cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་རེ་དྲུག་པ།

གླེགས་བམ། ཆུ༽

ལོ་ཆེན་དྷརྨ་ཤྲཱི།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་གསང་བདག་ཞལ་ལུང་།

ཕྱི་དུམ།
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་གསང་བདག་ཞལ་ལུང་ཞེས་བྱ་བའི་སྨད་ཆ་བཞུགས་སོ། །གསུམ་པ་འབྲས་བུ་ཡོངས་ཤེས་རྒྱུད་དོན་བཤད་པ་ལ། རྒྱུད་ཀྱི་དངོས་པོ་ལ་འཇུག་པའི་གཞུང་མཚམས་ངོས་བཟུང་། གཞུང་གི་བབས་བདེ་བླག་ཏུ་རྟོགས་པའི་ཆེད་དུ་ལེའུ་སོ་སོས་དོན་འདི་སྟོན་གྱི་བསྡུ་བ་བཤད། ཇི་ལྟར་བསྡུས་པའི་དོན་གཏན་ལ་དབབ་པའོ། དང་པོ་ལ། བཞེད་ཚུལ་མི་འདྲ་བ་གསུམ་སྟེ། །སློབ་དཔོན་ཆེན་པོ་སྒེག་པ་ནི། །ལེའུ་གསུམ་པའི་སྟོད་ཡན་ཆད་ཀྱི་སྤྱི་དང་ཁྱད་པར་གྱི་རྒྱུ་རྐྱེན་རྫོགས་ནས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ་མན་ཆད་ལེའུ་ཕྱེད་དང་བཅུ་དགུས་རྒྱུད་ཀྱི་དངོས་པོ་བསྟན་པར་བཞེད་དེ། སྤར་ཁབ་ལས། དེ་ཡན་ཆད་དུ་རྒྱུད་ཀྱི་རྒྱུ་རྐྱེན་ཚང་ནས། གསུམ་པའི་དང་པོ་ལྟ་བ་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ལ་སོགས་པ་གསུངས་ཏེ། ཅེས་སོ། །སློབ་དཔོན་ཆེན་པོ་བི་མ་ལས་ནི་ལེའུ་གཉིས་པའི་ཡབ་ཡུམ་གྱི་གླེང་བསླང་བས་རྒྱུ་རྐྱེན་རྫོགས་ནས། དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས། ཞེས་པ་མན་ཆད་ཀྱིས་རྒྱུད་དོན་བསྟན་པར་བཞེད་དེ། འགྲེལ་ཆུང་ལས། དེ་ནས་རྒྱལ་མཆོག་རྫོགས་སངས་རྒྱས། །བཙུན་མོའི་ཚོགས་དང་གཉིས་སུ་མེད། །རྣམ་གཉིས་གླེང་དོན་ཐུགས་ཆུད་དེ། །གཞུང་དོན་རྣམ་པར་བཤད་པ་མཛད། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །རྟོག་དཔྱོད་རྣམ་པ་ཉི་ཤུ་ཡིས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །ཐོག་མར་འགྲོ་བའི་ལམ་མཆོག་ཡིན། །ཞེས་སོ། །རོང་ཟོམ་ཆེན་པོ་ནི། ལེའུ་དང་པོར་གླེང་གཞི། གཉིས་པར་ཀུན་བཟང་ཡབ་ཡུམ་གྱི་གླེང་བསླང་དང་དེ་མ་རྟོགས་པའི་འགྲོ་བ་ལ་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་པ། གསུམ་པར་དེའི་བྱིན་རླབས་ཐུབ་དྲུག་སྤྲོས་ཏེ་འདུལ་བ་བཞིས་འགྲོ་དོན་མཛད་ཚུལ་བསྟན་ནས། ལེའུ་བཞི་པ་མན་ཆད་ཀྱིས་རྒྱུད་ཀྱི་དངོས་པོ་བསྟན་པར་བཞེད་དོ། །འོ་ན་འདིར་གང་གཞག་སྙམ་ན། ལུགས་དེ་གསུམ་ཀ་གང་ལྟར་བཤད་ཀྱང་འགལ་བར་མ་མཐོང་ཞིང་འཆད་བདེ་མོད་ཀྱི། འོན་ཀྱང་འདིར་བཀའ་སྡེ་ཟུར་པའི་བཤད་སྲོལ་གྱི་མན་ངག་དབང་བཙན་དུ་བྱས་ཏེ། རེ་ཞིག་བཞེད་པ་དང་པོའི་རྗེས་སུ་འབྲངས་ཏེ་སྨྲའོ། །གཉིས་པ་ལ། ལེའུ་རྣམས་ཀྱི་བབས་ཀྱི་བསྡུ་བ་སྤྱིར་བསྟན། རྒྱུད་དོན་གྱི་དངོས་པོ་སོ་སོའི་བསྡུ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྔ་མའི་ལུང་གི་འཕྲོས་ལས། བྱང་ཆུབ་མཆོག་ལྡན་རྣལ་འབྱོར་དེས། །ཆོས་ཀུན་ངེས་དོན་གཏན་ལ་ཕབ། །ལེའུ་གསུམ་པ། ༈ །ངེས་པའི་དོན་ཉིད་རྟོགས་པའི་ཚེ། །མིང་ཙམ་སྣང་བའི་ཆོས་རྣམས་ཀུན། །ཡི་གེ་འཁོར་ལོ་བཞི་པ། མངོན་སངས་རྒྱས། ༈ །མངོན་རྫོགས་ཡི་གེ་དེ་ཉིད་ལས། །ཏིང་འཛིན་རོལ་མོ་མཐའ་ཡས་སྤྲོ། །ལྔ་པ། ༈ །སྤྲོས་ཉིད་དཀྱིལ་འཁོར་བསམ་ཡས་གསལ། །དྲུག་པ། གསལ་བྱེད་སྔགས་ཀྱི་ཡི་གེ་བརྗོད། །བདུན་པ། ༈ །དེ་ཉིད་ཐུགས་རྟགས་ཕྱག་རྒྱར་གསལ། །བརྒྱད་པ། ༈ །མ་མཐོང་རྨོངས་ལ་བསྟན་པའི་ཕྱིར། །བཀྲི་དྲང་རྡུལ་ཚོན་བསྟན་པ་གཅེས། །དགུ་པ། ༈ །དཀྱིལ་འཁོར་དག་ལ་བརྟེན་པའི་ལས། །དབང་མཆོག་སྦྱིན་པ་མཆོག་ཡིན་ནོ། །བཅུ་པ། ༈ །དབང་མཆོག་རྫོགས་ནས་ཚོགས་ལ་འཇུག། །བཅུ་གཅིག་པ། ༈ །ཚོགས་སྒྲུབ་ཡོན་ཏན་བསམ་མི་ཁྱབ། །བཅུ་གཉིས་པ། ༈ །ཚོགས་མཆོག་རྒྱ་ཆེར་སྤེལ་བ་ཡང་། །མན་ངག་སྙིང་པོ་ཅན་གྱི་བྱ། །བཅུ་གསུམ་པ། ༈ །ཚོགས་དུས་བསྟོད་པ་གླུ་ཡིས་བྱ། །བཅུ་བཞི་པ། ༈ །གལ་ཏེ་ཞི་བས་མི་ཐུལ་ན། །རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་སྤྲོ། །བཅོ་ལྔ་པ། ༈ །ཁྲོས་པའི་སྔགས་ཀྱིས་སྐུར་སྟོན་ནས། །བཅུ་དྲུག་པ། ༈ །དཀྱིལ་འཁོར་ཉིད་དུ་དགོད་པར་བྱ། །བཅུ་བདུན་པ། ༈ །དེ་ཉིད་ལ་ནི་མཆོད་པར་དབུལ། །བཅོ་བརྒྱད་པ། ཞི་ཁྲོ་རབ་འབྱམས་མཆོད་པའི་ཚེ། །སྡོམ་ལ་གནས་པ་ཤིན་ཏུ་གཅེས། །བཅུ་དགུ་པ། ༈ །དམ་ཚིག་ལྡན་པའི་སྐྱེས་བུ་དེས། །རྣམ་བཞིའི་ལས་ཀྱིས་གཞན་དོན་བྱ། །ཉི་ཤུ་པ། ༈ །ཁྲོས་པའི་གླུ་ཡིས་བསྟོད་པ་བྱ། །ཉེར་གཅིག་པ། ༈ །ཞེས་སོ། །དེ་དག་ལེའུ་གསུམ་པ་ནས། ཉེར་གཅིག་པའི་བར་གོ་རིམ་བཞིན་དུ་སྦྱར་རོ། །གཉིས་པ་ལ། ཞི་ཁྲོ་སྤྱི་བྱེ་བྲག་གི་ཆོས་བསྟན་པའི་ལེའུའི་ཚོམ་དང་། རྒྱུད་ཀྱི་དངོས་པོ་བཅུ་ཇི་ལྟར་སྟོན་པའི་བསྡུ་བའོ། །དང་པོ་ནི། ཞི་བ་སྟོན་པའི་ལེའུ་དགུ། ཁྲོ་བོ་སྟོན་པའི་ལེའུ་ལྔ། ཐུན་མོང་དུ་སྟོན་པའི་ལེའུ་བརྒྱད་དོ། །དེ་དག་གི་སྡོམ་ཚིག་ནི། དང་༡པོ་གཉིས་པ་༢གསུམ་པ་༣རྣམས། །ཞི་བ་སྔོན་བྱུང་ལེའུ་སྟེ། །མཐར་ཕྱིན་འབྲས་བུའི་ཞི་དཀྱིལ་ཡིན། །བཞི་༤ལྔ་༥་དྲུག་༦བདུན་༧བརྒྱད་༨པ་དང་། །བཅུ་༩བཞི་པ་རྣམས་རྗེས་འཇུག་གིས། །ཞི་བ་ཉམས་ལེན་ལེའུ་ཡིན། ༈ །དེ་བཞིན་ལེའུ་བཅོ་ལྔ་པས། །ཁྲོ་བོ་སྔོན་འབྱུང་འབྲས་༡དཀྱིལ་ཏེ། །བཅུ་དྲུག་༢བཅུ་བདུན་༣བཅོ་བརྒྱད་༤དང་། །ཉེར་གཅིག་༥པ་རྣམས་རྗེས་འཇུག་གིས། །ཁྲོ་བོ་ཉམས་ལེན་ལེའུ་སྟོན། ༈ །ཐུན་མོང་ལེའུ་དགུ་༡དང་བཅུ་༢། །བཅུ་གཅིག་༣བཅུ་གཉིས་༤བཅུ་གསུམ་༥་དང་། །བཅུ་དགུ་༦ ཉི་ཤུ་༧ཉེར་གཉིས་༨ལས། །བཅུ་གཅིག་བཅུ་གཉིས་གཅིག་བསྡོམས་ཏེ། །རིམ་བཞིན་དཀྱིལ་འཁོར་དབང་ཚོགས་སྒྲུབ། །རྫོགས་རིམ་དམ་ཚིག་ཕྲིན་ལས་དང་། །མཐའ་མས་གདམས་ཤིང་གཏད་པ་སྟོན། །ཞེས་སོ། །གཉིས་པ་ལ་བཅུ་ལས། དེ་ཁོ་ན་ཉིད་ལྟ་བ་ནི་ལེའུ་བཞིས་སྟོན་ཏེ། གཞལ་བྱ་གཏན་ཚིགས་གྲུབ་མཐའ་བཞི་གསུམ་མདོར་བསྟན་པ་དང་། ཐེག་པ་སྣ་ཚོགས་ཀྱི་ལྟ་བ་ལེའུ་གསུམ་པས་སྟོན། དངོས་གྲུབ་སྒྲུབ་པའི་ལྟ་བ་ལེའུ་ལྔ་པས། ཚད་མ་བཀའ་གཞུང་གི་གཏན་ཚིགས་ལེའུ་བཅུ་གཅིག་པས། ལྟ་བ་དང་འབྲེལ་བའི་མཚན་ཉིད་གསུམ་མདོར་བསྟན་པ་ལེའུ་བཅུ་གཉིས་པས་སྟོན་ནོ། །ཟིན་ཆགས་མེད་པ་སྤྱོད་པ་སྟོན་པའི་ལེའུ་གསུམ་སྟེ། དངོས་གྲུབ་སྒྲུབ་པའི་སྤྱོད་པ་ལྔ་ལས། ཚོགས་སྒྲུབ་ཀྱི་སྤྱོད་པ་བཅུ་གཅིག་པ་དང་བཅུ་གཉིས་པས་སྟོན་ནོ། །བཀོད་པ་དཀྱིལ་འཁོར་སྟོན་པའི་ལེའུ་དྲུག་སྟེ། ཞི་བ་རང་བཞིན་གྱི་དཀྱིལ་འཁོར་དང་པོས། སྐུའི་དཀྱིལ་འཁོར་དྲུག་པས། ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་བཅོ་ལྔ་བས། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བཅུ་བདུན་པས། ཞི་ཁྲོའི་ལྷག་མ་གཟུགས་བརྙན་གྱི་དཀྱིལ་འཁོར་དགུ་པས། ཚོགས་ཀྱི་དཀྱིལ་འཁོར་བཅུ་གཅིག་པ་དང་བཅུ་གཉིས་པས་སྟོན་ནོ། །རིམ་པ་བགྲོད་པ་དབང་སྟོན་པའི་ལེའུ་གཉིས་ཏེ། དབང་གི་དཀྱིལ་འཁོར། དེར་འཇུག་པ། སྣོད་དང་སྦྱར་ཏེ་བསྐུར་ཚུལ་སོགས་དགུ་པས། སྐུར་ཐབས་དངོས་བཅུ་པས་སྟོན་ནོ། །མི་འདའ་བ་དམ་ཚིག་སྟོན་པའི་ལེའུ་གཅིག་སྟེ། བཅུ་དགུ་པའོ། །རོལ་པ་ཕྲིན་ལས་ནི། དགུ་པར་མེའི་སྒོ་ནས་ཕྲིན་ལས་བྱ་ཚུལ་ཟུར་ཙམ་དང་། གཙོ་བོར་ཉི་ཤུ་པས་སྟོན་ནོ། །དོན་དུ་གཉེར་བ་སྒྲུབ་པ་ནི། ལེའུ་བརྒྱད་ཀྱིས་སྟོན་ཏེ། ལྔ་པས་བསྒྲུབ་པར་བྱ་བ་དངོས་གྲུབ་ཀྱི་རྣམ་གྲངས། སྒྲུབ་ཐབས་ལ་རིམ་པ་གཉིས་ལས། བསྐྱེད་རིམ་ནི། ལེའུ་བཞི་པ་ལས་ཞི་བའི་རྒྱུའི་ས་བོན། དྲུག་པ་ལས་བསྐྱེད་བྱ་རྟེན་དང་བརྟེན་པའི་དཀྱིལ་འཁོར། བདུན་པ་ལས་བསྐྱེད་པ་རྐྱེན་གྱི་སྔགས། བརྒྱད་པ་ལས་ཕྱག་རྒྱ་བཞིས་རྒྱས་གདབ་པ། བཅུ་དྲུག་པ་ལས་ཁྲོ་བོའི་བསྐྱེད་སྔགས་དང་། བཅུ་བདུན་པར་བསྐྱེད་བྱ་ཁྲོ་བོའི་དཀྱིལ་འཁོར་རོ། །རྫོགས་རིམ་ནི་ལེའུ་བཅུ་གསུམ་པས་སྟོན་ནོ། །མི་གཡོ་བ་ཏིང་འཛིན་ནི། མཚན་བཅས་བསྐྱེད་རིམ་ནས་འབྱུང་ཞིང་། མཚན་མེད་ལྟ་བ་དང་འབྲེལ་ལོ། །གནས་སུ་སྟོབ་པ་མཆོད་པ་སྟོན་པའི་ལེའུ་ལྔ་སྟེ། ཞི་བ་ཕྱག་རྒྱའི་མཆོད་པ་བརྒྱད་བས། ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་དགུ་པས། གླུ་ཡེ་ཤེས་རྒྱན་ནི་མཆོད་པ་བཅུ་བཞི་པས། སྦྱོར་སྒྲོལ་དང་དམ་རྫས་ཀྱི་མཆོད་པ་བཅོ་བརྒྱད་པས། ཁྲོ་བོ་གཏུམ་ཆེན་གྱི་བསྟོད་པ་ཉེར་གཅིག་པས་སྟོན་ནོ། །འཆིང་ཟློས་སྔགས་དང་ཕྱག་རྒྱ་ལས། ཟློས་པ་སྔགས་སྟོན་པའི་ལེའུ་གཉིས་ཏེ། ཞི་སྔགས་བདུན་པ་དང་། ཁྲོ་སྔགས་བཅུ་དྲུག་དང་། འཆིང་བ་ཕྱག་རྒྱ་ནི་ལེའུ་བརྒྱད་པས་སྟོན་ནོ། །དེ་དག་ཀྱང་བསྡུ་བ་རགས་རིམ་ཙམ་སྟེ། ལེའུ་སོ་སོ་ནས་ཐོར་བུ་དུ་མ་དག་སྟོན་པ་རྣམས་བསྡུས་ན་ཧ་ཅང་ཡི་གེ་མང་བར་འགྱུར་བའི་ཕྱིར་མ་སྤྲོས་སོ། །གསུམ་པ་གཏན་ལ་དབབ་པ་ལ། དགོས་ཆེད། ངོ་བོ། སྒྲ་དོན། རྣམ་གྲངས་སོ། །དང་པོ་ནི། དངོས་སུ་ལམ་གྱི་རྒྱུད་རྟོགས་ཤིང་། བརྒྱུད་ནས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་གཉིས་མངོན་དུ་བྱེད་པའི་དགོས་པ་ཡོད་དོ། །གཉིས་པ་ནི། ལམ་དང་། དེའི་ཆ་རྐྱེན་རྣམས་ཏེ་འོག་ཏུ་འཆད་དོ། །གསུམ་པ་ནི། རྒྱུད་ནི་སྔར་བཤད་གྲུབ་ཅིང་། དོན་ནི་བྱ་བའི་སྒྲ་བྱེད་པ་ལ་ཞུགས་པ་སྟེ། ཤེས་བྱ་དང་ཐོབ་བྱ་ནི་དོན་ཡིན་ལ། དེ་ལམ་འདིས་ཤེས་ཤིང་ཐོབ་པར་བྱེད་པའི་ཕྱིར་ཏེ། ཁོག་གཞུང་ལས། རྒྱུད་དོན་ཚང་དང་དོན་འབྲེལ་བས། །རང་བཞིན་རྒྱུད་ཀྱི་མིང་དུ་གྲགས། །མཚོན་བྱེད་རྒྱུད་ཀྱང་དེ་བཞིན་ནོ། །ཞེས་སོ། །བཞི་པ་ནི། དེ་ཉིད་ལས། རྒྱུད་དོན་ལམ་དང་ཡན་ལག་སྟེ། །ཞེས་པས། ལམ་གྱི་ངོ་བོ་དང་། ཡན་ལག་ཆ་རྐྱེན་ནོ། །དེ་གཉིས་ཀྱི་ཁྱད་པར་ནི། ཤེས་འཇུག་གི་དངོས་གཞིར་གྱུར་པ་ནི་ལམ་གྱི་ངོ་བོའི་གཙོ་བོ། དེའི་གྲོགས་ཀྱི་ཡན་ལག་ཏུ་འདུག་པ་ནི་ཆ་རྐྱེན་ནོ། །གོ་རིམ་ནི། བླ་མ་གོང་མ་རྣམས། ལམ་གྱི་ངོ་བོ་སྔོན་ལ་འཆད་པར་མཛད་ཀྱང་། འདིར་ཆ་རྐྱེན་སྔོན་བཤད་ན་བདེ་བར་མངོན་ཏེ། ཐོག་མར་ལམ་གྱི་ཡན་ལག་རྒྱུད་ཀྱི་དངོས་པོ་བཅུ་པོ་ངེས་པར་བྱས་ནས། དེ་དག་ཀྱང་གདུལ་བྱའི་བློ་ཁྱད་ཀྱིས་ལམ་གྱི་ངོ་བོ་ཐབས་གྲོལ་གཉིས་སོ་སོའི་རིམ་པ་བསྡེབས་ཏེ་བསླབས་པས། ད་གཟོད་རིམ་ཅིག་ཅར་གྱི་ཚུལ་གྱིས་འབྲས་བུ་ལ་མཚམས་སྦྱོར་བའི་དོན་བདེ་བླག་ཏུ་གོ་བར་འགྱུར་བས་སོ། །དེའི་ཕྱིར། དང་པོ་ལམ་གྱི་ཆ་རྐྱེན་ནི། སྤར་ཁབ་ལས། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །ཕྲིན་ལས་སྒྲུབ་པའི་ལས་རིམ་གྱིས། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱ། །ཞེས་བདུན་དུ་གསུངས་ཀྱང་། འདིར། ཐུགས་ཐིག་ལས། གཙོ་དང་ཡན་ལག་རྣམ་བཅུའོ། །ཞེས་པས་དོན་གྱིས་དངོས་པོ་བཅུར་འགྱུར་ཏེ། དེའི་སྡོམ་ནི། ལྟ་བ་༡སྤྱོད་པ་༢དཀྱིལ་འཁོར་༣དབང་༤། །དམ་ཚིག་༥ཕྲིན་ལས་༦སྒྲུབ་པ་༧དང་། །ཏིང་འཛིན་༨མཆོད་པ་༩སྔགས་ཕྱག་རྒྱ་༡༠། །ཕྱི་མ་གཉིས་བསྡོམས་བཅུ་རུ་འགྱུར། །ཞེས་སོ། །འདི་རྣམས་རེ་རེ་ལའང་ཐུགས་ཐིག་ལས་ཆོས་མ་ངེས་པར་བསྟན་ཀྱང་། འདིར་གསང་བདག་སྒྲོ་ཕུག་པའི་གསུང་སྒྲོས་ལ། སྤྱི་མདོ་ལས། གང་དུ་དགོས་པ་གང་དེས་དང་། །ངོ་བོ་དམིགས་དང་བཅས་པའོ། །ཞེས་པས། གང་ཕྱིར་བསྟན་པའི་དགོས་པ། གང་བསྟན་བྱའི་ངོ་བོ། དེ་ལྟར་བསྟན་པའི་སྒྲ་དོན། ཇི་སྙེད་བསྟན་པའི་རྣམ་གྲངས་ཏེ། སྤྱི་ཐེམས་བཞིའི་སྟེང་དུ། སྐྱོན་ཡོན་གཉིས་བསྣན་ཏེ་དྲུག་ཏུ་འཆད་གསུངས་སོ། །དེ་ལས། དང་པོ་དེ་ཁོ་ན་ཉིད་ལྟ་བ་ལ། དགོས་ཆེད། ངོ་བོ། སྒྲ་དོན། རྣམ་གྲངས། མ་རྟོགས་པའི་སྐྱོན། རྟོགས་པའི་ཡོན་ཏན་དང་དྲུག །དང་པོ་ནི། ཐུགས་ཐིག་ལས། གཞན་པའི་ལྟ་དམིགས་བསལ་བ་དང་། །མཆོག་གི་སྤྱན་རབ་མངོན་བྱའི་ཕྱིར། །ཞེས་པས་གཞན་སེལ་དང་། དོན་དུ་གཉེར་བའི་དགོས་པ་གཉིས། དང་པོ་ནི། མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །ཞེས་པས་མ་རྟོགས་པ་ཕྱལ་བ་དང་། རྒྱང་འཕེན། ལོག་པར་རྟོགས་པ་མུ་སྟེགས་རྟག་ཆད། ཕྱོགས་རྟོགས་ཉན་རང་། ཡང་དག་ཉིད་མ་རྟོགས་པ་དབུ་སེམས་རྣམས་ཀྱི་ལྟ་བ་སེལ་ལོ། །གཉིས་པ་ལ། ཆོས་ཉིད་ཡང་དག་པར་རྟོགས་པའི། ལས་གང་ལ་སྤྱད་ཀྱང་མི་འཆིང་བའི། །སངས་རྒྱས་ཉིད་ཐོབ་པའི་དངོས་རྒྱུར་གྱུར་པའི་དགོས་པའོ། །དང་པོ་ནི། རྒྱས་པ་ལས། ཆོས་ཀྱི་རང་བཞིན་ཇི་ལྟ་བུ། །བདག་གིས་ཡང་དག་རྟོགས་པར་བྱ། །ཞེས་སོ། །གཉིས་པ་ནི། དེ་ལས། ཐབས་དང་ཤེས་རབ་རྟོགས་པ་ཡིས། །དུག་གསུམ་དུག་ལྔས་གནོད་མི་འགྱུར། །ཞེས་སོ། །གསུམ་པ་ནི། དེ་ལས། རང་རིག་ཡེ་ཤེས་དོན་རྟོགས་ན། །སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ། །ཞེས་སོ། །གཉིས་པ་ངོ་བོ་ནི། བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་སྟེ། ཁོག་གཞུང་ལས། ལྷུན་གྲུབ་ཡེ་ཤེས་སྒྲོན་མ་ཉིད། །རང་བཞིན་གསལ་བ་སྤྱན་གྱི་མཆོག །ངོ་བོ་དེ་བཞིན་ཉིད་དུ་ཤེས། །ཞེས་པས་རིག་པ་ཡུལ་མེད་དུ་གསལ་བའོ། །གསུམ་པ་ནི། དྲྀཥྚའི་སྒྲ་ལས་ལྟ་བ་སྟེ། གནས་ལུགས་དང་རྗེས་སུ་མཐུན་པའི་བདེན་དོན་མཐོང་བས་གདེང་གྱུར་པའི་ཤེས་རབ་བོ། །དེའང་སྔ་མའི་འཕྲོས་ལས། ཡུལ་མེད་གསལ་ཕྱིར་ལྟ་ཞེས་བྱ། །ཞེས་དང་། རྒྱས་པ་ལས། ལྟ་དང་བལྟ་བ་བྱར་མེད་དེ། །ཡེ་ཤེས་སྒྲོན་མ་སྦྲེང་བས་ནི། །ཕྱོགས་བཅུའི་ཞིང་ཁམས་མ་ལུས་མཐོང་། །ཞེས་སོ། །བཞི་པ་རྣམ་གྲངས་ལ། གོལ་སྒྲིབ་ཀྱི་བདར་ཤ་བཅད་དེ་དང་། གཏན་ཚིགས་ཀྱིས་གཏན་ལ་ཕབ་སྟེ་དང་། རྣམ་གྲངས་རྣམ་པར་ཕྱེ་སྟེ་དོན་གྱི་དམིགས་བཟུང་བ་དང་གསུམ། དང་པོ་ནི། ལམ་རིམ་ལས། དེ་ལྟར་ལྡན་པས་སྤྱན་འཚོལ་ཚེ། །གཏན་ཚིགས་རྣམས་ཀྱིས་སྨལ་བྱས་ཏེ། །ནོར་བའི་ཤེས་རབ་དམིགས་བསལ་ནས། །མ་ནོར་དམིགས་ནས་བླང་བར་བྱ། །ཞེས་པས། བཅད་བྱ་གོལ་སྒྲིབ་དང་། གཅོད་བྱེད་གཏན་ཚིགས་སོ། །དང་པོ་ནི། ཆོས་ཉིད་ཕྱོགས་མེད་རིས་མེད་ལས་རང་རང་གི་བློས་ཕྱོགས་སུ་ཞེན་པའི་གཞི་ལས་གོལ་བ་སྟེ། ནམ་མཁའ་རིས་སུ་བཅད་པ་ལྟ་བུའོ། །དེ་ཡང་སྔ་མ་ལས། སྤྱིར་ནི་ལོག་རྟོག་བསམ་ཡས་པ། །ཡེ་ནས་ཡོད་པ་མ་ཡིན་ཏེ། །སོ་སོའི་འཛིན་རྟོག་བག་ཆགས་ཀྱིས། །གཟུང་འཛིན་དྲྭ་བས་བསྒྲིབས་གྱུར་ཏེ། །ཅི་ཡང་མེད་ལས་ཅིར་ཡང་སྣང་། །བྱང་ཆུབ་སྙིང་པོའི་གཞི་ལས་གོལ། །ཞེས་སོ། །དེའང་ཇི་ལྟར་གོལ་ན། མ་རྟོགས་པ་རྒྱུད་དྲུག་དང་། ལོག་པར་རྟོགས་པ་རྟག་ཆད་གཉིས་དང་། ཕྱོགས་ཙམ་རྟོགས་པ་འོག་མའི་ལྟ་བ་རྣམས་ཏེ། དེ་དག་གིས་ཡོད་མེད་དུ་སྒྲོ་བཏགས་ཤིང་སྐུར་པ་བཏབ་པ་ནི་གོལ་སྒྲིབ་ཀྱི་ངོ་བོའོ། །དེ་སྐད་དུའང་། གང་གིས་དམིགས་མེད་མི་ཤེས་པ། །དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པས་དམིགས་མེད་ཤེས་པར་གྱིས། །ཞེས་དང་། རྒྱས་པ་ལས། ཀུན་ཁྱབ་མཉམ་པ་ཉིད་ཡིན་པས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །སོ་སོའི་ལྟ་བ་བརྗོད་མི་ལང་། །ཞེས་སོ། །གཉིས་པ་ནི། འཆད་འགྱུར་གྱི་གཏན་ཚིགས་རྣམས་ཀྱིས་གཏན་ལ་ཕབ་པས་ཆོས་ཉིད་མཉམ་པ་ཉིད་དུ་ལ་ཟློ་བར་འགྱུར་ཏེ། ཇི་ལྟར་སྣང་ཞིང་གང་ལྟར་འཛིན་ཀྱང་རང་བཞིན་ཆོས་ཉིད་ལས་ཉམས་པ་མེད་པའི་ཕྱིར། དཔེར་ན་གསེར་གྱི་བཟོ་ཁྱད་བཞིན་ནོ། །དེའང་ལམ་རིམ་ལས། ཐེག་པ་མཐོ་དམན་ཐམས་ཅད་དང་། །འཇིག་རྟེན་ལྟ་བ་ཐམས་ཅད་ཀུན། །ཡེ་ཤེས་ཆེན་པོས་རབ་བརྟགས་ན། །རང་བཞིན་མེད་ལས་ཅིར་ཡང་སྣང་། །རང་བཞིན་དབྱིངས་ལས་ཉམས་པ་མེད། །ཅེས་སོ། །གཉིས་པ་གཏན་ཚིགས་ཀྱིས་གཏན་ལ་དབབ་པ་ནི། དེ་ཉིད་ལས། གཞི་དང་གཏན་ཚིགས་གྲུབ་པའི་དོན། །ཞེས་པས་ཆོས་གསུམ་གྱི་སྒོ་ནས་རྟོགས་པར་བྱ་སྟེ། གང་གཞལ་བྱ་ཆོས་ཅན། གང་གིས་འཇལ་བྱེད་གཏན་ཚིགས། དེ་ལྟར་གཞལ་བའི་གྲུབ་མཐའོ། །དང་པོ་ལ། གཞལ་བྱ་དངོས། དེ་ཤེས་རབ་གང་གི་ཡུལ་ཡིན་པ། ཞར་ལ་དོགས་པ་བསལ་བ་དང་། རྩོད་པ་སྤང་བའོ། །དང་པོ་ནི། སྐབས་དང་དགོས་ཆེད་ཀྱིས་ཆོས་ཅན་འཇོག་ལུགས་རིགས་གསུམ་དུ་འགྱུར་ཏེ། དེ་ཡང་རྒོལ་ཕྱིར་རྒོལ་གཉིས་རྩོད་པའི་ཚེ་བུམ་པ་ལྟ་བུ་མཐུན་སྣང་དུ་གྲུབ་པ་གཅིག་ཆོས་ཅན་དུ་འཇོག་སྟེ། དེ་དེར་བཞག་པས། དེ་ཚད་མས་གྲུབ་པའི་དགོས་པ་ཡོད་དོ། བདེན་གཉིས་ལས། རྒོལ་བ་གཉིས་ཀྱི་ཤེས་པ་ལ། །ཇི་ཙམ་སྣང་བའི་ཆ་ཡོད་པ། །དེ་ཙམ་དེ་ལ་བརྟེན་ནས་ནི། །དེ་ཚེ་རྗེས་སུ་དཔག་པ་འབྱུང་། །ཞེས་སོ། །བླ་མས་སློབ་མ་ལ་གདམས་ངག་བོགས་པའི་ཚེ་བུའི་ཚོགས་བརྒྱད་ཡུལ་དང་བཅས་པ་ཆོས་ཅན་དུ་འཇོག་སྟེ། དེ་དེར་བཞག་པས། བསྟན་བྱ་གདམས་ངག་དེ་བུའི་རྒྱུད་ཐོག་ཏུ་ཁེལ་བའི་དགོས་པ་ཡོད་དོ། །ཡང་དེས་དེ་ལ་གཞུང་འཆད་པའི་ཚེ་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཅན་དུ་འཇོག་སྟེ། དེ་དེར་བཞག་པས། དེ་དག་གི་ཆོས་ཉིད་གཏན་ལ་འབེབས་པའི་དགོས་པ་ཡོད་དོ། །དེ་ལྟར་གསུམ་ལས། འདིར་ཕྱི་མ་ཉིད་དེ། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །ཞེས་སོགས་དང་། ལམ་རིམ་ལས། དེ་ཡང་ཡོངས་སུ་བརྟག་གཞི་ནི། །དབང་པོ་ཡུལ་དུ་སྣང་བ་ཀུན། །ཡུལ་རྣམས་ཡོད་པ་མ་ཡིན་ཏེ། །ཀུན་གཞིའི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་བས། །འཁོར་དང་འདས་དངོས་ཞེན་སྣང་བརྟག །ཅེས་དང་། ཨིནྡྲ་བྷཱུ་ཏིའི་ལམ་རྣམ་བཀོད་ལས་ཀྱང་། བརྟག་པའི་སྤྱོད་ཡུལ་གཉིས་ལ་གཞལ། །ཞེས་སོ། །གཉིས་པ་ནི། སྤྱིར་ཀུན་གཞིའི་རྣམ་ཤེས་ཀྱི་ཡུལ་ཡིན་ཀྱང་། ཁྱད་པར་ཚོགས་དྲུག་གི་ཡུལ་ན་ཡོད་དོ། །བི་མ་ལའི་མཚན་ཉིད་སྒྲོན་མར། སྤྱིར་ནི་རྩ་བའི་ཤེས་ཡུལ་དེ། །ཁྱད་པར་ཚོགས་དྲུག་ཡུལ་སྣང་ངོ་། །ཞེས་སོ། །དེ་ལྟར་ཞེན་སྣང་ཀུན་བརྟགས་ཡུལ་དུ་བྱེད་པའི་རྟོག་ཤེས་དེ་ཉིད་བླ་མའི་མན་ངག་དང་འཕྲད་པས་ཤེས་རབ་དང་པོའི་རྐྱེན་གྱི་བར་མ་བསམ་པའི་ཤེས་རབ་ཏུ་གནས་འགྱུར་བའི་ཕྱིར། སོ་སོར་རྟོག་པའི་ཤེས་རབ་ཀྱི་སྤྱོད་ཡུལ་ཏེ། ལམ་རིམ་ལས། ཀུན་བརྟགས་ཤེས་པ་བར་མར་འགྱུར། །ཞེས་དང་། རྣམ་བཀོད་ལས། བརྗོད་པའི་དངོས་པོ་སྤྱོད་ཡུལ་ལ། །སོ་སོར་རྟོག་པའི་གཏན་ཚིགས་རྐྱེན། །ཞེས་སོ། གསུམ་པ་ལ། གཞལ་བྱ་མེད་པའི་དང་། གཞལ་གྱིས་མི་ལང་བའི་དོགས་པས་སོ། །དང་པོ་ནི། ཡིད་གནས་འགྱུར་བའི་བསམ་ཤེས་ཀྱིས་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་གཞལ་བྱར་བྱས་ནས་འཇལ་བ་དེ། མྱང་འདས་ལ་འཇལ་ལམ་འཁོར་བ་ལ་འཇལ། །དང་པོ་ལྟར་ན། འདས་པའི་རང་མཚན་ནི་ལས་དང་པོ་བ། མོས་སྤྱོད་ཀྱི་རིག་ཤེས་ལ་ལྐོག་ཏུ་གྱུར་པའི་ཕྱིར། འོ་སྐོལ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་གཞལ་བྱར་མི་རུང་སྟེ། རྣམ་བཀོད་ལས། འདས་པ་སྤྱོད་ཡུལ་མ་གྱུར་ཕྱིར། །གཞལ་བྱའི་ཡུལ་དུ་ཇི་ལྟར་རིགས། །ཞེས་དང་། གལ་ཏེ་འདས་པའི་སྣང་བ་ལ། །འཇལ་ན་དང་པོའི་ལྐོག་ཏུ་འགྱུར། །ཞེས་སོ། །དེར་ཞེན་པའི་སེམས་དེ་ལ་འཇལ་ལོ་ཞེ་ནའང་། མི་རིགས་ཏེ། མྱང་འདས་འཁྲུལ་ཤེས་ཀྱི་ཡུལ་དུ་མ་གྱུར་བའི་ཕྱིར། ཞེན་དུ་མི་རུང་ཞིང་། གལ་ཏེ་ཞེན་ན་སྒྲོ་བཏགས་འཁོར་བའི་ཆོས་སུ་འགྱུར་བས་འདས་པ་མ་ཡིན་ཏེ། སེམས་ལ་མྱ་ངན་འདས་ཞེན་པ། །དེ་ཉིད་འདས་པར་རུང་མ་ཡིན། །ཞེས་སོ། །གཉིས་པ་ལྟར་ན། འཁོར་བའི་རང་མཚན་སྣང་ཙམ་ཉིད་ལ་འཇལ་ལམ། ཞེན་པ་སྒྲོ་བཏགས་ཀྱི་ཤེས་པ་ལ་འཇལ། དང་པོ་མི་རིགས་ཏེ། རིག་པ་རང་སྣང་བའི་ཕྱིར། དེ་ཀ་གྲུབ་པའི་མཐའ་ལྟར་སྣང་བས་གཞལ་བྱར་མི་རུང་ངོ་། །དེའང་སྔ་མ་ལས། སྣང་བ་རང་གི་མཚན་ཉིད་ནི། །བརྗོད་བྱ་ཡིན་ཏེ་རིག་སྣང་ཕྱིར། །གཞལ་བྱར་རིགས་མིན་སྐྱེ་བོ་ཡི། །ཡུལ་མིན་གྲུབ་པའི་མཐའ་ལྟར་སྣང་། །ཞེས་སོ། །གཞན་ཡང་། ཨཱརྱ་དེ་བས། ཇི་ལྟར་སྣང་ཉིད་དགག་མིན་ཏེ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་རྟོག་པ་བཟློག་བྱ་ཡིན། །ཞེས་པས་སྣང་ཙམ་ལམ་གྱི་དགག་བྱའང་མ་ཡིན་ཏེ། རིག་པས་དགག་པར་མི་ནུས་ཤིང་། བཀག་ན་སྐྱོན་དུ་འགྱུར་བའི་ཕྱིར་ཏེ། ལམ་བསོད་ནམས་ཀྱི་ཚོགས་བཀག་པ་དང་། འབྲས་བུ་ཇི་སྙེད་མཁྱེན་པའི་ཡེ་ཤེས་རྒྱུན་ཆད་པར་འགྱུར་བའི་ཕྱིར། ཞེན་པ་སྒྲོ་བཏགས་ཀྱི་ཤེས་པ་ལ་འཇལ་ལོ་ཞེ་ནའང་། ཤེས་པ་སྐད་ཅིག་མ་གསུམ་གྱི་རང་བཞིན་པས། འདས་མ་འོངས་གཉིས་ཀྱི་ཡུལ་ལ་འཇལ་དུ་མི་བཏུབ་སྟེ། འདས་པ་འགགས་ཤིང་མ་འོངས་པ་མ་སྐྱེས་པའི་ཕྱིར། རྣམ་བཀོད་ལས། ལོག་རྟོག་སྤྲོས་པའི་སྐད་ཅིག་མ། །སྔ་མ་འདས་དང་ཕྱི་མ་བྱུང་། །དེ་ལ་བརྟེན་ནས་བརྟག་མི་རིགས། །ཞེས་སོ། །ད་ལྟར་བ་ལ་འཇལ་ལོ་ཞེ་ནའང་། ད་ལྟར་གྱི་ཡིད་ཀུན་བརྟགས་ཉིད་བསམ་པའི་ཤེས་རབ་ཏུ་གནས་འགྱུར་བའི་ཕྱིར། དེའི་ཚེ་ཞེན་པའང་གནས་འགྱུར་བའི་དཔྱད་བྱའི་གཞལ་བྱ་མ་གྲུབ་ལ། དེ་མ་གྲུབ་པས་གཞལ་དུ་མི་རུང་སྟེ། ཡུལ་མེད་པའི་ཕྱིར་དཔེར་ན་ལུས་མེད་པའི་གྲིབ་མ་བཞིན་དང་། གཞན་དུ་བསམ་ཤེས་རང་གིས་རང་ལའང་གཞལ་དུ་མི་བཏུབ་སྟེ། མཛུབ་མོ་རང་གིས་རང་ལ་རེག་མི་ནུས་པ་བཞིན་ནོ། །དེ་སྐད་དུའང་། རྣམ་བཀོད་ལས། ད་ལྟར་སྐད་ཅིག་མི་བརྟན་པ། །སོ་སོར་རྟོག་པར་གནས་འགྱུར་ན། །ཞེན་འགག་རང་ལ་བརྟག་མི་རིགས། །ཞེས་དང་། ལམ་རིམ་ལས། ཀུན་བརྟགས་ཤེས་པ་བར་མར་འགྱུར། །ཕྱི་ཡུལ་ལུས་མེད་གྲིབ་མ་བཞིན། །མེད་པས་མི་བཏུབ་རང་ཉིད་ལ། །མི་བཏུབ་མཛུབ་མོ་བཞིན་དོགས་པ། །ཞེས་གསུངས་པའི་ཕྱིར། འོ་ན་གང་ལ་གཞལ་ཞེ་ན། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་རང་ཐད་རང་ཐད་ཀྱི་ཞེན་སྣང་ལ་འཇལ་ཏེ། རྣམ་བཀོད་ལས། དེ་དེ་ཤེས་པ་སྐད་ཅིག་མ། །དེ་ཡང་རང་ཐད་རང་ཐད་དཔྱད། །ཅེས་སོ། །དེ་ལྟར་ན་ཡིད་སོ་སོར་རྟོག་པའི་ཤེས་རབ་ཏུ་གནས་འགྱུར་བས་གཞལ་བྱ་མེད་དོ་ཞེ་ན། ཡིད་རྟོག་བཅས་བསམ་ཤེས་སུ་རེ་ཞིག་གནས་འགྱུར་ཀྱང་ཞེན་པའི་ངོ་བོ་མ་དག་པས་ཀུན་བརྟགས་སྐྱེད་རུང་དང་། ཞེན་སྣང་འབྱུང་རུང་དུ་ཡོད་པའི་ཕྱིར། དེའི་སྐྱོན་མེད་དེ། ཡིད་རྟོག་བཅས་ཀྱི་ཤེས་པ་རྩ་བ་ནས་དག་པར་བྱེད་པའི་གཉེན་པོ་བསྒོམ་པའི་ཤེས་རབ་ཡིན་ལ། དེ་ད་རུང་རྒྱུད་ལ་མ་བརྟེན་པའི་ཕྱིར་དང་། ཀུན་བརྟགས་རྩ་བ་ནས་སྤོང་པའི་གཉེན་པོ་མཐོང་ལམ་ཡང་སྐབས་འདིར་མ་སྐྱེས་པའི་ཕྱིར་ཏེ། ལམ་རིམ་ལས། གཉེན་པོ་མེད་པས་དག་མིན་ཅིང་། །བར་མའི་ཡུལ་ཕྱིར་ངེས་ཚིག་འགྲུབ། །ཞེས་དང་། རྣམ་བཀོད་ལས། གལ་ཏེ་ཡིད་འགྱུར་ཞེན་པའང་། །སྐད་ཅིག་མཉམ་པར་འགག་པས་མེད། །དེ་ཚེ་བརྟག་གཞི་ཡོད་མི་རུང་། །དོགས་ན་ཞེན་པའི་ཡུལ་རྣམས་ནི། །གཏན་དུ་དག་པ་མ་ཡིན་ཕྱིར། །སོ་སོར་སྤྱོད་ཀྱང་ཞེན་ཡུལ་མཐོང་། །ཞེས་སོ། །དེ་ཡང་ཤེས་རྒྱུད་སྐད་ཅིག་གི་སྟེང་དུ་མངོན་གྱུར་དུས་གཅིག་ཏུ་ཚོགས་ནས་འཇལ་བར་བྱ་བ་མ་ཡིན་གྱི། གཅིག་མངོན་གྱུར་གྱི་ཚེ་གཅིག་བག་ལ་ཉལ་དུ་གནས་པའི་ཕྱིར། སྔ་མ་དང་ད་ལྟར། ད་ལྟར་དང་ཕྱི་མ་འཕྲད་པའི་ཚུལ་གྱིས་འཇལ་ཏེ། ད་ལྟར་གྱི་སྐད་ཅིག་དང་པོ་ལ་འཕྲད་ཙམ། གཉིས་པ་ལ་མགོ་ནོན། གསུམ་པ་ལ་བསམ་ཤེས་རྫོགས་པར་སྐྱེས་པའི་ཚེ། སྔ་མའི་ཀུན་བརྟགས་ཀྱི་མངོན་གྱུར་ཅི་རིགས་སུ་འགག་ཅིང་། རྐྱེན་གཞན་གྱིས་དེའི་རྒྱུན་རྗེད་པའི་སྐད་ཅིག་ཕྱི་མ་ལ་ཀུན་བརྟགས་སྐྱེ་བཞིན་པ་སྟེ། །ཡུལ་ཤེས་མ་འདྲེས་པའི་ཕྱིར་གཞལ་བྱ་མེད་པའི་སྐྱོན་མེད་དེ། རྣམ་བཀོད་ལས། ལྟ་བའི་ཚེ་ན་གནས་འགྱུར་བས། །གཞལ་བྱ་མེད་པར་དོགས་པ་ཡང་། །ཞེས་པ་ཤེས་པའི་སྤྱི་ཡུལ་ཡིན། །སྐད་ཅིག་གནས་འགྱུར་ཤེས་ཉིད་དོ། །དེ་བས་ཡུལ་སེམས་མ་འདྲེས་ཕྱིར། །ཞེན་སྣང་འཇལ་ལ་སྐྱོན་པ་མེད། །ཅེས་གསུངས་པའི་ཕྱིར། དེ་ལྟ་ནའང་བསམ་པའི་ཤེས་རབ་དེ་ཞེན་སྣང་དག་པའི་ཤུལ་དུ་སྐྱེའམ། མ་དག་པར་སྐྱེ། དང་པོ་ལྟར་ན། དེའི་ཚེ་ཞེན་སྣང་མི་གནས་པའི་ཕྱིར། བསམ་ཤེས་དོན་མེད་དུ་ཐལ་ལོ། །གཉིས་པ་ལྟར་ན། དེའི་ཚེ་ཤེས་རྒྱུད་སྐད་ཅིག་གི་སྟེང་དུ་གཞལ་བྱ་འཇལ་བྱེད་མཚུངས་པའི་ཕྱིར། ཤེས་རྒྱུད་གཉིས་ལྡན་དུ་ཐལ་ལོ་ཞེ་ན། དངོས་ལན་དང་། མགོ་བསྒྲེའི་ལན་གཉིས། དང་པོ་ནི། དེ་ལྟར་མ་ཡིན་ཏེ། ཕྱི་མ་གཉེན་པོའི་ནུས་པ་དང་འཕྲད་ཙམ་གྱིས་སྔ་མ་སྤང་བྱ་མངོན་གྱུར་འགག་པ་ལ་ཕྱོགས་པ་སྟེ། ལྷན་ཅིག་རིང་དུ་མི་གནས་པའི་འགལ་བ་ཡིན་པའི་ཕྱིར། སྐྱོན་མེད་དོ། །གཉིས་པ་ནི། དེ་ཙམ་དུ་སྣང་བས་མུན་པ་སེལ་བའི་ཚེ་མུན་པ་དག་པའི་ཤུལ་དུ་སྣང་བ་སྐྱེའམ། མ་དག་པ་ལ་སྐྱེ། དང་པོ་ལྟར་ན། དེའི་ཚེ་མུན་པ་མི་གནས་པའི་ཕྱིར། སྣང་བ་སྐྱེས་པ་དོན་མེད་དུ་ཐལ་ལོ། །གཉིས་པ་ལྟར་ན། དེའི་ཚེ་སྣང་མུན་མཚུངས་པའི་ཕྱིར། མངོན་གྱུར་གྱི་དངོས་པོ་གཅིག་ལ་བསྒྲིབས་མ་བསྒྲིབས་ཆ་གཉིས་དུས་གཅིག་ལ་ལྡན་པར་ཐལ་ལོ་ཞེས་བསྒྲེའོ། །མདོར་ན། འཁོར་འདས་གཉིས་ཀྱི་རང་མཚན་ལ་མི་འཇལ་གྱི། འཁོར་བ་ཕྱི་ནང་སྣོད་བཅུད་དུ་ཞེན་པ་དང་། མྱང་འདས་སྐུ་དང་ཡེ་ཤེས་སུ་ཞེན་པའི་ཞེན་བྱེད་ཀྱི་བློ་ཉིད་གཞལ་བྱ་སྟེ། རྣམ་བཀོད་ལས། ངེས་པར་བཞག་པའི་གཞལ་བྱ་ནི། །འཁོར་དང་མྱ་ངན་འདས་པ་ཡི། །རང་གི་མཚན་ཉིད་མི་འདོད་དེ། །དེ་ལྟར་ནང་ན་ཞེན་པ་ཡིས། །ཕྱི་རོལ་མེད་ལ་ཡོད་ལྟར་སྣང་། །གཞན་དང་སྣང་བ་གཉིས་ལ་བརྟེན། །ཞེས་སོ། །དེའང་ཞེན་སྣང་གཉིས་རེ་རེ་ནས་གཞལ་བྱ་མ་ཡིན་ཏེ། འདས་པར་སྣང་ཡང་འཁོར་བར་ཞེན་པའི་སྣང་ཞེན་གྱི་ཚོགས་པ་དེ་ཉིད་མིན་པའི་ཕྱིར། དེ་བས་ན་སྣང་ཞེན་རྐྱང་པ་ཆོས་ཅན་དུ་བཟུང་ངོ་། །དེ་ལ་ཁ་ཅིག་ན་རེ། ཞེན་སྣང་ཆོས་ཅན། གཏན་ཚིགས་ཀྱིས་གཞལ་མི་དགོས་ཏེ་དེ་གྲུབ་ཟིན་པའི་ཕྱིར་ཟེར་ན། ཁྱབ་པ་མེད་དེ། ཞེན་སྣང་གྲུབ་ཀྱང་དེ་ཆོས་ཉིད་དུ་མ་ངེས་པས་གཞལ་དགོས་པ་ཡིན་ནོ། །དེ་ལྟ་ནའང་ཞེན་སྣང་གཏན་ལ་ཕབ་པས་ཆོས་ཉིད་གཏན་ལ་མི་ཕེབས་ཏེ། ཐ་དད་པའི་ཕྱིར། མིག་གིས་གཟུགས་གཏན་ལ་ཕབ་པས་སྒྲ་གཏན་ལ་མི་ཕེབས་པ་བཞིན་ཞེ་ན། གཟུགས་དང་སྒྲ་ལྟ་བུ་ཐ་དད་འབྲེལ་མེད་དུ་མ་གྲུབ་སྟེ། ཞེན་སྣང་དང་ཆོས་ཉིད་ཆོས་ཅན་དང་ཆོས་ཉིད་ཡིན་པའི་ཕྱིར། གཞན་སྣང་གཏན་ལ་ཕབ་པས་ཆོས་ཉིད་ཕེབས་པར་འགྱུར་ཏེ། སྦྲུལ་འཁྲུལ་གྱི་ཤེས་པ་ལ་དཔྱད་པས་ཐག་ཁྲར་རྟོགས་པ་བཞིན་ནོ། །གཉིས་པ་ནི། དེ་ལྟར་ན་ཞེན་སྣང་བསམ་གྱིས་མི་ཁྱབ་པའི་ཕྱིར་གཞལ་གྱིས་མི་ལང་བར་འགྱུར་རོ་ཞེ་ན། དེ་དག་རེ་རེ་ན་གཞལ་མི་དགོས་ཏེ། ཞེན་སྣང་གཅིག་ཆོས་ཉིད་དུ་གཏན་ལ་ཕབ་པས་ཀུན་གཏན་ལ་ཕེབས་པར་འགྱུར་ཏེ། ཞེན་སྣང་ཀུན་རིགས་འདྲ་བའི་ཕྱིར། །དཔེར་ན་འདམ་བུ་གཅིག་ཁོག་སྟོང་ན་ཀུན་ཀྱང་ཁོག་སྟོང་པ་བཞིན་ནོ། །དེ་སྐད་དུའང་། ཡུམ་ལས། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཞེས་དང་། ལམ་རིམ་ལས། དངོས་གཉིས་ཞེན་དངོས་དུས་གསུམ་ཆོས། །སྐད་ཅིག་གཅིག་ལ་ཀུན་རྫོགས་ཕྱིར། །དེ་དངོས་མཐོང་བས་ཡང་དག་པར། །རིག་བཞིན་ཀུན་ཀྱང་དེ་ལྟར་ཤེས། །ཞེས་སོ། །བཞི་པ་རྩོད་སྤང་ནི། འོ་ན་སོ་སོར་རྟོག་པའི་བསམ་ཤེས་དེ་འཁྲུལ་པ་ཡིན་ནམ་མ་ཡིན་ཞེ་ན། ལན་ནི་སོ་སོར་རྟོག་པའི་ཤེས་རབ་ཆོས་ཅན། འཁྲུལ་ཤེས་མ་ཡིན་ཏེ། གལ་ཏེ་ཡིན་ན་དོན་གཏན་ལ་མི་ཕེབས་པའི་ཕྱིར། བསམ་ཤེས་སྐྱེས་པ་དོན་མེད་དུ་འགྱུར་རོ། །དེ་བས་ན་འདིར་མ་འཁྲུལ་པའི་ཤེས་རབ་ཏུ་ཁས་བླང་ངོ་། །དེ་ལ་ཁོ་ན་རེ། མ་འཁྲུལ་པའི་ཕྱིར། འབད་མེད་དུ་གྲོལ་བར་ཐལ་ཟེར་ན། མ་འཁྲུལ་ཡང་མི་གྲོལ་ན་ཅི་སྟོ་སྟེ། དབང་པོའི་མངོན་སུམ་བཞིན་ནོ། །ཡང་། ཞེན་སྣང་ཡུལ་དུ་བྱས་ཏེ་འཇལ་མཁན་གྱི་སོ་སོར་རྟོག་པའི་ཤེས་རབ་དེ་ཆོས་ཅན། འཁྲུལ་ཤེས་སུ་ཐལ། ཀུན་བརྟགས་རྫུན་པ་དེ་ཉིད་ཡུལ་དུ་བྱེད་པའི་ཕྱིར། དུང་སེར་འཛིན་བཞིན་ནོ་ཞེ་ན། བརྟག་པར་བྱ་སྟེ། རང་རྒྱུད་པ་ཡུལ་དུ་བྱས་པའི་ཕྱིར་ཟེར་རམ། རང་བཞིན་མེད་བསྒྲུབ་ཀྱི་གཞིར་ཡུལ་དུ་བྱས་པའི་ཕྱིར་ཞེ་ན། དང་པོའི་རྟགས་ཁས་མ་བླངས་ཤིང་། གཉིས་པ་ལྟར་ན་ཁྱབ་པ་མ་གྲུབ་སྟེ། གཞལ་བྱ་ཉིད་སོ་སོར་རྟོག་ཤེས་ཀྱི་རྒྱུས་སྐད་ཅིག་གཉིས་པ་ལ་མི་དམིགས་པའི་ཤེས་རབ་ཏུ་གནས་འགྱུར་ཏེ། རྒྱུ་འབྲས་ཡིན་པའི་ཕྱིར་རོ། །དེའང་བི་མ་ལའི་ཤེས་རབ་སྤྱན་འབྱེད་ལས། གཉིས་ཀྱི་ངོ་བོ་སྐབས་འཇུག་ཀྱང་། །རྒྱུ་འབྲས་ཡིན་ཕྱིར་གཅིག་ཤོས་ལ། །ཞེས་སོ། །གཉིས་པ་འཇལ་བྱེད་གཏན་ཚིགས་ལ། །གོ་དོན་དང་། གཏན་ལ་དབབ་པའོ། །དང་པོ་ནི། བསྒྲུབ་བྱའི་དོན་ཤེས་པར་བྱེད་པའི་ཐབས་རྩོད་གཞི་མ་བཀོད་ནས་དགག་སྒྲུབ་གཉིས་སུ་བྱེད་པའི་ལས་ཅན་ཏེ། ལམ་རིམ་ལས། དེ་ཕྱིར་གཏན་ཚིགས་ལས་ལ་བརྗོད། །ཅེས་དང་། གཏན་ཚིགས་གཏན་ཚིགས་བརྗོད་པ་རྣམས། །བསྒྲུབ་བྱ་གང་ཡིན་ཤེས་དོན་ལ། །ངེས་ཚིག་ངོ་བོ་མཚན་ཉིད་སོགས། །གང་ནས་འབེབས་ཀྱང་རྒྱས་པར་བྱོས། །ཞེས་སོ། །གཉིས་པ་ནི། དེ་ལས། དེ་ཉིད་དངོས་ལྔ་ཚུལ་དང་ཚིག །ཅེས་པས། གསུམ་སྟེ། སྔོན་བྱུང་དངོས་ལྔའི་གཏན་ཚིགས་དང་། །རྗེས་འཇུག་ཚུལ་ལྔ་དང་། ཚིག་ལྔའི་གཏན་ཚིགས་སོ། །དང་པོ་ནི། སྔོན་བྱུང་དུ་སྟོན་པ་སྐུ་ལྔས་རང་རང་གི་འཁོར་ལྔ་ལ་གསུང་ལྔའི་སྒོ་ནས་ཆོས་ཉིད་ཀྱི་དོན་དངོས་སུ་གཏན་ལ་ཕབ་པ་ནི་དངོས་ལྔའི་གཏན་ཚིགས་ཏེ། དེ་ཉིད་ལས། ཡང་དག་རྫོགས་སངས་རྒྱས་སྟོན་པ། །སྐུ་ལྔས་འདུལ་བའི་འཁོར་རྣམས་ལ། །གསུང་ལྔ་བསྟན་པ་དེ་ཁོ་ན། །གཏན་ལ་འབེབས་ཤིང་འཇལ་བྱེད་པའོ། །ཞེས་སོ། །དེའང་སྟོན་པ་ཆོས་ཀྱི་སྐུས་འཁོར་ཡེ་ཤེས་རྒྱ་མཚོ་ལ་སྐྱེ་མེད་དོན་གྱི་གསུང་གིས། ལོངས་སྐུས་སྨིན་པ་རྒྱ་མཚོ་ལ་དགོངས་པ་བརྡའི་གསུང་གིས། སྤྲུལ་སྐུས་མོས་པ་རྒྱ་མཚོ་ལ་བརྗོད་པ་ཚིག་གི་གསུང་གིས། རྡོ་རྗེའི་སྐུས་དབྱེར་མེད་རྡོ་རྗེའི་འཁོར་ལ་རྡོ་རྗེའི་གསུང་གིས། མངོན་བྱང་གིས་རྒྱལ་བ་རྒྱ་མཚོ་ལ་རིག་པ་བྱིན་རླབས་ཀྱི་གསུང་གིས་དངོས་སུ་བརྡའ་སྤྲོད་པའོ། །དེའང་སྔ་མ་ལས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །དངོས་ལྔས་ལེགས་པར་བརྟགས་དེ་དབབ། །ཞེས་སོ། །འདིར་ཁ་ཅིག་ན་རེ། སྔོན་བྱུང་དུ་སྐུ་ལྔའི་འཁོར་ལ་གཞལ་བྱ་ཞེན་སྣང་ཡོད་དམ་མེད། གཉིས་པ་ལྟར་ན་འཇལ་བྱེད་གཏན་ཚིགས་དོན་མེད་དུ་ཐལ། གཞལ་བྱ་མེད་པའི་ཕྱིར། རྫས་མེད་པའི་སྲང་བཞིན་ནོ། །དང་པོ་ལྟར་ན། མི་རིགས་ཏེ། སྟོན་པ་སྐུ་ལྔའི་འཁོར་བྱེད་པ་ནི་མཐོང་ལམ་ཡན་ཆད་ཀྱི་སྤྱོད་ཡུལ་ཡིན་ལ། མཐོང་ལམ་ལ་ཞེན་སྣང་དག་པས་ཁྱབ་སྟེ། མཐོང་ལམ་དང་ཞེན་སྣང་དངོས་འགལ་ཡིན་པའི་ཕྱིར་ཟེར། དེའི་ལན་ལ། སྔ་རབས་པ་རྣམས། སྤྲུལ་སྐུའི་འཁོར་ལ་ནི་ཞེན་སྣང་འབྱུང་དུ་རུང་སྟེ། དེ་གདུལ་བྱ་དག་མ་དག་གཉིས་ཀའི་དོན་མཛད་པའི་ཕྱིར་རོ། །སྐུ་བཞིའི་འཁོར་ལ་ཞེན་སྣང་མེད་དེ། རྗེས་ཐོབ་ཏུའང་ཡུལ་རྣམས་སྒྱུ་མ་ལྟ་བུར་གཟིགས་པའི་ཕྱིར་རོ། །དེས་ན་དངོས་ལྔ་ནི་རྗེས་འཇུག་རྟོགས་པའི་གཏན་ཚིགས་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་གྱི། སྔོན་འབྱུང་ཉིད་ལ་ལྟོས་ནས་གཏན་ཚིགས་མ་ཡིན་ནོ་གསུངས། ལ་ལ་དག །སྐུ་བཞིའི་འཁོར་ལའང་ཞེན་སྣང་ཕྲ་བ་ཅི་རིགས་ཡོད་དེ། གལ་ཏེ་མེད་ན་སྐུ་བཞིའི་འཁོར་བྱ་དོན་མེད་དོ། །ཞེས་བཞེད། རང་ལུགས་ནི། ཕྱི་མ་ལྟར་ཁས་བླངས་ན་འཐད་དམ་སྙམ་སྟེ། དེའི་རྒྱུ་མཚན་ཀྱང་། ཞེན་སྣང་གི་གོ་བ་ནི། ཆོས་ཉིད་ཀྱི་དོན་ལ་བློའི་དྲི་མས་བཟང་ངན་དུ་སྒྲོ་འདོགས་པ་ཉིད་ཡིན་ལ། དེ་ལས། ངན་རྟོག་ཕྲ་རགས་གཉིས་མཐོང་བསྒོམ་གྱིས་སྤང་ཞིང་། གཉིས་པོ་ལ་ཀུན་ཏུ་བརྟེན་པའི་བཟང་རྟོག་གམ། ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་ནི་མཐར་ལམ་ནའང་ཡོད་པའི་ཕྱིར་ཏེ། ད་དུང་མཉམ་པར་བཞག་འཇོག་དགོས་པའི་ཕྱིར་དང་། གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་གཞོམ་བྱ་དགོས་པའི་ཕྱིར། དེ་ལྟར་ཡང་། ལམ་རིམ་ལས། བག་ལ་ཉལ་བ་འཇོམས་བྱེད་ཅིང་། །ཞེས་པས་གསལ་ལོ། །གཉིས་པ་ནི། དབང་རྣོན་ཡང་རབ་མཆོག་ཏུ་གྱུར་པ་རྣམས་ལ་སྣང་གྲགས་འདི་དག་གིས་མཚོན་ནས། སྔོན་བྱུང་དུ་དངོས་ལྔས་གཏན་ལ་ཕབ་པའི་སྐུ་ལྔའི་གསུང་གི་ཚུལ་དུ་རྟོགས་པར་བྱེད་པ་ནི་ཚུལ་ལྔའི་གཏན་ཚིགས་ཏེ། དེ་ཉིད་ལས། རྟོགས་དང་ལྡན་པའི་བློ་རྣམས་ལ། །དངོས་པོ་སྣ་ཚོགས་སེམས་གསང་སྔགས། །ངེས་ལུང་ཡིན་ཕྱིར་ཆོས་ཚུལ་སྟོན། །བརྗོད་དང་འདྲ་བར་བརྡའ་སྤྲོད་པས། །ངོ་བོ་ཉིད་ཀྱིས་བཤད་པའི་ཕྱིར། །མ་འོངས་དོན་དུ་གཏན་ཚིགས་ངེས། །ཞེས་སོ། །དེ་ཡང་སྟོན་པ་ཆོས་སྐུ། ལོངས་སྐུ། མངོན་བྱང་། རྡོ་རྗེའི། སྤྲུལ་པའི་སྐུ་རྣམས་ཀྱི་གསུང་དང་ཚུལ་མཐུན་པའི་གཏན་ཚིགས་ནི་རིམ་བཞིན་དུ། སྐྱེ་མེད་དོན་གྱི་གཏན་ཚིགས་སྐྱེ་མེད་མཚོན་པ་ནམ་མཁའ་ལྟ་བུ་དང་། དགོངས་པ་བརྡའི་གཏན་ཚིགས་སྒྲིབ་པ་ངོས་འཛིན་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་དང་། རང་རིག་མངོན་གསལ་གྱི་གཏན་ཚིགས་རྟོག་མེད་རང་གསལ་ཉི་མའི་སྙིང་པོ་ལྟ་བུ་དང་། དབྱེར་མེད་རྡོ་རྗེའི་གཏན་ཚིགས་གྲགས་སྟོང་དབྱེར་མེད་བྲག་ཆ་ལྟ་བུ་དང་། བརྗོད་བྱ་ཚིག་གི་གཏན་ཚིགས་ཀུན་ཡིད་འཇུག་པ་ཚངས་དབྱངས་ལྟ་བུའོ། །གསུམ་པ་ནི། སྔར་གྱི་ཚུལ་ལྔ་ཉིད་ཚིག་ཏུ་དངོས་སུ་བརྗོད་པ་ནི་ཚིག་ལྔའི་གཏན་ཚིགས་སོ། །དེ་ཡང་། ཆོས་སྐུའི་ཚིག་ནི་སྐྱེ་མེད་རང་སྣང་དུ་སྟོན་པའི་ཚིག་དང་ཡི་གེ་རྣམས་སོ། །དེ་བཞིན་དུ། ལོངས་སྐུའི་ལྡེམ་དགོངས་བརྡའི། སྤྲུལ་སྐུའི་བཀྲི་དྲང་བརྒྱུད་པའི། རྡོ་རྗེའི་སྐུའི་དབྱེར་མེད་རྡོ་རྗེའི། མངོན་བྱང་གི་ཡེ་ཤེས་རང་སྣང་དུ་སྟོན་པའི་ཚིག་དང་ཡི་གེ་རྣམས་ཏེ། ལམ་རིམ་ལས། ངོ་བོ་སྣང་ཚིག་རང་སྣང་ཚིག །ལྡེམ་དགོངས་ཚིག་དང་བཀྲི་དྲང་ཚིག །འདོད་རྐྱེན་ཚིག་དང་རྡོ་རྗེའི་ཚིག །རང་རིག་མངོན་གསལ་ཚིག་གིས་མཚོན། །ཞེས་སོ། །འོ་ན་འདིར་གསུང་བདུན་བྱུང་བས་གསུང་ལྟར་ཇི་ལྟར་འགྱུར་ཞེ་ན། འགའ་ཞིག་ངོ་བོ་རང་སྣང་ཆོས་སྐུའི་གསུང་དུ་བསྡུ་ནའང་། འདིར་སྣར་སྟོན་ལྟར་གཉིས་ཀ་བརྡའི་གསུང་དུ་བསྡུ་བ་ལེགས་སོ། །དེ་རྣམས་ཀྱང་བསྡུ་ན། དཔྱད་དུ་མེད་པས་གོ་བ་དང་། ཡོད་པས་གོ་བའོ། །དང་པོ་ནི། སྐུ་བཞིའི་གཏན་ཚིགས་ཏེ། བརྟག་དཔྱད་ལ་མ་ལྟོས་པར་དོན་གོ་བའི་ཕྱིར་རོ། །གཉིས་པ་ནི། སྤྲུལ་སྐུའི་གཏན་ཚིགས་ཏེ། བརྟག་དཔྱད་ལ་བརྟེན་ནས་དོན་གོ་དགོས་པའི་ཕྱིར་རོ། །དེ་སྐད་དུའང་ལམ་རིམ་ལས། དེ་ལྟར་མོད་ཀྱང་བསྡུ་ན་གཉིས། །བཞི་རྗེས་མི་དཔྱོད་གཅིག་རྗེས་དཔྱོད་། །ཅེས་སོ། །དེ་གཉིས་ཀྱི་ཁྱད་པར་ནི། དབང་རྣོན་ལ་ལྐོག་ཏུ་མ་གྱུར་བའི་དོན་བརྟག་དཔྱད་ལ་མ་ལྟོས་པར་ཅར་ཕོག་ཏུ་སྟོན་པ་ནི་དཔྱད་དུ་མེད་པ་དང་། དབང་རྟུལ་ལ་བརྟག་དཔྱད་ལ་བརྟེན་ཏེ་དོན་བརྒྱུད་ནས་སྟོན་པ་དཔྱད་དུ་ཡོད་པའི་གཏན་ཚིགས་སོ། །དང་པོ་ནི། དཔེར་ན་གསེར་བལྟ་འདོད་པའི་མི་ལ་གསེར་དངོས་སུ་བསྟན་པ་བཞིན་ཏེ། ལམ་རིམ་ལས། དེ་བས་གསེར་བལྟ་གསེར་བཞིན་དུ། །བདག་ཕྱིར་བྱ་བྱེད་མ་དམིགས་པས། །རྟོག་དཔྱོད་དམིགས་འཛིན་མ་འཚོལ་བར། །དེ་བརྗོད་ཉིད་ཀྱིས་དེ་ཉིད་མཐོང་། །ཞེས་སོ། །གལ་ཏེ་དཔྱད་དུ་མེད་པའི་གཏན་ཚིགས་ལ་གཏན་ཚིགས་དེའི་ལྡོག་པ་ནི་གཞལ་བྱ་དང་ལྡན་ནམ་མི་ལྡན་ཅེ་ན། ལྡན་ཏེ། གཞན་དུ་ན་གཏན་ཚིགས་ཀྱི་སྒྲ་མི་འཇུག་པའི་ཕྱིར་རོ། །འོ་ན་དཔྱད་དུ་མེད་པ་ཉམས་སོ་ཞེ་ན། སྐྱོན་མེད་དེ། འཇལ་ཚུལ་གོ་བ་མྱུར་བས་འདིར་དཔྱད་དུ་མེད་པར་བརྟགས་པའི་ཕྱིར་རོ། །ཕྱི་མ་དཔྱད་དུ་ཡོད་པ་ལ། ཚིག་དོན་མཐུན་པའི་དང་། མི་མཐུན་པའི་གཏན་ཚིགས་སོ། །དང་པོ་ལའང་། གོ་དོན་དང་དབྱེ་བ་གཉིས། དང་པོ་ནི། ཐུན་མོང་པ་ལྟར་བསྒྲུབ་བྱའི་དོན་དང་གཏན་ཚིགས་གཉིས་མི་འགལ་བར་གཏན་ལ་འབེབས་པ་ནི་ཚིག་དོན་མཐུན་པའི་གཏན་ཚིགས་སོ། །གཉིས་པ་ལ། ཚད་མ་བཀའ་གཞུང་དང་། སྒྲ་མཐུན་དོན་སྤགས་ཀྱི་གཏན་ཚིགས་སོ། །དང་པོ་ལའང་། གོ་དོན་དང་། གཏན་ལ་དབབ་པ་གཉིས། དང་པོ་ནི། ཚིག་དོན་གཉིས་ཀ་རྒྱུད་གཞུང་འདིར་གྲགས་པ་ལྟར་གཏན་ལ་འབེབས་པའོ། །གཉིས་པ་ལ། རྟོགས་པ་བཞིའི། དག་པ་གསུམ་གྱི། མཉམ་པ་བཞིའི། བདག་ཉིད་ཆེན་པོའི་གཏན་ཚིགས་དང་བཞི། དང་པོ་ནི། འདི་ཉིད་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་རྟོགས་པ་བཞི་ལས། རྒྱུ་གཅིག་པ་ནི། འཁོར་འདས་གཉིས་ཆོས་ཅན། རྒྱུ་གཅིག་པ་ཡིན་ཏེ། གཉིས་ཀའི་རྒྱུ་སེམས་སུ་གཅིག་ཅིང་། དེའི་རང་བཞིན་སྐྱེ་བ་མེད་པར་གཅིག་པའི་ཕྱིར་ཏེ། དེ་ལྟར་རྟོགས་པ་དང་མ་རྟོགས་པ་ལས་འཁོར་འདས་གཉིས་སུ་སྣང་བའི་ཕྱིར། དཔེར་ན་རྒྱལ་བུ་དྭའུ་དམངས་སུ་འཛིན་པའི་སྒྲོ་འདོགས་དང་། རྒྱལ་བུར་ངེས་པའི་ཚད་མ་གཉིས་ངོ་བོ་རྒྱལ་བུར་གཅིག་པ་ཡིན་ནོ། །དེའང་རྒྱ་མཚོ་ལས། ཆོས་ཉིད་དབྱིངས་སུ་ཚུལ་གཅིག་པས། །མ་ལུས་རང་སྣང་ཆོས་ཐམས་ཅད། །མ་ལུས་བྱང་ཆུབ་སེམས་སུ་རྟོགས། །ཞེས་དང་། འདི་ཉིད་ལས། དེ་བཞིན་གཤེགས་པ་ཐམས་ཅད་དང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས། ཞེས་སོ། །ཡིག་འབྲུའི་ཚུལ་ནི་སེམས་ཉིད་སྐྱེ་མེད་ཀྱི་གདངས་ཆོས་ཅན། རོལ་པ་འགག་མེད་ལྷའི་སྐུ་གསུང་ཐུགས་སུ་རང་སྣང་བ་ཡིན་ཏེ། མཚོན་བྱེད་ཡི་གེས་མཚོན་ནས་རྟོགས་པའི་ཕྱིར། མཛུབ་མོས་ཟླ་བ་བཞིན་ནོ། །དེ་ཡང་རྒྱ་མཚོ་ལས། སྐུ་གསུང་ཐུགས་སུ་སྣང་བ་ཡི། །མ་ལུས་གསུང་གི་རྒྱན་དུ་རྟོགས། །ཐམས་ཅད་གསུང་གི་ཡི་གེ་སྟེ། །ཐབས་དང་ལྡན་པས་རྒྱས་གདབ་བོ། །ཞེས་སོ། །གང་དུ་ཡི་གེས་མཚོན་ནས་དོན་རྟོགས་པ་དེ་ཡིག་འབྲུའི་ཚུལ་གྱིས་རྟོགས་པ་ཡིན་ཏེ། འདི་ལས། ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །ཞེས་གསུངས་པའི་ཕྱིར། བྱིན་གྱིས་བརླབས་པ་ནི། སྣང་སྟོང་གཉིས་པོ་དེ་ཆོས་ཅན། དབྱེར་མེད་ཡིན་ཏེ། དེ་གཉིས་དངོས་སུ་རྟོགས་པའི་མཐུས་བདེན་པ་དབྱེར་མེད་དུ་ཡེ་ནས་སངས་རྒྱས་པར་རྟོགས་པའི་བྱིན་རླབས་ཤུགས་ལ་འབྱུང་བའི་ཕྱིར། དཔེར་ན་རས་དཀར་པོ་དམར་པོར་བསྒྱུར་བའི་ནུས་པ་བཙོད་ལ་ཡོད་པ་བཞིན་ནོ། །དེ་ཡང་རྒྱ་མཚོ་ལས། དེ་ཉིད་དབྱེར་མེད་བྱིན་རླབས་ལས། དེ་ཉིད་དེ་ཡི་བྱིན་རླབས་ཏེ། །གཉིས་མེད་ཚུལ་གྱིས་རང་སྣང་བ། །བྱིན་རླབས་ངོ་མཚར་བསམ་མི་ཁྱབ། །ཅེས་དང་། རྔམ་གློག་ལས་ཀྱང་། སྐྱེ་མེད་དབྱིངས་ཀྱི་བྱིན་རླབས་ལས། །ཆོས་ཀུན་སྣང་བར་ཤེས་པ་དང་། །དེ་ལྟ་བུ་ཡི་རང་བཞིན་ཏེ། །ཞེས་སོ། །མངོན་སུམ་པ་ནི། བདེན་པ་དབྱེར་མེད་ཆོས་ཅན། བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། རྒྱུད་དག་པས་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའི་གནས་ལུགས་མངོན་སུམ་གྱིས་རྟོགས་པའི་ཕྱིར། དཔེར་ན་མིག་དག་པས་དུང་དཀར་པོར་མངོན་སུམ་གྱི་མཐོང་བ་ཉིད་དུང་གི་ཁ་དོག་གི་གནས་ལུགས་ཡིན་པ་བཞིན་ནོ། །དེ་ཡང་རྒྱ་མཚོ་ལས། རང་བྱུང་རང་སྣང་ཆོས་འདི་དག །གཉིས་མེད་རང་རིག་མ་སྐྱེས་པར། །གསལ་བར་མངོན་སུམ་ཐེ་ཚོམ་མེད། །རྟོགས་པ་ཀུན་གྱི་མཆོག་ཏུ་བཤད། །ཅེས་དང་། རྔམ་གློག་ལས། གཞན་ལ་མི་བརྟེན་མི་འགལ་བར། །མངོན་སུམ་རིག་པས་ཐག་ཆོད་ན། །རྣལ་འབྱོར་ས་ལ་སླེབ་པ་ཡིན། །ཞེས་དང་། ལྟ་ཕྲེང་ལས་ཀྱང་། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་གནས་པ་དེ་ཡང་། ལུང་དང་མན་ངག་དང་འགལ་བ་ཡང་མ་ཡིན་ལ། ལུང་དང་མན་ངག་གི་ཚིག་ཙམ་ལ་བརྟེན་པའང་མ་ཡིན་པར་རང་གི་རིག་པས་བློའི་གཏིང་དུ་ཡིད་ཆེས་པས་མངོན་སུམ་དུ་རྟོགས་པའོ། །ཞེས་སོ། །སྤྱིར་མངོན་སུམ་ལ། དབང་པོ། ཡིད། རྣལ་འབྱོར། རང་རིག་བཞི་ལས། འདིར་ནི་བལྟ་བྱའི་ཡུལ་དང་ལྟ་བྱེད་ཀྱི་ཤེས་པ་གཉིས་སུ་མེད་པར་རང་གསལ་བར་རྟོགས་པས་རང་རིག་མངོན་སུམ་མོ། །འདི་དག་སྔ་མའི་བསྒྲུབ་བྱ་ཕྱི་མའི་གཞལ་བྱར་བྱས་ན་ནི་རིམ་གྱིས་པའི་རྟོགས་ཚུལ་ཏེ། ཅིག་ཆར་བའི་དབང་དུ་བྱས་ན། །ཆོས་ཐམས་ཅད་དོན་བདེན་པ་དབྱེར་མེད་དུ་གཅིག་པ་དེ། མཚོན་བྱེད་ཡི་གེ་འབྲུ་གསུམ་གྱིས་མཚོན་ནས། དེའི་བྱིན་རླབས་ཀྱི་མཐུས། མངོན་སུམ་པར་རྟོགས་པའོ། །གཉིས་པ་དག་པ་གསུམ་གྱི་གཏན་ཚིགས་ནི། འདི་ལྟར་སྣང་བ་ཕྱི་ནང་གི་ཆོས་རྣམས་ཆོས་ཅན། ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་སངས་རྒྱས་པ་ཡིན་ཏེ། དག་པ་གསུམ་དང་ལྡན་པའི་ཕྱིར་རོ། །གསུམ་ནི། སྣོད་འབྱུང་བ་ལྔ་ཡུམ་ལྔར། བཅུད་ཕུང་ལྔ་ཡབ་ལྔར། རྒྱུད་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པ་སྟེ། འདི་ཉིད་ལས། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་དང་། བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་དག་བླ་མེད་ཐེག་པའི་མཆོག །ཅེས་སོ། །གང་ཡེ་ནས་དག་པ་ལ་སྒྲིབ་པ་མཐའ་དག་མི་གནས་པས་ཁྱབ་ཅིང་། དེ་ཉིད་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་སངས་རྒྱས་པས་ཁྱབ་སྟེ། ཆོས་ཀྱི་སྐུ་བཞིན་ནོ། །དེ་སྐད་དུའང་། ཐམས་ཅད་མཆོག་གི་སྙིང་པོ་བས། །གཞན་དུ་རྒྱལ་བས་ཆོས་མི་བཙལ། །ཞེས་སོ། །གལ་ཏེ་རང་བཞིན་དག་པ་ཉིད་རྟོགས་ན་སངས་རྒྱས་ཡིན་མོད། གནས་པ་ཙམ་ནི་སངས་རྒྱས་མ་ཡིན་ནོ་ཞེ་ན། རྟོགས་རུང་མ་རྟོགས་རུང་རང་བཞིན་རྣམ་དག་ནི་སངས་རྒྱས་ཡིན་ཏེ། འདུས་བྱས་རྣམས་རྟོགས་རུང་མ་རྟོགས་རུང་མི་རྟག་པ་ཡིན་པ་བཞིན་ནོ། །གསུམ་པ། མཉམ་པ་བཞིའི་གཏན་ཚིགས་ནི། འདི་ལྟར་སྣང་བའི་ཆོས་རྣམས་ཆོས་ཅན། ལྷག་པ་ཆོས་ཀྱི་སྐུར་ཡེ་ནས་སངས་རྒྱས་པ་ཡིན་ཏེ། མཉམ་པ་བཞི་དང་ལྡན་པའི་ཕྱིར། བཞི་ནི། རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཀ་སྐྱེ་མེད་དང་། ཡང་ལོག་གི་ཀུན་རྫོབ་གཉིས་ཀ་སྒྱུ་མར་མཉམ་པ་ནི་ཐུན་མོང་གི་མཉམ་པ་གཉིས་སོ། །ལྷག་པའི་མཉམ་པ་གཉིས་ནི། མེད་དགག་དང་མ་ཡིན་དགག་གི་སྟོང་ཉིད་གཉིས་ཀ་དོན་དམ་དཀོར་བདུན་ཆོས་ཀྱི་སྐུ་དང་། མ་དག་པ་ལས་སྣང་དང་དག་པ་ལྷར་སྣང་གི་ཀུན་རྫོབ་གཉིས་ཀའང་། གཟུགས་སྐུ་ལྷའི་དཀྱིལ་འཁོར་དུ་མཉམ་པས་ལྷག་པ་སྟེ། འདི་ཉིད་ལས། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་སོ། །བཞི་པ་བདག་ཉིད་ཆེན་པོའི་གཏན་ཚིགས་ནི། འཁོར་འདས་ཀྱི་ཆོས་རྣམས་ཆོས་ཅན། སྣང་ལུགས་དུ་མར་སྣང་ཡང་ཡིན་ལུགས་ནས་གཞལ་ན་དེ་ལྟར་མ་ཡིན་ཏེ། སེམས་ཉིད་སྐྱེ་མེད་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་གི་བདག་ཉིད་དུ་ཡེ་ནས་གནས་པའི་ཕྱིར། དཔེར་ན་ཕ་མེས་ཀྱི་ལོ་རྒྱུས་ལས་སོ་སོའི་རིགས་བརྒྱུད་ཤེས་པ་བཞིན་ནོ། །དེ་སྐད་དུའང་རྣམ་བཀོད་ལས། བདག་ཉིད་ཆེན་པོའི་རྐྱེན་ཚིག་གིས། །ཇི་ལྟར་གཞལ་བྱ་འདིར་བརྗོད་པ། །ལོག་རྟོག་རྒྱུ་འབྲས་བདག་གཞན་ཕྱིར། །སྣང་བ་འདི་ཀུན་རང་རང་གི། །རང་བཞིན་མེད་པའི་རྣམ་ཤེས་ཉིད། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་དང་། དཔེར་ན་འཇིག་རྟེན་མིའུ་དག །ཕ་མེས་ལོ་རྒྱུས་བཤད་བྱས་ན། །རིགས་བརྒྱུད་གཅིག་གིས་གཅིག་ཤེས་ལྟར། །ཆོས་ཀུན་གཞི་རུ་སྨལ་བྱས་ན། །གསེར་ལས་ཐ་དད་དབྱིབས་སྣང་ལྟར། །རང་རིག་ཅིར་ཡང་སྣང་ཕྱིར་གཞི། །ཞེས་དང་། ཤེས་རབ་སྤྱན་འབྱེད་ལས་ཀྱང་། དངོས་པོ་ལོ་རྒྱུས་གཏན་ཚིགས་ཀྱིས། །བདག་ཉིད་ཆེན་པོ་སྨོས་ཅི་དགོས། །ཞེས་སོ། །འདིར་སྐབས་འཕྲོས་ཀྱི་རྩོད་སྤོང་ནི། གཞལ་བྱ་ཞེན་སྣང་གཅིག་ལ་གཏན་ཚིགས་ཀྱི་སྒོ་བཞི་པོ་དེས་དུས་གཅིག་ཏུ་འཇལ་ལམ། རེ་མོས་འཇལ། དང་པོ་ལྟར་ན་ཤེས་རྒྱུད་གཅིག་ལ་རྟོག་པ་བཞི་དུས་གཅིག་ཏུ་སྐྱེ་བར་ཐལ། འཇལ་བྱེད་བློ་རྫས་གསུམ་གྱིས་དུས་གཅིག་ཏུ་འཇལ་བའི་ཕྱིར། འདོད་མི་ནུས་ཏེ། འགྲོ་ལ་ཤེས་རྒྱུད་གཉིས་མི་འཆང་། །ཞེས་དང་། རྣམ་འགྲེལ་ལས། རྟོག་གཉིས་ཅིག་ཆར་འཇུག་པ་མེད། །ཅེས་པས་གནོད་དོ། །གཉིས་པ་ལྟར་ན། གཏན་ཚིགས་བཞི་པོ་ཟློས་པར་འགྱུར་ཏེ། གཞལ་བྱ་གཅིག་ལ་འཇལ་བྱ ེད་གསུམ་གྱིས་རེ་མོས་སུ་འཇལ་བའི་ཕྱིར་ཞེ་ན། ལན་དུ་ཉང་ཊཱིཀ་པ། དེ་ལྟར་དུས་གཅིག་ཏུ་རེ་མོས་སུ་འཇལ་ན་བདེན་མོད་ཀྱི། །འདིར་དེ་གཉིས་གང་ཡང་མ་ཡིན་ཏེ། བསྒྲུབ་བྱ་བསྒྲུབ་འདོད་ལ་རག་ལས་པ་ཡིན་ནོ། །ཞེས་གསུངས་པ་ལེགས་པར་མངོན་ཏེ། ཡོངས་གཅོད་དུ་བསྒྲུབ་བྱ་ལྷག་པ་བདེན་པ་དབྱེར་མེད་ཀྱི་ལྟ་བའི་རང་མཚན་རྟོགས་པར་འདོད་པས་རྟོགས་པའི་གཏན་ཚིགས་དང་། གཞི་ཉིད་རང་བྱུང་གི་ཡེ་ཤེས་གཅིག་ཏུ་རྟོགས་པར་འདོད་པས་བདག་ཉིད་ཆེན་པོའི་གཏན་ཚིགས་དང་། རྣམ་བཅད་དུ་དགག་བྱ་འོག་མ་བས་དག་མ་དག་གཉིས་སུ་བལྟ་བའི་ཕྱོགས་འཛིན་གྱི་ལོག་རྟོག་དག་པར་འདོད་པས་དག་པའི་གཏན་ཚིགས་དང་། དགག་བསྒྲུབ་གཉིས་དང་བྲལ་བར་འདོད་པས་མཉམ་པའི་གཏན་ཚིགས་ཀྱིས་འཇལ་བའི་ཕྱིར། དེའང་དང་པོ་ནི། དེ་བྱུང་གི་འབྲེལ་བ་ངེས་པ་ལ་བརྟེན་ནས་བསྒྲུབ་བྱ་རྟོགས་པ་ཡིན་ལ། ཕྱི་མ་གསུམ་ནི་ངོ་བོ་དབྱེར་མེད་ཀྱི་འབྲེལ་བ་ལ་བརྟེན་ནས་རྟོགས་པ་ཡིན་ནོ། །གཉིས་པ་སྒྲ་མཐུན་དོན་སྤགས་ལའང་། གོ་དོན་དང་། གཏན་ལ་དབབ་པ་གཉིས། དང་པོ་ནི། ཚིག་མདོ་སྔགས་ཐུན་མོང་དུ་གྲགས་ཤིང་། དོན་འདི་ཉིད་ལྟར་གཏན་ལ་འབེབས་པའོ། །གཉིས་པ་ལ། རང་དང་སྤྱིའི། མཐའ་དང་བྲལ་བའི། རྣམ་པར་དབྱེ་བའི། མཚོན་པ་དཔེའི་གཏན་ཚིགས་དང་བཞི། དང་པོ་ནི། མཚན་ཉིད་ཀྱི་ཐེག་པ་བ་རྣམས་ཉོན་མོངས་པ་སྤྱིའི་མཚན་ཉིད་ནི་སེམས་རབ་ཏུ་མ་ཞི་བའི་རྣམ་པའོ། རང་མཚན་ནི། གཏི་མུག་ནི་སེམས་ཀུན་ནས་བླུན་ཞིང་རྨུགས་པ། ཞེ་སྡང་ཀུན་ནས་མནར་སེམས། །ང་རྒྱལ་ཀུན་ནས་ཁེངས་པ། །འདོད་ཆགས་ཀུན་ནས་ཞེན་ཅིང་སྲེད་པ། ཕྲག་དོག་གཞན་གྱི་ཕུམ་ཚོགས་མི་བཟོད་པ་སྟེ། དེའང་རང་སྤྱིའི་མཚན་ཉིད་ཕྱེ་ནས་འཁོར་བའི་ལམ་དུ་བརྟགས་ཏེ་སྤོང་སྦྱོང་བྱེད་པར་འདོད་དོ། །འདིར་ཉོན་མོངས་པ་སྤྱིའི་མཚན་ཉིད་རིག་པ་སྤྲོས་བྲལ་དང་། རང་མཚན་རིག་པ་སྒྱུ་མའི་རྩལ་མ་འགགས་པར་སྣང་བར་འདོད་པས། དེ་རྟོགས་པ་ལས་གཞན་པའི་འབྲས་བུ་བསྒྲུབ་བྱ་མེད་པའི་ཕྱིར། སྒྲ་མཐུན་ཡང་དོན་སྤགས་པ་སྟེ། རྒྱས་པ་ལས། ཉོན་མོངས་རང་དང་སྤྱིར་བསྟན་པ། མཚན་ཉིད་མ་ནོར་དོན་རྟོགས་ན། །རྣམ་པར་བྱང་བའི་ལམ་དུ་འགྱུར། །ཞེས་སོ། །དེ་གཏན་ཚིགས་ཀྱིས་བསྒྲུབ་ན། དུག་ལྔ་ཆོས་ཅན། ཡང་དག་པར་མ་གྲུབ་སྟེ། རང་རང་གི་ངོ་བོས་སྟོང་པའི་ཕྱིར། དཔེར་ན་ཐག་ཁྲ་སྦྲུལ་དུ་སྣང་ཡང་གཤིས་ལ་སྦྲུལ་མ་གྲུབ་པ་བཞིན་ནོ། །དེ་ལྟར་ཡང་རྣམ་བཀོད་ལས། ལ་ལ་རང་རིག་ཐབས་ཆེན་དུ། །མ་འགགས་སྣང་བ་རང་མཚན་ཏེ། །དངོས་ཀུན་རྣམ་པར་བྱང་བ་ཡི། ། མཚན་ཉིད་ཡིན་ཏེ་སྤྱི་རུ་སྟོན། །ཞེས་སོ། །གཉིས་པ་ནི། སྣང་བ་ཕྱི་ནང་གི་ཆོས་ཐམས་ཅད་ཆོས་ཅན། སྤྲོས་པའི་མཐའ་དང་དེ་ལ་ལྟོས་པའི་དབུས་སོགས་ཅིར་ཡང་མ་དམིགས་པ་སྟེ། ཡང་དག་པར་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། འདི་ཉིད་ལས། གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་དང་། ལམ་རིམ་ལས། མཐའ་དང་དབུས་མེད་དུ་མར་བྲལ། །གང་ཡང་མ་ཡིན་དེ་བཞིན་ཉིད། །དབྱེར་མེད་པ་ཡི་ཚུལ་རྟོགས་ཕྱིར། །མཐའ་དང་བྲལ་བའང་དེ་བཞིན་ནོ། །ཞེས་སོ། །དེའང་རྒྱུའི་ཐེག་པས་རྣམ་བཅད་བཀག་ནས་ཡོངས་གཅོད་སྤྲོས་བྲལ་དུ་བསྒྲུབ་པ་དང་སྒྲ་མཐུན་ཀྱང་། འདིར་དགག་བྱའི་སྣང་བ་དེ་མ་སྤངས་ཤིང་མཐར་ཞེན་པ་ལ་མ་རེག་པས་དོན་སྤགས་པ་སྟེ། འདི་ཉིད་ལས། ཡོད་མེད་དབུ་མའང་མི་དམིགས་ཤིང་། །སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། །ཞེས་དང་། རྣམ་བཀོད་ལས། ཕྱོགས་འཛིན་ལྟ་ངན་དགྲོལ་ཕྱིར་དང་། །མཐའ་བྲལ་འདོད་པ་འདིར་གཞུག་ཕྱིར། །མཐའ་དང་བྲལ་ཞེས་བརྗོད་མོད་ཀྱི། །མཐའ་ཀུན་རང་རིག་རང་སྣང་ཕྱིར། །འདི་ལ་བྲལ་དང་མ་བྲལ་དང་། །གྲོལ་དང་མ་གྲོལ་ཕྱོགས་ཞེན་མེད། །ཅེས་སོ། །གསུམ་པ་ནི། བུམ་པ་ཆོས་ཅན། རང་བཞིན་དུ་ངེས་པར་མ་ཡིན་ཏེ། དབྱིབས་དང་ཁ་དོག་སོགས་ཆོས་དུ་མ་ལྡན་པས་ཕྱི་ཡུལ་གྱི་རྣམ་པ་རྣམས་གཅིག་ཏུ་མ་གྲུབ་པའི་ཕྱིར། གཞུའི་རྒྱུ་ཚོགས་བཞིན་ནོ། །དེ་ལྟར་ཡང་རྒྱས་པ་ལས། འབྱུང་བ་ཆེན་པོ་ལྔ་རྣམས་ལ། །རང་བཞིན་མེད་པར་གཞིག་བྱའི་ཕྱིར། །གཅིག་ལའང་ལྔ་ལྔར་དབྱེ་བྱ་ཞིང་། །མཱུཾ་གྱི་དབྱིངས་སུ་བསྟིམ་པར་བྱ། །མཱུཾ་ཉིད་སྨྲ་བསམ་ཡུལ་ལས་འདས། །ཞེས་སོ། །དེ་ལ་ཐུན་མོང་པ་དག །འབྱུང་ཆེན་ལྔ་རེ་རེའང་ལྔ་ལྔར་ཕྱེ་ནས་ཐ་དད་དུ་གཏན་ལ་ཕབ་སྟེ་རགས་སྣང་གཞིག་པར་བྱེད་པས་སྒྲ་མཐུན་ཀྱང་། འདིར་མཚོན་བྱེད་ཡི་གེ་མཱུཾ་གྱིས་མཚོན་བྱ་ཆོས་ཀྱི་དབྱིངས་སུ་གཅིག་པར་འབེབས་པས་འཕགས་པ་སྟེ། རྣམ་བཀོད་ལས། སྣང་བའི་དངོས་པོ་རྣམ་བཤིགས་ན། །སོ་སོའི་མཚན་ཉིད་དངོས་མེད་པ། །གཞིག་ན་ནམ་མཁའི་ངང་དུ་ཞ། །ནམ་མཁའ་དེ་ཉིད་ལྔས་བཤིགས་ན། །མཚན་ཉིད་མེད་པའི་དབྱིངས་སུ་ཐིམ། །འདི་ལ་མོས་པ་གཞུག་ཕྱིར་དང་། །གསང་ཆེན་དོན་དམ་མཐོང་བྱའི་ཕྱིར། །བརྗོད་ཀྱི་དངོས་ཀུན་དབྱེར་མེད་ལ། །རྣམ་པར་དབྱེ་བས་གཞན་ནས་མིན། །ཞེས་སོ། །བཞི་པ་ནི། ཆོས་ཅན་འགའ་ཞིག་དངོས་སུ་གཏན་ལ་ཕབ་པས་ཡིད་མ་ཆེས་ན། དཔེས་མཚོན་ནས་གཏན་ལ་དབབ་པར་བྱེད་པ་སྟེ། སེམས་ཉིད་ཆོས་ཅན། ཅིར་ཡང་མ་གྲུབ་སྟེ། གཟུང་དུ་མེད་པའི་ཕྱིར། ནམ་མཁའ་བཞིན། དེ་ལྟར་ཡང་ལམ་རིམ་ལས། ནམ་མཁའ་གཟུང་དུ་མེད་པའི་ཕྱིར། །སྣང་སྲིད་ཐམས་ཅད་དེ་དང་འདྲ། །ཞེས་སོ། །དེའང་ཐུན་མོང་པ་དག །དཔེ་དོན་ཐ་དད་དུ་འདོད་པ་ལས། འདིར་ཐམས་ཅད་ཆོས་ཉིད་དུ་གཅིག་པའི་ཕྱིར་དབྱེར་མེད་དུ་མཚོན་པས་སྒྲ་མཐུན་ཀྱང་དོན་སྤགས་ཏེ། རྣམ་བཀོད་ལས། སྣང་བ་རང་རྒྱུད་མེད་པའི་ཕྱིར། །རང་རིག་རང་སྣང་སྤྱོད་ཡུལ་མེད། །ཀུན་ལ་དེ་ལྟར་འབྱོར་པར་གྱིས། །ཞེས་སོ། གཉིས་པ་ཚིག་དོན་མི་མཐུན་པའི་གཏན་ཚིགས་ལའང་གོ་དོན་དང་། གཏན་ལ་དབབ་པའོ། །དང་པོ་ནི། བསྒྲུབ་བྱའི་དོན་དང་གཏན་ཚིགས་དོན་ཐ་སྙད་པའི་ངོར་འགལ་བ་སྟོན་པ་ནི་ཚིག་དོན་མི་མཐུན་པའི་གཏན་ཚིགས་སོ། །གཉིས་པ་ནི། ཤེས་བྱེད་ཀྱི་རྟགས་གོ་ལྡོག་ནས་སྟོན་པ་སྟེ། སེམས་ཉིད་ཆོས་ཅན། ཡང་དག་པར་ཅིར་ཡང་མ་གྲུབ་པས་ཅི་ཡང་མ་ཡིན་ཏེ། སྣང་ཚུལ་དུ་མ་འགགས་པར་རང་སྣང་བས་ཅི་ཡང་ཡིན་པའི་ཕྱིར། རྟགས་དེ་ཚད་མས་གྲུབ་སྟེ། ཇི་ལྟར་བརྟགས་ཤིང་བསམ་པ་ལྟར་འགྱུར་བས་ན་ཆོས་ཀུན་གྱི་ངོ་བོར་ཆོས་ཉིད་རང་སྣང་བའི་ཕྱིར། དེ་ལྟར་ཡང་སྔ་མ་ལས། དེ་མཚོན་ཅི་ཡང་ཡིན་པའི་ཕྱིར། །སེམས་ཆོས་ཅི་ཡང་མ་ཡིན་ནོ། །དེ་ཕྱིར་མ་ཡིན་ཀུན་ཡིན་པས། །ཅི་ཡང་ཡིན་ནོ་ལྷུན་གྱིས་གྲུབ། །ཅེས་སོ། །དེ་ལྟར་བསྟན་པའི་དགོས་པ་ཡང་། ཡིན་མིན་ཐ་དད་དུ་འཛིན་པའི་ཕྱོགས་ཞེན་དགྲོལ་ཞིང་ཕྱོགས་མེད་ཀྱི་དོན་རྟོགས་པར་བྱ་བའི་ཕྱིར་ཏེ། དེ་ཉིད་ལས། ཆོས་ཀུན་མཐའ་ལས་འདས་པ་ལ། །མཐའ་རྣམས་གང་ཡང་དོར་མེད་པས། །འདི་ལྟར་འདིའོ་ཞེས་བསྟན་མེད། །རང་གི་ངོ་བོ་བསྟན་པར་དཀའ། །འོན་ཀྱང་ཡིན་མིན་འཛིན་དགྲོལ་ཕྱིར། །ཞེས་སོ། །གསུམ་པ་གྲུབ་མཐའ་ལ། ངོ་བོ། བཙལ་ཐབས། རྟོགས་པའི་ཚད། སྐབས་འཕྲོས་ཀྱི་རྩོད་པ་སྤང་བའོ། །དང་པོ་ནི། གཏན་ཚིགས་ཀྱིས་གཏན་ལ་ཕབ་པའི་བསྒྲུབ་བྱ། བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཞིག་སྟེ། རྣམ་བཀོད་ལས། ལྷག་པའི་རྣམ་གཉིས་དབྱེར་མེད་དོན། །མིང་གྲངས་ཅིར་ཡང་བསྟན་མོད་ཀྱང་། །དོན་དུ་སྨྲ་བསམ་ཡུལ་ལས་འདས། །ཞེས་སོ། །གཉིས་པ་ནི། དྲི་མ་མེད་པའི་ཤེས་རབ་གསུམ་གྱིས་ཡོད་མེད་ལ་སོགས་པའི་སྒྲོ་སྐུར་གྱི་མཐར་མ་རེག་པ་ལས་བཙལ་བར་བྱ་སྟེ། ལམ་རིམ་ལས། ཡོད་ལས་བཙལ་ན་སྒྲོ་བཏགས་ཏེ། །སྒྲོ་འདོགས་བརྒྱད་དུ་ལྷུང་བར་འགྱུར། །མེད་ལས་བཙལ་ན་སྐུར་བཏབ་སྟེ། །སྐུར་པ་བཅུ་ཡི་གནས་སུ་ལྷུང་། །ཡོད་མེད་གཉིས་ལས་བཙལ་བྱས་ན། །དེ་ཉིད་ལུང་དུ་མ་བསྟན་འགྱུར། །ཞེས་དང་། འདི་ཉིད་ལས། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་འཚོལ་ཞིག །ཅེས་དང་། རྣམ་བཀོད་ལས་ཀྱང་། གཞན་དུ་འཚོལ་ཞིང་རྨོངས་པའི་སེམས་ཅན་གྱིས། །བསྟན་ཀྱང་མ་ཐོས་མཚོན་ཀྱང་མ་མཐོང་བས། །བདག་དང་གཞན་དུ་འཚོལ་བས་འཚང་མི་རྒྱ། །ཞེས་སོ། །གསུམ་པ་ནི། གྲུབ་པའི་མཐའི་ངོ་བོ་གནས་ལུགས་ཉིད་རང་གི་མཚན་ཉིད་དུ་རྟོགས་ནས་རིག་པ་ཡུལ་མེད་དུ་གསལ་བ་སྟེ། ལམ་རིམ་ལས། རྒྱ་མཚོ་དྭངས་བའི་གཟུགས་བརྙན་ལྟར། །སྒྲ་རྟེན་ཡིད་ལ་བྱེད་མིན་པར། །རང་རིག་མངོན་སུམ་དམིགས་བྲལ་བ། །རང་གསལ་གསུམ་བྲལ་མི་བསྒུལ་བར། །ངེས་པར་གདེངས་སུ་གང་བྱས་པ། ཐོས་བསམ་བརྟེན་པའི་ལྟ་མཐར་ཕྱིན། །ཞེས་སོ། །བཞི་པ་རྩོད་སྤོང་ནི། ཟག་བཅས་སུ་ཆོས་ཉིད་རང་གི་མཚན་ཉིད་མཐོང་ངམ་མི་མཐོང་། དང་པོ་ལྟར་ན། ཟག་མེད་དུ་ཐལ། རང་མཚན་མངོན་དུ་བྱས་པའི་ཕྱིར། ཚེ་དབང་བཞིན་ནོ། །འདོད་ན། ཟག་བཅས་ཉམས་ཤིང་། མདོའི་དོན་བསྡུས་ལས། དེ་དག་ཟག་བཅས་བསམ་གཏན་ཏེ། །གཉིས་མེད་ཡུལ་བྲལ་དེ་མཐོང་མིན། །ཞེས་སོ། །གཉིས་པ་ལྟར་ན། དགའ་རབ་ཀྱི་ལ་ཤན་ལས། སྤྱི་མིན་རང་གི་མཚན་ཉིད་དུ། །རང་རིག་མངོན་སུམ་གསལ་དུས་ན། །རང་སྣང་མཐའ་བྲལ་རྒྱུན་ལས་གྲོལ། །ཞེས་དང་། སྒྲ་རྟེན་ཡིད་ལ་བྱེད་མིན་པར། །ཞེས་རང་གི་མཚན་ཉིད་མཐོང་བར་བཤད་པ་དང་འགལ་ལོ་ཞེ་ན། འདིའི་ལན་དུ། དགག །གཞག །སྤང་གསུམ། དང་པོ་ནི། སྔ་རབས་པ་ཁ་ཅིག་ན་རེ། ལྟ་བ་རང་གི་མཚན་ཉིད་ནི། ཟག་བཅས་སུ་ལྟ་ཅི་སྨོས། ཟག་མེད་ཀྱི་ལམ་གསུམ་དུའང་མི་མཐོང་སྟེ། སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན་པའི་ཕྱིར་ཏེ། དགོངས་འདུས་ལས། ཆོས་འདི་ཟབ་སྟེ་མཐོང་བ་དཀའ། །རྟོགས་པར་ཡང་ནི་མ་ཡིན་ཏེ། །མཐར་ཕྱིན་པ་ལ་གནས་པ་ཡི། །སྐྱེས་བུས་ཀྱང་ནི་མཐོང་བ་མིན། །ཞེས་གསུངས་པས་སོ་ཟེར། དེ་ལྟར་ན། ཟག་མེད་ཀྱི་ལམ་གསུམ་ཀྱང་ཟག་བཅས་སུ་ཐལ་བས་མི་འཐད་དེ། གང་དུ་ཆོས་ཉིད་རང་མཚན་མ་མཐོང་བ་ལ་ཉོན་སྒྲིབ་མ་སྤངས་པས་ཁྱབ་ཅིང་། དེའི་ལས་ཀྱིས་ཀུན་ནས་བསླང་སྟེ་ཁམས་གསུམ་དུ་ཟག་ཅིང་འཕོ་བའི་ཕྱིར་རོ། །འདོད་མི་ནུས་ཏེ། ལམ་རིམ་ལས། ཟག་ཀུན་ཟད་པའི་རིགས་ཆེན་ནི། །ཇི་ལྟར་སྤྱད་ཀྱང་ལྡོག་པ་མེད། །ཅེས་པས་གནོད་ཅིང་། དགོངས་འདུས་ཀྱི་ལུང་དོན་ཀྱང་། བླ་མ་བདེ་གཤེགས་ཆེན་པོའི་བཞེད་པ་ལྟར། དུས་བཞི་མཉམ་སྦྱོར་དུ་མ་གྱུར་པ་ལ་དགོངས་པ་ཡིན་གྱི། ཆོས་ཉིད་རང་མཚན་མ་མཐོང་བ་ལ་དགོངས་པ་མ་ཡིན་ནོ། །ཡང་མཁས་པ་སྣར་སྟོན་ན་རེ། ཟག་བཅས་སུ་ཆོས་ཉིད་རང་གི་མཚན་ཉིད་མཐོང་བ་འཐད་དེ། དེ་ལྟ་མ་ཡིན་ན། མངོན་སུམ་པའི་གཏན་ཚིགས་དོན་མེད་པར་འགྱུར་རོ། །འོན་ཀྱང་བསྒོམ་པས་ནུས་པ་བོགས་སུ་འགྲོ་བའི་ཕྱིར། ནུས་པར་རབ་ཏུ་རྟོགས་པ་མ་ཡིན་ཏེ། ཤིང་སྣའི་མེ་བཞིན་ནོ། །གསུངས་པའང་འཐད་པར་མ་མཐོང་སྟེ། ལྟ་བ་ཟག་བཅས་དང་ཆོས་ཉིད་རང་མཚན་ཉིད་མངོན་གྱུར་འགལ་ཆོས་སུ་གནས་པའི་ཕྱིར་དང་། ཐུན་མོང་གི་ལུང་ལས་ཀྱང་། མ་མཐོང་མཐོང་ཕྱིར་མཐོང་བས་ལམ། །ཞེས་པས་གནོད་དེ་ཟག་བཅས་སུ་མཐོང་ཟིན་པའི་ཕྱིར། མ་མཐོང་བའི་དོན་གསར་དུ་མཐོང་དུ་མེད་དོ། །དེའང་སྐྱོན་མེད་དེ། བོགས་འགྲོར་ཡོད་པའི་ཕྱིར་ཞེ་ན། མ་ཡིན་ཏེ། དེ་འདྲ་ཟག་མེད་མཐོང་ལ མ་ཐོབ་ནས་ཀྱང་། ད་དུང་བསྒོམ་ལམ་གྱིས་རྒྱུན་བསྲིང་ཞིང་། མཉམ་རྗེས་གཉིས་མེད་དུ་སློབ་དགོས་པར་མཚུངས་པའི་ཕྱིར་ཏེ། ལམ་རིམ་ལས། དཀྱུས་སར་ཕྱིན་པའི་ཅང་ཤེས་བཞིན། །ཀུན་ཏུ་འགྲོ་བ་བདག་པོའི་དོན། །ཞེས་ཚེ་དབང་གིས་ཀྱང་རང་གི་ལྟ་སྒོམ་ལ་རྩལ་སྦྱོང་དགོས་པར་བཤད་པའི་ཕྱིར། ཟག་པ་ཡོད་མེད་ཀྱི་ཁྱད་པར་དུ་མི་འགྲོའོ། །ཡང་ཁ་ཅིག་ན་རེ། ཟག་བཅས་སུ་ཆོས་ཉིད་རང་མཚན་མཐོང་བ་འཐད་དེ། སྐབས་འགྲེལ་ལས། གསུམ་པ་བདེན་གཉིས་རང་མཚན་དུ། །འགོ་མཐོང་གཉིས་མེད་བཟོད་མ་ཐོབ། །ཅེས་གསུངས་པའི་ཕྱིར་ཟེར་བ་ལའང་། སྐྱོན་སྔར་ལྟར་འབབ་ཅིང་། ལུང་གི་དོན་ཀྱང་། འགོ་མཐོང་ཞེས་པའི་ཚིག་གིས་རང་མཚན་མཐོང་བའི་ལུང་མ་ཡིན་པར་སྒྲོལ་གཡུང་གཉིས་བཞེད་པ་ལྟར་འཐད་པའི་ཕྱིར་རོ། །ཡང་མདར་ནག་ན་རེ། ཆོས་ཉིད་རང་མཚན་དེ་ཟག་བཅས་སུ་རང་རིག་མངོན་སུམ་དང་། ཟག་མེད་དུ་རྣལ་འབྱོར་མངོན་སུམ་གྱིས་མཐོང་ཟེར་བའང་། མ་ཡིན་ཏེ། ལམ་རིམ་ལས། རྒྱུ་འབྲས་དུས་གཅིག་རྫོགས་པ་ཡི། །རང་རིག་ཉིད་དུ་དབང་ཐོབ་སྟེ། །དོན་མཐོང་འཇུག་པ་མཐར་ཕྱིན་ལམ། །མཐོང་བའི་ཆོས་ལ་མྱ་ངན་འདས། །ཞེས་ཚེ་དབང་གིས་ཆོས་ཉིད་རང་རིག་མངོན་སུམ་གྱིས་མཐོང་བར་བཤད་པས་གནོད་དོ། །གཉིས་པ་ནི། འདིར་རྗེ་སྒྲོལ་གཡུང་གཉིས་ཀྱི་རྗེས་སུ་འབྲངས་ཏེ། ཆོས་ཉིད་རང་གི་མཚན་ཉིད་ཟག་བཅས་སུ་མི་མཐོང་ལ། ཟག་མེད་དུ་མཐོང་ཟིན་པའི་ཕྱིར། ཟག་པ་ཟད་པ་དང་ཆོས་ཉིད་རང་མཚན་མཐོང་བ་དུས་གཅིག་པར་འདོད་དོ། །ཅིའི་ཕྱིར་ཟག་བཅས་སུ་མི་མཐོང་ཞེ་ན། ཟག་པ་དང་བཅས་པའི་ལམ་གྱི་སྐབས་འདི་ཆོས་ཅན། ཆོས་ཉིད་རང་མཚན་དུ་མཐོང་བ་མ་ཡིན་ཏེ། ཀུན་བརྟགས་སྤོང་བའི་གཉེན་པོ་མཐོང་ལམ་ཆེན་པོ་རྒྱུད་ལ་མ་བརྟེན་པའི་ཕྱིར། ཐུན་མོང་གི་སྦྱོར་ལམ་བཞིན་ནོ། །དེ་ལྟར་ཡང་། དེ་དག་ཟག་བཅས་བསམ་གཏན་ཏེ། །གཉིས་མེད་ཡུལ་བྲལ་དེ་མཐོང་མིན། །ཞེས་པས་གསལ་ལོ། །གསུམ་པ་ནི། དེ་ལྟར་ན་རང་མཚན་མཐོང་བར་བཤད་པའི་སྔར་གྱི་ལུང་རྣམས་ཀྱིས་གནོད་དོ་ཞེ་ན། མི་གནོད་དེ། ལྟ་བ་ནི་ཟག་བཅས་ཁོ་ནར་རྣམ་པར་བཅད་པ་མ་ཡིན་པའི་ཕྱིར། སྔར་གྱི་ལུང་དོན་ལྟར་འགའ་ཞིག་ཏུ་རང་མཚན་མཐོང་བའང་མི་འགལ་ཏེ། ལམ་རིམ་ལས། ལྟ་བ་ལྟ་བ་གཙོར་བརྗོད་མོད། །དོན་དུ་ཤེས་རབ་ཀུན་མཉམ་ཉིད། །དེད་དཔོན་རིན་ཆེན་ཇི་བཞིན་དུ། །གདོད་མཐའི་བར་དུ་འདིས་ཤེས་དགོས། །ཞེས་གསུངས་པའི་ཕྱིར། གཞན་དུ་ན། ཟག་བཅས་བསམ་གཏན་གྱིས་ཆོས་ཉིད་ཀྱི་དོན་མཐོང་བར་བཤད་པའི་ལུང་ཕལ་ཆེ་བ་ནི། ཆོས་ཉིད་སྤྱིའི་རྣམ་པ་མཐོང་བ་ལ་དགོངས་པ་སྟེ། དེ་ཡང་ཟག་བཅས་སུ་ཐོས་པའི་སྒྲ་སྤྱི་ལ་བརྟེན་ནས་བསམ་ཤེས་ཀྱིས་ཆོས་ཉིད་སྤྱིའི་རྣམ་པ་མཐོང་བས་ལྟ་བའི་དོན་སྤྱིར་རྟོགས་ཏེ། ཏིང་ངེ་འཛིན་ལ་འདྲིས་པར་བསླབས་པས་ཟག་མེད་དུ་བསྒོམ་པའི་ཤེས་རབ་ཀྱིས་ཆོས་ཉིད་རང་མཚན་ངོ་བོ་བསྐྱེད་དུ་བྱར་མེད་པར་མཐོང་ལ། དེ་ནས་སངས་རྒྱས་ཀྱི་སའི་བར་དུ་ཕྲ་བའི་སྒྲིབ་པ་རིམ་གྱིས་སྦྱངས་ཏེ་གསལ་བའི་ཁྱད་པར་བསྐྱེད་དུ་བྱས་ཤིང་། མཐར་ཐུག་མཁྱེན་པའི་ཡེ་ཤེས་དུས་བཞི་མཉམ་སྦྱོར་བསྐྱེད་དུ་བྱར་མེད་པ་མངོན་དུ་གྱུར་པ་ཉིད་དེ། དེ་ཉིད་ལས། འོན་ཀྱང་ས་དང་ས་ཡི་རིམ། །དབང་པོ་དང་བའི་སྤྱོད་ཡུལ་ལ། །ཉེ་རིང་དྲུང་བཞིན་སྟོབས་འཕེལ་བས། །རྒྱུ་རྐྱེན་གོང་འོག་འབྲས་བུར་འབྲེལ། །གསལ་བའི་བྱེ་བྲག་རིམ་པར་འགྲོ། །ཞེས་སོ། །དེའི་ཕྱིར་དབྱེར་མེད་ཆིག་ཆོད་དུ་རྟོགས་པར་མ་ནུས་པ་ལ། ཡེ་ཤེས་ཀུན་མཁྱེན་ལྟ་བ་དགུ། །ཞེས་ལམ་རང་སའི་སྤྲོས་གཅོད་ཀྱི་ལྟ་བ་སོ་སོར་གསུངས་པ་ཡིན་ནོ། །ཡང་། གསལ་བའི་བྱེ་བྲག་རིམ་པར་འགྲོ། །ཞེས་པའི་སྐབས་སུའང་། བཞེད་པ་མི་མཐུན་པ་འདི་ལྟར་མཐོང་སྟེ། གཙང་པ་བྱིས་སྟོན་ནི། གསལ་མི་གསལ་མེད་དེ། ཆོས་ཉིད་རང་གི་མཚན་ཉིད་ཡིན་པའི་ཕྱིར། གནས་ཡུན་རིང་ཐུང་ཡོད་དེ། ལམ་གོང་མ་གོང་མར་བགྲོད་པའི་དུས་ན་བརྟན་པ་ཇེ་ཐོབ་ཇེ་ཐོབ་ཏུ་འགྲོ་བ་ཡིན་གསུངས། རྒྱ་གབ་གོང་པ་ནི། གསལ་མི་གསལ་དང་ཡུན་རིང་ཐུང་གཉིས་ཀ་ཡོད་དེ། སྔ་མ་ནི། གསལ་བའི་བྱེ་བྲག་རིམ་པར་འགྲོ། །ཞེས་པས་མངོན་ལ། ཕྱི་མ་ནི། སྤྱི་མདོ་ལས། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དང་། དེ་མ་ཐག་པ་དང་། ཐུན་ཕྱེད་དང་། ཐུན་དང་། ཞེས་སོགས་གསུངས་པས་གསལ་ལོ་གསུངས། སྒྲོལ་གཡུང་རྣམ་གཉིས་ནི། ལྟ་བའི་ངོས་ནས་གསལ་མི་གསལ་དང་། ཡུན་རིང་ཐུང་མེད་ལ། དེ་དག་ཡོད་པའི་ལུང་རྣམས་ནི། མཐོང་དོན་བསྒོམ་པའི་ཏིང་ངེ་འཛིན་ལ་གསལ་མི་གསལ་དང་། ཡུན་རིང་ཐུང་ཡོད་པའི་ལུང་ཡིན་ནོ་གསུངས་ཏེ། ད་དུང་བློ་ལྡན་རྣམས་ཀྱིས་དཔྱད་པར་བྱའོ། །གཞན་ཡང་དབང་རྣོན་ཡང་རབ་ཁ་ཅིག །ཐོས་བསམ་གྱི་ལྟ་ཐོག་ནས། དབྱེར་མེད་ཆིག་ཆོད་དུ་རྟོགས་ཏེ་གྲོལ་བ་དགག་མི་ནུས་པའི་ཕྱིར། བྱེ་བྲག་ཏུ་ཟག་བཅས་ལྟ་བའི་སྐབས་སུ་མཐོང་བའང་ཡོད་དམ་སྙམ་ན། དེ་ཐོས་བསམ་གྱི་ལྟ་ཐོག་ནས་གྲོལ་བས་ཟག་བཅས་སུ་ཆོས་ཉིད་རང་མཚན་རྟོགས་པ་ལྟར་སྣང་ཡང་མ་ཡིན་ཏེ། དེ་འདྲ་བའི་གང་ཟག་དེ་རྟོགས་གྲོལ་དུས་གཅི ག་པའི་ཕྱིར། སྐད་ཅིག་དེར་མཐོང་ལམ་མངོན་དུ་གྱུར་པའང་དགག་མི་ནུས་སམ་སྙམ་སྟེ། ཨིནྡྲ་བོ དྷི་བཞིན་ནོ། །གསུམ་པ་རྣམ་གྲངས་རྣམ་པར་ཕྱེ་སྟེ་དམིགས་བཟུང་བ་ལ། མིང་གྲངས་དང་། དོན་གྲངས་སོ། །དང་པོ་ལ། ཉང་ཇོ་མདོ་ནི། ཚོགས་བརྒྱད་པོ་འདི་རྟེན་གཟུགས་ཅན་གྱིས་ཡུལ་ཐ་དད་ལ་སྒྲོ་འདོགས་གཅོད་པའི་ཕྱིར་རྣམ་གྲངས་ཡིན་གསུང་ཞིང་། རྒྱལ་བ་གཡུང་ཀྱང་། ཤེས་རབ་ཀྱི་ཚོགས་བརྒྱད་དུ་བཞེད་ནའང་། འདིར། ཐུགས་ཐིག་ལས། དབང་པོ་དྲུག་གི་ཆར་སྣང་ཡང་། །སྤྱན་ལ་མཆོག་ཏུ་བརྗོད་པ་ནི། །ཤེས་རབ་ཡུལ་ལ་དབྱེར་མེད་པས། །མངོན་སུམ་རྟོགས་པ་རྟོགས་པའི་མཆོག །རང་རིག་ཡེ་ཤེས་ཚོགས་གཅིག་པུ། །ཞེས་པའི་རྗེས་སུ་འབྲངས་ཏེ། ཉང་ཊཱིཀ་པ་ལྟར་རྣམ་ཤེས་ཚོགས་དྲུག་གི་ལྟ་བར་བཤད་ན་བདེ་བར་མངོན་ནོ། །དེའང་། ལམ་རིམ་ལས། ཤེས་དང་སྤྱོད་ཡུལ་གཉིས་མེད་པས། །ཐམས་ཅད་མ་ལུས་གཅིག་པའི་ངང་། །མ་འདྲེས་ཡོངས་རྫོགས་གསལ་སྟོང་གཟུགས། །ལྟ་དང་བལྟ་བར་བྱར་མེད་པར། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་མཐོང་། །གང་དུའང་མ་མཐོང་སྤྱན་གྱི་མཆོག །ཁྱབ་གསལ་རང་བཞིན་གོ་བའི་སྒྲ། །ཐོས་པ་མེད་པར་ཐོས་པའི་ཕུལ། །དང་བས་ཚིམས་བྱེད་ཆོས་ཀྱི་དྲི། །སྣོམ་བྱེད་མེད་པར་ཚོར་བའི་ཤངས། །དོན་བཅུད་ཉམས་སུ་མྱོང་བའི་རོ། །མྱོང་བའི་བྱ་བྱེད་མེད་ཉིད་མྱོང་། །ཡང་དག་དོན་ལ་རེག་པ་ཉིད། །རེག་པ་ཀུན་དངོས་རེག་དང་བྲལ། །ཆོས་ཁམས་སྣ་ཚོགས་ཀུན་མཁྱེན་པ། །རང་རིག་རྒྱལ་པོར་རང་སྣང་བའོ། །ཞེས་པས་སོ་སོ་དང་། །དེ་བས་བདག་འཛིན་རང་གསལ་བ། །བདག་བཅས་བདག་དང་བྲལ་བའི་ཡིད། །དོན་དང་སེམས་ཅན་རྟོག་མེད་གསལ། །རང་བྱུང་ཡེ་ཤེས་ཐམས་ཅད་མཁྱེན། །ཞེས་པ་ནི། འདིར་ཆོས་ཐམས་ཅད་རང་བཞིན་མེད་པར་མཐོང་ཚུལ་སྤྱིར་བསྟན་པ་ལ་འཆད་ཅིང་། གཞན་དུ་ཚོགས་བརྒྱད་ལྟར་ན། ཤློ་ཀ་ཕྱེད་སྔ་མས་ཉོན་ཡིད་དང་། ཕྱི་མས་ཀུན་གཞིའི་ལྟ་བའོ་ཞེས་འདོད་དོ། །གཉིས་པ་ལ། ཉམས་སུ་ལེན་བྱེད་ལམ་གྱི་རིམ་པའི་ལྟ་གྲངས་དང་། བླང་བྱ་རྒྱུད་དོན་གྱི་ལྟ་གྲངས་སོ། །དང་པོ་ནི། ཁྱབ་བྱ་ལམ་ཀུན་ཁྱབ་བྱེད་ལྟ་བས་ཁྱབ་པའི་ཕྱིར་ལམ་རིམ་གྱི་ལྟ་གྲངས་དགུ་སྟེ། དེ་ཉིད་ལས། མཉམ་ཉིད་ངང་ལ་མི་སྐྲག་པས། །མངོན་བྱང་ངེས་པའི་ཤེས་རབ་དང་། །རྣམ་པ་ཀུན་ལྡན་སྟོང་ཆེན་མཐོང་། །རང་རིག་ཡེ་ཤེས་སྙིང་རྗེས་གཟིགས། །ཕྱག་རྒྱ་གཅིག་སྐུ་འབྲས་བུར་བལྟ། །ཐམས་ཅད་གསལ་བའི་ལྟ་བ་དང་། །བར་ཆད་མེད་པའི་ཚོགས་ཆེན་མཐོང་། །དབང་བསྒྱུར་མཉམ་ཉིད་མི་གཡོ་བ། །ཡེ་ཤེས་ཀུན་མཁྱེན་ལྟ་བ་དགུ། །ཞེས་སོ། །གཉིས་པ་ནི། རྒྱུད་ཀྱི་དངོས་པོ་རྣམས་ལའང་། ཁྱབ་བྱེད་ལྟ་བས་ཁྱབ་པའི་ཕྱིར། རྒྱུད་དོན་གྱི་ལྟ་གྲངས་དགུ་སྟེ། དེ་ཉིད་ལས། རྒྱུད་དོན་གཟུངས་ཀྱིས་ཟིན་པ་ནི། །དམ་ཚིག་དམ་ཚིག་ཅེས་བྱ་བ། །རང་གི་ལྟ་བ་དམ་ཚིག་ཡིན། །ཞེས་པ་ལ་སོགས་པའོ། །ལྔ་པ་མ་རྟོགས་པའི་སྐྱོན་ལ། སངས་རྒྱས་ཀྱི་ཞིང་འཁོར་བའི་གནས་སུ་མཐོང་བའི་སྐྱོན་དང་། དགེ་བའི་ལས་ལ་སྤྱད་ཀྱང་འཁོར་བ་ལས་མི་གྲོལ་བའི་སྐྱོན་ནོ། །དང་པོ་ནི། རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཞེས་སོ། །གཉིས་པ་ནི། དེ་ཉིད་ལས། ཐབས་ལ་མཁས་པས་མ་ཟིན་ན། །ལམ་གྱི་དགེ་སྤྱད་རྟག་སྤྱད་ཀྱང་། །མཐོ་རིས་ལྷ་དང་མིར་སྐྱེ་ཡི། །སྐྱེ་ཤི་མེད་པའི་ས་མི་ཐོབ། །ཅེས་དང་། ལམ་རིམ་ལས་ཀྱང་། སྤྱན་བཟང་ལམ་ཞུགས་ཇི་བཞིན་ཕྱིར། །ལམ་ཀུན་ཟག་ཅིང་འཆིང་བའི་རྒྱུ། །ཞེས་སོ། །དྲུག་པ་རྟོགས་པའི་ཡོན་ཏན་ལ། ངན་སོང་གི་གནས་སངས་རྒྱས་ཀྱི་ཞིང་དུ་མཐོང་བའི་དང་། ལས་ཅི་ལ་སྤྱད་ཀྱང་མི་འཆིང་བའི་དང་། འཁོར་བར་མི་ལྡོག་ཅིང་འཚང་རྒྱ་བའི་ཡོན་ཏན་ནོ། །དང་པོ་ནི། རྒྱས་པ་ལས། ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཉིད་འོག་མིན་དགའ་ལྡན་གནས། །ཞེས་སོ། །གཉིས་པ་ནི། འདི་ཉིད་ལས། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་ལས་རྣམས་ཀུན་སྤྱོད་ཀྱང་། །བྱས་ལ་མི་སོགས་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་སོ། །གསུམ་པ་ནི་ལམ་རིམ་ལས། གང་ཞིག་འདི་ལྟར་མཐོང་རྟོགས་པ། །དངོས་གྲུབ་མཆོག་གི་སྙིང་པོ་དེ། །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། །དང་པོ་དོན་རྟོགས་མཐའ་མི་གཏོང་། །སྤྱོད་ཡུལ་ཀུན་ཏུ་ཚད་དཔག་མེད། །ཅེས་སོ། །གཉིས་པ་ཟིན་ཆགས་མེད་པ་སྤྱོད་པ་ལ་དྲུག་ལས། དང་པོ་དགོས་ཆེད་ནི། གཞན་སེལ་སྒྲིབ་པ་བྱང་ཞིང་བག་ཆག་འདག །དོན་གཉེར་ཚོགས་རྫོགས་ཤིང་། ལྟ་སྒོམ་གྱི་བོགས་འབྱིན་པར་བྱེད་པ་སྟེ། ཁོག་གཞུང་ལས། དེ་ཡང་བདག་གཞན་དོན་ཕྱིར་དུ། །ལམ་རྗེས་མཐུན་པའི་སྤྱོད་པ་ཡང་། །སྐབས་ཀྱི་ཏིང་ངེ་འཛིན་སྟོངས་ཕྱིར་སྤྱད། །ཅེས་སོ། །གཉིས་པ་ངོ་བོ་ནི། ལམ་པའི་སྒོ་གསུམ་གྱི་བྱ་བར་གྱུར་པ་སྟེ། འདི་ཉིད་ལས། ལུས་ངག་སེམས་དང་ཆོས་ཐམས་ཅད། །གང་ནའང་མི་གནས་མི་དམིགས་པས། །ཞེས་སོ། །གསུམ་པ་སྒྲ་དོན་ནི། ཙ་རྱའི་སྒྲ་ལས་སྤྱོད་པ་སྟེ། སྒོ་གསུམ་དོན་ཡོད་པར་བྱ་བའི་ཕྱིར་སྔགས་ཀྱི་སྤྱད་པ་ལ་སྤྱོད་པའི་ལས་ཅན་ནོ། །དེའང་ཁོག་གཞུང་ལས། སྒོ་གསུམ་ལས་ཕྱིར་ངེས་ཚིག་འགྲུབ། །ཅེས་སོ། །བཞི་པ་རྣམ་གྲངས་ལ། གང་གི་ཚེ་སྤྱོད་པའི་དུས་དང་། གང་སྤྱད་བྱ་དངོས་སོ། །དང་པོ་ནི། མཉམ་བཞག་ལས་ལངས་ཏེ་རྗེས་ཐོབ་ཏུ་སྤྱོད་པ་ཅི་ལ་ཡང་མ་ཆགས་པར་སྤྱོད་པ་སྟེ། དེ་ཉིད་ལས། ཀུན་ཀྱང་མཉམ་ལས་ལངས་ཚེའོ། །ཞེས་སོ། །གཉིས་པ་ལ། སྤྱི་དང་། ཁྱད་པར་གཉིས། དང་པོ་ནི། སྤྱིར་ལུས་ངག་ཡིད་གསུམ་ཡོངས་སུ་དག་པའོ། །དེའང་ཅུང་ཟད་བཤད་ན། ལས་དང་པོ་པའི་ཚེ་དགེ་སྦྱོང་གཞོན་ནུའི་སྤྱོད་པ་ལྟར་བག་དང་ལྡན་པ་ལ་བསླབ་པར་བྱ་སྟེ། དབྱེ་ན། མི་མཐུན་པའི་རྐྱེན་ལས་བྱོལ་བའི་དང་། མཐུན་རྐྱེན་བརྟེན་པའི་སྤྱོད་པ་གཉིས། དང་པོ་ནི། སྤྱོད་ཡུལ་སྤྱོང་བའི་བསམ་གཏན་ལས། སྙན་དགའ་མི་སྙན་མི་དགའ་དང་། །དེ་བཞིན་བསྟོད་སྨད་གྲགས་མ་གྲགས། །རྙེད་དང་མ་རྙེད་ཆོས་བརྒྱད་པོ། །ཐམས་ཅད་རིང་དུ་གཏང་བར་བྱ། །ཞེས་འཇིག་རྟེན་གྱི་ཆོས་བརྒྱད་སོགས་ཁ་ན་མ་ཐོ་བ་ཐམས་ཅད་ལས་བྱོལ་ནས། གཞན་གྱི་དགེ་བ་སྤེལ་བའི་ཕྱིར་བསམ་པ་ལ་མི་བསྒྲིབ་ན་མཐུན་འཇུག་འཚམས་པའི་སྤྱོད་པ་ལ་འཇུག་སྟེ། རྡོ་རྗེ་རྩེ་མོ་ལས། བརྟན་པ་མ་ཐོབ་བར་དུའང་། ཁ་ན་མ་ཐོ་རྡུལ་མེད་ཅིང་། །སྡོམ་པ་གསུམ་ལ་གནས་པར་བྱ། །ཞེས་སོ། །གཉིས་པ་ནི། མཉམ་བཞག་གི་རྟོག་པ་བག་ལྡན་དུ་བསྲིངས་ཤིང་། ཐུན་མཚམས་ཀྱི་བྱ་བའི་ཆ་གཙོ་བོར་བརྟེན་པ་སྟེ། དབུས་མཐའ་རྣམ་འབྱེད་ལས། ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་པས་ཆོས་སྤྱོད་བཅུ་དང་། ཟས་དང་གོས་ཀྱི་རྣལ་འབྱོར། གཏོར་མ། ཆུ་སྦྱིན། སཱཙྪ། མཎྜལ། ཕྱག །བསྐོར་བ། རྒྱུན་བཤགས། མདོ་འདོན་པ་སོགས་སྔོན་འགྲོ་བྱང་ཆུབ་ཀྱི་སེམས། དངོས་གཞི་འཁོར་གསུམ་དུ་མི་རྟོག་པའི་ཤེས་རབ། རྗེས་བསྔོ་བས་ཟིན་པའི་སྒོ་ནས་སྤྱད་པར་བྱའོ། །དེ་ནས་ཅུང་ཟད་གོམས་ཏེ་དབེན་པར་མཉམ་རྗེས་ཁྱད་མེད་པར་གྱུར་པ་ན་རྟོགས་པ་རྐྱེན་ཐུབ་ཏུ་བྱེད་པ་སྨྱོན་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། ཤིན་ཏུ་གོམས་ནས། མཐུན་རྐྱེན་དང་འགལ་རྐྱེན་གཉིས་ཀའི་རྟོག་པ་གང་བྲི་མེད་པར་གྱུར་པ་ན་བཅོས་བསླད་མེད་པར་གཞན་ཕན་བྱེད་པ་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་ལྟ་བུ་སྟེ་སྤྱིར་བཤད་པའོ། །གཉིས་པ་ཁྱད་པར་གྱི་སྤྱོད་པ་ལ། གྲོལ་ལམ་བག་ཡོད་ཀྱི་དང་། ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པའོ། །དང་པོ་ལ། རིམ་གྱིས་པ་དང་། ཅིག་ཆར་བའི་སྤྱོད་པའོ། །དང་པོ་ལའང་། ཟག་བཅས་ཀྱི་ལམ་དུ་དང་། ཟག་མེད་ཀྱི་ལམ་དུ་ཇི་ལྟར་སྤྱོད་པའོ། །དང་པོ་ལ། དད་བརྩོན་གྱི་སྤྱོད་པ། ཤེས་རབ་དང་མཐུན་པའི། ཐབས་དང་མཐུན་པའི། ཕྱོགས་གཅིག་པའི། སྤྲོས་བཅས་ཀྱི། ཚོགས་ཀྱི་སྤྱོད་པ་དང་དྲུག །དང་པོ་ནི། རྒྱུ་ཤེས་པར་བྱ་བ་ལྟ་བ་འཚོལ་བའི་དུས་ཀྱི་སྤྱོད་པ་སྟེ། ལམ་རིམ་ལས། ཐོས་བསམ་བཅུ་སྤྱོད་ཆེད་དུ་གཉེར། །ཞེས་དང་། ལམ་ཆུང་ལས་ཀྱང་། གཞན་ཕྱིར་སོ་སོའི་རྣལ་འབྱོར་གྱིས། །དོན་བྱེད་ཅི་སྨོས་དང་པོ་བཅུ། །གཞན་ལ་སྟོན་ཅིང་བཀྲི་བར་བྱ། །ཞེས་སོ། །འདིར་གང་ལ་སྤྱད་བྱའི་ཆོས་བཅུ་ནི། བསླབ་པའི་མཐའ་བཅུ་སྟེ། གཞི་དམ་ཚིག་གིས་བཟུང་བ་ལ་བསླབ་པ་ཞིང་ས་གཤིན་པོ་ལ་སོ་ནམ་བྱེད་པ་ལྟ་བུ་དང་། རྒྱུད་ཐོས་པས་དགྲོལ་བ་ལ་བསླབ་པ་གྱི་ལིང་སྒྲོག་གྲོལ་བ་ལྟ་བུ་དང་། སྒོ་ཀུན་ནས་བསྡུར་བ་ལ་བསླབ་པ་བུང་བ་ཚང་འཚོལ་བ་ལྟ་བུ་དང་། ཕུལ་དུ་མཁས་པས་དབྱུང་བ་ལ་བསླབ་པ་ལྷུན་པོའི་རྩེར་ཕྱིན་པ་ལྟ་བུ་དང་། ཐག་ལྟ་བས་བཅད་པ་ལ་བསླབ་པ་ཁྱུང་མཁའ་ལ་ལྡིང་བ་ལྟ་བུ་དང་། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་ལ་བསླབ་པ་རིན་པོ་ཆེ་ལེན་པའི་དེད་དཔོན་ལྟ་བུ་དང་། ལ་སྤྱོད་པས་དོར་བ་ལ་བསླབ་པ་གླང་ཆེན་ཆུར་བརྒལ་བ་ལྟ་བུ་དང་། རིམ་པ་དབང་གིས་བགྲོད་པ་ལ་བསླབ་པ་རྒྱལ་བུ་རྒྱལ་སར་བཏོན་པ་ལྟ་བུ་དང་། དོན་མན་ངག་གིས་བསྒྲུབ་པ་ལ་བསླབ་པ་གསེར་འགྱུར་གྱི་རྩི་ལྟ་བུ་དང་། མདོ་དོན་གཅིག་ཏུ་བསྡུས་པ་ལ་བསླབ་པ་སོ་ནམ་གྱི་ཁེ་བསྒྲུབ་པ་ལྟ་བུའོ། །དེའང་དོན་བསྡུས་ལས། བསླབ་པའི་མཐའ་ནི་རྣམ་བཅུ་སྟེ། །དམ་ཚིག་གཞི་དང་རྒྱུད་དགྲོལ་དང་། །སྒོ་མོ་བསྡུར་དང་ཕུལ་དབྱུང་དང་། །ཐག་བཅད་པ་དང་ཉམས་བླང་དང་། །ལ་དོར་སྤྱོད་དང་དབང་རིམ་དང་། །མན་ངག་དོན་དང་མདོར་བསྡུས་རྣམས། །རྣལ་འབྱོར་བསླབ་པའི་མཐའ་བཅུར་བཞེད། །ཅེས་སོ། །ཁྱད་པར་དུ་སྐབས་འདིར་རྒྱུད་དགྲོལ་བ་སོགས་བཞི་ལ་གཙོ་བོར་བསྟེན་དགོས་པར་མངོན་ཏེ། ཐོས་བསམ་གྱིས་ལྟ་བ་གཏན་ལ་འབེབས་པའི་སྐབས་ཡིན་པའི་ཕྱིར། དེས་ན་སྔ་མ་ལས། རྒྱུད་དགྲོལ་བ་ནི་ཐོས་བསམ་སྟེ། །མཁས་ལྡན་དམ་པའི་བླ་མ་ལ། །དད་དང་སྲི་ཞུ་གུས་པ་ཡིས། །དོན་གང་མཉན་ཅིང་རྟོགས་བྱེད་དགྲོལ། །སྒོ་བསྡུར་བ་ནི་ཐེག་པ་རྣམས། །ཤེས་པར་བྱེད་དང་རྩོལ་བ་སྟེ། །གོལ་སྒྲིབ་ཕྱོགས་སུ་གང་གསུངས་དག །གཅད་ཕྱིར་དེ་དག་རིག་ཤེས་བྱེད། །ཕུལ་དུ་དབྱུང་བའི་དོན་དེ་ཉིད། །མཁས་ཤིང་རབ་ཏུ་ཤེས་བྱེད་པ། །ཐག་བཅད་པ་ནི་ལྟ་བ་སྟེ། །ཇི་བཞིན་མ་ནོར་ཤེས་རབ་ཉིད། །ཞེས་སོ། །གཉིས་པ་ནི། སྟོང་པ་ཆེན་པོའི་རྣལ་འབྱོར་གྱི་རྗེས་སུ་མཐུན་པའི་སྤྱོད་པ་སྟེ། རྒྱས་པ་ལས། བྱ་བ་མེད་ལས་བྱ་མེད་བྱ། །ཞེས་དང་། ལམ་རིམ་ལས། སྤྱོད་དགུ་དོར་བའི་ཅིག་ཆར་ཡང་། །མི་དམིགས་མཐུན་པར་སྤྱོད་ཅེས་བྱ། །ཞེས་པས་ཆོས་སྤྱོད་དགུའི་སྤྲོས་པ་དོར་ཏེ་མི་དམིགས་པ་ཤེས་རབ་དང་མཐུན་པའི་སྤྱོད་པའོ། །གསུམ་པ་ནི། སྙིང་རྗེ་སྒྱུ་མའི་སྤྱོད་པ་སྟེ། རྒྱས་པ་ལས། ཐབས་ཀྱི་ཕ་རོལ་ཕྱིན་པ་སྤྱོད། ཅེས་དང་། ལམ་རིམ་ལས། སྙིང་རྗེ་ཆེན་པོའི་རྣལ་འབྱོར་བས། །སྲིད་གསུམ་སྒྱུ་མ་འདྲ་བར་ནི། །ཞེས་པས་སྤྱོད་ཡུལ་ཡེ་ཤེས་སྒྱུ་མར་བལྟས་ཏེ་ཐབས་དང་མཐུན་པའི་སྤྱོད་པ་བྱའོ། །བཞི་པ་ནི། ཕྱག་རྒྱ་གཅིག་པའི་སྤྱོད་པ་སྟེ། ཁོག་གཞུང་ལས། ཆོས་སྤྱོད་བཅུ་ཡི་གཅིག་ཆ་ལ། །གནས་པ། ཞེས་དང་། ལམ་རིམ་ལས། རྒྱུ་འབྲས་མཚམས་སྦྱོར་བར་སྐབས་སུ། །ཆོས་སྤྱོད་དགུ་ཡི་སྤྲོས་པ་དོར། །རྒྱུ་ལྔ་ལྡན་ཡང་བླང་བྱ་མིན། །མཚན་མའི་གཡེང་བ་ཡིན་ཕྱིར་རོ། །ཞེས་པས་ཐུན་མཚམས་ཀྱི་བྱ་བ་གཞན་རྣམས་དོར་ཏེ་ཕྱོགས་གཅིག་པའི་རྣལ་འབྱོར་གྱི་སྤྱོད་པ་བྱའོ། །ལྔ་པ་ནི། ཕྱག་རྒྱ་སྤྲོས་བཅས་ཀྱི་སྤྱོད་པ་སྟེ། འདི་ཉིད་ལས། ཡན་ལག་དབང་པོ་རྣམ་ཤེས་ཀུན། །རྣམ་སྨིན་ༀ་དུ་ཤེས་པར་བྱ། །རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཡང་ན་ཁྲོ་བོའི་དཀྱིལ་འཁོར་བསྒོམ། །གཟུགས་སྒྲ་དྲི་རོ་རེག་ལ་སོགས། །རྣམ་སྨིན་མཱུཾ་དུ་ཤེས་པར་བྱ། །ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཞེས་དང་། ལམ་རིམ་ལས། སྤྱོད་ཡུལ་མཐོང་ཐོས་ཐམས་ཅད་ཀུན། །འགྲོ་དང་འདུག་དང་ཉལ་བ་ན། །དཀྱིལ་འཁོར་གཉིས་ཀྱི་རྣལ་འབྱོར་པ། །མ་ཉམས་དེ་ཡི་དབྱིངས་ན་གནས། །ཤེས་རབ་མཆོག་གིས་རྟག་ཏུ་སྤྱད། །ཅེས་པས་སྤྱོད་ཡུལ་ཐམས་ཅད་ལྷའི་རོལ་པར་བལྟ་ཞིང་གོམས་པར་བྱེད་པའོ། །དྲུག་པ་ནི། བར་ཆད་མེད་པའི་ལམ་དུ་ཚོགས་བསྒྲུབ་པའི་སྤྱོད་པ་སྟེ། འདི་ཉིད་ལས། གོས་རྒྱན་བཟའ་བཏུང་གླུ་དང་ཚིག །བྲོ་གར་ཚོགས་ཀྱི་སྤྲིན་ཕུང་ལ། །ཧཱུཾ་དུ་ཤེས་པས་རབ་སྤྱད་ན། །ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས། །ཞེས་དང་། བྲོ་གར་ཕྱག་རྒྱའི་འདུ་འཕྲོ་ཡིས། །ཞེས་པ་ནས། ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པའི་བར་དང་། ལམ་རིམ་ལས་ཀྱང་། སྤྱོད་ལམ་ཡོ་བྱད་ལྔ་སྤྱོད་ཅིང་། །དངོས་སུ་མཆོད་པ་རྣམ་གཉིས་སོ། །ཞེས་པས་ཡོ་བྱད་ལྔ་ལ་བླང་དོར་མེད་པ་རྨད་བྱུང་ཚོགས་ཀྱི་སྤྱོད་པ་བྱའོ། །གཉིས་པ་ལ། རྣམ་སྨིན་གྱི། ཚེ་དབང་གི། ཕྱག་རྒྱ་ཆེན་པོའི། ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་སྤྱོད་པའོ། །དང་པོ་ནི། བདག་དོན་དུ་བཀོད་པ་དཀྱིལ་འཁོར་གྱི་བྱ་བས་ཚོགས་གཉིས་རྫོགས་པར་བྱེད་ཅིང་། ཕྲིན་ལས་བཞིའི་སྒོ་ནས་གཞན་དོན་རྫོགས་པར་སྤྱོད་པ་སྟེ། ལམ་རིམ་ལས། དཀྱིལ་འཁོར་རོལ་པའི་ཚུལ་སྤྱོད་པས། །ཚོགས་གཉིས་རྫོགས་པ་བདག་གི་དོན། །སྨིན་པས་ཕྲིན་ལས་རྫོགས་བྱེད་པ། །མི་འདོར་འགོད་པ་གཞན་གྱིའོ། །ཞེས་སོ། །གཉིས་པ་ནི། བདག་དོན་དུ་རང་གི་ལྟ་སྒོམ་ལ་རིག་རྩལ་སྦྱངས་ཏེ་ཀུན་འགྲོའི་དྲི་མ་སྦྱོང་ཞིང་། གཞན་དོན་དུ་ཆོ་འཕྲུལ་བཞི་དང་ཕྲིན་ལས་བཞི་སོགས་ཀྱིས་དོན་མཛད་པ་སྟེ། དེ་ཉིད་ལས། དཀྱུས་སར་ཕྱིན་པའི་ཅང་ཤེས་བཞིན། །ཀུན་ཏུ་འགྲོ་བ་བདག་པོའི་དོན། །རྫུ་འཕྲུལ་ཆོས་སྣང་རྗེས་སྟོན་བརྗོད། །ཅེས་སོ། །གསུམ་པ་ནི། བདག་དོན་དུ་ལྷན་ཅིག་གནས་པའི་དྲི་མ་སྦྱོང་ཞིང་གཞན་དོན་དུ་དགོངས་པ་མི་གཡོ་བའི་ངང་ནས་སྤྲུལ་པ་སྣ་ཚོགས་པས་དག་མ་དག་ཀུན་གྱི་དོན་མཛད་པ་སྟེ། དེ་ཉིད་ལས། ལྷན་ཅིག་གནས་པའི་དྲི་མ་དག །ཅེས་དང་། མཉམ་གཞག་ངང་ལས་མ་གཡོས་བཞིན། །སྟོང་གི་འཇིག་རྟེན་བརྒྱ་སྟོང་ཕྲག །བཅུ་ཡི་རྡུལ་སྙེད་འཇིག་རྟེན་དང་། །ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག །བཅུ་ཡི་རྡུལ་སྙེད་ཞིང་ཁམས་སུ། །རྔོན་དང་སྨད་འཚོང་ལ་སོགས་པ། །སྤྲུལ་བའི་ལུས་ཀྱིས་འདུལ་བར་བྱེད། །ཅེས་སོ། །བཞི་པ་ནི། རང་དོན་དུ་སྐུ་ལྔའི་རྒྱལ་བ་ལ་སོགས་པར་བརྟེན་ཏེ་ཤེས་སྒྲིབ་སྦྱོང་ལ། གཞན་དོན་དུ་སངས་རྒྱས་ཀྱི་ཞིང་ཁམས་མཐར་ཐུག་པ་མེད་པར་མཛད་པ་བཅུ་གཉིས་སོགས་སྤྲུལ་སྐུའི་མཛད་པ་སྣ་ཚོགས་སྟོན་ཅིང་། གསང་བའི་རྒྱུད་ཀྱི་སྡུད་པ་པོ་མཛད་དེ། དེ་ཉིད་ལས། ཉིད་ཕྱིར་རྡོ་རྗེ་འཛིན་རྫོགས་ལ། །སྐད་ཅིག་དུས་ཀྱིས་བསླབ་རྫོགས་ནས། །ཐ་མའི་བག་ལ་ཉལ་བ་དང་། །བཅོམ་ལྡན་འདས་པར་གྱུར་པ་ཡིན། །དེ་ཚེ་དེ་སྒྲིབ་ཆ་ཡོད་ཀྱང་། །ལྷུན་གྲུབ་རིག་འཛིན་སར་བཞུགས་ནས། །ཞིང་ཁམས་ཐུག་པ་མེད་པ་དག །འདུལ་ཕྱིར་སྤྲུལ་སྐུའི་མཛད་པའང་སྟོན། །ཞེས་དང་། གསང་བའི་ཏནྟྲ་སྟོན་པ་དང་། །དེ་ནི་བསྡུ་བ་མཛད་པ་དང་། །ཞེས་སོ། །གཉིས་པ་གྲོལ་ལམ་ཅིག་ཆར་བའི་སྤྱོད་པ་ནི། རྗེས་ཤེས་སུ་ཇི་ལྟར་སྤྱོད་ཀྱང་། མི་དམིགས། མ་ཆགས། བྱ་རྩོལ་འཛིན་རྟོག་དང་བྲལ་བ་རྨད་དུ་བྱུང་བའི་སྤྱོད་པ་སྟེ། འདི་ཉིད་ལས། སྤྱོད་པ་གཅིག་ལའང་ཐོགས་མེད་པའི། །ཞེས་དང་། རྒྱས་པ་ལས། རྣལ་འབྱོར་ཆེན་པོའི་སྤྱོད་པ་ནི། །ཐམས་ཅད་ཀུན་ལ་དབྱེར་མེད་སྤྱོད། །བདེ་བའི་རོ་མཆོག་མྱང་འགྱུར་ཏེ། །དེ་ལ་སུ་ཞིག་ཆགས་པར་བྱེད། །སྤྱོད་བཞིན་མ་ཆགས་ཡེ་ཤེས་ཡིན། །བདེ་བ་མཆོག་སྦྱིན་བསོད་ནམས་ཚོགས། །དེ་ལྟ་བུ་ཡི་ངང་དུ་སྤྱོད། །ཅེས་དང་། ཀུན་འདུས་ལས་ཀྱང་། མི་དམིགས་པ་ལས་རྣམ་པར་སྤྱོད། །དེ་ལྟར་སྤྱོད་པ་ཀུན་སྤྱོད་ཀྱང་། །དམ་པའི་དོན་དེ་སྤྱོད་མཆོག་ཉིད། །ཅེས་སོ། །གཉིས་པ་ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་ནི། གཙང་སྨེའི་རྣམ་པ་ཅི་ལའང་མི་གཉིས་པའི་བློས་མཉམ་པ་ཉིད་དུ་སྤྱོད་པ་སྟེ། རྒྱས་པ་ལས། སེམས་ཅན་རྟོག་པ་བཟློག་ཕྱིར་སྨན། །གཙོ་རུ་དང་དུ་བླང་བར་བྱ། །བྱང་ཆུབ་སེམས་དང་ཤ་ཆེན་དང་། །དྲི་ཆེན་དྲི་ཆུ་རཀྟ་རྣམས། །སྒྲུབ་པ་པོས་ནི་རྟག་ཏུ་བཟའ། །ཞེས་སོ། །དེར་མ་ཟད་ཐབས་མཁས་ཀྱི་རྩིས་ཟིན་པའི་གདེང་དང་ལྡན་པས་འཁོར་བའི་ཆོས་ཅི་ལའང་སྤྱོད་དེ། འདི་ཉིད་ལས། ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མར་སྣང་བ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་དང་། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་ལས་རྣམས་ཀུན་སྤྱོད་ཀྱང་། །བྱས་ལ་མི་སོགས་ཚོགས་འགྱུར་ཏེ། ། ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་སོ། །ལྔ་པ་སྐྱོན་ནི། ཁྱད་པར་གྱི་སྤྱོད་པ་དང་མི་ལྡན་ན་མཐར་ཐུག་གི་འབྲས་བུ་མི་ཐོབ་སྟེ། ཐུགས་ཐིག་ལས། ཁྱད་པར་དོར་ན་མཐར་ཕྱིན་མེད། །ཅེས་སོ། །དྲུག་པ་ཡོན་ཏན་ནི། སྤྱོད་པ་དེ་དག་གིས་ལྟ་བསྒོམ་གྱི་བོགས་ཕྱིན་ནས། དངོས་གྲུབ་རྣམ་པ་གཉིས་མྱུར་དུ་ཐོབ་པར་འགྱུར་ཏེ། རྒྱས་པ་ལས། བྱ་བྱེད་མེད་པའི་བརྩོན་འགྲུས་ཀྱིས། །དེ་ནི་བྱང་ཆུབ་སྙིང་པོ་ལེན། །ཞེས་སོ། །གསུམ་པ་བཀོད་པ་དཀྱིལ་འཁོར་ལ་དྲུག་ལས། དང་པོ་དགོས་ཆེད་ནི། དབང་སྒྲུབ་མཆོད་ཕྲིན་ལ་སོགས་པའི་དུས་སུ་བདག་གཞན་གྱི་དོན་བྱེད་པའི་རྟེན་དུ་གྱུར་པ་ནི་སྤྱིའི་དགོས་ཆེད་དང་། ཁྱད་པར་གཞན་སེལ་དུ་དེ་དག་གི་མི་མཐུན་པའི་ཕྱོགས་རྣམས་སེལ་བ་དང་། དོན་དུ་གཉེར་བའི་དགོས་པ་སྒྲུབ་པའི་ཆེད་དེ། དངོས་གྲུབ་ཀྱི་ཐབས་དང་རྟེན་ནི་དཀྱིལ་འཁོར་ཡིན་པའི་ཕྱིར་རོ། །གཉིས་པ་ངོ་བོ་ནི། བཀོད་པ་ལྷའི་འཁོར་ལོ་རྫོགས་པར་སྣང་བ་སྟེ། ཐུགས་ཐིག་ལས། གནས་སྐབས་བདུན་དུ་སྙིང་པོ་ལེན། །བཀོད་པ་གང་རྫོགས་དེ་ངོ་བོ། །ཞེས་སོ། །གསུམ་པ་སྒྲ་དོན་ནི། མཎྜལ་ཞེས་པའི་སྒྲ་ལས། མཎྜ་ནི་སྙིང་པོའམ་དཀྱིལ་དང་། ལ་ནི་ལེན་པའམ་འཛིན་པ་ལ་བྱ་བས། སྙིང་པོའི་གཞི་འཛིན་པའམ། སྙིང་པོ་ལེན་པའི་དོན་ཏེ། འགྲེལ་ཆུང་ལས། མཎྜ་ཞེས་བྱ་སྙིང་པོའི་དོན། །ལ་ཞེས་པ་ནི་ལེན་པའོ། །ཞེས་སོ། །རྣམ་པ་གཅིག་ཏུ་ན། མཎྜལ་ནི་ཁོར་ཁོར་ཡུག་གི་དོན་ལའང་འཇུག་པས་སྐབས་དང་སྦྱར་ཞིང་། སྤྱིར་གྲགས་པ་ལ་དཀྱིལ་འཁོར་ཏེ། གང་གཙོ་བོ་ལ་འཁོར་གྱིས་བསྐོར་བའི་ཕྱིར་རོ། །དེའང་ཐུགས་ཐིག་ལས། བདུན་གྱི་གཙོ་བོ་སྙིང་གང་ལ། །དེ་ཡི་འཁོར་ལྡན་ངེས་པའི་ཚིག །ཅེས་སོ། །བདུན་པོ་དམིགས་ཀྱིས་བཀར་ན། རྒྱས་པ་ལས། འདས་པ་རྟག་ཏུ་དཀྱིལ་ཡིན་ཏེ། །འཇིག་རྟེན་སྣ་ཚོགས་འཁོར་དུ་གསུངས། །ཞེས་པ་ནི་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་གྱི་སྒྲ་དོན་ནོ། །ཡང་དེ་ཉིད་ལས་། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་ཡིན་ཏེ། །རིགས་བཞིའི་ལྷ་དང་ལྷ་མོ་འཁོར། །ཞེས་པས། གཟུགས་བརྙན་དང་། ལྷག་པ་གཉིས། ཚོགས་ཀྱི་དཀྱིལ་འཁོར། མཐར་ཕྱིན་འབྲས་བུའི་དཀྱིལ་འཁོར་ལྔའི་སྒྲ་དོན་ནོ། །རྡོ་རྗེ་ལས་རིམ་ལས། རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཞེས་པས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རོ། །ཡང་དེ་ཉིད་ལས། སྙིང་པོ་ཐམས་ཅད་དུས་སུ་དཀྱིལ། །གང་ཡང་ཡན་ལག་འཁོར་དུ་གསུངས། །ཞེས་པ་ནི་བྱང་སེམས་ལ་གསུམ་ལས། ཕྱི་རྩ་དང་། བཅོ་བརྒྱད་ཁམས་གསུམ་སྙིང་པོ་ཉིད། །དེ་དག་འཁོར་དེ་བདེ་བའི་ཁམས། །ཞེས་པས་ནང་ཐིག་ལེ་དང་། ཡེ་ཤེས་ཇི་བཞིན་ལྷ་དེ་བཞིན། །ཞེས་པ་ནི་གསང་བ་སྟེ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་སྒྲ་དོན་ནོ། །བཞི་པ་རྣམ་གྲངས་ལ། གསུམ་དུ་དབྱེ་བ། བདུན་དུ་དབྱེ་བ། བཅུ་གཉིས་སུ་དབྱེ་བའོ། །དང་པོ་ནི། ཆོས་དོན་ལས། དབྱེ་བ་རང་བཞིན་ཏིང་འཛིན་དང་། །གཟུགས་བརྙན་དཀྱིལ་འཁོར་རྣམ་པ་གསུམ། །ཞེས་སོ། །དེ་ལས་གཞན་དུ་སྐུ་གསུང་ཐུགས་གསུམ་མམ་ལྔ་ཡང་དབྱེར་ཡོད་དེ། རྒྱུད་ཕྱི་མ་ལས། སྐུ་གསུང་ཐུགས་ཀྱི་དབྱེ་བ་ལས། །དཀྱིལ་འཁོར་རྣམ་པ་གསུམ་འདོད་དེ། །ཡང་ན་བྷ་ག་སོགས་དབྱེ་དང་། ལས་ཀྱི་ཕྱག་རྒྱ་སོགས་དབྱེ་བས། །གང་ཡང་རྣམ་པ་ལྔར་འདོད་དོ། །ཞེས་སོ། །གཉིས་པ་ནི། རྒྱས་པ་ལས། འདི་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་སོ། གསུམ་པ་ནི། འགྲེལ་ཆུང་ལས། དཀྱིལ་འཁོར་རྣམ་པ་བཅུ་གཉིས་ཏེ། །དེ་བཞིན་ཉིད་དང་རང་བཞིན་དང་། །ཐུགས་རྗེ་འདུལ་བའི་དཀྱིལ་འཁོར་དང་། །ཏིང་ངེ་འཛིན་དང་གཟུགས་བརྙན་དང་། །ལྷག་པའི་ཏིང་འཛིན་གཟུགས་བརྙན་དང་། །བྱང་ཆུབ་སེམས་དང་ལྷག་བྱང་སེམས། །ཚོགས་དང་ལྷུན་གྲུབ་དཀྱིལ་འཁོར་རོ། །ཞེས་སོ། །འོ་ན་འདིར་གང་གཞག་སྙམ་ན། བརྒྱུད་པའི་མན་ངག་གི་བཀའ་སྲོལ་ལས། བར་མ་ལྟར་འཆད་པར་མཛད་པས། དེའི་དབང་དུ་བྱས་ན། རང་བཞིན་གྱི་དཀྱིལ་འཁོར། གཟུགས་བརྙན་གྱི་དཀྱིལ་འཁོར། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་དང་བདུན། །དང་པོ་ནི། ཁོག་གཞུང་ལས། ཐོག་མར་རང་བཞིན་དཀྱིལ་འཁོར་ནི། །རང་བཞིན་ཉིད་དང་ལྷུན་གྲུབ་དང་། །འབྲས་བུ་མཐར་ཕྱིན་སྐབས་ཀྱི་གསུམ། །ཞེས་པས་གསུམ་ལས། དང་པོ་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་རྣམ་པ ར་དག་པའི་གནས་ལུགས་ཏེ། དེ་ཉིད་ལས། ཆོས་ཉིད་རང་བཞིན་སྤྲོས་བྲལ་ཏེ། །དངོས་པོ་ཀུན་ཀྱང་དེ་བཞིན་པས། །རང་བཞིན་ཉིད་ཀྱི་དཀྱིལ་འཁོར་རོ། །ཞེས་སོ། །གཉིས་པ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ནི། རྟོག་ཚོགས་ཐམས་ཅད་ཡེ་ནས་ལྷའི་དཀྱིལ་འཁོར་དུ་གནས་པ་སྟེ། དེ་ལས། དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །ཁམས་དང་སྐྱེ་མཆེད་ལ་གནས་པ། །ལྷུན་གྱིས་གྲུབ་པར་རྒྱལ་བས་གསུངས། །ཞེས་སོ། །གསུམ་པ་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ནི། འོག་མིན་ཆོས་ཀྱི་དབྱིངས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་ཏེ། དེ་ལས། འབྲས་བུ་མཐར་ཕྱིན་འོག་མིན་ན། །བཞུགས་པ་དཀྱིལ་དང་འཁོར་གྱི་ཚུལ། །ཞེས་དང་། ཆོས་དོན་ལས། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་གྱུར་པ། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་བཞིན་དཀྱིལ་འཁོར་སྙིང་པོར་གསུངས། །ཞེས་སོ། །འདི་ཉིད་ལམ་གྱི་ཆ་རྐྱེན་མ་ཡིན་པའི་དཀྱིལ་འཁོར་གྱི་རྣམ་གྲངས་སུ་སྨོས་པ་ཙམ་ལས་འདིར་རྒྱ་མི་བསྐྱེད་དེ། འོག་ཏུ་འབྲས་བུའི་སྐབས་སུ་ཤེས་པར་འགྱུར་རོ། །གཉིས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི་ལྷ་རྗེ་མདའ་ཏིག །དོན་དམ་པའི་གཟུགས་བརྙན་ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་འབྱུང་བ་ལ་བཞེད། ལྷ་རྗེ་གླན་སྟོན་རྣམ་རྟོག་ཕྲ་རགས་ཀྱིས་ལྷ་ཡབ་ཡུམ་དུ་མཚོན་པ་དེའོ་གསུང་། ཉང་ཊཱིཀ་པ་ནི། སྔ་མའི་བཞེད་པ་དེ་གཉིས་ཆར་ཡང་། འོག་མིན་ན་བཞུགས་པ་དང་། འདི་ལྟར་བསྒོམས་པས་གསལ་བ་གཉིས་འདྲ་བའི་ཕྱིར་གཟུགས་བརྙན་ནོ་གསུངས། དེ་གསུམ་གའི་ལུང་ནི་མཐུན་པར། རྒྱས་པ་ལས། གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི། །ཆེན་པོ་རགས་པ་ཐབས་སུ་རྟོགས། །སོ་སོའི་མཚན་ཉིད་ཤེས་རབ་རྟོགས། །གཉིས་མེད་འབྲེལ་པ་ཐབས་ཆེན་ཡིན། །ཞེས་སོ། །གསུམ་པ་ལྷག་པ་གཟུགས་བརྙན་ནི། དཀྱིལ་འཁོར་གྱི་ལས་དང་བྱ་བས་ལྷག་པ་སྟེ། ས་ལ་སོགས་པ་ཕྱག་རྒྱའི་མཚན་མར་བཞེངས་པའོ། །དེ་ལྟར་ཡང་ཆོས་དོན་ལས། གསེར་དངུལ་ལུགས་དང་དུང་རྡོ་འབུར། །རྭ་ཤིང་བཞོགས་དང་གྱང་རས་རིས། །ས་མྱག་ལྡེར་དང་རྡུལ་ཚོན་བཅས། །ཞེས་པ་ལྟར་རོ། །གང་གི་རྟེན་དུ་དགོས་པའི་སྒོ་ནས་དབྱེ་ན། ཁོག་གཞུང་ལས། ལྷག་པ་གཟུགས་བརྙན་རྣམ་དྲུག་སྟེ། །དབང་ནི་ཕྱི་ནང་བསོད་ནམས་ཚོགས། །སྒྲུབ་དང་ཕྲིན་ལས་དཀྱིལ་འཁོར་རོ། །ཞེས་པས། དབང་གི་དཀྱིལ་འཁོར་དང་། མཆོད་པའི་དང་། བསོད་ནམས་རྟེན་ཏེ་རབ་གནས་ཀྱི་དང་། ཚོགས་སྒྲུབ་ཀྱི་དང་། ཐུན་མོང་གྱི་སྒྲུབ་པའི་དང་། ཕྲིན་ལས་དཀྱིལ་འཁོར་རོ། །ཡང་ན། དབང་སྒྲུབ་ལས་དང་བསོད་ནམས་རྟེན་གྱི་དཀྱིལ་འཁོར་བཞིར་བསྡུ་སྟེ། སྤྱན་འགྲེལ་ལས། གཅིག་ཤོས་དབང་དང་སྒྲུབ་པ་དང་། །ལས་དང་བསོད་ནམས་རྟེན་དུ་འགྱུར། །ཞེས་སོ། །དེ་ལས། འདིར་དབང་དང་ཚོགས་སྒྲུབ་གཉིས་གང་ལ་བརྟེན་པའི་གཞིའི་དཀྱིལ་འཁོར་བཞེངས་པའི་ཚུལ་སྟོན་ཏེ། ཐོག་མར་སློབ་དཔོན་གྱིས་བསྙེན་པ་བྱ་བ་ནི། འདི་ཉིད་ལས། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཅེས་པས་ཡིད་དང་མཐུན་པའི་གནས་སུ་ཤིན་ཏུ་ཕྲ་བའི་ཏིང་ངེ་འཛིན་ལ་གནས་པའི་སྒོ་ནས་བསྙེན་པ་བྱ་བ་སྟེ། སློབ་མ་ལ་དབང་བསྐུར་བའི་ཆེད་དུ་ཡིན་ན་ལ མ་མོས་བསྒོམ་གྱི་ཚུལ་གྱིས་མཚན་མ་དང་། དུས་དང་། གྲངས་ཀྱི་བསྙེན་པ་གང་རུང་ཞིག་བྱ། ཚོགས་སྒྲུབ་ཀྱི་ཆེད་ཡིན་ན་ལམ་ངེས་རྫོགས་སྒོམ་པའི་ཚུལ་གྱིས་ཕྱག་རྒྱ་སྤྲོས་བཅས་མན་ཆད་ལ་བརྟན་པ་ཐོབ་པར་བྱ་དགོས་པ་ཉིད་དོ། །དེ་ནས་དཀྱིལ་འཁོར་གྱི་ལས་ལ་འཇུག་སྟེ། ཞི་བ་རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་དང་རྣམ་པ་དང་། །རབ་གནས་སྦྱིན་སྲེག་དཀྱིལ་འཁོར་དུ། །འཇུག་དང་ཞུགས་པའི་ཡོན་ཏན་ནོ། །ཞེས་པས་བཅུ་ལས། དང་པོ་ས་ཆོག་ནི། འདི་ཉིད་ལས། ཡང་ན་ས་གཞི་རབ་མཉམ་ལ། །ཞེས་པ་སྟེ། དེ་ལའང་དབྱེ་ན། ས་གཞི་བརྟག་པ། ས་རང་གི་མཚན་ཉིད་བརྟག་པ། བསླབ་པ། དབང་དུ་བྱ་བ། སྦྱང་བ། བྱིན་གྱིས་རློབ་པ། བསྲུང་བ། ས་བཟུང་བ་དང་བརྒྱད་དོ། །དེ་ལྟར་ཡང་། ལམ་རིམ་ལས། གཞི་དང་རང་མཚན་བསླང་དབང་དང་། །སྦྱོང་བྱིན་བསྲུང་དང་བཟུང་བ་ནི། །དང་པོའི་ཉིང་ལག་ཉིད་དུ་བཤད། །ཅེས་སོ། །དེ་ལས་དང་པོ་ནི། རྔམ་གློག་ལས། གནམ་དང་ས་དང་བར་སྣང་རྣམས། །ལེགས་པར་བརྟགས་ཏེ་ལས་རྣམས་བྱ། །ཞེས་པས་གནམ་ས་བར་སྣང་གི་བརྟག་པ་གསུམ་ལས། དང་པོ་ནམ་མཁའ་བརྟག་པ་ནི། ལས་རིམ་ལས། ཟུར་བརྒྱད་ལ་སོགས་རྩེ་མང་དང་། །ཆུ་བོ་བཞིན་དུ་མ་བོ་བཞིན། །མཉམ་ཞིང་འོ་ཁའི་ཆུ་ལྟར་དྭངས། །ཉི་མ་ཤིན་ཏུ་གནས་པ་ནི། །ནམ་མཁའི་མཚན་ཉིད་ཤེས་པར་བྱ། །ཞེས་སོ། །གཉིས་པ་བར་གྱི་རི་སྒྲོས་བརྟག་པ་ལ། ཕྱོགས་ཀྱི་རི་བརྟག་པ་དང་། མཚམས་ཀྱི་དགྲ་བརྟག་པའོ། །དང་པོ་ནི། དེ་ཉིད་ལས། ཤར་ལྷོ་གཞོལ་ཞིང་འཇམ་པ་ལ། །མཐོ་དང་འདུད་པ་ནུབ་བྱང་ཡིན། །ཞེས་སོ། །གཉིས་པ་ནི། དེ་ལས། དཀྱིལ་འཁོར་དབང་དགྲ་མཚམས་བརྟག་བྱ། །ཞེས་པ་སྟེ། དེའི་ཚུལ་ཡང་རྔམ་གློག་ལས། གཤིན་རྗེ་གདུག་པའི་མདུང་རྩེ་དང་། །སྲིན་མོ་ངུས་པའི་མཆི་རྗེས་དང་། །གནོད་སྦྱིན་ཁྲོས་པའི་སྦར་རྗེས་དང་། །འབྱུང་པོ་རྐུན་མོའི་འཇོལ་ས་དང་། །ཞེས་པ་ལྟ་བུ་ཤར་ལྷོ་ནས་རིམ་པར་གཡས་བསྐོར་གྱི་མཚམས་བཞིར་མེད་པའོ། །གསུམ་པ་འོག་གི་ས་གཞི་བརྟག་པ་ནི། ལམ་རིམ་ལས། ལྷུན་སྟུག་རི་བོ་ནགས་ཚལ་ལྡན། །རབ་ཏུ་མཉམ་ཞིང་སྣུམ་བག་ཅན། །ཆུ་བོ་དབང་གི་ཕྱོགས་ཡིན་ཏེ། །ཅུང་ཟད་ཀྱི་ནི་རླུང་ཉུང་ཞིང་། །མེ་ཏོག་ཤིང་ཚལ་བྱ་སྐད་བརྟག །ལོ་རྒྱུས་ཤིས་པ་མཆོག་ཏུ་གསུངས། །ཞེས་སོ། །གཉིས་པ་རང་མཚན་བརྟག་པ་ལ། ངན་པ་དང་། བཟང་བའོ། །དང་པོ་ནི། དེ་ལས། མཚན་ཉིད་སྦྱོང་བ་ཕྱོགས་གསུམ་སྟེ། །ཞེས་པས་གསུམ་ལས། ཕྱི་ངན་པ་ནི། དེ་ལས་ཐང་ག་སོག་ལེ་ལྟ་བུ་དང་། །དམའ་དང་བོ་བའི་མཚན་ཉིད་དང་། །ཚ་སྒོ་ཟུག་རྡོ་རུས་སྦལ་དང་། །ཞེས་པ་ལྟ་བུའོ། །ནང་ངན་པ་ནི། གྲམ་པ་ཐལ་བ་ཤིང་སོལ་དང་། །གྱོ་མོ་རུས་པ་གསེག་ལ་སོགས། །ཞེས་པའོ། །གཉིས་ཀ་ངན་པ་ནི། ནྱ་གྲོ་ཏ་དང་པ་ལ་ཤ །ཨུ་དུམ་བར་དང་ཨ་ཤྭ་ཏྭ། །ཨ་རྫུ་ན་ལ་སོགས་པའི་ཚལ། །འདོད་པ་མི་སྦྱིན་སྦྱང་སྤོ་བྱ། །ཞེས་པ་ལྟར་རོ། །གཉིས་པ་ནི། དེ་ལས། བཀྲ་ཤིས་རྩྭ་དང་མེ་ཏོག་ཤིང་། །སྣག་དང་ཁ་དོག་ལྡན་པ་དང་། །རྩིགས་མ་རྒྱུས་པ་རབ་ཉུང་ཞིང་། །ལྷག་པར་གྱུར་པ་མཆོག་ཏུ་བཤད། །ཅེས་སོ། །ཁྱད་པར་ཁྲོ་བོའི་དཀྱིལ་འཁོར་བཞེངས་པའི་གནས་ནི་མ་མོ་འདུ་བའི་དུར་ཁྲོད་ཤིས་ཏེ། ཁྲོ་བོའི་ལས་རིམ་ལས། ཤིས་པ་མིན་ན་སྤོའམ་སྦྱང་། །སྐྱོན་དག་སྤངས་ཏེ་དུར་ཁྲོད་དུ། །དངོས་གྲུབ་ཁྲོ་བོ་བསྒྲུབ་པར་བྱ། །ཞེས་སོ། །གསུམ་པ་བསླང་བ་ནི། རྔམ་གློག་ལས། རྩོད་པ་ཉེ་བར་ཞི་བྱའི་ཕྱིར། །མངོན་དང་མི་མངོན་བདག་པོ་ལ། །སེར་སྣ་སྤངས་པའི་ཡིད་ཀྱིས་ནི། །རིན་བཅལ་བདེན་པ་བསྒོས་ལ་བསླང་། །ཞེས་པས་སྣང་བ་ལ་བསླང་བ་དང་། མི་སྣང་བ་ལ་བསླང་བའོ། །དང་པོ་ནི། ས་དེའི་བདག་པོར་གྱུར་པའི་རྒྱལ་པོ་སོགས་ལ་རིན་གཞལ་ཏེ་བསླང་བའོ། །གཉིས་པ་ལ། བདེ་བར་གཤེགས་པ་དང་། སའི་ལྷ་མོ་འཁོར་བཅས་ལ་བསླང་བའོ། །དང་པོ་ནི། ལས་རིམ་ལས། ཤིན་ཏུ་བརྟགས་པའི་ས་དབུས་སུ། །དཀྱིལ་འཁོར་ལྕི་བ་དྲི་ཡིས་བྱུག །མཉམ་ཞིང་གླང་ཀོ་ཙམ་བྱས་ལ། །ག་བུར་ཙནྡ་ལྡན་པར་བྱ། །ཞེས་པ་ལྟར་ཆག་ཆག་བཏབ་ཅིང་ལས་གཞུང་བསྲང་། འདོད་གསོལ་གྱི་རེ་སྨོན་ཐམས་ཅད་ཅེས་པའི་དོད་དུ། སའི་དངོས་གྲུབ་སྩོལ་བར་གསོལ་བ་གདབ་བོ། །གཉིས་པ་ནི། རང་ཉིད་བདུད་རྩི་འཁྱིལ་བར་བསྐྱེད་པའི་མདུན་དུ། སའི་ལྷ་མོ་བསྐྱེད་ལ། སྤྱན་དྲངས་ཏེ་མཆོད་ནས་ནམ་མཁར་དགེ་བའི་དཔང་དུ་བཞག་གོ། །དེ་ནས་བར་ཆད་བསལ་བའི་ཕྱིར་ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་མཚམས་གཅོད་དེ། དེ་ལས། སངས་རྒྱས་བྱིན་རླབས་ཧཱུཾ་བསྡུས་ཏེ། །མི་བཟད་ཤིན་ཏུ་འཇིགས་པ་ཡི། །ཞེ་སྡང་རྡོ་རྗེའི་སྤྱན་འབར་བ། །རྐང་མཐིལ་ཐུགས་ལས་མཐིང་ནག་ཧཱུཾ། །གསང་སྔགས་རྡོ་རྗེའི་གོམ་པར་བཅའ། །ཁྲོ་བོ་ཡུངས་ཀར་ཕྱོགས་བཅུར་སྤྲོ། །འོག་དང་ཕྱོགས་མཚམས་རྒྱ་གྲམ་གུར། །འབར་བའི་མེ་ཡིས་ཕྱོགས་མཚམས་བསྐོར། །ཞེས་སོ། །དེ་ནས་ཏྲི་ཤཱུ་ལའི་ཕྱག་རྒྱ་བཅས་ཏེ། ཇི་ལྟར་ཆེ་མཆོག་རྡོ་རྗེ་ཡིས། །དཔུང་བཞི་བདུད་ཀྱི་སྡེ་བཏུལ་ནས། །རྒྱལ་སྲིད་ཆོས་ཀྱི་དཔང་བཙུགས་པ། །དེ་བཞིན་དུ་ནི་བདག་གིས་ཀྱང་། །ངེས་པར་བྱ་ཕྱིར་དཀྱིལ་འཁོར་བྲི། །ས་ཡི་དངོས་གྲུབ་སྩལ་དུ་གསོལ། །ༀ་རཏྣ་པ་ཤཾ་སིདྡྷི་ཀུ་རུ་ས་མ་ཡ་སྟྭཾ། ཞེས་བརྗོད་པས་ལྷ་མོ་འཛུམ་པའི་འོད་དང་བཅས་ཏེ་ཐིམ་པས་ས་ཉིད་ཡེ་ཤེས་ཀྱི་ས་གཞིར་བསམ་པའོ། །བཞི་པ་དབང་དུ་བྱ་བ་ནི། དེ་ལས། དངོས་གྲུབ་དབང་དུ་བྱ་བའི་ཕྱིར། །ཟངས་སོགས་ཕུར་བུ་ཟླ་གམ་ལ། །ཧཱུཾ་ལས་བྱུང་བའི་དབང་མཆོག་ཁྲོ། །ཞེས་པ་ལྟར་ཟངས་ཕུར་དབལ་ཟླ་གམ་ཅན་པདྨ་ཀཱི་ལ་ཡ་ཞལ་གཅིག་ཕྱག་བཞི་པར་བསྐྱེད་དེ། གནས་གསུམ་བྱིན་གྱིས་བརླབས་ནས་བཏབ་པས་བདག་གི་དབང་དུ་འདུས་པར་བསམ་པའོ། །ལྔ་པ་སྦྱོང་བ་ནི། དེ་ལས། སྦྱང་བ་ལས་མེ་སྔགས་ཕྱག་རྒྱ། །ཏིང་ངེ་འཛིན་གྱིས་དག་པར་འགྱུར། །ཞེས་པས་དོན་བཞི་ལས། དང་པོ་ལས་དང་བྱ་བས་སྦྱོང་བ་ནི། ཐོག་མར་ལྟོ་འཕྱེའི་ཕྱོགས་ནས་བསླང་སྟེ། བམ་བརྒྱད་ཀྱི་འགྲེལ་པ་ལས། ལྟོ་འཕྱེ་གནས་པའི་མཚན་ཉིད་ནི། །སྟོན་ཟླ་གསུམ་གྱི་ཟླ་བ་ལ། །ཉི་མ་འགྲོ་བའི་རིམ་པ་ཡིས། །མགོ་ཤར་ཁ་ལྷོ་གཡོན་གྱིས་ཉལ། །དགུན་ཟླ་གསུམ་གྱི་ཟླ་བ་ལ། །ནུབ་ཏུ་ཁ་བལྟས་མགོ་བོ་ལྷོ། །དཔྱིད་ཟླ་གསུམ་གྱི་ཟླ་བ་ལ། །བྱང་དུ་ཁ་བལྟས་ནུབ་ཏུ་མགོ། །དབྱར་ཟླ་གསུམ་གྱི་ཟླ་བ་ལ། ཤར་དུ་ཁ་བལྟས་བྱང་དུ་མགོ། ས་བདག་ལྟོ་འཕྱེ་དེ་ལྟར་གནས། །སྐྱེས་བུ་ཆེན་པོས་ལྟོ་འཕྱེ་བརྐོ། །ཞེས་བརྟགས་ཏེ། ལྟོ་བ་ནས་བརྐོས་ལ་སའི་རོ་རྣམས་བསལ་ཏེ། ལམ་རིམ་ལས། ཆུས་བཀང་སྒོམ་པ་བརྒྱ་བལྟ་བྱ། །ཞེས་པ་ལྟར་བྲ་བརྟགས་ལ། གཏེར་གཞུག་ཅིང་སྟེགས་བུ་བརྩིག །དེ་ནས་གོ་མ་ཡེ་སུམ་ཅུ་བཏང་སྟེ། ཕུང་ལྔ་སྐུ་ལྔར་དག་བྱེད་འབྲས་བུ་ལྔ། །དབང་ལྔ་ཕྲིན་ལས་ལྔར་དག་སྤོས་ལྔ་སྟེ། །ཡུལ་ལྔ་ཡོན་ཏན་ལྔར་དག་རིན་ཆེན་ལྔ ། །རྣམ་ཤེས་ཡེ་ཤེས་ལྔར་དག་སྙིང་པོ་ལྔ། །འདོད་ཡོན་གསུང་ལྔར་དག་བྱེད་སྨན་ལྔའོ། །ཁམས་ལྔ་རིགས་ལྔར་དག་བྱེད་བདུད་རྩི་ལྔ། །ཞེས་པ་ལྟར་ལྔ་ཚན་དྲུག་གི་ལྡེ་གུས་བྱུག་གོ། །དེ་ལྟར་ཡང་། འདི་ཉིད་ལས། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །ཞེས་སོགས་སོ། །དེ་དག་ཀྱང་གང་ཞེ་ན། ནས་འབྲས་གྲོ་སྲན་ཏིལ་དཀར་འབྲུ། །གུར་གུམ་གླ་རྩི་ཛཱ་ཏི་དང་། །ཙནྡན་དཀར་དམར་སྤོས་ལྔ་སྟེ། །བྱི་རུ་མུ་ཏིག་མུ་མན་དང་། །གསེར་དངུལ་རྣམས་ནི་རིན་པོ་ཆེ། །ལན་ཚྭ་སྦྲང་རྩི་བུ་རམ་དང་། །ཨ་འབྲས་མར་ཏེ་སྙིང་པོ་ལྔ། །ཧ་ས་དེ་བ་བྲྀ་ཧ་ཏི། །སྭ་ད་ཀཎྜ་ཀ་རི་དང་། ཨ་པརྩི་ཏ་སྨན་ལྔའོ། །བྱང་སེམས་དཀར་དམར་དྲི་ཆེ་ཆུང་། །ཤ་ཆེན་བདུད་རྩི་ལྔ་རྣམས་ཏེ། །གོ་བདེའི་བསྡོམས་སུ་བསྡུས་པ་ཡིན། །ཞེས་སོ། །གཉིས་པ་མེས་སྦྱང་བ་ནི། ལས་རིམ་ལས། ཀུན་ནས་མཚན་མ་ངན་གྱུར་ན། །གཞན་དུ་བགྲོད་དམ་ཞི་བ་ཡི། །མེ་ཡིས་རབ་ཏུ་དག་པར་འགྱུར། །ཞེས་སོ། །གསུམ་པ་སྔགས་རྒྱས་སྦྱང་བ་ནི། མཚན་མ་འབྲིང་པོ་ཙམ་ཡིན་ན་ལག་གཡས་པར་ཉི་དཀྱིལ་འབྲུ་ལྔ་དང་བཅས་པ་བཀོད་དེ། ༀ་བཛྲ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། ཅེས་པ་ལན་གསུམ་བརྡབས་པའི་འོད་ཀྱིས་སྦྱང་བའོ། །བཞི་པ་ཏིང་ངེ་འཛིན་གྱིས་སྦྱང་བ་ལ་གཉིས་ལས། མཚན་མེད་ནི། ཤཱུ་ནྱ་ཏཱའི་སྔགས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པའོ། །མཚན་བཅས་ནི། རང་རིག་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་ས་བོན་སྤྲོས་ཏེ། འབྱུང་ལྔ་རིམ་བརྩེགས་ཀྱི་སྟེང་དུ། ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་རྒྱས་བསྡུས་གང་བྱེད་ཀྱི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའོ། །དྲུག་པ་བྱིན་རླབས་ནི། སློབ་དཔོན་རྒྱས་པའི་ཆས་སུ་ཞུགས་ནས་རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་གྱི་མཐའ་བསྐོར་ཞིང་། ཤར་སྒོ་ནས་ཞུགས་ཏེ། དབུས་སུ་ཤར་བལྟས་ཀྱིས་འདུག་ལ། ཞི་ཁྲོ་གང་བྱེད་ཀྱི་གཙོ་བོ་ཡབ་ཡུམ་བསྐྱེད་ནས་སྦྱོར་བའི་སེམས་སྤྲིན་ལས་འཁོར་རྣམས་རྫོགས་པར་བསྐྱེད་དེ། ཡེ་ཤེས་པ་སྤྱན་དྲངས་ནས་མཆོད་དོ། །དེ་ནས་ཡུམ་བཞིའི་ང་རྒྱལ་འཛིན་པའི་ཕྱོགས་ཀྱི་སློབ་མ་བཞིས་ཕྱོགས་སོ་སོ་ནས་སློབ་དཔོན་ལ། ཞི་བའི་ཡེ་ཤེས་རང་སྣང་བའི། །ཞེས་སོགས་དང་། མགྲིན་གཅིག་ཏུ། བསོད་ནམས་ཡེ་ཤེས་ཀྱིས་གསོལ་བ་འདེབས་སུ་བཅུག་སྟེ། སློབ་དཔོན་གྱིས་རྡོར་དྲིལ་འཛིན་ཅིང་འཛུམ་པ་དང་བཅས་པས། ཕྱོགས་བཅུ་མ་ལུས་དུས་གསུམ་གྱི། །ཞེས་སོགས་ཀྱིས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་རླབས་བསྐུལ་ཞིང་། ཧཱུཾ་བཞིས་བསྡུས་ལ། ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་འབར་བའི་སྡང་མིག་དང་བཅས་ཏེ། རྡོ་རྗེ་འཛིན་པ་ཉི་མ་དང་། །ཆོས་དང་རྟ་མཆོག་སྣང་མཛད་ཀྱང་། །བདག་ཉིད་ཆེན་པོ་ང་ཉིད་ཡིན། །ཐམས་ཅད་བཀའ་ལས་དེང་མ་འདའ། །ཞེས་སུམྦྷའི་སྔགས་བརྗོད་ཅིང་རྡོ་རྗེའི་འགྲོས་ཀྱིས་བསྐོར་བས་ས་གཞི་རྡོ་རྗེའི་རང་བཞིན་དུ་བརླབ་པའོ། །བདུན་པ་བསྲུང་བ་ནི། སྲུང་བའི་འཁོར་ལོ་དང་། མཚོན་ཆ་ལྔས་མཚམས་གཅོད་པ་སྟེ། ལས་རིམ་ལས། ནམ་མཁའ་ཁྱབ་པའི་རྩིབས་བརྒྱད་ལ། །ཉི་སྟེང་སུམྦྷས་ལྷ་རྣམས་མནན། །ཁྲོ་བཅུ་ཐུགས་ལས་ངེས་ཕྱུང་དགོད། །ཅེས་དང་། མཚོན་ཆ་ལྔ་ཡི་རིམ་པ་ཡང་། །ངེས་པར་གཞུང་བཞིན་བྱ་བ་ཡིན། །གང་ཡང་བར་ཆད་སྐབས་མེད་ན། །སྲུང་བའི་མཆོག་ཏུ་དེ་གསུངས་སོ། །ཞེས་སོ། །བརྒྱད་པ་ས་བཟུང་བ་ནི། གོང་མའི་ཕྱག་བཞེས་སུ་སྐབས་འདིར་ཡན་ལག་དང་སློབ་བུ་རབ་གནས་རྣམས་མཛད། དེ་ནས་ལྷ་གནས་མི་ནོར་བའི་ཆེད་དུ་ཇི་ཙམ་བཞེངས་པར་འདོད་པའི་དཀྱིལ་འཁོར་གྱི་ཚད་དང་མཉམ་པའི་སྐམ་ཐིག་བཏབ་སྟེ། ལྷ་གྲངས་དང་མཉམ་པའི་བྱང་སེམས་ཀྱི་ཐིག་ལེ་བྱས་ལ་མེ་ཏོག་དགོད། ཞི་ཁྲོ་གང་བྱེད་ཀྱི་གཙོ་བོའི་སྦྱོར་མཚམས་ནས་སྤྲོས་པའི་སེམས་སྤྲིན་གྱིས་གཞལ་ཡས་ཁང་དང་ལྷ་བསྐྱེད་དེ་སྤྱན་འདྲེན་མཆོད་བསྟོད་བྱས་ནས། ཞི་བ་ཡིན་ན། མགོན་པོ་ཀུན་གྱི་བདག་ཉིད་ཅན། །གཅིག་དང་དུ་མ་ཡོངས་བྲལ་ཕྱིར། །ཞེས་སོགས་དང་། ཁྲོ་བོ་ཡིན་ན། ༀ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན། །ཞེས་སོགས་ཀྱིས་བསྐུལ་བས། ལྷ་ཚོགས་ཡབ་ཡུམ་རྣམས་རོལ་པའི་འོད་ས་གཞི་ལ་ཐིམ་པས། ས་ཉིད་དཀྱིལ་འཁོར་གྱི་རང་བཞིན་དུ་གསལ་བར་བསམ་པ་ནི་ས་བཟུང་སྟེ། ལས་རིམ་ལས། ངེས་བརྗོད་རོལ་པའི་གཟི་བྱིན་གྱིས། །ཐམས་ཅད་དཀྱིལ་འཁོར་རང་བཞིན་དུ། །གསལ་བྱས་ཡོངས་སུ་གཟུང་བའོ། །ཞེས་སོ། །དེ་དག་ལ་ཅི་ཕྱིར་ས་གཞི་མཉམ་པ་ཞེས་བྱ་ཞེ་ན། ས་དང་སར་འཛིན་པའི་རྟོག་པ་དག་ནས། ཐམས་ཅད་རང་རིག་པ་བྱང་ཆུབ་ཀྱི་སེམས་སུ་མཉམ་པར་སྦྱོར་བ་མཚོན་པའི་ཕྱིར་ཏེ། དེ་ལས། ཐམས་ཅད་རང་སེམས་མཉམ་སྦྱོར་བས། །ས་གཞི་ཅན་ཡང་དེ་བཞིན་བསྒྲུབ། །འདི་ལྟར་གང་གིས་གསལ་གྱུར་པ། །ས་གཞི་རབ་ཏུ་མཉམ་ཞེས་བྱ། །ཞེས་སོ། །གཉིས་པ་དཀྱིལ་འཁོར་གྱི་ཚད་ནི། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། །ཞེས་སོགས་ཏེ། དེ་ལ་བསྡུས་འབྲིང་རྒྱས་པའི་ཚད་གསུམ་ཡོད། དེ་ཡང་། ལོགས་རེ་ལ་ཁྲུ་གང་སྟེ་མཐའ་བསྐོར་དུ་མཐོ་བརྒྱད་པ་དང་། ལོགས་རེ་ལ་ཁྲུ་བཞི་སྟེ་ལུས་གང་བ་གཉིས་ནི་དཀྱིལ་འཁོར་བསྡུས་པའི་ཚད་དེ། ལས་རིམ་ལས། བརྒྱད་དང་བཞི་ལ་ངེས་པར་ནི། །སྟངས་དཔྱལ་གཉིས་ཀྱི་དཀྱིལ་འཁོར་ཏེ། །ཕྱག་རྒྱ་དགུ་ཡིས་མཚན་མས་གདབ། །ཅེས་སོ། །ཡང་ལོགས་རེ་ལ་ལུས་གསུམ་སྟེ་ཁྲུ་བཅུ་གཉིས་དང་། ཁྲུ་བཅུ་དྲུག་པ་གཉིས་ནི་འབྲིང་ཚད་དེ། དེ་ལས། དྲུག་དང་བརྒྱད་གཉིས་ལྡན་པ་ལ། །བཞི་བཅུ་རྩ་གཉིས་རྣམ་པར་བརྒྱན། །ཞེས་སོ། །ལོགས་རེ་ལ་ཁྲུ་ཉི་ཤུའམ་ཉེར་ལྔར་བྱེད་པ་ནི་རྒྱས་པའི་ཚད་དེ། དེ་ལས། ཁྲུ་ཚད་ཉི་ཤུ་རྩ་ལྔ་ལ། རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་དང་། །བར་ཁྱམས་བཅས་པ་ཁྲོ་བོ་ཡང་། །ཞེས་སོ། །དེའང་རྒྱས་འབྲིང་བསྡུས་གསུམ་ལ་ཚད་གཉིས་གཉིས་འོང་བ་ནི། དེ་ཉིད་ལས། ཚད་ནི་རྐྱེན་གྱིས་མ་ངེས་ཏེ། །ཞེས་པས། སློབ་དཔོན་ཕྱག་བཟོ་མི་བཟོ་དང་། །གནས་ཁང་ཡངས་དོག་དང་། སློབ་བུ་འབྱོར་པ་ཆེ་ཆུང་དང་། །གང་མོས་ཀྱི་དབང་གིས་འདམ་ཁ་ཅན་ཡིན་ཏེ། དེ་ལས། མོས་དང་འབྱོར་པས་རྣམ་ཕྱེའོ། །ཞེས་དང་། སྤར་ཁབ་ལས། གཉིས་ནི་བཟོ་ཡི་ཡང་ཕྱིར་རོ། །ཞེས་སོ། །རྣམ་པའི་ཚད་ནི། དབུས་མཐོ་ཞིང་མཐའ་ཀུན་ནས་སྙོམས་པ་སྟེ། འོན་ཀྱང་ཤར་མཐོ་ན་ཚེ་ཐུང་། །བྱང་མཐོ་ན་ནོར་འཛད་པས། དེ་གཉིས་ཅུང་ཟད་དམའ་བར་བྱ་གསུངས་སོ། །གསུམ་པ་ཐིག་ནི། ཕུར་བུ་སྲད་བུ་ཚོན་ཕྱེ་དང་། །ཞེས་སོགས་ཏེ། དེ་ལའང་། རྒྱུ། གྲོགས། ཚད་གྲངས། རབ་གནས། གདབ་པའི་ཐབས། ཉེས་བ་སྤོང་བ་དང་བདུན་ལས། རྒྱུ་ནི། སྤྱིར་ཐིག་ཅེས་པ་མི་འགྱུར་བར་བྱེད་པའི་དོན་ཏེ། དེའི་རྒྱུར་འགྱིང་ཕུར་དང་བསྐོར་ཕུར་ཏེ་ཕུར་བུ་གཉིས་དང་། སྲད་བུ་ལའང་གཉིས་ལས། ཡེ་ཐིག་གི་རྒྱུ། ཞི་བ་ལ་པདྨའི་རྒྱུས་པ་དང་། ཁྲོ་བོ་ལ་རྒྱུས་ཆེན། གཉིས་ཀའི་དམ་ཚིག་གི་རྒྱུ་ནི། རས་བལ་གཙང་མ་དཔའ་བོའི་རིན་གྱིས་ཉོས་པའོ། །དེ་འཁལ་བའི་གྲོགས་ནི་བུ་མོ་མཚན་ལྡན་ལོ་བཅུ་དྲུག་མ་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་བརྒྱན་པའོ། །ཚད་ནི། རིང་ཐུང་དཀྱིལ་འཁོར་གྱི་ཉིས་འགྱུར་ལ། སྦོམ་ཕྲ་སྒོའི་ཉི་ཤུ་ཆའོ། །གྲངས་ནི། ཚོན་གྱིས་ཁ་བསྒྱུར་ཏེ། ཡེ་ཤེས་ཀྱི་སྐུད་པ་ཉི་ཤུ་རྩ་ལྔའམ་ལྔ་སྒྲིལ་དང་། དམ་ཚིག་གི་སྐུད་པ་དགུ་སྒྲིལ་ལམ་སུམ་སྒྲིལ་ཏེ། ལས་རིམ་ལས། པདྨའི་རྒྱུས་ལས་ཁ་དོག་བསྒྱུར། །བཅུ་དྲུག་ཕྱག་རྒྱས་ལེགས་བཀལ་ལ། །སྣལ་མ་གཅིག་ཀྱང་ལྔ་ལྔར་ལྡན། །ཡེ་ཤེས་རང་བཞིན་ཤེས་པར་བྱ། ཁ་དོག་གསུམ་ལྡན་སྣལ་མ་དགུ། །རས་བལ་ལས་བཏགས་སྐུ་གསུང་ཐུགས། །ཞེས་སོ། །རབ་གནས་ནི། ཡེ་ཤེས་ཀྱི་ཐིག་སྐུད་ཡེ་ཤེས་ལྔ་དང་། དམ་ཚིག་གི་སྐུད་པ་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབ་པ་སྟེ། དེ་ལས། གཙང་མའི་སྣོད་དུ་ལེགས་བཀོད་དེ། །ཉི་མ་ཟླ་བའི་གདན་དག་ལ། །ཐུགས་ལས་ཡིག་འབྲུ་གྲངས་དེ་བཞིན། །ཕྱོགས་བཅུ་དུས་བཞི་མདུན་དྲངས་ཏེ། །མཆོད་སྦྱར་གསོལ་བ་གདབ་པར་བྱ། །སྦྱོར་བའི་ཡེ་ཤེས་དྲངས་མཉམ་དང་། །རྡོ་རྗེ་གསུམ་བྱིན་ངེས་པར་བསྟིམ། །ཞེས་སོ། །གདབ་པའི་ཐབས་ལ། དམ་ཐིག་གདབ་པ་དང་། ཡེ་ཐིག་གདབ་པའོ། །དང་པོ་ནི། རྡོ་རྗེ་རྒྱལ་པོ་ཡབ་ཡུམ་ལྷར་གསལ་བའི་སྦྱོར་མཚམས་ནས་དམ་ཚིག་གི་ཐིག་སྐུད་སྐུ་གསུང་ཐུགས་ཀྱི་རང་བཞིན་ཅན་དུ་འདེབས་པ་སྟེ། དེ་ཉིད་ལས། ཕྱོགས་མཚམས་ལེགས་པར་ཕྱེ་ནས་ནི། །སོ་སོའི་ཚད་བཞིན་རྒྱས་པར་དབྱེ། །ཞེས་པས། ཚངས་ཐིག་གཉིས། ཟུར་ཐིག་གཉིས། རྩ་ཐིག་བཞི་སྟེ་ཐིག་ཆེན་བརྒྱད་བཏབ་ནས་ཆ་དབྱེ་བའོ། །དེའང་སྔ་མའི་འཕྲོས་ལས། མཆོག་གི་ཐིག་ཕྲན་བཞི་བཅུ་བཞི། །ལེགས་པར་ཁ་དོག་ཕྱེ་ཡང་རུང་། །རྟ་བབས་བརྒྱད་པོ་ཆ་མཉམ་ཞིང་། །འཁོར་ལོ་ལ་སོགས་གཉིས་འགྱུར་ཡིན། །རྡོ་རྗེ་ལག་ཆུ་ཧར་བཅས་པ། །རྟ་བབས་ཕྱེད་དང་གསུམ་དུ་བྱས། །ཞེས་སོ། །ཁྱད་པར་ཁྲོ་བོ་ལ་སྒོ་ཉིས་བརྩེགས་དང་། །ཁོར་ཡུག་གཞིར་གདབ་བོ། །གཉིས་པ་ནི། དམ་ཐིག་གི་སྟེང་གི་ནམ་མཁར་ཡེ་ཐིག་གདབ་པ་སྟེ། སྐུ་གསུང་ཐུགས་རེ་རེའང་ཡེ་ཤེས་ལྔ་ལྔའི་རང་བཞིན་དུ་རྒྱས་གདབ་པའོ། །དེ་ལྟར་ཡང་། དེ་ཉིད་ལས། ཡེ་ཤེས་རྡོ་རྗེ་མདོར་བསྡུས་ལྔ། །དམ་ཚིག་རྗེས་སུ་རིམ་གསལ་བྱེད། །ཅེས་སོ། །གཞན་དུ་ན། ས་ཐིག་གི་སྔོན་དུ་གནམ་ཐིག་བཏབ་ཀྱང་འགལ་བར་མ་མཐོང་སྟེ། ཐིག་གི་པིན་ཏརྠ་ལས། རང་བཞིན་དཀྱིལ་འཁོར་གནམ་ཐིག་གདབ། །དེ་ནས་ས་ཐིག་འཆད་པ་བཞིན། །ཉེས་པ་བྲལ་བར་གདབ་པར་བྱ། །ཡང་ན་ཡེ་ཤེས་དམ་ཚིག་པའི། །རྗེས་ལ་རབ་གནས་ལྡན་ཕྱིར་གདབ། །ཅེས་འདམ་ག་གསུངས་པའི་ཕྱིར་དང་། ཚད་ལྡན་གྱི་གཞུང་མང་པོར་ཡང་དེ་ལྟར་འབྱུང་བའི་ཕྱིར་ཏེ། རྔམ་གློག་ལས། ཐིག་གཡོག་ལས་ཀྱི་སེམས་མ་སྟེ། །མཚན་ལྡན་བྱིན་གྱིས་བརླབས་ནས་ནི། །ཕྱག་རྒྱ་གར་དང་བཅས་པ་ཡི། །རང་བཞིན་དཀྱིལ་འཁོར་གནམ་ཐིག་གདབ། །དེ་ནས་ཐིག་གདབ་པ་ཡང་། །འདུལ་བའི་དབང་གིས་བྱེ་བྲག་ལས། །མཎྜལ་ཚད་ནི་ངེས་པ་མེད། །ཅེས་སོ། །གང་ལྟར་ཡང་། མཁས་ལྡན་ཆེན་པོས་བསྒྲིམས་ཏེ་བྱ། །ཞེས་པས། བླ་མའི་མན་ངག་ཐོབ་ཅིང་མཐོང་བ་གོམས་པས་བསྐོར་ཕྱོགས་མ་འཁྲུལ་བ། ཐིག་སྐུད་མ་ཆད་པ། ཐིག་སྣ་མ་ཤོར་བ། ཐིག་རྒྱུན་མ་ཆད་པ་ཉིད་དུ་གདབ་བོ། །གལ་ཏེ་མ་བསྒྲིམས་པའི་ཉེས་པ་ནི། ལས་རིམ་ལས། སྐུད་པ་ཆད་ན་སློབ་དཔོན་འཆི། །ཐིག་སྣ་ཤོར་ན་སློབ་བུ་འཆི། །ཕྱོགས་འཁྲུལ་པས་ནི་གཉིས་ཀ་ཉམས། །རྒྱུན་ཆད་ལམ་ལ་གནོད་པར་འགྱུར། །དེ་ཕྱིར་མཁས་པས་བསྒྲིམས་ཏེ་བྱ། །ཞེས་གསུངས་པའི་ཕྱིར་དང་། ཐིག་སྐུད་དང་། ཐིག་ལ་འགོམ་པའང་ཉེས་པ་ཡིན་པའི་ཕྱིར། ཐིག་སྐུད་ལ་གཤེགས་གསོལ་དང་། ཐིག་ཉིད་མཁའ་ལ་བཏེགས་པའི་འོག་ཏུ་འཛུལ་ནས་ལས་བྱ་སྟེ། དེ་ལས། རབ་གནས་ལྡན་པའི་ཐིག་འགོམས་ན། །བདེ་གཤེགས་སྐུར་པ་བཏབ་དང་མཚུངས། །སངས་རྒྱས་ཆོས་ལས་རིང་འགྱུར་ཕྱིར། ཧྲཱིཿསྒྲའི་ཕྱག་རྒྱས་འཛུལ་བར་བྱ། །ཞེས་སོ། །བཞི་པ་ཚོན་ལ། དགོས་ཆེད། རྒྱུ། གྲངས། རབ་གནས། ཇི་ལྟར་དགྱེ་ལུགས། ཉེས་པ་སྤང་བའོ། །དང་པོ་ནི། མ་མཐོང་རྨོངས་ལ་བསྟན་ཕྱིར་ཚོན། །ཞེས་པས་རྡུལ་ཚོན་ཁ་དོག་སོ་སོར་ཕྱེ་བའི་དགོས་པ་སྟེ། ལས་རིམ་ལས། མ་མཐོང་རྨོངས་ལ་ཡེ་ཤེས་སོགས། །བསྟན་ཕྱིར་ཚོན་ལྔ་དགྱེ་བར་བྱ། །དམན་པ་རྣམས་ལ་ལྔ་ཡི་ཕྱིར། །རིགས་ཀྱི་ཡེ་ཤེས་ལྔར་ཤེས་བྱ། །ཞེས་སོ། །རྒྱུ་ནི། འབྱོར་པ་རབ་ཀྱིས་རིན་ཆེན་སྣ་ལྔ་དང་། འབྲིང་གིས་འབྲུ་སྨན་ཁ་དོག་བསྒྱུར་བ་དང་། ཐ་མས་དྲི་མ་མེད་པའི་རྡུལ་ཚོན་ཁ་དོག་ལྔ་ལ་བྱ་བ་སྟེ། རྡོ་རྗེ་མེ་ལོང་ལས། གསེར་དང་དངུལ་དང་བཻཌཱུརྻ། །པད་རཱག་ཨིནྡྲ་ནཱི་ལ་ཉིད། །རིན་ཆེན་ལྔ་དང་ལྡན་པ་ཡིས། །མཁས་པས་འབྱོར་ལྡན་ཅི་བདེར་བྲི། །ཡང་ན་འབྲས་ནི་སཱ་ལུ་ལ། །ཁ་དོག་བསྒྱུར་བ་དེ་བཞིན་ནོ། །དམན་དང་འབྱོར་པ་ཆུང་བ་ཡིས། །འབྱུང་ཁུངས་ལྔ་ཡིས་བྲི་བར་བྱ། །ཞེས་སོ། །ཁྲོ་བོ་ལས་ཚོན་གྱི་སྟེང་ཐལ་ཆེན་ཅུང་ཟད་བསྲེ་སྟེ། ཧེ་རུ་ཀ་འདུས་པ་ལས། དུར་ཁྲོད་སོལ་བ་དང་བསྲེས་པའི། །རིན་ཆེན་ལྔ་དང་འབྲས་བསྒྱུར་དང་། ཁ་དོག་ལྔ་ཡི་ཕྱེ་མ་ལ། །ཞེས་སོ། །གྲངས་ནི། ཁ་དོག་ཉི་ཤུ་རྩ་ལྔའམ། །ལྔ་ཡི་ཚོན་གྱིས་བྲི་བར་བྱ། །ཞེས་དང་། ལས་རིམ་ལས། མཚམས་སེམས་ཁྲོ་བོ་ལ་སོགས་ཕྱིར། ཁ་དོག་ཉི་ཤུ་རྩ་ལྔར་གསུངས། །ཞེས་སོ། །རབ་གནས་ནི། ཞི་ཁྲོ་གང་ཡིན་གྱི་རིགས་ལྔ་བསྐྱེད་དེ་ཞུ་བ་ལས་ཡེ་ཤེས་ལྔའི་རང་བཞིན་དུ་བྱིན་གྱིས་རློབ་པ་སྟེ། རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ། །ཞེས་དང་། ལས་རིམ་ལས། སྣོད་རིམ་མ་འདྲེས་དག་བྱས་ལ། ཧཱུཾ་སོགས་ཡིག་འབྲུ་གཅིག་ཀྱང་ལྔར། ཁ་དོག་རྗེས་སུ་མཐུན་བྱས་ཏེ། །ཡོངས་གྱུར་ཉི་ཤུ་རྩ་ལྔའི་ལྷར། །ཐབས་དང་ཤེས་རབ་ལྡན་པར་བསྒོམ། །ཞེས་གསུངས་པའི་ཕྱིར་རོ། །ཚོན་དགྱེ་ལུགས་ནི། ལག་པ་ལ་དཔའ་བོ་འབྲུ་ལྔ་བཀོད་དེ་ཚོན་པྲ་བརྟགས་ནས་སློབ་བུ་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གང་གིས་འདུལ་བ་དེ་བཞིན་དུ་དགྱེ་བར་བྱ་སྟེ། འདུལ་བའི་ཆོ་ག་བཞིན་དུ་དགྱེ། །ཞེས་དང་། ལས་རིམ་ལས། དེ་ནས་བྲི་བའི་ཆོ་ག་ནི། །ཆས་ལྡན་དབང་དུ་ཕྱུག་ཐིག་བཏེགས་ལ། །དང་པོ་དབང་ལྡན་ཕྱོགས་ནས་བསྐོར། །དེ་ནས་ཞལ་ལུང་ཐོབ་པ་རྣམས། །འབྲུ་ལྡན་རྡོ་རྗེ་ཐལ་ཁུ་ཚུར། །ཕྱག་རྒྱ་ཏིང་འཛིན་ལྡན་པར་བྲི། །ཞེས་སོ། །ཐ་མ་ཉེས་པ་སྤོང་བ་ནི། དེ་ལས། བག་མེད་གྱུར་བའི་ཉེས་པ་ནི། །བཤད་པའི་རྗེས་སུ་ཤེས་པར་བྱ། །ཞེས་པས་སྤྱིར་ཐིག་གི་སྐབས་དང་རྗེས་སུ་མཐུན་པ་ལས། ཁྱད་པར་དུ། སྲབ་ན་དབུལ་ཞིང་། ཚོན་ཐལ་ཤོར་ན་ནད་འབྱུང་བ་སོགས་དང་། ཚོན་པྲ་བརྟག་པའི་ཚེ་ན། ཀུ་ཀུ་རཱ་ཛས་མཉམ་བྱོར་སྦྱོར་དཀྱིལ་ཆོག་ཏུ། རེ་ཁཱ་དམའ་བས་མི་འགྲུབ་ཅིང་། །ཡོན་པོས་གདུང་བ་བསྐྱེད་པར་བྱེད། །ཆད་པས་སློབ་དཔོན་སློབ་མ་དག །འཆིའམ་ན་བར་འགྱུར་བ་ཡིས། །ལྷག་ཆད་ལས་ནི་ནད་འབྱུང་ཞིང་། །ཕྱོགས་འཁྲུལ་རྨོངས་པའི་ལས་སུ་འགྱུར། །ཞེས་སོ། །ལྔ་པ་བྲི་བ་ལ། ལྟེ་བ་རྩིབས་དང་ལྡན་པ་ཡི། །ཞེས་སོགས་ཀྱིས་སྐབས་སུ་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་ལས། ཞི་བ་རྒྱས་པ་ནི། ཕོ་བྲང་འཁོར་ལོ་རྩིབས་བཞི་དབུས་དང་ལྔར་འཁོར་ལོ་རྩིབས་བཞི་པ་རེ་རེས་མཚན་ཅིང་གྲུ་ཆད་ཁྱམས་དང་བཅས་པའོ། །འབྲིང་པོ་ལ་རྩིབས་བཞི་གྲུ་ཆད་ཁྱམས་ལྡན་དང་། བསྡུས་པ་ནི། དེའི་ཁྱམས་སྤང་སྟེ་གྲུ་ཆད་ལ་སྒོ་དོད་པའོ། །ཁྲོ་བོའི་དཀྱིལ་འཁོར་ནི་སྒོ་ཉིས་བརྩེགས་སུ་བྲི་བ་ཙམ་ཁྱད་པར་རོ། །དྲུག་པ་རྣམ་པ་དགོད་པ་ནི། །སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། །ཅེས་པ་སྟེ། ལས་རིམ་ལས། དཀྱིལ་འཁོར་རྣམ་པ་གསུམ་དག་ཏུ། །གཞུང་ཉིད་ཀྱིས་ནི་གསལ་བར་གསུངས། །ཡན་ལག་གཟུགས་སྐུ་སྙིང་པོ་ཉིད། །ཉི་ཟླ་པདྨའི་རིམ་བཞུགས་པ། །དཀྱིལ་འཁོར་སྐུ་ཡི་མཚན་ཉིད་ཡིན། །ཕྱག་རྒྱ་གསལ་དགོད་ཐུགས་དཀྱིལ་འཁོར། །ཋ་ཊའམ་ཡང་ན་ཧཱུཾ་མཱུཾ་ནི། །མཆོག་དང་འབྲིང་པོས་ཕྱེ་བ་སྟེ། །དཀྱིལ་འཁོར་གསུམ་དུ་ཤེས་པར་བྱ། །ཞེས་དང་། རྔམ་གློག་ལས། གཙོ་བོ་གཟུགས་སུ་རྫོགས་པར་བྲི། །འཁོར་རྣམས་ཕྱག་རྒྱ་དག་ཏུ་བྱ། །ཕལ་པ་དག་ལ་ཡིག་འབྲུས་སོ། །ཞེས་སོ། །བདུན་པ་རབ་གནས་ལ། ངོ་བོ་། སྒྲ་དོན། རྣམ་གྲངས་སོ། །དང་པོ་ནི། རྟེན་གང་ལ་དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་གྱི་བྱིན་བསྡུས་ཏེ་གཞུག་པའི་ཆོ་ག་ཡན་ལག་རྫོགས་པས་ཁྱད་པར་ཅན་དུ་གྱུར་པའོ། །གཉིས་པ་ནི། པྲ་ཏིཥྛའི་སྒྲས། རང་བཞིན་མཆོག་ཏུ་གྱུར་པ་དང་། ཡུན་དུ་གནས་པ་ལས་མི་འདའ་བའོ། །གསུམ་པ་ནི། ལས་རིམ་ལས། རབ་གནས་ལུགས་ནི་གསུམ་ཡིན་ཏེ། །ཞེས་པས། བུམ་པ་ལ་སོགས་པ་ཡན་ལག་གི་རབ་གནས་དང་། སློབ་བུ་རབ་གནས་དང་། དཀྱིལ་འཁོར་རབ་གནས་སོ། །དང་པོ་ནི། དེ་ལས། བུམ་པ་རིན་ཆེན་ལས་བྱས་པ། །ལྟོ་དང་མགྲིན་པར་ལྡན་པ་ནི། ཞ་གྲུ མ་ལ་སོགས་སྐྱོན་སྤངས་པ། ཁ་དོག་ལྡན་པའི་རས་ཀྱིས་དཀྲི། །ཞེས་པའི་མཚན་ཉིད་ཚང་བའི་ལྷ་བུམ་དང་ལས་བུམ་གཉིས་ལས། ཐོག་མར་གནས་བྱ་ཐམས་ཅད་ལ་བསང་སྦྱངས་དང་བགེགས་སྐྲོད་བྱ་བའི་ཕྱིར་ལས་བུམ་དང་། དེ་རྗེས་གཞན་རྣམས་བྱིན་གྱིས་རློབ་བོ། །དེ་ཡང་ལྷ་བུམ་དུ་ཞི་ཁྲོ་གང་ཡིན་དང་། ལས་ཀྱི་བུམ་པར་བདུད་རྩི་འཁྱིལ་བ་བསྐྱེད་དེ། མཆོད་བསྟོད་བཟླས་པ་འོད་ཞུ་ལ་སོགས་པས་བུམ་ཆུ་ནུས་ལྡན་དུ་བྱེད་པའམ། གཞན་ཡང་དེ་དང་རྗེས་སུ་འབྲེལ་བར། རྡོར་དྲིལ། ཐོད་ཆུ་སོགས་དང་། སྔར་བཤད་པའི་ཐིག་ཚོན་རབ་གནས་རྣམས་བྱ་བ་ཡིན་ནོ། །གཉིས་པ་ནི། ལས་རིམ་ལས། གཉིས་པ་སློབ་མར་ཤེས་པར་བྱ། །ཞེས་པས་སློབ་མ་ལྷག་གནས་བྱ་སྟེ། དེ་ལ་དགོས་པ་དང་། ལས་འཁྲིགས་གཉིས། དང་པོ་ནི། སློབ་མ་རྣམས་སྔགས་ལ་སྤྲོ་བ་བསྐྱེད་ཅིང་དངོས་གྲུབ་ཀྱི་ལྟས་བརྟག་པ་དང་། བར་ཆད་བསྲུང་བའི་ཆེད་དུའོ། །གཉིས་པ་ནི། དཀྱིལ་འཁོར་གྱི་ཤར་ལྷོར་མཎྜལ་ཟླུམ་པོ་ཁྲུ་གང་པ་པདྨ་འདབ་བརྒྱད་བྲིས་པ་སོགས་ཡོ་བྱད་རྣམས་ཚོགས་པར་བྱས་ལ། སློབ་དཔོན་གྱིས་ལས་གཞུང་བསྲང་། དེ་ནས་སློབ་བུ་རྣམས་ཁྲུས་བྱས་ཏེ། སེམས་བསྐྱེད་པ་ལ། གནང་བ་སྦྱིན་ཞིང་སྤྲོ་བ་བསྐྱེད། མདུན་དུ་དྲངས་ནས་བགེགས་བསྐྲད་ལ་སྒྲིབ་པ་ཕྲལ། ལྷར་བསྐྱེད་དེ་དབང་བསྐུར་བྱིན་བརླབ་གོ་བགོ་ལུས་བསྲུང་བ་རྣམས་བྱས་ལ་དངོས་གྲུབ་ཀྱི་ལྟས་བརྟག་པར་བྱའོ། །དེ་ལ་གཉིས། སོ་ཤིང་དོར་བ་དང་། རྨི་ལམ་བརྟག་པའོ། །ཕྱི་མའི་དོན་དུ་ཁྱོར་ཆུ། བསྲུང་སྐུད། སྐུ་ཤ་སྦྱིན་པ་གསུམ་སྟེ་རིམ་པ་ཇི་ལྟར་རྨི་ལམ་གསལ་བ་དང་། བར་ཆད་མི་འབྱུང་བ་དང་། མི་འཁྲུགས་པར་བྱ་བའི་ཕྱིར་རོ། །དེ་རྗེས་དངོས་གྲུབ་ཀྱི་སྣོད་སྐྱོན་ཤེས་པའི་ཕྱིར་དབང་གི་གེགས་བརྒྱད་བཤད་དེ། རྨི་ལམ་བརྟག་ཏུ་བཅུག་གོ། །གལ་ཏེ་ངན་ན་དེ་ཉིད་རྡོ་རྗེ་གནོད་སྦྱིན་གྱི་སྔགས་རྒྱས་བསྲུང་ཞིང་། ཀུན་ངན་ན་དྲག་པོའི་མེས་སྦྱང་ངོ་། །དེ་དག་ཀྱང་རྡོ་རྗེ་ལས་རིམ་ལས། དགོས་པའི་ཡོ་བྱད་རབ་བསགས་ལ། །ལས་ཀྱི་དཀྱིལ་འཁོར་ལས་རིམ་སྦྱར། །ཁྲུས་བྱས་དྲི་དང་ལྡན་པའི་བུས། །ངེས་པར་གནས་སུ་ཐལ་སྦྱར་ནས། །འབད་དེ་སེམས་ལྔ་བསྐྱེད་པར་བྱ། །དེ་ལ་ལན་དུ་སྦྱིན་བྱ་བ། །ཞེས་སོགས་ནས། དཀྱིལ་འཁོར་དོན་དང་ཡོན་ཏན་རྣམས། །གསལ་བྱས་རབ་ཏུ་བྲོད་པ་བསྐྱེད། །རྡོ་རྗེས་ངེས་དྲངས་ཧཱུཾ་འོད་ཟེར། །རྡོ་རྗེ་སེམས་དཔར་རབ་གནས་བྱ། །དེ་བཞིན་ཡན་ལག་ལྡན་པ་ལ། །རྡོ་རྗེའི་གོ་ཆས་ཁྱབ་པར་སྦྱར། །སོ་ཤིང་ཀུ་ཤ་བསྲུང་སྐུད་ཆུ། །སྦྱིན་ལ་ལས་སྦྱར་མཚན་མ་བརྟག །གང་ཞིག་ངན་པར་གྱུར་པ་ན། །རྡོ་རྗེ་གནོད་སྦྱིན་རྣལ་འབྱོར་གྱིས། །མཆེ་བའི་ཕྱག་རྒྱས་བསྲུང་བར་བྱ། །ༀ་བཛྲ་ཡཀྵ་ཀྲོདྷ་ས་མ་ཡ་ཧཱུཾ་ཕཊ། བར་ཆད་ཀུན་ལས་གྲོལ་བར་འགྱུར། །ཐམས་ཅད་ཐམས་ཅད་དེ་བཞིན་ན། །དྲག་པོ་མེ་ཡིས་བཟློག་པར་བྱ། །ལས་རྗེས་ཤིས་པར་འགྱུར་བ་ཡིན། །ཞེས་སོ། །གསུམ་པ་དཀྱིལ་འཁོར་རབ་གནས་ལའང་། དགོས་པ་དང་། ལས་ཁྲིགས་གཉིས། དང་པ་ནི། ལྷག་པ་གཟུགས་བརྙན་གྱི་ཕྱག་རྒྱ་བྲིས་ཤིང་བཀོད་པ་རྣམས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པས། དེ་ཉིད་དངོས་གྲུབ་ཀྱི་རྟེན་ཕུན་སུམ་ཚོགས་པར་འགྱུར་བའི་དགོས་པ་ཡོད་དོ། །དེ་སྐད་དུའང་། ས་ལ་སོགས་པར་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱང་བས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་སོ། །གཉིས་པ་ལ། སྔོན་དུ་བྱ་བའི་རིམ་པ་དང་། ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་བསྐྱེད་པ་དང་། ཡེ་ཤེས་བ་སྤྱན་དྲངས་ལ་བསྟིམ་པ་དང་། དབང་པོ་ལ་སོགས་པའི་སྐྱོན་བསལ་བ་དང་། ཆེ་བའི་ཡོན་ཏན་རྒྱན་ཆས་ཀྱིས་མངའ་གསོལ་བ་དང་། ཆུ་བདུན་གྱིས་ཁྲུས་གསོལ་ཞིང་ཕྱི་བ་དང་། ཕྱི་ནང་གི་མཆོད་པ་འབུལ་བ་དང་། བདེན་པས་བརྟན་པར་བཞུགས་སུ་གསོལ་བ་དང་། བསྐོར་ཞིང་སྨོན་ལམ་གདབ་པ་དང་དགུ། དང་པོ་ནི། འདི་ཉིད་ལས། བཅོས་བུའི་རས་ནི་སྣ་ཚོགས་དང་། །རྒྱན་ཕྲེང་བཏུང་དང་བྲོ་བས་བསྐོར། །ཞེས་པའི་དོན་འགྲེལ་ཆུང་ལས། རྒྱན་ནི་ཁ་དོག་བཅོས་པའི་སྣ་ཚོགས་རས། །བླ་རྒྱན་འོག་རྒྱན་བར་རྒྱན་མཛེས་པ་དང་། །རིན་ཆེན་སྣ་ཚོགས་མཛེས་པའི་ཕྲེང་བས་བསྐོར། །གཟུགས་སྒྲ་དྲི་རོ་བཟའ་བཏུང་དེ་བཞིན་བསྐོར། །ཞེས་སོགས་དཀྱིལ་འཁོར་གྱི་རྒྱན་དང་། །རབ་གནས་ཀྱི་ཡོ་བྱད་སོགས་ཚོགས་པར་བྱས་ལ་སློབ་དཔོན་གྱི་བུམ་བསྙེན་དང་། ཕྱི་རོལ་དུ་རྒྱས་པའི་སྤྱིན་སྲེག་བྱ། དེ་ནས་གནས་བྱའི་གཟུགས་བརྙན་མེ་ལོང་ལ་འཆར་དུ་བཅུག་པ་ལ་བ་བྱུང་ལྔ་དང་འབྲུ་མར་གྱིས་བྱུགས་ཤིང་ཤིང་ཤུན་ལྔས་ཕྱི། སླར་ཡང་སྤོས་ཀྱི་ལྡེ་གུས་བྱུགས་ལ་རས་ཀྱིས་འཕྱི་ཞིང་དྲི་ལྔས་བསྐུས་ཏེ་ཞི་ཁྲོ་གང་ཡིན་གྱི་ལས་གཞུང་བསྲང་བར་བྱའོ། །དེ་ལྟར་ཡང་ལས་རིམ་ལས། །བུམ་ཆུ་ཅུང་ཟད་དབུས་བསྡུས་ལ། །རྒྱས་པའི་སྦྱིན་སྲེག་ཤར་དུ་སྦྱར། །མཆོད་པ་རྣམ་ལྔ་རྒྱས་པར་དགྲམ། །བ་ཡི་རྣམ་ལྔས་ལེགས་བྱུགས་ལ། །ཙནྡན་དཀར་དམར་ཨུ་དུམ་བར། །ནྱ་གྲོ་ཏ་དང་པཪྤ་ཏ། །ཤིང་ཤུན་ཕྱེ་མས་འཕྱི་བར་བྱ། །དེ་དག་ལ་སོགས་བུམ་ཆུ་རྣམས། །དངོས་མིན་གཟུགས་བརྙན་ལ་ཤེས་བྱ། །རང་གི་ཆོ་གས་ལེགས་མཆོད་ལ། །ཞེས་སོ། །གཉིས་པ་ལ་སྦྱང་བ་དང་། བསྐྱེད་པ་གཉིས། ཤཱུ་ཱུནྱ་ཏཱའི་སྔགས་ཀྱིས་སྟོང་པ་ཉིད་དུ་སྦྱང་བ་སྟེ། འདི་ཉིད་ལས། ལུས་ངག་སེམས་དང་ཆོས་ཐམས་ཅད། །ཅེས་སོགས་དང་། ལས་རིམ་ལས། སྟོང་ཉིད་ཡེ་ཤེས་གསང་སྔགས་ཀྱིས། །སྐུ་གསུང་ཐུགས་སོགས་ཆོས་ཐམས་ཅད། །གང་ནའང་མི་གནས་མི་དམིགས་པར། །མི་གཡོར་ཚུལ་དུ་སྦྱོར་བ་ཡིས། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་སོ། །གཉིས་པ་ནི། རོལ་མོ་ལྟ་བུའི་ཏིང་འཛིན་གྱིས་དཀྱིལ་འཁོར་བསྐྱེད་པ་སྟེ། རང་གི་ཐུགས་ཀ་ནས་ས་བོན་སྤྲོས་ཏེ་འབྱུང་ལྔ་རིམ་བརྩེགས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། དེར་གཟུགས་སྐུ་རྣམས་སྟོང་པ་ཉིད་ཡེ་ཤེས་སུ་གསལ་བ་ལ། བདག་ཡབ་ཡུམ་སྦྱོར་བའི་བྱང་སེམས་ལྷ་སོ་སོའི་ས་བོན་གྱི་རྣམ་པར་བཏོན་ནས། ཆོ་ག་གསུམ་གྱིས་ལྷར་བསྐྱེད་ལ་དབང་བསྐུར་བྱིན་གྱིས་རློབ་པ་སྟེ། འདི་ཉིད་ལས། ཏིང་འཛིན་རོལ་མོ་མཐའ་ཡས་མཆོག །ཅེས་སོགས་དང་། ལས་རིམ་ལས། ཨེ་སོགས་འབྲས་བུའི་ཧཱུཾ་ཉིད་ལས། །དཀྱིལ་འཁོར་གནས་དང་ལྡན་པར་བྱ། །རྣམ་པའི་དཀྱིལ་འཁོར་རྗེས་དག་ཏུ། །ཡབ་ཡུམ་ལས་བྱུང་དངོས་པོ་གསུམ། །རྗེས་སུ་མཐུན་སྦྱར་གཉིས་བསྐྱེད་དེ། །ཡི་གེའམ་གདན་ནམ་ཕྱག་རྒྱ་ལས། །སྐུ་གསུང་ཐུགས་ལྡན་བྱིན་གྱིས་རློབ། །ཅེས་སོ། །གསུམ་པ་ནི། དེ་ལས། ཡེ་ཤེས་གསལ་བསྟིམ་གཟི་བྱིན་བསྐྱེད། །ཅེས་པས། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །ཞེས་སོགས་ཀྱིས་རྣམ་པ་ཞི་ཁྲོ་དང་གྲངས་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གང་ཡིན་གྱི་ཡེ་ཤེས་པ་དབབ་དྲང་བསྟིམ་སྟེ་བརྟན་པར་བཞུགས་སུ་གསོལ་བའོ། །བཞི་པ་ནི། མིག་སྨན་གྱིས་བྱུགས་པའི་ཐུར་མ་དང་། གསེར་གྱི་སྙན་འདྲུ། སྨང་ཚེར་། ལྗགས་བཞར། ཚེམས་ཤིང་། ལོངས་སྐུ་ལ་དུང་གི་སོ་མང་དང་། ཐུབ་དྲུག་ལ་གསེར་གྱི་འབྲེག་སྤྱད་རྣམས་དབུལ་བའོ། །ལྔ་པ་ཐུན་ཁྱད་གཉིས་ལས། དང་པོ་ནི། ལས་རིམ་ལས། རང་གི་བུམ་པ་གཅིག་ཤོས་ཀྱིས། །དབང་བསྐུར་དབུ་རྒྱན་ལྡན་པར་བྱ། །ཞེས་པས་ཡེ་ཤེས་ལྔའི་རང་བཞིན་གྱིས་བུམ་ཆུས་དབང་བསྐུར་ཞིང་སྐུ་གསུང་ཐུགས་བྱིན་གྱིས་རློབ་པའོ། །གཉིས་པ་ནི། ཞི་བ་ལ་དབུ་རྒྱན་ལ་སོགས་པའི་རྒྱན་ཆས་ཉི་ཤུ་རྩ་ལྔ་དང་། ཁྲོ་བོ་ལ། རོལ་པའི་ཉི་ཤུ། ཆེ་བ་ཉི་ཤུ། རྔོ་མ་ཉི་ཤུ། བརྗིད་ཉི་ཤུ་སྟེ་བརྒྱད་ཅུས་མངའ་གསོལ་བའོ། །དྲུག་པ་ནི། ཁྲོ་བོ་ལས་རིམ་ལས། ཆུ་གཙང་འདག་ཆལ་བཀྲུ་དང་སྤོས། །འབྲུ་དང་སྨན་ཆབ་རིན་ཆེན་ལྔས། །དཀྱིལ་འཁོར་གཟུགས་བརྙན་ལ་སྦྱར་བ། །ཉོན་མོངས་ཤེས་བྱ་སྐུ་ལྔར་སྨིན། བཀྲ་ཤིས་དག་པའི་རས་ཀྱིས་ཕྱི། །ཞེས་སོ། །འདིར་སྔོན་གྱི་ལས་བྱང་རྣམས་སུ། ཞི་བ་ལ་ཆུ་གཙང་སོགས་བདུན་དང་། ཁྲོ་བོ་ལ་བདུད་རྩི་ལྔའི་སྟེང་དུ་ཐལ་ཞུན་བསྣན་པས་བཀྲུ་ཞིང་རོ་རས་ཀྱིས་ཕྱི་བར་གསུངས་ནའང་། ཁྲོ་བོའི་ལས་རིམ་དུ་ཞི་བ་དང་མཐུན་པར་བྱུང་བས་ཐུན་མོང་དུ་བྱས་ཀྱང་མི་འགལ་ཞིང་འཇུག་པ་བདེ་བར་སེམས་སོ། །བདུན་པ་ནི། ཕྱིའི་མཆོད་པ་ལྔ་དང་། གཞན་ཡང་། བླ་རེ་ལ་སོགས་པའི་ལྷབ་ལྷུབ་དང་ན་བཟའ། ནང་གི་སྨན་གཏོར་ཚོགས་ཀྱི་ཡོ་བྱད། གསང་བ་སྦྱོར་སྒྲོལ། ལྷག་པ་ཏིང་འཛིན། གླུ་ཡེ་ཤེས་རྒྱན། ལྷ་མོ་བཅུ་དྲུག་ལ་སོགས་པས་མཆོད་པར་བྱེད་པའོ། །བརྒྱད་པ་ནི། བདེན་སྟོབས་བརྗོད་པ་ནས་བརྟན་བཞུགས་དབུལ་བ་སྟེ། ལས་རིམ་ལས། བདེན་པའི་མཐུ་ཡི་བསྐུལ་བྱས་ལ། །འདོད་པ་ཡོངས་སུ་མ་རྫོགས་པར། །ནམ་ཡང་བརྟན་པར་བྱ་བ་ཡིན། །ཞེས་སོ། །དགུ་པ་ནི། ཡོན་བདག་གིས་བསྐོར་བ་བྱ་ཞིང་། སློབ་དཔོན་གྱིས་སྨོན་ལམ་གདབ་པར་བྱ་བའོ། །དེ་ལྟ་བུའི་ཆོ་ག་དང་མི་ལྡན་པའི་སྐྱོན་ནི། རྔམ་གློག་ལས། དཀྱིལ་འཁོར་ལ་སོགས་གང་བྱས་ཀྱང་། །རབ་གནས་ཡེ་ཤེས་མི་ལྡན་ན། །ཚོགས་དང་བྲི་བའི་ནུས་པ་མེད། །ཅེས་སོ། །ལྡན་པའི་ཕན་ཡོན་ཡང་། །རྒྱལ་བཟང་གིས། ཡེ་ཤེས་དག་པའི་བྱིན་རླབས་དང་། །རྣལ་འབྱོར་ཏིང་ངེ་འཛིན་མཐུ་བྱིན་དང་། །རྒྱལ་བ་བཞུགས་པའི་ནུས་མཐུ་ཡིས། །སྒྲིབ་པ་དག་ཅིང་ཚོགས་གཉིས་རྫོགས། །གང་འབད་དེ་ཡི་དངོས་གྲུབ་ཐོབ། །ཅེས་སོ། །དེ་དང་རྗེས་སུ་འབྲེལ་བར་དཀྱིལ་འཁོར་བྲིས་པའི་ཕན་ཡོན་ཀྱང་། །ཡེ་ཤེས་རྒྱས་པ་ལས། གང་གིས་རྒྱལ་བའི་དཀྱིལ་འཁོར་མཆོག །ཐིག་དང་ཚོན་གྱིས་འདྲི་བྱེད་པ། །ཕྱོགས་བཅུའི་སངས་རྒྱས་ཞིང་ཁམས་ཀུན། །རིན་ཆེན་བདུན་བྱིན་བསོད་ནམས་ལས། །དེ་ཡི་ཕུང་པོ་དཔག་ཏུ་མེད། །ལས་རྣམས་འགྲུབ་ཅིང་རྒྱལ་བས་དགོངས། །དཀྱིལ་འཁོར་བསམ་ཡས་ཐོབ་པར་འགྱུར། །ཞེས་སོ། །བརྒྱད་པ་སྦྱིན་སྲེག་བྱ་བ། དགུ་པ་དཀྱིལ་འཁོར་དུ་འཇུག་པ། བཅུ་པ་ཞུགས་པའི་ཡོན་ཏན་རྣམས་ནི་འོག་ཏུ་འཆད། བཞི་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་རང་བཞིན་གྱི་དཀྱིལ་འཁོར་རྟོགས་ནས། དེ་ཉིད་ཏིང་ངེ་འཛིན་གྱི་ཡུལ་དུ་བྱས་ཏེ། དེ་ལ་གོམས་ཤིང་འདྲི་བར་བྱ་བའི་ཕྱིར། རང་རིག་མ་བཅོས་པའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པའོ། །དེ་ལྟར་ཡང་རྒྱས་པ་ལས། དེ་བཞིན་ཏིང་འཛིན་དཀྱིལ་འཁོར་གྱིས། །ཐམས་ཅད་དབྱིངས་སུ་བསྡུས་ནས་ནི། །ཉིད་ཀྱི་ཐུགས་ལ་ཐིམ་བྱས་ཏེ། །ཐམས་ཅད་ཆོས་སྐུའི་ཕྱག་རྒྱ་ཆེ། །ཞེས་སོ། །དེའང་རང་རིག་པ་ཡེ་ཤེས་ཆེན་པོའི་རང་བཞིན་ལ་ཕྱོགས་རིས་མ་གྲུབ་ཀྱང་། ཡོན་ཏན་གྱི་ལྡོག་ཆ་ནས་བརྟགས་ན། ཡེ་ཤེས་ལྔར་སྣང་བ་སྟེ་སེམས་ཉིད་རང་བཞིན་གྱི་སྤྲོས་བ་དང་བྲལ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས། གསལ་ལ་མི་རྟོག་པ་མེ་ལོང་ལྟ་བུ། བཟང་ངན་ཆེ་ཆུང་མེད་པས་མཉམ་ཉིད། གསལ་ལ་མ་འདྲེས་པས་སོར་རྟོག །དོན་གཉིས་འབད་མེད་དུ་གྲུབ་པ་བྱ་གྲུབ་ཡེ་ཤེས་ཏེ། འདི་ཉིད་ལས། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་སོ། །ལྔ་པ་ལྷག་པ་ཏིང་ངེ་འཛིན་ནི། དེ་ལྟར་བསྒོམ་མི་ནུས་པའམ། རིམ་འཇུག་གི་གང་ཟག་གིས་བསྒོམ་བྱར་གྱུར་པའི་ཏིང་ངེ་འཛིན་གྱི་ཁྱད་པར་གང་ཞིག །མཚན་བཅས་ལྷའི་སྐུར་བསྒོམ་པའི་བྱ་བས་ལྷག་པའོ། །དབྱེ་ན། ཐུགས་རྗེ་ཞི་བའི་དང་། བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་གཉིས་ཏེ། ཁོག་གཞུང་ལས། ལྷག་པ་ཏིང་འཛིན་རྣམ་པ་གཉིས། །གདུལ་བའི་དོན་ཕྱིར་ཞི་ཁྲོ་སྟེ། །ཞེས་སོ། །གདུལ་བའི་དབང་གིས་གཉིས་སུ་ཇི་ལྟར་འགྱུར་ཞེ་ན། འདིའི་རྒྱུད་ཕྱི་མ་ལས། རང་གཞན་བདག་ཉིད་རྣམ་པ་ཀུན། །ཐམས་ཅད་ཞི་བར་བྱེད་པའི་ཕྱིར། ཞི་བའི་དཀྱིལ་འཁོར་ཞེས་བརྗོད་དེ། །གདུལ་བར་དཀའ་བའི་ཉོན་མོངས་ལ། །ཐུགས་རྗེའི་དབང་གིས་ཁྲོ་བྱེད་ཕྱིར། །ཁྲོ་བོའི་དཀྱིལ་འཁོར་ཞེས་བཤད་དོ། །ཞེས་སོ། །དེའང་བཤད་ཚུལ་ཉེས་པའི་སྐྱོན་བརྒྱད་ལས། མངོན་རྟོགས་ཀྱི་གོ་རིམ་བསྡེབ་མ་ཤེས་ན། བདུད་རྩི་རོ་ཉམས་ལྟ་བུའི་བཤད་སྐྱོན་ཡོད་པའི་ཕྱིར། མངོན་རྟོགས་ཀྱི་ལས་སྡེབས་དང་སྦྱར་ནས་འཆད་དོ། །དེའི་རྒྱུ་མཚན་ཡང་རྒྱུད་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་ཆོག་ཁྲིགས་དང་འབྲེལ་བ། །ཆོག་ཁྲིགས་ཕྱག་བཞེས་དང་འབྲེལ་བ། །ཕྱག་བཞེས་བླ་མ་བརྒྱུད་པའི་གདམས་ངག་དང་འབྲེལ་བ་སྟེ། འབྲེལ་བ་བཞི་ལྡན་གྱི་སྒོ་ནས་འཆད་དགོས་པའི་ཕྱིར་རོ། །དེ་ལ་གཉིས་ཏེ། ཞི་ཁྲོ་ཐུན་མོང་གི་སྔོན་འགྲོ་དང་། སོ་སོའི་ལས་རིམ་མོ། །དང་པོ་ལ། སྔོན་དུ་བྱ་བའི་རིམ་པ་དང་། །སྔོན་འགྲོ་དངོས་སོ། །དང་པོ་ནི། རྟེན་གྱི་གང་ཟག་དབང་ཐོབ་ཅིང་དམ་ཚིག་ལ་གནས་པས། སྡིག་པ་དང་མ་འདྲེས་པའི་ཡོ་བྱད་བསགས་ཏེ། བསམ་གཏན་ལ་ཚེར་མ་མེད་པའི་གནས་སུ་ཉམས་སུ་བླང་བར་བྱའོ། །དེ་ལྟར་ཡང་མེ་ལོང་ལྟ་བུའི་སྒྲུབ་ཐབས་ལས། སློབ་དཔོན་མཉེས་པར་བྱས་པ་དང་། །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ། །དབང་རྣམས་རྫོགས་པར་བྱས་པ་དང་། །འདོད་པའི་གཡེང་བ་ཀུན་སྤངས་ཏེ། །ཞེས་དང་། བི་མ་ལའི་ལྷ་སྐུ་སྒོམ་པའི་མན་ངག་ལས། བསམ་གཏན་དགྲ་ལས་རིང་གྱུར་པའི། །བཀྲ་ཤིས་གནས་སུ་བསྡད་པར་བྱ། །བསྡུ་བའི་རྐྱེན་གཉིས་ཚོགས་བྱས་ལ། །ཞེས་སོ། །དེ་ཡང་དུས་བཟང་པོ་ལ། རྟེན་གྱི་དཀྱིལ་འཁོར་བྲི། །ཕྱི་རོལ་དུ་ཆ་གསུམ་བཏང་། ནང་དུ་འདུག་ལ་མཆོད་ཆས་རྣམས་བཤམ་པའོ། །གཉིས་པ་ལ། གྲལ་ཕྱག་དང་ཚུལ་ཕྱག་བྱ་བ། །རྒྱུད་སྦྱང་བ། མཚམས་བཅད་པ། བཤགས་པ་བྱ་བ། དམ་བཅའ་བ། བྱིན་དབབ་པ། མཆོད་པ་བྱིན་གྱིས་རློབ་པ་དང་བདུན། དང་པོ་ནི། སྔ་རབས་པ་ཕལ་ཆེར་དབང་ཐོབ་པ་སྔ་རིམ་མམ་ཡེ་ཤེས་ཀྱིས་རྒན་པ་ལ་གྲལ་ཕྱག་དང་། ཡི་དམ་གྱི་ལྷ་ལ་ཚུལ་ཕྱག་མཛད་གསུངས་ནའང་། རྗེའི་ཞལ་སྔ་ནས། འདུ་བའི་ཐོག་མར་ལྷ་ལ་གྲལ་ཕྱག་དང་། རྣལ་འབྱོར་པ་རྒན་རིམ་གྱིས་ཚུལ་དང་མཐུན་པའི་ཕྱག་བྱེད་པ་ཡིན་གསུངས་པ་ཉིད་ལེགས་སོ། །གཉིས་པ་ནི། ལམ་རིམ་ལས། ཡན་ལག་བརྒྱད་པའི་ཚུལ་བཟུང་ལ། །ཡོངས་སུ་ཐིམ་བྱས་རྗེས་ལ་འདུག །ཅེས་པས་ཚོགས་ཞིང་སྤྱན་དྲངས་ཏེ་ཡན་ལག་བརྒྱད་པ་ཕུལ་ལ། མཐར་ཡུལ་རྣམས་རང་ལ་བསྡུ་བའོ། །དེ་ཡང་རྒྱུན་བཤགས་རྩ་བ་ལས། རྒྱལ་བ་འཁོར་བཅས་སྤྱན་དྲངས་ཏེ། །བླ་མ་སྙིང་པོར་བཞུགས་བྱས་ལ། །ཕྱག་སྐྱབས་མཆོད་དང་བཤགས་པ་དང་། །ཡི་རང་སེམས་བསྐྱེད་ལུས་དབུལ་དང་། །བྱང་ཆུབ་ཆེན་པོར་ཡོངས་བསྔོ་བསྡུ། །ཞེས་སོ། །གསུམ་པ་ལ་གཉིས་ལས། མཚན་མེད་རྣམ་པར་མི་རྟོག་པའི་མཚམས་ནི། ཧཱུཾ་ཞེས་བརྗོད་པས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་བསྒོམ་པའོ། །དེའང་མེ་ལོང་ལྟ་བུ་ལས། རྣམ་རྟོག་འདུ་ཤེས་ཀུན་སྤངས་ན། །བགེགས་ཀྱི་སྦྱོར་བ་ཡོངས་མི་འགྱུར། །དེ་བས་རྣམ་རྟོག་བགེགས་ཡིན་པར། །ཡང་དག་རིག་པ་ཉིད་ཀྱིས་གསུངས། །ཞེས་དང་། གསང་འགྲེལ་ལས། མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་ཤེས་ཀྱིས། །བགེགས་ཀྱི་རྒྱལ་པོ་རྣམ་རྟོག་གནན་པར་བྱ། །ཞེས་སོ། །གཉིས་པ་མཚན་མ་དང་བཅས་པའི་མཚམས་ནི། སྤྱིར་ཕྱག་རྒྱ་སྤྲོས་བཅས་ཀྱི་སྐབས་འདིར། མཚོན་ཆ་འཆོལ་བ། མཚོན་ཆ་དམ་ཚིག །བསྲུང་བ་འཁོར་ལོ། །ཁྲོ་བཅུ་རོལ་པའི་མཚམས་བཞི་ལས། བླ་མ་རྣམས་ཞི་བ་ལ་མཚོན་ཆ་དམ་ཚིག་པ་མཛད་དོ། །དེ་ཡང་རྒྱས་པ་ལས། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་མཚོན་ཆ་དམ་ཚིག་གི་གླུ་འདི་བླངས་སོ། །ཞེས་སོགས གསུངས་ཏེ། དེའི་རིམ་པ་ནི། དེ་ཉིད་ལས། ཀུན་ཀྱང་ཕྱག་རྒྱ་བཞིས་རྒྱས་གདབ། །ཅེས་པས་ཕྱག་རྒྱ་བཞི་ལས། ཕྱག་ཆེན་ནི། མི་རྟོག་པ་དེའི་ངང་ལས། ངོ་བོ་དབྱེར་མི་ཕྱེད་ཀྱང་། རྣམ་པ་རང་ཉིད་དེ་བཞིན་གཤེགས་པ་རིགས་ལྔ་དང་བཟང་མོར་སྐབས་ཀྱིས་བསྒྱུར་བའོ། །དམ་ཚིག་གི་ཕྱག་རྒྱ་ནི། རྡོ་རྗེ་གསོར་ཞིང་འཁོར་ལོ་བསྐོར། །གཞན་གསུམ་འདེབས་ཚུལ་དྲིལ་བུ་གསིལ། །ཞེས་བཅའ་འོ། །ཆོས་ཀྱི་ཕྱག་རྒྱ་ནི། ཛྭ་ལཱ་ན་ལརྐའི་སྔགས་བརྗོད་པའོ། །ལས་ཀྱི་ཕྱག་རྒྱ་ནི། ཕྱག་རྒྱ་བཅས་པ་ལས་ཕྱག་མཚན་སོ་སོའི་གཟུགས་ཕྲ་མོ་གྲངས་མེད་པ་སྤྲོས་ཏེ། བདུད་བགེགས་ཐམས་ཅད་བསྡིགས་བསྐྲད་བརླག་པར་བྱས། ཚུར་འདུས་པ་ལས་ཕྱི་ནས་རིམ་པར། རྡོ་རྗེ། འཁོར་ལོ། རིན་ཆེན། པདྨ། རལ་གྲི། དྲིལ་བུ་རྣམས་རང་རང་གི་མེའི་ར་བ་དང་བཅས་པ་བསམ་པའོ། །གཞན་དུ་དྲིལ་བུ་བཞག་ན། རྒྱལ་པོ་ལྔའི་མཚན་ཞེས་ཐ་སྙད་མཛད་དོ། །ཁྲོ་བོ་ལ་ཁྲོ་བཅུ་རོལ་པ་མཛད་ཀྱང་། ཞེ་སྡང་རྡོ་རྗེར་གསལ་བས་ཁྲོ་བོའི་གླེང་གཞི་ལྟར། སྤྲུལ་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་བགེགས་བསྐྲད་ནས། ཚུར་འདུས་པ་ལས་ཁྲོ་བོའི་རང་བཞིན་གྱི་རྡོ་རྗེའི་གུར་གྱིས་གཏམས་པའི་ཕྱི་རོལ་དུ་མེ་རླུང་ཆུའི་ར་བ་རིམ་པ་གསུམ་གྱིས་མཚམས་བཅད་ཀྱང་མི་འགལ་ཞིང་འཇུག་པ་བདེ་བར་མངོན་ནོ། །གལ་ཏེ་ཁྲོ་བཅུ་རོལ་པ་བྱེད་ན། བྷྲཱུཾ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ་ཁོག་པ་སྟོང་པ་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་རང་ཞེ་སྡང་རྡོ་རྗེར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་མ་བཅུ་ཆད་དེ། རྩིབས་ནང་རྣམས་སུ་ཉི་གདན་དུ་གྱུར། དེ་ནས་ཊཀྐི་རཱ་ཛ་སྤྲོས་ཏེ། དེས་ཕྱོགས་སྐྱོང་བཅུ་བཀུག་ནས་ཉི་གདན་གྱི་སྟེང་དུ་བཏིང་སླར་ཡང་ཧཱུཾ་བཅུ་སྤྲོས་ཏེ་སོ་སོའི་སྙིང་གར་ཁྲོ་བཅུ་ཞལ་གསུམ་ཕྱག་དྲུག་པའམ་ཞལ་གཅིག་ཕྱག་གཉིས་པ་སྨད་ཕུར་ཞབས་ཅན་དུ་བསྐྱེད། དེ་དག་ལས་ཁྲོ་ཆུང་གྲངས་མེད་པ་སྤྲོས་ཏེ་བགེགས་བསྐྲད་ནས། ལྷར་འདུས་པ་ལས་ཁྲོ་གུར་གྱིས་གཏམས་པའི་ཕྱི་རོལ་དུ་མེ་དཔུང་མཐའ་མེད་དུ་འབར་བའོ། །དེ་ལྟར་མཚམས་བཅད་པའི་དགོས་པ་བར་ཆད་ཀྱི་བགེགས་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར་ཏེ། ནམ་སྙིང་གི་གལ་ཕྲེང་ལས། ངོ་བོ་བདག་གཞན་གཉིས་མེད་ཀྱང་། །དང་པོའི་ལས་ཅན་རྣལ་འབྱོར་པའི། །ཏིང་འཛིན་ཉམས་ལེན་པར་གཅོད་དག །ངེས་པར་བསལ་ཕྱིར་མཚམས་གཅོད་བྱ། །ཞེས་སོ། །བཞི་པ་ནི། སྡིག་པ་སྦྱོང་བའི་སྒོ་བཞིར་བཞད་དེ། ཤེས་རབ་ཆེན་པོས་བག་ཆགས་རང་བཞིན་མེད་པར་དང་། ཡེ་ཤེས་ཆེན་པོའི་མེས་བསྲེགས་ཏེ་དང་། གནོང་འགྱོད་དྲག་པོ་དང་བཅས་ཏེ་དང་། ཉམས་པའི་བརྡ་སྦྱར་ཏེ་བཤགས་པའོ། །དང་པོ་ནི། སྦྱང་བྱ་སྦྱོང་བྱེད་སྦྱོང་མཁན་གསུམ་ག་ཡང་དག་པར་མི་དམིགས་པ་སྟེ། བརྗོད་མེད་ལས། དོན་དམ་མི་དམིགས་སྤྲོས་ལས་འདས་པས་ན། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང་། །ཞེས་སོ། །གཉིས་པ་ནི། བཤགས་ཡུལ་རྣམས་ཀྱི་གནས་གསུམ་ལས་འཕྲོས་པའི་འོད་ཀྱིས་བདག་གི་སྒོ་གསུམ་གྱི་སྡིག་སྒྲིབ་སྦྱོང་བའོ། །གསུམ་པ་ནི། སྟོབས་བཞིའི་སྒོ་ནས་བཤགས་པར་བྱ་བ་སྟེ། དེ་ཡང་རྟེན་གྱི་སྟོབས་ལ་བཤགས་ཡུལ་ནི། བླ་མ་ཡི་དམ་བཀའ་སྡོད་དང་བཅས་པ་མདུན་མཁར་སྤྱན་དྲངས་པའོ། །རང་རྒྱུད་ཀྱི་རྟེན་ནི། སྐྱབས་སུ་འགྲོ་བ་དང་བྱང་སེམས་མི་གཏོང་བ་ཡིན་ན་སྔར་རྒྱུན་བཤགས་བྱས་པས་ཚང་ཞིང་། བཤགས་ཚིག་ལས་ཀྱང་འབྱུང་ངོ་། །སུན་འབྱིན་པའི་སྟོབས་ནི། དེ་དག་གི་སྤྱན་སྔར་གནོང་འགྱོད་དྲག་པོས་བཤགས་པའོ། །གཉེན་པོ་ཀུན་བསྟེན་པའི་སྟོབས་ནི། སྔར་བྱས་ཀྱི་གཉེན་པོར་རྣལ་འབྱོར་གྱི་རིམ་པ་ལ་འཇུག་སྙམ་དུ་སེམས་བརྟན་པར་བཟུང་བའོ། །སོར་ཆུད་པའི་སྟོབས་ནི། རྗེས་ལ་དག་པར་མོས་ཤིང་དགའ་བ་བསྒོམས་ལ། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་སྙམ་དུ་སྡོམ་པའོ། །བཞི་པ་ནི། ཐབས་དེ་དག་དང་ལྡན་པའི་སྒོ་ནས། བརྗོད་མེད་ལ་སོགས་པའི་བཤགས་ཚིག་གདུང་དབྱངས་ཀྱི་རྟར་བཅུག་ནས་འདོན་པར་བྱ་སྟེ། གལ་པོ་ལས། མི་དགེ་སྡིག་པའི་བག་ཆགས་རྣམས། །གདུང་བའི་གླུ་དང་བཅས་ཏེ་བཤགས། །ཞེས་སོ། །ལྔ་པ་དམ་བཅའ་ནི། ལྷག་པའི་བསམ་པ་བརྟན་པོས་ཚིག་བརྗོད་པ་དང་མཐུན་པར་ཡི་དམ་དུ་བཅའ་བ་སྟེ། ཁྲོ་བོ་པུཎྜ་རི་ཀའི་རྒྱུད་ལས་གསུངས་པའི་དམ་བཅའ་ཉི་ཤུ་པའམ། བདུན་ཡན་ཆད་རྫོགས་པའི་སྐབས་དང་སྦྱར་ཞིང་། དེའང་དཔལ་ཕྲེང་དམ་པའི་རྒྱུད་ལས། རྡོ་རྗེ་རྩེ་གཅིག་ཕྱག་རྒྱ་ཡིས། །དམ་བཅའ་རིམ་པ་ཚུལ་བཞིན་བསྟན། །ཞེས་པས་རྡོ་རྗེ་རྩེ་གཅིག་གིས་ཕྱག་རྒྱ་སྙིང་གར་བཅས་ཏེ་དམ་བཅའོ། །དྲུག་པ་ནི། ཧཱུཾ་ཨ་ལ་ལ་ཧོཿ ཞེས་སོགས་དང་། བབ་དྲུག །འདས་བཞི། མཛོད་གཅིག་གི་དགོངས་པས་བསྐུལ་ལ། ཧཱུཾ་བཞིས་བྱིན་བསྡུས་པས་མཁའ་ཁྱབ་ཀྱི་ལྷ་རྣམས་རང་ལ་ཐིམ་སྟེ་བྱིན་གྱིས་རློབ་པར་བསམ་པའོ། །དེ་སྐད་དུའང་གལ་ཕྲེང་ལས། སྔགས་བརྗོད་འོད་བསྡུའི་ཕྱག་རྒྱ་ཡིས། །འབྲས་བུ་རྣམ་ལྔའི་བྱིན་རླབས་དབབ། །ཅེས་སོ། །བདུན་པ་ནི། ཕྱི་མཆོད་དང་སྨན་གཏོར་རཀྟ་གསུམ་གྱིས་རློབ་པ་སྟེ་འོག་ཏུ་འཆད་དོ། །གཉིས་པ་ལ། ཞི་བ་དང་། ཁྲོ་བོ་གཉིས། དང་པོ་ལ། དངོས་གཞི་དང་། རྗེས་སོ། །དང་པོ་ལའང་ཁྱད་པར་གྱི་སྦྱོར་བ་སེམས་བསྐྱེད་པ་དང་། ཏིང་ངེ་འཛིན་གྱི་རིམ་པ་དངོས་སོ། །དང་པོ་ནི། རང་གཞན་ཐམས་ཅད་ཀྱི་བདེན་པ་དབྱེར་མེད་རྟོགས་པར་མོས་པའི་སྒོ་ནས་སེམས་བསྐྱེད་པ་སྟེ། དེའང་ཀུན་རྫོབ་དང་། དོན་དམ་གཉིས་ལས། དང་པོ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཞེས་སོགས་སོ། །གཉིས་པ་ནི། ཨེ་མ་ངོ་མཚར་ལྔ་སྟེ། དེ་ལ་གཞི་ལམ་འབྲས་བུའི་སེམས་བསྐྱེད་གསུམ་ལས། སྐབས་འདིར་རང་བཞིན་གཞིའི་སེམས་བསྐྱེད་དོ། །གཉིས་པ་ལ། ཏིང་ངེ་འཛིན་གྱི་དགོས་ཆེད་དང་། དེ་བསྒོམ་པ་དངོས་སོ། །དང་པོ་ནི། རིན་ཆེན་དྲྭ་བ་ལས། སྒྲུབ་པའི་གཙོར་ནི་ཏིང་འཛིན་པས། ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །མུན་ལ་སྣང་བྱུང་ཇི་བཞིན་དུ། །འགྱུར་བ་གསེར་འགྱུར་སྨན་གྱི་ཚུལ། །རྟོག་པའི་དབང་བསྒྱུར་ཏིང་འཛིན་པས། །འདི་ལྟར་ཏིང་འཛིན་རིམ་བཞིན་བསྒོམ། །ཞེས་སོ། །གཉིས་པ་ལ། ཏིང་འཛིན་གསུམ་བསྒོམ་པ་དང་། དཀྱིལ་འཁོར་བསྒོམ་པའི་ཏིང་འཛིན་དང་། །ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ནོ། །དང་པོ་ལ་གསུམ་ལས། སྣང་བ་ལ་རང་རྒྱུད་དུ་ཞེན་པ་བཟློག་པའི་ཕྱིར་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། དེ་ལས། དངོས་རྣམས་ཉིད་ན་དངོས་མེད་པ། །ཞེས་སོགས་གསུངས་པ་ལྟར། འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་བསྒོམ་པ་སྟེ། ཧེ་རུ་ཀ་གལ་པོ་ལས། བསམ་དུ་མེད་དེ་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་དབྱིངས་ནམ་མཁའ་བསམ་པ་ཀུན་དང་བྲལ། །བསམ་དུ་མེད་པའི་ཆོས་དབྱིངས་ནམ་མཁའ་ནི། །ནམ་མཁར་མི་དམིགས་པ་ཡང་དམིགས་སུ་མེད། །ཅེས་སོ། །སྟོང་པ་མཐའ་གཅིག་ཏུ་ཞེན་པ་བཟློག་པའི་ཕྱིར་ཀུན་སྣང་ནི། རིམ་དྲྭ་ལས། དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་ཀུན་ལ་སྙིང་རྗེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་པ་ལྟར། གནས་ལུགས་དེ་བཞིན་ཉིད་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་ནམ་མཁའ་དང་མཉམ་པར་བསྒོམ་པའོ། །དེ་གཉིས་ཐ་དད་དུ་ཞེན་པ་བཟློག་པའི་ཕྱིར་རྒྱུའི་ཏིང་འཛིན་ནི། དེ་ལས། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་པས་རང་རིག་པ་ཉིད་སྣང་སྟོང་གཉིས་སུ་མེད་པའི་ཡི་གེ་ཨ་དཀར་པོ་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་སྟེ། དེ་ཡང་བརྟན་པའི་ཚད་བཞི་ནི། མི་གཡོ་བ། མི་འགྱུར་བ། མངོན་པར་མི་འགྱུར་བ། ཅིར་ཡང་བསྒྱུར་དུ་བཏུབ་པའོ། །གསལ་བའི་ཚད་བཞི་ནི། སལ་ལེ་བ། སང་ངེ་བ། ལྷང་ངེ་བ། ལྷག་གེ་བའོ། །དེ་ནས་བརྟན་པའི་ཡན་ལག་ཏུ། ཨ་དེ་ལས་ཨ་ཕྲ་མོའི་སྤྲོ་བསྡུ་དང་། ཡི་གེ་ཞེ་གསུམ་གྱི་སྤྲོ་བསྡུ་བྱ་བ་སྟེ། འདི་ཉིད་ལས། ཨ། རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བསྟན། །དེ་ལས་མིང་ཚོགས་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །རྟེན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །ཞེས་སོ། །གཉིས་པ་ལ། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷ་བསྒོམ་པའོ། །དང་པོ་ལ། གཞི་དབང་ཆེན་ཡབ་ཡུམ་ལྔའི་དཀྱིལ་འཁོར་བསྐྱེད་པ། གཞལ་ཡས་ཁང་དངོས་བསྐྱེད་པ། ཞར་ལ་གདན་བསྐྱེད་པའོ། །དང་པོ་ནི། རིན་དྲྭ་ལས། དེ་ལས་རྒྱལ་བའི་བཞུགས་གནས་རྟེན། །དབང་ཆེན་དཀྱིལ་འཁོར་རིམ་བཞིན་བསྒོམ། །ཞེས་པས། རྒྱུའི་ཡི་གེ་ཨ་ལས་འབྱུང་ལྔའི་ས་བོན་གྱི་ཡི་གེ་རིམ་པར་སྤྲོས་ཏེ། དེ་དག་ལས་འོད་འཕྲོས་པས་ཕྱི་ནང་གི་འབྱུང་བ་ལྔ་དང་ལྔར་འཛིན་པའི་ཞེན་རྟོག་སྦྱངས་ཤིང་། ཡེ་ཤེས་ཀྱི་འབྱུང་བ་ལྔའི་ཡོན་ཏན་བསྡུས་པ་ལས། ནམ་མཁའི་དཀྱིལ་འཁོར་མཐིང་ག་གྲུ་གསུམ་པ། རླུང་དཀྱིལ་སྔོ་སྐྱ་ཟླ་གམ། ཆུ་དཀྱིལ་དཀར་པོ་ཟླུམ་པོ། །ས་དཀྱིལ་སེར་པོ་གྲུ་བཞི་པ་རིན་ཆེན་སྣ་བཞིའི་རི་རབ་དང་བཅས་པ། མེ་དཀྱིལ་དམར་པོ་གྲུ་གསུམ་པ་རྣམས་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པའི་རང་བཞིན་ཏེ། རོལ་པ་ཆེན་པོའི་རྒྱུད་ལས། ཕྱི་རོལ་འབྱུང་སོགས་ཡུལ་རྣམས་ཀུན། །ཐབས་དང་ཤེས་རབ་གཉིས་མེད་པའི། །ས་བརྟན་རྡོ་རྗེ་སྤྱན་མ་སྟེ། །གཤེར་བ་ལྷ་མོ་མཱ་མ་ཀཱི །སྨིན་བྱེད་བསྲེག་མཛད་གོས་དཀར་མོ། ། ཡང་ཞིང་གཡོ་བ་སྒྲོལ་མའི་མཁའ། །སྟོང་གསལ་ནམ་མཁའ་ཀུན་བཟང་མོ། །ཞེས་སོ། །གཉིས་པ་ནི། མེའི་ཁོར་ཡུག་གི་ནང་དུ་རྒྱུའི་ཡི་གེ་ལས་བྷྲུཾ་ཆད། དེ་ལས་འཕྲོས་པའི་འོད་ཟེར་གྱིིས་སེམས་ཅན་གྱི་ཡུལ་དང་གནས་ལ་དེར་ཞེན་པའི་རྟོག་པ་སྦྱངས་ཤིང་། རྒྱལ་བའི་ཞིང་དང་གཞལ་ཡས་ཁང་ཁྱད་པར་ཅན་རྣམས་ཀྱི་ཡོན་ཏན་དང་བྱིན་རླབས་བསྡུས་པ་ལས། བྷྲཱུཾ་བི་ཤྭའི་སྔགས་ཀྱིས་གཞལ་ཡས་ཁང་བསྒོམ་པ་སྟེ། འདི་ཉིད་ལས། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང་། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །ཞེས་སོ། །དེ་དག་གི་དོན་རྟགས་རྒྱ་ཆེར་གླེང་གཞིའི་སྐབས་སུ་བཤད་གྲུབ་པའོ། །གསུམ་པ་ནི། འདི་ཉིད་ལས། སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་པའི་གདན་གདིང་ཚུལ་ནི། སྔར་གླེང་གཞིར་བཤད་པར་ལྟར། སྐྱེས་བུ་ལྔ་ལ་ལྔ་བརྩེགས་ཏེ། །སེམས་དཔའ་ལ་ནི་གསུམ་བརྩེགས་སོ། །ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། །ཀུན་བཟང་ཡབ་ཡུམ་བཞི་བརྩེགས་སོ། །ཞེས་སོ། །སྣང་མཐའི་ཁྲི་གླེང་གཞིར་རྨ་བྱ་དང་། འདིར་ཁྱུང་དུ་བཤད་པའི་ནང་འགལ་ལོ་ཞེ་ན། སྐྱོན་མེད་དེ། རྨ་བྱས་དུག་དབང་དུ་བྱེད་པ་བཞིན་ཁྱུང་གིས་ཀྱང་གླུའི་དུག་དབང་དུ་བྱེད་པའི་ཕྱིར། དེ་གཉིས་དབང་གི་ཁྲིར་མཚུངས་པ་ཡིན་ནོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ། ཇི་ལྟར་བསྐྱེད་པའི་ཆོ་ག་དང་། བསྐྱེད་པ་ལྷའི་མཚན་ཉིད། དབང་བསྐུར་ཞིང་བྱིན་གྱིས་རློབ་པའོ། །དང་པོ་ནི། སྔོན་གྱི་སློབ་དཔོན་རྣམས་དགོངས་པ་མི་མཐུན་ཏེ། འགྲེལ་པ་ཉི་སེང་མར་ཆོ་ག་ལྔ་བསྐྱེད། དྲྭ་བ་ཆེ་ཆུང་ལ་བརྟེན་ཏེ། བདག་སྲས་གཞན་སྲས་དང་། ཆོ་ག་གསུམ་བསྐྱེད་དོ། །དེ་ལས། བཞེད་པ་དང་པོ་ནི། ཐོག་མར་སེམས་བསྐྱེད་དེ། ཡུད་ཙམ་གྱི་ཀུན་ཏུ་བཟང་པོར་བསྒོམས་ནས། འོག་གི་ཕྱོགས་སུ་ཡེ་ཤེས་ཀྱིས་གཞི་ནས་བཟུང་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ཚར་བ་དང་། ཉི་ཟླའི་གདན་ལ་སེམས་སྐྱིལ་གྱིས་འདུག་པར་མོས་ཏེ། བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པའི་དོན་གྱིས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ་ཆོ་ག་དང་པོའོ། །དེའི་ངང་ལས་རང་སེམས་ཨའི་ངོ་བོར་བསྒོམས་ནས་འཕྲོ་འདུའི་བྱ་བས། ཨ་ལས་ཟླ་དཀྱིལ་གྱི་དབུས་སུ་མཚན་གྱི་ས་བོན་ཨཱ་ལི་དང་། ཨཱ་རིང་ལས་ཉི་དཀྱིལ་གྱི་དབུས་སུ་དཔེ་བྱད་ཀྱི་ས་བོན་ཀཱ་ལི་སྟེ། གཉིས་ཀ་ཉིས་རིམ་དུ་བསྐོར་བའི་རང་བཞིན་ཆོ་ག་གཉིས་པ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་དག་འོད་ཀྱི་གོང་བུ་གཅིག་ཏུ་འདྲིལ་བ་ནི་ཆོ་ག་གསུམ་པ་སྟེ་མཉམ་ཉིད་ཡེ་ཤེས་སོ། །འོད་ཀྱི་གོང་བུ་ལས་ཧཱུཾ་དུ་གྱུར་ནས་། དེའི་རྒྱུ་མཐུན་པའི་འབྲས་བུ་རྡོ་རྗེར་བྱིན་གྱིས་རློབ་པ་ནི་ཆོ་ག་བཞི་པ་སྟེ་སོར་རྟོག་ཡེ་ཤེས་སོ། །དེ་ཡོངས་སུ་གྱུར་པ་ལས་ཀུན་ཏུ་བཟང་པོའི་སྐུར་བསྐྱེད་པ་ནི་ཆོ་ག་ལྔ་པ་ཏེ་བྱ་གྲུབ་ཡེ་ཤེས་སོ། །དེ་ནས་ཡུམ་བསྐྱེད་དེ་སེམས་སྤྲིན་ལས་སོ་སོའི་སྐུ་བསྐྱེད་པ་རང་རང་གི་སྔགས་ཀྱིས་ཕྱིར་ཕྱུང་ནས་དཀྱིལ་འཁོར་དུ་འགོད་པར་མཛད་དོ། །རྗེ་རོང་ཟོམ་དང་ཀུན་མཁྱེན་ཆེན་པོ་ནི། ཆོ་ག་ལྔའི་བསྐྱེད་ཚུལ་འདི་འདྲ་བ་ལས། ཁྱད་པར་ཏིང་འཛིན་གསུམ་སྡོན་དུ་འགྲོ་བས། ཏིང་འཛིན་དང་པོ་གཉིས་སྟོང་ཉིད་ཡེ་ཤེས་ཏེ་ཆོ་ག་དང་པོ་དང་། རྒྱུའི་ཨ་ཡིག་ལས་ཉི་ཟླའི་དཀྱིལ་འཁོར་གྱི་ཆོ་ག་གཉིས་པ་བསྐྱེད་མཛད་ནས། ཇི་སྲིད་ཆོ་ག་ལྔ་པས་སྐུ་བསྐྱེད་པ་རྫོགས་པ་དང་། གཞལ་ཡས་ཁང་བསྐྱེད། དེ་ནས་བདག་སྲས་གཞན་སྲས་ཀྱི་ཆོ་ག་ལ་འཇུག་པར་མཛད་དོ། །བཞེད་པ་གཉིས་པ་ལ། བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་དང་། རིགས་མི་ནུབ་ཅིང་ཡོན་ཏན་ལྷུན་གྱིས་གྲུབ་པའི་ཕྱིར་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱའོ། །དང་པོ་ནི། བདག་སྲས་ཏེ། ཆོ་ག་གསུམ་གྱིས་ལྷ་བཞི་བཅུ་རྩ་གཉིས་བསྐྱེད་པའོ། །གཉིས་པ་ནི། གཙོ་བོའི་ཐུགས་ནས་བདག་ཉིད་འཁོར་བའི་ལུས་འཛིན་པ་ཞིག་སྤྲུལ་ཏེ་ཤར་སྒོར་ཐོན་ནས། ༀ། ཆོས་ཀུན་རང་བཞིན་དག་པས་ན། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས། ལྷ་རྣམས་ཀྱི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོས། བདག་ལ་ཕོག་པས་སྒྲིབ་པ་སྦྱངས་ཏེ། འོད་དུ་ཞུ་ནས་གསེར་ཞུན་ལྟ་བུར་གྱུར་པ་ལ་སླར་ཡང་གནས་གསུམ་ལས་འཕྲོས་པའི་འོད་ཟེར་འབྲུ་གསུམ་གྱི་རྣམ་པ་ཅན་ཐིམ་པས། དེ་ཡི་གེ་འབྲུ་གསུམ་དང་། དེ་ཡང་ཧཱུཾ་དུ་བསྒྱུར་ནས་དེ་ཉིད་ཟླ་སྟེང་དུ་བཞག་པ་རླུང་དཀྱིལ་གྱིས་བཏེགས་ནས་ལྷ་ཚོགས་རྣམས་ལ་བསྐོར་བ་ལན་གསུམ་བྱས་ཏེ་གཙོ་བོའི་ཐུགས་ཀར་ཐིམ། སྒལ་ཚིགས་ཀྱི་རྟ་བརྒྱུད། ཡབ་ཡུམ་རོལ་པ་མཛད་པའི་བྱང་སེམས་སུ་གྱུར་ཏེ། ཡུམ་གྱི་མཁར་བབས་པའི་རྐྱེན་གྱིས་ཡབ་ཡུམ་གཉིས་ཀ་འོད་དུ་ཞུ། དེ་བཞིན་དུ་ལྷ་ཀུན་ཀྱང་རོལ་པ་མཛད་དེ་ཞུ། དབུས་ཀྱི་འོད་ལ་ཐིམ་པས་འོད་ཕུང་གཅིག་ཏུ་གྱུར། དེ་ཉིད་ཧཱུཾ་མཱུཾ་གྱུར་པ་ལས་ཆོ་ག་གསུམ་གྱིས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་བསྐྱེད། དེ་ནས་མཁའ་གསང་རློབ་ཅིང་སྦྱོར་བའི་བརྡས་བསྐུལ་ཏེ་གཉིས་སུ་མེད་པར་རོལ་ནས། ཡུམ་གྱི་མཁར་བྱང་སེམས་ལན་གསུམ་སྤྲོས་པས། །དང་པོ་ཐིག་གདབ། གཉིས་པས་གཞལ་ཡས་ཁང་གདན་དང་བཅས་པར་རློབ། གསུམ་པས་ལྷ་རྣམས་ཀྱི་ས་བོན་བསྐྱེད་དེ་ཡུམ་གྱི་མཁའ་ན་བཞུགས་པར་བསྒོམ། དེ་ནས་རང་རང་གི་སྔགས་ཀྱིས་ལྷར་བསྐྱེད་ནས་ཕཊ་ཛཿས་བདུན་གྱི་ནམ་མཁར་བཏོན། ཡིག་འབྲུ་གསུམ་གྱིས་སྐུ་བརྟས་པར་བྱ། སྤྲོ་བསྡུའི་སྦྱོར་བས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཏེ་མི་བསྐྱོད་པ་གཙོ་བོ་ལ་བསྟིམ། གཞན་རྣམས་རང་རང་གི་གནས་སུ་དགོད་ཅིང་། སྤྲོ་ན་གཞལ་ཡས་ཁང་གདན་དང་བཅས་པ་བཏོན་ནས་རྟེན་ལ་བསྟིམ་ནའང་རུང་ངོ་། །འདིར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་བསྐྱེད་ནས་མཁའ་གསང་མ་རློབ་པའི་གོང་དེར་ཡེ་ཤེས་ལྔས་དབང་བསྐུར་བར་དམ་པ་རྒྱན་ལས་བཤད་ཅིང་། རྗེ་རོང་ཟོམ་དང་ཀུན་མཁྱེན་ཆེན་པོ་ནི་ཞི་བ་ལའང་དེ་ལྟར་མཛད། ཟུར་པ་རྣམས་ཞི་ཁྲོ་གཉིས་ཀ་ལ་ལྷ་ཚོགས་ཐམས་ཅད་བཀོད་གྲུབ་ནས་དཀྱུས་བཞིན་མཛད། སུམ་སྟོན་ཉི་མ་གཉིས་ཀའི་སྐབས་སུ་མཛད་པ་ལ། རྟ་སྟོན་གཟི་བརྗིད་ཀྱི་ཞལ་ནས། ལུགས་སྔ་མ་གཞུང་དང་མཐུན་ཀྱང་འདིར་ཟུར་ལུགས་ལྟར་བྱས་ཞེས་བར་མ་ལ་ཕྱག་ལེན་མཛད། ཁོ་བོ་ནི། ལུགས་སྔ་མ་གཉིས་གང་ལྟར་བྱས་ཀྱང་འགལ་བར་མ་མཐོང་ལ། འོན་ཀྱང་སོ་སོའི་གཞུང་རྩ་བ་དང་བསྟུན་པའི་རྣམ་གཞག་གི་དབང་དུ་བྱས་ན། ཞི་བའི་སྐབས་སུ་ཟུར་པ་ལྟར་འཐད་དེ་དྲྭ་ཆུང་དང་འོད་རིམ་ལས་དེ་ལྟར་འབྱུང་བའི་ཕྱིར་དང་། ཁྲོ་བོའི་སྐབས་སུ་རོང་པ་ལྟར་འཐད་དེ། དམ་པ་རྒྱན་ལས་དེ་ལྟར་འབྱུང་བའི་ཕྱིར་སྙམ་མོ། །སུམ་སྟོན་གྱི་ལུགས་དེ་ལས། རྟ་སྟོན་གྱི་ཞལ་ནས་ཕ་རྒྱལ་པོར་དབང་བསྐུར་བའི་བུ་རྒྱལ་རིགས་སུ་ངང་གིས་འགྲོ་བའི་ཕྱིར་སྔར་བསྐུལ་ནས་འོག་ཏུ་བསྐུར་མི་དགོས་ཞེས་གསུངས་སོ། །དེ་ལྟར་སྲས་གཉིས་ཀྱི་ཆོ་གའི་སྒོ་ནས་བསྐྱེད་པའི་ཁུངས་ནི། རྒྱ་མཚོ་ལས། རང་བྱུང་དངོས་དང་མི་འགལ་ཞིང་། །འབྲས་བུ་ཉིད་ལ་ལམ་ཤེས་པས། །མ་ལུས་དཀྱིལ་འཁོར་ཐིག་ལེ་རྣམས། །བདག་གི་སྲས་སུ་བསྒོམ་པར་བྱ། །ཞེས་དང་། གང་གིས་གང་ལ་གསོལ་བཏབ་པས། ཐུགས་རྗེས་བྱིན་རླབས་སྦྱངས་བྱས་ནས། །ཐུགས་ཞུགས་འདྲེས་པར་དབྱེར་མེད་ན། །སྲས་གྱུར་དགོངས་པ་ཅི་ལ་གནས། །ཞེས་དང་། ལམ་དང་འབྲས་བུའི་ཁྱད་པར་ལས། །རྟོགས་པའི་ཡེ་ཤེས་འོད་ལས་བྱུང་། །བྱིན་རླབས་འབྲས་བུ་དངོས་འབྲེལ་བས། །བདེ་བར་གཤེགས་པའི་སྲས་ཚོགས་བསྒོམ། །ཞེས་སོ། །ཚུལ་འདིའི་མན་ངག་གི་དྲྭ་ཆུང་དང་འོད་རིམ་སོགས་ལས་འབྱུང་ངོ་། །བཞེད་པ་གསུམ་པ་ནི། ཆོ་ག་གསུམ་ལས། དང་པོ་གསུང་ཡིག་འབྲུའི་ཆོ་ག་ནི། རྒྱུའི་ཡི་གེ་ལས་ཡི་གེ་བཞི་བཅུ་རྩ་གཉིས་སྤྲོས་ཏེ་གདན་སོ་སོའི་སྟེང་དུ་བཀོད་ལ་རྒྱུ་ཡིག་ཉིད་ཡི་གེ་སྤྱིར་བསྟིམས་ནས། དེ་དག་ལས་སྤྲོ་བསྡུ་བྱ་བའོ། །གཉིས་པ་ཐུགས་ཕྱག་མཚན་གྱི་ཆོ་ག་ནི་ཡི་གེ་རྣམས་འོད་དུ་ཞུ་སྟེ་རྡོ་རྗེ་དང་འཁོར་ལོ་སོགས་སོ་སོའི་ཕྱག་མཚན་དུ་གྱུར་པ་ལས་སྤྲོ་བསྡུ་བྱ་བའོ། །གསུམ་པ་སྐུ་ཡོངས་སུ་རྫོགས་པའི་ཆོ་ག་ནི། ཕྱག་མཚན་རྣམས་ཡོངས་སུ་གྱུར་པ་ལས། ཧཱུཾ་བཛྲ་དྷྲྀཀ་སོགས་སོ་སོའི་བསྐྱེད་སྔགས་བརྗོད་པས་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་སྐུར་བསྐྱེད་པའོ། །དེ་ལྟར་ཡང་། ལྷ་སྐུ་བསྒོམ་པའི་མན་ངག་ལས། རྩ་བའི་ཡི་གེ་བསྒོམ་པ་དང་། །ཐུགས་རྟེན་ཕྱག་མཚན་བསྒོམ་པ་དང་། །རྫོགས་པའི་སྐུ་རུ་བསྒོམ་པ་དང་། །ཞེས་སོ། །གཉིས་པ་བསྐྱེད་པ་ལྷའི་མཚན་ཉིད་ལ། ཇི་ལྟར་བཞུགས་པའི་ཚུལ། གང་དུ་བཞུགས་པའི་གནས། གང་འཛིན་པའི་ཕྱག་མཚན། ཇི་ལྟར་སྣང་བའི་སྐུ་མདོག །ཇི་ལྟར་གནས་པའི་ཚུལ། འོད་ཟེར་ཇི་ལྟར་འཕྲོ་བ། ཞར་བྱུང་རྒྱན་དང་དཀྱིལ་འཁོར་གྱི་ཚད་བཤད་པའོ། །དང་པོ་ནི། གདན་ལ་རྫོགས་དང་སེམས་དཔའི་ཚུལ། །ཞེས་སོགས་ཀྱིས་བསྟན་ཏེ། སྔར་གྱི་གདན་དེ་དག་གི་སྟེང་དུ་རིགས་ལྔ་དང་ཀུན་བཟང་རྣམས་མཛད་པ་རྫོགས་པའི་ཕྱིར་རྫོགས་པའི་སྐྱིལ་ཀྲུང་སྟེ་རིགས་ལྔ་མཉམ་སྐྱིལ་དང་ཀུན་བཟང་རྡོར་སྐྱིལ་ལོ། །རིགས་ཀྱི་ཡུམ་ལྔ་ནི་བརྟུལ་བཞུགས་ཀྱི་སྐྱིལ་ཀྲུང་གིས་གཡོན་ཕྱོགས་ནས་འཁྲིལ་ཞིང་། བཟང་མོ་ནི་པད་སྐྱིལ་ལོ། །སེམས་དཔའ་རྣམས་ནི་མཛད་པ་མ་རྫོགས་པའི་ཕྱིར་འབབ་ཚུལ་ཏེ། ཡབ་རྣམས་གཡས་བརྐྱང་བའི་ཕྱེད་སྐྱིལ་དང་། ཡུམ་རྣམས་དེ་ལས་ལྡོག་པའི་སྟབས་ཀྱིས་གཡོན་ངོས་ནས་འཁྱུད་པའོ། །སྒོ་བ་རྣམས་ནི་གདུག་པ་ཅན་འདུལ་བའི་ཕྱིར་གྱད་ཀྱི་དོར་སྟབས་ཀྱིས་ཞལ་ཕྱིར་བསྟན་པའོ། །ཐུབ་དྲུག་ནི་འགྲོ་དོན་ལ་གཤེགས་ཚུལ་གྱིས་དྲང་པོར་བཞེངས་པའོ། །གཉིས་པ། འཁོར་ལོ་རྒྱལ་པོ་ཞེས་སོགས་ཀྱི་སྐབས་སུ་བསྟན་ཏེ། རྩིབས་བཞི་ལྟེ་བ་དང་བཅས་པ་ལྔ་ལ་རིགས་ལྔ་ཡབ་ཡུམ་དང་། གཡས་ནས་མཐོང་ཐོས་སོགས་ཀྱིས་ཐུགས་ཀྱི་སེམས་དཔའ་བཞི་འགོད་ཚུལ་བསྟན་པའི་སྐབས་འདིར། སྔ་རབས་པ་ཁ་ཅིག་ན་རེ། རྔམ་གློག་ལས། སྤྱན་ལྔའི་གློ་འབུར་མཛེས་པ་ལ། །ཕྱག་ན་རྡོ་རྗེ་སྔོ་སྐྱའི་མདོག །ཅེས་པས་ཕྱག་རྡོར་ཤར་གྱི་གློ་འབུར་ལ། བཀོད་ན། ལྷོའི་གློ་འབུར་ལ་མཐོང་བ་ས་སྙིང་འོང་སྟེ། དེ་ནི་གཙོ་བོ་ཞལ་ཤར་གཟིགས་ཀྱི་གཡས་ཡིན་པའི་ཕྱིར་དང་། འགྲེལ་ཆུང་དང་བླ་མའི་སྒྲུབ་ཐབས་རྒྱུད་དོན་གསལ་བྱེད་ལས་ཀྱང་དེ་ལྟར་བཤད་པའི་ཕྱིར་གསུངས། དེ་ལ་ཉང་ཊཱིཀ་པ་ན་རེ། དེ་མི་རིགས་ཏེ། འདི་ཉིད་ལས་ལྷག་པའི་ཡེ་ཤེས་གློ་འབུར་ཞེས་གསུངས་པས། དེ་ལྟར་ན་ལྷག་པ་མ་ཡིན་པར་འགྱུར་བའི་ཕྱིར་གསུངས། ཁོ་བོ་ནི། དེ་ཙམ་གྱི་རིགས་པས་དགག་པར་མི་ནུས་མོད་ཀྱི། འོན་ཀྱང་རྩིབས་མཆན་ལ་འགོད་པའི་ཕྱོགས་ནི་ལེགས་པ་ཉིད་དོ་ཞེས་སྨྲ་སྟེ། རྒྱུ་མཚན་བཤད་རྒྱུད་རྡོ་རྗེ་མེ་ལོང་ལས། འཁོར་ལོའི་རྩིབས་མཆན་ཤར་ལྷོ་ནས། །ས་སྙིང་དཀར་པོ་མྱུ་གུ་འཛིན། །ཞེས་སོགས་དང་། སྤར་ཁབ་ལས། རྩིབས་མཆན་ལ་ཐུགས་ཀྱི་སེམས་དཔའ་བཞི་སྟེ། རིམ་པ་ནི་ཡི་གེའི་དབང་དུ་གསུངས་པ་སྟེ། གྲལ་ནི་ལུགས་དང་མཐུན་པ་ཁོ་ནའོ། །ཞེས་དང་། མངོན་རྟོགས་ལས་ཀྱང་། གཙོ་བོའི་གཡས་ཕྱོགས་འཁོར་ལོའི་རྩིབས་མཆན་ན་ས་སྙིང་ཡབ་ཡུམ་ལ་སོགས་པ་བཙུན་མོའི་ཚོགས་དང་བཅས་པར་བཞུགས་སོ། །ཞེས་པའི་ལུང་ཡོད་མཉམ་གྱི་སྟེང་དུ་སྔར་གྱི་རིགས་པ་དང་བླ་མ་བརྒྱུད་པའི་ཕྱག་བཞེས་སུ་མཆན་ལ་འགོད་པར་མཛད་པའི་ཕྱིར་རོ། །དེས་ན་ཤར་ལྷོའི་རྩིབས་མཆན་ལ་ས་སྙིང་ཡབ་ཡུམ་བཀོད་ནས་གཡས་སྐོར་གྱིས་རིམ་བཞིན། ནམ་སྙིང་། སྤྱན་རས་གཟིགས། ཕྱག་རྡོར་རྣམས་སོ་སོའི་ཡུམ་དང་བཅས་པའོ། །གྲུ་ཆད་བཞིའི་ཤར་ལྷོ་ནས་རིམ་བཞིན་བྱམས་པ། སྒྲིབ་སེལ། ཀུན་བཟང་། འཇམ་དཔལ་རྣམས་ཡབ་ཡུམ་དང་བཅས་ཏེ་གཡས་སྐོར་དུའོ། །བར་ཁྱམས་ལ་ཐུབ་པ་དྲུག་སྟེ། །འོད་རིམ་ལས། ཤར་ལྷོ་ལྷ་ལ་ལྷོ་ཕྱོགས་མི། །ལྷོ་ནུབ་ནུབ་བྱང་ཡི་དྭགས་བྱོལ། །བྱང་དང་བྱང་ཤར་ལྷ་མིན་དམྱལ། །ཞེས་སོ། །དང་ཡིག་གིས་ནི། དེར་མ་ཟད། ཁྱམས་ཀྱི་རྒྱབ་མདུན་ཏེ། ཤར་ནུབ་ཏུ་ཀུན་བཟང་ཡབ་ཡུམ་ཀྱང་ཡོད་ཅེས་པ་སྟེ། རྡོ་རྗེ་ལས། ཁྱམས་ཀྱི་མདུན་དང་རྒྱབ་ཏུ་ནི། །ཀུན་བཟང་ཡབ་ཡུམ་ནམ་མཁའི་མདོག །ཅེས་སོ། །འདིར་ཁ་ཅིག་ན་རེ། དཀྱིལ་འཁོར་ལོག་པའི་སྐྱོན་ཡོད་དེ། སྟོན་པ་རིགས་དྲུག་པ་ཉིད་ཁྱམས་ལ་འཁོར་གྱི་ཚུལ་དུ་བཞུགས་པའི་ཕྱིར་ཟེར། ལན་ནི། རྒྱུད་འཆད་པའི་ཚེ་རྟགས་མ་གྲུབ་སྟེ། དེའི་ཚེ་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་ཕྱིར། དེ་ལྟར་ཡང་རྒྱ་མཚོ་ལས། ཕོ་བྲང་དབུས་ཀྱི་ལྟེ་བ་ལ། །བདག་པོ་ཀུན་བཟང་འཁོར་ལོ་བསྐོར། །བཀའ་སྡོད་སྐྱེས་བུ་མདུན་ན་གནས། །ཞེས་སོ། །དཀྱིལ་འཁོར་དུ་འགོད་པའི་ཚེ་གཙོ་བོ་ཁྱམས་ལ་བཞུགས་པར་མ་གྲུབ་སྟེ། ཐུགས་ཀྱི་སྒྱུ་འཕྲུལ་གྱི་སྐབས་འདིར། རྡོ་རྗེ་མི་བསྐྱོད་པ་གཙོ་བོ་ཡིན་པའི་ཕྱིར་ཏེ། རྒྱས་པ་ལས། རྡོ་རྗེ་སེམས་དཔའ་དཀྱིལ་ཉིད་དེ། །རིགས་བཞི་ལྷ་དང་ལྷ་མོ་འཁོར། །ཞེས་པས་གཙོ་བོ་འཕོ་བར་བཞེད་པའི་ཕྱིར་རོ། །རྣམ་པ་ཀུན་ཏུ་འཆད་པ་པོ་ཉིད་དཀྱིལ་འཁོར་གྱི་གཙོ་བོར་འོང་བས་ཀྱང་མ་ཁྱབ་སྟེ། འཇམ་དཔལ་སྒྱུ་དྲྭ་དང་སྦྱོང་རྒྱུད་སོགས་ཀྱི་གཙོ་བོར་ཐུབ་དབང་མི་འབྱུང་བ་བཞིན་ནོ། །སྒོ་ཁྱུད་བཞི་ལ་ཤར་ནས་གཡས་སྐོར་དུ། རྣམ་རྒྱལ། སྟོབས་ཆེན། རྟ་མགྲིན་འཁྱིལ་བ་རྣམས་ཡུམ་དང་བཅས་ཏེ་བཞུགས་སོ། །འོ་ན་ཞི་བའི་དཀྱིལ་འཁོར་མ་ཡིན་པར་འགྱུར་རོ་ཞེ་ན། གཙོ་ཆེ་བའི་ངོས་ནས་སྨོས་པའི་ཕྱིར་སྐྱོན་མེད་དོ། །གསུམ་པ་ནི། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །ཞེས་སོགས་ཀྱིས་ཕྱག་མཚན་འཛིན་པའི་རིམ་པ་བསྟན། དེ་ཡང་ཞལ་ཕྱག་སྤྲོས་པའི་སྐབས་འདིར་རྒྱས་འབྲིང་བསྡུས་གསུམ་སྟེ། རྒྱས་པ་ནི་བཤད་རྒྱུད་རྡོ་རྗེ་ནས་ཐུབ་པ་དང་ཡུམ་རྣམས་མ་གཏོགས་པ་ཞལ་གསུམ་ཕྱག་དྲུག་པར་བཤད། འབྲིང་ནི། རིགས་ཀྱི་ཡབ་ལྔའམ་གཙོ་བོ་མི་བསྐྱོད་པ་ཙམ་ཞལ་གསུམ་ཕྱག་དྲུག་པར་མཛད། བསྡུས་པ་ནི། ཐམས་ཅད་ཞལ་གཅིག་ཕྱག་གཉིས་པའོ། །དེ་ལ་བདག་གི་རྗེ་བླ་མའི་ཕྱག་བཞེས་སུ་འབྲིང་པོ་ལྟར་མཛད་པས། དེའི་དབང་དུ་རིགས་ལྔའི་ཕྱག་མཚན་ནི། རྡོ་རྗེ་ལས། རྡོ་རྗེ་འཁོར་ལོ་རལ་གྲི་འབར། །དྲིལ་བུ་པདྨ་རིན་པོ་ཆེ། །རྡོ་རྗེ་འཛིན་པའི་རིམ་པའོ། །གཞན་གང་གནས་སུ་རྡོ་རྗེ་ཤེས། །དང་པོ་ཐུགས་དང་གཡོན་འཁྱུད་པའོ། །ཞེས་པས་མི་བསྐྱོད་པའི་ཕྱག་མཚན་རྫོགས་པར་བསྟན་ནས། རིགས་གཞན་བཞིའི་གཡས་དང་པོར་རང་རྟགས་ཀྱི་ཕྱག་མཚན་སོང་བའི་ཤུལ་དུ་རྡོ་རྗེ་སྤོ་བ་ཙམ་ཁྱད་པར་ཏེ། དེའང་རང་རྟགས་ཀྱི་ཕྱག་མཚན་ཐུགས་ཀ་དང་། གཡོན་དང་པོ་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་ཅིང་། ལྷག་མ་རྣམས་བརྐྱང་བའོ། །ཡུམ་ལྔ་ནི་ཞལ་གཅིག་ཕྱག་གཉིས་པ་གཡས་དྲིལ་བུས་ཡབ་ཀྱི་དཀུ་ནས་འཁྱུད་ཅིང་། གཡོན་རང་རྟགས་ཀྱི་ཕྱག་མཚན་ཐུགས་ཀར་འཛིན་པའོ། །ཕྱག་མཚན་དེ་དག་གི་རྣམ་དག་ཀྱང་། སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་སྐྱེ་ཤི་དང་འཕོ་འགྱུར་གྱི་རྟོག་པ་མི་མངའ་བ་དང་། མེ་ལོང་ལྟ་བུས་ཀུན་ལ་དབང་བསྒྱུར་བ་དང་། མཉམ་ཉིད་ཀྱིས་རེ་བ་ཡིད་བཞིན་དུ་སྐོང་བ་དང་། སོར་རྟོག་གིས་རང་སྤྱིའི་མཚན་ཉིད་གསལ་ལ་མ་ཆགས་པ་དང་། བྱ་གྲུབ་ཀྱིས་ཕྲིན་ལས་མཐར་ཕྱིན་པའི་ཕྱིར་རྡོ་རྗེ་ལ་སོགས་པའི་རིགས་ཀྱི་མཚན་མར་བསྟན་པ་ཡིན་ནོ། །འཁོར་གྱི་ཕྱག་མཚན་ནི། ས་སྙིང་རིན་པོ་ཆེའི་མྱུ་གུ། ནམ་སྙིང་རལ་གྲི། སྤྱན་རས་གཟིགས་པད་དཀར། ཕྱག་རྡོར་རྡོ་རྗེ། བྱམས་པ་ཀླུ་ཤིང་། སྒྲིལ་སེལ་འཁོར་ལོ། ཀུན་བཟང་རིན་པོ་ཆེའི་སྙེ་མ། འཇམ་དཔལ་ཨུཏྤལ་ལོ། །སེམས་མ་བརྒྱད་ནི། ལཱ་སྱེ་མེ་ལོང་། མཱ་ལེ་ཕྲེང་བ། གཱིརྟི་མ་པི་ཝང་། ནཱིརྟི་མ་གར་གྱི་ཕྱག་རྒྱ། དྷཱུ་པེ་མ་སྤོས་ཁང་། པུཥྤེ་མ་མེ་ཏོག །ཨཱ་ལོ་ཀེ་མར་མེ། གནྡྷེ་མ་དྲིའི་དུང་ཕོར་ཏེ་འཛིན་ཚུལ་ཡབ་རྣམས་རིགས་ལྔའི་རྩ་ཕྱག་དང་འདྲ་ཞིང་། ཡུམ་རྣམས་ཀྱང་རིགས་ཀྱི་ཡུམ་ལྔ་དང་འདྲའོ། །དེ་ཡང་རྔམ་གློག་ལས། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད། །གཡོན་པ་རང་རྟགས་འཛིན་པའོ། །ཞེས་སོ། །ཀུན་བཟང་ནི་ཕྱག་གཡས་སྟེང་དུ་བྱས་པའི་མཉམ་གཞག་དང་། ཡུམ་དེ་ལས་བཟློག་པའི་མཉམ་གཞག་གམ་རྡོ་རྗེ་ཐལ་མོའོ། །ཐུབ་དྲུག་ནི་རྡོ་རྗེ་ལས། ཐུབ་ཆེན་ངེས་པར་ཕྱག་གཉིས་ཤེས། །གསེག་པར་པི་ཝང་གོ་མཚོན་དང་། །སྒྲོམ་སྟོབ་པུསྟི་ཆོས་འཆད་ཚུལ། །མེ་དཔུང་དུམ་བུར་ཤེས་པར་བྱ། །ཞེས་སོ། ཡབ་ཡུམ་ནི། གཤིན་རྗེ་མི་མགོ་ཁ་གདེངས་པ་དང་ཡུམ་ལྕགས་ཀྱུ། དེ་བཞིན་དུ་སྟོབས་ཆེན་ཡབ་ཡུམ་རྡོ་རྗེ་རྩེ་ལྔ་དང་ཞགས་པ། རྟ་མགྲིན་ཡབ་ཡུམ་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་དང་ལྕགས་སྒྲོག །འཁྱིལ་པ་ཡབ་ཡུམ་རྒྱ་གྲམ་དང་དྲིལ་བུ་བསྣམས་པའོ། །འཁོར་གྱི་ཕྱག་མཚན་རྣམས་ལའང་དག་སྦྱོར་སྤྲོ་ན་ན་རཀ་དོང་སྤྲུགས་ལྟ་བུ་ནས་བླངས་ཏེ་བཤད་པར་བྱའོ། །བཞི་པ་ནི། མཐིང་ག་དཀར་པོ་སེར་ལེ་བརྒན། །ཞེས་སོགས་ཀྱིས་བསྟན་ཏེ། དེ་ལ་རིགས་ཀྱི་མདོག་དང་། རང་བཞིན་གྱི་མདོག་གཉིས། དང་པོ་ལ་ངེས་མ་ངེས་གཉིས་ལས། ངེས་པ་ནི། ཆོས་ཉིད་མི་འགྱུར་བ་མཚོན་པའི་སྐུ་མདོག་མཐིང་ག་བདུན་ཏེ། མི་བསྐྱོད་པ། ཀུན་བཟང་། ཕྱག་རྡོར་རྣམས་ཡུམ་བཅས་དང་། ལྷ་མིན་གྱི་ཐུབ་པའོ། །ཉེས་སྐྱོན་གྱིས་མ་གོས་པའི་རྟགས་དཀར་པོ་ལྔ་ནི། རྣམ་སྣང་དང་། ས་སྙིང་གཉིས་ཡུམ་བཅས་དང་། ལྷའི་ཐུབ་པའོ། །ཆེ་བའི་ཡོན་ཏན་རྒྱས་པའི་རྟགས་སེར་པོ་ལྔ་ནི། རིན་འབྱུང་དང་། ནམ་སྙིང་གཉིས་ཡུམ་བཅས་དང་། མིའི་ཐུབ་པའོ། །གདུལ་བྱ་ལ་ཆགས་པ་མཚོན་པའི་དམར་པོ་བཞི་ནི། མཐའ་ཡས་དང་། སྤྱན་རས་གཟིགས་ཡབ་ཡུམ་མོ། །ལས་སྣ་ཚོགས་མཚོན་པའི་ལྗང་གུ་གཉིས་ཏེ། དོན་གྲུབ་ཡབ་ཡུམ་མོ། །མ་ངེས་པ་ནི། སྣ་ཚོགས་འདྲེས་པའི་སྐུ་མདོག་བཅུ་དགུ་སྟེ། བྱམས་པ་ཡབ་ཡུམ་དཀར་སེར། སྒྲིབ་སེལ་ཡབ་ཡུམ་དམར་སེར། ཀུན་བཟང་ཡབ་ཡུམ་དམར་ལྗང་། འཇམ་དཔལ་ཡབ་ཡུམ་དཀར་ལྗང་། གཤིན་རྗེ་ཡབ་ཡུམ་སྨུག་ནག །སྟོབས་ཆེན་ཡབ་ཡུམ་དང་ཡི་དྭགས་ཀྱི་ཐུབ་པ་སེར་ནག །རྟ་མགྲིན་ཡབ་ཡུམ་དང་བྱོལ་སོང་གི་ཐུབ་པ་དམར་ནག །འཁྱིལ་བ་ཡབ་ཡུམ་ལྗང་ནག །དམྱལ་བའི་ཐུབ་པ་དུད་ཀའོ། །ཡང་རིགས་ལྔ་ཞལ་ཕྱག་སྤྲོས་པ་ལ་མོས་ན། དེའི་ཞལ་མདོག་གི་སྡོམ་ནི། སྣང་མཛད་གཡས་སྔོ་གཞན་བཞི་དཀར། །མཐའ་ཡས་གཡོན་སྔོ་གཞན་བཞི་དམར། །ལྔ་གའི་རྩ་ཞལ་རང་རང་མདོག །ཅེས་པ་སྟེ་འགྲེལ་པ་མངོན་རྟོགས་ཀྱི་ལུགས་སོ། །གཉིས་པ་ནི། སྐུ་མདོག་དེ་དག་ཐམས་ཅད་ཀྱང་། རེ་རེ་ཞིང་རང་བཞིན་བཞི་བཞི་དང་ལྡན་པ་སྟེ། དུང་ལྟར་སྐྱོན་གྱིས་མ་གོས་པར་གཙང་བ་དང་། ཀུ་མུད་ལྟར་སྣུམ་ལ་འདྲིལ་བ་དང་། ཟླ་བ་ལྟར་གསལ་བ་དང་། ཉི་མ་ལྟར་འཚེར་བ་སྟེ། དགོངས་འདུས་ལས། དུང་ལྟ་བུ་དང་། ཀུ་མུད་ལྟ་བུ་དང་། ཟླ་བ་ལྟ་བུ་དང་། ཉི་མ་ལྟ་བུའོ། །ཞེས་སོ། །ལྔ་པ་ནི། མཉེན་ལྕུག་ཞེས་སོགས་ཀྱིས་ལྷ་ཐམས་ཅད་ཀྱང་ཞི་བའི་ཚུལ་དགུ་དང་ལྡན་པར་བསྟན་ཏེ། འདི་ལ་ཟུར་ལུགས་པ་ཕལ་ཆེར། ༡ང་རྒྱལ་༢ཆགས་༣ སྡང་༤ཕྲག་དོག་༥རྨོངས་ལྔ་གནས་སུ་དག་པའི་རྟགས་སུ་རིམ་པར། ༡ཡན་ལག་གསེར་ཞུན་ལྟར་མཉེན་པ། ༢ཐབས་ཤེས་གཡུ་ལྗང་ལྟར་འཁྲིལ་བ། ༣ཕྱག་སོར་སྦྲུལ་ལྟར་ལྕུགས་པ། ༤སྐུ་སྐེད་ཐང་ཤིང་ལྟར་དྲང་ཞིང་ལྡེམ་པ། ༥སྐུ་བྱིས་པ་ལྟར་གཞོན་ཤ་ཆགས་པ་ལྔ་དང་། ཐུགས་ལ་མ་རིག་པ་མེད་པ་ཟླ་བ་ལྟར་གསལ་བ༦། ཡོན་ཏན་རྒྱས་པའི་བརྡར་ཉི་མ་ལྟར་འཚེར་བ༧། མཚན་དཔེ་རྫོགས་པའི་བརྡར་རི་རྒྱལ་ལྟར་ལྷུན་སྟུག་པ༨། ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས་སུ་ནོར་བུ་ལྟར་གཟི་བྱིན་ལྡན་༩པའོ་གསུང་། རོང་ཟོམ་ནི་སྔ་མ་ལྔ་ཡུམ་གྱི་ཚུལ་དང་། ཕྱི་མ་བཞི་པོ་ཡབ་ཀྱི་ཚུལ་དུ་བཞེད། ཀུན་མཁྱེན་ཆོས་རྗེ་ནི། ལྷ་དེ་དག་ཀྱང་། སྐྱེ་བ་དང་༡། ན་བ་དང་༢། འཆི་བ་དང་༣། རྒས་པ་༤རྣམས་གནས་སུ་དག་པས་རིམ་པར། ༡སྐུ་མཉེན་ཤ་ཆགས་པ་དང་། ༢སྐུ་སྐབས་ཕྱེད་ཅིང་རིམ་པར་འཚམས་པས་ལྕུགས་པ་དང་། ༣སྐུ་ལྷོད་པོར་མ་གྱུར་པས་འཁྲིལ་བག་ཆགས་ཤིང་ལྡེམ་པ་སྟེ་དྲང་པོ་དང་། ༤སྐུ་འཇམ་ཞིང་གཞོན་ཤ་ཆགས་པའི་ངང་ཚུལ་ཅན་ཏེ་ལྔ་ནི་ངོ་བོའི་ཡོན་ཏན་དང་། རྣམ་པའི་ཡོན་ཏན་ཀྱང་མཚན་དཔེས་སྤྲས་པའི་སྐུ་གཙང་ཞིང་ཁ་དོག་གསལ་བ་དང་༦། ཟད་པ་རྫོགས་པའི་སྐུ་བཀྲག་ཅིང་འཚེར་བའི་མདངས་ཅན་དང་༧། བརྗིད་ཅིང་ཡིད་དུ་འོང་བས་སྐུ་ལྷུན་སྟུག་པ་དང་༨། འགྲོ་རྣམས་ཟིལ་གྱིས་གནོན་པའི་གཟི་བྱིན་༩དང་ལྡན་པའོ་གསུངས་སོ། །ཞི་བ་ཐམས་ཅད་ལ་ཚུལ་དགུ་སྦྱོར་ན་ཕྱི་མ་འདི་ལེགས་པར་མངོན་ཏེ་བར་མ་ནི་ཡབ་ཡུམ་སོ་སོར་འཆད་ཅིང་། དང་པོ་ཡང་ཐུབ་པ་དྲུག་ལ་ཐབས་ཤེས་ཕན་ཚུན་དུ་འཁྲིལ་བ་མ་ཚང་བའི་ཕྱིར་སྙམ་མོ། །སྒོ་བ་རྣམས་ནི་གར་དགུ་དང་ལྡན་པ་སྟེ་འོག་ཏུ་ཁྲོ་བོའི་སྐབས་སུ་འཆད་དོ། །དྲུག་པ་ནི། འོད་ཟེར་འཕྲོ་བའི་ཚོགས་ཆེན་ནི་ཞི་བ་རྣམས་ཏེ། བ་སྤུའི་བུ་ག་རེ་རེ་ནས་ཀྱང་གསལ་ལ་རྣོ་བའི་འོད་ཟེར། དཀར་དམར་སེར་སྔོ་བཙོད་ཁ་དངུལ་མདོག་དང་དྲུག །རེ་རེའང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་བའོ། །འབར་བའི་ཕྲེང་བས་འཁྲིགས་པ་ནི་སྒོ་སྐྱོང་རྣམས་སོ། །བདུན་པ་ནི་རིགས་ལྔ་བྱ་བྱེད་སེམས་དཔའ་ཡབ་ཡུམ་རྣམས་ནི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་པ་སྟེ། དེ་སྡོམ་ནི། དར་གྱི་སྟོད་གཡོགས་སྨད་དཀྲིས་དང་། །ཅོད་པན་ཟི་ལྡིར་གར་དུང་ལྔ། །རིན་ཆེན་དབུ་རྒྱན་སྙན་ཆ་དང་། །མགུལ་རྒྱན་དོ་ཤལ་སེ་མོ་དོ། །ཕྱག་གདུབ་ཞབས་གདུབ་སྐ་རགས་བརྒྱད། །བསྡོམས་པས་རྒྱན་ཆས་བཅུ་གསུམ་མོ། །ཞེས་པའོ། །ཐུབ་དྲུག་ནི་ཚངས་པར་སྤྱོད་པའི་ཆས་སོ། །སྒོ་བ་རྣམས་ནི་དུར་ཁྲོད་ཀྱི་ཆས་ཅན་ཏེ་འོག་ཏུ་འཆད་དོ། །འོ་ན་ལྷག་པ་ཏིང་དཀྱིལ་གྱི་ཚད་ཇི་ཙམ་བསྒོམ་ཞེ་ན། རྣལ་འབྱོར་པ་ཏིང་ངེ་འཛིན་གྱིས་རྩལ་ཆེ་ཆུང་གིས་ཚད་གསུམ་སྟེ། དེ་ཡང་ཆུང་ཚད་ནི། རྒྱང་གྲགས་གཅིག་སྟེ། གཞུ་འདོམ་ལྔ་བརྒྱའོ། །འབྲིང་ཚད་ནི་དཔག་ཚད་གཅིག་སྟེ། རྒྱང་གྲགས་བརྒྱད་དོ། །ཆེ་ཚད་ནི། བསམ་གྱིས་མི་ཁྱབ་པ་སྟེ། ནམ་མཁའི་དབྱིངས་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པར་ཁྱབ་པ་བཞིན་ནོ། །དེའང་འདི་ཉིད་ལས། ཡང་ན་རྒྱང་གྲགས་དཔག་ཚད་དམ། །ནམ་མཁའི་དབྱིངས་ནི་བསམ་ཡས་པར། །སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་བསྒོམ། །ཞེས་སོ། །དེའི་ཕྱིར་དེ་ལྟ་བུའི་སྣང་བས་ནམ་མཁའི་དབྱིངས་ཁྱབ་པ་སྟེ། མཐའ་དབུས་མེད་པར་ཁྱབ་པ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །གསུམ་པ་ནི། རིན་ཆེན་དྲྭ་བ་ལས། ཕྱག་རྒྱའི་དཀྱིལ་འཁོར་གསལ་བ་དང་། །དབང་བསྐུར་བྱིན་རླབས་ཚུལ་བཞིན་བྱ། །ཞེས་པས་དབང་དང་། བྱིན་རླབས་གཉིས་ལས། དང་པོ་ཡེ་ཤེས་ལྔས་དབང་བསྐུར་བ་ནི། །དེ་ལྟར་བསྐྱེད་པའི་ལྷ་ཚོགས་ཐམས་ཅད་ཀྱི་ཙིཏྟའི་ནང་སྲོག་པ་རྩའི་སྒོར་ཡེ་ཤེས་སེམས་དཔའ་ལྷ་རང་རང་དང་སྤྱི་རྣམས་འདྲ་བ་ལ་རྒྱན་དང་ཕྱག་མཚན་སྤངས་པ། དེའི་ཐུགས་ཀར་རང་རང་གི་ཕྱག་མཚན་གྱི་ལྟེ་བར་སོ་སོའི་ས་བོན་ལ་སྔགས་ཀྱི་ཕྲེང་བས་བསྐོར་བ་སྟེ། འོད་རིམ་ལས། རིན་ཆེན་སྨུག་པོའི་གནས་གཅིག་ཏུ། །ཚོན་གང་སེམས་དཔའ་འོད་ལྡན་པ། །ཐུགས་ཀྱི་ས་བོན་བཟླས་པས་བསྐོར། །ཀུན་གྱི་བདག་ཕྱིར་དཀྱིལ་དུ་བསམ། །ཞེས་སོ། །དེ་ནས་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བདེ་བར་གཤེགས་པ་ཐམས་ཅད་དབང་ལྷ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། དེ་རྣམས་གཉིས་སུ་མེད་པར་སྦྱོར་བ་མཛད་པས་རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བས། ཉོན་མོངས་པ་ལྔའི་དྲི་མ་དག་ནས། ཆུ་ལུད་པ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་རང་རིག་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན། ཕུང་པོ་ལྔ་དག་པ་རིགས་ལྔའི་སངས་རྒྱས་སུ་ང་རྒྱལ་བྱ། རིགས་ལྔའི་དབང་རྒྱ་གནས་སོ་སོར་འཇོག་ཅིང་དབང་སྔགས་བརྗོད་པའོ། །དེ་ཡང་རྡོ་རྗེའི་རིགས་མི་བསྐྱོད་པ་ལ་མཚོན་ན། རྡོ་རྗེ་ཕྱི་བསྡམས་ལས་གུང་མོ་གཉིས་བརྐྱང་པ་སྤྱི་བོར་བཞག་ལ་ཤཱུ་ནྱ་ཏཱ། མཛུབ་མོ་གཉིས་བརྐྱང་བ་དང་དབྲལ་བར་ཨཱ་དཪྴ། སྲིན་ལག་བརྐྱང་པ་རྣ་ལྟག་གཡས་པར་ས་མ་ཏཱ། མཐེ་བོང་བརྐྱང་པ་ལྟག་པར་པྲ་ཏྱ་བེཀྵ། མཐེའུ་ཆུང་བརྐྱང་བ་རྣ་ལྟག་གཡོན་པར་བཞག་ལ། ཀྲྀཏྱ་ཨ་ནུཥྛ་ནའོ། །དེ་བཞིན་དུ་རིགས་གཞན་བཞི་ལའང་རང་རང་གི་སྔགས་དང་པོར་བརྗོད་ཅིང་། ཕྱག་རྒྱ་སྤྱི་བོར་འཇོག་ལ། གང་དབུས་སུ་སོང་བའི་སྔགས་རྒྱ་དང་། རིགས་བདག་གི་ཤུལ་དུ་མི་བསྐྱོད་པ་འབྱུང་བ་ཡིན་ནོ། །འོ་ན་འདིར་རིགས་ཀྱི་དབྱེ་བ་གང་ཞེ་ན། ཐལ་རྒྱུད་ལས། མི་བསྐྱོད་བྱེད་པོ་ཡུམ་དང་བཅས། །རྡོ་རྗེ་འཛིན་པར་ཕྱག་རྒྱར་བསྟན། །བྱམས་པ་ས་སྙིང་དེ་བཞིན་ནོ། །གཞན་དག་རང་གི་ཕྱག་རྒྱས་ཏེ། །གཤིན་རྗེ་གཤེད་ལ་རྟགས་པར་བཤད། །ཐུབ་ཆེན་རྡོ་རྗེ་འཛིན་འཆང་བ། །ཟླ་དང་བྲལ་བའི་དཔའ་བོ་ཆེ། །ཞེས་པས་མི་བསྐྱོད་པ་ཡབ་ཡུམ། །བྱེད་པོ་ཡབ་ཡུམ། ཟླ་བོ་ཡུམ་དང་ཕྲལ་བས་དཔའ་བོ་གཅིག་པའི་ལྷ་ཐུབ་དྲུག་སྟེ། རྡོ་རྗེའི་རིགས་ཀྱི་ལྷ་བཅུ་ལ་མི་བསྐྱོད་པ་བདག་པོར་གྱུར་པས་དབུ་བརྒྱན་ཏེ། ཐོག་མཐའི་རྐང་པ་གཉིས་གཉིས་ཀྱི་ལུང་དོན་ནོ། །ས་སྙིང་། བྱམས་པ། གཤིན་རྗེ་གཤེད་རྣམས་སོ་སོའི་ཡུམ་དང་བཅས་པའི་དེ་བཞིན་རིགས་ཀྱི་ལྷ་བརྒྱད་ལ་རྟག་པ་རྣམ་པར་སྣང་མཛད་བདག་པོར་གྱུར་པ་སྟེ། ལུང་གི་རྐང་པ་གསུམ་པ་དང་ལྔ་པའི་དོན་ནོ། །དེ་དག་གི་ཤུགས་ལས་ལྷ་གཞན་རྣམས་ཀྱི་རིགས་ཀྱང་ཤེས་པར་འགྱུར་ཏེ། མི་བསྐྱོད་པ་རྡོ་རྗེའི་རིགས་ཡིན་པར་ཤེས་པའི་ཤུགས་ཀྱིས། རྣམ་སྣང་དེ་བཞིན་རིགས། རིན་འབྱུང་རིན་ཆེན། མཐའ་ཡས་པདྨ། དོན་གྲུབ་ལས་རིགས་ཡིན་པར་ཤེས་པ་དང་། ས་སྙིང་དང་བྱམས་པ་དེ་བཞིན་རིགས་ཡིན་པའི་ཤུགས་ཀྱིས་ནམ་སྙིང་དང་སྒྲིབ་སེལ་རིན་ཆེན། སྤྱན་གཟིགས་དང་ཀུན་བཟང་པདྨ། །ཕྱག་རྡོར་དང་འཇམ་དཔལ་ལས་རིགས་ཡིན་པར་ཤེས་པ་དང་། གཤིན་རྗེ་གཤེད་དེ་བཞིན་རིགས་ཡིན་པའི་ཤུགས་ཀྱིས། སྟོབས་ཆེན་རིན་ཆེན། རྟ་མགྲིན་པདྨ། འཁྱིལ་བ་ལས་རིགས་ཡིན་པར་མཚོན་ནུས་པ་སྟེ། གཞན་དག་རང་གི་ཕྱག་རྒྱས་ཏེ། །ཞེས་པའི་དོན་ནོ། །འདིར་ཉང་ཊཱིཀ་པ། ཤར་དང་ཤར་ལྷོའི་ལྷ་རྣམས་མི་བསྐྱོད་པ་དང་། ཞེས་ས་སྙིང་དང་བྱམས་པ་རྡོ་རྗེའི་རིགས་སུ་བཞེད་པ་ན། བྱམས་པ་ས་སྙིང་དེ་བཞིན་ནོ། །ཞེས་པ་རྐང་པ་སྔ་མའི་རྡོ་རྗེའི་རིགས་ལ་བསྙེག་པར་དགོངས་པ་སྟེ། ཅུང་ཟད་འཁྲུལ་བར་མངོན་ནོ། །ཡང་སྒྲོལ་ཊཱིཀ་པ། དབང་ལྷ་ཀུན་བཟང་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ནས་གཉིས་སུ་མེད་པའི་བྱང་སེམས་ཀྱི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བར་མཛད་པ་ནི། དེ་ནས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པའི་བདག་ཉིད་ཆེན་པོས་བདག་ཉིད་ཆེན་པོའི་ཡེ་ཤེས་དང་བྱིན་བསྡུ་བ། ཞེས་པ་ལ་དགོངས་སམ་སྙམ་མོ། །གཉིས་པ་བྱིན་རླབས་ནི། ལྷ་རྣམས་ཀྱི་སྤྱི་བོར་ཀླད་པ་དུང་ཁང་གི་ནང་དུ་ཟླ་བ་ལ་གནས་པའི་ༀ་ཡིག་དཀར་པོ། མགྲིན་པའི་དབུས་སུ་པདྨ་ལ་གནས་པའི་ཨཱཿདམར་པོ། ཐུགས་ཀའི་སྙིང་གའི་མདུན་དུ་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོ། དེ་གསུམ་གྱི་འོད་ཀྱིས་རྒྱལ་བ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། རྡོ་རྗེ་གསུམ་གྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་སོ་སོར་བསྟིམ། ཡི་གེ་གསུམ་ཞུ་བའི་འོད་ཕུང་ལས། སྤྱི་བོར་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པ། མགྲིན་པར་མཐའ་ཡས་དམར་པོ་པདྨ། ཐུགས་ཀར་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པ་གསུམ་ཀ་ལོངས་སྐུའི་ཆ་བྱད་ཅན་གྱིས་རྒྱས་གདབ་པར་མོས་ཏེ། རྡོ་རྗེའི་ཕྱག་རྒྱ་གནས་སོ་སོར་གཏུགས་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་དང་། ཝཱ་ཀ་དང་། ཙིཏྟ་སོགས་བྱིན་རླབས་ཀྱི་སྔགས་བརྗོད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་ངའོ་སྙམ་དུ་ང་རྒྱལ་བྱ་བའོ། །དེ་ཡང་ཐལ་རྒྱུད་ལས། གནས་གསུམ་ཁྱབ་འཇུག་ཡི་གེ་ལས། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། ཁམས་གསུམ་བྱིན་རླབས་གཟི་བྱིན་བསྔོས། །རང་བཞིན་རྡོ་རྗེ་གསུམ་གནས་པ། །རྒྱུ་གཉིས་ཚུལ་གྱིས་རང་སྣང་བའོ། །ཞེས་སོ། །ཡང་ལྟེ་བ་དང་གསང་གནས་སུ་ཟླ་བ་ལ་གནས་པའི་ཡི་གེ་གཉིས་ལས། ཨ་ནུ་རཱ་ག་དང་། པཱུ་ཛའི་སྔགས་ཀྱིས་ཡོན་ཏན་དང་ཕྲིན་ལས་ཀྱི་ལྷ་གཉིས་གོང་ལྟར་བསྐྱེད་པར་གསུངས་ཏེ། དེ་ལས། ལྟེ་བ་རྣམ་གཉིས་ཟླ་བ་ལ། །སྔོ་ལྗང་ཡི་གེ་སྭཱ་ཧཱ་ཉིད། །རྗེས་མཐུན་འོད་ལས་ཡོན་ཏན་ལས། །ཡན་ལག་རྫོགས་པའི་གཟི་བྱིན་ལྡན། །ཞེས་སོ། །དེ་ལྟ་ན་ཡན་ལག་ལྷག་པའི་ལྷ་དགུ་བསྒོམ་པར་བཤད་པ་དང་འགལ་ཏེ། ལྷ་བཅུ་གཅིག་བྱུང་བའི་ཕྱིར་ཟེར་ན། སྐྱོན་མེད་དེ། ཡོན་ཏན་ཕྲིན་ལས་གཉིས་སྐུ་གསུང་ཐུགས་ཀྱི་ཞར་བྱུང་ཡིན་པས། ལམ་བསྒོམ་པའི་དབང་དུ་ལྷག་པའི་ལྷར་བསྒོམ་མོ་ཞེས་བླ་མ་རྣམས་གསུངས་པ་ལྟར་འཐད་པའི་ཕྱིར་ཏེ། ལམ་རིམ་ལས། གནས་གཅིག་ཡེ་ཤེས་སེམས་དཔའ་བསྒོམ། །སྤྱི་མགྲིན་ཙིཏྟའི་གནས་གསུམ་དུ། །བྱིན་རླབས་རྡོ་རྗེ་གསུམ་དུ་བསྒོམ། །དབུ་ཡི་གནས་ལྔའི་ཡེ་ཤེས་ལྔ། །ཡེ་ཤེས་ལྔ་དབང་རྫོགས་པས་བརྒྱན། །ཞེས་གསུངས་པའི་ཕྱིར། མདོར་ན་ལྷ་ཚོགས་བཞི་བཅུ་རྩ་གཉིས་པོ་རེ་རེ་ལའང་ལྷག་པའི་ལྷ་དགུ་དང་རྩ་ལྷ་གང་ཡིན་ཉིད་དང་བཅུ་བཅུ་སྟེ། ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་ཤེས་པར་བྱ་བའོ། །གསུམ་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་ཞིང་མཆོད་པ་དབུལ་བ་དང་། བཤགས་པ་བྱ་བ་དང་། དངོས་གྲུབ་གསོལ་བ། དམ་བཅའ་བ། འཛབ་བཟླ་བ་དང་ལྔ། དང་པོ་ལ། སྤྱན་དྲང་བ་སོགས་དང་། མཆོད་པ་འབུལ་བའོ། །དང་པོ་ལ། སྙན་གསན་དབབ་པ། སྤྱན་དྲང་བ་དངོས། རིག་པའི་མེ་ཏོག་དོར་བ། དངོས་གྲུབ་བསྐུལ་བ། བསྟིམ་པའོ། །དང་པོ་ནི། སྟོང་པ་ཤིན་ཏུའི་ཚིག་དང་ཨེ་ཧྱེ་ཧིའི་སྔགས་བརྗོད་ཅིང་། དམ་ཚིག་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་བས་རང་བཞིན་ལྷུན་གྱིས་གྲུབ་པའི་ཕོ་བྲང་ན་བཞུགས་པའི་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་ཏེ། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གཟུགས་ཀྱི་སྐུ་བསྒོམས་པ་དང་འདྲ་བའི་རྣམ་པར་ངང་གིས་བཞེངས་ནས་འབྱོན་མ་རག་བསྒོམ་པའོ། །དེའི་དགོས་པ་ནི། སློབ་དཔོན་བི་ཤྭ་མི་ཏྲས། མཉེས་དཀའ་མ་ཡིན་བ ཀུར་གནས་ཕྱིར། །འཇིག་རྟེན་དབང་པོའི་ཆོས་ལུགས་ཀྱིས། །ཞེས་པས་ཇི་ལྟར་འཇིག་རྟེན་ན་རྒྱལ་པོ་སྤྱན་དྲངས་པའི་ཐོག་མར་སྙན་གསན་འབེབས་དགོས་པ་དང་ཚུལ་བསྟུན་པ་སྟེ། དེ་ལྟར་མ་བྱས་ན་རྒྱལ་པོ་ལ་བརྙས་པས་ཀོ་ལོང་གི་རྒྱུར་འགྱུར་མོད་ཀྱི། འདིར་དེ་ལྟ་བུམ་དམིགས་ཀྱང་། དམ་ཚིག་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུར་གནས་སུ་བྱ་བའི་ཆེད་དུ་སྲི་ཞུ་གུས་པའི་སྒོ་ནས་ཚུལ་མཐུན་པའོ། །གཉིས་པ་ནི། ཐུགས་རྗེའི་ལྕགས་ཀྱུའི་ཚིག་བརྗོད་ཅིང་ཛཿཧཱུཾ་བཾ་ཧོཿའི་སྔགས་རྒྱ་དང་། དམ་ཚིག་པའི་ཐུགས་ཀ་ནས་ཕྱག་རྒྱའི་ལྷ་མོ་སྤྲོས་ཏེ། ལྕགས་ཀྱུ་མས་ཐུགས་དམ་བསྐུལ། ཞགས་པ་མས་གནས་ནས་སྤྱན་དྲངས། །ལྕགས་སྒྲོག་མ་གནས་ནས་བསྐྱོད། དྲིལ་བུ་མས་དགྱེས་པ་བསྐྱེད་དེ། །མདུན་གྱི་ནམ་མཁར་སྤྱན་དྲངས་ནས། །དམ་ཚིག་གི་དཀྱིལ་འཁོར་དང་མེ་རི་འདབ་འབྱོར་ཙམ་དུ་སྟེང་གི་ནམ་མཁའ་ལ་བཞུགས་པར་བསྒོམ་པའོ། །དེའང་གལ་ཕྲེང་ལས། བདག་ཉིད་ཆེན་པོའི་དཀྱིལ་འཁོར་ལ། །སྤྱན་འདྲེན་གཤེགས་གསོལ་མི་དམིགས་ཀྱང་། །རང་བཞིན་གྲུབ་པའི་དཀྱིལ་འཁོར་ལྷའི། །སྐུ་དང་ཡེ་ཤེས་ཐོབ་བྱའི་ཕྱིར། །ས་མཱ་ཛཿདང་ཨེ་ཧིས་དགུག །ཅེས་སོ། །གསུམ་པ་ནི། ༀ་བཛྲ་ས་མ་ཡ་ༀ། ཞེས་སོགས་ཀྱིས་རིག་པའི་མེ་ཏོག་དོར་བས། རང་བཞིན་མཐར་ཕྱིན་གྱི་དཀྱིལ་དང་། །འདིར་ལྟར་བསྒོམས་པའི་ལྷག་པ་ཏིང་དཀྱིལ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་བསམ་པ་སྟེ། དེ་ནི་དམ་ཡེ་གཉིས་ཀ་ཡང་རིག་པའི་རང་སྣང་ཡིན་པའི་ཕྱིར་སེམས་ཉིད་ཀྱི་ངང་དུ་དབྱེར་མེད་པར་རིག་པ་ལ་རིག་པའི་མེ་ཏོག་ཅེས་བྱ་བ་ལ། དེ་ཙམ་ན་ཕྱི་རྒྱུད་པ་ལྟར་བཟང་ངན་དང་ཐ་དད་དུ་འཛིན་པའི་རྟོག་པ་དོར་བས་ན་དོར་ཞེས་བྱའོ། །འདི་ལ་སོ་སོ་མ་ཡིན་པར་རིག་པ་འདུན་པའི་ཕྱག་དང་། རང་སྣང་གི་དཀྱིལ་འཁོར་དུ་འཇུག་པའི་ཚུལ་ཞེས་ཀྱང་གྲགས་སོ། །བཞི་པ་ནི། ༀ། ཡེ་ཤེས་རྒྱལ་པོ་ཞེས་སོགས་ཀྱི་ཚིག་དང་། ༀ་བཛྲ་ས་མ་ཡ་ཧཱུཾ། ཞེས་སོགས་ཀྱི་སྔགས་ཀྱིས་བསྐུལ་བས། ཡེ་ཤེས་ཀྱི་ལྷ་རྣམས་བདག་གི་སྒྲིབ་པ་སྦྱོང་བ་དང་། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་བ་ལ་ཕྱོགས་པར་བསམ་པའོ། །འདིར་དངོས་གྲུབ་སྐུལ་བ་ལ་ཚིག་གིས་བསྐུལ་བ་དང་། སྔགས་ཀྱིས་བསྐུལ་བ་གཉིས་བལྡབས་སོ་ཞེ་ན། རྗེ་སྒྲོ་ཕུག་པའི་ཞལ་ནས། དང་པོ་ནི་དངོས་གྲུབ་ཙམ་བསྐུལ་བའི་དོན་དང་། ཕྱི་མ་ནི་གནད་ལ་ཕབ་སྟེ་བསྐུལ་བའི་ཕྱིར་མི་ཟློས་གསུང་། ལྷ་རྗེ་ཉེ་སྟོན་ནི། སྤྱིར་གསང་སྔགས་ལུང་གི་སྒོ་བཞིར་བཞེད་དེ། །དོན་རྣམས་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། །མཚོན་པ་བརྡར་བཏགས་ཕྱག་རྒྱ་གར་གྱི་སྒོ། །ཞེས་བྱ་བ་ལས། ཀུན་ལ་བཞི་ཀ་ཚང་བ་ཡང་ཡོད། གསུམ་གཉིས་གང་རུང་ཚང་བའང་ཡོད་པས་ཀུན་ལ་ཐམས་ཅད་ཚང་བར་མ་ངེས་པས། འདིར་ཚིག་སྔགས་ཏིང་འཛིན་གྱིས་བསྐུལ་བ་ཡིན་གསུངས་སོ། །ལྔ་པ་ནི། ཛཿཧཱུཾ་བཾ་ཧོཿཞེས་ཕྱག་རྒྱ་བཞིས་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་བསྲེས་ཏེ། རིན་ཆེན་སེང་གེའི་གདན་ལ་ཞེས་སོགས་ཀྱིས་འགྲོ་དོན་མ་རྫོགས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ་བའོ། །འདི་དག་ནི་ཟུར་ལུགས་པ་སྤྱིའི་བཞེད་པ་སྟེ། བདག་གི་རྗེ་བླ་མ་ནི། ཚིག་གིས་བསྐུལ་བའི་རྗེས་ཀྱི་སྔགས་ཚན་གསུམ་པོས་རིམ་བཞིན་དམ་ཡེ་དབྱེར་མེད་དུ་བསྲེས་ནས་བརྟན་པ་དང་དབང་དུ་བྱས་ལ། ཕྱག་རྒྱ་བཞིས་ནི་ཤིན་ཏུ་བརྟན་ཅིང་གསལ་བར་བྱས་པ་ཉིད་ཡིན་པས་ས་བཅད་བཞི་པ་དང་ལྔ་པ་གཉིས་ཁོང་གཅིག་ཏུ་བསྡུས་ན་ལེགས་གསུངས་ཏེ། སྔགས་དོན་དང་ཤིན་ཏུ་འབྱོར་ཞིང་། །ཚིག་དང་སྔགས་ཀྱིས་བསྐུལ་བའི་ཟློས་སྐྱོན་ཡང་སེལ་བས་མཁས་པས་བསྔགས་པར་འོས་པའོ། །གཉིས་པ་མཆོད་པ་ནི། ཕྱག་ནས་བརྩམས་ཏེ། གླུ་ཡེ་ཤེས་ཀྱི་བར་དུ་དབུལ་བར་བྱ་སྟེ་འོག་ནས་སྟོན་ནོ། །གཉིས་པ་ནི། རང་གཞན་གྱི་རྒྱུད་དག་པར་བྱ་བའི་ཕྱིར་སྤྲོས་པ་མེད་པའི་ཞེས་སོགས་སོ། །གསུམ་པ་ནི། འདོད་པའི་དོན་ཉེ་བར་འགྲུབ་པ་ལ་སྨོན་པའི་སྒོ་ནས་ཤེས་བྱ་ཐམས་ཅད་ཞེས་སོགས་ཀྱིས་གསོལ་ལོ། །བཞི་པ་ནི། ལྷག་པའི་བསམ་པ་རྩེ་གཅིག་པའི་སྒོ་ནས་བདེ་བར་གཤེགས་པ་ཞེས་སོགས་སོ། །ལྔ་པ་ནི། འཛབ་ཁང་ཕྱེ་སྟེ་འོད་ཟེར་སྤྲོ་བསྡུའི་དམིགས་གནད་ཀྱི་མན་ངག་དང་ལྡན་པའི་སྒོ་ནས་འཛབ་བསྐུལ་སྔོན་དུ་འགྲོ་བས་འཛབ་བཟླ་ཞིང་། རྗེས་ལ་བསྟོད་ནས་དཀྱིལ་འཁོར་གཉིས་དབྱེར་མེད་དུ་བསྲེའོ། །དེ་དག་ཀྱང་འོད་རིམ་ལས། རྣལ་འབྱོར་དབང་ཕྱུག་ཉམས་ཆག་བཤགས། །ལས་ལ་དོན་ཕྱིར་ཕྲིན་ལས་བཅོལ། །བསྒྲུབ་པའི་འདོད་དོན་གསོལ་བ་གདབ། །ཕྱི་དང་ནང་གི་འཕྲོ་འདུ་ཡིས། །རྣལ་འབྱོར་བསྒྲུབ་ཕྱིར་བཟླས་པ་བྱ། །ཞེས་སོ། །གཉིས་པ་རྗེས་ཀྱི་རིམ་པ་ལ་ལྔ་ལས། ཚོགས་དབུལ་བ། ལྷག་མ་གཏང་བ། བརྟན་མ་བསྐྱང་བ་རྣམས་འཆད་པར་འགྱུར་ལ། བཞི་པ་དཀྱིལ་འཁོར་བསྡུ་བ་ནི། རྩ་བའི་དཀྱིལ་འཁོར་གསལ་གདབ་སྟེ། གཏང་རག་མཆོད་བསྟོད་དང་ནོངས་པ་བཟོད་པར་གསོལ་ནས། རྟག་མཐའ་བསལ་ཕྱིར་དཀྱིལ་འཁོར་མི་དམིགས་པའི་དབྱིངས་སུ་བསྡུ། ཆད་མཐའ་བསལ་ཕྱིར་དེའི་ངང་ལས་ལྷར་རྫོགས་ཚུལ་དུ་ལྡང་། སྤྱི་བོར་ཧཾ་བཀོད་ལ་དེ་ཞུ་བའི་རྒྱ་གྲམ་གྱིས་གོ་བགོ །ཧཱུཾ་ཏྲཱུཾ་གྱིས་མཛུབ་རྩེ་ལ་ཁྲོ་བོ་གཉིས་བསྐྱེད་ནས་ལུས་བསྲུང་། དབུ་རྒྱན་དང་ཅོད་པན་བཅིངས་ཏེ་ཤིན་ཏུ་བརྟན་པར་བྱས་ལ་བསྔོ་བ་བྱའོ། །དེ་ལྟར་ཡང་རིན་དྲྭ་ལས། རང་སྣང་དབྱེར་མེད་དཀྱིལ་འཁོར་ཀུན། །ཐུགས་ཀྱི་དཀྱིལ་འཁོར་ཉིད་དུ་བསྡུ། །ཧཱུཾ་ཧཱུཾ་ཞེས་ནི་རབ་བརྗོད་པས། །ཆོས་ཀྱི་དབྱིངས་སུ་ཐིམ་པར་འགྱུར། །དེ་ནས་སྙིང་པོ་དྲན་ཙམ་གྱིས། །ཕྱག་རྒྱ་ཆེན་པོ་གསལ་གྱུར་ནས། །གོ་བགོ་མཚམས་བཅད་ལུས་བསྲུང་སྟེ། །ཞེས་དང་། འོད་རིམ་ལས། རྟག་ཆད་མཐའ་ལས་གྲོལ་བྱའི་ཕྱིར། །དཀྱིལ་འཁོར་རིམ་བཞིན་སྙིང་ལ་བསྡུ། །མི་དམིགས་ངང་ལས་གཙོ་བོར་བསྐྱེད། །བསྐྱེད་པའི་རྫོགས་པ་བསྟན་པའོ། །བར་ཆོད་རྒྱུན་ལས་གྲོལ་བྱའི་ཕྱིར། །རྒྱ་གྲམ་གོ་དང་ཁྲོ་ལུས་བསྲུང་། །དེ་ཉིད་འགྲོ་དོན་ནུས་ལྡན་ཕྱིར། །དབང་བསྐུར་དབུ་རྒྱན་ཅོད་པན་ལྡན། །ཞེས་སོ། ལྔ་པ་སྤྱོད་ལམ་རྒྱུན་ཏིང་ནི། དེ་ལས། དེ་ནས་རྣལ་འབྱོར་ཆེན་པོ་དེས། །འགྲོ་ཉལ་འདུག་སྡོད་བཞི་པོ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཞིང་། །སྤྱོད་ལམ་ཀུན་ཏུ་མ་ཉམས་པར། །བདག་ཉིད་ཆེན་པོ་བརྟན་པར་བསྒོམ། །ཞེས་སོ། །གཉིས་པ་ཁྲོ་བོའི་མངོན་རྟོགས་ཀྱི་ལས་བསྡེབས་ལ། སྔོན་འགྲོ་ཐུན་མོང་དུ་སོང་ནས། འདིར་དངོས་གཞི་དང་། རྗེས་གཉིས། དང་པོ་ལ། ཏིང་ངེ་འཛིན་གྱི་དགོས་ཆེད་དང་། དེ་བསྒོམ་པ་དངོས་སོ། །དང་པོ་ནི། དམ་པ་རྒྱན་ལས། འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། །གདུག་པ་སྲིད་གསུམ་འདུལ་བ་དང་། །ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་བསྒོམ། །ཞེས་པས་སྔོན་བྱུང་རྒྱལ་བ་ཉིད་གདུག་པ་ཅན་གྱི་ཡུལ་ལ་ཐུགས་རྗེས་ཁྲོས་ཏེ་བཏུལ་བ་བཞིན་དུ། ད་ལྟར་རྗེས་འཇུག་ཏུའང་སྙིང་རྗེ་ཆེན་པོས་གདུལ་བྱ་གདུག་པ་ཅན་རྣམས་འདུལ་བའི་དོན་དུ་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པར་བྱའོ་སྙམ་དུ་དམ་འཆའ་བ་སྟེ། འདི་ནི་ཐོག་མར་སེམས་བསྐྱེད་པའི་ཆོ་ག་ཡིན་ནོ། །གཉིས་པ་ལ། ཏིང་ངེ་འཛིན་གསུམ་དང་། དཀྱིལ་འཁོར་བསྒོམ་པའི་དང་། ལས་ཀྱི་རིམ་པའི་ཏིང་འཛིན་ནོ། །དང་པོ་ལ་གསུམ་ལས། དེ་ཏིང་ནི། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་སོགས་སོ། །ཀུན་ཏིང་ནི། ཨེ་མའོ་ཀུན་ཏུ་བཟང་མོ་ནི། །བདེ་ཆེན་སྤྲོས་བྲལ་ཐིག་ལེ་ལས། །སྟོང་པ་ཉིད་དུ་རབ་གསལ་བའི། །སྙིང་རྗེའི་ཡུལ་ནི་བསྒོམ་པར་བྱ། །ཞེས་སོགས་སོ། །་རྒྱུ་ཏིང་ནི། ཧཱུཾ། ངེས་པ་ལས་ནི་རྡོ་རྗེ་ཆེ། །དེ་ལས་དཔའ་ཆེན་ཧེ་རུ་ཀ །འབར་བ་ཆེན་པོ་གར་དགུ་ཡིས། །འཇིགས་པ་ཡི་ནི་དུས་ལྟར་དྲག །ཅེས་རིག་པ་ཧཱུཾ་མཐིང་གསལ་བརྟན་གྱི་ཚད་བརྒྱད་ལྡན་པས་འཕྲོ་འདུའི་སྦྱོར་བས། རྡོ་རྗེ་རྩེ་དགུ་པ་མཐིང་ག །དེ་འཕྲོ་འདུས་འོད་དུ་ཞུ་བ་ལས་རྒྱུའི་ཧེ་རུ་ཀ་ཚོན་གང་བ་རྡོ་རྗེ་དང་ཐོད་ཁྲག་འཛིན་པར་བསྒོམ་པའོ། །འདིའི་སྐུ་མདོག་ལ་བཞེད་པ་མི་མཐུན་ཏེ། ལྷ་རྗེ་སྒྲོལ་མ་དང་བླ་མ་གྲ་སྟག་པ་སོགས་སྔོན་པོར་མཛད། རྟ་སྟོན་གཟི་བརྗིད་སྨུག་ནག་ཏུ་བཞེད་ཅིང་། །རྡོ་རྗེ་མཐིང་ག་ནི་ཐུགས་མི་འགྱུར་བ་དང་། སྐུ་མདོག་སྨུག་ནག་ནི་ཅིར་ཡང་འགྱུར་བ་མཚོན་པ་ཡིན་པས་དེ་གཉིས་ཀྱི་ཁ་དོག་འགལ་བར་མི་བསམ་མོ་ཞེས་སྐྱོན་སྤང་ཡང་མཛད་དེ་རང་གི་རྗེ་བླ་མའི་དགོངས་པའང་ཕྱི་མའོ། །གཉིས་པ་ལ། རྟེན་དང་། བརྟེན་པ་བསྐྱེད་པའོ། །དང་པོ་ལ། འོག་གཞི་བསྐྱེད་པ། གཞལ་ཡས་ཁང་དངོས་བསྐྱེད་པ། གདན་བསྐྱེད་པའོ། །དང་པོ་ནི། བདག་རྒྱུའི་ཧེ་རུ་ཀའི་ཐུགས་ཀའི་ཧཱུཾ་ལས་ས་བོན་སྤྲོས་ཏེ། འཕྲོ་འདུའི་བྱ་བས་ཀྲོ་དྷཱི་ལྔའི་མཁའ་དབྱིངས་ཀྱི་རང་བཞིན། ནམ་མཁའ་དང་། རླུང་དང་། རཀྟ་དང་། ཞིང་ཆེན་གྱི་ས་གཞི་ཀེང་རུས་ཀྱི་རི་རབ་ཀྱིས་མཚན་པ་དང་། མེ་དཔུང་རྣམས་བསྒོམ་པ་སྟེ། དུར་ཁྲོད་ཆེན་པོར་དགྱེས་ནས། ཞེས་སོགས་དང་། དམ་པ་རྒྱན་ལས། དུར་ཁྲོད་ཆེན་པོ་རབ་འཇིགས་པ། །ཁྲག་གི་རྒྱ་མཚོ་འཁྲུགས་པའི་དཀྱིལ། །ཀེང་རུས་ཆེན་པོའི་རི་རབ་ཀྱི། །སྟེང་གི་འབར་བའི་ཀློང་དཀྱིལ་ན། །ཞེས་སོ། །གཉིས་པ་ནི། མེའི་དབུས་སུ་བྷྲཱུཾ་སྨུག་ནག་ཆད་པ་ལས་འཕྲོ་འདུའི་སྒོ་ནས་གཞལ་ཡས་ཁང་བསྒོམ་པའོ། །དེ་ལ་གསུམ་དབྱིབས། རྒྱུ། རྐྱེན་ནོ། །དང་པོ་ནི། འབར་བའི་འཁོར་ལོ་རྩིབས་བཞི་པ། །གྲུ་ཆད་བཞིས་ནི་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །ཞེས་སོགས་གསུངས་པའི་མཚོན་དོན་དང་། དེ་མཚོན་བྱེད་ཀྱི་མཚན་མར་གྱུར་པའི་དབྱིབས་ཕལ་ཆེར་ཞི་བ་དང་མཚུངས་ཤིང་། ཁ་དོག་གྲུ་ཆད་ལྗང་གུའི་དབུས་སུ་གསེར་འཁོར་རྩིབས་བཞི་པ་མུ་ཁྱུད་དང་ལྟེ་བ་མཐིང་གར་གནས་པ་དང་། ཁྱད་པར་དུ་བདེན་གཉིས་མཚན་པའི་འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས་པ་ནི་དགོས་ཆོས་ཏེ། ནང་མ་གསེར་ཁྱམས་དང་། ཕྱི་མ་ཁྲག་ཁྱམས། གློ་འབུར་དང་སྒོ་རྣམས་ཕྱོགས་མདོག་གོ། །རྟ་བབས་ཀྱང་། རྡོ་རྗེ་མེ་ལོང་ལས། ཕྱི་ནང་རྒྱུ་འབྲས་གདུག་པ་དག །འདུལ་ཕྱིར་རྟ་བབས་བཞིར་བཤད་དོ། །ཞེས་པའི་དོན་ལ། གོང་མ་རྣམས། ཁྱམས་ཕྱི་ནང་གཉིས་ཀའི་སྒོ་བཞིར་རྟ་བབས་བརྒྱད་ཀྱིས་བརྒྱན་པར་བཞེད་ཀྱང་། ལུང་དོན་ནི་དེར་མ་ངེས་ཏེ། ཕྱི་ནང་གི་ཐེག་བརྒྱད་མཚོན་པའི་རྒྱུའི་རྟ་བབས་བརྒྱད་དང་། དེའི་ཡོན་ཏན་རྫོགས་པའི་འབྲས་བུའི་རྟ་བབས་བརྒྱད་བརྒྱད་སྒོ་བཞི་ཀ་ལ་ལྡན་པར་བཞེད་པའི་ཕྱིར་རོ། །དེ་བས་ན་འདིར་རང་གི་རྗེ་བླ་མའི་དགོངས་པས་ནང་སྒོ་ལ་རྟ་བབས་མི་བྱེད་པའི་ཕྱོགས་ལེགས་པ་ཡིན་ནོ། །གཉིས་པ་ནི། སྔ་རབས་པ་དག །གཞལ་ཡས་ཁང་ཕྱི་མ་རིན་པོ་ཆེ་དང་། ནང་མ་ཐོད་ལས་གྲུབ་པར་བཞེད་མོད། དེ་ལ་རྡོ་རྗེ་ལས། གདུག་པ་འདུལ་བའི་དཀྱིལ་འཁོར་ལ། །ཐོད་པ་སྣ་ལྔ་སྣ་གསུམ་དང་། །ཐོད་སྐམ་རྩིག་པ་རིམ་པ་བཞིན། །ཞེས་ཕྱི་ནང་གཉིས་ཀ་ཐོད་རྩིགས་སུ་བཞེད་པས་གནོད་དོ། །རང་ལུགས་ནི། ཕྱི་མ་ཐོད་རྩིགས་རིམ་པ་ལྔ་དང་། ནང་མ་སྐམ་རློན་རྙིང་གསུམ་གྱི་བརྩིགས་པའོ། །ཐོད་སྐམ་བརྩིགས་པ་ཞེས་པའི་ལུང་དོན་ནི། རྟ་སྟོན་གཟི་བརྗིད་བཞེད་པ་ལྟར་གྲུ་ཆད་ཀྱི་རྩིག་པ་སྟེ། དེའི་ཚུལ་ནི། གྲུ་ཆད་ཁྱམས་ལས་སྟེགས་བུ་གྲུ་བཞི་པའི་རྣམ་པར་ཐོད་རྩིགས་ཀྱིས་འཕགས་པ་ཡིན་གྱི། ཐོག་ལ་ཐུག་པའི་བརྩིག་པར་མི་བསམ་སྟེ། དེ་ལྟར་ན་སྒོ་སུམ་སྦྲག་ཏུ་འགྱུར་བའི་ཕྱིར་རོ། །ཐོད་པ་དེ་དག་ཀྱང་། ཁ་ནས་མེ་འབར་བ། མིག་ནས་ཁྲག་འཛག་པ། སྣ་ནས་དུད་པ་འཐུལ་བ། རཀྟས་སྤྱིན་ཐབས་སུ་སྦྱར་བ། གནམ་ལྕགས་ངུར་མོའི་གཟེར་བཏབ་པ། ལོགས་ལ་ཙིཏྟའི་ཕོ་ལོང་འཕྱང་བ། ཚངས་པའི་གདུང་། ལྷ་ཆེན་བརྒྱད་ཀྱི་ཀ་བ། རུས་སྦལ་གྱི་ཀ་གདན། ཀླུ་བདུད་ཀྱི་ཕྱ མ། རྒྱུ་སྐར་གྱི་དྲལ་མ། ཞིང་ལྤགས་ཀྱི་ཐོག །ཉི་ཟླའི་མཐོངས་ཁུང་། གཟའ་བརྒྱད་ཀྱི་ཁ་བད། ཆུ་སྲིན་གྱི་ཐོད་པའི་རྟ་བབས་ལ་སོགས་པ་སྟེ། དེ་ལས། ཚངས་དང་ལྷ་དབང་ལ་བརྟེན་པ། །མཆོག་ཆེན་བརྒྱད་ཀ་ཡིན་པར་འདོད། །ལྷག་མ་རྣམས་ནི་ཐོག་ཕུབ་སྟེ། །གཟའ་བརྒྱད་ཉི་ཟླའི་གློ་སྐར་ལྡན། །ཞེས་སོ། །གསུམ་པ་ལ། ལོགས་རྒྱན་ནི། ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད། །ཅེས་པས། རྩིག་སྟེང་ཐོད་པ་སྣ་ཚོགས་ཀྱི་ཕ་གུ་ལ་སྦྲུལ་ཆེན་གྱི་ཞགས་པས་མགུལ་ནས་དྲངས་པའི་དྲྭ་བ་འཕྱང་བ། མུན་པར་སྦྲུལ་དང་ཐོད་ཕྲེང་གི་དོ་ཤལ་དང་དོ་ཤལ་ཕྱེད་པ་དང་དེ་དག་གི་བར་ནས་ཉི་མའི་འོད་ཟེར་འཕྲོ་བས་བརྗིད་ཅིང་། ཕྱིའི་འགྲམ་སྟེགས་ལ་ནང་གི་འདོད་ཡོན་ཐོགས་བས་བསྐོར་བ་སྟེ། དེ་ལས། སྦྲུལ་དང་ཐོད་པའི་ཕྲེང་བ་ཉིད། །དྲྭ་བ་དྲྭ་ཕྱེད་རྣམ་པར་སྤྲས། །ཞེས་དང་། ཁྲོ་བོ་ཤ་ལྔ་བདུད་རྩི་དང་། །དུར་ཁྲོད་འདོད་ཡོན་ལྡན་པའོ། །ཞེས་སོ། །སྟེང་རྒྱན་ནི་པུ་ཤུ་དང་རྟ་བབས་ཀྱི་རྩེའི་ཕྱོགས་ཀུན་ཏུ་ཞིང་འཕན་དང་། དབུས་འཕྱུར་བུའི་རྩེར་ལྷ་ཆེན་པོའི་ཐོད་པ་སྦུབ་པའི་སྟེང་ན་ཙིཏྟའི་ཏོག་དང་ལྡན་པའོ། །དེ་ལྟར་ཡང་སྔ་མ་ལས། ཞིང་འཕན་ཕྱོགས་མཚམས་བརྒྱད་དང་ལྡན། །ལྷ་ཆེན་ཐོད་པ་སྦུབ་སྟེང་ན། །ཙིཏྟའི་ཏོག་ལས་འོད་ཟེར་འཕྲོ། །ཞེས་སོ། །སྒོ་བཞིར་རུས་སྦལ་གྱི་མ་ཐེམ། ཆུ་སྲིན་གྱི་ཡ་ཐེམ། སྦྲུལ་ནག་གི་སྐྱེས་བུ། ཞིང་གི་སྒོ་གླེགས་སོགས་ཀྱིས་བརྒྱན་ཅིང་། ཞིང་སྨུག་པོའི་ཀ་བས་བཏེགས་པའི་སྒོ་ཁང་གི་སྟེང་ན། རྟ་བབས་ལ། སོར་ཕྲེང་དང་། ཐོད་པའི་ཕྲེང་བ་དང་། དབང་པོ་དང་། ཉི་ཟླའི་ཕྲེང་བས་བརྒྱན་པ་སྟེ། དེ་ལས། སོར་ཕྲེང་ཐོད་པའི་ཕྲེང་བ་དང་། །དབང་པོ་ཉི་ཟླའི་ཕྲེང་བས་སྤྲས། །ཞེས་སོ། །རྟ་བབས་ཀྱི་རྩེར་ཆོས་ཀྱི་འཁོར་ལོའི་གཡས་གཡོན་ན་ཆུ་སྲིན་ཕྲུ་གུ་དང་། སྟེང་ན་ཞིང་གི་གདུགས་ཕུབ་པའོ། །ཕྱིའི་རྒྱན་ནི། དེ་ལས། སྐྱེས་བུ་གསལ་ཤིང་ཕྱོགས་མཚམས་བརྒྱད། །རཀྟའི་མཚོ་བརྒྱད་རྦ་རླབས་འཁྱིལ། །ཞེས་སོགས་དང་། སྲུང་འཁོར་གྱི་ནང་གི་ཁོར་ཡུག་ལ་དུར་ཁྲོད་བརྒྱད་དང་། ཕྱི་ནང་ཐམས་ཅད་དུ་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཅན་གྱི་མེ་རི་མེ་དཔུང་འབར་བའི་ཀློང་ནས་སྤྲུལ་པའི་ཁྲོ་ཆུང་གྲངས་མེད་པ་འཕྲོ་བའོ། །དེའང་ཆོས་དོན་ལས། ཁྲོ་བོ་རྣམས་ལ་དུར་ཁྲོད་ནི། །འཁོར་བ་མ་སྤངས་གནས་དག་རྟགས། །ཞེས་དང་། འདི་ཉིད་ལས། འབར་བའི་འཕྲོ་བ་མང་པོ་འཁྲུགས། །ཞེས་སོ། །གསུམ་པ་ནི། ཁྱུ་མཆོག་མ་ཧེ་གཟིག་དང་སྟག །ཅེས་སོགས་ཀྱིས་བསྟན་ཏེ། དེའང་ཡོན་ཏན་གྱི་ཆེ་བས་རང་སྣང་བའི་ཕྱིར་ལྟེ་བ་དང་རྩིབས་བཞིར་པདྨ་ཟླ་ཉི་སུམ་བརྩེགས་སོ། །དེའི་སྟེང་ན་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་ཕྱིར་དབུས་སུ་རུ་དྲ། ཤར་དུ་དྲི་ཟ། ལྷོར་གཤིན་རྗེ། ནུབ་ཏུ་སྲིན་པོ། བྱང་དུ་གནོད་སྦྱིན་ཕོ་མོའོ། །དེ་དག་ལས་ནན་ཏུར་དུ་བསྟན་པའི་ཕྱིར་ཕོ་ཁ་བུབ་ཀྱི་སོག་ཕྲག་དང་། མོ་གན་རྐྱལ་གྱི་ནུ་ཕྲག་ནས་དུག་ལྔ་གནས་སུ་དག་པའི་བརྡར་དུད་འགྲོ་གདུག་པ་ཅན་རྣམས་ཀྱི་སྦར་བས་བཟུང་བ་སྟེ། དེའང་། ཤར་དུ་ཁྱུ་མཆོག །གཏི་མུག །ལྷོར་མ་ཧེ། ང་རྒྱལ། ནུབ་ཏུ་གཟིག །འདོད་ཆགས། བྱང་དུ་སྟག །ཕྲག་དོག །དབུས་སུ་དོམ་ཞེ་སྡང་། སྟེ་སྤར་ཁབ་ཀྱི་ལུགས་སོ། །འགྲེལ་པ་ཉི་སེང་མར་ཁྱུ་མཆོག་ནི་ལྷ་ཆེན་གྱི་ཞོན་པ་སྟེ་དབུས། མ་ཧེ་གཤིན་རྗེའི་ཞོན་པ་སྟེ་ལྷོ། གཟིག་དྲི་ཟའི་སྟེ་ཤར། སྟག་ཀླུའི་སྟེ་ནུབ། དོམ་གནོད་སྦྱིན་གྱི་སྟེ་བྱང་དུ་འགོད་པར་བཤད། ལྷ་རྗེ་རོང་པ་ནི། ཁྱུས་འགྲོ་ཟིལ་གྱིས་གནོན་པའི་ཕྱིར་ཁྱུ་མཆོག་ནི་ཐུགས་ཀྱི་ཕྱག་རྒྱ། མ་ཧེ་གཟི་བརྗིད་ཆེ་བས་སྐུའི། གཟིག་གདུག་པ་ཆེ་བས་མི་གཏོང་བའི་ཡོན་ཏན་གྱི། སྟག་དཔའ་བརྟུལ་ཆེ་བས་ཐུགས་རྗེ་ཆེན་པོའི་མཚན་ཉིད་ཀྱང་མི་མཛད་པདྨའི། དོམ་གཏུམ་པའི་ཕྱིར་ལས་རིགས་ཀྱི་ཕྱག་རྒྱའོ་གསུངས་པ་ལས། འདིར་ནི་བླ་མ་བརྒྱུད་པའི་བཀའ་སྲོལ་གྱིས་ལུགས་དེང་པོའི་རྗེས་སུ་འབྲང་ངོ་། །ཡང་ཁྱུ་མཆོག་གི་ངོས་འཛིན་ལ། ཁ་ཅིག །པིན་ཏཪྠར་བཤད་པའི་ཕྱིར་སེང་གེའོ་ཟེར། གདན་མཆོག་གདུལ་དཀའ་མི་འཇིགས་ཁྱུ་མཆོག་དང་། ཁ་ཅིག །ཉི་ཁྲི་ལས་གླང་པོར་བཤད་ཟེར། ཁྱུ་མཆོག་གླང་པོ་ཆེའི་གནས་སུ་དམ་བཅའ། ཞེས་གསུངས་སོ། །ཉང་ཊཱིཀ་པ་དེ་གཉིས་རོལ་པ་ལས་བྱུང་བར་བཞེད་ཀྱང་། འགྲེལ་པ་ཉི་སེང་དུ། གླང་ཁྱུ་པར་བཤད་ཅིང་འདུལ་བ་ལུང་ལས་ཀྱང་། །བ་གླང་གི་ཕྲུ་གུ་སེང་གེ་མོའི་འོ་མས་གསོས་པ་ལས་བྱུང་བའི་རིགས་སུ་བཤད་དོ། །གདན་འདི་དག་ཀྱང་། འགྲེལ་པ་མངོན་རྟོགས་ལས། ལྷ་ཆེན་པོ་རྣམས་ཀྱི་ཞོན་པ་ཕྲོགས་པའོ། །ཞེས་རྒྱས་བྱེད་དཔའ་རྟགས་ཀྱི་རྟགས་སུ་བཤད་ཅིང་། ཉི་འོད་སེང་གེས་ཀྱང་། གུས་པས་རང་གི་གདན་སྟེང་དུ་ཕྱུང་སྟེ་ཕུལ་བར་བཤད། དོན་ལ་སྨོན་ལམ་གུས་པ་དང་། ཐུགས་རྗེ་མཐུན་འཇུག་གི་གདན་གཉིས་ཀར་མི་འགལ་ལོ་གསུངས། འཁོར་གྱི་གདན་ནི། ཁྲོ་མོ་ཉི་ཤུའི་གནས་སུ་རོ་དང་ཉི་གདན། དབང་མོ་ཉེར་བརྒྱད་ལ་ཞིང་སྐམ་གྱི་གདན་རེ་རེའོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ། ཇི་ལྟར་བསྐྱེད་པའི་ཆོ་ག་དང་། །བསྐྱེད་པ་ལྷའི་མཚན་ཉིད་གཉིས། དང་པོ་ནི། ཁང་པ་གྲུབ་ནས་བདག་པོ་བསྐྱེད་པ་ཕ་དྲིན་ཅན་གྱི་ཚུལ་དང་། བདག་པོ་གྲུབ་ནས་ཁང་པ་བརྩིགས་པ་སྒོ་དྲག་པོའི་ཚུལ་ལོ། །དང་པོ་ནི། ཏིང་འཛིན་གསུམ་གྱི་རྒྱུ་ཏིང་ཧཱུཾ་གི་ཁྱད་པར་ལས། འོག་གཞི་དང་གཞལ་ཡས་ཁང་བསྐྱེད་པའི་ནང་དུ་གཙོ་བོ་ཆོ་ག་གསུམ་གྱིས་བཛྲ་ཧེ་རུ་ཀར་བསྐྱེད་ནས་སྲས་གཉིས་བསྐྱེད་པའི་བྱ་བ་ལ་འཇུག་སྟེ། འགྲེལ་པ་སྤར་ཁབ་ཀྱི་རྗེས་སུ་འབྲངས་ནས་རོག་པ་སོགས་བཞེད་དོ། །གཉིས་པ་ནི། སྔར་བཤད་པ་ལྟར་རང་ལུགས་ཏེ། དམ་པ་རྒྱན་གྱི་རྗེས་སུ་འབྲངས་ནས་བླ་མ་གོང་མ་ཕལ་ཆེ་བའི་དགོངས་བཞེད་དོ། །དེའང་རྒྱུའི་ཏིང་འཛིན་ཧཱུཾ་ལས། ཆོ་ག་གསུམ་གྱིས་རྒྱུའི་ཧེ་རུ་ཀར་བསྐྱེད་པའི་རྗེས་སུ། འོག་གཞི་གཞལ་ཡས་ཁང་དང་བཅས་པ་བསྒོམ་ཞིང་། དེ་ནས་བདག་སྲས་གཞན་སྲས་ཀྱི་ཆོ་ག་ལ་འཇུག་གོ། །དེ་ལས། དང་པོ་བདག་སྲས་ལ། འཐད་པ་བརྗོད་པ་དང་། རྒྱུའི་ཧེ་རུ་ཀ་ཉིད་དཔལ་ཆེན་པོ་ཡབ་ཡུམ་དུ་བསྐྱེད་ནས་སྙོམས་པར་འཇུག་པའི་བྱ་བ་དང་། ངོ་མཚར་སྲས་ཀྱི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ནི། དམ་པ་རྒྱན་ལས། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །ཞེས་སོ། །གཉིས་པ་ནི། དེའི་ཕྱིར་རྒྱུའི་ཧེ་རུ་ཀ་གདན་ཐོག་ཏུ་བབས་ཏེ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་སྐུ་སྨུག་ནག་ཅིར་ཡང་འགྱུར་བ་དབུ་ཕྱག་ཞབས་ཆེ་ཆུང་སྟོང་གསུམ་ཙམ་ལ། མང་ཉུང་གི་ཚད། དེའི་རྡུལ་སྙེད་དང་མཉམ་པ་མཚོན་ཆ་སྣ་ཚོགས་འཛིན་པར་བསྐྱེད་ལ། དེའི་ཐུགས་ནས་ཡུམ་དབྱིངས་ཕྱུག་མ་ཕྱུང་སྟེ་སྦྱོར་བ་མཛད་པའོ། །དེའང་སྔ་མའི་འཕྲོས་ལས། དེ་བཞིན་ཉིད་ཀྱི་དབྱིངས་ནས་ནི། །ཁྲོ་མོ་དབང་ཕྱུག་མངོན་ཕྱུང་སྟེ། །ཧི་ཧི་དགྱེས་པའི་གཟི་མདངས་ཀྱི། །རིན་ཆེན་པདྨ་རྒྱས་མཛད་དེ། །གཉིས་མེད་འཁྲིལ་བས་དགྱེས་པར་ཐིམ། །ཞེས་སོ། །འདིར་གོང་མ་ཕལ་ཆེར། གཉོས་ནག །འགོས་རྩི་ལུང་བ། སྒྲོལ་མ་བ། མཁའ་གསང་བྱིན་རླབས་དང་སྦྱོར་བའི་བརྡས་བསྐུལ་བ་སོགས་མཛད། དེ་ལས་མཁས་པ་དག་ན་རེ། རྟ་སྟོན་གཟི་བརྗིད། དེ་མི་རིགས་ཏེ། རྩ་བ་ལས་མ་གསུངས་ཤིང་རྒྱུད་དང་ཡང་མི་མཐུན་ནོ། །དེས་ན་སྣར་སྟོན་གྱི་བཞེད་པ་ལྟར་རྒྱུའི་ཧེ་རུ་ཀ་དེས་ཚིག་བརྗོད་པ་ཙམ་གྱིས་རང་བཞིན་ངང་གིས་བསྐྱེད་པ་འཐད་གསུང་། ཁོ་བོ་ཡང་འདི་ལེགས་པར་མངོན་ནོ། །གསུམ་པ་ལ། སྔགས་ཀྱིས་སྤྲུལ་པ་སྤྲོ་བ་དང་། དེ་རིགས་ལྔར་བསྡུ་བ་དང་། སྲས་མོ་ཉི་ཤུ་བསྐྱེད་པའོ། །དང་པོ་ནི། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་སོགས་བརྗོད་པའི་རྐྱེན་གྱིས་སྦྱོར་མཚམས་ནས་ཁྲོ་བོ་འཆོལ་པ་སྤྲོས་ཏེ་གདུག་པ་ཅན་རྣམས་བཏུལ་བར་བསྒོམ་པའོ། །གཉིས་པ་ནི། ༀ་བཛྲ་ཤྲཱི་ཧེ་རུ་ཀ་སོགས་བརྗོད་པས། ཁྲོོ་བོ་དེ་དག་ལས་ཆོས་དབྱིངས་ཡེ་ཤེས་ལས་འཕྲོས་པའི་ཁྲོ་བོ་ཐམས་ཅད་འདུས་ནས་གཞིའི་ཧེ་རུ་ཀ་ལ་ཐིམ་པས་དེ་ཉིད་བཛྲ་ཧེ་རུ་ཀ་ཡབ་ཡུམ་དུ་གྱུར་པ་ནི་འབྲས་བུའི་ཧེ་རུ་ཀའོ། །དེ་བཞིན་དུ་སོ་སོའི་སྔགས་བརྗོད་པའི་རྐྱེན་གྱིས་ཡེ་ཤེས་གཞན་བཞི་ལས་འཕྲོས་པའི་ཁྲོ་བོ་ཐམས་ཅད་སོ་སོར་འདུས་པ་ལས་རིགས་བཞི་ཧེ་རུ་ཀར་གྱུར་ནས་ཕྱོགས་ཀྱི་འཁོར་ལོའི་གདན་ལ་བཞུགས་པའོ། །གསུམ་པ་ནི། དེ་ནས་རིགས་ལྔའི་ཁྲག་འཐུང་སྦྱོར་བས་མཛད་པའི་དགྱེས་སྒྲ་ལས་རིམ་བཞིན་ཧ་བརྒྱད་དང་། ཧེ་བརྒྱད། ཕཊ་བཞི་བརྗོད་པའི་རྐྱེན་གྱིས་བསྐུལ་ནས། རྒྱུ་བྱང་ཆུབ་ཀྱི་སེམས་སྤྲིན་ལས་སྦྱོར་མཚམས་ནས་གནས་ཡུལ་སྒོ་མ་ཉི་ཤུ་པོ་རྣམས་རེ་རེ་ཡང་ལྔ་ལྔར་ཏོན་པ་རང་རང་གི་རིགས་རེ་རེར་བསྡུས་ནས་སོ་སོའི་གནས་སུ་དགོད་པ་ནི་བདག་སྲས་སོ། །འདིར་རོག་གི་མངོན་རྟོགས་ལས། སྦྱོར་མཚམས་ནས་བྱང་སེམས་ཀྱི་ཟེག་མ་ལས་ཧ་ཧེ་ཕཊ་དུ་གྱུར་པ་སོ་སོའི་གདན་ཁར་བཀོད་ནས། ༀ་བཛྲ་ག་རཱི་ཧ་སོགས་བསྐྱེད་སྔགས་ཀྱིས་སྐུ་བསྐྱེད་པར་་མཛད་ནའང་། རྒྱུད་དང་དམ་པ་རྒྱན་གཉིས་ཀ་ནས་གསུངས་པ་མ་མཐོང་ངོ་། །ཡང་སྟོན་པ་བླ་སྐྱབས་ན་རེ། རིགས་ལྔ་ནི་མཁའ་ནང་ནས་བྱུང་བའི་ཕྱིར་སྤྲུལ་པ་བསྡུས་པའི་སྲས་ཡིན་ལ། དེ་ལས་ཁྲོ་མོ་རྣམས་བསྐྱེད་པས་བདག་སྲས་སུ་མི་འགྱུར་ཏེ། ཚ་མོར་འགྲོ་བའི་སྐྱོན་ཡོད་པས་གཙོ་བོ་ཁོ་ན་ལས་གདོན་པར་རིགས་སོ་ཟེར། །དེའི་ལན་དུ་རྟ་སྟོན་གྱི་ཞལ་ནས། རིགས་ལྔ་ལས་བྱུང་ཡང་ངོ་བོ་དབུས་ཀྱི་གཙོ་བོ་རྒྱུའི་ཧེ་རུ་ཀ་དང་གཉིས་སུ་མེད་པ་དེ་ཉིད་ལས་བྱུང་བའི་ཕྱིར་སྐྱོན་མེད་ཅེས་གསུངས་སོ། །གཉིས་པ་གཞན་སྲས་ནི་བདག་གཙོ་བོའི་ཐུགས་ནས་ཤར་དུ་ཐོན་ཏེ། ༀ། སྔོན་གྱི་ཐུགས་དམ་ཆེན་པོ་ནི། །ཞེས་སོགས་ཀྱིས་གསོལ་བ་གདབ་པ་སོགས་ནས་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་སྟེ་འོད་ཕུང་གཅིག་ཏུ་གྱུར་པའི་བར་སྔར་ལྟར་ཏེ་བདག་དོན་ཆོས་སྐུའི་ཏིང་འཛིན་གྱིས་སྣང་བའི་ཞེན་པ་སྦྱང་བའོ། །དེ་ནས་གཞན་དོན་གཟུགས་སྐུའི་ཏིང་འཛིན་གྱིས་སྟོང་པར་འཛིན་པའི་ཞེན་པ་སྦྱང་བའི་ཕྱིར། ཧཱུཾ་ཧཱུཾ། ཞེས་དྲན་པ་ཙམ་གྱིས་གདན་སྟེང་གི་འོད་ཕུང་དེ་ཧཱུཾ་ཡིག་ཟུང་དུ་གྱུར་པ་ལས་ཆོ་ག་གསུམ་གྱིས་བཛྲ་ཧེ་རུ་ཀ་ཡབ་ཡུམ་དུ་བསྐྱེད་ནས། དམ་པ་རྒྱན་ལས་གསུངས་པའི་གོ་རིམ་ལྟར་སྐབས་འདིར་དབང་བསྐུར་དང་བྱིན་རློབས་བྱ་བའམ། ཞི་བ་ལྟར་འོག་ཏུ་བྱ་བའང་རུང་སྟེ། གང་ལྟར་ཀྱང་། དེ་ནས་མཁའ་གསང་རློབ་པ་སོགས་སྔར་ལྟར་བྱས་ཏེ། ཡབ་ཡུམ་གྱི་མཁའ་ལས་ཁྲག་འཐུང་སུམ་ཅུ་ཐམ་པ་སོ་སོའི་སྔགས་ཀྱིས་བསྐྱེད་པ་ཕཊ་ཛཿས་ཕྱིར་བཏོན་ནས། བཛྲ་ཧེ་རུ་ཀ་རང་ལ་བསྟིམ། འཁོར་རྣམས་དཀྱིལ་འཁོར་ལ་དགོད་དོ། །དབང་ཕྱུག་མ་ཉེར་བརྒྱད་ནི། སྦྱོར་བའི་བྱི་མོ་ཡིན་གྱི། སྲས་མ་ཡིན་པའི་ཕྱིར་སྦྱོར་མཚམས་ནས་མི་གདོན་ནོ། །འོ་ན་ཇི་ལྟར་བསྐྱེད་ཅེ་ན། ཁ་ཅིག་རོག་པ་སོགས། བྷྱོ་ཉེར་བརྒྱད་བརྗོད་པས་ཕྱི་ཁྱམས་ལ་ཀྲོང་བསྐྱེད་དུ་མཛད། ལ་ལ་དག །རྟ་སྟོན་དང་། རྩི་ལུང་པ་སོགས། རྡོ་རྗེ་མེ་ལོང་ནས་འབྱུང་བའི་བསྐྱེད་སྔགས་ཀྱིས་ཀྲོང་བསྐྱེད་བྱེད་གསུང་། གོང་མ་ཕལ་ཆེར། གཉོས་ནག་དང་། སྒྲོལ་གཡུང་སོགས། གཙོ་བོའི་ཐུགས་ཀ་ནས་བྷྱོ་ཉེར་བརྒྱད་རང་རང་གི་གནས་སུ་སྤྲོས་ཏེ་བསྐྱེད་སྔགས་ཀྱིས་ལྷར་བསྒོམ་པར་བཞེད་དོ། །གཉིས་པ་ལ། གཙོ་བོའི་བཞུགས་ཚུལ་དང་། འཁོར་གྱི་བཀོད་པའོ། །དང་པོ་ལ། སྐུ་མདོག་དང་། ཆ་བྱད་དང་། རྒྱན་ཆས་དང་། ཕྱག་མཚན་དང་། འཁྲིལ་ཚུལ་ལོ། །དང་པོ་ནི། སྨུག་ནག་སྔོ་ནག་སེར་ནག་དང་། དམར་ནག་ལྗང་ནག་ཅེས་པས་བསྟན་ཏེ། རིམ་བཞིན་བུདྡྷ། བཛྲ། རཏྣ། པདྨ། ཀརྨ་ཧེ་རུ་ཀ་ལྔའི་སྐུ་མདོག་རྩ་ཞལ་དང་བཅས་པའོ། །ལྷོ་མ་གཏོགས་པའི་ཁྲོ་བོ་གཞན་བཞིའི་གཡས་ཞལ་དཀར་པོ་དང་། ལྷོའི་གཡས་ཞལ་སྔོན་པོ། དབུས་དང ལྷོ་བྱང་གི་གཡོན་ཞལ་དམར་པོ། ཤར་ནུབ་གཉིས་ཀྱི་གཡོན་སེར་པོ་སྒྱུ་འཕྲུལ་སེར་པོ་སྒྱུ་འཕྲུལ་བརྒྱད་པ་ལས་གསུངས་སོ། །དེའང་དུག་ལྔ་གནས་སུ་དག་ཅིང་ལས་བཞི་ལྷུན་གྲུབ་ཀྱི་མཛད་པ་མཚོན་པའི་བརྡར་རིགས་སོ་སོའི་ཁ་དོག་དང་། དེ་དག་ཀྱང་རིགས་མི་འགྱུར་ཞིང་ལས་བཞིའི་གཞི་དང་མཐར་ཕྱིན་པ་ནི་དྲག་པོ་ཁོ་ནས་མཛད་པའི་ཕྱིར་ཐམས་ཅད་ལ་ནག་པོའི་སྒྲས་སྨོས་སོ། །གཉིས་པ་ནི། གདུལ་བྱ་གདུག་པ་ཅན་འདུལ་བའི་ཕྱིར་ལྔ་ཀའང་ཤིན་ཏུ་འཇིགས་པའི་སྐུ་སྟེ། རྣམ་ཐར་གསུམ་དང་ཡེ་ཤེས་དྲུག་མཚོན་པའི་དབུ་གསུམ་ཕྱག་དྲུག་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་བདུད་བཞི་འདུལ་བའི་ཞབས་བཞི་དོར་སྟབས་སུ་བགྲད་པ་སྟེ། འདི་ཉིད་ལས། དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཆེན་པོ་ཁྱོ་ཤུག་གི་གདན་ལ་བརྐྱང་བསྐུམ་དུ་བཞུགས་སོ། །ཞེས་སོ། །འདིའི་རྒྱ་དཔེར་བརྐྱང་བསྐུམ་གྱི་སྐད་དོད་ལ། ཨཱ་ལཱི་ཌྷ་བཱ་ད། ཞེས་ཡོད་པས་ཞབས་གཡས་བརྐྱང་ངོ་། །འདིར་དངོས་སུ་སྐུ་དང་། རྔམ་པའི་སྒྲ་ཆེན་སོགས་ཀྱིས་གསུང་གཉིས་ལས་མ་བྱུང་ཡང་། དོན་ལ་སྐུ་གསུང་ཐུགས་ཀྱི་ཉམས་གསུམ་གསུམ་སྟེ་གར་དགུ་དང་ལྡན་པའོ། །དེ་ལྟར་ཡང་། གློག་གི་ཕྲེང་བ་ལས། སྒེག་པ་དཔའ་བ་མི་སྡུག་པ། །རྒོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་དང་། །གར་དགུའི་ཉམས་དང་ལྡན་པའོ། །ཞེས་སོ། །གསུམ་པ་ནི། ཀོ་རློན་གོས་ནི་སྣ་ཚོགས་གྱོན། །སྦྲུལ་དང་ཐོད་ཕྲེང་ཉི་ཟླའི་ཆས། །ཞེས་པའི་སྐབས་སུ་རྒྱན་ལ། དུར་ཁྲོད་ཀྱི་ཆས་བརྒྱད། དཔལ་གྱི་ཆས་བརྒྱད། གསལ་བའི་རྒྱན་གཉིས་སོ། །དང་པོ་ནི། རྒྱལ་བྱེད་དཔའ་རྟགས་ཀྱི་རྒྱན་ཏེ། དེ་ལའང་བགོ་བའི་གོས་གསུམ། གདགས་པའི་རྒྱན་གཉིས། བྱུག་པའི་རྫས་གསུམ་སྟེ་བརྒྱད་ལས། གོས་གསུམ་ནི། ཞིང་གླང་གི་སྟོད་གཡོགས་དང་། སྟག་ཤམ་སྟེ། རྟོག་པ་ལྷ་རྒྱུད་ལས། ཞིང་ཆེན་གཡང་གཞི་བྱང་ཆུབ་སེམས་ཀྱི་རྒྱན། །གླང་ཆེན་ཀོ་རློན་སྟོབས་ཆེན་མཆོག་གི་རྒྱན། །སྟག་གི་ཤམ་ཐབས་དཔའ་བརྟུལ་ཟ་བྱེད་རྒྱན། །ཞེས་སོ། །གདགས་པའི་རྒྱན་ལ་སྦྲུལ་དང་། ཐོད་ཕྲེང་གཉིས་ལས། སྦྲུལ་རྒྱན་ནི། སྦྲུལ་དཀར་རྒྱལ་རིགས། སེར་རྗེ་རིགས། དམར་བྲམ་ཟེ། ནག་གདོལ་བ། ལྗང་གུ་དམངས་རིགས། ལྔས་རིམ་བཞིན། དབུ་རྒྱན། སྙན་ཆ། སེ་མོ་དོ་དང་མགུར་ཆུ། གདུ་བུ། སྐ་རགས་དང་། དོ་ཤལ་བྱས་པ་སྟེ། དེ་ལས། སྦྲུལ་ནག་ཆུན་པོ་མཉེན་ལྕུག་འཁྲིལ་བའི་རྒྱན། །ཞེས་སོ། །ཐོད་རྒྱན་ནི། སྐམ་པོའི་དབུ་རྒྱན། རློན་པའི་དོ་ཤལ། ཚལ་བུའི་དཔུང་རྒྱན་ཏེ། དེ་ལས། ཐོད་པ་ཚར་གསུམ་སྐུ་གསུམ་བརྙེས་པའི་རྒྱན། །ཞེས་སོ། །རྫས་གསུམ་ནི། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། །སྨིན་མཚམས་སུ་རཀྟའི་ཐིག་ལེ། །ཨོས་ཀོ་ལ་ཞག་གི་ཟོ་རིས་ཏེ། དེ་ལས། རཀྟ་ཐུགས་རྗེ་ཆགས་པའི་རྒྱན། །ཐལ་བ་འདུལ་བྱེད་ཕྲིན་ལས་རྒྱན། །ཞག་ཆེན་དོན་དམ་བཅུད་ཀྱི་རྒྱན། །ཞེས་སོ། །གཉིས་པ་ནི། དཔལ་ཆེན་པོའི་སྐུ་ལ་ཡེ་ནས་རང་ཆས་སུ་གནས་པའི་ཕྱིར་དཔལ་གྱི་ཆས་ཏེ། དབུ་སྐྲ་གྱེན་བརྫེས་འཁོར་བ་རུ་བཟློག་ཆས། །རྡོ་རྗེའི་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །མཐིང་དམར་ཅོད་པན་རྟག་ཆད་ཟིལ་གནོན་ཆས། །སྤྱི་གཙུག་རྡོ་རྗེ་ལྷག་པ་རིག་པའི་ཆས། །དབང་གི་བསེ་ཁྲབ་གཟི་འབར་བགྲོད་པའི་ཆས། །གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། །གནོད་གདུག་ཟློག་བྱེད་དཔའ་བོ་ལྗགས་ཀྱི་ཆས། །ཉོན་མོངས་སྲེག་བྱེད་རྡོ་རྗེ་མེ་ཡི་ཆས། །ཞེས་སོ། །གསུམ་པ་ནི། བྱང་སེམས་བརྟན་པ་ཉིད་ཀྱི་སྙན་གོང་གཡས་གཡོན་ཉི་ཟླས་བརྒྱན་པའོ། །རྗེ་རོང་བ་ནི། ཉི་ཟླའི་ཕྲེང་བ་སེ་རལ་ཁར་བྱས་པར་བཞེད་དོ། །བཞི་པ་ནི། སྟོང་གི་འཇིག་རྟེན་ཁོར་ཡུག་བཅས། །ཞེས་སོགས་བསྟན་ཏེ། སྒྱུ་འཕྲུལ་བརྒྱད་པ་ལས། རྡོ་རྗེ་ཁྲོ་བོ་ཁྲག་འཐུང་མཐིང་། །ཁྲོ་མོ་དབྱིངས་ཕྱུག་འདུ་འབྲལ་མེད། །དཀར་དམར་ཞལ་དུ་ཉོན་མོངས་འདྲེན། །རྩེ་དགུ་རྩེ་ལྔ་ཏི་ར་དང་། །དྲིལ་བུ་དུང་དམར་འཇིག་རྟེན་འཆང་། །ཤེས་རབ་འཁྱུད་པས་ཆགས་པ་སྟོན། །བུདྡྷ་ཁྲག་འཐུང་ཁྲོ་མོ་འཁྲིལ། །དཀར་སེར་སྨུག་ནག་གཏི་མུག་འདྲེན། །འཁོར་ལོ་རྡོ་རྗེ་ཏི་ར་དང་། །དྲིལ་བུ་དུང་དམར་ཏྲི་ཤཱུལ་འཆང་། །རཏྣ་ཁྲག་འཐུང་ཁྲོ་མོ་འཁྲིལ། །སྔོ་དམར་སེར་ནག་ང་རྒྱལ་གསོལ། །རིན་ཆེན་རྡོ་རྗེ་ཏི་ར་དང་། །དྲིལ་བུ་དུང་དམར་དགྲ་སྟྭ་རོལ། །པདྨ་ཁྲག་འཐུང་ཁྲོ་མོ་འཁྲིལ། །དཀར་སེར་དམར་ནག་བརྗིད་པ་ལས། །པདྨ་རྡོ་རྗེ་ཏི་ར་དང་། །དྲིལ་བུ་དུང་དམར་རྔེའུ་ཆུང་འཆང་། །ལས་རབ་ཁྲག་འཐུང་ཡུམ་དང་རོལ། །དཀར་དམར་ལྗང་ནག་འབར་བ་ལ། །རྒྱ་གྲམ་རྡོ་རྗེ་ཏི་ར་དང་། །དྲིལ་བུ་དུང་དམར་ཐོང་གཤོལ་རོལ། །ཞེས་པ་ནི་གར་མཆོད་དང་མཐུན་ཞིང་བཀའ་མཆིམས་ཕུ་བའི་ཕྱག་བཞེས་སོ། །གཞན་དུ་སྒྱུ་འཕྲུལ་རྡོ་རྗེ་དང་བླ་མ་ལ་སོགས་པར་སྐུ་མདོག་དང་ཕྱག་མཚན་འདི་དང་ཅུང་ཟད་མི་མཐུན་པར་བྱུང་ནའང་། ཐུགས་རྗེ་དང་མཛད་པ་ལ་ཕྱོགས་རིས་མེད་པར་གདུལ་བྱ་ཇི་ལྟར་མོས་པ་ལྟར་སྣང་བའོ། །འོ་ན་གཅིག་ཏུ་མ་ངེས་པའི་ཕྱིར། གང་ཟག་གིས་ཉམས་སུ་བླང་མི་བཏུབ་པའི་སྐྱོན་དུ་འགྱུར་རོ་ཞེ་ན། ཁྱབ་པ་མེད་དེ། རྒྱུད་གཞུང་རེ་རེའི་དབང་དུ་ངེས་པ་ཅན་དུ་གསུངས་པའི་ཕྱིར། དེ་ལྟར་ཉམས་སུ་ལེན་ཞེས་གོང་མ་རྣམས་གསུངས་སོ། །ལྔ་པ་ནི། བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །ཞེས་པ་སྟེ། ཐམས་ཅད་ཀྱང་སྐུ་མདོག་ཡབ་དང་མཐུན་ཞིང་གཟིག་ཤམ་ཅན། གཡས་ཤེས་རབ་ཀྱི་རྟགས་དྲིལ་བུས་ཡབ་ལ་འཁྱུད་ཅིང་། གཡོན་དུང་ཁྲག་ཞལ་དུ་སྟོབ་པ་སྟེ། གཡས་པ་ཤེས་རབ་ཐབས་ལ་བརྟེན། །གཡོན་དུ་དུང་དམར་གཙོ་ལ་སྟོབ། །ཞེས་སོ། །གཉིས་པ་འཁོར་གྱི་བཀོད་པ་ནི། གནས་དང་ཡུལ་གྱི་ཕྱག་རྒྱ་དང་། །ཞེས་པའི་སྐབས་གནས་ཡུལ་གྱི་མ་མོ་བརྒྱད་བརྒྱད་ལས། གནས་ཞེས་པ་ནི་དུར་ཁྲོད་ཀྱི་གནས་བརྒྱད་ལས་བཏགས་པ་སྟེ། དེ་ལ་ཕྱི་ནང་གསང་གསུམ་ལས། ཕྱི་ནི། བསིལ་བའི་ཚལ་ལ་སོགས་པ་བརྒྱད་དོ། །དེའང་གལ་པོ་ལས། ཡུལ་གྱི་མིང་ནི་རྒྱ་གར་མ་ག་དྷའོ། །ཡུལ་སིདྷ་མ། དུར་ཁྲོད་ཆེན་པོ་བསིལ་བ་ཚལ། །ག་རཱི། ཡུལ་གྱི་མིང་ནི་སིངྒྷའི་ཡུལ། །ཀཱ་ཀ་མུ་ཁཱི། དུར་ཁྲོད་ཆེན་པོ་སྐུ་ལ་རྫོགས། །སྨ་ཤ་ནཱི། ཡུལ་གྱི་མིང་ནི་ཁ་ཆེའི་ཡུལ། །ཨཱུ་ལུ་མ། དུར་ཁྲོད་ཆེན་པོ་ཧེ་ཆེན་རོལ། ། ཙཎྜ་ལཱི། ཡུལ་གྱི་མིང་ནི་ཐོ་གར་ཡུལ། །ཤྭ་ན། དུར་ཁྲོད་ཆེན་པོ་གསང་ཆེན་རོལ། །བཻཏྟ་ལཱི། ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ། །ཀངྐ་མུ་ཁཱི། དུར་ཁྲོད་ཆེན་པོ་པདྨ་བརྩེགས། གྷིསྨ་རཱི། ཡུལ་གྱི་མིང་ནི་བལ་པོའི་ཡུལ། སྲྀ་ག་ལ། དུར་ཁྲོད་ཆེན་པོ་ཡ་མ་ཁ། །པྲ་མོ་ཧེ། ཡུལ་གྱི་མིང་ནི་ཟ་ཧོར་ཡུལ། །གྷྲྀ་དྷ། དུར་ཁྲོད་ཆེན་པོ་ཁྱུ་བྱུག་ཀློང་། །པུཀྐ་སཱི། ཡུལ་གྱི་མིང་ནི་ལི་ཡི་ཡུལ། །བྱཱ་གྷྲྀ། དུར་ཁྲོད་ཆེན་པོ་མངོན་རྫོགས་ཡིན། །ཙ་རཱི། ཞེས་སོ། །ནང་གི་དུར་ཁྲོད་བརྒྱད་ནི། ཡན་ལག་ལྔ། སྙིང་ཁོག་པ་དང་བཅས་པ། ནང་ཁྲོལ། མཚན་མའོ། །གསང་བའི་དུར་ཁྲོད་ནི། རྣམ་ཤེས་ཚོགས་བརྒྱད་དེ། ཀུན་གཞི་ག་རཱི། ཡིད་ཙ་རཱི། ཉོན་ཡིད་པྲ་མོ་ཧེ། རེག་ཤེས་བཻཏྟ་ལཱི། མིག་པུཀྐ་སཱི། ལྕེ་གྷསྨ་རཱི། རྣ་བ་སྨ་ཤ་ནཱི། སྣ་ཙཎྜ་ལཱིའོ། །ཡུལ་བརྒྱད་ནི། གོང་གི་དུར་ཁྲོད་བརྒྱད་དང་འབྲེལ་བའི་མ་ག་དྷ་ལ་སོགས་པའི་ཡུལ་བརྒྱད་དོ། །ཡང་ན་རྣམ་ཤེས་ཚོགས་བརྒྱད་ཀྱི་ཡུལ་བརྒྱད་དེ། ཀུན་གཞི་ལ་ཡུལ་དོན་སེམས། སིདྷ་མ། ཡིད་ཡུལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས། བྱཱ་གྷྲྀ། ཉོན་ཡིད་ཀྱི་ཡུལ་ཀུན་གཞི། སྲྀ་ག་ལ། སྒོ་ལྔའི་ཡུལ། གཟུགས། གྲྀ་ཌྷ། སྒྲ། ཀངྐ་མ། དྲི། ཀཱཀ །རོ། ཨཱུ་ལུ། རེག་བྱའོ། །ཤྭ་ན། དེ་ལྟར་ན་ཡུལ་དང་རྣམ་ཤེས་མ་སྤངས་གནས་སུ་དག་པ་ལས། ག་རཱི་དང་ཕྲ་མེན་མ་སྟེ། དང་པོ་རྩིབས་མཆན་དང་། གྲུ་ཆད་ལ་བཞུགས་ཤིང་། ཕྱི་མ་ནི། ནང་ཁྱམས་ཀྱི་ཕྱོགས་བཞིར་མཆེ་བ་ཅན་བཞི་དང་། མཚམས་བཞིར་གཤོག་པ་ཅན་བཞི་བཞུགས་སོ། །དེ་དག་གི་སྐུ་མདོག་དང་ཕྱག་མཚན་ནི། ག་རཱི་བྷན་དམར་ཞིང་དབྱུག་སྔོ། །ཞེས་སོགས་དང་། སིདྷ་ཁ་རོ་བསྣོལ་སེར་སེང་། །ཞེས་སོགས་སོ། །སྒོ་བཞི་ཕྱག་རྒྱ་ཞེས་སོགས་ནི། རྟག་ཆད་བདག་མཚན་ཏེ་ཕྱིན་ཅི་ལོག་གི་སྒོ་བཞི་ལ་ཡེ་ཤེས་ཀྱི་ཕྱག་རྒྱས་འདེབས་པར་བྱེད་པའི་ལྕགས་ཀྱུ་མ་ལ་སོགས་པ་སྟེ། རྟ་གདོང་སྔོན་མོ་ལྕགས་ཀྱུ་འཛིན། །ཞེས་སོགས་སོ། །སླས་དང་བྱི་མོ་སོགས་ཀྱིས་དབང་ཕྱུག་མ་ནི། གྲངས་ཉི་ཤུ་རྩ་བརྒྱད་དང་། གདན་ཞིང་སྐམ་རེ་རེ་དང་། སྐུ་མདོག་དང་ལག་ཆ་ནི། །སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཞེས་སོགས་སོ། །འདིར་སྒྱུ་འཕྲུལ་སྙིང་པོ་བཀོད་པ་ལས། ཕྱི་ཡི་མཁའ་འགྲོ་རང་རྒྱུད་མ། །ནང་གི་མཁའ་འགྲོ་ཁྲོ་མོར་སྟོན། །གསང་བའི་སྤྲུལ་པ་མགོ་བརྙན་མ། །བཀའ་རྟགས་རྡོ་རྗེ་རང་རྟགས་འཆང་། །ཞེས་གསུངས་སོ། །གལ་ཏེ་གང་དུ་དབང་དང་བྱིན་རླབས་མ་བྱས་ན། སྐབས་འདིར་ཞི་བ་ལྟར་ཡེ་ཤེས་སེམས་དཔའ་བསྐྱེད་ནས་དབང་བསྐུར་བྱིན་གྱིས་རློབ་ཅིང་། རིགས་བདག་ནི་རིགས་ལྔ་ཡབ་ལ་ཡབ་ལྔ་དང་། ཡུམ་ལ་ཡུམ་ལྔས་བརྒྱན། ཁྲོ་མོ་ཉི་ཤུ་ལ་ཡེ་ཤེས་ལྔ་དང་། ལྡན་པའི་རྟགས་སུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་རེ་རེ་དང་། དབང་མོ་རྣམས་ལ་དྲག་པོའི་ལས་མཛད་པའི་རྟགས་སུ་ལྕགས་ཀྱི་རྡོ་རྗེ་རྩེ་གསུམ་པ་རེ་རེས་དབུ་བརྒྱན་པར་བཤད་དོ། །ཡན་ལག་གི་ལྷ་འདི་དག་ཀྱང་། །གོང་མ་ཕལ་ཆེར་ཁྲོ་བོ་ཁོ་ན་བསྐྱེད་པར་མཛད། །ལྷ་རྗེ་རྟ་སྟོན་ནི། རྩ་ལྷ་ཁྲོ་བོ་ཡིན་པས་ཡེ་ཤེས་སེམས་དཔའ་སོགས་ཡན་ལག་གི་ལྷ་རྣམས་ཞི་བ་བསྒོམས་ཀྱང་འགལ་བ་མེད་དེ། འདི་ལྟར་ཞི་བ་ལ་ཁྲོ་བོའི་རྒྱན་རྣམས་གང་དུའང་མི་ཚུད་ལ། ཁྲོ་བོ་ལ་ཞི་བའི་རྒྱན་རྣམས་མ་བཀག་པའི་ཕྱིར། ཞི་ཁྲོ་གཉིས་གང་མོས་སུ་བསྐྱེད་པས་ཆོག་ཅིང་། ཞི་བ་ལྟར་ན་རིན་པོ་ཆེའི་དབུ་རྒྱན། ཁྲོ་བོ་ལ་ཐོད་པའི་དབུ་རྒྱན་གྱི་ཁང་བུ་ལ་བརྟེན་པར་བསྒོམ་མོ་གསུངས། རྗེ་བླ་མ་ཐམས་ཅད་མཁྱེན་པས་མཛད་པའི་དོང་སྤྲུགས་དཀྱིལ་ཆོག་ཏུའང་། ཡེ་ཤེས་སེམས་དཔའ་མ་གཏོགས་པའི་ཡན་ལག་གི་ལྷ་གཞན་བརྒྱད་པོ་ཞི་ཁྲོ་ཐུན་མོང་དུ་ཞི་བས་མཛད་དོ། །གསུམ་པ་ལས་ཀྱི་རིམ་པའི་ཏིང་འཛིན་ནི། སྙན་གསན་དབབ་པ། སྤྱན་དྲང་བ། རིག་པའི་མེ་ཏོག་དོར་བ། དངོས་གྲུབ་བསྐུལ་ཏེ་བསྟིམ་པ། མཆོད་པ་འབུལ་བ། བཤགས་པ་བྱ་བ། དངོས་གྲུབ་གསོལ་བ། དམ་བཅའ་བ། འཛབ་བཟླ་བ་རྣམས་དང་། རྗེས་ཀྱི་རིམ་པའང་། ཚོགས་དང་། ལྷག་མ། བརྟན་མ་བསྐྱང་བ། དཀྱིལ་འཁོར་བསྡུ་བ་རྣམས་ཏེ་ལས་གཞུང་ལས་ཤེས་པར་བྱའོ། །སྤྱིར་དཀྱིལ་འཁོར་སྤྲོས་པའི་སྐབས་འདིར་ཞི་ཁྲོ་གཉིས་ཀ་ལ་རྒྱས་བསྡུས་གསུམ་ལས། ཞི་བ་ཞེ་གཉིས་ནི་འབྲིང་པོ་དང་། ཁྲོ་བོ་ང་བརྒྱད་ནི་བསྡུས་པའི་དཀྱིལ་འཁོར་ཏེ། གཞན་དུ་ཞི་བ་རྒྱས་པ་ནི། སྔར་བྲིས་པ་དང་མཐུན་པར་ལྟེ་བའི་འཁོར་ལོ་རྩིབས་བཞི་དབུས་དང་ལྔར། མི་བསྐྱོད་པ་ཡབ་ཡུམ་ལ་རང་གི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བ། དེ་བཞིན་དུ་ཤར་རྩིབས་ཀྱི་འཁོར་ལོ་ལ་རྣམ་སྣང་གིས་གཙོ་བོ་བྱས་པ་བཅུ། ལྷོ་རྩིབས་ཀྱི་འཁོར་ལོ་ལ་རིན་འབྱུང་གིས་གཙོ་བོ་བྱས་པ་བཅུ། ནུབ་རྩིབས་ཀྱི་འཁོར་ལོ་ལ་མཐའ་ཡས་ཀྱིས་གཙོ་བོ་བྱས་པ་བཅུ། བྱང་རྩིབས་ཀྱི་འཁོར་ལོ་ལ་དོན་གྲུབ་ཀྱིས་གཙོ་བོ་བྱས་པ་བཅུ་སྟེ། འོད་རིམ་ལས། འཁོར་ལོ་དབུས་ལྔར་རྒྱལ་པོ་ཡུམ། །མདུན་རྒྱབ་གཡས་གཡོན་ཕྱོགས་བཞི་རུ། །སེམས་དཔའ་སེམས་མ་རིམ་བཞིན་བསམ། །ཞེས་སོ། །དེ་ལྟར་ལྔ་བཅུའི་སྟེང་དུ་སེམས་དཔའ་སེམས་མ་བཅུ་དྲུག །སྒོ་བ་ཡབ་ཡུམ། བྱ་བྱེད། ཐུབ་དྲུག་སྟེ་བརྒྱད་ཅུ་རྩ་གཉིས་སོ། །དེའང་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བཞི་བཅུའི་མཚན་གྱི་སྡོམ་ནི། དབུས་ཀྱི་རིགས་ཆུང་སེམས་དཔའ་རྡོ་རྗེ་དང་། །དེ་བཞིན་རིན་ཆེན་ཆོས་དང་ལས་བཞིའི་ཡུམ། །རིམ་བཞིན་བརྟན་འབར་སྡུད་བསྐྱོད་བཞི་པོ་སྦྱར། །སེམས་དཔའ་རྒྱལ་པོ་ཆགས་པ་ལེགས་བཞི་སྦྱར། །ཡུམ་ནི་སྒེག་མོ་བདུག་པ་ལྕགས་ཀྱུ་སྒྲོན། །རིན་ཆེན་ཉི་མ་རྒྱལ་མཚན་བཞད་བཞི་ལྷོ། །ཡུམ་ནི་མཱ་ལེ་མེ་ཏོག་ཞགས་བདེ་མ། །ཆོས་དང་རྣོན་པོ་འཁོར་ལོ་སྨྲ་བ་ནུབ། །ཡུམ་ནི་གླུ་སྒྲོན་ལྕགས་སྒྲོག་གསལ་བཀྲ་མ། །ལས་དང་བསྲུང་བ་གནོད་སྦྱིན་ཁུ་ཚུར་བྱང་། །གར་བྱུག་དྲིལ་འཁྲོལ་འབེབས་མ་ཡུམ་བཞི་སྟེ། །དང་གཅིག་མ་གཏོགས་ཡབ་ཡུམ་ཐམས་ཅད་ཀྱི། །མཚན་གྱི་ཐོག་མར་རྡོ་རྗེ་རེ་རེ་སྦྱར། །ཞེས་སོ། །བཞི་པ་བསྡུས་པ་ནི། རིགས་ལྔ་ཡབ་ཡུམ་བཅུ་དང་། སྒོ་བ་ཡབ་ཡུམ་བརྒྱད་དེ་ལྷ་ཚོགས་བཅོ་བརྒྱད་དོ། །ཁྲོ་བོའི་དཀྱིལ་འཁོར་འབྲིང་པོ་ནི། ཁྲག་འཐུང་ལྔ་བཅུ་ང་བརྒྱད་ཀྱི་སྟེང་དུ་ཁྲོ་བཅུ་ཡབ་ཡུམ་བསྣན་པས་ལྷ་བདུན་ཅུ་རྩ་བརྒྱད་དོ། །རྒྱས་པ་ནི། རིགས་ལྔའི་ཁྲག་འཐུང་ཡབ་ཡུམ་ཟུང་རེ་ལ་རིགས་ཆུང་གི་ཁྲག་འཐུང་ཡབ་ཡུམ་བརྒྱད་བརྒྱད་ཀྱིས་བསྐོར་བའི་ལྔ་བཅུའི་སྟེང་དུ། འབྲིང་པོའི་སྐབས་ཀྱི་འཁོར་དྲུག་ཅུ་རེ་བརྒྱད་པོ་བསྣན་པས་བརྒྱད་དང་བཅོ་བརྒྱད་དོ། །ཡང་། འདི་ཉིད་ལས། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །ཞེས་སོགས་ཀྱི་སྐབས་སུ་རྣམ་གྲངས་སྤྲོས་པ་སྟེ། སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ལ་བསླབ་པའི་ཐབས་བསྟན་ནོ། །དེ་ལའང་གསུམ་སྟེ། སངས་རྒྱས་སྟོང་གི་དང་། ཉི་ཁྲི་བཞི་སྟོང་གི་དང་། བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་བསླབ་པའོ། །དང་པོ་ལ། ཐབས་ཀྱི་ལྷ་བཞི་བཅུ། ཤེས་རབ་ཀྱི་ལྷ་བཞི་བཅུ། སྐུ་གསུང་ཐུགས་ཀྱི་ལྷ་བརྒྱ་དང་ཉི་ཤུ། དབུ་རྒྱན་གྱི་ལྷ་བརྒྱད་བརྒྱའོ། །དང་པོ་ནི། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །ཞེས་པས་རྩ་བའི་ལྷ་ཡབ་ཡུམ་གཉིས་ལ་ཡན་ལག་གི་ལྷ་བཞི་བཅུ་བསྒོམ་པ་སྟེ། ཡབ་ཀྱི་རྟོག་པའི་གནས་སུ་ཡབ་བཅུ་བདུན་དང་ཐུབ་པ་དང་དྲུག་སྟེ་ཉེར་གསུམ། ཡུམ་ལ་ཡུམ་བཅུ་བདུན་དགོད་དོ། །ཇི་ལྟར་འགོད་ཅེ་ན། བདག་ཉིད་མི་བསྐྱོད་པར་གསལ་བཏབ་པའི་དབུ་ལ་རྣམ་སྣང་། ལག་གཡས་སུ་ཀུན་བཟང་། གཡོན་ལ་རིན་འབྱུང་། རྐང་གཡས་དོན་གྲུབ། གཡོན་མཐའ་ཡས། མིག་རྣ་བ་སྣ་ལྕེ་བཞིའི་གཡས་ཀྱི་རྩ་ནང་དུ་ས་སྙིང་། ཕྱག་རྡོར། ནམ་སྙིང་། སྤྱན་རས་གཟིགས་དང་། གཡོན་གྱི་རྩའི་ཕྱི་རོལ་དུ་རིམ་པར། བྱམས་པ། སྒྲིབ་སེལ། ཀུན་བཟང་། འཇམ་དཔལ། ལག་མཐིལ་གཡས་སུ་གཤིན་རྗེ། གཡོན་དུ་སྟོབས་ཆེན། རྐང་མཐིལ་གཡས་པར་འཁྱིལ་བ། གཡོན་དུ་རྟ་མགྲིན། མཚོགས་མར་ལྷ། སྟ་ཟུར་ལ་ལྷ་མིན། སྙིང་གར་མི། ལྟེ་བར་བྱོལ་སོང་། མགྲིན་པར་ཡི་དྭགས། གསང་གནས་སུ་དམྱལ་བའི་ཐུབ་པ་རྣམས་དགོད་དོ། །དེ་བཞིན་དུ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་ལ་ཡུམ་བཅུ་བདུན་འགོད་པའི་རིམ་པ་ཡབ་དང་མཚུངས་སོ། །དེ་ལྟར་ཡན་ལག་གི་ལྷ་བཞི་བཅུ་པོ་ནི་རགས་པ འི་ཆ་ནས་ཐབས་ཀྱི་ལྷར་བཞག་གོ། །གཉིས་པ་ནི། ཐབས་ལྷ་བཞི་བཅུ་པོའི་ཐུགས་ཀར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་རེ་རེ་བསྒོམ་པ་ནི། ཡན་ལག་སྤྲོས་པ་སྟེ་ཕྲ་བའི་ཆ་ནས་ཤེས་རབ་ཀྱི་ལྷར་བཞག་གོ། །གསུམ་པ་ནི། བཞི་བཅུ་རྩ་གཉིས་སུམ་འཕྲོར་འགྱུར། །ཞེས་པས་རྩ་ལྷ་ཡབ་ཡུམ་གཉིས་ལ་བཀོད་པའི་ཐབས་ཀྱི་ལྷ་བཞི་བཅུ་པོ་རེ་རེའི་ཡང་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་ལྷ་རེ་རེ་འགོད་པ་ནི། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ལྷ་བརྒྱ་ཉི་ཤུའོ། །བཞི་པ་ནི། བདག་སྟེ། ཞེས་པས། དེ་ལྟར་བརྒྱ་ཉི་ཤུ་པོའི་སྟེང་དུ་ཐབས་ཀྱི་ལྷ་བཞི་བཅུ་བསྣན་ཏེ་བརྒྱ་དྲུག་ཅུ་པོ་དེ་དག་ལ་སོ་སོའི་རིགས་བདག་གིས་གཙོ་བྱས་པའི་དབུ་རྒྱན་གྱི་ལྷ་ལྔ་ལྔ་སྟེ་བརྒྱད་བརྒྱའོ། །དེས་ན་ཐབས་ཤེས་བྱིན་རློབས་དབུ་རྒྱན་གྱི་ལྷ་རྣམས་ཀུན་དྲིལ་བས་རྩ་ལྷ་ཡབ་ཡུམ་གཉིས་ལ་ཡན་ལག་དང་ལྷག་པའི་ལྷ་སྟོང་བསྒོམ་པ་ཡིན་ནོ། །འདིར་སྔ་རབས་ཀྱི་མཁས་པ་འགའ་ཞིག །རྩགས་ཚ། ཉང་། རོག་སོགས། ཐབས་ཀྱི་ལྷ་བཞི་བཅུ། ཤེས་རབ་ཀྱི་ལྷ་བཞི་བཅུ། སྐུ་གསུང་ཐུགས་ཀྱི་ལྷ་རེ་རེ་ཞིང་བཞི་བཅུ་རེ་སྟེ་ཉིས་བརྒྱ་ནི་གྲངས་ཀྱི་གཞི་མའོ། །ཉིས་བརྒྱ་པོ་རེ་རེ་ལ་དབུ་རྒྱན་ལྔ་ལྔ་བསྣན་པས་ལྔ་ཚན་ཉིས་བརྒྱ་ལ་སྟོང་ཡོད་དེ། །དབུ་རྒྱན་ཁོ་ནའི་གྲངས་ཡིན་ལ། །དེའི་སྟེང་དུ་གཞིའི་ལྷ་ཉིས་བརྒྱ་བསྣན་པས་རྣམ་གྲངས་བྱུང་ཚོགས་སུ་ལྷ་སྟོང་ཉིས་བརྒྱའོ། །ཞེས་གསུངས་ནའང་། རིགས་པར་མ་མཐོང་སྟེ། ལམ་རིམ་ལས། སྟངས་དཔྱལ་གཉིས་ཀྱི་ཕྱག་རྒྱ་དང་། །སངས་རྒྱས་སྟོང་གི་དཀྱིལ་འཁོར་ཡང་། །རི་རབ་ཏིལ་འབྲུའི་ཚུལ་བཞིན་དུ། །དཔེ་བྱད་མཚན་གྱིས་སྤྲས་པའོ། །ཞེས་རྩ་བའི་ལྷ་ལ་སངས་རྒྱས་སྟོང་བསྒོམ་པར་གསུངས་པའི་གྲངས་འཇིག་པའི་ཕྱིར་དང་། གཞན་ཡང་ཐུགས་ཀའི་ཡེ་ཤེས་སེམས་དཔའ་བཞི་བཅུ་ནི་ཤེས་རབ་ཀྱི་ལྷ་ཡིན་པའི་ཕྱིར་དང་། རྒྱན་སྤངས་པའི་ཕྱིར་དབུ་རྒྱན་བཅིང་བའང་རིགས་པ་མ་ཡིན་ནོ། །ཡང་དཀྱིལ་འཁོར་སྤྲོས་པའི་སྐབས་སུ་རིན་ཆེན་དྲྭ་བ་ལས། དབང་བསྐུར་བྱིན་རླབས་ཚུལ་བཞིན་བྱ། །ཞེས་པའི་གོ་རིམ་ལྟར་མཛད་མོད་ཀྱི། །འོན་ཀྱང་རྣམ་གྲངས་སྤྲོས་པའི་སྐབས་འདིར། ལམ་རིམ་ལས། བྱིན་རླབས་རྡོ་རྗེ་གསུམ་དུ་བསྒོམ། །དབུ་ཡི་གནས་ལྔར་ཡེ་ཤེས་ལྔ། །ཞེས་གསུངས་པ་ལྟར་དབང་གི་གོང་དུ་བྱིན་རླབས་བྱ་དགོས་ཏེ། སྐུ་གསུང་ཐུགས་ཀྱི་ལྷ་བརྒྱ་ཉི་ཤུ་ལའང་དབུ་རྒྱན་གྱི་ལྷ་བསྒོམ་དགོས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་ལྡན་པའི་གཙོ་མཆོག་གི། །ཞེས་སོགས་ཏེ། གཙོ་བོ་མི་བསྐྱོད་པ་ཡབ་ཡུམ་ལ་ཇི་ལྟར་བཀོད་པ་བཞིན་དུ་ལྷ་གཞན་རྣམས་ལའང་རིགས་འགྲེ་ཤེས་པར་བྱས་ནས། གང་རྩ་ལྷར་སོང་བའི་ཡབ་ཡུམ་གྱི་རྟོག་པའི་གནས་སུ་ཀུན་བཟང་ཡབ་ཡུམ་འགོད་པ་ཙམ་ཁྱད་པར་རོ། །དེ་ལྟར་ན་རྒྱལ་བ་རིགས་ལྔ་རྒྱལ་མཆོག་ཀུན་བཟང་སྟེ་ཡབ་ཡུམ་ཟུང་དྲུག་ལ་སྟོང་ཚོ་དྲུག །སེམས་དཔའ་ཡབ་ཡུམ་བཅུ་དྲུག་སྒོ་བ་ཡབ་ཡུམ་བརྒྱད་དེ་ཉི་ཤུ་རྩ་བཞི་ཟུང་བཅུ་གཉིས་ཡོད་པས་སྟོང་ཚོ་བཅུ་གཉིས། ཐུབ་དྲུག་ལ་ཡུམ་མེད་པ་ཁ་ཅིག་ན་རེ། དོན་གྱི་ཡུམ་ཆོས་ཀྱི་དབྱིངས་ལ། རྟགས་ཀྱི་ཡུམ་པདྨ་ཡིན་པས་གདན་པདྨ་ལ་འགོད་ཟེར་ནའང་། འདིར་བླ་མ་རྣམས་རྗེ་སྒྲོ་ཕུག་པ་སོགས། ཤེས་རབ་མཚོན་བྱེད་གཡོན་ཡིན་པས། །གཡོན་ཕྱོགས་སུ་འགོད་ཅེས་གསུངས་པ་ལྟར། རྐང་ལག་གི་རིགས་བཞི་དང་། སྒོ་བ་ཡབ་ཡུམ་རྣམས་གཡས་གཡོན་གྱི་ཆ་འཛིན་པའི་རིམ་པའི་རྩའི་མདུན་རྒྱབ་དང་། ཕྱི་ནང་གི་སེམས་དཔའ་རྣམས་དབང་རྩའི་ཕྱི་དང་ནང་དུ་འགོད་ཚུལ་ཤེས་པར་བྱས་ནས་ཐུབ་དྲུག་རེ་རེ་ལའང་སྟོང་ཚང་བར་བསྒོམས་པས་སྟོང་ཚོ་དྲུག་སྟེ། མདོར་ན་སྟོང་ཚོ་ཉི་ཤུ་རྩ་བཞི་བསྒོམ་པ་ནི་ཉི་ཁྲི་བཞི་སྟོང་གི་དཀྱིལ་འཁོར་ལ་བསླབ་པའོ། །དེ་ལྟར་ཡང་ལམ་རིམ་ལས། དེ་ལྟར་གཙོ་མཆོག་ལྡན་བྱས་ནས། །བྱ་བྱེད་རིགས་བཞིའང་སྟོང་བསྒོམ་བྱ། །བཅུ་གཉིས་དྲུག་གི་འོད་འཕྲོ་འབར། །ཉི་ཁྲི་བཞི་སྟོང་དུས་གཅིག་གསལ། །ཞེས་སོ། །གསུམ་པ་ནི། དེ་ལ་སོགས་པ་བསམ་མི་ཁྱབ། །ཅེས་པས། སྟོང་དང་ཉི་ཁྲི་བཞི་སྟོང་པོ་དེ་དག་ལ་གོམས་པ་ལས་སུ་རུང་ནས། དངོས་པོ་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བསྒོམ་པ་ནི་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་བསླབ་པ་སྟེ། ལམ་རིམ་ལས། ཕྱོགས་བཅུ་མ་ལུས་གཞལ་ཡས་ཁང་། །ཉི་ཟླ་གཟའ་སྐར་གདན་དང་རྒྱན། །བདེ་གཤེགས་དཀྱིལ་འཁོར་མ་ལུས་བསྒོམ། །བསམ་ཡས་ལྷུན་གྲུབ་ཉིད་ལ་བསླབ། །ཅེས་སོ། །ཁྲོ་བོའི་དཀྱིལ་འཁོར་ལ། རྒྱུད་འདིར་རྣམ་གྲངས་སྤྲོས་པ་ཚིག་ཟིན་ལ་དངོས་སུ་མ་བྱུང་ནའང་། ཞི་བའི་ཤུགས་ཀྱིས་ཤེས་པར་འགྱུར་བ་ལ་དགོངས་པའོ། །དེའང་ཇི་ལྟར་འགོད་ཅེ་ན། འདིའང་གསུམ་སྟེ་སྟོང་བཞི་བརྒྱ་ལྔ་བཅུའི་དང་། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུའི་དང་། །བསམ་ཡས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་བསླབ་པའོ། །དང་པོ་ནི། ཐབས་ཀྱི་ལྷ་ང་བརྒྱད། ཤེས་རབ་ཀྱི་ལྷ་ང་བརྒྱད། སྐུ་གསུང་ཐུགས་ཀྱི་གནས་གསུམ་དུ་བྱིན་རླབས་ཀྱི་ལྷ་ང་བརྒྱད་པོ་རེ་རེ་སྟེ། ང་བརྒྱད་པ་ཆ་ལྔ་པོའི་གྲངས་བསྡོམས་ན་ཉིས་བརྒྱ་དང་དགུ་བཅུ། དེ་ལས་ཤེས་རབ་ཀྱི་ལྷ་ང་བརྒྱད་མ་གཏོགས་པའི་ལྷ་ཉིས་བརྒྱ་སོ་གཉིས་ལ་རེ་རེ་ཞིང་དབང་བསྐུར་གྱི་ལྷ་ལྔ་ལྔའི་ཡན་ལག་དང་ལྡན་པའི་ཕྱིར་དབུ་རྒྱན་གྱི་ལྷ་སྟོང་ཆིག་བརྒྱ་དྲུག་ཅུའོ། །དེ་ཉིད་སྔར་གྱི་ཉིས་བརྒྱ་དགུ་བཅུ་ལ་བསྣན་པས་སྟོང་བཞི་བརྒྱ་ལྔ་བཅུ་སྟེ་གཙོ་བོ་ཡབ་ཡུམ་གཉིས་ལ་ཚང་བར་བསྒོམ་པའོ། །དེ་ཡང་ལམ་རིམ་ལས། ཡན་ལག་བཀོང་བ་ལྔ་བཅུ་བརྒྱད། །ཆ་ལྔའི་གྲངས་ན་ཉིས་བརྒྱ་དང་། །དགུ་བཅུའི་ལྷ་རྣམས་ཡན་ལག་ལྡན། །ཞེས་སོ། །དེ་ལ་ཐབས་ཀྱི་ལྷ་ང་བརྒྱད་ནི། བཛྲ་ཧེ་རུ་ཀའི་དབུ་ལ་བུདྡྷ། ལག་གཡས་སུ་བཛྲ། གཡོན་དུ་རཏྣ། རྐང་གཡས་ཀརྨ། གཡོན་པ་པདྨ་ཧེ་རུ་ཀ །ཚོགས་བརྒྱད་ཀྱི་དབང་རྟེན་ནང་རྩར་ག་རཱི་མ་བརྒྱད། ཕྱི་རྩར་སིདྷ་མ་བརྒྱད། ཡན་ལག་བཞི་ལ་སྒོ་མ་བཞི། སྒལ་ཚིགས་ཉེར་བརྒྱད་ལ་དབང་མོ་སྟེ་ལྷ་ལྔ་བཅུ་ང་གསུམ་དང་། ཡུམ་བཛྲ་ཀྲོ་དྷཱི་མའི་ཡན་ལག་ལྔ་ལ་རིགས་ཀྱི་ཡུམ་ལྔ་དགོད་ཅིང་། ཤེས་རབ་བྱིན་དབང་གསུམ་གྱི་ལྷའི་འགོད་ཚུལ་ནི་གོ་སླ་བ་ཉིད་དོ། །གཉིས་པ་ནི། གང་རྩ་ལྷར་སོང་བའི་ཤུལ་དུ་བཛྲ་ཧེ་རུ་ཀ་འགོད་པའི་ཚུལ་གྱིས། གཙོ་བོ་ཡབ་ཡུམ་ལ་ཡན་ལག་གི་ལྷ་བཀོད་པ་བཞིན་དུ་གཞན་རྣམས་ལའང་སྦྱོར་ཏེ། ཁྲག་འཐུང་རིགས་ལྔ་ཟུང་རེ་རེ་དང་། འཁོར་གནས་ཡུལ་སྒོ་དབང་སྟེ་ལྷ་མོ་ཡ་ཞེ་བརྒྱད་པོ་རེ་རེ་ལ་སྟོང་བཞི་བརྒྱ་ལྔ་བཅུ་པ་རེ་རེ་སྟེ། མདོར་ན་སྟོང་བཞི་བརྒྱ་ལྔ་བཅུ་པ་ཚོ་ང་གསུམ་ལ་བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུའོ། །དེ་ལྟར་ནའང་འཁོར་གྱི་ལྷ་མོ་རྣམས་ལ་ཁྲག་འཐུང་ཡབ་ལྔ་གང་དུ་འགོད་ཅེ་ན། ལུས་ཀྱི་གཡས་ཕྱོགས་སུ་ཡབ་ལྔ་དང་ལྷ་གཞན་རྣམས་གཡོན་ཕྱོགས་སུ་དགོང་པ་ཙམ་ཁྱད་པར་ཏེ། དཔེར་ན་མགོ་བོའི་གཡས་སུ་བུདྡྷ་ཁྲག་འཐུང་དང་། གཡོན་དུ་བུདྡྷ་ཀྲོ་དྷཱི་མ། ལག་གཡས་ཀྱི་རྩའི་མདུན་དུ་བཛྲ་དང་རྒྱབ་ཏུ་རཏྣ་ཧེ་རུ་ཀ །གཡོན་གྱི་མདུན་རྒྱབ་ཏུ་དེ་གཉིས་ཀྱི་ཡུམ་དགོད་པ་སོགས་རིགས་འགྲེ་ཤེས་པར་བྱའོ། །གསུམ་པ་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ནི་ཞི་བ་ལྟར་རོ། །དྲུག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། གང་རྩ་རླུང་ཐིག་ལེ་ལ་བརྟེན་ཏེ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཉིད་རྟོགས་པ་དང་བསྒོམ་པའི་ཐབས་སྟོན་པ་སྟེ། སྤྱན་འགྲེལ་ལས། བྱང་སེམས་ཕྱི་ནང་གསང་བ་ཡང་། །གནས་བཞི་ཁམས་གསུམ་ཡེ་ཤེས་ཆེ། །ཞེས་པས་ཕྱི་བྱང་ཆུབ་ཀྱི་སེམས་རྩ་རླུང་། ནང་བྱང་ཆུབ་ཀྱི་སེམས་ཐིག་ལེ། །གསང་བ་བྱང་ཆུབ་ཀྱི་སེམས་བདེ་བའི་ཡེ་ཤེས་སོ། །དེ་དག་ཀྱང་སྔ་མ་སྔ་མ་རྟེན་དང་ཕྱི་མ་ཕྱི་མ་བརྟེན་པ་སྟེ། ཁོག་གཞུང་ལས། ཟབ་ཕྱིར་བྱང་སེམས་དཀྱིལ་འཁོར་ནི། །རྟེན་དང་བརྟེན་ཅན་ཐ་སྙད་གཉིས། །དབྱེ་བས་ཕྱི་ནང་མཐར་ཐུག་འགྱུར། །ཞེས་སོ། །དེ་ལ་དང་པོ་ཕྱི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་རྩ་དང་རླུང་གཉིས་ཀྱི། ཐོག་མར་རྩ་ནི། སྒྱུ་འཕྲུལ་སྙིང་པོ་བཀོད་པའི་རྒྱུད་ལས། སྲིད་གསུམ་སེམས་ཅན་ཐམས་ཅད་ལ། །སྲོག་ཤིང་གསུམ་དང་འཁོར་ལོ་བཞི། །ཞེས་པས། རྩ་གསུམ་དང་། འཁོར་ལོའོ། །དང་པོ་ནི། ལུས་ཀྱི་དབུས་གསང་གནས་ནས་གཙུག་ཏོར་གྱི་བར་དུ་རྩ་ཨ་བ་དྷཱུ་ཏཱི་སྲོག་ཤིང་གི་ཚུལ་དུ་ཡར་སྣ་སྨིན་མཚམས་སུ་ཟུག་པ། དེའི་གཡས་ན་རོ་མ་དང་། གཡོན་ན་རྐྱང་མ་གཉིས་ཡར་སྣ་སྣ་སྦུག་ཏུ་ཟུག་སྟེ་སྨིན་མཚམས་ནས་སུམ་གཤིབས་ཀྱི་ཚུལ་དུ་སོང་བའི་འཁོར་ལོ་བཞིའི་ལྟེ་བར་སོ་སོར་མདུད་པའི་ཚུལ་གྱིས་ནང་ཁོང་འབྲེལ་བར་གནས་པ། ལྟེ་བ་སྤུ་ན་གུ་མེ་འཁོར་གྱི་ཐད་ནས་རྩ་གསུམ་འདྲེས་ཤིང་། དབུ་མ་ནི་གཡས་ངོས་སུ་སོང་སྟེ་ཁུ་བ། རྐྱང་མ་དབུས་སུ་སོང་སྟེ་དྲི་ཆུ། རོ་མ་གཡོན་དུ་སོང་སྟེ་ཁྲག་དང་དྲི་ཆེན་འབྱིན་སྡོམ་བྱེད་པར་བཤད་དོ། །གཉིས་པ་ནི། དངོས་གཞིའི་འཁོར་ལོ་བཞི། ཆ་རྐྱེན་གཉིས་དང་བཅས་པ་དྲུག་སྟེ། རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས། ཞེས་གསུངས་པའི་ཕྱིར་དེའང་སྤྱི་མགྲིན་སྙིང་ལྟེ་བའི་འཁོར་ལོ་བཞི་ཀའི་དབུས་ནས་ཕྱོགས་བཞིར་རྩ་བཞི་བཞི་གྱེས་པ། སྙིང་གར་དེ་བཞི་ལས་གཉིས་རེ་གྱེས་པས་བརྒྱད། མགྲིན་པར་དེ་ལས་གཉིས་གཉིས་གྱེས་པས་བཅུ་དྲུག །སྤྱི་བོར་དེ་ལས་གཉིས་གཉིས་གྱེས་པས་སོ་གཉིས། ལྟེ་བར་སྙིང་ག་ལྟར་གྱེས་པ་བརྒྱད་ཀྱི་བཞི་ལས་གཉིས་རེ་གྱེས་པས་འཕོ་བའི་རྩ་བཅུ་གཉིས་དང་། དེའི་སྔར་གྱེས་པ་བརྒྱད་ལས་ལྔ་ལྔ་དང་། མ་གྱེས་པ་བཞི་ལས་དྲུག་རེ་གྱེས་པས་དྲུག་ཅུ་རྩ་བཞིའོ། །དེ་དག་ཀྱང་དཀའ་བ་གཅོད་པ་མན་ངག་སྙིང་པོ་ཞེས་བྱ་བ་ཁྲོ་བོ་སྟོབས་ཀྱི་རྒྱུད་རྒྱལ་ལས་། སུམ་ཅུ་གཉིས་དང་བཅུ་དྲུག་དང་། །བརྒྱད་དང་དྲུག་ཅུ་རྩ་བཞི་ཡི། །དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་ལ། །ཞེས་སོ། །དེའང་སྤྱི་བོའི་འཁོར་ལོ་ལ་སྐུའི་འཁོར་ལོའམ་བདེ་བ་ཆེན་པོའི་རྟེན་ཧཾ་ཡིག་བཞུགས་པས་བདེ་ཆེན་འཁོར་ལོར་གྲགས་ཏེ། རྒྱ་མཚོ་ལས། རང་བྱུང་འཁོར་ལོ་རྒྱུ་ཡི་བདག །ཀ་སོགས་སུམ་ཅུ་རྩ་གཉིས་ནི། །མ་ལུས་ཀུན་གྱི་དངོས་གཞི་སྟེ། །སྐུ་ཡི་འཁོར་ལོ་རང་སྣང་བའོ། །ཞེས་དང་། གསང་ཐིག་ལས། བཅུ་ཚན་གསུམ་ཉག་མ་གཉིས་ཀྱི་དཀྱིལ་འཁོར་དུ། །བདེ་བའི་ཐིག་ལེ་མཉམ་པའི་དབྱིངས། །ཞེས་སོ། །མགྲིན་པའི་རྩ་འདབ་ལ་གསུང་གི་འཁོར་ལོའམ་རོ་དྲུག་མྱོང་བའི་ཕྱིར་ལོངས་སྤྱོད་འཁོར་ལོར་གྲགས་ཏེ། རྒྱ་མཚོ་ལས། སྒྲ་དབྱངས་གསུང་གི་འཁོར་ལོ་ནི། །བརྗོད་པའི་སྒྲ་ནི་སྣ་ཚོགས་པ། །མ་ལུས་པར་ནས་རང་སྣང་བས། །གསུང་གི་ཕྱག་རྒྱར་ངེས་པའོ། །ཞེས་དང་། གསང་ཐིག་ལས། ལྔ་གཉིས་དྲུག་གི་དཀྱིལ་འཁོར་དུ། །བདེ་བ་ཆེན་པོའི་རོ་ཡིས་ནི། །དགྱེས་པ་ཆེན་པོ་སྟོབ་པར་བྱ། །ཞེས་སོ། །སྙིང་གའི་རྩ་འདབ་ཐུགས་སམ་ཆོས་ཀྱི་འཁོར་ལོར་གྲགས་ཏེ། རྒྱ་མཚོ་ལས། རིག་པ་ཐུགས་ཀྱི་འཁོར་ལོ་ནི། །ཟག་མེད་ཡེ་ཤེས་དྲུག་ལྡན་ཞིང་། །སྡེ་ཚན་བརྒྱད་ཀྱིས་བརྒྱན་པ་ནི། །སྙིང་པོ་དྭངས་མ་ལྔར་སྣང་བའོ། །ཞེས་དང་། དབང་གི་གལ་པོ་ལས། རྩ་བཞི་འོད་བཞི་ས་བོན་དྲུག །མདོར་བསྡུས་སྙིང་པོ་ཆོས་ཀྱི་སྐུ། །དེ་ཕྱིར་ཆོས་ཀྱི་འཁོར་ལོའོ། །ཞེས་སོ། །ལྟེ་བའི་འཁོར་ལོ་ནི་ལུས་ཐོག་མར་བསྐྱེད་པ་དང་སྤྲུལ་པའི་གནས་སམ་ཁམས་གསུམ་ལ་ཁྱབ་པས་སྤྲུལ་པའི་འཁོར་ལོ་སྟེ། དབང་གི་གལ་པོ་ལས། བཅུ་ཚན་དྲུག་པ་གཅིག་དང་བཞིར་གྱེས་པ། །ཁམས་གསུམ་ཁྱབ་པས་སྤྲུལ་སྐུའོ། །ཞེས་དང་། དེའི་རང་འགྲེལ་ལས། དེ་དག་ལྟེ་བ་ནས་སྤྲོས་ཏེ་འདུས་ཀྱང་དེར་འདུས་ཏེ། དེ་ལུས་གཟུགས་ཁམས། ངག་འདོད་ཁམས། སེམས་གཟུགས་མེད་པའི་ཁམས་གསུམ་ལ་ཁྱབ་པས་སྤྲུལ་པའི་འཁོར་ལོ་སྟེ། ཞེས་སོ། །རྐྱེན་གྱི་འཁོར་ལོ་གཉིས་ནི། ལྟེ་འོག་སོར་བཞི་སྤུ་ན་གུའི་ཐད་ན་མེའི་འཁོར་ལོ་དབྱིབས་གྲུ་གསུམ་པ་རཾ་གྱིས་མཚན་པ་སྟེ། དེ་ལས། མེ་དང་རྡོ་རྗེ་དབྱིངས་ཕྱུག་གཉིས། །མཉམ་དུ་གནས་པས་དྲག་པོར་བཤད། །ཅེས་དང་། དེའི་འགྲེལ་པ་མི་འཇིགས་པའི་ཕྲེང་བ་ལས། གནས་ནི་སྤྲུལ་པའི་འོག་སོར་བཞི་ནའོ། །དབྱིངས་ཕྱུག་མའི་རྩ་དང་མཉམ་པོར་གནས་པས་ལས་ཀྱི་མཁའ་འགྲོ་མ་སྤོར་མ་ཞེས་བྱའོ། །དེའང་དབྱིབས་ཨ་ལས་ལོགས་དང་ཟུར་དང་མཐའ་དབུས་ཀྱིས་ཕྱེ་བས་སྤོར་མ་བརྒྱད་དོ། །ཞེས་སོ། །དེ་འོག་བཤང་ཁ་རླུང་གི་འཁོར་ལོ་གཞུའི་དབྱིབས་ཅན་ཡཾ་གྱིས་མཚན་པ་སྟེ། །དེ་ལས། རླུང་ནི་དགུག་པ་གཞུ་དབྱིབས་ཏེ། །ས་བོན་ཡཾ་གྱིས་གཡོ་བྱེད་པ། །ཞེས་སོ། །དེ་རྣམས་ལ་འཁོར་ལོ་ཞེས་བརྗོད་པའི་ངེས་པ་ཡང་། རྩིབས་ལ་སོགས་པ་དབྱིབས་མཚུངས་པ་དང་། དེ་དང་དེར་བྱེད་པ་བཅིངས་པ་ལས་རྟོག་པ་གཅོད་པའི་ཕྱིར་འཁོར་ལོ་དང་བྱེད་ལས་མཚུངས་པས་ཀྱང་དེ་སྐད་ཅེས་བྱའོ། །རྩ་དེ་དག་ལས་ཀྱང་ཕྱེ་ན་མངལ་དུ་ལུས་ཆགས་ཏེ་བདུན་ཕྲག་བཞི་འདས་ནས་མངལ་ཟླ་བརྒྱད་དང་ཕྱི་རོལ་གྱི་བཞི་སྟེ། ཟླ་བ་བཅུ་གཉིས་ཀྱི་བར་ཞག་རེ་ཞིང་རྩ་ཉིས་བརྒྱ་རེ་ཆགས་པས་རོ་རྐྱང་དབུ་གསུམ་གྱི་རིགས་འཛིན་པའི་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞི་པ་ཚོ་གསུམ་ལ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། སྡོམ་འབྱུང་ལས། ལུས་ཀྱི་རྗེས་སུ་འགྲོ་བའི་རྩ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་བརྗོད། །ཅེས་སོ། །དེ་རྣམས་ལས་གྱེས་པ་ནི་བསམ་གྱིས་མི་ཁྱབ་པ་སྟེ། བ་སྤུའི་གྲངས་ཇི་སྙེད་པའི་རྩའི་གྲངས་ཀྱང་དེ་སྙེད་དོ། །རྒྱུད་གཞན་དུ། དབུ་མའི་ཡར་སྣར་གཙུག་ཏོར་དང་། འོག་ཏུ་གསང་བའི་འཁོར་ལོ་བསྣན་པ་སོགས་མང་ཉུང་མཐའ་གཅིག་ཏུ་མ་ངེས་པར་གསུངས་ཤིང་། མདོར་ན་རྣལ་འབྱོར་པས་ཤེས་པར་བྱ་བའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། དེ་རྣམས་ཀྱི་གཙོ་བོར་གྱུར་པ་འཁོར་ལོའི་རྩ་དང་། དེ་རྣམས་ལས་ཀྱང་གཙོ་བོར་གྱུར་པའི་རྩ་སུམ་ཅུ་རྩ་གཉིས་ལ་སོགས་པ་བཤད་ལ། འཁོར་ལོ་དྲུག་གི་རླུང་སེམས་ཀྱི་དྭངས་མ་འཛིན་ཅིང་སྙིགས་མས་ནད་སྐྱེད་པར་བྱེད་དེ། གཙུག་ཏོར་དང་དཔྲལ་བས་བད་ཀན། །མགྲིན་སྙིང་གིས་མཁྲིས་ནད། ལྟེ་གསང་གི་ཕྱི་སྐོར་གྱིས་རླུང་ནད། གསང་བའི་ནང་སྐོར་གྱིས་འདུས་པའི་ནད་བསྐྱེད་དོ་ཞེས་འབྱུང་ངོ་། །དེ་ཡང་ལུས་ལ་རགས་ཕྲ་ཤིན་ཏུ་ཕྲ་བ་གསུམ་ལས་འདི་ནི་ཕྲ་བའི་ལུས་ཏེ། ཤིན་ཕྲའི་ལུས་ནི་རྩ་ཐམས་ཅད་ཀྱི་གཤིས་ཟུང་འཇུག་ཡེ་ཤེས་ཀྱི་དབུ་མ་ཞེས་གྲགས་པ་གང་ཡིན་པ་དེའོ། །དེ་རྣམས་སུ་རྒྱུ་བའི་རླུང་ལ། ལས་དང་། ཡེ་ཤེས་ཀྱི་རླུང་གཉིས་ལས། ལས་རླུང་ནི། སྲོག་འཛིན། གྱེན་རྒྱུ། ཁྱབ་བྱེད། མེ་མཉམ། ཐུར་སེལ་ལྔ་ནི་རྩ་བ་ཕུང་པོའི་རླུང་སྟེ། བྱེད་ལས་ཀྱང་། སྲོག་གནས་པ་དང་། དབུགས་འབྱུང་རྔུབ་དང་། ལུས་གནས་པ་དང་། དྲོད་འབེབས་པ་དང་། འགྲོ་འདུག་བཤང་གཅི་ཁུ་གསུམ་འབྱིན་སྡོམ་དང་བཅས་པའི་བྱ་བ་བྱེད་ལ། གལ་ཏེ་ལོག་ན། བརྒྱལ་སྨྱོ་ཤི་བ་སོགས་དང་། སྟོད་ནད་དང་། ཞ་རེངས་ཀྱི་ནད་དང་། འཕོ་བའི་ནད་དང་། སྨད་ཀྱི་ནད་རྣམས་བསྐྱེད་ཅིང་། དེ་དག་ལུས་ཀྱི་དབུས་དང་། སྟོད་དང་། པགས་པའི་མཐར་ཐུག་པ་དང་། ཞུ་བའི་མཚམས་དང་། ལྟེ་བ་མན་ཆད་ན་གནས་སོ་ཞེས་ཁ་ཅིག་ནས་བཤད། འདིར་ནི། སྙིང་ག་དང་། ལྐོག་མ་དང་། ལུས་ཀྱི་ཚིགས་ཐམས་ཅད་དང་། ལྟེ་བ་དང་། གསང་གནས་རྣམས་སུ་གནས་པར་གསང་བའི་སྙིང་པོ་ཁྲོ་བོ་སྟོབས་ཀྱི་རྒྱུད་རྒྱལ་ལས་གསུངས་ཏེ། དེ་ཉིད་ལས། ཚིགས་ལ་ཁྱབ་བྱེད་རླུང་གནས་པ། །གཟུགས་ཀྱི་ཕུང་པོ་རྣམ་སྣང་སྐུ། །ཞེས་སོགས་སོ། །རྒྱུ་བ་སོགས་ཡན་ལག་གི་རླུང་ལྔ་ནི། དབང་པོ་ལྔ་ལ་གནས་ཤིང་བསྐྱེད་པ་སོགས་ཀྱི་བྱ་བ་བྱེད་པ་སྟེ། དེ་ལས། རྒྱུ་བའི་གནས་ནི་སྤྱན་ཡིན་ཏེ། །རྣམ་པར་རྒྱུ་བ་རྣ་བ་ལ། །ཡང་དག་རྒྱུ་བ་སྣ་དང་ནི། །རབ་ཏུ་རྒྱུ་བ་ལྕེ་ལ་གནས། །ངེས་པར་རྒྱུ་བ་ལུས་ཉིད་དོ། །མིག་དང་རྣ་བ་སྣ་དང་ལྕེ། །ས་སྙིང་ལ་སོགས་སེམས་དཔའ་བརྒྱད། །རྣམ་ཤེས་དབང་པོ་ཕྱི་ནང་ཕྱེ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །བྱེ་བྲག་ཏུ་སྣར་རྒྱུ་བའི་རླུང་ནི། ཁྲོ་བོ་སྟོབས་ཀྱི་རྣལ་འབྱོར་དབང་ཕྱུག་སྒྲུབ་པ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་གྱེན་དུ་གཡས་གཡོན་གཉིས་ཀ་ནས་དཀྱིལ་འཁོར་རིམ་པར་རྒྱུ་བ་ནི། ཁྲི་ཕྲག་གཉིས་དང་སྟོང་ཕྲག་དང་། །དྲུག་བརྒྱ་ཉིན་མཚན་འབྱུང་བྱེད་པ། །ཞེས་པས་ཉིན་ཞག་ཕྲུགས་རེ་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་ལ། དེ་ཡང་འཕོ་བ་བཅུ་གཉིས་པའི་དབང་དུ་བྱས་ན། ལྟེ་བའི་རྩ་འདབ་དྲུག་ཅུ་རེ་བཞི་ལས། སྔར་དྲུག་ཏུ་གྱེས་པའི་ཡ་གྱལ་བཞི་པོ་དབུ་མའི་འཕོ་བ་ཡིན་པའི་ཕྱིར། དཀྱིལ་འཁོར་མི་འབབ་པས་སྟོང་པའི་རྩ་བཞི་ཞེས་བྱའོ། །དེ་ལྷག་དྲུག་ཅུ་པོ་ནས་རྒྱུ་ཚུལ་ནི། བ་སྤུའི་མཐར་ཐུག་པའི་རྩ་ལམ་ནས་རྩ་འཁོར་གྱི་རླུང་རྣམས་ལྟེ་བའི་རླུང་དང་འདྲེས་ཏེ་རོ་རྐྱང་གི་ལམ་ལས་སྣ་སྒོར་འབབ་ལ། དེ་ཡང་འབྱུང་བ་ལྔ་གཡས་གཡོན་སྡུད་བསྐྱེད་ཀྱི་རིམ་པས་འཕོ་བ་རེ་ལ་དབྱུག་གུ་ལྔ་རེ། དབྱུག་གུ་རེ་ལ་དབུགས་སུམ་བརྒྱ་དྲུག་ཅུ་སྟེ། འཕོ་བ་རེ་ལ་དབུགས་སྟོང་བརྒྱད་བརྒྱ་པ་རེ་རྒྱུ་ནའང་། དེའི་སྟེང་ན་སྟོང་པའི་རྩ་བཞིའི་དབྱེ་བས་དབུགས་གཅིག་གི་ཕྱེད་བཅས་སོ་གཉིས་ཆ་རེ་ཡེ་ཤེས་ཀྱི་རླུང་ཡིན་ལ། དེ་བསགས་པས་དབྱུག་གུ་རེ་ལ་དབུགས་བཅུ་གཅིག་དང་བཞི་ཆ་གཅིག །འཕོ་བ་རེ་ལ་ང་དྲུག་རྐང་བཅས། ཉིན་ཞག་གཅིག་ལ་དྲུག་བརྒྱ་དོན་ལྔ་རྣམས་རྒྱུ་ཞིང་དེ་ཆུ་ཚོད་དུ་དྲིལ་ན། ཆུ་ཚོད་གཅིག །ཆུ་སྲང་ང་གཉིས། དབུགས་གསུམ། དེ་ཟླ་བ་གཅིག་ཏུ་བསགས་པས་ཆུ་ཚོད་ང་དྲུག་དང་། ཆུ་སྲང་བཅོ་ལྔ། དེ་བཅུ་གཉིས་སུ་ཟློས་པས་ཞག་བཅུ་གཅིག་དང་། ཆུ་ཚོད་བཅོ་ལྔ་རྣམས་ལོ་གཅིག་གི་ཡེ་རླུང་གི་གྲངས་ཏེ་ཕྱི་རོལ་དུ་ཟླ་བཤོལ་གྱི་རྒྱུར་འགྱུར་ལ། སྐྱེས་བུ་ལོ་བརྒྱ་པའི་ཡེ་རླུང་བསྡོམས་པས་ལོ་གསུམ་ཏུ་ལོངས་པ་སོགས་རྒྱུད་གཞན་ལས་རྒྱ་ཆེར་གསུངས་སོ། །ཁ་དོག་ནི། ས་རླུང་སེར་པོ། ཆུ་རླུང་དཀར་པོ། མེ་རླུང་དམར་པོ། རླུང་གི་རླུང་ནག་པོ། ནམ་མཁའི་རླུང་སྔོན་པོ། ཚད་ཀྱང་ལྟེ་འོག་སོར་བཞི་ནས་བརྒྱད་དེ་སྣ་རྩེ་ལས་སོར་བཅུ་གཉིས་ནས་བཅུ་དྲུག་གི་བར་དུ་འགྲོ་བ་ཡིན་ནོ། །ཡང་འཕོ་བ་བཅུ་དྲུག་པའི་དབང་དུ་བྱས་ན། སྔ་མ་ལས། ས་ཡི་རླུང་དང་ཆུ་དང་མེ། །རླུང་དག་རིམ་བཞིན་འབྱུང་བྱེད་པ། །གྱེན་དང་མཐུར་དུ་འབྱུང་བར་བྱེད། །གྱེན་དུ་གཡས་གཡོན་གཉིས་ཀ་ནས། །དཀྱིལ་འཁོར་རིམ་པར་རྒྱུ་བ་ནི། །ཞེས་སོགས་གསུངས་པའི་ཕྱིར་རྒྱུ་བའི་རླུང་ས་ཆུ་མེ་རླུང་བཞི་སྟེ། དེ་ཉིད་ཀྱང་གཡས་གཡོན་གྱི་དབྱེ་བས་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའང་ཐུན་བརྒྱད་དུ་འགྱུར་རོ། །འབྱུང་ཆེན་བཞི་པོ་རེ་རེ་ལ་འབྱུང་ཆུང་བཞི་བཞི་ཡོད་པས་འཕོ་བ་བཅུ་དྲུག །དེ་ཡང་གཡས་གཡོན་གྱི་དབྱེ་བས་ཆུ་ཚོད་སོ་གཉིས། འཕོ་བ་ལས་ཆ་བཞིར་ཕྱེ་བས་དབྱུག་གུ་རེ་བཞིའོ། །དབྱུག་གུའི་དོན་ཡང་། འདིར་སྐྱེས་བུའི་དབུགས་དྲུག་གི་ཆུ་ཆུང་གཅིག་དང་། བཞི་ཆ་གཅིག་དང་བཅས་པའི་ཆུ་སྲང་ངང་དྲུག་ནི་དབྱུག་གུ་སྟེ། དེ་རེ་བཞི་ལ་ཞག་གཅིག་གོ། །དེ་ཡང་ཞག་གཅིག་གི་ཡེ་རླུང་དྲུག་བརྒྱ་དོན་ལྔ་ལས། འཕོ་བ་བཅུ་དྲུག་གི་ཐོབ་སྐལ་བརྩིས་པས་འཕོ་བ་རེ་ལ་ཡེ་རླུང་བཞི་བཅུ་ཞེ་གཉིས་དང་། དྲུག་ཆ་རེ། དེའི་ཞེ་བརྒྱད་ཆ་རེ། ཆུ་ཚོད་སོ་གཉིས་ཀྱི་གཅིག་གིས་ཡེ་རླུང་ཉེར་གཅིག་དང་། བཅུ་གཉིས་ཆ་གཅིག་དང་། གོ་དྲུག་ཆ་གཅིག །དབྱུག་གུ་གཅིག་གིས་ཡེ་རླུང་ཕྱེད་དང་བཅུ་གཅིག་དང་། ཉེར་བཞི་ཆ་གཅིག །གོ་གཉིས་ཆ་གཅིག་ཐོབ་བོ། དེ་ཕྱིར་དབུགས་སོ་གཉིས་ཕྱི་ནང་དུ་རྒྱུ་བའི་བར་ནས་ཡེ་ཤེས་ཀྱི་དབུགས་གཅིག་དབུ་མ་ལ་རྒྱུ་བ་ཡིན་ནོ། །དེ་ལྟ་བུའི་ཡེ་ཤེས་རླུང་དེ་ནི། ལུས་ཅན་རྣམས་ཀྱི་ངག་གི་ཆོས་དང་ཕྱི་རོལ་དུ་དུས་ཀྱི་ཆོས་རྣམས་ཀྱི་རྟེན་ནམ་འཆར་གཞི་དང་། རྒྱུ་རྒྱུད་ཀྱི་རྟེན་དུ་གྱུར་པ་སྟེ། ཆོས་ཐམས་ཅད་ཀྱི་གཤིས་ལ་རྒྱུན་མི་འཆད་པར་གནས་པའི་སྲོག་ཆེན་པོའི་རླུང་ཞེས་བྱ་བ་དེ་ཉིད་དོ། །དེ་ཡང་འཇམ་དཔལ་སྒྱུ་དྲྭ་ལས། སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་སོ། །དེས་ན་རླུང་བཅིངས་པ་ལས་རགས་པའི་ལས་རླུང་ཉིད་ཀྱང་ཡེ་ཤེས་ཀྱི་རླུང་དུ་འགྱུར་ཏེ། དེ་དག་གི་གནད་ཀྱང་། ལྟ་སྟངས་ལ་བརྟེན་ཏེ་རྒྱ་ཡན་ལ་བསླབ་པ་དང་། འབྱིན་འཇུག་བགྲངས་ཤིང་བརྩི་བ་དང་། འབྱུང་རླུང་གི་དབྱིབས་མདོག་ལ་བསླབ་པ་དང་། དགག་པའི་སྦྱོར་བས་བུམ་ཅན་བསྒོམ་པ་ལ་སོགས་པའི་ཐབས་ཀྱིས་དབུ་མར་བརྟན་པ་ལས་ཡོན་ཏན་འབྱུང་བ་སྟེ། རྣམ་བཀོད་ལས། རྟོག་རླུང་གཡོ་བ་རླུང་བཟུང་ལ། །ཞི་བ་བུམ་པ་དྲག་པོ་སོགས། །སྒྲོལ་མ་བཟུང་བའི་ཐབས་རྣམས་ཀྱིས། །དམིགས་པས་རིག་པ་ཕུར་ལ་གདབ། །ཅེས་དང་། འདིའི་ཕྱི་མའི་རྒྱུད་ཨཱ་ནནྟའི་འགྱུར་ལས། རླུང་ནི་ཁྲི་ཕྲག་གཉིས་དག་དང་། །བརྒྱ་ཕྲག་བཅུ་དྲུག་དུས་ཞེས་བཤད། །དབུ་མའི་རྩ་ཡི་ནང་དུ་ནི། །དེ་བསྡུས་པས་ནི་དུས་ཞེས་བཤད། །ཅེས་སོ། །དེ་ཡང་ཐུན་བརྒྱད་དང་། དེ་རེ་རེ་ལ་གསུམ་དུ་ཕྱེ་བས་ཉེར་བཞི་དང་། དེ་དག་ལ་འབྱུང་བཞི་རིམ་པས་དུས་ཀྱི་ལྷ་མོ་བཞི་བཞི་སྟེ། ལྷ་མོ་དགུ་བཅུ་རྩ་དྲུག་ལ་སོགས་པའི་ཆ་བཟུང་ནས་བརྩི་བར་གསུངས་ཏེ། ཁྲོ་བོ་སྟོབས་ཀྱི་སྒྲུབ་རྒྱུད་ལས། ཐུན་གཅིག་ཐུན་གཉིས་ཐུན་ཕྲན་དང་། །དབྱུག་གུ་ལྷ་མོའི་ནུས་པ་གང་། །ནུས་པས་དབུགས་བགྲང་གྲངས་བཟུང་ནས། །ངལ་བ་མེད་པར་དབུགས་ལ་བརྟེན། །ཞེས་དང་། ཡང་། གཡས་པར་མེ་རླུང་དམར་ཞིང་འཚེར། །གཡོན་པ་རླུང་འབྱུང་གནག་ལ་དྭངས། །གཉིས་ཀར་དཀྱིལ་རྒྱུ་ཆུ་རླུང་དཀར། །གཉིས་ཀར་མཐུར་རྔུབ་ས་རླུང་སེར། །ལྷ་མོ་བདག་པོ་དང་ལྡན་པའི། །ཡེ་ཤེས་བཞི་ཉིད་འབྱུང་བར་བྱེད། །ཅེས་སོ། རྒྱུད་གཞན་ལས། སྣ་གཉིས་ཀྱི་དབུས་ནས་མཁའ་རླུང་དང་། སྟེང་ངོས་ནས་རླུང་། གཤོག་པ་ནས་མེ། ཀ་བའི་ངོས་གཉིས་ནས་ཆུ། འོག་གི་ཆ་ནས་ས་རླུང་སྟེ། ཕྱོགས་བཞི་དབུས་དང་བཅས་པ་ལས་འབྱུང་ལྔའི་རླུང་འབབ་པར་བཤད་དོ། །དེ་དག་ནི་ཕྱི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། རྩ་རླུང་ཐམས་ཅད་ཀྱི་བསྐྱེད་སྡུད་ཀྱི་གནས་སྙིང་གའི་རྩ་རླུང་གི་དྭངས་མ་ནི་དཀྱིལ་དང་། ཡན་ལག་གི་རྩ་རླུང་རྣམས་ནི་འཁོར་རོ། །གཉིས་པ་ནང་བྱང་སེམས་ཀྱི་དཀྱིལ་འཁོར་ལ། ཡེ་ཤེས་ཀྱི་དང་། རྣམ་ཤེས་ཀྱི་ཐིག་ལེའོ། །དང་པོ་ནི། ཐིག་ལེ་ཐམས་ཅད་ཀྱི་རྩ་བ་རྒྱུ་རྒྱུད་ཀྱི་རྟེན་དུ་གྱུར་པ་ཡེ་ཤེས་སྙིང་པོའི་ཐིག་ལེའམ་མི་ཤིགས་པའི་ཐིག་ལེ་ཞེས་བཤད་པ་གང་ཡིན་པ་སྟེ། སྟོང་གསལ་འགག་མེད་ཀྱི་ངོ་བོར་བཞུགས་པའོ། །གཉིས་པ་ལ། རྒྱུད་གཞན་གྱི་ལུགས་ཀྱིས་གོ་དོན་སྤྱིར་བསྟན་པ་དང་། རྒྱུད་འདིའི་དགོས་ཆོས་ཀྱི་ངེས་པ་བཤད་པ་གཉིས། དང་པོ་ནི། རླུང་སྔགས་རྫས་ཀྱི་ཐིག་ལེ་གསུམ་གསུངས་ཏེ། སྙིང་གའི་མི་ཤིགས་པའི་ཐིག་ལེའི་ངེས་པས། རླུང་གི་བྱེད་བཅིངས་ལས་གཟུང་འཛིན་གྱི་སྣང་བ་རང་གྲོལ་དུ་གྱུར་པ་ནི་རླུང་ཐིག །སྣ་རྩེར་ཐིག་ལེ་ལ་ལྷའི་མཚན་མ་བསྒོམས་པས་ཐ་མལ་གྱི་སྣང་ཞེན་ལས་ཡིད་སྐྱོབ་པའི་ཕྱིར་སྔགས་ཐིག །འོག་གི་སྣ་རྩེར་ཐིག་ལེ་བསྒོམ་པ་ལས་བདེ་བ་འཆར་བ་སོགས་རྫས་ཐིག་གོ། །དེའང་ཕྱི་མ་ཅུང་ཟད་བཤད་ན། ཁམས་དཀར་དམར་གཉིས་ལས་དྭངས་སྙིགས་གཉིས་སུ་གྱུར་ཏེ། སྤྱི་བོར་ཕ་ལས་ཐོབ་པའི་དཀར་ཆ་ཧཾ་གི་རང་བཞིན་དང་། ལྟེ་འོག་རྩ་གསུམ་འདུས་མདོར་མ་ལས་ཐོབ་པའི་དམར་ཆ་ཨ་ཐུང་གི་རང་བཞིན་ཏེ། ལུས་ཀྱི་དཀར་ཆ་དང་དམར་ཆ་ཐམས་ཅད་ཀྱི་བདག་པོར་གྱུར་པ། དབུ་མའི་ཆ་ལ་བརྟེན་པ། རྣམ་ཤེས་ཀྱི་རྟེན་བྱེད་པའོ། །དེ་ལས་ཀྱང་དྭངས་སྙིགས་གཉིས་སུ་འགྱུར་ཏེ། མངལ་དུ་མའི་རྩ་དང་འབྲེལ་བས་བསྐྱེད་ཅིང་། བཙས་ནས་བཟའ་བཏུང་རྣམས་འཕོ་བར་བད་ཀན་གྱིས་མྱགས་པར་བྱེད། མཁྲིས་པས་མདོག་འགྱུར། རླུང་མེ་མཉམ་སྟེ་མེ་དྲོད་གསུམ་གྱིས་སྤར་བཞུ་མྱགས་པར་བྱས་པས། དྭངས་མ་མཆིན་པར་ཁྲག་ཏུ་གྱུར་ཏེ། རྩ་ལ་རྒྱུད་ནས། དེ་ཤ །རིམ་པར་ཚིལ། རུས། རྐང་། བྱང་སེམས། དེས་སྟོབས་དང་མདངས་སུ་འགྱུར་ལ། དེ་རྣམས་ཀྱི་སྙིགས་མ་ནི་རིམ་བཞིན་དུ། དྲི་ཆེན་དང་། མཁྲིས་པ་དང་། པགས་པ་དང་། རྨེན་བུ་དང་། སོ་སེན་དང་། སྦུབས་ཀྱི་དྲི་མ་མཆིལ་སྣབས་ལ་སོགས་པ་དང་། དགའ་བའི་མཐར་འཛག་པ་སྟེ། ལུས་ཟུངས་བདུན་ཞེས་གྲགས་ཤིང་། དེ་དག་གི་རྣམ་དབྱེ་ཡང་། སྤྱི་བོ་མི་ཕྱེད་མ་ནས་སོ་སེན་འབབ་པ་སོགས་ཁམས་ཉི་ཤུ་རྩ་བཞི། དེ་རེ་རེ་ལའང་ཐིམ་ལོངས་བདག་པོ་གསུམ་དུ་ཕྱེ་བས་ཁམས་བདུན་ཅུ་རྩ་གཉིས། དེ་སྟོང་གིས་ཕྱེ་བས་སྟོང་ཕྲག་བདུན་ཅུ་རྩ་གཉིས། དེ་སྟོང་གིས་ཕྱེ་བས་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་སོགས་རྩ་ཇི་སྙེད་པར་རླུང་། རླུང་ཇི་སྙེད་པར་ཐིག་ལེས་ཁྱབ་པར་གསུངས་སོ། །རྣལ་འབྱོར་མའི་རྒྱུད་ལས་ཁམས་ཉེར་བཞིའི་སྟེང་དུ་རྩའི་གཙོ་མོ་གསུམ་དང་། སུམ་སྒྲིལ་མ་ལ་སོགས་ཏེ་ལྔ་བསྣན་ནས་སོ་གཉིས་སུ་གསུངས་ཏེ། ཧེ་རུ་ཀ་གལ་པོ་ལས། ལུས་ལ་བྱང་ཆུབ་སེམས་རྒྱུ་བའི། །རྩ་ནི་སུམ་ཅུ་རྩ་གཉིས་ཏེ། །ཞེས་སོ། །དེའི་སྟེང་དུ་རྩ་བའ་ིརླུང་ལྔ་རྒྱུ་བའི་སྲོག་ཆེན་པོ་མ་གཏོགས་པའི་བཞི་བསྣན་ནས་སུམ་ཅུ་རྩ་དྲུག་ཏུ་བཤད་པའང་སྣང་ངོ་། །དེ་དག་ཀྱང་འཁོར་ལོ་བཞིར་དགའ་བཞིའི་འགྲོས་ཀྱིས་ཡེ་ཤེས་དང་རྗེས་སུ་འབྲེལ་བར་འཕོ་བ་དང་། ལུས་ལ་ཟུངས་སམ་ནུས་པའམ་གནད་ཀྱི་ངོ་བོ་ཉིད་དུ་རྣམ་ཤེས་དང་རྗེས་སུ་འབྲེལ་བར་འཕོ་བ་བླ་གནས་ཞེས་གྲགས་པ་དག་སྟེ་གོ་དོན་སྤྱིར་བཤད་པའོ། །གཉིས་པ་ནི། རྒྱུད་འདིར་ཡང་། རླུང་སྔགས་རྫས་ཀྱི་ཐིག་ལེ་གསུམ་དོན་ལ་ཚང་མོད་ཀྱི། འོན་ཀྱང་ཐ་སྙད་འབྲེལ་ཆགས་སུ་གསུངས་པ་མི་སྣང་ངོ་། །དེས་ན་འདིར་ཐིག་ལེ་འཆིང་བའི་གཉེན་པོའི་མན་ངག་དང་འབྲེལ་བར་ཆེ་ལོང་ཙམ་གསུངས་པ་ལས་ཁྱད་པར་གྱི་སྒོས་ཆོས་དག་འཆད་པར་འདོད་དོ། །དེ་ཡང་སྙིང་ལྟེ་མགྲིན་པ་སྤྱི་བོའི་ཐིག་ལེ་བཞི་ལས། ཐོག་མར་ཡེ་ཤེས་ཀྱི་ཐིག་ལེའི་ངེས་པ་ལས་སྙིང་གར་དྭངས་མ་ལྔའི་དབུས་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་ཡི་གེ་ཝཾ་གྱི་རང་བཞིན་དུ་བཞུགས་པ་ལྟར་བསྒོམ་པའོ། །དྭངས་མ་ལྔ་གང་ཞེ་ན། དབང་གི་གལ་པོ་ལས། རྩ་བཞི་འོད་བཞིར་ས་བོན་དྲུག །མདོར་བསྡུས་སྙིང་པོ་ཆོས་ཀྱི་སྐུ། །ཞེས་པའི་རྩ་བཞི་ནི་གསང་ཐིག་གི་འགྲེལ་པ་ལས། གསུམ་ཆོས་ཉིད་ཀྱི་རྩ། གཅིག་ཡེ་ཤེས་ཀྱི་རྩ། གསུམ་རང་རྒྱུད་ཀྱི་རྩ། གཅིག་ཡོན་ཏན་གྱི་རྩ། དེ་ལྟར་བརྒྱད་དུ་ཤེས་པར་བྱའོ། །ཞེས་སྙིང་དབུས་ཀྱི་རྩ་བརྒྱད་པོ་རྩ་བཞིར་འདུ་ཞིང་། དེ་དག་འོད་བཞི་དང་དབྱིབས་བཞིར་གནས་པ་ལ། རྣམ་ཤེས་ཚོགས་བརྒྱད་དང་། སྦྱང་བྱ་རིགས་དྲུག་གི་ཡི་གེ་སྦྱོང་བྱེད་འབྲུ་གསུམ་གྱིས་མནན་ནས་གནས་པར་བཤད་དེ། དཔེ་ཆུང་རང་གནས་ལས། ཆོས་ཉིད་ལྷ་མིན་དུད་འགྲོ་ཟླུམ། །ཀུན་གཞི་ༀ་གི་སྙིང་པོར་ལྡན། །ཡེ་ཤེས་ལྷ་མི་གྲུ་བཞི་ཡིད། །སྙིང་པོ་ཧཱུཾ་ནི་བདེ་གཤེགས་ཐུགས། །ཡོན་ཏན་དམྱལ་བ་ཡི་དྭགས་ཨཱཿ །ཟླ་གམ་གསུང་གི་རང་བཞིན་ཡིན། །དམར་ནག་གདོང་ལ་ལྐོག་ཞོལ་དབྱིབས། །དེ་ནི་བླུན་རྨུགས་སྣོད་ཡིན་ཏེ། །ཤེས་པ་གསུམ་ལ་སྙོམས་པར་འགེངས། །དྲག་པོ་ཉིད་དུའང་བཤད་པར་བྱ། །ཞེས་དང་། དེའི་འགྲེལ་པར། ཆོས་ཉ ིད་ཡེ་ཤེས་ཡོན་ཏན་དང་། །རང་རྒྱུད་བཞི་ལ་ཡན་ལག་བརྒྱད། །ཅེས་པས་དང་པོ་མདུན་ན་ཡོད་དེ། སྐྱེ་བ་མེད་པར་རང་སྣང་བའི་ལས་བྱེད་དོ། །གཉིས་པ་གཡས་ན་ཡོད་དེ། ཡེ་ཤེས་འཆར་བའི་ལས་བྱེད་དོ། །གསུམ་པ་གཡོན་ན་ཡོད་དེ། དེས་མངོན་པར་ཤེས་པ་དང་། འབྲས་བུ་རྣམ་སྣང་བྱེད་དོ། །བཞི་པ་རྒྱབ་ན་ཡོད་དེ། ཤེས་པ་རྣམས་རྨོངས་ཤིང་འཇོམས་པའི་ལས་བྱེད་དོ། །ཞེས་དང་། འོད་བཞིའང་དབྱིབས་དང་བསྟུན་ནས་རིམ་པར་སྦྱོར་ཏེ། དེ་ལས། འོད་དཀར་པོ་ཟླུམ་པོ་དང་། མཐིང་ག་གྲུ་བཞི་དང་། དམར་པོ་ཟླ་གམ་དང་། དམར་ནག་གྲུ་གསུམ། ཞེས་སོ། །རྩ་བཞིའི་དབུས་ན་འབྱུང་བ་ས་༡ཆུ་༢རླུང་༣མེ་༤མཁའ་༥ལྔའི་དྭངས་མ་རྩ་༡ཁྲག་༢དབུགས་༣དྲོད་༤འོད་༥ཀྱི་རྣམ་པར་གནས་ཏེ། དཔེ་ཆུང་ལས། དར་སྐུད་༡མཚལ་ཁུ་༢གསེར་གྱི་རླངས༣། །ཉི་ལྡན་མེ་ལོང་ངད་དག་ནི། །འབྱུང་བ་བཞི་ཡི་དྭངས་མ་སྟེ། །བདེ་བའི་དྭངས་༥མ་ནམ་མཁའི་ཁམས། །ཞེས་སོ། །དེ་ལྟར་དྭངས་མ་ལྔ་འདུས་ཀྱི་དབུས་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་ཡེ་ནས་གནས་པ་དེ། ཡུམ་ལྔ་ཡེ་ཤེས་ལྔའི་ངོ་བོར་ཡེ་ནས་རང་ཆས་སུ་ལྡན་པའོ། །དེའང་གསལ་སྒྲོན་མི་འཇིགས་ཕྲེང་བ་ལས། དེ་དབུས་སྤྲོས་མེད་ཐིག་ལེ་ནི། །ངོ་བོ་ཉིད་སྐུ་དེ་ཚུལ་ནི། །གསེར་སྦུབས་རིན་ཆེན་ཟེའུ་བཅུག་ལྟར། །ཕྱི་ནང་མེད་གསལ་རང་བྱུང་སྟེ། །ཞེས་གསུངས་སོ། །ཡང་ལྟེ་བའི་རྩ་འདབ་རེ་བཞིའི་དབུས་ན་དབྱིངས་ཕྱུག་ལྔའི་ཐིག་ལེ་ཞེས་བྱ་བ་ཀུན་ཏུ་བཟང་མོའི་རང་བཞིན་ཡི་གེ་ཨའི་རྣམ་པར་བཞུགས་ཏེ། གསང་ཐིག་ལས། གསང་བའི་ཤེས་རབ་ཐིག་ལེའི་དབྱིངས། །བཅུ་དྲུག་བཞི་ཡི་དཀྱིལ་ན་བཞུགས། །ཞེས་སོ། །མགྲིན་པའི་འཁོར་ལོའི་དབུས་ན་མཁའ་འགྲོ་མ་རྔམ་མ་ཞེས་བྱ་བ་ཡི་གེ་ཨཾ་གི་དབྱིབས་སུ་གནས་པ་སྟེ། དབང་གི་གལ་པོའི་རང་འགྲེལ་ལས། རང་བཞིན་གྱི་མཁའ་འགྲོ་མ་རྔམ་མ་ཞེས་བྱ་སྟེ། ཅིར་ཡང་གནས་པ་མེད་པར་ལོངས་སྤྱོད་ཐམས་ཅད་ལ་རོལ་པ་ནི་ལྕེ་སྟེ། ཕྱི་ནང་ཀུན་བརྡའ་སྤྲོད་པར་བྱེད་པས་ཁྱབ་མ་ཞེས་ཀྱང་གསུངས་སོ། །ཞེས་སོ། །སྤྱི་བོའི་འཁོར་ལོའི་དབུས་ན་ཀུན་ཏུ་བཟང་པོའི་ཐིག་ལེ་ཧཾ་ཡིག་དཀར་པོ་མགོ་མཐུར་བསྟན་གྱིས་གནས་པ་སྟེ། ཐལ་རྒྱུད་ལས། མི་འགྱུར་བརྟན་པའི་ཐིག་ལེ་ཉིད། །ཧཾ་ཡིག་སྙིང་པོ་བྱང་ཆུབ་སེམས། །ཞེས་སོ། །ལྟེ་འོག་ན་གཏུམ་མོ་མེའི་རང་བཞིན་རཾ་དང་། སྦར་བྱེད་རླུང་འཁོར་ལ་ཡཾ་ཡིག་དང་བཅས་པའོ། །ཁྱད་པར་ཁོག་གཞུང་ལས། ཟབ་ཕྱིར་བྱང་སེམས་དཀྱིལ་འཁོར་ནི། །ཞེས་སོགས་ནས། ངོ་བོ་གསང་བའི་ཁམས་གསུམ་མོ། །ཞེས་པའི་བར་དང་། རྡོ་རྗེ་ལས་རིམ་ལས། བཅོ་བརྒྱད་ཁམས་གསུམ་སྙིང་པོ་ཉིད། །ཞེས་པས་ཁམས་བཅོ་བརྒྱད་དང་། གསང་བའི་ཁམས་གསུམ་སྟེ་ཉི་ཤུ་རྩ་གཅིག་གོ། །དང་པོ་ནི། རྒྱུད་ཕྱི་མ་ལས། ཡུལ་དང་དབང་པོ་རྣམ་པར་ཤེས། །ཐམས་ཅད་གསུམ་དྲུག་འདྲ་དུ་ཕྱེ་བ་ཡིས། །ཁམས་ནི་བཅོ་བརྒྱད་དག་ཏུ་བཤད། །ཅེས་སོ། །གཉིས་པ་ནི། ཡབ་ཡུམ་གྱི་གསང་བའི་སྙིང་པོ་དང་། གཉིས་སུ་མེད་པའི་ལྷག་པ་བྱང་ཆུབ་ཀྱི་སེམས་གསུམ་ནི། འཁོར་འདས་ཀྱི་ཆོས་ཀུན་གྱི་གཞིར་ལྡན་ཏེ། དེ་ཡང་ཟག་པ་དང་བཅས་པའི་སེམས་ནི་ལུས་ཀྱི་ས་བོན་ཅན་ཡིན་ལ། ལུས་ཀྱི་ཟག་པ་ས་བོན་བྱང་ཆུབ་ཀྱི་སེམས་ཡིན་ཏེ། །དེའི་ཕྱིར་ཁུ་བའི་ཟག་པ་དང་བྲལ་བའི་ཉོན་མོངས་པའི་ཟག་པ་ཅན་ནི་མི་སྲིད་དེ། གཟུགས་མེད་ཀྱི་ཁམས་ནའང་། འབྱུང་ཆེན་ལྔ་དང་འདོད་ཡོན་ལྔའི་ཟག་པའི་ནང་ནས། སྟོང་པ་དང་སྒྲའི་ཟག་པ་གཉིས་མངོན་གྱུར་དང་། ལྷག་རྣམས་ས་བོན་དུ་ཡོད་པར་བཤད་པའི་འཁོར་བའི་གཞི་དང་། ཟག་མེད་ཀྱི་ཆོས་ནི། གཉིས་མེད་ཀྱི་ཡེ་ཤེས་སྐྱེ་བའི་གཞིར་གྱུར་པས་འདས་ཆོས་ཀྱིས་ཡོན་ཏན་ཐམས་ཅད་རྫོགས་སུ་རུང་བའི་ཕྱིར་རོ། །དེའང་སྤྱན་འགྲེལ་ལས། གསང་སྔགས་ཕྱི་པ་གསུམ་དང་། བསྟན་བཅོས་ཀྱི་གཙུག་ལག་ལས་ཡུལ་དབང་པོ་ཤེས་པ་དྲུག་གསུམ་བཅོ་བརྒྱད་དུ་བསྟན་ནས་ཆེ་བ་འདོན་པའི་ཕྱིར་གཏན་ཚིགས་གཉིས་ཀྱིས་ཁམས་ཉི་ཤུ་རྩ་གཅིག་ཏུ་བསྟན་པ་ནི། གསང་བའི་གསུམ་བསྣན་པའོ། །ཞེས་དང་བཅོ་བརྒྱད་ཀྱི་རྩ་བ་ཕྱག་རྒྱའི་ཡོན་ཏན་རིལ་དང་བར་བྱེད་པའི་རྟེན་གྱི་ལས་ཅན་རྡོ་རྗེ་དང་། ཡོན་ཏན་གྱི་ཚོགས་དང་ལྡན་པའི་པདྨ་དང་། རླུང་གི་ཐབས་མཉམ་དུ་གྱུར་པ་ལས་སྐྱེས་པའི་ཡེ་ཤེས་ནི། རྟེན་དང་བརྟེན་ཅན་གྱི་སྒོ་ནས་ནང་དང་གསང་བའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། ཞེས་སོ། །དེ་དག་ལ་ནང་བྱང་སེམས་ཀྱི་དཀྱིལ་འཁོར་ཞེས་གྲགས་ཏེ། སྔར་ཕྱིའི་སྐབས་སུ་བཤད་པ་ལྟར་དང་། ཁམས་གསུམ་སྙིང་པོ་དང་བཅོ་བརྒྱད་འཁོར་དུ་ལས་རིམ་ལས་གསུངས་སོ། །གསུམ་པ་གསང་བ་བྱང་སེམས་བདེ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི། །སྟེང་སྒོ་འཁོར་ལོ་འཇུ་འདུལ་དང་། འོག་སྒོ་ཐིག་ལེ་དྲོད་དབབ་ཀྱི་གནད་ཀྱིས་འཕོ་མེད་དུ་བཅིངས་པ་ལས་བདེ་བའི་ཡེ་ཤེས་ཉམས་སུ་མྱོང་བའོ། །དེ་ཡང་དགྱེས་པ་རྡོ་རྗེ་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་ནོ། །ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་གསུངས་པ་ལྟར་རོ། །བདུན་པ་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་ནི། གང་ཞིག་རྟེན་དང་གང་ཟག་དང་ཡོ་བྱད་ཁྱད་པར་ཅན་ཚོགས་པ་སྟེ། ཁོག་གཞུང་ལས། ཚོགས་ནི་འབྱོར་པ་རྣམ་པ་གསུམ། །ཚོམ་བུ་གཅིག་གསུམ་ལྔ་པའོ། །དེ་རེ་རེའང་སྐབས་ཀྱི་གསུམ་གསུམ་སྟེ། སྐལ་ལྡན་མི་དང་དགྱེས་ལྡན་ལྷ། །འབྱོར་ལྡན་ཡོ་བྱད་ལྔ་སོགས་སོ། །ཞེས་པས་དབྱེ་ན་སྐལ་ལྡན་མིའི། །འབྱོར་ལྡན་ཡོ་བྱད་ཀྱི། དགྱེས་ལྡན་ལྷའི་ཚོགས་གསུམ་གྱི་སྟེང་དུ་ཚོགས་ཆེན་པོ་བསྣན་པས་བཞིའོ། །དང་པོ་ནི། གང་ཐབས་ཤེས་ཟུང་དུ་འབྲེལ་བའི་སྐྱེ་བོ་དམ་པ་འདུས་པ་སྟེ། བཤད་རྒྱུད་རྡོ་རྗེ་ལས། སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། ཁྱད་པར་གྱི་ཡོ་བྱད་ལྔ་ལ་སོགས་པ་ཚོགས་པ་སྟེ། དེ་ལས། རྣལ་འབྱོར་ཡོ་བྱད་ཚང་བས་ན། །བདེ་བ་ལོངས་སྤྱོད་ཚོགས་སུ་བཤད། །ཅེས་སོ། །གསུམ་པ་ནི། རྟེན་དང་བརྟེན་པར་བཅས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྲུང་མ་དང་བཅས་པ། དངོས་གྲུབ་ཀྱི་རྟེན་དུ་གཟུགས་བརྙན་བཀོད་ཅིང་བསྒོམ་པ་ལ་སོགས་པ་སྟེ། དེ་ལས། ལྷ་དང་དམ་ཅན་ཀུན་འདུས་པ། །འདུས་པ་ཆེན་པོའི་ཚོགས་སུ་བཤད། །ཅེས་སོ། །བཞི་པ་ནི། དེ་དག་ལ་མ་འགགས་པར་སྤྱད་པས་བསོད་ནམས་དང་། སྤྱོད་བཞིན་དུ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ནི་ཚོགས་ཆེན་པོ་སྟེ། དེ་ལས། ཐམས་ཅད་སྤྱོད་པ་ལ་མི་འཛིན་པ། །ཚོགས་གཉིས་རྒྱུན་དུ་རྫོགས་པས། །ཚོགས་ཆེན་པོ་རུ་ངེས་པར་བཤད། །ཅེས་སོ། །དེ་དག་གི་ལས་ཀྱི་རིམ་པ་ནི། ལམ་རིམ་ལས། གཞི་དང་གཞུང་གིས་རྫོགས་པར་འགྱུར། །ཕུན་སུམ་ཚོགས་པ་ལྔ་བཞི་ལ། །བསྙེན་སྒྲུབ་བཞི་ཡི་གཞུང་བསྲང་བའང་། །གང་དག་མོས་པ་ཇི་བཞིན་དུ། །ཞི་དང་ཁྲོ་བོས་བསྒྲུབ་པར་བྱ། །ཞེས་པས། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་བཞིས་གཞུང་བསྲང་བ། འབྲས་བུ་རིག་འཛིན་འགྲུབ་པའི་དུས་བཤད་པའོ། །དང་པོ་ནི། དེ་ལས། དེ་ཡང་སྔ་མ་གནས་དང་དུས། །ཡོ་བྱད་སྟོན་འཁོར་སྒྲུབ་པ་པོ། །སྒྲུབ་ཐབས་ཕུན་སུམ་ཚོགས་པ་ཡི། །གཞི་དང་སྦྱར་བས་གཞུང་རྫོགས་བྱ། །ཞེས་པས། གང་དུ་སྒྲུབ་པའི་གནས། གང་གི་ཚེ་སྒྲུབ་པའི་དུས། གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད། གང་གིས་སྒྲུབ་པའི་སྒྲུབ་པ་པོ། །གང་བསྒྲུབ་པར་བྱ་བའི་ཐབས་ཕུན་སུམ་ཚོགས་པའོ། །དང་པོ་ལ། གནས་བཙལ་བ་དང་། རྙེད་ནས་གནས་ཁང་བཅའ་བའོ། །དང་པོ་ནི། ལམ་རིམ་ལས། སྡེ་དཔུང་ཆེན་པོས་མི་ཚུགས་ཤིང་། །ས་དང་བར་སྣང་ཤིས་པ་དང་། །ལོ་རྒྱུས་རྣམ་གཉིས་ལྡན་པ་ཡི། །ཡིད་འོང་ས་བཙལ་རྒྱས་པར་བྱ། །ཞེས་སོ། །གཉིས་པ་ནི། དེའི་འཕྲོས་ལས། རྙེད་ནས་ཚོམ་བུའི་གྲངས་བཞིན་དུ། །ཆེ་ཆུང་རྐྱེན་དུ་འཚམས་པར་བྱ། །བསྐོར་ཁང་ཕྱི་ནང་བར་ལྡན་པ། །ཞེས་པས། དེར་ཁང་པ་སུམ་ཐོག་ཕྱི་ནང་རིམ་པ་གསུམ་བརྩིགས་པའི་ཕྱིར་གཡོས་སྦྱོར། བར་དུ་སྒྲུབ་ཁང་། ནང་དུ་སྦྱོར་སྒྲོལ་བྱེད་པའོ། །གཉིས་པ་ནི། འདི་ཉིད་ལས། བསྒྲུབ་པའི་ཞག་དང་ཚེས་གྲངས་ནི། །རྒྱུད་ལས་སྨོས་པ་བཞིན་དུ་བཤད། །ཅེས་ཁ་འཕང་སྟེ། དེ་ཡང་སྒྲུབ་པ་ལ་འཇུག་པའི་དུས་ནི། རྒྱས་པ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱད་པ་ཆེར་སྤྱོད་པ། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པ་བླང་བར་བྱ། །ཞེས་དང་། རྔམ་གློག་ལས་ཀྱང་། རིག་བྱེད་དག་གི་ཡན་ལག་ལས། །དུས་རྣམས་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚོད་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱང་། །བརྟགས་ན་དངོས་གྲུབ་མཚན་མ་འབྱུང་། །ཞེས་སོ། །འབྲས་བུ་འགྲུབ་པའི་དུས་ནི། འདི་ཉིད་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །ཞེས་སོགས་ཏེ་འོག་ཏུ་སྟོན་ནོ། །འདིར་ཁ་ཅིག་ན་རེ། ཁྱེད་ཀྱི་གསང་བ་སྙིང་པོ་འདི་རྒྱུད་མ་ཡིན་ཏེ། རྒྱུད་ལ་ཁ་འཕངས་པས་སོ་ཟེར། དེ་ལྟར་ན་ཁྱེད་རང་རྒྱུད་དུ་འདོད་པའི་འཇམ་དཔལ་སྒྱུ་དྲྭ་དང་། དགྱེས་རྡོར་དང་། མཁའ་འགྲོ་མ་ཀུན་སྤྱོད་ཀྱི་རྒྱུད་ལ་སོགས་པའང་རྒྱུད་མ་ཡིན་པར་འགྱུར་ཏེ། རིམ་པ་ལྟར། རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས། །ཞེས་པ་དང་། ཇི་ལྟར་དེ་ཉིད་བསྡུས་པ་ཡི། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྱ། །ཞེས་དང་། རྒྱུད་དུ་སྦས་པ་འདིར་བཤད་བྱ། །ཞེས་རྒྱུད་གཞན་ལ་ཁ་འཕངས་པའི་ཕྱིར་རོ། །གསུམ་པ་ནི། འཚོ་བ་ཟས་ཀྱིས། རྐྱེན་ཟློག་སྨན་གྱི། སྒྲུབ་པ་རྫས་ཀྱི། མཆོད་པ་རྫས་ཀྱི་ཡོ་བྱད་རྣམས་ཚང་བར་བསོག་པ་སྟེ། ལམ་རིམ་ལས། གོས་རྒྱན་བཟའ་བཏུང་གསང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། །དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་བརྟེན་དང་བར་ཆད་བཟློག །ཡོ་བྱད་དག་པ་བསྡུ་བྱ་སྟེ། །ཞེས་སོ། །དེ་ཡང་ཡོ་བྱད་ཚོ་གསུམ་དུ་བཅད་དེ། ཆ་གཅིག་གིས་སྔོན་དུ་མཆོད་སྦྱིིན་བྱ། །ཆ་གཅིག་མཇུག་ཏུ་དགའ་སྟོན་གྱི་ཕྱིར་བཞག །ཆ་གཅིག་རཾ་ཡཾ་ཁཾ་གིས་སྦྱངས་ལ་ཏྲཱཾ་ལས་འདོད་ཡོན་དུ་བྱིན་གྱིས་རློབས་ཏེ་སྒྲུབ་པའི་ཆ་རྐྱེན་དུ་བྱེད་པའོ། །དེའང་སྔ་མའི་འཕྲོས་ལས། ཚོ་གསུམ་བཅད་ལ་བྱིན་གྱིས་རློབས། །ཞེས་སོ། །བཞི་པ་ལ། གང་གིས་སྒྲུབ་པའི་སྟོན་པ་དང་། གང་དུ་ལྷན་ཅིག་ཏུ་སྒྲུབ་པའི་འཁོར་གཉིས། དང་པོ་ནི། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །རྣལ་འབྱོར་མཐར་ལྡན་ཤིན་ཏུ་བསྟེན། །ཞེས་པའི་རང་བཞིན་བརྒྱད་ལྡན་ནོ། །གཉིས་པ་ནི། སྤྱིར་ཡོན་ཏན་དྲུག་དང་ལྡན་པའི་འཁོར་ཏེ། འདི་ཉིད་ལས། སྟོན་པ་སྒོ་གསུམ་གྱིས། མཆོད་བརྩོན་རྟོགས་པ་ནི་ལྟ་བ་བསྒོམ་པ། གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཞེས་སོ། །ཁྱད་པར་སློབ་དཔོན་དང་དགོངས་པ་མཉམ་པའི་རྡོ་རྗེ་རྒྱལ་ཚབ་དང་། སྐད་གདངས་ཆེ་ཞིང་ལས་ཁྲིགས་མཁས་པའི་རྡོ་རྗེ་ལས་མཁན་དང་། སྦྱོར་བའི་སྒྱུ་རྩལ་ཤེས་པའི་ལས་བཞིའི་གཟུངས་མ་དང་། མི་མ་ཡིན་མཐོང་བའི་མིག་རྣོན་གྱིས་ཉུལ་ལེ་ཤེས་ཤིང་བཟློག་ནུས་པའི་རྡོ་རྗེ་སྤྱན་པ་དང་། དྲོད་འཛིན་པའི་རྡོ་རྗེ་བྱ་རོག་དང་། སྒྲོལ་བའི་ལས་ལ་མཁས་པའི་གིང་ཀ་ར་དང་། གཡོས་ལ་མཁས་པའི་བྱན་པོ་དང་། ཕྱི་ནང་གི་བརྡ་སྦྱོར་མཁས་པའི་རྡུལ་ཕྱགས་སྐྱེས་བུ་སོགས་ཚོམ་བུར་འབྲེལ་བའི་འཁོར་ཕུན་སུམ་ཚོགས་པ་སྟེ། ལམ་རིམ་ལས། རྒྱལ་ཚབ་རྒྱལ་པོར་མཚུངས་པ་དང་། །ཀརྨ་གདངས་ཆེན་ཕྲེང་བར་ལྡན། །ལྗོན་ལྕུག་སྡོང་རེག་གཅིག་མེས་ཀྱང་། མཚན་རྫོགས་དང་། །རྣལ་འབྱོར་མིང་སྲིང་བརྩེ་གདུང་ལྡན། །ཚོམ་བུ་ལྔའམ་ཟུང་གིས་སྒྲུབ། །ཅེས་དང་། ཚོགས་ཀྱི་འཁོར་ལོ་ཐུགས་ཀྱི་སྒྲུབ་པ་ལས། མདོར་ན་ཚབ་ཀར་ཕྱག་རྒྱ་དང་། །ཉུལ་དང་བྱ་རོག་སྤྱན་པ་དང་། །རྡུལ་ཕྱགས་ལ་སོགས་ཡོན་ཏན་ལྡན། །ཞེས་སོ། །སྤྱིར་ཇི་ཙམ་འཚོགས་པའི་ཚད་ནི། །རྣལ་འབྱོར་པ་ལྷ་གྲངས་དང་མཐུན་པར་འདུ་ནའང་། གྲངས་གཅིག་ཏུ་མ་ངེས་ཏེ། གསང་རྒྱུད་ལས། འདུས་པ་ཆུང་ལ་གཉིས་དྲུག་བཅུ། །འབྲིང་ལ་དཀྱིལ་འཁོར་གྲངས་ཡིན་ཏེ། །ཆེན་པོ་རབ་ཏུ་མང་པོའོ། །ཞེས་པས་འདུས་པ་ཆུང་དུའི་ཚེ་ཚོམ་བུ་གཅིག་གསུམ་ལྔ་བའི་གཙོ་བོ་ཡབ་ཡུམ་ཙམ་འཚོགས་པ་སྟེ། གཉིས་དང་། དྲུག་དང་། བཅུ་ཚང་བའོ། །འབྲིང་ལ་ལྷ་གྲངས་དང་མཉམ་པ་སྟེ། བཅོ་བརྒྱད་དང་། ཞེ་དྲུག་དང་། བདུན་ཅུ་ཚོགས་པའོ། །ཆེན་པོའི་ཚེ། དེ་ཡན་ཆད་རབ་ཏུ་མང་པོ་འདུས་པ་སྟེ། རྣམ་བཀོད་ལས། ཚོམ་བུ་ལྔ་བཅུ་སྟོང་དང་བཅས། །ཞེས་གསུངས་པ་ལྟ་བུའོ། །ལྔ་པ་ནི། ལམ་རིམ་ལས། སྒྲུབ་ཐབས་ཡན་ལག་བཞི་སྦྱར་ལ། །ཞེས་པས། བསྙེན་བསྒྲུབ་བཞིའི་སྒོ་ནས་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་ཤེས་པར་བྱའོ། །དེས་ན་སྒྲུབ་པའི་མཐུན་རྐྱེན་གྱི་ཡན་ལག་ཐམས་ཅད་ཚོགས་པར་བྱས་ནས་བསྒྲུབས་ན་གདོན་མི་ཟ་བར་འགྲུབ་པ་ཉིད་དེ། འདི་ཉིད་ལས། གནས་དང་ལོངས་སྤྱོད་ཅི་བདེ་དང་། །མ་ཉམས་བློ་ནི་རབ་ལྡན་པས། །དང་པོར་དམ་ནོས་བཞིན་དུ་བྱ། །ལེ་ལོ་སྒྱིད་སྙོམས་མེད་པ་ཡིས། །ཐེ་ཚོམ་མེད་པར་བསྒྲུབ་བྱས་ན། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་གསང་མཆོག་དམ་པ་ཐོབ། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་བསྙེན་སྒྲུབ་བཞིས་གཞུང་བསྲང་བ་ནི། །བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཞེས་པའི་སྐབས་སུ། སྤྱིར་ལམ་རིམ་ལས། འདི་ཡང་ལམ་སྒྲུབ་སྦྱོར་བ་ཡི། །ཞེས་པས། ལམ་གྱི་དུས་ཀྱི། སྦྱོར་བའི་དུས་ཀྱི། བསྒྲུབ་པའི་དུས་ཀྱི་བསྙེན་བསྒྲུབ་ཡན་ལག་བཞིའོ། །དང་པོ་ནི། ལྟ་བ་རྟོགས་ནས་སྟོང་ཆེན་དང་ཀུན་ཏིང་ལ་གནས་པ་ནི་བསྙེན་པ། ཕྱག་རྒྱ་གཅིག་སྤྲོས་ནི་ཉེ་བསྙེན། ཡོ་བྱད་ལྔས་ཚོགས་སྒྲུབ་པ་ནི་སྒྲུབ་པ། དེ་འབྲས་ཟག་མེད་ཀྱི་རིག་འཛིན་ཐོབ་མ་རག་པའི་ནི་སྒྲུབ་ཆེན་ཏེ། ལམ་རིམ་ལས། བྱང་ཆུབ་སེམས་རྟོགས་འགྲུས་པ་ནི། །བསྙེན་པའི་དམ་པ་ཡིན་པའི་ཕྱིར། །སེམས་ཆས་སྙིང་རྗེ་མན་ཆད་དོ། །ཕྱག་རྒྱ་གསལ་བ་ཉེ་བསྙེན་པ། །དེ་ཕྱིར་གཅིག་དང་སྤྲོས་པའོ། །སྒྲུབ་པ་ཉིད་ནི་བར་ཆད་མེད། །དུས་ཀྱི་ཚོགས་མཐས་སྒྲུབ་ཆེན་ལེན། །ཞེས་སོ། །གཉིས་པ་ནི། ཡུམ་བཙལ་ཏེ་ཆས་སུ་བཅུག་པ་བསྙེན་པ། དེ་བྱིན་གྱིས་རློབ་པ་ནི་ཉེ་བསྙེན། རོལ་ནས་དབབ་བཟུང་གི་དགོངས་པ་ནི་སྒྲུབ་པ། ཉི་ཟླ་རྡོ་རྗེའི་ལྕེས་ལོན་ཏེ་ལྡོག་དགྲམ་གྱི་དགོངས་པ་ནི་སྒྲུབ་ཆེན་ཏེ་ལག་ལེན་སྦྱོར་མཆོད་བཞིན་ནོ། །དེའང་ལམ་རིམ་ལས། གསུམ་པ་མཆོད་པའི་སྐབས་བཞིན་ཤེས། །ཞེས་སོ། །གསུམ་པ་ནི། ཟླ་བ་གཅིག་ལ་སྒྲུབ་པ་རྫོགས་པ་མ་ཡིན་པས་ཟླ་དྲུག་ལ་སོགས་པ་ཇི་ཙམ་བྱེད་པ་ལ་ཆ་བརྩི་བ་ཡིན་མོད་ཀྱི། འོན་ཀྱང་འདིར་ཟླ་བ་གཅིག་ལྟ་བུ་ལ་དཔེར་བྱས་ཏེ་བརྩི་ན། དེ་ལས། ཟླ་ཕྱེད་ཕྱེད་ཞལ་ཉེ་བསྙེན་པ། །ལྷ་གསལ་འཕྲོ་འདུས་སྣོད་དུ་རུང་། །བཅོ་ལྔ་མར་ཕྱེད་སྒྲུབ་པ་སྟེ། །འཕྲོ་འདུ་བསྣོལ་མས་བསྒྲུབ་པར་བྱ། །ཞག་གྲངས་ཚང་ནས་རྟགས་བྱུང་ན། །དངོས་གྲུབ་བཟླས་བླང་སྒྲུབ་ཆེན་པོ། །ཞེས་པས་ཆ་རྐྱེན་རྣམས་ཚོགས་ནས་སྒྲུབ་པ་ལ་འཇུག་པར་མ་ཐོགས་པ་ནི་བསྙེན་པ། ཞུགས་ནས་ཟླ་བ་ཕྱེད་ཡན་ཆད་ནི་ཉེ་བསྙེན། ཐ་མའི་ཞག་གཅིག་མ་གཏོགས་པའི་ཕྱེད་མན་ཆད་ནི་སྒྲུབ་པ། ནུབ་ཐ་མ་ལ་དངོས་གྲུབ་ལེན་པ་ནི་སྒྲུབ་པ་ཆེན་པོ་སྟེ། སྒྲུབ་བྱང་ལས། རིམ་པ་ཤོམ་དང་འབྲེལ་བའི་ཕྱིར། །བསྙེན་པ་ཞེས་སུ་བརྗོད་པ་ཡིན། །གསང་སྒོར་ཞུགས་ནས་བྱིན་ལྡན་པ། །ཉེ་བའི་བསྙེན་པ་ཞེས་སུ་བརྗོད། །གང་ཡང་བར་ཆད་མི་གཡེལ་བར། །དམ་པའི་གཞུང་གཉིས་འཛིན་པས་ན། །སྒྲུབ་པ་ཞེས་སུ་བརྗོད་པ་ཡིན། །རྣལ་འབྱོར་དྲོད་ཀྱི་རྩལ་འཆང་བ ། །སྒྲུབ་པ་ཆེན་པོར་དེ་བརྗོད་དོ། །ཞེས་སོ། །དེ་ལྟར་ལམ་སྒྲུབ་སྦྱོར་བ་གསུམ་ལས། འདིར་སྒྲུབ་པ་དུས་ཀྱི་བསྙེན་བསྒྲུབ་བཞིའོ། །དེ་ལས། དང་པོ་བསྙེན་པ་ལའང་། སྔོན་དུ་བྱ་བའི་དང་། བྱ་བ་ལས་ཀྱི་བསྙེན་པའོ། །དང་པོ་ནི། ཚོགས་བསྒྲུབ་ཀྱི་སྔོན་དུ་ཞི་ཁྲོ་གང་བྱེད་ཀྱི་བསྙེན་པ་བྱེད་པ་སྟེ། འདིར་ལམ་མོས་བསྒོམ་མ་ཡིན་ངེས་རྫོགས་པའི་ཕྱིར། དང་པོར་ལྟ་བ་གཏན་ལ་ཕེབས་པར་བྱས་ནས་ཚོགས་ལམ་གྱི་རྣལ་འབྱོར་བཞི་ལ་བརྟན་པ་ཐོབ་པར་བྱ་དགོས་པ་སྟེ། ལམ་རིམ་ལས། དེ་ལ་སྤྲོས་པ་མཐར་ཕྱིན་པ། །ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པའི། །རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། །ངེས་པར་ལེགས་པའི་དགོས་པ་འགྲུབ། །ཅེས་གསུངས་པའི་ཕྱིར་རོ། །དེ་གསུམ་བཤད་ན། སྟོང་ཆེན། སྙིང་རྗེ་སྒྱུ་མ། རྒྱ་གཅིག །སྤྲོས་བཅས། ཚོམ་བུ་གཅིག་གསུམ་ལྔ་པའི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གང་རུང་ལ་བརྟན་པ་ཐོབ་པར་བྱ་བ་སྟེ། ཕྱག་རྒྱ་གཅིག་པ་ལ་ཕྲ་རགས་གཉིས་སུ་ཕྱེ་བས་ཆོ་ག་ལྔའོ། །ཡོ་བྱད་ལྔ་ནི། དེ་ལས། དམ་ཚིག་ལྟ་བ་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་སྟེ། །ལྷག་པའི་ཡོ་བྱད་ལྔ་རྫོགས་བྱ། །ཞེས་ལམ་གྱི་ཡོ་བྱད་ལྔའམ། ཡང་ན། ཨཱ་ལི་ཀཱ་ལིའི། རྒྱན་དང་བགོ་བའི། བཟང་དང་བཏུང་བའི། བྲོ་གར་འདུ་འཕྲོའི། གླུ་ཚིག་སྒྲ་སྟེ་སྒྲུབ་པ་རྫས་ཀྱི་ཡོ་བྱད་ལྔའོ། །ཡན་ལག་གི་ལྷ་དགུའི་དབུ་རྒྱན་ནི་རིགས་ཀྱི་བདག་པོ་གཅིག་གིས་བསྡུས་པའི་ཕྱིར་གཅིག་ཏུ་བརྩིས་པས་སྔགས་ཀྱི་ཡན་ལག་ལྔ་སྟེ། སྤར་ཁབ་ལས། ཡིད་སྐྱོབ་པ་དང་བྱིན་གྱིས་རློབ་པའི་ཕྱིར་སྔགས་ཏེ་ལྷའོ། །ཞེས་སོ། །གལ་ཏེ་ཕྱག་རྒྱ་སྤྲོས་བཅས་ལ་བརྟན་པ་ཐོབ་དགོས་པ་ལྟར་ན། གོང་མའི་ཊཱིཀ་རྣམས་སུ། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླ། །ཞེས་སོགས་ཕྱག་རྒྱ་གཅིག་པ་བསྒོམ་པ་ལ་སྔོན་དུ་བྱ་བའི་བསྙེན་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་སྤར་ཁབ་ལས། རྫོགས་པའི་ལམ་དང་། ཉེ་བའི་ལྷ་བསྒོམ་པ་རྣམས་ཀྱི་དབང་དུ་གསུངས་ཞེས་པས་བསྐྱེད་རྫོགས་གཉིས་ཀའི་བསྡུས་དོན་ལྟ་བུར་སྟོན་པ་སྟེ། བསྐྱེད་རིམ་ལྟར་ན། ལྷ་ཡབ་ཡུམ་ཟུང་འབྲེལ་དུ་བསྒོམས་པས་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་མ་ལུས་པར་བསྒོམ་པར་འགྱུར་ཏེ་རྒྱལ་བ་ཐམས་ཅད་གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་ཕྱིར། དེ་སྐད་དུའང་རྫོགས་ཆེན་གྱི་རྒྱུད་བཀྲ་ཤིས་བརྩེགས་པའི་དཔལ་ལས། བདེ་གཤེགས་གཅིག་བསྒོམ་རྒྱལ་བ་ཀུན་གྱི་ངང་། །ཞེས་སོ། །རྫོགས་རིམ་ལྟར་ན། དབྱིངས་ཡེ་ཟུང་འབྲེལ་དུ་བསྒོམས་པས་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་བསྒོམས་པར་འགྱུར་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དེར་འདུས་པའི་ཕྱིར། དེའང་དེ་མ་ཐག་པར། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །ཞེས་སོགས་རྐང་པ་དྲུག་གསུངས་པའི་ཕྱིར་རོ། །དེས་ན་སྔོན་དུ་བྱ་བའི་བསྙེན་པ་ཁོ་ན་འཆད་བྱེད་ཀྱི་གཞུང་ཡིན་པར་མ་ངེས་ཀྱང་། ཊཱིཀ་རྣམས་སུ་སྐབས་འདིར་འཆད་པ་ནི། སྙིང་རྗེ་སྒྱུ་མ་ནས་ཐོད་རྒལ་འབྱུང་མི་སྲིད་པ་ཚོགས་སྒྲུབ་ཀྱི་སྔོན་དུ་ཕྱག་རྒྱ་གཅིག་པ་འགྲོ་བས་ཁྱབ་པའི་ཕྱིར། འཆད་བདེ་བ་ལ་དགོངས་ནས་གོ་རིམ་བསྡེབས་པ་ཡིན་ནམ་སྙམ་དུ་སེམས་ཏེ། སྔ་རབས་པ་དག་གིས་དཔྱད་པ་མ་མཐོང་ངོ་། །གཉིས་པ་ལ་བྱ་བ་ལས་ཀྱི་བསྙེན་པ་ནི། ལྔ་དང་ལྔ་ཡི་སྦྱོར་བ་ཡིས། །ཞེས་སོགས་ཀྱིས་བསྟན་པར་བཞེད་དོ། །དེ་ཡང་སྒྲུབ་པ་ཕྱག་བཞེས་ཀྱིས་འཆད་དགོས་པའི་ཕྱིར་འདིར་ལས་ཁྲིགས་ཅུང་ཟད་བཤད་ན། ཧེ་རུ་ཀ་འདུས་པའི་རྒྱུད་ལས། དང་པོ་ས་ཡི་ཆོ་ག་སྟེ། །གཉིས་པ་ལ་ནི་སྟ་གོན་གནས། །གསུམ་པ་འཇུག་པའི་ཆོ་ག་བྱ། །འདི་དག་ཆོ་གར་འདུས་པ་ཡིན། །ཞེས་པས་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་སྒྲུབ་པ་པོས། ནུབ་དང་པོར་ས་གཞི་མཉམ་པའི་ཆོ་ག་ལས་ས་བསྲུང་བ་ཡན་ཆད་བྱ། གཉིས་པར། བུམ་པ་ལ་སོགས་པའི་ཡན་ལག་རབ་གནས་དང་། སྒྲུབ་ཆེན་དང་འབྲེལ་བར་སློབ་མ་ལ་དབང་བསྐུར་ན་དེའི་ལྷག་གནས་དང་། རྡོ་རྗེ་ལས་རིམ་དུས་བཟུང་བ་ཞེས་ཐ་སྙད་མཛད་པའི་ལྷ་སྟ་གོན་གྱི་ཆོ་ག་རྣམས་བྱའོ། །གསུམ་པ་ལ། བཤགས་པ་བྱ་ཞིང་མཚམས་གཅོད་པ། མ་ཏྲཾ་གནན་པ། དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པ། ནུབ་དང་པོ་བསྙེན་པའི་བྱ་བ་ལ་འཇུག་པའོ། །དང་པོ་ལ་བཤགས་སྐོང་བྱ་བ་དང་། མཚམས་གཅོད་པ་གཉིས། དང་པོ་ལ་གསུམ་ལས། ཕྱི་བཤགས་སུ་དཀོན་མཆོག་མཆོད་པ། འབུམ་སྟེ་ལྔའམ་དཔང་སྡུད་སོགས་བཀའ་ཀློག་པ། སཱཙྪ་གདབ་པ། གཏོར་མ་གཏང་བ། སྲོག་བསླུ། ལམ་འཕྲང་གསོ་བ་སོགས་རྒྱབ་རིམ་ཅི་འགྲུབ་བྱ། བར་བཤགས་སུ་དོང་སྤྲུགས་འདོན། ནང་བཤགས་སུ་རུ་ཆེན་བཞིའི་བཤགས་པ་རྣམས་བྱེད་པའོ། །གཉིས་པ་ནི། ལམ་རིམ་ལས། ཕྱི་རོལ་མཆོད་པའི་ལས་རྫོགས་ཏེ། །ཕྱི་བཅད་བསྲུང་སྒོ་རིམ་བཞིན་བྱ། །ཞེས་དང་། ཡང་དག་རྩ་བ་ལས་ཀྱང་། འབྱུང་པོའི་གཏོར་མ་བཏང་ནས་ཀྱང་། །གསང་བའི་དོན་གྱི་ལས་རྣམས་བྱ། །ཞེས་པས་འབྱུང་པོ་རྣམས་ལ་གཏོར་མ་བྱེད་ཏེ་བསྐྲད་ནས་མཚམས་གཅད་པར་བྱའོ། །དེ་ཡང་ཕྱག་བཞེས་རྒྱས་པའི་ཚེ་མཚམས་དགུ་ཕྲུགས་སུ་གཅོད་པར་མཛད་ཀྱང་། འདིར་བསྡུས་པའི་དབང་དུ་བྱས་ཏེ། ཕྱི་དང་། ནང་དང་། གསང་བའི་མཚམས་བཅད་པའོ། །དང་པོ་ནི། སྒྲུབ་ཁང་གི་ཕྱི་རོལ་གོམ་པ་བདུན་ཅུའི་སར་རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུའི་ཐོ་གཟུག་པས་ཕྱོགས་སོ་སོའི་གནས་ནས་བར་མཚམས་མེད་པར་བསྲུང་བར་བསམ་པའོ། །དེ་ལྟར་ཡང་ཧེ་རུ་ཀ་གལ་པོ་ལས། ཕྱོགས་བཞིར་ཐོ་བཞི་བཙུགས་ནས་ཀྱང་། །རྒྱལ་པོ་ཆེན་པོ་སྡེ་བཞི་ལ། །ཕྱི་མཚམས་གཅད་པའི་ཕྲིན་ལས་བཅོལ། །ཕྱི་མཚམས་བསྲུང་བར་ཞལ་བཞེས་པའི། །མཐུ་ཆེན་ཕྱོགས་སྐྱོང་འཁོར་བཅས་ལ། །གཏོར་མ་ཆ་རེ་བྱིན་ནས་ཀྱང་། །ཕྱི་མཚམས་བསྲུང་བའི་ཕྲིན་ལས་བཅོལ། །ཞེས་སོ། །གཉིས་པ་ནང་མཚམས་ལ། དམ་སྲི་གནན་པ། སྒོ་བྱང་གདགས་པ། ཁྲོ་བཅུས་བགེགས་ལ་ཕུར་བུ་གདབ་པའོ། །དང་པོ་ནི། སྔོན་གསང་ཀྱི་སྒོར་ཞུགས་ཀྱང་བཀའ་བསྒོ་ལོག་པས་དམ་ཚིག་ཅན་ལ་གནོད་པའི་དམ་སྲིར་གྱུར་པ་སྟེ། དེ་སྔོན་དམ་འདྲེས་ཟིན་པའི་ཕྱིར་མཚམས་ཀྱི་སྦྱོར་བ་གཞན་གྱིས་མི་ཐུབ་པས། ར་སོག་ལ་ལིངྒ་བྲིས་ཏེ་སྒྲུབ་ཁང་གི་ཐེམ་པའི་ཕྱི་རོལ་དུ་མནན་ཅིང་བྲོ་བརྡུངས་པས་བསྐལ་མཐའི་བར་དུ་ལྡང་མི་ནུས་པར་བསམ་པའོ། །དེའང་ཀུན་འདུས་ལས། རྐྱེན་གྱི་བར་ཆད་བསལ་བ་དང་། །གསང་བའི་མན་ངག་སྤྱད་པའི་ཕྱིར། །འཇུག་སྲེད་དམ་སྲི་གནན་པར་བྱ། །ཞེས་སོ། །གཉིས་པ་ནི། ར་སོག་ལ་བྲིས་པའི་བགེགས་ལིང་གི་སྙིང་གར་ཕུར་བུ་བཏབ་སྟེ་གཤིན་རྗེའི་གནས་སུ་བསྐྲད་པར་བསམ་ཞིང་། སྒོའི་འོག་ཏུ་མགོ་མཐུར་བསྟན་གྱིས་གདགས་སོ། །དེ་དང་ཐད་ཀའི་སྒོ་གོང་དུ་ཡེ་ཤེས་ལྷའི་སྒོ་བྱང་ནི། ལུག་གམ་རྐྱང་གི་སོག་པ་ལ། གཤིན་རྗེ་གཤེད་ཀྱི་སྐུ་བྲིས་པ་གདགས་པས་ཇི་སྲིད་སྒྲུབ་པ་མ་ཐོན་གྱི་བར་དུ་ཕྱིའི་བར་གཅོད་ནང་དང་། ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་ཕྲིན་ལས་བྱེད་པར་བསམ་པའོ། །འདིར་ཧེ་རུ་ཀ་གལ་པོ་ལས། ཆོས་ཀྱི་རྒྱལ་པོ་བདུད་རྩི་ཡི། །ཕྱི་ནང་སྒོ་བྱང་གདགས་པར་བྱ། །ཞེས་གསུངས་པ་ལྟར་འཁྱིལ་བའི་སྒོ་བྱང་བཏགས་ཀྱང་འགལ་བར་མ་མཐོང་ངོ་། །གསུམ་པ་ནི། རྒྱལ་པོ་བཙོན་དུ་བཅུག་པས་དམངས་ཆམ་ལ་ཕེབས་པ་ལྟར། བགེགས་ཕྲན་རྣམས་ལྡང་མི་ནུས་པའི་ཆེད་དུ་བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་ལ་ཕུར་བུ་གདབ་པར་བྱ་སྟེ། བྱུག་བདུག་གིས་ཕུར་བུ་གཟི་བྱིན་བསྐྱེད་ནས། བདག་ཉིད་ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་ཕུར་བུ་རྣམས་ཁྲོ་བཅུ་ཡབ་ཡུམ་དུ་བསྐྱེད་ལ། ཊ་ཀི་རཱ་ཛས་ཕྱོགས་སྐྱོང་བཅུ་བཀུག་ནས་གདན་དུ་བཏིང་བ་ལ་བགེགས་མཐར་བྱེད་ཀྱིས་ཕུར་བུ་བཏབ་པས་གསེར་གྱི་ས་གཞི་ལ་སྦྲགས་པར་བསམ་ཞིང་ཡེ་ཤེས་ཀྱི་ཁྲོ་བཅུ་ཕབ་ནས་མཆོད་བསྟོད་ཕྲིན་གསོལ་བྱ་བའོ། །དེ་ལྟར་ཡང་ལམ་རིམ་ལས། འཇིགས་བྱེད་དབང་དུ་བདག་ཞུགས་ནས། །ཁྲོ་བོ་ཁྲོ་མོ་འཁོར་དུ་བྱ། །གདན་དུ་གཟིར་ཞིང་ཕུར་བུས་གདབ། །རང་བཞིན་ཕབ་ལ་མཆོད་བསྟོད་དེ། །བར་ཆད་ཏིང་འཛིན་མཆོག་གིས་བཟློག །ཅེས་སོ། །གལ་ཏེ་ས་བསྲུང་བའི་ཚེ་ཕྱོགས་སྐྱོང་ཕུར་གདབ་བྱས་གྲུབ་པ་ཞིག་ན། འདིར་སྔར་བཏབ་པའི་ཕུར་བུ་རྣམས་ལ་ཕྲིན་ལས་བསྐུལ་བ་རིགས་བར་མཐོང་ཞེས་རྗེ་བླ་མས་གསུང་བ་ལྟར་ལེགས་པས་བསྐྱར་ནས་གདབ་མི་དགོས་སོ། །གསུམ་པ་ནི། མཚན་མེད་རྣམ་པར་མི་རྟོག་པའི་མཚམས་ཏེ། མདོ་ལས། མཚམས་མེད་པ་ལ་མཚམས་བཅད་པ། །འདི་ནི་རྣལ་འབྱོར་ཅན་གྱི་ལས། །ཞེས་པ་ལྟ་བུའོ། །གཉིས་པ་ནི། ཕྱི་ནང་གསང་བའི་མཚམས་གཅོད་ཚར་བའི་རྗེས་ཐོག་ཏུ། གནན་པར་བྱ་སྟེ། ལམ་རིམ་ལས། ཕྱི་ནང་གསང་བ་བསྲུང་བྱ་སྟེ། །སྲིན་པོའི་རྒྱལ་པོ་ཚུལ་བཞིན་མནན། །ཞེས་གསུངས་པའི་ཕྱིར། དེ་ཡང་མ་ཏྲཾ་རཱུ་དྲའི་གཟུགས་བཅས་ཏེ། དགུག་བསྒྲལ་སྤར་ལ་རོལ་པའི་བྲོས་མནན་ཅིང་སྦྱངས་ཏེ་ཁོག་པ་གཞལ་ཡས་ཁང་དུ་བྱིན་གྱིས་རློབ་པའོ། །འདི་ཉིད་མཚམས་ཀྱི་དོན་དུའང་འགྱུར་ཏེ། རཱུ་དྲ་ནི་བགེགས་ཀྱི་རྒྱལ་པོ་ཡིན་ལ། དེ་བསྒྲལ་བས་བགེགས་ཕྲན་གཞན་རྣམས་ཀྱིས་བར་གཅོད་བྱ་བར་མི་ནུས་པའི་ཕྱིར། གསུམ་པ་དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པ་ནི། ཐིག་ཚོན་གྱི་ཆོ་ག་དང་ལྡན་པས་དཀྱིལ་འཁོར་ཚོམ་བུ་གང་བསྒོམ་གྱི་གཞུང་བཞིན་དུ་བྲིས་ནས་རབ་གནས་དང་། སྦྱིན་སྲེག་བྱ། དེ་ནས་ཡོ་བྱད་རྣམས་བྱིན་གྱིས་རློབས་ཏེ་སྒྲུབ་རྫས་དང་། མཆོད་རྫས་དང་། དཀྱིལ་འཁོར་གྱི་རྒྱན་དགོད་རྣམས་བྱ་སྟེ། དེ་ལས། སོ་སོར་འཚམས་པའི་གཟུགས་བརྙན་བྲི། །རྒྱན་དང་མཆོད་སོགས་འཁོར་བ་དང་། །ཞེས་སོ། །བཞི་པ་ནི། ཐོག་མར་གྲལ་ཕྱག་དང་ཚུལ་ཕྱག་བཙལ་ནས་ཁྲོ་བཅུ་རོལ་བས་མཚམས་གཅོད་དེ། དེ་ལས། ཐུན་མོང་སྲུང་བའི་འཁོར་ལོ་བྱ། །ཞེས་སོ། །འདིར་གང་དང་ཐུན་མོང་ཞེ་ན། །རྗེ་སྒྲོ་ཕུག་པ་ནི་བསྙེན་བསྒྲུབ་བཞི་ཀའི་ཐུན་མོང་དང་། ལྷ་རྗེ་གླན་ཚོམ་བུ་གསུམ་ཀའི་ཐུན་མོང་གི་མཚམས་སུ་བཞེད། འདིར་ཞི་ཁྲོ་གཉིས་ཀའི་ཐུན་མོང་གི་མཚམས་སུ་བཤད་ཀྱང་མི་འགལ་ལོ། །དེ་ནས་བརྡ་སྒོ་དབྱེ་བ་སོགས་བྱ་སྟེ། དེ་ཡང་བརྡ་སྒོ་ནི། སྣོད་བཅུད་གཞལ་ཡས་ཁང་ལྷའི་རང་བཞིན་དུ་གསལ་བཏབ་སྟེ། ཡེ་ཤེས་བཞིའི་སྒོ་ནས་ཞུགས་པར་བསམ་པའོ། །བརྡ་ཕྱག་ནི། ལྷ་དང་གཞལ་ཡས་ཁང་དེ་ཡང་ཡུལ་གུད་ན་ཡོད་པ་མ་ཡིན་ཏེ། རང་གི་རིག་པ་ཉིད་དཀྱིལ་འཁོར་དུ་ཤར་བ་ལ་ཡུལ་རིག་གཉིས་སུ་མེད་པར་མཇལ་བ་བརྡའི་ཕྱག་གིས་མཚོན་ཅིང་ངོ་མཚར་བསྐྱེད་པའོ། །དེ་ནས་བཤགས་པ་བྱ། དམ་བཅའ། དཀྱིལ་འཁོར་ལ་བྱིན་དབབ། བདག་ཉིད་མ་མོ་དང་མཁའ་འགྲོ་རྣམས་ཀྱིས་དཔུང་གི་རུ་དར་ལྟར་རང་གི་སྡེ་ཚན་དུ་ཤེས་པར་འགྱུར་པ་ལ་སོགས་པའི་དགོས་པས་སྒྲུབ་པ་པོ་ཐམས་ཅད་ལ་བྱུགས་རྩི་གསུམ་གྱི་རྟགས་གདབ། མཆོད་པ་བྱིན་གྱིས་རློབ། དེ་ནས་བསྙེན་པ་འཇུག་སྟེ། དང་པོ་ཏིང་ངེ་འཛིན་གསུམ་བསྒོམ། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཚོམ་བུ་གང་བསྒོམ་དང་བསྟུན་པ་ལ་བསྒོམ། དེ་ཡང་། འདི་ཉིད་ལས། རྣལ་འབྱོར་ཐབས་དང་ཤེས་རབ་ཀྱིས། །དེ་བཞིན་གཤེགས་དང་ཡུམ་དུ་བསྒོམ། །སེམས་དཔའ་སེམས་མ་ཉིད་དུ་བསྒོམ། །སོ་སོའི་སྔགས་དང་ཕྱག་རྒྱ་དང་། །ཏིང་འཛིན་ཡང་དག་སོ་སོར་གསལ། །ཞེས་པས། རྣལ་འབྱོར་ཕོ་མོ་དང་ལྷ་ཡབ་ཡུམ་བྲང་སྤྲད་དེ་བྱེ་བྲག་ཏུ་བསྒོམ་པའམ། ཡང་ན་རྣལ་འབྱོར་པ་སྤྱིས་ཚོམ་བུ་སྤྱིར་བསྒོམ་པ་གང་མོས་སུ་བྱའོ། །དེ་ལྟར་ཡང་། ལམ་རིམ་ལས། སྤྱིའམ་ཡང་ན་རེ་རེ་ཞིང་། །ཚོམ་བུའི་དཀྱིལ་འཁོར་རིམ་བཞིན་བསྒོམ། །ཞེས་སོ། །དེ་ནས་དབང་བསྐུར། བྱིན་གྱིས་རློབ། ཡེ་ཤེས་པ་དབབ་དྲང་བསྟིམ་ལ་མཆོད་ཅིང་བསྟོད་ནས་བསྙེན་པ་བྱ་སྟེ། དེ་ལས། བྱིན་རློབ་དབང་དང་ལྡན་བྱས་ནས། །རང་བཞིན་གནས་ནས་དབབ་བྱ་སྟེ། །གཞུག་ཅིང་བརྟན་བྱས་རིམ་པར་མཆོད། །རྫོགས་ནས་བསྟོད་དེ་བསྙེན་པ་བྱ། ཞེས་སོ། །དེའང་ནུབ་དང་པོའི་བསྙེན་པ་ནི། དེ་ལས། ཡེ་ཤེས་མདུན་དུ་ལྷག་པ་ལ། །བཟླས་པ་གསལ་བ་གསུམ་གྱིས་བྱ། །ཞེས་པས། བདག་དམ་ཚིག་པ། ལྷ་ཡེ་ཤེས་པ། བར་གྱི་འཕྲོ་འདུ་སྟེ་གསལ་བ་གསུམ་གྱི་སྒོ་ནས་མན་ངག་བཞིན་བཟླ་བ་སྟེ། །འཛབ་ཁང་ཕྱེ་ནས། འོད་ཟེར་དཀར་པོ་ཕར་འཕྲོས་པས་སྒྲིབ་པ་སྦྱོང་ཞིག་བར་བསྐུལ། ཚུར་འདུས་ནས་བདག་གི་སྒྲིབ་པ་སྦྱངས་ནས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱས་པར་བསམ་ལ་འཛབ་བཟླ་ཞིང་། མཇུག་ཏུ་དཀྱིལ་འཁོར་ཕྱེ་བ་དེ་ཉིད་རང་ལ་བསྟིམ་པའོ། །དེ་ལྟར་ཡང་སྔ་མ་ལས། དེ་སོགས་བཟླས་བསྙེན་འཕྲོ་འདུ་ཡིས། །འདུན་པར་བསྐུལ་དང་སྣོད་བྱེད་པ། །བསྐྱེད་པའི་དཀྱིལ་འཁོར་རྫོགས་པའོ། །ཞེས་སོ། །དེ་ལྟར་འཛབ་ཟིན་ནས། ཚོགས་དང་། ལྷག་ཆོག་བྱ། ཚེ་བསྟིམ། གཏོར་མ་བསག །མཆོད་པ་ཕྱི་མ་དང་མཚམས་སྦྱར་སྟན་བྱིན་གྱིས་བརླབས་ཏེ་འདུག །འགྲོ་ན་ཕྲེང་བ་ཁྲོ་ཞལ་དུ་བྱིན་གྱིས་རློབས་ལ་གདན་བསྲུང་། དུས་དྲུག་ཏུ་བར་ཆད་ཀྱི་ཉུལ་ལེ་བརྟགས་ལ། དེ་དག་སོ་སོའི་གཉེན་པོ་བསྐུལ་བ་ལ་སོགས་པས་བཟློག་ཅིང་། དུས་རྟག་ཏུ་ལྷའི་ང་རྒྱལ་དང་མ་བྲལ་བ་བྱ་བ་སྟེ། དེ་ལས། ཟིན་ནས་སྡུད་དེ་རྣལ་འབྱོར་ཚོགས། །ཚུལ་བཞིན་མཆོད་པའི་ཕྲིན་ལས་བྱ། །ནང་ནུབ་མཁའ་འགྲོ་ལྷག་མ་སྦྱིན། །བར་ཆད་བཟློག་ཅིང་བསྙེན་པ་བྱ། །ཞེས་སོ། །འདིར་སྒྲོལ་གཡུང་གཉིས་ཀྱི་ཊཱི་ཀར། ཤོམ་ཡན་ལག་དང་འབྲེལ་བ་ཙམ་ལ་བསྙེན་པར་མཛད་ནས་ནུབ་དང་པོའི་བསྙེན་པ་མི་བཞེད་ཀྱང་། འདིར། འཁོར་ལོའི་ཚུལ་དུ་རྣམ་པར་བསྒོམ། །ཞེས་པའི་ལུང་ལྟར་མཁས་པ་རོག་སོགས། སྔ་རབས་དག་གི་ལས་ཐོ་ལས་འབྱུང་བ་ལྟར་བྱས་པ་སྟེ། གཞན་དུ་སྒྲུབ་པ་ཇི་ཙམ་བྱེད་པའི་འགོ་འཛིན་གྱི་ནུབ་དང་པོ་ནས་ཉེ་བསྙེན་ལ་བཞེད་པའི་ཕྱོགས་ཀྱང་མི་རིགས་པ་མ་ཡིན་ཏེ། ལམ་རིམ་གྱི་ཁྲོ་བོའི་སྐབས་སུ། དེ་ནས་གཉིས་པར་རྒྱན་རྣམས་དང་། །ཞེས་སོགས་དང་། སྒྲུབ་བྱང་དུ། རིམ་པ་ཤོམ་དང་འབྲེལ་བའི་ཕྱིར། །ཞེས་སོགས་ཀྱིས་འགྲུབ་བམ་སྙམ་སྟེ་དཔྱད་པར་བྱའོ། །གཉིས་པ་ཉེ་བསྙེན་ནི། ཆོ་གའི་རྣམ་གཞག་གཞན་རྣམས་སྔར་དང་མཐུན་པ་ལས། ཁྱད་པར་དུས་དྲུག་གམ་བཞིར་ཚོགས་དང་གཏོར་མ་གཏོང་། སྦྱིན་སྲེག་བྱ། འཛབ་ཀྱི་འཕྲོ་འདུའི་ཚེ། དཀར་པོ་ཕར་སྤྲོས་པས་བསྐུལ་བ་དང་། དམར་པོ་ཚུར་བསྡུ་བས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱ་བའོ། །དུས་ནི་ཇི་ཙམ་བསྒྲུབ་པའི་ཕྱེད་དོ། །གསུམ་པ་བསྒྲུབ་པ་ནི། ཆོ་ག་གཞན་ཉེ་བསྙེན་ལྟར་ལས། འཛབ་ཀྱི་འཕྲོ་འདུའི་དུས་སུ་འོད་ཟེར་དམར་པོ་སྤྲོས་པས་དངོས་གྲུབ་བསྐུལ་བ་དང་འདུས་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་སྟེ། འཕྲོ་འདུ་བསྣོལ་ནས་བྱེད་པའོ། །དེ་ལྟར་བསྙེན་བསྒྲུབ་ཀྱི་དུས་སུ་ཚོམ་བུའི་དཀྱིལ་འཁོར་སྒོམ་ཐབས་ལ། ཚོམ་བུ་གཅིག་པ། གསུམ་པ། ལྔ་པའོ། །དང་པོ་ནི། རྡོ་རྗེའི་རིགས་སུ་ཐམས་ཅད་དཀྱིལ། །ཞེས་སོགས་ཏེ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་རང་གི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བཞི་དང་། སྒོ་བ་ཡབ་ཡུམ་བཞི་སྟེ་ལྷ་ཚོགས་ཟུང་དགུ་ཡ་བཅོ་བརྒྱད་དོ། །དེ་ལྟར་ན་དཀྱིལ་འཁོར་བསྡུས་པ་དང་ཁྱད་པར་མེད་པར་ཐལ་ལོ་ཞེ་ན། ལྷ་གྲངས་ལ་ཁྱད་པར་མེད་ཀྱང་ལྷ་ངོ་ལ་ཁྱད་པར་ཡོད་པའི་ཕྱིར་སྐྱོན་མེད་དེ། དཀྱིལ་འཁོར་བསྡུས་པ་ནི་རྡོར་སེམས་ཡབ་ཡུམ་ལ་རྒྱལ་བ་རིགས་བཞིས་བསྐོར་བ་ཡིན་ལ། འདིར་ནི་རིགས་ཆུང་གི་སེམས་དཔའ་བཞིས་བསྐོར་བའི་ཕྱིར་རོ། །གཉིས་པ་ནི། ཡང་ན་སྐུ་གསུང་ཐུགས་ཉིད་དེ། །ཞེས་སོགས་ཀྱིས་དབུས་སུ་རྡོ་རྗེ་སེམས་དཔའ། ཤར་དུ་རྣམ་སྣང་། ནུབ་ཏུ་མཐའ་ཡས་ཏེ་གཙོ་བོ་ཡབ་ཡུམ་ཟུང་གསུམ་ལ། རང་རང་གི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་ཟུང་བཞི་བཞིས་བསྐོར་བས་ཟུང་ལྔ་ཚན་གསུམ་ལ་ཡ་སུམ་ཅུ། དེའི་སྟེང་དུ་མངོན་རྟོགས་ལས། སྒོ་བ་ཡབ་ཡུམ་བརྒྱད་བསྣན་ཏེ་སོ་བརྒྱད་དུ་བཤད། སྤར་ཁབ་ལས་ཞི་བ་སུམ་ཅུའི་སྟེང་དུ་སྟེང་འོག་མ་གཏོགས་པའི་ཁྲོ་བོ་ཡབ་ཡུམ་ཟུང་བརྒྱད་བསྣན་ཏེ་ཞེ་དྲུག་ཏུ་བཤད་དོ། །གསུམ་པ་ནི། སྔགས་འཆང་དངོས་གྲུབ་ཡང་དག་ནི། །ཞེས་སོགས་ཏེ། གཙོ་བོ་རིགས་ལྔ་ཡབ་ཡུམ་ལ་སོ་སོའི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་བརྒྱད་ཀྱིས་བསྐོར་བས་ལྷ་ལྔ་བཅུ། ཁྲོ་བཅུ་ཡབ་ཡུམ་ཉི་ཤུ་སྟེ་བདུན་ཅུའོ། །དེ་བཞིན་དུ། ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་པོ། །ཞེས་སོགས་ཀྱི་སྐབས་སུ་ཁྲོ་བོའི་དཀྱིལ་འཁོར་ལའང་ཚོམ་བུ་གསུམ་བསྒྲེས་ནས་སྟོན་ཏེ། ལམ་རིམ་ལས། དེ་ནས་འཁོར་ལོ་གཅིག་པའམ། །གསུམ་དང་ལྔ་རུ་བསྒོམ་པར་བྱ། །ཞེས་སོ། །དེ་ཡང་ཚོམ་བུ་གཅིག་པ་ལ་ལྷ་བདུན་ཅུ་རྩ་བརྒྱད་དེ། བཛྲ་ཧེ་རུ་ཀ་ཡབ་ཡུམ་ལ་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བ་བཅུ། ཕོ་ཉ་ག་རཱི་མ་བརྒྱད། ཕྱག་བརྙན་སིདྷ་མ་བརྒྱད། བཀའ་ཉན་སྒོ་མ་བཞི་སྟེ། ཁྲོ་མོ་ཉི་ཤུ། ཅི་བགྱིའི་དབང་མོ་ཉེར་བརྒྱད། སོགས་ཁོངས་ནས་ཁྲོ་བཅུ་ཡབ་ཡུམ་ཉི་ཤུ་རྣམས་སོ། །ཚོམ་བུ་གསུམ་པ་ལ་སྔར་གྱི་སྟེང་དུ། །ཤར་དུ་བུདྡྷ་ཧེ་རུ་ཀ་དང་། ནུབ་ཏུ་པདྨ་ཧེ་རུ་ཀ་གཉིས་ལ་རང་རང་གི་རིགས་ཆུང་དང་བཅས་པས་བཅུ་བཅུ་སྟེ་ཉི་ཤུ་བསྣན་པས་གོ་བརྒྱད་དོ། །ཚོམ་བུ་ལྔ་པ་ལ། དེ་དག་གི་ཁར་ལྷོ་བྱང་དུ་རཏྣ་དང་། ཀརྨ་ཧེ་རུ་ཀ་རིགས་ཆུང་དང་བཅས་པ་ཉི་ཤུ་བསྣན་པས་ལྷ་བརྒྱ་དང་བཅོ་བརྒྱད་དོ། །འདིར་ཁ་ཅིག་ན་རེ། འདིར་བསྟན་གྱི་ཚོམ་བུ་དང་སྔར་སྨོས་པའི་དཀྱིལ་འཁོར་གཉིས་ཀྱི་ཁྱད་པར་གང་ཞེ་ན། བཞེད་པ་མི་མཐུན་ཏེ་ཟུར་ཚོ་སྔ་རབས་པ་ཕལ་ཆེར་ན་རེ། མི་གྲངས་ངེས་མེད་ཀྱི་ལྷ་གྲངས་ངེས་པ་བསྒོམ་པ་དཀྱིལ་འཁོར། མི་གྲངས་ངེས་ཅན་གྱིས་ལྷ་གྲངས་ངེས་ཅན་བསྒོམ་པ་ཚོམ་བུའོ་གསུངས་པ་མི་འཐད་དེ། ཚོམ་བུ་གཅིག་པ་ལ་བརྟན་པ་ཐོབ་ནས་གསུམ་པ་བསྒོམ་པའི་ཚེ་མི་གྲངས་མང་དུ་མ་སོང་ལ་ལྷ་གྲངས་མང་དུ་སོང་བའི་ཕྱིར། ཡང་དམ་པ་ཤཱཀ་རྒྱལ་ན་རེ། །རིགས་ཆུང་གིས་རྒྱས་པའང་ཡོད་ལ། མ་རྒྱས་པའང་ཡོད་པ་དཀྱིལ་འཁོར། རང་རང་གི་རིགས་ཆུང་གིས་རྒྱས་པ་ཚོམ་བུའོ་གསུངས། དེ་ལྟར་ན། རིགས་ཆུང་གིས་རྒྱས་པ་ཡོད་པའི་དཀྱིལ་འཁོར་རྒྱས་པ་དང་། ཚོམ་བུ་ལྔ་པ་གཉིས་ཁྱད་པར་མི་ཕྱེད་དོ། །ཡང་ལྷ་རྗེ་སྐྱོ་ནི། གནས་སྐབས་སུ་གཙོ་བོ་ངེས་པ་ཚོམ་བུ། མ་ངེས་པ་དཀྱིལ་འཁོར་རོ་གསུང་། དེ་ལྟར་ན་ཚོམ་བུ་གཅིག་པ་ཉ ིད་དཀྱིལ་འཁོར་དུ་ཐལ། གནས་སྐབས་སུ་གཙོ་བོ་ངེས་པ་རྡོ་རྗེའི་རིགས་ཀྱིས་བྱེད་པའི་ཕྱིར། ཡང་རྗེ་སྒྲོ་ཕུག་པ་ནི། སྒོམ་བྱེད་རྣལ་འབྱོར་པ་དང་། བསྒོམ་བྱ་ལྷའི་ཁྱད་པར་གཉིས་སུ་བཞེད། དང་པོ་ནི། ལྷ་དང་རྣལ་འབྱོར་པ་བྲང་སྤྲད་དེ་བསྒོམ་པའི་ཚོམ་བུ། །རྣལ་འབྱོར་པ་ཕོ་མོ་གང་རུང་གཅིག་གིས་ལྷའི་དཀྱིལ་འཁོར་བྱུང་ཚོགས་སུ་བསྒོམ་པ་དཀྱིལ་འཁོར་རོ། །གཉིས་པ་ནི། ཚོམ་བུ་གཅིག་ན་གཙོ་བོ་གཅིག་ཡིན་པ་སོགས་གཙོ་བོ་དབྲི་བསྣན་དུ་སྟོན་པ་ཚོམ་བུ། རྣམ་གྲངས་བྱུང་ཚོགས་སུ་སྟོན་པ་འཁོར་རོ། །ཡང་ན་རིགས་འགྱུར་ཀྱང་ཡེ་ཤེས་མི་འགྱུར་བ་ཚོམ་བུ། རིགས་དང་ཡེ་ཤེས་གཉིས་ཀ་འགྱུར་བ་དཀྱིལ་འཁོར་རོ། །ཞེས་གསུངས་པ་རྣམས་ཀྱང་ཕྱོགས་རེ་ནས་གཞག་ཏུ་བཏུབ་མོད་ཀྱི། འོན་ཀྱང་འདིར་རང་ལུགས་ནི། གཉལ་སངས་རྒྱས་གྲགས་ཀྱི་བཞེད་པ་ལྟར། གཙོ་བོ་རིགས་ཆུང་དང་བཅས་པ་རང་གི་རིགས་སུ་ངེས་པ་ཚོམ་བུ། གཙོ་བོ་རིགས་ཆུང་ཡང་སྤྱིའི་རིགས་སུ་ངེས་པ་དཀྱིལ་འཁོར་ཞེས་གསུངས་པ་ཉིད་ལེགས་པར་མངོན་ཏེ། དཀྱིལ་འཁོར་ནི་རྣམ་སྣང་སོགས་རིགས་བཞིའི་གཙོ་བོ་རྡོ་རྗེའི་རིགས་གཅིག་གིས་བསྡུས་པས་རིགས་ཐ་དད་ཀྱི་གཙོ་བོ་གཅིག་ཏུ་གྱུར་པའི་ཕྱིར་དང་། ཚོམ་བུ་ནི་རང་གི་རིགས་ཆུང་གིས་བྱེ་བྲག་ཏུ་བསྐོར་བས་རིགས་ཐ་མི་དད་ཀྱི་གཙོ་བོ་སོ་སོས་བྱེད་པའི་ཕྱིར་རོ། །འོ་ན་རང་གི་རིགས་ཆུང་གིས་བྱེ་བྲག་ཏུ་བསྐོར་བ་ཡོད་པའི་ཕྱིར། དཀྱིལ་འཁོར་རྒྱས་པ་ཡང་ཚོམ་བུར་ཐལ་ཞེ་ན་ཁྱབ་པ་མེད་དེ། དཀྱིལ་འཁོར་རྒྱས་པ་ལ་སོ་སོའི་རིགས་ཆུང་གིས་བསྐོར་ཀྱང་སྤྱིའི་གཙོ་བོ་གཅིག་གིས་བྱེད་པའི་ཕྱིར་ཏེ། རྒྱས་པ་ལས། རྡོ་རྗེ་སེམས་དཔའ་དཀྱིལ་ཉིད་དེ། །རིགས་བཞི་ལྷ་དང་ལྷ་མོ་འཁོར། །ཞེས་སོ། །བཞི་པ་སྒྲུབ་ཆེན་ནི། དེ་ལྟར་བསྒྲུབས་པའི་ཞག་གྲངས་ཇི་སྐད་བཤད་པ་ལྟར་ཚང་ནས། བྲིས་སྐུ་བཞད་པ་དང་། མར་མེ་རང་འབར་བ་དང་། རྫས་ཞག་ཏུ་ཁོལ་བ་སོགས་གྲུབ་པའི་རྟགས་མཚན་ཡིད་ཆེས་པ་བྱུང་བ་དང་། ནུབ་ཐ་མ་ལ་དངོས་གྲུབ་བླང་བའི་ཆོ་ག་བྱ་སྟེ། དེའི་ལས་རིམ་ནི། ཕྱིར་རྒྱས་པའི་སྦྱིན་སྲེག་བྱ། །ནང་དུ་དཀྱིལ་འཁོར་ཞལ་བསྒྱུར། །དངོས་གྲུབ་ཀྱི་རྫས་བསག །རྒྱན་གོས་བཟང་པོ་གྱོན། །ལས་གཞུང་བསྲང་། འཛབ་ཀྱི་དུས་སུ་འོད་ཟེར་ཕར་མི་སྤྲོ་བར་ཚུར་སྡུད་པ་ཁོ་ན་སྟེ། འོད་ཟེར་མཐིང་ག་དངོས་གྲུབ་ཀྱི་རང་བཞིན་དུ་བསྡུས་ནས་དངོས་གྲུབ་ཀྱི་རྫས་དང་སྒྲུབ་པ་པོ་རྣམས་ཀྱི་རྒྱུད་ལ་བསྟིམ་པའོ། །དེ་རྗེས་སྒྲོལ་བ་དང་། སྦྱོར་མཆོད་བྱེད། དེ་ཡང་དངོས་གྲུབ་བླང་བ་དངོས་ལ། ལྷ་དང་། རྫས་དང་། ཡུམ་གྱི་མཁའ་ནས་བླང་བའོ། །དང་པོ་ནི། ལྷ་སྤྱི་དང་བྱེ་བྲག་སོ་སོར་བསྐུལ་བའི་སྒོ་ནས་སྟོང་ཚིག་གི་མཆོད་པ་དང་འབྲེལ་བར་ལེན་པ་སྟེ། ལྷ་རྣམས་སྤྱན་དྲངས་ནས་མཆོད་ལ་དངོས་གྲུབ་བདག་ལ་བསྟིམ་པའོ། །གཉིས་པ་ནི། བསྐུལ་ཚིག་གི་སྒོ་ནས་བླང་ཞིང་དངོས་གྲུབ་ཀྱི་རྫས་ལ་རོལ་པའོ། །གསུམ་པ་ནི། སྦྱོར་མཆོད་དང་འབྲེལ་བར་བླ་མའི་མན་ངག་གིས་བླང་ངོ་། །དེ་ནས་བསྒྲུབ་དབང་བསྐུར། ལྷག་ཆོག་དང་། ཕྱི་རོལ་དུ་གཏོར་མ་བཏང་། ནང་དུ་དཀྱིལ་འཁོར་བསྡུ། སྤྱོད་ལམ་རྒྱུན་ཏིང་གིས་རྒྱས་གདབ། མཚམས་དགྲོལ། གནས་བསྲུང་བ་རྣམས་ཏེ། ཞིབ་པར་བླ་མ་དམ་པའི་ཞལ་དང་སྒྲུབ་བྱང་ལས་ཤེས་པར་འགྱུར་ལ། འདིར་གཞུང་འཆད་པའི་དབང་དུ་བྱས་ཏེ་སྦྱོར་སྒྲོལ་གྱི་མཆོད་པ་གཉིས་ཅུང་ཟད་བཤད་ན་གསུམ་སྟེ། ཨཱ་ལི་སྦྱོར་མཆོད། ཀཱ་ལི་སྒྲོལ་བའི་མཆོད་པ། དེ་གཉིས་སྤྱད་བྱར་སྒྲུབ་པའོ། །དང་པོ་ལའང་གང་ལ་སྦྱོར་བའི་ཡུལ་། ཇི་ལྟར་སྦྱོར་བའི་ཐབས། ཅིའི་ཕྱིར་སྦྱོར་བའི་དགོས་པ་དང་གསུམ། དང་པོ་ནི། སྤྱིར་ལྷ་མོ། ཀླུ་མོ། རིགས་ངན་མོ་གསུམ་སྟེ། རྣལ་འབྱོར་པ་དགོངས་སྤྱོད་སྟོབས་ཆེན་དང་པོ་གཉིས་དངོས་དང་། ཕྱི་མ་ནི། མིའི་བུ་མོ་ཡིན་ལ་སྟོབས་ཆུང་ན་གསུམ་ཀ་མིའི་བུ་མོའོ། །དེ་གསུམ་གྱི་ཁྱད་པར་རིམ་པ་ལྟར། ལོ་གྲངས་ཀྱི་སྒོ་ནས། བཅུ་གཉིས་མ་དང་། བཅུ་དྲུག་མ་དང་། ཉི་ཤུ་མའོ། །རྩའི་སྒོ་ནས་རྩ་དུང་ཅན་མ་དང་། མཉམ་པ་ཅན་དང་། ཞར་མ་ཅན་ཡོད་པའོ། །བྱང་སེམས་ཀྱི་སྒོ་ནས། ཉི་ཟླ་གཉིས་ཀ་འཛག་པ་དང་། ཉི་མ་འཛག་པ་དང་། གཉིས་ཀ་མི་འཛག་པའོ། །སྦྱོར་ཐབས་ཀྱི་སྒོ་ནས། གཉིས་ཀ་དང་། གཞན་དང་། རང་བདེ་བའི་སྦྱོར་ཐབས་ཤེས་པའོ། །བྱེ་བྲག་ཏུ་སློབ་དཔོན་སྒེག་པས་རིགས་བརྒྱད་དུ་བཤད་དེ། དམ་ཚིག་གསལ་བཀྲ་ལས། པད་ཅན་དུང་ཅན་རི་མོ་ཅན། །བ་གླང་ཅན་དང་ལྕུག་ཕྲན་དང་། །སྡོང་གཅིག་མེས་རེག་ཕྱལ་པ་བརྒྱད། །ཅེས་སོ། །དེ་རྣམས་ཀྱི་མཚན་ཀྱང་སྤྱི་ཙམ་དུ་སྔ་མ་ལས། མཉེན་དྲང་སྐེད་རིང་སྟོད་སྨད་ཕྱེད། །ཡན་ལག་ཕྲ་འཇམ་ཚིགས་མིག་ཟླུམ། །དཔྲལ་བའི་དབྱེས་ཕྱེད་སྨིན་དཀྱུས་རིང་། །མིག་འབྲས་དཀྱིལ་ན་ཨུཏྤལ་མདོག །མཆུ་ཞེང་གཉིས་ཀའི་འབྲིང་དུ་བཤད། །ལུས་ལ་ཆུ་ཀླུང་ག་བུར་དྲི། །གསང་ཐུབ་ཤེས་རབ་སྤྱོད་པ་དལ། །དད་ལྡན་འགྲོགས་ཤིང་དང་བ་ཆེ། །གསང་བའི་གནས་སུ་སྤྱད་པར་བྱ། །ཞེས་སོ། །འོ་ན་མཚན་བཟང་ངན་ཕྱེ་སྟེ། ངན་པ་ནི་རྣམ་པ་ཀུན་ཏུ་སྤང་བྱ་ཁོ་ནའོ་སྙམ་ན་མ་ཡིན་ཏེ། དབྱེའམ་ཡང་ན་མི་དབྱེ་བར། ཞེས་པས་རྣལ་འབྱོར་པ་ནུས་པ་ཆུང་ན་དབྱེ་ལ་ཆེ་ན་མི་དབྱེ་བར་རོལ། ཞེས་གོང་མ་རྣམས་གསུངས། འགྲེལ་ཆུང་ལས། ཞི་རྒྱས་ལ། དབྱེ་བའམ་དབང་དྲག་མི་དབྱེ་བར། །ཞེས་ལས་བཞིའི་གཟུངས་མའི་ཁྱད་པར་དུ་བཤད། དོན་ལ་སྒྲུབ་པ་དང་ཕྲིན་ལས་ཀྱི་གཟུངས་མ་ཇི་ལྟར་བཤད་པ་ལྟར་རིགས་དབྱེ་བའམ། ཡང་ན་མ་ཕྱེ་ཡང་རུང་སྟེ་དང་པས་ཆགས་ན་བུད་མེད་ཐམས་ཅད་སྙིང་རྗེའི་ཡུལ་དུ་མཉམ་པར་གཟུང་བྱ་ཡིན་པ་དང་། ཤེས་རབ་ཀྱི་རང་བཞིན་དང་གནས་སུའང་མཉམ་པར་གཞག་པའི་ཕྱིར། གཉིས་པ་ནི། གསལ་བཀྲ་ལས། དབང་བསྐུར་དམ་འབོག་ཆོས་གསུམ་བཤད། །ལུས་ལ་རིགས་ལྔའི་རྡུལ་ཚོན་དགྱེ། །ཐབས་ལ་མཁས་པས་སྐབས་ཀྱིས་སྦྱར། །ཞེས་པའི་དོན་སྦྱོར་བ་དུས་ཀྱི་བསྙེན་བསྒྲུབ་བཞིའི་སྒོ་ནས་ཉམས་སུ་བླང་སྟེ། རྡོ་རྗེ་སློབ་དཔོན་གྱིས་ཡུམ་མཚན་ལྡན་དེ་འཁོར་ཁང་ནང་མར་ཁྲིད་ལ། ཁྲུས་ནས་དབྱུང་། རྒྱན་གདགས། ཆོས་བཤད། དམ་དབོག །འདོད་པའི་བསྟན་བཅོས་ཀྱིས་བདེ་བ་རྒྱས་པར་བྱེད་པ་ནི་བསྙེན་པ། ཡབ་ཡུམ་ལྷར་བསྐྱེད་ལ་མཁའ་གསང་རྡོ་རྗེ་དང་པདྨོར་བྱིན་གྱིས་རློབ། ཡུམ་གྱི་པདྨའི་དབུས་སུ་ཚོམ་བུ་གང་ཡིན་གྱི་དཀྱིལ་འཁོར་བསྐྱེད། སྦྱོར་བའི་བརྡས་བསྐུལ་བ་ནི་ཉེ་བསྙེན། དེ་ནས་ཕྱག་རྒྱ་བཞིས་གཉིས་མེད་དུ་རོལ། འཁོར་ལོ་བཞིར་ཡེ་ཤེས་ངོས་བཟུང་། །རྟོག་ཚོགས་སངས་རྒྱས་ཀྱི་དཀྱིལ་འཁོར་དུ་གནས་པ་ཉིད་བདེ་བའི་རོས་ཚིམ་པར་བྱ། བདེ་བའི་འོད་ཟེར་གྱིས་ཕྱོགས་བཅུའི་བདེ་གཤེགས་མ་ལུས་པ་མཆོད་ཅིང་སྤྱན་དྲངས། དེ་རྣམས་ཀྱི་སྦྱོར་མཚམས་ནས་བབས་པའི་བྱང་སེམས་བདག་གི་སྤྱི་བོ་ནས་ཞུགས། འཁོར་ལོ་བཞི་བརྒྱུད་དེ་ཡུམ་གྱི་མཁའ་ལ་འབེབས་པ་ནི་སྒྲུབ་པ་སྟེ། ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །ཞེས་སོགས་ཤློ་ཀ་གཅིག་གསུངས་སོ། །དེ་ལ་བླ་མའི་མན་ངག་གིས་དངོས་གྲུབ་བླང་སྟེ། སྒྲུབ་པ་ཉི་ཟླ་སྙིང་པོ་དེ། །དཀྱིལ་འཁོར་རྡོ་རྗེ་ལྕེ་ཡིས་བླང་། །ཞེས་པས་ནུབ་ཐ་མའི་ཐོ་རེངས་ཀྱི་དུས་སུ་ཡབ་ཀྱི་རྡོ་རྗེའི་ལྕེས་བླངས་ཏེ་ལྡོག་དགྲམ་གྱི་ཐབས་ཀྱིས་རང་གནས་སུ་སླེབ་པས་ཟག་མེད་རིག་འཛིན་ལ་སྦྱོར་བ་སྒྲུབ་ཆེན་ནོ། །གསུམ་པ་ནི། མཁའ་འགྲོ་གསལ་འབར་ཚེ་ལ་སོགས། །ཞེས་པས་ཐུན་མོང་དང་། ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞེས་པས་མཆོག་གི་དངོས་གྲུབ་འགྲུབ་པར་བསྟན་ནོ། །དེ་གཉ ིས་ཀྱི་ཁྱད་པར་ལ་སྤར་ཁབ་ཏུ། སྔ་མ་ལྕེ་རྡོ་རྗེ་རྩེ་ལྔ་པར་བསྒོམས་ནས་བླངས་པའི་ཡོན་ཏན་དང་། ཕྱི་མ་གསང་བའི་རྡོ་རྗེས་བླངས་པའི་ཡོན་ཏན་དུ་གསུངས་སོ། །གཉིས་པ་སྒྲོལ་བ་ལ་གང་བསྒྲལ་བའི་ཡུལ། གང་དུ་བསྒྲལ་བའི་གནས། གང་གིས་སྒྲོལ་བའི་གང་ཟག །གང་གི་ཚེ་སྒྲོལ་བའི་དུས། ཇི་ལྟར་སྒྲོལ་བའི་ཐབས། ཅིའི་ཕྱིར་བསྒྲལ་བའི་དགོས་ཆེད་དོ། །དང་པོ་ནི། ཞིང་གྱུར་མཆོག་དང་མཆོག་ཕྲན་རྣམས། །ཞེས་པ་སྟེ་དེ་ལ་གཉིས། མཆོག་བཀྲ་ཤིས་དག་པའི་ཞིང་དང་། མཆོག་ཕྲན་ཐུགས་རྗེས་བཟུང་བའི་ཞིང་ངོ་། །དང་པོ་ནི། བྲམ་ཟེ་སྐྱེ་བ་བདུན་པ་སྟེ། དེའི་ལུས་དེ་དངོས་གྲུབ་ཀྱི་རྫས་ཁྱད་པར་ཅན་ཡིན་པའི་ཕྱིར། གཞན་ཕན་གྱི་བློས་གཏོང་བ་ལ་བསྐུལ་བ་ལྟ་བུའོ། །གཉིས་པ་ནི། གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུས་པ་དང་། །འདུ་བར་འོང་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང་། །ཞེས་པའི་བསྒྲལ་བྱ་བཅུ་ནི་སྙིང་རྗེའི་ཞིང་སྟེ། རྗེ་བླ་མའི་གཏེར་བྱོན་འཇོམས་བྱེད་ལས། ཨེ་མ་ཁམས་གསུམ་སེམས་ཅན་རྣམསཿ མ་རྟོགས་འཁྲུལ་པ་སྙིང་རེ་རྗེཿ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནིཿ གསད་ཅིང་མནན་པ་མ་ཡིན་ཏེཿ ཞེས་སོ། །ཡང་ན་མཆོག་ནི་ཞིང་བཅུ་ལས་མི་བདུན་དང་། མཆོག་ཕྲན་ནི་ངན་སོང་གསུམ་མོ། །ཡང་མཆོག་ནི་བསྒྲལ་བྱ་གང་ཡིན་དང་། མཆོག་ཕྲན་ནི་ཙ་ར་དང་ཤེལ་ཆེན་ལ་བཀུག་ནས་སྒྲོལ་བའོ། །ཡང་གཉགས་ཊཱིཀ་ཏུ། མཆོག་ནི་གསོན་པོ་དང་། མཆོག་ཕྲན་ནི་བམ་ལ་སོགས་པའོ། །ཞེས་ཀྱང་བཤད་དོ། །གཉིས་པ་ནི། འཁོར་ཁང་ནང་མར་ཆོས་འབྱུང་གི་དབུས་སུ་ཉི་ཟླའི་དཀྱིལ་འཁོར་ལ་བཞག་ནས་བསྒྲལ་ཏེ། ཧེ་རུ་ཀ་གལ་པོ་ལས། ཁ་ཊྭཱཾ་བརྒྱབ་པས་ཨེ་ནང་དུ། །ཉི་ཟླའི་སྟེང་དུ་གན་རྐྱལ་བསྒྱེལ། །ཞེས་སོ། །གསུམ་པ་ནི་། སྒྲོལ་བ་མཁས་པའི་སློབ་དཔོན་དང་ཀིང་གིས་སོ། །དེ་ལ་སློབ་དཔོན་ནི། རང་བཞིན་གྱིས་སྒྲོལ་བའི་ལྟ་བ་དང་། ཏིང་ངེ་འཛིན་གྱིས་སྒྲོལ་བའི་ཉམས་དང་། དབང་པོ་ཡུལ་དུས་ཀྱིས་སྒྲོལ་བའི་སྤྱོད་པ་དང་། ཐབས་ཆེན་པོས་སྒྲོལ་བའི་གདམས་ངག་དང་། མངོན་དུ་ཕྱུང་བས་སྒྲོལ་བའི་མཛད་སྤྱོད་ལ་མཁས་པའོ། །ཀིང་ཀ་ར་ལ་གསུམ་སྟེ། ཐུགས་རྗེའི་འཛིན་ཀིང་། ཁམས་གསུམ་སྒྲོལ་ཀིང་། ཡེ་ཤེས་སྟོབ་ཀིང་ངོ་། །དེ་གསུམ་རིམ་པ་ལྟར་བསྒྲལ་བྱ་འཛིན་པ་དང་། སྒྲོལ་བ་དང་། སྟོབ་པ་ལ་མཁས་པའོ། །བཞི་པ་ནི། ཚོགས་བསྒྲུབ་ཀྱི་ནུབ་མཐའ་མའི་ནམ་གུང་གི་དུས་སུའོ། །ལྔ་པ་ནི། ང་རྒྱལ་ལག་གི་འདུ་བྱེད་བསྒོམ། །ཞེས་སོགས་ཀྱིས་སྟོན་ཏེ། དེ་ལ་གཉིས། སྔོན་འགྲོ་དང་དངོས་གཞིའོ། །དང་པོ་ནི། ལས་གཞུང་གི་འཛབ་ཡན་ཆད་གྲུབ་པ་དང་། །འཛིན་ཀིང་གིས་ལག་པར་དཔའ་བོ་འབྲུ་ལྔ་བཀོད་ནས་བསྒྲལ་བྱ་བཟུང་སྟེ། འཁོར་ཁང་ནང་མར་སློབ་དཔོན་གྱི་དྲུང་དུ་ཁྲིད་ནས་ལས་ཕྲིན་གདགས། སློབ་དཔོན་གྱིས་ལན་བཏབ། བི་ཤྭའི་སྔགས་ཀྱིས་བགེགས་བསྐྲད། བསྒྲལ་བྱའི་སྤྱི་བོར་ངན་སོང་སྦྱོང་བའི་ལྷ་བསྐྱེད། དེའི་སྔགས་ཀྱིས་བཏབ་པའི་ཡུངས་ཀར་གྱིས་སྤྱི་བོ་ནས་མར་བྲབས་པས་སྒྲིབ་པ་སྦྱངས། བྷ་ག་བ་ཏིའི་སྔགས་ཀྱིས་འགྲོ་དྲུག་ཏུ་སྐྱེ་བའི་སྒོ་དགག་གོ། །གཉིས་པ་བསྒྲལ་བ་དངོས་ལ། སྐྱེ་བའི་རྒྱུན་གཅད་པ། འབྱུང་བའི་སྒོ་དགག་པ། ཤེས་པ་ཆོས་ཉིད་དུ་དང་། ཡུམ་གྱི་མཁའ་ལ་དང་། རྡོ་རྗེ་སེམས་དཔའ་མཚན་ཡོངས་སུ་རྫོགས་པའི་ས་ལ་དང་། འོག་མིན་དུ་དང་། ཕུང་པོ་དུར་ཁྲོད་དུ་བསྒྲལ་བ་དང་བདུན། དང་པོ་ནི། བདག་ཉིད་དཔལ་ཆེན་པོའི་ང་རྒྱལ་གྱིས། བསྒྲལ་བྱའི་ལུས་དེ་འདོད་ཆགས་ཁྲག་གི་རྒྱ་མཚོར་དམིགས་ལ་ཐོད་རློན་གྱིན་རྒྱ་དང་མ་ཧཱ་རཀྟའི་སྔགས་ཀྱིས་ལྷག་མེད་དུ་གསོལ་བར་བསམ་པ་སྟེ། འཁོར་བ་སྐྱེ་བའི་རྒྱུ་སྤྱིར་དུག་ལྔ་དང་ཁྱད་པར་འདོད་ཆགས་ཡིན་པའི་ཕྱིར། གཉིས་པ་ནི། རིགས་དྲུག་གི་ས་བོན་དང་། གཉེན་པོ་བཀོད་ལ་འཇུ་འདུལ་གྱིས་ངན་འགྲོའི་སྒོ་བཀག་པ་སྟེ། གནས་ལྔར་རིགས་དྲུག་གི་ས་བོན་སྤྱི་བོར་གཉིས་དང་གཞན་རྣམས་སུ་རེ་རེ་དགོད། དེའང་ཕོ་མོའི་དབང་གི་ས་བོན་རེ་རེའང་གཉིས་གཉིས་སོ། །གཉེན་པོ་ནི། གནས་ལྔར། ༀ་ཨཱཿཧཱུཾ་སྭཱ་ཧཱ་ལྔ་པོ་རེ་རེའང་གཉིས་གཉིས་ས་བོན་སོ་སོའི་སྟེང་དུ་བསམ་པའོ། །དེ་ནས་འཇུ་འདུལ་ནི། མས་ནས་ཡར་ཞུ་སྟེ་རྐང་མཐིལ་གཉིས་ཀྱི་དུཿའི་སྟེང་གི་ཧཱ་གཉིས་མེར་འབར་བས་དུཿབསྲེག །དེའི་འོད་ཀྱིས་དམྱལ་བའི་འཇིག་རྟེན་ཁྱབ་པས། དེར་གནས་པའི་སེམས་ཅན་རྣམས་ཀྱི་ངག་སྒྲིབ་སྦྱངས། ཚུར་འདུས་པ་ལས་རལ་གྲི་དང་དྲིལ་བུར་གྱུར། དེའི་འོད་ཀྱིས་ཡིད་སྒྲིབ་སྦྱངས་ནས་ཀྱིས་དམྱ་འདུས་པས་དོན་གྲུབ་ཡབ་ཡུམ་གྱི་སྐུ་ཕྲ་མོར་གྱུར། དེ་ལས་ཀྱང་འཕྲོས་པའི་འོད་དམྱ ལ་བ་པའི་ལུས་སྒྲིབ་སྦྱངས། སླར་འདུས་པ་ལས་སྐུ་ཆེ་ཞིང་གཟི་བརྗིད་དང་ལྡན་པར་བསམས་ལ། འཛབ་བརྒྱ་རྩ་བརྒྱད་བཟླས་པས། ཞེ་སྡང་དག །དམྱལ་ཁམས་སྟོངས། དོན་གྲུབ་ཡབ་ཡུམ་མཉེས། ལས་རིགས་ཀྱི་ཐུགས་དམ་བསྐངས་ཤིང་། དངོས་གྲུབ་ཐོབ་པར་མོས་ལ། དོན་གྲུབ་ཡབ་ཡུམ་འོད་དུ་ཞུ་སྟེ་ལྟེ་བའི་སྭཱ་ལ་ཐིམ་པར་བསམ་པའོ། །དེ་བཞིན་དུ་བསྲེག་སྦྱང་གི་བྱ་བ་གཞན་རྣམས་ལའང་འགྲེ་ཤེས་པར་བྱས་ཏེ། ལྟེ་བར་རིན་འབྱུང་གིས་ཡི་དྭགས། སྙིང་གར་མི་བསྐྱོད་པས་མི། མགྲིན་པར་མཐའ་ཡས་ཀྱིས་བྱོལ་སོང་། །སྤྱི་བོར་རྣམ་སྣང་གིས་ལྷ་དང་ལྷ་མིན་སྦྱང་ངོ་། །གསུམ་པ་ནི། ཀིང་གིས་བསྒྲལ་བྱ་ལ་བདུད་རྩི་བླུད། གནོད་བྱེད་བཀུག་སྟེ་བསྟིམ། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་ཐལ་ཆེན་གྱིས་དྲག་པོའི་དཀྱིལ་འཁོར་གྲུ་གསུམ་པ་བྲི། ཨེ་རཾ་གྱིས་དྲག་པོའི་དཀྱིལ་འཁོར་བསྐྱེད་དེ། ཨ་མ་ལས་ཉི་ཟླའི་གདན་ལ། ཁ་ཊྭཱཾ་ཀའི་རྒྱས་འཁོར་བ་རུ་བཟློག་གི་ཚུལ་དུ། མགོ་ལྷོ་ནུབ་དང་། རྐང་པ་བྱང་ཤར་མཚམས་སུ་བསྟན་ཏེ་གན་རྐྱལ་དུ་བསྒྱེལ་བའི་སྙིང་གར་རྡོ་རྗེ་གནན་ལ་བཞག །དེ་ནས་ཀུན་རྟགས་ཀྱི་རྟོག་པ་ཟིལ་གྱིས་གནོན་པའི་ཕྱིར་སྒྲོལ་བྱེད་སློབ་དཔོན་དཔལ་ཆེན་པོ། བདག་འཛིན་གསུམ་རྩད་ནས་གཅོད་པའི་ཕྱིར་བསྒྲལ་བྱ་རཱུ་དྲ། འཁོར་བའི་རུ་བཟློག་པའི་ཕྱིར་སྒྲོལ་ཀིང་ཊཱཀྐི་རཱ་ཛར་ང་རྒྱལ་བྱས་ལ། ཀིང་གིས་གྲི་འཇམ་དཔལ་རྣོན་པོར་བསྐྱེད་པས་ཁོག་པ་གཤགས་ཏེ་མ་རིག་པའི་རྒྱ་དྲལ་བར་བསམ། ལག་སོར་ལ་དཔའ་བོ་འབྲུ་ལྔ་བཀོད་དེ་སྙིང་ཚིར་གྱིས་བཟུང་བས་རྩ་ཆེན་བཞི་ལ་གནས་པའི་ས་བོན་དྲུག་གཉིད་དང་བཅས་པ་འབྲུ་ལྔའི་འོད་ཀྱིས་བསྲེགས་པས་སྒྲིབ་པ་དག་སྟེ་ཧཱུཾ་ཡིག་དྲུག་ཏུ་བསྒྱུར། དེ་ཡང་རང་རིག་པའི་ཡེ་ཤེས་སུ་གཅིག་པའི་ཕྱིར་ཧཱུཾ་དཀར་པོ་གཅིག་ཏུ་གྱུར་པ་བསྒོམ་པ་ནི་ཤེས་པ་ཆོས་ཉིད་དུ་བསྒྲལ་བའོ། །བཞི་པ་ནི། དེ་དུང་ཕོར་དུ་བཅུག་ནས་སློབ་དཔོན་ལ་གཏད་པས། དཔལ་ཆེན་པོའི་ཤངས་བུག་གཡོན་ནས་རྔུབས་ཏེ་དྲངས། སྒལ་ཚིགས་ཀྱི་རྟ་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་ལ་ཕབ་པས་གསང་བའིི་དབྱིངས་སུ་ཐིམ་པར་བསམ་པའོ། །ལྔ་པ་ནི། ཧཱུཾ་ཡིག་དེ་ལས་ཆོ་ག་གསུམ་གྱིས་རྡོར་སེམས་སུ་བསྐྱེད་ལ། རིགས་བདག་གིས་དབུ་བརྒྱན་པར་བསམ་པའོ། །དྲུག་པ་ནི། དེ་ཨ་ལས་ཟླ་དཀྱིལ་གྱི་སྟེང་དུ་བཞག་ལ། ཡཾ་ལས་རླུང་དཀྱིལ་གྱིས་བཏེགས་ཏེ་འོག་མིན་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཕཊ་ཀྱིས་འཕངས་ལ་བྱང་སེམས་ཀྱི་དབང་བསྐུར་ནས་རིགས་ངེས་པའི་སྲས་སུ་བསྐྱེད་པའོ། །བདུན་པ་ནི། ཕུང་པོ་ཆ་བཞིར་བགོས་ལ་བདུད་རྩིས་བཀྲུ། །དེ་ནས་པགས་པར་བསྡུས་ལ་དཀྱིལ་འཁོར་གྱི་སྟེང་དུ་བཞག་སྟེ་ཏྲཱཾ་ལས་རིན་པོ་ཆེའི་མཆོད་སྡོང་དུ་རློབ། སྟོབ་ཀིང་གིས་བཏེགས་ནས་ཞི་ཁྲོའི་ལྷ་ཚོགས་ལ་སྟོབ་པ་དང་བསྐང་གསོ་བྱ། དེ་ནས་བམ་ལ་ཐིག་བཏབ་སྟེ། །ལྷའི་མཆོད་རྫས་དང་སྨན་གྱི་རྩ་བ་སོགས་བསྲེས་ལ་ཕུང་པོ་བཤིག །ཚོགས་དང་ལྷག་མ་བྱ། །སློབ་དཔོན་གྱིས་སྨོན་ལམ་གདབ། ཀིངྐ་རས་བཤགས་པ་བྱ། རྫས་སྦ། མཆེད་བྱིངས་ལ་གསང་སྟེ་སྤྱད་པར་བྱའོ། །དེ་དག་ཀྱང་། གསལ་བཀྲ་ལས། ཏིང་འཛིན་སྔགས་དང་ཕྱག་རྒྱ་རྣམས། །ཤིན་ཏུ་གོམས་པར་དབང་བསྐུར་ཏེ། །བྱང་ཆུབ་ཞིང་དུ་དགོད་པར་བྱ། །ཏིང་འཛིན་སྔགས་རྒྱས་བག་ཆགས་སྦྱངས། །རྣམ་ཤེས་ལྷར་བསྐྱེད་དབང་བསྐུར་འཕང་། །ཡེ་ཤེས་ཚོགས་ཀྱང་རྫོགས་པར་འགྱུར། །ཕུང་པོ་བྱིན་རློབ་མཆོད་པར་བསྔོ། །བསོད་ནམས་མཆོག་ཏུ་འདི་འགྱུར་རོ། །ཞེས་དང་། འཇོམས་བྱེད་ཀྱི་ལུང་སྔ་མའི་འཕྲོས་ཀྱང་། ཐུགས་རྗེ་ཐབས་ཀྱི་སྦྱོར་བ་ཡིཿ ཕུང་པོ་བསྒྲལ་བའི་ཞིང་དུ་བྱཿ རྣམ་ཤེས་ཡུལ་གྱི་མཁའ་ལ་སྦཿ ཡེ་ཤེས་དཔའ་བོར་བྱིན་བརླབས་ཏེཿ རིག་པ་ཆོས་ཀྱི་དབྱིངས་སུ་འཕངཿ ཁྱོད་ནི་རྒྱལ་བའི་སྲས་སུ་བསྐྱེདཿ ཅེས་སོ། །དྲུག་པ་དགོས་པ་ནི། ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཞེས་པས་བསྒྲལ་བྱ་ལས་ངན་གྱི་འབྲས་བུས་ངན་སོང་དུ་འགྲོ་ངེས་ཤིང་དེར་གནས་པ་རྣམས་བདེ་བླག་ཏུ་དེ་ལས་སྒྲོལ་བའི་ཐབས་རྨད་དུ་བྱུང་བ་ལ་ངམ་པ་སྟེ། གསལ་བཀྲ་ལས། བྱང་ཆུབ་སྤྱོད་འཕེལ་སེམས་ཅན་བདེ། །ལྷ་མཉེས་བདག་གི་དམ་སྐོངས་ཤིང་། །ལས་ངན་བར་ཆད་སྡུག་ཡུན་ཐུང་། །རང་གིས་བསག་མེད་ངན་སོང་ལས། །བདེ་ལམ་འདི་ལས་གཞན་མེད་དོ། །ཞེས་སོ། །གལ་ཏེ་མ་བསྒྲལ་བའི་ཉེས་དམིགས་ཀྱང་འཇོམས་བྱེད་ལས། གང་ཚེ་འདི་དག་མ་བསྒྲལ་ནཿ ལོག་རྟོག་མུན་པ་འཕེལ་བ་དང་ཿ བདེ་གཤེགས་བསྟན་པ་ཉམས་པར་འགྱུརཿ ཞེས་སོ། །གསུམ་པ་སྦྱོར་སྒྲོལ་གཉིས་སྤྱད་བྱར་སྒྲུབ་པ་ལ། སྒྲུབ་པ་དངོས་དང་། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། སྤྱད་བྱ་སྦྱོར་སྒྲོལ་གྱི་བྱ་བ་ཆོས་ཅན། སྤྱད་ཀྱང་སྤྱོད་དུས་ཉིད་ནས་ཉེས་པས་གོས་པར་མི་འགྱུར་ཏེ། རྟོགས་གོམས་ཀྱི་བློ་ལ་ལྟོས་ཏེ་དོན་ལ་རྡུལ་ཙམ་ཡང་བྱས་པ་མེད་པའི་ཕྱིར། དེ་མ་གྲུབ་ཞེ་ན། རྡུལ་ཆ་ཙམ་ཡང་བྱས་པ་མེད་དེ། ཆོས་ཐམས་ཅད་ཡེ་ནས་དག་ཅིང་སྒྱུ་མའི་རང་བཞིན་ཡིན་ལ། འདིར་དེ་མངོན་དུ་གྱུར་པས་འཛིན་ཞེན་མེད་པར་སྤྱད་པའི་ཕྱིར། དཔེར་ན་སྒྱུ་མའི་སྐྱེས་བུས་མིག་ཡོར་གྱི་གང་ཟག་ལ་སྦྱོར་སྒྲོལ་གྱི་ལས་བརྩམས་པ་བཞིན་ནོ། །དེ་ལྟར་ཡང་། ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མར་སྣང་བ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་དང་། ཡེ་ཤེས་རྒྱས་པ་ལས་ཀྱང་། ཇི་ལྟར་སྒྱུ་མའི་མཁན་པོ་དག །རང་གི་སྤྲུལ་པའི་སྒྱུ་མ་ལ། །དགེ་དང་མི་དགེ་འདུ་བྱེད་པ། །ཉེས་པ་གང་གིས་མི་གོས་ལྟར། །ཐབས་ལ་མཁས་པས་རྣམ་པར་སྤྱོད། །ཅེས་སོ། གཉིས་པ་ནི། ཁ་ཅིག་ན་རེ། སྦྱོར་སྒྲོལ་གཉིས་ཆོས་ཅན། སྤྱད་བྱ་མ་ཡིན་པར་ཐལ། འཁོར་བར་འཆིང་ཞིང་ངན་འགྲོར་ལྟུང་བྱེད་ཡིན་པའི་ཕྱིར་ཏེ། སྦྱོར་བའི་རྣམ་སྨིན་གྱིས་རོ་མྱགས་ཀྱི་དམྱལ་བ་དང་། རྒྱུ་མཐུན་མངལ་གྱི་སྲིན་བུ། སྒྲོལ་བའི་རྣམ་སྨིན་གྱིས་ཡང་སོས་དང་རྒྱུ་མཐུན་ལས་ཀྱི་སྲིན་པོར་སྐྱེ་བར་བཤད་པའི་ཕྱིར་ཞེ་ན། ཐམས་ཅད་ཀྱིས་ཐམས་ཅད་དུ་སྤྱད་བྱ་མ་ཡིན་པའམ་འགའ་ཞིག་གི་ཚེ་སྤྱད་བྱ་མ་ཡིན་ཏེ། འཁོར་བར་ལྷུང་བྱེད་ཡིན་པའི་ཕྱིར་ཟེར། དང་པོ་ལྟར་ན། བྱང་ཆུབ་སེམས་དཔའ་རྔོན་དང་སྨད་འཚོང་དུ་སྤྲུལ་པའི་ཐབས་མཁས་ཀྱི་མཛད་པའང་དེར་ཐལ། དེའི་ཕྱིར་ཏེ། གསལ་བཀྲ་ལས། ཐབས་ཀྱི་སྤྱོད་པས་འཆིང་འགྱུར་ན། །བྱང་ཆུབ་སེམས་དཔའ་འདུལ་དབང་གིས། །རྔོན་དང་སྨད་འཚོང་བསྟན་པའང་ལྟུང་། །ཞེས་པ་ལྟར་རོ། །གལ་ཏེ་སེམས་དཔའ་གཞན་དོན་དུ་དེ་སྤྱོད་ཀྱང་མི་ལྟུང་ན་ཅི་འགལ་ཏེ། ཁྱབ་པ་མ་གྲུབ་ཟེར་ན། ཐམས་ཅད་ཀྱིས་ཐམས་ཅད་དུ་སྤྱད་བྱ་མ་ཡིན་པའི་དམ་བཅའ་ཉམས་སོ། །གཉིས་པ་ལྟར་ན། ཐབས་ཀྱིས་མ་ཟིན་པས་གསོད་སྦྱོར་ཐ་མལ་དུ་སྤྱོད་དམ་སྤྱོད་དུ་བཅུག་ན་འབྲས་བུ་དེ་ལྟར་འབྱུང་བ་བདེན་ཀྱང་འདིར་ཐབས་ཀྱིས་ཟིན་པའི་ཕྱིར་ཅི་འགལ་ཏེ། སྔ་མ་ལས། ཁེ་དྲེགས་སྤྱོད་པས་དེ་མིན་ཏེ། །ཐབས་ཆེན་ལམ་ལ་གནས་པ་ཡི། །སྐྱེས་བུ་ཀུན་གྱིས་བྱ་བར་གསུངས། །ཞེས་སོ། །མདོར་ན། འཛིན་ཞེན་མེད་པར་ཇི་ལྟར་སྤྱད་ཀྱང་། ལས་ཀྱིས་གོས་པར་མི་འགྱུར་བ་ནི་རྒྱལ་བའི་བསྟན་པ་སྤྱིའི་ཕྱག་རྒྱ་སྟེ། འདུལ་བ་མདོ་རྩ་ལས། རྨི་ལམ་ནི་མེད་པ་དང་འདྲའོ། །དེའི་འབྲས་བུ་ནི་མ་བྱས་པ་ཉིད་དོ། །ཞེས་དང་། སྡུད་པ་ལས། སྐྱེ་བོ་ཕལ་ཆེར་མགོ་མང་བྱེ་བ་གཅོད་བྱེད་ཀྱང་། །འགྲོ་ཀུན་སྤྲུལ་འདྲར་རབ་ཤེས་དེ་ལ་འཇིགས་པ་མེད། །ཅེས་སོ། །སྤྱིར་སྦྱོར་སྒྲོལ་ལ་ཆ་ལྔར་གསུངས་ཏེ། ལེ་ལག་ལས། འདིས་ནི་རང་བཞིན་སྦྱོར་སྒྲོལ་དང་། །དབང་པོ་ཡུལ་དུས་སྦྱོར་སྒྲོལ་དང་། །ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་དང་། །ཐབས་ཆེན་པོ་ཡི་སྦྱོར་སྒྲོལ་དང་། །མངོན་དུ་འབྱུངབའི་སྦྱོར་སྒྲོལ་ལོ། །ཞེས་སོ། །དེ་ལྟར་ལྔ་ལས། དང་པོ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་གཉིས་སུ་མེད་པར་རྟོགས་པ་ནི་སྦྱོར་བ། དེས་གཉིས་འཛིན་གྱི་རྟོག་པ་ལས་སྒྲོལ་བ་ནི་སྒྲོལ་བ་སྟེ། ལམ་རིམ་ལས། གཉིས་མེད་དབྱིངས་སུ་སྦྱོར་བ་ཡིན། །ཞེས་དང་། བདག་ཉིད་ཆེན་པོ་རྟོགས་པ་ཡིས། །དབྱིངས་སུ་ཡང་ནི་བསྒྲལ་བར་བྱ། །ཞེས་སོ། །གཉིས་པ་ནི། ཡུལ་ཕས་སྣང་ཡུམ་དང་། དབང་པོ་ནང་ནས་འཆར་བ་ཡབ་སྟེ། ལྷ་ཡབ་ཡུམ་གཉིས་མེད་དུ་སྦྱོར་བ་ནི་སྦྱོར་བ། དེས་ཐ་མལ་གྱི་རྟོག་ཚོགས་རང་སར་དག་པས་སྒྲོལ་བ་སྟེ། འདི་ཉིད་ལས། དབང་པོ་ཡུལ་དུས་རིག་པ་རྣམས། །བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །ཞེས་སོ། །གསུམ་པ་ནི། བསྐྱེད་རིམ་པས་བསྒོམ་བྱ་སྟེ། ལྷ་ཡབ་ཡུམ་དུ་བསྐྱེད་ནས་རོལ་པ་ནི་སྦྱོར་བ། བསྒྲལ་བྱའི་རྣམ་ཤེས་འོག་མིན་དུ་སྤོར་བའི་ཏིང་ངེ་འཛིན་ནི་སྒྲོལ་བའོ། །དེའང་ཐབས་ཞགས་ལས། རྣམ་ཤེས་ཧཱུཾ་གིས་བསྡུས་རྔུབས་ཏེ། །འོག་མིན་བླ་མེད་གནས་མཆོག་ཏུ། །གཙོ་བོ་དང་ནི་གཙོ་མོ་དང་། །སེམས་དཔའ་དང་ནི་སེམས་མ་རྣམས། །སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕང་། །ཞེས་སོ། །བཞི་པ་ནི། འདིའི་ལེའུ་བཅོ་ལྔ་པར་གསུངས་པ་ལྟར་སྔོན་བྱུང་དཔལ་ཆེན་པོའི་ཐབས་ཀྱི་མཛད་སྤྱོད་དེ། སྔ་མ་ལས། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །ཕོ་བསྒྲལ་དུར་ཁྲོད་བརྒྱད་དུ་བྱས། །མོ་རྣམས་སྦྱར་ཏེ་སླས་སུ་བྱས། །དེ་བཞིན་ཐབས་ཀྱི་མཛད་སྤྱོད་དོ། །ཞེས་སོ། །ལྔ་པ་ནི། ཚོགས་བསྒྲུབ་ཀྱི་དུས་སུ་སྦྱོར་སྒྲོལ་དངོས་སུ་བྱེད་པ་སྟེ། ལག་ལེན་སྔར་བཤད་གྲུབ་བོ། །དེ་གང་ཟག་ཇི་ལྟ་བུས་བྱ་ཞེ་ན། ལྟ་བ་རྟོགས་ཤིང་སྣང་བྱེད་ཀྱི་ཏིང་འཛིན་དང་རླུང་སེམས་ལ་དབང་ཐོབ་པའི་རྣལ་འབྱོར་པས་བྱ་བ་སྟེ། གསལ་བཀྲ་ལས། ལྟ་སྤྱོད་ཏིང་འཛིན་འབྲེལ་གོམས་པས། །ཞེས་སོ། །དེ་ལྟར་ཚོགས་བསྒྲུབ་ཀྱི་ཚེ་སྤྱད་བྱའི་ཡོ་བྱད་ལྔ་ལས། བཤད་མ་ཐག་པའི་ཨཱ་ལི་ཀཱ་ལི་དང་། །གཞན་ཡང་ཞི་ཁྲོའི་གོས་རྒྱན་དང་། །བཟའ་བཏུང་དང་། གླུ་ཚིག་དང་། བྲོ་གར་འདུ་འཕྲོའི་ཡོ་བྱད་རྣམས་རང་རིག་པའི་ཡེ་ཤེས་ཀྱི་རང་བཞིན་དུ་ཤེས་པར་བྱས་ནས་མ་ཆགས་པའི་ཚུལ་གྱིས་ལྷ་མཆོད་པ་དང་སྤྱོད་ལམ་གྱི་དུས་ཐམས་ཅད་དུ་སྤྱོད་པ་སྟེ། ལམ་རིམ་ལས། གསང་སོགས་ཡོ་བྱད་ལྔ་པོ་རྣམས། །རིག་ཕྱིར་མ་སྐྱེས་ཡེ་ཤེས་གསལ། །ཆོས་ཉིད་ཡེ་ཤེས་རོལ་བར་བསྒོམ། །ཞེས་དང་། མཆོད་པའམ་སྤྱོད་ལམ་ཐམས་ཅད་དུ། །ཆས་བརྒྱད་རྒྱན་རྣམས་བགོ་བྱ་སྟེ། །བཟའ་བཏུང་རྗེས་སུ་མཐུན་པར་སྤྱད། །བྲོ་གར་གླུ་ཚིག་ལྡན་པར་བྱ། །ཞེས་སོ། །གསུམ་པ་འབྲས་བུ་རིག་འཛིན་འགྲུབ་པའི་དུས་བཤད་པ་ནི། ཡང་རབ་ཀྱིས་ཟླ་བ་དྲུག །རབ་ཀྱིས་ལོག་གཅིག །འབྲིང་ལོ་གཅིག་དང་ཟླ་བ་གཉིས། །ཐ་མས་ཀྱང་ལོ་གཅིག་དང་ཟླ་བ་བཞི་ན། དབང་པོ་རྣོ་ན་ཚེ་དབང་དང་། རྟུལ་ན་རྣམ་སྨིན་ལ་སྦྱོར་ཏེ། འདི་ཉིད་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་པ་སྟེ། ཞི་བའི་ཚོགས་བསྒྲུབ་ཀྱི་དུས་སོ། །ཁྲོ་བོ་ནི་དེ་ལས་སྒྲུབ་ཐག་ཉེ་བས་རབ་ཀྱིས་ཟླ་བ་གཉིས། འབྲིང་གིས་ཟླ་བ་གསུམ་དང་ཞག་དྲུག །ཐ་མས་ཀྱང་ཟླ་བ་དྲུག་ན་འགྲུབ་སྟེ། །ལམ་རིམ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །དྲུག་ཅུ་དགུ་བཅུ་རྩ་དྲུག་ཏུ། །འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་བསྒོམ། །ཞེས་སོ། །འདིར་ཞི་བ་ལས་ཁྲོ་བོ་འགྲུབ་ཐག་ཉེ་བ་ཅིའི་ཕྱིར་ཞེ་ན། སྣར་སྟོན་ནི། ཁྲོ་བོ་བར་ཆད་ཉུང་ཞིང་སྤྱོད་པ་རླབས་ཆེ་བས་དུས་མྱུར་བ་ཡིན་གསུངས། གོང་མ་ཕལ་ཆེར། ཞིབ་འཛབ་འཐོར་ཞིང་བར་ཆོད་མང་བས་འགོར་ལ་ཁྲོ་བོ་འཛབ་འདྲིལ་བ་དང་བར་ཆོད་ཉུང་བས་ཉེ་བ་ཡིན་གསུངས་སོ། །དེ་དག་ནི་བར་ཆད་མེད་པའི་ལམ་དུ་ཚོགས་སྒྲུབ་པ་སྟེ། སྨིན་པར་སློབ་པའི་ཚུལ་ལོ། །གཞན་དུ་མོས་སྒྲུབ་ཙམ་བྱེད་པར་སྤྲོ་ན། །ཞག་བཅུ་གཅིག་གི་དབང་དུ་བྱས་ཏེ། ནུབ་དང་པོ་ས་ཆོག །གཉིས་པར་སྟ་གོན། གསུམ་པ་ལ་ཕྱི་ནང་གི་བཤགས་པ་དང་མཚམས་གཅོད་ནས་བཟུང་། དཀྱིལ་འཁོར་རབ་གནས་ཡན་ཆད་ཚར་བ་དང་། ལས་གཞུང་བསྲངས་ཏེ་བསྙེན་པའི་འཕྲོ་འདུ་བྱ། དེ་ནས་ཞག་དྲུག་གི་དང་པོ་གསུམ་ལ་ཉ ེ་བསྙེན་དང་། ཕྱི་མ་གསུམ་ལ་སྒྲུབ་པའི་འཕྲོ་འདུས་བཟླས་བརྗོད་བྱ། ཞག་བདུན་པ་ལ་དངོས་གྲུབ་ལེན་པའི་ལས་ལ་འབད་ཅིང་། ནམ་ལངས་པ་དང་དབང་བསྐུར་བ་ནི་སྒྲུབ་ཆེན་ཏེ། ཆོ་གའི་རྣམ་བཞག་གཞན་རྣམས་སྔར་བཤད་ལྟར་ཤེས་པར་བྱའོ། །དེ་ཡང་དཀྱིལ་འཁོར་ནི་ལམ་གྱི་ཆ་རྐྱེན་གྱི་གཙོ་བོར་གྱུར་པའི་ཕྱིར་འདིར་རྒྱས་པར་བཤད་པ་ཡིན་ནོ། །ལྔ་པ་སྐྱོན་ནི་འཆད་འགྱུར་གྱི་ཡོན་ཏན་ལས་བཟློག་པ་སྟེ། ཐུགས་ཐིག་ལས། དེ་ལས་བཟློག་པའི་སྐྱོན་ཅན་བཞི། །ཞེས་སོ། །དྲུག་པ་ཡོན་ཏན་ནི། དཀྱིལ་འཁོར་བརྟེན་པས་རྟོགས་པའི་ཡེ་ཤེས་འཕེལ་བ་དང་། སྡིག་སྒྲིབ་འབྱང་ཞིང་མཚན་རྟོག་འགྲིབ་པ་དང་། ཚོགས་གཉིས་རྫོགས་པའི་ཕན་ཡོན་ཁྱད་པར་ཅན་གྱི་ཐབས་སུ་གྱུར་པ་དང་། མཐར་ཐུག་འབྲས་བུ་འགྲུབ་པའི་རྟེན་དུ་འགྱུར་བའི་ཕྱིར་ཏེ། དེ་ལས། འཕེལ་འགྲིབ་ཕན་ཡོན་ཐབས་འགྲུབ་བཞི། །ཞེས་སོ། །བཞི་པ་རིམ་པ་བགྲོད་པ་དབང་ལ་དྲུག་ལས། དང་པོ་དགོས་ཆེད་ནི། ཆོས་ཀྱི་རྒྱལ་པོའི་གོ་འཕང་རྒྱུད་ལ་ཐོབ་པའི་ཆེད་དུ་སྟེ། དེ་ཐོབ་པ་ལ་སྒྲིབ་པ་འཇོམས་ཤིང་ནུས་པ་འཇོག་པའི་ཐབས་འདིས་རིམ་པར་བགྲོད་དགོས་པའི་ཕྱིར། དེ་ལྟར་ཡང་ཐུགས་ཐིག་ལས། བདག་གཞན་དོན་ནུས་ཚོགས་ལས་འགྲུབ། །བྱང་དང་ཆུབ་པར་གྱུར་པ་སྒྱུར། །དེ་ལ་དེ་ཡོད་ཕྱིར་ནོད་བྱ། །ཞེས་སོ། །གཉིས་པ་ངོ་བོ་ནི། རྒྱུ་གཉིས་རྐྱེན་བཞིའི་ཡན་ལག་གིས་ཐོབ་བྱའི་ནུས་པ་ཁྱད་པར་ཅན་ཏེ་དེ་ཉིད་རྒྱུད་ལ་འཇོག་པའི་ལས་ཀྱི་བདག་ཉིད་དེ། སྔ་མ་ལས། རྒྱུ་གཉིས་རྐྱེན་བཞི་ཡན་ལག་བསྙད། །དྲུག་ལ་གནས་པའི་ཐོབ་བྱ་དེ། །ངོ་བོ་ཉིད་ཅེས་རྣམ་པར་བཤད། །ཅེས་སོ། །དཔེར་ན་འཇིག་རྟེན་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་བའི་ཚེ་གླང་ཆེ་ནས་སྲུང་གི་བུས་བུམ་ཆུའི་རྒྱ་རྟགས་ཀྱི་དབང་བསྐུར་བ་བཞིན་ནོ། །གསུམ་པ་སྒྲ་དོན་ནི། ཨ་བྷི་ཥིཉྩའི་སྒྲ་ལས་མངོན་པར་གཏོར་བ་ཞེས་བྱ་སྟེ། དངོས་སུ་དྲི་མ་འཁྲུད་པ་ཙམ་ལ་འཇུག་ཅིང་། བརྒྱུད་ནས་དེས་འབྲས་བུ་ཡེ་ཤེས་ཀྱི་ནུས་པ་ཁྱད་པར་ཅན་འཇོག་པས་ན་དབང་སྟེ། ཧེ་རུ་ཀ་འདུས་པ་ལས། གང་གིས་གང་ལ་གང་བསྐུར་བས། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་སོ། །བཞི་པ་རྣམ་གྲངས་ལ། དབྱེ་བ་དང་། ལས་ཀྱི་རིམ་པའོ། །དང་པོ་ལ། རིམ་པའི་སྒོ་ནས་དང་། རྟེན་གྱི་དཀྱིལ་འཁོར་གྱི་སྒོ་ནས་དང་། གང་གི་ཚེ་བསྐུར་བ་དུས་ཀྱི་སྒོ་ནས་དང་། མོས་པ་ཐ་དད་པའི་སྒོ་ནས་དབྱེ་བའོ། །དང་པོ་ནི། ཟག་བཅས་ཀྱི་ལམ་དུ་དབང་གསུམ་གྱི་ནུས་པ་ཙམ་འཇོག་པ་དང་། བར་ཆད་མེད་པའི་ལམ་དུ་ཕལ་ཆེར་འཇོག་པ་དང་། ཟག་མེད་ཀྱི་ལམ་དུ་དངོས་སུ་འཇོག་ཅིང་བསྐུར་བ་སྟེ། ལམ་གྱི་རིམ་པར་བཞེད་པ་དང་། ཡང་ན་ཐལ་རྒྱུད་ལས། གང་དུ་དད་དང་བརྩོན་འགྲུས་དང་། །བརྟུལ་ཞུགས་གསུམ་དུ་ལྡན་པ་ལ། །ས་བོན་འཇུག་དང་ནུས་བསྐྱེད་ནས། །བདེ་བའི་དབང་ནི་རིམ་བཞིན་སྦྱིན། །ཞེས་པས་ནུས་པ་འཇོག་ཚུལ་གསུམ་པོ་ཕན་ནུས་ཟབ་དབང་གསུམ་གྱི་རིམ་པར་བཞེད་པའང་ཡོད་དེ། གང་ལྟར་ཡང་འགལ་བར་མ་མཐོང་ངོ་། །གཉིས་པ་ནི། རྒྱུད་ཚོད་དང་སྦྱར་བའི་དཀྱིལ་འཁོར་བཞིར་འགྱུར་ཏེ། རང་བཞིན་ཡེ་ཤེས་ཀྱི་དང་། ལྷག་པ་ཏིང་ངེ་འཛིན་གྱི་དང་། རིག་པ་ཉམས་ཀྱི་དང་། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའོ། །དང་པོ་ནི། སློབ་དཔོན་རྫོགས་པའི་སངས་རྒྱས་ཀྱིས་སློབ་བུ་མཐར་ཕྱིན་པའི་ལམ་པ་ལ་དབང་བསྐུར་བའི་ཚེ་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་རང་བཞིན་གྱི་དཀྱིལ་འཁོར་དང་ཡེ་ཤེས་ཀྱི་ལྷ་མོ་ལ་བརྟེན་པར་མཛད་དེ། སྔར་ལེའུ་གཉིས་པར་བསྟན་པའི་སྔོན་བྱུང་གི་དབང་བཞིན་ནོ། །དེ་ལྟར་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། རྒྱལ་བ་ཀུན་གྱི་སྤྱི་གཟུགས་དེས། །འཁོར་ཚོགས་ཡེ་ཤེས་རྒྱ་མཚོ་ལ། །རང་བཞིན་དཀྱིལ་འཁོར་ལྷན་ཅིག་ཏུ། །ཡེ་ཤེས་ལྷ་མོ་ལ་བརྟེན་ནས། །ཡེ་ཤེས་ཆེན་པོའི་དབང་བསྐུར་བས། །གསང་བདག་རྡོ་རྗེ་འཆང་ཆེན་གྱུར། །ཞེས་སོ། །གཉིས་པ་ནི། སློབ་དཔོན་མཐར་ཐུག་སངས་རྒྱས་ཀྱི་ས་ལ་ཉེ་བ་ལྷུན་གྲུབ་རིག་འཛིན་གྱིས་སློབ་མ་མཐོང་བསྒོམ་གཉིས་ཀྱི་རིག་འཛིན་ལ་ལྷག་པ་ཏིང་འཛིན་དང་རིག་པའི་ལྷ་མོ་ལ་བརྟེན་ནས་དབང་བསྐུར་ཏེ། དེ་ལས། དང་པོ་ནས་བཟུང་བཅུ་པའི་བར། །ཏིང་འཛིན་འབར་བའི་དཀྱིལ་འཁོར་དུ། །རིག་པའི་ལྷ་མོ་ལ་བརྟེན་ནས། །ཏིང་འཛིན་ཆུ་བོས་དབང་བསྐུར་བས། །ས་དང་ཡེ་ཤེས་ཞིང་ཁམས་དང་། །རྫུ་འཕྲུལ་མཛད་པའི་རིམ་པ་འཕེལ། །ཞེས་གསུངས་ཏེ། སྔོན་སློབ་དཔོན་སངས་རྒྱས་གསང་བས་མཚོ་མ་ཕམ་ལ་ཐིག་བཏབ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྟན་ཏེ། དབས་མཉྫུ་ཤྲཱི་སོགས་ལ་དབང་བསྐུར་བ་དང་། སློབ་དཔོན་ཆེན་པོ་པདྨས་སྟག་ཚང་སེང་ཕུག་ཏུ་མཚོ་རྒྱལ་ལ་ཕུར་པའི་དཀྱིལ་འཁོར་ནམ་མཁའ་དང་མཉམ་པ་བསྟན་ནས་དབང་བསྐུར་བ་ལྟ་བུའོ། །དེ་འདྲ་བའི་དཀྱིལ་འཁོར་དེ་ལ་གཞན་དུ་སྤྲུལ་པའི་དཀྱིལ་འཁོར་ཞེས་གྲགས་ཤིང་། འདིར་ལྷག་པ་ཏིང་ངེ་འཛིན་གྱི་གཟུགས་བརྙན་ཞེས་གསུངས་ཏེ། རྡོ་རྗེ་ལས་རིམ་ལས། སློབ་དཔོན་མཐར་ཉེ་ལམ་གནས་པས། །བཞི་བཅུ་རྩ་གཉིས་སུམ་འཕྲོ་ཞིང་། །སངས་རྒྱས་སྟོང་གི་དཀྱིལ་འཁོར་སོགས། །རྡོ་རྗེའི་ཐིག་ཚད་དོར་ཙམ་གྱིས། །རྒྱང་གྲགས་ལ་སོགས་མཚན་མ་ཡི། །དཀྱིལ་འཁོར་ཕྱག་རྒྱ་གསལ་ལྡན་པ། །རུའི་དབང་དུ་ལྷག་པ་ཏིང་འཛིན་ལྷག་པའི་བུའི་དབང་དུ་གཟུགས་བརྙན་ཡིན། །ཞེས་སོ། །གསུམ་པ་ནི། སློབ་དཔོན་མཐོང་ལམ་པས་སློབ་མ་གཅིག་སྤྲོས་ལས་སུ་རུང་བའི་ལམ་བྲོད་པ་ཅན་ལ་རིག་པ་ཉམས་ཀྱི་དཀྱིལ་འཁོར་དང་། རིག་པ་རྩལ་གྱི་གཟུངས་མ་ལ་བརྟེན་ནས་དབང་བསྐུར་ཏེ། རྡོ་རྗེ་ལས། མཐོང་ལམ་རྡོ་རྗེའི་སྐུ་ཐོབ་པས། །ངེས་འབྱེད་རྣལ་འབྱོར་ཉམས་ལྡན་ལ། །རིག་པ་ཉམས་ཀྱི་དཀྱིལ་འཁོར་དུ། །རིག་པ་རྩལ་གྱི་གཟུངས་བརྟེན་ནས། །ཟག་མེད་རྡོ་རྗེའི་སྐུ་ལ་སྦྱོར། །ཞེས་སོ། །བཞི་པ་ནི། ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པའི་སློབ་དཔོན་གྱིས་སྐལ་བ་དང་ལྡན་པའི་སློབ་མ་ལ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དང་ལས་རྒྱ་མཚན་ལྡན་ལ་བརྟེན་ནས་དབང་བསྐུར་ཏེ། དེ་ལས། རིག་པ་བརྟན་ཐོབ་རྣལ་འབྱོར་པས། །ལས་དང་སྐལ་ལྡན་རྣལ་འབྱོར་ལ། །ལྷག་པ་གཟུགས་བརྙན་དཀྱིལ་འཁོར་དུ། །རིག་མ་ཕྱག་རྒྱ་མཛེས་མ་ལ། །དབང་བསྐུར་བྱིན་རློབ་བརྟན་བྱས་ནས། །ཆོ་ག་ཐབས་ཀྱིས་དབང་བསྐུར་ཞིང་། །བརྒྱུད་པ་དབང་གི་མན་ངག་གིས། །སྦྱོར་བ་ཉམས་ལྡན་རྣལ་འབྱོར་འཐོབ། །ཅེས་སོ། །དེ་ལས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་དོན་འཆད་པའི་ཚེ། ཁ་ཅིག་ན་རེ། ད་ལྟ་གང་ཟག་རབ་འབྲིང་ཀུན་དབང་གི་དཀྱིལ་འཁོར་རྡུལ་ཚོན་ཁོ་ན་ལ་བརྟེན་དགོས་སོ་ཟེར་བ་མི་རིགས་ཏེ། བི་མ་ལས་ཐིག་གི་བིན་ཏརྠར། བརྟན་ཞིང་ངོས་འཇམ་ཁང་བུ་དང་། །རས་སམ་གྲོ་གའམ་ཤིང་ཤུན་ནམ། །ཏཱ་ལའི་ལོ་མའམ་དུར་ཁྲོད་རས། །ཞིང་ཆེན་རས་ལ་སོགས་པ་ལ། །ཕྱག་རྒྱ་མཉམ་རྫོགས་བྲིས་པ་ནི། །མཚན་མ་འབྱུང་བའི་རྟེན་ཡིན་ནོ། །ཞེས་ཁང་བུའི་ལྡེབས་རིས་དང་རས་བྲིས་ལ་སོགས་པ་གསུངས་པ་དང་། ཁྱད་པར་ཨཱ་ཙརྱ་རྒྱལ་བའི་སྡེས། རྡུལ་ཚོན་བྲི་བར་མ་ནུས་ན། །དཀྱིལ་འཁོར་དང་མཉམ་རས་ལ་ནི། །ངེས་པར་བཅོམ་ལྡན་ཧེ་རུ་ཀ །ཕྱག་རྒྱའི་གཟུགས་དང་བཅས་པ་བྲི། །ཞེས་རས་བྲིས་ཀྱི་དཀྱིལ་འཁོར་གསུངས་ཤིང་། སྔོན་གྱི་སློབ་དཔོན་གྲུབ་པའི་དབང་ཕྱུག་རྣམས་དེར་དབང་བསྐུར་བ་ཉིད་བཞེད་པའི་ཕྱིར་རོ། །དེས་ན་དམན་པ་རྣམས་རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་རུང་བར་མ་ཟད། ལས་དང་པོ་བ་ཡིན་ཀྱང་དབང་པོའི་ཁྱད་པར་གྱིས། རྡུལ་ཚོན། རས་བྲིས། ཚོམ་བུའི་དཀྱིལ་འཁོར་གསུངས་པའི་དབྱེ་བས་རབ་མེ་ཏོག་གི་ཚོམ་བུའི་དཀྱིལ་འཁོར་ལྟ་བུ་དམིགས་རྟེན་ཅུང་ཟད་ཙམ་ལ་བསྟེན་ནས་བསྐུར་རུང་བ་ཡོད་པའི་ཕྱིར་ཏེ། བདེ་འདུས་དབང་གི་རྩ་བ་ལས། དཀྱིལ་འཁོར་གང་དུ་དབང་བསྐུར་ན། །རབ་འབྲིང་ཐ་མར་གསུངས་པ་ཡིས། །མེ་ཏོག་བྲིས་སྐུ་རྡུལ་ཚོན་གསུམ། །དཀྱིལ་འཁོར་གསུམ་དུ་དབང་བསྐུར་རོ། །ཞེས་གསུངས་པའི་ཕྱིར་དང་། དེ་ལས་ཀྱང་སྐལ་ལྡན་མཆོག་ཁ་ཅིག་རྡོ་རྗེ་སློབ་དཔོན་གྱི་ལུས་དཀྱིལ་དུ་ཐོག་མ་ནས་འཇུག་རུང་བའང་ཡོད་དེ། ལུས་དཀྱིལ་ལ་དཀྱིལ་འཁོར་དུ་འདུ་ཤེས་པའི་གང་ཟག་མཁས་པ་དེས་ཕྱི་དཀྱིལ་ལ་བརྟེན་དགོས་པའི་རྒྱུ་མཚན་མེད་པའི་ཕྱིར། དེ་ལྟར་ཡང་སློབ་དཔོན་དྲིལ་བུ་བས། བཅོས་མ་གཉིས་ཀྱི་དཀྱིལ་འཁོར་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་བསྒྲུབ་བྱ་དེ་མ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་མཁས་པ་དེས་ནི་སྔ་མ་ལས། འགྲོ་བ་འདི་ཀུན་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་དང་། འགྲེལ་ཆུང་ལས། སྲིད་གསུམ་འགྲོ་བ་ཐམས་ཅད་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །བརྗོད་མེད་བརྗོད་ཀྱིས་མི་ལང་བ། །དེ་སྙེད་འཁོར་ལོའི་དཀྱིལ་འཁོར་དུ། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །གཉིས་མེད་ལྷུན་གྲུབ་དཀྱིལ་འཁོར་ན། །ཐམས་ཅད་བདག་ཉིད་རྟག་པ་ར བཞུགས། །ཞེས་དང་། དོང་སྤྲུགས་ཀྱི་དབང་གི་མེ་ཏོག་དོར་བའི་སྐབས་སུའང་། སློབ་དཔོན་སྐུ་ཡི་དཀྱིལ་འཁོར་དུ། །ཞེས་སོགས་གསུངས་པའི་མཚན་ཉིད་ཅན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བསྒྲུབ་ཅིང་དབང་ལེན་པར་བྱ་བ་ཉིད་དེ། དེ་ཉིད་ལས། བདེ་བ་ཆེན་པོའི་དཀྱིལ་འཁོར་ནི། །སྟངས་དཔྱལ་གཉིས་སམ་ཡང་ན་ལྔ། །བྱས་ཏེ་དད་ལྡན་རབ་ཞུགས་ན། །འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་པས་མཆོག་བདེ་བ་ཆེན་པོའི་དཀྱིལ་འཁོར་ཡབ་ཡུམ་གཉིས་ཀྱི་ལུས་དཀྱིལ་ལམ། དེ་ལས་བློ་དམན་ན་རྡུལ་ཚོན་རིགས་ལྔའི་དཀྱིལ་འཁོར་ཙམ་བྱས་ལ་ཞུགས་ནའང་སྔོན་གཞན་གྱིས་ཐོབ་པ་དང་མཉམ་པའི་དངོས་གྲུབ་དང་། ཡང་ན་དཀྱིལ་འཁོར་རྒྱས་པ་དང་མཉམ་པའི་དངོས་གྲུབ་ཐོབ་པར་འགྱུར་ཞེས་བཞེད་པའི་ཕྱིར་དང་། གཞན་ཡང་ཕྱི་དཀྱིལ་དུ་མ་ཞུགས་པར་ཐོག་མ་ནས་ལུས་དཀྱིལ་དུ་འཇུག་རུང་བའི་སྐལ་ལྡན་ཡོད་དེ་དབང་གསུམ་པའི་ཡེ་ཤེས་ཀྱི་དཔེ་ཙམ་ལ་ལྟོས་མི་དགོས་པའི་དབང་གི་སྣོད་ལྡན་དེས། ཐོག་མ་ནས་དོན་དམ་བྱང་ཆུབ་ཀྱི་དཀྱིལ་འཁོར་དུ་འཇུག་པ་ཡོད་པའི་ཕྱིར། དཔེར་ན་མན་ངག་རྫོགས་པ་ཆེན་པོའི་རྩལ་དབང་བཞིན་ནོ། །དེ་འདྲ་བའི་སྐལ་ལྡན་དེ་ལ་དབང་ལོགས་སུ་མ་བསྐུར་ཀྱང་། གདམས་ངག་བཏབ་པ་ཉིད་ཀྱིས་དབང་དང་གོ་ཆུ་རུག་ཏུ་འགྱུར་བ་ཡོད་པ་ལ་དགོངས་ཏེ། མཉམ་སྦྱོར་ལས། དཀྱིལ་འཁོར་དུ་ནི་མ་ཞུགས་ཤིང་། །དབང་རྣམས་བསྐུར་བར་མ་བྱས་ཀྱང་། །དེ་ཁོ་ཉིད་ལ་འབད་ལྡན་ན། །བསོད་ནམས་དམན་ཡང་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟ་བུ་དང་། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་འཇམ་དཔལ་སྒྱུ་དྲྭའི་ཁོག་དོན་དུ་དབང་ལ་ཟབ་པ་དོན་དང་རྒྱ་ཆེ་བ་རྟགས་གཉིས་སུ་ཕྱེ་བའི་དང་པོའི་དབང་དུ་མཛད་དེ། ཟབ་པ་དོན་གྱི་དབང་མཆོག་ནི། །རིག་པའི་རྩལ་དབང་ཐོབ་པ་སྟེ། །ཆོས་ཉིད་རྟོགས་པས་དབང་ཞེས་བྱ། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་གསུངས་པའི་ཕྱིར། དེའང་སྤྱིར་གང་ཟག་གི་ཁྱད་པར་གྱིས་ལྟོས་ནས་འཇུག་ཚུལ་གཉིས་སུ་འགྱུར་ཏེ། རྐྱེན་སད་ཚུལ་ལ་ལྟོས་ནས་གང་ལ་མོས་པ་དེར་ཐོག་མ་ནས་འཇུག་ཅིང་། དེ་དང་མཐུན་པའི་ལམ་བསྒོམ་པ་དང་། རྒྱུད་སྨིན་ཚུལ་ལ་ལྟོས་ནས་གང་ཟག་ཐམས་ཅད་རིམ་གྱིས་བ་ཡིན་ལ། དེ་ཡང་ཚེ་འདིར་དབང་གོང་མར་མོས་ཚེ་སྔ་མར་དབང་འོག་མ་ཐོབ་ཅིང་དེའི་ལམ་བསྒོམས་པས་ཁྱབ་པའི་ཕྱིར། རིམ་གྱིས་པ་དེའང་ཚེ་འདི་ཁོ་ན་ལ་བརྩེག་དགོས་པའི་ངེས་པ་མི་སྣང་ཡང་། འདིར་སྐལ་དམན་རིམ་འཇུག་གི་གང་ཟག་སྔར་རྒྱུད་མ་སྨིན་པ་གསར་དུ་སྨིན་བྱེད་ཀྱི་དབང་དུ་བྱས་ན། དཀྱིལ་འཁོར་སྔ་མ་སྔ་མར་མ་ཞུགས་པར་ཕྱི་མ་ཕྱི་མར་མི་འཇུག་སྟེ། ལམ་གྱི་དྲོད་རྟགས་ཀྱང་སྔ་མ་མ་ཐོབ་པར་ཕྱི་མར་མོས་ཤིང་འཇུག་པ་མི་སྲིད་པའི་ཕྱིར་རོ། །དེ་ལ་དགོངས་ནས་དབང་གི་གལ་པོ་ལས། དད་བརྩོན་ལྡན་པའི་སློབ་མ་ཡིས། །རི་མོའི་དཀྱིལ་འཁོར་ཆེན་པོ་རུ། །ནུས་དང་ཕན་པའི་དབང་ཐོབ་ནས། །བརྟུལ་ཞུགས་ལྡན་པའི་བུ་མཆོག་ལ། །ཞེས་སོགས་དང་། ཁོག་གཞུང་ལས། ཕྱི་ནང་དཀྱིལ་འཁོར་རྣམ་གསུམ་དུ། །རིམ་པར་བསྐུར་བ། ཅེས་སོགས་འཇུག་པའི་རིམ་པ་གསུངས་སོ། །གསུམ་པ་ནི། ཐོག་མཐའ་བར་གསུམ་སྟེ། འདི་ལྟར་རྒྱུ་དུས་ཀྱི་དབང་ཐོག་མར་བསྐུར་ཏེ། མ་སྨིན་པ་སྨིན་བྱེད་ཀྱི་དབང་ཡིན་པས་ལམ་གྱི་སྔོན་དུ་འགྲོ་དགོས་པའི་ཕྱིར་དེ་གྲུབ་སྟེ། སྨིན་བྱེད་ཀྱི་གོ་དོན་སྒྲིབ་པ་སྤང་རུང་དང་འབྲས་བུ་ཐོབ་རུང་ལ་བཞག་དགོས་པའི་ཕྱིར་རོ། །ལམ་དུས་ཀྱི་དབང་ནི་དུས་ལ་ནམ་བབས་པའི་ཚེ་བསྐུར་ཏེ། ལམ་གྱི་བོགས་འདོན་ཡིན་པའི་ཕྱིར་རོ། །འབྲས་དུས་ཀྱི་དབང་ནི་ཐོག་མར་བསྐུར་ཏེ། ལམ་མཐར་ཕྱིན་ནས་མཐར་ཐུག་སངས་རྒྱས་ཀྱི་ས་ལ་སྦྱོར་བྱེད་ཡིན་པའི་ཕྱིར་རོ། །དེས་ན་ཕྱི་མ་གཉིས་ནི་གྲོལ་བྱེད་ལམ་གྱི་དབང་ཡིན་ནོ། །བཞི་པ་ལ། ཞི་བ་དང་། ཁྲོ་བོའོ། །དང་པོ་ནི། ཐུགས་ཐིག་ལས། རྩ་བ་རྣམ་ལྔ་བཅོ་བརྒྱད་དང་། །ཞེས་པའི་རྩ་བ་ལྔ་ནི། རྡོ་རྗེ་ལས། དང་པོ་ས་བོན་འཇོག་པ་སྟེ། །གཉིས་པ་ནུས་པ་བསྐྱེད་པ་ཡིན། །གསུམ་པ་ཉམས་མྱོང་བསྐྱེད་པའོ། །བཞི་པ་དེ་ཉིད་བརྟན་པར་བྱེད། །ལྔ་པ་བརྟན་པས་ཉམས་བླངས་པས། །མཆོག་གི་དངོས་གྲུབ་ཚེ་འདིས་འགྲུབ། །ཅེས་པས་ཕན་ནུས་གཉིས་རེ་རེ་དང་། ཟབ་དབང་གསུམ་སོ་སོར་བགྲངས་པའོ། །ཡན་ལག་བཅོ་བརྒྱད་ནི། ཕན་དབང་ལ་བཅུ་དང་། ནུས་དབང་ལ་ལྔར་ཕྱེ་ཞིང་། ཟབ་དབང་གསུམ་དང་བཅས་པའོ། །གཉིས་པ་ནི། ཐུགས་ཐིག་ལས། བསྒྱུར་བ་ལྔ་ལ་སུམ་ཅུ་དྲུག །ཅེས་པས། རྩ་བའི་གྲངས་ཞི་བ་དང་མཚུངས་ལ། དེའི་ཡན་ལག་སོ་དྲུག་ལ་བཞེད་པ་མི་མཐུན་ཏེ། སྒྲོལ་མ་བའི་རིན་ཆེན་འབར་བའི་གུར་དུ། རྔམ་གློག་ལས། ཕྱི་ཡི་དབང་ནི་བཅུ་དང་གཅིག །ནང་གི་དབང་ནི་བཅུ་དང་གཉིས། །གསང་དབང་བཅུ་དང་སྒྲུབ་དབང་གསུམ། །ཞེས་དྲངས་པའི་ཕྱིར། ཕྱི་དབང་བཅུ་གཅིག །ནང་དབང་བཅུ་གཉིས། གསང་དབང་བཅུ། སྒྲུབ་དབང་གསུམ་དུ་བཞེད་པར་མངོན་ནོ། །དེ་ནི་མི་རིགས་ཏེ། དབྱེ་གཞི་རྩ་བ་ལྔ་ལས་དབྱེ་ཆོས་སོ་དྲུག་ཏུ་དབྱེ་བ་བྱར་མེད་པ་དང་། ལུང་གི་དགོངས་པ་འདི་ལས་ལུགས་གཞན་ཡིན་པའི་ཕྱིར་རོ། །ཡང་ཉང་ཊཱིཀ་པ། ཕྱི་དབང་བཅུ། ནང་དབང་བཅུ་གཅིག །སྒྲུབ་དབང་བཅུ་གསུམ། ཟབ་དབང་གཉིས་ཏེ་སོ་དྲུག་ཏུ་འབྱེད་པའང་མི་རིགས་ཏེ། དེ་མདོ་དབང་གི་ལུགས་ཡིན་ལ། དེ་འདིར་བཀབ་བ་ལ་ཤེས་བྱེད་མེད་ཅིང་། ལུགས་ཐམས་ཅད་འདྲེས་པར་འགྱུར་བའི་སྐྱོན་གནས་སོ། །དེ་ཅིའི་ཕྱིར་མདོ་དབང་གི་ལུགས་སུ་འགྱུར་ཞེ་ན་དེ་ཡོད་དེ། རྩ་བའི་རྒྱུད་ཀུན་འདུས་རིག་པ་ལས། འདུས་པ་ཆེན་པོའི་རྣལ་འབྱོར་བས། །སྲིད་པ་གསུམ་གྱིས་ཕྱག་བྱསཔའི། །དབང་ཕྱུག་སུམ་ཅུ་རྩ་དྲུག་ཡིན། །ཕྱི་ཡི་དབང་དང་ནང་གི་དབང་། །སྒྲུབ་པའི་དབང་དང་གསང་བའི་དབང་། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་དང་། བདེ་བ་གསལ་མཛད་ཀྱི་དབང་དོན་རྒྱ་ཆེར་འགྱེད་པ་ལས། ཆུ་བོ་བཞི་ཡི་དབང་གི་རིམ་པ་ལ། །དང་པོ་རྒྱུད་ཀྱི་ཆུ་བོའི་རྣམ་གྲངས་བཅུ། །ཞེས་སོགས་གསུངས་པའི་ཕྱིར། རང་ལུགས་ནི། ཁྲོ་བོ་ལས་རིམ་ལས། ལྷ་དབང་ཕྱག་མཚན་རྒྱན་ཆས་དང་། །ནུས་དབང་ལྔ་དང་གདན་གྱི་དབང་། །སྒྲུབ་རྫས་གསང་བ་རྣམ་གསུམ་མོ། །ཞེས་པའི་ནང་གསེས་ཀྱི་གྲངས་སོ་དྲུག་སྟེ། དེ་འདྲེན་ཚུལ་ནི། ཕྱག་རྒྱ་ལྷའི་དང་། བསྣམས་པ་ཕྱག་མཚན་གྱི་དང་། དྲེགས་པ་གདན་གྱི་དབང་གསུམ་ནི་རེ་རེ་དང་། དེ་ལས་གཞན་རྣམས་ཀྱི་བྱེ་བྲག་བགྲངས་པའི་སྡོམ་ཚིག་ནི། རྒྱན་ཆས་རྟགས་ལ་བཅུ་ཡིན་ཏེ། དབུ་རྒྱན་༡བུམ་པ་༢སྙིང་པོ་༣ལྔ། །ཅོད་པན་༤གོ་ཆ་༥ཕྲེང་བ་༦རྒྱན༧། །གོས་གསུམ་དང་སྦྲུལ། ཐོད་ཕྲེང་༨རྟགས་གསུམ་༩མེ་དཔུང་༡༠ངོ་། །ནུས་པའི་དབང་ནི་ལྔར་ངེས་ཏེ། །ཉན་༡སྒོམ་༢འཆད་༣ལས་༤རབ་༥འབྱམས་དབང་། །སྒྲུབ་པའི་དབང་ལ་བཅོ་ལྔ་སྟེ། །བདུད་རྩི་༡ལྔ་དང་ཤ་ལྔ་༢དང་། །རཀྟ་༣རྒྱལ་མཚན་༤གདུགས་༥ཁ་ཊྭཱཾ༦། །ཕུར་པ་༧རྡོར་དྲིལ་༨རྔེའུ་ཆུང་༩། ཡུངས་ཀར་༡༠གཟུངས་མ་༡༡ཕྲེང་བ་༡༢དང་། །རྡོ་རྗེ་ཚེ་དང་༡༣བཟའ་བཏུང་༡༤མིང་དབང་༡༥ངོ་། །ཟབ་དབང་གསུམ་སྟེ་གསང་བ་༡དང་། །ཤེས་རབ་༢ཡེ་ཤེས་བདེ་ཆེན་༣པོ། །ཞེས་སོ། །དེ་ལྟར་ན་སྔར་གྱི་དབང་ཆོག་འགར་རྟགས་གསུམ་གྱི་རྗེས་སུ་རྡོ་རྗེའི་གཤོག་པ་དང་། རྡོར་དྲིལ་གྱི་རྗེས་སུ་མར་མེའི་དབང་འབྱུང་བའི་ཕྱིར་གྲངས་འཇིག་གོ་ཞེ་ན། འདིར་དེ་གཉིས་མ་བགྲངས་བ་ནི་ཆད་པར་མི་སེམས་ཏེ། ཡན་ལག་གི་དབང་སོགས་ལས་ཁ་བསྐང་བར་མངོན་གྱི། །འདི་ཉིད་ཀྱི་དབང་བར་མ་གསུངས་པའི་ཕྱིར་རོ། །འོ་ན་སྙིང་པོ་ལྔ་དང་། གོ་ཆ་དང་། གདུགས་གསུམ་ཀྱང་རྩ་བར་མ་གསུངས་ལ། རྔ་དང་། ཡུངས་ཀར་དང་། གཟུངས་མ་དང་། ཕྲེང་བ་བཞིའི་དབང་ཚིག་ཀྱང་མི་འབྱུང་བའི་ཕྱིར་མཚུངས་སོ་ཞེ་ན། སྐྱོན་མེད་དེ། དང་པོ་གསུམ་ནི་ཕན་དབང་གི་ནང་ཚན་དུ་རྒྱུད་ལས་གསུངས་པའི་ཕྱིར་བསྐུར་དགོས་པར་མ་ཟད། ཁྲོ་བོ་ལས་རིམ་ལས་བསྐུར་དུས་དཀྱུས་གསུམ་གསུངས་ནའང་། གོང་དུ་དབང་གི་རྒྱུ་འཆད་པའི་ཚེ། ཕྱག་རྒྱ་དབུ་རྒྱན་སྙིང་པོ་དང་། །ཅོད་པན་གོ་ཆ་རུས་པའི་ཕྲེང་། །གཟི་མདངས་རྒྱལ་མཚན་ཞིང་གིས་གདུགས། །ཞེས་གསུངས་པའི་ཕྱིར་དང་། ཕྱི་མ་བཞི་ནི་བསྐུར་ཚིག་མ་གསུངས་ཀྱང་མིང་དཀྱུས་སུ་སྨོས་པའི་ཕྱིར་བསྐུར་དགོས་ཏེ། གཞན་ཡང་རྔ་དང་ཡུངས་ཀར་དང་། །གཟུངས་དང་ཕྲེང་བས་དབང་བསྐུར་ཏེ། །ཞེས་སོ། །འདིར་ཁ་ཅིག་ན་རེ། དེ་ལྟར་ན་ཡན་ལག་སོ་དྲུག་པོ་རྩ་བའི་དབང་ལྔར་འདུས་སམ་མ་འདུས། གཉིས་པ་ལྟར་ན་འདིར་ཡང་དབྱེ་གཞི་དང་དབྱེ་ཆོས་ཁ་གམ་པར་འགྱུར་ལ། དང་པོ་ལྟར་ན་ཇི་ལྟར་བསྡུ་ཞེ་ན། ཁྲོ་བོ་ལས་རིམ་གྱི་གོ་རིམ་རྣམས་འཁྲུགས་བསྡེབས་ཇི་དགོངས་པར་བླ་མ་རྣམས་བཞེད་པས། དེའི་ཕྱིར་ནུས་དབང་ལྔ་དང་ཟབ་དབང་གསུམ་མ་གཏོགས་པའི་དབང་ཉི་ཤུ་རྩ་བརྒྱད་པོ་ཐམས་ཅད་ཕན་དབང་དུ་བསྡུ་བར་བྱ་བ་སྟེ། ཕྱག་རྒྱ་ལྷ་དང་། རྒྱན་ཆས་ལས་དང་པོ་དྲུག་དང་། སྒྲུབ་རྫས་ལས་བཞི་པ་དང་། ལྔ་པ་དང་། བཅུ་བཞི་པ་རྣམས་ནི་དངོས་དང་། གཞན་རྣམས་ལྷ་དབང་ལ་སོགས་པའི་ཡན་ལག་ཏུ་བསྡུ་ཚུལ་དུ་ཤེས་པར་བྱས་ལ། ལས་ཁྲིགས་ཀྱི་སྡོམ་ནི། གདན་དང་ལྷ་དབང་ཕྱག་མཚན་དང་། །ཆས་བཅུ་སྒྲུབ་རྫས་བཅོ་ལྔ་སྟེ། །ཕྱི་དབང་ཉེར་བརྒྱད་ཕན་པའི་དབང་། །ནང་གི་ནུས་པའི་དབང་ལྔ་སྟེ། །གསང་བ་ཟབ་དབང་རྣམ་གསུམ་མོ། །ཞེས་པ་སྟེ། དེ་དག་ཞར་ལས་འཕྲོས་པའོ། །གཉིས་པ་ལ། དཀྱིལ་འཁོར་གྱི་བྱ་བ། དེར་འཇུག་པའི་ཆོ་ག །དབང་བསྐུར་བའོ། །དང་པོ་ནི། སའི་ཆོ་ག །སྟ་གོན། དཀྱིལ་འཁོར་བྲི་བ། དེའི་རབ་གནས་ཡན་ཆད་ཚར་བ་དང་། ཕྱི་རོལ་དུ་སྦྱིན་སྲེག་བྱ། ནང་དུ་དབང་མཆོད་ཀྱི་རྫས་དང་རྒྱན་རྣམས་དགྲམ། དེ་ནས་ཞི་ཁྲོ་གང་ཡིན་གྱི་ལས་གཞུང་བསྲང་ཞིང་། ཚོགས་མཆོད་བྱ་བ་རྣམས་སོ། །གཉིས་པ་ནི། རྡོ་རྗེ་ལས་རིམ་ལས། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། །ཁྲུས་དགབ་དྲི་དག་ལུས་དབུལ་དང་། །བགེགས་བསྐྲད་ལྷར་རློབ་དམ་ཚིག་སྦྱིན། །དེ་ཉིད་དབོག་དང་ཆུ་ནན་དང་། །བསྒྲག་དང་རིན་ཆེན་དོར་བ་དང་། །ལྷ་དབོག་པ་དང་ནན་ཏན་དང་། །མིག་དབྱེ་དཀྱིལ་འཁོར་ལེགས་བསྟན་དང་། །ཚོགས་མཆོག་ཡོན་དང་རྣམ་བཅོ་བརྒྱད། །འདི་ཡིས་ཡན་ལག་རྫོགས་པར་འགྱུར། །ཞེས་པའི་བཅོ་བརྒྱད་རིས་བསྡུས་ན་གཉིས་སུ་འགྱུར་ཏེ། སློབ་དཔོན་འཇུག་པའི་དང་། སློབ་མ་འཇུག་པའི་ཆོས་སོ། །དང་པོ་ལ། བདག་ཉིད་འཇུག་པ་དང་། སློབ་མ་འཇུག་པར་གསོལ་བ་གདབ་པ་གཉིས། །དང་པོ་ནི། དཀྱིལ་འཁོར་གྱི་བྱ་བ་སྔོན་དུ་སོང་ནས་འཇུག་སྟེ། ཀུན་བྱས་དབང་ཕྱུག་རིག་པས་འཇུག །ཅེས་གསུངས་པའི་ཕྱིར། དེའང་སློབ་དཔོན་ཁྲུས་བྱས་དབང་གོས་གྱོན་ནས་དཀྱིལ་འཁོར་གྱི་ཤར་སྒོར་འདུག་སྟེ། རིག་པའི་མེ་ཏོག་དོར་ཞིང་དངོས་གྲུབ་བསྐུལ་བས། ལྷ་དང་གཉིས་སུ་མེད་པར་བསམ་པ་ནི་བདག་ཉིད་དཀྱིལ་འཁོར་དུ་རིག་པས་འཇུག་སྟེ། ལམ་རིམ་ལས། དབང་གོས་ལྡན་པ་དབང་ཕྱུག་སྟེ། །གཞན་དག་གཞན་གྱིས་མཛེས་པར་བྱ། །ཤར་སྒོར་གུས་འདུག་དཀྱིལ་འཁོར་གྱི། །ལྷ་རྣམས་མངོན་བྱས་རིན་ཆེན་ལྡན། །འབྲུ་ལྔ་རྡོ་རྗེའི་དམ་ཚིག་གི །སྔགས་ཀྱི་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་ཡེ་ཤེས་གཉིས་མེད་སྦྱར། །ཞེས་དང་། བསྐུལ་བའི་དམ་ཚིག་རྗེས་དྲན་པའི། །འོད་ཟེར་གཟི་བརྗིད་ལྡན་པར་བྱ། །རང་བཞིན་གཉིས་མེད་འགྱུར་པའོ། །ཞེས་སོ། །གཉིས་པ་ནི། རྡོ་རྗེ་ཡེ་ཤེས་འཐོབ་བྱེད་པའི། །ཞེས་སོགས་ཀྱིས་གསོལ་བ་བཏབ་ཅིང་བཟོད་པར་གསོལ་བས་དེ་བཞིན་གཤེགས་པ་རྣམས་དགྱེས་ནས་འཛུམ་པ་དང་བཅས་པས་གནང་བ་སྦྱིན་བར་བསམ་པའོ། །གཉིས་པ་ནི། སློབ་དཔོན་ཞུགས་པའི་རྗེས་སུ་འཇུག་སྟེ། དེ་ནས་སློབ་མ་གཞུག་པར་བྱ། །ཞེས་སོ། །དེ་ལ་ལས་རིམ་བཅུ་དྲུག་ལས། དང་པོ་ཁྲུས་ནི། ཕྱི་རོལ་དུ་དྲིའི་ཆུས་བཀྲུ་བར་བྱ་སྟེ། ལམ་རིམ་ལས། ཤིན་ཏུ་བཟང་པོར་འགྲོ་བ་རྣམས། །དྲི་ཡི་ཆུ་ཡིས་དག་པར་བྱ། །ཞེས་སོ། །གཉིས་པ་དགབ་པ་ནི། རས་དམར་པོས་གདོང་གཡོགས་ལ་སྙིམ་པ་མེ་ཏོག་དང་བཅས་ཏེ་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་གདབ་ཏུ་གཞུག་པའོ། །གསུམ་པ་དྲི་བ་ནི། འདོད་དོན་དྲིས་ཤིང་ལན་གསོལ་ནས་ལས་ཀྱི་རྡོ་རྗེས་དཀྱིལ་འཁོར་ཁང་བའམ་ཡོལ་བའི་ནང་དུ་དྲང་བ་སྟེ། དེ་ལས། བུ་ཁྱོད་ཅི་ལ་དགའ་ཞེས་དྲི། །སྐལ་བཟང་བདག་དགའ་ལན་བླན་ལ། །འཁོར་ལོའི་དྲུང་དུ་བཀྲི་བར་བྱ། །ཞེས་སོ། །བཞི་པ་ལུས་དབུལ་བ་ནི། དེ་ལས། ཐལ་སྦྱར་གུས་དང་བཅས་པ་ཡིས། །ཕྱོགས་བཅུ་སྲས་དང་བཅས་པ་དང་། །དབང་ཕྱུག་སངས་རྒྱས་ད་ལྟར་བདག །མ་འོངས་རང་བཞིན་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་དབུལ་བྱ། །ཞེས་པས། འདས་པའི་སངས་རྒྱས་རྟོགས་པ་མངོན་དུ་གྱུར་པ་སྟེ་སརྦ་བུདྡྷ་དང་། ད་ལྟར་གྱི་སངས་རྒྱས་ཨཱ་ཱཙཱརྱ་སྟེ་སློབ་དཔོན་དང་། མ་འོངས་པའི་སངས་རྒྱས་ས་ཀ་ལ་ས་ཏྭ་ཞེས་སེམས་ཅན་མཐའ་དག་སྟེ། དེ་དག་ལ་རིམ་པ་བཞིན་དུ་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དང་། དེའི་སྣོད་རུང་དུ་བྱ་བའི་ཕྱིར་དང་། འགྲོ་དོན་མི་འདོར་ཞིང་མཐར་ཕྱིན་པར་བྱ་བའི་ཕྱིར་དང་། པཱུ་ཛོ་བསྠཱ་ནཱ་ཡ་ཨཱཏྨཱ་ནཾ་ནིཪྻཱ་ཏ་ཡཱ་མི་ཞེས་པས་ལུས་དབུལ་བར་དམིགས་ལ་ཕྱག་འཚལ་དུ་འཇུག་པའོ། །ལྔ་པ་བགེགས་བསྐྲད་པ་ནི། ཐོག་མར་ཚེ་མི་ཡར་བར་བྱ་བའི་ཆེད་དུ། སློབ་དཔོན་གྱི་སྦྱོར་མཚམས་ནས་བྷྲཱུྃ་བུའི་སྨིན་ཕྲག་ཏུ་སྤྲོས་པས་ཟླ་གམ་དམར་པོའི་གཞལ་ཡས་ཁང་སྒོ་གཅིག་པ་བསྐྱེད། དེའི་དབུས་སུ་ཧཱུཾ་སྔོ་སྐྱ་ལ་བུའི་ཚེའི་དངོས་པོ་ཐམས་ཅད་བསྡུས་ཏེ་ཧཱུཾ་མཛད་དུ་བསྐྱེད་ལ། སྒོར་མི་གཡོ་བས་ཚེ་བསྲུང་བར་བསམ། དེ་ནས་བི་ཤྭ་བཛྲ་གྱིས་སྤྲུལ་པ་སྤྲོས་ནས་སུམྦྷའི་སྔགས་ཀྱིས་བགེགས་སྐྲོད་པ་སྟེ། དེ་ལས། ཚེ་བསྲུང་སྦྱོར་བའི་ཁྲོ་ཚོགས་ཀྱིས། །བར་གཅོད་བགེགས་བསྐྲད་མཚམས་བཅད་ལ། །ཞེས་སོ། །དྲུག་པ་ལྷར་རློབ་པ་ནི། ལག་སོར་ལ་དཔའ་བོ་འབྲུ་ལྔའི་ཡི་གེ་ཟུང་ལས་རིགས་ལྔ་ཡབ་ཡུམ་བསྐྱེད་ནས་བདེན་པ་བདར་ནས། ཕྱག་རྒྱ་བཅིངས་ཤིང་སྤྲུགས་པས་སྦྱོར་མཚམས་ནས་སྤྲོས་པའི་འོད་ཟེར་གྱིས་བུའི་སྒྲིབ་པ་བསྲེགས་ཏེ་འོད་དུ་ཞུ་བ་ལས་ཆོ་ག་གསུམ་གྱིས། ཞི་ཁྲོ་གང་ཡིན་གྱི་སྐབས་དང་བསྟུན་ནས་རྡོ་རྗེ་སེམས་དཔའ་འམ་བཛྲ་ཧེ་རུ་ཀར་བསྐྱེད་ལ། གོ་བགོ་ཞིང་ལུས་བསྲུང་བར་བྱ་བ་སྟེ། དེ་ལས། སྒྲིབ་སྦྱང་རྣམ་ཤེས་ཆོ་ག་ཡིས། །ཧཱུཾ་ལས་སེམས་དཔའ་འམ་གཞན་ཡང་རུང་། །ཞེས་སོ། །བདུན་པ་དམ་ཚིག་བྱིན་པ་ནི། བདུད་རྩི་སྐུ་གསུང་ཐུགས་སུ་རློབས་ལ། དཔལ་ལྡན་རྡོ་རྗེ་སྐུ་འཆང་ལ་སོགས་པའི་ཚིག་སྔགས་དང་། འབྲུ་གསུམ་གྱི་འཕྲོ་འདུས་དམ་ཚིག་གསུམ་སྟེར་བར་བྱ་སྟེ། དེ་ལས། དམ་ཚིག་ཆེན་པོའི་བདུད་རྩི་ལྔ། །རང་བཞིན་འབྲུ་གསུམ་སྐུ་གསུང་ཐུགས། །གཟི་བྱིན་ལྡན་པར་བྱིན་རློབ་ལ། །དམ་ཚིག་སྡོམ་པ་མཆོག་ཅེས་བྱ། །ཞེས་སོ། །བརྒྱད་པ་དབོག་པ་ནི། དམ་ཚིག་དེ་ཉིད་ཚིག་གིས་དབོག་པ་སྟེ། རྡོ་རྗེ་སྙིང་གར་བཞག་པ་ལ། །སངས་རྒྱས་ཀུན་གྱི་གསང་བ་འདི། །ཞེས་སོགས་བརྗོད་པའོ། །དགུ་པ་ཆུ་ནན་ནི། དེ་ལས། ཙནྡན་དཀར་དམར་སྦྱར་བ་ལ། །རྡོ་རྗེ་འཛིན་པའི་རབ་གནས་བྱ། །ཞེས་པས་ཙནྡན་གྱི་ཆུ་རྡོ་རྗེ་གནོད་སྦྱིན་དུ་བསྐྱེད་ནས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །ཞེས་སོགས་མ་བསྲུངས་པའི་ཉེས་དམིགས་ཀྱི་གཡང་ས་བསྟན་ཏེ་ལྕེར་ལན་གསུམ་བཞག་པ་དང་། ཡང་ཆུ་རྡོ་རྗེ་སེམས་དཔར་བསྐྱེད་ནས། དེ་ལྟ་བས་ན་བུ་ཁྱོད་ཀྱི། ཞེས་སོགས་བསྲུངས་པའི་ཕན་ཡོན་ཀྱི་བྲོད་པ་བསྐྱེད་དེ་ལྕེར་ལན་གསུམ་བཞག་ལ་ཆུ་ནན་བྱེད་པའོ། །བཅུ་པ་བསྒྲག་པ་ནི། རྡོ་རྗེ་དང་བཅས་པའི་ཐལ་མོ་བུའི་སྤྱི་བོར་བཞག་ལ། ཐབས་དང་ཤེས་རབ་སེམས་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པས་ཐེག་པ་འདི། གཞུང་བཞིན་དུ་སྤྱོད་ཅིག་པར་བསྒྲག་པའོ། །བཅུ་གཅིག་པ་རིན་ཆེན་དོར་བ་ནི། ཕྱི་དཀྱིལ་ལམ་བླ་མའི་ལུས་དཀྱིལ་གང་རུང་ལ་མེ་ཏོག་དོར་ལ་ལྷ་གང་དང་ལས་འབྲེལ་ཡོད་བརྟག་པ་སྟེ། དེ་ལས། དཀྱིལ་འཁོར་ཡིད་ལ་མངོན་སྦྱར་ནས། །འདོད་པའམ་ཡང་ན་གཞན་ཡང་རུང་། །དོར་ཏེ་འབྲེལ་པ་ལེགས་པར་བརྟག །ཅེས་སོ། །བཅུ་གཉིས་པ་ལྷ་དབོག་པ་ལ་ཕྱི་ནང་གཉིས་ལས། ཕྱིའི་ལྷ་དབོག་པ་ནི། མེ་ཏོག་དེ་བུའི་སྤྱི་བོར་བཞག་སྟེ། ཡི་དམ་ལྷ་གང་ཡིན་པ་ཉིད་སྤྱན་དྲངས་ལ་བསྟིམས་པས་སྙིང་གར་ཆུ་ནན་གྱི་ཆུ་དང་གཉིས་སུ་མེད་པར་བསམ་པ་སྟེ། སྔ་མ་ལས། ལྕགས་ཀྱུ་ཨེ་ཧིས་དགུག་བྱ་སྟེ། །ཉེས་ལེགས་ཕྲིན་ལས་གསལ་བྱས་ལ། །ཕྱག་རྒྱ་བསྟིམས་ལ་བརྟན་པར་བྱ། །ཞེས་སོ། །ནང་ནི། རིགས་དང་མཐུན་པའི་གསང་མཚན་གདགས་ཤིང་ལྷ་དེ་ཉིད་བསྒོམ་བཟླས་དབོག་པའོ། །འདིར་སྔ་རབས་པ་ཁ་ཅིག །མོས་པའི་ལྷ། བབས་པའི་ལྷ། ལྷག་པའི་ལྷ་གསུམ་གང་རུང་ཞིག་དབོག་སྟེ། །དང་པོ་ནི། གང་ལ་མོས་པའི་ལྷ་དེ་ལས་དང་ཐུགས་རྗེས་འབྲེལ་བར་གྲུབ་པའི་ཕྱིར་དེ་ཉིད་བསྒོམ་པའོ། །གཉིས་པ་ནི། ལས་འབྲེལ་ཟབ་པས་དངོས་གྲུབ་ཉེ་བའི་ཕྱིར་མེ་ཏོག་གང་ལ་བབས་པའི་ལྷ་དེ་བསྒོམ་པའོ། །གསུམ་པ་ནི། དཀྱིལ་འཁོར་གྱི་གཙོ་བོ་ཁོ་ན་བསྒོམ་པའོ་གསུང་། དེ་དག་ཀྱང་མི་རིགས་པ་མ་ཡིན་ཏེ། རྣམ་བཀོད་ལས། མཚན་མས་གྲོལ་ལ་བརྒྱ་བྱིན་པས། །དཀྱིལ་འཁོར་ཆེན་པོར་ཞུགས་པའི་ཚེ། །གང་ལ་བབས་པའི་ལྷ་དེ་ཉིད། །ཡང་ན་ལྷ་ཀུན་གཅིག་པའི་ཕྱིར། །གང་མོས་ལྷ་དེ་ཡི་དམ་བྱ། །ཞེས་གསུངས་པའི་ཕྱིར་རོ། །བཅུ་གསུམ་པ་ནན་ཏན་དུ་བྱ་བ་ནི། ཁེ་ཉེན་བསྟན་པའི་སྒོ་ནས་ལྷ་དེ་ཉིད་བསྒོམ་པར་གདམས་པ་སྟེ། འདི་ཉིད་ལས། སྐལ་བ་མཉམ་པའི་ཡེ་ཤེས་དེ། །གཉེར་ན་ཉེ་བར་འབྱུང་བ་ཡི། །ཡ་མཚན་ཆེན་པོ་འབྱུང་བར་ངེས། །དད་མེད་ཉམས་ན་ཕུང་བར་འགྱུར། །ཞེས་དང་། ལས་རིམ་ལས། ལྷ་སྤངས་དགེ་སྤྱད་དོན་མེད་འགྱུར། །གང་ཞིག་ཕྱག་རྒྱ་འདི་སྤངས་ན། །ཉོན་མོངས་ངན་སོང་གསུམ་དུ་སྐྱེ། །བྱང་ཆུབ་འབྲས་བུ་འཐོབ་མི་འགྱུར། །ཞེས་དང་། བདག་ཉིད་ལྷ་དང་མཉམ་སྦྱོར་ནས། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །གཅིག་དང་དུ་མར་ཡོངས་བྲལ་ཕྱིར། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་སོ། །དེའང་བརྒྱུད་པའི་ཕྱག་བཞེས་སུ། ནང་གི་ལྷ་དབོག་པ་དང་ནན་ཏན་དུ་བྱ་བ་གཉིས་འོག་ཏུ་དཀྱིལ་འཁོར་བསྟན་པ་དང་སྦྲེལ་ནས་མཛད་དོ། །བཅུ་བཞི་པ་མིག་དབྱེ་བ་ནི། རུའི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་ཐུར་མ་ལྟ་བུའི་མ་རིག་པའི་ལིང་ཏོག་བསལ་ཏེ་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བར་བསམས་ལ། མིག་ཕྱེ་ཞིང་གདོང་གཡོགས་དགྲོལ་ཏེ། དེ་ལས། འོད་ཟེར་ཐུར་མས་དབྱེ་བྱས་ལ། །ཞེས་སོགས་སོ། །བཅོ་ལྔ་པ་དཀྱིལ་འཁོར་སྟོན་པ་ནི། གསེར་སོགས་མཚོན་བྱེད་ངེས་བླངས་ལ། །ཞེས་པས་ཕྱག་ཤིང་སོགས་ཀྱིས་བསྟན་ཏེ། དཀྱིལ་འཁོར་གྱི་དོན་རྟགས་དང་ལྷའི་དེ་ཁོ་ན་ཉིད་རྒྱས་པར་བཤད་པའོ། །བཅུ་དྲུག་པ་ཡོན་དབུལ་བ་ནི། སྔ་མ་ལས། དབང་དང་དངོས་གྲུབ་འདོད་པ་ཡིས། །འདི་ལ་ཤིན་ཏུ་ནན་ཏན་བྱ། །ཞེས་པས་ཡོན་ཅི་འབྱོར་བ་དབུལ་ཏེ། འདི་ཉིད་ལས། དེ་ནས་རིགས་ཀྱི་བུ་མཆོག་དེས། །ཞེས་སོགས་དང་། དེའི་ཡོན་ཏན་ཀྱང་། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གསུངས་སོ། །གལ་ཏེ་ཕོངས་པས་དངོས་སུ་མ་འབྱོར་ན་ཕྱིས་དབུལ་བར་ཁས་བླང་བ་དང་། ཡིད་ཀྱིས་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་ཕུལ་བར་བསམ་ཞིང་། མཎྜལ་དབུལ་ལོ། །དེ་དག་ནི་འཇུག་པའི་ཆོ་གའོ། །དེར་ཞུགས་པས་ཐོབ་པའི་ཡོན་ཏན་གང་ཞེ་ན། བཞི་ལས། དང་པོ་དཀྱིལ་འཁོར་འདིར་ཞུགས་པས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་བའི་ཡོན་ཏན་ཡོད་དེ། ལས་རིམ་ལས། སྒྱུ་འཕྲུལ་དྲྭ་བར་ལེགས་ཞུགས་པས། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །དཀྱིལ་འཁོར་ཀུན་ཏུ་ཞུགས་པ་ཡིན། །ཞེས་སོ། །གཉིས་པ་ནི། འདིར་ཞུགས་པས་སྔོན་འོག་མིན་དུ་མཐར་ལམ་བཞུགས་པ་དང་སྐལ་བ་མཉམ་པར་འགྱུར་ཏེ། འདི་ཉིད་ལས། འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་དང་། མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་མངོན་དུ་མཐོང་བ་ཡི། །བསོད་ནམས་བརྟག་པ་གང་ཡིན་པ། །ཕྱིས་བྱས་པའང་དེ་བཞིན་ནོ། །ཞེས་སོ། །གསུམ་པ་འདིར་མོས་པ་ཙམ་ལ་ཡང་རྒྱལ་བ་ཐམས་ཅད་ཀྱིས་ཉེ་བའི་སྲས་སུ་དགོངས་པར་འགྱུར་ཏེ། འདི་ཉིད་ལས། གང་ཞིག་འདི་ལ་མོས་གྱུར་པ། །ཞེས་སོགས་དྲང་ངོ་། །བཞི་པ། འདིར་ཞུགས་ན་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་ཐོབ་པར་འགྱུར་ཏེ། ལས་རིམ་ལས། རྡོ་རྗེ་འཛིན་པའི་རིགས་ངེས་ཤིང་། གདོན་རྣམས་བཟློག་ཅིང་ངན་སོང་སྤོང་། །ལོངས་སྤྱོད་འདུ་བ་རྣམ་པ་གཉིས། །ཡེ་ཤེས་སྤྱན་གྱི་གཞི་རུ་ངེས། །དེ་ལ་སོགས་པ་བསམ་ཡས་མཆོག །ཅེས་གསུངས་སོ། །གསུམ་པ་དབང་བསྐུར་བ་ལ། མཚམས་སྦྱར་བ། བསྐུར་བ་དངོས། རྗེས་ཀྱི་རིམ་པའོ། །དང་པོ་ནི། །བུས་ཕྱག་བྱས་ཏེ་གསོལ་བ་གདབ། །རུས་གནང་བ་སྦྱིན་ལ་དཀྱིལ་འཁོར་བསྐོར་ཞིང་བསྟོད་ནས་ནམ་མཁར་བཏེག །དེ་བཞིན་གཤེགས་པ་མ་ལུས་པ་མདུན་མཁར་སྤྱན་དྲངས་ཏེ་གསོལ་བ་གདབ། དེ་ནས་དབུ་རྒྱན་གྱོན་ཏེ་དཀྱིལ་འཁོར་གྱི་སྟེང་དུའམ་དྲུང་དུ་དབང་ཁྲི་ལ་འདུག་པར་བྱའོ། །གཉིས་པ་ལ། སྣོད་རིམ་དང་སྦྱར་ཏེ་བསྐུར་བ་དངོས་དང་། དབང་གི་གྲངས་དང་རིམ་པ་ལ་དཔྱད་པ། དེ་དབང་བཞིར་བསྡུ་ཚུལ་ལོ། །དང་པོ་ནི། སྐལ་ལྡན་གྱི་སློབ་བུ་དད་བརྩོན་བརྟུལ་ཞུགས་ཅན་གསུམ་ལ་རིམ་པ་ལྟར་ཕན་ནུས་ཟབ་མོའི་དབང་རྣམས་སོ་སོའི་བློའི་ཐེག་ཚད་དང་སྦྱར་ནས་སྦྱིན་པར་བྱ་བ་སྟེ། གལ་ཏེ་མི་ཐེག་པ་ལ་སྦྱིན་ན་བུའི་རྒྱུད་ཆུད་ཟོས་པར་འགྱུར་བའི་ཕྱིར་ཉེས་པ་ཆེན་པོར་འགྱུར་རོ། །དེ་ལྟར་ཡང་། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །སྙིང་རྗེས་ཆུད་མ་ཟོས་པར་བཟུང་། །ཞེས་སོ། །དེ་ཡང་ཇི་ལྟར་བསྐུར་བའི་ཚུལ་ལ། རྗེ་སྒྲོ་ཕུག་པའི་གསུང་རྒྱུན་སྔ་ཕྱིི་གཉིས་ལས། དང་པོ་ནི། དབང་ཐམས་ཅད་ལ་མཚུངས་ལྡན་དང་། །དབང་རྫས་དང་། སྐུར་ཐབས་གསུམ་དུ་གསུང་ནའང་། ཕྱིས་དོན་བརྒྱད་བརྒྱད་དུ་བསྡུས་ནས་གསུང་ཞེས་བླ་མ་རྩགས་ཚ་གསུངས་པ་ལྟར། འདིར་ཡང་ཕྱི་མའི་རྗེས་སུ་འབྲང་ངོ་། །དེ་ལ་ཕན་དབང་བཅུ་ནི། དབུ་རྒྱན་ཅོད་པན་ཕྲེང་བ་དང་། །ཞེས་སོགས་ཀྱིས་བསྟན་ནོ། །དེ་རེ་རེ་ལ་ཡང་དོན་བརྒྱད་བརྒྱད་དེ། །རྡོ་རྗེ་ལས་རིམ་ལས། རྒྱུ་རྐྱེན་ངོ་བོ་འབྲས་བུ་དང་། །རིམ་ལས་སྐྱོན་ཡོན་བརྒྱད་ཅེས་བྱ། །ཞེས་སོ། །དང་པོ་རྒྱུ་ལ། མཚུངས་ལྡན་དང་། ལྷན་ཅིག་བྱེད་པའི་རྒྱུ་གཉིས། དང་པོ་ནི། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་ཡེ་ནས་གནས་པ་ནི་དབུ་རྒྱན་གྱི་མཚུངས་ལྡན་ནོ། །དེ་བཞིན་དུ་རྩ་རོ་རྐྱང་གཉིས། གཡས་གཡོན་ནས་འཕྱོ་བ། ཅོད་པན་གྱི། རྩ་དབུ་མའི་ནང་ན་ཐིག་ལེ་སོ་གཉིས་གནས་པ་ཕྲེང་བའི། ལུས་རྩའི་དྲྭ་བས་ཁེབས་པ་གོ་ཆའི། །ཕོ་མོའི་དབང་པོ་རྒྱལ་མཚན་གྱི། རྟོག་ཚོགས་ཡེ་ནས་ལྷར་གནས་པ་ཕྱག་རྒྱའི། བདེ་བ་ཆེན་པོ། སྤྱི་བོའི་འཁོར་ལོ་གདུགས་ཀྱི། རྩ་གནས་ཐིག་ལེས་གང་བ་བུམ་པ། མགྲིན་པའི་ཐིག་ལེ་བཟའ་བཏུང་གི། ཁམས་ལྔའི་བཅུད་དམ་རྫས་ལྔ་ནི་སྙིང་པོ་ལྔའི་མཚུངས་ལྡན་གྱི་རྒྱུའོ། །དེ་ལྟར་ཡང་ཐལ་རྒྱུད་ལས། ཁམས་བཅུད་སྙིང་པོ། བདེ་བའི་ལམ་ཅོད་པན། གཉིས་ལས། །དབུ་མ་བཅུད་སྡུད་ཕྲེང་བ་མཚན་ལྡན་པ། །དྲྭ་བའི་རྩ་གོ་ཆ་དང་དབང་རྒྱལ་མཚན་པོ་དང་། །ཕུང་སོགས་ཕྱག་རྒྱ་ཡེ་ཤེས་བདེ་གདུགས་འཁོར་ལོ། །བཟའ་བཏུང་ཧཱུཾ་གི་བདེ་བའི་ཡེ་ཤེས་འབབ། །ཚོགས་བརྒྱད་དབུ་རྒྱན་རང་བཞིན་ཡེ་ཤེས་ལྔ། །སྔགས་རྫས་དགོངས་པས་གང་བླངས་པ། །ཀུན་ནས་ལྡན་ཞིང་སྐྱོབ་པ་ཡིས། །སྡུག་བསྔལ་ལས་གྲོལ་རིགས་སུ་ངེས། །ཞེས་སོ། །གཉིས་པ་ནི། དབང་རྫས་རབ་གནས་དང་ལྡན་པའོ། །དེའང་། དབུ་རྒྱན་དང་ཕྲེང་བ་ལ་རིན་འབྱུང་གི་རབ་གནས་བྱ་སྟེ། ལས་རིམ་ལས། རིན་ཆེན་རབ་གནས་ལས་བྱུང་བའི། །རིན་ཆེན་མཛེས་པའི་དབུ་རྒྱན་བཅིང་། །ཞེས་དང་། རིན་ཆེན་རབ་གནས་ཕྲེང་བས་བཅིང་། །ཞེས་སོ། །ཅོད་པན་མཐིང་དམར་གཉིས་ལ་ཁ་ཅིག་རྡོར་སེམས་དང་མཐའ་ཡས་གཉིས་ཀྱིས་སོ་སོར་མཛད་མོད་ཀྱི། འདིར་ནི་གཉིས་ཀ་ལ་མཐའ་ཡས་ཀྱིས་བྱ་སྟེ། དེ་ལས། རབ་གནས་ཆོས་འབྱུང་ཡེ་ཤེས་དངོས། ཁ་དོག་གཉིས་ལྡན་དབང་བསྐུར་བྱ། །ཞེས་དང་། ངེས་འབྱེད་ལས་ཀྱང་། ཕྲེང་བ་ཅོད་པན་རིན་ཆེན་པད། །ཞེས་གསུངས་པའི་ཕྱིར་རོ། །གོ་ཆ་ལ་ངེས་འབྱེད་དུ་རྡོར་སེམས་ཀྱིས་བྱ་བར་བཤད་ཀྱང་། འདིར་ལས་རིམ་ལས། ལས་མཆོག་རབ་གནས་རྡོ་རྗེའི་གོ། །ཞེས་པ་ལྟར་དོན་གྲུབ་ཀྱིས་མཛད་དོ། །རྒྱལ་མཚན་དང་གདུགས་ལ་མི་བསྐྱོད་པ་སྟེ། དེ་ལས། རྡོ་རྗེ་རབ་གནས་ལས་བྱུང་བའི། །རྒྱལ་མཚན་རིན་ཆེན་ཏོག་ལྡན་པ། །ཞེས་དང་། མི་བསྐྱོད་རབ་གནས་རིན་ཆེན་གདུགས། །ཞེས་སོ། །ཕྱག་རྒྱ་ལ་ལྷ་རང་རང་གིས་ཏེ། ངེས་འབྱེད་ལས། ཕྱག་རྒྱ་རང་གི་ལྷ ཉིད་དང་། །ཞེས་སོ། །བུམ་ཆུ་ལ་རིགས་ལྔ་ཀར་འདུས་པའི་ལྷ་སྤྱིས་བྱ་སྟེ། དེ་ལས། བུམ་པ་རང་གི་ཡབ་ཡུམ་སེམས། །ཞེས་དང་། ལས་རིམ་ལས། རིགས་ལྔ་འདུས་པའི་བུམ་ཆུ་སྦྱིན། །ཞེས་སོ། །བཟའ་བཏུང་ལ་རྣམ་སྣང་གིས་བྱ་སྟེ། ངེས་འབྱེད་ལས། བཟའ་བཏུང་སྣང་མཛད་རབ་གནས་ལྡན། །ཞེས་སོ། །སྙིང་པོ་ཡིག་འབྲུ་ལྔ་ལ་འབྲས་བུ་ལྔས་རབ་གནས་བྱ་སྟེ། ལས་རིམ་ལས། སྐུ་གསུང་ཡོན་ཏན་ལས་བྱིན་བསྡུ། །ཞེས་སོ། །གཉིས་པ་རྐྱེན་ལ་བཞི་སྟེ། ཕན་དབང་བསྐུར་རུང་གི་སློབ་བུ་སྣོད་ལྡན་ནི་རྒྱུའི་རྐྱེན། སློབ་དཔོན་དགོངས་པ་ཅན་ནི་བདག་པོའི་རྐྱེན། ཏིང་འཛིན་སྔགས་རྒྱ་རྫས་སོགས་འཛོམ་པའི་ནུས་པ་ཁྱད་པར་ཅན་ནི་དམིགས་པའི་རྐྱེན། དབང་སྔ་མས་གོ་ཕྱེ་ནས་ཕྱི་མར་རིམ་པར་སྣང་བ་ནི་དེ་མ་ཐག་རྐྱེན་ནོ། །གསུམ་པ་ངོ་བོ་ནི། ལས་རིམ་ལས། ངོ་བོ་སྣོད་ཀྱི་མཚན་ཉིད་ཀྱིས། །དབྱེ་བ་རྣམ་པ་ལྔ་རུ་འགྱུར། །ཞེས་ཐོབ་བྱ་ལྔ་ལས་འདིར་ཕན་དབང་བཅུའོ། །བཞི་པ་འབྲས་བུ་ནི། བསྐུར་བས་ཐོབ་བྱ་རང་ལ་གནས་པའི་དོན་མངོན་དུ་འགྱུར་རུང་གི་ནུས་པའི་ས་བོན་ཙམ་བཞག་པ་སྟེ། ངེས་འབྱེད་ལས། དབང་ཐོབ་ཞེས་པའི་ཐ་སྙད་ནི། །སྤྱོད་རྒྱུན་མངོན་སུམ་ཐོབ་པ་ཡང་། །གོ་མི་འགོག་ཅིང་རིགས་ལ་སྣང་། །ཐ་མར་སངས་རྒྱས་འཐོབ་བྱེད་པའི། །ནུས་པ་གང་སྐྱེས་ཐོབ་པའི་ཚད། །ཆོས་ནི་སྐབས་ཀྱི་ཉན་བཤད་དེ། །ཕྱི་རོལ་དྲང་དོན་མཉན་དུ་རུང་། །ཞེས་སོ། །ལྔ་པ་རིམ་པའི་སྡོམ་ནི། སྙིང་པོ་ལྔ་དང་དབུ་རྒྱན་དང་། །བུམ་པ་ཅོད་པན་ཕྲེང་བ་སྟེ། །གོ་ཆ་རྒྱལ་མཚན་གདུགས་ཕྱག་རྒྱ། །བཟའ་བཏུང་དབང་རྣམས་རིམ་པར་བསྐུར། །ཞེས་བརྒྱུད་པའི་ཕྱག་བཞེས་ཏེ་འགྲེལ་སྒྲོལ་ཊཱིཀ །ཆུང་གི་ལུགས་སུ་བཞེད་དོ། །གཉགས་འགྲེལ་ལས་བུམ་པ་སྔོན་དུ་བསྐུར་ཞེས་འབྱུང་། རྡོ་རྗེ་ལས་རིམ་དུ་གཞན་ལུགས་སྔ་མ་དང་འདྲ་བ་ལས། ཕྱག་རྒྱ་ཐོག་མར་སྨོས་ཤིང་། ཅོད་པན་དང་ཕྲེང་བ་གཉིས་གོ་བརྗེ་བ་ཙམ་ཁྱད་པར་དུ་སྣང་སྟེ། འདི་དག་ཞི་བའི་དབང་གི་གོ་རིམ་ཙམ་དུ་ཟད་དོ། །དྲུག་པ་བསྐུར་བའི་ལས་ལ། བསྐུར་གནས། དགོངས་པ། སྐུར་ཚིག །སྨོན་ལམ་དང་བཞི། དང་པོ་ནི། ངེས་འབྱེད་ལས། གནས་ནི་སྤྱི་དང་ཁྱད་པར་ཏེ། །ཞེས་པས། སྤྱིར་གཞག་གནས་དང་། ཁྱད་པར་བསྟིམ་གནས་གཉིས་ཏེ། དེ་ལས། གཞག་པའི་གནས་དང་བསྟིིམ་པའི་གནས། །དེ་བཞིན་ཁོང་དུ་ཆུད་པ་གཅེས། །ཞེས་སོ། དང་པོ་གཞག་གནས་ཀྱང་། དེ་ལས། ཕྱི་དབང་ལུས་ལ་བསྐུར་བ་སྟེ། །འོ་ན་ལུས་ཀྱི་གང་དུ་བསྐུར་ཞེ་ན། ཁྱད་པར་སྙིང་པོ་དབུ་རྒྱན་བུམ། །གདུགས་དང་ཅོད་པན་ཕྲེང་བ་མགོ། གོ་ཆ་ལུས་ཏེ་རྒྱལ་མཚན་ལག །བཟའ་བཏུང་ངག་གི་ལམ་དུའོ། །ཕྱག་རྒྱ་སྤྱི་བོའམ་སྙིང་ག་སྟེ། །ཞེས་སོ། །བསྟིམ་གནས་ནི། རང་རང་གི་མཚུངས་ལྡན་གྱི་རྒྱུ་ལ་བསྟིམ་པའོ། །གཉིས་པ་དགོངས་པ་ནི། སློབ་བུ་ལྷར་གསལ་ལུས་ཀྱི་གནས་ལྔར་འབྲུ་ལྔ་བཀོད་ལ་བྱིན་བསྡུས་ཏེ་ཆོ་ག་གསུམ་གྱིས་རིགས་ལྔར་བསྐྱེད་པས་ཁམས་ལྔ་འབྲས་བུ་ལྔའི་ངོ་བོར་དག་པར་བསམ་པ་ནི་སྙིང་པོ་ལྔའི་དགོངས་པའོ། །དབུ་རྒྱན་མུ་ཀུ་ཊའི་སྔགས་ཀྱིས་བསྐོན་པ་རིན་པོ་ཆེའི་ཁང་བུ་ལྔར་གྱུར། རུའི་སོར་མོར་འབྲུ་བཅུ་བཀོད་ལ་དམ་རྒྱ་བཅས་ནས་མགོ་བོའི་གནས་ལྔར་བཞག་པས་རིགས་ལྔ་ཡབ་ཡུམ་སྦྱོར་བའི་སེམས་རྒྱུན་གནས་སོ་སོར་ཐིམ་སྟེ་རྟགས་རིགས་ལྔ། དོན་ཚོགས་བརྒྱད་ཡེ་ཤེས་ལྔའི་ངོ་བོར་དག་པར་བསམ་པ་ནི་དབུ་རྒྱན་གྱིའོ། །དེ་བཞིན་དུ། བུམ་པས་རིགས་ལྔའི་ཆུ་རྒྱུན་གྱིས་ཉོན་མོངས་པའི་དྲི་མ་དག་ནས་ཡེ་ཤེས་ལྔའི་དབང་ཐོབ་པར་དང་། ཅོད་པན་གྱིས་དམར་པོ་གྱེན་དུ་འཕུར་བས། ཆོས་ཀྱི་རྒྱལ་སྲིད་ལ་མངའ་བརྙེས་ཤིང་མཐིང་ག་མཐུར་དུ་འཕྱང་བས། གདུག་པ་ཅན་ཟིལ་གྱིས་གནོན་པར་དང་། མེ་ཏོག་གི་ཕྲེང་བས་གཟུངས་ཏིང་སོགས་འབྲས་ཆོས་ཐམས་ཅད་རྫོགས་པར་དང་། གོ་ཆས་ཕས་རྒོལ་གྱིས་མི་ཚུགས་པར་དང་། །རྒྱལ་མཚན་གྱིས་བདུད་དང་མུ་སྟེགས་ལ་སོགས་པ་ལོག་ལྟ་ཟིལ་གྱིས་གནོན་པར་དང་། གདུགས་ཀྱི་ཉོན་མོངས་པའི་ཚ་གདུང་ལས་སྐྱོབ་པར་དང་། ཕྱག་རྒྱས་རྟོག་པ་རང་ཁ་མ་ལྷའི་ངོ་བོར་དག་པར་དང་། བཟའ་བཏུང་གིས་འདོད་ཡོན་ལྔ་ལ་མ་འགགས་པར་ལོངས་སྤྱོད་པའི་དབང་ཐོབ་པར་བསམ་པའོ། །གསུམ་པ་ནི། ཚིགས་བཅད་དང་སྔགས་རྣམས་རྡོ་རྗེ་ལས་རིམ་ན་གསལ་ལོ། །བཞི་པ་ནི། བདུན་པའི་མཇུག་ཏུ། དགོངས་པ་དང་རྗེས་སུ་མཐུན་པར་ཐོབ་བྱ་གང་ཡིན་འགྲུབ་པའི་སྨོན་ལམ་བརྗོད་པའོ། །སྐྱོན་ཡོན་གཉིས་ནི་འོག་ཏུ་འཆད་དོ། །དེ་དག་ལ་ཕན་པའི་དབང་ཞེས་བྱ་སྟེ། འདི་ཕྱིར་ཕན་པའི་ས་བོན་ཙམ་ལས་ད་ལྟ་ཉིད་ནས་རང་གཞན་གྱི་དོན་སྒྲུབ་པའི་ནུས་པ་སོ་སོར་བཞག་པ་མེད་པའི་ཕྱིར། དེ་བསྐུར་བའི་དུས་ནི་འཇུག་པའི་ཆོས་བཅུ་དྲུག་གིས་དཀྱིལ་འཁོར་དུ་བཅུག་སྟེ་བསྐུར་བ་ཡིན་ནོ། །གལ་ཏེ་འཇུག་པ་དང་དངོས་གཞི་གཉིས་ཞག་གིས་བར་ཆོད་ན། སློབ་དཔོན་དབང་ཁྲིར་བཞུགས་པ་ཡན་ཚར་བ་དང་། བགེགས་བསྐྲད་དེ་བུ་རྣམས་ལྷར་བསྐྱེད་ལ་གོ་བགོ་ལུས་བསྲུང་བ་རྣམས་བྱ་ཞེས་བླ་མ་རྩགས་ཚ་དང་། འགོས་རྩི་ལུང་པའི་དབང་ཆོག་ལས་འབྱུང་ངོ་། །གཉིས་པ་ནུས་དབང་ལའང་སྔར་ལྟར་དོན་བརྒྱད་བརྒྱད་དེ། དང་པོ་མཚུངས་ལྡན་གྱི་རྒྱུ་ནི། བུའི་རྣ་བ་གཉིས་ཀྱི་རྩ་ནང་སྒྲ་ཉན་བྱེད་ཀྱི་ཐིག་ལེ་ཤིན་ཏུ་དྭངས་པར་གནས་པ་ནི་ཉན་དབང་གི་མཚུངས་ལྡན་ནོ། །དེ་བཞིན་དུ་སྙིང་གའི་དྲན་བྱེད་ཀྱི་ཐིག་ལེ་བསྒོམ་དབང་གི་དང་། ལག་པའི་སྐྱོད་བྱེད་ཀྱི་ཐིག་ལེ་ལས་ཀྱི་དང་། ལྕེའི་སྨྲ་བྱེད་ཀྱི་ཐིག་ལེ་འཆད་པའི་དང་། ཡན་ལག་ལྔའི་སྐྱོད་བྱེད་ཀྱི་ཐིག་ལེ་ལྔ་ནི་རྡོ་རྗེ་རྒྱལ་པོའི་དབང་གི་མཚུངས་ལྡན་ནོ། །ལྷན་ཅིག་བྱེད་རྒྱུ་ནི། ངེས་འབྱེད་ལས། རྫས་ནི་གླེགས་བམ་རྒྱ་གྲམ་དང་། །འཁོར་ལོ་ཕྲེང་བ་རྡོ་རྗེ་དྲིལ། །འབྱུང་ལྡན་དོན་ཡོད་སྣང་མཐའ་ཡས། །ཡི་དམ་རིགས་ལྔའི་རབ་གནས་ལྡན། །ཞེས་པས་གླེགས་བམ་རིན་འབྱུང་གི་རབ་གནས་ཅན་ནི་ཉན་དབང་གི་དང་། ཕྲེང་བ་ཡི་དམ་གང་ཡིན་གྱི་རབ་གནས་ཅན་ནི་བསྒོམ་པ་དང་། རྒྱ་གྲམ་དོན་གྲུབ་ཀྱི་རབ་གནས་ཅན་ཕྲིན་ལས་ཀྱི་དང་། འཁོར་ལོ་མཐའ་ཕྱག་ལེན་ལ་དུང་དང་ཕྱག་ཤིང་ཡང་གཏོད་པར་མཛད། ཡས་ཀྱི་རབ་གནས་ཅན་འཆད་པའི་དང་། རྡོར་དྲིལ་རིགས་ལྔ་སྤྱི་འདུས་ཀྱི་རབ་གནས་ཅན་ནི་རྡོ་རྗེ་རྒྱལ་པོའི་དབང་གི་ལྷན་ཅིག་བྱེད་པའི་རྒྱུའོ། །གཉིས་པ་རྐྱེན་བཞི་ནི། ནུས་དབང་བསྐུར་རུང་གི་སློབ་བུ་རྒྱུའི་རྐྱེན་ཡིན་པ་ལ་སོགས་ཏེ་སྔར་ལྟར་རོ། །གསུམ་པ་ངོ་བོ་ནི། ཐོབ་བྱ་ནུས་པའི་དབང་ལྔའོ། །བཞི་པ་འབྲས་བུ་ནི། དབང་བསྐུར་བས་ནུས་པ་ཆེས་ཆེར་སྐྱེས་པ་སྟེ། ངེས་འབྱེད་ལས། ཐོབ་པའི་ཚད་ནི་ནུས་པ་ལྔ། །བདག་ཉན་བསྒོམ་དང་གཞན་འཆད་ཕྲིན་དང་གཉིས་རབ་འབྱམས་ཀའི་དོན། །ཐོགས་པ་མེད་པར་སྤྱོད་པའི་སྒོ་མ་འགགས་པ་ནི་ཐོབ་པའི་ཚད། །ཆོས་ནི་གྲོལ་ལམ་ངེས་དོན་གྱི་བཤད་རྣམས། །སྣང་བར་བྱེད་པའི་མན་ངག་སྦྱིན་དུ་རུང་། །ཞེས་སོ། །ལྔ་པ་རིམ་པ་ནི་གཞུང་གི་དཀྱུས་བཞིན་ནོ། །དྲུག་པ་ལས་ལ་བཞི་ལས། དང་པོ་གནས་ལ་གཉིས་ཏེ། སྤྱི་ནི་དབང་རྫས་ལྔ་ཀ་ལག་ཏུ་གཏོད་པའོ། །ཁྱད་པར་ནི་སོ་སོའི་མཚུངས་ལྡན་ལ་བསྟིམ་པ་སྟེ། དེ་ལས། གནས་ནི་རྣ་བ་སྙིང་དང་ལག །ལྕེ་དང་ཡན་ལག་རྣམ་ལྔའོ། །ཞེས་སོ། །གཉིས་པ་དགོངས་པ་ལའང་། སྤྱིའི་དོན་དང་། སོ་སོའི་སྒོས་ཆོས་གཉིས། དང་པོ་ནི། སློབ་དཔོན་ཀུན་བཟང་ཡབ་ཡུམ་གསལ་བའི་སྦྱོར་མཚམས་ནས་བྷྲཱུཾ་ཡིག་དམར་སེར་ཞིག་ཆད། དེ་བུའི་མཚུངས་ལྡན་གྱི་རྟེན་སོ་སོ་ལ་ཕོག་བར་བསམ་ཞིང་། དེར་ལས་ཀྱི་རྡོ་རྗེས་བདུད་རྩིའི་ཐིག་ལེར་བྱས་པས། བྷྲཱུཾ་དེ་ཞུ་བ་ལས་རྟེན་གྱི་རྩ་གཞལ་ཡས་ཁང་དབུས་འཁོར་ལོ་རྩིབས་བཞི་པ་གྲུ་ཆད་ལ་སྒོ་བཏོད་པ་ཞིག་ཏུ་བསྐྱེད། དེར་རྩ་ནང་གི་བཅུད་འདུས་པའི་ཐིག་ལེ་མཚུངས་ལྡན་གྱི་རྒྱུ་དེ་དག་ལྷ་སོ་སོའི་ས་བོན་དུ་གསལ་བ་རྣམས་ཆོ་ག་གསུམ་བསྐྱེད་ཀྱིས་ལྷར་བསྐྱེད། སྤྲོ་ན་དབང་བསྐུར་བྱིན་བརླབ་བྱས་ཏེ་ཡན་ལག་གི་ལྷ་བསྒོམ་པ་ཡང་ཐལ་བ་ཆུང་ངུ་ནས་བཤད་གསུངས་པ་ལྟར་བྱས་ན་ལེགས། གང་ལྟར་ཡང་ཡེ་ཤེས་པ་དྲངས་བསྟིམ་མཆོད་ནས། ལྷ་དེ་དག་སྙོམས་འཇུག་མཛད་པའི་སེམས་སྤྲིན་གྱིས་བྱིན་བསྡུས་ཏེ། རྗེས་ཆགས་ཀྱི་མེས་བཞུས་ནས་སློབ་བུ་ལ་ཐིམ་པས་ཉན་བསྒོམ་ལ་སོགས་པ་མི་ནུས་པའི་སྒྲིབ་པ་མཐའ་དག་སྦྱངས། སློབ་བུ་ཉིད་ཀྱང་འོད་དུ་ཞུ་བ་ལས་རིགས་གང་ཡིན་གྱི་ལྷར་བསྐྱེད། དེ་ལ་བསྐུར་ཚིག་རྣམས་བརྗོད་བཞིན་པར་དབང་རྫས་གཏད་པས། ཉན་པ་ལ་སོགས་པའི་བྱ་བ་རྣམས་ཐོགས་མེད་དུ་བྱེད་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསམ་པའོ། །དེ་ལྟར་ཡང་ལས་རིམ་ལས། སྦྱོར་བ་ལས་བྱུང་ལེ་བརྒན་བྷྲཱུཾ། །གང་ཡིན་གནས་སུ་འཁོར་ལོའི་ཁང་། །ཉི་ཟླའི་གདན་ལ་སེམས་བྱུང་འབྲུ། །ལྔ་གཉིས་ཟུང་ལས་འཁྲིལ་སྦྱོར་སྐུ། །ཡེ་ཤེས་སྤྱན་དྲངས་ཅུང་ཟད་མཆོད། །ཡོངས་གྱུར་དེ་ཡི་ཕྱག་རྒྱ་གསལ། །ཞེས་སོ། །གཉིས་པ་ནི། ཉན་བྱེད་འཁོར་ལོའི། ཞེས་སོགས་ཀྱི་ཉན་དབང་གི་དགོངས་པ་བསྟན་ཏེ། རྣ་རྩ་གཉིས་ཀྱི་གཞུང་དུ་ཉན་དབང་ནི། ཚིག་དོན་གྱི་གཟུངས་སོགས་ཡོན་ཏན་རིན་པོ་ཆེའི་གཏེར་འཛིན་པའི་ཕྱིར་ཏྲཱཾ་ཟུང་ལྔ་ལས་རིན་ཆེན་རིགས་ཀྱི་གཙོ་བོ་རང་གི་རིགས་ཆུང་གིས་བསྐོར་བའི་ཡབ་ཡུམ་བཅུ། དེའི་སྟེང་དུ་རང་རང་གི་ས་བོན་ལས་ཞི་བ་ལ་གཤིན་རྗེ་གཤེད་སོགས་སྒོ་བ་ཡབ་ཡུམ་རྐྱང་བ་བསྣན་པས་ལྷ་བཅོ་བརྒྱད། ཁྲོ་བོ་ལ་རྟ་གདོང་མ་སོགས་བཞི་བསྣན་བས་ལྷ་བཅུ་བཞིའོ། །གསལ་བའི་འཁོར་ལོའི་སོགས་ཀྱིས་སྒོམ་དབང་ནི་སྙིང་གའི་གཞལ་ཡས་ཁང་དུ། རབ་བབས་པའི་ལྷའམ། ཡང་ན་མོས་པའི་ཡི་དམ་གྱི་ལྷ་དེ་ཉིད་ཀྱི་ས་བོན་ཟུང་ལྔ་ལས་གཙོ་བོ་རིགས་ཆུང་སྒོ་སྐྱོང་དང་བཅས་པའི་ལྷ་བཅོ་བརྒྱད་དམ་བཅུ་བཞི་གོང་བཞིན་བསྐྱེད་པའོ། །ལག་པའི་འཁོར་ལོའི་སོགས་ཀྱིས་ཕྲིན་ལས་ཀྱི་དབང་ནི་ལས་ཀྱི་རིགས་ཀྱི་བདག་ཉིད་ཡིན་པའི་ཕྱིར་ལག་རྩའི་དཀྱིལ་འཁོར་ལ་ཏྲཱཾ་ཟུང་ལྔ་ལས་ལས་ཀྱི་རིགས་གཙོ་འཁོར་བཅོ་བརྒྱད་དམ་བཅུ་བཞི་བསྒོམ་པའོ། །སྨྲ་བྱེད་འཁོར་ལོའི་སོགས་ཀྱི་འཆད་དབང་ནི་པདྨའི་རིགས་ཆོས་ཀྱི་རྒྱལ་པོ་ཡིན་པའི་ཕྱིར་ལྕེའི་འཁོར་ལོ་ལ་ཧྲཱིཿཟུང་ལྔ་ལས་པད་རིགས་གཙོ་འཁོར་བཅོ་བརྒྱད་དམ་བཅུ་བཞི་བསྐྱེད་པའོ། །བསྐྱོད་ཆེན་འཁོར་ལོའི་སོགས་ཀྱིས་རྡོ་རྗེ་རྒྱལ་པོ་ནི་རིགས་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རིགས་སྤྱིས་དབང་བསྐུར་ཏེ། མགོ་ལ་སོགས་པ་རང་རང་གི་རིགས་ཀྱི་ཡན་ལག་ལྔའི་དཀྱིལ་འཁོར་ལ་ཧཱུཾ་སོགས་ས་བོན་ལས་རིགས་ལྔ་སོ་སོའི་རིགས་ཆུང་དང་བཅས་པའི་ལྷ་ལྔ་བཅུ་དང་། དེའི་སྟེང་དུ། སྤྱི་གཙུག་སྙིང་ནས་གཡས་བསྐོར་དུ། །ནུ་མ་དཔུང་མགོ་སོག་པའི་སྟེང་། །སོག་ཕྲག་སོག་སྟེང་དཔུང་མགོ་ནུ། །བཤང་ཁ་རྣམས་ལ་གོ་རིམ་བཞིན། ཧཱུཾ་མཛད་རྣམ་རྒྱལ་དབྱུག་པ་སྔོ། །གཤིན་རྗེ་མི་གཡོ་རྟ་འདོད་རྒྱལ། །བདུད་རྩི་སུམ་རྒྱལ་སྟོབས་ཆེན་པོ། །ཞེས་པ་ལྟར་ཁྲོ་བཅུ་ཡུམ་དང་བཅས་པའི་ཁྲོ་ཕྲེང་བསྐྱེད་པའོ། །སྐབས་འདིར་ནི། ཞི་ཁྲོའི་དབང་ལྷ་གྲངས་མང་ཉུང་མེད་དེ། དེ་ལྟར་ཡོད་པ་དག་སྒོ་སྐྱོང་གིས་ཕྱེ་བ་ཙམ་དུ་ཟད་པའི་ཕྱིར་རོ། །གསུམ་པ་བསྐུར་ཚིག་ནི། ཏྲཱཾ། གསང་བ་གསང་ཆེན་གསང་མཆོག་གང་། །ཞེས་སོགས་དཀྱུས་བཞིན་ཏེ། ཉན་དབང་ཐོབ་པས་རང་ཐོས་བསམ་བྱ་བར་རྗེས་སུ་གནང་ཞིང་འཆད་དབང་མ་ཐོབ་པར་གཞན་ལ་མི་སྟོན་པར་དམ་བསྒྲག་པ་དང་། དེ་བཞིན་དུ་བསྒོམ་དབང་གིས་སྒོ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་ཏིང་འཛིན་བསྒོམ་པའི་ངང་ལས་སྒྲུབ་མཆོད་སོགས་བྱ་བར་གནང་བ་དང་། ཕྲིན་ལས་ཀྱི་དབང་གིས་ལས་རྣམ་པ་བཞིས་འགྲོ་བ་འདུལ་བ་དང་། འཆད་དབང་གིས་སྣོད་བརྟགས་ཏེ་བློ་དང་འཚམས་པར་ཆོས་སྟོན་ཅིག་པར་དང་། རྡོ་རྗེ་རྒྱལ་པོས་དབང་བསྐུར་བ་སོགས་དཀྱིལ་འཁོར་ཀུན་གྱི་བདག་པོར་རྗེས་སུ་གནང་བ་སྟེར་བའོ། །བཞི་པ་སྨོན་ལམ་ནི་སྔར་ལྟར་དང་། སྐྱོན་ཡོན་གཉིས་ནི་འོག་ཏུ་འཆད། །དེ་དག་ལ་ནུས་པའི་དབང་ཞེས་བྱ་སྟེ། རང་བཞིན་གྱི་དོན་ད་ལྟ་ཉིད་ནས་དངོས་སུ་བྱེད་ནུས་པའི་ཕྱིར་ཏེ། ངེས་འབྱེད་ལས། བདག་གཞན་དོན་ལ་སྦྱོར་ནུས་ཕྱིར། །ནུས་པའི་དབང་ཞེས་གསུངས་པ་ཡིན། །ཞེས་ནུས་ཚད་ལ་རག་ལུས་པས་དེ་སྐད་དུ་གསུངས་པའི་ཕྱིར། དེ་བསྐུར་བའི་དུས་ནི། ཕན་དབང་ཐོབ་ནས། བདག་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཉན་བསྒོམ་གཉིས། གཞན་དོན་ནུས་པའི་བརྩོན་འགྲུས་ཅན་ལ་འཆད་ཕྲིན་གཉིས། གཉིས་ཀའི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་བ་ཡིན་ནོ། །གསུམ་པ་ཟབ་དབང་གསུམ་ལའང་དོན་བརྒྱད་བརྒྱད་དེ། དེ་ལ་མཚུངས་རྒྱུ་ནི། སློབ་བུའི་ལུས་ལ་ཐིག་ལེ་མི་རྟོག་པའི་ཡེ་ཤེས་དོན་དམ་བདེན་པའི་ངོ་བོར་ཡེ་ནས་རང་ཆས་སུ་གནས་པ་ནི་གསང་དབང་གི་དང་། དོན་དམ་འོད་གསལ་གྱི་ཡེ་ཤེས་རང་ཆས་སུ་གནས་པ་ཤེས་རབ་ཡེ་ཤེས་ཀྱི་དང་། དབྱེར་མེད་ཀྱི་ཡེ་ཤེས་རང་ཆས་སུ་གནས་པ་ནི་བདེ་བ་ཆེན་པོའི་མཚུངས་ལྡན་ནོ། །ལྷན་ཅིག་བྱེད་རྒྱུ་ནི། སློབ་དཔོན་གྱིས་ཡུམ་ལོ་ཉི་ཤུ་མ་དང་རོལ་བའི་ཉི་ཟླ་གཉིས་འདྲེས་ནི་གསང་དབང་གི་སྟེ། ངེས་འབྱེད་ལས། རྫས་ནི་དངོས་དང་ནུས་པ་སྟེ། །དངོས་ནི་ཉི་ཟླ་བྱང་ཆུབ་སེམས། །ཞེས་སོ། །བུ་ཉིད་ཀྱི་ཡུམ་ལོ་བཅུ་དྲུག་མ་ཟླ་བ་འཛག་པ་ནི་ཤེར་དབང་གི་སྟེ། དེ་ལས། རྫས་ནི་སྐབས་ཀྱི་ཕྱག་རྒྱ་མོ། །ཟླ་བ་འཛག་པ་གཏད་པའོ། །ཞེས་སོ། ཡང་བུའི་ཡུམ་ལོ་བཅུ་གཉིས་མ་ཉི་མ་འཛག་པ་ནི་བདེ་བ་ཆེན་པོའི་དབང་གི་ལྷན་ཅིག་བྱེད་རྒྱུ་ནི། དེ་ལས། ཁྱད་བར་བཅུ་དེ་ཉིད་ལྡན་མ། །ཞེས་སོ། །གཉིས་པ་རྐྱེན་བཞི་ནི། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་གསུམ་ལྡན་གྱི་སློབ་བུ་ཟབ་དབང་གི་སྣོད་རུང་ནི་རྒྱུའི་རྐྱེན་ཡིན་པ་ལ་སོགས་པའོ། །གསུམ་པོ་ངོ་བོ་ནི། ཐོབ་བྱ་ཟབ་དབང་གསུམ་མོ། །བཞི་པ་འབྲས་བུ་ནི། དཔེར་ན་རྣོ་ལ་ངར་བཏགས་པ་ལྟར་དབང་ཐོབ་པས་ནུས་པ་དངོས་སུ་སྐྱེས་པ་སྟེ། ཁོག་གཞུང་ལས། རྣོ་ལ་ངར་བཏགས་ནུས་པ་བཞིན། །ནུས་པ་སྐྱེས་པ་ཐོབ་པའི་ཚད། །ཅེས་སོ། །ལྔ་པ་རིམ་པ་ནི་གོ་སླ་བར་ཟད་དོ། །དྲུག་པ་ལས་ཁྲིགས་ནི། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །བདེ་བའི་འབྲུ་ཚོགས་གསལ་བའི་རྒྱུན། །རྡོ་རྗེའི་ལམ་ནས་པད་མོར་འཁྱིལ། །རྩེ་ནས་བསྟིམ་ཞིང་དཀྱིལ་འཁོར་བསྒྱུར། །ཞེས་པའི་གཞུང་རྡོ་རྗེའི་ཚིག་གཅིག་གི་སྟེང་དུ་ཟབ་དབང་གསུམ་ག་སྦྲགས་ཏེ་བཤད་རྒྱུད་ཐལ་བས་བཀྲལ་བ་ལྟར་འཆད་དོ། །དེ་ལ་དང་པོ་གསང་དབང་བསྐུར་ཐབས་ནི། རྡོ་རྗེ་སློབ་དཔོན་ཡབ་ཡུམ་གཙོ་བོ་ཡབ་ཡུམ་དུ་བསྐྱེད་པའི་མཁའ་གསང་རློབ། སྦྱོར་བའི་བརྡས་བསྐུལ་ནས་ཕྱག་རྒྱ་བཞིས་རོལ་པས་ལྷན་སྐྱེས་བདེ་བའི་རང་བཞིན་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ཧཱུཾ་ཡིག་གི་རྣམ་པར་ཡབ་ཀྱི་རྡོ་རྗེའི་ལམ་ནས་དབབ་ཐབས་ཀྱིས་ཕབ་སྟེ། ཡུམ་གྱི་པད་མོར་བསྐྱིལ་བ་ལས། བསྐུར་ཐབས་གསུམ་པོ་གང་རུང་གིས་གསང་དབང་བསྐུར་ཏེ། འཇམ་དཔལ་དམར་པོའི་བང་མཛོད་ལས། བ་དང་བེའུའི་ཚུལ་དག་གམ། །དེ་བཞིན་བུང་བ་སྦྲང་རྩིའི་ཚུལ། །ཡང་ན་བྱ་དང་བྱེའུའི་ཚུལ། །ཞེས་པ་ལྟར། ཐབས་ཀྱི་གསང་དབང་ཡབ་ཀྱི་རྡོ་རྗེའི་རྩེ་ནས་བུས་ལེན་པ་བ་དང་བེའུའི་ཚུལ་དང་། ཤེས་རབ་ཀྱི་གསང་དབང་ཡུམ་གྱི་པདྨའི་སྣ་རྩེ་ནས་ལེན་པ་མེ་ཏོག་དང་བུང་བའི་ཚུལ་དང་། དེ་ལྟར་མི་ནུས་པའི་ཐབས་ཤེས་གཉིས་མེད་ཀྱི་གསང་དབང་ཡབ་ཀྱི་ལྕེས་པདྨ་ལས་བླངས་ཏེ་བུ་ལ་སྟེར་བ་བྱ་དང་བྱེའུའི་ཚུལ་དུ་བསྐུར་བའོ། །དེ་ཉིད་བཞག་གནས་སློབ་བུའི་ལྕེ་དང་། བསྟིམ་གནས་སྙིང་སྟེ། དབང་གི་གལ་པོ་ལས། སེམས་ཀྱི་དཀྱིལ་ནས་དྲངས་པའི་ཆུ། །ཁྱོད་ཀྱི་ལྕེ་ལ་བཞག་པ་འདི། །སྙིང་གི་དཀྱིལ་དུ་གཟུང་བར་བྱོས། །ཤེས་སོ། །ཇི་ལྟར་བསྟིམ་ན། བྱང་ཆུབ་ཀྱི་སེམས་རྒྱུན་ཧཱུཾ་གི་འབྲུ་ཚོགས་སུ་གསལ་བ་དེ་ཉིད་རྡོ་རྗེ་སེམས་དཔའ་ཡུངས་ཀར་གྱི་ཚད་ཙམ་པ་མང་པོར་གྱུར་ཏེ་སྙིང་ལ་ཐིམ་པས་ཆོས་ཀྱི་འཁོར་ལོའི་རྩ་ཆེན་བཞི་ལ་གནས་པའི་རིགས་དྲུག་གི་ས་བོན་གཉིད་དང་བཅས་པ་བསྲེགས་ནས་དོན་དམ་མི་རྟོག་པའི་ཡེ་ཤེས་སུ་བསྒྱུར་བ་སྟེ། ཐལ་རྒྱུད་ལས། མི་བསྐྱོད་ཡབ་ཡུམ་རོལ་བ་ཡི། །རྣམ་པར་བདེ་བ་གསལ་ཞིང་མི་ངོ་བོ་དམིགས་པ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཡེ་ཤེས་ཧཱུཾ་ཚོགས་ཀྱིས། །བད་མོའི་ཡེ་ཤེས་བསྡུས་འཁྱིལ་བའི། །ཡུངས་ཀར་ཚད་ཙམ་རྡོ་རྗེ་སེམས། །རྩེ་ནས་རྩེ་རུ་བསྟིམ་པ་ཡིས། །རང་བཞིན་ཆོས་ཀྱིས་གནས་པའི་སྟེང་། ཁམས་དཀྱིལ་འཁོར་གྱི། །ས་བོན་ཟུང་གསུམ་གཉིད་དང་བཅས། །གནས་ངན་ལེན་པ་གསུམ་སྦྱངས་ཏེ། །དམིགས་མེད་སེམས་ཀྱི་ཡེ་ཤེས་ལྔ། །གསལ་བས་ས་བོན་ཚིག་པ་བཞིན། །གྱིས་འཁོར་བར་མི་སྐྱེ་སྟེ་དབང་གི་ཐབས་ཀྱི་དབུགས་འཁོར་བའི་དུཿཁ་ལས་དབྱུང་བའོ། །ཞེས་སོ། །དེ་ལ་ཅིའི་ཕྱིར་གསང་དབང་ཞེས་བྱ་ཞེ་ན། རྟོག་མེད་ཀྱི་བདེ་བའི་ཡེ་ཤེས་ངོས་ཟིན་དཀའ་བའི་དོན་དེ་རྟེན་ཞུ་བ་ཡེ་ཤེས་ཀྱི་རོ་དང་ལྡན་པ་ལ་བརྟེན་ནས་ཐོབ་པའི་ཕྱིར་དང་། དེ་བྱིན་ཀྱང་ད་དུང་བླ་མ་ཡབ་ཡུམ་གྱིས་མྱོང་བ་ལྟར་སློབ་མ་ལ་མི་སྣང་བའི་ཕྱིར་དང་། གནས་སྐབས་སུ་ཐེག་པ་འོག་མ་ལ་གསང་བའི་སྤྱོད་པ་ཡིན་པའི་ཕྱིར་གསང་བའོ། །དེ་བསྐུར་བས་དུས་ནི་ནུས་དབང་ཐོབ་ནས་སྟེང་སྒོ་རྣམ་པར་གྲོལ་བའི་རྫོགས་རིམ་ལ་སློབ་པའི་སྔོན་དུའོ། །གཉིས་པ་ཡེ་ཤེས་རང་གནས་ཀྱི་བསྐུར་ཐབས་ནི། ཤེས་རབ་མ་བཅུ་དྲུག་ལོན་པ་དང་བུ་ཉིད་སྔར་བཞིན་བྱིན་གྱིས་བརླབས་ནས་རོལ་པས་ཧཱུཾ་གི་རྣམ་པའི་ཉི་ཟླ་བྱང་ཆུབ་ཀྱི་སེམས་རྒྱུན་དགའ་བཞིའི་འགྲོས་ཀྱིས་རྡོ་རྗེ་ནས་པདྨའི་ལམ་དུ་དབབ་སྟེ་བཟུང་བའི་ཐབས་ཀྱིས་བསྐྱིལ་བ་དེ་ཉིད། བཞག་གནས་གསང་རྩ་ཕན་ཚུན་དུ་བསྣོལ་མར་བཀོད་པས་ཐིག་ལེ་གཉིས་རྩེ་འཕྲད་པའོ། །བསྟིམ་གནས་ནི་རིག་པའི་ཕོ་བྲང་སྟེ། ངེས་འབྱེད་ལས། གནས་ནི་རིག་པའི་ཕོ་བྲང་ངོ་། །ཞེས་སོ། །དེའི་ཚེ་མཚོན་བྱེད་དཔེའི་བདེ་བ་ནི་བྱང་སེམས་གཉིས་ཤོར་གཉིས་མཉམ་གྱི་ཚེ་ལྷན་སྐྱེས་ཀྱི་དགའ་བ་རྟོག་བཅས་སུ་མྱོང་ཞིང་། དེས་མཚོན་བྱ་སེམས་ཉིད་དོན་དམ་འོད་གསལ་གྱི་ཡེ་ཤེས་སུ་བསྒྱུར་བ་སྟེ། ཐལ་རྒྱུད་ལས། རྗེས་སུ་འཇུག་པའི་ཕྱག་རྒྱ་ཉིད། །ཟིལ་པའི་ཐིག་ལེ་སྔོན་རྡོ་རྗེའི་ལམ་བཞིན། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་གཅིག །ཕན་ཚུན་འགོད་པའི་སྟོབས་ཀྱིས་བསྟིམ། །བདེ་བ་གཉིས་པའི་ངོ་བོ་ཉིད། །གསུམ་པའི་ཡེ་ཤེས་དཀྱིལ་འཁོར་དུ། །གསལ་བར་ཤར་བས་དཀྱིལ་འཁོར་གྱུར་པའི་སྒྲ། །རང་བཞིན་འོད་གསལ་དཀྱིལ་འཁོར་རོ། །ཞེས་སོ། །དེ་ལ་ཡེ་ཤེས་རང་གནས་ཀྱི་དབང་ཞེས་བྱ་སྟེ། ཉམས་སུ་མྱོང་བྱའི་ཡེ་ཤེས་དེ་རང་ལ་གསལ་བའི་ཕྱིར་དང་། རང་གནས་མཚུངས་ལྡན་གྱི་རྒྱུད་དེ་ཤེས་རབ་མའི་ལྷན་ཅིག་བྱེད་རྒྱུ་ལ་བརྟེན་ནས་རྒྱུད་ལ་མྱོང་བའི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་གྲགས་སོ། །དེ་བསྐུར་བའི་དུས་ནི། གསང་དབང་ཐོབ་ནས་འོག་སྒོ་བདེ་བ་ཆེན་པོའི་རྫོགས་རིམ་ལ་བསླབ་པའི་སྔོན་དུའོ། །གསུམ་པ་དབྱེར་མེད་བདེ་ཆེན་གྱི་དབང་ནི། ཤེས་རབ་མ་ལོ་བཅུ་གཉིས་མ་དང་བུ་ཉིད་སྙོམས་པར་ཞུགས་པའི་ཡས་བབས་ཀྱི་དགའ་བཞིའི་འགྲོས་རེ་རེ་ལའང་། དགའ་བ་བཞི་བཞི་སྟེ་བཅུ་དྲུག་དང་། དེ་ལ་ཉི་ཟླ་ཟུང་འབྲེལ་གྱིས་མཚན་སོ་གཉིས་དང་། ཟླ་བའི་ཐིག་ལེ་རེ་རེའང་ཡེ་ཤེས་ལྔའི་རོ་དང་ལྡན་པའི་ཕྱིར་དཔེ་བྱད་བརྒྱད་ཅུ་རྫོགས་ཤིང་མངོན་ཤེས་དྲུག་ཀྱང་འཆར་རོ། །དེའི་ཚེ་རྟོག་མེད་ཡུམ་གྱི་མཁའ་གསང་བའི་འོག་མིན་དུ་འཁྱིལ་བ་ལས་རྩ་ཁ་ཁ་མུ་ཁའི་རྩེ་ནས་བཟློག་པའི་ཐབས་ཀྱིས་ལྡོག་སྟེ། འཁོར་ལོ་བཞིར་མས་བརྟན་གྱི་དགའ་བ་བཅུ་དྲུག་ཉམས་སུ་མྱོང་བའོ། །དེའི་དུས་ན་ལེ་ལག་ལས། ས་བཅུ་རིམ་གྱིས་བགྲོད་མེད་རྫོགས། །ཀུན་ཏུ་འོད་གསལ་པདྨ་ཅན་ཡང་རྫོགས། །ཡི་གེ་འཁོར་ལོ་ཚོགས་ཆེན་ཐབས་དང་ལྡན། །ཞེས་པས་དགའ་བ་བཅུ་དྲུག་གི་དགའ་བའི་དགའ་བ་སོགས་བཞི་ནི་ཚོགས་ལམ། མཆོག་དགའི་དགའ་བ་ནི་སྦྱོར་ལམ། མཆོག་དགའི་མཆོག་དགའ་ནི་མཐོང་ལམ། དེ་ནས་མཆོག་དགའི་དགའ་བྲལ་སོགས་དགུ་ནི་སྒོམ་ལམ་ས་དགུ། དགའ་བ་བཅུ་དྲུག་གི་མཐའི་ལྷན་ཅིག་སྐྱེས་དགའི་ལྷན་སྐྱེས་དགའ་བ་ནི་ཉི་ཟླ་བྱང་ཆུབ་ཀྱི་སེམས་ཟུང་དུ་འབྲེལ་བའི་བརྡས་སྣང་སྟོང་གི་མཐས་མ་བསྒྲིབས་པར་གསལ་བའི་ཕྱིར་བཅུ་གཅིག་ཀུན་ཏུ་འོད་ཀྱི་སའོ། །དེའི་ཡོན་ཏན་གྱི་ཐིག་ལེས་ལུས་ཐམས་ཅད་དུ་ཁྱབ་ཅིང་བརྟན་པས་འཁོར་བའི་སྐྱོན་གྱིས་མ་གོས་པའི་ཕྱིར་བཅུ་གཉིས་པདྨ་ཅན་གྱི་ས་དང་། རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར་བཅུ་གསུམ་པ་ཡི་གེ་འཁོར་ལོའི་ས་རྫོགས་ནས་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བའི་གནས་ལུགས་མངོན་དུ་བྱས་པ་ནི་བདེ་བ་ཆེན་པོའི་དབང་སྟེ། ཐལ་རྒྱུད་ལས། རྡོ་རྗེ་ཉི་མ་ཐབས་ཀྱི་རྒྱ། །ཕུང་སོགས་ཕྱག་རྒྱའི་ཚོགས་དང་ལྡན། །དེ་ཟླ་བསིལ་བྱེད་ཤེས་རབ་ཡེ་ཤེས་ཀྱི་དངོས། །ཡབ་ཡུམ་གྱི་བདེ་བ། དུས་གཅིག་རོ་མཉམ་ཐིག་ལེ་ཆེ། །སུམ་ཅུ་རྩ་གཉིས་མཚན་རྫོགས་ཤིང་། །ཟླ་བའི་ཡེ་ཤེས་ལྔ་བཅུ་དྲུག །དཔེ་བྱད་ལ་སོགས་དཔག་ཏུ་མེད། །སེམས་ཤེས་མངོན་པར་ཤེས་དང་ལྡན། །སེམས་ལྔའི་མཐའ་མ་འགྲོ་འོང་ཤེས་པས་ན། རྫུ་འཕྲུལ་ཤེས། །བྱེ་བྲག་ཤེས་པའི་མངོན། ལྷན་ཅིག་སྐྱེས་དགའི་གནས་ནས་ལོག་པ་ཐིམ་པའི་སྒྲ། །མཐའ་གཉིས་མ་གོས་པདྨ་ཅན། །སྤྲུལ་པའི་གནས་ནས་བཀྱེ་བ་ཡིས། །བཞི་བཅུ་ལྔ་སོགས་མཐའ་ཡས་ཀུན། །རང་བཞིན་ཉིད་ནས་རང་གསལ་བ། །བཅུ་གསུམ་ཡི་གེ་འཁོར་ལོར་བརྗོད། །ཅེས་སོ། །དེ་ལ་བདེ་བ་ཆེན་པོའི་དབང་ཞེས་བྱ་སྟེ། སྔར་གྱི་ལྷན་སྐྱེས་ཀྱི་བདེ་བའི་ཡེ་ཤེས་འདིར་རྒྱུད་ལ་ཤིན་ཏུ་བརྟན་བྱེད་ཀྱི་དབང་ཡིན་པའི་ཕྱིར། ངེས་འབྱེད་ལས། གཉིས་མེད་བདེ་བ་མཐའ་བྲལ་བ། །གྲུབ་དང་བདེ་བ་གཅིག་པས་བདེ། །ངོ་བོ་འགྱུར་མེད་བརྟན་པར་བརྗོད། །ཅེས་སོ། །དེ་བསྐུར་དུས་ཕྱི་ནི་ས་བཅུ་མཐར་ཕྱིན་པའི་དུས་དང་། ནང་ནི་མཐུར་དུ་རྒྱུ་བ་ས་རླུང་གི་དུས་སུ་སྟེ། དེ་ལས། དུས་ནི་ཕྱི་དང་ནང་གཉིས་ཏེ། ཕྱི་རོལ་ས་བཅུ་མཐར་ཕྱིན་དུས། །ཤེས་རབ་ཡེ་ཤེས་ཐོབ་པ་སྟེ། །ནང་གི་ས་རླུང་རྒྱུ་བའི་དུས། །ཞེས་སོ། །འདིར་ཟབ་དབང་གསུམ་ནི་ཡེ་ཤེས་དངོས་སུ་རྒྱུད་ལ་སྐྱེ་བར་བྱེད་པ་མཐར་ཐུག་གི་དབང་ཡིན་པའི་ཕྱིར་བསམ་རྒྱུད་དང་བསྒྲག་ཚིག་ལ་ལྟོས་པ་ནི་མ་ཡིན་ནོ། །ཞེས་རྒྱལ་བ་གཡུང་གསུངས་པ་ལྟར་འདིར་ཡང་མ་བྲིས་མོད། འོན་ཀྱང་ལས་རྒྱ་ལ་བརྟེན་ཏེ་དངོས་དབང་བསྐུར་བ་དང་ལེན་པར་ནུས་པའི་བློ་སྟོབས་ཅན་ལ་དེ་ལྟར་ཡིན་ཀྱང་། དེ་མི་ནུས་པ་ཏིང་ངེ་འཛིན་དང་བྱང་སེམས་བདུད་རྩིའི་རིལ་བུ་ཙམ་ལ་བརྟེན་དགོས་པའི་གང་ཟག་ལ་ནི་ངེས་པར་བསམ་རྒྱུད་དང་བསྒྲག་ཚིག་དགོས་ཏེ། དེའི་ཕྱིར་དེ་དག་དབང་གི་གལ་པོར་ཤེས་པར་བྱའོ། །དེ་འདྲ་བའི་གང་ཟག་ལ་དབང་གི་དཀྱིལ་འཁོར་ཀྱང་ཡབ་ཡུམ་གྱི་མཁའ་གསང་མཚོན་བྱེད་སོར་བཞི་པའི་པདྨ་དང་། མཛུབ་གང་བའི་རྡོ་རྗེ་དང་། དེ་གཉིས་ལ་རིགས་ལྔ་ཡབ་ཡུམ་གྱི་མཚན་མ་དགོད་པར་གསུངས་ཏེ། འདི་ཉིད་ལས། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཅེས་སོགས་དང་། དབང་གི་གལ་པོར། སོར་བཞི་པའམ་མཛུབ་གང་ཚད། །ཅེས་སོགས་གསུངས་པའི་ཕྱིར། ཡང་འདིར་གཡུང་གི་ཞི་བའི་དབང་ཆོག་ཏུ། དེང་སང་ཆོས་འདིའི་ཟབ་དབང་གསུམ་དངོས་སུ་བསྐུར་བའི་བཀའ་ཆད་ནས་ཕྱག་ལེན་དུ་མི་མཛད། ཅེས་པའི་ཚིག་ཕྱིར་འབྲེང་སྟེ། ཕྱིས་ཀྱི་བླ་མ་འགའ་ཞིག །ཞི་བའི་ཟབ་དབང་གི་བཀའ་ཆད་པ་དང་། ཁྲོ་བོའི་མ་ཆད་པའི་རྣམ་དབྱེ་འབྱེད་པ་མི་རིགས་ཏེ། ད་ལྟའི་ཁྲོ་བོའི་དབང་ཆོག་ཏུ་ཟབ་དབང་གསུམ་འབྱུང་བ་ནི་གནུབས་རཏྣ་ཤྲཱིས་ཁ་སྐོང་གིས། སྒྲོལ་མ་པའི་ཡིག་ཆ་གཙང་མར་སྔར་དྲངས་པའི་ཚིག་དོན་དེ་ཁོ་ན་ཡོད་པའི་ཕྱིར་དང་། དངོས་སུ་ཞེས་པའི་ཚིག་གི་ནུས་པས་འདིར་དངོས་དབང་རྟེན་ཅན་དུ་བསྐུར་བའི་བཀའ་ཆད་གསུངས་པར་མངོན་པའི་ཕྱིར་རོ། །གལ་ཏེ་སྒྲོལ་གཡུང་གཉིས་ལ་རྒྱུན་མི་བཞུགས་པའི་དབང་དུ་བཏང་ནས། འདིར་བརྒྱུད་པར་སེ་སྟོན་བཞུགས་པའི་ཕྱིར་ཟབ་དབང་གཉིས་ཀའི་རྒྱུན་ཡོད་དགོས་ཏེ། དམ་པ་ཡ་སེས་སྐྱོ་བྱེ་མ་ལུང་པ་ལ་རྟེན་ཅན་དང་སྦས་དོན་རྣལ་འབྱོར་ལ་རྟེན་མེད་དུ་ནོད་པའི་རྒྱུན་ད་ལྟ་ཟབ་དབང་ཟུ་ལུང་ནས་བརྒྱུད་པ་འདི་ཁུངས་ཟབ་ཅེས་སེ་སྟོན་ཉིད་གཅེས་སྤྲས་སུ་མཛད་པའི་ཕྱིར་དང་། འདི་ཁུངས་ཟབ་ཅེས་པས་སྒྲོལ་མ་བའི་ལུགས་ལོ་ཆེན་དང་རོག་ཚང་དུ་གསན་པ་ལའང་རྒྱུན་ཡོད་པར་ཤུགས་ཀྱིས་འཕངས་པའི་ཕྱིར་སྙམ་མོ། །དེས་ན་ཚིག་རྐྱེན་དེས་ཕྱིས་ཀྱི་བླ་མ་དག་གིས་ཟོ་ལུང་བའི་ཞི་བའི་ཟབ་དབང་རྒྱུན་བཅད་བར་མངོན་ཏེ་བསྟན་པའི་སྐུ་ཆག་ཏུ་ཟད་དོ། །འོན་ཀྱང་བདག་གི་རྗེ་བླ་མ་ལ་ནི་གཙང་བརྒྱུད་ཆད་ཀྱང་མདོ་ཁམས་ཀྱི་བརྒྱུད་པ་རྣམ་པར་དག་པ་བཞུགས་སོ། །གཉིས་པ་ལ། གྲངས་ལ་དཔྱད་པ་དང་། །རིམ་པ་ལ་དཔྱད་པའོ། །དང་པོ་ནི། སྔ་རབས་པ་ཁ་ཅིག་ན་རེ། ཟབ་དབང་ནི་ནུས་པ་དངོས་སུ་འཇོག་བྱེད་ཡིིན་པའི་ཕྱིར་ནུས་དབང་དུ་འདུ་བས་གྲངས་བཅོ་ལྔ་ཁོ་ན་འོ་ཟེར། དེ་ལྟར་ཁོ་བོས་དབང་གཅིག་ཁོ་ན་སྟེ། ཟབ་ནུས་གཉིས་ཀ་ཕན་དབང་གི་ཁོངས་སུ་འདུ་བའི་ཕྱིར་ཏེ། བདག་གཞན་གྱི་དོན་དངོས་སུ་སྒྲུབ་པའི་སྒོ་ནས་ཕན་པར་བྱེད་པའི་དབང་ཡིན་པའི་ཕྱིར། འདོད་ན་རང་ཚིག་དང་འགལ་ཞིང་། ལུང་གིས་ཀྱང་གནོད་དོ། །གཉགས་ཊཱིཀ་པ་བུམ་དབང་དང་། གསང་དབང་གཉིས་སུ་འདུ་བར་འདོད་པ་དང་། ཁ་ཅིག །ཟབ་དབང་གསུམ་གཅིག་ཏུ་བྱས་ཏེ་བཅུ་དྲུག་ཏུ་འདོད་པ་གཉིས་ཀ་མི་རིགས་ཏེ། རྡོ་རྗེ་ལས། དང་པོ་ས་བོན་འཇོག་པ་སྟེ། །ཞེས་སོགས་ཀྱིས་གནོད་པའི་ཕྱིར། རང་ལུགས་སྔར་བཤད་པ་ལྟར་རྩ་བ་ལྔ་ལས་ཕྱེ་བའི་དབང་བཅོ་བརྒྱད་དུ་ཤེས་པར་བྱའོ། །གཉིས་པ་ནི། གཉགས་ཊཱིཀ་པ། ནུས་དབང་ལྔ་ཡང་གསང་དབང་གི་བྱེ་བྲག་ཏུ་བྱས་ཏེ། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཞེས་སོགས་ཀྱིས། བྱང་ཆུབ་སེམས་ཀྱི་ཐིག་ལེས་དབང་བསྐུར་བ་སྤྱིར་བསྟན་པ་དང་། དེའི་ཡན་ལག་ནུས་དབང་སོ་སོར་བསྐུར་བ་ནི། ཉན་བྱེད་འཁོར་ལོའི་ཞེས་སོགས་ཀྱིས་བསྟན་པའི་ཕྱིར་བསྐུར་བའི་རིམ་པའང་དེ་བཞིན་ནོ་གསུངས་པ་མི་རིགས་ཏེ་ལུང་རིགས་མན་ངག་གསུམ་ཀས་གནོད་པའི་ཕྱིར། ལུང་ནི། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཞེས་པའི་སྐབས་ཀྱི་ཐར་ལོ་འགྱུར་ལས། དད་དང་བརྩོན་འགྲུས་བརྟུལ་ཞུགས་ལ། །ཕན་དབང་ནུས་པའི་དབང་བསྐུར་བྱ། །ཤེས་རབ་དབང་བསྐུར་རིམ་པར་བཅས། །བརྩེ་བས་ཆུད་མ་ཟོས་པར་སྦྱིན། །ཞེས་དང་། དྲངས་མ་ཐག་པའི་བཤད་རྒྱུད་རྡོ་རྗེའི་ལུང་གིས་ཀྱང་གནོད་པའི་ཕྱིར། མན་ངག་ནི། རྡོ་རྗེ་ལས་རིམ་ལས། ངོ་བོ་སྣོད་ཀྱི་མཚན་ཉིད་ཀྱིས། །དབྱེ་བ་རྣམ་པ་ལྔ་རུ་འགྱུར། །བདག་ཕན་ནུས་པ་གཉིས་ཀའི་ལས། །ཉིང་ལག་ལྔ་ཕྲག་གཉིས་དང་གཅིག །དེ་དག་ཕྱི་རོལ་དོན་ཤེས་བྱ། །བདེ་སོགས་སྤྱོད་པ་གསང་བར་འགྱུར། །རང་གནས་རང་རིག་ཡེ་ཤེས་གསལ། །རང་བཞིན་ལྷུན་གྲུབ་དེ་བཞིན་ཉིད། །མངོན་བྱས་རྒྱུ་འབྲས་དབྱེར་མེད་པས། །ཡང་དག་རྫོགས་པའི་བདེ་ཆེན་པོ། །རྡོ་རྗེའི་སྐུ་ཕྱིར་བསྟན་པ་ཡིན། །ཞེས་དང་། ཁོག་གཞུང་ལས། དད་དང་བརྩོན་འགྲུས་གསུམ་ལྡན་དང་། །བརྟུལ་ཞུགས་གསུམ་ལྡན་སློབ་མ་ལ། །ཞེས་སྣོད་རིམ་གསུངས་པས་ཀྱང་གནོད་པའི་ཕྱིར་རོ། །རིགས་པ་ནི། རྒྱུད་དུ་གོ་རིམ་དེ་ལྟར་བྱུང་བ་ལྟར་བསྐུར་དགོས་ན། ཕན་དབང་ཀྱང་ནུས་དབང་གི་རྗེས་སུ་བསྐུར་དགོས་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་དང་། ཐོག་མར་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཞུགས་རྗེས་ལུས་དཀྱིལ་དུ་ནུས་དབང་བསྐུར་བའི་གོ་རིམ་ཡང་མི་རིགས་པའི་ཕྱིར་རོ། །དེ་ལ་ཁོ་ན་རེ། འཇམ་དཔལ་དམར་པོའི་དབང་རྩར་ཡང་། གསང་དབང་གི་བྱེ་བྲག་ཏུ་ནུས་དབང་བྱུང་བའི་ཕྱིར་སྐྱོན་མེད་དོ་ཞེ་ན། དེའང་མ་ཡིན་ཏེ། དེ་ནི་ཟབ་མོ་གསང་བའི་དབང་ལ་ནུས་དབང་རྫོགས་པར་སྟོན་པའི་ཆེ་བ་བརྗོད་ནས་དབུགས་དབྱུང་བ་སྟེ། དབང་གི་གལ་པོ་ལས། རིགས་ཀྱི་བུ་ཁྱོད་དེང་ཕན་ཆད། །ཕྱི་དང་ནང་དང་གསང་བ་ཡི། །ཞེས་སོགས་གསུངས་པ་དང་ཚིག་དོན་གཉིས་ཀ་གཅིག་པའི་ཕྱིར་དང་། གལ་པོར་བཤད་པ་དེ་དག་རྒྱུད་འདིར་དངོས་སུ་གསུངས་པའི་ཟབ་དབང་དུ་འཆད་རིགས་སོ་སྙམ་ན། དེའང་མ་ཡིན་ཏེ། དེ་ཉིད་ཀྱི་དབུར། ནུས་དང་ཕན་པའི་དབང་ཐོབ་ནས། །བརྟུལ་ཞུགས་ལྡན་པའི་བུ་མཆོག་ལ། །ཞེས་སོགས་ཀྱིས་གནོད་པའི་ཕྱིར་རོ། །དེས་ན་སངས་རྒྱས་གསང་བའི་ངེས་འབྱེད་དང་རྡོ་རྗེ་ལས་རིམ་སོགས་སུ་ཁྲིགས་རིམ་གསལ་བར་གསུངས་པ་རྣམས་དང་འགལ་བའི་ཕྱིར་ཁྱེད་ཀྱི་ལུགས་འདི་འཐད་པ་མ་ཡིན་ནོ། །གསུམ་པ་ནི། འོ་ན་དབང་བཅོ་བརྒྱད་པོ་དེ་དག་དབང་བཞིར་འདུས་སམ་མ་འདུས་ཤེ་ན། ཟོ་ལུང་པ་ན་རེ། འདིར་སྤྱིའི་སྡོམ་ནི་དབང་ལྔར་བསྡུ་སྟེ། ཉང་སྟོན་རིག་པའི་འབྱུང་གནས་ཀྱི་སྲས་པོའི་དབང་བཞི་སོ་སོར་བསྡུ་བའི་ཡིག་ཆ་ཡོད་ཀྱང་། དེ་ནི་གསར་མའི་བཞེད་པ་འདིར་བཀོད་པ་ཡིན་པས་མི་འཐད་དེ་ཟེར་ནའང་། ཁོ་བོ་ནི། དབང་བཞིར་འདུས་པ་འཐད་དེ། རྒྱུད་ཕྱི་མའི་དྲི་བ་བཅུ་གསུམ་པར། དབང་བསྐུར་བ་ཡི་དོན་ཡང་ཅི། །ཞེས་པའི་ལན་དུ། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །རྣམ་རྟོག་དྲི་མ་དག་བྱའི་ཕྱིར། །དབང་བསྐུར་རྣམ་པ་བཞི་ཡིན་ནོ། །ཞེས་གསུངས་པའི་ཕྱིར། སྡུད་ཚུལ་ཡང་། ཕན་ནུས་ཀྱི་དབང་བཅོ་ལྔ་པོ་ནི་བུམ་པའི་དབང་དུ་བསྡུ་སྟེ། དེ་ཐོབ་པས་ལམ་བསྐྱེད་རིམ་བསྒོམ་པའི་སྣོད་རུང་དུ་བྱས་པའི་ཕྱིར། དེ་ལྟར་ཡང་ཁོག་གཞུང་ལས། ཕྱི་ནང་དཀྱིལ་འཁོར་རྣམ་གསུམ་དུ། །རིམ་པར་བསྐུར་བ་དང་པོ་རུ། །རི་མོ་བཞེངས་གསོལ་ཕན་ནུས་བསྐུར། །བསྐྱེད་པའི་རིམ་པ་བསླབ་པའི་དུས། །ཞེས་སོ། །དེ་ཡང་ཕན་དབང་ཐོབ་པས་ཕྱི་དཀྱིལ་ལ་བརྟེན་པའི་དྲང་དོན་གྱི་བསྐྱེད་རིམ་ཐུན་མོང་པའི་སྣོད་རུང་དུ་བྱས་པ་སྟེ་ངེས་འབྱེད་ལས། ཕྱི་རོལ་དྲང་དོན་མཉན་དུ་རུང་། །ཞེས་སོ། །དེའི་སྟེང་དུ་མཉན་བསྒོམ་གྱི་དབང་གཉིས་ཀྱིས་ནང་རང་བཞིན་གྱིས་གྲུབ་པའི་ལུས་དཀྱིལ་ལ་བརྟེན་པའི་ངེས་དོན་གྱི་བསྐྱེད་རིམ་མཉན་བསྒོམ་ནུས་པ་དང་། ལྷག་མ་གསུམ་ལས། རྡོ་རྗེ་རྒྱལ་པོ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་དངོས་དང་། འཆད་ཕྲིན་གཉིས་དེའི་བྱེད་ལས་ཡིན་པས། དེ་ལྟར་ན་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་ནས་བུམ་དབང་དང་རྗེས་སུ་འབྲེལ་བའི་ལམ་ཐམས་ཅད་ལ་སྤྱོད་པའི་བདག་པོར་གྱུར་པའོ། །ཟབ་དབང་གསུམ་ནི། རིམ་པ་ལྟར་གསང་དབང་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་རྣམས་སུ་དངོས་སུ་འདུས་པར་ཟད་ལ། དེ་གསུམ་ཐོབ་པས་རྫོགས་རིམ་སྟེང་འོག་གི་སྒོ་དང་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་བསྒོམ་པའི་སྣོད་རུང་དུ་བྱས་པའོ། །དེ་ཡང་ཁོག་གཞུང་གི་ལུང་དེའི་འཕྲོས་ལས། རྫོགས་རིམ་གདམས་ངག་སྦྱོར་དུས་སུ། །གསང་དབང་བསྐུར་བ་སོར་བཞི་པ། །རོལ་པ་འཇུག་དུས་གསང་བ་ཡི། །དཀྱིལ་འཁོར་བརྟན་ལ་ཤེས་རབ་སྦྱིན། །ཞེས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་བདུན་ཏེ། དབང་རྟགས་རྡོར་དྲིལ་བྱིན་ཞིང་རུའི་བཀའ་ཉན་པར་བསྒོ་བ་དང་། བུམ་ཆུ་བླུད་ཅིང་བརྟན་པར་བྱས་ལ་སྨོན་ལམ་གདབ་པ་དང་། དབང་རྫས་ཀྱི་རབ་གནས་བསྡུ་ཞིང་ཅི་འབྱོར་པའི་ཡོན་གྱིས་བུའི་ལུས་བསླུ་བ་དང་། རུ་མཆོད་ཅིང་ཡོན་དབུལ་བ་དང་། ལྷག་མ་དང་བརྟན་མ་བསྐྱང་བ་དང་། དཀྱིལ་འཁོར་བསྡུ་ཞིང་རྡུལ་ཚོན་གཤེགས་པ་དང་། ལས་རྗེས་ཤིས་པར་བྱ་བ་རྣམས་ཏེ་དབང་བྱང་ལས་ཤེས་པར་བྱའོ། །ལྔ་པ་དབང་མ་ཐོབ་པའི་སྐྱོན་ནི། འདི་ཉིད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩོན་པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་དང་། མཉམ་སྦྱོར་ལས། དཀྱིལ་འཁོར་དུ་ནི་མ་ཞུགས་ཤིང་། །དམ་ཚིག་རྣམས་ནི་སྤངས་པ་དང་། །གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་བོ། །ཞེས་དང་། སངས་རྒྱས་ཐོད་པ་ལས། དཔེར་ན་བུ་ཚ་མེད་པའི་ཁྱིིམ། །ཤི་བ་ཙམ་གྱིས་སྟོངས་པ་ཉིད། །དེ་བཞིན་དབང་དང་བྲལ་བ་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །ཅེས་དང་། ཐུགས་ཐིག་ལས། གསང་བ་ཉམས་ལས་ལྟུང་འཇིགས་པས། །སོ་མ་བཏང་བའི་རྫ་སྤྱོད་ལྟར། །འགྱུར་བ་གསང་བའི་རྒྱུད་ཀུན་ལྟོས། །ཞེས་སོ། །དྲུག་པ་ཡོན་ཏན་ནི། འདི་ཉིད་ལས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་དང་། ཧེ་རུ་ཀ་མངོན་བྱུང་ལས། དཀྱིལ་འཁོར་བདག་པོ་མཐོང་ནས་ནི། །ཅུང་ཟད་དེ་ནི་མི་འགྲུབ་མེད། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ལྔ་པ་མི་འདའ་བ་དམ་ཚིག་ལ་དྲུག་ལས། དང་པོ་དགོས་ཆེད་ནི། གཞན་སེལ་ངན་སོང་དང་ཐེག་དམན་དུ་མི་ལྟུང་ཞིང་། དོན་གཉེར་ཞིང་ས་གཤིན་པོ་ལ་ས་བོན་བཏབ་ན་འབྲས་བུ་སྨིན་པར་འགྱུར་བ་ལྟར་ལམ་དང་འབྲས་བུའི་གཞི་དམ་ཚིག་གིས་བཟུང་སྟེ། ལམ་གྱི་འབད་པ་དོན་ཅན་དུ་བྱེད་པའོ། །དེ་ལྟར་ཡང་། སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་འདི་ཆེད་དུ་བརྗོད་དོ། །ཞེས་སོ། །གཉིས་པ་ངོ་བོ་ནི། བསྲུང་བྱའི་དོན་ཁྱད་པར་ཅན་ལ་སེམས་པ་རྒྱུན་དང་བཅས་པ་སྟེ། ཐུགས་ཐིག་ལས། གསང་སྒོར་ཞུགས་པ་ཐམས་ཅད་ཀྱིས། །སྒོ་གསུམ་རང་གི་བསྲུང་བྱ་ལ། །རྒྱལ་པོའི་བཀའ་རྟགས་ཇི་ལྟ་བར། །མི་འབྲལ་སྡོམ་པ་དེ་ངོ་བོ། །ཞེས་སོ། །གསུམ་པ་སྒྲ་དོན་ནི། ས་མ་ཡའི་སྒྲ་ལས། ཡལ་གམ་བཅས་པའི་ཐ་ཚིག་དང་། མནའ་དང་། སྡོམ་པ་ལ་འཇུག་པས། དོན་ཇི་ལྟར་བཅས་པ་ལས་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་དམ་ཚིག་སྟེ། ཀུན་འདུས་ལས། འདའ་དཀའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །ཞེས་སོ། །དེ་ཡང་ཁོག་གཞུང་ལས། ངེས་ཚིག་སྐྱོན་ཡོན་སྐབས་ཀྱིས་བསྒྱུར། །ཞེས་པས་གཉིས་ལས། བསྲུངས་པའི་ཕན་ཡོན་གྱིས་དམ་ཚིག་ཏུ་བཞག་པ་ནི། རྡོ་རྗེ་ལས། དམ་པ་རྣམས་ཀྱི་དགོངས་པ་ལ། །དབང་དུ་བྱིན་རླབས་ཐོབ་པ་ཡིས། །དམ་པའི་ཚུལ་བཞིན་ངེས་སྤྱད་ན། །མི་མཐུན་ཚོགས་རྣམས་ཚིག་པར་འགྱུར། །ཞེས་སོ། །གལ་ཏེ་དེ་ལས་འདས་ན་ངན་སོང་གི་གནས་སུ་རྒྱུད་ཚིག་པར་འགྱུར་བའི་ཉེས་དམིགས་ཀྱིས་དམ་ཚིག་ཏུ་བཞག་པ་ནི། དེ་ལས། དམ་པ་འདི་ལས་གང་འདས་པ། །རྡོ་རྗེ་ཅན་ཡང་ཚིག་པར་འགྱུར། །ཞེས་དང་། ཧེ་རུ་ཀ་འདུས་པ་ལས། མི་འདའ་དམ་པ་མཆོག་གྱུར་པ། །འདས་པར་གྱུར་ན་ཚིག་པར་བཤད། །ཅེས་སོ། །བཞི་པ་རྣམ་གྲངས་ལ། ཐོབ་བྱེད་ཀྱི་ཆོ་ག་དང་། དུས། ཐོབ་བྱའི་ངོ་བོ། ཉམས་ན་བསྐང་བའི་ཐབས་སོ། །དང་པོ་ནི། དེ་བཞིན་གཤེགས་པས་གསུངས་པའི་ཆོ་ག་ཁོ་ན་ལས་ཐོབ་ཀྱི་གཞན་ལས་ནི་དམ་ཚིག་དང་སྡོམ་པ་མེད་དེ། བརྟུལ་ཞུགས་ཙམ་དུ་ཟད་དོ། །ཐོབ་པའི་དུས་ལ་སྔོན་གྱི་མཁན་པོ་རྣམས་ཀྱིས་དབང་གི་སྔ་རོལ་དུ་སྡོམ་པ་བཟུང་བའི་ཆོ་ག་ལན་གསུམ་བརྗོད་པའི་ཆ་ཐ་མའི་མཇུག་ཏུ་སྐྱེ་བར་བཞེད་དོ། །གལ་ཏེ་འདིའི་སྐབས་སུ་གང་བཟུང་བའི་སྡོམ་པ་དེ་ཉིད་མི་སྐྱེ་ཟེར་ན། འོ་ན་སོ་བྱང་གི་སྡོམ་ཆོག་ལས་ཀྱང་དེ་དག་མི་སྐྱེ་བར་མཚུངས་ཏེ། གཞན་གཉིས་ལ་སྐྱེ་བའི་ནུས་པ་ཡོད་པ་དང་། འདི་ལ་མེད་པའི་ལུང་རིགས་ཚད་མ་མེད་པའི་ཕྱིར་རོ། །འདི་ལ་སྐྱེ་བའི་ཚད་མ་ཡོད་དེ། སྡོམ་པ་ནི་སྐྱེ་མི་སྐྱེ་གཉིས་ལས་མི་འདའ་ལ། མི་སྐྱེ་བའི་ཚད་མ་མེད་པ་ཉིད་ཀྱིས་སྐྱེ་བར་གྲུབ་པའི་ཕྱིར་དང་། གཞན་དུ་ན། རྒྱལ་བས་ཆོ་ག་བཤད་པའང་ནུས་མེད་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་། ལོ་ཙཱ་བ་ཆེན་པོ་རོང་ཟོམ་གྱིས་མཛད་པའི་སྡོམ་ཆོག་ལས། དང་པོ་ཐུན་མོང་གི་སྡོམ་པ་ནོས་ནས། དེ་ནས་ཁྱད་པར་གྱི་སྡོམ་པ་ནོས་ཏེ། དཀྱིལ་འཁོར་ལ་ཞུགས་ནས་དབང་ཐོབ་པར་བྱས་ལ། དངོས་གྲུབ་ཀྱི་སྣོད་དུ་འགྱུར་བར་བྱའོ། །ཞེས་སོ། །འོན་ཀྱང་། རྡོ་རྗེ་ཐེག་པའི་དམ་ཚིག་དང་སྡོམ་པ་ཐ་དག་བཟུང་གྲུབ་པ་ནི་མ་ཡིན་ཏེ། ད་དུང་དབང་དམ་ཚིག་དང་སྡོམ་པ་མི་འདྲ་བ་དུ་མ་འཛིན་པའི་ཕྱིར། དཔེར་ན་དགེ་བསྙེན་གྱི་སྡོམ་པ་ཐོབ་པས་སོ་ཐར་གྱི་སྡོམ་པ་ཐོབ་པའི་གྲངས་སུ་འགྲོ་མོད་ཀྱང་། སོ་ཐར་གྱི་སྡོམ་པའི་ཡན་ལག་ཚང་བ་མ་ཡིན་ཏེ། ད་དུང་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བླང་དུ་ཡོད་པའི་ཕྱིར། དེར་མ་ཟད། ཐུན་མོང་གི་སྡོམ་པ་ལེན་ལུགས་ལྟར་འཇུག་པའི་སྐབས་སུ་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་བྱ་བའི་ཕྱིར་ཁས་བླངས་ཀྱི་སྒོ་ནས་སྡོམ་པ་བཟུང་བ་དེ་ཉིད་ཀྱང་། སླར་དབང་བླངས་པའི་ཚེ་ན་སྡོམ་པའི་ནུས་པ་གོང་འཕེལ་དུ་འགྲོ་དགོས་ཏེ། ཀུན་མཁྱེན་ཆེན་པོའི་ཊྭི་ཀའི་དགོངས་པ་ལྟར་དམ་ཚིག་དང་སྡོམ་པ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་གནད་ཀྱིས་སོ། །དེ་ཡང་ཡིན་ཏེ། ཆོ་གས་སེམས་རྒྱུད་ཀྱི་ཡོན་ཏན་དགེ་བའི་ས་བོན་གསོས་བཏབ་པའི་ཆ་དེ་སངས་རྒྱས་ཀུན་གྱི་གསང་བའི་རྡོ་རྗེ་གསུམ་འཛིན་པའི་ཆ་ནས་དམ་ཚིག་ཀྱང་ཡིན་ལ། རང་གི་རྒྱུད་སྡོམ་པའི་ཆ་ནས་སྡོམ་པའང་ཡིན་པའི་ཕྱིར་ཏེ། དཔེར་ན་བུམ་པ་ཉིད་བྱས་པའང་ཡིན་ལ་མི་རྟག་པའང་ཡིན་པ་བཞིན་ནོ། །དེ་ལྟར་ཡང་རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུའང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་དང་། ཕྲ་རྒྱས་ལས། དེ་ལྟར་སུམ་བརྒྱ་དྲུག་ཅུ་རྣམས། །བདག་གི་རྡོ་རྗེ་མཆོག་གསུམ་པོས། །ལོག་པར་མི་གཏོང་སྡོམ་པའི་དངོས། །ས་གཞི་ལྟ་བུར་གསུངས་པ་ཡིན། །ཞེས་སོ། །འདིར་འཇུག་པའི་སྐབས་སུ་དབང་བྱང་ལས་སྡོམ་པ་སོ་སོར་དམིགས་ཕྱེ་ནས་གཟུང་བ་མ་བྱུང་ནའང་སྐུ་གསུང་ཐུགས་ཀྱི་དམ་ཚིག་བྱིན་པ་ཉིད་སྡོམ་པ་གཟུང་བ་ཡིན་ཏེ། ལས་རིམ་ལས། རང་བཞིན་འབྲུ་གསུམ་སྐུ་གསུང་ཐུགས། །གཟི་བྱིན་ལྡན་པར་བྱིན་བརླབས་ལ། །དམ་ཚིག་སྡོམ་པ་མཆོག་ཅེས་བཤད། །ཅེས་གསུངས་པའི་ཕྱིར། གཉིས་པ་ཐོབ་བྱའི་ངོ་བོ་ལ། །དམ་ཚིག་གི་རང་བཞིན་དང་། ཆེ་བ་དང་། དབྱེ་ངོ་དངོས་གཏན་ལ་དབབ་པའོ། །དང་པོ་ནི། རྩ་བ་དང་ཡན་ལག་ལ་སོགས་པའི་དམ་ཚིག་ཇི་སྙེད་པ་ཐམས་ཅད་རང་སེམས་གཉིས་སུ་མེད་པའི་རང་བཞིན་ཏེ། དེའི་དོན་ལས་དེ་བཞིན་གཤེགས་པ་ཀུན་ཀྱང་འདའ་བར་མི་མཛད་པའི་བདག་ཉིད་ཡིན་པའི་ཕྱིར། དེ་ལྟར་ཡང་། དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཞེས་དང་། རྒྱས་པ་ལས། དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་སེམས་ཉིད་དམ་ཚིག་ཡིན། །ཞེས་སོ། །གཉིས་པ་ལ། སྤྱོད་སྒོ་ཡངས་པའི་ཆེ་བ་དང་། །འདུལ་སྡོམ་འདུས་པའི་ཆེ་བའོ། །དང་པོ་ནི། གནས་ལུགས་ལ་རྟོགས་གོམས་ཀྱི་གདེང་དང་ལྡན་ན་མཉམ་པ་ཆེན་པོའི་དམ་ཚིག་ལ་གནས་པའམ། བླ་ན་མེད་པའི་ཐེག་པར་ངེས་པ་ཞེས་བྱ་སྟེ། སྒོ་གསུམ་གྱི་སྤྱོད་པ་ཇི་སྤྱད་ཀྱང་ཕྱོགས་འཛིན་གྱི་བློ་མི་སྐྱེ་བའི་ཕྱིར། དེ་འདྲ་བའི་གདེང་གིས་ཟིན་པའི་གང་ཟག་དེས། ལས་དང་ཉོན་མོངས་པ་གང་ལ་སྤྱད་ཀྱང་སྒྱུ་མའི་སྤྲུལ་པ་ལ་སྤྱོད་པ་ལྟར་མ་ཞེན་པའི་ཕྱིར། དེས་སྒྲིབ་པ་དང་བག་ཆགས་མི་གསོག་པའི་སྟེང་དུ་ཚོགས་གཉིས་རྫོགས་པར་འགྱུར་བ་དང་། སོ་བྱང་ཕྱི་རྒྱུད་ཀྱི་ཚུལ་ཁྲིམས་དང་སྡོམ་པ་ཐམས་ཅད་ཀྱང་རྣམ་པར་དག་པར་འགྱུར་བ་ཉིད་དེ། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་ལས་རྣམས་ཀུན་སྤྱོད་ཀྱང་། བྱས་ལ་མི་སོགས་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་སོ། །གཉིས་པ་ནི། དེའི་ཕྱིར། བླ་མ་མཆོག་གི་དམ་ཚིག་ཏུ། །ཞེས་སོགས་གསུངས་པའི་སྐབས་སུ་སྤྱིར་སྡོམ་པ་ལ། སོ་ཐར། བྱང་སེམས། རིག་པ་འཛིན་པའི་སྡོམ་པ་གསུམ་སྟེ། རྔམ་གློག་ལས། དགེ་སློང་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཡིན། །ཞེས་དང་། རྗེ་བླ་མའི་གཏེར་བྱོན་ཐུགས་ཐིག་གི་དབང་བྱང་ལས། སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །ཞེས་སོ། །དེ་གསུམ་ཡང་། རྣམ་པ་འགལ་ལ་ངོ་བོ་ཚང་བ་དང་གནས་གྱུར་པའི་ཕྱིར་འདུས་ཤིང་རྣམ་པར་དག་པའོ། །རྣམ་པ་ཇི་ལྟར་འགལ་ཞེ་ན། །བཞི་སྟེ། ཇི་སྲིད་དུས་ཀྱི་དང་། གང་གི་རྗེས་སུ་བསླབ་པའི་དང་། །དངོས་གཞི་གཙོ་བོའི་དབང་དུ་བྱས་པའི་དང་། །ཆེད་དུ་བྱ་བའི་ཁྱད་པར་རོ། །དང་པོ་ནི། སོ་ཐར་ཇི་སྲིད་འཚོའི་བར་དུ་དང་། བྱང་སྡོམ་སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དང་། སྔགས་སྡོམ་འཁོར་བ་མ་སྟོངས་ཀྱི་བར་དུ་ཁས་ལེན་པར་རོ། །གཉིས་པ་ནི། འཕགས་པ་དགྲ་བཅོམ་པ་དང་། ས་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པའི་རྗེས་སུ་བསླབ་པའི་ཁྱད་པར་རོ། །གསུམ་པ་ནི། ཕྱི་ལུས་ངག་གི་སྤང་བ་བདུན་ལ་བསླབ་པའི་སྤྱོར་བ་ནི་སོ་ཐར། ནང་ཡིད་ཀྱི་ལས་གསུམ་གཙོ་བོར་སྤང་བའི་སྙིང་རྗེ་ལ་བསླབ་པ་ནི་བྱང་སྡོམ། རྟོགས་གོམས་ཀྱི་གདེང་གིས་མཉམ་པའི་དོན་ལས་མི་འདའ་བ་ནི་སྔགས་སྡོམ་མོ། །བཞི་པ་ནི། རང་གི་དོན་དང་། གཞན་གྱི་དོན་དང་། གཞན་དོན་རླབས་པོ་ཆེ་ལ་དམིགས་པ་སྟེ། རིམ་པ་བཞིན་སྦྱར་རོ། །གཉིས་པ་ངོ་བོ་ལ། ཚང་བ་དང་། གནས་གྱུར་པ་གཉིས་ལས། དང་པོ་ནི། སོ་ཐར་ནི་གཞན་ལ་གནོད་པའི་སྦྱོར་བ་ལས་ལོག་པ་དང་། བྱང་སྡོམ་ནི་དེའི་སྟེང་དུ་ཕན་འདོགས་པའི་སྦྱོར་བ་ལ་ཞུགས་པ་དང་། སྔགས་སྡོམ་ནི། དེ་གཉིས་ཀ་ལ་ཞུགས་པའི་སྟེང་དུ་སངས་རྒྱས་ཀྱི་མཛད་པ་ཉམས་སུ་བླངས་ཏེ་མཉམ་པ་ཆེན་པོའི་ངང་ནས་གཞན་དོན་རྩོལ་མེད་དུ་མཛད་པའི་ཐབས་ལ་མཁས་པས་ཐམསས་ཅད་ཚང་བའི་ཕྱིར། རྒྱུ་མཚན་དེས་སྔགས་ཀྱི་དམ་ཚིག་མ་ཉམས་པར་ཐུབ་ན་འོག་མའི་འདུལ་སྡོམ་རྣམས་ཞར་ལ་ཐུབ་པས་ལོགས་སུ་བསྲུང་མི་དགོས་ཏེ། བྲེ་གསུམ་ཚང་ན་དེ་ནང་དུ་དོ་མི་ཚང་བའི་དོགས་པ་མེད་པ་ལྟར་ཡོན་ཏན་ཡར་ལྡན་དུ་འདུས་པའི་ཕྱིར། དེ་ལྟར་ཡང་གསལ་བཀྲ་ལས། ཐེག་ཆེན་དམ་ཚིག་ལ་གནས་ན། །འོག་མའི་འདུལ་སྡོམ་དམ་ཚིག་ཀུན། །བསྲུང་བ་མེད་པར་ཐུབ་པས་ན། །དགེ་སློང་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཡིན། །ཞེས་སོ། །གཉིས་པ་གནས་གྱུར་པས་རྣམ་པར་དག་པ་ནི། ཉོན་མོངས་པ་རང་ག་མར་སྤྱད་པའི་སྒོ་གསུམ་གྱི་ལས་ཀྱིས་འཁོར་བར་འཆིང་མོད། དེ་ཉིད་ཤེས་རབ་དང་སྙིང་རྗེ་ཕྱོགས་གཅིག་གི་རྩིས་བཟུང་སྟེ་བྱ་བ་མ་ཡིན་པ་སྤོང་བའི་སྡོམ་པ་ལ་ཞུགས་པ་ན་མཐོ་རིས་དང་ཐར་པའི་རྒྱུར་འགྱུར་ལ། དེ་ཉིད་ཐབས་དང་ཤེས་རབ་ཆེན་པོའི་རྩིས་ཟིན་པས་གཞན་དོན་གྱི་བྱ་བ་ལ་སྤྱད་པ་ན་བླ་ན་མེད་པའི་བྱང་ཆུབ་ཏུ་གྲོལ་བའི་རྒྱུར་འགྱུར་བ་དང་། དེ་ཉིད་ཀྱང་ཐབས་ཤེས་ཆེན་པོའི་ཡང་ཆེན་པོས་ཟིན་པར་སྤྱད་ན་རྫོགས་པའི་བྱང་ཆུབ་འབད་རྩོལ་མེད་པ་ལྷུན་གྱིས་འགྲུབ་པར་འགྱུར་ཏེ། དཔེར་ན་ཟངས་རྡོ་བཞུ་བས་ཟངས་དེ་ལ་རྩིས་བཏབ་ན་གསེར་དུ་འགྱུར་བ་བཞིན་སྒོ་གསུམ་གྱི་བྱ་བ་གཞི་གཅིག་ལའང་ཐབས་ཆེ་ཆུང་གིས་གོང་མ་གོང་མར་གནས་འགྱུར་བ་ཡིན་ལ། དེ་བས་ན་སོ་ཐར་གྱི་གཞན་གནོད་གཞི་བཅས་སྤང་བ་དང་བྱང་སྡོམ་གྱིས་གཞན་ལ་ཕན་འདོགས་པའི་ལྡོག་ཆ་གཉིས་པོ་དེ་རྫས་གོང་འཕེལ་གྱི་ཚུལ་གྱིས་སྔགས་ཀྱི་སྡོམ་རྫས་སུ་ངོ་བོ་གནས་འགྱུར་ཞིང་། མཉམ་པ་ཆེན་པོའི་ཐབས་ཀྱིས་མ་ཟིན་པའི་ཐ་མལ་སྣང་ཞེན་གྱི་ལྡོག་ཆ་རེ་ཡོད་པ་དེ་རྩ་བ་ནས་བཏང་ནས་མཉམ་པ་ཆེན་པོའི་ཐབས་ཁྱད་པར་ཅན་དུ་འགྱུར་བ་ཡིན་ཏེ། སྣང་བས་མུན་པ་བཞིན་ནོ། །དེའི་ཚུལ་གྱིས་མཉམ་པ་ཆེན་པོའི་དམ་ཚིག་ཏུ་འོག་མའི་འདུལ་སྡོམ་རྣམས་འདུས་ཤིང་རྣམ་པར་དག་པ་ཡིན་ནོ། །འདིར་ཁ་ཅིག་འདི་སྙམ་དུ། སྡོམ་པ་འོག་མ་གཉིས་གོང་མར་འདུས་ཤིང་རྫོགས་པ་མི་འཐད་དེ། སོ་ཐར་གྱི་གཞན་གནོད་གཞི་བཅས་སྤོང་བ་དང་། བྱང་སྡོམ་གྱི་གཞན་ལ་ཕན་འདོགས་པའི་ལྡོག་ཆ་གཉིས་སྔགས་སྡོམ་གྱིས་མི་སྤང་བའི་དམ་ཚིག་དང་དངོས་སུ་འགལ་བར་སྣང་བའི་ཕྱིར་ཞེ་ན། མི་འགལ་བར་འདུས་ཚུལ་སྟོན་ཏེ། དེ་ལ་སོ་སོ་ཐར་པའི་སྡོམ་པ་ནི། ཕས་ཕམ་བཞི་བྱུང་ན་རྩ་བ་ཞིག་པར་གསུངས་པ་ལས། འདིར་གནས་ལུགས་རྟོགས་པའི་གདེང་གིས་ཟིན་ན་ཇི་ལྟར་སྤྱད་ཀྱང་མི་གོས་པས་ངོ་བོ་ཡར་ལྡན་དང་སླར་ཚོགས་སུ་འགྱུར་བའི་ཕྱིར་ཡོན་ཏན་ཡར་ལྡན་ཏེ། སྤྱིར་བཤད་པའོ། །བྱེ་བྲག་ཏུ་སྲོག་གཅོད་པ་ནི། །ཡོད་མེད་དབུ་མ་མི་དམིགས་ཤིང་། །ཞེས་སོགས་ཏེ། བདག་གཞན་གཉིས་ཀ་སེམས་ཉིད་དུ་གསལ་ཞིང་། དེ་དོན་དམ་པར་ཡོད་མེད་དབུ་མའི་མཐའ་གསུམ་དང་བྲལ་ལ། ཀུན་རྫོབ་ཏུ་སྣང་ཡང་རང་རྒྱུད་པས་སྟོང་པར་རྟོགས་ན། སྲོག་གཅོད་པ་ལྟར་སྣང་ཡང་གཅད་བྱ་གཅོད་བྱེད་མ་གྲུབ་ཅིང་གཅད་དོ་བའི་འདུ་ཤེས་མེད་པའི་ཕྱིར་ཉེས་པས་མི་གོས་ཤིང་། ཞིང་བཅུ་ལ་སོགས་པ་ལས་ངན་གྱི་རྒྱུན་གཅོད་པའི་ཕྱིར་བསྒྲལ་བས་ཚོགས་གཉིས་རྫོགས་པས་ན་སྲོག་གཅོད་སྤོང་བའི་སྡོམ་པའིི་ངོ་བོ་དང་ཡོན་ཏན་ཡར་ལྡན་དུ་འདུས་སོ། །དེ་ལྟར་ཡང་དཀོན་བརྩེགས་ཀྱི་ཉེ་བ་འཁོར་གྱིས་ཞུས་པའི་སྐབས་ལས། ཇི་ལྟར་སྒྱུ་མ་མཁན་གྱིས་འཇིག་རྟེན་ན། །སེམས་ཅན་བརྒྱ་ཕྲག་མང་པོ་སྤྲུལ་བྱས་ཏེ། །སྤྲུལ་པ་དེ་དག་ཐམས་ཅད་བསད་གྱུར་ཀྱང་། །སྒྱུ་མ་དེ་དག་བསད་པ་ཡོད་མིན་ལྟར། །འགྲོ་བ་འདི་དག་སྒྱུ་མའི་རང་བཞིན་ཏེ། །འདི་ལ་མཐའ་ནི་ནམ་ཡང་དམིགས་སུ་མེད། །གང་དག་དེ་ལྟར་མཐའ་ཡས་མེད་བྱེད་པ། །དེ་དག་འཇིག་རྟེན་ན་ནི་ཚོར་བ་མེད། །གང་དག་རང་བཞིན་མེད་ཆོས་འདི་ཤེས་པས། །དཔའ་བོ་དེ་དག་འཇིག་རྟེན་མྱ་ངན་འདའ། །ཞེས་སོ། །མ་བྱིན་ལེན་ནི། བདེན་པ་གཉིས་ཀ་དབྱེར་མེད་པས། །ཞེས་སོགས་ཏེ། ཆོས་ཐམས་ཅད་ནི་སེམས་ཉིད་བདེན་པ་གཉིས་ཀྱི་རང་བཞིན་དུ་དབྱེར་མེད་དོན་དམ་པར་མ་དམིགས་ཤིང་། ཐ་སྙད་ཀུན་རྫོབ་ཏུའང་མ་གྲུབ་པས་བདག་གཞན་ཐ་དད་མེད་པར་རྟོགས་པ་ལ། རྫས་དང་བདག་པོ་གཉིས་ཀ་གཞན་ན་མེད་པའི་ཕྱིར། འཕྲུལ་དགའི་ལྷ་རྣམས་རང་གིས་སྤྲུལ་པའི་ལོངས་སྤྱོད་ལེན་པ་ལྟར་ཅི་བླངས་ཀྱང་བདག་ཉིད་ལས་མི་འདའ་བར་ཤེས་པས་དོན་ལ་བླང་བ་མེད་པའི་ཕྱིར། ཉེས་པས་མི་གོས་པ་དང་། འཇུངས་པ་ལས་བླངས་ཏེ་བཀྲེན་པ་ལ་སྟེར་བ་སོགས་གཞན་དོན་དུ་འགྱུར་བའི་ཕྱིར་མ་བྱིན་ལེན་སྤང་བའི་སྡོམ་པ་འདུས་ཤིང་རྣམ་པར་དག་པ་སྟེ། དཀོན་བརྩེགས་ལས། ཇི་ལྟར་སྒྱུ་མས་སྒྱུ་མའི་ནོར་བླངས་ཏེ། །རྨི་ལམ་ནང་བཞིན་དགོས་པ་དེར་སྤྱད་ཀྱང་། །དེ་ལ་ལས་མེད་རྣམ་པར་སྨིན་པ་མེད། །དེ་བཞིན་ཆགས་མེད་ཡེ་ཤེས་འདིར་བསླབས་ཏེ། །མྱ་ངན་འདས་པ་དམ་པ་མཆོག་ཞིར་འགྲོ །ཞེས་དང་། རྡོ་རྗེ་ལས། འཇུངས་པ་རྣམས་ལས་ནོར་བླངས་ཏེ། །སེམས་ཅན་བཀྲེན་ལ་བྱིན་པར་བྱ། །དེ་ཕྱིར་མི་ཡི་བདག་པོ་དང་། །ཕྱུག་པོ་རྣམས་ཀྱི་ནོར་འཕྲོག་གོ། ཞེས་སོ། །རྫུན་སྨྲ་བ་ནི། ཆོས་རྣམས་སྒྱུ་མ་ལྟ་བུ་ལ། །ཞེས་སོགས་ཏེ། ཆོས་ཐམས་ཅད་མེད་བཞིན་དུ་ལོག་རྟོག་གིས་བརྟགས་པའི་ཞེན་བློ་ལ་སྣང་བ་ནི་ངོ་བོ་ཉིད་ཀྱི་རྫུན་ནོ། །ཞེན་པ་ཉིད་སྣང་བ་ལས་མིང་ཚིག་ཏུ་བརྟགས་ནས་དེ་ལ་བདེན་པར་འཛིན་པ་ནི་རྗེས་སུ་སྤྱོད་པའི་རྫུན་ཏེ། ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་དངོས་པོ་མེད་པ་སྟེ། གང་བརྗོད་ཅིང་སྣང་ལ་བརྟགས་པ་དེ་དག་ནི་གློ་བུར་བ་ཡིན་པའི་ཕྱིར་རྫུན་པའོ། །ཞེས་སོ། །དེ་དག་ལས་ཀྱང་འགལ་བར་སྨྲ་བ་ནི་ལོག་པའི་རྫུན་ནོ། །དེས་ན་བདེན་པ་ཉིད་མ་གྲུབ་ན་དེ་ལ་ལྟོས་པའི་རྫུན་པ་མ་གྲུབ་པའི་ཕྱིར། ཆོས་ཐམས་ཅད་ལ་བདེན་པར་འཛིན་པ་ཟད་དེ་རྫུན་པར་ཤེས་པས་རྫུན་སྨྲས་ནའང་། ཉེས་པས་མི་གོས་ཤིང་། ཇི་ལྟར་ཕན་པ་དེ་ལྟར་སྨྲས་པས་གཞན་དོན་དུའང་འགྱུར་བའི་ཕྱིར་རྫུན་སྨྲ་བ་སྤང་བའི་སྡོམ་པ་འདུས་ཤིང་རྣམ་པར་དག་སྟེ། དཀོན་བརྩེགས་ལས། ཇི་ལྟར་ཆང་བ་བཅངས་ཏེ་བྱིས་པ་ལ། །སྟོན་ཞིང་ངག་ཏུ་ཡོད་ཅེས་བརྗོད་བྱས་ནས། །དེ་ཡིས་ཆང་བ་སྟོན་པ་མཐོང་ནས་ནི། །བྱིས་པ་དེ་ནི་ཆོ་ངེས་ངུ་བ་ལྟར། །དེ་བཞིན་སངས་རྒྱས་བསམ་གྱིས་མི་ཁྱབ་པར། །སེམས་ཅན་ཚུལ་ལ་མཁས་ཤིང་མཁྱེན་པ་རྣམས། །ཆོས་རྣམས་འདི་ཀུན་གསོག་གསོབ་མཁྱེན་གྱུར་ནས། །འཇིག་རྟེན་དག་ལ་ཡོད་དང་མེད་ཅེས་སྟོན། །ཞེས་དང་། རྡོ་རྗེ་ལས། སེམས་ཅན་རྣམས་ལ་ཕན་སྤྱོད་པས། །རྟག་ཏུ་དམ་ཚིག་བླ་མའི་ནོར། །སེམས་ཅན་སྲོག་ནི་བསྲུང་བའི་ཕྱིར་། །རྫུན་དུ་ཡང་ནི་སྨྲ་བར་བྱ། །ཞེས་སོ། །མི་ཚངས་སྤྱོད་ནི། མ་ཆགས་པ་ལ་ཆགས་པ་དང་། །ཞེས་སོགས་ཏེ། ཆོས་ཐམས་ཅད་སེམས་ཉིད་དུ་རང་སྣང་བས་ཡུལ་སེམས་གཉིས་མེད་དུ་གསལ་བ་ལ། གཉིས་སུ་ཞེན་ཅིང་ཆགས་པའི་དུས་ན། སེམས་ཉིད་ཀྱི་ངོ་བོར་ཤེས་པའི་ལྟ་བ་དང་། འདུ་ཤེས་གསུམ་ལྡན་གྱི་བསྒོམ་པ་དང་། ཐབས་ཀྱི་སྤྱོད་པ་གསུམ་གྱིས་ཟིན་ན་ཆགས་པའི་རོ་ཡེ་ཤེས་སུ་གསལ་བའི་ཕྱིར་སྤྱད་ཀྱང་ཉེས་པས་མི་གོས་ལ། འཛག་མེད་ཀྱི་ཡེ་ཤེས་འགྲུབ་པ་སོགས་དོན་དུ་འགྱུར་བས། མི་ཚངས་སྤོང་བའི་སྡོམ་པ་འདུས་ལ་དག་པ་སྟེ། དཀོན་བརྩེགས་ལས། ཇི་ལྟར་རྨི་ལམ་སྒྱུ་མའི་རང་བཞིན་དུ། །སྐྱེས་བུ་འདོད་བསྟེན་དེ་ཡང་དེ་འདྲ་སྟེ། །ངོ་བོ་ཉིད་ཀྱིས་སྟོང་ལ་དངོས་པོ་མེད། །ལས་མེད་རྣམ་པར་སྨིན་པ་དེ་ཡོད་མིན། །ཞེས་དང་། རྗེ་བླ་མའི་གཏེར་བྱོན་བདེ་གཤེགས་ཀུན་འདུས་ལས། འདི་ནི་ཚངས་པར་སྤྱོད་པ་ཆེ། །དགེ་སློང་ཉིད་དུ་ཡང་དག་འགྱུར། །དེ་ལས་འཆིང་བ་ཀུན་ལྡན་པའི། །རྟགས་ཙམ་གྱི་ནི་མ་ཡིན་ཏེ། །གང་ཕྱིར་རྒྱལ་བས་ཆོས་བསྟན་པ། །རྣམ་པའི་ཁྱད་པར་མ་གཏོགས་པ། །ཉོན་མོངས་སྤོང་བར་མཚུངས་པའི་ཕྱིར། །གཉེན་པོར་གྱུར་ན་ཐབས་ཤེས་བྱ། །ཞེས་དང་། རྡོ་རྗེ་ལས། སངས་རྒྱས་རྣམས་ནི་མཉེས་བྱ་དང་། །དམ་ཚིག་རྣམས་ནི་བསྲུང་བ་དང་། །གསང་སྔགས་རིག་པས་སྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བསྟན་པར་བྱ། །ཞེས་སོ། །གཉིས་པ་བྱང་སྡོམ་དང་མི་འགལ་བ་འདུས་ཚུལ་ནི། བཤད་མ་ཐག་པས་ཀྱང་གོ་བར་འགྱུར་མོད་ཀྱི། འོན་ཀྱང་ཅུང་ཟད་བརྗོད་ན། བྱང་སེམས་ཀྱི་སྡོམ་པ་ནི། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱིས་རྒྱུད་བསྡམ། གཉེན་པོ་ལེགས་སྤྱོད་དགེ་བའི་ཚོགས་བསྒྲུབ་པ་དགེ་བ་ཆོས་སྡུད་ཀྱིས་རྟོགས་པ་དང་ཡོན་ཏན་ཁྱད་པར་ཅན་བསྒྲུབ། སེམས་ཅན་དོན་བྱེད་ཀྱིས་དངོས་བརྒྱུད་ཀྱི་སྒོ་ནས་གཞན་ལ་ཕན་འདོགས་པ་གསུམ་དུ་འདུ་བ་ལས། འདིར་ཡང་ལས་དང་ཉོན་མོངས་པ་ལ་སྤྱོད་པ་ལྟར་སྣང་ཡང་མ་ཞེན་པའི་ཕྱིར་དོན་གྱི་ངོ་བོ་ལ་ཅི་ཡང་བྱས་པ་མེད་པ་ནི་སྡོམ་པའི་ཚུལ་ཁྲིམས། གང་ལྟར་སྤྱོད་ཀྱང་སྒོ་གསུམ་རྡོ་རྗེ་གསུམ་གྱི་ཕྱག་རྒྱས་བཏབ་སྟེ་མི་འདའ་བ་ནི་དགེ་བ་ཆོས་སྡུད། གཞན་དོན་དུ་འགྱུར་ན་འཁོར་བའི་ཆོས་གང་ཡང་མི་འདོར་བར་སྤྱོད་པ་ནི་སེམས་ཅན་དོན་བྱེད་དེ། འདུལ་སྡོམ་ཐམས་ཅད་འདུས་ཤིང་རྣམ་པར་དག་པའོ། །གསུམ་པ་དབྱེ་ངོ་དངོས་གཏན་ལ་དབབ་བ་ལ། བསྲུང་དུ་མེད་པ་ཅིག་ཅར་བའི་དམ་ཚིག་དང་། བསྲུང་མཚམས་ཅན་རིམ་གྱིས་པའི་དམ་ཚིག་གོ། །དང་པོ་ནི། མཉམ་པ་ཆེན་པོའི་དམ་ཚིག་ལ་གནས་པས་བླང་དོར་མེད་པའི་ཕྱིར་བསྲུང་དུ་མེད་པ་སྟེ། འདི་ཉིད་ལས། མཉམ་ལ་མཉམ་པར་སྦྱོར་བ་ཡིས། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །ཞེས་སོ། གཉིས་པ་ལ། རྒྱུད་གཞུང་སྤྱིའི་ལུགས་ཀྱི་དམ་ཚིག་མདོར་བསྟན། འདི་ཉིད་ལས་གསུངས་པའི་དམ་ཚིག་རྒྱས་པར་བཤད་པའོ། །དང་པོ་ནི། བདེ་འདུས་ཞི་བ་འདུས་པ་རྩ་བའི་རྒྱུད་ལས། ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས། །དཀྱིལ་འཁོར་འདིར་ནི་གང་ཞུགས་པས། །བསྲུང་ཞིང་བསྡམ་པར་བྱ་བ་དག །སྤྱི་དང་ཁྱད་པར་ལྷག་པ་ཡི། །རྣམ་པར་དབྱེ་བས་གཟུང་བྱ་སྟེ། །ཞེས་པས། སྤྱི་དང་། ཁྱད་པར་དང་། ལྷག་པའི་དམ་ཚིག་གསུམ། དང་པོ་ནི། སོ་ཐར་བྱང་སེམས་ཕྱི་རྒྱུད་གསུམ་གྱི་སྡོམ་པའི་བསྲུང་མཚམས་སུ་གྲགས་པའི་དམ་ཚིག་རྣམས་ཏེ། དེ་ལས། སོ་སོ་ཐར་དང་བྱང་ཆུབ་སེམས། །བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ལས། །བསྲུང་བར་བྱ་བ་གང་གསུངས་པ། །ཐུན་མོང་སྤྱི་ཡི་དམ་ཚིག་ཡིན། །ཞེས་སོ། །གཉིས་པ་ནི། དེ་ལས། རྩ་བར་གྱུར་པ་བཞི་དག་དང་། །ཡན་ལག་ཉི་ཤུ་རྩ་ལྔ་སྟེ། །ཞེས་པས་རྩ་བ་སྐུ་གསུང་ཐུགས་གསུམ་མམ་བྱང་སེམས་བསྣན་པས་བཞི་དང་། ཡན་ལག་གི་དམ་ཚིག་ལྔ་ཚན་ལྔ་ནི། གསལ་བཀྲ་ལས། སྤྱད་པ་ལྔ་དང་མི་སྤང་ལྔ། །དང་དུ་བླང་དང་སྒྲུབ་དེ་བཞིན། །ཤེས་བྱ་ལྔ་རྣམས་ཐུན་མིན་བཤད། །ཅེས་སོ། གསུམ་པ་ནི། སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པའི་རྣལ་འབྱོར་པས་སྒྲུབ་པ་ཆེན་པོ་ལ་སོགས་པའི་སྐབས་སུ་བསྲུང་བ་ལྷག་པར་བསྟན་པའི་དམ་ཚིག་ཉི་ཤུ་སྟེ། ཞི་བ་རྩ་རྒྱུད་ལས། གཞུང་དོན་ལྷག་པའི་དམ་ཚིག་ནི། །རབ་ཏུ་ལྷག་པར་བསྲུང་བར་བྱ། །གཅན་གཟན་རྒྱལ་པོའི་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་མི་འཚེ། ཁྲི་མི་གཞིག །ཟ་མ་སློབ་དཔོན་གྱི་ཡུམ་ལ་མི་སྤྱད། ཏོག་ཏུ་དུག་མི་བླུག །རིན་ཆེན་ལྕུག་དད་པ་ཅན་གྱི་ཚོགས་མི་བཅག །ཕྲན་མི་འབྲེག་ཅིང་། །ཞུན་ཁོལ་ལྟ་བུ་མི་མཁས་པ་དང་དཀོན་མཆོག་གི་རྫས་ལ་མི་འབག །བཏུང་སྟེ། །པདྨའི་ཟེ་འབྲུ་ཁ་མི་མཆེད་ཀྱི་ཡུམ་ལ་མི་སྤྱད། གསེང་། །བུག་བརྡོལ་སྣོད་ངན་ལ་གསང་སྔགས་མི་སྟེར། སྣོད་དུ་བཅུད་མི་བླུག །དོན་དང་མི་ཐོད་ངན་སོགས་མ་བརྟགས་པའི། ལྡན་རྫས་མི་བརྟེན། །ཤེལ་སྒོང་འདམ་དུ་བསུབ་མི་བྱ། །མཁས་པའི་ཡོན་ཏན་ལ་མི་སྨད། མ་དག་སྣོད་དུ་དག་པ་མིན། །གཟུངས་མ་མཚན་ངན་ལ་མི་སྤྱད། ཡིད་བཞིན་མཚན་ལྡན་གྱི་གཟུངས་མ་དང་སློབ་མ་མི་སྤང་། ནོར་བུ་མི་བསྲེག་སྟེ། །ཁྱུང་ཆེན་གཤོག་པ་ཡ་མི་བྲལ། །ཐབས་ཤེས། གནམ་ལྕགས་ངུར་མོའི་མཚོན་མཆེད་ནང་འཐག །མི་གདབ། །གཅན་གཟན་རོལ་བའི་ལྷག་མི་གཞན་གྱིས་ཉམས་པའི་རྫས་ལ་མི་སྤྱད། སྤྱད། །རྡོ་རྗེ་བྲག་ཆེན་མི་གཞིག་གཞན་གྱི་དཀྱིལ་འཁོར་ལ་སློབ་དཔོན་གྱི་གདན་མི་གཞིག །ཅིང་། །གཞན་གྱི་ར་བ་དྲྭ་བའི་མཚམས་མི་ཁོངས་དབྲལ། །སྒྲོན་མེ་རླུང་གིས་བསད་ཏིང་འཛིན་བྱིངས་རྨུགས་སུ་མི་གཏོང་། པ་མིན། །ཡེ་ཤེས་ཆུ་རྒྱུན་བཟླས་པའི་རྒྱུན་མི་བཅད་བཅད་པ་སྤང་། །བཀའ་རྟགས་ཕྱག་རྒྱ་དབང་རྟགས་དང་བརྡ་མ་བརྗེད་པར་བྱ། མི་འཕྱི་ཞིང་། །རྡོ་རྗེ་ཕ་ལམ་མཁར་མི་སྐྱེ་བོ་མཐུ་བྱེད་པ་མི་བཟློག །ལྡོག །གཙུག་གི་ནོར་བུ་སློབ་དཔོན་ལ་མི་སྨད། དམའ་མ་དབབ། །འདི་དག་བསྲུང་བར་བྱ་བ་སྟེ། །ལྷག་པར་གཅེས་པའི་དམ་ཚིག་ཡིན། །ཞེས་སོ། །གཉིས་པ་ལ། དབྱེ་གཞིའི་རྣམ་གྲངས་དང་། དེ་ལས་ཕྱེ་བའི་རྣམ་གྲངས་སོ། །དང་པོ་ལ། རྩ་བའི་དམ་ཚིག་ལྔ་དང་། ཡན་ལག་གི་དམ་ཚིག་བཅུའོ། །དང་པོ་ནི། བླ་མེད་མི་སྤང་བླ་མ་བཀུར། །ཞེས་སོགས་ཏེ། དེའི་དོན་གསལ་བཀྲ་ལས། བྱང་སེམས་རྣམ་གཉིས་སློབ་དཔོན་དྲུག །མཆེད་བཞི་སྔགས་གསུམ་ཕྱག་རྒྱ་བཞི། །གསང་བཅུ་རྩ་བར་ཤེས་པར་བྱ། །ཞེས་པས་རྩ་བ་ལྔའི་དང་པོ་བླ་མེད་མི་སྤང་བ་ནི། ཡུལ་ལྷག་པ་དོན་དམ་དང་ཀུན་རྫོབ་བྱང་སེམས་གཉིས་སོ། །དེ་མི་སྤང་བ་ནི་སྣང་སྟོང་གཉིས་སུ་མེད་པར་རྟོགས་ནས་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས་མི་འདའ་བར་བྱེད་པ་སྟེ། གསལ་བཀྲ་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །སེམས་ཅན་ཁམས་ཀྱང་དེར་ཤེས་ཤིང་། །སྣང་སྟོང་གཉིས་མེད་རྡོ་རྗེའི་སྐུ། །བྱས་མཐོང་ཐོས་པ་ཐམས་ཅད་ཀྱང་། །སེམས་ཕྱིར་གང་ཡང་བྱས་སྣང་མེད། །དྲན་དང་ཤེས་བཞིན་སྔོན་བཏང་ལ། །དུས་གསུམ་རྒྱུན་དུ་མ་དྲན་ན། །ཐེག་ཆེན་སྔགས་པར་ཅི་ཡིས་ཆུད། །ཅེས་སོ། །གཉིས་པ་བླ་མ་བཀུར་བ་ལ། །ཡུལ་དབྱེ་བ་ནི། ཀུན་གྱིས་དམ་པར་བཀུར་ཞིང་བཀའ་དྲིན་ཅུང་ཟད་ཐོབ་པ་སྤྱིའི་དང་། རབ་བྱུང་གི་མཁན་པོ་ལྟ་བུ་ཆོས་སྒོར་འདྲེན་པའི་དང་། དམ་ཚིག་འབོགས་ཤིང་དབང་བསྐུར་བ་ནི་དམ་ཚིག་དབང་གི་དང་། བཤགས་ཡུལ་དུ་གྱུར་པ་ཉམས་ཆག་སྐོང་བའི་དང་། ཆོས་འཆད་པའི་སློབ་དཔོན་ལྟ་བུ་ཤེས་རྒྱུད་འགྲོལ་བའི་དང་། ཟབ་མོའི་མན་ངག་སྟོན་པའི་བླ་མ་དང་དྲུག་སྟེ། གསལ་བཀྲ་ལས། སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆག་སྐོང་དང་ཤེས་རྒྱུད་འགྲོལ། །མན་ངག་ལུང་གི་སློབ་དཔོན་རྣམས། །ཞེས་སོ། །ཁྱད་པར་དུའང་རྒྱུད་འཆད་པ། དབང་བསྐུར་བ། མན་ངག་ནོད་པ་རྣམས་ནི་ལྷག་པར་ཡང་བཀུར་བའི་ཡུལ་ཏེ། བདེ་འདུས་ཞི་རྒྱུད་ལས། རྒྱུད་འགྲོལ་དབང་བསྐུར་དེ་ཉིད་བསྟན། །ཞེས་སོ། །བཀུར་ལུགས་ནི། གསལ་བཀྲ་ལས། ཡུལ་ལ་དབང་བའི་རྒྱལ་པོ་དང་། །ཁུ་བོ་ཕ་དང་མ་དང་མིག །སྙིང་བས་ལྷག་པའི་ཚུལ་བལྟས་ཏེ། །ཞེས་པའི་བཀུར་ཚུལ་གྱི་དཔེ་སློབ་དཔོན་དྲུག་ལ་རིམ་བཞིན་སྦྱར་ལ། ཁྱད་པར་དུ་ལྷག་པའི་ཡུལ་གསུམ་ནི། སངས་རྒྱས་ལས་ལྷག་པའམ། མཉམ་པའམ། དཀོན་མཆོག་བཞི་པར་བལྟ་བ་གང་རུང་ཞིག་ནོས་ཏེ་སྒོ་གསུམ་ཟོལ་ཟོག་མེད་པས་ཅི་མཉེས་བྱེད་པའོ། །གསུམ་པ་སྔགས་རྒྱ་རྒྱུན་མི་གཅོད་པ་ལ། །ཡུལ་སྔགས་གསུམ་དང་ཕྱག་རྒྱ་བཞི་སྟེ། གསལ་བཀྲ་ལས། རྩ་བ་བསྐྱེད་དང་ལས་སྔགས་དང་། །དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་སོ། །དེ་དག་རྒྱུན་མི་གཅད་པར་ཉམས་སུ་ལེན་པའི་ཚུལ་ནི། བརྩོན་པ་རབ་འབྲིང་ཐ་གསུམ་དུ་སྦྱར་ནས་གསུངས་ཏེ། དེ་ལས། རབ་ཀྱིས་ཆུ་བོའི་རྒྱུན་བཞིན་ནམ། །ཉིན་གསུམ་མཚན་གསུམ་གཉིས་གཅིག་ཏུ། །མ་ཡེངས་ཙམ་དུ་ངང་གིས་བཟླ། །འབྲིང་གིས་ཟླ་གཅིག་དུས་དྲུག་དང་། །དུས་བཞིའི་བར་དུ་མི་གཅད་ཅིང་། །ཐ་མ་བྱ་བའི་རྣལ་འབྱོར་པས། །ཟླ་རེའམ་ར་བའི་དུས་དག་ཏུ། །བརྩོན་པས་འབད་དེ་མི་བྱེད་པ། །བྱང་ཆུབ་ས་བོན་བརླག་པ་ཡིན། །ཚོགས་དང་གཏོར་མའང་དེ་བཞིན་དུ། །ཐ་ན་ལོ་ཟླར་མི་འདའ་འོ། །ཞེས་སོ། །བཞི་པ། མཆེད་ལ་བྱམས་པར་བྱ་བ་ལ། །ཡུལ་ནི། སྤྱིའི་མཆེད་སེམས་ཅན་ཐམས་ཅད། རིང་བའི་མཆེད་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་སོ་ཅོག །ཉེ་བའི་མཆེད་སྔགས་ཀྱི་ཐེག་པར་ཞུགས་པ། དེ་ལས་ཀྱང་ཁྱད་པར་ནང་འདྲེས་པའི་མཆེད་བླ་མ་གཅིག་གིས་བསྡུས་པ་ནི་ཕ་གཅིག་གི་སྤུན་དང་། དེའི་ཤུགས་ཀྱིས་དཀྱིལ་འཁོར་གཅིག་གིས་བསྡུས་པ་ནི་མ་གཅིག་པའི་སྤུན་དུ་དོན་གྱིས་འགྱུར་ཏེ། དེ་གཉིས་ནི་ལྷག་པར་ཡང་བྱམས་པར་བྱ་བའི་ཡུལ་ལོ། །དེ་ལྟར་ཡང་གསལ་བཀྲ་ལས། མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་ཡང་བདག་ལས་གཞན་མིན་དང་། །བདེ་གཤེགས་སྙིང་པོའི་སྤུན་ཡིན་ཕྱིར། །མ་འོངས་སངས་རྒྱས་རང་བཞིན་ནི། །སྤྱི་ཡི་མཆེད་དེ་ཕ་ཚན་བཞིན། །སངས་རྒྱས་ཆོས་ཞུགས་རིང་བ་དང་། །ལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཕ་གཅིག་དམ་ཚིག་ནང་འདྲེས་པ། ཞེས་སོ། །དེ་དག་ལ་བྱམས་པ་བྱ་ལུགས་ནི། སྙིང་པོ་བྱང་ཆུབ་ཀྱི་བར་དུ་མི་འབྲལ་བར་བྱ་བའི་བསམ་པས་རྟག་པར་བརྩེ་ཞིང་གདུང་བར་བྱ་བ་སྟེ། རྔམ་གློག་ལས། རྡོ་རྗེ་སྤུན་ལ་གདུང་སེམས་ཀྱང་། །འདྲེས་དང་མ་འདྲེས་ཡོངས་ཀྱི་སྤུན། །ཡང་དག་ལམ་དུ་ཞུགས་པ་ལ། །རྔན་དང་བཅས་པའི་སེམས་ཙམ་ཡང་། །རྟག་ཏུ་སྤང་བར་བྱ་བ་ཡིན། །བརྩེ་ཞིང་གདུང་བའི་ཤུགས་ཕྱུང་ལ། །གཅིག་ལ་གཅིག་ནི་མིག་བཞིན་བལྟ། །ཞེས་སོ། །ལྔ་པ་གསང་སྒྲོགས་ལ། ཡུལ་ནི་ཕྲ་རྒྱས་ལས། དམ་ཉམས་དམ་ལས་ལོག་པ་དང་། །དམ་མེད་དཀྱིལ་འཁོར་མ་མཐོང་དང་། །འདྲེས་དང་མ་འདྲེས་ཐམས་ཅད་ལ། །ཞེས་སོ། །དེ་དག་ལ་གསང་བར་བྱ་བ་ནི། དེ་ལས། སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་རྣམ་པ་བཅུ། །ཞེས་སོ། །དེ་ལ་སྤྱིར་གསང་བཞི་ནི། གསལ་བཀྲ་ལས། ལྟ་ཟབ་སྤྱོད་པ་བརླང་པོ་དང་། །ལྷ་མིང་གཟུངས་དང་གྲུབ་རྟགས་རྣམས། །ཞེས་པས་ལྟ་ཟབ་ནི། ཐེག་དམན་སོགས་བློ་དམན་རྣམས་དང་། །སྤྱོད་པ་ནི་མ་འདྲེས་པ་ལ་གསང་ངོ་། །ཡི་དམ་གྱི་ལྷ་དང་སྔགས་དང་གྲུབ་རྟགས་གསུམ་ནི་མ་འདྲེས་པ་ལ་བསྟན་ན་དམ་ཚིག་ཉམས་ལ། འདྲེས་པ་ལ་བསྟན་ནའང་དངོས་གྲུབ་ཉམས་པར་གསུངས་པས་ཐམས་ཅད་དུ་གསང་བར་བྱའོ། །བར་གསང་བཞི་ནི། དེ་ལས། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་ལ་བསྒྲུབ་པར་བྱ། །ཞེས་པས། སྒྲུབ་པ་བྱེད་པའི་བར་དེ་སྲིད་དུ་ཁྱད་པར་དུ་གསང་བར་བྱ་བའོ། །གསང་བར་འོས་པ་ནི། མཆོད་རྫས་དང་གསང་བའི་སྤྱོད་པ་དང་མཆེད་ཀྱི་ངན་སྤྱོད་ལ་སོགས་པ་མཐོང་བ་དང་ཐོས་སུ་མི་རུང་རྣམས་སོ། །གཉེར་གཏད་པ་ནི། བླ་མ་དང་མཆེད་ཀྱིས་འདི་དང་འདི་གསང་བར་གྱིས་ཤིག་ཅེས་གདམས་པ་རྣམས་སོ། །དེ་དག་ནི་ཆོས་ལ་སྐྱོན་ཡོད་པས་གསང་དགོས་པ་མ་ཡིན་ཏེ། དེ་ལས། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་རབ་ཏུ་གསང་། །གསང་ཐུབ་དངོས་གྲུབ་མི་ཡལ་བས། །གསང་ཕྱིར་བརྡ་དག་སྣ་ཚོགས་གསུངས། །ཞེས་སོ། །དེ་ལྟར་ལྔ་པོ་དེ་ནི་ལམ་དང་འབྲས་བུའི་གཞིར་གྱུར་པས་ན་རྩ་བའི་དམ་ཚིག་ཅེས་བྱའོ། །དེ་དག་རྩ་བ་གསུམ་དུ་བསྡུ་ན། བླ་མ་དང་མཆེད་ལ་བསྲུང་བ་གཉིས་སྐུའི་དམ་ཚིག །སྔགས་རྒྱ་གསུང་གི་དམ་ཚིག །བྱང་སེམས་དང་གསང་བཅུ་ཐུགས་ཀྱི་དམ་ཚིག་གོ། །ཡང་གཉིས་སུ་བསྡུ་ན། བླ་མ་བཀུར་བ། མཆེད་ལ་བྱམས་པ། གསང་བ་མི་སྨྲ་བ་གསུམ་བསྲུང་བའི་དམ་ཚིག །བྱང་སེམས་དང་སྔགས་རྒྱ་གཉིས་སྒྲུབ་པའི་དམ་ཚིག་གོ། །འགའ་ཞིག །སྐུ་གསུང་ཐུགས་ཀྱི་བགྲང་ཚུལ་གཞན་སྔར་ལྟར་ལས་བླ་མེད་མི་སྤང་བཟུར་དུ་བགྲངས་ཏེ་རྩ་བ་བཞིར་འདོད་ནའང་། ཁོ་བོ་ནི་བླ་མེད་མི་སྤང་བ་ཐུགས་སུ་བསྡུས་ན་ལེགས་པར་མངོན་ཏེ། བདེ་འདུས་ཞི་བའི་རྒྱུད་ལས། བྱང་ཆུབ་སེམས་གསུམ་བསྒོམ་པ་ནི། །རྡོ་རྗེ་ཐུགས་ཀྱི་དམ་ཚིག་གོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ཡན་ལག་གི་དམ་ཚིག་ལ། མི་སྤང་བ་ལྔ་དང་། མི་འདོར་བ་ལྔའོ། །དང་པོ་ནི། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །ཞེས་པའི་སྐབས་སུ། གསལ་བཀྲ་ལས། མི་སྤང་དམ་ཚིག་བཤད་བྱ་བ། །ཡང་དག་དུག་ལྔ་ལོག་དུག་ལྔ། །ཞེས་པས་སྤྱིར་ཡང་དག་པའི་དུག་ལྔ་དང་། ལོག་པའི་དུག་ལྔ་གཉིས། དང་པོ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་དུས་ན། ལྟ་བས་ཕྱོགས་རིས་དང་སྤྱོད་པས་བླང་དང་དོར་བྱའི་ཆོས་འབྱེད་པ་མེད་པ་ནི་གཏི་མུག །དེ་ལྟར་མ་རྟོགས་པའི་འགྲོ་ལ་ཐུགས་རྗེས་ཆགས་པ་ནི་འདོད་ཆགས། རང་བྱུང་གི་ཡེ་ཤེས་ཀྱིས་ལོག་ལྟ་འཇོམས་པའི་ཞེ་སྡང་། མཉམ་ཉིད་རྟོགས་པའི་ལྟ་བ་གཤོངས་སུ་མི་འབེབས་པའི་ང་རྒྱལ། གཉིས་འཛིན་ཅན་གྱི་ལྟ་སྤྱོད་མཉམ་ཉིད་ཀྱི་ཀློང་དུ་མི་ཤོང་བའི་ཕྲག་དོག་རྣམས་ནི་བདག་གཞན་ཆོས་གསུམ་གྱི་དོན་གྱི་ཕྱིར་མི་སྤང་ངོ་། །གཉིས་པ་ནི། ཉོན་མོངས་པ་ལྔ་མི་སྤོང་བར་བཤད་པ་དེ་དག །གསང་བ་ཡིན་ནམ་བསྒྲག་པ་ཡིན་ཞེ་ན། །སྣོད་མིན་ལ་གསང་ཞིང་། སྣོད་ལྡན་ལ་བསྒྲག་གོ། །དྲང་དོན་ཡིན་ནམ་ངེས་དོན་ཡིན་ཟེར་ན། །ཉོན་མོངས་པ་མི་སྤང་བ་དྲང་དོན་དུ་བསྟན་པ་ལ་དགོས་པ་མེད་པའི་ཕྱིར། འདིར་བློ་ཆེན་མཉམ་པའང་ལྟ་བས་ཟིན་པ་ལ་ངེས་དོན་དུ་བསྟན་ནོ། །ཅིའི་ཕྱིར་མི་སྤོང་ཞེ་ན། །ལོག་པའི་དུག་ལྔ་ཆོས་ཅན་སྤང་བྱ་མ་ཡིན་ཏེ། སྤང་བྱའི་རྫས་མ་གྲུབ་པའི་ཕྱིར་དང་། ཐབས་ལ་མཁས་པའི་ལམ་ཡིན་པའི་ཕྱིར་དང་། རང་བཞིན་ཆེན་པོ་ཡིན་པའི་ཕྱིར་རོ། །དང་པོ་ནི། ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པའི་ཕྱིར་སྤང་མི་དགོས་ཏེ། སྨིག་རྒྱུ་ལ་ཆུ་རགས་མི་དགོས་པ་བཞིན་ནོ། །དེ་ལྟར་ཡང་རྡོ་རྗེ་ལས། ཉོན་མོངས་རྣམས་ནི་སྒྱུ་འདྲ་ངོ་བོས་སྟོང་། །ཞེས་དང་། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །འདོད་ཆགས་མེད་ཅིང་ཞེ་སྡང་མེད། །ང་རྒྱལ་དང་ནི་ཕྲག་དོག་ཀུན། །སྒྱུ་འདྲ་ངོ་བོ་ཉིད་མེད་དེ། །ཡོད་མེད་མི་དམིགས་རྟེན་དང་བྲལ། །ཞེས་སོ། །གཉིས་པ་ནི། ཐབས་ཀྱིས་ཟིན་ན་ཉོན་མོངས་པ་སྤྱད་ཀྱང་མི་འཆིང་བར་རྣམ་པར་གྲོལ་བའི་ལམ་དུའགྱུར་་བའི་ཕྱིར། མི་སྤང་སྟེ། དུག་གི་སྨན་མར་གྱིས་དུག་ནད་འཇོམས་པ་བཞིན་ནོ། །དེ་ཡང་རྒྱ་མཚོ་ལས། ཉོན་མོངས་ལམ་ནི་དག་པ་ཆེ། །ཐབས་ཀྱི་འདོད་ཡོན་རྒྱན་གྱི་མཆོག །ཐམས་ཅད་ཐམས་ཅད་རོལ་པ་ཡིས། །མྱུར་དུ་ཧེ་རུ་ཀ་དཔལ་འགྱུར། །ཞེས་དང་། ཐེག་བསྡུས་ལས། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་སོ། །གསུམ་པ་ནི། ཉོན་མོངས་ལྔ་ཉིད་དོན་ཡེ་ཤེས་ལྔ་ཡིན་ལ། རྟགས་རྒྱལ་བ་རིགས་ལྔ་ཡིན་པའི་ཕྱིར། མི་སྤང་སྟེ། ཉོན་མོངས་པ་ལས་རྫས་གཞན་དུ་སྐུ་དང་ཡེ་ཤེས་མ་གྲུབ་པའི་ཕྱིར། བྱས་པ་དང་མི་རྟག་པ་བཞིན་ནོ། །དེ་ལྟར་ཡང་དམ་ཚིག་ཉེར་བརྒྱད་པ་ལས། ཕྲག་དོག་ལ་སོགས་ཉོན་མོངས་ལྔ་རྣམས་ནི། །ཡེ་ནས་རིགས་ལྔའི་རང་བཞིན་ཡིན་པའི་ཕྱིར། །ཞེས་སོ། །ཡང་མི་སྤོང་བའི་དགོས་པ་གང་ཞེ་ན། །ཉོན་མོངས་པ་དུག་ལྔ་ཆོས་ཅན། སྤང་བར་མི་བྱ་སྟེ། དགོས་པ་གསུམ་དང་ལྡན་པའི་ཕྱིར། །དེའང་དངོས་ཞེན་བཟློག་པའི་དགོས་པ་ཡོད་དེ། སྔོན་ཁྱིམ་བདག་མེས་ཉེན་པ་ཞིག་མེ་ནི་བསྲེག་པ་ཁོ་ནའོ་སྙམ་པ་ལ། ཕྱིས་དྲང་སྲོང་མེའི་གཙང་སྦྲ་ཅན་དང་རི་དྭགས་མེ་བྱི་ལའི་སྤྱོད་པ་མཐོང་བས་མེ་ཚ་བ་ཕྱོགས་གཅིག་པའི་མངོན་ཞེན་ལོག་པ་ལྟར་ཐེག་པ་འོག་མ་བས་དུག་ལྔ་འཁོར་བའི་རྒྱུ་ཁོ་ནར་འཛིན་པའི་མངོན་ཞེན་བཟློག་པའི་ཕྱིར་རོ། །གཉིས་པ་བཀའ་ཟབ་མོ་ལ་གུས་པ་སྐྱེ་བའི་དགོས་པ་ཡོད་དེ། ཐེག་པ་འོག་མས་ཉོན་མོངས་པ་ལ་སྐྱོན་དུ་བལྟས་ཏེ་སྤང་འགེག་སྦྱོང་སྒྱུར་བྱེད་ལ། འདིར་སྤྱད་པས་གྲོལ་བ་ནི་ངོ་མཚར་རོ་སྙམ་དུ་བཀའ་ཟབ་མོ་ལ་ཡིད་ཆེས་ཀྱི་གུས་པ་སྐྱེ་བའོ། །གསུམ་པ་ཆོས་ཉིད་ཟབ་མོ་ལ་རྟོགས་པའི་བློ་མྱུར་བའི་དགོས་པ་ཡོད་དེ། ཉོན་མོངས་པ་ཆོས་ཉིད་དང་དབྱེར་མེད་དུ་རྟོགས་པས་ལམ་འབྲས་གཞན་ནས་བཙལ་མི་དགོས་པར་ཐག་ཆོད་པའི་ཕྱིར་རོ། །མདོར་ན་གཉེན་པོས་སྤངས་པ་དང་རང་ག་མར་སྤྱད་པ་གཉིས་ཀ་ཉེས་པ་ལས་མི་འདའ་སྟེ། ཞེ་སྡང་སོགས་ཉོན་མོངས་པ་རྣམས་གཉེན་པོ་བྱམས་པ་སོགས་ཀྱིས་སྤངས་ན་རྒྱུའི་ཐེག་པར་གྲོལ་ཞིང་། རྩ་བ་ནས་འབྱིན་མི་ནུས་པའི་སྐྱོན་ཡང་ཡོད་ལ། གལ་ཏེ་ཐབས་ཀྱིས་མ་ཟིན་པ་རང་གར་སྤྱད་ན་རྒྱུད་ལྔར་ལྟུང་བའི་ཕྱིར་ཏེ། ལམ་རིམ་ལས། དེ་བས་མཉམ་ཉིད་མ་རྟོགས་པར། །དུག་ལྔ་འཇོལ་སྤྱོད་རྒྱུད་ལྔར་འཁོར། །ཞེས་སོ། །དེ་བས་ན་ལྟ་སྒོམ་གྱི་གདེང་དང་ལྡན་པས་ཉོན་མོངས་པ་སྤྱད་ཀྱང་མི་འཆིང་བ་རྨ་བྱ་དུག་གིས་འཚོ་བ་ལྟ་བུའི་རྣལ་འབྱོར་པས། ཉོན་མོངས་པ་སྐམས་ཀྱིས་སྐྱེས་པའི་དུས་ན་སྐྱེ་བོ་ཐ་མལ་པ་ལྟར་དེའི་དབང་དུ་མི་གཏོང་། ཐེག་པ་འོག་མ་ལྟར་སྤང་འགེག་སྦྱང་བསྒྱུར་མི་བྱེད་པར་ཉ་ལམ་དུ་ཆུ་བདེ་བ་ལྟར་ལམ་དུ་བྱེད་དགོས་པའི་ཕྱིར། མི་སྤང་བའི་རྒྱུ་མཚན་འཐད་པ་དང་བཅས་པའོ། །གཉིས་པ་ནི། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་པས་དམ་རྫས་ལྔ་པོ་ནི། ཆོས་ཉིད་རང་བཞིན་དང་། རང་གི་ངོ་བོ་དང་། མཐུ་དང་། བྱིན་གྱིས་རླབས་ཀྱིས་གྲུབ་པའི་རྫས་ཁྱད་པར་ཅན་ཡིན་པའི་ཕྱིར་དོར་བར་མི་བྱའོ། །དེ་ལ་མི་དོར་བའི་རྒྱུ་མཚན་བཞི་སྟེ། ཡེ་ནས་བླང་དོར་མེད་པའི་ཆོས་ཉིད་ཀྱི་རོལ་པ་ཡིན་པའི་ཕྱིར་ཡང་མི་དོར་ཏེ། ལེ་ལག་ལས། བདུད་རྩི་ཡེ་ནས་དག་པའི་ཆོས། །བླང་དོར་མེད་པར་ཀུན་ལས་འདས། །ཡེ་བསྲུངས་ཆེན་པོའི་དམ་ཚིག་ཏུ། །མཁས་པས་དང་དུ་བླང་བར་བྱ། །ཞེས་སོ། །རིགས་ལྔ་ཡེ་ཤེས་ལྔའི་ངོ་བོ་ཡིན་པས་ཀྱང་མི་དོར་ཏེ། ཐལ་བ་ལས། བདུད་རྩི་བྱང་སེམས་རྡོ་རྗེའི་རིགས་མེ་ལོང་ཡེ་ཤེས། དེ་བཞིན་དུ་དྲི་ཆེན་པོ་དེ་བཞིན་གཤེགས་པའི་ཆོས་དབྱིངས། ཤ་རིན་ཆེན་མཉམ་ཉིད། རཀྟ་པདྨ་སོར་རྟོག །དྲི་ཆུ་ལས་རིགས་བྱ་གྲུབ་བོ། །ལྔ་ནི་རིགས་ལྔའི་དངོས། །དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས། །ཞེས་སོ། །ནད་ལྔ་སེལ་བའི་ཕྱིར་ཡང་མི་སྤང་སྟེ། བྱང་སེམས་དཀར་༡དམར་༢དྲི་ཆེ་༣ཆུང་༤ཤ་ཆེན་༥རྣམས་ཀྱིས་རིམ་བཞིན་༡ཚ་༢གྲང་དུག་ནག་༣གག་པ་༤མཛེ་ནད་༥རྣམས་སེལ་བའི་ཕྱིར། རང་བཞིན་གྱི་མཐུ་ལྔ་ཡོད་པའི་ཕྱིར་ཡང་མི་སྤང་སྟེ། སྔར་གྱི་རིམ་པས། མི་བརྗེད་པའི་གཟུངས་༡དང་། བཀྲག་གསལ་༢བ་དང་། ཚེ་རིང་བ་༣དང་། སྐད་སྙན་པ་༤དང་། མཐུ་ཆེ་བའི་༥ཡོན་ཏན་རྣམས་འཐོབ་པའི་ཕྱིར་རོ། །གཉིས་པ་ལ། དོན་དང་། རྣམ་གྲངས་སྤྲོས་པའོ། །དང་པོ་ནི། རྒྱས་པའི་ལེའུ་དོན་གཉིས་པར། སྤོང་བ་རྡོ་རྗེ་ཞེས་བྱ་བའི་དམ་ཚིག །ཅེས་པ་ནས། ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཞེས་བྱ་བའི་བར་དམ་ཚིག་དགུ་བཅུ་རྩ་བདུན་གསུངས་ཏེ། ཕལ་ཆེར་ཤེས་པར་བྱ་བའི་དམ་ཚིག་སྟོན་པ་ལས། དེའང་མ་ཧཱ་ཡོ་གའི་གཞུང་གིས་ཤེས་བྱ་ཐམས་ཅད་ལ་ཇི་ལྟར་བལྟ་བ་རྣམས་དམ་ཚིག་རང་རང་གི་མིང་སོ་སོའི་སྒོ་ནས་དེ་ལྟར་ཤེས་པར་བྱ་བར་སྟོན་པའོ། །གཉིས་པ་ལ། སུམ་བརྒྱ་དྲུག་ཅུར་དང་། མཐའ་ཡས་པས་སྤྲོས་པའོ། །དང་པོ་ནི། ཕྲ་རྒྱས་ལས། ཕྱི་མ་རྩ་བ་ཡན་ལག་ལ། །ལྔ་བཅུ་བརྒྱ་དང་དྲུག་ཅུ་དང་། །ཉིས་བརྒྱའི་བསྲུང་བྱ་མ་ལུས་པ། །བཀའ་ལུང་གཉིས་ཀྱི་རྗེས་སུ་བསྙེག །ཅེས་པས་རྩ་བ་ལ་བརྒྱ་དྲུག་ཅུ་དང་། །ཡན་ལག་ལ་ཉིས་བརྒྱར་དབྱེ་བ་ལས། དང་པོ་ནི། རྩ་བ་ལྔ་པོ་རེ་རེ་ལ་ཐབས་ཤེས་གཉིས་གཉིས་སུ་ཕྱེ་བས་བཅུ་དང་། སུམ་ཅུ་རེར་ཕྱེ་བས་བརྒྱ་ལྔ་བཅུ་སྟེ། བསྡོམས་པས་བརྒྱ་དང་དྲུག་ཅུར་འགྱུར་རོ། །དེ་ལྟར་ཡང་། རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། །ཞེས་དང་། ཕྲ་རྒྱས་ལས། པཉྩའི་ཉིང་ལག་ཅེས་པ་ཡང་། །དང་པོ་ཉིད་ནས་ཐབས་སྤྱོད་དང་། །ཤེས་རབ་ཉིད་ཀྱིས་ཉིས་འགྱུར་ཡིན། །རེ་རེའང་བསྲུང་བྱ་སུམ་ཅུ་སྟེ། །ཞེས་སོ། །དེའང་བླ་མེད་མི་སྤང་བ་ལ་སུམ་ཅུར་དབྱེ་བ་ནི། དེ་ལས། བྱང་ཆུབ་སེམས་ནི་བླ་མེད་ལྷ། །ཞི་ཁྲོའི་ཡན་ལག་ལྷག་པའི། ལྷ་དགུ་ཉིད་དང་བཅུ། །བཅུ་སྟེ། བཅུ་ཚན་གཉིས་ལ་ཉི་ཤུ་བསམ་ལས་མི་འདའ་ཞིང་། །བྱམས་སྙིང་དགའ་བཏང་ཐུན་མོང་མཆོག་རྟོག་པ་ལྷ་རྒྱུད་ནས་གསུངས་པའི་གདུག་ཅན་རྗེས་སུ་འཛིན་པའི་བྱམས་པ་ལ་སོགས། གི་ཚད་མེད་བརྒྱད། །བདེན་གཉིས་དོན་ཀུན་བྱང་ཆུབ་རྣམ་པ་བཅུ། །བླ་མེད་གསལ་བས་ཉམས་མི་བྱ། །ཞེས་སོ། །བླ་མ་བཀུར་བ་ལའང་སྒོ་གསུམ་གྱི་བཅུ་བཅུ་སྟེ་སུམ་ཅུའོ། །དེ་ལྟར་ཡང་། ལུས་ཀྱི་སྒོ་ནས་བསྲུང་བ་ཉིད་བརྡེག་པ་སོགས། །ཐིང་སླད་ཙམ་དུ་དུའང་བྱ་བ་༡མིན། །འདོད་ཡོན་ལྔའི་མཆོད་པ་དང་༢། །གསང་ཡུམ་ལ། བའི་སྣོད་དུ་དུག་མི་སྤྱོད༣། །འགྲོ་བ་དྲང་པོའི་ཕྱོགས་སྤང་དང་༤། །གདན་ས་གདན་སོགས་མི་བརླམ་དང་༥། །དུས་མ་ཡིན་པར་དྲུང་དུ་འགྲེང་འདུག་༦ངན་སྤྱན་སྔར་བཤང་འདོར་སོགས། སྤྱོད་ལ་༧སོགས་སྤང་། །རྒྱན་སོགས་ཟི་ལྡིར་དེ་བཞིན་ཏེ༨། །མ་རབས་སྤྱོད་པ་ཀུན་སྤངས་ལ་༩། །སྤྱོད་ལམ་ཟོན་ཆགས་བསྟི་གནས་བྱ༡༠། །ངག་གི་སྒོ་ནས་རྫུན་༡དང་ཕྲ་མ་༢ཚིག་རྩུབ་༣དང་། །འཁྱལ་པ་༤ནམ་ཡང་མི་བྱ་སྟེ། །བེ་ཕོགས་མ་ཡིན་རྡབས་སྐད་༦དོར། །ལྐོག་ཏུ་སྐྱོན་ཚུལ་བརྗོད་ཉམས་པར་འགྱུར༧། །ཡོན་ཏན་༨ བརྗོད་ཅིང་སྙན་པར་སྨྲ༩། །ཅ་ཅོ་ལ་སོགས་མ་ཡིན་པས༡༠། །སངས་རྒྱས་རྡོ་རྗེའི་གསུང་ཐོབ་འགྱུར། །དམ་ཡིད་ཀྱི་སྒོ་ནས་པ་སྟོན་པའི་བླ་མ་ལ། །བླ་མའི་རྫས་དང་ཡུམ་ལ་ཆགས་༡སྡང་༢བླ་མ་འཁོར་བཅས་ལ་གཏི་མུག་༣ཡོན་ཏན་ལ་རྨོངས་པའི་ང་རྒྱལ་༤དང་། །རང་ཆེ། ཕྲག་དོག་༥བླ་མའི་ཕུན་ཚོགས་ལ། དུག་ལྔའི་སེམས་མི་བྱ། །ངན་དུ་མི་སེམས་༦གསུང་ལྕི་བ་ར་བ སམ་པ་དང་༧། །ཕ་མ་༨དང་ཡི་དམ་འདྲ་བར་བསམ༩། །རྟག་ཏུ་གདུང་བ་རྒྱུན་མི་གཅད༡༠། །ཅེས་སོ། །སྔགས་ཕྱག་ལའང་སུམ་ཅུ་སྟེ། དེ་ལས། །ཞི་ཁྲོའི་ལྷ་རེ་རེ་ལ་ཕྱག་རྒྱ་བདུན་རེ་སྟེ། གཉིས་ལ་བཅུ་བཞི་དང་། །ཕྱོགས་༡མཚམས་བཅིང་རྟེན་འོག་གཞི་དང་༢གཞལ་ཡས་ཁང་བའི་སྔགས༣། །རྩ་༤བསྐྱེད་༥ལས་བསྙེན་པ་རྣམ་བཞི་ཡི་སྔགས། །རེ་གྲངས་༦༧༨༩བས་དགུ། དབང་བསྐུར་༡༠བྱིན་བསྡུ་༡༡གསང་སྔགས་དང་། །སྤྱན་དྲང་༡༢བསྟིམ་༡༣བརྟན་༡༤ཕྱག༡༥འཚལ་མཆོད༡༦། །ཅེས་སོ། །མཆེད་ལ་བྱམས་པ་ལའང་སུམ་ཅུ་སྟེ། དེ་ལས། ལུས་ཀྱི་སྒོ་ནས་བསྣུན་༡དང་མ་༢བྱིན་བླང་མི་བྱ། །ཟླ་ཟེར་མ་ཡིན་མཆེད་ཀྱིས་མ་གནང་བའི་གཟུངས་མི་༣སྤྱད། །ལྟ་སྤྱོད་མཐོ་བའི་གོང་མི་གཅོད༤། །དབང་༥ཐོབ་པ་དང་དམ་ཚིག་༦ཐོབ་པ་སྔ་བ་དག་རྫོགས་པ་གོང་དུ་བཀུར། དེ་བཞིན་ནོ། །ཀུན་ཏུ་ཡངས་བག་ཟོན་འཕྲིག་ཅན༧། །བཀུར་༨སྟིས་བྱ་བ་དང་མཆོད་༩པ་བྱེད་པ་དང་དགའ་བར་སྤྱོད་༡༠། །ངག་གིས་རྫུན་སོགས་རྣམ་བཞི་སྤང་བ་དང་༤། །གསང་བྱ་མི་སྨྲ་༥ངན་པའི་ཚུལ་མི་བརྗོད༦། །སྙན་༧སྨྲ་ཞེ་ས་༨གསོང་པོར་སྨྲ༩། །བདེན་ཅི་སྨྲའང་། ཚིག་སྲི་ཞུས་སྨྲ་བྱེད་༡༠པའོ། །ཡིད་ཀྱིས་སེམས་ཀྱིས་སྔོན་བཞིན་དུག་ལྔ་དོར༥། །རྔན་༦སེམས་དང་དཔྱེ་སེམས་༧སྤང་བ་དང་། །མིག་༨འདྲར་བལྟ་ཞིང་གདུང་༩བར་བྱ། །གནོད་སེམས་སྤང་༡༠དང་རྣམ་བཅུའོ། །ཞེས་སོ། །གསང་བ་མི་བསྟན་པ་ལའང་སུམ་ཅུ་སྟེ། དེ་ལས། གསང་བའི་ཕྱིར་ན་མི་སྨྲ་བ། །སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་རྣམ་པ་བཅུ། །སེམས་ཀྱིས་བསྟན་པར་མི་བསམ་ཞིང་། །ངག་གིས་བརྗོད་པར་ཡོངས་མི་བྱ། །ལུས་བརྡས་བསྟན་མིན་སུམ་ཅུའོ། །ཞེས་སོ། །གཉིས་པ་ནི། ཡན་ལག་གི་དམ་ཚིག་བཅུ་པོ་རེ་རེ་ལའང་ཉི་ཤུ་ཉི་ཤུར་ཕྱེ་བས་ཉིས་བརྒྱ་སྟེ། ཡན་ལག་དམ་ཚིག་ལྔ་གཉིས་ལ། །གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། །ཞེས་སོ། །དེ་ལ་མི་སྤང་བའི་དམ་ཚིག་ལ་བརྒྱར་དབྱེ་བ་ནི། ཞིང་བཅུ་ཐབས་ཀྱི་མཛད་སྤྱོད་ཀྱིས་དངོས་སུ་བསྒྲལ་བ་བཅུ་དང་ཤེས་རབ་རང་བཞིན་མེད་པར་ཤེས་པས་སྐྱེ་མེད་དུ་སྒྲོལ་བ་བཅུ་སྟེ་ཞེ་སྡང་ཉི་ཤུ། དེ་བཞིན་དུ་ཡན་ལག་གི་དམ་ཚིག་བཅུ་ལ། ཐབས་ཀྱིས་མི་འབྱེད་པར་སྤྱོད་པ་དང་ཤེས་རབ་ཀྱིས་མི་ཕྱེད་པ་སྟེ་གཏི་མུག་ཉི་ཤུ། དེ་ཡང་རྟོགས་པས་གདེང་དུ་གྱུར་པ་ནི་ང་རྒྱལ་ཉི་ཤུ། ཞིང་བཅུ་ཐུགས་རྗེས་མི་གཏོང་བ་བཅུ་དང་རིགས་ལྔའི་ཡུམ་ལ་ཐབས་ཀྱིས་རོལ་པ་ལྔ་དང་། ཏིང་ངེ་འཛིན་གྱི། ཐབས་ཆེན་གྱི། དབང་པོ་ཡུལ་གྱི། རང་བཞིན་གྱི། ཤེས་རབ་ཆོས་ཀྱི་དབྱིངས་སུ་སྦྱོར་བ་ལྔ་སྟེ་འདོད་ཆགས་ཉི་ཤུ། མ་རྟོགས་ལོག་རྟོག་བཞི་དང་མཚན་ཉིད་སྡེ་གསུམ་ཕྱི་རྒྱུད་སྡེ་གསུམ་སྟེ་བཅུ་པོའི་ལྟ་སྤྱོད་ཐབས་ཀྱི་སྤྱོད་པའི་ཀློང་དུ་མི་ཆུད་པ་བཅུ་དང་ཤེས་རབ་ལྟ་བའི་སྒོར་མི་ཆུད་པ་བཅུ་སྟེ་ཉི་ཤུའོ། །དེ་དག་ཀྱང་ཕྲ་རྒྱས་ལས། མི་སྤང་ལྔ་ལ་བཅུ་གཉིས་ཏེ། །ཞིང་བཅུ་ཐབས་ཀྱིས་མཛད་པས་འཇོམས། །ཤེས་རབ་རང་བཞིན་མེད་པར་སྒྲོལ། །ཞེས་སོགས་གསུངས་སོ། །དང་དུ་བླང་བའི་དམ་ཚིག་བདུད་རྩི་ལྔ་རེ་རེ་ལའང་། མངོན་པ་ཕྱིའི་བཞི་དང་། སྦས་པ་ནང་གི་བཞི་སྟེ་རྩ་བ་བརྒྱད་བརྒྱད་དང་། དྭངས་སྙིགས་གཉིས་གཉིས་ཏེ་འགྲོ་བ་སྤྱིའི་དམ་རྫས་ལྔ་བཅུ་དང་། དེ་སྟེང་དུ་བྱེ་བྲག་ཞིང་བཅུའི་བདུད་རྩི་ལའང་དེ་བཞིན་སྦྱར་བས་ལྔ་བཅུ་སྟེ་བརྒྱའོ། །དེ་ལྟར་ན་རྩ་བའི་དམ་ཚིག་བརྒྱ་དྲུག་ཅུ་དང་ཡན་ལག་གི་ཉིས་བརྒྱ་སྟེ་སུམ་བརྒྱ་དྲུག་ཅུའོ། །གཉིས་པ་ནི། སེམས་ཅན་གྱི་རྟོག་ཚོགས་ཇི་སྙེད་པའི་གཉེན་པོར་དམ་ཚིག་ཀྱང་དེ་སྙེད་དུ་སྤྲོས་པའི་ཕྱིར་བརྗོད་ཀྱིས་མི་ལང་སྟེ། འཇིག་རྟེན་དྲུག་གི་ཞེས་སོགས་སྲིད་གསུམ་རྟོག་འདུལ་གསུངས་པའི་ཕྱིར། གསུམ་པ་ནི། དགོངས་འདུས་ལས། ཀུན་ཏུ་ཉམས་པ་ཆེན་པོ་དང་། །རྩ་བ་ཉམས་དང་ཡན་ལག་ཉམས། །དེ་བཞིན་ཟླས་ཉམས་ཞར་ཉམས་ལྔ། །ཞེས་པ་ལྟར་ཉམས་ན། དེ་ཉིད་བསྐང་བས་རྫོགས་པར་འགྱུར་བའི་ཕྱིར། འོག་མ་པ་དག་ལས་འཕགས་སོ། །དེའང་ཉན་ཐོས་པ་ནི་ཕམ་པ་འཆབ་བཅས་བྱུང་ན་གསོར་མི་རུང་བས་རྫ་བེའུ་ཆག་པ་དང་འདྲ་ལ། བྱང་སེམས་ནི་གསེར་དངུལ་གྱི་སྣོད་ཆག་པ་ལ་མགར་བས་སྣོད་བྱར་རུང་བ་ལྟར་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཉམས་པ་གསོར་རུང་བར་བཞེད་དོ། །འདིར་ནི་གསེར་སྣོད་ཞོམ་པ། རང་གི་རྩོལ་བས་སྲོང་ཐུབ་པ་ལྟར་གཞན་ལ་མ་བརྟེན་པར་རང་སྟོབས་ཀྱིས་གསོར་རུང་སྟེ། དེའི་ཚུལ་ཡང་། སྔ་མ་ལས། གང་དེ་བསྐང་བར་བྱ་བ་ཡང་། །ལས་དང་རྫས་དང་འདུན་པ་དང་། །ཏིང་ངེ་འཛིན་དང་དེ་ཉིད་དོ། །ཞེས་གསུངས་པ་བཞིན་ནོ། །ལྔ་པ་ཉམས་པའི་སྐྱོན་ལ། རྩ་བ་དང་། ཡན་ལག་དང་། ཉམས་པ་དང་འགྲོགས་པའི་སྐྱོན་ནོ། །དང་པོ་ནི། འདི་ཉིད་ལས། རྩ་བའི་དམ་ཚིག་ཉམས་གྱུར་ན། །བསྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཞེས་སོ། །གཉིས་པ་ནི། ཡན་ལག་དམ་ཚིག་ཉམས་གྱུར་ན། །འབྲས་བུ་མེད་ཅིང་ངན་སོང་ལྟུང་། །ཞེས་སོ། །གསུམ་པ་ནི། རྩ་བ་ཉམས་པའི་ཕྱལ་བ་དག །ཅེས་སོགས་དང་། ཀུན་འདུས་ལས་ཀྱང་། ཇི་ལྟར་འོ་མ་རུལ་བ་དག །རུལ་བས་འོ་མ་ཀུན་རུལ་ལྟར། །རྣལ་འབྱོར་ཉམས་གྱུར་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུངས་བྱེད། །ཅེས་སོ། །དྲུག་པ་ཡོན་ཏན་ནི། རྒྱལ་བའི་རིག་པ་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབ། །བདེ་གཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་སོ། །དེའི་ཕྱིར་དྲན་དང་ཤེས་བཞིན་བག་ཡོད་ཀྱི་སྒོ་ནས་བསྲུང་བ་ལ་འབད་པར་བྱ་དགོས་ཏེ། སྡོམ་འབྱུང་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་སླ། །འཆི་བའི་དུས་ལ་བབ་ཀྱང་སླའི། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་གསུངས་སོ། །དྲུག་པ་རོལ་པ་ཕྲིན་ལས་ལ་དྲུག་ལས། དང་པོ་དགོས་ཆེད་ནི། ཕན་གདགས་པ་དང་། ཚར་གཅོད་པའི་སྒོ་ནས་བདག་གཞན་གྱི་དོན་བསྒྲུབ་པའི་བྱ་བ་སྟེ། ཁོག་གཞུང་ལས། བདག་གཞན་དོན་བསྒྲུབ་ཕྲིན་ལས་ཏེ། །ཞེས་སོ། །དེའང་ཞི་བས་ཕྱི་རུ་ནད་གདོན་དང་། ནང་དུ་མཚན་རྟོག་ཞི་བར་བྱེད། རྒྱས་པས་ཕྱི་རུ་འཁོར་དང་ལོངས་སྤྱོད་ནང་དུ་ཚེ་བསོད་ཉམས་རྟོགས་རྣམས་འཕེལ་ཞིང་རྒྱས་པར་བྱེད། དབང་གིས་ཕྱི་རུ་གང་དབང་དུ་སྡུད་པར་འདོད་པ་དང་། ནང་དུ་རང་སེམས་ལ་དབང་ཐོབ་པར་བྱེད། མངོན་སྤྱོད་ཀྱིས་ཕྱི་རུ་དགྲ་བགེགས་དང་ནང་དུ་ཉོན་མོངས་པ་ཕྲ་རགས་འཇོམས་པར་བྱེད་པའི་ཕྱིར་ཏེ། ཐུགས་ཐིག་ལས། ཟུག་རྔུ་ཕྱི་ནང་ཞི་ཕྱིར་དང་། །སྤེལ་བྱ་གཉིས་པོ་འཕེལ་ཕྱིར་དང་། །དགུག་དབང་བཞི་པོ་བསྡུ་ཕྱིར་དང་། །གདུག་པ་རྣམ་གཉིས་འཇོམས་ཕྱིར་དང་། །ཞེས་སོ། །གཉིས་པ་ངོ་བོ་ནི། གཙོ་བོར་ཡུལ་གཞན་དོན་ལ་དམིགས་པའི་བྱེད་པ་གང་ཞིག །ཚད་མེད་པ་བཞིའི་རྒྱུ་ལས་བྱུང་ཞིང་། ཤེས་རབ་ཆེན་པོས་ཟིན་པའི་ཐབས་མཁས་ཀྱི་ཕྲིན་ལས་ཏེ། ཐུགས་ཐིག་ལས། ཕྱི་རོལ་ཚད་མེད་ཉིད་ལས་བཞི། །ལྷག་པ་གཟུགས་བརྙན་བྱ་ཐབས་གཉིས། །མཆོད་རྟེན་སྒོ་དང་སྦྱིན་སྲེག་སྟེ། །ཞེས་སོ། །གསུམ་པ་སྒྲ་དོན་ནི། ཀརྨ་ཞེས་པའི་སྒྲས་ཕྲིན་ལས་ཏེ། སྒོ་གསུམ་གྱི་བྱ་བའི་མཚན་ཉིད་ཅན་གྱི་བྱེད་པ་པོའི་འདོད་པའོ། །བཞི་པ་རྣམ་གྲངས་ནི། དེ་ལས། དོན་གྱིས་དམིགས་སུ་བཟུང་བའི་ཕྱིར། །རང་བཞིན་ལམ་དང་ཐུགས་རྗེ་ཆེ། །ཞེས་པས། སྤྱིར་གཞི་རང་བཞིན་གྱི། ལམ་ཐབས་ཀྱི། འབྲས་བུ་ཐུགས་རྗེའི་ཕྲིན་ལས་གསུམ་ལས། གཞི་འབྲས་གཉིས་ནི་རྒྱས་པའི་ལེའུ་ང་བཞི་པ་སོགས་ལས་ཤེས་པར་བྱ་ཞིང་། འདིར་ལམ་གྱི་ཕྲིན་ལས་ལ། དོན་བྱ་བའི་ཡུལ། བྱེད་པའི་ཕྲིན་ལས། བྱ་ཐབས་ཀྱི་རྣམ་གྲངས། བྱེད་ཚུལ་གྱི་ཁྱད་པར་རོ། །དང་པོ་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཡིན་ལ། །དེ་ཡང་དམིགས་བསལ་གུད་དུ་དབྱེ་ན། གནོད་སྡིག་ཅན་དང་། དབུལ་ཕོངས་ཅན་དང་། ལོག་ལྟ་ཅན་དང་། གདུག་པ་ཅན་རྣམས་སོ། །གཉིས་པ་ནི། ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པ་དང་ལྔའོ། །གསུམ་པ་ལ། རྣམ་གྲངས་དངོས་དང་། གཙོ་སེམས་གང་གིས་དང་། གཟུངས་མ་གང་ལ་བརྟེན་ཏེ་དང་། གང་ཚེ་བྱ་བའི་དུས་སོ། །དང་པོ་ལ། མེའི་སྒོ་ནས་དང་། རྫས་ཀྱི་སྒོ་ནས་དང་། ལུ་གུ་རྒྱུད་ཀྱི་སྒོ་ནས་དང་། མཆོད་རྟེན་གྱི་སྒོ་ནས་དང་། ཕྱག་རྒྱའི་སྒོ་ནས་བྱ་བ་སྟེ། །ཁོག་གཞུང་ལས། མཆོད་རྟེན་ཕྱག་རྒྱའི་སྒོ་དང་ནི། ཧོམ་བྲོ་གླུ་དང་རྫས་ཀྱིས་བྱ། །ཞེས་པའོ། །དང་པོ་མེའི་སྒོ་ནས་བྱ་བ་ལ། ཕྱི་དང་། ནང་དང་། གསང་བའི་སྦྱིན་སྲེག་གོ། །དང་པོ་ནི། སྦྱིན་སྲེག་གི་རྩ་བ་ལས། གནས་རྫས་ཐབ་ཀྱི་རྣམ་པ་དང་། །གཟུངས་དང་གཙོ་སེམས་བསྒྲུབ་བྱ་དང་། །ཕུར་བུ་ལྷ་དུས་ལས་རིམ་དང་། །ལྷག་མ་བཅུ་གཅིག་ཤེས་པར་བྱ། །ཞེས་དོན་བཅུ་གཅིག་ལས། དང་པོ་གནས་ནི། སྤྱིར་ཞི་རྒྱས་གཉིས་བཀྲ་ཤིས་པའི་གནས་དང་། དབང་དྲག་གཉིས་གཉན་པའི་གནས་སུ་བྱ་ལ། བྱེ་བྲག་ཏུ་རྩ་བར། རི་བོ་འདུས་པའི་རྩེ་དག་དང་། །ཆུ་གླིང་འཇམ་པའི་ས་ཕྱོགས་སུ། །དང་བར་བྱེད་པའི་ལས་རྣམས་བརྩམ། །ནགས་ཚལ་སྨན་ལྗོངས་མེ་ཏོག་ཚལ། །ལྷུན་སྟུག་རི་བོ་རྒྱས་པར་བཤད། །སུམ་མདོ་ཆུ་བོ་འདུས་པ་དང་། །གཞི་མདོ་ཁང་སྟོང་སྡུད་ཅེས་བྱ། །དུར་ཁྲོད་ངན་པའི་ས་ཕྱོགས་སུ། །ལྷག་པར་བརྩམས་ན་ངེས་པར་འགྲུབ། །ཅེས་དང་། འགྲེལ་ཆུང་ལས། ལྗོན་ཤིང་ཅན་དང་ལྕུག་ཕྲན་རྒྱས་པའི་ཚལ། །ཤིང་གཅིག་དྲུང་དང་མེས་ཚིག་ཕྱི་ཡི་གནས། །ཞེས་སོ། །གཉིས་པ་རྫས་ལ་ལྔ་ལས། སྲེག་ཤིང་ནི། རྩ་བ་ལས། རྩེ་མོ་ཞི་བྱེད་ཡལ་ག་རྒྱས། །སྡོང་པོ་དབང་རྩ་མངོན་སྤྱོད་ལའོ། །ཁ་དོག་ལས་ཀྱིས་སྦྱར་བར་བྱ། །ཞེས་སོ། །ཡམ་ཤིང་ནི། ཤུག་པ་ཙནྡན་དཀར་པོ་དང་། །ཨུ་དུམ་བ་ར་འོ་མའི་ཤིང་། །ཞི་རྒྱས་ཡམ་ཤིང་ཤེས་པར་བྱ། །དམར་ལ་དྲི་ཞིམ་ཤིང་རྣམས་དང་། །དུག་ཤིང་ཚེར་མ་ཅན་དག་ལ། །ཚིལ་བྱུག་དབང་དྲག་མེ་སྤར་རོ། །ཞེས་སོ། །ལིངྒའི་རྒྱུ་ནི། བསྒྲུབ་བྱའི་དམ་རྫས་གོས་སོགས་དང་། །ལོངས་སྤྱོད་དེ་བཞིན་ཤེས་པར་བྱ། །དུག་དང་ཚ་བ་ས་གསུམ་དང་། །ཤ་ཆེན་ར་དང་བ་གླང་ཤ །མཆོག་ཏུ་གསོད་པར་བྱེད་པ་ཡིན། །སྒྱུར་བ་དབང་སྟེ་ལིངྒའི་རྫས། །ཞེས་སོ། །གཏོར་མའི་རྫས་ནི། འོ་མ་འབྲས་ཆན་དངུལ་ཕྱེ་དང་། །མེ་ཏོག་དཀར་པོའི་གཏོར་མས་ཞི། །ལྡོང་རོས་གྲོ་ཆན་ཞོ་དང་ཕྲུམ། །མེ་ཏོག་གསེར་ཕྱེ་རྒྱས་པ་ལའོ། །ཟངས་ཕྱེ་བུ་རམ་འབྲས་དམར་ཆན། །རམ་བུ་པདྨ་རཀྟར་སྦྱར། །ཐམས་ཅད་སྡུད་པའི་གཏོར་མ་ཡིན། །དུག་རྣམས་ལྕགས་ཕྱེ་རྡོ་ཕྱེ་དང་། །ར་ཁྱི་ཁྲག་དང་ཤ་ཆེན་དང་། །དུར་སོལ་མུཏྒའི་སྲན་མ་ཆན་རྣམས་ནི། །གསོད་པར་བྱེད་པའི་གཏོར་མ་ཡིན། །ཞེས་སོ། །སྲེག་རྫས་ནི། མར་དཀར་ཏིལ་དཀར་འབྲས་ཆན་དཀར། །མངར་གསུམ་ཙནྡན་དཀར་པོའི་ཤིང་། །ཐམས་ཅད་ཡེ་ཤེས་བདུད་རྩི་སྟེ། །ཐ་མས་ཡེ་ཤེས་མེ་སྐྱེད་དོ། །ཞོ་དང་མར་རྙིང་བུ་རམ་སྦྲང་། །རྒུན་འབྲུམ་སྟར་ག་ཤ་ཆེན་དང་། །དྲི་ཞིམ་གསེར་ཤིང་རྒྱས་པ་ལའོ། །དན་ཏི་ལི་དང་ཤང་ཚེ་དང་། །སྐེ་ཚེ་ཚ་བའི་མར་དག་དང་། །དམར་པོའི་ཤིང་དང་རྩྭ་དག་གིས། །ཐམས་ཅད་འགུགས་པའི་མཆོག་ཏུ་གསུངས། །དུག་དང་ཚིལ་ཆེན་སྐེ་ཚེའི་མར། །སྲན་ཆན་ཁྲག་སྣ་ཚོགས་པ་དང་། །ཚེར་མ་བ་གླང་ཤ་ཡིས་གསོད། །འབྲས་བུའི་དོན་ཕྱིར་ཚོགས་པ་བྱ། །ཞེས་སོ། །གསུམ་པ་ཐབ་ཀྱི་རྣམ་པ་ལ། །དབྱིབས་དང་ཁ་དོག་མཚན་ལྡན་བར། །ཞེས་པས་དབྱིབས་ནི། ཞི་བ་ལ་ཐབ་ཟླུམ་པོའམ། ཡང་ན་འཁོར་ལོའི་དབྱིབས། དེ་བཞིན་དུ་རྒྱས་པ་ལ་གྲུ་བཞིའམ་རིན་པོ་ཆེའི། དབང་ལ་ཟླ་གམ་མམ་པདྨའི། དྲག་པོ་ལ་གྲུ་གསུམ་མམ་ཁྲོ་ཞལ་གྱི་དབྱིབས་ཏེ། ལས་བཞི་ག་ལ་ཐབ་བྱ་ཐབས་གཉིས་གཉིས་སུ་རྒྱས་པའི་ལེའུ་ང་བདུན་པ་སོགས་ཀྱིས་རིམ་པར་སྟོན་པ་ལས། འདིར་འགྲེལ་ཆུང་ལས། ཟླུམ་པོ་གྲུ་བཞི་ཟླ་གམ་གྲུ་གསུམ་དབྱིབས། །ཞེས་པའི་རྗེས་སུ་འབྲངས་ནས་བྱ་ཐབས་སྔ་མ་ལྟར་བྱ་སྟེ། བླ་མ་བརྒྱུད་པའི་ཕྱག་བཞེས་ལས་དེ་ལྟར་བྱུང་བའི་ཕྱིར་རོ། །དེ་ཐམས་ཅད་ཀྱང་རྒྱར་ཁྲུ་གང་དང་དཔངས་སུ་ཁྲུ་ཕྱེད་པ་བང་རིམ་གསུམ་དང་ལྡན་པ། རིམ་པ་བཞིན་དུ་འཁོར་ལོ་རིན་པོ་ཆེ་པདྨ་གྲམ་གྱི་ལྟེ་བ་ལ་རྫོགས་པར་བྱའོ། །ཁ་དོག་ནི། ཞི་བ་དཀར། རྒྱས་པ་སེར། དབང་དམར། དྲག་པོ་མཐིང་ནག་གོ། །མཚན་མ་ནི། ཐབ་ཀྱི་དབུས་སུ་ཞི་བ་ལ་འཁོར་ལོ་ༀ་གྱིས་མཚན་པ། དེ་བཞིན་དུ་རྒྱས་པ་ལ་རིན་པོ་ཆེ་ཏྲཱཾ། དབང་ལ་པདྨ་ཧྲཱིཿ དྲག་པོ་ལ་རྡོ་རྗེ་ཧཱུཾ་གིས་མཚན་པའོ། །བཞི་པ་གཟུངས་མ་ནི། ལས་མཐུན་གྱི་ཡུམ་ཆས་སུ་བཅུག་པའོ། །ལྔ་པ་གཙོ་སེམས་ནི། ལས་བརྩམས་ནས་མ་གྲུབ་ཀྱི་བར་དེ་སྲིད་དུ་ལས་གང་ཡིན་གྱི་སྟོངས་ཀྱི་སེམས་དང་མ་བྲལ་བར་བྱེད་པའོ། །དྲུག་པ་ལིངྒ་ནི། དོན་བྱ་བའི་ཡུལ་བཞི་པོ་གང་ཡིན་གྱི་དྲི་མ་སོགས་སྔར་གྱི་རྒྱུ་ལས་ལིངྒ་བྱས་པའི་དབྲལ་བར་རུས། སྙིང་གར་སྲོག །ལྟེ་བར་མིང་། བརླ་ལ་བླ་དྭགས། འདོམས་སུ་ལས་གང་བྱེད་ཀྱི་སྔགས་སྤུ་གྲི་དང་བཅས་པ་བྲིས་ལ། ལས་དང་མཐུན་པའི་བྲུབ་ཁུང་དུ་གཞུག་གོ། །བདུན་པ་ཕུར་བུ་ནི། ཞི་བ་ལ་རྒྱུ་དངུལ་ལམ་ཤིང་དཀར་པོ་ལ་དབྱིབས་དབལ་ཟླུམ་པོར་བྱས་ལ། དེ་བཞིན་དུ་རྒྱས་པ་ལ་གསེར་རམ་ཤིང་སེར་པོ་ལ་དབལ་གྲུ་བཞི། དབང་ལ་ཟངས་སམ་ཤིང་དམར་པོ་ལ་དབལ་ཟླ་གམ། དྲག་པོ་ལ་ལྕགས་སམ་ཤིང་ནག་ལ་དབལ་གྲུ་གསུམ་དུ་བྱས་ལ། ཐམས་ཅད་ཀྱང་ཚད་སོར་དྲུག་པ་མགོ་བོ་དང་སྐེད་པ་རྒྱ་མདུད་ཅན། གྲངས་རིམ་བཞིན་དྲུག་དང་། བཞི་དང་། ལྔ་དང་། གསུམ་སྟེ། གྲུབ་ན་ལས་བྱེད་ཀྱི་ཕུར་བ་ཉི་ཤུ་རྩ་གཅིག་རེ་དང་བཅས་བཤམས་པའོ། །བརྒྱད་པ་ལྷ་ལ། ལས་སྦྱོར་དང་། སྦྱིན་སྲེག་གི་ལྷའོ། །དང་པོ་ནི། ཞི་ཁྲོ་གང་ལ་བརྟེན་ནས་བྱ་བ་དེའི་གཞུང་བཞིན་ནོ། །གཉིས་པ་ལ། རྩ་བར། སྦྱིན་དང་སྲེག་པའི་ལྷ་གཉིས་ཏེ། །ཞེས་པས། མེ་ལྷ་དང་། སྲེག་ལྷའོ། །དང་པོ་ནི། ལས་བཞི་གང་ཡིན་གྱི་སྐུ་མདོག་ཕྱག་མཚན་ཅན་ཏེ། ཞི་བའི་གཡས་གུནྡྷེ། རྒྱས་པ་རིན་པོ་ཆེའི་སྒྲོམ། དབང་ལ་ཞགས་པ། དྲག་པོ་ལ་ཏྲི་ཤུལ། བཞི་ཀའི་གཡོན་བགྲང་ཕྲེང་། དྲང་སྲོང་གི་ཆས་ཅན་ར་སྐྱེས་ལ་གནས་པའོ། །གཉིས་པ་ནི། ཞི་བ་ལ་རྣམ་སྣང་དང་བུདྡྷ་ཧེ་རུ་ཀས་གཙོ་བྱས་པའི་ཞི་ཁྲོ། དེ་བཞིན་དུ་རྒྱས་པ་ལ་རིན་འབྱུང་དང་རཏྣ་ཧེ་རུ་ཀ །དབང་ལ་མཐའ་ཡས་དང་པདྨ་ཧེ་རུ་ཀ །དྲག་པོ་ལ་རྡོར་སེམས་དང་བཛྲ་ཧེ་རུ་ཀས་གཙོ་བྱས་པའི་ཞི་ཁྲོ་སྟེ། ལྷ་ཀུན་ཀྱང་སྐུ་མདོག་དཀར་པོ་འཁོར་ལོ་བསྣམས་པ་ལ་སོགས་ལས་གང་ཡིན་གྱི་ཁ་དོག་དང་ཕྱག་མཚན་ཅན་དུ་བསྐྱེད་པའོ། །དགུ་པ་དུས་ནི་ལོ་དང་། ཞག་གཅིག་གི་དབང་དུ་བྱས་ཏེ་རིམ་བཞིན་དབྱར་རམ་སྔ་དྲོ་ཞི་བ། སྟོན་ནམ་ཉིན་ཕྱེད་རྒྱས་པ། དགུན་ནམ་དགོང་ཀ་དབང་། དཔྱིད་དམ་ནམ་གུང་དྲག་པོའོ། །བཅུ་པ་ལས་རིམ་ལ། སྔོན་དུ་བྱ་བ་དང་། ལས་རིམ་དངོས་གཉིས། དང་པོ་ལ། བཤམ་པ་དང་། ཆོ་གའོ། །དང་པོ་ནི། རྫས་དང་ཡོ་བྱད་བསགས་ལ། ས་གཞི་སྦྱངས། ལས་བཞི་གང་ཡིན་གྱི་ཐབ་བརྩིག་པའམ་བྲིས་པའི་སྟེང་དུ་བསྲེག་ཤིང་བརྩིག །མེ་དང་རིགས་དང་མཐུན་པས་དགབ། མཆོད་གཏོར་དང་བསྲེག་རྫས་རྣམས་བཤམ། ལས་བཞི་གང་ཡིན་གྱི་བྲུབ་ཁུང་དུ་ལིངྒ་བཅུག་པའི་ཁ་ཁྱེར་ལ་སོ་སོའི་ཕུར་བུས་བསྐོར། གཉིས་པ་ནི། ཕྱིར་ཆ་གསུམ་བཏང་ལ། ནང་དུ་ཞུགས་ནས་ཞི་བ་ལ་ཤར་དུ་བལྟ་བ་སོགས་ལས་གང་བྱེད་ཀྱི་ཕྱོགས་སུ་ཁ་བལྟས་ཏེ། འདུག་སྟངས་ཞི་བ་ལ་རྡོར་སྐྱིལ། །རྒྱས་པ་ལ་མཉམ་སྐྱིལ། དབང་ལ་པད་སྐྱིལ། དྲག་པོ་ལ་རུས་སྦལ་གྱི་སྟབས་ཀྱིས་འདུག་ནས། མཚམས་བཤགས་དམ་བཅའ་བྱིན་དབབ་མཆོད་པ་བྱིན་རློབ་རྣམས་བྱ། དེ་ནས་བསྲེག་རྫས་རྣམས་ཉི་ཟླའི་གའུར་འབྲུ་ལྔ་བཀོད་ལ་ཞུ་བཏུལ་གྱིས་བདུད་རྩིར་དང་། ལས་གཏོར་རྣམས་འབྲུ་གསུམ་མམ་ལྔས་ལས་གང་ཡིན་འགྲུབ་པའི་ནུས་པ་ཅན་དུ་རློབ་པའོ། །གཉིས་པ་ལ། ལས་སྦྱོར་གྱི་ཕྲིན་ལས། ལིངྒ་དགུག་གཞུག་བྱ་བ། སྦྱིན་སྲེག་གི་ལས་རིམ་མོ། །དང་པོ་ནི། འགྲེལ་ཆུང་ལས། ཞི་དང་རྒྱས་ལ་ཞི་བའི་ཚོགས་ལས་ཏེ། དབང་དྲག་གཉིས་ལ་ཁྲོས་པའི་དཀྱིལ་འཁོར་བྱ། །ཞེས་པ་ལྟར་རམ། གོང་མ་རྣམས་ཞི་ཁྲོ་གང་རུང་རེས་ཀྱང་ལས་བཞི་ཀ་འགྲུབ་པར་བཞེད་པའི་ཕྱིར། གང་བྱེད་ཀྱི་གཞུང་བསྲང་། ལས་དང་མཐུན་པའི་བཟླས་པའི་འཕྲོ་འདུས་བསྐུལ་བའོ། །གཉིས་པ་ནི། ཚོགས་ཐ་མ་དང་། ལིངྒ་བྲུབ་ཁུང་དུ་བཅུག་ལ་དགུག་གཞུག །གཏོར་ཐུན། ཕུར་གདབ། མཚོན་ཆར་དབབ། གྲིས་གཏུབས་ཏེ་བསྲེག་རྫས་དང་བསྲེས་ལ་བཞག་གོ། །གསུམ་པ་ལ། མེ་ལྷ་དང་། སྲེག་ལྷ་གཉིས་ལས། དང་པོ་ནི། མེ་སྤར་ཏེ། ལས་བཞི་གང་བྱེད་ཀྱི་མེ་ལྷ་བསྐྱེད། སྤྱན་དྲང་མཆོད་བསྲེག་གི་རྫས་དང་། །དགང་བླུག་ཕུལ་ལ་ཕྲིན་ལས་གཞོལ་བའོ། །དགོས་པ་ནི། དཔེར་ན་ཁ་ཟས་ཀྱིས་ལུས་ཀྱི་འབྱུང་བ་རྒྱས་པར་བྱས་པས། དེ་ལ་དེ་བརྟེན་གྱི་དབང་པོ་དང་རྣམ་ཤེས་རྒྱས་པར་འགྱུར་བ་ལྟར། མེའི་སྒོ་ནས་མེ་ལྷ་ཚིམ་པས། དེའི་སྒོ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཚིམ་པར་འགྱུར་བའི་ཕྱིར། འདིར་མེ་ལྷ་ལ་མེའི་ཞལ་ཞེས་གསུངས་ཏེ། ཇི་སྐད་དུ། ཞལ་དུ་གྱུར་པའི་མེ་བོས་ལ། །བཟའ་བཏུང་བྲོ་བའི་ཚོགས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་པའོ། །གཉིས་པ་ནི། གཞུང་སོ་སོའི་དགོངས་པས་བརྟག་པ་བཞི་སྟེ། མེ་ལྷ་འབར་བའི་རྣམ་པར་བྱས་ལ། དེར་ལྷ་རྣམས་སྤྱན་དྲངས་ཏེ་མཆོད་པ་དང་། དམ་ཚིག་པ་བསྐྱེད་ནས་སྤྱན་འདྲེན་པའི་ཕྱོགས་གཉིས། ཁ་ཅིག་ལས། མེ་ལྷ་ཤར་ལྷོ་མཚམས་སུ་དཔང་པོའི་ཚུལ་དུ་བཞག་སྟེ་མེའི་དབུས་སུ་དམ་ཚིག་པ་བསྐྱེད་པ་དང་། ཡང་མེ་ལྷའི་ལྟོ་བར་བསྐྱེད་པ་རྣམས་ལས། འདིར་ཕྱི་མའི་ལུགས་སོ། །དེའང་ལས་བཞི་གང་ཡིན་གྱི་སྲེག་ལྷ་རྟེན་དང་བརྟེན་པར་བཅས་པ་བསྐྱེད་ཅིང་། དབང་བསྐུར། བྱིན་གྱིས་རློབ། དབབ་དྲངས། བསྟིམ་ལ། ཀུན་བཟང་སོགས་ཕྱི་ནང་གིས་མཆོད། རྩ་སྔགས་ལ་ལས་སྔགས་ཀྱི་ཤམ་བུ་བཏགས་ཏེ་དགང་བླུགས་དང་བསྲེག་རྫས་དབུལ། བསྟོད་ཅིང་འདོད་དོན་གསོལ་བའོ། །ཚུལ་དེས་ཐོག་མར་ཞི་བའི་ལྷ་ཚོགས་རྣམས་མཆོད་ནས། སླར་ཁྲོ་དཀྱིལ་དུ་གནས་བསྒྱུར་ཏེ་མཆོད་པར་བྱའོ། །བཅུ་གཅིག་པ་ལྷག་མའི་ལས་ནི། ཚོགས་ལྷག་དང་བསྲེག་རྫས་ལྷག་རྣམས་བསྡུས་ཏེ། ལྷག་ཆོ་ག་རྒྱས་བསྡུས་གང་རུང་བྱས་པའི་མཇུག་ཏུ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ །ཞེས་སོགས་ཀྱིས། ཕྲིན་ལས་བཅོལ་ཞིང་དམ་བསྒྲག་གོ། །དེ་ནས་བརྟན་མ་བསྐྱང་། ལྷག་ཆད་བསྐང་། སྲེག་ལྷ་དང་མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། ལས་རྗེས་མི་མངོན་པར་བྱས་ལ་བསྔོ་བ་དང་ཤིས་བརྗོད་བྱ་བའོ། །དེ་དག་ཀྱང་དུས་གང་དང་གང་གི་ཚེ་བྱ་ཞེ་ན། ས་ཆོག་གི་དུས་སུ་ས་ངན་ན་ཞི་བའི། རབ་གནས་ཀྱི་དུས་སུ་རྒྱས་པའི། དབང་བསྐུར་བའི་གོང་དུ་དབང་གི། སློབ་བུ་སྟ་གོན་གྱི་ནུབ་མོ་ཀུན་རྨི་ལྟས་ངན་ན་དྲག་པོའི་སྦྱིན་སྲེག་བྱ་བ་ཡིན་ཏེ། རྡོ་རྗེ་ལས་རིམ་ལས། ས་དང་རབ་གནས་རྣམ་གཉིས་དང་། །བདེ་བ་སྦྱིན་པའི་དུས་ཉིད་དོ། །ཞེས་དང་། མཆོད་བཤགས་སོགས་སྐབས་སུ་བབས་པ་གཞན་གྱི་ཚེ་ཡང་བྱར་རུང་སྟེ། ཐུགས་ཐིག་ལས། སྐབས་ནི་དབང་དང་སྒྲུབ་བ་དང་། །མཆོད་བཤགས་ཚེ་དང་དུས་བབ་ཚེ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནང་གི་སྦྱིན་སྲེག་ལ་གསུམ་སྟེ། རྩ་བར། ཏིང་འཛིན་ལྷག་པ་ལོངས་སྤྱོད་ནང་། །ཞེས་སོ། །དང་པོ་ཏིང་ངེ་འཛིན་ལའང་། དེ་ལས། དབུ་མའི་དང་པོ་གཉིས་ཡིན་ཏེ། །ཞེས་པས་ཤེས་རབ་ཀྱི་ཧོམ་དང་ཏིང་འཛིན་གྱི་ཧོམ་གཉིས། དང་པོ་ནི། བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་མེས་དངོས་མེད་ཀྱི་བག་ཆགས་བསྲེགས་ཤིང་། འཁོར་འདས་གཉིས་མེད་དུ་རྟོགས་པའི་ཤེས་རབ་སྤྱིན་པ་སྟེ། རྒྱས་པ་ལས། སྲིད་གསུམ་སྲེག་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །ཞེས་སོ། །གཉིས་པ་ནི། མཚན་མེད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་མེས་སྤྱོད་ཡུལ་མཚན་རྟོག་གི་རྫས་རྣམས་བསྲེག་པ་སྟེ། དེ་ལས། དབང་པོ་དང་བའི་དཀྱིལ་འཁོར་དུ། །སྤྱོད་ཡུལ་རྫས་རྣམས་བསྡུས་ནས་སུ། །ལྷན་ནེ་ལྷང་ངེའི་འོད་དུ་ཞུ། །ཞེས་སོ། །གཉིས་པ་ནི། མི་རྟོག་པའི་ངང་ལས་རྟོག་ཚོགས་ལྷའི་ཕྱག་རྒྱར་འབར་བའི་མེས་སྤྱོད་ཡུལ་སྦྱོང་བ་སྟེ། སྔ་མའི་འཕྲོས་ལས། ཞི་གྱུར་དབྱིངས་ནས་ཕྱག་རྒྱ་འབར། །ཞེས་སོ། །གསུམ་པ་ནི། བཟའ་བཏུང་ལ་ལས་བཞིའི་བསྒྲུབ་བྱ་བསྟིམས་ནས་བདུད་རྩིར་བསྒྱུར་ཏེ། རང་ལུས་གཞལ་ཡས་ཁང་། ཁ་ཐབ་ཁུང་། ལྕེ་མེ་ལྷ། རང་བཞིན་གྱིས་རྫོགས་པ་དང་ཏིང་ངེ་འཛིན་གྱིས་བཀོད་པའི་སྲེག་ལྷ་རྣམས་ལ། ལག་པའི་དགང་བླུགས་ཀྱིས་ཕུལ་བས། ལས་བཞི་དང་ཚོགས་གཉིས་རྫོགས་པའི་འབྲས་བུ་རྒྱུད་ལ་སྦྱིན་པར་བྱེད་ཅིང་། སྤྱོད་ཡུལ་ཡོངས་སུ་དག་པའི་ཕྱིར་བསྲེག་པ་སྟེ། རྩ་བ་ལས། རང་ལུས་འབྱུང་བའི་དཀྱིལ་འཁོར་ལ། ཁམས་དང་རྩ་དང་དུར་ཁྲོད་ཀྱི། །གཞལ་ཡས་ཁང་ལ་གོམས་པར་བསྒོམ། །མྱོང་བྱེད་ཀུན་གྱི་ཞལ་བསམ་སྟེ། །རྫོགས་དང་བཀོད་པའི་ལྷ་རྣམས་ཀུན། །ཏིང་འཛིན་གསལ་བའི་ཡིད་ཀྱིས་སྦྱངས། །ཞེས་སོགས་གསུངས་སོ། །གསུམ་པ་གསང་བའི་སྦྱིན་སྲེག་ལ། དེ་ལས། ཁམས་བཞི་ཁམས་གསུམ་གསང་བར་བཤད། །ཅེས་པས། སྟེང་སྒོ་ཁམས་བཞི་དང་། འོག་སྒོ་ཁམས་གསུམ་གྱི་སྦྱིན་སྲེག་གོ། །དང་པོ་ནི། སྒྲོམ་མདོ་རླུང་གི་འཁོར་ལོ་ཟླ་གམ་ནི་དབང་། སྙིང་ག་ཆུའི་འཁོར་ལོ་ཟླུམ་པོ་ཞི་བ། ལྐོག་མ་མེའི་འཁོར་ལོ་གྲུ་གསུམ་དྲག་པོ། ལྟེ་བས་འཁོར་གྲུ་བཞི་རྒྱས་པ་སྟེ། དེ་དག་ལས་སོ་སོའི་ཁ་དོག་རྒྱུན་དུ་གནས་པ་ནི་མེ་ཐབ། ཡེ་ཤེས་སྙིང་པོ་ནི་མེ་ལྷ། སྙིང་གའི་མེས་སྤྱི་བོའི་ཧཾ་ཡིག་བཞུ་བའི་འབར་འཛག་གིས་བདེ་ཆེན་ཡེ་ཤེས་རྒྱུད་ལ་སྦྱིན་ཞིང་མཚན་རྟོག་བསྲེག་པའི་ཕྱིར་སྦྱིན་སྲེག་སྟེ། དེ་ལས། སུམ་མདོ་སྙིང་ལྐོག་ལྟེ་འབྱུང་བ ཞི། ཁ་དོག་ལས་བཞིའི་དཀྱིལ་འཁོར་ལ། །ཡེ་ཤེས་སྙིང་པོ་མ་ལུས་ཞལ། །ཐུགས་ལས་ཡེ་ཤེས་་མེའབར་བས། །ལས་ཀྱི་མེ་བསྐུལ་བདེ་བ་དྲང་། །ངེས་པར་ཞལ་དུ་ཆུད་པས་ན། །མ་ལུས་མཉེས་པའི་དགྱེས་པ་ཡིས། །ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་གྱུར། །མཚན་མ་རྣམ་རྟོག་ཀུན་སྦྱོང་ཞིང་། །རྟོགས་དཀའི་ཡེ་ཤེས་མངོན་དུ་འགྱུར། །ཞེས་སོ། །ཡང་ན། གཡས་གཡོན་རོ་རྐྱང་གི་དགང་བླུགས་ཀྱིས་རླུང་དཀྱིལ་བསྐུལ་བས་ལྟེ་བའི་མེ་སྤར། དེས་ཐིག་ལེ་ཞུ་ནས་དྭངས་མ་རྩ་ལམ་དུ་ཆུད་པ་ནི་སྔར་ལྟར་སྦྱིན་སྲེག་སྟེ། ལམ་རིམ་ལས། རཾ་ཡཾ་གཡས་གཡོན་སྦྱིན་སྲེག་ལྡན། །ཞེས་སོ། །གཉིས་པ་ནི། ཡུམ་གྱི་མཁའ་ལས་བཞིའི་ཐབ་ཁུང་དུ་བདེ་བ་རྒྱས་པའི་ལས་ཀྱིས་བསྐྱེད་པ་དང་དབྱིངས་ནས་སྤྱན་དྲངས་པའི་མེ་ལྷའི་ཞལ་དུ། རྡོ་རྗེའི་དགང་བླུགས་ཀྱིས་བྱང་ཆུབ་སེམས་ཀྱི་མཆོད་པ་སྟོབ་པས་རྒྱུད་ལ་བདེ་བའི་ཡེ་ཤེས་སྟེར་ཞིང་ཆགས་རྟོག་རང་རྒྱུད་པ་བསྲེག་པའི་ཕྱིར་སྦྱིན་སྲེག་སྟེ། རྩ་བ་ལས། ཁམས་གསུམ་བཅོ་བརྒྱད་བདག་ཉིད་དེ། །མ་ལུས་རྩ་བར་འདི་ཤེས་བྱ། །གསལ་ལྡན་མའམ་བྱིན་རླབས་ལ། །ལས་བཞིའི་དབྱིབས་ལྡན་ཧོམ་ཁུང་དུ། །ལས་ཀྱི་བདེ་བའི་ལྷ་བསྐྱེད་ཅིང་། །སྟོང་གསུམ་ཡུངས་འབྲུར་འཇུག་ཚུལ་དུ། །དབྱིངས་ནས་མེ་ལྷ་སྤྱན་དྲངས་ཏེ། །ཡུངས་འབྲུ་མེ་ལྷའི་ཞལ་ཉིད་དུ། །རྡོ་རྗེ་དགང་བླུགས་བཅས་པ་ཡིས། །དཀར་ནག་དམར་གྱི་མཆོད་སྦྱར་བས། །རང་བཞིན་རྣམ་པ་གཉིས་ཀྱི་ལྷ། །མཉེས་དང་མགུ་བདེ་ཐོབ་པར་འགྱུར། །ཞེས་སོ། །གཉིས་པ་རྫས་ཀྱི་སྒོ་ནས་ལས་བྱ་བ་ལ། ལིངྒ་བཅའ་བ། དཀྱིལ་འཁོར་བསྐྱེད་པ། བསྒྲུབ་བྱའི་ལས། མཆོད་སྦྱིན་བྱ་བ་ཡོན་ཏན་དང་བཅས་པའོ། །དང་པོ་ནི། བསྒྲུབ་བྱའི་བདུད་རྩི་ལྔ་སྟེ་ཟག་རྫས་སམ། །ཉ་ཤ་ཏིལ་སྦྲང་བུ་རམ་སྟེ་ཟས་ལྔ་དང་། གཞན་ཡང་མི་ལ་རྐང་རྗེས་ཀྱི་ས་དང་། །མི་མ་ཡིན་ལ་གནས་རྟེན་གྱི་ས་ལ་སོགས་པའི་རྒྱུར་ལིངྒ་ཕོ་མོ་གང་ཡིན་གྱི་མཚན་མ་ཅན་བྱས་ལ། གྲོ་ཤོག་ལ་གནས་ཡིག་སྔར་ལྟར་བྲིས་པ་སོ་སོར་གླན་པའམ། ཡང་ན་ལིངྒ་གནས་ཡིག་དང་བཅས་པ་བྲིས་ལ་བཤད་མ་ཐག་པའི་རྫས་དེ་རྣམས་བྱུགས་ཏེ། ལས་གང་ཡིན་གྱི་བྲུབ་ཁུང་དུ་བཅུག་ནས་དཀྱིལ་འཁོར་གྱི་ཕྱོགས་སོ་སོར་འཇོག །ཁྱད་པར་དྲག་པོ་ལ་ཐོད་པ་མཚན་ངན་ཤིས་པས་དེར་ལིངྒ་མགོ་ལྷོ་ནུབ་ཏུ་བསྟན་ནས་བཞག་ལ་བྲུབ་ཁུང་དུ་གཞུག་གོ། །དེ་དག་ཀྱང་། བདུད་རྩི་ལྔའམ་ཟས་ལྔ་ལ། །ཞེས་གསུངས་པའི་དོན་ནོ། །གཉིས་པ་ནི། སྔགས་འཆང་རྣམས་ལས་དང་མཐུན་པའི་འདུག་སྟངས་དང་། སྔགས་ཀྱི་རིང་ཐུང་དྲག་ཞན། དབྱངས་ཀྱི་འགྱུར་སྟངས། སྟོངས་ཀྱི་སེམས་རྣམས་དང་ལྡན་པའི་སྒོ་ནས། ཕྱི་སྣོད་ཀྱི་འཇིག་རྟེན་ལས་བཞིའི་དཀྱིལ་འཁོར་ཡིག་འབྲུ་བཞིའི་དབྱིབས་ཅན་འབྱམས་ཀླས་པར་བསྐྱེད་པ་སྟེ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་པའི་སྐབས་སུ་ཐར་ལོ་འགྱུར་དུ། ཨེ་ཡིག་རྣམ་པའི་འཁོར་ལོ་དང་། །སྡེ་ཚན་དཀྱིལ་འཁོར་གྱི་ནི་མཆོག །ཅེས་འབྱུང་བས་སོ། །དེའང་འདིར་ལས་བཞིའི་གོ་རིམ་འཁྲུགས་སྡེབས་ཀྱི་དབང་དུ་བྱས་ཏེ། ཡ་རཾ་ལ་སོགས་པའི་སྔགས་ཀྱིས་ཞི་བའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། མ་རཾ་གྱིས་རྒྱལ་བའི་གྲུ་བཞི་སེར་པོ། །བཾ་རཾ་གྱིས་དབང་དམར་པོ་ཟླ་གམ། ཨེ་རཾ་གྱིས་དྲག་པོ་མཐིང་ནག་གྲུ་གསུམ་པ་སྟེ། བཞི་ཀའང་ཡངས་ཤིང་མེ་འོད་འབར་བ་ཅན་ནོ། །འདིར་དབང་དང་ཞི་བ་གཉིས་ཡི་གེའི་དབྱིབས་དང་ཅུང་ཟད་མི་མཐུན་པར་བྱུང་ཡང་སྒྲའི་དོན་དང་སྦྱར་བར་རྗེ་རོང་ཟོམ་བཞེད་པ་ལྟར་སྟེ། ཝཾ་ནི་བནྡྷ་ན་སྡུད་པའམ་འཆིང་བ། ཡ་ནི་ར་ཡ་བ་ཏི་ནི་ཞི་བའི་དོན་ལ་འཇུག་པའི་དབང་གིས་སོ། །དེ་ནས་ཞི་བ་ལ། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་སྟྭཾ་ཧཱུཾ་ཧ་ཧེ་ཕཊ་བྷྱོཿརཾ། ཞེས་བརྗོད་པས་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་བུདྡྷ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་ང་བརྒྱད་དཀར་པོ་ཞི་ཚུལ་ཅན་འཁོར་ལོ་བསྣམས་པ་ཤ་སྟག་ཏུ་བསྐྱེད། དེ་བཞིན་དུ་སྔགས་བུདྡྷའི་གནས་སུ་རཏྣ་སོགས་དང་། ལྷ་རཏྣ་ཧེ་རུ་ཀས་གཙོ་བྱས་པ་སོགས་རིགས་འགྲེ་བར་འགྱུར་རོ། །གསུམ་པ་ནི། བ་ཧཱུའི་སྔགས་ཀྱིས་ལྷ་ལས་ལ་གཟུང་། བི་ཤྭས་སྤྲུལ་པ་སྤྲོ། བསྒྲུབ་བྱ་བཀུག་སྟེ་ལིངྒ་ལ་བསྟིིམ། དེ་ནས་ལས་གང་ཡིན་གྱི་ཕུར་བུ་རིགས་མཐུན་གྱི་ཀཱི་ལ་ཡར་བསྐྱེད་ནས་དབང་བསྐུར། བྱིན་གྱིས་རློབ། ཕུར་བསྐུལ་དང་། གྷ་ཏ་ཡའི་སྔགས་ཀྱི་མཇུག་ཏུ་ལས་བཞིའི་སྤུ་གྲི་བཏགས་ཏེ། ཞི་བ་ལ་ཡན་ལག་ལྔ། སྙིང་ག་དང་དྲུག །རྒྱས་པ་ལ་ཡན་ལག་བཞི། དབང་ལ་དབང་པོ་ལྔ། དྲག་པོ་ལ་གནས་གསུམ་དུ་གདབ་པའོ། །དེ་ནས་ཧྲཱིཿཥྚིའི་སྔགས་ཀྱིས་གྲི་དང་། ༀ་བྷྲཱུཾ་སོགས་ཀྱིས་མཚོན་ཆས་གཏུབས་ཏེ་ལིང་རོ་ཚོ་གསུམ་དུ་བཅད་ལ། གཅིག་ལ་སྟོབ་པ་བྱའོ། །བཞི་པ་ནི། ཚོ་གཅིག་བསྲེག་རྫས་ལ་བསྲེས་ཏེ། །ལས་བཞིའི་ཧོམ་དུ་སྟོངས་ཀྱི་སེམས་བཞིས་ཟིན་པའི་སྒོ་ནས། བདེ་བར་གཤེགས་པ་ལ་མཆོད་ཅིང་། །མ་མོ་དང་མཁའ་འགྲོ་རྣམས་ལ་སྦྱིན་པས་གཏུམ་ཆེན་རྔམ་པའང་ལྷན་ནེར་འགྱུར་བ་སོགས་ལས་གང་བརྩམས་པའི་ཡོན་ཏན་རྣམས་ཐོབ་པར་འགྱུར་རོ། །གསུམ་པ་ལུ་གུ་རྒྱུད་ཀྱི་སྒོ་ནས་བྱ་བ་ནི། ལིང་རོ་ཚོ་གཅིག་དབུས་སུ་སྤུངས་པའི་མཐར། མཆོད་ཀུན་ལག་གཡས་སྟེང་དུ་བྱས་ནས་བསྣོལ་བའི་ཞི་རྒྱས་དབང་དྲག་བཞི་ལ་རིམ་པར་མཛུབ་གུང་སྲིན་ལག་མཐེ་ཆུང་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ཞིང་། བྲོ་ར་ལས་གང་ཡིན་གྱི་དབྱིབས་དང་མཐུན་པར་བཅས་ནས། སྔར་བཞིན་ཡ་རཾ་སོགས་ཀྱིས་ལས་ཀྱི་དཀྱིལ་འཁོར་མེ་འབར་བ་དང་བཅས་པའི་ནང་དུ། ལས་གང་ཡིན་གྱིས་ལྷ་ཚོགས་སུ་བདག་ཉིད་བསྐྱེད་ལ། གཏི་མུག་རྡོ་རྗེ་ཞེས་སོགས་ཀྱི་ཚིག་དང་སུམྦྷའི་སྔགས་ཀྱིས་བསྐུལ་ཏེ་བྲོ་བརྡུངས། ལྷ་རྣམས་ཀྱི་འོད་ཟེར་ལས་མཐུན་གྱི་ཁ་དོག་ཅན་སྒྲུབ་བྱ་ལ་ཐིམ་པས་ལས་གང་ཡིན་གྲུབ་པར་བསམ་པ་སྟེ། ལས་སོ་སོའི་སྤུ་གྲིའི་སྔགས་རྣམས་བརྗོད་ཅིང་ཕྱག་རྒྱ་སྤྲུགས་ཏེ་བཤིག་ནས། ལིང་རོ་དེ་ཉིད་ཞི་བ་ལ་ལམ་གྱི་དཀྱིལ་དང་། རྒྱས་པ་ལ་མཛོད། དབང་ལ་རང་གི་མལ་འོག །དྲག་པོ་ལ་མི་མ་ཡིན་གདུག་པ་ཅན་གནས་པའི་སར་ལས་མཐུན་གྱི་བྲུབ་ཁུང་བྲུས་ལ་ཚུལ་བཞིན་གནན་བར་བྱའོ། །དེའང་ཧོམ་དང་རྫས་ཀྱི་སྒོ་ནས་ལས་ཟིན་རྗེས་འདིས་མཐའ་བསྡུས་ན་ལས་བྱས་པ་གསོར་མི་རུང་བར་འགྱུར་བའི་ཕྱིར། ཁྲོ་བོ་སྒྲུབ་པའི་ལས་ཀྱི་གཙོ་བོ་ནི་འདི་ཡིན་ནོ། །ཞེས་བྲོ་གླུ་ལ་བསྔགས་པར་མཛད་དོ། །འོ་ན་འདིར་ཁྲག་འཐུང་གཞན་རྣམས་ལ་བྲོ་བྱུང་ནས་སྒོམ་ལ་མི་འབྱུང་བ་གང་ཞེ་ན། སྔ་རབས་པ་དག་ལས་གང་བྱེད་ཀྱང་སྒོམ་དགོས་པས་སྤྱི་ལ་ཁྱབ་པའི་ཕྱིར་སྒོས་སུ་མ་སྨོས་སོ་གསུངས། ཁོ་བོ་ནི་དེ་ཡང་མི་སྤང་མོད་ཀྱི། འོན་ཀྱང་རྒྱུད་གཞན་གྱིས་ཁ་བསྐང་ན་ལེགས་པར་མཐོང་སྟེ། ཕྱི་མཐའ་བཻ་རོའི་འགྱུར་ལས། རྟ་གདོང་ལ་སོགས་བྲོ་གར་གྱིས། །འགུགས་དང་འཆིང་བ་བསྡོམ་པ་དང་། །སྤེལ་བར་བྱེད་པའི་སྒྲ་འབྱིན་འགྲུབ། །ཅེས་གསུངས་པའི་ཕྱིར། བཞི་པ་མཆོད་རྟེན་གྱི་སྒོ་ནས་བྱ་བ་ནི། བདག་ཉིད་ཞི་བའི་ལས་ལ་སྣང་མཛད། རྒྱས་པ་ལ་རིན་འབྱུང་། དབང་ལ་རྟ་མགྲིན། དྲག་པོ་ལ་བཛྲ་ཧེ་རུ་ཀར་བསྐྱེད་ནས་རིགས་སོ་སོའི་སྔགས་ཀྱིས་མཆོད་རྟེན་དཀར་པོ་ཟླུམ་པོ་སོགས་ལས་གང་ཡིན་གྱི་དབྱིངས་མདོག་ཅན་དུ་བཏབ་ལ། དེའི་ནང་དུ་རིགས་དང་མཐུན་པའི་ལྷ་བསམ་པའི་འོད་ཀྱིས་བསྒྲུབ་བྱ་བཀུག་ནས་མཆོད་རྟེན་གྱི་འོག་ཏུ་མནན་ལ། འོད་དེས་རེག་བས་ལས་གང་ཡིན་འགྲུབ་པར་བསམ་པ་སྟེ། རྒྱས་པ་ལས། དྲག་པོ་གཏུམ་པོ་འདུལ་བའི་ཕྱིར། །བདག་ཉིད་དྲག་པོར་བསྒོམས་ནས་ནི། །ཆོས་སྐུ་ནག་པོ་འོད་འབར་གྱིས། །བགེགས་ཀྱི་ལིངྒ་གནན་པར་བྱ། །ཞེས་སོགས་དང་། སྐུ་གདུང་ལས་ཕྲེང་ལས། ཞི་ལ་སྣང་མཛད་གསང་སྔགས་ལྡན། །ཤཱནྟིང་ཀུ་རུ་སྭཱ་ཧཱས་མཛེས། །ཆོས་སྐུ་ཐིག་ལེ་འོད་དཀར་གྱིས། །གཟས་བཀུག་གདན་བྱས་འོད་ཐིམ་ཞིང་། །ཞེས་སོགས་སོ། །དེའང་མཆོད་རྟེན་གྱི་རྒྱུ་ནི། ས་ལ་དངོས་སུའམ། འབྱུང་བ་གཞན་ལ་ཏིང་ངེ་འཛིན་གྱིས་འདེབས་པ་གང་ཡང་རུང་སྟེ། སྤྱན་འགྲེལ་ལས། མཆོད་རྟེན་འབྱུང་བ་གང་ལ་འདེབས་ཀྱང་། ཞེས་དང་། འཇིམ་པ་ལ་དངོས་སུ་མི་འདོད་པ་མ་ཡིན་ཏེ། ཞེས་འདམ་ཁ་དང་། རྒྱུད་ཕྱི་མའི་ལུང་དྲངས་ལ་དངོས་སུ་བཞེངས་ལ་ཐབ་ཁུང་དུ་བྱས་ཏེ་ལས་བཞིའི་སྦྱིན་སྲེག་བྱ་བར་ཡང་བཤད་དོ། །ལྔ་པ་ལ། ཕྱག་རྒྱ་བཅས་པའི་དང་། བསྒྱུར་བའི་སྒོ་ནས་བྱའོ། །དང་པོ་ནི། དཔལ་ཧེ་རུ་ཀའི་ལས་བཞིའི་ཕྱག་རྒྱ་བཅའ་བ་སྟེ། རྒྱས་པ་ལས། ཡན་ལག་སྙིང་པོ་རྩེ་གཅིག་དང་། །རྩེ་ལྔ་རྩེ་དགུ་བཅུ་གཅིག་ཏུ། །ལས་རྣམས་སོ་སོར་རབ་ཏུ་བསྒོམ། །ཞེས་པའི་དོན་སྤྱན་འགྲེལ་ལས། ལུས་ཀྱི་ཕྱག་རྒྱ་འདི་མགོ་བོ་རྡོ་རྗེ་རྩེ་གཅིག་པར་བསམ་པ་དང་བཅའ་བ་དང་། གཞན་སོར་མོ་གཡས་གཡོན་དབྲི་བསྣན་གྱིས་རྩེ་ལྔ་པ་དང་། དགུ་པ་དང་། བཅུ་གཅིག་པ་ནི། ཞི་རྒྱས་དབང་དྲག་གི་རིམ་པ་བཞིན་ནོ། །ཞེས་སོ། གཉིས་པ་ནི། རྒྱས་པ་ལས། རྡོ་རྗེ་ལན་གསུམ་གསོར་བ་ཡིས། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དམ་ཅན་རྣལ་འབྱོར་དབང་དུ་འགྱུར། །ཞེས་ཀུན་བཟང་ཡབ་ཡུམ་ཁྲོས་པའི་སྐུར་བསྐྱེད་ལ་གཟུངས་མ་དམ་ཅན་དབང་དུ་བྱ་བ་དང་། དེ་བཞིན་དུ་རིགས་ཀྱི་ཧེ་རུ་ཀ་བཞིར་བསྐྱེད་ནས་སོ་སོའི་ཕྱག་རྒྱ་བསྒྱུར་བས་ལས་བཞི་བསྒྲུབ་པའོ། །གཉིས་པ་གཙོ་སེམས་ལ། དོན་གྱི་སེམས་དང་། སྟོངས་ཀྱི་སེམས་སོ། །དང་པོ་ནི། བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའི་དོན་ཁོང་དུ་ཆུད་ཅིང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ནི་ལས་བཞི་ཀ་ལ་ཁྱབ་བྱེད་དུ་དགོས་པ་རྒྱུའི་སེམས་ཏེ། སྦྱིན་སྲེག་རྩ་བ་ལས། རང་རིག་སངས་རྒྱས་ཀུན་གྱི་དངོས། །ཐམས་ཅད་རང་དབང་བསྒྱུར་བདག་ཕྱིར། །སྒྲུབ་པའི་གཙོ་བོར་འདི་གསུངས་སོ། །ཞེས་སོ། །འདི་ལྟར་ལྡན་ན་ལས་བཞི་ཀ་ལྷུན་གྲུབ་ཏུ་འགྲུབ་པར་གསུངས་ཏེ། སྤྱན་འགྲེལ་ལས། རང་རིག་པ་ཉིད་ཡེ་ཤེས་སྒྱུ་མར་རང་གསལ་བར་རྟོགས་པའི་རིག་པས། རིག་པ་མཉམ་པའི་དབྱིངས་ཉིད་ལས། གཞིའི་དངོས་གཞི་ཡིན་པར་རྟོགས་བས་མ་འདྲེས་ལ་ཡོངས་སུ་རྫོགས་པར་རིག་ནས་ལས་གང་བྱེད་ཀྱང་རྩོལ་བར་ཐལ་བ་མེད་དེ། བྱས་ལ་མི་འཛིན་པར་དོན་མཛད་པས་བཞི་ཀའི་འབྲས་བུ་འགྲུབ་པའང་བྱས་ནས་བྱུང་བ་མིན་ཏེ། ལྷུན་གྱིས་གྲུབ་པར་ཤར་བའོ། །དེ་བས་ན་ལས་གཅིག་གིས་འབྲས་བུ་བཞི་འགྲུབ་པའང་མི་འདོད་པ་མ་ཡིན་ནོ། །ཞེས་སོ། །གཞན་དུ་མཆོད་རྟེན་གྱི་སྒོ་ནས་ལས་བྱ་བའི་སྐབས་དོན་གྲུབ་ཀྱི་ཏིང་ངེ་འཛིན་གྱི་སྒོ་ནས་བཏབ་ཀྱང་ལས་བཞི་ཀ་འགྲུབ་པར་གསུངས་སོ། །གཉིས་པ་ནི། མཐུན་པའི་གྲོགས་བྱེད་པའི་ཕྱིར་རྐྱེན་གྱི་སེམས་ཏེ། ལས་བཞིའི་ཀུན་ཏུ་སློང་བའི་བསམ་པའོ། །དེ་ཡང་ཞི་བ་ལ་ཞི་ཞིང་དྭངས་པ། རྒྱས་པ་ལ་སྤྲོ་ཞིང་དགའ་བ། དབང་ལ་ཆགས་ཤིང་ཞེན་པ། དྲག་པོ་ལ་ཞེ་སྡང་ཁྲོས་པའི་སེམས་ཏེ། འདི་ཉིད་ལས། དང་བས་དགའ་བས་ཆགས་པས་དང་། །ཁྲོས་པས་ཀཱ་ལི་རབ་ཏུ་བྱ། །ཞེས་སོ། །གསུམ་པ་གཟུངས་མ་ནི། འདི་ཉིད་ལས། ལྗོན་པ་དང་ནི་ལྕུག་ཕྲན་ཚལ། །སྡོང་གཅིག་དང་ནི་མེས་རེག་དང་། །ཞེས་པའི་དོན་འགྲེལ་ཆུང་དུ། ཞི་རྒྱས་དབང་དྲག་ཕྱི་ནང་གསང་བའི་གནས། །ཞེས་གསུངས་པའི་སྐབས། ཕྱི་གནས་དང་། ནང་ཏིང་ངེ་འཛིན་བཞི་ལ་སྦྱར་ཞིང་། གསང་བའི་སྐབས་སུ་གཟུངས་མ་ལ་ངོས་བཟུང་སྟེ། དེ་ལས། མ་སྨས་པ་དང་པུ་ཏྲ་མང་འཕེལ་དང་། །སྐྱེ་བརྒྱུད་མེད་དང་བཀྲ་མི་ཤིས་གསང་བ། །ཞེས་གསུངས་པའི་ཕྱིར། དེ་ཡང་ཞི་བའི་ཡུམ་ལྗོན་ཤིང་ལྟ་བུ་ནི། དུང་ཅན་མའི་རིགས་བཞིན་དང་ལུས་མཛེས་པ་ལ་སོགས་པའི་མཚན་ཉིད་ཅན་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། མདོག་དཀར་མོ་བོང་ལུས་ཆུང་སྐད་ཆེ་ལ། །བཞིན་ལུས་གཙུག་མཛེས་ཤིང་ཕུད་གནས་སུ་འཁྱིལ། །ཡན་ལག་ཕྲ་འཇམ་སྐད་གསལ་ཞིང་། །རླུང་དཀར་ཡིད་མི་འཁྱོགས་ལྕི་བས་ཞི་བ་བྱ། །ཞེས་སོ། །རྒྱས་པའི་ཡུམ་ལྕུག་ཕྲན་གྱི་ཚལ་ལྟ་བུ་ནི། བན་གླང་ཅན་གྱི་རིགས་ཤ་རྒྱས་ཤིང་། སྤུན་མང་བ་ལ་སོགས་པ་སྟེ། དེ་ལས། ཟླ་དང་ཡན་ལག་མང་བ་དང་། །ཕྲ་ཞིང་ཤད་ལ་ཟབས་སུ་རིང་། །བཞིན་ལུས་སེར་ཞིང་གྲུ་བཞིར་གནས། །རྣ་འཕྱང་ཤ་དང་ནུ་མ་རྒྱས། །འཕེལ་བའི་དུས་སུ་འདི་དག་གཟུང་། །དབང་གི་ཡུམ་སྡོང་གཅིག་ལྟ་བུ་ནི། པདྨ་ཅན་གྱི་རིགས་བཞིན་ལུས་མཛེས་ཤིང་སྤུན་ཟླ་མེད་པ་ལ་སོགས་པ་སྟེ། དེ་ལས། བཞིན་མདོག་པད་འདྲ་དབྱིབས་སོག་ཀ་མ། །སྨིན་དཀྱུས་རིང་ལ་ལུས་སྟོད་སྨད་ཕྱེད། །ལུས་ལ་ཆུ་ཀླུང་དྲི་ཞིམ་ཞིང་། །བདེ་བ་བསྐྱེད་པའི་མར་ལྡན་ཞིང་ཡལ་ག་སྤུན་དང་བུ་མེད། །འདི་ནི་སྡུད་པའི་མཆོག་ཏུ་འགྱུར། །ཞེས་སོ། །དྲག་པོའི་ཡུམ་ཤིང་མེས་རེག་པ་ལྟ་བུ་ནི། རི་མོ་ཅན་གྱིི་རིགས་མདོག་ནག་ཅིང་ངག་གཏུམ་པ་ལ་སོགས་པ་སྟེ། དེ་ལས། མདོག་ནག་མོ་གྲུ་བཞིན་དབྱིབས་གསུམ་རྩིད་མགོ་སྐྲ་ནག་ཅིང་རྩུབ་མ། །ཁྲོ་གཉེར་དང་བྱིས་པའི་ལུས་གྱེལ་བག་ཆགས་པ་སོགས་ལྡན་ཞིང་། །གཏུམ་ཞིང་བརླང་ཚིག་འཛེམ་བག་མེད། །གཙང་སྨེའི་རྟོག་བྲལ་གསོད་པར་བཤད། །ཅེས་སོ། །བཞི་པ་གང་གི་ཚེ་བྱ་བའི་དུས་ནི། ལས་སོ་སོའི་ཕྱི་ནང་གི་གདུལ་བྱ་གང་དང་གང་འདུལ་བའི་དུས་ལ་ན མ་བབས་ན་བྱ་བ་སྟེ། ཐུགས་ཐིག་ལས། ངོ་བོ་རྗེས་སུ་ཞི་བ་གཉིས། །ཕྱི་ལ་ནད་བགེགས་དགྲ་ཞི་དང་། །ནང་ལ་ཉོན་མོངས་རྟོག་ཞི་བ། །རྒྱས་པ་གཉིས་པོ་གསོ་དང་འཕེལ། །ན་ཤི་ལོ་ཐོག་སྲིའུ་གསོ། །ཚེ་དང་ལོངས་སྤྱོད་རིགས་བརྒྱུད་དང་། །བསོད་ནམས་བཞི་པོ་ནང་འབྲས་བུ། །དབང་ནི་དགུག་དང་བསྡུ་བ་གཉིས། །ཕྱི་རོལ་དྷ་རའི་རྣམ་པ་དགུག །མི་མཐུན་རྣམ་གཉིས་དབང་པོ་བསྒྱུར། །རང་སེམས་འབྲས་ལྔ་བསྡུ་བར་བྱ། །མངོན་སྤྱོད་བསྐྲད་དང་གནན་པ་དང་། །སྨྱོ་འབོག་བྱད་དང་བསྐམས་པ་དང་། །རྨོངས་དང་བརྟན་པོ་རྒྱུར་གཞན་ལའོ། །རང་གི་ཕྱི་ནང་དགྲ་བགེགས་འཇོམས། །ཞེས་སོ། །བཞི་པ་བྱེད་ཚུལ་གྱི་ཁྱད་པར་ནི། དེ་ལས། ཁྱད་པར་ཟག་བཅས་བར་ཆད་མེད། །མཐར་ཕྱིན་ལམ་གྱི་ཕྱེ་བའམ། །ཤེས་རབ་དབང་པོ་རྣམ་གསུམ་གྱིས། །ནུས་མཐུ་བྱིན་རླབས་ཡུལ་ངོ་བོ། །ཐབས་དང་བཞི་ཡི་ཁྱད་པར་ལ། །སྐས་ཀྱི་གདང་བུ་ཇི་ལྟ་བའོ། །ཞེས་སོ། །ལྔ་པ་སྐྱོན་ནི། དོན་གཉིས་མི་འགྲུབ་པ་ལ་སོགས་པ་སྟེ། དེ་ལས། མི་སྐོང་མི་འབྱོང་མི་རྫོགས་དང་། །དོན་གཉིས་མི་འགྲུབ་དེ་ཡི་སྐྱོན། །ཞེས་སོ། །དྲུག་པ་ཡོན་ཏན་ནི། དེ་ལས་བཟློག་པས་བདག་གཞན་གྱི་དོན་འགྲུབ་པ་སྟེ། འདི་ལྟར། བདེ་བ་དང་། ལོངས་སྤྱོད་པ་དང་། དབང་བསྒྱུར་བ་དང་། འདུལ་བའི་སྒོ་ནས་སོ། །དེ་ལྟར་ཡང་སྔ་མ་ལས། དེ་ལས་བཟློག་པའི་ཚུལ་ལྡན་པ། །ཡོན་ཏན་ཉིད་དུ་ཤེས་པར་བྱ། །ཞེས་སོ། །བདུན་པ་དོན་དུ་གཉེར་བ་སྒྲུབ་པ་ལ་དྲུག་ལས། དང་པོ་དགོས་ཆེད་ནི། གང་དོན་དུ་གཉེར་བའི་བསྒྲུབ་བྱ་གཉིས། མངོན་དུ་འགྱུར་བའི་ཆེད་དུ་སྟེ། །ཐུགས་ཐིག་ལས། ཐུན་མོང་མཆོག་གི་དངོས་གྲུབ་རྣམས། །བདག་གཞན་དོན་ཐོབ་བཞི་ཡི་ཕྱིར། །ཞེས་སོ། །གཉིས་པ་ངོ་བོ་ནི། དམིགས་པའི་ཡུལ་ལ་འཇུག་པ་སྟེ། དེ་ལས། གང་གིས་གང་ཐོབ་འདོད་པ་དེ། །ཡན་ལག་ཀུན་ལྡན་གཉེར་བདེ་བའོ། །ཞེས་སོ། །གསུམ་པ་སྒྲ་དོན་ནི། སིདྡྷིའི་སྒྲ་ལས་དངོས་གྲུབ་སྟེ་བསྒྲུབ་བྱའོ། །སཱ་དྷ་ནའི་སྒྲ་ལས་ཀུན་ཏུ་ལེན་པ་སྟེ། འདིས་འདོད་པའི་དོན་ལེན་ཅིང་ཐོབ་པར་བྱེད་པའམ་སྒྲུབ་པར་བྱེད་པའི་ཕྱིར་སྒྲུབ་པའོ། །དེ་སྐད་དུའང་ཧེ་རུ་ཀ་འདུས་པ་ལས། རིག་འཛིན་ལམ་དང་འབྲས་བུ་དང་། །ཚེ་དང་པྲ་དང་རོ་ལངས་དང་། །རྐང་མགྱོགས་མཁའ་འགྲོ་ལ་སོགས་པ། །བསྒྲུབས་པས་སྒྲུབ་པ་ཉིད་དུ་བཤད། །ཅེས་སོ། །བཞི་པ་རྣམ་གྲངས་ལ། དངོས་དང་། ཞོར་ལ་དུས་སོ། །དང་པོ་ལ། བསྒྲུབ་པ་དང་། དེའི་ཆ་རྐྱེན་ནོ། །དང་པོ་སྒྲུབ་པ་ལའང་། ཐུན་མཆོག་གཉིས་ཀྱི་ཁྱད་པར་དང་། །ཁྱད་པར་ཅན་གྱི་བསྒྲུབ་པ་བཤད་པའོ། །དང་པོ་ནི། གང་ཞིག་ལྷ་ཆེན་པོ་སོགས་འཇིག་རྟེན་འདིའི་དགོས་པ་གཙོ་བོར་བསྒྲུབ་པ་ནི་ཐུན་མོང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་འདས་པ་གཙོ་བོར་བསྒྲུབ་ན་མཆོག་གི་བསྒྲུབ་པའོ། །ཡང་སྒྲུབ་ཐབས་འགའ་ཞིག་གི་སྒོར་ཞུགས་ནས་མཐར་ཕྱིན་པར་བསྒྲུབས་ཀྱང་དངོས་སུ་མྱང་འདས་མི་ཐོབ་ན་ཐུན་མོང་། ཡང་སྒྲུབ་ཐབས་འགའ་ཞིག་གི་སྒོར་ཞུགས་ནས་མཐར་ཕྱིན་པར་བསྒྲུབས་པས་དངོས་སུ་མྱང་འདས་ཐོབ་པ་ནི་མཆོག་གི་བསྒྲུབ་པའོ། །གཉིས་པ་ལ། ཐུན་མོང་དང་། མཆོག་གི་བསྒྲུབ་པ་བཤད་པའོ། །དང་པོ་ནི། སྤྱིར་རྒྱུད་རྣམས་སུ། ཐུན་མོང་གི་དངོས་གྲུབ་ལས་ཆེན་བརྒྱད་དང་། གྲུབ་ཆེན་བརྒྱད་གསུངས་ཏེ། དེ་ལ་ལས་བརྒྱད་ནི། ཧེ་བཛྲ་ལས། དབང་དང་། མངོན་སྤྱོད་དང་། དགྲའི་སྡེ་འཇིག་པ་དང་། བསྐྲད་པ་དང་། གསད་པ་དང་། དགུག་པ་དང་། ཞི་བ་དང་། །རྒྱས་པར་ཡང་དག་པར་འགྲུབ་པར་འགྱུར་རོ། །ཞེས་སོ། །གྲུབ་པ་བརྒྱད་ནི། གུར་ལས། གང་ཕྱིར་དེ་ནི་དཀའ་བ་མིན། །མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་དང་ནི་ས་འོག་འགྲུབ། །རི་ལུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །གར་ཕྱིར་དེས་ནི་རྡོ་རྗེ་འཛིན། །མཉེས་པར་བྱས་ལས་མྱུར་དུ་འཐོབ། །ཅེས་གསུངས། ཁྱད་པར་གསང་བ་སྒྱུ་འཕྲུལ་པའི་ལུགས་ལ་བཤད་རྒྱུད་རྒྱས་པར་ཐུན་མོང་གི་དངོས་གྲུབ་མང་དུ་གསུངས་ཏེ། འདི་ལྟར་ཁོག་གཞུང་ལས། རོ་ལངས་ཚེ་དང་པྲ་བསྒྲུབ་དང་། །ལྷ་ཆེན་པོ་དང་རྒྱལ་པོ་བཞི། ། གདུག་པ་ཀླུ་འདུལ་རྒྱལ་བློན་གྱི། །ཆུང་མ་དབང་དུ་བྱ་བ་གཉིས། །ཡུལ་ཁམས་ཅེ་སྦྱང་རྐང་མགྱོགས་བསྐྲད། །མི་སྣང་གཟུགས་བསྒྲུབ་ལྷ་ཀླུ་མོ། །རྒྱལ་བློན་དམག་དཔོན་ཞང་བློན་བསྒྲུབ། །ཚེ་འདིའི་ཆེད་ཕྱིར་འཇིག་རྟེན་པའོ། །ཞེས་གསུངས་ཀྱང་། རྩ་བའི་རྒྱུད་འདིར་ཐུན་མོང་གི་སྒྲུབ་པ་བཅུ་དགུ་གསུངས་ཏེ། གང་ཞེ་ན། ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག །འབྱུང་ལྔའི་དངོས་གྲུབ་ལྔ། ལས་ཕྲན་ཚེགས་ཀྱི་དངོས་གྲུབ་བརྒྱད་བསྒྲུབ་པའོ། །དང་པོ་ནི། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ལོངས་སྤྱོད་འབྱུང་ཞིང་ངན་སོང་སྦྱང་། །ཅི་ཡང་གཞན་དུ་འགྱུར་བ་འགྲུབ། །ཅེས་པས། ཟས་དུག་ཅན་སོགས་བསྒྱུར་གཞི་ལ་ཡི་གེ་བཀོད་དེ་འཕྲོ་འདུའི་སྒོ་ནས། དུག་བདུད་རྩིར་བསྒྱུར་བ་དང་། འདོད་བྱ་གཞན་ཡང་ཇི་ལྟར་དམིགས་པ་བཞིན་འགྲུབ་པ་དང་། ནད་ཞི་བ་དང་། ལོངས་སྤྱོད་འབྱུང་བ་དང་། ངན་འགྲོའི་སྒྲིབ་པ་སྦྱོང་བ་དང་། །བྱེ་མ་ལས་གསེར་དང་སོལ་བ་ལས་ལྗོན་པ་སོགས་སྣང་བ་མི་མཐུན་པ་གཞན་དུ་འགྱུར་བ་རྣམས་སོ། །གཞན་ཡང་བཤད་རྒྱུད་དང་སྦྱར་ཏེ་བཤད་ན། རྒྱས་པའི་ལེའུ་བདུན་ཅུ་པར་ཐུན་མོང་གི་བདུད་རྩི་རོ་ལངས་སྒྲུབ་པ་བསྟན་པ་ནི་རྐང་པ་དང་པོ་གཉིས་ཀྱི་དོན་དུ་བཞེད་ཅིང་། འདི་ཉིད་ལས། ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཅེས་པའང་སྦྱར་དུ་རུང་ངོ་། །ཞེ་གཅིག་པར་རྡོ་རྗེ་རིགས་ཀྱི་རྐང་མགྱོགས་ཅེ་སྤྱང་དང་། སངས་རྒྱས་རིགས་ཀྱི་རྒྱལ་པོ། རིན་ཆེན་རིགས་ཀྱི་བློན་པོ་ནོར་མང་། པད་རིགས་ཀྱི་ཞང་བློན་དབང་ཆེན། ལས་རིགས་ཀྱི་དམག་དཔོན་སྒྲུབ་པ་རྣམས་གསུངས་པ་ལས། འདིར་རྐང་པ་གསུམ་པའི་ལོངས་སྤྱོད་འབྱུང་བ་ནི་གཙོ་བོར་རིན་ཆེན་རིགས་ཀྱི་སྒྲུབ་པ་དང་། ངན་སོང་སྦྱོང་བ་ནི་ཅེ་སྤྱང་སྒྲུབ་པའི་སྐབས་ཀྱི་ཨ་ལ་སེམས་སྦྱངས་ནས་ཧཱུྃ་དུ་བསྒོམས་ཏེ་བདག་ལུས་སྦྱང་བས་བསྟན་པར་བཞེད་དོ། །ཅི་ཡང་གཞན་དུ་འགྱུར་བ་ནི། ལེའུ་སོ་བརྒྱད་པ་ནས་རྐང་མགྱོགས་དང་རི་ལུ་མི་སྣང་བསྒྲུབ་པ། རེ་བཞི་པ་ནས་ཚེ་སྒྲུབ་པ། རེ་ལྔ་པ་ནས་པྲ་སྒྲུབ་པ་སོགས་མང་དུ་གསུངས་པ་དང་། འདི་ཉིད་ལས། ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང་། ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བ་རྣམས་སོ། །གཉིས་པ་ནི། ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་། །འབར་ནས་མེ་ཡང་འཚིག་པ་དང་། །ཆུར་འགྱུར་འབབ་པའང་དེ་བཞིན་ཏེ། །འཇིག་རྟེན་ཁམས་ནི་འཐོར་བ་དང་། །ཐམས་ཅད་སྟོངས་ཤིང་ལྷུང་བར་འགྱུར། །ཞེས་སོ། །དེའི་དོན་འགྲེལ་བསྒྲུབ་ལྟར་ན། ནམ་མཁའ་ལ་རྡོ་རྗེའི་སྐས་བསྒོམ་པས་སྲ་བའི་སྐས་འབྱུང་བ་དང་། དེ་བཞིན་དུ་ལག་མཐིལ་ལ་ཡི་གེ་རཾ་ཡཾ་ཁཾ་བཀོད་པས་ཡེ་ཤེས་ཀྱི་མེ་ཆུ་རླུང་དུ་གྱུར་ཏེ། ཐ་མལ་གྱི་མེ་ཉིད་ཀྱང་སྲེག་པར་བྱེད་པ་དང་། ཆུའང་དག་པར་བྱེད་པ་དང་། རླུང་ཡང་འཐོར་བར་བྱེད་ལ། ཡི་གེ་ཨེ་བཀོད་དེ་འཕྲོ་འདུས་སྦྱངས་ན་འཇིག་རྟེན་གྱི་ཁམས་ཀུན་སྟོངས་ཤིང་གཞོལ་ཕྱོགས་སུ་ལྷུང་བར་འགྱུར་བ་ཉིད་དོ། །གཞན་དུ་བཤད་རྒྱུད་དང་སྦྱར་ན། རྒྱས་པའི་སོ་བརྒྱད་པ་ལས། མི་གནས་ནམ་མཁའ་མཐའ་ཀླས་པར། །གོམ་པ་འདོར་བས་འགྲོ་བ་དང་། །ཆུ་ལ་ས་བཞིན་འགྲོ་བ་དང་། །བསྲེག་བྱ་འབར་བའི་དབུས་གནས་དང་། །ཚ་བ་རླུང་གིས་བཏེགས་ནས་ཀྱང་། །ཕྱོགས་བཅུ་ཀུན་ཏུ་ཕྱིན་པར་འགྱུར། །ཞེས་འབྱུང་བ་ལ་ཐོགས་མེད་དུ་སྤྱོད་པའི་རྫུ་འཕྲུལ་རྣམས་ཏེ། འདིར་ཡང་། འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །ཞེས་མཚོན་ཙམ་ཞིག་བསྟན་ཏོ། །གསུམ་པ་ནི། དགུག་དང་གཏང་དང་བཅིང་དང་དགྲོལ། །གསོ་དང་གསད་དང་འཕམ་དང་རྒྱལ། །ཞེས་པ་སྟེ། དགྲ་བགེགས་དགུག་པ་དང་གླིང་ཁམས་གཞན་དུ་གཏང་བ་སོགས་ལས་བརྒྱད་པོ་འདི་དག་གཅིག་སྤྲོས་ལས་སུ་རུང་བའི་རྣལ་འབྱོར་པས་ཏིང་ངེ་འཛིན་གྱི་སྒོ་ནས་བྱ་བར་གསུངས་ཏེ། ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་སོ། །ཡང་ན། དགུག་དང་བཅིང་བ་ནི་དབང་གི་ལས་ཏེ། རྒྱས་པའི་སོ་བརྒྱད་པར་ཡུལ་ཁམས་དབང་དུ་བྱ་བ་དང་། ཞེ་ལྔ་པར་རྒྱལ་བློན་གྱི་ཆུང་མ་དང་ལྷ་ཆེན་པོ་གཞན་གྱི་ཆུང་མ་དབང་དུ་བྱ་བ་སོགས་རྒྱས་པར་བསྟན་པ་རྣམས་སོ། །གཏང་གསད་འཕམ་གསུམ་ནི་དྲག་པོའི་ལས་ཏེ། དེ་ལས་གཏང་བ་ནི། སོ་བརྒྱད་པར། དྲག་པོ་ལྕེ་ཡི་སྦྱོར་བ་ཡིས། །གླིང་ཁམས་གཞན་དུ་ཤིན་ཏུ་གཏང་། །ཞེས་དགྲ་བགེགས་བསྐྲད་པའི་ལས་དང་། ཞེ་དྲུག་པར་རང་གི་གནས་ན་ཀླུ་ཡོད་པ་བསྐྲད་པའི་ལས་གསུངས་པ་སོགས་སོ། །དགྲོལ་བ་ནི་ཞི་བའི་ལས་ཏེ། ལེའུ་དེ་ལས། གཟུངས་མ་ཀླུའི་བྱད་དུ་བཅུག་པ་འགྲོལ་ཐབས་བཤད་པ་སོགས་སོ། །གསོ་བ་དང་རྒྱལ་བ་ནི་རྒྱས་པའི་ལས་ཏེ། དེའང་ནད་གསོ་བ་ནི་འཁོར་ཀླུ་ནད་ཀྱིས་ཟིན་པ་གསོ་བ། ཞེ་དྲུག་པར། རྫས་ལ་མེ་ནི་རབ་སྤར་ནས། །ང་ཡི་སྙིང་པོ་བརྗོད་ནས་དབྱུང་། །ཞེས་པ་དང་། ཤི་བ་གསོ་བ་ནི་རོ་ལངས་སྒྲུབ་པའི་ལེའུ་དང་། ཚེ་གསོ་བ་ནི་རེ་བཞི་པ་ལས་སོ། །གསད་པ་ནི། དགྲ་བགེགས་གསད་པ་ལེའུ་ང་དྲུག་པར་བསྟན་པ་སྟེ། དམ་པའི་ཆོས་འཇིག་མ་རུངས་པ། །དཔའ་བོས་དགོས་པ་ཡོད་པའི་ཕྱིར། །ཀུན་ལ་ཕན་པ་དེ་གྱིས་ཤིག །ཅེས་པའོ། །འཕམ་པ་དང་རྒྱལ་བའི་ལས་ནི། གཞན་གྱི་ཡུལ་འཕམ་པ་དང་། རང་གི་གཡུལ་རྒྱལ་བར་བྱ་བ་སྟེ། ཞེ་གཅིག་པར་དམག་མང་མཐུ་ཆེན་བསྒྲུབ་པ་དང་། རེ་དྲུག་པར་མ་ཧཱ་དེ་བ་དང་རྒྱལ་པོ་སྡེ་བཞི་སྒྲུབ་པ་ལ་སོགས་པས་སྟོན་ཅིང་། འདིར་ཡང་། འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །ཅེས་པ་ལ་ངོས་བཟུང་དུ་རུང་ངོ་། །གཉིས་པ་མཆོག་གི་བསྒྲུབ་པ་ནི། འདིར། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པས། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་མཚོན་ཙམ་གསུངས་པ་བཤད་རྒྱུད་ཀྱིས་ཁ་བསྐང་སྟེ་བཤད་ན། ཁོག་གཞུང་ལས། ཡི་གེ་སྒྱུ་འཕྲུལ་ཚོགས་བསྒྲུབ་དང་། །རྡོ་རྗེ་སེམས་དང་སྨན་བསྒྲུབ་དང་། །རིགས་ལྔ་བསྒྲུབ་དང་ཡུམ་ལྔ་སེམས། །བྱིན་དབབ་བསྒྲུབ་པ་རྣམ་གཉིས་སོ། །ཞེས་སོ། །དེ་ལ་ཡི་གེ་སྒྱུ་འཕྲུལ་ནི། དཔེར་ན་རིན་པོ་ཆེའི་སྤྲིན་ལས་རིན་པོ་ཆེའི་ཆར་འབེབས་པ་ལྟར། ཡི་གེ་སྒྱུ་འཕྲུལ་ཏིང་ངེ་འཛིན་གྱིས་དངོས་གྲུབ་སྣ་ཚོགས་སུ་འགྱུར་བ་སྟེ། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །ཞེས་སོགས་སོ། །དེའང་ཡི་གེའི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་ནས་འདོད་དོན་སྣ་ཚོགས་སུ་བསྒྱུར་བས། དེ་ལྟར་སྒྲུབ་པའི་ཕྱིར། འདི་ནི་དངོས་གྲུབ་ཐམས་ཅད་ཀྱི་གཞིར་གསུངས་སོ། །ཚོགས་བསྒྲུབ་ནི། ཚོགས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་ཨཱ་ལི་ཀཱ་ལི་ལ་སོགས་པའི་ཡོ་བྱད་ལ་རོལ་ཅིང་དངོས་གྲུབ་སྒྲུབ་པའི་ཐབས་གསུངས་པ་རྣམས་སོ། །རྡོར་སེམས་བསྒྲུབ་པ་ནི་རྒྱས་པའི་ཉེར་གཉིས་པ་དེ་སྒྲུབ་པའི་ལེའུ་དང་། དོན་བཞི་པ་ཞལ་མཐོང་གི་ལེའུ་ལའང་ངོས་གཟུང་དུ་རུང་ངོ་། །སྨན་བསྒྲུབ་ནི་ལེའུ་བཞི་བཅུ་པར། མཚམས་གཅད་ལ་དཀྱིལ་འཁོར་བྲི་བ་དང་། སྨན་བཀོད་ལ་རིགས་བརྒྱས་སྦྱང་བ་དང་། བཏག་བཙག་བྱས་ལ་རིགས་ལྔས་སྦྱང་བ་དང་། བུམ་པར་དྲིལ་ལ་རིགས་གཅིག་གིས་སྦྱང་བ་སོགས་གསུངས་སོ། །རིགས་ལྔ་ཡབ་ཡུམ་བསྒྲུབ་པ་ནི་སོ་དགུ་པའི་སྟོད་དང་། དབབ་པ་ནི་ཞེ་གཉིས་པས་བསྟན། སེམས་མ་བསྒྲུབས་ཤིང་དབབ་པ་ནི་ཞེ་བཞི་པར་གསུངས་སོ། །མདོར་ན། མཆོག་དང་ཐུན་མོང་གི་དངོས་གྲུབ་དེ་དག་སྒྲུབ་པའི་ཚུལ་གཙོ་བོར་སྟོན་པ་ནི་ཚོགས་བསྒྲུབ་ཡིན་ལ། དེ་ཡང་གཞི་ཕུན་སུམ་ཚོགས་པ་ལྔས་བཟུང་ནས་བསྙེན་བསྒྲུབ་བཞིའི་ཐབས་ཀྱིས་བསྒྲུབ་བྱ་དོན་དུ་གཉེར་བ་ཞིག་སྟེ། སྔར་དཀྱིལ་འཁོར་གྱི་སྐབས་སུ་རྒྱས་པར་བཤད་གྲུབ་བོ། །གཞན་ཡང་བསྙེན་བསྒྲུབ་ཀྱི་ཆར་གཏོགས་པའི་ལས་དང་། བྱ་བ་དང་། ཏིང་ངེ་འཛིན་ལ་སོགས་པའི་ཐབས་དང་། དེ་དག་གི་ཆ་ཤས་ལ་བརྟེན་པའི་སྒོ་ནས་དངོས་གྲུབ་རྣམ་པ་གཉིས་སྒྲུབ་པའི་ཐབས་སོ་སོ་བྱེ་བྲག་ཏུ་གསུངས་པ་རྣམས་ནི་འདིར་ཡི་གེས་འཇིགས་ནས་མ་བཀོད་ཀྱི། སྤྲོ་ན་སྒྱུ་འཕྲུལ་རྒྱས་པ་དང་རྒྱ་མཚོ་སོགས་བཤད་རྒྱུད་རྣམས་དང་། བླ་མ་དམ་པའི་ཞལ་ལས་ཤེས་པར་བྱའོ། །གཉིས་པ་ཆ་རྐྱེན་ནི། རྒྱུད་དོན་གཞན་དགུ་ཀ་བསྒྲུབ་པའི་ཆ་རྐྱེན་དུ་འགྱུར་ཏེ། ཐམས་ཅད་ཀྱང་བདག་གཞན་གྱི་ཐར་པ་དང་བདེ་བ་སྒྲུབ་པའི་ཆེད་དུ་གསུངས་པའི་ཕྱིར། དེ་ལྟར་ཡང་། ཁོག་གཞུང་ལས། སྐབས་ཀྱི་གཙོ་དང་གྲོགས་པོ་བསྡུ། །དེ་ཡང་བདག་གཞན་དོན་དུའོ། །ཞེས་སོ། །གཉིས་པ་དུས་ནི། སྔགས་ཀྱི་ཡན་ལག་ལྔ་དང་ཕྱག་རྒྱ་གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པར་བྱས་ནས་བསྒྲུབ་པ་ལ་ཞུགས་ན་དངོས་གྲུབ་རྣམ་པ་གཉིས་གདོན་མི་ཟ་བར་འགྲུབ་པར་འགྱུར་ཏེ། འདི་ཉིད་ལས། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་དང་། སྤྱན་འགྲེལ་ལས། བདག་ཕྱིར་དེ་བཞིན་གཞན་ཕྱིར་རུང་། །རྣལ་འབྱོར་རྗེས་མཐུན་སྐབས་སུ་བརྩམ། །སྤྲོས་བཅས་བརྟན་ན་ཐེ་ཚོམ་མེད། །དེ་ཚེ་ཚོམ་བུ་བསྒྲུབ་པར་བྱ། །ཞེས་སོ། ལྔ་པ་སྐྱོན་ནི་སྒྲུབ་པའི་ཐབས་ཡལ་བར་དོར་ན་བསྒྲུབ་བྱའི་དོན་མི་འགྲུབ་སྟེ། ཐུགས་ཐིག་ལས། ཡལ་བས་མི་འགྱང་མི་ཐོབ་བཅུ། །བྱེ་བྲག་རྒྱས་ལ་ཁོང་དུ་ཆུད། །ཅེས་སོ། །དྲུག་པ་ཡོན་ཏན་ནི། སྔ་མའི་འཕྲོས་ལས། དེ་ལས་བཟློག་པ་འདི་ཕྱི་མར། །ལྔ་ལྔས་ཐོབ་པས་དོན་གཉེར་རྫོགས། །ཞེས་གསུངས་སོ། །གཞན་ཡང་འདི་ཉིད་ལས། དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་དང་། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཞེས་སོ། །བརྒྱད་པ་མི་གཡོ་བ་ཏིང་ངེ་འཛིན་ལ་དྲུག་ལས། དང་པོ་དགོས་ཆེད་ནི། རྟོགས་པའི་དོན་ལ་མ་ཡེངས་པར་དབང་བསྒྱུར་བས་སེམས་ལས་སུ་རུང་བར་བྱེད་པ་སྟེ། འདི་ཉིད་ལས། དངོས་རྣམས་ཉིད་ན་དངོས་མེད་པར། །རྟོགས་པའི་དབང་བསྒྱུར་ཏིང་འཛིན་ཡིན། །ཞེས་སོ། །གཉིས་པ་ངོ་བོ་ནི། བསྒོམ་ཐབས་ཀྱི་བསྒོམ་བྱ་ལས་མི་གཡོ་བར་གནས་པའི་སེམས་རྩེ་གཅིག་པའོ། །དེ་ལྟར་ཡང་། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །ཞེས་སོ། །གསུམ་པ་སྒྲ་དོན་ནི། ས་མ་དྷཱིའི་སྒྲ་ལས་མཉམ་པའི་བློ་སྟེ། སེམས་རྩེ་གཅིག་ཏུ་ཟིན་པས་བསྒོམ་བྱ་མི་གཏོང་བའི་ཕྱིར། ཧེ་རུ་ཀ་འདུས་པ་ལས། གང་དང་གང་དུ་གསལ་བའི་ཡིད། །མ་ཡེངས་པ་ཉིད་ཏིང་འཛིན་ཏེ། །ཞེས་སོ། །བཞི་པ་རྣམ་གྲངས་ལ། བསྒོམ་བྱ་ངོས་བཟུང་བ། དེ་ཏིང་ངེ་འཛིན་གྱིས་ཇི་ལྟར་བསྒོམ་པའི་ཐབས་སོ། །དང་པོ་ནི། ཨིནྡྲ་བྷཱུ་ཏིའི་རིམ་གཉིས་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པའོ། །ཞེས་པས་རིམ་པ་གཉིས་སོ། །དེ་ལྟར་ངེས་པའི་རྒྱུ་མཚན་ཡང་། ལམ་གྱི་བསྒྲུབ་གཞི་ནི། ཁམས་བདེ་བར་གཤེགས་པའི་སྙིང་པོ་ཡིན་ལ། དེ་ཉིད་ཡེ་ནས་དག་པ་ལྷའི་དཀྱིལ་འཁོར་དུ་གྲུབ་པ་ནི་དམ་ཚིག་སེམས་དཔའ་དང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་ནི་ཡེ་ཤེས་སེམས་དཔའ་སྟེ། དེ་གཉིས་གདོད་ནས་དབྱེར་མེད་པ་ནི་དམ་ཡེ་གཉིས་མེད་དུ་བྱས་པའི་དོན་ནོ། །དེ་ལྟར་ཡིན་མོད་ཀྱང་མ་རྟོགས་ཏེ། ཐ་དད་དུ་འཁྲུལ་པའི་འཁྲུལ་བ་ལ་གློ་བུར་གྱི་ཆ་དང་། ས་བོན་གྱི་ཆ་གཉིས་ལས། དང་པོ་བསྐྱེད་རིམ་དང་། ཕྱི་མ་རྫོགས་རིམ་གྱི་ལམ་གྱི་སྦྱང་བྱར་གྱུར་པའོ། །དེའི་ཕྱིར། སྦྱང་གཞི་ཉིད་གློ་བུར་བག་ཆགས་ཀྱི་དབང་གིས་འཁོར་བར་སྣང་ཞིང་ཞེན་པ་འཆར་བ་འདི་དག །ད་ལྟ་ཉིད་ནས་སྦྱོང་བྱེད་བསྐྱེད་རིམ་གྱི་ལམ་གྱིས་དག་པའི་སྣང་བར་སྒྱུར་བར་བྱེད་པའོ། །དེ་བས་ན་རྟེན་དང་བརྟེན་པའི་འཁོར་ལོ་བསྒོམས་པས་སྦྱང་བྱར་བྱེད་པའི་དྲི་མ་སྣོད་བཅུད་རང་བཞིན་སོགས་འཁོར་བའི་ཆོས་སྣ་ཚོགས་པར་སྣང་བ་འདི་དག་སྲིད་པར་སྐྱེ་བ་བླངས་པ་ལ་བརྟེན་ནས་འཆར་བའི་ཕྱིར། འཁོར་བའི་ཆོས་ཀྱི་གཙོ་བོ་ནི་སྐྱེ་གནས་བཞི་ཡིན་པས། དེ་བཞིའི་བག་ཆགས་སྦྱང་བ་དང་སྒོ་བསྟུན་ནས་བསྐྱེད་རིམ་བསྒོམ་ཚུལ་བཞིར་ཀུན་མཁྱེན་ཆོས་རྗེའི་མན་ངག་གི་ཡི་གེར་གསུངས་ཏེ། ཇི་སྐད་དུ། སྐྱེ་གནས་གཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་ཅན་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་གསུངས་པའི་དགོངས་པའོ། །མན་ངག་ལམ་རིམ་ལས་ནི། སྲིད་པའི་འཁོར་ལོའི་ཚུལ་བཞིན་དུ། །ཞེས་པའི་སྐབས་སུ། སྦྱང་གཞི་སྲིད་པ་མངལ་སྐྱེས་དང་། །རྫུས་སྐྱེས་གཉིས་དང་སྒོ་བསྟུན་ཏེ། །རིམ་ཅིག་ཅར་གཉིས་སུ་བཞེད་དོ། །འདིར་ཕྱི་མ་ལྟར་བཤད་ན། དང་པོ་རིམ་གྱིས་པ་ནི། འཆི་སྲིད་གཅིག་ནས་འཆི་སྲིད་གཅིག་ལ་ཐུག་གི་བར་སྐྱེ་འཆི་བར་དོ་གསུམ་ཕྲུགས་གཅིག་པོ་ནི་སྦྱང་གཞི་དང་། དེ་ཏེང་ཀུན་སྣང་ཕྱག་རྒྱ་གཅིག་སྤྲོས་རྣམས་ནི་སྦྱོང་བྱེད་གཉེན་པོའི་རིམ་པ་སྟེ། དེ་ལས། ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེས་པའི་རིམ་གསུམ་གཉིས་མེད་དོན། །ཞེས་སོ། །དེའང་ཤི་བའི་ཚེ་ན་ཕྱི་ནང་གི་རྟོག་པ་འགགས་ནས་སྤྲོས་བྲལ་དུ་གནས་པ་དར་གཅིག་འོང་སྟེ། དེ་ཉིད་ཆོས་སྐུར་ངོ་སྤྲད་ནས་དེ་ཏིང་སྤྲོས་བྲལ་དུ་བསྒོམ་པའི་དཔེ་དང་བསླབ་གཞིའོ། །དེ་ལྟར་ཡང་ཐལ་རྒྱུད་ལས། འགྲོ་བ་མ་ལུས་ཐམས་ཅད་དག །གནས་པའི་སྟོབས་ནི་ཟད་པ་ན། །འདུས་པ་ལྔ་ཡི་རིམ་པ་ཡིས། །བག་ཆགས་སྙིགས་མ་རང་ཟད་ནས། །འོད་གསལ་སྟོང་བར་སྣང་བ་ན། །རེ་དོགས་མེད་པ་ནམ་མཁའ་བཞིན། །ཞེས་སོ། །དེ་ནས་བར་དོའི་ཚེ་སྤྱོད་ཡུལ་ཐམས་ཅད་སྒྱུ་མ་ལྟར་མཐོང་བ་ནི་ཀུན་སྣང་ལོངས་སྐུར་ངོ་སྤྲད་ནས་སྙིང་རྗེ་སྒྱུ་མ་བསྒོམ་པའི་དཔེ་དང་བསླབ་གཞི་སྟེ། དེ་ལས། བར་མར་སྒྱུ་མའི་ལུས་ཐོབ་པས། །མ་སྤངས་ལོངས་སྤྱོད་རྫོགས་པར་བཤད། །ཅེས་སོ། །དེ་ནས་བར་དོའི་རྣམ་ཤེས་དེ་མངལ་དུ་ཞུགས་ནས་སྐྱེས་པའི་རིམ་པ་གསུམ་ནི། ཕྱག་རྒྱ་གཅིག་སྤྲོས་ཚོགས་སྒྲུབ་གསུམ་སྟེ། སྐྱེ་སྲིད་སྤྲུལ་སྐུར་ངོ་སྤྲད་ནས་བསྒོམ་པའི་དཔེ་དང་བསླབ་གཞིའོ། །དེའང་སྔ་མ་ལས། ཉི་ཟླ་འདྲེས་ཤིང་ཟུང་འཇུག་པས། །སྤྲུལ་པ་གཟུགས་ཀྱི་སྐུར་འགྱུར་རོ། །ཞེས་སོ། །དེའང་ཅུང་ཟད་བཤད་ན། རིམ་དྲུག་ལས། རྣམ་ཤེས་ལྷུམས་སུ་ཞུགས་དང་སྦྱར། །ཞེས་པས་བར་དོའི་རྣམ་ཤེས་ཕ་མའི་ཁུ་ཁྲག་གི་དབུས་སུ་ཞུགས་པ་ལྟར་གསུང་ཡིག་འབྲུ་དང་། མེར་ནུར་ལྟར་མཁྲང་གི་གནས་སྐབས་ལྟར་ཐུགས་ཕྱག་མཚན་གྱི་ཆོ་ག་དང་། གོར་ཉ་རུས་སྦལ་ནས་ལུས་རྫོགས་ཏེ་བཙས་པ་ལྟར་སྐུ་ཡོངས་སུ་རྫོགས་པ་ཕྱག་རྒྱ་གཅིག་པའི་དཔེ་དང་བསླབ་གཞི་སྟེ། ཧེ་ཀུ་ར་གལ་པོ་ལས། བར་དོ་རང་རིག་བདེ་བའི་ཆ། །ཡི་གེ་ཧཱུྃ་དུ་གནས་པ་ཡིན། །ཕ་མའི་ཆ་ཤས་དུམ་བུ་ནི། །ཕྱག་མཚན་རྡོ་རྗེ་ཉིད་དུ་གྲུབ། །ཆེན་པོ་ལྔ་ལས་སྐུ་གྲུབ་པ། །ཡོངས་སུ་རྫོགས་པ་ཞེས་བྱའོ། །ཞེས་སོ། །དེའང་ཕ་མ་གཉིས་སྙོམས་པར་འཇུག་པ་ན། ཐོག་མར་རེག་པ་སྲ་བ་ས། དེ་ནས་རིམ་པར་གཤེར་བ་ཆུ། དྲོ་བ་མེ། བྱང་སེམས་གཡོ་བ་རླུང་། བདེ་བ་ནམ་མཁའི་ཁམས་ཉམས་སུ་མྱོང་སྟེ། དེ་ལྟར་འབྱུང་བ་ལྔ་དང་ཡེ་ཤེས་ཀྱི་ཁམས་དྲུག་འདུས་པ་ལས་གྲུབ་ཅིང་། ཕ་མའི་ཁུ་ཁྲག་བར་དོའི་རྣམ་ཤེས་རླུང་དང་བཅས་པ་སྐུ་གསུང་ཐུགས་ཀྱི་རང་བཞིན་ལས་ཆོ་ག་གསུམ་བསྐྱེད་དང་། གཞན་དུ་ཡེ་ཤེས་ལྔའི་རང་བཞིན་ལས་མངོན་བྱང་ལྔ་བསྐྱེད་སོགས་བླ་ན་མེད་པའི་རྒྱུད་སྡེ་རྣམས་སུ་རྒྱ་ཆེར་གསུངས་སོ། །དེ་ལྟར་བཙས་ནས་ལུས་རྫོགས་བུ་ཚ་འཁོར་འདབ་རྒྱས་པ་ནི་ཕྱག་རྒྱ་སྤྲོས་པ་དང་མཐུན་པ་སྟེ། རིམ་དྲུག་ལས། རྐྱེན་ལྡན་བུ་སོགས་རྒྱས་པ་སྟེ། །རིགས་ལ་སོགས་པ་རྒྱས་པར་བྱེད། །ཅེས་སོ། །དེ་ནས་ཡུལ་ནོར་གྱིས་བཅད་རིས་དང་ཁེ་གྲགས་བསྒྲུབ་པ་སོགས་ནི་ཚོགས་སྒྲུབ་ཀྱི་དཔེ་དང་བསླབ་གཞི་སྟེ། དེ་ལས། ཡུལ་ཟླ་ཟས་ནོར་དབང་བྱེད་པ། །ཆ་གཉིས་ལ་སོགས་འཇུག་པར་བྱེད། །ཅེས་སོ། །བཅུད་ཇི་ལྟ་བ་བཞིན་དུ་སྣོད་ཀྱི་འཇིག་རྟེན་ཆགས་རིམ་དང་སྒོ་བསྟུན་ནས་རྟེན་གྱི་དཀྱིལ་འཁོར་རིམ་གྱིས་བསྒོམ་ཚུལ་ཀྱང་གསུངས་ཏེ། གལ་ཕྲེང་ལས། སྣོད་ཀྱི་རིམ་པ་བྱུང་ཚུལ་གྱིས། །རིམ་བརྩེགས་གཞལ་ཡས་གཞུང་བཞིན་བསྐྱེད། །ཅེས་སོ། །དེ་ལྟར་ན་སྲིད་པའི་འཁོར་ལོ་རིམ་གྱིས་ཆགས་པ་ནི་བསྐྱེད་པ་སྟེ། དེར་ཞེན་གྱི་ལས་དང་བག་ཆགས་སྦྱོང་བའི་ཕྱིར་ལམ་རྣལ་འབྱོར་གྱི་རིམ་པ་དེ་དང་མཐུན་པར་བསྒོམ་པ་ནི་སྦྱོང་བྱེད་དོ། །གཞན་དུ་སྲིད་པའི་འཁོར་ལོ་ཉིད་ལམ་ཏིང་འཛིན་ལ་བསླབ་པའི་གཞི་དང་། ཚུལ་འདྲ་བས་ན། བསླབ་གཞིའམ། དཔེ་དང་བསླབ་བྱར་འགྱུར་བའི་རྒྱུ་མཚན་ཡང་དེ་ཡིན་ཏེ། རིམ་དྲུག་ལས། རང་བཞིན་དག་པའི་སངས་རྒྱས་ཀྱང་། །ཐབས་དང་ལྷན་ཅིག་མི་གནས་ན། །གཟུང་འཛིན་འཆིང་བས་བཅིངས་པར་འགྱུར། །དེ་ཉིད་ཚུལ་གྱི་འཇུག་སོགས་ཀྱི། །རིམ་པ་ཡོངས་སུ་རྫོགས་པར་འགྱུར། །ལམ་གྱི་ཚུལ་ཡང་དེ་བཞིན་ཤེས། །ཞེས་སོ། །གཉིས་པ་གཅིག་ཅར་བ་ནི། རྫུས་སྐྱེས་སྐད་ཅིག་གིས་ལུས་འགྲུབ་པ་ལྟར་དྲན་རྫོགས་སུ་བསྐྱེད་པ་སྟེ། ལྷ་སྐུ་བསྒོམ་པའི་མན་ངག་ལས། རིག་པ་ལྷ་རུ་རྫོགས་ཚུལ་གསལ། །ཞེས་སོ། །འདི་ལ་ཨིནྡྲ་བྷཱུ་ཏིས། བསྐྱེད་རིམ་པའི་རྫོགས་རིམ་དང་རྫོགས་རིམ་པའི་བསྐྱེད་རིམ་ཞེས་གསུངས་ཏེ། རིམ་གཉིས་ལས། དེ་ལྟར་ལྷ་རྣམས་བསྐྱེད་པ་ནི། །བསྐྱེད་པའི་རིམ་པར་གསུངས་པའོ། །ཏིང་འཛིན་དེ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་པ་ཡིས། །སྐད་ཅིག་ཉིད་ལ་ལྷ་རྣམས་གསལ། །རྫོགས་པའི་རིམ་པའི་བསྐྱེད་རིམ་སྟེ། །བསྐྱེད་པའི་རིམ་པའི་རྫོགས་པའོ། །ཞེས་སོ། །མདོར་ན་མ་དག་པའི་སྣང་བ་དག་པའི་སྣང་བར་བསྒྱུར་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ནི་བསྐྱེད་རིམ། དེ་བདེ་སྟོང་གི་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར། མཚན་བཅས་རྩ་རླུང་ཐིག་ལེ་དང་། མཚན་མེད་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི་རྫོགས་རིམ་སྟེ། ཀུན་མཁྱེན་ཆེན་པོས། བསྐྱེད་རིམ་སྣང་འདིའི་བདེན་ཞེན་འགོག་པ་སྟེ། །རྫོགས་རིམ་སྒྱུ་མར་ཞེན་པའི་རྟོག་པ་སྤང་། །གང་ལ་སྣང་སྟོང་བདེན་ཞེན་མེད་པ་ན། །བསྐྱེད་རྫོགས་གཉིས་མེད་རང་བཞིན་དག་པ་ཡིན། །ཞེས་གསུངས་པ་ལྟར་སྔ་མས་སྣོད་བཅུད་རང་མཚན་པའི་བདེན་ཞེན་དང་། ཕྱི་མས་བསྐྱེད་རིམ་སོགས་སྒྱུ་མ་ལྟ་བུར་བསྒོམས་པའི་ཞེན་པ་ཅུང་ཟད་ཡོད་པ་སྦྱང་བ་ཡིན་ནོ། །གཉིས་པ་སྒོམ་ཐབས་ལ། གང་དུ་བསྒོམ་པའི་གནས། གང་ལ་བརྟེན་ནས་བསྒོམ་པའི་ཆ་རྐྱེན། གང་བསྒོམ་པའི་ཐབས་དངོས། གང་གི་ཚེ་བསྒོམ་པའི་དུས་སོ། །དང་པོ་ནི། ལམ་རིམ་ལས། སྐྱེས་བུ་སེང་གེ་བཞིན་རྒྱུ་བས། །ཞེས་པས་འཁོར་འདབ་དང་གཡེང་བ་སྤངས་ལ་ཡིད་དུ་འོང་བའི་གནས་དབེན་པར་བསྒོམ་དགོས་ཏེ། ནོར་བུའི་ཕྲེང་བ་ལས། བས་མཐའི་དགོན་པར་རབ་གནས་ཤིང་། །བདག་གིས་བདག་ཉིད་སྦ་བྱ་སྟེ། །རི་དྭགས་ཤི་བའི་རོ་བཞིན་དུ། །ཆགས་པ་མེད་པར་གནས་པར་བྱ། །ཞེས་དང་། བསམ་གཏན་ཆོས་དྲུག་ལས། མང་པོ་རྟག་ཏུ་འཐབ་འགྱུར་ཏེ། །གཉིས་པོ་དག་ཀྱང་འགྲན་ཟླར་འགྱུར། །གཞོན་ནུ་མ་ཡི་གདུབ་བུ་བཞིན། །བདག་ཉིད་གཅིག་པུར་གནས་པར་བྱ། །ཞེས་སོ། །གཉིས་པ་ནི། ལམ་རིམ་ལས། ཁམས་དང་ཏིང་འཛིན་རྐྱེན་བསྡུས་ལ། །ཞེས་པས་ཕུང་པོའི་ཆ་རྐྱེན་ཁམས་དང་མཐུན་པའི་སྨན་སོགས་དང་། ཏིང་ངེ་འཛིན་གྱི་ཆ་རྐྱེན་དུ་བླ་མའམ་མཆེད་དགོངས་ཉམས་ཅན་སོགས་མཐུན་པའི་གྲོགས་དང་། ཏིང་ངེ་འཛིན་ལ་ཕན་པའི་མན་ངག་སོགས་བསྡུས་ལ། ཆོས་བཅུ་ལྡན་གྱི་སྒོ་ནས་ཉམས་སུ་བླང་བར་བྱའོ། །བཅུ་གང་ཞེ་ན། ལྷ་རྗེ་ཟུར་ཆུང་པའི་མཛུབ་ཚུགས་ཀྱི་བསམ་གཏན་ལས། དད་པས་ཕུལ་བཏགས། བརྩོན་འགྲུས་ཀྱི་གཞུ་བདུངས་པ། འཁོར་བ་དཔྱིས་འབྱིན་པ། སེམས་རུས་ཀྱི་ཐང་གཅོད་པ། བླ་མ་ལྷ་ལྟར་བཀུར་བ། མན་ངག་སྙིང་ལྟར་འཚོ་བ། དམ་ཚིག་སོ་མཚམས་ཀྱི་མཁར་ལྟར་བསྲུང་བ། འདུ་འཛིན་དུག་ལྟར་སྤོང་བ། དགོན་གནས་གྲོགས་ལྟར་བསྟེན་པ། བྱང་ཆུབ་ཀྱི་འབྲས་བུ་སྒྲུབ་པའི་མི་ཆེན་པོས་སྤྲོ་བ་བསྲིངས་ཏེ་བསྒྲུབ་པར་བྱའོ། །ཞེས་སོ། །གསུམ་པ་ལ་བསྐྱེད་རྫོགས་གཉིས་ལས། །དང་པོ་ནི། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ལ་དམིགས་ནས་རྩེ་གཅིག་ཏུ་བསྒོམ་པ་རྟོག་བཅས་ལྷའི་རྣལ་འབྱོར་རོ། །དེ་ལ་སེམས་ཇི་ལྟར་འཇོག་པའི་ཐབས་ཀྱང་། ལྷ་སྐུ་བསྒོམ་པ་ལས། བསྒོམ་ཐབས་རིམ་པ་གཉིས་ཡོད་དེ། །ཐུན་མོང་ཁྱད་པར་དབྱེ་བའོ། །ཞེས་པས་ཐུན་ཁྱད་གཉིས་ལས། དང་པོ་ནི། བདེ་བའི་སྟན་ལ་ལུས་གནད་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པར་འདུག་ལ། མདུན་དུ་བྲིས་སྐུར་བ་གནས་ཅན་དགྲམ་ཞིང་། ཡན་ལག་བརྒྱད་པ་འབུལ་བ་དང་། སེམས་རྣམ་པ་གཉིས་བསྐྱེད་པ་སྔོན་དུ་བཏང་སྟེ། མདུན་གྱི་བྲིས་སྐུའི་གཟུགས་བརྙན་ལ་མིག་རེངས་རེངས་སུ་བལྟས་པས་ཡིད་ལ་གསལ་སྣང་གི་རྣམ་པ་ཤར་བ་ན། དེ་ཉིད་ལ་རྩེ་གཅིག་པའི་ཞི་གནས་སྒྲུབ་པ་ཡིན་ལ། དེའང་ཐོག་མར་ལྷ་སྐུ་མདུན་དུ་བསྒོམ་ཞིང་། དེ་ལས་གོམས་པ་དང་བདག་ལྷར་བསྒོམ་པ་སྟེ། སྔ་མ་ལས། རབ་གནས་ལྡན་པའི་གཟུགས་བརྙན་ལ། །ཀུན་ཏུ་བརྟག་ཅིང་དམིགས་པ་བསྡུ། །མི་ཡི་མིག་གིས་བལྟར་ཡོད་པར། །ཤིན་ཏུ་འདྲིས་པ་ཉིད་དུ་བྱ། །ས་ཕྱོགས་སྟོང་པ་ཐམས་ཅད་དག །གཟུགས་བརྙན་ཡིད་དུ་གསལ་མཐོང་ན། །ཐུན་མོང་ཞི་གནས་གསལ་བའི་ཚད། །དམིགས་པ་བསྡུ་ཞིང་ཡུལ་ལ་བལྟ། །དེ་ལ་ཤིན་ཏུ་འདྲིས་པར་བྱ། །ཞེས་དང་། རྣམ་བཀོད་ལས། རབ་གནས་ལྡན་པ་མདུན་བཞག་ནས། །སྤྲོས་བཅད་ཞུགས་པ་སྔོན་བྱས་ལ། །གསལ་བར་སྤྱི་དང་བྱེ་བྲག་བརྟག །དེ་ཅི་འདྲ་བར་མདུན་དུ་བསམ། །ཤིན་ཏུ་གོམས་ནས་རྣམ་སྨིན་གཟུགས། །བསྒྱུར་ལ་དེ་བརྟན་ངེས་པར་བྱ། །ཞེས་སོ། །གཉིས་པ་ནི། བྲིས་སྐུ་སོགས་ལ་དམིགས་རྟེན་བྱེད་དམ་མི་བྱེད་ཀྱང་རུང་སྟེ། ཐོག་མ་ནས་བདག་ཉིད་ལྷར་བསྒོམ་པའོ། །དེ་ལའང་། ལམ་རིམ་ལས། བློ་ཡི་ཤེས་རབ་ཆེ་ཆུང་གིས། །ཞེས་དང་། ལྷ་སྐུ་སྒོམ་པ་ལས། བདག་ཉིད་ཕྱག་རྒྱ་ཉིད་དུ་བསྒོམ། །རིམ་གྱིས་པ་དང་ཅིག་ཅར་བའོ། །ཞེས་པས། རིམ་ཅིག་ཅར་གཉིས་ལས། དང་པོ་ནི། རྣམ་བཀོད་ལས། རིམ་དུ་སྐད་ཅིག་སྤྲོས་བཅད་ལ། །དེ་ནས་ཡི་གེ་ཕྱག་རྒྱ་དང་། །ཕྱག་རྒྱ་ཆེན་པོ་རིམ་པར་བསམ། །དབང་བསྐུར་ལ་སོགས་ལྷག་པའི་ལྷ། །དགུར་ལྡན་སྤྱན་དྲང་བསྟིམ་བརྟན་མཆོད། །ཟིན་ནས་བཅུ་སྤང་བཟླས་པ་བྱ། །གསལ་བ་གསུམ་ལྡན་དྲོད་རྙེད་འགྱུར། །ཞེས་སོ། །དེའང་བློ་ཆུང་ན། ཐོག་མར་རྟོག་པའི་སྐུ་དང་། དེ་ནས་སྒྱུ་མའི་སྐུ་དང་། དེ་ནས་གཉིས་མེད་ཀྱི་སྐུར་བསྒོམ་ལ། བློ་ཆེན་ཐོག་མ་ཉིད་ནས་གཉིས་སུ་མེད་པར་བསྒོམ་པར་བྱའོ། །དེ་དག་གསལ་བརྟན་གྱི་ཡན་ལག་ཏུ་རྣམ་པ་བྱེ་བྲག་པ་དང་། གྲངས་ཚད་མ་ངེས་པ་ལ་སེམས་གཟུང་བར་བྱ་སྟེ། ལྷ་སྐུ་སྒོམ་པ་ལས། དང་པོ་དབུ་ཡི་གཙུག་ཏོར་གསལ། །དེ་ནས་ཞལ་གྱི་མདངས་ལ་བསླབ། །དེ་ནས་ཐུགས་ཀྱི་དཔལ་བེའུ་ལ། །དེ་ནས་ཡན་ལག་གདན་ཁྲིགས་ལ། །དེ་ནས་ལྷ་གྲངས་འཁྱུད་ཚད་བསྒོམ། །ཡུངས་འབྲུ་ཙམ་དང་རི་རབ་ཙམ། །གང་ལ་བཞག་པར་འདུག་པ་ནི། །ཏིང་འཛིན་ཕྱོགས་གཅིག་གསལ་བའི་རྟགས། །ཞེས་སོ། །གཞན་ཡང་གཡོ་བ་སོགས་ཉམས་ལྔ་ཤེས་པར་བྱ་བ་དང་། བྱིང་རྒོད་ལ་སོགས་པའི་སྐྱོན་ངོས་བཟུང་སྟེ་བཅོས་པའི་སྒོ་ནས་ཀྱང་བརྟན་པར་བྱ་བའོ། །གཉིས་པ་ནི། ལྷ་སྐུ་སྐད་ཅིག་དྲན་རྫོགས་སུ་ཝལ་གྱིས་བསྒོམས་པ་ལ་མ་ཡེངས་པར་འཇོག་པ་སྟེ། ལམ་རིམ་ལས། ཡང་ན་ཕྱག་རྒྱ་ཆེན་པོ་སྟེ། །ཆུ་ལས་ཉ་ལྡང་ཇི་བཞིན་དུ། །ཞེས་སོ། །དེ་ཡང་རིམ་ཅིག་ཅར་གང་གི་སྒོ་ནས་བསྐྱེད་ཀྱང་རུང་སྟེ། རྫོགས་རིམ་གྱི་རྒྱས་བཏབ་ནས་དེར་འཛིན་མེད་ཀྱི་ལྷ་སྐུ་མེ་ལོང་ནང་གི་གཟུགས་བརྙན་ལྟར་བསྒོམ་པར་བྱའོ། །དེ་ལྟར་ཡང་རྣམ་བཀོད་ལས། ལྷ་ཡི་སྐུ་ནི་གསལ་བསྒོམས་ན། །བསོད་ནམས་ཚོགས་ཆེན་འཐོབ་པར་འགྱུར། །དེ་ཉིད་གཟུགས་བརྙན་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་འཐོབ་པར་འགྱུར། །ཞེས་སོ། །དེ་ལྟར་ཤེས་པར་བྱས་ལ། ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཕྱག་རྒྱ་གཅིག་སྤྲོས་གང་རུང་བསྒོམ་ལ། བཟླས་བརྗོད་སོགས་ཀྱི་སྒོ་ནས་དངོས་གྲུབ་བསྒྲུབ་པ་ལ་འབད་པར་བྱའོ། །མདོར་བསྡུ་ན། མཚན་བཅས་ཀྱི་རྣལ་འབྱོར་དེ་དག་ཀྱང་། བྱིན་གྱིས་རློབ་པ། ཡོངས་སུ་བརྟག་པ་རྫོགས་པའི་རྣལ་འབྱོར་གསུམ་དུ་འདུས་སོ། །དང་པོ་ནི། བདག་གི་དེ་ཁོ་ཉིད་ལ་ལྷའི་དེ་ཁོ་ན་ཉིད་ཀྱིས་བྱིན་གྱིས་བརླབས་ནས་བདག་ལུས་ལྷའི་སྐུ་ཕྱག་ཆེན་པོར་བསྒོམ་པ་སྟེ། ལྕགས་ལ་གསེར་འགྱུར་གྱི་རྩི་བཏང་བ་བཞིན་ནོ། །གཉིས་པ་ནི། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་རང་རིག་པ་ཙམ་ལ་དམིགས་པ་མི་གཡོ་བ་ལས་ལྷར་བསྐྱེད་པ་སྟེ། གསེར་ལས་ལྷ་སྐུ་ལུགས་པ་བཞིན་ནོ། །གསུམ་པ་ནི། ཆོས་ཐམས་ཅད་སྤྲོས་བྲལ་དུ་རྟོགས་པ་ལུས་སྐད་ཅིག་གིས་ལྷའི་ཏིང་འཛིན་རྫོགས་པར་བསྒོམ་སྟེ། དཔེར་ན་ནམ་མཁའ་དྭངས་པ་ལས་སྤྲིན་རྩོལ་མེད་དུ་ལྡང་བ་བཞིན་ནོ། །འདི་གསུམ་གྱིས་གསང་སྔགས་མཐའ་དག་བསྡུས་པར་མ་ཟད། འདིའི་གཞི་རྣམ་པ་གསུམ་གྱིས་མཚན་ཉིད་སྡེ་གསུམ་ཡང་བསྡུས་ཏེ། རྣམ་སྣང་སྒྱུ་དྲྭ་ལས། དམ་ཚིག་བྱིན་རླབས་དང་པོ་སྟེ། །བརྟག་པ་རྣལ་འབྱོར་སྤྱོད་པའི་འོ། །དབུ་མ་རྫོགས་པར་བྱ་བ་དག །འདི་ནི་རྣལ་འབྱོར་ཆོ་གར་བརྟག །ཅེས་རྣལ་འབྱོར་གསུམ་གྱི་གཞིས་རིམ་པ་ལྟར། ཉན་ཐོས་དང་། རྣལ་འབྱོར་སྤྱོད་པ་དང་། དབུ་མ་དང་མཐུན་པར་བསྟན་པའོ། གཉིས་པ་ལ། མཚན་བཅས། མཚན་མེད་དོ། །དང་པོ་ལ། རིམ་གསུམ་ལས། གདམས་ངག་སྟེང་དང་འོག་གི་སྒོ། །ཞེས་པས། ཐབས་ལམ་རིམ་གྱིས་པ་དང་། གཅིག་ཅར་བའོ། །དང་པོ་ནི། སྟེང་སྒོ་འཇུ་འདུལ་གྱི་མན་ངག་ཉམས་སུ་བླངས་པས་བདེ་བའི་ཡེ་ཤེས་རིམ་གྱིས་སྐྱེ་བ་སྟེ། རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བས་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། །ཞེས་པའི་སྟེང་སྒོ་ཐུན་མོང་བ་ནི་སྤྱི་དང་འདྲ་ལ། འདིར་ཐུན་མོང་མ་ཡིན་པའི་ཟབ་ལམ་ནི། བདེ་བའི་ཡེ་ཤེས་རིམ་གྱིས་སྐྱེ་བའང་འཁོར་ལོ་བཞི་བསྒོམ་ཐབས་ཀྱི་མན་ངག་ལས་ཏེ། གང་ཞེ་ན། ཀུན་ཏུ་བཟང་པོའི་བདེ་ཆེན་ཐིག་ལེའི་སྦྱོར་བ་དག་པའི་ཁྱབ་གདལ་ཆེན་པོའི་མན་ངག་གོ། །དང་པོ་ནི། སྙིང་ག་ཆོས་ཀྱི་འཁོར་ལོའི་སྒོམ་ཐབས་ཏེ། དེ་རྩ་ཆེན་བཞི་ལ་སྦྱང་བྱ་སྦྱོང་བྱེད་ཀྱི་ས་བོན་གནས་པའི་དབུས་ན་དྭངས་མ་ལྔ་འདུས་དང་། དེའི་དཀྱིལ་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་བཞུགས་ལ། བཞུགས་པ་ལྟར་བསྒོམས་ཏེ་འཇུ་འདུལ་བྱས་པ་ན། ཐིག་ལེ་ལས་སུ་རུང་ནས་འོད་དུ་གྱུར་པས་རིགས་དྲུག་གི་ས་བོན་གཉིད་དང་བཅས་པ་བསྲེགས། རྣམ་ཤེས་བག་ཆགས་དང་བཅས་པ་སྦྱངས། སླར་འོད་ཡེ་ཤེས་སྙིང་པོའི་ཐིག་ལེ་ལ་འདུས་ཏེ། དེས་རྩ་ཁྲག་དབུགས་དྲོད་ཀྱི་དྭངས་མ་རྣམས་སྔ་མ་སྔ་མ་ཞུ་བས་བསྐུལ་ཏེ་ཕྱི་མ་ཕྱི་མ་ཞུ་ནས་ཐིག་ལེ་སྟོང་པ་རང་བཞིན་མེད་པར་གསལ་བ་ནམ་མཁའི་གཟུགས་ཅན་སྐྱེས་པ་ནི་རྒྱུ་འབྲས་གཉིས་མེད་ཀུན་ཏུ་བཟང་པོའི་མན་ངག་གོ། །དེ་ལྟར་ཡང་། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བའི། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །ཅེས་སོ། །གཉིས་པ་ནི། ལྟེ་བའི་འཁོར་ལོ་སྒོམ་ཐབས་ཏེ། དེ་མན་ངག་བཞིན་དུ་བསྒོམས་པས་ཐིག་ལེ་ལས་སུ་རུང་ནས། བདེ་སྟོང་གཉིས་མེད་དུ་ཤར་བས་རྟོག་ཚོགས་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་གསལ་ཞིང་། དེའི་ཚེ་ཆོས་ཀྱི་འཁོར་ལོའི་འོད་མར་བབས་ཏེ་ཀུན་ཏུ་བཟང་མོའི་ཐིག་ལེ་ལ་ཐིམ་པས་དྭངས་མའི་རྒྱུ་བ་ཆད་ནས་བདེ་སྟོང་གཉིས་མེད་ཡེ་ཤེས་ལྔའི་ངོ་བོར་གནས་པ་ནི་ཀུན་ཏུ་བཟང་མོའམ་བདེ་ཆེན་ཐིག་ལེའི་མན་ངག་གོ། །དེ་ལྟར་ཡང་། གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། །ཞེས་སོགས་ཤློ་ཀ་གཉིས་སོ། །གསུམ་པ་ནི། མགྲིན་པའི་འཁོར་ལོའི་སྒོམ་ཐབས་ཏེ། སྙིང་གའི་དྭངས་མ་ཆེན་པོའི་འོད་གྱེན་དུ་སོང་བ་མགྲིན་པའི་འཁོར་ལོའི་ཐིག་ལེར་ཕོག་དེ་ཞུ་བ་ལས་འཁོར་ལོ་གཉིས་བདེ་བ་དུས་གཅིག་ཏུ་མཉམ་པར་སྦྱོར་ཞིང་། བདེ་བ་སྐྱེས་པས་ཡེ་ཤེས་ལྔའི་རོ་མྱང་བ་ན། མྱང་བྱ་མྱོང་བྱེད་མེད་པར་གནས་སུ་སྟོན་པ་ནི་སྦྱོར་བ་དག་པའི་མན་ངག་གོ། །དེ་ལྟར་ཡང་། སྙིང་པོའི་ཐིག་ལེ་མཉམ་སྦྱོར་བས། །བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་དགྱེས་ལ་མཆོད་པར་འབུལ། །ཞེས་སོ། །བཞི་པ་ནི། བདེ་ཆེན་འཁོར་ལོའི་སྒོམ་ཐབས་ཏེ། མགྲིན་པའི་འོད་ཀྱིས་སྤྱི་བོའི་འཁོར་ལོ་ལ་ཕོག་པས་འོད་དུ་ཞུ་ནས་བདེ་སྟོང་དབྱེར་མེད་ནམ་མཁའི་གཟུགས་ཅན་ཀུན་གྱི་ཐུན་མོང་མ་ཡིན་པ་སྐྱེས་པ་དེ་ནི་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་ཡིན་ལ། དེ་ཉམས་སུ་མྱོང་བས་ནི་སངས་རྒྱས་ཀུན་གྱི་ཞལ་དུས་གཅིག་ལ་མཐོང་བ་ཡིན་ནོ། །དེ་ལྟར་ཡང་། ཟག་པ་མེད་པའི་བསོད་ནམས་ཀྱིས། །ཞེས་པ་ནས། དབང་བསྒྱུར་མཆོག་ཉིད་དམ་པ་ཡིན། །ཞེས་པའི་བར་རོ། །དེ་དག་བསྒོམ་པའི་ཕྱག་བཞེས་ནི། སྟེང་སྒོ་བསླབ་པར་འདོད་པའི་རྣལ་འབྱོར་པས། བསྐྱེད་རིམ་དང་། སྦྱོང་བ་གསུམ་སྔོན་དུ་བཏང་ནས། །བདེ་བའི་སྟན་ལ་པུས་འཁྱུད་ཚད་དང་ལྡན་པ་བཅུག་སྟེ། རྩ་གསུམ་འཁོར་ལོ་དྲུག་ཐིག་ལེ་བཞི་དང་བཅས་པ་གསལ་གདབ། དེ་ནས་སྟེང་རླུང་མནན། འོག་རླུང་འཐེན་པའི་སྦྱོར་བས་རླུང་དཀྱིལ་བསྐུལ། དེས་གཏུམ་མོ་སྤར་བས་རྩ་ཨ་བ་དྷཱུ་ཏིའི་ནང་དུ་མེ་སྣ་ཞུགས་ནས། ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོའི་འཁོར་ལོ་རྣམས་རིམ་པར་བསྲེགས་པས་ལུས་ལ་དྲོད་བསྐྱེད། དེ་ནས་སྤྱི་བོའི་ཧཾ་ལས་བྱང་ཆུབ་ཀྱི་སེམས་ཕབ། རྩ་གནས་ཀྱི་ཐིག་ལེ་རྟོག་པས་འཁྱགས་པ་རྣམས་ཀྱང་དྲོས་ཏེ་འབར་འཛག་གིས་འཇུ་འདུལ་བྱས་པ་ལས། ཐོག་མར་སྙིང་གའི་ཐིག་ལེ་ཞུ་ནས་འོད་དུ་འབར། དེའི་འོད་མར་བབས་པས་ལྟེ་བ་དང་། ཡར་ཞུགས་པས་མགྲིན་པ་ལ་ཕོག་སྟེ་གཉིས་ཀ་འོད་དུ་འབར། མགྲིན་པའི་འོད་ཡར་སོང་སྟེ་བདེ་ཆེན་འཁོར་ལོ་ལ་ཕོག་པས་ཀྱང་འོད་དུ་འབར། དེ་སྤྱི་བོ་ནས་ཐོན་ཏེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕོག་པས་འོད་དུ་ཞུ་ནས་བདེ་ཆེན་གྱི་འཁོར་ལོ་ཧཾ་ཡིག་དང་བཅས་པ་ལ་ཐིམ་པས་རྩ་འདབ་ཀྱི་ཐིག་ལེ་ཐམས་ཅད་འོད་དུ་ཞུ་ནས་བདེ་སྟོང་དབྱེར་མེད་ནམ་མཁའི་གཟུགས་ཅན་སྐྱེ་བ་སྟེ། དེ་ལྟར་ཐུན་བཞིར་ཉམས་སུ་བླང་བར་བྱའོ། །འདི་ནི་ཟུར་ལུགས་ཀྱི་མན་ངག་གཙོ་བོར་བརྗོད་པ་སྟེ། ཀུན་མཁྱེན་ཆེན་པོའི་མན་ངག་གི་ཡི་གེར། མགྲིན་པའི་འོད་ཀྱིས་སྤྱི་བོ་དང་། །སྙིང་གས་མགྲིན་པ་དང་། ལྟེ་བས་སྙིང་ག་དང་། དེའི་འོད་ཀྱིས་ལྟེ་བའི་ཐིག་ལེ་རྣམས་ཞུ་བའི་རིམ་པ་ནི་ཡས་བརྟན་གྱི་ཡེ་ཤེས་དང་། དེ་ནས་སྙིང་གའི་འོད་ཟེར་གྱིས་རིམ་པར་ལྟེ་མགྲིན་སྤྱི་བོའི་ཐིག་ལེ་རྣམས་ཇེ་ཕྲ་ཇེ་ཆུང་དུ་སྙིང་གར་བསྡུས་ལ། དེ་ཡང་རིམ་གྱིས་བསྡུས་ཏེ། མཐར་ཀུན་ཏུ་བཟང་མོ་ཆོས་ཉིད་སྟོང་པ་ཆེན་པོའི་དབྱིངས་སུ་མཉམ་པར་འཇོག་པ་ནི་མས་བརྟན་གྱི་ཡེ་ཤེས་སུ་བཞེད་དོ། །དེ་ཡང་དྭངས་མ་རྩ་འདབ་རྣམས་སུ་ཕར་འཕེལ་བ་ལ་བདེ་སྟོང་གི་ཡེ་ཤེས་སུ་འདོད་པ་དང་འདི་མི་གཅིག་སྟེ། འདིར་ནི་དྭངས་མ་གཡོ་བྱེད་དང་བྲལ་བས་འོད་གསལ་བ་ལ་རླུང་སེམས་ཚུར་ཐིམ་པ་ལ་ཡེ་ཤེས་ཆེན་པོར་འདོད་པ་ཡིན་གསུངས་སོ། །བྱས་པར་ལམ་རྣམ་བཀོད་ཀྱི་ཐིག་ལེ་དྲོད་དབབ་དང་སྒྲོལ་མ་རླུང་གི་མན་ངག་བི་མ་ལའི་གསང་ཐིག་རྩ་འགྲེལ་རྣམས་ལས་ཤེས་པར་བྱའོ། །གཉིས་པ་ནི། གཞན་ལུས་ལ་བརྟེན་པའི་འོག་སྒོ་ཁམས་གསུམ་རོལ་བའི་མན་ངག་ཉམས་སུ་བླངས་པས་བདེ་བའི་ཡེ་ཤེས་ཅིག་ཅར་དུ་སྐྱེ་བ་སྟེ། རྒྱ་མཚོ་ལས། བཀུག་པ་གསུམ་གྱིས་སེམས་ལྔ་རིམ། །སྐྱེས་པས་བཅུ་དྲུག་ས་ཐོབ་པ། །རང་བཞིན་ལྷན་ཅིག་སྐྱེས་པའི་ཕྱིར། །འཆིང་བ་ཉིད་ཀྱང་ཐར་པའི་ཐབས། །ཞེས་པས། གསང་བའི་དབང་པོ་དང་། ཡུལ་པདྨ་དང་། གསང་བའི་རྣམ་ཤེས་གསུམ་ནི་བཀུག་པ་གསུམ་མོ། །དེ་གསུམ་ལ་བརྟེན་ནས་སེམས་ལྔ་སྐྱེས་ཏེ་དགའ་བ་བཅུ་དྲུག་འཆར་བའི་ཕྱིར། རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བར་བྱེད་པའོ། །དེ་ཡང་བསྐྱེད་རིམ་དང་རྫོགས་རིམ་སྟེང་སྒོ་ལས་སུ་རུང་བའི་གང་ཟག་ཆགས་ལམ་པས། སྔར་སྦྱོང་མཆོད་དུ་བཤད་པ་ལྟར། བསྙེན་པ་དང་། ཉེ་བསྙེན་གྱི་བྱ་བ་སྔོན་དུ་རྫོགས་ནས། །སྦྱོར་བ་གསུམ་གྱི་སྒོ་ནས་སྒྲུབ་པ་དང་། །སྒྲུབ་པ་ཆེན་པོ་ཉམས་སུ་བླང་བའོ། །སྦྱོར་བ་གསུམ་ནི། ཐབས་ཉིད་ཤེས་རབ་ཏུ་དང་། ཤེས་རབ་ཉིད་ཐབས་སུ་དང་། ཐབས་ཤེས་གཉིས་མེད་དུ་སྦྱོར་བའོ། །དང་པོ་ནི། གཉིས་སུ་མེད་པར་རོལ་པ་ལས་ཐབས་ཀྱི་བྱང་སེམས་རྡོ་རྗེ་ནོར་བུའི་དཀྱིལ་འཁོར་དུ་སྣང་བའི་དུས་ན་ཁམས་ལྔའི་བཅུད་ཡེ་ཤེས་ལྔའི་དཀྱིལ་འཁོར་ཡེ་ནས་ཡིན་པ་ལྟར་ཉམས་སུ་མྱང་བ་སྟེ། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །ཞེས་སོགས་ཚིགས་བཅད་གཅིག་གོ། །གཉིས་པ་ནི། དེའི་ཚེ་ཡུམ་གྱི་ཉི་མ་བྱང་སེམས་པདྨའི་ཟེའུ་འབྲུར་སྣང་བ་དེ་ཉིད་ལ་ཐིག་ལེ་ཐམས་ཅད་འདུས་པའི་ཕྱིར་ལྷའི་དཀྱིལ་འཁོར་མ་ལུས་པའི་རྒྱུར་འགྱུར་པས་ན། ཐབས་ཀྱིས་ཟིན་ན་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གསལ་བར་བྱེད་པའི་མཐུ་དང་ལྡན་པ་སྟེ། གསང་བའི་ཐིག་ལེ་སོགས་ཚིགས་བཅད་གཉིས་སོ། །གསུམ་པ་ནི། ཡབ་ཡུམ་གྱི་རྩ་ཐམས་ཅད་ཀྱི་བཅུད་འདུས་པའི་ཉི་ཟླ་དུས་གཅིག་ཏུ་མཉམ་པར་སྦྱོར་བས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་ཞིང་། སླར་ཡང་དགའ་བ་བཅུ་དྲུག་གི་རིམ་པ་མས་བཟློག་རང་བཞིན་ལྷན་སྐྱེས་ཀྱི་བདེ་བ་ཉམས་སུ་མྱོང་བའི་དུས་ན། རྟོག་ཚོགས་ལྷའི་རང་བཞིན་ཅན་དུ་བཞུགས་པ་རྣམས་བདེ་བའི་ཡེ་ཤེས་ཀྱིས་མཆོད་པས་དགྱེས་པ་བསྐྱེད་པ་སྟེ། སྙིང་པོ་ཐིག་ལེ་སོགས་རྐང་པ་གསུམ་མོ། །དེ་ལྟར་ཚོགས་དྲུག་གི་རྟེན་གྱི་དྭངས་མ་ཐམས་ཅད་དབབ་ཐབས་ཀྱིས་ཕབ་སྟེ། རྡོ་རྗེ་དང་པདྨའི་རྩེར་དྲང་བ་དང་བཟུང་བ་དང་ལྡོག་པའི་དུས་ན། ཚོགས་བརྒྱད་རྟོག་པའི་དངོས་པོ་ལྷན་སྐྱེས་ཀྱི་ཡེ་ཤེས་སུ་རང་གསལ་བས་ཟག་པ་དང་བྲལ་ཏེ། བདེ་བའི་ཡེ་ཤེས་སྣང་ལ་འཛིན་མེད་དུ་སྤྱོད་པས་ཚོགས་གཉིས་རྫོགས་པ་དང་། འདོད་ཆགས་ཉིད་བདེ་སྟོང་གི་ཡེ་ཤེས་སུ་གསལ་བར་ཉམས་སུ་མྱོང་བ་ནི་རྒྱལ་བ་ཐམས་ཅད་ཀྱི་ཞལ་མཐོང་བ་ཞེས་ཀྱང་བྱའོ། །དེ་ལྟར་ཡང་། ཟག་པ་མེད་པའི་བསོད་ནམས་ཀྱིས། །ཞེས་སོགས་གསུངས་སོ། །འདིར་ཉམས་སུ་མྱོང་བའི་དགའ་བ་བཞི་ནི། ཐིག་ལེ་གནས་ནས་གཡོ་བ་ནི་དགའ་བ། །བདེ་བ་ཉམས་སུ་མྱོང་བ་ནི་མཆོག་དགའ། །བདེ་བའི་ངོ་བོ་སྟོང་བར་གྲོལ་བ་ནི་དགའ་བྲལ། དབབ་བཟུང་བཟློག་པའི་ཐབས་ཀྱིས་རང་བཞིན་གསང་བའི་སྙིང་པོ་བདེ་སྟོང་དབྱེར་མེད་དུ་ཉམས་སུ་མྱོང་བ་ནི་ལྷན་སྐྱེས་ཀྱི་དགའ་བ་སྟེ། དེ་ལ་དགའ་བ་བཅུ་དྲུག་བརྩི་བ་དང་། །དེས་ལམ་དང་སྦྱར་བ་ནི་སྔར་དབང་གི་སྐབས་དང་སེམས་ལྔ་བརྩི་ཚུལ་ནི་ལམ་གྱི་ངོ་བོ་ངོས་བཟུང་བའི་ཚེ་བཤད་ཟིན་ཏོ། །འདི་དག་ཀྱང་རྒྱས་པར་རྣམ་བཀོད་ཀྱི་ཁམས་གསུམ་རོལ་པའི་མན་ངག་སོགས་ལས་ཤེས་པར་བྱའོ། །གཉིས་པ་ནི། ཆོས་ཉིད་དེ་བཞིན་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་སྟེ། ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐར་ཐུག་པའོ། །དེ་ལ་ཏིང་ངེ་འཛིན་གྱི་སྦྱོར་བ་ལ། སྤྱིར་རིལ་པོ་དང་། རྗེས་སུ་གཞིག་པའི་རྣལ་འབྱོར་གཉིས། དང་པོ་ནི། བདག་གི་ཕུང་པོ་ལས་བརྩམ་སྟེ་བདག་མེད་པར་མོས་པའི་ལྟ་བ་དང་ཏིང་ངེ་འཛིན་གྱིས་བསྒོམ་ཞིང་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་བར་མོས་ཏེ་བསྒོམ་པའོ། །གཉིས་པ་ནི། ཆོས་ཐམས་ཅད་ལ་མཚན་ཉིད་སོ་སོར་བརྟག་པ་ན། གང་གི་ཡང་ངོ་བོ་མ་གྲུབ་པར་ཡིད་ཆེས་པར་བྱས་ལ། བདག་ཉིད་ཀྱང་དེའི་ཁོངས་སུ་འདུ་བའི་ཕྱིར། དེ་ལྟར་མཚན་མ་མེད་པར་ཐག་བཅད་ནས་བསྒོམ་པའོ། །ཁྱད་པར་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་ངོས་བཟུང་ནས་དེ་ལ་འཇུག་པའི་ཚུལ་བསྟན་པར་བྱ་སྟེ། འདི་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷག་པ་བདེན་པ་དབྱེར་མེད་ཀྱི་གནས་ལུགས་ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་ཏེ་རང་བཞིན་གྱིས་རྣམ་པར་དག་པ་ལས་སྔར་མ་ཡིན་པར་ཕྱིས་ལམ་གྱིས་གསར་དུ་སངས་རྒྱས་སུ་བསྒྲུབས་པ་ལྟ་བུ་ནི་མ་ཡིན་མོད། དེ་ལྟར་ཡིན་དུ་ཟིན་ཀྱང་མ་རྟོགས་ན་ཡིན་པ་ཙམ་གྱིས་ཕན་མི་ཐོགས་པས་གཞི་དེ་ལྟར་ཡིན་པར་ཡིད་ཆེས་པར་བྱས་ལ་ཏིང་ངེ་འཛིན་གྱི་བསྒྲུབས་པས། གཞི་ཇི་ལྟ་བ་བཞིན་མངོན་དུ་སྣང་བར་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །ཞེས་སོགས་རྐང་པ་ལྔས་མདོར་བསྟན། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཞེས་སོགས་ཀྱིས། དེའི་དོན་ཡོན་ཏན་དང་བཅས་པ་རྒྱས་པར་བསྟན་ནས། ཇི་ལྟར་འཇུག་པའི་ཚུལ་ནི། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཞེས་སོགས་རྐང་པ་ལྔས་གསུངས་སོ། །དེ་ལ་ཐོག་མར་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པར་བྱས་ལ། དེའི་འོག་ཏུ་བསྒོམ་པའི་ཤེས་རབ་ཀྱིས་གོམས་པར་བྱའོ། །དེའི་རིམ་པ་ནི། ལམ་རིམ་ལས། དེ་ཕྱིར་ལྷག་མའི་ལུས་ཆ་མཉམ་པའི། །ཕྱིར་བདེ་ལྡན་དྲོད་པས་ཆོས་བདུན་ཚུལ། །ལྡན་བྱས་རྗེ་བཙུན་རྣམ་སྣང་བཞིན། །འཛིན་རྩོལ་མེད་པའི་སེམས་ཀྱིས་འདུག །ཅེས་པ་ལྟར། བདེ་བའི་སྟན་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འདུག་ལ། སེམས་རྟོག་པ་དང་ཕྲལ་ཏེ་མ་བཅོས་པར་འཇོག་པའོ། །དེ་བཞག་ཐབས་ལ། བློ་ཆེ་བ་ཤེས་རབ་ཀྱི་དང་། བློ་ཆུང་གདམས་ངག་གི་སྟོབས་ཀྱིས་གཉིས་ཏེ། སྔ་མ་ལས། དེ་ཡང་གདམས་ངག་ཤེས་རབ་ཀྱི། །སྟོབས་ཀྱིས་བཞག་པས་གོམས་པར་བྱེད། །ཅེས་སོ། དང་པོ་ལའང་། རིག་པ་སྤྱི་བླུགས་སུ་དང་། མཐོང་བའི་རྗེས་ལ་འཇོག་པའོ། །དང་པོ་ནི། ཆོས་ཉིད་སྤྲོས་བྲལ་དུ་བསྒོམ་མནོ་དྲན་ཙམ་གྱིས་རིག་པ་ཡུལ་མེད་དུ་སལ་ལེར་འཇོག་པ་སྟེ། རིམ་དྲུག་ལས། བསམ་བྱ་དམིགས་སུ་མེད་པས་ན། །གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་རང་སྣང་བ། །བསྒོམ་པའི་མཆོག་ཏུ་འདི་གསུངས་སོ། །ཞེས་སོ། །གཉིས་པ་ནི། དེས་གནས་སུ་མ་འདོད་ན། སྔར་རྟོགས་པའི་ལྟ་བ་དྲན་པར་བྱས་ནས། དེའི་ངང་ལ་གསལ་བ་སོ་མ་ཤོར་ཙམ་དུ་འཇོག་པ་སྟེ། དེ་ལས། རང་བཞིན་མཐོང་ལས་དོན་མེད་ཕྱིར། །རྗེས་མཐུན་ཏིང་འཛིན་གསལ་མཛད་པའང་། །ཐབས་ཀྱི་དམ་པར་དེ་བཤད་དེ། །ཞེས་སོ། །གཉིས་པ་ནི། སྔར་གྱི་འཇོག་ཐབས་གཉིས་པོ་གང་ལྟར་བཞག་ཀྱང་གནས་སུ་མ་འདོད་པའི་བློ་ཆུང་གིས། བླ་མ་ལས་གདམས་ངག་མཉན་ཏེ་གཞག་པར་བྱའོ། །གང་ཞེ་ན། བསྒོམ་པའི་ཚེ་བདག་ཉིད་ཀྱི་སེམས་ལ་ནང་དུ་བལྟས་པས་ན། སེམས་ཀྱི་རང་བཞིན་ཅིར་ཡང་མི་མཐོང་ངོ་། །ཅིར་ཡང་མ་མཐོང་བ་དེ་ཁོ་ན་ཆོས་ཉིད་མཐོང་བ་ཞེས་བྱ་སྟེ། རྩ་བ་མེད་པའི་སེམས་ཉིད་ནི། །ཞེས་པ་ནས། གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཞེས་པའི་བར་དུ་གསུངས་པའི་ཕྱིར་རོ། །དེ་ལྟར་བཞག་པའི་ཚེ་ཡིད་ལ་མི་བྱེད་པའི་སྟོང་པ་ནི་ཀུན་ཏུ་བཟང་མོ་ཆོས་ཉིད་དོན་གྱི་ཡེ་ཤེས་དང་། རང་རིག་གསལ་དང་ཕྱེད་པའི་སྣང་ཆ་ནི་ཀུན་བཟང་ཆོས་སྐུ་གཞིའི་ཡེ་ཤེས་ཏེ། དབྱིངས་ཡེ་ཟུང་འཇུག་གཉུག་མའི་ཡེ་ཤེས་སམ་ཀུན་ཏུ་བཟང་པོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཞེས་བྱའོ། །དེ་བས་ན། དེའི་ངང་ལས་སོ་མ་ཉམས་པར་བཞག་པས། །གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་གཞག་པས་བཏུལ་ནས་སུ། །ཞེས་པ་ལྟར་འཁྲུལ་རྟོག་སྣ་ཚོགས་ཀྱིས་མྱོས་པའི་སེམས་དེ་བཞག་ཐབས་གཉིས་གང་རུང་གི་སྒོ་ནས་བཏུལ་བས་འགྱུ་བ་ཇེ་ཉུང་དང་བརྟན་པ་ཇེ་ཐོབ་ཏུ་གྱུར་ཏེ་རིག་པ་ཡུལ་མེད་གསལ་ལ་མི་གཡོ་བར་རྩོལ་མེད་དུ་གནས་པར་འགྱུར་རོ། །དེ་ལྟར་ཡང་། སློབ་དཔོན་མཉན་དཔལ་དབྱངས་ཀྱིས། བསྒྲུབ་པར་བྱ་བ་གང་ཡིན་དེ་ལ་ནི། །རྩོལ་བ་ཡང་ནས་ཡང་དུ་མཉམ་བཞག་སྟེ། །གོམས་པ་ཀློང་དུ་གྱུར་ཅིང་ཁད་ཀྱིས་ནི། །རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་འགྱུར། །ཞེས་སོ། །ཇི་ལྟར་གོམས་པའི་རིམ་པ་བྱང་ཆུབ་ཀྱི་སེམས་ལྔ་དང་ལྡན་པ་སྟེ། ཐོག་མར་བློ་ལ་དོན་མ་ནོར་བར་གཡོ་ཞིང་ལྡང་བ་དང་། དེ་ནས་རིམ་པར་དེ་ཐོབ་ཅིང་གསལ་བར་སྨོན་པ་དང་། དོན་དེ་ལ་འཇུག་པ་དང་། གནས་ཤིང་འདྲིས་པར་བྱེད་པ་དང་། མཐར་ཕྱིན་ཏེ་བཙལ་བ་མེད་པར་འབྱུང་བའོ། །དེ་ཡང་གནས་པ་དང་རང་བཞིན་མེད་པའི་དོན་རྟོགས་པའི་ལྡོག་ཆ་ནས་ཞི་ལྷག་གཉིས་ཏེ་ཟུང་དུ་འཇུག་པས་ཉོན་མོངས་པའི་མགོ་ནོན་པ་དང་རྩ་བ་འབྱིན་པར་བྱེད་པའོ། །དེ་ལྟར་ཡེ་ཤེས་རྒྱས་པ་ལས། ཞི་གནས་ཀྱིས་ནི་ཉོན་མོངས་མགོ་གནོན་ཞིང་། །ལྷག་མཐོང་དམ་པས་རྩ་བ་རབ་ཏུ་འབྱིན། །ཞེས་སོ། །དེ་ལྟར་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའི་ཚེ། བྱིང་རྒོད་ལ་སོགས་པའི་སྐྱོན་བྱུང་ན་མན་ངག་གིས་བསལ་ཏེ་བསྒོམས་པས། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་ལྔ་དང་། ཕྱི་ནང་གསང་བའི་དྲོད་ཉམས་སུ་མྱོང་ནས། །རྟགས་ཀྱི་རྣམ་པ་ཅིར་ཡང་སྣང་བར་འགྱུར་ཏེ། ལམ་རིམ་ལས། སྨིག་རྒྱུ་དུ་བ་སྲིན་མེ་ཁྱེར། །མར་མེ་ཉི་མའི་ཚུལ་དུ་སྦྱར། །ཞེས་པ་བསྐྱེད་རིམ་གྱི་ཚེ་ཉམས་རིམ་གྱི་དཔེར་བཞེད་ནའང་། འདིར་མཚན་མ་མ་མཐོང་བའང་མི་འགལ་ཏེ། ཕྱི་མའི་ཕྱི་མ་རྟོག་པའི་དྲྭ་བ་གསལ་བའི་རྒྱུད་ལས། གསོལ་པ་བཅོམ་ལྡན་འདས། རྣལ་འབྱོར་པ་དེ་དག་རྟགས་ཇི་ལྟ་བུ་ལགས། བཀལ་སྩལ་པ། རིགས་ཀྱི་བུ་དང་པོ་རྣམས་ནི་བརྒྱུད་པ་སྟེ། འབྲས་བུའི་རྟགས་ཀྱང་རིམ་པ་སྟེ་ལྔའོ། །ལྔ་གང་ཞེ་ན། དུ་བ། སྨིག་རྒྱུ་དང་། མགལ་མེ་དང་། མར་མེ་དང་། ནམ་མཁའ་གསལ་བ་ལྟ་བུ་སྟེ། རིམ་པའི་རྟགས་ཀྱི་བྱེ་བྲག་གོ། །རིགས་ཀྱི་བུ། གཉིས་པར་ནི་མངོན་སུམ་པ་སྟེ། འབྲས་བུའི་རིམ་པའང་མངོན་སུམ་པའོ། །ཞེས་སོ། །མདོར་ན་རྒྱས་པ་ལས། མཚན་མ་མེད་པའི་དོན་མཐོང་ན། །སངས་རྒྱས་ཀུན་གྱི་དཀྱིལ་འཁོར་མཐོང་། །ཞེས་གསུངས་སོ། །བཞི་པ་དུས་ནི། མཉམ་གཞག་ལས་ནམ་ལངས་པ་ན་རྗེས་སྤྱོད་ཀྱི་བྱ་བ་ལ་འཇུག་པའི་ཕྱིར། ཏིང་ངེ་འཛིན་ནི་མཉམ་གཞག་གི་དུས་ཁོ་ནར་བསྒོམ་པར་བྱ་བ་སྟེ། འདི་ཉིད་ལས། མཉམ་པར་བཞག་པས་བཏུལ་ནས་སུ། །ཞེས་སོ། །ལྔ་པ་སྐྱོན་ནི། ཏིང་ངེ་འཛིན་མེད་ན་ལྟ་བའི་གོ་ཡུལ་བཟང་ཡང་འགྲུབ་པར་མི་འགྱུར་ཏེ། ལམ་རིམ་ལས། གལ་ཏེ་ཏིང་འཛིན་འདི་མེད་ན། །རྒྱ་མཚོའི་འཇིང་གི་ཕ་བོང་ལྟར། །བསྐལ་པར་ལམ་ལ་འབད་བྱས་ཀྱང་། །དོན་མེད་སྙིང་པོ་བསྐམས་པ་ཡིན། །ཞེས་སོ། །དྲུག་པ་ཡོན་ཏན་ནི། བསྒྲུབ་བྱ་གང་ཡང་ཏིང་ངེ་འཛིན་གྱིས་འགྲུབ་པའི་ཕྱིར་ཏེ། རིན་ཆེན་དྲྭ་བ་ལས། བསྒྲུབ་པའི་གཙོར་ནི་ཏིང་འཛིན་པས། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་དང་། འདི་ཉིད་ལས། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་སོ། །དགུ་པ་གནས་སུ་སྟོབ་པ་མཆོད་པ་ལ་དྲུག་ལས། དང་པོ་དགོས་ཆེད་ནི། གཞན་སེལ་སྒྲིབ་པ་འབྱང་ཞིང་ཉམས་ཆག་སྐོང་། དོན་གཉེར་ལྷ་མཉེས་པས་ཚོགས་རྫོགས་ཤིང་ལས་དང་དངོས་གྲུབ་བདག་གཞན་གྱི་དོན་གྲུབ་པའི་ཕྱིར་ཏེ། ཐུགས་ཐིག་ལས། བདག་གཞན་དོན་རྫོགས་མཉེས་སྐོང་བ། །ཞེས་དང་། ཁོག་གཞུང་ལས། ཚོགས་གཉིས་རྫོགས་ཕྱིར་མཆོད་པ་སྟེ། །ཞེས་སོ། །གཉིས་པ་ངོ་བོ་ནི། བཀུར་བྱའི་གནས་གང་ཞིག་སྒོ་གསུམ་གྱིས་བཀུར་ཞིང་མཆོད་པ་དང་། རྫས་ཀྱི་སྒོ་ནས་ཀྱང་མཉེས་པར་བྱེད་པ་སྟེ། ཐུགས་ཐིག་ལས། བྱ་བྱེད་བྱ་བ་བྱེད་འདུས་པས། །དགྱེས་ཚིམ་འགྱུར་བའི་དངོས་པོ་ཉིད། །ཅེས་སོ། །གསུམ་པ་སྒྲ་དོན་ནི། པཱུ་ཛའི་སྒྲས་མཆོད་པ་སྟེ། དགེ་བའི་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་བསྐྱེད་པར་བྱེད་པའི་དོན་དང་། ཡང་དང་ཡང་དུ་དགྱེས་པ་བསྐྱེད་པ་དང་། བཀུར་བའི་དོན་གྱིས་གནས་སུ་སྟོབ་པའི་ཕྱིར་མཆོད་པའོ། །དེའང་ཁོག་གཞུང་ལས། གནས་སུ་སྟོབ་ཕྱིར་མཆོད་པ་སྟེ། །ཞེས་སོ། །བཞི་པ་རྣམ་གྲངས་ལ། དམིགས་ཡུལ་དུ་གྱུར་བའི་ཞིང་གི་དང་། ཡོངས་སུ་བསྔོ་བའི་དང་། འབྲས་བུ་ཐོབ་པར་འགྱུར་བའི་དང་། དངོས་པོའི་བྱེ་བྲག་གོ། །དང་པོ་གསུམ་ནི། རིམ་པར་འཕགས་པ་མཆོད་པ་དང་། བྱང་ཆུབ་ཀྱི་ཕྱིར་བསྔོས་པའི་མཆོད་པ་དང་། །ཐར་པའི་རྒྱུར་འགྱུར་པའི་མཆོད་པ་རྣམས་ནི། འཇིག་རྟེན་ལས་འདས་པ་སྟེ། དེ་ལས་གཞན་པ་རྣམས་ནི་འཇིག་རྟེན་པའོ། །བཞི་པ་དངོས་པོའི་བྱེ་བྲག་ལ། སྤྱིར་རྒྱལ་བ་མཉེས་པའི་མཆོད་པར་འགྱུར་བ་དམ་པའི་ཆོས་སྟོན་པ་དང་། བསྒོམ་པ་སོགས་ནི་འཇིག་རྟེན་ལས་འདས་པ་དང་། འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་འཇིག་རྟེན་པའོ། །ཡང་ན་རྣམ་པར་མི་རྟོག་པ་བསྒོམ་པ་དང་། དེ་ལས་གཞན་པའི་ཁྱད་པར་གྱི་དོན་དམ་དང་ཀུན་རྫོབ་བམ། ཐུན་མོང་པ་ཕྱིའི་མཆོད་པ་དང་ཁྱད་པར་བ་ནང་གི་མཆོད་པ་སྟེ་བླ་ན་ཡོད་པ་དང་། གསང་བ་རྨད་དུ་བྱུང་བ་བླ་ན་མེད་པའི་མཆོད་པ་དང་། ཡང་ཏིང་ངེ་འཛིན་དང་། ཐབས་དང་། སྦྱོར་སྒྲོལ་རྫས་ཀྱི་མཆོད་པ་སོགས་རྣམ་གྲངས་དུ་མར་གྲགས་མོད་ཀྱི། རྒྱུད་གཞུང་འདི་ཉིད་ལས། ཕྱག་རྒྱའི་དང་། དུག་གསུམ་གྱི་དང་། ལྷག་པ་ཏིང་ངེ་འཛིན་གྱི་དང་། གླུ་ཡེ་ཤེས་ཀྱི་མཆོད་པ་ཙམ་དང་། ཁོག་གཞུང་ལས་ཀྱང་། ཏིང་འཛིན་སྦྱོར་སྒྲོལ་དམ་རྫས་དང་། འདོད་ཡོན་གླུ་དང་སེམས་ཀྱི་སྤྲིན། །རོལ་མོ་ལ་སོགས་དབང་བསྒྱུར་དབུལ། །ཞེས་པ་ཙམ་ལས་རྐང་གྲངས་ཞིབ་པར་མ་སྨོས་ནའང་། སྒྲུབ་ཐབས་སུ་བཤད་རྒྱུད་དང་། ཡན་ལག་གི་རྒྱུད་ཀྱིས་ཁ་བསྐངས་ནས་ཞི་ཁྲོ་གཉིས་ཀ་ལ་བཅུ་གསུམ་མམ་བཅུ་བཞིར་གསུངས་སོ། །དེ་དག་འཆད་པ་ལ། རྣམ་གྲངས་དངོས་དང་། དགོང་དགོངས་པའི་འང་། པའི་ཁྱད་པར་གྱི་འབུལ་ཐབས་དང་། གང་གི་ཚེ་བྱ་བའི་དུས་དང་། ཞར་ལ་ཚོགས་ཀྱི་འཁོར་ལོ་བཤད་པའོ། །དང་པོ་ལ་བྱིན་རློབ་དང་། དབུལ་བའོ། །དང་པོ་ནི། སྟོང་པའི་ངང་ལས་བདག་ཉིད་ལས་ཀྱི་ལྷའི་སྐུར་བསྒོམས་ནས་བྱིན་གྱིས་རློབ་སྟེ། ཕྱག་རྒྱ་བཞི་བའི་བསམ་གཏན་ལས། ཧཱུཾ་ཞེས་ལས་ཀྱི་སེམས་དཔར་བསྐྱེད། །དེ་ནས་བྱིན་གྱིས་རློབ་པར་བྱ། །ཞེས་སོ། །དེ་ལ་ཐུན་ཁྱད་གཉིས་ལས། ཐུན་མོང་པ་ཕྱི་མཆོད་ལྔ་ལ། ཐུགས་ཀ་ནས་སོ་སོའི་ས་བོན་སྤྲོས་ལ་བསྟིམ་སྟེ་འཕྲོ་འདུ་དང་། སྔགས་བརྗོད་པའི་སྦྱོར་བས་མཆོད་རྫས་ཐོགས་པའི་ལྷ་མོ་མཁའ་ཁྱབ་ཏུ་རློབ་པའོ། །ཁྱད་པར་གྱི་མཆོད་པ་སྨན་གཏོར་རཀྟ་གསུམ་ལས། སྨན་གྱི་སྣོད་གཞལ་ཡས་ཁང་ལྟེ་བ་རྩིབས་བཞི་དང་བཅས་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔར་ཧཱུཾ་མཱུཾ་སོགས་ས་བོན་ཟུང་ལྔ་བཀོད། ཆོ་ག་གསུམ་གྱིས་རིགས་ལྔ་ཡབ་ཡུམ་དུ་བསྐྱེད། རྗེས་ཆགས་ཀྱི་སྦྱོར་བས་རྟེན་བརྟེན་པར་བཅས་པ་ཞུ་སྟེ་སྣོད་ཀ་པཱ་ལར་བཅུད་ཡེ་ཤེས་ཀྱི་བདུད་རྩི་ལ་ༀ་དང་། ཁ་གཅོད་ཀྱི་རྡོ་རྗེ་རྒྱ་གྲམ་ལ་རྟ་མགྲིན་གསང་བའི་ཡུམ་བཞི་དང་བཅས་པ་བསྐྱེད། མཐེབ་སྲིན་གྱིས་རྡོ་རྗེ་བཟུང་བ་བདུད་རྩི་ལ་རེག་སྟེ། ཨ་མྲྀ་ཏའི་སྔགས་བཟླ་ཞིང་། ༀ་གྱི་འོད་ཟེར་གྱིས་འཁོར་འདས་ཀྱི་བདུད་རྩི་བཀུག་ནས་དམ་ཚིག་གི་བདུད་རྩི་ལ་རོ་མཉམ་པར་བསམ་པ་སྟེ། ཕྱག་རྒྱ་བཞི་པ་ལས། མཐེབ་སྲིན་ཉི་ཟླས་བཟུང་བྱས་ལ། །དགུག་པའི་སྔགས་བརྒྱ་རྩ་བརྒྱད་དུ། །བཟླས་ཏེ་ནམ་མཁར་བདུད་རྩི་དགུག །ཅེས་སོ། །མཐར་རྡོ་རྗེས་གཡོན་དུ་དཀྲུགས་ཏེ་ཧཱུཾ་བརྗོད་པས་ཡུམ་བཞི་བདུད་རྩི་ལ་བསྟིམ་པའོ། །འདི་ནི་རྗེ་བླ་མས་མཛད་པའི་སྒྲུབ་ཐབས་ཀྱི་དགོངས་པ་སྟེ། གཞན་དུ་རྟ་མགྲིན་ཡུམ་བཞི་དང་དུས་གཅིག་ཏུ་རོལ་པས་བདུད་རྩི་བསྡུས་ལ་ཡབ་ཡུམ་ཞུ་བ་དང་། དྲུག་ཅུ་པ་ལས། རྣལ་འབྱོར་པ་ལ་གཏོར་བྱས་ན། །རྟོག་སྒྲིབ་ཉམས་ཆག་དག་པར་འགྱུར། །མཆོད་པའི་རྫས་ལ་གཏོར་བྱས་པས། །ཐམས་ཅད་བདུད་རྩི་ཉིད་དུ་འགྱུར། །མི་མཐུན་ཕྱོགས་ལ་གཏོར་བྱས་པས། །དྲག་པོ་གཏུམ་པོའང་འཇིག་པར་འགྱུར། །ཞེས་པ་ལྟར་བསང་གཏོར་གསུམ་ཡང་མཛད་དེ་སྤྲོས་པའི་ཡན་ལག་ཙམ་དུ་ཟད་དོ། །གཏོར་མ་ནི། སྣོད་ཀ་པཱ་ལར་བཅུད་གཏོར་རྫས་འདོད་པའི་ཡོན་ཏན་ཐམས་ཅད་པ་ལ་ༀ་བཀོད་དེ་འཕྲོ་འདུ་དང་། སྔགས་ལན་བདུན་བརྗོད་པས་དྲུག་གིས་འདོད་ཡོན་གྱི་ལྷ་མོ་དྲུག་རེ་རེ་ནས་བསྐྱེད་ཅིང་བདུན་པས་དེ་དག་རེ་རེ་ཡང་གྲངས་མེད་པར་སྤྲོས་ཏེ་མཁའ་ཁྱབ་ཏུ་སྤེལ་བའོ། །རཀྟ་ནི། སྣོད་དམར་གྱི་དུང་ཆེན་དུ་བཅུད་རཀྟ་ལ་ར་ཡིག་བཀོད་དེ་འཕྲོ་འདུ་དང་སྔགས་བརྗོད་པས་རྦ་རླབས་འཕྱོ་བའི་རཀྟའི་རྒྱ་མཚོ་བསམ་པའོ། །དེ་དག་ཀྱང་གལ་ཕྲེང་ལས། བསྒྲུབ་ལ་བརྩོན་པའི་རྣལ་འབྱོར་པས། །མཆོད་འབྲས་བསྒྲུབ་བྱ་དེ་ཡི་ཕྱིར། །གསང་སྔགས་ཕྱག་རྒྱ་ལྡན་པ་ཡིས། །བདུད་རྩི་ལྷ་མོར་བྱིན་གྱིས་རློབ། །ཅེས་སོ། །གཉིས་པ་ལ། གང་གིས། གང་ལ། གང་ཇི་ལྟར་དབུལ་བའོ། །དང་པོ་ནི། དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ལས་ཀྱི་རྡོ་རྗེ་སེམས་དཔའི་རྣམ་པར་ཤར་སྒོར་ཐོན་པ་དེས་སོ། །གཉིས་པ་ནི། དམ་ཡེ་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལའོ། །གསུམ་པ་ལ། ཞི་བ་དང་། ཁྲོ་བོའི་མཆོད་པ་གཉིས་ལས། དང་པོ་ལ། གང་འབུལ་ན་བཅུ་བཞི་སྟེ། སྡོམ་ནི། གུས་པ་ཕྱག་དང་ཕྱག་རྒྱ་གར། །ཀུན་བཟང་ཞབས་བསིལ་བཞི་བསྣོལ་ཏེ། །བདུད་རྩི་གཏོར་མ་གསང་བསྣན་དང་། །ལྷག་པ་ཏིང་འཛིན་སྒྲོལ་དང་སྦྱོར། །འདོན་ཡོན་རོལ་མོ་གླུ་ཡེ་ཤེས། །དེ་རྣམས་ཇི་ལྟར་དབུལ་བ་ལ། ལས་རིམ་བཅུ་བཞི་ལས། དང་པོ་ཕྱག་ནི། ཡུལ་དང་འཚལ་མཁན་དབྱེར་མེད་པར་མཇལ་བ་ནི་ཕྱག་གི་དོན་ཡིན་ལ། བརྡ་ཙམ་དུ་ལྷ་རྣམས་ཀྱི་ཡོན་ཏན་དྲན་པས་མོས་པའི་སྒོ་ནས་འཚལ་བ་སྟེ། གལ་ཕྲེང་ལས། ལྷ་དང་བདག་ཏུ་མི་གཉིས་པའི། །དོན་ཉིད་རྟོགས་པར་བྱ་བའི་ཕྱིར། །ཇི་ལྟར་མར་ལ་མར་བཞིན་དུ། །གཉིས་མེད་རིག་པས་ཕྱག་འཚལ་ལོ། །ཞེས་སོ། །དེའང་མཇུག་ཏུ། ཨ་ཏི་པཱུ་ཧོཿ ཞེས་བཙལ་བས་ལྷ་ཚོགས་རྣམས་ཀྱིས། པྲ་ཏི་པཱུ་ཧོཿ ཞེས་ལན་གནང་བར་བསམ་པའོ། །འདིར་རྗེ་བླ་མས་མཛད་པའི་སྒྲུབ་ཐབས་སུ་ཕྱག་དང་མཆོད་པ་སོ་སོར་དམིགས་ཕྱེ་ནས་མཆོད་པ་ལ་བཅུ་གསུམ་དུ་བཞེད་པ་ལྟར་བཅུ་གསུམ་ལས། དང་པོ་ཕྱག་རྒྱའི་མཆོད་པ་ནི། སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ལས་མི་གཡོ་བར་རྒྱས་འདེབས་པ་སྟེ་འོག་ཏུ་འཆད་དོ། །གཉིས་པ་ནི། བདེ་བར་གཤེགས་པའི་ཚིག་གིས་བསྐུལ་ནས་སྔགས་རྒྱས་འབུལ་ཏེ། ཆོས་ཐམས་ཅད་རིག་པ་རང་སྣང་མཉམ་པ་ཉིད་ལ་བཟང་ངན་དང་བླང་དོར་མ་གྲུབ་པའི་ཕྱིར། མཆོད་པར་མ་གྱུར་པའི་དངོས་པོ་རྡུལ་ཙམ་ཡང་མེད་དེ་སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་བཟང་གི་མཆོད་པའོ། །དེ་ལྟར་ཡང་། ཧེ་རུ་ཀ་འདུས་པ་ལས། ཇི་ལྟར་འདོད་ཅིང་ཡིད་འོང་བའི། །ཡོ་བྱད་ནམ་མཁའ་ཁྱབ་པར་སྤྲུལ། །མོས་པ་དག་པའི་ཁྱད་པར་བཞིན། །འཁོར་གསུམ་དག་པའི་སྟོབས་ཀྱིས་དབུལ། །ཞེས་སོ། །གསུམ་པ་ནི། ཡང་དག་སོགས་ཀྱི་ཚིག་གིས་བསྐུལ་ཞིང་། དུང་ཞལ་གྱི་ཕྱག་རྒྱ་བཅས་ལ། ཨཱ་ཧ་རའི་སྔགས་གཅིག་ལ་ཏིང་ངེ་འཛིན་བསིལ་ཆབ་ཐོགས་པའི་ལྷ་མོས་ལན་གསུམ་དུ་ཕུལ་བས་རིམ་པར་ཕྱག་དང་ཞབས་བསིལ་ནས་ཞལ་དུ་གསོལ་བས་མཉེས་པར་བསམ་པ་སྟེ། དེ་ལས། རྡོ་རྗེ་ཐལ་མོ་ཁ་ཕྱེ་ཞིང་། །རཀྟ་སྦྲེང་བའི་ཚུལ་གྱིས་ནི། །ཕྱག་ཞབས་ཞལ་བསིལ་དབུལ་བར་བྱ། །ཞེས་སོ། །བཞི་པ་ནི། སྤོས་ཀྱི་སྤྲིན་ལྡིང་སོགས་ཀྱི་ཚིག་གིས་བསྐུལ་ཞིང་གླུ་ལྔ་སྔོན་དུ་འགྲོ་བའི་སོ་སོའི་སྔགས་རྒྱས་ལྷ་མོ་རྣམས་སྤྲོས་ལ། བདུག་ཤངས་ལ་སོགས་པའི་མེ་ཏོག་དབུ། མར་མེ་སྤྱན། དྲི་ཐུགས། གནས་རྣམས་སུ་དང་པོར་ཕྱག་མཚན་གྱིས་མཆོད་ནས་མཐར་ལྷ་མོ་ཉིད་ཀྱང་ཐིམ་པར་བསམ་པ་སྟེ། དེ་ལས། རྡོ་རྗེ་ལྷ་མོ་རབ་མཛེས་མ། །སོ་སོའི་ཡོ་བྱད་རབ་ཐོགས་ནས། །ནམ་མཁའ་ཁྱབ་པར་རབ་སྤྲུལ་ཞིང་། །ཡོ་བྱད་རང་ལུས་ཐིམ་པར་མཆོད། །ཅེས་སོ། །དེ་ནས་སྐྱེས་ལན་གྱི་ཚུལ་དུ། རབ་ཏུ་དགའ་བ་ཞེས་སོགས་བརྗོད་པ་ན། ལྷ་མོ་རྣམས་སླར་བྱུང་ནས་བདག་གི་ཤངས་ལ་སོགས་པའི་གནས་སུ་ཐིམ་པས་དངོས་གྲུབ་ཐོབ་པར་བསམ་པའོ། །འདིར་གླུ་ལྔ་གང་ཞེ་ན། ༀ་པ་ན་པེཾ་སོགས་ཏེ། གཏོར་རྒྱུད་ལས། ༀ་མུ་དང་ནི་ཧུ་མུ་དང་། །ཧཱུ་ཡི་ཁ་རྒྱན་དང་བཅས་པས། །ལྷ་མོ་བཞི་བསྣོལ་གསལ་བར་བྱེད། །དོན་དམ་གླུ་དང་ཆགས་ཆེན་གླུ། །ཏ་ཐཱའི་གླུ་དང་དམ་ཚིག་གླུ། །ཐམས་ཅད་བདེ་བ་ཆེན་པོའི་གླུ། །ཞེས་སོ། །སོ་སོའི་ཕྱག་རྒྱ་གང་ཞེ་ན། །མཉམ་སྦྱོར་ལས། གྱེན་དུ་འཐོར་ཞིང་མཐུར་དུ་འབེབས། །བསྐོར་ཞིང་དེ་བཞིན་ཉུག་པ་དག །མེ་ཏོག་བདུག་པ་མར་མེ་མཆོག །དྲི་ཡི་མཆོད་པ་འབྱུང་བའོ། །གང་བའམ་འོན་ཏེ་སྟོང་པའང་རུང་། །ཞེས་སོ། །ལྔ་པ་ལ། ཆེ་བ་བརྗོད་པ། དབུལ་བ། དངོས་གྲུབ་བླང་བའོ། །དང་པོ་ནི། སངས་རྒྱས་ཀུན་དང་ཞེས་སོགས་ཏེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་འདི་འབུལ་ན་བཞེས་ནས་དངོས་གྲུབ་སྩོལ་ཅིག་པར་བསྐུལ་བའོ། །གཉིས་པ་ནི། ༀ་སརྦ་ཏ་ཐཱ་སོགས་ཀྱི་སྔགས་དང་། མཐེབ་སྲིན་ཉི་ཟླ་གའུ་ཁ་སྦྱོར་གྱི་ཕྱག་རྒྱས་གཏོར་པས་ཡེ་ཤེས་ཀྱི་བདུད་རྩིའི་ཟེགས་མ་མཁའ་ལ་སྤྲིན་ལྟར་ཆགས་པ་ལས་བདུད་རྩིའི་ཆར་བབས་པས་མཉེས་པར་བསམས་ནས་སྤྱི་དང་སྒོས་སུ་འབུལ་ཚུལ་ཤེས་པར་བྱའོ། །དེ་ཡང་ཧེ་རུ་ཀ་འདུས་པ་ལས། མཐེབ་སྲིན་རྩེ་མོས་རློབས་གཏོར་བས། །རྡུལ་སྙེད་བཞུགས་པའི་རྒྱལ་བ་རྣམས། །དགྱེས་ཤིང་གཟི་བརྗིད་ལྡན་པར་འགྱུར། །ཞེས་སོ། །གསུམ་པ་ནི། རང་གི་ལྕེ་ལ་ཧཱུཾ་དང་སྨན་ལ་འབྲུ་གསུམ་བཀོད་ལ། དེ་མཐེབ་སྲིན་གྱིས་བླངས་ནས་ལྕེར་བཞག་པས་གནས་གསུམ་དུ་ཆགས་ཏེ་འཕྲོ་འདུས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་པའོ། །དེའང་ཕྱག་རྒྱ་བཞི་པ་ལས། འབྲུ་གསུམ་རིམ་པར་གནས་བླངས་ཏེ། །འཕྲོ་འདུ་རྡོ་རྗེ་གསུམ་ཐོབ་པའི། །ང་རྒྱལ་ཆེན་པོ་བསྐྱེད་པའི་ཕྱིར། །ཀཱ་ཡ་ཝཱ་ཀ་སོགས་སྔགས་ཀྱིས་བསྐུལ། །ཞེས་སོ། །དྲུག་པ་ནི། བླ་མེད་མཆོག་གི་ཚིག་དང་སུ་ར་ཏོ་ལ་སོགས་པའི་སྔགས་ཀྱིས་གཏོར་མ་འདོད་ཡོན་གྱི་ལྷ་མོ་དྲུག་གི་རྣམ་པར་སྤྱན་སོགས་ལ་ཕུལ་བས་ཕྱག་མཚན་ལྷ་མོ་དང་བཅས་པ་དབང་པོ་སོ་སོ་ལ་ཐིམ་ནས་མཉེས་པར་བསམ་པའོ། །བདུན་པ་ནི། བདུད་རྩིའི་རྒྱུན་གཏོར་མར་ལན་གསུམ་དུ་སྦྲེང་སྟེ། མི་སྤྱོད་ཡེ་ཤེས་སོགས་ཀྱིས་དང་པོ་སྦྲེང་བས་ལྷ་རྣམས་དགྱེས་པ་བསྐྱེད། བྱང་ཆུབ་སེམས་པའི་བདེ་མཆོག་སོགས་ཀྱིས་གཉིས་པ་སྦྲེང་བས་ཉན་ཐོས་རྣམས་འགོག་པ་ལས་བསླང་། མཆོག་ཏུ་གསང་བའི་སོགས་ཀྱིས་གསུམ་པ་སྦྲེང་བས་རྒྱལ་བ་རྣམས་གཞན་དོན་ལ་བསྐུལ་བའོ། །བརྒྱད་པ་ནི། མཆོད་པའི་ཕྱག་རྒྱ་ཞེས་སོགས་སྣང་སྤྱོད་ཐམས་ཅད་མཆོད་པའི་ཡོ་བྱད་ལས་མི་འདའ་བ་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་སྟེ། བདག་གི་ཐུགས་ཀ་ནས་སྤྲོས་ཡི་གེས་མ་དག་པའི་ཁང་ཁྱིམ་སོགས་དག་པའི་གཞལ་ཡས་ཁང་ལ་སོགས་པར་བྱིན་གྱིས་བརླབས་ནས་རྣལ་འབྱོར་པའི་བློ་ཁྱད་ཀྱིས་རིམ་མམ་ཅིག་ཅར་དུ་འབུལ་བའོ། །དེའང་ཇི་ལྟར་སྤྲོས་ན། ཞིང་དང་གཞལ་ཡས་ཁང་རྣམས་བྷྲཱུཾ་ལས། རིན་པོ་ཆེའི་རྒྱན་དང་རྩི་ཤིང་ནགས་ཚལ་རྣམས་ཏྲཱཾ་ལས། ཆོས་སྒྲ་དང་བསྟོད་དབྱངས་སོགས་ཧྲཱིཿལས། ཁྲུས་རྫིང་སོགས་ཨ་ལས། བདུད་རྩི་སོགས་ཞལ་ཟས་ཀྱི་བྱེ་བྲག་རྣམས་ༀ་ལས། བླ་བྲེ་སོགས་ལྷབ་ལྷུབ་སྣ་ཚོགས་པའི་གོས་རྣམས་མཾ་ལས། བྲོ་དང་གར་གྱི་འདུ་འཕྲོ་རྣམས་ཧཾ་ལས་སྤྲོས་ཏེའོ། །དགུ་པ་ནི། ཐོག་མར་བདག་ཉིད་ཅེས་སོགས་ཏེ། དང་པོ་རྟོགས་པས་བདག་བསྒྲལ་ནས་ཐུགས་རྗེས་གཞན་སྒྲོལ་བའི་ཕྱིར། བདག་གི་ཐུགས་ལས་སྤྲོས་པའི་རཾ་ཡིག་ཡེ་ཤེས་ཀྱི་མེ་འབར་བས་བསྒྲལ་བྱའི་སྙིང་ནང་གི་ས་བོན་དྲུག་བག་ཆགས་དང་བཅས་པ་བསྲེགས་ནས་རྣམ་ཤེས་ཆོས་དབྱིངས་སུ་སྒྲོལ་བའོ། །དེའང་རིན་དྲྭ་ལས། རི་རབ་ཆེན་པོའི་གླིང་བཞི་ལ། །གནས་པའི་སེམས་ཅན་མ་ལུས་ཀུན། །ཡེ་ཤེས་མེ་ཆེན་བསྒོམ་བྱ་སྟེ། །ཐམས་ཅད་མ་ལུས་བསྲེག་པར་བྱ། །ཞེས་པའི་དོན་ནོ། །བཅུ་པ་ནི། འཁྲིལ་བའི་མཆོད་ཆེན་སོགས་ཏེ། ལྷ་ཚོགས་རྣམས་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པའི་བདེ་བའི་འོད་ཟེར་སྤྲོ་བསྡུས་རྒྱལ་བ་རྣམས་མཆོད་ཅིང་གསང་བའི་དབང་ཐོབ་པར་བསམ་ལ། ཨ་ནུ་རཱ་ག་ཎའི་སྔགས་ཀྱིས་ང་རྒྱལ་བསྐྱེད་པའོ། །བཅུ་གཅིག་པ་ནི། བཟའ་དང་བཅའ་དང་ཞེས་སོགས་ཀྱིས་སྣང་སྲིད་ཀྱི་འདོད་ཡོན་ཐམས་ཅད་ལྷ་མོར་དག་པས། ལྷ་ལ་ལྷ་ཐིམ་པ་དང་། ཆོས་ཉིད་ལ་ཆོས་ཉིད་རོལ་པའི་ཚུལ་གྱིས་འབུལ་བ་ནི་འདོད་ཡོན་རོ་མཉམ་གྱི་མཆོད་པའོ། །བཅུ་གཉིས་པ་ནི། དབང་པོའི་སྤྱོད་ཡུལ་སོགས་ཀྱིས་ཇི་སྙེད་པའི་ཡོ་བྱད་ཐམས་ཅད་སེམས་ཉིད་ཡེ་ཤེས་ཀྱི་རོལ་པར་སྡུད་པ་རོལ་མོ་ཡེ་ཤེས་ཀྱི་མཆོད་པ་སྟེ། མ་ཧཱ་པཱུ་ཛའི་སྔགས་ཀྱིས་མངོན་དུ་བྱས་པར་ང་རྒྱལ་བྱའོ། །བཅུ་གསུམ་པ་ནི། ༀ། ཕྱོགས་བཅུ་དུས་བཞི་སོགས་ཤློ་ཀ་ལྔས། བསྟོད་ཡུལ་གྱི་སྐུ་སོགས་ལྔ་ལ་འབྲས་བུ་ཉེར་ལྔ་དང་ལྡན་པར་བསྟོད་ཅིང་། ཐམས་ཅད་མ་ལུས་ཀྱི་ཤློ་ཀ་གཅིག་པོ་ནི་སྤྱིར་བསྟོད་པ་སྟེ། ཆོས་ཅན་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་འབྲས་བུ་ལྔར་ཡེ་ནས་གནས་པའོ། །ཇི་ལྟར་ཞེ་ན། མཚོ་གཅིག་ཏུ་གངས་ལྔ་འཆར་བ་དང་གངས་གཅིག་མཚོ་ལྔར་འཆར་བའི་དཔེས་འབྲས་བུ་ལྔའི་སྣང་ཚུལ་ཀུན་གཅིག་གི་བདག་ཉིད་དུ་འདུས་པ་དང་། གཅིག་ཀུན་ཏུ་འཆར་བའི་ཕྱིར་གཅིག་དང་དུ་མའི་མཐའ་ལས་གྲོལ་བ་ཐིག་ལེ་ཆེན་པོའི་རང་བཞིན་ནོ་ཞེས་པའོ། །རྗེ་རོང་ཟོམ་ནི། རྐང་པ་བཞི་པོ་རེ་རེས་སྤྱིའི་སྤྱི་དང་། སྤྱིའི་སྐུ་གསུང་ཐུགས་ལ་བསྟོད་པར་གསུངས་སོ། །དེ་ལྟ་བུའི་ཆེ་བའི་ཡོན་ཏན་དྲན་པས་ཆོས་ཉིད་ཀྱི་རང་སྒྲར་གྲགས་པར་མོས་ལ། རིགས་ལྔའི་ཕྱག་རྒྱ་དྲིལ་སྟབས་དང་བཅས་པས་བསྟོད་པར་བྱ་སྟེ། ཀརྨ་མཱ་ལེའི་རྒྱུད་ལས། དེ་ནས་དཀྱིལ་འཁོར་ལྷ་རྣམས་ལ། །བསྟོད་པ་མང་པོའི་གླུ་འདི་བླངས། །རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ། །རིགས་ལྔའི་ཕྱག་རྒྱའི་དྲིལ་སྟབས་བྱ། །ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་ལ། ཁ་ཅིག་སྔར་གྱི་སྟེང་དུ་རཀྟ་བསྣན་ཏེ་མཆོད་པ་བཅོ་ལྔ་དང་། ལ་ལས་དེའི་སྟེང་དུ་དམ་བཅའ་བཅུག་སྟེ་བཅུ་དྲུག་ཏུ་འདོད་པ་དང་། ལེགས་ལྡན་གྱི་རྒྱུད་ཀྱི་ལེའུ་ལྔ་པར་ཁྲག་འཐུང་ང་བརྒྱད་ཀྱི་དཀྱིལ་འཁོར་བསྟན་པའི་སྐབས་ལས། དང་པོ་ཐུན་མོང་རྫས་ལྔས་མཆོད། །དེ་ནས་ཁྱད་པར་རྫས་གསུམ་དབུལ། །སྨན་གྱིས་མཆོད་རྗེས་དངོས་གྲུབ་བླང་། །གཏོར་མ་དབུལ་ཞིང་གསང་བསྣན་སྦྲེང་། །རཀྟ་ཚར་གསུམ་ཕུལ་ནས་ཀྱང་། །མ་མོ་རྣམས་ཀྱིས་བསྟོད་ཚིག་དབུལ། །ཞེས་ཀྱང་འབྱུང་མོད་ཀྱི། འདིར་ནི་ཞི་བ་ལྟར་བཅུ་བཞི་སྟེ། ཕྱག་དང་ཕྱག་རྒྱ་ཀུན་བཟང་དང་། །ཞབས་བསིལ་བཞི་བསྣོལ་བདུད་རྩི་སྨན། །གཏོར་མ་གསང་བསྣན་རཀྟ་དང་། །སྒྲོལ་དང་སྦྱོར་བ་འདོད་ཡོན་ཏེ། །རོལ་མོ་ཡེ་ཤེས་གླུ་ཡེ་ཤེས། །ཞེས་པ་ནི་སྡོམ་མོ། །ཇི་ལྟར་དབུལ་ན། སྔར་ལྟར་ཕྱག་མཆོད་སོ་སོར་དམིགས་ཕྱེ་བས་མཆོད་པ་བཅུ་གསུམ་གྱི། གཞན་རྣམས་ནི། ཚིགས་སྔགས་ཀྱི་ཁྱད་པར་འགའ་ཞིག་མ་གཏོགས་ཞི་བ་དང་འདྲ་བ་ལས། བརྒྱད་པ་རཀྟ་ལ་ཚར་གསུམ་གྱི། དང་པོ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མཉེས་པར་བྱ་བའི་ཕྱིར་རཀྟའི་དྭངས་མ་ཡེ་ཤེས་ཀྱི་བདུད་རྩིར་དམིགས་ལ། ཧེ་རུ་ཀ་ཡི་ག ནས་བཅུ་དང་། །ཞེས་པའི་ཚིག་སྔགས་བཅས་ཀྱིས་ཕུལ་བས་རཀྟའི་རྒྱ་མཚོ་ལས་སུམ་གཅིག་གསོལ་བར་བསམས་ལ་རཀྟ་སྦྲེང་ངོ་། །འདིར་ཧེ་རུ་ཀའི་གནས་བཅུ་གང་ཞེ་ན། ཧེ་རུ་ཀ་གལ་པོ་ལས། གནས་དང་ཉེ་བའི་གནས་གཉིས་དང་། །ཡུལ་ནི་རོལ་པ་ཉེ་ཡུལ་རོལ། །ཞིང་དང་ཉེ་བའི་ཞིང་དང་ནི། །འདུ་བ་ཉེ་བའི་འདུ་བ་དང་། །ཚནྡོ་ཉེ་བའི་ཚནྡོ་ཡིན། །ཞེས་སོ། །དུར་ཁྲོད་བརྒྱད་ནི་སྔར་བཤད་གྲུབ་བོ། །གཉིས་པ་ནི། བསྒྲལ་བའི་ཞིང་བཅུ་སོགས་གདུག་པ་ཅན་རྣམས་བརླག་པར་བྱ་བའི་ཕྱིར་རཀྟའི་ཁུ་བ་བསྒྲལ་བྱར་དམིགས་ཏེ། ང་ནི་ཁྲག་འཐུང་ཆེན་པོ་སྟེ། །ཞེས་སོགས་ཀྱིས་ཕུལ་བས་སུམ་གཉིས་ཟད་པར་གསོལ་བར་བསམས་ལ་རཀྟ་སྦྲེང་ངོ་། །གསུམ་པ་ནི། ཁམས་གསུམ་གྱི་གདུལ་དཀའི་འགྲོ་རྣམས་ཐུགས་རྗེས་སྒྲོལ་བའི་ཕྱིར་རཀྟའི་རྩི་གསུམ་དུག་གསུམ་ཤ་ཁྲག་རུས་པའི་རྣམ་པར་དམིགས་ལ། ང་ནི་ཟ་བྱེད་སོགས་ཀྱིས་ཕུལ་བས་མ་ལུས་པར་གསོལ་བར་བསམས་ལ་རཀྟ་སྦྲེང་བའོ། །དབུལ་ཚིག་གི་གོ་རིམ་ལ་མི་འདྲ་བ་མང་དུ་སྣང་ཡང་། འདི་ནི་ཁྲོ་བོ་ལས་ཕྲེང་ལས་འབྱུང་བ་ཡིན་ནོ། །བཅུ་གསུམ་པ་ནི། ཧཱུཾ། གཏུམ་ཆེན་ཞེས་སོགས་ཤློ་ཀ་དྲུག་གིས་ཁྲོ་བོའི་དཀྱིལ་འཁོར་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་སོ་སོ་དང་སྤྱིར་བསྟོད་པར་རིམ་གྱིས་སྦྱོར་ཏེ། འགྲེལ་ཆུང་ལས། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང་། །རང་བཞིན་སྤྱིར་བསྟོད་པ་སྟེ་གླུ་དྲུག་ཡིན། །རེ་རེ་ལའང་དབྱེ་ན་བཞི་བཞི་སྟེ། །ཆེ་བ་ཉི་ཤུ་རྩ་བཞིར་ཤེས་པར་བྱ། །ཞེས་གསུངས། གཞན་དུ། རྡོ་རྗེ་བྲག་ཆེན་གྱི་ཤློ་ཀ་གཅིག་པོ་ནི། རྟེན་གཞལ་ཡས་ཁང་ལ་བསྟོད་པ་དང་། ཡང་ན་རྐང་པ་རེ་རེས་སྐུ་གསུང་ཐུགས་ཕྲིན་ལས་ལ་བསྟོད་པར་བཞེད་པ་སོགས་འགྲེལ་པ་རྣམས་དགོངས་པ་མི་མཐུན་ཏེ། བཤད་ཚུལ་མང་ངོ་། དེ་དག་ཀྱང་བསྟོད་ཡུལ་ལ་ཡོན་ཏན་ཡོད་ལ་ཡོད་པ་བཞིན་དུ་བསྟོད་པའི་ཕྱིར་བསྟོད་པ་སྟེ། གཞན་དུ་ཡོན་ཏན་མེད་པ་ལ་ཡོད་ཅེས་བརྗོད་ན་སྒྲོ་འདོགས་དང་། ཡོད་པ་ལ་མེད་ཅེས་བརྗོད་ན་སྐུར་འདེབས་སུ་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། མཁའ་ཁྱབ་ཏུ་སྤྲོས་ནས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ལ་དབུལ་ཞིང་། དེའང་ལྟ་བ་དང་ཏིང་ངེ་འཛིན་གསལ་མི་གསལ་གྱི་བྱེ་བྲག་གིས་རིམ་གྱིས་སམ་ཡང་ན་ཅིག་ཅར་བའི་ཚུལ་གྱིས་དབུལ་བར་བྱ་བ་སྟེ། འདི་ཉིད་ལས། ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཞེས་གསུངས་པའི་ཕྱིར། འབུལ་བའི་ཚེ་ན། ལས་དང་པོ་པས་ཡུལ་དང་འབུལ་མཁན་སོ་སོར་དམིགས་ནའང་། རང་བཞིན་དབྱེར་མེད་པར་རྟོགས་པའམ་མི་ནུས་ན་མོས་པར་བྱས་ནས་དབུལ་བ་གནད་དོ། །གསུམ་པ་ནི། ཏིང་ངེ་འཛིན་ལ་གཙོ་བོར་བྱེད་པ་རྣམས་ཀྱིས་ནི་མཆོད་པ་ཐམས་ཅད་མ་གྲུབ་ན། དམ་པ་རྒྱན་གྱི་རྩ་བ་ལྟར་གླུ་ཡེ་ཤེས་ཀྱི་མཆོད་པ་ཙམ་གྱིས་ཀྱང་ཆོག་པར་བཞེད་ལ། གལ་ཏེ་དབང་དང་། ཕྲིན་ལས་དང་། སྐོང་བ་དང་། སྒྲུབ་པ་དང་། ཚོགས་གཏོར་གཏོང་བ་ལ་སོགས་པའི་ཚེ་མཆོད་པ་གཙོ་བོར་བྱེད་པ་རྣམས་ཀྱིས་ནི། དེ་དང་དེ་དག་གི་དུས་སུ་མཆོད་པའི་རིམ་པ་ཚང་བར་དབུལ་བར་བྱ་བ་སྟེ། ཐུགས་ཐིག་ལས། ལས་སྤྱོད་སྒྲུབ་དབང་མཆོད་ཚེ་ནའོ། །ཞེས་སོ། །བཞི་པ་ལ། ཚོགས་འཁོར་བྱ་བའི་རིམ་པ་དང་། ཞི་ཁྲོ་གཉིས་ཀྱི་ཚོགས་ཀྱི་ཆོ་གའི་ཁྱད་པར་སོ་སོར་བཤད་པའོ། །དང་པོ་ནི། གང་དུ་ཚོགས་པའི་གནས་ཁང་། །སུ་ཞིག་འཚོགས་པ་རྣལ་འབྱོར་པ་ཐབས་ཤེས་ཟུང་དུ་འབྲེལ་བའི་འདུས་པ། གང་གི་ཚེ་འཚོགས་པ་ཟླ་དྲུག་སོགས་བར་མ་ཆད་པར་དུས་ཀྱི་སྒྲུབ་པ་དང་འབྲེལ་བའམ། ཉ་སོགས་ཀྱི་མཚན་མོའི་ཆའི་དུས་རེས་འགའ་བར་ཡང་རུང་སྟེ། དེ་དག་ནི་སྔར་ཚོགས་ཀྱི་དཀྱིལ་འཁོར་གྱི་དུས་སུ་བཤད་པ་ལྟར་ཤེས་པར་བྱ་ལ། འདིར་ཚོགས་པ་རྣམས་ཀྱིས་ཇི་ལྟར་བྱ་བའི་རིམ་པ་བཤད་ན། ཐོག་མར་ཀུན་འདུས་ལས། ཁ་ན་མ་ཐོར་བཅས་པ་དང་། །ཉམས་པ་ལས་བྱུང་ཉེས་དང་བཅས། །མ་དག་པ་ཡི་ཡོ་བྱད་རྣམས། །གདུག་ཅན་འཕང་དུ་འོངས་པ་ལྟར། །ཝ་ཡི་བརྟུལ་བཞུགས་ཆེན་པོ་ཡིས། །སྐལ་བར་བཤུགས་ཏེ་སྤང་བར་བྱ། །ཞེས་པས་ཁ་ན་མ་ཐོ་བ་མེད་པའི་ཡོ་བྱད་ཅི་འབྱོར་བ་དྲང་བར་བྱ་སྟེ། ཧེ་རུ་ཀ་གལ་པོ་ལས། རྡོ་རྗེ་ཚེ་དང་གལ་ཕྱིས་དང་། །འཇམ་དེས་ཟླ་ཕྲོམ་ཟླ་རྒྱས་དང་། །ཚེ་ཁྲིད་ཛ་གད་ཛཀྟི་དང་། །བྲན་མོ་ཤམ་མོ་ཀུན་ཏུ་རྒྱུག །ཨ་མྲ་རྒུན་འབྲུམ་ཨ་ག་རུ། །ན་ལིང་གེ་རྒྱས་ལ་སོགས་དྲང་། །ཞེས་གསུངས་ལ། ཁྱད་པར་ཤ་ཆང་དང་བདུད་རྩི་ལྔ་མེད་དུ་མི་རུང་ཞིང་། ཤ་ལྔ་ཡང་ཅི་འབྱོར་བསག་པར་བྱའོ། །དེ་ནས་གནས་ཁང་ལ་ཕྱགས་བདར་དང་། ཆག་ཆག་གདབ། མེ་ཏོག་སིལ་མ་དགྲམ་ཞིང་། བླ་རེ་ལ་སོགས་པའི་རྒྱན་གྱིས་བརྒྱན། དཀྱིལ་འཁོར་བྲི་བའམ། ཡང་ན་དྲིའི་མཎྜལ་ལ་ལྷའི་སྐུ་བཞུགས་སུ་གསོལ། དེར་འདུ་བ་རྣམས། སྔ་མ་ལས། དབེན་པའི་གནས་སུ་མཚམས་བཅད་ནས། །ཚོགས་ཀྱི་ནང་དུ་འདུ་བ་ནི། །ཁྲོ་བོ་སྔོན་པོ་ཤིན་ཏུ་མཛེས། །ཞེས་སོགས་གསུངས་པ་ལྟར། ཚོགས་ཁང་གི་སྒོར་སྡོད་པའི་སྒོ་བ་རྣམས་ལ་གསོལ་བ་བཏབ་ཅིང་། སློབ་དཔོན་གྱི་བཀའ་ཐོབ་ནས་ནང་དུ་ཞུགས་ཏེ། བརྡ་དང་བརྡའི་ལན་བྱས་ལ། རྡོ་རྗེ་སློབ་དཔོན་ལ་ཕྱག་སྔོན་དུ་འགྲོ་བས་རང་རང་གི་ལྷའི་རིགས་དང་མཐུན་པའི་གོས་རྒྱན་བསྟར་ནས། རྣལ་འབྱོར་ཕོ་མོ་གྲལ་གཡས་གཡོན་གྱི་ཁྱད་པར་གྱིས་ཐམས་ཅད་སྟན་ལ་འདུག་པ་དང་། ལས་རྡོར་གྱིས་མཎྜལ་ཕུལ་ནས་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ། དེ་ནས་བགེགས་ལ་གཏོར་མ་བྱིན་ནས་ཕྱིར་བསྐྲད་དེ་མཚམས་གཅད། ཐམས་ཅད་ཀྱིས་རང་རང་གི་ལྷའི་རྣལ་འབྱོར་བསྒོམ། བདེ་བར་གཤེགས་པ་རྣམས་སྤྱན་དྲངས་ཏེ་མཆོད། དེའང་དང་པོར་བདུད་རྩི་བྱིན་གྱིས་བརླབས་ནས་ལྷ་ལ་དབུལ་ཞིང་། བདག་ཉིད་ཀྱང་མྱང་། སློབ་མ་ལའང་བྱིན་ཏེ་དམ་བསྒྲག །དེ་ནས་སྦྱོར་སྒྲོལ་གྱི་མཆོད་པ་སོ་སོར་བྱ་བའམ་མི་ནུས་ན་སྦྱོར་བའི་བྱང་སེམས་ཡུམ་གྱི་མཁར་བསྐྱིལ་བའི་འོད་ཟེར་ལས་སྤྲུལ་པ་སྤྲོས་ཏེ་སྒྲོལ་བ་དང་སྦྱོར་བའི་མཆོད་པ་གོ་ཆུ་རུག་ཏུ་བྱ། དེའི་འོག་ཏུ་འདོད་ཡོན་གྱི་མཆོད་པ་དབུལ་བའི་ཕྱིར། དྲི་ཆབ་བྱིན་གྱིས་བརླབས་ནས་བསངས། །དེ་ནས་ཛ་གད་བྱིན་གྱིས་བརླབས་ཏེ། རང་གིས་ལན་གསུམ་མྱོང་ནས་ལྷ་མཆོད་ཅིང་། སློབ་མ་ལའང་བྱིན། དེ་ནས་ཞལ་ཟས་ཀྱི་ཡོ་བྱད་ཐམས་ཅད་སྤུངས་ལ་བྱིན་གྱིས་བརླབ། ཏིང་ངེ་འཛིན་གྱི་འདོད་ཡོན་ལྔ་དང་། སུ་ར་ཏོ་བཅུ་དྲུག་ལ་སོགས་པའི་གླུ་གར་དང་རོལ་མོ་སྣ་ཚོགས་ཀྱིས་མཆོད་ནས། ཞལ་ཟས་ལ་རོལ་པའི་ཕྱིར་གླུས་བསྐུལ་བ་དང་། བཤགས་པ་དང་། སྨོན་ལམ་དང་། ཚོགས་དབང་བསྐུར་བ་རྣམས་བྱས་ལ། །དང་པོར་དཀྱིལ་འཁོར་ལ་འབུལ་ནས། །འདུས་པའི་རྣལ་འབྱོར་པ་རྣམས་ལོངས་སྤྱོད། དེ་ནས་ཕྱིའི་ལས་བྱེད་རྣམས་བོས་ཏེ་བྱིན་ལ་མཚམས་གཅད། ལྷག་མ་དང་ཕྱགས་བདར་རྣམས་བསྡུས་ཏེ་ལྷག་མའི་མཆོད་སྦྱིན་བྱ། གསང་བའི་མཆོད་པའི་སྒོ་ནས་དཀྱིལ་འཁོར་བསྡུ་བ་རྣམས་ཏེ་ཐོ་བྱང་ཙམ་མོ། །རྒྱས་པར་གོང་མའི་ཚོགས་ཡིག་རྣམས་ལས་ཤེས་པར་བྱའོ། །གཉིས་པ་ལ། སྡོམ་ནི། དྲང་ཞིང་བསངས་ལ་བྱིན་གྱིས་རློབ། །མཆོད་དབུལ་རོལ་ལ་ལྷ་མཆོད་བྱ། །ཞར་བྱུང་གཏོར་མ་བཏང་དང་བདུན། །དང་པོ་ནི། ཛ་གད་དང་མཱཾ་ས་གཙོ་བོར་གྱུར་པའི་ཡོ་བྱད་རྣམས་བཤམ་པའོ། །གཉིས་པ་ནི། དྲི་ཆབ་དང་བདུད་རྩིས་བསངས་ལ་བགེགས་བསྐྲད་དེ་ཉེས་སྐྱོན་སྦྱང་བའོ། །གསུམ་པ་ནི། སྣོད་ཉི་མར་བཅུད་ཞལ་ཟས་ལ་འབྲུ་ལྔ་བཀོད་དེ་འབྲུ་གསུམ་གྱི་སྔགས་ཀྱིས་འདོད་ཡོན་གྱི་ལྷ་མོར་རློབ་པའོ། །བཞི་པ་ལ། ཚོགས་ཞིང་སྤྱན་དྲང་བ་དང་། དབུལ་བའོ། །དང་པོ་ནི། ཞི་ཁྲོ་གང་ཡིན་གྱི་སོ་སོའི་ཚིག་སྔགས་བརྗོད་པས་ཚོགས་ཞིང་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་དུ་སད་པར་བསམ་པའོ། །གཉིས་པ་ལ་གཉིས་ཀྱི། དང་པོ་ཞི་བ་ལ། བླ་མེད་མཆོག་གི་ཚིག་སྔགས་དང་བཅས་པས་སྤྱིར་མཆོད་པ་དང་། ལྕགས་ཀྱུ་མ་སོགས་གསང་བ། སྒེག་སོགས་ནང་། དྷཱུ་པེ་མ་སོགས་ཕྱི་སྟེ་ལྷ་མོ་བཅུ་གཉིས་ཀྱིས་བྱེ་བྲག་ཏུ་མཆོད། ཁྱད་པར་ཚོགས་ཕུད་སྤྲོས་ཏེ་ཕུལ་བས་འདོད་ཡོན་གྱི་ལྷ་མོས་མཆོད་པར་བསམ་པའོ། །གཉིས་པ་ཁྲོ་བོ་ལ། སྤྱིར་མཆོད་པ་ཞི་བ་དང་འདྲ། བྱེ་བྲག་ལྷ་མོ་བཅུ་གཉིས་དང་། སུ་ར་ཏོ་བཅུ་དྲུག་གིས་མཆོད་ཀྱང་མི་འགལ་གསུངས། ཁྱད་པར་སོ་སོར་མཆོད་པ་ནི། ཚོགས་ཕུད་ཆ་བཞིར་སྤྲོས་ཏེ། དང་པོ་འདོད་ཡོན་གྱི་ལྷ་མོར་བསམ་ལ་མཆོད། གཉིས་པ་དམ་རྫས་བདུད་རྩི་ལྔར་བསམ་ལ་བཤགས། གསུམ་པ་ལ། ལིངྒ་ཟུར་པ་མེད་ན་ཆ་གསུམ་པ་དེའི་འདོད་ཡོན་གྱི་ལྷ་མོ་རང་ལ་བསྡུས་ནས། ལེའུ་ཉི་ཤུ་པར་འབྱུང་བ་ལྟར་དྲག་པོའི་ཕྲིན་ལས་སྦྱར་ཏེ་ཚེ་ཁྲུས་ཀྱི་དགོངས་པས་བསྒྲལ་ལ་སྟོབ་པ་བྱའོ། །དེ་ཡང་ཧེ་རུ་ཀ་གལ་པོ་ལས། དང་པོ་འདོད་ཡོན་དྲུག་གིས་མཆོད། །གཉིས་པ་དམ་རྫས་བདུད་རྩིས་བཤགས། །གསུམ་པ་དགྲ་བགེགས་གཟུགས་ཕུང་སྟོབ། །ཞེས་དང་། ཚོགས་ཡིག་ཆེ་ཆུང་ལས་ཀྱང་། དང་པོར་ཕུད་ལས་བདེ་བར་གཤེགས་པ་མཆོད་ཅིང་བཤགས་པ་དང་སྟོབ་པ་དག་ཀྱང་བྱའོ། །ཞེས་པའི་དོན་ནོ། །ལྔ་པ་ནི། ཟ་ཚོགས་ལས། དེ་ནས་བདག་ཉིད་མཉམ་བཞག་སྟེ། །རྣམ་གསུམ་ཚུལ་གྱིས་རོལ་པར་བྱ། །བདག་ཉིད་ནང་གིས་ལྷ་མཉེས་པར། །མཆོད་སྦྱིན་ཡིན་ཏེ་དངོས་གྲུབ་བོ། །ཞེས་པས་རྒྱུད་ལུང་མན་ངག་གི་རོལ་ཚུལ་གསུམ་མམ། ཡང་ན་ནང་གི་སྦྱིན་སྲེག་གིས་རོལ་པར་བྱའོ། །དྲུག་པ་ལ་གཉིས་ལས། ཞི་བའི་ལྷག་ཆོག་ནི། རྩ་བའི་དཀྱིལ་འཁོར་གསལ་གདབ། ལྷག་མའི་དཀྱིལ་འཁོར་བསྒོམས་པའི་དབུས་ཀྱི་འཁོར་ལོ་ལ་རིགས་ལྔ་ཡབ་ལྔ་བསྐྱེད། གཏོར་མ་འབྲུ་གསུམ་གྱིས་དམ་ཚིག་གསང་བའི་ལོངས་སྤྱོད་དུ་བརླབས་ལ། མཁའ་འགྲོ་སོ་གཉིས་བཀུག་སྟེ་རིགས་ལྔའི་གཙོ་བོ་ལ་གཙོ་མོ་བདུན་དང་། དོན་གྲུབ་ལ་དྲུག །གཞན་གསུམ་ལ་ལྔ་ལྔ་འཁྲིལ་བའི་ཚུལ་དང་སྒོ་མ་བཞི་གཙོ་བོའི་ཞབས་འོག་ཏུ་གནས་པར་བསམ་ལ། མཆོད་ཅིང་ཕྲིན་ལས་གཞོལ་ནས་གཤེགས་གསོལ་བྱས་ཏེ་དཀྱིལ་འཁོར་བསྡུ་བའོ། །དེ་ཡང་ཧེ་ཆུང་ལས། ཟོས་པའི་ལྷག་མའི་གཏོར་མ་ཡིས། །བཙུན་མོའི་འཁོར་ལ་མཆོད་པར་བྱ། །ཞེས་དང་། ཁྱད་པར་ཕྱག་རྒྱ་བཞི་པའི་བསམ་གཏན་ལས། སྔོོན་ཚེ་བཅོམ་ལྡན་རིགས་ལྔ་ཡིས། །མཁའ་འགྲོ་སུམ་ཅུ་རྩ་གཉིས་པོ། །སླས་སུ་མཛད་དེ་ཁས་བླངས་ཕྱིར། །ལྷག་མའི་མཆོད་སྦྱིན་བྱ་བ་གཅེས། །ཞེས་སོ། །གཉིས་པ་ཁྲོ་བོའི་ལྷག་ཆོག་ལ། དཀྱིལ་འཁོར་བཤམ་པ་དང་། མཆོད་པ་དངོས་དང་། །དང་པོ་ནི། སྒྱུ་འཕྲུལ་མཁན་པོ་ཕལ་ཆེར། དཀྱིལ་འཁོར་གྱི་ཤར་ལྷོར་དྲིའི་མཎྜལ་བཤམ་པར་བཞེད། ཧེ་རུ་ཀ་གལ་པོར། ལྷག་མའི་དཀྱིལ་འཁོར་བྱང་ཤར་མཚམས། །ཞིང་ལྤགས་རཀྟས་ཟླ་གམ་ཨེ། །ཞེས་འབྱུང་ངོ་། །གཉིས་པ་ལ། འདི་ཉིད་ལས། སླས་དང་བྱི་མོ་བྲན་མོའི་ཚོགས། །ལྷག་མ་མཆོད་སྦྱིན་འདོད་པ་སྦྱིན། །རང་གི་དམ་ཚིག་རབ་བསྒྲགས་ནས། །གང་འདོད་ལས་དེ་བྱེད་པར་བསྒོམ། །ཞེས་དབང་ཕྱུག་མ་ལ་བྱིན་ཏེ་ལས་བཅོལ་བ་ཙམ་ལས་མ་གསུངས་ཀྱང་། སློབ་དཔོན་རྣམས་ཀྱིས་རྒྱུད་གཞན་ནས་ཁ་བསྐངས་ཏེ་རྒྱས་པར་མཛད། དེ་ལའང་བཞེད་པ་མི་མཐུན་ཏེ། ཁ་ཅིག །ཕུད་ལྷག་སོ་སོར་བཤམས་ལ་བྱིན་གྱིས་་བརླབས་ནས། ཕུད་ཀྱིས་ཡར་གྱི་གནས་བདུན་མཆོད། དཔལ་ཆེན་པོ་དང་རྣལ་འབྱོར་པའི ལྷག་གིས་མར་གྱི་གནས་བདུན་མཆོད་གསུངས། དེ་ལ་ཡར་གྱི་གནས་བདུན་ནི། གལ་པོ་ལས། དབྱིངས་ནས་རྣམ་པར་བསྐུལ་བ་དང་། །བྱིན་གྱིས་ཡང་དག་བརླབས་པ་དང་། །ཐབས་ཆེན་ཡབ་ཏུ་བསྟན་པ་དང་། །ཤེས་རབ་ཡུམ་དུ་གནས་པ་དང་། །ཁྲོ་མོ་ག་རཱི་བརྒྱད་རྣམས་དང་། །ཡུལ་གྱི་ཕྲ་མེན་ཆེན་མོ་དང་། །ཡེ་ཤེས་སྒོ་མ་བཞི་པོ་རྣམས། །ཡར་གྱི་གནས་བདུན་དཀྱིལ་འཁོར་ཏེ། །ཞེས་སོ། །མར་གྱི་གནས་བདུན་ཀྱང་། དེ་ལས། རྫུ་འཕྲུལ་མཁའ་ལ་འགྲོ་བ་སུམ་ཅུ་གཉིས། །སྦྱོར་དང་སྒྲོལ་ལ་དགའ་བའི་གིང་ཆེན་བརྒྱད། །ལངྐ་ཚར་གསུམ་རྟོགས་ཚད་འབུལ་བ་དང་། །ལུས་ངག་ཡིད་ཀྱིས་གནོད་པའི་འབར་མ་བརྒྱད། །བདུད་སྲིན་མ་མོ་བདུན་དང་སྲིང་མོ་བཞི། །དྲུག་ཅུ་རྩ་བཞི་ཕོ་ཉའི་གནས་རྣམས་ཏེ། །ལྷག་མ་དག་ལ་དབང་བའི་གནས་དྲུག་ཡིན། །ཉི་ཤུ་རྩ་བརྒྱད་ཕུད་ལྷག་གཉིས་ལ་དབང་། །ཞེས་སོ། །འདིར་བླ་མ་ཕལ་ཆེ་བའི་བཞེད་པ་ལྟར་ན་ཐོག་མར་ཕུད་ཤོད་དུ་ཕབ་ནས་དཀྱིལ་འཁོར་གྱི་སྟེང་དུ་ཕུད་ལྷག་སོ་སོར་བཤམས་ལ། རྩ་བའི་དཀྱིལ་འཁོར་གསལ་གདབ། ལྷག་མའི་དཀྱིལ་འཁོར་ཕྱི་ཁྱམས་མཐིང་ནག་གྲུ་གསུམ་འབྱམས་ཀླས་པའི་ནང་དུ་གཞལ་ཡས་ཁང་སྒོ་དང་བཅས་པར་རིགས་ལྔ་གནས་ཡུལ་སྒོ་མ་སྟེ། ངོ་མཚར་ཚོགས་ཀྱི་ལྷ་སུམ་ཅུ་བསྐྱེད། ལྷག་གཏོར་ཟླ་བ་ལ་གནས་པའི་ༀ་གྱི་འཕྲོ་འདུས་བདུད་རྩིར་རློབ། དེ་ནས་སྙན་གསན་དབབ་ནས་སྤྱུགས་པའི་སྒྲ་དང་འདོད་རྒྱལ་གྱི་སྔགས་རྒྱས་མགྲོན་རྣམས་སྤྱན་དྲངས་པས་ཕྱི་ཁྱམས་གྲུ་གསུམ་པའི་ནང་དུ་བྱ་ནག་ཐང་ལ་བབས་པ་བཞིན་ཐིབས་ཀྱིས་བྱོན་པར་བསམས་ལ། ཧེ་རུ་ཀའི་རྡོ་རྗེ་ཁྱུང་གཤོག་གི་སྔགས་རྒྱས་ཟིལ་གྱི་མནན། པདྨའི་སྔགས་རྒྱས་གདན་དབུལ། རྟ་གདོང་གི་སྔགས་རྒྱས་དབང་དུ་བྱ་བ་རྣམས་ཏེ། གལ་པོར། འདོད་པའི་རྒྱལ་པོས་ལྕགས་ཀྱུས་དགུག །རྟ་མགྲིན་གྱིས་དབང་བསྡུ་བར་བྱ། །ཧེ་རུ་ཀ་ཡི་ཟིལ་གྱིས་མནན། །ཞེས་པའི་དོན་ནོ། །དེ་ནས་མགྲོན་རིགས་ལྔར་ཕྱེ་ལ་མཆོད། །དེའི་འོག་ཏུ་སྔ་མ་ལས། དཔལ་གྱིས་ལྕེ་ལ་རྟ་མགྲིན་ཧྲཱིཿ །མཁའ་དབྱིངས་ཕྱག་རྒྱ་རབ་ལྡན་པས། །རྟོག་བསྲེག་བདུད་རྩིའི་སྦྱོར་མཆོད་དབུལ། །ཞེས་པ་ལྟར་ལྷག་གཏོར་ལ་བདུད་རྩིའི་ཁ་ཕྲུ་བཏབ། དེ་ནས། དང་པོ་ཕུད་ཀྱིས་མི་མཆོད་དུ། །ཞེས་སོགས་ཀྱིས་མགྲོན་རྣམས་ལ་རྒྱུ་རྐྱེན་བསྒྲགས་པས་ངེས་ཤེས་བསྐྱེད་དེ་ལྷག་ཕུད་མཚམས་སྦྱར་བ་རྣམས་ནི་སྤྱིའི་ལས་རིམ་མོ། །དེ་ནས་བྱེ་བྲག་ཏུ་མཁའ་འགྲོ་སོགས་རང་རང་གི་མཚན་ནས་སྨོས་ཏེ་མཆོད་ཅིང་ལས་བཅོལ་ལ་མགྲོན་རྣམས་བཀྱེ། གཏོར་མ་བསྐྱལ་ལ་དཀྱིལ་འཁོར་བསྡུ་བའོ། །དེ་ཡང་ཇི་སྐད་དུ། ཕུད་ལ་འཚལ་སྐལ་མི་ལྡན་གྱིས། །ལྷག་མ་ཞལ་ཆབ་བྲོན་ལ་གསོལ། །ཞེས་པ་ལྟར་རོ། །བདུན་པ་ནི། སློབ་དཔོན་གྱིས་རྩ་བའི་དཀྱིལ་འཁོར་བཟུང་ཞིང་། ལས་རྡོར་གྱིས་གོམ་པ་བདུན་ཅུའི་ཕ་རོལ་ཏུ་ཕྱིན་ཏེ། དཔལ་ཆེན་པོའི་ང་རྒྱལ་གྱིས། བརྟན་གཏོར་རློབ། མགྲོན་དྲང་། མཚན་ནས་སྨོས་ཏེ་མཆོད་ཅིང་ཕྲིན་ལས་བཅོལ་ལ་གཤེགས་སོ། །ཞར་བྱུང་ཟ་ཚོགས་དང་། ཕྱག་རྒྱ་བསམ་གཏན་གྱི་ལས་བྱང་ལས་འབྱུང་བ་ལྟར་འགྲོ་དྲུག་ལ་གཏོར་མ་བསྔོ་བའང་མཛད་དེ་སྤྲོས་པའི་ཡན་ལག་གོ། །ལྔ་པ་སྐྱོན་ནི། འཆད་འགྱུར་གྱི་ཡོན་ཏན་ལས་བཟློག་པ་སྟེ། ཐུགས་ཐིག་ལས། དེ་ལས་བཟློག་དང་མི་སྐོང་གཡེལ། །ཉམས་ཆག་མཐུ་བྱིན་བྲལ་བར་འགྱུར། །ཞེས་སོ། །དྲུག་པ་ཡོན་ཏན་ནི། དགོས་ཆེད་དུ་བསྟན་པའི་རྗེས་སུ་འགྲོ་བ་སྟེ། ཁོག་གཞུང་ལས། ཐུན་མོང་ཁྱད་པར་ཡོན་ཏན་ལྡན། །ཞེས་སོ། །ཁྱད་པར་ཚོགས་ཀྱི་འཁོར་ལོའི་ཡོན་ཏན་ནི། ཟ་ཚོགས་ལས། དོན་དང་བྲལ་བའི་འཇིག་རྟེན་པས། །སྣང་སྲིད་བདེ་བའི་ལོངས་སྤྱོད་ལ། །ཆགས་པར་སྤྱད་པས་འཁྱམས་པ་རྣམས། །འདི་ལྟར་སྤྱད་ན་གྲོལ་ཞེས་བཤད། །ཅེས་དང་། རྡོ་རྗེ་དྲྭ་བ་ལས། བསོད་ནམས་ནང་ན་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་འཐོབ་པར་འགྱུར། །ཞེས་སོ། །བཅུ་པ་འཆིང་ཟློས་སྔགས་དང་ཕྱག་རྒྱ་ལ་དྲུག་ལས། དང་པོ་དགོས་ཆེད་ནི། སྒྲིབ་གཉིས་སྦྱོང་ཞིང་། ཏིང་ངེ་འཛིན་གྱི་སྟོབས་སུ་གྱུར་པས་ལས་དང་དངོས་གྲུབ་འཐོབ་པར་བྱེད་པའི་ནུས་པ་བསྐྱེད་པ་སྟེ། ཐུགས་ཐིག་ལས། སྦྱོང་ཞིང་ཉེ་བར་བསྐྱེད་པ་དང་། །ཐོབ་བྱ་ལྔ་པོ་རྫོགས་བྱའི་ཕྱིར། །ཞེས་སོ། །བྱེ་བྲག་ཏུ། སྔགས་ཀྱིས་ཐུགས་དམ་གནད་ནས་བསྐུལ་བའི་ཕྱིར་དང་། ཕྱག་རྒྱས་ཐུགས་རྣམ་པར་གྲོལ་བ་མཚོན་པ་སྟེ། ཇི་སྐད་དུ། ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །ཞེས་དང་། རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །ཞེས་སོ། །གཉིས་པ་ངོ་བོ་ལ་སྔགས་ཀྱི་ངོ་བོ་ནི། ཐབས་ཤེས་ཀྱི་ཡི་གེ་འདུས་ཤིང་བྱིན་གྱིས་རློབས་པའི་ནུས་མཐུ་ཅན་དུ་གྱུར་བའི་ཕྱིར་ཏེ། ཐུགས་ཐིག་ལས། ཡི་གེ་འདུས་པ་ཆོས་ཉིད་རང་བཞིན་གྱིས། ཆོས་ཅན་རང་གི་ངོ་བོས། མཐུས། བྱིན་གྱི་རླབས་ཀྱིས། གྲུབ་པ་བཞི། །མཐུ་ཅན་རེད་པ་གང་ཡིན་པ། །ཞེས་སོ། །ཕྱག་རྒྱའི་ངོ་བོ་ནི། རིག་པ་ཕྱག་རྒྱ་བཞི་རྫོགས་ཀྱི་ལྷའི་སྐུར་གསལ་བ་ལས་མི་འདའ་བ་སྟེ། དེ་ལས། བཞི་རྫོགས་ཉིད་ལས་མི་འདའ་བ། །གང་ལ་སྣང་བ་དེ་ངོ་བོ། །ཞེས་སོ། །གསུམ་པ་སྒྲ་དོན་ལ། སྔགས་ནི། མནྟྲའི་སྒྲ་ལས། མན་ནི་ཡིད་དམ་ཤེས་པ། ཏྲ་ཡ་ནི་སྐྱོབ་པའམ་དཔུང་གཉེན་ལ་འཇུག་པས། ཡིད་ཤེས་བདེ་མྱུར་དུ་སྐྱོབ་ཅིང་བྱིན་རླབས་འབྱུང་བའི་ཕྱིར་སྔགས་ཏེ། ཡེ་ཤེས་སྙིང་པོ་ལས། མན་ནི་ཡིད་ཅེས་བྱ་བ་སྟེ། །ཏྲ་ནི་སྐྱོབ་པ་ཉིད་དུ་བཤད། །ཅེས་སོ། །ཕྱག་རྒྱ་ནི། མུ་དྲའི་སྒྲ་ལས་མཚན་མའི་དོན་ཏེ། འདེབས་ཤིང་མཚོན་པར་བྱེད་པའམ་རྒྱས་བཏབ་པ་ལས་འདའ་བར་དཀའ་བའི་ཕྱིར་ཕྱག་རྒྱ་ཞེས་བྱའོ། །དེའང་འདི་ཉིད་ལས། སྙིང་པོའི་ཕྱག་རྒྱ་འདའ་དཀའོ། །ཞེས་དང་། རྒྱས་པ་ལས། འདའ་དཀའ་ཇི་བཞིན་མི་ཤིགས་པའི། །རྒྱལ་པོའི་ཕྱག་རྒྱ་མཆོག་གི་གནས། །བདག་ཉིད་ཆེན་པོ་མཚན་མའི་གཟུགས། །ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན། །ཞེས་སོ། །བཞི་པ་རྣམ་གྲངས་ལ། སྔགས་དང་། ཕྱག་རྒྱ་གཉིས། དང་པོ་ལ། སྤྱི་དང་བྱེ་བྲག་གོ། །དང་པོ་སྤྱིར་སྔགས་ལ། གསང་སྔགས། རིགས་སྔགས། གཟུངས་སྔགས་གསུམ། དེ་ཡང་ཐབས་ཤེས་ཀྱི་བདག་ཉིད། དེའི་སྒོ་ཡིག་འབྲུར་སྣང་བས་གསང་སྟེ་ངག་ཏུ་བརྗོད་པ་དང་བཅས་ཤིང་ཤེས་སྐྱོབ་ཀྱི་ལས་ཀྱིས་ལོག་རྟོག་གི་གཉེན་པོར་གྱུར་པ་ནི་གསང་སྔགས། ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་དངོས་པོའི་དོན་རིག་པར་བྱེད་པའི་ལས་ཀྱིས་མ་རྟོག་པའི་གཉེན་པོར་གྱུར་པ་ནི་རིག་སྔགས། དྲན་པ་དང་ཤེས་རབ་ཀྱི་བདག་ཉིད་ཆོས་ཀྱི་ཚིག་དོན་མི་བརྗེད་པར་འཛིན་པའི་ལས་ཀྱིས་དྲན་ཉམས་ཀྱི་གཉེན་པོར་གྱུར་པ་ནི་གཟུངས་སྔགས་ཏེ། འདི་གསུམ་གྱི་རྟགས་ཀྱང་། དང་པོ་ལྷ་ཕོའི་དབྱིབས་དང་། ཕྱི་མ་གཉིས་ལྷ་མོའི་གཟུགས་སུ་བཞུགས་ཞེས་འབྱུང་ངོ་། །གཉིས་པ་བྱེ་བྲག་ཏུ། གསང་སྔགས་ཀྱི་སྒོར་གྱུར་པའི་སྔགས་ལ་རྩ་རྒྱུད་འདིར། རྟེན་དང་བརྟེན་པ་བསྐྱེད་པའི་སྔགས་དང་། ལས་ཀྱི་རིམ་པའི་སྔགས་གསུམ་དུ་གསུངས་པ་ལས། དང་པོ་ནི། བྷྲཱུཾ་གཞལ་ཡས་ཁང་གི་ས་བོན་དང་། །བི་ཤུ་བི་ཤུདྡྷེ། སྣ་ཚོགས་རྣམ་པར་དག་པ་ན་ཞེས་བྱ་བ་སྟེ། ཐལ་རྒྱུད་ལས། བྷྲཱུཾ་དབྱིངས་བྷ་གར་སྣ་ཚོགས་འདུས། །ལས་དང་ངོ་བོ་དག་པ་ཉིད། །སངས་རྒྱས་རིན་ཆེམ་ཟ་མ་ཏོག །བྱིན་རློབ་སྐྱོབ་ཕྱིར་སྔགས་སུ་བརྗོད། །ཅེས་སོ། །གཉིས་པ་ལ། ཞི་བ་དང་། ཁྲོ་བོའི་སྔགས་གཉིས། དང་པོ་ལ། རྒྱུ་མ་ནོར་བ་རྩ་བའི། བསྐྱེད་པ་རྐྱེན་གྱི། བཟླས་པ་ལས་ཀྱི་སྔགས་སོ། །དང་པོ་ལའང་། ལྷ་བསྐྱེད་པ་འཕྲོ་གཞིའི་ས་བོན་དང་། རིགས་ཀྱི་ས་བོན་གཉིས། དང་པོ་ནི། ཨ། ཀ་ཁ་ག་གྷ་ང་། ཞེས་སོགས་ཡི་གེ་བཞི་བཅུ་རྩ་གསུམ་སྟེ། དེ་དག་ལྷ་སོ་སོ་དང སྦྱར་ནས་ངོ་སྤྲོད་པ་ནི། ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཋ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད། །ཅེས་སོགས་ཨ་ཀུན་ཏུ་བཟང་མོ་དང་། ཋ་མི་བསྐྱོད་པ་སོགས་རིམ་གྱིས་སྦྱར་རོ། །དེ་ལྟར་ཡང་། རྒྱ་མཚོ་ལས། ས་དང་ནམ་མཁའ་སྤྱན་རྡོ་རྗེ། །སྟོབས་ཆེན་ལྔ་ནི་དང་པོ་ཀ །གཉིས་པ་ལྔ་པོ་རིམ་བཞིན་དུ། །སྒེག་མོ་ཕྲེང་ཐོགས་དབྱངས་དང་གར། །ཡ་མཱནྟ་ཀྲྀཏ་ཉིད་དུ་བཤད། །གསུམ་པ་ལྔ་པོ་རིམ་བཞིན་དུ། །སྣང་མཛད་རྡོ་རྗེ་རིན་ཆེན་དང་། །དཔག་མེད་དོན་གྲུབ་ཉིད་དུ་བཤད། །བཞི་པ་ལྔ་ནི་རིམ་བཞིན་དུ། །ནམ་མཁའ་སྤྱན་དང་ན་བཟའ་དཀར། །མཱ་མ་ཀཱི་དང་སྒྲོལ་མར་བཤད། །ལྔ་པ་ལྔ་པོ་རིམ་བཞིན་དུ། །བྱམས་པ་སྒྲིབ་སེལ་ཀུན་བཟང་དཔལ། །རྟ་མགྲིན་རིམ་པར་འདོད་པ་ཡིན། །དྲུག་པ་བཞི་སྟེ་རིམ་པ་བཞིན། །བདུག་སྤོས་མར་མེ་མེ་ཏོག་དང་། །དྲི་ཆབ་ལྷ་མོ་ཞེས་སུ་བཤད། །བདུན་པ་བཞི་ནི་རིམ་པ་བཞིན། །རྟག་ཆད་མཚན་མ་དག་པ་དང་། །བདག་མེད་པ་སྟེ་རིམ་པ་བཞིན། །མཐར་ཟད་བྱེད་པ་རྡོ་རྗེ་ནི། །མ་ལུས་འདུས་པའི་ངོ་བོ་སྟེ། །སྐུ་གསུང་ཐུགས་ཀྱི་རོལ་པ་ལས། །རྣམ་པར་འཕྲུལ་པའི་སྤྲུལ་པ་དྲུག །བརྒྱད་པའི་ཡི་གེ་དྲུག་ཏུ་བཤད། །བཅུ་གཅིག་བཅུ་གཉིས་རྣམ་བཤད་པ། །སྒྲིབ་པ་ཀུན་ཟད་ཡེ་ཤེས་ནི། །འཆི་བ་གསོ་བྱེད་ཡིན་པར་བཤད། །ཅེས་པའི་གཤིན་རྗེ་དང་སྟོབས་ཆེན་གཉིས་རྒྱུད་འདིར་གསུངས་པ་དང་མི་མཐུན་པར་བྱུང་བས་ཕན་ཚུན་གོ་བརྗེ་བར་བྱ་ལ། གཞན་ནི་དེ་ཁོ་ནའོ། །འོ་ན། མགོ། ཏིག །ཤད་གསུམ་མ་བྱུང་བས་གང་དང་སྦྱོར་ཞེ་ན། དེ་གསུམ་ལ་བྱ་བ་བྱེད་ཀྱི་ཡི་གེ་ཞེས་བྱ་སྟེ། རིམ་པ་ལྟར་ཐུགས་གསུང་སྐུའི་ལྷའི་རང་བཞིན་ཡིན་པས་ཐམས་ཅད་ལ་ཁྱབ་པར་སྦྱར་རོ། །གཉིས་པ་ལ། ཧཱུཾ་ༀ་སྭཱ་ཨཾ་ཧཱཾ་རྣམས་ནི་ཐུགས་རྡོ་རྗེ་སོགས་མཚོན་པར་བྱེད་པའི་ཡི་གེ་སྟེ། དགོངས་འདུས་ལས། སྐུ་མཚོན་བར་བྱེད་པ་ལ་ནི་ཡི་གེ་ༀ་ཞེས་ཐ་སྙད་དུ་བྱས་སོ། །ཞེས་སོགས་གསུངས་པ་ལྟར་རོ། །དེ་བཞིན་དུ་མཱུཾ་ལཱཾ་སོགས་འགའ་ཞིག་མིང་ཡིག་དང་པོ་དང་། ལ་ལ་དག་རིགས་ཀྱི་ས་བོན་ནོ། །གཉིས་པ་བསྐྱེད་སྔགས་ནི། བཛྲ་དྷྲིཀ་སོགས་རྒྱལ་བ་ཡབ་ལྔའི་སྔགས་དོན་ནི། གསང་འདུས་ལས། བཛྲ་རྡོ་རྗེ་འཛིན་དང་དྷྲིཀ྄་རྒྱལ་བ འི་ཛི་ན་རྒྱལ། །ཛི་རིན་ཆེན་རཏྣ་འཛིན་དྷྲ྄ིཀ྄་དང་ཆགས་ཆེན་ཨ་རོ་མཚོན་ལི་ཀ྄ །ཤེས་རབ་པྲཛྙཱ་འཛིན་དྷྲིཀ྄་པ་ཞེས་བྱ་སྟེ། །ཞེས་དང་། ཐལ་རྒྱུད་ལས། ཙིཏྟ་ཁམས་ལྔའི་ཤི་ར་ལ། །རྡོ་རྗེ་བཛྲ་རྒྱལ་བ་ཛིཀ྄་རིན་ཆེན་རཏྣ་ཆོས། །ཤེས་རབ་པྲཛྙཱ་རིགས་ལྡན་བཅུད་ཀྱི་གཟུགས། །ངེས་པར་འཛིན་པ་གསང་བའི་སྔགས། །ཞེས་སོ། །ཡུམ་ལྔའི་མཱུཾ་དྷྭ་ཏཱི་ཤྭ་རི་དབྱིངས་ཀྱི་དབང་ཕྱུག་མ་དང་། གཞན་རྣམས་ཀྱི་དྭེ་ཥ་སོགས་ནི། ཞེ་སྡང་དྭེ་ཥ་གཏི་མུག་མོ་ཧ། འདོད་ཆགས་རཱག་བཛྲ་རྡོ་རྗེ་དང་། ར་ཏི་ནི་དགའ་མ་སྟེ། དེ་ལས། དེ་ཉིད་དྭངས་མའི་ཡེ་ཤེས་ལྔ། །མ་རིག་གཉིས་སོགས་བཞི་པོ་དང་། །མི་ཕྱེད་ཕྲག་དོག་རྡོ་རྗེའི་སྔགས། །ཞེས་སོ། །ཧཱི་རཱ་ཛཱ་ཡ་སོགས་ནི་ནང་སེམས་བཞིའི་མཚན་གྱི་ཁྱད་པར་རོ། །དེ་དག་གི་ཡུམ་བཞི་ནི་ལཱ་སྱེ་སོགས་མིང་མཐར་སྙོམས་འཇུག་གི་བརྡ་བཞི་སྦྱར་བ་སྟེ། དེ་ལས། ལས་ཀྱི་བདེ་བས་སྒེག་པ་ནི། །ལཱ་སྱེ་ཆགས་པའི་དམ་ཚིག་དུས་ཡིན་ནོ། །ས་མ་ཡ་སྟྭཾ། སླར་ཡང་ལན་གྱིས་འབྲེལ་བ་ནི། །གཉིས་ཀ་དགྱེས་པའི་མཆོག་ཏུ་བཤད། །ཧ་དང་སི་ཡི་བདེ་སྒྲ་དག །བདག་གི་ཆགས་པ་ཐོབ་པའོ། །ཤིན་ཏུ་བསྐྱོད་པའི་བདེ་བ་ཉིད། །ཀུན་ནས་བསྐྱོད་པ་རླུང་ཞེས་བྱ། །ཞེས་སོ། །དྷཱ་ར་ཎི་སོགས་ཕྱི་སེམས་བཞིའི་ཡོན་ཏན་ཁྱད་པར་ཅན་ལས་དང་སྦྱར་བའི་མིང་ངོ་། །དེ་དག་གི་ཡུམ་དྷཱུ་པེ་སོགས་རང་མིང་གི་མཐར་སྙོམས་འཇུག་གི་སྦྱོར་ཚད་བཞི་སྦྱར་བ་སྟེ། དེ་ལས། གཉིས་འདྲེས་འཛིན་ཛཿ པ་ཞེས་བྱ་སྟེ། །དེ་ཉིད་དྷཱུ་པེ་ཕྱེ་བ་པྲ་བེ་ཤ །ལས་བྱུང་བའོ། །ཧཱུཾ། མེ་ཏོག་པུཥྤེ་བསྡུས་པའི་ངོ་བོ་ཉིད། །བདག་པོའི་ཞལ་ཨཱ་བེ་ཤ་དུ་ཐིམ་པར་བཤད། །ཤིན་ཏུ་བསྡམ་བཾ་པའི་རིམ་ལས་བྱུང་། །གསལ་དཱི་པ་བའི་ཡེ་ཤེས་བདེ་སུ་ཁི་ནཱི་བ་ཆེ། །ཀུན་ཧོཿ གསལ་བརྗོད་དང་འདྲ་བའི་སྒྲ། །གནྡྷེ་གཉིས་མེད་ཐུགས་ཙིཏྟ་སུ་ཤེས་པར་བྱ། །ཞེས་སོ། །ཡ་མཱནྟ་ཀྲྀཏ་སོགས་སྒོ་བ་ཡབ་ཡུམ་བརྒྱད་མིང་མཐར། ཕཊ་སྟེ་དགས་པར་གྱིས་ཞེས་པའི་སྐུལ་ཚིག་སྦྱར་བའོ། །བྱ་བྱེད་ཡབ་ཡུམ་གྱི་སྔགས་དོན་ཀྱང་། དེ་ལས། རྣམ་ཤེས་གསུམ་འདས་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་རྡོ་རྗེ་ནི། །ཡེ་ཤེས་ༀ་ལྔ་རྫོགས་ཐུགས་ཙིཏྟ་ཉིད་དོ། །དབྱིངས་གསུམ་ཨ་ཨ་ཨ་རྣམ་དག་འདུས་མ་བཛྲཱི་བྱས། །བྷ་དྲ་ས་མཱནྟ་ཀུན་ཏུའང་དེ་བཞིན་ཨ་གནས་བྱེད་པའོ། །ཞེས་སོ། །མུ་ནེ་ཀྲེཾ་སོགས་ཀྱི་ཐུབ་དྲུག་གི་སྤྱིའི་མིང་མུ་ནེ་བྱེ་བྲག་གི་ཀྲིཾ་སོགས་ས་བོན་ལས་དང་སྭཱ་ཧཱ་སྦྱར་བའོ། །གསུམ་པ་ནི། རྩ་སྔགས་བསྐྱེད་སྔགས་བསྒྲིལ་ནས་འཛབ་ཏུ་བཟླ་བའོ། །གཉིས་པ་ཁྲོ་བོ་ལའང་གསུམ་ལས། དང་པོ་རྩ་སྔགས་ནི། ཧཱུཾ་ཟུང་ལྔ་དང་། ཧ་དང་ཧེ་བརྒྱད་རེ་དང་། ཕཊ་བཞི་དང་བྷྱོ་ཉི་ཤུ་རྩ་བརྒྱད་དོ། །གཉིས་པ་བསྐྱེད་སྔགས་ནི། ཁྲག་འཐུང་རིགས་ལྔའི་ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །ཞེས་སོགས་ཀྱི་ཧེ་རུ་ཀ་ཡན་ཆད་ནི་སོ་སོའི་སྐུ་བསྐྱེད་པའི་སྔགས་དང་། མ་ཧཱ་ཙཎྜ་མན་ཆད་ལས་སྔགས་སོ། །རིགས་ཀྱི་ཡུམ་ལྔའི་སྔགས་ནི་སོ་སོའི་མཚན་གྱི་ཁྱད་པར་གྱི་མཐར་ལས་སྔགས་སྦྱར་བའོ། །གནས་ཡུལ་སྒོ་མ་ཉི་ཤུ་ནི། །བཛྲ་སྟེ་དབང་རྟགས་རྡོ་རྗེ་མཚོན་པའི་མཐར་ག་རཱི་སོགས་སོ་སོའི་མིང་སྦྱར་བའོ། །དབང་ཕྱུག་མའི་བསྐྱེད་སྔགས་ནི་རྒྱུད་འདིར་མི་འབྱུང་ཡང་། མ་ནུ་རཀྵ་སཱི་བྷྱོ་ཞེས་སོགས་བཤད་རྒྱུད་རྡོ་རྗེ་ལས་ཁ་བསྐང་བར་བྱའོ། །གསུམ་པ་ནི། བསྐྱེད་སྔགས་ལ་ལས་སྔགས་བཏགས་ནས་བཟླ་བ་སྟེ། ཁྱད་པར་འཁོར་སྔགས་རྣམས་ལ། ཆེ་གེ་མོ་ཧཱུཾ་ཛཿ ཞེས་སོགས་གང་འདོད་ཀྱི་ཤམ་བུ་གདགས་ན་ལས་ལ། བསྐུལ་བའི་སྔགས་སུ་ཡང་འགྱུར་གསུངས་སོ། །གསུམ་པ་ལས་ཀྱི་རིག་པའི་སྔགས་ནི། སྙན་གསན་དབབ་པ་དང་། སྤྱན་དྲང་བ། རིག་པའི་མེ་ཏོག་དོར་བ། བསྐུལ་ཞིང་བསྟིམ་པའི་སྔགས་རྣམས་ནི་ཞི་ཁྲོ་གཉིས་ཀ་ལས་སོ་སོར་འབྱུང་ལ། དེའི་སྟེང་དུ་ཞི་ཁྲོ་ཐུན་མོང་གི་དབང་བསྐུར་བ་དང་། བྱིན་གྱིས་རློབ་པའི་སྔགས་གཉིས་ཞི་བའི་སྐབས་སུ་དང་། ཁྲོ་བོ་ལས་ཨ་ལི་ཨུ་ལི་སོགས་མཆོད་པའི་གླུ་བྱུང་སྟེ། འདི་ནི་ཨ་བ་བྷྲཾ་ཤའི་སྐད་དུ་ལོ་ཙཱ་བ་ཆེན་པོ་རོང་ཟོམ་བཞེད་དོ། །འདི་དག་གི་སྔགས་དོན་ཞིབ་པར་ཊཱིཀ་རྣམས་དང་རྒྱུད་ཀྱི་མཆན་བུ་ལས་ཤེས་པར་བྱའོ། །འཕྲོས་དོན་བཟླས་བརྗོད་ཇི་ལྟར་བྱ་བའི་ཐབས་བཤད་པ་ནི། ལམ་རིམ་ལས། སྐྱོན་བཅུ་སྤངས་ཏེ་རྣམ་གསུམ་གྱིས། །བཟླས་པ་གྲངས་བཞིན་རྫོགས་པར་བྱ། །ཞེས་པས། སྤང་བྱའི་སྐྱོན་བཅུ་ནི། ཧ་ཅང་སྒྲ་ཆེ་བ་དང་། ཆུང་བ་མ་ཡིན་པ་ལ་སོགས་པ་སྟེ། རྔམ་གློག་ལས། སྒྲ་ཆེན་མ་ཡིན་ཆུང་བ་མིན། །མགྱོགས་པར་མ་ཡིན་བུལ་བར་མིན། །དྲག་པོར་མ་ཡིན་ཞན་པར་མིན། །ཡིག་འབྲུ་ཡན་ལག་ཉམས་པ་མིན། །ཡེངས་པས་མ་ཡིན་སྒྲ་བཞིན་མིན། །གླ ལ་སོགས་བར་དུ་ཆོད་པས་མིན། །ཞེས་སོ། །རྣམ་པ་གསུམ་ནི་བཟླ་ཚུལ་ཏེ། དེ་ལ་ཡང་གསལ་བ་གསུམ་དང་། ཕྱི་ནང་གསང་གསུམ་དང་། ཕྲ་མོ་གསུམ་གྱི་བཟླ་ལུགས་སོ། །དང་པོ་ནི། ལམ་རིམ་ལས། སྤྲོ་བསྡུས་བདག་དང་གཞན་དོན་རྫོགས། །ཞེས་པས། གང་ལས་སྤྲོ་བསྡུའི་གནས། གང་ལ་སྤྲོ་བའི་ཡུལ། གང་སྤྲོ་བའི་བར་གྱི་འཕྲོ་འདུ་གསལ་བའོ། །དེའང་བཞེད་པ་མི་མཐུན་ཏེ། བཀའ་ཕྱོགས་སྐྱོང་བ་རྗེས་འབྲངས་དང་བཅས་པ་རྣམས་དམ་ཡེ་སོ་སོར་ཕྱེ་ནས་སྤྲོ་བསྡུ་མཛད། ལྷ་རྗེ་འགར་ནི། མཁའ་ཁྱབ་ཀྱི་རྒྱལ་བའི་ཞིང་ཁམས་དང་རིས་མེད་པའི་སེམས་ཅན་སྤྲོ་བསྡུའི་ཡུལ་ཡིན་གྱི་དམ་ཡེ་འབྱེད་མི་དགོས་གསུང་། རྗེ་རོང་ཟོམ་ནི་ཕྱི་མ་དོན་ཟབ་ཅིང་རྒྱ་ཆེ་བ་ཡིན་གསུང་མོད་ཀྱི། བདག་གི་རྗེ་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། དེ་གཉིས་དོན་གྱི་གནད་གཅིག་ཅེས་གསུང་ཞིང་ཕྱག་བཞེས་སུ་ལུགས་སྔ་མ་ལྟར་མཛད་པ་ནི་ཤིན་ཏུ་ལེགས་པ་སྟེ། སྣོད་བཅུད་དཀྱིལ་འཁོར་དུ་རྒྱས་བཏབ་པས་རིས་མེད་པའི་སེམས་ཅན་རྣམས་ཀྱང་དམ་ཚིག་སེམས་དཔར་འདུ་ལ། ཡེ་ཤེས་སེམས་དཔའ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡིན་པའི་ཕྱིར་མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱང་དེར་འདུ་བས་གནད་གཅིག་པ་ཉིད། ཕྱག་བཞེས་སུ་ལུགས་སྔ་མ་ལྟར་མཛད་པ་ཡང་བརྒྱུད་པའི་བླ་མ་རྣམས་ཀྱིས་ཕྱག་ལེན་དུ་བཏབ་པའི་མན་ངག་བརྒྱུད་པ་ཅན་ཡིན་པར་མ་ཟད། ལམ་རིམ་གྱི་ཚོགས་སྒྲུབ་སྐབས་སུ། ཡེ་ཤེས་མདུན་དུ་ལྷགས་པ་ལ། །བཟླས་པ་གསལ་བ་གསུམ་གྱིས་བྱ། །ཞེས་དང་། ཕྱག་རྒྱ་བཞི་པའི་བསམ་གཏན་ལས་ཀྱང་། དེ་ནས་ཡེ་ཤེས་གནས་བཅས་པ། །མདུན་དུ་ཕྱེ་ལ་རང་སྔགས་ཀྱིས། །བཟླས་པ་སྐྱོན་བཅུ་སྤངས་པ་ཡིས། །གསལ་བ་གསུམ་དང་ལྡན་པར་བྱ། །ཞེས་གསུངས་པའི་ཕྱིར་འཐད་པ་དང་བཅས་པའོ། །དེ་ནས། ཕཊ་ཛཿས་མདུན་གྱི་ནམ་མཁར་ཡེ་ཤེས་སེམས་དཔའ་རྟེན་དང་བརྟེན་པར་བཅས་པ་ཕྱེ་ལ། བདག་དམ་ཚིག་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་ཕར་སྤྲོ་བ་དང་ཚུར་སྡུད་པའི་འཕྲོ་འདུ་མགལ་མེའི་འཁོར་ལོ་ལྟ་བུ་དང་། སྔགས་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དུ་བསམས་ལ། གྲགས་སྟོང་དབྱེར་མེད་ཀྱི་ངང་ནས་བཟླས་པ་བྱ་བ་ཡིན་ནོ། །གཉིས་པ་ནི། ལམ་རིམ་ལས། ཕྱི་ནང་གསང་བ་གང་མོས་སུ། །ཞེས་པས་གསུམ་ལས། དང་པོ་ཕྱི་ལྟར་ན། དམ་ཡེ་ཕྱེ་ནས་སྤྲོ་བསྡུ་ཞལ་ནས་ཞལ་དུ་ཞུགས་གསང་བའི་རྡོ་རྗེ་ནས་རྡོ་རྗེར་འཁོར་བའི་ཚུལ་གྱིས་བཟླ་བའམ། ཡང་ན་ཕར་གྱིས་སྒྲིབ་པ་སྦྱང་བར་བསྐུལ་ཞིང་ཚུར་འདུས་པས་སྒྲིབ་པ་སྦྱངས་ནས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱ་བའོ། །གཉིས་པ་ནང་ལྟར་ན། ཡེ་ཤེས་སེམས་དཔའ་འབྱེད་དམ་མི་འབྱེད་ཀྱང་རུང་སྟེ། ཕར་འཕྲོས་པས་དངོས་གྲུབ་བསྐུལ་ནས། ཚུར་འདུས་པས་དངོས་གྲུབ་ཐོབ་པར་བསམ་པའོ། །གསུམ་པ་གསང་བ་ལྟར་ན། ཕར་མི་སྤྲོ་བར་ཚུར་དངོས་གྲུབ་སྡུད་པ་ཁོ་ནའམ། ཡང་ན་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས་མཁའ་གསང་ནས་ཚུར་འཁོར་བ་ལ་དམིགས་པའོ། །འདི་ལ་འོད་རིམ་དུ་ནང་གི་བཟླས་པར་བཞེད་དེ། དེ་ལས། ནང་དུ་ཡབ་ཡུམ་ཞལ་སྤྲོད་དེ། །སྒྲ་ཅོ་མེད་པའི་བཟླས་པ་ཡིས། །དབུས་ཀྱི་རྩ་ཉིད་འཕྲོ་འདུའི་ལམ། །ཞལ་ནས་ཞལ་དང་མཁའ་ནས་མཁའ། །སྐོར་བ་དུག་ལོག་བདེ་མྱོང་འགྱུར། །ཞེས་སོ། །གསུམ་པ་ཕྲ་མོ་གསུམ་ནི། སྤྲོ་བསྡུའི་ཚེ། ཡིག་འབྲུ་དང་། ཕྱག་མཚན་དང་། སྐུ་ཕྲ་མོའི་འཕྲོ་འདུའམ། རྡོ་རྗེའི་བཟླས་པ་བྱེད་པ་སྟེ། ཕྱག་རྒྱ་བཞི་པ་ལས། དང་པོ་གསུང་དང་བར་ཐུགས་དང་། །ཐ་མ་ཕྲ་མོ་སྐུ་འཕྲོ་འདུས། །ཡང་ན་རྡོ་རྗེའི་བཟླས་པ་བྱ། །ཞེས་སོ། །དེ་ལྟར་གང་མོས་ཀྱི་སྒོ་ནས་རབ་མཚན་མའི། །འབྲིང་དུས་ཀྱི། ཐ་མ་གྲངས་ཀྱི་བསྙེན་པ་གསུམ་གང་རུང་ཚད་དུ་ཕྱིན་པར་བྱ་བ་སྟེ། ལམ་རིམ་ལས། བཟླས་པ་ཚད་དུ་ཕྱིན་པར་བྱ། །ཞེས་དང་། འོད་རིམ་ལས། བསྙེན་པ་གྲངས་དུས་མཚན་མ་ཡི། །ཐབས་ཀྱི་མཆོག་ཏུ་དེ་གསུངས་སོ། །ཞེས་གསུངས་པའི་ཕྱིར། །དེའང་མཚན་མའི་བསྙེན་པ་ནི། ཕྱག་རྒྱ་གཅིག་སྤྲོས་ཀྱི་གནས་སྐབས་གང་ཡིན་ཀྱང་རང་གི་ཉམས་ལྔ་མཐར་མ་ཕྱིན་གྱི་བར་དུ་བཟླ་བའོ། །གཉིས་པ་དུས་བསྙེན་ནི། དུས་དང་གྲངས་ལ་འདིར་མཐའ་གཅིག་ཏུ་ངེས་པར་མ་གསུངས་པའི་ཕྱིར། ལོ་གཅིག་གམ། ཟླ་དྲུག །ཟླ་གཅིག་སོགས་ཇི་ཙམ་བཟླ་བར་དམ་བཅས་པ་དེ་སྲིད་དུ་རྫོགས་པར་བཟླ་བའོ། །གསུམ་པ་གྲངས་པ་བསྙེན་ཀྱང་། འདི་ཙམ་ཞིག་བཟླ་སྙམ་དུ་ཇི་ལྟར་དམ་བཅས་པ་དེ་སྲིད་དུ་བཟླ་བ་ཡིན་ལ། འོན་ཀྱང་ཀུན་མཁྱེན་ཆེན་པོའི་ཊྭཱི་ཀར། སྤྱིར་གཙོ་བོ་ལ་བྱེ་བ། འཁོར་རྣམས་ལ་ཁྲི་ཕྲག་རེ་རེས་གྲངས་ཀྱི་བསྙེན་པ་གྲུབ་པར་བཞེད་པས་འདིར་དེའི་རྗེས་སུ་འབྲང་བར་བྱའོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །མདོར་ན་བཟླས་བརྗོད་ཀྱི་བྱ་བ་ནི། སངས་རྒྱས་ཀྱི་མཛད་སྤྱོད་ལ་ཞུགས་པ་ཡིན་པས། དེའི་ཕྱིར་སྐུ་ཕྱག་རྒྱ་གསལ་བའི་ཏིང་ངེ་འཛིན་དང་། གསུང་ཆོས་རྒྱ་གསང་སྔགས་དག་པར་བཟླ་བ་དང་། ཐུགས་ཆོས་ཐམས་ཅད་སྐྱེ་མེད་དུ་རྟོགས་པ་སྟེ། ཆོས་གསུམ་དང་ལྡན་པའི་སྒོ་ནས་ཉམས་སུ་བླངས་པས་དོན་ཆེན་པོ་འགྲུབ་པར་འགྱུར་ཏེ། དམ་ཚིག་གསལ་བཀྲ་ལས། རང་གི་སྒོ་གསུམ་ཡི་དམ་གྱི། །སྐུ་གསུང་ཐུ གས་སུ་མངོན་སྦྱར་ལ། །རྟག་ཏུ་བཟླས་པ་བྱེད་པ་ནི། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །ཞེས་སོ། །གཉིས་པ་ཕྱག་རྒྱ་ལ། རང་བཞིན་གྱི། ལྟ་བའི། ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་གསུམ། དང་པོ་ནི། རྟོག་ཚོགས་ཐམས་ཅད་སྒྱུ་དྲྭའི་དཀྱིལ་འཁོར་དུ་ཡེ་ནས་རྫོགས་པའོ། །དེ་ལྟར་ཡང་། སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །ཞེས་དང་། རྒྱས་པ་ལས། རང་བཞིན་ཕྱག་རྒྱ་ཆེན་པོ་ནི། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །རིགས་ལྔ་བདེ་གཤེགས་ཡབ་ཡུམ་གྱི། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་སོ། །དེ་ལྟར་གནས། རྟོགས། མངོན་དུ་བྱས་པའི་གནས་སྐབས་གསུམ་ལས། རང་བཞིན་དང་། ལྟ་བ་དང་། འབྲས་བུའི་ཕྱག་རྒྱ་ཞེས་ཀྱང་གདགས་སོ། །གཉིས་པ་ནི། དེའི་ཚེ་རྟོག་ཚོགས་ལྷའི་རང་བཞིན་དུ་གནས་པ་ལྟར་རྟོགས་པའི་ཚེ་ཅི་བྱས་ཕྱག་རྒྱ་ཆེན་པོ་ལས་མི་འདའ་བས་ཐ་མལ་གྱི་རྟོག་པ་ལ་རྒྱས་འདེབས་པར་བྱེད་པ་སྟེ། ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ནི། །ཐབས་དང་ཤེས་རབ་ལྡན་འབྱོར་ན། །མ་བསྐྱོད་མ་བསྒུལ་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་སོ། །གསུམ་པ་ནི། ཞི་ཁྲོའི་ལྷ་ཚོགས་གང་བསྒོམ་ཡང་། ཕྱག་རྒྱ་བཞི་ལྡན་ནམ། བདུན་ལྡན་དུ་བསྒོམ་པ་སྟེ། དང་པོ་ནི། གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་སོ། །གཉིས་པ་ནི། དང་པོ་གཉིས་ལ་འཅའ་བ་དང་བསམ་པ། གསུམ་པ་ལ་བསམ་པ་དང་བརྗོད་པ་གཉིས་སུ་ཕྱེ་བ་ཙམ་དུ་ཟད་དོ། །དེ་ཡང་ཞི་ཁྲོ་གཉིས་ལས། དང་པོ་ཞི་བའི་ཕྱག་རྒྱ་ལ། ཕྱག་རྒྱའི་རྒྱུ། རིགས་ལྔ་སྤྱིའི་དམ་རྒྱ། ལྷ་སོ་སོའི་ཕྱག་རྒྱའོ། །དང་པོ་ནི། འགྲེལ་ཆུང་ལས། དབུ་ནི་བདེ་གཤེགས་རིགས་ཉིད་དེ། །ལག་གཡས་རྡོ་རྗེ་མི་བསྐྱོད་པ། །ལག་གཡོན་རིན་ཆེན་སེམས་དཔའི་རིགས། །རྐང་གཡོན་ཆོས་ཀྱི་སེམས་དཔའ་སྟེ། །རྐང་གཡས་ལས་ཀྱི་སེམས་དཔའོ། །ཞེས་ལུས་ཀྱི་ཡན་ལག་ལྔ་རིགས་ལྔའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་གསུངས་པ་ལ་གོ་བ་རྙེད་པར་བྱས་ནས། མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། ཞེས་པས་མི་བསྐྱོད་པ་སྟེ་ལག་གཡས་པའི་སོར་མོའི་བྲེ་ཁ་ལ་ཉི་དཀྱིལ་རེའི་སྟེང་དུ་ཡི་གེ་ཧཱུཾ་ༀ་སྭཱ་ཨྃ་ཧཱཾ་ལྔ་གུང་མཛུབ་སྲིན་ལག་མཐེ་བོང་མཐེའུ་ཆུང་རྣམས་ལ་རིམ་པར་དགོད། དེ་བཞིན་དུ་རིན་ཆེན་ཏེ་གཡོན་གྱི་སོར་མོ་ཟླ་དཀྱིལ་གྱིས་མཚན་པ་ལྔ་ལ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་གོ་རིམ་སྔར་བཞིན་བཀོད་ལ། དེ་ནས་ཐལ་མོ་སྦྱར་བ་ནི་ཕྱག་རྒྱ་འབྱུང་བའི་རྒྱུ་སྟེ། ཐལ་རྒྱུད་ལས། མི་བསྐྱོད་རྡོ་རྗེ་རྩེ་ལྔ་ལས། །ཉི་མའི་ཐིག་ལེ་ཡི་གེ་ལྔ། །རཏྣ་པར་བུའི་ཉི་ལྔ་ལ། །ཟླ་བའི་ཐིག་ལེ་ཡི་གེ་དངོས། །ཐིག་ལེ་ཐབས་ཤེས་ལྔ་གཉིས་རྣམས། །འཕྲད་པའི་དུས་ན་རང་བྱུང་བ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་། །ཞེས་སོ། །གཉིས་པ་ནི། ༀ་དང་མཱུཾ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །ཞེས་པ་སྟེ། རྔམ་གློག་ལས། ༀ་དང་མཱུཾ་དུ་རྩེ་སྦྱར་ཏེ། །དེ་བཞིན་ཧཱུཾ་དང་ལཾ་དུ་སྦྱར། །ཧཱཾ་དང་པཱཾ་ཡང་དེ་བཞིན་ཏེ། །ༀ་དང་ཏཱཾ་དུ་སྦྱར་བ་ལས། །རྒྱབ་སྦྱར་སྭཱྃ་དང་མཱཾ་བསྒྲེང་བ། །འདི་ནི་ཡབ་ཀྱི་སྤྱི་རྒྱ་ཡི། །ལག་པ་ཐལ་མོ་སྦྱར་བ་ལས། །ༀ་དང་མཱུཾ་སྦྱར་ཧཱུཾ་དང་ནི། །ལཱཾ་སྦྱར་སྭཱྃ་དང་པཱཾ་དུ་སྦྱར། །ༀ་དང་མཱཾ་སྦྱར་ཧཱཾ་ཏཱཾ་སྒྲེང་། །ཡུམ་གྱི་སྤྱི་རྒྱ་ཡིན་པར་བཤད། །ཅེས་དང་། ཐབས་ཞགས་ལས། སོར་མོ་ནང་དུ་བསྣོལ་ནས་བཀན། །གུང་མཛུབ་མཐེ་བོང་མཐེའུ་ཆུང་རྣམས། །སོ་སོར་རྩེ་སྤྲད་ཕྱིར་བཀྱེད་དེ། །སྲིན་ལག་གཤིབས་བསྒྲེང་དམ་ཚིག་རྒྱ། །ཞེས་པ་དང་རྔམ་གློག་གི་ཡབ་ཀྱི་སྤྱི་རྒྱ་གཉིས་བསྟུན་པས་སྔར་གྱི་སོར་མོའི་ཡིག་འབྲུ་བཀོད་ཚུལ་ལ་གོ་བ་རྙེད་པར་འགྱུར་ཞིང་། གཞན་དུ་འགྲེལ་ཆུང་ལས་མཐེ་བོང་དང་མཐེའུ་ཆུང་། འོད་རིམ་དུ་མཐེ་བོང་དང་སྲིན་ལག་གི་ཡིག་འབྲུ་གོ་ལྡོག་ཏུ་བཀོད་མོད་ཀྱི། འདིར་རང་གི་རྗེ་བླ་མའི་དགོངས་པ་ནི་ཐབས་ཞགས་ལྟར་དཀྱུས་སུ་བཀོད་པ་ཉིད་དོ། །དེ་ལྟར་བཅས་པའི་ཡོན་ཏན་ནི། རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །ཞེས་སོ། །གསུམ་པ་ལ། རིགས་ལྔ་ཡབ་ཡུམ་གྱི་དང་། སེམས་པ་ལ་སོགས་པའི་ཕྱག་རྒྱའོ། །དང་པོ་ནི་བདག་མི་བསྐྱོད་པའི་སྐུར་བསྒོམ་པ་ནི་ཕྱག་རྒྱ་ཆེན་པོ། ལག་པ་གཡས་པའི་འབྲུ་བཞི་སྦས་ནས་གུང་མོ་ཐུགས་ཀར་བཀན་ཐབས་སུ་བསྒྲེང་བ་ནི་བཅའ་བ་དམ་རྒྱ། དེའི་རྩེ་མོར་ཧཱུཾ་མཐིང་ག་བསམ་པ་ནི་བསམ་པ་ཆོས་རྒྱ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་འོད་འབར་བ་བསམ་པ་ནི་བསམ་པ་དམ་རྒྱ། གཡོན་པའི་འབྲུ་ལྔ་སྦས་ནས་དྲིལ་བུ་གསིལ་ཞིང་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་ཞབས་གཡོན་པ་པདྨའི་རིགས་ལ་རྟེན་ཐབས་སུ་བཅའ་བ་ནི་བཅའ་བ་ལས་རྒྱ། དེ་ལྟར་བསམ་པ་ནི་བསམ་པ་ལས་རྒྱ། དེ་ནས་ཕྱག་རྒྱ་གཡས་ནས་བཅས་ཏེ་མདུན་དུ་བསྒྱུར་ནས་གཡོན་དུ་ཡུམ་གྱི་ཐུགས་ཀར་དགྲོལ་བ་དང་ལྷན་ཅིག་ཏུ་ངག་ཏུ་ཧཱུཾ་བཛྲ་དྷྲྀཀ་ཅེས་བརྗོད་པ་ནི་ཆོས་རྒྱ་སྟེ་ཤེས་རབ་ལ་ཐབས་ཀྱིས་རྒྱས་འདེབས་པའོ། །དེ་ལྟ་ཡང། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུཾ་བསྒྲེང་རྩེ་མོར་རྡོ་རྗེ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །ཞེས་སོ། །དེའི་གཡོན་ཕྱོགས་སུ་ཡུམ་དབྱིངས་ཕྱུག་མ་བསྒོམ་པ་ནི་ཕྱག་ཆེན། གཡོན་གྱི་གུང་མོ་ཐུགས་ཀར་བཀན་ཐབས་སུ་བསྒྲེང་བ་ནི་བཅའ་བ་དམ་རྒྱ། དེའི་རྩེར་མཱུཾ་བསམ་པ་ནི་བསམ་པ་ཆོས་རྒྱ། དེ་ཡོངས་སུ་གྱུར་པ་ལས་དྲིལ་བུ་གསིལ་བའི་སྒྲ་ཅན་འོད་འབར་བར་བསམ་པ་ནི་བསམ་པ་དམ་རྒྱ། ལག་གཡས་ཉི་མ་འབྲུ་ལྔ་དང་བཅས་པ་མ་བཅིངས་པའི་བསྣོལ་མས་ཡབ་ཀྱི་བརླ་གཡས་པའི་སྟེང་དུ་བཞག་པས་འཁྱུད་ཅིང་དབུ་ཡབ་ལ་ཅུང་ཟད་བཏུད་དེ་འཛུམ་ཞལ་གྱིས་བལྟ་བའི་ཚུལ་དུ་བཅའ་བ་ནི་བཅའ་བ་ལས་རྒྱ། དེ་ལྟ་བུར་བསམ་པ་ནི་བསམ་པ་ལས་རྒྱ། ཕྱག་རྒྱ་གཡོན་ནས་བཅས་ཤིང་། མདུན་དུ་བསྒྱུར་ཏེ་གཡས་སུ་ཡབ་ཀྱི་ཐུགས་ཀར་དགྲོལ་བ་དང་། མཱུཾ་དྷཱ་ཏྭཱི་ཤྭ་རཱི་ཞེས་བརྗོད་པ་ནི་བརྗོད་པ་ཆོས་རྒྱ་སྟེ་ཐབས་ལ་ཤེས་རབ་ཀྱིས་རྒྱས་འདེབས་པའོ། །དེ་ལྟར་ཡང་། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱུཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །ཞེས་སོ། །དེ་བཞིན་དུ་རྣམ་སྣང་སོགས་རིགས་གཞན་བཞི་ལའང་དེས་འགྲེ་ཤེས་པར་བྱའོ། །གཉིས་པ་ནི། ལག་གཡས་པའི་མཐེ་བོང་མ་གཏོགས་པའི་སོར་མོ་གཞན་བཞི་ལ་ཉི་དཀྱིལ་རེ་རེའི་སྟེང་དུ་མཛུབ་མོ་ནས་བརྩམས་ཏེ་ཐུགས་ཀྱི་སེམས་དཔའ་བཞིའི་ས་བོན་ཀྵིཾ་ཏྲཾ་ཧྲཾ་ཛྲིཾ་བཞི་དང་། གཡོན་གྱི་སོར་མོ་བཞི་ལ་ཟླ་དཀྱིལ་རེ་རེར་ཡུམ་བཞིའི་ས་བོན་ཧཱུཾ་ཏྲཾ་ཧྲཱིཿཨ་བཞི་བཀོད་ནས་སྔར་བཞིན་ཕྱག་རྒྱ་བདུན་ལྡན་དུ་སེམས་དཔའ་དང་སྒོ་སྐྱོང་ཡབ་ཡུམ་ཐམས་ཅད་ལ་ཤེས་པར་བྱ་སྟེ། གོང་གི་ཕྱག་རྒྱ་ཆེན་པོ་བཞི། །ཞེས་དང་། འདུད་ཚུལ་འཁྲིལ་བ་གོང་མ་བཞིན། །ཞེས་གསུངས་པའི་ཕྱིར། ཐུབ་དྲུག་ནི། དོན་གྱི་ཡུམ་ཆོས་ཀྱི་དབྱིངས་དང་འདུ་འབྲལ་མེད་ཀྱང་། གཟུགས་ཀྱི་སྐུར་བསྟན་པའི་རྟགས་ཀྱི་ཡུམ་མེད་པའི་ཕྱིར། འཁྲིལ་སྦྱོར་སོགས་ཀྱི་ཕྱག་རྒྱ་བཅའ་མི་དགོས་ལ། འོན་ཀྱང་མོས་པ་སྣ་ཚོགས་པས་བསྡུས་པའི་འགྲོ་འདུལ་གྱི་ཕྱག་རྒྱ་སྣ་ཚོགས་ལས་བསྡུ་ན་དྲུག་སྟེ། སྒྲུབ་ཐབས་ལས། པི་ཝང་དང་ནི་གསེག་པར་དང་། །གོ་ཆ་བུ་སྟི་རིན་ཆེན་སྒྲོམ། །མེ་དང་ཆུ་ནི་རབ་ཏུ་བསྟན། །ཞེས་སོ། །བྱ་བྱེད་ཡབ་ཡུམ་གྱི་ཕན་ཚུན་ཕྱག་གཡས་གཡོན་སྟེང་འོག་འགྱུར་བའི་མཉམ་གཞག་དང་ཁྱད་པར་བཟང་མོ་པད་སྐྱིལ་ལོ། །མདོར་ན་དེ་དག་ལ་སོགས་ཏེ་འདུལ་བྱའི་དབང་གིས་ཕྱག་རྒྱ་གྲངས་མ་ངེས་མོད་ཀྱང་། བསྡུས་པ་ལ་དགའ་བས། དེ་བཞིན་གཤེགས་པ་ལྔ་སོ་སོའི་ཕྱག་རྒྱ་ཙམ་མམ། ཡང་ན་སྤྱིའི་དམ་རྒྱ་རྡོ་རྗེ་ཐལ་མོ་བསྣོལ་ཏེ་སྦྱར་བ་ཙམ་གྱིས་ཀྱང་རུང་བར་བསྟན་ཏེ། ཇི་སྐད་དུ། གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ། །ཡང་ན་དེ་བཞིན་གཤེགས་ཉིད་དམ། །ཡང་ན་རྡོ་རྗེ་ཐལ་མོ་ཉིད། །ཅེས་སོ། །གཉིས་པ་ཁྲོ་བོ་ལ། གཙོ་བོ་རིགས་ལྔའི་དང་། འཁོར་གྱི་ཕྱག་རྒྱའོ། །དང་པོ་ནི། རྒྱས་པའི་སོ་གཅིག་པར། དབུས་ཀྱི་ཧེ་རུ་ཀའི་ཕྱག་རྒྱ་ནི། །ཞེས་སོགས་གསུངས་པ་སྤྱན་འགྲེལ་དུ་བཤད་རྒྱུད་རྡོ་རྗེས་རྒྱས་པར་བཀྲལ་མོད། དེ་ལྟ་ནའང་ཕྱག་བཞེས་སུ་གལ་པོར་སྦྱར་ཏེ་མཛད་པས། དེ་ལ་གཉིས། ཁུངས་དང་དགོས་ཆེད་བསྟན་པ་དང་། སོ་སོའི་ཕྱག་རྒྱ་མཆོད་ཅིང་གསོལ་བ་གདབ་པའོ། །དང་པོ་ནི། ཧེ་རུ་ཀ་ཡི་གལ་པོ་དང་། །གསང་བ་སྙིང་པོའི་རྒྱུད་དག་ལས། །རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །ཞེས་སོ། །གཉིས་པ་ནི། བཛྲ་ཧེ་རུ་ཀའི་ཕྱག་རྒྱ་ནི། །ཞེས་སོགས་སོ། །གཉིས་པ་ལ། རྒྱས་པ་ལས། གནས་དང་ཡུལ་གྱི་ཕྱག་རྒྱ་ནི། །རྒྱུད་གཞན་དག་དང་མཐུན་པར་བཤད། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །འཇིག་རྟེན་འདས་མདོ་ཆེ་ལས་བཤད། །ཅེས་ཞལ་འཕངས་པ་ལྟར། གནས་ཡུལ་སྒོ་མ་ཉི་ཤུའི་ཕྱག་རྒྱ་ནི་སྒྱུ་དྲྭ་དང་གལ་པོ་སོགས་དང་། དབང་ཕྱུག་མའི་ཕྱག་རྒྱ་འཇིག་རྟེན་འདས་མདོ་ལས་ཁ་བསྐང་བ་ཡིན་ནོ། །མདོར་ན་ལྷ་གང་དང་གང་གི་ཕྱག་རྒྱ་བསྒྱུར་བ་དེའི་ཚེ་དེ་ཉིད་ཀྱི་སྐུར་གསལ་བ་ཕྱག་རྒྱ་ཆེན་པོ། དེའི་ཐུགས་ཀར་རང་རང་གི་ས་བོན་གྱི་ཡི་གེ་བསམ་ཞིང་ངག་ནས་ཚིག་བརྗོད་པ་ནི་ཆོས་རྒྱ། ཕྱག་མཚན་འཛིན་པའི་ཕྱག་རྒྱ་བཅའ་ཞིང་བསམ་པ་ནི་དམ་རྒྱ། གཡོན་ཕྱོགས་ནས་བཅས་ལ་རང་རང་གི་ཕྱག་རྒྱ་མདུན་དུ་བསྒྱུར་ཏེ་འགྲོལ་བ་ནི་ལས་རྒྱའོ། །དེའང་ཧེ་རུ་ཀ་གལ་པོ་ལས། སྐུ་ནི་ཕྱག་རྒྱ་ཆེན་པོ་དང་། །གསུང་ནི་ཆོས་ཀྱི་ཕྱག་རྒྱ་དང་། །ཕྲིན་ལས་ལས་ཀྱི་ཕྱག་རྒྱ་དང་། །ཐུགས་ནི་དམ་ཚིག་ཕྱག་རྒྱའོ། །ཞེས་སོ། །དེ་ལྟར་ཕྱག་རྒྱ་བཞིའི་སྒོ་ནས་ཕུལ་བས་མཉེས་ནས་དབང་དང་དངོས་གྲུབ་སྩོལ་བར་བསམ་པའོ། །ལྔ་པ་སྐྱོན་ནི། སྔགས་དང་ཕྱག་རྒྱ་སྤངས་ན་གསུང་གི་དམ་ཚིག་ཉམས་པས་ཕུང་ཞིང་། འབྲས་བུ་མེད་པར་འགྱུར་ཏེ། ཐུགས་ཐིག་ལས། རལ་གྲིའི་སོ་ལ་བཟུང་ཉེས་ལྟར། །ནན་ཏན་མེད་པའི་གསང་སྔགས་པ། །ཕུང་ཞིང་འབྲས་བུ་མེད་པར་འགྱུར། །ཞེས་སོ། །དྲུག་པ་ཡོན་ཏན་ནི། དེ་ལས། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཡིད་ལ་བསམ་པ་ཐམས་ཅད་འགྲུབ། །ཅེས་གསུངས་སོ། །ལམ་གྱི་ཆ་རྐྱེན་དངོས་པོ་བཅུ་བཤད་ཟིན་ཏོ། །གཉིས་པ་ལམ་གྱི་ངོ་བོ་ལ། གྲོལ་ལམ་དང་། ཐབས་ལམ་གཉིས། དང་པོ་ལ། དབྱེ་བ། ཁྱད་པར། གཏན་ལ་དབབ་པའོ། །དང་པོ་ནི། གྲོལ་ལམ་ལ་ཕྱེ་ན་རིམ་གྱིས་པ་དང་ཅིག་ཅར་བ་གཉིས་ཏེ། འདི་ཉིད་ལས། རིམ་གྱིས་ཡང་ན་ཅིག་ཅར་དུ། །ཞེས་དང་། ལམ་རིམ་ལས། རིང་བའང་རིམ་དང་ཅིག་ཅར་བའོ། །ཞེས་སོ། །གཉིས་པ་ལ། དགག །གཞག །སྤང་གསུམ། དང་པོ་ནི། ལྷ་རྗེ་མེ་ཉག་པ་ན་རེ། སྔོན་དུ་ལྟ་བ་རྟོགས་ནས། ཏིང་ངེ་འཛིན་ལ་ཁ་སྤོས་ནས་བསྒོམ་པ་རིམ་གྱིས། མ་སྤོས་པར་བསྒོམ་པ་ཅིག་ཅར་བའོ་ཟེར། དེ་ལྟར་ན། མཚན་བཅས་ལྷ་སྐུ་བསྒོམ་པའི་ཅིག་ཅར་བ་འདི་ཅིག་ཅར་བ་མ་ཡིན་པར་འགྱུར་ཏེ། ལྟ་བའི་སྐབས་སུ་ལྷ་སྐུ་མི་བསྒོམ་ལ། ཏིང་འཛིན་གྱི་སྐབས་སུ་ལྷ་སྐུ་བསྒོམས་པས་ཁ་སྤོས་འདུག་པའི་ཕྱིར་རོ། །གཉིས་པ་ནི། ལྟ་བ་གཏན་ལ་འབེབས་པའི་དུས་སུ་དབྱེར་མེད་ཆིག་ཆོད་དུ་རྟོགས། བསྒོམ་པ་ཉམས་སུ་ལེན་པའི་དུས་སུ་དབྱེར་མེད་ཆིག་ཆོད་དུ་གོམས། འབྲས་བུ་མཐར་ཕྱིན་པའི་དུས་སུ་དབྱེར་མེད་ཆིག་ཆོད་དུ་མཐར་ཕྱིན་པར་བྱེད་པ་ནི་ཅིག་ཅར་བ། དབྱེར་མེད་དུ་རིམ་གྱིས་རྟོགས། རིམ་གྱིས་གོམས། རིམ་གྱིས་མཐར་ཕྱིན་པར་བྱེད་པ་ནི་རིམ་གྱིས་པའོ་ཞེས་བླ་མ་བདེ་གཤེགས་ཆེན་པོ་དང་རྗེ་སྒྲོལ་གཡུང་གཉིས་གསུངས་ཏེ་ལེགས་སོ། །གསུམ་པ་ནི། དེ་ལྟར་ན། ཅིག་ཅར་བ་ལ་སེམས་ལྔ་རིམ་གྱིས་སྐྱེའམ་མི་སྐྱེ། དང་པོ་ལྟར་ན། ཅིག་ཅར་བ་མ་ཡིན་པར་འགྱུར་ལ། གཉིས་པ་ལྟར་ན། ཅིག་ཅར་བའི་ལམ་དེ་ལམ་གྱི་ངོ་བོ་མ་ཡིན་པར་འགྱུར་ཏེ། སེམས་ལྔ་མི་སྐྱེ་བའི་ཕྱིར་ཞེ་ན། སྐྱེ་བས་སྐྱོན་ཕྱི་མ་མེད་ལ། སྐྱེ་ལུགས་རིམ་ཐོད་རྒལ་བ་ལ་ལྟོས་ནས་དུས་ཤིན་ཏུ་མྱུར་བར་སྐྱེ་བས་སྐྱོན་དང་པོའང་མེད་དེ། ཤོ་མངས་འདབ་མ་ལྔ་སྦྲགས་ལ་ཁབ་ཀྱིས་འབུགས་པ་བཞིན་ནོ། །དེས་ན་རིམ་གྱིས་པའི་དཔེ་ནི་ཤིང་ལེབ་ལྔ་སྦྲགས་ལ་གསོར་གྱིས་འབིགས་པ་བཞིན་ནོ་ཞེས་བླ་མ་གོང་མ་རྣམས་གསུངས་སོ། །གསུམ་པ་ལ་གཉིས་ལས། དང་པོ་རིམ་གྱིས་པ་གཏན་ལ་དབབ་པ་ལ། ལམ་མཚན་ཉིད་གསུམ་དུ་བཅིངས་ཏེ་བཤད་པ་དང་། དེ་ལ་མཐར་ཆགས་དང་ཐོད་རྒལ་དུ་བརྟག་པ་དང་། དེ་དག་ལ་ཟག་ལྡོག་ཡོད་མེད་ཀྱི་ཁྱད་པར་བསམ་པའོ། །དང་པོ་ལ། ཟག་བཅས་ཟག་མེད་དམ། ལྟ་བ་དང་ཏིང་ངེ་འཛིན་གཉིས་སུའང་འཆིང་དུ་རུང་མོད་ཀྱི། འོན་ཀྱང་སྐབས་འདིར། ཇི་སྐད་དུ། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་དང་། སློབ་དཔོན་སངས་རྒྱས་གཉིས་པའི་མན་ངག་ལྟ་བའི་ཕྲེང་བ་ལས། དེ་ལ་མཚན་ཉིད་གསུམ་གྱིས་དོན་མཐར་ཕྱིན་པར་འགྱུར་ཏེ། རྟོགས་པ་རྣམ་པ་བཞིའི་ཚུལ་རིག་པ་ནི་ཤེས་པའི་མཚན་ཉིད་དོ། །ཡང་ནས་ཡང་དུ་གོམས་པར་བྱེད་པ་ནི་འཇུག་པའི་མཚན་ཉིད་དོ། །གོམས་པའི་མཐུས་མངོན་དུ་གྱུར་པ་ནི་འབྲས་བུའི་མཚན་ཉིད་དོ། །ཞེས་གསུངས་པའི་རྗེས་སུ་འབྲངས་ནས་མཚན་ཉིད་གསུམ་གྱིས་ཁོག་འཆིང་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་དུ་གྱུར་པའི་འབྲས་བུ་རིག་འཛིན་ནོ། །དང་པོ་ལ། རྟོགས་བྱ་ལྟ་བའི་རང་བཞིན། རྟོགས་བྱེད་བློའི་ངོ་བོ། དེས་ཇི་ལྟར་རྟོགས་ཚུལ་ལོ། །དང་པོ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ཇི་ལྟར་གནས་པ་དེ་ཡིན་ཏེ། རྒྱས་པ་ལས། ཆོས་ཀྱི་རང་བཞིན་ཇི་ལྟ་བུ། །བདག་གི་ཡང་དག་རྟོགས་བྱ་བ། །ཞེས་སོ། །གཉིས་པ་ནི། ཐོས་བསམ་ལས་བྱུང་བའི་སོ་སོར་རྟོག་པའི་ཤེས་རབ་ཀྱི་དབང་པོ་སྟེ། ལམ་རིམ་ལས། རྒྱུ་ཡི་དཀྱིལ་འཁོར་མཐོང་བྱའི་ཕྱིར། །ཐོས་བསམ་དམ་པས་འཚོལ་བར་བྱེད། །ཅེས་སོ། །གསུམ་པ་ལ། ཤེས་རབ་སྤྱན་འབྱེད་ལས། མཐོང་བྱེད་ཐབས་ཀྱང་བརྒྱུད་པ་དང་། །རྟགས་ཀྱི་མཚོན་ཅིང་གཏན་ལ་དབབ། །ཅེས་པ་གསུམ་སྟེ། དབང་རྟུལ་ལ་བརྒྱུད་དེ་རྟོགས་པར་བྱ་བ། དབང་འབྲིང་ལ་རྟགས་ལ་བརྟེན་ཏེ་རྟོགས་པར་བྱ་བ། དབང་རབ་ལ་གཏན་ཚིགས་ཀྱིས་རྟོགས་པར་བྱ་བའོ། །དང་པོ་ལའང་། ཉེ་རིང་གཉིས་ལས། ཉེ་བ་ནི། བསམ་བྱུང་གི་ཤེས་རབ་ཀྱིས་རྟོགས་པར་མི་ནུས་པ་རྣམས་ལ་ཐབས་མེད་པ་མ་ཡིན་ཏེ། ལྷའི་ཕྱག་རྒྱ་བསྒོམ་པ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་ནས་བརྒྱུད་དེ་རྟོགས་པར་བྱར་ཡོད་པའི་ཕྱིར། དེ་སྐད་དུའང་སྔ་མ་ལས། དམན་ལ་རྒྱ་གསུམ་གོམས་པ་ཡིས། །བརྟན་ནས་བརྟག་དཔྱད་ཀླུང་ཞུགས་མཐོང་། །བསྒོམ་པའི་ལམ་དུ་བརྟན་པར་བྱ། །རིམ་པར་སྐྱེ་ལ་ཐེ་ཚོམ་མེད། །ཅེས་སོ། །རིང་བ་ནི། ཚེ་འདིར་དངོས་སུ་སྤྱོད་པའི་སྐལ་བ་མེད་ན། རྟེན་འབྲེལ་སྙིང་པོའི་གཟུངས་མཆོད་རྟེན་དུ་བཅུག་ནས་དེ་ཟློས་ཤིང་བསྐོར་ལ་སྨོན་ལམ་བཏབ་ན་ཚེ་རབས་གཞན་དུ་རྟོགས་པར་འགྱུར་ཏེ། རྣམ་བཀོད་ལས། དེ་མིན་རྒྱུ་ཙམ་སོགས་བྱེད་པ། །རྒྱུད་ལས་འདི་སྐད་གསུངས་པ་སྟེ། །ཆོས་ཉིད་རྟེན་ཅིང་འབྲེལ་བྲིས་ན། །ཆོས་ཉིད་དོན་དམ་རྟོགས་འགྱུར་ཏེ། །ཞེས་སོ། །གཉིས་པ་ལ། སྤྱན་འབྱེད་ལས། ཤེས་བྱ་དམ་པ་བརྟག་པའང་། །རང་བཞིན་དང་ནི་འབྲས་བུའི་རྟགས། །ཞེས་པས་གཉིས་ཀྱི། དང་པོ་རང་བཞིན་གྱི་རྟགས་ནི། འབྱུང་བ་ལྔ་དང་། ཁ་དོག་ལྔ་དང་། ཕྱོགས་ལྔ་ལ་སོགས་པས་ཡེ་ཤེས་ལྔའི་དོན་མཚོན་ནས་ཆོས་ཉིད་རྟོགས་པར་བྱེད་པ་སྟེ། དེ་ལས། དང་པོ་རང་གི་རིག་པ་ཡི། །ཆོ་འཕྲུལ་སྣང་བའི་འབྱུང་བ་དང་། །ཕྱོགས་དང་ཁ་དོག་ལ་སོགས་ཀྱིས། །མཚོན་ནས་ཇི་བཞིན་ཉིད་རྟོགས་བྱེད། །ཅེས་སོ། །གཉིས་པ་འབྲས་རྟགས་ནི། རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྟགས་ལ་བརྟེན་ནས་དོན་མཚོན་རྟོགས་པར་བྱེད་པ་སྟེ། དེ་ལས། གཅིག་ཤོས་མཐར་ཕྱིན་ཡེ་ཤེས་ཀྱི། །དཀྱིལ་འཁོར་རྟེན་དང་བརྟེན་ཅན་ལྟར། །ཞེས་སོ། །གསུམ་པ་ནི། སྔོན་བྱུང་དངོས་ལྔའི་གཏན་ཚིགས་དང་། །རྗེས་འཇུག་ཚུལ་ལྔ་དང་ཚིག་ལྔའི་གཏན་ཚིག་རྣམས་ཀྱིས་གཞལ་བས་ཞེན་སྣང་དེ་བཞིན་ཉིད་དུ་གཏན་ལ་དབབ་པར་བྱེད་པ་ཞིག་སྟེ། དེ་ཁོ་ན་ཉིད་ལྟ་བའི་རྒྱུད་ཀྱི་སྐབས་སུ་རྒྱས་པར་བཤད་ཟིན་ཏོ། །མདོར་ན། བདེན་པ་དབྱེར་མེད་ཀྱི་དོན་རང་རིག་པའི་མངོན་སུམ་གྱིས་ཡུལ་མེད་དུ་རྗེན་ཅེར་གྱིས་ཡིད་ཆེས་པར་མཐོང་བ་ལ་ལྟ་བ་རྟོགས་པ་ཞེས་བྱ་བ་སྟེ། རྣམ་བཀོད་ལས། དེ་ལྟར་ཚུལ་གསུམ་བརྗོད་པ་ཡིས། །མཐོང་བ་གང་ཡིན་ཤེས་རབ་སྤྱན། །དེ་ཡང་མངོན་སུམ་གཞན་སྤངས་ཏེ། །སྒྲ་ཚིག་རྟེན་བྲལ་ཞེན་ཙམ་མིན། །ཡུལ་མིན་རང་རིག་བདེན་དབྱེར་མེད། །བློའི་གཏིང་གོ་བ་མངོན་སུམ་ཡུལ། །ཞེས་སོ། །དེའང་ལྟ་བ་ནི་ལམ་བསྒོམ་པའི་སྔོན་དུ་འགྲོ་དགོས་ཏེ། མ་རྟོགས་པར་བསྒོམས་ཀྱང་ལྟུང་བར་བཤད་པའི་ཕྱིར། །དེ་ལྟར་ཡང་ལམ་རིམ་ལས། བསམ་གྱིས་མི་ཁྱབ་མ་མཐོང་བར། །བསམ་མེད་དཀྱིལ་འཁོར་འཇུག་བྱེད་པར། །བླུན་པོ་མུན་སྤྲུལ་བློ་ཅན་དེ། །ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ། །ཞེས་སོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ། མོས་པས་བསྒོམ་པ་དང་། ངེས་པ་ཡོངས་རྫོགས་སུ་བསྒོམ་པའོ། །དང་པོ་ལ། གོ་དོན། བསླབ་ཚུལ། དགོས་པ་གསུམ། དང་པོ་ནི། ཏིང་ངེ་འཛིན་ལ་གོམས་པ་མ་ཐོབ་ཀྱང་མོས་པའམ་སྤྱིའི་རྣམ་པ་ཙམ་བསྒོམ་པ་སྟེ། ལམ་རིམ་ལས། ལམ་ཀུན་སྐད་ཅིག་ཆས་བསྒོམས་ན། །སྤྲོས་པའི་འཁོར་ལོ་མོས་བསྒོམ་ཞིང་། །ཞེས་སོ། །གཉིས་པ་ནི། ཐུན་གཅིག་གི་ནང་དུ་སྲུང་འཁོར་ནས་བརྩམས་ཏེ་མཇུག་གོ་བགོ་ལུས་བསྲུང་ཡན་ཆད་མོས་པ་ཙམ་རེ་རྫོགས་པར་ལག་ཏུ་ལེན་པའོ། །གསུམ་པ་ནི། རང་དོན་དུ་བསོད་ནམས་ཀྱི་ཚོགས་རྫོགས་པའི་ཐབས་སུ་གྱུར་པའི་ནུས་པས་བརྒྱུད་ནས་ལམ་ངེས་རྫོགས་རྒྱུད་ལ་སྐྱེ་ཞིང་། གཞན་དོན་དུ་ཕྲིན་ལས་ཀྱི་ནུས་པ་མི་བསླུ་བར་འབྱུང་བའི་ཕྱིར་ཏེ། སྔ་མའི་འཕྲོས་ལས། རང་བཞིན་ཕན་རྫོགས་མཆོད་བསྙེན་ནས། །ནུས་པའི་དབང་རབ་ལ་སོགས་པའི་བྱིན་ལྡན་རྫོགས་པར་བྱེད། །ཅེས་སོ། །གཉིས་པ་ངེས་རྫོགས་ལ། གོ་དོན། བསླབ་ཚུལ་གྱི་རིམ་པ། སོ་སོར་དབྱེ་བའི་དོན་ནོ། །དང་པོ་ནི། ལམ་སོ་སོའི་ཏིང་ངེ་འཛིན་མཐར་ཕྱིན་པར་སློབ་པ་སྟེ། དེ་བཞིན་ཉིད་ལྟ་བུ་ལ་མཚོན་ན། ལམ་རིམ་ལས། དེ་བཞིན་ཉིད་དུ་མཐོང་གོམས་ན། །དགེ་དང་མི་དགེ་གཉིས་སུ་མེད། །རྣམ་རྟོག་མཚན་མ་ཡོངས་མི་འཛིན། །ཞེས་སོགས་གསུངས་པ་ལྟར་རོ། །གཉིས་པ་ནི། དེ་ཏིང་ལྟ་བུ་ལ་མཐར་ཕྱིན་པའི་ཉམས་མ་སྐྱེས་ཀྱི་བར་དུ་བསྒོམས་ནས་མཐར་ཕྱིན་པ་དང་། ལམ་ཕྱི་མ་སྙིང་རྗེ་སྒྱུ་མ་ལ་སྦྱོར་ཏེ། དེ་ལས། སྔོན་དུ་སྟོང་གོམས་རྣལ་འབྱོར་པས། །ཁམས་གསུམ་ཐུགས་རྗེས་གཟུང་བའི་ཕྱིར། །ཡན་ལག་བརྒྱད་སྔོན་བཞིན་བྱས་ནས། །ཡེ་ཤེས་སྒྱུ་མའི་སྙིང་རྗེ་བསྒོམ། །ཞེས་པ་ལྟར་རིམ་པ་བཞིན་སྦྱར་རོ། །གསུམ་པ་ནི། ལམ་རིམ་ལས། སྲིད་པ་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །ཅེས་པས་ཟག་བཅས་ཀྱི་ལམ་ལ་རྣལ་འབྱོར་ལྔ་སྟེ། སྟོང་པ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས་ཏེ་ཚོགས་ལམ་གྱི་རྣལ་འབྱོར་བཞི་དང་། སྦྱོར་ལམ་ཚོམ་བུ་ཚོགས་ཀྱི་རྣལ་འབྱོར་རོ། །འདི་དག་ལ་སྔ་རབས་པ་རྣམས་ཆོས་བདུན་བདུན་གྱི་སྒོ་ནས་འཆད་ནའང་། གཞི་གང་དང་སྦྱར་བ་དང་། སོ་སོའི་སྤྱོད་པ་གཉིས་ནི་སྔར་བཤད་གྲུབ་ལ། ཡིད་ཆེས་པའི་ཁུངས་ནི་ཞར་ལ་འབྱུང་བའི་ཕྱིར། འདིར་རེ་རེ་ཡང་ཆོས་བཞི་བཞིས་སྟོན་ནོ། །དེ་ལ། དང་པོ་དེ་ཏིང་ལ། ཁྱད་པར་གྱི་དགོས་ཆེད། བསྒོམ་བྱའི་ངོ་བོ། ཏིང་ངེ་འཛིན་གྱི་རྣམ་གྲངས། རང་གི་འབྲས་བུའོ། །དང་པོ་ནི། སྣང་བ་ལ་རང་རྒྱུད་དུ་ཞེན་པའི་རྟོག་པ་དག་པར་བྱེད་ཅིང་ཆོས་སྐུའི་རྟོག་པ་རྒྱུ་མཐུན་དུ་བསྒྲུབ་པ་སྟེ། ལམ་རིམ་ལས། མུན་སྣང་དུག་རྩིའི་ཚུལ་བཞིན་དུ། །རྟོག་པའི་དབང་བསྒྱུར་ཏིང་འཛིན་ཡིན། །དོན་དུ་གཉེར་བ་གང་དག་ཀུན། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་སོ། །གཉིས་པ་ངོ་བོ་ནི། མི་དམིགས་པ་སྟོང་པ་ཉིད་ལ་བློ་གནས་པར་བྱེད་པ་སྟེ། ཁོག་གཞུང་ལས། དངོས་གྲུབ་མྱུར་དུ་འགྲུབ་འདོད་ན། །ཤིན་ཏུ་མི་དམིགས་དབྱིངས་སུ་བསྒོམ། །ཞེས་སོ། །གསུམ་པ་རྣམ་གྲངས་ནི། སྣང་སྟོང་གཉིས་སུ་མེད་པའི་ལྷུན་གྱིས་གྲུབ་པའི་མཉམ་པ་ཉིད་ཀྱི་དེ་བཞིན་ཉིད་དེ། ལམ་རིམ་ལས། གཉིས་མེད་ལྷུན་མཉམ་དེ་བཞིན་ཉིད། །ཅེས་སོ། །བཞི་པ་འབྲས་བུ་ནི། དོན་དམ་མངོན་དུ་བྱེད་པས་མཚན་རྟོག་ལས་གྲོལ་བའོ། །ཞར་བྱུང་སྐབས་འཕྲོས་ཀྱི་རྩོད་སྤོང་ནི། ཁ་ཅིག །ལམ་གོང་འོག་ལ་བཟང་ངན་ཡོད་དམ་མེད་ཟེར་ན། བསྒོམ་བྱ་ཆོས་ཉིད་ལ་བཟང་ངན་མེད་མོད། འོན་ཀྱང་ལམ་པའི་སེམས་ལ་བོགས་དབྱུང་བའི་ཆ་ནས་ལམ་སྔ་མ་ལས་ཕྱི་མ་བཟང་བར་འདོད་དོ། །དེར་ཁོ་ན་རེ། དེ་མི་འཐད་དེ། རྒྱུ་ཤེས་པའི་དུས་སུ་དབྱེར་མེད་དུ་རྟོགས་ནས་འདིར་དོན་དམ་རྐྱང་པར་བསྒོམ་པའི་ཕྱིར། །འབྲས་ཟན་དོར་ནས་ལོ་མའི་ཚོད་མ་ལ་སྤྱོད་པ་ལྟར་ངན་དུ་སོང་བར་གསལ་ལོ་ཟེར། ལན་དུ་ལྷ་རྗེ་ཉེ་སྟོན་ནི། ལྟ་བ་དབྱེར་མེད་རྟོགས་པའི་སྟེང་དུ་སྟོང་པ་ཆོས་ཉ ིད་ལ་གཅེས་པར་བྱེད་པས་ན། དེ་ཏིང་ལས་རྒྱུ་ཤེས་པ་བཟང་བའི་སྐྱོན་མེད་དོ་གསུངས། རང་ལུགས་རིམ་གྱིས་པ་དབང་བཙན་དུ་ལྟ་བ་དོན་སྤྱིར་རྟོགས་པ་དེ་ཉིད་རང་མཚན་དུ་རྟོགས་པར་བྱེད་པའི་ཐབས་ཏིང་ངེ་འཛིན་ལ་རིམ་གྱིས་ཞུགས་ནས་གོམས་པ་རྒྱུད་ལ་བརྟེན་དགོས་པའི་ཕྱིར་ཡར་ལྡན་ཡིན་པར་སྐྱོན་མེད་དོ། །གཉིས་པ་སྙིང་རྗེ་སྒྱུ་མ་ལ་ཆོས་བཞི་ལས། དང་པོ་དགོས་ཆེད་ནི། སྟོང་འཛིན་གྱི་འཆིང་བ་དགྲོལ་བ་དང་། བདེན་པ་ཕྱོགས་གཅིག་པར་མི་གཏང་ཞིང་། རྒྱ་གཅིག་པའི་རྒྱུ་དང་སེམས་ཅན་གྱི་དོན་མི་འགོག་པའི་ཕྱིར་ཏེ། ལམ་རིམ་ལས། སྟོང་པའི་མདུད་པ་གཞིག་པ་དང་། །གདུལ་བྱ་ས་ལ་འགོད་པ་དང་། །ཕྱག་རྒྱ་གཅིག་པའི་རྒྱུ་བྱ་ཞིང་། །རྣལ་འབྱོར་འདི་ཉིད་གཉེར་བ་དང་། །བདེན་པ་གཉིས་སུ་མི་གཏང་ཕྱིར། །ཞེས་སོ། །གཉིས་པ་ངོ་བོ་ནི། རང་རིག་སྒྱུ་མ་ལྟར་གསལ་བའི་སྙིང་རྗེ་བསྐྱེད་པ་སྟེ། ལམ་རིམ་ལས། རང་རིག་ཡེ་ཤེས་སྙིང་རྗེས་གཟིགས། །ཞེས་སོ། །གསུམ་པ་རྣམ་གྲངས་ནི། འཁོར་བའི་ཆོས་ལ་ལྟོས་ནས། ལོག་རྟོག །རྟེན་འབྲེལ། དངོས་པོ་སྒྱུ་མ་གསུམ་དང་། འདས་པའི་ཆོས་ལ་ལྟོས་ནས། ཐབས། ཡེ་ཤེས། ཕྱག་རྒྱ་སྒྱུ་མ་གསུམ་དུ་ཕྱེ་བས་དྲུག་གོ། །བཞི་པ་འབྲས་བུ་ནི། ཀུན་རྫོབ་ཡེ་ཤེས་སུ་གསལ་བས་འཛིན་པ་ལས་གྲོལ་བའོ། །ཞར་བྱུང་རྩོད་སྤོང་ནི། འདིར་ཡང་ལམ་སྔ་མ་དོན་དམ་ལས་ཕྱི་མ་ཀུན་རྫོབ་ཏུ་ཁ་སྤོས་པས་ངན་དུ་སོང་བའི་ཕྱིར། ལམ་གོང་དུ་བགྲོད་པ་དོན་མེད་དུ་ཐལ་ཞེ་ན། ཀུན་རྫོབ་ཙམ་གྱི་དབང་དུ་བྱས་ན་བདེན་མོད་ཀྱི། འདིར་ལྷག་པའི་ཀུན་རྫོབ་ཀྱི་དབང་དུ་བྱས་པའི་ཕྱིར་སྐྱོན་མེད་དོ། །དེ་ལྟར་ན་ཐེག་པ་སྤྱི་ལུགས་དང་འགལ་ལོ་ཞེ་ན། མ་ཡིན་ཏེ། ཐེག་པ་སྤྱི་ལུགས་ཀྱི་སེམས་ཅན་རྣམས་བདག་ཏུ་འཛིན་པའི་དངོས་ཞེན་སྤོང་བའི་གཉེན་པོ་དོན་དམ་སྟོང་པ་ཉིད་ཡིན་པའི་ཕྱིར་བཟང་བར་བཞེད་མོད་ཀྱི། འདིར་སྟོང་ཉིད་ཕྱོགས་གཅིག་པའི་རྟེན་རྟོག་འཇིག་པར་བྱེད་པ་ལྷག་པའི་ཀུན་རྫོབ་ཡིན་པའི་ཕྱིར། དེ་བས་ཀྱང་བཟང་བ་ཉིད་དོ། །དེར་མ་ཟད། དེ་ཏིང་རྒྱུད་ལྡན་གྱི་སྟེང་དུ་ཀུན་སྣང་བསྒོམ་ནུས་པའི་ཕྱིར། ཡར་ལྡན་ཏེ། སྔ་མ་སྔ་མ་རྒྱུད་ལྡན་པས། །ཕྱི་མ་ཕྱི་མ་གསལ་བར་བྱེད། །ཅེས་གསུངས་པའི་ཕྱིར། ཡང་། སྒྱུ་མའི་ཆོས་དྲུག་ལས། ལོག་རྟོག་དང་རྟེན་འབྲེལ་སྒྱུ་མ་བསྒོམ་མམ་མི་བསྒོམ། མི་བསྒོམ་ན། སྒྱུ་མའི་ཆོས་དྲུག་བསྒོམ་པར་གསུངས་པ་དང་འགལ་ཞིང་། སྙིང་རྗེ་སྒྱུ་མའི་ཁྱབ་བྱ་མ་ཡིན་པར་ཡང་འགྱུར་རོ། །གལ་ཏེ་བསྒོམ་ན། དེས་གྲོལ་ལམ་མི་གྲོལ། མི་གྲོལ་ན་བསྒོམ་པ་དོན་མེད་དུ་འགྱུར་ལ། གྲོལ་ན་སེམས་ཐམས་ཅད་འབད་མེད་དུ་གྲོལ་བར་འགྱུར་ཏེ། ལོག་རྟོག་དང་རྟེན་འབྲེལ་བསྒོམ་པའི་ཕྱིར་ཟེར་ན། རང་རྒྱུད་དུ་བསྒོམ་པའི་ཕྱིར་རམ། །སྒྱུ་མར་བསྒོམ་པའི་ཕྱིར་ཟེར། དང་པོ་རྟགས་མ་གྲུབ་ཅིང་། གཉིས་པ་ལ་ཁྱབ་པ་མེད་དོ། །ཡང་སྔ་མ་དེ་ཏིང་བསྒོམ་པའི་སྟེང་དུ་སྙིང་རྗེ་སྒྱུ་མ་བསྒོམས་པས་རྒྱུད་གཅིག་ལ་ཏིང་ངེ་འཛིན་གཉིས་ཆར་མཚུངས་པའི་ཕྱིར། ཆུ་དང་འོ་མ་འདྲེས་པ་བཞིན་དབྱེར་མེད་དང་ཁྱད་ཅི་ཡོད་ཅེ་ན། འདིར་དེ་ཏིང་མ་སྤངས་ཀྱང་གཙོ་བོར་ཀུན་སྣང་ལ་དམིགས་ནས་སློབ་པའི་ཕྱིར་དངོས་ཤུགས་ཀྱིས་གོམས་པ་ལས་མངོན་གྱུར་དབྱེར་མེད་དུ་རྟོགས་པ་མེད་ཅིང་། དེ་ཙམ་གྱི་ཕྱག་རྒྱ་གཅིག་པ་དང་ཁྱད་མེད་དུ་མི་འགྱུར་ཏེ། ད་དུང་རྟོག་པ་ལྷར་མ་བསྐྱེད་པའི་ཕྱིར་གསུངས། ཡང་འདིར་ཕྱག་རྒྱ་སྒྱུ་མ་བསྒོམ་མ མ་མི་བསྒོམ། བསྒོམས་ན་ཕྱག་རྒྱ་གཅིག་པ་དང་ཁྱད་མེད་དུ་ཐལ། མི་བསྒོམ་ན་སྒྱུ་མའི་ཆོས་དྲུག་བསྒོམ་པར་གསུངས་པ་དང་འགལ་ཞིང་། ལྷག་པའི་ཀུན་རྫོབ་འདིའི་འཇུག་ཡུལ་མ་ཡིན་པར་ཐལ་ཞེ་ན། ལྷར་སྣང་བ་འགག་མེད་དུ་བསྒོམ་པའི་ཕྱིར་སྐྱོན་ཕྱི་མ་མེད་ལ། ད་དུང་གཉིས་མེད་ཀྱི་ལྷ་སྐུར་བསྒོམ་མི་ནུས་པའི་ཕྱིར་ཕྱག་རྒྱ་གཅིག་པ་དང་ཁྱད་མེད་དུ་མི་འགྱུར་རོ། །གསུམ་པ་ཕྱག་རྒྱ་གཅིག་པ་ལ་ཆོས་བཞི་ལས། དང་པོ་དགོས་ཆེད་ནི། སྣང་སྟོང་ཐ་དད་དུ་ཞེན་པ་དགག་ཅིང་གཉིས་མེད་དུ་བྱ་བ་དང་། རྟོག་ཚོགས་གནས་བསྒྱུར་ཞིང་སྤྲོས་བཅས་ཀྱི་རྒྱུར་བྱ་བའི་ཆེད་དེ། ལམ་རིམ་ལས། འབྲས་བུ་ཡོངས་སུ་རྫོགས་བྱ་དང་། །སྤྲོས་པའི་རྒྱུ་ཡིས་ཐོབ་བྱ་དང་། །སྒྱུ་སྟོང་རྟོག་ཞེན་དབང་དུ་བྱ། །རྟོག་པའི་ཕུང་སོགས་གནས་བསྒྱུར་ཅིང་། །གཞན་དག་སྨིན་པར་བྱ་བའི་ཕྱིར། །ཞེས་སོ། །གཉིས་པ་ངོ་བོ་ནི། ཕྱག་རྒྱ་བཞི་ལྡན་གྱི་སྐུ་སྣང་སྟོང་དབྱེར་མེད་དུ་གསལ་བ་སྟེ། འདི་ཉིད་ལས། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། །ཞེས་སོ། །གསུམ་པ་རྣམ་གྲངས་ལ། དོན་གྱི་རྒྱ་གཅིག་དང་། རྟགས་ཀྱི་རྒྱ་གཅིག་གོ། །དང་པོ་ནི། བདེན་པ་དབྱེར་མེད་རང་གི་མཚན་ཉིད་དུ་རྟོགས་པའོ། །གཉིས་པ་ཕྲ་རགས་གཉིས་ལས། ཕྲ་བ་ནི། ཡིག་འབྲུ་ལ་བསླབ་པ་སྟེ། རྒྱས་པ་ལས། ཕྱི་ནང་སྣོད་བཅུད་ཧཱུཾ་དུ་བསྡུ། །ཞེས་སོ། །རགས་པ་ནི། ལྷའི་སྐུ་ཕྱག་རྒྱ་གཅིག་པ་བསྒོམ་པ་སྟེ། ཞི་བ་རྒྱན་གཅིག་པ་དང་། ཁྲོ་བོ་རྒྱན་གཅིག་པའོ། །བཞི་པ་འབྲས་བུ་ནི། རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་གསལ་བ་ལ་བརྟན་པ་ཐོབ་པའོ། །ཞར་བྱུང་རྩོད་སྤོང་ནི། ཕྱག་རྒྱ་གཅིག་པའི་སྐབས་སུ་ལྷག་པའི་ལྷ་དགུ་བསྒོམ་མམ་མི་བསྒོམ། མི་བསྒོམ་ན། ལམ་རིམ་ལས། གནས་གཅིག་ཡེ་ཤེས་སེམས་དཔའ་བསྒོམ། །སྤྱི་མགྲིན་ཙིཏྟའི་གནས་གསུམ་དུ། །བྱིན་བརླབས་རྡོ་རྗེ་གསུམ་བསྒོམ་བྱ། །དབུ་ཡི་གནས་ལྔར་ཡེ་ཤེས་ལྔ། །ཡེ་ཤེས་ལྔ་དབང་རྫོགས་པས་བརྒྱན། །ཞེས་བསྒོམ་པར་གསུངས་པ་དང་འགལ་ལ། བསྒོམས་ན་ཕྱག་རྒྱ་གཅིག་པ་མ་ཡིན་པར་འགྱུར་ཏེ། ལྷག་པའི་ལྷ་དགུ་རྩ་ལྷ་དང་བཅུ་བསྒོམ་པའི་ཕྱིར་ཟེར་ན། ལན་དུ་ལྷག་པའི་ལྷ་དགུ་བསྒོམ་མོད། །འོ་ན་ཕྱག་རྒྱ་གཅིག་པ་མ་ཡིན་པར་ཐལ་ཟེར་ན། ཁྱབ་པ་མེད་དེ། ཡན་ལག་གི་ལྷ་དགུ་བསྒོམས་ཀྱང་རྩ་ལྷ་གཅིག་ལས་མི་བསྒོམ་པའི་ཕྱིར། ཤིང་གི་སྡོང་པོ་བཞིན་ནོ། །ཡང་ཆོས་གཅིག་གི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་སམ་མི་ཤེས། མི་ཤེས་ན། ཡུམ་ལས། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པར་ཤེས་པར་འགྱུར་རོ། །ཞེས་དང་། ལམ་རིམ་ལས། རིག་ཕྱིར་ཀུན་ཀྱང་དེ་ལྟར་ཤེས། །ཞེས་པ་དང་འགལ་ལ། ཤེས་ན། རྒྱ་གཅིག་གི་ལྷ་སྐུ་སྣང་སྟོང་དབྱེར་མེད་དུ་ཤེས་པས་ལྷ་གཞན་གྱི་ཤེས་སམ་མི་ཤེས། ཕྱི་མ་ལྟར་ན་གཅིག་ཤེས་པས་ཀུན་ཤེས་པའི་དམ་བཅའ་ཉམས། དང་པོ་ལྟར་ན་སྤྲོས་བཅས་བསྒོམ་པ་དོན་མེད་དུ་ཐལ་ཞེ་ན། ལན་ནི་ལྷ་གཅིག་གི་མཚན་ཉིད་ཤེས་པས་ལྷ་ཀུན་གྱི་མཚན་ཉིད་ངེས་པའི་བློས་ཤེས་མོད། །དེ་ལྟ་ནའང་སྤྲོས་བཅས་བསྒོམ་པ་དོན་མེད་དུ་མི་འགྱུར་ཏེ། མཚན་ཉིད་ངེས་པའི་བློས་ཤེས་ཀྱང་ཤེས་ཚད་ལ་གོམས་པས་མ་ཁྱབ་པའི་ཕྱིར་རོ། །དེ་བས་ན་དངོས་པོ་ངེས་པའི་བློས་བསྒོམ་དགོས་པ་ཡིན་ཏེ། དཔེར་ན་གསེར་གྱི་རང་བཞིན་དང་བཟོའི་བྱེ་བྲག་བཞིན་ནོ། །ཡང་ཕྱག་རྒྱ་གཅིག་པའི་ལྷ་སྐུ་དེ་སྣང་བར་བསྒོམ་མམ་སྣང་ལ་རང་བཞིན་མེད་པར་བསྒོམས། དང་པོ་ལྟར་ན་ཀུན་རྫོབ་དང་ཁྱད་མེད་དུ་འགྱུར་ལ། གཉིས་པ་ལྟར་ན་ལྷ་སྐུ་བསྒོམ་པའི་ཅིག་ཅར་བ་དང་ཁྱད་མེད་པར་ཐལ་ཞེ་ན། སྐྱོན་མེད་དེ། འདིར་དབྱེར་མེད་དུ་བསྒོམ་ནའང་སྔོན་དུ་ཏིང་ངེ་འཛིན་གཞལ་ལ་བསླབ་པ། ཅིག་ཅར་བ་གཞན་ལ་མི་སློབ་པས་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་རོ། །བཞི་པ་ཕྱག་རྒྱས་སྤྲོས་བཅས་ལ་བཞི་ལས། དང་པོ་དགོས་ཆེད་ནི། ལྷ་གཅིག་ཏུ་ཞེན་པའི་རྟོག་པ་དགྲོལ་ཞིང་། བྱེ་བྲག་གི་རྟོག་པ་བཟློག་པ་དང་། ཕྱག་རྒྱ་སྤྲོས་བཅས་ལས་སུ་རུང་བས་ཚོགས་སྒྲུབ་ཀྱི་རྒྱུར་འགྱུར་ཞིང་དངོས་གྲུབ་རྣམ་གཉིས་འགྲུབ་པར་བྱེད་པ་སྟེ། ལམ་རིམ་ལས། བསོད་ནམས་ཡོངས་སུ་རྫོགས་བྱ་ཞིང་། །སྤྱོད་ཡུལ་བྱིན་གྱིས་རློབ་པ་དང་། །འཁོར་ལོའི་ས་མཐར་ཕྱུང་བ་དང་། །ཚོགས་ལ་དུས་ཀྱི་བསྒྲུབ་ཕྱིར་བསྒོམ། །དགུག་གཏང་བཅིང་དགྲོལ་གསོད་དང་བསད། །འཕམ་རྒྱལ་ཏིང་འཛིན་འདིས་བྱེད་ཕྱིར། །ཞེས་སོ། །གཉིས་པ་ངོ་བོ་ནི། རྟོག་ཚོགས་མཐའ་དག་རིག་པ་གཉིས་མེད་ཀྱི་ལྷའི་དཀྱིལ་འཁོར་དུ་གསལ་བར་བསྒོམ་པ་སྟེ། རིམ་དྲུག་ལས། དེ་ཕྱིར་བདེན་གཉིས་དབྱེ་བ་མེད། །ཕྱི་ནང་སྣོད་བཅུད་ཡེ་ནས་དག །ཅེས་སོ། །གསུམ་པ་རྣམ་གྲངས་ལ། རང་བཞིན། ལམ། འབྲས་བུའི་ཕྱག་རྒྱ་སྤྲོས་པ་དང་གསུམ་ལས། དང་པོ་ནི། རྟོག་ཚོགས་ཐམས་ཅད་ཡེ་ནས་ལྷའི་དཀྱིལ་འཁོར་དུ་གནས་པའོ། །ཕྱི་མ་ནི་འོག་མིན་ན་འཁོར་ལོ་ཚོགས་ཆེན་གྱི་སངས་རྒྱས་དུ་མ་སྙེད་བཞུགས་པ་དེའོ། །ལམ་ཕྱག་རྒྱས་སྤྲོས་པ་ལ། ཞི་བ་དང་། ཁྲོ་བོ་གཉིས། དེ་གཉ ིས་ཀ་ལ་དཀྱིལ་འཁོར་སྤྲོས་པ། ཚོམ་བུ་སྤྲོས་པ། ཞལ་ཕྱག་སྤྲོས་པ། རྣམ་གྲངས་སྤྲོས་པ་དང་བཞི་ལས། དང་པོ་ལ། རྒྱས་འབྲིང་བསྡུས་གསུམ་མོ། །གཉིས་པ་ལ། གཅིག་གསུམ་ལྔ་པའོ། །གསུམ་པ་ལ། ཞལ་གཅིག་ཕྱག་གཉིས་པ་དང་། ཞལ་གསུམ་ཕྱག་དྲུག་པ། ཁྱད་པར་ཁྲོ་བོ་ལ་དབུ་དགུ་ཕྱག་བཅོ་བརྒྱད་པ་ནས། དབུ་ཕྱག་གྲངས་མེད་པའི་བར་རོ། །བཞི་པ་ནི། ཞི་བ་ལ་སངས་རྒྱས་སྟོང་དང་། །ཉི་ཁྲི་བཞི་སྟོང་དང་། བསམ་ཡས་ལྷུན་གྲུབ་གསུམ། ཁྲོ་བོ་ལ་སྟོང་བཞི་བརྒྱ་ལྔ་བཅུ་དང་། །བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་བསམ་ཡས་ལྷུན་གྲུབ་གསུམ་མོ། །བཞི་པ་འབྲས་བུ་ནི། སྣང་བ་ཕྱག་རྒྱར་གསལ་བ་ལ་བརྟན་པ་རྒྱ་ཆེར་ཐོབ་པའོ། །ཞར་བྱུང་རྩོད་སྤོང་ནི། ལྷ་བཞི་བཅུ་རྩ་གཉིས་བསྒོམ་པ་དཀྱིལ་འཁོར་སྤྲོས་པ་ཡིན་ན། དེ་ཏིང་ཡང་སྤྲོས་བཅས་སུ་ཐལ། དེར་དབང་རབ་སོགས་གཞན་དོན་གྱི་ཕྲིིན་ལས་སུ་དེ་ལྟར་བསྒོམ་པའི་ཕྱིར་ཏེ། སྤྲོས་པའི་འཁོར་ལོ་མོས་བསྒོམ་ཞིང་། །ཞེས་གསུངས་པའི་ཕྱིར་ཟེར་ན། མོས་པ་ཙམ་དུ་བསྒོམ་ཡང་དངོས་སུ་བསྒོམ་མི་ནུས་པའི་ཕྱིར། དེ་ཏིང་སྤྲོས་བཅས་སུ་ཐལ་བའི་སྐྱོན་མེད་དོ། །ཁོ་ན་རེ། དེ་ལྟར་ན། དཀྱིལ་འཁོར་ཚོམ་བུ་རྣམ་གྲངས་ཞལ་ཕྱག་སྤྲོས་པ་ཐམས་ཅད་འདིར་དངོས་སུ་བསྒོམ་ནུས་དགོས་པར་ཐལ། འདོད་ན། རིག་འཛིན་གསུམ་ལས་སྤྲོས་བཅས་བཟང་བར་འགྱུར་ཏེ། འདིར་དངོས་སུ་སྤྲོས་བཅས་བསྒོམ་ནུས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། འདིར་སྤྲོས་པའི་སྐབས་དངོས་སུ་གསལ་བ་བཞི་བཅུ་རྩ་གཉིས་ཡིན་པ་ལ་བསམ་ནས་དེ་སྐད་བརྗོད་ཀྱི། གཞན་རྣམས་ནི་འདིར་མོས་པའི་ཡུལ་དུ་བསྒོམས་ལ། དེ་ནས་ལམ་གོང་མ་རྣམས་སུ་རིམ་གྱིས་མངོན་དུ་གྱུར་ནས་མཐར་ལམ་དུ་བསམ་ཡས་ལྷུན་གྲུབ་དངོས་སུ་གསལ་ཞིང་། ཞལ་ཕྱག་སྤྲོས་པའི་རིམ་པའང་དེ་བཞིན་ཏེ། ལམ་རིམ་ལས། རིམ་བརྗོད་བརྟན་པའི་སྤྱོད་ཡུལ་ནི། །ཉི་ཤུ་གཅིག་དང་དགུ་བརྒྱ་དང་། །གྲངས་མེད་མཐར་ལམ་རིམ་པར་བསྒོམ། །ཞེས་སོ། ལྔ་པ་བར་ཆད་མེད་པའི་ལམ་དུ་ཚོགས་བསྒྲུབ་ལ་ཆོས་བཞི་ལས། དང་པོ་དགོས་ཆེད་ནི། རྟེན་འདིས་ལམ་གཞན་གྱིས་བར་མ་ཆོད་པར་ཟག་མེད་ཀྱི་བདེན་པ་ཆོས་ཉིད་རང་མཚན་མཐོང་བ་ལ་དངོས་སུ་སྦྱོར་བར་བྱེད་པ་སྟེ། འདི་ཉིད་ལས། རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། །ངེས་པར་ལེགས་པའི་དགོས་པ་འགྲུབ། །ཅེས་དང་། ལམ་རིམ་ལས། བར་ཆད་མེད་པར་སྦྱོར་བ་ཡི། །སྒྲུབ་པ་དུས་ཀྱི་ཚོགས་བཤད་བྱ། །ཞེས་སོ། །གཉིས་པ་ངོ་བོ་ནི། རྟོག་ཚོགས་ཐམས་ཅད་སྣང་སྟོང་གཉིས་མེད་ལྷའི་དཀྱིལ་འཁོར་དུ་དངོས་སུ་གསལ་བ་ལ་བློ་གནས་པའོ། །དེ་ལྟར་ན་སྤྲོས་བཅས་དང་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། སྤྲོས་བཅས་ནི་གསལ་ཞིང་ཉེ་བ་ཙམ་ཡིན་ལ། འདིར་ནི་ཤིན་ཏུ་གསལ་བརྟན་དུ་གྱུར་ཤིང་ཉེ་བ་ཡིན་ཏེ། འདི་ཉིད་ལས། སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །དཀྱིལ་འཁོར་བརྟན་པའི་ཏིང་ངེ་འཛིན། །ཞེས་དང་། རིམ་དྲུག་ལས། དེ་ཡང་མཐུ་དང་ནུས་པ་ཡི། །ལྟ་སྤྱོད་འབྲེལ་བས་བརྟན་པ་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པ་རྣམ་གྲངས་ལ། ཞི་བ་དང་། ཁྲོ་བོའི་ཚོགས་སྒྲུབ་གཉིས། དེ་གཉིས་ཀའང་ཉམས་སུ་ལེན་པའི་དུས་སུ། ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་། །བསྙེན་བསྒྲུབ་བཞིས་གཞུང་བསྲང་། རིག་འཛིན་འགྲུབ་པའི་དུས་གསུམ་དུ་འཆིང་སྟེ་སྔར་བཤད་གྲུབ་བོ། །བཞི་པ་འབྲས་བུ་ནི། ཟག་མེད་ལ་དངོས་སུ་སྦྱོར་ནུས་པའོ། །ཞར་བྱུང་ངེས་ཚིག་ལ་དོགས་པ་བཅད་པ་ནི། བར་ཆད་མེད་པའི་ལམ། ཞེས་པའི་དོན་ལ། ལྷ་རྗེ་མདའ་ཏིག །ཟག་བཅས་ནས་ཟག་མེད་དུ་སྦྱོར་བ་ལ་རྟེན་དང་ལམ་གཞན་གྱིས་བར་ཆོད་པའི་ཕྱིར་གསུང་། ལྷ་རྗེ་གླན། ལམ་གཞན་གྱིས་བར་མ་ཆོད་པ་ཕལ་ཆེ་བ་ལ་དགོངས་གསུང་། བླ་མ་བདེ་གཤེགས་ཆེན་པོ་ནི། སྤྲོས་པ་མན་ཆད་དམ་ཚིག་ཉམས་པའི་ཉེས་པས་འཁོར་བར་ལྡོག་ཉེན་ཡོད་ལ། ཚོགས་བསྒྲུབ་ཡན་ཆོད་ལ་དེའི་བར་ཆད་མེད་པས་སྤྱི་སྒྲ་བྱེ་བྲག་ལ་ཞུགས་ཏེ་ཚོགས་བསྒྲུབ་ལ་བཏགས་གསུང་། རང་ལུགས་མདའ་ལྟར་འཐད་དེ། ཚོགས་བསྒྲུབ་ནས་ཟག་མེད་ལ་རྟེན་སྐྱེ་བ་གཞན་དང་ལམ་བགྲོད་བྱ་གཞན་གྱིས་བར་མ་ཆོད་པར་སྦྱོར་བའི་ཕྱིར་ཏེ། བར་ཆད་མེད་པར་སྦྱོར་བ་ཡི། །ཞེས་གསུངས་པས་སོ། །ཡང་། ཚོགས་སྦྱོར་གྱི་ལམ་ལྔའི་འབྲས་བུ་ལ་ལོག་རྟོག་བསལ་བ་ནི། དེ་ཏིང་གི་སྐབས་སུ། ལམ་རིམ་ལས། སྣང་སྟོང་དབྱེར་མེད་རྣལ་འབྱོར་མཐའ། །མངོན་བྱས་ལྷག་པའི་ཆོས་སྐུར་སྦྱོར། །ཞེས་པས་ཆོས་སྐུ་དང་། སྙིང་རྗེ་སྒྱུ་མའི་སྐབས་སུ། ལམ་འདིར་ཆ་རྐྱེན་རྫོགས་བསྒྲུབས་ན། །མཚན་དང་དཔེ་བྱད་ཀུན་དང་ལྡན། །དབང་ཕྱུག་ཆེན་པོའི་གནས་ཉིད་དུ། །མངོན་དུ་འབྱུང་བར་ཐེ་ཚོམ་མེད། །ཅེས་པས་ལོངས་སྐུ་དང་། ཕྱག་རྒྱ་གཅིག་སྤྲོས་ཚོགས་བསྒྲུབ་གསུམ་གྱི་སྐབས་སུ། འདི་ཉིད་ལས། རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །ཕྱག་རྒྱ་ཆེན་པོ་རྫོགས་འགྱུར་ཞིང་། །གསལ་ལ་ཡིད་གཉིས་མེད་པས་ན། །དཀྱིལ་འཁོར་ཆེན་པོ་འབར་བར་འགྱུར། །ཞེས་པས་སྤྲུལ་སྐུ་སྟེ། ངེས་པར་ཏིང་ངེ་འཛིན་དེ་དང་དེས་སྐུ་གསུམ་སོ་སོར་དངོས་སུ་འཐོབ་ཟེར་བ་མི་འཐད་དེ། དེ་ཏིང་གིས་ཆོས་སྐུ་འཐོབ་ན་སྙིང་རྗེ་སྒྱུ་མ་མན་ཆད་བསྒོམ་པ་དོན་མེད་དུ་འགྱུར་ཞིང་། ལམ་རིམ་ལས་ཀྱང་། ཕྱོགས་མཐུན་བརྗོད་ཀྱིས་རིགས་མ་ཡིན། །ཞེས་པ་དང་ཡང་འགལ་ལོ། །དེས་ན་འདི་དག་ཆོས་མཐུན་བརྩིས་པའམ་སྐུ་གསུམ་གྱི་བརྒྱུད་རྒྱུ་ཙམ་དུ་ཁས་བླང་བར་བྱའོ། །གསུམ་པ་ལམ་གྱུར་གྱི་འབྲས་བུའམ་ཟག་མེད་ཀྱི་ལམ་ལ། དབྱེ་བ་དང་། དེ་གཏན་ལ་དབབ་པའོ། །དང་པོ་ལ། མཐོང་ལམ། བསྒོམ་ལམ། མཐར་ལམ་རིག་འཛིན་ནོ། །མཐོང་ལམ་ལ་ཡང་ནང་གསེས་ཀྱིས་དབྱེ་ན་གཉིས་སུ་འགྱུར་ཏེ། ལྷག་མེད་མྱང་འདས་རྣམ་སྨིན་དང་། ལྷག་བཅས་མྱང་འདས་ཚེ་དབང་གཉིས་སུ་ངེས་པའི་ཕྱིར། དེ་ལྟར་ཡང་རྡོ་རྗེ་ལས། གསང་བའི་ཡོ་བྱད་ལྔར་ལྡན་པས། །བརྩོན་པས་ཚུལ་བཞིན་རབ་བསྒྲུབས་ན། །རྡོ་རྗེའི་ལུས་དང་རྣམ་སྨིན་དུ། །ཞེས་དང་། ལམ་རིམ་ལས། དུས་ཚོགས་བར་ཆད་མེད་པ་ནས། །ལྷག་མ་མེད་དང་ཡོད་པ་ཡི། །མྱ་ངན་འདས་པས་མཐར་སྦྱོར་བ། །ཐུན་མོང་ལྟ་བུར་ཟུང་དུ་འགྱུར། །ཞེས་རིག་འཛིན་དེ་གཉིས་མཐོང་ལམ་དུ་ཁད་མཉམ་པར་བཤད་དོ། །དེའི་ཕྱིར། ན་རཀ་བསྐང་བཤགས་ལས། རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྱིས་གྲུབ། །ཅེས་པ་ལྟར་རིག་འཛིན་བཞིའོ། །གཉིས་པ་ལ། རྣམ་སྨིན་རིག་འཛིན། ཚེ་དབང་རིག་འཛིན། བསྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན། མཐར་ལམ་ལྷུན་གྲུབ་རིག་འཛིན་བཤད་པའོ། །འདི་དག་ལ་ཆོས་བདུན་བདུན་གྱི་སྒོ་ནས་འཆད་པའི་བཀའ་སྲོལ་ཡོད་ནའང་། བཞི་ཀའི་སྤྱོད་པ་མཐུན་པར་རྫུ་འཕྲུལ་གྱི་སྤྱོད་པ་སྟེ། སོ་སོའི་ཁྱད་པར་སྔར་རྒྱུད་ཀྱི་དངོས་པོའི་སྤྱོད་པ་འཆད་པའི་སྐབས་སུ་བཤད་གྲུབ་པས། འདིར་ཆོས་དྲུག་དྲུག་གི་སྒོ་ནས་འཆད་པར་བྱའོ། །དེ་ཡང་དང་པོ་རྣམ་སྨིན་ལ། གང་གི་ཚེ་ཐོབ་པའི་རྒྱུ་དུས། གང་གི་རིག་འཛིན་རང་གི་ངོ་བོ། ཇི་སྙེད་བསྟན་པའི་རྣམ་གྲངས། ཇི་ལྟར་བཞུགས་པའི་ཆ་ལུགས། མངོན་པར་ཤེས་པའི་ཡུལ་དོན། འབྲས་བུ་ལ་ཇི་ལྟར་སྦྱོར་ཚུལ་ལོ། །དང་པོ་ཐོབ་པའི་རྒྱུ་དུས་ནི། གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པས་རབ་ཟླ་བ་དྲུག་དང་། ཐ་ནའང་ཟླ་བ་བཅུ་དྲུག་གི་བར་དུ་ཚོགས་བསྒྲུབ་པས་ལྷག་མེད་ཀྱི་མྱང་འདས་ལ་སྦྱར་བ་སྟེ། ལམ་རིམ་ལས། གཅིག་དང་དུ་མའི་རྣལ་འབྱོར་ལ། །བརྟན་བྱས་ཉིད་པའམ་དེ་ཐོབ་ནས། །ཟླ་དྲུག་བཅུ་དྲུག་བསྙེན་བསྒྲུབ་ཚེ། །རྡོ་རྗེའི་ལུས་སུ་མ་གྱུར་པར། །ཞེས་སོ། །གཉིས་པ་རང་གི་ངོ་བོ་ནི། མཚན་ཉིད་གསུམ་ལྡན་ཏེ། ཡིད་ལྷའི་སྐུར་གསལ་ཞིང་རྫོགས་པར་སྨིན་པ། ལུས་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་དང་མ་བྲལ་བ། ལུས་རྒྱ་དང་བྲལ་མ་ཐག་ཏུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བ་སྟེ། ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་བློ་ཆུང་བའི་སྟོབས་ཀྱིས་འབྱུང་བ་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱོང་བར་མ་ནུས་པའོ། །དེ་ཡང་ལམ་རིམ་ལས། ཡིད་ཀྱི་ལྷ་ཡི་གཟུགས་བཟུང་ཞིང་། །ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ནས། །ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་པ། །རྣམ་པར་སྨིན་ཞེས་དེ་ལ་བརྗོད། །ཅེས་སོ། །གསུམ་པ་རྣམ་གྲངས་ནི། རྣམ་སྨིན་གྱི་ལུས་འདི་རྒྱ་ཆེན་གྱི་སར་མི་འཁྱེར་བས་ན་ལྷག་མེད་མྱང་འདས་དང་། འབྱུང་བའི་ལུས་མེད་པར་དང་། ལས་ཀྱི་ལུས་མེད་པ་ཞེས་བྱ། །རང་དོན་དུ་སྲིད་པའི་མངལ་ཕྱི་མ་མི་ལེན་པས་སྲིད་པ་ཐ་མ་པ་ཞེས་ཀྱང་བྱ། ཡིད་ལྷའི་སྐུར་རྣམ་པར་སྨིན་པའམ་རྣམ་སྨིན་གྱི་ལུས་མ་དོར་བས་རྣམ་སྨིན་རིག་འཛིན་ཞེས་ཀྱང་བྱ་སྟེ། དེ་ལས། ལྷག་མེད་འབྱུང་མེད་ལས་ལུས་མེད། །མྱ་ངན་འདས་པའམ་སྨིན་ཆས་བརྗོད། །ཅེས་སོ། །བཞི་པ་ཆ་ལུགས་ནི། ལུས་སྔོན་གང་ཡིན་དང་ཡིད་རྩ་བའི་ལྷ་གང་ཡིན་གྱི་ཆ་ལུགས་འཛིན་པ་སྟེ། ཡིད་ཀྱི་ལྷ་ཡི་གཟུགས་བཟུང་ཞིང་། །ཞེས་སོ། །ལྔ་པ་མངོན་ཤེས་ཀྱི་ཡུལ་དོན་ནི། བར་ཆད་མེད་པ་ལས་ངོ་བོ་གསལ་བརྟན་གྱི་ཁྱད་པར་དུ་བྱས་པའི་ཟག་མེད་ལྷའི་སྤྱན་རྣམ་པར་དག་པ་ལ་སོགས་པས་གླིང་བཞི་པའི་འཇིག་རྟེན་ཙམ་ཡུལ་དུ་གྱུར་ཅིང་། དེ་དག་གི་དོན་བྱེད་ནུས་པ་སྟེ། དེ་ལས། བར་ཆད་མེད་པའམ་སྨིན་པ་ཡི། །མངོན་པར་ཤེས་པ་དེ་མིང་ཅན། །མི་འགྱུར་ངེས་པར་འགྱུར་བའང་། །དཔག་ཚད་གླིང་ཁམས་ཡུལ་ལ་སྦྱོར། །ཞེས་སོ། །དྲུག་པ་འབྲས་བུ་ནི། རྣམ་སྨིན་གྱི་ལུས་རྒྱ་དང་བྲལ་མ་ཐག་ཏུ་ཕྱག་ཆེན་འོད་ཀྱི་ལུས་ལ་སྦྱོར་བ་སྟེ། དེ་ལས། གང་དེ་བྲལ་མ་ཐག་པ་རུ། །རྒྱ་བཞི་རྫོགས་པར་བདག་གྱུར་པ། །རྡོ་རྗེ་ལ་སོགས་རིག་པ་འཛིན། །ཕྱག་རྒྱ་ཆེན་པོའི་རིགས་འབྲས་བུ། །ཞེས་སོ། །ཞར་བྱུང་འཕྲོས་དོན་དོགས་པ་བཅད་པ་ལ། ཐོབ་དུས་དང་། ངོ་བོ་ལ་དཔྱད་པའོ། །དང་པོ་ནི། རྣམ་སྨིན་ལ་སྦྱོར་བའི་དུས་ལ། །ལམ་རིམ་ལས། དེ་དེའང་འདི་དང་ཕྱི་མ་དང་། །ལན་གྲངས་གཞན་དུ་རབ་འབྲིང་གིས། །ཐོབ་ཀྱི་བསྐལ་པར་མི་འགྱངས་ཏེ། །དགོངས་སྤྱོོད་བརྩོན་པ་གཙོ་ཕྱིར་རོ། །ཞེས་པ་ལ་གསུམ་སྟེ། རབ་ཚེ་འདི། འབྲིང་བར་དོར། ཐ་མ་ལན་གྲངས་གཞན་ལ་སྦྱོར་ཟེར་བ་ལ། ཁ་ཅིག་ན་རེ། དེ་ལྟར་ན། བར་དོ་ལ་འབྱུང་ལུས་རགས་པ་ཡོད་པར་ཐལ། རྟེན་དེ་ལ་རྣམ་སྨིན་ཐོབ་པ་གང་ཞིག །རྣམ་སྨིན་ནི་ཚེ་སྔ་མའི་ལས་ཀྱི་རྣམ་སྨིན་ལས་གྲུབ་པའི་ལྷག་མའི་ལུས་འདི་དང་མ་འབྲལ་བ་ལ་ཟེར་བའི་ཕྱིར་ཞེ་ན། ཉང་ཇོ་མདོ་ན་རེ། བར་དོ་ལ་ཐོབ་པའི་རྣམ་སྨིན་དེ་ལུས་ཀྱི་བག་ཆགས་ཀྱི་ཚུལ་དུ་ཡོད་གསུངས་ཀྱང་། བག་ཆགས་ཀྱི་ཡིད་ལུས་རྣམ་སྨིན་ཤ་ཁྲག་གི་ལུས་མ་ཡིན་པའི་ཕྱིར་ངེས་ཚིག་ཉམས་སོ། །བླ་མ་བདེ་གཤེགས་ཆེན་པོ་ནི། ཚེ་འདིར་ཚོགས་བསྒྲུབས་ཀྱང་རྣམ་སྨིན་མ་ཐོབ་པས། རང་ལུས་དང་བྲལ་མ་ཐག་ཏུ་འཆི་ཁའི་འོད་གསལ་ལ་བརྟེན་ནས་བདེན་པ་མཐོང་སྟེ་རྣམ་སྨིན་འཐོབ། འབྲིང་དེ་ངོ་མ་ཤེས་པས་བར་དོ་དངོས་ཀྱི་སྣང་བ་ཤར་བའི་དུས་སུ་སྤྱོད་ཡུལ་སྒྱུ་མར་མཐོང་བ་ལ་བརྟེན་ནས་ཐོབ། ཐ་མ་ནི་བར་དོའི་སྣང་བ་ནུབ་སྟེ་ལུས་ལེན་ཁར་བདེན་པ་ཁར་བདེན་པ་མཐོང་བས་རྣམ་སྨིན་གྱི་ལུས་སུ་འགྱུར་ནས་དགོངས་པ་ལྷའི་སྐུར་གསལ་བའོ། །དེ་ལས་དང་པོ་གཉིས་ལ་འབྱུང་ལུས་རགས་པ་མེད་པས་རྣམ་སྨིན་བཏགས་པ་སྟེ། བདེན་པ་མཐོང་བའི་ཆ་ནས་འཇོག །འོ་ན་ཚེ་དབང་དང་འདྲ་མོད་ཟེར་ན། །མི་འདྲ་སྟེ། དེ་ནི་འབྱུང་བ་དྭངས་མའི་ལུས་སུ་ཡོད་ལ། འདི་ནི་བག་ཆགས་ཀྱི་ལུས་སོ། །རྒྱ་ཆེན་དང་ཁྱད་ཡོད་དམ་ཞེ་ན། ཡོད་དེ། དེ་ནི་ལྷའི་སྐུའི་ཆ་ལུགས་སུ་ཡོད་པའི་ཕྱིར་གསུངས། རང་ལུགས་ནི། སྔ་རབས་པ་སྤྱིའི་རྗེས་སུ་འབྲངས་ཏེ། རྣམ་སྨིན་ཚེ་འདི་ལ་མ་ཐོབ་ན། འབྲིང་སྐྱེ་བ་ཕྱི་མ་དང་། ཐ་མ་སྐྱེ་བའི་ལན་གྲངས་བརྒྱུད་པའི་རྣམ་སྨིན་གྱི་ལུས་གཞན་དུ་ཐོབ་པར་བཞེད་པའི་ལུང་ཡིན་གྱི། བར་དོར་ཐོབ་པར་འདོད་པ་ནི་མི་རིགས་ཏེ། རྣམ་སྨིན་གྱི་ཆོས་མ་ཚང་བའི་ཕྱིར་དང་། ཚོགས་སྒྲུབ་ནས་ཟག་མེད་དུ་སྦྱོར་བ་ལ་རྣམ་སྨིན་མཚན་ཉིད་པ་ལས་བློ་ཆུང་བ་མ་བཤད་པའི་ཕྱིར་དང་། འདི་ཉིད་རྒྱ་ཆེན་ལ་སྦྱོར་བའི་སྲིད་པ་ཐ་མ་པ་ཡིན་པའི་ཕྱིར་རོ། །དང་པོ་གྲུབ་སྟེ། ལམ་རིམ་ལས། ལྷ་ཡི་རྣལ་འབྱོར་གསལ་རྫོགས་སྨིན། །ལུས་ཀྱི་དྲྭ་བས་བསྒྲིབས་གྱུར་པ། །ཀ་ལ་པིངྐ་མི་འཇིགས་བཞིན། །བྲལ་ནས་སྣང་བྱེད་དེ་རྣམ་སྨིན། །གཉིས་པ་གྲུབ་སྟེ། ལམ་ཆུང་ལས། སྟོབས་ཆུང་རྐྱེན་སྨོན་ཞན་པའི་ཕྱིར། །རྣམ་རྟོག་འབྱུང་བའི་ལྷག་ལུས་བཞག །ཞེས་སོ། །གསུམ་པ་གྲུབ་སྟེ། ལམ་རིམ་ལས། རྒྱ་མིག་རྒྱ་ས་ཇི་ལྟ་བུར། །ཕྱག་རྒྱ་ཐོབ་ལ་མ་རག་པའི། །གཟུགས་རྫོགས་སྟོབས་ཆེན་དེ་ཁོ་ནའོ། །ཞེས་དང་། གང་དེ་བྲལ་མ་ཐག་པ་རུ། །རྒྱ་བཞི་རྫོགས་པར་བདག་གྱུར་པ། །ཞེས་སོ། །གཉིས་པ་ངོ་བོ་ལ་དོགས་པ་དཔྱད་པ་ནི། སྔ་རབས་པ་ཁ་ཅིག་ན་རེ། རྣམ་སྨིན་གྱི་ངོ་བོ་ལུས་འདི་དང་བྲལ་ནས། ཕྱག་ཆེན་དུ་འགྲོ་བའི་སྐབས་ཀྱི་སྐད་ཅིག་མ་དེ་ལ་འཇོག་ཟེར། དེ་ལ་རྗེ་དྲི་ངས་པའི་ཞལ་ནས། དེ་མི་འཐད་དེ། སྐྱོན་གཉིས་གནས་པའི་ཕྱིར། དང་པོ་ནི། རྣམ་སྨིན་དེས་གཞན་དོན་བྱེད་དམ་མི་བྱེད། མི་བྱེད་ན། མི་འདོར་འགོད་པ་གཞན་གྱིའོ། །ཞེས་པ་དང་འགལ། བྱེད་ན། སྐད་ཅིག་གིས་གཞན་དོན་རྫོགས་པས་སངས་རྒྱས་དང་ཁྱད་པར་མེད་པར་ཐལ་ལོ། །སྐྱོན་གཉིས་པ་ནི། སྐད་ཅིག་ལས་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བའི་ཕྱིར། རྣམ་སྨིན་དེ་ཚེ་དབང་ལས་བཟང་བར་ཐལ་ལོ་གསུངས། གཉིས་པ་ཚེ་དབང་རིག་འཛིན་ལ་ཆོས་དྲུག་ལས། དང་པོ་ཐོབ་པའི་རྒྱུ་དུས་ནི། ཤེས་རབ་གསུམ་གྱིས་ལྟ་བ་དང་ཏིང་ངེ་འཛིན་ལ་རྟོགས་གོམས་ཁྱད་པར་དུ་གྱུར་པའི་བློ་ཆེན་གྱིས་ཚོགས་བསྒྲུབ་ཟླ་དྲུག་གམ་ཐ་ནའང་ཟླ་བ་བཅུ་དྲུག་ལས་མི་འགྱངས་པས་ལྷག་བཅས་ཚེ་དབང་ལ་སྦྱོར་ཏེ། ལམ་རིམ་ལས། ཤེས་རབ་རྣམ་གསུམ་གོམས་བྱས་པས། །ཏིང་འཛིན་མཉམ་པའི་དོན་རྟོགས་ཏེ། །ཀུན་ཏུ་ཡངས་པ་ཆེན་པོར་བསྒོམ། །ཤེས་འཇུག་ལྔ་རྟོགས་གོམས་པས་ན། །ཟླ་ཞག་རྒྱུད་བཞིན་བསྒྲུབ་བྱེད་པས། །རྡོ་རྗེའི་ལུས་སུ་ཐེ་ཚོམ་མེད། །ཅེས་སོ། །གཉིས་པ་རང་གི་ངོ་བོ་ནི། ཆོས་ཉིད་རང་མཚན་གསལ་བའི་ངོ་བོར་བསྐྱེད་དུ་བྱར་མེད་པར་མཐོང་ཞིང་ཟག་པ་ཀུན་ཟད་དེ་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་སུ་གྱུར་པའོ། །དེ་ཡང་སྔ་མ་ལས། དོན་མཐོང་འཇུག་པ་མཐར་ཕྱིན་པའི། །ཚོགས་སྤྱོད་བསྒྲུབས་པའི་དངོས་གྲུབ་ཀྱིས། །ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་གྱུར་ཚེ་ཡི་རིག །ཅེས་སོ། །འཕྲོས་དོན་ཚེ་ཚད་ནི། བདག་དོན་དུ་ལམ་སྦྱང་བའི་ཕྱིར་ལོ་སྟོང་དྲུག་བརྒྱའི་བར་དུ་གནས་ཤིང་། གཞན་དོན་དུ་ཚེ་ལ་རང་དབང་ཐོབ་པས་ཇི་ལྟར་འདོད་བཞིན་དུ་ཕྱིར་བསྣུར་ནས་བགྲེས་རྒུད་མེད་པར་བཞུགས་པ་སློབ་དཔོན་ཆེན་པོ་པདྨ་བཞིན་ཏེ། དེ་ལས། བདག་ཕྱིར་དོན་དུ་གཉེར་བས་ནི། །བརྒྱ་ཕྲག་བཅུ་དྲུག་ཚེ་ཡིས་རྫོགས། །གཞན་དུ་རང་དབང་ཐོབ་པའི་ཕྱིར། །བསྐལ་པ་གྲངས་མེད་གནས་འགྱུར་ཡང་། །སྐུ་ནི་ཤིན་ཏུ་གཞོན་ནུའི་ཚུལ། །འདུལ་བའི་ཚུལ་གྱིས་འཕྲོ་འདུ་བྱེད། །ཅེས་སོ། །གསུམ་པ་རྣམ་གྲངས་ནི། སྨན་གྱི་བཅུད་ལེན་ལ་བརྟེན་ནས་གྲུབ་པའི་དང་། ཐིག་ལེ་དབབ་བཟུང་སོགས་སྦྱོར་བའི་ཐབས་ལ་བརྟེན་ནས་གྲུབ་པའི་དང་། སྒྲོལ་མ་རླུང་གི་སྦྱོར་བ་ལ་བརྟེན་ནས་གྲུབ་པའི་དང་། ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་དང་བཞི་སྟེ། དེ་ལས། ངོ་བོ་ཐབས་དང་སྨན་རིག་འཛིན། །རྣལ་འབྱོར་སྒྲོལ་མའི་རིག་འཛིན་དང་། །ལམ་མཆོག་རྫོགས་པའི་རིམ་པ་བཞི། །ཞེས་སོ། །དེ་ཡང་དང་པོ་གསུམ་རྟོགས་གོམས་ཀྱི་མཐུ་མེད་པས་རྫས་དང་ཐབས་རྐྱང་པ་ལ་བརྟེན་པའི་ཕྱིར་ཚེ་ལ་དབང་བར་འདྲ་ནའང་ཟག་བཅས་དང་། ཕྱི་མ་ནི་ཟག་མེད་དོ། །བཞི་པ་ཆ་ལུགས་ནི། མི་དང་འདོད་གཟུགས་ཀྱི་ལྷའི་གཙོ་བོའི་ཆ་བྱད་དུ་སྟོན་ཏེ། དེ་ལས། ལྷ་མིའི་རྒྱལ་པོའི་སྐྱེ་བ་འཛིན། །ཞེས་སོ། །དེ་ལྟ་ནའང་ལྷ་མི་གཞན་དང་ཁྱད་པར་ཆེ་སྟེ། སྐྱེ་བ་རང་དབང་ཅན་ཡིན་པའི་ཕྱིར། དེའང་སྔ་མའི་འཕྲོས་ལས། མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཁྱད་པར་ས་ལ་གནས་འགྱུར་ཡིན། །ཆ་བྱད་དེ་ཉིད་ཀྱིས་ཆོས་སྟོན། །ཞེས་སོ། །དེ་དག་ཀྱང་སྤྲུལ་པའི་ཆ་ལུགས་ཡིན་ལ། རང་གི་ངོ་བོ་ནི། ད་ལྟའི་ལུས་འདི་རྡོ་རྗེའི་ལུས་སུ་ཁྱེར་བས་ཚེ་གཅིག་གི་འབྲས་བུ་ཡིན་པའི་རྣམ་པ་ཅན་ནོ། །ལྔ་པ་མངོན་ཤེས་ཀྱི་ཡུལ་དང་ནི། སྤྱིའི་མངོན་ཤེས་དྲུག་དང་། བྱེ་བྲག་ཏུ་སྒོ་ལྔའི་དབང་ཤེས་ཉི་ཤུ་རྩ་ལྔས་གླིང་བཞི་བྱེ་བ་ཕྲག་བརྒྱ་པའི་ཞིང་ཁམས་དང་མཉམ་པ་ཡུལ་དུ་གྱུར་ཅིང་། དེ་སྙེད་ཀྱི་དོན་བྱེད་ནུས་པ་སྟེ། དེ་ལས། སྔོན་བཞིན་ཡུལ་ཁྱོན་འདུལ་བར་བྱེད། །སྐྱེ་མཆེད་རང་བཞིན་ཡེ་ཤེས་ཕྱིར། །དེ་ཉིད་གཅིག་དང་དུ་མའི་མཐའ། །གཉིས་སུ་མེད་པའི་མངོན་རྟོགས་གོམས། །མཐོང་བས་དྲི་མ་དྲུག་སྦྱང་ཕྱིར། །དེ་སྙེད་གཟུགས་སྒྲ་དྲི་རོ་རེག །ཤེས་པའི་བྱེ་བྲག་རྩ་ལྔར་ཤར། །གཅིག་གིས་ཡུལ་ལྔ་གཅོད་པར་བྱེད། །ཚང་དང་མ་ཚང་འཇིག་དོགས་མེད། །གཞན་དུ་ལྷ་ཡི་རྣ་བ་དང་། །སྤྱན་གྱི་མངོན་པར་ཤེས་པ་དང་། །སྔོན་གནས་རྗེས་སུ་དྲན་པ་དང་། །ཕ་རོལ་གནས་ཀྱི་སེམས་ཤེས་དང་། །འཆི་འཕོ་སྐྱེ་བ་མཁྱེན་པ་དང་། །རྫུ་འཕྲུལ་ཤེས་པའང་ཟག་ཟད་ཤེས། །དེ་སྙེད་ཚུན་ཆད་ཡུལ་ཤེས་པས། །གང་དང་གང་རྣམས་འདུལ་བར་མཛད། །དེ་མིང་མི་ལྡོག་ཟག་མེད་དང་། །དབང་བསྒྱུར་རིགས་ཀྱི་མཚན་ལས་བརྗོད། །ཅེས་སོ། །དྲུག་པ་འབྲས་བུ་ནི། རིམ་གྱིས་སམ་ཐོད་རྒལ་བའི་ཚུལ་གྱིས་ཕྱག་རྒྱ་ཆེན་པོ་དང་ལྷུན་གྲུབ་རིག་འཛིན་ཅི་རིགས་སུ་སྦྱོར་བའམ། དེ་བས་ཀྱང་བློ་ཆེན་མཐར་ཐུག་སངས་རྒྱས་ཀྱི་ས་ལ་སྦྱོར་བའང་ཡོད་དེ། རིམ་པ་བཞིན་དུ། ལམ་རིམ་ལས། བདག་གམ་གཞན་ཕྱིར་དབང་ཅན་དེ། །སྐུ་ཚེའི་ཚད་དམ་ཇི་སྙེད་པར། །བཞུགས་མཐར་རང་གི་སྒྲུབ་སྦྱོར་བ། །སྔོན་བཞིན་རིམ་དང་ཅིག་ཅར་བའོ། །ཞེས་དང་། རྒྱས་པ་ལས། ཚེ་ནི་བཅུ་དང་དྲུག་པ་ཡིས། །བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་ས། །ཞེས་སོ། །ཞར་བྱུང་རྩོད་པ་སྤོང་བ་ནི། ཚེ་དབང་དེ་ཕྱག་ཆེན་ལ་སྦྱོར་བའི་ཚེ། །རྡོ་རྗེའི་ལུས་དེ་བོར་རམ་དེ་ཀ་འཁྱེར། །དང་པོ་ལྟར་ན། ལྷག་བཅས་ཀྱི་ངེས་ཚིག་ཉམས་ལ། །གཉིས་པ་ལྟར་ན་ཕྱག་ཆེན་ཡེ་ཤེས་སྒྱུ་མའི་ཆ་ལུགས་སུ་ཡོད་པའི་ཕྱིར། རྡོ་རྗེའི་ལུས་ཐ་མལ་གྱི་ཆ་ལུགས་དང་མཚུངས་པ་མ་ཡིན་ནོ་ཞེ་ན། འབོར་ཡང་མི་འབོར་ལ། དེ་ཁོ་ན་ལྟར་དུའང་མི་འཁྱེར་ཏེ། རྡོ་རྗེའི་ལུས་དེ་ཉིད་ཡེ་ཤེས་སྒྱུ་མའི་སྐུར་གནས་འགྱུར་བའི་ཕྱིར། དཔེར་ན་གསེར་འགྱུར་གྱི་རྩིས་ཐེབས་པའི་ལྕགས་ཉིད་ལོགས་སུ་མ་སྤངས་པར་གསེར་དུ་འགྱུར་བ་བཞིན་ནོ། །ཡང་། ཚེ་དབང་དེ་དག་དོན་དུ་ལོ་སྟོང་དྲུག་བརྒྱ་སྡོད་དམ་མི་སྡོད། མི་སྡོད་ན་ལུང་དང་འགལ་ལ། །སྡོད་ན་ཚེ་དབང་ལས་རྣམ་སྨིན་བློ་ཆེ་བར་ཐལ། ཕྱག་ཆེན་ལ་སྦྱོར་བ་རྣམ་སྨིན་མྱུར་བའི་ཕྱིར། འདོད་མི་ནུས་ཏེ། སྟོབས་ཆུང་རྐྱེན་སྨོན་ཞན་པའི་ཕྱིར། །ཞེས་པས་གསལ་ལོ་ཞེ་ན། རྗེ་དྲི་ངས་པ་ནི། སྟོང་དྲུག་བརྒྱའི་བར་དུ་ཕྱག་ཆེན་དང་ལྷུན་གྲུབ་རིག་འཛིན་བགྲོད་བཞེད་དེ། གེགས་སེལ་སྒྲོན་མ་ལས། ཚེ་དབང་གིས་སངས་རྒྱས་འགྲུབ་པའི་དུས་ནི། དབང་པོ་རབ་འབྲིང་ལ་ངེས་པ་མེད། དབང་པོ་ཐ་མའི་དབང་དུ་ལོ་སྟོང་དྲུག་བརྒྱ་ཚུན་ཆད་ཀྱིས་སངས་རྒྱས་ཉིད་ལ་སྦྱོར་རོ། །དེའི་བར་དུ་ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པའི་རིག་འ ཛིན་ལ་བགྲོད་དོ། །ཞེས་གསུངས། དེ་ལྟར་ན། སྐུ་ཚེའི་ཚད་དམ་ཇི་སྙེད་པར་བཞུགས་མཐར། ཞེས་པས་གནོད་དམ་ཞེ་ན། མི་གནོད་དེ། མཐའི་སྒྲ་ཟད་མཐའ་ཁོ་ན་ལ་སྦྱོར་དགོས་པའི་ངེས་པ་མེད་པའི་ཕྱིར་ཏེ། ཇི་སྐད་དུ། མཐའ་ནི་ཟད་དང་མཇུག་ཆ་དང་། །ཞེས་གསུངས་པའི་ཕྱིར་སྙམ་སྟེ་ད་དུང་དཔྱད་པར་བྱའོ། །ཡམ་ཤུད་དངོས་གྲུབ་ནི་རང་དོན་དུ་ཕྱག་རྒྱ་ཆེན་པོ་ལ་ནམ་སྦྱོར་ཀྱང་རང་དབང་ཡོད་དེ། ཚེ་ལ་དབང་བ་ཡིན་པའི་ཕྱིར། དེ་ལྟར་ཡང་། བདག་གམ་གཞན་ཕྱིར་དབང་ཅན་ཏེ། །ཞེས་པས་མངོན་གསུངས་སོ། །གསུམ་པ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་དྲུག་ལས། དང་པོ་ཐོབ་པའི་རྒྱུ་དུས་ནི། གཅིག་སྤྲོས་ཀྱི་ཏིང་འཛིན་ལ་གོམས་པའི་རྒྱུན་དང་། ལྟ་བ་ལ་ཆེད་དུ་འཛིན་པའི་ཀུན་འགྲོའི་སྒྲིབ་པ་དག་པ་ནི་ངོ་བོའི་རྒྱུ་སྟེ། ཚེ་ལ་དབང་ཐོབ་པའི་ཕྱིར་ཚེ་དབང་ནས་ཕྱག་ཆེན་དུ་འགྱུར་བའི་དུས་ལ་ངེས་པ་ཕྱོགས་གཅིག་ཏུ་གཞག་ཏུ་མེད་དོ། །དེ་ལྟར་ལམ་རིམ་ལས། གཅིག་དང་དུ་མའི་རྣལ་འབྱོར་པས། །འབྱུང་ལུས་སེམས་ཕྱིར་རང་བཞིན་ལྷ། །མཐོང་གོམས་བསགས་པའི་མཐར་བསྒྲུབས་པས། །ཀུན་འགྲོའི་སྒྲིབ་དག་ངོ་བོའི་རྒྱུ། །ཞེས་དང་། ལྷག་མར་བཅས་པ་བསྣུར་བསྒྲུབས་མཐའ། །དེ་ཉིད་གྱུར་པས་ངེས་པ་མེད། །ཅེས་སོ། གཉིས་པ་རང་གི་ངོ་བོ་ནི། བསྒོམ་བྱ་མངོན་དུ་གྱུར་པས་སྔོན་གང་བསྒོམས་ཀྱི་ལྷའི་ཆ་ལུགས་རང་མཚན་པ་འཛིན་ཅིང་མི་གཡོ་བའི་ཏིང་ངེ་འཛིན་གྱིས་ལྷན་ཅིག་གནས་པའི་དྲི་མ་སྦྱང་བ་ལ་ཞུགས་པ་སྟེ། དེ་ལས། རང་སེམས་ཕྱག་རྒྱ་ཆེན་པོ་སྟེ། །བསྒོམ་པ་གང་ཡིན་མངོན་གྱུར་སྐུ། །ཐུམ་མོང་མཆོག་གི་མཚན་དཔེར་ལྡན། །ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། །ཞེས་དང་། ཡེ་ཤེས་སྐུ་ཡི་ཆ་ལུགས་ཅན། །འབྱུང་བ་རྡོ་རྗེའི་ལུས་ལས་གྲོལ། །ཞེས་སོ། །གསུམ་པ་རྣམ་གྲངས་ནི། ཀྲི་ཡའི་རིགས་གསུམ། ཨུ་པ་ཡའི་རིགས་བཞི། ཡོ་གའི་རིགས་ལྔ། མ་ཧཱ་ཡོ་གའི་མཆོག་ལྔ་སྟེ། དེ་ལས། དེ་ཉིད་རིགས་གསུམ་རིགས་བཞི་དང་། །ལྔ་དང་མཆོག་ལྔའི་རིག་འཛིན་པས། །ཞེས་སོ། །བཞི་པ་ཆ་ལུགས་ནི། ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལས་མི་གཡོ་ཞིང་། གཞན་དོན་སྤྲུལ་པའི་ཆ་བྱད་ལ་ངེས་པ་མེད་དེ། རྔོན་དང་སྨད་འཚོང་ལ་སོགས་པར་བསྟན་ནས་དོན་བྱེད་པའི་ཕྱིར། དེ་ལས། མཉམ་གཞག་ངང་ལས་མ་གཡོས་བཞིན། །ཞེས་དང་། རྔོན་དང་སྨད་འཚོང་ལ་སོགས་པ། །སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། །ཅེས་སོ། །ལྔ་པ་མངོན་ཤེས་ཀྱི་ཡུལ་དོན་ནི། མངོན་ཤེས་དྲུག་གི་བྱེ་བྲག་ཉེར་ལྔ་དང་བཅས་པ་ཚེ་དབང་དང་འདྲ་ནའང་། འདིར་གསལ་བརྟན་གྱི་ཁྱད་པར་དུ་བྱས་ཤིང་། ཡུལ་ལོངས་སྐུའི་ཞིང་དང་མཉམ་པས་དོན་ཡང་དེ་སྙེད་དུ་བྱེད་པར་ནུས་པ་སྟེ། དེ་ལས། དྲུག་དང་ལྔ་ཡི་ཡན་ལག་བཅས། །ཤེས་པའང་འདྲ་མོད་བཞི་ཆོ་འཕྲུལ་སོགས་ཀུན། །དེ་སྙེད་ཡུལ་གྱི་ཁྱད་པར་དང་། །དོན་རྫོགས་མཐུ་དང་གདུལ་བྱས་སྤགས། །ཞེས་སོ། །དྲུག་པ་འབྲས་བུ་ནི། རང་གི་དགོངས་པ་མི་གཡོ་བའི་དོན་ལྟ་སྒོམ་གྱིས་གོམས་པར་བྱས་པས་ལྷན་ཅིག་གནས་པ་ཕྲ་མོའི་དྲི་མ་དག་ནས་འབད་བརྩོན་མེད་པར་ལྷུན་གྱིས་གྲུབ་རིག་འཛིན་ནམ། བློ་ཆེན་སངས་རྒྱས་ཀྱི་སར་སྦྱོར་ཏེ། དེ་ལས། རང་གི་མི་གཡོ་མཐོང་གོམས་དང་། །དོན་དུ་གཉེར་རིམ་རྩོལ་བ་ཡིས། །ལམ་ཀུན་རྫོགས་པའི་བྱིན་སྟོབས་ཀྱིས། །རྣལ་འབྱོར་བྲལ་ནས་ལྷུན་གྱིས་གྲུབ། །ལྷན་ཅིག་གནས་པའི་དྲི་མ་དག །རྩོལ་བ་མེད་པར་ལྷུན་གྲུབ་འཐོབ། །ཅེས་དང་། ལམ་ཆུང་ལས། ཁ་ཅིག་ཕྱག་རྒྱ་ཆེན་པོ་ནས། །བླ་མེད་ཀུན་ཏུ་བཟང་པོར་འགྱུར། །ཞེས་སོ། །བཞི་པ་ལྷུན་གྲུབ་རིག་འཛིན་ལ་དྲུག་ལས། དང་པོ་ཐོབ་པའི་རྒྱུ་དུས་ནི། བསྒོམ་ལམ་གྱི་རིགས་ལ་མཐོང་གོམས་ཀྱི་མཐུ་རྫོགས་པས་ཤེས་རབ་གསུམ་གྱིས་ལྷན་ཅིག་གནས་པའི་དྲི་མ་དག་པའི་དུས་ཏེ། ལམ་རིམ་ལས། སྔ་མའི་རིགས་ལ་མཐུ་རྫོགས་པས། །བཤད་པ་བཞིན་དུ་དྲི་མ་སྦྱངས། །སངས་རྒྱས་གཉིས་པའི་ཤེས་རབ་གསུམ། །ལྷུན་གྱིས་གྲུབ་པའི་རིགས་སུ་འགྱུར། །གནས་དེར་སྔོན་བཞིན་གསུམ་རྫོགས་པ། །ལོངས་སྤྱོད་གསང་བའི་ལུང་ཐོབ་ཅིང་། །རང་གི་དགོངས་སྤྱོད་ནུས་པ་ཅན། །ས་མཐར་དབྱུང་བའི་དུས་ལ་བབ། །ཅེས་སོ། །གཉིས་པ་རང་གི་ངོ་བོ་ནི། དབྱེར་མེད་ལམ་གྱི་རྟོགས་པ་མཐར་ཕྱིན་པའི་རང་བཞིན་ཅན་རྫོགས་སངས་རྒྱས་ཀྱི་ས་ཐོབ་ལ་མ་རག་པ་སྟེ། དེ་ལས། དེ་ལྟར་དག་པའི་ཤེས་པ་ཉིད། །སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཛིན། །ལྷུན་མཉམ་ངང་ལས་མི་གཡོ་ཞིང་། །མི་རྟོག་ཉིད་དུ་བཞུགས་པའང་། །བག་ལ་ཉལ་བ་འཇོམས་བྱེད་ཅིང་། །སྐད་ཅིག་རག་ལས་རིག་འཛིན་མཐའོ། །ཞེས་སོ། །གསུམ་པ་རྣམ་གྲངས་ནི། བྱ་རྒྱུད་ཀྱི་རིགས་གསུམ། རྣལ་འབྱོར་རྒྱུད་ཀྱི་རིགས་ལྔ། རྣལ་འབྱོར་བླ་ན་མེད་པའི་སྐུ་ལྔ་ལྷུན་གྲུབ་ཀྱི་རྒྱལ་ཚབ་རྣམ་པ་གསུམ་སྟེ། དེ་ལས། བྱ་བ་ལྷུན་གྲུབ་རྣལ་འབྱོར་གྱི། །རིག་འཛིན་ཆེན་པོ་ནང་རིག་འཛིན། །ཞེས་སོ། །བཞི་པ་ཆ་ལུགས་ནི། སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་ཆེན་པོའི་ཚུལ་འཛིན་པ་སྟེ། དེ་ལས། ཆ་བྱད་རྒྱལ་བ་ཉིད་དུ་སྟེ། །ལྔ་པོ་ལྷུན་གྱིས་གྲུབ་ཕྱིར་ན། །དེ་འདྲ་དེ་ཉིད་རྒྱལ་ཚབ་སྟོན། །ཞེས་སོ། །ལྔ་པ་མངོན་ཤེས་ཀྱི་ཡུལ་དོན་ནི། ཇི་སྙེད་མཁྱེན་པའི་ཡུལ་རྒྱལ་བ་ཉིད་དང་ཤས་ཆེར་འདྲ་ཞིང་ནམ་མཁས་ཁྱབ་ཚད་ཀྱི་དོན་ཡང་ཅི་རིགས་པར་མཛད་དེ། དེ་ལས། ཀུན་མཁྱེན་ཡེ་ཤེས་མངའ་བའི་ཕྱིར། །ཡུལ་ནི་ཚད་མེད་རྒྱལ་བ་ཉིད། །ཇི་ལྟར་མེ་ལོང་ལྟ་བུའི་ཚུལ། །ཞེས་སོ། །དྲུག་པ་འབྲས་བུ་ནི། མཐར་ལམ་གྱི་སྐད་ཅིག་རྒྱུན་མཐའ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བདག་ཏུ་རྟོག་པ་བཟང་ངན་གྱི་མཚན་མ་བག་ལ་ཉལ་ཆ་ཕྲ་བ་ཡང་བཅོམ་སྟེ་རྫོགས་སངས་རྒྱས་ཀྱི་སར་སྦྱོར་བ་ཉིད་དོ། །དེ་ལྟར་ཡང་སྔ་མ་ལས། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བདག་རྟོག་མཚན་མ་ཀུན་བཅོམ་ནས། །རྡོ་རྗེ་དབྱིངས་སུ་ཐིམ་པར་བྱེད། །ཅེས་སོ། །ཞར་བྱུང་དོགས་པ་དཔྱད་པ་ནི། །ཟུར་ཚོ་སྔ་རབས་པ་ཕལ་ཆེར། །མཐར་ལམ་རིག་འཛིན་དེ་མཉམ་པར་བཞག་ཙམ་ན་སངས་རྒྱས་དང་ཁྱད་པར་མེད་ལ། མ་བཞག་ན་ཡོད་པའི་ཕྱིར། མཉམ་པར་བཞག་འཇོག་ཡོད་པ་ཙམ་གྱིས་སངས་རྒྱས་དང་ཁྱད་པར་དུ་བྱས་སོ་གསུངས། ལྷ་རྗེ་རོག །དེ་མི་འཐད་དེ། མཉམ་པར་མ་བཞག་པའི་དུས་སུ་ཁྱད་པར་ཡོད་ན་བཞག་པའི་དུས་སུའང་ཁྱད་ཡོད་དགོས་ཏེ། དེར་ཡང་ཤེས་སྒྲིབ་ཆ་ཕྲ་བ་དེ་ཡོད་པའི་ཕྱིར་ཏེ། གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་ནས་སངས་རྒྱས་ཀྱི་ས་ལ་འགྲོ་བའི་ཕྱིར་གསུངས། ཡང་འདིར་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་ཤེས་སྒྲིབ་སྤང་བའི་ཚེ། །གཉེན་པོས་སྤང་བྱ་སྤང་ངམ། སྤང་བྱ་དག་པའི་ཤུལ་དུ་གཉེན་པོ་སྐྱེ། དང་པོ་ལྟར་ན། རྡོ་རྗེ་ལྟ་བུའི་ཏིང་འཛིན་སྐྱེས་ཙམ་ན་སྤང་བྱའི་ཤེས་སྒྲིབ་ཐ་མ་དེ་ཡོད་དམ་མེད། ཡོད་ན་སྤང་གཉེན་དངོས་འགལ་མ་ཡིན་པར་ཐལ། ཤེས་རྒྱུན་གཅིག་པ་ལྷན་ཅིག་ཏུ་འཚོགས་པའི་ཕྱིར། འདོད་ན། གཉེན་པོ་དོན་མེད་པར་ཐལ་ལོ། །ཡང་། གཉེན་པོ་སྐྱེས་ཙ་ན་སྤང་བྱ་མེད་པའམ་དག་པའི་ཤུལ་དུ་གཉེན་པོ་སྐྱེ་ནའང་དོན་མེད་པར་འགྱུར་ཏེ། སྤང་བྱ་མེད་པའི་ཕྱིར། མུན་པ་སངས་ཤུལ་གྱི་སྣང་བྱེད་བཞིན་ནོ་ཞེ་ན། ལན་དུ་གཉེན་པོ་རྫོགས་པར་སྐྱེ་བ་ལ་ཕྱོགས་པ་ན་སྤང་བྱ་འགག་པ་ལ་ཕྱོགས་པས་དུས་མཉམ་པ་སྟེ། སྤང་གཉེན་ལྷན་ཅིག་རིང་དུ་མི་གནས་པའི་འགལ་སྟོབས་ཀྱིས་སྤང་བྱ་སྤང་བ་ཡིན་པའི་ཕྱིར། དཔེར་ན། སྣང་བས་མུན་པ་སྤང་བ་བཞིན། །ཞེས་གསུངས་སོ། །གཉིས་པ་ལ། མཐར་ཆགས་སུ་དང་། ཐོད་རྒལ་དུ་བརྟག་པའོ། །དང་པོ་ནི། ལྷ་རྗེ་ཁ་རག་པ་སོགས་ན་རེ། ཟག་བཅས་ཟག་མེད་ཀྱི་ལམ་དགུ་པོ་འདི་དག་ལ་རྒྱུའི་ཐེག་པའི་ས་ལམ་དང་གུང་སྦྱོར་ཏེ། དེ་ཏིང་ཚོགས་ལམ་ཆུང་ངུ་ལུས། ཚོར། སེམས། ཆོས། དྲན་པ་ཉེར་བཞག་བཞི་དང་། ཀུན་སྣང་ཚོགས་ལམ་འབྲིང་པོ་ཡང་འདུན། འབད། རྩོལ། བརྩོན་འགྲུས། དག་སྤོང་བཞི་དང་། ཕྱག་རྒྱ་གཅིག་ལ་ཚོགས་ལམ་ཆེན་པོ་འདུན། བརྩོན། སེམས། དཔྱོད། རྫུ་འཕྲུལ་རྐང་བཞི་དང་། སྤྲོས་བཅས་སྦྱོར་ལམ་ཆུང་ངུ་དད། བརྩོན། དྲན། ཏིང། ཤེས་རབ་ཀྱི་དབང་ལྔ། དྲོད་རྩེ་གཉིས་དང་། ཚོགས་སྒྲུབ་སྦྱོར་ལམ་ཆེན་པོ་སྟོབས་ལྔ། བཟོད་པ་ཆོས་མཆོག་གཉིས་དང་། རྣམ་སྨིན་མཐོང་ལམ་དང་པོ་དང་། ཚེ་དབང་ས་དང་པོའི་བདེན་པ་མཐོང་བ་དང་། ཕྱག་ཆེན་ས་གཉིས་པ་ནས་དགུ་པའི་བར་དང་། ལྷུན་གྲུབ་རིག་འཛིན་ས་བཅུ་ཆོས་ཀྱི་སྤྲིན་དང་ལོ་ཚོད་མཉམ་པ་ཡིན་གསུངས། དེ་ལ་ཉང་ཊཱིཀ་པ་ན་རེ། དེ་སྐད་དུ་རྒྱུའི་ཐེག་པ་དང་གུང་སྦྱོར་བ་ནི་འཐད་པ་མ་ཡིན་ཏེ། ལམ་ལ་བགྲོད་ཚུལ་ཐ་དད་པ་ཙམ་ལས་ཐུན་མིན་གྱི་ཁྱད་པར་མེད་པར་འགྱུར་ཞིང་། གཞན་ཡང་འདིར་སེམས་སྐྱེ་བའི་སྐྱེ་སར་བཤད་པ་དང་ཡང་འགལ་བས་རྡོ་རྗེ་ཐེག་པ་ན་བབ་ཀྱིས་བཤད་པའི་སྐྱོན་དུ་འགྱུར་པའི་ཕྱིར་རོ་གསུངས། ཁོ་བོ་ནི། རྒྱུ་འབྲས་ཀྱི་ས་རྣམས་དགོངས་པ་མཉམ་པར་བཤད་ན་སྐྱོན་དུ་འགྱུར་གྱི། ལོ་ཚོད་བསྟུན་པ་ཙམ་ལ་སྐྱོན་མེད་དམ་སྙམ་མོ། །གཉིས་པ་ཐོད་རྒལ་གྱི་ལམ་ལ། གང་ནས་འབྱུང་བའི་ས། གང་ལྟར་བྱུང་བའི་གོ་བ། དེ་ལྟར་འབྱུང་མི་འབྱུང་གི་རྒྱུ་མཚན། ཇི་ལྟར་འབྱུང་བའི་ཚུལ། ཞར་ལ་ལོག་རྟོག་བསལ་བའོ། །དང་པོ་ནི། ཟག་བཅས་ཀྱི་ལམ་གྱི་ཕྱག་རྒྱ་གཅིག་སྤྲོས་གཉིས་དང་། ཟག་མེད་ཀྱི་ཚེ་དབང་དང་། ཕྱག་ཆེན་གཉིས་ནས་འབྱུང་སྲིད་ཀྱི། །ཁྱབ་པ་ནི་མེད་དོ། །གཉིས་པ་ནི། ལམ་བར་ནས་བོར་ཏེ་གོང་མ་ལ་མཆོངས་ནས་སྦྱོར་བ་ཞིག་གོ། །གསུམ་པ་ནི། ཐོད་རྒལ་འབྱུང་བ་ལ་ལམ་རིམ་གྱིས་པ་གང་ཞིག །ཆོས་གསུམ་དང་ལྡན་དགོས་ཏེ། དེ་ལས་གཞན་དུ་མི་འབྱུང་ངོ་། །ཆོས་གསུམ་གང་ཞེ་ན། ལམ་གཞན་བར་ནས་བོར་དུ་ཡོད་པ། ངང་གི་བློ་ཆེ་བ། སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་བསྒོམ་ནུས་པ་དང་གསུམ་གཞི་གཅིག་ལ་ཚོགས་པའོ། །བཞི་པ་ནི། རྒྱུ་མཚན་དེའི་ཕྱིར། དེ་བཞིན་ཉིད་དང་། ཀུན་སྣང་བསྒོམ་པའི་རྣལ་འབྱོར་པ་བློ་ཆེ་བ་ཞིག །ལམ་གཅིག་སྤྲོས་ཚོགས་གསུམ་བར་ནས་བོར་དུ་ཡོད་ཀྱང་། དབྱེར་མེད་བསྒོམ་པའི་ལམ་པ་མ་ཡིན་པའི་ཕྱིར་ཐོད་རྒལ་མི་འབྱུང་ལ། ཟག་བཅས་ཚོགས་བསྒྲུབ་བློ་ཆེ་ཤོས་དང་། ཟག་མེད་ལྷུན་གྲུབ་རིག་འཛིན་བློ་ཆེ་ཤོས་གཉིས་ནི་ངང་གིས་བློ་ཆེ་བ་དང་། དབྱེར་མེད་བསྒོམ་པའི་ལམ་པ་ཡིན་ཀྱང་། ལམ་བར་ནས་བོར་དུ་མེད་པའི་ཕྱིར། ཐོད་རྒལ་མི་འབྱུང་། རྣམ་སྨིན་ནི་དབྱེར་མེད་བསྒོམ་པའི་ལམ་པའང་ཡིན། ལམ་བར་ནས་བོར་རྒྱུའང་རྒྱ་ཆེན་ལྷུན་གྲུབ་གཉིས་ཡོད་ཀྱང་། ངང་གིས་བློ་ཆུང་བའི་ཕྱིར་ཐོད་རྒལ་མི་འབྱུང་ངོ་། །ལྔ་པ་ནི། ཁ་ཅིག་ན་རེ། ཚོགས་བསྒྲུབ་ནས་ཀྱང་ཐོད་རྒལ་འབྱུང་སྟེ། རྒྱུད་ལས། གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ། །ཞེས་ཚོམ་བུ་གཅིག་པ་ནས་ཕྱག་ཆེན་ལ་སྤྱོར་བ་དང་། རིག་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་ཚོམ་བུ་གསུམ་པ་ནས་ལྷུན་གྲུབ་ལ་སྦྱོར་བ་དང་། དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། །ཅེས་ཚོམ་བུ་ལྔ་པ་ནས་སངས་རྒྱས་སར་སྦྱོར་བར་བཤད་པའི་ཕྱིར་དང་། ལམ་ཆུང་ལས་ཀྱང་། ཕྱག་རྒྱ་གཅིག་བརྟེན་འཕོ་བ་ཡང་། །ཁྱུང་དང་སེང་གེ་ཇི་བཞིན་ནོ། །སྤྲོས་ཚོགས་སྐབས་ནས་སྨོས་ཅི་དགོས། །ཞེས་གསུངས་པའི་ཕྱིར་ཟེར་བ་ནི། མི་འཐད་དེ། རྒྱུད་ཀྱི་ལུང་ཚན་གསུམ་ནི། ཚོགས་བསྒྲུབ་ཀྱི་དུས་ཚོམ་བུ་གཅིག་གསུམ་ལྔ་པ་བསྒྲུབས་པས་ཐོབ་པའི་ཚེ་དབང་དེ་རིམ་པ་ལྟར། རྒྱ་ཆེན། མཐར་ལམ། སངས་རྒྱས་ལ་སྦྱོར་བའི་ལུང་དང་། ལམ་ཆུང་གི་ལུང་དོན་ཀྱང་། ཕྱག་རྒྱ་གཅིག་པ་བརྟེན་རྣམ་སྨིན་དུ་ཐོད་རྒལ་གྱི་འཕོ་བའང་དཔེ་དེ་བཞིན་ཡིན་ན། སྤྲོས་བཅས་དང་ཚོགས་བསྒྲུབ་ནས་སྦྱོར་བ་ནི་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའི་དོན་ཡིན་གྱི། ཚོགས་བསྒྲུབ་ནས་ཐོད་རྒལ་འབྱུང་བའི་ལུང་མ་ཡིན་ཏེ། གལ་ཏེ་ཡིན་ན། ཟག་མེད་ཀྱི་ལམ་གྱི་འདུ་ས་དང་དབྱེ་ས་མཐོང་ལམ་མ་ཡིན་པར་ཐལ། ཚོགས་བསྒྲུབ་ན་ཐོད་རྒལ་འབྱུང་བའི་ཕྱིར། འདོད་མི་ནུས་ཏེ། ལམ་རིམ་ལས། ལམ་མཆོག་དབྱེ་ས་གཅིག་ཡིན་ནོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར། འོ་ན་ཚེ་དབང་གི་འབྲས་བུ་ལ་བཟང་ངན་ཡོད་པར་ཐལ་ཟེར་ན། ལྷ་ལ་བཟང་ངན་མེད་ཀྱང་ལམ་པའི་བློ་ལ་ཆེ་ཆུང་ཡོད་པས་རྒྱུ་ཚོགས་བསྒྲུབ་པའི་དུས་ཀྱི་ལྷ་མང་ཉུང་གི་བྱེད་པས་འབྲས་བུ་ལམ་གོང་མ་ལ་སྦྱོར་བའི་དུས་སུ་མཐོ་དམན་བྱུང་བ་ཡིན་ནོ། །འོ་ན་ཚོམ་བུ་གཅིག་གསུམ་ལྔ་པས་བསྒྲུབས་པའི་རྣམ་སྨིན་ལའང་བློ་རབ་འབྲིང་ཐ་གསུམ་ཡོད་པར་འགྱུར་ལ། དེ་ཡོད་ན་རྣམ་སྨིན་ནས་ཀྱང་ཐོད་རྒལ་འབྱུང་བར་ཐལ་ཞེ་ན། ཟུར་བྱམས་པ་སེང་གེའི་ཞལ་ནས། །རྣམ་སྨིན་རིག་འཛིན་གྱིས་དངོས་འབྲས་ཕྱག་ཆེན་ཁོ་ན་ལས་མི་འཐོབ་ཀྱང་། བརྒྱུད་འབྲས་ལམ་གོང་མ་ལ་སྦྱོར་བ་ལ་དུས་མྱུར་བུལ་གྱི་བློ་ཁྱད་ཡོད་པའི་ཕྱིར། ཅི་འགལ་ཏེ་ཁྱབ་པ་མེད་དོ་གསུངས། རྒྱ་གབ་གོང་པ་ན་རེ། ཚོགས་བསྒྲུབ་མཚན་ཉིད་པ་བློ་ཆེན་ནས་ཐོད་རྒལ་འབྱུང་བ་མི་སྐྱོན་ཏེ། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་པས་ཚོགས་བསྒྲུབ་བློ་ཆེ་ཤོས་ཀྱིས་ཟག་བཅས་སུ་ཆོས་ཉིད་བདེན་པ་མཐོང་ནས་ཟག་མེད་ལ་མཐོང་ལམ། རྣམ་སྨིན་དང་། ཚེ་དབང་གཉིས་ཀ་ལ་ལྟོས་མི་དགོས་པ་ཡོད་གསུངས་པའང་མི་རིགས་ཏེ། ལམ་ཆུང་གི་ལུང་ནི་ནུས་པ་མ་ཐོབ་པ་རྣམ་སྨིན་དང་ནུས་ཐོབ་ཚེ་དབང་ཡིན་པ་འོག་ཏུ་འཆད་ལ། ཟག་བཅས་སུ་ཆོས་ཉིད་ཀྱི་བདེན་པ་མཐོང་བའང་རང་མཚན་མཐོང་བ་ལ་དགོངས་པ་ཡིན་ན་དེའང་རིགས་པ་མ་ཡིན་ཏེ་སྔར་བཤད་གྲུབ་བོ། །གསུམ་པ་ལ། ཟག་བཅས་ཟག་མེད་ཀྱི་རྩ་བར་སྤྱིར་བཤད། དེ་དང་རྗེས་སུ་འབྲེལ་བའི་དོན་ཟག་ལྡོག་ཡོད་མེད་ཀྱི་ས་མཚམས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཀུན་ནས་ཉོན་མོངས་པ་དང་བཅས་པའི་ལས་ཀྱིས་ཀུན་ནས་བསླངས་ཏེ་ཁམས་གསུམ་དུ་ཟག་ཅིང་འཕོ་བའི་ཕྱིར་ཟག་བཅས། དེ་ལས་ལྡོག་པ་ནི་ཟག་མེད་དེ། སྤར་ཁབ་ལས། དེ་དག་འཇིག་རྟེན་པ་ལ་ཡོད་པ་ནི་འཛིན་པའི་ཕྱིར་ཟག་པར་འགྱུར་ལ། ཞེས་སོ། །བྱེ་བྲག་ཏུ། ཞེན་པ་ཕྱིན་ཅི་ལོག་གི་སྒྲོ་བཏགས་ཉོན་མོངས་པའི་དང་། ལུས་རང་དབང་མེད་པར་འདོར་བ་ལུས་ཀྱི་དང་། དེ་མི་བདེ་རང་དབང་མེད་པར་མྱོང་བ་ཁམས་ཀྱི་དང་། ལས་ཀྱི་སྟོབས་ཀྱིས་རང་དབང་མེད་པར་ལུས་ལེན་པ་སྐྱེ་གནས་ཀྱི་ཟག་པའོ། །དེའང་ཉོན་མོངས་པའི་འཛིན་པ་ནི་གཙོ་བོ་སྟེ། དེས་འཁོར་བར་ཟག་པའི་རྒྱུའི་ས་བོན་གྲུང་པོར་འགྱུར་བའི་ཕྱིར། བྲན་ནི་ཕྱི་མ་གསུམ་སྟེ། དེ་ཙམ་གྱིས་འཁོར་བར་འཆིང་མི་ནུས་པའི་ཕྱིར་རོ། །གཉིས་པ་ལ། སྤྱིར་ཟག་ལྡོག་ཡོད་མེད་ཀྱི་མུ་བཞི་སྟེ། ཟག་པ་མེད་ལ་ལྡོག་པ་ཡོད་པའི་ལམ། །ཟག་ལྡོག་གཉིས་ཀ་ཡོད་པའི་ལམ། །ཟག་པ་ཡོད་ལ་ལྡོག་པ་མེད་པའི་ལམ། །ཟག་ལྡོག་གཉིས་ཀ་མེད་པའི་ལམ་མོ། །དང་པོ་ནི། ཐེག་པ་ཆུང་ངུའི་མཐར་ཐུག་གི་འབྲས་བུ་ཟག་མེད་དགྲ་བཅོམ་པ་གང་ཞིག །སྔགས་ཀྱི་ཐེག་པ་ལ་ཞུགས་ནས་ཚོགས་སྦྱོར་གྱི་ལམ་ལ་གནས་པ་དེའོ། །གཉིས་པ་ནི། ཚོགས་ལམ་གྱི་རྣལ་འབྱོར་བཞི་སྟེ། ལམ་རིམ་ལས། རྡོ་རྗེ་སེམས་དཔའི་བཀས་བཤད་པའི། །སྡོམ་པའི་རྩ་བ་ཐམས་ཅད་ཀུན། །དེ་བཞིན་ཉིད་དུ་མ་བསྲུངས་ན། །ཡཀྵ་ཁྲོ་བོ་མེ་དབལ་གྱིས། །སྙིང་ནས་དྲངས་ཏེ་ཁྲག་འཐུང་བས། །ངན་སོང་གསུམ་དུ་སྐྱེ་བར་འགྱུར། །དེ་ཡི་སྡུག་བསྔལ་བཟོད་གླགས་མེད། །དེ་ཕྱིར་ལམ་བཞིར་ཟག་ལྡོག་ཡོད། །ཅེས་སོ། །དེ་ལྟར་ན། ལྟ་བའི་སྐབས་སུ། དངོས་གྲུབ་མཆོག་གི་སྙིང་པོ་དེ། །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། །དང་པོ་དོན་རྟོགས་མཐའ་མི་གཏོང་། །ཞེས་ལྟ་བ་རྟོགས་ནས་འཁོར་བར་མི་ལྡོག་པར་བཤད་ན། འདིར་སྤྲོས་པ་ནས་ལྡོག་པར་བཤད་པ་ནང་འགལ་ལོ་ཞེ་ན། སྐྱོན་མེད་དེ། སྔ་མ་ནི་ཅིག་ཅར་བས་དང་པོ་ཉིད་ནས། དབྱེར་མེད་ཆིག་ཆོད་དུ་རྟོགས་པའི་ཡོན་ཏན་བརྗོད་པ་ཡིན་ལ། ཕྱི་མ་ནི་རིམ་གྱིས་པས་ད་དུང་ལྟ་བ་རང་མཚན་མ་རྟོགས་པས་ཉེས་པ་ཡིན་ནོ། །གསུམ་པ་ནི། ཚོམ་བུ་ཚོགས་བསྒྲུབ་སྟེ། རྟོགས་གོམས་དང་ལྡན་པས་འབྲས་བུ་དུས་གྲངས་བཞིན་དུ་ཟག་མེད་དུ་སྦྱོར་བ་ལ་སྐད་ཅིག་གཞན་གྱིས་བར་མ་ཆོད་པའི་ཕྱིར། ད་ལྟ་ཟག་བཅས་ཡིན་ཀྱང་དེས་ཕྱི་མའི་རིགས་མཐུན་གྱི་འབྲས་བུ་མི་བསྐྱེད་པས་ལྡོག་པ་མེད་དེ། བར་ཆད་མེད་པར་སྦྱོར་བ་ཡི། །ཞེས་སོ། །ཡང་ན་འདིའང་བར་དོར་ཟག་མེད་མ་ཐོབ་ཀྱང་ཚོགས་བསྒྲུབ་ཀྱི་ཡོན་ཏན་གྱིས་ངན་འགྲོར་མི་ལྡོག་པ་སྟེ། ཐུན་མོང་གི་སྦྱོར་ལམ་བཟོད་པ་ཐོབ་པ་བཞིན་ནོ། །བཞི་པ་ནི། རིག་འཛིན་བཞི་སྟེ། རྣམ་སྨིན། ལམ་མཆོག་ཡོངས་རྫོགས་ཀྱི་ཚེ་དབང་། ཕྱག་ཆེན། ལྷུན་གྲུབ་རིག་འཛིན་ཏེ། ཐུགས་ཐིག་ལས། དེ་ནས་བཞི་ཡིས་ཟག་དང་བྲལ། །ཞེས་དང་། ལམ་རིམ་ལས། ཟག་ཀུན་ཟད་པའི་རིགས་ཆེན་འདི། །ཇི་ལྟར་སྤྱད་ཀྱང་ལྡོག་པ་མེད། །ཅེས་སོ། །འདིར་ཁ་ཅིག་ན་རེ། རྣམ་སྨིན་རིག་འཛིན་ཟག་མེད་དུ་མི་འཐད་དེ། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་མ་སྤངས་པའི་ཕྱིར་ཟེར་བ་ལ། ལན་དུ་ལྷ་རྗེ་ཡང་ཁྱེད་ན་རེ། ཟག་བཅས་ཡིན་ཡང་ཟག་མེད་ཀྱི་ཁོངས་སུ་གདབ་སྟེ། དཔེར་ན་སྐྱེས་བུའི་གནད་དུ་མཚོན་བསྣུན་པ་བཞིན་གསུངས་པ་མི་འཐད་དེ། ཟག་པ་དང་མ་བྲལ་བར་དུ་ཟག་མེད་དུ་བགྲང་མི་རིགས་པས་སོ། །ཟག་མེད་དུ་འགྱུར་ངེས་པའི་ཕྱིར་ཞེ་ན། ཚོགས་བསྒྲུབ་སྐད་ཅིག་རྒྱུན་མཐའ་ཡང་དེར་ཐལ་ལོ། །དཔེའང་མ་གྲུབ་སྟེ། སྐྱེས་བུ་མ་ཤིའི་བར་དུ་གཤིན་པོའི་ཁོངས་སུ་ཅིའི་ཕྱིར་འདེབས། འཆི་ངེས་པའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་དེར་ཐལ་ལོ། །ཁྱབ་པ་མེད་དེ། མྱུར་དུ་འཆི་བའི་ཕྱིར་ཟེར་ན། སྲིན་བུའི་རིགས་ཀྱི་ཉི་ཚེ་བའི་སེམས་ཅན་ཡང་དེར་ཐལ་ལོ། །ལྷ་རྗེ་མདའ་ཏིག་ན་རེ། ཟག་བཅས་སུ་འགྲོ་བ་ལ་ཟག་པ་གསུམ་ཀ་ཚང་མི་དགོས་པས་ལུས་ཀྱི་ཟག་པ་འདུག་པའི་ཕྱིར་ཟག་བཅས་སུ་འདེབས་གསུངས། འོ་ན། རྣམ་སྨིན་མྱང་འདས་ཡིན་ནམ་མིན། མ་ཡིན་ན། མྱ་ངན་འདས་པར་སྨིན་ཞེས་བརྗོད། ཅེས་པ་དང་འགལ། ཡིན་ན་མྱང་འདས་ཟག་བཅས་སུ་ཐལ་ལོ། །འདོད་མི་ནུས་ཏེ། ཟག་པ་ཟད་ནས་མྱ་ངན་འདས། །ཞེས་པས་གསལ་ལོ། །དེ་བས་ན། རང་ལུགས་ནི། རོག་བདེ་གཤེགས་ཆེན་པོའི་རྗེས་སུ་འབྲངས་ཏེ། རྣམ་སྨིན་ལ་མྱ་ངན་འདས་ཀྱི་དང་པོ་མཐོང་ལམ་གྱིས་ཁྱབ་ཅིང་། མཐོང་ལམ་ལ་ཉོན་སྒྲིབ་སྤངས་པས་ཁྱབ་པའི་ཕྱིར་ཟག་མེད་དུ་གཞག་པར་བྱ་སྟེ། མྱ་ངན་འདས་པར་སྨིན་ཞེས་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་ཚེ་དབང་རིག་འཛིན་དང་ལམ་གཅིག་ལ་གནས་པའི་ཕྱིར། སོ་སོར་ཕྱེ་བ་ལ་དོན་མེད་དོ་ཞེ་ན། དེ་ནི་རྣམ་སྨིན་གྱིས་ཀྱང་ཆོས་ཉིད་ཀྱི་བདེན་པ་མཐོང་མོད་ཀྱི། འོན་ཀྱང་འབྱུང་ལུས་རགས་པ་འབྱུང་བ་དྭངས་མའི་ལུས་སུ་བསྒྱུར་མ་ནུས་པའི་ཕྱིར། ཚེ་དབང་དང་བདེན་པའི་མཐོང་ཚུལ་ལ་ནུས་སྟོབས་ཆེ་ཆུང་ཡོད་པར་མངོན་ཏེ། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་སོ། །དེའི་ཕྱིར་ནུས་པ་མ་ཐོབ་པའི་མཐོང་ལམ་ནི། རྣམ་སྨིན་ཡིན་ཏེ། ལུས་རང་དབང་མེད་པར་འདོར་བའི་ཕྱིར་རོ། །དེའང་ལམ་ཆུང་ལས། སྟོབས་ཆུང་རྐྱེན་སྨོན་ཞན་པའི་ཕྱིར། །རྣམ་རྟོག་འབྱུང་བའི་ལྷག་ལུས་བཞག །ཅེས་དང་། རྡོ་རྗེ་ལས་ཀྱང་། བྲོ་གླུ་གར་དང་ཏིང་འཛིན་ཐབས། །བར་ཆད་མེད་པས་བསྒྲུབ་པར་བྱ། །གལ་ཏེ་འདོད་པ་མ་རྫོགས་པར། །སྒྱུ་མའི་ལུས་དེ་མ་བརྟན་ན། །ཡིད་ཀྱིས་རྡོ་རྗེ་གསུམ་གནས་པས། །རྣམ་པར་སྨིན་པའི་རིག་འཛིན་ཏེ། །ཕྱིན་ཆད་འཇིགས་བྲལ་ཁྱུང་བཞིན་ནོ། །ཞེས་སོ། །ནུས་ཐོབ་ཀྱི་མཐོང་ལམ་ནི་ཚེ་དབང་སྟེ། རྡོ་རྗེའི་ལུས་སུ་གྱུར་བའི་ཕྱིར། ལམ་རིམ་ལས། རྡོ་རྗེའི་ལུས་འགྱུར་ཚེ་ཡི་རིག །མཐོང་བའི་ཆོས་ལ་མྱ་ངན་འདའ། །ལུས་མ་བོར་བར་རྒྱལ་བའི་ས། །འཇིགས་པ་ཀུན་བྲལ་ཆོ་འཕྲུལ་རྫོགས། །ཞེས་སོ། །འདིར་རྒྱལ་བ་གཡུང་ནི། དུས་འཁོར་ལས་མཚན་མ་གསུམ་མཐོང་བར་བཤད་པའི་མཚན་མ་དང་པོ་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཡ་གྱལ་གཅིག་འགགས་པ་ན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པ་ཆོས་ཉིད་བདེན་པའི་ཆ་ཤས་མཐོང་བ་ཡིན་ལ། མཚན་མ་བར་པ་ནི་ལས་རླུང་གཅིག་འགགས་གཉིས་འགགས་ཀྱིས་སྟོང་བརྒྱད་བརྒྱ་འགགས་པ་ན་གསང་གནས་ཀྱི་རྩ་མདུད་གཅིག་གྲོལ་བ་དང་ཆོས་ཉིད་བདེན་པ་མངོན་སུམ་དུ་མཐོང་བས་ས་དང་པོ་ནོན་པར་བཤད་པ་ལྟར། འདིར་ཡང་རྣམ་སྨིན་བདེན་པའི་ཆ་ཤས་དང་། ཚེ་དབང་རང་མཚན་མཐོང་བ་ཡིན་ཞེས་གསུངས་སོ། །དེས་ན་སྔགས་ཀྱི་ལུགས་ཀྱི་ནུས་པ་མ་ཐོབ་པའི་མཐོང་ལམ་རྣམ་སྨིན་དང་། མཚན་ཉིད་ཐེག་པའི་རབ་དགའ་གཉིས་དགོངས་པ་མཉམ་པར་ངེས་ཏེ། ནུས་ཐོབ་ཀྱི་ཚེ་དབང་ནི་ཕར་ཕྱིན་ཐེག་པའི་ས་དང་པོ་དང་མཐོང་ལམ་ཙམ་དུ་སྐལ་བ་མཉམ་ཀྱང་དགོངས་པ་ས་བརྒྱད་པའི་བྱང་སེམས་དང་མཉམ་པར་བཞེད་པའི་ཕྱིར་རོ། །དེས་མཚོན་ནས་རྒྱུའི་ཐེག་པའི་ས་བརྒྱད་པ་དང་ཕྱག་རྒྱ་ཆེན་པོ་གཉིས། བསྒོམ་ལམ་ཙམ་དུ་སྐལ་བ་མཉམ་ཀྱང་དགོངས་པ་རྒྱུའི་མཐར་ལམ་དང་མཉམ་པ་དང་། རྒྱུའི་ཐེག་པའི་ས་བཅུ་པའི་བྱང་སེམས་དང་ལྷུན་གྲུབ་རིག་འཛིན་གཉིས་མཐར་ལམ་ཙམ་དུ་སྐལ་པ་མཉམ་ཡང་དགོངས་པ་ཀུན་ཏུ་འོད་དང་མཉམ་པ་སྟེ། དགོངས་འདུས་ལས། རྒྱུ་ཡི་དང་པོར་སྐལ་མཉམ་ཡང་། །དགོངས་སྤྱོད་རྒྱ་མཚོའི་ཁྱད་པར་གྱིས། །ཞེས་སོགས་དང་། ལམ་ཆུང་ལས་ཀྱང་། དེ་ཡང་དང་པོ་དང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་མཆོག་དེ། །བརྒྱད་པའི་སེམས་དཔར་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོད། །དགོངས་སྤྱོད་རྒྱ་མཚོས་ཁྱད་པར་འཕགས། །ཞེས་སོ། །དོན་འདི་ལ་དགོངས་ནས་གནུབས་ཆེན་གྱིས། ཀུན་ཏུ་འོད་བསྟི་གནས་ཀྱི་སའོ། །དེ་ནི་འདིར་ལྷུན་གྱིས་གྲུབ་པའི་རིག་འཛིན་དངོས་སོ། །ཞེས་གསུངས་སོ། །མདོར་ན་འདི་དག་གིས་རྡོ་རྗེ་ཐེག་པའི་ཁྱད་པར་གྱི་ས་བཅུ་བསྡུས་པར་མ་ཟད། མཚན་ཉིད་ཐེག་པའི་སའི་ཡོན་ཏན་རྣམས་ཀྱང་བསྡུས་པར་ཤེས་པར་བྱ་སྟེ། དེ་ཡང་རྒྱུའི་ཐེག་པ་སྤྱི་ལ་གྲགས་པར་ཕ་རོལ་ཏུ་ཕྱིན་པ་བཅུའི་སྒོ་ནས་ས་བཅུ་རིམ་གྱིས་བགྲོད་པར་བཞེད་པ་ལྟར། འདི་ཉིད་ལས། ཕ་རོལ་ཕྱིན་པ་ཀུན་ཏུ་རྫོགས། །ཞེས་པས་འདིའི་ལྟ་སྤྱོད་ལ་དུས་གཅིག་ཏུ་རྫོགས་ཏེ། དེའང་ལྟ་བ་ལ་རྫོགས་ཚུལ་ནི། གཉིས་སུ་མེད་པའི་དོན་མཐར་ཕྱིན་པའི་དུས་ན། གང་ལ་ཡང་མི་འཛིན་པས་སྦྱིན་པ། ཅི་ལའང་མ་ཆགས་པས་ཚུལ་ཁྲིམས། གཉིས་མེད་ཀྱི་དོན་ལ་མི་སྐྲག་པས་བཟོད་པ། དེའི་ངང་ལས་མི་གཡོ་བས་བསམ་གཏན། དེ་ཉིད་ལས་དུས་ཐམས་ཅད་དུ་མ་ཡེངས་པས་བརྩོན་འགྲུས། རང་རིག་ཏུ་གསལ་བས་ཤེས་རབ། །དེ་མངོན་དུ་གྱུར་པས་སྨོན་ལམ། །འབྲས་བུ་གཞན་ནས་མི་འཚོལ་བས་ཐབས། ལྟ་ངན་ཟིལ་གྱིས་གནོན་པས་སྟོབས། ཡེ་ཇི་བཞིན་པའི་དོན་མངོན་དུ་གསལ་བས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྤྱོད་པ་ལ་རྫོགས་ཚུལ་ནི། ཕ་རོལ་ཏུ་ཕྱིན་པ་བཅུ་སྤྱོད་ལ་མི་འཛིན་པས་གཉིས་མེད་དོ། །གཞན་ཡང་། ས་ཡི་ཁྱད་པར་བཅུ་དང་གསུམ། །རྒྱུ་འབྲས་ཁྱད་པར་ལྷུན་གྱིས་གྲུབ། །ཅེས་པའི་གསུམ་ནི་སྔགས་རང་གཞུང་གི་འབྲས་བུའི་ས་གསུམ་ཡིན་ལ། དེ་ལྷག་རྒྱུ་འབྲས་ཀྱི་ཐེག་པའི་ས་བཅུ་ཆ་གཉིས་སུ་དོན་གྱིས་འགྱུར་བ་ལས། རྒྱུའི་ཐེག་པའི་ས་བཅུ་ག་ཡང་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པའི་ཡེ་ཤེས་གཅིག་ལ་རྫོགས་པར་འགྱུར་ཏེ། མཉམ་པ་ཉིད་རང་མཚན་མཐོང་བས་དང་པོར་རབ་ཏུ་དགའ་བ། མཐའི་ལྟ་ངན་དག་པས་གཉིས་པ་དྲི་མ་མེད་པ། སེམས་ཉིད་རང་གསལ་བས་འགྲོ་དོན་མི་འགོག་པས་གསུམ་པ་འོད་བྱེད། རང་རིག་ཐམས་ཅད་དུ་སྣང་བས་བཞི་པ་འོད་འཕྲོ། དོན་གཉིས་དུས་གཅིག་ཏུ་བྱེད་པས་ལྔ་པ་སྦྱང་དཀའ། སེམས་ཉིད་ཡུལ་མེད་དུ་རང་གསལ་བས་དྲུག་པ་མངོན་དུ་གྱུར་པ། མཐའི་ལྟ་བ་ལས་རིང་དུ་སོང་བས་བདུན་པ་རིང་དུ་སོང་བ། གཡེང་བའི་ཡུལ་མ་དམིགས་པས་བརྒྱད་པ་མི་གཡོ་བ། ཡོན་ཏན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་མངའ་བས་དགུ་པ་ལེགས་པའི་བློ་གྲོས། ཡོན་ཏན་དེ་དག་གི་འབྱུང་གནས་སུ་གྱུར་པས་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱའོ། །དེ་དག་ནི་འཕྲོས་དོན་དུ་བརྗོད་པ་སྟེ་སྤྲོས་པས་ཆོག་གོ། །གཉིས་པ་གྲོལ་ལམ་ཅིག་ཅར་བ་ལ། དགོས་ཆེད། ངོ་བོ། རྣམ་གྲངས་རྣམ་པར་དབྱེ་བས་གཏན་ལ་དབབ་པའོ། །དང་པོ་ནི། དབང་པོ་ཡང་རབ་ཀྱིས་འབྲས་བུ་མྱུར་དུ་ཐོབ་པའི་ཆེད་དུའོ། །གཉིས་པ་ནི། རྟོགས་གོམས་ཆིག་ཆོད་དུ་མཐར་ཕྱིན་པར་བྱེད་པའོ། །གསུམ་པ་ལ། སྔར་ལྟར་མཚན་ཉིད་གསུམ་ལས། དང་པོ་ལྟ་བ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་དབྱེར་མེད་ཆིག་ཆོད་དུ་རྟོགས་པས་གཞལ་བྱ་དང་གཏན་ཚིགས་ལ་སོགས་པའི་ཐ་སྙད་ཀྱིས་སྟོངས་པ་སྟེ། ལམ་རིམ་ལས། ཆོས་དང་ཆོས་ཅན་ཀུན་བྲལ་བར། །འཁོར་འདས་རང་སྤྱི་དབྱེར་མེད་དུ། །མི་ཕྱེད་རྡོ་རྗེ་ཐུགས་མཆོག་གོ། །ཞེས་སོ། །གཉིས་པ་ཏིང་ངེ་འཛིན་ལ། མཚན་མེད་དེ་བཞིན་ཉིད་བསྒོམ་པའི་དང་། མཚན་བཅས་ལྷ་བསྒོམ་པའི་ཅིག་ཅར་བའོ། །དང་པོ་ནི། ཞི་གནས་ལྷག་མཐོང་དབྱེར་མེད་ཡོངས་རྫོགས་སུ་གསལ་བ་སྟེ། བླ་མ་ལས། ཐིག་ལེ་ཆེན་པོའི་རང་བཞིན་ལ། །བསྒོམ་པ་རྣམ་གསུམ་དུས་གཅིག་རྫོགས། །ཞེས་དང་། ཁོག་གཞུང་ལས། བསྒོམ་པའི་རིམ་པ་བསླབ་བྱ་བྲལ། །མ་བཅོས་ཇི་བཞིན་ངང་བཞག་དང་། །ལྷུན་གྲུབ་དཀྱིལ་འཁོར་འབྱུང་བའི་ཕྱིར། །མི་གནས་གནས་ལ་གནས་པར་བསྒོམ། །ཞེས་སོ། །གཉིས་པ་ནི། ཆོ་གའི་ཡན་ལག་ལ་མ་ལྟོས་པར་སྐད་ཅིག་དྲན་རྫོགས་སུ་བསྐྱེད་ཅིང་གསལ་བ་སྟེ། རྒྱས་པ་ལས། སྐད་ཅིག་སྐུར་གསལ་འོད་དུ་འབར། །སྙིང་པོ་བརྗོད་པས་འཁོར་ལོར་ཤར། །ཞེས་སོ། །གསུམ་པ་འབྲས་བུ་ནི། རིགས་འཛིན་བཞིའི་ཆར་གཏོགས་པའི་ཡེ་ཤེས་ཆིག་ཆོད་དུ་མངོན་དུ་གྱུར་པ་ཏེ། འདི་ཉིད་ལས། མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །ཞེས་དང་། བྱེ་བྲག་བསྟན་པ་ལས། རིམ་བྲལ་དེ་ཉིད་གསལ་གྱུར་འབྲེལ། །སྐབས་ཀྱི་རྫོགས་པ་ཆེན་པོར་བརྗོད། །ཅེས་གསུངས་སོ། །གཉིས་པ་ཐབས་ལམ་ལས། གདམས་ངག་སྟེང་དང་འོག་གི་སྒོ། །ཞེས་པས་གཉིས་ཏེ། རིམ་གྱིས་པ་སྟེང་སྒོ་དང་། ཅིར་ཅར་བ་འོག་སྒོའོ། །དང་པོ་ནི། འཁོར་ལོ་དྲུག་ལ་བརྟེན་ནས་རྔུབ་དགང་བསྐྱིལ་དབབ་ལ་སོགས་ཏེ་གཏུམ་མོ་ཡེ་ཤེས་ཀྱི་མེ་དང་། ཐིག་ལེ་བྱང་ཆུབ་ཀྱི་སེམས་འབར་འཛག་གི་སྦྱོར་བས་འཁོར་ལོ་བཞིར་བདེ་བའི་ཡེ་ཤེས་རིམ་གྱིས་བསྐྱེད་པའི་ཕྱིར་སྟེང་སྒོ་སྟེ། རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །ཞེས་སོགས་གསུངས་སོ། །དེ་ལྟར་བསྒོམ་པའི་འབྲས་བུ་ནི། དངོས་སུ་རླུང་སེམས་ལ་དབང་ཐོབ་པས་འོག་སྒོ་སྙམས་སུ་བླང་དུ་རུང་ཞིང་། བརྒྱུད་འབྲས་ནི་འོག་སྒོ་དང་ཐུན་མོང་དུའོ། །གཉིས་པ་ནི། མཁའ་གསང་གཉིས་ལ་བརྟེན་ནས་དབབ་བཟུང་ལྡོག་དགྲམ་ལ་སོགས་པའི་མན་ངག་གིས་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཅིག་ཅར་དུ་ཉམས་སུ་མྱོང་བར་བྱེད་པ་སྟེ། འདི་ཉིད་ལས། ལྷ་མོ་ཀླུ་མོ་རིགས་ངན་མོ། །དབྱེའམ་ཡང་ན་མི་དབྱེ་བར། །བསྙེན་པ་དང་ནི་ཉེ་བསྙེན་དང་། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་པ། །དགྱེས་མཉམ་མཆོག་གི་སྦྱིན་པས་བསྟིམ། །བསྒྲུབ་པ་ཉི་ཟླའི་སྙིང་པོ་དེ། །དཀྱིལ་འཁོར་རྡོ་རྗེ་ལྕེ་ཡིས་བླང་། །ཞེས་སོ། །དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་ནི། སྔ་མའི་འཕྲོས་ལས། མཁའ་འགྲོ་གསལ་འབར་ཚེ་ལ་སོགས། །ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞེས་པའི་རྐང་པ་སྔ་མས་ཐུན་མོང་དང་། ཕྱི་མས་མཆོག་གི་དངོས་གྲུབ་བསྟན་ཅིང་། རྒྱས་པ་ལས། ཕུན་སུམ་ཚོགས་པ་ལྷུན་གྲུབ་རྣམས། །གསང་དབང་མཆོག་གིས་སྦྱིན་པར་བྱེད། །ཅེས་སོ། །ཞར་བྱུང་དོགས་པ་བསལ་བ་ནི། དེ་ལྟར་ན་ཐབས་ལམ་དང་གྲོལ་ལམ་གཉིས་ཀས་འབྲས་བུ་ལ་སྦྱོར་ནུས་པར་གསུངས་པའི་ཕྱིར་ལམ་རིས་སུ་ཆད་པ་ཐ་དད་པ་ཞིག་གམ་སྙམ་ན་མ་ཡིན་ཏེ། གྲོལ་ལམ་ཚོགས་བསྒྲུབ་ཀྱི་དུས་སུ་ཡོ་བྱད་ཀྱི་གཙོ་བོ་ཐབས་ཀྱི་ལམ་ཨཱ་ལི་ཀཱ་ལི་གཉིས་ཡིན་ལ། དེ་གཉིས་ཉམས་སུ་ལེན་པ་ལའང་ལྟ་བའི་རྩིས་ཟིན་དགོས་པའི་ཕྱིར། དངོས་སུ་འབྲེལ་པ་ཡིན་ནོ། །བཞི་པ་གདམས་ཤིང་བསྟན་པ་གཏད་པ་ལ། དགོས་ཆེད། ངོ་བོ། སྒྲ་དོན། རྣམ་གྲངས་སོ། །དང་པོ་ནི། བསྟན་པའི་སྙིང་པོ་དར་ཞིང་མི་ནུབ་པར་བྱ་བའི་ཆེད་དུའོ། །གཉིས་པ་ནི། འཁོར་རྣམས་ལ་ཟབ་མོའི་རྒྱུད་གཅེས་སྤྲས་ཀྱི་སྒོ་ནས་གདམས་ཤིང་གཏད་པའོ། །གསུམ་པ་ནི། གདམས་པའང་ཡིན་ལ་གཏད་པའང་ཡིན་པ་དེའི་ཕྱིར་རོ། །བཞི་པ་ལ། གདམས་པ་དང་། གཏད་པའོ། །དང་པོ་ནི། རྒྱུད་དབུ་ཞབས་ཀྱི་བརྗོད་བྱ་སྣང་བཞིར་འདུས་པའི་ཕྱིར་གདམས་པ་བཞི་ལས། རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས་པ་ནི། ཀྱེ། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་སོ། །དེ་ལྟར་ཡིན་ཡང་ལོག་རྟོག་འཁྲུལ་པའི་སྣང་བས་བཅིངས་ཏེ་མ་རྟོགས་པའི་ཕྱིར། དེ་དག་བྱར་གདམས་པ་ནི། གཟུང་འཛིན་སྤྲོས་ལ་འཆེལ་བ་ཡི། །རྣམ་རྟོག་ཞགས་པས་སོ་སོར་འཛིན། །ཞེས་སོ། །དེ་དག་བྱེད་ཀྱི་གཉེན་པོ་ནི་ལམ་ཡིན་པའི་ཕྱིར། ལམ་གྱི་སྣང་བ་བགྲོད་བྱར་གདམས་པ་སྟེ། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་སོ། །དེ་ཉམས་སུ་བླངས་པས་འཁྲུལ་སྣང་གི་ཞེན་པ་དག་པ་ལས་གཞི་ཇི་ལྟ་བར་རྟོགས་པ་ནི་འབྲས་བུ་ཡིན་པའི་ཕྱིར། འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པ་སྟེ། ཡེ་ཤེས་ངོ་མཚར་རབ་འབྱམས་ཀྱིས། །དོན་དུ་མི་འགྱུར་ཡོངས་མ་གསུངས། །ཞེས་པའོ། །མདོར་ན་གཞི་ལམ་འབྲས་བུ་གསུམ་ཡང་རང་བཞིན་གྱི་རྒྱུད་དུ་འདུས་ཏེ། ཡེ་ནས་སངས་རྒྱས་པ་ལས་མི་འགྱུར་བར་གདམས་པའི་གཉིས་པ་གཏད་པ་ནི། ཐུགས་ཐིག་ལས། སྟོན་པ་གང་གིས་གང་ཞིག་ལ། །གཏད་པ་གང་དེ་ཅི་ཡི་ཕྱིར། །ཞེས་པས་བཞི་སྟེ། གང་གིས། གང་ལ། གང་གི་ཕྱིར། ཇི་ལྟར་གཏད་པའོ། །དང་པོ་ནི། སྐུ་ལྔ་ལྷུན་གྱིས་གྲུབ་པའི་སྟོན་པ་ཀུན་ཏུ་བཟང་པོ་དང་། རྒྱལ་ཚབ་རྒྱུད་ཀྱི་སྟོན་པ་རིགས་ལྔས་གཏད་དེ། དེ་ལས། སྟོན་པ་རང་བྱུང་རྡོ་རྗེ་འཛིན། །རྒྱལ་ཚབ་རྒྱུད་ཀྱི་སྐྱེས་བུ་གཉིས། །ཞེས་སོ། །གཉིས་པ་ནི། གཏད་པའི་ཡུལ་གསུམ་སྟེ། སྡུད་པ་པོ་དང་། ཕྱི་རབས་ཀྱི་གང་ཟག་ཆོས་མིག་ཅན་དང་། མ་མོ་མཁའ་འགྲོ་ལ་གཏད་དེ། ཁོག་གཞུང་ལས། སྡུད་པ་པོ་དང་བུད་མེད་དང་། །རྣལ་འབྱོར་མིག་ལྡན་ལ་སོགས་པའོ། །ཞེས་སོ། །གསུམ་པ་ནི། རྒྱལ་ཚབ་རྒྱུད་ཀྱི་སྟོན་པ་རང་བྱུང་བར་བྱ་བའི་ཕྱིར་སྡུད་པ་པོ་ལ་གཏད། མི་ནུབ་པར་བྱ་བའི་ཕྱིར་གང་ཟག་ཆོས་མིག་ཅན་ལ་གཏད། ཕྱོགས་བཅུར་སྤེལ་ཞིང་བྱིན་ཆེ་བར་བྱ་བའི་ཕྱིར་མ་མོ་དང་མཁའ་འགྲོ་ལ་གཏད་པའོ། །བཞི་པ་ནི། གཏད་བྱའི་ཡུལ་གསུམ་ལས། སྡུད་པ་པོ་ལ་གཏད་པ་ནི། འདི་ཉིད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཞེས་སོགས་རྐང་པ་ལྔའོ། །གཉིས་པ་གང་ཟག་ཆོས་མིག་ཅན་ལ་གཏད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །ཞེས་སོགས་རྐང་པ་བདུན་ནོ། །གསུམ་པ་མ་མོ་དང་མཁའ་འགྲོ་ལ་གཏད་པ་ནི། རྒྱས་པ་ལས། ང་ཡི་ཐུགས་ཀྱི་སྙིང་པོ་འདི། །ཕྱོགས་བཅུ་ཀུན་ཏུ་སྤེལ་བ་དང་། །དེ་ཡི་གཟུངས་ལ་གཏད་པ་ནི། །ཡིད་བཞིན་མཛོད་འབྱོར་བཀའ་ཡི་གནས། །ཞེས་སོགས་གསུངས་སོ། །ལམ་གྱི་དོན་རྒྱས་པར་བཤད་ཟིན་ཏོ། །གསུམ་པ་ཤེས་བྱ་འབྲས་བུའི་རྒྱུད་ལ། བདག་དོན་གྲུབ་པ་དང་། གཞན་དོན་མཛད་པའོ། །དང་པོ་ལ། ཐོབ་ཚུལ་མཚན་ཉིད། རྣམ་གྲངས་སོ། །དང་པོ་ལའང་། ཐེག་པ་ཐུན་མོང་གི་དང་། མཆོག་གི་ཐོབ་ཚུལ་ལོ། །དང་པོ་ནི། འདི་ཉིད་ལས། དེ་ནས་ས་བཅུ་རིམ་གྱིས་འབྱང་། །བླ་མེད་བྱང་ཆུབ་ཡང་དག་འཐོབ། །ཅེས་སོ། །གཉིས་པ་ལ། དངོས་དང་། རྩོད་པ་སྤང་བའོ། །དང་པོ་ནི། གཞི་ཇི་ལྟ་བ་བཞིན་མངོན་དུ་བྱས་པས་སྤང་ཐོབ་མེད་པར་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའོ། །དེ་ལྟར་ཡང་འདི་ཉིད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ན་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །ཞེས་དང་། བསམ་གཏན་མིག་སྒྲོན་གྱི་རང་འགྲེལ་ལས། དོན་དུ་རང་རིག་པ་དེ་བཞིན་ཉིད་དུ་སོན་བ་ཉིད་སངས་རྒྱས་ཀྱི་འབྲས་བུ་ཐོབ་ཅེས་བྱ་སྟེ། དེ་ཡང་རེ་ཞིག་རྟོག་པ་དང་བསྒྲུབ་པའི་ངོ་བོར་བསྟན་གྱི། དོན་དུ་བདག་ཉིད་དུ་གྱུར་པ་ལས། ཐོབ་པ་མེད་དེ། ཞེན་པ་དག་པ་ཙམ་མོ། །ཞེས་སོ། །གཉིས་པ་ནི། ཁ་ཅིག་ན་རེ། འབྲས་བུ་ཐོབ་པའི་ཚེ་གཞི་དུས་ཀྱི་མ་རིག་པ་སྤངས་སམ་མ་སྤངས། དང་པོ་ལྟར་ན། གཞི་ཇི་ལྟ་བ་བཞིན་མངོན་དུ་བྱས་པ་མ་ཡིན་པར་ཐལ། གཞིའི་དུས་ན་མ་རིག་པ་དང་དབྱེར་མེད་དུ་ཡོད་པའི་ཕྱིར། འདོད་ན། གཞི་ཇི་ལྟ་བ་བཞིན་མངོན་དུ་བྱས་པའི་དམ་བཅའ་ཉམས། གཉིས་པ་ལྟར་ན། སེམས་ཅན་དང་ཁྱད་པར་མེད་པར་ཐལ། མ་རིག་པ་མ་སྤངས་བའི་ཕྱིར། །འདོད་ན་ལམ་རྒྱུད་ལ་བརྟེན་པ་དོན་མེད་དོ་ཞེ་ན། ལན་ནི། སངས་རྒྱས་པའི་ཚེ་དྲི་མ་རང་བཞིན་པ་སྔར་ཡོད་གསར་དུ་སྤངས་པའམ། ཡོན་ཏན་སྔར་མེད་གསར་དུ་བསྒྲུབས་པ་ནི་ཅི་ཡང་མེད་པའི་ཕྱིར་སྐྱོན་སྔ་མ་མེད་ལ། འཆིང་གྲོལ་མེད་ཀྱང་མེད་པའི་རང་བཞིན་མ་ཤེས་པས་ཁྱད་པར་ཡོད་ན་ཅི་འགལ་ཏེ་སྐྱོན་ཕྱི་མའང་མེད་དོ། །ཡང་ཁ་ཅིག །མདོ་སྔགས་ཀྱི་འབྲས་བུ་ལ་ཁྱད་པར་ཡོད་དམ་མེད། ཁྱད་པར་མེད་ན། རྒྱུའི་ཐེག་པའི་འབྲས་བུ་ཀུན་ཏུ་འོད་དེ་གསང་སྔགས་ཀྱི་ཡང་མཐར་ཐུག་གི་འབྲས་བུར་འགྱུར་བས། དེ་ནས་གསང་སྔགས་ལ་བགྲོད་མི་དགོས་པར་ཐལ། གཅིག་པའི་ཕྱིར། འདོད་ན། ཐབས་ཞགས་ལས། ཀུན་ཏུ་འོད་ལས་འདས་ནས་སུ། །པདྨ་ཅན་དུ་གྱུར་པ་ན། །ཞེས་དང་། དབྱིག་གི་སྒྲོན་མ་ལས། ཁྱོད་ཀྱི་མཐར་ཕྱིན་ཀུན་ཏུ་འོད། །ཐབས་ཆེན་ཐེག་པའི་བསྟི་གནས་ས། །ཞེས་ད་གདོད་གསང་སྔགས་སུ་བགྲོད་དགོས་པར་བཤད་པ་དང་འགལ་ལོ། །དང་པོ་ལྟར་ན། གསང་སྔགས་ཉིད་རིང་ལམ་དུ་ཐལ། ཐུན་མོང་གི་འབྲས་བུ་ཐོབ་ཟིན་ནས་ཀྱང་བགྲོད་དགོས་པའི་ཕྱིར་ཞེ་ན། ལན་དུ། རོག་བདེ་གཤེགས་ཆེན་པོ་ན་རེ། འདོད་པས་བསྒྲུབས་པའི་འབྲས་བུ་རེ་རེ་ཐུན་མོང་གི་ཐེག་པ་ཀུན་གྱིས་ཀྱང་མི་བསླུ་བར་ཐོབ་པས་ཐ་དད་པར་བཤད་པ་དང་ཡང་མི་འགལ་ཏེ། ནོར་བུ་ཕལ་པའི་གླིང་དོན་གྲུབ་པ་བཞིན་ནོ། །མཐར་ཐུག་བླ་ན་མེད་པའི་འབྲས་བུ་གཅིག་ཏུ་གྱུར་པས་གཅིག་པར་བཤད་པ་དང་ཡང་མི་འགལ་ཏེ། ཡིད་བཞིན་གྱི་ནོར་བུའི་གླིང་དོན་གྲུབ་པ་བཞིན་ནོ། །ཞེས་གསུངས་པ་ནི་བསྔགས་པར་འོས་པའོ། །ཁ་ཅིག །གསང་སྔགས་ཀྱི་ལམ་བདེ་ཞིང་མྱུར་བའི་ཐབས་ཀྱིས་ཁྱད་པར་དུ་བྱས་ཀྱི། དམིགས་ཡུལ་མཐར་ཐུག་གི་འབྲས་བུ་ལ་ཁྱད་པར་མེད་དོ། །ཞེས་ཟེར། དེ་མི་རིགས་ཏེ། མདོ་སྔགས་གཉིས་ལ། དབང་དང་ཤེས་འཇུག་རྟོགས་གོམས་ཀྱི་ལམ་ལ་ཁྱད་པར་ཡོད་པ་ལྟར་མཐར་ཐུག་གི་འབྲས་བུ་ལའང་ཡོད་དགོས་ཏེ། གསང་སྔགས་ཀྱི་དབང་སོགས་ཀྱི་རྒྱུ་མེད་པའི་གསང་སྔགས་ཀྱི་མཐར་ཐུག་གི་འབྲས་བུ་ཐོབ་པ་མི་སྲིད་པའི་ཕྱིར། རྒྱུའི་ཁྱད་པར་གྱིས་ངེས་པར་འབྲས་བུའི་ཁྱད་པར་བསྐྱེད་པས་ཁྱབ་པའི་ཕྱིར་དང་། མདོ་སྔགས་གཉིས་རྒྱུ་འབྲས་ཀྱི་ཐེག་པ་ཡིན་པས་སྔགས་ཀྱི་སློབ་ལམ་རྫོགས་པ་ན། དེའི་སྔ་ལོགས་སུ་མདོའི་བསླབ་ལམ་རྫོགས་པས་ཁྱབ་པའི་ཕྱིར་རོ། །ཡང་ཁ་ཅིག །ལམ་གོམས་པའི་རྒྱུ་རྐྱེན་ལས་བྱུང་བའི་ཕྱིར་འབྲས་བུ་འདུས་བྱས་སུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། རང་གི་སེམས་ཉིད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་བཞུགས་པ་ཉིད། ལམ་གྱི་ཞེན་པ་དག་པའི་ངོ་ན་དེར་གསལ་བའི་ཕྱིར། དཔེར་ན་སྤྲིན་དེངས་པས་ཉི་མའི་དཀྱིལ་འཁོར་སྣང་བ་བཞིན་ནོ། །དེའང་འདི་ཉིད་ལས། ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད། །ཐབས་ཀྱི་ཕྱག་རྒྱར་གྱུར་བའི་ཕྱིར། །ཞེས་སོ། །དེ་ལྟར་ན་མཚན་མ་ཅན་དུ་འགྱུར་ཏེ། འབྲས་བུ་ཀུན་རྫོབ་སྐུ་དང་ཡེ་ཤེས་སུ་སྣང་བའི་ཕྱིར་ཟེར་ན། མ་གྲུབ་སྟེ། དེ་ལྟར་སྣང་ཡང་དེའི་ངོ་བོ་ཅིར་ཡང་གཟུང་དུ་མེད་པས་ན་ཡོད་པའི་མཚན་མར་མི་འགྱུར་ཞིང་། དེས་དོན་བྱེད་མི་ནུས་པའང་མ་ཡིན་ཏེ་གཞན་སྣང་གཟུགས་སྐུ་གཉིས་ཀྱང་རང་སྣང་ཡིན་པའི་ཕྱིར་སྒྱུ་མ་ལྟ་བུ་ཕྲིན་ལས་ཀྱི་དོན་མཛད་ལ། དེའི་དུས་ནའང་ངོ་བོ་ཉིད་གཞན་དུ་འགྱུར་པ་མ་ཡིན་ཏེ། འདུས་མ་བྱས་ཤིང་སྐྱེ་འཇིག་དང་བྲལ་བ་ཆོས་སྐུ་ལས་མི་གཡོ་བའི་ཕྱིར་རོ། །དེ་ལྟར་ཡང་། ཡེ་ཤེས་རོལ་པ་ཉིད་ཀྱང་གསོག །རྒྱལ་བ་མངོན་བྱུང་སྐྱོབ་པ་དང་། །བྱིན་བརླབས་སྟོན་པའང་དེ་བཞིན་ཏེ། །བྱ་བྱེད་ནུས་པའི་གཟི་བྱིན་གྱིས། །སྒྱུ་མ་རྡོ་རྗེ་བཙན་པོ་མཆོག །ཅེས་སོ། །གཉིས་པ་མཚན་ཉ ིད་ནི། རྒྱུད་དག་པའི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆུ་ལ་ཆུ་བླུགས་པ་ལྟར་རོ་གཅིག་ཏུ་གྱུར་པའམ། ཤིང་སྤུངས་པའི་མེ་དཔུང་ལྟར་རྒྱུད་ཐ་དད་པའང་མ་ཡིན་ཏེ། གཅིག་དང་དུ་མ་ལ་སོགས་པའི་མཐའ་ཐམས་ཅད་མ་སྤངས་ལ་བྲལ་བའི་ཕྱིར། བརྗོད་དུ་མེད་པའི་དོན་མངོན་དུ་གྱུར་པས་གཟུང་ཡུལ་ལས་གྲོལ་བའོ། །དེའང་རིམ་གསུམ་ལས། མཚན་ཉིད་གཞི་དང་ལྡན་པའི་ཕྱིར། །མ་ལུས་གཅིག་མིན་ཐ་དད་མིན། །ཞེས་དང་། ཁོག་གཞུང་ལས། མཚན་ཉིད་གཅིག་དང་དུ་མ་མེད། །ཅེས་སོ། །དེའང་གང་ཞེ་ན། སངས་རྒྱས་རྣམས་ལ་ཆོས་སྐུས་ཁྱབ་པ་གཅིག་ལས་མ་གཡོས་པར་གཟུགས་སྐུ་ཐ་དད་དུ་སྣང་བའི་ཕྱིར་གཅིག་དང་བྲལ་ལ། ཁྱབ་བྱ་གཟུགས་སྐུ་ཐ་དད་ཀྱི་རང་བཞིན་ཆོས་ཀྱི་སྐུ་ལས་མ་གཡོས་པས་རྒྱུད་ཐ་དད་མེད་པའི་ཕྱིར་དུ་མ་དང་བྲལ་ལོ། །དེ་ལ་ལྟོས་པའི་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མུ་ཡང་མེད་དོ། །གཅིག་དང་དུ་མ་མ་གྲུབ་པས་དེའི་མུ་ཁེགས་པའི་ཕྱིར། དེ་ལས་གཞན་དུ་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་འགྱུར་ཏེ། གཟིགས་བྱ་གཟིགས་བྱེད་ཀྱི་ཡུལ་ལས་འདས་པའི་ཕྱིར། དེ་བས་ན་དགོངས་པ་ཡུལ་དང་ཡུལ་ཅན་མེད་པར་རང་གསལ་བའོ། །དེ་ལྟར་ཡང་། གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་སོ། །གསུམ་པ་རྣམ་གྲངས་ལ། མིང་གི །ངོ་བོའི། སའི་རྣམ་གྲངས་སོ། །དང་པོ་ནི། ལམ་རིམ་ལས། ཐུན་མོང་མིན་པའི་རྒྱལ་མིང་གྲངས། །བདེ་གཤེགས་དེ་བཞིན་གཤེགས་པ་སྟེ། །བཅོམ་ལྡན་འདས་དང་སངས་རྒྱས་དང་། །དགྱེས་ཆེན་བརྗོད་སོགས་བསམ་མི་ཁྱབ། །ཅེས་སོ། །གཉིས་པ་ལ། ཐུན་མོང་གི་དང་། མཆོག་གིའོ། །དང་པོ་ལ། རྟེན་དང་། བརྟེན་པ་གཉ ིས་ལས། དང་པོ་ནི། སྐུ་གསུམ་སྟེ། འདི་ཉིད་ལས། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ལོངས་སྤྱོད་ཟད་མེད་རིན་ཆེན་གཏེར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཅེས་སོ། །གཉིས་པ་ནི། ཡེ་ཤེས་བཞི་སྟེ། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དངོས་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་སོ། །གཉིས་པ་ལ། མ་འདྲེས་རྣམ་གྲངས་སུ་སྣང་བ་དང་། དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོའོ། །དང་པོ་ལ། རྒྱས་འབྲིང་བསྡུས་གསུམ་ལས། དང་པོ་རྒྱས་པ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ་རེ་རེ་ལའང་བསམ་གྱིས་མི་ཁྱབ་པ་སྟེ། དེ་ལ་སྐུ་ནི། འདི་ཉིད་ལས། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། །ཞེས་སོ། །གསུང་ནི། ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང་། །ཞེས་སོ། །ཐུགས་ནི། ཀུན་ཏུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་། །ཞེས་སོ། །ཡོན་ཏན་ནི། རྒྱས་པ་ལས། ཡེ་ཤེས་སྤྱན་གྱིས་སྤྲས་པའི་ཕྱིར། །ཞིང་དང་ཡོན་ཏན་བསམ་མི་ཁྱབ། །ཅེས་སོ། །ཕྲིན་ལས་ནི། འདི་ཉིད་ལས། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཅེས་སོ། །གཉིས་པ་འབྲིང་དུ་དབྱེ་ན། ཁོག་གཞུང་ལས། དེ་ཡང་སྐབས་ཀྱི་ལྔ་ལྔ་སྟེ། །ཞེས་པས་རེ་རེ་ཡང་ལྔ་ལྔའོ། །དེ་ལས། དང་པོ་སྐུ་ལྔ་ནི། རང་དོན་རྟོགས་པ་མཐར་ཕྱིན་པའི་ངོ་བོ་དབྱིངས་ཐོག་ཏུ་རིག་པའི་ཡེ་ཤེས་གྲོལ་བ་ནི་ཆོས་སྐུ་སྟེ། འདི་ཉིད་ལས། དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ཞེས་དང་། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །ཞེས་སོ། །དེ་ལས་མ་གཡོས་པར་གདུལ་བྱ་ལས་དག་པ་ས་བཅུ་པའི་ངོར་རྟེན་ལུས་ཉིད་ཟག་མེད་དུ་གྱུར་པའི་བརྒྱུད་འབྲས་ཐུན་མིན་གྱི་མཚན་དཔེ་དང་ལྡན་པར་སྣང་བ་ལོངས་སྐུ་སྟེ། འདི་ཉིད་ལས། ཡང་དག་ཐར་བའི་གཟུགས་སྐུ་དང་། །ཞེས་སོ། །གདུལ་བྱ་མ་དག་པ་འགྲོ་དྲུག་ལ་མོས་པ་དང་། མཐུན་པར་སྣ་ཚོགས་སུ་སྣང་ནས་དོན་མཛད་པ་ནི་སྤྲུལ་པའི་སྐུ་སྟེ། འདི་ཉིད་ལས། འགྲོ་བ་མ་ལུས་གདུལ་བའི་ཕྱིར། །མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན། །ཞེས་སོ། །དེ་ལྟར་གཟུགས་སྐུ་གཉིས་སུ་སྣང་ཡང་རང་རྒྱུད་པ་མེད་དེ། ཆོས་ཀྱི་སྐུ་ལས་མ་གཡོས་པའམ། ཆོས་སྐུ་དང་གཟུགས་སྐུ་དབྱེར་མི་ཕྱེད་པ་ནི་རྡོ་རྗེའི་སྐུ་སྟེ། འདི་ཉིད་ལས། སྟོན་ཉིད་སྒྱུ་མ་མིག་ཡོར་ཚུལ། །ཚུལ་ཉིད་དབྱིངས་ལས་གཡོས་པ་མེད། །ཅེས་སོ། །དེ་དག་རིག་པའི་ཡེ་ཤེས་ལ་ལྷུན་གྱིས་རྫོགས་པས་ཆོས་སྐུ་ལས་མ་གཡོས་བཞིན་དུ་གདུལ་བྱའི་ལས་དང་མཐུན་པར་སྣ་ཚོགས་སུ་སྣང་བ་ནི་མངོན་པར་བྱང་ཆུབ་པའི་སྐུ་སྟེ། འདི་ཉིད་ལས། མ་གཡོས་བཞིིན་དུ་སྣ་ཚོགས་པའི། །དེ་ཚེ་མི་མཐུན་སྣ་ཚོགས་ལ། །སོ་སོ་འདྲ་བར་སྣང་བ་ནི། །དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ལས་འཕྲོས་དབང་གིས་སོ་སོར་སྣང་། །ཞེས་སོ། །གཉིས་པ་གསུང་ལྔ་ནི། སྟོན་པ་སྐུ་ལྔས་རང་རང་གི་འཁོར་ལ་བརྡའ་སྤྲོད་པའི་བདག་ཉིད་ཅན་ཏེ། དེའང་ཆོས་ཉིད་སྨྲ་བརྗོད་དང་བྲལ་བ་ཉིད་བརྗོད་བྱ་ཀུན་གྱི་གཞིར་གྱུར་པའི་ཆ་ནས་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་སྟེ། འདི་ཉིད་ལས། སྒྲ་དང་མིང་ཚིག་ཀུན་ལས་འདས། །སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་། །ཞེས་སོ། །མེ་ལོང་གིས་བྱད་ཀྱི་དྲི་མ་ངོས་ཟིན་ནས་སེལ་བར་བྱེད་པ་ལྟར་སྐུའི་བརྡས་འཁོར་གྱི་བློ་ལ་དོན་འཇལ་བར་སྟོན་པ་ནི་ལོངས་སྐུ་དགོངས་པ་བརྡའི་གསུང་སྟེ། དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །ཞེས་སོ། །གང་ལ་གང་འདུལ་གྱི་སྒྲ་སྐད་དང་མཐུན་པར་དུས་གཅིག་ཏུ་ཆོས་སྟོན་པ་ནི་སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་སྟེ། བརྗོད་མེད་དེ་ཉིད་སྣ་ཚོགས་སྒྲ། །ཀུན་ལ་གྲགས་ཤིང་སོ་སོར་འཇལ། །ཞེས་སོ། །སྒྲ་སྐད་ཐམས་ཅད་གྲགས་སྟོང་གཉིས་སུ་མེད་པས་མཐའ་གཉིས་ལས་གྲོལ་བ་ནི་དབྱེར་མེད་རྡོ་རྗེ་གསུང་སྟེ། སྒྲ་ཉིད་མ་ཆགས་ངང་དུ་གསུངས། །གསུངས་པ་ཉིད་ན་བརྗོད་དུ་མེད། །ཅེས་སོ། །སྒྲ་ཐམས་ཅད་རང་རིག་པའི་ངང་དུ་ལྷུན་གྱིས་གྲུབ་པས་ཅིར་ཡང་མི་འགག་པ་རིག་པ་བྱིན་རླབས་ཀྱི་གསུང་ནི་མངོན་བྱང་གི་གསུང་སྟེ། གྲོལ་ཐར་ལམ་དང་འཁོར་བའི་སྒྲ། །ཇི་སྐད་བརྗོད་ཀྱང་གསུང་མཆོག་སྟེ། །ཞེས་སོ། །གསུམ་པ་ཐུགས་ལྔ་ནི། ཡེ་ཤེས་ལྔ་ལ་བྱ་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་སྐུ་རྣམ་པར་མི་རྟོག་པའི་ཐུགས་ཏེ། ལམ་རིམ་ལས། དངོས་པོ་གཉིས་ཆོས་ཡན་ལག་བཅས། །སེམས་ཅན་ཕྱིར་ན་སྟོང་ཆེན་པོའི། །ཡེ་ཤེས་ཟུག་རྔུ་ལྡན་བྲལ་བའི། །བདེ་བ་ཆེན་པོ་མཆོག་གི་ཐུགས། །ནམ་མཁའ་ལྟ་བུར་ཡེ་གསལ་སྟོང་། །ཞེས་སོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ལོངས་སྐུ་མཉམ་པ་ཆེན་པོའི་ཐུགས་ཏེ། དེ་ལས། ཆེན་པོ་ལྟ་བུར་ཐམས་ཅད་ལ། །མི་ཕྱེད་བླང་དོར་མེད་མཉམ་ཞིང་། །མཉམ་པ་ཉིད་ལས་མི་གཡོ་བ། །མཉམ་པ་ཆེན་པོ་མཆོག་གི་ཐུགས། །ཞེས་སོ། །བྱ་གྲུབ་ཡེ་ཤེས་ནི་སྤྲུལ་སྐུ་འགྲོ་བ་སྒྲོལ་བའི་ཐུགས་ཏེ། དེ་ལས། ཐུགས་རྗེ་ཆེན་པོས་འབྲེལ་བ་དང་། །ཉིད་ཀྱི་དབྱིངས་ལས་མི་གཞན་ཕྱིར། །བྱ་བྱེད་མེད་པར་རྣམ་བཞི་ཡིས། །འགྲོ་བ་ཀུན་སྒྲོལ་ཐུགས་ཆེན་ཡིན། །ཞེས་སོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་མི་ཕྱེད་རྡོ་རྗེའི་ཐུགས་ཏེ། དེ་ལས། ཆོས་དང་ཆོས་ཅན་ཀུན་བྲལ་བ། །རང་སྤྱི་དབྱེར་མེད་དུས་གཅིག་ཏུ། །མཁའ་ལ་འཇའ་ལྟར་གསལ་བ་ནི། །མི་ཕྱེད་རྡོ་རྗེའི་ཐུགས་མཆོག་གོ། །ཞེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་མངོན་བྱང་གི་ཅིར་ཡང་ས་ལེར་མཁྱེན་པའི་ཐུགས་ཏེ། དེ་ལས། ཆོས་སྤྱི་རང་མཚན་དབྱེར་མེད་ཀུན། །ཡུལ་མེད་མེ་ལོང་ལྟར་གསལ་བ། །མངོན་སུམ་ཀུན་གྱི་མཆོག་ཡིན་ཏེ། །རྣམ་པར་མི་རྟོག་མཆོག་གི་ཐུགས། །ཞེས་སོ། །བཞི་པ་ཡོན་ཏན་ལ་ལྔ་ལས། རྣམ་པར་དག་པའི་ཞིང་ཁམས་ནི། །འདི་ཉིད་ལས། ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །ཞེས་དང་། ཞིང་ཁམས་རྣམ་དག་བསམ་ཡས་དང་། །ཞེས་སོ། །རྒྱ་ཚད་བྲལ་བའི་གཞལ་ཡས་ཁང་ནི། རྒྱ་དང་བྲལ་བའི་གཞལ་ཡས་ཁང་། ཞེས་སོ། །གསལ་ཞིང་དག་པའི་འོད་ཟེར་ནི། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །ཞེས་སོ། །ཁྱད་པར་དུ་འཕགས་པའི་གདན་ཁྲི་ནི། སེང་གེ་གླང་ཆེན་རྟ་རྨ་བྱ། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་སོ། །དགྱེས་དགུར་སྤྱོད་པའི་ལོངས་སྤྱོད་ནི། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །ཞེས་སོ། །ལྔ་པ་ཕྲིན་ལས་ལྔ་ནི། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་དང་། ལྷུན་གྱིས་གྲུབ་པ་སྟེ། རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རློབས་ཀྱིས། །བྱ་བྱེད་མེད་ལས་རྣམ་བཞིར་མཛད། །མཛད་དང་མཛད་པར་བྱ་བ་མེད། །ཅེས་སོ། །གསུམ་པ་ལ། ཅུང་ཟད་བསྡུས་པ་དང་། ཤིན་ཏུ་བསྡུས་པའོ། །དང་པོ་ནི། འདི་ཉིད་ལས། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཞེས་པས་ལྔ་སྟེ། ཆེ་བའི་ཡོན་ཏན་མ་ལུས་པའི་རྟེན་བྱེད་པས་སྐུ། གདུལ་བྱ་ལ་བརྡའ་སྤྲོད་པས་ན་གསུང་། ཤེས་བྱ་ཐམས་ཅད་མཁྱེན་པས་ན་ཐུགས། །མངའ་ཐང་རྫོགས་པས་ན་ཡོན་ཏན། གདུལ་བྱ་འདུལ་བས་ན་ཕྲིན་ལས་ཏེ། དགོངས་འདུས་ལས། རྟེན་བྱེད་པས་ན་སྐུ་ཉིད་དོ། །གོ་བརྡའ་སྤྲོད་པས་ན་གསུང་ཉིད་དོ། རིག་ཅིང་མཁྱེན་པས་ན་ཐུགས་ཉིད་དོ། །འདོད་རྒུ་འབྱུང་བས་ན་ཡོན་ཏན་ཉིད་དོ། །བྱ་བ་བྱེད་པས་ན་ཕྲིན་ལས་ཉིད་དོ། །ཞེས་སོ། །གཉིས་པ་ནི། རྟེན་སྐུ་དང་། བརྟེན་པ་ཡེ་ཤེས་སོ། །དང་པོ་ནི། སྒྲིབ་བྲལ་གྱི་དགོངས་པ་དབྱིངས་ཡེ་ཟུང་དུ་འཇུག་པའི་ཆོས་སྐུ། དེ་ཉིད་འཁོར་སྨིན་པ་རྒྱ་མཚོ་ལ་ངེས་པ་ལྔ་ལྡན་དུ་སྣང་བ་ལོངས་སྐུ། འཁོར་མོས་པ་རྒྱ་མཚོ་ལ་སྣང་བ་སྤྲུལ་སྐུ། དེ་གསུམ་སྣང་ཆ་མ་འདྲེས་པའི་ཆ་ནས་མངོན་བྱང་། དབྱེར་མི་ཕྱེད་པའི་ངོས་ནས་རྡོ་རྗེའི་སྐུ་སྟེ་ལྔའོ། །དེ་དག་གཅིག་གམ་ཐ་དད་ཅེ་ན། སྐུ་ལྔ་ལྷུན་གྲུབ་ཀྱི་བདག་ཉིད་དུ་ངོ་བོ་གཅིག་ལ། དེ་ཉིད་ཡོན་ཏན་གྱི་ལྡོག་ཆ་ནས་སྐུ་ལྔར་སྣང་བས་ཐ་དད་སྟེ། མཁའ་ཟླ་དང་ཆུ་ཟླ་བཞིན་ནོ། །དེ་ལྟར་ཡང་འདི་ཉིད་ལས། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །ཞེས་པ་ནས། དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། །ཞེས་པའི་བར་གསུངས་སོ། །དེ་ལས་ཀྱང་མངོན་བྱང་དང་རྡོ་རྗེའི་སྐུ་ནི་ཡོན་ཏན་གྱི་ལྡོག་ཆ་ནས་བཏགས་པ་ཙམ་ཡིན་པའི་ཕྱིར་སྐུ་བཏགས་པ་བ་སྟེ། སྐུ་མཚན་ཉིད་པ་ནི་གསུམ་དུ་ངེས་སོ། །གསུམ་ཡང་ཆོས་སྐུ་ནི་བདག་དོན་དགོངས་པའི་ཆ་དང་། གཟུགས་སྐུ་གཉིས་ནི་གཞན་དོན་མཛད་པའི་ཆ་ནས་བཞག་པར་ཤེས་པར་བྱའོ། །གཉིས་པ་ལ། དངོས་དང་། རྩོད་པ་སྤང་བའོ། །དང་པོ་ནི། །གློ་བུར་གྱི་སྒྲིབ་པ་མཐའ་དག་མ་སྤངས་བྲལ་བའི་རང་བཞིན་རྟོགས་པའི་ཚེ། །གཞི་དོན་གྱི་ཀུན་གཞི་མངོན་དུ་གྱུར་པ་ནི། ཅིར་ཡང་མི་དམིགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། །ལེ་ལག་ལས། རྣམ་རྟོག་ཀུན་གཞི་མ་ཡིན་པ། །རང་བཞིན་མེད་པ་དོན་གྱི་གཞི། །འདི་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །ཞེས་སོ། །དེའི་ཚེ་སྦྱོར་བ་དོན་གྱི་ཀུན་གཞི་གནས་འགྱུར་གསལ་ལ་མི་རྟོག་པས་ཡེ་ཤེས་ལྷག་མ་གསུམ་གྱི་འཆར་གཞིར་གྱུར་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས། ཉོན་ཡིད་གནས་འགྱུར་བཟང་ངན་བླང་དོར་མེད་པ་མཉམ་ཉིད་ཡེ་ཤེས། ཡིད་གནས་འགྱུར་ཤེས་བྱའི་ཡུལ་དུས་གསུམ་གྱི་ཆོས་ཐམས་ཅད་པདྨའི་འདབ་མ་ལྟར་གསལ་ལ་མ་འདྲེས་པར་མཁྱེན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས། སྒོ་ལྔ་གནས་འགྱུར་འགྲོ་དོན་མཛད་པ་ལ་ཐོགས་པ་མེད་པ་ལ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། རྣམ་བཀོད་ལས། སྟོང་པའི་ཡེ་ཤེས་དངོས་པོ་མེད། །མེ་ལོང་ཡེ་ཤེས་རྟོག་པ་མེད། །མཉམ་ཉིད་ཡེ་ཤེས་བཟང་ངན་མེད། །ཀུན་རྟོག་ཡེ་ཤེས་མ་འདྲེས་གསལ། །བྱ་བ་ནན་ཏན་མཐར་ཕྱིན་པའོ། །ཞེས་དང་། མདོ་དགོངས་འདུས་ལས། སེམས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་སྣང་ངོ་། །རྩ་བའི་རྣམ་པར་ཤེས་པ་ལས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་སྣང་ངོ་། །དམིགས་པའི་རྣམ་པར་ཤེས་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་སྣང་ངོ་། །ཀུན་ཏུ་སྣང་བའི་རྣམ་པར་ཤེས་པ་ལས་སོ་སོར་རྟོགས་པའི་ཡེ་ཤེས་སུ་སྣང་ངོ་། །འཇུག་པའི་རྣམ་པར་ཤེས་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་སུ་སྣང་ངོ་། །ཞེས་དང་། ཐུན་མོང་གི་གཞུང་ལས་ཀྱང་དེ་ལྟར་འབྱུང་སྟེ། ཙནྡྲ་གོ་མིའི་སངས་རྒྱས་ཀྱི་ས་ལས། ཀུན་གཞིའི་རྣམ་ཤེས་གང་ཡིན་པ། །དེ་ནི་མེ་ལོང་ཡེ་ཤེས་འགྱུར། །དེ་ཡང་ཆོས་ཀྱི་དབྱིངས་ཉིད་ཀྱི། །ངོ་བོ་ཉིད་དུ་ཡང་དག་གསལ། །ཉོན་མོངས་ཅན་ཡིད་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་དག་ཏུ་འདོད། །ཡིད་ཀྱི་རྣམ་ཤེས་གནས་གྱུར་པ། །སོ་སོར་རྟོག་པ་ཅན་ཞེས་བྱ། །སྒོ་ལྔའི་རྣམ་ཤེས་གནས་གྱུར་པ། །དེ་ནི་དོན་ཀུན་གྲུབ་པ་ཉིད། །ཅེས་སོ། །གཉིས་པ་ནི། ཁ་ཅིག་ན་རེ། མཁྱེན་པའི་ཡེ་ཤེས་སྐད་ཅིག་ལ་འདས་མ་འོངས་གཉིས་ཀྱི་ཆོས་སྣང་ངམ་མི་སྣང་། གཉིས་པ་ལྟར་ན། བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་ཉིད་ཀྱིས། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་པར། །ཞེས་པ་དང་འགལ། དང་པོ་ལྟར་ན། འགགས་པ་དང་མ་སྐྱེས་པའི་མེད་ཆོས་མངོན་སུམ་དུ་མཁྱེན་པའི་ཕྱིར། གཟུང་དོན་ལ་འཁྲུལ་པའི་ལོག་ཤེས་སུ་ཐལ་ལོ་ཟེར་ན། མ་ཡིན་ཏེ། འདས་པ་བྱུང་ཟིན། མ་འོངས་པ་འབྱུང་རུང་། ད་ལྟར་བ་སྐྱེས་ལ་མ་འགགས་པར་རང་གསལ་འཛིན་མེད་དུ་མཁྱེན་པའི་ཕྱིར། སྐྱོན་མེད་དོ། །ཡང་མཁྱེན་པའི་ཡེ་ཤེས་ཀྱིས་ལམ་མ་སྦྱངས་པར་གྲོལ་བ་མཁྱེན་ནམ་མི་མཁྱེན་ཞེ་ན། མི་མཁྱེན་ཞེས་བྱའོ། །དེ་ལྟར་ན་ཀུན་མཁྱེན་མ་ཡིན་པར་ཐལ་ཞེ་ན། མཁྱེན་པར་འོས་པའམ་སྲིད་པ་མ་ལུས་པ་ཀུན་མཁྱེན་མོད་ཀྱི། ལམ་མ་སྦྱངས་པར་གྲོལ་བ་ནི་འོས་ཤིང་སྲིད་པ་མ་ཡིན་པའི་ཕྱིར་མི་མཁྱེན་པས། མཁྱེན་པ་མ་ཡིན་པར་མི་འགྱུར་ན་ཅི་འགལ་ཏེ་ཁྱབ་པ་མེད་དོ། །དཔེར་ན་ལྷའི་བཟོ་བོ་བི་ཤྭ་ཀརྨས་བཟོ་གནས་ཀུན་ཤེས་ནའང་། རྐྱེན་གྱིས་མ་བཅོས་པའི་བཟོ་སྲིད་པ་མ་ཡིན་པའི་ཕྱིར་མི་ཤེས་བཞིན་ནོ། །དེའི་ཕྱིར་ལམ་མ་སྦྱངས་པར་གྲོལ་བ་མི་མཁྱེན་མོད། ལམ་སྦྱངས་ནས་དབང་པོའི་རིམ་པས་ཉེ་འགྱངས་ཅི་རིགས་སུ་གྲོལ་བ་མཁྱེན་པ་ཡིན་ནོ། །གཉིས་པ་དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོ་ནི། འབྲས་བུ་ཉེར་ལྔ་པོ་དེ་དག་ཀྱང་སྐུ་ལྔའི་བདག་ཉིད་རྒྱལ་བ་དྲུག་པའི་ཡོན་ཏན་གྱི་ལྡོག་པ་ནས་ཤར་ཞིང་། དེའི་ཡོན་ཏན་དུ་འདུ་བའི་ཕྱིར། གཅིག་དང་དུ་མ་ལས་གྲོལ་བའི་བདག་ཉིད་དོ། །དེའང་དགོངས་འདུས་ལས། སངས་རྒྱས་མཉམ་དང་དབྱིངས་སུ་གྲོལ། །དེ་ཉིད་ཆེན་པོར་ལྷུན་གྱིས་གྲུབ། །ཅེས་དང་། རིམ་གསུམ་ལས། འབྲས་བུ་ཡོན་ཏན་ལྷུན་གྲུབ་པས། །ཡིད་བཞིན་ནོར་བུ་ལྟར་སྣང་བའོ། །ཞེས་སོ། །གསུམ་པ་སའི་རྣམ་གྲངས་ནི། འདི་ཉིད་ལས། ས་ཡི་ཁྱད་པར་བཅུ་དང་གསུམ། །ཞེས་པའི་སྐབས་ཀྱི་ས་བཅུ་པ་མན་ཆད་ནི་མཚན་ཉིད་པ་སྟེ། སྤང་བྱ་སྤང་བ་དང་གཉེན་པོ་སྐྱེ་བའི་ས་ཡིན་པའི་ཕྱིར། གསུམ་པོ་ནི་བཏགས་པ་བ་སྟེ། མཐར་ཐུག་འབྲས་བུ་སངས་རྒྱས་ཀྱི་ས་གཅིག་གི་ངོ་བོ་ལ་སྐུ་གསུམ་གྱི་ཆ་ལས་ས་གསུམ་དུ་མིང་གདགས་པའི་ཕྱིར། དེའང་ལམ་རིམ་ལས། མཐར་ཐུགས་ས་གསུམ་ཆ་ལས་བརྗོད། །ཅེས་དང་། ཧེ་རུ་ཀ་གལ་པོ་ལས། དབྱིངས་ལ་ཡེ་ཤེས་ཤར་བ་ཀུན་ཏུ་འོད། །པདྨའི་སྤྱན་འདྲ་མི་འགག་ལོངས་སྤྱོད་སྐུ། །ཡི་གེ་འཁོར་ལོ་གདུལ་བྱར་སྤྲུལ་པ་འགྱེད། །དེ་བཞིན་གཤེགས་པའི་ས་ཞེས་བྱ་བའོ། །ཞེས་སོ། །དེས་ན་ངོ་བོ་ལ་ཁྱད་པར་མེད་ཀྱང་མཚོན་ཚུལ་ལ་ཁྱད་པར་ཡོད་དེ། དུས་ཐམས་ཅད་དུ་ཆོས་ཉིད་མཐས་མ་བསྒྲིབས་པར་གསལ་བའི་དོན་མངོན་དུ་བྱས་པས་ན་ཀུན་ཏུ་འོད་དེ་ཡེ་ཤེས་བླ་མའི་ས་ཞེས་ཀྱང་བྱའོ། །དེའི་ཚེ་ཐབས་སྙིང་རྗེ་ཆེན་པོ་ས་གཞན་དོན་མཛད་ཀྱང་དམིགས་པ་མེད་པའི་ཤེས་རབ་ཀྱིི་གདེང་གིས་ཉེས་པའི་སྐྱོན་གྱིས་མ་གོས་པར་མཁྱེན་པས་པདྨ་ཅན། དེའི་ཚེ་སྤྱོད་ཡུལ་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་ལ་མ་ཞེན་པས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་སྟེ། འདི་ཉིད་ལས། ཐབས་དང་ཤེས་རབ་ས་ཡི་མཆོག །ཅེས་པས་པདྨ་ཅན་དང་། མཚན་དང་དཔེ་བྱད་ཐམས་ཅད་རྫོགས། །སྤྱོད་ཡུལ་ཀུན་ཏུ་མཎྜ་ལ། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །ཞེས་པས་འཁོར་ལོ་ཚོགས་ཆེན་ཏེ་ཐུན་མོང་དུ་མ་གྲགས་པའི་ས་གཉིས་བསྟན་ནོ། །འོ་ན། བླ་མ་གོང་མ་དག་ཀུན་ཏུ་འོད་ཕར་ཕྱིན་ཐེག་པའི་སངས་རྒྱས་ཀྱི་ས། པདྨ་ཅན་མ་ཧཱ་ཡོ་གའི། ཡི་གེ་འཁོར་ལོ་ཨ་ནུ་ཡོ་གའི་ས་ཞེས་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་དག་ནི་སའི་དབྱེ་ཚུལ་འདི་དང་ཐ་དད་པ་གཞན་ཏེ། འདིར་བཤད་པར་བྱ་བ་མ་ཡིན་ནོ། །གལ་ཏེ་ཡིན་ན། མཐར་ཐུག་ས་གསུམ་ཆ་ལས་བརྗོད། །ཅེས་པའི་སྐབས་ནས་བསྟན་པའི་ཆོས་སྐུའི་ས་ཡེ་ཤེས་བླ་མའམ་ཀུན་ཏུ་འོད་དང་། ཕར་ཕྱིན་ཐེག་པའི་བཅུ་གཅིག་པ་ཀུན་ཏུ་འོད་གཉིས་གཅིག་པར་འགྱུར་ལ། དེ་ལྟར་ན། ལམ་རིམ་ལས། ལམ་གྱི་རྩོལ་བས་ངལ་བ་རྣམས། །བྲོད་པ་བསྐྱེད་ཕྱིར་ཀུན་ཏུ་འོད། །རྡོ་རྗེ་འཛིན་སྟུག་བཀོད་པར་བསྟན། །མཐར་ཐུག་ས་གསུམ་ཆ་ལས་བརྗོད། །ཅེས་པའི་རྒྱུའི་ཐེག་པའི་ཀུན་ཏུ་འོད་དང་། མཐར་ཐུག་གི་ས་གསུམ་གྱི་ནང་ཚན་གྱི་ཀུན་ཏུ་འོད་གཅིག་པར་ཐལ་ཞིང་། དེ་ལྟར་འདོད་ནུས་པའང་མ་ཡིན་ཏེ། སྔ་མའི་འཕྲོས་ལས། དེ་ཕྱིར་སྐས་ཀ་ལྟ་བུ་སྟེ། །ཐབས་མཁས་འདི་ཡིས་གཞན་པ་ཡི། །ཐབས་ལ་བརྟེན་ནས་མོས་བཅུག་ཅིང་། །བསྒྱུར་བས་འདི་གྲུབ་རང་ཐབས་ཀྱིས། །རང་ས་ཐོབ་ལས་ངོ་བོ་ཉིད། །གཅིག་པར་སྨྲ་བ་མུན་སྤྲུལ་ལོ། །ཞེས་རྒྱུའི་ཀུན་འོད། ཀྲི་ཡའི་རྡོ་རྗེ་འཛིན་པའི་ས། ཡོ་གའི་སྟུག་པོ་བཀོད་པ། མཐར་ཐུག་མ་ཧཱ་ཡོ་གའི་ས་རྣམས་ཀྱི་འབྲས་བུ་ལ་ཁྱད་ཆེ་བས། གཞན་དག་ཁྱད་མེད་ཅེས་སྨྲ་བ་ནི་མུན་སྤྲུལ་ལོ་ཞེས་བཞེད་པའི་ཕྱིར་རོ། །དེ་བས་ན་རྒྱུའི་ཐེག་པའི་ཀུན་ཏུ་འོད་སྔགས་ལམ་གྱི་ལྷུན་གྲུབ་རིག་འཛིན་གྱི་ས་ཡིན་པས་ལམ་གྱི་ཆོས་སྐུ་ཞེས་ཀྱང་མིང་བཏགས་ཏེ། དབུ་མའི་མཁན་པོ་ཨཱརྱ་དེ་བས། རྒྱུ་ཡིས་བགྲོད་པའི་ཀུན་ཏུ་འོད། །ཐབས་ཆེན་ལམ་གྱི་ཆོས་སྐུ་སྟེ། །ཡང་དག་རྫོགས་པའི་སངས་རྒྱས་ལ། །རྒྱ་མཚོ་རླབས་བཞིན་ཤུགས་ཀྱིས་འཆར། །ཆུ་ཟླའི་གཟུགས་ལྟར་འགྲོ་འོང་མེད། །སྨོན་ལམ་སྟོབས་ལ་རག་མ་ལུས། །ཞེས་དང་། བསམ་གཏན་མིག་སྒྲོན་གྱི་རང་འགྲེལ་ལས་ཀྱང་། །དབུ་མས་བསྐལ་པར་སྦྱངས་པས་གྲུབ་པའི་ཀུན་ཏུ་འོད་སྨོན་ལམ་སྙིང་རྗེའི་སྟོབས་ཀྱིས་གཟུགས་སྐུ་འཆར་བ་དང་། ཐབས་ཆེན་པོ་གཉིས་མེད་ཀྱི་སྐུ་ལྔ་མ་བཙལ་རྫོགས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རིམ་གྱི་བདག་ཉིད་དུ་བཞུགས་པས་རྒྱ་མཚོའི་རླབས་བཞིན་སྤྲུལ་པ་རང་བཞིན་སྤྲུལ་པ་རང་ལ་འཆར་བས་གང་ལ་བརྡོ་སྟེ། ཀུན་ཏུ་འོད་ནི་བསྟི་གནས་ཀྱི་སའོ། །དེ་ནི་འདིར་ལྷུན་གྱིས་གྲུབ་པའི་རིག་འཛིན་དངོས་སོ། །ཞེས་གསུངས་པས་སོ། །གཉིས་པ་གཞན་དོན་མཛད་པ་ལ། །གདུལ་བྱ་ལ་ཐུགས་རྗེས་གཟིགས་ཚུལ། །གཟིགས་ནས་ཐུགས་རྗེ་སྐྱེ་ཚུལ། སྐྱེས་ནས་འགྲོ་དོན་མཛད་ཚུལ་ལོ། །དང་པོ་ལ། ཡེ་ཤེས་རྒྱུན་ཆད་ནས་མི་གཟིགས་པར་འདོད་པའི་ལུགས་དང་། མཆོད་ཅིང་གཟིགས་པར་འདོད་པའི་ལུགས་དང་། མཐའ་གཉིས་དང་བྲལ་བས་ཡུལ་མེད་རང་གསལ་དུ་གཟིགས་པར་འདོད་པའི་ལུགས་སོ། །དང་པོ་ལ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། སྤྱིར་སངས་རྒྱས་ལ་མཚན་ཉིད་པ་དང་། བཏགས་པ་བ་གཉིས་ལས། མཚན་ཉིད་པ་ནི་ཆོས་སྐུ་སྟེ། དཔེར་ན་བསྲེག་བྱ་བུད་ཤིང་ཟད་པས་སྲེག་བྱེད་མེའི་རྒྱུན་མི་གནས་པ་ལྟར། སྒྲིབ་པ་ཕྲ་རགས་ཐམས་ཅད་སྤངས་པའི་ཤུལ་དུ། སྤོང་བྱེད་གཉེན་པོའི་ཡེ་ཤེས་ཀྱང་དབྱིངས་སུ་ཞི་སྟེ། རྟེན་དང་བརྟེན་པའི་ཡེ་ཤེས་རྒྱུན་ཆད་པའི་ཕྱིར་གཟིགས་བྱ་གཟིགས་བྱེད་ཀྱི་ཐ་སྙད་ལས་གྲོལ་བས་མི་གཟིགས་པ་བཏགས་པ་གཟུགས་སྐུ་གཉིས་ནི། སྔོན་གྱི་བསོད་ནམས་ཀྱི་ཚོགས་མི་འགག་པའི་འབྲས་བུའམ་སྨོན་ལམ་གྱི་འཕེན་པ་ཙམ་གྱིས་གདུལ་བྱ་ལ་སྣང་བའོ་ཞེས་ཟེར་རོ། །གཉིས་པ་ནི། དེ་ལྟར་ན། ཡེ་ཤེས་དེ་ཉིད་རང་ལྡོག་ནས་རྒྱུན་ཆད་དམ། གཉེན་པོ་གཞན་ཞིག་གིས་ཆད། རང་ལྡོག་ནས་ཆད་ན་མི་འཐད་དེ། སྒྲིབ་པ་སྤངས་པའི་རིག་ཙམ་གྱི་ཡེ་ཤེས་ཀྱང་མཐའ་ཐུག་མེད་དུ་ཡོད་པའི་ཕྱིར། གལ་ཏེ་སངས་རྒྱས་ཀྱི་ས་ན་རིག་ཙམ་ཡང་མེད་དོ་ཞེ་ན། སངས་རྒྱས་དེ་བེམ་དངོས་སུ་ཐལ་ལོ། །གཉེན་པོ་གཞན་གྱིས་ཆོད་དོ་ཞེ་ནའང་མ་ཡིན་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གཉེན་པོར་གྱུར་བའི་ཆོས་གཞན་མི་སྲིད་པའི་ཕྱིར། རྟགས་མ་གྲུབ་ན་གཉེན་པོ་ཐུག་མེད་དུ་གྱུར་པའི་ཕྱིར་ཧ་ཅང་ཐལ་ལོ། །དེ་ལྟར་ཡང་སྡུད་པ་ལས། ཡེ་ཤེས་མེད་ན་བྱང་ཆུབ་འཕེལ་མེད་འགྲིབ་པ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཞེས་སོགས་ལུང་དུ་མས་གནོད་དོ། །གཉིས་པ་ལ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། སངས་རྒྱས་ཀྱི་ས་ན་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་སྒྲིབ་པ་སྤངས་པའི་ལག་རྗེས་སུ་ཡེ་ཤེས་རྒྱུན་དང་བཅས་པ་ཡོད་དེ། དེ་ལས་ཀྱང་ཀུན་རྫོབ་མཁྱེན་པའི་ཡེ་ཤེས་ཀྱིས་ཡུལ་དང་ཡུལ་ཅན་དུ་གཟིགས་ཏེ། སྔར་རྒྱུན་ཆད་པ་བཀག་པའི་ལུང་གིས་འགྲུབ་བོ་ཟེར། གཉིས་པ་ནི། དེ་ལྟར་ན་སངས་རྒྱས་ཀྱི་སའི་ཡེ་ཤེས་དེ་ཉིད་འཁྲུལ་ཤེས་སུ་ཐལ། ཀུན་རྫོབ་ཡུལ་དུ་བྱེད་པའི་ཕྱིར། སོ་སྐྱེའི་ཤེས་པ་བཞིན་ནོ་བྱས་པ་ལ། །ཁོ་ན་རེ། ཁྱབ་པ་མེད་དེ། སྣང་ཙམ་ཡུལ་དུ་བྱེད་ཀྱང་ཞེན་ཡུལ་དུ་མི་འཛིན་པས་སོ་ཟེར། འོ་ན་སངས་རྒྱས་ཀྱི་ཡེ་ཤེས་དེ་སྤངས་པ་ཕྱོགས་གཅིག་པར་ཐལ། ཞེན་ཡུལ་ལ་འཁྲུལ་པའི་ལོག་ཤེས་སྤངས་ཀྱང་། སྣང་ཡུལ་ལ་འཁྲུལ་བའི་ལོག་ཤེས་མ་སྤངས་པའི་ཕྱིར། འདོད་ན། མདོ་ལས། ཡེ་ཤེས་དམ་པ་བདག་མེད་པས། །སྣང་བ་མེད་པས་མ་གཟིགས་སོ། །ཞེས་གསུངས་པ་དང་འགལ་ལོ། །གསུམ་པ་ལ། དངོས་དང་། རྩོད་པ་སྤང་བའོ། །དང་པོ་ནི། ཡེ་ཤེས་རྒྱུན་ཆད་ཅེས་སྐུར་པ་མི་འདེབས། །མ་ཆད་ཅེས་སྒྲོ་མི་འདོགས། དེ་གཉིས་ཆར་གྱི་མཐའ་དང་བྲལ་བའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་རྟོག་མེད་རང་གསལ་དུ་གཟིགས་ཏེ། འདི་ཉིད་ལས། སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་བསྒྱུར། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། མྱ་ངན་འདས་པའི་ཆོས་ལ་ཆོས་མེད་དེ། །གང་ཕྱིར་དེ་མེད་ནམ་ཡང་མེད་མི་འགྱུར། །རྟོག་ཅན་དག་ནི་ཡོད་དང་མེད་ཅེས་བྱ། །དེ་ལྟར་བརྟགས་པས་སྡུག་བསྔལ་ཞི་མི་འགྱུར། །ཞེས་སོ། །གཉིས་པ་ནི། ཡུལ་ཡོད་མེད་དབྱེར་མེད་ཀྱི་བརྟག་པ་གསུམ་ལས། ཡུལ་དུ་བྱས་ནས་གཟིགས་ན་སངས་རྒྱས་ཀྱི་ཡེ་ཤེས་གཟུང་འཛིན་ཅན་དུ་འགྱུར་ཏེ། ཡུལ་དང་ཡུལ་ཅན་བྱུང་བའི་ཕྱིར། འདོད་ན། རྒྱུད་དག་མ་ཡིན་པར་ཐལ། གཟུང་འཛིན་ཡོད་པའི་ཕྱིར། སེམས་ཅན་བཞིན་ནོ། །ཡང་ཡུལ་དུ་མ་བྱས་པར་གཟིགས་ན། མིག་གིས་ཀྱང་སྒྲ་ཐོས་པར་ཐལ། དེའི་ཕྱིར། འདོད་ན་གསལ་ལོ། །གཞན་ཡང་སངས་རྒྱས་ཉིད་འཁྲུལ་པར་ཐལ། མེད་པ་གཟིགས་པའི་ཕྱིར། མིག་སེར་ཅན་གྱི་དུང་གི་ཁ་དོག་བཞིན་ནོ། །དབྱེར་མེད་དུ་གཟིགས་ཟེར་ནའང་མི་འཐད་དེ། གཟིགས་བྱ་གཟིགས་བྱེད་དུ་འགལ་བའི་ཕྱིར། མིག་གིས་མིག་བཞིན་ནོ་ཟེར། ལན་དུ་བླ་མ་གོང་མ་རྣམས་དགོངས་པ་ཐ་དད་དེ། ལྷ་རྗེ་མདའ་ཏིག །ཡུལ་དུ་བྱས་ཞེས་སྒྲོ་མི་འདོགས། མ་བྱས་ཞེས་སྐུར་པ་མི་འདེབས་ཏེ། ཡུལ་དང་ཡུལ་ཅན་དབྱེར་མེད་དུ་གཟིགས་གསུངས། འོ་ན་གཟིགས་བྱ་གཟིགས་བྱེད་དུ་འགལ་ཞེ་ན། དེ་གཉ ིས་ཐ་དད་དུ་བསྒྲུབ་པར་མི་འདོད་དེ། དབྱེར་མེད་དུ་ལྷངས་ཀྱིས་རྟོགས་པ་དེ་ཁོ་ན་ཐུགས་རྗེ་ཆེན་པོ་སྐྱེས་པ་ཡིན་ཏེ། ཕན་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར། དེའང་རྫོགས་ཆེན་སྒོམ་པ་དོན་དྲུག་ལས། སངས་རྒྱས་སེམས་ཅན་གཉིས་སུ་མེད་རྟོགས་ན། །ཐུགས་རྗེ་ཆེན་པོ་སྐྱེས་ཞེས་དེ་ལ་བྱ། །ཞེས་སོ། །འོ་ན་ཐུགས་རྗེ་དང་ཡེ་ཤེས་ལ་ཁྱད་པར་ཅི་ཡོད་ཟེར་ན། དབྱེར་མེད་དུ་ལྷངས་ཀྱིས་རྟོགས་པ་ནི་ཡེ་ཤེས། དེ་ཀ་ཕན་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཆ་ནས་ཐུགས་རྗེའོ་གསུངས། རྗེ་སྒྲོ་ཕུག་པའི་ཞལ་ནས། སྐད་དོག་སར་ཁྱེར་ན། ཡུལ་ཡོད་མེད་ཀྱི་སྒྲོ་སྐུར་སྤངས་ནས་ཆོས་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་རྟོག་མེད་རང་གསལ་དུ་གཟིགས་ཏེ། རྒྱས་པ་ལས། རྣམ་རྟོག་མི་མངའ་ཅིར་ཡང་སལ་ལེ་མཁྱེན། །ཞེས་གསུངས་པའི་ཕྱིར། སྐད་ཡངས་སར་ཁྱེར་ན། ཡུལ་དུ་བྱས་ནས་ཀྱང་གཟིགས་ཏེ། །དུས་གསུམ་གྱི་བསྡུས་པའི་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད། ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་གསལ་མཁྱེན་མ་འགགས་པར་སྣང་བའི་ཕྱིར། ཡང་ཡུལ་མེད་དུའང་གཟིགས་ཏེ། ཇི་ལྟར་སྣང་ཡང་བདེན་པའི་ངོ་བོས་སྟོངས་པའི་ཕྱིར་དབྱེར་མེད་དུའང་གཟིགས་ཏེ། ཤེས་བྱའི་གཤིས་ལ་ཐུགས་རྗེ་སྐྱེ་བའི་ཡུལ་སེམས་ཅན་དང་། སྐྱེ་མཁན་རྣམ་མཁྱེན་གྱི་སངས་རྒྱས་གཉིས་དམིགས་སུ་མེད་པའི་ཕྱིར། དེ་ཐུགས་རྗེར་ཅིས་འགྱུར་ཞེ་ན། །དེ་ནི་དམིགས་པ་མེད་པའི་སྙིང་རྗེ་སྟེ། སྡུག་བསྔལ་མཐའ་དག་ལས་སྐྱོབ་པའི་ཕྱིར་གསུངས། འོ་ན་ཐུགས་རྗེས་གང་ལ། གང་གིས། གང་ལྟར་གཟིགས་ཏེ། གཟིགས་པའི་ཐ་སྙད་མི་འཐད་དོ་ཟེར་ན། །ལན་ནི། འཁྲུལ་པ་ཅན་གྱི་བློ་ངོ་ལ་སྣང་བ་ལྟར་མ་འགགས་པར་གཟིགས་པས་སྐྱོན་གཉིས་པ་མེད་ཅིང་། ཇི་ལྟར་སྣང་ཡང་གཤིས་ལ་མ་གྲུབ་པར་མཁྱེན་པས་སྐྱོན་དང་པོ་ལས་གྲོལ་ལོ། །དེ་གཉིས་པོས་རྩོད་པ་གསུམ་པའང་ཞོར་ལ་སེལ་ཏེ། གཤིས་ལ་གདུལ་བྱ་འདུལ་བྱེད་དབྱེར་མེད་དུ་གཟིགས་ལ། དེ་ལྟར་མ་རྟོགས་པ་རྣམས་འཁོར་བའི་ཆུ་བོ་བཞིས་རྒྱུན་ཕྱོགས་སུ་ཁྱེར་བས་སྡུག་བསྔལ་བའང་གཟིགས་ཤིག །དེ་ལས་གྲོལ་བའི་ཐབས་ཀྱང་མཁྱེན་ནས་སྟོན་པར་མཛད་པ་ཡིན་ཏེ། དཔེར་ན་སྐྱེས་བུ་མངོན་ཤེས་ཅན་གཅིག་གི་དྲུང་ན། སྐྱེས་བུ་གཞན་ཞིག་གཉིད་དུ་སོང་བའི་རྨི་ལམ་དུ་སྡུག་བསྔལ་ཉམས་སུ་མྱོང་བ་རྨི་བ་ན། མངོན་ཤེས་མཁན་དེས་མཁྱེན་ནའང་རང་རྒྱུད་ལ་བདེན་ཞེན་མི་འབྱུང་ཞིང་། གཉིད་སད་ན་སྡུག་བསྔལ་དེ་ལས་གྲོལ་བ་ཡང་མཁྱེན་པ་བཞིན་ནོ། །གཟིགས་ལུགས་ཀྱང་། རྗེ་སྒྲོ་ཕུག་པའི་དགོངས་པས་གསུམ་སྟེ། དབྱིངས་ལས་མི་ཞན་པ་འམ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ཚུལ། ཡེ་ཤེས་ལས་མི་གཞན་པའམ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ཚུལ། དབྱིངས་ཡེ་ཤེས་དབྱེར་མེད་དམ་ཇི་ལྟ་ཇི་སྙེད་དབྱེར་མེད་དུ་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ཚུལ་གསུམ་དུ་བཞེད་དོ། །གཉིས་པ་གཟིགས་ནས་ཐུགས་རྗེ་སྐྱེ་ཚུལ་ནི། རིམ་གསུམ་ལས། རྟག་རྒྱུན་རང་བཞིན་ཤུགས་གསོལ་དང་། །ཡུལ་དང་འཕྲད་ནས་བྱུང་བར་སྣང་། །ཞེས་པས་བཞི་སྟེ། རྟག་པ་རྒྱུན་གྱི་ཐུགས་རྗེ་ཆུ་བོའ་ིརྒྱུན་ལྟ་བུ་དང་། རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉི་མ་དང་འོད་ཟེར་ལྟ་བུ་དང་། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ་སྙིང་རྗེ་ཅན་ལ་དབུལ་པོས་སློང་བ་ལྟ་བུ་དང་། ཡུལ་དང་འཕྲད་པའི་ཐུགས་རྗེ་མཛངས་པ་སྤྱོད་ལོག་བྱེད་པ་མཐོང་བ་ལྟ་བུའོ། །གསུམ་པ་སྐྱེས་ནས་འགྲོ་དོན་མཛད་ཚུལ་ལ། །རྟེན་ཅན་གྱི་དོན་བྱེད་པར་འདོད་པ། །རྟེན་མེད་ཀྱིས་དོན་བྱེད་པར་འདོད་པ། །གནས་ལུགས་ངོ་བོ་ཉིད་ཀྱིས་དོན་བྱེད་པར་འདོད་པའོ། །དང་པོ་ནི། བྲམ་ཟེ་མཆོད་སྡོང་བསྒྲུབ་པ་ལྟ་བུ་སྟེ། །དཔེར་ན་རིག་སྔགས་གྲུབ་པའི་བྲམ་ཟེ་ཞིག་གིས་རིན་པོ་ཆེའི་མཆོད་སྡོང་བསྒྲུབས་ནས་བཞག་པས་རང་ཉིད་ཚེའི་དུས་བྱས་ཀྱང་རྗེས་འཇུག་རྣམས་ཀྱི་འདོད་པ་མཆོད་སྡོང་གིས་སྐོང་བར་བྱེད་པ་ལྟར། སྔོན་ལམ་དུ་ཚོགས་བསགས་པའི་འབྲས་བུས་མཐར་ཐུག་སངས་རྒྱས་ཀྱི་དགོངས་པ་ཆོས་སྐུ་སྒྲིབ་བྲལ་གྱི་ཡེ་ཤེས་དེ་ཉིད་ལ་བརྟེན་ནས། གདུལ་བྱ་ལས་དག་མ་དག་ལ་མཛད་པ་གཟུགས་སྐུ་གཉིས་སུ་སྣང་ནས་དོན་མཛད་པར་བཞེད་པ་ནི། རྒྱ་གར་ན་སློབ་དཔོན་སེང་གེ་བཟང་པོ་དང་། བོད་ན་འབྲིང་མཚམས་ཀྱི་ཞང་ཤེས་རབ་བླ་མ་ལ་སོགས་པའི་དགོངས་པའོ། །གཉིས་པ་ནི། དྲང་སྲོང་དམོད་པ་གྲུབ་པ་ལྟ་བུ་སྟེ། །དཔེར་ན་དམོད་པ་གྲུབ་པའི་དྲང་སྲོང་གིས་དམོད་པ་བསྒྲུབས་ནས་བཞག་པས་རང་ཚེའི་དུས་བྱས་ཀྱང་གཞན་སྣང་དུ་ཁོའི་དམོད་པ་ཇི་ལྟ་བར་འབྱུང་བ་བཞིན་དུ་མཐར་ཐུག་སངས་རྒྱས་ཀྱི་ས་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཙམ་ལས་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མ་གྲུབ་ཀྱང་། སྔོན་ལམ་དུ་ཚོགས་བསགས་ཤིང་སྨོན་ལམ་བཏབ་པའི་མཐུས། གདུལ་བྱ་རང་གི་བློ་སྣང་དུ་གཟུགས་སྐུ་གཉིས་སུ་སྣང་ནས་དོན་བྱེད་པར་བཞེད་པ་ནི། རྒྱ་གར་ན་སློབ་དཔོན་ཀླུ་སྒྲུབ་དང་། བོད་ན་རོང་ཟོམ་ཆོས་ཀྱི་བཟང་པོའི་དགོངས་པའོ། །གསུམ་པ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་བྱི་དོར་བྱས་ཤིང་མཆོད་ན་རང་རང་གི་བསོད་ནམས་དང་འཚམས་པའི་དགོས་འདོད་འབྱུང་མོད་ཀྱི། འོན་ཀྱང་རིན་པོ་ཆེ་ལ་རྩོལ་རྟོག་དང་ཉེ་རིང་མེད་པ་ལྟར། མཐར་ཐུག་རྒྱལ་བའི་དགོངས་པ་ཡོད་མེད་ཀྱི་མཐའ་ལས་གྲོལ་བའི་ཕྱིར། མཐའི་སྒྲོ་སྐུར་དང་བྲལ་བའི་ངོ་བོ་ཉིད་ཀྱི་སྐུ་དེ་ཉིད་གདུལ་བྱའི་བློ་དང་འཚམས་པར་སྣ་ཚོགས་སུ་སྣང་ནས་དོན་མཛད་པར་བཞེད་པ་ནི་རྒྱའི་མཁས་པ་ཆེན་པོ་ཤྲཱི་སིདྷ་དང་། བོད་ན་ཟུར་ཆུང་ཤེས་རབ་གྲགས་པ་ལ་སོགས་པའི་དགོས་པའོ། །མདོར་ན་རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །འགྲོ་བའི་ཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །གདུལ་བྱ་རྣམས་ནི་ཆུད་མ་ཟོས། །ངན་སོང་སྦྱོང་ཞིང་བྱང་ཆུབ་ཞིང་། །ཡེ་ཤེས་ཚོགས་རྫོགས་ཀུན་ཏུ་སྟོན། །ཞེས་གསུངས་སོ། །འབྲས་བུའི་དོན་བཤད་ཟིན་ཏོ། །དཔལ་ལྡན་རྒྱུད་རྒྱལ་རྒྱུད་རྣམས་ཀུན་གྱི་གསང་བའི་གསང་བ་བླ་ན་མེད། །མཐའ་དག་བསྡུས་པའི་སྙིང་པོར་གྱུར་འདི་མཁས་གྲུབ་རྣམས་ཀྱི་གསལ་བར་མཛད། །དེ་ལྟ་མོད་ཀྱི་གསང་བདག་དཔའ་བོ་གཏེར་ཆེན་ཆོས་རྗེའི་ཞལ་ལུང་གི། །ཕྱི་བཞིན་འབྲངས་ནས་བློ་དམན་བདག་གིའང་དྲི་མེད་རྒྱུད་དོན་རྣམ་པར་ཕྱེ། །གང་ཞིག་ཐོས་པའི་ལང་ཚོ་རབ་རྒྱགས་པའི། །སྟོན་ཆེན་རྣམས་ཀྱི་དོན་དུ་འགྱུར་མིན་ཡང་། །ཐར་པའི་ལམ་ལ་དད་བརྩོན་རབ་གཞོལ་བའི། །ཐོས་ཆུང་གསར་བུའི་ཤེས་རབ་བསྐྱེད་པའི་ཕྱིར། །ཡིད་ཆེས་བཀའ་དང་དཔལ་ལྡན་བླ་མའི་གསུང་། །སྔོན་བྱོན་མཁས་པའི་རྣམ་འགྲེལ་ལ་བརྟེན་ནས། །ལེགས་པར་སྦྱར་མོད་འཕགས་བློ་མ་ཐོབ་ཕྱིར། །ཉེས་གྱུར་དམ་པ་རྣམས་ཀྱིས་བཟོད་པར་བཞེས། །འདི་ལས་དྲི་མེད་སྟོན་ཀའི་ཟླ་བ་ལྟའི། །རབ་དཀར་དགེ་བའི་དངོས་པོ་གང་ཐོབ་པ། །མཐའ་ཡས་འགྲོ་བ་ཀུན་དང་ཐུན་མོང་སྟེ། །མ་ལུས་པ་ཡིས་དེ་ཉིད་རྟོགས་གྱུར་ཅིག །བདག་ཀྱང་རང་བཞིན་རྒྱུད་ཀྱི་ཕྱག་རྒྱ་ཡིས། །བཏབ་ལས་རྟོག་གེའི་གཡང་སར་མི་འཕྱན་པར། །ཐེག་མཆོག་མྱུར་བདེའི་ལམ་ལས་འབྲས་བུའི་རྒྱུད། །སྤང་ཐོབ་མེད་པར་མྱུར་དུ་རྟོགས་པར་ཤོག། །ཚུལ་འདིར་ཡིད་རབ་སྤྲོ་བས་སྦྱོར་བྱེད་རྣམས། །ཤེས་རབ་གསུམ་གྱི་དབང་པོ་རབ་རྒྱས་ཏེ། །རྣམ་གྲོལ་ཆོས་ཀྱི་དགའ་སྟོན་འགྱེད་པ་དང་། །བསྟན་པ་དྲི་མེད་ཡུན་རིང་གནས་གྱུར་ཅིག །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་གསང་བདག་ཞལ་ལུང་ཞེས་བྱ་བ་འདི་ནི། ཤེས་འདོད་དང་ལྡན་པའི་བློ་གསར་རྣམས་ལ་ཕན་པའི་ཆེད་དུ། སྔོན་གྱི་ཊཱི་ཀ་དང་། ཁོག་དབུབ་ལ་སོགས་པའི་དོན་འཐོར་བ་རྣམས་བཏུས་ཤིང་གོ་བདེ་བར་བྱས་ཏེ་དཔལ་ལྡན་ཟུར་པའི་བཤད་སྲོལ་གཙོ་བོར་གཟུང་ནས། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྒྱལ་བ་རིགས་དྲུག་པ་དང་དབྱེར་མ་མཆིས་པ་ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པ་དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་གཏེར་ཆེན་ཆོས་ཀྱི་རྗེ་གཏེར་བདག་གླིང་པའི་ཞབས་བརྟེན་པདྨའི་ཟེའུ་འབྲུ་ལ་སྤྱི་བོས་རེག་པ་སྨྱོས་ཀྱི་བན་ཆུང་དྷརྨ་ཤྲཱིས་རྗེ་བླ་མའི་བཀའི་གནང་བ་ཐོབ་པར་བྱས་ཏེ། ལྕགས་ཕོ་རྟའི་ལོ་སྟོན་ཟླ་ར་བའི་མར་ངོའི་ཚེས་བཅུ་རྒྱལ་ཕུར་གྱི་འགྲུབ་སྦྱོར་བཟང་པོ་ལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོའི་ཆོས་གྲྭར་ཟིན་ཐུན་སུག་བྲིས་སུ་བགྱིས་པའོ།། །།འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །།དགེའོ། །དགེའོ། །དགེའོ།། །།ཡང་སྨྲས་པ། ཚུལ་འདི་ཀུན་ཚང་བློར་ཆུད་རྒྱས་པ་སྟེ། །གཞན་དུ་བློ་དམན་བསྡུས་ལ་དགའ་བ་རྣམས། །ལྔ་པ་ལམ་གྱི་ངོ་བོ་གཏན་འབེབས་པའི། །ས་དམིགས་ཁོངས་སུ་ལམ་གྱི་ངོ་བོ་བླང་། །དྲུག་པ་སྔོན་དུ་གང་འགྲོ་དཔྱད་པའི་རྗེས། །ལམ་རྐྱེན་དངོས་བཅུ་སྡོམ་ཚིག་ཙམ་བཀོད་ནས། །འབྲས་རྒྱུད་སྦྱར་བ་སྤྱི་དོན་བསྡུས་པ་ཡིན། །འབྲིང་པོར་འདོད་ན་དེ་སྟེང་ལྟ་བ་ལ། །རྟོགས་ཚུལ་དབང་པོ་རབ་འབྲིང་ཐ་གསུམ་གྱི། །དབང་རབ་གཏན་ཚིགས་ཀྱིས་རྟོགས་ས་ཁོངས་སུ། །རྒྱུད་ཀྱི་དངོས་བཅུའི་ནང་ཚན་ལྟ་བ་ལས། །གཞལ་བྱ་འཇལ་བྱེད་གཞལ་བའི་གྲུབ་མཐའ་སྟེ། །རྣམ་གསུམ་སྟོན་པའི་ངག་རྣམས་བླངས་བྱས་ན། །འབྲིང་པོར་འགྱུར་མོད་རྒྱས་པར་སྤྱི་མ་ཊཱིཀ །བསྡུས་འབྲིང་གཉིས་པོ་སྤྱི་དོན་རྐྱང་བ་སྟེ། །ཆེ་ཆུང་བློ་དང་བསྟུན་ནས་ཉམས་སུ་ལོང་། །ཞེས་ཀྱང་གདམས་སོ།། ༈ །།མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ། །མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ། །ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་བའི། །བསྟན་པ་འཕེལ་རྒྱས་འཛམ་གླིང་ཁྱབ་གྱུར་ཅིག། །།