cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་རེ་བདུན་པ།

གླེགས་བམ། ཇུ༽

པདྨ་འགྱུར་མེད་རྒྱ་མཚོ། དགེ་པཎ་འགྱུར་མེད་ཚེ་དབང་མཆོག་གྲུབ། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

གསང་བ་སྙིང་པོའི་སྤྱི་དོན་མཐོང་བས་དོན་རྟོགས།

དྲྀ ཥྚེ ཎཱ རྠ བུ དྡྷ ན མོ གུ ཧྱ ག རྦྷ སྱ ས མཱ ནྱཱ རྠ བི ཧ ར ཏི སྨ། །
གསང་བ་སྙིང་པོའི་སྤྱི་དོན་མཐོང་བས་དོན་རྟོགས་ཞེས་བྱ་བ་བཞུགས་སོ། །
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་སྤྱི་དོན་གྱི་ངག་བགྲོས་གུ་རུ་ལུགས་སུ་བཀོད་པ་མཐོང་བས་དོན་རྟོགས་ཞེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དབྱིངས་རིག་ཟུང་དུ་འཇུག་པ་རིག་པའི་གཤིས། །མི་འགྱུར་དོན་དམ་འཕོ་མེད་རྟག་པའི་དངོས། །འདུས་མ་བྱས་པ་མཁའ་ཁྱབ་མཁའི་རྡོ་རྗེ། །གཞི་རྒྱུད་བདེ་གཤེགས་སྙིང་པོར་ཕྱག་བགྱིའོ། །འགྱུར་མེད་སེམས་ཀྱི་གནས་ལུགས་མངོན་འགྱུར་ཕྱིར། །བསྐྱེད་རྫོགས་གཤོག་རླབས་བསྐྱོད་པའི་རྣམ་འཕྲུལ་གྱིས། །ཐབས་གྲོལ་མཁའ་ལས་རྡོ་རྗེའི་སར་བཀྲི་བ། །ཐབས་རྒྱུད་ལམ་གྱི་སྙིང་པོར་དང་བས་འདུད། །རང་སྣང་རིས་མེད་མི་འགྱུར་སྐུ་གསུམ་རྫོགས། །གཞོམ་མེད་ལྷན་ཅིག་སྐྱེས་པ་བདེ་བའི་དངོས། །རྡོ་རྗེ་སེམས་མཆོག་དཔལ་ལྡན་འཁོར་ལོའི་མགོན། །འབྲས་རྒྱུད་དེ་བཞིན་གཤེགས་ལ་གུས་ཕྱག་འཚལ། །ཤིན་ཏུ་རྟོགས་དཀའ་ཟབ་གསང་སྙིང་པོའི་དོན། །ངག་ཚིག་བརྗོད་པས་འདོམས་ལ་དབང་འབྱོར་བས། །ཆོས་ཀུན་ཟབ་གནད་སྟོན་པའི་བྱེད་པ་པོ། །དཔལ་ལྡན་རྡོ་རྗེ་འཛིན་མཆོག་རྒྱལ་གྱུར་ཅིག །མཆོག་ཏུ་གསང་བ་བརྟན་གཡོའི་དངོས་ཀུན་གཤིས། །དུས་གསུམ་རྒྱལ་བའི་དགོངས་བཅུད་སྙིང་པོའི་དོན། །འཁྲུལ་མེད་དེ་བཞིན་ཉིད་དུ་སྟོན་བྱེད་རྒྱུད། །ངེས་པའི་ཟབ་གནད་དོན་ཀུན་འདིར་གསལ་བྱ། །དེ་ལ་འདིར་གང་བཤད་བྱའི་ཆོས་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཡིན་ལ། དེ་གང་གིས་འཆད་ན། ལུང་རིགས་མན་ངག་གསུམ་གྱིས་འཆད་དེ། དེ་ལ་ལུང་གིས་ཇི་ལྟར་འཆད་ཅེ་ན། གྲོལ་ལམ་རིམ་ཅིག་ཅར་དུ་སྟོན་པ་རྡོ་རྗེ་མེ་ལོང་དང་། ཡེ་ཤེས་སྙིང་པོ། ཐབས་ལམ་རིམ་ཅིག་ཅར་དུ་སྟོན་པ་རྒྱ་མཚོ་དང་ཐལ་བ་སྟེ། དེ་ལྟར་བཤད་རྒྱུད་སྡེ་བཞི་སོགས་རྒྱུད་རྣམ་པར་དག་པ་རྣམས་ཀྱིས་སོ། །མན་ངག་གིས་ཇི་ལྟར་འཆད་ན། འཕགས་ཡུལ་གྱི་པཎ་གྲུབ་ཆེན་པོ་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ་སོགས་སྤྱི་དང་། ཁྱད་པར་སྒེག་རྡོར་གྱི་རྒྱས་འགྲེལ་སྤར་ཁབ་དང་། སངས་རྒྱས་གསང་བའི་སྒྱུ་འཕྲུལ་ལམ་རིམ་སོགས་ལ་བརྟེན་ནས་འཆད། བོད་ཀྱི་མཁས་པ་ཆེན་པོ་སོ་ཟུར་གནུབས་གསུམ། ཁྱད་པར་ཟུར་མེས་དབོན་རྣམ་གསུམ་སོགས་ཀྱིས་བསྟན་བཅོས་རྣམ་དག་ལ་བརྟེན་ནས་སོ། །རིགས་པས་ཇི་ལྟར་འཆད་ཅེ་ན། ལུང་མན་ངག་དང་མི་འགལ་བའི་རིགས་པ་རྣམ་པར་དག་པས་སོ། །ཇི་ལྟར་འཆད་པའི་ཚུལ་ལ། སྒེག་རྡོར་གྱི་རྒྱུད་གསུམ་སྣང་བ་བཞིར་བསྡུས་ནས་གསུང་། ཟུར་ཆུང་ཤེས་རབ་གྲགས་ཀྱིས་ཆོས་ལྔར་བསྡུ་བ་སོགས་འཆད་ཚུལ་གྱི་བཀའ་སྲོལ་དུ་མ་ཡོད་ཀྱང་། འདིར་བི་མ་ལའི་རྗེས་སུ་འབྲངས་ཏེ་འཆད་ན། ཁོག་གཞུང་གསལ་སྒྲོན་དུ། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མར་འབྲུ་གཉེར་གྲོལ་བའོ། །ཞེས་པས་དོན་གསུམ་སྟེ། འགོ་སྨོས་པས་གོ་བའི་དབང་པོ་ཡང་རབ་རྣམས་ལ་མཚན་བཤད་པ་དང་། དབང་པོ་འབྲིང་པོ་རྣམས་ལ་སྤྱིའི་དོན་རྣམ་པར་དབྱེ་བས་བཤད་པ་དང་། དབང་པོ་ཐ་མ་རྣམས་ལ་འབྲུ་རེ་གཉེར་རེའི་སྒོ་ནས་སྤྲོས་ཏེ་བཤད་པ་དང་གསུམ་ལས། སྐབས་འདིར་ས་བཅད་དང་པོ་གཉིས་སྟོན་ཏེ། དེ་ལ་དང་པོ་འགོ་སྨོས་པས་གོ་བའི་དབང་པོ་ཡང་རབ་རྣམས་ལ་མཚན་བཤད་པ་ལའང་། ཁོག་གཞུང་ལས། རབ་མཚན་ཐ་སྙད་གསུམ་དུ་གྲགས། །སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། །ལག་གི་རྩ་བཞིན་དབུ་ཞབས་རྟོགས། །སྐལ་བ་ཅན་གྱི་ཆེད་ཕྱིར་རོ། །ཞེས་པས་བསྟན། རབ་ལ་མཚན་བསྟན་པ་དེ་ལའང་ཐ་སྙད་གསུམ་སྟེ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞེས་པ་རྒྱུད་དང་མཐུན་པའི་མཚན། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་པ་མན་ངག་དང་མཐུན་པའི་མཚན། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི་ཞེས་པ་ལུང་དང་མཐུན་པའི་མཚན་ཏེ། གཙོ་ཆེ་བའི་དབང་དུ་མཚན་ཐ་སྙད་གསུམ་དུ་གྲགས་ཤིང་། དེས་རྟོགས་ཚུལ་ནི། སྨན་པས་ལག་གི་རྩ་བལྟས་པས་ལུས་མགོ་མཇུག་གི་ནད་ཤེས་པ་བཞིན་ནོ། །དེ་ལ་མཚན་གྱི་རྣམ་གྲངས་གསུམ་ལས། དང་པོ་རྒྱུད་དང་དཀྱིལ་འཁོར་གྱི་གཙོ་བོ་དང་འཆད་པའི་སྐྱེས་བུ་གསུམ་གྱི་མཚན་ཐུན་མོང་དུ་བསྟན་པ་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་སྟེ། དེ་ལ་མཚན་གྱི་ཟུར་གཉིས་ལས། དང་པོ་རྡོ་རྗེ་སེམས་དཔའ་ནི། བཤད་རྒྱུད་མེ་ལོང་ལས། ཆོས་རྣམས་མ་ལུས་གཉིས་མེད་པའི། །རང་རིག་བྱང་ཆུབ་སེམས་ཉིད་དོ། །ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་དང་། མཉམ་སྦྱོར་ལས། རྡོ་རྗེ་སྟོང་པ་ཉིད་དུ་བརྗོད། །སེམས་དཔའ་ཡེ་ཤེས་ཙམ་ཉིད་དེ། །དེ་དག་བདག་ཉིད་གྲུབ་པ་ནི། །རྡོ་རྗེ་སེམས་དཔའ་ཞེས་བརྗོད་དོ། །ཞེས་པས་རྡོ་རྗེ་ནི་ཤེས་རབ་སྟོང་པ་ཉིད་དོ། །སྟོང་པ་ཉིད་དེ་ལ་ཚུར་མཚན་མའི་ཆོས་གང་གིས་ཀྱང་མི་ཕྱེད་ཅིང་ཕར་མཚན་ཆོས་ཐམས་ཅད་འཇོམས་ནུས་པས་རྡོ་རྗེ་དང་ཆོས་མཚུངས་པའི་ཕྱིར་དེ་ལྟར་བཏགས། སེམས་དཔའ་ནི། ས་ཏྭའི་སྒྲ་ལས་དྲངས་ན། སྤྱིར་སཏྭ་དོན་དྲུག་ལ་འཇུག་སྟེ། སྙིང་སྟོབས་ཏེ་ཞེ་སྡང་དང་། དཔའ་ཞིང་བརྟན་པ་དང་། འདུན་པ་དང་། ཤེས་རིག་དང་། སྲོག་ཆགས་དང་། བསྡུས་པ་རྣམས་ལ་འཇུག་པ་ལས། སྐབས་འདིར་བརྟན་བསྡུས་རྟོགས་གསུམ་སྟེ། དེ་ལ་བརྟན་པ་ནི། སེམས་ཅན་ཀུན་གྱི་སེམས་གང་ནི། །རྡོ་རྗེ་ཞེས་སུ་བཤད་པ་ཡིན། །བརྟན་པའི་ཕྱིར་ན་སེམས་དཔར་བརྗོད། །ཅེས་དང་། བསྡུས་པ་ནི། རྡོ་རྗེ་སེམས་དཔའ་བསྡུས་པས་ན། །ཞེས་སམ། མི་ཕྱེད་རྡོ་རྗེ་ཞེས་བརྗོད་དོ། །སེམས་དཔའ་སྲིད་གསུམ་གཅིག་པའོ། །འདི་ན་ཤེས་རབ་ལྡན་པ་ཡིས། །རྡོ་རྗེ་སེམས་དཔའ་ཞེས་སུ་བཤད། །ཅེས་དང་། རྟོགས་པ་ནི། སྐྱེ་མེད་ཡེ་ཤེས་རང་གི་དབྱིངས། །མི་འགྱུར་མི་ཤིགས་རྡོ་རྗེའི་དོན། །སེམས་དཔའ་ཡེ་ཤེས་རྡོ་རྗེ་སྟེ། །ཞེས་པས་ཡུལ་ཅན་ཐབས་རང་རིག་པ་བྱང་ཆུབ་ཀྱི་སེམས་ཡུལ་ཤེས་རབ་དབྱིངས་སྟོང་པ་ཉིད་དང་རོ་གཅིག་པའི་ཟུང་འཇུག་རང་བཞིན་གྱིས་རྣམ་པར་དག་པ་དེ་ནི་རྡོ་རྗེ་ལྟར་བརྟན་པའི་ཕྱིར་བརྟན་པའི་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ་མཆོག་ཏུ་མི་འགྱུར་བའི་ཆ་ནས་བཞག །ཟུང་འཇུག་དེའི་ཕྱག་རྒྱས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བཏབ་པས་འཁོར་འདས་བཟང་ངན་མེད་པར་མཉམ་པ་ཉིད་དུ་བསྡུས་པ་ནི་བསྡུས་པའི་རྡོ་རྗེ་སེམས་དཔའ་སྟེ་རྣམ་ཀུན་མཆོག་ལྡན་གྱི་ཆ་ནས་བཞག་ཅིང་། དེ་ལྟར་བརྟན་བསྡུས་གཉིས་པོ་དེ་གནས་ལུགས་ཀྱི་ངོས་ནས་བཞག་སྟེ། དེའི་ཕྱིར་གཉིས་པོ་དེ་ལ་གཞི་འབྲས་གཉིས་སུ་མེད་པའི་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེ་ལྟ་བུའི་གནས་ལུགས་ཀྱི་དོན་གདོད་མ་ནས་རང་ཆས་སུ་བཞུགས་པ་དེ་ཉིད་སྒྲིབ་གཉིས་ཟད་ཅིང་ཚོགས་གཉིས་རྫོགས་པའི་སྐྱེས་བུས་རང་གི་རང་བཞིན་ཇི་ལྟ་བ་བཞིན་མངོན་དུ་རྟོགས་པ་ནི་འབྲས་བུའི་རྡོ་རྗེ་སེམས་དཔའ་སྟེ། སྣང་ལུགས་ཀྱི་ངོས་ནས་བཞག་ལ། གང་རྟོགས་པའི་ཡེ་ཤེས་དེ་ཡང་རྡོ་རྗེ་ལྟར་གཉིས་སུ་མེད་པར་གྱུར་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ཉིད་མཚོན་བྱེད་མཚན་མའི་ཕྱག་རྒྱར་སྣང་བ་དཀྱིལ་འཁོར་གྱི་གཙོ་བོ་དང་། སྐབས་འདིར་ཐུགས་ཀྱི་སྒྱུ་འཕྲུལ་གྱི་དབང་དུ་བྱས་ཏེ་འཆད་པའི་སྐྱེས་བུ་རྡོ་རྗེ་མི་བསྐྱོད་པ་ལའང་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེ་ལ་དཀྱིལ་འཁོར་གྱི་གཙོ་བོ་ནི། ལས་དང་པོ་པས་དོན་སྤྱིའི་ཚུལ་དུ་བསྒོམས་པ་བརྟགས་པའི་ལྷ་སྐུ། འབྲས་བུའི་རྫོགས་རིམ་གྲུབ་པའི་ས་མཚམས་སྦྱོར་ལམ་གྱི་དུས་སུ་རླུང་སེམས་ཀྱི་ལྷ་སྐུ་རང་ཤར། མཐོང་ལམ་འོད་གསལ་གྱི་ལྷ་སྐུ། །སློབ་པའི་ཟུང་འཇུག་གི་ལྷ་སྐུ་སྟེ་ལམ་གྱིས་བསྡུས་པའི་དཀྱིལ་འཁོར་གྱི་གཙོ་བོ་དང་། མི་སློབ་པའི་ཟུང་འཇུག་འོག་མིན་དུ་བཞུགས་པའི་དག་པ་གཉིས་ལྡན་གྱི་དཀྱིལ་འཁོར་གྱི་གཙོ་བོ་རྣམས་སོ། །མཚན་གྱི་ཟུར་གཉིས་སྒྱུ་འཕྲུལ་དྲྭ་བ་ནི། རྡོ་རྗེ་ལས། ཐབས་དང་ཤེས་རབ་འབྲེལ་བའི་དོན། །ཞེས་པས་སྒྱུ་འཕྲུལ་དྲྭ་བའང་ཐབས་ཤེས་ཟུང་འཇུག་གི་དོན་ཏེ། དེ་ལ་དང་པོ་རྟོག་ཚོགས་སྒྱུ་དྲྭ་ནི། འབྱུང་བ་ལྔ་ཆོས་ཅན། སྒྱུ་མ་ཞེས་བྱ་སྟེ། སྣང་བ་རིས་སུ་མ་ཆད་པའི་ཕྱིར། ཕུང་པོ་ལྔ་ཆོས་ཅན། འཕྲུལ་པ་ཞེས་བྱ་སྟེ། རྒྱུ་འབྱུང་བའི་རིས་སུ་མ་ཆད་པའི་རྒྱུས་འབྲས་བུ་ཕུང་པོ་ལྔར་འཕྲུལ་པའི་ཕྱིར་རྒྱུ་འབྲས་གཉིས་པོ་དེ་ཆོས་ཅན། དྲྭ་བ་ཞེས་བྱ་སྟེ། དེ་གཉིས་རྒྱུ་འབྲས་འབྲེལ་པ་ཅན་གྱི་སྒོ་ཟུང་དུ་འཇུག་པའི་ཕྱིར། གཉིས་པ་ངེས་དོན་སྒྱུ་དྲྭ་ནི། ཤེས་རབ་དབྱིངས་སྟོང་པ་ཉིད་ཆོས་ཅན། སྒྱུ་མ་ཞེས་བྱ་སྟེ། རིས་མེད་ཀུན་ཁྱབ་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། ཐབས་རིག་པ་རང་བྱུང་གི་ཡེ་ཤེས་ཆོས་དང་། འཕྲུལ་པ་ཞེས་བྱ་སྟེ། སྟོང་ཉིད་ཀྱི་རྩལ་སྣང་རིག་པ་རང་བྱུང་གི་ཡེ་ཤེས་སུ་མ་འགགས་པར་འཕྲུལ་པའི་ཕྱིར། དེ་གཉིས་ཟུང་འཇུག་ཆེན་པོ། དྲྭ་བ་ཞེས་བྱ་སྟེ། སྟོང་ཉིད་ཀྱི་རྩལ་སྣང་ཡེ་ཤེས་སུ་འཆར་ལ་ཡེ་ཤེས་ཀྱི་རང་བཞིན་སྟོང་པར་གྲོལ་བའི་ཕྱིར། གསུམ་པ་དྲང་དོན་བརྡའི་སྒྱུ་དྲྭ་ནི། གང་དུ་དྲང་ན་ངེས་དོན་གྱི་སྒྱུ་འཕྲུལ་དྲྭ་བ་ལ། གང་དྲང་ན་མཚན་མའི་བློ་ཅན་རྣམས། ཇི་ལྟར་དྲང་ན་སྒྱུ་མ་མཚོན་པ་ལྷ་ཡུམ། འཕྲུལ་པ་ཚོན་པ་ལྷ་ཡབ། དྲྭ་བ་མཚོན་པ་ཡབ་ཡུམ་ཞལ་སྦྱོར་གྱི་བརྡས་སོ། །བཞི་པ་ལྷ་རྟོག་དབྱེར་མེད་ཀྱི་སྒྱུ་དྲྭ་ནི། རྟོག་ཚོགས་ནི་སྒྱུ་མ་སྟེ། སྣང་ལ་རང་བཞིན་མ་གྲུབ་པའི་ཕྱིར། ལྷ་ནི་འཕྲུལ་པ་སྟེ། རྟོག་ཚོགས་ཀྱི་རང་བཞིན་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རྩལ་སྣང་ལྷར་སྣང་བའི་ཕྱིར། དྲྭ་བ་ནི་རང་བཞིན་གཉིས་སུ་མེད་པར་འབྲེལ་བ་སྟེ། རྟོག་ཚོགས་ཀྱི་རང་བཞིན་ལྷ་ཡིན་པའི་ཕྱིར། དེ་ལྟར་ཡང་། ལེ་ལག་ལས། ལྔ་ཕུང་སྒྱུ་མའི་ཡེ་ཤེས་ལ། །རང་རིག་ཐབས་ཀྱིས་རིགས་ལྔར་འཕྲུལ། །ཞེས་དང་། བླ་མ་ལས། ཀུན་འབྱུང་དཀྱིལ་འཁོར་སྒྱུ་འཕྲུལ་ཆེ། །མང་ལ་འབྲེལ་བ་དྲྭ་བའི་དོན། །ཞེས་གསུངས། འདི་ཉིད་ཀྱི་ལེའུ་བཞི་པ་ལས་ནི་ཡབ་ལ་སྒྱུ་འཕྲུལ་དང་། ཡུམ་ལ་དྲྭ་བར་བཤད་དེ། ཋ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད། །སོགས་དང་། ཐ་ནི་དྲྭ་བ་བརྟན་པ་ཉིད། །སོགས་སོ། །དེ་ལྟར་གཞི་དང་འབྲས་བུའི་ཟུང་འཇུག་ལ་མཚན་ཇི་སྐད་དུ་ཐོབ་པའི་ངེས་པས་ལས་ཀྱི་རྒྱུད་དེ་ལའང་དེ་སྐད་ཅེས་བྱ་སྟེ། གཞི་འབྲས་གཉིས་དང་ཤེས་ཐོབ་ཀྱི་བྱ་བྱེད་འགྲེལ་པ་ཅན་དུ་གནས་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་སྒྲར་སྣང་ཞིང་སྒྲར་གྲགས་པའི་རྒྱུད་དང་། བརྡར་བཏགས་གླེགས་བམ་གྱི་རྣམ་པར་བཀོད་པ་འདི་ལའང་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞེས་བྱའོ། །གཉིས་པ་ཆེ་བ་ལས་མཚན་དུ་བཏགས་པ་ནི། ལུང་གི་སྤྱི་སྟེ། རྡོ་རྗེ་ལས། སོ་སོ་བསྟན་པ་རྒྱ་ཚོའི་རྒྱུད། །འདིར་སྟོན་འདིས་སྟོན་འདི་ཕྱིར་སྟོན། །དོན་ཀུན་འདི་ལ་ཡོངས་རྫོགས་པས། །ལུང་གི་སྤྱི་ཞེས་བཤད་པ་ཡིན། །ཞེས་པས་བསྟན་ཏེ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་སོ་སོའི་བློ་དང་འཚམས་པར་བསྟན་པའི་ཐེག་པའི་རྣམ་གྲངས་ནི་ཟབ་ཅིང་རྒྱ་ཆེ་བས་རྒྱ་མཚོའི་རྒྱུད་ཅེས་བྱ་སྟེ། དེ་ལྟ་བུའི་བསྟན་པ་དང་ཐེག་པ་ཐམས་ཅད་ཀྱི་དོན་འདིའི་ནང་དུ་སྟོན་པས་འདིར་སྟོན་ཞེས་བྱ་སྟེ། བཤད་རྒྱུད་རྒྱས་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་སོ། །བསྟན་པ་དང་ཐེག་པ་ཐམས་ཅད་རྒྱུད་འདིས་རྫོགས་པར་སྟོན་པས་འདིས་སྟོན་ཞེས་བྱ་སྟེ། ཇི་སྐད་དུ། འདུལ་བ་མདོ་སྡེ་ཆོས་མངོན་དང་། །ཞེས་པ་ནས། འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་སོ། །བསྟན་པ་དང་ཐེག་པ་ཐམས་ཅད་ཀྱང་འདི་ཉིད་རྟོགས་པའི་ཐབས་སུ་སྟོན་པས་འདི་ཕྱིར་སྟོན་ཞེས་བྱ་སྟེ། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་སོ། །རྒྱུ་མཚན་དེའི་ཕྱིར་ཐེག་པ་ཐམས་ཅད་ཀྱི་དོན་རྒྱུད་འདི་ལ་ཡོངས་སུ་རྫོགས་པས་ལུང་གི་སྤྱི་ཞེས་བཤད་ལ། དེ་ཡང་གསང་བ་སྤྱི་རྒྱུད་ལྟ་བུ་མིན་པར་བསྟན་པ་དང་ཐེག་པ་ཐམས་ཅད་ཀྱི་ལུང་གི་སྤྱི་ཡིན་ནོ་ཞེས་འཆད་པར་བྱེད་པ་ལ། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི་ཞེས་པའི་གཞུང་འདི་བྱུང་བ་ཡིན་ནོ། །གསུམ་པ་དོན་རང་གི་ངོ་བོ་ལས་བཏགས་པའི་མཚན་གླེགས་བམ་གྱི་ཀླད་དུ་བཀོད་དགོས་ཚུལ་ནི། འགྲེལ་ཆུང་ལས། སྔོན་དུ་འགྲོ་བའི་བདག་ཉིད་པས། །མིང་ཉིད་ཐོག་མར་སྨོས་པ་གཅེས། །ཞེས་པས་གླེགས་བམ་གྱི་ཀླད་དུ་བཀོད་པའི་མཚན་ཏེ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པ་དང་། གསང་བ་ནི་གཞི་རྒྱུད་རྟོགས་དཀའ་བ། སྙིང་པོ་ནི་ལམ་གྱི་རྒྱུད་དེ་བསྟན་པ་ཐམས་ཅད་ཀྱི་བཅུད་འདུས་པ། དེ་ཁོ་ན་ཉིད་ནི་གཞི་མི་འགྱུར་བ་དང་ལམ་གྱིས་དེ་རྟོགས་པ་ལ་མི་བསླུ་བ། ངེས་པ་ནི་སྒྲོ་སྐུར་དང་བྲལ་བར་གཏན་ལ་ཕབ་པའི་དོན་ཏེ། རྒྱུད་ཕྱི་མ་ལས། གསང་བ་ཆོས་འབྱུང་ལ་བཤད་དེ། །སྙིང་པོའང་དེ་ཡི་ཐབས་ཅན་ནོ། །གཉིས་པ་ཕྱིན་ཅི་མ་ལོག་ཕྱིར། །དེ་ཉིད་དོ་འདིར་རྣམ་ངེས་སོ། །ཞེས་སོ། །ཡང་ན། གཞི་རྒྱུད་དེ་བཞིན་ཉིད་དེ་རྟོགས་དཀའ་ཞིང་ཀུན་གྱི་སྙིང་པོར་བཞུགས་པས་གསང་བའི་སྙིང་པོ། ལམ་རྒྱུད་ནི་གཞི་རྟོགས་པ་དང་འབྲས་བུ་ཐོབ་པ་ལ་མི་བསླུ་བས་དེ་ཁོ་ན་ཉིད། འབྲས་བུའི་རྒྱུད་ནི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ངེས་པའོ་ཞེས་བཤད་ཀྱང་རུང་སྟེ་རྡོ་རྗེའི་ཚིག་ཡིན་པའི་ཕྱིར། གཉིས་པ་དབང་པོ་འབྲིང་པོ་རྣམས་ལ་སྤྱིའི་དོན་རྣམ་པར་དབྱེ་བས་འཆད་པ་ལ་གཉིས་ཏེ། དོན་གྱི་རྣམ་གྲངས་རྣམ་པར་དབྱེ་བ་དང་། ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བའོ། །དང་པོ་ལ་ལྔ་སྟེ། རྒྱུད་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་བསླང་བ། འབྲས་བུ་ཡོངས་སུ་ཤེས་པར་བྱ་བ་རྒྱུད་དོན། རྒྱུད་ཀྱི་དགོས་འབྲེལ། འཁོར་ལ་གདམས་ཤིང་བསྟན་པ་གཏད་པའོ། །དང་པོ་ལ་ངོ་བོ་ནི། རྒྱུད་ཕྱི་མ་འགོས་འགྱུར་ལས། སྟོན་པ་ལ་སོགས་རབ་དབྱེ་བས། །ཕུན་སུམ་ཚོགས་པ་ལྔར་བརྗོད་དོ། །ཞེས་པས་བསྟན། གླེང་གཞི་ཕུན་སུམ་ཚོགས་པ་དེ་ལ། སྟོན་པ་དང་ལ་སོགས་པས། འཁོར་དང་། གནས། ཆོས། དུས་ཕུན་སུམ་ཚོགས་པ་སྟེ་ལྔར་བརྗོད་ལ། དེ་ཡང་། གནས་གང་དུ། སྟོན་པ་གང་། འཁོར་གང་དང་ལྷན་ཅིག་ཚོགས་པ་དེའི་ཚེ་རྒྱུད་དོན་འབྱུང་བར་ངེས་པའི་ཕྱིར་ཕུན་སུམ་ཚོགས་པ་ལྔ་ལྡན་ནི་གླེང་གཞིའོ། །ངེས་ཚིག་ནི། ཅིའི་ཕྱིར་གླེང་གཞི་ཞེས་བྱ་ཞེ་ན། ལེགས་སྦྱར་གྱི་སྐད་དུ། དཱ་ནའི་སྒྲ་ལས་དྲངས་ན་སྦྱིན་པ་ཞེས་པ་ལ་འཇུག་སྟེ། གང་ལ་ན་བཀའ་ཡིན་མིན་དུ་རྟོག་པའི་ཐེ་ཚོམ་ཅན་དག་ལ་སྦྱིན། ཇི་ལྟར་ན། ཕུན་སུམ་ཚོགས་པ་ལྔའི་ལོ་རྒྱུས་བརྗོད་པས་སོ། །གང་སྦྱིན་ན། ཡིད་ཆེས་ཀྱི་ངེས་པ་སྦྱིན་ནོ། །འོན་ཀྱང་བོད་སྐད་དུ་སྦྱིན་པ་ཞེས་བསྒྱུར་ན་དངོས་པོ་སྦྱིན་པ་ལྟ་བུ་ཕྱོགས་གཅིག་ཏུ་ཆད་འགྲོ་བས་བོད་ཀྱི་བརྡ་དང་སྦྱར་ཏེ་ལོ་ཙཱ་བ་རྣམས་ཀྱིས་གླེང་གཞི་ཞེས་བསྒྱུར་བའི་དབང་དུ། གང་གླེང་བར་བྱ་བ་རྒྱུད་ཀྱི་དོན་འབྱུང་བའི་རྒྱུའམ་གཞིར་གྱུར་པའི་ཕྱིར་རོ། །དབྱེ་ན་ཐུན་མོང་མིན་པའི་གླེང་གཞི་དང་། ཐུན་མོང་གི་གླེང་གཞི་གཉིས། དང་པོ་ལ། ནང་ལྟར་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་བཤད་རྒྱུད་རྒྱ་མཚོས་བཤད་པ་དང་། གསང་བ་ལྟར་འོག་སྒོ་དང་སྦྱར་ཏེ་བཤད་རྒྱུད་ཐལ་བས་བཤད་པའོ། །དང་པོ་ནི། ཇི་སྐད་དུ། དྷརྨ་ཙཀྲ་ཆོས་ཀྱི་གནས། །འོད་བཞི་ཨེ་སོགས་དབྱིབས་སུ་གནས། །མི་ཤིགས་ཐིག་ལེ་ཝཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་དག །མ་ནུ་ཡིད་སོགས་རྣམ་ཤེས་བཞི། །ཡེ་ཤེས་མྱོང་བས་བསྡུས་པར་བཤད། །ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། །པ་ར་མཱཪྠ་དོན་ཟབ་མོ། །བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་པས། གནས་ཕུན་སུམ་ཚོགས་པ་སྙིང་ག་ཆོས་ཀྱི་འཁོར་ལོ། །སྟོན་པ་ཕུན་སུམ་ཚོགས་པ་སྲོག་མི་ཤིགས་པའི་ཐིག་ལེ། འཁོར་ཕུན་སུམ་ཚོགས་པ་རྣམ་ཤེས་ཚོགས་བརྒྱད། ཆོས་ཕུན་སུམ་ཚོགས་པ་དོན་དམ་འོད་གསལ་ལ་ནམ་མཁའི་གཟུགས་ཅན། དུས་ཕུན་སུམ་ཚོགས་པ་དུས་གསུམ་མཉམ་ཉིད་དོ། །གཉིས་པ་ནི། ཇི་སྐད་དུ། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞི་དབྱིབས་ཅན་གནས། །སྐད་ཅེས་གསལ་བྱེད་ལས་མིང་ཅན། །ཝཾ་དབྱིབས་ཐིག་ལེར་བཅས་སྟོན་པའོ། །མ་དཱ་མ་ནུ་སྡོམ་བྱེད་ཡིད། །ལུས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བས་བཤད་པར་འདོད། །པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡ་ན་ཐེག་ཆེན་འདི་ཡིན་ནོ། །དུས་ནི་བསམ་གྱིས་མི་ཁྱབ་དུས། །ནཱ་མ་དེ་མིང་ཞེས་བྱའོ། །ཞེས་པས། གནས་ཕུན་སུམ་ཚོགས་པ་ཡུམ་གྱི་མཁའ་གསང་། སྟོན་པ་ཕུན་སུམ་ཚོགས་པ་ཡབ་ཀྱི་རྡོ་རྗེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་བཅས་པ། འཁོར་ཕུན་སུམ་ཚོགས་པ་བྱེད་པ་སྡོམ་པའི་ཐབས་དང་བཅས་པའི་གསང་བའི་རྣམ་ཤེས། ཆོས་ཕུན་སུམ་ཚོགས་པ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས། དུས་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པའི་དུས་སོ། །འདི་དག་གླེང་གཞིར་འགྱུར་བའི་འཐད་པ་ནི། རྒྱུན་མཐའི་ས་ལ་བཞུགས་པའི་ལྷན་ཅིག་པའི་འཁོར་རྣམས་ལ་སྟོན་པས་འབྲས་དུས་ཀྱི་དབང་བསྐུར་བས་ནང་གི་མངོན་བྱང་ལྔ་ལ་བརྟེན་ནས་ཡང་དག་པའི་མཐའ་མངོན་དུ་མཛད་པ་དེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པའི་དུས་དེར་སྙིང་ག་དང་གསང་བའི་འོག་མིན་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་རྒྱུ་མཚན་གྱིས་ནང་གསང་གཉིས་གླེང་གཞི་དང་འབྲེལ་བ་ཡིན་ལ། དེའི་ཕྱིར་ཐུན་མོང་མིན་པའི་གླེང་གཞི་ཞེས་ཀྱང་བྱའོ། །གཉིས་པ་ཐུན་མོང་གི་གླེང་གཞི་ལ་གསུམ་ལས། དང་པོ་ལོངས་སྐུའི་གླེང་གཞིའམ་རྒྱུད་འབྱུང་བ་ཁྱད་པར་ཅན་གྱི་གླེང་གཞི་ལ། ཆོས་ཕུན་སུམ་ཚོགས་པ་ནི། འདི་སྐད་བཤད་པ་ཞེས་པས་བསྟན་ཏེ། འདི་སྐད་ཅེས་པ་ཚིག་འཕྲད་དེ་རྒྱུད་དོན་རྫོགས་བར་འཆད་པའི་དོན་ནོ། །དུས་ཕུན་སུམ་ཚོགས་པ་ནི། དུས་ན་ཞེས་པ་རྟག་པ་རྒྱུན་གྱི་འཁོར་ལོའོ། །སྟོན་པ་ཕུན་སུམ་ཚོགས་པ་ལ། སྟོན་པའི་རང་བཞིན་དང་། ངོ་བོ་གཉིས། དང་པོ་ནི། དེ་བཞིན་གཤེགས་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་ཞེས་སོགས་ཀྱིས་བསྟན་ཏེ། སྤྱིར་སྟོན་པའི་རང་བཞིན་བདུན་དུ་འདུ་ཞིང་། དེ་ཡང་རིགས་བསྡུ་ན་བཞིར་འདུ་སྟེ། འགྲེལ་ཆུང་ལས། བྱང་ཆུབ་མཆོག་གི་ངོ་བོ་དང་། །ཆོས་རྣམས་རོལ་པར་ལོངས་སྤྱོད་དང་། །ཕྱོགས་དུས་བདེ་གཤེགས་བདག་པོ་དང་། །ཆོས་སོ་ཅོག་དང་དབྱེར་མེད་པའོ། །ཞེས་སོ། །གཉིས་པ་ནི། སྐུ་མདུན་དང་རྒྱབ་མེད་པ་ཐམས་ཅད་དུ་ཞེས་སོགས་ཀྱིས་བསྟན་ནོ། །གནས་ཕུན་སུམ་ཚོགས་པ་ལ། གནས་ཀྱི་རང་བཞིན་དང་། ངོ་བོ་གཉིས། དང་པོ་ནི། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། ཞེས་པས་བསྟན། དེ་ལ་སྤྱིར་འོག་མིན་ལ། ཆོས་དབྱིངས་དོན་གྱི་འོག་མིན་དང་། རིག་པའི་འོག་མིན་དང་། གསང་བའི་འོག་མིན་དང་། གཙང་རིས་ཀྱི་ལྷ་ལྔའི་ནང་ཚན་འཇིག་རྟེན་གནས་ཀྱི་འོག་མིན་རྣམས་ལས། འདིར་ནི་འོག་མིན་ཆེན་པོ་བྱ་བ་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ཏེ། རྡོ་རྗེ་ལས། གཙང་མའི་རིས་དག་རྣམ་སྤངས་པའི། །འོག་མིན་ཆེན་པོའི་གནས་མཆོག་ན། །ཞེས་དང་། རྒྱ་མཚོ་ལས། འཇིག་རྟེན་གནས་ཀྱི་འོག་མིན་ལས། །ཉིས་འགྱུར་ཤིན་ཏུ་སྤགས་པ་ན། །ངོ་བོ་མཐའ་གསུམ་ལས་འདས་པ། །མ་སྤངས་རྒྱན་རྫོགས་གཞལ་ཡས་ཁང་། །ཞེས་སོ། །གཉིས་པ་ནི། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ་ཞེས་པས་བསྟན་ཏེ། དེ་དག་གི་དོན་བསྡུ་ན། འགྲེལ་ཆུང་ལས། གཞལ་ཡས་གཞི་དང་རྒྱུ་དང་རྒྱ། །དབྱིབས་དང་གློ་འབུར་རྩེ་མོ་དང་། །རྒྱན་དང་སྒོ་ཁྱུད་རྟ་བབས་དང་། །མཚན་ཉིད་གདན་གྱི་རྣམ་པ་སྟེ། །ཞེས་པ་ལྟར་རོ། །འཁོར་ཕུན་སུམ་ཚོགས་པ་ལ། རང་བཞིན་གཉིས་སུ་མེད་པའི་འཁོར་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་གཉིས། དང་པོ་ནི། རིགས་ལྔ་ཡབ་ཡུམ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། ཞེས་སོགས་ཀྱིས་བསྟན། གཉིས་པ་ལ། རྒྱལ་སྲས་སེམས་དཔའི་འཁོར་དང་། འཇོམས་བྱེད་ཁྲོ་བོའི་འཁོར་གཉིས། དང་པོ་ནི། དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། སོགས་ཀྱིས་ནང་སེམས་ཡབ་ཡུམ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང་། སོགས་ཀྱིས་ཕྱི་སེམས་ཡབ་ཡུམ་བསྟན། གཉིས་པ་ནི། འཇོམས་པ་ཆེན་པོ་རྡོ་རྗེ་རེག་པ་དང་སོགས་ཀྱིས་བསྟན། གཞན་ཡང་རྒྱུད་མས་སྦྱངས་ཀྱི་ཚོགས་དཔག་ཏུ་མེད་པ་དང་ལྷན་ཅིག་བཞུགས་སོ་ཞེས་སྟོན་པ་ལ། དེ་ལྟ་བུའི་ཚོགས་བརྗོད་ཀྱི་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ། །ཞེས་པས་བསྟན་ནོ། །ཞར་བྱུང་དོགས་པ་བསལ་བ་ནི། ལེའུ་དང་པོ་ནས་བཤད་པའི་ལོངས་སྐུའི་གླེང་གཞི་འདི་ཉིད་སངས་རྒྱས་རང་སྣང་དང་གདུལ་བྱ་གཞན་སྣང་གང་ཡིན་ཞེ་ན། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན་ཞེས་སོགས་གཞུང་དངོས་བསྟན་ལྟར་ཡིན་ལུགས་ནས་རང་སྣང་གི་གླེང་གཞི་ཡིན་མོད། འོན་ཀྱང་གདུལ་བྱ་ལ་ལྟོས་ནས་གཞན་སྣང་གི་གླེང་གཞི་ཡིན་པའང་མི་འགལ་ཏེ། གླེང་བསླང་གི་དུས་སུ་རྒྱུན་མཐའི་བྱང་སེམས་ལ་འབྲས་དབང་བསྐུར་ནས་གནས་དེར་འཚང་རྒྱ་བར་བསྟན་པས་རྒྱུན་མཐའི་སེམས་དཔའ་དེ་དག་སྟོན་འཁོར་དགོངས་པ་དབྱེར་མེད་དུ་མ་འགྱུར་གོང་དུ་གདུལ་བྱ་དེའི་བློ་ངོར་གཞན་སྣང་གི་གླེང་གཞི་སྣང་བ་ཡང་ཡོད་པའི་ཕྱིར་ཏེ། རྒྱ་མཚོ་ལས། དང་པོ་སངས་རྒྱས་ས་རྒྱལ་བ། །སེམས་དཔའ་ཆེ་དང་འཇོམས་པ་ཆེ། །བརྗོད་ཀྱིས་མི་ལང་ཚད་མེད་དང་། །རྣམ་གཉིས་ཚུལ་དུ་བཞུགས་པའོ། །ཞེས་གསུངས་པས་སོ། །གཉིས་པ་ཞར་བྱུང་གདུལ་བྱ་དགོས་ཆེད་དུ་བསྟན་པ་ཁྲོ་བོའི་གླེང་གཞི་ལ། གནས་ཕུན་སུམ་ཚོགས་པ་ནི། བཟོད་པར་དཀའ་བའི་དུར་ཁྲོད་ཆེན་པོ་སྟེ། དུར་ཁྲོད་ཆེན་པོར་དགྱེས་ནས་སོགས་ཀྱིས་བསྟན། སྟོན་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཧེ་རུ་ཀ་སྟེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོགས་ཀྱིས་བསྟན། འཁོར་ཕུན་སུམ་ཚོགས་པ་ལ། གདུལ་བྱ་གདུག་པ་ཅན་གྱི་འཁོར་དང་། འདུལ་བྱེད་གཉེན་པོའི་འཁོར་གཉིས། དང་པོ་ནི། རུ་དྲ་འཁོར་དང་བཅས་པ་སྟེ། དེ་ལ་རུ་དྲར་གོལ་ཚུལ་དང་། གོལ་བའི་འབྲས་བུ་སྨིན་ཚུལ་ལོ། །དང་པོ་ནི། དེའི་ཅིའི་ཕྱིར་ཞེ་ན། བདག་ཏུ་རྨོངས་པའི་རྟོག་པ་དང་སོགས་ཀྱིས་མ་རིག་པའི་རྒྱུས་སེམས་ཅན་ཐམས་ཅད་སྤྱིར་འཁྲུལ་ཚུལ་བསྟན་ནས། བྱེ་བྲག་རུ་དྲ་རང་གི་གོལ་ཚུལ་ནི། གབ་པའི་གསང་བ་མ་རྟོགས་པར་སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས། ཞེས་པས་བསྟན་ཏེ། སྔོན་བསྐལ་པ་ཀུན་བཀོད་ཀྱི་དུས་སུ་བྱུང་བའི་དགེ་སློང་ཐར་པ་ནག་པོ་ལྟ་བུ་སྟེ། གོལ་གཞི་ཐུབ་དཀའ་གཞོན་ནུས། ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་སྤྱད་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །འདི་ནི་རྣལ་འབྱོར་དམ་པའི་ལམ། །ཞེས་གསུངས་པ་ལ་སྒྲ་ཇི་བཞིན་པར་སྤྱད་པས་གོལ་བ་བཞིན་ནོ། །གཉིས་པ་ནི། སྲིད་པའི་ས་བོན་རྩུབ་མོས་འཕངས་ནས་སོགས་ཀྱིས་རྣམ་སྨིན་གྱི་འབྲས་བུ་དམྱལ་བ་དང་ཡི་དྭགས་སུ་སྐྱེས་ཚུལ་དང་། དེ་ནས་ལས་ཀྱི་སྒྲིབ་པ་རྩུབ་མོའི་རྣམ་པར་སྨིན་པ་དེ་སོགས་ཀྱིས་རྒྱུ་མཐུན་གྱི་འབྲས་བུ་རུ་དྲར་སྐྱེས་ཚུལ་དངོས་བསྟན་ནོ། །གཉིས་པ་འདུལ་བྱེད་གཉེན་པོའི་འཁོར་ནི། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོར་གྱུར་ཏེ་སོགས་ཀྱིས་རིགས་བཞི་ཡབ་ཡུམ། དཀར་མོའི་ཚོགས་དང་སོགས་ཀྱི་གནས་མ་བརྒྱད། སེང་གདོང་ཆེན་མོའི་ཚོགས་དང་སོགས་ཀྱིས་ཡུལ་མ་བརྒྱད། རྡོ་རྗེ་སྲིང་འགྲོ་མའི་ཚོགས་དང་སོགས་ཀྱིས་གདོང་མོ་བཞི། སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་སོགས་ཀྱིས་དབང་མོ་ཉེར་བརྒྱད་རྣམས་བསྟན་ནོ། །སྐབས་འདིར་སྤྱིར་དབང་མོ་རྣམས་གདུལ་བྱའི་འཁོར་ཡིན་ཀྱང་ངོ་མཚར་ཚོགས་ཀྱི་སྲས་མོ་རྣམས་བསྐྱེད་པའི་ཡུམ་ཡིན་པས་འདུལ་བྱེད་དུ་བསྡུས་སོ། །ཆོས་ཕུན་སུམ་ཚོགས་པ་ནི། ཐབས་ལམ་སྦྱོར་སྒྲོལ་གྱི་ཐབས་རྨད་དུ་བྱུང་བ་སྟེ། དེ་ལ་དབྱེ་ན། ཕོ་རྒྱུད་སྒྲོལ་བས་འདུལ་བ། མོ་རྒྱུད་སྦྱོར་བས་འདུལ་བ། དེ་ལྟར་བཏུལ་བའི་འབྲས་བུ་དང་གསུམ་གྱིས་བསྟན་ཏེ། དེ་ནས་དེ་བཞིན་གཤེགས་པ་ཆེ་བའི་རྡོ་རྗེ་བཀོད་པའི་སྒྱུ་འཕྲུལ་དྲྭ་བ་ལས། ཞེས་པ་ནས། མིང་གི་དབང་བསྐུར་ཏེ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བཀོད་དོ། །ཞེས་པའི་བར་གྱིས་བསྟན་ནོ། །དུས་ཕུན་སུམ་ཚོགས་པ་ནི། དེའི་དུས་སུ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་ཀུན་ཏུ་སོགས་ཀྱིས་བསྟན་ནོ། །དོགས་སེལ་ནི། ཁྲོ་བོའི་གླེང་གཞི་འདི་ལ་ཞར་བྱུང་ཞེས་བརྗོད་པའི་རྒྱུ་མཚན། རྒྱུན་མཐའི་སེམས་དཔའ་རྣམས་ལ་སྟོན་པས་འབྲས་དབང་བསྐུར་བའི་དུས་དེར་ནང་དུ་སྣང་གསུམ་གྱི་སྒྲིབ་པ་བཅོམ་པའི་བརྡར་ཕྱི་རོལ་དུ་རུ་དྲ་འཁོར་དང་བཅས་པའི་སྣང་ངོར་ཁྲོ་བོའི་གླེང་གཞི་སྣང་བའི་ཕྱིར་དེ་སྐད་ཅེས་སྨོས་ལ། གདུལ་བྱ་དགོས་ཆེད་དུ་བསྟན་པའི་དོན། སྔོན་བྱུང་དུ་གདུལ་བྱ་གདུག་པ་ཅན་འདུལ་བ་དང་། མ་འོངས་པའི་གདུལ་བྱ་དབང་རྣོན་བརྟུལ་ཞུགས་ཅན་རྣམས་གསང་སྔགས་ཀྱི་ཉེ་ལམ་སྦྱོར་སྒྲོལ་གྱི་ཐབས་ཁྱད་པར་ཅན་ལ་བཀྲི་བའི་ཆེད་ཡིན་ཅིང་། ཁྱད་པར་རྫོགས་རིམ་གྱི་དུས་སུ་སྐྱོན་ཅན་གྱི་རྩ་དང་ལས་ཀྱི་རླུང་ཐིག་གི་རྒྱུ་བ་བཅོམ་ནས་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེར་སྦྱོར་བའི་གནད་ཁྱད་པར་ཅན་སྟོན་པའི་ཕྱིར་རོ། །གསུམ་པ་སྤྲུལ་སྐུ་འགྲོ་བ་འདུལ་བའི་གླེང་གཞིའམ། བསྟན་པ་སྤྱིའི་གླེང་གཞིར་གྲགས་པ་ལ། གནས་ཕུན་སུམ་ཚོགས་པ་ནི། སྤྱིར་གཙོ་ཆེ་བའི་དབང་དུ་བྱས་ནས། ཕྱོགས་བཞི་སྟེང་འོག་དང་བཅས་པའི་འཇིག་རྟེན་དྲུག་གམ། ཡང་ན་ཡས་ཀྱི་འཇིག་རྟེན་ལྷ་མི་འཕྲེད་བསྟན་གྱི་འགྲོ་བ་དུད་འགྲོ་སྟེ་སྣྲེལ་གཞི། མས་ཀྱི་འཇིག་རྟེན་ཡི་དྭགས་དང་དམྱལ་བའོ། །མདོར་ན་དེ་དག་གིས་བསྡུས་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་གཅིག་སྟེ། སྣྲེལ་གཞི་དང་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེར། ཞེས་པས་བསྟན་ནོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། འཇིག་རྟེན་གྱི་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར་མཆོག་གི་སྤྲུལ་སྐུ་རེ་རེ་དོན་མཛད་ཅིང་དེ་ཡང་འཇིག་རྟེན་དྲུག་གམ། གདུལ་བྱ་རིགས་དྲུག་ལ་ལྟོས་ནས་ཐུབ་པ་དྲུག་སྟེ། རིག་པའི་སྐྱེས་བུ་ཐུབ་པ་དྲུག །ཅེས་དང་། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་ཞེས་པས་བསྟན། འཁོར་ཕུན་སུམ་ཚོགས་པ་ནི། འགྲོ་བ་ལྔའི་དོན་མཛད་དེ། ཞེས་པས། ལྷ་མི་སོགས་ཐེག་པ་ལྔའི་རིས་ཅན་གྱི་གདུལ་བྱ་ལྔའམ། འགྲོ་འདུལ་ཐུབ་པ་དྲུག་ལ་ལྟོས་ནས་ལྷ་མིན་སྟོད་རིས་ལྷ་དང་སྨད་རིས་དུད་འགྲོར་བསྡུས་པའི་རྒྱུད་ལྔའོ། །ཆོས་ཕུན་སུམ་ཚོགས་པ་ནི། འདུལ་བ་རྣམ་པ་བཞིས། ཞེས་པས། སྐུ་བསོད་ནམས་ཆེན་པོས་འདུལ་བ། ཐུགས་མངོན་སུམ་པས། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས། གསུང་རིག་པས་འདུལ་བ་དང་བཞི། གསུང་རིག་པས་འདུལ་བ་དེ་ལ། ཐེག་པ་ལྔར་ཕྱེ་བས་མདོར་བསྟན། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དུ་དབྱེ་བས་རྒྱས་པར་བཤད། དེ་ཡང་དབང་པོའི་བྱེ་བྲག་གིས་ལྔར་བསྡུ་བ་དང་གསུམ་གྱིས་བསྟན་ཏེ། བལྟམས་པ་དང་། ཞེས་པ་ནས། གོས་སུ་མེད་པར་སྟོན་པའི་མཐར་ཐུག་གོ། །ཞེས་པའི་བར་གྱིས་བསྟན་ནོ། །དུས་ཕུན་སུམ་ཚོགས་པ་ནི། སྒྲོན་མ་བཀོད་པའི་དུས་ཞེས་བྱ་བ་སངས་རྒྱས་མཆོག་གི་སྤྲུལ་སྐུ་འཇིག་རྟེན་དུ་བྱོན་པའི་དུས་ཏེ། ཤིན་ཏུ་དཀོན་པའི་དུས་ནའོ། །ཞེས་གསུངས་པའི་ཕྱིར་རོ། །དོགས་སྤང་ནི། སྔར་བཤད་ལེའུ་བཅོ་ལྔ་པ་ཁྲོ་བོའི་གླེང་གཞིར་མ་ཟད། ལེའུ་གསུམ་པའི་གླེང་གཞི་འདི་ཡང་ལེའུ་དང་པོའི་གླེང་གཞིའི་ཞར་བྱུང་དུ་འགྲོ་སྟེ། ལོངས་སྐུ་དངོས་ཀྱི་གདུལ་ཞིང་དུ་མ་གྱུར་པའི་གོ་ཕྱེ་བའི་འཁོར་རྣམས་ལ་འདིའི་ལམ་སྟེགས་ཀྱི་ཐེག་པ་སྤྱི་དང་ཁྱད་པར་རྒྱུད་འདི་སོགས་རང་རང་གི་དབང་པོ་དང་འཚམས་པར་ཆོས་སྟོན་པའི་ཕྱིར། སྟོན་པ་ལོངས་སྐུ་ལས་མ་གཡོས་བཞིན་དུ་གང་འདུལ་གྱི་སྤྲུལ་སྐུར་སྣང་ནས་དོན་མཛད་དེ། ལེའུ་དང་པོར། བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ། ཞེས་དང་། ལེའུ་གཉིས་པར། བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་པ་ལས་འཕྲོས་པས་སོ། །གཉིས་པ་རྐྱེན་གླེང་བསླང་བ་ལ། ངོ་བོ། ངེས་ཚིག །དབྱེ་བ་དང་གསུམ་གྱི། ངོ་བོ་ནི། ཐུགས་ཐིག་ལས། སྟོན་པས་གནང་དང་འཁོར་གྱིས་ཞུས། །སྐབས་ལས་གླེང་བསླང་སྟོན་དང་འཁོར། །གནང་འདྲིའི་རྐྱེན་དུ་གང་གྱུར་པ། །དེ་དེས་གསུང་ལ་མ་རེག་པ། །ཞེས་པ་སྟོན་འཁོར་དྲི་ལན་གྱི་སྦྱོར་བས་རྒྱུད་དོན་གདུལ་བྱའི་བློ་དང་འཚམས་པར་འབྱུང་མ་རག་པ་སྟེ། དེ་ཡང་འཇམ་དཔལ་མཚན་བརྗོད་ལྟ་བུ་འཁོར་གྱིས་ཞུས་པ་དང་། མདོ་སྡུད་པ་ལྟ་བུ་སྟོན་པས་མདུན་བསུས་པ་སྟེ། གླེང་བསླང་ཚུལ་གཉིས་སོ། །ངེས་ཚིག་ནི་ཅིའི་ཕྱིར་གླེང་བསླང་ཞེས་བྱ་ཞེ་ན། གང་གླེང་བར་བྱ་བ་ནི་རྒྱུད་དོན་ཡིན་ལ། དེ་ཉིད་གླེང་བར་བསྐུལ་བ་ནི་བསླང་བ་སྟེ། བསྟན་པ་འབྱུང་བའི་རྐྱེན་བྱེད་པའི་ཕྱིར་རོ། །དབྱེ་ན་ཐུན་མོང་མིན་པའི་དང་། ཐུན་མོང་གི་གླེང་བསླང་གཉིས་ལས། དང་པོ་ལ། ལྷན་ཅིག་པའི་འཁོར་ལ་གསང་དབང་བསྐུར་བ་དང་། དབང་གོང་མ་གཉིས་ལྷན་ཅིག་ཏུ་བསྐུར་བའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ། ཞེས་སོགས་ཀྱིས་ཐབས་ཤེས་ལ་སྦྱོར་ཚུལ་དང་། དེ་ནས་བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོས། ཞེས་སོགས་ཀྱིས་ཤེས་རབ་ཐབས་སུ་རོལ་ཚུལ་བསྟན། དེ་ལྟར་སྟོན་པ་ཡབ་ཡུམ་གཉིས་སུ་མེད་པར་མཉམ་པར་སྦྱར་བ་ལས། རྒྱུ་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་དང་རྐྱེན་དེའི་ཚེ། ཨེ་མའོ། །རྡོ་རྗེ་ཕུང་པོའི་ཡན་ལག་ནི། །ཞེས་སོགས་ཡབ་ཀྱིས་ཐབས་ཀྱི་ཆ་བཟུང་ནས་རྟོག་ཚོགས་ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་དུ་དག་ཚུལ་གྱིས་གླེང་བསླང་བས་འཁོར་རྣམས་ཀྱི་རྒྱུད་ལ་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་རྟོགས་པར་བྱས། ཀྱེ་མའོ། །ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །ཞེས་སོགས་ཡུམ་གྱིས་ཤེས་རབ་ཀྱི་ཆ་བཟུང་ནས་དངོས་པོ་བཞིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་སྐྱེ་བ་མེད་པའི་ངོ་བོར་སངས་རྒྱས་པའོ་ཞེས་གླེང་བསླང་བས་འཁོར་རྣམས་ཀྱི་རྒྱུད་ལ་དོན་དམ་རྟོག་མེད་ཀྱི་ཡེ་ཤེས་མངོན་དུ་བྱས་མོད། འོན་ཀྱང་སྟོན་འཁོར་དགོངས་པ་དབྱེར་མེད་ཀྱི་ཡེ་ཤེས་ཆེན་པོ་ད་དུང་མ་མྱོང་བའི་ཕྱིར་སྤྱོད་ཡུལ་མིན་པས་གསང་བའི་དབང་ཞེས་བྱའོ། །གཉིས་པ་ལ་དབང་གཉིས་ཀྱི་སྔོན་འགྲོ་ཐུན་མོང་བ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །ཞེས་སོགས་མཚར་དང་པོ་བཞིས་བསྟན་ཏེ། དེ་ལ་འཁོར་གྱི་རྒྱུན་མཐའི་སེམས་དཔའ་རྣམས་རང་སྣང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་ཐབས་ཀྱིས་རྩ་གནས་ནས་ཐིག་ལེ་གཡོས་ཏེ་བདེ་བ་འགོ་ལྡང་བའི་ཚུལ་དུ་སྐྱེས་པ་གཡོ་ལྡང་བྱང་ཆུབ་ཀྱི་སེམས། བདེ་བ་ཕྱི་མ་འཇུག་པའི་ཚེ་སྔ་མ་འཇིག་ཅིང་མཐར་ཐམས་ཅད་འགག་པ་འབྱིན་འཇུག་བྱང་ཆུབ་ཀྱི་སེམས། རྟེན་ཅན་གྱི་བདེ་བ་རང་ས་ན་གནས་པའི་ཚུལ་གྱིས་ཐམས་ཅད་གནས་པ་གནས་པ་བྱང་ཆུབ་ཀྱི་སེམས། སྔ་མའི་བདེ་བས་མཚོན་ནས་ཕྱི་མའི་བདེ་བ་ལ་དམིགས་ཤིང་འདུན་པ་སྨོན་པ་བྱང་ཆུབ་ཀྱི་སེམས་ཏེ། དེ་དག་ནི་དབང་གཉིས་ཀྱི་སྔོན་འགྲོའོ། །དངོས་གཞི་ནི། ཨེ་མའོ་སོགས་མཚར་ལྔའི་ཐ་མས་བསྟན་ཏེ། ཉི་ཟླ་བྱང་ཆུབ་ཀྱི་སེམས་ཡས་བབས་འགྲོ་བའི་སྦྱོར་བས་རྡོ་རྗེ་དང་པདྨའི་སྣ་རྩེར་ཞལ་མཇལ་བ་ལས་ཐབས་ཤེས་རབ་ཏུ་སྦྱོར་བ། ཤེས་རབ་ཐབས་སུ་སྦྱོར་བ། ཐབས་ཤེས་གཉིས་མེད་དུ་སྦྱོར་བ་གསུམ་གྱི་སྒོ་ནས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་སྟེ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས་དོན་དམ་འོད་གསལ་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་པའོ། །དེ་ཉིད་སླར་ལྡོག་པའི་ཐབས་ཀྱིས་རང་གནས་སུ་འོང་བས་མས་བརྟན་གྱི་དགའ་བ་བཅུ་དྲུག་གི་མཐར་དཀར་དམར་གྱི་ཆ་སྟེང་འོག་ཏུ་ཐིམ་པའི་སྐད་ཅིག་གཉིས་པར་རླུང་ཡང་འགགས་པས་དེ་གསུམ་གྱི་འགྱུར་བ་མྱོང་བའི་ཤེས་རིག་ཀྱང་རྒྱུད་ཆད་དེ་བདེ་བ་ཆེན་པོའི་དབང་ཐོབ་ནས་ལྷག་པ་བདེན་པ་དབྱེར་མེད་ཀྱི་དོན་ཇི་ལྟ་བ་བཞིན་མངོན་དུ་གྱུར་ཏེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པའོ། །སྔོན་བྱུང་གི་དབང་གསུམ་པོ་འདི་མ་འོངས་གོ་ཕྱེ་བའི་འཁོར་ལ་ལྟོས་ན་རྒྱུད་འབྱུང་བའི་གླེང་བསླང་དུ་འགྱུར་མོད། འོན་ཀྱང་ལྷན་ཅིག་པའི་འཁོར་རྣམས་ཁོ་ན་ལ་ལྟོས་ནས་གླེང་བསླང་བ། དབང་ཐོབ་པ། རྒྱུད་དོན་རྟོགས་པ་གསུམ་ངོ་བོ་གཅིག་ལ་ལྡོག་པ་སོ་སོར་སྣང་བ་ཙམ་ཡིན་ནོ། །གཉིས་པ་ཐུན་མོང་གི་གླེང་བསླང་ནི། འཁོར་རྣམས་ཀྱི་གཞན་དོན་དུ་གསང་བ་བཞིས་ཆོད་པ་རྣམས་ལ་ཐུགས་རྗེས་བཟུང་བར་རིགས་ཞེས་གསོལ་བ་བཏབ་པ་ལས་སྟོན་པའི་ཐུགས་རྗེ་སྐྱེས་ཏེ་རྒྱུད་འདིས་དངོས་སུ་འདུལ་བའི་ཡུལ་དུ་གྱུར་པ་རྣམས་ལ་རྒྱུད་གསུངས་ཤིང་། གདུལ་བྱ་ཐུན་མོང་བ་རྣམས་ལ་རྒྱུད་ནས་བསྟན་པར་བྱ་བའི་ཕྱིར་བསམ་གྱིས་མི་ཁྱབ་པའི་སྤྲུལ་སྐུ་ཐུབ་པ་དྲུག་སྤྲོ་བ་སོགས་ཐུགས་རྗེ་ཆེན་པོ་རོལ་པ་རྣམ་པ་སྣ་ཚོགས་སྟོན་པར་མཛད་དེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་པས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ་ནས། བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་པའི་བར་གྱིས་བསྟན་ནོ། །གསུམ་པ་འབྲས་བུ་ཡོངས་ཤེས་རྒྱུད་དོན་བཤད་པ་ལ་གཉིས་ཏེ། བརྗོད་བྱ་གཙོ་ཆེ་བའི་དབང་དུ་རྒྱུད་གསུམ་གྱི་རྣམ་བཞག་སྤྱིར་བཤད། རྗོད་བྱེད་གཙོ་ཆེ་བའི་དབང་དུ་ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་པས་སྤྱིར་རྒྱུན་ཆགས་པའི་དོན་གྱིས་ན་རྒྱུད་ཆེས་བྱ་ལ། དབྱེ་ན། གང་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད་དང་། གང་གིས་རྟོགས་ཤིང་བགྲོད་པ་ཐབས་སམ་ལམ་གྱི་རྒྱུད་དང་། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དོ། །དང་པོ་ནི། བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་དང་། རྒྱས་པ་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཅེས་པས། གཞི་འཆིང་གྲོལ་མེད་པའི་གནས་ལུགས་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་ཡེ་ནས་གནས་པ་གང་ཡིན་པ་སྟེ་དེ་ལ་རྒྱུ་རྒྱུད་ཅེས་བྱ་ལ། དེའི་དོན་བཤད་པ་ནི། རྒྱུ་རྒྱུད་དེ་རྟོགས་མ་རྟོགས་ཀྱི་བྱེད་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འཆར་གཞིར་གྱུར་བས་ན་གཞི་ཞེས་བྱ་ལ། དེ་ཉིད་གནས་ལུགས་ལ་འཆིང་གྲོལ་ཐམས་ཅད་དང་བྲལ་བ་སྟེ། རྒྱུ་མཚན་འཆིང་བྱེད་འཁྲུལ་བའི་ཆོས་མེད་སྣང་གློ་བུར་བ་ཡིན་པས་བཅིངས་པ་མེད་ལ། བཅིངས་པ་མེད་ན་གྲོལ་བ་མི་འབྱུང་བ་ཆོས་ཉིད་ཡིན་པའི་ཕྱིར་འཆིང་གྲོལ་མེད་པ་ཅེས་བྱ་ཞིང་། སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དེ་གསར་བྱུང་མིན་པར་གདོད་མ་ནས་ཡོངས་གྲུབ་རྟག་པ་འདུས་མ་བྱས་ཀྱི་རང་བཞིན་དུ་བཞུགས་པས་གནས་ལུགས་ཞེས་བྱའོ། །རང་རིག་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་སུ་འདུ་ལ། དེ་ཡང་རང་རིག་བྱང་ཆུབ་སེམས་ཀྱི་ངོ་བོར་འདུས་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བཏགས། བདེན་པ་དབྱེར་མེད་ཅེས་པའི་དོན། དབྱིངས་སྤྲོས་བ་ཐམས་ཅད་དང་བྲལ་བའི་ཆ་ནས་རང་བཞིན། རང་གསལ་སྒྲིབ་གཡོགས་དང་བྲལ་བའི་ཆ་ནས་ཡེ་ཤེས། དེ་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་འཆར་རུང་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པའི་ཆ་ནས་འབྲས་བུ་དོན་དམ་སྟེ་དེ་ལྟར་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པ་ལྷག་པ་དོན་དམ་བདེན་པ་དང་། དེའི་རྩལ་སྣང་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་འབྱམས་སུ་འཆར་བ་ལྷག་པ་ཀུན་རྫོབ་བདེན་པ་སྟེ། དེ་གཉིས་ངོ་བོ་དབྱེར་མེད་ཟུང་འཇུག་ཡིན་པས་ན་བདེན་པ་དབྱེར་མེད་ཅེས་བྱའོ། །དེ་ལ་བདེན་པ་གཉིས་ཟུང་དུ་འཇུག་ཚུལ་ནི། གཅིག་གིས་གཅིག་མི་གཏོང་བའི་ཟུང་འཇུག་སྟེ། གསེར་དང་གསེར་གྱི་སེར་པོའམ། མར་མེ་དང་མར་མེའི་འོད་བཞིན་དུ་དོན་དམ་གྱི་སྣང་ལྡོག་ཀུན་རྫོབ་ཏུ་རང་ཤར་བའི་ཕྱིར། དེ་ནི་བསམ་བརྗོད་ཀྱི་ཡུལ་ཐམས་ཅད་ལས་འདས་པས་སྤྱོད་ཡུལ་དང་བྲལ་བ་ཞེས་བཏགས་ཤིང་། དེ་ཉིད་བརྟན་གཡོ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་ཁྱབ་ཆས་སུ་ཡེ་གདོད་མ་ནས་གནས་པ་གང་ཡིན་པ་སྟེ། ཁམས་བདེ་བར་གཤེགས་པའི་སྙིང་པོ་དང་། རང་བཞིན་གྱིས་གནས་པའི་རིགས་དང་། ཀུན་གཞིའི་ཡེ་ཤེས་དང་། དྲི་བཅས་དེ་བཞིན་ཉིད་ལ་སོགས་པའི་ཐ་སྙད་གང་ལ་འཇུག་པའི་གཞིའོ། །དེ་དག་གི་དོན་བཤད་པ་ནི། ཆོས་ཀུན་གྱི་འབྱུང་གནས་སུ་གྱུར་པས་དབྱིངས་སམ་ཁམས། དྲི་མ་དང་འབྲེལ་ཡང་རང་གི་ངོ་བོ་སངས་རྒྱས་ཡིན་པས་བདེ་གཤེགས་སྙིང་པོའོ། །སེམས་ཉིད་སྟོང་ཆ་ནས་ཆོས་སྐུ་དང་སྣང་ཆ་ནས་གཟུགས་སྐུའི་ཡོན་ཏན་རྫོགས་པར་ལྡན་ཡང་དྲི་མ་མ་དག་པར་རང་གི་བྱ་བ་བྱེད་མི་ནུས་པས་རང་བཞིན་གྱིས་གནས་པའི་རིགས་སོ། །རང་གི་ངོ་བོ་རང་བྱུང་གི་ཡེ་ཤེས་ཡིན་ལ་རྟོགས་མ་རྟོགས་ཀྱི་བྱེད་པས་འཁོར་འདས་ཀུན་གྱི་འཆར་གཞིར་གྱུར་པས་ཀུན་གཞིའི་ཡེ་ཤེས་སོ། །ཆོས་ཉིད་དེ་བཞིན་དེ་སྣང་ལུགས་ལ་དྲི་མའི་སྦུབས་ཀྱིས་བཅིངས་པར་སྣང་བས་དྲི་བཅས་དེ་བཞིན་ཉིད་ཅེས་བྱའོ། །སོགས་ཁོང་ནས་ཀྲི་ཡས་བདག་གི་དེ་ཁོ་ན་ཉིད་དང་། ཨུ་པ་ཡས་བྱང་ཆུབ་ཀྱི་སེམས། ཡོ་གས་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་སམ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་དང་། མ་ཧཱ་ཡོ་གས་བྱང་ཆུབ་ཀྱི་སེམས་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ། ཨ་ནུས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། ཨ་ཏིས་འོད་གསལ་བྱང་ཆུབ་ཀྱི་སེམས་སྟོང་གསལ་འགག་པ་མེད་པའི་གནས་ལུགས་ཡེ་ཤེས་གསུམ་ལྡན་ལ་སོགས་པ་མིང་དུ་མར་གྲགས་སོ། །རྒྱུ་རྒྱུད་དེ་ཉིད་གཞི་ལམ་འབྲས་གསུམ་གྱི་ལྡོག་ཆ་གང་རུང་དང་མ་བསྟུན་པར་སྤྱིར་བཞག་པ་ན་རང་བཞིན་ནམ་གནས་ལུགས་ཞེས་བྱ་སྟེ། གཞི་ལམ་འབྲས་གསུམ་དབྱེར་མི་ཕྱེད་པའི་ཟུང་འཇུག་རང་བཞིན་གསང་བའི་སྙིང་པོའོ། །ལྡོག་ཆ་སོ་སོར་ཕྱེ་སྟེ་གློ་བུར་གྱི་དྲི་མ་སྦྱོང་བ་དང་། དྲི་མ་དེ་ཉིད་ལམ་རྒྱུད་ཀྱིས་བསལ་ཞིང་སྦྱངས་པའི་སྟོབས་ཀྱིས་འབྲས་བུ་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་ལ་ལྟོས་ནས་ལམ་དང་འབྲས་བུར་བཞག་གོ། །ཅིའི་ཕྱིར་གཞིའམ་རྒྱུའི་རྒྱུད་དུ་འགྱུར་ཞེ་ན། ཐབས་ལམ་གྱི་རྐྱེན་གྱིས་ཟིན་པ་ལས་མྱང་འདས་དང་མ་ཟིན་པ་ལས་འཁོར་བར་འགྲུབ་པར་བྱེད་པས་ན། འཁོར་འདས་གཉིས་ཀའི་འབྱུང་གཞིའམ་རྒྱུར་གྱུར་པའི་ཕྱིར་དང་། དེ་ཉིད་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་རང་བཞིན་འགྱུར་བ་མེད་པར་རྒྱུན་ཆགས་སུ་འཇུག་པས་ན་རྒྱུད་དེ། རིམ་གསུམ་ལས། ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། །ཞེས་དང་། མགོན་པོ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ། །དབྱེ་ན། སློབ་དཔོན་བི་མ་ལས། རིམ་པ་གསུམ་པར། དང་པོ་རྣམ་པ་གཉིས་ཡིན་ཏེ། ངོ་བོའི་གཞི་དང་བཏགས་པའི་གཞི། །ཞེས་པས། སེམས་ཆོས་ཉིད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་རྒྱུ་རྒྱུད་བདེ་བར་གཤེགས་པའི་སྙིང་པོ་ནི་སྐབས་འདིར་སྦྱང་གཞི་སྟེ་དྲི་མ་སྦྱོང་བའི་གཞི་ཡིན་པའི་ཕྱིར། དཔེར་ན། འདམ་རྫབ་ཀྱི་དབུས་ཀྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །དེ་ལ་ནི་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ཞེས་བྱ་སྟེ། གཞི་མཚན་ཉིད་པ་ཡིན་ནོ། །ལོག་པའི་ཞེན་སྣང་ཡུལ་དང་བཅས་པ་ནི་སྦྱང་བྱའི་དྲི་མ་འདམ་རྫབ་ལྟ་བུ་སྟེ། མེད་སྣང་གློ་བུར་བ་ཡིན་པས་འཁྲུལ་བ་བཏས་པའི་གཞི་ཞེས་གསུངས་སོ། །སྐབས་འདིའི་ལོག་ཞེན་ནི། གཉིས་མེད་ལ་གཉིས་སུ་འཛིན་པའི་ལོག་པའི་ཞེན་སྣང་སྟེ། དེ་ལས་ལས་དང་ལོག་རྟོག་གི་བློར་སྣང་བའི་འཁྲུལ་བའི་ཡུལ་དང་བཅས་པའི་རིགས་གནས་སོ། །ཞེན་སྣང་ཉིད་འཁོར་བ་འགྲུབ་བྱེད་ཀྱི་རྒྱུ་དང་། རྣམ་ཤེས་ཀྱི་འཇུག་པ་མ་ཟད་བར་རྒྱུན་ཆགས་པ་ཙམ་ཡིན་པས་རྒྱུ་རྒྱུད་ཀྱི་མིང་ཙམ་ཐོགས་ཀྱང་སྐབས་འདིའི་རྒྱུ་རྒྱུད་མིན་ཏེ། བཅོས་མ་གློ་བུར་གྱི་ཆོས་ཡིན་པས་འབྲས་བུའི་ཉེར་ལེན་དུ་གྱུར་པའི་རྒྱུ་རྒྱུད་མིན་པའི་ཕྱིར། རིགས་པས་དཔྱད་དོན་གྱི་སྟོན་ཉིད་ཅེས་བྱ་བ་ཀ་བ་ཀ་བའི་ཆོས་ཉིད་དང་། བུམ་པ་བུམ་པའི་ཆོས་ཉིད་ཀྱིས་སྟོང་པ་ལྟ་བུ་མེད་དགག་གི་སྟོང་ཉིད་ཀྱང་སྐབས་འདིར་རྒྱུ་རྒྱུད་མཚན་ཉིད་པ་མིན་ཏེ། ཉེར་ལེན་གྱི་རྒྱུ་དང་རྒྱུན་གྱི་དོན་གཉིས་ཀ་མི་གནས་པའི་ཕྱིར་ཏེ། མེད་དགག་དེ་ཉིད་སྤྲོས་བྲལ་ཙམ་ཡིན་ཀྱང་འཁོར་འདས་གཉིས་ཀའི་རྒྱུ་མིན་ལ། འདུས་མ་བྱས་པ་ཙམ་ལས་རྒྱུན་གྱི་དོན་ཡང་མ་ཚང་བའི་ཕྱིར། འོན་ཀྱང་རྒྱུ་རྒྱུད་བཏགས་པ་བར་བཞག་པ་ལ་འགལ་བ་མེད་དེ། དེ་ལ་དམིགས་ན་སྐྱོན་ཡོན་སྐྱེ་བ་དང་གནས་སྐབས་རིག་ངོར་རྒྱུན་ཆགས་པ་ཙམ་ཡིན་པའི་ཕྱིར། གཉིས་པ་གང་གིས་རྟོགས་ཤིང་བགྲོད་པ་ཐབས་སམ་ལམ་གྱི་རྒྱུད་ནི། རྒྱུ་རྒྱུད་བདེ་བར་གཤེགས་པའི་སྙིང་པོ་དེ་གློ་བུར་གྱི་དྲི་མ་དང་བྲལ་བར་བྱེད་པའི་ཐབས་ཏེ། དེ་ཡང་དང་པོར་ཐོས་བསམ་གྱིས་ལྟ་བའི་གནས་ལུགས་དོན་སྤྱིའི་ཚུལ་དུ་ཤེས་པར་བྱས་ནས། དེ་ལྟར་ཤེས་པའི་དོན་ལ་ཉམས་སུ་ལེན་པའི་སྒོ་ནས་འཇུག་པའི་བྱེད་རྩོལ་དང་བཅས་པ་སྟེ། དེ་ཡང་ངོ་བོ་སྐྱེད་བྱེད་ཐོས་བསམ་སྒོམ་པའི་ཤེས་རབ་རྣམ་པ་གསུམ་གྱིས་བསྐྱེད་བྱ་ཐུན་མོང་དང་། མཆོག་གི་སེམས་ལྔ་སྐྱེས་སམ་སྐྱེ་བའོ། །དེ་ལྟར་ཡང་རིམ་གསུམ་ལས། ངོ་བོ་ཤེས་རབ་རྣམ་གསུམ་གྱིས། །སེམས་ལྔ་སྐྱེས་པར་བསྟན་པ་ཡིན། །ཞེས་སོ། །སྐབས་འདིའི་ཐུན་མོང་གི་སེམས་ལྔ་ནི། ལྷ་མི་གཉིས། ཉན་ཐོས། རང་རྒྱལ། བྱང་སེམས། ཕྱི་རྒྱུད་སྡེ་གསུམ་སྟེ་ཐུན་མོང་གི་ལམ་ལྔ་དང་མཐུན་པའི་སེམས་ལྔ་ཡིན་ལ། མཆོག་གི་སེམས་ལྔ་ནི། མ་ཧཱ་ཡོ་ག་བ་རང་ལུགས་ཀྱི་སེམས་ལྔ་སྟེ། སེམས་ལྔ་པོ་གང་ཞེ་ན། ལམ་ལ་འཇུག་འདོད་ཀྱི་སེམས་དང་པོར་འགོ་ལྡང་བ་གཡོ་ལྡང་བྱང་ཆུབ་ཀྱི་སེམས། དེ་ཐོབ་ན་ཅི་མ་རུང་སྙམ་པ་སྨོན་པ་བྱང་ཆུབ་ཀྱི་སེམས། དེ་ལ་འཇུག་པ་འཇུག་པ་བྱང་ཆུབ་ཀྱི་སེམས། ཞུགས་ནས་གནས་པ་གནས་པ་བྱང་ཆུབ་ཀྱི་སེམས། དེ་དོན་མཐར་ཕྱིན་པ་མཐར་ཕྱིན་བྱང་ཆུབ་ཀྱི་སེམས་སོ། །སེམས་ལྔ་པོ་དེ་དག་གི་སྐྱེ་ཚུལ་ནི། རྒྱ་མཚོ་ལས། གཞི་དང་སྐབས་ནས་སྐྱེ་འགྱུར་བ། །གྲོལ་ཐར་ལམ་དུ་རྣམ་པར་བཤད། །ཅེས་པས་གཞི་ནས་སེམས་བསྐྱེད་པ། ལམ་ནས་སེམས་བསྐྱེད་པ། འབྲས་བུ་ནས་སེམས་བསྐྱེད་པའོ། །དང་པོ་ནི། མུན་པའི་ས་ནས་སེམས་བསྐྱེད་པ་ཞེས་བྱ་སྟེ། ལམ་མ་ཞུགས་ཀྱི་གང་ཟག་ཞིག་ཐོག་མ་ནས་ལམ་འདི་ལ་ཞུགས་ཏེ། རང་འབྲས་མཐར་ཕྱིན་པར་བྱེད་པའོ། །གཉིས་པ་ནི། ལམ་སྟེགས་ཀྱི་ཐེག་པ་གང་རུང་ཞིག་ལ་ཞུགས་ནས་སློབ་བཞིན་པ་ལས་ཁྱད་པར་གྱི་ལམ་འདི་ལ་འཇུག་པ་ལྟ་བུའོ། །གསུམ་པ་ནི། ལམ་སྟེགས་ཀྱི་ཐེག་པ་གང་ཡིན་ཡང་རུང་། རང་ལམ་གྱི་མཐར་ཐུག་གི་འབྲས་བུ་མངོན་དུ་བྱས་ནས་སླར་ཉེ་ལམ་རྨད་དུ་བྱུང་བའི་ལམ་མཆོག་འདི་ལ་འཇུག་པའོ། །ཞར་བྱུང་དེ་དག་གི་དོགས་སེལ་ནི། ལམ་དང་འབྲས་བུའི་ས་ནས་སེམས་བསྐྱེད་པ་གང་ཡིན་ཀྱང་རུང་། ཉན་རང་མན་ཆད་རང་ལམ་གྱི་མི་སློབ་ལམ་མཐར་ཕྱིན་པར་བསྒྲུབས་ཀྱང་ཐེག་ཆེན་གྱི་ཚོགས་ལམ་རང་ནས་འཇུག་དགོས་ཤིང་། བྱང་སེམས་ཡན་ཆད་ལམ་དང་འབྲས་བུ་གང་ནས་ཞུགས་ཀྱང་མོ་ཚོད་མཐུན་པའི་ས་ནས་ཞུགས་པས་ཆོག་གོ། །ངེས་ཚིག་ནི། ཅིའི་ཕྱིར་ཐབས་སམ་ལམ་གྱི་རྒྱུད་དུ་འགྱུར་ཞེ་ན། ཐོབ་བྱ་འབྲས་རྒྱུད་ཉིད་མངོན་དུ་བྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པས་ཐབས་དང་། གང་གིས་གང་དུ་བགྲོད་བྱའི་རྟེན་ཡིན་པས་ལམ་སྟེ། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །མདོའི་དོན་བསྡུས་ལས། བགྲོད་དང་དེ་ཆོས་ལྡན་པ་དང་། །ཞེས་སོ། །ལམ་དེ་ལའང་ཉེ་རིང་གཉིས་ལས། རྣལ་འབྱོར་བླ་ན་མེད་པ་ཁྱད་པར་གྱི་ལམ་འདི་ནི་ཉེ་བའི་ལམ་མམ། ཐབས་ཀྱི་རྒྱུད་ཡིན་ཏེ། ལམ་འདི་མཐར་ཕྱིན་པར་བསྒྲུབས་ནས་ལམ་གཞན་གྱི་བསྣོན་མ་མི་དགོས་པའི་ཕྱིར། དེ་ལས་གཞན་པ་ཐུན་མོང་གི་ལམ་ནི། ངན་སོང་ལས་ངེས་པས་འབྱུང་བ་ལྷ་མི། འཁོར་བ་ལས་ངེས་པར་འབྱུང་བ་ཉན་རང་། མཐའ་གཉིས་ལ་ངེས་པར་འབྱུང་བ་བྱང་སེམས་ཏེ་ངེས་འབྱུང་གི་ཐེག་པ་བཞི་དང་། ཕྱི་རྒྱུད་སྡེ་གསུམ་གྱི་ལམ་རྣམས་ནི་སྐབས་འདིར་རིང་བའི་ལམ་ཞེས་བྱ་སྟེ། རང་ལམ་གྱི་འབྲས་བུ་མཐར་ཕྱིན་ནས་ཀྱང་འདི་ལ་འཇུག་དགོས་པའི་ཕྱིར། ལམ་དེ་ནི་གཞི་ཤེས་པར་བྱེད་པ་ལ་མར་འབྲེལ། འབྲས་བུ་ཐོབ་པར་བྱེད་པ་ལ་ཡར་འབྲེལ་བས་ཤེས་ཐོབ་ཀྱི་བྱ་བྱེད་དང་འབྲེལ་བའི་ཐབས་བར་མ་ཆད་པས་རྒྱུད་དུ་བཞག་གོ། །ཁྱད་པར་གྱི་ལམ་ལ་དབྱེ་ན། ཐབས་ཀྱི་ངེས་པའི་ལམ་དང་། ཤེས་རབ་རྣམ་པར་གྲོལ་བའི་ལམ་གཉིས་ཏེ། བཤད་རྒྱུད་རྒྱ་མཚོ་ལས། གྲོལ་ལམ་ཐབས་སུ་རྣམ་པར་བསྟན། །ཞེས་སོ། །དེ་ལ་ཐབས་ལམ་ནི། ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཞེས་པས་གཙོ་བོར་ཐབས་ཀྱི་ཁྱད་པར་བརྟུལ་ཞུགས་ཀྱི་སྤྱོད་པ་རྨད་དུ་བྱུང་བའི་སྒོ་ནས་འབྲས་བུ་མྱུར་དུ་འགྲུབ་པར་བྱེད་པ་སྟེ། ལམ་ཐབས་གྲོལ་གཉིས་ཕན་ཚུན་ལྟོས་པ་ཅན་ཡིན་པས་གཙོ་ཆེ་བའི་དབང་དུ་བྱས་ཏེ་གཙོ་བོར་ཞེས་སྨོས་ལ། སྤྱིར་ཐབས་ཞེས་བྱ་བ་ལམ་ཐམས་ཅད་ལ་འཇུག་ཀྱང་འདིར་ཐབས་མཁས་ཀྱིས་ཟིན་མ་ཟིན་གྱི་ཁེ་ཉེན་ཆེ་བས་སྤྱི་མིང་བྱེ་བྲག་ལ་སྦྱར་ཏེ་ཐབས་ཀྱི་ཁྱད་པར་ཞེས་བྱ་ཞིང་། འདི་ལྟ་བུའི་སྤྱོད་ཚུལ་ཁྱད་པར་ཅན་དེ་ནི་གང་ཟག་བརྟུལ་ཞུགས་དང་ལྡན་པ་ཁོ་ནའི་སྤྱོད་ཡུལ་ཡིན་པས་དེ་ལྟར་གྲགས་ལ། རྨད་དུ་བྱུང་བ་ཞེས་པ་ཡ་ཤ་བའི་དོན་ཏེ། འཆིང་བྱེད་ཀྱི་ལས་ལ་སྤྱོད་པ་ལྟར་གནང་བས་གྲོལ་བ་འདི་འདྲ་ངོ་མཚར་ཞིང་ངམ་པའོ། །དེས་ནི་འབྲས་བུ་ཕྱི་དུས་སུ་མི་ལུས་པར་མྱུར་དུ་འགྲུབ་པར་བྱེད་པ་སྟེ། དཔེ་མཀྵི་ཀ་བྱ་བ་དངུལ་ཆུ་ལས་བསྒྲུབ་པའི་གསེར་འགྱུར་གྱི་རྩི་སྟེ། དེས་ལྕགས་གསེར་དུ་བསྒྱུར་བའི་ཚེ་རྩི་དེ་ཉིད་ཀྱིས་ལྕགས་ལ་བཏབ་སྟེ་ཐབས་དང་ལྡན་པས་བསྲེགས་པ་ན་གནས་སྐབས་ལྔས་གསེར་དུ་བསྒྱུར་བ་བཞིན་ཏེ། དེ་ལ་གནས་སྐབས་ལྔ་ནི། དུ་བ་དང་ནི་རྩེག་རྩེག་དང་། །སྦལ་པ་འཆོང་བ་ཉིད་དང་ནི། །འདར་བ་དང་ནི་མི་འདར་བའི། །དངུལ་ཆུ་ཡི་ནི་གནས་སྐབས་ལྔ། །ཞེས་སོ། །མྱུར་བར་མ་ཟད་ཁ་ཉེན་ཆེ་བའི་དཔེར་ཡང་འགྱུར་ཏེ། བསྲེག་པའི་ཐབས་ལ་མཁས་ན་ལྕགས་གསེར་དུ་འགྱུར་བ་ལ་དཀའ་ཚེགས་མེད་ཅིང་། ཐབས་དང་མི་ལྡན་ན་མེ་ཉིད་དངུལ་ཆུའི་དགྲ་ཡིན་པས་ལྕགས་གསེར་དུ་མི་འགྱུར་བར་མ་ཟད་རྩི་དེ་ཡང་འཐོར་ཏེ་ཆུད་ཟོས་སུ་འགྲོ་བ་བཞིན་ནོ། །དབྱེ་ན། རིམ་གསུམ་ལས། གདམས་ངག་སྟེང་དང་འོག་གི་སྒོ། །ཞེས་པ་ལྟར་གཉིས་ལས་དང་པོ་སྟེང་སྒོ་ནི། འཁོར་ལོ་དྲུག་ལ་བརྟེན་ནས་འབར་འཛག་གི་སྦྱོར་བས་འཁོར་ལོ་བཞིར་བདེ་བའི་ཡེ་ཤེས་བསྐྱེད་པ་ལ་བསླབ་པ་རིམ་གྱིས་པ་སྟེ། ཞེས་པས། ལུས་ཀྱི་ལྟེ་བར་རྩ་གསུམ་འཁོར་ལོ་དྲུག་དང་བཅས་པ་གསལ་བཏབ། དེ་ལ་རྩ་གསུམ་ནི་ལུས་ཀྱི་དབུས་རྩ་དབུ་མ། གཡས་སུ་རོ་མ། གཡོན་དུ་རྐྱང་མ་གསུམ་གྱི་དབུ་མ་ཚངས་བུག་ནས་གསང་གནས་ཀྱི་བར་དྲང་ཐལ་ལེ་བ། རོ་རྐྱང་གཉིས་རྩེ་མོ་གུག་སྟེ་ཡར་སྣ་བུག་གཉིས་སུ་ཟུག་པ། མར་སྣ་གསང་གནས་དང་བཤང་སྒོར་ཟུག་པ་སྟེ། དབུ་མའི་མར་སྣ་ལྟེ་འོག་སོར་བཞི་མན་ཆད་དབུ་མ་དང་རྩ་རྒྱུད་གཅིག་ཀྱང་ལས་ཐ་དད་པའི་ཕྱིར་དུང་ཅན་མ་ཞེས་བྱ་ལ། འཁོར་ལོ་དྲུག་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས། མགྲིན་པར་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག །སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་སྟེ་རྩ་བའི་འཁོར་ལོ་བཞི། དེ་འོག་སོར་བཞི་གཞལ་བ་ན་མེའི་དཀྱིལ་འཁོར་གྲུ་གསུམ་ཐིག་ལེ་རཾ་གྱིས་མཚན་པ་དང་། དེ་འོག་སོར་བཞི་གཞལ་བ་རྒྱུ་ཞབས་ཀྱི་ཐད་དུ་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་ཡཾ་གྱིས་མཚན་པ་སྟེ་རྐྱེན་གྱི་འཁོར་ལོ་གཉིས་རྣམས་གསལ་བཏབ་ནས། རླུང་བུམ་པ་ཅན་སྦྱོར་བ་བཞི་ལྡན་ལ་སོགས་པའི་ཐབས་དང་ལྡན་པས་ཉམས་སུ་བླངས་པ་ལས། བཤད་ཁའི་རླུང་གཡོས། དེས་སྟེང་འོག་གི་མེ་སྦར། འཁོར་ལོ་བཞིའི་གནས་རྒྱུད་དེ་དབུ་མའི་ཡར་རྩེར་ཧཾ་ཡིག་བདེ་བ་ཆེན་པོའི་རང་བཞིན་མགོ་བོ་ཐུར་བསྟན་གྱི་ཚུལ་དུ་གནས་པ་ལ་རེག་པས་བདུད་རྩི་བྱང་ཆུབ་ཀྱི་སེམས་བབས་པ་སྤྱི་བོ་ནས་མགྲིན་པར་སླེབ་པས་དགའ་བ། མགྲིན་པ་ནས་སྙིང་གར་སླེབ་བས་མཆོག་དགའ། །སྙིང་ག་ནས་ལྟེ་བར་སླེབ་པས་ཁྱད་དགའ། ལྟེ་བ་ནས་གསང་པར་ལྷན་སྐྱེས་ཀྱི་དགའ་བ་ཉམས་སུ་མྱོང་སྟེ་སླར་ཡང་མས་བརྟན་གྱིས་བསྡུས་པའི་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བ་ལས་མཐར་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའོ། །དེ་སྐད་དུ་ཡང་རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བས་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་བར་གྲགས། །ཞེས་སོ། །དེ་དག་ནི་སྟེང་སྒོ་ཐུན་མོང་བ་ཡིན་ལ། ཁྱད་པར་བ་ནི་འདི་ཉིད་ཀྱི་ལེའུ་བཅུ་གསུམ་པར་བཤད་པ་ལྟར་ཏེ། དེ་ལ། ཀུན་ཏུ་བཟང་པོའི་དང་། ཀུན་ཏུ་བཟང་མོའི་དང་། སྦྱོར་བ་དག་པའི་དང་། ཁྱབ་བརྡལ་ཆེན་པོའི་མན་ངག་གོ། །དང་པོ་ནི། དཀྱིལ་འཁོར་ལྡན་པའི་སོགས་ཚིགས་བཅད་གཅིག་སྟེ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཡོད་པ་བཞིར་བསྡུས་སྟེ། མདུན་ཆོས་ཉིད་ཀྱི་རྩ་གསུམ། གཡས་ཡེ་ཤེས་ཀྱི་རྩ་གཅིག །གཡོན་ཡོན་ཏན་གྱི་རྩ་གཅིག །རྒྱབ་རང་རྒྱུད་ཀྱི་རྩ་གསུམ་མོ། །རྩ་དེ་དག་གི་སྦུབས་ན་འོད་བཞི་དང་། དེའི་ཁྲོད་ན་སྦྱང་བྱ་སྦྱོང་བྱེད་ཀྱི་ས་བོན་རྣམ་ཤེས་དང་བཅས་པའོ། །དེ་དག་གི་དབུས་ན་དྭངས་མ་ལྔ་ལ་བརྟེན་པའི་ཡེ་ཤེས་སྙིང་པོའི་ཐིག་ལེ་སྟོང་གསལ་འགག་མེད་བདེ་བ་ཆེན་པོའི་ངོ་བོ་བཞུགས་པ་ལ། སྤྱི་བོ་ནས་མར་སེམས་གཏད་དེ་བསྒོམས་པས་དེ་ཉིད་འོད་དུ་འབར་བས་སྦྱོང་བྱེད་ཀྱི་ས་བོན་རྣམས་ཀྱང་མེར་སྦར། དེས་རིགས་དྲུག་གི་ས་བོན་གཉིད་དང་བཅས་པ་སྦྱངས། རགས་རླུང་ཐམས་ཅད་དྭངས་མ་ལ་ཐིམ་པས་རྣམ་རྟོག་ཐམས་ཅད་མི་རྟོག་པའི་ཀློང་དུ་ཐིམ་ཞིང་དམིགས་མེད་མཐའ་བྲལ་བདེ་བ་ཆེན་པོར་བྱང་ཆུབ་པའོ། །གཉིས་པ་ནི། གསང་བའི་ཐིག་ལེ་སོགས་ཚིགས་བཅད་གཉིས་ཏེ། ལྟེ་བའི་རྩ་འདབ་ཀྱི་དབུས་ན་དབྱིངས་ཕྱུག་ལྔའི་ཐིག་ལེ་ཨ་ཐུང་གི་རྣམ་པར་གནས་པ་ལ། སྙིང་ག་ནས་མར་སེམས་གཏད་པས་སྙིང་གའི་ཐིག་ལེའི་བདེ་དྲོད་མར་སོང་བ་ལྟེ་བའི་ཐིག་ལེ་ལ་ཕོག །དེ་ཉིད་འོད་དུ་འབར་ཞིང་རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་གསལ། དེའི་དྲོད་སླར་ཡང་ཡར་སོང་སྟེ་སྙིང་གའི་དྭངས་མ་ལ་ཐིམ་པས་དྭངས་མའི་བདེ་དྲོད་ཆེར་འབར་བས་རགས་རླུང་གི་རྒྱུ་བ་བཅོམ། ཐིག་ལེ་འགྲོ་འོང་མེད་པར་སྙིང་གའི་གནས་ལས་མི་གཡོ་བར་གནས་པས་མཚན་འཛིན་ཐམས་ཅད་མི་རྟོག་པའི་ཀློང་དུ་ཐིམ་པའོ། །གསུམ་པ་ནི། སྙིང་པོའི་ཐིག་ལེ་སོགས་རྐང་པ་གསུམ་སྟེ། མགྲིན་པའི་རྩ་འདབ་གི་དབུས་ན་མཁའ་འགྲོ་མ་རྔམ་མ་ཞེས་བྱ་བ་ཡི་གེ་ཨཾ་གི་རྣམ་པར་གནས་པ་ལས། སྙིང་གའི་འོད་ཀྱིས་མགྲིན་པའི་ཐིག་ལེ་ཞུ་བའི་དྭངས་མ་སྙིང་གར་མཆེད། དབུགས་ཐིག་ལེར་ཐིམ་པས་རླུང་དང་རྟོག་པ་འགག །འཁོར་ལོ་གཉིས་ཞལ་སྦྱོར་བ་ལས་དྲོད་རླུང་རྩ་གསུམ་ཅིག་ཏུ་འདྲེས་པའི་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པའོ། །བཞི་པ་ནི། ཟག་པ་མེད་པའི་སོགས་རྐང་པ་དགུ་སྟེ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་དབུས་སུ་ཀུན་ཏུ་བཟང་པོ་ཟླ་བའི་ཐིག་ལེ་ཧཾ་གི་རྣམ་པར་གནས་ཏེ། སྒོམ་ཚུལ་མགྲིན་པའི་ཐིག་ལེའི་དྲོད་ཡར་སོང་། སྤྱི་བོའི་ཐིག་ལེ་ལ་ཕོག་པས་འོད་དུ་ཞུ་ནས་སྤྱི་བླུགས་སུ་གྱུར་པས་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་ཏེ་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནམ་མཁའི་གཟུགས་སུ་སྐྱེས་ནས་ཀུན་གྱི་དངོས་པོར་བདག་གྱུར་བ་ཞེས་བྱ་བ་ཆོས་ཀྱི་སྐུར་གྱུར་པའོ། །གཉིས་པ་འོག་སྒོ་ནི། འོག་སྒོ་མཁའ་གསང་གཉིས་ལ་བརྟེན་ནས་དབབ་བཟུང་ལྡོག་ཁྱབ་ཀྱི་སྦྱོར་བས་སྐད་ཅིག་ལ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་བསྐྱེད་པ་ཐབས་ལམ་གཅིག་ཅར་བ་སྟེ། ཞེས་པས་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་བརྟག་པ། བཙལ་བ། འགུགས་པ། འདོད་པའི་བསྟན་བཅོས་ཀྱིས་བདེ་བ་རྒྱས་པར་བྱེད་པ་རྣམས་ནི་བསྙེན་པའི་ཡན་ལག །ཡབ་ཡུམ་ལྷར་བསྐྱེད་པ་ལྷའི་འདུ་ཤེས། མཁའ་གསང་རྡོ་རྗེ་དང་པདྨར་བྱིན་གྱིས་བརླབ་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ་འདུ་ཤེས་གསུམ་ལྡན་དང་། བརྡའ་བཞིས་བསྣོལ་མར་བསྐུལ་བ་སོགས་ནི་ཉེ་བསྙེན། ཕྱག་རྒྱ་བཞིས་གཉིས་མེད་དུ་རོལ་བ་ན། རྗེས་ཆགས་ཀྱི་རླུང་བསྐྱོད་པས་དམར་ཆ་འབར་བ་དེས་དཀར་ཆ་ཞུ་བ་ཡས་བབས་ཀྱི་འགྲོས་ཀྱིས་ཕྱིན་པ་ལས་འཁོར་ལོ་བཞིར་དགའ་བཞིའི་རིམ་པས་རྡོ་རྗེ་ནོར་བུའི་རྩེར་འཛག་མེད་དུ་བཟུང་བས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་གྱུར་ཏེ། དེ་ལྷར་དབབ་བཟུང་གི་དགོངས་པ་ནི་སྒྲུབ་པ། ཉི་ཟླ་རྡོ་རྗེའི་ལྕེས་བླངས་ཏེ་བཟློག་པའི་སྦྱོར་བས་གྱེན་དུ་དྲངས་ཏེ་འཁོར་ལོའི་གནས་སོ་སོར་མས་བརྟན་གྱི་དགའ་བ་ཉམས་སུ་མྱོང་མཐར་བྱང་སེམས་རྩ་གནས་ཐམས་ཅད་དུ་ཁྱབ་པར་དགྲམ་པའི་སྦྱོར་བས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བ་ནི་སྒྲུབ་པ་ཆེན་པོའོ། །དེ་ལྟར་ཡང་རྩ་རྒྱུད་དུ། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཞེས་དང་། རྒྱས་པ་ལས། ཕུན་སུམ་ཚོགས་པ་ལྷུན་གྲུབ་རྣམས། །གསང་དབང་མཆོག་གིས་སྦྱིན་པར་བྱེད་ཅེས་སོ། །གཉིས་པ་གྲོལ་ལམ་ནི། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་པས་གཙོ་བོར་ཐོས་བསམ་སྒོམ་པས་བསྡུས་པའི་ཤེས་རབ་རྣམ་པ་གསུམ་གྱིས་རང་རྒྱུད་ལ་སྒྲིབ་པར་བྱེད་པའི་འཆིང་བ་ཆོས་ཉིད་དུ་གྲོལ་བར་བྱེད་པ་སྟེ། དཔེ་གང་གིས་མཚོན་ན། རིན་པོ་ཆེ་ཀསྟུ་བྷ་དང་ལྷན་ཅིག་བཞག་པའི་རྡོའི་ཁམས་རིམ་གྱིས་གསེར་དུ་འགྱུར་བ་བཞིན་ནོ། །དབྱེ་ན། ལམ་རིམ་ལས། རིང་བའམ་རིམ་དང་ཅིག་ཅར་བའོ། །ཞེས་པས་ཐབས་ལམ་ལ་ལྟོས་ན་གྲོལ་ལམ་རིང་ལམ་དུ་འགྱུར་བས་རིང་བ་ཞེས་སྨོས་ལ། དེ་ལ་རིམ་གཅིག་ཅར་གཉིས་ལས། ཐོག་མར་འཆད་བདེ་བའི་ཕྱིར་གཅིག་ཅར་བཤད་ན། སྐལ་ལྡན་དབང་པོ་ཡང་རབ་ཁ་ཅིག་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་དབྱེར་མེད་ཆིག་ཆོད་དུ་རྟོགས། བར་དུ་བསྒོམ་པ་གོམས་པའི་དུས་སུ་དབྱེར་མེད་ཆིག་ཆོད་དུ་གོམས། མཐར་འབྲས་བུའི་དུས་སུའང་དབྱེར་མེད་ཆིག་ཆོད་དུ་མཐར་ཕྱིན་པར་བྱེད་པ་སྟེ། རྔམ་གློག་ལས། རྒྱུ་ནི་བདེན་གཉིས་གཅིག་ཅར་དུ། །གཅིག་པས་གཅིག་པའི་མཚན་ཉིད་དང་། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །ཆོས་ཀུན་རང་བཞིན་རྟོགས་པ་དང་། །སྐྱེ་མེད་དབྱིངས་ཀྱི་བྱིན་བརླབས་ལས། །ཆོས་ཀུན་སྣང་བར་ཤེས་པ་དང་། །དེ་ལྟ་བུ་ཡི་རང་བཞིན་དུ། །གཞན་ལ་མ་བརྟེན་མི་འགལ་བར། །མངོན་སུམ་རིག་པས་ཐག་ཆོད་ན། །རྣལ་འབྱོར་ས་ལ་སླེབ་པ་ཡིན། །ཞེས་དང་། བླ་མ་ལས། ཐིག་ལེ་ཆེན་པོའི་རང་བཞིན་ལ། །བསྒོམ་པ་རྣམ་གསུམ་དུས་གཅིག་རྫོགས། །ཞེས་སོ། །གཉིས་པ་རིམ་གྱིས་པ་ནི། ཡང་རིམ་གྱིས་རྟོགས་གོམས་མཐར་ཕྱིན་པར་བྱེད་པ་ནི་རིམ་གྱིས་པ་སྟེ། ཞེས་པས་བསྟན་ཏེ། དེ་ཅུང་ཟད་བཤད་ན། འདི་ཉིད་ལས། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པས་མཚན་ཉིད་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་འགྱུར་གྱི་འབྲས་བུ་རིག་འཛིན་བཞིའོ། །དང་པོ་ནི། ལམ་རིམ་ལས། གཞི་དང་གཏན་ཚིགས་གྲུབ་པའི་དོན། །ཞེས་པས། གཞལ་བྱ་ཞེན་སྣང་ཉིད་འཇལ་བྱེད་གཏན་ཚིག་རྣམས་ཀྱིས་གཏན་ལ་འབེབས་པ་སྟེ། ཇི་ལྟར་འབེབས་ན། ལམ་རིམ་ལས། དེ་ཉིད་དངོས་ལྔ་ཚུལ་དང་ཚིག །ཞེས་པས། སྔོན་འབྱུང་དངོས་ལྔའི་གཏན་ཚིགས། རྗེས་འཇུག་ཚུལ་ལྔའི་གཏན་ཚིགས། ཚིག་ལྔའི་གཏན་ཚིགས་དང་གསུམ་མོ། །དང་པོ་ནི། སྔོན་བྱུང་དུ་སྟོན་པ་སྐུ་ལྔས། སྟོན་པ་ཆོས་སྐུས་འཁོར་ཡེ་ཤེས་རྒྱ་མཚོ་ལ་སྐྱེ་མེད་དོན་གྱི་གསུང་གིས། ལོངས་སྐུས་སྨིན་པ་བརྒྱ་མཚོར་དགོངས་བརྡས། སྤྲུལ་སྐུས་མོས་པ་རྒྱ་མཚོར་བརྗོད་ཚིག་གིས། རྡོ་རྗེའི་སྐུས་དབྱེར་མེད་རྡོ་རྗེའི་འཁོར་ལ་རྡོ་རྗེའི་གསུང་གིས། མངོན་བྱང་གིས་རྒྱལ་བ་རྒྱ་མཚོ་ལ་རིགས་པ་བྱིན་རླབས་ཀྱིས་བརྡའ་སྤྲོད་པའོ། །རང་རང་གི་འཁོར་ལྔ་ལ་གསུང་ལྔའི་སྒོ་ནས་ཆོས་ཉིད་ཀྱི་དོན་དངོས་སུ་གཏན་ལ་འབེབས་པར་བྱེད་པ་སྟེ། དེ་ཉིད་ལས། ཡང་དག་རྫོགས་སངས་རྒྱས་སྟོན་པ། །སྐུ་ལྔས་འདུལ་བའི་འཁོར་རྣམས་ལ། །གསུང་ལྔ་བསྟན་པ་དེ་ཁོ་ན། །གཏན་ལ་འབེབས་ཤིང་འཇལ་བྱེད་པའོ། །ཞེས་སོ། །གཉིས་པ་ནི། དབང་རྣོན་མཆོག་རྣམས་ལ་སྣང་གྲགས་ཀྱི་ཆོས་འདི་དག་གིས་མཚོན་ནས། དངོས་ལྔས་གཏན་ལ་ཕབ་པའི་སྐུ་ལྔའི་གསུང་གི་ཚུལ་དུ་རྟོགས་པར་བྱེད་པ་སྟེ། དེ་ཉིད་ལས། རྟོགས་དང་ལྡན་པའི་བློ་རྣམས་ལ། །དངོས་པོ་སྣ་ཚོགས་སེམས་གསང་སྔགས། །ངེས་ལུང་ཡིན་ཕྱིར་ཆོས་ཚུལ་སྟོན། །བརྗོད་དང་འདྲ་བར་བརྡའ་སྤྲོད་པས། །ངོ་བོ་ཉིད་ཀྱིས་བཤད་པའི་ཕྱིར། །མ་འོངས་དོན་དུ་གཏན་ཚིགས་ངེས། །ཞེས་སོ། །གསུམ་པ་ནི། སྔར་གྱི་ཚུལ་ལྔ་ཉིད་ཚིག་ཏུ་དངོས་སུ་བརྗོད་པ་སྟེ། དེ་ཉིད་ལས། ངོ་བོ་སྣང་ཚིག་རང་སྣང་ཚིག །ལྡེམ་དགོངས་ཚིག་དང་བཀྲི་དྲང་ཚིག །འདོད་རྐྱེན་ཚིག་དང་རྡོ་རྗེའི་ཚིག །རང་རིག་མངོན་གསལ་ཚིག་གིས་མཚོན། །ཞེས་སོ། །དེ་དག་ཀྱང་བསྡུ་ན། དཔྱད་དུ་མེད་པས་གོ་བ་སྐུ་བཞིའི་གཏན་ཚིགས་དང་། དཔྱད་དུ་ཡོད་པས་གོ་བ་སྤྲུལ་སྐུའི་གཏན་ཚིགས་གཉིས་ལས། ཕྱི་མ་ལས། ཚིག་དོན་མཐུན་པའི་གཏན་ཚིགས་དང་། མི་མཐུན་པའི་གཏན་ཚིགས་སོ། །དང་པོ་ལ། ཚད་མ་བཀའ་གཞུང་དང་། སྒྲ་མཐུན་དོན་སྤགས་གཉིས། དང་པོ་ལ། རྟོགས་པ་བཞི། དག་པ་གསུམ། མཉམ་པ་བཞི། བདག་ཉིད་ཆེན་པོའི་གཏན་ཚིགས་དང་བཞི། དང་པོ་ནི། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །ཞེས་པས། རྒྱུ་གཅིག་པའི་གཏན་ཚིགས་ནི། འཁོར་འདས་གཉིས་ཆོས་ཅན། རང་བྱུང་གི་ཡེ་ཤེས་སུ་རྒྱུ་གཅིག་པ་ཡིན་ཏེ། རྟོགས་མ་རྟོགས་ཀྱི་བྱེད་པས་འཁོར་འདས་གཉིས་སུ་སྣང་བའི་ཕྱིར། ཡིག་འབྲུའི་ཚུལ་ནི། སེམས་ཉིད་སྐྱེ་མེད་ཀྱི་གདངས་ཆོས་ཅན། རོལ་པ་འགག་མེད་ལྷའི་སྐུ་གསུང་ཐུགས་སུ་རང་སྣང་བ་ཡིན་ཏེ། མཚོན་དུ་མེད་པའི་ཡེ་གེ་ཨ་ཉིད་མཚོན་བྱེད་ཡི་གེ་དུ་མར་མ་འགག་པར་མཚོན་ནས་རྟོགས་པའི་ཕྱིར། བྱིན་གྱིས་རླབས་ནི། རང་བཞིན་སྐྱེ་མེད་དང་རོལ་པ་འགག་མེད་གཉིས་ཆོས་ཅན། ལྡོག་པ་སོ་སོར་སྣང་ཡང་ངོ་བོ་དབྱེར་མེད་ཀྱི་བྱིན་རླབས་ཤུགས་ལ་འབྱུང་བ་ཡིན་ཏེ། ལྷག་པ་དོན་དམ་གྱི་སྣང་ལྡོག་ཀུན་རྫོབ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར། མངོན་སུམ་པ་ནི། བདེན་པ་དབྱེར་མེད་ཆོས་ཅན། བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྟོགས་པའི་ཕྱིར། གཉིས་པ་ནི། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་པས། སྣོད་བཅུད་རྒྱུད་གསུམ་གྱི་བསྡུས་པའི་ཆོས་ཐམས་ཅད་ཆོས་ཅན། ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པ་ཡིན་ཏེ། དག་པ་གསུམ་དང་ལྡན་པའི་ཕྱིར། གསུམ་པ་ནི། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །ཞེས་པས། ཤེས་བྱ་ཆོས་ཅན། ཡེ་ནས་སངས་རྒྱས་པ་ཡིན་ཏེ། མཉམ་པ་བཞིས་འཁོར་འདས་གཉིས་མེད་དུ་རྟོགས་པའི་ཕྱིར། དེ་ལ་གཉིས་ལས། ཐེག་ཆེན་ཐུན་མོང་པའི་མཉམ་པ་གཉིས་ནི། མྱུ་གུ་བདག་ལས་སྐྱེ་བ་མེད་པ་ལྟ་བུ་རྣམ་གྲངས་པའི་དོན་དམ་དང་། མཐའ་བཞིའི་སྤྲོས་པ་དང་བྲལ་བ་རྣམ་གྲངས་མིན་པའི་དོན་དམ་གཉིས་ཆོས་ཅན། མཉམ་པ་ཡིན་ཏེ། སྤྲོས་པ་བཀག་པའི་སྟོང་ཉིད་ཙམ་དུ་མཉམ་པའི་ཕྱིར། ཆུ་ཟླ་ལྟ་བུ་ལོག་པའི་ཀུན་རྫོབ་དང་། མཁའ་ཟླ་ལྟ་བུ་ཡང་དག་པའི་ཀུན་རྫོབ་གཉིས་ཆོས་ཅན། མཉམ་པ་ཡིན་ཏེ། བདེན་པས་སྟོང་པ་ཙམ་དུ་མཉམ་པའི་ཕྱིར། ཐུན་མོང་མིན་པ་ལྷག་པའི་མཉམ་པ་གཉིས་ནི། རྣམ་གྲངས་པ་མེད་དགག་དང་། རྣམ་པ་མིན་པ་མིན་དགག་གི་སྟོང་ཉིད་གཉིས་ཆོས་ཅན། མཉམ་པ་ཡིན་ཏེ། ལྷག་པ་དོན་དམ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པའི་ཕྱིར། མ་དག་པ་ལས་སྣང་ལོག་པའི་དང་། དག་པ་ལྷར་སྣང་ཡང་དག་པའི་ཀུན་རྫོབ་གཉིས་ཆོས་ཅན། མཉམ་པ་ཡིན་ཏེ། ལྷག་པ་ཀུན་རྫོབ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་པའི་ཕྱིར། བཞི་པ་ནི། འཁོར་འདས་ཀྱི་ཆོས་རྣམས་ཆོས་ཅན། སྣང་ལུགས་དུ་མར་སྣང་ཡང་ཡིན་ལུགས་ནས་གཞལ་ན་དེ་ལྟར་མིན་ཏེ། སེམས་ཉིད་སྐྱེ་མེད་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་གི་བདག་ཉིད་དུ་ཡེ་ནས་གནས་པའི་ཕྱིར། གཉིས་པ་སྒྲ་མཐུན་དོན་སྤགས་ནི། ཚིག་མདོ་སྔགས་ཐུན་མོང་དུ་གྲགས་ཤིང་དོན་སྔགས་རང་གཞུང་དུ་གཏན་ལ་འབེབས་པས་ཁྱད་པར་དུ་སྤགས་པ་སྟེ། དབྱེ་ན། རང་སྤྱི༡། མཐའ་བྲལ༢། རྣམ་པར་དབྱེ་བ༣། མཚོན་པའི་༤གཏན་ཚིགས་དང་བཞིའོ། །གཉིས་པ་ཚིག་དོན་མི་མཐུན་པའི་གཏན་ཚིགས་ནི་བསྒྲུབ་བྱ་སྒྲུབ༥ ༈ དུག་ལྔ་ཆོས་ཅན༡། ཡང་དག་པར་སྒྲུབ་སྟེ། རང་རང་གི་ངོ་བོ་སྟོང་པའི་ཕྱིར། དཔེར་ན་ཐག་ཁྲ་སྦྲུལ་དུ་སྣང་ཡང་གཤིས་ལ་སྦྲུལ་མ་གྲུབ་པ་བཞིན་ནོ། །༢སྣང་བ་ཕྱི་ནང་གི་ཆོས་ཐམས་ཅད་ཆོས་ཅན། སྤྲོས་པའི་མཐའ་དང་དེ་ལ་ལྟོས་པའི་དབུས་སོགས་ཅིར་ཡང་མ་དམིགས་པ་སྟེ། ཡང་དག་པར་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། བུམ་༣པ་ཆོས་ཅན། རང་བཞིན་དུ་ངེས་པ་མིན་ཏེ། དབྱིབས་དང་ཁ་དོག་ཆོས་དུ་མ་དང་ལྡན་པས་ཕྱི་ཡུལ་གྱི་རྣམ་པ་གཅིག་ཏུ་སྒྲུབ་པའི་ཕྱིར། གཞུའི་རྒྱུ་ཚོགས་བཞིན་ནོ། །སེམས་༤ཉིད་ཆོས་ཅན། གཟུང་དུ་མེད་པའི་ཕྱིར། ནམ་མཁའ་བཞིན་ནོ། །སེམས་༥ཉིད་ཆོས་ཅན། ཡང་དག་པར་ཅིར་ཡང་མ་སྒྲུབ་པས་ཅི་ཡང་མིན་ཏེ། སྣང་ཚོད་དུ་མ་འགགས་པར་རང་སྣང་བས་ཅི་ཡང་ཡིན་པའི་ཕྱིར། བྱེད་གཉིས་ཐ་སྙད་པའི་ངོར་གོ་བཟློག་པའི་ཚུལ་གྱིས་སྟོན་པ་སྟེ། ལམ་རིམ་ལས། དེས་མཚོན་ཅི་ཡང་ཡིན་པའི་ཕྱིར། །སེམས་ཆོས་ཅི་ཡང་མ་ཡིན་ནོ། །དེ་ཕྱིར་མ་ཡིན་ཀུན་ཡིན་པས། །ཅི་ཡང་ཡིན་ནོ་ལྷུན་གྱིས་གྲུབ། །ཅེས་སོ། །དེ་ལྟར་གཏན་ལ་ཕབ་པས་རྟོགས་བྱའི་ལྟ་བ་རང་བཞིན་རྒྱུ་རྒྱུད་གནས་ལུགས་ཀྱི་དོན་དེ་བཞིན་ཉིད་དེ་རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྗེན་པར་རྟོགས་པ་ནི་གྲུབ་མཐའ་སྟེ། ལམ་རིམ་ལས། རྒྱ་མཚོ་དྭངས་པའི་གཟུགས་བརྙན་ལྟར། །སྒྲ་བརྟེན་ཡིད་ལ་བྱེད་མིན་པར། །རང་རིག་མངོན་སུམ་དམིགས་བྲལ་བ། །རང་གསལ་གསུམ་བྲལ་མི་འགུལ་བར། །ངེས་པར་གདེངས་སུ་གང་བྱས་པ། །ཐོས་བསམ་བརྟེན་པའི་ལྟ་མཐར་ཕྱིན། །ཞེས་གསུངས། རྩོད་སྤོང་ནི། ཁ་ཅིག །ལྟ་བ་ཁྱད་པར་འཕགས་པའི་ཕྱིར། །རྫོགས་པ་ཆེན་པོ་མཆོག་གོ་ལོ། །སྔགས་ཀྱི་ཁྱད་ཆོས་ལྟ་བ་མིན། །དབུ་མ་ལས་ལྷག་ག་ལ་ཡོད། །ཅེས་ཟེར་བ་ལྟར། གང་དག་སྔགས་ཀྱི་གྲུབ་མཐའ་ནི་ལྟ་བ་དབུ་མ་ལ་ཐབས་ཁྱད་པར་དུ་འཕགས་པས་ཕྱེ་བ་ཙམ་དུ་བཞེད་པ་ནི་མི་རིགས་ཏེ། དབུ་མ་དང་སྔགས་གཉིས་དོན་དམ་སྤྲོས་བྲལ་དང་ཀུན་རྫོབ་སྒྱུ་མ་ཙམ་དུ་མཉམ་པར་ལྟ་བར་མཐུན་ན་ཡང་དེ་ཙམ་གྱིས་སྔགས་ཀྱི་ལྟ་བ་གཏན་ལ་མི་ཕེབས་པའི་ཕྱིར། ཇི་ལྟར་ཞེ་ན། སྔགས་ཀྱི་ཐུན་མོང་མིན་པའི་ལྟ་བ་ནི་བདེན་པ་དབྱེར་མེད་སྣོད་བཅུད་དག་མཉམ་ཆེན་པོར་གཏན་ལ་འབེབས་དགོས་པའི་རྒྱུ་མཚན་གྱིས་སོ། །གལ་ཏེ་ཁོ་ན་རེ། ཁྱེད་ཅག་གིས་རྒྱུ་རྒྱུད་དེ་རིག་པ་འགྱུར་མེད་ལ་དེ་བཞིན་ཉིད་དུ་བྱེད་པར་འདུག་པས། དེ་འདྲ་དེ་འཁོར་ལོ་ཐ་མའི་ངེས་དོན་གྱི་མདོ་སྡེ་ཟབ་མོ་རྣམས་དང་། དེའི་དགོངས་འགྲེལ་རྒྱུད་བླ་མ་སོགས་ལས་ཀྱང་འབྱུང་བས་རྟོགས་བྱའི་ཡུལ་ལ་ཁྱད་པར་མེད་དོ་ཞེ་ན། རིག་པ་འགྱུར་མེད་ལ་རྒྱུ་རྒྱུད་དུ་བྱེད་པ་འཁོར་ལོ་ཐ་མ་ལས་གསུངས་པ་དང་འདྲ་བ་བདེན་མོད་ཀྱང་། ད་དུང་དེས་སྔགས་ཀྱིས་ཐུན་མོང་མིན་པའི་ལྟ་བ་གཏན་ལ་འབེབས་བར་མི་འགྱུར་ཏེ། དེ་བཞིན་ཉིད་དེ་བླ་ན་མེད་པའི་རྒྱུད་འདིར་རྒྱུ་རྒྱུད་དུ་འཇོག་པའི་ཚེ་ན་ལྷན་ཅིག་སྐྱེས་པ་མི་འགྱུར་བའི་བདེ་བ་ཆེན་པོའི་རང་བཞིན་དུ་བྱས་པ་ནི་སྔགས་ཀྱི་ཁྱད་ཆོས་སུ་དེ་བཞིན་གཤེགས་པ་སྲས་བཅས་བཞེད་པའི་ཕྱིར་ཏེ། རྡོ་རྗེ་མེ་ལོང་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། དུས་འཁོར་ལས། སྲིད་གསུམ་ཕྲ་རགས་གཟུགས་མིན་འདིར་ནི་རྣམ་པར་ཤེས་པའི་དེ་བཞིན་གཤེགས་པ་ཉིད་མེད་དེ། །སངས་རྒྱས་ཤེས་རབ་གང་དུའང་གནས་མིན་ཞེས་པའི་ཚིག་ནི་སངས་རྒྱས་པ་རྣམས་སྟོན་པར་འགྱུར། །གང་གི་འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དོ་བཟུང་ནས་སྟོང་པར་ལྟ་བྱེད་པ། །དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། །ཞེས་དང་། བརྟག་གཉིས་ལས། དམྱལ་བ་ཡི་དྭགས་དུད་འགྲོ་ལས། །ལྷ་དང་ལྷ་མིན་མི་རྣམས་དང་། །བཤང་བའི་སྲིན་བུ་སོགས་ཀྱིས་ཀྱང་། །བདེ་བ་གང་ཕྱིར་མི་ཤེས་པ། །རྟག་ཏུ་རང་བཞིན་བདེ་བ་ཅན། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཅེས་སོ། །གཞན་ཡང་འཕྲོས་དོན་གཉིས་སྣང་འཁོར་བའི་ཆོས་འདི་རྣམས་ཐག་ཁྲའི་སྦྲུལ་ལྟར་མེད་སྣང་གློ་བུར་བ་དང་། དེ་དག་གི་སྣང་གཞི་གནས་ལུགས་དེ་བཞིན་ཉིད་ཡིན་པའི་གནད་ཀྱིས། རྟོག་ཚོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དག་པར་གསུངས་པ་ཡང་། ཕུང་སོགས་ཀྱི་སྣང་གཞི་དེ་བཞིན་ཉིད་ཀྱི་རྩལ་གཉུག་མ་སྟེ། ཤིན་ཏུ་ཕྲ་བའི་ཡེ་ཤེས་ཀྱི་རྩ་དང་། ཡེ་ཤེས་ཀྱི་རླུང་དང་། ཡེ་ཤེས་ཀྱི་ཁམས་ཞེས་སམ། ཡང་ན། ས་ཆུ་གཉིས། མེ་རླུང་གཉིས། མཁའ་སེམས་གཉིས་གཉིས་ཟུང་དུ་འཇུག་པ་རྣམས་རིམ་པར་ཡེ་ནས་སྐུ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གཞན་གྱིས་མ་བཙལ་བར་ལྷུན་གྱིས་གྲུབ་པ་དང་། ཁམས་ལྔའི་དྭངས་མ་ཡེ་ཇི་བཞིན་པའི་རིགས་ལྔ་དང་། སོགས་ཁོང་ནས་ཡེ་ཤེས་ཀྱི་ཁམས་རིགས་དྲུག་པའི་བདག་ཉིད་དུ་དག་པས་ལྷའི་བདག་ཉིད་དུ་བཞུགས་པ་གང་ཡིན་པ་སྟེ། སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་ལམ་རིམ་དུ། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གཞི་རྫོགས་ཕྱག་རྒྱ་མ་འདྲེས་གསལ། །ཅིར་ཡང་འགྱུར་ཞིང་ཅིར་ཡང་འགྲུབ། །ཅེས་སོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ། མོས་སྒོམ་དང་། ངེས་རྫོགས་གཉིས། དང་པོ་ནི། ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་ཀྱང་། སྤྱིའི་རྣམ་པ་ཙམ་སྒོམ་པ་མོས་སྒོམ་དང་། ཞེས་དང་། ལམ་སོ་སོ་ནས་གཡོ་ཐོབ་གོམས་བརྟན་གྱི་ཉམས་མཐར་ཕྱིན་པར་བསླབ་མ་ནུས་ན་ཡང་། དོན་སྤྱིའི་ཚུལ་ཙམ་དུ་བསྒོམ་པ་ནི་མོས་སྒོམ་སྟེ། དཔེར་ན། ཐུན་གཅིག་ལ་སྲུང་འཁོར་ནས་བཟུང་ཆོ་གའི་བྱ་བ་ཚར་གཅིག་རྫོགས་པར་བསྒྲུབ་པ་ལྟ་བུའོ། །དེ་ལྟར་ཡང་ལམ་རིམ་ལས། ལམ་ཀུན་སྐད་ཅིག་ཆས་བསྒོམ་ན། །སྤྲོས་པའི་འཁོར་ལོ་མོས་སྒོམ་ཞིང་། །ཞེས་སོ། །གཉིས་པ་ནི། ལམ་སོ་སོའི་ཏིང་ངེ་འཛིན་མཐར་ཕྱིན་པར་བསླབ་པ་ནི་ངེས་རྫོགས་ཏེ། ལམ་རིམ་ལས། སྲིད་པ་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེས་པའི་རིམ་གསུམ་གཉིས་མེད་དོན། །ཞེས་པས། གཙོ་བོར་རྫོགས་རིམ་གྱི་སྦྱང་བྱ་བསྟན་ཀྱང་། འཆི་བར་སྐྱེ་གསུམ་གྱི་བག་ཆགས་ལ་ཕྲ་རགས་གཉིས་ལས། རགས་པ་སྦྱོང་བྱེད་བསྐྱེད་རིམ་གྱི་དབང་དུ་བྱས་ན། མར་འཆི་བར་སྐྱེ་གསུམ་དང་སྐྱེ་བ་ལའང་དྲི་ཟའི་སེམས་མངལ་དུ་ཞུགས་ནས་ལུས་རིམ་གྱིས་གྲུབ་སྟེ་སྐྱེས་པའི་བར་དང་། སྐྱེས་ནས་བུ་ཚ་འཁོར་འདབ་རྒྱས་པའི་བར་དང་། བློ་གྲོས་ནར་སོན་ནས་བཅད་རིས་དང་ཁེ་གྲགས་སྒྲུབ་པ་སྟེ། སྐྱེས་པའི་རིམ་པ་གསུམ་གྱི་བག་ཆགས་སྦྱོང་། ཡང་སངས་རྒྱས་ཆོས་ལོངས་སྤྲུལ་གསུམ་ཕྲིན་ལས་དང་བཅས་པའི་རྣམ་པ་ལམ་བྱེད་ཀྱིས་རིགས་ཀྱི་ནུས་པ་གསོས་བཏབ་ནས་འབྲས་བུར་རྫོགས་པར་བྱེད། ལམ་གོང་མ་འོད་གསལ་ལས་སྙིང་རྗེ་ཆེན་པོའི་འཕེན་པས་ཟུང་འཇུག་གི་ལྷར་ལྡང་བའི་སྨིན་བྱེད་དུ་འགྲོ་ཞིང་། ཇི་ལྟར་སྒོམ་པའི་ཚུལ་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་པར་བསྒོམ་པ་དེ་ཏིང་སྟོང་པ་ཆེན་པོའི་རྣལ་འབྱོར། དེ་ལྟར་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་ལ་དམིགས་པ་མེད་པའི་སྙིང་རྗེ་བསྒོམ་པ་ཀུན་ཏིང་སྙིང་རྗེ་སྒྱུ་མའི་རྣལ་འབྱོར། དེ་ལས་རྒྱུ་ཏིང་རང་རིག་ཨ་དཀར་པོར་བསྒོམས་ནས་ཡི་གེའི་འཕྲོ་འདུ་ལ་སེམས་སྦྱང་བ་ཕྲ་བ་ཡིག་འབྲུ་དང་། དེ་ལས་ཆོ་ག་གསུམ་ལྟ་བུས་ལྷ་ཡབ་ཡུམ་ཡན་ལག་གི་ལྷ་དགུ་དང་བཅས་བསྒོམ་པ་རགས་པ་ལྷ་སྐུ་ལ་བསླབ་པ་སྟེ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ཡིན་ལ། འོ་ན། རྩ་ལྷ་གཉིས་ལ་ཡན་ལག་གི་ལྷ་དགུ་དང་བཅས་བསྒོམས་པས་ལྷ་ཉི་ཤུར་འགྱུར་བའི་ཕྱིར་ཕྱག་རྒྱ་གཅིག་པར་ཅིའི་ཕྱིར་འགྱུར་སྙམ་ན། མི་འགལ་ཏེ། རྩ་བའི་ལྷ་ཟུང་འཇུག་གི་ལྷ་སྐུ་གཅིག་ལས་མི་འདའ་བའི་ཕྱིར། དཔེར་ན་ཤིང་གི་སྡོང་པོ་བཞིན་ནོ། །ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་ལ་བཞི། དཀྱིལ་འཁོར་སྤྲོས་པ། ཚོམ་བུ། གྲངས། ཞལ་ཕྱག་སྤྲོས་པའོ། །དང་པོ་ནི། ཞི་བ་ལ་དཀྱིལ་འཁོར་རྒྱས་པ་རིགས་ལྔ་རིགས་ཆུང་དང་བཅས་པ་ཡབ་ཡུམ་སྟེ་ལྔ་བཅུའི་སྟེང་དུ། སེམས་དཔའ་སེམས་མ་བཅུ་དྲུག །སྒོ་བ་ཡབ་ཡུམ། བྱ་བྱེད། ཐུབ་དྲུག་སྟེ་བརྒྱད་ཅུ་རྩ་གཉིས། འབྲིང་པོ་རིགས་ལྔ་ཡབ་ཡུམ། སེམས་དཔའ་སེམས་མ། སྒོ་སྐྱོང་། བྱ་བྱེད། ཐུབ་དྲུག་བཅས་ཞེ་གཉིས། བསྡུས་པ་རིགས་ལྔ་ཡབ་ཡུམ་བཅུ་དང་། སྒོ་བ་ཡབ་ཡུམ་བརྒྱད་དེ་བཅོ་བརྒྱད་དོ། །ཁྲོ་བོ་ལ་དཀྱིལ་འཁོར་རྒྱས་པ་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་རིགས་ཆུང་བཅས་ལྔ་བཅུའི་སྟེང་། གནས་ཡུལ་སྒོ་མ་དབང་ཕྱུག་ཉེར་བརྒྱད་ཁྲོ་བཅུ་ཡབ་ཡུམ་ཉི་ཤུ་བསྣན་པས་བརྒྱ་དང་བཅོ་བརྒྱད། འབྲིང་པོ་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་སྟེང་གནས་ཡུལ་སོགས་སྔར་ལྟར་བགྲངས་པས་དོན་བརྒྱད་བསྡུས་པ་དེ་དག་ལས་ཁྲོ་བཅུ་ཡབ་ཡུམ་ཉི་ཤུ་ཕྲི་བས་ལྔ་བཅུ་བརྒྱད་དོ། །གཉིས་པ་ནི། ཞི་བ་ལ་ཚོམ་བུ་གཅིག་གསུམ་ལྔ་བ་གསུམ་སྟེ། མི་བསྐྱོད་པ་ཡབ་ཡུམ་ལ་རྡོ་རྗེ་རིགས་ཀྱི་རིགས་ཆུང་ཟུང་བཞི་དང་། སྒོ་བ་ཡབ་ཡུམ་བརྒྱད་དེ་བཅོ་བརྒྱད་ཀྱི་བདག་ཉིད་ཅན་ནི་ཚོམ་བུ་གཅིག་པ་དང་། སྐུ་གསུང་ཐུགས་ཀྱི་ལྷ་གསུམ་ཡུམ་དང་བཅས་པ་རང་རང་གི་རིགས་ཆུང་གི་བསྐོར་བ་ལ། ཁྲོ་བོ་བཅུ་ལས་སྟེང་འོག་གི་ཁྲོ་བོ་སྤངས་པའི་ཡབ་ཡུམ་ཟུང་བརྒྱད་བསྣན་པའི་ཞེ་དྲུག་ནི་ཚོམ་བུ་གསུམ་པ། རིགས་ལྔ་ཡབ་ཡུམ་རིགས་ཆུང་དང་བཅས་པ་ལ་ཁྲོ་བོ་ཡབ་ཡུམ་ཉི་ཤུ་སྟེ་བདུན་ཅུ་ནི་ཚོམ་བུ་ལྔ་པའོ། །ཁྲོ་བོ་ལ་རྩ་རྒྱུད་དུ་ཚོགས་སྒྲུབ་ཙམ་ལས་གསལ་བར་མ་གསུངས་ནའང་། ལམ་རིམ་ལས། དེ་ནས་འཁོར་ལོ་གཅིག་པའམ། །གསུམ་དང་ལྔ་རུ་བསྒོམ་པར་བྱ། །ཞེས་པས་ཞི་བ་དང་མཚུངས་པར་ཚོམ་བུ་གཅིག་གསུམ་ལྔ་པ་གསུམ་སྟེ། གསུམ་ཀ་ལ་མཚུངས་པར་གནས་ཡུལ་སྒོ་སྐྱོང་དབང་མོ་དང་བཅས་ཡོད་པ་གཞིར་བཞག་ནས། ཚོམ་བུ་གཅིག་པའི་སྐབས་དབུས་སུ་རྡོ་རྗེ་ཁྲག་འཐུང་ཡབ་ཡུམ་ལ་རྡོ་རྗེ་རིགས་ཀྱི་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བཞིས་བསྐོར་བ་དང་། མཐའ་བསྐོར་དུ་ཁྲོ་བཅུ་ཡབ་ཡུམ་ཉི་ཤུ་སྟེ་དོན་བརྒྱད། ཚོམ་བུ་གསུམ་པའི་སྐབས་སུ་དེ་རྣམས་ཀྱི་སྟེང་དུ་ཤར་ནུབ་ཏུ་བུདྡྷ་པདྨ་ཁྲག་འཐུང་ཡབ་ཡུམ་རིགས་ཆུང་བཅས་བསྣན་པའི་གོ་བརྒྱད། ཚོམ་བུ་ལྔ་པའི་སྐབས་སུ་དེའི་སྟེང་རཏྣ་དང་ཀརྨ་ཁྲག་འཐུང་ཏེ་རིགས་ཆུང་བཅས་བསྣན་པའི་བརྒྱ་བཅོ་བརྒྱད་དོ། །གསུམ་པ་ནི། སྣང་བ་རྣམ་འབྱེད་ལ་བསླབས་པ་སྟེ། དེ་ལའང་ཞི་ཁྲོ་གཉིས་ལས། ཞི་བ་ལ། ཚོམ་བུ་སྟོང་དང་། ཉི་ཁྲི་བཞི་སྟོང་དང་། བསམ་ཡས་ལྷུན་གྲུབ་ལ་བསླབ་པའོ། །དང་པོ་ནི། ཡན་ལག་གི་ལྷ་བཞི་བཅུ་ཐམ་པ་རྩ་ལྷ་ཡབ་ཡུམ་གཉིས་ལ་ལྡན་པར་བསྒོམ་པ་སྟེ། དེ་ཡང་མི་བསྐྱོད་པ་ལ་མཚོན་ན། བདག་ཉིད་མི་བསྐྱོད་པ་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་ཡན་ལག་ལྔ་ལ་བྱེད་པོ་དང་རྒྱལ་བ་རིགས་བཞི། མིག་རྣ་བ་སྣ་ལྕེ་བཞིིའི་གཡས་ཀྱི་ཆ་ལ་ནང་སེམས་དང་། གཡོན་གྱི་ཆ་ལ་ཕྱི་སེམས་བཞི། རྐང་ལག་གི་མཐིལ་བཞིར་སྒོ་བ་བཞི་རྣམས་དང་། ཡུམ་གྱི་གནས་དེ་རྣམས་སུ་སྔར་གྱི་ཡུམ་རྣམས་བསྒོམ། ཡབ་ལ་ལྷག་པོར། མཚོག་མ་ལ་སོགས་པའི་གནས་དྲུག་ཏུ་ཐུབ་པ་དྲུག་སྟེ། དེ་ལྟར་ཡབ་ཡུམ་བསྡོམས་པས་ཡན་ལག་གི་ལྷ་བཞི་བཅུ་ནི་རགས་པ་དང་ཕྱིར་གནས་པའི་ཆ་ནས་ཐབས་ལྷ་ཞེས་བྱའོ། །དེ་རྣམས་ལ་ཤེས་རབ་ཀྱི་ལྷ་ཡེ་ཤེས་སེམས་དཔའ་བཞི་བཅུ། དེ་དག་ལས་ཐབས་ལྷ་བཞི་བཅུ་པོ་རེ་རེ་ལ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ་སྟེ་བརྒྱ་ཉི་ཤུ། ཐབས་ལྷ་དང་བྱིན་རླབས་ཀྱི་ལྷ་བ་སྡོམས་པ་བརྒྱ་དྲུག་ཅུ་པོ་རེ་རེ་ལ་དབང་ལྷ་ལྔ་ལྔ་སྟེ་བརྒྱད་བརྒྱ། ཀུན་དྲིལ་བས་ཆིག་སྟོང་ངོ་། །གཉིས་པ་ནི་མི་བསྐྱོད་པ་ལ་ཇི་ལྟར་སྒོམ་པ་བཞིན་དུ། རྒྱལ་བ་རིགས་བཞི། རྒྱལ་མཆོག་ཀུན་བཟང་། སེམས་དཔའ་བརྒྱད་དང་། སྒོ་བ་བཞི་སྟེ་ཡབ་ཡུམ་ཟུང་བཅུ་བདུན་དང་། ཐུབ་པ་དྲུག་རེ་རེ་ལ་ཡང་བསྒོམས་པས་ཉི་ཁྲི་བཞི་སྟོང་སྟེ། རྩ་ལྷ་གང་ཡིན་གྱི་རྟོག་པའི་གནས་སུ་བྱེད་པོ་སྤོ་བ་ཁྱད་པར་རོ། །གསུམ་པ་ནི། མི་བསྐྱོད་པས་གཙོ་བོ་བྱས་པའི་དཀྱིལ་འཁོར་ལ་ཡན་ལག་གི་ལྷ་ཇི་ལྟར་བསྒོམ་པ་བཞིན་དུ་ཤར་གྱི་གློ་འབུར་ལ་རྣམ་སྣང་གིས་གཙོ་བྱས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་སོགས་རིགས་འགྲེ་བས་བསམ་གྱི་མི་ཁྱབ་པར་སྤྲོ་བའོ། །ཁྲོ་བོ་ལ། སྟོང་བཞི་བརྒྱ་ལྔ་བཅུ། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ། བསམ་ཡས་ལྷུན་གྲུབ་ལ་བསླབ་པ་དང་གསུམ་མོ། །དང་པོ་ནི། ལམ་རིམ་ལས། ཡན་ལག་བཀོད་པ་ལྔ་བཅུ་བརྒྱད། །ཆ་ལྔའི་གྲངས་ནི་ཉིས་བརྒྱ་དང་། །དགུ་བཅུའི་ལྷ་རྣམས་ཡན་ལག་ལྡན། །ཞེས་པས་གཙོ་བོ་བཛྲ་ཧེ་རུ་ཀའི་ཡན་ལག་ལྔ་ཁྲག་འཐུང་ཡབ་ལྔ་དང་། ཡུམ་ལ་ཡུམ་ལྔ། ཡབ་ཀྱི་དབང་རྟེན་གྱི་ནང་རྩར་ག་རཱི་མ་བརྒྱད། ཕྱི་རྩར་སིདྷ་མ་བརྒྱད། མཐིལ་བཞི་ལ་སྒོ་མ། མཇིང་འཇུག་གི་ཚིགས་བསྣན་པའི་རྒལ་ཚིགས་ཉེར་བརྒྱད་ལ་དབང་མོ་ཉེར་བརྒྱད་དེ་ཐབས་ལྷ་ང་བརྒྱད། དེ་རྣམས་ལ་ཡེ་ཤེས་སེམས་དཔའ་དང་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་རེ་རེ་བསྒོམས་པས་ང་བརྒྱད་པ་ཆ་ལྔ་ལ་ཉིས་བརྒྱད་དང་དགུ་བཅུ། དེ་ལས་ཤེས་རབ་ཀྱི་ལྷ་ང་བརྒྱད་ཕྲི་བའི་ལྷག་ཉིས་བརྒྱ་སོ་གཉིས་པོ་རེ་རེ་ལ་དབུ་རྒྱན་གྱི་ལྷ་ལྔ་ལྔ་སྟེ་ཆིག་བརྒྱ་དྲུག་ཅུ་བྱུང་བ་ཉིས་བརྒྱ་དགུ་བཅུ་ལ་བསྣན་པའི་སྟོང་བཞི་བརྒྱ་ལྔ་བཅུའོ། །གཉིས་པ་ནི། ཁྲག་འཐུང་རིགས་ལྔ་ཡབ་ཡུམ་ཟུང་ལྔ་ལ་སྔར་ལྟར་དང་། གནས་ཡུལ་སྒོ་སྐྱོང་དབང་མོ་རྣམས་ལ་མགོའི་གཡས་དང་། རྐང་ལག་གཡས་ཀྱི་མདུན་རྒྱབ་ལ་ཡབ་ལྔ་དང་། མགོའི་གཡོན་དང་། རྐང་ལག་གཡོན་གྱི་མདུན་རྒྱབ་ལ་ཡུམ་ལྔ་བཀོད་དེ་ལྷ་རེ་རེ་ལ་སྟོང་བཞི་བརྒྱ་ལྔ་བཅུ་བསྒོམ་པའི་ངེས་པས་བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུའོ། །གསུམ་པ་ནི། སྔར་ཞི་བའི་སྐབས་སུ་བཤད་པས་མཚོན་ནོ། །བཞི་པ་ནི། ཞི་ཁྲོ་གཉིས་ཀ་ལ་རྒྱས་འབྲིང་བསྡུས་གསུམ་སྟེ། ཞི་བ་ལ་རྒྱས་པ་བཤད་རྒྱུད་རྡོ་རྗེ་ནས་ཐུབ་དྲུག་དང་ཡུམ་རྣམས་མ་གཏོགས་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པར་བཤད། འབྲིང་པོ་རིགས་ལྔའམ་གཙོ་བོ་ཙམ་ཞལ་གསུམ་ཕྱག་དྲུག་པ། བསྡུས་པ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པའོ། །ཁྲོ་བོ་ལ་གཙོ་བོ་དབུ་ཕྱག་གྲངས་མེད་པ་དང་། དབུ་དགུ་ཕྱག་བཅོ་བརྒྱད་པ། ཆ་མཐུན་གྱི་རྒྱུད་ལྷ་མོ་སྒྱུ་དྲྭ་ནས་གནས་ཡུལ་གྱི་མ་མོ་སོགས་ཀྱང་ཞལ་གསུམ་ཕྱག་དྲུག་པ་འབའ་ཞིག་བཤད་ཀྱང་། ད་ལྟ་ཕྱག་བཞེས་སུ་རྒྱས་པ་ལ་རིགས་ལྔ་ཞལ་གསུམ་ཕྱག་དྲུག །འབྲིང་པོ་གཙོ་བོ་ཙམ་དང་། བསྡུས་པ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པའོ། །ཚོམ་བུ་ཚོགས་སྒྲུབ་ཀྱི་རྣལ་འབྱོར་ལ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་བ། འབྲས་བུ་རིག་འཛིན་འགྲུབ་པའི་དུས་བསྟན་པ་དང་གསུམ། དང་པོ་ལ་ལྔ་ལས། དང་པོ་གང་དུ་སྒྲུབ་པའི་གནས་ནི། བདག་དབང་བར་ཆད་མེད་པའི་གནས་སུ་ཚོགས་ཀྱི་ཁང་པ་སྟེང་འོག་དང་འཁོར་རིམ་པ་སུམ་ལྡན་རྩིག་པ་ལ་ཆུ་ཚོན་གྱི་ཚོམ་བུ་གང་སྒོམ་གྱི་དཀྱིལ་འཁོར་བྲིས་པའོ། །གཉིས་པ་གང་གི་ཚེ་སྒྲུབ་པའི་དུས་ནི། ཡར་གྱི་ཚེས་བརྒྱད་རྒྱུ་སྐར་རྒྱལ་དང་ལྡན་པ་ལ་སོགས་པ་གཟའ་སྐར་ཤིས་པའི་དུས་ནས་སྒྲུབ་པ་ལ་འཇུག་ཅིང་། འབྲས་བུ་འགྲུབ་པའི་དུས་ནི་འོག་ཏུ་འཆད་དོ། །གསུམ་པ་གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད་ནི། འཚོ་བ་ཟས་ཀྱི། རྐྱེན་བཟློག་སྨན་གྱི། སྒྲུབ་པ་རྫས་ཀྱི། མཆོད་པ་རྫས་ཀྱི་ཡོ་བྱད་རྣམས་སྤོགས་ཆོག་ལྡང་ཚོད་དུ་བསག་པའོ། །བཞི་པ་སྒྲུབ་པ་པོ་ལ་གང་གིས་སྒྲུབ་པའི་སྟོན་པ་དང་། གང་དང་ལྷན་ཅིག་སྒྲུབ་པའི་འཁོར་གཉིས། དང་པོ་ནི། ཚོགས་ཀྱི་རྡོ་རྗེ་སློབ་དཔོན་ཡོན་ཏན་བརྒྱད་དང་ལྡན་པ་སྟེ། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །རྣལ་འབྱོར་མཐར་ལྡན་ཤིན་ཏུ་བསྟེན། །ཞེས་སོ། །གཉིས་པ་ནི། སློབ་དཔོན་དང་དགོངས་པ་མཉམ་པའི་རྡོ་རྗེ་རྒྱལ་ཚབ། སྐད་གདངས་ཆེ་ཞིང་ལས་ཁྲིགས་མཁས་པའི་རྡོ་རྗེ་ལས་མཁན། སྦྱོར་བའི་སྒྱུ་རྩལ་ཤེས་པའི་ལས་བཞིའི་གཟུངས་མ། མི་མ་ཡིན་མཐོང་བའི་མིག་རྣོན་གྱིས་ཉུལ་ལེ་ཤེས་ཤིང་ཏིང་འཛིན་ལས་རུང་གིས་བཟློག་ནུས་པའི་རྡོ་རྗེ་སྤྱན་པ། དྲོད་འཛིན་པའི་རྡོ་རྗེ་བྱ་རོག །སྒྲོལ་བའི་ལས་ལ་མཁས་པའི་རྡོ་རྗེ་གིང་། ཁ་བསྐང་ཞིང་གཡོས་ལ་མཁས་པའི་རྡོ་རྗེ་བྱན་པོ། ཕྱི་ནང་གི་བརྡའ་སྦྱོར་མཁས་པའི་རྡོ་རྗེ་རྡུལ་ཆགས་སྐྱེས་བུ་སོགས་ཚོམ་བུར་འབྲེལ་བའི་འཁོར་ལོ། ལྔ་པ་སྒྲུབ་ཆོས་ཕུན་སུམ་ཚོགས་པ་ནི། སྤྲོས་བཅས་མན་ཆད་ལ་བརྟན་པ་ཐོབ་པ་ཞིག་གིས་འོག་ནས་འབྱུང་བའི་བསྙེན་སྒྲུབ་ཀྱི་སྒོ་ནས་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པའོ། །གཉིས་པ་ནི། སྔར་བཤད་པའི་གནས་སུ་དཀྱིལ་འཁོར་གྱི་ལྷ་གནས་སོ་སོར་རྣལ་འབྱོར་པ་ཕོ་མོ་དང་ལྷ་ཡབ་ཡུམ་བྲང་སྤྲད་དེ་སོ་སོར་འདུག་ནས་རིམ་པ་གཤོམས་དང་འབྲེལ་བར་ནུབ་དང་པོ་འགོ་འཛིན་གྱི་བསྙེན་པ་ནས་བཟུང་བསྙེན་སྒྲུབ་ཡན་ལག་བཞིའི་རིམ་པས་སྒྲུབ་པ་སྟེ། དེ་ཡང་། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཞེས་པས། སྐབས་འདིར་བསྐྱེད་རིམ་གྱི་དབང་དུ་བྱས་ཏེ། གཙོ་འཁོར་གང་ཡིན་དེའི་ལྷ་སོ་སོའི་ང་རྒྱལ་བརྟན་པོ་ལ་སེམས་རྩེ་གཅིག་ཏུ་གནས་པ་སོར་བཞག་ནས། ནུབ་དང་པོ་འགོ་འཛིན་གྱི་བསྙེན་པ་དང་། ཇི་ཙམ་སྒྲུབ་པའི་ཞག་གྲངས་ཕྱེད་ཚུན་ཆད་ཉེ་བསྙེན་ཏེ་དེ་གཉིས་ལ་འོད་ཟེར་དཀར་པོའི་འཕྲོ་འདུ་བསྣོལ་མས་རྒྱུད་དག་པར་བྱེད་པ་ཉེ་བསྙེན་དང་། ནུབ་ཐ་མ་མ་གཏོགས་པའི་ཕྱེད་ཕན་ཆད་འོད་ཟེར་དམར་པོའི་འཕྲོ་འདུས་དངོས་གྲུབ་བསྐུལ་ཞིང་བསྡུ་བས་བཅུད་དག་པར་བྱེད་པ་སྒྲུབ་པ་དང་། ནུབ་ཐ་མར་འོད་ཟེར་མཐིང་ག་ཚུར་བསྡུ་བས་རྒྱུད་དག་པར་བྱེད་པའི་སྒོ་ནས་སྲོད་ཀྱི་ཆ་ལས་ལྷ་ལ་དངོས་གྲུབ་བླང་། ནས་གུང་གི་ཚེ་ཏ་ན་སྒྲོལ་བའི་མཛད་སྤྱོད་ཀྱིས་དགྲ་ལས་དངོས་གྲུབ་བླང་། ཐོ་རེངས་ཡུམ་དང་གཉིས་སུ་མེད་པར་སྦྱོར་བའི་སྒོ་ནས་ཨ་ལིའི་མཛད་སྤྱོད་ཀྱིས་ཡུམ་གྱི་མཁའ་ལས་དངོས་གྲུབ་ལེན་པ་སྒྲུབ་པ་ཆེན་པོ་སྟེ། ཟླ་གཅིག་ལ་དཔེར་མཚོན་ན། ལམ་རིམ་ལས། ཟླ་ཕྱེད་ཕྱེད་ཞལ་ཉེ་བསྙེན་པ། །ལྷ་གསལ་འཕྲོ་འདུས་སྣོད་དུ་རུང་། །བཅོ་ལྔ་མར་ཕྱེད་སྒྲུབ་པ་སྟེ། །འཕྲོ་འདུ་བསྣོལ་མས་སྒྲུབ་པར་བྱ། །ཞག་གྲངས་ཚང་ནས་རྟགས་བྱུང་ན། །དངོས་གྲུབ་བཟླས་བླང་སྒྲུབ་ཆེན་པོ། །ཞེས་སོ། །གསུམ་པ་ནི། དེ་ལྟར་ཟླ་བ་དྲུག་སྤོགས་ཆོག་དང་བཅས་པས་རིག་འཛིན་གྱི་འབྲས་བུ་འགྲུབ་པ་སྟེ། འདི་བསྐྱེད་རིམ་ཡིན་པས་རིག་འཛིན་ཀྱང་ཐུན་མོང་གི་དངོས་གྲུབ་ལས་རྒྱ་དང་ཡེ་རྒྱའི་ཁྱད་པར་གྱིས་འདོད་པ་དང་གཟུགས་ཀྱི་ལྷ་དང་སྐལ་པ་མཉམ་པའི་རིགས་འཛིན་ལ་སྦྱོར་བའོ། །ད་ནི་ལམ་གྱི་གཞུང་ཤིང་རྫོགས་རིམ་ལྟར་བཤད་ན། འཆི་བ་འོད་གསལ་དང་རྗེས་མཐུན་སྟོང་པ་ཆེན་པོ། བར་དོ་དང་སྙིང་རྗེ་སྒྱུ་མ། སྐྱེས་པའི་རིམ་པ་དང་པོ་དང་ཕྱག་རྒྱ་གཅིག་པ། གཉིས་པ་དང་སྤྲོས་བཅས། གསུམ་པ་དང་ཚོགས་སྒྲུབ་སྟེ་ལྔའོ། །དང་པོ་སྟོང་ཆེན་ནི། ལུས་ཅན་རྣམས་འཆི་བའི་ཚེ་འབྱུང་བ་ལྔ་དང་དཀར་དམར་ནག་པོའི་ལམ་གསུམ་རིམ་པར་ཐིམ་པས་རྣམ་པར་མི་རྟོག་པའི་འོད་གསལ་འཆར་ཏེ། ཐལ་རྒྱུད་ལས། འགྲོ་བ་མ་ལུས་ཐམས་ཅད་དག །གནས་པའི་སྟོབས་ནི་ཟད་པ་ན། །འདུས་པ་ལྔ་ཡི་རིམ་པ་ཡིས། །བག་ཆགས་སྙིགས་མ་རང་ཟད་ནས། །འོད་གསལ་སྟོང་པར་སྣང་བ་ན། །རེ་དོགས་མེད་པ་ནམ་མཁའ་བཞིན། །ཞེས་སོ། །དེའི་བག་ཆགས་སྦྱོང་བའི་ཕྱིར་དེ་དང་རྣམ་པ་མཐུན་པའི་ལམ་སྒོམ་ཚུལ་ཡང་། ལྟ་བ་གཏན་ལ་འབེབ་པ་གཞིར་བཞག་སྟེ། བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་སུ་ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པས། རིག་པ་མ་བཅོས་པའི་ངང་དུ་སོ་མར་འཇོག་པ་རིག་པ་སྤྱི་བླུགས་དང་། སྔར་ཐོས་བསམ་གྱི་ལྟ་བ་དྲན་པར་བྱས་ནས་དེའི་ངང་དུ་འཇོག་པ་མཐོང་བའི་རྗེས་ལ་འཇོག་པ་སྟེ། འཇོག་ཐབས་གཉིས་གང་རུང་གིས་དོན་དམ་རྣམ་པར་མི་རྟོག་པའི་ཏིང་འཛིན་ལ་མཉམ་པར་འཇོག་པ་ཉིན་མོའི་རྣལ་འབྱོར་དང་། མཚན་མོ་གཉིད་འཐུག་གི་འོད་གསལ་འཛིན་པའི་མན་ངག་ཉིད་སྦྲེལ་ཏེ་ཉིན་མཚན་ཁ་སྦྱོར་དུ་ཉམས་སུ་ལེན་པའི་སྒོ་ནས་ཉམས་ལྔ་མཐར་ཕྱིན་པར་བསླབ་པའོ། །གཉིས་པ་སྙིང་རྗེ་སྒྱུ་མ་ནི། སྔར་གྱི་འཆི་ཁའི་འོད་གསལ་ངོས་མ་ཟིན་པ་ལས་སྣང་གསུམ་དང་འབྱུང་བའི་བགྲོད་པ་གོ་བཟློག་གི་ཚུལ་དུ་ལངས་ཏེ་བར་དོའི་ཡིད་ལུས་སྒྱུ་མ་ལྟ་བུར་གྲུབ་སྟེ། སྔ་མ་ལས། བར་མ་སྒྱུ་མའི་ལུས་ཐོབ་པས། །མ་སྤངས་ལོངས་སྤྱོད་རྫོགས་པར་བཤད། །ཅེས་སོ། །དེའི་བག་ཆགས་སྦྱོང་བའི་ཕྱིར་རྗེས་མཐུན་གྱི་ལམ་སྒོམ་ཚུལ་ཡང་། སྔར་གྱི་སྟོང་ཆེན་འོད་གསལ་གྱི་ངང་དུ་སེམས་འགགས་པས། དུ་བ་དང་། སྨིག་རྒྱུ་དང་། མེ་ཁྱེར་ལྟ་བུ་དང་། མར་མེ་ལྟ་བུ་དང་། དཀར་དམར་ནག་པོའི་ལམ་གསུམ་ལ་སོགས་པའི་སྟོང་གཟུགས་ཀྱི་སྣང་བ་ཤར་བ་ཉིད་གྱི་རྣལ་འབྱོར་སད་པའི་སྣང་བ་དེ་དག་དང་། མཚན་མོ་རྨིི་ལམ་གྱི་སྣང་བ་ཐམས་ཅད་སྒྱུ་མ་ཆུ་ཟླ་ལྟར་མཐོང་བ་ལས་དམིགས་མེད་བདེ་ཆེན་གྱི་སྙིང་རྗེ་མ་འགགས་པར་ཤར་བ་ལ་གོམས་པར་བྱེད་པའོ། །གསུམ་པ་ཕྱག་རྒྱ་གཅིག་པ་ནི། སྐྱེས་པའི་རིམ་པ་དང་པོའི་བག་ཆགས་སྦྱོང་བའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་ལམ་སྟེ། སྣང་བ་རིས་མེད་ལས་སྙིང་རྗེ་ཆེན་པོའི་འཕེན་པ་དང་། ཏིང་ངེ་འཛིན་གྱི་རྐྱེན་གྱི་ཆུ་དྭངས་པ་ལ་གཟུགས་བརྙན་ཤར་བ་ལྟར་ཞུ་བདེ་དང་མཚུངས་ལྡན་དུ་བྱུང་བའི་ལྷ་སྐུ་ཕྱག་རྒྱ་གཅིག་པ་རང་ཤར་གྱིས་སྣང་བ་ཐམས་ཅད་ལ་རྒྱས་ཐེབས་པའོ། །བཞི་པ་ཕྱག་རྒྱ་སྤྲོས་བཅས་ནི། སྐྱེས་པའི་རིམ་པ་བར་མའི་བག་ཆགས་སྦྱོང་བའི་ཕྱིར། དེ་དང་རྗེས་མཐུན་གྱི་ལམ་སྟེ། སྔར་གྱི་ལྷ་སྣང་དེ་ལས་ཆེས་ཆེར་འཕེལ་བས་སྣང་བ་ཐམས་ཅད་ཟུང་འཇུག་གི་ལྷ་གཙོ་འཁོར་དང་ཚོམ་བུའི་རྣམ་པར་མངོན་སུམ་དུ་སྤྲོས་ཏེ་མ་འདྲེས་ཡོངས་སུ་འཆར་བ་ལ་གོམས་པར་བྱེད་པའོ། །ལྔ་པ་ཚོམ་བུ་ཚོགས་སྒྲུབ་ནི། སྐྱེས་པའི་རིམ་པ་གསུམ་པའི་བག་ཆགས་སྦྱོང་བའི་ཕྱིར། དེ་དང་རྗེས་མཐུན་གྱི་ལམ་སྟེ། ཚོམ་བུ་གཅིག་གསུམ་ལྔ་པ་གང་རུང་གི་སྒོ་ནས་སྤྲོས་བཅས་བསྐྱེད་རིམ་དང་ཕྱོགས་མཐུན་དུ་སྒྲུབ་པའམ། སྤྲོས་མེད་རྣལ་འབྱོར་ཕོ་མོ་གཙོ་བོ་ཡབ་ཡུམ་ཙམ་ཚོགས་པ་ལ་བརྟེན་པའམ། ཤིན་ཏུ་སྤྲོས་མེད་ནི་ཡབ་མི་འགྱུར་བའི་བདེ་ཆེན་ཉིད་ཡུམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཁ་སྦྱོར་གྱིས་སྒྲུབ་པ་སྟེ། གང་ལྟར་ཡང་། དབང་པོ་རབ་འབྲིང་ཐ་གསུམ་གྱི་དབྱེ་བས་ཟླ་བ་དྲུག་གམ་ལོ་གཅིག །ལོ་གཅིག་དང་ཟླ་བ་གཉིས། ལོ་གཅིག་ཟླ་བ་བཞི་རྣམས་ཀྱིས་ནང་གི་མངོན་བྱང་ལྔ་ལ་བརྟེན་ནས་ཟག་མེད་མཐོང་ལམ་རྣམ་གཉིས་གང་རུང་ལ་སྦྱོར་བར་བྱེད་དེ། ལམ་རིམ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཞེས་སོ། །ད་ནི་ཟག་ལྡོག་ཡོད་མེད་ཀྱི་མུ་བཞི་བརྩི་བར་བྱ་སྟེ། དེ་ལ་ཟག་ལྡོག་གཉིས་ཀ་ཡོད་པའི་མུ། ཟག་པ་ཡོད་ལ་ལྡོག་པ་མེད་པའི་མུ། ཟག་པ་མེད་ལ་ལྡོག་པ་ཡོད་པའི་མུ། ཟག་ལྡོག་གཉིས་ཀ་མེད་པའི་མུའོ། །དང་པོ་ནི། སྟོང་ཆེན། སྙིང་རྗེ། སྒྱུ་མ། ཕྱག་རྒྱ་གཅིག་སྤྲོས་ཏེ་ཚོགས་ལམ་གྱི་རྣལ་འབྱོར་བཞི་སྟེ། ལམ་རིམ་ལས། དེ་ཕྱིར་ལམ་བཞིར་ཟག་ལྡོག་ཡོད། །ཅེས་སོ། །གཉིས་པ་ནི། སྦྱོར་ལམ་ཚོམ་བུ་ཚོགས་སྒྲུབ་སྟེ། སྤྱོད་པའི་དུས་གྲངས་ངེས་པས་ཟག་མེད་ལ་དངོས་སུ་སྦྱོར་བའི་བར་ཆད་མེད་པ་མ་ཡིན་པའི་ཕྱིར། གསུམ་པ་ནི། དམན་ལམ་སྔོན་དུ་སོང་བའི་འཕགས་པ་དགྲ་བཅོམ་པ་སྔགས་ཀྱི་ཚོགས་ལམ་ལ་གནས་པ་ལྟ་བུ་སྟེ། དེ་ནི་རང་དོན་ཡིད་བྱེད་ཀྱི་བསམ་པས་ལྡོག་པ་སྲིད་པའི་ཕྱིར། ལུང་ལས། ཇི་སྲིད་ས་བརྒྱད་མ་ཐོབ་བར། །དེ་སྲིད་ཐེག་པ་དམན་པས་འཇིག །ཅེས་སོ། །བཞི་པ་ནི། སློབ་པའི་ཟུང་འཇུག་རིག་འཛིན་བཞི་སྟེ། ལམ་རིམ་ལས། ཟག་ཀུན་ཟད་པའི་རིགས་ཆེན་འདི། །ཇི་ལྟར་སྤྱད་ཀྱང་ལྡོག་པ་མེད། །ཅེས་སོ། །འོ་ན་ཟག་པ་ཞེས་བྱ་བ་གང་ལ་ཟེར་ན། སྤྱིར་མངོན་པ་སོགས་ལས་ཟག་པའི་སྒོ་དྲུག་བཤད་ཀྱང་། སྐབས་འདིར་ཟག་པའི་གཙོ་བོ་དང་། ཡན་ལག་གཉིས། དང་པོ་ནི། ཀུན་ནས་ཉོན་མོངས་པ་དང་བཅས་པའི་ལས་ཀྱི་ཁམས་གསུམ་དུ་ཟག་ཅིང་འཕོ་བ་སྟེ། སྤར་ཁབ་ལས། དེ་དག་འཇིག་རྟེན་པ་ལ་ཡོད་པ་ནི་འཛིན་པའི་ཕྱིར་ཟག་པར་འགྱུར་ལ། ཞེས་སོ། །གཉིས་པ་ནི། ལུས་རང་དབང་མེད་པར་འདོར་བ་ལུས་ཀྱི་དང་། བདེ་མི་བདེ་རང་དབང་མེད་པར་མྱོང་བ་ཁམས་ཀྱི་དང་། རང་དབང་མེད་པར་ལུས་ལེན་པ་སྐྱེ་གནས་ཀྱི་ཟག་པ་དང་གསུམ་མོ། །གསུམ་པ་ལམ་འགྱུར་གྱི་འབྲས་བུ་རིག་འཛིན་བཞི་ནི། ཟག་ལྡོག་གཉིས་ཀ་མེད་པའི་ལམ་མཐོང་སྒོམ་མཐར་ལམ་གསུམ་གྱིས་བསྡུས་པ་རིག་འཛིན་བཞི་སྟེ། དེ་ཡང་མཐོང་ལམ་པ་ལ། ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་བློའི་ནུས་སྟོབས་ཆེ་ཆུང་གིས་འབྱུང་བ་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱོང་བར་མ་ནུས་པ་རྣམ་སྨིན་རིག་འཛིན་དང་། སྦྱོང་བར་ནུས་པས་སྐྱེ་འཇིག་མེད་པ་དྭངས་མའི་ལུས་སུ་གྱུར་པ་ལམ་མཆོག་ཡོངས་སུ་གྱུར་པའི་ཚེ་དབང་གཉིས་ཏེ། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་སོ། །དེ་ལ་རྣམ་སྨིན་རིག་འཛིན་ནི། ལུས་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་དང་མ་བྲལ་བ། ཡིད་འོད་གསལ་གྱི་ལྷ་སྐུར་སྨིན་པ། ཇི་ལྟར་འདོད་པ་བཞིན་ལུས་རྒྱ་དང་བྲལ་མ་ཐག་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་ངེས་པ་སྟེ། ཆོས་གསུམ་དང་ལྡན་པ་ཡིན་ནོ། །དེ་ལྟར་ཡང་ལམ་རིམ་ལས། ཡིད་ཀྱིས་ལྷ་ཡི་གཟུགས་བཟུང་ཞིང་། །ལུས་ཀྱི་རྒྱ་མདུན་གྲོལ་གྱུར་ན། །ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་པས། །རྣམ་པར་སྨིན་ཞེས་དེ་ལ་བརྗོད། །ཅེས་སོ། །སྤྱོད་པ་ནི། བདག་དོན་དུ་བཀོད་པ་དཀྱིལ་འཁོར་གྱི་བྱ་བས་ཚོགས་གཉིས་རྫོགས་པར་བྱེད་ཅིང་། ཕྲིན་ལས་བཞིའི་སྒོ་ནས་གཞན་དོན་རྫོགས་པར་བྱེད། ཟག་མེད་ལྷའི་སྤྱན་རྣམ་པར་དག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ལ། གླིང་བཞི་པའི་འཇིག་རྟེན་ཙམ་དུ་སྐུས་དོན་མཛད་ཅིང་། སྤྲུལ་གཟུགས་སྟོན་ཚུལ་ཚེ་དབང་དང་ཆ་འདྲ་བས་དོན་མཛད་དོ། །ཞར་བྱུང་དོགས་སེལ་ནི། རྣམ་སྨིན་གྱིས་ལུས་དྭངས་མའི་སྐུར་བསྒྱུར་མ་ནུས་པས་མཐོང་ལམ་དུ་ཅིའི་ཕྱིར་འགྱུར་ཞེ་ན། སྐྱོན་མེད་དེ། བྱང་ཆུབ་སེམས་དཔའ་དབང་རྟུལ་གྱི་ཟག་བཅས་ཀྱི་ལུས་ས་བདུན་པའི་བར་འགྲོ་བར་མདོ་ལས་བཤད་པ་བཞིན་ནོ། །ཚེ་དབང་རིག་འཛིན་ནི། སེམས་འོད་གསལ་གྱི་ལྷ་སྐུར་སྨིན་ཅིང་ཕྲ་ཡང་ལ་སོགས་པའི་འཇའ་ལུས་ཀྱི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་རྡོ་རྗེའི་ལུས་ཅན་ཏེ། ལམ་རིམ་ལས། དོན་མཐོང་འཇུག་པ་མཐར་ཕྱིན་པའི། །ཚོགས་སྤྱོད་སྒྲུབ་པའི་དངོས་གྲུབ་ཀྱིས། །ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་འགྱུར་ཚེ་ཡི་རིགས། །ཞེས་སོ། །སྤྱིར་ཚེ་དབང་ལ། སྨན་གྱི་བཅུད་ལེན་ལ་བརྟེན་པའི་དང་། ཐིག་ལེ་དབབ་བཟུང་སོགས་ལ་བརྟེན་པའི་དང་། སྒྲོལ་མ་རླུང་ལ་བརྟེན་པའི་དང་། ལམ་ཆོག་ཡོངས་སུ་རྫོགས་པའི་ཚེ་དབང་དང་བཞི་ལས། འདི་ནི་ཕྱི་མ་སྟེ། ཟག་མེད་མཐོང་ལམ་གྱི་ཡེ་ཤེས་ཇི་ལྟ་བ་བཞིན་མངོན་སུམ་དུ་མཐོང་བའི་ཕྱིར། སྤྱོད་པ་ནི། བདག་དོན་དུ་ཀུན་འགྲོའི་དྲི་མ་སྦྱོང་ཞིང་། གཞན་དོན་དུ་ཆོ་འཕྲུལ་བཞི་དང་ཕྲིན་ལས་བཞི་སོགས་ཀྱི་དོན་མཛད། ཆ་ལུགས་ནི། མི་དང་འདོད་གཟུགས་ཀྱི་ལྷའི་གཙོ་བོའི་ཆ་བྱད་དུ་སྟོན་པ་སྟེ། སྔ་མ་ལས། ལྷ་མིའི་རྒྱལ་པོའི་སྐྱེ་བ་འཛིན། །ཞེས་སོ། །དེ་ཡང་ལྷ་མི་གཞན་དང་ཁྱད་པར་ཆེ་སྟེ། སྔ་མའི་འཕྲོས་ལས། མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཁྱད་པར་ས་ལ་གནས་འགྱུར་ཡིན། །ཆ་བྱད་དེ་ཉིད་ཀྱིས་ཆོས་སྟོན། ཞེས་སོ། །མངོན་ཤེས་ཀྱི་ཡུལ་དོན་ཡང་། དབང་ཤེས་ཉི་ཤུ་རྩ་ལྔས་གླིང་བཞི་བྱེ་བ་ཕྲག་བརྒྱར་དུས་གཅིག་ཏུ་དོན་མཛད་དོ། །བསྒོམ་ལམ་པ་ནི། ཡེ་ཤེས་སྒྱུ་མའི་སྐུ་ཅན་ཕྱག་ཆེན་རིག་འཛིན་ཏེ། ལམ་རིམ་ལས། རང་སེམས་ཕྱག་རྒྱ་ཆེན་པོ་སྟེ། །བསྒོམ་པ་གང་ཡིན་མངོན་འགྱུར་སྐུ། །ཐུན་མོང་མཆོག་གི་མཚན་དཔེར་ལྡན། །ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། །ཞེས་དང་། ཡེ་ཤེས་སྐུ་ཡི་ཆ་ལུགས་ཅན། །འབྱུང་བ་རྡོ་རྗེའི་ལུས་ལས་གྲོལ། །ཞེས་སོ། །དེ་ལ་ཡང་སྔ་མ་ལས། རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རལ་གྲིའི་རིག་འཛིན་འགྱུར། །ཞེས་པས། འདི་ལ་བཤད་ཚུལ་གཉིས་ཏེ། སྔར་རང་ཉིད་ཀྱིས་གང་བསྒོམས་ཀྱི་ལྷག་པའི་ལྷ་རིགས་ལྔ་གང་ཡིན་གྱི་ཆ་ལུགས་འཛིན་པར་འཆད་པའམ་ཡང་ན་བསྒོམ་ལམ་ས་གཉིས་པ་ནས་བཅུ་པ་ཙམ་གྱི་བར་ས་དགུ་ལ་རིམ་པར་སྦྱར་ཏེ། ས་གཉིས་པ་ནས་ལྔ་པའི་བར་བཞི་ལ་རྡོ་རྗེའི་རིག་འཛིན་ཞེས་བྱ་སྟེ། རྟོགས་པའི་ཡེ་ཤེས་རྡོ་རྗེ་ལྟ་བུས་རང་སའི་སྒྲིབ་པ་འཇོམས་པའི་ཕྱིར། ས་དྲུག་པར་ཤེར་ཕྱིན་གཙོ་བོར་སྤྱོད་ཅིང་ཆོས་འཁོར་བསྐོར་བའི་ཕྱིར་དང་། ས་བདུན་པའང་ཐབས་མཁས་པ་འཁོར་ལོ་ལྟར་གྱུར་པས་ས་དེ་གཉིས་འཁོར་ལོའི་རིག་འཛིན་ཞེས་བྱའོ། །བརྒྱད་པར་མི་རྟོག་པའི་ཡེ་ཤེས་ལ་དབང་ཐོབ་བས་རིན་པོ་ཆེའི་རིག་འཛིན་དང་། དགུ་པར་ཆགས་པ་མེད་པས་ཞིང་སྦྱོང་ཞིང་དོན་མཛད་པས་པདྨའི་རིག་འཛིན་དང་། བཅུ་པར་ཕྲིན་ལས་ཕུན་སུམ་ཚོགས་པས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རལ་གྲིའི་རིག་འཛིན་ནོ། །ཆ་བྱད་ཟུང་འཇུག་ལྷའི་སྐུ་མཚན་དཔེ་རྫོགས་པའི་བདག་ཉིད་ཅན་བདག་དོན་དུ་ལྷན་ཅིག་གནས་པའི་དྲི་མ་སྦྱོང་ཞིང་། གཞན་དོན་དུ་རྔོན་པ་དང་སྨད་འཚོང་མ་ལ་སོགས་པ་གང་འདུལ་གྱི་སྤྲུལ་གཟུགས་སུ་སྟོན་པར་བྱེད་དེ། སྔ་མ་ལས། མཉམ་བཞག་ངང་ལས་མ་གཡོས་བཞིན། །ཞེས་དང་། རྔོན་དང་སྨད་འཚོང་ལ་སོགས་པ། །སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། །ཅེས་སོ། །མངོན་ཤེས་ཀྱི་ཡུལ་དོན་ཡང་། དབང་ཤེས་ཉེར་ལྔའི་ཡོན་ཏན་དང་ལྡན་པ་ཚེ་དབང་དང་འདྲ་ནའང་། འདིར་གསལ་བརྟན་གྱི་ཁྱད་པར་དུ་བྱས་ཤིང་། ལོངས་སྐུའི་ཞིང་དང་མཉམ་པར་དོན་བྱེད་དེ། སྔ་མ་ལས། དྲུག་དང་ལྔ་ཡི་ཡན་ལག་བཅས། །ཤེས་པའང་འདྲ་མོད་བཞི་སོགས་ཀུན། །དེ་སྙེད་ཡུལ་གྱི་ཁྱད་པར་དང་། །དོན་རྫོགས་མཐུ་དང་གདུལ་བྱས་སྤགས། །ཞེས་སོ། །དེ་ལྟར་ས་བཅུ་ཙམ་སྒོམ་ལམ་དུ་བསྡུས་ནས་རྒྱུན་མཐའི་ཡེ་ཤེས་དག་ལས་རྣམ་གྲོལ་ལམ་དང་། ཁྱད་པར་ལམ་ནི་མཐར་ལམ་ལྷུན་གྲུབ་རིག་འཛིན་ཏེ། ཡན་ལག་བདུན་དང་ལྡན་པའི་ཡེ་ཤེས་གོང་མའི་གཞིར་གྱུར་པའོ། །ཆ་ལུགས་ནི། སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཆ་ལུགས་འཛིན་པ་སྟེ། དྲུག་པའི་རྒྱལ་ཚབ་མཛད་པ་པོ་གསང་བའི་བདག་པོ་བཞིན་ནོ། །སྤྱོད་ཚུལ་ནི་བདག་དོན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བྱ་བ་ནང་གི་མངོན་བྱང་གིས་ཤེས་སྒྲིབ་ཕྲ་བ་སྣང་གསུམ་གྱི་དྲི་མ་སྦྱོང་ཞིང་། གཞན་དོན་རྗེས་ཐོབ་ལ་སངས་རྒྱས་དང་ཆ་འདྲ་བར་འགྲོ་བའི་དོན་མཛད། སྤྲུལ་གཟུགས་ཀྱང་མཛད་པ་བཅུ་གཉིས་སོགས་མཆོག་གི་སྤྲུལ་སྐུ་དང་ཕྱོགས་མཐུན་དུ་སྟོན། མངོན་ཤེས་ཀྱི་ཡུལ་དོན་ཇི་སྙེད་མཁྱེན་པའི་ཡུལ་རྒྱལ་བ་ཉིད་དང་ཤས་ཆེར་འདྲ་བའི་ཕྱིར་ནམ་མཁས་ཁྱབ་ཚད་ཀྱི་དོན་ཡང་ཅི་རིགས་པར་མཛད་དེ། ལམ་རིམ་ལས། དེ་ལྟར་དག་པའི་ཤེས་པ་ཉིད། །སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཛིན། །ལྷུན་མཉམ་ངང་ལས་མི་གཡོ་ཞིང་། །མི་རྟོག་ཉིད་དུ་བཞུགས་པའང་། །བག་ལ་ཉལ་བ་འཇོམས་བྱེད་ཅིང་། །སྐད་ཅིག་ཉིད་ལས་རིག་འཛིན་མཐའ་འོ། །ཞེས་དང་། ཉིད་ཕྱིར་རྡོ་རྗེ་འཛིན་རྫོགས་ལ། །སྐད་ཅིག་དུས་ཀྱིས་བསླབ་རྫོགས་ནས། །ཐ་མའི་བག་ལ་ཉལ་བ་དང་། །བཅོམ་ལྡན་འདས་པར་གྱུར་པ་ཡིན། །དེ་ཚེ་དེ་སྒྲིབ་ཆ་ཡོད་ཀྱང་། །ལྷུན་གྲུབ་རིག་འཛིན་སར་བཞུགས་ནས། །ཞིང་ཁམས་ཐུག་པ་མེད་པ་དག །འདུལ་ཕྱིར་སྤྲུལ་སྐུའི་མཛད་པ་སྟོན། །ཞེས་སོ། །ཞར་བྱུང་རྒྱུའི་ཐེག་པའི་འཕགས་པ་རྣམས་དང་དགོངས་པ་མཉམ་ཚུལ་དང་སའི་མོ་ཚོད་མཐུན་ཚུལ་བཤད་དེ། རྣམ་སྨིན་རིག་འཛིན་དང་། རྒྱུའི་ཐེག་པའི་མཐོང་ལམ་རབ་དགའ་ལ་གནས་པའི་སེམས་དཔའ་གཉིས་དགོངས་པ་མཉམ་ཞིང་། དེ་ལས་གཞན་པ་ཚེ་དབང་སོགས་གསུམ་གྱི་རྒྱུའི་ཐེག་པའི་ས་དང་པོ་དང་། བརྒྱད་པ་དང་། བཅུ་པ་ཙམ་དུ་སྐལ་པ་མཉམ་པ་སྟེ་ལམ་གྱི་མོ་ཚོད་མཚུངས་མོད། འོན་ཀྱང་དགོངས་སྤྱོད་ཀྱིས་རྒྱུའི་ཐེག་པའི་ས་དེ་དག་གི་བྱང་སེམས་ལས་ཁྱད་པར་དུ་གྱུར་པ་ཡིན་ཏེ། རྒྱུའི་ཐེག་པའི་སྒོམ་ལམ་ས་བརྒྱད་པ་དང་ཚེ་དབང་། བཅུ་པ་དང་ཕྱག་ཆེན། མི་སློབ་པའི་ཀུན་ཏུ་འོད་དང་ལྷུན་གྲུབ་རིག་འཛིན་རྣམས་མཉམ་པར་བཞེད་པའི་ཕྱིར། དེ་ལྟར་ཡང་ལམ་ཆུང་ལས། དེ་ཡང་དང་པོ་དང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་མཆོག་དེ། །བརྒྱད་པའི་སེམས་དཔར་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོད། །དགོངས་སྤྱོད་རྒྱ་མཚོས་ཁྱད་པར་འཕགས། །ཞེས་དང་། བསམ་གཏན་མིག་སྒྲོན་གྱི་རང་འགྲེལ་ལས། ཀུན་ཏུ་འོད་བསྟི་གནས་ཀྱི་སའོ། །དེ་ནི་འདིར་ལྷུན་གྱི་ས་གྲུབ་པའི་རིག་འཛིན་དངོས་སོ། །ཞེས་གསུངས་སོ། །ད་ནི་ཐོད་རྒལ་འབྱུང་མི་འབྱུང་གི་ས་མཚམས་འཆད་དེ། རྣམ་སྨིན་རིག་འཛིན་གྱི་དངོས་འབྲས་རྒྱ་ཆེན་དུ་ངེས་པའི་ཕྱིར། མཐོང་ལམ་གཉིས་པོ་ལམ་མཐར་ཆགས་ཀྱི་སྐབས་སུའང་རིམ་པར་བགྲོད་པ་མི་སྲིད་ཅིང་། རྣམ་སྨིན་ནས་ཐོད་རྒལ་དུ་བགྲོད་པ་ཡང་མི་འབྱུང་སྟེ། ཐོད་རྒལ་འབྱུང་བའི་ཆོས་གསུམ་མ་ཚང་བའི་ཕྱིར། གང་མ་ཚང་ན། མཁས་པ་དག་ཀྱང་། ངང་གིས་བློ་ཆུང་བས་ཐོད་རྒལ་མི་འབྱུང་ངོ་ཞེས་བཞེད་པ་ཡོད་མོད། དེ་ནི་སྐབས་འདིར་དགོངས་པ་མཉམ་པར་མ་བཞག་པར་མངོན་ཏེ། དེ་ལྟ་ན་ཕྱག་རྒྱ་གཅིག་སྤྲོས་གཉིས་ནས་ཐོད་རྒལ་འབྱུང་ངམ་མི་འབྱུང་། འབྱུང་ན། རིག་འཛིན་གྱི་ས་ལ་བཞུགས་པའི་བྱང་སེམས་འཕགས་པ་ལས་བློ་ཆེ་བའི་སོ་སྐྱེ་ཡོད་པར་ཐལ། ཕྱག་རྒྱ་གཅིག་སྤྲོས་དང་རྣམ་སྨིན་གཉིས་ཟུང་འཇུག་གི་ལམ་སྒོམ་པ་དང་། ལམ་གཞན་བར་ནས་བོར་དུ་ཡོད་པར་ཕྱོགས་མཚུངས་པ་གང་ཞིག །གཅིག་སྤྲོས་ལ་ཐོད་རྒལ་འབྱུང་ཞིང་རྣམ་སྨིན་ལ་མི་འབྱུང་བའི་ཕྱིར། མི་འབྱུང་ན། ཟག་བཅས་ཀྱི་ལམ་པ་ཐོད་རྒལ་དུ་བགྲོད་པ་མི་སྲིད་པར་ཐལ། ཁས་བླངས་དེའི་ཕྱིར། རྒྱུ་མཚན་དེས་ན། འཕགས་པ་ཇི་ལྟར་དབང་པོ་རྟུལ་ཀྱང་སོ་སྐྱེས་འགྲན་པར་ནུས་པ་མིན་ཏེ། དེའི་ཕྱིར་རྣམ་སྨིན་ནི། རང་གི་དངོས་འབྲས་ཕྱག་ཆེན་ཉིད་དུ་ངེས་པའི་ཕྱིར་ལམ་གཞན་བར་ནས་བོར་དུ་མེད་པས་ཐོད་རྒལ་མི་འབྱུང་བ་ཡིན་ནོ། །ཞེས་བཤད་ན་ལེགས་སོ། །གཞན་དུ་ན་ཅིག་ཅར་བའི་རིགས་མིན་པའི་ལམ་པ་བློ་ཆེ་བ་འགའ་ཞིག་ཕྱག་རྒྱ་གཅིག་སྤྲོས་གཉིས་ནས་སྦྱོར་མཐོང་དང་། ཚེ་དབང་ནས་ལྷུན་གྲུབ་རིག་འཛིན་ཚེ་དབང་དང་རྒྱ་ཆེན་གཉིས་ནས་རྫོགས་པའི་སངས་རྒྱས་ཀྱི་སར་ལམ་གཞན་བར་ནས་བོར་ལ་ཐོད་རྒལ་དུ་སྦྱོར་བ་སྲིད་པ་ཡིན་ཏེ། དེ་དག་ལ་ངང་གིས་བློ་ཆེ་བ་དང་། ཟུང་འཇུག་གི་ལམ་སྒོམ་པ་དང་། ལམ་གཞན་བར་ནས་བོར་དུ་ཡོད་པ་སྟེ་ཐོད་རྒལ་འབྱུང་བའི་ཆོས་གསུམ་པོ་ཚང་བའི་ཕྱིར་རོ། །དེ་ལྟར་ན་ཚོགས་སྒྲུབ་ནས་ཀྱང་ཐོད་རྒལ་འབྱུང་བ་སྲིད་དམ་སྙམ་ན་མིན་ཏེ། ལམ་རིམ་ལས། ལམ་མཆོག་དབྱེ་ས་གཅིག་ཡིན་ནོ། །ཞེས་ཟག་མེད་ཀྱི་ལམ་གྱི་འདུ་ས་དང་དབྱེ་ས་མཐོང་ལམ་ཡིན་པར་གསུངས་པས་ལམ་གཞན་བར་ནས་བོར་དུ་མེད་པའི་ཕྱིར་རོ། །གསུམ་པ་གང་དུ་མཐར་ཕྱིན་འབྲས་བུའི་རྒྱུད་ནི། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། གྲུབ་པའི་རྣལ་འབྱོར་རྣལ་འབྱོར་ཆེ། །ལྷུན་གྲུབ་ཇི་བཞིན་མངོན་བྱས་པའང་། །བཏགས་པ་ཙམ་སྟེ་གཉིས་པ་མེད། །དེ་ཕྱིར་དེ་ལ་དེ་བརྗོད་དོ། །ཞེས་པས་དེ་ལ་སྦྱང་གཞི་ནི། རྒྱུ་རྒྱུད་བདེ་བར་གཤེགས་པའི་སྙིང་པོ་གདོད་མ་ནས་རང་ཆས་སུ་བཞུགས་པ་སྟེ། འདམ་གྱི་དབུས་ན་བཞུགས་པའི་ནོར་བུ་རིན་པོ་ཆེ་བཞིན་ནོ། །སྦྱང་བྱ་ནི། མེད་སྣང་གློ་བུར་གྱི་དྲི་མ་ཕྲ་ཞིང་ཕྲ་བ་དང་བཅས་པ་སྟེ། ནོར་བུ་ལ་སྒྲིབ་པར་བྱེད་པའི་འདམ་རྫབ་བཞིན་ནོ། །སྦྱོང་བྱེད་ནི། རིམ་པ་གཉིས་ཀྱིས་བསྡུས་པའི་ལམ་རྣམས་ཏེ། བཀྲུ་བྱེད་ཀྱི་ཆུ་དང་འདག་རྫས་བཞིན་ནོ། །སྦྱངས་འབྲས་ནི། དེ་ལྟར་ལམ་གྱི་དྲི་མ་སྦྱངས་པ་ལས་གཞི་ལ་ཇི་ལྟར་ཡོད་པའི་ཡོན་ཏན་མངོན་དུ་གྱུར་པ་མཐར་ཐུག་པ་སྟེ། འདམ་རྫབ་ལས་གྲོལ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་འདོད་རྒུའི་ཆར་འབེབས་པ་བཞིན་ནོ། །ངེས་ཚིག་ནི་ཅིའི་ཕྱིར་འབྲས་བུའི་རྒྱུད་དུ་འགྱུར་ཞེ་ན། ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་པས་བླ་ན་མེད་པ་མཆོག་གི་འབྲས་བུ་མཐར་ཐུག་པ་དོན་དུ་གཉེར་བ་རྣམས་བསམ་པ་ཡོངས་རྫོགས་པས་ན་འབྲས་བུ་དང་། ནམ་ཡང་རྒྱུན་མི་ཆད་པས་ན་རྒྱུད་དོ། །དབྱེ་ན། ཁོག་གཞུང་ལས། འབྲས་བུའི་ངོ་བོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །དེ་ཡང་སྐབས་ཀྱིས་ལྔ་ལྔ་སྟེ། །ཞེས་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་རེ་རེ་ལའང་ལྔ་ལྔར་ཕྱེ་བས་འབྲས་ཆོས་ཉི་ཤུ་རྩ་ལྔར་འགྱུར་ཏེ། དེ་ལ་སྐུ་ལྔ་ནི་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། མངོན་བྱང་གི་སྐུ། རྡོ་རྗེའི་སྐུ་དང་ལྔའོ། །གསུང་ལྔ་ནི། ཆོས་སྐུ་བརྗོད་མེད་དོན་གྱི་གསུང་། ལོངས་སྐུ་དགོངས་པ་བརྡའི་གསུང་། སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་། མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་། དབྱེར་མེད་རྡོ་རྗེའི་གསུང་དང་ལྔའོ། །ཐུགས་ལྔ་ནི། ཆོས་ཀྱི་སྐུའི་ཐུགས་ཆོས་དབྱིངས་ཡེ་ཤེས། ལོངས་སྐུའི་ཐུགས་མཉམ་ཉིད་ཡེ་ཤེས། སྤྲུལ་སྐུའི་ཐུགས་བྱ་གྲུབ་ཡེ་ཤེས། མངོན་བྱང་གི་ཐུགས་མེ་ལོང་ལྟ་བུའི་ཡེ་ཤེས། རྡོ་རྗེའི་ཐུགས་སོ་སོར་རྟོག་པའི་ཡེ་ཤེས་དང་ལྔའོ། །ཡོན་ཏན་ལྔ་ནི། རྣམ་པར་དག་པའི་ཞིང་ཁམས། རྒྱ་ཚད་དང་བྲལ་བའི་གཞལ་ཡས་ཁང་། གསལ་ཞིང་དག་པའི་འོད་ཟེར། ཁྱད་པར་དུ་འཕགས་པའི་གདན་ཁྲི། དགྱེས་རྒུར་སྤྱོད་པའི་ལོངས་སྤྱོད་དང་ལྔའོ། །ཕྲིན་ལས་ལྔ་ནི། ཞི་བ། རྒྱས་པ། དབང་། དྲག་པོ། ལྷུན་གྱིས་གྲུབ་པ་སྟེ་ལྔའོ། །དེ་དག་ཀྱང་། རྟེན་སྐུ་དང་། བརྟེན་པ་ཡེ་ཤེས་དང་། མཛད་པ་ཕྲིན་ལས་གསུམ་དུ་འདུ་བ་ཡིན་པས། དང་པོ་རྟེན་སྐུ་ནི། གསུམ་མམ་ལྔ་སྟེ། དབྱིངས་རྣམ་དག་གི་ཐོག་ཏུ་རིག་པའི་ཡེ་ཤེས་སྒྲིབ་པ་ལས་གྲོལ་བས་ཟུང་འཇུག་སྐུ་གསུམ་ཡེ་རྫོགས་མཚན་འཛིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་བདག་ཉིད་དུ་བཞུགས་པ་ཆོས་ཀྱི་སྐུ་དང་། དེ་ལས་མ་གཡོས་བཞིན་དུ་ས་བཅུ་རྒྱུན་མཐའ་ལ་བཞུགས་པའི་བྱང་སེམས་རྣམས་ལ་མཚན་དཔེའི་རྣམ་པར་སྣང་བའི་གཟུགས་བརྙན་ལོངས་སྐུ་དང་། སོ་སྐྱེ་རྣམས་ལ་སོ་སོའི་མོས་པ་དང་མཐུན་པར་མཆོག་གི་སྤྲུལ་སྐུ་དང་། བཟོ་དང་སྐྱེ་བ་སོགས་གང་ལ་གང་འཚམས་པར་སངས་རྒྱས་ཀྱི་གཟུགས་བརྙན་ཅི་རིགས་སུ་སྣང་བ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་མོ། །ཡང་ན། སྐུ་གསུམ་སྣང་ཆ་མ་འདྲེས་པར་སྣང་བའི་ལྡོག་ཆ་ནས་མངོན་བྱང་དང་། སྐུ་གསུམ་པོ་ངོ་བོ་དབྱེར་མི་ཕྱེད་པའི་ཆ་ནས་རྡོ་རྗེའི་སྐུ་སྟེ་གཉིས་པོ་བསྣན་པས་སྐུ་ལྔའོ། །སྐབས་འདིར་ཟུར་པ་རྣམས་ཆོས་ལོངས་སྤྲུལ་གསུམ་སྐུ་མཚན་ཉིད་པ་དང་། མངོན་བྱང་དང་རྡོ་རྗེའི་སྐུ་གཉིས་ཏེ་གསུམ་གྱི་རྣམ་པའི་ལྡོག་པ་དང་། ངོ་བོ་དབྱེར་མི་ཕྱེད་པའི་ཆ་ནས་བཞག་པས་སྐུ་བཏགས་པ་བ་ཡིན་གསུང་། ཀུན་མཁྱེན་ཆེན་པོ་ནི། ཆོས་སྐུ་དང་། མངོན་བྱང་། རྡོ་རྗེའི་སྐུ་གསུམ་པོ་སངས་རྒྱས་རང་སྣང་གི་སྐུ་ཡིན་པས་མཚན་ཉིད་པ་ཡིན་ལ། སྐབས་འདིའི་ལོངས་སྐུ་དང་སྤྲུལ་སྐུ་གཉིས་གདུལ་བྱ་གཞན་སྣང་ཡིན་པས་སྐུ་བཏགས་པ་བའོ་ཞེས་གསུང་སྟེ་ལེགས་སོ། །གཉིས་པ་བརྟེན་པ་ཡེ་ཤེས་ནི། དེ་ལྟར་སྐུ་ལྔ་མངོན་དུ་བྱས་པ་དེའི་ཚེ་རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་སུ་དག་པ་ཡེ་ཤེས་ལྔ་སྟེ། ཀུན་གཞི་འབྱེད་པ་མེད་པའི་ཆ་ནས་དེ་ཉིད་གནས་སུ་དག་པ་ཅིར་ཡང་མི་དམིགས་པས་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པ་ཆོས་དབྱིངས་ཡེ་ཤེས་དང་། ཀུན་གཞིའི་རྣམ་ཤེས་གསལ་ལ་རྣམ་པར་མི་རྟོག་པའི་ཆ་ནས་དེ་ཉིད་གནས་སུ་དག་པ་མེ་ལོང་ངོས་གཉིས་པ་ལྟར་རང་བཞིན་གྱིས་ཆོས་རྣམས་གསལ་ལ་སྤུ་རིས་འབྱེད་པར་མི་མཛད་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཉོན་ཡིད་ཀྱི་ཕྱི་ནང་གི་ཆོས་རྣམས་ལ་བླང་དོར་བྱེད་པའི་ཆ་ནས་དེ་ཉིད་གནས་སུ་དག་པ་འཁོར་འདས་བཟང་ངན་མེད་པར་མཉམ་ཉིད་དུ་གཟིགས་བས་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པ་མཉམ་ཉིད་ཡེ་ཤེས་དང་། རྣམ་ཤེས་དྲུག་འགགས་མ་ཐག་པའི་ཡིད་ཀྱིས་དཔྱོད་པ་མེད་པར་རྟོག་པའི་ཆ་ནས་དེ་ཉིད་གནས་སུ་དག་པ་ཆོས་ཅན་མ་ལུས་པ་མངོན་སུམ་དུ་མ་འདྲེས་ཡོངས་རྫོགས་སུ་ས་ལེར་གཟིགས་པ་སོ་སོར་རྟོག་པའི་ཡེ་ཤེས་དང་། སྒོ་ལྔའི་རྣམ་ཤེས་ཀྱིས་བྱ་བ་ཐམས་ཅད་སྒྲུབ་པའི་ཆ་ནས་དེ་ཉིད་གནས་སུ་དག་པ་འགྲོ་བའི་དོན་མཛད་པ་ལ་ཐོགས་པ་མེད་པའི་ཕྲིན་ལས་འཇུག་པ་བྱ་གྲུབ་ཡེ་ཤེས་ཏེ་ལྔའོ། །དེ་དག་ཡེ་ཤེས་གཉིས་སུ་བསྡུ་ཚུལ་ནི། ཟུར་པ་རྣམས་ཆོས་དབྱིངས་ཡེ་ཤེས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཕྱི་མ་བཞི་པོ་རྟེན་བརྟེན་པའི་ཆ་ནས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་འདུའོ། །ཞེས་གསུངས། ཀུན་མཁྱེན་ཆེན་པོ་ནི། ཆོས་དབྱིངས་དང་། མཉམ་ཉིད་གཉིས་གནས་ལུགས་གཟིགས་པའི་ཆ་ནས་ཇི་ལྟ་བ་དང་། གཞན་གསུམ་འཆར་གཞི་དང་ཡུལ་གཟིགས་པ་དང་དེའི་དོན་མཛད་པའི་ཆ་ནས་ཇི་སྙེད་པའི་ཡེ་ཤེས་སོ། །ཞེས་གསུངས་ཏེ་ཇི་ལྟར་བཤད་ཀྱང་ཁྱད་པར་མེད་དོ། །གསུམ་པ་མཛད་པ་ཕྲིན་ལས་ནི། དེ་ལྟར་ན་ཉོན་སྒྲིབ་དང་ཤེས་སྒྲིབ་ཀྱིས་བསྡུས་པའི་མེད་སྣང་བློ་བུར་གྱི་སྒྲིབ་གཉིས་བག་ཆགས་སྣང་གསུམ་གྱི་དྲི་མ་དང་བཅས་པ་མཐའ་དག་སྤངས་ཤིང་། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱའི་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པའི་སྒོ་ནས་སྤང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་མཐར་ཕྱིན་ཞིང་། དེའི་མཐུ་ལས་གདུལ་བྱ་སོ་སོའི་སྐལ་བ་དང་འཚམས་པར་ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་ལ་སོགས་ཏེ་གང་ལ་གང་གིས་ཇི་ལྟར་འདུལ་བའི་ཕྲིན་ལས་ཀྱི་སྒོ་མཐའ་ཡས་དུས་ལས་ཡོལ་བ་མེད་ལ། འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་ནི། ནམ་མཁའ་ཇི་སྲིད་པ་དེ་སྲིད་དུ་རྒྱ་ཆེན་རྒྱུན་མི་ཆད་པར་འབྱུང་བ་སྟེ། མངོན་རྟོག་རྒྱན་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་སོ། །གཉིས་པ་ལས་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བྱེ་བྲག་ཏུ་བཤད་པ་ནི། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཚིག །མཆོད་སྔགས་ཏིང་འཛིན་ཕྲིན་སྒྲུབ་ཀྱི། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱ། །ཞེས་པ་ལྟར་བཅུ་སྟེ། དེ་ཁོ་ན་ཉིད་ལྟ་བ། ལ་དོར་བ་སྤྱོད་པ། བཀོད་པ་དཀྱིལ་འཁོར། རིམ་པ་བགྲོད་པ་དབང་། མི་འདའ་བ་དམ་ཚིག །རོལ་པ་ཕྲིན་ལས། དོན་དུ་གཉེར་བ་སྒྲུབ་པ། མི་གཡོ་བ་ཏིང་འཛིན། གནས་སུ་སྟོབ་པ་མཆོད་པ། འཆིང་ཟློས་སྔགས་དང་ཕྱག་རྒྱའོ། །དང་པོ་ལྟ་བ་ལ་གསུམ་སྟེ། ངོ་བོ་ནི། ལམ་རིམ་ལས། ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པ། །དོན་དམ་དུ་ནི་དཀོར་བདུན་ལ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཡང་དག་སྐྱེས་མཆོག་དམ་པ་ཡིས། །དོན་དམ་ཀུན་རྫོབ་དབྱེར་མེད་པར། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །ཞེས་པས་སྤྲོས་པའི་མཐའ་གང་དུ་ཡང་མ་རེག་པའི་ཆ་ནས་དབུ་མ་པ་དང་། ཆོས་ཐམས་ཅད་སེམས་ཀྱི་རང་རྩལ་ཙམ་དུ་འདུ་བའི་ཆ་ནས་སེམས་ཙམ་པ་དང་ཕྱོགས་མཚུངས་ཀྱང་། སྔགས་ཀྱི་ལྟ་བ་ནི། དེ་དག་ལས་ཁྱད་པར་དུ་གྱུར་པ་སྟེ། དེ་ཡང་ཡེ་གདོད་མ་ནས་དབྱིངས། ཡེ་ཤེས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པ་ལྷག་པ་དོན་དམ་བདེན་པ་དང་། དེ་ཉིད་ཀྱི་རྩལ་སྣང་སྣོད་བཅུད་སྐུ་དང་ཡེ་ཤེས་རྒྱལ་བའི་དཀྱིལ་འཁོར་དུ་རང་སྣང་བས་འཁོར་འདས་བཟང་ངན་མེད་པར་མཉམ་པ་ཉིད་དུ་རྫོགས་པ་ནི་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་གཉིས་ཀྱང་ཕྱོགས་སུ་ལྷུང་བ་མིན་པར་ལྷག་པ་བདེན་གཉིས་ཟུང་འཇུག་ངོ་བོ་དབྱེར་མེད་ཕྱེད་པར་མཉམ་པ་ཉིད་དུ་གནས་ཤིང་། དེར་འཛིན་གྱི་བསམ་བརྗོད་ལས་ཀྱང་ཡང་དག་པར་འདས་པས་ན་ཐ་སྙད་ཙམ་དུ་ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཞེས་མིང་ཙམ་དུ་བཏགས་ཏེ། དེ་ལས། རྒྱལ་འགྲོས་མ་མཛད་མ་བཅོས་པར། །རང་བཞིན་ངང་གིས་དབྱེར་མེད་པའང་། །དེ་མིན་ཞེན་པ་དགྲོལ་ཕྱིར་ལས། །ཐ་སྙད་གཉིས་པར་བསམ་བརྗོད་འདས། །ཞེས་གསུངས་ཤིང་། ལྷག་པ་ཞེས་པའི་སྒྲ་ཡང་། ཁྱད་པར་དུ་འཕགས་པའི་དོན་ཏེ། ཕར་ཕྱིན་ཐེག་པ་ནས་དོན་དམ་བདེན་ངོར་འཁོར་འདས་མཉམ་ཉིད་དུ་བཞེད་པ་ཙམ་ཕྱོགས་མཐུན་ཀྱང་། སྔགས་ལུགས་འདིར་ནི་ཀུན་རྫོབ་ཏུ་ཡང་ཆོས་ཐམས་ཅད་ལ་མི་གཉིས་པའི་བསམ་བརྗོད་དང་ལྡན་པས་ན་རྒྱུའི་ཐེག་པ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་དེ་སྐད་དུ་བརྗོད་པ་སྟེ། དེ་ལས། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་སོ། །ངེས་ཚིག་ནི། དྲྀཥྚའི་སྒྲ་ལས་དྲངས་ན། དྲྀ་ཤིར་ལྟ་བ་ལའོ་ཞེས་པའི་བྱིངས་དོན་གྱིས་བསྒྲུབས་པས་ལྟ་བ་ཞེས་བྱ་བ་ལ་འཇུག་སྟེ། གནས་ལུགས་ཀྱི་དོན་ལ་དེ་དང་རྗེས་སུ་མཐུན་པའི་ཤེས་རབ་ཀྱིས་གཏན་ཚིགས་ལ་སོགས་པའི་སྒོ་ནས་སྒྲོ་འདོགས་གཅོད་པའི་དོན་གྱིས་ན་ལྟ་བ་ཞེས་བྱའོ། །དབྱེ་ན་དབང་པོ་ཡང་རབ་ལ་གཏན་ཚིགས་ཀྱིས་རྟོགས་པར་བྱ་བ་སྟེ། རྒྱལ་པོ་ཛཿའི་ལམ་རྣམ་བཀོད་དུ། དེ་ལྟར་ཚུལ་གསུམ་བརྗོད་པ་ཡིས། །མཐོང་བ་གང་ཡིན་ཤེས་རབ་སྤྱན། །དེ་ཡང་མངོན་སུམ་གཞན་སྤངས་ཏེ། །སྒྲ་ཚིག་རྟེན་འབྲེལ་ཞེན་ཙམ་མིན། །ཡུལ་མིན་རང་རིག་བདེན་དབྱེར་མེད། །བློའི་གཏིང་གོ་བ་མངོན་སུམ་ཡུལ། །ཞེས་སོ། །དབང་འབྲིང་ལ་རང་བཞིན་དང་འབྲས་བུའི་རྟགས་ལ་བརྟེན་ནས་རྟོགས་པར་བྱ་བ་སྟེ། ཤེས་རབ་སྤྱན་འབྱེད་ལས། དང་པོ་རང་གི་རིག་པ་ཡི། །ཆོ་འཕྲུལ་སྣང་བའི་འབྱུང་བ་དང་། །ཕྱོགས་དང་ཁ་དོག་ལ་སོགས་ཀྱིས། །མཚོན་ནས་ཇི་བཞིན་ཉིད་རྟོགས་བྱེད། །ཅེས་རང་བཞིན་དང་། འབྲས་བུ་ནི། དེ་ལས། གཅིག་ཤོས་མཐར་ཕྱིན་ཡེ་ཤེས་ཀྱི། །དཀྱིལ་འཁོར་རྟེན་དང་བརྟེན་ཅན་ལྟར། །ཞེས་སོ། །དབང་རྟུལ་ལ་བརྒྱུད་དེ་རྟོགས་པར་བྱ་བ་ཉེ་རིང་གཉིས་ལས། ཉེ་བ་ནི། སྔ་མ་ལས། དམན་ལ་རྒྱ་གསུམ་གོམས་པ་ཡི། །བརྟན་ནས་རྟགས་སྤྱད་ཀླུང་ཞུགས་མཐོང་། །བསྒོམ་པའི་ལམ་དུ་བསྟན་པར་བྱ། །རིམ་པར་སྐྱེ་ལ་ཐེ་ཚོམ་མེད། །ཅེས་སོ། །རིང་བ་ནི། རྣམ་བཀོད་ལས། དེ་མིན་རྒྱུ་ཙམ་གསོག་བྱེད་པ། །རྒྱུད་ལས་འདི་སྐད་གསུངས་པ་སྟེ། །ཆོས་ཉིད་རྟེན་ཅིང་འབྲེལ་བྲིས་ན། །ཆོས་ཉིད་དོན་རྣམས་རྟོགས་འགྱུར་ཏེ། །ཞེས་སོ། །གཉིས་པ་སྤྱོད་པ་ལའང་གསུམ་སྟེ། ངོ་བོ་ནི། རིམ་གསུམ་ལས། ཏིང་འཛིན་ཁྱད་པར་འབྱུང་བའི་ཕྱིར། །རྗེས་མཐུན་སྤྱོད་པ་གཞུང་བཞིན་སྤྱད། །ཅེས་པས། གསང་སྔགས་དང་རྗེས་མཐུན་གྱི་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་ལམ་པའི་སྒོ་གསུམ་གྱི་བྱ་བར་གྱུར་པ་གང་ཡིན་པ་སྟེ། སྤྱིར་ལམ་གྱི་ཉམས་ལེན་ཐམས་ཅད་ལྟ་སྤྱོད་གཉིས་སུ་འདུ་ནའང་། གཙོ་ཆེ་བའི་དབང་དུ་སྤྱི་མིང་བྱེ་བྲག་ལ་བཏགས་ནས་མཉམ་བཞག་དང་རྗེས་མཐུན་ཐུན་མཚམས་ཀྱི་བྱ་བ་ལ་སོགས་པའོ། །ངེས་ཚིག་ནི། ཙརའི་སྒྲ་ལས་དྲངས་ན་ཙ་ར་སྤྱོད་པའི་བྱིངས་དོན་གྱིས་བསྒྲུབས་པས་སྤྱོད་པ་ཞེས་བྱ་བ་ལ་འཇུག་སྟེ། གང་སྤྱད་བྱའི་ཡུལ་ལ་དུས་ཚོད་དང་འབྲེལ་བས་ཚུལ་བཞིན་དུ་སྤྱོད་པར་བྱེད་པའི་དོན་གྱིས་ན་སྤྱོད་པའོ། །དབྱེ་ན། སྤྱིར་ལུས་ངག་ཡིད་གསུམ་ཡོངས་སུ་དག་པར་བྱ་བ་ཡིན་ལ། དེ་ཡང་། སྤྱོད་པ་དུས་ཚོད་དང་འབྲེལ་བར་བསླབ་སྟེ། ལས་དང་པོ་པའི་དུས་སུ་གཟབས་ཤིང་ཡོད་པ་དགེ་སྦྱོང་གཞོན་ནུའི་སྤྱོད་པ་ལྟ་བུ། དེ་ལས་ཅུང་ཟད་གོམས་ཏེ་མཉམ་རྗེས་བསྲེ་བར་ནུས་པ་ན་རྟོགས་པ་རྐྱེན་ཐུབ་ཏུ་བྱེད་པ་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། བརྟན་པ་ཆེར་ཐོབ་ནས་རྟོགས་པ་བྲི་གང་མེད་པར་གྱུར་པ་ན་གཞན་ཕན་ཁོ་ན་ལ་བསླབ་པ་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་ལྟ་བུ་སྟེ་སྤྱོད་ཚུལ་གསུམ་མོ། །བྱེ་བྲག་ཏུ་ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་གཉིས་སུ་བཤད་ཅིང་། ཕྱི་མ་ལའང་། དང་པོར་ལྟ་བ་གཏན་ལ་འབེབས་པའི་དུས་སུ་དད་བརྩོན་གྱི་སྤྱོད་པ་སྤྱད་དེ། སྤྱིར་དད་པ་ལ། དང་བའི་དད་པ། འདུན་པའི་དད་པ། ཡིད་ཆེས་ཀྱི་དད་པ་དང་གསུམ་མོ། །དེ་ལྟ་བུའི་དད་པས་ཀུན་ནས་བསླང་སྟེ་ཐོས་བསམ་ལ་ཞུགས་ནས་བརྩོན་འགྲུས་ཐང་ལྷོད་མེད་པས་དེ་དོན་མཐར་ཕྱིན་པར་སྤྱོད་པའོ། །གཉིས་པ་སྟོང་ཆེན་གྱི་དུས་སུ་ཤེས་རབ་དང་མཐུན་པ་སྟེ། མཉམ་གཞག་ཏུ་སྟོང་ཆེན་རྣམ་པར་མི་རྟོག་པའི་འོད་གསལ་བསྒོམ་ཞིང་། རྗེས་ཐོབ་རྗེས་ཤེས་ཀྱི་གནས་སྐབས་སུ་ཡང་དེའི་ངང་ལམ་མི་གཡོ་བར་སྤྱོད་པའོ། །དེ་ལྟར་ཡང་། ལམ་རིམ་ལས། སྤྱོད་དགུ་དོར་བའི་གཅིག་ཅར་སྤང་། །མི་དམིགས་མཐུན་པར་སྤྱོད་ཅེས་བྱ། །ཞེས་སོ། །གསུམ་པ་སྙིང་རྗེ་སྒྱུ་མའི་སྐབས་སུ་ཐབས་དང་མཐུན་པ་སྟེ། མཉམ་གཞག་ཏུ་དམིགས་པ་མེད་པའི་སྙིང་རྗེ་རྩོལ་མེད་ཤུགས་འབྱུང་དུ་འཆར་བ་ལ་བསླབ་ཅིང་རྗེས་ཐོབ་རྗེས་ཤེས་ལའང་དེའི་ངང་བསྐྱང་བའོ། །དེ་ཡང་། ལམ་རིམ་ལས། སྙིང་རྗེ་ཆེན་པོའི་རྣལ་འབྱོར་པས། །སྲིད་གསུམ་སྒྱུ་མ་འདྲ་བར་ནི། །ཞེས་སོ། །བཞི་པ་ཕྱག་རྒྱ་གཅིག་པའི་སྐབས་སུ་ཕྱོགས་གཅིག་པ་སྟེ་མཉམ་རྗེས་གཉིས་ཀར་ཟུང་འཇུག་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ཁོ་ན་ལ་སྤྱོད་པའོ། །དེ་ཡང་སྔ་མ་ལས། རྒྱུ་འབྲས་མཚམས་སྦྱོར་བར་སྐབས་སུ། །ཆོས་སྤྱོད་དགུ་ཡི་སྤྲོས་པ་དོར། །རྒྱུད་ལ་ལྡན་ཡང་བླང་བྱ་མིན། །མཚན་མའི་གཡེང་བ་ཡིན་ཕྱིར་རོ། །ཞེས་སོ། །ལྔ་པ་ཕྱག་རྒྱ་སྤྲོས་བཅས་ཀྱི་སྐབས་སུ་སྤྲོས་པ་དང་བཅས་པ་སྟེ། མཉམ་རྗེས་གཉིས་ཀར་སྤྱོད་ཡུལ་ཐམས་ཅད་ལྷའི་རོལ་མོར་འཆར་བ་ལ་བསླབ་པའོ། །དེ་ཡང་། སྔ་མ་ལས། སྤྱོད་ཡུལ་མཐོང་ཐོས་ཐམས་ཅད་ཀུན། །འགྲོ་དང་འདུག་དང་ཉལ་བ་ན། །དཀྱིལ་འཁོར་གཉིས་ཀྱི་རྣལ་འབྱོར་པ། །མ་ཉམས་དེ་ཡི་དབྱིངས་ན་གནས། །ཤེས་རབ་མཆོག་གིས་རྟག་ཏུ་སྤྱད། །ཅེས་སོ། །དྲུག་པ་ཚོགས་སྒྲུབ་ཀྱི་སྐབས་སུ་ཚོགས་ཀྱི་སྤྱོད་པ་སྟེ། མཉམ་རྗེས་གཉིས་ཀར་ཡོ་བྱད་ལྔ་ལ་ཆགས་མེད་དུ་སྤྱོད་པའོ། །དེ་ཡང་། སྔ་མ་ལས། སྤྱོད་ལམ་ཡོ་བྱད་ལྔ་སྤྱོད་ཅིང་། །དངོས་སུ་མཆོད་པ་རྣམ་གཉིས་སོ། །ཞེས་སོ། །བདུན་པ་ཟག་མེད་སློབ་མའི་ལམ་རིག་འཛིན་བཞིའི་སྐབས་སུ་རྫུ་འཕྲུལ་གྱི་སྤྱོད་པ་སྟེ། བདག་དོན་དུ་རང་སའི་དྲི་མ་ཕྲ་བ་རྣམས་སྦྱོང་ཞིང་གཞན་དོན་རྫུ་འཕྲུལ་གྱི་བཀོད་པས་སྤྲུལ་པ་མ་འགགས་པར་སྟོན་ཅིང་གདུལ་བྱའི་དོན་མཛད་པའོ། །དེ་ཡང་སྔ་མ་ལས། དཀྱིལ་འཁོར་རོལ་པའི་ཚུལ་སྤྱོད་པས། །ཚོགས་གཉིས་རྫོགས་པ་བདག་གི་དོན། །སྨིན་པས་ཕྲིན་ལས་རྫོགས་བྱེད་པ། །མི་འདོར་འགོད་པ་གཞན་གྱིའོ། །ཞེས་རྣམ་སྨིན་དང་། དཀྱུས་སར་ཕྱིན་པའི་ཅང་ཤེས་བཞིན། །ཀུན་ཏུ་འགྲོ་བ་བདག་པོའི་དོན། །རྫུ་འཕྲུལ་ཆོས་སྣང་རྗེས་སྟོན་བརྗོད། །ཅེས་ཚེ་དབང་དང་། མཉམ་བཞག་ངང་ལས་མ་གཡོས་བཞིན། སྟོང་གི་འཇིག་རྟེན་བརྒྱ་སྟོང་ཕྲག །བཅུ་ཡི་རྡུལ་སྙེད་འཇིག་རྟེན་དང་། །ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག །བཅུ་ཡི་རྡུལ་སྙེད་ཞིང་ཁམས་སུ། །རྔོན་དང་སྨད་འཚོང་ལ་སོགས་པ། །སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། །ཅེས་ཕྱག་ཆེན་དང་། ཉིད་ཕྱིར་རྡོ་རྗེ་འཛིན་རྫོགས་ལ། །ཞེས་སོགས་དང་། གསང་བའི་ཏནྟྲ་སྟོན་པ་དང་། །དེ་བཞིན་བསྡུ་བ་མཛད་པ་དང་། །ཞེས་པས་ལྷུན་གྲུབ་རིག་འཛིན་ཏེ་དེ་ལྟར་རིག་འཛིན་གྱི་སྤྱོད་པ་རྣམས་གསུངས་སོ། །དེ་ལྟར་རིམ་གྱིས་པའི་སྤྱོད་པ་བདུན་བཤད་ནས། གཅིག་ཅར་བའི་སྤྱོད་པ་ནི། ཆོས་ཐམས་ཅད་ལ་བླང་དོར་མེད་པར་སྤྱོད་པ་སྟེ། ཀུན་འདུས་ལས། མི་དམིགས་པ་ལས་རྣམ་པར་སྤྱོད། །དེ་ལྟར་སྤྱོད་པ་ཀུན་སྤྱོད་ཀྱང་། །དམ་པའི་དོན་དེ་སྤྱོད་མཆོག་ཉིད། །ཅེས་སོ། །གསུམ་པ་དཀྱིལ་འཁོར་ལའང་གསུམ་སྟེ། ངོ་བོ་ནི། ཐུགས་ཐིག་ལས། གནས་སྐབས་བདུན་དུ་སྙིང་པོ་ལེན། །བཀོད་པ་གང་རྫོགས་དེ་ངོ་བོ། །ཞེས་པས་བཀོད་པ་ལྷའི་འཁོར་ལོ་རྫོགས་པར་སྣང་བའོ། །ཇི་ལྟར་ན། ཕྱི་ལྟར། ནང་ལྟར། གསང་བ་ལྟར། ཡང་གསང་ལྟར་འགོད་པ་དང་བཞིའོ། །ངེས་ཚིག་ནི། མཎྜ་ལའི་སྒྲ་ལས་དྲངས་ན། མཎྜ་ནི་སྙིང་པོའམ་བཅུད་དང་། ལ་ནི་འཛིན་པའམ་ལེན་པ་སྟེ། སྙིང་པོའི་ཡོན་ཏན་གྱི་གཞི་འཛིན་པས་ན་སྙིང་པོ་ལེན་པ་ཞེས་དང་། ཡང་མཎྜ་ལ་ཞེས་པའི་མཎྜ་དང་ལ་སོ་སོར་མ་ཕྱེ་བར་སྒྲ་གཟུགས་པོ་ཟླུམ་པོའམ་བསྐོར་བའི་དོན་ལ་འཇུག་པས་ན་གང་གཙོ་བོ་ལ་འཁོར་གྱིས་བསྐོར་བའི་ཕྱིར་དཀྱིལ་འཁོར་རོ། །དབྱེ་ན། སངས་རྒྱས་གསང་བས་ཆོས་དོན་དུ། དབྱེ་བ་རང་བཞིན་ཏིང་འཛིན་དང་། །གཟུགས་བརྙན་དཀྱིལ་འཁོར་རྣམ་པ་གསུམ། །ཞེས་པ་ལྟར་རམ། ཡང་ན། རྒྱུད་ཕྱི་མ་ལས། སྐུ་གསུང་ཐུགས་ཀྱི་དབྱེ་བ་ལས། །དཀྱིལ་འཁོར་རྣམ་པ་གསུམ་འདོད་དེ། །ཞེས་གསུམ་དུ་དབྱེ་བ་དང་། འགྲེལ་ཆུང་ལས། དཀྱིལ་འཁོར་རྣམ་པ་བཅུ་གཉིས་ཏེ། །དེ་བཞིན་ཉིད་དང་རང་བཞིན་དང་། །ཐུགས་རྗེ་འདུལ་བའི་དཀྱིལ་འཁོར་དང་། །ཏིང་ངེ་འཛིན་དང་གཟུགས་བརྙན་དང་། །ལྷག་པའི་ཏིང་འཛིན་གཟུགས་བརྙན་དང་། །བྱང་ཆུབ་སེམས་དང་ལྷག་བྱང་སེམས། །ཚོགས་དང་ལྷུན་གྲུབ་དཀྱིལ་འཁོར་རོ། །ཞེས་བཅུ་གཉིས་སུ་དབྱེ་བ་སོགས་ཡོད་པ་ལས། སྐབས་འདིར་རྒྱས་པ་ལས། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་གསུངས་པ་ལྟར་བདུན་དུ་ཕྱེ་ནས་བཤད་དེ། དང་པོ་རང་བཞིན་དཀྱིལ་འཁོར་ལ། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་གཉིས། དང་པོ་ནི། ཆོས་ཐམས་ཅད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་གནས་ལུགས་ཀྱི་དཀྱིལ་འཁོར་ཏེ། ཁོག་གཞུང་ལས། ཆོས་ཉིད་རང་བཞིན་སྤྲོས་བྲལ་ཏེ། དངོས་པོ་ཀུན་ཀྱང་དེ་བཞིན་པས། །རང་བཞིན་ཉིད་ཀྱི་དཀྱིལ་འཁོར་རོ། །ཞེས་སོ། །གཉིས་པ་ནི། རང་གི་ཡེ་ཤེས་མངོན་སུམ་དུ་གྱུར་པས་འོག་མིན་ཆོས་ཀྱི་དབྱིངས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དཀྱིལ་འཁོར་དུ་བཞུགས་པ་སྟེ། དེ་ལས། འབྲས་བུ་མཐར་ཕྱིན་འོག་མིན་ན། །བཞུགས་པ་དཀྱིལ་དང་འཁོར་གྱི་ཚུལ། །ཞེས་སོ། །གཉིས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། དོན་དམ་པའི་གཟུགས་བརྙན་ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་རང་ཤར་བ་སྟེ། རྒྱས་པ་ལས། གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི། །ཆེན་པོ་རགས་པ་ཐབས་སུ་རྟོགས། །སོ་སོའི་མཚན་ཉིད་ཤེས་རབ་རྟོགས། །གཉིས་མེད་འབྲེལ་བ་ཐབས་ཆེན་ཡིན། །ཞེས་སོ། །གསུམ་པ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་དང་རྣམ་པ་དང་། །རབ་གནས་སྦྱིན་སྲེག་དཀྱིལ་འཁོར་དུ། །འཇུག་དང་ཞུགས་པའི་ཡོན་ཏན་ནོ། །ཞེས་དོན་བཅུ་ལས། དང་པོ་ས་གཞི་མཉམ་པ་ནི། དེ་ཉིད་ལས། གཞི་དང་རང་མཚན་བླང་དབང་དང་། །སྦྱང་བྱིན་བསྲུང་དང་བཟུང་བ་ནི། །དང་པོའི་ཉིང་ལག་ཉིད་དུ་བཤད། །ཅེས་སོ། །གཉིས་པ་ཚད་ནི། རྩ་རྒྱུད་དུ། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། །ཡང་ན་ལུས་གང་ཚད་དུ་སྟེ། །ཡང་ན་ལུས་ནི་གསུམ་གྱི་ཚད། །ཅེས་དང་། ཡང་ན་ཁྲུ་ནི་བཅུ་དྲུག་གམ། །ཉི་ཤུའམ་ཉི་ཤུ་རྩ་ལྔར་བྱ། །ཞེས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ཚད་དངོས་བཤད་ནས། ཞར་བྱུང་ལྷག་ཏིང་གི་ཚད་ནི། ཡང་ན་རྒྱང་གྲགས་དཔག་ཚད་དམ། །ནམ་མཁའི་དབྱིངས་ནི་བསམ་ཡས་པར། །སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་བསྒོམ། །ཞེས་སོ། །གསུམ་པ་ཐིག་ནི། འདི་ཉིད་ལས། རིག་པས་ཐིག་ནི་གདབ་བར་བྱ། །ཞེས་དང་། ཕུར་བུ་སྲད་བུ་ཚོན་ཕྱེ་དང་། །གོས་རྒྱན་མཛེས་པའི་ཡོད་འོང་གྲོགས། །ཐིག་གདབ་ཆོ་ག་ཕུན་སུམ་ཚོགས། །མཁས་ལྡན་ཆེན་པོས་བསྒྲིམས་ཏེ་བྱ། །ཞེས་སོ། །བཞི་པ་ཚོན་ནི། འདི་ཉིད་ལས། རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ། །ཞེས་དང་། མ་མཐོང་རྨོངས་ལ་བསྟན་ཕྱིར་དང་། །ཁ་དོག་ཉི་ཤུ་རྩ་ལྔའམ། །ལྔ་ཡི་ཚོན་གྱིས་བྲི་བར་བྱ། །འདུལ་བའི་ཆོ་ག་བཞིན་དུ་དགྱེ། །ཞེས་སོ། །ལྔ་པ་བྲི་བ་ནི། ལྟེ་བ་རྩིབས་དང་ལྡན་པ་ཡི། །རྩིབས་བཞི་འཁོར་ལོ་མུ་ཁྱུད་བཅས། །གྲུ་ཆད་བཞི་དང་གྲུ་བཞི་པའི། །བར་ཁྱམས་སྒོ་ཁྱུད་ལྡན་པར་བྱ། །ཞེས་པ་ལྟར་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གང་གིས་འདུལ་པའི་ཆོ་ག་བཞིན་དུ་བྲིའོ། །དྲུག་པ་རྣམ་པ་དགོད་པ་ནི། སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། །ཅེས་པའམ། ཡང་ན་གཙོ་འཁོར་གྱི་འགྲོས་སྦྱར་ཏེ། རྔམ་གློག་ལམ། གཙོ་བོ་གཟུགས་སུ་རྫོགས་པར་བྲི། །འཁོར་རྣམས་ཕྱག་རྒྱ་དག་ཏུ་བྱ། །ཕལ་པ་དག་ལ་ཡིག་འབྲུས་སོ། །ཞེས་སོ། །བདུན་པ་རབ་གནས་ལ། ནུབ་གཉིས་པའི་ལས་རིམ་སྤྱིར་བཤད་པ་དང་། སྐབས་ཐོབ་ཀྱི་ལས་རིམ་དཀྱིལ་འཁོར་རབ་གནས་སོ། །དང་པོ་ནི། ཡན་ལག་གི་རབ་གནས། ལས་བུམ། རྡོར་དྲིལ། ཐོད་ཆུ། ཐིག་ཚོན་རབ་གནས་རྣམས་དང་། ཡན་ལག་ཅན་ལ། བུམ་པ། སློབ་མ། ལྷ་སྟ་གོན་གསུམ་གྱིས་བསྟན་ནོ། །གཉིས་པ་ནི། ལས་ཁྲིགས་རྣམ་པ་དགུ་ལ་སོགས་པའི་སྒོ་ནས་བྱ་བ་སྟེ། འདི་ཉིད་ལས། བཅོས་བུའི་རས་ནི་སྣ་ཚོགས་དང་། །ཞེས་སོགས་དང་། ལུས་ངག་སེམས་དང་ཆོས་ཐམས་ཅད། །ཞེས་སོགས་འཁྲུགས་སྡེབས་ཀྱི་སྒོ་ནས་བསྟན་ནོ། །བརྒྱད་པ་སྦྱིན་སྲེག་ནི། སྐབས་ཐོབ་ཀྱི་དབང་གིས་ལས་བཞི་སྟེ། འདི་ཉིད་ལས། དབྱིབས་དང་ཁ་དོག་མཚན་ལྡན་པར། །ཞལ་དུ་གྱུར་པའི་མེ་བོས་ལ། །བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་སོ། །དགུ་པ་དཀྱིལ་འཁོར་དུ་འཇུག་པ་ནི། སྒྲུབ་མཆོད་ལ་སོགས་པ་སྔོན་དུ་འགྲོ་བའི་སྒོ་ནས་དང་པོར་སློབ་དཔོན་རང་ཉིད་ཞུགས་རྗེས་སློབ་མ་དཀྱིལ་འཁོར་དུ་འཇུག་པར་བྱ་བ་སྟེ། འདི་ཉིད་ལས། ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་གཞུག་པར་བྱ། །ཞེས་དང་། རྡོ་རྗེ་ལས་རིམ་ལས། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། །ཁྲུས་དགབ་དྲི་དང་ལུས་དབུལ་དང་། །བགེགས་བསྐྲད་ལྷར་རློབ་དམ་ཚིག་སྦྱིན། །དེ་ཉིད་དབབ་དང་ཆུ་ནན་དང་། །སྒྲག་དང་རིན་ཆེན་དོར་བ་དང་། །ལྷ་དབབ་པ་དང་ནན་ཏན་དང་། །མིག་དབྱེ་དཀྱིལ་འཁོར་ལེགས་བསྟན་དང་། །ཚོགས་མཆོག་ཡོན་དང་རྣམ་བཅོ་བརྒྱད། །འདི་ཡི་ཡན་ལག་རྫོགས་པར་འགྱུར། །ཞེས་སོ། །བཅུ་པ་ཞུགས་པའི་ཡོན་ཏན་ནི། བདེ་བ་ཆེན་པོའི་དཀྱིལ་འཁོར་ནི། །སྟངས་དཔྱལ་གཉིས་སམ་ཡང་ན་ལྔ། །བྱས་ཏེ་དད་ལྡན་རབ་ཞུགས་ན། །འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་དང་། མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་སྔོན་དུ་མཐོང་བ་ཡིས། །བསོད་ནམས་བརྟག་པ་གང་ཡིན་པ། ཕྱིས་བྱས་པ་ཡང་དེ་བཞིན་ནོ། །ཞེས་སོ། །བཞི་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། རང་བཞིན་གྱི་དཀྱིལ་འཁོར་ཉིད་ཏིང་ངེ་འཛིན་གྱི་ཡུལ་དུ་བྱས་ནས་རང་རིག་མ་བཅོས་པའི་དོན་ལ་རྣམ་པར་བཞག་པས་རྣམ་པར་མི་རྟོག་པའི་རང་རྩལ་ཡེ་ཤེས་ལྔར་འགག་པ་མེད་པར་འཆར་བ་སྟེ། འདི་ཉིད་ལས། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །ཞེས་སོགས་ཤོ་ལོ་ཀ་གཅིག་དང་། རྒྱས་པ་ལས། དེ་བཞིན་ཏིང་འཛིན་དཀྱིལ་འཁོར་གྱི། །ཐམས་ཅད་དབྱིངས་སུ་བསྡུས་ནས་ནི། །ཉིད་ཀྱི་ཐུགས་ལ་ཐིམ་བྱས་ཏེ། །ཐམས་ཅད་ཆོས་སྐུའི་ཕྱག་རྒྱ་ཆེ། །ཞེས་སོ། །ལྔ་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། ཁོག་གཞུང་ལས། ལྷག་པ་ཏིང་འཛིན་རྣམ་པ་གཉིས། །གདུལ་བའི་དོན་ཕྱིར་ཞི་ཁྲོ་སྟེ། །ཞེས་གསུངས་པ་ལྟར། ཐུགས་རྗེ་ཞི་བའི་དཀྱིལ་འཁོར་དང་། བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་གཉིས་ལས། ཞི་ཁྲོ་གཉིས་ཀ་ལ་མཚུངས་པར། སྔོན་འགྲོ་ལས་བདུན་སྔོན་དུ་འགྲོ་བས། དངོས་གཞི་ལ། ཞི་བ་དང་། ཁྲོ་བོ་གཉིས། དང་པོ་ནི། བདག་དང་མཐའ་ཡས་སོགས་ཀྱིས་ཁྱད་པར་གྱི་སྦྱོར་བ་སེམས་བསྐྱེད། ཆོས་ཐམས་ཅད་སྟོང་ཉིད་དེ་བཞིན་ཉིད་དུ་བསྒོམ་པ་དེ་ཏིང་། དེ་མ་རྟོགས་པ་རྣམས་ལ་དམིགས་མེད་ཀྱི་སྙིང་རྗེ་བསྒོམ་པ་ཀུན་ཏིང་། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རྩལ་རྒྱུའི་ཡི་གེ་ཨ་དཀར་པོར་བསྒོམ་པ་རྒྱུ་ཏིང་དང་། དེ་ལས་ཡི་གེ་ཕྲ་མོའི་འཕྲོ་འདུ་ལ་སེམས་སྦྱངས་ནས། འབྱུང་ལྔའི་ཞེན་རྟོག་སྦྱང་ཕྱིར་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། མ་དག་པ་སྣོད་ཀྱི་ཞེན་པ་སྦྱོང་ཕྱིར་ས་བོན་བྷྲཱུཾ་ལས་གཞལ་ཡས་ཁང་དང་། དེའི་ནང་དུ་བཅུད་ཀྱི་ཞེན་རྟོག་སྦྱང་ཕྱིར་བདག་སྲས་གཞན་སྲས་སམ། ཆོ་ག་གསུམ་བསྐྱེད་ལྟ་བུས་རྒྱལ་བའི་དཀྱིལ་འཁོར་གསལ་བཏབ་པ་ལ་རང་རིགས་ཀྱིས་དབང་བསྐུར་ཞིང་། སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབ་པ་རྣམས་བྱ་སྟེ། དེའི་མཐར་སྙན་གསན་དབབ་ཅིང་སྤྱན་དྲང་བ། མེ་ཏོག་དོར་ཞིང་དབྱེར་མེད་དུ་བསྟིམ་པ། ཕྱག་མཆོད་བཤད་པ་བྱ་བ། དངོས་གྲུབ་གསོལ་ཞིང་དམ་བཅའ་བ། ཛཔ྄་ཁང་ཕྱེ་ནས་འཕྲོ་འདུ་གསུམ་གསལ་བས་ཛཔ྄་བཟླས་སྐབས་ཀྱི་མཇུག་བསྡུ་དང་བཅས་བྱའོ། །གཉིས་པ་ནི། འཛིན་པའི་དབང་གིས་ཞེས་སོགས་ཀྱིས་ཁྱད་པར་གྱི་སྦྱོར་བ་ཏིང་ངེ་འཛིན་གྱི་དགོས་ཆེད་བསྟན་པ་སྔོན་དུ་འགྲོ་བས་དེ་ཏིང་དང་། ཀུན་ཏིང་གཉིས་ཀྱི་མཐར་རང་རིག་ཧཱུཾ་ལས་ཆོ་ག་གསུམ་གྱིས་རྒྱུའི་ཧེ་རུ་ཀར་བསྐྱེད་པ་རྒྱུ་ཏིང་སྟེ་ཏིང་འཛིན་རྣམ་གསུམ་དང་། དེའི་ཐུགས་ཀ་ནས་ས་བོན་སྤྲོས་ཏེ་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་། བརྟེན་པ་ལྷའི་དཀྱིལ་འཁོར་དང་བཅས་བསྐྱེད་ཚུལ་ཆོ་ག་གཉིས་ལྟ་བུས་ཞི་བ་དང་འདྲ་བར་བསྒོམ་ཞིང་། དབང་བསྐུར། བྱིན་བརླབ། སྙན་གསན་དབབ་པ་སོགས་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་རྣམས་ཞི་བ་དང་ཕྱོགས་མཚུངས་པར་བྱ་བའོ། །མཇུག་གི་ཆོ་ག་ནི། གོ་བགོ་ལུས་བསྲུང་གི་བར་དོན་ལྔས་བསྟན་པ་བཞིན་ནོ། །དྲུག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། སྤྱན་འགྲེལ་ལས། བྱང་སེམས་ཕྱི་ནང་གསང་བ་ཡང་། །གནས་བཞི་ཁམས་གསུམ་ཡེ་ཤེས་ཆེ། །ཞེས་པས། ཕྱི་བྱང་ཆུབ་ཀྱི་སེམས་རྩ་དང་རླུང་། ནང་བྱང་ཆུབ་ཀྱི་སེམས་ཐིག་ལེ། གསང་བ་བྱང་ཆུབ་ཀྱི་སེམས་བདེ་བའི་ཡེ་ཤེས་དང་གསུམ་མོ། །དང་པོ་ནི། སྒྱུ་འཕྲུལ་སྙིང་པོ་བཀོད་པའི་རྒྱུད་ལས། སྲིད་གསུམ་སེམས་ཅན་ཐམས་ཅད་ལ། །སྲོག་ཤིང་གསུམ་དང་འཁོར་ལོ་བཞི། །ཞེས་རྩ་དང་། རླུང་ལ། སྦྱང་གཞི་ཡེ་ཤེས་ཀྱི་རླུང་དང་། སྦྱང་བྱ་ལས་ཀྱི་རླུང་གཉིས། ཕྱི་མ་ལ་རྩ་བ་དང་ཡན་ལག་གིས་བསྡུས་པའི་རླུང་བཅུ། སྣར་རྒྱུ་བའི་རླུང་དང་བཅས་པའོ། །གཉིས་པ་ནི། སྙིང་ག་ན་སྲོག་མི་ཤིགས་པའི་ཐིག་ལེ་སོགས་ཡེ་ཤེས་ཀྱི་ཐིག་ལེ་དང་། རྣམ་ཤེས་ཀྱི་ཐིག་ལེ་དྭངས་སྙིགས་ལ་སོགས་པའོ། །གསུམ་པ་ནི། སྟེང་འོག་གི་སྒོ་ལ་བརྟེན་ནས་བདེ་ཆེན་གྱི་ཡེ་ཤེས་བསྐྱེད་པ་སྟེ། དགྱེས་རྡོར་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་སོ། །བདུན་པ་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་ནི། ཞི་ཁྲོ་གཉིས་ཀ་ལ་ཚོམ་བུ་གཅིག་གསུམ་ལྔ་པ་གསུམ་སྟེ། ཁོག་གཞུང་ལས། ཚོགས་ནི་འབྱོར་པ་རྣམ་པ་གསུམ། །ཚོམ་བུ་གཅིག་གསུམ་ལྔ་པའོ། །ཞེས་སོ། །བཞི་པ་དབང་ལའང་གསུམ་སྟེ་ངོ་བོ་ནི། ཐུགས་ཐིག་ལས། རྒྱུ་གཉིས་རྐྱེན་བཞིས་ཡན་ལག་སྙད། །དྲུག་ལ་གནས་པའི་ཐོབ་བྱ་དེ། །ངོ་བོ་ཉིད་ཅེས་རྣམ་པ་བཤད། །ཅེས་པས་སྤྱིར་དབང་ལ་རྒྱུ་གཉིས་དང་རྐྱེན་བཞིའོ། །དང་པོ་ལ། མཚུངས་ལྡན་གྱི་རྒྱུ་ནི། དབང་གི་རྒྱུ་གདོད་མ་ནས་རང་ལ་རང་ཆས་སུ་བཞུགས་པའོ། །ལྷན་ཅིག་བྱེད་རྒྱུ་ནི། དབང་རྫས་རབ་གནས་ཀྱིས་བྱིན་གྱིས་རློབས་པ་ཅན་ནོ། །གཉིས་པ་ལ་རྒྱུའི་རྐྱེན་ནོ། །ཕན་ནུས་ཟབ་མོའི་དབང་གསུམ་བསྐུར་དུ་རུང་བའི་སྣོད་ལྡན་གྱི་སློབ་མའོ། །བདག་པོའི་རྐྱེན་ནི། དབང་གསུམ་བསྐུར་ནུས་པའི་རྡོ་རྗེ་སློབ་དཔོན་ཚད་ལྡན་ནོ། །དམིགས་པའི་རྐྱེན་ནི། རྫས་སྔགས་ཏིང་འཛིན་གསུམ་འཛོམ་པའི་ནུས་པ་ཁྱད་པར་ཅན་ནོ། །དེ་མ་ཐག་རྐྱེན་ནོ། །དབང་སྔ་མས་གོ་ཕྱེ་ནས་ཕྱི་མ་འབྱུང་བའོ། །དེ་ལྟར་རྒྱུ་གཉིས་རྐྱེན་བཞི་སྟེ། དྲུག་པོ་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་དབང་གི་ཡེ་ཤེས་རྒྱུད་ལ་འཇོག་པའི་ལས་ཀྱིས་ཐར་པའི་མྱུ་གུ་མངོན་དུ་བསྐྱེད་པའམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ་ནི་དབང་གི་ངོ་བོའོ། །ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན། ཨ་བྷི་ནི་མངོན་པ། ཥིཉྩ་ནི་གཏོར་བའམ་བླུགས་པ་སྟེ། དབང་གིས་སྒོ་གསུམ་གྱི་དྲི་མ་འཁྲུད་པའི་ཆ་ནས་མངོན་པར་གཏོར་བ་དང་། འབྲས་བུ་ཡེ་ཤེས་ཀྱི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ཆ་ནས་མངོན་པར་བླུགས་པའི་དོན་གྱི་ན་དབང་ངོ་། །དབྱེ་ན། སྤྱིར་གཞི་དང་། ལམ་དང་། འབྲས་བུའི་དབང་གསུམ་དུ་འགྱུར་བ་ལས། དང་པོ་ནི། རྩ་རྒྱུད་དུ། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །སྙིང་རྗེས་ཆུད་མ་ཟོས་པར་བཟུང་། །ཞེས་དང་། ཁོག་གཞུང་ལས། དད་དང་བརྩོན་འགྲུས་གསུམ་ལྡན་དང་། །བརྟུལ་ཞུགས་གསུམ་ལྡན་སློབ་མ་ལ། །ཞེས་པས་གང་ཟག་རིམ་གཉིས་ཀྱི་ལམ་ཉམས་སུ་ལེན་པར་མི་ནུས་ན་ཡང་དད་པ་ཅན་ལ་ཕན་དབང་ཙམ་བསྐུར་བ་དང་། དེའི་སྟེང་དུ་ནུས་དབང་ལྔ་ལས། རྒྱུད་ལ་ཐོས་བསམ་བྱེད་ནུས་ཀྱི་གང་ཟག་ལ་ཉན་དབང་། བསྐྱེད་རིམ་གྱི་ལམ་རྣམས་དང་རྫོགས་རིམ་རྗེས་མཐུན་ཙམ་ཉམས་སུ་ལེན་ནུས་ལ་སྒོམ་དབང་སྟེ་བདག་དོན་ནུས་པའི་བརྩོན་འགྲུས་ཅན་དང་། དེའི་སྟེང་དུ་ཞི་རྒྱས་སོགས་ཕྲིན་ལས་ཀྱི་སྦྱོར་བས་གཞན་དོན་བྱེད་ནུས་ལ་ཕྲིན་ལས་ཀྱི་དབང་དང་། རྒྱུད་འཆད་ནུས་ལ་འཆད་དབང་སྟེ་གཞན་དོན་ནུས་པའི་བརྩོན་འགྲུས་ཅན་དང་། དེའི་སྟེང་དུ་རབ་གནས་དང་སློབ་མ་ལ་དབང་བསྐུར་བ་སོགས་རྡོ་རྗེ་སློབ་དཔོན་མཆོག་ཏུ་འོས་པ་རང་གཞན་གཉིས་ཀའི་དོན་ནུས་པ་རྣམས་ལ་བདག་པོའི་དབང་སྟེ་ནུས་དབང་ལྔ། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་གསུམ་བསྐུར་བ་ལྟ་བུ་སྟེ་སྤྱིར་བཞག་པ་ཡིན་ལ། དོན་དུ་ན། ཁྱད་པར་ཅན་གྱི་ལམ་འདི་སོགས་ལ་སྔོན་དུ་མ་ཞུགས་པ་གཅིག་དང་པོར་དཀྱིལ་འཁོར་དུ་བཅུག་ནས་དབང་གིས་སྨིན་པར་བྱེད་པའོ། །གཉིས་པ་ནི། སྔོན་དུ་དབང་ཐོབ་བསྐྱེད་རྫོགས་གང་རུང་གི་ལམ་ཉམས་སུ་ལེན་བ ཞིན་པའི་གང་ཟག་ལྟ་བུ་ལམ་ཞུགས་གཅིག་ལ། དེའི་རྒྱུད་ཀྱི་སྔགས་སྡོམ་ཇེ་དག་ཇེ་བཟང་དུ་འགྱུར་བ་ལ་སོགས་པའི་ཆེད་དུ་བླ་མ་རྡོ་རྗེ་སློབ་དཔོན་གྱི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་བའམ། རང་ཉིད་ཀྱིས་བདག་འཇུག་བྱེད་པ་ལྟ་བུ་ནི་ལམ་དབང་སྟེ། དོན་དུ་ན་ཐེག་པ་མཆོག་གི་ལམ་ལ་བགྲོད་བཞིན་པའི་གང་ཟག་གིས་བླ་མའི་བདག་འཇུག་གང་རུང་ལས་དབང་ལེན་པའོ། །གསུམ་པ་ནི། ཕ་རོལ་དུ་ཕྱིན་པའི་ལམ་གྱིས་བསྒྲུབ་པའི་མི་སློབ་ལམ་དང་། སྔགས་རང་ལུགས་ཀྱི་མཐར་ལམ་ལྷུན་གྲུབ་རིག་འཛིན་གྱི་ས་ལ་བཞུགས་པའི་གང་ཟག་རྣམས་ལ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེན་པོར། སྟོན་པ་ལོངས་སྤྱོད་རྫོགས་པ་རིགས་དྲུག་པ་དཔལ་ཀུན་ཏུ་བཟང་པོས་ནང་གི་མངོན་བྱང་ལ་བརྟེན་ནས་གསང་བ་ཟབ་མོའི་དབང་གསུམ་བསྐུར་བས་ཤེས་སྒྲིབ་ཕྲ་བ་སྣང་གསུམ་གྱི་དྲི་མ་སྦྱང་ནས་རང་གི་ཡེ་ཤེས་ཇི་ལྟ་བ་མངོན་དུ་བྱེད་པའི་སྒོ་ནས་སྟོན་འཁོར་དགོངས་པ་དབྱེར་མེད་དུ་སྒྲུབ་པ་ནི་འབྲས་དབང་སྟེ། དོན་དུ་ན། སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་རྒྱུན་མཐའི་བྱང་སེམས་ལ་འོག་མིན་དུ་དབང་བསྐུར་བའོ། །བྱེ་བྲག་ཏུ་དབྱེ་ན། རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། ཞེས་པས་བཞིར་གསུངས་ཤིང་། དེ་ལས་ཀྱང་བུམ་དབང་ལ་ཕན་ནུས་གཉིས་སུ་ཕྱེ་བས་ལྔར་འགྱུར་ཏེ། རྡོ་རྗེ་ལས། དང་པོ་ས་བོན་འཇོག་པ་སྟེ། །གཉིས་པ་ནུས་པ་བསྐྱེད་པ་ཡིན། །གསུམ་པ་ཉམས་མྱོང་བསྐྱེད་པའོ། །བཞི་པས་དེ་ཉིད་བརྟན་པར་བྱེད། །ལྔ་པས་བརྟན་པ་ཉམས་ལོན་པས། །མཆོག་གི་དངོས་གྲུབ་ཚེ་འདིས་འགྲུབ། །ཅེས་པས། དང་པོ་ཕན་དབང་གི་སྣོད་རུང་དུ་སྨིན་པར་བྱེད་པའི་སྒོ་ནས་འདི་ཕྱི་གང་རུང་དུ་བསྐྱེད་རྫོགས་ཀྱི་ལམ་ལ་འཇུག་པའི་སྐལ་ལྡན་དུ་བྱེད་པའི་ས་བོན་གསོས་འདེབས་པ་དང་། གཉིས་པ་ནུས་དབང་གིས་ད་ལྟ་ནས་རང་གཞན་གྱི་དོན་བྱེད་པའི་ནུས་པ་བསྐྱེད་པ་དང་། གསུམ་པ་གསང་དབང་གི་བདེ་ཆེན་ཁྱད་པར་དུ་བྱས་པའི་ཉམས་མྱོང་བསྐྱེད་པ་དང་། བཞི་པ་ཡེ་ཤེས་རང་གནས་ཀྱིས་ཁམས་འཛིན་གྲེམས་ལ་སོགས་པའི་སྒོ་ནས་དེ་ཉིད་བརྟན་པར་བྱེད་པ་དང་། ལྔ་པ་བདེ་བ་ཆེན་པོས་བརྟན་པ་དེའི་དོན་ཉམས་སུ་ལེན་ཏེ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ལ་བཟླ་བར་བྱེད་པའོ། །དེ་ཡང་ཞི་བ་ཕན་དབང་བཅུ། ནུས་དབང་ལྔ། ཟབ་དབང་གསུམ་སྟེ་བཅོ་བརྒྱད། དེ་ལ་ཕན་དབང་བཅུ་ནི། སྡོམས་ཚིག་ཏུ་བྱེད་ན། སྙིང་པོ་ལྔ་དང་དབུ་རྒྱན་དང་། །བུམ་པ་ཅོད་པན་ཕྲེང་བ་སྟེ། །གོ་ཆ་རྒྱལ་མཚན་གདུགས་ཕྱག་རྒྱ། །བཟའ་བཏུང་དབང་རྣམས་རིམ་བཞིན་བསྐུར། །ཞེས་སོ། །ནུས་དབང་ལྔ་ནི། ཉན་དབང་། བསྒོམ་དབང་། ཕྲིན་ལས་ཀྱི་དབང་། འཆད་དབང་། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཏེ་ལྔའོ། །ཟབ་དབང་གསུམ་ནི། གསང་དབང་། ཡེ་ཤེས་རང་གནས། བདེ་བ་ཆེན་པོའི་དབང་དང་གསུམ་མོ། །ཁྲོ་བོ་ལ། གདན་དང་ལྷ་དབང་ཕྱག་མཚན་དང་། །ཆས་བཅུ་སྒྲུབ་རྫས་བཅོ་ང་སྟེ། །ཞེས་པ་ལྟར་ཕན་དབང་ལ་ཉེར་བརྒྱད་དུ་ཕྱེ་བས་སུམ་ཅུ་རྩ་དྲུག་སྟེ། ཐུགས་ཐིག་ལས། བསྒྱུར་བ་ལྔ་ལ་སུམ་ཅུ་དྲུག །ཞེས་སོ། །ལྔ་པ་དམ་ཚིག་ལའང་གསུམ་སྟེ། ངོ་བོ་ནི། རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུའང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་པས་གང་བསྲུང་བྱའི་དོན་ཁྱད་པར་ཅན་ནི་འོག་ཏུ་འབྱུང་བའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཡིན་ལ། དེ་དག་ལས་ནམ་ཡང་མི་འདའ་བར་སྡོམ་པར་བྱེད་པའི་སེམས་དཔའ་རྒྱུན་ཆགས་དང་། གཉིད་དང་སེམས་ཡེངས་པ་ལ་སོགས་པའི་གནས་སྐབས་སུ་ཡང་ཚིག་སྡོམ་པའི་ས་བོན་དང་བཅས་པའོ། །ངེས་ཚིག་ནི། ས་མ་ཡའི་སྒྲ་ལས་དྲངས་ན། ས་མ་ཡ་ནི་དངོས་སུ་ཡལ་གམ་བཅས་པའི་ཐ་ཚིག་ལ་འཇུག་སྟེ། སྔོན་རང་གིས་ཇི་ལྟར་དམ་བཅས་པ་ལས་འདའ་བར་བྱ་བ་མིན་པའི་ཕྱིར་དམ་ཚིག་གོ། །དེ་ལྟར་ཡང་། ཇི་སྐད་དུ། དམ་པ་སྐུ་གསུང་ཐུགས་ཡིན་ཏེ། །དེ་ལས་འདས་ན་ཚིག་པར་འགྱུར། །ཞེས་སོ། །དབྱེ་ན། རྩ་བའི་དམ་ཚིག་ལྔ། ཡན་ལག་གི་དམ་ཚིག་ལྔ་ཚན་གཉིས། སྤྲོ་ན་སུམ་བརྒྱ་དྲུག་ཅུར་དབྱེ་བ་དང་གསུམ་མོ། །དང་པོ་ནི། འདི་ཉིད་ལས། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། སྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་པ་ལྟར་ལྔ་ལས། དང་པོ་བླ་མེད་མི་སྤང་བ་ནི། ཡུལ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ལྷག་པ་བདེན་གཉིས་མི་སྤང་བ་སྟེ། ཇི་ལྟར་མི་སྤང་ན། ལྷག་པ་བདེན་གཉིས་དབྱེར་མེད་དུ་རྟོགས་ནས་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས་མི་འདའ་བར་བྱེད་པ་སྟེ། གསལ་བཀྲ་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །སེམས་ཅན་ཁམས་ཀྱང་དེར་ཤེས་ཤིང་། །སྣང་སྟོང་གཉིས་མེད་རྡོ་རྗེའི་སྐུ། །བྱས་མཐོང་ཟོས་པ་ཐམས་ཅད་ཀྱང་། །སེམས་ཕྱིར་གང་ཡང་བྱས་སྣང་མེད། །དྲན་དང་ཤེས་བཞིན་སྔོན་བཏང་ལ། །དུས་གསུམ་རྒྱུན་དུ་མ་དྲན་ན། །ཐེག་ཆེན་སྔགས་པར་ཅི་ཡིས་ཆུད། །ཅེས་སོ། །གཉིས་པ་བླ་མ་བཀུར་བ་ནི། སྔ་མ་ལས། སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆག་སྐོང་དང་ཤེས་རྒྱུད་འགྲོལ། །མན་ངག་ལུང་གི་སློབ་དཔོན་དྲུག །ཞེས་པ་ལྟར་སློབ་དཔོན་དྲུག་པོ་བཀུར་ཐབས་དྲུག་གི་སྒོ་ནས་བཀུར་ཏེ། སྔ་མ་ལས། ཡུལ་ལ་དབང་བའི་རྒྱལ་པོ་དང་། །ཁུ་བོ་ཕ་དང་མ་དང་མིག །སྙིང་བས་ལྷག་པའི་ཚུལ་བསྟན་ཏེ། །ཞེས་སོ། །ཁྱད་པར་དུ་ཡང་། དབང་བསྐུར། རྒྱུད་བཤད། མན་ངག་ནོད་པ་གསུམ་ནི་ལྷག་པར་ཡང་བཀུར་བའི་ཡུལ་ཏེ། བདེ་འདུས་ཞི་རྒྱུད་ལས། རྒྱུད་འགྲོལ་དབང་བསྐུར་དེ་ཉིད་བསྟན། །ཞེས་སོ། །གསུམ་པ་སྔགས་རྒྱ་རྒྱུན་མི་བཅད་པ་ནི། ཡུལ་སྔགས་གསུམ་དང་ཕྱག་རྒྱ་བཞི་སྟེ། དེ་དག་ཉམས་སུ་ལེན་ཚུལ་ནི། གསལ་བཀྲ་ལས། རབ་ཀྱི་ཆུ་བོའི་རྒྱུན་བཞིན་ནམ། །ཉིད་གསུམ་མཚན་གསུམ་གཉིས་གཅིག་ཏུ། །མ་ཡེངས་ཙམ་དུ་ངང་གིས་བཟླ། །འབྲིང་གིས་ཟླ་གཅིག་དུས་དྲུག་དང་། །དུས་བཞིའི་བར་དུ་མི་བཅད་ཅིང་། །ཐ་མ་བྱ་བའི་རྣལ་འབྱོར་པས། །ཟླ་རེའམ་ར་བའི་དུས་དག་ཏུ། །བརྩོན་པས་འབད་དེ་མི་བྱེད་པ། །བྱང་ཆུབ་ས་བོན་བརླག་པ་ཡིན། །ཚོགས་དང་གཏོར་མའམ་དེ་བཞིན་དུ། །ཐ་ན་ལོ་ཟླར་མི་འདའ་འོ། །ཞེས་སོ། །བཞི་པ་མཆེད་ལ་བྱམས་པ་ནི། སྔ་མ་ལས། མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་ཡང་བདག་ལས་གཞན་མིན་དང་། །བདེ་གཤེགས་སྙིང་པོའི་སྤུན་ཡིན་ཕྱིར། །མ་འོངས་སངས་རྒྱས་རང་བཞིན་ནི། །སྤྱི་ཡི་མཆེད་དེ་ཕ་ཚན་བཞིན། །སངས་རྒྱས་ཆོས་ཞུགས་རིང་བ་དང་། །ལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཕ་གཅིག་དམ་ཚིག་ནང་འདྲེས་པ། །ཞེས་སོ། །དེས་མཚོན་པའི་རྡོ་རྗེའི་མཆེད་རྣམས་དང་བྱང་ཆུབ་བར་དུ་མི་འབྲལ་བའི་ལྷག་བསམ་རྒྱུན་མི་འཆད་པར་བྱེད་པའོ། །ལྔ་པ་གསང་བ་མི་སྨྲ་བ་ནི། ཕྲ་རྒྱས་ལས། དམ་ཉམས་དམ་ལས་ལོག་པ་དང་། །དམ་མེད་དཀྱིལ་འཁོར་མ་མཐོང་དང་། །འདྲེས་དང་མ་འདྲེས་ཐམས་ཅད་ལ། །ཞེས་གང་ལ་གསང་བྱའི་ཡུལ་བསྟན་ནས། །གང་གསང་ན། དེ་ལས། སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་རྣམ་པ་བཅུ། །ཞེས་པས། སྤྱིར་གསང་བཞི། བར་གསང་བཞི། གསང་བར་འོས་པ། གསང་བ་གཉེར་གཏད་པ་རྣམས་སོ། །ཇི་ལྟར་གསང་ན། སྤྱི་གསང་བཞི་ལས་ལྟ་ཟབ་ནི་ཐེག་དམན་སོགས་བློ་འཕངས་དམའ་བ་རྣམས་དང་། སྤྱོད་པ་ནི་མ་འདྲེས་པ་ཐམས་ཅད་ལ་གསང་། ཡི་དམ་གྱི་ལྷ་སྔགས་དང་གྲུབ་རྟགས་ནི་མ་འདྲེས་པ་ལ་བསྟན་ན་དམ་ཚིག་ཉམས་ཤིང་། འདྲེས་པ་ལ་བསྟན་ན་ཡང་དངོས་གྲུབ་ཉམས་པར་འགྱུར་བས་གསང་བར་བྱའོ། །བར་གསང་བཞི་ནི། སྒྲུབ་པ་ཇི་ཙམ་བྱེད་པའི་བར་དེ་ཉིད་དུ་གསང་ངོ་། །གསང་བར་འོས་པ་ནི། གང་མཐོང་བ་ལས་མ་དད་པར་འགྱུར་བ་ལ་སོགས་པའི་ཆ་ཐམས་ཅད་དོ། །གསང་བ་གཉེར་གཏད་པ་ནི། སློབ་དཔོན་དང་མཆེད་ཀྱིས་གསང་བར་གདམས་པ་རྣམས་སོ། །གཉིས་པ་ལ་མི་སྤང་པ་ལྔ་དང་། མི་འདོར་ལྔའོ། །དང་པོ་ནི། འདི་ཉིད་ལས། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །ཞེས་པ་ལྟར་ལྔ་ཡིན་ལ། དེ་ལ་དབྱེ་ན་བསལ་བཀྲ་ལས། མི་སྤང་དམ་ཚིག་བཤད་བྱ་བ། །ཡང་དག་དུག་ལྔ་ལོག་དུག་ལྔ། །ཞེས་ཡང་ལོག་གཉིས་གཉིས་སོ། །གཉིས་པ་ནི། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་སོ། །གསུམ་པ་ནི། འདི་ཉིད་ལས། རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། །ཡན་ལག་དམ་ཚིག་ལྔ་གཉིས་ལ། །གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། །ཞེས་པས་རྩ་བའི་དམ་ཚིག་ལྔ་པོ་རེ་རེ་ལ་ཐབས་ཤེས་གཉིས་གཉིས་སུ་ཕྱེ་བས་བཅུ་དང་། ཡང་རྩ་བ་ལྔ་པོ་རེ་རེ་ལ་སུམ་ཅུ་རེར་ཕྱེ་བས་ཆིག་བརྒྱ་ལྔ་བཅུ་སྟེ། སྔར་གྱི་བཅུ་དང་བསྡོམས་པས་བརྒྱ་དྲུག་ཅུའོ། །ཡན་ལག་གི་དམ་ཚིག་བཅུ་པོ་རེ་རེ་ལ་ཉི་ཤུ་ཉི་ཤུར་ཕྱེ་བས་ཉིས་བརྒྱ་སྟེ། སྔར་གྱི་བརྒྱ་དྲུག་ཅུ་དང་སྡོམ་པས་སུམ་བརྒྱ་དྲུག་ཅུའོ། །དེ་དག་གི་རྣམ་བཞག་རྒྱས་པར་ཕྲ་རྒྱས་ལས་ཤེས་པར་བྱའོ། །དྲུག་པ་ཕྲིན་ལས་ལའང་གསུམ་སྟེ། ངོ་བོ་ནི། ཐུགས་ཐིག་ལས། ཕྱི་རོལ་ཚད་མེད་ཉིད་ལས་བཞི། །ཞེས་པས། སེམས་ཅན་ཐམས་ཅད་རང་གི་ཕ་མར་ཤེས་པའི་བྱམས་པ། དེ་དག་རིགས་དྲུག་གི་གནས་སྡུག་བསྔལ་གྱི་ཡོ་ལང་ལ་སྤྱོད་པ་སྙིང་རྗེ། སེམས་ཅན་འགའ་ཞིག་ལྷ་མིའི་འདོད་ཡོན་གྱིས་འབྱོར་པ་སོགས་བདེ་བར་གནས་པ་ལ་དགའ་བ། ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཏེ། དེ་ལྟ་བུའི་ཚད་མེད་པ་བཞིའི་རྒྱུ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དང་། འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་གཙོ་བོར་གཞན་དོན་སྒྲུབ་པ་ལ་དམིགས་པའི་ཐབས་མཁས་ཀྱི་མཛད་སྤྱོད་དོ། །ངེས་ཚིག་ནི། ཀརྨ་ཞེས་པའི་སྒྲ་ལས་ལུས་ངག་ཡིད་གསུམ་སྟེ་སྒོ་གསུམ་གྱིས་བསྡུས་པའི་བྱ་བའི་མཚན་ཉིད་ཅན་ནི་ལས་དེ་བྱེད་པ་པོའི་འདོད་པའོ། །དབྱེ་ན། ཕྱི་མ་འགོས་འགྱུར་ལས། ཞི་བ་ལ་སོགས་རབ་དབྱེ་བས། །ལས་ནི་རྣམ་པ་བཞིར་བསྡུས་སོ། །ཞེས་པས་ནད་གདོན་སོགས་མི་མཐུན་ཕྱོགས་ཞི་བ་དང་། ཚེ་དཔལ་སོགས་མཐུན་ཕྱོགས་རྒྱས་པ་དང་། ལོག་ལྟ་ཅན་དབང་དུ་བསྡུ་བ་དང་། གདུག་པ་ཅན་ཚར་གཅོད་པ་དྲག་པོའི་ཕྲིན་ལས་ཏེ་བཞིའོ། །དེ་དག་ཀྱང་གང་གིས་བྱ་བའི་ཐབས་ཀྱི་རིམ་པ་ནི། མེ་དང་། རྫས་དང་། ལུ་གུ་རྒྱུད་དང་། མཆོད་རྟེན་དང་། ཕྱག་རྒྱའི་སྒོ་ནས་བྱ་བ་རྣམས་ཏེ། ཁོག་གཞུང་ལས། བདག་གཞན་དོན་སྒྲུབ་ཕྲིན་ལས་ནི། །མཆོད་རྟེན་ཕྱག་རྒྱའི་སྒོ་དང་ནི། །ཧོམ་བྲོ་གླུ་དང་རྫས་ཀྱིས་བྱ། །ཞེས་སོ། །དེ་ལ་མེའི་སྒོ་ནས་ལས་བྱ་བ་ནི། སྦྱིན་སྲེག་རྩ་བ་ལས། གནས་རྫས་ཐབ་ཀྱི་རྣམ་པ་དང་། །གཟུངས་དང་གཙོ་སེམས་བསྒྲུབ་བྱ་དང་། །ཕུར་བུ་ལྷ་དུས་ལས་རིམ་དང་། །ལྷག་མ་བཅུ་གཅིག་ཤེས་པར་བྱ། །ཞེས་པ་ལྟར་ལས་བཞི་ཀ་ལ་དོན་ཚན་བཅུ་གཅིག་གི་སྒོ་ནས་སྟོན་ཅིང་། འདི་ཉིད་ལས། འབར་བ་གཏུམ་ཆེན་རྔམས་པ་ལ། །ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །ཞེས་སོགས་ཕྲིན་ལས་བཞི་སོ་སོ་ལ་མེའི་སྒོ་ནས་ལས་བྱ་ཚུལ་ཕན་ཡོན་དང་བཅས་བསྟན་ནོ། །གཉིས་པ་རྫས་ཀྱི་སྒོ་ནས་ལས་བྱ་བ་ནི། ལིདྒ་བཅའ་བ། དཀྱིལ་འཁོར་བསྐྱེད་པ། བསྒྲུབ་བྱའི་ལས། མཆོད་སྦྱིན་བྱ་བ་ཡོན་ཏན་དང་བཅས་པ་སྟེ། བདུད་རྩི་ལྔའམ་ཟས་ལྔ་ལ། མཚན་མ་མིང་དུ་བཅས་པར་བྱ། །བཀུག་ནས་རྡོ་རྗེ་ཕུར་བུས་གདབ། །རྡུལ་དུ་བྱས་ནས་ཚོགས་ལ་དབུལ། །ཞེས་སོ། །གསུམ་པ་ལུ་གུ་རྒྱུད་ཀྱི་སྒོ་ནས་ལས་བྱ་བ་ནི། བྲོའི་སྒོ་ནས་ཕྲིན་ལས་བཞི་སྒྲུབ་པ་སྟེ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །བཅིངས་གྱུར་སྤྱོད་ནས་ཕྱོགས་བཅུར་གཡོ། །མྱོས་ནས་གས་ཏེ་ཚིག་པར་འགྱུར། །ཞེས་པ་ལ་སོགས་པས་ཕྲིན་ལས་བཞི་སོ་སོའི་ཕན་ཡོན་དང་བཅས་པ་དང་། ཁྲོ་བོ་སྒྲུབ་པའི་ལས་ཀྱི་གཙོ་བོ་ནི་འདི་ཡིན་ནོ། །ཞེས་སོགས་ཀྱིས་སྤྱིར་བསྟན་ནོ། །བཞི་པ་མཆོད་རྟེན་གྱི་སྒོ་ནས་ལས་བྱ་བ་ནི། བདག་ཉིད་ཞི་བའི་ལས་ལ་རྣམ་སྣང་། རྒྱས་པར་རིན་འབྱུང་། དབང་ལ་རྟ་མགྲིན། དྲག་པོ་ལ་བཛྲ་ཧེ་རུ་ཀར་བསྐྱར་ནས་རིགས་སོ་སོའི་སྔགས་ཀྱིས་མཆོད་རྟེན་དཀར་པོ་ཟླུམ་པོ་སོགས་ལས་མཐུན་དུ་བཏབ་པའི་བུམ་ནང་དུ། རིགས་མཐུན་གྱི་ལྷ་བསྐྱེད། དེའི་འོད་ཀྱིས་བསྒྲུབ་བྱ་གང་ཡིན་བཀུག་ནས་མཆོད་རྟེན་གྱི་འོག་ཏུ་གནས་པ་ལ། འོད་དེས་རེག་པས་ཞི་རྒྱས་དབང་དྲག་གི་ལས་གང་ཡིན་འགྲུབ་པར་བསམ་པ་སྟེ། རྒྱས་པ་ལས། དྲག་པོ་གཏུམ་པོ་འདུལ་བའི་ཕྱིར། །བདག་ཉིད་དྲག་པོར་བསྒོམས་ནས་ནི། །ཆོས་སྐུ་ནག་པོ་འོད་འབར་གྱིས། །བགེགས་ཀྱི་ལིདྒ་མནན་པར་བྱ། །ཞེས་སོགས་སོ། །དེ་ལྟར་ས་ལ་དངོས་སུ་འདེབས་པའམ། ཏིང་ངེ་འཛིན་གྱིས་འབྱུང་བ་གཞན་ལ་འདེབས་པའང་རུང་སྟེ། སྤྱན་འགྲེལ་ལས། མཆོད་རྟེན་འབྱུང་བ་གང་ལ་འདེབས་ཀྱང་། ཞེས་དང་། འཇིམ་པ་ལ་དངོས་སུ་མི་འདོད་པའང་མིན་ཏེ། ཞེས་སོ། །ཡང་ན་རྒྱུད་ཕྱི་མ་ལས་གསུངས་པ་བཞིན་དངོས་སུ་བཞེངས་ནས་ཐབ་ཁུང་དུ་བྱས་ཏེ་ལས་བཞིའི་སྦྱིན་སྲེག་བྱ་བར་ཡང་བཤད་དོ། །ལྔ་པ་ཕྱག་རྒྱའི་སྒོ་ནས་ལས་བྱ་བ་ལ། ཕྱག་རྒྱ་བཅའ་བའི་སྒོ་ནས་དང་། བསྒྱུར་བའི་སྒོ་ནས་ལས་བྱ་བའོ། །དང་པོ་ནི་དཔལ་ཧེ་རུ་ཀའི་ལས་བཞིའི་ཕྱག་རྒྱ་བཅའ་བ་སྟེ། རྒྱས་པ་ལས། ཡན་ལག་སྙིང་པོ་རྩེ་གཅིག་དང་། །རྩེ་ལྔ་རྩེ་དགུ་བཅུ་གཅིག་ཏུ། །ལས་རྣམས་སོ་སོར་རབ་ཏུ་སྒོམ། །ཞེས་སོ། །གཉིས་པ་ནི། རྒྱས་པ་ལས། རྡོ་རྗེ་ལན་གསུམ་གསོར་བ་ཡིས། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དམ་ཅན་རྣལ་འབྱོར་དབང་དུ་འགྱུར། །ཞེས་ཀུན་བཟང་ཡབ་ཡུམ་ཁྲོས་པའི་སྐུར་བསྐྱེད་ལ། གཟུངས་མ་དམ་ཅན་དབང་དུ་བྱ་བ་དང་། དེ་བཞིན་དུ་རིགས་ཀྱི་ཧེ་རུ་ཀ་བཞིར་བསྐྱེད་ནས་སོ་སོའི་ཕྱག་རྒྱ་བསྒྱུར་བས་ལས་བཞི་སྒྲུབ་པའོ། །བདུན་པ་སྒྲུབ་པ་ལའང་གསུམ་སྟེ། ངོ་བོ་ནི། རྒྱུད་ཕྱི་མ་ཁ་ཆེ་འགྱུར་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པའི་སྦྱོར་བས་ཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པའི་སྦྱོར་བས་སོ། །ཞེས་པ་ལྟར་ཐབས་ཁྱད་པར་ཅན་བསྐྱེད་རིམ་གྱིས་བསྒྲུབ་བྱ་ཐུན་མོང་དང་། ཐབས་ཁྱད་པར་ཅན་རྫོགས་རིམ་གྱིས་བསྒྲུབ་བྱ་མཆོག་གི་དངོས་གྲུབ་སྟེ། དེ་ལྟར་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་ལས་གང་འདོད་དོན་དུ་གཉེར་བ་ཞིག་གོ། །ངེས་ཚིག་ནི། སིདྡྷིའི་སྒྲ་ལས་དྲངས་ན་དངོས་གྲུབ་སྟེ་བསྒྲུབ་བྱ་དང་། སཱདྷ་ནའི་སྒྲ་ལས། ཀུན་ཏུ་ལེན་པ་སྟེ། འདོད་པའི་དོན་ལེན་ཅིང་ཐོབ་པར་བྱེད་པའམ་སྒྲུབ་པར་བྱེད་པས་ན་སྒྲུབ་པ་ཞེས་བྱའོ། །དབྱེ་ན། ཐུན་མོང་དང་། མཆོག་གི་སྒྲུབ་པའོ། །དང་པོ་ལ། བཤད་རྒྱུད་རྒྱས་པའི་ལེའུ་སོ་སོས་བསྟན་ཚུལ་གྱིས་སྤྱིར་བསྟན་པ་དང་། དེ་དག་རྩ་གཞུང་གི་བཤད་ཚུལ་དང་སྦྱར་ཏེ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། ཁོག་གཞུང་ལས། རོ་ལའངས་ཚེ་དང་པྲ་སྒྲུབ་དང་། །ལྷ་ཆེན་པོ་དང་རྒྱལ་པོ་བཞི། །གདུག་པ་གླུ་འདུལ་རྒྱལ་བློན་གྱི། །ཆུང་མ་དབང་དུ་བྱ་བ་གཉིས། །ཡུལ་ཁམས་ལྕེ་སྤྱང་རྐང་མགྱོགས་བསྐྲད། །མི་སྣང་གཟུགས་སྒྲུབ་ལྷ་ཀླུ་མོ། །རྒྱལ་བློན་དམག་དཔོན་ཞང་བློན་སྒྲུབ། །ཚེ་འདིའི་ཆེད་ཕྱིར་འཇིག་རྟེན་པའི། །ཞེས་པས། རོ་ལངས་ཏེ་རྡོ་རྗེ་ཞིང་ཆེན་སྒྲུབ་པ་ལེའུ་བདུན་ཅུ་པ། ཚེ་སྒྲུབ་པ་ཞི་ཁྲོ་གཉིས་སོགས་ཆོ་ག་དང་བཅས་པའི་སྒོ་ནས་སྒྲུབ་ཚུལ་དྲུག་ཅུ་རེ་བཞི་པ། པྲ་སེ་ན་དབབ་པ་ལེའུ་དྲུག་ཅུ་རེ་ལྔ་པ། ལྷ་ཆེན་པོ་མ་ཧཱ་དེ་ཝ་སྒྲུབ་པ་དང་རྒྱལ་པོ་ཆེན་པོ་སྡེ་བཞི་སྒྲུབ་པ་དྲུག་ཅུ་རེ་དྲུག་པ། གནོད་བྱེད་གདུག་པའི་ཀླུ་གདོན་འདུལ་བ་བཞི་བཅུ་ཞེ་དྲུག་པ། རྒྱལ་པོ་དང་བློན་པོའི་ཆུང་མ་དབང་དུ་བྱ་བ་གཉིས་བཞི་བཅུ་ཞེ་ལྔ་པ། ཡུལ་ཁམས་དབང་དུ་བྱ་བ་སུམ་ཅུ་སོ་བརྒྱད་པ། ལྕེ་སྤྱང་ཞེས་བྱ་བ་རྡོ་རྗེ་རིགས་ཀྱི་རྐང་མགྱོགས་བྱེ་བྲག་ཏུ་སྟོན་པ་བཞི་བཅུ་ཞེ་གཅིག་པ། རྐང་མགྱོགས་ཀྱི་དངོས་གྲུབ་སྤྱིར་སྒྲུབ་པ་དང་། དགྲ་བགེགས་སོགས་ཡུལ་གཞན་དུ་བསྐྲད་པ་དང་། མི་སྣང་བའི་གཟུགས་སྒྲུབ་པ་དང་། ལྷ་མོ་དང་ཀླུ་མོ་ཕྱག་རྒྱར་འགུག་ཅིང་དབང་དུ་བྱ་བ་རྣམས་སུམ་ཅུ་སོ་བརྒྱད་པ། རྒྱལ་པོ་དང་བློན་པོ་སྒྲུབ་པ། དམག་དཔོན་མཐུ་ཆེན་དང་ཞང་བློན་སྒྲུབ་པ་རྣམས་བཞི་བཅུ་ཞེ་གཅིག་པ་རྣམས་ཀྱིས་བསྟན་ཏེ། ལས་དེ་རྣམས་ཀྱིས་རང་འབྲས་མཆོག་གི་འབྲས་བུ་མངོན་དུ་བྱེད་མི་ནུས་པའི་རྒྱུ་མཚན་གྱིས་ཚེ་འདིའི་ཆེད་ཕྱིར་འཇིག་རྟེན་པ་ཞེས་ཐུན་མོང་གི་སྒྲུབ་པར་བསྟན་ནོ། །གཉིས་པ་ལ། ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག །འབྱུང་ལྔའི་དངོས་གྲུབ་ལྔ། ལས་ཕྲན་ཚེགས་བརྒྱད་དོ། །དང་པོ་ནི། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ལོངས་སྤྱོད་འབྱུང་ཞིང་ངན་སོང་སྦྱོང་། །ཅི་ཡང་གཞན་དུ་འགྱུར་བ་འགྲུབ། །ཞེས་པས། ཟས་དུག་ཅན་ལ་ཡི་གེ་བཀོད་དེ་འཇུ་འདུལ་གྱི་ལས་ཀྱིས་སྨན་མཆོག་བདུད་རྩིར་འགྱུར་བ་ལ་སོགས་པ་ཡི་གེའི་འཕྲོ་འདུས་ནད་ཞི་བ་སོགས་དེ་ཐམས་ཅད་འགྲུབ་པའོ། །གཉིས་པ་ནི། ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་། །འབར་ནས་མེ་ཡང་འཚིག་པ་དང་། །ཆུར་འགྱུར་འབབ་པའང་དེ་བཞིན་ཏེ། །འཇིག་རྟེན་ཁམས་ནི་འཐོར་བ་དང་། །ཐམས་ཅད་སྟོངས་ཤིང་ལྟུང་བར་འགྱུར། །ཞེས་པས་ནམ་མཁའ་ལ་ཧཱུྃ་ཞེས་རྡོ་རྗེའི་སྐས་བསམ་ན་མངོན་སུམ་དུ་འབྱུང་བ་ལ་སོགས་པ་དང་། གཞན་ཡང་འབྱུང་བ་ལ་ཐོགས་པ་མེད་པའི་རྫུ་འཕྲུལ་སྟོན་པར་ནུས་པ་སྟེ། རྒྱས་པའི་སོ་བརྒྱད་པ་ལས། མི་གནས་ནམ་མཁའི་མཐའ་ཀླས་པར། །གོམས་པར་འདོད་པས་འགྲོ་བ་དང་། །ཆུ་ལ་ས་བཞིན་འགྲོ་བ་དང་། །བསྲེག་བྱ་འབར་བའི་དབུས་གནས་དང་། །ཚངས་པའི་རླུང་གིས་བཏེགས་ནས་ཀྱང་། །ཕྱོགས་བཅུ་ཀུན་ཏུ་ཕྱིན་པར་འགྱུར། །ཞེས་སོ། །གསུམ་པ་ནི། དགུག་དང་བཏང་དང་བཅིང་དང་གྲོལ། །གསོ་དང་བསད་དང་ཕམ་དང་རྒྱལ། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་སོ། །གཉིས་པ་མཆོག་གི་སྒྲུབ་པ་ལ། བཤད་རྒྱུད་ལས། བསྟན་ཚུལ་དང་། མཆོག་གི་དངོས་གྲུབ་སྤྱིར་བཤད་པ་གཉིས། དང་པོ་ནི། ཁོག་གཞུང་ལས། ཡི་གེ་སྒྱུ་འཕྲུལ་ཚོགས་སྒྲུབ་དང་། །རྡོ་རྗེ་སེམས་དང་སྨན་སྒྲུབ་དང་། །རིགས་ལྔ་སྒྲུབ་དང་ཡུམ་ལྔ་སེམས། །བྱིན་དབབ་བསྒྲུབ་པ་རྣམས་གཉིས་སོ། །ཞེས་པས། ཡི་གེ་སྒྱུ་འཕྲུལ་ནི་རྩ་བའི་རྒྱུད་ཀྱི་ལེའུ་བཞི་པ་ལ་སོགས་པས་བསྟན། ཚོམ་བུ་ཚོགས་ཀྱི་སྒྲུབ་པ་དེའི་ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པ་ལ་སོགས་པས་བསྟན། རྒྱས་པའི་ལེའུ་ཉེར་གཉིས་པར་རྡོར་སེམས་ཕྱག་རྒྱ་གཅིག་པའི་སྒྲུབ་པ་དང་། དོན་བཞི་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་བསྟན། ལེའུ་བཞི་བཅུ་པར་བདུད་རྩི་སྨན་གྱི་སྒྲུབ་པ་དང་། ལེའུ་སོ་དགུ་པར་དེ་བཞིན་གཤེགས་པ་རིགས་ལྔ། ཞེ་གཉིས་པར་ཡུམ་ལྔ། ཞེ་བཞི་པར་སེམས་དཔའ་སྒྲུབ་ཅིང་བྱིན་དབབ་པ་རྣམས་བསྟན་ཏེ། རང་གི་འདོད་འབྲས་མཐར་ཐུག་གི་དོན་གཙོ་ཆེ་བའི་དབང་དུ་བྱས་ནས་མཆོག་གི་དངོས་གྲུབ་ཅེས་བྱའོ། །གཉིས་པ་ལ། བསྟན་བཤད་གཉིས་ལས། དང་པོ་ནི། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པ། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་སོ། །གཉིས་པ་ནི། དུས་གསུམ་རྒྱལ་བས་ཐུགས་ཆུད་པའོ། །དངོས་གྲུབ་མཆོག་གི་སྙིང་པོ་ནི། །ཟད་པའི་དུས་མེད་ཡིད་བཞིན་མཛོད། །འཕེལ་འགྲིབ་མེད་པར་འབྱུང་བ་སྟེ། །དངོས་པོ་མེད་ལས་དངོས་པོའི་སྤྲིན། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །ཞེས་སོ། །ཇི་ལྟར་སྒྲུབ་པའི་ཚུལ་ལ་ནི། ཞི་ཁྲོའི་ཆོ་ག་གཞུང་ལ་སོགས་པས་མཚོན་བྱེ་བྲག་སོ་སོའི་སྒྲུབ་ཐབས་གུད་དུ་ཕྱུང་བ་རྣམས་དང་། གཙོ་བོར་སྟོན་པ་ནི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་སྟེ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིའི་གཞུང་བསྲང་བ། འབྲས་བུ་རིག་འཛིན་སྒྲུབ་པའི་དུས་བཤད་པ་དང་གསུམ་གྱིས་བསྟན་ནོ། །བརྒྱད་པ་ཏིང་ངེ་འཛིན་ལའང་གསུམ་སྟེ། ངོ་བོ་ནི། ཧེ་རུ་ཀ་འདུས་པ་ལས། གང་དང་གང་དུ་གསལ་བའི་ཡིད། །མ་ཡེངས་པ་ཉིད་ཏིང་འཛིན་ཏེ། །ཞེས་པས། བསྒོམ་བྱའི་དོན་ཁྱད་པར་ཅན་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ལས་མི་གཡོ་བར་གནས་པའི་སེམས་རྩེ་གཅིག་པའོ། །ངེས་ཚིག་ནི། ས་མ་དྷཱིའི་སྒྲ་ལས་དྲངས་ན་མཉམ་པའི་བློ་སྟེ། ས་མ་ནི་མཉམ་པ། དྷཱིནི་བློ་ལ་འཇུག་པས། གང་བསྒོམ་བྱའི་དོན་ལ་སེམས་རྩེ་གཅིག་ཏུ་ཟིན་པའི་དོན་གྱིས་ན་ཏིང་ངེ་འཛིན་ནོ། །དབྱེ་ན། ཕྱི་མ་ཁ་ཆེ་འགྱུར་ལས། ལྷ་ཡི་རྣམ་པའི་སྦྱོར་བ་ཡི། །ཟླ་བ་རྡོ་རྗེ་ལ་སོགས་རིམ། །བསྐྱེད་པའི་རིམ་པ་ཞེས་སུ་བཤད། །རང་བཞིན་གྲུབ་པའི་རྣལ་འབྱོར་ནི། །རྫོགས་པའི་རིམ་པ་ཞེས་སྦྱར་བརྗོད། །ཅེས་པས་ཀུན་བཏགས་བསྐྱེད་རིམ་གྱི་རྣལ་འབྱོར་དང་། ཡོངས་གྲུབ་རྫོགས་རིམ་གྱི་རྣལ་འབྱོར་གཉིས་ལས། དང་པོ་ལའང་། དེ་ལས། བསྐྱེད་རིམ་ལ་བརྟེན་སྐྱེ་གནས་ཏེ། །མངལ་སྐྱེས་ལ་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་པ་བཞི་རུ་འདོད། །ཅེས་པས་སྐྱེ་གནས་བཞིའི་བག་ཆགས་སྦྱོང་བ་དང་བསྟུན་ཏེ་སྒོམ་ཚུལ་བཞི་སྟེ། ཇི་སྐད་དུ། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་བཅས་སྤྲོས་དང་སྤྲོས་མེད་པ། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་པས་རྒྱས་པ་སྒོང་སྐྱེས། འབྲིང་པོ་མངལ་སྐྱེས། བསྡུས་པ་དྲོད་གཤེར་སྐྱེས། ཤིན་ཏུ་བསྡུས་པ་བརྫུས་སྐྱེས་ཏེ། དེ་ལྟར་སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཕྱིར། །སྤྲོས་པ་རྒྱས་པ་དཀྱིལ་འཁོར་གྱི་འཁོར་ལོ་བདག་སྲས་གཞན་སྲས་གཉིས་ཀྱི་སྒོ་ནས་སྒོམ་པ་དང་། གཞན་ཡང་མངོན་བྱང་ལྔ་བསྐྱེད་དང་། །རྡོ་རྗེའི་ཆོ་ག་བཞི་བསྐྱེད་ལ་སོགས་པ་དང་། འབྲིང་པོ་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་ཏེ་ཆོ་ག་གསུམ་གྱི་སྒོ་ནས་བསྐྱེད་པ་དང་། བསྡུས་པ་ཨ་ནུ་ཡོ་ག་བའི་སྒོམ་ཚུལ་ལྟར་ས་བོན་ཙམ་ལས་བསྐྱེད་པའམ། བསྐྱེད་སྔགས་བརྗོད་པའི་རྐྱེན་ཙམ་གྱིས་བསྐྱེད་པ་དང་། ཤིན་ཏུ་བསྡུས་པ་ཨ་ཏི་ཡོ་ག་བའི་སྒོམ་ཚུལ་ལྟར་ཆུ་ལས་ཉ་ལྡང་གི་ཚུལ་དུ་སྐད་ཅིག་དྲན་རྫོགས་ཀྱིས་ལྷའི་སྐུར་བསྐྱེད་པ་སྟེ་སྒོམ་ཚུལ་བཞིའམ། ཡང་ན་ལམ་རིམ་ལྟར་སྲིད་པ་མངལ་སྐྱེས་བརྫུས་སྐྱེས་གཉིས་དང་བསྟུན་ཏེ་སྒོམ་ཚུལ་གཉིས་སུ་བསྡུས་ནས་གསུངས་ཏེ། ཅིའི་ཕྱིར་ན། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་འདིའི་བྱ་བའི་གདུལ་བྱའི་གཙོ་བོ་ནི་ཁམས་དྲུག་ལྡན་གྱི་མི་ལུས་ཡིན་ཏེ། སྔོན་སྦྱངས་པ་ཅན་མིན་པའི་གང་ཟག་ཅིག་ལམ་འདིར་དང་པོར་ཞུགས་ནས་ཚེ་གཅིག་ལུས་གཅིག་གིས་ཟུང་འཇུག་སྒྲུབ་པའི་རྟེན་གྱི་མཆོག་ཏུ་ངེས་པ འི་ཕྱིར། དེ་ལྟ་བས་ན་མིའི་རྟེན་ཅན་ཕལ་ཆེར་མངལ་སྐྱེས་བརྫུས་སྐྱེས་གཉིས་སུ་འགྱུར་བས་སམ། ཡང་ན་ཆེད་དུ་བྱ་བའི་གདུལ་བྱ་དེ་ལ་རིམ་གྱིས་པ་དང་གཅིག་ཅར་བ་གཉིས་ཡོད་པས་དེ་ལྟར་བསྡུས་སོ། །རྫོགས་རིམ་ལ། སྟེང་སྒོ་འཇུ་འདུལ་དང་། འོག་སྒོ་ཁམས་གསུམ་རོལ་པ་སྟེ་ཐབས་ལམ་སྟེང་འོག་གི་སྒོ་ལ་བརྟེན་པ་དང་། གྲོལ་ལམ་ཟུང་འཇུག་གི་རྣལ་འབྱོར་རིམ་གཅིག་ཅར་གཉིས་ཀྱིས་བསྡུས་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནོ། །འོ་ན་ཐབས་ལམ་སྟེང་སྒོ་ལ། རྩ་འཁོར་གསལ་འདེབས་པ་སོགས་དང་། དེས་མཚོན་འོག་སྒོ་ལ། ཡབ་ཡུམ་ལྷར་བསྐྱེད་པ་ལ་སོགས་པ་ཀུན་བརྟགས་ཀྱི་ཆ་འདྲེས་པས་རྫོགས་རིམ་དུ་ཅིའི་ཕྱིར་འགྱུར་སྙམ་ན། བསྐྱེད་རྫོགས་གཉིས་ལམ་ཕན་ཚུན་ལྟོས་པ་ཅན་ཡིན་པའི་ཕྱིར་ཐོག་མར་ཀུན་བརྟགས་བསྐྱེད་རིམ་གྱིས་རང་ལམ་གྱི་ཉམས་མྱོང་གཏན་ལ་འབེབས་པ་ལ་བཀྲི་བ་ཙམ་ལས་རང་གི་ངོ་བོ་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་ངོ་སྤྲོད་པར་བྱེད་པའི་ཐབས་རྣམ་པར་མི་རྟོག་པས་བསྡུས་པ་ཡོངས་གྲུབ་རྫོགས་རིམ་དུ་འགྱུར་བ་ཡིན་པས་སྐྱོན་མེད་དོ། །དགུ་པ་མཆོད་པ་ལའང་གསུམ་སྟེ། ངོ་བོ་ནི། ཐུགས་ཐིག་ལས། བྱ་བྱེད་བྱ་བ་བྱེད་འདུས་པས། །དགྱེས་ཚིམ་གྱུར་པའི་དངོས་པོ་ཉིད། །ཅེས་པས་མཆོད་པའི་ཡུལ་དུ་གྱུར་པ་རྣམས་བཀུར་ཞིང་མཆོད་པའི་བསམ་པས་སྒོ་གསུམ་གྱིས་མཉེས་པ་སྒྲུབ་པ་དང་། ད་ལྟ་ཡོངས་གྲགས་ལྟར་སྤྱི་མིང་བྱེ་བྲག་ལ་བཏགས་ཏེ་ཡོ་བྱད་སྟོབས་པའི་སྒོ་ནས་ཀྱང་མཉེས་པར་བྱེད་པའོ། །ངེས་ཚིག་ནི། པཱུ་ཛའི་སྒྲ་ལས་དྲངས་ན། པཱུརྦ་ནི་སྔོན་དང་། ཛ་ཏ་བསྐྱེད་པ་ལ་འཇུག་པས་དེའི་སྒྲ་བསྡུས་ཏེ་བྱ་བ་གང་སྒྲུབ་པ་རྣམས་ཀྱི་སྔོན་དུ་འགྲོ་བའི་རྒྱུ་མཚན་གྱིས་སྔོན་དུ་བསྐྱེད་པ་དང་། ཡང་། པུ་ནཪྤུ་ནར་ནི་ཡང་དང་ཡང་། ཛ་ཏ་བསྐྱེད་པ་སྟེ་དེའི་སྒྲ་བསྡུས་པས་པཱུ་ཛ་ཞེས་ཡང་དང་ཡང་དུ་དགྱེས་པ་བསྐྱེད་པ་དང་། པཱུ་ཛའི་སྒྲ་གཟུགས་པོའི་དབང་དུ་བྱས་ནས་བཀུར་བའི་དོན་གྱི་གནས་སུ་སྟོབ་པའི་ཕྱིར་མཆོད་པའོ། །དབྱེ་ན། སྤྱི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་མཆོད་པ་གཉིས། དེ་གཉིས་ཀ་ལ་མཚུངས་པར། དམིགས་ཡུལ་ཞིང་གི་ཁྱད་པར། འབྲས་བུ་ལ་དམིགས་པའི་ཁྱད་པར། ཡོངས་སུ་བསྔོ་བའི་ཁྱད་པར། མཆོད་རྫས་དངོས་པོའི་ཁྱད་པར་དང་བཞི། དང་པོ་ནི། བླ་མ་དང་དཀོན་མཆོག་གསུམ་ལ་སོགས་པ་འཇིག་རྟེན་ལས་འདས་པ། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་པའི་མཆོད་ཡུལ་ལོ། །གཉིས་པ་ནི། གང་བསྒྲུབས་པའི་མཆོད་པ་དེ་ཉིད་མཐར་ཐུག་མྱང་འདས་ཀྱི་རྒྱུར་འགྱུར་བ་ཐར་བ་ཆ་མཐུན་གྱི་ཆ་ཐམས་ཅད་འཇིག་རྟེན་ལས་འདས་པ་དང་། ཚེ་འདི་དང་ཕྱི་མར་ལྷ་མིའི་བདེ་འབྲས་ཐོབ་པའི་རྒྱུར་འགྱུར་བ་བསོད་ནམས་ཆ་མཐུན་གྱི་ཆ་ཐམས་ཅད་འཇིག་རྟེན་པའོ། །གསུམ་པ་ནི། མཆོད་པ་དེ་ཉིད་མྱང་འདས་ཐོབ་པའི་ཆེད་དུ་བསྔོ་བ་འཇིག་རྟེན་ལས་འདས་པ་དང་། ཚེ་འདི་དང་ཕྱི་མའི་བདེ་འབྲས་ཙམ་གྱི་ཆེད་དུ་བསྔོ་བ་ལྟ་བུ་འཇིག་རྟེན་པའོ། །བཞི་པ་ནི། ཐོས་བསམ་སྒོམ་གསུམ་ལ་སོགས་པ་འཇིག་རྟེན་ལས་འདས་པ་དང་། ཟས་ནོར་སྟེར་བ་ལ་སོགས་པ་འཇིག་རྟེན་པའོ། །ད་ནི་དེ་དག་ལ་དཔྱད་དེ། དེ་ཡང་སྤྱི་ཙམ་དུ། ཡུལ། དམིགས་པ། བསྔོ་བ། རྫས་ཏེ་བཞི་ཀ་ལ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་གཉིས་གཉིས་སུ་འགྱུར་ཚུལ་སྔར་བཤད་པ་ལྟར་ཡིན་མོད། འོན་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། དཔེར་ན། ཡུལ་བླ་མ་དང་སངས་རྒྱས་ལྟ་བུ་ཞིག་ལ་དངོས་པོ་ཁྱད་པར་ཅན་ཐོས་བསམ་སྒོམ་གསུམ་གྱིས་མཉེས་པ་སྒྲུབ་པ་ལྟ་བུ་ཞིག་ཡིན་ཀྱང་། འདི་ཉིད་ཚེ་འདིའི་བདེ་འབྱོར་སྙན་གྲགས་དང་། ཕྱི་མར་ལྷ་མིའི་གོ་འཕང་ངམ། ངན་སོང་གི་སྡུག་བསྔལ་ལས་ཐར་པའི་ཆེད་དུ་བསྔོས་ཤིང་། དེ་ལ་བརྟེན་ནས་བསོད་ནམས་ཆ་མཐུན་གྱི་དགེ་བར་འགྱུར་ཏེ། དེ་ལྟ་བུ་ནི་འཇིག་རྟེན་པའི་མཆོད་པའོ། །ཡང་། ཡུལ་དམན་པ་སྲང་མདོར་རྒྱུ་བའི་ཁྱི་ལྟ་བུ་ཞིག་ལ་དངོས་པོ་དམན་པ་ཟན་ཁམ་གཅིག་ཙམ་བྱིན་ནས། སྦྱིན་པ་དེ་ཉིད་འཁོར་གསུམ་མི་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་ཆེད་དུ་བསྔོས་ཤིང་དེ་ལ་བརྟེན་ནས་ཐར་པ་ཆ་མཐུན་གྱི་དགེ་བར་འགྱུར་ཏེ། དེ་ལྟ་བུ་ནི་འཇིག་རྟེན་ལས་འདས་པའི་མཆོད་པའོ། །དོན་དུ་ན་ཞིང་དང་དངོས་པོ་བཟང་ངན་གཙོ་མི་ཆེ་ཞིང་དམིགས་ཡུལ་དང་བསྔོ་བའི་ཁྱད་པར་གཙོ་ཆེ་བ་ཡིན་ནོ། །བྱེ་བྲག་ཏུ་ཕྱི་ཉེར་སྤྱོད། ནང་དམ་རྫས་བདུད་རྩི། གསང་བ་སྦྱོར་སྒྲོལ་ཟབ་མོ་སྟེ། དེ་ལ་ཉེར་སྤྱོད་ནི། མེ་ཏོག་དང་བདུག་སྤོས་ལ་སོགས་པ་སྟེ། དེ་དག་ལ་ཕྱི་ཞེས་ཟེར་བ་ནི་མདོ་སྔགས་གཉིས་ཀར་ཡོངས་སུ་གྲགས་པར་མ་ཟད། འཇིག་རྟེན་དུ་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངན་མ་གཏོགས་རྒྱལ་པོ་ནས་སྤྲང་པོའི་བར་ཐམས་ཅད་ཀྱི་ལོངས་སྤྱོད་དུ་དགོས་པས་དེ་ལྟར་སྨོས་ལ། དམ་རྫས་བདུད་རྩིའི་མཆོད་པ་ནི། སྤྱི་མིང་གཙོ་ཆེ་བའི་ངོས་ནས་བཞག་པ་སྟེ། བདུད་རྩི། རཀྟའི་མཆོད་པ་ལ་སོགས་པའོ། །ནང་ཞེས་བྱ་བའི་རྒྱུ་མཚན། མདོར་མ་གྲགས་པར་མ་ཟད། ཀྲི་ཡོག་སོགས་ཀྱི་ཕྱི་རྒྱུད་དུ་ཡང་མ་གྲགས་པས་ནང་པ་ཁོ་ནའི་ཁྱད་ཆོས་ཡིན་པའི་ཕྱིར་དང་། གསང་བ་སྦྱོར་སྒྲོལ་ཟབ་མོ་ནི། ཏ་ན་དང་ག་ཎའི་སྤྱོད་པ་རྨད་དུ་བྱུང་བ་སྟེ། འདི་དག་ལ་གསང་བ་ཞེས་ཐ་སྙད་འདོགས་པ་ནི་ཀྲི་ཡོག་སོགས་སུ་མ་གྲགས་པར་མ་ཟད་དེ་དག་ལ་ཤིན་ཏུ་གསང་བའི་སྒོ་ནས་སྤྱོད་དགོས་པས་སོ། །སྐབས་དོན་ཉེ་བར་འབྲེལ་བ་ཞི་ཁྲོའི་ཆོ་ག་གཞུང་གི་དབང་དུ་བྱས་ན། ཞི་བ་ལ་ལྷག་ཏིང་དང་། ཁྲོ་བོ་ལ་དེ་ཚབ་རཀྟ་ཚར་གསུམ་གྱིས་བྱས་པའི་མཉེས་པ་ཕྱག་གི་མཆོད་པ་ལ་སོགས་པ་བཅུ་བཞི་སྟེ། གུས་པ་ཕྱག་དང་ཕྱག་རྒྱ་གར། །ཀུན་བཟང་ཞབས་སིལ་བཞིར་བསྣོལ་ཏེ། །བདུད་རྩི་གཏོར་མ་གསང་བསྣན་དང་། །ལྷག་པ་ཏིང་འཛིན་སྒྲོལ་དང་སྦྱོར། །འདོད་ཡོན་རོལ་མོ་གླུ་ཡེ་ཤེས། །ཞེས་སོ། །དེ་ལ་སོགས་པ་མཆོད་པའི་རྣམ་གྲངས་ཇི་སྙེད་པ་རྣམས་སོ། །བཅུ་པ་སྔགས་དང་ཕྱག་རྒྱ་ལའང་གསུམ་སྟེ། ངོ་བོ་ནི། ཐུགས་ཐིག་ལས། ཡི་གེ་འདུས་པ་གྲུབ་པ་བཞི། །མཐུ་ཅན་རེད་པ་གང་ཡིན་པ། །བཞི་རྫོགས་ཉིད་ལས་མི་འདའ་བ། །གང་ལ་སྣང་བ་དེ་ངོ་བོ། །ཞེས་པས། ཐབས་ཤེས་ཀྱི་ཡི་གེ་ཨ་ལི་ཀ་ལིར་འདུས་ཤིང་གྲུབ་པ་བཞིས་བྱིན་གྱིས་རླབས་པས་ནུས་པ་མཐུ་ཅན་དུ་གྱུར་པ་ནི་སྔགས་ཀྱི་ངོ་བོ་དང་། རིག་པ་ཕྱག་རྒྱ་བཞི་རྫོགས་ཀྱི་ལྷའི་སྐུར་གསལ་བ་ལས་མི་འདའ་བ་ནི་ཕྱག་རྒྱའི་ངོ་བོའོ། །ངེས་ཚིག་ནི། མནྟྲའི་སྒྲ་ལས་དྲངས་ན་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པའི་དོན་གྱིས་སྔགས་ཏེ། དེ་ལ་བདེ་བའི་སྒོ་ནས་སྐྱོབ་པ་ནི། འདོད་ཡོན་ལམ་བྱེད་ཀྱིས་འབྲས་བུ་ངོན་དུ་བྱེད་པའི་རྒྱུ་མཚན་གྱི་དེ་ལྟར་བཞག་ལ། མྱུར་བ་ནི། གྲངས་མེད་གསུམ་ལ་སོགས་པར་ཚོགས་བསག་མི་དགོས་པར་ཚེ་གཅིག་སོགས་ཀྱིས་འབྲས་བུ་འགྲུབ་ནུས་པས་སོ། །མུ་དྲའི་སྒྲ་ལས་དྲངས་ན་འདེབས་ཤིང་མཚོན་པར་བྱེད་པའམ། ཕྱག་རྒྱ་བཞིས་རྒྱས་བཏབ་པ་ལས་འདའ་བར་དཀའ་བའི་ཕྱིར་མཚན་མའི་དོན་གྱིས་ན་ཕྱག་རྒྱའོ། །དབྱེ་ན། སྔགས་ལ་སྤྱིར། གསང་སྔགས། རིགས་སྔགས། གཟུངས་སྔགས་གསུམ་ལས། དང་པོ་ནི། ཐབས་དང་ཤེས་རབ་ཀྱི་བདག་ཉིད། དེའི་སྒོ་ཡིག་འབྲུར་སྣང་བས་གསང་སྟེ་ངག་ཏུ་རྗོད་པར་བྱེད་པ་དང་བཅས་ཤིང་ཤེས་སྐྱོབ་ཀྱི་ལས་ཀྱིས་ལོག་རྟོག་གི་གཉེན་པོར་གྱུར་པའོ། །གཉིས་པ་ནི། ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་དངོས་པོའི་དོན་རིག་པར་བྱེད་པའི་ལས་ཀྱི་མ་རྟོགས་པའི་གཉེན་པོར་གྱུར་པའོ། །གསུམ་པ་ནི། དྲན་པ་དང་ཤེས་རབ་ཀྱི་བདག་ཉིད་ཆོས་ཀྱི་ཚིག་དོན་མི་བརྗེད་པར་འཛིན་པའི་ལས་ཀྱིས་དྲན་ཉམས་ཀྱི་གཉེན་པོར་གྱུར་པའོ། །དེ་གསུམ་མཚོན་པའི་རྟགས་ལྷར་སྣང་ཚུལ་ཡང་། གསང་སྔགས་རྣམས་ལྷ་ཕོའི་དབྱིབས་དང་། ཕྱི་མ་གཉིས་ལྷ་མོའི་གཟུགས་སུ་བཞུགས་ཞེས་འབྱུང་ངོ་། །བྱེ་བྲག་ཏུ། གསལ་བཀྲ་ལས། རྩ་བ་བསྐྱེད་དང་ལས་སྔགས་དང་། །ཞེས་པས་རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་ལས་ཀྱི་སྔགས་དང་གསུམ། དང་པོ་ནི། གཞལ་གཡས་ཁང་བསྐྱེད་པའི་ས་བོན་བྷྲཱུཾ་ཡིག་དང་། ལྷ་བསྐྱེད་པ་ལ། ཞི་བར། ཨ། ཀ་ཁ་ག་གྷ་ང་ལ་སོགས་པ་ཡི་གེ་འཁོར་ལོའི་ས་བོན་དང་། ཧཱུཾ་མཱུཾ་ལ་སོགས་པ་རིགས་ཀྱི་ས་བོན་གཉིས། ཁྲོ་བོ་ལ། ཧཱུཾ་ཧ་ཧེ་ཕཊ་བྷྱོ། ཞེས་པའོ། །གཉིས་པ་ནི། ས་བོན་བོར་བའི་བསྐྱེད་སྔགས་རྐྱང་པ་སྟེ། བཛྲ་དྷྲིཀ྄་སོགས་དང་། བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཞེས་སོགས་ལྟ་བུའོ། །གསུམ་པ་ནི། རྩ་སྔགས་བསྐྱེད་སྔགས་བསྒྲིལ་ནས་ཛཔ྄་ཏུ་བཟླ་བའོ། །དེ་དག་རྫོགས་རིམ་དང་སྦྱར་ཏེ་བཤད་ན། ཐིག་ལེ་ཆེན་པོ་བདེ་ཆེན་གྱི་རང་བཞིན་གདོད་མ་ནས་རང་ཆས་སུ་བཞུགས་པ་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས། དེ་ལྟར་བཞུགས་པ་ལ་གནད་དུ་བསྣུན་པའི་ཐབས་ཀྱི་བྱེད་རྩོལ་གྱི་གནད་ཁྱད་པར་ཅན་ནི་བསྐྱེད་པ་རྐྱེན་གྱི་སྔགས། དེ་ལ་བཟླ་ཞིང་སྒོམ་པ་བཟླས་པ་ལས་ཀྱི་སྔགས་སོ། །ཕྱག་རྒྱ་ལའང་སྤྱིར་རྟོག་ཚོགས་ཐམས་ཅད་ཡེ་གདོད་མ་ནས་ལྷའི་དཀྱིལ་འཁོར་དུ་གནས་པ་རང་བཞིན་གྱི་ཕྱག་རྒྱ་དང་། དེ་ལ་ངེས་ཤེས་ཁྱད་པར་ཅན་སྐྱེས་པའི་སྒོ་ནས་དེ་མངོན་དུ་རྟོགས་པ་ལྟ་བའི་ཕྱག་རྒྱ་དང་། རང་འབྲས་ཇི་བཞིན་མངོན་དུ་གྱུར་པས་འོག་མིན་ན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོར་བཞུགས་པ་འབྲས་བུའི་ཕྱག་རྒྱ་སྟེ་གསུམ་མོ། །བྱེ་བྲག་ཏུ་ལྷག་པ་ཏིང་ངེ་འཛིན་གྱི་དབང་དུ་བྱས་ན། གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་པས་ཕྱག་རྒྱ་བཞི་ལྡན་ནམ། ནང་གསེས་སུ་དབྱེ་ན་ཕྱག་རྒྱ་བདུན་ལྡན་དུ་འགྱུར་བ་ཡིན་ནོ། །དེ་ལ་ཞི་ཁྲོ་གཉིས། དང་པོ་ལ་ཕྱག་རྒྱའི་རྒྱུ་དང་། དེ་ལས་བྱུང་བ་རིགས་ལྔ་སྤྱིའི་དམ་རྒྱ། དེ་ལས་འཕྲོས་པ་ལྷ་སོ་སོའི་ཕྱག་རྒྱའོ། །དང་པོ་ནི། འགྲེལ་ཆུང་ལས། དབུ་ནི་བདེ་གཤེགས་རིགས་ཉིད་དེ། །ལག་གཡས་རྡོ་རྗེ་མི་བསྐྱོད་པ། །ལག་གཡོན་རིན་ཆེན་སེམས་དཔའི་རིགས། །རྐང་གཡོན་ཆོས་ཀྱི་སེམས་དཔའ་སྟེ། །རྐང་གཡས་ལས་ཀྱི་སེམས་དཔའ་འོ། །ཞེས་ལུས་ཀྱི་ཡན་ལག་ལྔ་དང་། ཉིང་ལག་གི་གུང་མོ་རྡོ་རྗེའི་རིགས་ཡིན་པ་སོགས་ངེས་པར་བྱས་ཏེ། མི་བསྐྱོད་པའི་རིགས་ལག་གཡས་ཀྱི་སོར་མོར་ཉི་དཀྱིལ་ལ་ཧཱུཾ་ཨཱོཾ་སྭཱ་ཨཱཾ་ཧཱ་རྣམས་དང་། རིན་ཆེན་རིགས་གཡོན་གྱི་སོར་མོར་ཟླ་དཀྱིལ་ལ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་བཀོད་དེ་ཐལ་མོ་སྦྱོར་བའོ། །འདི་ལ་ཕྱག་རྒྱའི་རྒྱུ་རྡོ་རྗེ་ཐལ་མོ་ཞེས་བྱའོ། །གཉིས་པ་ནི། ༀ་དང་མཱུཾ་གཉིས་རྩེ་སྦྱར་ཏེ། །ཞེས་སོགས་ཀྱི་བསྟན་ཏེ། དེ་ཡང་ཐབས་ཞགས་ལས། སོར་མོ་ནང་དུ་བསྣོལ་ནས་བཀན། །གུང་མཛུབ་མཐེ་བོང་མཐེའུ་ཆུང་རྣམས། །སོ་སོར་རྩེ་སྤྲད་ཕྱིར་བསྐྱེད་དེ། །སྲིན་ལག་གཤིབས་སྦྲེང་དམ་ཚིག་རྒྱ། །ཞེས་དང་། རྔམ་གློག་ལས་ཀྱང་། ཨཱོཾ་དང་མཱུཾ་གཉིས་རྩེ་སྤྲད་ལ། །དེ་བཞིན་ཧཱུཾ་དང་ལཱཾ་དུ་སྦྱར། །ཧཱ་དང་པཱཾ་ཡང་དེ་བཞིན་ཏེ། །ཨཱཾ་དང་ཏཱཾ་དུ་སྦྱར་བ་ལས། །རྒྱབ་སྦྱར་སྭཱ་དང་མཱཾ་སྦྲེང་བ། །འདི་ནི་ཡབ་ཀྱི་སྤྱི་རྒྱ་ཡིན། །ལག་པ་ཐལ་མོ་སྦྱར་བ་ལས། །ཨཱོཾ་དང་མཱུཾ་སྦྱར་ཧཱུཾ་དང་ནི། །ལཱཾ་སྦྱར་སྭཱ་དང་པཱཾ་དུ་སྦྱར། །ཨཱཾ་དང་མཾ་སྦྱར་ཧཱ་ཏཱཾ་སྒྲེང་། །ཡུམ་གྱི་སྤྱི་རྒྱ་ཡིན་པར་བཤད། །ཅེས་སོ། །གསུམ་པ་ལ་ལྔ་ལས། དང་པོ་རིགས་ལྔའི་ཕྱག་རྒྱ་ནི། གཙོ་བོ་མི་བསྐྱོད་པ་ལ་སྦྱར་ན། བདག་ཉིད་མི་བསྐྱོད་པར་སྒོམ་པ་ཕྱག་ཆེན། དེའི་ངང་ལས་ལག་གཡས་ཀྱི་ཡིག་འབྲུ་གཞན་བཞི་སྦས་ནས་གུང་མོ་ཐུགས་ཀར་བཀན་ཐབས་སུ་སྒྲེང་བ་བཅའ་བ་དམ་རྒྱ། དེའི་རྩེ་མོ་ཧཱུཾ་སྒོམ་པ་བསམ་པ་ཆོས་རྒྱ། དེ་ཞུ་བ་ལས་རྡོ་རྗེར་གྱུར་པ་བསམ་པ་དམ་རྒྱ། ལག་གཡོན་པའི་ཟླ་བ་ལྔ་ནང་དུ་བརྟུལ་བའི་ཁུ་ཚུར་གྱིས་དྲིལ་བུ་གསིལ་ཞིང་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་ལ་བརྟེན་པ་བཅའ་བ་ལས་རྒྱ། དེ་ལྟར་བསྒོམ་པ་བསམ་པ་ལས་བྱ། དེ་ནས་ཕྱག་རྒྱ་གཡས་སུ་བཅས་པ་མདུན་དུ་བསྒྱུར་ནས་གཡོན་དུ་ཡུམ་གྱི་ཐུགས་ཀར་སེ་གོལ་དང་བཅས་ཧཱུཾ་བཛྲ་དྷྲིཀ྄་ཅེས་བརྗོད་ཅིང་དགྲོལ་བ་བརྗོད་པ་ཆོས་རྒྱ་སྟེ་ཤེས་རབ་ལ་ཐབས་ཀྱིས་རྒྱས་འདེབས་པའོ། །དེས་མཚོན་ཡུམ་གྱི་ཕྱག་རྒྱ་དང་། རིགས་གཞན་རྣམས་ལ་དེ་དག་གིས་རིགས་འགྲེའོ། །གཉིས་པ་སེམས་དཔའ་ཡབ་ཡུམ་གྱི་ཕྱག་རྒྱ་ནི། མཐེ་བོང་སྤངས་པའི་སོར་མོ་རྣམས་ལ་རང་རང་གི་ས་བོན་སྔར་ལྟར་སྒོམ་པའི་ངེས་པས་ཕྱག་རྒྱ་བདུན་ལྡན་རིགས་ལྔའི་སྐབས་བཞིན་ནོ། །གསུམ་པ་སྒོ་བ་ཡབ་ཡུམ་གྱི་ཕྱག་རྒྱ་ནི། སྔ་མས་མཚོན་ནོ། །བཞི་པ་ཐུབ་དྲུག་གི་ཕྱག་རྒྱ་ནི། གདུལ་བྱ་མ་ངེས་པ་འདུལ་བའི་ཕྱིར་སྣ་ཚོགས་ཏེ། དེ་ཡང་བསྡུ་ན་དྲུག་ཏུ་འདུའོ། །ལྔ་པ་ཀུན་བཟང་ཡབ་ཡུམ་གྱི་ཕྱག་རྒྱ་ནི། ཡབ་ཀུན་བཟང་ཕྱག་གཡས་སྟེང་དུ་བྱས་པའི་མཉམ་བཞག་ལས་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བ་དང་། ཡུམ་ཀུན་ཏུ་བཟང་མོ་ཕྱག་གཡོན་སྟེང་དུ་བྱས་པའི་མཉམ་བཞག་གམ། ཡང་ན་ཡབ་ཀུན་བཟང་བཞིན་ནམ་རྡོ་རྗེ་ཐལ་མོ་ཐུགས་ཀར་སྦྱར་བའོ། །གཉིས་པ་ཁྲོ་བོའི་ཕྱག་རྒྱ་ནི། རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །དབུས་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི། །ཞེས་སོགས་རྒྱུད་གཞན་ལས་ཇི་སྐད་གསུངས་པ་ལྟར་རིགས་ལྔ། གནས་ཡུལ། སྒོ་སྐྱོང་། དབང་ཕྱུག་མ་དང་བཅས་པའི་ཕྱག་རྒྱ་བྱ་བ་སྟེ། རྒྱས་པ་ལས། དབུས་ཀྱི་ཧེ་རུ་ཀའི་ཕྱག་རྒྱ་ནི། ཞེས་སོགས་དང་། གནས་དང་ཡུལ་གྱི་ཕྱག་རྒྱ་ནི། །རྒྱུད་གཞན་དག་དང་མཐུན་པར་བཤད། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །འཇིག་རྟེན་འདས་མདོ་ཆེ་ལས་བཤད། །ཅེས་སོ། །དེ་དག་ཀྱང་ཕྱག་རྒྱ་བཞི་ལྡན་ཏེ། ལྷ་སྐུར་གསལ་བ་ཕྱག་ཆེན། ཐུགས་ཀར་རང་རང་གི་ས་བོན་གསལ་ཞིང་ངག་ནས་ཚིག་བརྗོད་པ་ཆོས་རྒྱ། ཕྱག་མཚན་འཛིན་པའི་ཕྱག་རྒྱ་བཅའ་ཞིང་བསམ་པ་དམ་རྒྱ། ཕྱག་རྒྱ་བཅའ་ནས་མདུན་དུ་བསྒྱུར་ཏེ་འགྲོལ་བ་ལས་རྒྱའོ། །དེ་ལྟར་ཡང་ཧེ་རུ་ཀ་གལ་པོ་ལས། སྐུ་ནི་ཕྱག་རྒྱ་ཆེན་པོ་དང་། །གསུང་ནི་ཆོས་ཀྱི་ཕྱག་རྒྱ་དང་། །ཕྲིན་ལས་ལས་ཀྱི་ཕྱག་རྒྱ་དང་། །ཐུགས་ནི་དམ་ཚིག་ཕྱག་རྒྱའོ། །ཞེས་སོ། །ཕྱག་རྒྱ་བཞི་རྫོགས་རིམ་དང་སྦྱར་ཏེ་བཤད་ན། སྟེང་སྒོ་གཏུམ་མོ་ཙཎྜ་ལཱི་ནི་དམ་ཚིག་གི་ཕྱག་རྒྱ། འོག་སྒོ་ཕྱག་རྒྱ་གསུམ་ནི་ལས་ཀྱི་ཕྱག་རྒྱ། སྒྱུ་ལུས་སྙིང་རྗེ་ཆེན་པོ་ནི་ཆོས་ཀྱི་ཕྱག་རྒྱ། རྣམ་པར་མི་རྟོག་པ་རང་བཞིན་འོད་གསལ་གྱི་ཡེ་ཤེས་ནི། ཕྱག་རྒྱ་ཆེན་པོའོ། །བཞི་པ་རྒྱུད་ཀྱི་དགོས་འབྲེལ་ལའང་གསུམ་སྟེ། ངོ་བོ་ནི། ཐུགས་ཐིག་ལས། བརྗོད་འབྲེལ་དགོས་པ་ཡང་དགོས་དང་། །རྒྱུ་རྐྱེན་ཡན་ལག་བཞི་རུ་འགྱུར། །ཞེས་པས། བརྗོད་བྱ། རྗོད་བྱེད། དགོས་པ། ཉིང་དགོས་དང་བཞི། དང་པོ་ནི། མཚོན་བྱ་རང་བཞིན་གཞིའི་རྒྱུད་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གདོད་མ་ནས་རང་ཆས་སུ་བཞུགས་པ་ནི་བརྗོད་པར་བྱ་བ་སྟེ། ཁོག་གཞུང་ལས། མཚོན་བྱ་རང་བཞིན་གཞི་ཡི་རྒྱུད། །ཅེས་སོ། །གཉིས་པ་ནི། རང་བཞིན་རྒྱུད་དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་མཚོན་བྱེད་ལམ་རྐྱེན་གྱི་ཡི་གེའི་རྒྱུད་སྒྱུ་འཕྲུལ་དྲྭ་བ་སྒྲར་སྣང་ཞིང་སྒྲར་གྲངས་བའི་བདག་ཉིད་ཅན་བརྡར་བཏགས་ཀྱི་རྟེན་གླེགས་བམ་དང་བཅས་པ་ནི་རྗོད་པར་བྱེད་པ་སྟེ། དེ་ཉིད་ལས། སྒྲོ་སྐུར་མེད་པར་བསྣན་པ་ནི། །མཚོན་བྱེད་སྒྱུ་འཕྲུལ་དྲྭ་བ་སྟེ། །ཞེས་སོ། །གསུམ་པ་ནི། རྗོད་བྱེད་ལ་ཐོས་བསམ་བྱས་པ་ལ་བརྟེན་ནས་བརྗོད་བྱའི་དོན་དམིགས་ཡུལ་དོན་སྤྱིའི་ཚུལ་དུ་ཤེས་པ་ནི་དགོས་པ་སྟེ། དེ་ཉིད་ལས། མཛུབ་མོས་རི་བོང་ཅན་བཞིན་ནོ། །ཞེས་སོ། །བཞི་པ་ནི། དེ་ལྟར་ཤེས་པའི་དོན་སྒོམ་པ་བསྐྱེད་རྫོགས་གཉིས་གང་རུང་གིས་ཉམས་སུ་བླངས་པས། རོ་ལངས་ཚེ་ལ་སོགས་ཏེ་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཉིང་དགོས་ཕྲ་མོ་དང་། སློབ་པའི་ཟུང་འཇུག་རིག་འཛིན་བཞི་དང་། མི་སློབ་པའི་ཟུང་འཇུག་རྫོགས་པའི་སངས་རྒྱས་ཏེ་དེ་ལྟར་མཆོག་གི་དངོས་གྲུབ་མངོན་དུ་གྱུར་པ་ནི་ཉིང་དགོས་མཆོག་སྟེ། དེ་ཉིད་ལས། དགོས་པའི་དགོས་པ་འབྲས་བུ་ཉིད། །ཅེས་སོ། །དེ་དག་གི་འབྲེལ་བཤད་ནི། དེ་ཡང་བརྗོད་བྱ་དང་རྗོད་བྱེད་གཉིས་ཤེས་བྱ་ཤེས་བྱེད་དང་། རྗོད་བྱེད་དང་དགོས་པ་གཉིས་ཐབས་ལས་ཐབས་བྱུང་དང་། དགོས་པ་དང་ཉིང་དགོས་གཉིས་དེ་ལ་དེ་བྱུང་དང་། ཉིང་དགོས་དང་བརྗོད་བྱ་གཉིས་ངོ་བོ་བདག་གཅིག་གིས་འབྲེལ་བ་ཡིན་ནོ། །ངེས་ཚིག་ནི། ཅིའི་ཕྱིར་རྒྱུད་ཀྱི་དགོས་འབྲེལ་ཞེས་བྱ་ཞེ་ན། དགོས་སོགས་ཆོས་བཞི་པོ་དེ་དག་སྔར་བཤད་པ་ལྟར་ཕན་ཚུན་འབྲེལ་བ་ཅན་དུ་གྲུབ་པའི་ཕྱིར་ཏེ། ཐོབ་བྱ་མཐར་ཐུག་གི་འབྲས་བུ་སྒྲུབ་པ་ལ་མེད་ན་མི་འབྱུང་གི་འབྲེལ་བ་གྲུབ་པའི་ཕྱིར་རོ། །དབྱེ་ན། གྲོལ་ལམ་དབང་བཙན་དུ་བྱས་པ་དང་། ཐབས་ལམ་དབང་བཙན་དུ་བྱས་པ་གཉིས། དང་པོ་ནི། སྔར་ངོ་བོའི་སྐབས་སུ་བཤད་པ་ལྟར་ཡིན་ལ། གཉིས་པ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མ་ནས་རང་ལ་བཞུགས་པ་ནི་མཚོན་བྱ་རང་བཞིན་གཞིའི་རྒྱུད་དོ། །དེ་ཉིད་རྟོགས་བྱེད་ཀྱི་མན་ངག་ཐིག་ལེ་ཆེན་པོ་ཐབས་དང་བཅས་པ་ནི་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་དོ། །དེའི་དོན་ཉམས་སུ་བླངས་པས་བདེ་ཆེན་གྱི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ནི་དགོས་པའོ། །དེ་ལ་གོམས་པར་བྱས་པས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཆེན་པོ་མངོན་དུ་བྱས་པ་ནི་ཉིང་དགོས་སོ། །ལྔ་པ་འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་ལའང་གསུམ་སྟེ། ངོ་བོ་ནི། བསྟན་པའི་སྙིང་པོ་རང་བཞིན་གསང་བའི་སྙིང་པོ་མཚོན་བྱེད་ལམ་རྐྱེན་གྱི་རྒྱུད་དང་བཅས་པ་འདི་ཉིད་མི་ཉམས་ཤིང་བསྲུང་བའི་ཆེད་དུ་འཁོར་རྣམས་ལ་གདམས་ཤིང་གཏད་པའོ། །ངེས་ཚིག་ནི། ཅིའི་ཕྱིར་གདམས་གཏད་ཅེས་བྱ་ཞེ་ན། རང་བཞིན་གཞིའི་རྒྱུད་ཀྱི་དོན་ལས་མི་འགྱུར་བར་གདམས་པའང་ཡིན་ལ། ལམ་གྱི་རྒྱུད་དེ་གཞི་རྟོགས་བྱེད་ཀྱི་ཐབས་སུ་མི་ནུབ་པར་ཟུང་ཞིག་ཅེས་གཏད་པའང་ཡིན་པའི་ཕྱིར་གདམས་གཏད་ཅེས་བྱའོ། །དབྱེ་ན་གཉིས་ལས། དང་པོ་གདམས་པ་ལ་བཞི་སྟེ། གཞི་རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས་པ། ལོག་རྟོག་འཁྲུལ་པའི་སྣང་བ་དག་བྱར་གདམས་པ། གདུལ་བྱ་ལམ་གྱི་སྣང་བ་བགྲོད་བྱར་གདམས་པ། འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པའོ། །དང་པོ་ནི། ཀྱཻ། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་སོ། །གཉིས་པ་ནི། བཟུང་འཛིན་སྤྲོས་ལ་འཆེལ་བ་ཡིས། །རྣམ་རྟོག་ཞགས་པས་སོ་སོར་འཛིན། །ཞེས་སོ། །གསུམ་པ་ནི། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་སོ། །བཞི་པ་ནི། ཡེ་ཤེས་ངོ་མཚར་རབ་འབྱམས་ཀྱིས། །དོན་དུ་མི་འགྱུར་ཡོང་མ་གསུངས། །ཞེས་སོ། །མདོར་ན། སྦྱང་གཞི་གཞི་རྒྱུད་རྟོགས་བྱ། སྦྱང་བྱ་གློ་བུར་གྱི་དྲི་མ་དག་བྱ། སྦྱོང་བྱེད་ཐུན་མོང་དང་ཁྱད་པར་གྱི་བསྡུས་པའི་ལམ་བགྲོད་བྱ། སྦྱང་འབྲས་སྐུ་གསུམ་གྱི་འབྲས་བུ་ཐོབ་བྱར་གདམས་པ་སྟེ། རྒྱུ་མཚན་དེས་ན་རྒྱུད་ཀྱི་དོན་ཐམས་ཅད་སྣང་བ་བཞིར་བསྡུས་ནས་གསུངས་པའི་ཕྱིར། རལ་གྲི་ལྟར་ཡུ་བ་ནས་བཟུང་སྟེ་བཤད་པ་ཞེས་བྱའོ། །གཉིས་པ་གཏད་པ་ལ། ཁོག་གཞུང་ལས། སྡུད་པ་པོ་དང་བུད་མེད་དང་། །རྣལ་འབྱོར་མིག་ལྡན་སོགས་ལའོ། །ཞེས་གསུངས་པ་ལྟར་གསུམ་ལས། དང་པོ་སྡུད་པ་པོ་ལ་གཏད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའི་བསྡུ་བ་པོ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་གཏད་པ་སྟེ། དེབཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །སྒྲོ་དང་སྐུར་པ་ཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིང་ནས་ཕྱུང་། །ཞེས་སོ། །གཉིས་པ་ཕྱི་རབས་ཀྱི་གང་ཟག་ལ་གཏད་པ་ལ་གཉིས་ཏེ། གང་ཟག་ཆོས་མིག་ཅན་ལ་གཏད་པ་དང་། ངེས་པར་ལུང་བསྟན་པའི་སྒོ་ནས་གཏད་པའི་འཐད་པ་དང་བཅས་པའོ། །དང་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་སོ། །གཉིས་པ་ནི། དེ་ནི་ངེས་པར་ལུང་བསྟན་ཏེ། སྲས་ནི་ཐུགས་ལས་སྐྱེས་པ་ཡི། །ས་རབ་རིག་པ་འཛིན་ལ་གནས། །ཞེས་དང་། སྒྱུ་འཕྲུལ་རྡོ་རྗེ་ལས། རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་སྣང་རིག་པ་མངོན་བྱས་པས། །རིག་འཛིན་མཆོག་དེ་ལྷུན་གྲུབ་པའོ། །ཏིང་འཛིན་ནུས་པའི་མཐུ་མེད་ཀྱང་། །ས་སྦྱོང་སེམས་དཔའ་བསྐྱེད་དུ་མེད། །བདེ་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །རིག་པའི་སྐྱེས་བུར་ལུང་ཐོབ་པའོ། །ཞེས་སོ། །གསུམ་པ་མ་མོ་དང་མཁའ་འགྲོ་རྣམས་ལ་གཏད་པ་ནི། རྒྱས་པ་ལས། ང་ཡི་ཐུགས་ཀྱི་སྙིང་པོ་འདི། །ཕྱོགས་བཅུ་ཀུན་ཏུ་སྤེལ་བ་དང་། །དེ་ཡི་གཟུངས་ལ་གཏད་པ་ནི། །ཡིད་བཞིན་མཛོད་འབྱོར་བཀའ་ཡི་གནས། །བསྟན་པ་འཛིན་པར་ནུས་པ་ལ། །གསང་བའི་སྙིང་པོ་མཆོག་ཏུ་གཏད། །ཅེས་མ་མོ་དང་མཁའ་འགྲོ་རྣམས་ལ་བསྟན་པ་སྐྱོང་ཞིང་ཕྱོགས་བཅུར་སྤེལ་བར་གཉེར་གཏད་པའོ། །གཉིས་པ་ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བ་ལའང་གསུམ་སྟེ། ངོ་བོ་ནི། རྒྱུད་ཕྱི་མ་ལས། གང་གིས་བརྗོད་བྱ་འཆད་བྱེད་པ། །དེ་ནི་རྗོད་བྱེད་དུ་བཤད་དོ། །ཞེས་པས་བརྗོད་བྱ་འཆད་པར་བྱེད་པ་ནི་རྗོད་བྱེད་དེ། སྒྲར་སྣང་ཞིང་སྒྲར་གྲགས་པའི་བདག་ཉིད་ཅན་སྒྲའི་རྒྱུད་དམ་གླེགས་བམ་དུ་སྣང་བ་ཡི་གེའི་རྒྱུད་དུ་གྲགས་པ་གང་ཡིན་པའོ། །དེ་ཡང་ངོ་བོ་ཚོགས་པ་གསུམ་ལྡན་ཏེ། གདུང་འདེགས་ཀྱི་ཤིང་ལ་ཀ་བ་ཞེས་འདོགས་པ་ལྟ་བུ་ཆོས་གང་ལ་སྒྲ་གང་ཞིག་དེ་ཉིད་ཡིན་པ་ལྟ་བུར་བཏགས་ནས་བརྗོད་པ་ནི་མིང་ཡིན་ལ། མིང་དེ་མང་པོ་འདུས་པ་ནི་མིང་གི་ཚོགས་ཏེ། མངོན་བརྗོད་ཀྱི་བསྟན་བཅོས་ལྟ་བུའོ། །མིང་དེ་ཉིད་སྤྱིར་ཡན་དུ་མ་བཅུག་པར་དང་པོ་ངོ་བོ་ཙམ་སྟོན་པ། གཉིས་པ་ལས་སུ་བྱ་བ་ལ་སོགས་པ་རྣམ་དབྱེ་རྣམས་ཀྱིས་བྱེ་བྲག་སོ་སོར་ཕྱེ་ནས་ཆོས་དེ་དག་དེའི་དོན་གྱི་ཁྱད་པར་སྟོན་པ་ནི་ཚིག་ཡིན་ཏེ། རྟ་བབས་ཀྱི་སྟེང་ན་ཆོས་འཁོར་གདུགས་དང་བཅས་པའི་གཡས་གཡོན་དུ་རི་དྭགས་ཕོ་མོས་བརྟེན་པ་ཞེས་པ་ལྟ་བུའོ། །མིང་ཚིག་དེ་དག་གསལ་བར་བྱེད་པའི་འབྲུ་ལ་ནི་ཡི་གེ་ཞེས་བྱ་སྟེ། ཨ་དང་ཀ་ལ་སོགས་པ་དབྱངས་གསལ་གྱི་ཡི་གེ་རྣམས་སོ། །དེ་ལྟར་ན། ཡི་གེ་འདུས་པ་ལས་མིང་འབྱུང་སྟེ། ཀ་འ་བ་འ་ཞེས་གསལ་བྱེད་བཞི། དབྱངས་ཨ་གཉིས་རྣམས་འདུས་པས་ཀ་བ་ཞེས་གྲུབ་པ་ལྟ་བུའོ། །མིང་འདུས་པ་ལས་ཚིག་འབྱུང་སྟེ། ཀ་བ་དང་། གདུང་མ། རིན་པོ་ཆེ། ཕྲ་ཚོམས་ཞེས་སོགས་མིང་དུ་མ་འདུས་པ་རྣམ་དབྱེས་མཚམས་སྦྱར་བས། ཀ་བས་བཏེག་པའི་གདུང་མ་རིན་པོ་ཆེའི་ཕྲ་ཚོམས་ཀྱི་མཛེས་པ། ཞེས་གྲུབ་པ་ལྟ་བུའོ། །དེ་འདུས་པ་ལས་ཚིགས་སུ་བཅད་པ་དང་། ལྷུག་པ་དང་། ལེའུ་ལ་སོགས་པའི་རིམ་པས་གླེགས་བམ་གྱི་བར་དུ་རྒྱུན་ཆགས་པ་ལས་གཞུང་ཚོགས་ཡི་གེའི་རྒྱུད་དམ། བརྗོད་བྱ་དོན་གྱི་རྒྱུད་མཚོན་པར་ནུས་པའི་རྗོད་བྱེད་སྒྲའི་རྒྱུད་གྲུབ་པ་ཡིན་ཏེ། ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་བཅད་ལྷུག་སྤེལ་མ་གསུམ་གྱི་མཚན་ཉིད་ནི། སྤྱིར་མདོ་ལས། བྲམ་ཟེ་ཆུ་ལ་ཇི་ཙམ་ཞིག །ཞེས་དྲིས་པའི་ལན་དུ། མི་ཡི་བདག་པོ་པུས་ནུབ་ཙམ། །ཞེས་ཚིགས་སུ་བཅད་པ་ལྟ་བུ་རྐང་པ་གཅིག་ལ་ཚིགས་བཅད་དུ་བཞག་པས་མཚོན་མངོན་པ་ཀུན་ལས་བཏུས་སུ་གསུངས་པ་ལྟར། རྐང་པ་གཅིག་པ་ནས་བདུན་པའི་བར་དང་། ཁྱད་པར། སྙན་ངག་མེ་ལོང་དང་། སྡེབ་སྦྱོར་རིན་འབྱུང་དུ། ཚིགས་བཅད་རྐང་བཞི་དེ་ཡང་ནི། །ཞེས་རྐང་པ་བཞིར་བཅད་ཅིང་རྐང་པ་བཞི་ཚོགས་པའི་བདག་ཉིད་ཅན་ཚིགས་བཅད། ཚིག་ལྷུག་པ་རྒྱུད་ཆགས་སུ་སྤེལ་བ་ཚིག་ལྷུག །བཅད་ལྷུག་སྤེལ་བ་སྤེལ་མའི་མཚན་ཉིད་དོ། །དེ་དག་ཀྱང་དཔྱད་ན། སྟོན་པའི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་ལས་ལོངས་སྐུ་དགོངས་པ་བརྡའི་ཚིག་མི་གསུང་བ་གསུང་བ་ཆེན་པོའི་སྒོ་ནས་དངོས་ཀྱི་འཁོར་འབྲས་དབང་ཐོབ་པས་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པ་རྣམས་ཀྱི་ཡིད་ལ་རྒྱུད་དོན་རང་སྣང་བའམ། དེ་ཉིད་མ་འོངས་པའི་གདུལ་བྱ་གོ་ཕྱེ་བའི་འཁོར་རྣམས་ཀྱི་ཡིད་ལ་རྒྱུད་དོན་སྒྲ་སྤྱིའི་རྣམ་པར་ཤར་བའི་མིང་ཚིག་ཡི་གེ་གསུམ་ཚོགས་པའི་རྒྱུད་གཞུང་སྟེ་སྒྲར་སྣང་བའི་རྒྱུད་དང་། དེ་དང་མཐུན་པའི་སྒྲ་བརྗོད་འདོད་ཀྱི་དབང་གིས་སྤྱི་བོ་ལ་སོགས་པའི་གནས་དང་། ལྕེ་མཆུའི་སྦྱོར་བ་ལ་སོགས་པའི་བྱེད་པ་སོགས་འཕྲད་པ་ལས་ངག་ཏུ་བརྗོད་པ་ནི་སྒྲར་གྲགས་པའི་རྒྱུད་དང་དེ་བརྗོད་པའི་རྟེན་ཕྱི་རོལ་ཏུ་ཡི་གེའི་གཟུགས་བརྙན་གླེགས་བམ་ལ་བཀོད་པ་ནི་བརྡར་གྱུར་པའི་རྒྱུད་གཞུང་སྟེ། རྗོད་བྱེད་ཀྱི་སྒོ་ནས་ཕྱེ་ན་དེ་ཙམ་མོ། །ངེས་ཚིག་ནི། ཅིའི་ཕྱིར་སྒྲའི་རྒྱུད་ཅེས་བྱ་ཞེ་ན། བརྗོད་བྱའི་དོན་ཉིད་རྟོགས་བྱེད་ཀྱི་ཐབས་རྗོད་བྱེད་ཀྱི་སྒྲར་སྣང་ཞིང་སྒྲར་གྲགས་པའི་དོན་གྱིས་ན་སྒྲ་དང་། ཚིགས་སུ་བཅད་པ་སོགས་གཞུང་གི་ཚོགས་རྒྱུན་ཆགས་པའམ། གླེང་གཞི་ལ་སོགས་པ་ལྔ་རྒྱུ་རྐྱེན་འབྲས་བུའི་ཚུལ་དུ་འབྲེལ་བས་ན་རྒྱུད་དོ། །གཞན་དུ་ན་བརྗོད་བྱ་ལ་རྒྱུད་ཀྱི་མིང་ཐོབ་པས་དེ་རྗོད་བྱེད་ལའང་རྒྱུད་ཅེས་བཏགས་སོ། །དབྱེ་ན། འཆད་གཞིར་གྱུར་པ་རྩ་བའི་རྒྱུད་དང་འཆད་བྱེད་དུ་གྱུར་པ་བཤད་པའི་རྒྱུད་གཉིས་སམ། རྩ་བའི་རྒྱུད་ཉིད་ལའང་ཚིག་གི་ཚོགས་པ་ལེའུ་ཉི་ཤུ་རྩ་གཉིས་སུ་བཅད་དེ་གནས་ལ། དེ་ཡང་ལེའུ་དང་པོས་ལོངས་སྐུའི་གླེང་གཞི། གསུམ་པའི་སྟོད་ཀྱིས་སྤྲུལ་སྐུ་འགྲོ་བ་འདུལ་བའི་གླེང་གཞི། བཅོ་ལྔ་པས་ཁྲོ་བོའི་གླེང་གཞི་སྟེ་དེ་རྣམས་ཀྱིས་རྒྱུ་གླེང་གཞིའི་རྣམ་བཞག་བསྟན། ལེའུ་གཉིས་པས་རྐྱེན་གླེང་བསླང་བ། ལེའུ་གསུམ་པའི་སྨད་ནས་ཉེར་གཅིག་པ་ཡན་ཆད་ཀྱིས་འབྲས་བུ་ཡོངས་ཤེས་རྒྱུད་དོན་དང་། དེ་དག་ལ་ཁྱབ་བྱེད་དུ་རྒྱུད་ཀྱི་དགོས་འབྲེལ་དང་། ལེའུ་ཐ་མས་གདམས་གཏད་རྣམས་སྟོན་ཅིང་། ཡོངས་སུ་ཤེས་པར་བྱ་བ་རྒྱུད་དོན་ལའང་རྒྱུད་ཀྱི་དངོས་པོ་སྟོན་ཚུལ་ནི། ལེའུ་གསུམ་པའི་སྨད་དང་བཅུ་གཅིག་པའི་དབུར་ལྟ་བ་གཏད་ལ་འབེབས་ཚུལ་བསྟན་པ་སོགས་ལེའུ་དུ་མ་ནས་དུམ་ཆ་དུམ་ཆས་དང་པོ་ལྟ་བའི་རྣམ་གཞག་སྟོན་པ་ལ་སོགས་ཏེ། ལེའུ་གང་དང་གང་གིས་རྒྱུད་ཀྱི་དངོས་པོ་བཅུ་ཇི་ལྟར་བསྟན་ཚུལ་གཙོ་ཆེ་ཆུང་གི་སྒོ་ནས་གཞུང་ཉིད་ལ་ཞིབ་མོར་དཔྱད་པས་ཤེས་པར་འགྱུར་ཞིང་། ཞི་ཁྲོ་སྤྱི་བྱེ་བྲག་གི་ཆོས་རྣམས་ལེའུ་གང་དང་གང་གིས་སྟོན་ཚུལ་ཡང་ཞི་བ་སྟོན་པའི་ལེའུ་དགུ། ཁྲོ་བོ་སྟོན་པའི་ལེའུ་ལྔ། ཞི་ཁྲོ་ཐུན་མོང་དུ་སྟོན་པའི་ལེའུ་བརྒྱད་དེ། དེ་དག་གི་ཚུལ་བློ་གྲོས་དང་ལྡན་པ་རྣམས་ཀྱི་སྤྲོ་ན་ཞིབ་ཏུ་བསྙད་པས་ཆོག་གོ། །དེ་དག་གིས་སྤྱི་དོན་གྱི་རྣམ་པར་དབྱེ་བ་བཤད་ཟིན་ཏོ། །སྨྲས་པ། བསིལ་ལྡན་ཆུ་ལས་ལེགས་འཐོན་པདྨ་ལྟར། །དྲི་མས་བཅིངས་ཀྱང་ཉེས་པས་གོས་མིན་པའི། །རང་སེམས་འགྱུར་མེད་འདུས་མ་བྱས་པའི་ཁམས། །དཀྱིལ་འཁོར་རྒྱ་མཚོའི་སྙིང་པོ་ཉིད་དུ་གྲུབ། །དེ་ཕྱིར་པད་འབྱུང་བི་མ་རྨ་གཉགས་སོགས། །གྲུབ་བརྙེས་ཐུགས་བཅུད་སྙིང་པོ་གསང་བའི་རྒྱུད། །རང་སེམས་འགྱུར་མེད་རྟོགས་པའི་ཐབས་ཚུལ་དུ། །གསལ་ཕྱིར་ལེགས་བཤད་རྒྱ་མཚོའི་དགའ་སྟོན་སྤྲོས། །པད་རྩ་ལྟར་དཀར་རྣམ་ཀུན་དགེ་བ་གང་། །མ་གྱུར་འགྲོ་ཀུན་མཐར་ཐུག་སྙིང་པོའི་དཔྱིད། །མི་འགྱུར་ཟག་མེད་དག་པ་གཉིས་ལྡན་དངོས། །རྒྱལ་བ་རྒྱ་མཚོའི་གོ་འཕང་ཐོབ་ཕྱིར་བསྔོ། །ཤེས་རབ་གསུམ་གྱི་ཉམས་སྟོབས་མི་ལྡན་ཞིང་། །བརྩོན་གྲུས་འགྲོས་ཀྱི་ཟློས་གར་བྱང་མིན་པས། །མཐོང་བས་དོན་ཀུན་རྟོགས་པར་འབོད་པའི་རྟ། །ཉེས་བཤད་འཕྲང་ལས་བརྒལ་བར་མ་ནུས་དོགས། །དེ་ཕྱིར་འཕགས་མཆོག་ཐུགས་རྗེའི་སྲབ་སྐྱོགས་ཀྱིས། །གཅུན་ལས་བཟོད་པའི་ལྕག་གིས་ལེགས་བསྐུལ་ནས། །དད་བརྩོན་གོས་རྒྱན་འཆང་བའི་ཤེས་ལྡན་ཀུན། །མཁས་པའི་མདུན་སར་བཀྲི་བའི་བཀའ་དྲིན་སྩོལ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་སྤྱི་དོན་གྱི་རིམ་པ་རྣམ་པར་ཕྱེ་བ་མཐོང་བས་དོན་རྟོགས་ཞེས་བྱ་བ་འདི་ནི་མཁན་ཆེན་ལོ་ཙཱ་བས་མཛད་པའི་སྙིང་འགྲེལ་གསང་བདག་དགོངས་རྒྱན་གྱི་དབུའི་སྤྱི་དོན་ཉིད་རྩ་བའི་བཤད་གཞིར་བཟུང་། དེ་ལས་འཕྲོས་པའི་བཤད་ཚོམས་ཟིན་བྲིས་སུ་བསྡུས་ཏེ་ཁྱབ་བདག་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་དང་། མཁན་ཆེན་ལོ་ཙཱ་བ་ཆེན་པོ་དྷརྨ་ཤྲཱིའི་བཀའ་དྲིན་ལ་བརྟེན་ནས་བློ་གྲོས་ཀྱི་པདྨོ་ཅུང་ཟད་བཞད་པ་སྨྱོས་བན་པདྨ་འགྱུར་མེད་རྒྱ་མཚོ་མི་ཕམ་རྣམ་རྒྱལ་རྡོ་རྗེ་དཔལ་བཟང་པོས་རང་ལོ་བཅུ་གཉིས་པའི་ཐོག་ས་བོན་ཟིན་བྲིས་ཙམ་དུ་བཀོད་པ་བློ་གྲོས་ཀྱི་ནུས་པ་ཆུང་བས་དགོས་དོན་ཆེ་བ་མ་བྱུང་བར་བརྟེན་སླར་རང་ལོ་ཉི་ཤུ་རྩ་གསུམ་པ་ཀུན་འཛིན་གྱི་ལོར་ཅུང་ཟད་རྒྱས་པར་ཕྱེ་སྟེ་དག་པར་བཀོད་པའི་དགེ་བ་འདིས་ཀྱང་འགྲོ་ཀུན་བདེ་གཤེགས་སྙིང་པོའི་རང་ཞལ་མཇལ་བའི་རྒྱུར་གྱུར་ཅིག། །།

དཔལ་ལྡན་གསང་བ་སྙིང་པོའི་སྤྱི་དོན་གྱི་བཤད་པའི་ཟིན་བྲིས་བླ་མའི་མན་ངག་དོན་གསལ་སྙིང་པོ་ལེགས་བཤད་རོལ་མཚོ།

དཔལ་ལྡན་གསང་བ་སྙིང་པོའི་སྤྱི་དོན་གྱི་བཤད་པའི་ཟིན་བྲིས་བླ་མའི་མན་ངག་དོན་གསལ་སྙིང་པོ་ལེགས་བཤད་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །གདོད་མའི་དབྱིངས་སུ་རང་རིག་ཡེ་ཤེས་ཉིད། །རྣམ་པར་གྲོལ་ལས་རྒྱལ་བའི་དཀྱིལ་འཁོར་ཀུན། །སྤྲོ་དང་བསྡུ་བའི་བྱེད་པོ་བཅོམ་ལྡན་འདས། །ཀུན་བཟང་ལྷ་ཡི་ལྷ་ལ་དང་པོར་འདུད། །མཐའ་ཡི་རྟོགས་པས་མི་བསྐྱོད་རྡོ་རྗེའི་ཐུགས། །མཐའ་བྲལ་ཆོས་དབྱིངས་ངང་དུ་རྟོགས་གྱུར་པས། །མཐའ་དང་དབུས་མེད་རྒྱལ་བའི་དཀྱིལ་འཁོར་ཆེར། །མཐའ་ཡས་རྒྱུད་དོན་འཆད་པའི་སྐྱེས་བུ་རྒྱལ། །རབ་འབྱམས་བདེ་བར་གཤེགས་པ་མ་ལུས་པའི། །རྨད་བྱུང་ཐུགས་ཀྱི་གསང་བ་རྡོ་རྗེའི་མཛོད། །འཛིན་མཛད་རྒྱས་སྲས་ཐུ་བོ་གང་ལགས་པ། །དེ་ལ་དངོས་པོ་ཀུན་གྱིས་ཕྱག་བགྱིའོ། །ཆོས་དབྱིངས་མཁའ་ལ་ཐབས་ཤེས་མཁའ་ལྡིང་གིས། །དྲངས་པའི་ལམ་རྒྱུད་ཤིང་རྟ་ལ་བསྐྱོན་ནས། །རྣམ་གྲོལ་གླིང་དུ་བདེ་བར་འཁྲིད་མཛད་པའི། །ལམ་མཁན་རིག་འཛིན་བླ་མའི་ཚོགས་ལ་འདུད། །ཁྱད་པར་གསང་བདག་དྲིན་ལས་གསང་ཆེན་གྱི། །བཀའ་བབས་དྲྭ་མ་ལྔ་དང་རྒྱལ་པོ་ཛཿ རྒྱུད་དོན་རྣམ་པར་འགྲེལ་ལ་ཟླ་བྲལ་པ། །སྒེག་རྡོར་སངས་རྒྱས་གསང་བ་རྣམ་གཉིས་མཆོད། །བསིལ་ལྡན་མཁའ་ལ་ཐུགས་རྗེའི་རྟ་བདུན་གྱིས། །གསང་ཆེན་ཉི་མ་འདྲེན་མཛད་པད་འབྱུང་དང་། །བི་མ་མི་ཏྲ་ལོ་ཆེན་རྨ་གཉགས་ཟུང་། །བཀའ་སྲོལ་གཅིག་འདུས་གནུབས་ཆེན་རྣམས་ལ་འདུད། །གངས་ཅན་རི་ཡི་སུལ་དུ་ཐེག་མཆོག་གི། །འཇིགས་མེད་ཆོས་སྒྲས་ལྟ་ངན་རི་དྭགས་ཀུན། །སྐྲག་མཛད་ཕྱོགས་ལས་རྣམ་རྒྱལ་མིའི་སེང་གེ། །ཟུར་གྱི་རིགས་འཁྲུངས་མེས་དབོན་རྣམ་གསུམ་རྒྱལ། །གང་གི་བཀའ་སྲོལ་ཁོ་ནས་འཛིན་མའི་ཁྱོན། །ཁྱབ་མཛད་བཤེས་གཉེན་ཚོགས་དང་དེ་ལས་གཞན། །ལེགས་བཤད་གཏམ་གྱི་འབྱུང་གནས་རོང་ཟོམ་དང་། །དྲི་མེད་འོད་ཟེར་རྣམས་ལའང་གུས་ཕྱག་འཚལ། །ཁྱད་པར་གསང་བདག་དགོངས་པའི་གནད་ཇི་བཞིན། །མངོན་དུ་གྱུར་ནས་འགྲོ་ལ་གསལ་མཛད་པ། །བཀའ་དྲིན་མཚུངས་མེད་གཏེར་ཆེན་ཆོས་ཀྱི་རྗེ། །བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་མཆོད། །དཔལ་ལྡན་རྡོ་རྗེ་གསུམ་དངོས་ཀུན་ཏུ་བཟང་། །སྒྱུ་འཕྲུལ་ཞི་དང་ཁྲོ་གར་རྡོ་རྗེ་སེམས། །སྤྲོས་བསྡུའི་བྱེད་པོ་དོན་གྱི་དཔའ་ཆེན་པོ། །གསང་བ་སྙིང་པོར་ངེས་པས་ཕྱག་འཚལ་ལོ། །གཟུང་འཛིན་འཕོ་བ་འགྱུར་མེད་བདེ་ཆེན་ཀློང་། །ཡོངས་བཅིངས་དྭངས་མ་ཚེ་དབང་རྡོ་རྗེའི་སྐུ། །བདེ་མཆོག་ཀུན་ཏུ་བཟང་དང་མི་གཉིས་པ། །གྲུབ་དབང་བླ་མའི་བྱིན་རླབས་སྙིང་ལ་སིམ། །དྲི་བཅས་བརྟགས་གཞིར་ལྡན་པ་ངོ་བོའི་གཞི། །སྒྲ་དང་རྟོག་པའི་མཚན་མ་ཉེར་ཞི་ཡང་། །དབང་པོའི་ཡུལ་ལ་འཚམས་པའི་ཕྲིན་ལས་བཞིན། །ངེས་གསང་སྙིང་པོའི་གན་མཛོད་འདི་ནའོ། །ཤླ་ཀ་གཉིས་པོ་འདི་ཕྱག་ཚ་སྤྲུལ་པའི་སྐུའི་གསུང་ཡིན། ཞེས་ཡུལ་མཆོག་དམ་པ་རྣམས་ལ་ཕྱག་དང་མཆོད་པ་བརྗོད་པ་བརྩམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། སློབ་མའི་སྐབས་སྒྲིབ་སྦྱོང་དང་ཉན་དབང་འཆད་དབང་བཅས་འགྲོ་དགོས་པ། མཆན། དེ་ཡང་རྣ་རྒྱུད་ལུང་གི་ཕྲེང་བ་ལས། །རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། །དེ་ཡིས་གསུངས་པའི་ལུང་ཆེན་རྣམས་ལ་ནི། །ཕྱི་རོལ་རྒོལ་བ་ངན་པའང་འབྱུང་སྲིད་ཀྱིས། །དང་པོར་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨོས། །ཞེས་གསུངས་པ་ལྟར། རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་པའི་དབང་དུ་བྱས་ན། དང་པོ་སྟོན་པས་གསུངས་ཚུལ་དང་། དེ་ལས་ཇི་ལྟར་བརྒྱུད་ཚུལ་དང་གཉིས་ལས། དང་པོ་ནི་འདི་ལ་བཞེད་ཚུལ་མི་འདྲ་བ་འགའ་ཞིག་སྣང་སྟེ། སློབ་དཔོན་ཉི་འོད་སེང་གེས་ནི། འོག་མིན་དུ་ལོངས་སྤྱོད་རྫོགས་པའི་སྐུས་གསང་སྔགས་ཀྱི་ཆོས་གསུངས་པའི་ཚེ། དེ་དང་དུས་མཚུས་པར་མི་ཡུལ་དུ་མཆོག་གི་སྤྲུལ་སྐུས་རྡོ་རྗེ་གདན་དུ་སངས་རྒྱས་ཚུལ་མ་བསྟན་པའི་གོང་དུ་གསུངས་པ་ཡིན་ནོ་ཞེས་གསུངས་ཏེ། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་དུ་དེ་ལྟར་བཤད། ཡང་སློབ་དཔོན་སྒེག་པ་རྡོ་རྗེ་ནི། མཆོག་གི་སྤྲུལ་སྐུའི་མི་ཡུལ་དུ་ཐུན་མོང་གི་ཐེག་པ་བཤད་པ་དང་དུས་མཚུངས་པར་སྟོན་པས་འོག་མིན་དུ་གསུངས་པར་བཞེད་དེ། དེས་མཛད་པའི་འགྲེལ་པ་སྤར་ཁབ་ཏུ་དེ་ལྟར་བཤད་པའི་ཕྱིར། དོན་ལ་དེ་གཉིས་ཀྱང་དགོངས་པའི་གནད་གཅིག་པས་འགལ་བ་མེད་ཀྱང་། སྔོན་གྱི་ཟུར་པ་རྣམས་ཀྱིས་སྤར་ཁབ་ཀྱི་ལུགས་ལྟར་མཛད་པས་འདིར་ཡང་རེ་ཞིག་སྤར་ཁབ་ཀྱི་ལུགས་ལྟར་བཞེད་པ་ཡིན། དོན་ལ་དེ་གཉིས་འགལ་མེད་དུ་འཆད་ཐུབ་སྟེ། གདུལ་བྱའི་མཐོང་སྣང་གི་དབང་གིས་རྒྱུད་གཞུང་གཅིག་ལ་གླེང་གཞི་བཤད་ཚུལ་ཐ་དད་པ་གཞན་ལས་ཀྱང་འབྱུང་སྟེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་བཤད་རྒྱུད་ལས། གླེང་གཞི་རྣམ་པ་གསུམ་ཡིན་ཏེ། འོག་མིན་གནས་དང་རི་རབ་རྩེ། །འཛམ་བུའི་གླིང་དུ་གྲགས་པ་ཡིན། །བྱང་ཆུབ་སེམས་དཔའ་ལྷ་རྣམས་དང་། །མི་རྣམས་ཀྱི་ནི་དོན་དུ་གསུངས། །སྟོན་པ་ཡང་ནི་རྣམ་གསུམ་སྟེ། །སངས་རྒྱས་རྡོ་རྗེ་འཆང་ཆེན་དང་། །སྤྲུལ་སྐུ་འཁོར་ལོས་སྒྱུར་བ་དང་། །ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས། །དུས་ནི་གདུལ་བྱ་འདུལ་བའི་དུས། །འཁོར་རྣམས་འདུས་པའི་དུས་དེར་གསུངས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དེ་ལས་ཇི་ལྟར་བརྒྱུད་ཚུལ་ནི། བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་གསུངས་པས། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་དང་གསུམ་ལས། དང་པོ་ནི། རྒྱལ་བ་ཀུན་ཏུ་བཟང་པོས་འོག་མིན་ཆེན་པོའི་གནས་སུ་ཉིད་ལས་མི་གཞན་པའི་འཁོར་རྒྱལ་བ་རིགས་ལྔ་ལ་ཆོས་འོད་གསལ་བའི་དགོངས་པ་ཟང་ཐལ་དུ་གསུངས་པ་ནི་རྒྱལ་བ་དགོངས་པས་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ་ནི། རྒྱལ་བ་རིགས་ལྔས་རྒྱལ་སྲས་སེམས་དཔའ་སོགས་ལ་བརྗོད་མེད་རིག་པའི་གསུང་དབྱངས་ཀྱི་བརྡས་གོ་བར་མཛད་པ་ནི་རིགས་འཛིན་བརྡ་བརྒྱུད། གང་ཟག་སྙན་ཁུང་དུ་བརྒྱུད་པ་ནི། རྒྱལ་སྲས་སེམས་དཔའི་འཁོར་རྣམས་ཀྱི་ནང་ནས་རིགས་གསུམ་གྱིས་གདུལ་བྱ་རང་རང་གི་སྐལ་པ་དང་མཐུན་པར་བསྟན་པ་ནི། འཇམ་དཔལ་གྱིས་ལྷ་ཡི་གནས་སུ་ལྷ་གྲགས་ལྡན་མཆོག་སྐྱོང་ལ་བཤད་དེ་ལྷའི་རིག་འཛིན་རྣམས་ལ་དར་བར་བྱས། སྤྱན་རས་གཟིགས་ཀྱི་ཀླུའི་གནས་སུ་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད་དེ་དར་བར་བྱས། ཕྱག་ན་རྡོ་རྗེས་གནོད་སྦྱིན་གྱི་གནས་སུ་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད་དེ་དར་བར་བྱས་པ་ནི་གང་ཟག་སྙན་ཁུང་དུ་བརྒྱུད་པའོ། །དེའི་དུས་སུ་སྟོན་པས་ལས་ཅན་གྱི་གདུལ་བྱ་དག་པ་ལ་གསང་སྔགས་རྡོ་རྗེ་ཐེག་པ་གསུངས་ནས་ལྷ་ཀླུ་མིའི་འཇིག་རྟེན་དུ་གསང་ཐབས་ཀྱིས་སྤྱོད་པ་ལས། གསང་སྔགས་ཀྱི་སྒྲ་ཡོངས་སུ་མ་གྲགས་ཏེ། འདི་ལ་དགོངས་ནས་དགོངས་འདུས་སུ། ངེས་པའི་ཐེག་པ་ཡོངས་མ་གསུངས། །ཞེས་སོ། །དེས་ན་རེ་ཞིག་རྡོ་རྗེ་ཐེག་པ་འདུལ་བའི་དུས་ལ་མ་བབ་པར་གཟིགས་ནས། རིགས་ཅན་ལྔ་རིགས་ཅན་ལྔ་ནི། ལྷ་གྲགས་ལྡན་མཆོག་སྐྱོང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མིའི་རིག་འཛིན་ལི་ཙཱ་བི་དྲི་མེད་གྲགས་པའོ། །མཆན། དང་རྒྱལ་པོ་ཟླ་བཟང་སོགས་ལ་གསུངས་ཏེ། འཇིག་རྟེན་ན་གསང་སྔགས་ཀྱི་སྒྲ་ཡོངས་སུ་གྲགས་པ་ཕྱིས་འབྱུང་བ་ལུང་བསྟན་ཏེ། སྡོམ་འབྱུང་གི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །རྒྱལ་པོ་ཛཿ ཞེས་བྱ་བ་ལ། །བསོད་ནམས་ཆེན་པོའི་མཐུས་སྣང་བའི། །གསང་བའི་བདག་པོས་སྣང་བར་འགྱུར། །ཞེས་གསུངས་པ་དང་མཐུན་པར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ན་དམ་པའི་རིགས་ཅན་དྲྭ་མ་ལྔ་ནང་དུ་ཡང་དག་འཇོག་པ་ལ་གནས་པ་རང་རང་གི་མངོན་པར་ཤེས་པས་མཁྱེན་ཏེ་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར་རྫུ་འཕྲུལ་གྱི་བྱ་བས་འདུས་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཡིད་ལ་བྱས་ཏེ། ཀྱེ་མ་ཀྱེ་ཧུད་ཀྱེ་མ་ཀློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་སོགས་གདུང་ཚིག་ཉེར་གསུམ་བཏོན་པས། སྟོན་པ་རིགས་དྲུག་པ་ཀུན་ཏུ་བཟང་པོ་ཉིད་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་རྣམ་པར་བསྟན་ནས། སྔར་འོག་མིན་དུ་གསུངས་པ་ཉིད་སླར་ཡང་བཟླས་ཏེ་གསུངས་པར་དགོངས་ཏེ། ཇི་སྐད་དུ། སེམས་ཀྱི་དཀྱིལ་འཁོར་མེ་ལོང་བཞིན། །བསྟན་པ་དེ་ལྟར་བདག་གིས་ཀྱང་། །ཐོག་མ་ཐ་མ་མེད་པ་རུ། །བདག་གིས་དམ་བཅའ་མི་འདོར་བས། །བསྐུལ་བའི་དོན་ནི་གང་བྱུང་བ། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང་། །ཞེས་རྨད་དུ་བྱུང་བའི་ཆོ་འཕྲུལ་གྱིས་རི་མ་ལ་ཡའི་རྩེར་གཤེགས་ཏེ། རིགས་ཅན་དྲྭ་མ་ལྔ་དང་རིག་འཛིན་ཕལ་མོ་ཆེའི་འཁོར་གྱི་དབུས་སུ་གསང་བདག་ཕྱག་ན་རྡོ་རྗེའི་སྐུའི་རྣམ་པར་བསྟན་ནས། སྔོན་འོག་མིན་དང་། དགའ་ལྡན་དང་། སུམ་ཅུ་རྩ་གསུམ་གྱི་གནས་རྣམས་སུ་གྲགས་པའི་གསང་བའི་ཐེག་པ་ཉིད་སྟོན་པར་མཛད་ཅིང་། དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻཌཱུརྱ་ཞུན་མས་བྲིས་ནས་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་སྦས་སོ། །དེའི་ཚེ་དེའི་བྱིན་རླབས་ཀྱིས་ས་ཧོ་རའི་རྒྱལ་པོ་ཛཿལ་རྨི་ལྟས་ངོ་མཚར་བ་བདུན་རྨིས་ཏེ། ཇི་སྐད་དུ། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་། །ཆོས་ཀྱི་བགྲོ་བ་བྱས་པ་དང་། །ཀུན་གྱིས་དམ་པར་བསྒྲགས་པ་དང་། །མཆོད་པ་ཆེན་པོ་བྱས་པ་དང་། །རིན་ཆེན་ཆར་དུ་བབས་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་པའི་རྨི་ལྟས་དང་མཐུན་པར་རྒྱུད་སྡེའི་གླེགས་བམ་རྣམས་མི་ཡུལ་དུ་དངོས་སུ་བབས་ཏེ། ཀྲི་ཡའི་རྒྱུད་རྣམས་ཝཱ་རཱ་ཎསཱིའི་ཡུལ་དུ་བབས། ཨུ་པ་ཡའི་རྒྱུད་རྣམས་རི་བོ་བྱ་རྐང་ཅན་དང་བསིལ་བའི་ཚལ་དུ་བབས། ཡོ་གའི་རྒྱུད་རྣམས་དུར་ཁྲོད་མེ་རི་འབར་བའི་རྩེ་མོར་བབས། མ་ཧཱ་ཡོ་གའི་རྒྱུད་རྣམས་ས་ཧོ་རའི་ཡུལ་དུ་རྒྱལ་བོ་ཆེན་པོ་ཛཿའི་ཁང་སྟེང་དུ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་ཆར་བབས། ཨ་ནུ་ཡོ་གའི་རྒྱུད་རྣམས་སིངྒ་ལའི་གླིང་དུ་གླེགས་བམ་དང་བཅས་ཏེ་བབས། ཨ་ཏི་ཡོ་གའི་རྒྱུད་རྣམས་ནི་ནུབ་ཕྱོགས་ཨ་ཌཱི་ཡཱ་ནའི་ཡུལ་དུ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་དཔལ་རྡོ་རྗེ་སེམས་དཔའ་ལ་དངོས་སུ་གསན་ནས་གླེགས་བམ་ལ་བཀོད་པར་མཛད་དོ། །དེ་ལྟར་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་པོ། རྒྱལ་པོ་ཛཿས་སློབ་དཔོན་ཀུ་ཀུ་རཱ་ཛ་ལ། དེས་ཨིནྟྲ་བྷུ་ཏི་ལ། དེས་སེང་ཧ་རཱ་ཛ་ལ། དེས་ཨུ་པ་རཱ་ཛ་ལ། དེས་སྲས་མོ་གོ་མ་དེ་ཝཱ་ལ། དེས་སྒེག་པ་རྡོ་རྗེ་དང་སངས་རྒྱས་གསང་བ་གཉིས་ལ། དེ་གཉིས་ཀྱིས་པཎ་ཆེན་བི་མ་ལ་མི་ཏྲ་ལ། དེས་ལོ་ཙཱ་བ་རྨ་རིན་ཆེན་མཆོག་དང་གཉགས་ཛྙཱ་ན་ཀུ་མཱ་ར་གཉིས་ལ། རྨ་རིན་ཆེན་མཆོག་གིས་གཙུག་རུ་རིན་ཆེན་གཞོན་ནུ་དང་གྱེ་རེ་མཆོག་སྐྱོང་གཉིས་ལ། དེ་གཉིས་ཀས་དར་རྗེ་དཔལ་གྱི་གྲགས་པ་དང་ཞང་རྒྱལ་བའི་ཡོན་ཏན་གཉིས་ལ་བཤད། ཞང་གིས་གནུབས་སངས་རྒྱས་ཡེ་ཤེས་ལ་བཤད་པ་སྟེ་བཀའ་སྲོལ་གཅིག་གོ། །ཡང་སློབ་དཔོན་པདྨ་དང་བི་མ་ལ་གཉིས་ཀས་གཉགས་ཛྙཱ་ན་ཀུ་མཱ་ར་ལ། དེས་སོག་པོ་དཔལ་གྱི་ཡེ་ཤེས་ལ། དེས་གནུབས་ཆེན་ལ་བཤད་པས་བཀའ་སྲོལ་གཅིག་གོ། །ཡང་རྨ་གཉགས་ཐུན་མོང་གི་སློབ་མ་ཁུ་བྱང་ཆུབ་འོད་ནས་མཁས་པ་གཙུག་གྱེར་རྣམ་གཉིས་ལ་བརྒྱུད་དེ་གནུབས་ལ་བཤད་པས་བཀའ་སྲོལ་གཅིག་གོ། །དེ་ལྟར་གནུབས་ལ་བརྒྱུད་པའི་བཀའ་སྲོལ་གྱི་ཆུ་བོ་ཐམས་ཅད་འདུས་ཤིང་། དེ་ལ་ཐུགས་ཟིན་གྱི་སྲས་བཞི། སོ་ཡེ་ཤེས་དབང་ཕྱུག །སྤ་གོར་བློན་ཆེན་འཕགས་པ། དན་ཡོན་ཏན་མཆོག །སྲུ་ལེགས་པའི་སྒྲོན་མ་བཞིའོ། །མཆན། སྲས་ཀྱི་དམ་པ་གཅིག་སྲས་ཀྱི་དམ་པ་གཅིག་ནི་གནུབས་ཡོན་ཏན་རྒྱ་མཚོའོ། །མཆན། དང་ལྔ་བྱུང་བར་གྲགས། དེ་ནས་རིམ་པར་བརྒྱུད་པའི་མཐར། ཉང་ཡེ་ཤེས་འབྱུང་གནས་ཀྱི་ལྷ་རྗེ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ལ་བཤད། དེ་ལ་སློབ་མ་རྩེ་མོ་བཞི། རྩེ་མོ་བཞི་ནི། མི་ཉག་འབྱུང་གྲགས། ཞང་འགོས་ཆུང་བ། བཟང་བསྒོམ་ཤེར་རྒྱལ། ལྟ་རྗེ་ཟུར་ཆུང་པ་ཤེས་རབ་གྲགས་པ་རྣམས་སོ། །མཆན། རྩེ་ལྐོག་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་ལ་སོགས་པ་བྱུང་། ཟུར་ཤཱཀྱ་འབྱུང་གནས་ཀྱིས་ཟུར་ཆུར་ཤེས་རབ་གྲགས་པ་ལ། དེ་ལ་སློབ་མ་ཀ་བ་བཞི། ཀ་བ་བཞི་ནི། རྫོགས་ཆེན་གྱི་ཀ་བ་སྐྱོ་སྟོན་ཤཱཀ་ཡེ། མདོའི་ཀ་བ་ཡང་ཁྱེད་བླ་མ། སྒྱུ་འཕྲུལ་གྱི་ཀ་བ་གླན་ཤཱཀྱ་བཟང་པོ། ཕྲིན་སྒྲུབ་ཀྱི་ཀ་བ་མདའ་ཏིག་ཆོས་ཤཱཀ་གོ། །མཆན། གདུང་མ་བརྒྱད། ཕྱམ་བཅུ་དྲུག །དྲལ་མ་སུམ་ཅུ་སོ་གཉིས། ཡུས་པོ་ཆེ་མི་གཉིས་ལ་སོགས་པ་བྱུང་པར་གྲགས། ཟུར་ཆུང་གིས། སྲས་གསང་བདག་སྒྲོ་ཕུག་པ་ཤཱཀྱ་སེང་གེ་ལ། དེ་ནས་ཟུར་གྱི་རིགས་ལས་རིམ་པར་བརྒྱུད་པའི་མཐར། ཟུར་ཆེན་བཀྲ་ཤིས་ཀུན་དགའ། དེས་སྨྱོས་སྟོན་གསང་བདག་ཕྲིན་ལས་ལྷུན་གྲུབ་ལ་བསྩལ། དེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་ལ། དེས་མཁན་ཆེན་དྷརྨཱ་ཤྲཱི་ལ། དེས་མདོ་སྔགས་ལུང་རིག་རབ་འབྱམས་སྨྲ་བའི་དབང་ཕྱུག་ཨོ་རྒྱན་ཆོས་གྲགས། དེས་མདོ་རྒྱུད་རྒྱ་མཚོའི་དབང་ཕྱུག་ཨོ་རྒྱན་ཕྲིན་ལས་བསྟན་འཛིན། དེས་རིགས་བརྒྱའི་ཁྱབ་བདག་བཀའ་དྲིན་གསུམ་ལྡན་དོན་གྱི་སླད་དུ་མཚན་ནས་སྨོས་ན་དཔལ་ཆོས་ཀྱི་རྡོ་རྗེ་འགྱུར་མེད་ཀུན་བཟང་གྲུབ་པའི་དབང་ཕྱུག་གམ། སྦས་པའི་གྲུབ་ཐོབ་རྟ་མཆོག་དབང་གི་རྣམ་པར་རོལ་པ་པདྨ་གར་དབང་ཕྲིན་ལས་རྣམ་རྒྱལ། དེ་ཉིད་ཀྱི་བཀའ་དྲིན་ལས་བདག་ཤཱཀྱའི་བཙུན་པ་འགྱུར་མེད་ཚེ་དབང་མཆོག་གྲུབ་ངེས་དོན་བསྟན་འཕེལ་ལ་བརྒྱུད་པ་སྟེ། དེ་ལ་འདིར་དང་པོ་བཤད་བྱ་དམ་པའི་ཆོས་ངོས་བཟུང་བ་དང་། འཆད་བྱེད་ཀྱི་ཆོས་ངོས་བཟུང་བ་དང་། ཇི་ལྟར་འཆད་པའི་ཚུལ་དང་གསུམ་ལས། དང་པོ་བཤད་བྱ་དམ་པའི་ཆོས་ངོས་བཟུང་བ་ནི། མ་ཧཱ་ཡོ་གའི་ཐེག་པ་ལ། ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཡོད་པ་ལས། འདིའི་གྲངས་ལ་བཞེད་པ་མང་ཡང་། རང་ལུགས་གཏེར་ཆེན་བླ་མའི་དགོངས་པ་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ། སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་གསང་ཐིག་ལེ། ཐུགས་གྱི་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེ་དང་ལྔའོ། །མཆན། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ། ཧེ་རུ་ཀ་རོལ་པའི་རྒྱུད། རྟ་མཆོག་རོལ་བའི་རྒྱུད། སྙིང་རྗེ་རོལ་པའི་རྒྱུད། བདུད་རྩི་རོལ་པའི་རྒྱུད། ཕུར་པ་བཅུ་གཉིས་པ་འབྱུང་བའི་རྒྱུད། མཆན། སྤྱོད་པ་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ། རི་བོ་བརྩེགས་པ། ཡེ་ཤེས་རྔམ་གློག །དམ་ཚིག་བཀོད་པ། ཏིང་འཛིན་རྩེ་གཅིག །གླང་ཆེན་རབ་འབོག་གི་རྒྱུད་དང་ལྔའོ། །མཆན། མ་ཚང་བ་ཁ་སྐོང་བར་བྱེད་པ་རྒྱུད་ཕྱི་མ་ལྟ་བུ་གཉིས། དཀྱིལ་འཁོར་གྱི་ལས་ལ་འཇུག་པའི་ཡན་ལག་ཏུ་གྱུར་པ་རྣམ་སྣང་སྒྱུ་དྲྭ་དང་། དངོས་གྲུབ་སྒྲུབ་པའི་ཆ་རྐྱེན་ཆོ་གའི་ཡན་ལག་ཏུ་གྱུར་པ་འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བའི་དོན་བསྡུས་པ། མཆན། དེ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་སྡེ་ཆེན་པོ་གཅིག་སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བའི་རྒྱུད། མཆན། དང་བཅོ་བརྒྱད་དོ། །དེའི་ཕྱི་མ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་སྡེ་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཡིན་ལ། དེ་ནི་བཤད་བྱ་དམ་པའི་ཆོས་ངོས་བཟུང་བ་དེ་ཡིན། གཉིས་པ་འཆད་བྱེད་ཀྱི་ཆོས་ངོས་བཟུང་བ་ནི། རྒྱུད་དང་ལུང་རིག་མན་ངག་གསུམ་གྱིས་འཆད་ལ། དེ་ཡི་དང་པོ་ནི། བཤད་རྒྱུད་སྡེ་བཞི་དང་། སྒྱུ་འཕྲུལ་སྡེ་བརྒྱད་ཅེས་འབྱུང་བའི། སྡེ་བརྒྱད་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་དབྱེར་མེད་དུ་སྟོན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། ལས་ཚོགས་རྒྱས་པར་སྟོན་པ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ། དཀྱིལ་འཁོར་རྒྱས་པར་སྟོན་པ་སྒྱུ་འཕྲུལ་བརྒྱད་པ། ཕྲིན་ལས་རྒྱས་པར་སྟོན་པ་བཞི་བཅུ་པ། དབང་གཙོ་བོར་སྟོན་པ་བླ་མ། ཡོན་ཏན་མཐར་ཕྱིན་པར་སྟོན་པ་བརྒྱད་ཅུ་པ། དམ་ཚིག་མཆོག་དུ་སྟོན་པ་ལེ་ལག་དང་བརྒྱད་དོ། ༈ །འཆད་བྱེད་ཀྱི་ཆོས་དངོས་ནི། རྒྱུད་སྡེ་འདི་ཡི་བཤད་བྱའི་གཙོ་བོ་ཐབས་ལམ་གྲོལ་ལམ་གཉིས་ལས། གྲོལ་ལམ་རིམ་གྱིས་དང་གཅིག་ཅར་དུ་སྟོན་པ་ཡེ་ཤེས་སྙིང་པོ་དང་། རྡོ་རྗེ་མེ་ལོང་། ཐབས་ལམ་རིམ་གྱིས་དང་གཅིག་ཅར་དུ་སྟོན་པ་སྒྱུ་འཕྲུལ་རྒྱ་མཚོ་དང་། ཐལ་བ་སྟེ་བཤད་རྒྱུད་སྡེ་བཞིའི་ལུང་ཚད་མའོ། །དེ་དག་གི་དགོངས་འགྲེལ་རྒྱ་གར་གྱི་བི་མའི་ཁོག་གཞུང་དང་། སྒེག་པ་རྡོ་རྗེའི་སྤར་ཁབ་དང་། སངས་རྒྱས་གསང་བའི་ལམ་རིམ་ལ་སོགས་པའོ། །བོད་ཀྱི་ཀློང་ཆེན་པའི་ཕྱོགས་བཅུ་མུན་སེལ་དང་། རོང་ཟོམ་པའི་དཀོན་མཆོག་འགྲེལ་དང་། གཡུང་སྟོན་པའི་རྒྱུད་དོན་གསལ་བྱེད་མེ་ལོང་། སྨན་ལུང་པའི་སྙིང་གི་ཌཱི་ཀ །ཀཿཐོག་པ་དམ་གཙང་བྱམས་གསུམ་གྱི་སྙིང་གི་ཊཱི་ཀ་སོགས་སོ། །མཆན། རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་མཛད་པའི་མན་ངག་ཚད་མ། དེ་གཉིས་དང་རྗེས་སུ་འབྲེལ་བའི་རིག་པ་ཚད་མ། དེ་གསུམ་གྱི་གཏན་ལ་ཕབ་པས་རྒྱུད་དོན་རྟོགས་པར་འགྱུར་ཏེ། རྡོ་རྗེ་མེ་ལོང་ལས། ལུང་དང་རིག་པ་མན་ངག་གི། །ཚད་མ་དག་གིས་གང་གཞལ་བའི། །ཤེས་བྱ་ཁོང་དུ་ཆུད་པར་འགྱུར། །ཞེས་སོ། །ཞར་བྱུང་དུ། རྒྱུད་ལུང་མན་ངག་གསུམ་གྱི་མཚན་ཉིད་ལ། རྒྱུད་ཀྱི་མཚན་ཉིད་ནི། འབྲེལ་ཞིང་རྒྱུན་ཆགས་པས་དངོས་གྲུབ་བསྒྲུབ་པའི་ཡན་ལག་ཐམས་ཅད་ཚང་བ་ཕུན་སུམ་ཚོགས་པ་ལྔ་སྟོན་པ། གནས་དུས། འཁོར། ཆོས་ཕུན་སུམ་ཚོགས་པའོ། །མཆན། དང་ལྡན་པའོ། །རྡོ་རྗེ་རྩེ་མོ་ལས། འབྲེལ་དང་མ་ཚང་མེད་ཕྱིར་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། །ཞེས་སོ། །ལུང་གི་མཚན་ཉིད་ནི། མདོ་རྒྱུད་ནས་ཚིག་དུམ་བུར་ཕྱུང་ཞིང་ཡིད་ཆེས་སུ་བྱེད་པའོ། །ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པ་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །མན་ངག་གི་མཚན་ཉིད་ནི། ཚེགས་ཆུང་ངུས་དོན་དཔག་ཏུ་མེད་པ་རྟོགས་སླ་བའི་ཐབས་སུ་གྱུར་པའོ། །རྒྱུད་ལས། ཚེགས་ཆུང་དོན་ཆེ་ཐབས་དཔག་མེད། །བྱ་སླ་དཔག་དཀའ་མན་ངག་གོ། །ཞེས་སོ། ༈ །ཇི་ལྟར་འཆད་པའི་ཚུལ་ལ་འཆད་ཚུལ་མང་དུ་ཡོད་དེ། མ་ཧཱ་ཡོ་ག་སྤྱི་ཡི་འཆད་ཚུལ་དང་ཟུར་ལུགས་ཀྱི་འཆད་ཚུལ་སོགས་ཡོད་པ་ལས། དང་པོ་ནི། ཧེ་རུ་ཀ་གལ་པོའི་རྒྱུད་ལས། མ་ཧཱ་ཡོ་གའི་རྒྱན་བདུན་ཡང་། །གླེང་བསླང་བ་དང་སངས་རྒྱས་ཚུལ། །རྒྱས་བཤད་མཐའ་དང་བཤད་པའི་ཚུལ། །དབྱེ་བའི་རྣམ་པ་གང་ཟག་སྣོད། །བདེན་པའི་དགོངས་པ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རྒྱན་བདུན་གྱི་སྒོ་ནས་འཆད་དེ། རྒྱན་དང་པོ་ནི། དྲི་བ་དྲི་ལན་གྱི་སྒོ་ནས་འཆད་པ་སྟེ། གལ་པོ་ལས། རྒྱུད་འདིའི་མིང་ནི་ཅི་ཞིག་བྱ། །རྒྱུད་འདི་སུ་ཡི་དོན་དུ་མཛད། །ཅེས་སོགས་གསུངས་པ་ལྟར་ཡིན། རྒྱན་གཉིས་པ་ནི། གལ་པོ་ལས། སངས་རྒྱས་པ་ཡི་ཚུལ་བཞི་སྟེ། །རྒྱུད་དང་གླེང་གཞི་ངེས་ཚིག་རྒྱུ། །ཞེས་གསུངས་པ་ལྟར་ཚུལ་བཞིའི་སྒོ་ནས་འཆད་དེ། བཅོམ་ལྡན་འདས་ཐུབ་པའི་དབང་པོ་ནི། ཚུལ་བཞིའི་སྒོ་ནས་སངས་རྒྱས་པར་འཇིག་རྟེན་དུ་གྲགས་ཏེ། མིའི་རིགས་རྒྱུད་དུ་འཁྲུངས་པས་རྒྱུད་ཀྱི་ཚུལ་དང་། དེ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བས་གླེང་གཞིའི་ཚུལ་དང་། རབ་ཏུ་བྱུང་ནས་ཀྱང་འདུལ་སྡོམ་བསྲུང་བར་ངེས་པས་ངེས་ཚིག་གི་ཚུལ་དང་། དེ་ལྟར་བསྲུངས་ནས་ལམ་ལ་བསླབ་པས་རྣམ་གྲོལ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རྒྱུའི་ཚུལ་ཏེ། ཚུལ་བཞིའི་སྒོ་ནས་འཆད་པར་བཞེད་པའོ། །རྒྱན་གསུམ་པ་ནི། གལ་པོ་ལས། རྒྱས་བཤད་མཐའ་ནི་རྣམ་པ་དྲུག །དྲང་དོན་ངེས་དོན་དགོངས་པ་བཤད། །དགོངས་མིན་སྒྲ་ནི་ཇི་བཞིན་པ། །ཇི་བཞིན་མ་ཡིན་ཉིད་དུ་བཤད། །ཅེས་གསུངས་པ་ལྟར་དྲང་ངེས་གཉིས། དགོངས་མིན་གཉིས། སྒྲ་ཇི་བཞིན་པ་དང་། ཇི་བཞིན་མ་ཡིན་པ་གཉིས་ཏེ། ཚིག་དོན་འདི་དྲུག་ལས་མི་འདའ་བས་ན་མཐའ་དྲུག་ཅེས་བཤད་པའི་ཕྱིར་གསུངས། རྒྱན་བཞི་པ་ནི། གལ་པོ་ལས། ཚིག་སྤྱི་སྦས་དང་མཐར་ཐུག་ཡིན། །ཞེས་གསུངས་པ་ལྟར་བཞི་ལས། ཚིག་གི་དོན་ནི། ཡི་གེའི་འབྲུ་བསྣོན་མཚམས་ལ་གཞོལ་བའི་བཤད་པ་སྒྲ་ཚད་ཀྱི་གཞུང་དང་མཐུན་པར་འཆད་པའོ། །སྤྱི་ཡི་དོན་ནི། སྔགས་ལམ་བདེ་ཞིང་མྱུར་བ་ལ་མི་ཞུགས་པར། མདོ་ལམ་བུལ་ཞིང་དཀའ་ཐུབ་ཀྱི་ལམ་ལ་ཞུགས་པར་འགྱོད་ན། དེ་དག་ཀྱང་འདིའི་ལམ་སྟེགས་ཡིན་ཚུལ་དུ་འཆད་པ་དང་། ཡང་སྔགས་ལམ་གཙང་དམེ་མེད་པ་ཁྱི་ཕག་ལྟ་བུ་དང་སྦྱོར་སྒྲོལ་སོགས། འཚེ་བ་ཆོས་སུ་སྨྲ་བས་མུ་སྟེགས་ཀྱི་ཆོས་སྙམ་དུ་འགྱོད་ན། མདོ་ལམ་དུའང་གཙང་དམེར་ཞེན་འཛིན་མ་སྤངས་ན། མཉམ་ཉིད་ཀྱི་དོན་མི་མཐོང་བ་དང་། དགེ་སེམས་ཀྱི་སྤྱོད་པ་ལ་འཛིན་པ་མ་ཞུགས་ན། གང་ཡང་བསོད་ནམས་ཀྱི་ཚོགས་སུ་གསུངས་ཏེ། མི་ནག་མདུང་ཐུང་ཅན་བསད་པ་དང་། དེད་དཔོན་གྱི་བུ་མོར་བགྲོད་པ་སོགས་བསོད་ནམས་འཕེལ་བའི་རྒྱུར་སོང་ཚུལ་འཆད་པའོ། །སྦས་དོན་ནི། བསྐྱེད་རིམ་ལས་རྒྱ་སོགས་དང་རྫོགས་རིམ་རྩ་རླུང་ཐིག་ལེའི་བྱེད་བཅིངས་སོགས་སྦས་དོན་དུ་འཆད་པའོ། །མཐར་ཐུག་གི་དོན་ནི། དོན་དམ་འོད་གསལ་གྱི་དགོངས་པ་དང་། བདེན་གཉིས་ཟུང་འཇུག་གི་གནས་ལུགས་མཐར་ཐུག་ཡིན་ཚུལ་འཆད་པའོ། །རྒྱན་ལྔ་པ་ནི། ཉན་བཤད་དབྱེ་བས་རྣམ་པ་གཉིས། །ཚོགས་དང་སློབ་མ་དག་ཏུ་འདོད། །ཅེས་གསུངས་པ་ལྟར། ཚོགས་བཤད་ནི་སྒྲ་བཞིན་པ་དང་། །ཐེག་པ་ཐུན་མོང་གི་སྤྱི་དོན་འཆད་པ་དང་། སློབ་བཤད་ནི་སྒྲ་ཇི་བཞིན་མ་ཡིན་པ་དང་། ངེས་དོན་མཐར་ཐུག་གི་དོན་འཆད་པར་བྱེད་པའོ། །རྒྱན་དྲུག་པ་ནི། གལ་པོ་ལས། སྣོད་ཀྱི་གང་ཟག་རྣམ་པ་ལྔ། །ཨུཏྤལ་པདྨ་དཀར་དམར་དང་། ཙནྡན་རིན་པོ་ཆེ་ཡི་དཔེ། །ཞེས་གསུངས་པ་ལྟར། ཨུཏྤལ་ལྟ་བུའི་གང་ཟག་དང་། པདྨ་དཀར་དམར་ལྟ་བུ་དང་། ཙནྡན་ལྟ་བུ་དང་། རིན་པོ་ཆེ་ལྟ་བུའི་གང་ཟག་ལྔའི་སྣོད་ལ་བརྟགས་ནས་འཆད་པར་བྱེད་བའོ། །རྒྱན་བདུན་པ་ནི། གལ་པོ་ལས། བདེན་པའི་དགོངས་པ་རྣམ་པ་གཉིས། །ཀུན་རྫོབ་དོན་དམ་བཤད་པར་གྱིས། །ཞེས་གསུངས་པ་ལྟར་སྔ་མ་དྲུག་ལ་བརྟེན་ནས་རྒྱུད་དོན་བདེན་པ་གཉིས་སུ་བསྡུས་ཏེ་འཆད་པར་བྱེད་པའོ། །དེ་ལྟར་རྒྱན་བདུན་གྱི་འཆད་ཚུལ་འདི་ནི་རྒྱུད་འདིའི་འཆད་ཐབས་ཀྱི་བཀའ་སྲོལ་མ་ཡིན་ཀྱང་མ་ཧཱ་ཡོ་ག་སྤྱིའི་འཆད་ཐབས་ཡིན་གསུངས། གཉིས་པ་སྔ་རབས་པ་རྣམས་ཀྱི་འཆད་ཚུལ་ནི། མདའ་ལྟར་རྩེ་མོ་ནས་བཟུང་སྟེ་འཆད་པ་ཞེས་བྱ་བ་མཚན་གྱི་ནང་དུ་ཆོས་ཐམས་ཅད་གཞི་ལམ་འབྲས་གསུམ་དུ་བསྡུས་ནས་འཆད་པ་དང་། མདུང་ལྟར་སྐེད་པ་ནས་བཟུང་སྟེ་འཆད་པ་ཞེས་བྱ་བ་ལེའུ་ལྔ་པའི་ནང་དུ་ཆོས་ཐམས་ཅད་མཚན་ཉིད་གསུམ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་དང་གསུམ་མོ། །མཆན། དུ་དྲིལ་ནས་འཆད་པ་དང་། རལ་གྲི་ལྟར་ཡུ་བ་ནས་བཟུང་སྟེ་འཆད་པ་ཞེས་བྱ་བ་ལེའུ་ཐ་མར་ཆོས་ཐམས་ཅད་སྣང་བ་བཞིར་བསྡུས་ནས་འཆད་པ་ཡིན་གསུངས། གསུམ་པ་བཀའ་སྡེ་ཟུར་པའི་བཤད་སྲོལ་ནི། ཆོས་ལྔའི་སྒོ་ནས་འཆད་དེ། རང་བཞིན་དངོས་པོའི་གནས་ཚུལ། མ་རྟོགས་འཁྲུལ་པའི་སྣང་ཚུལ། ཐམས་ཅད་མཁྱེན་པས་གཟིགས་ཚུལ། བརྩེ་བའི་ཐུགས་རྗེ་སྐྱེ་ཚུལ། འགྲོ་དོན་ཇི་ལྟར་བྱེད་ཚུལ་དེ་ལྔའི་སྒོ་ནས་འཆད་གསུངས། ༈ འདིར་སློབ་དཔོན་ཆེན་པོ་བི་མ་ལའི་རྗེས་སུ་འབྲངས་ནས་འཆད་དེ། བི་མའི་ཁོག་གཞུང་གསལ་སྒྲོན་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མ་འབྲུ་གཉེར་དཀྲོལ་པའོ། །ཞེས་པས། རབ་ལ་མཚན་བསྟན་ཞེས་པ་ནི། དབང་པོ་ཡང་རབ་ལ་རྒྱུད་ཀྱི་མཚན་བསྟན་པ་དང་། འབྲིང་ལ་དབྱེ་ཞེས་པ་ནི། དབང་པོ་འབྲིང་ལ་རྒྱུད་ཀྱི་སྤྱི་དོན་རྣམ་པར་དབྱེ་བའི་དོན་ཡིན། ཐ་མ་འབྲུ་གཉེར་དཀྲོལ་པའོ། །ཞེས་པ་ནི། དབང་པོ་ཐ་མ་ལ་འབྲུ་རེ་རེའི་སྒོ་ནས་དཀྲོལ་ཏེ་བཤད་པའི་དོན་ཡིན། དབང་རབ་ལ་རྒྱུད་ཀྱི་མཚན་བསྟན་པ་ནི། ཁོག་གཞུང་ལས། རབ་མཚན་ཐ་སྙད་གསུམ་དུ་གྲགས། །སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། །ལག་གི་རྩ་བཞིན་དབུ་ཞབས་རྟོགས། །སྐལ་བ་ཅན་གྱི་ཆེད་ཕྱིར་རོ། །ཞེས་པས་བསྟན། རབ་ལ་མཚན་བསྟན། ཞེས་པས། དབང་རབ་ལ་བསྟན་པའི་མཚན་དེ་ལ་གསུམ་དུ་ཡོད་དེ། སྒྱུ་འཕྲུལ་སྙིང་པོ་ཞེས་པས་སྒྱུ་འཕྲུལ་ནི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞེས་རྒྱུད་དང་མཐུན་པའི་མཚན། སྙིང་པོ་ནི། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་མན་ངག་དང་མཐུན་པའི་མཚན། ལུང་གི་སྤྱི་ཞེས་པ་ནི་རྒྱུད་ལུང་མན་ངག་མཚན་ཉིད་ཐམས་ཅད་ཀྱི་ལུང་གི་སྤྱི་ལྟ་བུར་གྱུར་བའི་ཕྱིར་ལུང་གི་མཚན་ནོ། །ལག་གི་རྩ་བཞིན་དབུ་ཞབས་རྟོགས། །ཞེས་པས་སྨན་པས་ནད་པའི་ལག་གི་རྩ་ལ་བལྟས་ན་ལུས་མགོ་མཇུག་གི་ནད་ངོས་ཟིན་པ་བཞིན། དབང་རབ་དེས་ཀྱང་རྒྱུད་ལུང་མན་ངག་གི་མཚན་གསུམ་ལ་བརྟེན་ནས་རྒྱུད་དབུ་ཞབས་ཀྱི་དོན་ཐམས་ཅད་བདེ་བླག་ཏུ་རྟོགས་པའི་དོན་ནོ། །སྐལ་བ་ཅན་གྱི་ཆེད་ཕྱིར་རོ། །ཞེས་པས། དེ་སྐལ་ལྡན་དབང་རབ་མ་གཏོགས་གཞན་གྱིས་ནི་མ་ཡིན་ནོ། །དེ་ལྟར་རྒྱུད་དང་དཀྱིལ་འཁོར་གྱི་གཙོ་བོ་འཆད་པའི་སྐྱེས་བུ་གསུམ་གྱི་མཚན་ཐུན་མོང་དུ་བསྟན་པ་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞེས་པའི་མཚན་ལ་དབྱེ་ན་ཟུར་གཉིས་ཏེ། རྡོ་རྗེ་སེམས་དཔའ་བཤད་པ་དང་། སྒྱུ་འཕྲུལ་དྲྭ་བ་བཤད་པའོ། །དང་པོ་ལ་ཟུར་གཉིས་ཏེ་རྡོ་རྗེ་བཤད་པ་དང་། སེམས་དཔའ་བཤད་པའོ། །དང་པོ་ནི། བཤད་རྒྱུད་མེ་ལོང་ལས། ཐ་དད་མེད་པའི་རང་བཞིན་ནི། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་པས་བསྟན། རྡོ་རྗེ་ནི་རང་བཞིན་དབྱེར་མི་ཕྱེད་པའི་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ལ་རྡོ་རྗེ་ཞེས་བྱ་སྟེ། མཉམ་སྦྱོར་ལས། རྡོ་རྗེ་སྟོང་པ་ཉིད་དུ་བཤད། །སེམས་དཔའ་ཡེ་ཤེས་ཆེན་པོ་སྟེ། །ཞེས་པས་ཆོས་ཐམས་ཅད་སེམས་སུ་འདུས་ལ་སེམས་ཉིད་སྟོང་བ་ཉིད་ལ་རྡོ་རྗེ་ཞེས་བརྗོད་པ་ནི། འཇིག་རྟེན་རྫས་རྡོ་རྗེ་ཕ་ལམ་ཞེས་པས་དངོས་པོ་གཞན་ཐམས་ཅད་ཕར་འཇོམས་པར་ནུས་པ། ཚུར་དེའི་ངོ་བོ་ལ་གཞན་གང་གིས་ཀྱང་མི་ཚུགས། དེ་བཞིན་དུ་སྟོང་པ་ཉིད་ཀྱིས་མཚན་མའི་ཆོས་ཐམས་ཅད་འཇོམས་པར་བྱེད་ལ། མཚན་མའི་ཆོས་ཀྱིས་སྟོང་པ་ཉིད་ལ་མི་ཚུགས་པའི་ཕྱིར་རྡོ་རྗེའི་སྒྲས་བརྗོད་པ་ཡིན། དེ་ཡང་རྡོ་རྗེ་ནི་ཆོས་བདུན་དང་ལྡན་པ་སྟེ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། མཆན། ཞེས་བདུན་ལྡན་དུ་གསུངས་པའོ། །གཉིས་པ་སེམས་དཔའ་ཞེས་པའི་དོན་ནི། ཆོས་རྣམས་མ་ལུས་གཉིས་མེད་པའི། །རང་རིག་བྱང་ཆུབ་སེམས་ཉིད་དོ། །ཞེས་པས་བསྟན། དེ་ཡང་སེམས་དཔའ་ཞེས་པ་ས་ཏྭའི་སྒྲ་ལས་དོན་དྲུག་ཙམ་དུ་འཇུག་སྟེ། སེམས་ཅན་དང་། སེམས་དཔའ། སྙིང་སྟོབས་ཆེ་བ། བརྟན་པ། བསྡུས་པ། རྟོགས་པ་རྣམས་ལ་འཇུག་ཀྱང་། འདིར་བརྟན་བསྡུས་རྟོགས་གསུམ་ལ་འཇུག་པའི་སྐབས་ཡིན་ཏེ། གོང་གི་ཤེས་རབ་སྟོང་པ་ཉིད་དེའི་སྣང་ཆ་ཐབས་རིག་པ་རང་བྱུང་གི་ཡེ་ཤེས་ཡིན་ལ། དེ་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འཇུག་པའི་སེམས་ཉིད་སྣང་སྟོང་གཉིས་མེད་རང་བྱུང་གི་ཡེ་ཤེས་དེ་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་རང་བཞིན་ལ་བཟང་ངན་མེད་ཅིང་། མི་འགྱུར་བར་གནས་པས་ན་བརྟན་པའི་རྡོ་རྗེ་སེམས་དཔའ་ཞེས་བཤད་དེ། མགོན་པོ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ། །བསྡུས་པའི་དོན་ནི། སེམས་ཉིད་རང་བྱུང་ཡེ་ཤེས་དེའི་ངོས་ནས་གཞལ་ན་འཁོར་བ་དང་མྱང་འདས་ཞེས་པའི་བཟང་ངན་གཉིས་ཐ་དད་དུ་མ་གྲུབ་པར་སེམས་ཉིད་དེའི་ཀློང་དུ་མཉམ་པ་ཉིད་དུ་བསྡུས་པ་ནི་བསྡུས་པའི་རྡོ་རྗེ་སེམས་དཔའོ། །རྟོགས་པའི་དོན་ནི། གནས་ལུགས་ལ་འཁོར་འདས་གཉིས་བཟང་ངན་མེད་ཀྱང་། སྣང་ལུགས་ལ་བཟང་ངན་ལྟར་སྣང་བས་རྣམ་གྲོལ་དོན་གཉེར་གྱི་གང་ཟག་གིས་ལམ་ཐབས་གྲོལ་གཉིས་ལ་འབད་པས་སེམས་སངས་རྒྱས་སུ་རྟོགས་པ་དེ་ལ་རྟོགས་པའི་རྡོ་རྗེ་སེམས་དཔའ་འམ་འབྲས་བུའི་རྡོ་རྗེ་སེམས་དཔའ་ཞེས་བསྟན་པའོ། །དེས་རྒྱུད་ལ་རྡོ་རྗེ་སེམས་དཔའ་ཞེས་བཏགས་པའི་དོན་སོང་། དཀྱིལ་འཁོར་གྱི་གཙོ་བོ་ལ་རྡོ་རྗེ་སེམས་དཔའ་ཞེས་བཏགས་པའི་དོན་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་ངོ་བོ་མཚན་མེད་སྟོང་པ་ཉིད་ཡིན་ཀྱང་། སེམས་ཅན་གྱི་བློ་ངོར་རིག་པ་ཉིད་ཡེ་ཤེས་ཀྱི་འཁོར་ལོ་མཚན་མའི་ཕྱག་རྒྱར་སྣང་བ་ཡིན་ཏེ། འདི་ཉིད་ལས། རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཞེས་སོ། །དེ་ཉམས་ལེན་གྱི་ཚེ། ཚོགས་ལམ་དུ་མོས་སྤྱོད་ཀྱི་ལྷ་སྐུ། སྦྱོར་ལམ་དུ་རླུང་སེམས་ཀྱི་ལྷ་སྐུ། མཐོང་ལམ་དུ་འོད་གསལ་གྱི་ལྷ་སྐུ། ས་གཉིས་པ་ནས་བཅུ་པའི་བར་སློབ་པའི་ཟུང་འཇུག་གི་ལྷ་སྐུ། སངས་རྒྱས་ཀྱི་སར་མི་སློབ་པའི་ཟུང་འཇུག་གི་ལྷ་སྐུ་གཙོ་འཁོར་གྱི་ཚུལ་དུ་སྣང་བ་རྣམས་ལའང་རྡོ་རྗེ་སེམས་དཔའ་མཚན་དུ་བཏགས་པ་ཡིན། འཆད་པའི་སྐྱེས་བུ་ལ་རྡོ་རྗེ་སེམས་དཔའི་མཚན་བཏགས་པ་ནི། སྤྱིར་རྒྱུད་འཆད་པའི་སྐྱེས་བུ་རིགས་ལྔ་སྟེ། འདིར་སྟོན་པ་ཀུན་ཏུ་བཟང་པོའི་མདུན་ན་བཞུགས་པའི་ཐུགས་ཀྱི་སྒྱུ་འཕྲུལ་འཆད་པའི་སྐྱེས་བུ་རྡོ་རྗེ་མི་བསྐྱོད་པ་ལ་ཡང་དེ་ལྟར་དུ་གྲགས་སོ། །དེས་མཚན་གྱི་ཟུར་དང་པོ་རྡོ་རྗེ་སེམས་དཔའི་བཤད་པ་སོང་། གཉིས་པ་སྒྱུ་འཕྲུལ་དྲྭ་བ་ཞེས་པའི་དོན་ནི། རྡོ་རྗེ་མེ་ལོང་ལས། ཐབས་དང་ཤེས་རབ་འབྲེལ་བའི་དོན། །སྒྱུ་འཕྲུལ་ཞེས་ནི་བཞིར་བཤད་དོ། །ཞེས་པས། དང་པོ་རྟོགས་ཚོགས་སྒྱུ་འཕྲུལ་དྲྭ་བ་ནི། རྒྱུ་འབྱུང་བ་ལྔ་སྒྱུ་མ་ལྟར་སྣང་བ་རིས་སུ་མ་ཆད་པ། ཅིར་ཡང་འཕྲུལ་པ་ནི། ཕུང་པོ་ལྔ་སྟེ་འབྱུང་བ་ལྔ་ལ་སྒྱུ་མ་དང་། ཕུང་པོ་ལྔ་ལ་འཕྲུལ་པ་དེ་གཉིས་ངོ་བོ་བདག་གཅིག་གིས་འབྲེལ་པ་ལ་དྲྭ་བ་ཞེས་པའི་ཐ་སྙད་བཏགས་སོ། །གཉིས་པ་ངེས་དོན་སྒྱུ་འཕྲུལ་དྲྭ་བ་ནི། སྟོང་པ་ཉིད་ནི་ཆོས་ཐམས་ཅད་མ་འགགས་པའི་འཆར་གཞི་སྒྱུ་མ་ལྟ་བུ་དང་། དེའི་སྣང་ཆ་ཐབས་རིག་པ་རང་བྱུང་གི་ཡེ་ཤེས་ཟུང་དུ་འཇུག་པ་སྟེ། དེའི་ཕྱིར་སྟོང་པ་ཉིད་ལ་སྒྱུ་མ། རིག་པའི་ཡེ་ཤེས་ལ་འཕྲུལ་བ། དེ་གཉིས་ཟུང་དུ་འཇུག་པ་ལ་དྲྭ་བ་ཞེས་བཏགས་སོ། །གསུམ་པ་དྲང་དོན་བརྡའི་སྒྱུ་འཕྲུལ་དྲྭ་བ་ནི། ངེས་དོན་གྱི་སྒྱུ་འཕྲུལ་དྲྭ་བ་དེ་ཉིད་རྟོགས་པ འི་ཐབས་སུ་གྱུར་པ་སྟེ། དེའི་མཚོན་བྱེད་ལྷ་ཡབ་ཡུམ་ཟུང་དུ་འཇུག་པ་སྟེ། སྟོང་པ་ཉིད་མཚོན་བྱེད་ལྷ་ཡུམ། རིག་པའི་ཡེ་ཤེས་མཚོན་བྱེད་ལྷ་ཡབ། ཟུང་འཇུག་མཚོན་བྱེད་ལྷ་ཡབ་ཡུམ་འཁྲིལ་སྦྱོར་དུ་བཞུགས་པས་ན། ཡབ་ལ་སྒྱུ་འཕྲུལ་ཡུམ་ལ་དྲྭ་བ་ཞེས་བཤད་དོ། །བཞི་པ་ལྷ་རྟོག་དབྱེར་མེད་ཀྱི་སྒྱུ་འཕྲུལ་དྲྭ་བ་ནི། ལྷའི་ངོ་བོ་རྟོག་ཚོགས་ཀྱི་རང་བཞིན་དུ་འཕྲུལ་པ་དང་། རྟོག་ཚོགས་ཀྱི་རང་བཞིན་ལྷར་འཕྲུལ་པས་ན་ལྷ་རྟོག་དབྱེར་མེད་ཀྱི་སྒྱུ་འཕྲུལ་དྲྭ་བ་ཞེས་བཤད་དོ། །གཉིས་པ་ཆེ་བ་ལ་མཚན་དུ་བཏགས་པ་ལུང་གི་མཚན་ནི། བཤད་རྒྱུད་རྒྱ་མཚོ་ལས། སོ་སོར་སྟོན་པ་རྒྱ་མཚོའི་རྒྱུད། །འདིར་སྟོན་འདིས་སྟོན་འདི་ཕྱིར་སྟོན། །དོན་ཀུན་འདི་ལ་ཡོངས་རྫོགས་པས། །ལུང་གི་སྤྱི་ཞེས་བཤད་པ་ཡིན། །ཞེས་པས་འདིར་སྟོན་ཞེས་པ་ནི། སྟོན་པས་གསུངས་པའི་ཆོས་ཟབ་ཅིང་། གཏིང་དཔག་དཀའ་བ་རྒྱ་མཚོ་ལྟ་བུ། ཚིག་རྒྱ་ཆེ་ཞིང་དོན་མཐའ་ཡས་པ་དེ་ཐམས་ཅད་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་ནང་དུ་རྫོགས་པར་སྟོན་པས་ན་འདིར་སྟོན་ཞེས་བཤད་དེ། སྒྱུ་འཕྲུལ་བརྒྱད་ཅུ་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་སོ། །འདིར་སྟོན་ཞེས་པས། བསྟན་པ་དང་ཐེག་པའི་དོན་མ་ལུས་པ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ལས་འཕྲོས་ཏེ་སྟོན་པས་ན་འདིས་སྟོན་ཞེས་བཤད་དེ། འདི་ཉིད་ལས། ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །གསང་བ་སྙིང་པོ་ལས་འཕྲོས་ཏེ། །ཞེས་སོ། །འདི་ཕྱིར་སྟོན་ཞེས་པས། ཐེག་པའི་སྒོ་གང་ནས་ཞུགས་ཀྱང་མཐར་ཐུག་ཐེག་པ་འདི་ལས་མི་འདའ་བས་ཐེག་པ་གཞན་ཐམས་ཅད་འདི་ཉིད་ཀྱི་ལམ་སྟེགས་ཀྱི་ཚུལ་དུ་གསུངས་པ་ཡིན་ཏེ། འདི་ཉིད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་སོ། །དོན་དེ་རྣམས་ཀྱི་ཕྱིར་ན། རྒྱུད་འདི་ལ་ལུང་གི་སྤྱི་ཞེས་བཤད་དོ། །དེ་ཡང་མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི་ཡིན་པས། ལུང་གི་སྤྱི་ཞེས་བཤད་པ་ཡིན་ཏེ། རྒྱ་མ་ལས་ཀྱི་ལུང་མཚན་ཉིད་སྡེ་གསུམ། ཡེ་ཤེས་ལྷའི་ལུང་ཕྱི་རྒྱུད་སྡེ་གསུམ། བྱ་བྲལ་རྫོགས་པའི་ལུང་ནང་རྒྱུད་སྡེ་གསུམ། དེ་ཐམས་ཅད་ཀྱི་ལུང་གི་སྤྱིར་འགྱུར་པས་ན་ལུང་གི་སྤྱི་ཞེས་བཤད་པ་ཡིན་ནོ། །གསུམ་པ་མན་ངག་གི་མཚན་ནི། དེ་ལ་གླེགས་བམ་གྱི་ཀླད་དུ་བཀོད་པའི་མཚན་ལ། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །དེའི་དོན་བཤད་པ་ལ། བི་མ་ལས། རང་བཞིན་གསང་བཞེས་བྱ་ལ། །ཆེ་བ་ཞེས་བྱ་སྙིང་པོའི་དོན། །དེ་ཁོ་ན་ཉིད་མཚན་ཉིད་དེ། །ངེས་པས་ངེས་དོན་མདོར་བསྟན་པ། །ཞེས་པས། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་དོན་བཤད་པ་ལ་བཞི་སྟེ། དང་པོ་གསང་བ་ལ་རང་བཞིན་གྱི་གསང་བ། གབ་པའི་གསང་བ། སྦས་པའི་གསང་བ་གསུམ་ལས། དང་པོ། རང་བཞིན་གྱི་གསང་བ་མཚོན་བྱ་རང་བཞིན་གྱི་རྒྱུད། སེམས་ཉིད་གནས་ལུགས་དེ་བཞིན་ཉིད་རང་ལ་རང་ཆས་སུ་ཡོད་ཀྱང་། དབུལ་བོའི་ཁྱིམ་གྱི་ས་འོག་གི་གཏེར་ལྟར་མ་མཐོང་བས་ན་རང་བཞིན་གྱི་གསང་བའོ། །གབ་པའི་གསང་བ་ནི། སེམས་ཉིད་སངས་རྒྱས་ཀྱི་རང་བཞིན་ཡིན་ཚུལ་མདོ་རྒྱུད་དུ་མ་ནས་གསུངས་ཀྱང་། རང་སེམས་སངས་རྒྱས་ཡིན་པ་བོར་ནས་སངས་རྒྱས་གཞན་དུ་འཚོལ་བ་ནི་རང་གི་རང་ལ་གབ་སྟེ་གནས་པའོ། །སྦས་པའི་གསང་བ་ནི། གསང་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་སྣོད་མིན་གྱི་མི་རྟོགས་པར་བྱ་བའི་ཕྱིར་སྦས་པའི་གསང་པའོ། །བི་མ་ལས་མི་བསྟན་པའི་གསང་བ་དང་བཞིར་བཤད་ཀྱང་། བསྡུ་ན་རང་བཞིན་གྱི་གསང་བ་གབ་པའི་ཁོང་སུ་འདུས། མི་བསྟན་པ་ནི་སྦས་པའི་ནང་དུ་འདུས་པས་གབ་སྤས་གཉིས་སུ་འདུ་ལ། རྒྱུད་ལས། གབ་པའི་གསང་བ་མ་རྟོགས་པར། སྦས་པའི་གསང་བ་ལ་མངོན་པར་འཆེལ་ཏེ། སོགས་སོ། །གཉིས་པ་སྙིང་པོའི་དོན་ནི། གསུམ་ལ་འཇུག་སྟེ། པ་ར་ཞེས་པ་གཅིག་ལས་དུ་མ་འཕྲོ་བའི་གཞི་ལྟ་བུར་འཇུག་སྟེ། སེམས་ཉིད་འཁོར་འདས་གཉིས་ཀའི་འཕྲོ་གཞི་ཡིན་ཞིང་། དེ་སྟོན་བྱེད་ཀྱི་རྒྱུད་འདི་ཡང་བསྟན་པ་དང་རྒྱུད་ཐམས་ཅད་ཀྱི་འབྱུང་ཁུངས་སམ་འཕྲོ་གཞིར་གྱུར་པ་ཡིན་པས་སོ། །ཧྲྀ་ད་ཡ་ཞེས་པ་སྲོག་གམ་སྙིང་ལྟར་གཅེས་སྤྲས་སུ་བྱེད་པའི་དོན་ལ་འཇུག་སྟེ། སངས་རྒྱས་མི་བསྒྲུབ་ན་ཕར་ཞོག །བསྒྲུབ་ན་ཐེག་པའི་སྒོ་གང་ནས་ཞུགས་ཀྱང་། མཐར་ཐུག་ཐེག་པ་འདི་ལ་འཇུག་དགོས་པས། ཐེག་པ་གཞན་ཐམས་ཅད་ཀྱི་སྲོག་ལྟ་བུ་ཡིན་པའི་ཕྱིར། གརྦྷ་ཞེས་པ་ཤུན་པའི་ནང་གི་སྙིང་པོ་ལྟ་བུ་ལ་འཇུག་སྟེ། ཆོས་ཐམས་ཅད་ཀྱི་དབུས་ན་གནས་པའི་སྙིང་པོ་ཡིན་པའི་ཕྱིར་རོ། །གསུམ་པ་དེ་ཁོ་ན་ཉིད་ཀྱི་དོན་ནི། གཞི་མི་འགྱུར་བ་སྟེ། ལམ་གྱིས་གཞི་ཡི་དོན་ཉམས་སུ་བླངས་པས་འབྲས་བུ་འབྱུང་བ་ལ་མི་བསླུ་བ་སྟེ། གཞི་འབྲས་ལྟོ་འབྱོར་བས་མ་ནོར་བའི་དེ་ཁོ་ན་ཉིད་ཅེས་བྱའོ། །བཞི་པ་ངེས་པའི་དོན་ནི། སྐལ་དམན་གྱི་གདུལ་བྱ་དྲང་བའི་ཐབས་ཙམ་དུ་བསྟན་པ་མ་ཡིན་པར། སྐལ་ལྡན་དབང་རྣོ་རྣམས་ལ་རྒྱལ་བའི་དགོངས་པའི་མཐར་ཐུག་ཐུན་མོང་མ་ཡིན་པར་བསྟན་པས་ན་ངེས་པའོ། །དེ་ཡན་ཆད་ཀྱིས་དབང་པོ་རབ་ལ་མཚན་བསྟན་པ་དེ་སོང་། ༈ གཉིས་པ་དབང་པོ་འབྲིང་པོ་རྣམས་ལ་རྒྱུད་ཀྱི་སྤྱི་དོན་རྣམ་པར་དབྱེ་བས་བཤད་པ་ལ་དོན་གྱི་རྣམ་གྲངས་རྣམ་པར་དབྱེ་བ་དང་། ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བ་གཉིས་ཀྱི་དང་པོ་ལའང་ལྔ་སྟེ། རྒྱུད་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་སློང་བ། འབྲས་བུ་ཡོངས་ཤེས་རྒྱུད་དོན། རྒྱུད་ཀྱི་དགོས་འབྲེལ། འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་དང་ལྔ་ལས། དང་པོ་ནི། རྒྱུད་ཕྱི་མ་ལས། སྟོན་པ་ལ་སོགས་རབ་དབྱེ་བ། །ཕུན་སུམ་ཚོགས་པ་ལྔར་བརྗོད་དོ། །ཞེས་པས། གནས་གང་དུ། སྟོན་པ་གང་གིས། འཁོར་གང་དང་ལྷན་ཅིག་ཚོགས་པའི་ཚེ། རྒྱུད་དོན་འབྱུང་ངེས་པས་གླེང་གཞི་ཞེས་བྱའོ། །དེ་ལ་དབྱེ་ན། ཐུན་མོང་མ་ཡིན་པ་དང་། ཐུན་མོང་གི་གླེང་གཞི་གཉིས་ལས་དང་པོ་ནི། ནང་ཐབས་ལམ་སྟེང་སྒོ་དང་སྦྱར་ནས་བཤད་རྒྱུད་རྒྱ་མཚོས་བཤད་པ་དང་། གསང་བ་འོག་སྒོ་དང་སྦྱར་ནས་བཤད་རྒྱུད་ཐལ་བས་བཤད་པ་གཉིས་ལས། དང་པོ་ནི། བཤད་རྒྱུད་རྒྱ་མཚོ་ལས། དྷརྨ་ཙཀྲ་ཆོས་ཀྱི་གནས། །འོད་བཞི་ཨེ་སོགས་དབྱིབས་སུ་གནས། །མི་ཤིགས་ཐིག་ལེ་ཝཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་དག །མ་ནུ་ཡིད་སོགས་རྣམ་ཤེས་བཞི། །ཡེ་ཤེས་མྱོང་བས་བསྡུས་པར་བཤད། །ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པར། །པ་ར་མཱཪྠ་དོན་ཟབ་མོ། །བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་པས་བསྟན། དེ་ལ་ཕུན་སུམ་ཚོགས་པ་ལྔ་ཡི་སྒོ་ནས་འཆད་དེ། དྷརྨ་ཙཀྲ་ཆོས་ཀྱི་གནས། །འོད་བཞི་ཨེ་སོགས་དབྱིབས་སུ་གནས། །ཞེས་པས། རྐང་པ་དང་པོ་གཉིས་ཀྱིས་གནས་ཕུན་སུམ་ཚོགས་པ་བསྟན། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ན་རྩ་འདབ་བརྒྱད་ཡོད་པ། རིགས་བསྡུ་ན་བཞི་སྟེ། མདུན་གྱི་རྩ་གསུམ་ཆོས་ཉིད་སྐྱེ་བ་མེད་པ་འཆར་བའི་ལས་བྱེད་པས་ཆོས་ཉིད་ཀྱི་རྩ་ཞེས་བྱ། དབྱིབས་མདོག་ཟླུམ་པོ་དཀར་པོའི་རྣམ་པ། གཡས་ཀྱི་གཅིག་ནི་ཡེ་ཤེས་འཆར་བའི་ལས་བྱེད་པས་ཡེ་ཤེས་ཀྱི་རྩ། དབྱིབས་མདོག་གྲུ་བཞི་སེར་པོ། གཡོན་ན་གཅིག་ནི་ཡོན་ཏན་འཆར་བའི་ལས་བྱེད་པས་ཡོན་ཏན་གྱི་རྩ། དབྱིབས་མདོག་ཟླ་གམ་དམར་པོའི་རྣམ་པར་གནས་པ། རྒྱབ་ན་གསུམ་ནི་གཉིད་རྨུགས་ཀྱི་ལས་བྱེད་པས་རང་རྒྱུད་ཀྱི་རྩ་ཞེས་བྱ། དབྱིབས་གྲུ་གསུམ་དམར་ནག་གི་རྣམ་པར་གནས་པ། ཨེ་སོགས་ལས་བཞིའི་ཞི་རྒྱས་དབང་དྲག །དབྱིབས་ཅན་དེ་ནི་དོན་དམ་འོད་གསལ་ཡེ་ཤེས་ཀྱི་བཞུགས་གནས་ཡིན་པས་གནས་སོ། །གཉིས་པ་སྟོན་པ་ཕུན་སུམ་ཚོགས་པ་ནི། མི་ཤིགས་ཐིག་ལེ་ཝཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་དག །ཅེས་པས་བསྟན། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ན་དྭངས་མ་ཆེད་པོ་ལྔ་བཞུགས་ཏེ། སའི་དྭངས་མ་རྩ་དར་དཀར་གྱི་སྐུད་པ་ལྟ་བུ་རྟ་རྔ་བཅུ་གཤགས་ཙམ། དེའི་དབུས་ན་ཆུའི་དྭངས་མ་རྒྱ་མཚལ་ཅོག་ལའི་ཁུ་བ་ལྟ་བུ། དེའི་དབུས་ན་མེའི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་པ། དེའི་དབུས་ན་རླུང་གི་དྭངས་མ་གསེར་ས་འོག་ན་ཡོད་པའི་རླབས་པ་ནམ་མཁའ་ལ་རྒྱུ་བ་ཙམ། དེའི་དབུས་ན་ནམ་མཁའི་དྭངས་མ་བར་སྣང་གོ་འབྱེད་པའི་རྣམ་པར་གནས་པ། དེ་ལྟར་དྭངས་མ་ལྔ་འདུས་ཀྱི་དབུས་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་སྟོང་གསལ་འགགས་མེད་ཡི་གེ་ཝཾ་དབྱིབས་ཀྱི་རྣམ་པར་གནས་པ་དེ་ནི་སྟོན་པ་ཕུན་སུམ་ཚོགས་པ་སྟེ། དེ་ཉིད་མར་མེ་གསལ་བྱེད་གཞན་ལ་ལྟོས་མི་དགོས་པ་ལྟར་རང་གིས་རང་ལ་བདེ་བ་གསལ་བར་སྟོན་པས་ན་སྟོན་པའོ། །རྡོ་རྗེ་ཕྲེང་བ་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། བརྟགས་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་སོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ནི། །མ་ནུ་ཡིད་སོགས་རྣམ་ཤེས་བཞི། །ཡེ་ཤེས་མྱོང་བས་བསྡུས་པར་བཤད། །ཅེས་པས་ཡིད་ལ་སོགས་པའི་རྣམ་ཤེས་ཚོགས་བརྒྱད་དེ། མདུན་ཆོས་ཉིད་ཀྱི་རྩ་ལ་ཀུན་གཞིའི་རྣམ་ཤེས། གཡས་ཡེ་ཤེས་ཀྱི་རྩ་ལ་ཡིད་ཀྱི་རྣམ་ཤེས། གཡོན་ཡོན་ཏན་གྱི་རྩ་ལ་ཉོན་ཡིད་ཀྱི་རྣམ་ཤེས། རྒྱབ་རང་རྒྱུད་ཀྱི་རྩ་ལ་སྒོ་ལྔའི་རྣམ་ཤེས་ཏེ། ཚོགས་བརྒྱད་པོ་དེས་ཡེ་ཤེས་ལྔ་ཉམས་སུ་མྱོང་བའི་ཆ་ནས་འཁོར་ཕུན་སུམ་ཚོགས་པའོ། །བཞི་པ་ཆོས་ཕུན་སུམ་ཚོགས་པ་ནི། ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པར། །པ་ར་མཱཪྠ་དོན་ཟབ་མོ། །ཞེས་པས་སྟེང་སྒོའི་ལམ་ཉམས་སུ་མྱོང་བའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་ནམ་མཁའི་གཟུགས་ཅན་རྒྱུད་ལ་སྐྱེས་པ་དེ་ཉིད། པ་ར་མཱཪྠ་ཞེས་པའི་སྒྲ་དོན་དམ་པ་དོན་ཟབ་མོ་གནས་ལུགས་ཀྱི་ཆོས་ཉིད་དེ་ཆོས་ཕུན་སུམ་ཚོགས་པའོ། །ལྔ་པ་དུས་ཕུན་སུམ་ཚོགས་པ་ནི། བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་པས་བསྟན། །ཡེ་ཤེས་ནམ་མཁའི་གཟུགས་ཅན་རྒྱུད་ལ་སྐྱེས་པ་དེའི་ཚེ་སྔ་ཕྱིར་འཛིན་པའི་རྟོག་པ་ཐམས་ཅད་དང་བྲལ་བའི་བསམ་གྱི་མི་ཁྱབ་པའི་དུས་དེ་ནི་དུས་ཕུན་སུམ་ཚོགས་པའོ། །གཉིས་པ་གསང་བ་ལྟར་འོག་སྒོ་དང་སྦྱར་ཏེ་བཤད་རྒྱུད་ཐལ་བས་བཤད་པ་ནི། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་སུ་གནས། །སྐད་ཅེས་གསལ་བྱེད་ལས་མིང་ཅན། །ཝཾ་ཡིག་ཐིག་ལེར་བཅས་སྟོན་པའོ། །མ་དཱ་མ་ནུ་སྡོམ་བྱེད་ཡིད། །ལུས་ཅན་རྣམ་ཤེས་དེ་དག་ལ། །གསལ་བའི་གོ་བར་བཤད་པ་འདོད། །པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡ་ན་ཐེག་ཆེན་འདི་ཡིན་ཏེ། །དུས་ནི་བསམ་གྱིས་མི་ཁྱབ་དུས། །ནཱ་མ་དེ་མིང་ཞེས་བྱར་འདོད། །ཅེས་པས་བསྟན། དང་པོ་གནས་ཕུན་སུམ་ཚོགས་པ་ནི། འདི་ཞེས་སོགས་ཀྱིས། ཨེས་མཚོན་པའི་ཡུམ་གྱི་མཁའ་སྒོ་གྲུ་གསུམ། ཁྱམས་གྲུ་བཞི། སྐྱེ་གནས་ཟླ་གམ། དབྱིངས་ཕྱུག་གི་སྣ་རྩེ་ཟླུམ་པོ་སྟེ་ལས་བཞིའི་དབྱིབས་ཅན་དེ་ནི་གསང་བའི་སྟོན་འཁོར་བཞུགས་པའི་གནས་ཡིན་པས་གནས་སོ། །གཉིས་པ་སྟོན་པ་ཕུན་སུམ་ཚོགས་པ་ནི། སྐད་ཅེས་གསལ་བྱེད་ལས་མིང་ཅན། ཝཾ་ཡིག་ཐིག་ལེར་བཅས་སྟོན་པའོ། །ཞེས་པས་བསྟན། ཡབ་ཀྱི་རྡོ་རྗེ་ནོར་བུའི་དབུས་སུ་རྩ་ས་ཡ་ཕྲག་བཅུ་གསུམ་གྱི་བཅུད་འདུས་པ་ཀུན་རྫོབ་ཀྱི་ཐིག་ལེ་ཡི་གེ་ཝཾ་དབྱིབས་ཀྱི་རྣམ་པར་གནས་པ་དེས། ཡབ་ཡུམ་གཉིས་ཀའི་རྒྱུ་ལ་བདེ་བ་གསལ་བར་སྟོན་པའི་ཕྱིར་སྟོན་པའོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ནི། མ་དཱ་ཱམ་ནུ་སྡོམ་བྱེད་ཡིད། །ལུས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བས་བཤད་པར་འདོད། །ཅེས་པས་མ་དཱ་ན་སྡོམ་བྱེད། མ་ནུ་ཡིད་དེ་འདུ་ཤེས་གསུམ་འདུ་ཤེས་གསུམ་ནི། བདག་ཉིད་ལྷ་ཡབ་དང་རིག་མ་ཡུམ་དུ་སྒོམ་པ་ནི་ལྷའི་འདུ་ཤེས། མཁའ་གསང་རྡོ་རྗེ་པདྨར་སྒོམ་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་བདེ་བ་ཆེན་པོའི་ཡེ་ཤེས་བསྒྲུབ་པར་བགྱིའོ་སྙམ་པ་ནི་ཆོས་ཀྱི་འདུ་ཤེས་སོ། །མཆན། ལྡན་གྱིས་མཚན་རྟོག་སྡོམ་པར་བྱེད་པའི་གསང་བའི་རྣམ་ཤེས་ཀྱིས་རེག་བདེ་ཉམས་སུ་མྱོང་བར་བྱེད་པའི་ཆ་ནས་འཁོར་རོ། །བཞི་པ་ཆོས་ཕུན་སུམ་ཚོགས་པ་ནི། པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡ་ན་ཐེག་ཆེན་འདི་ཡིན་ཏེ། །ཞེས་པས་བསྟན། ཐབས་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བྱ། སེམས་ལྔ་རྫོགས་པའི་དགའ་བ་བཅུ་དྲུག་གི་ཡེ་ཤེས་དེ་ནི་རྣམ་ཐར་བཞི་ལྡན་གྱི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཆོས་སོ། །ལྔ་པ་དུས་ཕུན་སུམ་ཚོགས་པ་ནི། དུས་ནི་བསམ་གྱི་མི་ཁྱབ་དུས། །ཞེས་པས། ཡེ་ཤེས་དེ་ཉམས་སུ་མྱོང་བའི་ཚེ་དུས་འདི་ཞེས་མཚོན་དུ་མེད་པས་བསམ་གྱིས་མི་ཁྱབ་པའི་དུས་སོ། །ནཱ་མ་དེ་མིང་ཞེས་བྱར་འདོད། །ཅེས་པ་ནི། ཕུན་སུམ་ཚོགས་པ་ལྔའི་མཇུག་སྡུད་དེ་སྟོན་པ་ཕུན་སུམ་ཚོགས་པ་ཞེས་བྱའོ་ཞེས་པ་ལ་སོགས་པའི་དོན་ནོ། །གཉིས་པ་ཐུན་མོང་གི་གླེང་གཞི་ལ་གསུམ་སྟེ། ལོངས་སྐུའི་གླེང་གཞི། ཁྲོ་བོའི་གླེང་གཞི། སྤྲུལ་སྐུའི་གླེང་གཞི་དང་གསུམ་ལས། དང་པོ་ནི། རྒྱུད་འདི་ཉིད་ཀྱི་ལེའུ་དང་པོས་སྟོན་ཏེ། དེ་ལ་ཕུན་སུམ་ཚོགས་པ་ལྔ་ཡོད་པ་ལས། དང་པོ་ཆོས་ཕུན་སུམ་ཚོགས་པ་ནི། འདི་སྐད་བཤད་པ་ཞེས་པས་བསྟན། འདི་སྐད་བཤད་རྒྱུ་ནི། རྒྱུད་དོན་མ་ལུས་པའི་མཚོན་བྱེད་དེ། རྒྱུད་དབུ་ཞབས་ཀྱི་དོན་སྡུད་པའོ། །དེ་ཡང་སྟོན་འཁོར་དབྱེར་མེད་པའི་བཤད་པ་སྟེ། བདེ་འདུས་ལས། ང་ནི་ཆེ་བའི་རྒྱལ་པོ་སྟེ། །འཆད་དང་ཉན་པའང་ང་ཉིད་ཡིན། །ཞེས་གསུངས་སོ། །གཉིས་པ་དུས་ཕུན་སུམ་ཚོགས་པ་ནི། དུས་ན་ཞེས་པས་བསྟན། འདི་ནི་ལོངས་སྐུའི་གླེང་གཞི་ཡིན་པས། དུས་རེས་འགའ་བ་གཅིག་གི་ངེས་པ་ལས་འདས་པའི་ཕྱིར། རྟག་པ་རྒྱུན་གྱི་འཁོར་ལོར་ཆོས་གསུངས་པའི་དུས་ཡིན་པའི་ཕྱིར་རོ། །གསུམ་པ་སྟོན་པ་ཕུན་སུམ་ཚོགས་པ་ལ། སྟོན་པའི་རང་བཞིན་དང་ངོ་བོ་གཉིས་ལས། དང་པོ་རང་བཞིན་ནོ། །དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། ལོངས་སྤྱོད་ཆེན་པོ། ཕྱོགས་བཅུའི་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བདག་ཉིད། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་། སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཏེ། ཞེས་པས་བསྟན། དེ་ལ་རང་བཞིན་བདུན་དང་ལྡན་པ་སྟེ། དེ་བཞིན་ཉིད་དུ་ནར་སོན་པའི་རང་བཞིན། ཡོན་ཏན་མ་བཙལ་བར་ལྷུན་གྱིས་གྲུབ་པའི་རང་བཞིན། ཡེ་ཤེས་མཐའ་དབུས་དང་བྲལ་བའི་རང་བཞིན། འབྲས་བུ་ལ་མངའ་མཛད་ཀྱང་ངོ་བོ་བསྟན་དུ་མེད་པའི་རང་བཞིན། མཉམ་པ་ཉིད་མངོན་དུ་མཛད་ཀྱང་སྤྱོད་ཡུལ་དང་བྲལ་བའི་རང་བཞིན། གཅིག་དང་དུ་མ་དང་བྲལ་བའི་རང་བཞིན། དུས་གསུམ་འདུ་འབྲལ་མེད་པའི་རང་བཞིན་དང་བདུན་ནོ། །དང་པོ་ནི། དེ་བཞིན་ཉིད་དུ་ནར་སོན་པའི་རང་བཞིན། མཆན། དེ་བཞིན་གཤེགས་པ། ཞེས་པས་བསྟན། དེ་ཡང་སྤྱིར་ཏ་ཐཱ་ག་ཏ་ཞས་པའི་སྒྲ་ལས། ཏ་ཐཱ་ནི་དེ་བཞིན། ག་ཏ་ནི་གཤེགས་པའམ། མཁྱེན་པའམ། འབྱོན་པའམ། གསུངས་པ་སོགས་ལ་འཇུག་ཀྱང་། འདི་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་ལ་སྒྲིབ་བྱེད་ཀྱི་ཞེན་པ་དང་བྲལ་བས་ནར་སོན་ཅིང་། དེའི་ངོ་བོ་མངོན་དུ་གྱུར་པས་ན་གཤེགས་པ་ཞེས་བརྗོད་པའོ། །གཉིས་པ་ནི། ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པའི་རང་བཞིན། མཆན། ཡང་དག་པར་རྫོགས་པ་ཞེས་པས་བསྟན། རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོ་ལ་སྤང་བྱ་མ་གྲུབ་པས། མ་ནོར་མི་འགྱུར་མི་བསླུ་བའི་ཡང་དག་པའི་ཆོས་ཉིད་དེའི་ཀློང་ན་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྫོགས་པར་རང་སྣང་བའི་ཕྱིར་སྤངས་ཐོབ་བྲལ་བའི་དོན་ཡིན་ནོ། །གསུམ་པ་ནི། ཡེ་ཤེས་མཐའ་དབུས་བྲལ་བའི་རང་བཞིན། མཆན། སངས་རྒྱས་ཞེས་པས་བསྟན། སྒྲིབ་བྲལ་གྱི་ཡེ་ཤེས་དེ་ཉིད་མཐའ་དབུས་མེད་པར་བརྡལ་བའི་རང་བཞིན་ཡིན་ཅིང་། བུདྡྷའི་སྒྲ་ལས། གཉིད་སད་པ་ལྟར་སངས་པ་དང་པདྨ་ཁ་ཕྱེ་བ་ལྟར་རྒྱས་པའི་དོན་ལ་འཇུག་སྟེ། ཇི་སྐད་དུ། མ་རིག་གཉིད་ལས་སངས་བ་དང་། ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨའི་འདབ་ལྟར་རྒྱས། །ཞེས་སོ། །བཞི་པ་ནི། འབྲས་བུ་ལ་མངའ་མཛད་ཅིང་ངོ་བོ་བསྟན་དུ་མེད་པའི་རང་བཞིན། མཆན། བཅོམ་ལྡན་འདས་ཞེས་པས་བསྟན། སྒྲིབ་པའི་ཆ་ཤས་ཕྲ་མོ་ཙམ་ཡང་མི་གནས་པས་བདུད་བཞི་བཅོམ་ཞིང་ཆེ་བའི་ཡོན་ཏན་གྱི་འབྲས་བུ་ལ་མངའ་མཛད་ཅིང་ངོ་བོ་བསྟན་དུ་མེད་པའི་རང་བཞིན། འཁོར་འདས་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་དོན་གྱིས་འདས་པ་ཡིན་ཏེ། རྡོ་རྗེ་ལས་རིམ་ལས། བདུད་བཞི་ལ་སོགས་རིག་པའི་གདེངས་ཀྱིས་བཅོམ། སྐུ་ལྔ་ལ་སོགས་ཡོན་ཏན་བརྗོད་ལས་འདས། །རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། །ཅེས་སོ། །བདུད་བཞི་ཉོན་མོངས་པའི་བདུད། ཕུང་པོའི་བདུད། ལྷའི་བུའི་བདུད། འཆི་བདག་གི་བདུད་དོ། །མཆན། བཅོམ་ལུགས་ནི། ཉོན་མོངས་པ་ལྔ་ཡེ་ཤེས་ལྔའི་ངོ་བོར་དག་པས་ཉོན་མོངས་པའི་བདུད་བཅོམ། དེ་དག་པས་ཕུང་པོ་ལྔ་གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་ཀྱི་ཕུང་པོའོ། །མཆན། རིགས་ལྔའི་རྡོ་རྗེ་སེམས་དཔའ། རིན་འབྱུང་། སྣང་མཐའ། དོན་གྲུབ། རྣམ་སྣང་། མཆན། ངོ་བོར་གནས་གྱུར་པས་ཕུང་པོའི་བདུད་བཅོམ། དེའི་ཚེ་དག་པ་ལྷ་དང་མ་དག་པ་རྣམ་རྟོག་གི་འཆིང་བ་ལས་གྲོལ་བས་འདོད་ལྷའི་བར་ཆད་ཀྱིས་མི་ཚུགས་པས་ལྷའི་བུའི་བདུད་བཅོམ། སེམས་ཉིད་སྐྱེ་འཆི་ལས་གྲོལ་བས་འཆི་བདག་གི་བདུད་བཅོམ་པའོ། །ལྔ་པ་ནི། མཉམ་པ་ཉིད་མངོན་དུ་མཛད་ཅིང་སྤྱོད་ཡུལ་དང་བྲལ་བའི་རང་བཞིན། མཆན། ལོངས་སྤྱོད་ཆེན་པོ་ཞེས་པས་བསྟན། འཁོར་འདས་མཉམ་པ་ཉིད་ཀྱི་དོན་མཛད་ཀྱང་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་སྤྱད་བྱ་སྤྱོད་བྱེད་དུ་འཛིན་པའི་ཞེན་པ་ཐམས་ཅད་དང་བྲལ་བར་ལོངས་སྤྱོད་པའི་ཕྱིར་རོ། །དྲུག་པ་ནི། གཅིག་དང་དུ་མ་བྲལ་བའི་རང་བཞིན། མཆན། ཕྱོགས་བཅུ་ཕྱོགས་བཞི་མཚམས་བཞི་སྟེང་འོག་བཅུ། མཆན། དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད། ཅེས་པས་བསྟན། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་ལྔ་ལྔར་ཕྱེ་བའི་འབྲས་ཆོས་ཉེར་ལྔར་སྣང་བས་གཅིག་གི་རང་བཞིན་དང་བྲལ། འབྲས་ཆོས་ཉེར་ལྔ་པོ་རང་བྱུང་གི་ཡེ་ཤེས་སུ་འདུས། རིགས་ལྔ་པོ་ཡང་དྲུག་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན། པར་འདུས་པས་དུ་མའི་མཐའ་དང་བྲལ་བ་ཡིན། བདུན་པ་ནི། དུས་གསུམ་འདུ་འབྲལ་མེད་པའི་རང་བཞིན། མཆན། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་པ་དབྱེར་མེད་པའི་རང་བཞིན་ནོ། །ཞེས་པས་བསྟན། རིགས་དྲུག་པ་ཀུན་ཏུ་བཟང་པོ་དེ་ཉིད་ཁམས་གསུམ་དང་དུས་གསུམ་གྱིས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་དོན་ཡིན་ནོ། །གཉིས་པ་སྟོན་པའི་ངོ་བོ་བཤད་པ་ནི། སྐུ་མདུན་དང་རྒྱབ་མེད་པ་སོགས་ནས་ཞལ་ཐལ་ལེ་བ་དབུ་གསུམ་དང་ལྡན་པ་ཞེས་པའི་བར་གྱིས་བསྟན། དེ་ཡང་སྔར་སྟོན་པའི་རང་བཞིན་བཤད་པ་དེ་ཉིད་གདུལ་བྱ་ལ་སྐུ་གསུང་ཐུགས་ཀྱི་མཚན་མར་སྣང་བའི་རྣམ་འགྱུར་གྱི་ཆ་ལ་ངོ་བོ་ཞེས་བཤད་དེ། དེ་ལ་སྟོན་པ་སྐུ་གསུམ་གྱི་བདག་ཉིད་ཡིན་པའི་དོན་རྟགས། ཐབས་ཤེས་གཉིས་སུ་མེད་པའི་དོན་རྟགས། ཡེ་ཤེས་དྲུག་དང་ལྡན་པའི་དོན་རྟགས། རྣམ་ཐར་གསུམ་དང་ལྡན་པའི་དོན་རྟགས་དང་བཞི་ལས། དང་པོ་ཆོས་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་ནི། སྐུ་མདུན་དང་རྒྱབ་མེད་པ་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་གཟུགས་སྐུའི་ཡོན་ཏན་མི་འགག་པའི་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །གཉིས་པ་ལོངས་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་ནི། མཚན་དང་དཔེ་བྱད་ལྡན་པ་ཞེས་པས་བསྟན། དེ་ལ་ཐུན་མོང་དང་ཁྱད་པར་གྱི་མཚན་དཔེ་གཉིས་ལས། དང་པོ་ནི། དབུ་གཙུག་ཏོར་སོགས་མཚན་སོ་གཉིས། སེན་མོ་ཟངས་མདོག་སོགས་དཔེ་བྱད་བརྒྱད་ཅུ་སྟེ། མཚན་བཟང་བོ་སུམ་ཅུ་རྩ་གཉིས་ནི། མངོན་རྟོགས་རྒྱན་ལས། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲྭ་བས་འབྲེལ་བ་དང་། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང་། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨཻ་ཎ་ཡའི་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་ལྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེའི་འདྲ། །འདི་ཡི་དཔུང་བའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་། །སྐུ་ནི་ནྱཱ་གྲོ་ཏ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི། །འདྲ་བ་འདི་དག་གསུམ་ཅུ་རྩ་གཉིས་མཚན། །ཞེས་སོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི། དེ་ཉིད་ལས་ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམས། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་ལྟ་ན་སྡུག་པ་དང་། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །ཕྱག་རིས་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམྤ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །དཔྲལ་བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་མ་འཛིངས་དང་། །མི་བཤོར་དྲི་ཞིབ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་སོ། །དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་ས་བཅུའི་སེམས་དཔའ་ལའང་ཕྱོགས་མཐུན་ཙམ་ཡོད་པས་ཐུན་མོང་གི་མཚན་དཔེ་ཞེས་བཤད། གཉིས་པ་ཁྱད་པར་ཅན་གྱི་མཚན་དཔེ་ལ་ཕྱི་ནང་གསང་གསུམ་ལས། དང་པོ་ཕྱིའི་མཚན་དཔེ་ནི། སྟོན་པའི་ཐུགས་ཡེ་ཤེས་བཞི་མེ་ལོང་། སོར་རྟོག བྱ་གྲུབ། མཉམ་ཉིད། པོ་རེ་རེ་ལ་བཞི་བཞིར་དབྱེ་བས་ཡེ་ཤེས་བཅུ་དྲུག་གི་རྩལ་སེམས་དཔའ་བཅུ་དྲུག །དེའི་ཡུལ་ཆོས་དབྱིངས་བཅུ་དྲུག་གི་རྩལ་ལས་སེམས་མ་བཅུ་དྲུག་སྟེ་མཚན་སོ་གཉིས། སེམས་དཔའ་བཅུ་དྲུག་ལ་ཡེ་ཤེས་ལྔ་ཡི་རྟགས་རིགས་ལྔས་དབུ་བརྒྱན་པའི་ལྷ་བརྒྱད་ཅུ་ནི་དཔེ་བྱད་བརྒྱད་ཅུའོ། །གཉིས་པ་ནང་གི་མཚན་དཔེ་ནི། སྤྱི་བོའི་འཁོར་ལོའི་རྩ་འདབ་སོ་གཉིས་མཚན་སོ་གཉིས། ལྟེ་བའི་རྩ་འདབ་རེ་བཞི་ལ་སྟོང་པའི་རྩ་བཞི་ཕྲི་བས་དྲུག་ཅུ། མགྲིན་པའི་བཅུ་དྲུག །སྙིང་གའི་རྩ་ཆེན་བཞི་སྟེ་བརྒྱད་ཅུ་ལ་དཔེ་བྱད་བརྒྱད་ཅུར་བཤད་དོ། །གསུམ་པ་གསང་བའི་མཚན་དཔེ་ནི། ཡབ་ཡུམ་གཉིས་ཀྱི་དགའ་བ་བཅུ་དྲུག་རེ་རེ་ནི་མཚན་སོ་གཉིས། ཡབ་ཀྱི་དགའ་བ་བཅུ་དྲུག་རེ་རེ་ལའང་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པས་དཔེ་བྱད་བརྒྱད་ཅུའོ། །གསུམ་པ་སྤྲུལ་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་ནི། བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ། ཞེས་པས་བསྟན། མཛད་པའི་སྣང་ཚུལ་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་ཅིང་ཚད་མེད་པར་རང་སྣང་བའོ། །གཉིས་པ་ཐབས་ཤེས་གཉིས་སུ་མེད་པའི་དོན་རྟགས་ནི། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །ཞེས་པས་བསྟན། ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་བརྡར་ཞབས་གཉིས་ཡབ་རྡོ་རྗེ་སྐྱིལ་ཀྲུང་དང་། ཡུམ་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །གསུམ་པ་ཡེ་ཤེས་དྲུག་དང་ལྡན་པའི་དོན་རྟགས་ནི། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིན་ཆེའི་ཕྱག་རྒྱ་འབར་བ་ཅན། ཞེས་པས་བསྟན། ཡེ་ཤེས་ལྔ་རང་བྱུང་གི་ཡེ་ཤེས་དང་དྲུག་དང་ལྡན་པའི་རྟགས་སུ་ཕྱག་དྲུག་ལྡན། དེས་འགྲོ་དོན་མཛད་པའི་རྟགས་སུ་ཕྱག་མཚན་དྲུག་འཛིན་པ་སྟེ། རིགས་ལྔ་ཡེ་ཤེས་ལྔའི་མཚན་མ་རྡོ་རྗེ་སོགས་ལྔ་དང་། ཆོས་ཀྱི་དབྱིངས་ཀྱི་མཚན་མ་དྲིལ་བུ་དང་དྲུག་འཛིན་པའོ། །བཞི་པ་རྣམ་ཐར་གསུམ་ཆུབ་པའི་དོན་རྟགས་སུ་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ། ཞེས་པས་བསྟན། སྐུ་སྟོང་པ་ཉིད། གསུང་མཚན་མ་མེད་པ། ཐུགས་སྨོན་པ་མེད་པ། དེ་གསུམ་མཚོན་པའི་དབུ་གཡས་དཀར་གཡོན་དམར་དབུས་མཐིང་གར་སྣང་བའོ། །བཞི་པ་གནས་ཕུན་སུམ་ཚོགས་པ་ནི་གཉིས་ཏེ། གནས་ཀྱི་རང་བཞིན་དང་། ངོ་བོ་བཤད་པ་གཉིས། དང་པོ་གནས་ཀྱི་རང་བཞིན་ནི། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། ཞེས་པས་བསྟན། དེའི་དོན་ནི། འགྲེལ་ཆུང་ལས། མཐའ་དབུས་མེད་པ་ཆོས་ཀྱི་དབྱིངས། །དེ་ནི་གནས་ཀྱི་བླ་མར་འདོད། །ཅེས་སོ། །དེ་ལ་དབྱེ་ན། ཆོས་དབྱིངས་དོན་གྱི་འོག་མིན་དང་། རིག་པའི་འོག་མིན། གསང་བའི་འོག་མིན། འཇིག་རྟེན་གནས་ཀྱི་འོག་མིན། དབང་ཕྱུག་ཆེན་པོའི་འོག་མིན་དང་ལྔ་ལས། དང་པོ་དོན་གྱི་འོག་མིན་ནི། ཆོས་ཀྱི་དབྱིངས་ལ་གྲགས་ཏེ། རྣམ་རྟོག་དང་མཚན་མ་གང་གིའང་འོག་ཏུ་མ་གྱུར་པའི་ཕྱིར་རོ། །གཉིས་པ་རིག་པའི་འོག་མིན་ནི། ཆོས་ཀྱི་དབྱིངས་དེ་རྟོགས་བྱེད་ཀྱི་རང་རིག་ཡེ་ཤེས་ལ་བྱ་སྟེ། གཉིས་འཛིན་གྱི་འོག་ཏུ་མ་གྱུར་པས་སོ། །གསུམ་པ་གསང་བའི་འོག་མིན་ནི། ཡུམ་གྱི་མཁའ་ལ་བཤད། སྟོན་པ་གསང་བའི་སྐུའི་བཞུགས་གནས་ཡིན་ཞིང་། མཚན་རྟོག་གི་འོག་ཏུ་མ་གྱུར་པའི་ཕྱིར་རོ། །རྒྱུད་གཞན་ནས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །ཞེས་པ་དེ་ཡིན་ནོ། །བཞི་པ་འཇིག་རྟེན་གནས་ཀྱི་འོག་མིན་ནི། གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ཡ་ཐ་གཙང་རིགས་ལྷ་ལྔའི་དང་པོ་སྟེ་གཟུགས་ཅན་གྱི་འོག་ཏུ་མ་གྱུར་པའི་ཕྱིར་རོ། །ལྔ་པ་དབང་ཕྱུག་ཆེན་པོའི་འོག་མིན་ཞེས་པ་སྐབས་འདིར་བསྟན་པའི་ལོངས་སྐུའི་བཞུགས་གནས་འོག་མིན་ཆེན་པོ་སྟེ། གཙང་མའི་རིགས་སྤངས་པའི་སྟེང་དུའོ། །གཉིས་པ་གནས་ཀྱི་ངོ་བོ་ནི། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ། ཞེས་པ་ནས། གོས་པ་མེད་པའི་པདྨ་རིན་པོ་ཆེའི་གདན་ལ། ཞེས་པའི་བར་གྱིས་བསྟན། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རྟགས་སུ་གཞལ་ཡས་ཁང་དབྱིབས་དང་ཁ་དོག་ཏུ་རང་སྣང་བའོ། །དེ་ལ་གནས་ཀྱི་ངོ་བོའི་ཆོས་རྣམས་དབྱེ་བ་ནི། འགྲེལ་ཆུང་ལས། གཞལ་ཡས་གཞི་དང་རྒྱུ་དང་རྒྱ། །དབྱིབས་དང་གློ་འབུར་རྩེ་མོ་དང་། །རྒྱན་དང་སྒོ་ཁྱུད་རྟ་བབས་དང་། །མཚན་ཉིད་གདན་གྱི་རྣམ་པ་སྟེ། །ཞེས་དབྱེ་བ་བཅུ་གཅིག་ལས། དང་པོ་གཞལ་ཡས་ཁང་གི་ཕྱིའི་འོག་གཞི་ནི། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ། ཞེས་པས་བསྟན། ཡེ་ཤེས་ལྔ་མཚོན་པའི་རྒྱ་ཁྱོན་ཚད་མེད་པའི་འཁོར་ལོའི་རྣམ་པ་ཅན་དང་། ནང་གི་འོག་གཞི་སྤགས་པ། ཞེས་པས་བསྟན། སྒོ་དང་ཁྱམས་སོགས་ནས་ལྟེ་བའི་བར་གྱི་ནང་གི་འོག་གཞི་རྡོ་རྗེ་འགྲེང་བུ་རེ་རེས་སྤགས་པ་སྟེ། ཐེག་པ་འོག་མ་ལས་འཕགས་པའི་དོན་ཡིན་ནོ། །གཉིས་པ་རྒྱུ་ནི་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་ཞེས་པས་བསྟན། གདུལ་བྱའི་རེ་བ་སྐོང་བའི་རྟགས་སུ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཡེ་ཤེས་ཉིད་གཞལ་ཡས་ཁང་གི་དབྱིབས་དང་ཁ་དོག་ཏུ་རང་སྣང་བའོ། །གསུམ་པ་རྒྱ་ཚད་ནི། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཞེས་པས་བསྟན། ཕྱོགས་བཅུར་ཡོངས་སུ་མ་ཆད་པ་ཆོས་ཀྱི་དབྱིངས་མཐའ་ཀླས་པར་ཁྱབ་པར་རང་སྣང་བའི་ཕྱིར་རོ། །བཞི་པ་དབྱིབས་ནི། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ། ཞེས་པས་བསྟན། དོན་གྲུ་བཞི་པ་སྟེ། སངས་རྒྱས་ཀྱི་ཡོན་ཏན་གྱིས་ཁྱབ་པ་དང་རྒྱས་པ་མཉམ་པའི་ཕྱིར་དེ་ལྟར་རང་སྣང་བའོ། །ལྔ་པ་གློ་འབུར་ནི། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། ཞེས་པས་བསྟན། དོན་གྲུ་ཆད་ལས་ཕྱིར་འཕྱར་བའི་འབུར་ཐབས་ཀྱི་རྣམ་པ་སྟེ། ཁ་དོག་རིགས་བཞིའི་མདོག་ཅན་གྱི་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ་སྟེ། ཡེ་ཤེས་རེ་རེའང་ལྷག་པའི་ཡེ་ཤེས་བཞི་བཞིར་ལྡན་པའི་རྟགས་སུའོ། །དྲུག་པ་རྩེ་མོ་ནི། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་སོ་སོ་མ་ཡིན་ངོ་བོ་ཉིད་གཅིག་པ་ཡེ་ཤེས་ཀུན་ཏུ་འཁྱིལ་བ། ཞེས་པས་བསྟན། དོན་ནི་ཚད་དཔག་ཏུ་མེད་པ་དང་། དབྱིབས་བུམ་པ་ཟླུམ་པོའི་རྣམ་པར་འཁྱིལ་བ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་མཐར་ཐུག་པ་མེད་ཅིང་སྤྲོས་པ་དང་བྲལ་བའི་རྟགས་སོ། །བདུན་པ་རྒྱན་ནི། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་སོགས་ནས། །རྒྱན་བསམ་གྱིས་མི་ཁྱབ་པས་ཀླུབས་པ། ཞེས་པའི་བར་གྱིས་བསྟན། སྤྱིར་རྒྱན་གྱི་རྣམ་གྲངས་ལ་བདུན་ལས། དང་པོ་འོག་གཞིའི་རྒྱན་ནི། ཡེ་ཤེས་ལྔ་མཚོན་པའི་འཁོར་ལོ་རྩིབས་བཞི་པའི་མཐར། ཆོས་ཉིད་མཚོན་པ་རྡོ་རྗེའི་རྭ་བ་ཟླུམ་པོས་བསྐོར་བའོ། །གཉིས་པ་ལོགས་རྒྱན་ལ་གཉིས་ཏེ། དང་པོ་ནི། དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་རྩལ་མ་འགགས་པར་རང་སྣང་བའི་རྟགས་སུ་པཉྩ་རེ་ཁཱའི་རྩིག་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་དང་ཕྲེང་བ་ཆུན་འཕྱང་ཤར་བུ་མདའ་ཡབ་སོགས་རྒྱན་དུ་མས་སྤྲས་པའོ། །གཉིས་པ་འདོད་ཡོན་གྱི་རྒྱན་ནི། གཟུགས་རྡོ་རྗེ་མ་སོག་འདོད་ཡོན་ལྔའི་ལྷ་མོས་ཕྱོགས་ཀུན་ཏུ་འཁྲིགས་པ་སྟེ། དོན་ནི་འདོད་པའི་ཡོན་ཏན་ལྔ་མ་སྤངས་རྣམས་དག་རྒྱན་དུ་རྫོགས་པའོ། །གསུམ་པ་སྟེང་རྒྱན་ནི། དབུས་བུམ་པ་ཟླུམ་པོའི་སྟེང་བྲེ་མཚོན་པའི་ཕྱུར་བུའི་སྟེང་དུ་པདྨ་ལ་གནས་པའི་འཁོར་ལོ་རིམ་པ་བཅུ་གསུམ་གྱི་སྟེང་ན་རིན་པོ་ཆེའི་གདུགས་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་པའོ། །གཞན་ཡང་ཕྱོགས་བཞིར་རྟ་བབས་ཀྱི་རྩེར་གདུགས་དང་འཁོར་ལོ་རི་དྭགས་ཀྱི་བརྟེན་པ། རྔ་ཡབ་དང་བ་དན་ལ་སོགས་པས་མཛེས་པར་སྤྲས་པའོ། །བཞི་པ་སྒོ་དང་རྟ་བབས་ཀྱི་རྒྱན་ནི། སྒོ་དང་རྟ་བབས་ལ་གླང་སེང་ལ་སོགས་པའི་རྒྱན་གྱིས་བརྒྱན་པའོ། །ལྔ་པ་སྒོའི་ཕྱི་རོལ་གྱི་རྒྱན་ནི། སྒོའི་གཡས་གཡོན་ན་ཏཱ་ལའི་ལྗོན་པ་དང་། དཔག་བསམ་གྱི་ཤིང་དག་ལ་གསེར་གྱི་ཐིག་གུས་སྦྲེལ་བ་ལས་དྲིལ་བུའི་སྒྲ་སྙན་སྒྲོགས་པའོ། །དྲུག་པ་ངོ་བོ་ཉིད་ཀྱི་རྒྱན་ནི། བདེན་བཞི་མཚོན་པའི་གྲུ་ཆད་དང་བདེན་གཉིས་དབྱེར་མེད་མཚོན་པའི་བར་ཁྱམས་ལ་སོགས་པས་མཛེས་པའོ། །བདུན་པ་བདག་པོའི་རྒྱན་ནི། སྤྲུལ་པའི་འཕྲོ་འདུ་བཞི་བཅུ་རྩ་གཉིས་ཀྱིས་གཞལ་ཡས་ཁང་མཛེས་པར་བརྒྱན་པའོ། །བརྒྱད་པ་སྒོ་ཡི་དོན་ནི། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། ཞེས་པས་བསྟན། དོན་ནི་རྣམ་པར་ཐར་པ་བཞིའི་ཏིང་ངེ་འཛིན་གྱིས་བྱང་ཆུབ་ཆེན་པོར་ལྷུན་གྱིས་འཇུག་པའི་རྟགས་སུ་ཕྱོགས་ཀྱིས་དབྱེ་བའི་སྒོ་བཞི་དང་ལྡན་པའོ། །དགུ་པ་རྟ་བབས་ནི། རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ། ཞེས་པས་བསྟན། དེ་ལ་རྒྱུའི་རྟ་བབས་བརྒྱད་དང་། འབྲས་བུའི་རྟ་བབས་བརྒྱད་དེ་བཅུ་དྲུག་ཏུ་བསྟན་པ་ཡིན། དེ་ལ་དང་པོ། ཐུན་མོང་གི་ཐེང་པ་རྣམ་ཐར་བརྒྱད་ལ་འཇུག་པའི་རྟགས་སུ། སྒོ་ཕུབ་ཕྱི་ནང་གཉིས་སུ་ཐེམ་སྐས་བཞི་བཞི་དང་ལྡན་པའི་བབས་ཞོན་གྱི་རྟ་བབས་བརྒྱད་དང་ལྡན་པའོ། །འབྲས་བུའི་རྟ་བབས་བརྒྱད་ནི་ཐེག་པ་བརྒྱད་ཀྱི་ཡོན་ཏན་རྫོགས་པའི་རྟགས་སུ་སྒོ་ལོགས་ཀྱི་ཟུར་བཞི་ནས་ཀ་བས་བཏེགས་པའི་སྟེང་དུ་རྒྱན་གྱི་རྟ་བབས་བརྒྱད་དང་ལྡན་པའོ། །བཅུ་པ་གནས་ཀྱི་མཚན་ཉིད་ནི། ཕྱི་དང་ནང་མེད་པ་ཀུན་ཏུའང་ནང་དུ་གྱུར་པ། ཞེས་པས་བསྟན། དོན་ཆོས་ཀྱི་དབྱིངས་ཀྱི་ངང་ལས་ཡེ་ཤེས་ཀྱི་རྣམ་འཕྲུལ་དུ་སྣང་བའི་གཞལ་ཡས་ཁང་རྒྱན་དང་བཅས་པ་ཤེལ་སྣོད་དུ་རིན་པོ་ཆེ་སྣ་ཚོགས་བཅུག་པ་ལྟར་མི་སྒྲིབ་པར་གསལ་བའི་རང་བཞིན་ཡིན་པས་དེ་ལྟར་དུ་བཤད་པའོ། །བཅུ་གཅིག་པ་གདན་ཁྲིའི་དོན་ནི། མི་འཇིགས་པ་སེང་གེའི་ཁྲི་དང་། སྟོབས་བཅུ་གླང་པོའི་ཁྲི། སོགས་ནས། པདྨ་རིན་པོ་ཆེའི་གདན་ལ། ཞེས་པའི་བར་གྱིས་བསྟན། དེའི་དོན་ལ་གསུམ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན་དང་། ཡོན་ཏན་གྱི་ཆེ་བས་ཉེས་ཚོགས་བཅོམ་པའི་གདན་དང་། ས་ཡི་ཁྱད་པར་བགྲོད་པའི་གདན་དང་གསུམ་ལས། དང་པོ་ནི། རིགས་ལྔ་ཡེ་ཤེས་ལྔའི་ཕྱག་རྒྱས་རྟོག་ཚོགས་རྒྱུན་གཅོད་པའི་ཆོས་ཀྱི་འཁོར་ལོ་བར་མི་ཆད་དུ་བསྐོར་རྟགས་སུ་ཤར་བ་འཁོར་ལོའི་གདན། གཉིས་པ་ནི། ཡོན་ཏན་གྱི་རྟགས་སུ་སེང་གེ་ལ་སོགས་པའི་སེམས་ཅན་ལྔ་པོ་རེ་རེའང་བརྒྱད་བརྒྱད་ཀྱི་གདན་ཁྲི་དང་ལྡན་པ་སྟེ། འབྲས་བུའི་ཆོས་མི་འཇིགས་བཞི་སོགས་ལྷུན་གྱིས་གྲུབ་པའི་རྟགས་སུ་དེ་ལྟར་གནས་པ་ཡིན་ཏེ། དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་བཅོམ། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །སྐུ་ནི་སྟོབས་བཅུས་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་པོའི་གསུང་། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་ཕྲིན་ལས་བཞི་ཡིས་ཞི་རྒྱས་དབང་དྲག་ལས་རྣམས་ཀྱིས། །ཐོགས་མེད་ལས་རྣམས་ལྷུན་གྱིས་གྲུབ། །མཆན། འགྲོ་བ་སྒྲོལ། དེ་གྲུབ་རྟགས་སུ་ཤང་ཤང་ཁྲི་ལ་བཞུགས། །ཞེས་སོ། །གསུམ་པ་ནི། རྒྱལ་བའི་ཐུགས་རང་བཞིན་གྱིས་འོད་གསལ་ཞིང་ཐབས་ཤེས་དབྱེར་མེད་པའི་ཉི་ཟླའི་གདན། པདྨ་འདམ་ལས་སྐྱེས་ཀྱང་དེའི་དྲི་མས་མ་གོས་པ་ལྟར་རྟག་ཆད་ཀྱི་མཐའ་ཡི་སྐྱོན་གྱིས་གོས་པ་མེད་པའི་རྟགས་སུ་པདྨའི་གདན། རེ་འདོད་སྐོང་ཞིང་དཀོར་བདུན་ལྡན་པའི་རྟགས་སུ་རིན་པོ་ཆེའི་ཁྲི་རྐང་མཛོད་མིག་བདུན་ལྡན་རྣམས་སོ། །ལྔ་པ་འཁོར་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། རང་བཞིན་གཉིས་སུ་མེད་པའི་འཁོར་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་གཉིས་ལས། དང་པོ་རིགས་ཀྱི་ཡབ་ལྔ་དང་ཡུམ་ལྔ་ལས། ཡབ་ལྔ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་སོགས་ནས། འདུ་བྱེད་ཀྱི་རྒྱལ་པོ་སོགས་སོ། །ཞེས་པས་བར་གྱིས་བསྟན། དེའི་དོན་ལ་གསུམ་སྟེ། རྟོག་པ་བཤད་པ་དང་། དེ་ལྷར་དག་ཚུལ་བཤད་པ་དང་། །དེའི་རིགས་ཀྱི་དབྱེ་བ་བཤད་པ་དང་གསུམ་ལས། དང་པོ་ནི། རྒྱུད་ཕྱི་མ་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་ལ། །ཕུང་པོ་ལྔ་ཞེས་རབ་ཏུ་བརྗོད། །ཅེས་པས། རྣམ་ཤེས་ཀྱི་ཕུང་པོ་ནི་ཡུལ་རྣམ་པར་རིག་པའི་མཚན་ཉིད་ཅན་གྱི་ཚོགས་བརྒྱད་དེ། ཀུན་གཞི། ཡིད། ཉོན་ཡིད། སྒོ་ལྔའི་རྣམ་ཤེས་ཏེ་བརྒྱད་དོ། །གཟུགས་ཀྱི་ཕུང་པོ་ནི། གཟུགས་སུ་རུང་བའི་མཚན་ཉིད་ཅན་གྱི་གཟུགས་བཅོ་ལྔ་སྟེ་རྒྱུའི་གཟུགས་འབྱུང་བ་བཞི། ས་ཆུ་མེ་རླུང་བཞིའོ། །མཆན། འབྲས་བུའི་གཟུགས་དབང་པོ་ལྔ། དོན་ལྔ། གཟུགས་སྒྲ་དྲི་རོ་རེག་བྱ་ལྔའོ། །མཆན། རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་དང་བཅོ་ལྔའོ། །ཚོར་བའི་ཕུང་པོ་ནི། ཉམས་སུ་མྱོང་བའི་མཚན་ཉིད་ཅན་གྱི་ཚོར་བ་བདེ་སྡུག་བར་མ་གསུམ་མོ། །འདུ་ཤེས་ཀྱིས་ཕུང་པོ་ནི། ཡུལ་ལ་མཚན་མར་འཛིན་པའི་མཚན་ཉིད་ཅན་གྱི་འདུ་ཤེས་རྒྱ་ཆེ་ཆུང་ཚད་མེད་པ་གསུམ་མོ། །འདུ་བྱེད་ཀྱི་ཕུང་པོ་ནི། མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་གྱི་སེམས་པའོ། །དེ་ཡང་སེམས་བྱུང་ལྔ་བཅུ་རྩ་གཅིག་སྟེ། སྡོམ་དུ་སྟོན་པ་ནི། ཚོར་༡འདུ་༢སེམས་༣པ་རེག་༤ཡིད་༥བྱེད། །འདི་དག་ཀུན་འགྲོ་ལྔ་ཡིན་ནོ། །འདུན་༡ མོས་༢དྲན་༣ཏིང་༤ཤེས་༥རབ་སྟེ། །འདི་དག་ཡུལ་ངེས་ལྔ་ཡིན་ནོ། །དད་༡དང་བག་༢ཡོད་ཤིན་༣ཏུ་སྦྱངས། །བཏང་སྙོམས་༤ངོ་ཚ་ཤེས་༥ཁྲེལ་༦ཡོད། །འདོད་ཆགས་༧ཞེ་སྡང་༨གཏི་མུག་༩མེད། །རྣམ་པར་མི་༡༠འཚེ་བརྩོན་འགྲུས་༡༡ཏེ། །འདི་དག་དགེ་བ་བཅུ་གཅིག་གོ། །འདོད་ཆགས་༡ཁོང་ཁྲོ་༢ང་རྒྱལ་༣དང་། །མ་རིག་༤ ཐེ་ཚོམ་༥ལྟ་བ་༦སྟེ། །འདི་དག་རྩ་ཉོན་དྲུག་ཡིན་ནོ། །ཁྲོ་དང་༡ འཁོན་༢འཛིན་འཆབ་༣དང་འཚིག༤ །ཕྲག་དོག་༥སེར་སྣ་༦སྒྱུ་༧དང་གཡོ༨། །རྒྱགས་༩དང་འཕྱར་༡༠གཡེང་༡༡ངོ་ཚ་༡༢མེད། །ཁྲེལ་མེད་༡༣ རྨུགས་༡༤རྒོད་༡༥མ་དད་༡༦དང་། །ལེ་ལོ་༡༧བག་མེད་༡༨བརྗེད་ངེས་༡༩དང་། །ཤེས་བཞིན་༢༠མ་ཡིན་རྣམ་གཡེང་སྟེ། །འདི་དག་ཉེ་ཉོན་ཉི་ཤུའོ། །གཉིད་༡འགྱོད་༢རྟོག་༣དཔྱོད་༤གཞན་འགྱུར་བཞི། །ཞེས་པ་དེ་ལ་ལྔ་བཅུ་རྩ་གཅིག་སྟེ། ཚོར་བ་དང་། འདུ་ཤེས་གཉིས་ཕྲི་བས་ལྷག་མ་ཞེ་དགུ་ནི་འདུ་བྱེད་ཀྱི་ཕུང་བོར་འཇོག་པའོ། །གཉིས་པ་དེ་དག་ལྷར་དག་ཚུལ་བཤད་པ་ནི། རྟོག་ཚོགས་ཕུང་པོ་ལྔའི་རང་བཞིན་ཡེ་ཇི་བཞིན་པར་རིགས་ལྔའི་ངོ་བོ་ཡིན་པ་ལ། ཁྱད་པར་དུ་རྒྱུད་དག་པས་སངས་རྒྱས་ལྔའི་འབྲས་བུ་མངོན་དུ་བྱས་ཏེ་མཐར་ཕྱིན་པའོ། །དེ་ལྟ་བུའི་རྟོག་པ་ལ་རང་རིག་པའི་ཡེ་ཤེས་ཀྱིས་དབང་བསྒྱུར་ཞིང་། ཟག་མེད་ཀྱི་ཆོས་བདེ་བ་ཆེན་པོ་ལ་ལོངས་སྤྱོད་པས་ན་རྒྱལ་པོ་ཞེས་བྱའོ། །རྒྱུད་འདིའི་ལྷ་ལ་རྟོག་པའི་མཚན་གྱིས་མོས་པ་ནི། འབྲས་བུ་ཐོབ་པའི་དུས་ན་རྟོག་པ་ཉིད་མ་སྤངས་མ་བསྒྱུར་བར་ལྷའི་རང་བཞིན་དུ་རྣམ་པར་དག་པའི་ཕྱིར་རོ། །རྟོག་ཚོགས་ལྷར་སྣང་བའི་འཐད་པ་ནི། ཕྱི་རོལ་གྱི་དབང་དུ་བྱས་ན། རྟོག་ཚོགས་ལྷར་སྣང་བ་ཡེ་ནས་ཡིན་པ་ཉིད་ལམ་རྐྱེན་དང་འཕྲད་ན་ལྷར་སྣང་རུང་མ་འགགས་པའི་ཕྱིར། དཔེར་ན་དངུལ་ཆུས་བསྡུས་པའི་གསེར་ཕྱེ་ཉིད་དངུལ་ཆུའི་གོང་བུ་ལྟར་སྣང་ཡང་། མེ་ཡི་རྐྱེན་དང་འཕྲད་ན་གསེར་དུ་འགྱུར་ལ། མ་འཕྲད་ན་མི་འགྱུར་བ་བཞིན་ནོ། །དེ་བཞིན་དུ་རྟོག་ཚོགས་ཡེ་ནས་ལྷའི་རང་བཞིན་མ་ཡིན་ན། ལམ་རྐྱེན་གྱིས་ལྷར་མི་འགྱུར་ཏེ། རྡོ་བ་ལ་གསེར་དུ་བསྒོམས་པས་གསེར་དུ་མི་འགྱུར་བ་བཞིན་ནོ། །ཤེས་བྱ་ནང་གི་དབང་དུ་བྱས་པ་ནི། རྣམ་ཤེས་ནི་ཐུགས་ཀྱི་བདག་ཉིད། གཟུགས་ནི་སྐུའི་བདག་ཉིད། ཚོར་བ་ནི་ཡུལ་ལ་ལོངས་སྤྱོད་པའི་ཡོན་ཏན་གྱི་བདག་ཉིད། འདུ་ཤེས་ནི་ཕྱི་ནང་གི་ཆོས་རྣམས་ལ་ཐ་སྙད་དུ་འདོགས་པའི་བརྡ་སྤྲོད་པའི་ཕྱིར་གསུང་གི་བདག་ཉིད། འདུ་བྱེད་ནི་བྱ་བ་བྱེད་པ་ལས་ཀྱི་བདག་ཉིད་དོ། །གསུམ་པ་དེའི་རིགས་ཀྱི་དབྱེ་བ་བཤད་པ་ནི། དཀྱིལ་འཁོར་གྱི་གཙོ་བོ་མི་བསྐྱོད་པ་ནི་ཐུགས་རྡོ་རྗེའི་རིགས་དང་ཆོས་དབྱིངས་ཡེ་ཤེས། རྣམ་སྣང་སྐུ་བདེ་གཤེགས་རིགས་དང་མེ་ལོང་ཡེ་ཤེས། །རིན་འབྱུང་ཡོན་ཏན་རིན་ཆེན་རིགས་དང་མཉམ་ཉིད་ཡེ་ཤེས། སྣང་མཐའ་གསུང་པདྨའི་རིགས་དང་སོར་རྟོག་ཡེ་ཤེས། དོན་གྲུབ་ལས་ཀྱི་རིགས་དང་བྱ་གྲུབ་ཡེ་ཤེས་སོ། །དེ་རྣམས་ཀྱི་མཚན་མའི་སྐུ་མདོག་ནི་དེ་དག་ཀུན་ཀྱང་མཐིང་ག་དང་སོགས་ནས། ལྗང་གུའི་མདོག་ཏུ་འཚེར་བ། ཞེས་པའི་བར་གྱིས་བསྟན། ཆོས་དབྱིངས་ཡེ་ཤེས་དང་རྡོ་རྗེའི་རིགས་མཐིང་ག །མེ་ལོང་ཡེ་ཤེས་དང་བདེ་གཤེགས་རིགས་དཀར་པོ། མཉམ་ཉིད་ཡེ་ཤེས་དང་རིན་ཆེན་རིགས་སེར་པོ། སོར་རྟོག་ཡེ་ཤེས་དང་པདྨའི་རིགས་དམར་པོ། བྱ་གྲུབ་ཡེ་ཤེས་དང་ལས་ཀྱི་རིགས་ལྗང་གུར་སྣང་བའོ། །གཉིས་པ་རིགས་ཀྱི་ཡུམ་ལྔ་ནི། བཙུན་མོ་དམ་པ་སྣང་བའི་དབྱིངས་དང་སོགས་ནས། བསྐྱོད་པའི་དབྱིངས་དང་། ཞེས་པའི་བར་གྱིས་བསྟན། དེའི་དོན་ལ་སྤྱི་དང་བྱེ་བྲག་གཉིས་སོ། །དང་པོ་ནི། བཙུན་མོ་དམ་པ་དང་། དབྱིངས་ཞེས་པས་བསྟན། ཡུམ་ལྔ་ལ་བཙུན་མོ་ཞེས་བརྗོད་པ་ནི། སྐྱེད་པར་བྱེད་པའི་རྒྱུ་དང་། སྤྱོད་པར་བྱ་བའི་ཡུལ་དུ་གྱུར་པས་ན་དེ་ལྟར་དུ་བརྗོད་དེ། རྟོག་པའི་དུས་སུ་འབྱུང་བ་ལྔས་ཕུང་པོ་ལྔ་བསྐྱེད་པ་དང་། ལྷའི་དུས་སུ་རིགས་ཀྱི་ཡབ་ལྔས་སྤྱད་པར་བྱ་བའི་ཡུལ་དུ་གྱུར་པས་སོ། །ཡང་ན་ཡུམ་གྱི་ངོ་བོ་དབྱིངས་དང་། ཡབ་ཀྱི་ངོ་བོ་ཡེ་ཤེས་ཡིན་པས་དབྱིངས་དེ་ཉིད་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པའི་ཕྱིར་རོ། །དམ་པ་ཞེས་བརྗོད་པ་ནི། ཡོན་ཏན་གྱི་ཁྱད་པར་གཞན་ལས་འཕགས་པའི་ཕྱིར་རོ། །དབྱིངས་ཞེས་པ་ནི། སྲས་ཀྱི་འབྱུང་ཁུངས་དང་། བདེ་བའི་ཡེ་ཤེས་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །གཉིས་པ་བྱེ་བྲག་གི་མཚན་ནི། ཡུམ་དབྱིངས་ཕྱུག་མ་ལ་སྣང་བ་ཞེས་པ་ནི། རྟོག་པའི་དུས་ན་ནམ་མཁས་གོ་མ་ཕྱེ་ན་དངོས་པོ་ཐམས་ཅད་སྣང་མི་ནུབ་པས་གོ་འབྱེད་པ་ནམ་མཁའ་དང་། ལྷའི་དུས་ན་ཆོས་ཁམས་ནམ་མཁའ་རྣམ་ཤེས་ཀྱི་ཡུལ་ཡིན་པ་ལྟར། ཐུགས་རྡོ་རྗེ་མི་བསྐྱོད་པའི་རིགས་ཀྱི་ཡུམ་དང་། ཡུམ་སྤྱན་མ་ལ་སྲ་བ་ཞེས་པ་ནི། རྟོག་པའི་དུས་སུ་སྲ་ཞིང་མཁྲེགས་པའི་མཚན་ཉིད་ཅན་ས་ཡི་ཁམས། ལྷའི་དུས་ན་བརྟན་ཅིང་རྟེན་དུ་གྱུར་བ་སྐུའི་རིགས་ཀྱི་ཡུམ་དང་། མཱ་མ་ཀཱི་ལ་མཉེན་པ་ཞེས་པ། རྟོག་པའི་དུས་བརླན་ཞིང་གཤེར་བ་ཆུའི་ཁམས། ལྷའི་དུས་ན་རྒྱུད་བརླན་ཅིང་ཡོན་ཏན་སྡུད་པའི་རིན་ཆེན་རིགས་ཀྱི་ཡུམ་དང་། གོས་དཀར་མོ་ལ་དྲོ་བ་ཞེས་པ། རྟོག་པའི་དུས་ན་ཚ་ཞིང་སྲེག་པ་མེ་ཡི་ཁམས། དེ་ལྷའི་དུས་ན་མཚན་འཛིན་གྱི་སྤུ་རི་ཤེས་རབ་ཀྱི་མེས་སྲེག་པར་བྱེད་པ་པདྨའི་རིགས་ཀྱི་ཡུམ་དང་། དམ་ཚིག་སྒྲོལ་མ་ལ་བསྐྱོད་པ་ཞེས་པ་རྟོག་པའི་དུས་ཡང་ཞིང་གཡོ་བ་རླུང་གི་ཁམས་དང་། ལྷའི་དུས་ན་རླུང་གིས་བསྐྱོད་འདེགས་ཀྱི་བྱ་བ་བྱེད་པ་ལྟར་ཐོགས་པ་མེད་པའི་ལས་ཅན་ལས་ཀྱི་རིགས་ཀྱི་ཡུམ་མོ། །གཉིས་པ་རིག་པ་ཁྱད་པར་ཅན་གྱི་འཁོར་ལ། རྒྱལ་སྲས་སེམས་པའི་འཁོར་དང་། འཇོམས་བྱེད་ཁྲོ་བོའི་འཁོར་གཉིས་ཏེ། དང་པོ་རྒྱལ་སྲས་སེམས་དཔའི་འཁོར་ནི། དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། སོགས་ནས། མ་བྱོན་པའི་ཚོགས་དང་། ཞེས་པའི་བར་གྱིས་བསྟན། དེ་ཡང་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། སེམས་དཔའ་ཡབ་རྣམས་ཀྱི་མཚན་ལ། བྱང་ཆུབ་ཆེན་པོ་རྡོ་རྗེ་ཞེས་པ། མིག་ཤེས་ལ་སོགས་པ་རྟོག་ཚོགས་རྣམས་ཡེ་ནས་བྱང་ཆུབ་ཀྱི་སེམས་ཡིན་པ་ལ་ཡིན་པ་ལྟར་མངོན་དུ་གྱུར་པའི་འབྲས་བུ་ནི་བྱང་ཆུབ་ཆེན་པོ་དང་། དོན་དམ་པར་ལྷ་རྟོག་དབྱེར་མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་ཞེས་པའོ། །སེམས་མ་རྣམས་ལ་བཙུན་མོ་ཞེས་པ་ནི། ཡུལ་བཞིས་རྣམ་ཤེས་བཞི་བསྐྱེད་པ་དང་། དུས་བཞིས་གོ་ཕྱེ་ནས། དབང་པོ་བཞི་བསྐྱེད་པའི་ཕྱིར་རོ། །གཉིས་པ་བྱེ་བྲག་གི་མཚན་ནི། ནང་སེམས་བཞི་པོ་ལ་མཐོང་བ་ལ་སོགས་པ་སྨོས་པ་ནི་རྟོག་པའི་མཚན་ཏེ། མིག་དབང་ལ་བརྟེན་ནས་མིག་ཤེས་ལ་སོགས་ཀྱིས་གཟུགས་སོགས་མཐོང་བ་ཡིན་པའི་ཕྱིར་རོ། །དེ་ལྷའི་དུས་ན་ཐུགས་ཀྱི་སེམས་དཔའ་བཞི་ཡིན་ཏེ། མཐོང་བ་ས་སྙིང་། ཐོས་པ་ཕྱག་རྡོར། སྣོམ་པ་ནམ་སྙིང་། མྱོང་བ་སྤྱན་རས་གཟིགས་རྣམས་སོ། །དེ་དག་གི་ཡུལ་བཞི་ལ། མཐོང་བར་བྱ་བ་སོགས་སྨོས་པ་ནི། རྟོག་པའི་མཚན་ཏེ། མིག་ཤེས་སོགས་ཀྱིས་མཐོང་བྱ་གཟུགས་སོགས་ཡིན་པའི་ཕྱིར། དེ་ལྷའི་དུས་ན་མཐོང་བར་བྱ་བ་ལཱ་སྱ་མ། མཉན་པར་བྱ་བ་གཱིརྟི་མ། སྣོམ་པར་བྱ་བ་མཱ་ལེ་མ། མྱོང་བར་བྱ་བ་ནཱིརྟི་མ་རྣམས་སོ། །ཕྱི་སེམས་བཞི་ལ་མཐོང་བྱེད་ལ་སོགས་སྨོས་པ་ནི། རྟོག་པའི་མཚན་ཏེ། རྣམ་ཤེས་བཞིས་ཡུལ་བཞི་མཐོང་བའི་བདག་རྐྱེན་དབང་པོ་བཞིས་བྱེད་པ་སྟེ། དེ་དག་པ་ལྷའི་དུས་ན་གསུང་གི་སེམས་དཔའ་བཞི་ཡིན་ཏེ། མཐོང་བྱེད་བྱམས་པ། ཐོས་བྱེད་སྒྲིབ་སེལ། སྣོམ་བྱེད་ཀུན་བཟང་། མྱོང་བྱེད་འཇམ་དཔལ་རྣམས་སུ་ངེས་པའི་ཕྱིར་དང་། ཕྱི་སེམས་བཞི་པོ་དེའི་ཡུམ་ལ་འདས་པ་སོགས་སྨོས་པ་ནི་རྟོག་པའི་མཚན་ཏེ། དུས་བཞིས་གོ་ཕྱེ་ནས་དབང་པོ་བཞི་བསྐྱེད་པའི་ཕྱིར་དང་། དེ་ལྷའི་དུས་ན། འདས་པའི་དུས་དྷཱུཔེ་མ། ད་ལྟ་བ་མེ་ཏོག་མ། མ་འོངས་པ་མར་མེ་མ། མ་ངེས་པ་དྲི་ཆབ་མ་རྣམས་སོ། །འདིར་དུས་བཞི་པོ་གང་ཡིན་ཞེ་ན། རྒྱུ་འབྲས་གཉིས་ཀ་སྤྱད་ཟིན་པའི་དུས་ནི་འདས་པ། རྒྱུ་སྤྱད་ཅིང་འབྲས་བུ་མ་སྤྱད་པ་ད་ལྟ་བ། རྒྱུ་འབྲས་ཚོགས་ལ་མ་སྤྱད་པ་ནི་མ་འོངས་པའོ། །རྒྱུ་འབྲས་ཡོད་ལ་མ་ཚོགས་པ་ནི་འདས་མ་འོངས་གང་དུ་ཡང་མ་ངེས་པའོ། །གཉིས་པ་འཇོམས་བྱེད་ཁྲོ་བོའི་འཁོར་ལ། འཇོམས་པ་ཆེན་པོ་རྡོ་རྗེ་རེག་པ་དང་སོགས་ནས། མཚན་མར་མ་ཡིན་པར་ཞེས་པའི་བར་གྱིས་བསྟན། དེ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། ཡབ་བཞི་ལ་འཇོམས་པ་ཆེན་པོ་རྡོ་རྗེ་ཞེས་པ་ནི། ཕྱི་ལུས་ཀྱི་ཆོས་བཞི་དང་སྦྱར་ན། ཁྲོ་བོ་བཞིས་ལོག་འདྲེན་རྣམས་འཇོམས་པ་དང་། ནང་གསང་བའི་ཁམས་བཞི་དང་སྦྱར་ན་བདེ་བའི་རྟོག་པ་ལྷའམ་བདེ་བར་འཛིན་པའི་ཞེན་པ་གཉིས་ཀ་འཇོམས་པ་ལ་ཐོགས་པ་མེད་པས་རྡོ་རྗེ་ཞེས་བརྗོད་ཅིང་། དེ་འཇོམས་པའི་ཕྲིན་ལས་གཞན་ལས་ཁྱད་པར་དུ་འཕགས་པས་ན་ཆེན་པོ་ཞེས་པའོ། །ཡུམ་རྣམས་ལ་བཙུན་མོ་ཞེས་པ་ནི། དེ་ལྟ་བུའི་འཇོམས་བྱེད་ཀྱི་གཉེན་པོ་དེའང་རྟག་ཆད་བདག་མཚན་བཞིས་བསྐྱེད་པ་མ་ཡིན་པ་དང་། ཆོས་ཉིད་ཡུམ་གྱི་ངོ་བོས་བསྐྱེད་པའི་ཕྱིར་རོ། །གཉིས་པ་བྱེ་བྲག་གི་མཚན་ནི། སྒོ་བ་ཡབ་བཞི་ལ་རེག་པ་སོགས་སྨོས་པ་ནི། རྟོག་པའི་མཚན་ཏེ། ཕྱི་ལྟར་ན། ལུས་ཀྱི་འདུས་ཏེ་རེག་པས་ཚོར་བ་སྐྱེ། རེག་བྱེད་ལུས་དབང་། རེག་བྱ་ཡུལ། དེ་གཉིས་འཕྲད་པས་རེག་ཤེས་ཀྱིས་འཇམ་རྩུབ་སོགས་མྱོང་བ་དང་། ནང་ལྟར་ན། གསང་བའི་ཡུལ་དབང་རྣམ་ཤེས་གསུམ་འདུས་པས་རེག་པ་སྐྱེ། རེག་བྱེད་གསང་དབང་ཐབས་ཀྱི་རྡོ་རྗེ་དང་། །རེག་བྱ་གསང་ཡུལ་ཤེས་རབ་ཡུམ་གྱི་པདྨར་རེག་ཤེས་ཀྱིས་དགའ་བ་ཉམས་སུ་མྱོང་བའོ། །དེ་ལྷའི་དུས་ན་ཕྱི་ནང་གཉིས་ཀའི་རྟོག་པ་གོ་རིམ་བཞིན་དུ། ཁྲོ་བོ་བདུད་རྩི་འཁྱིལ་བ་དང་། རྟ་མགྲིན། སྟོབས་པོ་ཆེ་དང་། གཤིན་རྗེ་གཤེད་རྣམས་སུ་དག་པའོ། །དེ་དག་གི་ཡུམ་རྣམས་ལ། རྟག་པ་མ་ཡིན་པ་སོགས་སུ་སྨོས་པ་ནི། རྟོག་པའི་མཚན་ཏེ། ཕུང་པོ་མི་རྟག་པར་འཛིན་པ་དང་། སྡུག་བསྔལ་གྱི་རང་བཞིན་ངར་འཛིན་པ། བདག་མེད་པར་འཛིན་པ། སྟོང་པར་འཛིན་པ་རྣམས་ལྷའི་དུས་སུ། ཁྲོ་མོ་ལྕགས་ཀྱུ་མ། ཞགས་པ་མ། ལྕགས་སྒྲོག་མ། དྲིལ་བུ་མ་རྣམས་སུ་དག་པའོ། །དེ་ལྟར་འཁོར་གྱི་ཚད་ནི། ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་ཅིང་མཐའ་ཡས་པར་ཁྱབ་པ་ནི། འདི་ལྟ་སྟེ། ཏིལ་གྱི་གོང་བུ་བཞིན་དུ་གང་ནས་ཁྱབ་ཅིང་བཞུགས་པའོ། །ཞེས་དང་དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ། །ཞེས་པས་བསྟན། དེ་ལ་གཉིས་ཏེ། ཁྱབ་པའི་ཚད་ནི་ཀུན་ཏུ་ཁྱབ་ཅིང་མཐའ་ཡས་པར་ཁྱབ་པ། ཏིལ་གོང་ཏིལ་འབྲས་ཀྱིས་གང་བ་བཞིན་ནོ། །མང་བའི་ཚད་ནི། འདི་ཙམ་ཞེས་བརྗོད་ཀྱིས་མི་ལང་བའི་ཕྱིར་རོ། །དེ་རྣམས་དང་རང་བཞིན་གཉིས་སུ་མེད་པར་བཞུགས་པ་ཡིན་ནོ། ༈ །གཉིས་པ་གདུལ་བྱར་དགོས་ཆེད་དུ་བསྟན་པ་ཁྲོ་བོའི་གླེང་གཞི་ལའང་ཕུན་སུམ་ཚོགས་པ་ལྔ་ལས། དང་པོ་སྟོན་པ་ཕུན་སུམ་ཚོགས་པ་ནི་འདི་ཉིད་ཀྱི་ལེའུ་བཅོ་ལྔ་པ་ལས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ཁྲོ་བོའི་དཀྱིལ་འཁོར་མངོན་པར་འདུ་མཛད་དེ། ཞེས་པས་བསྟན། སྟོན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དྲུག་པ་ཀུན་ཏུ་བཟང་པོ་དེ་ཉིད་གདུལ་བྱ་རུ་དྲའི་ངོར། འདུལ་བྱེད་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་མངོན་པར་འདུ་མཛད་པ་སྟེ། ཕྲིན་ལས་ཕྱག་རྒྱའི་སྐུར་བཞེངས་པའོ། །གཉིས་པ་གནས་ཕུན་སུམ་ཚོགས་པ་ནི། དུར་ཁྲོད་ཆེན་པོར་དགྱེས་ནས་ཁྲག་གི་རྒྱ་མཚོའི་དཀྱིལ་ན་ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་འབར་བ་ཆེན་པོའི་ཀློང་གི་འཁོར་ལོའི་དཀྱིལ་ན། ཞེས་པས་བསྟན། དུར་ཁྲོད་འབར་བའི་གཞལ་ཡས་ཁང་དུ་བཞུགས་པར་དགྱེས་པ། མཁའ་རླུང་གི་དཀྱིལ་འཁོར་ལ་བརྟེན་པའི་ཁྲག་གི་རྒྱ་མཚོ། ཞིང་ཆེན་གྱི་ས་གཞི། ཀེང་རུས་ཀྱི་རི་རབ་བརྩེགས་པའི་སྟེང་། ཡེ་ཤེས་ཀྱི་མེ་དཔུང་འབར་བ་ཆེན་པོའི་ཀློང་ན་བཞུགས་པའོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ནི། གདུལ་བྱ་གདུག་པ་ཅན་གྱི་འཁོར་དང་། འདུལ་བྱེད་གཉེན་པོའི་འཁོར་གཉིས་ལ། དང་པོ་གདུལ་བྱ་གདུག་པ་ཅན་གྱི་འཁོར་ནི། བདག་ཏུ་རྨོངས་པའི་རྟོག་པ་དང་བརྟགས་པ་ལ་མངོན་པར་ཞེན་པས། སོགས་ནས་འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་སོ། །ཞེས་པའི་བར་གྱིས་བསྟན། དེ་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིར་མ་རིག་པ་གཉིས་ཀྱིས་སེམས་ཅན་ཐམས་ཅད་འཁོར་བར་འཁྱམས་པས་གོལ་ལ། དེ་ཡང་སེམས་ཅན་ཐམས་ཅད་བདེན་མེད་སྒྱུ་མའི་དོན་མ་རྟོགས་ཤིང་། བདག་ཏུ་ལྟ་བ་དང་། རྟག་པར་འཛིན་པའི་ཞེན་པས་བཅིངས་ནས་ཁམས་གསུམ་འཁོར་བ་རང་རྒྱུད་དུ་འཁོར་བའོ། །མཆན། བྱེ་བྲག་རུ་དྲ་གབ་པའི་གསང་བ་མ་རྟོགས་པར་སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས། སྦྱོར་སྒྲོལ་གཉིས་བརླང་པོར་སྤྱད་པའི་རྣམ་སྨིན་གྱིས་དམྱལ་བའི་སྡུག་བསྔ་མི་བཟད་པ་མྱོང་ཤིང་། རྒྱུ་མཐུན་གྱི་འབྲས་བུ་ལྷ་རང་རྒྱུད་དུ་བསྒོམས་ཤིང་། དྲག་ར་ལ་ར་ལ་སོགས། སྔགས་རང་གར་བཟླས་པས་ཡི་དྭགས་ཀྱི་རིགས་སྲིན་པོ་བྱའི་གཤོག་པ་ཅན་ཞིག་ཏུ་སྐྱེས་སོ། །གཉིས་པ་འཇོམས་བྱེད་གཉེན་པོའི་འཁོར་ནི། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོར་གྱུར་ཏེ། ཞེས་སོགས་ནས། དེ་བཞིན་གཤེགས་པ་རིགས་ལྔའི་འཁོར་དང་། དཀར་མོའི་ཚོགས་དང་། སོགས་ནས་གནས་མ་བརྒྱད། སེང་གདོང་ཆེན་མོ་སོགས་ཡུལ་མ་བརྒྱད། རྡོ་རྗེ་སྲིང་འགྲོ་མ་སོགས་སྒོ་མ་བཞི་ཤིན་ཏུ་རྔམ་པའི་གཟུགས་ཀྱིས་གནས་སོ། །ཞེས་པའི་བར་གྱིས་བསྟན་པ་དང་། སྲིན་མོ་ཆེན་མོ་མིའི་སྲིན་མོ་སོགས། དབང་མོ་ཉེར་བརྒྱད་རྣམས་སོ། །བཞི་བ་ཆོས་ཕུན་སུམ་ཚོགས་པ་ནི། དེ་ནས་དེ་བཞིན་གཤེགས་པ་ཆེ་བའི་རྡོ་རྗེ་བཀོད་པའི། ཞེས་སོགས་ནས་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བཀོད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཉིད་སྦྱོར་སྒྲོལ་གྱི་ཕྲིན་ལས་རྨད་དུ་བྱུང་བ་སྟེ། དང་པོ་ཕོ་རྣམས་སྒྲོལ་བས་འདུལ་བ་ནི། དེ་བཞིན་ཉིད་ཀྱི་དབྱིངས་ནས་གསང་བའི་ཡུམ་དབྱིངས་ཕྱུག་མ་སྤྲུལ་ཏེ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སྤྲིན་ལས་ཁྲོ་བོ་འཆོལ་བའི་ཚོགས་སྤྲོས་པས་གདུག་པ་ཅན་སྐྲག་སྟེ་བརྒྱལ་བར་གྱུར་པ་ན། ཁྲོ་ཚོགས་རྣམས་བསྡུས་ཏེ། རིགས་ལྔའི་ཧེ་རུ་ཀར་སྣང་བར་བྱས་སོ། །གདུག་པ་ཅན་ཞབས་འོག་ཏུ་མནན་པས་ད་དུང་དགྲ་ཟླར་མཐོང་སྟེ་གཏུམ་ཚིགས་སྨྲས་པས་སླར་ཡང་དཔལ་ཆེན་པོས་རུ་ཏྲའི་ངོར་སྒྲོལ་བྱེད་རྡོ་རྗེ་སྲིན་པོ་དབུ་དགུ་ཕྱག་བཅོ་བརྒྱད་པའི་རྣམ་པར་བསྟན་ནས་གདུག་པ་ཅན་གྱི་དུག་གསུམ་དག་པར་བྱ་བའི་ཕྱིར་འདོད་ཆགས་ཁྲག །ཞེ་སྡང་རུས་པ། གཏི་མུག་ཤའི་རྣམ་པ་ལྷག་མ་མ་ལུས་པར་ཞལ་དུ་གསོལ་བ་ནི་ཕོ་རྣམས་སྒྲོལ་བས་འདུལ་བའོ། །གཉིས་པ་མོ་རྣམས་སྦྱོར་བས་འདུལ་བ་ནི། གདུག་པ་ཅན་དེ་དག་གི་ཆུང་མ་དབང་མོ་ཉེར་བརྒྱད་པོ་དབང་དུ་བསྡུས་ཤིང་རིགས་བཞིའི་ཁྲོ་བོ་ལ་ལྔ་རེ། དཔལ་ཆེན་པོའི་སྐུ་ལ་བརྒྱད་འཁྲིལ་ནས་མཉམ་པར་སྦྱོར་བ་ལས་གནས་ཡུལ་སྒོ་མ་རྣམས་རེ་རེའང་ཉེར་བརྒྱད་རེ་སྤྲོས་ཏེ། སོ་སོ་ཡང་རིགས་གཅིག་ཏུ་བསྡུས་ཏེ་དཀྱིལ་འཁོར་གྱི་གནས་སོ་སོར་བཀོད་དེ་ཕཊ་ཅེས་བསྒྲགས་པས་དབང་མོ་ཉེར་བརྒྱད་རང་རང་གི་གནས་སུ་ཡུད་ཙམ་ལ་བཀྱེའོ། །དེ་ནས་སྔར་གསོལ་བའི་རུ་ཏྲ་ཕོ་རྣམས་ལྟོ་བར་གནས་པ་འོག་སྒོ་ནས་བཏོན་ཏེ། མི་གཙང་བའི་འདམ་ཀྱི་རྒྱ་མཚོར་ཆུད་པ་ལ། སྲས་མཆོག་རྨེ་བ་བརྩེགས་པ་བྱུང་སྟེ། འདམ་ཀུན་འཐུངས་པས་གདུག་ཅན་དེ་རྣམས་དྲན་པ་རྙེད་དེ་སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ཐོབ་སྟེ། བསམ་ཡས་ལྷུན་གྲུབ་ཁྲོ་བོའི་དཀྱིལ་འཁོར་གྱི་ཞལ་མངོན་སུམ་དུ་མཐོང་ངོ་། །དེ་ནས་སྐྲག་ཅིང་བྲེད་དེ་ཞུམ་པའི་ང་རོས་འབངས་སུ་མཆིའོ། །འབངས་སུ་མཆི་ཞེས་དང་། བདག་ཅག་རྣམས་ཀྱི་མཆིས་འབྲང་དང་། །སོགས་ནས། བྲོ་གར་ནས། རང་གི་ལུས་ཁྲག་འཐུང་རིགས་ལྔའི་དཀྱིལ་འཁོར་གྱི་གདན་དུ་ཕུལ་ལོ། །དེ་ནས་དཔལ་ཆེན་པོས་ལག་ཏུ་རྡོ་རྗེ་བྱིན་ནས་རྡོ་རྗེ་སྲིང་འགྲོ་མ་ལ་སོགས་མིང་གི་དབང་བསྐུར་ནས་ལྷག་མ་ལེན་པའི་ལས་ཀྱི་བཀའ་སྡོད་དཀྱིལ་འཁོར་གྱི་ཁྲག་ཁྱམས་ལ་འགོད་པར་མཛད་དོ། །ལྔ་པ་དུས་ཕུན་སུམ་ཚོགས་པ་ནི། དེའི་དུས་ན་ཕྱོགས་བཅུའི་འཇིག་རྟེན། །ཞེས་པ་ནས། བཏུལ་ལོ། །ཞེས་པའི་བར་གྱིས་བསྟན། ཕྱོགས་བཅུའི་འཇིག་རྟེན་གྱི་གདུག་པ་ཅན་ཐམས་ཅད་དུས་གཅིག་ཏུ་བཏུལ་བའི་དོན་ཡིན། དེ་ཡང་དོན་དུ་གསང་བའི་འོག་མིན་དུ། སྟོན་འཁོར་ཚོགས་ནས་སྙིང་གའི་འོག་མིན་དུ་སངས་རྒྱས་པའི་ཚེ་ཕྱི་རོལ་དུ་རྟགས་སྣང་དེ་ལྟར་ཤར་བ་ཡིན་ནོ། ༈ །གསུམ་པ་སྤྲུལ་སྐུས་འགྲོ་བ་འདུལ་བའི་གླེང་གཞི་ལའང་ཕུན་སུམ་ཚོགས་པ་ལྔ་ལས། དང་པོ་སྟོན་པ་ཕུན་སུམ་ཚོགས་པ་ནི། འདི་ཉིད་ཀྱི་ལེའུ་གསུམ་པ་ལས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས། སོགས་ནས་ཐུགས་རྡོ་རྗེ་ལས་ཐོན་ཏེ། ཞེས་དང་། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས། ཞེས་པས་བསྟན། སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེའི་དོན་མཛད་པ་ཡིན་ཏེ་ཐུབ་པ་དེ་རེ་རེ་ལའང་གདུལ་བྱ་རིགས་དྲུག་སོ་སོའི་མཐོང་སྣང་གི་དབང་གིས་དྲུག་ཏུ་སྣང་བར་འགྱུར་ཏེ། སྒྱུ་འཕྲུལ་བླ་མ་ལས། ལྷ་ཡི་གནས་ན་བརྒྱ་བྱིན་མགོན། །ལྷ་མ་ཡིན་ན་ཐག་བཟང་རིས། །མི་ལ་བདུད་འདུལ་ཤཱཀྱའི་མགོན། །ཡི་དྭགས་གནས་ན་ཁ་འབར་ཏེ། །བྱོལ་སོང་སེང་གེ་ཉིད་དུ་སྨྲ། །དམྱལ་བ་ལས་ཀྱི་གཤིན་རྗེའི་མགོན། །ཞེས་སོ། །གཉིས་པ་འཁོར་ཕུན་སུམ་ཚོགས་པ་ནི། འགྲོ་བ་ལྔའི་དོན་མཛད། ཅེས་པས་བསྟན། སྤྱིར་འཁོར་འགྲོ་བ་ལྔ་ནི། དངོས་སུ་ལྷ་མི་གཉིས། ངན་འགྲོ་གསུམ་དང་ལྔ་སྟེ། དེ་དག་གི་ཤུགས་ཀྱིས་ལྷ་མིན་ཀྱང་བསྡུས་ཏེ། ལྷ་མིན་ལ་རིགས་ལྔ་ཡོད་པས། སྟོད་རིགས་ལྷ་དང་། སྨད་རིགས་དུད་འགྲོར་བསྡུས་པས་འགྲོ་བ་ལྔའོ། །བྱེ་བྲག་འཁོར་རྣམ་པ་བཞི་ལ་སོགས་པའོ། །གསུམ་པ་གནས་ཕུན་སུམ་ཚོགས་པ་ནི། སྣྲེལ་གཞི་དང་ཡས་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པ། སོགས་ཀྱིས་བསྟན། མགོ་གྱེན་བསྟན་དུ་འགྲོ་བ་མཐོ་རིས། ཐུར་བསྟན་དུ་འགྲོ་བ་དམྱལ་བ་དང་ཡི་དྭགས། འཕྲེད་བསྟན་དུ་འགྲོ་བ་སྣྲེལ་གཞི་སྟེ་བྱོལ་སོང་། དེ་དྲུག་པོ་སྟོང་གསུམ་འཇིག་རྟེན་གཅིག་གི་ནང་དུ་ཆུད་པ་སྟེ། དེ་འདྲ་བ་སྟོང་ལ་སྟོང་སྤྱི་ཕུད། དེ་འདྲ་བ་སྟོང་ལ་སྟོང་གཉིས་པ། དེ་འདྲ་བ་སྟོང་ལ་སྟོང་གསུམ་པ་སྟེ། དེ་རྣམས་སྤྲུལ་སྐུའི་གདུལ་བྱའི་ཞིང་ཡིན་ནོ། །བཞི་པ་ཆོས་ཕུན་སུམ་ཚོགས་པ་ནི། འདུལ་བ་རྣམ་པ་བཞིས། ཞེས་པས་བསྟན། དང་པོ་སྐུ་བསོད་ནམས་ཆེན་པོས་འདུལ་བ་ནི། བལྟམས་པ་དང་ནས། མྱ་ངན་ལས་འདས་པ་ལ་སོགས་པ་སྟོན་པའི་ཐུབ་པ། ཞེས་པའི་བར་གྱིས་བསྟན། དེ་ཡང་ཐུབ་པའི་མཛད་པ་བརྒྱད་བསྟན་པ་ནི། འཛམ་གླིང་བྱེ་བ་ཕྲག་བརྒྱ་རེ་རེར་འདུལ་བྱེད་མཆོག་གི་སྤྲུལ་སྐུ་ཡང་དེ་སྙེད་འབྱུང་བ་ཐམས་ཅད་མཛད་པའི་ཚུལ་མཐུན་པར་སྟོན་པས་ན་གཅིག་གི་མཛད་ཚུལ་སྨོས་པས་ཐམས་ཅད་ཀྱི་མཛད་པར་རིག་པར་འགྱུར་བའི་ཕྱིར། འོ་སྐོལ་གྱི་སྟོན་པ་འདི་ཉིད་ཀྱི་སྒོ་ནས་བརྗོད་དེ། དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་པོར་སྐྱེ་བ་བཞེས་ཏེ། གཟིགས་པ་ལྔས་གཟིགས་ནས་མོ་ལུག་གི་ལོ་ཆུ་སྟོད་ཟླ་བའི་ཉ་ལ་གླང་པོ་ཆེའི་རྣམ་པས་ཡུམ་སྒྱུ་འཕྲུལ་མ་གསོ་སྦྱོང་ལ་གནས་པའི་ལྷུམས་སུ་ཞུགས་ཏེ། ཟླ་བ་བཅུ་ཕལ་ཆེར་རྫོགས་པ་ལྕགས་སྤྲེལ་ས་གའི་ཚེས་བདུན་རྒྱུ་སྐར་རྒྱལ་ལ་བབས་པའི་ཚེ་ལུམྦི་ནཱིའི་འཚལ་དུ་ཡུམ་གྱི་རྩིབས་ལོགས་གཡས་པ་ནས་མངལ་གྱི་དྲི་མ་མེད་པར་སྐུ་བལྟམས་ཏེ། ཡི་གེ་སོགས་སློབ་པ་ལྟར་མཛད་ནས་བཟོའི་གནས་ལ་བྱང་བར་གྱུར་ཅིང་། ཤཱཀྱ་རྣམས་སྒྱུ་རྩལ་གྱིས་ཕམ་པར་མཛད་དེ། ས་འཚོ་མ་བཙུན་མོའི་འཁོར་བརྒྱད་ཁྲི་བཞི་སྟོང་དང་བཅས་པ་བདག་གིར་བཞེས་ནས་ལོ་ཉི་ཤུ་རྩ་དགུའི་བར་ཁབ་ཏུ་བཞུགས་པ་དང་། དེ་ནས་ཁྱིམ་སྤངས་ཏེ་མཆོད་རྟེན་རྣམ་དག་གི་དྲུང་དུ་རབ་ཏུ་བྱུང་བ་དང་། དེ་ནས་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་གི་བར་དཀའ་ཐུབ་མཛད་པས་སྐུ་ཤིན་ཏུ་རིད་པ་ལ་གྲོང་པའི་བུ་མོ་ལེགས་སྐྱེས་མས་བ་སྟོང་གི་འོ་མ་ཉིང་ཁུར་བྱས་པ་སྦྲང་རྩི་དང་སྦྱར་བ་དྲངས་པ་གསོལ་བའི་མོད་ལ་སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་གྱུར་པ་དང་། དེ་ནས་རྡོ་རྗེ་གདན་དུ་སྐྱེས་བུ་ཆེན་པོའི་སྟབས་ཀྱིས་གཤེགས་རྩྭ་འཚོང་བཀྲ་ཤིས་ལས་རྩྭ་བསླངས་པ་ལ་སྟན་མཛད་ནས། བྱང་ཆུབ་ཀྱི་ཤིང་དྲུང་དུ་སྐྱིལ་མོ་ཀྲུང་གིས་བཞུགས་ཏེ། དགུང་ལོ་སོ་ལྔ་པ་ཤིང་རྟ་ས་གའི་ཉའི་ཐོ་རངས་བསམ་གཏན་བཞི་པ་ལ་བརྟེན་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་ཤིང་། ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་དེ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། དེའི་སྔ་ལོགས་ཉ་དེའི་སྲོད་ཀྱི་དུས་སུ་སྨིན་མཚམས་ནས་འོད་ཟེར་བཀྱེ་བ་ལ་སོགས་པའི་སྒོ་ནས་བདུད་བཏུལ་བ་དང་། སངས་རྒྱས་ནས་ཞག་བདུན་ཕྲག་བདུན་གྱི་བར་དུ་ཆོས་མ་གསུངས་པ་ལ། ཚངས་པ་དང་བརྒྱ་བྱིན་གྱིས་བསྐུལ་ཏེ་ཝཱ་རཱ་ཎ་སཱིར་ལྔ་སྡེ་ལས་བརྩམས་ནས་བཀའ་དང་པོ་བདེན་པ་བཞི་དང་། བྱ་རྒོད་ཕུང་པོའི་རི་བོ་ལ་སོགས་པར་བཀའ་བར་པ་མཚན་ཉིད་མེད་པ་དང་། ཡངས་པ་ཅན་ལ་སོགས་པར་བཀའ་ཐ་མ་དོན་དམ་རྣམས་པར་ངེས་པ་སྟེ་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་བསྐོར་བ་དང་། མཉན་ཡོད་དུ་མུ་སྟེགས་རྣམས་བཏུལ་བ་དང་སངས་རྒྱས་མ་ཐག་ཤིང་ཏཱ་ལ་བདུན་སྲིད་དུ་འཕགས་པ་སོགས་ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། མཐར་དགུང་ལོ་བརྒྱད་ཅུ་རྩ་གཅིག་པ་ལྕགས་འབྲུག་ས་གའི་ཉ་ལ་གྱད་ཡུལ་རྩྭ་ཅན་གྱི་གནས་ཤིང་སཱ་ལ་ཟུང་གི་རྩ་བར་རྡོ་རྗེ་ལྟ་བུའི་སྐུ་བཤིག་ནས་མྱ་ངན་ལས་འདས་བའི་ཚུལ་དང་སྐུ་གདུང་རིང་བསྲེལ་ལ་སོགས་པ་རྣམ་འཕྲུལ་མཐའ་ཡས་པར་སྟོན་པའི་ཐུབ་པ་གང་གི་སྐུའི་མཛད་པ་དེ་དག་གི་བསོད་ནམས་ཐུན་མོང་མ་ཡིན་པ་གཞན་ལས་འཕགས་པར་བསྟན་པས་ན་སྐུ་བསོད་ནམས་ཆེན་པོས་འདུལ་བའོ། །དེ་རྣམས་བསོད་ནམས་ཆེན་པོའི་མཐུ་ལས་བྱུང་ཞིང་དེ་མཐོང་བའི་གདུལ་བྱ་རྣམས་བསོད་ནམས་ཆེན་པོར་གྱུར་པའི་ཕྱིར་རོ། །གཉིས་པ་ཐུགས་མངོན་སུམ་པས་འདུལ་བ་ནི། དུས་བཞི་ཀུན་ཏུ་མཁྱེན་པ། སོགས་ནས། མངོན་ཤེས་དྲུག་དང་ལྡན་པ། ཞེས་པའི་བར་གྱིས་བསྟན། སངས་རྒྱས་རྣམས་ནི་སྒྲིབ་མེད་མཁྱེན་པའི་ཡེ་ཤེས་མངའ་བས་འགྲོ་བ་རྣམས་ཀྱི་སྔོོན་གྱི་གནས་དྲན་ཞིང་། ཕྱི་མའི་གནས། ད་ལྟའི་གནས། མ་ངེས་པའི་གནས་ཏེ་དུས་བཞི་ཀུན་ཏུ་མཁྱེན་པའི་མངོན་ཤེས། གཞན་སེམས་འགྱུ་བ་མཐའ་དག་མཁྱེན་པའི་མངོན་ཤེས། ཉེ་རིང་མེད་པའི་གཟུགས་དང་། འཆི་འཕོ་སྐྱེ་བ་ཐམས་ཅད་གཟིགས་པའི་སྤྱན་གྱི་མངོན་ཤེས། སྒྲ་ཆེ་ཆུང་ལ་མི་ལྟོས་པར་ཐམས་ཅད་གསན་པའི་སྙན་གྱི་མངོན་ཤེས། གང་འདུལ་མོས་པ་བཞིན་སྤྲུལ་སྒྱུར་སྣ་ཚོགས་སྟོན་པ་བྱ་བ་གྲུབ་པའི་མངོན་ཤེས། ཟག་མེད་མངོན་ཤེས་ཀྱིས་ཇི་ལྟར་སྤྱད་ཀྱང་མ་གོས་པ་ཟག་ཟད་ཀྱི་མངོན་ཤེས། དེ་དྲུག་དེའི་རྗེས་སུ་འགྲོ་ཞིང་མཁྱེན་པའི་དོན་ཡིན་པའི་ཕྱིར་རོ། །གསུམ་པ་རྫུ་འཕྲུལ་བསམ་གྱི་མི་ཁྱབ་པས་འདུལ་བ་ནི། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ། ཞེས་པ་ནས། སྣང་བར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན། དེ་ཡང་གདུལ་བྱ་རྣམས་འདུལ་ཕྱིར་ལྷ་མིའི་རྒྱལ་པོ་སོགས། རིགས་མཐུན་དང་ཞི་ཁྲོ་ཕྲ་མེན་སོགས་རྣམ་རོལ་དུ་མའི་སྐུ་བསམ་གྱིས་མི་ཁྱབ་པ་དང་། སོ་སོའི་སྒྲ་སྐད་དང་མཐུན་པར་ཆོས་སྟོན་པའི་གསུང་བསམ་གྱིས་མི་ཁྱབ་པ་དང་། དེ་དག་ནི་རྫུ་འཕྲུལ་གྱི་སྤྱོད་པ་ཡིན་པའི་ཕྱིར་རོ། །བཞི་པ་གསུང་རིག་པས་འདུལ་བ་ནི། ཐམས་ཅད་ཀྱང་འདི་ལྟ་སྟེ། ཞེས་པ་ནས། མཐར་ཐུག་གོ། །ཞེས་པའི་བར་གྱིས་བསྟན། དེ་ལའང་མདོར་བསྟན་དང་རྒྱས་བཤད་མཇུག་བསྡུ་བ་གསུམ་གྱིས་བསྟན་ཅིང་། རིགས་ཅན་ལྔའི་ལྷ་མི་ཉན་རང་བྱང་སེམས་དང་། མཆན། གདུལ་བྱ་ལ་ལྟོས་ནས། ཐེག་པའི་རིམ་པ་ལྔ་བསྟན། དེ་ཐམས་ཅད་ཀྱང་གསུང་གི་རིག་བྱེད་ལས་བྱུང་བས་གདུལ་བྱ་འདུལ་བའི་ཆོས་སྒོ་བསམ་མི་ཁྱབ་པ་ཡིན་པའི་ཕྱིར་རོ། །ལྔ་པ་དུས་ཕུན་སུམ་ཚོགས་པ་ནི། སངས་རྒྱས་སྤྲུལ་པའི་སྐུ་དེ་བྱོན་པའི་དུས་སྒྲོན་མེའི་བསྐལ་པ་སྟེ། བསྐལ་པ་དེ་མ་གཏོགས་པར་བསྐལ་པ་གཞན་ལ་འབྱོན་པ་མ་ཡིན་ནོ། །དེས་གླེང་གཞི་སོང་། ༈ གཉིས་པ་རྐྱེན་གླེང་སློང་བ་ནི། དེ་ཡང་གླེང་གཞི་ཚོགས་ནས། རྐྱེན་གླེང་མ་སློང་ན། རྒྱུད་དོན་མི་འབྱུང་བས། དེ་ལའང་ཐུན་མོང་མ་ཡིན་པ་དང་ཐུན་མོང་གཉིས་ཏེ། དང་པོ། ཐུན་མོང་མ་ཡིན་པའི་གླེང་སློང་ནི། སྟོན་པ་ཡབ་ཡུམ་ལྷན་ཅིག་པའི་འཁོར་ལ་ཟབ་དབང་བསྐུར་བའི་སྦྱོར་བས་མདུན་བསུས་ཏེ། ཐབས་ཀྱི་ཆ་བཟུང་བ་དང་། ཤེས་རབ་ཀྱི་ཆ་བཟུང་བ་དང་། ཤེས་རབ་ཀྱི་ཆ་བཟུང་བ་དང་། ཐབས་ཤེས་དབྱེར་མེད་ཀྱི་ཆ་བཟུང་བའོ། །དང་པོ་ཡབ་ཀྱིས་ཐབས་ཀྱི་ཆ་བཟུང་བ་ནི། འདི་ཉིད་ཀྱི་ལེའུ་གཉིས་པ་ལས། ཨེ་མ་ཧོཿ རྡོ་རྗེ་ཕུང་པོ་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཅེས་སོགས་ནས། སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་གླེང་བསླངས་སོ། །དེའི་ཚེ་འཁོར་རྣམས་ཀྱི་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་མཐོང་ནས་ཆོས་ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་གཅིག་གི་རང་བཞིན་དུ་སངས་རྒྱས་པ་ལ་ངོ་མཚར་བའོ། །ཡུམ་གྱིས་ཤེས་རབ་ཀྱི་ཆ་བཟུང་བ་ནི། ཀྱེ་མ་ཧོཿ ཕྱོགས་བཅུའི་སྟོང་ཁམས་ཡེ་ནས་དབེན། །སྲིད་པ་གསུམ་ནི་དག་པའི་ཞིང་། །སྙིགས་མ་ལྔ་ནི་བདེ་ལྡན་གནས། །ཕུང་པོ་ལྔ་ནི་རྫོགས་སངས་རྒྱས། །སོགས་ནས། བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་གླེང་བསླངས་པས། འཁོར་རྣམས་ཀྱི་ཕྱོགས་བཅུའི་སྟོང་ཁམས་དང་། སྲིད་པ་གསུམ། སྙིགས་མ་ལྔ། ཕུང་པོ་ལྔ་སྟེ་ཐ་སྙད་བཞིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་རྟོགས་ཤིང་ལྷག་པ་དོན་དམ་གྱི་བདེན་པ་མཐོང་ངོ་། །དེས་འཁོར་ཐུན་མོང་བ་རྣམས་ཀྱི་དབང་ཐོབ་པས་དོན་དམ་རྟོག་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་ཀྱང་། སྟོན་པའི་དགོངས་པ་དབྱེར་མེད་ཀྱི་ཡེ་ཤེས་ཆེན་པོ་ད་དུང་མ་མྱོང་བའི་ཕྱིར་སྤྱོད་ཡུལ་མ་ཡིན་པས་ན་གསང་བའི་དབང་ཞེས་བྱའོ། །དེ་ནས་ཐབས་ཤེས་དབྱེར་མེད་ཀྱི་ཆ་བཟུང་ནས། དབང་ཕྱི་མ་གཉིས་བསྐུར་བས་ཡབ་ཡུམ་མཉམ་པར་སྦྱོར་བའི་དཀར་དམར་བྱང་སེམས་ཀྱིས་རྒྱུ་བྱས་ཏེ། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་སོགས་ཀྱི་ཚིགས་བཅད་ལྔ་སྟེ། འདི་ལ་གསུམ། གཞི་རང་བཞིན་གྱི་སེམས་བསྐྱེད། བགྲོད་པ་ལམ་གྱི་སེམས་བསྐྱེད། མཐར་ཕྱིན་འབྲས་བུའི་སེམས་བསྐྱེད་གསུམ་ལས། དང་པོ་ནི། ཨེ་མ་ཧོཿ ཞེས་པ་ངོ་མཚར་བའི་ཚིག་སྟེ། གང་ན་རྣམ་ཤེས་ཚོགས་བརྒྱད་ཀྱི་རང་བཞིན་ཡེ་ཤེས་ལྔར་དག་པའི་གནས་ལ་ངོ་མཚར་ཞིང་གཞན་ལས་རྨད་དུ་བྱུང་བའི་ཆོས་ཉིད་འདི་ནི་རྫོགས་པའི་སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་བ་ཟབ་མོ་སྟེ། ཕལ་གྱི་སྤྱོད་ཡུལ་མ་ཡིན་པའོ། །གང་ཞེ་ན། སེམས་ཉིད་གདོད་ནས་སྐྱེ་བ་མེད་པ་ལས་འཁྲུལ་ངོར་རྟོག་བཅས་ཀྱི་སེམས་ཐམས་ཅད་རྒྱུ་རྐྱེན་ལས་སྐྱེས་པ་ལྟར་སྣང་ལ། དེ་ལྟར་སྐྱེས་པར་སྣང་ཙམ་ཉིད་ན་དོན་ལ་དེ་ལྟ་བུར་སྐྱེ་བ་གྲུབ་པ་མེད་པ་འདི་ནི་ཀུན་གཞི་ཉིད་ཆོས་དབྱིངས་ཡེ་ཤེས་སུ་བསྐྱེད་པའོ། །དེ་བཞིན་དུ་སྣང་བ་ཐམས་ཅད་འགགས་པ་ཉིད་ན་དོན་དམ་འགགས་པ་མེད་པའི་ཟུང་འཇུག་རྟོག་མེད་རང་གསལ་བ་འདི་ནི་ཀུན་གཞིའི་རྣམ་ཤེས་མེ་ལོང་ལྟ་བུའི་ཡེ་ཤེས་སུའོ། །རྟེན་གང་ལ་གནས་པ་ལྟར་སྣང་ཙམ་ཉིད་ན་དོན་ལ་གནས་པ་མེད་པའི་ཟུང་འཇུག་དངོས་པོའི་གཤིས་ཐ་དད་ཕྱོགས་རིས་བྲལ་བ་འདི་ནི་ཉོན་མོངས་པ་ཅན་གྱི་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུའོ། །ཡུལ་ཐ་དད་དུ་དམིགས་པ་ཉིད་ན་དོན་ལ་དམིགས་པ་མེད་པའི་ཟུང་འཇུག་ཡུལ་ཡུལ་ཅན་གཉིས་མེད་གསལ་ལ་མ་འདྲེས་པ་ནི་ཡིད་སོ་སོར་རྟོག་པའི་ཡེ་ཤེས་སུའོ། །གང་དུ་འགྲོ་བ་དང་འོང་བ་ལྟར་སྣང་ཙམ་ཉིད་ན་དོན་ལ་འགྲོ་འོང་མེད་པའི་ཟུང་འཇུག་སེམས་ཉིད་མ་བཙལ་ལྷུན་གྱིས་གྲུབ་པ་ནི་སྒོ་ལྔ་བྱ་བ་གྲུབ་པའི་ཡེ་ཤེས་སུ་བསྐྱེད་པའོ། །གཉིས་པ་ལ་གྲོལ་ལམ་དང་ཐབས་ལམ་གཉིས་ལས། དང་པོ་ནི། ཨེ་མ་ཧོཿངོ་མཚར་རྨད་དུ་བྱུང་བ་ཟུང་འཇུག་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་རྫོགས་པའི་སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་བ་ནི་འདི་ལྟ་སྟེ། དོན་དམ་པར་སྐྱེ་འགགས་གནས་དམིགས་འགྲོ་འོང་མེད་པའི་ངང་ལས། ཀུན་རྫོབ་ཏུ་ཆོས་ཐམས་ཅད་སྐྱེ་འགགས་ལ་སོགས་པར་སྣང་ལ། དེ་ལྟར་སྐྱེས་པ་ལ་སོགས་པར་སྣང་དུས་ཉིད་ནས་དོན་དམ་པར་སྐྱེ་བ་ལ་སོགས་པ་མེད་པའི་ངོ་བོ་ལྷག་པ་བདེན་པ་དབྱེར་མེད་དུ་ལ་བཟླ་བ་ལྔ་པོ་འདི་ནི་ཡེ་ཤེས་ལྔ་དང་སྦྱར་ན་སྟོང་པ་ཉིད་ལ་སོགས་པ་སྟེ། དེ་ལྟར་རྟོགས་པའི་བློ་ནི་ཡེ་ཤེས་སོ། །དེ་དག་སེམས་ལྔ་དང་སྦྱར་ཏེ་བཤད་ན། ཆོས་ཐམས་ཅད་ཐོག་མར་སྐྱེ་བ་མེད་ན་མཐར་འགག་པ་དང་བར་དུ་གནས་པ་མེད་ལ། དེ་མེད་པས་རང་སྤྱིའི་མཚན་ཉིད་དམིགས་པ་མེད་ཅིང་། གནས་དམིགས་མེད་པས་འགྲོ་འོང་ཀྱང་མེད་མོད་ཀྱི། དེ་ལྟར་ནའང་དེའི་ངང་ལས་རིག་པ་སྒྱུ་མ་ཙམ་དུ་ཐམས་ཅད་སྐྱེ་འགག་ལ་སོགས་པ་ལྟར་སྣང་བའི་བདེན་གཉིས་མཚོན་ཚུལ་གྱི་ལྡོག་ཆ་ནས་ཐ་དད་ཀྱང་ངོ་བོ་དབྱེར་མེད་པ་སྟེ། སྐྱེས་པ་ཉིད་ན་སྐྱེ་བ་མེད་པ་ནི་བདེན་པ་དབྱེར་མེད་ཀྱི་དོན་ལ་སེམས་དང་པོར་འགོ་ལྡང་བ་གཡོ་ལྡང་བྱང་ཆུབ་ཀྱི་སེམས་སོ། །དེ་བཞིན་དུ་འཁྲུགས་སྡེབས་ཀྱི་རིམ་པས་དམིགས་པ་སོགས་དོན་དེ་ཁོང་དུ་ཆུད་པར་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། འགག་པ་སོགས་དབྱེར་མེད་ཀྱི་དོན་ལ་འཇུག་པ་བྱང་ཆུབ་ཀྱི་སེམས་དང་། གནས་པ་སོགས་དབྱེར་མེད་ཀྱི་དོན་ལ་གནས་པ་བྱང་ཆུབ་ཀྱི་སེམས་དང་། འགྲོ་འོང་སོགས་དབྱེར་མེད་ཀྱི་དོན་མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང་ལམ་པའི་བློ་ཁྱད་ཀྱི་དབྱེར་མེད་ཀྱི་བདེན་པ་ལ་སེམས་ལྔ་དུས་གཅིག་ལ་རྫོགས་པ་ཅིག་ཅར་བ་དང་། རིམ་པར་བསྐྱེད་པ་རིམ་གྱིས་པའོ། །གཉིས་པ་ནི། ཨེ་མ་ཧོཿ ཞེས་པ་ངམ་པ་སྟེ། གང་ལ་ན་འདོད་ཆགས་ཆེན་པོའི་སྤྱོད་པ་འདི་ནི་སྤྱད་ཀྱང་མི་འཆིང་བས་ངོ་མཚར་ཞིང་། དེས་བླ་ན་མེད་པའི་འབྲས་བུ་མངོན་དུ་བྱེད་པའི་མྱུར་ལམ་གཞན་ལས་ཆེས་རྨད་དུ་བྱུང་བའི་ཆོས་རྫོགས་པའི་སངས་རྒྱས་ཀུན་གྱི་ཐུགས་ཀྱི་བརྣག་བྱ་ཡིན་པར་མ་ཟད། ཁེ་ཉེན་དང་བཅས་པའི་ཐབས་ཀྱི་ལམ་ཡིན་པའི་ཕྱིར་གསང་བའོ། །གང་ཞེ་ན། རང་བཞིན་ལྷན་ཅིག་སྐྱེས་པ་རྟེན་མེད་ཀྱི་ཡེ་ཤེས་ལ་སྐྱེ་འགག་གནས་དམིགས་འགྲོ་འོང་མེད་པ་ལས་ཡབ་ཡུམ་གཉིས་སུ་མེད་པར་རོལ་པའི་སྦྱོར་བས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ལམ་ཉམས་སུ་བླངས་པའི་ཚེ། རྩ་གནས་ཐམས་ཅད་ནས་ཐིག་ལེ་གཡོས་པས་བདེ་བ་འགོ་ལྡང་བའི་ཚུལ་དུ་སྐྱེས་པ་ནི་གཡོ་ལྡང་བྱང་ཆུབ་ཀྱི་སེམས། བདེ་བ་སྔ་མ་འགགས་ཤིང་ཕྱི་མ་ལ་འཇུག་པ་འཇིག་འཇུག་བྱང་ཆུབ་ཀྱི་སེམས། བདེ་བ་སྔ་མ་ལ་ལྟོས་ནས་ཕྱི་མ་ལ་སྨོན་པ་སྨོན་པ་བྱང་ཆུབ་ཀྱི་སེམས། རྟེན་ཅན་གྱི་བདེ་བ་རང་ས་ན་མི་གནས་པའི་ཚུལ་གྱིས་གནས་པ་གནས་པ་བྱང་ཆུབ་ཀྱི་སེམས། འགྲོ་འོང་ཐམས་ཅད་དང་བྲལ་བ་མཐར་ཕྱིན་བྱང་ཆུབ་ཀྱི་སེམས། དེ་ལྟར་ཡས་བབས་ཀྱི་དགའ་བ་བཞིའི་མཐར། བྱང་སེམས་ཡུམ་གྱི་པདྨའི་ཟེའུ་འབྲུར་ཞལ་མཇལ་བས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་ཞིང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ནི། འགྲོ་དང་ཞེས་པའི་དོན་ཡིན། འོང་དང་ཞེས་པའི་དོན་ནི། སླར་ཡང་མས་བརྟན་གྱི་དགའ་བཞིའི་མཐར་བྱང་སེམས་དཀར་དམར་རོ་གཅིག་ཏུ་འདྲེས་པ་གྱེན་དུ་ལྡོག་སྟེ་སྤྱི་བོར་སོན་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་ཞིང་བདེ་བ་ཆེན་པོའི་དབང་ཐོབ་པའོ། །དེ་ནས་དཀར་ཆ་སྤྱི་བོར་དག་པས་སྐུ་རྡོ་རྗེ་ཐོབ། དམར་ཆ་མེ་ཡི་རང་བཞིན་རྡོ་རྗེ་ནོར་བུའི་རྩེར་འགགས་པས་དམར་ཆ་དག་པས་གསུང་རྡོ་རྗེ་ཐོབ། དེ་གཉིས་བར་གྱི་འབྲེལ་བྱེད་པ་རླུང་དག་པས་ཐུགས་རྡོ་རྗེ། དེ་གསུམ་གྱི་འགྱུར་བདེ་མྱོང་བྱེད་ཀྱི་ཤེས་རིག་དག་པ་ཡེ་ཤེས་རྡོ་རྗེ་སྟེ། སྐུ་བཞི་ཡེ་ཤེས་ལྔའི་ངོ་བོར་སངས་རྒྱས་པས་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པའོ། །གསུམ་པ་མཐར་ཕྱིན་འབྲས་བུའི་སེམས་བསྐྱེད་ནི། ཨེ་མ་ཧོཿངོ་མཚར་རྨད་དུ་བྱུང་བའི་ཆོས་ཟབ་དབང་གསུམ་ཐོབ་པས་ལྷན་ཅིག་པ་རྣམས་རང་དོན་དུ་རྫོགས་པའི་སངས་རྒྱས་སྐུ་ལྔ་པོ་ཀུན་གྱི་བདག་ཉིད་དུ་སངས་རྒྱས་ཏེ། སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པ་འདི་ནི་འཁོར་ཐུན་མོང་བའི་སྤྱོད་ཡུལ་མ་ཡིན་པས་གསང་བ་སྟེ། སྐྱེ་བ་མེད་ལས་ཞེས་སོགས་ཀྱིས་དབྱིངས་ཡེ་ཟུང་འཇུག་ཆོས་ཀྱི་སྐུ་དང་། འགག་པ་སོགས་ཀྱིས་སྐུ་གསུམ་དབྱེར་མེད་གསལ་སྟོང་ཟུང་འཇུག་མངོན་བྱང་གི་སྐུ་དང་། གནས་པ་སོགས་ཀྱིས་དག་པའི་གདུལ་བྱ་ལ་གཟུགས་སྐུའི་རྣམ་པར་སྣང་ཡང་མཐའ་ལ་མི་གནས་པའི་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་དང་། དམིགས་པ་སོགས་ཀྱིས་སྐུ་གསུམ་སོ་སོར་སྣང་ཡང་མི་དམིགས་པའི་དབྱིངས་སུ་དབྱེར་མི་ཕྱེད་པ་རྡོ་རྗེའི་སྐུ་དང་། འགྲོ་འོང་སོགས་ཀྱིས་སྐལ་བ་དང་འཚམས་པར་འཆར་ནུབ་ཏུ་སྟོན་ཀྱང་དོན་ལ་འགྲོ་འོང་མེད་པ་སྤྲུལ་པའི་སྐུའོ། །དེ་དག་ནི་ཐུན་མོང་མ་ཡིན་པའི་གླེང་སློང་བའོ། ༈ །གཉིས་པ་ཐུན་མོང་གི་གླེང་སློང་ནི། དེ་ལྟར་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པས་རང་དོན་དུ་རྒྱུད་ཞུ་མ་དགོས་ཀྱང་། ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱི་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་གསང་བ་བཞིས་ཆོད་པའི་གདུལ་བྱ་རྣམས་ཐུགས་རྗེས་བཟུང་བར་ཞུས་པས། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་གཅིག་ཡིན་ཀྱང་འགྲོ་བའི་རྣམ་རྟོག་མ་རིག་པ་ལས་འགྲོ་བ་ལྔའི་རིས་བསམ་གྱིས་མི་ཁྱབ་པར་སྨིན་པ་ལ་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས། ཨེ་མ་ཧོ་བདེ་བཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སོགས་ནས། བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་སྟོན་པས་སྙིང་རྗེ་སྐྱེས་ནས་རྒྱུད་འཆད་པར་ཞལ་གྱིས་བཞེས་པའོ། ༈ གསུམ་པ་འབྲས་བུ་ཡོངས་ཤེས་རྒྱུད་དོན་ལ། རྒྱུད་གསུམ་གྱི་རྣམ་གཞག་སྤྱིར་བསྟན་པ། ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་པས་སྤྱིར་རྒྱུན་ཆགས་པའི་དོན་གྱིས་ན་རྒྱུད་ཅེས་བཤད་དེ། དེའང་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་སེམས་ཉིད་རང་བཞིན་རྣམ་དག་དེ་པི་ཝང་གི་རྒྱུད་ལྟར་བྲེང་ཆགས་སུ་གནས་པས་ན་རྒྱུན་ཆགས་པ་ཞེས་བཤད། དེ་ཉིད་ཐབས་ཀྱི་རྐྱེན་གྱིས་ཟིན་པ་དང་མ་ཟིན་པ་ལས། གཞི་ལམ་འབྲས་བུ་གསུམ་དུ་སྣང་བ་ཡིན་ཏེ། གང་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད། གང་གིས་རྟོགས་བྱེད་ཐབས་སམ་ལམ་གྱི་རྒྱུད། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དང་གསུམ་མོ། །དང་པོ་ནི། བཅིང་མེད་རྣམ་པར་གྲོལ་མེད་པ། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་པས་བསྟན། སེམས་ཀྱི་ཆོས་ཉིད་འདི་འཁོར་བའི་གནས་སྐབས་སུ་བཅིང་བ་དང་། མྱ་ངན་ལས་འདས་པའི་གནས་སྐབས་སུ་གྲོལ་བ་ལྟར་སྣང་ཡང་དོན་ལ་བཅིང་བ་མེད་པས་གྲོལ་བ་ཡང་མི་སྲིད། བཅིང་གྲོལ་མེད་པའི་གནས་ལུགས་རང་རིག་གི་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་བློ་ཡི་སྤྱོད་ཡུལ་དང་བྲལ་བར་ཡེ་ནས་གནས་པ་སྟེ། དེ་ལ་སྤང་བྱའི་སྒྲིབ་གཉིས་སྤང་རྒྱུ་དང་། ཐོབ་བྱའི་ཡོན་ཏན་གསར་དུ་ཐོབ་རྒྱུ་མེད་པར་ལྷུན་གྲུབ་ཏུ་ཡོད་པས་བྱང་ཆུབ་ཀྱི་སེམས་ཞེས་བྱ། དེ་ཉིད་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་སྟེ། སེམས་ཉིད་མེ་ལོང་ནག་ལིང་ངེ་བ་ལྟ་བུ་དབྱིངས་དོན་དམ། དེ་ཉིད་དྭངས་གསལ་སྒྲིབ་གཡོགས་དང་བྲལ་བ་ཡེ་ཤེས་དོན་དམ། མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་སེམས་ཉིད་སྒྲིབ་པ་དང་བྲལ་བའི་ཀློང་ན་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་འཆར་རུང་དུ་གནས་པ་འབྲས་བུའི་དོན་དམ། དེ་ལ་སྐུ་གསུང་ཐུགས་ཡོན་ཏན་ལྔར་ཕྱེ་བའི་སེམས་ཉིད་དོན་དམ་དཀོར་བདུན་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་པ་དེ་ནི་ལྷག་པ་དོན་དམ་གྱི་བདེན་པ་དང་། དེའི་རྩལ་སྣང་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ནི་ལྷག་པ་ཀུན་རྫོབ་ཀྱི་བདེན་པ། དེ་གཉིས་ཀྱང་ངོ་བོ་དབྱེར་མེད་པ་གསེར་དང་གསེར་གྱི་ཁ་དོག་སེར་པོ་དང་། གཡུ་དང་གཡུའི་ཁ་དོག་སྔོན་པོ་དང་། མར་མེ་དང་མར་མེའི་འོད་ལྟ་བུ་ཟུང་འཇུག་ངོ་བོ་གཅིག་ཏུ་གནས་པ་ནི་ལྷག་པ་བདེན་པ་དབྱེར་མེད་དེ། དེ་ཉིད་བློ་ཡིས་བསམ་པའི་ཡུལ་ལས་འདས། ངག་གིས་བརྗོད་པའི་ཡུལ་ལས་འདས་པ་སྟེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་གསུངས་སོ། །དེ་ཉིད་བཅོས་མ་གློ་བུར་གྱི་ཆོས་མ་ཡིན་པར་སེམས་ཉིད་དེའི་རང་བཞིན་ཡེ་གདོད་མ་ནས་གནས་པའི་ཕྱིར་རོ། །དེ་ལ་མདོ་རྒྱུད་རྣམས་སུ་མིང་གི་རྣམ་གྲངས་དུ་མ་ཞིག་གསུངས་པ་ཡོད་དེ། བྱེ་བྲག་ཏུ་སྨྲ་བས་ནི་སྲིད་པ་དང་སྲིད་པའི་ཡོ་བྱད་ལ་མ་ཆགས་པའི་སེམས་བྱུང་ཆོག་ཤེས་པ་འཕགས་པའི་རིགས་སུ་འདོད། མདོ་སྡེ་པས་ནི། སེམས་ཀྱི་ས་བོན་ཟག་མེད་ཡེ་ཤེས་འབྱུང་རུང་གི་ནུས་པ་ལ་འདོད། སེམས་ཙམ་པས་ནི། ཐོག་མ་མེད་པ་ནས་སེམས་རྒྱུད་ལ་གནས་པའི་ཟག་མེད་ཀྱི་ཆོས་སྐྱེད་བྱེད་ཀྱི་ནུས་པ་ཆོས་ཉིད་ཀྱིས་ཐོབ་པ་ལ་འདོད། དེ་གསུམ་གྱིས་བདེ་གཤེགས་སྙིང་པོ་འདུས་བྱས་སུ་འདོད་པས་དངོས་པོར་སྨྲ་བའི་གྲུབ་མཐའོ། །དབུ་མ་པ་ནི་དྲི་བཅས་བདེ་གཤེགས་སྙིང་པོ་རིགས་སུ་འདོད་པ་མཐུན་ལ་ངོས་འཛིན་ལུགས་མི་འདྲ་བ་མང་ཡང་། འདིར་ནི་སེམས་ཉིད་ཡེ་ནས་རང་བཞིན་གྱི་རྣམ་པར་དག་པ་སྟོང་གསལ་འགག་མེད་ཀུན་ཁྱབ་ཀྱི་ངོ་བོ་འཕོ་འགྱུར་དང་བྲལ་བ་ལ་བདེ་བར་གཤེགས་པ་སྙིང་པོ་ཞེས་ཐེག་ཆེན་གྱི་མདོ་སྡེ་རྣམས་ལས་འབྱུང་བ་ལྟར་སྔགས་སུ་ཡང་ཀྲི་ཡས་བདག་གི་དེ་ཁོ་ན་ཉིད། ཨུ་པ་དང་ཡོ་ག་གཉིས་ཀྱིས་དོན་དམ་མཚན་མ་མེད་པའི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་ལྟ་བ་དང་། མ་ཧཱ་ཡོ་གས་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའོ། །ཨ་ནུ་ཡོ་གས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། ཨ་ཏི་ཡོ་གས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སོགས་ཐ་སྙད་མང་དུ་འཇུག་པའི་གཞིའོ། །དེ་ཉིད་གཞི་ལམ་འབྲས་གསུམ་གང་རུང་གི་ལྡོག་ཆ་དང་མ་བསྟུན་ན་རང་བཞིན་དང་གནས་ལུགས་ལས་མིང་གི་ཐ་སྙད་གང་རུང་མི་འཇུག །དེ་གསུམ་དང་བསྟུན་ན་དྲི་མ་ཅུང་ཟད་ཀྱང་མ་སྤངས་པའི་གནས་སྐབས་ལ་གཞི། དྲི་མ་སྦྱོང་བཞིན་པའི་གནས་སྐབས་ལ་ལམ། དྲི་མ་མཐའ་དག་བྲལ་བའི་གནས་སྐབས་ལ་འབྲས་བུར་འཇོག །ངེས་ཚིག་ནི། རིམ་གསུམ་ལས། ཐ་སྙད་གཉིས་འཁོར་འདས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བཤད། །ཅེས་སོ། །དེ་ལ་དབྱེ་ན་ངོ་བོའི་གཞི་དང་། བཏགས་པའི་གཞི་གཉིས་ལས། གནས་ལུགས་ངོ་བོ་ཉིད་ནི་དྲི་མ་སྦྱོང་བའི་གཞི་ནོར་བུ་ལྟ་བུ། དེ་ཉིད་སྒྲིབ་བྱེད་ཀྱི་འདམ་རྫབ་ལྟ་བུ་ནི་བཏགས་པའི་གཞི་སྟེ། མེད་སྣང་འཁོར་བའི་ཆོས་ཐམས་ཅད་སྦྱང་བྱའི་དྲི་མ་འདམ་རྫབ་ལྟ་བུ་ཡིན་པའི་ཕྱིར། དེ་ལ་བཏགས་གཞི་ཞེས་པ་ནི། འཁྲུལ་པའི་རྣམ་ཤེས་ཀྱི་རྒྱུན་མ་ཟད་བར་དུ་རྒྱུན་ཆགས་པ་ཙམ་ཡིན་ཞིང་། འབྲས་བུ་ཐོབ་པའི་དུས་ཟད་ནས་རང་སངས་ལ་འགྲོ་བའི་ཕྱིར་བཅོས་མ་གློ་བུར་གྱི་ཆོས་ཡིན་ནོ། །སྟོང་ཉིད་མེད་དགག་ཀྱང་གཞི་ཡི་རྒྱུད་ཇི་བཞིན་པ་མ་ཡིན་ཀྱང་བཏགས་པ་ཙམ་ཡིན་ཏེ། ཀ་བ་ཀ་བའི་ངོ་བོས་སྟོང་པ་ལྟ་བུ། ཆོས་རྣམས་སྐྱེ་མེད་ཙམ་དུ་ཟད་པའི་ཕྱིར་རོ། །དེ་རྣམས་ཀྱིས་གཞིའི་རྒྱུད་བཤད་པ་སོང་ནས། གཉིས་པ་ལམ་གྱི་རྒྱུད་ནི། རྒྱུའི་རྒྱུད་དེ་དྲི་མ་དང་བྲལ་བར་བྱེད་པའི་ཐབས་ཏེ། ལམ་རྒྱུད་དེ་ཡང་རྒྱུན་ཆགས་ཤིང་འབྲེལ་བ་ཡིན་ཏེ། གཞི་ཤེས་པར་བྱེད་པས་མར་འབྲེལ། འབྲས་བུ་ཐོབ་པར་བྱེད་པས་ཡར་འབྲེལ། གཞི་འབྲས་བར་གྱི་ཤེས་ཐོབ་བྱ་བྱེད་འབྲེལ་བ་ཅན་དུ་གནས་པའི་ཕྱིར་རོ། །དེ་ཡང་རིམ་གསུམ་ལས། ངོ་བོ་ཤེས་རབ་རྣམ་གསུམ་གྱིས། །སེམས་ལྔ་སྐྱེས་པར་བསྟན་པ་ཡིན། །ཞེས་པས་སེམས་ལྔའི་སྒོ་ནས་ལམ་གྱི་ངོ་བོ་སྐྱེ་བའོ། །དེ་ལ་སེམས་སྐྱེ་ཚུལ་ལའང་གསུམ་སྟེ། གཞི་ཡི་ས་ནས་སེམས་སྐྱེ་བ་ནི་ལམ་གང་དུ་ཡང་མ་ཞུགས་པའི་ས་ནས་སྐྱེ་བ་དང་། ལམ་ལས་སྐྱེ་བ་ནི་ཉན་རང་སོགས་ཀྱི་ཐེག་པ་ལ་ཞུགས་ནས་སླར་ལམ་དེ་བོར་ནས་ཐེག་པ་འདིར་འཇུག་པ་དང་། འབྲས་བུའི་དུས་སྐྱེ་བ་ནི་ཐེག་པ་འོག་མའི་འབྲས་བུའི་བར་དུ་བསླབས་ནས། དེ་ནས་སྔགས་ལམ་འདིར་འཇུག་པ་རྣམས་སོ། །དེ་ཡང་སེམས་ལྔ་ནི། ཐེག་པ་འོག་མའི་སྐྱོན་མཐོང་། གོང་མའི་ཡོན་ཏན་མཐོང་བས་དེ་ལ་འཇུག་འདོད་ཀྱི་སེམས་དང་པོར་སྐྱེས་པ་གཡོ་ལྡང་བྱང་ཆུབ་ཀྱི་སེམས། ཐེག་པ་དེའི་ཡོན་ཏན་ཐོབ་ན་སྙམ་པ་སྨོན་པ་བྱང་ཆུབ་ཀྱི་སེམས། དེ་ལ་འཇུག་པ་འཇུག་པ་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ལ་གནས་པ་གནས་པ་བྱང་ཆུབ་ཀྱི་སེམས། དེའི་འབྲས་བུ་ཐོབ་པ་མཐར་ཕྱིན་བྱང་ཆུབ་ཀྱི་སེམས། དེ་ལྟ་བུའི་རྣལ་འབྱོར་བླ་མེད་འདི་ནི་ཁྱད་པར་ཅན་གྱི་རྒྱུ་དང་། ཉེ་བའི་ལམ་མམ་ཐབས་རྒྱུད་ཡིན་ལ། ཁྱད་པར་རྒྱུད་ཅེས་པ་ཐེག་ཆེན་དབུ་མ་སོགས་ལ་བདེན་གཉིས་ཟུང་འཇུག་ཟེར་ཀྱང་རྣལ་མའི་དོན་མ་མྱོང་། ཐབས་བདེ་བ་ཆེན་པོའི་ཁྱད་པར་མེད་པའི་ཕྱིར་རོ། །ཉེ་བའི་ལམ་ཞེས་པ་ལམ་འདི་ཉིད་ལ་ཞུགས་ནས་ཐེག་པ་གཞན་སྣོན་མི་དགོས་པར་འདི་ཉིད་ཁོ་ནས་འབྲས་བུ་ལ་སྦྱོར་བས་སོ། །ཐབས་ཀྱི་རྒྱུད་ཅེས་བའང་། ཐེག་པ་གཞན་དུ་དུག་གསུམ་སྤང་བྱར་བྱེད་ལ། འདིར་དམིགས་མེད་ལྟ་བའི་གཟེར་གྱི་འདོད་ཆགས་བདེ་སྟོང་། ཞེ་སྡང་གསལ་སྟོང་། གཏི་མུག་རིག་སྟོང་གི་ངོ་བོར་ལམ་དུ་ཁྱེར་ནས་དུག་གསུམ་མ་སྤངས་པར་སངས་རྒྱས་པའི་ཐབས་རྨད་དུ་བྱུང་བའོ། །ཁྱད་པར་གྱི་ལམ་དེ་ལ་དབྱེ་ན་གཉིས་ཏེ། ཐབས་ལམ་དང་། གྲོལ་ལམ་ལེའུ་བཅུ་གསུམ་པ་ལས་རྫོགས་པར་བསྟན་པ་གཉིས་ལས། དང་པོ་ནི། ལེའུ་བཅུ་གཅིག་པ་ལས། ངོ་མཚར་ངན་འགྲོར་ཐར་པའི་ཐབས། །ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མར་སྣང་བ་མིག་གཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་པས་བསྟན། བཅིང་བྱེད་ཀྱི་ལས་ལ་སྤྱད་པས་གྲོལ་བའི་འབྲས་བུ་ཐོབ་བ་ནི་ཐབས་ལམ་ཡིན་ཏེ། དེ་ཡང་དུག་གསུམ་མ་སྤངས་པའི་ཐོག་བརྫིས་ཀྱི་སྤྱོད་པའི་བརྟུལ་ཞུགས་ཏེ། དཔེར་ན། རྒྱུད་ལས། རྣ་བར་ཆུ་ནི་ཞུགས་གྱུར་ན། །ཆུ་ཉིད་ཀྱིས་ནི་འདོན་པར་བྱ། །ཞེས་པས། སླར་ཡང་ཆུ་སྣོན་མ་བླུགས་ནས་བཏོན་པས་ཐོན་འགྲོ་བ་བཞིན་དུ། དུག་གསུམ་ལ་ལྟ་བའི་གདེངས་དང་ལྡན་པས་སྤྱད་ན་མི་འཆིང་བར་མ་ཟད་གྲོལ་བའི་འབྲས་བུ་མྱུར་དུ་ཐོབ་སྟེ། དངུལ་ཆུའི་སྦྱོར་བས་ལྕགས་ཁམས་ཡུད་ཙམ་གྱིས་གསེར་དུ་བསྒྱུར་བ་བཞིན་ནོ། །དེ་ཡང་ཁེ་ཉེན་གཉིས་ཀའི་དཔེར་མཚུངས་ཏེ། དེ་ཉིད་དངུལ་ཆུའི་སྦྱོར་བ་ལ་མཁས་པ་ཞིག་གིས་གནས་སྐབས་ལྔའི་སྒོ་ནས་ལྕགས་གསེར་དུ་འགྱུར་ལ། སྦྱོར་བ་མི་ཤེས་པ་ཞ ིག་གིས་བྱས་ན་གསེར་དུ་མི་འགྱུར་བའི་ཐོག་དངུལ་ཆུ་ཡང་ཆུད་ཟོས་སུ་འགྲོ་བ་བཞིན། ཐབས་དང་མི་ལྡན་པའི་སྦྱོར་སྒྲོལ་གྱི་ལས་ལ་སྤྱད་པས་གྲོལ་བའི་འབྲས་བུ་མི་ཐོབ་པར་མ་ཟད་ངན་སོང་དུ་ལྟུང་བའི་ཉེན་ཆེན་པོ་ཡོད་དོ། །ཐབས་ལམ་དེ་ལ་དབྱེ་ན་གཉིས་ཏེ། གདམས་ངག་སྟེང་དང་འོག་གི་སྒོ། །ཞེས་པས། སྟེང་སྒོ་དང་འོག་སྒོ་གཉིས་ལས། དང་པོ་ནི། སྟེང་སྒོ་འཁོར་ལོ་དྲུག་ལ་བརྟེན་ནས་འབར་འཛག་གི་སྦྱོར་བས་སོགས་ཏེ། རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བས་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། །ཞེས་པས། འཁོར་ལོ་གསུམ་གཉིས་དྲུག་ཡིན་ཅིང་། །སྲོང་ཤིང་གསུམ་ནི་རྩ་དབུ་རྐྱང་རོ་གསུམ་སྟེ། ལུས་ཀྱི་དབུས་སུ་སྲོག་ཤིང་ལྟར་གནས་པ་དེ་ལ་བརྟེན་ནས་སྤྱི་བོའི་འཁོར་ལོའི་རྩ་འདབ་སོ་གཉིས། མགྲིན་པར་བརྒྱད་གཉིས་བཅུ་དྲུག །སྙིང་གར་རྩ་འདབ་བརྒྱད། ལྟེ་བར་དྲུག་ཅུ་རྩ་བཞི། དེའི་འོག་ཏུ་སྦར་བྱ་མེའི་འཁོར་ལོ་གྲུ་གསུམ་རཾ་གྱིས་མཚན་པ། དེའི་འོག་ཏུ་སྦར་བྱེད་རླུང་གི་འཁོར་ལོ་གཞུའི་དབྱིབས་ཡཾ་གིས་མཚན་པ་དང་དྲུག་གནས་ཤིང་། མེ་རླུང་འགྲོ་བས་ནམ་མཁའི་བ། །ཞེས་པ་སྟེང་རླུང་མནན་པ་ལྟེ་འོག་ཏུ་སླེབ་པ་དང་། འོག་རླུང་བསྐུམས་པའི་རྐྱེན་གྱིས་སུམ་མདོའི་རླུང་དང་བཅས་རླུང་གི་དཀྱིལ་འཁོར་གཡོས་པས་མེ་ཡི་དཀྱིལ་འཁོར་སྦར། མེ་རླུང་གཉིས་དབུ་མའི་ལམ་བརྒྱུད་ནས་སྤྱི་བོའི་ཧཾ་ཡིག་ནམ་མཁའི་བ་ཞེས་ཐ་སྙད་བཏགས་པ་ལས། བ་ལས་འོ་མ་འཇོ་བ་ལྟར་ཧཾ་ཡིག་ལས་བྱང་སེམས་དངུལ་ཆུའི་རྡོག་པ་ལྟར་འཛག་པས་སྤྱི་བོའི་རྩ་འཁོར་གང་། དགའ་བའི་ཡེ་ཤེས་སྐྱེས། དེ་བཞིན་མགྲིན་པ་སྙིང་ག་ལྟེ་བ་རྣམས་སུ་བབས་པས་དགའ་བཞིའི་ཡེ་ཤེས་སྐྱེ་བ་ལ་བསླབ་པ་ནི། ཐབས་ལམ་སྟེང་སྒོའི་ལམ་རིམ་གྱིས་པའོ། །དེ་ལ་སྤྱི་དང་ཁྱད་པར་གཉིས་ལས། ཁྱད་པར་བ་ནི་ལེའུ་བཅུ་གསུམ་པའི་དངོས་བསྟན་སྒྲ་ཇི་བཞིན་པའོ། །གཉིས་པ་ཐབས་ལམ་འོག་སྒོ་མཁའ་གསང་གཉིས་ལ་བརྟེན་ནས་ཞེས་པ་སྟེ། འདི་ཉིད་ཀྱི་ལེའུ་བཅུ་གཅིག་པ་ལས། ལྷ་མོ་ཀླུ་མོ་རིགས་ངན་མོ། །དབྱེ་བའམ་ཡང་ན་མི་དབྱེ་བར། །བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་ནི་སྒྲུབ་ཆེན་པོ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །ཞེས་པས་བསྟན། བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་སྟོན་པ་ལ། མཚན་ཉིད་དང་ལྡན་པའི་ཡུམ་བཙལ་བ་དང་བརྟག་པ་སོགས་བསྙེན་པའི་ཡན་ལག །བརྡ་བཞིས་བསྐུལ་ཏེ་ཕྱག་རྒྱ་བཞི་དང་འདུ་ཤེས་གསུམ་ལྡན་གྱི་སྙོམས་པར་འཇུག་པ་ནི་ཉེ་བར་བསྙེན་པའི་ཡན་ལག །དེ་ནས་བྱང་སེམས་སྤྱི་བོ་ནས་མགྲིན་པ་སྙིང་ག་ལྟེ་བ་རྣམས་སུ་རིམ་གྱི་དབབ་པས་དགའ་བཞིའི་རིམ་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དབབ་བཟུང་གི་སྦྱོར་བས་ཉམས་སུ་མྱོང་བ་སྒྲུབ་པའི་ཡན་ལག །དེ་ནས་བྱང་སེམས་ལྡོག་ཁྱབ་ཀྱི་སྦྱོར་བས་དཀར་དམར་རོ་གཅིག་ཏུ་འདྲེས་པ་ཡུམ་གྱི་རྩ་ཁ་ཁ་མུ་ཁའི་རྩེ་ནས་གྱེན་དུ་ལྡོག་པ་ལྟེ་བ་ནས་སྤྱི་བོའི་བར་དུ་ཁྱབ་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བ་ནི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། སྐད་ཅིག་ལ་བདེ་སྟོང་གི་ཡེ་ཤེས་བཙན་ཐབས་སུ་སྐྱེས་པས་ས་ལམ་ཅིག་ཆོད་དུ་རྫོགས་པའི་ཐབས་ལམ་ཅིག་ཅར་བ་སྟེ། རྒྱས་པ་ལས། ཕུན་སུམ་ཚོགས་པ་ལྷུན་གྲུབ་རྣམས། །གསང་དབང་མཆོག་གིས་སྦྱིན་བར་བྱེད། །ཅེསསོ། །གཉིས་པ་གྲོལ་ལམ་ནི། ལེའུ་བཅུ་གསུམ་པ་ལས། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་མཉམ་སྦྱོར་བས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་པས་བསྟན། གཙོ་བོ་ཤེས་རབ་རྣམ་པ་གསུམ་གྱི་སྒོ་ནས་སོགས་ཏེ། དང་པོ་ཐོས་པའི་ཤེས་རབ་ཀྱིས་གསུང་རབ་ཀྱི་མཐའ་རྒྱ་བཅད་ནས་ཐོས་པའི་རྒྱ་མཚོ་བསགས། བསམ་པའི་ཤེས་རབ་ཀྱིས་ཐོས་དོན་བསམ་པས་དཔྱད་ཅིང་བརྟགས་ལ། སྒོམ་པའི་ཤེས་རབ་ཀྱི་སེམས་ཉིད་རྣལ་མའི་དོན་ལ་མ་བཅོས་པར་མཉམ་པར་གཞག་པས་རང་རྒྱུད་ཀྱི་འཆིང་བ་རང་སངས་སུ་སོང་ནས་ཆོས་ཉིད་ཀྱི་ཀློང་དུ་གྲོལ་བ་སྟེ། ཁེ་ཉེན་ཆུང་བ་རིན་པོ་ཆེ་ཀ་སྟུ་བྷ་ཞེས་པ་དེ་དང་མཚུངས་ལ། དེ་ནི་རྡོ་ཕལ་པ་དང་ལྷན་ཅིག་ཏུ་བཞག་ན། དེ་རིམ་གྱིས་རིན་པོ་ཆེའི་རིགས་སུ་འགྱུར་ལ། གྲོལ་ལམ་ཡང་དེ་དང་འདྲ་བས་ཐབས་ལམ་ལྟ་བུའི་མྱུར་ཁྱད་མེད་ཀྱང་འབྲས་བུར་སྦྱོར་བ་ལ་ཁྱད་པར་མེད་དོ། །དེ་ལ་དབྱེ་ན་རིམ་གྱིས་པ་དང་ཅིག་ཅར་བ་གཉིས་ལས། དབང་པོ་ཡང་རབ་ཀྱིས་རྟོགས་གོམས་ཐམས་ཅད་དབྱེར་མེད་གཅིག་ཆོད་དུ་བྱེད་པ་ཞིག་ཡོད་དེ། དེ་ནི་ཅིག་ཅར་བ་སྟེ། དབང་དུས་སུ་གྲོལ་བ་ཨིནྡྲ་བྷུ་ཏི་ལྟ་བུའོ། །རིམ་གྱིས་རྟོགས་གོམས་ཐམས་ཅད་མཐར་ཕྱིན་པར་བྱེད་པ་ནི་རིམ་གྱིས་པ་སྟེ། དེ་ཅུང་ཟད་བཤད་ན། ལེའུ་བཅུ་གཉིས་པ་ལས། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་འགྱུར་བ། །རིག་འཛིན་རྒྱ་བའི་ཞིང་དུ་གྲགས། །ཞེས་པས་བསྟན། དང་པོ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་འགྱུར་གྱི་འབྲས་བུ་རིག་འཛིན་བཞི་ལས། དང་པོ་ནི། ལེའུ་ལྔ་པ་ལས། གང་གི་དམིགས་མེད་མི་ཤེས་པ། །སོགས་ནས། ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་པས་བསྟན། དེ་ཡང་ལམ་རིམ་ལས། གཞི་དང་གཏན་ཚིགས་གྲུབ་པའི་དོན། །ཞེས་པའི་དོན། གཞལ་བྱ་འཇལ་བྱེད་ཀྱིས་ལྟ་བ་གཏན་ལ་ཕབ་པ་སྟེ། གཞལ་བྱ་ནི་འཁོར་འདས་གཉིས་སོ་སོར་ཞེན་པའི་ཞེན་པ་སྒྲོ་བཏགས་དང་བཅས་པ་ཡིན་ལ། འཇལ་བྱེད་ཀྱི་གཏན་ཚིགས་ནི། ལམ་རིམ་ལས། དེ་ཉིད་དངོས་ལྔ་ཚུལ་དང་ཚིག །ཅེས་པས་ལེའུ་བདུན་པ་ལས། ཨེ་མ་ཧོ་ངོ་མཚར་སྨད་ཀྱི་ཆོས། །སོགས་ནས། སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་། །ཞེས་པས་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་བསྟན། གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། །སོགས་ནས། ཐམས་ཅད་གསུང་གི་ཕྱག་རྒྱའི་མཆོག །ཅེས་པས་ལོངས་སྐུ་དགོངས་པ་བརྡའི་གསུང་བསྟན། རྒྱུད་མཆོག་སྒྱུ་འཕྲུལ་དྲྭ་བ་ལས། །སོགས་ནས། ཇི་སྐད་བརྗོད་ཀྱང་གསུང་མཆོག་སྟེ། །ཞེས་པས་མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་བསྟན། ཐེག་པ་མཆོག་དམན་ཐམས་ཅད་དང་། །སོགས་ནས། གསུངས་པ་ཉིད་ན་བརྗོད་དུ་མེད། །ཅེས་པས་དབྱེར་མེད་རྡོ་རྗེའི་གསུང་བསྟན། བརྗོད་མེད་དེ་ཉིད་སྣ་ཚོགས་སྒྲ། །སོགས་ནས། དེ་ནི་གསུང་མཆོག་རྒྱལ་པོ་ཡིན། །ཞེས་པས་སྤྲུལ་སྐུ་ཚངས་པ་དབྱངས་ཀྱི་གསུང་བསྟན། དེ་ལའང་གསུམ་སྟེ། སྔོན་བྱུང་དངོས་ལྔའི་གཏན་ཚིགས། །རྗེས་འཇུག་ཚུལ་ལྔའི་གཏན་ཚིགས། །ཚིག་ལྔའི་གཏན་ཚིགས་དང་གསུམ་ལས། །དང་པོ་ནི། སྟོན་པ་ཆོས་ཀྱི་སྐུས་འཁོར་ཡེ་ཤེས་རྒྱ་མཚོ་ལ་སྐྱེ་མེད་དོན་གྱི་གསུང་གིས་བརྡ་སྤྲོད་པ་དང་། ལོངས་སྐུས་འཁོར་སྨིན་པ་རྒྱ་མཚོ་ལ་དགོངས་པ་བརྡའི་གསུང་གིས་བརྡ་སྤྲོད་པ་དང་། སྤྲུལ་སྐུས་འཁོར་མོས་པ་རྒྱ་མཚོ་ལ་བརྗོད་པ་ཚིག་གི་གསུང་གིས་བརྡ་སྤྲོད་པ་དང་། རྡོ་རྗེའི་སྐུས་དབྱེར་མེད་རྡོ་རྗེའི་འཁོར་ལ་རྡོ་རྗེའི་གསུང་གིས་བརྡ་སྤྲོད་པ་དང་། མངོན་བྱང་གི་སྐུས་འཁོར་རྒྱལ་བ་རྒྱ་མཚོ་ལ་རིག་པ་བྱིན་རླབས་ཀྱི་གསུང་གིས་བརྡ་སྤྲོད་པ་སྟེ། སྔོན་བྱུང་དུ་སྟོན་པ་སྐུ་ལྔས་རང་རང་གི་འཁོར་ལྔ་ལ་གསུང་ལྔའི་སྒོ་ནས་ཆོས་ཉིད་ཀྱི་དོན་དངོས་སུ་གཏན་ལ་ཕབ་པ་ནི་དངོས་ལྔའི་གཏན་ཚིགས་ཏེ། ལམ་རིམ་ལས། ཡང་དག་རྫོགས་སངས་རྒྱས་སྟོན་པ། །སྐུ་ལྔས་འདུལ་པའི་འཁོར་རྣམས་ལ། །གསུང་ལྔ་བསྟན་པས་དེ་ཁོ་ན། །གཏན་ལ་འབེབས་ཤིང་འཇལ་བྱེད་པའོ། །ཞེས་གསུངས་སོ། །གཉིས་པ་རྗེས་འཇུག་ཚུལ་ལྔའི་གཏན་ཚིགས་ནི། ལེའུ་བདུན་པའི་གོང་གི་འཕྲོ་ལས། ཐེག་པ་མཆོག་དམན་བསམ་ཡས་ཀྱང་། །སོགས་ནས། གདུལ་བྱའི་ཐབས་སུ་སོ་སོར་ཐོས། །ཞེས་པས་གསུང་གི་བྱེད་ལས་བསྟན། ཇི་ལྟར་གསུང་རབ་ཀུན་བརྗོད་ཀྱང་། །སོགས་ནས། དཔེར་ན་བྲག་ཆའི་སྒྲ་བཞིན་ནོ། །ཞེས་པས་གསུང་གི་རྣམ་གྲངས་བསྟན། སྐུ་ལྔ་དེ་དག་གི་གསུང་ལྔ་དང་ཚུལ་མཐུན་པའི་བརྡ་དོན་ཏེ། སྐྱེ་མེད་མཚོན་པ་ནམ་མཁའ་ལྟ་བུ་དང་། སྒྲིབ་པ་ངོས་འཛིན་པ་མེ་ལོང་ནང་གི་བྱད་གཟུགས་ལྟ་བུ་དང་། རང་རིག་མངོན་གསལ་རང་གསལ་ཉི་མའི་སྙིང་པོ་ལྟ་བུ་དང་། དབྱེར་མེད་རྡོ་རྗེའི་གསུང་མཚོན་པ་གྲགས་སྟོང་དབྱེར་མེད་བྲག་ཆ་ལྟ་བུ་དང་། བརྗོད་པ་ཚིག་གི་གསུང་མཚོན་པ་ཀུན་ཡིད་འཇུག་པ་ཚངས་པའི་དབྱངས་ཀྱི་སྒྲ་ལྟ་བུ་སྟེ། ལམ་རིམ་ལས། བརྗོད་དང་འདྲ་བའི་བརྡ་སྤྲོད་པས། །ངོ་བོ་ཉིད་ཀྱིས་བཤད་པའི་ཕྱིར། །མ་འོངས་དོན་དུ་གཏན་ཚིགས་ངེས། །ཞེས་སོ། །གསུམ་པ་ཚིག་ལྔའི་གཏན་ཚིགས་ནི། སྔར་གྱི་ཚིག་ལྔ་པོ་དེ་ཚིག་ཏུ་དངོས་སུ་བརྗོད་པ་ནི་ཚིག་ལྔའི་གཏན་ཚིགས་ཏེ། ལམ་རིམ་ལས། ངོ་བོ་སྣང་ཚིག་རང་སྣང་ཚིག །ལྡེམ་དགོངས་ཚིག་དང་བཀྲི་དྲང་ཚིག །འདོད་རྐྱེན་ཚིག་དང་རྡོ་རྗེའི་ཚིག །རང་རིག་མངོན་གསལ་ཚིག་གིས་མཚོན། །ཞེས་སོ། །དེ་རྣམས་བསྡུ་ན་དཔྱད་དུ་མེད་པས་གོ་བ་སྐུ་བཞིའི་གཏན་ཚིགས་ཏེ། བརྟག་དཔྱད་ལ་མ་ལྟོས་པར་དོན་གོ་བའི་ཕྱིར་དང་། དཔྱད་དུ་ཡོད་པས་གོ་བ་ནི་སྤྲུལ་སྐུའི་གཏན་ཚིགས་ཏེ། བརྟག་དཔྱད་ལ་བརྟེན་ནས་དོན་གོ་དགོས་པའི་ཕྱིར་ཏེ། ལམ་རིམ་ལས། དེ་ལྟར་མོད་ཀྱང་བསྡུ་ན་གཉིས། །བཞི་རྗེས་མི་དཔྱོད་གཅིག་རྗེས་དཔྱོད། །ཅེས་སོ། །དེ་ལྟར་དཔྱད་དུ་ཡོད་པ་སྤྲུལ་སྐུའི་གཏན་ཚིགས་ལ་ཚད་མ་བཀའ་གཞུང་གི་གཏན་ཚིགས་དང་། སྒྲ་མཐུན་དོན་སྤགས་ཀྱི་གཏན་ཚིགས་གཉིས་ལས། དང་པོ་ལའང་། རྟོགས་པ་བཞིའི་གཏན་ཚིགས། དག་པ་གསུམ་གྱི་གཏན་ཚིགས། མཉམ་པ་བཞིའི་གཏན་ཚིགས། བདག་ཉིད་ཆེན་པོའི་གཏན་ཚིགས་དང་བཞི་ལས། དང་པོ་ནི། འདི་ཉིད་ཀྱི་ལེའུ་བཅུ་གཅིག་པ་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པར། །རབ་ཏུ་རྟོགས་པ་བཞི་པོ་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་པས་བསྟན། རྟོགས་པ་བཞིའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་བདེན་པ་དབྱེར་མེད་དུ་གཏན་ལ་འབེབས་པར་བྱེད་པ་སྟེ། དེ་ཡང་འཁོར་འདས་གཉིས་སུ་སྣང་བའི་གཉིས་འཛིན་གྱི་ཞེན་པ་དེ། གཉིས་མེད་ཡེ་ཤེས་སུ་གཏན་ལ་འབེབས་པར་བྱེད་པ་ལ་རྒྱུ་གཅིག་༡པ་དང་། ཡིག་འབྲུའི་ཚུལ་༢དང་། བྱིན་གྱིས་བརླབས༣པ་དང་། མངོན་སུམ་པའི་གཏན་༤ཚིགས་རྣམས་ཀྱིས་གཞལ་བས། རིམ་པ་བཞིན་དུ། རང་བཞིན་སྐྱེ་མེད༡། རོལ་པ་འགགས་མེད༢། ངོ་བོ་དབྱེར་མེད༣། མཚན་ཉིད་བློ་བྲལ་༤དུ་གཏན་ལ་ཕེབ་པ་གྲུབ་མཐའ་ཡིན་ལ། གཞལ་ཚུལ་ནི། འཁོར་འདས་གཉིས་ཀྱི་ཆོས་སོ་ཅོག་ཆོས་ཅན་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་དབྱིངས་སུ་རྒྱུ་གཅིག་པ་ཡིན་ཏེ། དེ་རྟོགས་པ་དང་མ་རྟོགས་པ་གཉིས་ཀྱིས་འཁོར་འདས་གཉིས་སོ་སོར་སྣང་བ་ཙམ་ལས། གཉིས་སུ་མ་གྲུབ་པའི་ཕྱིར་རང་བཞིན་སྐྱེ་མེད་དུ་གཏན་ལ་ཕབ། དེ་ནི་རྒྱུ་གཅིག་པའི་གཏན་ཚིགས་སོ། །རང་བཞིན་སྐྱེ་མེད་ཆོས་ཅན། སེམས་ཉིད་སྐྱེ་བ་མེད་པ་དེ་ཡི་གདངས་རྩལ་འགགས་པ་མེད་པ། སྐུ་དང་ཡེ་ཤེས་སུ་རང་སྣང་བ་སྟེ། མཚོན་དུ་མེད་པའི་ཡི་གེ་ཨ་ཉིད་མཚོན་བྱེད་ཡི་གེ་དུ་མར་སྣང་བའི་མཚོན་པའི་ཕྱིར་རོལ་པ་འགགས་པ་མེད་པར་གཏན་ལ་ཕབ། རང་བཞིན་སྐྱེ་མེད་དང་རོལ་པ་འགགས་མེད་གཉིས་ཆོས་ཅན། དེ་གཉིས་ངོ་བོ་དབྱེར་མེད་དུ་རྟོགས་པའི་བྱིན་རླབས་ཤུགས་ལས་འབྱུང་བ་ཡིན་ཏེ། ལྷག་པ་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར། དེའི་སྣང་ཆ་སྣོད་བཅུད་སྐུ་དང་ཡེ་ཤེས་སུ་རང་སྣང་བའི་ངོ་བོ་དབྱེར་མེད་དུ་གཏན་ལ་ཕབ། ངོ་བོ་དབྱེར་མེད་དེ་ཡང་རང་རིག་མངོན་སུམ་དུ་ཡུལ་མེད་རང་གསལ་བསམ་བརྗོད་དང་བྲལ་བར་རྟོགས་པའི་ཕྱིར་མཚན་ཉིད་བློ་བྲལ་དུ་གཏན་ལ་ཕབ། གཏན་ཚིགས་བཞི་པོ་དེས་གཞལ་བས་ཆོས་ཐམས་ཅད་རང་རིག་མངོན་སུམ་དུ་རྫོགས་པར་གཏན་ལ་ཕབ་པས་དག་པ་རབ་འབྱམས་ཀྱི་སྣང་བ་ལ་དབང་བསྒྱུར་བས་ན་རྒྱལ་པོ་ཆེ་ཞེས་བྱའོ། །གཉིས་པ་དག་པ་གསུམ་གྱི་གཏན་ཚིགས་ནི། ལེའུ་བཅུ་གཅིག་པ་ལས། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་པས་བསྟན། འདི་ལྟར་སྣང་བའི་ཆོས་རྣམས་ཆོས་ཅན། ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྫོགས་པ་ཡིན་ཏེ། དག་པ་གསུམ་དང་ལྡན་པའི་ཕྱིར། དག་པ་གསུམ་ནི། སྣོད་འབྱུང་བ་ལྔ་ཡུམ་ལྔར་རྣམ་པར་དག་པ། བཅུད་ཕུང་ཕོ་ལྔ་ཡབ་ལྔར་རྣམ་པར་དག་པ། རྒྱུད་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པའི་ཕྱིར། ལེའུ་གསུམ་པ་ལས། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །སོགས་ནས། བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་དག་བླ་མེད་ཐེག་པའི་མཆོག །ཅེས་པའི་བར་གྱིས་བསྟན་པ་བཞིན་ནོ། །གསུམ་པ་མཉམ་པ་བཞིའི་གཏན་ཚིགས་ནི། ལེའུ་བཅུ་གཅིག་པ་ལས། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་པས་བསྟན། ཇི་ལྟར་སྣང་བའི་ཆོས་རྣམས་ཆོས་ཅན། ཡེ་ནས་ཆོས་ཀྱི་སྐུར་སངས་རྒྱས་པ་ཡིན་ཏེ། མཉམ་པ་བཞི་དང་ལྡན་པའི་ཕྱིར། དང་པོ་ཐུན་མོང་གི་མཉམ་པ་གཉིས་ནི། མི་ལ་མིར་སྣང་བ་ལ་ཡང་དག་ཀུན་རྫོབ་དང་། ཐོ་ཡོར་ལ་མིར་སྣང་བ་ལོག་པའི་ཀུན་རྫོབ་གཉིས་ཀ་སྣང་བ་སྒྱུ་མར་མཉམ་པ༡དང་། མྱུ་གུ་བདག་ལས་མི་སྐྱེ་བར་རྟོག་པ་ཕྱོགས་གཅིག་ཆོད་པ་དང་། མྱུ་གུ་བདག་ལས་ཀྱང་མི་སྐྱེ། གཞན་ལས་ཀྱང་མི་སྐྱེ་བ་མཐའ་བཞིའི་སྤྲོས་པ་ཆོད་པ་དེ་གཉིས་ཀ་སྐྱེ་མེད་དུ་མཉམ་༢པ་ནི། ཐུན་མོང་གི་མཉམ་པ་གཉིས་སོ། །ལྷག་པའི་མཉམ་པ་གཉིས་ནི། སྣང་ལ་དོན་བྱེད་ནུས་པ་ཡང་དག་ཀུན་རྫོབ་དང་། དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་གཉིས་ཀ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་༡པ་དང་། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པའི་མེད་དགག་གི་སྟོང་ཉིད་རྣམ་གྲངས་པའི་དོན་དམ་དང་། སེམས་ཉིད་ཁས་ལེན་ཐམས་ཅད་དང་བྲལ་བའི་དབྱིངས་ཡེ་ཤེས་ཟུང་འཇུག་མ་ཡིན་དགག་གི་སྟོང་ཉིད་རྣམ་གྲངས་མ་ཡིན་པའི་དོན་དམ། གཉིས་ཀ་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ནི་ལྷག་པའི་མཉམ་༢པ་གཉིས་སོ། །དེའང་ལེའུ་གསུམ་པ་ལས། ཨ་ཧོཿ སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །སོགས་ནས། གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་པའི་བར་གྱིས་བསྟན་པའོ། །བཞི་པ་བདག་ཉིད་ཆེན་པོའི་གཏན་ཚིགས་ནི། ལེའུ་དགུ་པ་ལས། རང་བྱུང་ཡེ་ཤེས་གནས་མེད་སྣང་། །སོགས་ནས། འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་པས་བསྟན་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཅན་སྣང་ལུགས་ལ་དུ་མར་སྣང་ཡང་ཡིན་ལུགས་ལ་དེ་ལྟར་མ་ཡིན་ཏེ། སེམས་ཉིད་སྐྱེ་མེད་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་གི་བདག་ཉིད་དུ་ཡེ་ནས་གནས་པའི་ཕྱིར་རོ། །གཉིས་པ་སྒྲ་མཐུན་དོན་སྤགས་ཀྱི་གཏན་ཚིགས་ནི། ཐུན་མོང་གི་ཐེག་པར་དུག་ལྔ་སྤོང་སྦྱོང་བྱེད་པ་དེ། ཐེག་པ་འདིར་རང་བཞིན་མ་གྲུབ་པར་བལྟ་བས་དོན་སྤགས་པ་སྟེ། དེ་གཏན་ཚིགས་ཀྱིས་བསྒྲུབ་ན། དུག་ལྔ་ཆོས་ཅན། ཡང་དག་པར་མ་གྲུབ་སྟེ། རང་རང་གི་ངོ་བོས་སྟོང་པའི་ཕྱིར་ཞེས་པ་ལྟ་བུའོ། །དེ་ལྟར་འཇལ་བྱེད་གཏན་ཚིགས་རྣམས་ཀྱི་གཏན་ལ་ཕབ་པས་རང་བཞིན་རྒྱུའི་རྒྱུད་གནས་ལུགས་ཀྱི་དོན་མངོན་སུམ་དུ་རྟོགས་པ་ནི་གྲུབ་མཐའ་སྟེ། ལམ་རིམ་ལས། རྒྱ་མཚོ་དྭངས་པའི་གཟུགས་བརྙན་ལྟར། །སྒྲ་རྟེན་ཡིད་ལ་བྱེད་མིན་པར། །རང་རིག་མངོན་སུམ་དམིགས་བྲལ་བ། །རང་གསལ་གསུམ་བྲལ་མི་བསྒུལ་བར། །ངེས་པར་གདེངས་སུ་གང་བྱས་པ། །ཐོས་བསམ་བརྟེན་པས་ལྟ་མཐར་ཕྱིན། །ཞེས་དང་། རྔམ་གློག་ལས། མངོན་སུམ་རིག་པས་ཐག་ཆོད་ན། །རྣལ་འབྱོར་ས་ལ་སླེབ་པ་ཡིན། །ཞེས་གསུངས་སོ། །གང་དག་སྔགས་ཀྱི་གྲུབ་མཐའ་ནི། ཐབས་ཁོ་ནས་ཁྱད་པར་དུ་འཕགས་སོ། །ཞེ་ན། དེ་ནི་མ་ཡིན་ཏེ། རྒྱུའི་ཐེག་ཆེན་གྱིས་བདེན་གཉིས་ཟུང་འཇུག་ཙམ་བཤད་ཀྱང་། སྣོད་བཅུད་དག་མཉམ་ཆེན་པོར་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྟོགས་པ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བ་ཡིན་ལ། ཁས་ལེན་ཐམས་ཅད་དང་བྲལ་བའི་གནས་ལུགས་དེ་བཞིན་ཉིད་རྒྱུའི་ཐེག་ཆེན་དུ་བཤད་པ། སྔགས་སུ་རྒྱུའི་རྒྱུད་དུ་བཞག་ཀྱང་། དེ་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པ་ནི། སྔགས་ཀྱི་ལྟ་བའི་ཁྱད་པར་ཡིན་ནོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ནི། མོས་སྒོམ་དང་ངེས་རྫོགས་གཉིས་ལས། མོས་སྒོམ་ནི། དོན་སྤྱིའི་རྣམ་པ་མོས་པ་ལམ་བྱེད་ཙམ་བྱ་བ་ཡིན། ངེས་རྫོགས་ནི། ལམ་སོ་སོའི་ཏིང་ངེ་འཛིན་ཉམས་ལྔ་མཐར་ཕྱིན་པ་ལ་བསླབ་པའོ། །དེ་ལ་ཉམས་ལྔ་ནི། བི་མ་ལའི་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་བར། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔ། །བསམ་གཏན་ཉམས་ཀྱི་སྐྱེ་ཚུལ་ཡིན། །ཞེས་པས། དེ་ལ་དང་པོ་གཡོ་བའི་ཉམས་ནི། གནས་པ་དང་པོ་རི་གཟར་གྱི་འབབ་ཆུ་ལྟར་སེམས་སྐད་ཅིག་ཀྱང་མི་གནས་པར་རྣམ་རྟོག་སྔར་བས་མང་དུ་སོང་བ་ལྟ་བུ་སྟེ། དེ་ཡང་མང་དུ་སོང་བ་མ་ཡིན་ཏེ། སྔར་རྣམ་རྟོག་ལ་རྩིས་གདབ་མ་བྱས་པས་མ་ཚོར་བ། ད་དེའི་ངོས་ཟིན་པས་ཅུང་ཟད་སེམས་ཟིན་པའི་འབྲས་བུའོ་གསུངས། གཉིས་པ་ཐོབ་པའི་ཉམས་ནི། དེ་ལ་སྐྱོན་ཡོན་དུ་མ་བལྟས་པས་རྒྱུན་མཐུད་དེ་བསྒོམས་པས། དཔེ་རོང་ཁུང་དོག་པོའི་འབབ་ཆུ་ལྟ་བུ་སྟེ། རྣམ་རྟོག་འཕྲོ་མུ་ནས་ཡུད་ཙམ་རེ་རྟོག་མེད་དུ་ཞི་མལ་ལེ་གནས་པ་ཞིག་འབྱུང་སྟེ་ཐོབ་པའི་ཉམས་སམ་རྣམ་རྟོག་ངལ་སོས་པའི་ཉམས་ཞེས་བྱའོ། །གསུམ་པ་གོམས་པའི་ཉམས་ནི། དེའི་རྒྱུན་མཐུད་དེ་བསྒོམས་པས། དཔེ་རྒན་པོས་བྱིས་པའི་རྩེད་མོ་ལ་ལད་མོ་བྱེད་མི་ནུས་པ་རྒན་པོའི་སྤྱོད་པ་ལྟ་བུ་སྟེ། ཕལ་ཆེར་རྟོག་མེད་དུ་གནས་པ་ལས་རེས་འགའ་རྟོག་པ་ཡུད་ཙམ་རེ་འབྱུང་སྟེ། གོམས་པའི་ཉམས་སམ་རྣམ་རྟོག་གི་ཐང་ཆད་པའི་ཉམས་ཞེས་བྱ་གསུངས། བཞི་པ་བརྟན་པའི་ཉམས་ནི། དེ་ནས་ཀྱང་ཡུན་བསྲིངས་ཏེ་བསྒོམས་པས། དཔེ་མཚོ་ཆུང་སེར་བུས་བསྐྱོད་པ་ལྟར། ཕལ་ཆེར་རྟོག་མེད་དུ་འབྱམས་སུ་ཉལ་ལེ་གསལ་སིང་ངེར་གནས་པ་ལས་རྐྱེན་དྲག་པོས་ཅུང་ཟད་གཡོ་བ་དེ། བརྟན་པའི་ཉམས་སམ་རྣམ་རྟོག་གིས་བསྐྱོད་དུ་ཡོད་པའི་ཉམས་ཞེས་བྱའོ་གསུངས། ལྔ་པ་མཐར་ཕྱིན་པའི་ཉམས་ནི། ད་དུང་འབད་དེ་བསྒོམས་པས། དཔེ་མཚོ་ཆེན་རླབས་དང་བྲལ་བའམ་རི་བོ་ཆེན་པོ་ལྟར་གནས་པ་ལ་རྐྱེན་གང་གིས་ཀྱང་གནོད་མི་ནུས་པར་མ་ཟད་སླར་ལ་བོགས་འབྱིན་ཞིང་། བཏང་འགྲོ་བཞག་སྡོད་རང་དབང་དུ་འབྱོར་བས་མཐར་ཕྱིན་པའི་ཉམས་སམ་རང་དབང་དུ་འབྱོར་བའི་ཉམས་ཞེས་བྱའོ། །ངེས་རྫོགས་ཀྱི་ལམ་འདི་ཅུང་ཟད་བཤད་ན། ལམ་རིམ་ལས། སྲིད་པ་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེ་བའི་རིམ་གསུམ་གཉིས་མེད་དོན། །ཞེས་པས། སྐྱེ་འཆི་བར་དོ་གསུམ་སྦྱང་བའི་ལམ་རྫོགས་པར་བསྟན་པ་སྟེ། འཆི་བ་འོད་གསལ་དང་མཐུན་པའི་ལམ་སྟོང་པ་ཆེན་པོ། བར་དོ་དང་མཐུན་པའི་ལམ་སྙིང་རྗེ་སྒྱུ་མ། སྐྱེ་བའི་རིམ་པ་གསུམ་པོ་དང་མཐུན་པར་ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་དང་ལྔ་ལས། དེ་ཉིད་རགས་པ་བསྐྱེད་རིམ་གྱིས་སྦྱོང་བ་དང་། ཕྲ་བ་རྫོགས་རིམ་གྱིས་སྦྱོང་ཚུལ་གཉིས་ལས། དང་པོ་བསྐྱེད་རིམ་གྱིས་སྦྱོང་ཚུལ་ལ་ལྔ་ལས། དང་པོ་འཆི་སྲིད་ཀྱི་བག་ཆགས་སྦྱོང་བྱེད་སྟོང་པ་ཆེན་པོའི་ལམ་བཤད་པ་ནི། ལེའུ་ལྔ་པ་ལས། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོགས་པས་དབང་བསྒྱུར་ཏིང་འཛིན་ཡིན། །ཞེས་དང་། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །ཞེས་པས་བསྟན། དེ་ལའང་གཉིས་ལས། སྦྱང་བྱ་འཁོར་བ་དང་། སྦྱོང་བྱེད་ལམ་བཤད་པ་གཉིས་ལས། དང་པོ་ནི། ལུས་ཅན་རྣམས་འཆི་བའི་ཚེ་ཕྱི་ནང་གི་ཐིམ་རིམ་རྣམས་རྫོགས་པའི་མཐར་འཆི་སྲིད་ཆོས་སྐུའི་འོད་གསལ་འཆར་ཏེ། ཇི་སྐད་དུ། སྣང་བ་ཐིམ་དང་རྟོག་པ་ཐིམ། ཕྲ་བ་ཐིམ་དང་རགས་པ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་ཡི། །རང་བཞིན་གྱི་ནི་འོད་གསལ་འཆར། །ཞེས་པས། ཕྲ་རགས་ཐིམ་ལུགས་མང་དུ་གསུངས་ཀྱང་། དང་པོ་ས་ཆུ་ལ་ཐིམ་པས། ཕྱི་རྟགས་ལུས་བསྒུལ་བསྐྱོན་མི་ནུས་ཤིང་ཟུང་མི་ཐུབ། ལུས་ས་ལ་བྱིང་སྙམ་བྱེད། ནང་རྟགས་སུ་སྨིག་རྒྱུ་ལྟ་བུ་སྔོ་མེར་མེར་བ་དང་། སྔོ་རིབ་རིབ་པ་དང་། ཆར་ཟིམ་དང་ཆུ་གཡོ་བ་ལྟ་བུ་འབྱུང་། ཆུ་མེ་ལ་ཐིམ་པས། ཕྱི་རྟགས་ཁ་སྣ་སྐམ་ཞིང་ལྕེ་རྐན་ཕུག་ཏུ་འགྲོ། ནང་རྟགས་དུ་བ་འཕྱུར་བ་དང་དུ་ལྡང་ཆགས་པ་ལྟ་བུ་འབྱུང་། མེ་རླུང་ལ་ཐིམ་པས། ཕྱིའི་རྟགས་སུ་ལུས་ཀྱི་དྲོད་མཐའ་ནས་ཡལ་ཞིང་། ཕོ་བའི་མེ་དྲོད་ཉམས། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ་དམར་ཙིག་ཙིག་དམར་ཕྲོམ་ཕྲོམ་འབྱུང་། རླུང་རྣམ་ཤེས་ལ་ཐིམ་པས། ཕྱི་རྟགས་སུ་དབུགས་ཕྱིར་རིང་དུ་རྒྱུ་ཞིང་། ནང་དུ་སྡུད་མི་ཤེས་པས་རགས་པས་རྒྱུ་བ་ཆད། ནང་རྟགས་མེ་འབར་བ་དང་། སྒྲོན་མེའི་ཕྲེང་བ་ལྟ་བུ་འབྱུང་། དེ་ལྟར་ཐིམ་རིམ་དེ་རྣམས་ལུས་ཀྱི་གནས་སུ་ས་ལ་སོགས་པའི་འབྱུང་བ་རྣམས་མེད་པར་འགྱུར་བའམ་གནས་འཕོ་བའི་དོན་མ་ཡིན། དབུ་མའི་ཡེ་ཤེས་ཀྱི་རླུང་སྟོབས་སུ་གྱུར་བས་འབྱུང་བ་སོ་སོའི་ལས་རླུང་བཅོམ་པས། རྟེན་ཐིམ་པས་བརྟེན་པ་ཡང་ངེས་པར་ཐིམ་པ་སྟེ། སྲ་བ་སོགས་སུ་སྣང་བའི་རྣམ་ཤེས་སོགས་རང་གི་བག་ཆགས་དབུ་མ་ལ་བཞག་པས་འགགས་ཏེ། རུས་པ་སོགས་སྲ་བ་ཤས་ཆེ་བའི་ཁམས་རྟེན་རླུང་དང་བརྟེན་པ་རྣམ་ཤེས་བྲལ་བར་བྱས་ཏེ། སའི་དྭངས་མ་ཆུའི་དྭངས་མ་སོགས་ལ་ཐིམ་པའི་དོན་ཡིན། རླུང་རྣམ་ཤེས་ལ་ཐིམ་པ་ནི། རླུང་གི་དྭངས་མས་སྲོག་རྩ་རགས་པའི་བར་གྱི་ལུས་ཐམས་ཅད་དོར་བས་སྲོག་རྩའི་ནང་གི་འོད་ལྔའི་སྦུ་གུ་ཅན་གྱི་རྩ་ལྔ་ལ་ཞུགས་ནས་ཡིད་ཀྱི་སྣང་བ་དང་རོ་གཅིག་ཏུ་འདྲེས་པ་ཡིན། རྣམ་ཤེས་ནམ་མཁའ་ལ་ཐིམ་པ་ནི། རྣམ་ཤེས་དངོས་མེད་དུ་གྱུར་པའི་དོན་མ་ཡིན། རྣམ་ཤེས་མཁའ་ལྟར་དྭངས་ཤིང་མཚོན་དུ་མེད་པའི་དོན་ཡིན། དེ་ལྟར་ཕྲ་རགས་ཉེར་ལྔ་ཐིམ་རྗེས། དབུ་མའི་ཡར་སྣེའི་ཁམས་དཀར་ཆའི་དྭངས་མ་ཐུར་དུ་བབས་ནས་སྙིང་གར་སླེབ་པ་ན་ཐབས་ཀྱི་རང་བཞིན་ཞེ་སྡང་ལས་གྱུར་བའི་རྟོག་པ་སོ་གསུམ་འགགས། དེའི་ཚེ་ཁམས་དཀར་པོ་དང་འབྲེལ་བའི་དབང་གིས་ཕྱི་རྟགས་སུ་ནམ་མཁའ་ལ་ཟླ་འོད་ཀྱི་ཁྱབ་པ་ལྟ་བུ་སྐྱ་ལམ་པ་འབྱུང་། གཟུང་བའི་རྣམ་རྟོག་རགས་པ་བྲལ་བ་སྟོང་པའི་འོད་གསལ། སེམས་ཤིན་ཏུ་གསལ་བར་སྣང་བས་ན་སྣང་བའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་མ་དང་པོའོ། །དེ་ནས་དབུ་མའི་མར་སྣེ་ཁམས་དམར་ཆ་གྱེན་དུ་སོང་ནས་སྣང་བའི་ཡེ་ཤེས་མཆེད་པ་ལ་ཐིམ་པས་ཤེས་རབ་ཀྱི་རང་བཞིན་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགགས། དེའི་ཚེ་ཁམས་དམར་པོ་དང་འབྲེལ་བའི་དབང་གིས་ཕྱི་རྟགས་ནམ་མཁའ་ལ་ཉི་འོད་ཁྱབ་པ་བཞིན་དམར་ལམ་པ་འབྱུང་། འཛིན་པའི་རྣམ་རྟོག་རགས་པ་བྲལ་བས་ཆེས་སྟོང་པའི་འོད་གསལ། སེམས་ཤིན་ཏུ་གསལ་བར་སྣང་བས་སྣང་བ་མཆེད་པའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་མ་གཉིས་པའོ། །དྭངས་མ་དཀར་དམར་སྙིང་གར་འཕྲད་པས་མཆེད་པའི་ཡེ་ཤེས་ཐོབ་པ་ལ་ཐིམ། གཏི་མུག་གི་རྟོག་པ་བདུན་འགགས། དཀར་དམར་གྱི་ནུས་པ་དབྱིངས་སུ་ཡལ་ཏེ། སྲོག་རླུང་གི་ཆ་ཤས་ལུས་པའི་དབང་གིས་ཕྱི་རྟགས་སུ་ནམ་མཁའ་ལ་མུན་ནག་གིས་ཁྱབ་པ་ལྟ་བུ་ནག་ལམ་པ་འབྱུང་། ཤིན་ཏུ་ཕྲ་བའི་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་དང་བྲལ་བས་སྟོང་པ་ཆེན་པོའི་འོད་གསལ། གཉིས་འཛིན་གྱི་མཚན་མ་ཐམས་ཅད་དང་བྲལ་བས་སེམས་འགགས་པ་ལ་ཉེ་བས་ཐོབ་པའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་མ་གསུམ་པའོ། །དེ་ནས་སྙིང་གའི་རྩ་དར་དཀར་གྱི་སྐུད་པ་འདྲ་བའི་ནང་དུ་ཨ་ཧཾ་རྫོགས་པར་ཐིམ་པས་ཐོབ་པའི་ཡེ་ཤེས་ཀྱང་འཆི་བ་འོད་གསལ་ལ་ཐིམ་པས། ཚེ་འདིས་བསྡུས་པའི་རྣམ་རྟོག་དང་ཀུན་རྫོབ་ཀྱི་བག་ཆགས་ཐམས་ཅད་འོད་གསལ་དུ་ཐིམ། ཚེ་རབས་གཞན་གྱིས་བསྡུས་པ་རྣམས་མ་ཤར། རེ་ཞིག་གཟུང་འཛིན་གྱི་སྣང་བ་དང་སྣང་བ་གསུམ་ཡང་འགགས་པས་ཕྱི་རྟགས་སུ་རྐྱེན་བྲལ་གྱི་ནམ་མཁའ་གཡའ་དག་པ་ལྟ་བུ་དང་། ནང་རྟགས་སུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་ཡུད་ཙམ་གནས་པ་ནི། ཐམས་ཅད་སྟོང་པའི་འོད་གསལ་ཉེ་བར་ཐོབ་པའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་མ་བཞི་པ་ཡིན་ལ་དེ་ཡན་ནི་སྦྱང་བྱའོ། །གཉིས་པ་སྦྱོང་བྱེད་ཀྱི་ལམ་ནི། འཆི་སྲིད་ཆོས་སྐུའི་འོད་གསལ་དེ་ཉིད་ལམ་དུ་འཁྱེར་ནས་འཆི་སྲིད་དག་པ་ཆོས་སྐུའོ། །སྙམ་པའི་གཞི་འབྲས་སྦྲེལ་བའི་ང་རྒྱལ་དང་བཅས་ཏེ། སྣང་གྲགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི། སྟོང་པ་ཆེན་པོའི་རྣལ་འབྱོར་ཡིན་ལ། དེ་བསྒོམས་པས་མར་འཆི་བའི་བག་ཆགས་དག་༡པར་བྱེད། ཡར་ཆོས་སྐུ་སྤྲོས་བྲལ་གྱི་རིགས་ཀྱི་ནུས་པ་གསོས་འདེབས་པས་འབྲས་བུར་རྫོགས་༢པར་བྱེད། བར་དུ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་བཏིང་བས་ལམ་གོང་མའི་སྨིན་བྱེད་དུ་༣འགྲོ། །གཉིས་པ་བར་དོ་དང་རྗེས་སུ་མཐུན་པ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ནི། ལེའུ་ལྔ་པ་ལས། རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཞེས་པས་བསྟན། དེ་ལའང་གཉིས་ཏེ་སྦྱང་བྱ་འཆི་སྲིད་ཆོས་སྐུའི་འོད་གསལ་དེ་ཉིད་ངོས་མ་ཟིན་པར་ནུབ་པའི་སྐད་ཅིག་ལ། ཕྱི་མའི་བག་ཆགས་སད་བྱེད་ཀྱི་རྐྱེན་ཅི་རིགས་པས་བསྐུལ་ནས། རླུང་སེམས་ཕྲ་བའི་འབྱུང་བཞི་དང་བཅས་པའི་བར་དོའི་གཟུགས་དྭངས་ཤིང་ཐོགས་མེད་པར་འགྲུབ་པར་བྱེད་ལ། སྦྱོང་བྱེད་ནི། རྔམ་གློག་ལས། གཉིས་པ་ཀུན་སྣང་ནམ་མཁའི་དང་། །སྙིང་རྗེ་གསུམ་གྱི་ཁྱབ་པའི་ཕྱིར། །ཁྱབ་བདག་ཆེན་པོའི་ཏིང་འཛིན་བསྒོམ། །ཞེས་པས། དེ་བཞིན་ཉིད་མ་རྟོགས་པའི་འགྲོ་བ་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་བསྒོམ་པ་ནི་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ཏེ། ལམ་འདིས་མར་བར་དོའི་ཡིད་ལུས་སྒྱུ་མ་ལྟ་བུའི་བག་ཆགས་དག་པར་༡བྱེད། ཡར་ཆོས་སྐུ་སྤྲོས་བྲལ་ལས་ལོངས་སྐུ་མཚན་དཔེས་བརྒྱན་པའི་རིགས་ཀྱི་ནུས་པ་གསོས་འདེབས་པས་འབྲས་བུར་རྫོགས་༢པར་བྱེད། བར་དུ་དོན་གྱི་འོད་གསལ་ལས་ཟུང་འཇུག་གི་ལྷ་སྐུར་ལྡང་བའི་མཚམས་སྦྱོར་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་ལམ་གོང་མའི་སྨིན་༣བྱེད་དུ་འགྲོ། ༈ །གསུམ་པ་སྐྱེ་བའི་རིམ་པ་གསུམ་སྦྱོང་བྱེད་ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་གསུམ་ལས། དང་པོ་ཕྱག་རྒྱ་གཅིག་པ་ལའང་ཕྲ་རགས་གཉིས་ལས། དང་པོ་ཕྲ་བ་ཡིག་འབྲུ་ལ་བསླབ་པ་ནི། ལེའུ་ལྔ་པ་ལས། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་པས་བསྟན། དེ་ལ་ཡང་གཉིས་ཏེ། སྦྱང་བྱ་བར་དོའི་སེམས་ཅན་དེ་ཕྱི་མའི་སྐྱེ་བ་ལེན་པར་ཉེ་བ་ན། སྐྱེ་གནས་ལ་སྲེད་པ་སྐྱེ་བ་སྟེ། བརྫུས་ཏེ་སྐྱེ་ན་གནས་ལ་སྲེད་པ་སྟེ། དྲོད་གཤེར་ལས་སྐྱེ་ན་དྲོ་གྲང་ལ་སྲེད་པ་སྐྱེ། སྒོ་ང་ལས་སྐྱེ་ན་རོ་ལ་སྲེད་པ་སྐྱེ། མངལ་ལས་སྐྱེ་ན་ཕ་མའི་འདུ་འཕྲོད་ལ་སྲེད་པ་སྐྱེ། གང་དུ་སྐྱེ་འགྱུར་གྱི་གནས་དེར་སྐད་ཅིག་གིས་འཇུག་མ་རག་གི་བར་དོའི་རླུང་སེམས་དེ་ཡིན་ལ། སྦྱོང་བྱེད་ཀྱི་ལམ་ནི། འདི་ཉིད་ཀྱི་ལེའུ་བཞི་པ་ལས། ཨ། རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་འཕྲོས། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟ ན། །ཞེས་པས་བསྟན་ཏེ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་རང་རིག་ཨ་དཀར་པོ་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པར་བསྒོམས་པ་ལ་བསླབ་པར་བྱའོ། །གཉིས་པ་རགས་པ་ལྷ་སྐུ་ལ་བསླབ་པ་ནི། ལེའུ་ལྔ་པ་ལས། ཐབས་ལས་ཐབས་བྱུང་སོགས་ནས། འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག །ཅེས་པའི་བར་གྱིས་འོག་གི་ཕྱག་རྒྱ་སྤྲོས་བཅས་ཀྱང་བསྟན། དེ་ལ་ཡང་གཉིས་ཏེ། སྦྱང་བྱ་བར་དོའི་སེམས་ཅན་དེ། ཕ་མའི་ཁུ་ཁྲག་གི་དབུས་སུ་ཞུགས་པ་ལས། ལུས་ངག་ཡིད་གསུམ་གྱི་རྟེན་ཁུ་རྡུལ་རླུང་གསུམ་བསྐྱེད་པ་སྟེ། ཕ་མ་གཉིས་ཀྱི་རེག་པ་སྲ་བ་དེ་ཉམས་སུ་མྱོང་བས་ས་ཁམས་གྲུབ། ཁུ་བ་གཤེར་བས་ཆུ་ཁམས་གྲུབ། བསྐྱོད་པ་ལས་དྲོད་སྐྱེ་བས་མེ་ཁམས་གྲུབ། རྩ་གནས་ཐམས་ཅད་ནས་བྱང་སེམས་གཡོ་བས་རླུང་ཁམས་གྲུབ། ཆགས་པའི་བདེ་བས་ནམ་མཁའི་ཁམས་གྲུབ། རྣམ་ཤེས་ཡེ་ཤེས་ཀྱི་ཁམས་དང་དྲུག་གོ། །དེ་ཡང་བདུན་དང་པོ་ལ་མེར་མེར་པོ། དེ་ནས་རིམ་པར་གཉིས་པ་ལ་ནུར་ནུར། གསུམ་པ་ལ་ཏར་ཏར་པོ། བཞི་པ་ལ་དབྱིབས་གསལ་བས་གོར་གོར་ཏེ་ཞག་ཉེར་བརྒྱད། བདུན་ཕྲག་ལྔ་པའི་མཁྲང་འགྱུར་གྱི་ཞག་དང་པོ་ལ། མ་དང་འབྲེལ་བའི་ལྟེ་བར་རང་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་ཅན་གྱི་དབུ་མ་ཆགས། དེའི་ནང་དུ་སྲོག་རླུང་སྟེང་འོག་གི་སྣེ་གཉིས་སུ་དཀར་དམར་གྱི་ཐིག་ལེ་གཉིས་བཅས་གྲུབ། ཞག་གཉིས་༢༠པ་ལ་རླུང་བཅུའི་རྟེན་སྙིང་གའི་རྩ་འཁོར་ཆགས། དེ་ནས་ཞག་རེ་ལ་རྩ་ཉིས་བརྒྱ་རེ་ཆགས་པས་དབུ་རྐྱང་རོ་གསུམ་གྱི་རིགས་ལས། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཆགས། དེ་ནས་ལྟེ་བའི་རྩ་འཁོར་ཆགས་ནས་ཉ་ཡི་རྣམ་པ་ལྟ་བུ་དང་། དེ་ནས་ཡན་ལ་དོད་པས་རུ་སྦལ་ལྟ་བུ། དེ་ནས་རིམ་པར་ཚིགས་རྣམས་ཀྱི་བར་རྩ་ཡི་འཁོར་ལོ་དང་། ཤ་ཁྲག་རུས་ཚིག་རྣམས་ཆགས་ཏེ། དེ་ཡན་ཆད་དུ་བརྒྱལ་བ་ལྟར་སྣང་མེད་དུ་གནས་པ་ཡིན། ཟླ་བ་དྲུག་ནས་ཡིད་ཀྱི་རྣམ་ཤེས་སྐྱེ་བས་སྔོན་གྱི་སྐྱེ་བ་དྲན་པ་སོགས་ཚོར་བ་མྱོང་། བདུན་པ་ནས་སྐྲ་དང་བ་སྤུ་སྐྱེ་ཞིང་དབང་རྟེན་རྣམས་ཀྱང་འགྲུབ། བརྒྱད་པ་ལ་དབང་པོ་རྫོགས་ཤིང་བཀྲེས་སྐོམ་དང་ལྡན་པས་བཤང་གཅི་འབྱུང་། དགུ་པའི་མཐར་སྡུག་བསྔལ་ཞིང་སྐྱོ་བ་སྐྱེ་སྟེ། དེ་ལྟར་ཟླ་དགུ་ཞག་བཅུ་ནས་བཙའ་བ་ཡིན་ནོ། །ཞར་ལ་སེམས་ཅན་སྤྱི་མཐུན་གྱི་ལས་སྣང་དུ་གྲུབ་པའི་འབྱུང་བཞིའི་དཀྱིལ་འཁོར་རི་རབ་བཅས་དང་སེམས་ཅན་རྣམས་རྒྱུ་ཞིང་ལོངས་སྤྱོད་པའི་གནས་ཡུལ་དང་ཁང་ཁྱིམ་ལ་སོགས་པའི་ཞེན་རྟོག །སྦྱོང་བྱེད་གཞལ་ཡས་གླིང་བཞིར་བཤད་པ་བཞིན་བསྒོམས་པས་སྦྱངས་ལ། དེ་བསྒོམས་པས། མར་སྣོད་ཀྱི་འཇིག་རྟེན་དང་། ཡུལ་ཁང་ཁྱིམ་གྱི་བག་ཆགས་དག་༡པར་བྱེད། ཡར་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་ཅིང་འབྲས་བུ་རྫོགས་༢པར་བྱེད། བར་དུ་འབྱུང་རིམ་གཞལ་ཡས་བཅས་བསྒོམས་པ་དེས་ལུས་ཀྱི་རྩ་ཐིག་རླུང་གསུམ་དུལ་ནས་རྫོགས་རིམ་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བས་ལམ་གོང་མའི་སྨིན་བྱེད་༣ དུ་འགྲོ། གོང་དུ་བཤད་པའི་སྦྱང་བྱ་དེ་སྦྱོང་བྱེད་ཕྱག་རྒྱ་གཅིག་པ་རགས་པ་ལྷ་སྐུ་ལ་བསླབ་པ་ནི། ཆོ་ག་གསུམ་བསྐྱེད་དང་། མངོན་བྱང་ལྔ་བསྐྱེད་གཉིས་ལས། དང་པོ། གཞལ་ཡས་ཁང་གི་དབུས་སུ་གདན་ཉི་མས་རྡུལ། ཟླ་བས་ཁུ་བ། ས་བོན་ཨ་ཡིག་གདན་སྟེང་དུ་བབས་པས་བར་དོའི་རྣམ་ཤེས་ཁུ་རྡུལ་སེམས་གསུམ་འདྲེས་པ་ཕ་མའི་འདུ་འཕྲོད་ཀྱི་ཁམས་ལྔ་ཉམས་སུ་མྱོང་བ་རིགས་སོ་སོའི་ས་བོན་ཕྱག་མཚན་དུ་གྱུར་བས་མཚོན། འོད་ཟེར་སྤྲོ་བསྡུས་ནི། མངལ་གྱི་ལུས་དེ་ཉིད་རླུང་གིས་འཕེལ་མེས་སྨིན་ཆུས་སྡུད་སས་སྲ་བར་བྱས། ནམ་མཁས་གོ་ཕྱེས་ནས་ཕུང་ཁམས་སྐྱེ་མཆེད་གྲུབ་པ་དེ་སྦྱོང་། འོད་ཀྱི་གོང་བུ་དེ་ཡོངས་སུ་གྱུར་པ་ལས། སྐུ་ཡོངས་སུ་རྫོགས་པར་བསྐྱེད་པས་མངལ་དུ་ལུས་གྲུབ་པའི་བག་ཆག་སྦྱོང་བར་བྱེད། གཞན་སྒོང་སྐྱེས་ལ་སོགས་ཀྱི་བག་ཆགས་དང་སྦྱར་ན་ས་བོན་གྱིས་དྲི་ཟའི་སེམས། ཕྱག་མཚན་གྱིས་ཁུ་ཁྲག་དབུས་སུ་ཞུགས་པ། སྤྲོ་བསྡུའི་འོད་ཀྱི་གོང་བུས་ནི་སྒོ་ང་། དྲོད་གཤེར་ལ་གདན་གྱི་ཉི་མ་དྲོད། ཟླ་བ་གཤེར་བ། ས་བོན་ཕྱག་མཚན་ནི་བར་དོའི་རྣམ་ཤེས་སྤྲོ་བསྡུ་དང་། སྐུ་ཡོངས་སུ་རྫོགས་པས་དེ་གསུམ་འདུས་པའི་དྲོད་གཤེར་གྱི་དབུས་སུ་ལུས་གྲུབ་པ་སྦྱོང་། བརྫུས་སྐྱེས་ལ་གདན་ནི་སྐྱེ་གནས། ས་བོན་ཕྱག་མཚན་ནི་བར་དོའི་རླུང་སེམས། སྤྲོ་བསྡུ་ནི་གནས་ལུས་ལ་སྲེད་ལེན་གྱི་མཐུས་གསོས་བཏབ་པ། སྐུ་ཡོངས་སུ་རྫོགས་པས་ནི་ལུས་སྐད་ཅིག་གིས་འགྲུབ་པ་ནི་སྦྱོང་བའོ། །གཉིས་པ་མངོན་བྱང་ལྔ་བསྐྱེད་པ་ནི། ཁུ་བ་མཚོན་བྱེད་ཟླ་བ་མེ་ལོང་ཡེ་ཤེས། རྡུལ་མཚོན་བྱེད་ཉི་མ་མཉམ་ཉིད་ཡེ་ཤེས། དཀར་དམར་གྱི་དབུས་སུ་རྣམ་ཤེས་ཞུགས་པ་མཚོན་བྱེད་ས་བོན་ཕྱག་མཚན་སོར་རྟོག་ཡེ་ཤེས། ཁུ་རྡུལ་སེམས་གསུམ་གཅིག་ཏུ་འདྲེས་པ་མཚོན་བྱེད་འོད་ཟེར་སྤྲོ་བསྡུ་བྱ་གྲུབ་ཡེ་ཤེས། མངལ་དུ་ལུས་གྲུབ་པ་དང་སྐུ་ཡོངས་སུ་རྫོགས་པ་མཚོན་བྱེད་ཆོས་དབྱིངས་ཡེ་ཤེས་སོ། །དེ་ལྟར་ཕྱག་རྒྱ་གཅིག་པའི་ལྷ་དེ་བསྒོམས་པས་མར་མའི་མངལ་དུ་ཞུགས་པ་ནས་བཙའ་བའི་བར་གྱི་བག་ཆགས་༡དག་པར་བྱེད། ཡར་ལོངས་སྐུ་སྤྲུལ་སྐུར་ཤར་བའི་ལྷུམས་ཞུགས་ནས་བལྟམས་པའི་བར་གྱི་འབྲས་བུ་༢ རྫོགས་པར་བྱེད། བར་དུ་སྙིང་རྗེ་ཆེན་པོ་ཟུང་འཇུག་གི་ལྷ་སྐུར་སྣང་བའི་གཞི་བཏིང་བས་ལམ་གོང་མའི་སྨིན་༣བྱེད་དུ་འགྲོ། གཉིས་པ་སྐྱེ་བའི་རིམ་པ་བར་མ་སྦྱོང་བྱེད་ཕྱག་རྒྱ་སྤྲོས་བཅས་ལའང་། དཀྱིལ་འཁོར་སྤྲོ་བ། ཚོམ་བུ་སྤྲོ་བ། གྲངས་སྤྲོ་བ། ཞལ་ཕྱག་སྤྲོ་བ་དང་བཞི་ལས། དང་པོ་ཞི་བ་ལ་དཀྱིལ་འཁོར་རྒྱས་པ། རིགས་ལྔ་རིགས་ཆུང་ཡབ་ཡུམ་ལྔ་བཅུ། སེམས་དཔའ་ཡབ་ཡུམ་བཅུ་དྲུག །སྒོ་བ་ཡབ་ཡུམ་བརྒྱད། བྱ་བྱེད་ཀུན་ཏུ་བཟང་པོ་དང་། ཀུན་ཏུ་བཟང་མོ། གཉིས་ཐུབ་དྲུག་བཅས་བརྒྱད་ཅུ་རྩ་གཉིས། འབྲིང་པོ་རིགས་ལྔ་ཡབ་ཡུམ་སེམས་དཔའ་ཡབ་ཡུམ་སྒོ་བ་ཡབ་ཡུམ། བྱ་བྱེད་ཐུབ་དྲུག་བཅས་བཞི་བཅུ་རྩ་གཉིས། བསྡུས་པ་རིགས་ལྔ་ཡབ་ཡུམ་བཅུ་སྒོ་བ་ཡབ་ཡུམ་བརྒྱད་དེ་བཅོ་བརྒྱད་དོ། །ཁྲོ་བོ་ལ་དཀྱིལ་འཁོར་རྒྱས་པ་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་རིགས་ཆུང་བཅས་ལྔ་བཅུ། གནས་ཡུལ་སྒོ་སྐྱོང་དབང་མོ་ཉེར་བརྒྱད། ཁྲོ་བཅུ་ཡབ་ཡུམ་ཉི་ཤུ་བཅས་བརྒྱ་དང་བཅོ་བརྒྱད་དོ། །འབྲིང་པོ་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་གནས་ཡུལ་སྒོ་སྐྱོང་སོགས་སྔར་ལྟར་བགྲངས་པས་དོན་བརྒྱད་བསྡུས་པ་ཁྲོ་བཅུ་ཡབ་ཡུམ་ཉི་ཤུ་ཕྲི་བས་ལྔ་བཅུ་རྩ་བརྒྱད་དོ། །གཉིས་པ་ཚོམ་བུ་སྤྲོ་བ་ནི། འདི་ཉིད་ཀྱི་ལེའུ་བཅུ་གཅིག་པ་ལས། ལྔ་དང་ལྔ་ཡི་སྦྱོར་བ་ཡི། །སོགས་ནས། ཚོམ་བུ་གཅིག་པའི་ལྷ་རྣམས་བསྒོམ། །ཞེས་པའི་བར་གྱིས་བསྟན། ཞི་བ་ལ་ཚོམ་བུ་གཅིག་པ། གསུམ་པ། ལྔ་པ་དང་གསུམ་ལས། དང་པོ་མི་བསྐྱོད་པ་ཡབ་ཡུམ་ལ་རྡོ་རྗེའི་རིགས་ཆུང་ཡབ་ཡུམ་ཟུང་བཞི། སྒོ་བ་ཡབ་ཡུམ་བརྒྱད་དང་བཅོ་བརྒྱད་ནི་ཚོམ་བུ་གཅིག་པ་དང་། དབུས་སུ་མི་བསྐྱོད་པ་ཡབ་ཡུམ་དང་། ཤར་ནུབ་ཏུ་རྣམ་སྣང་དང་སྣང་མཐའ་ཡབ་ཡུམ་བཅས་ལ་རང་རང་གི་རིགས་ཆུང་གིས་བསྐོར་བས་སུམ་ཅུ་ལ་ཁྲོ་བོ་བཅུ་ལས་སྟེང་འོག་གི་ཁྲོ་བོ་སྤངས་པས་ཡབ་ཡུམ་བཅུ་དྲུག་བསྣན་པས་ལྷ་ཞེ་དྲུག་ནི་ཚོམ་བུ་གསུམ་པ། རིགས་ལྔ་པོ་རིགས་ཆུང་དང་བཅས་པའི་སྟེང་ཁྲོ་བཅུ་ཡབ་ཡུམ་ལ་ཉི་ཤུ་བསྣན་པས་བདུན་ཅུ་ནི་ཚོམ་བུ་ལྔ་པའོ། ཁྲོ་བོ་ལ་ཡང་ལེའུ་བཅུ་གཅིག་པ་ལས། ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་པོ། །སོགས་ནས། དངོས་གྲུབ་ལས་རྣམས་རྫོགས་པར་བྱེད། །ཅེས་བའི་བར་གྱི་བསྟན་ཏེ། གནས་ཡུལ་སྒོ་སྐྱོང་དབང་མོ་རྣམས་ཀྱི་སྟེང་དུ་ཚོམ་བུ་གཅིག་པའི་སྐབས་སུ་དབུས་སུ་རྡོ་རྗེ་ཁྲག་འཐུང་ཡབ་ཡུམ་ལ་རྡོ་རྗེེའི་རིགས་ཆུང་ཁྲོ་བོ་ཡབ་ཡུམ་བརྒྱད་ཀྱི་མཐའ་བསྐོར་དུ་ཁྲོ་བཅུ་ཡབ་ཡུམ་ཉི་ཤུ་བསྣན་པས་དོན་བརྒྱད། ཚོམ་བུ་གསུམ་པར་དེའི་སྟེང་དུ་ཤར་ནུབ་ཏུ་བུདྡྷ་དང་པདྨ་ཁྲག་འཐུང་ཡབ་ཡུམ་གཉིས་རིགས་ཆུང་བཅས་བསྣན་པས་གོ་བརྒྱད། ཚོམ་བུ་ལྔ་པར་དེའི་སྟེང་དུ་ལྷོ་བྱང་དུ་རཏྣ་དང་ཀརྨ་ཁྲག་འཐུང་ཡབ་ཡུམ་གཉིས་རིགས་ཆུང་བཅས་བསྣན་པས་ལྷ་བརྒྱ་དང་བཅོ་བརྒྱད་དོ། །གསུམ་པ་གྲངས་སྤྲོ་བ་ནི། སྣང་བ་རྣམ་འབྱེད་ལ་བསླབ་པ་སྟེ། དེ་ཡང་ལེའུ་བརྒྱད་པ་ལས། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །དེ་ཉིད་ཡན་ལག་སྤྲོས་དག་སྟེ། །བཞི་བཅུ་རྩ་གཉིས་སུམ་འཕྲོར་འགྱུར། །ཞེས་པས་བསྟན། ཞི་ཁྲོ་གཉིས་ལས། དང་པོ་ཞི་བ་ལའང་སྟོང་ལ་བསླབ་པ། ཉི་ཁྲི་བཞི་སྟོང་ལ་བསླབ་པ། བསམ་ཡས་ལྷུན་གྲུབ་ལ་བསླབ་པ་གསུམ་ལས། དང་པོ་ནི་ཡན་ལག་གི་ལྷ་བཞི་བཅུ་རྩ་ལྷ་ཡབ་ཡུམ་གཉིས་ལ་ལྡན་པར་བསྒོམ་པ་སྟེ། བདག་ཉིད་མི་བསྐྱོད་པ་ཡབ་ཡུམ་ཡབ་ཀྱི་ཡན་ལག་ལྔ་ལ་བྱེད་པ་པོ་དང་རྒྱལ་བ་རིགས་བཞི། མིག་རྣ་བ་སྣ་ལྕེའི་གཡས་ཀྱི་ཆ་ལ་ནང་སེམས་བཞི། གཡོན་གྱི་ཆ་ལ་ཕྱི་སེམས་བཞི། རྐང་ལག་གི་མཐིལ་བཞི་ལ་སྒོ་བ་བཞི། ཡུམ་གྱི་གནས་དེ་རྣམས་སུ་དེ་དག་གི་ཡུམ་རྣམས་བསྒོམ། ཡབ་ཀྱི་མཚོག་མ་སོགས་གནས་དྲུག་ཏུ་ཐུབ་དྲུག་བསྒོམ། དེ་རྣམས་ལ་ཐབས་ལྷ་བཞི་བཅུ་ཞེས་བཤད། དེ་རྣམས་ལ་ཤེས་རབ་ཀྱི་ལྷ་ཡེ་ཤེས་སེམས་དཔའ་བཞི་བཅུ། ཐབས་ལྷ་བཞི་བཅུ་ལ་སྐུ་གསུང་ཐུགས་བྱིན་རླབས་ཀྱི་ལྷ་གསུམ་རེ། ཐབས་ལྷ་དང་བྱིན་རླབས་ཀྱི་ལྷ་གཉིས་ལ་དབུ་རྒྱན་གྱི་ལྷ་ལྔ་རེ་སྟེ་བརྒྱད་བརྒྱ། ཀུན་དྲིལ་བས་སྟོང་ཕྲག་གཅིག་གོ། །གཉིས་པ་ནི། གོང་གི་འཕྲོས་སུ། དེ་ལྟར་ལྡན་པའི་གཙོ་མཆོག་གི། །རྒྱལ་བ་རྒྱལ་མཆོག་དེ་བཞིན་ཏེ། །བཅུ་གཉིས་དྲུག་གི་འོད་འཕྲོ་འབར། །ཞེས་པས་བསྟན། མི་བསྐྱོད་པ་ལ་ཇི་ལྟར་བསྒོམས་པ་དེ་བཞིན་རྒྱལ་བ་རིགས་བཞི། རྒྱལ་མཆོག་ཀུན་བཟང་། སེམས་དཔའ་བརྒྱད། སྒོ་བ་བཞི་སྟེ་ཡབ་ཡུམ་སོ་བཞི། ཐུབ་དྲུག་དེ་རྣམས་རེ་རེ་ལ་ཡང་དེ་ལྟར་བསྒོམས་པས་ཉི་ཁྲི་བཞི་སྟོང་ལ་བསླབ་པའོ། །གསུམ་པ་ནི། གོང་གི་འཕྲོ་ལས། དེ་ལ་སོགས་ཏེ་བསམ་མི་ཁྱབ། །ཅེས་པས་བསྟན་ཏེ། དེ་ལྟར་མི་བསྐྱོད་པ་གཙོ་བོར་བྱས་པའི་དབུས་ཀྱི་དཀྱིལ་འཁོར་ལ་ཡན་ལག་གི་ལྷ་བསྒོམས་པ་དེ་བཞིན་ཤར་གྱི་གློ་འབུར་ལ་རྣམ་སྣང་གཙོ་བོར་བྱས་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་སོགས་རིགས་འགྲེ་བས་བསམ་གྱིས་མི་ཁྱབ་པར་སྤྲོ་བའོ། །གཉིས་པ་ཁྲོ་བོ་ལ། སྟོང་བཞི་བརྒྱ་ལྔ་བཅུ། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ། བསམ་ཡས་ལྷུན་གྲུབ་ལ་བསླབ་པ་གསུམ་ལས། དང་པོ་ནི་གཙོ་བོ་བཛྲ་ཧེ་རུ་ཀའི་ཡན་ལག་ལྔར་ཁྲག་འཐུང་ཡབ་ལྔ། ཡུམ་བཛྲ་ཀྲོ་དྷཱིའི་ཡན་ལག་ལྔ་ལ་ཡུམ་ལྔ། ཡབ་ཀྱི་དབང་རྟེན་གྱི་ནང་རྩར་གནས་མ་བརྒྱད། ཕྱི་རྩར་ཡུལ་མ་བརྒྱད། མཐིལ་བཞི་ལ་སྒོ་བ་བཞི། སྒལ་ཚིགས་ཉེར་བརྒྱད་ལ་དབང་མོ་ཉེར་བརྒྱད་དེ་ཐབས་ལྷ་ང་བརྒྱད། དེ་རྣམས་ལ་ཤེས་རབ་ཀྱི་ལྷ་ཡེ་ཤེས་སེམས་དཔའ་རེ་རེ་དང་བྱིན་རླབས་ཀྱི་ལྷ་གསུམ་ཏེ། བྱིན་རླབས་དང་ཐབས་ལྷ་གཉིས་རེ་རེ་ལ་དབུ་རྒྱན་གྱི་ལྷ་ལྔ་རེ། ཀུན་དྲིལ་བས་སྟོང་བཞི་བརྒྱ་ལྔ་བཅུ་ལ་བསླབ་པའོ། །གཉིས་པ་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་བཅུ་སྔར་ལྟར་དང་། གནས་ཡུལ་སྒོ་སྐྱོང་དབང་མོ་རྣམས་ཀྱི་མགོའི་གཡས་དང་། རྐང་ལག་གི་གཡས་ཀྱི་མདུན་རྒྱབ་རྣམས་ལ་ཡབ་རྣམས་བསྒོམ། མགོའི་གཡོན་དང་རྐང་ལག་གཡོན་གྱི་མདུན་རྒྱབ་རྣམས་ལ་ཡུམ་རྣམས་བསྒོམས་པས་ལྷ་རེ་རེ་ལའང་སྟོང་བཞི་བརྒྱ་ལྔ་བཅུ་རེ་བསྒོམས་པས་བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་ལ་བསླབ་པའོ། །གསུམ་པ་བསམ་ཡས་ལྷུན་གྲུབ་ཁྲོ་བོའི་དཀྱིལ་འཁོར་ལ་བསླབ་པ་ནི། སྔར་ཞི་བའི་སྐབས་དང་མཚུངས་སོ། །བཞི་པ་ཞལ་ཕྱག་སྤྲོ་བ་ནི། ཞི་ཁྲོ་གཉིས་ལ་རྒྱས་འབྲིང་བསྡུས་གསུམ་སྟེ། ཞི་བ་ལ་རྒྱས་པར་བཤད་རྒྱུད་རྡོ་རྗེ་ནས་ཐུབ་དྲུག་དང་ཡུམ་རྣམས་མ་གཏོགས་ཞལ་གསུམ་ཕྱག་དྲུག །འབྲིང་པོ་རིགས་ལྔ་ཙམ་མམ་གཙོ་བོ་ཞལ་གསུམ་ཕྱག་དྲུག །བསྡུས་པ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པའོ། །ཁྲོ་བོ་ལ་རྒྱས་པར་གཙོ་བོ་ལ་དབུ་ཕྱག་གྲངས་མེད། དབུ་དགུ་ཕྱག་བཅོ་བརྒྱད་སོགས་བཤད་ཀྱང་། ད་ལྟ་རྒྱས་པར་རིགས་ལྔ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག །འབྲིང་པོར་གཙོ་བོ་ཞལ་གསུམ་ཕྱག་དྲུག་པ་བསྡུས་པ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པའོ། །དེ་ལྟར་ཕྱག་རྒྱ་སྤྲོས་བཅས་ཀྱི་ལམ་བསྒོམས་པས་བྱིས་པ་དེ་ནར་སོན་ནས་འདོད་པས་གདུང་བ་དོན་དུ་གཉེར་ནས་ཆུང་མ་ལེན་པ་དང་། སྒོ་གསུམ་གྱི་ནུས་པ་འཕེལ་བས་རང་རིགས་ཀྱི་བྱ་བ་ལ་དབང་བསྒྱུར་བའི་བག་ཆགས་དག་པར་༡བྱེད། ཡར་སངས་རྒྱས་སྤྲུལ་སྐུས་གདུལ་བྱ་རྣམས་བྱང་ཆུབ་ལ་འགོད་པའི་རིགས་ཀྱི་ནུས་པ་གསོས་འདེབས་པས་འབྲས་བུ་རྫོགས་༢པར་བྱེད། བར་དུ་ཕྱག་རྒྱ་སྤྲོས་བཅས་དེ་བསྒོམས་པས་ཟུང་འཇུག་གི་ལྷ་སྐུའི་རྩལ་སྣང་གོང་འཕེལ་དུ་འཆར་བའི་གཞི་བཏིང་བས་ལམ་གོང་མའི་སྨིན་༣བྱེད་དུ་འགྲོ། ༈ །གསུམ་པ་སྐྱེ་བའི་རིམ་པ་ཐ་མ་སྦྱོང་བྱེད་ཚོམ་བུ་ཚོགས་སྒྲུབ་ལ་གསུམ་ལས། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་བ། འབྲས་བུ་རིག་འཛིན་འགྲུབ་པའི་དུས་བ སྟན་པ་གསུམ་ལས། དང་པོ་རྩ་རྒྱུད་ལེའུ་བཅུ་གཅིག་པ་ལས། གནས་དང་ལོངས་སྤྱོད་ཅི་བདེ་དང་། །སོགས་ནས། དཀྱིལ་འཁོར་ཐམས་ཅད་འགྲུབ་བར་འགྱུར། །ཞེས་པའི་བར་གྱིས་བསྟན། དེ་ལ་གནས་ཕུན་སུམ་ཚོགས་པ་ནི། ལམ་རིམ་ལས། བསྐོར་ཁང་ཕྱི་ནང་བར་ལྡན་པ། །ཞེས་པས། བདག་དབང་བར་ཆད་མེད་པའི་གནས་སུ་ཚོགས་ཀྱི་ཁང་པ་སྟེང་འོག་གཉིས་བསྐོར་ཁང་བཅས་དང་། བར་ཁང་དུ་ཚོམ་བུ་གང་བསྒོམ་པའི་དཀྱིལ་འཁོར་བྲིས་པའོ། །གཉིས་པ་དུས་ཕུན་སུམ་ཚོགས་པ་ནི། གོང་གི་འཕྲོས་སུ། སྒྲུབ་པའི་ཞག་དང་ཚེས་གྲངས་ནི། །རྒྱུད་ལས་སྨོས་པ་བཞིན་དུ་བཤད། །ཅེས་པས་བསྟན་ཏེ། རྒྱས་པ་ལས། ཚེས་གྲངས་ཡར་གྱི་བརྒྱད་ནས་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཕྱིར་དང་། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པ་བླང་བར་བྱ། །ཞེས་སོ། །གསུམ་པ་ཡོ་བྱད་ཕུན་སུམ་ཚོགས་པ་ནི། འཚོ་བ་ཟས་ཀྱི་ཡོ་བྱད། རྐྱེན་བཟློག་སྨན་གྱི་ཡོ་བྱད། སྒྲུབ་པ་རྫས་ཀྱི་ཡོ་བྱད། མཆོད་པ་རྫས་ཀྱི་ཡོ་བྱད་རྣམས་བསགས་ལ་ཆ་གསུམ་དུ་བགོས་པའི་ཆ་གཅིག་སྔོན་དུ་མཆོད་སྦྱིན་བྱ། ཆ་གཅིག་མཇུག་གི་དགའ་སྟོན་དུ་བཞག །ཆ་གཅིག་བྱིན་གྱིས་བརླབས་ལ་སྒྲུབ་པའི་ཆ་རྐྱེན་བྱའོ། །བཞི་པ་སྒྲུབ་པ་པོ་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། དང་པོ་སྟོན་པ་ཕུན་སུམ་ཚོགས་པ་ནི། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །རྣལ་འབྱོར་མཐར་ལྡན་ཤིན་ཏུ་བསྟེན། །ཞེས་སོ། །གཉིས་པ་འཁོར་ཕུན་སུམ་ཚོགས་པ་ནི། རྒྱུད་ལས། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཞེས་པས་བསྟན། སྤྱིར་ཡོན་ཏན་དྲུག་ལྡན་གྱི་འཁོར་དང་། བྱེ་བྲག་སློབ་དཔོན་དང་དགོངས་པ་མཉམ་པའི་རྡོ་རྗེ་རྒྱལ་ཚབ། སྐད་གདངས་ཆེ་ཞིང་ལས་ཁྲིགས་ལ་མཁས་པའི་ཀརྨ་གདངས་ཆེན། སྦྱོར་བའི་སྒྱུ་རྩལ་ཤེས་པའི་ལས་བཞིའི་གཟུངས་མ། མིག་རྣོན་གྱིས་མི་མ་ཡིན་མཐོང་ལྡོག་ནུས་པའི་རྡོ་རྗེ་སྤྱན་པ། དྲོད་འཛིན་པའི་རྡོ་རྗེ་བྱ་རོག །སྒྲོལ་བའི་ལས་ལ་མཁས་པའི་ཀིང་ཀ་ར། གཡོས་ལ་མཁས་པའི་རྡོ་རྗེ་བྱན་པོ། ཕྱི་ནང་གི་བརྡ་སྦྱོར་ལ་མཁས་པའི་རྡུལ་ཕྱག་སྐྱེས་བུ་རྣམས་ཏེ། ཚོམ་བུ་དང་འབྲེལ་བའི་འཁོར་ཕུན་སུམ་ཚོགས་པའོ། །ལྔ་པ་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་ནི། རྒྱུད་ལེའུ་དགུ་པ་ལས། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །སོགས་ནས། དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་པའི་བར་གྱིས་བསྟན་ཏེ། ཆོ་ག་ལྔ་ནི། སྟོང་ཆེན། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ་ཕྲ་རགས་གཉིས། །ཕྱག་རྒྱ་སྤྲོས་བཅས་ཀྱི་ཆོ་ག་ལྔ་ནི་རྫོགས་པ་སྟེ་བརྟན་པ་ཐོབ་པར་བྱས་ཤིང་། ཡོ་བྱད་ལྔ་ནི། བྲོ་གར། གླུ་ཚིག །བཟའ་བཏུང་། གོས་རྒྱན། སྦྱོར་སྒྲོལ་ཏེ་སྒྲུབ་རྫས་ཀྱི་ཡོ་བྱད་ལྔ་ནི་རྫོགས་པར་ལྡན་པ་དང་། སྔགས་ཀྱི་ཡན་ལག་ལྔ་ནི། འགྲེལ་ཆུང་ལས། སྙིང་གར་ཡེ་ཤེས་སེམས་བསྒོམ་སྙིང་གར་ཉི་ཟླའི་དཀྱིལ། །དམ་ཚིག་ཕྱག་རྒྱ་བཞག་སྟེ་དེ་སྟེང་ཡིག་འབྲུ་བཞག །ཟློས་ཚེ་སྤྲོ་བསྡུས་བཟླས་པ་སྔགས་ཀྱི་ཡན་ལག་ཡིན། །ཞེས་གསུངས་སོ། །དེ་ལྟར་སྒྲུབ་པའི་ཆ་རྐྱེན་ཆོ་ག་ཐམས་ཅད་ཆད་ལྷག་མེད་པར་སྒྲུབ་པའོ། །གཉིས་པ་བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་བ་ནི། ལེའུ་བཅུ་གཅིག་པ་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཞེས་པས་ལམ་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི། སྒྲུབ་པའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི། སྦྱོར་བའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་དང་གསུམ་ལས། དང་པོ་ནི་ལམ་བགྲོད་ཚུལ་རིམ་གྱིས་པའི་དབང་དུ་བྱས་ཏེ། ལྟ་བ་རྟོགས་ནས་སྟོང་ཆེན་དང་ཀུན་ཏིང་ལ་གནས་པ་བསྙེན་པ་དང་། ཕྱག་རྒྱ་གཅིག་སྤྲོས་ནི་ཉེ་བསྙེན་དང་། ཚོགས་སྒྲུབ་ནི་སྒྲུབ་པ་དང་། དེ་འབྲས་མཐོང་ལམ་ཐོབ་མ་རག་པ་ནི་སྒྲུབ་པ་ཆེན་པོ། གཉིས་པ་ནི། བར་ཆད་མེད་པའི་ལམ་པ་ཚོགས་སྒྲུབ་པའི་དབང་དུ་བྱས་པའི་བསྙེན་སྒྲུབ་ཡན་ལག་བཞི་ནི་ཚོགས་སྒྲུབ་ཀྱི་སྐབས་འདིར། རྒྱུད་ལེའུ་བཅུ་གཅིག་པ་ལས། རྡོ་རྗེའི་རིགས་སུ་ཐམས་ཅད་དཀྱིལ། །སོགས་ནས། གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ། །ཞེས་པའི་བར་གྱིས་ཚོམ་བུ་གཅིག་པ་བསྒྲུབ་པའི་ཐབས་དང་། ཡང་ན་སྐུ་གསུང་ཐུགས་ཉིད་དེ། །ཞེས་སོགས་ནས། རྡོ་རྗེའི་རིགས་སུ་སྐྱེ་བའི་གནས། །ཞེས་པའི་བར་གྱི་ཚོམ་བུ་གསུམ་པ་དང་། སྔགས་འཆང་དངོས་གྲུབ་ཡང་དག་ནི། །སོགས་ནས། དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། །ཞེས་པའི་བར་གྱི་ཚོམ་བུ་ལྔ་པ་སྒྲུབ་པའི་ཐབས་རྣམས་བསྟན་ཅིང་ཚོམ་བུ་དེ་གསུམ་གང་རུང་ལ་བརྟེན་པ་ཡིན་ཡང་། གོང་གི་འཕྲོས་སུ། རྣལ་འབྱོར་ཐབས་དང་ཤེས་རབ་ཀྱིས། །སོགས་ནས། ཏིང་འཛིན་ཡན་ལག་སོ་སོར་གསལ། །ཞེས་པའི་བར་གྱིས་བསྟན་པ་ལྟར། དཀྱིལ་འཁོར་གྱི་ལྷ་གནས་སོ་སོར་རྣལ་འབྱོར་ཕོ་མོ་བྲང་སྤྲད་ནས་འདུག་སྟེ། ལྷ་ཡབ་ཡུམ་སོ་སོར་ང་རྒྱལ་བརྟན་པོ་ལ་སེམས་རྩེ་གཅིག་པས་རིམ་པ་ཤོམས་དང་འབྲེལ་བའི་ནུབ་དང་པོ་འགོ་འཛིན་གྱི་ཚུལ་དུ་བྱ་བ་བསྙེན་པ། ཇི་ཙམ་བསྒྲུབ་པའི་ཞག་གྲངས་ཕྱེད་ཚུན་ཆད་ཉེ་བསྙེན། དེ་གཉིས་ལ་འོད་ཟེར་དཀར་པོའི་འཕྲོ་འདུས་སྣོད་དག་པར་བྱེད་པ་དང་། ཞག་ཐ་མ་མ་གཏོགས་ཕྱེད་ཕན་ཆད་འོད་ཟེར་དམར་པོའི་འཕྲོ་འདུས་དངོས་གྲུབ་བསྐུལ་ཞིང་བསྡུས་བས་བཅུད་དག་པར་བྱེད་པ་སྒྲུབ་པ། ཞག་ཐ་མ་འོད་ཟེར་མཐིང་ག་ཚུར་བསྡུས་ནས་རྒྱུད་དག་པར་བྱེད་པའི་སྒོ་ནས་སྲོད་ཀྱི་ཆ་ལ་ལྷ་ལས་དངོས་གྲུབ་བླང་། ནམ་གུང་ཏ་ན་སྟེ་ཀཱ་ལིའི་མཛད་སྤྱོད་ཀྱིས་སྒྲོལ་བ་ལས་དངོས་གྲུབ་བླང་བ་ནི། ལེའུ་བཅུ་གཅིག་པ་ལས། ཞིང་གྱུར་མཆོག་དང་མཆོག་ཕྲན་རྣམས། །སོགས་ནས། རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་པའི་བར་གྱིས་བསྟན་པ་བཞིན་དང་། ཐོ་རངས་ཡུམ་དང སྦྱོར་བའི་ག་ན་སྟེ། ཨཱ་ལིའི་མཛད་སྤྱོད་ཀྱིས་ཡུམ་གྱི་མཁའ་ལས་དངོས་གྲུབ་ལེན་པ་སྒྲུབ་པ་ཆེན་པོ་སྟེ། ལེའུ་བཅུ་གཅིག་པ་ལས། ལྷ་མོ་ཀླུ་མོ་རིགས་ངན་མོ། །སོགས་ནས། ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞེས་པའི་བར་གྱིས་བསྟན་པ་ལྟར་རོ། །གསུམ་པ་སྒྲུབ་པ་ཆེན་པོའི་ས་དེར་དངོས་གྲུབ་ཡུམ་གྱི་མཁའ་ལས་བླང་བའི་དབང་དུ་བྱས་ཏེ་སྦྱོར་བའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞིས་ཉམས་སུ་བླང་བ་ནི་སྔར་ཐབས་ལམ་ཅིག་ཅར་བའི་སྐབས་སུ་བཤད་པ་བཞིན་ནོ། །གསུམ་པ་འབྲས་བུ་རིག་འཛིན་འགྲུབ་པའི་དུས་བསྟན་པ་ནི། དེ་ལྟར་ཟླ་བ་དྲུག་སྤོག་ཆོག་དང་བཅས་པས་རིག་འཛིན་གྱི་འབྲས་བུ་འགྲུབ་སྟེ། འདི་བསྐྱེད་རིམ་གྱི་ལམ་ཡིན་པས་ཐུན་མོང་གི་དངོས་གྲུབ་ལ་ལས་རྒྱ་དང་ཡེ་རྒྱའི་ཁྱད་པར་གྱིས་འདོད་པའི་རིག་འཛིན་དང་། གཟུགས་ཀྱི་རིག་འཛིན་གང་རིགས་ལ་སྦྱོར་བས་སོ། །ལམ་འདིས་འཁོར་བའི་བག་ཆགས་གང་དག་ན་བསྐྱེད་པའི་རིམ་པ་གསུམ་པ་སྟེ་དེ་ནས་བྱིས་པ་དེ་རྒན་པོ་རྣམས་དང་བློ་གྲོས་མཉམ་པས་ཁེ་དྲག་དང་། སྤྱད་རིས་ལ་སོགས་ཀྱི་བག་ཆགས་དག་པར་༡བྱེད། ཡར་སངས་རྒྱས་རྣམས་མཆོད་སྤྲིན་མཐའ་ཡས་པའི་རོལ་མོ་ལ་དགྱེས་དགུར་སྤྱོད་པའི་རིགས་ཀྱི་ནུས་པ་གསོས་འདེབས་པས་འབྲས་བུར་རྫོགས་༢པར་བྱེད། བར་དུ་ཚོགས་སྒྲུབ་ཀྱི་ལམ་དེ་བསྒོམ་པས་བདེ་སྟོང་གི་ལྷ་སྐུ་འགྲུབ་པའི་ཕྱིར། མཆོག་གི་འབྲས་བུ་ལ་མྱུར་དུ་སྦྱོར་བའི་གཞི་འདིང་བས་ལམ་གོང་མའི་སྨིན་༣བྱེད་དུ་འགྲོ། གཉིས་པ་ལམ་གྱི་གཞུང་ཤིང་རྫོགས་རིམ་ལྟར་བཤད་ན། རྒྱུད་ལེའུ་བཅུ་གསུམ་པ་ལས། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །ཞེས་པས་རང་རིག་པ་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པའི་དཀྱིལ་འཁོར་ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ལྟ་བའི་ངོ་བོ་གནས་ལུགས་ཀྱི་དཀྱིལ་འཁོར་དེ་ཉིད་གཏན་ཚིགས་རྣམས་ཀྱིས་གཏན་ལ་ཕབ་པས་ཡུལ་མེད་རང་གསལ་དུ་རྟོགས་པ་ནི་གྲུབ་མཐའ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ནི། གོང་གི་འཕྲོས་སུ། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམས། །སོགས་ནས། ཡེ་ཤེས་དགྱེས་ལ་མཆོད་པ་འབུལ། །ཞེས་པའི་བར་གྱིས་ལམ་གྱི་རྣལ་འབྱོར་ལྔ་བསྟན། དང་པོ་སྟོང་པ་ཆེན་པོའི་རྣལ་འབྱོར་ནི། དེ་ཡང་ལུས་ཅན་རྣམས་འཆི་བའི་ཚེ་འབྱུང་བ་ལྔ་དཀར་དམར་ནག་གསུམ་རིམ་པར་ཐིམ་ནས་རྣམ་པར་མི་རྟོག་པའི་འོད་གསལ་འཆར་ཏེ། ཐལ་འགྱུར་ལས། འགྲོ་བ་མ་ལུས་ཐམས་ཅད་དག །གནས་པའི་སྟོབས་ནི་ཟད་པ་ན། །འདུས་པ་ལྔ་ཡི་རིམ་པ་ཡི། །བག་ཆགས་སྙིགས་མ་རང་ཟད་ནས། །འོད་གསལ་སྟོང་པར་སྣང་བས་ན། །རེ་དོགས་མེད་པ་ནམ་མཁའ་བཞིན། །ཞེས་གསུངས་པ་ལྟར། དེ་ལམ་དུ་ཁྱེར་ཏེ་དེ་དང་རྗེས་སུ་མཐུན་པའི་ལམ་བསྒོམ་ཚུལ་ཡང་། ལྟ་བས་གཏན་ལ་འབེབས་པ་གཞིར་བཞག་སྟེ། བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་སུ་ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པས་རིག་པ་མ་བཅོས་པའི་ངང་དུ་སོ་མར་འཇོག་པ་རིག་པ་སྤྱི་བླུགས་དང་། སྔར་གྱི་ཐོས་བསམ་གྱི་ལྟ་བ་དྲན་པར་བྱས་ནས་དེའི་ངང་འཇོག་པ་མཐོང་བའི་རྗེས་ལ་འཇོག་པ་སྟེ། འཇོག་ཐབས་གཉིས་པོ་གང་རུང་གིས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ཉིན་མོའི་རྣལ་འབྱོར་དང་། མཚན་མོའི་གཉིད་མཐུག་གི་འོད་གསལ་འཛིན་པའི་མན་ངག་གཉིས་སྦྲེལ་ཏེ་ཉིན་མཚན་ཁ་སྦྱོར་དུ་ཉམས་སུ་ལེན་པའི་སྒོ་ནས་ཉམས་ལྔ་མཐར་ཕྱིན་པར་བསླབ་པའོ། །གཉིས་པ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ནི། སྔར་གྱི་འཆི་ཁའི་འོད་གསལ་ངོས་མ་ཟིན་པ་ལས་སྣང་གསུམ་འབྱུང་ལྔའི་བགྲོད་པ་གོ་བཟློག་གི་ཚུལ་དུ་ལངས་ཏེ་བར་དོའི་ཡིད་ལུས་སྒྱུ་མ་ལྟ་བུར་གྲུབ་སྟེ། སྔ་མ་ལས། བར་མ་སྒྱུ་མའི་ལུས་ཐོབ་པས། །མ་སྤངས་ལོངས་སྤྱོད་རྫོགས་པར་བཤད། །ཅེས་གསུངས་པ་ལྟར། དེ་ལམ་དུ་ཁྱེར་ནས་དེ་དང་རྗེས་སུ་མཐུན་པའི་ལམ་སྒོམ་ཚུལ་ཡང་། སྔར་གྱི་སྟོང་ཆེན་འོད་གསལ་གྱི་ངང་དུ་སེམས་འགགས་པས། དུ་བ་དང་། སྨིག་རྒྱུ་དང་། མེ་ཁྱེར་ལྟ་བུ་དང་། མར་མེ་ལྟ་བུ་དང་། དཀར་དམར་ནག་གསུམ་ལ་སོགས་པའི་སྟོང་གཟུགས་ཀྱི་སྣང་བ་ཤར་བ་ན། ཉིན་གྱི་རྣལ་འབྱོར་སྲིད་པའི་སྣང་བ་དེ་དང་། མཚན་མོ་རྨི་ལམ་གྱི་སྣང་བ་ཐམས་ཅད་སྒྱུ་མ་ཆུ་ཟླ་ལྟར་མཐོང་བ་ལ་དམིགས་མེད་ཀྱི་སྙིང་རྗེ་མ་འགགས་པར་ཤར་བ་ལ་གོམས་ཤིང་བསླབ་པར་བྱེད་པའོ། །གསུམ་པ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ནི། སྐྱེ་བའི་རིམ་པ་དང་པོའི་བག་ཆགས་སྦྱང་བའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་ལམ་སྟེ། སྣང་བ་རིས་མེད་ལ་སྙིང་རྗེ་ཆེན་པོའི་འཕེན་པ་དང་ཏིང་ངེ་འཛིན་གྱིས་ཆུ་དྭངས་པ་ལ་གཟུགས་བརྙན་ཤར་བ་ལྟར་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པའི་ལྷ་སྐུ་ཕྱག་རྒྱ་གཅིག་པས་གང་ཤར་གྱི་སྣང་བ་ཐམས་ཅད་ལ་རྒྱས་ཐེབས་པའོ། །བཞི་པ་ཕྱག་རྒྱ་སྤྲོས་བཅས་ནི། སྐྱེ་བའི་རིམ་པ་བར་མའི་བག་ཆགས་སྦྱོང་བའི་ཕྱི་དེ་དང་མཐུན་པའི་ལམ་སྟེ། སྔར་གྱི་ལྷ་སྣང་དེ་ལས་ཆེས་ཆེར་འཕེལ་བས་སྣང་བ་ཐམས་ཅད་ཟུང་འཇུག་གི་ལྷ་གཙོ་འཁོར་དང་ཚོམ་བུའི་རྣམ་པར་མངོན་སུམ་དུ་སྤྲོས་ཏེ་མ་འདྲེས་ཡོངས་རྫོགས་སུ་འཆར་བ་ལ་གོམས་པར་བྱེད་པའོ། །ལྔ་པ་ཚོམ་བུ་ཚོགས་སྒྲུབ་ནི། སྐྱེ་བའི་རིམ་པ་གསུམ་པའི་བག་ཆགས་སྦྱོང་བའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་ལམ་སྟེ། ཚོམ་བུ་གཅིག་གསུམ་ལྔ་པ་གང་རུང་གི་སྒོ་ནས་སྤྲོས་བཅས་བསྐྱེད་རིམ་དང་ཕྱོགས་མཐུན་དུ་སྒྲུབ་པའམ། སྤྲོས་མེད་རྣལ་འབྱོར་ཕོ་མོ་གཙོ་བོ་ཡབ་ཡུམ་ཚོགས་པ་ལ་བརྟེན་པའམ། ཤིན་ཏུ་སྤྲོས་མེད་ཡབ་མི་འགྱུར་བའི་བདེ་བ་ཆེན་པོ་དང་། ཡུམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་ཁ་སྦྱོར་དུ་སྒྲུབ་པ་སྟེ། གང་ལྟར་ཡང་བློ་རབ་འབྲིང་ཐ་གསུམ་གྱི་དབྱེ་བས་ཟླ་བ་དྲུག་གམ། ལོ་གཅིག་དང་ཟླ་བ་གཉིས། ལོ་གཅིག་ཟླ་བ་བཞི་རྣམས་ཀྱིས་ནང་གི་མངོན་བྱང་ལྔ་ལ་བརྟེན་ནས་ཟག་མེད་མཐོང་ལམ་རྣམ་གཉིས་གང་རུང་ལ་སྦྱོར་བར་བྱེད་པ་སྟེ། ལམ་རིམ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུ་རིགས་ཀྱི་དམ་པ་འགྲུབ། །ཅེས་གསུངས་སོ། །ཞར་ལ་ཟག་ལྡོག་ཡོད་མེད་ཀྱི་མུ་བཞི་ནི། དེ་ལ་ཟག་ལྡོག་གཉིས་ཀ་ཡོད་པའི་མུ་ནི། སྟོང་༡པ་ཆེན་པོ་སྙིང་རྗེ་སྒྱུ་མ་༢ཕྱག་རྒྱ་གཅིག་༣སྤྲོས་རྣམས་ཏེ་ཚོགས་ལམ་རྣལ་འབྱོར་བཞིའོ། །ཟག་པ་ཡོད་ལ་ལྡོག་བ་མེད་པའི་མུ་ནི། སྦྱོར་ལམ་ཚོམ་བུ་ཚོགས་སྒྲུབ་སྟེ། སྤྱོད་པའི་དུས་གྲངས་ངེས་པས་ཟག་མེད་ལ་དངོས་སུ་སྦྱོར་བའི་བར་ཆད་མེད་ལམ་ཡིན་པའི་ཕྱིར་རོ། །ཟག་པ་མེད་ལ་ལྡོག་པ་ཡོད་པའི་མུ་ནི། དམན་ལམ་སྔོན་སོང་གི་འཕགས་པ་དགྲ་བཅོམ་པ་སྔགས་ཀྱི་ཚོགས་ལམ་ལ་གནས་པ་ལྟ་བུ་སྟེ། རང་དོན་ལ་ཆགས་པས་ལྡོག་པར་སྲིད་དོ། །སྤྱིར་ཟག་པ་ཞེས་པ་ནི་མངོན་པ་སོགས་ལས་ཟག་པའི་སྒོ་དྲུག་བཤད་ཀྱང་། འདིར་ཟག་པའི་གཙོ་བོ་དང་ཡན་ལག་གཉིས་ལ། གཙོ་བོ་ཀུན་ནས་ཉོན་མོངས་དང་བཅས་པའི་ལས་ཀྱིས་ཁམས་གསུམ་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་མོ། །མཆན། དུ་ཟག་ཅིག་འཕོ་བའོ། །ཡན་ལག་ནི་ལུས་རང་དབང་མེད་པར་ལེན་པ་སྐྱེ་གནས་ཀྱི་ཟག་པ། ཁམས་བདེ་མི་བདེ་རང་དབང་མེད་པར་མྱོང་བ་ཁམས་གྱི་ཟག་པ། རང་དབང་མེད་པར་ལུས་འདོར་བ་ལུས་ཀྱི་ཟག་པ་གསུམ་མོ། །གསུམ་པ་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་ལའང་གཉིས་ལས། དང་པོ་ནི། འདི་ཉིད་ཀྱི་ལེའུ་བཅུ་གཉིས་པ་ལས། སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །ཞེས་སོགས་ནས། ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པའི་བར་གྱིས་ཡོ་བྱད་ལྔ་ལ་སྤྱད་པའི་འབྲས་བུ་བསྟན། དེ་ཡང་བྲོ་གར་འདུ་འཕྲོའི་འབྲས་བུ། གླུ་ཚིག་སྒྲ་ཡི་འབྲས་བུ། རྒྱན་དང་བགོ་བའི་འབྲས་བུ། བཟའ་དང་བཏུང་བའི་འབྲས་བུ། ཨ་ལི་ཀཱ་ལིའི་ཡོ་བྱད་ལ་སྤྱད་པའི་འབྲས་བུའོ། །གཉིས་པ་ལམ་འགྱུར་གྱི་འབྲས་བུ་རིག་འཛིན་བཞི་ནི། རྒྱུད་ལས། མི་དང་ལྷ་དང་ཚངས་པ་ཡི། །སོགས་ནས། རྒྱུ་འབྲས་ཁྱད་པར་ལྷུན་གྱིས་རྫོགས། །ཞེས་པའི་བར་དང་། རྒྱུད་ལེའུ་དགུ་པ་ལས། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སོགས་ནས། ཐིམ་པའི་ཡེ་ཤེས་རང་སྣང་བའོ། །ཞེས་པའི་བར་གྱིས་མཐོང་ལམ་ཚེ་དབང་ནས་རིམ་གྱིས་ཕྱག་ཆེན་དང་། ལྷུན་གྲུབ་ནས་མཐར་ཐུག་གི་འབྲས་བུ་ལ་སྦྱོར་ཞིང་། ཐོད་རྒལ་བ་ཚེ་དབང་ནས་ལྷུན་གྲུབ་རིག་འཛིན་ནམ། ཤིན་ཏུ་བློ་ཆེན་པོ་ལམ་གཞན་མ་བརྒྱུད་པར་སྐུ་ལྔ་ལྷུན་གྲུབ་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་དང་། འབྲས་དུས་ཀྱི་སྐུ་དང་ཡེ་ཤེས་ཞིང་ཁམས་ཐམས་ཅད་བསྟན། དཔག་བསམ་ཤིང་དང་ཡིད་བཞིན་གྱི། །སོགས་ནས། དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཞེས་པའི་བར་གྱིས་འབད་རྩོལ་མེད་པའི་ཕྲིན་ལས་བསྟན། ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད། །སོགས་ནས། སྒྱུ་མ་རྡོ་རྗེ་བཙན་པོ་མཆོག །ཅེས་པའི་བར་གྱི་ཡེ་ཤེས་རོལ་པ་སྒྱུ་མ་ལྟ་བུའི་ཕྲིན་ལས་དོན་མཛད་པ་བསྟན། གཅིག་དང་དུ་མར་བྲལ་བ་ཡི། །སོགས་ནས། འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་པའི་བར་གྱིས་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་སྤྲོས་མཐའ་ཐམས་ཅད་དང་བྲལ་ཞིང་། དེ་ཉིད་སེམས་ཅན་ལ་ཐུགས་རྗེའི་གཟིགས་པ་ཡུལ་དབྱེར་མེད་པར་འབྲེལ་བའི་ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་ཚུལ་རྣམས་བསྟན་ནོ། །དེ་ལྟར་ཟག་ལྡོག་གཉིས་ཀ་མེད་པའི་མཐོང་སྒོམ་མཐར་ལམ་གསུམ་གྱིས་བསྡུས་པའི་རིག་འཛིན་བཞི་སྟེ། མཐོང་ལམ་པ་ལ་བློ་ཡི་ནུས་སྟོབས་ཆེ་ཆུང་གིས་འབྱུང་བ་སྙིགས་རྣམ་སྨིན་གྱི་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱོང་བར་མི་ནུས་པ་རྣམ་སྨིན་རིག་འཛིན། སྦྱང་བར་ནུས་པ་སྐྱེ་འཇིག་མེད་པ་དྭངས་མའི་ལུས་སུ་གྱུར་པ་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་གཉིས་སོ། །དེ་ལ་རྣམ་སྨིན་རིག་འཛིན་ལུས་རྣམ་སྨིན་གྱི་ལུས་ཕུང་པོ་དང་མ་བྲལ་བར་ཡིད་འོད་གསལ་གྱི་ལྷ་སྐུར་སྨིན་ཞིང་། ལུས་རྒྱ་བྲལ་མ་ཐག་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་ངེས་པ་སྟེ། མཛད་སྤྱོད་བཀོད་པ་དཀྱིལ་འཁོར་ལ་བརྟེན་ནས་བདག་དོན་ཚོགས་གཉིས་རྫོགས་པར་མཛད། གཞན་དོན་ཕྲིན་ལས་བཞི་མཐར་ཕྱིན་པར་མཛད། ཟག་མེད་ལྷ་ཡི་སྤྱན་སོགས་མངོན་ཤེས་ཀྱི་ཡོན་ཏན་དང་ལྡན། གླིང་བཞི་པ་ཙམ་དུ་སྐུ་དངོས་ཀྱིས་འགྲོ་དོན་མཛད། སྤྲུལ་གཟུགས་སྟོན་ཚུལ་ཚེ་དབང་རིག་འཛིན་དང་ཆ་འདྲ་བ་ཙམ་མོ། །མཐོང་ལམ་ཚེ་དབང་རིག་འཛིན་ནི། ལུས་སེམས་གཉིས་ཀ་འོད་གསལ་གྱི་ལྷ་སྐུར་སྨིན་ཞིང་ཕྲ་ཡང་ལ་སོགས་འཇའ་ལུས་ཀྱི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་རྡོ་རྗེའི་ལུས་ཏེ། སྤྱིར་ཚེ་དབང་ལ། སྨན་གྱི་བཅུད་ལེན་ལ་བརྟེན་པ། ཐིག་ལེ་དབབ་བཟུང་ལ་བརྟེན་པ། སྒྲོན་མ་རླུང་གི་འཁོར་ལོ་ལ་བརྟེན་པ། ལམ་མཆོག་ཡོགས་སུ་རྫོགས་པའི་ཚེ་དབང་དང་བཞི་ལས། འདི་ནི་ཕྱི་མ་སྟེ། ས་དང་པོའི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའོ། །མཛད་སྤྱོད་ནི་བདག་དོན་དུ་ཀུན་འགྲོའི་དྲི་མ་སྦྱང་། གཞན་དོན་ཆོ་འཕྲུལ་བཞི་དང་། ཕྲིན་ལས་བཞི་སོགས་ཀྱི་འགྲོ་དོན་མཛད་ཅིང་། ཆ་ལུགས་ཀྱང་། མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཁྱད་པར་ས་ལ་གནས་འགྱུར་ཡིན། །ཞེས་སོ། །མངོན་ཤེས་ནི་དབང་ཤེས་ཉེར་ལྔས་གླིང་བཞི་བྱེ་བ་ཕྲག་བརྒྱར་དུས་གཅིག་འགྲོ་དོན་མཛད་པའོ། །སྒོམ་ལམ་ཕྱག་ཆེན་རིག་འཛིན་ནི། ཡེ་ཤེས་སྒྱུ་མའི་སྐུ་ཅན་ཏེ། དེ་ལ་ནང་གསེས་ཀྱིས་དབྱེ་ན། ས་གཉིས་པ་ནས་ལྔ་པའི་བར་རྡོ་རྗེའི་རིག་འཛིན་ཏེ། རྟོགས་པའི་ཡེ་ཤེས་རྡོ་རྗེ་ལྟ་བུས་རང་སའི་སྒྲིབ་པ་འཇོམས་པའོ། །ས་དྲུག་པ་ཤེར་ཕྱིན་གཙོ་བོར་སྤྱོད་ཅིང་ཆོས་འཁོར་བསྐོར་བའི་ཕྱིར་དང་། ས་བདུན་པའང་ཐབས་ལ་མཁས་པའི་ཕྱིར། དེ་གཉིས་ཀ་ལ་འཁོར་ལོའི་རིག་འཛིན་ཞེས་བྱ། ས་བརྒྱད་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བསྒྱུར་བས་རིན་པོ་ཆེའི་རིག་འཛིན་དང་། ས་དགུ་པར་མ་ཆགས་པའི་ཞིང་སྦྱོང་བས་པདྨའི་རིག་འཛིན། ས་བཅུ་བར་ཕྲིན་ལས་ཕུན་སུམ་ཚོགས་པས་འགྲོ་དོན་མཛད་པའི་ཕྱིར་རལ་གྲིའི་རིག་འཛིན་ཞེས་བྱའོ། །ཆ་བྱས་ཀྱང་ཟུང་འཇུག་གི་ལྷ་སྐུ་མཚན་དཔེ་རྫོགས་པའི་བདག་ཉིད་ཅན། བདག་དོན་ལྷན་ཅིག་གནས་པའི་དྲི་མ་སྦྱོང་། གཞན་དོན་རྔོན་པ་དང་སྨད་འཚོང་མ་སོགས་གང་འདུལ་གྱི་སྤྲུལ་གཟུགས་སྟོན། མངོན་ཤེས་ཀྱང་དབང་ཤེས་ཉེར་ལྔའི་ཡོན་ཏན་ཚེ་དབང་དང་འདྲ་ནའང་། འདིར་གསལ་བརྟན་གྱིས་ཁྱད་པར་དུ་འཕགས་ཤིང་ལོངས་སྐུའི་ཞིང་དང་མཉམ་པར་འགྲོ་དོན་མཛད་དོ། །དེ་ལྟར་ས་བཅུའི་རྣམ་གྲོལ་ལམ་ཚུན་ཆད་སྒོམ་ལམ་ཕྱག་ཆེན་རིག་འཛིན་དུ་བསྡུས་ཤིང་ས་བཅུའི་ཁྱད་པར་ལམ་མཐར་ལམ་ལྷུན་གྲུབ་རིག་འཛིན་ནི། སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཆ་ལུགས་འཛིན་པ་དྲུག་པའི་རྒྱལ་ཚབ་མཛད་པ་གསང་བའི་བདག་པོ་བཞིན་ནོ། །མཛད་སྤྱོད་ནི། བདག་དོན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ་ནང་གི་མངོན་བྱང་གིས་ཤེས་སྒྲིབ་ཕྲ་བ་དང་སྣང་གསུམ་ཁུ་རྡུལ་སེམས་གསུམ་གྱི་དྲི་མ་སྦྱངས། གཞན་དོན་རྗེས་ཐོབ་ལ་སངས་རྒྱས་དང་ཆ་འདྲ་བའི་འགྲོ་དོན་མཛད། སྤྲུལ་གཟུགས་ཀྱང་མཛད་པ་བཅུ་གཉིས་སོགས་མཆོག་གི་སྤྲུལ་སྐུ་དང་ཕྱོགས་མཐུན་སྟོན། མངོན་ཤེས་ཀྱང་ཇི་སྙེད་མཁྱེན་པའི་ཡུལ་སངས་རྒྱས་ཉིད་དང་ཆ་འདྲ་བས་ནམ་མཁའི་ཁྱབ་ཚད་ཀྱི་འགྲོ་བའི་དོན་ཅི་རིགས་པ་མཛད་དོ། །ཞར་ལ་རྒྱུའི་ཐེག་པའི་འཕགས་པ་རྣམས་དང་དགོངས་པ་མཉམ་ཚུལ་དང་། ས་ཡི་མུ་ཚོད་མཐུན་ཚུལ་ནི། རྣམ་སྨིན་རིག་འཛིན་དང་རྒྱུའི་ཐེག་པའི་མཐོང་ལམ་རབ་དགའ་ལ་གནས་པའི་སེམས་དཔའ་གཉིས་དགོངས་པ་མཉམ། གཞན་པ་ཚེ་དབང་སོགས་ནི་རྒྱུའི་ཐེག་པའི་ས་དང་པོ་དང་བརྒྱད་པ་དང་བཅུ་པ་རྣམས་དང་ལམ་གྱི་མུ་ཚོད་མཚུངས་ཀྱང་། དགོངས་པ་རྒྱུའི་ཐེག་པའི་ས་བརྒྱད་པ་དང་ཚེ་དབང་། བཅུ་པ་དང་ཕྱག་ཆེན། མི་སློབ་པའི་ས་ཀུན་ཏུ་འོད་དང་ལྷུན་གྲུབ་རིག་འཛིན་གཉིས་དགོངས་པ་མཉམ་མོ། །ད་ནི་ཐོད་རྒལ་འབྱུང་མི་འབྱུང་གི་མཚམས་ནི། རྣམ་སྨིན་ནས་ཐོད་རྒལ་དུ་སྦྱོར་བ་མི་སྲིད་དེ་ངང་གིས་བློ་ཆུང་བས་སྟོང་ཉིད་སྙིང་རྗེ་དབྱེར་མེད་སྒོམ་མི་ནུས་པའི་ཕྱིར་རོ། །གཞན་དུ་ཅིག་ཆར་པ་མ་ཡིན་པའི་ལམ་པ་བློ་ཆེ་བ་འགའ་ཞིག་ཕྱག་རྒྱ་གཅིག་སྤྲོས་གཉིས་ནས་སྦྱོར་མཐོང་དང་། ཚེ་དབང་ནས་ལྷུན་གྲུབ་དང་། ཚེ་དབང་ཕྱག་ཆེན་གཉིས་ནས་སངས་རྒྱས་ཀྱི་སར་ཐོད་རྒལ་ལམ་གཞན་བར་ནས་བོར་ཏེ་སྦྱོར་བའང་སྲིད་པ་ཡིན་ཏེ། དེ་དག་ལ་ངང་གིས་བློ་ཆེ་བ་དང་། ཟུང་འཇུག་གི་ལམ་སྒོམ་པ་དང་། ལམ་གཞན་བར་ནས་བོར་དུ་ཡོད་པ་སྟེ་ཐོད་རྒལ་འབྱུང་བའི་ཆོས་གསུམ་ཚང་བའི་ཕྱིར་རོ། །དེ་ལྟར་ན་ཚོགས་སྒྲུབ་ནས་ཐོད་རྒལ་འབྱུང་ངམ་སྙམ་ན་མི་འབྱུང་སྟེ། ཟག་མེད་ཀྱི་ལམ་གྱི་དབྱེ་ས་དང་འདུ་ས་མཐོང་ལམ་ཡིན་པར་གསུངས་པས་ལམ་གཞན་བར་ནས་བོར་དུ་མེད་པའི་ཕྱིར་རོ། །གསུམ་པ་གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་ནི། རྒྱུད་ལེའུ་དྲུག་པ་ལས། སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི། །སོགས་ནས། མ་གཡོས་བཞིན་དུ་སྣ་ཚོགས་པའི། །ཞེས་པའི་བར་གྱིས་སྐུ་ལྔའི་མཚན་ཉིད་བསྟན། དེ་ཚེ་མི་མཐུན་སྣ་ཚོགས་ལ། །ཞེས་པ་ནས། དཔེར་ན་མེ་ལོང་ཆུ་ཟླ་བཞིན། །ཞེས་པའི་བར་གྱི་སྐུ་ཇི་ལྟར་སྣང་བའི་ཚུལ་བསྟན། དེ་ཚེ་འགྲོ་དྲུག་ཐམས་ཅད་ལ། །སོགས་ནས། སྐུ་ཡིས་ཆོས་རྣམས་མཇལ་བར་སྟོན། །ཞེས་པའི་བར་གྱིས་སྐུའི་ཕྲིན་ལས་བསྟན། མེ་ལོང་བསྟན་པའི་ཚུལ་བཞིན་དུ། །སོགས་ནས། བླ་མེད་བྱང་ཆུབ་ཡང་དག་ཐོབ། །ཅེས་པའི་བར་གྱིས་འཁོར་གྱི་སྒྲིབ་པ་སྦྱངས་ནས་གྲོལ་ཚུལ་བསྟན། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ལོངས་སྐུ་ཟད་མེད་ཡིད་བཞིན་གཏེར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཅེས་པ་འབྲས་བུའི་ངོ་བོ་སྐུ་གསུམ་བསྟན། མཚན་དང་དཔེ་བྱད་ཐམས་ཅད་རྫོགས། །སོགས་གནས། དེ་ལ་སོགས་པ་བསམ་ཡས་མཆོག ཅེས་པའི་བར་གྱིས་སྔགས་ཀྱི་མཐར་ཐུག་གི་སའི་ཁྱད་པར་བསྟན། སྐྱེ་འཆི་མེད་པའི་གཡུང་དྲུང་སྐུ། །སོགས་ནས། དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། །ཞེས་པའི་བར་གྱིས་འབྲས་བུའི་སྐུ་ལྔ་བསྟན་ཏོ། །དེ་ཡང་སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། གྲུབ་པའི་རྣལ་འབྱོར་རྣལ་འབྱོར་ཆེ། །ལྷུན་གྲུབ་ཇི་བཞིན་མངོན་བྱས་པའང་། །བཏགས་པ་ཙམ་ལས་གཉིས་མེད་དེ། །དེ་ཕྱིར་ལ་དེ་བརྗོད་དོ། །ཞེས་པས། སྦྱང་གཞི་རྒྱུའི་རྒྱུད་བདེ་གཤེགས་སྙིང་པོ་གདོད་ནས་རང་ལ་རང་ཆས་སུ་བཞུགས་པ་འདམ་གྱི་དབུས་སུ་ནོར་བུ་ལྟ་བུ། སྦྱང་བྱ་མེད་སྣང་གློ་བུར་དྲི་མ་ནོར་བུ་སྒྲིབ་བྱེད་ཀྱི་འདམ་རྫབ་ལྟ་བུ། སྦྱོང་བྱེད་རིམ་པ་གཉིས་ཀྱི་ལམ་བཀྲུ་བྱེད་ཀྱི་ཆུ་དང་འདག་རྫས་བཞིན་ནོ། །སྦྱངས་འབྲས་ནི། ལམ་གྱི་དྲི་མ་སྦྱངས་པ་ལས་གཞི་ལ་ཡོད་པའི་ཡོན་ཏན་མངོན་དུ་གྱུར་པ་མཐར་ཐུག་པ་སྟེ། འདམ་རྫབ་ལས་གྲོལ་བའི་ནོར་བུ་ལས་འདོད་དགུའི་ཆར་འབེབས་པ་བཞིན་ནོ། །ངེས་ཚིག་ནི། མཆོག་གི་གོ་འཕང་དོན་དུ་གཉེར་བ་རྣམས། བསོད་ནམས་ཡོངས་སུ་རྫོགས་པས་ན་འབྲས་བུ་དང་། ནམ་ཡང་རྒྱུན་ཆད་མེད་པས་རྒྱུད་དོ། །དབྱེ་བ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་ལྔ་ལྔར་དབྱེ་བའི་འབྲས་ཆོས་ཉེར་ལྔ་སྟེ། དེ་ལ་སྐུ་ལྔ་ནི། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། མངོན་བྱང་གི་སྐུ། རྡོ་རྗེའི་སྐུ་དང་ལྔའོ། །གསུང་ལྔ་ནི། ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་། ལོངས་སྐུ་དགོངས་པ་བརྡ་ཡི་གསུང་། སྤྲུལ་སྐུ་ཚངས་པའི་དབྱངས་ཀྱི་གསུང་། མངོན་བྱང་གི་རིག་པ་བྱིན་རླབས་ཀྱི་གསུང་། དབྱེར་མེད་རྡོ་རྗེའི་གསུང་དང་ལྔའོ། །ཐུགས་ལྔ་ནི། ཆོས་སྐུའི་ཐུགས་ཆོས་དབྱིངས་ཡེ་ཤེས། ལོངས་སྐུའི་ཐུགས་མཉམ་ཉིད་ཡེ་ཤེས། སྤྲུལ་སྐུའི་ཐུགས་བྱ་གྲུབ་ཡེ་ཤེས། མངོན་བྱང་གི་སྐུའི་ཐུགས་མེ་ལོང་ཡེ་ཤེས། རྡོ་རྗེའི་སྐུའི་ཐུགས་སོར་རྟོག་ཡེ་ཤེས་ལྔའོ། །ཡོན་ཏན་ལྔ་ནི། རྣམ་པར་དག་པའི་ཞིང་ཁམས། རྒྱ་ཚད་བྲལ་བའི་གཞལ་ཡས་ཁང་། གསལ་ཞིང་དག་པའི་འོད་ཟེར། ཁྱད་པར་འཕགས་པའི་གདན་ཁྲི། དགྱེས་དགུར་སྤྱོད་པའི་ལོངས་སྤྱོད་དང་ལྔའོ། །ཕྲིན་ལས་ལྔ་ནི། ཞི་རྒྱས་དབང་དྲག་ལྷུན་གྲུབ་དང་ལྔའོ། །དེ་དག་ཀྱང་རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་གསུམ་དུ་འདུ་ཞིང་། དང་པོ་རྟེན་སྐུ་ལ་གསུམ་མམ་ལྔ་སྟེ། ཆོས་སྐུ་ནི་དབྱིངས་སྤྲོས་བྲལ་ནམ་མམཁའ་ལྟ་བུའི་ཀློང་དུ་ཐུགས་རྗེ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན་ནོ། །ལོངས་སྐུ་ནི་དེ་ལས་ཤར་བའི་ཐུགས་རྗེ་ཡེ་ཤེས་ཀྱི་སྐུའོ། །སྤྲུལ་སྐུ་ནི་སོ་སོའི་མོས་པ་དང་མཐུན་པར་གོང་གི་སྐུ་གཉིས་ཀྱི་གཟུགས་བརྙན་འགྲོ་བའི་སེམས་གཙང་མར་ཤར་བ་ཡིན་ལ། སྐུ་གསུམ་སྣང་ཆ་མ་འདྲེས་པའི་ཆ་ནས་མངོན་བྱང་སྐུ་དང་། ངོ་བོ་དབྱེར་མི་ཕྱེད་པའི་ཆ་ནས་རྡོ་རྗེའི་སྐུ་གཉིས་བསྣན་པས་སྐུ་ལྔའོ། །སྐབས་འདིར་ཟུར་པ་རྣམས་ཆོས་ལོངས་སྤྲུལ་གསུམ་སྐུ་མཚན་ཉིད་པ་དང་། གཞན་གཉིས་རྣམ་པའི་ལྡོག་ཆ་དང་། ངོ་བོ་དབྱེར་མི་ཕྱེད་པའི་སྒོ་ནས་བཞག་པའི་སྐུ་བཏགས་པ་བ་ཡིན་གསུངས། ཀུན་མཁྱེན་ཀློང་ཆེན་པས་ནི། ཆོས་སྐུ་མངོན་བྱང་རྡོ་རྗེའི་སྐུ་གསུམ་སངས་རྒྱས་རང་སྣང་གི་སྐུ་ཡིན་པས་མཚན་ཉིད་པ་ཡིན་ལ། ལོངས་སྤྲུལ་གཉིས་གདུལ་བྱའི་སྣང་བས་བསྡུས་པའི་སྐུ་བཏགས་པ་པའོ་གསུངས་པ་ལ་འཐད་པར་མངོན། གཉིས་པ་བརྟེན་པ་ཡེ་ཤེས་ནི། དེ་ལྟར་སྐུ་ལྔ་མངོན་དུ་གྱུར་བའི་ཚེ་ཚོགས་བརྒྱད་གནས་གྱུར་གྱི་ཡེ་ཤེས་ལྔ་སྟེ། ཀུན་གཞི་འབྱེད་པ་མེད་པའི་ཆ་ནས་དེ་ཉིད་གནས་གྱུར་པ་ཅི་ཡང་མི་དམིགས་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་དབྱིངས་ཡེ་ཤེས། ཀུན་གཞིའི་རྣམ་ཤེས་གསལ་ལ་མི་རྟོག་པའི་ཆ་ནས་དེ་ཉིད་གནས་གྱུར་པ་མེ་ལོང་ངོས་གཉིས་པ་ལྟར་རང་བཞིན་གྱི་ཆོས་ཐམས་ཅད་གསལ་ལ་སྤུ་རིས་མི་ཕྱེད་པ་མེ་ལོང་ལྟ་བུའི་ཡེ་ཤེས། ཉོན་ཡིད་ཀྱིས་ཕྱི་ནང་གི་ཆོས་ཐམས་ཅད་ལ་བླང་དོར་འབྱེད་པའི་ཆ་ནས་དེ་ཉིད་གནས་གྱུར་པ་འཁོར་འདས་བཟང་ངན་མེད་པར་མཉམ་པ་ཉིད་དུ་གཟིགས་པས་སྲིད་ཞིའི་མཐའ་ལ་མི་གནས་པ་མཉམ་ཉིད་ཡེ་ཤེས། རྣམ་ཤེས་དྲུག་འགགས་མ་ཐག་པར་ཡིད་ཀྱིས་དཔྱོད་པ་མེད་པར་རྟོག་པའི་ཆ་དེ་ཉིད་གནས་གྱུར་པ་ཆོས་ཅན་མ་ལུས་ས་ལེར་གཟིགས་པ་སོར་རྟོག་ཡེ་ཤེས། སྒོ་ངའི་རྣམ་ཤེས་ཀྱིས་བྱ་བ་ཐམས་ཅད་སྒྲུབ་པའི་ཆ་ནས་དེ་ཉིད་གནས་གྱུར་པ་འགྲོ་དོན་མཛད་པ་ལ་ཐོགས་མེད་ཀྱི་ཕྲིན་ལས་བྱ་གྲུབ་ཡེ་ཤེས་སོ། །ཡེ་ཤེས་དེ་གཉིས་སུ་བསྡུ་ན། ཟུར་པ་རྣམས་ཆོས་དབྱིངས་ཡེ་ཤེས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། གཞན་བཞི་པོ་རྟེན་བརྟེན་པའི་ཆ་ནས་ཇི་སྙེད་མཁྱེན་པའི་ཡེ་ཤེས་སུ་བཞེད། ཀུན་མཁྱེན་ཆེན་པོས་ནི། ཆོས་དབྱིང་ཡེ་ཤེས་དང་། མཉམ་ཉིད་ཡེ་ཤེས་གཉིས་གནས་ལུགས་གཟིགས་པའི་ཆ་ནས་ཇི་ལྟ་བ་དང་། གཞན་གསུམ་འཆར་གཞི་དང་། ཡུལ་གཟིགས་པ་དང་། དེས་འགྲོ་དོན་མཛད་པའི་ཆ་ནས་ཇི་སྙེད་པའི་ཡེ་ཤེས་སོ། །ཞེས་གསུངས་ཏེ་ཇི་ལྟར་བཤད་ཀྱང་ཁྱད་པར་མ་མཆིས་སོ། །གསུམ་པ་མཛད་པ་ཕྲིན་ལས་ནི། དེ་ལྟར་ཉོན་སྒྲིབ་དང་ཤེས་སྒྲིབ་དེའི་བག་ཆགས་ཀྱི་ཡུལ་སྣང་གསུམ་ཕྲ་བའི་དྲི་མ་དང་བཅས་སྤངས་པས་སྤངས་པ་ཕུན་སུམ་ཚོགས་པ་དང་། ཇི་ལྟ་ཇི་སྙེད་མཁྱེན་པས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པས་རྟོགས་པ་ཕུན་སུམ་ཚོགས་པ་སྟེ། སྤངས་རྟོགས་མཐར་ཕྱིན་པའི་སྒོ་ནས་གདུལ་བྱ་སོ་སོའི་སྐལ་བ་དང་འཚམས་པར་ཕྲིན་ལས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་དུས་ལས་མི་ཡོལ་བར་འབྱུང་བའོ། ༈ །གཉིས་པ་ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ་ནི། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཚིག །མཆོད་སྔགས་ཏིང་འཛིན་ཕྲིན་སྒྲུབ་ཀྱིས། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱ། །ཞེས་པས་དེ་ཡང་། དེ་ཁོ་ན་ཉིད་༡ལྟ་བ། ལ་དོར་བ་༢སྤྱོད་པ། བཀོད་པ་དཀྱིལ་༣འཁོར། རིམ་པ་བགྲོད་པ་༤དབང་། མི་འདའ་བ་དམ་༥ཚིག །རོལ་བ་ཕྲིན་༦ལས། དོན་དུ་གཉེར་བ་སྒྲུབ་༧པ། མི་གཡོ་བ་ཏིང་ངེ་༨འཛིན། གནས་སུ་སྟོབ་པ་མཆོད་༩པ། འཆིང་ཟློས་སྔགས་དང་ཕྱག་༡༠རྒྱ་སྟེ་བཅུའོ། །དང་པོ་ལྟ་བ་ལ་ཡང་གསུམ་ལས། ངོ་བོ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆ་ནས་དབུ་མ་དང་། ཆོས་ཐམས་ཅད་སེམས་ཀྱི་རོལ་རྩལ་ཙམ་དུ་འདུ་བའི་ཆ་ནས་སེམས་ཙམ་པ་དང་ཕྱོགས་མཚུངས་ཀྱང་། སྔགས་ཀྱི་ལྟ་བ་དེ་དག་ལས་ཁྱད་པར་དུ་འཕགས་ཏེ། སེམས་ཉིད་གདོད་མ་ནས་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ལྷག་པ་དོན་དམ་བདེན་པ་དང་། དེའི་རྩལ་སྣང་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བས་འཁོར་འདས་བཟང་ངན་མེད་པར་མཉམ་པ་ཉིད་དུ་རྫོགས་པ་ལྷག་པ་ཀུན་རྫོབ་བདེན་པ་སྟེ། དེ་གཉིས་ཀྱང་ཕྱོགས་སུ་ལྷུང་བ་མ་ཡིན་པར་བདེན་གཉིས་ངོ་བོ་དབྱེར་མེད་པར་གནས་ཤིང་། དེར་འཛིན་གྱི་བསམ་བརྗོད་ལས་ཀྱང་འདས་པས་ན་ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཞེས་ཐ་སྙད་དུ་བཏགས་ཏེ། ལྷག་པ་ཞེས་པའང་ཁྱད་པར་འཕགས་པའི་དོན་ལྷག་པར་སྟོན་པ་སྟེ། ཕར་ཕྱིན་ཐེག་པ་ནས་དོན་དམ་པར་འཁོར་འདས་མཉམ་པ་ཉིད་དུ་བཞེད་པ་དང་ཕྱོགས་མཚུངས་ཀྱང་འདིར་ནི་ཀུན་རྫོབ་ཏུའང་ཆོས་ཐམས་ཅད་ལ་མི་གཉིས་པའི་བསམ་བརྗོད་དང་བྲལ་བས་ན་རྒྱུའི་ཐེག་པ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །ངེས་ཚིག་ནི། དྲྀཥྚའི་སྒྲ་ལས་ལྟ་བ་ལ་འཇུག་སྟེ། གནས་ལུགས་ཀྱི་དོན་ལ་དེ་དང་རྗེས་སུ་མཐུན་པའི་ཤེས་རབ་ཀྱི་མིག་གིས་ལྟ་བ་སྟེ། དབྱེ་བ་ནི། དབང་རབ་ལ་གོང་དུ་བཤད་པའི་གཏན་ཚིགས་བཞི་པོ་དེ་རྣམས་ཀྱིས་རྟོགས་པར་བྱ་བ་དང་། དབང་འབྲིང་ལ་རང་བཞིན་དང་འབྲས་བུའི་རྟགས་ལ་བརྟེན་ནས་རྟོགས་པར་བྱ་བ་ནི། འདི་ལྟར་མ་དག་པའི་འཇིག་རྟེན་འདི་ཡང་རང་གི་རིག་པ་ཡེ་ཤེས་ལྔ་ཡི་ཆོ་འཕྲུལ་ཡིན་ཏེ། དེའི་རྟགས་སུ་སུས་ཀྱང་མ་བྱས་པར་ཡུལ་ལྔ་འབྱུང་བ་ལྔ་ཁ་དོག་ལྔ་སོགས་རང་བཞིན་གྱིས་ཡོད་པའོ། །འབྲས་བུའི་རྟགས་ནི་སེམས་ཉིད་ལ་འབྲས་བུ་སྐུ་དང་ཡེ་ཤེས་རང་ཆས་སུ་བཞུགས་པའི་མཚོན་བྱེད་ཆུ་ཚོན་སོགས་ཀྱི་དཔེའི་དཀྱིལ་འཁོར་ལ་བརྟེན་ནས་རྟོགས་པའོ། །དབང་རྟུལ་ལ་ཉེ་རིང་གཉིས་ལས་ཉེ་བ་ནི་ཐོས་བསམ་གྱིས་མི་གོ་བའི་རིགས་ལ་དམིགས་པ་ཕྲ་མོ་བསྟན་པས་ནང་གི་རྩ་མདུད་གྲོལ་ནས་གནས་ལུགས་རྟོགས་པ་ཀླུ་སྒྲུབ་ཀྱི་སློབ་མ་ཤྲཱྀ་གཱི་པ་ལྟ་བུའོ། །རིང་བ་ནི། རེ་ཞིག་རྟོགས་པའི་སྐལ་བ་མེད་པ་རྣམས། སྒྲིབ་སྦྱང་གི་ཕྱིར་བདེ་བར་གཤེགས་པའི་མཆོད་རྟེན་ལ་བསྐོར་བ་བྱེད་པ་དང་མཉམ་དུ་རྟེན་འབྲེལ་སྙིང་པོ་བཟླ་ཞིང་བསགས་སྦྱང་ལ་འབད་པས་རྟོགས་པར་འགྱུར་བ་རྗེ་ཙོང་ཁ་པའི་བླ་མ་དོན་གྲུབ་རིན་ཆེན་ལྟ་བུའོ། །གཉིས་པ་སྤྱོད་པ་ནི། རྒྱུད་ལེའུ་ལྔ་པ་ལས། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། །སོགས་ནས། ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་པའི་བར་དང་། ལེའུ་བཅུ་གཅིག་པ་ནས། ཡན་ལག་དབང་པོ་རྣམ་ཤེས་ཀུན། །སོགས་ནས། ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས། །ཞེས་པའི་བར་དང་། ལེའུ་བཅུ་གཉིས་པ་ལས། བྲོ་གར་འདུ་འཕྲོའི་ཕྱག་རྒྱ་ཡིས། །སོགས་ནས། ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པའི་བར་རྣམས་ཀྱིས་བསྟན། དེ་ལའང་གསུམ་སྟེ། ངོ་བོ་ནི། ལམ་པའི་སྒོ་གསུམ་གྱི་བྱ་བར་གྱུར་པ་ཐབས་ཤེས་ཁྱད་པར་ཅན་གྱི་སྒོ་ནས་ཟིན་པར་སྤྱོད་པ་སྟེ། དེ་ལ་མཉམ་གཞག་རྗེས་ཐོབ་གཉིས་ཀྱི། དང་པོ་མཉམ་གཞག་གི་སྤྱོད་པ་ནི། སྔར་བཤད་པའི་ལམ་ལྔ་རིག་འཛིན་བཞིའི་སྐབས་ཀྱི་སོ་སོའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་པ་དེ་ཡིན། རྗེས་ཐོབ་ཀྱི་སྤྱོད་པ་ནི། འོག་ཏུ་འཆད་པའི་སྤྱོད་པ་གསུམ་ལ་སོགས་པའོ། །སྤྱོད་ཚུལ་ནི། ལྟ་བ་བདག་མེད་ཀྱིས་ཟིན་པའི་ཤེས་རབ་དང་། ཐབས་སྙིང་རྗེ་ཆེན་པོ་ཟུང་འཇུག་གི་སྒོ་ནས་སྤྱད་པས་སྒོ་གསུམ་དག་པར་འགྱུར་པའོ། །ངེས་ཚིག་ནི། ཙརྱའི་སྒྲ་ལས་སྤྱོད་པ་སྟེ། ཏ་ན་དང་ག་ན་ལ་སོགས་དུས་ཚོད་དང་འབྲེལ་བར་ཚུལ་བཞིན་དུ་སྤྱོད་པའོ། །དབྱེ་བ་ནི། ལས་དང་པོའི་དུས་སུ་བག་ཡོད་ཀྱི་སྤྱོད་པ་དགེ་སྦྱོང་གཞོན་ནུའི་སྤྱོད་པ་ལྟ་བུ་དང་། དེ་ནས་ཅུང་ཟད་བརྟན་པ་ཐོབ་པས་མཉམ་རྗེས་བསྲེ་ནུས་པས་རྟོགས་པ་རྐྱེན་ཐུབ་ཏུ་སྤྱོད་པ་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། བརྟན་པ་ཆེར་ཐོབ་ནས་གཞན་ཕན་ཁོ་ན་ལ་བསླབས་པ་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་ལྟ་བུ་སྟེ་སྤྱོད་ཚུལ་གསུམ་མོ། །བྱེ་བྲག་ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་གཉིས་ལས། ཕྱི་མ་ལའང་། དང་པོ་ལྟ་བ་གཏན་ལ་འབེབས་པའི་དུས་དད་བརྩོན་གྱི་སྤྱོད་པ་སྟེ། དད་པས་ཐོས་བསམ་ལ་ཞུགས་ནས་ལེ་ལོ་མེད་པའི་བརྩོན་འགྲུས་ཀྱིས་མཐར་ཕྱིན་པར་སྤྱོད་པའོ། །ཤེས་རབ་དང་མཐུན་པའི་སྤྱོད་པ་སྟོང་པ་ཆེན་པོ་སྟེ། མཉམ་བཞག་ཏུ་སྟོང་པ་ཆེན་པོ་བསྒོམ་ཞིང་རྗེས་ཐོབ་ཏུ་དེའི་རང་གདངས་སྐྱོང་བའོ། །ཐབས་དང་མཐུན་པའི་སྤྱོད་པ་སྙིང་རྗེ་སྒྱུ་མ་སྟེ། མཉམ་བཞག་ཏུ་སྙིང་རྗེ་སྒྱུ་མ་ལྟ་བུ་བསྒོམ་ཞིང་། རྗེས་ཐོབ་སྤྱོད་ཡུལ་ཐམས་ཅད་སྒྱུ་མར་ལྟ་བའོ། །ཕྱོགས་གཅིག་པའི་སྤྱོད་པ་ནི། ཕྱག་རྒྱ་གཅིག་པ་སྟེ། མཉམ་བཞག་ཏུ་ཕྱག་རྒྱ་གཅིག་པའི་ལྷ་བསྒོམ་ཞིང་རྗེས་ཐོབ་ཏུ་དེ་ཉིད་ལམ་དུ་ཁྱེར་བའོ། །སྤྲོས་པ་དང་བཅས་པའི་སྤྱོད་པ་ནི། མཉམ་རྗེས་གཉིས་ཀར་སྤྱོད་ཡུལ་ཐམས་ཅད་དུ་ལྷ་ཡི་རང་བཞིན་དུ་བསླབ་པའོ། །ཚོགས་ཀྱི་སྤྱོད་པ་ནི། ཚོགས་སྒྲུབ་ཀྱི་སྐབས་ཏེ་མཉམ་རྗེས་གཉིས་ཀར་ཡོ་བྱད་ལྔ་ལ་མ་ཆགས་པར་སྤྱོད་པའོ། །རྫུ་འཕྲུལ་ཀྱིི་སྤྱོད་པ་ནི་རིག་འཛིན་བཞིའི་གནས་སྐབས་སུ་རྫུ་འཕྲུལ་གྱི་བཀོད་པ་དང་། སྤྲུལ་བསྒྱུར་གྱིས་འགྲོ་དོན་མཛད་པའོ། །དེ་ལྟར་གྲོལ་ལམ་རིམ་གྱིས་པའི་སྤྱོད་པ་བདུན་བཤད་ནས། གཅིག་ཅར་བའི་སྤྱོད་པ་ནི་ཆོས་ཐམས་ཅད་ལ་བླང་དོར་མེད་པའི་སྤྱོད་པའོ། །གསུམ་པ་བཀོད་པ་དཀྱིལ་འཁོར་ནི། རྒྱུད་འདིའི་ལེའུ་དང་པོས་ཞི་བ་རང་བཞིན་གྱི་དཀྱིལ་འཁོར་བསྟན་པ་སྔར་བཤད་པ་བཞིན་དང་། ལེའུ་དྲུག་པ་ནས། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །སོགས་ནས། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་པའི་བར་གྱིས་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན། ལེའུ་བཅོ་ལྔ་པས། ཁྲོ་བོའི་རང་བཞིན་གྱི་དཀྱིལ་འཁོར་སྔར་བཤད་པ་ལྟར་དང་། ལེའུ་བཅུ་བདུན་པ་ནས། འབར་བའི་དཀྱིལ་འཁོར་རྩིབས་བཞི་པ། །སོགས་ནས། ཅི་བགྱི་ཞེས་ནི་ཆས་ཏེ་གནས། །ཞེས་པའི་བར་གྱི་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་དང་། ལེའུ་དགུ་པ་ནས། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །སོགས་ནས། ཕྱག་རྒྱ་ཏིལ་འབྲུ་ཙམ་དུ་བྲི། །སོགས་ཀྱིས་ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བསྟན། ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པས་ཚོགས་ཀྱི་དཀྱིལ་འཁོར་བསྟན་པའོ། །དེ་ལ་ཡང་གསུམ་སྟེ། ངོ་བོ་ནི། བཀོད་པ་ལྷའི་དཀྱིལ་འཁོར་རྫོགས་པར་སྣང་བ་ལ་འཇོག །ངེས་ཚིག་ནི། མཎྜལ་ཞེས་པའི་སྒྲ་ལས། ལེན་པའམ་འཛིན་པ་ལ་འཇུག་སྟེ། ཡོན་ཏན་གྱི་གཞི་འཛིན་པའམ། དེ་ལེན་ཅིང་ཐོབ་པར་བྱེད་པའི་ཕྱིར་རོ། །དབྱེ་བ་ནི། སྐབས་འདིར་རྒྱས་པ་ལས། འདིར་ནི་རང་བཞིན་༡དཀྱིལ་འཁོར་དང་། །གཟུགས་བརྙན་༢ལྷག་པའི་གཟུགས་བརྙན་༣དང་། །ཏིང་འཛིན་༤ལྷག་པའི་ཏིང་འཛིན་༥དང་། །བྱང་ཆུབ་༦སེམས་དང་ཚོགས་༧མཆོག་བསྟན། །ཞེས་གསུངས་པ་ལྟར་བདུན་དུ་ཕྱེ་༨ནས་འཆད་དེ། དང་པོ་རང་བཞིན་གྱི་དཀྱིལ་འཁོར་ལའང་། རང་བཞིན་གྱི་དཀྱིལ་འཁོར་དང་། རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་གཉིས་ལས། དང་པོ་ནི། ཆོས་ཐམས་ཅད་ཡེ་ནས་རང་བཞིན་གྱི་རྣམ་པར་དག་པ་གནས་ལུགས་ཀྱི་དཀྱིལ་འཁོར་དང་། གཉིས་པ་ནི། རང་རིག་པའི་ཡེ་ཤེས་མངོན་དུ་གྱུར་པས་འོག་མིན་གྱི་གནས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དཀྱིལ་འཁོར་དུ་བཞུགས་པའོ། །གཉིས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། དོན་དམ་པའི་གཟུགས་བརྙན་ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་ཤར་བའོ། །གསུམ་པ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་དང་རྣམ་པ་དང་། །རབ་གནས་སྦྱིན་སྲེག་དཀྱིལ་འཁོར་དུ། །འཇུག་དང་ཞུགས་པའི་ཡོན་ཏན་ནོ། །ཞེས་དོན་བཅུ་ལས། དང་པོ་ས་གཞི་མཉམ་པ་ལའང་། །གཞི་ལ་བརྟག་༡པ། རང་གི་མཚན་ཉིད་ལ་བརྟག་པ༢། བསླང་བ༣། དབང་དུ་བྱ་བ ༤། སྦྱང བ༥། བྱིན་གྱིས་རློབ་པ་༦། བསྲུང་བ༧། བཟུང་བ་དང་༨བརྒྱད་ལས། དང་པོ་གཞི་ལ་བརྟག་པའི། དང་པོ་ནམ་མཁའ་ནི། ལམ་རིམ་ལས། ཟུར་བརྒྱད་ལ་སོགས་རྩེ་མང་དང་། །ཆུ་བོ་བཞིན་དུ་མ་བོ་ཞིང་། །མཉམ་ཞིང་འོ་ཁའི་ཆུ་ལྟར་དྭངས། །ཉི་མ་ཤིན་ཏུ་གནས་པ་ནི། །ནམ་མཁའི་མཚན་ཉིད་ཤེས་པར་བྱ། །ཞེས་སོ། །བར་གྱི་སྒྲོས་ལ་བརྟག་པ་ནི། ཕྱོགས་ཀྱི་རི་དང་། མཚམས་ཀྱི་དགྲ་ལ་བརྟག་པ་གཉིས་ལས། དང་པོ་ནི། ལམ་རིམ་ལས། ཤར་ལྷོ་གཞོལ་ཞིང་འཇམ་པ་ལ། །མཐོ་དང་འདུད་པ་ནུབ་བྱང་ཡིན། །ཞེས་སོ། །གཉིས་པ་ནི། རྔམ་གློག་ལས། གཤིན་རྗེ་གདུག་པའི་མདུང་རྩེ་དང་། །སྲིན་མོ་ངུས་པའི་མཆིལ་རྗེས་དང་། །གནོད་སྦྱིན་ཁྲོས་པའི་སྦར་རྗེས་དང་། །འབྱུང་པོ་རྐུན་མའི་འཇོལ་ས་དང་། །ཞེས་པ་ཤར་ལྷོ་ནས་གཡས་སྐོར་གྱི་མཚམས་བཞིར་མེད་པའོ། །གསུམ་པ་འོག་གི་ས་གཞི་ལ་བརྟག་པ་ནི། ལམ་རིམ་ལས། ལྷུན་སྟུག་རི་བོ་ནགས་ཚལ་ལྡན། །རབ་ཏུ་མཉམ་ཞིང་སྣུམ་བག་ཅན། །ཆུ་བོ་དབང་གི་ཕྱོགས་ནས་འབབ། །ཅུང་ཟད་ཀྱིས་ནི་རླུང་ཉུང་ཞིང་། །མེ་ཏོག་ཤིང་ཚལ་བྱ་སྐད་བརྟག །ཅེས་སོ། །གཉིས་པས་རང་གི་མཚན་ཉིད་བརྟག་པ་ལ་བཟང་ངན་གཉིས་ལས། བཟང་བ་ནི། ལམ་རིམ་ལས། བཀྲ་ཤིས་རྩྭ་དང་མེ་ཏོག་ཤིང་། །གནག་དང་ཁ་དོག་ལྡན་པའོ། །ཞེས་སོ། །ངན་པ་ལ། ཕྱི་དབྱིབས་ངན་པ་ནི། ལམ་རིམ་ལས། ཐང་ཀ་སོག་ལེ་ལྟ་བུ་དང་། །དམའ་དང་བོ་བའི་མཚན་ཉིད་དང་། །ཞེས་སོ། །ནང་ངན་པ་ནི། དེ་ལས། གྲམ་པ་ཐལ་བ་ཤིང་སོལ་དང་། །གྱོ་མོ་རུས་པ་གསེག་མ་སོགས། །ཞེས་པ་རྣམས་སོ། །གསུམ་པ་བསླང་བ་ནི། ངན་པའི་སྐྱོན་མེད་ན་སློང་བར་བྱ་སྟེ། དེ་ཡང་སྣང་བ་མི་དང་མི་སྣང་བ་ལྷ་ལས་བསླང་བ་གཉིས་ཀྱི། དང་པོ་ནི་ས་དེའི་བདག་པོར་གྱུར་པའི་རྒྱལ་པོ་སོགས་ལ་རིན་བྱིན་ཏེ་སློང་། གཉིས་པ་ནི་སངས་རྒྱས་དང་ས་ཡི་ལྷ་མོ་ལ་སློང་བའོ། །བཞི་པ་དབང་དུ་བྱ་བ་ནི། པདྨ་ཀཱི་ལ་ཡར་བསྐྱེད་པའི་དབང་མཆོག་གི་ཕུར་པ་གདབ་པའོ། །ལྔ་པ་སྦྱང་བ་ལ་བཞི་ལས། དང་པོ་ལས་དང་བྱ་བས་སྦྱོང་བ་ལྟོ་འཕྱེ་བརྟགས་པའི་ལྟོ་བ་ནས་ས་བརྐོས་ལ་ས་རོ་རྣམས་བསལ་ཏེ། དོང་ཆུས་བཀང་ལ་གོམ་པ་ལྔ་བཅུ་ཕྱིན་ནས་ཚུར་ལོག་སྟེ་བལྟས་པས་ཆུ་མ་བྲིན་བཟང་། དེ་ཉིད་དུ་གཏེར་གཞུག་ཅིང་སྟེགས་བུ་བཅས་ལ། ལེའུ་དགུ་པ་ལས། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྨན་སྣ་ལྔ། །བདུད་རྩི་ལྔ་ཉིད་རབ་མཉམ་ལ། །རིག་པས་ཐིག་ནི་གདབ་པར་བྱ། །ཞེས་པས། རྫས་སུམ་ཅུས་སྐྱང་ནུལ་བྱ། གཉིས་པ་མེས་སྦྱང་བ་ནི། སྦྱིན་སྲེག་སྟེ་འོག་ཏུ་འཆད་དོ། །གསུམ་པ་སྔགས་དང་ཕྱག་རྒྱས་སྦྱོང་བ་ནི། ལག་གཡས་ཉི་དཀྱིལ་ལ་འབྲུ་ལྔ་བཀོད་དེ། ཨཱོཾ་བཛྲ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བརྗོད་པ་དང་བསྟུན་ལན་གསུམ་གདབ་པས་སྦྱོང་བའོ། །བཞི་པ་ཏིང་ངེ་འཛིན་གྱིས་སྦྱོང་བ་ལ་གཉིས་ཏེ། དང་པོ་སྟོང་པ་ཉིད་ཀྱིས་སྦྱོང་བ་ནི། ཤཱུནྱ་ཏཱའི་སྔགས་ཀྱིས་སོ། །མཚན་བཅས་ཀྱིས་སྦྱོང་བ་ཞི་ཁྲོ་གང་བྱེད་ཀྱི་དཀྱིལ་འཁོར་འབྱུང་བ་རིམ་བརྩེགས་ནས་བཟུང་སྟེ་གསལ་གདབ་པའོ། །དྲུག་པ་བྱིན་གྱིས་བརླབ་པ་ནི། སློབ་དཔོན་རྒྱས་པའི་ཆས་སུ་ཞུགས་ཤིང་རྡོ་རྗེའི་འགྲོས་ཀྱི་དཀྱིལ་འཁོར་བསྐོར་ཞིང་ཤར་སྒོ་ནས་ཞུགས་པས་དབུས་སུ་འདུག་པ་ལ་ཡུམ་བཞིའི་ང་རྒྱལ་འཛིན་པའི་ཕྱོགས་ཀྱི་སློབ་མ་བཞིས། ཞི་བའི་ཡེ་ཤེས་རང་སྣང་བའི། སོགས་ཀྱིས་གསོལ་བ་བཏབ་པས། སློབ་དཔོན་གྱིས་ནམ་མཁར་བཞུགས་པའི་རྒྱལ་བ་རྣམས་ཀྱི་བྱིན་རླབས་བསྡུས་ནས་ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་འབར་བའི་སྡང་མིག་དང་བཅས་ཏེ། རྡོ་རྗེ་འཛིན་པ་ཉི་མ་སོགས་དང་། སུམྦྷའི་སྔགས་བརྗོད་ཅིང་རྡོ་རྗེའི་འགྲོས་ཀྱི་བསྐོར་བས་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པའོ། །བདུན་པ་བསྲུང་བ་ནི། མཚོན་ཆ་ལྔས་མཚམས་གཅོད་པའོ། །བརྒྱད་པ་བཟུང་བ་ནི། ལྷ་ཡབ་ཡུམ་རོལ་པའི་འོད་ས་གཞི་ལ་ཐིམ་པས་དཀྱིལ་འཁོར་གྱི་རང་བཞིན་དུ་གསལ་བར་བསམ་པའོ། །གཉིས་པ་དཀྱིལ་འཁོར་གྱི་ཚད་ནི། ལེའུ་དགུ་པ་ལས། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། །ཡང་ན་ལུས་གང་ཚད་དུ་སྟེ། །ཡང་ན་ལུས་ནི་གསུམ་གྱི་ཚད། །ཅེས་དང་། ཡང་ན་ཁྲུ་ནི་བཅུ་དྲུག་དང་། །ཉི་ཤུའམ་ཉི་ཤུ་རྩ་ལྔ་བྱ། །ཡང་ན་རྒྱང་གྲགས་དཔག་ཚད་དམ། །ཞེས་བསྟན་པ་བཞིན་ནོ། །གསུམ་པ་ཐིག་ནི། ལེའུ་དགུ་པ་ལས། རིག་པས་ཐིག་ནི་གདབ་པར་བྱ། །ཞེས་དང་། ཕུར་བུ་སྲད་བུ་ཚོན་ཕྱེ་དང་། །སོགས་ནས། མཁས་ལྡན་ཆེན་པོས་བསྒྲིམས་ཏེ་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། དེའང་ཐིག་ཅེས་པ་མི་འགྱུར་བའི་དོན་དང་། དེ་ལ་གྱིང་ཕུར་དང་བསྐོར་ཕུར་གཉིས། སྲད་བུ་ལ་ཡང་གཉིས་ལས། ཡེ་ཐིག་ཞི་བ་ལ་པདྨའི་རྒྱུས་པ། ཁྲོ་བོ་ལ་རྒྱུས་ཆེན། གཉིས་ཀའི་དམ་ཐིག་ནི་རས་བལ་གཙང་མ་དཔའ་བོའི་རིན་གྱིས་ཉོས་པའོ། །ཡེ་ཐིག་གི་སྐུད་པ་ཁ་དོག་ལྔ་ཚན་ལྔ་བསྒྲིལ་བའི་ཉེར་ལྔའམ་ལྔ་བསྒྲིལ་བྱ། དམ་ཐིག་གི་སྐུད་པ་དགུ་བསྒྲིལ་ལམ་གསུམ་བསྒྲིལ་དུ་བྱའོ། །གདབ་ཚུལ་ཀྱང་དམ་ཐིག་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གསལ་བཏབ་ནས། དེ་གསུམ་རེ་རེ་ལའང་ཡེ་ཤེས་ལྔ་དང་ལྡན་པར་བྱ་ཕྱིར་ཡེ་ཐིག་དཀྱིལ་འཁོར་གྱི་གཞིའི་ནམ་མཁའ་ལ་གདབ་པར་བྱ། འདེབས་ཚུལ་ཀྱང་སྐོར་ཕྱོགས་མ་འཁྲུལ་བར་གདབ་བོ། །བཞི་པ་ཚོན་ནི། རྒྱུད་ལེའུ་དགུ་པ་ལས། མ་མཐོང་རྨོངས་ལ་བསྟན་ཕྱིར་ཚོན། །སོགས་ནས། འདུལ་བའི་ཆོ་ག་བཞིན་དུ་དགྱེ། །ཞེས་པའི་བར་གྱིས་བསྟན། ལྔ་པ་བྲི་བ་ནི། རྒྱུད་ལེའུ་དགུ་པ་ལས། ལྟེ་བ་རྩིབས་དང་ལྡན་པ་ཡི། །རྩིབས་བཞི་འཁོར་ལོ་མུ་ཁྱུད་བཅས། །གྲུ་ཆད་བཞི་དང་གྲུ་བཞི་པའི། །བར་ཁྱམས་སྒོ་ཁྱུད་ལྡན་པར་བྱ། །ཞེས་བསྟན་པ་ལྟར། དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གང་རུང་གིས་འདུལ་བའི་ཆོ་ག་བཞིན་དུ་བྱ་བའོ། །དྲུག་པ་རྣམ་པ་འགོད་པ་ནི། རྒྱུད་ལེའུ་དགུ་པ་ལས། སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་འགོད། །ཅེས་པས། གཙོ་བོ་སྐུ། འཁོར་ཕྱག་མཚན། ཕལ་བ་ལ་ཡིག་འབྲུའོ། །བདུན་པ་རབ་གནས་ནི་གསུམ་ལས། དང་པོ་ཡན་ལག་གི་རབ་གནས། ལས་བུམ། རྡོར་དྲིལ། ཐོད་ཆུ། ཐིག་ཚོན་རྣམས་དང་། ཡན་ལག་ཅན་གྱི་རབ་གནས། བུམ་པ། སློབ་མ། ལྷ་སྟ་གོན་གསུམ་གྱིས་བསྟན་ནོ། །དཀྱིལ་འཁོར་རབ་གནས་ལས་ཁྲིགས་དགུ་ལ་སོགས་པའི་སྒོ་ནས་སོ། །བརྒྱད་པ་སྦྱིན་སྲེག་ནི། རྒྱུད་ལེའུ་དགུ་པ་ལས། དབྱིབས་དང་ཁ་དོག་མཚན་ལྡན་པར། །ཞལ་དུ་གྱུར་བའི་མེ་བོས་ལ། །བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་སོ། །དགུ་པ་དཀྱིལ་འཁོར་དུ་འཇུག་པ་ནི། སྒྲུབ་མཆོད་སྔོན་དུ་འགྲོ་བས། ཐོག་མར་སློབ་དཔོན་རང་ཉིད་ཞུགས་རྗེས་སློབ་མ་དཀྱིལ་འཁོར་དུ་གཞུག་པར་བྱ་སྟེ། འདི་ཉིད་ཀྱི་ལེའུ་དགུ་པ་ལས། ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་འཇུག་པར་བྱ། །ཞེས་དང་། རྡོ་རྗེ་ལས་རིམ་ལས། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། །ཁྲུས་དགབ་དྲི་དང་ལུས་དབུལ་དང་། །བགེགས་བསྐྲད་ལྷར་རློབ་དམ་ཚིག་སྦྱིན། །དེ་ཉིད་དབོག་དང་ཆུ་ནན་དང་། །བསྒྲགས་དང་རིན་ཆེན་དོར་བ་དང་། །ལྷ་དབབ་པ་དང་ནན་ཏན་དང་། །མིག་འབྱེད་དཀྱིལ་འཁོར་ལེགས་བསྟན་དང་། །ཚོགས་མཆོག་ཡོན་དང་རྣམ་བཅོ་བརྒྱད། །འདི་ཡིས་ཡན་ལག་རྫོགས་པར་འགྱུར། །ཞེས་སོ། །བཅུ་པ་ཞུགས་པའི་ཡོན་ཏན་ནི། །གོང་གི་འཕྲོས་སུ། བྱས་ཏེ་དད་ལྡན་རབ་བཞུག་ན། །འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་སོ། །བཞི་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། ལེའུ་དགུ་པ་ལས། ལུས་ངག་སེམས་དང་ཆོས་ཐམས་ཅད། །སོགས་ནས། ནམ་མཁའ་ལ་ནི་ནམ་མཁའ་སྒོམ། །ཞེས་དང་། ཏིང་འཛིན་རོལ་མོ་མཐའ་ཡས་མཆོག །སོགས་ནས། ཉེ་བར་གྱུར་བའི་དམ་ཚིག་མཆོག །ཅེས་པའི་བར་གྱིས་བསྟན་ཅིང་། རང་བཞིན་གྱི་དཀྱིལ་འཁོར་རང་རིག་མ་བཅོས་པའི་དོན་ལ་མཉམ་པར་གཞག་པའི་རྩལ་ཡེ་ཤེས་ལྔར་འགག་མེད་དུ་འཆར་བསྟེ། ལེའུ་དྲུག་པ་ལས། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་སོ། །ལྔ་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། ཞི་ཁྲོའི་དཀྱིལ་འཁོར་གཉིས་ལས་སྔོན་འགྲོ་ལས་བདུན་ནས་བཟུང་གོ་བགོ་ལུས་སྲུང་གི་བར་ཏིང་ངེ་འཛིན་གྱི་དམིགས་པའི་འཕྲོ་འདུ་མང་པོས་ལྷག་པར་བསྒྲུབ་དགོས་པས་ན་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེས་བྱའོ། །དྲུག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། ཕྱི་བྱང་ཆུབ་ཀྱི་སེམས་རྩ་དང་རླུང་། ནང་བྱང་ཆུབ་ཀྱི་སེམས་ཐིག་ལེ། གསང་བ་བྱང་ཆུབ་ཀྱི་སེམས་བདེ་བའི་ཡེ་ཤེས་དང་གསུམ་མོ། །དང་པོ་ནི། སྒྱུ་འཕྲུལ་སྙིང་པོ་བཀོད་པའི་རྒྱུད་ལས། སྲིད་གསུམ་སེམས་ཅན་ཐམས་ཅད་ལ། །སྲོག་ཤིང་གསུམ་དང་འཁོར་ལོ་བཞི། །ཞེས་རྩ་དང་རླུང་ལ་སྦྱང་གཞི་ཡེ་ཤེས་ཀྱི་རླུང་དང་། སྦྱང་བྱ་ལས་ཀྱི་རླུང་གཉིས། ལས་རླུང་ལ་རྩ་བ་དང་ཡན་ལག་གིས་བསྡུས་པའི་རླུང་བཅུ་སྣར་རྒྱུ་བའི་རླུང་དང་བཅས་པའོ། །གཉིས་པ་ནི། སྙིང་ག་ན་སྲོག་མི་ཤིགས་པའི་ཐིག་ལེ་སོགས་ཡེ་ཤེས་ཀྱི་ཐིག་ལེ་དང་། རྣམ་ཤེས་ཀྱི་ཐིག་ལེ་སྙིགས་མ་དང་བཅས་པའོ། །གསུམ་པ་ནི། སྟེང་འོག་གི་སྒོ་ལ་བརྟེན་ནས་བདེ་ཆེན་གྱི་ཡེ་ཤེས་བསྐྱེད་པའོ། །བདུན་པ་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་ནི། ཞི་ཁྲོ་གཉིས་ཀ་ལ་ཚོམ་བུ་གཅིག་གསུམ་ལྔ་པ་གསུམ་པོ་གང་རུང་ལ་བརྟེན་པ་གོང་དུ་སོང་བ་བཞིན་ནོ། །བཞི་པ་དབང་ནི། ལེའུ་དགུ་པ་ལས་ཕན་དབང་གང་དུ་བསྐུར་བའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བསྟན་པ་གོང་དུ་སོང་ནས། གསང་དབང་གི་དཀྱིལ་འཁོར་བསྟན་པ་ནི། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །སོགས་ནས། སོར་ནི་བཞི་ཡི་ཚད་དུ་བྱ། །ཞེས་དང་། ཡང་ན་ཐལ་མོ་རབ་བསྣོལ་ལ། །སོགས་ནས། མཁས་པས་ཆོ་ག་ཇི་བཞིན་བྱ། །ཞེས་དང་། སེན་ཟླུམ་ཙམ་གྱི་ཉི་ཟླ་ལ། །སོགས་ནས། ཕྱག་རྒྱ་ཏིལ་འབྲུ་ཙམ་དུ་བྲི། །ཞེས་པའི་བར་རྣམས་ཀྱིས་བསྟན། དེ་ལ་གསུམ་སྟེ། ངོ་བོ་ནི། རྒྱུ་གཉིས་དང་རྐྱེན་བཞི་ལས། དང་པོ་རྒྱུ་གཉིས་ནི། མཚུངས་ལྡན་གྱི་རྒྱུ་གདོད་ནས་རང་ཆས་སུ་བཞུགས་པའི་ཆོས་ཉིད་དོ། །ལྷན་ཅིག་བྱེད་པའི་རྒྱུ་ནི་རབ་གནས་དང་ལྡན་པའི་དབང་རྫས་རྣམས་སོ། །གཉིས་པ་རྐྱེན་བཞི་ནི། ཕན་ནུས་ཟབ་མོའི་དབང་གསུམ་བསྐུར་རུང་བའི་སྣོད་ལྡན་སློབ་མ་རྒྱུའི་རྐྱེན་དབང་གསུམ་བསྐུར་ནུས་པའི་སློབ་དཔོན་ཚད་ལྡན་བདག་པོའི་རྐྱེན། རྫས་སྔགས་ཏིང་ངེ་འཛིན་གསུམ་འཛོམ་པའི་ནུས་པ་ཁྱད་པར་ཅན་དམིགས་པའི་རྐྱེན། དབང་སྔ་མ་སྔ་མས་གོ་ཕྱེ་ནས་ཕྱི་མ་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནོ། །དེ་ལྟར་རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཡེ་ཤེས་རྒྱུད་ལ་འཇོག་པའི་ལས་ཀྱིས་ཐར་བའི་མྱུ་གུ་མངོན་དུ་བསྐྱེད་པའམ། སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ་ནི་དབང་གི་ངོ་བོའོ། །ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས། མངོན་པར་གཏོར་བའམ་བླུགས་པ་སྟེ། དབང་གིས་སྒོ་གསུམ་གྱི་དྲི་མ་འཁྲུད་པའི་ཆ་ནས་མངོན་པར་གཏོར་བ་དང་། འབྲས་བུ་ཡེ་ཤེས་ཀྱི་ནུས་པ་རྒྱུད་ལ་འཇོག་པའི་ཆ་ནས་མངོན་པར་བླུགས་པའི་དོན་གྱིས་ན་དབང་ངོ་། །དབྱེ་ན། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་པས་བཞི་དང་། ཡང་ན་སྣོད་ཀྱི་དབང་གི་བཞི་སྟེ། ལེའུ་དགུ་པ་ལས། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །སྙིང་རྗེས་ཆུད་མ་ཟོས་པར་གཟུང་། །ཞེས་པས་བསྟན་ཏེ། དད་པ་ཅན་ལ་ཕྱི་ཕན་པའི་དབང་བཅུ་ནི། ལེའུ་བཅུ་པའི་ཕན་དབང་གི་འཁྲུགས་སྡེབ་ནི། སྙིང་པོ་ལྔ་དང་དབུ་རྒྱན་དང་། །བུམ་པ་ཅོན་པན་ཕྲེང་བ་སྟེ། །གོ་ཆ་རྒྱལ་མཚན་གདུགས་ཕྱག་རྒྱ། །བཟའ་བཏུང་དབང་རྣམས་རིམ་བཞིན་བསྐུར། །ཞེས་སོ། །ནང་ནུས་པའི་དབང་ནི། ལེའུ་བཅུ་པ་ལས། ཉན་བྱེད་འཁོར་ལོའི་གཞལ་ཡས་སུ། །སོགས་ནས། དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད། །ཅེས་པའི་བར་གྱིས་སོ་སོའི་བསམ་རྒྱུད་དང་བསྒྲགས་ཚིག་བཅས་བསྟན། དེ་ལ་ལྔ་སྟེ བདག་དོན་ནུས་པ་ལ་ཉན་པའི་དབང་དང་ལྷ་སྒོམ་པའི་དབང་། གཞན་དོན་ནུས་པ་ལ་འཆད་པ་དང་ཕྲིན་ལས་ཀྱི་དབང་། གཉིས་ཀའི་དོན་ནུས་པ་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་བའོ། །ཟབ་པའི་དབང་གསུམ་ནི། ལེའུ་བཅུ་པ་ལས། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། སོགས་ནས། རྩེ་ནས་བསྟིམ་ཞིང་དཀྱིལ་འཁོར་བསྒྱུར། །ཞེས་པའི་བར་གྱིས་བསྟན་ཏེ། གསང་དབང་། ཤེར་དབང་། དབྱེར་མེད་བདེ་ཆེན་གྱི་དབང་གསུམ་པོ་སྤྱོད་རིགས་མཉམ་པའི་བརྟུལ་ཞུགས་ཅན་ལ་བསྐུར་བའོ། །ཕན་དབང་གིས་ས་བོན་འཇོག །ནུས་དབང་གིས་ས་བོན་ནུས་ལྡན་དུ་སྨིན། གསང་དབང་གིས་དབང་དོན་གྱི་ཡེ་ཤེས་རྒྱུད་ལ་མྱོང་། ཤེར་དབང་གིས་དེ་ཁོ་ན་ཉིད་རྒྱུད་ལ་བརྟན་པར་བྱེད། བདེ་བ་ཆེན་པོའི་དབང་གིས་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་དོ། །བསྐུར་ཚུལ་ནི། ངེས་འབྱེད་ལས། ཕྱི་དབང་ལུས་ལ་བསྐུར་བ་སྟེ། །ཁྱད་པར་སྙིང་པོ་དབུ་རྒྱན་བུམ། །གདུགས་དང་ཅོད་པན་ཕྲེང་བ་མགོ། །གོ་ཆ་ལུས་ཏེ་རྒྱལ་མཚན་ལག །བཟའ་བཏུང་ངག་གི་ལམ་དུའོ། །ཕྱག་རྒྱ་སྤྱི་བོའམ་སྙིང་ག་སྟེ། །ཞེས་སོ། །དབང་རྫས་ནི། ངེས་འབྱེད་ལས། རྫས་ནི་གླེགས་བམ་རྒྱ་གྲམ་དང་། །འཁོར་ལོ་ཕྲེང་བ་རྡོ་རྗེ་དྲིལ། །འབྱུང་ལྡན་དོན་ཡོད་སྣང་མཐའ་ཡས། །ཡི་དམ་རིགས་ལྔའི་རབ་གནས་ལྡན། །ཞེས་དང་། ཟབ་དབང་ལ། དེ་ལས། རྫས་ནི་སྐབས་ཀྱི་ཕྱག་རྒྱ་མ། །ཟླ་བ་འཛག་པ་གཏད་པའོ། །ཞེས་སོ། །བསྟིམ་གནས་ནི། གལ་པོ་ལས། སེམས་ཀྱི་དཀྱིལ་ནས་དྲངས་པའི་ཆུ། །ཁྱོད་ཀྱི་ལྕེ་ལ་བཞག་པ་འདི། །སྙིང་གི་དཀྱིལ་དུ་བཟུང་བར་བྱོས། །ཞེས་སོ། །དབང་ཐོབ་པའི་ཚད་ནི། ཁོག་གཞུང་ལས། རྣོ་ལ་ངར་བཏགས་ནུས་པ་བཞིན། །ནུས་པ་སྐྱེས་པ་ཐོབ་པའི་ཚད། །ཅེས་སོ། །དབང་མ་ཐོབ་པའི་སྐྱོན་ནི། ལེའུ་བཅུ་པ་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ལ། །ཉན་པ་ལ་སོགས་བརྩོན་པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་སོ། །ཐོབ་པའི་ཡོན་ཏན་ནི། དེ་ཉིད་ཀྱི་འཕྲོས་སུ། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་བའི་བདག་པོར་འགྱུར། །ཞེས་སོ། །དབང་བསྐུར་ཞུས་པའི་ཡོན་འབུལ་བའི་ཚུལ་ལེའུ་དགུ་པ་ལས། དེ་ནས་རིགས་ཀྱི་བུ་མཆོག་དེས། །སོགས་ནས། ཉེས་པ་ཐམས་ཅད་དག་པར་འགྱུར། །ཞེས་པའི་བར་གྱིས་ཡོན་འབུལ་ཚུལ་དང་ཕན་ཡོན་བསྟན་པ་བཞིན་ནོ། །ལྔ་པ་མི་འདའ་བ་དམ་ཚིག་ནི། ལེའུ་བཅུ་དགུ་པ་ལས། བླ་མེད་ཐེག་པར་རབ་ངེས་ན། །སོགས་ནས། དེ་ལ་སོགས་པ་མཐའ་ཡས་མཆོག །ཅེས་པའི་བར་གྱི་ཤེས་རབ་ཆེན་པོས་ཟིན་པའི་ཚུལ་དང་། བསྲུང་བྱའི་གྲངས་དང་། དབྱེ་བ། ཉམས་པའི་ཉེས་པ། མ་ཉམས་པའི་ཕན་ཡོན། ཉམས་ན་བསྐང་ཚུལ་རྣམས་བསྟན་ཅིང་། དེ་ལའང་གསུམ་ལས། ངོ་བོ་ནི། གང་བསྲུང་བྱའི་དོན་ཁྱད་པར་ཅན་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ལས་ནམ་ཡང་མི་འདའ་བར་སྡོམ་བྱེད་ཀྱི་བསམ་པ་རྒྱུན་ཆགས་པ་གཉིད་དང་གཡེང་བ་སོགས་ཀྱི་གནས་སྐབས་སུའང་སྡོམ་པའི་ས་བོན་དང་བཅས་པའོ། །ངེས་ཚིག་ནི། ས་མ་ཡའི་སྒྲ་ལས། རྣམ་པ་གཅིག་ཏུ་དངོས་སུ་ཡལ་གམ་བཅས་པའི་ཐ་ཚིག་ཏུ་འཇུག་པ་སྟེ། དམ་བཅས་པ་ལས་འདའ་བར་མ་ཡིན་པའི་ཕྱིར་དམ་ཚིག་གོ། །རྣམ་པ་གཅིག་ཏུ་ན། ངན་སོང་དུ་རྒྱུད་འཚིག་པར་འགྱུར་བའི་ཉེས་དམིགས་ཀྱི་ཆ་ནས་དམ་ཚིག་ཏུ་བཞག་པ་སྟེ། རྡོ་རྗེ་ལས། དམ་པ་འདི་ལས་གང་འདའ་བ། །རྡོ་རྗེ་ཅན་ཡང་འཚིག་པར་འགྱུར། །ཞེས་སོ། །དབྱེ་བ་ནི། རྩ་བའི་དམ་ཚིག་ལྔ། ཡན་ལག་གི་དམ་ཚིག་བཅུ། དེ་ལ་སྤྲོས་པ་སུམ་བརྒྱ་དྲུག་ཅུར་དབྱེ་བ་དང་གསུམ་གྱི། དང་པོ་ནི། གོང་གི་འཕྲོས་སུ། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་ལྔ་ལས། དང་པོ་བླ་མེད་མི་སྤང་བའི་དམ་ཚིག་ནི། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བདེན་གཉིས་དབྱེར་མེད་རྟོགས་གོམས་ཀྱི་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས་མི་འདའ་བའོ། །གཉིས་པ་བླ་མ་བཀུར་བའི་དམ་ཚིག་ནི། གསལ་བཀྲ་ལས། སྤྱི་དང་འདྲེན་དང་དམ་ཚིག་དབང་། ཉམས་ཆག་སྐོང་དང་ཤེས་རྒྱུད་དགྲོལ། །མན་ངག་ལུང་གི་སློབ་དཔོན་དྲུག །ཅེས་པ་ལྟར་དྲུག་པོ་བཀུར་ཐབས་དྲུག་གི་སྒོ་ནས་བསྐུར་དགོས་ཏེ། སྔ་མ་ལས། ཡུམ་ལ་དབང་བའི་རྒྱལ་པོ་དང་། །ཁུ་བོ་ཕ་དང་མ་དང་མིག །སྙིང་བས་ལྷག་པའི་ཚུལ་གྱིས་ཏེ། །ཞེས་སོ། །ཁྱད་པར་དབང་བསྐུར་རྒྱུད་བཤད་མན་ངག་གནང་བ་བཀའ་དྲིན་གསུམ་ལྡན་གྱི་བླ་མ་ཡིན་པས་ལྷག་པར་ཡང་བཀུར་དགོས་སོ། །གསུམ་པ་སྔགས་གསུམ་ཕྱག་རྒྱ་བཞི་རྒྱུན་མི་བཅད་པ་ནི། དེ་ཉིད་ལ་བརྩོན་པ་རབ་ཀྱིས་ཆུ་བོའི་རྒྱུན་བཞིན་ནམ། ཉི་མཚན་ཐུན་དྲུག་ཏུ་ཕྱེ་བའི་དུས་དྲུག་དང་། འབྲིང་གིས་ཟླ་བ་གཅིག་ལ་དུས་དྲུག་གམ་བཞིར་དབྱེ་བ། ཐ་མས་ཟླ་རེའམ་ར་བའི་དུས་ཙམ་ལ་བརྩོན་དགོས་པ་ཡིན་ཏེ། གསལ་བཀྲ་ལས། རབ་ཀྱིས་ཆུ་བོའི་གཞུང་བཞིན་ནམ། །ཉིན་གསུམ་མཚན་གསུམ་གཉིས་གཅིག་ཏུ། །མ་ཡེངས་ཙམ་དུ་ངང་གིས་བཟླ། །འབྲིང་གིས་ཟླ་གཅིག་དུས་དྲུག་དང་། །དུས་བཞིའི་བར་དུ་མི་བཅད་ཅིང་། །ཐ་མ་བྱ་བའི་རྣལ་འབྱོར་པས། །ཟླ་རེའམ་ར་བའི་དུས་དག་ཏུ། །བརྩོན་པས་འབད་དེ་མི་བྱེད་ན། །བྱང་ཆུབ་ས་བོན་བརླག་པ་ཡིན། །ཚོགས་དང་གཏོར་མའང་དེ་བཞིན་དུ། །ཐ་ན་ལོ་ཟླ་མི་འདའོ། །ཞེས་སོ། །བཞི་པ་མཆེད་ལ་བྱམས་པའི་དམ་ཚིག་ནི། ཕྱིའི་མཆེད་སེམས་ཅན་ཐམས་ཅད། རིང་བའི་མཆེད་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་སོ་ཅོག །ཉེ་བའི་མཆེད་སྔགས་ཀྱི་ཐེག་པ་ལ་ཞུགས་པ་དང་། འདྲེས་པའི་མཆེད་བླ་མ་གཅིག་གིས་བསྡུ་པ་ཕ་གཅིག་གི་སྤུན་དང་། དཀྱིལ་འཁོར་གཅིག་གིས་བསྡུས་པ་མ་གཅིག་གི་སྤུན་ལྟ་བུར་བྱམས་པར་བྱ་བའོ། །ལྔ་པ་གསང་བ་མི་སྨྲ་བའི་དམ་ཚིག་ནི། ཕྲ་རྒྱས་ལས། དམ་ཉམས་དམ་ལས་ལོག་པ་དང་། །དམ་མེད་དཀྱིལ་འཁོར་མ་མཐོང་དང་། །འདྲེས་དང་མ་འདྲེས་ཐམས་ཅད་ལ། །ཞེས་གསང་བའི་ཡུལ་བསྟན་ནས། དེ་ལ་གང་གསང་ན། སྤྱི་གསང་བཞི། བར་གསང་བཞི། གསང་བར་འོས་པ། གསང་བར་གཉེར་གཏད་པ་དང་བཅུ་ལས། སྤྱི་གསང་བཞི་ནི། སྔ་མ་ལས། ལྟ་ཟབ་སྤྱོད་པ་བརླང་པོ་དང་། །ལྷ་མིང་གཟུངས་དང་གྲུབ་རྟགས་གསང་། །ཞེས་གནས་སྐབས་ཐམས་ཅད་གསང་དགོས་པའོ། །བར་གསང་བཞི་ནི། སྔ་མ་ལས། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་བ་བསྒྲུབ་པར་བྱ། །ཞེས་པས་ཅི་ཙམ་སྒྲུབ་པའི་བར་དུ་གསང་དགོས་པའོ། །གསང་བར་འོས་པ་ནི། གཞན་མ་དད་པ་སྐྱེ་བའི་རྫས་དང་ཡོ་བྱད་རྣམས་སོ། །གསང་བར་གཉེན་གཏད་པ་ནི། སློབ་དཔོན་དང་མཆེད་ཀྱིས་གསང་བར་གདམས་པ་རྣམས་སོ། །གཉིས་པ་ཡན་ལག་གི་དམ་ཚིག་ལ་མི་སྤང་བ་ལྔ་དང་། མི་དོར་བ་ལྔ་ལས། དང་པོ་ནི། ལེའུ་བཅུ་དགུ་པ་ལས། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །ཞེས་པ་ལ་གཉིས་ལས། ཡང་དག་པའི་དུག་ལྔ་ནི། ཆོས་ཐམས་ཅད་ལ་བླང་དོར་མི་འབྱེད་པའི་གཏི་མུག །སེམས་ཅན་ལ་ཆགས་པའི་འདོད་ཆག །རིག་པའི་ཡེ་ཤེས་ཀྱིས་ལོག་རྟོག་འཇོམས་པའི་ཞེ་སྡང་། མཉམ་ཉིད་ལྟ་བའི་རྒྱལ་པོ་གཤོངས་སུ་མི་འབེབས་པའི་ང་རྒྱལ། མཉམ་ཉིད་ཀྱི་ཀློང་དུ་གཉིས་འཛིན་མི་ཤོང་བའི་ཕྲག་དོག་གོ། །ལོག་པའི་དུག་ལྔ་ཡང་མི་སྤང་སྟེ། སྤང་བྱའི་རང་བཞིན་མ་སྒྲུབ་པས་སྨིག་རྒྱུ་ལ་ཆུ་རགས་མི་དགོས་པ་བཞིན་ནོ། །གཉིས་པ་མི་དོར་བ་ལྔ་ནི། གོང་གི་འཕྲོས་སུ། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་སོ། །གསུམ་པ་སུམ་བརྒྱ་དྲུག་ཅུར་དབྱེ་བ་ནི། གོང་གི་འཕྲོས་སུ། རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། །ཡན་ལག་དམ་ཚིག་ལྔ་ཉིད་ལས། །གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། །ཞེས་པས། རྩ་བའི་དམ་ཚིག་ལྔ་ལ་ཐབས་ཤེས་གཉིས་ཀྱི་དབྱེ་བས་བཅུ་དང་། ཡང་རྩ་བ་ལྔ་པོ་ལ་སུམ་ཅུ་རེ་དབྱེ་བས་བརྒྱ་ལྔ་བཅུ་སྔར་གྱི་བཅུ་དང་བསྡོམས་པས་བརྒྱ་དྲུག་ཅུའོ། །རྩ་བ་ལྔ་པོ་ལ་སུམ་ཅུར་དབྱེ་ཚུལ་ནི། དང་པོ་བླ་མེད་མི་སྤང་བ་ལ་སུམ་ཅུར་དབྱེ་བ་ནི། ཕྲ་རྒྱས་ལས། བྱང་ཆུབ་སེམས་ནི་བླ་མེད་ལྷ། །ཞི་ཁྲོའི་ཡན་ལག་ལྷག་པའི། ལྷ་དགུ་གཉིས་དང་བཅུ། བཅུ་ཚན་གཉིས་ལ་ཉི་ཤུ། བསམ་ལས་མི་འདའ་ཞིང་། ཐུན་མོང་བྱམས་སྙིང་དགའ་བཏང་མཆོག་གི་ཚད་མེད་བརྒྱད། །རྟོག་པ་ལྷ་རྒྱུད་ནས་གསུང་བའི་གདུག་ཅན་རྗེས་སུ་འཛིན་པའི་བྱམས་པ་སོགས། མཆན། བདེན་གཉིས་དོན་ཀུན་བྱང་ཆུབ་རྣམ་པ་བཅུ། །བླ་མེད་གསལ་བས་ཉམས་མི་བྱ། །ཞེས་པས་བྱང་ཆུབ་སེམས་ནི་དོན་དམ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཉིས། ཞི་ཁྲོའི་ཡན་ལག་ལྷག་པའི་ལྷ་དགུ་ཚན་གཉིས་ཏེ་བཅོ་བརྒྱད་བསྡོམས་པས་ཉི་ཤུ། དེའི་སྟེང་བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཐུན་མོང་ག ི་ཚད་མེད་བཞི་དང་། རྟོག་པ་ལྷ་རྒྱུད་ནས་གསུངས་པའི་གདུག་ཅན་རྗེས་སུ་འཛིན་པའི་བྱམས་པ་སོགས་མཆོག་གི་ཚད་མེད་བཞི་སྟེ་བརྒྱད། ལྷག་པ་དོན་དམ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ཏེ་བཅུ། དེ་རྣམས་བསྡོམས་པས་སུམ་ཅུའོ། །བླ་མ་བཀུར་བ་ལའང་སྒོ་གསུམ་གྱི་བཅུ་བཅུ་སྟེ་སུམ་ཅུའོ། །དེ་ལྟར་ཡང་། ལུས་ཀྱི་སྒོ་ནས་བསྲུང་བ་ཉིད་བརྡེག་པ་སོགས། །འཐིང་སླད་ཙམ་དུའང་༡བྱ་བ་མིན། །འདོད་ཡོན་ལྔ་ཡི་མཆོད་པ་༢དང་། །གསང་བའི་ཡུམ་ལ་སྣོད་དུ་དུག་༣མི་སྤྱོད། །འགྲོ་བ་དྲང་པོའི་ཕྱོགས་སྤང་དང་༤། །གདན་ས་གདན་སོགས་མི་བརླམ་༥དང་། །འགྲེང་དུས་མ་ཡིན་པར་དྲུང་དུ། འདུག་ངན་༦སྤྱན་སྔར་བཤང་བ་འདོར་བ་སོགས། སྤྱོད་ལ་སོགས་༧སྤང་། །རྒྱན་འདོགས་ཟི་ལྡིར་དེ་བཞིན་༨ཏེ། །མ་རབས་སྤྱོད་པ་ཀུན་སྤངས་༩ལ། །སྤྱོད་ལམ་ཟོན་ཆགས་བསྟི་གནས་༡༠བྱ། །རྫུན་༡ངག་གི་སྒོ་ནས་དང་ཕྲམ་༢ཚིག་རྩུབ་༣དང་། །འཁྱལ་པ་༤ནམ་ཡང་མི་བྱ་སྟེ། །བེ་ཕོག་མ་༥ཡིན་བརྡབས་༦སྐད་དོར། །ལྐོག་སྐྱོན་ཏུ་ཚུལ་བརྗོད་༧ཉམས་པར་འགྱུར། །ཡོན་ཏན་༨བརྗོད་ཅིང་སྙན་པར་སྨྲ༩། །ཅ་ཅོ་ལ་སོགས་མ་༡༠ཡིན་པས། །སངས་རྒྱས་རྡོ་རྗེའི་གསུང་འཐོབ་འགྱུར། །དམ་ཡིད་ཀྱི་སྒོ་ནས་པ་སྟོན་པའི་བླ་མ་ལ། །ཆགས་༡བླ་མའི་རྫས་དང་ཡུམ་ལ། སྡང་༢བླ་མ་འཁོར་བཅས་ལ། གཏི་མུག་ང་༣རང་ཆེ། རྒྱལ་དང་༤། །ཕྲག་༥བླ་མའི་ཕུན་ཚོགས་ལ། དོག་དུག་ལྔའི་སེམས་མི་བྱ། །ངན་དུ་མི་སེམས་༦ལྕི་གསུང་བར་༧བསམ་པ་དང་དང་། །ཕ་མ་༨དང་ཡི་དམ་འདྲ་བར་༩བསམ། །རྟག་ཏུ་གདུང་བ་རྒྱུན་མི་བཅད༡༠། །ཅེས་སོ། །སྔགས་དང་ཕྱག་ཕྱག་རྒྱ་ལའང་སུམ་ཅུ་སྟེ། དེ་ལས། ཞི་ཁྲོའི་ལྷ་རེ་རེ་ལ་ཕྱག་རྒྱ་བདུན་གཉིས་བཅུ་བཞི་དང་དང་། །ཕྱོགས་༡མཚམས་བཅིང་༢རྟེན་འོག་གཞི་དང་ཁང་གཞལ་ཡས་པའི་སྔགས༣། །རྩ༤བསྐྱེད་༥ལས་རྣམ་བསྙེན་པ་བཞི་ཡི་སྔགས། །༦༧༨༩རེ་བགྲངས་པས་དགུ། དབང་༡༠བསྐུར་བྱིན་༡༡བསྡུ་གསང་སྔགས་དང་། །སྤྱན་༡༢དྲང་བསྟིམ་༡༣བརྟན་༡༤ཕྱག་༡༥འཚལ་༡༦མཆོད། །ཅེས་སོ། །མཆེད་ལ་བྱམས་པ་ལའང་སུམ་ཅུ་སྟེ། །བསྣུན་༡ ལུས་ཀྱི་སྒོ་ནས། དང་མ་བྱིན་བླང་༢མི་བྱ། །ཟླ་ཟེར་མ་ཡིན་མཆེད་ཀྱིས་མ་གནང་བའི་གཟུངས་༣མི་སྦྱད། །ལྟ་སྤྱོད་མཐོ་བའི་གོང་མི་གཅོད༤། །དབང་༥ཐོབ་པ་དང་དམ་ཚིག་༦ཐོབ་པ་སྔ་བ་དང་རྫོགས་པ་གོང་དུ་བཀུར། དེ་བཞིན་ནོ། །ཀུན་ཏུ་ཡངས་བག་ཟོན་འཕྲིགས་༧ཅན། །བཀུར་སྟིས་༨བྱ་བ་དང་། མཆོད་པ་བྱེད་༩པ་དང་དགའ་བར་༡༠སྤྱོད། །རྫུན་ངག་གིས་སོགས་རྣམ་༡༢༣༤བཞི་སྤང་བ་དང་། །གསང་བྱ་མི་སྨྲ་༥ཚུལ་ངན་པའི་མི་བརྗོད་༦། །སྙན་༧སྨྲ་ཞེས་༨གསོང་པོར་སྨྲ༩། །བདེན་ཅི་སྨྲའང་ཚིག་སྲི་ཞུས་༡༠སྨྲ་བྱེད་པའོ། །ཡིད་ཀྱིས། སེམས་ཀྱིས་སྔོན་བཞིན་༡༢༣༤༥དུག་ལྔ་དོར། །སེམས། རྔན་དང་༦དཔྱ་སེམས་༧ སྤང་བ་དང་། །མིག་འདྲར་བལྟ་༨ཞིང་གདུང་བར་༩བྱ། །གནོད་སེམས་སྤང་དང་རྣམ་༡༠བཅུའོ། །ཞེས་སོ། །གསང་བ་མི་བསྟན་པ་ལའང་སུམ་ཅུ་སྟེ། དེ་ལས། གསང་བའི་ཕྱིར་ན་མི་སྨྲ་བ། །སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་རྣམ་པ་བཅུ། །སེམས་ཀྱིས་བསྟན་པར་མི་བསམ་ཞིང་། །ངག་གི་བརྗོད་པར་ཡོངས་མི་བྱ། །ལུས་བརྡས་བསྟན་མིན་སུམ་ཅུའོ། །ཞེས་སོ། །ཡན་ལག་གི་དམ་ཚིག་བཅུ་པོ་རེ་རེ་ལའང་ཉི་ཤུ་ཉི་ཤུར་ཕྱེ་བས་ཉིས་བརྒྱ་སྟེ་བསྡོམས་པས་སུམ་བརྒྱ་དྲུག་ཅུའོ། །དེ་ལ་མི་སྤང་བའི་དམ་ཚིག་ལ་བརྒྱར་དབྱེ་བ་ནི། ཞིང་བཅུ་ཐབས་ཀྱི་མཛད་སྤྱོད་ཀྱིས་དངོས་སུ་སྒྲོལ་བ་བཅུ་དང་། ཤེས་རབ་རང་བཞིན་མེད་པར་ཤེས་པས་སྐྱེ་མེད་དུ་སྒྲོལ་བ་བཅུ་སྟེ་ཞེ་སྡང་ཉི་ཤུ། དེ་བཞིན་ཡན་ལག་གི་དམ་ཚིག་བཅུ་ལ་ཐབས་ཀྱིས་མི་འབྱེད་པར་སྤྱོད་པ་དང་ཤེས་རབ་ཀྱིས་མི་ཕྱེད་པ་སྟེ་གཏི་མུག་ཉི་ཤུ། དེ་ཡང་རྟོགས་པས་གདེངས་སུ་གྱུར་པ་ནི་ང་རྒྱལ་ཉི་ཤུ། ཞིང་བཅུ་ཐུགས་རྗེས་མི་གཏོང་བ་བཅུ་དང་། རིགས་ལྔའི་ཡུམ་ལ་ཐབས་ཀྱིས་རོལ་པ་ལྔ་དང་། ཏིང་ངེ་འཛིན་གྱི། ཐབས་ཀྱི། ཐབས་ཆེན་གྱི། དབང་པོ་ཡུལ་གྱི། རང་བཞིན་གྱི། ཤེས་རབ་ཆོས་ཀྱི་དབྱིངས་སུ་སྦྱོར་བ་ལྔ་སྟེ་འདོད་ཆགས་ཉི་ཤུ། མ་རྟོགས་ལོག་རྟོགས་བཞི་དང་། མཚན་ཉིད་སྡེ་གསུམ་ཕྱི་རྒྱུད་སྡེ་གསུམ་སྟེ་བཅུ་པོའི་ལྟ་སྤྱོད་ཐབས་ཀྱི་སྤྱོད་པའི་ཀློང་དུ་མི་ཆུད་པ་བཅུ་དང་། ཤེས་རབ་ལྟ་བུའི་སྒོར་མི་ཆུད་པ་བཅུས་ཉི་ཤུ་སྟེ་བསྡོམས་བས་བརྒྱའོ། །དང་དུ་བླང་བའི་དམ་ཚིག་མི་འདོར་བ་ལྔ་ལ་བརྒྱར་དབྱེ་བ་ནི། བདུད་རྩི་ལྔ་རེ་རེ་ལའང་། མངོན་པ་ཕྱིའི་བཞི་དང་། སྦས་པ་ནང་གི་བཞི་སྟེ་རྩ་བ་བརྒྱད་བརྒྱད་དང་། དྭངས་སྙིགས་གཉིས་གཉིས་ཏེ་འགྲོ་བ་སྤྱིའི་དམ་རྫས་ལྔ་བཅུ་དང་། དེའི་སྟེང་དུ་བྱེ་བྲག་ཞིང་བཅུའི་བདུད་རྩི་ལའང་དེ་བཞིན་སྦྱར་བས་ལྔ་བཅུ་སྟེ་བརྒྱའོ། །དྲུག་པ་རོལ་པ་ཕྲིན་ལས་ལའང་གསུམ་ལས། ངོ་བོ་ནི། ཚད་མེད་བཞིའི་རྒྱུ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དང་། འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས། གཞན་དོན་སྒྲུབ་པ་ལ་དམིགས་པའི་ཐབས་མཁས་ཀྱི་མཛད་སྤྱོད་དེ། ངེས་ཚིག་ནི། ཀརྨ་ཞེས་པའི་སྒྲ་ལས་ཕྲིན་ལས་ཏེ། སྒོ་གསུམ་གྱིས་བསྡུས་པའི་བྱ་བའམ་ལས་སོ། །དབྱེ་ན། ཞི་རྒྱས་དབང་དྲག་བཞི་ལས། བྱ་བའི་ཐབས་ཀྱི་དབྱེ་བ་ཡང་། མེ་དང་རྫས་ལུ་གུ་རྒྱུད་མཆོད་རྟེན་དང་ཕྱག་རྒྱའི་སྒོ་ནས་ལས་བྱ་བ་ལྔ་ལས། དང་པོ་མེའི་སྒོ་ནས་བྱ་བ་སྦྱིན་སྲེག་སྟེ། ལེའུ་དགུ་པ་ལས། དབྱིབས་༣དང་ཁ་དོག་མཚན་ལྡན་པར། །སོགས་ནས། ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་པའི་བར་གྱིས་སྦྱིན་སྲེག་གི་ལས་བསྟན། དེ་ཡང་། སྦྱིན་སྲེག་རྩ་བ་ལས། གནས་༡རྫས་༢ཐབ་༣ཀྱི་རྣམ་པ་དང་། །གཟུངས་༤དང་གཙོ་སེམས་༥བསྒྲུབ་བྱ་༦དང་། །ཕུར་༧བུ་ལྷ་༨དུས་༩ལས་༡༠རིམ་བཞིན། །ལྷག་༡༡མ་བཅུ་གཅིག་ཤེས་པར་བྱ། །ཞེས་བཤད་པས་། དང་པོ་གནས་ནི་སྤྱིར་ཞི་རྒྱས་གཉིས་བཀྲ་ཤིས་པའི་གནས་དང་། དབང་དྲག་གཉན་པའི་གནས་སུ་གསུངས་ཤིང་། བྱེ་བྲག་ཏུ་ཞི་བ་རི་རྩེ་འདུས་པ་དང་། ཆུ་ཀླུང་འཛོམ་ས། རྒྱས་པ་ནག་ཚལ་དང་སྨན་ལྗོངས་སོགས་རི་བོ་ལྷུན་ལ་སྟུག་པ། དབང་ནི་ལུང་མདོ་དང་ཆུ་བོ་འདུས་པའི་ཚོང་དུས་ཀྱི་བཞི་མདོ། དྲག་པོ་དུར་ཁྲོད་སོགས་རྔམ་པའི་སར་བྱ་བར་བཤད། གཉིས་པ་རྫས་ནི། སྲེག་ཤིང་ལ། ཤིང་གཅིག་གི་དབང་དུ་བྱས་ན། རྩེ་མོ་ཞི་བ། ཡལ་ག་རྒྱས་པ། སྡོང་པོ་དབང་། རྩ་བ་མངོན་སྤྱོད་དོ། །ཡམ་ཤིང་ནི། ཞི་བར་ཙནྡན་དཀར་པོ་བ་ལུ་སོགས་དང་། རྒྱས་པར་འོམ་བུ་འོ་སེ་སོགས་དང་། དབང་ལ་ཤུག་པ་ཙནྡན་དམར་པོ། དྲག་པོ་ལ་དུག་ཤིང་ཚེར་མ་ཅན་ཚིལ་ཆེན་བྱུགས་པ་སོགས་ཀྱིས་མཚོན་པའི་ལས་བཞི་སོ་སོར་མཐུན་པའི་སྲེག་རྫས་གསོག་པའོ། །གསུམ་པ་ཐབ་ཀྱི་རྣམ་པ་ལ། དབྱིབས་དང་ཁ་དོག་མཚན་ལྡན་པར། །ཞེས་པ་སྟེ། དེ་ཡང་ཞི་བ་ཟླུམ་པོ་འམ་འཁོར་ལོའི་དབྱིབས་དཀར་པོ། དེ་བཞིན་དུ་རྒྱས་པ་ལ་གྲུབ་བཞིའམ་རིན་པོ་ཆེའི་དབྱིབས་སེར་པོ། དབང་ལ་ཟླ་གམ་མམ་པདྨའི་དབྱིབས་དམར་པོ། དྲག་པོ་ལ་གྲུ་གསུམ་མམ་ཁྲོ་ཞལ་གྱི་དབྱིབས་ནག་པོ། རྒྱར་ཁྲུ་གང་དང་དཔངས་སུ་ཁྲུ་ཕྱེད་པ་བང་རིམ་གསུམ་དང་ལྡན་པ། མཚན་མ་ནི། ལས་བཞི་རིམ་པ་བཞིན། ཐབ་ཀྱི་དབུས་སུ་འཁོར་ལོ་རིམ་པོ་ཆེ་པདྨ་རྒྱ་གྲམ་གྱི་ལྟེ་བར། ༀ་ཏྲཱཾ་ཧྲཱིཿཧཱུྃ་བཞིས་མཚན་པ་ཅན་ནོ། །བཞི་པ་གཟུངས་མ་ནི། ལས་དང་མཐུན་པའི་ཡུམ་ཆས་སུ་བཅུག་པའོ། །ལྔ་པ་གཙོ་སེམས་ནི། དོན་གྱི་སེམས་བདེན་པ་དབྱེར་མེད་ཀྱི་གནས་ལུགས་རྟོགས་ཤིང་། སྟོང་སེམས་ཞི་བ་ལ་ཞི་ཞིང་དྭངས་བ། རྒྱས་པར་དགའ་ཞིང་སྤྲོ་བ། དབང་ལ་ཆགས་ཤིང་ཞེན་པ། དྲག་པོ་ལ་ཁྲོ་ཞིང་རྔམ་པའོ། །དྲུག་པ་བསྒྲུབ་བྱ་ནི། ལིང་ག་བྲི་བ། ལས་བཞི་གང་ཡིན་གྱི་དམིགས་ཡུལ་བཞིན་བྲིས་ལ་རང་རང་གི་བྲུབ་ཁུང་དུ་གཞུག་གོ། །བདུན་པ་ཕུར་བུ་ནི། ཞི་བའི་ཕུར་པ་དངུལ་ལམ་དཀར་པོའི་ཤིང་ལ་དབྱིབས་དབལ་ཟླུམ་པོ། རྒྱས་པར་གསེར་རམ་སེར་པོའི་ཤིང་ལ་དབལ་གྲུ་བཞི། དབང་ལ་ཟངས་སམ་དམར་པོའི་ཤིང་ལ་དབལ་ཟླ་གམ། དྲག་པོ་ལ་ལྕགས་སམ་ནག་པོའི་ཤིང་ལ་དབལ་གྲུ་གསུམ་པ། ཐམས་ཅད་སོར་དྲུག་པ་ཅན་ནོ། །བརྒྱད་པ་ལྷ་ནི། ཞི་ཁྲོ་གང་བྱེད་ཀྱི་གཞུང་བསྲང་བ་ལས་སྦྱོར་གྱི་ལྷ་དང་། སྦྱིན་སྲེག་གི་ལྷ་ལ་སྦྱིན་ལྷ་དང་སྲེག་ལྷ་གཉིས་ཀྱི། སྦྱིན་ལྷ་ནི་མེ་ལྷ་སྟེ། ལས་བཞི་གང་ཡིན་གྱི་སྐུ་མདོག་ཅན། ཞི་བར་གུནྡྷེ། རྒྱས་པར་རིན་པོ་ཆེའི་སྒྲོམ་བུ། དབང་ལ་ཞགས་པ། དྲག་པོ་ལ་ཏྲི་ཤུལ། བཞི་ག་གཡོན་བགྲང་ཕྲེང་དྲང་སྲོང་གི་ཆས་ཅན་ར་ལ་བཅིབས་པའོ། །དེ་ལ་ཞལ་དུ་གྱུར་པའི་མེ་ཞེས་མེ་ལྷའོ། །སྲེག་ལྷ་ནི་དཀྱིལ་འཁོར་གྱི་ལྷ་སྟེ། ཞི་བར་རྣམ་སྣང་དང་བུདྡྷ་ཁྲག་འཐུང་གིས་གཙོ་བོར་བྱས་པའི་ཞི་ཁྲོ། དེ་བཞིན་དུ་རྒྱས་པར་རིན་འབྱུང་དང་རཏྣ་ཧེ་རུ་ཀ །དབང་ལ་སྣང་མཐའ་དང་པདྨ་ཧེ་རུ་ཀ །དྲག་པོར་དོན་གྲུབ་དང་ཀརྨ་ཧེ་རུ་ཀ་གཙོ་བོར་བྱས་པའི་ཞི་ཁྲོ་སྟེ། སྐུ་མདོག་ཀྱང་ལས་དང་མཐུན་པ་ལ། ཕྱག་མཚན་ཡང་འཁོར་ལོ་ལ་སོགས་གང་ཡིན་གྱི་ཕྱག་མཚན་ཅན་ནོ། །དགུ་པ་དུས་ནི། ལོ་གཅིག་དང་ཞག་གཅིག་གི་དབང་དུ་བྱས་ན། དབྱར་དང་སྔ་དྲོ་ཞི་བ། སྟོན་དང་ཉིན་ཕྱེད་རྒྱས་པ། དགུན་དང་དགོང་ག་དབང་། དཔྱིད་དང་ནམ་གུང་དྲག་པོའོ། །བཅུ་པ་ལས་རིམ་ནི། ལས་བཞི་གང་ཡིན་གྱི་ལས་གཞུང་ཁྲིགས་རིམ་བཞིན་གྱེར་ནས་ལས་བྱ་བའོ། །བཅུ་གཅིག་པ་ལྷག་མ་ནི་ཚོགས་ལྷག་དང་། སྲེག་རྫས་ལྷག་མ་བཅས་བསྡུས་ཏེ་ལྷག་ཆོག་བཏང་། ཆད་བརྟན་ཉེར་བསྡུ་ལྷར་ལྡང་བར་བྱ་བའོ། །གཉིས་པ་རྫས་ཀྱི་སྒོ་ནས་ལས་བྱ་བ་ནི། འདི་ཉིད་ཀྱི་ལེའུ་ཉི་ཤུ་པ་ལས། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །སོགས་ནས། བདུད་རྩི་ལྔའམ་ཟས་ལྔ་ལ། མཚན་མ་མིང་དུ་བཅས་པར་བྱ། །བཀུག་ནས་རྡོ་རྗེ་ཕུར་བུས་གདབ། །རྡུལ་དུ་བྱས་ལ་ཚོགས་ལ་འབུལ། །སོགས་ནས། ཐམས་ཅད་གཡོ་བ་མེད་པར་བྱེད། །ཅེས་དང་། ཁྲག་འཐུང་ཆེན་པོ་ལ་སོགས་པའི། །སོགས་ནས། ཁྲོས་པས་ཀ་ལི་རབ་ཏུ་བྱ། །ཞེས་པའི་བར་གྱི་བསྟན་པ་བཞིན། ལིང་ག་བཅའ་བ། དཀྱིལ་འཁོར་བསྐྱེད་པ། བསྒྲུབ་བྱའི་ལས། མཆོད་སྦྱིན་བྱ་བ། ཡོན་ཏན་དང་བཅས་པ་རྣམས་སོ། །གསུམ་པ་ལ་ལུ་གུ་རྒྱུད་ཀྱི་སྒོ་ནས་ལས་བྱ་བ་ནི། བྲོ་ཡི་སྒོ་ནས་ལས་བཞི་སྒྲུབ་པ་སྟེ། འདི་ཉིད་ཀྱི་ལེའུ་ཉི་ཤུ་པ་ལས། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །བཅིང་བསྒྱུར་བསྐྱོད་ནས་ཕྱོགས་བཅུར་གཡོ། །མྱོས་ནས་གས་ཏེ་འཚིག་པར་འགྱུར། །ཞེས་སོ། །བཞི་པ་མཆོད་རྟེན་གྱི་སྒོ་ནས་ལས་བྱ་བ་ནི། ཞི་བ་ལ་རྣམ་སྣང་། རྒྱས་པ་ལ་རིན་འབྱུང་། དབང་ལ་རྟ་མགྲིན། དྲག་པོར་བཛྲ་ཧེ་རུ་ཀར་བསྐྱེད་ནས། རིགས་སོ་སོའི་སྔགས་ཀྱིས་མཆོད་རྟེན་དབྱིབས་མདོག་སོགས་ལས་མཐུན་དུ་བཏབ་པའི་བུམ་ནང་དུ། རིགས་མཐུན་གྱི་ལྷ་བསྒོམས་པའི་འོད་ཀྱིས་བསྒྲུབ་བྱ་བཀུག་ནས་མཆོད་རྟེན་གྱི་འོག་ཏུ་མནན་པ་ལ་འོད་དེས་རེག་པས་ཞི་རྒྱས་དབང་དྲག་གི་ལས་གང་ཡིན་འགྲུབ་པར་བསམ་པའོ། །ལྔ་པ་ཕྱག་རྒྱའི་སྒོ་ནས་ལས་བྱ་བ་ནི། ཕྱག་རྒྱ་བཅའ་བ་དང་བསྒྱུར་བ་གཉིས་ཀྱི། དང་པོ་ནི། དཔལ་ཧེ་རུ་ཀ་ལས་བཞིའི་ཕྱག་རྒྱ་བཅའ་བ་སྟེ། རིམ་པ་བཞིན། རྡོ་རྗེ་རྩེ་གཅིག་རྩེ་ལྔ་རྩེ་དགུ། བཅུ་གཅིག་པ་རྣམས་བཅའ་བའོ། །གཉིས་པ་བསྒྱུར་བ་ནི། རང་ཀུན་བཟང་ཡབ་ཡུམ་ཁྲོས་པར་བསྐྱེད་ལ་གཟུངས་མ་དམ་ཅན་དབང་དུ་བྱ་བ་དང་དེ་བཞིན་དུ། རིགས་ཀྱི་ཧེ་རུ་ཀ་བཞིར་བསྐྱེད་ནས་སོ་སོའི་ཕྱག་རྒྱ་བསྒྱུར་བས་ལས་བཞི་འགྲུབ་པར་བསམ་པའོ། །བདུན་པ་དོན་དུ་གཉེར་བ་སྒྲུབ་པ་ལ་གསུམ་སྟེ། ངོ་བོ་ནི། མཆོག་དང་ཐུན་མོང་གི་དངོས་གྲུབ་གཉིས་དོན་དུ་གཉེར་བའོ། །ངེས་ཚིག་ནི། སིདྡྷིའི་སྒྲ་ལས་དངོས་གྲུབ་དང་། སཱ་ཱདྷ་ནའི་སྒྲ་ལས་ཀུན་ཏུ་ལེན་པ་སྟེ། འདོད་པའི་དོན་ལེན་ཅིང་ཐོབ་པར་བྱེད་པས་ན་སྒྲུབ་པ་ཞེས་བྱའོ། །དབྱེ་ན། ཐུན་མོང་དང་མཆོག་གཉིས་ལས། དང་པོ་ནི། སྒྱུ་འཕྲུལ་རྒྱས་པའི་ལེའུ་བཅུ་དྲུག་པ་ནས་དྲུག་ཅུ་རེ་དྲུག་པའི་བར་གྱིས་ཅི་རིགས་པར་བསྟན་ཏེ། རོ་ལངས་སྒྲུབ་པ། ཚེ་སྒྲུབ་པ། པྲ་སེ་ན་དབབ་པ། ལྷ་ཆེན་པོ་དང་རྒྱལ་པོ་ཆེན་པོ་བཞི་སྒྲུབ་པ། གདུག་པའི་ཀླུ་གདོན་འདུལ་བ། རྒྱལ་བློན་གྱི་ཆུང་མ་དབང་དུ་བྱ་བ། ཡུལ་ཁམས་དབང་དུ་བྱ་བ། ལྕེ་སྤྱང་ཞེས་རྡོ་རྗེ་རིགས་ཀྱི་རྐང་མགྱོགས་བྱེ་བྲག་པ། རྐང་མགྱོགས་སྤྱིར་སྒྲུབ་པ། དགྲ་བགེགས་གཞན་དུ་བསྐྲད་པ། ལུས་མི་སྣང་བར་སྒྲུབ་པ། ལྷ་མོ་དང་ཀླུ་མོ་ཕྱག་རྒྱར་འགུགས་པ། དམག་མང་མཐུ་ཆེན་སྒྲུབ་པ་རྣམས་སོ། །དེར་མ་ཟད་ཐུན་མོང་གི་དངོས་གྲུབ་འདི་ཉིད་ནས་ཀྱང་བསྟན་ཏེ། ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག །འབྱུང་ལྔའི་དངོས་གྲུབ་ལྔ། ལས་ཕྲན་ཚེགས་བརྒྱད་དང་བཅས་པའོ། །དང་པོ་ནི། ལེའུ་ལྔ་པ་ལས། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ལོངས་སྤྱོད་འབྱུང་ཞིང་ངན་སོང་སྦྱོང་། །ཅིར་ཡང་གཞན་དུ་འགྱུར་བ་འགྲུབ། །ཞེས་སོ། །གཉིས་པ་ནི། ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་། །འབར་ནས་མེ་ཡང་ཚིག་པ་དང་། །ཆུར་འགྱུར་འབབ་པ་དེ་བཞིན་ཏེ། །འཇིག་རྟེན་ཁམས་ནི་འཐོར་བ་དང་། །ཐམས་ཅད་སྟོངས་ཤིང་ལྷུང་བར་འགྱུར། །ཞེས་སོ། །གསུམ་པ་ནི། དགུག་དང་བཏང་དང་བཅིངས་དང་གྲོལ། །གསོ་དང་བསད་དང་ཕམ་དང་རྒྱལ། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་སོ། །བདུད་རྩིར་སོགས་ཚིགས་བཅད་གཅིག་ལས། བསྒྱུར་གཞི་ཟས་དུག་ཅན་ལ་ཡི་གེ་ཨ་བཀོད་དེ་འཇུ་འདུལ་གྱི་ལས་ཀྱིས་སྨན་མཆོག་བདུད་རྩིར་འགྱུར་བ་ཟོས་པ་ཙམ་གྱིས་འདོད་བྱ་འགྲུབ་པ་དང་། ནད་ཞི་བ་སོགས་ཡོན་ཏན་ལྷག་མ་ལྔ་པོ་ཐམས་ཅད་འགྲུབ་ཅིང་། དེ་ལྔ་སོ་སོ་བསྒྲུབ་ན་ཡི་གེའི་འཕྲོ་འདུས་འདོད་བྱ་གཞན་དམིགས་པ་ལྟར་འབྱུང་བ་དང་། ནད་པའི་ལུས་ལ་ཡི་གེ་བཀོད་པའི་འཕྲོ་འདུས་རླུང་མཁྲིས་བད་ཀན་འདུས་པའི་ནད་བཞིའམ། ཡང་ན་ཀུན་བཏགས་གདོན་གྱི། འཕྲལ་བྱུང་རྐྱེན་གྱི། འབྱུང་འདུས་གཞིའི། རང་བཞིན་སྔོན་ལས་ཀྱི་ནད་བཞི་པོ་རེ་རེ་ལའང་བརྒྱ་རྩ་བརྒྱད་རེ་སྦྱར་བས་བཞི་བརྒྱ་རྩ་བཞིའི་ནད་ཐམས་ཅད་སེལ་ཞིང་བདེ་བར་འགྱུར་རོ། །ཏྲཾ་ལས་རིན་པོ་ཆེ་གཏེར་དུ་བསམ་པའི་ཡི་གེའི་འཕྲོ་འདུས་ཆོད་པའི་ལོངས་སྤྱོད་ཅི་འདོད་འབྱུང་ཞིང་འབྱུང་བའི་ཡི་གེ་གསུམ་གྱི་འཕྲོ་འདུས་ངན་སོང་དུ་སྐྱེ་བའི་སྒྲུབ་པ་སྦྱོང་བ་དང་། གང་དང་ཅིར་སྣང་བའི་ཆོས་ཀྱི་རྣམ་པ་ཡང་དེ་དང་མི་མཐུན་པའི་སྣང་བ་གཞན་སྐམ་ལས་ཆུ་དང་། སོལ་བ་ལས་ལྗོན་ཤིང་། བྱེ་མ་ལས་གསེར་དུ་འགྱུར་བ་སོགས་འགྲུབ་པ་ཡིན་ནོ། །ནམ་མཁའ་སོགས་རྐང་པ་ལྔ་ལས། ནམ་མཁའ་ལ་ཧཱུྃ་ཞེས་རྡོ་རྗེའི་སྐས་བསམ་ན་སྲ་བའི་སྐས་འབྱུང་ཞིང་། ལམ་མཐིལ་དུ་རཾ་བཀོད་པས་འབར་བའི་ཡེ་ཤེས་ཀྱི་མེར་གྱུར་ནས་ཐ་མལ་གྱི་མེ་ཡང་ཚིག་བར་འགྱུར་བ་དང་། དེ་བཞིན་དུ་ཁཾ་བཀོད་པས་ཡེ་ཤེས་ཀྱི་ཆུར་འགྱུར་བས་ཐ་མལ་གྱི་ཆུར་འབབ་པའང་དག་པར་བྱེད་པ་དང་། ཡཾ་བཀོད་པས་རླུང་དུ་གྱུར་ནས་འཇིག་རྟེན་གྱི་ཁམས་ནི་གཞན་དུ་འདེགས་ཤིང་འཐོར་བར་བྱེད་པ་དང་། ཡི་གེ་ཨེ་བཀོད་དེ་འཕྲོ་འདུས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྟོངས་པར་བྱེད་ཅིང་སྟེང་འོག་ཏུ་འཕེན་པ་དང་ལྷུང་བར་འགྱུར་བ་སོགས་འགྲུབ་བོ། །འགུགས་དང་སོགས་རྐང་པ་གསུམ་ལས། ཏིང་ངེ་འཛིན་གྱི་གཟུངས་མ་དང་དགྲ་བགེགས་སོགས་བསྒྲུབ་བྱ་གང་ཡིན་འགུགས་པ་དང་། ཡུལ་གཞན་དུ་བཏང་བ་སྟེ་བསྐྲད་པ་དང་། དགྲ་རྐུན་སོགས་གཡོ་མེད་དུ་བཅིང་བ་དང་། བྱད་གདོན་གྱིས་བཅིངས་བ་སོགས་གྲོལ་བ་དང་། ནད་པ་དང་སྲིའུ་ལ་སོགས་གསོ་བ་དང་། དགྲ་བགེགས་བསད་པ་དང་། གཞན་སྡེ་ཕམ་པར་བྱ་བ་དང་། རང་སྡེ་རྒྱལ་བར་བྱ་བའི་ལས་རྣམས་ཇི་ལྟར་དམིགས་པ་བཞིན་དུ་འགྲུབ་བོ། །གཉིས་པ་མཆོག་གི་དངོས་གྲུབ་ནི། གོང་དུ་ལེའུ་ལྔ་པས་བསྟན་པའི་ཐུན་མོང་གི་དངོས་གྲུབ་དང་། མཆོག་གི་གྲུབ་གཉིས་ཀ་བསྒྲུབ་པ་ལ་རིམ་པ་གཉིས་ལས། བསྐྱེད་རིམ་ནི། ལེའུ་བཞི་པ་ལས། ཞི་བའི་རྒྱུའི་ས་བོན། ལེའུ་བདུན་པ་ལས་བསྐྱེད་པ་རྐྱེན་གྱི་སྔགས། ལེའུ་བཅུ་དྲུག་པ་ལས་ཁྲོ་བོའི་བསྐྱེད་སྔགས་དང་། ལེའུ་བརྒྱད་པ་ལས་ཕྱག་རྒྱ་བཞིའི་རྒྱས་གདབ་པ། ལེའུ་དྲུག་པ་ལས་བསྐྱེད་བྱ་ཞི་བའི་རྟེན་དང་བརྟེན་པའི་དཀྱིལ་འཁོར། ལེའུ་བཅུ་བདུན་པར་བསྐྱེད་བྱ་ཁྲོ་བོའི་དཀྱིལ་འཁོར་གཉིས་ནི་གོང་གི་དཀྱིལ་འཁོར་གྱི་སྐབས་སུ་སོང་བ་བཞིན་ནོ། །འདི་བཞི་ནི། འོག་གི་སྔགས་དང་ཕྱག་རྒྱའི་སྐབས་སྟོན་པ་ལྟར་དང་། རྫོགས་པའི་རིམ་པ་ནི་ལེའུ་བཅུ་གསུམ་པས་བསྟན་ཏེ། དེ་ཡང་ཁོག་གཞུང་ལས། ཡི་གེ་སྒྱུ་འཕྲུལ་ཚོགས་སྒྲུབ་དང་། །རྡོ་རྗེ་སེམས་དང་སྨན་སྒྲུབ་དང་། །རིགས་ལྔ་སྒྲུབ་དང་ཡུམ་ལྔ་སེམས། །བྱིན་དབབ་སྒྲུབ་པ་རྣམ་གཉིས་སོ། །ཞེས་པའི་སྒྲུབ་ཚུལ་ཞི་ཁྲོ་སོ་སོ་དང་། བྱེ་བྲག་སོ་སོའི་སྒྲུབ་ཐབས་གཙོ་བོ་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ནི། ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པ་རྣམས་ནས་བསྟན་པ་སྔར་བཤད་པ་བཞིན་ནོ། །བརྒྱད་པ་མི་གཡོ་བ་ཏིང་ངེ་འཛིན་ལའང་གསུམ་སྟེ། ངོ་བོ་ནི། བསྒོམ་བྱའི་དོན་ཁྱད་པར་ཅན་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ལས་གཞན་དུ་མི་གཡོ་བར་སེམས་རྩེ་གཅིག་ཏུ་གནས་པའོ། །ངེས་ཚིག་ནི། ས་མཱ་དྷིའི་སྒྲ་ལས་མཉམ་པའི་བློ་སྟེ། གང་བསྒོམ་བྱའི་དོན་ལ་སེམས་རྩེ་གཅིག་ཏུ་འཛིན་པའི་དོན་གྱིས་ན་ཏིང་ངེ་འཛིན་ནོ། །དབྱེ་ན། ཀུན་བཏགས་བསྐྱེད་རིམ་གྱི་རྣལ་འབྱོར་དང་། ཡོངས་གྲུབ་རྫོགས་རིམ་གྱི་རྣལ་འབྱོར་གཉིས་ལས། རྒྱུད་འདི་ཉིད་ཀྱི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་སོ་སོའི་ལེའུ་ནས་སྟོན་ཚུལ་བཤད་མ་ཐག་པ་ལྟར་རོ། །དང་པོ་ལའང་། སྐྱེ་གནས་བཞིའི་བག་ཆགས་སྦྱོང་བྱེད་སྒོམ་ཚུལ་བཞི་སྟེ། རྒྱས་པ་སྒོང་སྐྱེས། འབྲིང་མངའ་སྐྱེས། བསྡུས་པ་དྲོད་གཤེར་སྐྱེས་ཤིན་ཏུ་བསྡུས་པ་བརྫུས་སྐྱེས་ཏེ། དེ་བཞིའི་བག་ཆགས་སྦྱོང་བྱེད་རྒྱས་པ་དཀྱིལ་འཁོར་བདག་སྲས་དང་གཞན་སྲས་གཉིས་ཀྱི་སྒོ་ནས་བསྒོམ་པ་དང་། གཞན་ཡང་མངོན་བྱང་ལྔ་བསྐྱེད། རྡོ་རྗེའི་ཆོ་ག་བཞི་བསྐྱེད་རྣམས་སོ། །འབྲིང་པོ་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་ཏེ་ཆོ་ག་གསུམ་བསྐྱེད་དང་། བསྡུས་པ་ཨ་ནུ་ཡོ་ག་ལྟར་ས་བོན་ཙམ་དང་བསྐྱེད་སྔགས་བརྗོད་པའི་རྐྱེན་གྱིས་བསྐྱེད་པའོ། །ཤིན་ཏུ་བསྡུས་པ་ཨ་ཏི་ཡོ་ག་ལྟར་སྐད་ཅིག་དྲན་རྫོགས་ཀྱིས་བསྐྱེད་པ་དང་བཞིའོ། །གཉིས་པ་རྫོགས་རིམ་ལ། ཐབས་ལམ་སྟེང་འོག་གི་སྒོ་དང་། གྲོལ་ལམ་ཟུང་འཇུག་གི་རྣལ་འབྱོར་གཉིས་ལ་བརྟེན་ནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བ་ལ་བསླབ་པ་སྔར་བཤད་པ་བཞིན་ནོ། །དགུ་པ་གནས་སུ་སྟོབ་པ་མཆོད་པ་ནི། ལེའུ་བརྒྱད་པ་ནས་ཞི་བ་ཕྱག་རྒྱའི་མཆོད་པ་འོག་ཏུ་སྟོན་པ་ལྟར་དང་། ལེའུ་དགུ་པ་ནས། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སོགས་ནས། དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ། །ཞེས་པའི་བར་གྱིས་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་བསྟན། ལེའུ་བཅུ་བཞི་པ་ནས། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །སོགས་ནས། སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོཿ ཞེས་པའི་བར་གྱིས་གླུ་ཡེ་ཤེས་རྒྱན་གྱི་མཆོད་པ་བསྟན། ལེའུ་བཅོ་བརྒྱད་པ་ནས། ཐོ་མར་བདག་ཉིད་རྟོག་གོམས་བསྒྲལ། །སོགས་ནས། གཉིས་སུ་མེད་པར་བསྒྲལ་བར་བྱའོ། །ཞེས་པའི་བར་གྱིས་བསྒྲལ་བའི་མཆོད་པ་དང་། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །སོགས་ནས། བདག་དང་མཉམ་པའི་ཚོགས་ལ་འབུལ། །ཞེས་པས་སྦྱོར་བའི་མཆོད་པ་བསྟན། བཟའ་དང་བཅའ་དང་བཏུང་དང་བགོ། །སོགས་ནས། དཀྱིལ་འཁོར་ཆེན་པོ་འབར་བར་འགྱུར། །ཞེས་པའི་བར་གྱིས་འདོད་ཡོན་རོལ་མོའི་མཆོད་པ་བསྟན། ལེའུ་ཉེར་གཅིག་པ་ནས། ཧཱུྃ། གཏུམ་ཆེན་དུས་མཐའི་སོགས་ནས། རྡོ་རྗེའི་རླུང་སྟེ་འཐོར་རླུང་ཆེ་ཧོཿ ཞེས་པའི་བར་གྱིས་ཁྲོ་བོ་གླུ་དྲུག་གི་བསྟོད་པ་རྣམས་བསྟན་ནོ། །དེ་ལ་གསུམ་སྟེ། ངོ་བོ་ནི། མཆོད་ཡུལ་དུ་གྱུར་པ་རྣམས་བཀུར་ཞིང་མཆོད་པའི་བསམ་པས་སྒོ་གསུམ་གྱིས་མཉེས་པ་སྒྲུབ་པའོ། །ངེས་ཚིག་ནི། པཱུ་ཛའི་སྒྲ་ལས། པཱུརྦ་ནི་སྔོན་དང་ཛ་ཏ་བསྐྱེད་པ་ལ་འཇུག་པས་བྱ་བ་གང་སྒྲུབ་པའི་སྔོན་དུ་འགྲོ་དགོས་པའི་དོན་གྱིས་སྔོན་དུ་བསྐྱེད་པ་དང་། ཡང་པུ་ནཪྤུ་ནར་ཡང་དང་ཡང་། ཛ་ཏ་བསྐྱེད་པ་སྟེ། དེའི་སྒྲ་བསྡུས་པས་པཱུ་ཛ་ཞེས་ཡང་ཡང་དགྱེས་པ་བསྐྱེད་པའི་དོན་གྱིས་ཡང་ཡང་བསྐྱེད་པ་དང་གཟུགས་སོགས་དབང་པོ་རང་རང་གི་གནས་སུ་སྟོབ་པས་ན་མཆོད་པའོ། །དབྱེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པ་གཉིས། དེ་གཉིས་དང་མཚུངས་པར་དམིགས་ཡུལ་ཞིང་གི་ཁྱད་པར། འབྲས་བུ་ལ་དམིགས་པའི་ཁྱད་པར། ཡོངས་སུ་བསྔོ་བའི་ཁྱད་པར། མཆོད་རྫས་དངོས་པོའི་ཁྱད་པར་དང་བཞི་ལས། དང་པོ་ནི། དམིགས་ཡུལ་གྱི་ཞིང་བླ་མ་དཀོན་མཆོག་དང་། གཉིས་པ་ནི། ཐར་བ་ཐོབ་པའི་འབྲས་བུ་ལ་དམིགས་པ། གསུམ་པ་ནི། བླ་ན་མེད་པའི་བྱང་ཆུབ་ཀྱི་ཆེད་དུ་བསྔོ་བ། དེ་ལས་གཞན་པ་ནི་འཇིག་རྟེན་པའོ། །བཞི་པ་ནི། དངོས་པོའི་སྒོ་ནས་ཀྱང་རྒྱལ་བ་མཉེས་པའི་མཆོད་པ་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་སོགས་འཇིག་རྟེན་ལས་འདས་པའི་མཆོད་པ་དང་། འདོད་ཡོན་ལྔ་སོགས་འཇིག་རྟེན་པའི་མཆོད་པའོ། །དེ་ལ་དབྱེ་ན། ཕྱི་ཉེར་སྤྱོད། ནང་དམ་རྫས་བདུད་རྩི། གསང་བ་སྦྱོར་སྒྲོལ་ཟབ་མོ་གསུམ་ལས། དང་པོ་ནི། མེ་ཏོག །བདུག་སྤོས་ལ་སོགས། དེ་དག་ལ་ཕྱི་མཆོད་ཅེས་པ་མདོ་སྔགས་གཉིས་ཀར་ཡོད་པར་མ་ཟད་འཇིག་རྟེན་དུའང་རྒྱལ་པོ་ནས་མུ་ཏོ་བའི་བར་གྱིས་ལོངས་སུ་སྤྱད་བྱ་ཡིན་པས་སོ། །གཉིས་པ་ནང་དམ་རྫས་བདུད་རྩིའི་མཆོད་པ་ནི། བདུད་རྩི་རཀྟ་སྟེ་རྒྱུའི་ཐེག་པ་དང་སྔགས་ཕྱི་པ་ལ་མེད་ཅིང་ནང་པ་བླ་མེད་ཁོ་ནའི་ཁྱད་ཆོས་སོ། །གསུམ་པ་གསང་བ་སྦྱོར་སྒྲོལ་ཟབ་མོའི་མཆོད་པ་ཡང་དེ་བཞིན་ནོ། །འདིར་ཞི་ཁྲོའི་ཆོ་ག་གཞུང་གི་དབང་དུ་བྱས་ན་ཞི་བར་ལྷག་ཏིང་དང་། ཁྲོ་བོར་དེ་ཚ་བ་རཀྟ་ཚར་གསུམ་གྱིས་བྱས་པས་ཕྱག་མཆོད་སོགས་བཅུ་བཞི་སྟེ། སྡོམ་དུ་སྟོན་ན། གུས་པའི་ཕྱག་དང་ཕྱག་རྒྱ་གར། །ཀུན་བཟང་ཞབས་བསིལ་བཞི་བསྣོལ་ཏེ། །བདུད་རྩི་གཏོར་མ་གསང་བསྣན་དང་། །ལྷག་པ་ཏིང་འཛིན་སྒྲོལ་དང་སྦྱོར། །འདོད་ཡོན་རོལ་མོ་གླུ་ཡེ་ཤེས། །ཞེས་སོ། །དེ་ལ་སོགས་པའི་མཆོད་པའི་རྣམ་གྲངས་དུ་མའོ། །བཅུ་པ་འཆིང་ཟློས་སྔགས་དང་ཕྱག་རྒྱ་ལ། བཟླས་པ་སྔགས་སྟོན་པ་འདི་ཉིད་ཀྱི་ལེའུ་བདུན་པ་ནས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་སོགས་ནས། ཨཱཏྨ་ཀོ྅ཧཾ། ཞེས་པའི་བར་གྱིས་ཞི་བའི་སྔགས་དང་། ལེའུ་བཅུ་དྲུག་པ་ནས། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་སོགས་དང་། ཧཱུྃ་ཧ་ཧེ་ཕཊ། ཅེས་པས་ཁྲོ་བོའི་སྔགས་རྣམས་བསྟན། དེ་ལའང་གསུམ་སྟེ། ངོ་བོ་ནི། ཐབས་ཤེས་ཀྱི་ཡེ་གེ་ཨ་ལི་ཀ་ལིར་འདུས་ཤིང་གྲུབ་པ་བཞིའི་བྱིན་གྱིས་བརླབས་པའི་ནུས་མཐུ་ཅན་དུ་གྱུར་པ་ནི་ངོ་བོའོ། །གྲུབ་པ་བཞི་ནི། ཆོས་ཉིད་ངོ་བོ་ཉིད་ཀྱིས་གྲུབ་པ། ཆོས་ཅན་རང་བཞིན་གྱིས་གྲུབ་པ། བྱིན་གྱིས་བརླབས་ཀྱིས་གྲུབ་པ། མཐུས་གྲུབ་པ་དང་བཞིའོ། །ངེས་ཚིག་ནི། མནྟྲའི་སྒྲ་ལས། ཡིད་ཤེས་བདེ་མྱུར་དུ་སྐྱོབ་པའི་དོན་གྱིས་སྔགས་ཏེ། དབྱེ་ན། གསང་སྔགས་རིག་སྔགས་གཟུངས་སྔགས་གསུམ་ལས། དང་པོ་ནི། ཐབས་ཤེས་ཀྱི་བདག་ཉིད་དང་དེའི་སྒོ་ཡིག་འབྲུར་སྣང་བ་གསང་སྔགས་ཏེ། ངག་ཏུ་བརྗོད་པའི་ལས་ཀྱིས་ལོག་རྟོག་གི་གཉེན་པོར་གྱུར་པའོ། །གཉིས་པ་ནི། ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་དངོས་པོའི་དོན་རིག་པར་བྱེད་པའི་ལས་ཀྱིས་མ་རིག་པའི་གཉེན་པོར་གྱུར་པའོ། །གསུམ་པ་ནི། དྲན་ཤེས་ཀྱི་བདག་ཉིད་ཆོས་ཀྱི་ཚིག་དོན་རྣམས་མི་བརྗེད་པར་འཛིན་པའི་ལས་ཀྱིས་དྲན་ཉམས་ཀྱི་གཉེན་པོར་གྱུར་པའོ། །གསང་སྔགས་ལའང་གསུམ་སྟེ། རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་ལས་ཀྱི་སྔགས་དང་གསུམ་ལས། དང་པོ་ནི། ཐུགས་སྲོག་ས་བོན་ཧཱུྃ་ལྟ་བུ། གཉིས་པ་ནི། བཛྲ་དྷྲཱིཀ྄་ལྟ་བུ་བསྐྱེད་སྔགས། གསུམ་པ་ནི། ས་བོན་དང་བསྐྱེད་སྔགས་སྦྲེལ་བ་ཧཱུྃ་བཛྲ་དྷྲཱིཀ྄་ལྟ་བུའོ། །འཆིང་བ་ཕྱག་རྒྱ་ནི། འདི་ཉིད་ཀྱི་ལེའུ་བརྒྱད་པ་ལས། སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །སོགས་ནས། ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་དང་། མདོར་ན་ཕྱག་རྒྱ་ཐམས་ཅད་ནི། །སོགས་ནས། དེ་སྐད་དག་མཆོག་ཉིད་ཀྱིས་བཤད། །ཅེས་པའི་བར་གྱིས་བསྟན། དེ་ལ། ཕྱག་རྒྱའི་ངོ་བོ་ནི། རང་རིག་པ་ཕྱག་རྒྱ་བཞི་རྫོགས་ཀྱིས་ལྷའི་སྐུར་གསལ་བ་ལས་མི་འདའ་བའོ། །ངེས་ཚིག་ནི། མུ་དྲའི་སྒྲ་ལས། འདེབས་ཤིང་མཚོན་པར་བྱེད་པའམ། དེ་ཉིད་ཀྱི་རྒྱས་བཏབ་པ་ལས། འདའ་བར་དཀའ་བའི་ཕྱིར་ཕྱག་རྒྱ་ཞེས་བརྗོད་པའོ། །དབྱེ་བ་ནི། རྟོག་ཚོགས་ཐམས་ཅད་གདོད་ནས་ལྷའི་དཀྱིལ་འཁོར་དུ་གནས་པ་རང་བཞིན་གྱི་ཕྱག་རྒྱ། དེའི་དོན་ལ་ཤེས་རབ་ཀྱི་མིག་གིས་བལྟ་ཞིང་སྒྲོ་འདོགས་གཅོད་པ་ལྟ་བའི་ཕྱག་རྒྱ། འབྲས་བུ་མངོན་དུ་གྱུར་པ་འབྲས་བུའི་ཕྱག་རྒྱ་དང་གསུམ་མོ། །ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ལའང་། དམ་ཚིག་གི་ཕྱག་རྒྱ། ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ་དང་བཞིའོ། །དེ་ལ་ཞི་ཁྲོ་གཉིས་ཀྱི་དབྱེ་བ་ལས། དང་པོ་ལ། ཡན་ལག་ལྔ་རིགས་ལྔར་གསལ་བའི་ཉིང་ལག་གཡས་པའི་སོར་མོ་ལྔ་ལ། ཉི་མའི་དཀྱིལ་འཁོར་རེ་རེ་ལ་རིགས་ལྔ་ཡབ་ལྔའི་ས་བོན་བཀོད། གཡོན་གྱི་སོར་མོ་ལྔ་ཟླ་བའི་དཀྱིལ་འཁོར་རེ་རེ་ལ་རིགས་ལྔ་ཡུམ་ལྔའི་ས་བོན་བཀོད་ནས་ཐལ་མོ་སྦྱར་བ་ནི། ཕྱག་རྒྱའི་རྒྱུ་རྡོ་རྗེའི་ཐལ་མོ་ཞེས་བྱའོ། །རིགས་ལྔའི་དམ་རྒྱ་ནི། གོང་དུ། ༀ་དང་མཱུཾ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །ཞེས་པས་བསྟན། དེ་ལས་འཕྲོས་པའི་ལྷ་སོ་སོའི་ཕྱག་རྒྱ་ནི་གོང་གི་འཕྲོས་སུ། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུཾ་སྒྲེང་རྩེ་མོར་རྡོ་རྗེ་འབར། །ཞེས་པ་ལ་སོགས་པའོ། །གཉིས་པ་ཁྲོ་བོའི་ཕྱག་རྒྱ་ནི། གཞན་ནས་ཁ་བསྐང་བ་སྟེ། རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །དབུས་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི། །ཞེས་སོགས། ཁྲག་འཐུང་རིགས་ལྔ་གནས་ཡུལ་སྒོ་སྐྱོང་དབང་ཕྱུག་མ་རྣམས་ཀྱི་ཕྱག་རྒྱ་བཅའ་པའོ། །དེ་དག་རྣམས་ཀྱང་ཕྱག་རྒྱ་བཞི་ལྡན་ཏེ། ལྷ་སོ་སོའི་སྐུར་གསལ་བ་ཕྱག་ཆེན། དེའི་ཐུགས་ཀར་རང་རང་གི་ས་བོན་གྱི་ཡི་གེ་བསམ་ཞིང་ངག་ནས་སྔགས་བརྗོད་པ་ཆོས་རྒྱ། ཕྱག་མཚན་འཛིན་པའི་ཕྱག་རྒྱ་བཅའ་ཞིང་བསམ་པ་དམ་རྒྱ། ཕྱག་རྒྱ་བཅས་ནས་མདུན་དུ་བསྒྱུར་ཏེ་དགྲོལ་བ་ལས་རྒྱའོ། ༈ །བཞི་པ་རྒྱུད་ཀྱི་དགོས་འབྲེལ་ལ་བཞི་ལས། མཚོན་བྱ་རང་བཞིན་གྱི་རྒྱུད་གནས་ལུགས་དེ་བཞིན་ཉིད་ནི་བརྗོད་བྱ། དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་མཚོན་བྱེད་ལམ་རྐྱེན་གྱི་སྒྲར་སྣང་ཞིང་སྒྲར་གྲགས་པ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་འདི་ཉིད་རྗོད་བྱེད། དེ་ལ་བརྟེན་ནས་བརྗོད་བྱའི་དོན་རྟོགས་པ་ནི་དགོས་པ། དེ་རྟོགས་པས་བསྐྱེད་རྫོགས་ཀྱི་དོན་ཉམས་སུ་བླངས་པ་ལས་ཐུན་མོང་གི་དངོས་གྲུབ་བརྒྱད་དང་། རིག་འཛིན་བཞི་དང་། མི་སློབ་པའི་ཟུང་འཇུག་མཆོག་གི་དངོས་གྲུབ་ཐོབ་པ་ཉིང་དགོས་སོ། །དེ་ལྟར་བརྗོད་བྱ་རྗོད་བྱེད་སོགས་བཞི་པོ་དེ་མཐར་ཐུག་འབྲས་བུ་ཐོབ་པ་ལ་མེད་ན་མི་འབྱུང་གི་འབྲེལ་པར་གྲུབ་པའི་ཕྱིར་རོ། ༈ །ལྔ་པ་འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་ལ་གསུམ་ལས། ངོ་བོ་ནི། བསྟན་པའི་སྙིང་པོ་རང་བཞིན་གསང་བའི་སྙིང་པོ་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་དང་བཅས་པ་འདི་ཉིད་མི་ཉམས་པའི་ཆེད་དུ་འཁོར་རྣམས་ལ་གདམས་ཤིང་གཏད་པའོ། །ངེས་ཚིག་ནི། རང་བཞིན་རྒྱུའི་རྒྱུད་ཀྱི་དོན་ལས་མི་འགྱུར་བར་གདམས་པ་དང་། ལམ་རྒྱུད་དེ་ཉིད་གཞི་རྒྱུད་རྟོགས་བྱེད་ཀྱི་ཐབས་སུ་མི་ནུབ་པར་ཟུངས་ཤིག །ཅེས་གཏད་པ་ཡིན་པའི་ཕྱིར་གདམས་གཏད་དོ། །དབྱེ་བ་ལ་གཉིས་ལས། གདམས་པ་ནི། གཞི་རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས་པ། ལོག་རྟོག་འཁྲུལ་པའི་སྣང་བ་དག་བྱར་གདམས་པ། གདུལ་བྱ་ལམ་གྱི་སྣང་བ་བགྲོད་བྱར་གདམས་པ། འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པ་རྣམས་རིམ་བཞིན་བསྟན་པ་ནི། འདི་ཉིད་ཀྱི་ལེའུ་ཉེར་གཉིས་པ་ལས། ཀྱཻ། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་དང་། གཟུང་འཛིན་སྤྲོས་ལ་འཆེལ་བ་ཡི། །རྣམ་རྟོག་ཞགས་པས་སོ་སོར་འཛིན། །ཞེས་དང་། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་དང་། ཡེ་ཤེས་ངོ་མཚར་རབ་འབྱམས་ཀྱི། །དོན་དུ་མི་འགྱུར་ཡོངས་མ་གསུངས། །ཞེས་པ་རྣམས་ཀྱི་བསྟན་ཏོ། །གཉིས་པ་གཏད་པ་ལའང་གསུམ་ལས། དང་པོ་སྡུད་པ་པོ་ལ་གཏད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའི་བསྡུ་བ་པོ་གསང་བདག་ལག་ན་རྡོ་རྗེ་ལ་གཏད་པ་སྟེ། གོང་གི་འཕྲོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །སྒྲོ་དང་སྐུར་པ་ཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་བྱུང་། །ཞེས་དང་། གཞན་ཡང་རྒྱུད་འདི་འཛིན་པའི་གང་ཟག་གི་ཆེ་བ་ནི། ལེའུ་བཅུ་གསུམ་པ་ལས། གང་ཞིག་འདི་ལ་མོས་གྱུར་པ། །སོགས་ནས། ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཞེས་དང་། གཟུང་བྱ་རྒྱུད་ཀྱི་ཆེ་བ་ཡང་། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །སོགས་ནས། བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་སོ། །གཉིས་པ་ཕྱི་རབས་ཀྱི་གང་ཟག་ལ་གཏད་པ་ལ་གཉིས་ལས། དང་པོ་གང་ཟག་ཆོས་མིག་ཅན་ལ་གཏད་པ་ནི། ལེའུ་ཉེར་གཉིས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་དང་། གཉིས་པ་ངེས་པར་ལུང་བསྟན་པའི་སྒོ་ནས་གཏད་པའི་འཐད་པ་དང་བཅས་པ་ནི། གོང་གི་འཕྲོས་སུ། དེ་ནི་ངེས་པར་ལུང་བསྟན་ཏེ། །སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ས་རབ་རིག་པ་འཛིན་ལ་གནས། །ཞེས་དང་། ལེའུ་བཅུ་གསུམ་པ་ལས། ཀུན་གྱི་ཕྱག་རྒྱ་ཆེན་པོའི་མཆོག །སོགས་ནས། ལུས་དང་ལོངས་སྤྱོད་གཏོར་ལ་སྦྱིན། །ཞེས་སྣོད་ལྡན་ལ་སྦྱིན་པ་དང་། །དེའི་འཕྲོས་སུ། གཞན་དུ་ནམ་མ་ཡང་སྦྱིན་མི་བྱ། །སོགས་ནས། སྲེག་དང་སྦྲེབས་ལ་ཡུན་རིང་གནས། །ཞེས་སྣོད་མིན་ལ་མི་སྦྱིན་པར་བསྟན་པའོ། །གསུམ་པ་མ་མོ་དང་མཁའ་འགྲོ་རྣམས་ལ་གཏད་པ་ནི། རྒྱས་པ་ལས། ང་ཡི་ཐུགས་ཀྱི་སྙིང་པོ་འདི། །ཕྱོགས་བཅུ་ཀུན་ཏུ་སྤེལ་བ་དང་། །དེ་ཡི་གཟུངས་ལ་གཏད་པ་ནི། །ཡིད་བཞིན་མཛོད་འབྱོར་བཀའ་ཡི་གནས། །བསྟན་པ་འཛིན་པར་ནུས་པ་ལ། །གསང་བའི་སྙིང་པོ་མཆོད་ཏུ་གཏད། །ཅེས་མ་མོ་དང་མཁའ་འགྲོ་རྣམས་ལ་བསྟན་པ་སྐྱོང་ཞིང་ཕྱོགས་བཅུར་སྤེལ་བར་གཉེར་གཏད་པའོ། །གཉིས་པ་ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བ་ནི། རྒྱུད་ལེའུ་གསུམ་པ་ལས། ཆོས་རྣམས་མིང་དུ་བཏགས་པ་ཙམ། །སྟོན་པས་དོན་དང་མཐུན་ཕྱོགས་སུ། །མིང་དང་ཚིག་ཏུ་བཏགས་ནས་བསྟན། །སྟོན་མིང་ཚིག་ལ་དངོས་པོ་མེད། །ཅེས་བསྟན་པ་ལྟར། དེ་ལ་གསུམ་ལས། ངོ་བོ་བརྗོད་བྱ་འཆད་པར་བྱེད་པ་ནི་རྗོད་བྱེད་དེ་དེ་ཡང་སྒྲར་སྣང་ཞིང་སྒྲར་གྲགས་པ་སྒྲ་ཡི་རྒྱུད་དམ་གླེགས་བམ་དུ་སྣང་བ་ཡི་གེའི་རྒྱུད་དུ་གྲགས་པ་གང་ཡིན་པའོ། །དེ་ཡང་ངོ་བོ་ཚོགས་པ་གསུམ་དང་ལྡན་པ་སྟེ། གདུང་འདེགས་ཀྱི་ཤིང་ལ་ཀ་བ་ཞེས་བཏགས་པ་ལྟ་བུ་ཆོས་གང་ལ་སྒྲ་གང་ཞིག་དེ་ཡིན་པ་ལྟ་བུར་བཏགས་ནས་བརྗོད་པ་ནི་མིང་ཡིན་ལ། མིང་དེ་མང་པོ་འདུས་པ་ནི་མིང་གི་ཚོགས་ཏེ་མངོན་བརྗོད་ཀྱི་བསྟན་བཅོས་ལྟ་བུའོ། །མིང་དེ་ལ་རྣམ་དབྱེ་སྦྱར་བས་ཆོས་དེ་དང་དེ་ཡི་ཁྱད་པར་སྟོན་པ་ནི་ཚིག་ཡིན་ཏེ། དཔེར་ན། རྟ་བབས་ཀྱི་རྩེར་འཁོར་ལོའི་གཡས་གཡོན་གཉིས་ན་རི་དྭགས་ཕོ་མོས་བརྟེན་པ། ཞེས་པ་ལྟ་བུའོ། །མིང་ཚིག་དེ་དག་གསལ་བར་བྱེད་པའི་འབྲུ་ལ་ཡི་གེ་ཞེས་བྱའོ། །ཡི་གེ་དབྱངས་གསལ་འདུས་པ་ལས་མིང་། མིང་འདུས་པ་ལས་ཚིག །ཚིག་འདུས་པ་ལས་ཚིགས་སུ་བཅད་པ་དང་། ལྷུག་པ་དང་། སྤེལ་མ་སོགས། གཞུང་ཚོགས་ཡི་གེའི་རྒྱུད་གྲུབ་པ་ཡིན་ཏེ། འདི་ཉིད་ཀྱི་ལེའུ་བཅུ་གསུམ་པ་ལས། ཡི་གེ་སྒྲར་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་རྩ་རྒྱུད་འདི་ཉིད་ལ་ལེའུ་ཉི་ཤུ་རྩ་གཉིས་སུ་གནས་པའི་ལེའུ་སྟོད་སྨད་བར་གསུམ་དང་དུམ་དུམ་ཆ་བཅས་ཀྱི་སྟོན་ཚུལ་ནི་གཞུང་གི་ཚིག་འགྲེལ་ལ་དཔྱད་པས་རྟོགས་པར་སླ་བ་ཡིན་ནོ། །ཤིན་ཏུ་ཐོས་དཀའ་དཔལ་ལྡན་སྙིང་པོའི་རྒྱུད། །གསང་བདག་དྲུག་པ་ཆེ་ནས་བླ་མའི་བར། །རིམ་བརྒྱུད་མདོ་སྔགས་ཡོངས་ཀྱི་བསྟན་པའི་སྙིང་། །ཐོས་བསམ་བྱེད་པའི་སྐལ་བཟང་འདི་རྨད་བྱུང་། །སྙིགས་མའི་སྐྱེ་བོ་སྤྲུལ་གདུག་ལྟ་བུའི་ཁྲོད། །ཆོས་བརྒྱད་དུག་གི་ཁ་རླངས་མི་བཟད་པས། །རྒྱལ་བསྟན་སྒྲོན་མེའང་མོག་པོར་གྱུར་མཐོང་བས། །ལྷག་བསམ་སྣང་བ་གསལ་ཡང་ཅི་ཞིག་བྱ། །འོན་ཀྱང་རིགས་སད་ཆོས་མིག་ཅན་རྣམས་དང་། །རང་བློ་ངལ་བ་བྱས་གང་དོན་ཡོད་ཕྱིར། །ཅུང་ཟད་བཤད་འདིའང་དམ་པའི་སྐྱེས་བུ་ཡི། །གཞུང་ལུགས་རྣམས་ལ་བརྟེན་གྱི་རང་བློས་མིན། །བློ་ནུས་ཕྲ་བས་ཟབ་དོན་གནད་མ་འཇལ། །ཚིག་སྤྱིའི་དོན་ཙམ་དེ་ཡང་ལོག་པར་བཤད། །གཟུ་ལུམ་རས་ཆོད་རང་བཟོས་ཉེར་གྱུར་པའི། །ནོངས་པ་མ་ལུས་སྙིང་ནས་མཐོལ་ཞིང་བཤགས། །སྐྱེ་ཀུན་ལམ་འདི་འཛིན་ཅིང་སྟོན་པ་ཡི། །གསང་ཆེན་བསྟན་ལ་བགྱི་བ་ཆེས་ཐོངས་ཤིང་། །མ་ལུས་འགྲོ་ཀུན་རྡོ་རྗེའི་རྒྱལ་ཐབས་སུ། །འགོད་པའི་ཕྲིན་ལས་གསང་བདག་དང་མཚུངས་ཤོག །དཔལ་ལྡན་གསང་བ་སྙིང་པོའི་རྒྱུད་ཀྱི་སྤྱོ་དོན་ལྟར་བཤད་པ་དགོངས་རྒྱན་དང་རབ་འབྱམས་པ་ཆོས་གྲགས་ཀྱི་ཟིན་བྲིས་སོགས་ལས། ལུང་དང་ཚིག་ཚོགས་ཅུང་ཟད་བསྡུས་ཏེ། ཐུགས་སུ་ཆུད་སླ་བའི་ཕྱིར་ཟིན་ཐོར་སྔ་མོ་ཞིག་ནས་བྲིས་པ་སླར་ཡང་བསྟན་པའི་གསལ་བྱེད་རྗེ་དབོན་དཔལ་ལྡན་འཇིགས་མེད་སོགས་དོན་གཉེར་རྣམས་ཀྱིས་རྒྱུད་ཀྱི་ལེའུ་སོ་སོས་སྟོན་ཚུལ་སོགས་ཁོངས་སྨོས་པའི་གསལ་བ་ཞིག་ཅིས་ཀྱང་དགོས་ཞེས་བསྐུལ་བས། གསང་བདག་དགོངས་རྒྱན་གྱི་དགོངས་པ་ལྟར་ལ་མེད་ཀ་མེད་ཆ་ཤས་ཀྱིས་ཁ་བསྐངས་པ་ལས་གཞན་ཡི་གེ་ཉུང་བ་ཁོ་ན་གཙོ་བོར་བྱས་ཏེ་སླར་ཡང་ཤིང་ཁྱིའི་ལོར་རྒྱལ་བ་ཀཿཐོག་པའི་བཀའ་འབངས་ཀྱི་ཡང་མཐར་གྱུར་པའི་བནྡེ་སྙོམས་ལས་པ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་བྲིས་པ་ལ་ཉེས་འགལ་གང་མཆིས་དཀྱིལ་འཁོར་ལྷ་ཚོགས་ཀྱི་སྤྱན་སྔར་བཟོད་པར་གསོལ་ཞིང་ལེགས་ཆ་མཆིས་ན་སེམས་ཅན་མ་ལུས་ཀུན་ཏུ་བཟང་པོའི་ས་ལ་འཁོད་ཅིང་གསང་བ་ཡོངས་ཀྱི་སྙིང་པོ་འདི་ཉིད་ཕྱོགས་དུས་ཀུན་ཏུ་ཉི་མ་དང་ཟླ་བ་ལྟར་གསལ་བར་གྱུར་ཅིག །སརྦ་མདྒ་ལཾ། སརྦ་དཱ་ཱཤུ་བྷཾ། སརྦ་དཱ་ཤུ་བྷཾ།། །།

རྒྱུད་ཀྱི་ལོ་རྒྱུས།

