྟན་པ་ལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་སྟེ། ཞེས་པ་ལ་མཚན་གྱི་ཟུར་གཉིས་ཏེ། རྡོ་རྗེ་སེམས་དཔའ་བཤད་པ་དང་། སྒྱུ་འཕྲུལ་དྲྭ་བ་བཤད་པའོ། །དང་པོ་རྡོ་རྗེ་སེམས་དཔའ་ལའང་ཟུར་གཉིས་ཏེ། རྡོ་རྗེ་བཤད་པ་དང་། སེམས་དཔའ་བཤད་པ་གཉིས། དང་པོ་རྡོ་རྗེ་ཞེས་པའི་དོན་ནི། བཤད་རྒྱུད་མེ་ལོང་ལས། ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་པས་བསྟན། དེའི་དོན་ནི། རྡོ་རྗེ་ནི་རང་བཞིན་དབྱེར་མི་ཕྱེད་པས་ཤེས་རབ་སྟོང་པ་ཉིད་དང་ཞེས་པས། རྡོ་རྗེ་དེ་རང་བཞིན་གང་དང་དབྱེར་མི་ཕྱེད་ཅེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དང་དབྱེར་མི་ཕྱེད་པ་ཡིན་ལ་སྟོང་པ་ཉིད་ལ་རྡོ་རྗེ་ཞེས་བྱ་སྟེ། མཉམ་སྦྱོར་ལས། རྡོ་རྗེ་སྟོང་པ་ཉིད་དུ་བཤད། །སེམས་དཔའ་ཡེ་ཤེས་ཆེན་པོ་སྟེ། །ཞེས་གསུངས། དེ་ལ་ཐ་དད་མེད་པའི་རང་བཞིན་ཞེས་བྱ་སྟེ། སྟོང་ཉིད་དེ་གང་དང་ཐ་དད་མེད་ཅེ་ན། འཁོར་འདས་གཉིས་སྣང་ཚུལ་ལ་ཐ་དད་ཀྱང་རང་བཞིན་ནམ་གནས་ལུགས་ལ་སྟོང་ཉིད་ལས་ནམ་ཡང་གཡོས་པ་མེད་པས་ན། ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་བཤད་པ་ཡིན། རང་བཞིན་གྱི་དོན་ཡང་གཞན་གྱིས་མ་བཅོས་པའི་དོན་ཏེ། རྩ་ཤེར་ལས། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པའོ། །ཞེས་གསུངས། མདོར་ཧྲིལ་གྱིས་དྲིལ་ན། ཆོས་ཐམས་ཅད་སེམས་སུ་འདུ་ལ། སེམས་ཉིད་སྟོང་པ་ཉིད་དུ་གནས་པ་དེ་ལ་རྡོ་རྗེ་ཞེས་བཤད་དེ། མཉམ་སྦྱོར་ལས། སེམས་ཅན་ཀུན་གྱི་སེམས་གང་ཞིག །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་དང་། སེམས་ལས་མ་གཏོགས་ཆོས་མེད་དེ། །སྒྱུ་མ་རྡོ་རྗེ་བཙན་པོ་མཆོག །ཅེས་དང་། སྒྱུ་འཕྲུལ་རྒྱས་པ་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཅེས་དང་། བརྟག་གཉིས་ལས་ཀྱང་། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། ས་ར་ཧས་ཀྱང་། སེམས་ཉིད་གཅིག་པོ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེས་ན་སེམས་ཉིད་སྟོང་པ་ཉིད་ལ་རྡོ་རྗེ་ཞེས་བརྗོད་པ་ནི། འཇིག་རྟེན་ན་རྫས་རྡོ་རྗེ་ཕ་ལམ་ཞེས་པའི་དངོས་པོ་ཞིག་ཡོད་པ་དེས་ཕར་མཚན་མའི་ཆོས་ཐམས་ཅད་འཇོམས་ལ། ཚུར་དེའི་ངོ་བོ་ལ་གང་གིས་ཀྱང་མི་ཚུགས་པ་བཞིན་ཏེ། རྡོ་རྗེའི་ཡོན་ཏན་འཆད་པའི་ཚེ། རྡོ་རྗེ་ནི་མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ་ཞེས་ཆོས་བདུན་ལྡན་དུ་གསུངས་སོ། །མཚན་གྱི་ཟུར་གཉིས་པ་སེམས་དཔའ་ཞེས་པ་ནི། ཆོས་རྣམས་མ་ལུས་གཉིས་མེད་པའི། །རང་རིག་བྱང་ཆུབ་སེམས་ཉིད་དོ། །ཞེས་པས་བསྟན། དེ་ཡང་སེམས་དཔའ་ཞེས་པས་སཏྭའི་སྒྲ་ལས་དོན་དྲུག་ཙམ་ལ་འཇུག་སྟེ། སེམས་ཅན་དང་། དཔའ་བ་དང་། སྙིང་སྟོབས་ཆེ་བ་དང་། བརྟན་པ་དང་། བསྡུས་པ་དང་། རྟོགས་པ་རྣམས་ལ་འཇུག་པ་ལས། འདིར་བརྟན་བསྡུས་རྟོགས་གསུམ་ལ་འཇུག་པའི་སྐབས་ཡིན་པས། གོང་དུ་བཤད་པའི་ཤེས་རབ་སྟོང་པ་ཉིད་དེའི་སྣང་བ་ཐབས་རིག་པ་རང་བྱུང་གི་ཡེ་ཤེས་ཡིན་ལ། ཐབས་རིག་པ་རང་བྱུང་གི་ཡེ་ཤེས་དེ་ཤེས་རབ་སྟོང་པ་ཉིད་དང་རོ་གཅིག་པའི་ཟུང་འཇུག་རང་བཞིན་གྱིས་རྣམ་པར་དག་པ་དེ་རྡོ་རྗེ་ལྟར་བརྟན་པས་སོ་ཞེས་བཤད། དེས་ན་སེམས་ཉིད་སྣང་སྟོང་གཉིས་སུ་མེད་པའི་རང་བྱུང་གི་ཡེ་ཤེས་དེ་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་རང་བཞིན་བཟང་ངན་མེད་པར་མི་འགྱུར་བར་གནས་པ་སྟེ། སེམས་ཉིད་མི་འགྱུར་བའི་ངོས་ནས་བརྟན་པའི་རྡོ་རྗེ་སེམས་དཔའ་ཞེས་བཤད་དེ། མགོན་པོ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས། དེ་ཉིད་ཀྱི་ཕྱག་རྒྱས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བཏབ་པས་མཉམ་པ་ཉིད་དུ་བསྡུས་པ་ཞེས་པ་ནི། སེམས་ཉིད་སྣང་སྟོང་གཉིས་སུ་མེད་པའི་ཆོས་དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཏིལ་ལ་མར་བཞིན་དུ་ཁྱབ་ནས་གནས་པ་སྟེ། མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་དང་། དགྱེས་རྡོར་ལས། འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །བརྟན་དང་གཡོ་བར་ཁྱབ་ནས་གནས། །ཞེས་གསུངས། དེ་ལྟར་ན་སེམས་ཉིད་དེ་ཉིད་ཀྱི་ཕྱག་རྒྱས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བཏབ་པ་ཞེས་བྱ་སྟེ། དཔེར་ན་རྒྱལ་པོའི་བཀའ་རྟགས་ཀྱི་ཕྱག་རྒྱས་བཏབ་ན་འབངས་རྣམས་ཀྱིས་དེ་ལས་ནམ་ཡང་འདའ་མི་ནུས་པ་བཞིན་དུ་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་ཡིན་ལ། དེ་ཉིད་ཆོས་ཐམས་ཅད་ཀྱི་སྲོག་ཏུ་སོང་བས་དབུས་ན་གནས་པའམ་ཀུན་ལ་ཁྱབ་བཅས་སུ་གནས་པ་སྟེ། རྡོ་རྗེ་ཕྲེང་བ་ལས། ཆོས་རྣམས་དབུས་ན་གནས་པའི་ཁམས། །ཁྱབ་ཅིང་སྤྱོད་ཡུལ་མ་ཡིན་ཏེ། །ཞེས་གསུངས་སོ། །མཉམ་པ་ཉིད་དུ་བསྡུས་པ་ཞེས་པ། སེམས་ཉིད་རང་བྱུང་གི་ཡེ་ཤེས་དེའི་ངོས་ནས་གཞལ་ན། འཁོར་བ་ཞེས་པའི་ངན་པ་དང་། མྱང་འདས་ཞེས་པའི་བཟང་པོ་གཉིས་ཀ་ཐ་དད་དུ་མ་གྲུབ་པར་འཁོར་འདས་བཟང་ངན་མེད་པར་སེམས་ཉིད་དེའི་ཀློང་དུ་མཉམ་པ་ཉིད་དུ་བསྡུས་པ་སྟེ། དགྱེས་རྡོར་ལས། འདི་ཉིད་འཁོར་བ་ཞེས་བྱ་ལ། །འདི་ཉིད་མྱ་ངན་འདས་པ་ཞེས། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་ཡོད་མ་ཡིན། །ཞེས་དང་། མདོ་ལས། འདི་ལྟར་སྣང་བའི་ཆོས་ཐམས་ཅད། །གདོས་པ་ཅན་གྱི་ཆོས་མིན་ཏེ། །རྟོག་མེད་རང་རིག་འོད་གསལ་བའི། །ཤེས་པ་འབའ་ཞིག་ཁོ་ནའོ། །ཞེས་གསུངས། སྒྲིབ་གཉིས་ཟད་ཅིང་ཚོགས་གཉིས་རྫོགས་པའི་སྐྱེས་བུས་མངོན་དུ་བྱས་པ་ནི་འབྲས་བུའི་རྡོ་རྗེ་སེམས་དཔའ་སྟེ། ཞེས་པ་ནི། དེ་ལྟར་བརྟན་བསྡུས་གཉིས་པོ་དེ་སེམས་ཉིད་གནས་ལུགས་ཀྱི་ངོས་ནས་བཞག་པ་ཡིན་ལ། རྟོགས་པའི་རྡོ་རྗེ་སེམས་དཔའ་འམ་འབྲས་བུའི་རྡོ་རྗེ་སེམས་དཔའ་ནི་སྣང་ལུགས་ཀྱི་ངོས་ནས་འབྱུང་བ་སྟེ། གནས་ལུགས་ལ་དེ་ལྟར་ཡིན་ཀྱང་སྣང་ལུགས་ལ་འཁོར་འདས་གཉིས་བཟང་ངན་ལྟར་དུ་སྣང་བས་ན་རྣམ་གྲོལ་དོན་གཉེར་གྱི་གང་ཟག་གིས་སེམས་ཉིད་རྣལ་མའི་དོན་རྟོགས་པའི་ཐབས་སུ་ལམ་ཐབས་གྲོལ་གཉིས་ལ་འབད་པས་ཇི་ཞིག་ན་སེམས་ཉིད་སངས་རྒྱས་སུ་རྟོགས་པ་དེ་ལ་རྟོགས་པའི་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་ནས་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས། གང་རྟོགས་པའི་ཡེ་ཤེས་དེ་ཡང་རྡོ་རྗེ་ལྟར་གཉིས་སུ་མེད་པར་གྱུར་པའི་ཕྱིར་རོ། །ཞེས་པ་ནི། དེ་ལྟར་རྟོགས་པའི་སྐྱེས་བུ་དེ་ལ་རྡོ་རྗེ་སེམས་དཔའ་ཞེས་བཏགས་པས་དེའི་ཐུགས་རྒྱུད་ན་ཡོད་པའི་ཡེ་ཤེས་དེ་ཡང་རྡོ་རྗེ་ལྟར་གཉིས་སུ་མེད་པར་རྟོགས་པར་གྱུར་པའི་ཕྱིར་དེ་ལྟར་དུ་བརྗོད་དོ། །དེས་རྒྱུད་ལ་རྡོ་རྗེ་སེམས་དཔའ་ཞེས་པའི་མཚན་བཏགས་པ་སོང་ནས། དཀྱིལ་འཁོར་གྱི་གཙོ་བོ་ལ་རྡོ་རྗེ་སེམས་དཔའ་ཞེས་པའི་དོན་ནི། དེ་ཉིད་མཚན་མའི་ཕྱག་རྒྱར་སྣང་བ་དཀྱིལ་འཁོར་གྱི་གཙོ་བོ་དང་ཞེས་བཤད་པ་དེ་ཡིན་ཏེ། དེའི་དོན་ནི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་ཀྱི་ངོ་བོ་མཚན་མེད་སྟོང་པ་ཉིད་ཡིན་ཀྱང་། སེམས་ཅན་གྱི་བློ་ལ་ལྟོས་ནས་རིག་པ་ཉིད་ཡེ་ཤེས་ཀྱི་འཁོར་ལོའི་ཚུལ་དུ་མཚན་མའི་ཕྱག་རྒྱར་རང་སྣང་བ་ཡིན་ཏེ། འདི་ཉིད་ལས། རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཞེས་གསུངས་པ་ལྟར། ལམ་པས་ཉམས་སུ་བླངས་པའི་ཚེ་ཚོགས་ལམ་དུ་མོས་སྤྱོད་ཀྱི་ལྷ་སྐུ་དང་། སྦྱོར་ལམ་དུ་རླུང་སེམས་ཀྱི་ལྷ་སྐུ། མཐོང་ལམ་དུ་འོད་གསལ་གྱི་ལྷ་སྐུ། ས་གཉིས་པ་ནས་བཅུ་པའི་བར་སློབ་པའི་ཟུང་འཇུག་གི་ལྷ་སྐུ། སངས་རྒྱས་ཀྱི་སར་མི་སློབ་པའི་ཟུང་འཇུག་གི་ལྷ་སྐུའི་གཙོ་འཁོར་གྱི་རྣམ་པར་སྣང་བ་རྣམས་ལའང་རྡོ་རྗེ་སེམས་དཔའ་ཞེས་པའི་མཚན་དུ་བཏགས་པ་ཡིན། སྤྱིར་འཆད་པའི་སྐྱེས་བུ་རིགས་ལྔ་སྟེ། ཞེས་འབྱུང་ཡང་སྐབས་འདིར་འཆད་པའི་སྐྱེས་བུ་མི་བསྐྱོད་པ་ལའང་རྡོ་རྗེ་སེམས་དཔའ་ཞེས་གྲགས་སོ། །ཞེས་པ་ནི། ཀུན་འབྱུང་སྒྱུ་འཕྲུལ་སྟོན་པའི་ཚེ། །མི་བསྐྱོད་སྐྱེས་བུ་མདུན་ན་གནས། །ཞེས་པས་ཐུགས་ཀྱི་སྒྱུ་འཕྲུལ་འཆད་པའི་སྐབས་འདིར་སྟོན་པ་ཀུན་ཏུ་བཟང་པོའི་མདུན་ན་བཞུགས་པའི་རྡོ་རྗེ་མི་བསྐྱོད་པ་དེ་ལའང་དེ་ལྟར་བརྗོད་དོ་ཞེས་པའི་དོན་ཡིན། གཞན་དུ་སྐུ་དང་གསུང་དང་ཡོན་ཏན་དང་ཕྲིན་ལས་ཀྱི་སྒྱུ་འཕྲུལ་གང་སྟོན་པའི་ཚེ་དེ་དང་དེའི་འཆད་པའི་སྐྱེས་བུ་དེ་རིགས་སོ་སོའི་དཀྱིལ་འཁོར་མདུན་དུ་འབྱུང་བས་སོ། །དེས་མཚན་གྱི་ཟུར་དང་པོ་རྡོ་རྗེ་སེམས་དཔའ་བཤད་པ་དེ་སོང་ནས། ཟུར་གཉིས་པ་སྒྱུ་འཕྲུལ་དྲྭ་བ་ཞེས་པའི་མཚན་ནི། སྒྱུ་འཕྲུལ་རྡོ་རྗེ་ལས། ཐབས་དང་ཤེས་རབ་འབྲེལ་བའི་དོན། །སྒྱུ་འཕྲུལ་ཞེས་ནི་བཞིར་བཤད་དོ། །ཞེས་པས་དེ་ལ་བཞི་ལས། དང་པོ་རྟོག་ཚོགས་སྒྱུ་འཕྲུལ་དྲྭ་བ་ནི། འབྱུང་བ་ལྔ་སྒྱུ་མ་ལྟར་སྣང་བ་རིས་སུ་མ་ཆད་པའི་རྒྱུས་ཅིར་ཡང་འཕྲུལ་པ་ནི་ཕུང་པོ་ལྔ་སྟེ། ཞེས་པས་འབྱུང་བ་ལྔ་སྒྱུ་མ་ལྟར་སྣང་བ་རིས་སུ་མ་ཆད་དེ། ཅིའི་ཕྱིར་རིས་སུ་མ་ཆད་ཅེ་ན། དཔེར་ན་ཆུ་ལྟ་བུ་གཅིག་ལའང་མཐོང་སྣང་མི་འདྲ་བ་དུ་མ་འབྱུང་སྟེ། ཀ་བ་དཔལ་བརྩེགས་ཀྱི་ལྟ་རིམ་ལས། དམྱལ་བས་རང་སེམས་མེ་སོགས་སྣང་། །ཡི་དྭགས་སྡིག་སེམས་མི་གཙང་ཡུལ། །བྱོལ་སོང་གྱེན་མཐུར་ངམ་གྲོག་སྟེ། །མི་ལ་མཐོང་ཡུལ་འདི་ལྟར་སྣང་། །དེ་བཞིན་ལྷ་མིན་གོ་མཚོན་སོགས། །ལྷ་ལ་དགེ་སེམས་རིན་ཆེན་སྣང་། །ཞེས་གསུངས་པ་ལྟར་དམྱལ་བ་པ་རྣམས་ཀྱིས་ཟངས་ཞུན་དང་ཁྲོ་ཆུ་ཁོལ་མར་མཐོང་། ཡི་དྭགས་རྣམས་ཀྱིས་རྣག་ཁྲག་དང་ལྗན་ལྗིན་དུ་མཐོང་། དུད་འགྲོས་གྱེན་མཐུར་དང་ངམ་གྲོག་དང་། མིས་ཆུ་གཙང་མར་མཐོང་། ལྷ་མ་ཡིན་གྱིས་གོ་མཚོན་དུ་མཐོང་། ལྷས་བདུད་རྩིར་མཐོང་། གྲུབ་པའི་ས་ལ་བཞུགས་པའི་འཕགས་པ་རྣམས་ཀྱིས་ཡུམ་མཱ་མ་ཀཱིར་མཐོང་སྟེ། དབུ་མ་བདེན་གཉིས་ལས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པ་སོ་སོར་མཐོང་། །ཞེས་གསུངས། དེས་མཚོན་ཏེ་འབྱུང་བ་ལྔ་ཡིན་ལུགས་ནས་ཡེ་ནས་ཡུམ་ལྔའི་རང་བཞིན་དུ་ཡིན་ཀྱང་། སྣང་ལུགས་ནས་སོ་སོར་སྣང་བས་འབྱུང་བ་ལྔ་སྒྱུ་མ་ལྟར་ཞེས་བཤད། སྒྱུ་མ་དེ་ཡང་སྒྱུ་མ་མཁན་གྱིས་ཤིང་བུ་རྡེའུ་སོགས་ལ་སྔགས་བཏབ་སྟེ། དེ་ཉིད་རྟ་ལྟར་སྟོན་པ་དང་། གླང་པོ་ལྟར་སྟོན་པ་སོགས་དུ་མར་སྣང་བ་བཞིན། ད་རེས་འདིར་ཡང་རྒྱུ་འབྱུང་བ་ལྔ་ལས་འབྲས་བུ་འབྱུང་འགྱུར་ཕུང་པོ་ལྔར་རྣམ་པར་འཕྲུལ་པ་སྟེ། ལེ་ལག་ལས། ལྔ་ཕུང་སྒྱུ་མའི་ཡེ་ཤེས་ལས། །རང་རིག་ཐབས་ཀྱི་རིགས་ལྔར་འཕྲུལ། །ཞེས་སོ། །རྒྱུ་འབྲས་འབྲེལ་བ་ཅན་གྱི་ཕྱིར་དྲྭ་བའོ། །ཞེས་པས་འབྱུང་བ་ལྔ་དང་ཕུང་པོ་ལྔ་ངོ་བོ་བདག་གཅིག་གིས་འབྲེལ་བ་སྟེ། དཔེར་ན། འཇིག་རྟེན་ན་ཐིག་གུ་ཕན་ཚུན་སྦྲེལ་བའི་ཕད་བུ་ལ་དྲྭ་ཕད་ཅེས་འདོགས་པ་བཞིན་འདིར་ཡང་དེ་གཉིས་ཟུང་འཇུག་ཏུ་གནས་པ་ལ་དྲྭ་བ་ཞེས་པའི་ཐ་སྙད་དུ་བཞག་གོ། །གཉིས་པ་ངེས་དོན་སྒྱུ་འཕྲུལ་དྲྭ་བ་ནི། རྒྱུ་མཚན་དེས་ཞེས་པས། རྟོག་ཚོགས་སྒྱུ་དྲྭའི་སྐབས་སུ་འབྱུང་བ་ལྔ་ལ་སྒྱུ་མ། ཕུང་པོ་ལྔ་ལ་འཕྲུལ་པ། དེ་གཉིས་འབྲེལ་བ་ལ་དྲྭ་བར་བཤད་པ་བཞིན་དུ། སྟོང་པ་ཉིད་ལ་སྒྱུ་མ། རིག་པའི་ཡེ་ཤེས་ལ་འཕྲུལ་པ། དེ་གཉིས་འབྲེལ་བ་ལ་དྲྭ་བ་ཞེས་འཇོག་པས། ཤེས་རབ་དབྱིངས་སྟོང་པ་ཉིད་དང་ཐབས་རིག་པ་རང་བྱུང་གི་ཡེ་ཤེས་གཉིས་ཟུང་དུ་འཇུག་པ་ནི་ངེས་དོན་སྒྱུ་དྲྭ་སྟེ། དེའི་དོན་ནི་སྟོན་པ་ཉིད་ལ་སྒྱུ་མ་ཞེས་བྱ་སྟེ། སྟོང་པ་ཉིད་ནི་གང་དུའང་མ་གྲུབ་ལ་ཅིར་ཡང་འཆར་དུ་རུང་བ་ཞིག་སྟེ། རྩ་ཤེས་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་དང་། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས། སྟོང་ཉིད་དེ་ནི་ཅིར་ཡང་སྣང་ལ་གང་གི་ངོ་བོར་ཡང་མ་གྲུབ་ཅིང་རྣམ་པ་མཐའ་ཡས་པར་འཆར་བ་སྟེ། སྒྱུ་འཕྲུལ་བླ་མ་ལས། ཅིར་ཡང་མེད་ལས་ཅིར་ཡང་སྣང་། །མ་སྐྱེས་སྒྱུ་འཕྲུལ་སྣ་ཚོགས་འབྱུང་། །རྒྱལ་བའི་དཀྱིལ་འཁོར་སྣ་ཚོགས་ཀྱང་། །སེམས་ཀྱི་སྒྱུ་འཕྲུལ་ཆེན་པོ་ཡིན། །ཞེས་དང་། ཀུན་འབྱུང་དཀྱིལ་འཁོར་སྒྱུ་འཕྲུལ་ཆེ། །ཞེས་སོ། །དེས་ན་ཆོས་ཐམས་ཅད་ཀྱི་སྣང་གཞིའམ་གནས་ལུགས་སྨྲ་བསམ་བརྗོད་མེད་དེའི་ངོ་བོ་དམིགས་སུ་མེད་ཀྱང་། སྒྱུ་འཕྲུལ་རྒྱས་པ་ལས། མེད་པ་ཉིད་ན་སྣ་ཚོགས་སྣང་། །ཐམས་ཅད་ཤེས་རབ་དབྱིངས་ལས་བྱུང་། །ཞེས་གསུངས་པ་ལྟར་ཤེས་རབ་དབྱིངས་སྟོང་པ་ཉིད་སྒྱུ་མ་ལྟ་བུ་དེ་ཐབས་རང་རིག་པའི་ཡེ་ཤེས་སུ་རྣམ་པར་འཕྲུལ་པས་སྒྱུ་འཕྲུལ་དང་། རིག་པའི་ཡེ་ཤེས་ཉིད་ཤེས་རབ་སྟོང་པ་ཉིད་དུ་གྲོལ་བས་ན་དྲྭ་བ་ཞེས་བྱ་སྟེ། དེས་ན་ངེས་དོན་གྱི་སྒྱུ་འཕྲུལ་དྲྭ་བ་སྟེ། ཆོས་ཐམས་ཅད་ཀྱི་གནས་ལུགས་སམ་རྒྱལ་བའི་དགོངས་པའི་ཞེ་ཕུག་ངེས་དོན་མཐར་ཐུག་པ་སྟེ། འདི་ལས་གསང་བའི་ངེས་དོན་མེད། །ཅེས་གསུངས་སོ། །གསུམ་པ་དྲང་དོན་བརྡའི་སྒྱུ་འཕྲུལ་དྲྭ་བ་ནི། ངེས་དོན་གྱི་སྒྱུ་འཕྲུལ་དྲྭ་བ་དེ་ཉིད་རྟོགས་པའི་ཐབས་སུ་གྱུར་པ་སྟེ། དེའི་རྟགས་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བ་ནི་དྲང་དོན་བརྡའི་སྒྱུ་འཕྲུལ་དྲྭ་བའོ། །ཞེས་པའི་དོན། ངེས་དོན་གྱི་སྒྱུ་འཕྲུལ་དྲྭ་བ་དངོས་སུ་མི་རྟོགས་པའི་གང་ཟག་དེ་ལ་རེ་ཞིག་བརྡ་དང་རྟགས་ཀྱི་སྒོ་ནས་ཐབས་སྟོན་པ་སྟེ། སྟོང་པ་ཉིད་མཚོན་པའི་ལྷ་ཡུམ། རིག་པའི་ཡེ་ཤེས་མཚོན་པའི་ལྷ་ཡབ། ཟུང་འཇུག་མཚོན་པའི་ལྷ་ཡབ་ཡུམ་ཕན་ཚུན་འཁྲིལ་སྦྱོར་གྱི་ཕྱག་རྒྱའི་བརྡ་དང་རྟགས་བསྟན་པ། ལྷ་ཡུམ་གྱི་ཕྱག་རྒྱ་ནི་སྟོང་པ་ཉིད་དོ། །ལྷ་ཡབ་ཀྱི་ཕྱག་རྒྱ་ནི་རིག་པའི་ཡེ་ཤེས་ཡིན་ནོ། །ཡབ་ཡུམ་འཁྲིལ་སྦྱོར་གྱི་ཚུལ་དུ་བཞུགས་པ་སྟོང་པ་ཉིད་དང་རིག་པའི་ཡེ་ཤེས་ཟུང་དུ་འཇུག་པ་ཡིན་ནོ། །ཞེས་པ་ལ་སོགས་པ་མཚན་མ་བསྒོམ་པའི་དོན་བསྟན་ནས་དེ་ལྟར་བསྒོམ་དུ་བཅུག་པས། ཇི་ཞིག་ན་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེའི་དོན་རྟོགས་པར་འགྱུར་བ་སྟེ། དེ་ཡང་གང་དྲངས་ན་གང་ཟག་མཚན་མའི་བློ་ཅན་དེ་དྲངས། གང་དུ་དྲངས་ན་ངེས་དོན་གྱི་སྒྱུ་དྲྭ་དེ་ལ་དྲངས། ཚུལ་ཇི་ལྟ་བུས་དྲངས་ན་ལྷ་ཡབ་ཡུམ་ཐབས་ཤེས་ཕན་ཚུན་འཁྲིལ་སྦྱོར་གྱི་ཕྱག་རྒྱའི་བརྡ་དང་རྟགས་ལ་བརྟེན་ནས་དྲངས་ཏེ། ཀླུ་སྒྲུབ་ཀྱིས། ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་གདང་བུ་ལྟ་བུར་བསྟན། །ཞེས་སོ། །བཞི་པ་ལྷ་རྟོག་དབྱེར་མེད་ཀྱི་སྒྱུ་འཕྲུལ་དྲྭ་བ་ནི། ལྷ་དང་རྟོག་པ་དབྱེར་མེད་སྒྱུ་མ་བྱུང་ཡང་། རྟོག་ཚོོགས་ཀྱི་རང་བཞིན་ལྷ་དག་པ་དང་། ལྷའི་ངོ་བོ་རྟོག་ཚོགས་ཀྱི་རང་བཞིན་དུ་རྣམ་པར་འཕྲུལ་པའི་ཕྱིར་ན་ལྷ་རྟོག་དབྱེར་མེད་ཅེས་བཤད། ཡང་འདི་ཉིད་ཀྱི་ལེའུ་བཞི་པ་ལས་ནི། ཡབ་ལ་སྒྱུ་འཕྲུལ་དང་། ཡུམ་ལ་དྲྭ་བར་བཤད་ཅིང་ཞེས་པ་ནི། ལེའུ་བཞི་པར། ཋ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད། །ཅེས་སོགས་གསུངས་ཤིང་། རྡོ་རྗེ་གཡུང་དྲུང་འཁྱིལ་བའི་མདོ་ལས་ཀྱང་། དྲྭ་བ་ཅིར་ཡང་འགྱུར་བ་སྟེ། །མདོ་མདུན་འབྲེལ་ཞིང་ཟང་ཐལ་བ། །ཐམས་ཅད་སྡུད་ཅིང་ཤོང་བའི་ཕྱིར། །ཡུམ་ལ་དྲྭ་བ་ཞེས་བཤད་དོ། །ཞེས་གསུངས་པ་ལྟར་རྡོ་རྗེའི་ཚིག་ཡིན་པས་གང་ལྟར་བཤད་ཀྱང་མི་འགལ་ལོ་གསུངས། དེས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞེས་པ་རྒྱུད་དང་མཐུན་པའི་མཚན་བཤད་པ་དེ་སོང་ནས། གཉིས་པ་ཆེ་བ་ལས་མཚན་དུ་བཏགས་པ་ལུང་གི་མཚན་ནི། རྡོ་རྗེ་ལས། སོ་སོར་བསྟན་པ་རྒྱ་མཚོའི་རྒྱུད། །འདིར་སྟོན་འདིས་སྟོན་འདི་ཕྱིར་སྟོན། །དོན་ཀུན་འདི་ལ་ཡོངས་རྫོགས་པས། །ལུང་གི་སྤྱི་ཞེས་བཤད་པ་ཡིན། །ཞེས་པས། སྟོན་པས་གདུལ་བྱ་སོ་སོའི་བློ་དང་འཚམས་པར་བསྟན་པའི་ཆོས་ནི་རྒྱ་མཚོའི་རྒྱུད་དེ། རྒྱ་མཚོ་ནི་ཟབ་ཅིང་གཏིང་དཔག་དཀའ་བས་འདི་ཙམ་ཞེས་དཔག་པར་མི་ནུས་པའི་ཕྱིར། སྟོན་པས་གསུངས་པའི་ཆོས་རྣམས་ཀྱང་དོན་ཟབ་ཅིང་གཏིང་དཔག་དཀའ་བ་དང་། ཚིག་རྒྱ་ཆེ་ཞིང་མཐའ་ཡས་པ་སྟེ། དེ་ཐམས་ཅད་ཀྱང་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདིའི་ནང་དུ་རྫོགས་པར་སྟོན་པས་ན་འདིར་སྟོན་ཞེས་བཤད་དེ། རྒྱས་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབས་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་གསུངས། འདིས་སྟོན་ཞེས་པ་ནི། བསྟན་པ་དང་ཐེག་པ་ཐམས་ཅད་ཀྱི་དོན་མ་ལུས་པ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ལས་འཕྲོས་ཏེ་སྟོན་པས་ན་འདིས་སྟོན་ཞེས་བཤད་དེ། འདི་ཉིད་ལས། ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། རང་བཞིན་གསང་བའི་སྙིང་པོ་ནི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་གསུངས། འདི་ཕྱིར་སྟོན་ཞེས་པ་ནི། ཐེག་པའི་སྒོ་གང་ནས་ཞུགས་ཀྱང་མཐར་ཐུག་ཐེག་པ་འདི་ལས་མི་འདའ་བས་ན་ཐེག་པ་གཞན་ཐམས་ཅད་ཉིད་ཀྱི་ལམ་སྟེགས་ཀྱི་ཚུལ་དུ་གསུངས་པ་ཡིན་ཏེ། འདི་ཉིད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་གསུངས། དོན་དེ་ཉིད་ཀྱི་ཕྱིར་ན་རྒྱུད་འདི་ལ་ལུང་གི་སྤྱི་ཞེས་བཤད་དེ། དེ་ཡང་གསང་སྔགས་སྤྱིའི་རྒྱུད་ལྟ་བུ་ཡིན་ནམ་ཞེ་ན་མ་ཡིན་ཏེ། འདི་ཉིད་ལས། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། ཞེས་གསུངས། དེ་ཡང་སྤྱིར་ལུང་ལ། གཏན་ལ་འབེབས་པའི་ལུང་དང་། མངོན་དུ་ཕྱུངས་པའི་ལུང་ཞེས་བཤད་པ་དང་། ཡང་དྲང་བ་མཚན་ཉིད་ཀྱི་ལུང་དང་། ངེས་པ་སྔགས་ཀྱི་ལུང་ཞེས་པའི་ཕྱི་མ་ལའང་གཞི་གནས་སྦྱོར་བའི་ལུང་། མཐུན་འཇུག་སྤྱོད་པའི་ལུང་། བྱ་བྲལ་རྫོགས་པའི་ལུང་། རྣམ་གྲོལ་རིག་པའི་ལུང་ཞེས་ཀྱང་བཤད་དོ། །འདིར་ནི་སྒྱུ་འཕྲུལ་རྡོ་རྗེ་ལས། དྲི་མ་མེད་པའི་ལུང་ཉིད་དེ། །ལས་དང་ཡེ་ཤེས་སྤྱི་ཉིད་ཀྱི། །རྫོགས་པས་རྫོགས་ཕྱིར་ལུང་ཉིད་དོ། །ཞེས་གསུངས་པ་ལྟར། རྒྱ་མ་ལས་ཀྱི་ལུང་མཚན་ཉིད་སྡེ་གསུམ། ཡེ་ཤེས་ལྷའི་ལུང་ཕྱི་རྒྱུད་སྡེ་གསུམ། བྱ་བྲལ་རྫོགས་པའི་ལུང་ནང་རྒྱུད་སྡེ་གསུམ་སྟེ། དེ་དག་གི་ལུང་གི་སྤྱིར་གྱུར་པས་ལུང་གི་སྤྱི་ཞེས་བཤད་པ་ཡིན། ཞེས་གསུངས་སོ། །གསུམ་པ་དོན་རང་གི་ངོ་བོ་ལ་བཏགས་པ་མན་ངག་གི་མཚན་ནི། འགྲེལ་ཆུང་ལས། སྔོན་དུ་འགྲོ་བའི་བདག་ཉིད་ལས། །མིང་ཉིད་ཐོག་མར་སྨོས་པ་གཅེས། །ཞེས་གསུངས་པ་ལྟར་གླེགས་བམ་གྱི་ཀླད་དུ་མཚན་མ་བཀོད་ན་གང་ཡིན་མི་ཤེས་པས་རྨོངས་པ་སེལ་བའི་ཕྱིར་བཀོད་པ་སྟེ། ལང་ཀར་གཤེགས་པ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་གསུངས་སོ། །དེ་ལ་ཀླད་དུ་བཀོད་པའི་མཚན་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པ་སྟེ། དེའི་དོན་བཤད་པ་ནི། བི་མ་ལའི་འགྲེལ་ཆུང་དུ། རང་བཞིན་གསང་བ་ཞེས་བྱ་སྟེ། །ཆེ་བ་ཞེས་བྱ་སྙིང་པོའི་དོན། །དེ་ཁོ་ན་ཉིད་མཚན་ཉིད་དོ། །ངེས་པས་ངེས་དོན་མདོར་བསྟན་པ། ཞེས་གསུངས་པ་ལྟར། གསང་བ། སྙིང་པོ། དེ་ཁོ་ན་ཉིད། ངེས་པའི་དོན་བཤད་པ་དང་བཞི་ལས། དང་པོ་གསང་བའི་དོན་བཤད་པ་ནི། རང་བཞིན་གྱིས་གསང་བ། གབ་པའི་གསང་བ། སྦས་པའི་གསང་བ་སྟེ་གསུམ་ལས། །རང་བཞིན་གྱིས་གསང་བ་ནི། མཚོན་བྱ་རང་བཞིན་གྱི་རྒྱུད་གནས་ལུགས་དེ་བཞིན་ཉིད་དེ་རང་ལ་རང་ཆས་སུ་གནས་ཀྱང་དབུལ་པོའི་ཁྱིམ་གྱི་ས་འོག་གི་ནོར་བུ་ལྟར་མ་མཐོང་བ་རང་ལ་ཡོད་ཀྱང་རང་གི་མིག་རང་གིས་མི་མཐོང་བ་ལྟར་རང་བཞིན་མ་རྟོགས་པས་གསང་བ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ཀྱང་། །མི་དེས་དེ་མ་ཤེས་ཤིང་གཏེར་དེས་ཀྱང་། དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་སེམས་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བཞག་དང་བསལ་མེད་ཡེ་ཤེས་ཏེ། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་རྒུ་འདིས་མྱོང་ངོ་། །ཞེས་སོ། །གབ་པའི་གསང་བ་ནི། སེམས་ཉིད་སངས་རྒྱས་ཀྱི་རང་བཞིན་ཡིན་ཚུལ་མདོ་རྒྱུད་དུ་མ་ནས་གསུངས་ཀྱང་རང་སེམས་སངས་རྒྱས་ཡིན་པ་བོར་ནས་སངས་རྒྱས་གཞན་ལས་འཚོལ་བ་རང་གིས་རང་ལ་གབ་སྟེ་གནས་པས་གསང་བ་སྟེ། རྣམ་སྣང་མངོན་བྱང་ལས། བྱིས་པ་མི་ཤེས་པས་བསྒྲིབས་པའི། །ཚུལ་འདི་ཤེས་པར་མ་གྱུར་རྣམས། །སངས་རྒྱས་གཞན་དུ་འཚོལ་བར་བྱེད། །འདི་ན་གནས་པ་ཡོངས་མ་མཐོང་། །ཞེས་སོ། །སྦས་པའི་གསང་བ་ནི། གསང་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་བློར་མི་ཤོང་བའི་སྣོད་མིན་གྱི་གང་ཟག་རྣམས་ཀྱིས་མི་རྟོགས་པར་བྱ་བའི་ཕྱིར་སྦས་པས་གསང་བ་སྟེ། དམ་ཚིག་གསལ་བཀྲ་ལས། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །བློ་ཆུང་ཐེག་པ་དམན་ལ་གསང་། ཞེས་སོ། །ཡང་བི་མ་ལས། དེའི་སྟེང་དུ་མི་བསྟན་པའི་གསང་བ་བསྣན་ཏེ་བཞིར་བཤད་ཀྱང་། མདོར་ཧྲིལ་གྱིས་དྲིལ་ན། རང་བཞིན་གྱིས་གསང་བ་ནི་གབ་པའི་ཁོངས་སུ་གཏོགས་ཤིང་། མི་བསྟན་པའི་གསང་བའང་སྦས་པའི་ནང་དུ་འདུ་བས་ན་གབ་སྦས་གཉིས་སུ་འདུ་སྟེ། འདི་ཉིད་ལས། གབ་པའི་གསང་བ་མ་རྟོགས་པར་སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས། ཞེས་གསུངས་སོ། །གཉིས་པ་སྙིང་པོའི་དོན་ནི། དོན་ཚན་གསུམ་ལ་འཇུག་སྟེ། པཱ་ར་ཞེས་པ་གཅིག་ལས་དུ་མ་འཕྲོ་བའི་གཞི་ལྟ་བུ་ལ་འཇུག་སྟེ། སེམས་ཉིད་གནས་ལུགས་དེ་བཞིན་ཉིད་དེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འཕྲོ་གཞི་ཡིན་ཅིང་། དེ་གཏན་ལ་འབེབས་པའི་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཀྱང་བསྟན་པ་དང་ཐེག་པ་ཐམས་ཅད་ཀྱི་འབྱུང་ཁུངས་སམ་འཕྲོ་བའི་གཞི་མ་ལྟ་བུ་སྟེ། འདི་ཉིད་ལས། ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །ཞེས་གསུངས་སོ། །ཧྲི་དཱ་ཡ་ཞེས་པ་ཁམས་ཆེ་བའམ་སྲོག་གམ་སྙིང་ལྟར་གཅེས་སྤྲས་སུ་བྱ་བའི་དོན་ལ་འཇུག་སྟེ། སངས་རྒྱས་མི་བསྒྲུབ་ན་ཕར་ཞོག །བསྒྲུབ་ཕྱིན་ཐེག་པའི་སྒོ་གང་ནས་ཞུགས་ཀྱང་མཐར་ཐུག་བགྲོད་པ་གཅིག་པའི་ཐེག་པ་འདི་ལ་འཇུག་དགོས་ཏེ། པཎ་ཆེན་པདྨ་དབང་རྒྱལ་གྱིས། བགྲོད་གཅིག་ལམ་ལ་མ་བརྟེན་འབྲས་ཐོབ་ཅི། །ཞེས་དང་། འདི་ཉིད་ལས། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །ཞེས་སོ། །གརྦྷ་ཡ་ཞེས་པ་ཤུན་པའི་ནང་གི་སྙིང་པོ་ལྟ་བུ་ལ་འཇུག་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་བཅུད་འདུས་པའམ། དེ་ཐམས་ཅད་ཀྱི་སྲོག་ཏུ་སོང་བའི་གནས་ལུགས་ཀྱི་སྙིང་པོ་ཡིན་ལུགས་སྤྲོས་བྲལ་བསམ་བརྗོད་ལས་འདས་པ་སྟེ། རྡོ་རྗེ་ཕྲེང་བ་ལས། ཆོས་རྣམས་དབུས་ན་གནས་པའི་ཁམས། །ཁྱབ་ཅིང་སྤྱོད་ཡུལ་མ་ཡིན་ཏེ། །ཞེས་སོ། །གསུམ་པ་དེ་ཁོ་ན་ཉིད་ཀྱི་དོན་ནི། གཞི་མི་འགྱུར་བ་དང་ལམ་གྱི་གཞིའི་དོན་ཉམས་སུ་བླངས་པས་འབྲས་བུ་འབྱུང་བ་ལ་མི་བསླུ་བ་སྟེ། དོན་ལ་དེ་གཉིས་ཕྱིན་ཅི་མ་ལོག་པས་གཞི་འབྲས་ལྟོ་སྦྱོར་ཏེ་མ་ནོར་བས་དེ་ཁོ་ན་ཉིད་ཅེས་བྱ་སྟེ། རྒྱུད་ཕྱི་མ་ལས། གཉིས་པོ་ཕྱིན་ཅི་མ་ལོག་ཕྱིར། །དེ་ཉིད་དོན་འདིར་རྣམ་ངེས་སོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །བཞི་པ་ངེས་པའི་དོན་ནི། སྐལ་དམན་གྱི་གདུལ་བྱ་དྲང་བའི་ཐབས་ཙམ་དུ་བསྟན་པ་མ་ཡིན་པར། འདིར་སྐལ་ལྡན་དབང་རྣོན་རྣམས་ལ་རྒྱལ་བའི་དགོངས་པའི་ཞེ་ཕུག་ཐུན་མོང་མ་ཡིན་པ་ཉིད་བསྟན་པས་ན་ངེས་པ་སྟེ། འདི་ཉིད་ལས། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་སོ། །གཞན་ཡང་མཚན་ནང་ལྟར་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་བཤད་པ་དང་། གསང་བ་ལྟར་འོག་སྒོ་དང་སྦྱར་ཏེ་བཤད་པ་གཉིས་ཡོད་པ་ལས། དང་པོ་ལའང་། སྙིང་གའི་འཁོར་ལོ་དང་སྦྱར་ཏེ་བཤད་པ་དང་། མཚན་བཞི་དང་འཁོར་ལོ་བཞི་སྦྱར་ཏེ་བཤད་པ་ལ་གཉིས་ལས། དང་པོ་ནི། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཀྱི་དབུས་ན་དྭངས་མ་ཆེན་པོ་ལྔ་དང་དེའི་དཀྱིལ་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་ཡེ་ནས་གནས་ཀྱང་རང་གསང་ཐབས་ཀྱིས་ཆོད་ནས་མ་མཐོང་བ་ནི་གསང་བ། ཐིག་ལེ་དེ་ཉིད་ལ་ཤེས་བྱ་དང་བསྒྲུབ་བྱའི་དོན་གྱི་བཅུད་འདུས་པས་ན་སྙིང་པོ། ཐབས་ཀྱི་མན་ངག་དང་ལྡན་པའི་སྒོ་ནས་ཉམས་སུ་བླངས་པས་རང་གི་སེམས་ཉིད་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རང་གསལ་བས་ན་དེ་ཁོ་ན་ཉིད། སྙིང་པོའི་ཐིག་ལེ་དེ་གཞི་ལམ་འབྲས་གསུམ་གྱི་དངོས་གཞིར་ངེས་པས་ན་ངེས་པ་ཞེས་བཤད་པའི་ཕྱིར་རོ། །གཉིས་པ་མཚན་བཞི་དང་འཁོར་ལོ་བཞི་སྦྱར་ཏེ་བཤད་པ་ནི། ལྟེ་བའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ན་དབྱིངས་ཕྱུག་ལྔའི་ཐིག་ལེ་ཡི་གེ་ཨའི་རྣམ་པར་གནས་པ་དེ་ཉིད་ཡུམ་གྱི་མཁའ་གསང་གི་སྣ་རྩེའི་ཐིག་ལེ་དང་འབྲེལ་ཏེ་གནས་པ་ནི་གསང་བ། སྙིང་གའི་འཁོར་ལོ་རྩ་འདབ་བརྒྱད་ཀྱི་དྭངས་མ་ལྔའི་དབུས་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་བཞུགས་པ་དེ་ཆོས་ཐམས་ཅད་ཀྱི་བཅུད་འདུས་པའི་སྙིང་པོ་ཡིན་པས་ན་སྙིང་པོ། མགྲིན་པའི་འཁོར་ལོ་རྩ་འདབ་བཅུ་དྲུག་གི་དབུས་ན་མཁའ་འགྲོ་མ་རྔམ་མའི་ཐིག་ལེ་ཨཾ་ཡིག་གི་དབྱིབས་སུ་གནས་པ་དེ་འོད་དུ་འབར་ཙ་ན་བདེ་བ་སྐྱེས་པས་དེ་ཁོ་ན་ཉིད་ལས་མི་གཡོ་བའི་ཕྱིར་དེ་ཁོ་ན་ཉིད། སྤྱི་བོའི་འཁོར་ལོའི་རྩ་འདབ་སོ་གཉིས་ཀྱི་དབུས་ན་ཀུན་ཏུ་བཟང་པོའི་ཐིག་ལེ་ཧཾ་ཡིག་གི་རྣམ་པར་གནས་པ་དེ་ལས་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་དེ་ནི་རྒྱལ་བ་ཀུན་གྱི་དགོངས་པའི་དངོས་གཞིར་ངེས་པའི་ཕྱིར་ན་ངེས་པ་ཞེས་བཤད་པའི་ཕྱིར་རོ། །གཉིས་པ་གསང་བ་ལྟར་འོག་སྒོ་དང་སྦྱར་ཏེ་བཤད་པ་ནི། ལུས་ཅན་རྣམས་ཀྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པའི་ནང་ན་ཐིག་ལེ་བདེ་བའི་ཡེ་ཤེས་ཀྱི་རོ་དང་བཅས་པར་རང་ཆས་སུ་ཡོད་ཀྱང་ངོ་མ་ཤེས་པས་ན་གསང་བ། ཐིག་ལེ་དེ་ལ་རྒྱུ་འབྲས་ཀྱི་བཅུད་འདུས་པས་ན་སྙིང་པོ། བྱེད་པ་སྡོམ་པ་རླུང་དང་བཅས་པའི་ཐབས་ཀྱིས་ཉམས་སུ་བླངས་པས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་སུ་རྒྱུད་ལ་སྐྱེས་པས་ན་དེ་ཁོ་ན་ཉིད། ཐིག་ལེ་དེ་ཉིད་གཞི་ལམ་འབྲས་གསུམ་གྱི་དངོས་གཞིར་ངེས་པས་ན་དེ་ལྟར་ངེས་པ་ཞེས་བརྗོད་པའི་ཕྱིར་རོ། །དེ་རྣམས་ཀྱིས་དབང་པོ་རབ་ལ་མཚན་བསྟན་པ་སོང་ནས། གཉིས་པ་དབང་པོ་འབྲིང་པོ་རྣམས་ལ་སྤྱིའི་དོན་རྣམ་པར་དབྱེ་བས་བཤད་པ་ལ་གཉིས་ལས། དང་པོ་དོན་གྱི་རྣམ་གྲངས་རྣམ་པར་དབྱེ་བ་ནི། དེ་ལ་དོན་གྱི་རྣམ་གྲངས་ཞེས་པ། ཚིག་ལ་མི་རྟོན་དོན་ལ་རྟོན། དོན་ལའང་དྲང་དོན་ལ་མི་རྟོན་ངེས་དོན་ལ། དེ་ཡང་གང་ཟག་ལ་མི་རྟོན་ཆོས་ལ། ཆོས་ལའང་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པས་སོ། །དེ་ལ་དབྱེ་ན། རྒྱུད་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་བསླང་བ། འབྲས་བུ་ཡོངས་ཤེས་རྒྱུད་དོན། རྒྱུད་ཀྱི་དགོས་འབྲེལ། འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་དང་ལྔ་ལས། དང་པོ་ནི། རྒྱུད་ཕྱི་མ་འགོས་འགྱུར་ལས། སྟོན་པ་ལ་སོགས་རབ་དབྱེ་བས། །ཕུན་སུམ་ཚོགས་པ་ལྔར་བརྗོད་དོ། །ཞེས་གསུངས་པ་ལྟར། གནས་གང་དུ་སྟོན་པ་གང་ཞིག་འཁོར་གང་དང་ལྷན་ཅིག་ཚོགས་པ་དེའི་ཚེ་རྒྱུད་དོན་འབྱུང་ངེས་པ་ཅན་ཡིན་པས་ན། ལྔ་པོ་དེ་ལ་གླེང་གཞི་ཞེས་བྱ་ལ། གླེང་གཞིའི་ངེས་ཚིག་ནི། ཅིའི་ཕྱིར་གླེང་གཞི་ཞེས་བྱ་ཞེ་ན། ཞེས་པའི་དྲི་བ་བཀོད་ནས། དེའི་ལན་ནི། དཱ་ནའི་སྒྲ་ལས་བཀའ་ཡིན་མིན་དུ་རྟོག་པའི་ཐེ་ཚོམ་ཅན་དག་ལ་ཕུན་སུམ་ཚོགས་པ་ལྔའི་ལོ་རྒྱུས་བརྗོད་པས་ཡིད་ཆེས་ཀྱི་ངེས་པ་སྦྱིན་པར་བྱ་བའི་ཕྱིར་དང་། ཞེས་བཤད། གླེང་གཞིའི་སྐད་དོད་ལེགས་སྦྱར་གྱི་སྒྲ་དཱ་ན་ཞེས་འབྱུང་ལ། དེ་བོད་སྐད་དུ་བསྒྱུར་ན་སྦྱིན་པ་ཞེས་འབྱུང་ལ། དེ་ལྟར་དུ་བསྒྱུར་ན་ཟང་ཟིང་གི་སྦྱིན་པ་དང་ནོར་གྱི་དོགས་ནས། གཞི་མཐུན་པའི་བསྡུ་བ་བྱས་ཏེ་ཕུན་སུམ་ཚོགས་པ་ལྔ་པོ་དེ་རྒྱུད་འབྱུང་བའི་རྒྱུ་ཡང་ཡིན། རྒྱུད་གླེང་བའི་གཞི་ཡང་ཡིན་པས་ན་གླེང་གཞི་ཞེས་བཤད་པ་ཡིན་གསུངས། དེ་ཡང་གང་སྦྱིན་ན་ཡིད་ཆེས་ཀྱི་ངེས་པ་སྦྱིན། གང་ལ་སྦྱིན་ན་བཀའ་ཡིན་མིན་དུ་རྟོག་པའི་ཐེ་ཚོམ་ཅན་དེ་ལ་སྦྱིན། ཚུལ་ཇི་ལྟ་བུས་སྦྱིན་ན་ཕུན་སུམ་ཚོགས་པ་ལྔའི་ལོ་རྒྱུས་བརྗོད་པའི་སྒོ་ནས་སྦྱིན་པས་སོ། །དེ་ལ་དབྱེ་ན་ཐུན་མོང་མ་ཡིན་པའི་གླེང་གཞི་དང་། ཐུན་མོང་གི་གླེང་གཞི་གཉིས་ལས། དང་པོ་ནི། ཐབས་ལམ་དང་སྦྱར་ཏེ་ནང་གསང་ལྟར་འཆད་པ་དག་ཡིན་ནོ། །ཞེས་གསུངས་པས། ནང་ཐབས་ལམ་སྟོང་སྒོ་དང་སྦྱར་ཏེ་བཤད་རྒྱུད་རྒྱ་མཚོས་བཤད་པ་དང་། གསང་བ་འོག་སྒོ་དང་སྦྱར་ཏེ་བཤད་རྒྱུད་ཐལ་བས་བཤད་པ་གཉིས་ལས། དང་པོ་ནི། དྷརྨཱ་ཙཀྲ་ཆོས་ཀྱི་གནས། །འོད་བཞི་ཨེ་སོགས་དབྱིབས་སུ་གནས། །མི་ཤིགས་ཐིག་ལེ་ཝཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་དག །མ་ནུ་ཡིད་སོགས་རྣམ་ཤེས་བཞི། །ཡེ་ཤེས་མྱོང་བས་བསྡུས་པར་བཤད། །ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། །པ་ར་མཱརྠ་དོན་ཟབ་མོ། །བདེ་བའི་དུས་ཉིད་སྔ་ཕྱིར་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་པས་བསྟན། དེ་ཡང་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་འཆད་དེ། རྐང་པ་དང་པོ་གཉིས་ཀྱིས་གནས་ཕུན་སུམ་ཚོགས་པ་སྟོན་པས། དེ་ཡང་སྙིང་ག་ཆོས་ཀྱི་འཁོར་ལོར་རྩ་འདབ་བརྒྱད་ཡོད་པ་རིགས་བསྡུ་ན་བཞིར་བསྡུ་སྟེ། མདུན་གྱི་རྩ་གསུམ་པོ་དེ་ཆོས་ཉིད་སྐྱེ་བ་མེད་པ་འཆར་བའི་ལས་བྱེད་པས་ཆོས་ཉིད་ཀྱི་རྩ་ཞེས་བྱ་ལ་དབྱིབས་མདོག་ཀྱང་དཀར་པོ་ཟླུམ་པོའི་རྣམ་པར་གནས། གཡས་ན་གཅིག་སྟེ་ཡེ་ཤེས་འཆར་བའི་ལས་བྱེད་པས་ཡེ་ཤེས་ཀྱི་རྩ་ཞེས་བྱ་ལ་དབྱིབས་མདོག་ཀྱང་གྲུ་བཞི་སེར་པོའི་རྣམ་པར་གནས། གཡོན་ན་གཅིག་སྟེ་ཡོན་ཏན་དང་མངོན་ཤེས་འཆར་བའི་ལས་བྱེད་པས་ཡོན་ཏན་གྱི་རྩ་ཞེས་བྱ་བ་དབྱིབས་མདོག་ཀྱང་ཟླ་གམ་དམར་པོའི་རྣམ་པར་གནས། རྒྱབ་ན་གསུམ་ཡོད་པ་གཉིད་རྨུག་དང་བཅས་པའི་ལས་བྱེད་པས་རང་རྒྱུད་ཀྱི་རྩ་ཞེས་བྱ་ལ་དབྱིབས་མདོག་ཀྱང་གྲུ་གསུམ་དམར་ནག་གི་རྣམ་པར་གནས། དེ་ཡང་ཕུན་སུམ་ཚོགས་པ་ལྔའི་སྐད་དོད་དུ་ཨེ་ཝཾ་མ་ཡ་ཞེས་འབྱུང་ལ། དེ་བོད་སྐད་དུ་བསྒྱུར་ན། འདི་སྐད་བཤད་པ་ཞེས་འབྱུང་ལ། ཨེས་མཚོན་པའི་གནས་དང་། ཝཾ་གྱིས་མཚོན་པའི་སྟོན་པ་དང་། མས་མཚོན་པའི་འཁོར་དང་། ཡ་ནི་ཆོས་དང་དུས་གཉིས་ཀ་ལ་འཇུག་སྟེ། ཡཱ་ནའི་སྒྲ་ལས་ཐེག་པ་ཆེན་པོ་ཞེས་བསྙད་པས་ཆོས་ཕུན་སུམ་ཚོགས་པ་དང་། ཡ་ཡིག་གིས་མཚོན་པའི་དུས་ཏེ་བསམ་གྱིས་མི་ཁྱབ་པའི་དུས་རྣམས་ཏེ། ཨེ་སོགས་ལས་བཞིའི་དབྱིབས་མདོག་ཅན་ནི་དོན་དམ་འོད་གསལ་གྱི་བཞུགས་གནས་ཡིན་པས་ན་གནས་ཕུན་སུམ་ཚོགས་པ་ཞེས་བྱའོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། མི་ཤིགས་ཐིག་ལེ་ཝཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་དག །ཅེས་པས་བསྟན་ཏེ། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ན་དྭངས་མ་ཆེན་པོ་ལྔ་བཞུགས་ཏེ། སའི་དྭངས་མ་རྩ་དར་དཀར་གྱི་སྐུད་པ་ལྟ་བུ་སྦོམ་ཕྲ་རྟ་རྔ་བཅུ་གཤགས་ཙམ་པ། དེའི་དབུས་ན་ཆུའི་དྭངས་མ་རྒྱ་མཚལ་ལྕོག་ལའི་ཁུ་བ་ལྟ་བུ། དེའི་དབུས་ན་མེའི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་པ། དེའི་དབུས་ན་རླུང་གི་དྭངས་མ་གསེར་ས་འོག་ན་ཡོད་པའི་རླངས་པ་ནམ་མཁའ་ལ་རྒྱུ་བ་ཙམ་པ། དེའི་དབུས་ན་ནམ་མཁའི་དྭངས་མ་བར་སྣང་སང་སེང་གོ་འབྱེད་པའི་རྣམ་པ་ཅན་དུ་གནས་པ་སྟེ། དེ་ལྟར་དྭངས་མ་ལྔ་འདུས་ཀྱི་དབུས་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་སྟོང་གསལ་འགགས་མེད་ཡི་གེ་ཝཾ་དབྱིབས་ཀྱི་རྣམ་པར་གནས་པ་སྟེ། རྡོ་རྗེ་མེ་ལོང་གི་རྒྱུད་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོར། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་གསུངས་པ་ལྟར། དེ་ཉིད་མར་མེ་གསལ་བྱེད་གཞན་ལ་ལྟོས་མི་དགོས་པ་ལྟར། རང་གིས་རང་ལ་བདེ་བ་གསལ་བར་སྟོན་པའི་ཕྱིར་སྟོན་པ་ཕུན་སུམ་ཚོགས་པ་ཞེས་བཤད། འཁོར་ཕུན་སུམ་ཚོགས་པ་ནི། མ་ནུ་ཡིད་སོགས་རྣམ་ཤེས་བཞི། །ཡེ་ཤེས་མྱོང་བས་སྡུད་པར་བཤད། །ཅེས་པས། མ་ན་ཤེས་པ་ལའོ་ཞེས་ཡིད་ལ་སོགས་པའི་རྣམ་ཤེས་ཚོགས་བརྒྱད་དེ། མདུན་ཆོས་ཉིད་ཀྱི་རྩ་ལ་ཀུན་གཞི། གཡས་ཡེ་ཤེས་ཀྱི་རྩ་ལ་ཡིད། གཡོན་ཡོན་ཏན་གྱི་རྩ་ལ་ཉོན་ཡིད། རྒྱབ་རང་རྒྱུད་ཀྱི་རྩ་ལ་སྒོ་ལྔའི་རྣ མ་ཤེས་མིག་རྣ་བ་སྣ་ལྕེ་ལུས་ཀྱི་རྣམ་ཤེས་རྣམས་ཏེ་ཚོགས་བརྒྱད་པོ་དེས་ཡེ་ཤེས་ལྔ་ཉམས་སུ་མྱོང་བར་བྱེད་པའི་ཆ་ནས་འཁོར་ཕུན་སུམ་ཚོགས་པའོ། །ཆོས་ཕུན་སུམ་ཚོགས་པ་ནི། ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། །པ་ར་མཱརྠ་དོན་ཟབ་མོ། །ཞེས་པས་བསྟན། དེའི་མན་ངག་སྟེང་སྒོའི་ལམ་ཉམས་སུ་བླངས་པ་ལས་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནམ་མཁའི་གཟུགས་ཅན་རྒྱུད་ལ་སྐྱེས་པ་ནི། པ་ར་མཱརྠ་ཞེས་པའི་སྒྲ་ལས། དོན་དམ་པའམ་དོན་ཟབ་མོ་ཞེས་གནས་ལུགས་ཀྱི་ཆོས་ཉིད་ཟབ་མོ་ཡིན་པས་ཆོས་ཕུན་སུམ་ཚོགས་པའོ། །དུས་ཕུན་སུམ་ཚོགས་པ་ནི། བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་པས་བསྟན་ཏེ། ཡེ་ཤེས་ནམ་མཁའི་གཟུགས་ཅན་རྒྱུད་ལ་སྐྱེས་པ་དེའི་ཚེ་སྔ་ཕྱིར་འཛིན་པའི་རྟོག་པ་ཐམས་ཅད་དང་བྲལ་བས་བསམ་གྱིས་མི་ཁྱབ་པའི་དུས་ཏེ་དུས་ཕུན་སུམ་ཚོགས་པའོ། །གཉིས་པ་གསང་བ་འོག་སྒོ་དང་སྦྱར་ཏེ་བཤད་རྒྱུད་ཐལ་བས་བཤད་པ་ནི། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གནས། །སྐད་ཅེས་གསལ་བྱེད་ལས་མིང་ཅན། །ཝཾ་དབྱིབས་ཐིག་ལེར་བཅས་སྟོན་པའོ། །མ་དཱ་མ་ནུ་སྡོམ་བྱེད་ཡིད། །ལས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བས་བཤད་པར་འདོད། །པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡཱ་ན་ཐེག་ཆེན་འདི་ཡིན་ནོ། །དུས་ནི་བསམ་གྱིས་མི་ཁྱབ་དུས། །ནཱ་མ་དེ་མིང་ཞེས་བྱའོ། །ཞེས་པས་བསྟན། དེ་ལ་གནས་ཕུན་སུམ་ཚོགས་པ་ནི། འདི་ཞེས་ཨེས་མཚོན་པའི་ཆོས་འབྱུང་གི་རྣམ་པར་གནས་པ་ཡུམ་གྱི་བྷ་ག་སྒོ་གྲུ་གསུམ། ཁྱམ་གྲུ་བཞི། སྐྱེ་གནས་ཟླ་གམ། དབྱིངས་ཕྱུག་གི་སྣ་རྩེ་ཟླུམ་པོར་གནས་པ་སྟེ། ཨེ་སོགས་ལས་བཞིའི་དབྱིབས་ཅན་ནི་གསང་བའི་སྟོན་འཁོར་བཞུགས་པའི་གནས་ཡིན་པས་ན་གནས་སོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། སྐད་ཅེས་གསལ་བྱེད་ལས་མིང་ཅན། །ཝཾ་དབྱིབས་ཐིག་ལེར་བཅས་སྟོན་པའོ། །ཞེས་པས་བསྟན་ཏེ། ཡབ་ཀྱི་རྡོ་རྗེ་ནོར་བུའི་དབུར་རྩ་ས་ཡ་ཕྲག་བཅུ་གསུམ་གྱི་བཅུད་འདུས་པའི་ཀུན་རྫོབ་ཡེ་ཤེས་ཀྱི་ཐིག་ལེ་ཝཾ་དབྱིབས་ཀྱི་རྣམ་པ་ཅན་དུ་གནས་པ་ནི་ཡབ་ཡུམ་གཉིས་ཀའི་རྒྱུད་ལ་བདེ་བ་གསལ་བར་སྟོན་པའི་བདག་ཉིད་ཅན་ཡིན་པས་ན་སྟོན་པའོ། །འཁོར་ཕུན་སུམ་ཚོགས་པ་ནི། མ་དཱ་མ་ནུ་སྡོམ་བྱེད་ཡིད། །ལས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བས་བཤད་པར་འདོད། །ཅེས་པས་བསྟན་ཏེ། མ་ད་ན་སྡོམ་བྱེད་དང་། མ་ནུ་ཡིད་དེ་བྱེད་པ་སྡོམ་པའི་ཐབས། དེ་ནི་འདུ་ཤེས་གསུམ་ལྡན་གྱི་མཚན་རྟོག་སྡོམ་པར་བྱེད་པའི་གསང་བའི་རྣམ་ཤེས་ཀྱིས་རེག་བདེ་ཉམས་སུ་མྱོང་བར་བྱེད་པས་ན་འཁོར་རོ། །ཆོས་ཕུན་སུམ་ཚོགས་པ་ནི། པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡཱ་ན་ཐེག་ཆེན་འདི་ཡིན་ནོ། །ཞེས་པས་བསྟན་ཏེ། ཐབས་ལམ་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བྱ་སེམས་ལྔ་རྫོགས་པའི་དགའ་བ་བཅུ་དྲུག་གི་ཡེ་ཤེས་ནི་རྣམ་ཐར་བཞི་ལྡན་ཏེ། ངོ་བོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། འོད་གསལ་བའི་རྣམ་པར་ཐར་པ་བཞི་དང་ལྡན་པ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་ཆོས་སོ། །དུས་ཕུན་སུམ་ཚོགས་པ་ནི། དུས་ནི་བསམ་གྱིས་མི་ཁྱབ་དུས། །ཞེས་པས་བསྟན་ཏེ། ཡེ་ཤེས་དེ་ཉམས་སུ་མྱོང་བའི་ཚེ་དུས་འདི་ཞེས་མཚོན་དུ་མེད་པས་ན་བསམ་གྱིས་མི་ཁྱབ་པའི་དུས་སོ། །ནཱ་མ་དེ་མིང་ཞེས་བྱའོ། །ཞེས་པ། ཕུན་སུམ་ཚོགས་པ་ལྔ་ཀའི་མཇུག་སྡུད་དེ་སྟོན་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །འཁོར་ཕུན་སུམ་ཚོགས་པ་ཞེས་བྱའོ། །ཞེས་པ་ལ་སོགས་པའི་དོན་ནོ། །གཉིས་པ་ཐུན་མོང་གི་གླེང་གཞི་ནི། ལོངས་སྐུའི་གླེང་གཞིའམ་རྒྱུད་འབྱུང་བ་ཁྱད་པར་ཅན་གྱི་གླེང་གཞི་དང་། ཞར་བྱུང་གདུལ་བྱ་དགོས་ཆེད་དུ་བསྟན་པ་ཁྲོ་བོའི་གླེང་གཞི་དང་། སྤྲུལ་སྐུ་འགྲོ་བ་འདུལ་བའི་གླེང་གཞིའམ་བསྟན་པ་སྤྱིའི་གླེང་གཞིར་གྲགས་པ་དང་གསུམ་ལས། དང་པོ་ནི། འདི་ཉིད་ཀྱི་ལེའུ་དང་པོས་སྟོན་ཏེ། དེ་ལའང་ཕུན་སུམ་ཚོགས་པ་ལྔ་ཡོད་པ་ལས། དང་པོ་ཆོས་ཕུན་སུམ་ཚོགས་པ་ནི། འདི་སྐད་བཤད་པ་ཞེས་པས་བསྟན། དེ་ལ་འདི་སྐད་བཤད་རྒྱུ་ནི་རྒྱུད་དོན་མ་ལུས་པ་མཚོན་པའི་ཚིག་འཕྲད་དེ། རྒྱུད་དབུ་ཞབས་ཀྱི་དོན་ཐམས་ཅད་མཚོན་པའོ། །དེ་ལ་བཤད་ཅེས་པ་ནི། ངས་སྔར་འོག་མིན་དུ་བཤད་པ་ཉིད་ཡང་འདིར་བཤད་པར་བྱའོ། །ཞེས་སྟོན་འཁོར་དགོངས་པ་ཐ་མི་དད་པས་བཤད་པ་སྟེ། བདེ་འདུས་རྩ་རྒྱུད་ལས། ང་ནི་ཆེ་བའི་རྒྱལ་པོ་སྟེ། །འཆད་དང་ཉན་པའང་ང་ཉིད་ཡིན། །ཞེས་དང་། བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པའང་ང་། །ཞེས་གསུངས་ཤིང་། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་ལས་ཀྱང་། བཤད་ཅེས་པས་ནི་འཁོར་དང་སྟོན་པ་གཉིས་སུ་མེད་པར་བསྟན་པ་ཡིན་ལ། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དུས་ཕུན་སུམ་ཚོགས་པ་ནི། དུས་ན་ཞེས་པས་བསྟན། དེའི་དོན་ནི་ལོངས་སྐུའི་གླེང་གཞི་ཡིན་པས་དུས་རེ་འགའ་བ་ཞིག་གི་ངེས་པ་ལས་འདས་པའི་ཕྱིར་དུས་རྟག་པ་རྒྱུན་གྱི་འཁོར་ལོར་ཆོས་གསུངས་པའི་དུས་ཡིན་པའི་ཕྱིར་རོ། །འདི་ལ་ཁ་ཅིག་ན་རེ། མདོ་རྒྱུད་གཞན་རྣམས་སུ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་འབྱུང་བ་ལས། འདིར་དེ་ལྟར་མ་སྨོས་པའི་ཕྱིར་གླེང་གཞི་ལོག་པས་བཀའ་ཡང་དག་པ་མ་ཡིན་ནོ་ཟེར། དེའི་ལན་ལ་གཞན་ལན་ལ་དཔྱད་པ་དང་། རང་ལན་གདབ་པ་གཉིས་ལས། དང་པོ་ནི། ལྷ་རྗེ་གླན་ཤཱཀ་བཟང་ན་རེ། བཤད་ཐོས་གཉིས་ཚིག་མི་མཐུན་ཀྱང་སྟོན་པས་འཁོར་ལ་བཤད་པ་དང་། འཁོར་གྱིས་སྟོན་པ་ལས་ཐོས་པ་དོན་མཐུན་གསུངས་ནའང་། ཐོས་པ་ལ་བཤད་པས་མ་ཁྱབ་པའི་ཕྱིར་ལེགས་པར་མི་སེམས་གསུངས། ཡང་ལྷ་རྗེ་མདའ་ཏིག་ན་རེ། ཐོས་པ་ལ་མ་རྟོགས་ལོག་རྟོགས་ཐེ་ཚོམ་གྱི་སྐྱོན་གསུམ་སྲིད་པ་ལས། འདིར་བཤད་ཅེས་པ་སྟོན་འཁོར་དགོངས་པ་གཉིས་སུ་མེད་པས་ཉིད་ལ་ཉིད་ཀྱིས་བཤད་པའི་ཕྱིར་སྔར་གྱི་སྐྱོན་གསུམ་རྣམ་པར་དཔྱད་པའོ་གསུངས་ཀྱང་མི་འཐད་དེ། བཤད་ཙམ་ལ་སྐྱོན་གསུམ་དང་བྲལ་བས་མ་ཁྱབ་ཅིང་། དགོངས་པ་གཉིས་སུ་མེད་པ་ལ་ཉིད་ལས་ཉིད་ཐོས་པའང་འགལ་བའི་ཕྱིར་རོ་གསུངས། ཡང་ཁྱེད་བླ་མ་དང་རྗེ་སྒྲོ་ཕུག་གི་བཞེད་པ་ནི། སྐུ་གཉིས་ཀྱིས་བསྟན་པའི་ཁྱད་པར་ཡིན་ཏེ། ལོངས་སྐུས་ཚིག་ཏུ་མི་གསུངས་པས་རྣ་བས་ཐོས་སུ་མེད་པའི་ཕྱིར་བཤད་ཅེས་དང་། སྤྲུལ་སྐུས་ཚིག་ཏུ་གསུངས་པའི་ཕྱིར་ཐོས་བྱ་བར་འོང་བ་ཡིན་གསུངས་ནའང་། ལོངས་སྐུས་གསུངས་པའི་རྒྱུད་ཐམས་ཅད་ལ་བཤད་ཅེས་འོང་བས་ཁྱབ་ན། ལོངས་སྐུས་གསུངས་པའི་རྒྱུད་ཐམས་ཅད་དུ་དེ་ལྟར་འབྱུང་རིགས་པ་ལས་མ་བྱུང་བའི་ཕྱིར་འཐད་པར་མ་གོ་གསུངས། ཡང་ལྷ་རྗེ་དྲི་ངས་པ་ན་རེ། སྟོན་པས་དགོངས་པ་བརྡའི་བཤད་པ་བསྡུས་པ་པོས་མ་ཕྲི་མ་བསྣན་པར་བཤད་པ་བཞེད་པ་འདི་ལ་འགལ་བ་རང་མ་མཐོང་ངོ་གསུངས། གཉིས་པ་རང་ལན་གདབ་པ་ནི། བཤད་ཅེས་པ་གོང་དུ་སྨོས་པ་ལྟར་སྟོན་འཁོར་དགོངས་པ་དབྱེར་མེད་ཀྱི་ཕྱོགས་བཟུང་ནས་བཤད་པ་ཡིན་ལ། དུས་ན་ཞེས་པའང་ལོངས་སྐུ་ངེས་པ་ལྔ་ལྡན་གྱི་དུས་ཡིན་པས་སྐྱོན་མེད་དོ་གསུངས། གཞན་དུ་ཐུན་མོང་པའི་ཐེག་པར་གླེང་གཞིའི་སྐབས་སུ་བདག་གིས་ཐོས་པ་ཞེས་འབྱུང་བ་ནི། བདག་ཉིད་ཀྱིས་སྟོན་པ་ལས་མངོན་སུམ་དུ་ཐོས་ཀྱི་གཞན་ལས་བརྒྱུད་དེ་ཐོས་པ་ནི་མ་ཡིན་ནོ། །ཞེས་ཆོས་ཁུངས་བཙུན་པར་འཇོག་པ་དང་། ཡང་ཚིག་ཐོས་པ་ཙམ་དུ་ཟད་ཀྱི་དོན་རྟོགས་པ་ནི་མ་ཡིན་ནོ་ཞེས་བཀའི་དོན་རྟོགས་དཀའ་བ་ལ་འཇོག་པ་དང་། དུས་གཅིག་ན་ཞེས་འབྱུང་བ་ཡང་། འདི་ནི་སྟོན་པས་དུས་ལན་གཅིག་རང་གསུངས་ཀྱི་གཞན་དུ་མ་གསུངས་ཞེས་བཀའི་དོན་རྙེད་དཀའ་བ་ལ་འཇོག་པ་དང་། ཡང་དུས་གཅིག་གི་ཚེ་འདི་ཐོས་ཀྱི་གཞན་དུ་གཞན་དག་ཀྱང་ཐོས་སོ་ཞེས་སྡུད་པ་པོ་རང་ཉིད་ཐོས་པ་ཆེ་བ་དང་། ཡང་དུས་ལན་གཅིག་གིས་ཁོང་དུ་ཆུད་པར་ཤེས་རབ་ཕུལ་དུ་བྱུང་བར་བསྟན་པ་ཡང་ཡིན་ནོ་གསུངས། གཞན་ཡང་འདི་སྐད་བདག་གིས་ཐོས་པ་མ་སྨོས་པས་བཀའ་ཡང་དག་པ་མ་ཡིན་པར་འགྱུར་ན། བདེ་མཆོག་རྩ་རྒྱུད་དང་། འཇམ་དཔལ་མཚན་བརྗོད་སོགས་ཀྱང་དེར་ཐལ་ཏེ། དེ་ལྟར་མ་སྨོས་པའི་ཕྱིར་ཏེ། དེ་ནས་གསང་བ་བཤད་པར་བྱ། །ཞེས་དང་། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་གསུངས་པའི་ཕྱོར་རོ། །དེས་ན་མངོན་རྟོགས་རྒྱན་གྱི་འགྲེལ་བ་ལས། འདི་ནི་རྣམ་པར་བཞག་པ་གཞན་ཁོ་ན་ཡིན་པས། ཐེག་པ་གཞན་གྱི་ལུགས་ལ་བརྟེན་ནས་ནམ་དུའང་སུན་འབྱིན་བརྗོོད་པར་མི་བྱའོ། །ཞེས་གསུངས་པ་ལྟར་ཡིན་གསུངས། གསུམ་པ་སྟོན་པ་ཕུན་སུམ་ཚོགས་པ་ལའང་། སྟོན་པའི་རང་བཞིན་དང་། སྟོན་པའི་ངོ་བོ་བཤད་པ་གཉིས་ལས། དང་པོ་ནི། དེ་བཞིན་གཤེགས་པ་ཡང་དག་པ་སོགས་ནས། དབྱེར་མེད་པའི་རང་བཞིན་ཏེ། ཞེས་པའི་བར་གྱིས་བསྟན། དེའི་དོན་ནི་དེ་བཞིན་ཉིད་དུ་ནར་སོན་པའི་རང་བཞིན། ཡོན་ཏན་མ་བཙལ་བར་ལྷུན་གྱིས་གྲུབ་པའི་རང་བཞིན། ཡེ་ཤེས་མཐའ་དབུས་དང་བྲལ་བའི་རང་བཞིན། འབྲས་བུ་ལ་མངའ་མཛད་ཀྱང་ངོ་བོ་བསྟན་དུ་མེད་པའི་རང་བཞིན། མཉམ་པ་ཉིད་མངོན་དུ་མཛད་ཀྱང་སྤྱོད་ཡུལ་དང་བྲལ་བའི་རང་བཞིན། གཅིག་དང་དུ་མ་ལས་གྲོལ་བའི་རང་བཞིན། དུས་གསུམ་འདུལ་འབྲལ་མེད་པའི་རང་བཞིན་དང་བདུན་ལས། དང་པོ་ནི། དེ་བཞིན་གཤེགས་པ་ཞེས་པས་བསྟན་ཏེ། དེ་ཡང་སྤྱིར་ཏ་ཐཱ་ག་ཏའི་སྒྲ་ལས། ཏ་ཐཱ་ནི་དེ་བཞིན། ག་ཏ་ནི་གཤེགས་པའམ། བྱོན་པའམ། མཁྱེན་པའམ། གསུངས་པ་ལ་བྱ་སྟེ། སྔོན་གྱི་རྒྱལ་བ་རྣམས་ཀྱིས་ཇི་ལྟ་བྱང་ཆུབ་ཀྱི་སྤྱོད་པའི་སྒོ་ནས་གཤེགས་པ་དེ་ལྟར་ལམ་མཐུན་པས་གཤེགས་ཤིང་བྱོན་པ་དང་། དེ་བཞིན་ཉིད་ཇི་ལྟ་བ་བཞིན་མཁྱེན་ཅིང་གསུངས་པ་དང་། འདོད་ཡོན་གྱི་སྣང་བ་ཇི་ལྟར་སྣང་བ་དེ་བཞིན་ཐབས་ཀྱི་སྤྱོད་པས་གཤེགས་པ་དང་། སེམས་ཅན་སྐྱེ་བ་རྣམ་པ་བཞིའི་ཚུལ་གྱིས་སྐྱེ་བ་ལས། དེ་དག་གི་བསམ་པ་དང་མཐུན་པར་མངལ་ནས་སྐྱེ་བ་དེ་བཞིན་དུ་གཤེགས་པ་སོགས་ལ་བཤད་ཀྱང་། འདིར་ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་སྒྲིབ་བྱེད་ཀྱི་ཞེན་པ་དང་བྲལ་བས་ནར་སོན་ཞིང་། དེའི་ངོ་བོ་མངོན་དུ་གྱུར་པས་ན་གཤེགས་པ་ཞེས་བརྗོད་པ་ཡིན་ཏེ། རྡོ་རྗེ་ལས། དེ་བཞིན་ཉིད་དུ་གཤེགས་པ་ཡང་། །སྣ་ཚོགས་ཞེན་ལས་གྲོལ་བར་བཤད། །ཅེས་དང་། རྒྱུད་ཕྱི་མ་ལས། གང་ཕྱིར་དེ་བཞིན་ཉིད་དུ་གཤེགས། །དེ་བཞིན་གཤེགས་པ་མངོན་པར་བརྗོད། །ཅེས་གསུངས་སོ། །གཉིས་པ་ཡོན་ཏན་མ་བཙལ་བར་ལྷུན་གྱིས་གྲུབ་པའི་རང་བཞིན་ནི། ཡང་དག་པར་རྫོགས་པ་ཞེས་པ་འདིས་བསྟན། རང་བྱུང་གི་ཡེ་ཤེས་ལ་སྤང་བྱ་མ་གྲུབ་པས་མ་ནོར། མི་འགྱུར་མི་བསླུ་བས་ཡང་དག་པ་དང་། ཆོས་ཉིད་དེའི་ཀློང་ན་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་རྫོགས་པར་རང་སྣང་བའི་ཕྱིར་སྤང་ཐོབ་མེད་པའི་དོན་ཡིན་པའི་ཕྱིར་གསུངས། གསུམ་པ་ཡེ་ཤེས་མཐའ་དབུས་དང་བྲལ་བའི་རང་བཞིན་ནི། སངས་རྒྱས་ཞེས་པ་འདིས་བསྟན། དེའི་དོན་ནི། སྒྲིབ་བྲལ་གྱི་ཡེ་ཤེས་མཐའ་དབུས་མེད་པར་བརྡལ་བའི་རང་བཞིན་ཡིན་པའི་ཕྱིར། བུདྡྷའི་སྒྲ་ལས། གཉིད་སད་པ་ལྟར་སངས་པ་དང་། པདྨ་ཁ་བྱེ་བ་ལྟར་རྒྱས་པའི་དོན་གཉིས་ཀ་ལ་འཇུག་པས། སྐྱབས་འགྲོ་བདུན་ཅུ་པ་ལས། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །འདིར་མི་མཐུན་པ་དང་སྙིང་པོ་དབྱེར་མེད་ཀྱང་དོན་ཇི་བཞིན་མངོན་དུ་བྱས་པའི་སྟོབས་ཀྱིས་སྤང་ཐོབ་མེད་པའི་ཡོན་ཏན་མཐར་ཐུག་པ་སྟེ། ལེ་ལག་ལས། མ་རིག་པ་ཉིད་ཡེ་ཤེས་གསལ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །ཅེས་གསུངས་པའི་ཕྱིར་རོ། །བཞི་པ་འབྲས་བུ་ལ་མངའ་མཛད་ཀྱང་ངོ་བོ་བསྟན་དུ་མེད་པའི་རང་བཞིན་ནི། བཅོམ་ལྡན་འདས་ཞེས་པས་བསྟན། སྒྲིབ་པའི་ཆ་ཤས་ཕྲ་མོ་ཙམ་ཡང་མི་གནས་པས་བདུད་བཞི་བཅོམ་ཞིང་། ཆེ་བའི་ཡོན་ཏན་གྱི་འབྲས་བུ་ལ་མངའ་མཛད་ཀྱང་རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད་པའི་རང་བཞིན་ཡིན་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར་ཏེ། རྡོ་རྗེ་ལས་རིམ་ལས། བདུད་བཞི་ལ་སོགས་རིག་པའི་གདེངས་ཀྱི་བཅོམ། །སྐུ་ལྔ་ལ་སོགས་ཡོན་ཏན་བརྗོད་ལས་འདས། །རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། །ཅེས་སོ། །བདུད་བཞི་བཅོམ་ལུགས་ནི། ཉོན་མོངས་པ་ལྔ་ཉིད་མ་སྤངས་པར་ཡེ་ཤེས་ལྔའི་ངོ་བོར་རྣམ་པར་དག་པས་ན་ཉོན་མོངས་པའི་བདུད་བཅོམ་ལ། དེ་དག་པས་ཕུང་པོ་ལྔ་ཡང་རིགས་ལྔའི་ངོ་བོར་སངས་རྒྱས་པས་ན་ཕུང་པོའི་བདུད་བཅོམ། དེའི་ཚེ་དག་པ་ལྷ་དང་མ་དག་པ་རྣམ་རྟོག་གི་འཆིང་བ་ལས་གྲོལ་བས་འདོད་ལྷའི་བར་ཆད་ཀྱིས་མི་ཚུགས་ཏེ་ལྷའི་བུའི་བདུད་བཅོམ་ཞིང་། སེམས་ཉིད་སྐྱེ་འཆི་ལས་གྲོལ་བས་འཆི་བདག་གི་བདུད་ཀྱང་བཅོམ་སྟེ་རྒྱས་པ་ལས། ཉོན་མོངས་པ་ཉིད་རྣམ་པར་དག །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་ཏེ། །སྐྱེ་ཤི་མེད་པའི་གཡུང་དྲུང་གནས། །ཞེས་གསུངས་སོ། །ལྔ་པ་མཉམ་པ་ཉིད་མངོན་དུ་མཛད་ཀྱང་སྤྱོད་ཡུལ་དང་བྲལ་བའི་རང་བཞིན་ནི། ལོངས་སྤྱོད་ཆེན་པོ་ཞེས་པས་བསྟན། འཁོར་འདས་མཉམ་པ་ཉིད་ཀྱི་དོན་མངོན་དུ་མཛད་ཀྱང་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་སྤྱད་བྱ་སྤྱོད་བྱེད་དུ་འཛིན་པའི་ཞེན་པ་དང་བྲལ་བའི་སྒོ་ནས་ལོངས་སྤྱད་པས་སྤྱོད་ཡུལ་དང་བྲལ་བའི་རང་བཞིན་ཞེས་བྱ་བ་ཡིན། དྲུག་པ་གཅིག་དང་དུ་མ་ལས་གྲོལ་བའི་རང་བཞིན་ནི། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད། ཅེས་པས་བསྟན། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆེ་བའི་ཡོན་ཏན་གྱི་རྟེན་བྱེད་པའི་ཆ་ནས་སྐུ་ལྔ་དང་། ཆོས་བརྡ་སྤྲོད་པའི་ཆ་ནས་གསུང་ལྔ། མི་གཡོ་བའི་ངོས་ནས་ཐུགས་ལྔ། དགོས་འདོད་འབྱུང་བའི་ངོས་ནས་ཡོན་ཏན་ལྔ། གཞན་དོན་མཛད་པའི་ངོས་ནས་ཕྲིན་ལས་ལྔ་སྟེ། འབྲས་ཆོས་ཉེར་ལྔར་སྣང་བས་གཅིག་གི་རང་བཞིན་དང་བྲལ་ཞིང་། འབྲས་ཆོས་ཉེར་ལྔ་པོ་དེ་རང་བྱུང་གི་ཡེ་ཤེས་སུ་འདུ་ཞིང་། རིགས་ལྔ་ཡང་དྲུག་པར་འདུས་པས་ན་དུ་མ་དང་བྲལ་བའི་ཕྱིར་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པས་སོ་གསུངས། བདུན་པ་དུས་གསུམ་འདུ་འབྲལ་མེད་པའི་རང་བཞིན་ནི། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཏེ། ཞེས་པས་བསྟན། རྒྱལ་བ་རིགས་དྲུག་པ་ཀུན་ཏུ་བཟང་པོ་དེ་ཁམས་གསུམ་དང་དུས་གསུམ་གྱིས་བསྡུས་པའི་འཁོར་བའི་ཆོས་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་པར་གནས་པ་སྟེ། ཀུན་རྫོབ་ཏུ་རིག་པ་སྒྱུ་མའི་སྣང་བརྙན་ཡིན་པས་སོ་སོ་མ་ཡིན། དོན་དམ་པར་སེམས་ཉིད་དུ་མ་སྐྱེས་པས་ཐ་མི་དད། བདེན་པ་གཉིས་ཀྱི་ཐ་སྙད་ལས་ཀྱང་འདས་པས་ན་དབྱེར་མེད་པའི་རང་བཞིན་ཅན་ཡིན་ཏེ། རྒྱས་པ་ལས། སོ་སོ་རང་བཞིན་ངེས་རྙེད་ན། །ཡང་དག་ལམ་གྱིས་བཅོས་སུ་མེད། །ཡེ་ནས་ངོ་བོ་ཡོད་མིན་ན། །ཉོན་མོངས་སྤངས་ཤིང་བྱང་སྒྲུབ་མེད། །ཅེས་པ་ལ་སོགས་པ་རྣམས་ཀྱིས་གནོད་པའི་ཕྱིར་རོ་གསུངས། དེ་ལྟར་བདུན་དུ་བཤད་པ་དེ་ནི་སྤར་ཁབ་ཀྱི་ལུགས་ལྟར་འཐད་ཕྱོགས་སུ་བཀོད་པ་ཡིན་ལ། སློབ་དཔོན་བི་མ་ལས་ཡང་དག་པ་དང་རྫོགས་པ་གཉིས་སོ་སོར་ཕྱེ་ནས་བརྒྱད་དུ་བཤད་དེ། ཁོག་གཞུང་ལས། སྟོན་པའི་རང་བཞིན་བརྒྱད་དང་ལྡན། །བདག་ཉིད་བྱེད་པོ་ཀུན་ཏུ་བཟང་། །ཞེས་སོ། །ཡང་འགྲེལ་ཆུང་དུ། བྱང་ཆུབ་མཆོག་གི་ངོ་བོ་དང་། །ཆོས་རྣམས་རོལ་པར་ལོངས་སྤྱོད་དང་། །ཕྱོགས་དུས་བདེ་གཤེགས་བདག་པོ་དང་། །ཆོས་སོ་ཅོག་དང་དབྱེར་མེད་པའོ། །ཞེས་སྟོན་པའི་རང་བཞིན་བཞིར་བཤད་ཀྱང་འདིར་གོང་དུ་སྨོས་པ་ལྟར་བཟུང་ངོ་གསུངས། གཉིས་པ་སྟོན་པའི་ངོ་བོ་བཤད་པ་ནི། སྐུ་མདུན་དང་རྒྱབ་མེད་པ་ཐམས་ཅད་དུ་སོགས་ནས། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ། ཞེས་པའི་བར་གྱིས་བསྟན། སྔར་སྨོས་པའི་རང་བཞིན་དེ་ཉིད་གདུལ་བྱ་ལ་སྐུ་གསུང་ཐུགས་ཀྱི་མཚན་མ་སྣ་ཚོགས་པར་སྣང་བའི་རྣམ་འགྱུར་གྱི་ཆ་ལ་ངོ་བོ་ཞེས་བཤད་དེ། དེ་ལ་སྟོན་པ་སྐུ་གསུམ་གྱི་བདག་ཉིད་ཡིན་པའི་དོན་རྟགས། ཐབས་ཤེས་གཉིས་སུ་མེད་པའི་དོན་རྟགས། ཡེ་ཤེས་དྲུག་དང་ལྡན་པའི་དོན་རྟགས། རྣམ་ཐར་གསུམ་དང་ལྡན་པའི་དོན་རྟགས་དང་བཞི་ལས། དང་པོ་ལའང་། ཆོས་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་ནི། སྐུ་མདུན་དང་རྒྱབ་མེད་པའི་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་ཞེས་པས་བསྟན། བདེ་གཤེགས་རང་སྣང་ལ་སྐུ་མདུན་དང་རྒྱབ་མ་གྲུབ་ཅིང་གདུལ་བྱའི་སྣང་བ་ལ་རིས་མེད་པས་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་གཟུགས་སྐུའི་ཡོན་ཏན་མི་འགགས་པས་དེ་དང་དེ་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར་ཏེ། དེ་ལྟར་ཡང་སེང་གེ་རྩ་རྫོགས་ལས། ཀུན་ཏུ་བཟང་པོའི་ཞལ་ནི་ཕྱོགས་བཅུར་གསལ། །ཀུན་གཟིགས་ཀུན་བཟང་སྐུ་ལ་མདུན་རྒྱབ་མེད། །ཕྱོགས་བཅུ་གང་བར་སྤྱན་གྱིས་རྣམ་པར་གཟིགས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལོངས་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་ནི། མཚན་དང་དཔེ་བྱད་དང་ལྡན་པ་ཞེས་པས་བསྟན། དེ་ལའང་ཐུན་མོང་དང་ཁྱད་པར་གྱི་མཚན་དཔེ་གཉིས་ལས། དང་པོ་ནི། ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། །སོགས་མཚན་སོ་གཉིས་དང་། ཐུབ་པའི་སེན་མོ་ཟངས་མདོག་དང་། །སོགས་དཔེ་བྱད་བརྒྱད་ཅུ་མངའ་བས་སོ། །དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལའང་ཕྱོགས་མཐུན་ཙམ་ཡོད་པས་ཐུན་མོང་གི་མཚན་དཔེ་ཞེས་བཤད། གཉིས་པ་ཁྱད་པར་གྱི་མཚན་དཔེ་ལའང་ཕྱི་ནང་གསང་གསུམ་ལས། དང་པོ་ཕྱིའི་མཚན་དཔེ་ནི། སྟོན་པའི་ཐུགས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་བཞི་པོ་རེ་རེའང་བཞི་བཞིར་ཕྱེ་བའི་ཡེ་ཤེས་བཅུ་དྲུག་གི་རྩལ་སེམས་དཔའ་བཅུ་དྲུག །དེའི་ཡུལ་ཆོས་ཉིད་བཅུ་དྲུག་གི་རྩལ་སེམས་མ་བཅུ་དྲུག་སྟེ་མཚན་སོ་གཉིས་དང་། སེམས་དཔའ་བཅུ་དྲུག་པོར་ཡེ་ཤེས་ལྔའི་རྟགས་རིགས་ལྔས་དབུ་བརྒྱན་པའི་ལྷ་བརྒྱད་ཅུ་ནི་དཔེ་བྱད་བརྒྱད་ཅུ་སྟེ། སྤྱི་མདོ་ལས། མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུས་སྤྲས་པའི་ཕྱིར་སྲས་ཀྱི་ཚོགས་ཀྱིས་ཀུན་ནས་བརྒྱན་པའོ། །ཞེས་སོ། གཉིས་པ་ནང་གི་མཚན་དཔེ་ནི། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་ནི་མཚན་སོ་གཉིས་དང་། ལྟེ་བའི་རེ་བཞི་ལས་སྟོང་པའི་རྩ་བཞི་ཕྲི་བས་དྲུག་ཅུ། མགྲིན་པའི་བཅུ་དྲུག །སྙིང་གའི་རྩ་ཆེན་བཞི་སྟེ་བརྒྱད་ཅུ་ནི་དཔེ་བྱད་བརྒྱད་ཅུར་བཤད་དེ། ཐལ་རྒྱུད་ལས། སྒྲ་དབྱངས་གསུང་གི་གནས་བཞི་ཡིས། །དབྱེ་བས་གསུམ་གསུམ་ངོས་གཉིས་དང་། །བཞི་བཅུ་གཉིས་སུ་གྱུར་པ་ཡིན། །ཞེས་སོ། །གསུམ་པ་གསང་བའི་མཚན་དཔེ་ནི། སྟོན་པ་ཡབ་ཡུམ་གཉིས་རོལ་པའི་དུས་ཀྱི་དགའ་བ་ལ་བརྩི་བ་ཡིན་ཏེ། ཡབ་ཡུམ་གཉིས་ཀྱི་དགའ་བ་བཅུ་དྲུག་བཅུ་དྲུག་ནི་མཚན་སོ་གཉིས་དང་། ཡབ་ཀྱི་དགའ་བ་རེ་རེ་ལའང་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པ་ནི་དཔེ་བྱད་བརྒྱད་ཅུར་བཤད་པ་ཡིན་ཏེ། རྒྱ་མཚོ་ལས། ཨཱ་ལི་ཀཱ་ལི་བདེ་བ་ཉིད། །ཕན་ཚུན་མ་འདྲེས་གཅིག་ཏུ་གནས། །བཅུ་དྲུག་ངོས་གཉིས་མཚན་དང་ལྡན། །ཕྱོགས་གཅིག་ཡེ་ཤེས་ལྔ་ལྡན་པ། །བརྒྱད་ཅུའོ་བཟོད་སོགས་རྒྱུ་ལས་འཕགས། །ཞེས་སོ། །དེ་ལ་ཁོ་ན་རེ། ནང་དང་གསང་བའི་མཚན་དཔེ་དེ་རྣམས་རྩ་ཁམས་ཀྱི་རང་བཞིན་དུ་འདུག་པ་ལ་རྒྱན་དུ་ཇི་ལྟར་འགྱུར་ཞེ་ན། ལོངས་སྤྱོད་རྫོགས་པའི་སྐུ་ལ་རྩ་ཁམས་རྣམ་པར་དག་པ་བདེ་བ་ཆེན་པོའི་རང་བཞིན་དུ་རོ་མཉམ་པ་ནི་རྒྱན་གྱི་ནང་ནས་མཛེས་བྱེད་མཆོག་ཏུ་གྱུར་པ་ཡིན་པས་དེ་ལྟར་དུ་བཤད་པ་ཡིན་གསུངས། གསུམ་པ་སྤྲུལ་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་ནི། བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ། ཞེས་པས་བསྟན། འདི་ནི་སྤྲུལ་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་མཛད་པའི་སྣང་ཚུལ་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་ཅིང་ཚད་མེད་པར་རང་སྣང་བ་སྟེ། སྡོང་པོ་བཀོད་པ་ལས། སྐྲ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པར་གྱུར་པ་མེད། །ཅེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཀྱང་། ཞི་བའི་བློ་གྲོས། ནམ་མཁའ་ཇི་ཙམ་ཁྱབ་པ་དེ་སྲིད་དུ་དེ་བཞིན་གཤེགས་པའི་སྐུས་ཁྱབ་བོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གཉིས་པ་ཐབས་ཤེས་གཉིས་སུ་མེད་པའི་དོན་རྟགས་ནི། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱིས་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཞེས་པས་བསྟན། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་བརྡར་ཞབས་གཉིས་ཡབ་ཡུམ་གཉིས་ཀ་བཞེངས་པ་ལྟ་བུ་མ་ཡིན་པར་ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་ཡུམ་བརྟུལ་ཞུགས་ཀྱིས་སྐྱིལ་ཀྲུང་དུ་མཚུངས་པར་བཞུགས་པ་སྟེ། ཐར་ལོའི་འགྱུར་ལས་ཀྱང་། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཚུངས་པར་སྐྱིལ་ཀྲུང་དུ་བཅིངས་ནས་སྙོམས་པར་འཇུག་ཅིང་བཞུགས་པ་ཞེས་གསུངས་པའི་ཕྱིར་གསུངས། གསུམ་པ་ཡེ་ཤེས་དྲུག་དང་ལྡན་པའི་དོན་རྟགས་ནི། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན། ཞེས་པས་བསྟན། ཡེ་ཤེས་ལྔ་རང་བྱུང་གི་ཡེ་ཤེས་དང་དྲུག་ལྡན་པའི་རྟགས་སུ་ཕྱག་དྲུག་དང་། དེས་འགྲོ་དོན་མཛད་པའི་རྟགས་སུ་ཕྱག་མཚན་དྲུག་འཛིན་པ་སྟེ། རིགས་ལྔ་ཡེ་ཤེས་ལྔའི་མཚན་མར་གྱུར་པའི་རྡོ་རྗེ་སོགས་ལྔ་དང་། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱར་དྲིལ་བུ་སྟེ་དྲུག་འཛིན་པ་སྟེ། སྒྱུ་འཕྲུལ་རོལ་པ་ཆེན་པོ་ལས། ཡེ་ཤེས་དྲུག་གི་བདག་ཉིད་ཀྱིས། །ཕྱག་རྒྱ་རིན་ཆེན་འབར་བས་མཚན། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །དྲིལ་བུ་པདྨ་རལ་གྲི་འབར། །ཞེས་སོ། །བཞི་པ་རྣམ་ཐར་གསུམ་ཆུབ་པའི་དོན་རྟགས་ནི། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ་ཞེས་པས་བསྟན། སྐུ་སྟོང་པ་ཉིད་དང་། གསུང་མཚན་མ་མེད་པ་དང་། ཐུགས་སྨོན་པ་མེད་པ་གསུམ་ནི་བློའི་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་ལ། དེ་གསུམ་གྱི་མཚན་མར་དབུ་གཡས་དཀར་གཡོན་དམར་དབུས་མཐིང་གར་སྣང་བའོ། །ཞེས་གསུངས། བཞི་པ་གནས་ཕུན་སུམ་ཚོགས་པ་ལ་གཉིས་ལས། དང་པོ་གནས་ཀྱི་རང་བཞིན་ནི། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། ཞེས་པས་བསྟན། དེའི་དོན་ནི། འགྲེལ་ཆུང་ལས། མཐའ་དབུས་མེད་པ་ཆོས་ཀྱི་དབྱིངས། །དེ་ནི་གནས་ཀྱི་བླ་མར་འདོད། །ཅེས་པ་ལྟར་ཡིན་ལ། དེ་ལ་དབྱེ་ན། ཆོས་དབྱིངས་དོན་གྱི་འོག་མིན། རིག་པའི་འོག་མིན། གསང་བའི་འོག་མིན། འཇིག་རྟེན་གནས་ཀྱི་འོག་མིན། དབང་ཕྱུག་ཆེན་པོའི་འོག་མིན་དང་ལྔ་ལས། དང་པོ་ནི་ཆོས་ཀྱི་དབྱིངས་ལ་གྲགས་ཏེ་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་རྟེན་གནས་སམ། རྣམ་རྟོག་དང་མཚན་མ་གང་གི་ཡང་འོག་ཏུ་མ་གྱུར་པ་སྟེ། རྒྱས་པ་ལས། གཟུང་འཛིན་བྲལ་བའི་འོག་མིན་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་སོ། །གཉིས་པ་རིག་པའི་འོག་མིན་ནི། དེ་ནི་ཆོས་ཀྱི་དབྱིངས་དེ་རྟོགས་པའི་རང་རིག་པའི་ཡེ་ཤེས་ལ་བྱ་སྟེ། གཉིས་འཛིན་གྱི་འོག་ཏུ་མ་གྱུར་པས་སོ། །གཞན་དུ་ན་ལོངས་སྐུའི་ཞིང་དང་ཆ་མཐུན་པར་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་ལའང་དེ་ལྟར་དུ་གྲགས་པའི་ཕྱིར་ཏེ། རྒྱས་པ་ལས། རང་བཞིན་དཀྱིལ་འཁོར་ཇི་ལྟ་བར། །ཏིང་འཛིན་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་སོ། །གསུམ་པ་གསང་བའི་འོག་མིན་ནི། ཡུམ་གྱི་མཁའ་ལ་གྲགས་ཏེ་སྟོན་པའི་གསང་བའི་སྐུའི་བཞུགས་གནས་ཡིན་ཅིང་མཚན་མའི་རྟོག་པ་རང་རྒྱུད་པའི་འོག་ཏུ་མ་གྱུར་པ་སྟེ། རྒྱས་པ་ལས། ནུབ་ཕྱོགས་འོག་མིན་གནས་མཆོག་ཏུ། །མ་ཆགས་པདྨའི་གདན་སྟེང་ན། །དུས་གསུམ་སངས་རྒྱས་བཞུགས་པའི་གནས། །ཞེས་དང་། རྒྱུད་གཞན་ལས་ཀྱང་། རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །ཞེས་གསུངས་པ་དེ་ཡིན་གསུངས། བཞི་པ་འཇིག་རྟེན་གནས་ཀྱི་འོག་མིན་ནི། དེ་ནི་གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ཡ་མཐའ་གཙང་མའི་རིགས་ཀྱི་ལྷ་ལྔའི་དང་པོ་སྟེ། གཟུགས་ཅན་གྱི་གནས་གཞན་གྱི་འོག་ཏུ་མ་གྱུར་པས་སོ། །གསུངས། ལྔ་པ་དབང་ཕྱུག་ཆེན་པོའི་འོག་མིན་ནི། སྐབས་འདིར་བསྟན་གྱི་ལོངས་སྐུའི་བཞུགས་གནས་སུ་གྱུར་པའི་འོག་མིན་ཆེན་པོ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། གཙང་མའི་རིགས་བདག་རྣམ་སྤངས་པའི། །འོག་མིན་ཆེན་པོའི་གནས་མཆོག་ན། །རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ། །གཅིག་དང་དུ་མ་རྣམ་སྤངས་པ། །སངས་རྒྱས་ཀུན་གྱི་གཟུགས་སྤྱི་སྟེ། །གདོད་ནས་ཐེག་ཆེན་མཛོད་ཡིན་ཕྱིར། །སྒྲིབ་པ་མཐའ་སྤངས་གདུལ་བྱ་ལ། །སྐད་ཅིག་གཅིག་གིས་སྣང་བར་མཛད། །ཅེས་གསུངས་པའི་ཕྱིར་རོ་གསུངས། །དེ་ཡང་སངས་རྒྱས་ཀྱི་ཞིང་ནི་རང་ཉིད་གང་ན་གནས་པའི་རང་སྣང་ཡིན་པས་མ་དག་པའི་ཞིང་སྤངས་པའི་ཕ་རོལ་ན་དག་པའི་ཞིང་གཞན་ཞིག་བློས་བཙལ་དུ་མེད་པའི་ཕྱིར་ཏེ། རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཀྱང་འོག་མིན་དགའ་ལྡན་གནས། །ཞེས་དང་། སྡོང་པོ་བཀོད་པ་ལས། སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པར་འགྱུར་བ་མེད། །ཅེས་དང་། ཕལ་པོ་ཆེའི་མདོ་ལས་ཀྱང་། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །ཞེས་གསུངས་པ་ལྟར་དོན་ལ་ནམ་མཁས་གར་ཁྱབ་ཏུ་སངས་རྒྱས་ཀྱི་སྐུ་དང་ཕྲི ན་ལས་ཀྱིས་ཁྱབ་ལ། ཤཱཀྱ་ཐུབ་པའི་ཞིང་འདི་ཉིད་ཀྱང་རང་མཚན་པར་མ་གྲུབ་སྟེ། འདི་ལྟར་དྲི་མ་མེད་པར་གྲགས་པའི་མདོ་ལས། བཙུན་པ་ཤཱ་རིའི་བུས་སྨྲས་པ། བདག་གིས་ནི་ས་ཆེན་པོ་འདི་མཐོ་དམན་དང་། གཡང་ས་དང་། ལྗན་ལྗིན་གྱིས་གང་བར་མཐོང་ངོ་། །ཞེས་ཟེར་ཞིང་། སངས་རྒྱས་མྱ་ངན་མེད་པའི་ཞིག་ནས་འོངས་པའི་ཚངས་པ་རལ་པ་ཅན་གྱིས་སྨྲས་པ། བདག་གིས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་འདི་ཉིད་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་བཞིན་དུ་ཡོངས་སུ་དག་པར་མཐོང་ངོ་ཞེས་ཟེར། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་རྣམས་ལ་སངས་རྒྱས་ཀྱི་ཞིང་འདིའི་རང་བཞིན་བསྟན་པར་མཛད་པས། ཐམས་ཅད་ཀྱིས་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་པའི་ཞིང་ཁམས་བཞིན་ཡོངས་སུ་དག་པར་མཐོང་བར་གྱུར་པ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའི་སངས་རྒྱས་ཀྱི་ཞིང་ནི་རྟག་ཏུ་འདི་འདྲ་སྟེ་ཁྱེད་རྣམས་ཀྱིས་མ་མཐོང་ངོ་། །ཞེས་གསུངས་པ་ལྟར་རོ། །གཉིས་པ་གནས་ཀྱི་ངོ་བོ་ནི། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ་ཞེས་པ་ནས། གོས་པ་མེད་པ་པདྨ་རིན་པོ་ཆེའི་གདན་ལ། ཞེས་པའི་བར་གྱིས་བསྟན། དེའི་དོན་ནི་དབྱིངས་དང་ཡེ་ཤེས་དབྱེར་མི་ཕྱེད་པའི་རྟགས་གཞལ་ཡས་ཁང་གི་དབྱིབས་དང་ཁ་དོག་ཏུ་རང་སྣང་བ་སྟེ། ཁོག་གཞུང་ལས། གནས་ཀྱི་རང་བཞིན་དེ་བཞིན་ཉིད། །ངོ་བོ་འོག་མིན་གཞལ་ཡས་ཁང་། །ཞེས་གསུངས་པ་ལྟར་དེ་བཞིན་ཉིད་ཀྱི་ངང་ལས་ཡོན་ཏན་གྱི་ཁྱད་པར་རང་སྣང་བ་སྟེ། དེ་ཡང་གནས་ཀྱི་ངོ་བོའི་ཆོས་རྣམས་དབྱེ་བར་བྱ་སྟེ། འགྲེལ་ཆུང་ལས། གཞལ་ཡས་གཞི་དང་རྒྱུ་དང་རྒྱ། །དབྱིབས་དང་གློ་འབུར་རྩེ་མོ་དང་། །རྒྱན་དང་སྒོ་འཁྱུད་རྟ་བབ་དང་། །མཚན་ཉིད་གདན་གྱི་རྣམ་པ་སྟེ། །ཞེས་དོན་བཅུ་གཅིག་ལས། དང་པོ་གཞལ་ཡས་ཁང་གི་སྤྱིའི་འོག་གཞི་ནི། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ། ཞེས་པས་བསྟན། དེའི་དོན་ནི། སྤྱིའི་འོག་གཞི་ཡེ་ཤེས་ལྔ་མཚོན་པའི་རྟགས་རྒྱ་ཁྱོན་ཚད་མེད་པའི་འཁོར་ལོའི་རྣམ་པ་ཅན་ཏེ། བཤད་རྒྱུད་རོལ་པ་ཆེན་པོ་ལས། འཁོར་ལོ་ཆེན་པོའི་ས་གཞི་ལ། །ཁང་པ་གྲུ་བཞི་རྣམ་པར་བརྗིད། །ཅེས་སོ། ནང་གི་འོག་གཞི་ནི། སྤགས་པ་ཞེས་པས་བསྟན་ཏེ། གཞལ་ཡས་ཁང་གི་སྒོ་དང་ཁྱམས་སོགས་ནས་ལྟེ་བའི་བར་གྱི་ནང་གི་འོག་གཞི་དེ་རིམ་པ་ལྟར་རྡོ་རྗེ་འགྲེང་བུ་རེས་སྤགས་པ་ཡིན་ཏེ་ཐེག་པ་འོག་མ་ནས་འདིར་འཕར་བའི་རྟགས་ཡིན་པའི་ཕྱིར་གསུངས། གཉིས་པ་རྒྱུ་ནི། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། ཞེས་པས་བསྟན། གདུལ་བྱའི་རེ་བ་སྐོང་བའི་རྟགས་སུ་རྒྱུ་རིན་པོ་ཆེ་ལས་གྲུབ་པའི་ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་ཏུ་རང་སྣང་བས་སོ་གསུངས། གསུམ་པ་རྒྱ་ཚད་ནི། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཞེས་པས་བསྟན། ཕྱོགས་ཀུན་ཏུ་ཡོངས་སུ་མ་ཆད་པར་ཆོས་དབྱིངས་མཐའ་ཀླས་པར་ཁྱབ་པར་རང་སྣང་བའི་ཕྱིར་གསུངས། བཞི་པ་དབྱིབས་ནི། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ། ཞེས་པས་བསྟན། དོན་ནི་གྲུ་བཞི་པ་ཡིན་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་གྱིས་འདིར་ཁྱབ་པ་དང་མཉམ་པ་དང་རྒྱས་པའི་དོན་ཏེ། དེ་ལྟར་ཡང་རྒྱ་ཆེར་འགྲེལ་ལས། མཉམ་པའི་ཕྱིར་དང་ཁྱབ་པའི་ཕྱིར། །རྒྱས་པའི་ཕྱིར་ནི་གྲུ་བཞིར་འགྱུར། །ཞེས་སོ། །ལྔ་པ་གློ་འབུར་ནི། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། ཞེས་པས་བསྟན། དོན་ནི། གྲུ་ཆད་ལས་ཕྱིར་འཕྱར་བའི་ཕྱིར་དབྱིབས་མཁར་ཐབས་ཀྱི་འབུར་ཐབས་ལྟ་བུ་དང་། ཁ་དོག་རིགས་བཞིའི་མདོག་ཅན་གྱི་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ་ཡིན་ཏེ། ཡེ་ཤེས་རེ་རེ་ཡང་ལྷག་པའི་ཡེ་ཤེས་བཞི་བཞི་དང་ལྡན་པའི་རྟགས་སོ་གསུངས། དྲུག་པ་རྩེ་མོའི་དོན་ནི། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་སོ་སོ་མ་ཡིན་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་བ། ཞེས་དང་། ཚད་དཔག་ཏུ་མེད་པ། ཞེས་པས་བསྟན། དོན་ནི། ཚད་དཔག་ཏུ་མེད་པ་དང་དབྱིབས་བུམ་པ་ཟླུམ་པོའི་རྣམ་པར་འཁྱིལ་བ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་མཐར་ཐུག་པ་མེད་ཅིང་སྤྲོས་པ་དང་བྲལ་བས་སོ་གསུངས། བདུན་པ་རྒྱན་ནི། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་ཁ་དོག་ལ་སོགས་པ་རྣམ་པ་ཐ་དད་པའི་བྱེ་བྲག་དང་ཁྱད་པར་དུ་གྱུར་པ། ཞེས་དང་། ཡེ་ཤེས་རིན་པོ་ཆེའི་ཕྲེང་བ་དང་སོགས་ནས། མི་སྒྲིབ་པར་གསལ་བའི་རྒྱན་བསམ་གྱིས་མི་ཁྱབ་པས་ཀླུབས་པ། ཞེས་པས་བསྟན། དེའི་དོན་ནི། སྤྱིར་རྒྱན་གྱི་རྣམ་གྲངས་ལ་བདུན་དུ་ངེས་པ་ལས། དང་པོ་འོག་གཞིའི་རྒྱན་ནི། གཞལ་ཡས་ཁང་གི་ལྟེ་བར་ཡེ་ཤེས་ལྔ་མཚོན་པའི་འཁོར་ལོ་རྩིབས་བཞི་པའི་མཐར་ཆོས་ཉིད་མཚོན་པའི་རྡོ་རྗེའི་ར་བ་ཟླུམ་པོས་བསྐོར་བ་དང་། གཉིས་པ་ལོགས་རྒྱན་ལ་གཉིས་ལས། རིན་པོ་ཆེའི་རྒྱན་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྩལ་སྣང་མ་འགགས་པར་རང་སྣང་བའི་རྟགས་སུ་པཉྩ་རེ་ཁཱའི་རྩིག་པ་ལྔའི་སྟེང་ན་རིན་པོ་ཆེའི་ཕ་གུ་དང་། ཕྲེང་བ་དང་། ཆུན་འཕྱང་དང་། ཤར་བུ་དང་། མདའ་ཡབ་ལ་སོགས་པའི་རྒྱན་ཁྱད་པར་དུ་འཕགས་པ་དུ་མས་སྤྲས་པ་སྟེ། འོད་རིམ་ལས། ཡེ་ཤེས་རྩིག་སྟེང་སེང་མགོས་གཏམས། །མི་འཇིགས་ཁ་ནས་མུ་ཏིག་ཧར། །ཕ་གུ་མཛེས་པའི་བད་དང་ལྡན། །དྲྭ་བ་དྲྭ་ཕྱེད་མགུལ་འཁོར་ལྡན། །ཞེས་སོ། །འདོད་ཡོན་གྱི་རྒྱན་ནི། གཟུགས་རྡོ་རྗེ་མ་སོགས་འདོད་ཡོན་ལྔའི་ལྷ་མོས་ཕྱོགས་ཀུན་ཏུ་འཁྲིགས་པ་སྟེ། དོན་འདོད་པའི་ཡོན་ཏན་ལྔ་མ་སྤངས་རྣམ་དག་རོལ་པའི་རྒྱན་དུ་ཤར་བའི་རྟགས་སུ་དེ་ལྟར་སྣང་བ་ཡིན་ཏེ། འོད་རིམ་ལས། གཟུགས་སོགས་ལྷ་མསོ་འཁྲིགས་པ་སྟེ། །སྣ་ཚོགས་མཆོད་བྱེད་རོལ་མོ་ཡིས། །བར་སྣང་ཁམས་ཀུན་སྤྲིན་ཕུང་བཞིན། །ཞེས་སོ། །གསུམ་པ་སྟེང་རྒྱན་ནི། དབུས་བུམ་པ་ཟླུམ་པོའི་སྟེང་དུ་བྲེ་མཚོན་པའི་འཕྱུར་བུའི་རྩེར། པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་རིམ་པ་བཅུ་གསུམ་གྱི་སྟེང་ན་རཏྣའི་གདུགས་ཀྱིས་མཛེས་ཤིང་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་པར་སྤྲས་པ་སྟེ། རྡོ་རྗེ་མེ་ལོང་ལས། ཆོས་ཀྱི་འཁོར་ལོ་བསྐོར་བྱས་ཤིང་། །ཉོན་མོངས་ཚད་པའི་གདུང་བ་སེལ། །ཐུགས་རྗེའི་གདུགས་ཀྱི་རྩ་བ་བརྟན། །མ་ལུས་གཅིག་ཏུ་འདུས་པ་ནི། །ཏོག་སྟོང་འོད་ཟེར་ལྡན་པའོ། །ཞེས་གསུངས་པའི་ཕྱིར་དང་། རྟ་བབས་ཀྱི་རྩེར་གདུགས་ཀྱི་རྩ་བར་འཁོར་ལོ་རི་དྭགས་ཀྱིས་བསྐྱོད་པ་དང་། གཞན་ཡང་ཕྱོགས་ཀུན་ཏུ་རྔ་ཡབ་དང་བ་དན་ལ་སོགས་པས་མཛེས་པར་སྤྲས་པའི་ཕྱིར་རོ་གསུངས། བཞི་པ་སྒོ་དང་རྟ་བབས་ཀྱི་རྒྱན་ནི། སྒོ་གླང་སེང་ལ་སོགས་པའི་རྒྱན་གྱི་བྱེ་བྲག་སྣ་ཚོགས་ཀྱིས་བརྒྱན་པ་སྟེ། རྔམ་གློག་ལས། གཞལ་ཡས་དེ་ཡི་སྒོ་བཞི་ན། །གླང་སེང་གཉིས་ཀྱིས་མཛེས་པར་བརྒྱན། །རྟ་བབས་རྣམས་ཀྱི་འཁོར་ལོ་ལ། །གསེར་གྱི་དྲིལ་བུ་འབར་བ་དག །དཀོན་མཆོག་གསུམ་གྱི་སྒྲ་དབྱངས་སྒྲོག །ཞེས་གསུངས་པའི་ཕྱིར་གསུངས། ལྔ་པ་ཕྱི་རོལ་གྱི་རྒྱན་ནི། སྒོའི་གཡས་གཡོན་གཉིས་ན་ཏཱ་ལའི་ལྗོན་པ་དང་། དཔག་བསམ་གྱི་ཤིང་དང་གསེར་གྱི་ཐིག་གུས་སྦྲེལ་བ་ལས་དྲིལ་བུའི་སྒྲ་སྒྲོག་པ་ལ་སོགས་པས་བརྒྱན་པ་སྟེ། འོད་རིམ་ལས། སྒོ་བཞིའི་གཡས་གཡོན་ལྗོན་ཤིང་དང་། །དཔག་བསམ་ཤིང་ཟུང་ཅོང་ཅོང་སྦྲེལ། །དྲིལ་བུ་གཡེར་ཁ་ཐེག་ཆེན་སྒྲོག །བཀྲ་ཤིས་བྱ་སྙན་སྒྲ་སྒྲོག་ལྡན། །ཡིད་བཞིན་རིན་ཆེན་བརྒྱད་བསྐོར་བ། །རིན་ཆེན་ཕུང་པོ་བཞི་གཉིས་ལྡན། །ཞེས་གསུངས་པའི་ཕྱིར་རོ་གསུངས། དྲུག་པ་ངོ་བོ་ཉིད་ཀྱི་རྒྱན་ནི། བདེན་བཞི་མཚོན་པའི་གྲུ་ཆད་དང་། བདེན་པ་གཉིས་མེད་མཚོན་པའི་བར་ཁྱམས་ལ་སོགས་པས་མཛེས་པར་བརྒྱན་པའོ་གསུངས། བདུན་པ་བདག་པོའི་རྒྱན་ནི། དཀྱིལ་འཁོར་སྤྲུལ་པའི་འཕྲོ་འདུ་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱིས་གཞལ་ཡས་ཁང་མཛེས་པར་བརྒྱན་པ་སྟེ། འདི་ཉིད་ལས། དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །ཞེས་སོ། །བརྒྱད་པ་གཞལ་ཡས་ཁང་གི་སྒོའི་དོན་ནི། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་འཁྱུད་ཅན། ཞེས་པས་བསྟན། དོན་ནི། གཞལ་ཡས་ཁང་དེར་འཇུག་པའི་སྒོ་ནི། རྣམ་ཐར་བཞིའི་ཏིང་འཛིན་གྱི་སྒོ་ནས་བྱང་ཆུབ་ཆེན་པོར་ལྷུན་གྱིས་འཇུག་པའི་རྟགས་སུ་ཕྱོགས་ཀྱི་དབྱེ་བའི་སྒོ་བཞི་དང་ལྡན་པ་སྟེ། ལེ་ལག་ལས། སྟོང་སྨོན་མཚན་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་བཞིར་ཤར། །ཞེས་གསུངས། དེའང་ཐང་སྒོ་ལྟ་བུ་མ་ཡིན་ཏེ། སྒོ་འཁྱུད་ཀྱི་ཟླས་དྲངས་པའི་འགྲམ་ལོགས་དང་ཡ་ཕུགས་རྡོ་རྗེའི་དྲྭ་མིག་ཅན་ལ་སོགས་པས་བརྒྱན་པའོ་གསུངས། དགུ་པ་རྟ་བབས་ནི། རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ། །ཞེས་པས་བསྟན། དེ་ལ་རྒྱུའི་རྟ་བབས་བརྒྱད་དང་འབྲས་བུའི་རྟ་བབས་བརྒྱད་དེ་བཅུ་དྲུག་ཏུ་བསྟན་པ་ཡིན་ཏེ། རྡོ་རྗེ་མེ་ལོང་ལས། ལམ་བརྒྱད་རིམ་པར་བགྲོད་པ་ཡིས། །འབྲས་བུའི་ཡོན་ཏན་ཀུན་རྫོགས་པས། །རྟ་བབས་རྒྱུ་འབྲས་བཅུ་དྲུག་བསྟན། །ཞེས་སོ། །དེ་ལ་རྒྱུའི་རྟ་བབས་ནི། མཚོན་སྒོ་རྣམ་ཐར་བཞིའི་སྒོ་ནས་མཚོན་བྱ་བྱང་ཆུབ་ཆེན་པོར་འཇུག་པ་སྟེ། དེ་ཡང་ཐུན་མོང་རྣམ་ཐར་གྱི་ཐེག་པ་བརྒྱད་ལ་སྦྱངས་པས་རྟོགས་པའི་རྟགས་སུ་སྒོ་ཕུགས་ཀྱི་ཕྱི་ནང་གཉིས་སུ་ཐེམ་སྐས་བཞི་བཞི་སྟེ་བབས་ཞོན་གྱི་རྟ་བབས་བརྒྱད་དང་ལྡན་པ་སྟེ། ལེ་ལག་ལས། དེར་འགྲོ་ལམ་སྟེགས་བརྒྱད་དང་ལྡན། །རྟ་བབས་བརྒྱད་དུ་འགྱུར་བ་ཡིན། །ཞེས་དང་། འགྲེལ་ཆུང་ལས། ཉན་ཐོས་རང་རྒྱལ་བྱང་ཆུབ་དང་། །བྱ་བ་རྒྱུད་དང་གཉིས་ཀ་རྒྱུད། །རྣལ་འབྱོར་བསྐྱེད་དང་རྫོགས་པ་ཡི། །རྣམ་ཐར་བརྒྱད་ཕྱིར་རྟ་བབས་བརྒྱད། །ཅེས་སོ། །འབྲས་བུའི་རྟ་བབས་ནི། ཐེག་པ་བརྒྱད་ཀྱི་གྲུབ་མཐའི་ཡོན་ཏན་བརྒྱད་རྫོགས་པའི་རྟགས་སུ་སྒོ་ལོགས་ཀྱི་ཟུར་བཞི་ནས་ཀ་བས་བཏེགས་པའི་སྟེང་དུ་རྒྱན་གྱི་རྟ་བབས་བརྒྱད་དང་ལྡན་པ་སྟེ། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། དེ་ཡི་གྲུབ་པའི་མཐའ་རྫོགས་པའི། །ཡོན་ཏན་བརྒྱད་ཕྱིར་རྟ་རྐང་དང་། །ཆུ་སྐྱེས་སྒྲོམ་དང་ཟ་ར་ཚགས། །སྣ་འཕྱོང་ཆུན་འཕྱང་ཤར་བུ་དང་། །ཁྱུང་མགོ་མཛེས་པས་རིམ་པར་འཁྲིགས། །ཞེས་སོ། དེའང་རྒྱན་དང་ལྡན་པ་ཡིན་ཏེ། སྒོ་ཁང་དང་སྒོའི་བསིལ་ཁང་གི་མུན་པ་སེལ་བྱེད་གླང་རྒྱབ་མིག་གསུམ་ལ་སོགས་པའི་རྒྱན་དུ་མས་སྤྲས་པའོ་གསུངས། བཅུ་པ་གནས་ཀྱི་མཚན་ཉིད་ནི། ཕྱི་དང་ནང་མེད་པ་ཀུན་ཏུའང་ནང་དུ་གྱུར་པ་ན། ཞེས་པས་བསྟན། དེའི་དོན་ནི། གཞལ་ཡས་ཁང་དེའི་མཚན་ཉིད་ནི་ཆོས་ཀྱི་དབྱིངས་རྡོ་རྗེ་ཀུན་ཏུ་བཟང་མོའི་བྷ་ག་ཉིད་དུ་འདུས་པས་ན་ཐ་སྙད་དུའང་ཀུན་ཏུ་ནང་ཞེས་བརྗོད་པ་ཡིན་ཏེ། རང་བྱུང་ཡེ་ཤེས་ལ་ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་གཉིས་སུ་མེད་པའི་ཤེས་བྱའི་དཀྱིལ་འཁོར་ཀུན་ཀྱང་རང་བྱུང་གི་ཡེ་ཤེས་སུ་གསལ་བ་ལས་གཞན་མ་དམིགས་པའི་ཕྱིར་ཏེ། འགྲེལ་ཆུང་ལས། གནས་མཆོག་མཚན་ཉིད་བརྗོད་པ་ནི། །གཞལ་ཡས་ཕྱི་ནང་ཆོས་དབྱིངས་ནང་། །བྷ་ག་ཉིད་དུ་བསྡུས་པས་ན། །ཀུན་ཏུ་ནང་ཞེས་བརྗོད་པ་ཡིན། །ཞེས་སོ། །དེ་ལྟར་ན་ཆོས་ཀྱི་དབྱིངས་དེའི་ངང་ལས་ཡེ་ཤེས་ཀྱི་འཕྲུལ་པར་སྣང་བའི་གཞལ་ཡས་ཁང་རྒྱན་དང་བཅས་པ་ཐམས་ཅད་ཀྱང་། ཤེལ་གྱི་སྦུ་གུར་རིན་པོ་ཆེ་སྣ་ཚོགས་བཅུག་པ་ལྟར་མི་སྒྲིབ་པར་གསལ་བའི་རང་བཞིན་ཅན་ཏེ། འདི་ཉིད་ལས། ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ་ན། ཞེས་བཤད་པ་ཡིན་གསུངས། བཅུ་གཅིག་པ་གདན་ཁྲིའི་དོན་ནི། མི་འཇིགས་པ་སེང་གེའི་ཁྲི་དང་སོགས་ནས། གོས་པ་མེད་པ་པདྨ་རིན་པོ་ཆེའི་གདན་ལ། ཞེས་པའི་བར་གྱིས་བསྟན། དེའི་དོན་བཤད་ན་གསུམ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན། སའི་ཁྱད་པར་བགྲོད་པའི་གདན། ཡོན་ཏན་གྱི་ཆེ་བས་ཉེས་ཚོགས་བཅོམ་པའི་གདན་དང་གསུམ་ལས། དང་པོ་ནི། སྔར་བཤད་པའི་འོག་གཞིའི་གདན་ཏེ་རིགས་ལྔ་ཡེ་ཤེས་ལྔའི་ཕྱག་རྒྱས་རྟོག་ཚོགས་གཅོད་པའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའི་རྟགས་སུ་རང་སྣང་བ་དེ་ཡིན་གསུངས། གཉིས་པ་སའི་ཁྱད་པར་བགྲོད་པའི་གདན་ནི། ཡོན་ཏན་གྱི་རྟགས་སུ་སེང་གེ་ལ་སོགས་པའི་སེམས་ཅན་ལྔ་པོ་རེ་རེའང་བརྒྱད་བརྒྱད་ཀྱིས་གདན་ཁྲི་དང་ལྡན་པའི་ཕྱིར་ཏེ། རང་བྱུང་གི་ཡེ་ཤེས་རྟོགས་པའི་རིག་པ་ལ་འབྲས་བུའི་ཆོས་མི་འཇིགས་པ་བཞི་སོགས་ལྷུན་གྱིས་གྲུབ་པས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བསྟན་ཅིང་ངེས་པར་བྱས་པའི་རྟགས་སུ་དེ་ལྟར་སྣང་བ་ཡིན་ཏེ། དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་བཅོམ། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །སྐུ་ནི་སྟོབས་བཅུས་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་པོའི་གསུངས། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་ཕྲིན་ལས་བཞི་ཡིས་ཐོགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་ཤང་ཤང་ཁྲི་ལ་བཞུགས། །ཞེས་སོ། །དེ་ལ་མི་འཇིགས་པ་བཞི་ནི། ཇི་ལྟ་ཇི་སྙེད་པའི་ཆོས་མ་ལུས་པ་མངོན་སུམ་དུ་རྟོགས་པའི་ཚུལ་གྱིས་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཞལ་གྱིས་བཞེས་པ་ལ་མི་འཇིགས་པ་དང་། ཐར་པ་ཐོབ་པ་ལ་སྒྲིབ་པ་འགོག་དགོས་སོ་ཞེས་བར་དུ་གཅོད་པའི་ཆོས་སྟོན་པ་ལ་མི་འཇིགས་པ་དང་། ངེས་འབྱུང་གི་ཐེག་པ་གསུམ་གྱི་ལམ་སྟོན་པ་ལ་མི་འཇིགས་པ་དང་། སྤང་བྱ་སྤངས་པའི་འགོག་པ་ཐོབ་པ་ལ་མི་འཇིགས་པ་སྟེ། རྒྱུད་བླ་མ་ལས། ཆོས་ཀུན་རྫོགས་པར་བྱང་ཆུབ་དང་། །གེགས་ནི་འགོག་པར་བྱེད་པ་དང་། །ལམ་སྟོན་པ་དང་འགོག་སྟོན་ལ། །མི་འཇིགས་པ་ནི་རྣམ་པ་བཞི། །ཞེས་སོ། །སྟོབས་བཅུ་ནི། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས། འཇིག་རྟེན་གྱི་ཁམས་དུ་མ་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས། སྔོན་གྱི་གནས་མཁྱེན་པའི་སྟོབས། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་ཏེ། རྒྱུད་བླ་མ་ལས། གནས་དང་གནས་མིན་ལས་རྣམས་ཀྱིས། །རྣམ་པར་སྨིན་དང་དབང་པོ་དང་། །ཁམས་རྣམས་དང་ནི་མོས་པ་དང་། །ཀུན་འགྲོའི་ལམ་དང་བསམ་གཏན་སོགས། །ཉོན་མོངས་དྲི་མ་མེད་པ་དང་། །གནས་ནི་རྗེས་སུ་དྲན་པ་དང་། །ལྷ་མི་མིག་དང་ཞི་བ་དག །མཁྱེན་པའི་སྟོབས་ནི་རྣམ་པ་བཅུ། །ཞེས་སོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་དང་བརྩོན་འགྲུས་སེམས་དང་ནི། །དཔྱོད་པའི་ཏིང་འཛིན་སྤོང་བ་ཡིས། །འདུ་བྱེད་རྣམས་ནི་རྐང་པ་བཞི། །ཞེས་སོ། །དབང་བཅུ་ནི། ཡོ་བྱད་སྐྱེ་བ་ཚེ་ལ་དབང་། །ཡེ་ཤེས་ཆོས་དང་སེམས་དང་ལས། །རྫུ་འཕྲུལ་སྨོན་ལམ་མོས་རྣམས་ཀྱིས། །ཁམས་སུམ་ཀུན་གྱི་དབང་ཕྱུག་རྒྱལ། །ཞེས་སོ། །ཕྲིན་ལས་བཞི་ནི། ཞི་རྒྱས་དབང་དྲག་ལས་རྣམས་ཀྱིས། །ཐོགས་མེད་ལས་རྣམས་ལྷུན་གྱིས་གྲུབ། །ཞེས་སོ། །འོ་ན་སེམས་ཅན་གྱི་གདན་དེ་དག་ཐུགས་རིག་པ་རང་སྣང་བར་འདོད་པ་ཅི་ཡིན་ཞེ་ན། དཔེར་ན་རྟ་བཟང་པོ་གཅིག་རང་གི་བསོད་ནམས་ཀྱིས་གྲུབ་པ་དང་གཞན་གྱི་དད་པས་ཕུལ་པ་གཉིས་རྟ་གཅིག་གི་སྟེང་དུ་མཚུངས་པ་ལྟར། སངས་རྒྱས་ལ་མི་འཇིགས་པ་བཞི་སོགས་ལྷུན་གྱིས་གྲུབ་པའི་རྟགས་སུ་སྣང་བ་དང་། བྱང་སེམས་སྨོན་ལམ་གྱི་རང་དབང་ཅན་རྣམས་ཀྱིས་སེངྒེ་ལ་སོགས་པར་སྤྲུལ་ཏེ་གུས་པས་ལུས་གདན་དུ་ཕུལ་ཏེ་རྣ་བས་ཆོས་ཉན་པའི་ཕྱིར་མི་འགལ་ལོ་གསུངས་ཏེ། རྒྱ་མཚོ་ལས། བྱང་ཆུབ་སེམས་དཔའ་སྨོན་ལམ་དབང་། །ཐོས་པ་རྒྱ་མཚོ་བསགས་པའི་ཕྱིར། །ལུས་ནི་སེང་གེའི་གདན་དུ་ཕུལ། །ཞེས་སོ། །གདན་དེ་རྣམས་ལ་སའི་ཁྱད་པར་བགྲོད་པའི་གདན་ཞེས་བརྗོད་པ་ནི། ཐེག་པ་བརྒྱད་ལ་བགྲོད་ནས་འབྲས་བུའི་ཡོན་ཏན་ཐུགས་སུ་ཆུད་པའི་རྟགས་སུ་སེང་གེ་ལ་སོགས་པ་རེ་རེའང་བརྒྱད་བརྒྱད་མཇུག་མ་ནང་དུ་བསྣོལ་ནས་རིན་པོ་ཆེའི་ཁྲི་རྐང་འདེགས་པས་སོ་གསུངས། གསུམ་པ་ཡོན་ཏན་གྱི་ཆེ་བས་ཉེས་ཚོགས་བཅོམ་པའི་གདན་ནི། རྒྱལ་བའི་ཐུགས་རང་བཞིན་གྱི་འོད་གསལ་ཞིང་ཐབས་ཤེས་དབྱེར་མེད་པའི་རྟགས་སུ་ཉི་ཟླའི་གདན་དང་། པདྨ་འདམ་ལས་སྐྱེས་ཀྱང་ཉེས་སྐྱོན་གྱིས་མ་གོས་པ་ལྟར་མཐའི་སྐྱོན་གྱིས་གོས་པ་མེད་པའི་རྟགས་སུ་པདྨའི་གདན་དང་། རེ་བ་ཡིད་བཞིན་དུ་སྐོང་ཞིང་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པའི་རྟགས་སུ་རིན་པོ་ཆེ་ཁྲི་རྐང་མཛོད་མིག་བདུན་ལྡན་རྣམས་སུ་ཤར་བ་ཡིན་ནོ་གསུངས། གདན་དེ་རྣམས་ཀྱི་བརྩེགས་ལུགས་ཀྱང་། སྐྱེས་བུ་ལྔ་ལ་ལྔ་བརྩེགས་དང་། །སེམས་དཔའ་ལ་ནི་སུམ་བརྩེགས་སོ། །ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། །ཀུན་བཟང་ཡབ་ཡུམ་བཞི་བརྩེགས་སོ། །ཞེས་གསུངས། འོན་ཀྱང་དཀྱིལ་འཁོར་ལ་འགོད་པའི་ཚེ་དེ་ལྟར་ཡིན་གྱི། འདིར་ཆོས་འཆད་པའི་ཚེ་ན་ཀུན་བཟང་ལ་གདན་ལྔ་བརྩེགས་སྤྱན་འགྲེལ་ལས་གསུངས་སོ། །ཡང་ཟླ་བ་སྟེང་དུ་འོང་བའི་རྒྱུ་མཚན་ཡང་། སྤྱན་འགྲེལ་ལས། གཙོ་བོ་ནི་ཤེས་རབ་ལ་སྤྱོད་པའི་ཕྱིར། ནང་གི་ཆུ་སྐྱེས་ཀྱི་ལྟེ་བའི་ཉི་མ་ཟླ་བ་ལ་བརྟེན་པའི་ཕྱིར་རི་བོང་ཅན་སྟེང་ན་གནས་སོ་ཞེས་གསུངས་སོ། །ཟླ་བ་སྟེང་དུ་འོང་བ་གཙོ་འཁོར་ཐབས་སྣང་བ་འགགས་པ་མེད་པ་མཚོན་པའི་བརྡ་དང་། ལྟེ་བའི་ཨ་ཐུང་གི་སྟེང་དུ་སྤྱི་བོའི་ཧཾ་ཡིག་གམ་སྙིང་གའི་སྲོག་མི་ཤིགས་པའི་ཐིག་ལེ་གནས་པའི་ཕྱིར་ཡང་དེ་ལྟར་དུ་བཤད་པ་ཡིན་གསུངས་སོ། །ལྔ་པ་འཁོར་ཕུན་སུམ་ཚོགས་པ་ལ། རང་བཞིན་གཉིས་སུ་མེད་པའི་འཁོར་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་གཉིས་ལས། དང་པོ་ལའང་རིགས་ཀྱི་ཡབ་ལྔ་དང་། ཡུམ་ལྔ་ལས། དང་པོ་རིགས་ཀྱི་ཡབ་ལྔ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་སོགས་ནས། འདུ་བྱེད་ཀྱི་རྒྱལ་པོ་དང་། ཞེས་པའི་བར་གྱིས་བསྟན། དེའི་དོན་ལ་གསུམ་སྟེ། རྟོག་པ་བཤད་པ། དེ་ལྷར་དག་ཚུལ་བཤད་པ། དེའི་རིགས་ཀྱིི་དབྱེ་བ་བཤད་པ་དང་གསུམ་ལས། དང་པོ་ནི། རྒྱུད་ཕྱི་མ་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་ཉིད། །ཕུང་པོ་ལྔ་ཞེས་རབ་ཏུ་བརྗོད། །ཅེས་གསུངས་པ་ལྟར་ཕུང་པོ་ལྔ་ལས། དང་པོ་རྣམ་པར་ཤེས་པའི་ཕུང་པོ་ནི། སྤྱིར་ཕུང་པོ་ཞེས་པ་མངོན་པ་ལས། དུ་མ་སྤུངས་པ་ཕུང་པོའི་མཚན་ཉིད། ཅེས་གསུངས་པ་ལྟར་དཔེར་ན་ནས་འབྲུ་མང་པོ་སྤུངས་པ་ལ་ནས་ཕུང་ཞེས་བརྗོད་པ་དང་གནད་གཅིག་གསུངས། དེ་ལ་རྣམ་པར་ཤེས་པ་ནི་ཡུལ་རྣམ་པར་རེག་པའི་མཚན་ཉིད་ཅན་གྱི་ཚོགས་བརྒྱད་དེ། ཀུན་གཞི། ཉོན་ཡིད། ཡིད། སྒོ་ལྔའི་རྣམ་པར་ཤེས་པ་རྣམས་ཏེ་རྣམ་ཤེས་ཀྱི་ཕུང་པོར་བཞག །གཟུགས་ཀྱི་ཕུང་པོ་ནི། གཟུགས་སུ་རུང་བའི་མཚན་ཉིད་ཅན་གྱི་གཟུགས་བཅོ་ལྔ་ཡོད་དེ། རྒྱུའི་གཟུགས་འབྱུང་བ་བཞི་དང་། འབྲས་བུའི་གཟུགས་ནི་མཛོད་ལས། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་པ་ལྟར་བཅུ་གཅིག་སྟེ་བཅོ་ལྔ་ནི་གཟུགས་ཀྱི་ཕུང་པོའོ། །ཚོར་བའི་ཕུང་པོ་ནི། ཉམས་སུ་མྱོང་བའི་མཚན་ཉིད་ཅན་གྱི་ཚོར་བ་བདེ་སྡུག་བར་མ་གསུམ་རྣམས་སོ། །འདུ་ཤེས་ཀྱི་ཕུང་པོ་ནི། ཡུལ་ལ་མཚན་མར་འཛིན་པའི་མཚན་ཉིད་ཅན་གྱི་འདུ་ཤེས་རྒྱ་ཆེ་ཆུང་ཚད་མེད་པ་མཚན་མ་དང་བཅས་པ་མཚན་མ་མེད་པ་དང་ལྔའོ། །འདུ་བྱེད་ཀྱི་ཕུང་པོ་ནི། མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་གྱི་སེམས་པ་སྟེ་སེམས་བྱུང་ལྔ་བཅུ་རྩ་གཅིག་ཡོད་དེ། བསྡོམས་སུ་སྟོན་ན། ཚོར་འདུ་སེམས་པ་རེག་ཡིད་བྱེད། །འདི་དག་ཀུན་འགྲོ་ལྔ་ཡིན་ནོ། །འདུན་མོས་དྲན་ཏིང་ཤེས་རབ་སྟེ། །འདི་དག་ཡུལ་ངེས་ལྔ་ཡིན་ནོ། །དད་དང་བག་ཡོད་ཤིན་ཏུ་སྦྱངས། འདོད་ཆགས་ཞེ་སྡང་གཏི་མུག་མེད། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྣམ་པར་མི་འཚེ་བརྩོན་འགྲུས་ཏེ། །འདི་དག་དགེ་བ་བཅུ་གཅིག་གོ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང་། །མ་རིག་ཐེ་ཚོམ་ལྟ་བ་སྟེ། །དྲུག་པོ་རྩ་བའི་ཉོན་མོངས་ཡིན། །ཁྲོ་དང་འཁོན་འཛིན་འཆབ་དང་འཚིག །ཕྲག་དོག་སེར་སྣ་སྒྱུ་དང་གཡོ། །རྒྱགས་དང་རྣམ་འཚེ་ངོ་ཚ་མེད། །ཁྲེལ་མེད་དམུ་རྒོད་མ་དད་དང་། །ལེ་ལོ་བག་མེད་བརྗེད་ངེས་དང་། །ཤེས་བཞིན་མ་ཡིན་རྣམ་གཡེང་སྟེ། །འདི་དག་ཉེ་ཉོན་ཉི་ཤུའོ། །གཉིད་འགྱོད་རྟོག་དཔྱོད་གཞན་འགྱུར་བཞི། །ཞེས་པ་སྟེ་ལྔ་བཅུ་རྩ་གཅིག་ལས། ཚོར་བ་དང་འདུ་ཤེས་གཉིས་ཕྲི་བའི་ལྷག་མ་བཞི་བཅུ་རྩ་དགུ་ནི་འདུ་བྱེད་ཀྱི་ཕུང་པོར་འཇོག་པའོ་གསུངས། གཞུང་གཞན་རྣམས་སུ་ཕུང་པོའི་གོ་རིམ་དང་པོར་གཟུགས་ཕུང་སྨོས་ལ། འདིར་རྣམ་ཤེས་དང་པོར་སྨོས་པ་ཅི་ཡིན་ཞེ་ན། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱང་སེམས་ཀྱི་རོལ་རྩལ་ཙམ་ལས་གཞན་མ་ཡིན་པས་སོ་གསུངས། གཉིས་པ་དེ་དག་ལྷར་དག་ཚུལ་བཤད་པ་ལ། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ་གཉིས་ལས། དང་པོ་ནི་རྗེ་འཁོན་སྟོན་ན་རེ། འདིའི་སྐབས་ཀྱི་རྣམ་ཤེས་ནི་ཚོགས་བརྒྱད་མ་ཡིན་ཏེ། སྒོ་ལྔའི་རྣམ་ཤེས་སོ། །གལ་ཏེ་ཚོ གས་བརྒྱད་དུ་འདོད་ན། །མི་བསྐྱོད་པའི་རྒྱུད་ལ་ཀུན་གཞི་ཡོད་པས་དགྲ་བཅོམ་པ་མ་ཡིན་པར་ཐལ་བ་དང་། ཉོན་ཡིད་ཡོད་པས་སྒྲིབ་གཉིས་སྤངས་པའི་གང་ཟག་མ་ཡིན་པར་ཐལ་བའི་སྐྱོན་ཡོད་དོ་གསུངས་ནའང་། ཐུན་མོང་གི་གཞུང་དང་བསྟུན་པར་ཟད་ཀྱི། འདིར་ནི་ཤིན་ཏུ་མི་རིགས་ཏེ། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཞེས་དང་། རྒྱ་ཆེར་འགྲེལ་ལས། རྣམ་པར་ཤེས་པའི་རྒྱལ་པོ་ནི། དཔལ་རྡོ་རྗེ་སེམས་དཔའ་ཀུན་གཞི་རྣམ་པར་དག་པའོ། །དེ་ཡང་ཡོངས་སུ་མ་དག་པའི་དུས་ན་ནི་འཁོར་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ལ། ཡོངས་སུ་དག་པའི་དུས་ན་ནི་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྩ་བའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་ཐེག་པ་འདིའི་ལུགས་ཀྱི་ཀུན་གཞི་ཉིད་ཆོས་དབྱིངས་ཡེ་ཤེས་སུ་ཡེ་ནས་དག་པས་སྤང་གཉེན་དུ་མི་འདོད་དེ། འཆིང་གྲོལ་ལས་འདས་པའི་ཕྱིར་རོ་གསུངས། གཉིས་པ་རང་ལུགས་བཞག་པ་ནི། རྟོག་ཚོགས་ཕུང་པོ་ལྔ་ཡི་རང་བཞིན་ཡེ་ཇི་བཞིན་པའི་རིགས་ལྔ་ཡིན་པ་ལས་ཁྱད་པར་དུ་རྒྱུད་དག་པའི་སངས་རྒྱས་ལྔའི་འབྲས་བུ་མངོན་དུ་བྱས་ཏེ་མཐར་ཕྱིན་པར་གྱུར་པའི་ཕྱིར་རོ། །དེ་ལྟ་བུའི་རྟོག་པ་ལ་ཐུགས་རང་རིག་པའི་ཡེ་ཤེས་ཀྱིས་རང་དབང་བསྒྱུར་ཞིང་། ཟག་མེད་ཀྱི་ཆོས་ལ་མངའ་བརྙེས་པས་བདེ་བ་ཆེན་པོར་ལོངས་སྤྱོད་པས་ན་རྒྱལ་པོ་ཞེས་བྱའོ། །གཞུང་འདིར་ལྷའི་མཚན་ནས་མི་སྨོས་པར་རྟོག་པའི་མཚན་ནས་སྨོས་པ་ཅི་ཡིན་ཞེ་ན། མ་དག་པ་འཁོར་བའི་གནས་སྐབས་སུའང་རྟོག་ཚོགས་རྣམས་རང་བཞིན་གྱིས་རྣམ་པར་དག་པ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྫོགས་པར་གསང་སྔགས་ཀྱི་རྒྱུད་རྣམས་སུ་གསུངས་པ་མ་ཟད། ངེས་དོན་གྱི་མདོ་སྡེ་ཟབ་མོ་རྣམས་ལས་ཀྱང་འབྱུང་སྟེ། འདི་ལྟར་སྡོང་པོ་བཀོད་པ་ལས། གཟུགས་དང་ཚོར་དང་འདུ་ཤེས་དང་། །རྣམ་པར་ཤེས་དང་འདུ་བྱེད་ནི། །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས་སོ། །དེས་ན་རང་བཞིན་ཤེས་བྱའི་གཤིས་ལ་རྟོག་པ་དང་ལྷ་གཉིས་སྣང་ན་སྣང་མཉམ། སྟོང་ན་སྟོང་མཉམ། བཟང་ངན་མེད་པར་མཉམ་པའི་ཕྱིར་དང་། ཐུན་མིན་གྱི་ཐེག་པ་འདིར་ལམ་པས་ལྷ་རྟོག་དབྱེར་མེད་དུ་ངོས་ཟིན་པར་བྱ་བའི་ཕྱིར་དང་། འབྲས་བུ་མཐར་ཕྱིན་པའི་དུས་ན་རྟོག་པ་ཉིད་མ་སྤང་མ་བསྒྱུར་བར་ལྷའི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར་སྨོས་པའོ། །རྟོག་ཚོགས་ལྷར་སྣང་བའི་འཐད་པ་དེ་གང་ཡིན་ཞེ་ན། དེ་ལ་གཉིས་ཏེ། ཕྱི་རོལ་གྱི་དོན་ཡོད་པའི་དབང་དུ་བྱས་པ་དང་། ཤེས་བྱ་ནང་གི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། རྟོག་པའི་རང་བཞིན་ལྷར་སྣང་བ་དེ་ཡེ་ནས་ཡིན་པ་ཉིད་ལམ་རྐྱེན་དང་འཕྲད་པས་ལྷར་སྣང་རུང་མ་འགག་པའི་ཕྱིར་ཏེ། དཔེར་ན་དངུལ་ཆུས་བསྡུས་པའི་གསེར་ཕྱེ་ཉིད་དངུལ་གྱི་གོང་བུ་ལྟར་སྣང་ཡང་མེའི་རྐྱེན་དང་འཕྲད་ན་གསེར་དུ་འགྱུར་ཞིང་། མ་འཕྲད་ན་མི་འགྱུར་བ་བཞིན་ནོ། །དེ་ལྟར་ཡང་སྒྱུ་འཕྲུལ་རྟོག་པའི་དྲྭ་བ་རྣམ་པར་གསལ་བའི་རྒྱུད་ཕྱི་མ་ལས། གསོལ་བ། བཅོམ་ལྡན་འདས་རྣལ་འབྱོར་པ་འདི་དག་རྒྱུ་ཅི་ལྟ་བུ་ཞིག་ལས་བསྒྲུབ་པར་བགྱི་བ་ལགས། བཀའ་སྩལ་པ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། འབྱུང་བ་ལ་སོགས་པའོ། །གསོལ་པ། འོ་ན་རྒྱུ་ལས་ཀྱང་འབྲས་བུའི་སྣང་བ་བསྐྱེད་པར་འགྱུར་བ་ལགས། ཇི་སྐད་གསུངས། བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ཏེ། རྒྱུ་ལས་འབྲས་བུའི་ཤེས་རབ་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཕུང་པོ་ལ་སོགས་པ་གང་དག་སྒྱུ་མའི་ཕྱག་རྒྱ་བཞི་བཅུར་སྣང་བ་དང་། དོན་དམ་པར་ནི་དོན་དམ་རྩེ་གཅིག་པར་སྣང་བའི་ཕྱིར་རོ། །དེ་སྐད་ཅེས་སྨྲའོ། །གསོལ་བ་བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན་དེ་ཉིད་ནི་དེ་མ་ཡིན་པའི་ཕྱིར། སྒྲུབ་པར་བྱ་བ་དང་ཡང་འགལ་བའི་ཕྱིར་རོ། །བཀའ་སྩལ་པ། ཇི་སྙམ་དུ་སེམས། དཔེར་ན་རྐྱེན་གྱི་འབྲེལ་བ་དང་མ་འཕྲད་པའི་འབྲས་བུ་སྐྱེ་བའི་རྒྱུ་ཡོད་ཀྱང་མངོན་དུ་འབྱིན་པའི་ནུས་པ་མེད་པ་བཞིན་དུ། བྱང་ཆུབ་ཀྱི་རྒྱུ་ཡོད་ཀྱང་རྐྱེན་ཏིང་ངེ་འཛིན་དང་མ་འཕྲད་པའི་ཕྱིར་འབྲས་བུ་འབྱིན་པའི་ནུས་པ་མེད་པས་ན་དེ་ལྟར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཤེས་བྱ་ནང་གི་དབང་དུ་བྱས་པ་ནི། རྟོག་པའི་རང་བཞིན་ལྷར་སྣང་བ་ཡིན་ཏེ། དེ་དང་དེ་ཆོས་མཐུན་པས་རྣམ་ཤེས་ནི་ཐུགས་ཀྱི་བདག་ཉིད། གཟུགས་ནི་སྐུའི་བདག་ཉིད། ཚོར་བ་ནི་ཡུལ་ལ་ལོངས་སྤྱོད་དུ་བལྟ་བའི་གཞི་ཡིན་པའི་ཕྱིར་ཡོན་ཏན་གྱི་བདག་ཉིད། འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་ཕྱི་ནང་གི་ཆོས་རྣམས་ཐ་སྙད་དུ་འདོགས་པའི་ལས་ཀྱི་བརྡ་སྤྲོད་པའི་ཕྱིར་དང་། འདུ་བྱེད་ནི་བྱ་བ་བྱེད་པ་ལས་ཀྱི་བདག་ཉིད་ཡིན་པའི་ཕྱིར་ཏེ། དེ་ལྟར་ཡང་རྒྱུད་གཞན་ལས། གཟུགས་ནི་རྣམ་པར་སྣང་མཛད་ཉིད། །ཚོར་བ་རིན་ཆེན་འབྱུང་གནས་ལ། །འདུ་ཤེས་སྣང་བ་མཐའ་ཡས་ཏེ། །འདུ་བྱེད་དོན་ཡོད་གྲུབ་པ་ཉིད། །རྣམ་པར་ཤེས་པ་མི་བསྐྱོད་པ། །ཞེས་སོ། །ཡང་ཁོ་ན་རེ། རྒྱུད་ཕྱི་མ་ལས། ཚུལ་ཁྲིམས་ལ་སོགས་ཕུང་པོ་ལྔ། །ཟག་མེད་རྣམས་ནི་གཞན་ཡིན་ནོ། །ཞེས་ཉེར་ལེན་གྱི་ཕུང་པོ་ལྔ་གནས་གྱུར་པའི་ཟག་མེད་ཀྱི་ཕུང་པོ་ལྔ་གསུངས་པ་དང་ཡང་ཆོས་མཐུན་བརྩིར་ཡོད་དམ་ཞེ་ན། ཡོད་དེ་རྣམ་ཤེས་གནས་གྱུར་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ནི་ཐུགས་ཀྱི་བདག་ཉིད་ཡིན་པ་དང་། དེ་བཞིན་དུ་གཟུགས་གནས་གྱུར་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་དྲི་མ་མེད་པའི་སྐུ་དང་། ཚོར་བ་གནས་གྱུར་ཏིང་ངེ་འཛིན་ནི་ཡོན་ཏན་གྱི་གཞིར་གྱུར་པའི་ཡོན་ཏན་དང་། འདུ་ཤེས་གནས་གྱུར་ཤེས་རབ་ནི་ལུང་རྟོགས་ཀྱི་ཆོས་ཀྱི་གཞིར་གྱུར་པའི་ཕྱིར་གསུངས། འདུ་བྱེད་གནས་གྱུར་རྣམ་པར་གྲོལ་བའི་ཕུང་པོ་ནི་མཛད་པ་ཡོངས་སུ་རྫོགས་པའི་བདག་ཉིད་དང་གཞིར་གྱུར་པའི་ཕྱིར་ཕྲིན་ལས་ཏེ། ལུང་ལས། གཟུགས་ཀྱི་ཕུང་པོ་གནས་གྱུར་ཚུལ་ཁྲིམས་སྐུ། །ཚོར་བ་གནས་གྱུར་ཏིང་འཛིན་འབུམ་ཕྲག་བརྙེས། །འདུ་ཤེས་གནས་གྱུར་ཤེས་རབ་ཕུང་པོ་སྟེ། །འདུ་བྱེད་གནས་གྱུར་རྣམ་པར་གྲོལ་བའོ། །སེམས་གྱུར་ཡེ་ཤེས་དེ་ནི་རྣམ་གྲོལ་མཐོང་། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་ཁོ་ན་རེ། རྣམ་ཤེས་ལྷར་དག་པའི་ཚེ་མིག་གི་རྣམ་ཤེས་ཀྱང་མི་བསྐྱོད་པར་དག་གམ་མ་དག །གཉིས་པ་ལྟར་ན་སྤྱི་བྱེ་བྲག་དག་མི་གཅིག་པར་འགྱུར་ཏེ། དག་མ་དག་འགལ་བའི་ཆོས་ཅན་ཡིན་པའི་ཕྱིར། དང་པོ་ལྟར་ན། མིག་གི་རྣམ་ཤེས་ས་སྙིང་དུ་དག་པར་གསུངས་པ་མི་འཐད་པར་ཐལ། དེ་ལས་དག་པ་གཞན་དུ་བརྗོད་དུ་མེད་པའི་ཕྱིར། འདོད་མི་ནུས་ཏེ། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། ཞེས་སོགས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ལྟོས་ས་ཐ་དད་ལ་ལྟོས་ནས་རྣམ་ཤེས་ཀྱི་ཕུང་པོ་སྤྱི་བྱེ་བྲག་གཉིས་གཙོ་འཁོར་དུ་དག་པ་ཡིན་ཏེ། ཐ་མལ་གྱི་རྣམ་རྟོག་རིལ་པོར་གཅིག་ཏུ་ཞེན་པའི་གཉེན་པོར་བྱེ་བྲག་ས་སྙིང་སོགས་སུ་དག་ཚུལ་སྨོས་ནས། ལྷར་ཐ་དད་དུ་ཞེན་པའི་གཉེན་པོར་སྤྱིར་མི་བསྐྱོད་པར་དག་ཚུལ་སྨོས་པའི་ཕྱིར་ཏེ། འདི་ཉིད་ལས། ཐ་དད་མིན་ལས་ཐ་དད་པའི། །ནང་དང་ནང་གི་ཕྱི་རོལ་གྱི། །དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ། །འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་དེའི་རིགས་ཀྱི་དབྱེ་བ་བཤད་པ་ལ། གཞན་ལུགས་དགག་པ། རང་ལུགས་བཞག་པ། ཞར་བྱུང་རིགས་ཀྱི་མཚན་མའི་སྐུ་མདོག་བསྟན་པ་དང་གསུམ་ལས། དང་པོ་ལ། འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས་ལས། དང་པོ་ནི། ཁོ་ན་རེ། རྣམ་པར་ཤེས་པའི་རྒྱལ་པོ་ཆོས་ཅན། ཁྱོད་ལྷའི་དུས་ན་མི་བསྐྱོད་པ་མ་ཡིན་ཏེ། རྣམ་ཤེས་ཐུགས་ཀྱི་བདག་ཉིད་རྣམ་སྣང་ཡིན་པའི་ཕྱིར། དབུས་སུ་རིགས་རྟགས་མཚོན་བྱེད་ཀྱི་གདན་འཁོར་ལོ་དང་སེང་གེ། ཡུམ་དབྱིངས་ཕྱུག་མ། ཆོས་དབྱིངས་ཡེ་ཤེས་རྣམས་བྱུང་བའི་ཕྱིར་དང་། ཁྲོ་བོའི་སྐབས་སུའང་བུདྡྷ་ཧེ་རུ་ཀའི་སྐུ་མདོག་དང་སྔགས་ཐོག་མར་སྨོས་པའི་ཕྱིར་ཟེར། གཉིས་པ་དེ་དགག་པ་ནི། དེ་ལྟར་རིགས་པ་མ་ཡིན་ཏེ་ཐུན་མོང་མ་ཡིན་པའི་ལུང་རིག་མན་ངག་གསུམ་དང་འགལ་བའི་ཕྱིར། ལུང་དང་འགལ་ཏེ་སྒྱུ་འཕྲུལ་བླ་མ་ལས། གཟུགས་ལ་རྣམ་པར་སྣང་མཛད་དེ། །ཞེས་དང་། རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །ཞེས་གསུངས་པའི་ཕྱིར། མན་ངག་དང་འགལ་ཏེ། རྡོ་རྗེ་ལས་རིམ་ལས། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །མི་བསྐྱོད་ཡབ་ཡུམ་རང་བཞིན་ལས། །ཞེས་དང་། ཉི་འོད་སེང་གེས། ཀུན་གཞི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་མི་བསྐྱོད་པ་ལ་རྣམ་པར་ཤེས་པའི་རྒྱལ་པོ་ཞེས་གནས་སྐབས་འདིར་བྱའོ་ཞེས་གསུངས་པའི་ཕྱིར། རིག་པས་གནོད་དེ། རྣམ་པར་ཤེས་པའི་རྒྱལ་པོ་ཆོས་ཅན། ཁྱོད་རྣམ་སྣང་མ་ཡིན་པར་ཐལ། ཁྱོད་མི་བསྐྱོད་པ་ཡིན་པའི་ཕྱིར་ཏེ། རྣམ་ཤེས་དག་པ་ཐུགས་ཀྱི་བདག་ཉིད་ཡིན་པ་གང་ཞིག །དེ་རྡོ་རྗེའི་རིགས་མི་བསྐྱོད་པར་ངེས་པའི་ཕྱིར། དེ་ལྟར་ཡང་གླང་པོ་ཆེ་རབ་འབོགས་ཀྱི་རྒྱུད་ལས། དོན་དམ་པར་སེམས་ཅན་གྱི་རྣམ་པར་ཤེས་པ་གནས་སུ་དག་པ་དེ་བཞིན་གཤེགས་པའི་ཐུགས་ཀྱི་བདག་ཉིད་ཅེས་པ་ནས། བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པ། ཞེས་གསུངས་པའི་ཕྱིར། ཡུམ་ནམ་མཁའི་དབྱིངས་ཕྱུག་མ་ཆོས་ཅན། ཁྱོད་རྣམ་སྣང་གི་ཡུམ་མ་ཡིན་པར་ཐལ། ཁྱེད་རྣམ་ཤེས་ཀྱི་ཡུལ་ནམ་མཁའི་ཁམས་དང་སྦྱར་བའི་མི་བསྐྱོད་པའི་ཡུམ་དུ་ངེས་པའི་ཕྱིར་ཏེ། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །ཅེས་སོ། །ཆོས་དབྱིངས་ཡེ་ཤེས་ཆོས་ཅན། ཁྱོད་གཏི་མུག་དག་པ་སྐུའི་རིགས་དང་སྦྱོར་བ་མ་ཡིན་ཏེ། ཁྱོད་ཞེ་སྡང་དག་པ་ཐུགས་ཀྱི་རིགས་སུ་བཞེད་པའི་ཕྱིར་ཏེ། རྒྱ་ཆེར་འགྲེལ་ལས། ཞེ་སྡང་རྣམ་པར་དག་པའི་རང་བཞིན་རྣམ་པར་ཤེས་པའི་ཕུང་པོ་ཡོངས་སུ་དག་པ་ཐུགས་རྡོ་རྗེ་ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་མི་བསྐྱོད་པའི་དཀྱིལ་འཁོར། ཞེས་དང་། ཡེ་ཤེས་ཐིག་ལེའི་རྒྱུད་ལས་ཀྱང་། གཏི་མུག་མེ་ལོང་ཡེ་ཤེས་ཏེ། །ང་རྒྱལ་མཉམ་པ་ཉིད་དུ་དག །སོ་སོར་རྟོག་པ་འདོད་ཆགས་ཡིན། །བྱ་བ་གྲུབ་པ་ཕྲག་དོག་ཆེ། །ཞེ་སྡང་ཆོས་དབྱིངས་རྣམ་པར་དག །ཅེས་གསུངས་པའི་ཕྱིར་རོ། །ཁྲོ་བོའི་སྐབས་སུ་བུདྡྷ་ཧེ་རུ་ཀ་གཙོ་བོར་མ་གྲུབ་སྟེ། པཎ་གྲུབ་ཀྱི་མན་ངག་རྣམས་སུ་རྒྱུད་དཀྲུག་པ་བསྡེབས་ནས་གཙོ་བོར་བཛྲ་ཧེ་རུ་ཀ་ལ་བཞེད་པའི་ཕྱིར་རོ། །དེ་ཡང་རྒྱ་ཆེར་འགྲེལ་ལས། ཞི་བའི་དུས་སུ་མི་བསྐྱོད་པ་དང་པོར་སྨོས་ཤིང་གཙོ་བོར་བྱས་ལ། ཁྲོ་བོའི་སྐབས་སུ་ནི་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་བུདྡྷ་ཧེ་རུ་ཀ་དང་པོར་ཕྱུངས་ཤིང་གཙོ་བོར་སྨོས་པ་ཅིའི་ཕྱིར་ཞེ་ན། དེ་ནི་རྒྱུད་དཀྲུག་པ་ཡིན་ཏེ། དབང་ཕྱུག་མ་གཙོ་བོ་ལ་འཁྲིལ་བའི་གནས་སྐབས་ན་དེ་ཉིད་མངོན་པར་འགྱུར་ཏེ། འདི་ནི་རྡོ་རྗེ་ཁྲག་འཐུང་ཉིད་ལ་ཅི་ནས་ཀྱང་དོན་གྱིས་ཤེས་པར་བྱའོ། །ཞེས་དང་། འདིར་ཡང་རྣམ་པར་ཤེས་པའི་རང་བཞིན་ཞེ་སྡང་རྣམ་པར་དག་པའི་ངོ་བོ་མི་བསྐྱོད་པ་རྡོ་རྗེ་ཁྲག་འཐུང་དུ་མངོན་པར་འདུ་མཛད་པ་དེ་ལ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི། རྣམ་པར་ཤེས་པའི་རྒྱལ་པོ་ལ་སོགས་པ་དེ་བཞིན་གཤེགས་པ་རིགས་ལྔ་པོ་དེ་དག་གི་རིགས་དང་ཡེ་ཤེས་ཀྱི་དབྱེ་བ་ནི། དཀྱིལ་འཁོར་གྱི་གཙོ་བོ་མི་བསྐྱོད་པ་ནི་ཐུགས་རྡོ་རྗེའི་རིགས་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། རྣམ་སྣང་སྐུ་དེ་བཞིན་གཤེགས་པའི་རིགས་དང་མེ་ལོང་ལྟ་བུའི་ཡེ་ཤེས། རིན་འབྱུང་ནི་ཡོན་ཏན་རིན་པོ་ཆེའི་རིགས་དང་མཉམ་ཉིད་ཡེ་ཤེས། སྣང་མཐའ་ནི་པདྨའི་རིགས་དང་སོར་རྟོག་ཡེ་ཤེས། དོན་གྲུབ་ནི་ཕྲིན་ལས་ཀྱི་རིགས་དང་བྱ་བ་གྲུབ་པའི་ཡེ་ཤེས་སུ་ངེས་པའི་ཕྱིར་ཏེ། དེ་ལྟར་ཡང་རྡོ་རྗེ་བཀོད་པ་ལས། སྐུ་ནི་མ་བཅོས་དེ་བཞིན་ཉིད། །ཐུགས་ནི་མི་འགྱུར་རྡོ་རྗེའི་རིགས། །ཡོན་ཏན་ཀུན་འབྱུང་རིན་ཆེན་རིགས། །གསུང་ནི་ཆགས་མེད་པདྨའི་རིགས། །དོན་གྲུབ་སྤྱོད་པ་ལས་ཀྱི་རིགས། །ཞེས་སོ། །གསུམ་པ་རིགས་ཀྱི་མཚན་མར་གྱུར་པའི་སྐུ་མདོག་བསྟན་པ་ནི། དེ་དག་ཀུན་ཀྱང་མཐིང་ག་དང་སོགས་ནས། །ལྗང་གུའི་མདོག་ཏུ་འཚེར་བ། ཞེས་པའི་བར་གྱིས་བསྟན། རིགས་ལྔ་པོ་དེ་དག་ཀུན་གྱི་མཚན་མས་གྱུར་པའི་སྐུ་མདོག་ནི། ཆོས་དབྱིངས་ཡེ་ཤེས་དང་རྡོ་རྗེའི་རིགས་མཐིང་ག །མེ་ལོང་ཡེ་ཤེས་དང་བདེ་གཤེགས་རིགས་དཀར་པོ། མཉམ་ཉིད་ཡེ་ཤེས་དང་རིན་ཆེན་རིགས་སེར་པོ། སོར་རྟོག་ཡེ་ཤེས་དང་པདྨའི་རིགས་དམར་པོ། བྱ་གྲུབ་ཡེ་ཤེས་དང་ལས་ཀྱི་རིགས་ཀྱི་མཚན་མ་ལྗང་གུར་སྣང་བ་ཡིན་ཏེ། ཆོས་ཉིད་འགྱུར་བ་མེད་པའི་རྟགས་མཐིང་ག །ཉེས་སྐྱོན་གྱིས་མ་གོས་པའི་རྟགས་དཀར་པོ། ཆེ་བའི་ཡོན་ཏན་རྒྱས་པའི་རྟགས་སེར་པོ། གདུལ་བྱ་ལ་ཆགས་པའི་རྟགས་དམར་པོ། ལས་སྣ་ཚོགས་ལྷུན་གྱིས་གྲུབ་པའི་རྟགས་སུ་ལྗང་གུར་སྣང་བའི་ཕྱིར་ཏེ། རྒྱས་པ་ལས། མ་མཐོང་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་དང་དམར་དང་སེར་བ་དང་། །ལྗང་གུ་ལ་སོགས་ནག་པོར་བསྟན། །ཞེས་སོ། །གཉིས་པ་རིགས་ཀྱི་ཡུམ་ལྔ་ནི། བཙུན་མོ་དམ་པ་སྣང་བའི་དབྱིངས་དང་སོགས་ནས། བསྐྱོད་པའི་དབྱིངས་ལ་སོགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པ། ཞེས་པའི་བར་གྱིས་བསྟན། དེའི་དོན་ལ་ཡུམ་ལྔ་སྤྱིའི་མཚན་བཤད་པ་དང་། བྱེ་བྲག་གི་མཚན་བཤད་པ་གཉིས་ལས། དང་པོ་སྤྱིའི་མཚན་ནི། བཙུན་མོ་དམ་པ་ཞེས་པ་དང་། དབྱིངས་ཞེས་པས་བསྟན། ཡུམ་ལྔ་ལ་བཙུན་མོ་ཞེས་བརྗོད་པ་ནི། སྐྱེད་པར་བྱེད་པའི་རྒྱུ་དང་། སྤྱད་པར་བྱ་བའི་ཡུལ་དུ་གྱུར་པས་དེ་ལྟར་དུ་བརྗོད་དེ། རྟོག་པའི་དུས་སུ་འབྱུང་བ་ལྔས་ཕུང་པོ་ལྔ་བསྐྱེད་པ་དང་། ལྷའི་དུས་ན་རིགས་ཀྱི་ཡབ་ལྔས་ལོངས་སྤྱད་པར་བྱ་བའི་ཡུལ་ཡིན་པའི་ཕྱིར་དང་། ཡང་ན་ཡུམ་གྱི་ངོ་བོ་དབྱིངས་དང་། ཡབ་ཀྱི་ངོ་བོ་ཡེ་ཤེས་ཡིན་པས། དབྱིངས་ཀྱིས་ཡེ་ཤེས་བསྐྱེད་པ་དང་། དབྱིངས་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པས་སོ་གསུངས། ལྔ་པོ་དེ་ལ་དམ་པ་ཞེས་བརྗོད་པ་ནི། ཡོན་ཏན་གྱི་ཁྱད་པར་གཞན་ལས་འཕགས་པས་ན་དམ་པ་ཞེས་བཤད། དབྱིངས་ཞེས་པ་ལ་ཉི་འོད་སེང་གེས། དབྱིངས་ཀྱི་སྒྲ་ནི་མི་ཟད་པ་ལ་བྱའོ། །ཞེས་པས། སྲས་ཀྱི་འབྱུང་ཁུངས་དང་བདེ་བའི་ཡེ་ཤེས་བསྐྱེད་པའི་རྒྱུར་གྱུར་པའི་ཕྱིར་དང་། ཡུམ་རྣམས་དབྱིངས་ཀྱི་ཕྱག་རྒྱར་གྱུར་པས་ཀྱང་དེ་ལྟར་དུ་བརྗོད་དོ་གསུངས། གཉིས་པ་བྱེ་བྲག་གི་མཚན་ནི། ཡུམ་ནམ་མཁའི་དབྱིངས་ཕྱུག་མ་ལ་སྣང་བ་ཞེས་བརྗོད་པ་ནི། རྟོག་པ་དུས་ན་ནམ་མཁས་གོ་མ་ཕྱེ་ན་དངོས་པོ་ཐམས་ཅད་སྣང་མི་ནུས་པས་གོ་འབྱེད་པ་ནམ་མཁའ་དང་། ལྷའི་དུས་ན་ཆོས་ཁམས་ནམ་མཁའ་རྣམ་ཤེས་ཀྱི་ཡུལ་ཡིན་པ་ལྟར་ཐུགས་རྡོ་རྗེ་མི་བསྐྱོད་པའི་ཡུམ་དང་། ཡུམ་སྤྱན་མ་ལ་སྲ་བ་ཞེས་བརྗོད་པ་ནི། རྟོག་པའི་དུས་ན་སྲ་བརྟན་མཁྲང་པའི་མཚན་ཉིད་ཅན་གྱི་སའི་ཁམས་དང་། དེ་ལྷའི་དུས་ན་བརྟན་ཅིང་རྟེན་དུ་གྱུར་པས་སྐུའི་རིགས་ཀྱི་ཡུམ་དང་། ཡུམ་མཱ་མ་ཀཱི་ལ་མཉེན་པ་ཞེས་བརྗོད་པ་ནི། རྟོག་པའི་དུས་ན་གཤེར་སྡུད་བརླན་པའི་མཚན་ཉིད་ཅན་གྱི་ཆུའི་ཁམས་དང་། དེ་ལྷའི་དུས་ན་རྒྱུད་བརླན་ཅིང་ཡོན་ཏན་སྡུད་པ་རིན་ཆེན་རིགས་ཀྱི་ཡུམ་དང་། ཡུམ་གོས་དཀར་མོ་ལ་དྲོ་བ་ཞེས་བརྗོད་པ་ནི། རྟོག་པའི་དུས་ན་ཚ་ཞིང་བསྲེགས་པའི་མཚན་ཉིད་ཅན་གྱི་མེའི་ཁམས་དང་། དེ་ལྷའི་དུས་ན་མཚན་འཛིན་གྱི་སྤུ་རིས་གསལ་བར་ཤེས་རབ་ཀྱི་མེས་དག་པར་བྱེད་པའི་བདག་ཉིད་པདྨའི་རིགས་ཀྱི་ཡུམ་དང་། ཡུམ་དམ་ཚིག་སྒྲོལ་མ་ལ་བསྐྱོད་པ་ཞེས་བརྗོད་པ་ནི། རྟོག་པའི་དུས་ན་ཡང་ཞིང་གཡོ་བའི་མཚན་ཉིད་ཅན་གྱི་རླུང་གི་ཁམས་དང་། དེ་ལྷའི་དུས་ན་རླུང་གིས་བསྐྱོད་འདོད་ཀྱི་བྱ་བ་བྱེད་པ་ལྟར་ཐོགས་པ་མེད་པའི་ལས་ཅན་ལས་ཀྱི་རིགས་ཀྱི་ཡུམ་སྟེ། འདི་ཉིད་ལས། ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །ཞེས་སོ། །གཉིས་པ་རིག་པ་ཁྱད་པར་ཅན་གྱི་འཁོར་ལ་གཉིས་ལས། དང་པོ་རྒྱལ་སྲས་སེམས་དཔའི་འཁོར་ནི། དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། སོགས་ནས། མ་བྱོན་པའི་ཚོགས་དང་། ཞེས་པའི་བར་གྱིས་བསྟན། དེའི་དོན་བཤད་ན་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱིའི་མཚན་ནི། སེམས་དཔའ་ཡབ་རྣམས་ཀྱི་མཚན་ལ་བྱང་ཆུབ་ཆེན་པོ་རྡོ་རྗེའི་ཞེས་བརྗོད་པ་ནི། མིག་ཤེས་ལ་སོགས་པའི་རྟོག་ཚོགས་རྣམས་ཡེ་ནས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཡིན་པ་ལས། ཡིན་པ་ལྟར་མངོན་དུ་གྱུར་པའི་འབྲས་བུ་ནི་བྱང་ཆུབ་ཆེན་པོ། དེ་ལྟར་རྒྱུ་འབྲས་ལྟར་སྣང་ཡང་དོན་དམ་པར་ལྷ་རྟོག་དབྱེར་མི་ཕྱེད་པས་ན་རྡོ་རྗེ་ཞེས་བརྗོད་པའི་ཕྱིར་ཏེ། འགྲེལ་ཆུང་ལས། འཁོར་གྱི་བཀོད་པ་ཇི་སྙེད་པ། །ཁམས་དང་སྐྱེ་མཆེད་ཡིན་པར་གྲགས། །རྣམ་ཤེས་ཡུལ་དང་དབང་པོ་དང་། །དུས་དང་ཕྱིན་ཅི་མ་ལོག་རྣམས། །བྱང་ཆུབ་ཆེན་པོའི་རང་བཞིན་དུ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན། །ཞེས་གསུངས་སོ། །དེ་དག་གི་ཡུམ་སེམས་མ་རྣམས་ཀྱི་མཚན་ལ་བཙུན་མོ་ཞེས་བརྗོད་པ་ནི། སྐབས་འདིར་ཡུལ་བཞིས་རྣམ་ཤེས་བཞི་བསྐྱེད་པ་དང་། དུས་བཞིས་གོ་ཕྱེ་ནས་དབང་པོ་བཞི་བསྐྱེད་པའི་ཆ་ནས་དེ་ལྟར་དུ་བརྗོད་པའི་ཕྱིར་རོ། །གཉིས་པ་བྱེ་བྲག་གི་མཚན་ནི། ནང་སེམས་ཡབ་བཞི་པོ་ལ་མཐོང་བ་ལ་སོགས་པར་སྨོས་པ་ནི་རིམ་པ་ལྟར། མིག་རྣ་བ་སྣ་ལྕེའི་རྣམ་ཤེས་བཞི་ཡིན་པས་རྟོག་པའི་མཚན་ཏེ། མིག་དབང་ལ་བརྟེན་ནས་མིག་ཤེས་ཀྱིས་ཡུལ་གཟུགས་མཐོང་བ་ལ་སོགས་པ་ཡིན་པའི་ཕྱིར། མཐོང་བ་ལ་སོགས་པ་བཞི་པོ་ལྷའི་དུས་ན་ཐུགས་ཀྱི་སེམས་དཔའ་བཞི་ཡིན་ཏེ། མཐོང་བ་ས་སྙིང་། སྣོམ་པ་ནམ་སྙིང་། ཐོས་པ་ཕྱག་རྡོར། མྱོང་བ་སྤྱན་རས་གཟིགས་དབང་ཕྱུག་རྣམས་སུ་ངེས་པའི་ཕྱིར། དེ་རྣམས་ལ་ཐུགས་ཀྱི་སེམས་དཔའ་ཞེས་བརྗོད་པ་ནི། འདི་ཉིད་ཀྱི་ལེའུ་བཞི་པར། ཀ་ནི་སྤྱན་གྱི་ཐུགས་ཀྱི་མཆོག །ཁ་ནི་སྙན་གྱི་ཐུགས་ཀྱི་མཆོག །ག་ནི་ཤངས་ཀྱི་ཐུགས་ཀྱི་མཆོག །གྷ་ནི་ལྗགས་ཀྱི་ཐུགས་ཀྱི་མཆོག །ཅེས་སོ། །ནང་སེམས་བཞི་པོའི་ཡུམ་ཡང་། མཐོང་བར་བྱ་བ་ལ་སོགས་པ་ནི། རིམ་པ་ལྟར་ཡུལ་གཟུགས་སྒྲ་དྲི་རོ་བཞི་ཡིན་པས་རྟོག་པའི་མཚན་ཏེ། མིག་ཤེས་ལ་སོགས་པའི་མཐོང་བྱ་གཟུགས་ལ་སོགས་པའི་རྟེན་བྱེད་པའི་ཕྱིར་དང་། དེ་དག་ལྷའི་དུས་ན་མཐོང་བར་བྱ་བ་ལཱ་སྱེ་མ། ཉན་པར་བྱ་བ་གཱིརྟི་མ། སྣོམ་པར་བྱ་བ་མཱ་ལེ་མ། མྱོང་བར་བྱ་བ་ནཱིརྟི་མ་རྣམས་སུ་ངེས་པའི་ཕྱིར། དེ་རྣམས་ལ་སྐུ་ཡི་སེམས་མ་ཞེས་བརྗོད་པ་ནི། ཡུལ་བཞིས་རྣམ་པར་ཤེས་པའི་རྟེན་བྱེད་པའི་ཕྱིར་ཏེ། འདི་ཉིད་ལས། ཙ་ནི་སྤྱན་གྱི་སྐུ་ཡི་མཆོག །ཚ་ནི་སྙན་གྱི་སྐུ་ཡི་མཆོག །ཛ་ནི་ཤངས་ཀྱི་སྐུ་ཡི་མཆོག །ཛྷ་ནི་ལྗགས་ཀྱི་སྐུ་ཡི་མཆོག །ཅེས་དང་། རྡོ་རྗེ་ལས། རྣམ་ཤེས་བཞི་ཡི་དམིགས་པའི་ཡུལ། །མཐོང་བར་བྱ་བ་ལ་སོགས་པ། །དམིགས་པར་བྱ་ཕྱིར་སྐུ་ཡི་མཆོག །ཞེས་སོ། །གལ་ཏེ་ཁོ་ན་རེ། འདིར་རྟོག་པའི་གོ་རིམ་ལྟར་སྦྱར་ན་ཡུལ་ཡུལ་ཅན་མ་འཁྲུལ་ནའང་། ལྷ་ཡབ་ཡུམ་སྦྱོར་བའི་ཚེ་རྣ་བའི་ཡུལ་རོ་དང་། ལྕེའི་ཡུལ་སྒྲར་བྱུང་བས་སྦྱོར་ཚུལ་ནོར་ཏེ། སྤྱན་རས་གཟིགས་ཀྱི་ཡུམ་གཱིརྟི་མ་དང་། ཕྱག་རྡོར་གྱི་ཡུམ་ནཱིརྟི་མར་བྱུང་བའི་ཕྱིར་ཟེར་ན། ཡུལ་ཡུལ་ཅན་གྱི་དབང་དུ་བྱས་ན་དེ་ལྟར་ཡིན་མོད་ཀྱང་། འདིར་རིགས་ཀྱི་དབང་དུ་བྱས་པས་འགལ་བ་མེད་དེ། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་ལས། རྒྱུད་འདིར་ནི་རིགས་ཁོ་ན་གཙོ་བོར་བྱས་ཏེ། ཉན་པར་བྱ་བ་སྒྲའི་ལྷ་མོ་རྣ་བའི་ཡུལ་ཡིན་ཀྱང་། རིགས་ཀྱི་དུས་སུ་གསུང་གི་རིགས་ཡིན་པས་འཇིག་རྟེན་དབང་ཕྱུག་གི་ཡུམ་དུ་ཤེས་པར་བྱའོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །ཕྱི་སེམས་བཞི་པོ་དེ་དག་ལ་མཐོང་བྱེད་ལ་སོགས་པ་སྨོས་པ་ནི། རིམ་པ་ལྟར་མིག་རྣ་བ་སྣ་ལྕེའི་དབང་པོ་བཞི་ཡིན་པས་རྟོག་པའི་མཚན་ཏེ། རྣམ་ཤེས་བཞིས་ཡུལ་བཞི་མཐོང་བའི་བདག་རྐྱེན་དབང་པོ་བཞིས་བྱེད་པའི་ཕྱིར་དང་། དེ་དག་ལྷའི་དུས་ན་གསུང་གི་སེམས་དཔའ་བཞིར་གྲགས་ཏེ། མཐོང་བྱེད་བྱམས་པ། ཐོས་བྱེད་སྒྲིབ་སེལ། སྣོམ་བྱེད་ཀུན་བཟང་། མྱོང་བྱེད་འཇམ་དཔལ་རྣམས་སུ་ངེས་པའི་ཕྱིར། དེ་རྣམས་ལ་གསུང་གི་སེམས་དཔའ་ཞེས་བརྗོད་པའི་རྒྱུ་མཚན་ཡང་ཡོད་དེ། དབང་པོས་ཡུལ་དང་ཤེས་པ་གཉིས་ཕྱི་ནང་གི་བརྡ་སྦྱོར་བྱེད་པའི་ཕྱིར་ཏེ། འདི་ཉིད་ལས། པ་ནི་སྤྱན་གྱི་གསུང་གི་མཆོག །ཕ་ནི་སྙན་གྱི་གསུང་གི་མཆོག །བ་ནི་ཤངས་ཀྱི་གསུང་གི་མཆོག །བྷ་ནི་ལྗགས་ཀྱི་གསུང་གི་མཆོག །ཅེས་སོ། །ཕྱི་སེམས་བཞིའི་ཡུམ་དེ་དག་ལ་འདས་པ་ལ་སོགས་པ་སྨོས་པ་ནི་རྟོག་པའི་མཚན་ཏེ། དུས་བཞིས་གོ་ཕྱེ་ནས་དབང་པོ་བཞི་སྐྱེད་པར་བྱེད་པའི་ཕྱིར་དང་། དེ་དག་ལྷའི་དུས་ན་དུས་བཞིའི་ལྷ་མོ་སྟེ། འདས་པའི་དུས་བདུག་པ་མ་དང་། ད་ལྟར་བ་མེ་ཏོག་མ། འབྱུང་བ་སྟེ་མ་འོངས་པ་མར་མེ་མ། །མ་བྱོན་པར་འབྱུང་བར་མ་ངེས་པའི་དུས་ཏེ་དྲི་ཆབ་མ་རྣམས་སུ་ངེས་པའི་ཕྱིར་ཏེ། འདི་ཉིད་ལས། ཡ་ནི་སྐྱེ་བ་རྣམ་པར་དག །ཝ་ནི་གནས་པ་དག་པ་ཡིན། །ར་ནི་འཇིགས་པ་དག་པ་སྟེ། །ལ་ནི་སྟོང་པ་དག་པའོ། །ཞེས་སོ། །ཁོ་ན་རེ། འདིར་དུས་བཞིར་སྨོས་པས་དུས་ལོག་སྟེ། སྡེ་སྣོད་གཞན་རྣམས་སུ་དུས་གསུམ་ལས་མ་བཤད་པའི་ཕྱིར་ཟེར། དེ་ལྟར་ན་མངོན་པ་མཛོད་ནས་ཆགས་གནས་འཇིག་སྟོང་བཞི་དང་། རྫོགས་ལྡན་ལ་སོགས་པའི་དུས་བཞི་བཤད་པ་དང་། དཀོན་མཆོག་བརྩེགས་པར། དུས་གསུམ་དང་བསམ་གྱིས་མི་ཁྱབ་པའི་དུས་ཏེ་བཞིར་གསུངས་པ་སོགས་ཀྱང་དུས་ལོག་པར་ཐལ་ལོ། །འོ་ན་འདིར་དུས་བཞི་པོ་གང་ཞེ་ན། རྒྱུ་འབྲས་གཉིས་ཀ་སྤྱད་ཟིན་པའི་དུས་ནི་འདས་པ། རྒྱུ་སྤྱད་ཅིང་འབྲས་བུ་མ་སྤྱད་པ་ནི་ད་ལྟ་བ། རྒྱུ་འབྲས་ཚོགས་ལ་མ་སྤྱད་པ་ནི་མ་འོངས་པ། རྒྱུ་འབྲས་ཡོད་ལ་མ་ཚོགས་པ་ནི་འདས་མ་འོངས་གང་དུའང་མ་ངེས་པའི་དུས་ཏེ། དཔེར་ན། དབྱར་གྱི་དུས་ལྟ་བུ་ཞིག་ལ་གཞིར་བཞག་ནས་བརྩི་ན། དཔྱིད་ནི་འདས་པ། དབྱར་ནི་ད་ལྟ་བ། སྟོན་ནི་མ་འོངས་པ། དགུན་ནི་མ་ངེས་པ་སྟེ། དབྱར་གྱི་དུས་འདི་ལས་སྔར་འདས་ཕྱིས་འབྱུང་གཉིས་ནི་འདས་མ་འོངས་པར་ངེས་ལ། དགུན་ནི་འདས་མ་འོངས་གང་རུང་གཅིག་ཏུ་ཁ་ཚོན་མ་ཆོད་པའི་ཕྱིར་ཏེ། དཔྱིད་ཀྱི་སྔ་ལོགས་ཀྱི་དགུན་ནི་འདས་པ་དང་། སྟོན་གྱི་ཕྱི་ལོགས་ཀྱི་དགུན་ནི་མ་འོངས་པ་ལྟར་སྣང་བའི་ཕྱིར་ཏེ། དེ་ལྟར་ཡང་རྔམ་གློག་ལས། རྒྱུ་འབྲས་ངེས་པ་མ་ཚོགས་པ། འབྱུང་བར་མ་ངེས་དུས་ཞེས་གྲགས། །ཞེས་སོ། །དེའི་ཕྱིར་དུས་བཞིར་གྲངས་ཀྱང་གོ་རིམ་ངེས་པ་ཡིན་ནོ། །གཉིས་པ་འཇོམས་བྱེད་ཁྲོ་བོའི་འཁོར་ནི། འཇོམས་པ་ཆེན་པོ་རྡོ་རྗེ་རེག་པ་དང་ནས། མཚན་མར་འཛིན་པ་མ་ཡིན་པ་དང་། ཞེས་པའི་བར་གྱིས་བསྟན། དེ་ལའང་སྤྱི་བྱེ་བྲག་གཉིས་ལས། དང་པོ་སྤྱིའི་མཚན་ནི། འཇོམས་བྱེད་ཡབ་བཞི་པོ་ལ་འཇོམས་པ་ཆེན་པོ་རྡོ་རྗེ་ཞེས་བརྗོད་པ་ནི། ཕྱི་ལུས་ཀྱི་ཆོས་བཞི་དང་སྦྱར་ན་རྟོག་པའི་རང་བཞིན་མངོན་དུ་གྱུར་པའི་ཁྲོ་བོ་བཞིའི་སྐུ་གསུང་ཐུགས་ཀྱི་མཛད་པས་བདུད་དང་ལོག་འདྲེན་རྣམས་འཇོམས་པ་དང་། ནང་གསང་བའི་ཁམས་བཞི་དང་སྦྱར་ན། འོག་སྒོ་གསང་བའི་ཁམས་གསུམ་འདུས་པའི་བདེ་བའི་རྟོག་པ་ལྷའམ་བདེ་བར་འཛིན་པའི་ཞེན་པ་གཉིས་ཀ་འཇོམས་པ་ལ་ཐོགས་པ་མེད་པས་ན་རྡོ་རྗེ་ཞེས་བརྗོད་པ་ཡིན་ཅིང་། དེས་འཇོམས་པའི་ཕྲིན་ལས་གཞན་ལས་ཁྱད་པར་དུ་གྱུར་པས་ན་ཆེན་པོ་ཞེས་བརྗོད་པ་ཡིན་གསུངས། དེ་དག་གི་ཡུམ་བཞི་པོ་ལ་བཙུན་མོ་ཞེས་བརྗོད་པ་ནི། དེ་ལྟ་བུའི་འཇོམས་བྱེད་ཀྱི་སྙིང་པོ་དེ་ཡང་རྟག་ཆད་བདག་མཚན་བཞི་མ་ཡིན་པའི་ཆོས་ཉིད་ཡུམ་གྱི་ངོ་བོ་དེས་བསྐྱེད་པའི་ཕྱིར་ཏེ། དཔེར་ན་དཀར་པོ་འཇོམས་པ་དེ་དཀར་པོ་མ་ཡིན་པ་ཞིག་གིས་བསྐྱེད་པ་བཞིན་ནོ། །ཡང་ཕྱིན་ཅི་ལོག་གི་རྟོག་པ་བཞི་ལྟར་ན། དེས་ལུས་ཀྱི་རྟོག་པ་བཞི་པོ་དངོས་སུ་མི་བསྐྱེད་ཀྱང་བརྒྱུད་ནས་བསྐྱེད་པར་བཞེད་པའི་ཕྱིར་རོ། །གཉིས་པ་བྱེ་བྲག་གི་མཚན་ནི། སྒོ་བ་ཡབ་བཞི་པོ་དེ་ལ་རེག་པ་ལ་སོགས་པར་སྨོས་པ་ནི་རྟོག་པའི་མཚན་ཏེ། ཕྱི་ལྟར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་བསྐྱེད་པ་ལ། རེག་བྱེད་ཡུལ་དབང་རེག་བྱ་ཡུལ། དེ་གཉིས་འཕྲད་པའི་རེག་ཤེས་སོ། །ནང་ལྟར་ན་གསང་བའི་ཡུལ་དབང་རྣམ་ཤེས་གསུམ་འདུས་ཀྱི་རེག་པ་བསྐྱེད་པ་ལ། རེག་བྱེད་གསང་དབང་ཐབས་ཀྱི་རྡོ་རྗེ། རེག་བྱ་གསང་ཡུལ་ཤེས་རབ་ཀྱི་པདྨ། གསང་བའི་རེག་ཤེས་དགའ་བ་ཉམས་སུ་མྱོང་བ་རྣམས་སོ། །དེ་དག་ལྷའི་དུས་ན་མཐར་བྱེད་སྒོ་བ་བཞི་སྟེ། ཕྱི་ནང་གི་རྟོག་པ་གཉིས་ཀ་གོ་རིམ་བཞིན་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་དང་། རྟ་མགྲིན་དང་། སྟོབས་པོ་ཆེ་དང་། གཤིན་རྗེའི་གཤེད་རྣམས་སུ་ངེས་པའི་ཕྱིར། དེ་དག་གི་ཡུམ་བཞི་པོ་དེ་དག་ལ་རྟག་པ་མ་ཡིན་པ་ཞེས་སོགས་སྨོས་པ་ནི་རྟོག་པའི་མཚན་ཏེ། རྟག་པར་མ་ཡིན་པ་སྟེ་ཕུང་པོ་མི་རྟག་པར་འཛིན་པ་དང་། ཆད་པར་མ་ཡིན་པ་སྟེ་སྡུག་བསྔལ་གྱི་རང་བཞིན་ང་རུ་འཛིན་པ་དང་། བདག་ཏུ་མ་ཡིན་པ་སྟེ་བདག་མེད་དུ་འཛིན་པ་དང་། མཚན་མར་མ་ཡིན་པ་སྟེ་སྟོང་པར་འཛིན་པ་རྣམས། ལྷའི་དུས་ན་གོ་རིམ་བཞན་དུ་ཁྲོ་མོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་དང་བཞིར་ངེས་པའི་ཕྱིར། ཡང་རྟག་ཆད་བདག་མཚན་དུ་འཛིན་པ་ཕྱིན་ཅི་ལོག་གི་ཤེས་པ་བཞི་ལྟར་ན། རྟག་པར་འཛིན་པ་སོགས་རྟོག་པ་བཞི་པོ་དེ་རང་ག་མར་སྣང་བ་ལྟར་མ་ཡིན་ཏེ། དེ་དག་མ་སྤངས་པར་སྒོ་མ་བཞིའི་རང་བཞིན་དུ་དག་པའི་ཕྱིར་ཏེ། དེ་ལྟར་ཡང་ཐལ་རྒྱུད་ལས། རྟག་སོགས་མཚན་མ་ལས་སྐྱེས་ཕྱིར། །བཙུན་མོ་ཞེས་སུ་བསྟན་པ་སྟེ། །ཞེས་དང་། གླང་པོ་ཆེ་རབ་འབོག་གི་རྒྱུད་ལས་ཀྱང་། དོན་དམ་པར་སེམས་ཅན་གྱི་རྟག་པར་ལྟ་བ་གནས་སུ་དག་པ་བཛྲ་ཨངྐུ་ཤ་སྟེ། ཞེས་སོ། །དེ་ལྟར་རྒྱལ་སྲས་སེམས་དཔའི་འཁོར་དང་འཇོམས་བྱེད་ཁྲོ་བོའི་འཁོར་རྣམས་ལ་རིག་པ་ཁྱད་པར་ཅན་གྱི་འཁོར་ཞེས་བཤད་པ་ནི། སྟོན་པའི་ཐུགས་རིག་པའི་ཡེ་ཤེས་ཀྱི་ཁྱད་པར་ལས་རང་སྣང་བའི་ཕྱིར་ཏེ། རྒྱ་མཚོ་ལས། དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བ་སེམས་སོགས་དང་། །ཞེས་སོ། །དེར་མ་ཟད་དད་པས་གཏམ་ཉན་པའི་འཁོར་ཕྱིའི་ཁོར་ཡུག་ལ་བཞུགས་པའི་འཇིག་རྟེན་གྱི་ཆ་འཛིན་པ་ལྷ་ཆེན་པོ་རྣམས་ཀྱང་ཡོད་དེ། ཁོག་གཞུང་ལས། དད་པས་ཉན་པའི་ལྷ་ཆེན་རྣམས། །ཞེས་དང་། ལེ་ལག་ལས། ཐམས་ཅད་ལ་ནི་དབང་བསྒྱུར་ཕྱིར། །འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་བསྐོར། །ཞེས་དང་། སྤྱན་འགྲེལ་ལས་ཀྱང་འཁོར་བའི་ཆོས་རྣམས་ཀྱང་བདག་ཉིད་དུ་རང་སྣང་བའི་ཕྱིར་ཕྱི་རོལ་དུ་མ་ཧཱ་དེ་ཝ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱིས་བསྐོར་བ་སྟེ། རང་རང་གི་མཆོད་ཡོན་དང་རྒྱན་དང་ལྡན་པར་འཁོད་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བསྟན་པའི་འཁོར་གྱི་ཚད་ནི། ཆོས་ཀྱི་དབྱིངས་ཀུན་ཏུ་མཐའ་ཀླས་པར་ཁྱབ་པ་ནི་འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གོང་བུ་བཞིན་དུ་གང་ནས་ཁྱབ་པར་བཞུགས་སོ། །ཞེས་དང་། ལ་སོགས་པ་དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ། །ཞེས་པས་བསྟན། དེའི་དོན་ནི་གཉིས་ལས། ཁྱབ་པའི་ཚད་ནི། ཀུན་ཏུ་ཁྱབ་ཅིང་མཐའ་ཡས་པར་ཁྱབ་པའི་ཕྱིར་ཏེ། ཏིལ་གོང་དེར་ཏིལ་འབྲས་ཀྱིས་གང་བ་བཞིན་ཁྱབ་པ་ཡིན་ནོ། །གཉིས་པ་མང་བའི་ཚད་ནི། སྔར་སྨོས་པ་དེ་ལྟ་བུའི་འཁོར་ཚོགས་ཀྱི་གྲངས་ཚད་འདི་ཙམ་ཞེས་བརྗོད་ཀྱིས་མི་ལང་བའི་ཕྱིར་རོ། །འོ་ན་ཁྱབ་པ་དང་མང་བའི་བདག་ཉིད་ཅན་གྱི་འཁོར་དེ་དག་དང་གཉིས་སུ་མེད་པར་བཞུགས་ཚུལ་དེ་ཇི་ལྟ་བུ་ཞེ་ན། རང་བཞིན་གཉིས་སུ་མེད་པར་བཞུགས་པ་ཡིན་ཏེ། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་ཐམས་ཅད་དཔལ་ཀུན་ཏུ་བཟང་པོའི་རང་བཞིན་དུ་འདུས་ཤིང་། འགྲོ་བའི་ཕུང་ཁམས་སྐྱེ་མཆེད་ཇི་སྙེད་པ་ཐམས་ཅད་ཀྱང་ལྷའི་རང་བཞིན་དུ་གནས་པའི་ཕྱིར་ཏེ། འགྲེལ་ཆུང་ལས། སྲིད་གསུམ་འགྲོ་བ་ཐམས་ཅད་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །བརྗོད་མེད་བརྗོད་ཀྱིས་མི་ལང་བ། །དེ་ཉིད་འཁོར་ལོའི་དཀྱིལ་འཁོར་དུ། །མངོན་རྫོགས་རྒྱལ་པོ་དེ་ཉིད་ངེས། །གཉིས་མེད་ལྷུན་གྲུབ་དཀྱིལ་འཁོར་ན། །ཐམས་ཅད་བདག་ཉིད་རྟག་པར་བཞུགས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཞར་བྱུང་གདུལ་བྱ་དགོས་ཆེད་དུ་བསྟན་པ་ཁྲོ་བོའི་གླེང་གཞི་ལའང་ཕུན་སུམ་ཚོགས་པ་ལྔ་ཡོད་པ་ལས། དང་པོ་སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཁྲོ་བོའི་དཀྱིལ་འཁོར་མངོན་པར་འདུ་མཛད་དེ། ཞེས་པས་བསྟན། དོན་ནི། སྟོན་པ་དེ་བཞིན་གཤེགས་པ་རིགས་ཐམས་ཅད་ཀྱི་བདག་པོ་དྲུག་པ་ཀུན་ཏུ་བཟང་པོ་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ལས་མ་གཡོས་པར། གདུལ་བྱ་རུ་ཏྲའི་ངོར་གདུལ་བྱེད་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་མངོན་པར་འདུ་མཛད་དེ་ཕྲིན་ལས་ཕྱག་རྒྱའི་སྐུར་བཞེངས་པ་སྟེ། དགོངས་འདུས་ལས། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ཡིས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་གནས་ཕུན་སུམ་ཚོགས་པ་ནི། དུར་ཁྲོད་ཆེན་པོར་དགྱེས་ནས་ཁྲག་གི་རྒྱ་མཚོའི་དཀྱིལ་ན་ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་འབར་བ་ཆེན་པོའི་ཀློང་གི་འཁོར་ལོའི་དཀྱིལ་ན། ཞེས་པས་བསྟན། དོན་ནི། དུར་ཁྲོད་འབར་བའི་གཞལ་ཡས་ཁང་ཆེན་པོར་བཞུགས་པར་དགྱེས་ནས། མཁའ་རླུང་གི་དཀྱིལ་འཁོར་ལ་བརྟེན་པའི་ཁྲག་ཞག་གི་རྒྱ་མཚོར་ཆགས་པ། ཞིང་ཆེན་གྱི་ས་གཞིའི་དབུས་ཀེང་རུས་བརྩེགས་པའི་རི་རབ་ཀྱི་སྟེང་ཡེ་ཤེས་ཀྱི་མེ་དཔུང་འབར་བ་ཆེན་པོའི་ཀློང་ན་བཞུགས་པ་སྟེ། ཧེ་རུ་ཀ་གལྤོའི་རྒྱུད་ལས། ཆགས་པ་རཀྟའི་རྒྱ་མཚོ་རྦ་ཀློང་འཁྱིལ། །ཞིང་ཆེན་གཏམས་པའི་ས་གཞི་མཐའ་དབུས་བརྡལ། །ཀེང་རུས་ཆེན་པོ་བརྩེགས་པའི་རི་རབ་འབར། །ཡེ་ཤེས་འབར་བའི་མེ་འོད་ཀུན་ཏུ་འཕྲོ། །ཞེས་སོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ལ། གདུལ་བྱ་གདུག་པ་ཅན་གྱི་འཁོར་དང་། འདུལ་བྱེད་གཉེན་པོའི་འཁོར་གཉིས་ལས། དང་པོ་ནི། བདག་ཏུ་རྨོངས་པའི་རྟོག་པ་དང་བཏགས་པ་ལ་མངོན་པར་ཞེན་ནས། ཞེས་པ་ལ་སོགས་པ་རྣམས་ཀྱིས་བསྟན། དེ་ཡང་རྒྱུ་དེས་སྤྱིར་སེམས་ཅན་ཐམས་ཅད་འཁོར་བ་རུ་གོལ་ཞིང་། བྱེ་བྲག་ཏུ་རུ་ཏྲ་ཉིད་གབ་པའི་གསང་བ་ལྟ་བ་གནས་ལུགས་དེ་བཞིན་ཉིད་མ་རྟོགས་པར། སྦས་པའི་གསང་བ་སྤྱོད་པ་སྦྱོར་སྒྲོལ་གཉིས་བརླང་པོར་སྤྱད་པས། རྣམ་སྨིན་གྱི་འབྲས་བུ་དམྱལ་བ་ཚ་གྲང་གི་སྡུག་བསྔལ་མི་ཟད་པ་མྱོང་ཞིང་། རྒྱུ་མཐུན་གྱི་འབྲས་བུ་ལྷ་རང་རྒྱུད་པར་སྒོམ་ནས་ར་ལ་ར་ལ་སོགས་པའི་དྲག་སྔགས་རང་གར་བཟླས་ཤིང་ལས་བརླང་པོར་སྤྱད་པས་ཡི་དྭགས་ཀྱི་འགྲོ་བས་བསྡུས་པའི་སྲིན་པོ་བྱ་ཡི་གཤོག་པ་ཅན་ཞིག་ཏུ་སྐྱེས་ནས་གཟུགས་ཁམས་གནས་རིས་བཅུ་གཉིས་མན་ཆད་དབང་དུ་བྱས་པ་ན་ཐུགས་རྗེས་འདུལ་བར་གྱུར་ཏོ། །ཞེས་པས། ཐུབ་དཀའ་རྡོ་རྗེ་སྙིང་པོ་དང་སྔོན་དཔོན་སློབ་ཏུ་འབྲེལ་བའི་སྟོབས་ཀྱིས་ཐུག་རྗེས་འདུལ་བར་གདུལ་བྱར་གཟིགས་པའོ་གསུངས། གཉིས་པ་འདུལ་བྱེད་གཉེན་པོའི་འཁོར་ནི། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོར་གྱུར་ཏེ་ཤར་ཕྱོགས་སུ་བཞུགས་སོ། །ཞེས་སོགས་ཀྱིས་དེ་བཞིན་གཤེགས་པ་རིགས་ལྔའི་འཁོར་དང་། དཀར་མོའི་ཚོགས་དང་ཞེས་སོགས་ཀྱིས་གནས་མ་བརྒྱད། སེང་གདོང་ཆེན་མོའི་ཚོགས་དང་ཞེས་སོགས་ཀྱིས་ཡུལ་མ་བརྒྱད། རྡོ་རྗེ་སྲིང་འགྲོ་མའི་ཚོགས་དང་ཞེས་སོགས་ཀྱིས་སྒོ་མ་བཞི། སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་ཞེས་སོགས་ཀྱིས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་རྣམས་སོ། །བཞི་པ་ཆོས་ཕུན་སུམ་ཚོགས་པ་ནི། དེ་ནས་དེ་བཞིན་གཤེགས་པ་ཆེ་བའི་རྡོ་རྗེ་བཀོད་པ་ལས་ཞེས་སོགས་ཀྱིས་བསྟན། དེའི་དོན་ནི། སྦྱོར་སྒྲོལ་གྱི་ཕྲི ན་ལས་རྨད་དུ་བྱུང་བ་སྟེ། དེ་ལ་ཕོ་རྣམས་སྒྲོལ་བས་འདུལ་བ་ནི། དེ་བཞིན་ཉིད་ཀྱི་དབྱིངས་ནས་གསང་བའི་ཡུམ་སྤྲུལ་ཏེ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སྤྲིན་ལས། ཁྲོ་བོ་འཆོལ་བའི་ཚོགས་མཐའ་ཡས་པར་སྤྲོས་ཏེ། ལྟས་ཆེན་པོ་བཅོ་ལྔ་བསྟན་པས་གདུག་པ་ཅན་ཐམས་ཅད་རབ་ཏུ་བརྒྱལ་ཀུན་ཏུ་བརྒྱལ་བར་གྱུར་པ་ན། ཁྲོ་ཚོགས་རྣམས་བསྡུས་ཏེ་སླར་ཡང་རིགས་ལྔའི་ཧེ་རུ་ཀར་སྣང་བར་བྱས་ནས་དེ་དག་ཞབས་འོག་ཏུ་མནན་པ་ན་ད་དུང་དགྲ་ཟླར་མཐོང་སྟེ་མི་སྙན་པའི་བརླང་པོའི་གཏུམ་ཚིག་སྨྲ་བ་ན། དཔལ་ཆེན་པོ་ཉིད་ཀྱིས་དྲེགས་པ་རཱུ་ཏྲའི་ངོར་སྒྲོལ་བྱེད་རྡོ་རྗེ་སྲིན་པོ་དབུ་དགུ་ཕྱག་བཅོ་བརྒྱད་པའི་རྣམ་པར་བསྟན་ནས། གདུག་པ་ཅན་དེ་རྣམས་ཀྱི་དུག་གསུམ་དག་པར་བྱ་བའི་ཕྱིར། འདོད་ཆགས་ཁྲག །ཞེ་སྡང་རུས། གཏི་མུག་ཤ་ཡི་རྣམ་པར་ཕུང་པོ་ལྷག་མ་མ་ལུས་པར་ཞལ་དུ་བསྟབ་པ་དང་བཅས་པ་ནི་ཕོ་རྣམས་སྒྲོལ་བས་འདུལ་བའོ། །མོ་རྣམས་སྦྱོར་བས་འདུལ་བ་ནི། གདུག་པ་ཅན་དེ་རྣམས་ཀྱི་ཆུང་མ་དབང་མོ་ཉེར་བརྒྱད་པོ་དབང་དུ་བསྡུས་ནས་རོལ་པར་མཛད་པ་སྟེ། དེ་ཡང་གཙོ་བོ་ལ་ཕྱོགས་ཀྱི་གཙོ་མོ་བཞི་དང་སྒོ་མ་བཞི་སྟེ་བརྒྱད་འཁྲིལ། རིགས་བཞི་ལ་ཕྱོགས་ཀྱི་ལྷག་མ་ལྔ་ལྔ་འཁྲིལ་ཏེ་མཉམ་པར་སྦྱོར་བའི་སེམས་སྤྲིན་ལས། གནས་མ་བརྒྱད། ཡུལ་མ་བརྒྱད། སྒོ་མ་བཞི་རྣམས་རེ་རེ་ལ་ཡང་ཉེར་བརྒྱད་རེ་འཐོན་ཅིང་། སོ་སོ་ཡང་རིགས་བསྡུས་ཏེ་དཀྱིལ་འཁོར་གྱི་གནས་སོ་སོར་བཀོད་ནས་ཕཊ་ཅེས་བསྒྲགས་ཏེ་དབང་མོ་རྣམས་རང་རང་གི་གནས་ག་ལ་བ་དེར་ཡུད་ཙམ་གྱིས་ཕྱིན་པར་བཀྱེའོ། །དེ་ནས་སྔར་ཞལ་དུ་བསྟབ་པའི་རཱུ་ཏྲ་ཕོ་རྣམས་ལྟོ་བ་ན་གནས་པ་དེ་འོག་སྒོ་ནས་བཏོན་ཏེ་མི་གཙང་བའི་འདམ་གྱི་རྒྱ་མཚོར་ཆུད་པ་ལས། སླར་ཡང་བསྣམས་ནས་ཁྲོ་བོ་སྨེ་བ་བརྩེགས་པ་ཕྱུངས་ནས་འདམ་ཀུན་འཐུངས་པས་དྲེགས་པ་ཅན་དེ་དག་དྲན་པ་སླར་རྙེད་ནས་སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ཐོབ་སྟེ། བསམ་ཡས་ལྷུན་གྲུབ་ཁྲོ་བོའི་དཀྱིལ་འཁོར་གྱི་ཞལ་མངོན་སུམ་དུ་མཐོང་ངོ་། །དེ་ནས་ཤིན་ཏུ་འདར་ཞིང་བྲེད་པས་རབ་ཏུ་ཞུམ་པའི་ང་རོས། འབངས་སུ་མཆི་འབངས་སུ་མཆི། འབངས་སུ་ནན་ཏན་མ་མཆིས་ན། ཞེས་པ་ལ་སོགས་པས་འབངས་སུ་མཆི་བར་དམ་བཅས་པ་དེ་ནས་ཡང་སྨྲས་པ། བདག་ཅག་རྣམས་ཀྱི་མཆིས་བྲང་དང་། ཞེས་སོགས་ཀྱིས་བྲོ་བོར་ནས་རང་རང་གི་ལུས་ཁྲག་འཐུང་རིགས་ལྔའི་དཀྱིལ་འཁོར་གྱི་གདན་དུ་ཕུལ་བས། དེ་ནས་དཔལ་ཆེན་པོས་མ་མོ་རྣམས་ཀྱི་ལག་ཏུ་རྡོ་རྗེ་རེ་བྱིན་ནས་རྡོ་རྗེ་མིའི་སྲིན་མོ་ཞེས་པ་ལ་སོགས་པའི་མིང་གི་དབང་བསྐུར་ནས་དཀྱིལ་འཁོར་གྱི་ཁྲག་ཁྱམས་ལ་འགོད་པར་མཛད་དོ། །ལྔ་པ་དུས་ཕུན་སུམ་ཚོགས་པ་ནི། ཐམས་ཅད་འདུལ་བའི་ཐབས་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་སོ་སོར་སྣང་བས་དུས་གཅིག་ཏུ་བཏུལ་ལོ། །ཞེས་པས་བསྟན། དོན་ནི། དེའི་དུས་སུ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་གདུག་པ་ཅན་ཐམས་ཅད་སྔ་ཕྱི་མེད་པར་དུས་གཅིག་ཏུ་བཏུལ་བའོ་གསུངས། གླེང་གཞི་འདི་ལ་ཞར་བྱུང་གདུལ་བྱ་དགོས་ཆེད་དུ་བསྟན་པ་ཞེས་པ་ནི། གསང་བའི་འོག་མིན་དུ་སྟོན་འཁོར་ཚོགས་ནས་སྙིང་གའི་འོག་མིན་དུ་སངས་རྒྱས་པའི་ཚེ། ནང་གི་རྩ་མདུད་གྲོལ་བས་ནང་གི་བདུད་བཞི་བཅོམ་པའི་རྟགས་སྣང་ཕྱི་རོལ་ཏུ་དེ་ལྟར་བྱུང་བའོ་གསུངས། གསུམ་པ་སྤྲུལ་སྐུ་འགྲོ་བ་འདུལ་བའི་གླེང་གཞི་ལའང་ལྔ་ལས། དང་པོ་སྟོན་པ་ཕུན་སུམ་ཚོགས་པ་ནི། ཐུབ་པ་ཆེན་པོ་བཅོམ་ལྡན་རེ་རེས། ཞེས་པས་བསྟན། དེའི་དོན་ནི། སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར་ཐུབ་པ་ཆེན་པོ་རེ་རེས་དོན་མཛད་པ་སྟེ། ཤེར་ཕྱིན་གྱི་སྔགས་ཀྱི་དབང་པོ་བཀྲམ་པའི་ལེའུ་ལས། བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོ་ལྗགས་ཀྱི་དབང་པོས་ཁེབས་པར་མཛད་པས། དེ་ན་གནས་པའི་སེམས་ཅན་འདུལ་བའི་སྣོད་དུ་གྱུར་པ་རྣམས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པར་གྱུར་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནི་འོད་ཀྱིས་ཁྱབ་པར་མཛད་དོ། །ཞེས་སོ། །དེའང་གདུལ་བྱ་རིགས་དྲུག་སོ་སོའི་ལས་སྣང་དང་མཐུན་པར་སྣང་སྟེ། སྒྱུ་འཕྲུལ་བླ་མ་ལས། ལྷ་ཡི་གནས་ན་བརྒྱ་བྱིན་མགོན། །ལྷ་མ་ཡིན་ལ་ཐག་བཟང་རིས། །མི་ལ་བདུད་འདུལ་ཤཱཀྱ་མགོན། །ཡི་དྭགས་གནས་ན་ཁ་འབར་དེ། །བྱོལ་སོང་སེང་གེ་ཉིད་དུ་སྨྲ། །དམྱལ་བ་ལ་ནི་གཤིན་རྗེའི་མགོན། །ཞེས་སོ། །གཉིས་པ་འཁོར་ཕུན་སུམ་ཚོགས་པ་ནི། འགྲོ་བ་ལྔ་ཡི་དོན་མཛད་དེ། ཞེས་པས་བསྟན། དོན་ནི། ལྷ་མིན་སྟོད་རིས་ལྷ་དང་། སྨད་རིས་དུད་འགྲོར་བསྡུས་ཏེ། དྲན་པ་ཉེར་ཞག་ལས། ལྷ་མིན་དུད་འགྲོ་ཀླུ་དུད་འགྲོ། །ཞེས་སོ། །བྱེ་བྲག་འཁོར་རྣམ་པ་བཞི་ལ་སོགས་པའོ་གསུངས། གསུམ་པ་གནས་ཕུན་སུམ་ཚོགས་པ་ནི། སྣྲེལ་གཞི་དང་ཡས་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་ཅེས་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེས། ཞེས་པ་རྣམས་ཀྱིས་བསྟན། དེ་ལ་བླ་མ་གོང་མ་རྣམས་མཐའ་ཡས་མུ་མེད་ཅེས་ཆོས་སྐུའི་ཞིང་དང་། སྣྲེལ་གཞི་དང་ཡས་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཞེས་པས་སྟོང་གསུམ་གྱི་འཇིག་རྟེན་སྟོང་ལ་སྟོང་རྒྱུ་བཀོད་དང་པོ་དང་། དེ་སྟོང་ལ་སྟོང་རྒྱུ་བཀོད་གཉིས་པ་དང་། དེ་སྟོང་ལ་སྟོང་མཚམས་སྦྱོར་ཡོངས་སུ་དག་པ་ཞེས་བྱ་བ་ལོངས་སྐུའི་ཞིང་གི་ཚད་དུ་འདོད་ཅིང་། དེའང་འགལ་བར་མ་མཐོང་ཞིང་། ཁོ་བོ་ནི་ཕལ་ཆེན་ལས། ལས་ཀྱི་བྱེ་བྲག་བསམ་མི་ཁྱབ། །དམྱལ་བའི་འཇིག་རྟེན་མཐུར་འཕྱང་ཞིང་། །གཤིན་རྗེའི་འཇིག་རྟེན་སྣྲེལ་གཞི་སྟེ། །བྱོལ་སོང་ལྷ་མིན་གྱེན་མཐུར་འགྲོ། །ཞེས་པ་ལྟར་རམ། ཡང་ན་མགོ་གྱེན་དུ་བསྟན་ནས་འགྲོ་བ་མཐོ་རིས། སྣྲེལ་གཞི་སྟེ་ཕྲེད་བསྟན་གྱིས་འགྲོ་བ་དུད་འགྲོ། མཐུར་བསྟན་གྱིས་འགྲོ་བ་དམྱལ་བ་དང་ཡི་དྭགས་ཏེ། དེ་དྲུག་པོ་སྟོང་གསུམ་གྱི་འཇིག་རྟེན་གཅིག་གི་ནང་དུ་ཚང་བ་སྟེ། འགྲེལ་ཆུང་ལས། སྟོང་གསུམ་གཅིག་ལ་ཆགས་ཚུལ་དྲུག །སྤྲུལ་སྐུ་གཅིག་གི་ཞིང་དུ་གྲགས། །ཞེས་སོ། །འགྲོ་བའི་ལས་སྣང་གི་ཞིང་ཁམས་ཀྱི་བཀོད་པ་མཐའ་ཡས་ཀྱང་འདིར་མཛོད་ལས། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷར་བཅས། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །ཞེས་གསུངས་པས་སོ་གསུངས། བཞི་པ་ཆོས་ཕུན་སུམ་ཚོགས་པ་ནི། འདུལ་བ་རྣམ་པ་བཞིས། ཞེས་པས་བསྟན་ཏེ། དེ་ལ་དང་པོ་སྐུ་བསོད་ནམས་ཆེན་པོས་འདུལ་བ་ནི། བལྟམས་པ་དང་། རབ་ཏུ་བྱུང་བ་དང་སོགས་ནས། ཐུབ་པས་ཞེས་པའི་བར་གྱིས་བསྟན་གཉིས་པ་ཐུགས་མངོན་སུམ་པས་འདུལ་བ་ནི། དུས་བཞི་ཀུན་ཏུ་མཁྱེན་པ་དང་སོགས་ནས། མངོན་པར་ཤེས་པ་ཆེན་པོ་དྲུག་དང་ཞེས་པའི་བར་གྱིས་བསྟན། གསུམ་པ་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ་ནི། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་སོགས་ནས། བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་གྲངས་མེད་པ་ཕྱོགས་བཅུ་སྣང་བར་གྱུར་ཏེ། ཞེས་པའི་བར་གྱིས་བསྟན། བཞི་པ་གསུང་རིག་པས་འདུལ་བ་ལ་བསྟན་བཤད་བསྡུ་གསུམ་ལས། ཐམས་ཅད་ཀྱང་འདི་ལྟ་སྟེ། ལྷ་དང་མིའི་ཐེག་པ་དང་སོགས་ཀྱིས་རིགས་ཅན་ལྔའི་གདུལ་བྱ་ལ་ལྟོས་ནས་ཐེག་པ་ལྔའི་སྒོ་ནས་མདོར་བསྟན། མ་རིག་པའི་རྣམ་པར་རྟོག་པ་ཞེས་སོགས་ཀྱིས། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཕུང་བརྒྱ་ཁྲི་བཞི་སྟོང་གསུངས་ཏེ་རྒྱས་པར་བཤད། དེ་དག་ཐམས་ཅད་ཀྱང་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཞེས་སོགས་ཀྱིས་དབང་པོའི་རིམ་པས་མཇུག་བསྡུ་བ་དང་བཅས་པ་རྣམས་སོ་གསུངས། ལྔ་པ་དུས་ཕུན་སུམ་ཚོགས་པ་ནི། འགྲེལ་ཆུང་ལས། དུས་ཀྱི་ངོ་བོ་མཉམ་གནས་ཀྱང་། །སྐལ་པ་ཅན་ལ་དཀོན་པའི་དུས། །ཞེས་སོ། །དེ་རྣམས་ཀྱིས་རྒྱུད་འབྱུང་བའི་རྒྱུ་གླེང་བཞི་བཤད་པ་སོང་ནས། གཉིས་པ་རྐྱེན་གླེང་བསླང་བ་ནི། ཐུགས་ཐིག་ལས། སྟོན་པས་གནང་དང་འཁོར་གྱིས་ཞུས། །སྐབས་ལས་གླེང་བསླང་སྟོན་དང་འཁོར། །གནང་འདྲིའི་རྐྱེན་དུ་གང་གྱུར་པ། །དེ་དེས་གསུངས་ལ་མ་རག་པ། །ཞེས་གསུངས་པས་སྟོན་འཁོར་དྲི་ལན་གྱི་སྦྱོར་བས་རྒྱུད་དོན་གདུལ་བྱའི་བློ་དང་འཚམས་པར་འབྱུང་མ་རག་པ་སྟེ། དེ་ལྟར་གླེང་གཞི་ཚོགས་ནས་རྐྱེན་གླེང་མ་བསླང་ན་རྒྱུད་དོན་མི་འབྱུང་སྟེ། སྟོན་པས་གནང་དང་ཞེས་པས་སྟོན་པས་མདུན་བསུས་ཏེ་གནང་བ་མདོ་སྡུད་པ་ལྟ་བུ་སྟེ། ངས་སྔར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྒྱས་པར་བཤད་ཀྱི། ད་དེ་རྣམས་ཀྱི་དོན་མདོར་བསྡུས་ཏེ་སྟོན་པར་བྱེད་པས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག །ཅེས་པ་ལྟ་བུ་དང་། འཁོར་གྱིས་ཞུས་ཞེས་པས་འཇམ་དཔལ་མཚན་བརྗོད་ལྟ་བུ་སྟེ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས། རབ་གསུང་གང་ལགས་བཤད་དུ་གསོལ། །ཞེས་ཞུས་པས། ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བརྐྱང་མཛད་དེ། །ཞེས་འཁོར་གྱིས་ཞུས་པ་ལྟར་སྟོན་འཁོར་དྲི་ལན་གྱི་སྦྱོར་བ་དེ་ལྟ་བུའི་རྐྱེན་གྱིས་རྒྱུད་དོན་འབྱུང་མ་རག་པ་ནི་རྐྱེན་གླེང་བསླང་བ་སྟེ། དེ་ལ་དབྱེ་ན། ཐུན་མོང་མ་ཡིན་པ་དང་། ཐུན་མོང་གི་གླེང་བསླང་གཉིས་ལས། དང་པོ་ནི། སྟོན་པ་ཡབ་ཡུམ་གྱིས་ལྷན་ཅིག་པའི་འཁོར་ལ་ཟབ་དབང་བསྐུར་བའི་སྦྱོར་བས་མདུན་བསུས་ཏེ་ཐབས་ཤེས་གཉིས་མེད་ཀྱི་ཆ་བཟུང་ནས་གླེང་བསླང་བ་གསུམ་མོ། །ཞེས་པས། ཡབ་ཀྱིས་ཐབས་ཀྱི་ཆ་བཟུང་ནས་གླེང་བསླང་བ་ནི། ཨེ་མ་ཧོཿ རྡོ་རྗེ་ཕུང་པོའི་ཡན་ལག་ནི། །ཞེས་སོགས་ཐབས་ཀྱི་ཆ་བཟུང་ནས་གླེང་བསླང་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་གཅིག་གི་རང་བཞིན་དུ་སངས་རྒྱས་པ་ལ་ངོ་མཚར་བའི་ཚུལ་གྱིས་དེ་ལྟར་གླེང་བར་མཛད་པས། འཁོར་རྣམས་ཀྱིས་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་མཐོང་། ཕུང་ཁམས་སྐྱེ་མཆེད་ལ་སོགས་པའི་ཆོས་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་རྟོགས་པས་སངས་རྒྱས་པ་ཉིད་ལས་གཞན་པའི་ཆོས་རྡུལ་ཙམ་ཡང་མ་དམིགས་པའི་ཕྱིར་རོ། །དེ་ནས་ཡུམ་གྱིས། ཀྱེ་མ་ཧོཿ ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །ཞེས་སོགས་ཤེས་རབ་ཀྱི་ཆ་བཟུང་ནས་གླེང་བསླང་བས་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་དོན་དམ་སྟོང་ཉིད་ཀྱི་ཀློང་དུ་ཐིམ་པ་ལ་ངོ་མཚར་བའི་ཚུལ་གྱིས་དེ་ལྟར་གླེང་བར་མཛད་པས། འཁོར་རྣམས་ཀྱིས་ལྷག་པ་དོན་དམ་པའི་བདེན་པ་མཐོང་ནས། ཕྱོགས་བཅུ་སྟོང་ཁམས་དང་། སྲིད་པ་གསུམ་དང་། སྙིགས་མ་ལྔ་དང་། ཕུང་པོ་ལྔ་སྟེ། ཐ་སྙད་བཞིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་སངས་རྒྱས་པ་ལས་འབྲས་བུ་གཞན་ནས་བཙལ་དུ་མེད་པར་རྟོགས་པའི་ཕྱིར་རོ། །དེ་ནས་ཐབས་ཤེས་གཉིས་མེད་ཀྱི་ཆ་བཟུང་ནས་དབང་ཕྱི་མ་གཉིས་བསྐུར་བ་ནི། མདོ་སྡེ་རྒྱན་ལས། དགོངས་པ་ཐ་མ་ཐོབ་ནས་ནི། །འོད་ཟེར་ཆེན་པོས་དབང་བསྐུར་རོ། །ཞེས་པས་ཡབ་ཡུམ་སྙོམས་པར་ཞུགས་པའི་ཉི་ཟླ་བྱང་ཆུབ་ཀྱི་སེམས་ཀྱིས་རྒྱུ་བྱས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །ཞེས་སོགས་ཀྱིས་རྐྱེན་གླེང་བསླང་བས། རྩ་གནས་ཐམས་ཅད་ནས་བདེ་བ་འགོ་ལྡང་བའི་ཚུལ་གྱིས་སྐྱེས་པ་གཡོ་ལྡང་བྱང་ཆུབ་ཀྱི་སེམས། བདེ་བ་སྔ་མ་འཇིག་ཅིང་ཕྱི་མའི་བདེ་བ་ལ་འཇུག་པ་འཇིག་འཇུག་བྱང་ཆུབ་ཀྱི་སེམས། སྔ་མའི་བདེ་བས་མཚོན་ནས་ཕྱི་མའི་བདེ་བ་ལ་སྨོན་པ་སྨོན་པ་བྱང་ཆུབ་ཀྱི་སེམས། རྟེན་ཅན་གྱི་བདེ་བ་རང་ས་ན་གནས་པ་མེད་པའི་ཚུལ་གྱིས་གནས་པ་གནས་པ་བྱང་ཆུབ་ཀྱི་སེམས། འགྲོ་འོང་ཐམས་ཅད་དང་བྲལ་བ་མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་དང་ལྔ་ལས། དེ་ལྟར་ཡས་འབབ་དགའ་བཞིའི་བགྲོད་ཀྱི་མཐར་བྱང་སེམས་ཡུམ་གྱི་པདྨའི་ཟེའུ་འབྲུར་ཞལ་མཇལ་བའི་མཐར་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བ་སྟེ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ནི་འགྲོ་དང་ཞེས་པའི་དོན་ཡིན། འོང་ཞེས་པ་སླར་ཡང་མས་བརྟན་གྱི་དགའ་བཞིའི་སྐབས་སུ་བྱང་ཆུབ་ཀྱི་སེམས་དཀར་དམར་གཉིས་གཅིག་ཏུ་གྱུར་པ་གྱེན་དུ་ལྡོག་སྟེ་སྤྱི་བོར་སོན་པས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་སྟེ། དབང་བཞི་པ་བདེ་བ་ཆེན་པོའི་དབང་ཐོབ་པ་སྟེ། དེའི་ཚེ་འཇིག་རྟེན་ན་ཆུ་མཐུར་དུ་འགྲོ་བ་གྱེན་དུ་སོང་སྟེ་དཀར་ཆ་ཆུའི་རང་བཞིན་སྤྱི་བོར་དག་པས་སྐུ་རྡོ་རྗེ་ཐོབ། དམར་ཆ་མེའི་རང་བཞིན་གྱེན་དུ་འགྲོ་བ་སྟེ་མཐུར་དུ་སོང་ནས་རྡོ་རྗེ་ནོར་བུའི་རྩེར་འགག་པས་དམར་ཆ་དག་པ་གསུང་རྡོ་རྗེ་ཐོབ། དཀར་དམར་བར་གྱི་འབྲེལ་བྱེད་པའི་རླུང་དག་པས་ཐུགས་རྡོ་རྗེ་ཐོབ། དེ་གསུམ་འགྱུར་བ་མྱོང་བའི་ཤེས་རིག་དག་པས་ཡེ་ཤེས་རྡོ་རྗེ་ཐོབ་སྟེ་སྐུ་བཞི་ཡེ་ཤེེས་ལྔའི་ངོ་བོར་སངས་རྒྱས་པས་ན། སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པ་ནི་ཐུན་མོང་མ་ཡིན་པའི་གླེང་བསླང་ངོ་གསུངས། གཉིས་པ་ཐུན་མོང་གི་གླེང་བསླང་བ་ནི། དེ་ལྟར་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་ནས་རང་དོན་དུ་རྒྱུད་ཞུ་མ་དགོས་ཀྱང་། ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་གསང་བ་བཞིས་ཆོད་པའི་ཐུན་མོང་གི་གདུལ་བྱ་རྣམས་ཐུགས་རྗེས་བཟུང་བར་རིགས་སོ་ཞེས་ཞུས་པས། སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས་ཞེས་པས། བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་སྟོན་པའི་ཐུགས་རྗེ་སྐྱེས་ནས་དངོས་དང་བརྒྱུད་པའི་སྒོ་ནས་འཆད་པར་དགྱེས་པའོ་ཞེས་ཞལ་གྱིས་བཞེས་པ་དང་བཅས་པ་ནི་ཐུན་མོང་གི་གླེང་བསླང་ངོ་གསུངས། དེ་རྣམས་ཀྱིས་གླེང་བསླང་བ་སོང་ནས། གསུམ་པ་འབྲས་བུ་ཡོངས་ཤེས་རྒྱུད་དོན་བཤད་པ་ལ། རྒྱུད་གསུམ་གྱི་རྣམ་བཞག་སྤྱིར་བཤད་པ་དང་། ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུད་ལས་འབྲས་བུའོ། །ཞེས་པས། སྤྱིར་རྒྱུན་ཆགས་པའི་དོན་གྱིས་ན་རྒྱུད་ཅེས་བྱ་སྟེ། སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་སེམས་ཀྱི་ཆོས་ཉིད་རང་བཞིན་རྣམ་དག་དེ་པི་ཝང་གི་རྒྱུད་ལྟར་བྲེང་ཆགས་སུ་གནས་པས་རྒྱུན་ཆགས་པ་ཞེས་བཤད། དེ་ཉིད་ཐབས་ཀྱི་རྐྱེན་གྱིས་ཟིན་པ་ལ་ལྟོས་ནས་གཞི་ལམ་འབྲས་གསུམ་དུ་སྣང་སྟེ། ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་གསུངས་པ་ལྟར། གང་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད། གང་གིས་རྟོགས་ཤིང་བགྲོད་པ་ཐབས་སམ་ལམ་གྱི་རྒྱུད། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དང་གསུམ་ལས། དང་པོ་ནི། བཅིང་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་གསུངས་པ་ལྟར་གཞི་འཆིང་གྲོལ་མེད་པའི་གནས་ལུགས་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཡེ་ནས་གནས་པ་གང་ཡིན་པ་སྟེ། ཞེས་པས། སེམས་ཀྱི་ཆོས་ཉིད་འདི་འཁོར་བའི་གནས་སྐབས་སུ་བཅིངས་པ་དང་མྱ་ངན་ལས་འདས་པའི་གནས་སྐབས་སུ་གྲོལ་བ་ལྟར་སྣང་ཡང་། དོན་ལ་ལྟོས་གཞི་བཅིངས་པ་མེད་པས། དེ་ལྟོས་ཀྱི་གྲོལ་བའང་མི་སྲིད་པས་འཆིང་གྲོལ་མེད་པ་ཞེས་བྱ། འཆིང་གྲོལ་མེད་པའི་གནས་ལུགས་རང་རིག་པ་བྱང་ཆུབ་ཀྱི་སེམས་ཞེས་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་སུ་འདུས་ཤིང་སེམས་ཀྱི་ངོ་བོ་ལ་སྒྲིབ་པས་གོས་མ་མྱོང་བས་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། སྒྱུ་འཕྲུ ལ་རྒྱས་པ་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཅེས་གསུངས། བྱང་ཆུབ་ཀྱི་དོན་ནི་སྤང་ཐོབ་མེད་པའི་དོན་ཡིན་ཏེ། སྤང་བྱ་སྒྲིབ་གཉིས་སྤངས་རྒྱུ་དང་ཐོབ་བྱའི་ཡོན་ཏན་གསར་དུ་ཐོབ་རྒྱུ་མེད་པར་ཡེ་ནས་ལྷུན་གྲུབ་ཏུ་ཡོད་པས་བྱང་ཆུབ་ཀྱི་སེམས་ཞེས་བྱ། དེ་ལ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་ཡེ་ནས་གནས་པ་གང་ཡིན་པ་སྟེ། ཞེས་པ་ནི་སེམས་དེའི་ངོ་བོ་དོན་དམ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པ་ནི་ལྷག་པ་དོན་དམ་བདེན་པ་སྟེ། ལམ་རིམ་ལས། དེ་ཡང་རྣམ་གསུམ་གནས་ཚུལ་བཞག །ཞེས་པས། དབྱིངས་དོན་དམ། ཡེ་ཤེས་དོན་དམ། འབྲས་བུ་དོན་དམ་གསུམ་གྱི་རང་བཞིན་དུ་གནས་པ་སྟེ། དེའི་དཔེ་ནི་སེམས་ཉིད་ནམ་མཁའ་ལྟ་བུའམ་མེ་ལོང་ནག་ལིང་ངེ་བ་ལྟ་བུ་ནི་དབྱིངས་དོན་དམ། དེ་ལ་གསལ་དྭངས་སྒྲིབ་གཡོགས་མེད་པའི་ཆ་ནི་ཡེ་ཤེས་དོན་དམ། མེ་ལོང་ལ་གཟུགས་བརྙན་འཆར་རུང་གི་ནུས་པ་ཡོད་པ་ལྟར། སེམས་ཉིད་དྭངས་གསལ་སྒྲིབ་གཡོགས་མེད་པའི་ཀློང་ན་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་འཆར་རུང་མ་འགགས་པར་གནས་པ་ནི་འབྲས་བུ་དོན་དམ་སྟེ། ལམ་རིམ་ལས། བདུན་དང་གསུམ་ཕྱིར་དོན་དམ་པ། །ཞེས་གསུངས་པས། འབྲས་བུ་དོན་དམ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་ཕྱེ་བས་སེམས་ཉིད་དོན་དམ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པ་ལྷག་པ་དོན་དམ་བདེན་པ་དང་། སེམས་ཉིད་དོན་དམ་བདེན་པའི་རྩལ་སྣང་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་ཤར་བ་ནི་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་གཉིས་ཀྱང་ངོ་བོ་དབྱེར་མི་ཕྱེད་པར། གསེར་དང་གསེར་གྱི་སེར་པོ་དང་། གཡུ་དང་གཡུ་ཡི་སྔོན་པོ་དང་། མར་མེ་དང་མར་མེའི་འོད་ལྟ་བུར་ཟུང་འཇུག་ངོ་བོ་གཅིག་པའི་བདག་ཉིད་དུ་གནས་པ་ནི་ལྷག་པ་བདེན་པ་དབྱེར་མེད་པ་སྟེ། དེ་ཡང་སྤྱོད་ཡུལ་དང་བྲལ་བར་ཡེ་ནས་གནས་པ་ཞེས་པས་བདེན་པ་དབྱེར་མེད་དེ་ནི་བློས་བསམ་པའི་ཡུལ་ལས་འདས། ངག་གིས་བརྗོད་པའི་ཡུལ་ལས་འདས་པས་སྨྲ་བསམ་བརྗོད་མེད་ཀྱི་དོན་ཏེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་དང་། སྡུད་པ་ལས། དོན་དེ་གང་ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས། །ཞེས་སོགས་གསུངས། དེ་ལ་ཡེ་ནས་གནས་པ་ཞེས་པ་ནི། དེ་ནི་བཅོས་མ་གློ་བུར་གྱི་ཆོས་མ་ཡིན་པར་གདོད་མ་ཁུངས་ཐུབ་ཀྱི་ཆོས་སེམས་ཉིད་དེ་གའི་གནས་ལུགས་སམ་ཡིན་ལུགས་སམ་གཤིས་ལུགས་སུ་གདོད་མ་ནས་དེ་ལྟར་ཡོད་པས་ཡེ་ནས་གནས་པ་ཞེས་བཤད་པ་ཡིན་གསུངས། དེ་ལ་མདོ་རྒྱུད་རྣམས་སུ་མིང་གི་རྣམ་གྲངས་དུ་མ་ཞིག་བཤད་པ་ཡོད་དེ། ཁམས་བདེ་བར་གཤེགས་པའི་སྙིང་པོ་དང་། རང་བཞིན་དུ་གནས་པའི་རིགས་དང་། ཀུན་གཞིའི་ཡེ་ཤེས་དང་། དྲི་བཅས་དེ་བཞིན་ཉིད་ལ་སོགས་པ་ཐ་སྙད་གང་ལའང་འཇུག་པའི་གཞིའོ། །ཞེས་པ་ནི། དེ་ལ་བདེར་གཤེགས་སྙིང་པོ་ལ། སྤྱིར་མདོ་རྒྱུད་བསྟན་བཅོས་རྣམས་སུ་རིགས་ཞེས་གྲགས་པ་ལ་གྲུབ་མཐའི་དབང་གིས་འདོད་ཚུལ་མི་འདྲ་བ་དུ་མ་སྣང་སྟེ། བྱེ་བྲག་ཏུ་སྨྲ་བས་ནི། སྲིད་པ་དང་སྲིད་པའི་ཡོ་བྱད་ལ་མ་ཆགས་པའི་སེམས་བྱུང་ཆོག་ཤེས་པ་ལ་འཕགས་པའི་རིགས་སུ་འདོད། མདོ་སྡེ་པས་ནི། སེམས་ཀྱི་ས་བོན་ཟག་མེད་ཀྱི་ཡེ་ཤེས་འབྱུང་རུང་གི་ནུས་པ་ལ་འདོད། སེམས་ཙམ་པས་ནི། ཐོག་མ་མེད་པ་ནས་སེམས་རྒྱུད་ལ་གནས་པའི་ཟག་མེད་ཀྱི་ཆོས་སྐྱེད་པར་བྱེད་པའི་ནུས་པ་ཆོས་ཉིད་ཀྱིས་ཐོབ་པ་ལ་འདོད། དེ་རྣམས་ནི་བདེ་གཤེགས་སྙིང་པོ་འདུས་བྱས་སུ་འདོད་པའི་ལུགས་ཏེ་དངོས་པོར་སྨྲ་བའི་ལུགས་སོ། །དབུ་མ་པས་ནི། དྲི་བཅས་དེ་བཞིན་ཉིད་ལ་རིགས་སུ་ཕལ་ཆེར་འདོད་པ་མཐུན་ཀྱང་། ངོས་འཛིན་ལུགས་མི་འདྲ་བ་མང་དུ་སྣང་མོད། འདིར་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལྟར་ན། སེམས་ཉིད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་སྟོང་གསལ་འགགས་མེད་ཀུན་ཁྱབ་ཀྱི་ངོ་བོར་འཕོ་འགྱུར་མེད་པར་གནས་པ་ནི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཞེས་ངེས་དོན་གྱི་མདོ་སྡེ་ཟབ་མོ་རྣམས་ལས་འབྱུང་སྟེ། ཏིང་འཛིན་རྒྱལ་པོ་ལས། དག་པ་དྭངས་པ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་དང་། སངས་རྒྱས་ཕལ་པོ་ཆེ་ལས། སྟོང་གསུམ་དར་ཡུག་གི་དཔེ་བཀོད་ནས། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡེ་ཤེས་དང་ཚད་མེད་པའི་ཡེ་ཤེས། སེམས་ཅན་ཐམས་ཅད་ལ་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་བཞུགས་ཏེ། སེམས་ཅན་གྱི་སེམས་ཀྱི་རྒྱུད་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ། །དེ་ལྟ་མོད་ཀྱི་འདུ་ཤེས་ཀྱི་འཛིན་པས་བཅིངས་པའི་བྱིས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་ཤེས་རབ་ཏུ་མི་ཤེས་ཤིང་ཉམས་སུ་མི་མྱོང་མངོན་སུམ་དུ་མི་བྱེད་དོ། །དེས་ན་དེ་བཞིན་གཤེགས་པ་ཆགས་པ་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཆོས་ཀྱི་དབྱིངས་སེམས་ཅན་གྱི་གནས་ཐམས་ཅད་རྣམ་པར་གཟིགས་ནས་འདུ་ཤེས་སུ་འགྱུར་ཏེ། ཀྱེ་མ་མ་ལ་སེམས་ཅན་འདི་དག་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་རྗེས་སུ་ཞུགས་པ་དག་སྟེ། གང་ཡང་ངས་སེམས་ཅན་འདི་དག་ལ་འཕགས་པའི་ལམ་ཉེ་བར་བསྟན་པས་འདུ་ཤེས་ཀྱིས་བྱས་པའི་འཆིང་བ་མཐའ་དག་བསལ་བར་བྱ་སྟེ། ཇི་ལྟར་རང་ཉིད་ཀྱིས་འཕགས་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པས་འདུ་ཤེས་ཀྱི་མདུད་པ་ཆེན་པོ་བསལ་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་སོ་སོར་མངོན་པར་ཤེས་ཤིང་། དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་རྗེས་སུ་ཐོབ་པ་བཞིན་དུ་དེ་བཞིན་གཤེགས་པའི་ལམ་བསྟན་པས་འདུ་ཤེས་ཀྱིས་བྱས་པའི་འཆིང་བ་མཐའ་དག་ལས་ལྡོག་པར་བྱེད་དོ། །འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ཅད་ལས་ལོག་པ་དག་ལ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པ་དེས་འགྲོ་བ་ཐམས་ཅད་ཀྱི་ཉེ་བར་འཚོ་བར་འགྱུར་རོ། །ཞེས་དང་། འགྲིབ་པ་དང་འཕེལ་བ་མེད་པའི་མདོ་ལས་ཀྱང་། ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་བ་འདི་ནི་སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དྭགས་སོ། །ཞེས་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས་ཀྱང་། རིགས་ཀྱི་བུ་དག་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང་། དེ་དག་གི་དགོངས་འགྲེལ་གྱི་བསྟན་བཅོས་རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་བདེ་གཤེགས་སྙིང་པོ་ཅན། །ཞེས་རྒྱུ་མཚན་གསུམ་གྱིས་སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་བསྟན་ཅིང་། ཉོན་མོངས་སྦུབས་ནང་གནས་པ་དེ། །དཔེ་དག་གིས་ནི་ཤེས་པར་བྱ། །ཞེས་གསུངས་པས་དཔེ་དགུ་ནི། དེ་ཉིད་ལས། སངས་རྒྱས་པད་ངན་སྦྲང་མ་སྦྲང་རྩི་དང་། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང་། །གོས་ཧྲུལ་ན ང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་པའི་ལྟོ་ན་མི་བདག་དང་། །ས་ནང་རིན་ཆེན་གཟུགས་ཡོད་ཇི་ལྟར་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་དཔེ་དགུའི་སྒོ་ནས་མདོར་བསྟན་དུ་བཤད་ཅིང་། རྒྱས་བཤད་ཀྱི་སྐབས་སུ་རྣམ་བཞག་རྣམ་པ་བཅུའི་སྒོ་ནས་གཏན་ལ་ཕབ་པ་སྟེ། དེ་ཉིད་ལས། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང་། །གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་པ། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་སོགས་རྒྱས་པར་གསུངས་སོ། །དེ་ཡང་མདོར་ཧྲིལ་གྱིས་དྲིལ་ན། དེ་ལ་བདེ་གཤེགས་སྙིང་པོ་ཞེས་བརྗོད་པ་ནི། སེམས་ཉིད་བདེན་པ་དབྱེར་མེད་དུ་གནས་པ་དེ་ཉིད་སངས་རྒྱས་ཀྱི་ངོ་བོ་ཡིན་པའི་ཆ་ནས་བདེ་གཤེགས་སྙིང་པོ་དང་། སེམས་ཉིད་དེ་ལ་སྟོང་ཆ་ནས་ཆོས་སྐུའི་ཡོན་ཏན་དང་། སྣང་ཆ་ནས་གཟུགས་སྐུའི་ཡོན་ཏན་འཆར་རུང་མ་འགགས་པར་གནས་པས་རང་བཞིན་གནས་རིགས་དང་། འཁོར་འདས་གཉིས་ཀའི་འབྱུང་གཞི་ཡིན་པས་ཀུན་གཞིའི་ཡེ་ཤེས་དང་། དེ་ཉིད་སེམས་ཅན་གྱི་དུས་སུ་དྲི་མ་དང་འབྲེལ་བས་དྲི་བཅས་དེ་བཞིན་ཉིད་དང་། སོགས་ཁོངས་ནས་ཀྲི་ཡ་པ་རྣམས་ཀྱིས་བདག་གི་དེ་ཁོ་ན་ཉིད་དང་། ཨུ་པ་ཡ་དང་ཡོ་ག་པ་གཉིས་ཀྱིས་དོན་དམ་པར་མཚན་མ་མེད་པའི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་བལྟ་བ་དང་། མ་ཧཱ་ཡོ་ག་བ་རྣམས་ཀྱིས་སེམས་ཉིད་ཡེ་ནས་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་ཞེས་དང་། ཨ་ནུ་ཡོ་ག་པ་རྣམས་ཀྱིས་གཉིས་སུ་མེད་པའི་སྲས་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་དང་། ཨ་ཏི་ཡོ་ག་བ་རྣམས་ཀྱིས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཞེས་པ་ལ་སོགས་པ་མིང་གི་ཐ་སྙད་དུ་མ་ལ་འཇུག་པའི་གཞི་ཡིན་པས་སོ་གསུངས། དེ་ཉིད་གཞི་ལམ་འབྲས་གསུམ་གྱི་ལྡོག་ཆ་གང་རུང་དང་མ་བསྟུན་པར་སྤྱིར་བཞག་པ་ན། ཞེས་པས། དེ་ལ་རང་བཞིན་ནམ་གནས་ལུགས་ཞེས་པ་ལས་མིང་གི་ཐ་སྙད་གང་ཡང་མི་འཇུག་པའོ། །དེ་གསུམ་གང་རུང་དང་བསྟུན་ན། དེ་ཉིད་དྲི་མ་ཅུང་ཟད་ཀྱང་མ་སྤངས་པའི་གནས་སྐབས་ལ་གཞི། དྲི་མ་སྦྱོང་བཞིན་པའི་གནས་སྐབས་ལ་ལྟོས་ནས་ལམ། དྲི་མ་མཐའ་དག་དང་བྲལ་བའི་གནས་སྐབས་ལ་འབྲས་བུར་འཇོག་གོ། །ངེས་ཚིག་ནི། རིམ་གསུམ་ལས། ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། །ཞེས་པས་གནས་ལུགས་ལ་ལྟོས་ནས་འཁོར་འདས་གཉིས་ཀྱི་ཐ་སྙད་ལས་འདས་ཀྱང་། སྣང་ལུགས་ལ་དེ་གཉིས་ཀྱི་ཐ་སྙད་འབྱུང་བས་སོ་གསུངས། གཞི་དེ་ལ་དབྱེ་ན་རིམ་གསུམ་ལས། ངོ་བོའི་གཞི་དང་བཏགས་པའི་གཞི། །ཞེས་པས་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ནི་དྲི་མ་སྦྱོང་བའི་གཞི་ནོར་བུ་རིན་པོ་ཆེ་ལྟ་བུའི་ཞེས་པས་ངོ་བོའི་གཞི་སྟེ། དཔེར་ན་འདམ་རྫབ་ཀྱི་དབུས་ཀྱི་ནོར་བུ་ལྟར་རོ། །དེ་ལྟར་ཡང་ཀླུ་སྒྲུབ་ཀྱིས། ས་ཡི་ནང་ན་གནས་པའི་ཆུ། །དྲི་མ་མེད་པར་ཡང་དག་གནས། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་སོ། །ནོར་བུའི་འདམ་རྫབ་ལྟ་བུ་ནི་བཏགས་པའི་གཞི་སྟེ། མེད་སྣང་འཁོར་བའི་ཆོས་ཐམས་ཅད་སྦྱངས་བྱའི་དྲི་མ་འདམ་རྫབ་ལྟ་བུ་སྟེ། དེ་ནི་གཉིས་མེད་ལ་གཉིས་སུ་བཟུང་ནས་ལོག་ཤེས་འཁྲུལ་རྟོག་སྟེ། མདོ་ལས། གང་ཞིག་ལོག་པར་རྟོག་པས་མེད་མཐོང་བ། །བྱིས་པ་འདི་དག་མེད་པའི་ཆོས་ལ་སྤྱོད། །ཅེས་དང་། འཇམ་དཔལ་ཞལ་ལུང་ལས། འཁོར་བའི་ཆོས་རྣམས་ཐག་ཁྲ་ཡི། །སྦྲུལ་ལྟར་མེད་པ་ཉིད་དུ་འདོད། །ཅེས་སོ། །དེ་ཉིད་ལ་བཏགས་གཞི་ཞེས་པ་ནི། ཞེན་སྣང་ཉིད་འཁོར་བ་འགྲུབ་བྱེད་ཀྱི་རྒྱུ་དང་། འཁོར་བ་པའི་རྣམ་ཤེས་ཀྱི་འཇུག་པ་མ་ཟད་ཀྱི་བར་དུ་རྒྱུན་ཆགས་པ་ཙམ་ཡིན་པས་དེ་ལྟར་དུ་བཤད་པ་ཡིན་གསུངས། འབྲས་བུའི་ཉེར་ལེན་དུ་གྱུར་པའི་རྒྱུ་རྒྱུད་མ་ཡིན་ཞེས་པ་ནི། འབྲས་བུའི་ཉེར་ལེན་དུ་མི་འགྲོ་སྟེ། འབྲས་བུ་ཐོབ་པའི་དུས་ཟད་ནས་རང་ཟད་ནས་རང་སངས་ལ་འགྲོ་བའི་ཕྱིར་དང་། བཅོས་མ་གློ་བུར་གྱི་ཆོས་ཡིན་པས་སོ་གསུངས། རིག་པས་དཔྱད་དོན་གྱི་སྟོང་ཉིད་མེད་དགག་ཀྱང་རྒྱུ་རྒྱུད་མཚན་ཉིད་པ་མ་ཡིན་ནོ། །ཞེས་པ་མཚན་ཉིད་པ་མ་ཡིན་ཀྱང་བཏགས་པ་ཙམ་དུ་ཁས་ལེན་ཏེ། དེ་ལ་དམིགས་ནས་སྐྱོན་ཡོན་སྐྱེ་བ་ཙམ་ཡིན་གསུངས། སྟོང་ཉིད་མེད་དགག་དེ་གང་ཡིན་ཞེ་ན། ཀ་བ་ཀ་བའི་ངོ་བོར་སྟོང་། བུམ་པ་བུམ་པའི་ངོ་བོར་སྟོང་པ་སྟེ་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པས་དགག་གཞི་ཆོས་ཅན་སྟོང་པས་སྐྱེ་མེད་ཙམ་དུ་ཟད་པའི་ཕྱིར་རོ་གསུངས། དེ་རྣམས་ཀྱིས་གཞིའི་དོན་བཤད་པ་སོང་ནས། གཉིས་པ་ལམ་གྱི་རྒྱུད་ནི། རྒྱུའི་རྒྱུད་དེ་གློ་བུར་གྱི་དྲི་མ་དང་བྲལ་བར་བྱེད་པའི་ཞེས་སོགས་ཀྱིས་བསྟན། དེའི་དོན་ནི། རིམ་གསུམ་ལས། ངོ་བོ་ཤེས་རབ་རྣམ་གསུམ་གྱིས། །སེམས་ལྔ་སྐྱེ་བར་བསྟན་པ་ཡིན། །ཞེས་གསུངས་པ་ལྟར། སེམས་ལྔའི་སྒོ་ནས་ལམ་གྱི་ངོ་བོ་སྐྱེ་བའོ། །དེ་ཡང་སེམས་སྐྱེ་ཚུལ་ནི། གཞིའི་ས་ནས་སེམས་སྐྱེ་བ་ཞེས་པ་ཐེག་པ་གང་དུ་ཡང་མ་ཞུགས་པའི་གནས་སྐབས་ནས་སྐྱེ་བ་དང་། ལམ་གྱི་ས་ནས་སེམས་སྐྱེ་བ་ཞེས་པ་ཉན་རང་སོགས་ཀྱི་ཐེག་པར་ཞུགས་ནས་སྐེད་འཇུས་བྱས་ཏེ་ལམ་དེ་བོར་ནས་ཐེག་པ་འདིར་འཇུག་པ་དང་། འབྲས་བུའི་ས་ནས་སེམས་སྐྱེ་བ་ཞེས་པ་ཐེག་པ་འོག་མའི་འབྲས་བུའི་བར་དུ་བསླབས་ནས། དེ་ནས་སྔགས་ལམ་འདིར་འཇུག་པ་རྣམས་སོ་གསུངས། སེམས་ཇི་ལྟར་སྐྱེ་ཚུལ་ནི། ཐེག་པ་འོག་མའི་སྐྱོན་མཐོང་ཞིང་གོང་མའི་ཡོན་ཏན་མཐོང་སྟེ་འཇུག་འདོད་ཀྱི་སེམས་དང་པོ་འགོ་ལྡང་བའི་ཚུལ་གྱིས་སྐྱེས་པ་གཡོ་ལྡང་བྱང་ཆུབ་ཀྱི་སེམས། ཐེག་པ་དེའི་ཡོན་ཏན་ཐོབ་ན་སྙམ་པ་སྨོན་པ་བྱང་ཆུབ་ཀྱི་སེམས། དེ་སྨོན་པ་ཙམ་དུ་མ་བཞག་པར་དེ་ལ་འཇུག་པ་འཇུག་པ་བྱང་ཆུབ་ཀྱི་སེམས། དེ་ལ་གནས་པ་གནས་པ་བྱང་ཆུབ་ཀྱི་སེམས། དེའི་འབྲས་བུ་ཐོབ་པ་མཐར་ཕྱིན་བྱང་ཆུབ་ཀྱི་སེམས་ཏེ། དེ་ཡང་ངོ་བོ་ཤེས་རབ་རྣམ་པ་གསུམ་གྱིས་ཐུན་མོང་གི་སེམས་ལྔ་ཐེག་པ་འོག་མ་པ་རྣམས་དང་། མཆོག་གི་སེམས་ལྔ་བླ་ན་མེད་པའི་ཐེག་པ་འདིར་འཇུག་པའི་སེམས་ཏེ། དེ་ཡང་སྐྱེས་སམ་སྐྱེས་སོ་ཞེས་པས། ཅིག་ཅར་དུ་སྐྱེ་བ་ཞིག་ཡོད་དེ། སྐྱེས་སམ་སྐྱེས་སོ་ཞེས་པ་སྟེ། དེ་གང་ཞེ་ན། སྡོམ་གསུམ་རྣམ་ངེས་ལས། རྟོགས་གྲོལ་དུས་མཉམ་ཨིནྡྲ་བྷུ་ཏི་བཞིན། །ཞེས་པ་ལྟར་རོ། །སྐྱེ་བ་ནི་རིམ་གྱིས་སྐྱེ་བས་སོ་གསུངས། ངེས་ཚིག་ནི་གོ་སླ་ཞིང་། དབྱེ་བ་ལ་གཉིས་ལས། རྣལ་འབྱོར་བླ་ན་མེད་པ་ཁྱད་པར་གྱི་ལམ་འདི་ནི་ཉེ་བའི་ལམ་མམ་ཐབས་རྒྱུད་ཡིན་ལ། ཞེས་པ་ནི། ཁྱད་པར་ཅན་གྱི་ལམ་ཞེས་པ་ཐེག་ཆེན་དབུ་མ་སོགས་སུ་བདེན་གཉིས་ཟུང་འཇུག་ཟེར་ཀྱང་ཟུང་འཇུག་རྣལ་མའི་དོན་མ་མྱོང་སྟེ། ཐབས་བདེ་བ་ཆེན་པོའི་ཁྱད་པར་མེད་པའི་ཕྱིར་རོ། །ཉེ་ལམ་ཞེས་པའང་ལམ་འདིར་ཞུགས་ན་ཐེག་པ་གཞན་བསྟན་མི་དགོས་པར་འདི་ཁོ་ནས་འབྲས་བུ་ལ་སྦྱོར་བས་སོ། །ཐབས་ཀྱི་རྒྱུད་ཅེས་པའང་། ཐེག་པ་གཞན་རྣམས་སུ་ནི་དུག་གསུམ་ལ་སྤང་བྱར་བྱེད་ལ། འདིར་ནི་དམིགས་མེད་ལྟ་བས་གཟེར་བཏབ་ནས། འདོད་ཆགས་བདེ་སྟོང་། ཞེ་སྡང་གསལ་སྟོང་། གཏི་མུག་རིག་སྟོང་གི་ངོ་བོར་བལྟས་ཏེ་དུག་གསུམ་ལམ་ཁྱེར་གྱི་ཐབས་ལ་བརྟེན་ནས་ཚེ་གཅིག་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པའི་ཐབས་རྨད་དུ་བྱུང་བ་སྟེ། ས་པཎ་གྱི་སྡོམ་གསུམ་རབ་དབྱེར། སྔགས་ཀྱིས་བཏབ་པའི་ས་བོན་ནི། །ཉི་མ་གཅིག་ལ་ལོ་ཐོག་སྨིན། །རྡོ་རྗེ་ཐེག་པའི་ཐབས་ཤེས་ན། །ཚེ་འདི་ཉིད་ལ་སངས་རྒྱས་འགྲུབ། །ཅེས་གསུངས། དེ་ལས་གཞན་པ་ངེས་འབྱུང་གི་ཐེག་པ་བཞི་ཞེས་པ་ནི། ལྷ་མིའི་ཐེག་པས་ངན་སོང་ལས་ངེས་པར་འབྱུང་། ཉན་རང་གི་ཐེག་པས་འཁོར་བ་ལས་ངེས་པར་འབྱུང་། བྱང་ཆུབ་སེམས་དཔའི་ཐེག་པས་མཐའ་གཉིས་ལས་ངེས་པར་འབྱུང་བས་སོ་གསུངས། ཕྱི་རྒྱུད་སྡེ་གསུམ་གྱི་ལམ་སྐབས་འདིར་རིང་ལམ་ཡིན་ཞེས་པ། སྤྱིར་སྔགས་ལམ་ཡིན་པས་ཉེ་ལམ་ཡིན་མོད་ཀྱང་། དེ་དག་བླ་མེད་ཀྱི་ལམ་འདི་ལ་འཇུག་དགོས་པས། ཐེག་པ་འདི་ལ་ལྟོས་ནས་རིང་བའི་ལམ་ཞེས་བཤད་པའོ། །དེ་ཡང་གཞི་འབྲས་གཉིས་དང་ཤེས་ཐོབ་ཀྱི་བྱ་བྱེད་འབྲེལ་པ་ཅན་དུ་གནས་པའི་ཕྱིར་ཞེས་སོགས་ཀྱི་དོན་ལམ་རྒྱུད་དེ་གཞི་ཤེས་པར་བྱ་བ་དང་མར་འབྲེལ། འབྲས་བུ་ཐོབ་པར་བྱེད་པ་དང་ཡར་འབྲེལ་ཏེ་དེ་གཉིས་ཀྱི་བར་གྱི་བྱ་བྱེད་འབྲེལ་བ་ཅན་དུ་གནས་པའི་ཕྱིར་རོ། །ཁྱད་པར་གྱི་ལམ་ལ་དབྱེར་ན་ཐབས་གྲོལ་གཉིས་ཏེ། །གྲོལ་ལམ་ཐབས་སུ་རྣམ་པར་བསྟན། །ཞེས་པས་ཐབས་ལམ་ནི། ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཞེས་པ་འཆིང་བྱེད་ཀྱི་ལས་ལ་སྤྱད་ཀྱང་གྲོལ་བའི་འབྲས་བུ་ཐོབ་པ་ལ་ངོ་མཚར་བའི་དོན་ནོ། །དེ་ནི་གཙོ་བོར་ཐབས་ཀྱི་ཁྱད་པར་བརྟུལ་ཞུགས་ཀྱི་སྤྱོད་པ་རྨད་དུ་བྱུང་བའི་སྒོ་ནས་འབྲས་བུ་མྱུར་དུ་འགྲུབ་པར་བྱེད་པ་སྟེ། ཞེས་པས་གཙོ་བོར་ཐབས་ཀྱི་ཁྱད་པར་ཞེས་པ། གྲོལ་ལམ་ཡང་ཐབས་ཤེས་གཉིས་ལྡན་ཡིན་ཀྱང་། འདིར་ཐབས་གཙོ་བོར་སྟོན་པའི་ཕྱིར་གཙོ་བོ་ཐབས་ཀྱི་ཁྱད་པར་ཞེས་སྨོས། དེ་ལ་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་བཤད་པས། དུག་གསུམ་མི་སྤངས་པར་ཐོག་བརྫིས་ཀྱི་སྤྱོད་པའི་བརྟུལ་བཞུགས་ཏེ། དཔེར་ན་རྒྱུད་ལས། རྣ་བར་ཆུ་ནི་ཞུགས་གྱུར་ན། །ཆུ་ཉིད་ཀྱིས་ནི་གདོན་པར་བྱ། །ཞེས་གསུངས་པ་ལྟར། སླར་ཡང་ཆུ་སྣོན་མ་བླུགས་ནས་བཏོན་པས་ཐོན་འགྲོ་བ་བཞིན་དུ། དུག་གསུམ་ལ་ལྟ་བའི་བརྟུལ་ཞུགས་ཀྱི་གདེངས་དང་ལྡན་པས་སྤྱད་ན་མི་འཆིང་བར་མ་ཟད་གྲོལ་བའི་འབྲས་བུ་མྱུར་དུ་སྟོན་པ་སྟེ། དཔེར་ན་མཀྵི་ཀའི་སྦྱོར་བས་ལྕགས་ཁམས་ཡུད་ཙམ་གྱིས་གསེར་དུ་བསྒྱུར་བ་བཞིན་ནོ། །ཞེས་པ་སྟེ། མཀྵི་ཀ་ནི་དངུལ་ཆུའི་སྦྱོར་བ་སྟེ། ཁེ་ཉེན་གཉིས་ཀའི་དཔེར་མཚོན་པས། །དངུལ་ཆུའི་སྦྱོར་བ་ལེགས་པར་ཤེས་པ་ཞིག་གིས་གནས་སྐབས་ལྔའི་སྒོ་ནས་ལྕགས་ཁམས་གསེར་དུ་འགྱུར་ཏེ། ཇི་སྐད་དུ། དུ་བ་དང་ནི་ཙག་ཙག་དང་། །སྦལ་པ་འཕྱོང་བ་ཉིད་དང་ནི། །འདར་བ་དང་ནི་མི་འདར་བའི། །དངུལ་ཆུ་ཡི་ནི་གནས་སྐབས་ལྔ། །ཞེས་གསུངས་པ་ལྟར་རོ། །དེའི་སྦྱོར་བ་མི་ཤེས་པ་ཞིག་གིས་བྱས་ན་དངུལ་ཆུའི་དགྲ་མེ་ཡིན་པས་ལྕགས་གསེར་དུ་མི་འགྱུར་བ་མ་ཟད་དངུལ་ཆུའི་རྒྱུ་ཁམས་ཆེན་པོ་དེ་ཡང་ཆུད་ཟོས་སུ་འགྲོ་བ་བཞིན་དུ། ཐབས་དང་མི་ལྡན་པ་ཞིག་གིས་སྦྱོར་སྒྲོལ་གྱི་ལས་ལ་སྤྱད་ན་གྲོལ་བའི་འབྲས་བུ་མི་ཐོབ་པར་མ་ཟད། ངན་སོང་དུ་ལྟུང་བའི་ཉེན་ཆེན་པོ་ཡོད་དེ། ཞེ་སྡང་གིས་ནི་དམྱལ་བར་སྐྱེ། །ཆགས་པས་ཡི་དྭགས་འགྲོ་བར་འགྱུར། །རྨོངས་པ་ཕལ་ཆེར་དུད་འགྲོར་འགྲོ། །ཞེས་གསུངས། ཐབས་ལམ་དེ་ལ་དབྱེ་ན་གཉིས་ཏེ། གདམས་ངག་སྟེང་དང་འོག་གི་སྒོ། །ཞེས་པས་སྟེང་སྒོ་ནི། འཁོར་ལོ་དྲུག་ལ་བརྟེན་ནས་འབར་འཛག་གི་སྦྱོར་བས་སོགས་ཏེ། རྒྱ་མཚོ་ལས། འཁོར་ལོ་སུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བས་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། །ཞེས་པས་བསྟན་ཏེ། འཁོར་ལོ་གསུམ་གཉིས་ཞེས་པས་གསུམ་ཚན་གཉིས་ཏེ་དྲུག་ཡིན་ཅིང་། སྲོག་ཤིང་གསུམ་ནི་རྩ་རོ་རྐྱང་དབུ་གསུམ་སྟེ་ལུས་ཀྱི་དབུས་སུ་སྲོག་ཤིང་བསླང་བ་ལྟར་ཡོད་པ་དེ་ལ་བརྟེན་པའི་རྩ་འཁོར་ནི། སྤྱི་བོའི་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག །སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རེ་བཞི། དེའི་འོག་ཏུ་སྦར་བྱ་མེའི་འཁོར་ལོ་གྲུ་གསུམ་རཾ་གྱིས་མཚན་པ་དང་། དེའི་འོག་ཏུ་སྦར་བྱེད་རླུང་གི་འཁོར་ལོ་གཞུའི་དབྱིབས་ཅན་ཡཾ་ཡིག་གིས་མཚན་པ་དྲུག་གནས་ཤིང་། མེ་རླུང་འགྲོ་བས་ནམ་མཁའི་བ། །ཞེས་པས་དེ་ལྟར་སྟེང་སྒོའི་ལམ་ཉམས་སུ་བླངས་པས་སྟེང་རླུང་མནན་པ་རོ་རྐྱང་གཉིས་ཀྱི་ལམ་བརྒྱུད་དེ་ལྟེ་འོག་ཏུ་སླེབས་པ་དང་འོག་རླུང་བསྐུམ་པའི་རྐྱེན་གྱིས་སུམ་མདོའི་རླུང་དང་བཅས་པས་རླུང་གི་དཀྱིལ་འཁོར་གཡོས་པས་མེའི་དཀྱིལ་འཁོར་འབར་ཏེ་མེ་རླུང་གཉིས་པོ་དབུ་མའི་ལམ་བརྒྱུད་སྤྱི་བོའི་ཧྃ་ཡིག་ལ་ནམ་མཁའི་བ་ཞེས་པའི་ཐ་སྙད་བཏགས་པས། བ་ལས་འོ་མ་བཞོ་བ་མཚོན་བྱེད་དུ་བྱས་པ་ཧཾ་ཡིག་ལས་བྱང་སེམས་དངུལ་ཆུའི་རྡོག་པོ་ལྟར་འཛག་པས་སྤྱི་བོའི་རྩ་འཁོར་གང་བས་དགའ་བའི་ཡེ་ཤེས་སྐྱེས། དེ་བཞིན་དུ་མགྲིན་པ་དང་། སྙིང་ག་དང་། ལྟེ་བ་སྟེ་འཁོར་ལོ་བཞིར་བདེ་བའི་ཡེ་ཤེས་བསྐྱེད་པ་ལ་བསླབ་པ་ཐབས་ལམ་སྟེང་སྒོའི་ལམ་མོ། །དེ་ལ་སྤྱི་དང་ཁྱད་པར་གཉིས་ལས། ཁྱད་པར་བ་ནི་ལེའུ་བཅུ་གསུམ་པའི་དངོས་བསྟན་སྒྲ་ཇི་བཞིན་པའོ། །གཉིས་པ་ཐབས་ལམ་འོག་སྒོ་ནི། འོག་སྒོ་མཁའ་གསང་གཉིས་ལ་བརྟེན་ནས་སོགས་ཏེ། དེ་ཡང་། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཞེས་པས། བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་སྟོན་པ་སྟེ། མཚན་ཉིད་དང་ལྡན་པའི་ཡུམ་བཙལ་བ། བརྟག་པ་སོགས་བསྙེན་པའི་ཡན་ལག །བརྡ་བཞིས་བསྐུལ་ཏེ་ཕྱག་རྒྱ་བཞིས་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམས་པར་འཇུག་པ་ཉེ་བསྙེན། དེ་ལྟར་བྱང་སེམས་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་རྣམས་སུ་རིམ་གྱིས་བབས་པས་དགའ་བཞིའི་རིམ་པས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དབབ་བཟུང་གི་སྦྱོར་བས་ཉམས་སུ་མྱོང་བ་ནི་སྒྲུབ་པའི་ཡན་ལག །དེ་ནས་བྱང་སེམས་ལྡོག་ཁྱབ་ཀྱི་སྦྱོར་བས་དཀར་དམར་འདྲེས་པ་ཡུམ་གྱི་རྩ་ཁ་ཁ་མུ་ཁའི་རྩེ་ནས་སླར་ཡང་གྱེན་དུ་ལྡོག་སྟེ། ལྟེ་བ་ནས་སྤྱི་བོའི་རྩ་འཁོར་གྱི་བར་དུ་ཁྱབ་པས་ལུས་ཐམས་ཅད་ལ་རྩས་ཁྱབ། རྩ་ཐམས་ཅད་ལ་བྱང་ཆུབ་སེམས་ཀྱིས་ཁྱབ། དེ་ཐམས་ཅད་ལ་བདེ་བའི་ཡེ་ཤེས་ཀྱིས་ཁྱབ་པས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བ་ནི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། སྐད་ཅིག་ལ་བདེ་སྟོང་གི་ཡེ་ཤེས་བཙན་ཐབས་སུ་སྐྱེ་བ་ལ་ས་ལམ་ཆིག་ཆོད་དུ་རྫོགས་པའི་ཐབས་ལམ་ཅིག་ཅར་བ་སྟེ། རྒྱས་པ་ལས། ཕུན་སུམ་ཚོགས་པའི་ལྷུན་གྲུབ་རྣམས། །གསང་དབང་མཆོག་གིས་སྦྱིན་པར་བྱེད། །ཅེས་གསུངས་སོ། །གཉིས་པ་གྲོལ་ལམ་ནི། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་པས་གཙོ་བོར་ཤེས་རབ་རྣམ་པ་གསུམ་གྱི་སྒོ་ནས་སོགས་ཏེ། ལམ་འདི་ལ་ཐབས་ཀྱི་ཁྱད་པར་ཡོད་མོད་ཀྱང་ཤེས་རབ་གཙོ་བོར་གཏན་ལ་འབེབས་པ་སྟེ། དང་པོ་ཐོས་པའི་ཤེས་རབ་ཀྱིས་གསུང་རབ་ཀྱི་མཐའ་རྒྱ་བཅད་དེ་ཐོས་པ་རྒྱ་མཚོ་བསགས་ནས། བསམ་པའི་ཤེས་རབ་ཀྱིས་ཐོས་དོན་བསམ་པས་བརྟགས་ཏེ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་བཞིན་དུ་གཏན་ལ་ཕབ་ནས། སྒོམ་པའི་ཤེས་རབ་ཀྱིས་སེམས་ཉིད་རྣལ་མའི་དོན་ལ་མ་བཅོས་པར་བཞག་པས་རང་རྒྱུད་ཀྱི་འཆིང་བ་རང་སངས་སུ་སོང་ནས་ཆོས་ཉིད་ཀྱི་ཀློང་དུ་གྲོལ་བ་ཞེས་བྱ་གསུངས། དཔེ་རིན་པོ་ཆེ་ཀོ་ཏུ་བྷ་ཞེས་བྱ་བའི་རིན་པོ་ཆེའི་རིགས་ཤིག་ཡོད་པ་དེ་ཁེ་ཉེན་ཆུང་བའི་གྲོལ་ལམ་གྱི་དཔེར་མཚུངས་ཏེ། རིན་པོ་ཆེ་དེ་རྡོ་ཕལ་པ་དང་ལྷན་ཅིག་ཏུ་བཞག་པ་ན། དེ་མ་ཐག་ཏུ་རིན་པོ་ཆེའི་རིགས་སུ་མི་འགྱུར་ལ། ཇི་ཞིག་ན་དེ་དང་འདྲ་བར་འགྱུར་བས་ན། གྲོལ་ལམ་དེ་ཡང་ཐབས་ལམ་ལྟ་བུའི་མྱུར་ཁྱད་མེད་ཀྱང་། ཇི་ཞིག་ན་འབྲས་བུ་ལ་སྦྱོར་བ་ལ་ཁྱད་པར་མེད་པས་སོ་གསུངས། དབྱེ་ན། ལམ་རིམ་ལས། རིང་བའང་རིམ་དང་ཅིག་ཅར་བའོ། །ཞེས་པས་རིང་བས་ཞེས་པ། གྲོལ་ལམ་འདི་རིང་བའི་ལམ་ཡིན་ཞིང་། དེ་ལའང་རིམ་གྱིས་པ་དང་ཅིག་ཅར་བ་གཉིས་ཡོད་པའི་དོན་ཡིན་གསུངས། དབང་པོ་ཡང་རབ་རྟོགས་གོམས་ཐམས་ཅད་དབྱེར་མེད་ཆིག་ཆོད་དུ་བྱེད་པ་ཞིག་ཡོད་དེ་ཅིག་ཅར་བ་ཞེས་བྱ་སྟེ། དབང་དུས་སུ་གྲོལ་བའི་རྒྱལ་པོ་ཨིནྡྲ་བྷུ་ཏི་ལྟ་བུའོ་གསུངས། རིམ་གྱིས་རྟོགས་གོམས་མཐར་ཕྱིན་པར་བྱེད་པ་ནི་རིམ་གྱིས་པ་སྟེ། དེ་ཅུང་ཟད་བཤད་ན། འདི་ཉིད་ལས། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པས་མཚན་ཉིད་གསུམ་སྟེ། དང་པོ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ནི། ལམ་རིམ་ལས། གཞི་དང་གཏན་ཚིགས་གྲུབ་པའི་དོན། །ཞེས་པས། གཞལ་བྱ་ཞེན་སྣང་ཉིད་སོགས་ཏེ། དེ་ལ་གཞལ་བྱ་ནི། ལམ་རིམ་ལས། འཁོར་དང་འདས་དངོས་ཞེན་སྣང་བརྟག །ཅེས་དང་། རྣམ་བཀོད་ལས་ཀྱང་། བཏགས་པའི་སྤྱོད་ཡུལ་གཉིས་ལ་གཞལ། །ཞེས་པས་འཁོར་འདས་གཉིས་སུ་ཞེན་པའི་ཞེན་པ་སྒྲོ་བཏགས་དང་བཅས་པ་ནི་གཞལ་བྱ་སྟེ། འོ་ན་འཁོར་འདས་གཉིས་མི་གཞལ་ལམ་ཞེ་ན། མི་གཞལ་ཏེ། འཁོར་བ་ནི་མེད་སྣང་གློ་བུར་བ་ཡིན་པས་གཞལ་རྒྱུ་མ་བྱུང་། མྱ་ངན་ལས་འདས་པ་ནི་བློའི་སྤྱོད་ཡུལ་ལས་འདས་པས་གཞལ་བྱར་མ་གྲུབ་པ་སྟེ། རྣམ་བཀོད་ལས། འདས་པ་སྤྱོད་ཡུལ་མ་ཡིན་ཕྱིར། །གཞལ་བྱའི་ཡུལ་དུ་ཇི་ལྟར་རིགས། །ཞེས་སོ། །གཉིས་པ་འཇལ་བྱེད་ཀྱི་གཏན་ཚིགས་ནི། ལམ་རིམ་ལས། དེ་ཉིད་དངོས་ལྔ་ཚུལ་དང་ཚིག །ཅེས་པས་གསུམ་སྟེ། མངོན་བྱུང་དངོས་ལྔའི། རྗེས་འཇུག་ཚུལ་ལྔའི། ཚིག་ལྔའི་གཏན་ཚིགས་དང་གསུམ་ལས། དང་པོ་ནི། སྟོན་པ་ཆོས་ཀྱི་སྐུས་འཁོར་ཡེ་ཤེས་རྒྱ་མཚོ་ལ་སྐྱེ་མེད་དོན་གྱི་གསུང་གིས་བརྡ་སྤྲོད་པ་དང་། ལོངས་སྐུས་འཁོར་སྨིན་པ་རྒྱ་མཚོ་ལ་དགོངས་པ་བརྡ་ཡི་གསུང་གིས་བརྡ་སྤྲོད་པ་དང་། སྤྲུལ་སྐུས་འཁོར་མོས་པ་རྒྱ་མཚོ་ལ་བརྗོད་པ་ཚིག་གི་གསུང་གིས་བརྡ་སྤྲོད་པ་དང་། རྡོ་རྗེའི་སྐུས་དབྱེར་མེད་རྡོ་རྗེའི་འཁོར་ལ་རྡོ་རྗེའི་གསུང་གིས་བརྡ་སྤྲོད་པ་དང་། མངོན་བྱང་གི་སྐུས་འཁོར་རྒྱལ་བ་རྒྱ་མཚོ་ལ་རིག་པ་བྱིན་རླབས་ཀྱི་གསུང་གིས་བརྡ་སྤྲོད་པ་སྟེ། སྔོན་བྱུང་དུ། སྟོན་པ་སྐུ་ལྔས་རང་རང་གི་འཁོར་ལ་གསུང་ལྔའི་སྒོ་ནས་ཆོས་ཉིད་ཀྱི་དོན་དངོས་སུ་གཏན་ལ་ཕབ་པ་ནི་དངོས་ལྔའི་གཏན་ཚིགས་ཏེ། ལམ་རིམ་ལས། ཡང་དག་རྫོགས་སངས་རྒྱས་སྟོན་པ། །སྐུ་ལྔས་འདུས་པའི་འཁོར་རྣམས་ལ། །གསུང་ལྔ་བསྟན་པ་དེ་ཁོ་ན། །གཏན་ལ་འབེབས་ཤིང་འཇལ་བྱེད་པའོ། །ཞེས་གསུངས་སོ། །གཉིས་པ་རྗེས་འཇུག་ཚུལ་ལྔའི་གཏན་ཚིགས་ནི། སྐུ་ལྔ་དེ་དག་གི་གསུང་ལྔ་དང་ཚུལ་མཐུན་པའི་བརྡ་དོན་ཏེ། སྐྱེ་མེད་མཚོན་པ་ནམ་མཁའ་ལྟ་བུ་དང་། སྒྲིབ་པ་ངོས་འཛིན་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་དང་། རང་རིག་མངོན་གསལ་རང་གསལ་ཉི་མའི་འོད་ལྟ་བུ་དང་། དབྱེར་མེད་རྡོ་རྗེའི་གསུང་མཚོན་པ་གྲགས་སྟོང་དབྱེར་མེད་བྲག་ཆ་ལྟ་བུ་དང་། བརྗོད་པ་ཚིག་གི་གསུང་མཚོན་པ་ཀུན་ཡིད་འཇུག་པ་ཚངས་པ་དབྱངས་ཀྱི་སྒྲ་ལྟ་བུ་སྟེ། ལམ་རིམ་ལས། བརྗོད་དང་འདྲ་བར་བརྡ་སྤྲོད་པ། །ངོ་བོ་ཉིད་ཀྱིས་བཤད་པའི་ཕྱིར། །མ་འོངས་དོན་དུ་གཏན་ཚིགས་ངེས། །ཞེས་སོ། །གསུམ་པ་ཚིག་ལྔའི་གཏན་ཚིགས་ནི་སྔར་གྱི་ཚུལ་ལྔ་པོ་དེ་ཚིག་ཏུ་དངོས་སུ་བརྗོད་པ་ནི་ཚིག་ལྔའི་གཏན་ཚིགས་ཏེ། ཚིག་ལྔ་ནི། ཆོས་སྐུའི་ཚིག་ནི་སྐྱེ་མེད་རང་དུ་སྟོན་པའི་ཚིག་དང་ཡི་གེ་རྣམས་སོ། །ལོངས་སྐུའི་ལྡེམ་དགོངས་བརྡ་སྟོན་པའི་ཚིག་དང་། སྤྲུལ་སྐུའི་དཀྲི་དྲང་བརྒྱུད་པའི་ཚིག་དང་། རྡོ་རྗེའི་སྐུའི་དབྱེར་མེད་རྡོ་རྗེའི་ཚིག་དང་། མངོན་བྱང་གི་དབྱེར་མེད་རང་སྣང་དུ་སྟོན་པའི་ཚིག་དང་ཡི་གེ་རྣམས་སོ། །ཞེས་ཞལ་ལུང་ལས་གསུངས་སོ། །མཆན། ལམ་རིམ་ལས། ངོ་བོ་སྣང་ཚིག་རང་སྣང་ཚིག །ལྡེམ་དགོངས་ཚིག་དང་དཀྲི་དྲང་ཚིག །འདོད་རྐྱེན་ཚིག་དང་རྡོ་རྗེའི་ཚིག །རང་རིག་མངོན་གསལ་ཚིག་གིས་མཚོན། །ཞེས་སོ། །དེ་རྣམས་བསྡུ་ན་དཔྱད་དུ་མེད་པས་གོ་བ་སྐུ་བཞིའི་གཏན་ཚིགས་ཏེ། དབང་རྣོན་རྣམས་བརྟག་དཔྱད་ལ་མ་ལྟོས་པར་དོན་གོ་བའི་ཕྱིར་དང་། དཔྱད་དུ་ཡོད་པས་གོ་བ་ནི་སྤྲུལ་སྐུའི་གཏན་ཚིགས་ཏེ། དབང་རྟུལ་རྣམས་བརྟག་དཔྱད་ལ་བརྟེན་ནས་དོན་གོ་དགོས་པའི་ཕྱིར་ཏེ། ལམ་རིམ་ལས། དེ་ལྟ་མོད་ཀྱང་བསྡུ་ན་གཉིས། །བཞི་རྗེས་མི་སྤྱོད་གཅིག་རྗེས་སྤྱོད། །ཅེས་སོ། །དེ་ལྟར་དཔྱད་དུ་ཡོད་པ་སྤྲུལ་སྐུའི་གཏན་ཚིགས་ལ་ཚད་མ་བཀའ་གཞུང་གི་གཏན་ཚིགས་དང་། སྒྲ་མཐུན་དོན་དཔགས་ཀྱི་གཏན་ཚིགས་གཉིས་ལས། དང་པོ་ལའང་། རྟོགས་པ་བཞིའི། དག་པ་གསུམ་གྱི། མཉམ་པ་བཞིའི། བདག་ཉིད་ཆེན་པོའི་གཏན་ཚིགས་དང་བཞི་ལས། དང་པོ་ནི། འདི་ཉིད་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་རླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་པས། རྟོགས་པ་བཞིའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་བདེན་པ་དབྱེར་མེད་དུ་གཏན་ལ་འབེབས་པར་བྱེད་པ་སྟེ། དེ་ལ་འཁོར་འདས་གཉིས་སུ་སྣང་ཞིང་ཞེན་པའི་གཉིས་འཛིན་གྱི་བློ་དེ་གཉིས་མེད་ཀྱི་ཡེ་ཤེས་སུ་གཏན་ལ་འབེབས་པའི་ཆེད་དུ་གཉིས་འཛིན་གྱི་ཞེན་པ་དེ་གཞལ་བྱར་བྱས་ནས། འཇལ་བྱེད་རྒྱུ་གཅིག་པའི་གཏན་ཚིགས་ཀྱིས་རང་བཞིན་སྐྱེ་མེད་དུ་གཏན་ལ་འབེབས་པའོ། །དེ་བཞིན་དུ། སྔ་མ་སྔ་མས་གཏན་ལ་ཕབ་པའི་གྲུབ་མཐའི་ཞེན་ཆ་དེ་དང་དེ་གཏན་ཚིགས་ཕྱི་མ་ཕྱི་མ་རྣམས་ཀྱི་གཞལ་བྱར་བྱས་ནས། ཡིག་འབྲུའི་ཚུལ་དང་། བྱིན་གྱིས་རླབས་དང་། མངོན་སུམ་པའི་གཏན་ཚིགས་རྣམས་ཀྱིས་བཅལ་བས་རིམ་པ་ཇི་ལྟ་བར་རང་བཞིན་སྐྱེ་མེད། རོལ་པ་འགག་མེད། ངོ་བོ་དབྱེར་མེད། མཚན་ཉིད་བློ་བྲལ་དུ་གཏན་ལ་ཕེབས་པ་ནི་གྲུབ་མཐའོ། །ཇི་ལྟར་གཞལ་ན། འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་སོ་ཅོག་ཆོས་ཅན། སེམས་ཉིད་རང་བྱུང་གི་ཡེ་ཤེས་སྐྱེ་བ་མེད་པའི་དབྱིངས་སུ་རྒྱུ་གཅིག་པ་ཡིན་ཏེ། དེ་ལྟར་རྟོགས་པ་དང་མ་རྟོགས་པ་ལས་འཁོར་འདས་སོ་སོར་སྣང་བ་ཙམ་ལས་གཉིས་སུ་མ་གྲུབ་པའི་ཕྱིར། ཞེས་པས་རྒྱུ་གཅིག་པའི་གཏན་ཚིགས་སོ། །སེམས་ཉིད་སྐྱེ་མེད་ཀྱི་གདངས་ཆོས་ཅན། རོལ་པ་འགག་མེད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ཡིན་ཏེ། མཚོན་དུ་མེད་པའི་ཡི་གེ་ཨ་ཉིད་མཚོན་བྱེད་ཡི་གེ་དུ་མར་སྣང་བས་མཚོན་ནས་རྟོགས་པའི་ཕྱིར་ཞེས་པ་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་སོ། །རང་བཞིན་སྐྱེ་མེད་དང་རོལ་པ་འགགས་མེད་གཉིས་ཆོས་ཅན། ཚིག་ལ་སྔ་ཕྱི་བྱུང་ཡང་དེ་དང་དེ་དབྱེར་མེད་དུ་རྟོགས་པའི་མཐུས། དེ་ཉིད་ངོ་བོ་དབྱེར་མེད་དུ་རྟོགས་པའི་བྱིན་རླབས་ཤུགས་ལས་འབྱུང་བ་ཡིན་ཏེ། ལྷག་པ་དོན་དམ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པས། དེའི་སྣང་ལྡོག་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར་ཞེས་པ་བྱིན་གྱིས་རླབས་པའི་གཏན་ཚིགས་སོ། །བདེན་པ་དབྱེར་མེད་ཆོས་ཅན། བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། རང་རིག་མངོན་སུམ་གྱི་ཡུལ་མེད་རང་གསལ་དུ་བསམ་བརྗོད་དང་བྲལ་བར་རྟོགས་པའི་ཕྱིར་ཞེས་པ་ལྟ་བུ་མངོན་སུམ་པའི་གཏན་ཚིགས་སོ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཞེས་པའི་གཏན་ཚིགས་བཞི་པོ་དེས་བཅལ་བས། ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་པས་ཆོས་ཐམས་ཅད་རང་རིག་མངོན་སུམ་གྱིས་རྫོགས་པར་གཏན་ལ་ཕེབས་པས་དག་པ་རབ་འབྱམས་ཀྱི་སྣང་བ་ལ་དབང་བསྒྱུར་བས་ན་རྒྱལ་པོ་ཆེ་ཞེས་བྱའོ་གསུངས། གཉིས་པ་དག་པ་གསུམ་གྱི་གཏན་ཚིགས་ནི། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་པས་བསྟན། དེ་ཡང་འདི་ལྟར་སྣང་བ་ཕྱི་ནང་གི་ཆོས་རྣམས་ཆོས་ཅན། ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པ་ཡིན་ཏེ། དག་པ་གསུམ་དང་ལྡན་པའི་ཕྱིར་ཏེ། སྣོད་འབྱུང་བ་ལྔ་ཡུམ་ལྔར་རྣམ་པར་དག །བཅུད་ཕུང་པོ་ལྔ་ཡབ་ལྔར་རྣམ་པར་དག །རྒྱུད་རྣམ་པར་ཤེས་པའི་ཚོགས་བརྒྱད་ཡེ་ཤེས་ལྔར་རྣམ་པར་དག་པའི་ཕྱིར། དེ་ལྟར་ཡང་འདི་ཉིད་ལས། བདག་དང་གཞན་དང་རྟོག་པའི་རྒྱུན། རྣམ་དག་བླ་མེད་ཐེག་པའི་མཆོག །ཅེས་སོ། །གསུམ་པ་མཉམ་པ་བཞིའི་གཏན་ཚིགས་ནི། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་པས་བསྟན། འདི་ལྟར་སྣང་བའི་ཆོས་རྣམས་ཆོས་ཅན། ཡེ་ནས་ཆོས་ཀྱི་སྐུར་སངས་རྒྱས་པ་ཡིན་ཏེ། མཉམ་པ་བཞི་དང་ལྡན་པའི་ཕྱིར། མཉམ་པ་བཞི་ནི། མི་ལ་མིར་སྣང་བ་ཡང་དག་ཀུན་རྫོབ་དང་། ཐོ་ཡོར་ལ་མིར་སྣང་བ་ལོག་པའི་ཀུན་རྫོབ་གཉིས་ཀ་སྣང་བ་སྒྱུ་མར་མཉམ་པ་དང་། སྤྲོས་པ་ཕྱོགས་རེ་ཙམ་ཆོད་པ་མྱུ་གུ་བདག་ལས་སྐྱེ་བ་མེད་པར་རྟོགས་པ་ལྟ་བུ་རྣམ་གྲངས་པའི་དོན་དམ་བདེན་པ་དང་། སྤྲོས་པ་མཐའ་དག་ཆོད་པ་མྱུ་གུ་བདག་ལས་ཀྱང་མི་སྐྱེ། གཞན་ལས་ཀྱང་མི་སྐྱེ་བར་མཐའ་བཞིའི་སྤྲོས་པ་ཆོད་པ་ལྟ་བུ་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཀ་སྐྱེ་མེད་དུ་མཉམ་པ་གཉིས་ནི། ཐུན་མོང་གི་མཉམ་པ་གཉིས་སོ། །ལྷག་པའི་མཉམ་པ་གཉིས་ནི། དབུ་མ་བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་པའི། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་པས། སྣང་ལ་དོན་བྱེད་ནུས་པ་ཡང་དག་ཀུན་རྫོབ་དང་། སྣང་ལ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་གཉིས་ཀ་མ་དག་པ་ལས་སྣང་ལོག་པའི་ཀུན་རྫོབ་ཡིན་པས་གཉིས་ཀ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་པ་དང་། ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པའི་མེད་དགག་གི་སྟོང་ཉིད་དེ་རྣམ་གྲངས་པའི་དོན་དམ་པ་དང་། སེམས་ཉིད་ཅི་ཡང་མ་ཡིན་པའི་དབྱིངས་ཡེ་ཟུང་དུ་འཇུག་པ་མ་ཡིན་དགག་གི་སྟོང་ཉིད་དེ་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་གཉིས་ཀ་དོན་དམ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པ་མཉམ་པ་ལྷག་པའི་མཉམ་པ་གཉིས་ཏེ། མཉམ་པ་བཞིའི་གཏན་ཚིགས་སོ། །བཞི་པ་བདག་ཉིད་ཆེན་པོའི་གཏན་ཚིགས་ནི། རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་པས་བསྟན་ཏེ། དེ་ཡང་འཁོར་འདས་གཉིས་ཀྱི་ཆོས་ཐམས་ཅད་ཆོས་ཅན། སྣང་ལུགས་ནས་དུ་མར་སྣང་ཡང་ཡིན་ལུགས་ནས་གཞལ་ན་དེ་ལྟར་མ་ཡིན་ཏེ། སེམས་ཉིད་སྐྱེ་མེད་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་གི་བདག་ཉིད་དུ་ཡེ་ནས་གནས་པའི་ཕྱིར་ཏེ། རྣམ་བཀོད་ལས། སྣང་བ་འདི་ཀུན་རང་རང་གི། །རང་བཞིན་མེད་པའི་རྣམ་ཤེས་ཉིད། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་སོ། །གཉིས་པ་སྒྲ་མཐུན་དོན་དཔག་གི་གཏན་ཚིགས་ནི། ཐུན་མོང་གི་ཐེག་པར་དུག་ལྔ་སྤོང་སྦྱོང་བྱེད་པ་དེ་ཐེག་པ་འདིར་རང་བཞིན་མ་གྲུབ་པས་ལྟ་བས་དོན་སྤགས་པ་སྟེ། དེ་གཏན་ཚིགས་ཀྱིས་བསྒྲུབ་ན། དུག་ལྔ་ཆོས་ཅན། ཡང་དག་པར་མ་གྲུབ་སྟེ། རང་རང་གི་ངོ་བོས་སྟོང་པའི་ཕྱིར། ཞེས་པ་ལྟ་བུའོ་གསུངས། དེ་ལྟར་འཇལ་བྱེད་གཏན་ཚིགས་རྣམས་ཀྱིས་གཏན་ལ་ཕབ་པས་རང་བཞིན་རྒྱུ་རྒྱུད་གནས་ལུགས་ཀྱི་དོན་མངོན་སུམ་སྐྱེ་བ་ནི་གྲུབ་མཐའ་སྟེ། ལམ་རིམ་ལས། རྒྱ་མཚོ་དྭངས་པའི་གཟུགས་བརྙན་ལྟར། །སྒྲ་བརྟེན་ཡིད་ལ་བྱེད་མིན་པར། །རང་རིག་མངོན་སུམ་དམིགས་བྲལ་བ། །རང་སར་གསུམ་བྲལ་མི་བསྒུལ་བར། །ངེས་པར་གདེངས་སུ་གང་བྱས་པ། །ཐོས་བསམ་བརྟེན་པའི་ལྟ་མཐར་ཕྱིན། །ཞེས་དང་། རྔམ་གློག་ལས། མངོན་སུམ་རིག་པས་ཐག་ཆོད་ན། །རྣལ་འབྱོར་ས་ལ་སླེབས་པ་ཡིན། །ཞེས་གསུངས་སོ། །གང་དག་སྔགས་ཀྱི་གྲུབ་མཐའ་ནི་སོགས་གོ་སླའོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ནི། དེ་ལ་མོས་སྒོམ་དང་ངེས་རྫོགས་གཉིས་ལས། མོས་སྒོམ་ནི། དོན་སྤྱིའི་རྣམ་པ་མོས་པ་ལམ་དུ་བྱེད་པ་ཡིན་ཅིང་། ངེས་རྫོགས་ནི། ལམ་སོ་སོའི་ཏིང་ངེ་འཛིན་ཉམས་ལྔ་མཐར་ཕྱིན་པར་བསླབ་པ་སྟེ། དེ་ལ་ཉམས་ལྔ་ནི། བི་མ་ལ་ཡི་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་བར། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔ། །བསམ་གཏན་ཉམས་ཀྱི་སྐྱེ་ཚུལ་ཡིན། །ཞེས་པས། དེ་ལ་དང་པོ་གཡོ་བའི་ཉམས་ནི། གནས་པ་དང་པོ་རི་གཟར་གྱི་འབབ་ཆུ་ལྟར་སེམས་སྐད་ཅིག་ཀྱང་མི་གནས་པར་རྣམ་རྟོག་སྔར་བས་མང་དུ་སོང་བ་ལྟ་བུ་སྟེ། དེ་ཡང་མང་དུ་སོང་བ་མ་ཡིན་ཏེ། སྔར་རྣམ་རྟོག་ལ་རྩིས་གདབ་མ་བྱས་པས་མ་ཚོར་བ་ཡིན། ད་དེ་ངོས་ཟིན་པས་ཅུང་ཟད་སེམས་ཟིན་པའི་འབྲས་བུའོ་གསུངས། གཉིས་པ་ཐོབ་པའི་ཉམས་ནི། དེ་ལ་སྐྱོན་ཡོན་དུ་མ་བལྟས་པར་རྒྱུན་མཐུད་དེ་བསྒོམས་པས། དཔེ་རོང་ཁུང་དོག་པོའི་འབབ་ཆུ་ལྟ་བུ་སྟེ། རྣམ་རྟོག་འཕྲོ་མུ་ནས་ཡུད་ཙམ་རེ་རྟོག་མེད་དུ་ཞི་མེ་རེ་གནས་པ་ཞིག་འབྱུང་སྟེ། ཐོབ་པའི་ཉམས་སམ་རྣམ་རྟོག་ངལ་གསོས་པའི་ཉམས་ཞེས་བྱའོ། །གསུམ་པ་གོམས་པའི་ཉམས་ནི། དེའི་རྒྱུན་མཐུད་དེ་བསྒོམས་པས། དཔེ་གཡོ་འགུལ་མང་པོ་བྱེད་མི་ནུས་པ་རྒན་པོའི་སྤྱོད་པ་ལྟ་བུའམ། འདབ་ཆགས་རྙིས་བཟུང་བ་ལྟར་ཕལ་ཆེར་རྟོག་མེད་དུ་གནས་པ་ལས་རེས་འགའ་རྟོག་པ་བན་བུན་ཙམ་རེ་འབྱུང་སྟེ། གོམས་པའི་ཉམས་སམ་རྣམ་རྟོག་ཐང་ཆད་པའི་ཉམས་ཞེས་བྱ་གསུངས། བཞི་པ་བརྟན་པའི་ཉམས་ནི། དེ་ནས་ཀྱང་ཡུན་བསྲིངས་ཏེ་བསྒོམས་པས། དཔེ་མཚོ་ཆུང་སེར་བུས་བསྐྱོད་པ་ལྟར། ཕལ་ཆེར་རྟོག་མེད་རྒྱལ་འབྱམས་སུ་ཉལ་ལེ་གསལ་སིང་ངེར་གནས་པ་ལས་རྐྱེན་དྲག་པོས་ཅུང་ཟད་གཡོ་བ་སྟེ། བརྟན་པའི་ཉམས་སམ་རྣམ་རྟོག་གིས་ཅུང་ཟད་བསྐྱོད་དུ་ཡོད་པའི་ཉམས་ཞེས་བྱའོ་གསུངས། ལྔ་པ་མཐར་ཕྱིན་པའི་ཉམས་ནི། ད་དུང་འབད་དེ་བསྒོམས་པས། དཔེ་རྒྱ་མཚོ་རླབས་དང་བྲལ་བའམ་རི་བོ་ཆེན་པོ་ལྟར་གནས་པ་ལ་རྐྱེན་གང་གིས་ཀྱང་གནོད་མི་ནུས་པ་མ་ཟད་སླར་ལ་བོགས་འབྱིན་ཞིང་། བཏང་འགྲོ་བཞག་སྡོད་རང་དབང་དུ་འབྱོར་བས་མཐར་ཕྱིན་པའི་ཉམས་སམ་རང་དབང་འབྱོར་བའི་ཉམས་ཞེས་བྱའོ་གསུངས། ངེས་རྫོགས་ཀྱི་ལམ་འདི་ཅུང་ཟད་བཤད་ན། ལམ་རིམ་ལས། སྲིད་པ་རིམ་པར་སྨིན་ཚུལ་གྱི། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེས་པའི་རིམ་གསུམ་གཉིས་མེད་དོན། །ཞེས་པས་སྐྱེ་འཆི་བར་དོ་གསུམ་ཕྲུག་གཅིག་སྦྱོང་བའི་ལམ་རྫོགས་པར་སྟོན་པ་སྟེ། འཆི་བ་འོད་གསལ་དང་རྗེས་སུ་མཐུན་པའི་ལམ་སྟོང་པ་ཆེན་པོ། དེ་བཞིན་དུ་བར་དོ་དང་སྙིང་རྗེ་སྒྱུ་མ། སྐྱེས་པའི་རིམ་པ་གསུམ་པོ་དང་ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་སྟེ་ལྔ་ལས། དེ་ཉིད་རག་པ་བསྐྱེད་རིམ་གྱིས་སྦྱོང་བ་དང་། ཕྲ་བ་རྫོགས་རིམ་གྱིས་སྦྱོང་ཚུལ་གཉིས་ལས། དང་པོ་བསྐྱེད་རིམ་གྱིས་སྦྱོང་ཚུལ་ནི། འཆི་བའི་འོད་གསལ་དང་རྗེས་སུ་མཐུན་པའི་ལམ་སྟོང་པ་ཆེན་པོ་སྟེ། དེ་ཡང་ལུས་ཅན་རྣམས་འཆི་བའི་ཚེ། ཕྱི་ནང་གི་ཐིམ་རིམ་རྣམས་རྫོགས་པའི་མཐར་འཆི་སྲིད་ཆོས་སྐུའི་འོད་གསལ་འཆར་ཏེ། ཇི་སྐད་དུ། སྣང་བ་ཐིམ་དང་རྟོག་པ་ཐིམ། །ཕྲ་བ་ཐིམ་དང་རགས་པ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་ཡིས། །རང་བཞིན་གྱི་ནི་འོད་གསལ་འཆར། །ཞེས་གསུངས་པ་ལྟར། འདི་ལྟར་ཕྲ་རགས་ཀྱི་ཐིམ་ལུགས་རྒྱས་པའི་ཕྱོགས་ནས་འཆད་པའི་དབང་དུ་བྱས་ན། ཐོག་མར་རགས་པའི་རིམ་པ་རང་བཞིན་ཉི་ཤུ་ཐིམ་པར་འགྱུར་ཏེ། རྣམ་སྣང་གི་རིགས་གཟུགས་ཀྱི་ཕུང་པོ་འོད་གསལ་དུ་འཇུག་པའི་རྟགས་སུ། ཡན་ལག་ཐམས་ཅད་ཕྲ་བ་དང་། ལུས་ཀྱི་ཉམས་ཞན་ཅིང་ནུས་པ་མེད་པར་འགྱུར། མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པས་སེམས་མི་གསལ་ཞིང་རབ་རིབ་ཏུ་འགྱུར། སའི་ཁམས་ཐིམ་པས་ལས་ཐམས་ཅད་སྐམ་པར་འགྱུར། མིག་གི་དབང་པོ་ཐིམ་པས་མིག་མི་འགྱུར་ཞིང་ཟླུམ་པར་འགྱུར། ཡུལ་གྱི་གཟུགས་ཐིམ་པས་ལུས་ཀྱི་མདངས་མེད་ཅིང་ཉམས་པར་འགྱུར་ཏེ། དེ་ལྟར་རྣམ་སྣང་གི་རིགས་རྣམས་དོན་དམ་པར་འཇུག་པའོ། །དེ་ནས་རིན་འབྱུང་གི་རིགས་ཚོར་བའི་ཕུང་པོ་ཐིམ་པས་ཚོར་བ་ཉམས་སུ་མི་མྱོང་། མཉམ་ཉིད་ཡེ་ཤེས་ཐིམ་པས་ཚོར་བ་གསུམ་དྲན་པར་མི་འགྱུར། ཆུའི་ཁམས་ཐིམ་པས་རང་ལུས་ཀྱི་ཁ་ཆུ་དང་རྡུལ་གཅིན་དང་ཁུ་ཁྲག་སོགས་སྐམ་པར་འགྱུར། རྣ་བའི་དབང་པོ་ཐིམ་པས་ཕྱི་ནང་གི་སྒྲ་མི་ཐོས། ཡུལ་གྱི་སྒྲ་ཐིམ་པས་རང་ལུས་ཀྱི་སྒྲ་མི་ཐོས་སོ། །དེ་ནས་པདྨའི་རིགས་འདུ་ཤེས་ཀྱི་ཕུང་པོ་ཐིམ་པས་རྐང་གཉིས་ལ་སོགས་པའི་སེམས་ཅན་རྣམས་མི་དྲན། སོ་སོར་རྟོག་པའི་ཡེ་ཤེས་ཐིམ་པས་ཕ་མ་བུ་སྲིང་ལ་སོགས་པའི་མིང་མི་དྲན། མེའི་ཁམས་ཐིམ་པས་ཟས་མི་འཇུ། སྣའི་དབང་པོ་ཐིམ་པས་སྟེང་རླུང་དལ་གྱི་འགྲོ། ཡུལ་གྱི་དྲི་ཐིམ་པས་རང་གི་ལུས་ལ་དྲི་མི་བྲོ་བའོ། །དེ་ནས་ལས་ཀྱི་རིགས་འདུ་བྱེད་ཀྱི་ཕུང་པོ་ཐིམ་པས་ལུས་ཀྱི་བྱ་བ་ཐམས་ཅད་ལ་འཇུག་པར་མི་འགྱུར། བྱ་བ་འགྲུབ་པའི་ཡེ་ཤེས་ཐིམ་པས་འཇིག་རྟེན་གྱི་བྱ་བ་དང་དགོས་པ་མི་དྲན། རླུང་གི་ཁམས་ཐིམ་པས་རླུང་བཅུ་རང་གི་གནས་ནས་འཕོ། ལྕེའི་དབང་པོ་ཐིམ་པས་ལྕེ་སྦོམ་ཞིང་ཐུང་ལ་རྩ་བ་སྔོན་པོར་འགྲོ། ཡུལ་གྱི་རོ་ཐིམ་པས་རོ་དྲུག་ཉམས་སུ་མི་མྱོང་སྟེ་དེ་ལྟར་རགས་པའི་རང་བཞིན་ཉི་ཤུ་ཐིམ་ནས། ཕྲ་བ་ནང་གི་འབྱུང་བཞིའི་ཐིམ་ལུགས་ནི། ཡེ་ཤེས་རོལ་པ་ཆེན་པོ་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་གྱུར་ནས། །མེ་ནི་རླུང་ལ་ཐིམ་པར་འགྱུར། །རླུང་ནི་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་འབྱུང་བ་འདི་ཉིད་ནི། །འོད་གསལ་བར་ཡང་འཇུག་པར་འགྱུར། །ཞེས་གསུངས་པ་ལྟར། ས་ཆུ་ལ་ཐིམ་པ་ཞེས་བྱ་བ་ནི། ལུས་ཀྱི་སའི་གནས་སུ་ས་མེད་པར་གྱུར་པའམ། གནས་འཕོས་ནས་ཆུའི་ནང་དུ་ས་འཇུག་པའི་དོན་ཡང་མ་ཡིན་གྱི། དབུ་མའི་ཡེ་ཤེས་ཀྱི་རླུང་སྟོབས་སུ་གྱུར་པས་སའི་ལས་རླུང་བཅོམ་སྟེ། རྟེན་ཐིམ་པ་ན་བརྟེན་པ་ངེས་པར་ཐིམ་པས་སྲ་བར་སྣང་བའི་རྣམ་ཤེས་ཀྱང་རང་གི་བག་ཆགས་དབུ་མ་ལ་བཞག་ནས་འགགས་ཏེ། རུས་པ་ལ་སོགས་པ་སྲབ་ཤས་ཆེ་བའི་ཁམས་རྟེན་རླུང་དང་རྣམ་ཤེས་བྲལ་བར་བྱས་ཏེ་སའི་དྭངས་མ་དེ་ཉིད་ཆུའི་དྭངས་མ་ལ་ཐིམ་པར་གྱུར་པས་ལུས་བསྒུལ་བསྐྱོད་མི་ནུས་ཤིང་ཟུངས་མི་ཐུབ། ལུས་ས་ལ་བྱིང་སྙམ་བྱེད། ནང་རྟགས་སུ་རྨིག་སྒྱུ་ལྟ་བུ་སྔོ་མེར་མེར་བ་དང་། སྔོ་ཧྲིབ་ཧྲིབ་པ་དང་། ཆར་ཟིམ་དང་ཆུ་གཡོ་བའི་རྣམ་པ་ལྟ་བུ་འབྱུང་། དེ་བཞིན་དུ་དབུ་མའི་ཡེ་ཤེས་ཀྱི་རླུང་སྟོབས་སུ་གྱུར་པས་ཆུའི་ལས་རླུང་བཅོམ་སྟེ། གཤེར་བ་སྣང་བའི་རྣམ་ཤེས་ཀྱང་རང་གི་བག་ཆགས་དབུ་མ་ལ་བཞག་ནས་འགགས་ཏེ། ཁྲག་དང་ཆུ་སེར་སོགས་གཤེར་བ་ཤས་ཆེ་བའི་ཁམས་རྣམས་རྟེན་རླུང་དང་རྣམ་ཤེས་བྲལ་བས་ཆུའི་དྭངས་མ་དེ་ཉིད་མེའི་དྭངས་མ་ལ་ཐིམ་པས་ཁ་སྣ་སྐམས་ཤིང་ལྕེ་རྐན་ཕུགས་སུ་འགྲོ། ནང་རྟགས་སུ་དུ་བ་འཕྱུར་བ་དང་དུ་ཐང་ཆགས་པ་ལྟ་བུ་འབྱུང་། དབུ་མའི་ཡེ་ཤེས་ཀྱི་རླུང་གིས་མེའི་ལས་རླུང་བཅོམ་སྟེ། ཚ་བར་སྣང་བའི་རྣམ་ཤེས་ཀྱང་རང་གི་བག་ཆགས་དབུ་མ་ལ་བཞག་ནས་འགགས་ཏེ། དྲོད་སོགས་ཚ་བ་ཤས་ཆེ་བའི་ཁམས་རྣམས་རྟེན་རླུང་དང་རྣམ་ཤེས་བྲལ་བས། མེའི་དྭངས་མ་དེ་ཉིད་རླུང་གི་དྭངས་མ་ལ་ཐིམ་པས་ལུས་ཀྱི་དྲོད་མཐའ་ནས་སྡུད་ཅིང་ཕོ་བའི་མེ་དྲོད་ཉམས། ནང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟ་བུར་དམར་ཙིག་ཙིག་དང་དམར་ཕྲོམ་ཕྲོམ་འབྱུང་། རླུང་རྣམ་ཤེས་ལ་ཐིམ་པའི་དོན་ཡང་ལུས་ཀྱི་རླུང་གི་གནས་སུ་རླུང་མེད་པར་གྱུར་པའམ། སྡོད་ས་འཕོས་ནས་རླུང་ཉིད་རྣམ་ཤེས་ཀྱི་ནང་དུ་འཇུག་པའི་དོན་ཡང་མ་ཡིན། རྣམ་ཤེས་ལ་རླུང་དྭངས་མའི་བག་ཆགས་བཞག་སྟེ་རླུང་འགགས་པའི་དོན་ཡང་མ་ཡིན་གྱི། རླུང་གི་དྭངས་མས་སྲོག་རྩ་རགས་པའི་བར་གྱི་ལུས་ཐམས་ཅད་དོར་ནས་སྲོག་རྩའི་ནང་གི་འོད་ལྔའི་སྦུ་གུ་ཅན་གྱི་རྩ་ལྔ་ལ་ཞུགས་ནས་ཡིད་ཀྱི་སྣང་བ་དང་རོ་གཅིག་ཏུ་གྱུར་པས། དབུགས་ཕྱིར་རིང་དུ་རྒྱུ་ཞིང་ནང་དུ་སྡུད་མི་ཤེས་པས་རགས་པའི་རྒྱུ་བ་ཆད། ནང་རྟགས་སུ་དབུ་མར་མེ་འབར་བའི་རྣམ་པ་དང་། སྒྲོན་མེའི་ཕྲེང་བ་སྒྲིགས་པ་ལྟ་བུ་འབྱུང་། རྣམ་ཤེས་ནམ་མཁའ་ལ་ཐིམ་པ་ནི། རྣམ་ཤེས་དངོས་མེད་དུ་གྱུར་པ་མ་ཡིན་གྱི། ནམ་མཁའ་ལྟར་དྭངས་ཤིང་ཐོགས་པ་མེད་པ་ལ་མཚོན་པར་དཀའ་བའི་དབུ་མ་ལ་ཐིམ་པ་སྟེ། དེ་ཡང་གསང་འདུས་འཕགས་སྐོར་གྱི་གཞུང་རྣམས་སུ། ནམ་མཁའི་ཁམས་ཐིམ་ཚུལ་གྱི་ཐ་སྙད་གསལ་བར་མ་གསུངས་པ་ནི། ཁམས་ཕྲ་བ་དེ་རླུང་གི་ནང་དུ་སྦས་ནས་བཤད་པ་ཡིན་པས་ན་ནམ་མཁའི་ཁམས་ཐིམ་པ་ལོགས་སུ་མི་བྱེད་པར་རྣམ་ཤེས་ཐིམ་རིམ་གྱི་སྐབས་སུ་ནམ་མཁའ་སྤྲིན་མེད་ཀྱི་རྟགས་སྣང་འཆར་གཞིར་བཞག་པ་ལ་དཀར་དམར་ནག་གསུམ་སྣང་བ་འཆར་བར་བཞེད་དོ། །རྟོག་པ་ཐིམ་པ་ནི་རླུང་ནམ་མཁའ་ལ་ཐིམ་པ་ཡན་ཆད་དུ། རང་བཞིན་བརྒྱད་ཅུའི་སྣང་བ་འདུ་བྱེད་ཀྱི་བྱ་བ་བྱེད་ནུས་པ་རྣམ་ཤེས་རླུང་དང་བཅས་པ་ཐིམ་པ་ཡིན་ལ། ལས་མི་བྱེད་པའི་རྟོག་པ་ཕྲ་མོ་རྣམས་ནི་སྣང་གསུམ་ཉིད་ལ་འདྲེས་ཏེ་གནས་པས། སྐབས་དེ་དང་དེར་ཐིམ་པར་འགྱུར་བ་ཡིན་ནོ། །དེས་ན་སྣང་བ་ཐིམ་པ་ཞེས་པ་ནམ་མཁའ་འོད་གསལ་ལ་ཐིམ་པའི་སྐབས་འདིར། སེམས་ཉིད་སྟོང་པའི་ཆ་ལས་ཆོས་སྐུའི་འོད་གསལ་རྣམ་པ་བཞི་འཆར་ཏེ། སྤྱིར་སྣང་བ་གསུམ་ལ། དོན་དམ་དེ་ཁོ་ན་ཉིད་ཀྱི་སྣང་བ་དང་། ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་གཉིས་ལས། དོན་དམ་དེ་ཁོ་ན་ཉིད་ཀྱི་སྣང་བ་ནི། རྩ་བ་ཆོས་ཀྱི་དབྱིངས་རང་སེམས་བདེ་ཆེན་རྟགས་པ་འགྱུར་མེད་དོན་དམ་རང་རིག་ཆེན་པོ་དེ་ཡིན་ལ། ངོ་བོ་བདེ་ཆེན་དེ་ཉིད་རང་གི་སྣང་ཆའམ་རང་གཟུགས་འཆར་ཚུལ་རྡོ་རྗེ་གསུམ་གྱི་གསང་བ་བསམ་གྱིས་མི་ཁྱབ་པ་སྟེ། སྐུའི་གསང་བ་སྣང་བ། གསུང་གི་གསང་བ་མཆེད་པ། ཐུགས་ཀྱི་གསང་བ་ཐོབ་པ། སྔར་བཤད་ཀྱི་ཀུན་ཁྱབ་བདེ་བ་ཆེན་པོ་དེ་ཉིད་ནི་ཐམས་ཅད་སྟོང་པ་འོད་གསལ་བ་ཡིན་ནོ། །ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་ལ། རང་བཞིན་དང་བཅས་པ་དང་། རང་བཞིན་དང་བྲལ་བའི་སྣང་བ་གཉིས་ཀྱི། འདིར་རང་བཞིན་དང་བཅས་པ་ལའང་། གཞི་དུས་དང་ལམ་དུས་གཉིས་ལས། འདིར་གཞི་དུས་ཏེ། དེ་ལའང་རྒྱུན་ཆགས་པ་དང་། ཁྱད་པར་གྱི་དུས་སུ་འབྱུང་བ་གཉིས་ལས། ཕྱི་མ་ལའང་ཆེས་རགས་ཤིང་གསལ་བར་འབྱུང་བ་འཆི་བའི་དུས་དང་། འབྲིང་གི་འབྱུང་བ་གཉིད་དང་འཁྲིག་པའི་དུས་དང་། ཕྲ་ཞིང་མི་གསལ་བར་འབྱུང་བ་ཚོར་དྲུག་གི་སྣང་བ་རགས་པ་ཤར་བའི་དུས་ཏེ། དེ་ལས་འདིར་འཆི་བའི་དུས་ཀྱི་སྔ་རོལ་དུ་ཕྲ་རགས་ཉེར་ལྔ་ཡོངས་སུ་རྫོགས་པར་ཐིམ་རྗེས། དང་པོའི་སངས་རྒྱས་ལས། ལུས་ཅན་རྣམས་ནི་འཆི་བ་ན། །ཟླ་བ་བདུད་རྩི་མཐུར་དུ་འགྲོ། །སྟེང་དུ་ཉི་རྡུལ་སྒྲ་གཅན་དེ། །རྣམ་ཤེས་སྲིད་པའི་མཚན་ཉིད་སྦྱོར། །ཞེས་གསུངས་པ་ལྟར། ནམ་མཁའ་འོད་གསལ་ལ་མཇུག་དུས་རོ་རྐྱང་གི་དྭངས་མ་ཐམས་ཅད་དབུ་མའི་ཡས་མར་གྱི་ཨ་ཧྃ་ལ་འདུས། དེ་ཉིད་སྙིང་གའི་ཡེ་ཤེས་འོད་གསལ་གྱི་དྭངས་མ་ཆེན་པོའི་ནང་དུ་ཐིམ་པས་ཕྲ་རགས་ཀྱི་རྟོག་པ་ཐམས་ཅད་འགགས་ནས་འོད་གསལ་རྣམ་པ་བཞིའི་ཡེ་ཤེས་འཆར་ཏེ། དེ་ཡང་དབུ་མའི་ཡས་སྣའི་ཁམས་དཀར་ཆའི་དྭངས་མ་མཐུར་དུ་བབས་ནས་སྙིང་གར་སོན་པ་ན། སེམས་སྣང་དང་པོའི་དུས་སུ་ཤེས་རབ་ཀྱི་རང་བཞིན་སུམ་ཅུ་རྩ་གསུམ་འགགས་ཏེ། འཕགས་པ་ལྷས་མཛད་པའི་སྤྱོད་བསྡུས་ལས། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བ་བར་མ་དང་། ཤིན་ཏུ་འདོད་ཆགས་དང་བྲལ་བ་དང་། གང་ཡིད་ཀྱི་འགྲོ་བ་དང་འོང་བ་དང་། །མྱ་ངན་དང་། མྱ་ངན་བར་མ་དང་། ཤིན་ཏུ་མྱ་ངན་དུ་གྱུར་པ་དང་། ཞི་བ་དང་རྣམ་པར་རྟོག་པ་དང་། འཇིགས་པ་དང་། འཇིགས་པ་བར་མ་དང་། ཤིན་ཏུ་འཇིགས་པ་དང་། སྲེད་པ་དང་། སྲེད་པ་བར་མ་དང་། ཤིན་ཏུ་སྲེད་པ་དང་། ཉེ་བར་ལེན་པ་དང་། མི་དགེ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཚོར་བ་དང་། ཚོར་བ་བར་མ་དང་། ཤིན་ཏུ་ཚོར་བ་དང་། རིག་པ་པོ་དང་། རིག་པ་དང་། འཛིན་པའི་གཞི་དང་། སོ་སོར་རྟོག་པ་དང་། ངོ་ཚ་ཤེས་པ་དང་། སྙིང་རྗེ་དང་། བརྩེ་བ་དང་། བརྩེ་བ་བར་མ་དང་། ཤིན་ཏུ་བརྩེ་བ་དང་། དོགས་པ་དང་བཅས་པ་དང་། སྡུད་པ་དང་། ཕྲག་དོག་སྟེ་མཚན་ཉིད་སུམ་ཅུ་རྩ་གསུམ་མོ། །ཞེས་གསུངས། དེའི་ཚེ་ན་ནང་གི་ཁམས་དཀར་པོ་དང་འབྲེལ་བའི་དབང་གིས། ཕྱི་རྟགས་སུ་སྣང་བ་ཐམས་ཅད་སྤྲིན་བྲལ་གྱི་ནམ་མཁའ་གཡའ་དག་པ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟར་དཀར་ལམ་པ་འབྱུང་། གཟུང་བའི་རྣམ་པར་རྟོག་པ་རགས་པ་སྟོང་པས་སྟོང་པའི་འོད་གསལ་དང་། ཤེས་པའི་རང་གདངས་གསལ་བར་སྣང་བས་སྣང་བའི་འོད་གསལ་ཞེས་བྱ་བ་སྐད་ཅིག་མ་དང་པོ་སྟེ། གཉིས་མེད་རྣམ་རྒྱལ་ལས། སྣང་བ་ཞེས་བྱ་རྣམ་པར་མི་རྟོག་ལ། །གསལ་བའི་ཆ་དེ་གཟུང་རྟོག་སྤངས་པ་ལས། །འབྱུང་བ་མི་མངོན་རླུང་དང་བཅས་པ་གང་། །ལྷང་ངེར་གནས་པ་སྐད་ཅིག་དང་པོ་ཡིན། །ཞེས་གསུངས་སོ། །དབུ་མའི་མས་སྣའི་ཁམས་དམར་ཆའི་དྭངས་མ་གྱེན་དུ་སོང་བའི་ཚེ། སྣང་བའི་ཡེ་ཤེས་མཆེད་པ་ལ་ཐིམ་པས་ཐབས་ཀྱི་ཡེ་ཤེས་ཀྱི་རང་བཞིན་བཞི་བཅུ་འགགས་ཏེ། སྤྱོད་བསྡུས་ལས། ཆགས་པ་དང་། ཀུན་ཏུ་ཆགས་པ་དང་། དགའ་བ་དང་། དགའ་བ་བར་མ་དང་། ཤིན་ཏུ་དགའ་བ་དང་། རངས་པ་དང་། རབ་ཏུ་མགུ་བ་དང་། ངོ་མཚར་བ་དང་། རྒོད་པ་དང་། ཚིམ་པ་དང་། འཁྱུད་པ་དང་། འོ་བྱེད་པ་དང་། འཇིབ་པ་དང་། བརྟན་པ་དང་། བརྩོན་པ་དང་། ཁེངས་པ་དང་། བྱ་བ་དང་། དབྲོག་པ་དང་། སྟོབས་དང་། སྤྲོ་བ་དང་། དགའ་བ་ལ་སྦྱོར་བ་དང་། དགའ་བ་ལ་སྦྱོར་བ་བར་མ་དང་། ཤིན་ཏུ་དགའ་བ་ལ་སྦྱོར་བ་དང་། སྒེག་པ་དང་། རྣམ་པར་སྒེག་པ་དང་། འགྲས་པ་དང་། དགེ་བ་དང་། ཚིག་གསལ་བ་དང་། བདེན་པ་དང་། མི་བདེན་པ་དང་། ངེས་པ་དང་། ཉེ་བར་མི་ལེན་པ་དང་། སྦྱིན་པ་པོ་དང་། བསྐུལ་བ་དང་། དཔའ་བ་དང་། ངོ་ཚ་མེད་པ་དང་། སྒྲིན་པ་དང་། གདུག་པ་དང་། མི་བསྲུན་པ་དང་། གྱ་གྱུ་ཆེ་བ་སྟེ་མཚན་ཉིད་བཞི་བཅུ་ཐམ་པའོ། །ཞེས་གསུངས་སོ། །དེའི་ཚེ་ནང་གི་ཁམས་དམར་པོ་དང་འབྲེལ་བའི་དབང་གིས་ཕྱི་རྟགས་སུ་སྤྲིན་མེད་ཀྱི་ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟར་དམར་མཐིང་ངེ་བའམ་དམར་ལམ་པ་འབྱུང་། འཛིན་པའི་རྣམ་པར་རྟོག་པ་རགས་པ་ཆེས་སྟོང་པས་ན་ཤིན་ཏུ་སྟོང་པའི་འོད་གསལ་དང་། སེམས་ཤིན་ཏུ་གསལ་བར་སྣང་བས་མཆེད་པའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་མ་གཉིས་པ་སྟེ། གཉིས་མེད་རྣམ་རྒྱལ་ལས། མཆེད་པ་སྣང་བ་རབ་ཏུ་མི་རྟོག་སྟེ། །ཆེས་གསལ་བ་ལ་འཛིན་རྟོག་མ་ཞུགས་ཏེ། །ཡེ་ཤེས་ཕྲ་བ་རྡུལ་བྲལ་མི་རྟོག་པ། །ལྷན་ནེར་གནས་པ་སྐད་ཅིག་གཉིས་པ་ཡིན། །ཞེས་གསུངས་སོ། །དྭངས་མ་དཀར་དམར་སྙིང་གར་འཕྲད་པའི་དུས་སུ་མཆེད་པའི་ཡེ་ཤེས་ཐོབ་པ་ལ་ཐིམ་པས་སྣང་བ་ཐོབ་པའི་ཡེ་ཤེས་ཀྱི་རང་བཞིན་བདུན་འགགས་ཏེ། སྤྱོད་བསྡུས་ལས། ཆགས་པ་བར་མ་དང་། བརྗེད་ངེས་པ་དང་། འཁྲུལ་པ་དང་། མི་སྨྲ་བ་དང་། སྐྱོ་བ་དང་། ལེ་ལོ་དང་། ཐེ་ཚོམ་དང་བཅས་པ་སྟེ། འདིའི་རང་བཞིན་གྱི་མཚན་ཉིད་ནི་བདུན་པོ་དག་གོ། །ཞེས་གསུངས་སོ། །དེའི་ཚེ་དཀར་དམར་གྱི་ནུས་པའང་དབྱིངས་སུ་ཡལ་ཏེ་སྲོག་རླུང་གི་ཆ་ཤས་འགའ་ཞིག་ལུས་པ་དེས་དབང་བྱས་ནས་ཕྱི་རྟགས་སུ་ནམ་མཁའ་ལ་མུན་ནག་གིས་ཁྱབ་པ་ལྟར་ནག་ཐིབས་ཀྱིས་འགྲོ་བའི་ནག་ལམ་པ་འབྱུང་། ཤིན་ཏུ་ཕྲ་བའི་གཟུང་འཛིན་གྱི་རྟོག་པ་ཆེས་ཆེར་སྟོང་པས་ན་སྟོང་པ་ཆེན་པོའི་འོད་གསལ་དང་། སྣང་ཆའི་སྟེང་དུ་ཐ་དད་པའི་མཚན་མ་ཐམས་ཅད་ནུབ་པའི་སེམས་འགགས་པ་ལ་ཕྱོགས་པས་སྣང་བ་ཐོབ་པའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་གསུམ་པ་སྟེ། གཉིས་མེད་རྣམ་རྒྱལ་ལས། ཐོབ་པའི་ཡེ་ཤེས་ཤིན་ཏུ་མི་རྟོག་པ། །གསལ་བ་ཙམ་དུའང་མི་གནས་ཤིན་ཏུ་ཕྲ། །རླུང་སེམས་མི་ཕྱེད་གསལ་བར་འཆར་བ་སྟེ། །ལྷམ་མེར་གནས་པ་སྐད་ཅིག་གསུམ་པ་ཡིན། །ཞེས་གསུངས་སོ། །དེ་ནས་སྙིང་གའི་རྩ་དར་དཀར་གྱི་སྐུད་པ་འདྲ་བའི་ནང་གི་ཁྲག་དབུགས་ཀྱི་དྭངས་མ་ཐིག་ལེ་ཨ་ཧྃ་རྫོགས་པར་ཐིམ་པ་ན་ཐོབ་པའི་ཡེ་ཤེས་ཀྱང་འཆི་བ་འོད་གསལ་ལ་ཐིམ་པས་སྲིད་པའི་ཆོས་ཐམས་ཅད་བག་ཆགས་ཀྱི་ཚུལ་དུ་ཡོད་པའི་རྒྱུན་དེ་དག་ལ་གནས་པ་ཡིན་ཀྱང་། བག་ཆགས་དེ་རྣམས་ནི་འདིར་མི་མངོན་ལ། ཚེ་འདིས་བསྡུས་པའི་རྣམ་རྟོག་དང་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་འོད་གསལ་དུ་ཐིམ། ཚེ་རབས་གཞན་གྱིས་བསྡུས་པ་རྣམས་མ་ཤར་བས། རེ་ཞིག་གཟུང་འཛིན་གྱི་སྣང་བ་ཐམས་ཅད་དང་སྣང་བ་གསུམ་ཡང་འགགས་པས། ཕྱི་རྟགས་སུ་སྤྲིན་དང་བྲལ་བའི་ནམ་མཁའ་གཡའ་དག་པ་ལྟ་བུ་དྭངས་གསལ་མཐའ་དབུས་མེད་པའི་སྣང་བ་དང་། ནང་རྟགས་སུ་རྣམ་པར་མི་རྟོག་པ་ལྷན་ཅིག་སྐྱེས་པ་ཤིན་ཏུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཁོ་ན་ལ་ཡུད་ཅིག་གནས་པ་ཐམས་ཅད་སྟོང་པ་འོད་གསལ་གྱི་ཉམས་འཆར་བས་སེམས་དྲི་མ་དང་བྲལ་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་མ་བཞི་པ་སྟེ། གཉིས་མེད་རྣམ་རྒྱལ་ལས། ཉེ་བར་ཐོབ་པ་དྲི་མ་མེད་པ་སྟེ། །རང་བྱུང་རང་གསལ་བདེ་བ་དམིགས་སུ་མེད། །ཕྲ་རགས་རབ་ཞི་ཏིང་འཛིན་མཆོག་ཏུ་འགྱུར། །སྐད་ཅིག་བཞི་པར་མི་འགྱུར་ཁྱབ་བྱེད་ཡིན། །ཞེས་གསུངས་སོ། །དེ་རྣམས་ངོས་ཟིན་པ་ལ། སྣང་བ་ནི་གོམས་པའི་འོད་གསལ། མཆེད་པ་ནི་བསམ་གཏན་གྱི་འོད་གསལ། ཐོབ་པ་ནི་རྡུལ་བྲལ་ཟག་པ་མེད་པའི་འོད་གསལ། ཉེ་བར་ཐོབ་པ་ནི་ལྷན་ཅིག་སྐྱེས་པ་ཆོས་སྐུ་རང་བཞིན་གྱི་འོད་གསལ་ཏེ། གཉིས་མེད་རྣམ་རྒྱལ་ལས། འོད་གསལ་བ་ནི་བསམ་གཏན་ཟག་པ་མེད། །རྡུལ་བྲལ་ས་བོན་མེད་པ་མི་གཡོ་བ། །ལྷན་ཅིག་སྐྱེས་པ་ཆོས་སྐུའི་སྙིང་པོ་ནི། །ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །ཅེས་གསུངས་སོ། །དེ་ཡང་འོད་གསལ་བཞི་རིམ་གྱིས་ཤར་བས་སྣང་མཆེད་ཐོབ་པའི་སྣང་བ་གསུམ་གྱི་སྐབས་སུ་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་ཀ་དག་ཡེ་ཐོག་ཏུ་གྲོལ་བའི་འཐད་པ་ནི། སངས་རྒྱས་མངོན་དུ་བྱེད་དུས་བཞིན་ནོ། །འོན་ཀྱང་སངས་རྒྱས་ཀྱི་སྤངས་པ་ནི་མི་ལྡོག་ལ། འདི་ངོ་མ་ཤེས་ན་ལྡོག་པ་ནི་སངས་རྒྱས་ཀྱིས་ས་ལམ་དུ་སྤངས་པ་ཡིན་ལ། འདིར་སྤངས་པ་མེད་པས་ལྡོག་པར་འགྱུར་ཞིང་། ངོ་ཤེས་ན་མི་ལྡོག་པ་ནི། ངོ་ཤེས་པའི་སྐད་ཅིག་ལ་གྲོལ་ནས་མངོན་པར་ཤེས་པ་ལ་སོགས་པ་ཟག་མེད་ཀྱི་ཡོན་ཏན་བརྙེས་པའི་ཕྱིར་ལྡོག་པའི་གནས་མེད་པ་ཡིན་ནོ། །དེ་ལྟར་འཆི་སྲིད་ཆོས་སྐུའི་འོད་གསལ་དེ་ཉིད་ལམ་དུ་ཁྱེར་ནས་འཆི་སྲིད་དག་པ་ཆོས་སྐུའོ་སྙམ་པའི་གཞི་འབྲས་སྦྲེལ་བའི་ང་རྒྱལ་དང་ལྡན་པས་སྣང་གྲགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་སྐུ་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངང་དུ་བལྟས་ཏེ་བསྒོམ་པ་ནི་ལམ་སྟོང་པ་ཆེན་པོའི་རྣལ་འབྱོར་ཏེ། འདི་ལ་དག་རྫོགས་སྨིན་གསུམ་ཚང་དགོས་པས། སྟོང་པ་ཆེན་པོའི་ལམ་དེ་བསྒོམས་པས་མར་འཆི་བའི་བག་ཆགས་དེ་དག་པར་བྱེད། ཡར་ཆོས་སྐུ་སྤྲོས་བྲལ་གྱི་རིགས་ཀྱི་ནུས་པ་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད། བར་དུ་ལམ་དེ་བསྒོམས་པས་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་ལམ་གོང་མའི་སྨིན་བྱེད་དུ་འགྲོ་བ་ཡིན་གསུངས། གཉིས་པ་བར་དོ་དང་རྗེས་སུ་མཐུན་པའི་ལམ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ནི། ཆོས་ཉིད་འོད་གསལ་གྱི་སྣང་ཆ་དེ་ཉིད་ངོས་མ་ཟིན་པར་ནུབ་པའི་སྐད་ཅིག་ལ། ཕྱི་མའི་བག་ཆགས་སད་བྱེད་ཀྱི་རྐྱེན་ཅི་རིགས་པ་དག་གིས་བསྐུལ་ནས་རླུང་སེམས་ཕྲ་བའི་འབྱུང་བཞི་དང་བཅས་པ་དེ་རྣམས་ཀྱི་རྒྱུ་རྐྱེན་བྱས་པ་ལས་བར་དོའི་གཟུགས་དྭངས་ཤིང་ཐོགས་པ་མེད་པ་དེ་ཉིད་འགྲུབ་པར་བྱེད་ལ། དེ་སྦྱོང་བར་བྱེད་པ་ནི། རྔམ་གློག་ལས། གཉིས་པ་ཀུན་སྣང་ནམ་མཁའི་ངང་། །སྙིང་རྗེ་གསུམ་གྱིས་ཁྱབ་པའི་ཕྱིར། །ཁྱབ་བརྡལ་ཆེན་པོའི་ཏིང་འཛིན་བསྒོམ། །ཞེས་གསུངས་པ་ལྟར། དེ་བཞིན་ཉིད་མ་རྟོགས་པའི་འགྲོ་བ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་བསྒོམ་པ་སྟེ། དེ་ཡང་ནམ་མཁའི་དབྱིངས་དག་པ་ལས་གློ་བུར་དུ་འཇའ་ཚོན་གྱི་རྣམ་པར་ཤར་བ་ཡང་ནམ་མཁའི་ཆོ་འཕྲུལ་ཙམ་ལས་བདེན་པར་མ་གྲུབ་པ་བཞིན་དུ་སྟོང་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་དེའི་ངོ་ན་འཁོར་འདས་གཉིས་སུ་མེད་པ་དེའི་ངང་ལས་མ་གཡོས་བཞིན་དུ་སྒྱུ་མའི་མཚང་མ་ཤེས་པ་ལྟར་རྩལ་སྣང་ལ་བདེན་པར་བཟུང་བས་འཁྲུལ་ཏེ་འཁོར་བའི་གནས་སུ་རང་དབང་མེད་པར་འཁྱམས་པའི་འགྲོ་བ་འདི་དག་སྡུག་བསྔལ་ལས་བསྒྲལ་བར་བྱའོ་སྙམ་དུ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཀུན་ཏུ་ཁྱབ་པའི་སྙིང་རྗེ་འཛིན་མེད་སྒྱུ་མ་ལྟ་བུར་བལྟས་ཏེ་བསྒོམས་པ་ནི་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ཏེ། ལམ་དེ་བསྒོམས་པས། མར་བར་དོའི་ཡིད་ལུས་སྒྱུ་མ་ལྟ་བུའི་བག་ཆགས་དག་པར་བྱེད། ཡར་ཆོས་སྐུ་སྤྲོས་བྲལ་ལས་ལོངས་སྐུ་མཚན་དཔེས་བརྒྱན་པའི་རིགས་ཀྱི་ནུས་པ་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད། བར་དུ་སྙིང་རྗེ་སྒྱུ་མའི་ལམ་དེ་བསྒོམས་པས། དོན་གྱི་འོད་གསལ་ལས་ཟུང་འཇུག་གི་ལྷ་སྐུར་ལྡང་བའི་མཚམས་སྦྱོར་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་ལམ་གོང་མའི་སྨིན་བྱེད་དུ་འགྲོ་གསུངས། གསུམ་པ་སྐྱེས་པའི་རིམ་པ་གསུམ་པོ་སྦྱོང་བར་བྱེད་པའི་ལམ་དེ་ལ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་དང་གསུམ་ལས། དང་པོ་མའི་མངལ་དུ་སྐྱེ་བའི་རིམ་པ་དང་པོ་སྦྱོང་བའི་ལམ་ཕྱག་རྒྱ་གཅིག་པ་ནི། དེ་ལ་ཕྲ་རགས་གཉིས་ལས། དང་པོ་ཕྲ་བ་ཡིག་འབྲུ་ལ་བསླབ་པ་ནི། སྦྱངས་བྱ་བར་དོའི་སེམས་ཅན་དེ་ཕྱི་མའི་སྐྱེ་བ་ལེན་པ་ལ་ཕྱོགས་པ་ན་སྐྱེ་གནས་ལ་སྲེད་པ་སྐྱེ་སྟེ། བརྫུས་ཏེ་སྐྱེ་ན་གནས་ལ། དྲོད་གཤེར་ལས་སྐྱེ་ན་དྲོ་གྲང་ལ། སྒོ་ང་ལས་སྐྱེ་ན་རོ་ལ། མངལ་ལས་སྐྱེ་ན་ཕ་མའི་འདུ་འཕྲོད་ལ་སྲེད་པ་སྐྱེ་སྟེ། གང་དུ་སྐྱེ་འགྱུར་གྱི་གནས་ལ་སྲེད་པ་སྐྱེས་པའི་རྐྱེན་གྱིས་དེར་འཇུག་མ་རག་པ་སྐད་ཅིག་མའི་བར་དོའི་རླུང་སེམས་དེ་ཡིན་ལ། སྦྱོང་བྱེད་ནི་འདི་ཉིད་ལས། ཨཿརབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་བཅུར་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །ཅེས་གསུངས་པ་ལྟར། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རིག་ཨ་དཀར་པོ། གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པའི་སྒོ་ནས་བསླབ་པའོ། །གཉིས་པ་རགས་པ་ལྷ་སྐུ་ལ་བསླབ་པ་ནི། ཐོག་མར་སྦྱང་བྱ་ནི། དུས་འཁོར་རྩ་རྒྱུད་ལས། ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་བྱ་རྡུལ་ཉི་གསུང་། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །ཅེས་གསུངས་པ་ལྟར། དེ་ལྟར་བར་དོའི་རྣམ་ཤེས་དེ་ཕ་མའི་ཁུ་ཁྲག་གི་དབུས་སུ་ཞུགས་པ་ལ་ལུས་ངག་ཡིད་གསུམ་གྱི་རྟེན་ཁུ་རྡུལ་རླུང་གསུམ་བསྐྱེད་དེ། དེ་ལ་ཕ་མ་གཉིས་ཀྱི་རེག་པ་སྲ་བ་དེ་ཉམས་སུ་མྱོང་བས་སའི་ཁམས་གྲུབ། དེ་བཞིན་དུ་བྱང་སེམས་ཁུ་བ་གཤེར་བའི་རང་བཞིན་ལས་ཆུ། བསྐྱོད་པ་ལས་དྲོད་སྐྱེས་པ་མེ། །རྩ་གནས་ཐམས་ཅད་ནས་བྱང་སེམས་གཡོ་བ་རླུང་། བདེ་བ་ནམ་མཁའི་ཁམས་ཏེ་རྣམ་པར་ཤེས་པ་འབྱུང་ལྔ་ཡེ་ཤེས་ཀྱི་ཁམས་དང་དྲུག་འདུས་པ་ལས་གྲུབ་སྟེ། དགྱེས་རྡོར་ལས། སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་རྣམ་པར་བསྐོར། །ཞེས་སོ། དེ་ཡང་ཞག་བདུན་ཚན་རེ་རེ་ལ་ཆགས་པ་དང་བཤིགས་པ་སོགས་འབྱུང་ལྔས་བྱ་བ་བྱེད་པས། ཞག་བདུན་ཕྲག་བཞི་ལ་རིམ་པར་མེར་ནུར་ལྟར་གོར་གྱི་གནས་སྐབས་བཞིས་ཞག་ཉེར་བརྒྱད། དེ་ནས་བདུན་ཕྲག་ལྔ་པ་མཁྲང་འགྱུར་གྱི་ཞག་དང་པོ་ལ་མ་དང་འབྲེལ་བའི་ལྟེ་བ་ནས་རང་སོར་ཕྱེད་དང་བཅུ་གསུམ་གྱིས་ཚད་དང་ལྡན་པའི་དབུ་མ་ཆགས་ཏེ། ནང་དུ་སྲོག་རླུང་དང་སྟེང་འོག་གི་སྣ་གཉིས་སུ་དཀར་དམར་གྱི་ཐིག་ལེ་དང་བཅས་པ་གྲུབ། ཞག་གཉིས་པ་ལ་རླུང་བཅུའི་རྟེན་སྙིང་གའི་རྩ་འཁོར་ཆགས་ཤིང་། དེ་ནས་ཞག་རེ་ལ་རྩ་ཉིས་བརྒྱ་རེ་ཆགས་པས་མངལ་གྱི་ཟླ་བ་བརྒྱད་དང་། ཕྱི་རོལ་གྱི་ཟླ་བ་བཞི་སྟེ་ཟླ་བ་བཅུ་གཉིས་ཀྱི་བར་དུ་རྩ་འཕེལ་བས་རོ་རྐྱང་དབུ་གསུམ་གྱི་རིགས་འཛིན་པའི་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞི་རེ་བསྡོམས་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་ཏེ། སྡོམ་འབྱུང་ལས། ལུས་ཀྱི་རྗེས་སུ་འགྲོ་བའི་རྩ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་བརྗོད། །ཅེས་སོ། །དེ་ཡང་ལྟེ་འཁོར་ཆགས་ནས་ཉའི་རྣམ་པར་འགྱུར་ལ། དེ་ནས་རིམ་པར་ཡན་ལག་དོད་པ་དང་། རྐང་ལག་རྫོགས་པའི་གནས་སྐབས་སུ་གཅིག་པོར་རུས་སྦལ་ལྟ་བུ་ཞེས་གཉིས་སུ་ཕྱེ་ལ། དེ་ནས་བརྩམ་སྟེ་ཇི་སྲིད་བཙའ་བའི་ཉིན་ཞག་ལ་ཐུག་གི་བར་དུ་ཕག་པའི་གནས་སྐབས་ཞེས་བྱ་ཞིང་། དེ་ཡང་རིམ་པར་ཚིགས་རྣམས་ཀྱི་བར་རྩའི་འཁོར་ལོ་དང་ཤ་ཁྲག་རུས་ཚིགས་དང་བཅས་པ་རྣམས་ཆགས་ཏེ། དེ་ཡན་ཆད་བརྒྱལ་བ་ལྟར་སྣང་མེད་དུ་གནས་པ། ཟླ་བ་དྲུག་པ་ནས་ཡིད་ཀྱི་རྣམ་ཤེས་སྐྱེ་ཞིང་སྔོན་གྱི་སྐྱེ་བ་དྲན་པ་སོགས་ཚོར་བ་མྱོང་། བདུན་པ་ནས་སྐྲ་དང་བ་སྤུ་སོགས་སྐྱེས་ཤིང་དབང་རྟེན་རྣམས་ཀྱང་འགྲུབ། བརྒྱད་པ་ལ་དབང་པོ་རྫོགས་པས་བཀྲེས་སྐོམ་དང་གཤང་གཅི་འབྱུང་། དགུ་པའི་མཐར་སྡུག་བསྔལ་ཞིང་སྐྱོ་བ་སྐྱེ་སྟེ། དེ་ལྟར་ཟླ་དགུ་ཞག་བཅུ་ནས་བཙའ་བ་སྟེ། དེ་ལྟར་ཡང་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། དེ་ནས་མངལ་གྱི་སྒོར་ཚུད་ནས། །ཕ་དང་མ་ཡི་རྒྱུ་རྐྱེན་ལས། །མེར་མེར་པོ་དང་ནུར་ནུར་པོ། །ཏར་ཏར་པོ་དང་གོར་གོར་པོ། །མཁྲང་འགྱུར་ཉ་ཡི་རྣམ་པ་དང་། །རུས་སྦལ་བཞིན་དང་ཕག་པ་བཞིན། །དེ་ལྟར་ཞག་ནི་བདུན་ཕྲག་བརྒྱད། །ལྟེ་བ་ལས་ནི་ལུས་རྣམས་བསྐྱེད། །ཟླ་དགུ་དེ་བཞིན་ངོ་བཅུ་ནས། །ལུས་རྫོགས་མ་ཡི་མངལ་ནས་འཐོན། །ཞེས་གསུངས་སོ། །ཞར་ལ་སེམས་ཅན་རྣམས་གང་དུ་སྐྱེ་བའི་སྣོད་ཀྱི་འཇིག་རྟེན་ཆགས་པའི་གཞི་ནམ་མཁའི་ཁམས་དང་། ཆགས་པར་འགྱུར་བའི་རྒྱུའི་གཙོ་བོར་དབུ་མ་འཇུག་པར། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་སྣ་ཚོགས་ཤིན་ཏུ་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེ་བར་གསུངས། །ཞེས་པས་སྤྱིར་སེམས་ཅན་དང་། བྱེ་བྲག་ཏུ་ལས་མཐུན་པར་བསགས་པའི་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་བག་ཆགས་སེམས་ལ་འགོས་པ་ཡུལ་སྣང་འཛིན་གྱུར་ཐུན་མོང་དུ་སྨིན་པས་འབྱུང་བཞིའི་དཀྱིལ་འཁོར་རི་རབ་དང་བཅས་པ་གྲུབ་པ། སེམས་ཅན་རྣམས་གང་དུ་རྒྱུ་ཞིང་ལོངས་སྤྱོད་པའི་གནས་སུ་གྱུར་པ་ཡུལ་དང་ཁང་ཁྱིམ་ལ་སོགས་པའི་ཞེན་རྟོག་སྦྱོང་བའང་རྟེན་གཞལ་ཡས་ཁང་སྔར་ལོངས་སྐུའི་གླེང་གཞིར་བཤད་པ་བཞིན་གོམས་པས་སྦྱོང་བར་བྱེད་དོ། །དེའི་དག་རྫོགས་སྨིན་གསུམ་ཀྱང་། མར་གོང་དུ་བཤད་མ་ཐག་པ་དེ་རྣམས་ཀྱི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་དེའི་རིགས་ཀྱི་ནུས་པ་གསོས་འདེབས་པས་འབྲས་བུར་རྫོགས་པར་བྱེད། བར་དུ་ནི་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་དང་བཅས་པའི་ཏིང་འཛིན་གྱི་ལམ་དེ་བསྒོམ་པས། འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་ནི་རྩ་འཁོར་ལྔ་དང་དབུ་མ། དཀྱིལ་འཁོར་གྱི་གཞི་པད་ཉི་རྒྱ་གྲམ་ནི་རྩ་འཁོར་གྱི་ལྟེ་བའི་རླུང་ཐིག །དེ་རྣམས་དང་རོ་གཅིག་ཏུ་འདྲེས་པའི་སེམས་གསལ་སྟོང་བདེ་བའི་ཆ་ནི་གཞལ་ཡས་ཁང་སྟེ། དེ་ཉིད་ལེགས་པར་སྒོམ་པས་རྩ་རླུང་ཐིག་ལེ་རྣམས་མཉེན་ཅིང་དུལ་ནས་རྫོགས་རིམ་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་དེའི་སྨིན་བྱེད་དུ་འགྲོ་བ་ཡིན་གསུངས། གོང་དུ་བཤད་པའི་སྦྱང་བྱའི་ཆོས་དེ་རྣམས་ཀྱིས་སྦྱོང་བྱེད་ཀྱི་ལམ་དང་པོ་ཕྱག་རྒྱ་གཅིག་པའི་ལམ་རགས་པ་ལྷ་སྐུ་ལ་བསླབ་པའི་རྣལ་འབྱོར་ནི། དེ་ཡང་གཞལ་ཡས་ཁང་གི་དབུས་སུ་གདན་ཉི་མའི་རྡུལ། ཟླ་བའི་ཁུ་བ། ས་བོན་ཨ་ཡིག་གདན་སྟེང་དུ་བབས་པ་ནི་བར་དོའི་རྣམ་ཤེས་ཏེ། མངལ་དུ་ཁུ་རྡུལ་སེམས་གསུམ་འདྲེས་པས། ཕ་མའི་འདུ་འཕྲོད་ཀྱི་འགྱུར་བས་ཁམས་ལྔ་ཉམས་སུ་མྱོང་བ་ནི་རིགས་སོ་སོའི་ས་བོན་ཕྱག་མཚན་དུ་གྱུར་པ་མཚོན་པའོ། །འོད་ཟེར་སྤྲོ་བསྡུ་ནི། མངལ་དུ་ལུས་ཆགས་པའི་ཚེ་ལུས་དེ་ཉིད་རླུང་གིས་འཕེལ་བར་བྱེད། མེས་སྨིན། ཆུས་སྡུད། བསྡུས་པ་དེ་ཡང་སས་སྲ་བར་བྱེད། ནམ་མཁས་དེ་ཐམས་ཅད་ཀྱི་གོ་ཕྱེ་བས་ཕུང་ཁམས་སྐྱེ་མཆེད་གྲུབ་པ་དེ་སྦྱོང་བའོ། །ཁུ་རྡུལ་སེམས་གསུམ་འདྲེས་པའི་དཀར་དམར་འོད་ཀྱི་གོང་བུ་དེ་འོད་ཟེར་སྤྲོ་བསྡུའི་ལྷ་སོ་སོའི་རིགས་ཀྱི་ཕྱག་མཚན་སོ་སོར་ས་བོན་གྱིས་མཚན་པ་ལས་སྐུ་ཡོངས་སུ་རྫོགས་པར་བསྐྱེད་པ་སྟེ། དེ་ཡང་འདིར་མངལ་སྐྱེས་གཙོ་ཆེ་བ་ཙམ་དུ་བྱས་ནས་བཤད་ཀྱི། གཞན་དུ་སྒོང་སྐྱེས་ལ་སོགས་པའི་བག་ཆགས་ཀྱང་སྦྱོང་བར་ནུས་ཏེ། སྒོང་སྐྱེས་ལ་ས་བོན་ནི་དྲི་ཟའི་སེམས། ཕྱག་མཚན་ནི་མངལ་དུ་ཁུ་ཁྲག་གིས་དབུས་སུ་ཞུགས་པ། སྤྲོ་བསྡུས་ཡོངས་སུ་གྱུར་པའི་གོང་བུ་ནི་སྒོ་ངར་གྱུར་པ། དེ་བཞིན་དུ་དྲོད་གཤེར་ལ་གདན་གྱི་ཉི་མ་དྲོད། ཟླ་བ་ནི་གཤེར། ས་བོན་ཕྱག་མཚན་ནི་བར་དོའི་རླུང་སེམས། སྤྲོ་བསྡུ་དང་སྐུ་ཡོངས་སུ་རྫོགས་པ་ནི་དེ་གསུམ་འདུས་པ་ལས་དྲོད་གཤེར་གྱི་དབུས་ནས་ལུས་གྲུབ་པ་དེ་སྦྱོང་། བརྫུས་སྐྱེས་ལ་གདན་ནི་སྐྱེ་གནས། ས་བོན་ཕྱག་མཚན་ནི་བར་དོའི་རླུང་སེམས། སྤྲོ་བསྡུ་ནི་གནས་ལུས་ལ་སྲེད་པ་དང་ལེན་པའི་མཐུ་གསོས་བཏབ་པ། སྐུ་ཡོངས་སུ་རྫོགས་པ་ནི་ལུས་སྐད་ཅིག་གིས་གྲུབ་པ་མཚོན་ཞིང་སྦྱོང་བར་བྱེད་དོ། །མངོན་བྱང་ལྔའི་སྒོ་ནས་བསྐྱེད་ཚུལ་ནི། ཁུ་བ་མཚོན་བྱེད་ཟླ་གཟུགས་ནི་མེ་ལོང་ཡེ་ཤེས། རྡུལ་མཚོན་བྱེད་ཉི་མ་ནི་མཉམ་ཉིད་ཡེ་ཤེས། བར་སྲིད་དཀར་དམར་གྱི་དབུས་སུ་ཞུགས་པ་མཚོན་བྱེད་ས་བོན་ཕྱག་མཚན་ནི་སོར་རྟོག་ཡེ་ཤེས། ཁུ་རྡུལ་སེམས་གསུམ་འདྲེས་པ་མཚོན་བྱེད་འོད་ཟེར་སྤྲོ་བསྡུ་ཡོངས་སུ་གྱུར་པ་ནི་བྱ་གྲུབ་ཡེ་ཤེས། མངལ་དུ་ལུས་གྲུབ་པ་མཚོན་བྱེད་སྐུ་ཡོངས་སུ་རྫོགས་པ་ནི་ཆོས་དབྱིངས་ཡེ་ཤེས་ཡིན་ཏེ། དེ་ལྟར་སངས་རྒྱས་ཀྱི་ཉེ་རྒྱུའི་ལམ་ཏིང་ངེ་འཛིན་མངོན་པར་བྱང་ཆུབ་པ་ལྔ་ཐུགས་སུ་ཆུད་པ་ལས་ཡེ་ཤེས་ལྔ་ཡི་རང་བཞིན་འབྲས་བུའི་ངོ་བོར་སངས་རྒྱས་པ་སྟེ། དགྱེས་རྡོར་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པ་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པར་ཆོས་དབྱིངས་དག་པ་སྟེ། །རྣམ་པ་ལྔ་པོ་བསྒོམ་བྱ་ཞིང་། །མཁས་པས་ཆོ་གར་ཤེས་པར་བྱ། །ཞེས་སོ། །དེ་ལ་ཁ་ཅིག་ན་རེ། དེ་ནི་ལྷ་སྐུ་ཕྱག་རྒྱ་གཅིག་པ་མ་ཡིན་ཏེ། གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་དང་། དབུ་རྒྱན་གྱི་ལྷ་ལྔ། ཡེ་ཤེས་སེམས་དཔའ་དང་དགུ་བྱུང་བས་སོ་ཟེར་ན། དེ་ནི་སྐྱོན་མེད་དེ། ཤིང་གི་རྩ་བ་གཅིག་ལ་ཡལ་ག་མང་དུ་ཡོད་ཀྱང་ཤིང་སྡོང་གཅིག་ཟེར་བ་དང་གནད་གཅིག་པ་ཡིན་གསུངས། དེ་ཡང་དག་རྫོགས་སྨིན་གསུམ་དང་སྦྱར་ན། དེ་ལྟར་ཕྱག་རྒྱ་གཅིག་པའི་ལམ་དེ་བསྒོམས་པས། མར་མའི་མངལ་དུ་སྐྱེས་ནས་བཙའ་བའི་བར་གྱི་བག་ཆགས་དེ་དག་པར་བྱེད། ཡར་ལོངས་སྤྱོད་རྫོགས་པའི་སྐུ་དེས་གང་འདུལ་གྱི་སྤྲུལ་སྐུར་སྣང་ནས་ལྷུམས་སུ་ཞུགས་ནས་བལྟམས་པའི་བར་གྱི་རིགས་ཀྱི་ནུས་པ་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད། བར་དུ་ལམ་དེ་བསྒོམས་པས་སྙིང་རྗེ་ཆེན་པོའི་འཕེན་པས་ཟུང་འཇུག་གི་ལྷ་སྐུར། ལྡང་བའི་གཞི་འདིང་བས་ལམ་གོང་མའི་སྨིན་བྱེད་དུ་འགྲོ་གསུངས། སྐྱེས་པའི་རིམ་པ་བར་པ་སྦྱོང་བའི་ལམ་ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་ནི། ལམ་རིམ་ལས། འཁོར་ལོ་ཚོམ་བུ་གྲངས་ཞལ་ཕྱག །ཅེས་པས། དཀྱིལ་འཁོར་སྤྲོ་བ། ཚོམ་བུ་སྤྲོ་བ། གྲངས་སྤྲོ་བ། ཞལ་ཕྱག་སྤྲོ་བ་དང་བཞི་ལས། དང་པོ་ནི། ཞི་བ་ལ་དཀྱིལ་འཁོར་རྒྱས་པ་རིགས་ལྔ་རིགས་ཆུང་གི་སེམས་དཔའ་དང་བཅས་པ་ཡབ་ཡུམ་ལྔ་བཅུའི་སྟེང་དུ་སེམས་དཔའ་སེམས་མ་བཅུ་དྲུག །སྒོ་བ་ཡབ་ཡུམ་བརྒྱད། བྱ་བྱེད་ཡབ་ཡུམ་གཉིས། ཐུབ་དྲུག་དང་བཅས་བརྒྱད་ཅུ་རྩ་གཉིས། འབྲིང་པོ་རིགས་ལྔ་ཡབ་ཡུམ། སེམས་དཔའ། སེམས་མ། སྒོ་སྐྱོང་ཡབ་ཡུམ། བྱ་བྱེད། ཐུབ་དྲུག་དང་བཅས་ཞེ་གཉིས། བསྡུས་པ་རིགས་ལྔ་ཡབ་ཡུམ་བཅུ་དང་། སྒོ་བ་ཡབ་ཡུམ་བརྒྱད་དེ་བཅོ་བརྒྱད་དོ། །ཁྲོ་བོ་ལ་དཀྱིལ་འཁོར་རྒྱས་པ་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་རིགས་ཆུང་དང་བཅས་པ་ལྔ་བཅུའི་སྟེང་། གནས་ཡུལ་སྒོ་མ་དབང་ཕྱུག་མ་ཉེར་བརྒྱད་ཁྲོ་བཅུ་ཡབ་ཡུམ་ཡ་ཉི་ཤུ་བཅས་བསྣན་པས་བརྒྱ་དང་བཅོ་བརྒྱད་དོ། །འབྲིང་པོ་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་དེ་སྟེང་གནས་ཡུལ་སོགས་སྔར་ལྟར་བགྲངས་པས་དོན་བརྒྱད། བསྡུས་པ་དེ་དག་ལས་ཁྲོ་བཅུ་ཡབ་ཡུམ་ཡ་ཉི་ཤུ་ཕྲི་བས་ལྔ་བཅུ་རྩ་བརྒྱད་དོ། །གཉིས་པ་ཚོམ་བུ་སྤྲོ་བ་ནི། ཞི་བ་ལ་ཚོམ་བུ་གཅིག་གསུམ་ལྔ་པ་དང་གསུམ་ལས། དང་པོ་ནི། མི་བསྐྱོད་པ་ཡབ་ཡུམ་རྡོ་རྗེའི་རིགས་ཀྱི་རིགས་ཆུང་ཟུང་བཞི་དང་། སྒོ་བ་ཡབ་ཡུམ་བརྒྱད་དེ་བཅོ་བརྒྱད་ཀྱི་བདག་ཉིད་ཅན་ནི་ཚོམ་བུ་གཅིག་པ་དང་། དབུས་སུ་མི་བསྐྱོད་པ་དང་ཤར་ནུབ་ཏུ་རྣམ་སྣང་དང་མཐའ་ཡས་ཏེ་རང་རང་གི་རིགས་ཆུང་གིས་བསྐོར་བ། ཁྲོ་བཅུ་ལས་སྟེང་འོག་གི་ཁྲོ་བོ་སྤངས་པའི་ཡབ་ཡུམ་ཟུང་བརྒྱད་པ་བསྣན་པའི་ཞེ་དྲུག་ནི་ཚོམ་བུ་གསུམ་པ་དང་། རིགས་ལྔ་ཡབ་ཡུམ་རིགས་ཆུང་དང་བཅས་པ་ལ་ཁྲོ་བཅུ་ཡབ་ཡུམ་ཡ་ཉི་ཤུ་བསྣན་པའི་བདུན་ཅུ་ནི་ཚོམ་བུ་ལྔ་པའོ། །ཁྲོ་བོ་ལ་རྩ་རྒྱུད་དུ་ཚོགས་སྒྲུབ་ཙམ་ལས་མ་གསུངས་ནའང་། ལམ་རིམ་ལས། དེ་ནས་འཁོར་ལོ་གཅིག་པ་དང་། །གསུམ་དང་ལྔ་རུ་བསྒོམ་པར་བྱ། །ཞེས་པས། ཞི་བ་དང་མཚུངས་པར་ཚོམ་བུ་གཅིག་གསུམ་ལྔ་པ་གསུམ་སྟེ། གསུམ་ཀ་མཚུངས་པར་གནས་ཡུལ་སྒོ་སྐྱོང་དབང་མོ་དང་བཅས་པ་གཞིར་བཞག་ནས། ཚོམ་བུ་གཅིག་པའི་སྐབས་སུ་དབུས་སུ་རྡོ་རྗེ་ཁྲག་འཐུང་ཡབ་ཡུམ་ལ་རྡོ་རྗེ་རིགས་ཀྱི་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བཞིས་བསྐོར་བ་དང་། མཐའ་བསྐོར་དུ་ཁྲོ་བཅུ་ཡབ་ཡུམ་ཡ་ཉི་ཤུ་སྟེ་དོན་བརྒྱད་ནི་ཚོམ་བུ་གཅིག་པ། ཚོམ་བུ་གསུམ་པའི་སྐབས་སུ་དེ་རྣམས་ཀྱི་སྟེང་དུ། ཤར་ནུབ་ཏུ་བུདྡྷ་དང་པདྨ་ཁྲག་འཐུང་ཡབ་ཡུམ་རིགས་ཆུང་དང་བཅས་བསྣན་པའི་ལྷ་གོ་བརྒྱད་ནི་ཚོམ་བུ་གསུམ་པ། ཚོམ་བུ་ལྔ་པའི་སྐབས་སུ་དེའི་སྟེང་དུ་ལྷོ་བྱང་གཉིས་སུ་རཏྣ་དང་ཀརྨ་ཁྲག་འཐུང་རིགས་ཆུང་དང་བཅས་བསྣན་པའི་བརྒྱ་དང་བཅོ་བརྒྱད་དོ། །གསུམ་པ་གྲངས་སྤྲོ་བ་ནི། སྣང་བ་རྣམ་འབྱེད་ལ་བསླབ་པ་སྟེ། དེ་ལ་ཞི་ཁྲོ་གཉིས་ལས། ཞི་བ་ལའང་ཚོམ་བུ་སྟོང་དང་། ཉི་ཁྲི་བཞི་སྟོང་དང་། བསམ་ལས་ལྷུན་གྲུབ་ལ་བསླབ་པའོ། །དང་པོ་ནི། འདི་ཉིད་ལས། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །དེ་ཉིད་ཡན་ལག་སྤྲོས་དག་སྟེ། །བཞི་བཅུ་རྩ་གཉིས་གསུམ་འཕྲོར་འགྱུར། །ཞེས་པས་ཡན་ལག་གི་ལྷ་བཞི་བཅུ་ཐམ་པ་རྩ་ལྷ་ཡབ་ཡུམ་གཉིས་ལ་ལྡན་པར་བསྒོམས་པ་སྟེ། དེ་ཡང་མི་བསྐྱོད་པ་ལ་མཚོན་ན་བདག་ཉིད་མི་བསྐྱོད་པ་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་ཡན་ལག་ལྔ་ལ་བྱེད་པ་པོ་དང་རྒྱལ་བ་རིགས་བཞི། མིག་རྣ་བ་སྣ་ལྕེ་བཞིའི་གཡས་ཀྱི་ཆ་ལ་ནང་སེམས་དང་། གཡོན་གྱི་ཆ་ལ་ཕྱི་སེམས་བཞི། རྐང་ལག་གི་མཐིལ་བཞིར་སྒོ་བ་བཞི་རྣམས་དང་། ཡུམ་གྱི་གནས་དེ་རྣམས་སུ་སྔར་གྱི་ཡུམ་རྣམས་བསྒོམ། ཡབ་ལ་ལྷག་པོར་མཚོག་མ་ལ་སོགས་པའི་གནས་དྲུག་ཏུ་ཐུབ་པ་དྲུག་སྟེ། དེ་ལྟར་སྡོམ་པའི་ཡན་ལག་གི་ལྷ་བཞི་བཅུ་ནི་རགས་པ་དང་ཕྱིར་གནས་པའི་ཆ་ནས་ཐབས་ལྷ་ཞེས་བྱ། དེ་རྣམས་ལ་ཤེས་རབ་ཀྱི་ལྷ་ཡེ་ཤེས་སེམས་དཔའ་བཞི་བཅུ་ཐབས་ལྷ་བཞི་བཅུ་པོ་རེ་རེ་ལ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ་སྟེ་བརྒྱ་ཉི་ཤུ། ཐབས་ལྷ་དང་བྱིན་རླབས་ཀྱི་ལྷ་བསྡོམས་པས་བརྒྱ་དྲུག་ཅུ་པོ་རེ་རེ་ལ་ཡང་དབང་ལྷ་ལྔ་ལྔ་སྟེ་བརྒྱད་བརྒྱ། ཀུན་དྲིལ་བས་ཆིག་སྟོང་བསྒོམ་པས་ནི་ཚོམ་བུ་སྟོང་ལ་བསླབ་པ་ཞེས་བྱའོ། །གཉིས་པ་ཉི་ཁྲི་ཆིག་སྟོང་ལ་བསླབ་པ་ནི། འདི་ཉིད་ལས། དེ་ལྟར་ལྡན་པའི་གཙོ་མཆོག་གིས། །རྒྱལ་བ་རྒྱལ་མཆོག་དེ་བཞིན་ཉིད། །བཅུ་གཉིས་དྲུག་གི་འོད་འཕྲོ་འབར། །ཞེས་གསུངས་པས། མི་བསྐྱོད་པ་ལ་ཇི་ལྟར་བསྒོམ་པ་བཞིན་དུ་རྒྱལ་བ་རིགས་བཞི། རྒྱལ་མཆོག་ཀུན་ཏུ་བཟང་པོ་དང་། སེམས་དཔའ་བརྒྱད། སྒོ་བ་བཞི་སྟེ་ཡབ་ཡུམ་ཟུང་བཅུ་བདུན། ཐུབ་དྲུག་སྟེ་རེ་རེ་ལའང་དེ་ལྟར་བསྒོམ་པ་ནི་ཉི་ཁྲི་བཞི་སྟོང་ལ་བསླབ་ཞེས་བྱའོ། །གསུམ་པ་བསམ་ཡས་ལྷུན་གྲུབ་ལ་བསླབ་པ་ནི། འདི་ཉིད་ལས། དེ་ལ་སོགས་ཏེ་བསམ་མི་ཁྱབ། །ཅེས་གསུངས་པས། དེ་ལྟར་མི་བསྐྱོད་པས་གཙོ་བྱས་པའི་དབུས་ཀྱི་དཀྱིལ་འཁོར་ལ་ཡན་ལག་གི་ལྷ་ཇི་ལྟར་བསྒོམས་པ་དེ་བཞིན་དུ། ཤར་གྱི་གློ་འབུར་ལ་རྣམ་སྣང་གིས་གཙོ་བྱས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པ་སོགས་རིགས་འདྲེས་པས་བསམ་གྱིས་མི་ཁྱབ་པར་སྤྲོ་བའོ། །ཁྲོ་བོ་ལ་ཡང་། སྟོང་བཞི་བརྒྱ་ལྔ་བཅུ་ལ་བསླབ་པ། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་ལ་བསླབ་པ། བསམ་ཡས་ལྷུན་གྲུབ་ལ་བསླབ་པ་དང་གསུམ་ལས། དང་པོ་ནི། ལམ་རིམ་ལས། ཡན་ལག་བཀོད་པ་ལྔ་བཅུ་བརྒྱད། །ཆ་ལྔའི་གྲངས་ནི་ཉིས་བརྒྱ་དང་། །དགུ་བཅུའི་ལྷ་རྣམས་ཡན་ལག་ལྡན། །ཞེས་པས་གཙོ་བོ་བཛྲ་ཧེ་རུ་ཀའི་ཡན་ལག་ལྔ་ལ་ཁྲག་འཐུང་ཡབ་ལྔ་དང་། ཡུམ་ལ་ཡུམ་ལྔ། ཡབ་ཀྱི་དབང་རྟེན་གྱི་ནང་རྩར་ག་རཱི་མ་བརྒྱད་དང་། ཕྱི་རྩར་སེང་ཧ་མ་བརྒྱད། མཐིལ་བཞི་ལ་སྒོ་མ་བཞི། མཇིང་འཇུག་གི་ཚིག་བསྣན་པའི་སྒལ་ཚིག་ཉེར་བརྒྱད་ལ་དབང་མོ་ཉེར་བརྒྱད་དེ་ཐབས་ལྷ་ང་བརྒྱད། དེ་རྣམས་ལ་ཡེ་ཤེས་སེམས་དཔའ་དང་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་རེ་རེ་བསྒོམས་པས་ང་བརྒྱད་པ་ཆ་ལྔ་ལ་ཉིས་བརྒྱ་དགུ་བཅུ། དེ་ལས་ཤེས་རབ་ཀྱི་ལྷ་ང་བརྒྱད་ཕྲི་བའི་བྱིན་རླབས་དང་། ཐབས་ལྷ་གཉིས་པོ་རེ་རེ་ལ་དབུ་རྒྱན་གྱི་ལྷ་ལྔ་ལྔ་སྟེ་སྟོང་གཅིག་བརྒྱ་དྲུག་ཅུ་འབྱུང་བ་ཉིས་བརྒྱ་དགུ་བཅུ་ལ་བསྣན་པས། སྟོང་བཞི་བརྒྱ་ལྔ་བཅུ་སྒོམ་པ་ནི་དེའི་དཀྱིལ་འཁོར་ལ་བསླབ་པ་ཞེས་བྱའོ། །གཉིས་པ་བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་ལ་བསླབ་པ་ནི། ཁྲག་འཐུང་རིགས་ལྔ་ཡབ་ཡུམ་ཟུང་ལྔ་སྔར་ལྟར་དང་། གནས་ཡུལ་སྒོ་སྐྱོང་དབང་མོ་རྣམས་ལ། མགོ་ཡི་གཡས་དང་རྐང་ལག་གི་གཡས་ཀྱི་མདུན་རྒྱབ་ལ་ཡབ་ལྔ། མགོ་ཡི་གཡོན་དང་རྐང་ལག་གི་གཡོན་གྱི་མདུན་རྒྱབ་ལ་ཡུམ་ལྔ་བཀོད་དེ། ལྷ་རེ་རེ་ལ་སྟོང་བཞི་བརྒྱ་ལྔ་བཅུ་བསྒོམ་པའི་ངེས་པས་བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་ལ་བསླབ་པ་ཞེས་བྱའོ། །གསུམ་པ་བསམ་ཡས་ལྷུན་གྲུབ་ལ་བསླབ་པ་ནི། སྔར་ཞི་བའི་སྐབས་སུ་བཤད་པས་མཚོན་ནོ། །བཞི་པ་ཞལ་ཕྱག་སྤྲོ་བ་ནི། ཞི་ཁྲོ་གཉིས་ཀ་ལ་རྒྱས་འབྲིང་བསྡུས་གསུམ་སྟེ། ཞི་བ་ལ་རྒྱས་པར་བཤད་རྒྱུད་རྡོ་རྗེ་ནས་ཐུབ་དྲུག་དང་ཡུམ་རྣམས་མ་གཏོགས་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པར་བཤད། འབྲིང་པོ་རིགས་ལྔ་ཙམ་མམ་གཙོ་བོ་ཞལ་གསུམ་ཕྱག་དྲུག་པ། བསྡུས་པ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པའོ། །ཁྲོ་བོ་ལ་གཙོ་བོ་དབུ་ཕྱག་གྲངས་མེད་པ་དང་། དབུ་དགུ་ཕྱག་བཅོ་བརྒྱད་པ། ཆ་མཐུན་གྱི་རྒྱུད་ལྷ་མོ་སྒྱུ་དྲྭ་ནས་གནས་ཡུལ་གྱི་མ་མོ་སོགས་ཀྱང་ཞལ་གསུམ་ཕྱག་དྲུག་པ་ཞིག་བཤད་ཀྱང་། ད་ལྟ་ཕྱག་བཞེས་སུ་རྒྱས་པ་ལ་རིགས་ལྔ་ཞལ་གསུམ་ཕྱག་དྲུག་པ། འབྲིང་པོ་གཙོ་བོ་ཙམ་ཞལ་གསུམ་ཕྱག་དྲུག་པ། བསྡུས་པ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པའོ། །དེ་ལྟར་ཕྱག་རྒྱ་སྤྲོས་བཅས་ཀྱི་ལམ་དེ་བསྒོམ་པས། མར་འཁོར་བའི་བག་ཆགས་གང་དག་ན། བྱིས་པ་བཙས་པ་དེ་ནར་སོན་ནས་འདོད་པའི་ཚོར་བས་གདུང་སྟེ། དོན་དུ་གཉེར་བ་ཆུང་མ་ལེན་པ། སྒོ་གསུམ་གྱི་ནུས་པ་རིམ་གྱིས་འཕེལ་བ་རང་རིགས་ཀྱི་བྱ་བ་ལ་དབང་བསྒྱུར་བ་རྣམས་ཀྱི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་སྤྲུལ་པའི་སྐུ་དེས་གདུལ་བྱ་རྣམས་བྱང་ཆུབ་ལ་འགོད་པའི་རིགས་ཀྱི་ནུས་པ་གསོལ་འདེབས་པས་འབྲས་བུ་རྫོགས་པར་བྱེད། བར་ཕྱག་རྒྱ་སྤྲོས་བཅས་ཀྱི་ལམ་དེ་བསྒོམ་པས། ཟུང་འཇུག་གི་ལྷ་སྐུའི་རྩལ་སྣང་གོང་ནས་གོང་དུ་འཕེལ་བའི་གཞི་འདིང་བས་ལམ་གོང་མའི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ་གསུངས། ལྔ་པ་ཚོམ་བུ་ཚོགས་སྒྲུབ་ཀྱི་ལམ་གྱི་རྣལ་འབྱོར་ལ། ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིའི་གཞུང་བསྲང་བ། འབྲས་བུ་རིག་འཛིན་ཐོབ་པའི་དུས་བསྟན་པ་དང་གསུམ། དང་པོ་ལའང་ལྔ་ལས། གང་དུ་བསྒྲུབ་པའི་གནས་ཕུན་སུམ་ཚོགས་པ་ནི། ལམ་རིམ་ལས། བསྐོར་ཁང་ཕྱི་ནང་བར་ལྡན་པ། །ཞེས་པས་བདག་དབང་བར་ཆད་མེད་པའི་གནས་སུ་ཚོགས་ཀྱི་ཁང་པ་སྟེང་འོག་དང་འཁོར་ཁང་གཉིས་ཀ་རིམ་པ་གསུམ་ལྡན་བརྩིག །བར་ཁང་དུ་ཆུ་ཚོན་སོགས་ཀྱིས་ཚོམ་བུ་གང་བསྒོམ་གྱི་དཀྱིལ་འཁོར་བྲིས་པ་རྒྱན་དང་ལྡན་པའོ། །གཉིས་པ་གང་གི་ཚེ་སྒྲུབ་པའི་དུས་ཕུན་སུམ་ཚོགས་པ་ནི། དེ་ཡང་སྒྲུབ་པ་ལ་འཇུག་པའི་དུས་ནི། རྒྱས་པ་ལས། ཚེས་གྲངས་ཡར་གྱི་བརྒྱད་ནས་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པ། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པར་བླང་བར་བྱ། །ཞེས་དང་། རྔམ་གློག་ལས་ཀྱང་། རིགས་བྱེད་དག་གི་ཡན་ལག་ལས། །དུས་རྣམས་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚོད་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱང་། །བརྟགས་ན་དངོས་གྲུབ་མཚན་མ་འབྱུང་། །ཞེས་སོ། །གསུམ་པ་གང་ལ་བརྟེན་ནས་བསྒྲུབ་པའི་ཡོ་བྱད་ཕུན་སུམ་ཚོགས་པ་ནི། འཚོ་བ་ཟས་ཀྱི། རྐྱེན་བཟློག་སྨན་གྱི། སྒྲུབ་པ་རྫས་ཀྱི། མཆོད་པ་རྫས་ཀྱི་ཡོ་བྱད་རྣམས་ཚང་བར་གསོག་པ་སྟེ། ལམ་རིམ་ལས། གོས་རྒྱན་བཟའ་བཏུང་གསང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། །དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་རྟེན་དང་བར་ཆད་བཟློག །ཡོ་བྱད་དག་པ་བསྡུ་བྱ་སྟེ། །ཞེས་གསུངས་སོ། །དེ་ཡང་དང་པོ་ཚོ་གསུམ་དུ་བཅད་དེ། ཆ་གཅིག་གི་སྔོན་དུ་མཆོད་སྦྱིན་བྱ་བ། ཆ་གཅིག་མཇུག་ཏུ་དགའ་སྟོན་གྱི་ཕྱིར་བཞག །ཆ་གཅིག་རཾ་ཡཾ་ཁཾ་གིས་སྦྱངས་ལ་ཏྲྃ་ལས་འདོད་ཡོན་དུ་བྱིན་གྱི་བརླབས་ནས་སྒྲུབ་པའི་ཆ་རྐྱེན་དུ་འཇོག་སྟེ། ལམ་རིམ་ལས། ཚོ་གསུམ་བཅད་ལ་བྱིན་གྱིས་བརླབ། །ཅེས་སོ། །བཞི་པ་གང་གིས་སྒྲུབ་པའི་སྒྲུབ་པ་པོ་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། གང་གིས་སྒྲུབ་པའི་སྟོན་པ་ཕུན་སུམ་ཚོགས་པ་ནི། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །རྣལ་འབྱོར་མཐར་ལྡན་ཤིན་ཏུ་བསྟེན། །ཞེས་སོ། །གཉིས་པ་གང་དང་ལྷན་ཅིག་ཚོགས་པའི་འཁོར་ཕུན་སུམ་ཚོགས་པ་ནི། སྤྱིར་ཡོན་ཏན་དྲུག་ལྡན་གྱི་འཁོར་ཏེ། འདི་ཉིད་ལས། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཞེས་སོ། །ཁྱད་པར་སློབ་དཔོན་དང་དགོངས་པ་མཉམ་པའི་རྡོ་རྗེ་རྒྱལ་ཚབ། སྐད་གདངས་ཆེ་ཞིང་ལས་འགྲིགས་ལ་མཁས་པའི་ཀརྨ་གདངས་ཅན། སྦྱོར་བའི་སྒྱུ་རྩལ་ཤེས་པའི་ལས་བཞིའི་གཟུངས་མ། མིག་རྣོན་གྱི་མི་མ་ཡིན་མཐོང་ལྡོག་ནུས་པའི་རྡོ་རྗེ་སྤྱན་པ། དྲོད་འཛིན་པའི་རྡོ་རྗེ་བྱ་རོག །སྒྲོལ་བའི་ལས་ལ་མཁས་པའི་ཀིང་ཀ་ར། གཡོས་ལ་མཁས་པའི་རྡོ་རྗེ་བྱན་པོ། ཕྱི་ནང་གི་བརྡ་སྦྱོར་མཁས་པའི་རྡུལ་ཕྱག་སྐྱེས་བུ་སོགས་ཚོམ་བུར་འབྲེལ་བའི་འཁོར་ཕུན་སུམ་ཚོགས་པ་སྟེ། ལམ་རིམ་ལས། རྒྱལ་ཚབ་རྒྱལ་པོར་མཚུངས་པ་དང་། །ཀརྨ་གདངས་ཅན་ཕྲིན་ལས་ལྡན། །ལྗོན་ལྕུག་སྡོང་རེག་མཚན་རྫོགས་དང་། །རྣལ་འབྱོར་མིང་སྲིང་བརྩེ་གདུང་ལྡན། །ཚོམ་བུ་ལྔའམ་ཟུང་གིས་སྒྲུབ། །ཅེས་སོ། །ལྔ་པ་སྒྲུབ་པའི་ཐབས་ཕུན་སུ མ་ཚོགས་པ་ནི། འདི་ཉིད་ལས། གནས་དང་ལོངས་སྤྱོད་ཅི་བདེ་དང་། །མ་ཉམས་བློ་ནི་རབ་ལྡན་པས། །དང་པོར་དམ་ནོས་བཞིན་དུ་བྱ། །ལེ་ལོ་སྒྱིད་སྙོམས་མེད་པ་ཡིས། །ཐེ་ཚོམ་མེད་པར་བསྒྲུབ་བྱས་ན། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་སོ། །གཉིས་པ་བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་བ་ནི། བསྙེན་པ་དང་ནི་ཉེ་བསྙེན་དང་། །བསྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཞེས་པས་འདིར་བསྐྱེད་རིམ་གྱི་སྐབས་ཡིན་པས། སྔར་བཤད་པའི་གནས་སུ། དཀྱིལ་འཁོར་གྱི་ལྷ་གནས་སོ་སོར་རྣལ་འབྱོར་པ་ཕོ་མོ་དང་ལྷ་ཡབ་ཡུམ་བྲང་སྤྲད་དེ་འདུག་ནས་སོ་སོའི་ང་རྒྱལ་བརྟན་པོ་ལ་སེམས་རྩེ་གཅིག་ཏུ་གནས་ནས་རིམ་པར་བཤོམས་དང་འབྲེལ་བར། ནུབ་དང་པོ་འགོ་འཛིན་གྱི་ཚུལ་དུ་བྱ་བ་བསྙེན་པ། ཇི་ཙམ་སྒྲུབ་པའི་ཞག་གྲངས་ཕྱེད་ཚུན་ཆད་ཉི་བསྙེན་ཏེ། དེ་གཉིས་ལས་འོད་ཟེར་དཀར་པོའི་འཕྲོ་འདུ་བསྣོལ་མས་སྣོད་དག་པར་བྱེད་པ་བསྙེན་པ་དང་། ཉེ་བསྙེན། ནུབ་ཐ་མ་མ་གཏོགས་པའི་ཕྱེད་ཕན་ཆད་འོད་ཟེར་དམར་པོའི་འཕྲོ་འདུས་དངོས་གྲུབ་བསྐུལ་ཞིང་བསྡུ་བས་བཅུད་དག་པར་བྱེད་པ་སྒྲུབ་པ་དང་། ནུབ་ཐ་མར་འོད་ཟེར་མཐིང་ག་ཚུར་བསྡུས་ཏེ་རྒྱུད་དག་པར་བྱེད་པའི་སྒོ་ནས། སྲོད་ཀྱི་ཆ་ལྷ་ལས་དངོས་གྲུབ་བླངས། ནམ་གུང་གི་ཚེ་ཏ་ན་སྒྲོལ་བའི་མཛད་སྤྱོད་ཀྱིས་དགྲ་ལས་དངོས་གྲུབ་བླངས། ཐོ་རེངས་ཡུམ་དང་གཉིས་མེད་དུ་སྦྱོར་བའི་སྒོ་ནས་ཨ་ལིའི་མཛད་སྤྱོད་ཀྱིས་ཡུམ་གྱི་མཁའ་ལས་དངོས་གྲུབ་ལེན་པ་སྒྲུབ་པ་ཆེན་པོ་སྟེ། ཟླ་བ་གཅིག་ལ་དཔེར་མཚོན་ན། ལམ་རིམ་ལས། ཟླ་ཕྱེད་ཕྱེད་ཞལ་ཉེ་བསྙེན་པ། །ལྷ་གསལ་འཕྲོ་འདུས་སྣོད་དུ་རུང་། །བཅོ་ལྔ་མར་ཕྱེད་སྒྲུབ་པ་སྟེ། །འཕྲོ་འདུ་བསྣོལ་མས་བསྒྲུབ་པར་བྱ། །ཞག་གྲངས་ཚང་ནས་རྟགས་བྱུང་ན། །དངོས་གྲུབ་བཟླས་བླང་སྒྲུབ་ཆེན་པོ། །ཞེས་སོ། །གསུམ་པ་འབྲས་བུ་རིག་འཛིན་འགྲུབ་པའི་དུས་བསྟན་པ་ནི། དེ་ལྟར་ཟླ་བ་དྲུག་སྤོག་ཆོག་དང་བཅས་པས་རིག་འཛིན་གྱི་འབྲས་བུ་འགྲུབ་སྟེ། འདི་བསྐྱེད་རིམ་ཡིན་པས་ཐུན་མོང་གི་དངོས་གྲུབ་ལས་རྒྱ་དང་ཡེ་རྒྱའི་ཁྱད་པར་གྱིས་འདོད་པའི་རིག་པ་འཛིན་པ་དང་། གཟུགས་ཀྱི་རིག་འཛིན་གང་རིགས་ལ་སྦྱོར་བའོ། །ལམ་འདིས་འཁོར་བའི་བག་ཆགས་གང་དག་ན། སྐྱེས་པའི་རིམ་པ་གསུམ་པ་སྟེ། དེ་ནས་བྱིས་པ་དེ་རྒན་པོ་རྣམས་དང་བློ་གྲོས་མཉམ་པས་སྤྱད་རིས་དང་ཁེ་གྲགས་ལ་སོགས་པའི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་རྣམས་མཆོད་སྤྲིན་མཐའ་ཡས་པའི་རོལ་མོ་ལ་དགྱེས་དགུར་སྤྱོད་པའི་རིགས་ཀྱི་ནུས་པ་གསོས་འདེབས་པའི་འབྲས་བུ་རྫོགས་པར་བྱེད། བར་དུ་ཚོགས་སྒྲུབ་ཀྱི་ལམ་དུ་བསྒོམ་པས། བདེ་སྟོང་གི་ལྷ་སྐུར་འགྲུབ་པར་བྱེད་པའི་ཕྱིར་མཆོག་གི་དངོས་གྲུབ་ལ་མྱུར་དུ་སྦྱོར་བའི་གཞི་འདིང་བས་ལམ་གོང་མའི་སྨིན་བྱེད་དུ་འགྲོ་གསུངས། གཉིས་པ་ལམ་གྱི་གཞུང་ཤིང་རྫོགས་རིམ་ལྟར་བཤད་ན། སྟོང་པ་ཆེན་པོ་ལ་སོགས་པའི་ལམ་གྱི་རྣལ་འབྱོར་ལྔ་ལས། དང་པོ་སྟོང་པ་ཆེན་པོའི་རྣལ་འབྱོར་ནི། དེ་ཡང་ལུས་ཅན་རྣམས་འཆི་བའི་ཚེ། འབྱུང་བ་ལྔ་དང་དཀར་དམར་ནག་གསུམ་རིམ་པར་ཐིམ་ནས་རྣམ་པར་མི་རྟོག་པའི་འོད་གསལ་འཆར་ཏེ། ཐལ་འགྱུར་ལས། འགྲོ་བ་མ་ལུས་ཐམས་ཅད་དག །གནས་པའི་སྟོབས་ནི་ཟད་པ་ན། །འདུས་པ་ལྔ་ཡི་རིམ་པ་ཡིས། །བག་ཆགས་སྙིགས་མ་རང་ཟད་ནས། །འོད་གསལ་སྟོང་པར་སྣང་བས་ན། །རེ་དོགས་མེད་པ་ནམ་མཁའ་བཞིན། །ཞེས་གསུངས་པ་ལྟར། དེ་ལམ་དུ་ཁྱེར་ཏེ་དེ་དང་རྗེས་སུ་མཐུན་པའི་ལམ་བསྒོམ་ཚུལ་ཡང་། ལྟ་བ་གཏན་ལ་འབེབས་པ་གཞིར་བཞག་སྟེ། བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་སུ་ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པས། རིག་པ་མ་བཅོས་པའི་ངང་དུ་སོ་མར་འཇོག་པ་རིག་པ་སྤྱི་བླུགས་དང་། སྔར་གྱི་ཐོས་བསམ་གྱི་ལྟ་བ་དྲན་པར་བྱས་ནས་དེའི་ངང་དུ་འཇོག་པ་མཐོང་བའི་རྗེས་ལ་འཇོག་པ་སྟེ། འཇོག་ཐབས་གཉིས་པོ་གང་རུང་གི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ཉིན་མོའི་རྣལ་འབྱོར་དང་། མཚན་མོ་གཉིད་འཐུག་གི་འོད་གསལ་འཛིན་པའི་མན་ངག་གཉིས་སྦྲེལ་ཏེ་ཉིན་མཚན་ཁ་སྦྱོར་དུ་ཉམས་སུ་ལེན་པའི་སྒོ་ནས་ཉམས་ལྔ་མཐར་ཕྱིན་པར་བསླབ་པའོ། །གཉིས་པ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ནི། །སྔར་གྱི་འཆི་ཁའི་འོད་གསལ་ངོས་མ་ཟིན་པ་ལས་སྣང་གསུམ་འབྱུང་ལྔའི་བགྲོད་པ་གོ་བཟློག་གི་ཚུལ་དུ་ལངས་ཏེ་བར་དོའི་ཡིད་ལུས་སྒྱུ་མ་ལྟ་བུར་གྲུབ་སྟེ། སྔ་མ་ལས། བར་མ་སྒྱུ་མའི་ལུས་ཐོབ་པས། །མ་སྤངས་ལོངས་སྤྱོད་རྫོགས་པར་བཤད། །ཅེས་གསུངས་པ་ལྟར། དེ་ལམ་དུ་ཁྱེར་ནས་དེ་དང་རྗེས་སུ་མཐུན་པའི་ལམ་སྒོམ་ཚུལ་ཡང་། སྔར་གྱི་སྟོང་ཆེན་འོད་གསལ་གྱི་ངང་དུ་སེམས་འགགས་པས། དུ་བ་དང་། སྨིག་རྒྱུ་དང་། མེ་ཁྱེར་ལྟ་བུ་དང་། མར་མེ་ལྟ་བུ་དང་། དཀར་དམར་ནག་གསུམ་ལ་སོགས་པའི་སྟོང་གཟུགས་ཀྱི་སྣང་བ་ཤར་བ་ན་ཉིན་གྱི་རྣལ་འབྱོར་སད་པའི་སྣང་བ་དེ་དང་། མཚན་མོ་རྨི་ལམ་གྱི་སྣང་བ་ཐམས་ཅད་སྒྱུ་མ་ཆུ་ཟླ་ལྟ་བུར་མཐོང་བ་ལ་དམིགས་མེད་ཀྱི་སྙིང་རྗེ་མ་འགགས་པར་རང་ཤར་བ་ལ་གོམས་ཤིང་བསླབ་པར་བྱེད་པའོ། །གསུམ་པ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ནི། བསྐྱེད་པའི་རིམ་པ་དང་པོའི་བག་ཆགས་སྦྱོང་བའི་ཕྱིར། དེ་དང་རྗེས་སུ་མཐུན་པའི་ལམ་སྟེ། སྣང་བ་རིས་མེད་ལ་སྙིང་རྗེ་ཆེན་པོའི་འཕེན་པ་དང་། ཏིང་ངེ་འཛིན་གྱིས་ཆུ་དྭངས་པ་ལ་གཟུགས་བརྙན་ཤར་བ་ལྟར་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པའི་ལྷ་སྐུ་ཕྱག་རྒྱ་གཅིག་པ་རང་ཤར་གྱིས་སྣང་བ་ཐམས་ཅད་ལ་རྒྱས་ཐེབས་པའོ། །བཞི་པ་ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་ནི། སྐྱེ་བའི་རིམ་པ་བར་མའི་བག་ཆགས་སྦྱོང་བའི་ཕྱིར། དེ་དང་མཐུན་པའི་ལམ་སྟེ་སྔར་གྱི་ལྷ་སྣང་དེ་ལས་ཆེས་ཆེར་འཕེལ་བའི་སྣང་བ་ཐམས་ཅད་ཟུང་འཇུག་གི་ལྷ་གཙོ་འཁོར་དང་ཚོམ་བུའི་རྣམ་པར་མངོན་སུམ་དུ་སྤྲོས་ཏེ་མ་འདྲེས་ཡོངས་རྫོགས་སུ་འཆར་བ་ལ་གོམས་པར་བྱེད་པའོ། །ལྔ་པ་ཚོམ་བུ་ཚོགས་སྒྲུབ་ནི། སྐྱེ་བའི་རིམ་པ་གསུམ་པའི་བག་ཆགས་སྦྱོང་བའི་ཕྱིར། དེ་དང་རྗེས་སུ་མཐུན་པའི་ལམ་སྟེ། ཚོམ་བུ་གཅིག་གསུམ་ལྔ་པ་གང་རུང་གི་སྒོ་ནས་སྤྲོས་བཅས་བསྐྱེད་རིམ་དང་ཕྱོགས་མཐུན་དུ་སྒྲུབ་པའམ། སྤྲོས་མེད་རྣལ་འབྱོར་ཕོ་མོ་གཙོ་བོ་ཡབ་ཡུམ་ཚོགས་པ་ལ་བརྟེན་པའམ། ཤིན་ཏུ་སྤྲོས་མེད་ཡབ་མི་འགྱུར་བའི་བདེ་བ་ཆེན་པོ་དང་། ཡུམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཁ་སྦྱོར་དུ་སྒྲུབ་པ་སྟེ། གང་ལྟར་ཡང་དབང་པོ་རབ་འབྲིང་ཐ་གསུམ་གྱི་དབྱེ་བས་ཟླ་བ་དྲུག་གམ། ལོ་གཅིག་དང་ཟླ་བ་གཉིས། ལོ་གཅིག་དང་ཟླ་བ་བཞི་རྣམས་ཀྱིས་ནང་གི་མངོན་བྱང་ལྔ་ལ་བརྟེན་ནས་ཟག་མེད་མཐོང་ལམ་རྣམ་གཉིས་གང་རུང་ལ་སྦྱོར་བ་བྱེད་པ་སྟེ། ལམ་རིམ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཞེས་སོ། །ཞར་ལ་ཟག་ལྡོག་ཡོད་མེད་ཀྱི་མུ་བཞི་བརྗོད་པར་བྱ་སྟེ། དེ་ལ་ཟག་ལྡོག་གཉིས་ཀ་ཡོད་པའི་མུ་ནི། སྟོང་ཆེན་སྙིང་རྗེ་སྒྱུ་མ་ཕྱག་རྒྱ་གཅིག་སྤྲོས་ཏེ་ཚོགས་ལམ་གྱི་རྣལ་འབྱོར་བཞི་སྟེ། ལམ་རིམ་ལས། དེ་ཕྱིར་ལམ་བཞིར་ཟག་ལྡོག་ཡོད། །ཅེས་སོ། །ཟག་པ་ཡོད་ལ་ལྡོག་པ་མེད་པའི་མུ་ནི། སྦྱོར་ལམ་ཚོམ་བུ་ཚོགས་སྒྲུབ་སྟེ། སྤྱོད་པའི་དུས་གྲངས་ངེས་པ་ཟག་མེད་ལ་དངོས་སུ་སྦྱོར་བའི་བར་ཆད་མེད་ལམ་ཡིན་པའི་ཕྱིར་རོ། །ཟག་པ་མེད་ལ་ལྡོག་པ་ཡོད་པའི་མུ་ནི། དམན་ལམ་སྔོན་དུ་སོང་བའི་འཕགས་པ་དགྲ་བཅོམ་པ་སྔགས་ཀྱི་ཚོགས་ལམ་ལ་གནས་པ་ལྟ་བུ་སྟེ། དེ་ནི་རང་དོན་ཡིད་བྱེད་ཀྱི་བསམ་པས་ལྡོག་པར་སྲིད་པའི་ཕྱིར་ཏེ། རྡོ་རྗེ་རྩེ་མོ་ལས། ཇི་སྲིད་ས་བརྒྱད་མ་ཐོབ་བར། །དེ་སྲིད་ཐེག་པ་དམན་པས་འཇིག །ཅེས་སོ། །འོ་ན་ཟག་པ་ཞེས་པ་དེ་གང་ཞེ་ན། སྤྱིར་མངོན་པ་སོགས་ནས་ཟག་པའི་སྒོ་དྲུག་སོགས་བཤད་ཀྱང་། འདིར་ཟག་པའི་གཙོ་བོ་དང་། ཡན་ལག་གཉིས་ལས། གཙོ་བོ་ནི་ཀུན་ནས་ཉོན་མོངས་པ་དང་བཅས་པའི་ལས་ཀྱིས་ཁམས་གསུམ་དུ་ཟག་ཅིང་འཕོ་བ་སྟེ། སྤར་ཁབ་ལས། དེ་དག་འཇིག་རྟེན་པ་ལ་ཡོད་པ་ནི་འཛིན་པའི་ཕྱིར་ཟག་པར་འགྱུར་ལ། ཞེས་སོ། །ཡན་ལག་ནི། ལུས་རང་དབང་མེད་པར་ལེན་པ་སྐྱེ་གནས་ཀྱི་ཟག་པ། ཁམས་བདེ་མི་བདེ་རང་དབང་མེད་པར་མྱོང་བ་ཁམས་ཀྱི་ཟག་པ། རང་དབང་མེད་པར་ལུས་འདོར་བ་ལུས་ཀྱི་ཟག་པ་དང་གསུམ་མོ། །གསུམ་པ་ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་ནི། ཟག་ལྡོག་གཉིས་ཀ་མེད་པའི་ལམ་མཐོང་སྒོམ་མཐར་ལམ་གསུམ་གྱིས་བསྡུས་པ་རིག་འཛིན་བཞི་སྟེ། དེ་ཡང་མཐོང་ལམ་པ་ལ་བློའི་ནུས་སྟོབས་ཆེ་ཆུང་གིས་འབྱུང་བ་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱོང་བར་མ་ནུས་པ་རྣམ་སྨིན་རིག་འཛིན་དང་། སྦྱོང་བར་ནུས་པས་སྐྱེ་འཇིག་མེད་པ་དྭངས་མའི་ལུས་སུ་གྱུར་པ་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་གཉིས་ཏེ། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་གྱུར་པ་ཡིན། །ཞེས་སོ། །དེ་ལ་རྣམ་སྨིན་རིག་འཛིན་ནི། ལུས་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་དང་མ་བྲལ་བ། ཡིད་འོད་གསལ་གྱི་ལྷ་སྐུར་སྨིན་པ། ཇི་ལྟར་འདོད་པ་བཞིན་དུ་ལུས་རྒྱ་དང་བྲལ་མ་ཐག་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་ངེས་པ་སྟེ། ཆོས་གསུམ་དང་ལྡན་པ་ཡིན་ཏེ། ལམ་རིམ་ལས། ཡིད་ཀྱིས་ལྷ་ཡི་གཟུགས་བཟུང་བཞིན། །ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ན། །ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་པས། །རྣམ་པར་སྨིན་ཞེས་དེ་ལ་བརྗོད། །ཅེས་སོ། །མཛད་སྤྱོད་ནི། བདག་དོན་དུ་བཀོད་པ་དཀྱིལ་འཁོར་གྱི་བྱ་བ་ལ་སོགས་པས་ཚོགས་གཉིས་རྫོགས་པར་བྱེད་ཅིང་། ཕྲིན་ལས་བཞིའི་སྒོ་ནས་གཞན་དོན་རྫོགས་པར་བྱེད། ཟག་མེད་ལྷའི་སྤྱན་རྣམ་པར་དག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ལ། གླིང་བཞི་པའི་འཇིག་རྟེན་ཙམ་དུ་སྐུ་དངོས་ཀྱི་འགྲོ་དོན་ཅིང་། སྤྲུལ་གཟུགས་སྟོན་ཚུལ་ཚེ་དབང་དང་ཆ་འདྲ་བ་ཙམ་མོ། །ཞར་བྱུང་དོགས་སེལ་ནི། རྣམ་སྨིན་གྱི་ལུས་དྭངས་མའི་ལུས་སུ་བསྒྱུར་མ་ནུས་པས་མཐོང་ལམ་དུ་ཅིའི་ཕྱིར་འགྱུར་ཞེ་ན། སྐྱོན་མེད་དེ་བྱང་ཆུབ་སེམས་དཔའ་དབང་རྟུལ་གྱི་ཟག་བཅས་ཀྱི་ལུས་ས་བདུན་པའི་བར་དུ་འགྲོ་བ་མདོ་ལས་བཤད་པ་དང་གནད་གཅིག་གོ་གསུངས། མཐོང་ལམ་ཚེ་དབང་རིག་འཛིན་ནི་ལུས་སེམས་གཉིས་ཀ་འོད་གསལ་གྱི་ལྷ་སྐུར་སྨིན་ཅིང་ཕྲ་ཡང་ལ་སོགས་པའི་འཇའ་ལུས་ཀྱི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་རྡོ་རྗེའི་ལུས་ཏེ། ལམ་རིམ་ལས། དོན་མཐོང་འཇུག་པ་མཐར་ཕྱིན་པའི། །ཚོགས་སྤྱོད་སྒྲུབ་པའི་དངོས་གྲུབ་ཀྱིས། །ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་འགྱུར་ཚེ་ཡི་རིགས། །ཞེས་སོ། །དེ་ཡང་སྤྱིར་ཚེ་དབང་ལ། སྨིན་གྱི་བཅུད་ལེན་ལ་བརྟེན་པའི། ཐིག་ལེ་དབབ་བཟུང་ལ་བརྟེན་པའི། སྒྲོལ་མ་རླུང་གི་འཁོར་ལོ་ལ་བརྟེན་པའི། ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་དང་བཞི་ལས། འདི་ནི་ཕྱི་མ་སྟེ། ས་དང་པོའི་རྟོགས་པ་ཁྱད་པར་ཅན་མཐར་ཕྱིན་པའོ། །མཛད་སྤྱོད་ནི། བདག་དོན་དུ་ཀུན་འགྲོའི་དྲི་མ་སྦྱོང་ཞིང་། གཞན་དོན་དུ་ཆོ་འཕྲུལ་བཞི་དང་ཕྲིན་ལས་བཞི་སོགས་ཀྱིས་འགྲོ་དོན་མཛད་ཅིང་ཆ་ལུགས་ཀྱང་། མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཁྱད་པར་ས་ལ་གནས་གྱུར་ཡིན། །ཞེས་སོ། །མངོན་ཤེས་ཀྱི་ཡུལ་དོན་ཀྱང་། དབང་ཤེས་ཉི་ཤུ་རྩ་ལྔས་གླིང་བཞི་བྱེ་བ་ཕྲག་བརྒྱར་དུས་གཅིག་ཏུ་འགྲོ་དོན་མཛད་པའོ། །སྒོམ་ལམ་ཕྱག་ཆེན་རིག་འཛིན་ནི། ཡེ་ཤེས་སྒྱུ་མའི་སྐུ་ཅན་སྟེ། ལམ་རིམ་ལས། རང་སེམས་ཕྱག་རྒྱ་ཆེན་པོ་སྟེ། །བསྒོམ་པས་མངོན་དུ་གྱུར་པའི་ལྷ། །ཐུན་མོང་མཆོག་གི་མཚན་དཔེར་ལྡན། །ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། །ཞེས་དང་། ཡེ་ཤེས་སྐུ་ཡི་ཆ་ལུགས་ཅན། །འབྱུང་བ་རྡོ་རྗེའི་ལུས་ལས་གྲོལ། །ཞེས་སོ། །དེ་ལ་ཡང་སྔ་མ་ལས། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲིའི་རིག་པ་འཛིན། །ཞེས་པས། འདི་ལ་བཤད་ཚུལ་གཉིས་ཏེ། ས་གཉིས་པ་ནས་ལྔ་པའི་བར་བཞི་ལ་རྡོ་རྗེའི་རིག་པ་འཛིན་པ་ཞེས་བྱ་སྟེ། རྟོགས་པ་ཡེ་ཤེས་རྡོ་རྗེས་རང་སའི་སྒྲིབ་པ་འཇོམས་པའི་ཕྱིར། ས་དྲུག་པར་ཤེར་ཕྱིན་ལ་གཙོ་བོར་སྤྱོད་ཅིང་ཆོས་འཁོར་བསྐོར་བའི་ཕྱིར་དང་། ས་བདུན་པའང་ཐབས་ལ་མཁས་པས་འཁོར་ལོ་ལྟར་གྱུར་པས། དེ་གཉིས་ལ་འཁོར་ལོའི་རིག་འཛིན་ཞེས་བྱའོ། །ས་བརྒྱད་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བསྒྱུར་བས་རིན་པོ་ཆེའི་རིག་འཛིན་དང་། དགུ་པར་ཆགས་པ་མེད་པས་སྦྱོང་ཞིང་འགྲོ་དོན་མཛད་པས་པདྨའི་རིག་འཛིན་དང་། བཅུ་པར་ཕྲིན་ལས་ཕུན་སུམ་ཚོགས་པས་སེམས་ཅན་གྱི་དོན་དཔག་མེད་མཛད་པའི་ཕྱིར་རལ་གྲིའི་རིག་འཛིན་ཞེས་བྱའོ། །ཆ་བྱད་ཀྱང་ཟུང་འཇུག་གི་ལྷའི་སྐུ་མཚན་དཔེ་རྫོགས་པའི་བདག་ཉིད་ཅན་བདག་དོན་དུ་ལྷན་ཅིག་གནས་པའི་དྲི་མ་སྦྱོང་ཞིང་། གཞན་དོན་དུ་རྔོན་པ་དང་སྨད་འཚོང་མ་ལ་སོགས་པ་གང་འདུལ་གྱི་སྤྲུལ་གཟུགས་སུ་སྟོན་པར་བྱེད་པ་སྟེ། ལམ་རིམ་ལས། མཉམ་བཞག་ངང་ལས་མ་གཡོས་བཞིན། །ཞེས་དང་། རྔོན་དང་སྨད་འཚོང་ལ་སོགས་པ། །སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། །ཅེས་སོ། །མངོན་ཤེས་ཀྱི་ཡུལ་དོན་ཀྱང་། དབང་ཤེས་ཉི་ཤུ་རྩ་ལྔའི་ཡོན་ཏན་དང་ལྡན་པ་ཚེ་དབང་དང་འདྲ་ནའང་། འདིར་གསལ་བརྟན་གྱིས་ཁྱད་པར་དུ་བྱས་ཤིང་། ལོངས་སྐུའི་ཞིང་དང་མཉམ་པའི་འགྲོ་དོན་མཛད་དོ། །དེ་ལྟར་ས་བཅུ་པའི་རྣམ་གྲོལ་ལམ་ཚུན་ཆད་སྒོམ་ལམ་ཕྱག་ཆེན་དུ་བསྡུས་ནས་ས་བཅུ་པའི་ཁྱད་པར་གྱི་ལམ་མཐར་ལམ་ལྷུན་གྲུབ་རིག་འཛིན་ནི། སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཆ་ལུགས་འཛིན་པ་དྲུག་པའི་རྒྱལ་ཚབ་མཛད་པ་པོ་གསང་བའི་བདག་པོ་བཞིན་ནོ། །སྤྱོད་ཚུལ་ནི། བདག་དོན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ་ནང་གི་མངོན་བྱང་གིས་ཤེས་སྒྲིབ་ཕྲ་བ་སྣང་གསུམ་གྱི་དྲི་མ་སྦྱོང་ཞིང་། གཞན་དོན་རྗེས་ཐོབ་ལ་སངས་རྒྱས་དང་ཆ་འདྲ་བའི་འགྲོ་དོན་མཛད། སྤྲུལ་གཟུགས་ཀྱང་མཛད་པ་བཅུ་གཉིས་སོགས་མཆོག་གི་སྤྲུལ་སྐུ་དང་ཕྱོགས་མཐུན་དུ་སྟོན། མངོན་ཤེས་ཀྱང་ཡུལ་དོན་ལ་ཇི་སྙེད་མཁྱེན་པའི་ཡུལ་རྒྱལ་བ་ཉིད་དང་ཆ་འདྲ་སྟེ་ནམ་མཁས་ཁྱབ་ཚད་ཀྱི་དོན་ཡང་ཅི་རིགས་པ་མཛད་པ་སྟེ། ལམ་རིམ་ལས། དེ་ལྟར་དག་པའི་ཡེ་ཤེས་ཉིད། །སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཛིན། །ལྷུན་མཉམ་ངང་ལས་མི་གཡོ་ཞིང་། །མི་རྟོག་ཉིད་དུ་བཞུགས་པ་དང་། །བག་ལ་ཉལ་བ་འཇོམས་བྱེད་ཅིང་། །སྐད་ཅིག་ཉིད་ལས་རིག་འཛིན་ཐོབ། །ཞེས་སོ། །ཞར་བྱུང་རྒྱུའི་ཐེག་པའི་འཕགས་པ་རྣམས་དང་དགོངས་པ་མཉམ་ཚུལ་དང་སའི་མུ་ཚོད་མཐུན་ཚུལ་བཤད་དེ། རྣམ་སྨིན་རིག་འཛིན་དང་རྒྱུའི་ཐེག་པའི་མཐོང་ལམ་རབ་དགའ་ལ་གནས་པའི་སེམས་དཔའ་གཉིས་དགོངས་པ་མཉམ་ཤིང་། དེ་ལས་གཞན་པ་ཚེ་དབང་སོགས་ནི་རྒྱུའི་ཐེག་པའི་ས་དང་པོ་དང་། བརྒྱད་པ་དང། བཅུ་པ་ཙམ་དུ་སྐལ་བ་མཉམ་པ་སྟེ་ལམ་གྱི་མུ་ཚོད་མཚུངས་མོད། འོན་ཀྱང་དགོངས་པ་ནི་རྒྱུའི་ཐེག་པའི་སྒོམ་ལམ་ས་བརྒྱད་པ་དང་ཚེ་དབང་། བཅུ་པ་དང་ཕྱག་ཆེན། མི་སློབ་པ་ཀུན་ཏུ་འོད་དང་ལྷུན་གྲུབ་རིག་འཛིན་རྣམས་མཉམ་པར་བཞེད་པའི་ཕྱིར་ཏེ། དེ་ལྟར་ཡང་ལམ་ཆུང་ལས། དེ་ཡང་དང་པོ་དང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་མཆོག་སྟེ། །བརྒྱད་པའི་སེམས་དཔར་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོད། །དགོངས་སྤྱོད་རྒྱ་མཚོས་ཁྱད་པར་འཕགས། །ཞེས་དང་། བསམ་གཏན་མིག་སྒྲོན་གྱི་རང་འགྲེལ་ལས། ཀུན་ཏུ་འོད་བསྟི་གནས་ཀྱི་སའོ། །དེ་ནི་འདིར་ལྷུན་གྲུབ་རིག་འཛིན་དངོས་སོ། །ཞེས་གསུངས་སོ། །ད་ནི་ཐོད་རྒལ་འབྱུང་མི་འབྱུང་གི་ས་མཚམས་འཆད་དེ། རྣམ་སྨིན་ནས་ཐོད་རྒལ་དུ་བགྲོད་པ་མི་སྲིད་དེ། ཐོད་རྒལ་འབྱུང་བའི་ཆོས་གསུམ་མ་ཚང་བའི་ཕྱིར། གང་མ་ཚང་ན་ལམ་གཞན་བར་ནས་བོར་དུ་མེད་པའི་ཕྱིར་ཏེ། རང་གི་དངོས་འབྲས་རྒྱ་ཆེན་དུ་ངེས་པའི་ཕྱིར། ལམ་རིམ་ལས། རྒྱ་མིག་རྒྱ་ས་ཇི་བཞིན་དུ། །ཕྱག་རྒྱ་ཐོབ་ལ་མ་རིག་པ། །གཟུགས་རྫོགས་སྟོབས་ཆེན་དེ་ཁོ་ན། །ཞེས་གསུངས་སོ། །གཞན་དུ་ཅིག་ཅར་བའི་རིགས་མ་ཡིན་པའི་ལམ་པ་བློ་ཆེ་བ་འགའ་ཞིག་ཕྱག་རྒྱ་གཅིག་སྤྲོས་གཉིས་ནས་སྦྱོར་མཐོང་དང་། ཚེ་དབང་ནི་ལྷུན་གྲུབ་རིག་འཛིན། ཚེ་དབང་དང་རྒྱ་ཆེན་གཉིས་ནས་རྫོགས་པའི་སངས་རྒྱས་ཀྱི་སར་ལམ་གཞན་བར་ནས་བོར་ལ་ཐོད་རྒལ་དུ་སྦྱོར་བ་སྲིད་པ་ཡིན་ཏེ། དེ་དག་ལ་ངང་གིས་བློ་ཆེ་བ་དང་། ཟུང་འཇུག་གི་ལམ་བསྒོམ་པ་དང་། ལམ་གཞན་བར་ནས་བོར་དུ་ཡོད་པ་སྟེ། ཐོད་རྒལ་འབྱུང་བའི་ཆོས་གསུམ་ཚང་བའི་ཕྱིར་རོ། །དེ་ལྟར་ན་ཚོགས་སྒྲུབ་ནས་ཐོད་རྒལ་འབྱུང་ངམ་སྙམ་ན་མི་འབྱུང་སྟེ། ལམ་རིམ་ལས། ལམ་མཆོག་དབྱེ་ས་གཅིག་ཡིན་ནོ། །ཞེས་པ་ཟག་མེད་ཀྱི་ལམ་གྱི་དབྱེ་ས་དང་འདུ་ས་མཐོང་ལམ་ཡིན་པར་གསུངས་པས་ལམ་གཞན་བར་ནས་བོར་དུ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །གསུམ་པ་གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་ནི། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། གྲུབ་པའི་རྣལ་འབྱོར་རྣལ་འབྱོར་ཆེ། །ལྷུན་གྲུབ་ཇི་བཞིན་མངོན་བྱས་པའང་། །བཏགས་པ་ཙམ་སྟེ་གཉིས་པ་མེད། །དེ་ཕྱིར་དེ་ལ་དེ་བརྗོད་དོ། །ཞེས་པས། དེ་ལ་སྦྱང་གཞི་རྒྱུ་རྒྱུད་བདེ་བར་གཤེགས་པའི་སྙིང་པོ་གདོད་མ་ནས་རང་ལ་རང་ཆས་སུ་བཞུགས་པ་སྟེ། འདམ་གྱི་དབུས་ན་བཞུགས་པའི་ནོར་བུ་རིན་པོ་ཆེ་བཞིན་ནོ། །སྦྱང་བྱ་ནི། མེད་སྣང་གློ་བུར་གྱི་དྲི་མ་ཕྲ་ཞིང་ཕྲ་བ་དང་བཅས་པ་སྟེ། ནོར་བུ་དེ་སྒྲིབ་པར་བྱེད་པའི་འདམ་རྫབ་བཞིན་ནོ། །སྦྱོང་བྱེད་ནི། རིམ་པ་གཉིས་ཀྱིས་བསྡུས་པའི་ལམ་སྟེ། འཁྲུད་བྱེད་ཀྱི་ཆུ་དང་འདག་རྫས་བཞིན་ནོ། །སྦྱང་འབྲས་ནི། དེ་ལྟར་ལམ་གྱི་དྲི་མ་སྦྱངས་པ་ལས་གཞི་ལ་ཇི་ལྟར་ཡོད་པའི་ཡོན་ཏན་མངོན་དུ་གྱུར་པ་མཐར་ཐུག་པ་སྟེ། འདམ་རྫབ་ལས་གྲོལ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་འདོད་རྒུའི་ཆར་འབེབས་པ་བཞིན་ནོ། །ངེས་ཚིག་ནི། ཅིའི་ཕྱིར་འབྲས་བུའི་རྒྱུད་དུ་འགྱུར་ཞེ་ན། །ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། ཅེས་པས་བླ་ན་མེད་པ་མཆོག་གི་འབྲས་བུ་མཐར་ཐུག་པ་དོན་དུ་གཉེར་བ་རྣམས་བསམ་པ་ཡོངས་སུ་རྫོགས་པས་ན་འབྲས་བུ་དང་། ནམ་ཡང་རྒྱུན་མི་ཆད་པས་ན་རྒྱུད་དོ། །དབྱེ་ན་ཁོག་གཞུང་ལས། འབྲས་བུའི་ངོ་བོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །དེ་ཡང་སྐབས་ཀྱི་ལྔ་ལྔ་སྟེ། །ཞེས་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རེ་རེ་ལའང་ལྔ་ལྔར་དབྱེ་བས་འབྲས་ཆོས་ཉི་ཤུ་རྩ་ལྔར་འགྱུར་ལ། དེ་ལ་སྐུ་ལྔ་ནི། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། མངོན་བྱང་གི་སྐུ། རྡོ་རྗེའི་སྐུ་དང་ལྔའོ། །གསུང་ལྔ་ནི། ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་། ལོངས་སྐུ་དགོངས་པ་བརྡ་ཡི་གསུང་། །སྤྲུལ་སྐུ་ཚངས་པའི་དབྱངས་ཀྱི་གསུང་། །མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་། དབྱེར་མེད་རྡོ་རྗེའི་གསུང་དང་ལྔའོ། །ཐུགས་ལྔ་ནི། ཆོས་སྐུའི་ཐུགས་ཆོས་དབྱིངས་ཡེ་ཤེས། ལོངས་སྐུའི་ཐུགས་མཉམ་ཉིད་ཡེ་ཤེས། སྤྲུལ་སྐུའི་ཐུགས་བྱ་གྲུབ་ཡེ་ཤེས། མངོན་བྱང་གི་ཐུགས་མེ་ལོང་ཡེ་ཤེས། རྡོ་རྗེ་སྐུའི་ཐུགས་སོར་རྟོག་ཡེ་ཤེས་སོ། །ཡོན་ཏན་ལྔ་ནི། རྣམ་པར་དག་པའི་ཞིང་ཁམས། རྒྱ་ཚད་དང་བྲལ་བའི་གཞལ་ཡས་ཁང་། གསལ་ཞིང་དག་པའི་འོད་ཟེར། ཁྱད་པར་འཕགས་པའི་གདན་ཁྲི། དགྱེས་རྒུར་སྤྱོད་པའི་ལོངས་སྤྱོད་དང་ལྔའོ། །ཕྲིན་ལས་ལྔ་ནི། ཞི་བ། རྒྱས་པ། དབང་། དྲག་པོ། ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་ལྔའོ། །དེ་དག་ཀྱང་། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་གསུམ་དུ་འདུ་བ་ཡིན་པས་སྐུ་ནི་གསུམ་མམ་ལྔ་སྟེ། ཆོས་སྐུ་ནི། དབྱིངས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ཀློང་ན། ཐུགས་རྗེ་དང་ཡེ་ཤེས་རང་བཞིན་ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན་ནོ། །ལོངས་སྐུ་ནི། དེ་ལས་ཤར་བའི་ཐུགས་རྗེ་ཡེ་ཤེས་ཀྱི་སྐུའོ། །སྤྲུལ་སྐུ་ནི། སོ་སོའི་མོས་པ་དང་འཚམས་པར་གོང་གི་སྐུ་དེ་གཉིས་ཀྱི་གཟུགས་བརྙན་འགྲོ་བའི་སེམས་གཙང་མའི་མེ་ལོང་ལ་ཤར་བ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལས། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་སོགས་སྐུ་གསུམ་སྣང་ཆ་མ་འདྲེས་པའི་ཆ་ནས་མངོན་བྱང་དང་། ངོ་བོ་དབྱེར་མི་ཕྱེད་པའི་ཆ་ནས་རྡོ་རྗེའི་སྐུ་སྟེ་གཉིས་པོ་བསྣན་པས་སྐུ་ལྔའོ། །སྐབས་འདིར་ཟུར་པ་རྣམས་ཆོས་ལོངས་སྤྲུལ་གསུམ་སྐུ་མཚན་ཉིད་པ་དང་། གཞན་གཉིས་རྣམ་པའི་ལྡོག་ཆ་དང་ངོ་བོ་དབྱེར་མི་ཕྱེད་པའི་ཆ་ནས་བཞག་པའི་སྐུ་བཏགས་པ་ཡིན་གསུངས། ཀུན་མཁྱེན་ཀློང་ཆེན་པས་ནི། ཆོས་སྐུ་མངོན་བྱང་རྡོ་རྗེའི་སྐུ་གསུམ་པོ་སངས་རྒྱས་རང་སྣང་གི་སྐུ་ཡིན་པས་མཚན་ཉིད་པ་ཡིན་ལ། ལོངས་སྤྲུལ་གཉིས་གདུལ་བྱའི་སྣང་བས་བསྡུས་པའི་སྐུ་བཏགས་པ་བའོ་གསུངས་པ་འཐད་པར་མངོན་གསུངས། གཉིས་པ་ཡེ་ཤེས་ནི། དེ་ལྟར་སྐུ་ལྔ་མངོན་དུ་བྱས་པའི་ཚེ། ཚོགས་བརྒྱད་གནས་སུ་དག་པའི་ཡེ་ཤེས་ལྔ་སྟེ། ཀུན་གཞི་འབྱེད་པ་མེད་པའི་ཆ་ནས་དེ་ཉིད་གནས་སུ་དག་པ་ཅིར་ཡང་མི་དམིགས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་དབྱིངས་ཡེ་ཤེས་དང་། ཀུན་གཞིའི་རྣམ་ཤེས་གསལ་ལ་མི་རྟོག་པའི་ཆ་ནས་དེ་ཉིད་གནས་སུ་དག་པ་མེ་ལོང་ངོས་གཉིས་པ་ལྟར་རང་བཞིན་གྱིས་ཆོས་ཐམས་ཅད་གསལ་ལ་སྤུ་རིས་མི་འབྱེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཉོན་ཡིད་ཀྱིས་ཕྱི་ནང་གི་ཆོས་རྣམས་ལ་བླང་དོར་འབྱེད་པའི་ཆ་ནས་དེ་ཉིད་གནས་སུ་དག་པ་འཁོར་འདས་བཟང་ངན་མེད་པ་མཉམ་པ་ཉིད་དུ་གཟིགས་པས་སྲིད་ཞིའི་མཐའ་ལ་མི་གནས་པས་མཉམ་ཉིད་ཡེ་ཤེས་དང་། རྣམ་ཤེས་ཚོགས་དྲུག་འགགས་མ་ཐག་པར་ཡིད་ཀྱི་དཔྱོད་པ་མེད་པར་རྟོག་པའི་ཆ་ནས་དེ་ཉིད་གནས་སུ་དག་པ་ཆོས་ཅན་མ་ལུས་མངོན་སུམ་དུ་མ་འདྲེས་ཡོངས་རྫོགས་སུ་ས་ལེར་གཟིགས་པ་སོ་སོར་རྟོག་པའི་ཡེ་ཤེས་དང་། སྒོ་ལྔའི་རྣམ་ཤེས་ཀྱི་བྱ་བ་ཐམས་ཅད་སྒྲུབ་པའི་ཆ་ནས་དེ་ཉིད་གནས་སུ་དག་པ་འགྲོ་དོན་མཛད་པ་ལ་ཐོགས་པ་མེད་པའི་ཕྲིན་ལས་འཇུག་པ་བྱ་གྲུབ་ཡེ་ཤེས་ཏེ་ལྔའོ། །དེ་དག་གཉིས་སུ་བསྡུ་ཚུལ་ནི། ཟུར་པ་རྣམས་ཆོས་དབྱིངས་ཡེ་ཤེས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཕྱི་མ་བཞི་པོ་རྟེན་བརྟེན་པའི་ཆ་ནས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་བཞེད། ཀུན་མཁྱེན་པས་ནི། ཆོས་དབྱིངས་ཡེ་ཤེས་དང་མཉམ་ཉིད་ཡེ་ཤེས་གཉིས་གནས་ལུགས་གཟིགས་པའི་ཆ་ནས་ཇི་ལྟ་བ་དང་། གཞན་གསུམ་འཆར་གཞི་དང་། ཡུལ་གཟིགས་པ་དང་། དེས་འགྲོ་དོན་མཛད་པའི་ཆ་ནས་ཇི་སྙེད་པའི་ཡེ་ཤེས་སོ། །ཞེས་གསུངས་ཏེ་ཇི་སྐད་བཤད་ཀྱང་ཁྱད་པར་མ་མཆིས་འདྲ་གསུངས། གསུམ་པ་མཛད་པ་ཕྲིན་ལས་ནི། དེ་ལྟར་ན་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་ཀྱིས་བསྡུས་པའི་མེད་སྣང་གློ་བུར་གྱི་སྒྲིབ་གཉིས་བག་ཆགས་སྣང་གསུམ་གྱི་དྲི་མ་དང་བཅས་པ་མཐའ་དག་སྤངས་ཤིང་། ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པའི་སྒོ་ནས་སྤང་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་ཅིང་། དེའི་མཐུ་ལས་གདུལ་བྱ་སོ་སོའི་སྐལ་པ་དང་འཚམས་པར་ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་ལ་སོགས་ཏེ་གང་ལ་གང་གིས་ཇི་ལྟར་འདུལ་བའི་ཕྲིན་ལས་ཀྱི་སྒོ་མཐའ་ཡས་པ་དུས་ལས་ཡོལ་བ་མེད་ཅིང་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་ནི། ནམ་མཁའ་ཇི་སྲིད་པ་དེ་སྲིད་དུ་རྒྱ་ཆེ་རྒྱུན་མི་ཆད་པར་འབྱུང་བ་སྟེ། མངོན་རྟོགས་རྒྱན་ལས། དེ་བཞིན་འཁོར་བ་ཇི་སྲིད་དུ། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་སོ། །གཉིས་ལ་ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ་ནི། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཚིག །མཆོད་སྔགས་ཏིང་འཛིན་ཕྲིན་སྒྲུབ་ཀྱི། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱ། །ཞེས་པ་ལྟར་བཅུ་སྟེ། དེ་ཁོ་ན་ཉིད་ལྟ་བ། ལ་དོར་བ་སྤྱོད་པ། བཀོད་པ་དཀྱིལ་འཁོར། རིམ་པ་བགྲོད་པ་དབང་། མི་འདའ་བ་དམ་ཚིག །རོལ་པ་ཕྲིན་ལས། དོན་དུ་གཉེར་བ་སྒྲུབ་པ། མི་གཡོ་བ་ཏིང་ངེ་འཛིན། གནས་སུ་སྟོབ་པ་མཆོད་པ། འཆིང་ཟློས་སྔགས་དང་ཕྱག་རྒྱའོ། །དང་པོ་ལྟ་བ་ལའང་གསུམ་སྟེ། ངོ་བོ་ནི། ལམ་རིམ་ལས། ཐབས་ཀྱི་ལྟ་སྤྱོད་ཆེན་པོར་ནི། །བླ་མེད་ཐེག་པ་ལས་འཕགས་པ། །དོན་དམ་དུ་ནི་དཀོར་བདུན་ལ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཡང་དག་སྐྱེས་མཆོག་དམ་པ་ཡིས། །དོན་དམ་ཀུན་རྫོབ་དབྱེར་མེད་པར། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །ཞེས་པས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་གང་དུ་ཡང་མ་རིག་པའི་ཆ་ནས་དབུ་མ་པ་དང་། ཆོས་ཐམས་ཅད་སེམས་ཀྱི་རོལ་རྩལ་ཙམ་དུ་འདུ་བའི་ཆ་ནས་སེམས་ཙམ་པ་དང་ཕྱོགས་མཚུངས་ཀྱང་། སྔགས་ཀྱི་ལྟ་བ་ནི། དེ་དག་ལས་ཀྱང་ཁྱད་པར་དུ་འཕགས་པ་སྟེ། གདོད་མ་ནས་དབྱིངས་ཡེ་ཤེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ། དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པ་ལྷག་པ་དོན་དམ་བདེན་པ་དང་། དེ་ཉིད་ཀྱི་རྩལ་སྣང་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བས། འཁོར་འདས་བཟང་ངན་མེད་པར་མཉམ་པ་ཉིད་དུ་རྫོགས་པ་ནི་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་གཉིས་ཀྱང་ཕྱོགས་སུ་ལྷུང་བ་མ་ཡིན་པར་ལྷག་པ་བདེན་གཉིས་ཟུང་འཇུག་ངོ་བོ་དབྱེར་མི་ཕྱེད་པར་མཉམ་པ་ཉིད་དུ་གནས་ཤིང་། དེར་འཛིན་གྱི་བསམ་བརྗོད་ལས་ཀྱང་ཡང་དག་པར་འདས་པས་ན་ཐ་སྙད་ཙམ་དུ་ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཞེས་མིང་དུ་བཏགས་ཏེ། དེ་ལས། རྒྱལ་འགྲོས་མ་མཛད་མ་བཅོས་པར། །རང་བཞིན་ངང་གིས་དབྱེར་མེད་པར། །དེ་མིང་ཞེན་པ་དགྲོལ་ཕྱིར་ལས། །ཐ་སྙད་གཉིས་པ་བསམ་བརྗོད་འདས། །ཞེས་གསུངས་ཤིང་། ལྷག་པ་ཞེས་པའི་སྒྲ་ཡང་། ཁྱད་པར་དུ་འཕགས་པའི་དོན་ལྷག་པར་སྟོན་པ་སྟེ། ཕར་ཕྱིན་ཐེག་པ་ནས་དོན་དམ་བདེན་ངོར་འཁོར་འདས་མཉམ་པ་ཉིད་དུ་བཞེད་པ་ཙམ་ཕྱོགས་མཐུན་ཀྱང་། སྔགས་ལུགས་འདིར་ནི། ཀུན་རྫོབ་ཏུའང་ཆོས་ཐམས་ཅད་ལ་མི་གཉིས་པའི་བསམ་བརྗོད་དང་བྲལ་བས་ན་རྒྱུའི་ཐེག་པ་ལས་ཁྱད་པར་འཕགས་པའི་ཕྱིར་དེ་སྐད་དུ་བརྗོད་པ་སྟེ། དེ་ལས། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོོབ་ཏུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་སོ། །ངེས་ཚིག་ནི། དྲྀཥྚའི་སྒྲ་ལས་དྲི་ཥི་ལྟ་བའོ། །ཞེས་པས་བྱིངས་དོན་གྱིས་བསྒྲུབས་པས་ལྟ་བ་ཞེས་བྱ་བ་ལ་འཇུག་སྟེ་གནས་ལུགས་ཀྱི་དོན་ལ་དེ་དང་རྗེས་སུ་མཐུན་པའི་ཤེས་རབ་ཀྱི་མིག་གིས་ལྟ་བ་སྟེ། དབྱེ་ན་གསུམ་སྟེ། དབང་པོ་ཡང་རབ་ལ་གཏན་ཚིགས་ཀྱིས་རྟོགས་པར་བྱ་བ་ནི། རྒྱལ་པོ་ཛཿས་ལམ་རྣམ་བཀོད་དུ། དེ་ལྟར་ཚུལ་གསུམ་བརྗོད་པ་ཡིས། །མཐོང་བ་གང་ཡིན་ཤེས་རབ་སྤྱན། །དེ་ཡང་མངོན་སུམ་གཞན་སྤངས་ཏེ། །སྒྲ་ཚིག་རྟེན་འབྲེལ་ཞེན་ཙམ་མིན། །ཡུལ་མིན་རང་རིག་བདེན་དབྱེར་མེད། །བློའི་གཏིང་གོ་བ་མངོན་སུམ་ཡུལ། །ཞེས་སོ། །དབང་པོ་འབྲིང་ལ་རང་བཞིན་དང་འབྲས་བུའི་རྟགས་ལ་བརྟེན་ནས་རྟོག་པར་བྱ་བ་ནི། ཤེས་རབ་སྤྱན་འབྱེད་ལས། དང་པོ་རང་གི་རིག་པ་ཡིས། །ཆོ་འཕྲུལ་སྣང་བའི་འབྱུང་བ་དང་། །ཕྱོགས་དང་ཁ་དོག་ལ་སོགས་ཀྱིས། །མཚོན་ནས་ཇི་བཞིན་ཉིད་རྟོགས་བྱེད། །ཅེས་གསུངས་པ་ལྟར། འདི་ལྟར་མ་དག་པའི་འཇིག་རྟེན་འདི་ཡང་རང་གི་རིག་པ་ཡེ་ཤེས་ལྔའི་ཆོ་འཕྲུལ་ཡིན་ཏེ། དེའི་རྟགས་སུ་སུས་ཀྱང་མ་བྱས་པར་ཡུལ་ལྔ་དང་། འབྱུང་བ་ལྔ་དང་། ཁ་དོག་ལྔ་ལ་སོགས་པ་རང་བཞིན་གྱིས་ཡོད་པ་སྟེ། བཤགས་རྒྱུད་ཀྱི་རིགས་ལྔའི་དམ་ཚིག་གི་ལེའུ་ལས། ཁ་དོག་ལྔ་དང་ཡུལ་ལྔ་ལ་སོགས་པ། །ཡེ་ནས་རིགས་ལྔའི་རང་བཞིན་ཡིན་པ་ལ། །ཞེས་གསུངས་སོ། །འབྲས་བུའི་རྟགས་ནི། སེམས་ཉིད་ལ་འབྲས་བུ་སྐུ་དང་ཡེ་ཤེས་རང་ཆས་སུ་བཞུགས་པའི་མཚོན་དོན་ཆུ་ཚོན་སོགས་ཀྱིས་དཔེའི་དཀྱིལ་འཁོར་འགོད་པ་སྟེ། གཅིག་ཤོས་མཐར་ཕྱིན་ཡེ་ཤེས་ཀྱི། །དཀྱིལ་འཁོར་རྟེན་དང་བརྟེན་ཅན་ལྟར། །ཞེས་སོ། །དབང་རྟུལ་ལ་བརྒྱུད་དེ་རྟོགས་པ་ཉེ་རིང་གཉིས་ལས་ཉེ་བ་ནི། སྔ་མ་ལས། བསྒོམས་པའི་ལམ་དུ་བསྟན་པར་བྱ། །རིམ་པར་སྐྱེ་བ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར། དེ་ལྟར་ཐོས་པའི་ཤེས་རབ་ཀྱིས་མི་གོ་བའི་རིགས་ལ་རྩ་མདུད་གྲོལ་བའི་དམིགས་པ་ཕྲ་མོ་ཞིག་བསྟན་པས། ནང་གི་རྩ་མདུད་གྲོལ་ནས་གནས་ལུགས་རྟོགས་པ་ཞིག་ཡོད་དེ་དཔེར་ན་སྔོན་ཀླུ་སྒྲུབ་ཀྱི་སློབ་མ་གྲུབ་ཐོབ་ཤྲྀ་གཱི་པ་ལྟ་བུ་སྟེ། ཀླུ་སྒྲུབ་ཀྱིས་སློབ་མ་རྣམས་ལ་ཆོས་བཤད་པའི་དུས། ཤྲྀ་གཱི་པ་ཞེས་པ་དེས་ཚིག་གཅིག་ཀྱང་ཉིན་མང་པོའི་བར་མི་ཟིན་ཅིང་དོན་མ་གོ་བས། ཀླུ་སྒྲུབ་ཀྱིས་མགོ་ལ་རྭ་སྐྱེས་པ་ཞིག་སྒོམ་ཞེས་གསུངས་པས། སློབ་དཔོན་གྱིས་དུད་འགྲོ་ཡིན་འདུག་གསུངས་པ་ཡིན་ཀྱང་ཁོ་རང་གི་སེམས་ལ་དེ་སྒོམ་སླ་བར་གོ་སྟེ་སྒོམ་པས་ཇི་ཞིག་ན་རྭ་སྐྱེས་པའི་སྣང་བས་བྲག་ཕུག་ཏུ་རྭ་ཐོགས་ཏེ་ལང་མ་ཤེས་པ་སློབ་དཔོན་གྱིས་མཁྱེན་ཏེ་དམིགས་པ་ཟབ་པ་ཞིག་གོ་དགོངས་ཏེ་རྩ་མདུད་དགྲོལ་བའི་དམིགས་པ་ཞིག་བསྟན་པས་གྲོལ་བ་ཐོབ་པ་སོགས་ནི་ཉེ་བའི་དབང་རྟུལ་ལོ། །རིང་བ་ནི་རྣམ་བཀོད་ལས། དེ་མིན་རྒྱུ་ཙམ་གསོག་བྱེད་པ། །རྒྱུད་ལས་འདི་སྐད་གསུངས་པ་སྟེ། །ཆོས་ཉིད་རྟེན་ཅིང་འབྲེལ་བྲིས་ན། །ཆོས་ཉིད་དོན་དམ་རྟོགས་འགྱུར་ཏེ། །ཞེས་གསུངས་པ་ལྟར། རེ་ཞིག་རྟོགས་པའི་སྐལ་པ་མེད་པ་དག་ལ་སྒྲིབ་སྦྱོང་གི་ཕྱིར་བདེ་བར་གཤེགས་པའི་མཆོད་རྟེན་ལ་བསྐོར་བ་བྱེད་པ་དང་མཉམ་དུ་རྟེན་འབྲེལ་སྙིང་པོ་བཟླས་ཤིང་བསགས་སྦྱངས་ལ་འབད་པས་རྟོགས་པར་འགྱུར་བ་སྟེ། དཔེར་ན་རྒྱལ་བ་ཙོང་ཁ་པའི་བླ་མ་དོན་གྲུབ་རིན་ཆེན་ལྟ་བུ་སྟེ། དེ་ནི་ཐུགས་རབ་ཤིན་ཏུ་བུལ་བས་ཉིན་མཚན་ངལ་མེད་ཀྱིས་རིང་བསྲེལ་ཅན་གྱི་མཆོད་རྟེན་ལ་རྟེན་འབྲེལ་སྙིང་པོ་བཟླས་ཤིང་བསྐོར་བ་མཛད་པས་ཇི་ཞིག་ན་ཞབས་ཐམས་ཅད་རྨར་སོང་། ད་དུང་འབད་པས་ཞབས་ཀྱི་རྨ་ཡང་རང་ཤུགས་ཀྱི་དྭངས་ཤིང་ཤེས་རབ་དང་གོ་དོན་ལ་ཐོགས་པ་མེད་པར་བྱུང་བར་གྲགས་པ་ལྟ་བུའོ་གསུངས། གཉིས་པ་སྤྱོད་པ་ལའང་གསུམ་ལས། ངོ་བོ་ནི། རིམ་གསུམ་ལས། ཏིང་འཛིན་ཁྱད་པར་འགྱུར་བའི་ཕྱིར། །རྗེས་མཐུན་སྤྱོད་པ་གཞུང་བཞིན་སྤྱོད། །ཅེས་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་སོགས་ཏེ། དེ་ལ་སྤྱིར་སྤྱོད་པ་ལ་མཉམ་བཞག་དང་རྗེས་ཐོབ་ཀྱི་སྤྱོད་པ་གཉིས་ལས། མཉམ་བཞག་གི་སྤྱོད་པ་ནི། སྔར་བཤད་པའི་ལམ་ལྔ་དང་རིག་འཛིན་བཞིའི་གནས་སྐབས་ཀྱི་སོ་སོའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་སྤྱོད་པར་བྱེད་པ་དེ་ཡིན་ཅིང་། འདིར་རྗེས་ཐོབ་གཙོ་ཆེ་བའི་དབང་དུ་བྱས་པ་སྟེ། རྗེས་མཐུན་སྤྱོད་པ་གཞུང་བཞིན་སྤྱད། །ཅེས་འབྱུང་བས་སོ། །ཇི་ལྟར་སྤྱོད་ཚུལ་ནི། ལྟ་བ་བདག་མེད་པས་ཟིན་པའི་ཤེས་རབ་དང་ཐབས་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་སྒོ་ནས་སྤྱོད་པས་ལུས་ངག་ཡིད་གསུམ་ཡོངས་སུ་དག་པར་འགྱུར་བའོ། །ངེས་ཚིག་ནི། ཙརྱའི་སྒྲ་ལས། སྤྱད་བྱ་ལ། ཞེས་པས། ཏ་ན་དང་ག་ན་ལ་སོགས་ཏེ། དེ་ཡང་དུས་ཚོད་དང་འབྲེལ་བར་ཚུལ་བཞིན་སྤྱོད་པའོ། །དབྱེ་ན། ལས་དང་པོ་པའི་དུས་སུ་བག་དང་ལྡན་པ་གཟབ་པ་ལྷུར་ལེན་པ་དགེ་སྦྱོང་གཞོན་ནུའི་སྤྱོད་པ་ལྟ་བུ་སྟེ། རྡོ་རྗེ་རྩེ་མོ་ལས། བརྟན་པ་མ་ཐོབ་བར་དུ་ནི། །ཁ་ན་མ་ཐོ་རྡུལ་མེད་ཅིང་། །སྡོམ་པ་གསུམ་ལ་གནས་པར་བྱ། །ཞེས་སོ། །དེ་ནས་ཅུང་ཟད་གོམས་ཏེ་མཉམ་རྗེས་བསྲེ་བར་ནུས་པ་ན། རྟོགས་པ་རྐྱེན་ཐུབ་ཏུ་བྱེད་པ་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། བརྟན་པ་ཆེར་ཐོབ་ནས་རྟོགས་པ་ལ་བྲི་གང་མེད་པས་ན་གཞན་ཕན་ཁོ་ན་ལ་བསླབ་པ་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་ལྟ་བུ་སྟེ་སྤྱོད་ཚུལ་གསུམ་མོ། །བྱེ་བྲག་ཏུ་ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་གཉིས་སུ་བཤད་ཅིང་། ཕྱི་མ་ལའང་། དང་པོ་ལྟ་བ་གཏན་ལ་འབེབས་པའི་དུས་སུ་དད་བརྩོན་གྱི་སྤྱོད་པ་སྟེ། སྤྱིར་དད་པ་ལ་དང་བའི་དད་པ། འདོད་པའི་དད་པ། ཡིད་ཆེས་ཀྱི་དད་པ་དང་གསུམ་མོ། །དེ་ལྟ་བུའི་དད་པས་ཐོས་བསམ་ལ་ཞུགས་ནས་ཐང་ལྷོད་མེད་པའི་བརྩོན་འགྲུས་ཀྱིས་མཐར་ཕྱིན་པར་སྤྱོད་པའོ། །ཤེས་རབ་དང་མཐུན་པའི་སྤྱོད་པ་སྟོང་པ་ཆེན་པོ་སྟེ་མཉམ་བཞག་ཏུ་སྟོང་པ་ཆེན་པོ་བསྒོམ་ཞིང་རྗེས་ཐོབ་ཏུའང་དེའི་ངང་བསྐྱངས་ཏེ་སྤྱོད་པའོ། །ཐབས་དང་མཐུན་པ་སྙིང་རྗེ་སྒྱུ་མ་སྟེ་མཉམ་བཞག་ཏུ་སྙིང་རྗེ་སྒྱུ་མ་སྒོམ་ཞིང་རྗེས་ཐོབ་ཏུའང་སྤྱོད་ཡུལ་ཐམས་ཅད་སྒྱུ་མར་བལྟ་བའོ། །ཕྱོགས་གཅིག་པ་ནི་ཕྱག་རྒྱ་གཅིག་པ་སྟེ་མཉམ་བཞག་ཏུ་ཟུང་འཇུག་ཕྱག་རྒྱ་གཅིག་པ་བསྒོམ་ཞིང་རྗེས་ཐོབ་ཏུའང་དེའི་རྒྱུན་བསྲིང་བའོ། །སྤྲོས་པ་དང་བཅས་པ་ནི་ཕྱག་རྒྱ་སྤྲོས་བཅས་ཀྱི་སྤྱོད་པ་སྟེ། མཉམ་རྗེས་གཉིས་ཀར་སྤྱོད་ཡུལ་ཐམས་ཅད་ལྷའི་རོལ་མོར་འཆར་བ་ལ་བསླབ་པའོ། །ཚོགས་ཀྱི་སྤྱོད་པ་ནི། ཚོགས་སྒྲུབ་ཀྱི་སྐབས་ཏེ། མཉམ་རྗེས་གཉིས་ཀ་ཡོ་བྱད་ལྔ་ལ་མ་ཆགས་པར་སྤྱོད་པའོ། །རྫུ་འཕྲུལ་གྱི་སྤྱོད་པ་ནི། རིག་འཛིན་བཞིའི་གནས་སྐབས་ཀྱི་སྤྱོད་པ་སྟེ། རྫུ་འཕྲུལ་གྱི་བཀོད་པས་སྤྲུལ་པ་མ་འགགས་པར་སྟོན་ཅིང་དོན་མཛད་པའོ། །དེ་ལྟར་གྲོལ་ལམ་རིམ་གྱིས་པའི་སྤྱོད་པ་བདུན་བཤད་ནས་ཅིག་ཅར་བའི་སྤྱོད་པ་ནི་ཆོས་ཐམས་ཅད་ལ་བླང་དོར་མེད་པ་སྤྱོད་པ་སྟེ། ཀུན་འདུས་ལས། མི་དམིགས་པ་ལས་རྣམ་པར་སྤྱོད། །དེ་ལྟར་སྤྱོད་པ་ཀུན་སྤྱོད་ཀྱང་། །དམ་པའི་དོན་ཏེ་སྤྱོད་མཆོག་ཉིད། །ཅེས་སོ། །གསུམ་པ་བཀོད་པ་དཀྱིལ་འཁོར་ནི། ཇི་སྐད་དུ། དཀྱིལ་འཁོར་དབང་དང་དམ་ཚིག་གསུམ། །གསང་སྔགས་ཀུན་གྱི་གཞུང་ཤིང་ཡིན། །ཅེས་གཙོ་བོར་སྟོན་ཏེ་བཤད་དགོས་པས། དེ་ལ་ངོ་བོ་ནི། བཀོད་པ་ལྷའི་འཁོར་ལོ་རྫོགས་པར་སྣང་བ་ལ་འཇོག་ཅིང་། ངེས་ཚིག་ནི། མཎྜ་ལ་ཞེས་པའི་སྒྲ་ལས་ལེན་པའམ་འཛིན་པ་སྟེ་ཡོན་ཏན་གྱི་གཞི་འཛིན་པའམ། དེ་ལེན་ཅིང་ཐོབ་པ་བྱེད་པའི་ཕྱིར་རོ། །དབྱེ་ན་སངས་རྒྱས་གསང་བས་ཆོས་དོན་དུ། དབྱེ་བ་རང་བཞིན་ཏིང་འཛིན་དང་། །གཟུགས་བརྙན་དཀྱིལ་འཁོར་རྣམ་པ་གསུམ། །ཞེས་པ་ལྟར་རམ། ཡང་རྒྱུད་ཕྱི་མ་ལས། སྐུ་གསུང་ཐུགས་ཀྱི་དབྱེ་བ་ལས། །དཀྱིལ་འཁོར་རྣམ་པ་གསུམ་འདོད་དེ། །ཞེས་གསུམ་དུ་དབྱེ་བ་དང་། འགྲེལ་ཆུང་ལས། དཀྱིལ་འཁོར་རྣམ་པ་བཅུ་གཉིས་ཏེ། །དེ་བཞིན་ཉིད་དང་རང་བཞིན་དང་། །ཐུགས་རྗེས་འདུལ་བའི་དཀྱིལ་འཁོར་དང་། །ཏིང་ངེ་འཛིན་དང་གཟུགས་བརྙན་དང་། །ལྷག་པ་ཏིང་འཛིན་གཟུགས་བརྙན་དང་། །བྱང་ཆུབ་སེམས་དང་ལྷག་བྱང་སེམས། །ཚོགས་དང་ལྷུན་གྲུབ་དཀྱིལ་འཁོར་རོ། །ཞེས་བཅུ་གཉིས་སུ་དབྱེ་བ་སོགས་ཡོད་པ་ལས། སྐབས་འདིར་རྒྱས་པ་ལས། འདིར་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་དང་། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་གསུངས་པ་ལྟར་བདུན་དུ་ཕྱེ་ནས་འཆད་དེ། དང་པོ་རང་བཞིན་དཀྱིལ་འཁོར་ལ། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་གཉིས་ལས། དང་པོ་ནི་ཆོས་ཐམས་ཅད་ཡེ་ནས་རང་བཞིན་གྱི་རྣམ་པར་དག་པ་གནས་ལུགས་ཀྱི་དཀྱིལ་འཁོར་ཏེ། ཁོག་གཞུང་ལས། ཆོས་ཉིད་རང་བཞིན་སྤྲོས་བྲལ་ཏེ། །དངོས་པོ་ཀུན་ཀྱང་དེ་བཞིན་པས། །རང་བཞིན་ཉིད་ཀྱི་དཀྱིལ་འཁོར་རོ། །ཞེས་སོ། །འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ནི། རང་རིག་ཡེ་ཤེས་མངོན་དུ་གྱུར་པས་འོག་མིན་གྱི་གནས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དཀྱིལ་འཁོར་དུ་བཞུགས་པ་ནི། དེ་ལས། འབྲས་བུ་མཐར་ཕྱིན་འོག་མིན་ན། །བཞུགས་པ་དཀྱིལ་དང་འཁོར་གྱི་ཚུལ། །ཞེས་སོ། །གཉིས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། དོན་དམ་པའི་གཟུགས་བརྙན་ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་རང་ཤར་བ་སྟེ། རྒྱས་པ་ལས། གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི། །ཆེན་པོ་རགས་པ་ཐབས་སུ་རྟོགས། །སོ་སོའི་མཚན་ཉིད་ཤེས་རབ་རྟོགས། །གཉིས་མེད་འབྲེལ་པ་ཐབས་ཆེན་ཡིན། །ཞེས་སོ། །གསུམ་པ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་དང་རྣམ་པ་དང་། །རབ་གནས་སྦྱིན་སྲེག་དཀྱིལ་འཁོར་དུ། །འཇུག་དང་ཞུགས་པའི་ཡོན་ཏན་ནོ། །ཞེས་དོན་བཅུ་ལས། དང་པོ་ས་གཞི་མཉམ་པ་ནི། དེ་ཉིད་ལས། གཞི་དང་རང་མཚན་བསླང་དབང་དང་། །སྦྱང་བྱིན་བསྲུང་དང་བཟུང་བ་ནི། །དང་པོའི་ཉིང་ལག་ཉིད་དུ་བཤད། །ཅེས་དོན་བརྒྱད་ལས། དང་པོ་ས་གཞི་ལ་བརྟག་པ་ནི། རྔམ་གློག་ལས། གནམ་དང་ས་དང་བར་སྣང་རྣམས། །ལེགས་པར་བརྟགས་ཏེ་ལས་རྣམས་བྱ། །ཞེས་གསུངས་པ་ལྟར་གནམ་ས་བར་གསུམ་གྱི་དཔྱད་ལ་བརྟག་པ་སྟེ། དང་པོ་ནམ་མཁའ་ལ་བརྟག་པ་ནི། ལམ་རིམ་ལས། ཟུར་བརྒྱད་ལ་སོགས་རྩེ་མང་དང་། །ཆུ་བོ་བཞིན་དུ་མ་བོ་ཞིང་། །མཉམ་ཞིང་འོ་ཁ་ཆུ་ལྟར་དྭངས། །ཉི་མ་ཤིན་ཏུ་གནས་པ་ནི། །ནམ་མཁའི་མཚན་ཉིད་ཤེས་པར་བྱ། །ཞེས་སོ། །བར་གྱི་སྒྲོས་ལ་བརྟག་པ་ནི། ཕྱོགས་ཀྱི་རི་ལ་བརྟག་པ་དང་། མཚམས་ཀྱི་དགྲ་ལ་བརྟག་པའོ། །དང་པོ་ནི། ལམ་རིམ་ལས། ཤར་ལྷོ་གཞོལ་ཞིང་འཇམ་པ་ལ། །མཐོ་དང་འདུད་པ་ནུབ་བྱང་ཡིན། །ཞེས་སོ། །གཉིས་པ་མཚམས་ཀྱི་དགྲ་ལ་བརྟག་པ་ནི། དེ་ཡི་ཚུལ་ཡང་། རྔམ་གློག་ལས། གཤིན་རྗེ་གདུག་པའི་མདུང་རྩེ་དང་། །སྲིན་མོ་ངུས་པའི་མཆི་རྗེས་དང་། །གནོད་སྦྱིན་ཁྲོས་པའི་སྦར་རྗེས་དང་། །འབྱུང་པོ་རྐུན་མོའི་འཇོལ་ས་དང་། །ཞེས་པ་ལྟ་བུ་ཤར་ལྷོ་ནས་རིམ་པ་བཞིན་གཡས་བསྐོར་གྱིས་མཚམས་བཞིར་མེད་པའོ། །གསུམ་པ་འོག་གི་ས་གཞི་ལ་བརྟག་པ་ནི། ལམ་རིམ་ལས། ལྷུན་སྡུག་རི་བོ་ནགས་ཚལ་ལྡན། །རབ་ཏུ་མཉམ་ཞིང་སྣུམ་བག་ཅན། །ཆུ་བོའི་དབང་གི་ཕྱོགས་ཡིན་ཏེ། །ཅུང་ཟད་ཀྱིས་ནི་རླུང་ཉུང་ཞིང་། །མེ་ཏོག་ཤིང་ཚལ་བྱ་སྐད་བརྟག །ལོ་རྒྱུས་ཤིས་པ་མཆོག་ཏུ་གསུངས། །ཞེས་སོ། །ཆུ་བོ་དབང་གི་ཕྱོགས་ལ་འདོད་ཚུལ་གཉིས་ཏེ། རྒྱལ་བློན་སྔ་དར་གྱི་དུས་སུ་ནི། ཤར་ཕྱོགས་དབང་པོའི་ཕྱོགས་ནས་འབབ་པ་དེ་ཡིན་གསུངས་ཏེ་ལྷ་ས་ལྟ་བུ་དང་། ཁྲི་སྲོང་གི་དུས་སུ་ནི། ནུབ་ཕྱོགས་ཀླུ་དབང་གི་ཕྱོགས་ཡིན་གསུངས་ཏེ་བསམ་ཡས་བཞིན་ནོ། །དེ་གཉིས་ཀའང་འགལ་སྐྱོན་མེད་འདྲ་གསུངས། གཉིས་པས་རང་གི་མཚན་ཉིད་ལ་བརྟག་པ་ལ་བཟང་ངན་གཉིས་ལས། བཟང་བ་ནི། ལམ་རིམ་ལས། བཀྲ་ཤིས་རྩ་དང་མེ་ཏོག་ཤིང་། །གནག་དང་ཁ་དོག་ལྡན་པའོ། །ཞེས་གསུངས་སོ། །ངན་པ་ནི། ཕྱི་དབྱིབས་ངན་པ། ཐང་ཀ་སོགས་ལེ་ལྟ་བུ་དང་། །དམའ་དང་བོ་བའི་མཚན་ཉིད་དང་། །ཞེས་སོགས་སོ། །ནང་ངན་པ་ནི། གྲམ་པ་ཐལ་བ་ཤིང་སོལ་དང་། །གྱོ་མོ་རུས་པ་གསེག་མ་སོགས། །ཞེས་པ་རྣམས་སོ། །དེ་ལྟར་ངན་པའི་སྐྱོན་མེད་པ་རུང་བའི་མཚན་ཉིད་དང་ལྡན་ན། བསླང་དགོས་པ་ནི། རྔམ་གློག་ལས། རྩོད་པ་ཉེ་བར་ཞི་བའི་ཕྱིར། །མངོན་དང་མི་མངོན་བདག་པོ་ལ། །སེར་སྣ་སྤངས་པའི་ཡིད་ཀྱིས་ནི། །རིམ་བཅལ་བདེན་པས་བསྒོས་ལ་བསླང་། །ཞེས་པས། སྣང་བ་མི་ལས་བསླང་བ་དང་། མི་སྣང་བ་ལྷ་ལས་བསླང་བའོ། །དང་པོ་ནི། ས་དེའི་བདག་པོའི་གྱུར་པའི་རྒྱལ་པོ་སོགས་ལ་རིན་གཞལ་ཏེ་བསླང་བའོ། །གཉིས་པ་ནི། བདེ་བར་གཤེགས་པ་དང་། སའི་ལྷ་མོ་འཁོར་བཅས་ལ་བསླང་བའོ། །བཞི་པ་དབང་དུ་བྱ་བ་ནི། ལམ་རིམ་ལས། དངོས་གྲུབ་དབང་དུ་བྱ་བའི་ཕྱིར། །ཟང་སོགས་ཕུར་བུ་ཟླ་གམ་ལ། །ཧཱུྃ་ལས་བྱུང་བའི་དབང་མཆོག་ཁྲོ། །ཞེས་གསུངས་པ་ལྟར། པདྨ་ཀཱི་ལ་ཡར་བསྐྱེད་པའི་དབང་མཆོག་གི་ཕུར་བུ་གདབ་པའོ། །ལྔ་པ་སྦྱང་བ་ནི། ལམ་རིམ་ལས། སྦྱང་བ་ལས་མེ་སྔགས་ཕྱག་རྒྱ། །ཏིང་ངེ་འཛིན་གྱིས་དག་པར་བྱ། །ཞེས་པ་ལྟར་བཞི་ལས། དང་པོ་ལས་དང་བྱ་བས་སྦྱོང་བ་ནི། །ལྟོ་འཕྱེ་བརྟགས་ཏེ། ལྟོ་བ་ནས་ས་བརྐོས་ལ། དོང་ཚད་སྐེད་པའམ་པུས་ནུབ་ཀྱི་ཚད་གང་རིགས་བརྐོས་ལ་སའི་རོ་རྣམས་བསལ་ཏེ། ལམ་རིམ་ལས། ཆུས་བཀང་གོམ་པ་བརྒྱར་བལྟ་བྱ། །ཞེས་པ་ལྟར། གོམ་པ་ལྔ་བཅུར་ཕྱིན་ནས་ཚུར་འོངས་ཏེ་བལྟས་པས། ཆུ་མ་བྲིན་ལེགས་པའི་རྟགས་ཏེ་དེ་ཉིད་དུ་གཏེར་གཞུག་ཅིང་སྟེགས་བུ་བརྩིགས་ལ། ནས་འབྲས་གྲོ་སྲན་ཏིལ་དཀར་འབྲུ། །ཞེས་པས་ཕུང་ལྔ་སྐུ་ལྔར་དག་བྱེད་དང་། གུར་གུམ་གླ་རྩི་ཛ་ཏི་དང་། །ཙན་དན་དཀར་དམར་སྤོས་ལྔ་སྟེ། །ཞེས་པས། དབང་པོ་ལྔ་ཕྲིན་ལས་ལྔར་དག་བྱེད་དང་། །བྱུ་རུ་མུ་ཏིག་མུ་མེན་དང་། །གསེར་དངུལ་རྣམས་ནི་རིན་པོ་ཆེ། །ཞེས་པས། ཡུལ་ལྔ་ཡོན་ཏན་ལྔར་དག་བྱེད་དང་། ལན་ཚྭ་སྦྲང་རྩི་བུ་རམ་དང་། །ཨ་འབྲས་མར་ཏེ་སྙིང་པོ་ལྔ། །ཞེས་པས་རྣམ་ཤེས་ལྔ་ཡེ་ཤེས་ལྔར་དག་བྱེད་དང་། ཧ་ས་དེ་བ་བྲྀ་ཧ་ཏི། །སྭ་ར་ཀཎྜ་ཀ་རི་དང་། །ཨ་པརྩི་ཏ་སྨན་ལྔའོ། །ཞེས་པས། འདོད་ཡོན་ལྔ་གསུང་ལྔར་དག་བྱེད་དང་། བྱང་སེམས་དཀར་དམར་དྲི་ཆེ་ཆུང་། །ཤ་ཆེན་བདུད་རྩི་རྣམ་ལྔ་སྟེ། །ཞེས་པས་ཁམས་ལྔ་རིགས་ལྔར་དག་བྱེད་དེ་ལྔ་ཚན་དྲུག་གི་ལྡེ་གུའི་རྫས་སུམ་ཅུས་སྐྱང་ནུལ་བྱའོ། །གཉིས་པ་མེས་སྦྱང་བ་ནི་སྦྱིན་སྲེག་སྟེ་འོག་ཏུ་འཆད་དོ། །གསུམ་པ་སྔགས་དང་ཕྱག་རྒྱས་སྦྱང་བ་ནི། ལག་གཡས་པར་ཉི་དཀྱིལ་ལ་འབྲུ་ལྔ་བཀོད་དེ། ༀ་བཛྲ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་པའི་སྔགས་བརྗོད་པ་དང་བསྟུན་ནས་ས་ལ་ལན་གསུམ་བརྡབས་པའི་འོད་ཀྱིས་སྦྱང་བའོ། །བཞི་པ་ཏིང་ངེ་འཛིན་གྱིས་སྦྱང་བ་ལ་གཉིས་ལས། མཚན་མེད་སྟོང་པ་ཉིད་ཀྱིས་སྦྱང་བ་ནི། ཤུ་ནྱ་ཏའི་སྔགས་ཀྱིས་སོ། །མཚན་བཅས་ཀྱིས་སྦྱང་བ་ནི། ཞི་ཁྲོ་གང་བྱེད་ཀྱི་དཀྱིལ་འཁོར་འབྱུང་བ་རིམ་བརྩེགས་ནས་བཟུང་སྟེ་གསལ་གདབ་པའོ། །དྲུག་པ་བྱིན་གྱིས་བརླབ་པ་ནི། །སློབ་དཔོན་རྒྱས་པའི་ཆས་སུ་ཞུགས་ནས་རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་ལ་བསྐོར་ཞིང་ཤར་སྒོ་ནས་ཞུགས་ཏེ་དབུས་སུ་འདུག་པ་ལ། ཡུམ་བཞིའི་ང་རྒྱལ་འཛིན་པའི་ཕྱོགས་ཀྱི་སློབ་མ་བཞིས་ཕྱོགས་སོ་སོ་ནས། ཞི་བའི་ཡེ་ཤེས་རང་སྣང་བའི། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས། སློབ་དཔོན་གྱིས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་རླབས་བསྐུལ་ཞིང་བསྡུས་ནས་ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་འབར་བའི་སྡང་མིག་དང་བཅས་ཏེ། རྡོ་རྗེ་འཛིན་པ་ཉི་མ་དང་། །ཆོས་དང་རྟ་མཆོག་སྣང་མཛད་ཀྱང་། །བདག་ཉིད་ཆེན་པོ་ང་ཉིད་ཡིན། །ཐམས་ཅད་བཀའ་ལས་དེང་མ་འདའ། །ཞེས་དང་། སུམྦྷའི་སྔགས་བརྗོད་ཅིང་རྡོ་རྗེའི་འགྲོས་ཀྱིས་བསྐོར་བས་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་པའོ། །བདུན་པ་བསྲུང་བ་ནི། མཚོན་ཆ་ལྔས་མཚམས་བཅད་པ་སྟེ། འདི་ཉིད་ལས། མཚོན་ཆ་ལྔ་ཡི་རིམ་པ་སྟེ། །བསྲུང་བའི་མཆོག་ཏུ་དེ་གསུངས་སོ། །ཞེས་སོ། །བརྒྱད་པ་བཟུང་བ་ནི། དེ་ལྟར་ལྷ་ཚོགས་ཡབ་ཡུམ་རོལ་པའི་འོད་ས་གཞི་ལ་ཐིམ་པས་དཀྱིལ་འཁོར་གྱི་རང་བཞིན་དུ་གསལ་བར་བསམ་པ་ནི་ས་བཟུང་བ་སྟེ། ལམ་རིམ་ལས། ངེས་བརྗོད་རོལ་པའི་གཟི་བྱིན་གྱིས། །ཐམས་ཅད་དཀྱིལ་འཁོར་རང་བཞིན་དུ། །གསལ་བྱས་ཡོངས་སུ་བཟུང་བའོ། །ཞེས་སོ། །གཉིས་པ་དཀྱིལ་འཁོར་གྱི་ཚད་ནི། འདི་ཉིད་ལས། དཀྱིལ་འཁོར་གྲུ་གང་ཚད་དུ་བྱ། །ཞེས་སོགས་ཀྱིས་བསྟན་པའོ། །གསུམ་པ་ཐིག་ནི། འདི་ཉིད་ལས། ཕུར་བུ་སྲད་བུ་ཚོན་ཕྱེ་དང་། །ཞེས་སོགས་ཏེ། དེ་ཡང་སྤྱིར་ཐིག་ཅེས་པ་མི་འགྱུར་བའི་དོན་ཏེ། དེའི་རྒྱུ་འགྱིང་ཕུར་དང་བསྐོར་ཕུར་ཏེ་ཕུར་བུ་གཉིས་དང་། སྲད་བུའང་གཉིས་ལས། ཡེ་ཐིག་གི་རྒྱུ། ཞི་བ་ལ་པདྨའི་རྒྱུས་པ་དང་། ཁྲོ་བོ་ལ་རྒྱུས་ཆེན་ཏེ། གཉིས་ཀའི་དམ་ཐིག་གི་རྒྱུ་རས་བལ་གཙང་མ་དཔའ་བོའི་རིན་གྱིས་ཉོས་པའོ། །དེ་ཡང་ཡེ་ཤེས་ཀྱི་སྐུད་པ་ཉི་ཤུ་རྩ་ལྔའམ་ལྔ་བསྒྲིལ་དང་། དམ་ཚིག་གི་སྐུད་པ་དགུ་བསྒྲིལ་ལམ་གསུམ་བསྒྲིལ་དུ་བྱའོ། །གདབ་ཚུལ་ཀྱང་། དམ་ཐིག་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་ས་ལ་བཏབ་ནས། སྐུ་གསུང་ཐུགས་རེ་རེའང་ཡེ་ཤེས་ལྔ་དང་ལྡན་པར་བྱ་བའི་ཕྱིར། ཡེ་ཐིག་དཀྱིལ་འཁོར་གྱི་གཞིའིི་སྟེང་གི་ནམ་མཁའ་ལ་གདབ་བོ། །འདེབས་ཚུལ་ཀྱང་། འདི་ཉིད་ལས། མཁས་ལྡན་ཆེན་པོས་བསྒྲིམས་ཏེ་བྱ། །ཞེས་པས་བསྐོར་ཕྱོགས་མ་འཁྲུལ་བར་གདབ་སྟེ། གལ་ཏེ་མ་བསྒྲིམས་པའི་ཉེས་པ་ནི། ལམ་རིམ་ལས། སྐུད་པ་ཆད་ན་སློབ་དཔོན་འཆི། །ཐིག་སྣ་ཤོར་ན་སློབ་མ་འཆི། །ཕྱོགས་འཁྲུལ་བས་ནི་གཉིས་ཀ་ཉམས། །རྒྱུན་ཆད་ལམ་ལ་གནོད་པར་འགྱུར། །དེ་ཕྱིར་མཁས་པས་བསྒྲིམས་ཏེ་བྱ། །ཞེས་སོ། །བཞི་པ་ཚོན་ནི། འདི་ཉིད་ལས། མ་མཐོང་རྨོངས་ལ་བསྟན་ཕྱིར་ཚོན། །ཁ་དོག་ཉི་ཤུ་རྩ་ལྔའམ། །ལྔ་ཡི་ཚོན་གྱིས་བྲི་བར་བྱ། །འདུལ་བའི་ཆོ་ག་བཞིན་དུ་དགྱེ། །ཞེས་སོ། །ལྔ་པ་བྲི་བ་ནི། འདི་ཉིད་ལས། ལྟེ་བ་རྩིབས་དང་ལྡན་པ་ཡི། །རྩིབས་བཞིར་འཁོར་ལོ་མུ་ཁྱུད་བཅས། །གྲུ་ཆད་བཞི་དང་གྲུ་བཞི་པའོ། །བར་ཁྱམས་སྒོ་ཁྱུད་ལྡན་པར་བྱ། །ཞེས་གསུངས་པ་ལྟར། དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གང་གིས་འདུལ་བའི་ཆོ་ག་བཞིན་དུ་བྲི་བའོ། །དྲུག་པ་རྣམ་པ་འགོད་པ་ནི། སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་འགོད། །ཅེས་པའམ། ཡང་ན་གཙོ་འཁོར་གྱི་འགྲོས་སྦྱར་ཏེ། རྔམ་གློག་ལས། གཙོ་བོ་གཟུགས་སུ་རྫོགས་པར་བྲི། །འཁོར་རྣམས་ཕྱག་རྒྱ་དག་ཏུ་བྱ། །ཕལ་པ་ལ་ནི་ཡིག་འབྲུས་སོ། །ཞེས་སོ། །བདུན་པ་རབ་གནས་ལ། ནུབ་གཉིས་པའི་ལས་རིམ་སྤྱིར་བཤད་པ་དང་། སྐབས་ཐོབ་ཀྱི་ལས་རིམ་དཀྱིལ་འཁོར་རབ་གནས་གཉིས་ལས། དང་པོ་ཡན་ལག་གི་རབ་གནས་ནི། ལས་བུམ། རྡོར་དྲིལ། ཐོད་ཆུ། ཐིག་ཚོན་རབ་གནས་རྣམས་དང་། ཡན་ལག་ཅན་གྱི་རབ་གནས་ནི། །བུམ་པ། སློབ་མ། ལྷ་སྟ་གོན་གྱིས་བསྟན་ནོ། །གཉིས་པ་ནི། ལས་འགྲིགས་རྣམ་པ་དགུ་ལ་སོགས་པའི་སྒོ་ནས་སོ། །བརྒྱད་པ་སྦྱིན་སྲེག་ནི། སྐབས་ཐོབ་ཀྱི་ལས་བཞི་སྟེ། འདི་ཉིད་ལས། དབྱིབས་དང་ཁ་དོག་མཚན་ལྡན་པར། །ཞལ་དུ་གྱུར་པའི་མེ་བོས་ལ། །བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་སོ། །དགུ་པ་དཀྱིལ་འཁོར་དུ་འཇུག་པ་ནི། སྒྲུབ་མཆོད་ལ་སོགས་པ་སྔོན་དུ་འགྲོ་བའི་སྒོ་ནས་དང་པོར་སློབ་དཔོན་རང་ཉིད་ཞུགས་རྗེས་སློབ་མ་དཀྱིལ་འཁོར་དུ་འཇུག་པར་བྱ་བ་སྟེ། འདི་ཉིད་ལས། ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་གཞུག་པར་བྱ། །ཞེས་དང་། རྡོ་རྗེ་ལས་རིམ་ལས། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། །ཁྲུས་དགབ་དྲི་དང་ལུས་དབུལ་དང་། །བགེགས་བསྐྲད་ལྷར་རློབ་དམ་ཚིག་སྦྱིན། །དེ་ཉིད་དབབ་དང་ཆུ་ནན་དང་། །བསྒྲགས་དང་རིན་ཆེན་དོར་བ་དང་། །ལྷ་དབབ་པ་དང་ནན་ཏན་དང་། །མིག་དབྱེ་དཀྱིལ་འཁོར་ལེགས་བསྟན་དང་། །ཚོགས་མཆོག་ཡོན་དང་རྣམ་བཅོ་བརྒྱད། །འདི་ཡིས་ཡན་ལག་རྫོགས་པར་འགྱུར། །ཞེས་སོ། །བཅུ་པ་ཞུགས་པའི་ཡོན་ཏན་ནི། འདི་ཉིད་ལས། བྱས་ཏེ་དད་ལྡན་རབ་ཞུགས་ནས། །འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་དང་། མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་མངོན་དུ་མཐོང་བ་ཡི། །བསོད་ནམས་བརྟགས་པ་གང་ཡིན་པ། །ཕྱིས་བྱས་པ་ཡང་དེ་བཞིན་ནོ། །ཞེས་གསུངས་སོ། །བཞི་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། རང་བཞིན་གྱི་དཀྱིལ་འཁོར་ཉིད་ཏིང་ངེ་འཛིན་གྱིས་ཡུལ་དུ་བྱས་ཏེ་རང་རིག་མ་བཅོས་པའི་དོན་ལ་མཉམ་པར་བཞག་པས་རྣམ་པར་མི་རྟོག་པའི་རང་རྩལ་ཡེ་ཤེས་འགགས་མེད་དུ་འཆར་བ་སྟེ། འདི་ཉིད་ལས། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་སོ། །ལྔ་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། ཁོག་གཞུང་ལས། ལྷག་པ་ཏིང་འཛིན་རྣམ་པ་གཉིས། །འདུལ་བའི་དོན་ཕྱིར་ཞི་ཁྲོ་གཉིས། །ཞེས་གསུངས་པ་ལྟར། ཐུགས་རྗེ་ཞི་བའི་དཀྱིལ་འཁོར་དང་། བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་གཉིས་ལས། ཞི་ཁྲོ་གཉིས་ཀ་ལ་མཚུངས་པར། སྔོན་འགྲོ་ལས་བདུན་ནས་གོ་བགོ་ལུས་བསྲུང་གི་བར་ཏིང་ངེ་འཛིན་གྱི་དམིགས་པའི་འཕྲོ་འདུ་མང་པོས་ལྷག་པར་སྒྲུབ་དགོས་པས་ན་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེས་བྱའོ། །དྲུག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། སྤྱན་འགྲེལ་ལས། བྱང་སེམས་ཕྱི་ནང་གསང་བ་དང་། །གནས་གཞི་ཁམས་གསུམ་ཡེ་ཤེས་ཆེ། །ཞེས་པས། ཕྱི་བྱང་ཆུབ་ཀྱི་སེམས་རྩ་དང་རླུང་། ནང་བྱང་ཆུབ་ཀྱི་སེམས་ཐིག་ལེ། གསང་བ་བྱང་ཆུབ་ཀྱི་སེམས་བདེ་བའི་ཡེ་ཤེས་དང་གསུམ་མོ། །དང་པོ་ནི། སྒྱུ་འཕྲུལ་སྙིང་པོ་བཀོད་པའི་རྒྱུད་ལས། སྲིད་གསུམ་སེམས་ཅན་ཐམས་ཅད་ལ། །སྲོག་ཤིང་གསུམ་དང་འཁོར་ལོ་བཞི། །ཞེས་རྩ་དང་རླུང་ལ་སྦྱང་གཞི་ཡེ་ཤེས་ཀྱི་རླུང་དང་། སྦྱང་བྱ་ལས་ཀྱི་རླུང་གཉིས། ལས་རླུང་ལ་རྩ་བ་དང་ཡན་ལག་གིས་བསྡུས་པའི་རླུང་བཅུ། སྣར་རྒྱུ་བའི་རླུང་དང་བཅས་པའོ། །གཉིས་པ་ནི། སྙིང་ག་ན་སྲོག་མི་ཤིགས་པའི་ཐིག་ལེ་སོགས་ཡེ་ཤེས་ཀྱི་ཐིག་ལེ་དང་། རྣམ་ཤེས་ཀྱི་ཐིག་ལེ་སྙིགས་མ་དང་བཅས་པའོ། །གསུམ་པ་ནི། སྟེང་འོག་གི་སྒོ་ལ་བརྟེན་ནས་བདེ་ཆེན་གྱི་ཡེ་ཤེས་བསྐྱེད་པ་སྟེ། དགྱེས་རྡོར་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལེན་པར་བྱེད་པ་དཀྱིལ་འཁོར་ཉིད། །ཅེས་སོ། །བདུན་པ་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་ནི། ཞི་ཁྲོ་གཉིས་ཀ་ལ་ཚོམ་བུ་གཅིག་གསུམ་ལྔ་པ་གསུམ་སྟེ། ཁོག་གཞུང་ལས། ཚོགས་ནི་འབྱོར་བ་རྣམ་པ་གསུམ། །ཚོམ་བུ་གཅིག་གསུམ་ལྔ་པའོ། །ཞེས་གསུངས་སོ། །བཞི་པ་དབང་ལའང་གསུམ་སྟེ། ངོ་བོ་ནི། ཐུགས་ཐིག་ལས། རྒྱུ་གཉིས་རྐྱེན་བཞིས་ཡན་ལག་བསྙད། །དྲུག་ལ་གནས་པའི་ཐོབ་བྱ་ནི། །ངོ་བོ་ཉིད་བཅས་རྣམ་པར་བཤད། །ཅེས་སྤྱིར་དབང་ལ་རྒྱུ་གཉིས་དང་རྐྱེན་བཞིའོ། །དང་པོ་རྒྱུ་གཉིས་ནི། མཚུངས་ལྡན་གྱི་རྒྱུ་གདོད་མ་ནས་རང་ལ་དང་ཆས་སུ་བཞུགས་པའི་ཆོས་ཉིད་དེ། ལྷན་ཅིག་བྱེད་རྒྱུ་ནི། དབང་རྫས་རབ་གནས་ཀྱི་བྱིན་གྱིས་བརླབས་པ་ཅན་ནོ། །གཉིས་པ་ལ་རྐྱེན་ནི། ཕན་ནུས་ཟབ་མོའི་དབང་གསུམ་བསྐུར་དུ་རུང་བའི་སྣོད་ལྡན་གྱི་སློབ་མ་རྒྱུའི་རྐྱེན། དབང་གསུམ་བསྐུར་ནུས་པའི་སློབ་དཔོན་ཚད་ལྡན་བདག་པོའི་རྐྱེན། རྫས་སྔགས་ཏིང་ངེ་འཛིན་གསུམ་འཛོམ་པའི་ནུས་པ་ཁྱད་པར་ཅན་དམིགས་པའི་རྐྱེན། དབང་སྔ་མ་སྔ་མས་གོ་ཕྱེ་ནས་ཕྱི་མ་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནོ། །དེ་ལྟར་རྒྱུ་གཉིས་དང་རྐྱེན་བཞི་སྟེ་དྲུག་པོ་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་དབང་གི་ཡེ་ཤེས་རྒྱུད་ལ་འཇོག་པའི་ལས་ཀྱིས་ཐར་པའི་མྱུ་གུ་མངོན་དུ་བསྐྱེད་པའམ་སྐྱེ་ངོས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ་ནི་དབང་གི་ངོ་བོའོ། །ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས། ཨ་བྷི་ནི་མངོན་པ། ཥིཉྩ་ནི་གཏོར་བའམ་བླུགས་པ་སྟེ། དབང་གིས་སྒོ་གསུམ་གྱི་དྲི་མ་འཁྲུད་པའི་ཆ་ནས་མངོན་པར་གཏོར་བ་དང་། འབྲས་བུ་ཡེ་ཤེས་ཀྱི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ཆ་ནས་མངོན་པར་བླུགས་པའི་དོན་གྱིས་ན་དབང་སྟེ། བརྟགས་གཉིས་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་སོ། །དབྱེ་ན། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། ཞེས་པས་བཞི་དང་། ཡང་སྣོད་ཀྱི་དབང་དུ་བྱས་ཏེ་དབྱེ་ན་ཕན་ནུས་ཟབ་མོའི་དབང་གསུམ་སྟེ། འདི་ཉིད་ལས། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །ཞེས་གསུངས་པ་ལྟར། གང་ཟག་དད་པ་ཅན་ལ་ཕྱི་ཕན་པའི་དབང་བཅུ་སྟེ། དེ་ཡང་བསྡོམས་སུ་བྱས་ནས། སྙིང་པོ་ལྔ་དང་དབུ་རྒྱན་དང་། །བུམ་པ་ཅོད་པན་ཕྲེང་བ་སྟེ། །གོ་ཆ་རྒྱལ་མཚན་གདུགས་ཕྱག་རྒྱ། །བཟའ་བཏུང་དབང་རྣམས་རིམ་བཞིན་བསྐུར། །ཞེས་སོ། །གཉིས་པ་ནང་ནུས་པའི་དབང་ལ་ལྔ་ཡོད་དེ། བདག་དོན་ནུས་པ་ལ་ཉན་དབང་དང་ལྷ་བསྒོམ་པའི་དབང་། གཞན་དོན་ནུས་པ་ལ་འཆད་ཕྲིན་གྱི་དབང་། གཉིས་ཀའི་དོན་ནུས་པ་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་བའོ། །ཟབ་དབང་གསུམ་ནི། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་ལ་བསྐུར་བས་རིམ་གྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སྦྱོར་བ་སྟེ། རྡོ་རྗེ་ལས་རིམ་སས། དང་པོས་ས་བོན་འཇོག་པ་དང་། །གཉིས་པས་ནུས་པ་བསྐྱེད་པ་ཡིན། །གསུམ་པས་ཉམས་མྱོང་བསྐྱེད་པའོ། །བཞི་པས་དེ་ཉིད་བརྟན་པར་བྱ། །ལྔ་པས་བརྟན་པ་ཉམས་ལེན་པས། །མཆོག་གི་དངོས་གྲུབ་ཚེ་འདིས་འགྲུབ། །ཅེས་གསུངས་པ་ལྟར། ཕན་དབང་གིས་ས་བོན་འཇོག །ནུས་དབང་གིས་ས་བོན་ནུས་ལྡན་དུ་སྨིན། གསང་དབང་གིས་དབང་དོན་གྱི་ཡེ་ཤེས་རྒྱུད་ལ་མྱོང་། ཤེར་དབང་གིས་དེ་ཁོ་ན་ཉིད་རྒྱུད་ལ་བརྟན་པར་བྱེད། བདེ་བ་ཆེན་པོའི་དབང་གིས་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པའོ། །ཁྲོ་བོ་ལ། གདན་དང་ལྷ་དབང་ཕྱག་མཚན་དང་། །ཆས་བཅུ་སྒྲུབ་རྫས་བཅོ་ལྔའོ། །ཞེས་པས། ཕན་དབང་ལ་ཉེར་བརྒྱད་དུ་ཕྱེ་བས་ནང་གསེས་ཀྱིས་དབྱེ་ན་གྲངས་སོ་དྲུག་སྟེ། དེ་འདྲེན་ཚུལ་ནི། ཕྱག་རྒྱ་ལྷའི་དབང་། བསྣམས་པ་ཕྱག་མཚན་གྱི་དབང་། དྲེགས་པ་གདན་གྱི་དབང་གསུམ་ནི་རེ་རེ་དང་། དེ་ལས་གཞན་རྣམས་ཀྱི་བྱེ་བྲག་བགྲང་བའི་སྡོམ་ཚིག་ནི། རྒྱན་ཆས་རྟགས་ལ་བཅུ་ཡིན་ཏེ། །དབུ་རྒྱན་བུམ་པ་སྙིང་པོ་ལྔ། །ཅོད་པན་གོ་ཆ་ཕྲེང་བ་རྒྱན། །ཐོད་ཕྲེང་རྟགས་གསུམ་མེ་དཔུང་ངོ་། །ནུས་པའི་དབང་ནི་ལྔར་ངེས་ཏེ། །ཉན་བསྒོམ་འཆད་ལས་རབ་འབྱམས་དབང་། །སྒྲུབ་པའི་དབང་ལ་བཅོ་ལྔ་སྟེ། །བདུད་རྩི་ལྔ་དང་ཤ་ལྔ་དང་། །རཀྟ་ཁ་ཊྭྃ་གདུགས་རྒྱལ་མཚན། །ཕུར་པ་རྡོར་དྲིལ་རྔེའུ་ཆུང་དང་། །ཡུངས་ཀར་གཟུངས་མ་ཕྲེང་བ་དང་། །ཚེ་དང་བཟའ་བཏུང་མིང་དབང་ངོ་། །ཟབ་དབང་གསུམ་སྟེ་གསང་བ་དང་། །ཤེས་རབ་ཡེ་ཤེས་བདེ་ཆེན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་དབང་བསྐུར་ཚུལ་ནི། ངེས་འབྱེད་ལས། བཞག་པའི་གནས་དང་བསྟིམ་པའི་གནས། །དེ་བཞིན་ཁོང་དུ་ཆུད་པ་གཅེས། །ཞེས་གསུངས་པ་ལྟར། དང་པོ་བཞག་གནས་ནི། དེ་ལས། ཕྱི་དབང་ལུས་ལ་བསྐུར་བ་སྟེ། །ཁྱད་པར་སྙིང་པོ་དབུ་རྒྱན་བུམ། །གདུགས་དང་ཅོད་པན་ཕྲེང་བ་མགོ། །གོ་ཆ་ལུས་ཏེ་རྒྱལ་མཚན་ལག །བཟའ་བཏུང་ངག་གི་ལམ་དུའོ། །ཕྱག་རྒྱ་སྤྱི་བོའམ་སྙིང་ག་སྟེ། །ཞེས་སོ། །དབང་རྫས་ནི། ངེས་འབྱེད་ལས། རྫས་ནི་གླེགས་བམ་རྒྱ་གྲམ་དང་། །འཁོར་ལོ་ཕྲེང་བ་རྡོ་རྗེ་དྲིལ། །འབྱུང་ལྡན་དོན་ཡོད་སྣང་མཐའ་ཡས། །ཡི་དམ་རིགས་ལྔའི་རབ་གནས་ལྡན། །ཞེས་དང་། ཟབ་དབང་ལ། དེ་ལས། རྫས་ནི་སྐབས་ཀྱི་ཕྱག་རྒྱ་མོ། །ཟླ་བ་འཛག་པ་གཏད་པའོ། །ཞེས་སོ། །བསྟིམ་གནས་ནི། དབང་གི་གལ་པོ་ལས། སེམས་ཀྱི་དཀྱིལ་ནས་དྲངས་པའི་ཆུ། །ཁྱོད་ཀྱི་ལྕེ་ལ་བཞག་པ་ནི། །སྙིང་གི་དཀྱིལ་དུ་བཟུང་བར་བྱོས། །ཞེས་སོ། །དེ་ལྟར་དབང་ཐོབ་པའི་ཚད་ནི། ཁོག་གཞུང་ལས། རྣོ་ལ་ངར་བཏགས་ནུས་པ་བཞིན། །ནུས་པ་སྐྱེས་པ་ཐོབ་པའི་ཚད། །ཅེས་སོ། །དབང་མ་ཐོབ་པའི་སྐྱོན་ནི། འདི་ཉིད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩོན་པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་སོ། །དེ་ལྟར་དབང་ཐོབ་པའི་ཡོན་ཏན་ནི། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་དང་། ཧེ་རུ་ཀ་མངོན་བྱུང་ལས། དཀྱིལ་འཁོར་བདག་པོ་མཐོང་ནས་ནི། །ཅུང་ཟད་དེ་ནི་མི་འགྲུབ་མེད། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ལྔ་པ་དམ་ཚིག་ལའང་གསུམ་སྟེ། ངོ་བོ་ནི། རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུའང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་པས་གང་བསྲུང་བའི་དོན་ཁྱད་པར་ཅན་ནི་འོག་ནས་འབྱུང་བའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཡིན་ལ། དེ་དག་ལས་ནམ་ཡང་མི་འདའ་བར་སྡོམ་བྱེད་ཀྱི་སེམས་པ་རྒྱུན་ཆགས་དང་། གཉིད་དང་སེམས་ཡེངས་པ་ལ་སོགས་པའི་གནས་སྐབས་སུ་ཡང་སྡོམ་པའི་ས་བོན་དང་བཅས་པའོ། །ངེས་ཚིག་ནི། ས་མ་ཡའི་སྒྲ་ལས་ས་མ་ཡ་ནི་རྣམ་པ་གཅིག་ཏུ་ན་དངོས་སུ་ཡལ་གམ་བཅས་པའི་ཐ་ཚིག་ལ་འཇུག་སྟེ། སྔོན་རང་གིས་ཇི་ལྟར་དམ་བཅས་པ་ལས་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་དམ་ཚིག་སྟེ། ཇི་སྐད་དུ། རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱི་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་དོ། །ཞེས་གསུངས། རྣམ་པ་གཅིག་ཏུ་ན། ངན་སོང་གི་གནས་སུ་རྒྱུད་ཚིག་པར་འགྱུར་བའི་ཉེས་དམིགས་ཀྱིས་དམ་ཚིག་ཏུ་བཞག་སྟེ། ཇི་སྐད་དུ། དམ་པ་སྐུ་གསུང་ཐུགས་ཡིན་ཏེ། །དེ་ལས་འདས་ན་ཚིག་པར་འགྱུར། །ཞེས་དང་། རྡོ་རྗེ་ལས། དམ་པ་འདི་ལས་གང་འདའ་བ། །རྡོ་རྗེ་ཅན་ཡང་འཚིག་པར་འགྱུར། །ཞེས་དང་། ཧེ་རུ་ཀ་འདུས་པ་ལས། མི་འདའ་དམ་པ་མཆོག་གྱུར་པ། །འདས་པར་གྱུར་ན་ཚིག་པར་བཤད། །ཅེས་སོ། །དབྱེ་ན་རྩ་བའི་དམ་ཚིག་ལྔ་དང་། ཡན་ལག་གི་དམ་ཚིག་ལྔ་ཚན་གཉིས། དེ་ལས་ཀྱང་སྤྲོ་ན་སུམ་བརྒྱ་དྲུག་ཅུར་དབྱེ་བ་དང་གསུམ་མོ། །དང་པོ་ནི། འདི་ཉིད་ལས། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཞེས་པ་ལྟར་ལྔ་ལས། དང་པོ་བླ་མེད་མི་སྤང་བའི་དམ་ཚིག་ནི། ཡུལ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ལྷག་པ་བདེན་པ་དབྱེར་མེད་རྟོགས་གོ་མས་ཀྱིས་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས་མི་འདའ་བར་བྱེད་པ་སྟེ། གསལ་བཀྲ་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །སེམས་ཅན་ཁམས་ཀྱང་དེར་ཤེས་ཤིང་། །སྣང་སྟོང་དབྱེར་མེད་རྡོ་རྗེའི་སྐུ། །དུས་གསུམ་རྒྱུན་དུ་མ་དྲན་ན། །ཐེག་ཆེན་སྔགས་པར་ཅི་ཡིས་ཚུད། །ཅེས་སོ། །གཉིས་པ་བླ་མ་བཀུར་བའི་དམ་ཚིག་ནི། སྔ་མ་ལས། སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆགས་སྐོང་དང་ཤེས་རྒྱུད་དགྲོལ། །མན་ངག་ལུང་གི་སློབ་དཔོན་དྲུག །ཅེས་པ་ལྟར་དྲུག་པོ་བཀུར་ཐབས་དྲུག་གི་སྒོ་ནས་བཀུར་ཏེ། སྔ་མ་ལས། ཡུལ་ལ་དབང་བའི་རྒྱལ་པོ་དང་། །ཁུ་བོ་ཕ་དང་མ་དང་མིག །སྙིང་བས་ལྷག་པའི་ཚུལ་གྱིས་ཏེ། །ཞེས་སོ། །ཁྱད་པར་དུའང་དབང་བསྐུར། རྒྱུད་བཤད། མན་ངག་ནོད་པ་གསུམ་བཀའ་དྲིན་སུམ་ལྡན་གྱི་བླ་མ་ཡིན་པས་ལྷག་པར་ཡང་བཀུར་དགོས་ཏེ། བདེ་འདུས་ཞི་རྒྱུད་ལས། རྒྱུད་གྲོལ་དབང་བསྐུར་དེ་ཉིད་བསྟན། །ཞེས་སོ། །གསུམ་པ་སྔགས་གསུམ་དང་ཕྱག་རྒྱ་བཞི་རྒྱུན་མི་བཅད་པའི་དམ་ཚིག་ནི། གསལ་བཀྲ་ལས། རབ་ཀྱིས་ཆུ་བོའི་གཞུང་བཞིན་ནམ། །ཉིན་གསུམ་མཚན་གསུམ་གཉིས་གཅིག་ཏུ། །མ་ཡེངས་ཙམ་དུ་ངང་གིས་བཟླ། །འབྲིང་གིས་ཟླ་གཅིག་དུས་དྲུག་གམ། །དུས་བཞིའི་བར་དུ་མི་བཅད་ཅིང་། །ཐ་མ་བྱ་བའི་རྣལ་འབྱོར་པས། །ཟླ་རེའམ་ར་བའི་དུས་དག་ཏུ། །བརྩོན་པས་འབད་དེ་མི་བྱེད་ན། །བྱང་ཆུབ་ས་བོན་བརླག་པ་ཡིན། །ཚོགས་དང་གཏོར་མའང་དེ་བཞིན་དུ། །ཐ་ན་ལོ་ཟླར་མི་འདའོ། །ཞེས་སོ། །བཞི་པ་མཆེད་ལ་བྱམས་པའི་དམ་ཚིག་ནི། སྔ་མ་ལས། མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་ཡང་བདག་ལས་གཞན་མིན་དང་། །བདེ་གཤེགས་སྙིང་པོའི་སྤུན་ཡིན་ཕྱིར། །མ་འོངས་སངས་རྒྱས་རང་བཞིན་ནི། །སྤྱི་ཡི་མཆེད་དེ་ཕ་ཚན་བཞིན། །སངས་རྒྱས་ཆོས་ཞུགས་རིང་བ་དང་། །ལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཕ་གཅིག་དམ་ཚིག་ནང་འདྲེས་པ། །ཞེས་སོ། །དེས་མཚོན་པའི་རྡོ་རྗེའི་མཆེད་ལྕམ་དང་། བྱང་ཆུབ་བར་དུ་མི་འབྲལ་བའི་བརྩེ་གདུང་རྒྱུན་མི་འཆད་པར་བྱེད་པའོ། །ལྔ་པ་གསང་བ་མི་སྨྲ་བ་ནི། ཕྲ་རྒྱས་ལས། དམ་ཉམས་དམ་ལས་ལོག་པ་དང་། །དམ་མེད་དཀྱིལ་འཁོར་མ་མཐོང་དང་། །འདྲེས་དང་མ་འདྲེས་ཐམས་ཅད་ལ། །ཞེས་གང་ལ་གསང་བྱའི་ཡུལ་བསྟན་ནས། གང་གསང་ན། དེ་ལས། སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་རྣམ་པ་བཅུ། །ཞེས་པས། སྤྱིར་གསང་བཞི། བར་གསང་བཞི། གསང་བར་འོས་པ། གསང་བ་གཉེར་གཏད་པ་རྣམས་སོ། །སྤྱིར་གསང་བཞི་ནི། དེ་ལས། ལྟ་ཟབ་སྤྱོད་པ་བརླང་པོ་དང་། །ལྷ་མིང་གཟུངས་དང་གྲུབ་རྟགས་རྣམས། །ཞེས་པས། དེ་ནི་གནས་སྐབས་ཐམས་ཅད་དུའང་གསང་དགོས་པའོ། །བར་གསང་བཞི་ནི། དེ་ལས། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་ལ་སྒྲུབ་པར་བྱ། །ཞེས་པས་དེ་ནི་སྒྲུབ་པ་ཇི་ཙམ་བྱ་བའི་བར་དུ་གསང་དགོས་པའོ། །གསང་བར་འོས་པ་ནི་གཞན་མ་དད་པ་སྐྱེ་བའི་རྫས་དང་ཡོ་བྱད་སོགས་སོ། །གསང་བ་གཉེར་གཏད་པ་ནི། སློབ་དཔོན་དང་། མཆེད་ཀྱིས་གདམས་པ་རྣམས་སོ། །གཉིས་པ་ཡན་ལག་གི་དམ་ཚིག་ལ། མི་སྤང་བ་ལྔ་དང་མི་དོར་བ་ལྔ་ལས། དང་པོ་ནི། འདི་ཉིད་ལས། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །ཞེས་པ་ལྟར་ལྔ་ཡིན། དེ་ལ་གསལ་བཀྲ་ལས། ཡང་དག་དུག་ལྔ་ལོག་དུག་ལྔ། །ཞེས་པས་གཉིས་ཏེ། ཡང་དག་པའི་དུག་ལྔ་ནི། ཆོས་ཐམས་ཅད་ལ་བླང་དོར་གྱིས་འབྱེད་པ་མེད་པའི་གཏི་མུག །སེམས་ཅན་ལ་སྙིང་རྗེས་ཆགས་པའི་འདོད་ཆགས། རང་རིག་པའི་ཡེ་ཤེས་ཀྱིས་ལོག་རྟོག་འཇོམས་པའི་ཞེ་སྡང་། མཉམ་ཉིད་ལྟ་བའི་རྒྱལ་པོ་གཤོངས་སུ་མི་འབེབས་པའི་ང་རྒྱལ། མཉམ་ཉིད་ཀྱི་ཀློང་དུ་གཉིས་འཛིན་མི་ཤོང་བའི་ཕྲག་དོག་གོ། །ལོག་པའི་དུག་ལྔ་ཡང་མི་སྤོང་སྟེ། སྤང་བྱའི་རྫས་མ་གྲུབ་པས་སྨིག་སྒྱུ་ལ་ཆུ་རག་མི་དགོས་པ་བཞིན་ནོ། །གཉིས་པ་མི་དོར་བ་ལྔ་ནི། འདི་ཉིད་ལས། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་སོ། །གསུམ་པ་སུམ་བརྒྱ་དྲུག་ཅུར་དབྱེ་བ་ནི། འདི་ཉིད་ལས། རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། །ཡན་ལག་དམ་ཚིག་ལྔ་ཉིད་ལ། །གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། །ཞེས་པས་རྩ་བའི་དམ་ཚིག་ལྔ་པོ་རེ་རེར་ཐབས་ཤེས་གཉིས་གཉིས་སུ་ཕྱེ་བས་བཅུ་དང་། ཡང་རྩ་བ་ལྔ་པོ་རེ་རེ་ལ་སུམ་ཅུར་ཕྱེ་བས་ཆིག་བརྒྱ་ལྔ་བཅུ་སྟེ། སྔར་གྱི་བཅུ་དང་བསྡོམས་པས་བརྒྱ་དྲུག་ཅུའོ། །སུམ་ཅུར་དབྱེ་ཚུལ། དཔེར་ན་བླ་མེད་མི་སྤང་བ་ལ་སུམ་ཅུར་དབྱེ་བ་ནི། ཕྲ་རྒྱས་ལས། བྱང་ཆུབ་སེམས་ནི་བླ་མེད་ལྷ། །ཞི་ཁྲོའི་དགུ་གཉིས་དང་ནི་བཅུ། །བཅུ་གཉིས་བསམ་ཡས་མི་འདའ་ཞིང་། །ཐུན་མོང་མཆོག་གི་ཚད་མེད་བརྒྱད། །བདེན་གཉིས་བྱང་ཆུབ་རྣམ་པ་བཅུ། །བླ་མེད་གསལ་བས་ཉམས་མི་བྱ། །ཞེས་སོ། །དེས་མཚོན་ནས་ལྷག་མ་བཞི་ལའང་རྒྱས་པར་བཤད་དོ། །ཡན་ལག་གི་དམ་ཚིག་བཅུ་པོ་རེ་རེར་ཉི་ཤུར་དབྱེ་བའང་། ཞེ་སྡང་ལ་ཐབས་ཤེས་ཀྱིས་མི་སྤང་བའི་བཅུ་བཅུ་སྟེ་ཉི་ཤུ། དེས་མཚོན་པའོ། །དེ་ལྟར་ཡན་ལག་གི་དམ་ཚིག་བཅུ་པོ་རེ་རེར་ཉི་ཤུར་ཕྱེ་བས་ཉིས་བརྒྱ་སྟེ། སྔར་གྱི་བརྒྱ་དྲུག་ཅུ་དང་བསྡོམས་པས་སུམ་བརྒྱ་དྲུག་ཅུའོ། །དེ་དག་གི་རྣམ་བཞག་རྒྱས་པར་ཕྲ་རྒྱས་ལས་བཤད་པས་དེ་བལྟ་བར་བྱའོ། །དྲུག་པ་རོལ་པ་ཕྲིན་ལས་ལའང་གསུམ་ལས། ངོ་བོ་ནི། ཐུགས་ཐིག་ལས། ཕྱི་རོལ་ཚད་མེད་ཉིད་ལས་བཞི། །ཞེས་པས་སེམས་ཅན་ཐམས་ཅད་རང་གི་ཕ་མར་ཤེས་པའི་བྱམས་པ། དེ་དག་རིགས་དྲུག་གི་གནས་ན་སྡུག་བསྔལ་གྱི་ཡོ་ལངས་ལ་སྤྱོད་པ་རྣམས་ལ་སྙིང་རྗེ་སེམས་ཅན་འགའ་ཞིག་ལྷ་མིའི་དཔལ་འབྱོར་གྱི་བདེ་བ་དགའ་བ། ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཏེ། དེ་ལྟ་བུའི་ཚད་མེད་བཞིའི་རྒྱུ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དང་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་གཞན་དོན་སྒྲུབ་པ་ལ་དམིགས་པའི་ཐབས་མཁས་ཀྱི་མཛད་སྤྱོད་དོ། །ངེས་ཚིག་ནི། ཀརྨ་ཞེས་པའི་སྒྲ་ལས། སྒོ་གསུམ་གྱི་བསྡུས་པའི་བྱ་བའི་མཚན་ཉིད་ཅན་གྱི་ལས་ཏེ། བྱེད་པ་པོའི་འདོད་པའོ། །དེ་ལ་དབྱེ་ན་ཕྱི་མ་འགོས་འགྱུར་ལས། ཞི་བ་ལ་སོགས་རབ་དབྱེ་བས། ལས་ནི་རྣམ་པ་བཞིར་བསྡུས་སོ། །ཞེས་པས་ལས་བཞིའོ། །དེ་དག་ཀྱང་གང་གིས་བྱ་བའི་ཐབས་ཀྱི་རིམ་པ་ནི། མེ་དང་། རྫས་དང་། ལུ་གུ་རྒྱུད་དང་། མཆོད་རྟེན་དང་། ཕྱག་རྒྱའི་སྒོ་ནས་བྱ་བ་རྣམས་ཏེ། ཁོག་གཞུང་ལས། བདག་གཞན་དོན་འགྲུབ་ཕྲིན་ལས་ནི། །མཆོད་རྟེན་ཕྱག་རྒྱའི་སྒོ་དང་ནི། །ཧོམ་བྲོ་གླུ་དང་རྫས་ཀྱིས་བྱ། །ཞེས་སོ། །དེ་ལ་མེའི་སྒོ་ནས་བྱ་བ་སྦྱིན་སྲེག་ཡིན་ཏེ། སྦྱིན་སྲེག་རྩ་བ་ལས། གནས་རྫས་ཐབ་ཀྱི་རྣམ་པ་དང་། །གཟུངས་དང་གཙོ་སེམས་བསྒྲུབ་བྱ་དང་། །ཕུར་བུ་ལྷ་དུས་ལས་རིམ་བཞིན། །ལྷག་མ་བཅུ་གཅིག་ཤེས་པར་བྱ། །ཞེས་བཤད་པ་ལྟར་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་རྫས་ཀྱི་སྒོ་ནས་བྱ་བ་ནི། །ལིང་ག་བཅའ་བ། དཀྱིལ་འཁོར་བསྐྱེད་པ། བསྒྲུབ་བྱའི་ལས། མཆོད་སྦྱིན་བྱ་བ་ཡོན་ཏན་དང་བཅས་པ་རྣམས་ཏེ། འདི་ཉིད་ལས། བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པ་བྱ། །བཀུག་སྟེ་རྡོ་རྗེ་ཕུར་བུས་གདབ། །རྡུལ་དུ་བྱས་ནས་ཚོགས་ལ་དབུལ། །ཞེས་སོ། །གསུམ་པ་ལུ་གུ་རྒྱུད་ཀྱི་སྒོ་ནས་བྱ་བ་ནི། བྲོའི་སྒོ་ནས་ཕྲིན་ལས་བཞི་སྒྲུབ་པ་སྟེ། འདི་ཉིད་ལས། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །བཅིང་བསྒྱུར་བསྐྱོད་ནས་ཕྱོགས་བཅུར་གཡོ། །མྱོས་ནས་གས་ཏེ་འཚིག་པར་འགྱུར། །ཞེས་པ་ལ་སོགས་པ་རྣམས་སོ། །བཞི་པ་མཆོད་རྟེན་གྱི་སྒོ་ནས་བྱ་བ་ནི། ཞི་བར་རྣམ་སྣང་། རྒྱས་པར་རིན་འབྱུང་། དབང་ལ་རྟ་མགྲིན། དྲག་པོར་བཛྲ་ཧེ་རུ་ཀར་བསྐྱེད་ནས་རིགས་སོ་སོའི་སྔགས་ཀྱིས་མཆོད་རྟེན་དབྱིབས་མདོག་སོགས་ལས་མཐུན་དུ་བཏབ་པའི་བུམ་ནང་དུ་རིགས་མཐུན་གྱི་ལྷ་བསྐྱེད། དེ་ཡི་འོད་ཀྱིས་བསྒྲུབ་བྱ་གང་ཡིན་བཀུག་ནས་མཆོད་རྟེན་གྱི་འོག་ཏུ་གནས་པ་ལ། འོད་དེས་རེག་པས་ཞི་རྒྱས་དབང་དྲག་གི་ལས་གང་ཡིན་འགྲུབ་པར་བསམ་པ་སྟེ། རྒྱས་པ་ལས། དྲག་པོ་གཏུམ་པོ་འདུལ་བའི་ཕྱིར། །བདག་ཉིད་དྲག་པོར་བསྒོམས་ནས་ནི། །མཆོད་སྐུ་ནག་པོ་འོད་འབར་གྱིས། །བགེགས་ཀྱི་ལིང་ག་མནན་པར་བྱ། །ཞེས་སོ། །དེ་ལྟར་ས་ལ་དངོས་སུ་འདེབས་པའམ། ཡང་ན་ཏིང་ངེ་འཛིན་གྱི་འབྱུང་བ་གཞན་ལ་འདེབས་པའང་བཤད་དེ། སྤྱན་འགྲེལ་ལས། མཆོད་རྟེན་འབྱུང་བ་གང་ལ་འདེབས་ཀྱང་ཞེས་སོགས་སོ། །ལྔ་པ་ཕྱག་རྒྱའི་སྒོ་ནས་བྱ་བ་ནི། ཕྱག་རྒྱ་བཅའ་བའི་སྒོ་ནས་དང་། དེ་བསྒྱུར་བའི་སྒོ་ནས་བྱ་བའོ། །དང་པོ་ནི། དཔལ་ཧེ་རུ་ཀའི་ལས་བཞིའི་ཕྱག་རྒྱ་བཅའ་བ་སྟེ། རྒྱས་པ་ལས། ཡན་ལག་སྙིང་པོ་རྩེ་གཅིག་དང་། །རྩེ་ལྔ་རྩེ་དགུ་བཅུ་གཅིག་ཏུ། །ལས་རྣམས་སོ་སོར་རབ་ཏུ་བསྒོམ། །ཞེས་སོ། །གཉིས་པ་ནི། རྒྱས་པ་ལས། རྡོ་རྗེ་ལན་གསུམ་གསོར་ནས་ནི། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དམ་ཅན་རྣལ་འབྱོར་དབང་དུ་འགྱུར། །ཞེས་རང་ཀུན་བཟང་ཡབ་ཡུམ་ཁྲོས་པར་བསྐྱེད་ལ། གཟུངས་མ་དམ་ཅན་དབང་དུ་བྱ་བ་དང་། །དེ་བཞིན་དུ་རིགས་ཀྱི་ཧེ་རུ་ཀ་བཞིར་བསྐྱེད་ནས་སོ་སོའི་ཕྱག་རྒྱ་བསྒྱུར་བས་ལས་བཞི་འགྲུབ་པའོ། །བདུན་པ་སྒྲུབ་པ་ལའང་གསུམ་ལས། ངོ་བོ་ནི། རྒྱུད་ཕྱི་མ་ཁ་ཆེའི་གྱུར་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པས་སྦྱོར་བས་འཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པས་སྦྱོར་བས་སོ། །ཞེས་པས་མཆོག་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་གང་འདོད་དོན་དུ་གཉེར་བ་ཞིག་གོ། །ངེས་ཚིག་ནི། སིདྡྷིའི་སྒྲ་ལས་དངོས་གྲུབ་སྟེ་བསྒྲུབ་བྱ་དང་། སཱ་དྷ་ནའི་སྒྲ་ལས་ཀུན་ཏུ་ལེན་པ་སྟེ། འདོད་པའི་དོན་ལེན་ཅིང་ཐོབ་པར་བྱས་པས་ན་སྒྲུབ་པ་ཞེས་བྱའོ། །དབྱེ་ན་ཐུན་མཆོག་གཉིས་ལས། དང་པོ་ཐུན་མོང་གི་སྒྲུབ་པ་ནི། ཁོག་གཞུང་ལས། རོ་ལང་ཚེ་དང་པྲ་སྒྲུབ་དང་། །ལྷ་ཆེན་པོ་དང་རྒྱལ་པོ་བཞི། །གདུག་པ་ཀླུ་འདུལ་རྒྱལ་བློན་གྱི། །ཆུང་མ་དབང་དུ་བྱ་བ་གཉིས། །ཡུལ་ཁམས་ལྕེ་སྤྱང་རྐང་མགྱོགས་བསྐྲད། །མི་སྣང་གཟུགས་སྒྲུབ་ལྷ་ཀླུ་མོ། །རྒྱལ་བློན་དམག་དཔོན་ཞང་བློན་སྒྲུབ། །ཚེ་འདིའི་ཆེད་ཕྱིར་འཇིག་རྟེན་པའོ། །ཞེས་པས། འདི་དག་སྒྱུ་འཕྲུལ་རྒྱས་པའི་ལེའུ་རེ་རེས་སྟོན་ཏེ། རོ་ལངས་རྡོ་རྗེ་ཞིང་ཆེན་སྒྲུབ་པ་ལེའུ་བཅུ་བདུན་པ་ནས། ཚེ་སྒྲུབ་པ་དྲུག་ཅུ་རེ་བཞི་པ་ནས། པྲ་སེ་ན་དབབ་པ་དྲུག་ཅུ་རེ་ལྔ་པ་ནས། ལྷ་ཆེན་པོ་མ་ཧཱ་དེ་ཝ་སྒྲུབ་པ་དང་། རྒྱལ་པོ་ཆེན་པོ་སྡེ་བཞི་སྒྲུབ་པ་རེ་དྲུག་པ་ནས། གདུག་པའི་ཀླུ་གདོན་འདུལ་བ་ཞེ་དྲུག་པ་ནས། རྒྱལ་བློན་གྱི་ཆུང་མ་དབང་དུ་བྱ་བ་གཉིས་ཞེ་ལྔ་པ་ནས། ཡུལ་ཁམས་དབང་དུ་བྱ་བ་སོ་བརྒྱད་པ་ནས། ལྕེ་སྤྱང་ཞེས་པ་རྡོ་རྗེ་རིགས་ཀྱི་རྐང་མགྱོགས་བྱེ་བྲག་པ་སྟེ་ཞེ་གཅིག་པ་ནས། རྐང་མགྱོགས་སྤྱིར་སྒྲུབ་པ། དགྲ་བགེགས་གཞན་དུ་བསྐྲད་པ། མི་སྣང་བའི་གཟུགས་སྒྲུབ་པ། ལྷ་མོ་དང་ཀླུ་མོ་ཕྱག་རྒྱར་འགུགས་པ་རྣམས་སོ་བརྒྱད་པ་ནས། རྒྱལ་བློན་སྒྲུབ་པ། དམག་མང་མཐུ་ཆེན་སྒྲུབ་པ་དང་། ཞང་བློན་སྒྲུབ་པ་རྣམས་ཞེ་གཅིག་པ་ནས་བསྟན་ཏོ། །དེར་མ་ཟད་ཐུན་མོང་གི་དངོས་གྲུབ་འདི་ཉིད་རང་ནས་ཀྱང་བསྟན་ཏེ། ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག །འབྱུང་ལྔའི་དངོས་གྲུབ་ལྔ། ལས་ཕྲན་ཚེགས་བརྒྱད་དང་བཅས་པའོ། །དང་པོ་ནི། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ལོངས་སྤྱོད་འབྱུང་ཞིང་ངན་སོང་སྦྱོང་། །ཅིར་ཡང་གཞན་དུ་འགྱུར་བ་འགྲུབ། །ཅེས་སོ། །གཉིས་པ་ནི། ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་། །འབར་ནས་མེ་ཡང་འཚིག་པ་དང་། །ཆུར་འགྱུར་འབབ་པའང་དེ་བཞིན་ཏེ། །འཇིག་རྟེན་ཁམས་ནི་འཐོར་བ་དང་། །ཐམས་ཅད་སྟོང་ཞིང་ལྟུང་བར་འགྱུར། །ཞེས་སོ། །གསུམ་པ་ནི། དགུག་དང་བཏང་དང་བཅིང་དང་གྲོལ། །གསོ་དང་བསད་དང་ཕམ་དང་རྒྱལ། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་སོ། །གཉིས་པ་མཆོག་གི་དངོས་གྲུབ་ནི། ཁོག་གཞུང་ལས། ཡི་གེ་སྒྱུ་འཕྲུལ་ཚོགས་སྒྲུབ་དང་། །རྡོ་རྗེ་སེམས་དང་སྨན་སྒྲུབ་དང་། །རིགས་ལྔ་སྒྲུབ་དང་ཡུམ་ལྔ་སེམས། །བྱིན་དབབ་སྒྲུབ་པ་རྣམ་གཉིས་སོ། །ཞེས་སོ། །ཇི་ལྟར་སྒྲུབ་པའི་ཚུལ་ནི། ཞི་ཁྲོ་སོ་སོའི་ཆོག་གཞུང་རྣམས་དང་། བྱེ་བྲག་སོ་སོའི་སྒྲུབ་ཐབས་གུད་དུ་ཕྱུངས་པ་རྣམས་སོ། །གཙོ་བོར་སྒྲུབ་པ་ནི་ཚོམ་བུ་ཚོགས་ཀྱི་སྒྲུབ་པའོ། །བརྒྱད་པ་མི་གཡོ་བ་ཏིང་ངེ་འཛིན་ལའང་གསུམ་སྟེ། ངོ་བོ་ནི། ཧེ་རུ་ཀ་འདུས་པ་ལས། གང་དང་གང་དུ་གསལ་བའི་ཡིད། །མ་ཡེངས་པ་ནི་ཏིང་འཛིན་ཏེ། །ཞེས་པས། བསྒོམ་བྱའི་དོན་ཁྱད་པར་ཅན་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ལས་མི་གཡོ་བར་གནས་པའི་སེམས་རྩེ་གཅིག་པའོ། །ངེས་ཚིག་ནི། ས་མ་དྷིའི་སྒྲ་ལས་མཉམ་པའི་བློ་སྟེ། ས་མ་ནི་མཉམ་པ། དྷི་ནི་བློ་ལ་འཇུག་པ་ལས་གང་བསྒོམ་བྱའི་དོན་ལ་སེམས་རྩེ་གཅིག་ཏུ་ཟིན་པའི་དོན་གྱི་ན་ཏིང་ངེ་འཛིན་ནོ། །དབྱེ་ན། ཕྱི་མ་ཁ་ཆེའི་འགྱུར་ལས། ལྷ་ཡི་རྣམ་པར་སྦྱོར་བ་ཡིས། །ཟླ་བ་རྡོ་རྗེ་ལ་སོགས་རིམ། །བསྐྱེད་པའི་རིམ་པ་ཞེས་སུ་གྲགས། །རང་བཞིན་གྲུབ་པའི་རྣལ་འབྱོར་ཆེ། །རྫོགས་པའི་རིམ་པ་ཞེས་བྱར་བརྗོད། །ཅེས་པས། ཀུན་བརྟགས་བསྐྱེད་རིམ་གྱི་རྣལ་འབྱོར་དང་། ཡོངས་གྲུབ་རྫོགས་རིམ་གྱི་རྣལ་འབྱོར་གཉིས་ལས། དང་པོ་ལའང་། དེ་ལས། བསྐྱེད་རིམ་ལ་བརྟེན་སྐྱེ་གནས་ཏེ། །མངལ་སྐྱེས་ལ་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་པ་བཞི་རུ་འདོད། །ཅེས་པས་སྐྱེ་གནས་བཞིའི་བག་ཆགས་སྦྱོང་བ་དང་བསྟུན་ཏེ་སྒོམ་ཚུལ་བཞི་སྟེ། ཇི་སྐད་དུ། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་བཅས་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་པས། རྒྱས་བ་སྒོང་སྐྱེས། འབྲིང་མངལ་སྐྱེས། བསྡུས་པ་དྲོད་གཤེར་སྐྱེས། ཤིན་ཏུ་བསྡུས་པ་བརྫུས་སྐྱེས་ཏེ། །དེ་ལྟར་སྐྱེ་གནས་བཞིའི་བག་ཆགས་སྦྱོང་བའི་ཕྱིར། སྤྲོས་པ་རྒྱས་པ་དཀྱིལ་འཁོར་གྱི་འཁོར་ལོ་བདག་སྲས་དང་གཞན་སྲས་གཉིས་ཀྱི་སྒོ་ནས་བསྒོམ་པ་དང་། གཞན་ཡང་མངོན་བྱང་ལྔ་བསྐྱེད་དང་། །རྡོ་རྗེའི་ཆོ་ག་བཞི་བསྐྱེད་ལ་སོགས་པ་དང་། འབྲིང་པོ་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་ཏེ་ཆོ་ག་གསུམ་བསྐྱེད་ཀྱི་སྒོ་ནས་བསྐྱེད་པ་དང་། བསྡུས་པ་ཨ་ནུ་ཡོ་གའི་སྒོམ་ཚུལ་ལྟར་ས་བོན་ཙམ་ལས་བསྐྱེད་པ་དང་། བསྐྱེད་སྔགས་བརྗོད་པའི་རྐྱེན་གྱིས་བསྐྱེད་པའོ། །ཤིན་ཏུ་བསྡུས་པ་ཨ་ཏི་ཡོ་གའི་སྒོམ་ཚུལ་ལྟར་ཆུ་ལས་ཉ་ལྡང་བའི་ཚུལ་དུ་སྐད་ཅིག་དྲན་རྫོགས་ཀྱིས་ལྷའི་སྐུར་བསྐྱེད་པ་སྒོམ་ཚུལ་བཞིའོ། །རྫོགས་རིམ་ལ་སྟེང་སྒོ་འཛུ་འདུལ་དང་། འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ལ་བརྟེན་པ་དང་། གྲོལ་ལམ་ཟུང་འཇུག་གི་རྣལ་འབྱོར་རིམ་ཅིག་ཅར་གཉིས་ཀྱིས་བསྡུས་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནོ། །འོ་ན་ཐབས་ལམ་སྟེང་འོག་ལ། རྩ་འཁོར་གསལ་འདེབས་པ་དང་། ཡབ་ཡུམ་ལྷར་བསྐྱེད་པ་སོགས་ཀུན་བརྟགས་བསྐྱེད་རིམ་གྱི་ཆ་འདྲེས་པས་རྫོགས་རིམ་དུ་ཅིའི་ཕྱིར་འགྱུར་ཞེ་ན། བསྐྱེད་རྫོགས་གཉིས་ལམ་ཕན་ཚུན་གཅིག་ལ་གཅིག་ལྟོས་ཅན་ཡིན་པའི་ཕྱིར། ཐོག་མར་ཀུན་བརྟགས་བསྐྱེད་རིམ་གྱི་ཉམས་མྱོང་གཏན་ལ་འབེབས་པ་ལ་བཀྲི་བ་ཙམ་ལས། རང་གི་ངོ་བོ་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་ངོ་སྤྲོད་པར་བྱེད་པའི་ཐབས་རྣམ་པར་མི་རྟོག་པས་བསྡུས་པ་ཡོངས་གྲུབ་རྫོགས་རིམ་དུ་འགྱུར་བ་ཡིན་པས་སྐྱོན་མེད་དོ་གསུངས་སོ། །དགུ་པ་མཆོད་པ་ལའང་གསུམ་སྟེ། ངོ་བོ་ནི། ཐུགས་ཐིག་ལས། བྱ་བྱེད་བྱ་བ་བྱེད་འདུས་པས། །དགྱེས་ཚིམ་གྱུར་པའི་དངོས་པོ་ཉིད། །ཅེས་པས། མཆོད་པའི་ཡུལ་དུ་གྱུར་པ་རྣམས་བཀུར་ཞིང་མཆོད་པའི་བསམ་པས་སྒོ་གསུམ་གྱི་མཉེས་པ་སྒྲུབ་པ་དང་། ད་ལྟ་ཡོངས་གྲགས་ལྟར་སྤྱི་མིང་བྱེ་བྲག་ལ་བཏགས་པ་ཡོ་བྱད་སྟོབ་པའི་སྒོ་ནས་ཀྱང་མཉེས་པར་བྱེད་པའོ། །ངེས་ཚིག་ནི། པཱུ་ཛའི་སྒྲ་ལས། པཱུརྦ་ནི་སྔོན་དང་ཛ་ཏ་བསྐྱེད་པ་ལ་འཇུག་པས། བྱ་བ་གང་བསྒྲུབ་པ་རྣམས་ཀྱི་སྔོན་དུ་འགྲོ་བའི་རྒྱུ་མཚན་གྱིས་སྔོན་དུ་དགྱེས་པ་བསྐྱེད་པ་དང་། པཱུརྞ་པཱུརྞ་ནི་ཡང་དང་ཡང་། ཛ་ཏ་བསྐྱེད་པ་སྟེ། དེའི་སྒྲ་བསྡུས་པས་པཱུ་ཱུཛ་ཞེས་པ་ཡང་དང་ཡང་དུ་དགྱེས་པ་བསྐྱེད་པ་དང་། པཱུ་ཛའི་སྒྲ་གཟུགས་སོ་སོའི་དབང་དུ་བྱས་ན་བཀུར་བའི་དོན་གྱི་གནས་སུ་སྟོབ་པའི་ཕྱིར་མཆོད་པའོ། །དབྱེ་ན་སྤྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པ་གཉིས། དེ་གཉིས་ཀ་ལ་མཚུངས་པར་དམིགས་ཡུལ་ཞིང་གི་ཁྱད་པར། འབྲས་བུ་ལ་དམིགས་པའི་ཁྱད་པར། ཡོངས་སུ་བསྔོ་བའི་ཁྱད་པར། མཆོད་རྫས་དངོས་པོའི་ཁྱད་པར་དང་བཞི་ལས། དང་པོ་ནི། བླ་མ་དང་དཀོན་མཆོག་སོགས་འཇིག་རྟེན་ལས་འདས་པའི་མཆོད་ཡུལ། ཚངས་པ་དང་བརྒྱ་བྱིན་སོགས་འཇིག་རྟེན་པའི་མཆོད་ཡུལ་ལོ། །གཉིས་པ་ནི། མྱང་འདས་ཀྱི་རྒྱུར་འགྱུར་བ་ཐར་པ་ཆ་མཐུན་ཏེ་འདས་པ་དང་། འདི་ཕྱིའི་བདེ་འབྲས་ཀྱི་རྒྱུར་འགྱུར་བ་བསོད་ནམས་ཆ་མཐུན་ཏེ་འཇིག་རྟེན་པའི་མཆོད་པའོ། །གསུམ་པ་ནི། མཆོད་པ་དེ་ཉིད་མྱང་འདས་ཐོབ་ཕྱིར་བསྔོ་བ་འདས་པ་དང་། འདི་ཕྱིའི་བདེ་འབྲས་ཀྱི་ཕྱིར་བསྔོ་བ་འཇིག་རྟེན་པའོ། །བཞི་པ་ནི། ཐོས་བསམ་སྒོམ་གསུམ་ལ་སོགས་པ་འདས་པ། ཟང་ཟིང་གི་དངོས་པོ་ལ་སོགས་པ་འཇིག་རྟེན་པའི་འོ། །འོན་ཀྱང་སྤྱི་ཙམ་དུ་འདས་མ་འདས་ཀྱི་ཁྱད་པར་དེ་ལྟར་དབྱེ་བ་ཡིན་མོད་ཀྱང་། ཞིབ་ཏུ་ཕྱེ་ན་དེར་མ་ངེས་ཏེ། དཔེར་ན་ཡུལ་བླ་མ་དང་སངས་རྒྱས་ལྟ་བུ་ཞིག་ལ། དངོས་པོ་ཁྱད་པར་ཅན་ཐོས་བསམ་སྒོམ་གསུམ་གྱིས་མཉེས་པ་སྒྲུབ་པ་ལྟ་བུ་ཞིག །འདི་ཕྱིའི་བདེ་འབྱོར་རམ། ལྷ་མིའི་གོ་འཕང་ཙམ་དང་། ཡང་ན་ངན་སོང་གི་འཇིགས་པ་ལས་ཐར་པའི་ཆེད་དུ་བསྔོས་ན་བསོད་ནམས་ཆ་མཐུན་ཡིན་པས་འཇིག་རྟེན་པའི་མཆོད་པ་དང་། ཡུལ་དམན་པ་སྲང་མདོར་རྒྱུ་བའི་ཁྱི་ལྟ་བུ་ཞིག་ལ། དངོས་པོ་དམན་པ་ཟན་ཁམ་གཅིག་ཙམ་ཞིག་སྦྱིན་པ་དེ་ཉིད་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་སངས་རྒྱས་ཐོབ་ཕྱིར་དུ་བསྔོས་ན་ཐར་པ་ཆ་མཐུན་ཏེ་འཇིག་རྟེན་ལས་འདས་པའི་མཆོད་པའོ། །བྱེ་བྲག་ཏུ། ཕྱི་ཉེར་སྤྱོད། ནང་དམ་རྫས་བདུད་རྩི། གསང་བ་སྦྱོར་སྒྲོལ་ཟབ་མོ་སྟེ་གསུམ་ལས། དེ་ལ་ཕྱི་ཉེར་སྤྱོད་ནི། མེ་ཏོག་བདུག་སྤོས་ལ་སོགས་པ་སྟེ། དེ་དང་ཕྱི་མཆོད་ཅེས་པ་མདོ་སྔགས་གཉིས་ཀར་ཡོད་པ་མ་ཟད། འཇིག་རྟེན་དུའང་རྒྱལ་པོ་ནས་སྤྲང་པོའི་བར་ཐམས་ཅད་ཀྱིས་ཉེ་བར་སྤྱད་བྱ་ཡིན་པས་དེ་ལྟར་གྲགས་སོ། །ནང་དམ་རྫས་བདུད་རྩིའི་མཆོད་པ་ནི། བདུད་རྩི་རཀྟ་ལ་སོགས་པ་སྟེ། དེ་ནི་མདོ་ཡི་ཐེག་པར་མ་ཟད་སྔགས་ཕྱི་པ་ལའང་མེད་པའི་ནང་པ་བླ་མེད་ཁོ་ནའི་ཁྱད་ཆོས་སོ། །གསང་བ་སྦྱོར་སྒྲོལ་ཟབ་མོ་ཡང་དེས་མཚོན་ནོ། །སྐབས་དོན་ཉེ་བར་འབྲེལ་བ་ཞི་ཁྲོའི་ཆོ་ག་གཞུང་གི་དབང་དུ་བྱས་ན། ཞི་བ་ལ་ལྷག་ཏིང་དང་། ཁྲོ་བོ་ལ་དེ་ཚབ་རཀྟ་ཚར་གསུམ་གྱིས་བྱས་པའི་གུས་པ་ཕྱག་གི་མཆོད་པ་ལ་སོགས་བཅུ་བཞི་སྟེ། སྡོམས་སུ་སྟོན་ན། གུས་པ་ཕྱག་དང་ཕྱག་རྒྱ་གར། །ཀུན་བཟང་ཞབས་བསིལ་བཞི་བསྣོལ་ཏེ། །བདུད་རྩི་གཏོར་མ་གསང་བསྣན་དང་། །ལྷག་པ་ཏིང་འཛིན་སྒྲོལ་དང་སྦྱོར། །འདོད་ཡོན་རོལ་མོ་གླུ་ཡེ་ཤེས། །ཞེས་སོ། །དེ་ལ་སོགས་ཏེ་མཆོད་པའི་རྣམ་གྲངས་ཇི་སྙེད་པ་རྣམས་སོ། །བཅུ་པ་སྔགས་དང་ཕྱག་རྒྱ་ལའང་གསུམ་སྟེ། ངོ་བོ་ནི། ཐུགས་ཐིག་ལས། ཡི་གེ་འདུས་པ་གྲུབ་པ་བཞི། །མཐུ་ཅན་རེད་པ་གང་ཡིན་པ། །བཞི་རྫོགས་ཉིད་ལས་མི་འདའ་བ། །གང་བ་སྣང་བ་དེ་ངོ་བོ། །ཞེས་པས་ཐབས་ཤེས་ཀྱི་ཡི་གེ་ཨ་ལི་ཀ་ལིར་འདུས་ཤིང་གྲུབ་པ་བཞིས་བྱིན་གྱིས་བརླབས་པས་ནུས་པ་མཐུ་ཅན་དུ་གྱུར་པ་ནི་སྔགས་ཀྱི་ངོ་བོའོ། །གྲུབ་པ་བཞི་ནི། ཆོས་ཉིད་ངོ་བོ་ཉིད་ཀྱིས་གྲུབ་པ། ཆོས་ཅན་རང་བཞིན་གྱིས་གྲུབ་པ། བྱིན་གྱིས་བརླབས་ཀྱིས་གྲུབ་པ། མཐུས་གྲུབ་པ་དང་བཞིའོ། །རིག་པ་ཕྱག་རྒྱ་བཞི་རྫོགས་ཀྱི་ལྷ་ཡི་སྐུར་གསལ་བ་ལས་མི་འདའ་བ་ནི་ཕྱག་རྒྱའི་ངོ་བོའོ། །ངེས་ཚིག་ནི། མནྟྲའི་སྒྲ་ལས་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པའི་དོན་གྱིས་སྔགས་ཏེ། དེ་ལ་བདེ་བའི་སྒོ་ནས་སྐྱོབ་པའི་དོན་ནི། ཇི་སྐད་དུ། འདོད་པའི་ལོངས་སྤྱོད་ལྔ་པོ་ལ། །ཅི་བདེ་བར་ནི་སྤྱོད་པས་འགྲུབ། །ཅེས་སོ། །མྱུར་པ་ནི། གྲངས་མེད་གསུམ་ལ་སོགས་པའི་ཚོགས་གསོག་མི་དགོས་པར། ཐབས་ལ་མཁས་པའི་སྟོབས་ཀྱིས་ཚེ་གཅིག་གིས་ས་ལམ་རྫོགས་པ་་ཡོད་དེ། མདོ་སྡེ་རྒྱན་ལས། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་དང་། འདི་ཉིད་ལས། བླ་མེད་ཐེག་པ་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། །བྱས་ལ་མི་གསོག་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་གསུངས་སོ། །ཕྱག་རྒྱའི་ངེས་ཚིག་ནི། མུ་དྲའི་སྒྲ་ལས་འདེབས་ཤིང་མཚོན་པར་བྱེད་པ་སྟེ། ཕྱག་རྒྱ་བཞིས་རྒྱས་བཏབ་པ་ལས་འདའ་བར་དཀའ་བའི་ཕྱིར་མཚན་མའི་དོན་གྱིས་ན་ཕྱག་རྒྱའོ། །དེ་ལ་དབྱེ་ན། སྔགས་ལ་གསང་སྔགས་རིག་སྔགས་གཟུགས་སྔགས་དང་གསུམ་ལས། དང་པོ་ནི། ཐབས་དང་ཤེས་རབ་ཀྱི་བདག་ཉིད་དེའི་སྒོ་ཡིག་འབྲུར་སྣང་བ་གསང་སྔགས་ཏེ་ངག་ཏུ་རྗོད་པར་བྱེད་པའི་ལས་ཀྱིས་ལོག་རྟོག་གི་གཉེན་པོར་གྱུར་པའོ། །གཉིས་པ་ནི། ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་དངོས་པོའི་དོན་རིགས་པར་བྱེད་པའི་ལས་ཀྱིས་མ་རིག་པའི་གཉེན་པོར་གྱུར་པའོ། །གསུམ་པ་ནི། དྲན་པ་དང་ཤེས་རབ་ཀྱི་བདག་ཉིད་ཚིག་དོན་མི་བརྗེད་པར་འཛིན་པའི་ལས་ཀྱི་དྲན་ཉམས་ཀྱི་གཉེན་པོར་གྱུར་པའོ། །དེ་གསུམ་མཚོན་པའི་རྟགས་ལྷར་སྣང་ཚུལ་ཡང་། གསང་སྔགས་རྣམས་ལྷ་ཕོའི་དབྱིབས་དང་། ཕྱི་མ་གཉིས་ལྷ་མོའི་གཟུགས་སུ་འབྱུང་ཞེས་འབྱུང་ངོ་། །བྱེ་བྲག་ཏུ་གསལ་བཀྲ་ལས། རྩ་བ་བསྐྱེད་དང་ལས་སྔགས་དང་། །ཞེས་པས། རྒྱུ་མ་ནོར་བ་རྩ་བའི། བསྐྱེད་པ་རྐྱེན་གྱི། བཟླས་པ་ལས་ཀྱི་སྔགས་དང་གསུམ་ལས། དང་པོ་ནི། དེ་དག་རྫོགས་རིམ་དང་སྦྱར་ཏེ་བཤད་ན། ཆོས་སྐུ་བདེ་ཆེན་གྱི་ཐིག་ལེ་རང་ལ་རང་ཆས་སུ་བཞུགས་པ་རྒྱུ་མ་ནོར་བ་རྩ་བའི་སྔགས། དེ་ལ་གནད་དུ་བསྣུན་པའི་ཐབས་ཀྱི་བྱེད་རྩོལ་ནི་བསྐྱེད་པ་རྐྱེན་གྱི་སྔགས། དེ་བཟླ་ཞིང་བསྒོམས་པ་བཟླས་པ་ལས་ཀྱི་སྔགས་སོ། །ཕྱག་རྒྱ་ལའང་རྟོག་ཚོགས་ཐམས་ཅད་གདོད་མ་ནས་ལྷའི་དཀྱིལ་འཁོར་དུ་གནས་པ་རང་བཞིན་གྱི་ཕྱག་རྒྱ། དེའི་དོན་ལ་ཤེས་རབ་ཀྱི་མིག་གིས་བལྟ་ཞིང་སྒྲོ་འདོགས་གཅོད་པ་ལྟ་བའི་ཕྱག་རྒྱ། རང་འབྲས་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་འབྲས་བུའི་ཕྱག་རྒྱའོ། །ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ནི། །གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ནི་ཕྱག་རྒྱ་ཆེན་པོ་བཞི། །ཞེས་པས་ཕྱག་རྒྱ་བཞི་ལྡན་ཏེ། །ནང་གསེས་སུ་ཕྱེ་ན་བདུན་ལྡན་དུའང་འགྱུར་བ་ཡིན་ནོ། །དེ་ལ་དབྱེ་ན་ཞི་ཁྲོ་གཉིས་ལས། དང་པོ་ཞི་བ་ལ། ཕྱག་རྒྱའི་རྒྱུ་དང་། དེ་ལས་འབྱུང་བའི་རིགས་ལྔའི་དམ་རྒྱ། དེ་ལས་འཕྲོས་པ་ལྷ་སོ་སོའི་ཕྱག་རྒྱའོ། །དང་པོ་ནི། འགྲེལ་ཆུང་ལས། དབུ་ནི་བདེ་གཤེགས་རྣམ་སྣང་ཉིད། །ལག་གཡས་རྡོ་རྗེ་མི་བསྐྱོད་པ། །ལག་གཡོན་རིན་ཆེན་སེམས་དཔའི་རིགས། །རྐང་གཡོན་ཆོས་ཀྱི་སེམས་དཔའ་སྟེ། །རྐང་གཡས་ལས་ཀྱི་སེམས་དཔའོ། །ཞེས་གསུངས་པ་ལྟར། ཡན་ལག་ལྔ་རིགས་ལྔར་གསལ་བའི་ཉིང་ལག་གི་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེ་ལ་རིགས་ལྔ་ཡབ་ལྔའི་ས་བོན་བཀོད། ལག་གཡོན་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་ལྔར་ཡུམ་ལྔའི་ས་བོན་བཀོད་ནས་ཐལ་མོ་སྦྱར་བ་ནི་ཕྱག་རྒྱའི་རྒྱུ་རྡོ་རྗེའི་ཐལ་མོ་ཞེས་བྱ་སྟེ། ཐལ་རྒྱུད་ལས། མི་བསྐྱོད་རྡོ་རྗེ་རྩེ་ལྔ་ལ། །ཉི་མའི་ཐིག་ལེ་ཡི་གེ་ལྔ། །རཏྣ་པར་བུའི་ཉིང་ལག་ལ། །ཟླ་བའི་ཐིག་ལེ་ཡི་གེ་ལྔ། །ཐིག་ལེ་ཐབས་ཤེས་ལྔ་ཉིད་རྣམས། །འཕྲད་པའི་དུས་ན་རང་སྣང་བ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་། །ཞེས་སོ། །གཉིས་པ་ནི། ཨཱོཾ་དང་མཱུཾ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །ཞེས་པས་བསྟན། གསུམ་པ་དེ་ལས་འཕྲོས་པ་ལྷ་སོ་སོའི་ཕྱག་རྒྱ་ནི། འདི་ཉིད་ལས། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུཾ་སྒྲེང་རྩེ་མོར་རྡོ་རྗེ་འབར། །ཞེས་པ་ལ་སོགས་པ་རྣམས་ཀྱིས་བསྟན་ནོ། །གཉིས་པ་ཁྲོ་བོའི་ཕྱག་རྒྱ་ནི། རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །དབུས་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི། །ཞེས་སོགས་ཀྱིས་ཁྲག་འཐུང་རིགས་ལྔ་དང་། གནས་ཡུལ། སྒོ་སྐྱོང་། དབང་ཕྱུག་རྣམས་ཀྱི་ཕྱག་རྒྱ་རིམ་བཞིན། གནས་དང་ཡུལ་གྱི་ཕྱག་རྒྱ་ནི། །རྒྱུད་གཞན་དག་དང་མཐུན་པར་བཤད། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །འཇིག་རྟེན་འདས་མདོ་ཆེ་ལས་བཤད། །ཅེས་སོ། །དེ་དག་ཀྱང་ཕྱག་རྒྱ་བཞི་ལྡན་ཏེ། ལྷ་ཡི་སྐུར་གསལ་བ་ཕྱག་ཆེན། ཐུགས་ཀར་རང་རང་གི་ས་བོན་བསམ་ཞིང་ངག་ནས་སྔགས་ཚིག་བརྗོད་པ་ཆོས་རྒྱ། ཕྱག་མཚན་འཛིན་པའི་ཕྱག་རྒྱ་བཅའ་ཞིང་བསམ་པ་དམ་རྒྱ། ཕྱག་རྒྱ་བཅས་ནས་མདུན་དུ་བསྒྱུར་ཏེ་དགྲོལ་བ་ལས་རྒྱའོ། །དེ་ལྟར་ཡང་ཧེ་རུ་ཀ་འདུས་པ་ལས། སྐུ་ནི་ཕྱག་རྒྱ་ཆེན་པོ་དང་། །གསུང་ནི་ཆོས་ཀྱི་ཕྱག་རྒྱ་དང་། །ཐུགས་ནི་དམ་ཚིག་ཕྱག་རྒྱ་དང་། །ཕྲིན་ལས་ལས་ཀྱི་ཕྱག་རྒྱའོ། །ཞེས་གསུངས་པ་ལྟར་རོ། །བཞི་པ་རྒྱུད་ཀྱི་དགོས་འབྲེལ་ལའང་གསུམ་སྟེ། ངོ་བོ་ནི། ཐུགས་ཐིག་ལས། བརྗོད་འབྲེལ་དགོས་པ་ཡང་དགོས་དང་། །རྒྱུ་རྐྱེན་ཡན་ལག་བཞི་རུ་འགྱུར། །ཞེས་པས་དགོས་སོགས་ཆོས་བཞི་ལས། མཚོན་བྱ་རང་བཞིན་གྱི་རྒྱུད་གནས་ལུགས་དེ་བཞིན་ཉིད་ནི་བརྗོད་བྱ་སྟེ། ཁོག་གཞུང་ལས། མཚོན་བྱ་རང་བཞིན་གཞི་ཡི་རྒྱུད། །ཅེས་སོ། །དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་སྒྲར་སྣང་ཞིང་སྒྲར་གྲགས་པ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ནི་རྗོད་བྱེད་དེ། སྔ་མ་ལས། སྒྲོ་སྐུར་མེད་པ་བསྟན་པ་ནི། །མཚོན་བྱེད་སྒྱུ་འཕྲུལ་དྲྭ་བ་སྟེ། །ཞེས་སོ། །རྗོད་བྱེད་ལ་བརྟེན་ནས་བརྗོད་བྱའི་དོན་གོ་བ་ནི་དགོས་པ་སྟེ། སྔ་མ་ལས། མཛུབ་མོས་རི་བོང་ཅན་བཞིན་ནོ། །ཞེས་སོ། །དེ་ལྟར་ཤེས་ནས་བསྐྱེད་རྫོགས་ཀྱི་དོན་ཉམས་སུ་བླངས་པས་ཉིང་དགོས་ཕྲ་མོ་ཐུན་མོང་གི་དངོས་གྲུབ་དང་། ཉིང་དགོས་མཆོག་སློབ་པ་དང་མི་སློབ་པའི་ཟུང་འཇུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་གྱུར་པ་སྟེ། སྔ་མ་ལས། དགོས་པའི་དགོས་པ་འབྲས་བུ་ཉིད། །ཅེས་སོ། །འབྲེལ་བ་ནི། ཤུགས་ལ་བསྟན་པས་གོ་སླའོ། །ངེས་ཚིག་ནི། ཅིའི་ཕྱིར་རྒྱུད་ཀྱི་དགོས་འབྲེལ་ཞེས་བྱ་ཞེ་ན། དེ་ལྟར་དགོས་སོགས་ཆོས་བཞི་པོ་དེ་ནི་ཕན་ཚུན་འབྲེལ་བ་ཅན་དུ་གྲུབ་པའི་ཕྱིར་ཏེ། ཐོབ་བྱ་མཐར་ཐུག་གི་འབྲས་བུ་སྒྲུབ་པ་ལ་མེད་ན་མི་འབྱུང་གི་འབྲེལ་བར་གྲུབ་པའི་ཕྱིར་རོ། །དབྱེ་ན། གྲོལ་ལམ་དབང་བཙན་དུ་བྱས་པ་དང་། ཐབས་ལམ་དབང་བཙན་དུ་བྱས་པ་གཉིས་ལས། དང་པོ་ནི། སྔར་ངོ་བོའི་སྐབས་སུ་བཤད་པ་ལྟར་ཡིན་ལ། གཉིས་པ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མ་ནས་རང་ལ་རང་ཆས་སུ་བཞུགས་པ་ནི་མཚོན་བྱ་རང་བཞིན་གཞིའི་རྒྱུད་དོ། །དེ་ཉིད་རྟོགས་བྱེད་ཀྱི་མན་ངག་ཐིག་ལེ་ཆེན་པོ་ཐབས་དང་བཅས་པ་ནི་མཚོན་བྱེད་ལམ་རྐྱེན་ཡི་གེ་རྒྱུད་དོ། །དེའི་དོན་ཉམས་སུ་བླངས་པས་བདེ་ཆེན་གྱི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ནི་དགོས་པའོ། །དེ་ལ་གོམས་པར་བྱས་པས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཆེན་པོ་མངོན་དུ་བྱས་པ་ཉིང་དགོས་སོ། །ལྔ་པ་འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་ལ་གསུམ་སྟེ། ངོ་བོ་ནི། བསྟན་པའི་སྙིང་པོ་རང་བཞིན་གསང་བའི་སྙིང་པོ་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་དང་བཅས་པ་འདི་ཉིད་མི་ཉམས་ཤིང་བསྲུང་བའི་ཆེད་དུ་འཁོར་རྣམས་ལ་གདམས་ཤིང་གཏད་པའོ། །ངེས་ཚིག་ནི། རང་བཞིན་གཞིའི་རྒྱུད་ཀྱི་དོན་ལས་མི་འགྱུར་བར་གདམས་པ་དང་། ལམ་གྱི་རྒྱུད་དེ་གཞི་རྟོགས་བྱེད་ཀྱི་ཐབས་སུ་མི་ནུབ་པར་ཟུངས་ཤིག་ཅེས་གཏད་པའང་ཡིན་པའི་ཕྱིར་ན་གདམས་གཏད་ཅེས་བྱའོ། །དབྱེ་ན་གཉིས་ལས། དང་པོ་གདམས་པ་ནི། གཞི་རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས་པ། ལོག་རྟོག་འཁྲུལ་པའི་སྣང་བ་དག་བྱར་གདམས་པ། གདུལ་བྱ་ལམ་གྱི་སྣང་བ་བསྒྲོད་བྱར་གདམས་པ། འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པ་རྣམས་རིམ་བཞིན་སྟོན་པ་སྟེ། ཀྱེ་ཀྱེ། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་དང་། གཟུང་འཛིན་སྤྲོས་ལ་འཆེལ་བ་ཡིས། །རྣམ་རྟོག་ཞགས་པས་སོ་སོར་འཛིན། །ཅེས་དང་། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་དང་། ཡེ་ཤེས་ངོ་མཚར་རབ་འབྱམས་ཀྱིས། །དོན་དུ་མི་འགྱུར་ཡོངས་མ་གསུངས། །ཞེས་པ་རྣམས་ཀྱིས་བསྟན་ཏོ། །གཉིས་པ་གཏད་པ་ནི། ཁོག་གཞུང་ལས། སྡུད་པ་པོ་དང་བུད་མེད་དང་། །རྣལ་འབྱོར་མིག་ལྡན་སོགས་ལའོ། །ཞེས་པ་ལྟར་གསུམ་ལས། དང་པོ་སྡུད་པ་པོ་ལ་གཏད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་ཡི་བསྡུ་བ་པོ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་གཏད་པ་སྟེ། འདི་ཉིད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །སྒྲོ་དང་སྐུར་བ་ཞི་བ་ཡི། །གསང་བ་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་སོ། །གཉིས་པ་ཕྱི་རབས་ཀྱི་གང་ཟག་ལ་གཏད་པ་ལ་གཉིས་ལས། གང་ཟག་ཆོས་མིག་ཅན་ལ་གཏད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་ངེས་པ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་སོ། །གཉིས་པ་ངེས་པར་ལུང་བསྟན་པའི་སྒོ་ནས་གཏད་པ་ནི་འཐད་པ་དང་བཅས་པ་ནི། འདི་ཉིད་ལས། དེ་ནི་ངེས་པར་ལུང་བསྟན་ཏེ། །སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ས་རབ་རིག་པ་འཛིན་ལ་གནས། །ཞེས་སོ། །གསུམ་པ་མ་མོ་དང་མཁའ་འགྲོ་མ་རྣམས་ལ་གཏད་པ་ནི། རྒྱས་པ་ལས། ང་ཡི་ཐུགས་ཀྱི་སྙིང་པོ་འདི། །ཕྱོགས་བཅུ་ཀུན་ཏུ་སྤེལ་བ་དང་། །དེ་ཡི་གཟུངས་ལ་གཏད་པ་ནི། །ཡིད་བཞིན་མཛོད་འབྱོར་བཀའ་ཡི་གནས། །བསྟན་པ་འཛིན་པར་ནུས་པ་ལ། །གསང་བའི་སྙིང་པོ་མཆོག་ཏུ་གཏད། །ཅེས་མ་མོ་དང་མཁའ་འགྲོ་རྣམས་ལ་བསྟན་པ་སྐྱོང་ཞིང་ཕྱོགས་བཅུར་སྤེལ་བར་གཉེར་གཏད་པའོ། །གཉིས་པ་ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བ་ལ་གསུམ་ལས། ངོ་བོ་ནི། རྒྱུད་ཕྱི་མ་ལས། གང་གི་བརྗོད་བྱ་འཆད་བྱེད་པ། །དེ་ནས་རྗོད་བྱེད་དུ་བཤད་དོ། །ཞེས་པས། བརྗོད་བྱ་འཆད་པར་བྱེད་པ་ནི་རྗོད་བྱེད་ཀྱི་རྒྱུད་དེ། སྒྲར་སྣང་ཞིང་སྒྲར་གྲགས་པའི་མཚན་ཉིད་ཅན་སྒྲ་ཡི་རྒྱུད་དམ་གླེགས་བམ་དུ་སྣང་བ་ཡི་གེའི་རྒྱུད་དུ་གྲགས་པ་གང་ཡིན་པའོ། །དེ་ཡང་ངོ་བོ་ཚོགས་པ་གསུམ་ལྡན་ཏེ། གདུང་འདེགས་ཀྱི་ཤིང་ལ་ཀ་བ་ཞེས་འདོགས་པ་ལྟ་བུ་ཆོས་གང་ལ་སྒྲ་གང་ཞིག་དེ་ཉིད་ཡིན་པ་ལྟ་བུར་བཏགས་ནས་བརྗོད་པ་ནི་མིང་ཡིན་ལ། མིང་དེ་མང་པོ་འདུས་པ་ནི་མིང་གི་ཚོགས་ཏེ། མངོན་བརྗོད་ཀྱི་བསྟན་བཅོས་ལྟ་བུའོ། །མིང་དེ་ཉིད་ཡན་དུ་མ་བཅུག་པར་དང་པོ་ངོ་བོ་ཙམ་སྟོན་པ། གཉིས་པ་ལས་དང་བྱ་བ་ལ་སོགས་པ་རྣམ་དབྱེ་རྣམས་ཀྱི་བྱེ་བྲག་སོ་སོར་ཕྱེ་ནས་ཆོས་དང་དེའི་དོན་གྱི་ཁྱད་པར་སྟོན་པ་ནི་ཚིག་ཡིན་ཏེ། རྟ་བབས་ཀྱི་སྟེང་ན་ཆོས་འཁོར་གདུགས་དང་བཅས་པའི་གཡས་གཡོན་ན་རི་དྭགས་ཕོ་མོས་བརྟེན་པ་ཞེས་པ་ལྟ་བུའོ། །མིང་ཚིག་དེ་གསལ་བར་བྱེད་པའི་འབྲུ་ལ་ནི་ཡི་གེ་ཞེས་བྱའོ། །དེ་ལྟར་ཡི་གེ་འདུས་པ་ལས་མིང་། མིང་འདུས་པ་ལས་ཚིག །དེ་འདུས་པ་ལས་ཚིགས་སུ་བཅད་པ་དང་སྤེལ་མ་ལ་སོགས་ཏེ་གཞུང་ཚོགས་ཡི་གེའི་རྒྱུད་གྲུབ་པ་ཡིན་ཏེ། འདི་ཉིད་ལས། ཡི་གེ་སྒྲ་བཏགས་མིང་ཚོགས་ལས། །བརྟེན་པའི་ཚིག་གི་རབ་མཚོན་ཏེ། །ཞེས་གསུངས་པའི་ཕྱིར་རོ། །ངེས་ཚིག་ནི། ཅིའི་ཕྱིར་སྒྲའི་རྒྱུད་ཅེས་བྱ་ཞེ་ན། བརྗོད་བྱའི་དོན་དེ་ཉིད་རྟོགས་བྱེད་ཀྱི་ཐབས་རྗོད་བྱེད་ཀྱི་སྒྲར་སྣང་ཞིང་སྒྲར་གྲགས་པའི་དོན་གྱིས་ན་སྒྲ་དང་ཚིགས་སུ་བཅད་པ་སོགས་གཞུང་གི་ཚོགས་རྒྱུན་ཆགས་པའམ། གླེང་གཞི་ལ་སོགས་པ་ལྔ་རྒྱུ་རྐྱེན་འབྲས་བུའི་ཚུལ་དུ་འབྲེལ་བས་ན་རྒྱུད་དོ། །གཞན་དུ་ན་བརྗོད་བྱ་ལ་རྒྱུད་ཀྱི་མིང་ཐོབ་པས་རྗོད་བྱེད་ལའང་རྒྱུད་ཅེས་བཏགས་སོ། །དབྱེ་ན། རྩ་བའི་རྒྱུད་འཆད་གཞིར་གྱུར་པ་དང་། འཆད་བྱེད་དུ་གྱུར་པ་བཤད་པའི་རྒྱུད་གཉིས་སོ། །རྩ་བའི་རྒྱུད་ཉིད་ལའང་ཚིག་གི་ཚོགས་པ་ལེའུ་ཉི་ཤུ་རྩ་གཉིས་སུ་བཅད་དེ་གནས་ལ། དེ་ཡང་ལེའུ་དང་པོས་ལོངས་སྐུའི་གླེང་གཞི། གསུམ་པས་སྟོད་ཀྱིས་སྤྲུལ་སྐུ་འགྲོ་འདུལ་གྱི་གླེང་གཞི། བཅོ་ལྔ་པས་ཁྲོ་བོའི་གླེང་གཞི་སྟེ། དེ་རྣམས་ཀྱིས་རྒྱུ་གླེང་གཞིའི་རྣམ་བཞག་བསྟན། ལེའུ་གཉིས་པས་རྐྱེན་གླེང་བསླང་བ། ལེའུ་གསུམ་པའི་སྨད་ནས་ཉེར་གཅིག་པ་ཡན་ཆད་ཀྱིས་འབྲས་བུ་ཡོངས་ཤེས་རྒྱུད་དོན་དེ་དག་ལ་ཁྱབ་བྱེད་དུ་དགོས་འབྲེལ་དང་། ལེའུ་ཐ་མས་གདམས་གཏད་རྣམས་སྟོན་ཅིང་། ཡོངས་སུ་ཤེས་པར་བྱ་བ་རྒྱུད་དོན་ལའང་རྒྱུད་ཀྱི་དངོས་པོ་བཅུའི་སྟོན་ཚུལ་ནི། ལེའུ་གསུམ་པའི་སྨད་དང་བཅུ་གཅིག་པའི་དབུར་ལྟ་བ་གཏན་ལ་འབེབས་ཚུལ་བསྟན་པ་སོགས་ལེའུ་དུ་མ་ནས་དུམ་ཆ་དུམ་ཆས་དང་པོ་ལྟ་བའི་རྣམ་བཞག་སྟོན་པ་ལ་སོགས་ཏེ་ལེའུ་གང་དང་གང་གིས་རྒྱུད་ཀྱི་དངོས་པོ་བཅུ་ཇི་ལྟར་སྟོན་ཚུལ་གཙོ་ཆེ་ཆུང་གི་སྒོ་ནས་གཞུང་ཉིད་ལ་ཞིབ་མོར་དཔྱད་པས་ཤེས་པར་འགྱུར་ཞིང་། ཞི་ཁྲོ་སྤྱི་བྱེ་བྲག་གི་ཆོས་རྣམས་ལེའུ་གང་དང་གང་གིས་སྟོན་ཚུལ་ཡང་། ཞི་བ་སྟོན་པའི་ལེའུ་དགུ། ཁྲོ་བོ་སྟོན་པའི་ལེའུ་ལྔ། ཞི་ཁྲོ་ཐུན་མོང་དུ་བསྟན་པའི་ལེའུ་བརྒྱད་དེ། དེ་དག་གི་ཚུལ་བློ་གྲོས་དང་ལྡན་པས་སྤྲོ་ན་ཞིབ་ཏུ་བསྙད་པས་ཆོག་གོ། །སྨྲས་པ། དཔལ་ལྡན་གསང་བ་སྙིང་པོའི་རྒྱུད་དོན་གནད། །བླ་མའི་ཞལ་གསུང་བདུད་རྩིའི་ཉིང་ཁུ་འདི། །བདག་བློའི་སྙིང་གི་ཡོལ་གོར་ཆ་ཤས་ཙམ། །འཁྱིལ་བ་བརྗེད་པར་ཕངས་ནས་ཡི་གེར་བཀོད། །དེང་སང་འདི་ལ་སུ་ཞིག་དགའ་བ་སྐྱེ། །དེ་བས་ཟང་ཟིང་བྲེ་གང་ཙམ་གྱིས་མགུ། །འོན་ཀྱང་མ་འོངས་ཆོས་མིག་ཅན་རྣམས་དང་། །རིགས་སད་ལམ་འདིར་འཇུག་འདོད་སྐྱེས་བུ་ལ། །ཕན་པའི་ཕྱིར་དང་གཏེར་ཆེན་བླ་མ་ཡི། །ལུང་རྟོགས་བསྟན་ལ་བྱ་བ་བྱས་སམ་སྙམ། །དེ་ལྟར་བཀོད་པའི་དགེ་བས་འགྲོ་བ་ཀུན། །ཀུན་ཀྱང་རྒྱུད་དོན་བདུད་རྩིའི་ཉིང་ཁུ་ལ། །ཀུན་ཏུ་སྤྱོད་པའི་སྐལ་བཟང་དགའ་སྟོན་གྱིས། །ཀུན་མཁྱེན་གོ་འཕང་མྱུར་དུ་ཐོབ་པར་ཤོག །ཅེས་པ་འདི་ཡང་གནམ་སའི་དབང་ཕྱུག་ཆོས་ཀྱི་རྒྱལ་པོ་ཆེན་པོ་མི་དབང་འགྱུར་མེད་བསོད་ནམས་སྟོབས་རྒྱལ་གྱི་དབུ་ཡི་བླ་མཆོད་དུ་བཞུགས་པ་ལུགས་གཉིས་ལ་མངའ་དབང་འབྱོར་བའི་གྲུབ་པའི་དབང་ཕྱུག་མངའ་བདག་རིག་འཛིན་རྒྱ་མཚོའི་གསུང་གིས་ཡང་ཡང་བསྐུལ་ཞིང་བྲི་གཞིའི་རྐྱེན་སྦྱར་བ་དང་བཅས་པས། ལུགས་འདི་ལ་དོན་གྱི་སླད་དུ་མཚན་ནས་སྨོས་ན་བདག་གི་མཁན་པོ་ངག་དབང་ཆོས་དཔལ་རྒྱ་མཚོའི་དྲུང་དུ་རྒྱུད་ཀྱི་བཤད་པ་ལོ་བཅུ་གཉིས་ཀྱི་བར་དུ་ལོ་རེར་ཚར་གཉིས་རེ་དང་། དེ་རྗེས་ནས་ཀྱང་ལོ་ཤས་ནོད་པ་ཅུང་ཟད་བློ་ཡུལ་དུ་བཅག་པ་སྨིན་གླིང་གྲྭ་བའི་ཐ་ཤལ་བ་ཤཱཀྱའི་དགེ་སློང་ཨོ་རྒྱན་ཆོས་གྲགས་ཀྱིས་རང་ལོ་ང་ལྔ་པ་ལྕགས་ཁྱི་ཧོར་ཟླ་བཞི་པ་བདག་ཅག་གི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཆེན་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་རང་གི་གྲྭ་ཁང་དུ་རྫོགས་པར་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།