༈ དེ་ཡང་རྣ་རྒྱུད་ལུང་གི་ཕྲེང་བ་ལས། རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། །དེ་ཡིས་གསུངས་པའི་ལུང་ཆེན་རྣམས་ལ་ནི། །ཕྱི་རོལ་རྒོལ་བ་ངན་པའང་འབྱུང་སྲིད་ཀྱིས། །དང་པོར་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨོས། །ཞེས་གསུངས་པ་ལྟར། རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་པའི་དབང་དུ་བྱས་ན། དང་པོ་སྟོན་པས་གསུངས་ཚུལ་དང་། དེ་ལས་ཇི་ལྟར་བརྒྱུད་ཚུལ་དང་གཉིས་ལས། དང་པོ་ནི་འདི་ལ་བཞེད་ཚུལ་མི་འདྲ་བ་འགའ་ཞིག་སྣང་སྟེ། སློབ་དཔོན་ཉི་འོད་སེང་གེས་ནི། འོག་མིན་དུ་ལོངས་སྤྱོད་རྫོགས་པའི་སྐུས་གསང་སྔགས་ཀྱི་ཆོས་གསུངས་པའི་ཚེ། དེ་དང་དུས་མཚུངས་པར་མི་ཡུལ་དུ་མཆོག་གི་སྤྲུལ་སྐུས་རྡོ་རྗེ་གདན་དུ་སངས་རྒྱས་ཚུལ་མ་བསྟན་པའི་གོང་དུ་གསུངས་པ་ཡིན་ནོ། །ཞེས་གསུངས་ཏེ། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་དུ་དེ་ལྟར་བཤད། ཡང་སློབ་དཔོན་སྒེག་པ་རྡོ་རྗེས་ནི། མཆོག་གི་སྤྲུལ་སྐུས་མི་ཡུལ་དུ་ཐུན་མོང་གི་ཐེག་པ་བཤད་པ་དང་དུས་མཚུངས་པར་སྟོན་པས་འོག་མིན་དུ་གསུངས་པར་བཞེད་དེ། དེས་མཛད་པའི་འགྲེལ་པ་སྤར་ཁབ་ཏུ་དེ་ལྟར་བཤད་པའི་ཕྱིར། དོན་ལ་དེ་གཉིས་ཀྱང་དགོངས་པའི་གནད་གཅིག་པས་འགལ་བ་མེད་ཀྱང་། སྔོན་གྱི་ཟུར་པ་རྣམས་ཀྱིས་སྤར་ཁབ་ཀྱི་ལུགས་ལྟར་མཛད་པས་འདིར་ཡང་རེ་ཞིག་སྤར་ཁབ་ཀྱི་ལུགས་ལྟར་བཞེད་པ་ཡིན། དོན་ལ་དེ་གཉིས་འགལ་མེད་དུ་འཆད་ཐུབ་སྟེ། གདུལ་བྱའི་མཐོང་སྣང་གི་དབང་གིས་རྒྱུད་གཞུང་གཅིག་ལ་གླེང་གཞི་བཤད་ཚུལ་ཐ་དད་པ་གཞན་ལས་ཀྱང་འབྱུང་སྟེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་བཤད་རྒྱུད་ལས། གླེང་གཞི་རྣམ་པ་གསུམ་ཡིན་ཏེ། །འོག་མིན་གནས་དང་རི་རབ་རྩེ། །འཛམ་བུ་གླིང་དུ་གྲགས་པ་ཡིན། །བྱང་ཆུབ་སེམས་དཔའ་ལྷ་རྣམས་དང་། །མི་རྣམས་ཀྱི་ནི་དོན་དུ་གསུངས། །སྟོན་པ་ཡང་ནི་རྣམ་གསུམ་སྟེ། །སངས་རྒྱས་རྡོ་རྗེ་འཆང་ཆེན་དང་། །སྤྲུལ་སྐུ་འཁོར་ལོས་སྒྱུར་བ་དང་། །ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས། །དུས་ནི་གདུལ་བྱ་འདུལ་བའི་དུས། །འཁོར་རྣམས་འདུས་པའི་དུས་དེར་གསུངས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དེ་ལས་ཇི་ལྟར་བརྒྱུད་ཚུལ་ནི། བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་གསུངས་པས། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་དང གསུམ་ལས། དང་པོ་ནི། རྒྱལ་བ་ཀུན་ཏུ་བཟང་པོས་འོག་མིན་ཆེན་པོའི་གནས་སུ་ཉིད་ལས་མི་གཞན་པའི་འཁོར་རྒྱལ་བ་རིགས་ལྔ་ལ་ཆོས་འོད་གསལ་བའི་དགོངས་པ་ཟང་ཐལ་དུ་གསུངས་པ་ནི་རྒྱལ་བ་དགོངས་པས་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ་ནི། རྒྱལ་བ་རིགས་ལྔ་རྒྱལ་སྲས་སེམས་དཔའ་སོགས་ལ་བརྗོད་མེད་རིག་པའི་གསུངས་དབྱངས་ཀྱི་བརྡས་གོ་བར་མཛད་པ་ནི་རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་ཁུང་དུ་བརྒྱུད་པ་ནི། རྒྱལ་སྲས་སེམས་དཔའི་འཁོར་རྣམས་ཀྱི་ནང་ནས་རིགས་གསུམ་གྱི་གདུལ་བྱ་རང་རང་གི་སྐལ་བ་དང་མཐུན་བར་བསྟན་པ་ནི། འཇམ་དཔལ་གྱིས་ལྷ་ཡི་གནས་སུ་ལྷ་གྲགས་ལྡན་མཆོག་སྐྱོང་ལ་བཤད་དེ་ལྷའི་རིག་འཛིན་རྣམས་ལ་དར་བར་བྱས། སྤྱན་རས་གཟིགས་ཀྱིས་ཀླུའི་གནས་སུ་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད་དེ་དར་བར་བྱས། ཕྱག་ན་རྡོ་རྗེས་གནོད་སྦྱིན་གྱི་གནས་སུ་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད་དེ་དར་བར་བྱས་པ་ནི་གང་ཟག་སྙན་ཁུང་དུ་བརྒྱུད་པའོ། །དེའི་དུས་སུ་སྟོན་པས་ལས་ཅན་གྱི་གདུལ་བྱ་དག་པ་ལ་གསང་སྔགས་རྡོ་རྗེ་ཐེག་པ་གསུངས་ནས་ལྷ་ཀླུ་མིའི་འཇིག་རྟེན་དུ་གསང་ཐབས་ཀྱི་སྤྱོད་པ་ལས། གསང་སྔགས་ཀྱི་སྒྲ་ཡོངས་སུ་མ་གྲགས་ཏེ། འདི་ལ་དགོངས་ནས་དགོངས་འདུས་སུ། ངེས་པའི་ཐེག་པ་ཡོངས་མ་གསུངས། །ཞེས་སོ། །དེས་ན་རེ་ཞིག་རྡོ་རྗེ་ཐེག་པས་འདུལ་བའི་དུས་ལ་མ་བབ་པར་གཟིགས་ནས། རིགས་ཅན་ལྔ་རིགས་ཅན་ལྔ་ནི། ལྷ་གྲངས་ལྡན་མཆོག་སྐྱོང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མིའི་རིག་འཛིན་ལི་ཙ་བཱི་དྲི་མེད་གྲགས་པའོ། །མཆན། དང་རྒྱལ་པོ་ཟླ་བཟང་སོགས་ལ་གསུངས་ཏེ། འཇིག་རྟེན་ན་གསང་སྔགས་ཀྱི་སྒྲ་ཡོངས་སུ་གྲགས་པ་ཕྱིས་འབྱུང་བར་ལུང་བསྟན་ཏེ། སྡོམ་འབྱུང་གི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །རྒྱལ་པོ་ཛཿཞེས་བྱ་བ་ལ། །བསོད་ནམས་ཆེན་པོའི་མཐུས་སྣང་བའི། །གསང་བའི་བདག་པོས་སྣང་བར་འགྱུར། །ཞེས་གསུངས་པ་དང་མཐུན་པར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ན་དམ་པའི་རིགས་ཅན་དྲྭ་མ་ལྔ་ནང་དུ་ཡང་དག་འཇོག་པ་ལ་གནས་པ་རང་རང་གི་མངོན་པར་ཤེས་པས་མཁྱེན་ཏེ་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར་རྫུ་འཕྲུལ་གྱི་བྱ་བས་འདུས་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཡིད་ལ་བྱས་ཏེ། ཀྱེ་མ་ཀྱེ་ཧུད་ཀྱེ་མ་བློང་། །སྟོན་པ་སྒྲོན་མའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་སོགས་གདུང་ཚིག་ཉེར་གསུམ་བཏོན་པས། སྟོན་པ་རིགས་དྲུག་པ་ཀུན་ཏུ་བཟང་པོ་ཉིད་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་རྣམ་པར་བསྟན་ནས། སྔར་འོག་མིན་དུ་གསུངས་པ་ཉིད་སླར་ཡང་བཟླས་ཏེ་གསུང་བར་དགོངས་ཏེ། ཇི་སྐད་དུ། སེམས་ཀྱི་དཀྱིལ་འཁོར་མེ་ལོང་བཞིན། །བསྟན་པ་དེ་ལྟར་བདག་གིས་ཀྱང་། །ཐོག་མ་ཐ་མ་མེད་པ་རུ། །བདག་གིས་དམ་བཅའ་མི་འདོར་བས། །བསྐུལ་བའི་དོན་ནི་གང་བྱུང་བ། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང་། །ཞེས་རྨད་དུ་བྱུང་བའི་ཆོ་འཕྲུལ་གྱིས་རི་མ་ལ་ཡའི་རྩེར་གཤེགས་ཏེ། རིགས་ཅན་དྲྭ་མ་ལྔ་དང་རིག་འཛིན་ཕལ་མོ་ཆེའི་འཁོར་གྱི་དབུས་སུ་གསང་བདག་ཕྱག་ན་རྡོ་རྗེའི་སྐུའི་རྣམ་པར་བསྟན་ནས། སྔོན་འོག་མིན་དང་དགའ་ལྡན་དང་། སུམ་ཅུ་རྩ་གསུམ་གྱི་གནས་རྣམས་སུ་གྲགས་པའི་གསང་བའི་ཐེག་པ་ཉིད་སྟོན་པར་མཛད་ཅིང་། དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེངས་བམ་ལ་བཻཌཱུརྱ་ཞུན་མས་བྲིས་ནས་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་སྦས་སོ། །དེའི་ཚེ་དེའི་བྱིན་རླབས་ཀྱི་ས་ཧོ་རའི་རྒྱལ་པོ་ཛཿལ་རྨིས་ལྟས་ངོ་མཚར་བ་བདུན་བྱུང་སྟེ། ཇི་སྐད་དུ། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་། །ཆོས་ཀྱི་བགྲོ་བ་བྱས་པ་དང་། །ཀུན་གྱིས་དམ་པར་བསྒྲགས་པ་དང་། །མཆོད་པ་ཆེན་པོ་བྱས་པ་དང་། །རིན་ཆེན་ཆར་དུ་བབས་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་པའི་རྨི་ལྟས་དང་མཐུན་པར་རྒྱུད་སྡེའི་གླེགས་བམ་རྣམས་མི་ཡུལ་དུ་དངོས་སུ་བབས་ཏེ། ཀྲི་ཡའི་རྒྱུད་རྣམས་ཝ་ར་ཎཱ་སཱིའི་ཡུལ་དུ་བབས། ཨུ་པ་ཡའི་རྒྱུད་རྣམས་རི་བོ་བྱ་རྐང་ཅན་དང་བསིལ་བའི་ཚལ་དུ་བབས། ཡོ་གའི་རྒྱུ་རྣམས་དུར་ཁྲོད་མེ་རི་འབར་བའི་རྩེ་མོར་བབས། མ་ཧཱ་ཡོ་གའི་རྒྱུད་རྣམས་ས་ཧོ་རའི་ཡུལ་དུ་རྒྱལ་པོ་ཆེན་པོ་ཛཿའི་ཁང་སྟེང་དུ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་ཆར་བབས། ཨ་ནུ་ཡོ་གའི་རྒྱུད་རྣམས་སིངྒ་ལའི་གླིང་དུ་གླེགས་བམ་དང་བཅས་ཏེ་བབས། ཨ་ཏི་ཡོ་གའི་རྒྱུད་རྣམས་ནི་ནུབ་ཕྱོགས་ཨ་ཌཱི་ཡ་ནའི་ཡུལ་དུ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེའི་དཔལ་རྡོ་རྗེ་སེམས་དཔའ་ལ་དངོས་སུ་གསན་ནས་གླེགས་བམ་ལ་བཀོད་པར་མཛད་དོ། །དེ་ལྟར་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་པོ། རྒྱལ་པོ་ཛཿས་སློབ་དཔོན་ཀུ་ཀུ་རཱ་ཛ་ལ། དེས་ཨིནྟྲ་བྷུ་ཏི་ལ། དེས་སིང་ཧ་རཱ་ཛ་ལ། དེས་ཨུ་པ་རཱ་ཛ་ལ། དེས་སྲས་མོ་གོ་མ་དེ་བི་ལ། དེ་སྒེག་པ་རྡོ་རྗེ་དང་སངས་རྒྱས་གསང་བ་གཉིས་ལ། དེ་གཉིས་ཀྱིས་པཎ་ཆེན་བི་མ་མི་ཏྲ་ལ། དེས་ལོ་ཙཱ་བ་རྨ་རིན་ཆེན་མཆོད་དང་གཉགས་ཛྙཱ་ན་ཀུ་མཱ་ར་གཉིས་ལ། རྨ་རིན་ཆེན་མཆོག་གིས་གཙུག་རུ་རིན་ཆེན་གཞོན་ནུ་དང་གྱེ་རེ་མཆོག་སྐྱོང་གཉིས་ལ། དེ་གཉིས་ཀས་དར་རྗེ་དཔལ་གྱི་གྲགས་པ་དང་ཞང་རྒྱལ་བའི་ཡོན་ཏན་གཉིས་ལ་བཤད། ཞང་གིས་གནུབས་སངས་རྒྱས་ཡེ་ཤེས་ལ་བཤད་པ་སྟེ་བཀའ་སྲོལ་གཅིག་གོ། །ཡང་སློབ་དཔོན་པདྨ་དང་བི་མ་ལ་གཉིས་ཀས་གཉགས་ཛྙཱ་ན་ཀུ་མཱ་ར་ལ། དེས་སོག་པོ་དཔལ་གྱི་ཡེ་ཤེས་ལ། དེས་གནུབས་ཆེན་ལ་བཤད་པས་བཀའ་སྲོལ་གཅིག་གོ། །ཡང་རྨ་གཉགས་ཐུན་མོང་གི་སློབ་མ་ཁུ་བྱང་ཆུབ་འོད་ནས་མཁས་པ་གཙུག་གྱེར་རྣམ་གཉིས་ལ་བརྒྱུད་དེ་གནུབས་ལ་བཤད་པས་བཀའ་སྲོལ་གཅིག་གོ། །དེ་ལྟར་གནུབས་ལ་བརྒྱུད་པའི་བཀའ་སྲོལ་གྱི་ཆུ་བོ་ཐམས་ཅད་འདུས་ཤིང་། དེ་ལ་ཐུགས་ཟིན་གྱི་སྲས་བཞི། སོ་ཡེ་ཤེས་དབང་ཕྱུག །སྤ་གོར་བློན་ཆེན་འཕགས་པ། དན་ཡོན་ཏན་མཆོག །སྲུ་ལེགས་པའི་སྒྲོན་མེ་བཞིའོ། །མཆན། སྲས་ཀྱི་དམ་པ་གཅིག་སྲས་ཀྱི་དམ་པ་གཅིག་ནི་གནུབས་ཡོན་ཏན་རྒྱ་མཚོའོ། །མཆན། དང་ལྔ་འབྱུང་བར་གྲགས། དེ་ནས་རིམ་པར་བརྒྱུད་པའི་མཐར། ཉང་ཡེ་ཤེས་འབྱུང་གནས་ཀྱིས་ལྷ་རྗེ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ལ་བཤད། དེ་ལ་སློབ་མ་རྩེ་མོ་རྩེ་མོ་བཞི་ནི། མི་ཉག་འབྱུང་གྲགས། ཞང་འགོས་ཆུང་བ། བཟང་སྒོམ་ཤེར་རྒྱལ། ལྷ་རྗེ་ཟུར་ཆུང་བ་ཤེས་རབ་གྲགས་པ་རྣམས་སོ། །མཆན། བཞི། རྩེ་ལྐོག་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་ལ་སོགས་པ་བྱུང་། ཟུར་ཤཱཀྱ་འབྱུང་གནས་ཀྱིས་ཟུར་ཆུང་ཤེས་རབ་གྲགས་པ་ལ། དེ་ལ་སློབ་མ་ཀ་བ་ཀ་པ་བཞི་ནི། རྫོགས་ཆེན་གྱི་ཀ་བ་སྐྱོ་སྟོན་ཤཱཀ་ཡེ། མདོའི་ཀ་བ་ཡང་ཁྱེད་བླ་མ། སྒྱུ་འཕྲུལ་གྱི་ཀ་བ་གླན་ཤཱཀྱ་བཟང་པོ། ཕྲིན་སྒྲུབ་ཀྱི་ཀ་བ་མདའ་ཏིག་ཆོས་ཤཱཀ་གོ། །མཆན། བཞི། གདུང་མ་བརྒྱད། ཕྱམ་བཅུ་དྲུག །དྲལ་མ་སུམ་ཅུ་སོ་གཉིས། ཡུས་པོ་ཆེ་མི་གཉིས་ལ་སོགས་པ་འབྱུང་བར་གྲགས། ཟུར་ཆུང་གིས། སྲས་གསང་བདག་སྒྲོ་ཕུག་པ་ཤཱཀྱ་སེང་གེ་ལ། དེ་ནས་ཟུར་གྱི་རིགས་ལས་རིམ་པར་བརྒྱུད་པའི་མཐར། ཟུར་ཆེན་བཀྲ་ཤིས་ཀུན་དགའ། དེས་སྨྱོས་སྟོན་གསང་བདག་ཕྲིན་ལས་ལྷུན་གྲུབ་ལ་སྩལ། དེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་ལ། དེས་མཁན་ཆེན་དྷརྨཱ་ཤྲཱི་ལ། དེས་མདོ་སྔགས་ལུང་རིགས་རབ་འབྱམས་སྨྲ་བའི་དབང་ཕྱུག་ཨོ་རྒྱན་ཆོས་གྲགས། དེས་མདོ་རྒྱུད་རྒྱ་མཚོའི་དབང་ཕྱུག་ཨོ་རྒྱན་ཕྲིན་ལས་བསྟན་འཛིན། དེས་རིགས་བརྒྱའི་ཁྱབ་བདག་བཀའ་དྲིན་གསུམ་ལྡན་དོན་གྱི་སླད་དུ་མཚན་ནས་སྨོས་ན་དཔལ་ཆོས་ཀྱི་རྡོ་རྗེ་འགྱུར་མེད་ཀུན་བཟང་གྲུབ་པའི་དབང་ཕྱུག །སྦས་པའི་གྲུབ་ཐོབ་རྟ་མཆོག་དབང་གི་རྣམ་པར་རོལ་པ་པདྨ་གར་དབང་ཕྲིན་ལས་རྣམ་རྒྱལ། དེ་ཉིད་ཀྱི་བཀའ་དྲིན་ལས་བདག་ཤཱཀྱའི་བཙུན་པ་འགྱུར་མེད་ཚེ་དབང་མཆོག་གྲུབ་ངེས་དོན་བསྟན་འཕེལ་ལ་བརྒྱུད་པ་སྟེ། དེ་ལ་འདིར། བཤད་བྱ་དམ་པའི་ཆོས་ངོས་བཟུང་བ་དང་། འཆད་བྱེད་ཀྱི་ཆོས་ངོས་བཟུང་བ་དང་། ཇི་ལྟར་འཆད་པའི་ཚུལ་དང་གསུམ་ལས། དང་པོ་བཤད་བྱ་དམ་པའི་ཆོས་ངོས་བཟུང་བ་ནི། མ་ཧཱ་ཡོ་གའི་ཐེག་པ་ལ། ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཡོད་པ་ལས། འདིའི་གྲངས་ལ་བཞེད་པ་མང་ཡང་། རང་ལུགས་གཏེར་ཆེན་བླ་མའི་དགོངས་པ་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་བའི་རྒྱུད་སྡེ་ལྔ། སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་གསང་ཐིག་ལེ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེ་དང་ལྔའོ། །མཆན། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ། ཧེ་རུ་ཀ་རོལ་པའི་རྒྱུད། རྟ་མཆོག་རོལ་བའི་རྒྱུད། སྙིང་རྗེ་རོལ་པའི་རྒྱུད། བདུད་རྩི་རོལ་པའི་རྒྱུད། ཕུར་པ་བཅུ་གཉིས་པ་འབྱུང་བའི་རྒྱུད། མཆན། སྤྱོད་པ་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ། རི་བོ་བརྩེགས་པ། ཡེ་ཤེས་རྔམ་གློག །དམ་ཚིག་བཀོད་པ། ཏིང་འཛིན་རྩེ་གཅིག །གླང་ཆེན་རབ་འབོག་གི་རྒྱུད་དང་ལྔའོ། །མཆན། མ་ཚང་བ་ཁ་སྐོང་བར་བྱེད་པ་རྒྱུད་ཕྱི་མ་ལྟ་དཀྱིལ་འཁོར་གྱི་ལམ་ལ་འཇུག་པའི་ཡན་ལག་ཏུ་གྱུར་པ་རྣམ་སྣང་སྒྱུ་དྲྭ་དང་། དངོས་གྲུབ་སྒྲུབ་པའི་ཆ་རྐྱེན་ཆོ་གའི་ཡན་ལག་ཏུ་གྱུར་པ་འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བའི་དོན་བསྡུས་པ། མཆན། བུ་གཉིས། དེ་ཐམས་ཅད་ཀྱི་བསྡུས་སྤྱི་རྒྱུད་སྒྱུ་འཕྲུལ་དྲ་བའི་རྒྱུད། མཆན། དོན་ལྟ་བུའི་རྒྱུད་སྡེ་ཆེན་པོ་གཅིག་དང་བཅོ་བརྒྱད་དོ། །དེའི་ཕྱི་མ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་སྡེ་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཡིན་ལ། དེ་ནི་བཤད་བྱ་དམ་པའི་ཆོས་བཟུང་བ་དེ་ཡིན། གཉིས་པ་འཆད་བྱེད་ཀྱི་ཆོས་ངོས་བཟུང་བ་ནི། ལུང་རྒྱུད་དང་རིག་མན་ངག་གསུམ་གྱིས་འཆད་ལ། དེ་ཡི་དང་པོ་ནི། བཤད་རྒྱུད་སྡེ་བཞི་དང་། སྒྱུ་འཕྲུལ་སྡེ་བརྒྱད་ཅེས་འབྱུང་བའི། སྡེ་བརྒྱད་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་དབྱེར་མེད་དུ་སྟོན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། ལས་ཚོགས་རྒྱས་པར་སྟོན་པ་རྣམ་སྣང་སྒྱུ་འཕྲུལ་དྲ་བ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ། དཀྱིལ་འཁོར་རྒྱས་པར་སྟོན་པ་སྒྱུ་འཕྲུལ་བརྒྱད་པ། ཕྲིན་ལས་རྒྱས་པར་སྟོན་པ་བཞི་བཅུ་པ། དབང་གཙོ་བོར་སྟོན་པ་བླ་མ། ཡོན་ཏན་མཐར་ཕྱིན་པ་སྟོན་པ་བརྒྱད་བཅུ་པ། དམ་ཚིག་མཆོག་ཏུ་སྟོན་པ་ལེ་ལག་དང་བརྒྱད་དོ། ༈ །འཆད་བྱེད་ཀྱི་ཆོས་དངོས་ནི། རྒྱུད་སྡེ་འདི་ཡི་བཤད་བྱའི་གཙོ་བོ་ཐབས་ལམ་གྲོལ་ལམ་གཉིས་ལས། གྲོལ་ལམ་རིམ་གྱིས་དང་གཅིག་ཅར་དུ་སྟོན་པ་ཡེ་ཤེས་སྙིང་པོ་དང་རྡོ་རྗེ་མེ་ལོང་། ཐབས་ལམ་རིམ་གྱིས་དང་གཅིག་ཅར་དུ་སྟོན་པ་སྒྱུ་འཕྲུལ་རྒྱ་མཚོ་དང་། ཐལ་བ་སྟེ། བཤད་རྒྱུ་སྡེ་བཞིའི་ལུང་ཚད་མའོ། །དེ་དག་གི་དགོངས་འགྲེལ་རྒྱ་རྒྱ་གར་གྱི་བི་མའི་ཁོག་གཞུང་དང་། སྒེག་པ་རྡོ་རྗེའི་སྤར་ཁབ་དང་། སངས་རྒྱས་གསང་བའི་ལམ་རིམ་ལ་སོགས་པའོ། །བོད་ཀྱི་ཀློང་ཆེན་པོའི་ཕྱོགས་བཅུ་མུན་སེལ་དང་། རོང་ཟོམ་པའི་དཀོན་མཆོག་འབྲེལ་དང་། གཡུང་སྟོན་པའི་གཡུང་འགྲེལ་རྒྱན་གྱི་མེ་ཏོག་དང་། སྨན་ལུང་པའི་སྙིང་ཐིག་ཊཱི་ཀ །ཀཿཐོག་པ་དམ་གཙང་བྱམས་གསུམ་གྱི་སྙིང་གི་ཊཱི་ཀ་སོགས་སོ། །བོད་ཀྱི་མཁས་གྲུབ་རྣམས་ཀྱིས་མཛད་པ་མན་ངག་ཚད་མ། དེ་གཉིས་དང་རྗེས་སུ་འབྲེལ་བའི་རིགས་པ་ཚད་མ། དེ་གསུམ་གྱིས་གཏན་ལ་ཕབ་པས་རྒྱུད་དོན་རྟོགས་པར་འགྱུར་ཏེ། རྡོ་རྗེ་མེ་ལོང་ལས། ལུང་དང་རིག་པ་མན་ངག་གི། །ཚད་མ་དག་གིས་གང་གཞལ་བའི། །ཤེས་བྱ་ཁོང་དུ་ཆུད་པར་འགྱུར། །ཞེས་སོ། །ཞར་བྱུང་དུ། རྒྱུད་ལུང་མན་ངག་གསུམ་གྱི་མཚན་ཉིད་ལ། རྒྱུད་ཀྱི་མཚན་ཉིད་ནི། འབྲེལ་ཞིང་རྒྱུན་ཆགས་པས་དངོས་གྲུབ་བསྒྲུབ་པའི་ཡན་ལག་ཐམས་ཅད་ཚང་བ་ཕུན་སུམ་ཚོགས་པ་ལྔ་དང་སྟོན་པ། གནས། དུས། འཁོར། ཆོས་ཕུན་སུམ་ཚོགས་པའོ། །མཆན། ལྡན་པའོ། །རྡོ་རྗེ་རྩེ་མོ་ལས། འབྲེལ་དང་མ་ཚང་མེད་ཕྱིར་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། །ཞེས་སོ། །ལུང་གི་མཚན་ཉིད་ནི། མདོ་རྒྱུད་ནས་ཚིག་དུམ་བུར་ཕྱུང་ཞིང་ཡིད་ཆེས་སུ་བྱེད་པའོ། །ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པ་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེེས་ཟད་ལུང་དུ་ཤེས་པར་བྱ། །མན་ངག་གི་མཚན་ཉིད་ནི། ཚེགས་ཆུང་ངུས་དོན་དཔག་ཏུ་མེད་པ་རྟོགས་སླ་པའི་ཐབས་སུ་གྱུར་པའོ། །རྒྱུད་ལས། ཚེགས་ཆུང་དོན་ཆེ་ཐབས་དཔག་མེད། །བྱ་སླ་དཔག་དཀའ་མན་ངག་གོ། །ཞེས་སོ། །ཇི་ལྟར་འཆད་པའི་ཚུལ་ལ་འཆད་ཚུལ་མང་དུ་ཡོད་དོ། ༈ །མ་ཧཱ་ཡོ་ག་སྤྱི་ཡི་འཆད་ཚུལ་དང་ཟུར་ལུགས་ཀྱི་འཆད་ཚུལ་སོགས་ཡོད་པ་ལས། དང་པོ་ནི། ཧེ་རུ་ཀ་གལ་པོའི་རྒྱུད་ལས། མ་ཧཱ་ཡོ་གའི་རྒྱན་བདུན་ཡང་། །གླེང་བསླང་བ་དང་སངས་རྒྱས་ཚུལ། །རྒྱས་བཤད་མཐའ་དང་བཤད་བའི་ཚུལ། །དབྱེ་བའི་རྣམ་པ་གང་ཟག་སྣོད། །བདེན་པའི་དགོངས་པ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རྒྱན་བདུན་གྱི་སྒོ་ནས་འཆད་དེ། རྒྱན་དང་པོ་ནི། དྲི་བ་དྲི་ལན་གྱི་སྒོ་ནས་འཆད་པ་སྟེ། གལ་པོ་ལས། རྒྱུད་འདིའི་མིང་ནི་ཅི་ཞིག་བྱ། །རྒྱུད་འདི་སུ་ཡི་དོན་དུ་མཛད། །ཅེས་སོགས་གསུངས་པ་ལྟར་ཡིན། རྒྱན་གཉིས་པ་ནི། གལ་པོ་ལས། སངས་རྒྱས་པ་ཡི་ཚུལ་བཞི་སྟེ། །རྒྱུད་དང་གླེང་གཞི་ངེས་ཚིག་རྒྱུ། །ཞེས་གསུངས་པ་ལྟར་ཚུལ་བཞིའི་སྒོ་ནས་འཆད་དེ། བཅོམ་ལྡན་འདས་ཐུབ་པའི་དབང་པོ་ནི། ཚུལ་བཞིའི་སྒོ་ནས་སངས་རྒྱས་པར་འཇིག་རྟེན་དུ་གྲགས་ཏེ། མིའི་རིགས་རྒྱུད་དུ་འཁྲུངས་ས་པས་རྒྱུད་ཀྱི་ཚུལ་དང་། དེ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བས་གླེང་གཞིའི་ཚུལ་དང་། རབ་ཏུ་བྱུང་ནས་ཀྱང་འདུལ་སྡོམ་བསྲུང་བར་ཆེས་པས་ངེས་ཚིག་གི་ཚུལ་དང་། དེ་ལྟར་བསྲུངས་ནས་ལམ་ལ་བསླབ་པས་རྣམ་གྲོལ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རྒྱུའི་ཚུལ་ཏེ། ཚུལ་བཞིའི་སྒོ་ནས་འཆད་པར་བཞེད་པའོ། །རྒྱན་གསུམ་པ་ནི། གལ་པོ་ལས། རྒྱས་བཤད་མཐའ་ནི་རྣམ་པ་དྲུག །དྲང་དོན་ངེས་དོན་དགོངས་པ་བཤད། །དགོངས་མིན་སྒྲ་ནི་ཇི་བཞིན་པ། །ཇི་བཞིན་མ་ཡིན་ཉིད་དུ་བཤད། །ཅེས་གསུངས་པ་ལྟར། དྲང་ངེས་གཉིས། དགོངས་མིན་གཉིས། སྒྲ་ཇི་བཞིན་པ་དང་། ཇི་བཞིན་མ་ཡིན་པ་གཉིས་ཏེ། ཚིག་དོན་འདི་དྲུག་ལས་མི་འདའ་བས་ན་མཐའ་དྲུག་ཅེས་བཤད་པའི་ཕྱིར་གསུངས། རྒྱན་བཞི་པ་ནི། གལ་པོ་ལས། ཚིག་སྤྱི་སྦས་དང་མཐར་ཐུག་ཡིན། །ཞེས་གསུངས་པ་ལྟར་བཞི་ལས། ཚིག་གི་དོན་ནི། ཡི་གེའི་འབྲུ་བསྣོན་མཚམས་གཞོལ་བའི་བཤད་པ་སྒྲ་ཚད་ཀྱི་གཞུང་དང་མཐུན་པར་འཆད་པའོ། །སྤྱི་དོན་ནི། སྔགས་ལམ་བདེ་ཞིང་མྱུར་བ་ལ་མི་ཞུགས་པར། མདོ་ལམ་བུལ་ཞིང་དཀའ་ཐུབ་ཀྱི་ལམ་ལ་ཞུགས་པར་འགྱོད་ན། དེ་དག་ཀྱང འདིའི་ལམ་སྟེགས་ཡིན་ཚུལ་དུ་འཆད་པ་དང་། ཡང་སྔགས་ལམ་གཙང་རྨེ་མེད་པ་ཁྱི་ཕག་ལྟ་བུ་དང་སྦྱོར་སྒྲོལ་སོགས། འཚེ་བ་ཆོས་སུ་སྨྲ་བས་མུ་སྟེགས་ཀྱི་ཆོས་སྙམ་དུ་འགྱོད་ན། མདོ་ལམ་དུའང་གཙང་རྨེར་ཞེན་འཛིན་མ་སྤངས་ན། མཉམ་ཉིད་ཀྱི་དོན་མི་མཐོང་བ་དང་དགེ་སེམས་ཀྱི་སྤྱོད་པ་འཛིན་པ་ལ་ཞུགས་ན། གང་ཡང་བསོད་ནམས་ཀྱི་ཚོགས་སུ་གསུངས་ཏེ། མི་ནག་མདུང་ཐུང་ཅན་བསད་པ་དང་། དེད་དཔོན་གྱི་བུ་མོར་བསྒྲོད་པ་སོགས་བསོད་ནམས་འཕེལ་བའི་རྒྱུར་སོང་ཚུལ་འཆད་པའོ། །སྦས་དོན་ནི། བསྐྱེད་རིམ་ལས་རྒྱ་སོགས་དང་རྫོགས་རིམ་རྩ་རླུང་ཐིག་ལེའི་བྱེད་བཅིང་སོགས་སྦས་དོན་དུ་འཆད་པའོ། །མཐར་ཐུག་གི་དོན་ནི། དོན་དམ་འོད་གསལ་གྱི་དགོངས་པ་དང་། བདེན་གཉིས་ཟུང་འཇུག་གི་གནས་ལུགས་མཐར་ཐུག་ཡིན་ཚུལ་འཆད་པའོ། །རྒྱན་ལྔ་པ་ནི། ཉན་བཤད་དབྱེ་བས་རྣམ་པ་གཉིས། །ཚོགས་དང་སློབ་མ་དག་ཏུ་འདོད། །ཅེས་གསུངས་པ་ལྟར། ཚོགས་བཤད་ནི་སྒྲ་ཇི་བཞིན་པ་དང་། ཐེག་པ་ཐུན་མོང་གི་སྤྱི་དོན་འཆད་པ་དང་། སློབ་བཤད་ནི་སྒྲ་ཇི་བཞིན་མ་ཡིན་པ་དང་། ངེས་དོན་མཐར་ཐུག་གི་དོན་འཆད་པར་བྱེད་པའོ། །རྒྱན་དྲུག་པ་ནི། གལ་པོ་ལས། སྣོད་ཀྱི་གང་ཟག་རྣམ་པ་ལྔ། །ཨུཏྤལ་པདྨ་དཀར་དམར་དང་། །ཙནྡན་རིན་པོ་ཆེ་ཡི་དཔེ། །ཞེས་གསུངས་པ་ལྟར། ཨུཏྤལ་ལྟ་བུའི་གང་ཟག་དང་། པདྨ་དཀར་དམར་ལྟ་བུ་དང་། ཙནྡན་ལྟ་བུ་དང་རིན་པོ་ཆེ་ལྟ་བུའི་གང་ཟག་ལྔའི་སྣོད་ལ་བརྟགས་ནས་འཆད་པར་བྱེད་པའོ། །རྒྱན་བདུན་པ་ནི། གལ་པོ་ལས། བདེན་པའི་དགོངས་པ་རྣམ་པ་གཉིས། །ཀུན་རྫོབ་དོན་དམ་བཤད་པར་གྱིས། །ཞེས་གསུངས་པ་ལྟར་སྔ་མ་དྲུག་ལ་བརྟེན་ནས་རྒྱུད་དོན་བདེན་པ་གཉིས་སུ་བསྡུས་ཏེ་འཆད་པར་བྱེད་པའོ། །དེ་ལྟར་རྒྱན་བདུན་གྱི་འཆད་ཚུལ་འདི་ནི་རྒྱུད་འདི་ཡི་འཆད་ཐབས་ཀྱི་བཀའ་སྲོལ་མ་ཡིན་ཀྱང་མ་ཧཱ་ཡོ་ག་སྤྱིའི་འཆད་ཐབས་ཡིན་གསུངས། གཉིས་པ་སྔ་རབས་པ་རྣམས་ཀྱི་འཆད་ཚུལ་ནི། མདའ་ལྟར་རྩེ་མོ་ནས་བཟུང་སྟེ་འཆད་པ་ཞེས་བྱ་བ་མཚན་ཉིད་ཀྱི་ནང་དུ་ཆོས་ཐམས་ཅད་གཞི་ལམ་འབྲས་གསུམ་དུ་བསྡུས་ནས་འཆད་པ་དང་། མདུང་ལྟར་སྐེད་པ་ནས་བཟུང་སྟེ་འཆད་པ་ཞེས་བྱ་བ་ལེའུ་ལྔ་པའི་ནང་དུ་ཆོས་ཐམས་ཅད་མཚན་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་དང་གསུམ་མོ། །ཉིད་གསུམ་དུ་དྲིལ་ནས་འཆད་པ་དང་། རལ་གྲི་ལྟར་ཡུ་བ་ནས་བཟུང་སྟེ་འཆད་པ་ཞེས་བྱ་བ་ལེའུ་ཐ་མར་ཆོས་ཐམས་ཅད་སྣང་བ་བཞིར་བསྡུས་ནས་འཆད་པ་ཡིན་གསུངས། གསུམ་པ་བཀའ་སྡེ་ཟུར་པའི་བཤད་སྲོལ་ནི། ཆོས་ལྔའི་སྒོ་ནས་འཆད་དེ། རང་བཞིན་དངོས་པོའི་གནས་ཚུལ། མ་རྟོགས་འཁྲུལ་པའི་སྣང་ཚུལ། ཐམས་ཅད་མཁྱེན་པས་གཟིགས་ཚུལ། བརྩེ་བའི་ཐུགས་རྗེ་སྐྱེས་ཚུལ། འགྲོ་དོན་ཇི་ལྟར་བྱེད་ཚུལ་དང་ལྔའི་སྒོ་ནས་འཆད་གསུངས་སོ།། །།

དཔལ་གསང་བའི་སྙིང་པོའི་རྒྱུད་ཀྱི་སྤྱི་དོན་ཉུང་ངུའི་ངག་གིས་རྣམ་པར་འབྱེད་པ་རིན་ཆེན་མཛོད་ཀྱི་ལྡེ་མིག །

རཏྣ ཀོ ཥ སྱཱ ཀྵ དཪྴ ཀ ནཱ མ ཤྲཱི གུ ཧྱ ག རྦྷ སྱ ཏ ནྟྲ སྱ ས མཱ ནཱ རྠ ལ གྷུ ཝཱ གེཾ བི བྷེ དཱ སྟི། །
དཔལ་གསང་བའི་སྙིང་པོའི་རྒྱུད་ཀྱི་སྤྱི་དོན་ཉུང་ངུའི་ངག་གིས་རྣམ་པར་འབྱེད་པ་རིན་ཆེན་མཛོད་ཀྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ། །
ན མོ གུ རུ ཤྲཱི མཱཾ བཛྲ ས ཏྭཱ ཡ།
དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །
༈ སྡེབ་སྦྱོར་མཉམ་པའི་བྲྀཏྟའི་ནང་ཚན་ཕྱེད་མཉམ་པའི་པྲསྟཱ་རས་ཀུན་ནས་མཛེས་པར་བཅིངས་པའོ། །
པ ར མཱ རྠ དྷཱ ཏུ བི བྲྀ ཏཱ དྷ ཀྟ བི ངྐཱ ཡ བ ཛྲ སི དྡྷ ཏེ ཛ མེ གྷཿ
དོན་དམ་དབྱིངས་དང་སྒྲིབ་བྲལ་རིག་པའི་སྐུ། །མི་ཕྱེད་རྡོ་རྗེ་གྲུབ་པའི་གཟི་བརྗིད་སྤྲིན། །
ན མ མཱ ཡ ཛཱ ལ གུ རུ ཀཱ ཡཱཾ ཤ ཙ ཀྲེ ཤ ཀཱ ར ཏ ནྟྲ སེ ན གྷོ ཥཿ
སྒྱུ་འཕྲུལ་དྲྭ་བའི་སྐུར་མཛད་རྒྱུད་སྡེའི་དབྱངས། །ཀུན་ཁྱབ་འཁོར་ལོའི་དབང་ཕྱུག་བླ་མར་འདུད། །གསང་མཆོག་རྒྱུད་སྡེའི་སྣང་བས་གདུལ་བྱའི་གླིང་། །གྲུབ་གཉིས་ལང་ཚོ་རྒྱས་པའི་པད་ཚལ་དུ། །གྲུབ་མཛད་བརྒྱུད་གསུམ་བླ་མའི་ཉིན་མོར་བྱེད། །ཡིད་མཁའི་ངོས་ལ་བརྟན་པར་བཞུགས་གྱུར་ཅིག །རྒྱུད་དོན་ཟབ་མོ་བདག་འདྲས་དཔག་དཀའ་ཡང། །སྐྱེས་བུའི་བརྗོད་པའི་རྗེས་འབྲངས་བྲག་ཆ་ལྟར། །བརྒྱུད་ལྡན་བླ་མའི་ལེགས་བཤད་ལ་བརྟེན་ནས། །ཆ་ཙམ་གླེང་འདིར་གཟུ་བོའི་བློ་ཡིས་ཉོན། །འདིར་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་རྒྱ་མཚོའི་ནང་མཛོད། གསང་སྔག་ཆུ་བོ་བཞིའི་འབྱུང་གནས། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྲོག་ཤིང་། རྒྱལ་བའི་དགོངས་པ་མཐར་ཐུག་གི་སྙིང་པོ་བཅུད་དུ་དྲིལ་བ། སེམས་དང་ཡེ་ཤེས་རང་སྣང་བདེན་པ་དབྱེར་མེད་དུ་སྟོན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོའི་སྤྱི་དོན་གྱི་རྣམ་བཞག་ཅུང་ཟད་བརྗེད་བྱང་དུ་འགོད་པ་ལ་གསུམ་སྟེ། སྟོན་པས་ཇི་ལྟར་གསུངས་ཚུལ། དེ་ལས་ཇི་ལྟར་བརྒྱུད་ཚུལ། བརྒྱུད་པ་དེ་ལྡན་གྱི་རྒྱུད་དོན་དངོས་བཤད་པའོ། །དང་པོ་ནི། འོ་སྐོལ་རྣམས་ཀྱི་སྟོན་པ་བདག་ཉིད་སྲེད་པའི་འཆིང་བ་མཐའ་དག་ལས་གྲོལ་ཡང་། སེམས་ཅན་འཁོར་བའི་གཟེབ་ཏུ་ཆུད་ཅིང་རྨོངས་པའི་མུན་ནག་སྟུག་པོས་ནོན་པ། ངེས་པར་འབྱུང་བའི་ཕྱོགས་ཡོངས་སུ་མི་ཤེས་པ་རྣམས་ལ་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ཏེ། ཉི་མ་བྱེ་བ་ཕྲག་བརྒྱའི་འོད་ཀྱིས་མི་མཚོན་པའི་དམ་པའི་ཆོས་ཀྱི་སྣང་བ་རླབས་པོ་ཆེ་འགྱེད་པའི་སླད་དུ་སྐྱེ་རྒུ་ཚེ་ལོ་བརྒྱ་པ་ལ་བབས་པའི་དུས་སུ་རིགས་ཐམས་ཅད་ལས་རྒྱལ་མཚན་གྱི་ཏོག་ལྟར་མཐོ་བ་ཤཱཀྱའི་རིགས་ཀྱི་རྒྱལ་པོ་ཟས་གཙང་མའི་སྲས་སུ་སྐྱེ་བའི་པདྨོའི་དབང་འབྱོར་གྱི་ཡོན་ཏན་མཐའ་ཡས་པའི་རྒྱན་དང་ལྡན་པ་བཟུང་སྟེ། ཤཱཀྱ་ཐུབ་པའམ་ཤཱཀྱ་སེང་གེ་ཞེས་སྙན་པའི་བ་དན་དཀར་པོ་ས་གསུམ་ན་མངོན་པར་གསལ་བ་དེས། དང་པོར་གཞོན་ནུའི་རོལ་རྩེད་དང་། རིག་པ་སློབ་པ་དང་། བཙུན་མོའི་འཁོར་དུ་བཞུགས་པ་ལ་སོགས་པ་འཇིག་རྟེན་གྱི་སྤྱོད་པའི་ཚུལ་དང་མཐུན་པའི་ཐབས་མཁས་པ་མང་པོས་སེམས་ཅན་ཡོངས་སུ་སྨིན་པར་མཛད་ནས། ལོ་ཉི་ཤུ་རྩ་དགུ་བཞེས་པ་ན་རྒྱལ་པོའི་སྲིད་འབྱོར་སྤངས་ཏེ་རབ་ཏུ་བྱུང་། ཀླུང་ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད་ཅིང་བཞུགས་པའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐུལ་ནས་བཏགས་པའི་ལུས་དེར་བཞག་སྟེ་ཡེ་ཤེས་ཀྱི་ལུས་འོག་མིན་དུ་གཤེགས་ནས་མངོན་བྱང་ལྔས་བྱང་ཆུབ་བརྙེས། དེ་ནས་རི་རབ་ཀྱི་རྩེ་དང་། རྒྱ་མཚོའི་གྲམ་དང་། ཨོ་རྒྱན་དང་། ཟ་ཧོར་རྣམས་སུ་གཤེགས་ནས་འཁོར་དག་པ་རྣམས་ལ་འདི་ཉིད་ལ་སོགས་པའི་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་ཡས་པ་བསྟན། སླར་བཏགས་པའི་ལུས་ལ་ཞུགས་ནས་བྱང་ཆུབ་སྙིང་པོར་གཤེགས་པ་སོགས་མཛད་པ་ལྷག་མ་རྣམས་མཐུན་སྣང་དུ་བསྟན། དེ་ལྟར་སྤྲུལ་པའི་སྐུས་གསང་སྔགས་བསྟན་པ་དང་། འོག་མིན་དུ་ལོངས་སྐུས་གསང་སྔགས་བསྟན་པ་གཉིས་བྱད་དང་གཟུགས་བརྙན་ལྟ་བུ་ཡིན་པས་ཕྱི་མའི་གནས་སྐབས་སྤངས་ནས་སྔ་མར་མཛད་པ་ནི་མ་ཡིན་ཏེ། སློབ་དཔོན་ཉི་འོད་སེང་གེས་རྒྱ་ཆེར་འགྲེལ་དུ་བཤད་ཚུལ་ལོ། །སྟོན་པས་མི་ཡུལ་དུ་བྱང་ཆུབ་བརྙེས་པའི་མཛད་པ་བསྟན་ནས་ཐེག་པ་ཐུན་མོང་གི་ཆོས་འཁོར་བསྐྱོར་བའི་དུས་སུ་ལོངས་སྐུས་འོག་མིན་དུ་རྒྱུད་གསུངས་པའི་ཕྱོགས་ནི་སྒེག་པ་རྡོ་རྗེས་སྤར་ཁབ་ཏུ་བཤད་པའི་ཚུལ་ལོ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡང་ཕྱི་མ་དང་མཐུན་པར་བཞེད་དེ། གང་དུ་རྒྱུད་གསུངས་པའི་འོག་མིན་དེ་ལ་དབང་ཕྱུག་ཆེན་པོའི་འོག་མིན་ཏེ་ལོངས་སྐུའི་ཞིང་གི་འོག་མིན་དང་། དེའི་རྗེས་མཐུན་སྤྲུལ་སྐུའི་འོག་མིན་གཉིས་ཡོད་ཅིང་། ཕྱི་མ་ལའང་ཕྱེད་སྤྲུལ་ལོངས་སྐུར་གྲགས་པ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་དང་། གཙང་རིས་ལྷ་གནས་ཀྱི་འོག་མིན་གཉིས་གསུངས་སོ། །བཤད་ཚུལ་དེ་དག་གང་ཡང་མི་འགལ་ཏེ། དེ་བཞིན་གཤེགས་པའི་རྣམ་འཕྲུལ་གྱི་ཡུལ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ་ཞེས་མཁས་པ་དག་གསུང་ངོ་། །སྤར་ཁབ་ཏུ་བཤད་ཚུལ་འདི་ལ་བརྟེན་ནས་སྔ་མ་ཁ་ཅིག །མི་ཡུལ་དུ་སྤྲུལ་སྐུས་ཐུན་མོང་གི་ཐེག་པ་ཙམ་ལས་མ་ཧཱ་ཡོ་གའི་རྒྱུད་མ་གསུངས་བར་འདོད་པ་མི་འཐད་དེ། རྩ་རྒྱུད་ཉིད་ལས་སྤྲུལ་སྐུའི་མཛད་པ་འདུལ་བ་བཞིའི་ནང་ཚན་གསུང་གིས་འདུལ་བའི་སྐབས་སུ། བླ་ན་མེད་པའི་ཐེག་པ་དང་ཞེས་གསུངས་པ་སོགས་དང་འགལ་བའི་ཕྱིར་རོ། །འོག་མིན་དུ་གསུངས་ཚུལ་ནི་ལེའུ་དང་པོས་དངོས་བསྟན་གཙོ་བོ་ཡིན་པས་ལོངས་སྤྲུལ་གྱིས་གསུངས་ཚུལ་གཉིས་ཀ་ན་གསལ་བ་ཡིན་ནོ། །གཉིས་པ་ལ་བརྒྱུད་གསུམ་སྤྱིའི་རྣམ་བཞག་དང་། སོ་སོའི་ངོས་འཛིན་ཕྱེས་ཏེ་བཤད་པ་གཉིས་ལས། དང་པོ་ནི། བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་པར་བརྒྱུད། །ཅེས་པ་ལྟར་གསུམ་སྟེ། གསང་སྔགས་སྔ་འགྱུར་བའི་བརྡ་ཆད་ཐུན་མོང་མ་ཡིན་པའོ། །དེ་ལ་རྒྱལ་བ་དགོངས་བརྒྱུད་ནི་གཉིས་ཏེ། དཔེར་ན་ནམ་མཁའི་ཟླ་བ་གཅིག་པུ་ལ་རི་བོང་གི་གཟུགས་ཡོད་པ་ཉིད་ཀྱིས་ཆུ་ཟླ་ཇི་སྙེད་ཤར་བ་ཐམས་ཅད་རི་བོང་གི་རྒྱན་དང་ལྡན་པར་སྣང་བ་བཞིན་དུ། འཆད་པའི་སྐྱེས་བུ་རིགས་དྲུག་པས་རྒྱུད་དོན་མཐར་ཕྱིན་པར་བརྙེས་པ་ཉིད་ཀྱིས་དེ་ལས་སྤྲུལ་པའི་གཤེགས་པ་གཤེགས་མ་དང་། སེམས་དཔའ་ཡབ་ཡུམ་ཞི་ཁྲོའི་འཁོར་ཐམས་ཅད་རྒྱུད་དོན་བརྙེས་པར་འཇོག་ནུས་ཏེ། དེ་ནི་གཙོ་འཁོར་དགོངས་པ་གཅིག་གིས་བརྒྱུད་པ་ཡིན་ནོ། །སྟོན་པ་དང་རྒྱུད་ཐ་དད་པའི་ལྷན་ཅིག་པའི་འཁོར་རྣམས་ལ་ཟབ་དབང་བསྐུར་བའི་དགོངས་པ་མཛད་པས་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པའང་དགོངས་བརྒྱུད་ཀྱི་ཚུལ་གཅིག་གོ། །སེམས་དཔའ་རིག་བརྒྱུད་ཅེས་པ་ནི། གཞན་དུ་རིག་འཛིན་བརྡ་བརྒྱུད་ཅེས་འབྱུང་བ་དང་མཐུན་ཏེ། འཆད་པ་པོ་དག་པའི་སེམས་དཔའ་སྔགས་ཀྱི་ཡེ་ཤེས་ལས་གྲུབ་པའི་སྐུ་བརྙེས་པས་རྒྱུད་ཡོངས་སུ་སྨིན་པའི་བྱང་སེམས་ཀྱི་འཁོར་ལ་ཐུགས་རིག་པའི་ཡེ་ཤེས་ཀྱི་དགོངས་པ་གཏད་ནས་སྔགས་དང་ཕྱག་རྒྱའི་བརྡ་ཐབས་བསྟན་པ་ཙམ་གྱི་དེའི་མོད་ལ་འཁོར་གྱི་རྒྱུད་དོན་མཐའ་དག་རྟོགས་པ་སྟེ། འདི་ཡང་དགོངས་པ་དོན་བརྒྱུད་ཁྱད་པར་ཅན་ཡིན་ཡང་། རྒྱལ་བ་དགོངས་བརྒྱུད་ཀྱི་བརྒྱུད་ཚུལ་ལས་གཞན་དུ་གོ་བའི་ཆེད་དུ་དགོངས་བརྒྱུད་ཅེས་མ་སྨོས་པར་རིགས་པའི་བརྒྱུད་པ་ཞེས་པའི་བརྡ་སྦྱར་བ་ཡིན་ནོ། །རྣལ་འབྱོར་རྣ་བརྒྱུད་ཅེས་པའི་རྣལ་འབྱོར་ནི། དང་པོ་ནས་རིག་སྔགས་ཀྱི་ལྷར་བཞེངས་པ་ལྟ་བུ་མ་ཡིན་པར་ཐ་མལ་པའི་རྟེན་བཟུང་ནས་ལམ་བསྒོམས་ཏེ་དྲོད་ཅི་རིགས་ཐོབ་པ་ཡན་ཆད་དེ། འདི་ནི་ཐུན་མོང་གདུལ་བྱའི་སྣང་ཚོད་དབང་བཙན་པར་བྱའི། གནས་ཚོད་ལྟར་ན་འདིའི་རྣལ་འབྱོར་པ་ལ་རྒྱལ་བ་དང་སེམས་དཔའང་ཡོད་དེ། སློབ་དཔོན་ཆེན་པོ་པདྨ་བཞིན་ནོ། །དེ་ལྟ་བུའི་རྣལ་འབྱོར་པ་སྔ་མ་སྔ་མའི་ཞལ་ནས་ཕྱི་མ་ཕྱི་མའི་སྙན་དུ་དབང་རྒྱུད་མན་ངག་རིམ་བཞིན་བརྒྱུད་པ་ནི་རྣ་བརྒྱུད་དོ། །སངས་རྒྱས་ནང་ཕན་ཚུན་ལའང་སློབ་པའི་རྣ་བརྒྱུད་འདྲ་བ་མེད་ཀྱང་སྙན་དུ་བརྒྱུད་ཚུལ་ཙམ་ཡོད་པ་མི་འགལ་བར་ཀུན་མཁྱེན་ཆེན་པོས་གསུངས་ཤིང་མདོ་རྒྱུད་དུ་མའི་ལུང་གིས་ཀྱང་གྲུབ་པས། རྒྱལ་བ་ལ་དགོངས་བརྒྱུད་ཁོ་ན་དང་སེམས་དཔའ་ལ་རིག་བརྒྱུད་ཁོ་ན་ཞེས་བཤད་མི་རུང་ངོ་། །དེས་ན་རྣལ་འབྱོར་བ་ལ་རྣ་བརྒྱུད་གཙོ། སེམས་དཔའ་ནས་བརྒྱུད་ཚུལ་ཐུན་མིན་རིག་པའི་བརྒྱུད་པ་དང་། སངས་རྒྱས་དངོས་ཀྱིས་བརྒྱུད་ཚུལ་ཐུན་མིན་དགོངས་བརྒྱུད་ཡིན་ཅེས་བཤད་པར་བྱའོ། །གཉིས་པ་ལ་གསུམ་སྟེ། རྒྱལ་བ་དགོངས་བརྒྱུད། སེམས་དཔའ་རིག་བརྒྱུད། རྣལ་འབྱོར་རྣ་བརྒྱུད་དོ། །དང་པོ་ནི། སྟོན་པ་རིགས་དྲུག་པས་རྒྱལ་ཚབ་རིགས་ལྔ་སོགས་དང་། རིགས་ལྔས་ལྷན་ཅིག་པའི་འཁོར་ལ་བརྒྱུད་པའོ། །གཉིས་པ་ལ། མི་མ་ཡིན་ལ་བརྒྱུད་པ་དང་། མི་དང་མི་མིན་གཉིས་ཀ་ལ་བརྒྱུད་པ་གཉིས། དང་པོ་ནི། རྒྱལ་སྲས་རིགས་གསུམ་སེམས་དཔས་ལྷ་ཀླུ་གནོད་སྦྱིན་གྱི་རིག་འཛིན་གྲགས་ལྡན་མཆོག་སྐྱོང་སོགས་གསུམ་ལ་བཤད་དོ། །གཉིས་པ་ནི། རྒྱལ་བ་ཞི་བར་གཟིམས་ནས་ལོ་ཉེར་བརྒྱད་འདས་པ་ན་དམ་པའི་རིགས་ཅན་དྲྭ་མ་ལྔ་ལངྐའི་ཡུལ་གྱི་གྲོང་བརྡལ་གྱི་མཚོ་གླིང་རི་མ་ལ་ཡའི་རྩེ་མོར་རྫུ་འཕྲུལ་གྱིས་འདུས་ཏེ། སངས་རྒྱས་ལ་དམིགས་ནས་གདུང་དབྱངས་བླངས་པས་དཔལ་ཕྱག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ནས་རྒྱུད་བཤད་དོ། །གསུམ་པ་ལ། མི་ཡུལ་དུ་རྒྱུད་འདི་ཐོག་མར་བྱུང་ཚུལ་དང་། དེ་ལས་ཇི་ལྟར་བརྒྱུད་ཚུལ་གཉིས། དང་པོ་ནི། བཤད་མ་ཐག་པ་ལྟར་གསང་བདག་གིས་བཀའ་བསྡུ་མཛད་པའི་ཚེ་དེའི་བྱིན་རླབས་ཀྱིས་ས་ཧོ་རའི་རྒྱལ་པོ་ཛཿསྟེ་ཨིནྟྲ་བྷུ་ཏི་ལ། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་། །ཆོས་ཀྱི་བགྲོ་བ་བྱེད་པ་དང་། །ཀུན་གྱིས་དམ་པར་བསྒྲགས་པ་དང་། །མཆོད་པ་ཆེན་པོ་བྱས་པ་དང་། །རིན་ཆེན་ཆར་དུ་བབས་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་པའི་རྨི་ལྟས་བདུན་བྱུང་ཞིང་། དེ་དང་མཐུན་པར་ཕོ་བྲང་གི་སྟེང་དུ་རྒྱུད་སྡེའི་གླེགས་བམ་དང་ཕྱག་ན་རྡོ་རྗེའི་སྐུ་ཁྲུ་གང་བ་དངོས་སུ་བབས་ཏེ་གསོལ་བ་བཏབ་པས་སྔོན་གསང་སྔགས་ལ་སྦྱངས་པའི་འཕྲོ་སད་དེ་རྡོར་སེམས་ཞལ་མཐོང་གི་ལེའུ་རྟོགས་ནས་དེ་དང་ཕྱག་རྡོར་གྱི་སྐུ་ལ་བརྟེན་ཏེ་ཟླ་བ་དྲུག་བསྒྲུབས་པས་རྡོ་རྗེ་སེམས་དཔའི་ཞལ་མཇལ་ཞིང་བྱིན་གྱིས་བརླབས་པས་གླེགས་བམ་གྱི་དོན་མཐའ་དག་མཁྱེན་པར་གྱུར་ཏོ། །གཉིས་པ་ནི། རྒྱལ་པོ་དེས་ཀུ་ཀུ་རཱ་ཛ་ལ་བཤད། དེ་ནས་རིམ་བཞིན་ཨིནྟྲ་བྷུ་ཏི། སེང་ཧ་རཱ་ཛ། ཨུ་པ་རཱ་ཛ། སྲས་མོ་གོ་མ་དཱེ་ཝིའི་བར་དུ་བརྒྱུད་དེ། དེ་རྣམས་ནི་ཚོམ་བུ་དང་བཅས་ཏེ་རིག་འཛིན་གྱི་ས་ལ་གཤེགས་པ་ཤ་སྟག་གོ། །གོ་མ་དཱེ་ཝིས་སྒེག་རྡོར་དང་སངས་རྒྱས་གསང་བ་ལ་བཤད། སངས་རྒྱས་གསང་བས་སློབ་དཔོན་ཆེན་པོ་པདྨ་དང་བི་མ་མི་ཏྲ་ལ་གདམས་ཏེ་འཕགས་ཡུལ་དུ་བྱུང་བའི་ཚུལ་ལོ། །བོད་དུ་ནི། སློབ་དཔོན་པདྨས་རྗེ་འབངས་འདུས་པ་ལ་ལྟ་ཕྲེང་གསུངས་པ་སོགས་དེ་ལས་བརྒྱུད་པའང་ཡོད་པར་སྣང་མོད། གོ ང་མ་རྣམས་ལ་གྲགས་ཆེ་བ་ནི། བི་མ་ལས་རྨ་གཉགས་གཉིས་ལ་གདམས། དེ་གཉིས་ནས་བརྒྱུད་པའི་ཆུ་བོ་གསུམ་དུ་གྱེས་པ་གནུབས་སངས་རྒྱས་ཡེ་ཤེས་ལ་གཅིག་ཏུ་འདྲེས། དེས་གནུབས་ཡོན་ཏན་རྒྱ་མཚོ་དང་སོ་ཡེ་ཤེས་དབང་ཕྱུག་ལ་བཤད། དེ་གཉིས་ཀ་ལ་ཉང་ཤེས་རབ་མཆོག་གིས་ཞུས་དེ་ནས་ཉང་ཡེ་ཤེས་འབྱུང་གནས། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས། ཐུགས་སྲས་ཀ་བ་བཞི། སྒྲོ་ཕུག་པ་ཤཱཀྱ་སེང་གེའི་བར་དུ་བརྒྱུད། གཉགས་གནུབས་ཟུར་གསུམ་དེ་དག་ལ་གསང་སྔགས་ཀྱི་བབས་སོ་གསུམ་དུ་གྲགས། སྒྲོ་ཕུག་པ་ལ་ཐུགས་ཟིན་གྱི་སློབ་མ་བཅུ་གཉིས་གདུགས་ཐོགས་ཀྱི་སློབ་མ་གྲྭ་ས་འཛིན་པ་སྟོང་སོགས་བྱུང་སྟེ་རྒྱུད་འདིའི་ཕྲིན་ལས་ཕྱོགས་མེད་དུ་བརྡལ། དེའི་སློབ་བརྒྱུད་གཙང་ནག་འོད་འབར། མེས་སྟོན་མགོན་པོ། སྲོ་ཤེས་རབ་ཚུལ་ཁྲིམས། རྟ་ནག་བདུད་འདུལ་འབུམ། མདའ་ཤཱཀྱ་འཕེལ། ཟུར་བྱམས་པ་སེང་གེ། རྗེ་སྒྲོལ་གཡུང་རྣམ་གཉིས། སྒྲོལ་ཆེན་སངས་རྒྱས་རིན་ཆེན། འགོས་ལོ་ཆེན་པོ་གཞོན་ནུ་དཔལ། ཀརྨ་ཞྭ་དམར་བཞི་བ་ཆོས་ཀྱི་གྲགས་པ། འབྲི་གུང་རིན་ཆེན་ཕུན་ཚོགས། རང་གྲོལ་ཉི་ཟླ་སངས་རྒྱས། འཁོན་ཇོ་སྲས་ཚེ་དབང་ནོར་རྒྱས། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཟུར་ཆེན་བཀྲ་ཤིས་ཀུན་དགའ། དར་སྡིངས་རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྱུར་མེད་རྡོ་རྗེ། དེ་ལ་ལོ་ཆེན་དྷརྨ་ཤྲཱིས་གསན། གཏེར་ཆེན་སྐུ་མཆེད་འདི་གཉིས་ཐུགས་སྲས་དང་བཅས་པས་རྒྱུད་འདིའི་དབང་དང་། སྒྲུབ་ཐབས། དཀྱིལ་ཆོག །རྒྱུད་འགྲེལ། མཐའ་དཔྱོད་སོགས་རིན་པོ་ཆེའི་སྒྲོན་མེ་ལྟ་བུའི་ལེགས་བཤད་མང་དུ་མཛད་ཅིང་། འཆད་ཉན་གྱི་རྒྱུན་བཙུགས་པས་བསྟན་པ་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ། དེ་ནས་རིམ་པར་བརྒྱུད་དེ་མཁས་གྲུབ་དམ་པ་དགེ་རྩེ་བསོད་ནམས་བསྟན་འཛིན་ནམ་འཇིགས་མེད་ངོ་མཚར་ནས། རྡོ་རྗེ་འཛིན་པ་པདྨ་བཀྲ་ཤིས། དེ་ལ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་གསན། དེས་བདག་ཅག་གི་བླ་མ་འཕགས་པ་འཇམ་དཔལ་གྱིས་ཐུགས་སྲས་ཀུན་མཁྱེན་སྤྲུལ་པའི་སྐུ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་དང་། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཁན་ཆེན་རྡོ་རྗེ་འཆང་པདྨ་དམ་ཆོས་འོད་ཟེར་དཔལ་བཟང་པོ་གཉིས་ལ་སྩལ་ཅིང་། སྔ་མས་རྡོ་རྗེ་འཛིན་པ་བསོད་ནམས་རྣམ་རྒྱལ་དང་། ཕྱི་མས་རྣམ་འདྲེན་རྗེ་བཙུན་དམ་པ་མི་ཕམ་རྣམ་རྒྱལ་རིན་པོ་ཆེར་གདམས་པ་ནས་ཀྱང་བརྒྱུད་དེ། མདོར་ན་ཁོ་བོ་འབའ་ཞིག་མ་གཏོགས་པ་རྒྱུད་སྡེའི་གནས་ལ་སྦྱངས་བས་མཁས་པའི་གོ་འཕང་བརྙེས་ཤིང་། འཁོར་ལོའི་ལྷ་ལ་བསྙེན་པ་ལས་སུ་རུང་བ། རིམ་གཉིས་ཀྱི་རྟོགས་པའི་དྲོད་ཐོབ་པའི་རྣལ་འབྱོར་དབང་ཕྱུག་གི་ཕྲེང་བ་བར་མ་ཆད་པ་བརྒྱུད་པ་ལས་ད་ལྟའི་བར་དུ་དབང་གི་ཆུ་བོ་མ་སྐམ། བཤད་པའི་སྒྲོན་མེ་མ་ནུབ་། བྱིན་རླབས་ཀྱི་གཟི་འོད་མ་ཡལ་བར་བྱོན་པ་ཡིན་ནོ། །ལོ་རྒྱུས་འདི་དག་གི་ཞིབ་ཆ་ནི་གཞན་ལས་ཤེས་པར་བྱའོ། །གསུམ་པ་ལ། བཤད་བྱ་འཆད་བྱེད་འཆད་ཚུལ་གསུམ་གྱི་རྣམ་བཞག་མདོ་ཙམ་བརྗོད་པ་དང་། རྒྱུད་དོན་དངོས་བཤད་པའོ། །དང་པོ་ནི། སྤྱིར་གསང་སྔགས་བླ་མེད་ལ། མ་ཧཱ། ཨ་ནུ། ཨ་ཏི་ཡོ་གའི་རྒྱུད་སྡེ་གསུམ་སྟེ། དེ་གསུམ་གྱི་ཁྱད་པར་ལ། རྒྱུད་ཐམས་ཅད་ཀྱི་སྙིང་པོའི་དོན་མཐར་ཐུག་པ་ནི་འོད་གསལ་གཉུག་མའི་དེ་ཁོ་ན་ཉིད་ཟབ་གསལ་གཉིས་སུ་མེད་པའི་མཚན་ཉིད་ཅན་ཉག་གཅིག་ཡིན་ཅིང་། དོན་དེ་ལ་དང་པོར་འཇུག་པའི་སྒོ་མི་འདྲ་བ་གསུམ་སྟེ། སྐུ་གསུམ་ལམ་བྱེད་ཀྱི་བསྐྱེད་ཆོག་རྒྱས་པ་དང་། བསྐྱེད་ཆོག་གི་སྤྲོས་པ་ཉེ་བར་བསྡུས་ཀྱང་དབྱིངས་དང་ཡེ་ཤེས་ལམ་བྱེད་ཀྱི་ཕྱོགས་གཉིས་ལ་རིམ་གྱིས་སློབ་པ་དང་། བཅོས་མའི་བསྐྱེད་ཆོ ག་ལ་མི་ལྟོས་པར་རྩོལ་མེད་རང་བཞག་གི་ཐབས་ཀྱིས་ཡེ་ཤེས་མངོན་དུ་བྱེད་པའོ། །དེ་ལས་དང་པོ་གཙོ་བོར་སྟོན་པ་དང་། གཉིས་པ་དང་གསུམ་པ་གཙོར་སྟོན་རིམ་བཞིན་མ་ཧཱ་སོགས་གསུམ་དུ་བཞག་པར་ཁས་བླངས་ན་རེ་ཞིག་འཆད་བདེ་ཞིང་རོག་གི་བཞེད་པ་དང་ཡང་མཐུན་ནོ། །ཇི་སྐད་བརྗོད་པའི་བསྐྱེད་ཆོག་རྒྱས་བསྡུས་དང་། དཀྱིལ་འཁོར་རྒྱས་བསྡུས་མི་གཅིག་པ་ལ་མཐའ་གཅོད་པ་གཞན་ཡང་མང་སྟེ་མང་བས་འཇིགས་སོ། །མ་ཧཱ་ལ་ཡང་བདེ་འདུས་སྒྲུབ་པ་ལུང་གི་བཀའ་སྒོ་ལས། མ་ཧཱའི་མ་ཧཱ་ནི་ལྷའི་དཀྱིལ་འཁོར་རིམ་པས་བསྐྱེད་པའོ། །མ་ཧཱའི་ཨ་ནུ་ནི་རང་བཞིན་གྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའོ། །མ་ཧཱའི་ཨ་ཏི་ནི་དོན་དམ་ངོ་བོ་མ་སྐྱེས་པའོ། །ཞེས་གསུངས་པ་ལྟར་རིམ་འཇུག་གི་སྤྲོས་པ་ཆེ་ཆུང་ལ་ལྟོས་ཏེ་གསུམ་དུ་ཕྱེ་བ་ལས་འདིར་ནི་ཀུན་བྱེད་ལས། མ་ཧཱ་རྡོ་རྗེ་འཆང་འདོད་པས། །ཐབས་དང་ཤེས་རབ་སྒོར་ཞུགས་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་སྒྲུབ་རྣམ་བཞིས་སྒྲུབ་པར་བྱེད། །ཅེས་པ་ལྟར་སྟོན་པས་མ་ཧཱ་ཡོ་གའི་རྒྱུད་དང་། དེའི་ནང་ནས་ཀྱང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་རྩལ་དུ་བཏོན་ནས་སྟོན་པས་མ་ཧཱའི་ཨ་ཏིར་འཇོག་པ་སྒྱུ་འཕྲུལ་མཁན་པོ་ཕལ་ཆེ་བའི་བཞེད་པ་སྟེ་དཔེ་ཆུང་རང་གནས་ཀྱི་འགྲེལ་བ་བི་མ་ལས་མཛད་པ་དང་། བདེ་འདུས་གསང་སྔགས་བཀའི་ལྡེ་མིག་ལ་སོགས་པའི་ཁུངས་དང་ལྡན་པའོ། །དེ་ཡང་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བསྟན་པ་ཐམས་ཅད་ཀྱི་འབྱུང་ཁྱུངས། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས། འབྲས་བུ་ཐམས་ཅད་ཀྱི་ཐུགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཤེགས་ཤུལ། རྣལ་འབྱོར་པ་རྣམས་ཀྱི་ལམ་ཆེན་པོ་སྟེ་ཆེ་བ་བརྒྱད་དང་ལྡན་པ་དཔལ་གསང་བའི་སྙིང་པོ་ཡིན་ཏེ། མ་ཧཱ་ཡོ་གའི་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ལས་གསང་སྙིང་འདི་ཀུ་ཀུ་རཱ་ཛའི་དཔལ་ཕྲེང་བ་དམ་པའི་འགྲེལ་པ་ལྟར་ན་ཀུན་གྱི་བསྡུས་དོན་ལྟ་བུའི་རྒྱུད་དང་། ཀུན་མཁྱེན་བླ་མའི་བཞེད་པ་ལྟར་ན་སྤྱིའི་ཐུགས་རྒྱུད་ཡིན་ནོ། །དེ་གང་གིས་འཆད་ན། ལུང་རིག་མན་ངག་གསུམ་གྱིས་ཏེ། ལུང་ནི་འདི་ཉིད་ཀྱི་བཤད་པའི་རྒྱུད་གྲོལ་ལམ་རིམ་དང་ཅིག་ཆར་སྟོན་པ་ཡེ་ཤེས་སྙིང་པོ་དང་རྡོ་རྗེ་མེ་ལོང་། ཐབས་ལམ་རིམ་དང་ཅིག་ཆར་སྟོན་པ་རྒྱ་མཚོ་དང་ཐལ་བ་སྟེ་བཞི་དང་རྒྱུད་ཕྱི་མ་སོགས་སོ། །རྩ་བཤད་གཉིས་ཀྱི་ཁྱད་པར་ནི་བཞེད་པ་མང་ཡང་། རོག་བདེ་གཤེགས་ཆེན་པོ། ཐོག་མར་བྱུང་ཞིང་བཤད་བྱར་རྒྱུད་པའི་རྒྱུད་རྩ་རྒྱུད། རྗེས་ལ་བྱུང་ཞིང་འཆད་བྱེད་དུ་གྱུར་པའི་རྒྱུད་གཞན་བཤད་རྒྱུད་ཅེས་གསུངས་པ་ལྟར་འཐད་ལ། རྩ་བཤད་མི་འགལ་ཏེ། རྒྱུད་ཕྱི་མ་བཞིན་ནོ། །མན་ངག་ནི། རབ་གསང་སྔགས་བླ་མེད་ཀྱི་འཕགས་ལམ་བརྙེས་པས་རྒྱུད་དོན་མངོན་ཤེས་ཀྱིས་འཆད་ནུས་པ་དང་། འབྲིང་ཡི་དམ་ལྷས་མངོན་སུམ་དུ་བྱིན་གྱིས་རླབས་པས་རྒྱུད་འགྲེལ་ནུས་པ་དང་། ཐ་མ་རིག་འཛིན་གོང་མའི་མན་ངག་གི་བརྒྱུད་པ་ཚད་ལྡན་མངའ་བ་ཅི་རིགས་ཀྱིས་མཛད་པའི་རྒྱུད་འགྲེལ་དང་མན་ངག་ཐོར་བུ་རྣམས་ཏེ་སྤར་ཁབ་དང་འགྲེལ་ཆུང་པཎྜཱི་རྠ་སོགས་དང་། ལམ་རིམ། ཐུགས་ཐིག །ལྟ་ཕྲེང་ལ་སོགས་པའོ། །རིག་པ་ནི་རྟོག་གེ་ཤེས་པའི་ང་རྒྱལ་དང་། གཟུ་ལུམ་གྱིས་རྒྱུད་ཀྱི་རྡོ་རྗེའི་གནས་ལ་བཤད་པ་བྱེད་པ་ནི་རང་བཟོས་བསྟན་པ་དཀྲུགས་པ་ཡིན་ཅིང་། འདི་ལས་འདི་བཤད་ཅེས་པའི་ཚིག་སྤྱིའི་གོ་ཡུལ་སྐམ་པོ་མང་དུ་ཡོད་ཀྱང་རྒྱུད་དོན་ལས་གཞན་དུ་དཀྲི་བར་མི་ནུས་པའི་ངེས་པ་བརྟན་པོ་མི་རྙེད་པས་རྩ་རྒྱུད་ཀྱི་དོན་བཤད་རྒྱུད་རྣམས་ལ་བརྟེན་ནས་གྲུབ་ཐོབ་སོ་སོའི་མན་ངག་གིས་ཇི་ལྟར་བཀྲལ་བ་བཞིན་དུ་འཐད་པའམ་རྒྱུ་མཚན་རྣམ་པར་དག་པས་རང་ཉིད་ངེས་ཤིང་གཞན་ལ་འཆད་མཁས་པ་གཅེས་སོ། །རྒྱུད་འཆད་པའི་ཚུལ་ལ་ལྷ་རྗེ་ཟུར་པོ་ཆེ། རྒྱུད་རྒྱུད་ཀྱིས། རྒྱུད་འགྲེལ་པས། རྒྱུད་སྒྲུབ་ཐབས་ཀྱིས། རྒྱུད་མན་ངག་གིས་བཤད་པ་སྟེ་བཤད་ཚུལ་བཞིར་བཞེད་པ་དང་། ཁོག་གཞུང་གསལ་སྒྲོན་ལས། སྤྱི་དོན་གྱིས་ཁོག་དབུབ། དཀྱུས་ཀྱི་ས་བཅད། ཚིག་གི་འབྲུ་གནོན། བརྒལ་ལན་གྱིས་གཏན་ལ་དབབ་པ་སྟེ་བཞིར་བཤད་པ་སོགས་རྒྱུད་གཞུང་སྤྱིའི་འཆད་ཐབས་དང་། ལྟ་བ་བརྒལ་བརྟག་གིས་དང་། སྤྱོད་པ་འཇུག་ཐབས་ཀྱིས་དང་། དཀྱིལ་འཁོར་དོན་རྟགས་ཀྱིས་དང་། དབང་གདམས་ངག་གིས་དང་། དམ་ཚིག་རྣམ་གྲངས་ཀྱིས་དང་། ཕྲིན་ལས་ཆོག་བསྒྲིགས་ཀྱིས་དང་། སྒྲུབ་པ་ཕྱག་བཞེས་ཀྱིས་དང་། ཏིང་ངེ་འཛིན་བསྐྱེད་རྫོགས་ཀྱིས་དང་། མཆོད་པ་ཕྱི་ནང་གིས་དང་། སྔགས་སྒྲ་དག་སྡེབས་ཀྱིས་དང་། ཕྱག་རྒྱ་བསྐྱེད་རིམ་གྱིས་བཤད་པ་སྟེ་རྒྱུད་ཀྱི་དངོས་པོ་སོ་སོའི་བཤད་ཐབས་གཉིས་སོ། །གཉིས་པ་ནི། གསང་བདག་སྒྲོ་ཕུག་པའི་བཞེད་པས། རང་བཞིན་དངོས་པོའི་གནས་ཚུལ། མ་རྟོགས་འཁྲུལ་པའི་སྣང་ཚུལ། ཐམས་ཅད་མཁྱེན་པས་གཟིགས་ཚུལ། བརྩེ་བའི་ཐུགས་རྗེ་སྐྱེས་ཚུལ། འགྲོ་དོན་ཇི་ལྟར་མཛད་ཚུལ་དང་ལྔས་འཆད་པ་སོགས་ཡོད་མོད་ཀྱིས། བླ་མ་དམ་པ་རྣམས་སྒྱུ་འཕྲུལ་ཁོག་གཞུང་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མར་འབྲུ་གཉེར་དགྲོལ་བའོ། །ཞེས་གསུངས་པའི་རྗེས་སུ་འབྲང་སྟེ་འཆད་པར་མཛད་པས་འདིར་ཡང་དེ་བཞིན་དུ་བཤད་པར་བྱའོ། །དེ་ལ་གསུམ། མགོ་སྨོས་པས་གོ་བའི་གདུལ་བྱ་དབང་པོ་རབ་ལ་རྒྱུད་ཀྱི་མཚན་བསྟན་པ། ཅུང་ཟད་ཕྱེ་སྟེ་བཤད་པས་གོ་བའི་དབང་འབྲིང་ལ་སྤྱི་དོན་རྣམ་པར་དབྱེ་བ། རྣམ་པར་སྤྲོས་པས་གོ་བའི་དབང་པོ་ཐ་མ་ལ་འབྲུ་རེ་གཉེར་རེའི་སྒོ་ནས་བཤད་པའོ། །དེ་ཡང་གདུལ་བྱ་ཤེས་རབ་ཀྱི་འཇུག་པ་མྱུར་བའི་དབང་རྣོན་རྣམས་ལ་མཚན་དོན་བཤད་པ་ཙམ་གྱིས་རྒྱུད་ཀྱི་བརྗོད་བྱའི་གནད་མཐའ་དག་རྟོགས་ནུས་པས་དེའི་ཆེད་དུ་མཚན་བསྟན་པ་ཡིན་ཡང་དེ་ཁོ་ནའི་ཆེད་དུ་མཚན་བསྟན་པ་མིན་ཏེ། དབང་པོ་འབྲིང་ཐ་གཉིས་ལ་མགོ་སྨོས་པས་གོ་བའི་བག་ཆགས་བཞག་པའི་ཆེད་དུའང་བསྟན་དགོས་པའི་ཕྱིར་རོ། །དབང་འབྲིང་ལ་སྤྱི་དོན་བཤད་པས་རྒྱུད་དོན་གྱི་འགངས་གཤོག་པའི་གོ་བ་སྐྱེད་ནུས་པས་གཙོ་བོར་དེ་ལ་བསྟན་པར་བྱ་བ་ཡིན་ཡང་། དབང་པོ་ཐ་མ་ལའང་འབྲུ་གཉེར་དགྲོལ་བའི་དོན་དུ་ལུས་རྣམ་བཞག་ལ་བསླབ་པས་དཀྱུས་མཐོང་ནས་རྟ་རྒྱུག་པ་ལྟར་གཞུང་གི་ཚིག་དོན་བཟུང་བདེ་བའི་དགོས་པ་ཡོད་དོ། །མཚན་ལ་རྣམ་གྲངས་གསུམ་གྱི་དང་པོ་རྒྱུད་དང་དཀྱིལ་འཁོར་གྱི་གཙོ་བོ་དང་འཆད་པའི་སྐྱེས་བུ་གསུམ་གྱི་མཚན་ཐུན་མོང་དུ་བསྟན་པ་ནི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་སྟེ། དེའི་དོན་ཡང་བཤད་རྒྱུད་མེ་ལོང་ལས། ཆོས་རྣམས་མ་ལུས་གཉིས་མེད་པའི། །རང་རིག་བྱང་ཆུབ་སེམས་ཉིད་དོ། །ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་པས། རྡོ་རྗེ་ནི་མི་ཕྱེད་མི་ཤིག་པ་སྟེ་ཤེས་རབ་སྟོང་པ་ཉིད་དོ། །འདིའི་གོང་འོག་ཏུ་སྟོང་པ་ཉིད་ཅེས་བཤད་པ་རྣམས་ནི་འོད་གསལ་གྱི་རང་བཞིན་རྣམ་པར་མི་རྟོག་པའི་ཆ་ལ་སྤྲོས་པའི་ཀུན་རྟོག་དང་བདེན་དངོས་གཉིས་ཆར་གྱིས་སྟོང་པས་སྟོང་པ་ཁོ་ནའི་རྣམ་པ་ཅན་ཡིན་པ་དང་། མན་ངག་དང་ལྡན་པའི་རྣལ་འབྱོར་པས་དེ་ལ་མཉམ་པར་བཞག་པ་ཉིད་ཀྱིས་སྟོང་ཉིད་ལ་མཉམ་པར་བཞག་པར་འགྲོ་བས་དེར་བརྗོད་དེ། འདི་ལ་ཀུན་མཁྱེན་བླ་མ་དང་གཏེར་བདག་གླིང་པ་སོགས་མ་ཡིན་དགག་གི་སྟོང་ཉིད་ཅེས་གསུངས་ཏེ། དེ་ནི་ཐབས་ཤེས་གཉིས་ཀྱི་ནང་ནས་ཤེས་རབ་ཀྱི་ཕྱོགས་ཡིན་པས་ཤེས་རབ་ཅེས་བྱ་ཡི། སེམས་བྱུང་ཤེས་རབ་མིན་ནོ། །སེམས་དཔའ་ནི་ས་ཏྭའི་སྒྲ་སྐབས་འདིར་བརྟན་བསྡུས་རྟོགས་གསུམ་ལ་བཤད་དེ། ཐབས་རང་རིག་པ་བྱང་ཆུབ་ཀྱི་སེམས་ཤེས་རབ་སྟོང་པ་ཉིད་དང་རོ་གཅིག་པའི་ཟུང་འཇུག་རང་བཞིན་རྣམ་དག་དེ་ཐོག་མ་དང་ཐ་མ་མེད་པའི་དུས་སུ་གནས་ཤིང་མཚན་ཉིད་གཞན་དུ་མི་འགྱུར་བས་བརྟན་པ་དང་། དེ་ཉིད་ཀྱི་ཕྱག་རྒྱས་བརྟན་གཡོ་ཀུན་ལ་བཏབ་པའམ། བརྟན་གཡོ་ཐམས་ཅད་དེའི་ཆོ་འཕྲུལ་དུ་ཤར་བས་མཉམ་པ་ཉིད་དུ་གནས་པས་ན་བསྡུས་པ་དང་། གནས་ལུགས་རྡོ་རྗེ་ལྟ་བུའི་དོན་དེ་ཉིད་སྒྲིབ་པ་དང་བྲལ་ཞིང་ཚོགས་ཆེན་གཉིས་རྫོགས་པའི་མཐུས་ཇི་བཞིན་པར་མངོན་དུ་མཛད་པ་ནི་རྟོགས་པ་སྟེ། སྔ་མ་གཉིས་གཞི་འབྲས་གཉིས་སུ་མེད་པའི་རྡོ་རྗེ་སེམས་དཔའ་ཞེས་གནས་ཚུལ་ལ་ལྟོས་ནས་བཞག་ཅིང་། ཕྱི་མ་འབྲས་བུའི་རྡོར་སེམས་ཞེས་སྣང་ལུགས་དྲི་བྲལ་གྱི་ཆ་ནས་བཞག་གོ། །དེ་ཉིད་མཚན་མའི་ཕྱག་རྒྱར་སྣང་བ་དཀྱིལ་འཁོར་གྱི་གཙོ་བོ་དང་འཆད་པའི་སྐྱེས་བུ་མི་བསྐྱོད་པ་ལའང་རྡོ་རྗེ་སེམས་དཔའ་ཞེས་གྲགས་ཏེ། བརྟན་བསྡུས་རྟོགས་གསུམ་གཅིག་ཏུ་གྱུར་པའི་དཀྱིལ་འཁོར་གྱི་གཙོ་བོ་དངོས་མི་སློབ་ཟུང་འཇུག་ཡིན་ཡང་རྡོ་རྗེ་བརྟན་བསྡུས་གཉིས་བསྒྲུབ་གཞིར་ཟུང་སྟེ་རྟོགས་པའི་རྡོ་རྗེ་ལམ་བྱེད་ལ་གནས་པའི་བསྐྱེད་རིམ་གྱི་རྡོར་སེམས་དང་། དེ་ཡར་ལྡན་དུ་སོང་བའི་རྫོགས་རིམ་པའི་རྡོར་སེམས་ཡང་ཆ་འདྲ་ཙམ་དུ་བྱ་དགོས་སོ། །སྒྱུ་འཕྲུལ་དྲྭ་བ་ནི། རྡོ་རྗེ་ལས། ཐབས་དང་ཤེས་རབ་འབྲེལ་བའི་དོན། །སྒྱུ་འཕྲུལ་ཞེས་ནི་བཞིར་བཤད་དོ། །ཞེས་པས། རྟོག་ཚོགས། ངེས་དོན། དྲང་དོན། ལྷ་རྟོག་དབྱེར་མེད་ཀྱི་སྒྱུ་དྲྭ་བཞི་ལས། དང་པོ་ནི། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཞེས་པའི་སྐབས་སུ་བཤད་པ་ལྟར་འབྱུང་བ་ལྔའི་བཅུད་འདུས་པའི་ཐིག་ལེའི་ཆ་ཕྲ་བ་རྣམས་ཕུང་ཁམས་ཀྱི་སྣང་བ་རིས་སུ་མ་ཆད་པར་འཆར་བའི་གཞིར་གྱུར་པས་ན་སྒྱུ་མ་དང་། དེ་ལས་ཕུང་ཁམས་རགས་པའི་ཆ་སྣ་ཚོགས་སུ་ཤར་བ་ནི་འཕྲུལ་པ་དང་། དེ་གཉིས་རྟེན་དང་བརྟེན་པར་འབྲེལ་བ་ལ་དྲྭ་བ་ཞེས་བྱའོ། །གཉིས་པ་ནི། དེ་ལྟར་སྣང་བ་སྒྱུ་མ་ལྟར་རིས་མེད་དུ་འཆར་བའི་གནད་མཐར་ཐུག་ནི་ཤེས་རབ་སྟོང་པ་ཉིད་ཡིན་པས་དེ་ལ་སྒྱུ་མ་ཞེས་བྱ་ཞིང་། དེའི་རང་གདངས་ཐབས་རིག་པ་རང་བྱུང་གི་ཡེ་ཤེས་སུ་གསལ་བ་ལ་འཕྲུལ་པ་དང་། དེ་གཉིས་ངོ་བོ་དབྱེར་མེད་དུ་འབྲེལ་བ་ལ་དྲྭ་བ་ཞེས་བྱའོ། །གསུམ་པ་ནི། དེ་མཚོན་པའི་རྟགས་ཀྱི་ཕྱག་རྒྱར་སྣང་བ་ལྷ་ཡུམ་རྣམས་ནི་སྒྱུ་མ་དང་། ཡབ་རྣམས་འཕྲུལ་པ། ཡབ་ཡུམ་ཁ་སྦྱོར་བདེ་བའི་སྐུར་བཞུགས་པ་དྲྭ་བའི་དོན་ཏོ། །བཞི་པ་ནི། སྒྱུ་མ་ནི་རྟོག་ཚོགས། དེ་ཉིད་རང་རིག་རྟོགས་པའི་ཐབས་ཀྱིས་ལྷར་ཤར་བ་ནི་འཕྲུལ་བ། ལྷ་རྟོག་རང་བཞིན་གཉིས་སུ་མེད་པར་འབྲེལ་བ་ནི་དྲྭ་བའོ། །འདི་རྣམས་ཀྱང་གཞི་དང་འབྲལ་བུའི་དབང་དུ་བྱས་པར་གསུངས་པས་གཞི་ལ་སྦྱར་ན་རྟོག་ཚོགས་དང་། དེའི་སྣང་གཞི་སེམས་ཉིད་འོད་གསལ་ཏེ། སྒྱུ་དྲྭ་སྔ་མ་གཉིས་ཙམ་དང་། འབྲས་བུ་ལ་སྦྱར་ན་རྟོག་ཚོགས་ནི། འབྲས་བུའི་ཆོས་ལ་གཞིའི་ཆོས་ཀྱི་མིང་གིས་བཏགས་ན་མ་གཏོགས་མེད་ལ། ངེས་དོན་ནི་རྟོགས་པ་ཆོས་ཀྱི་སྐུ་དང་། དྲང་དོན་ནི་གསང་སྔགས་ཐུན་མིན་གྱི་གཟུགས་སྐུ་དང་། ལྷ་རྟོག་དབྱེར་མེད་ནི། ཕུང་ཁམས་ཐམས་ཅད་རོ་མཉམ་རྡོ་རྗེའི་ལྷར་དག་པའོ། །གཙོ་བོའི་དབང་དུ་བྱས་ན། རྡོ་རྗེ་སེམས་དཔའ་ལྷག་པ་དོན་དམ་གྱི་ཕྱོགས་ནས་དང་། སྒྱུ་འཕྲུལ་དྲྭ་བ་ཀུན་རྫོབ་ཀྱི་ཕྱོགས་ནས་བཤད་པ་འདྲ་ལ། གཞིའི་རྡོར་སེམས་སྒྱུ་དྲྭ་ཤེས་ནས། འབྲས་བུའི་རྡོར་སེམས་སྒྱུ་དྲྭ་འཐོབ་ཕྱིར་དུ་གཞི་འབྲས་གཉིས་ཀ་ལམ་དུ་བྱེད་པའི་ལམ་རྒྱུད་ལའང་མཚན་དེ་ལྟར་འདོགས་པར་གསུངས་སོ། །གཉིས་པ་ཆེ་བ་ལས་མཚན་དུ་བཏགས་པ་ནི། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི་ཞེས་པ་སྟེ། དེའི་དོན་ཡང་རྡོ་རྗེ་ལས། སོ་སོར་བསྟན་པ་རྒྱ་མཚོའི་རྒྱུད། །འདིར་སྟོན་འདིས་སྟོན་འདི་ཕྱིར་སྟོན། །དོན་ཀུན་འདི་ལ་ཡོངས་རྫོགས་པས། །ལུང་གི་སྤྱི་ཞེས་བཤད་པ་ཡིན། །ཞེས་གསུངས་སོ། །མཚན་ཉིད་ཐེག་པའི་གསུང་རབ་ཀྱི་བརྗོད་བྱར་གྱུར་བ་མངོན་མཐོ་དང་། ངེས་ལེགས་དང་། ཐམས་ཅད་མཁྱེན་པ་སྒྲུབ་པའི་ལམ་ཐམས་ཅད་འདིའི་ལམ་སྟེགས་སུ་བསྟན་ཅིང་། གསང་སྔགས་ཕྱི་པའི་མཚན་བཅས་མཚན་མེད་ཀྱི་ལམ་དང་། ཁྱད་པར་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་མཐའ་དག་གི་བརྗོད་བྱའི་སྙིང་པོ་ཟབ་གསལ་གཉིས་མེད་ཀྱི་གནད་གསང་མ་ལུས་པ་རྒྱུད་འདིར་སྟོན་པ་དང་། སྡེ་སྣོད་དང་རྒྱུད་སྡེ་གཞན་ཐམས་ཅད་འདིར་བསྟན་པའི་དོན་དེ་དག་ཉིད་ལས་བརྩམས་ཏེ་གསུངས་པས་འདི་ལས་འཕྲོས་པ་དང་། བསྟན་པ་དེ་དག་ཐམས་ཅད་རྒྱུད་འདིའི་དགོངས་དོན་ལྷག་པའི་བདེན་གཉིས་དབྱེར་མེད་ལ་འཇུག་པའི་ཆེད་དུ་དངོས་སམ་བརྒྱུད་ནས་གཞོལ་བ་སྟེ། དེ་དག་གི་ཕྱིར་ལུང་ཐམས་ཅད་ཀྱི་སྤྱི་ཆིངས་སུ་གྱུར་བ་ཡིན་ནོ། །འདི་ལ་ལུང་དང་མཐུན་པའི་མཚན་ཞེས་ཀྱང་གསུང་ངོ་། །གསུམ་པ་དོན་རང་གི་ངོ་བོ་ལས་བཏགས་པའམ་མན་ངག་དང་མཐུན་པའི་མཚན་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་གླེགས་བམ་གྱི་ཀླད་དུ་འབྱུང་བ་ཉིད་དེ། འདི་ལ་བི་མ་ལའི་འགྲེལ་ཆུང་དུ། རང་བཞིན་གསང་བ་ཞེས་བྱ་སྟེ། །ཆེ་བ་ཞེས་བྱ་སྙིང་པོའི་དོན། །དེ་ཁོ་ན་ཉིད་མཚན་ཉིད་དེ། །ངེས་པས་ངེས་དོན་མདོར་བསྟན་པ། །ཞེས་མཚན་གྱི་ཟུར་བཞི་པོས་རྒྱུད་ཀྱི་རང་བཞིན་དང་། ཆེ་བ་དང་། མཚན་ཉིད་དང་། ངེས་པའི་དོན་རྣམས་བསྟན་པར་བཤད་དོ། །འདིར་སྤྱིའི་དོན་ཕྱོགས་ཙམ་བརྗོད་ན། མདོ་ཕལ་པོ་ཆེ་ལས་སྟོང་གསུམ་གྱི་འཇིག་རྟེན་འདི་རྒྱུ་རྐྱེན་ཆེས་མང་པོ་དང་ཆེ་བ་སྣ་ཚོགས་ལས་འགྲུབ་པ་དཔེར་མཛད་ནས་རྒྱུ་ཚོགས་ཉུང་ངུ་དང་མདོར་བསྡུས་པ་ཙམ་གྱིས་རྫོགས་པའི་བྱང་ཆུབ་མི་འགྲུབ་པར་གསུངས་པ་ལྟར་གདུལ་བྱ་རྒྱ་ཆེན་པོ་ལ་མོས་པ་རྣམས་ལ་བསྟན་པའི་ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་ལྟར་ན་ཚོགས་གཉིས་ཀྱི་སྤྱོད་པའི་བྱེ་བྲག་དང་། དུས་དང་། སློབ་ཚུལ་གྱི་ཐབས་མཁས་མཐའ་ཡས་པ་ཞིག་ལ་ངལ་བ་མ་བསྟེན་པར་བྱང་ཆུབ་འཐོབ་པ་གནས་མེད་ཀྱང་། ཟབ་མོ་ལ་མོས་པའི་གདུལ་བྱ་སྐལ་པ་རབ་མཆོག་ལྡན་པ་རྣམས་ལ་བསྟན་པའི་གསང་བ་བླ་མེད་ཀྱི་སྐབས་འདིར་ནི་དཔལ་ཁ་སྦྱོར་ཐིག་ལེར། དེ་ཕྱིར་དེ་རྒྱས་ཅི་ཞིག་བྱ། །མདོར་བསྡུས་པས་ནི་སངས་རྒྱས་ཉིད། །ཅེས་སོགས་གསུངས་པ་ལྟར། ལམ་མདོར་བསྡུས་ཀྱིས་འགྲུབ་པ་དང་། དེའང་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འགྲུབ་པ་དང་། བདེ་བླག་ཉིད་དུ་འགྲུབ་པ་དང་། ལམ་གཞན་བསྣན་པ་ལ་མི་ལྟོས་པར་འདི་ཉིད་ཁོ་ནས་འགྲུབ་པའི་ཁྱད་པར་དང་ལྡན་ལ། དེའི་རྒྱུ་མཚན་ཡང་། ཕྱི་རྒྱུད་སྡེ་གསུམ་མན་ཆད་དུ་གསལ་བར་མ་བསྟན་པའི་ཡེ་ཤེས་ལམ་བྱེད་ཀྱི་གནད་ཐུན་མིན་ཅིག་ཡོད་པ་དེ་གཏན་ལ་ཕབ་པ་ཉག་གཅིག་གི་མཐུ་ཡིན་ཞིང་། དེ་འདྲ་དེ་ལ་རྒྱུད་འདི་ལས་ལྷག་པ་བདེན་གཉིས་དབྱེར་མེད་ཀྱི་ཆོས་སྐུ་ཆེན་པོའི་རྣལ་འབྱོར་ཞེས་གསུངས་ཏེ། འདིའི་བརྗོད་བྱའི་མཐིལ་ནི་དེ་ཡིན་ནོ། །དེའི་ཕྱིར་མཚན་གྱི་ཟུར་འདི་དག་ཐམས་ཅད་ཀྱིས་ཀྱང་གཙོ་བོར་དེ་ཁོ་ན་བསྟན་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །སོ་སོའི་བཤད་ན་གསང་བའི་དོན་ནི་སྤར་ཁབ་ཏུ་རང་བཞིན་སོགས་གསུམ་དང་། བི་མ་ལས་མི་བསྟན་པའི་གསང་བ་བསྣན་ཏེ་བཞིར་ཕྱེ་ནའང་འདིར་རྒྱུད་ཉིད་ལས། ཁོང་ནས་གབ་སྦས་དོན་འབྱིན་པ། །ཞེས་པ་ལྟར་གབ་སྦས་གཉིས་སུ་འདུ་བར་རྗེ་རོང་ཀློང་གཉིས་བཞེད་པ་ལྟར་བཤད་དེ། གབ་པའི་གསང་བ་ནི། གནས་ལུགས་རང་བཞིན་གྱི་རྒྱུད་དང་། དེ་ལ་ལྟོས་པའི་ལམ་འབྲས་རྣམས་ཟབ་ཅིང་གཏིང་དཔག་དཀའ་བས་ཤིང་ཏུ་དབང་རྣོན་མ་གཏོགས་པ་གཞན་གྱིས་རྟོགས་མི་ནུས་པའོ། །སྦས་པའི་གསང་བ་ནི། གསང་བ་བླ་མེད་ཀྱི་ལྟ་སྒོམ་སྤྱོད་པའི་གནད་ཐུན་མིན་རྣམས་སྣོད་མིན་ལ་རྣམ་པ་ཐམས་ཅད་དུ་སྦ་དགོས་པས་དེར་བཞག་སྟེ། འདི་གཉིས་རྟོགས་དཀའ་བ་དང་། རྟོགས་སུ་མི་རུང་བའི་ཁྱད་པར་གྱི་དབྱེ་བར་བཤད་དོ། །སྙིང་པོའི་དོན་ནི། སྙིང་པོའི་སྐད་དོད་སར། ཧྲི་ད་ཡ། གརྦྷ་གསུམ་ལས། དང་པོའི་སྟེང་ནས་བཤད་ན། གཅིག་ལས་མང་པོ་འཕྲོ་བའི་གཞི་ལ་འཇུག་པས་སེམས་ཉིད་རྟོགས་པ་དང་མ་རྟོགས་པ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་འཕྲོ་ཞིང་། དེ་གཏན་ལ་འབེབས་པའི་རྒྱུད་འདི་ཡང་བསྟན་པ་ཐམས་ཅད་ཀྱི་འཕྲོ་གཞིར་གྱུར་བའོ། །ཧྲི་ད་ཡ་ལས་བཤད་ན། སྙིང་ལྟར་གཅེས་སྤྲས་སུ་བྱ་བ་ལ་འཇུག་སྟེ། ཐེག་པའི་སྒོ་གང་ནས་ཞུགས་ཀྱང་མཐར་ཐུག་འདི་ལས་མི་འདའ་བས་བྱང་ཆུབ་འདོད་པ་རྣམས་ཀྱིས་དོན་དུ་གཉེར་བྱའི་གཙོ་བོར་གྱུར་པ་སྟེ་སྔ་མ་ལ་རྒྱུའི་སྙིང་པོ་དང་། ཕྱི་མ་ལ་འབྲས་བུའི་སྙིང་པོ་ཞེས་བཤད་དོ། །གརྦྷ་ནི་གླེགས་བམ་གྱི་དབུ་ན་བཞུགས་པ་གཙོ་བོའི་དོན་ཏེ། ཤུན་པའི་ནང་གི་སྙིང་པོ་ལྟ་བུ་བཅུད་འདུས་པའི་དོན་ལ་བྱའོ། །དེའང་གོང་འོག་གི་ཐེག་པ་ཐམས་ཅད་ཞལ་བསྡུར་ཡང་། འདིའི་ལམ་ལ་བྱང་ཆུབ་སྒྲུབ་པའི་ཐབས་མཁས་ཀྱི་གནད་འདུས་ཤིང་རྫོགས་པ་ལས་ལྷག་པའི་ལམ་གཞན་མེད་པས་གཞི་ལམ་འབྲས་བུའི་གནད་བཅུད་དུ་འདྲིལ་བའོ། །དེ་ཁོ་ན་ཉིད་ནི་གསུམ་སྟེ། མ་བཅོས་པའི། མ་ནོར་བའི། གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དོ། །དང་པོ་ནི། གདོད་ནས་རང་བཞིན་དག་པའི་ཡེ་ཤེས་གློ་བུར་བའི་ཀུན་རྟོག་དེའི་བག་ཆགས་ཀྱི་རྙོགས་པས་བསླད་པ་ལ་སེམས་ཅན་དང་། དེ་གཏན་ལོག་པ་ལ་སངས་རྒྱས་སུ་བཏགས་ཤིང་། གསང་སྔགས་ཀྱི་ཐབས་མཁས་ཀྱིས་གཉུག་མའི་རང་བཞིན་རྗེན་ལ་ཕྱུངས་ཏེ་བསྒོམས་པ་ཁོ་ནས་ཆབ་རོམ་ཆུར་ཞུ་བ་ལྟར་བསླད་པ་དེ་རང་ལོག་ཏུ་འགྲོ་བས་འོད་གསལ་སྙིང་པོའི་ལམ་ལ་རྒྱུའི་དེ་ཁོ་ན་ཉིད་ཅེས་བྱའོ། །གཉིས་པ་ནི། ལམ་དེས་རང་གནས་ཀྱི་ཡེ་ཤེས་དྲི་བྲལ་དུ་བྱས་པ་ཁོ་ནས་སྐུ་དང་ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་གསལ་བར་རང་འབྱུང་བ་སྟེ་འབྲས་བུའི་དེ་ཁོ་ན་ཉིད་ཅེས་བྱ། གསུམ་པ་ནི། དེ་ལྟར་ན་ཤེས་བྱ་གཞི་དང་། བསྒྲུབ་བྱ་འབྲས་བུ་གཉིས་ཀ་གཉུག་མ་མི་ཤིགས་པའི་སེམས་གཅིག་པུ་ལས་གུད་ན་མེད་དེ། དེ་ལ་རྒྱུ་འབྲས་རོ་གཅིག་པའི་དེ་ཁོ་ན་ཉིད་ཅེས་ཀྱང་བྱའོ། །ངེས་པའི་དོན་ནི། དེ་ལྟར་གཞི་ལམ་འབྲས་བུའི་རྣམ་བཞག་མཛད་པ་དེ་དག་ཀྱང་གདུལ་བྱ་ཁ་དྲང་བའི་དོན་དུ་བསྟན་པའི་ལྡེམ་དགོངས་ལྟ་བུ་མ་ཡིན་ཏེ། དབང་རྣོན་མཆོག་གི་གདུལ་བྱ་ལ་རྒྱལ་བ་ཉིད་ཀྱིས་ཇི་ལྟར་ཐུགས་སུ་ཆུད་པའི་དགོངས་དོན་མཐར་ཐུག་པ་བསྟན་པའོ། །མཚན་ནང་གསང་ལྟར་བཤད་པ་ཕྱོགས་མཐོང་ཙམ་ནི། ནང་ལྟར་ན་སྙིང་གའི་མི་ཤིགས་པ་ནི་གདོན་ནས་རང་ལ་གནས་ཀྱང་མཚོན་དཀའ་བས་གསང་བ། དེ་ཉིད་ལ་གསང་སྔགས་ཀྱི་ཟབ་གནད་ཐམས་ཅད་འདུས་པས་སྙིང་པོ། བླ་མ་དམ་པའི་མན་ངག་གིས་ཡེ་ཤེས་ཀྱི་སྣང་བ་དེ་ཉིད་གསལ་བར་སད་པ་དེ་ཁོ་ན་ཉིད། སྙིང་པོའི་ཐིག་ལེ་དེ་གཞི་ལམ་འབྲས་གསུམ་གྱི་སྲོག་ཏུ་ངེས་པས་ན་ངེས་པ་སྟེ། རྒྱུད་སྡེའི་རྫོགས་རིམ་རྣམས་སུ་རྩ་འཁོར་གང་ལ་གནད་དུ་བསྣུན་པའི་ཁྱད་པར་མི་འདྲ་བ་མང་ཡང་གསང་བ་སྒྱུ་འཕྲུལ་ལས་སྙིང་གའི་འཁོར་ལོ་གཙོ་བོར་བྱེད་པས་དེ་ལྟར་གསུངས་ཏེ་བཤད་ཚུལ་གཅིག་གོ། །ཡང་འཁོར་ལོ་བཞི་དང་སྦྱར་ན། ལྟེ་བའི་དབྱིངས་ཕྱུག་ལྔའི་ཐིག་ལེ་ནི་གསང་བ་དང་། སྙིང་གའི་ཡེ་ཤེས་སྙིང་པོའི་ཐིག་ལེ་ནི་སྙིང་པོ་དང་། མགྲིན་པའི་རྔམས་མའི་ཐིག་ལེ་ནི། དེ་ཁོ་ན་ཉིད་དང་། སྤྱི་བོའི་ཀུན་ཏུ་བཟང་པོའི་ཐིག་ལེ་ལ་ངེས་པ་ཞེས་བཤད་དོ། །གསང་བ་ལྟར་ན། རྩ་གནས་ཀྱི་ཐིག་ལེ་བདེ་བའི་ཡེ་ཤེས་ཀྱི་རོ་དང་བཅས་པར་རང་ཆས་སུ་ཡོད་ཀྱང་མ་ཤེས་པས་གསང་བ། ཐིག་ལེ་དེ་ལ་ཕུང་ཁམས་ཐམས་ཅད་ཀྱི་བཅུད་འདུས་པས་སྙིང་པོ། ཐབས་ལམ་ཟབ་མོས་གནས་དུ་བསྣུན་པས་ལྷན་སྐྱེས་ཀྱི་རང་ཞལ་ཇི་བཞིན་མཐོང་བ་དེ་ཁོ་ན་ཉིད། ཐིག་ལེ་དེ་ཉིད་གཞི་ལམ་འབྲས་བུ་གསུམ་ཀའི་གནད་སྲོག་ཏུ་ངེས་པ་ལ་ངེས་པ་ཞེས་བཤད་དེ་བླ་མ་བརྒྱུད་པའི་མན་ངག་གོ། །དེ་ལྟར་ན་རྒྱུད་འདི་རྒྱུད་ལུང་མན་ངག་གསུམ་གྱི་གནད་བསྡུས་ཡིན་པས་རྒྱུད་དང་མཐུན་པ་སོགས་མཚན་གསུམ་དུ་བྱུང་ཞིང་། རང་གི་ངོ་བོ་མ་ཧཱ་ཡོ་ག་ལ་ལྟོས་པའི་མན་ངག་ཨ་ཏི་ཡོ་གའི་རྒྱུད་དུ་གནས་པས་གླེགས་བམ་གྱི་ཀླད་དུ་མན་ངག་དང་མཐུན་པའི་མཚན་འབའ་ཞིག་སྨོས་ཞེས་གསུངས་ངོ་། །གཉིས་པ་ལ་གཉིས་ཏེ། དོན་གྱི་རྣམ་གྲངས་རྣམ་པར་དབྱེ་བ་དང་། ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བའོ། །དང་པོ་ལའང་། རྒྱུ་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་བསླང་། འབྲས་བུ་ཡོངས་སུ་ཤེས་པར་བྱ་བ་རྒྱུད་དོན། རྒྱུད་ཀྱི་དགོས་འབྲེལ། འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་སྟེ་ལྔ་ལས། དང་པོ་ནི། གང་དུ་སྟོན་འཁོར་ཚོགས་པ་དེའི་ཚེ་རྒྱུད་འབྱུང་བས་ཕུན་སུམ་ཚོགས་པ་ལྔ་ལྡན་ནི་གླེང་གཞིའོ། །སྒྲ་བཤད་ནི། གླེང་གཞིའི་སྐད་དོན་དཱ་ན་ཞེས་པ་སྦྱིན་པ་ལ་འཇུག་སྟེ། ཁུངས་ལྡན་གྱི་ལོ་རྒྱུས་མ་རྙེད་པས་ཡིད་མི་ཆེས་པ་རྣམས་ལ་ངེས་པ་སྦྱིན་པའི་ཕྱིར་དང་། རྒྱུད་དོན་གླེང་བའི་གཞིར་གྱུར་པའི་ཕྱིར་རོ། །དབྱེ་ན། ཐུན་མོང་མ་ཡིན་པ་དང་། ཐུན་མོང་གི་གླེང་གཞི་གཉིས་ལས། དང་པོ་ནི། ཐབས་ལམ་དང་སྦྱར་བ་སྟེ། དེ་ལའང་སྟེང་འོག་གི་སྒོའི་ལམ་དང་སྦྱར་བ་གཉིས་ལས། དང་པོ་ནི། གནས་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་བཞི་དང་། སྟོན་པ་རྩ་འཁོར་དེའི་དབུས་ན་སེམས་མི་ཤིགས་པ་དྭངས་མ་ལྔའི་ཐིག་ལེ་ལ་བརྟེན་ཏེ་བཞུགས་པ་དང་། འཁོར་རྩ་འདབ་ལ་རྒྱུ་བའི་ལས་རླུང་གི་བཞོན་པ་ཅན་གྱི་རྣམ་ཤེས་ཚོགས་བརྒྱད་དང་། བསྟན་པའམ་ཆོས་བདེ་གསལ་མི་རྟོག་པའི་ཡེ་ཤེས་བསམ་མི་ཁྱབ་ཀྱི་དགོངས་པ་སྟེ་མི་ཤིགས་པ་སད་སྟོབས་ཀྱིས་ལས་རླུང་ཡེ་ཤེས་སུ་སྦྱངས་ཤིང་ཚོགས་བརྒྱད་བདེ་སྟོང་གི་རོས་ཁྱབ་པ་ནི་སྟོན་པས་འཁོར་ལ་ཆོས་བསྟན་པ་དང་། དུས་ནི་དུས་གསུམ་མཉམ་པ་ཉིད་དུ་བསྡམ་པ་དུས་མེད་ཀྱི་དགོངས་པ་མངོན་དུ་གྱུར་པའི་དུས་སོ། །གཉིས་པ་ནི། རྡོ་རྗེ་བཙུན་མོའི་པདྨ་ལས་བཞིའི་དབྱིབས་ཅན་གནས་དང་། ཐབས་ཀྱི་རྡོ་རྗེ་ནོར་བུའི་དབུས་ན་རྩ་ཁམས་ཀྱི་བཅུད་འདུས་པའི་བྱང་སེམས་ཀྱི་ཐིག་ལེ་བཞུགས་པ་ནི་སྟོན་པ་དང་། བྱེད་བཅིང་གི་ཐབས་དང་བཅས་པའི་ཡབ་ཡུམ་གཉིས་ཀྱི་གསང་བའི་རྣམ་ཤེས་ནི་འཁོར་དང་། ཐབས་ལམ་གྱི་སེམས་ལྔ་རྫོགས་པའི་མཐའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་ཆོས་དང་། སྟོན་པ་དེའི་མཐུས་འཁོར་དེ་དག་ཆོས་དེའི་ངོ་བོར་སྐྱེས་པ་ནི་སྟོན་འཁོར་ཞུ་འཆད་བྱས་པའི་དོན་དང་། དུས་སྔར་བཞིན་ཏེ། དེ་ལྟར་ཕུན་སུམ་ཚོགས་པ་ལྔའོ། །འདི་དག་རྒྱུད་ཀྱི་ཐོག་མར་འབྱུང་བའི་ཨེ་བྃ་མཱ་ཡཱ་ཞེས་པའི་ཡི་གེ་བཞི་དང་སྦྱར་ནས་བཤད་རྒྱུད་ཀྱིས་ཇི་ལྟར་འགྲེལ་པ་སོགས་དགོངས་རྒྱན་ལས་ཤེས་ཤིང་། ལེའུ་གཉིས་པའི་གསང་དབང་སྟོན་པ་དང་། དབང་ཕྱི་མ་གཉིས་སྟོན་པའི་རྒྱུད་ཚིག་གི་ཤུགས་ཀྱིས་ཀྱང་རིམ་བཞིན་སྟེང་སྒོ་དང་འོག་སྒོའི་གླེང་གཞི་ཐོན་པར་བཤད་རུང་པར་མངོན་ཏེ། ནང་གསང་གི་ཕུན་ཚོགས་ལྔ་ལྡན་འདི་དག་གླེང་གཞིར་འགྱུར་ཚུལ་གྱིས་ཤེས་པའི་ཕྱིར་ཏེ། གླེང་བསླང་གི་སྐབས་སུ་ལྷན་ཅིག་པའི་འཁོར་རྣམས་ལ་སྟོན་པས་འབྲས་དབང་བསྐུར་ནས་དེ་རྣམས་ནང་གི་མངོན་བྱང་ལྔས་བྱང་ཆུབ་པ་ན་གོ་ཕྱེ་བའི་འཁོར་གྱི་ཆེད་དུ། ཨེ་མའོ་ཡེ་ནས་གསང་བའི་ཆོས། །སོགས་ཆེད་བརྗོད་ཞུས་ལན་མཛད་པ་ལས་འཕྲོས་ཏེ་རྒྱུད་ཡོང་རྫོགས་བྱུང་བ་ཡིན་ལ། དེ་ལྟ་བུའི་མངོན་བྱང་ལྔ་པོའང་སྙིང་ག་དང་གསང་བའི་འོག་མིན་དུ་འཚང་རྒྱ་ཚུལ་ཡིན་པའི་གནད་ཀྱིས་དེ་ལ་ལྟོས་པའི་ཕུན་སུམ་ཚོགས་པ་ལྔ་གླེང་གཞིར་སོང་བ་ཡིན་ཞེས་དམ་པ་སྔ་མ་དག་བཞེད་དོ། །གཉིས་པ་ལ་ལོངས་སྐུའི་གླེང་གཞིའམ་རྒྱུད་འབྱུང་བ་ཁྱད་པར་ཅན་གྱི་གླེང་གཞི་དང་། དེའང་ཞར་བྱུང་གདུལ་བྱ་དགོས་ཆེད་དུ་བསྟན་པ་ཁྲོ་བོའི་གླེང་གཞི། སྤྲུལ་སྐུ་འགྲོ་བ་འདུལ་བའི་གླེང་གཞིའམ་བསྟན་པ་སྤྱིའི་གླེང་གཞི་སྟེ་གསུམ་ལས། དང་པོ་ནི། ཁོག་གཞུང་ལས། སྟོན་གནས་འཁོར་དང་སྡུད་པ་དང་། །བསྟན་པ་དུས་ཀྱིས་ཤེས་པར་བྱ། །ཞེས་ཕུན་སུམ་ཚོགས་པ་དྲུག་ཏུ་བཤད་ཀྱང་། འདིར་སྡུད་པོ་ཕུན་ཚོགས་འཁོར་ལ་བསྡུས་ནས་ལྔར་བྱའོ། །དེ་ལ་གནས་ནི། སྤྱན་འགྲེལ་ལས། དོན་གྱིས། རིག་པའི། གསང་བའི། འཇིག་རྟེན་གནས་ཀྱིས། དབང་ཕྱུག་ཆེན་པོའི་འོག་མིན་དང་ལྔ་བཤད་པའི་ཡ་གྱལ་ཕྱི་མ་སྟེ་འདིར་བསྟན་ཀྱི་དབང་ཕྱུག་ཆེན་པོ་ནི་བླ་ན་མེད་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་སྟེ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ལྟ་བུའི་གནས་དེ་རང་བཞིན་དང་ངོ་བོ་གཉིས་ཀྱི་སྒོ་ནས་བཤད་པའི་དང་པོ་ལ་སྤྱིའི་རང་བཞིན་ནི། འགྲེལ་ཆུང་ལས། མཐའ་དབུས་མེད་པའི་ཆོས་ཀྱི་དབྱིངས། །དེ་ནི་གནས་ཀྱི་བླ་མར་འདོད། །ཅེས་པ་ལྟར་ཆོས་ཀྱི་དབྱིངས་ཡིན་ལ། ཆ་ཤས་སོ་སོའི་རང་བཞིན་ནི། འོག་གཞི་འཁོར་ལོའི་རང་བཞིན་ཡེ་ཤེས་ལྔ་དང་། གྲུ་ཆད་ཀྱི་བདེན་བཞི་དང་། བར་ཁྱམས་ཀྱི་བདེན་པ་དབྱེར་མེད་ལ་སོགས་པའོ། །གནས་ཀྱི་ངོ་བོ་ནི། རྣམ་པའི་ཁྱད་པར་ཏེ་འགྲེལ་ཆུང་ལས། གཞལ་ཡས་གཞི་དང་རྒྱུ་དང་རྒྱ། །དབྱིབས་དང་གློ་འབུར་རྩེ་མོ་དང་། །རྒྱན་དང་སྒོ་ཁྱུད་རྟ་བབས་དང་། །མཚན་ཉིད་གདན་གྱི་རྣམ་པ་སྟེ། །བཅུ་གཅིག་དག་གིས་དབྱེ་བར་བྱ། །ཞེས་གསུངས་པ་ལྟར་རོ། །སྟོན་པ་ཕུན་ཚོགས་བཤད་པ་ལའང་རང་བཞིན་དང་ངོ་བོ་གཉིས་ཏེ། དེའང་དཀྱིལ་འཁོར་གྱི་བརྡ་དོན་ངོ་སྤྲོད་ལ་དཀྱིལ་འཁོར་གྱི་དེ་ཉིད་བསྟན་པ་ཞེས་བརྗོད་པ་ལྟར་དག་པའི་རྟེན་དང་བརྟེན་པའི་ཡེ་ཤེས་ཀྱི་དེ་ཉིད་ལ་རང་བཞིན་དང་། གཟུགས་ཀྱི་རྣམ་པ་ལ་ངོ་བོ་ཞེས་བཏགས་པ་ཡིན་པས་རང་བཞིན་ཆོས་སྐུའི་ཕྱོགས་ནས་དང་། ངོ་བོ་གཟུགས་སྐུའི་ཕྱོགས་ནས་བསྟན་དགོས་སོ། །དེ་ལ་སྟོན་པའི་རང་བཞིན་ནི་འགྲེལ་ཆུང་ལས། བྱང་ཆུབ་མཆོག་གི་ངོ་བོ་དང་། །ཆོས་རྣམས་རོལ་པར་ལོངས་སྤྱོད་དང་། །ཕྱོགས་དུས་བདེ་གཤེགས་བདག་པོ་དང་། །ཆོས་སོ་ཅོག་དང་དབྱེར་མེད་པའོ། །ཞེས་བཞིར་བཤད་ཅིང་། དེའི་དང་པོ་ལའང་ཆོས་ཉིད་དེ་བཞིན་ཉིད་སྒྲིབ་བྱེད་ཀྱི་དྲི་མ་མཐའ་དག་སྤངས་བས་མཉམ་པར་མ་བཞག་པ་མེད་པའི་ཚུལ་གྱིས་མངོན་དུ་མཛད་པ་དེ་བཞིན་ཉིད་དུ་ནར་སོན་པའི་རང་བཞིན་དང་། དེའི་དབང་གིས་འབྲས་བུའི་ཆོས་རྒྱ་མཚོ་ལྟ་བུ་རྩོལ་མེད་རང་བྱུང་དུ་བརྙེས་པ་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པའི་རང་བཞིན། ཡེ་ཤེས་རེ་རེའང་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་པས་ཚད་འདི་ཙམ་ཞེས་བཟུང་དུ་མེད་པས་ཡེ་ཤེས་མཐའ་དབུས་དང་བྲལ་བའི་རང་བཞིན། སྤངས་རྟོགས་མཐར་ཕྱིན་གྱི་གོ་འཕང་ལ་བཞུགས་ཀྱང་སྲིད་ཞིའི་མཐའ་གཉིས་གང་གི་ཕྱོགས་སུའང་བརྗོད་དུ་མེད་པའམ། ཡང་ན་མཉམ་བཞག་གི་དགོངས་པ་མཚན་མའི་ཡུལ་ཅན་གང་གིས་ཀྱང་མཚོན་དུ་མེད་པ་འབྲས་བུ་ལ་མངའ་མཛད་ཀྱང་ངོ་བོ་བསྟན་དུ་མེད་པའི་རང་བཞིན་ནོ། །གཉིས་པ་ནི། ཡེ་ཤེས་སྒྱུ་མའི་སྤྱོད་ཡུལ་ཚད་མེད་པ་ལ་དབང་བསྒྱུར་ཡང་གཟུང་འཛིན་དང་བྲལ་བའི་ཆོས་ཉིད་ལས་མི་གཡོ་བ་སྟེ། འདི་ལ་མཉམ་པ་ཉིད་མངོན་དུ་མཛད་ཀྱང་སྤྱོད་ཡུལ་དང་བྲལ་བའི་རང་བཞིན་ཞེས་ཀྱང་བྱའོ། །གསུམ་པ་ནི། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་བསྡུ་ན་རིགས་ལྔར་འདུ་ཞིང་ལྔ་པོའང་རིགས་དྲུག་པ་ལ་འདུ་བས་རིགས་ཐམས་ཅད་ཀྱི་བདག་པོར་བཞུགས་པ་སྟེ། གཅིག་དང་དུ་མ་དང་བྲལ་བའི་རང་བཞིན་ཞེས་ཀྱང་བྱའོ། །བཞི་པ་ནི། ཁམས་གསུམ་དུས་གསུམ་གྱི་བསྡུས་པའི་འཁོར་བའི་ཆོས་ཐམས་ཅད་ཀྱང་ལྷག་པའི་བདེན་པ་དབྱེར་མེད་ཀྱི་དོན་ལས་ཕྱི་རོལ་དུ་གྱུར་བ་མེད་ཅིང་བདེན་གཉིས་དེ་དག་ལ་རྒྱལ་བ་དྲུག་པའི་དགོངས་པ་རྟག་ཁྱབ་ཏུ་བཞུགས་པ་སྟེ་གཉིས་སུ་མེད་པའི་བདག་ཉིད་ཆེན་པོར་དུས་གསུམ་འདུ་འབྲལ་མེད་པའི་རང་བཞིན་ཞེས་ཀྱང་བྱའོ། །གཉིས་པ་ངོ་བོ་ལའང་བཞི་སྟེ། སྟོན་པ་སྐུ་གསུམ་གྱི་བདག་ཉིད་ཡིན་པའི་དོན་རྟགས། ཐབས་ཤེས་གཉིས་སུ་མེད་པའི་དོན་རྟགས། ཡེ་ཤེས་དྲུག་དང་ལྡན་པའི་དོན་རྟགས། རྣམ་ཐར་གསུམ་དང་ལྡན་པའི་དོན་རྟགས་སོ། །དང་པོ་ལའང་ཆོས་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་སུ་སྐུ་མདུན་དང་རྒྱབ་མེད་པར་ཕྱོགས་ཐམས་ཅད་དུ་ཐལ་ལེར་གཟིགས་པ་དང་། ལོངས་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་སུ་མཚན་དཔེའི་ཡོན་ཏན་མཐར་ཐུག་པ་དང་ལྡན་པ་དང་། སྤྲུལ་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་སུ་སྐུའི་བ་སྤུའི་སྒོ་རེ་རེ་ལས་ཀྱང་སྤྲུལ་པ་དཔག་ཏུ་མེད་པ་ཕྱོགས་བཅུར་སྤྲོ་བའོ། །གཉིས་པ་ནི། སྙིང་རྗེ་ཆེན་པོ་དང་། མི་དམིགས་པའི་ཤེས་རབ་ཀྱིས་མི་གནས་མྱང་འདས་ལ་བཞུགས་པའི་བརྡར་ཡབ་ཡུམ་གཉིས་ཀ་མཚུངས་པར་སྐྱིལ་ཀྲུང་དུ་བཞུགས་ནས་འཁྲིལ་བའོ། །གསུམ་པ་ནི། ཡེ་ཤེས་ལྔར་རང་བྱུང་གི་ཡེ་ཤེས་དང་དྲུག་བརྙེས་པའི་རྟགས་སུ་ཕྱག་དྲུག་དང་། དེས་འགྲོ་དོན་མཛད་པའི་རྟགས་སུ་རྡོ་རྗེ་ལ་སོགས་པའི་མཚན་མ་དྲུག་འཛིན་པའོ། །བཞི་པ་ནི། སྐུ་སྟོང་པ་ཉིད། གསུང་མཚན་མེད་པ་དང་། ཐུགས་སྨོན་པ་མེད་པ་སྟེ་གསུམ་པོ་དབྱེར་མེད་པའི་རྟགས་སུ་མཐིང་དཀར་དམར་བའི་ཞལ་གསུམ་མངའ་བའོ། །འཁོར་ཕུན་སུམ་ཚོགས་ལ་ལྷན་ཅིག་པ་དང་དགོ་ཕྱེ་བའི་འཁོར་གཉིས། དང་པོ་རང་བཞིན་གཉིས་སུ་མེད་པའི། རིག་པ་ཁྱད་པར་ཅན་གྱི། དད་པས་གཏམ་ཉན་པའི་འཁོར་རོ། །དང་པོ་ནི། དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་སོགས་རྒྱལ་བ་རིགས་ལྔ་སྟེ། རྣམ་པར་ཤེས་པའི་རྒྱལ་པོ་ཞེས་པ་འདི་ལ་ཀུན་མཁྱེན་ཆེན་པོ་རྣམ་པར་སྣང་མཛད་ཡིན་པའི་སྒྲུབ་བྱེད་མང་དུ་འགོད་པར་མཛད་ལ། ཟུར་བ་ནི་གླང་ཆེན་རབ་འབོག་གི་རྒྱུད་དང་། ཉི་འོད་སེང་གེའི་འགྲེལ་བ་དང་། རྡོ་རྗེ་ལས་རིམ་སོགས་ཀྱི་ཁུངས་ལ་བརྟེན་ནས་མི་བསྐྱོད་པར་བཞེད་དེ། གཏེར་བདག་གླིང་པ་སྐུ་མཆེད་སོགས་ཀྱང་ཕྱི་མའི་རྗེས་སུ་འབྲང་ངོ་། །རིགས་ལྔ་འདི་དག་ཐལ་བ་ལས། འཁོར་ལོའི་ལྟེ་བར་མི་འཇིགས་སྟེང་། །བདག་པོ་ཀུན་བཟང་འཁོར་རྣམས་ལ། །ཀུན་འབྱུང་སྒྱུ་འཕྲུལ་སྟོན་པའི་ཚེ། །མི་བསྐྱོད་རྒྱལ་པོ་མདུན་ན་གནས། །ཞེས་པ་ལྟར་རིགས་དྲུག་པ་རྒྱུད་ཀྱི་སྟོན་པར་བཞེངས་པ་ལ་ལྟོས་ཏེ་འཁོར་དང་། སྤྱིར་འཆད་པའི་སྐྱེས་བུ་རིགས་ལྔ་ཞེས་གྲགས་པ་ལྟར་སྟོན་པའང་ཡིན་པས་སྟོན་འཁོར་གཉིས་ཀའི་གཞི་མཐུན་ནོ། །གཉིས་པ་ནི། རྒྱ་མཚོ་ལས། དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བ་སེམས་སོགས་དང་། །ཞེས་པ་ལྟར་སྟོན་པའི་ཐུགས་རིག་པ་སྔགས་ཀྱི་ཡེ་ཤེས་ཀྱི་ཁྱད་པར་ལས་རང་སྣང་བའི་ཕྱིར་རིག་པ་ཁྱད་པར་ཅན་གྱི་འཁོར་ཞེས་བྱ་སྟེ། དེ་ལའང་རྡོ་རྗེ་མཐོང་བ་དང་། མཐོང་བར་བྱ་བ་སོགས་སེམས་དཔའ་ཡབ་ཡུམ་བཅུ་དྲུག་དང་། རྡོ་རྗེ་རེག་པ་དང་། རྟག་པར་མ་ཡིན་པ་སོགས་འཇོམས་བྱེད་ཁྲོ་བོ་ཡབ་ཡུམ་བརྒྱད་དེ། སངས་རྒྱས་ཀྱི་སས་བསྡུས་ལ་དབང་ཡུལ་སོགས་ངོ་བོ་ཐ་དད་མེད་ཀྱང་རོ་མཉམ་རྡོ་རྗེའི་ཕུང་ཁམས་སྐྱེ་མཆེད་ཀྱི་ལྡོག་ཆ་སོ་སོ་ལས་གཤེགས་པ་གཤེགས་མ་དང་སེམས་དཔའ་ཡབ་ཡུམ་སོགས་ཐ་དད་དུ་སྤྲུལ་བར་ཤེས་པའི་ཆེད་དུ་ཕུང་ཁམས་སོགས་ཀྱི་མིང་གིས་ལྷ་ལ་བཏགས་པའོ། །དེ་དག་ནི་མ་འོངས་པའི་རྗེས་འཇུག་རྣམས་ཀྱིས་གླེང་གཞི་དང་མཐུན་པར་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པའི་དབང་དུ་མཛད་ནས་རྒྱུད་ཚིག་གིས་དངོས་སུ་བསྟན་པའི་འཁོར་རྣམས་ཡིན་གྱིས། རྗེ་སྒྲོ་ཕུག་པ་དང་ཉེ་སྟོན་སོགས་ཀྱི་བཞེད་པ་ལྟར་སྟོན་པ་ལས་རྒྱུད་གཞན་དུ་གྱུར་པའི་འཕགས་པ་སློབ་པ་ཡང་མཐའ་ཡས་པ་ཞིག་ལྷན་ཅིག་པའི་འཁོར་ལ་ཡོད་དགོས་ཏེ། དེ་ལྟ་མ་ཡིན་ན་ལེའུ་གཉིས་པར་སྟོན་པས་འཁོར་ལ་ཟབ་དབང་བསྐུར་ནས་རྟོག་པའི་དྲི་མ་བསལ་བར་གསུངས་པ་མི་འགྲིགས་པའི་ཕྱིར་རོ། །གསུམ་པ་ནི། ཁོག་གཞུང་ལས། དད་པས་ཉན་པའི་ལྷ་ཆེན་རྣམས། །ཞེས་པ་ལྟར། ཕྱིའི་ཁོར་ཡུག་ལ་གནས་པ་ལེགས་ལྡན་མ་ཧཱ་དཱེ་ཝ་ལ་སོགས་པའི་ལྷ་ཆེན་པོ་རྣམས་སོ། །གཉིས་པ་ནི། སྔགས་ལ་མོས་པའི་དབང་རྣོན་སྐལ་བ་དང་ལྡན་པ་རྣམས་ཏེ། འདི་དག་འོག་མིན་དུ་ཚོགས་པའི་འཁོར་མིན་ཡང་རྒྱུད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་པས་རྡོ་རྗེ་སེམས་དཔའི་འཁོར་དྲ་སྨོས་སོ། །བསྟན་པ་ཕུན་སུམ་ཚོགས་པ་ནི། གཉིས་མེད་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་དང་། དུས་ཕུན་ཚོགས་ནི། གླེང་གཞིའི་སྟོན་འཁོར་སོགས་ཚོགས་པའི་དུས་སོ། །གཉིས་པ་ལའང་ཕུན་སུམ་ཚོགས་པ་ལྔ་ལས་གནས་ནི། འབར་བའི་དུར་ཁྲོད་ཆེན་པོ་ཤིན་ཏུ་འཇིགས་པའི་རྒྱན་ཆས་ཀྱི་སྤྲོས་པར་རོ། །སྟོན་པ་ནི་དགོངས་འདུས་ལས། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་པ་ལྟར། ཕྲིན་ལས་ཕྱག་རྒྱའི་ཁྲོ་བོ་སྟེ། དེ་ལའང་དྲང་སྲོང་ཁྲོས་པའི་དང་། མིའུ་ཐུང་བྱིས་པའི་དང་། དཔལ་ཆེན་རྔམས་བརྗིད་ཀྱི་ཆ་བྱད་གསུམ་ལས་ཕྱི་མའོ། །འཁོར་ལ་གདུལ་བྱ་དང་འདུལ་བྱེད་ཀྱི་འཁོར་གཉིས་ཀྱིས། དང་པོ་ནི། རུ་དྲ་འཁོར་དང་བཅས་པ་སྟེ། དེའང་འདིར་བསྟན་གྱི་རུ་དྲ་འདི་གནས་ཚོད་ལ་སྤྲུལ་པ་ཡིན་པར་བཤད་ཀྱང་། སྣང་ཚོད་ལྟར་ན་སྔོན་སངས་རྒྱས་ཀྱི་རིག་སྔགས་དྲག་པོ་བཟླས་ཤིང་། དེ་ལྟ་བུའི་སྔགས་ཀྱི་ལྷ་བསྒོམས་ཀྱང་ལྟ་བ་ཟབ་མོའི་གནད་ཀྱིས་མ་ཟིན་ཅིང་དམ་ཚིག་ཉམས་པའི་ཆད་པས་ངན་འགྲོ་བརྒྱུད་པའི་མཐར་ལས་ཀྱི་སྲིན་པོ་རིག་སྔགས་ཀྱི་མཐུ་ཅན་འཕགས་པའི་གནས་ལྔ་མ་གཏོགས་པའི་འདོད་གཟུགས་ཀྱི་ཁམས་ཐམས་ཅད་སྔགས་ཀྱིས་དབང་དུ་བསྡུས་ཤིང་འཇིག་རྟེན་ཕུང་བར་བྱེད་པ། གདུག་ཅིང་གཏུམ་པའི་འཁོར་མང་པོ་དང་ལྡན་པར་གྱུར་པའོ། །གཉིས་པ་ནི། ཁྲག་འཐུང་རིགས་བཞིའི་ཚོགས་དང་། སྲས་མོ་ཉི་ཤུ་སྟེ། དབང་ཕྱུག་ཉེར་བརྒྱད་ནི་གདུལ་བྱ་དང་འདུལ་བྱེད་ཀྱི་འཁོར་གཉིས་ཀར་གཏོགས་ཞེས་གསུང་ངོ་། །བསྟན་པ་ནི། ཕོ་རྒྱུད་རྣམས་ལ་སྒྲོལ་བ་དང་། མོ་རྒྱུད་ལ་སྦྱོར་བའི་སྒོ་ནས་རང་གནས་ཀྱི་ཡེ་ཤེས་མངོན་དུ་བསྟན་པས་སྦྱོར་སྒྲོལ་གཉིས་སོ། །དུས་ནི། སྔགས་ཀྱི་གདུལ་བྱ་གདུག་པ་ཅན་འདུལ་བའི་དུས་ལ་བབས་པ་ནའོ། །གསུམ་པ་ལའང་ལྔ་ལས། གནས་ནི། དེ་བཞིན་གཤེགས་པས་སྔོན་སློབ་ལམ་དུ་སྨིན་ལམ་གྱིས་ཇི་ལྟར་བཟུང་བ་བཞིན་གྲུབ་པའི་སྤྲུལ་སྐུའི་ཞིང་སྟེ། ཞིང་འདི་དང་སྦྱར་ན་གླིང་བཞི་བྱེ་བ་ཕྲག་བརྒྱའི་བདག་ཉིད་དང་། སྤྱིར་གླིང་བཞི་བྱེ་བ་ཁྲག་ཁྲིག་དུ་མ་དང་ལྡན་པའི་སྤྲུལ་སྐུའི་ཞིང་ཡང་ཡོད་དོ། །སྟོན་པ་ནི། བསྟན་པ་འདིའི་དབང་དུ་བྱས་ན་ཤཱཀྱའི་རྒྱལ་པོ་སྟེ། གདུལ་བྱ་རིགས་དྲུག་ལ་ལྟོས་ཏེ་ཐུབ་པ་དྲུག་ཏུ་བཞག་གོ། །གཞན་ཡང་། དམྱལ་བ་དང་ཡི་དྭགས་ཀྱི་འགྲོ་བ་ལ་གཤིན་རྗེའི་རྒྱལ་པོ་དང་། དུད་འགྲོ་ཁ་ཅིག་ལ་རི་དྭགས་དབང་པོ་སོག་རིགས་མཐུན་གྱི་གཟུགས་དང་། མཚན་དཔེས་སྤྲས་པའི་སངས་རྒྱས་ཀྱི་སྤྲུལ་པའི་གཟུགས་དང་། མཆོག་གི་སྤྲུལ་སྐུ་དངོས་ཀྱིས་འདུལ་བ་སོགས་མང་དུ་ཡོད་ཀྱང་མཆོག་སྤྲུལ་ཉིད་གཙོ་བོ་དང་རྩ་བའི་སྐུ་ཡིན་བས་རྒྱུད་ཀྱི་ཚིག་ཟིན་གཙོ་བོ་དེ་ཡིན་ནོ། །འཁོར་ནི་གཙོ་བོའི་དབང་དུ་བྱས་ན་ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་པ་ལྟར་ལྷ་མི་གཉིས། དེའི་ཡང་གཙོ་བོ་འཁོར་རྣམ་པ་བཞི་དང་སྤྱིར་འགྲོ་བ་དྲུག་ཀ་ཅི་རིགས་སུ་ཡོད་དོ། །བསྟན་པ་ནི། འདུལ་བ་བཞི་སྟེ། སྐུ། གསུང་། ཐུགས། རྫུ་འཕྲུལ་གྱི་འདུལ་བའོ། །དེ་ལ་དང་པོ་ནི་མཛད་ཆེན་བཅུ་གཉིས་དང་ལྡན་པའི་སྐུ་སྟེ། གང་གིས་ཆོས་སྟོན་པའི་རྟེན་ནོ། །ལྷག་མ་གསུམ་ནི། ཆོ་འཕྲུལ་གསུམ་གྱིས་ཆོས་སྟོན་ཚུལ་ཏེ། དང་པོར་རྫུ་འཕྲུལ་གྱིས་འཁོར་འདུན་པར་མཛད། དེ་ནས་མངོན་ཤེས་ཀྱིས་འཁོར་གྱི་སེམས་ལ་གཟིགས་ནས་ཀུན་བརྗོད་པར་མཛད། དེའི་འོག་ཏུ་གདམས་ངག་དང་རྗེས་བསྟན་འབོགས་པར་མཛད་པའི་ཕྱིར་རོ་སྙམ་ཞིང་གོ་རིམ་དེ་བཞིན་མི་འབྱུང་བ་ནི་སྔ་མ་བཞིན་དགོངས་སོ། །དུས་ནི་རྫོགས་སྨིན་སྦྱང་གསུམ་གྲུབ་ནས་སྒྲོན་མ་བཀོད་པའི་དུས་སོ། །དེའང་ལེའུ་གཉིས་པ་ལྟར་ལྷན་ཅིག་པའི་འཁོར་རྣམས་འབྲས་དབང་གིས་སྣང་གསུམ་གྱི་བག་ཆགས་སམ་འཕོ་བའི་བག་ཆགས་ཕྲ་མོའི་བདུད་བཅོམ་པ་ན་དེའི་རྟགས་སྣང་ཕྱི་རོལ་དུ་ཁྲོ་བོའི་གླེང་གཞིར་སྣང་བ་ཡིན་ཞིང་། དེར་མ་ཟད་སྤྲུལ་སྐུ་འགྲོ་འདུལ་གྱི་གླེང་གཞིའང་ལེའུ་དང་པོའི་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ། ཞེས་དང་། གཉིས་པའི། བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་པ་ལས་འཕྲོས་པས་འདི་གཉིས་ཞར་བྱུང་གི་གླེང་གཞིར་འགྱུར་ཞེས་བཤད་དོ། །གཉིས་པ་གླེང་བསླང་ལ། སྟོན་འཁོར་ཞུས་ལན་གྱི་སྦྱོར་བས་རྒྱུད་དོན་གདུལ་བྱའི་བློ་དང་འཚམས་པར་འབྱུང་མ་རག་པའོ། །དེ་ནི་གླེང་བྱ་རྒྱུད་དོན་ཉིད་གླེང་བར་བསྐུལ་བའི་སྒོ་ནས་བསྟན་པ་འབྱུང་བའི་རྐྱེན་བྱེད་པས་ན་གླེང་བསླང་ཞེས་བྱའོ། །དབྱེ་ན་ཐུན་མིན་དང་ཐུན་མོང་བ་གཉིས་ལས། དང་པོ་ལ་གསང་དབང་བསྐུར་བ་དང་། དབང་གོང་མ་གཉིས་བསྐུར་བའི་ཚུལ་ལོ། །དང་པོ་ནི། སྟོན་པ་ཡབ་ཡུམ་སྙོམས་པར་འཇུག་པ་ལས་བྱུང་བའི་ཉི་ཟླ་བྱང་ཆུབ་ཀྱི་སེམས་ཀྱིས་ལྷན་ཅིག་པའི་འཁོར་གྱི་རིག་འཛིན་རྣམས་ལ་དབང་བསྐུར་ཞིང་ཡབ་ཀྱིས་ཐབས་ཀྱི་ཆ་བཟུང་ནས་འཁོར་འདས་བརྟན་གཡོ་ཐམས་ཅད་དག་པ་རབ་འབྱམས་ལྷའི་དཀྱིལ་འཁོར་གཅིག་ཏུ་སངས་རྒྱས་པར་ཆེད་དུ་བརྗོད་ཅིང་། ཡུམ་གྱིས་ཤེས་རབ་ཀྱི་ཆ་བཟུང་ནས་བརྟན་གཡོ་ཐམས་ཅད་གདོད་ནས་རང་བཞིན་རྣམ་པར་དག་པའི་དབྱིངས་ལས་མི་གཞན་པར་ཆེད་དུ་བརྗོད་པས་འཁོར་རྣམས་ཀྱིས་ཐུན་མོང་མ་ཡིན་པའི་བདེན་གཉིས་ཀྱི་རྟོགས་པ་ཆེར་འབར་བའོ། །གཉིས་པ་ནི། སེམས་ཡེ་ཤེས་སུ་བསྐྱེད་པའི་ཆེད་དུ་བརྗོད་པ་ཨེ་མ་མཚར་ལྔ་གསུངསཏེ། དེའི་ཚེ་འཆད་བར་འགྱུར་བའི་གཡོ་ལྡང་། འཇིག་འཇུག །གནས་པ། སྨོན་པ་སྟེ་སེམས་བཞི་སྔོན་དུ་འགྲོ་བས་དགའ་བ་བཅུ་དྲུག་ལུགས་འབྱུང་གི་མཐའི་ལྷན་སྐྱེས་ཤེར་དབང་གི་ངོ་བོ་ཉིད་ཐོབ་ཅིང་། སླར་མས་བརྟན་གྱི་དགའ་བ་བཅུ་དྲུག་གི་མཐར་བདེ་བ་ཆེན་པོའི་དབང་རྫོགས་ཏེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པའི་མཐར་ཕྱིན་བྱང་ཆུབ་ཀྱི་སེམས་ཐོབ་པ་ནི་འོག་ཏུ་དྲི་ཞུས་འབྱུང་བའི་རྐྱེན་ཡིན་པས་ན་གླེང་བསླང་ངོ་། །འདིར་སྟོན་པ་ཀུན་ཏུ་བཟང་པོ་ཁུ་རྡུལ་རླུང་གསུམ་དག་པའི་ཡེ་ཤེས་ཀྱི་སྐུ་ཅན་གྱིས་འཁོར་ལ་དཀར་དམར་གྱི་ཐིག་ལེའི་རྫས་དབང་བསྐུར་བ་དང་། འོག་མིན་གྱི་རྟེན་ཅན་ས་མཐོར་བཞུགས་པའི་རིག་འཛིན་ལུས་ཁུ་ཁྲག་དང་སེམས་འཁྲིག་སྲེད་ཀྱིས་དབེན་པ་ཕྱག་རྒྱ་ལ་བརྟེན་ནས་དབང་གོང་མ་གཉིས་ནོད་པ་མི་འགལ་བའི་ཚུལ་ནི། སྟོན་པ་དབང་འབྱོར་གྱི་མཐུའི་ཕ་རོལ་ཏུ་བྱོན་པས་འཁོར་གྱི་ཆེད་དུ་ཉི་ཟླ་བྱིན་གྱིས་རློབ་པ་མི་ཁེགས་པ་དང་། དག་པའི་འཁོར་ལ་འཁྲིག་སྲེད་ཀྱི་ཉོན་མོངས་མེད་ཀྱང་ལྷན་སྐྱེས་ཀྱི་བདེ་བ་དོན་གཉེར་ཡོད་ལ། སྤྱི་བཏང་འོག་མིན་གྱི་རྟེན་ལ་ཁུ་ཁྲག་མེད་ཀྱང་བླ་མེད་ཀྱི་སྔགས་སྤྱོད་པའི་འོག་མིན་པ་ཁ་ཅིག་ལ་ཁམས་དྲུག་ལྡན་གྱི་རྟེན་ཁྱད་པར་ཅན་དེ་འདྲ་འབྱུང་བ་དམིགས་བསལ་ཡིན་པའམ། ལོ་ཆེན་རིན་པོ་ཆེའི་བཞེད་པས་སློབ་བའི་རྟེན་ལ་ཁུ་རྡུལ་ཕྲ་མོ་དག་པ་མི་སྲིད་པས་དེའི་ཕྱོགས་ནས་བཤད་ཀྱང་རུང་བར་སེམས་ཏེ་འགལ་སྤོང་དེ་ལྟར་བྱའོ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་གྲོལ་བའི་ཐིག་ལེ་དྲངས་ནས་བཤད་པ་སོགས་ལྟར་ན་རྒྱལ་སྲས་མཐར་ལམ་པ་མི་སློབ་ལམ་དུ་ཤེར་དབང་ནས་ཞུགས་པས་ཆོག་པ་འདྲ་ཡང་འདིར་གསང་དབང་ནས་འཇུག་པར་བཤད་པ་ནི་ལུགས་གཉིས་ཀྱི་གསང་དབང་གི་ལམ་འཇོག་ཚུལ་མི་འདྲ་བས་ཡིན་ནམ། ཡང་ན་འབྲས་དབང་བསྐུར་ཚུལ་འདི་གསང་དབང་བསྐུར་ཚུལ་དང་ཆོས་མཐུན་པས་གསང་དབང་དུ་བརྗོད་པ་ཙམ་ཡིན་ཅེས་འཆད་པ་གང་བདེ་དཔྱད་དགོས་ཤིང་། དབང་ཕྱི་མ་གཉིས་ལའང་དོགས་པ་གཅད་རྒྱུ་ཡོད་དེ་དེས་ཤེས་ནུས་སོ། །གཉིས་པ་ནི། དེ་ལྟར་ཟབ་དབང་ལ་བརྟེན་ནས་སྟོན་པའི་ཐུགས་ཀྱི་གསང་བ་ཇི་ལྟ་བ་བཞིན་མངོན་དུ་བྱས་པ་ན་དོན་དེ་གསང་བ་བཞིས་ཆོད་ནས་འཁྲུལ་པའི་གཞན་དབང་དུ་གྱུར་པའི་སེམས་ཅན་རྣམས་ལ་རྒྱུད་བཤད་པར། ཨེ་མའོ་ཡེ་ནས་གསང་བའི་ཆོས། །ལ་སོགས་པའི་ཤུགས་ཀྱིས་གསོལ་བ་བཏབ་པས་སྲིད་པའི་སྡུག་བསྔལ་མཐའ་དག་འཛིན་པ་ཕྱིན་ཅི་ལོག་གི་རྩ་བ་ཅན་ཡིན་པ་དང་། དེ་ཉིད་ཀྱི་ཕྱིར་འབྲལ་རུང་གློ་བུར་བ་ཁོ་ན་ཡིན་པ་དང་། གཤིས་བཅིང་གྲོལ་གཉིས་སུ་མེད་པ་ནམ་མཁའ་ལྟར་དག་པས་རྒྱུད་བསྟན་པ་དོན་ཡོད་པར་མཁྱེན་ནས་ཞལ་འཛུམ་པ་དང་། སྨིན་མ་གཡོ་བ་སོགས་དགྱེས་ཚུལ་དྲུག་གིས་སྟོན་པར་ཞལ་གྱིས་བཞེས་པའོ། །གསུམ་པ་འབྲས་བུ་ཡོངས་ཤེས་རྒྱུད་དོན་ལ། རྒྱུད་གསུམ་གྱི་རྣམ་བཞག་སྤྱིར་བཤད་པ་དང་། ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ་གཉིས་ཏེ། སྔ་མ་བརྗོད་བྱ་གཙོ་ཆེ་བའི་དབང་དུ་བཤད་པ་དང་། ཕྱི་མ་རྗོད་བྱེད་གཙོ་ཆེ་བའི་དབང་དུ་བཤད་པ་ཞེས་ཁ་ཅིག་ལས་སོ། །དེའི་དང་པོ་ལ། གང་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད། གང་གིས་རྟོགས་ཤིང་བགྲོད་པ་ཐབས་སམ་ལམ་གྱི་རྒྱུད། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དང་གསུམ་དུ་བཤད་དེ། ཏིལ་ལ་མར་ཡོད་པར་ཤེས་ན་བཏག་བཙག་གི་ངལ་བ་ལ་མི་འཛེམ་པར་ཞུགས་ནས་མར་འཐོབ་པ་བཞིན་དུ་རང་རྒྱུད་ལ་སངས་རྒྱས་ཀྱི་བསྒྲུབ་གཞི་མཐར་ཐུག་ཡོད་ཚུལ་དང་། དེའི་ཁྱད་ཆོས་ལེགས་པར་ཤེས་ན་དེ་ཉིད་ཤིན་ཏུ་རྣམ་དག་འབྲས་བུའི་གནས་སྐབས་དང་རྣམ་པ་མཐུན་པར་ལམ་དུ་བྱས་ནས་ཡར་ལྡན་དུ་འཁྱེར་བའི་ཐབས་མཁས་ཀྱི་གནད་ལ་ངེས་པ་རྙེད་ནས་བརྩོན་པས་སྒྲུབ་ནུས་ཤིང་། དེས་མཐར་ཐུག་གི་འབྲས་བུ་འགྲུབ་པའི་ཕྱིར་རོ། །ཚུལ་འདིས་གཞི་ལམ་འབྲས་གསུམ་རྒྱུན་གཅིག་ཏུ་འབྲེལ་བས་ན་རྒྱུད་ཅེས་གསུངས་ཏེ། རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་གསུངས་པའི་ཕྱིར་ཏེ། ཐབས་ནི་ལམ། རྒྱུ་ནི་གཞིའི་དོན་ཏོ། །འདི་གསུམ་ལ་གླན་ཉ་ཚལ་བ། གནས་པ་གཞི། འཇུག་པ་ལམ། སྨིན་པ་འབྲས་བུ་ཞེས་གསུངས། ལོ་ཆེན་རིན་པོ་ཆེ་ནི། དེ་ལྟར་ན་ལྟ་བ་ཆོས་ཅན། ལམ་རྒྱུད་མ་ཡིན་པར་ཐལ། ལམ་རྒྱུད་ལ་འཇུག་པ་ཞེས་པའི་མཚན་ཉིད་ཀྱིས་ཁྱབ་པ་གང་ཞིག །ཁྱོད་འཇུག་པ་མ་ཡིན་པའི་ཕྱིར། །རྟགས་ཟུར་དང་པོ་ཁས། ཕྱི་མ་གྲུབ་སྟེ། ཁྱོད་ཤེས་པའི་མཚན་ཉིད་གང་ཞིག །ཤེས་འཇུག་གི་མཚན་ཉིད་གཉིས་མི་གཅིག་པའི་ཕྱིར། ཞེས་གསུངས་ཀྱང་། གླན་གྱིས་དེ་ལ། མ་ཁྱབ་སྟེ། མཚན་ཉིད་གསུམ་གྱི་དང་པོ་དེ་འཇུག་པ་ལམ་གྱི་རྒྱུད་ཡིན་ཡང་ཤེས་འཇུག་གཉིས་ཀྱི་ཟླས་ཕྱེ་བའི་འཇུག་པའི་མཚན་ཉིད་མ་ཡིན་པའི་ཁྱད་པར་འཐད་པའི་ཕྱིར། ཞེས་ལན་བཏབ་ན་དཔྱད་དགོས་སོ། །ལྷ་རྗེ་དཔྱལ། འབྲས་བུའི་རྒྱུད་ལ་ཡོན་ཏན་ཀྱི་སྨིན་པ་མཐར་ཐུག་པ་ཞེས་གསུངས་ཏེ། ལམ་གྱུར་གྱི་འབྲས་བུ་ལ་མ་ཁྱབ་གསུང་། རང་ལུགས། ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་གཞི། ཤེས་འཇུག་གི་བྱེད་རྩོལ་དང་བཅས་པ་ལམ། ཆོས་ཉིད་མངོན་གྱུར་བོགས་དབྱུང་དུ་མེད་པར་སོན་པ་འབྲས་བུ་ཞེས་བཞེད་དོ། །དང་པོ་གཞི་རྒྱུད་ལ། གཙོ་བོའི་དོན་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་དང་། ཞར་བྱུང་འཁྲུལ་པ་བཏགས་པའི་གཞི་སྟེ་གཉིས། དང་པོ་ནི། དགོངས་རྒྱན་ལས། འཆིང་གྲོལ་མེད་པའི་གནས་ལུགས་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་ཡེ་ནས་གནས་པ་ཞེས་གསུངས་ཏེ། དེ་ལ་རྒྱལ་བའི་གསུང་རབ་རྣམས་སུ་བརྟན་གཡོའི་ཆོས་ཐམས་ཅད་ལས་སེམས་ཁོ་ན་གཙོ་བོ་ཡིན་པར་ལན་ཅིག་མ་ཡིན་པར་གསུངས་ཤིང་། སེམས་དེ་ལ་ཕྲ་རགས་མང་དུ་ཡོད་པ་ལས་འདིར་ནི་ཤིན་ཏུ་ཕྲ་བའི་སེམས་མཐར་ཐུག་སེམས་ཀྱི་རྡོ་རྗེ་དང་། འོད་གསལ་དང་། རང་བཞིན་ལྷན་སྐྱེས་ལ་སོགས་པའི་མིང་གིས་བཏགས་པ་སྟེ། རྒྱུད་འདིར་སེམས་དང་ཡེ་ཤེས་རང་སྣང་བ་ཞེས་གསུངས་པའི་ཡེ་ཤེས་ཀྱང་དེ་ཁོ་ན་ཡིན་ཅིང་། སེམས་རགས་པ་གཞན་རྣམས་ལ་དེ་གཉིས་ཀྱི་ཟླས་དྲང་བའི་སེམས་ཞེས་བྱའོ། །དེ་འདྲ་བའི་ཡེ་ཤེས་དེ་ནི་སེམས་གཞན་རྣམས་ལས་ཉོན་དང་སྡུག་བསྔལ་གྱི་འཆིང་བས་གཟིར་བཞིན་པ་ནའང་ངོ་བོ་ཅུང་ཟད་ཀྱང་མ་སྤགས་པས་བཅིང་གྲོལ་མེད་པ་ཞེས་བྱ། རྒྱུད་ལ་གསལ་བར་ཉམས་སུ་མྱོང་བ་ན་ཡེ་ཤེས་རང་གི་གནས་ལུགས་སྟོང་པ་ཉིད་རིག་པ་ལས་མཚན་མའི་སྤྲོས་པས་མི་འཕྲོག་པའམ་སྣང་སྲིད་ཐམས་ཅད་རང་སྣང་ཉག་གཅིག་ཏུ་རིག་པའི་ཡེ་ཤེས་ཀྱི་སྣང་བར་འགྱུར་བས་རང་རིག་པ་ཞེས་བྱ། གཞན་དུ་སེམས་རགས་པ་འདི་ཉིད་ཚོགས་གཉིས་ཀྱི་ལམ་བསྒོམས་པའི་མཐུས་སངས་རྒྱས་ཀྱི་ཡེ་ཤེས་སུ་ནར་སོན་བ་ཙམ་ལས་ཆེར་མ་བཤད་ཀྱང་ལུགས་འདིར་སེམས་དེ་དག་གི་གནད་གསང་རྡོ་རྗེའི་ཡེ་ཤེས་འདི་ཁོ་ན་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་སྙིང་པོར་བཞེད་པས་བྱང་ཆུབ་ཀྱི་སེམས་ཞེས་བྱ། བདེན་པ་གཉིས་ལ་སྤྱིར་འཇོག་ཚུལ་མང་ཡང་འདིར་ནི་གསང་བ་སྒྱུ་འཕྲུལ་བའི་ཐུན་མོང་མ་ཡིན་པའི་ལུགས་ཀྱི་བདེན་གཉིས་སམ་ལྷག་པའི་བདེན་གཉིས་ཏེ། ལྷག་པ་དོན་དམ་བདེན་པ་ནི། དབྱིངས་སྤྲོས་པ་དང་བྲལ་བའི་ཆ་ནས་རང་བཞིན་དོན་དམ། རང་གསལ་སྒྲིབ་གཡོགས་དང་བྲལ་བའི་ཆ་ནས་ཡེ་ཤེས་དོན་དམ། དེ་ཉིད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔའི་གཏེར་དུ་བཞུགས་པ་འབྲས་བུའི་དོན་དམ་སྟེ་ཕྱི་མ་ལ་ལྔར་ཕྱེ་བས་དོན་དམ་དཀོར་བདུན་ཞེས་གྲགས་སོ། །མདོར་འོད་གསལ་གྱི་མི་རྟོག་པའི་ཆ་དང་། གསལ་བའི་ཆ་དང་། དེས་འབྲས་ཆོས་ཀྱི་རྟེན་བྱེད་པའི་ཆ་ལས་སོ་སོར་ཕྱེ་བར་ཟད་དོ། །ལྷག་པ་ཀུན་རྫོབ་ནི། དེའི་རྩལ་སྣང་ཞེས་བཤད་ཀྱང་། བདེ་གཤེགས་ཟུར་ཆུང་བ་ཆོས་ཐམས་ཅད་རིག་པའི་ཆོ་འཕྲུལ་དུ་སྣང་བ་མ་ཧཱ། རིག་པའི་རྩལ་དུ་སྣང་བ་ཨ་ནུ། རིག་པ་ཉིད་རང་སྣང་བ་ཨ་ཏིའི་ལུགས་ཞེས་གསུངས་པ་ལྟར་ན་ཆོ་འཕྲུལ་ཞེས་བརྗོད་ན་ལེགས་པ་འདྲ་སྟེ། དོན་དམ་དེའི་ཆོ་འཕྲུལ་སྣོད་བཅུད་ཐམས་ཅད་དག་པའི་འཁོར་ལོ་རབ་འབྱམས་སུ་ཤར་བའོ། །འདི་དང་འབྲས་བུའི་དོན་དམ་གཉིས་འབྱེད་དཀའ་ཞེས་ཟེར་བ་ཡོད་ཀྱང་འཆར་གཞི་དང་ཤར་ཆོས་ཀྱི་ཁྱད་ཆེའོ། །བདེན་གཉིས་དེ་དག་ངོ་བོ་གཅིག་ཏུ་གནས་པའི་ཟུང་འཇུག་ནི་ལྷག་པའི་བདེན་པ་དབྱེར་མེད་ཅེས་བྱའོ། །དེ་འདྲ་བའི་བདེན་གཉིས་ཟུང་འཇུག་དེ་བློས་བཅོས་པ་ཙམ་མིན་པའི་ཡིན་ཚུལ་རྗེན་པར་མཐོང་བ་ནི་ཡུལ་དང་ཡུལ་ཅན་དུ་སྣང་བའི་སྤྲོས་པ་རགས་པ་ཅན་གྱི་སེམས་ལ་མེད་པས་སེམས་ཀྱི་སྤྱོད་ཡུལ་ལས་འདས་པའམ་སྤྱོད་ཡུལ་དང་བྲལ་བ་ཞེས་བྱའོ། །བློའི་སྤྱོད་ཡུལ་དང་བྲལ་བར་བསྟན་པ་འདི་འདྲ་རྣམས་ཀྱིས་འཁྲུལ་གཞི་བྱས་ནས་དོན་དམ་བདེན་པ་ཤེས་བྱ་མིན་ཞེས་སྨྲ་བར་ནི་མི་བྱ་སྟེ། དེ་ལྟར་སྨྲ་ན་ཧེ་རུ་ཀ་གལྤོ་ལས། ཤེས་བྱའི་ནང་ནས་དམ་པར་ནི། །གྱུར་ཕྱིར་ངེས་པའི་ཚིག་ཡིན་ནོ། །ཞེས་དང་། ཞལ་ལུང་དུ་མདོའི་དོན་བསྡུས་དྲངས་པར། ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས། །ཇི་བཞིན་ངང་དུ་ཡེ་གནས་པ། །ཤེས་པར་བྱ་བའི་རྒྱུད་དོན་ཡིན། །ཞེས་དང་། རིག་འཛིན་གོང་མ་ཐམས་ཅད་ཀྱིས་གཞི་ཤེས་པ་དང་འབྲས་བུ་ཐོབ་པ་སྟེ་ལམ་རྒྱུད་ཀྱི་བྱ་བ་གཉིས་བྱེད་པར་གསུངས་པ་སོགས་དང་དངོས་སུ་འགལ་ཞིང་རིག་པའི་གནོད་པ་མཐའ་ཡས་པའི་ཕྱིར་རོ། །གཞན་ཡང་ཇི་སྐད་བརྗོད་པའི་ཡེ་ཤེས་དེ་སེམས་ཀྱི་གཉུག་མའི་རང་བཞིན་ལས་ངོ་བོ་གཞན་དུ་མི་འགྱུར་བར་བཞུགས་པས་ན་ཡེ་ནས་གནས་པ་ཞེས་ཀྱང་བྱའོ། །སྣང་གསུམ་འཕོ་བའི་བག་ཆགས་ལས་སྐྱེས་པའི་སེམས་རགས་པ་ནི་འབྲས་བུའི་ས་ན་མེད་ཅིང་དེའི་དབང་གིས་དེ་དག་སྟོང་གཞིར་བྱས་པའི་སྟོང་ཉིད་ཀྱང་དེ་ན་མེད་པས་དེ་བཞིན་གཤེགས་པའི་ཆོས་ཉིད་ཀྱི་སྐུར་འགྲོ་རྒྱུའི་དེ་ཁོ་ན་ཉིད་ནི་གཉུག་མའི་ཡེ་ཤེས་འདིའི་དབྱིངས་ལ་བཞག་དགོས་པས་འཁོར་ལོ་ཐ་མའི་མདོ་སྡེ་རྣམས་སུ་གང་ལ་དགོངས་ཏེ་བདེ་གཤེགས་སྙིང་པོ་བསྟན་པའི་དགོངས་གཞི་མཐར་ཐུག་ཀྱང་འདི་ཉིད་ཡིན་ཅིང་། འོན་ཀྱང་དེ་ལ་དགོངས་ཏེ་གསུངས་པའི་མོད་སྡེ་དག་གཉུག་སེམས་སྟོན་པའི་སྡེ་སྣོད་ནི་མིན་ཞེས་བཤད་ན་བསྐྱང་བདེ་ཡང་། འདིར་ནི་རྒྱལ་བ་ཀློང་ཆེན་པ་སོགས་མཆོག་གཟིགས་གོང་མ་མང་པོ་མདོ་དེ་དག་གིས་བསྟན་པའི་གཤེགས་སྙིང་དང་། འདིར་བསྟན་གཉུག་སེམས་དོན་གཅིག་པས་དེ་དག་གི་དགོངས་གཞིར་མ་ཟད་བརྗོད་བྱ་ཡང་འདི་ཁོ་ན་ཡིད་ཞེས་བཞེད་ལ། དེ་ལྟ་ན་མདོ་སྔགས་ཁྱད་མེད་དུ་མི་འགྱུར་རམ་ཞེ་ན། འདི་ལ་སྨིན་གླིང་ལོ་ཆེན་རིན་པོ་ཆེ་སོགས་ནི་རིག་པ་འགྱུར་མེད་སྦྱང་གཞིར་འདོད་པ་ལ་ཁྱད་མེད་ཀྱང་དེ་ཉིད་ལྷན་སྐྱེས་མི་འགྱུར་བའི་བདེ་བའི་རང་བཞིན་དུ་འདོད་པ་སྔགས་ཀྱི་ཁྱད་ཆོས་ཡིན་ཞེས་བཞེད་དོ། །དོན་འདི་དཀའ་བའི་གནད་ཡིན་པས་ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་ལ་བརྟེན་ནས་དཔྱད་པའི་སྒོ་ཙམ་སྨོས་ན། བླ་མེད་ཀྱི་རྒྱུད་ནས་གསུངས་པའི་གཉུག་སེམས་དང་འཁོར་ལོ་ཐ་མ་ནས་བསྟན་པའི་གཤེགས་སྙིང་གཉིས་མིང་མི་འདྲ་ཡང་དོན་གཅིག་ལ། དོན་དེ་འགྲོ་བ་ཐམས་ཅད་ལ་ཁྱབ་པར་བཞུགས་ཀྱང་གཟུང་འཛིན་འཁྲུལ་པའི་སེམས་ཀྱིས་བསྒྲིབས་ནས་མ་མཐོང་བ་ཡིན་པས། དེ་མངོན་དུ་བྱེད་པ་ལ་འཁྲུལ་པའི་སེམས་འདི་སྦྱང་དགོས་པར་བཞེད་པ་ལའང་མདོ་སྔགས་ཁྱད་པར་མེད་མོད་ཀྱི། སྦྱང་ཚུལ་མི་འདྲ་སྟེ། མདོ་སྡེར་མ་ཟད་རྣལ་འབྱོར་རྒྱུད་མན་ཆད་དུའང་སེམས་རགས་པ་འདི་ཉིད་ཁོ་ནའི་སྟེང་ནས་ཟབ་ཅིང་རྒྱ་ཆེའི་ལམ་བསྒོམས་ཏེ་རིམ་གྱིས་རྣམ་པར་མི་རྟོག་པའི་དབྱིངས་སུ་སྦྱངས་ནས། མཐར་གཤེགས་སྙིང་དངོས་ལ་རིག་པར་སྟོན་པ་ཤ་སྟག་ཡིན་ལ། རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་བའི་ཐབས་ཀྱིས་བདེ་གཤེགས་སྙིང་པོའི་འོད་གསལ་དེ་སྐུ་གསུམ་དུ་སད་པའི་རྟེན་འབྲེལ་བསྒྲིགས་པ་སྔོན་དུ་བཏང་བས་ད་ལྟ་ནས་ཀུན་རྟོག་འཁྲུལ་པའི་སེམས་འདི་ཐད་ཀར་གཅོད་པའི་ཐབས་མཁས་ཀྱི་འཕྲུལ་གསང་ཟབ་མོས་གཉུག་སེམས་མངོན་དུ་ཕྱུང་སྟེ་དེ་ཉིད་ཡར་ལྡན་དུ་ཁྱེར་ནས་འབྲས་བུ་ལ་བདེ་མྱུར་དུ་སྦྱོར་བྱེད་འཁོར་དང་བཅས་པ་ནི་བླ་མེད་ཀྱི་རྒྱུད་ལས་གཞན་དུ་བསྟན་པ་མེད་ཅིང་། ལམ་སྒྲུབ་ཚུལ་སྔ་མའི་སྐབས་སུ་མི་མཁོ་བའི་རྩ་རླུང་ཐིག་ལེའི་རྣམ་བཞག་དང་། གཉུག་སེམས་བདེ་བ་ཆེན་པོའི་ལྡོག་པ་ནས་བསྟན་པ་སོགས་ཀྱང་མདོ་སྡེའི་ཕྱོགས་ན་མེད་དོ། །དེ་ལྟར་བཤད་ན་ཐེག་པ་གོང་འོག་གི་རྣམ་བཞག་ཐམས་ཅད་ཀྱང་པདྨའི་འདབ་མ་ལྟར་མ་འཛིང་མ་འཁྲུག་པར་གནས་པར་འགྱུར་རོ། །བདེ་གཤེགས་སྙིང་པོའི་མདོ་མཉན་དུ་རུང་བ་ལ་དབང་ཐོབ་དགོས་པར་ཐལ་བར་ཡང་མི་འགྱུར་ཏེ། དབང་བསྐུར་བ་ནི་གཙོ་བོར་བླ་མེད་ཀྱི་ལམ་ལ་སློབ་པའི་ཆེད་ཡིན་པའི་ཕྱིར་ཏེ། དཔེར་ན་ལུགས་གཞན་དུའང་བླ་མེད་ཀྱི་སྐབས་སུ་འབད་པ་དུ་མས་ལྷན་སྐྱེས་ཀྱི་བདེ་བ་བསྒྲུབས་པའི་དོན་པོ་བདེ་བ་དེས་སྟོང་ཉིད་སྒོམ་པ་ཡིན་ཡང་སྟོང་ཉིད་མཉན་པ་ལ་དབང་ནོད་མི་དགོས་པ་བཞིན་ནོ། །མདོ་སྡེའི་ཕྱོགས་ནས་དེ་འདྲའི་གཤེགས་སྙིང་བསྟན་པ་དེ་ད་ལྟ་ནས་ལམ་དུ་བྱ་བའི་ཆེད་མིན་ན་དགོས་པ་ཅི་ཡོད་ཅེ་ན། འདིའི་སྐྱོན་སྤོང་བྱེད་ཚུལ་རྒྱུད་བླ་མའི། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཞེས་སོགས་ཀྱི་སྐབས་རྒྱུ་མཚན་ལྔ་གསུངས་པ་ལ་སོགས་པའི་སྟེང་ནས་ཤེས་དགོས་ཏེ། དེ་ལའང་གཞི་བཅའ་དགོས་ཤིང་། རྒྱུད་བླའི་འགྲེལ་པར་གཤེགས་སྙིང་ལ་རྟག་པའི་ཆོས་ཉིད་ཅེས་གསུངས་པ་སོགས་དང་། དེ་བས་ཀྱང་ཆེས་བཤད་དཀའ་བ་འགའ་ཞིག་ཡོད་པའི་འགལ་སྤོངས་སོགས་ཀུན་མཁྱེན་ཆེན་པོའི་གཞུང་རྣམས་ཁོག་བསྒྲིགས་ནས་ཤེས་པར་བྱའོ། །འདིར་མ་སྤྲོས་སོ། །རྣམ་པ་གཅིག་ཏུ་ན། འཁོར་ལོ་ཐ་མའི་མདོ་དང་རྒྱུད་བླ་མ་སོགས་ལ་བརྟེན་ནས་སྔགས་ཀྱི་འོད་གསལ་གཏན་ལ་ཕབ་པ་རྣམས། མདོ་བསྟན་བཅོས་དེ་དག་རང་རང་གི་དགོངས་གཞི་མཐར་ཐུག་དང་སྦྱར་བའི་སྟེང་ནས་བཤད་ན་འདི་ལྟར་འགྱུར་ཞེས་ཟབ་མོའི་མདོ་སྡེ་རྣམས་ཀྱི་དགོངས་དོན་མཐར་ཐུག་གསང་སྔགས་བླ་མེད་ལ་གཞོལ་ཚུལ་བསྟན་པ་ཙམ་དུ་དགོངས་པ་བླང་ནའང་འགལ་བ་ཆེར་མ་མཐོང་སྟེ། རང་ལུགས་འཛིན་པ་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་བྱའོ། །ཡེ་ཤེས་དེ་འཁོར་འདས་གཉིས་ཀྱི་གཞིར་འགྱུར་ཚུལ་ནི། སེམས་ཅན་རྣམས་འགྲོ་བ་ལྔར་འཁོར་བ་ན་ཕུང་པོ་སྔ་མས་ཆུ་ལ་ཐིམ་པ་སོགས་ཀྱི་རིམ་པས་འོད་གསལ་གྱི་དབྱིངས་དེ་ཉིད་དུ་སྡུད་ཅིང་། སླར་ཡང་དེ་ཉིད་གཞོམ་མེད་ཀྱི་རླུང་དང་བཅས་པ་ལས་སྣང་བ་གསུམ་དང་ཀུན་རྟོག་གི་རླུང་སེམས་རིམ་གྱིས་མཆེད་དེ་བར་སྲིད་དང་སྐྱེ་བ་འགྲུབ་ལ། སྐྱེ་བ་བླངས་ནས་ཀྱང་ལས་ཉོན་གྱིས་ཕྱི་མའི་སྡུག་བསྔལ་གྱི་ཕུང་པོ་ཕྱི་སྣོད་དང་བཅས་པ་འདུ་བྱེད་ཅིང་། ཇི་ལྟར་འདུ་བྱས་པ་བཞིན་དུ་འགྲུབ་སྟེ། དེ་ལྟར་ཟོ་ཆུན་གྱི་འཁོར་ལོ་ལྟར་འཁོར་བ་ནི་བླ་མེད་ཀྱི་རྒྱུད་གསར་རྙིང་ཕལ་ཆེར་ནས་གསུངས་ལ། ད་ལྟ་གསོན་ལུས་ལ་གནས་དུས་ཀྱང་གཟུང་འཛིན་རགས་པའི་རླུང་སེམས་ཀྱི་ཆ་ཐམས་ཅད་ཉི་འོད་དང་དེའི་དྲོད་བཞིན་དུ་ཡེ་ཤེས་ཀྱི་རླུང་སེམས་ཀྱིས་ཁྱབ་ནས་གནས་པས་ཡུལ་སྣང་ཐམས་ཅད་ལ་ཡང་འོད་གསལ་ཡེ་ཤེས་ཀྱི་སྣང་བའི་ཆ་རེ་མེད་མི་སྲིད་ལ། དེ་དག་ལས་ཡེ་ཤེས་ཀྱི་རླུང་སེམས་རྣམས་ནི་གཉུག་མའི་ཆ་དང་། རགས་པའི་ཆ་རྣམས་དེའི་ཆོ་འཕྲུལ་དུ་བྱུང་བ་དང་། དེ་སྲོག་ཏུ་ཡོད་པའི་དབང་གིས་རང་རང་གི་བྱ་བ་ལ་འཇུག་པ་ཡིན་ཞིང་། ཡེ་ཤེས་འཁྲུལ་པའི་རླུང་སེམས་སུ་མཆེད་པ་ན་དེའི་དབང་གིས་ཡེ་ཤེས་ཀྱི་སྣང་བའང་འཁྲུལ་སྣང་དུ་སོང་བ་ཡིན་པས་སྣང་སེམས་ཐམས་ཅད་ཀྱི་རྩ་བའི་གཞི་སེམས་ཉིད་འོད་གསལ་ཁོ་ནར་འདོད་པ་ནི་གསང་སྔགས་སྔ་འགྱུར་ནས་བཤད་པ་སྟེ། འོད་གསལ་གྱི་ཡེ་ཤེས་ལུས་ལ་གནས་པ་དང་ཤར་བ་མི་གཅིག་ཅིང་འཆར་བའི་ཐབས་ཀྱང་གཅིག་ཏུ་མ་ངེས་པས། འཆི་དུས་སུ་ཤར་བ་སོགས་ནམ་མཁའ་རྐྱེན་གསུམ་དང་བྲལ་བ་ལྟ་བུའི་སྟོང་སང་གི་རྣམ་པ་ཅན་དང་། དྷཱུ་ཏིའི་རྩ་འཁོར་གྱི་ནང་ཁོ་ནར་འཆར་བ་སོགས་ཡིན་ཡང་འོད་གསལ་གང་ཡིན་ཐམས་ཅད་དེ་ལྟར་མ་ངེས་ཏེ། འདི་ཙམ་ཞིག་སྣང་བ་ལྷར་སྒྲུབ་སོགས་སྐབས་དུ་མར་མཁོ་བས་སྨོས་ཀྱི་རྒྱས་པར་རྫོགས་ཆེན་གྱི་སྐོར་ལས་འབྱུང་བ་མ་བཀོད་དོ། །དེ་ནི་ཀུན་ཉོན་འཁོར་བའི་ཆོས་ཀྱི་གཞི་བྱེད་ལུགས་ཡིན་ལ། རྣམ་བྱང་ཕྱོགས་ཀྱི་གཞི་བྱེད་ལུགས་གཞན་ཡང་ཡོད་མོད་དེ། །གཙོ་བོ་ནི་གོང་དུ་བྱང་ཆུབ་སེམས་ཀྱི་དོན་བཤད་པར་བརྗོད་ཟིན་ཏོ། །འདི་དག་གི་སྐབས་སུ་ཡེ་ཤེས་རང་སྣང་ཞེས་བཤད་པ་ནི་ཡེ་ཤེས་ཉིད་ལས་གཞན་དུ་མ་གྱུར་བའི་སྣང་བ་སྟེ། ཡེ་ཤེས་ཀྱི་རང་དབང་གི་འཆར་ཚུལ་ལྟར་བཞག་པ་དག་པའི་སྣང་བ་དང་། སེམས་རང་སྣང་ཞེས་པ་ནི་ཡེ་ཤེས་དེ་སེམས་ཀྱིས་དཀྲུགས་པའི་དབང་གིས་སྣང་སེམས་རང་རྒྱུད་པར་འཆར་བ་མ་དག་པའི་དངོས་སྣང་རྣམས་ཏེ། དེ་དག་ཀྱང་སེམས་རང་གིས་བཏགས་པ་ཙམ་གྱི་སྣང་ཆར་ཟད་ཀྱི། ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པས་རང་སྣང་ཞེས་བྱའོ། །ཕྱི་མའི་གནས་ལུས་སོགས་ནི་ཡེ་ཤེས་ཀྱི་ཆ་དང་སེམས་ཀྱི་ཆར་གྱུར་པ་གང་ཡང་མིན་པས་རང་སྣང་དངོས་མ་ཡིན་ཡང་། སེམས་ཡེ་ཤེས་སུ་བསྐྱེད་པའི་ལེའུར། ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལ་ཡང་རྒྱལ་བས་མི་བརྙེས་སོ། །ཞེས་སོགས་སྣང་སྲིད་དག་མཉམ་དུ་བསྟན་པ་རྣམས་ཀྱི་དགོངས་དོན་གཏན་ལ་དབབ་པའི་ཕྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་གི་ཕྱོགས་སུ་བསྡུས་ནས་བསྟན་པ་ཡིན་ནོ། །གཉིས་པ་ནི། གཞི་ལ་འཁྲུལ་པ་མེད་ཀྱང་། འཁྲུལ་པ་ལ་གཞི་ཡོད་ཅེས་རོག་བདེ་གཤེགས་ཆེན་པོ་གསུང་བ་ལྟར། གཉུག་མའི་རང་བཞིན་ལ་འཁྲུལ་པ་མེད་ཀྱང་དེའི་ཆོ་འཕྲུལ་འཁྲུལ་པར་ཤར་ཏེ། གནས་ལུགས་ཀྱི་རང་ཞལ་འགེབས་ཤིང་སྒྲིབ་པར་བྱེད་པའི་ཞེན་སྣང་ནི་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས་འཁོར་བ་ཕྲ་རགས་ཀྱི་རྟེན་དུ་གྱུར་པས་འཁྲུལ་པ་བཏགས་པའི་གཞི་ཞེས་བྱ། དེ་ཡང་གཞུང་སྤྱི་སྐད་དང་བསྟུན་ན་སྣང་སེམས་ལ་ཕྱིན་ཅི་ལོག་ཏུ་སྣང་ཞིང་སྣང་བ་ལྟར་ཞེན་པས་ན་ཞེན་སྣང་ཞེས་སྦྱོར་དགོས་པར་མངོན་ཡང་། འདིའི་བཀའ་སྲོལ་དུ་འདས་པ་སྣང་ཡང་འཁོར་བར་ཞེན་པ་ཞེས་གསུངས་ཏེ། དེ་ལྟར་ན་སྣང་བ་ལྷར་མ་རྟོགས་པར་གཞན་དུ་ཞེན་པ་ཞེས་བཤད་པར་བྱའོ། །གང་ལྟར་ཡང་དོན་དུ་གཉིས་མེད་ལ་གཉིས་སུ་འཛིན་པ་ལ་འཇོག་པར་བཤད་དེ། རང་བཞིན་མེད་པའི་ཆོས་ཉིད་ལས་གཞན་དུ་མ་གྱུར་པའི་དངོས་པོ་རྣམས་ལ་ཕྱི་རོལ་དུ་གྱུར་པའི་སྣང་བ་རང་རྒྱུད་པའམ་རང་དབང་བ་དང་རང་མཚན་པར་ཞེན་པའོ། །དེའང་གནས་ལུགས་ཀྱི་དོན་ལས་གཞན་དུ་གོལ་བའི་རྒྱུའི་གཙོ་བོ་རྨོངས་པ་མ་རིག་པ་ཡིན་ཞིང་། དེ་ལ་ལྷན་སྐྱེས་དང་ཀུན་བཏགས་གཉིས་ཏེ། དེ་གཉིས་ཀྱང་འདིར་གྲུབ་མཐའ་ངན་པས་བཏགས་མ་བཏགས་ལ་མ་བཞག་པར་ངོ་བོའི་དབྱིངས་ལ་རྨོངས་ཙམ་གྱི་མ་རྟོགས་པའི་མ་རིག་པ་དང་། སྣང་སེམས་རང་རྒྱུད་དུ་ཞེན་པའི་ལོག་རྟོག་གི་མ་རིག་པ་གཉིས་ལ་བཤད་པའི་གཙོ་བོ་ཕྱི་མ་སྟེ། །འདིར་བསྟན་ཞེན་སྣང་ནི་དེའོ། །སངས་རྒྱས་སུ་འགྲུབ་པའི་བསྒྲུབ་གཞིའི་དབང་དུ་བྱས་ནས་ངོ་བོའི་གཞི་དང་། སེམས་ཅན་དུ་གོལ་བའི་འཁོར་རྩའི་དབང་དུ་བྱས་ནས་བཏགས་པའི་གཞི་བསྟན་པར་སེམས་ཏེ། སྔ་མ་མ་བསྟན་ན་འདིའི་གྲུབ་མཐའི་སྙིང་པོ་ཆོས་ཐམས་ཅད་ཡེ་སངས་རྒྱས་པར་གཏན་ལ་དབབ་དུ་མེད་ལ། ཕྱི་མ་མ་བསྟན་ན་དེ་ལ་ལྟོས་པའི་སྦྱང་བྱའི་གཙོ་བོ་ངོས་མི་ཟིན་པས་དངོས་དང་ཞར་བྱུང་གི་ཚུལ་དུ་གཉིས་སྨོས་སོ། །གཉིས་པ་ནི། སྐྱེད་བྱེད་ཤེས་རབ་རྣམ་པ་གསུམ་གྱིས་བསྐྱེད་བྱ་ཐུན་མོང་དང་མཆོག་གི་སེམས་ལྔ་སྐྱེས་སམ་སྐྱེས་པ་སྟེ། རིམ་གསུམ་ལས། ངོ་བོ་ཤེས་རབ་རྣམ་གསུམ་གྱིས། །སེམས་ལྔ་སྐྱེས་པར་བསྟན་པ་ཡིན། །ཞེས་སོ། །འདིར་ཐུན་མོང་གི་སེམས་ལྔ་ནི། ལྷ་མིའི་ཐེག་པ་དང་། ཉན་རང་། བྱང་སེམས། ཕྱི་རྒྱུད་སྡེ་གསུམ་གྱི་ལམ་རྣམས་རེ་རེ་ཞིང་སེམས་ལྔ་རེ་བརྩི་བ་ཡིན་ལ། མཆོག་གི་སེམས་ལྔ་ནི། མ་ཧཱ་ཡོ་གའི་རང་ལམ་ཉིད་ལ་བརྩི་བ་སྟེ། ལམ་དེ་དང་དེ་ལ་འཇུག་འདོད་ཀྱི་སེམས་དང་པོར་ལྡང་བ་གཡོ་ལྡང་། ལམ་དེ་རྙེད་ན་ཅི་མ་རུང་སྙམ་དུ་འདུན་པའི་ཤུགས་ཆེར་སོང་བ་སྨོན་པ། སྨོན་པ་བཞིན་དུ་འཇུག་པ་འཇུག་པ། ཞུགས་ནས་ཉམས་ལེན་གྱི་རྒྱུན་ལ་གནས་པ་གནས་པ། མཐར་འདོད་དོན་གྲུབ་པ་མཐར་ཕྱིན་པའི་སེམས་ཏེ། འདི་རྣམས་རེ་རེའི་མཐར་བྱང་ཆུབ་ཀྱི་སེམས་ཞེས་སྦྱར་སྣང་བ་མཆོག་གི་སེམས་ལྔའི་དབང་དུ་བྱས་པའམ། ཡང་ན་ཉན་རང་གི་ཐེག་པའི་སེམས་ལྔའམ་དེ་དག་རང་གི་བྱང་ཆུབ་ལ་ལྟོས་ནས་དེ་ལྟར་བརྗོད་པའམ་སྒྲ་འཇུག་པ་ལ་བཤད་དུ་ཡོད་པས་མ་ཁྱབ་པ་གང་བདེའི་སྟེང་ནས་བསྙད་པར་བྱའོ། །དེའང་ཉན་ཐོས་ཀྱི་སྡེ་སྣོད་ནས་དེའི་ལམ་རྣམས་སེམས་ལྔར་བསྡུས་ཏེ་བསྟན་པ་སོགས་མིན་གྱི། རྒྱུད་སྡེ་འདིའི་གཞུང་ལས་ཉན་ཐོས་ཀྱི་ལམ་རྣམས་སེམས་ལྔར་བསྡུས་ནས་བསྟན་པ་སོགས་ཡིན་ནོ། །ཅི་ལྟར་ན་ཐབས་སམ་ལམ་གྱི་རྒྱུད་དུ་འགྱུར་ཞེ་ན། ཐོབ་བྱ་འབྲས་རྒྱུད་མངོན་དུ་བྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པས་ཐབས་དང་། གང་གིས་གང་དུ་བགྲོད་པའི་ཤུལ་ཡིན་པས་ལམ་མོ། །དེ་ལ་གཙོ་ཕལ་གྱི་སྒོ་ནས་དབྱེ་ན། ཉེ་བའི་ལམ་བླ་མེད་སྒྱུ་དྲྭའི་ལམ་འདི་ཉིད་དང་། རིང་བའི་ལམ་ཐུན་མོང་གི་ཐེག་པ་བཞི་དང་ཕྱི་རྒྱུད་སྡེ་གསུམ་གྱི་ལམ་རྣམས་ཏེ། དེའང་འདིའི་དངོས་ཀྱི་གདུལ་བྱས་ལམ་འདི་བོར་ནས་དེ་དག་ལ་འཇུག་ན་མཆོག་གི་དངོས་གྲུབ་ལས་ཆེས་རིང་དུ་འགྱུར་བ་དང་། ཐེག་པ་གཞན་གྱི་རིགས་ཅན་གྱིས་རང་ལམ་སྒྲུབ་ནའང་དམན་ལམ་སྔོན་སོང་ལྟ་ཅི། དང་པོ་ནས་ཕར་ཕྱིན་དང་ཕྱི་རྒྱུད་ཀྱི་ལམ་ནས་ཞུགས་ཀྱང་ལམ་འདི་པ་ལ་ལྟོས་ན་རྫོགས་བྱང་དུས་རིང་མོ་ཞིག་ན་འགྲུབ་པས་རིང་ལམ་ཞེས་བྱ་ཡི། ཁོག་གཞུང་ལས། ཐུན་མོང་ལམ་སྟེགས་ཙམ་ཉིད་དུ། །ཕ་རོལ་ཕྱིན་བཅུ་རྒྱུ་འབྲས་སྤྱོད། །ཅེས་པ་ལྟར་འདིའི་ལམ་ལ་དབང་པོ་དང་བསམ་པའི་སྣོད་སྦྱོང་བའི་ཆེད་དུ་ཐུན་མོང་གི་རྟོགས་རིགས་ལ་སློབ་པ་ཙམ་ནི་ཉེ་རིང་ཐུན་མོང་གི་ལམ་དུ་འགྱུར་རོ། །ཁྱད་པར་གྱི་ལམ་དེ་ལ་དབྱེ་ན། ཐབས་ཀྱིས་ངེས་པའི་ལམ་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་ལམ་གཉིས་ཏེ། བཤད་རྒྱུད་རྒྱ་མཚོ་ལས། གྲོལ་ལམ་ཐབས་སུ་རྣམ་པར་བསྟན། །ཞེས་སོ། །དེ་གཉིས་ཀྱི་ཁྱད་པར་ནི། སྤྱིར་ཐབས་ལམ་ཞེས་པའི་ཚིག་ཟུར་གྱི་ཐབས་ནི་གྲོལ་ལམ་གྱི་ནང་དུའང་ཡོད་དེ། ཚོགས་སྤྱོད་བཞིན་ནོ། །གྲོལ་ལམ་གྱི་སྐབས་སུ་བཤད་པའི་ཆོས་ཉིད་རྟོགས་པའི་ཤེས་རབ་ཀྱང་ཐབས་ལམ་ལ་དགོས་ཏེ། དེ་དང་བྲལ་ན་ལམ་གྱི་སྙིང་པོ་སྟོར་བའི་ཕྱིར་རོ། །འོན་ཀྱང་གང་ཟག་གཅིག་གི་ལམ་ལ་ཐབས་གྲོལ་གཉིས་ཀ་འཇོག་པའམ་མ་ཡིན་ཏེ། ཐབས་ལམ་པ་དང་གྲོལ་ལམ་པ་ཞེས་གང་ཟག་ཐ་དད་ཀྱི་ལམ་ཆ་ཚང་གཉིས་སུ་བཞེད་དོ། །དེས་ན་ལམ་གྱི་གཞུང་ཤིང་རྫོགས་རིམ་ལ་ལྟོས་ནས་རྩོལ་བ་དང་པོར་ལུས་ལ་གནད་དུ་བསྣུན་པའི་ཐབས་ཀྱི་མན་ངག་ལ་བརྟེན་པ་དང་། སེམས་རང་བབས་ཀྱི་སྟེང་དུ་འཇོག་པའི་བཞག་ཐབས་ཙམ་ལ་བརྟེན་པའི་ཁྱད་པར་དུ་བཤད་ཀྱང་རུང་མོད་དེ། འདིར་དགོངས་རྒྱན་ལྟར་གཙོ་བོར་ཤེས་རབ་གསུམ་གྱི་སྒོ་ནས་རང་རྒྱུད་ཀྱི་འཆིང་བ་ཆོས་ཉིད་དུ་གྲོལ་བར་བྱེད་པ་གྲོལ་ལམ་དང་། གཙོ་བོར་ཐབས་ཀྱི་ཁྱད་པར་བརྟུལ་ཞུགས་ཀྱི་སྤྱོད་པ་རྨད་དུ་བྱུང་བའི་སྒོ་ནས་འབྲས་བུ་མྱུར་དུ་འགྲུབ་པར་བྱེད་པ་ཐབས་ལམ་དུ་བྱ་སྟེ་ཉི་སྟོན་ཆོས་སེང་སོགས་ཀྱི་བཞེད་པའོ། །དེའང་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་བཞུགས་ཚུལ་རྟོགས་ནས་གོམས་པར་བྱེད་པ་ནི་འདི་ཉིད་ཀྱི་ལམ་སྤྱིའི་ཁོག་ཡིན་ལ། གཙོ་བོར་དེ་ཙམ་གྱི་སྟེང་ནས་ལམ་བགྲོད་པ་ནི་གྲོལ་ལམ་དང་། དེའི་སྟེང་དུ་མན་ངག་གི་ཐབས་ཟུར་པ་བསྣན་ནས་དེ་ལའང་གཙོ་བོར་བརྟེན་ཏེ་ལམ་བགྲོད་པ་ལ་ཐབས་ལམ་དུ་བཞག་པ་ཡིན་པས། མཚན་ཉིད་གསུམ་གྱི་ཁོག་རྒྱས་པར་གྲོལ་ལམ་གྱི་སྐབས་སུ་བསྟན་ཞིང་། ཐབས་ལམ་འཆད་དུས་ཐབས་ལམ་རང་གི་སྒོས་ཆོས་ཙམ་ལས་ཆེར་མ་བཤད་པའང་དེའི་རྒྱུ་མཚན་ལ་ཐུག་སྟེ། ཐབས་ལམ་ལ་མཚན་ཉིད་གསུམ་མེད་པ་ནི་གཏན་མིན་ནོ། །དཔེར་ན་ཕར་ཕྱིན་དྲུག་སྔགས་ལམ་ལ་ཡང་ཚང་མོད་ཀྱི། སྔགས་ཀྱི་ཐེག་པ་ཕར་ཕྱིན་ཐེག་པ་མ་ཡིན་ཞིང་། ཕྱིན་དྲུག་གི་སྤྱོད་པའི་སྐོར་ལ་ཕར་ཕྱིན་ཐེག་པའི་གཞུང་རྣམས་རྒྱས་ལ། སྔགས་སུ་གསང་སྔགས་རང་གི་ཁྱད་ཆོས་རྣམས་གཙོ་བོར་སྟོན་པ་དང་འདྲའོ། །དེ་ལྟར་ཐབས་གྲོལ་སོ་སོར་གཙོ་བོར་གང་བྱེད་ཀྱི་ལམ་ལ་ཁྱབ་ཆེ་ཆུང་བཤད་པ་འདིས་མཚན་དོན་དང་གླེང་གཞི་སོགས་ཀྱི་སྐབས་སུ་གྲོལ་ལམ་ལྟར་བཤད་པ་རྣམས་ལ་ཐུན་མོང་ལྟར་རམ་སྤྱི་ལྟར་བཤད་པ་ཞེས་འབྱུང་བའི་གོ་དོན་ཡང་ཤེས་པར་མངོན་ནོ། །ལམ་མྱུར་བུལ་གྱི་དབང་དུ་བྱས་ན། གྲོལ་ལམ་ནི་རིན་པོ་ཆེ་ཀསྟུ་བྷ་དང་ལྷན་ཅིག་བཞག་པའི་རྡོའི་ཁམས་རིམ་གྱི་གསེར་དུ་འགྱུར་པ་ལྟ་བུ་དང་། ཐབས་ལམ་ནི་མཀྵི་ཀའི་སྦྱོར་བས་ལྕགས་ཁམས་ཡུད་ཙམ་གྱི་གསེར་དུ་སྒྱུར་བ་ལྟ་བུར་བཤད་ལ། གྲོལ་ལམ་རིམ་གྱིས་པ་ཐབས་ལམ་རིམ་གྱིས་བ་ལས་བུལ་ཡང་། གྲོལ་ལམ་ཅིག་ཅར་བ་ནི་ཐབས་ལམ་ཅིག་ཆར་བ་ལས་ཀྱང་མྱུར་ཞེས་གསུང་སྲོལ་ཡང་སྣང་ངོ་། །དེ་ལ་ཐུན་མོང་སྔོན་དང་ཁྱད་པར་རྗེས་སུ་བཤད་པའི་དབང་དུ་བཏང་སྟེ་གྲོལ་ལམ་དང་པོར་དང་། འཆད་བདེ་བ་ལ་བསམ་ནས་ཐབས་ལམ་དང་པོར་འཆད་པ་གང་ཡང་རུང་ཞེས་གསུངས་པ་ལས་འདིར་དགོངས་རྒྱན་ལྟར་ཐབས་ལམ་སྔོན་ལ་བཤད་པར་བྱ་སྟེ། ཐབས་ལམ་ཉིད་ལའང་ཐབས་དང་ཐབས་བྱུང་གི་རྣལ་འབྱོར་གཉིས་ཡོད་པའི་གོ་རིམ་དང་བསྟུན་ན་ཐབས་སྔོན་ལ་འོང་ཞིང་ཐབས་བྱུང་གྲོལ་ལམ་གྱི་སྒྲོམ་ནས་ཤེས་པའི་ཡང་ཕྱིར་རོ། །དེ་ལ་གཉིས། སྟེང་སྒོ་འཇུ་འདུལ་དང་། འོག་སྒོ་ཁམས་གསུམ་རོལ་པའི་ལམ་མོ། །དྷཱུ་ཏིའི་ནང་དུ་ཁམས་བཞུ་བརྟུལ་གྱི་ལས་ཀྱིས་ཡེ་ཤེས་འཆར་བར་བྱེད་པས་ན་འཇུ་འདུལ་གྱི་ལམ་དང་། རྒྱུད་ཀྱི་ལེའུ་བཞི་པར་ཡུལ་སྐུ། དབང་པོ་གསུང་། རྣམ་ཤེས་ཐུགས་སུ་གསུངས་ཤིང་ལུས་སྣང་བ་འདོད་ཁམས། ངག་ཕྱེད་སྣང་གཟུགས་ཁམས། ཡིད་མི་སྣང་གཟུགས་མེད་ཁམས་སུ་བཤད་པའི་གཙོ་བོ་པདྨའི་རེག་བྱ་དང་རྡོ་རྗེའི་དབང་པོ་དང་བདེ་བའི་རྣམ་ཤེས་གསུམ་སྦྱར་བའི་སྔགས་ཀྱི་རོལ་རྩེད་ཡིན་པས་ན་ཁམས་གསུམ་རོལ་པ་ཞེས་བྱ་སྟེ། སྔ་མ་རང་ལུས་དང་ཕྱི་མ་གཞན་ལུས་ལ་བརྟེན་པའོ། །འཇུ་འདུལ་གྱི་ལམ་ལ་གཙོ་བོར་བྱེད་པས་ཀྱང་བོགས་འདོན་དུ་ཁམས་གསུམ་རོལ་བ་ལ་སློབ་དགོས་ཤིང་། ཁམས་གསུམ་རོལ་པ་གཙོ་བོར་བྱེད་པས་ཀྱང་སྔོན་དུ་འཇུ་འདུལ་གྱི་ལམ་གྱི་རྩ་ཐིག་རླུང་གསུམ་ལས་རུང་ངེས་པར་འགྲོ་དགོས་ཀྱང་། གཙོ་བོར་གང་བྱེད་ལ་ལྟོས་ནས་གང་ཟག་གཉིས་ཀྱི་ལམ་དུ་བཞག་ཀྱང་ཆོག་སྟེ་སྔ་མ་བཞིན་ནོ། །དང་པོ་སྟེང་སྒོའི་རྣལ་འབྱོར་ལ་གཉིས་བཤད་དེ། ཐུན་མོང་པ་དང་། ཁྱད་པར་བའོ། །དང་པོ་ནི། བཤད་རྒྱུད་རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བས་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། །ཞེས་གསུངས་ཏེ། འཁོར་ལོ་གསུམ་ཕྲག་གཉིས་ནི། སྤྱི་བོ་བདེ་ཆེན་གྱི། མགྲིན་པ་ལོངས་སྤྱོད་ཀྱི། སྙིང་ག་ཆོས་ཀྱི། ལྟེ་བ་སྤྲུལ་པའི་འཁོར་ལོ་སྟེ་རྩ་བའི་འཁོར་ལོ་བཞི་དང་། དེ་འོག་སོར་བཞི་གཞལ་བར་ལྟེ་བའི་གཏུམ་མོ་ལས་ཡར་འབར་བ་རྒྱུད་གཞན་དུ་ཚངས་པའི་མེ་ཞེས་གྲགས་པའི་མེ་དཀྱིལ་དང་། དེའི་འོག་ན་མེ་དེ་སྦོར་བྱེད་ཐུན་སེལ་གྱི་རླུང་སྟེ་རྐྱེན་གྱི་འཁོར་ལོ་གཉིས་སོ། །སྲོག་ཤིང་གསུམ་ནི། དབུ་རྐྱང་རོ་གསུམ་མོ། །ལྷག་མའི་དོན་ནི། འཁོར་ལོ་བཞིའི་ལྟེ་བར་དམིགས་པས་གནད་དུ་བསྣུན་པ་ལས་རོ་རྐྱང་གི་རྒྱུ་བ་འགག་ཅིག་རླུང་དཀྱིལ་གྱིས་མེ་སྦར། དྷཱུ་ཏིའི་ལམ་དྲང་པོ་ནས་སོང་སྟེ་ནམ་མཁའི་བ་ཞེས་པ་སྤྱི་བོའི་ཧཾ་ཡིག་བསྐུལ་ཏེ་མུ་ཏིག་ལྟ་བུའི་བྱང་ཆུབ་ཀྱི་སེམས་བབས་པ་ལས་ཡས་བབས་དང་མས་བརྟན་གྱི་དགའ་བཞི་ཉམས་སུ་མྱོང་ཞིང་། ཁྱད་པར་དུ་ལྷན་སྐྱེས་ཀྱི་དགའ་བའི་དུས་སུ་གདལ་ཁྱབ་སྤྲོས་པ་མེད་པའི་དབྱིངས་ལ་སྤྱོད་པའོ། །གཉིས་པ་ལ། ལུས་ལས་ཡེ་ཤེས་སྐྱེ་བའི་གནད་དང་། དེ་ཤེས་ནས་གནད་དུ་བསྣུན་ཚུལ་གཉིས་ལས། དང་པོ་ནི། སྔར་བཤད་པ་ལྟར་གདོན་ནས་རྣམ་པར་དག་པའི་རང་གནས་ཀྱི་ཡེ་ཤེས་དེ་ད་ལྟ་རྡོ་རྗེའི་ལུས་ལ་ཇི་ལྟར་གནས་པའི་ཚུལ་ནི། སྙིང་ག་ཆོས་ཀྱི་འཁོར་ལོའི་ལྟེ་བར་དྭངས་མ་ཆེན་པོ་ལྔའི་དབུས་ན་སྟོང་གསལ་བདེ་བ་ཆེན་པོའི་ངོ་བོ་དང་། སྣང་བ་ཐམས་ཅད་ཀྱི་འཆར་གཞིར་བཞུགས་ཏེ། རྡོ་རྗེ་མེ་ལོང་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། དཔེ་ཆུང་རང་གནས་ལས། མི་ཤིགས་ཡེ་ཤེས་ཐིག་ལེ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །གཅིག་དང་དུ་མ་རྣམ་སྤངས་པ། །སྣ་ཚོགས་སྣང་ལ་མཚོན་དུ་མེད། །ཅེས་སོ། །དེ་ལས་ཆོ་འཕྲུལ་འབྱུང་བའི་ནུས་པ་རིམ་གྱིས་སད་པ་ན་དང་པོར་དེ་ཉིད་དང་རྗེས་སུ་མཐུན་པ་དག་པའི་སྣང་བ་སྐུལ་བའི་བྱེད་ལས་ཅན་གྱི་དཀར་དམར་རླུང་གསུམ་གྱི་ཆ་ཕྲ་མོ་གཞན་དག་འབྱུང་བ་ནི་ཉེ་བའི་དྭངས་ཆེན་ཏེ། དྭངས་མ་གཞན་ཐམས་ཅད་ཀྱི་ཟུངས་སམ་གནད་དུ་གྱུར་པའོ། །དེ་དག་ཐོག་མེད་ནས་བརྒྱུད་དེ་འོངས་པའི་ལོག་པའི་ཞེན་སྣང་གི་ཆས་དཀྲུགས་པ་ལས་མ་དག་པའི་སྣང་བ་ངན་པ་བསྐྱེད་པའི་རྩ་ཁམས་རླུང་གསུམ་སྙིགས་མའི་ཆ་གཙོ་བོ་རྣམས་འབྱུང་ཞིང་། དེ་དང་མཉམ་དུ་རང་སྣང་གི་ཡུལ་རྣམས་ཀྱང་ཆུ་ཤིན་ཏུ་མཉེན་པ་དགུན་གྱི་གྲང་རེག་གི་རྐྱེན་གྱིས་རྡོ་ལྟར་སྲ་བའི་ཁམས་སུ་འགྱུར་བ་ལྟར་ཐ་མལ་བའི་རྣམ་པར་ཤར་ནས་སླར་ལ་ཞེན་སྣང་རྒྱས་པར་བྱེད་དེ། དེ་ལྟར་འཁྲུལ་པའི་གཟུང་འཛིན་གྱི་འཁོར་ལོ་བསྐོར་བ་ཡིན་ནོ། །དེའང་ཅུང་ཟད་ཞིབ་ཏུ་བཤད་ན། ལུགས་འདིར་སྙིང་གའི་གནད་གཙོ་བོར་བྱེད་དེ། དེ་ལ་དགོངས་རྒྱན་ལྟར་རྩ་གདབ་བརྒྱད་དམ་རྩ་ཆེན་བཞི་ལས། མདུན་ཆོས་ཉིད་ཀྱི་རྩ་ལ་ཉེ་བའི་དྭངས་མ་ཨོཾ་དང་སྙིགས་མ་སུ་ཏྲི། གཡས་ཡེ་ཤེས་ཀྱི་རྩ་ལ་དྭངས་མ་ཧཱུྃ་དང་སྙིགས་མ་ཨ་ནྲྀ། གཡོན་ཡོན་ཏན་གྱི་རྩ་ལ་དྭངས་མ་ཨཱཿདང་སྙིགས་མ་པྲེ་དུའི་ཡི་གེ་རྣམས་གནས་ཏེ། ཡི་གེ་གསུམ་པོ་འདབ་མའི་ནང་ཕྱོགས་དྷཱུ་ཏི་དང་ཉེ་བ་ན་དང་། ས་བོན་དྲུག་པོ་རྩ་འདབ་ཀྱི་སྒབ་བམ་མཐར་གནས་སོ། །ཉེ་བའི་དྭངས་མ་དེ་དག་ནི་དབུས་ཀྱི་དྭངས་མ་ལྔའི་ཡོན་ཏན་ལས་བྱུང་སྟེ། ༀ་ཡིག་ཤའམ་རྩའི་དྭངས་མ་ཤེལ་སྦུག་ཅན་གྱི་ཡོན་ཏན་ལས་བྱུང་། ལུས་ལ་རྩའི་དྭངས་ཆ་དང་དེའི་ཡོན་ཏན་རྣམས་སྐྱེད་ཅིང་སྐྱེས་ཟིན་གྱི་རྒྱུན་གསོས་ནས་རྒྱས་པར་བྱེད་དོ། །ཨཱཿ ཡིག་མི་ཤིགས་པའི་དམར་ཆའི་ཡོན་ཏན་ལས་བྱུང་། ཁྲག་གི་དྭངས་ཆ་དང་ཡོན་ཏན་སྐྱེད་ཅིང་གསོ། ཧཱུྃ་ཡིག་མི་ཤིགས་པའི་རླུང་གི་ཡོན་ཏན་གྱི་དབང་ལས་བྱུང་། དབུགས་ཀྱི་དྭངས་ཆ་དང་ཡོན་ཏན་སྐྱེད་ཅིང་གསོའོ། །ༀ་དུ་འཇོག་པ་ནི་ཐིག་ལེ་དེ་ལ་དག་པའི་གཟུགས་སྣང་སྣ་ཚོགས་སྐྱེད་པའི་ནུས་པ་ཤས་ཆེར་ཡོད་པའི་སྒོ་ནས་ཡིན་ཏེ། ༀ་སྐུ་རྡོ་རྗེའི་ས་བོན་ཡིན་པས་སོ། །དེས་མཚོན་ཏེ་སྒྲ་ཚིག་གི་སྣ་བ་རིས་མེད་སྐྱེད་པའི་སྒོ་ནས་ཨཱཿདང་། ཏིང་ངེ་འཛིན་བཟང་པོ་སྐྱེད་པའི་སྒོ་ནས་ཧཱུྃ་དུ་འཇོག་པའང་ཤེས་པར་བྱ་ལ། ད་ལྟ་སྐུ་སྒྲུབ་བྱེད་ཀྱི་ལས་བསགས་བ་རྣམས་ༀ་གྱི་སྟེང་དུ་གསོག་པ་དང་། གསུང་སྒྲུབ་བྱེད་རྣམས་ཨཱཿལ་གསོག་པ་དང་། ཐུགས་སྒྲུབ་བྱེད་ཧཱུྃ་ལ་གསོག་པར་ཡང་བཤད་དོ། །དེ་བཞིན་དུ་སུ་ཏྲི་གཉིས་ལ་རྩའི་སྙིགས་མ་སྐྱེད་པ་དང་། ལྷ་མིན་དང་དུད་འགྲོའི་སྣང་ཞེན་སྐྱེད་པའི་ནུས་པ་གཉིས་ཡོད་ཅིང་། ད་ལྟ་འགྲོ་བ་དེ་གཉིས་སུ་སྐྱེ་བའི་ལས་བསགས་པ་རྣམས་ཀྱིས་ཀྱང་དེ་གཉིས་ཀྱི་ནུས་པ་གསོས་འདེབས་པ་དང་། པྲེ་དུ་གཉིས་ཀྱིས་ཁྲག་གི་སྙིགས་མ་ལ་བྱ་བ་འཇུག་ཅིང་། ཡི་དྭགས་དང་དམྱལ་བའི་སྣང་ཞེན་སྐྱེད་པ་སོགས་དང་། ཨ་ནྲྀས་དབུགས་ཀྱི་སྙིགས་མ་ལ་བྱ་བ་འཇུག་ཅིང་། ལྷ་མི་གཉིས་ཀྱི་སྣང་ཞེན་སྐྱེད་པ་སོགས་ཀྱང་ཤེས་པར་བྱའོ། །གཉིས་པ་ནི། དྭངས་མ་ལྔ་འདུས་ཀྱི་སྙིང་པོ་སེམས་མི་ཤིགས་པའི་སྟེང་ན་སྣང་བ་རིས་སུ་མ་ཆད་པ་སྤྲོ་བའི་ནུས་པ་ཡོད་པ་དེ་ད་ལྟ་འགྲོ་བ་རིགས་དྲུག་གང་རུང་གི་ས་བོན་གྱི་ཁ་ལོ་དྲངས་ཏེ་འཁྲུལ་སྣང་རང་དགའ་བའི་ཡོ་ལང་ཆེན་པོ་ཤར་བ་འདི་དག་པ་རབ་འབྱམས་ཀྱི་སྣང་བར་གོ་འཕོས་ནས་དོན་དམ་དཀོར་བདུན་གྱི་གནས་ལུགས་ལ་འཇུག་པའི་ཆེད་དུ་ལྟ་བ་དང་བསྐྱེད་རིམ་སྔོན་དུ་བཏང་སྟེ། ཀུན་ཏུ་བཟང་པོའི་ཐིག་ལེའམ་སྙིང་གའི་མི་ཤིགས་པའི་སེམས་འཛིན་རྩེ་གཅིག་ཏུ་སྦྱངས་པས་ཐིག་ལེ་དེ་འབར་ཞིང་ལས་སུ་རུང་ནས་སེམས་མི་ཤིགས་པ་འོད་གསལ་བསམ་མི་ཁྱབ་ཀྱི་དགོངས་པ་ཀུན་རྟོག་གི་རྙོགས་པ་དང་བྲལ་བར་འཆར་ལ། དེའི་ཚེ་སྔར་བསྐྱེད་རིམ་ལ་སྦྱངས་པ་དང་། དྭངས་མ་ལྔའི་སེམས་འཛིན་གྱི་ཁོག་ཏུ་ཡེ་ཤེས་ཀྱི་སྣང་བ་ཐུན་མིན་འཆར་བའི་རྩ་དར་སྐུད་ལྟ་བུའམ་ཤེལ་སྦུག་ཅན་ལ་གནད་དུ་བསྣུན་པའི་རྒྱུ་མཚན་གྱིས་མི་ཤིགས་པའི་སྟེང་གི་དག་པའི་སྣང་བ་འཆར་བའི་ནུས་པ་གསལ་བར་སད་དེ་མེ་ལོང་དྭངས་པ་ལ་གཟུགས་བརྙན་འཆར་བའི་ཚུལ་དུ་སྐུ་དང་ཞིང་གི་སྣང་བ་ཚད་མེད་པ་མཐོང་སྟེ། དེའི་མཐུས་དང་པོ་བྱུང་བའི་རིམ་པ་ལྟར་ཡི་གེ་གསུམ་གྱི་གཟི་བརྗིད་དང་ནུས་པ་ཆེར་སྦར། དེ་དག་སྦར་བའི་དབང་གིས་མར་མེ་གསོས་ན་རང་འོད་མཆེད་ནས་འོང་བ་ལྟར་སྟོད་སྨད་ཀྱི་ལུས་ཀུན་གྱི་དྭངས་མ་རྣམས་སྟོབས་སུ་གྱུར་ཅིང་འབར་ནས་རྩ་ཁམས་བདེ་བས་རྒྱས་པར་འགྱུར་ལ། ཤིན་ཏུ་ཕྲ་བ་དང་རགས་པའི་ཕྱོགས་སམ་དྭངས་མ་ཡེ་ཤེས་དང་མ་དག་སྙིགས་མའི་ཕྱོགས་ཀྱི་རྩ་རླུང་ཐིག་ལེ་ནི་གཅིག་རྒྱས་པ་ན་ཅིག་ཤོས་ཞུམ་འགྲོ་བ་ཆོས་ཉིད་ཡིན་པས་ཡི་གེ་གསུམ་ཇི་ལྟར་འབར་བ་དེ་ལྟར་ས་བོན་དྲུག་པའི་ནུས་པ་ཆུང་དུ་འགྲོ་སྟེ། འདི་ལ་རྫོགས་རིམ་པའི་རིགས་དྲུག་སྲེག་སྦྱང་ཡང་ཟེར་རོ། །འདི་ལྟར་མི་ཤིགས་གཉུག་མའི་དྭངས་ཆེན་བསྐུལ་སྟོབས་ཀྱིས་རྩ་འདབ་ཀྱི་དྭངས་མ་སྦར་བ་ནི་ཇི་ཙམ་སྦར་བ་དེའི་ཚོད་དུ་དེ་རྣམས་མི་ཤིགས་པའི་དབང་དུ་འདུ་བས། རིམ་གྱི་དྭངས་མ་གཞན་རྣམས་རྩ་བའི་ཡི་གེ་གསུམ་དང་། དེ་གསུམ་ཡང་དྭངས་མ་ལྔ་ལྡན་ལ་ཞུགས་ནས་མཆོག་གི་དྭངས་མའི་ནུས་པ་ལྷག་པར་གསལ་བར་འགྱུར་རོ། །ཇི་ལྟར་ཞེ་ན། དྭངས་མ་ལྔ་ལས་སས་བདེ་བ་བརྟན་པར་བྱེད། ཆུས་བདེ་བ་སྡུད་ཅིང་མཉེན། མེས་བདེ་བ་སྨིན། རླུང་གིས་བདེ་བ་རྒྱས། ནམ་མཁས་མཁའ་མཉམ་རྫོགས་པ་ཆེན་པོར་བྱེད་ཅེས་གསུངས་ཏེ། མདོར་ན་བདེ་ཆེན་གྱི་ཉམས་མྱོང་འཐུག་ཅིང་རྒྱ་ཆེ་བ་དང་བརྟན་པོར་འཇུག་པའི་དོན་ཏེ། དེའི་སྟོབས་ཀྱིས་སྟོང་གཟུགས་ཀྱི་སྣང་བའང་ཇེ་གསལ་དང་རྒྱ་ཇེ་ཆེར་འགྲོ་ཞིང་བརྟན་པར་འགྱུར་རོ། །དྭངས་མའི་གནད་སྐུལ་ཚུལ་ཐུན་མོང་མ་ཡིན་པ་དེ་འདྲ་འོང་བ་ལ་ནི་དང་པོར་བསྐྱེད་རིམ་སྒོམ་པའི་དུས་ནས་ཅིར་སྣང་ཐམས་ཅད་དཀྱིལ་འཁོར་དང་། དེའང་ཡེ་ཤེས་རང་སྣང་ཞེས་མི་ཤིགས་པའི་སེམས་ལས་ཕར་མཆེད་པའི་ཆོ་འཕྲུལ་འབའ་ཞིག་ཏུ་བལྟ་བ་དང་། དེའི་ཆེད་དུ་ལྟ་བའི་སྐབས་སུ་དེ་ལྟར་ངོ་འཕྲོད་ཅིང་ཐག་ཆོད་ཀྱི་གདིང་རྙེད་པ་ཞིག་སྲོག་ཏུ་བཟུང་དགོས་སོ། །སྐབས་འདིའི་སྟོང་གཟུགས་སྒྲུབ་ཚུལ་དང་དུས་འཁོར་ནས་རླུང་བཅུ་དབུ་མར་བཅིངས་པའི་རྟགས་སྣང་བཤད་པ་གཉིས་འོད་གསལ་གྱི་སྣང་བ་ཙམ་དུ་འདྲ་ཡང་། འདི་ནི་མི་ཤིགས་པའི་རླུང་རང་མལ་དུ་སད་པའི་སྣང་བ་ཡིན་པས་མི་འདྲ་སྟེ། རྫོགས་ཆེན་ཐོད་རྒལ་བའི་འཆར་སྣང་དང་འདི་གཉིས་རིག་གདངས་ཀྱི་ཆ་ལ་རྩལ་འདོན་བྱེད་མི་བྱེད་དང་། སེམས་འཛིན་གྱི་རྩོལ་བ་ཡོད་མེད་ལས་ཕྱོགས་མཚུངས་སོ། །དེ་ཡང་སྣང་བ་དེ་དག་རླུང་བཅུ་དབུ་མར་ཞུགས་པའི་རྟགས་སུ་ཤར་བ་ཡིན་མིན་དཔྱད་པར་ཟད་ཀྱི། དེ་དག་འཆར་བ་ལ་རླུང་བཅུ་དབུ་མར་འཇུག་མི་དགོས་ཞེས་བཤད་པ་ནི་མིན་ནོ། །གཏེར་ཆེན་སྐུ་མཆེད་སོགས་ཀྱི་རྫོགས་རིམ་པའི་ལྷ་སྐུ་མཐོང་བ་དང་། ཐོབ་པ་གཉིས་སུ་བཤད་པའི་མཐོང་བ་ཙམ་དང་། འོད་གསལ་གྱི་རྟོགས་པ་ལས་རུང་རྙེད་པ་ཙམ་ལ་ཀུན་ཏུ་བཟང་པོའི་ཐིག་ལེ་གཅིག་པུ་བསྒོམས་པས་ཀྱང་ཆོག་མོད་ཀྱི། ལྷ་སྐུ་དེ་ཐོབ་པ་དང་། རྟོགས་པའི་འོད་གསལ་ལམ་འཐུག་པོའི་འོད་གསལ་ཕུལ་ཕྱིན་འཆར་བ་ལ་ལྟེ་བའི་ཨ་ཐུང་ལ་དམིགས་པ་ཀུན་ཏུ་བཟང་མོའི་མན་ངག་དང་། མགྲིན་པའི་རྔམས་མ་ལ་དམིགས་པ་སྦྱོར་བ་དག་པ་དང་། སྤྱི་བོའི་ཧཾ་ཡིག་ལ་དམིགས་པ་ཁྱབ་བརྡལ་ཆེན་པོའི་མན་ངག་རྣམས་ཀྱང་གྲོགས་སུ་ངེས་པར་གཅེས་ཏེ། གཏུམ་མོའི་གནད་ལ་དངོས་སུ་དམིགས་ནས་ཇི་ཙམ་བསྒོམས་པ་དེ་ཙམ་དུ་འབར་འཛགས་ཤུགས་ཆེ་ལ། འབར་འཛགས་ཀྱིས་མི་ཤིགས་པ་ཚིམ་སྟོབས་ཆེ་རིམ་བཞིན་ཡེ་ཤེས་འབར་བ་དང་། དེའི་རང་སྣང་གི་ལྷ་སྐུ་གསལ་བརྟན་ཁྱད་ཞུགས་པར་འགྱུར་ཞིང་། འཁྲུལ་པ་བཏགས་པའི་གཞིའི་སྲོག་མཁར་གྱི་ས་བོན་དྲུག་པོ་འགྲིབས་ཚབས་ཆེ་བའི་ཕྱིར་རོ། །འདིར་རྡོར་བཟླས་ཀྱི་རྩ་མདུད་འགྲོལ་བ་མ་བཤད་ཀྱང་། ལྟེ་བ་ནས་སྤྱི་བོའི་བར་གྱི་དབུ་མའི་ལམ་དུ་འབར་འཛགས་ཀྱི་བདེ་བ་ཆེར་འཕེལ་ཏེ་སེམས་བདེ་བས་བསྡུས་པ་ན་རྩ་འདབ་ཀྱི་ལུག་རྣམས་ཀྱང་ལམ་དེར་འདྲོང་སྟེ། རླུང་སེམས་འཇུག་པ་གཅིག་པས་སོ། །དེ་ལྟར་རླུང་འདྲོང་སྟོབས་ཀྱིས་དྷཱུ་ཏིའི་རྩ་མདུད་རང་ཞིག་ཏུ་འགྲོ་བས་གནད་ལེགས་པར་ཚང་ངོ་། །དེ་དག་ནི་སྟེང་སྒོའི་མན་ངག་གི་གཞུང་རྣམས་ཁོག་བསྒྲིགས་ནས་གོ་དོན་ཅུང་ཟད་བཤད་པ་སྟེ། འཁོར་ལོ་བཞིའི་མན་ངག་སྒོམ་པའི་ལག་ལེན་དངོས་ནི་རྒྱུད་འགྲེལ་ཕྱོགས་བཅུ་མུན་སེལ་དང་། སེམས་ཉིད་ངལ་གསོའི་དོན་ཁྲིད། གསང་བདག་ཞལ་ལུང་སོགས་སུ་གསལ་བར་བཞུགས་ཏེ། དེ་དག་ལའང་མི་འདྲ་བའི་ཁྱད་པར་བག་ཙམ་ཡོད་པས་ཞིབ་ཏུ་ཤེས་པར་བྱའོ། །གཉིས་པ་ནི། རྒྱུད་ཀྱི་ལེའུ་བཅུ་གཅིག་པར། ལྷ་མོ་ཀླུ་མོ་རིགས་ངན་མོ། །ཞེས་སོགས་གསུངས་པ་ལྟར་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་བརྟག་ཅིང་བཙལ་བ་དང་། འགུགས་ཤིང་རྙེད་ནས་འདོད་པའི་བསྟན་བཅོས་ལས་བཤད་པའི་ཀུན་སྤྱོད་ཀྱིས་རྗེས་ཆགས་རྩོམ་པ་རྣམས་ནི་བསྙེན་པ་དང་། ཡབ་ཡུམ་ལྷར་བསྐྱེད་པ་ལྷའི་འདུ་ཤེས། མཁའ་གསང་རྡོ་རྗེ་དམ་པདྨར་རློབ་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་བསྒྲུབ་པར་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ་གསུམ་ལྡན་གྱི་བརྡ་བཞིས་བསྣོལ་མར་སྐུལ་བ་སོགས་ཉེ་བསྙེན། ཕྱག་རྒྱ་བཞིས་སྙོམས་པར་ཞུགས་ཏེ་རྗེས་ཆགས་ཀྱི་རླུང་བསྐྱོད་པས་གཏུམ་མོ་སྦར་བའི་འོད་ཀྱིས་ཟླ་བ་བཞུས་པའི་ཡས་བབས་ཀྱི་འགྲོས་ཀྱིས་འོངས་པ་ལས་འཁོར་ལོ་བཞིར་དགའ་བཞི་རིམ་གྱིས་མྱོང་བའི་མཐར་ནོར་བུའི་རྩེར་འཛགས་མེད་དུ་བཟུང་བས་ལྷན་སྐྱེས་ཀྱི་དགའ་བ་རྫོགས་པར་ཐོབ་སྒྲུབ་པ། ཉི་ཟླ་རྡོ་རྗེའི་ལྕེས་བླངས་ཏེ་བཟློག་པའི་སྦྱོར་བས་གྱེན་དུ་དྲངས་ཏེ་རྩ་འཁོར་གྱི་གནས་སོ་སོར་དགའ་བའི་ཆ་ཤས་རིམ་གྱི་གང་བའི་མཐར་བདེ་ཆེན་འཁོར་ལོའི་ཧཾ་ཡིག་ལ་བརྟན་པ་ལས་བྱུང་བའི་ལྷན་སྐྱེས་མཐར་ཕྱིན་པ་ནི་སྒྲུབ་ཆེན་ཏེ། ལམ་དུས་དང་། སྒྲུབ་དུས་དང་། སྦྱོར་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞིའི་འཇོག་ཚུལ་གསུམ་གྱི་ནང་ཚན་ཕྱི་མའོ། །འདི་ཉིད་ཀྱི་རྒྱུད་ཕྱིི་མ་ལས་ནི། རྣལ་འབྱོར་རྣལ་འབྱོར་མར་འབྲེལ་བ། །བསྙེན་པ་ཞེས་བྱར་བསྟན་པ་ཡིན། །བོ་ལ་ཀ་ཀོ་ལ་སྦྱོར་བ། །ཉེ་བར་བསྙེན་པར་བརྗོད་པ་སྟེ། །རྩ་གཉིས་མངོན་པར་འབྲེལ་བ་ནི། །སྒྲུབ་པ་ཡིན་པར་བསྟན་པའོ། །ལྷན་ཅིག་སྐྱེས་གཉིས་འབྲེལ་བ་ནི། །སྒྲུབ་བ་ཆེན་པོར་བརྗོད་པའོ། །ཞེས་བསྙེན་སྒྲུབ་བཞིའི་འཇོག་ཚུལ་ཁྱད་པར་ཅན་གཞན་གསུངས་སོ། །དེ་དག་ལ་གཡོ་ལྡང་ལ་སོགས་པའི་སེམས་ལྔ་འཇོག་ཚུལ་ཡང་ཡོད་དེ་འགྲེལ་པ་ལས་ཤེས་སོ། །ཕོ་ཉའི་ལམ་གྱི་གནད་ཆེ་ཤོས་གཅིག་ནི། ཐལ་བ་ལས། སྤངས་ནས་རྡོ་རྗེ་དབྱིངས་ཕྱུག་རྩ། །དགུག་དང་བསྡམ་པ་མ་ཤེས་ན། །རྡོ་རྗེའི་བསྐལ་པ་མཐའ་ཡས་པར། །ཆོས་སྐུ་ཐོབ་པར་མི་འགྱུར་རོ། །ཞེས་པ་ལྟར། རྩ་བཅིང་བའི་གནད་ཉིད་ཡིན་ཏེ་ཕྱག་རྒྱ་བརྟག་པའི་རྒྱུ་མཚན་ཡང་འདི་ཡིན་ནོ། །འགྲེལ་པ་རྣམས་སུ་ཐབས་དེས་རྟོག་ཚོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཆར་བར་གསུངས་པའི་དོན་ནི་དམ་པ་འགས་རྟོག་པའི་ངོས་ནས་ཐ་དད་ཀྱང་ཡེ་ཤེས་ཀྱི་ངོས་ནས་གཅིག་ཏུ་སོང་བ་ཡིན་ཞེས་བཤད་པ་ལྟར་རྟོག་ཚོགས་ཐམས་ཅད་བདེ་བ་ཆེན་པོའི་རོ་གཅིག་གིས་མྱོས་ཏེ་སོ་སོར་འཛིན་པའི་འདུ་ཤེས་ཀྱི་གཡའ་དང་བྲལ་བ་སྟེ། ཕུང་ཁམས་བདེ་བའི་དཀྱིལ་འཁོར་དུ་བསྡམ་པ་ཞེས་བྱའོ། །འདི་ལ་སོགས་པའི་གོང་འོག་དུ་མར་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ལ་རྟོག་ཚོགས་ཞེས་བཤད་པ་ནི་རྟོག་པ་ཐ་མལ་སྣང་ཞེན་གྱི་རྣམ་རྟོག་ལ་བྱས་ནས། འདི་ལ་དང་། འདིས་རྟོག་པ་ཞེས་པའི་སྔ་མ་ལ་བཤད་ཀྱང་རུང་མོད། ལེའུ་གསུམ་པར། གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ། །ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད། །ཅེས་པ་ལྟར། མ་དག་པའི་སྣང་བ་ཐམས་ཅད་ལོག་རྟོག་གི་རྣམ་འཕྲུལ་ཡིན་པའི་སྒོ་ནས་བཤད་ན་འཐད་དམ་སྙམ་མོ། །གོང་དུ་བརྗོད་པ་ལྟར་ཐབས་ལམ་ཅིག་ཆར་པ་ལ་ལྟོས་ནས་ཀྱང་དབང་གཉིས་པ་དང་གསུམ་པའི་ལམ་གོ་རིམ་ངེས་ཤིང་གཉིས་པར་རང་ལུས་ལ་བརྟེན་པའི་ཐབས་ཀྱི་གསལ་བར་མཚོན་པའི་དོན་དེ་ཉིད་གསུམ་པར་གཞན་ལུས་ལ་བརྟེན་ནས་སྒོམ་པར་ཟད་པས་ཡེ་ཤེས་ཀྱི་སྐུ་སྒྲུབ་ཚུལ་སོགས་སྔ་མ་ལས་གཞན་དུ་མི་བསམ་མོ། །གཉིས་པ་གྲོལ་ལམ་ལའང་། ལམ་མྱུར་བུལ་ལ་ལྟོས་ནས་ཅིག་ཆར་བ་དང་། རིམ་གྱིས་པའི་ལམ་གཉིས་ལས། དང་པོ་ནི། འགྲེལ་པ་ལས། དབང་པོ་ཡང་རབ་ཁ་ཅིག་དབྱེར་མེད་ཆིག་ཆོད་དུ་རྟོགས་གོམས་མཐར་ཕྱིན་པར་བྱེད་པ་ཡོད་དེ་ཅིག་ཆར་བ་ཞེས་བྱ་ཞིང་། ཞེས་པ་ལྟར་རོ། །དེ་ལ་རིམ་ཅིག་ཆར་བརྩི་བའི་གཞི་ནི་མཚན་ཉིད་གསུམ་ཡིན་ལ། མངའ་རིས་པཎ་ཆེན་རིན་པོ་ཆེ་སོགས་ཀྱིས་བཞེད་པས། དེ་གསུམ་དུས་མཉམ་ཁོ་ནར་རྫོགས་པའི་ཅིག་ཆར་བའང་བཞག་ཆོག་ནའང་། ཅིག་ཆར་བ་ཐམས་ཅད་དེ་ལྟར་མ་ངེས་ཀྱི། རྟོགས་པ་ཤིན་ཏུ་མྱུར་བ་ལ་ཅིག་ཆར་བ་ཞེས་བརྗོད་པ་སྟེ། དེ་ནི་གང་ཟག་ཡིན་ལ། ཅིག་ཆར་བའི་ལམ་ནི་དེའི་རྒྱུད་ཀྱི་ཏིང་ངེ་འཛིན་སོགས་སོ། །དེའང་འདིའི་ལམ་ལ་སྦྱང་བའི་ཐོག་མར་རྟོགས་པ་བཞི་ལ་སོགས་པའི་གཏན་ཚིགས་ཀྱི་སྣ་རྩེ་རེ་བཀོད་པ་ཙམ་གྱིས་འོད་གསལ་གྱི་རྟོགས་པ་བཅོས་མིན་དུ་རྙེད་ནས། སྣང་སྲིད་ཐམས་ཅད་ཡེ་ཤེས་རང་སྣང་བའི་དཀྱིལ་འཁོར་ཉག་གཅིག་ཏུ་འཆར་ཞིང་། དེའི་དོན་ལ་མཉམ་པར་བཞག་པས་རྐྱེན་ཐུབ་ཀྱི་རྟོགས་པ་འཕེལ་འགྲིབ་མེད་པར་བརྟན་པ་འཕྲལ་ལ་ཐོབ་ནས་རིག་འཛིན་གྱི་ས་ལ་མིག་འཕྲུལ་བཞིན་དུ་འགྲོ་བ་ཞིག་གོ། །རྟོགས་པ་དེ་ལྟར་མྱུར་བ་ནི་རྒྱུད་དང་དབང་པོ་དང་དགེ་རྩ་རླབས་ཆེ་བའི་གང་ཟག་གི་ཁྱད་པར་འགའ་ཞིག་སྒྱུ་འཕྲུལ་དྲྭ་བའི་ལམ་འདི་ལ་སྔོན་སྨོན་ལམ་རླབས་པོ་ཆེ་བཏབ་པ་ལ་སོགས་པའི་རྒྱུ་ལས་བྱུང་སྟེ། དེ་ཡང་ཚེ་སྔོན་སྒྱུ་དྲྭའི་ལམ་ལ་མ་བསླབ་པ་ཡིན་ཞིང་། ཚེ་འདིར་ལམ་བགྲོད་ཚུལ་དང་སྒྱུ་འཕྲུལ་གྱི་ལམ་འདི་ཉིད་ལ་ལྟོས་ཏེ་ཅིག་ཆར་བ་ཡིན་ཡང་། ཚེ་སྔ་མ་ཡན་ཆད་དུ་འོག་མའི་ལམ་ལ་རིམ་གྱིས་སྦྱངས་པ་ཡང་མི་འགལ་ལོ། །བརྒྱུད་པའི་བཀའ་སྲོལ་ལ་དེ་འདྲ་བ་དེ་ལ་སྦྱང་རྣོ་ཅིག་ཆར་བ་ཞེས་གྲགས་ཤིང་། ཐེག་གསུམ་རིགས་ངེས་ལྟར་སེམས་ཅན་གྱི་རིགས་དང་དབང་པོ་སྣ་ཚོགས་ཡིན་པས་དབང་རྣོ་ཅིག་ཆར་བའང་ཡོད་ཅེས་གསང་བདག་སྒྲོ་ཕུག་པ་ཆེན་པོ་གསུང་ངོ་། །དེས་རིམ་གྱིས་པ་ལ་སྦྱངས་པ་དང་རང་བཞིན་གྱི་དབང་རྣོན་གཉིས་སུ་འབྱེད་ཚུལ་ཡང་གོ་སླའོ། །དེ་ལ་མཚན་ཉིད་གསུམ་ནི་སློབ་དཔོན་ཆེན་པོའི་མན་ངག་ལྟ་བའི་ཕྲེང་བ་ལས། དེ་ལ་མཚན་ཉིད་གསུམ་གྱི་དོན་མཐར་ཕྱིན་པར་འགྱུར་ཏེ། རྟོགས་པ་རྣམ་པ་བཞིའི་ཚུལ་རིག་པ་ནི་ཤེས་པའི་མཚན་ཉིད་དོ། །ཡང་ནས་ཡང་དུ་གོམས་པར་བྱེད་པ་ནི་འཇུག་པའི་མཚན་ཉིད་དོ། །གོམས་པའི་མཐུས་མངོན་དུ་གྱུར་པ་ནི་འབྲས་བུའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། མངོན་དུ་གྱུར་པའི་མཚན་ཉིད་འབྲས་བུ་སྟེ། ཉམས་ལེན་གྱི་སྦྱོར་བའི་འཇུག་ཡུལ་ཤེས་པར་བྱེད་པའམ། བསྒོམ་བྱའི་དབང་དུ་མཛད་ནས་ལྟ་བ་དང་། ཉམས་ལེན་གྱིས་སྦྱོར་བས་འཇུག་པའམ་སྒོམ་བྱེད་ཀྱི་དབང་དུ་མཛད་ནས་ཏིང་ངེ་འཛིན་དང་། བསྒོམ་པའི་དོན་མངོན་དུ་གྱུར་པའི་དབང་དུ་མཛད་ནས་འབྲས་བུ་བཞག་གོ། །ཕྱི་མ་འདི་ལ་རྟོགས་བྱ་མཐའ་དག་མངོན་དུ་གྱུར་པ་མཐར་ཐུག་གི་འབྲས་བུ་དང་། ཅི་རིགས་ཙམ་མངོན་དུ་གྱུར་པ་ལམ་གྱུར་གྱི་འབྲས་བུ་གཉིས་ལས། སྔ་མ་འབྲས་རྒྱུད་དང་གཅིག་ལ། ལམ་རྒྱུད་སྐབས་ཀྱི་མཚན་ཉིད་གསུམ་པ་ནི་ཕྱི་མའོ། །སེམས་ཅན་སངས་རྒྱས་ཀྱི་ཁྱད་སྔར་བཤད་པའི་ཞེན་སྣང་དག་མ་དག་ཡིན་ལ། ཞེན་སྣང་གཅོད་བྱེད་ཀྱི་གཙོ་བོ་ལྟ་བ་ཡིན་ཞིང་། དེ་ཉིད་ཏིང་ངེ་འཛིན་གྱིས་ཡང་ཡང་གསོས་བཏབ་ཅིང་བསྐྱེད་བསྲིང་བས་རིག་འཛིན་གྱི་འབྲས་བུ་འགྲུབ་པའི་ཕྱིར་རྒྱུ་རྐྱེན་འབྲས་བུ་གསུམ་དུ་ཡང་བཞག་གོ། །ཐེག་ཆེན་ཐུན་མོང་གི་གཞུང་དུ་སེམས་བསྐྱེད་རྫོགས་བྱང་གི་ས་བོན་ལྟ་བུ་དང་། ལྟ་བ་སོགས་སྤྱོད་པ་གཞན་རྣམས་དེའི་གྲོགས་སུ་གསུང་ཀྱང་། འདིར་དང་རྣམ་བཞག་ཐ་དད་ཡིན་ཞིང་། འདིར་ཐུན་མིན་གྱི་ཀུན་རྫོབ་སེམས་བསྐྱེད་ཀྱང་ལྟ་བའི་ཕྱོགས་ནས་འཇོག་ཐུབ་པས་ཕྱོགས་འཛོལ་བ་ཡང་མེད་དོ། །དང་པོ་རྒྱུ་ཤེས་པའི་མཚན་ཉིད་ལ། གཞལ་བྱ། འཇལ་བྱེད། གྲུབ་མཐའ་སྟེ་གསུམ་ལས། དང་པོ་ནི། ཞེན་སྣང་ངམ་སྣང་ཞེན་གྱི་ཚོགས་པ་ལ་བཤད་ཀྱང་། དེའི་དགོངས་པ་བཙལ་ན་ལོག་རྟོག་འཁྲུལ་པའི་དམིགས་ཡུལ་ཆོས་ཅན་དུ་བྱས་ནས་གདོད་ནས་རྣམ་དག་གི་ངོ་བོར་འཇལ་བའམ་གཏན་ལ་འབེབས་པ་ཡིན་པས། དེ་འདྲའི་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་ཚོགས་དོན་དེ་ལ་བྱེད་པར་མངོན་ཏེ། གསང་བདག་གཞལ་ལུང་ལས། ཞེན་སྣང་གཏན་ལ་ཕབ་པས་ཆོས་ཉིད་ཕེབས་པར་འགྱུར་ཏེ་སྦྲུལ་འཁྲུལ་གྱི་ཤེས་པ་ལ་དཔྱད་པས་ཐག་ཁྲར་རྟོགས་པ་བཞིན་ནོ། །ཞེས་དཔེ་འཇོག་ཚུལ་འདི་ལ་ལེགས་པར་བརྟག་ན་ཤེས་ནུས་སོ། །གཉིས་པ་འཇལ་བྱེད་ནི། གཏན་ཚིགས་ཏེ། སྐབས་དོན་རྒྱུ་མཚན་གྱི་སྒོ་ནས་གཏན་ལ་འབེབས་པ་ཡིན་པའི་ཕྱིར་རོ། །དེ་ལ་ལམ་རིམ་ལས། དེ་ཉིད་དངོས་ལྔ་ཚུལ་དང་ཚིག །ཅེས་པ་ལྟར་གསུམ་སྟེ། སྔོན་བྱུང་དངོས་ལྔའི་དང་། རྗེས་འཇུག་ཚུལ་ལྔའི་དང་། ཚིག་ལྔའི་གཏན་ཚིགས་སོ། །དང་པོ་ནི། སྔོན་བྱུང་དུ་སྟོན་པ་སྐུ་ལྔས་འཁོར་ལྔ་ལ་གསུང་ལྔའི་སྒོ་ནས་ཆོས་ཉིད་ཀྱི་དོན་མངོན་སུམ་དུ་བསྟན་པ་སྟེ། སྟོན་པ་ཆོས་ཀྱི་སྐུས་འཁོར་ཡེ་ཤེས་རྒྱ་མཚོ་ལ་སྐྱེ་མེད་དོན་གྱི་གསུང་གིས། ལོངས་སྐུས་སྨིན་པ་རྒྱ་མཚོ་ལ་དགོངས་པ་བརྡའི། སྤྲུལ་སྐུས་མོས་པ་རྒྱ་མཚོ་ལ་བརྗོད་པ་ཚིག་གི། རྡོ་རྗེའི་སྐུས་དབྱེར་མེད་རྡོ་རྗེའི་འཁོར་ལ་རྡོ་རྗེའི། མངོན་བྱང་གིས་རྒྱལ་བ་རྒྱ་མཚོ་ལ་རིག་པ་བྱིན་རླབས་ཀྱི་གསུང་གིས་བརྡ་སྤྲོད་པའོ། །འདི་ལ་སྔོན་གྱི་སྒྱུ་འཕྲུལ་མཁན་པོ་རྣམས་སྤྲུལ་སྐུ་མ་གཏོགས་པའི་སྐུ་བཞིའི་འཁོར་ལ་ཞེན་སྣང་མེད་པས་གསུང་དེ་དག་སྔོན་བྱུང་ཉིད་ལ་ལྟོས་ན་གཏན་ཚིགས་མིན་ཡང་རྗེས་འཇུག་རྟོགས་པའི་གཏན་ཚིགས་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་པས་གཏན་ཚིགས་སུ་བཏགས་གསུང་། གཞན་དག་སྐུ་བཞིའི་འཁོར་ལའང་ཞེན་སྣང་ཕྲ་བ་ཅི་རིགས་གཅད་རྒྱུ་ཡོད་པས་གཏན་ཚིགས་དངོས་ཡིན་གསུང་། ལོ་ཆེན་དྷརྨ་ཤྲཱི་ནི། མཐར་ལམ་ནའང་ཤེས་སྒྲིབ་ཕྲ་མོ་ཡོད་པས་ཕྱི་མ་ལྟར་འཐད་གསུང་། དེ་དང་བསྟུན་ན། མཐར་ལམ་པ་རྣམས་ལོངས་སྐུའི་ལྷན་ཅིག་པའི་འཁོར་དུ་སོང་བ་ཉིད་ཀྱི་ཆོས་སྐུ་སོགས་གསུམ་པོའི་ཡང་འཁོར་དུ་སོང་བ་དང་། ཆོས་སྐུ་དང་རྗེས་མཐུན་གྱི་རྟོགས་པ་ཐོབ་པ་ལ་ཡེ་ཤེས་རྒྱ་མཚོའི་འཁོར་དང་། རྡོ་རྗེ་དང་མངོན་བྱང་གི་སྐུ་དང་ཆ་འདྲ་བའི་རྟོགས་པ་ཐོབ་པ་ལ་རྡོ་རྗེའི་འཁོར་དང་རྒྱལ་བ་རྒྱ་མཚོའི་འཁོར་ཞེས་ལྡོག་ཆས་ཕྱེ་ནས་བརྗོད་པ་ཡིན་ནམ་སྙམ་སྟེ། སློབ་ལམ་ན་ཡེ་ཤེས་ཆོས་སྐུ་མངོན་སུམ་དུ་མཐོང་བ་མེད་ཅིང་། ཆོས་ལོངས་སྤྲུལ་གསུམ་ཚོགས་དོན་ཉིད་དེ་གསུམ་ངོ་བོ་དབྱེར་མེད་པ་དང་ལྡོག་པ་ཐ་དད་པའི་ཆ་ནས་རྡོ་རྗེ་དང་མངོན་བྱང་གི་སྐུ་སོ་སོར་བཞག་པ་ཙམ་ལས་མེད་པས་སྟོན་པ་ཐ་དད་དུ་བཤད་མི་ནུས་པའི་ཕྱིར་རོ། །རྡོ་རྗེའི་གསུང་སོགས་ཀྱི་གོ་དོན་ཡང་། སྟོན་པ་སྐུ་གསུམ་དབྱེར་མེད་སོགས་ཀྱི་དགོངས་པ་ལ་མཉམ་པར་བཞག་པ་ཉིད་ཀྱིས་འཁོར་རྣམས་རྒྱུད་དོན་གྱི་རྟོགས་པ་མཐར་ཕྱིན་པ་ལ་བརྡ་སྤྲད་པའི་ཐ་སྙད་སྦྱར་བ་སྟེ། རྒྱལ་བ་དགོངས་བརྒྱུད་དང་འདྲའོ། །རང་གི་གོ་ཚོད་ལ། གྲོལ་ལམ་གྱི་སྐབས་འདིར་རང་གཞན་གྱི་ལུས་ལ་གནད་དུ་བསྣུན་པའི་ཐབས་རྣམས་སྔོན་དུ་མ་བཏང་བར་གཏན་ཚིགས་ཙམ་ལ་བརྟེན་ནས་རྫོགས་རིམ་གྱི་རྟོགས་པ་གསར་དུ་འདྲེན་པར་བཞེད་དེ། དེ་ལྟར་འདྲེན་ནུས་པའི་རྒྱུ་མཚན་ནི། ལམ་འདི་ནི་གདུལ་བྱ་ཤེས་རབ་ཆེས་ལྷག་པར་རྣོ་བའི་དབང་དུ་མཛད་པས་གྲོལ་ལམ་ཤེས་རབ་ཀྱི་ལམ་པ་ཞེས་བྱ་ལ། དེ་འདྲ་བ་དེས་གཏན་ཚིགས་ཙམ་ལ་བརྟེན་ནས་ཞེན་སྣང་གི་སྤྲོས་པ་གཅོད་ནུས་ཤིང་། དེ་བཅད་སྟོབས་ཀྱིས་གཉུག་མའི་བཞུགས་ཚུལ་རྗེན་པར་མཐོང་ནུས་པའི་གནད་ཀྱིས་ཡིན་ཏེ། དེར་མ་ཟད་ཤིན་ཏུ་དབང་རྣོན་འགའ་ཞིག་རྡོ་རྗེ་སློབ་དཔོན་གྱིས་དགོངས་པ་གཏད་པ་ཙམ་དང་། བརྡ་ཐབས་ཙམ་དང་། ཚིག་མགོ་སྨོས་ཙམ་གྱིས་ཞེན་སྣང་བཅད་དེ་རང་གནས་ཀྱི་ཡེ་ཤེས་གསལ་བར་ཚོན་ནུས་པའང་འདི་ལྟར་ཡོད་ཅེས་དབང་རྣོན་ཤེས་རབ་ཀྱིས་གྲོལ་ཚུལ་འདིར་བསྟན་འདི་ལ་རྣམ་གྲངས་ཀྱི་སྒོ་ནས་ངེས་པ་སྐྱེད་པའི་དངོས་ཚུལ་ཚིག་གསུམ་གྱི་དབྱེ་བ་འདི་དག་མཛད་པ་འདྲའོ། །བླ་མ་ཐམས་ཅད་མཁྱེན་པའི་གསུང་རྒྱུད་ལས་ཀྱང་། རྩ་རླུང་ཐིག་ལེའི་བྱེད་བཅིང་ལ་མི་ལྟོས་པར་གཏན་ཚིགས་ཁོ་ནས་ལམ་གྱི་འོད་གསལ་ལ་སྦྱོར་བ་ནི་རྒྱུད་འདིའི་ཁྱད་ཆོས་ཆེན་པོ་ཡིན་པས་འདིར་གཏན་ཚིགས་སྲོག་ཏུ་བཟུང་དགོས་ཞེས་གསུངས་ངོ་། །དེའི་ཕྱིར་སྔོན་བྱུང་དངོས་ལྔ་ནས་དཔྱད་དུ་ཡོད་པས་གོ་བའི་གཏན་ཚིགས་ཀྱི་བར་གྱི་ཡེ་ཤེས་མཚོན་ཚུལ་ཐམས་ཅད་ཤེས་རབ་ཀྱིས་གྲོལ་ལུགས་སུ་མཚུངས་པས་འདྲ་བ་ལས་བཏགས་ཏེ་དངོས་ལྔ་སོགས་ལའང་གཏན་ཚིགས་ཞེས་བརྗོད་དོ། །དེ་ལྟར་བྱས་ན་གོང་དུ་སྨོས་པའི་བཞེད་པ་གཉིས་པོ་གང་ལའང་འཐད་མི་འཐད་ཀྱི་ཆ་གཉིས་རེ་འབྱེད་རྒྱུ་ཡོད་པར་རྟོགས་སོ། །ཚུལ་འདི་ནི་གྲོལ་ལམ་གྱི་དཀའ་བའི་གནད་ཅིག་ཏུ་སྣང་ངོ་། །གཉིས་པ་ཚུལ་ལྔ་ནི། དབང་རྣོན་ཡང་རབ་རྣམས་ལ་སྣང་གྲགས་ཀྱི་དངོས་པོ་ཐམས་ཅད་ཀྱིས་སྔོན་བྱུང་སྐུ་ལྔའི་གསུང་གི་ཚུལ་དང་མཐུན་པར་རྒྱུད་དོན་ངོ་སྤྲོད་པ་སྟེ། དེའང་སྟོན་པ་ཆོས་སྐུ། ལོངས་སྐུ། མངོན་བྱང་། རྡོ་རྗེ། སྤྲུལ་པའི་སྐུ་རྣམས་ཀྱི་གསུང་དང་ཚུལ་མཐུན་པའི་གཏན་ཚིགས་རིམ་པ་བཞིན། སྐྱེ་མེད་དོན་གྱི་གཏན་ཚིགས་སྐྱེ་མེད་མཚོན་པ་ནམ་མཁའ་ལྟ་བུ་དང་། དགོངས་པ་བརྡའི་གཏན་ཚིགས་སྒྲིབ་པ་ངོས་འཛིན་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་དང་། རང་རིག་མངོན་གསལ་གྱི་གཏན་ཚིགས་རྟོགས་མེད་རང་གསལ་ཉི་མའི་སྙིང་པོ་ལྟ་བུ་དང་། དབྱེར་མེད་རྡོ་རྗེའི་གཏན་ཚིགས་གྲགས་སྟོང་དབྱེར་མེད་བྲག་ཆ་ལྟ་བུ་དང་། བརྗོད་པ་ཚིག་གི་གཏན་ཚིགས་ཀུན་ཡིད་འཇུག་པ་ཚངས་དབྱངས་ལྟ་བུའོ། །འདི་ནི་རྒྱལ་བ་གོང་མ་རྣམས་སྣང་བ་ཐམས་ཅད་བླ་མ་དང་དཔེ་ཆར་ཤར་བ་ཞེས་གསུངས་པ་དང་མཐུན་པ་སྟེ། དེའང་ཡུལ་སྣང་གི་བརྡ་ལ་བརྟེན་ནས་སྐྱེ་མེད་ཀྱི་རྟོགས་པ་ཤར་ན་ཆོས་སྐུའི་གསུང་གི་ཚུལ་དུ་སོང་བ་དང་། བརྡ་དེས་རང་རྒྱུད་ཀྱི་སྒྲིབ་པ་ངོས་ཟིན་པ་ན་ལོངས་སྐུའི་དང་། གསལ་མདངས་འགག་མེད་ཀྱི་རིག་པ་ངོས་ཟིན་པ་ན་མངོན་བྱང་གི་དང་། སྣང་དུས་ཉིད་ནས་སྟོང་པའི་ངོ་བོར་ཤེས་པ་ན་རྡོ་རྗེའི་དང་། རྒྱལ་བའི་ཚངས་དབྱངས་གཅིག་ཉིད་གདུལ་བྱའི་དབང་གིས་སྐད་རིགས་དང་ཚིག་དོན་སྣ་ཚོགས་སུ་འཆར་བ་ལྟར་དངོས་པོ་གཅིག་ཉིད་གསང་སྔགས་ཀྱི་དགོངས་པ་སྣ་ཚོགས་ཤེས་པའི་སྒོར་མཐོང་བ་ན་སྤྲུལ་སྐུའི་གསུང་གི་ཚུལ་དུ་སོང་བ་ཡིན་ནོ། །གསུམ་པ་ཚིག་ལྔ་ནི། ཚུལ་ལྔ་པོ་དེ་དག་ཚིག་ཏུ་བརྗོད་པ་སྟེ། སྐྱེ་མེད་རང་སྣང་དུ་སྟོན་པའི་ཚིག་རྣམས་ཆོས་སྐུའི་ཚིག་དང་། ལྡེམ་དགོངས་བརྡའི་ཚིག་རྣམས་ལོངས་སྐུའི་དང་། དབྱེར་མེད་རྡོ་རྗེ་ལྟ་བུར་སྟོན་པའི་ཚིག་རྣམས་རྡོ་རྗེའི་དང་། ཡེ་ཤེས་རང་སྣང་དུ་སྟོན་པའི་ཚིག་དང་ཡི་གེ་རྣམས་མངོན་བྱང་གི་དང་། དཀྲི་དྲང་བརྒྱུད་པའི་ཚིག་རྣམས་སྤྲུལ་སྐུའི་ཚིག་གོ། །དེ་རྣམས་བསྡུ་ན་ལམ་རིམ་ལས། དེ་ལྟ་མོད་ཀྱི་བསྡུ་ན་གཉིས། །བཞི་རྗེས་མི་དཔྱོད་གཅིག་རྗེས་དཔྱོད། །ཅེས་པ་ལྟར། དཔྱད་དུ་མེད་པས་གོ་བ་སྐུ་བཞིའི་གཏན་ཚིགས་ཞེས་གདུལ་བྱ་དབང་རྣོན་དཔྱད་པའི་ངལ་བ་ལ་ཆེར་མི་ལྟོས་པར་རྒྱུད་དོན་གོ་བའི་དབང་དུ་བྱས་པ་དང་། དཔྱད་དུ་ཡོད་པས་གོ་བ་སྤྲུལ་སྐུའི་གཏན་ཚིགས་ཞེས་དབང་རྟུལ་དཔྱད་པ་གཙོ་བོར་བྱས་པ་ལ་བརྟེན་ནས་རྒྱུད་དོན་གོ་བའི་དབང་དུ་བྱས་པ་གཉིས་སོ། །འདི་ལས་དཔགས་ན་ཚིག་ལྔའི་ནང་གི་སྐྱེ་མེད་རང་སྣང་དུ་སྟོན་པའི་ཚིག་ལ་རྣམ་པར་སྤྲོས་ཏེ་མ་བཤད་པར། ཆོས་ཐམས་ཅད་སྐྱེ་བ་མེད་པའོ། །ཞེས་པ་ལྟ་བུའི་ངག་གིས་དོན་བཅར་ཕོག་ཏུ་སྟོན་པ་ཞིག་དགོས་སམ་སྙམ་ལ། སྐུ་གཞན་གསུམ་གྱི་གཏན་ཚིགས་ལའང་རིག་པ་དེ་བསྒྲེ་བར་བྱའོ། །དེ་ལྟར་ན་དབང་རྣོན་མཆོག་གིས་རྒྱུད་དོན་གོ་བ་གཏན་ཚིགས་རྒྱས་པར་བསྟན་པ་ལ་མི་ལྟོས་མོད། འོན་ཀྱང་དེ་དག་རྒྱུ་མཚན་མེད་བཞིན་དུ་རྒྱུད་དོན་རྟོགས་པ་མིན་པས་གཏན་ཚིགས་ཀྱི་དོན་ཐུབ་དགོས་པར་ངེས་ཤིང་། གཏན་ཚིགས་བསྟན་དགོས་པའི་ཡུལ་གྱི་གཙོ་བོ་ཡང་གོང་མ་ལ་ལྟོས་ཏེ་དབང་རྟུལ་ཞེས་བརྗོད་ཀྱང་སྤྱིར་ཤིན་ཏུ་དབང་རྣོན་ཡིན་ཏེ། རྒྱུད་འདིའི་ཆེད་དུ་བྱ་བའི་གཙོ་བོའི་གདུལ་བྱ་ཡིན་པའི་ཕྱིར་ཏེ། རྒྱུད་སྡེ་ཐམས་ཅད་ཀྱི་རྩེ་མོར་གྱུར་པའི་རྒྱུད་འདི་དབང་རྟུལ་ལ་དགོངས་ཏེ་གསུངས་པའི་རྒྱུད་ཡིན་ཞེས་སྨྲ་མི་རིགས་པའི་ཕྱིར་རོ། །སྤྲུལ་སྐུའི་གཏན་ཚིགས་དེ་ལ་གཉིས་ཏེ། ཚིག་དོན་མཐུན་པའི་དང་། མི་མཐུན་པའི་གཏན་ཚིགས་སོ། །དང་པོ་ནི། བསྒྲུབ་བྱའི་དོན་དང་གཏན་ཚིགས་གཉིས་སྒྲ་མི་འགལ་བར་སྦྱར་ནས་གཏན་ལ་འབེབས་པའོ། །སྒྲ་མི་འགལ་བ་ཞེས་པའི་ཚིག་ཐུང་འདི་སྦྱར་དགོས་པར་སེམས་ཏེ། འགལ་བའི་གཏན་ཚིགས་མཚན་ཉིད་པ་ཡིན་མིན་ལ་བྱེད་ན་ཚིག་དོན་མི་མཐུན་པའི་གཏན་ཚིགས་བཞག་ཏུ་མེད་པར་འགྱུར་རོ། །དེ་ལ་གཉིས། ཚད་མ་བཀའ་གཞུང་དང་། སྒྲ་མཐུན་དོན་སྤགས་ཀྱི་གཏན་ཚིགས་སོ། །དང་པོ་ནི། རྒྱུད་གཞུང་གིས་དངོས་བསྟན་ལྟར་འཆད་པ་སྟེ། དེ་ལའང་རྟོགས་པ་བཞིའོ། །དག་པ་གསུམ་གྱི། མཉམ་པ་བཞིའི། བདག་ཉིད་ཆེན་པོའི་གཏན་ཚིགས་དང་བཞི། དང་པོ་ནི། རྒྱུད་ཀྱི་ལེའུ་བཅུ་གཅིག་པར། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་ཏེ། དེ་ལ་ཐ་མལ་པའི་གནས་དང་ལོངས་སྤྱོད་ལ་སོགས་པ་སྣང་བ་སྣ་ཚོགས་དང་། དེ་རྣམས་ལ་བཟང་ངན་དང་སྤང་བླང་སོགས་སུ་ཞེན་ཚུལ་སྣ་ཚོགས་ཅན་གྱི་སེམས་ནི་ཀུན་ཉོན་འཁོར་བའི་ཕྱོགས་དང་། དེ་དག་བརྒལ་བའི་ཕ་རོལ་ཡེ་ཤེས་ཀྱི་སྣང་བ་རྣམས་ནི་རྣམ་བྱང་མྱང་འདས་ཀྱི་ཕྱོགས་ཏེ། དེ་དག་གང་ཡང་སེམས་ཀྱི་གཉུག་མའི་གནས་ལུགས་ཀྱི་ཁམས་སམ་དབྱིངས་ལ་མ་གྲུབ་སྟེ། དབྱིངས་དེ་གཅིག་པུ་དེ་དག་ཐམས་ཅད་ཀྱི་རྒྱུའམ་སྣང་གཞི་ཡིན་ཞིང་། དབྱིངས་དེའི་ངོས་ནས་འཁོར་བའི་སྣང་སེམས་གྲུབ་ན་དབྱིངས་འཁོར་བའི་ཕྱོགས་སུ་ཆད་པས་སྣང་སེམས་དེ་དག་སྦྱང་དུ་མི་རུང་ལ། རྣམ་བྱང་གི་སྣང་བ་དེའི་ངོས་ནས་གྲུབ་ན་དབྱིངས་དེ་རྣམ་བྱང་གི་ཕྱོགས་སུ་ལྷུང་བས་འཁོར་བའི་སྣང་གཞིར་མི་རུང་ངོ་། །སྣང་སེམས་རང་རྒྱུད་པའམ་རང་དབང་བར་གྲུབ་ན་སྣང་གཞི་མཐར་ཐུག་གི་ཁམས་ལ་མེད་པ་མི་འཐད་པས། གྲུབ་ཚུལ་དེ་ཁེགས་དགོས་ཏེ། དེའི་ཕྱིར་སྤྱན་འགྲེལ་ལས་མཐའ་བཞིའི་སྐྱེ་འགོག་དང་གཅིག་དུ་བྲལ་གྱི་རིག་པ་རྒྱས་པར་བཤད་དོ། །དེ་ལྟར་ན་དབྱིངས་ཀྱི་བཞུགས་ཚུལ་མཐར་ཐུག་ལ་གཉིས་སྣང་གི་སྤྲོས་པ་ཕྲ་རབ་ཙམ་ཡང་མེད་པར་བཞེད་དེ། འདི་ཡང་མ་ཡིན་དགག་གི་སྟོང་ཉིད་ལས་བརྩམས་ཏེ་དཔྱད་པའོ། །ཚུལ་དེ་ལྟར་རྟོགས་པ་ནི་རྒྱུ་གཅིག་པར་རྟོགས་པ་སྟེ། མདོར་བསྡུས་ནས་སྦྱོར་བ་འགོད་ཚེ། རང་བཞིན་སྐྱེ་མེད། རོལ་པ་འགག་མེད། ངོ་བོ་དབྱེར་མེད། མཚན་ཉིད་བློ་བྲལ་བཞི་བསྒྲུབ་བྱར་བཟུང་ནས་རྒྱུ་གཅིག་པ་སོགས་བཞི་པོ་གཏན་ཚིགས་སུ་འགོད་པར་གསུངས་པ་དང་སྦྱར་ན། འཁོར་འདས་ཀྱི་སྣང་བ་གཉིས་ཆོས་ཅན། དབྱིངས་ཀྱི་རང་བཞིན་ལ་སྐྱེ་བ་མེད་དེ། ཁྱོད་གཉིས་ཀའི་སྣང་གཞི་མཐར་ཐུག་དབྱིངས་གཅིག་པོ་དེ་ལས་མེད་པའི་ཕྱིར། ཞེས་པ་སྟེ། གསང་བདག་དགོངས་རྒྱན་དུ་བཀོད་ཚུལ་ནི་དེར་ཤེས་པར་བྱའོ། །དེ་ལྟར་སྣང་ཆ་དབྱིངས་ཀྱི་ངོས་ནས་མ་གྲུབ་ཀྱང་། དབྱིངས་ལ་ཡེ་ཤེས་འབྲལ་མི་སྲིད་ཅིང་། ཡེ་ཤེས་ལ་སྣང་ཆ་ལྷུན་གྲུབ་ཏུ་ཡོད་དེ། ཐག་ཁྲ་མེད་ན་སྦྲུལ་དུ་འཁྲུལ་བའི་གཞི་མེད་པ་བཞིན་སེམས་ཀྱི་གཉུག་མའི་གནས་ཚུལ་ལ་སྣང་བ་གཏན་མེད་ན་འཁྲུལ་སྣང་གཏན་མེད་པས་ཁྱབ་ཅེས་སྒྱུ་འཕྲུལ་ལ་མཁས་པ་རྣམས་གསུངས་ཏེ་རྡོ་རྗེའི་ཚིག་གོ། །དེའང་གོང་སྨོས་ལྟར་རྩ་བའི་དབྱིངས་གང་དུ་ཡང་ཕྱོགས་ལྷུང་མེད་པའི་གནད་ཀྱིས་རིས་མེད་ཀྱི་སྣང་བ་སྒྱུ་མ་ལྟ་བུར་རང་ཤར་ཏེ། རིས་མེད་ཀྱི་དོན་ནི། བྱེ་བྲག་མཐའ་ཡས་པ་དང་། ཆུ་ལྟ་བུའི་དངོས་པོ་གཅིག་ཀྱང་ལས་དང་རིག་སྔགས་དང་བསམ་གཏན་ལ་སོགས་པའི་རྐྱེན་ལས་ཅིར་ཡང་སྣང་བ་སྟེ། མདོར་ན་ཕྱོགས་རེར་མ་ཆད་པའོ། །རྒྱུད་འདིར་དངོས་པོ་ཐམས་ཅད་མིང་ཙམ་དུ་ཟད་པར་ཡང་ཡང་གསུངས་ཏེ། སྣང་བ་རིས་མེད་ཀྱི་རྒྱུ་མཚན་དཔྱིས་ཕྱིན་པ་ཡིན་ལ། དེ་ཡང་དབྱིངས་ལ་སྣང་བ་མ་གྲུབ་པའི་རྒྱུ་མཚན་དེར་ཐུག་གོ། །ཡེ་ཤེས་ཀྱི་སྣང་བ་ལ་ཕྱོགས་རིས་མེད་ཀྱང་སེམས་ཀྱིས་ཕྱོགས་རིས་སུ་ཞེན་པར་མ་ཟད། རྫོགས་རིམ་པས་སྟོང་གཟུགས་མཐོང་ཚེ་རིས་མེད་ཀུན་ཁྱབ་ཀྱི་འཆར་ཚུལ་རྩལ་མ་རྫོགས་པའང་རྟོག་སྒྲིབ་གློ་བུར་བ་དེའི་ཤན་ཞུགས་པ་ཡིན་གྱི། སྣང་བ་རང་གི་གཉུག་མའི་འདུག་ཚུལ་མཐར་ཐུག་གི་ཆ་མ་ཡིན་ཏེ། གློ་བུར་བས་བསླད་པ་མེད་ན་རྡོ་རྗེ་སེམས་དཔའི་ཡེ་ཤེས་ལས་མི་གཞན་པའི་རང་སྣང་བཀོད་པའི་འཁོར་ལོ་རྣམ་པ་ཐམས་ཅད་པ། ཆོས་ཀྱི་དབྱིངས་ལྟར་ཚད་ཡོངས་སུ་མ་ཆད་པ་ཁོ་ནའོ། །དེ་འདྲ་བ་དེ་ལ་དག་པ་རབ་འབྱམས་ཀྱི་སྣང་བ་ཞེས་བྱ་ཞིང་། དེ་ཉིད་ཡོངས་སུ་དག་པའི་ལྷའི་ངོ་བོ་ཉིད་ཀྱང་ཡིན་ཏེ། དག་པའི་རྟེན་དང་བརྟེན་པ་ཐམས་ཅད་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་པར་ཡོངས་སུ་གྲགས་སོ། །འདི་ལ་ཡིག་འབྲུའི་ཚུལ་དང་སྣང་བ་ལྷར་སྒྲུབ་པ་ཞེས་བྱ་སྟེ། རྟགས་སྦྱོར་བཀོད་ན། དགོངས་རྒྱན་ལས་འབྱུང་བ་ལྟར། སེམས་ཉིད་སྐྱེ་མེད་ཀྱི་གདངས་ཆོས་ཅན། རོལ་པ་འགགས་མེད་ལྷའི་སྐུ་གསུང་ཐུགས་སུ་རང་སྣང་བ་ཡིན་ཏེ། མཚོན་དུ་མེད་པའི་ཡི་གེ་ཨ་ཉིད་མཚོན་བྱེད་ཡི་གེ་དུ་མར་མ་འགགས་པར་སྣང་བས་མཚོན་ནས་རྟོགས་པའི་ཕྱིར། ཞེས་པ་ཡིན་ཏེ། དབྱིངས་ལ་སྤྲོས་པ་མེད་པ་ནི་ཨ་ཡིག་ལ་ཡི་གེ་མང་པོ་མེད་པ་དང་འདྲ། འོན་ཀྱང་སྣང་བ་སྣ་ཚོགས་དབྱིངས་དེའི་ཆོ་འཕྲུལ་དུ་ཤར་བ་ནི་ཨ་དེ་གནས་ལྔའི་བྱེད་རྩོལ་ཐ་དད་ཀྱིས་བསྒྱུར་བས་དབྱངས་གསལ་གྱི་ཚོགས་འབྱུང་བ་དང་འདྲ། རང་བཞིན་དག་པའི་དབྱིངས་དེ་ལས་ཤར་བ་ལ་མཐར་གཏུགས་ན་དག་པའི་ལྷ་ལས་གཞན་མེད་པ་ནི་དབྱངས་གསལ་གྱི་ཡི་གེ་ལ་ཨའི་གདངས་ཀྱིས་མ་ཁྱབ་པ་མེད་པ་དང་འདྲའོ། །གྲོལ་ལམ་ཅིག་ཆར་བའི་ཐད་ན་རྒྱ་མཚོ་ལས། སྐུ་གསུང་ཐུགས་སུ་སྣང་བ་ཡིས། །མ་ལུས་གསུང་གི་རྒྱན་དུ་རྟོགས། །ཞེས་པ་ལྟར་ལྷག་པའི་བདེན་གཉིས་དབྱེར་མེད་ཡི་གེ་ཨ་ཨུ་མ་གསུམ་ཨོཾ་ཡིག་ལ་གཅིག་ཏུ་འདུས་པས་མཚོན་ནས་རྟོགས་པར་བྱེད་པ་ལ་ཡིག་འབྲུའི་ཚུལ་དུ་གསུངས་པའང་ཡོད་དོ། །དཔེར་ན་རས་དཀར་པོ་བཙོད་ཀྱིས་ཁ་བསྒྱུར་ན་དམར་པོ་ཡིན་པ་ལྟར་གང་དང་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གྱི་ཕྱོགས་ནས་བལྟས་ན་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་རྒྱལ་བའི་དཀྱིལ་འཁོར་ཉག་གཅིག་ཏུ་འཆར་བས་སྣང་སྤྱོད་ཐམས་ཅད་ཚུལ་དེ་གཉིས་ཀྱིས་སངས་རྒྱས་སུ་བྱིན་གྱིས་བརླབས་པ་ཞེས་བཤད་ན་ལྟ་ཕྲེང་དང་མཐུན་ལ། སྐབས་འདིའི་བྱིན་གྱིས་བརླབས་པའི་གཏན་ཚིགས་ལའང་སྦྱར་རུང་བར་མངོན་ནོ། །སྦྱོར་བ་ནི། ལྷག་པའི་བདེན་གཉིས་ཆོས་ཅན། ངོ་བོ་དབྱེར་མེད་ཡིན་ཏེ། ཁྱོད་གཉིས་རང་བཞིན་དང་རོལ་པར་གཏན་ལ་ཕབ་པའི་བྱིན་རླབས་སམ་ཤུགས་ལས་དེ་ལྟར་ཐོན་པའི་ཕྱིར། ཞེས་བཀོད་ན་གོ་བདེའམ་སྙམ་མོ། །ཡང་ན། འདི་ལྟར་སྣང་བའི་དངོས་པོ་ཆོས་ཅན། ལྷག་པའི་བདེན་གཉིས་དབྱེར་མེད་དམ་ཟུང་འཇུག་གི་རང་བཞིན་དུ་ཡེ་ནས་སངས་རྒྱས་པ་ཡིན་ཏེ། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་དུ་རྟོགས་པ་གཉིས་ཀྱི་སྟོབས་སམ་བྱིན་རླབས་ལས་དེ་ལྟར་མཐོང་བའི་ཕྱིར། ཞེས་བརྗོད་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་བདེན་པ་དབྱེར་མེད་དུ་སངས་རྒྱས་པ་དེ་ཤེས་པ་གང་གིས་གསལ་བར་འགྲུབ་ཅེ་ན། དེ་ནི་སྒྲིན་པོའི་བློ་ཅན་རྣམས་ཀྱིས་རིང་དུ་བརྟག་ཀྱང་ལྷ་མིའི་སྤྱོད་ཡུལ་ཐ་དད་ལྟར་སེམས་ཀྱི་སྤྱོད་ཡུལ་མ་ཡིན་པས་མངོན་སུམ་དུ་བལྟ་བར་མི་ནུས་ཀྱི། སེམས་ལས་འདས་པའི་ཡེ་ཤེས་རང་གསལ་གཡོ་མེད་ཀྱི་དགོངས་པ་ཤར་བ་ན་གདོད་གཞོན་ནུ་མའི་བདེ་བ་ལྟར་ཉམས་སུ་མྱོང་བཞིན་བརྗོད་མི་ཤེས་ཤིང་། ཡིད་ཆེས་ཡོད་ཀྱང་ཕྱོགས་འཛིན་དང་མ་འདྲེས་པའི་ཚུལ་དུ་རང་ཉིད་ཀྱིས་མཐོང་བར་འགྱུར་ཞེས་སྟོན་པ་ལ། བདེན་པ་དབྱེར་མེད་ཆོས་ཅན། བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྟོགས་པའི་ཕྱིར། ཞེས་པ་སྟེ། མངོན་སུམ་པའི་གཏན་ཚིགས་སོ། །དབྱིངས་དང་ཡེ་ཤེས་དང་སེམས་ཞེས་སྨོས་པ་རྣམས་སུ་སྔར་བཤད་པ་རྣམས་དྲན་པར་བྱའི། གཞུང་སྤྱི་སྐད་དང་བསྲེ་བར་མི་བྱའོ། །གཉིས་པ་ནི། རྩ་རྒྱུད་ཉིད་ལས། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་གསུངས་ཏེ། འདི་ལ་སྣང་བ་ཕྱི་ནང་གི་ཆོས་རྣམས་ཆོས་ཅན། ཡེ་ནས་སངས་རྒྱས་པ་ཡིན་ཏེ། དག་པ་གསུམ་དང་ལྡན་པའི་ཕྱིར། །ཞེས་དང་། སྣོད་བཅུད་རྒྱུད་གསུམ་ཆོས་ཅན། ཡེ་ནས་སངས་རྒྱས་པ་ཡིན་ཏེ། རིམ་བཞིན་དེ་བཞིན་གཤེགས་པ་ཡུམ་ལྔ་དང་ཡབ་ལྔ་དང་ཡེ་ཤེས་ལྔར་དག་པའི་ཕྱིར། ཞེས་འགོད་པ་གཉིས་དོན་འདྲའོ། །དེའང་ད་ལྟ་ཕྱི་ནང་གི་དངོས་པོའི་བྱེ་བྲག་ཇི་སྙེད་པ་དེ་སྙེད་དུ་ཐ་མལ་པའི་སྣང་ཞེན་རྒྱས་ཤིང་། དེ་ཇི་ལྟར་རྒྱས་པ་ལྟར་དག་པའི་གནས་ཚུལ་ལས་གོལ་བར་འགྱུར་བ་བཞིན་དུ། དམིགས་པ་དེ་དག་ཐམས་ཅད་གདོད་ནས་རྣམ་དག་གི་ངོ་བོར་ཤེས་པའི་ལྟ་བ་ཅི་ཙམ་རྩལ་སྦྱངས་བ་དེ་ཙམ་དུ་ལོག་པའི་ཞེན་སྣང་གཅོད་ཚབས་ཆེ་ལ། ཞེན་སྣང་གི་དམིགས་པ་མཐའ་ཡས་ཀྱང་འདིར་སྣོད་བཅུད་རྒྱུད་གསུམ་དུ་བསྡུས་ནས་བསྟན་ཏེ། ཕུང་པོ་གཅིག་ལ་མཚོན་ན། གཟུགས་ཕུང་ཙམ་ཡང་ཚོར་བ་སོགས་ཕུང་པོ་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པ་རོ་མཉམ་རྡོ་རྗེའི་གཟུགས་ཕུང་དང་། དེའི་ཆ་ཤས་རེས་ཀྱང་བརྟན་གཡོ་མཐའ་དག་ཁྱབ་པ་རྟག་ཁྱབ་ཆེན་པོའི་གཟུགས་ཕུང་ནི་དག་པའི་གཟུགས་ཕུང་གི་དོན་ཡིན་ཞིང་། དོན་དེ་དག་ཀྱང་རང་སྣང་རིས་མེད་ཅེས་པའི་དོན་མཐར་ཐུག་ཡིན་ལ། སེམས་ཅན་གྱི་གཟུགས་ཕུང་ཡང་རང་སྣང་རིས་མེད་དུ་གདོད་ནས་དག་པར་བཤད་ཟིན་ཏེ། ཚུལ་དེ་ལྟ་བུས་སྣོད་ཀྱི་འཇིག་རྟེན་སོགས་གསུམ་པོ་རྣམ་པར་དག་པ་ནི་དག་པ་རྣམ་པ་གསུམ་གྱི་དོན་ཡིན་ནོ། །གསུམ་པ་ནི། གཞུང་ལས། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །ཞེས་གསུངས་ཏེ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཆོས་ཅན། །ཡེ་ནས་སངས་རྒྱས་པ་ཡིན་ཏེ། མཉམ་པ་བཞིས་མཉམ་པར་གནས་པའི་ཕྱིར། བཞི་པོ་ནི། ཕྱི་ནང་གི་དངོས་པོ་རྣམས་སེམས་ལ་དག་མ་དག་ཏུ་སྣང་བའི་ཚུལ་གཉིས་སུ་བྱུང་བ་ལ་བཟང་ངན་དང་བླང་དོར་དུ་བདེན་པར་བལྟ་ཞིང་རློམ་པ་ལྟར་མེད་དེ། ཆོས་དེ་རྣམས་ཀྱི་གནས་ལུགས་ལ་རྣམ་གྲངས་ཡིན་མིན་གྱི་དོན་དམ་གཉིས་ཡོད་ཀྱང་ཡུལ་ཅན་གྱི་ཁྱད་པར་ལ་ལྟོས་ནས་ཕྱེ་བ་མ་གཏོགས་སྐྱེ་མེད་མཐའ་བྲལ་དུ་མཉམ་ཞིང་། ཡང་ལོག་གི་ཀུན་རྫོབ་གཉིས་པོ་གང་གི་དབང་དུ་བྱས་ཀྱང་བདེན་སྟོང་སྒྱུ་མ་ལྟ་བུར་མཉམ་སྟེ། དེ་གཉིས་ནི་མདོ་སྔགས་ཐུན་མོང་གི་སྲིད་ཞི་མཉམ་ཉིད་འཇོག་ལུགས་སོ། །འདི་དག་འོག་མ་ཁ་དྲང་བའི་ཆེད་ཙམ་མིན་གྱི། ལམ་འདིའི་རྣལ་འབྱོར་པས་ཚུལ་དེ་དག་གིས་ཀྱང་འཁོར་འདས་མཉམ་ཉིད་དུ་བལྟ་དགོས་པ་ཡིན་ཏེ། འདི་གཉིས་ལ་ཐུན་མོང་གི་མཉམ་པ་ཞེས་གྲགས་པས་ཤེས་པའི་ཕྱིར་རོ། །སྟོང་ཉིད་མེད་དགག་དང་མ་ཡིན་དགག་གི་རྣམ་གཞག་ཅི་ཙམ་བྱས་ཀྱང་གློ་བུར་པའི་སེམས་ཀྱིས་སྒྲོ་བཏགས་པའི་དགག་སྒྲུབ་ཀྱི་ཚུལ་ལ་བརྟེན་ནས་བྱས་པ་ཁོ་ན་སྟེ། སེམས་ལས་འདས་པའི་ལྷག་པ་དོན་དམ་གྱི་ངོས་ནས་བལྟས་ན་ནི་དགག་པ་གཉིས་ཀའི་ཐ་སྙད་དང་བྲལ་བ་ཡིན་ལ། དེ་བཞིན་དུ་ད་ལྟ་རགས་པའི་སེམས་ཀྱིས་མ་དག་པའི་སྣང་ཞེན་བཀག་ནས་བསྒོམས་པས་དག་པར་ཤར་ཡང་དེ་འདྲའི་དག་མ་དག་གཉིས་ལ་གློ་བུར་བའི་སེམས་ཀྱི་སྣང་བ་ཡིན་མིན་ཁྱད་མེད་ཅིང་། དག་པར་སྣང་བ་དེ་མ་དག་པའི་དངོས་པོའི་གནས་ཚུལ་དུ་སྒྲུབ་མི་ནུས་པས་ཉི་ཚེ་བར་ཟད་ལ། ལྷག་པ་ཀུན་རྫོབ་ཀྱི་བདེན་པ་དངོས་ཀྱི་སྟེང་ནས་གཞལ་ན་ནི་གསེར་གླིང་དུ་ས་རྡོ་ཕལ་པ་མི་རྙེད་པ་ལྟར་སྤང་ལེན་མེད་པར་དེ་འདྲའི་ལས་སྣང་དང་བཅོས་མའི་ཏིང་ངེ་འཛིན་གྱི་སྣང་བ་ཐམས་ཅད་ཡེ་ཤེས་རང་སྣང་གི་འཁོར་ལོ་འབའ་ཞིག་ཏུ་མཉམ་སྟེ་ལྷག་པའི་མཉམ་པ་གཉིས་སོ། །རང་བྱུང་ཡེ་ཤེས་འཁོར་ལོ་ཐ་མ་ནས་བསྣན་པར་འཆད་ཚེ་ལྷག་པའི་མཉམ་པའམ་ཐུན་མོངས་མ་ཡིན་པའི་མཉམ་པ་ཞེས་འདོད་རུང་མི་རུང་དཔྱད་རྒྱུ་ཆེ་ཡང་། དེ་ལྟར་བསྟན་པའི་མདོ་རྣམས་དམིགས་བསལ་དུ་བྱས་ནས། མདོ་ཕྱོགས་སྤྱི་བཏང་ལ་ལྟོས་ཏེ་ཐུན་མིན་དུ་འཇོག་པའམ། ཡང་ན་བདེ་གཤེགས་སྙིང་པོ་དོན་དམ་དཀོར་བདུན་གྱི་ལྡོག་པ་ནས་བསྟན་པ་དང་། དེ་ལ་བརྟེན་ནས་སྣང་སྲིད་དག་མཉམ་དུ་བལྟ་བ་མདོ་སྡེའི་ཕྱོགས་ལ་མེད་པས་དེའི་ཆ་ནས་ཐུན་མིན་དུ་བཞག་ཅེས་བྱ་སྟེ། ཕྱི་མ་དྲག་པར་སེམས་སོ། །ལེའུ་བཅུ་གཅིག་པའི་དགོངས་རྒྱན་སོགས་དང་བསྟུན་ནས་གོང་ལྟར་བཤད་ཀྱི། གོ་བདེ་བ་ནི་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པ་དང་། ཀུན་རྫོབ་ཏུ་སྒྱུ་མར་མཉམ་པ་གཉིས་ཐུན་མོང་བ་དང་། དོན་དམ་པར་དཀོར་བདུན་དུ་དང་། ཀུན་རྫོབ་སྐུ་དང་ཡེ་ཤེས་སུ་མཉམ་པ་གཉིས་ལྷག་པ་ཞེས་གཞན་ནས་འབྱུང་བ་ལྟར་རོ། །བཞི་པ་ནི། ལམ་རྣམ་བཀོད་དང་བསྟུན་ན་ལེའུ་དགུ་པའི། རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་པ་དྲང་རུང་བ་འདྲ་ཡང་དཔྱད་དགོས། །དོན་ནི། འཁོར་འདས་ཀྱི་ཆོས་རྣམས་ཆོས་ཅན། སྣང་ལུགས་དུ་མར་སྣང་ཡང་ཡིན་ལུགས་ལ་དེ་ལྟར་མ་གྲུབ་སྟེ། སེམས་ཉིད་སྐྱེ་མེད་རང་བྱུང་གི་ཡེ་ཤེས་གཅིག་གི་བདག་ཉིད་དུ་ཡེ་ནས་གནས་པའི་ཕྱིར། ཞེས་བྱ་སྟེ། འདི་ཕ་མེས་ཀྱི་ལོ་ཆུས་བསྙན་པས་རིགས་བརྒྱུད་གང་ཡིན་ཤེས་པའི་དཔེས་མཚོན་པར་གསུངས་པས། མདོར་ན་ཆོས་ཐམས་ཅད་སེམས་ཉིད་འོད་གསལ་གྱི་གདུང་རིགས་སུ་བསྟན་པ་ཡིན་ནོ། །དེའང་དག་མཉམ་གྱི་ལྟ་བའི་གནད་སྤྱིར་གཏན་ལ་འབེབས་པ་རྟོགས་པས་བཞི་དང་། དག་ཚུལ་བྱེ་བྲག་ཏུ་ཕྱེ་ནས་སྟོན་པ་དག་པ་གསུམ་དང་། མཉམ་ཚུལ་བྱེ་བྲག་ཏུ་ཕྱེ་བ་མཉམ་པ་བཞི། དག་མཉམ་གྱི་གནད་ཐམས་ཅད་མཐར་ཐུག་རང་བྱུང་ཡེ་ཤེས་སུ་ལ་ཟློ་བ་བདག་ཉིད་ཆེན་པོ་ཞེས་བཤད་ན་ཉང་ཊཱིཀ་པ་དང་། སྨིན་ལོ་ཆེན་པོ་དགོངས་པར་ཡང་འགྲིགས་སོ། །གཉིས་པ་སྒྲ་མཐུན་དོན་སྤགས་ལ། ཉོན་མོངས་རང་སྤྱིའི། མཐའ་དང་བྲལ་བའི། རྣམ་པར་དབྱེ་བའི། མཚོན་པ་དཔེའི་གཏན་ཚིགས་དང་བཞི། དང་པོ་ནི། ཉོན་མོངས་དུག་ལྔ་ཆོས་ཅན། སྤང་བྱར་ཡང་དག་པར་མ་གྲུབ་སྟེ། རང་སྤྱིའི་མཚན་ཉིད་གཉིས་ཆར་དུ་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར། ཞེས་པ་སྟེ། དུག་ལྔ་ལ་རང་སྤྱིའི་མཚན་ཉིད་གཉིས་འཇོག་པ་འོག་མ་དང་མཐུན་ཡང་། འཇོག་ལུགས་མི་མཐུན་ཏེ། འོག་མའི་ལུགས་ལ། དེ་དག་སྤྱིའི་མཚན་ཉིད་སེམས་རབ་ཏུ་མ་ཞི་བའི་རྣམ་པ། སོ་སོའི་མཚན་ཉིད། གཏི་མུག་ཀུན་ཏུ་རྨོངས་པ། ཞེ་སྡང་ཀུན་ནས་མནར་སེམས་པ། ང་རྒྱལ་ཁེངས་པ། འདོད་ཆགས་ཡུལ་ལ་སྲེད་པ། ཕྲག་དོག་གཞན་གྱི་ཕུན་ཚོགས་མི་བཟོད་པའི་རྣམ་པ་ཡིན་ཞིང་། འདིར་ཉོན་མོངས་སྤྱིའི་མཚན་ཉིད་རིག་པ་སྤྲོས་བྲལ་དང་། སོ་སོའི་མཚན་ཉིད་རིག་པ་སྒྱུབ་མའི་རྩལ་ཐ་དད་དུ་སྣང་བར་འདོད་པས་འཕགས་ཞེས་གསུངས་ཏེ། ཕྱི་མའི་མཚན་ཉིད་ནི་དོན་ལྡོག་ལ་མི་བྱེད་ཀྱི། རང་བཞིན་ནམ་དེ་ཉིད་ལ་བྱ་ཞིང་། ཉོན་མོངས་པའི་དེ་ཉིད་རིག་པ་ཡེ་ཤེས་ཡིན་ལུགས་ལ་སྔར་གཞི་རྒྱུད་ཀྱི་སྐབས་སུ་བཤད་པ་དྲན་པར་བྱའོ། །བཤད་ཚུལ་སྔ་མ་ཡང་འདིར་མི་བཞེད་པ་མིན་ཡང་ཉོན་མོངས་ལམ་བྱེད་ཀྱི་སྐབས་དོན་གཙོ་བོ་ཕྱི་མ་ཡིན་ལ། དེ་འོག་མ་དང་མ་མཐུན་པའི་འཕགས་ཆོས་ཡིན་ནོ། །གཉིས་པ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཅན། ཁྱོད་ལ་མཐའི་སྤྲོས་པ་ཅི་ཡང་མ་གྲུབ་སྟེ། ཡང་དག་པར་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། ཞེས་པ་སྟེ། ཐུན་མོང་དུ་སྟོང་ཉིད་ལ་ཡོད་མེད་རྟག་ཆད་སོགས་ཀྱི་མཐའ་གང་ཡང་མེད་པ་དང་སྒྲ་མཐུན་ཡང་། འདིར་སེམས་དང་ཡེ་ཤེས་ཕྱེ་ནས་མཐའི་རྟོག་པ་གང་ཡང་ཡེ་ཤེས་ཀྱི་དབྱིངས་ལ་མི་རྒྱུ་བར་སྟོན་པས་སྤགས་སོ། །གསུམ་པ་ནི། བུམ་པ་ཆོས་ཅན། རང་བཞིན་མེད་དེ། དབྱིབས་དང་ཁ་དོག་སོགས་ཆོས་དུ་མ་དང་ལྡན་པས་བརྟགས་ན་དབེན་པའི་ཕྱིར། ཞེས་པ་སྟེ། ཐུན་མོང་པ་ལྟར་ན། འབྱུང་ཆེན་རགས་པར་སྣང་བ་རྣམས་སྣང་བ་ལྟར་བདེན་པར་གྲུབ་པ་ཆ་ཤས་ཕྱེ་ན་མི་རྙེད་པའི་རིག་པས་འགོག་པ་དང་སྒྲ་མཐུན་ཡང་། འདིར་རྒྱུ་མཚན་དེས་ཆོས་དེ་དག་མཱུྃ་གྱི་དེ་ཉིད་འོད་གསལ་གྱི་དབྱིངས་སུ་བསྟིམ་པར་བྱེད་པས་འཕགས་སོ། །བཞི་པ་ནི། སེམས་ཉིད་ཆོས་ཅན། ངོ་བོ་ཉིད་ཅིར་ཡང་མ་གྲུབ་སྟེ། གཟུང་དུ་མེད་པའི་ཕྱིར་ཏེ། ནམ་མཁའ་བཞིན། ཞེས་པ་ལྟ་བུར་གཞུང་སྤྱིའི་དཔེ་དོན་སྦྱོར་ཚུལ་དང་སྒྲ་མཐུན་ཡང་། འདིར་ནམ་མཁའི་བརྡ་ཐབས་ཀྱིས་ཆོས་ཉིད་མཚོན་པ་ཙམ་ལས་རྟགས་ཀྱི་ཚུལ་གསུམ་སྒྲུབ་པའི་ཆེད་མ་ཡིན་པས་སྤགས་ཞེས་ཟེར་རམ་དཔྱད་རྒྱུ་ཅུང་ཟད་སྣང་ངོ་། །གཉིས་པ་ཚིག་དོན་མི་མཐུན་པའི་གཏན་ཚིགས་ནི། སེམས་ཅན་ཐ་མལ་པ་ལ་དངོས་སུ་སྣང་བའི་དངོས་པོ་འདི་དག་ཉིད་ལྷག་པའི་བདེན་གཉིས་དབྱེར་མེད་དུ་གདོད་ནས་སངས་རྒྱས་ཀྱང་དེ་ལྟར་མི་ཤེས་པའི་རྒྱུ་མཚན་ནི། ལྷག་པའི་བདེན་གཉིས་ཀྱི་གནད་གསང་མཐར་གཏུག་ན་སེམས་ཉིད་ཀྱི་དབྱིངས་ཅི་ཡང་མ་ཡིན་པ་སྟེ་ཅིར་ཡང་མ་གྲུབ་པ་ལ་ཐུག་ཅིང་། སྣང་བའི་དངོས་པོ་ནི་སྣ་ཚོགས་ཅིར་ཡང་འཆར་བ་མིག་འཕྲུལ་གྱི་གྲོང་ཁྱེར་ལྟ་བུར་ཡོད་པས་དེས་མགོ་རྨོངས་ནས་དབྱིངས་ཀྱི་བཞུགས་ཚུལ་ལས་ཕྱིན་ཅི་ལོག་ཏུ་འཁྲུལ་པ་ཡིན་ཞིང་། ལྟ་བ་ངོ་སྤྲོད་ཚེ་སྣང་ཕྱོགས་ཅིང་ཡར་འཆར་བ་ཉིད་དབྱིངས་ཅི་ཡང་མ་ཡིན་པའི་རྒྱུ་མཚན་དུ་བཀོད་པ་རྨད་དུ་བྱུང་བའི་ཐབས་མཁས་ཀྱིས་དུ་མ་དང་རོ་གཅིག་ཕྱོགས་རེར་ཞེན་པའི་མདུད་པ་འགྲོལ་བ་ལ་ཡིན་མིན་གྱི་ཕྱོགས་འཛིན་གཞིག་པ་ཞེས་ལམ་རྣམ་བཀོད་ལས་གསུངས་ཏེ། དེ་ལྟ་བུའི་གཏན་ཚིགས་ནི། སེམས་ཉིད་ཆོས་ཅན། ཡང་དག་པར་ཅི་ཡང་མ་ཡིན་ཏེ། སྣང་ཚུལ་དུ་མ་འགགས་པར་རང་སྣང་བས་ཅི་ཡང་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཇི་ལྟར་བརྟགས་ཤིང་བསམ་པ་ལྟར་འགྱུར་བས་ན་ཆོས་ཀུན་གྱི་ངོ་བོར་ཆོས་ཉིད་རང་སྣང་བའི་ཕྱིར། ཞེས་བཤད་དོ། །སྒྲ་མཐུན་དོན་སྤགས་དང་ཚིག་དོན་མི་མཐུན་པའི་མཐུན་མི་མཐུན་བརྩི་བའི་གཞི་མི་གཅིག་སྟེ། སྔ་མ་ནི་ཐེག་པ་འོག་མའི་བཤད་ཚུལ་དང་སྒྲ་མཐུན་པ་དང་། ཕྱི་མ་རྟགས་ཆོས་གཉིས་ཀྱི་ཚིག་དོན་མི་མཐུན་པ་ལ་བཞག་པའི་ཕྱིར་རོ། །ཕྱི་མ་འདིའི་མི་མཐུན་པའི་མཚམས་ནི་ཅི་ཡང་མ་ཡིན་པ་དང་ཡིན་པ་གཉིས་ཙམ་མོ། །དེའང་རྟོགས་པ་བཞི་སོགས་རྒྱུད་གཞུང་གི་དངོས་བསྟན་བཞི་པོའི་ཁོངས་སུ་ལྟ་བ་ངོ་སྤྲོད་ཚུལ་གཏན་ལ་ཕབ་བ་དེས་ཐེག་པ་འོག་མའི་གསུང་རབ་རྣམས་སུ་རང་སྤྱི་དང་མཐའ་བྲལ་གྱི་ཐ་སྙད་སོགས་གསུངས་པའི་མཐར་ཐུག་གི་དགོངས་གཞི་སྦས་ཏེ་མ་བསྟན་པ་རྣམས་གསལ་བར་བཀྲོལ་ནས་སྡེ་སྣོད་གཞན་རྣམས་འདིར་གཞོལ་བར་སྟོན་པ་ལ་སྒྲ་མཐུན་དོན་སྤགས་དང་། ཡང་བཞི་པོ་དེར་མི་མཁས་པ་ལ་ཆེས་འགལ་བ་ལྟར་སྣང་བའམ་ཕན་ཚུན་གྲོགས་སུ་ཁྱེར་ནས་གོལ་སྒྲིབ་ཀྱི་གཡང་སར་མི་འཆུག་པའི་གནད་ཀྱི་གཟེར་བུ་ངོ་མཚར་ཅན་ཡོད་པ་ཟུར་དུ་ཕྱུང་སྟེ་ངོ་སྤྲོད་པ་ལ་མི་མཐུན་པའི་གཏན་ཚིགས་བྱུང་བར་བདག་ཅག་སྨྲའོ། །གསུམ་པ་གྲུབ་མཐའ་ནི། དེ་ལྟར་གཏན་ལ་ཕབ་པ་ལས་ཅིར་འགྱུར་ཞེ་ན། ཤེས་པའི་མཚན་ཉིད་ཀྱི་ལྟ་བ་དངོས་རྙེད་པར་འགྱུར་ཏེ། དེའི་ངོ་བོ་ནི་ལམ་རིམ་ལས། རྒྱ་མཚོ་དྭངས་པའི་གཟུགས་བརྙན་ལྟར། །སྒྲ་རྟེན་ཡིད་ལ་བྱེད་མིན་པར། །རང་རིག་མངོན་སུམ་དམིགས་བྲལ་བ། །རང་གསལ་གསུམ་བྲལ་མི་བསྒུལ་བར། །ངེས་པར་གདེངས་སུ་གང་བྱས་པ། །ཐོས་བསམ་བརྟན་པའི་ལྟ་མཐར་ཕྱིན། །ཞེས་པ་ལྟར། གནས་ལུགས་ལྷག་པའི་བདེན་གཉིས་དབྱེར་མེད་རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྗེན་པར་རྟོགས་པ་སྟེ། མངོན་སུམ་འདི་དང་རྟོགས་པ་བཞིའི་སྐབས་ཀྱི་མངོན་སུམ་པ་དོན་འདྲའོ། །གསལ་བར་བཤད་ན་འོད་གསལ་གྱི་རྟོགས་པ་དངོས་སུ་རྙེད་ནས་དེའི་ཆར་གྱུར་བའི་ཤེས་རབ་སྐྱེས་པ་སྟེ་ཁོག་གཞུང་ལས། ལྷུན་གྲུབ་ཡེ་ཤེས་སྒྲོན་མ་ཉིད། །རང་བཞིན་གསལ་བ་སྤྱན་གྱི་མཆོག །ཅེས་སོ། །འདི་ལ་རང་རིག་མངོན་སུམ་ཞེས་བཤད་པ་ནི། རང་གནས་ཀྱི་ཡེ་ཤེས་གོ་ཡུལ་དུ་མ་ལུས་པར་མངོན་སུམ་དུ་རྟོགས་པའི་རྒྱུ་མཚན་གྱིས་ཡིན་ལ། ལམ་གྱི་འོད་གསལ་མངོན་སུམ་དུ་ཤར་ན་ཆོས་ཉིད་ཀྱི་དབྱིངས་མངོན་སུམ་དུ་མཐོང་བས་མ་ཁྱབ་པས། རྗེ་སྒྲོལ་གཡུང་རྣམ་གཉིས་འདིར་ཆོས་ཉིད་དོན་སྤྱིའི་སྒོ་ནས་མཐོང་བར་བཞེད་པ་དང་ཡང་མི་འགལ་ཏེ། ཇི་སྲིད་གཉིས་སྣང་ཕྲ་མོས་ཀྱང་བར་མ་ཆོད་པའི་ཚུལ་གྱིས་འོད་གསལ་གྱི་དབྱིངས་ལ་འཇུག་མི་ནུས་པ་དེ་སྲིད་དུ་ཆོས་ཉིད་རྗེན་པར་མཐོང་བ་མ་ཡིན་ཞིང་། དེས་མཐོང་ཚོད་ཙམ་དེ་རྣམ་པར་མི་རྟོག་པའི་དབྱིངས་མཚན་ཉིད་ཡོངས་སུ་རྫོགས་པའང་མ་ཡིན་ནོ། །འདིར་འོད་གསལ་རྗེན་པར་རྟོགས་པའི་གྲོལ་ལམ་རིམ་གྱིས་པ་ཡོད་ན་སླར་སྟོང་པ་ཆེན་པོའི་རྣལ་འབྱོར་ལ་ཉམས་ལྔ་མཐར་ཆགས་ཀྱི་སྒོ་ནས་འཇུག་དགོས་པ་མི་འགལ་ལམ་ཞེ་ན། མི་འགལ་ཏེ། འོད་གསལ་སྤྲིན་སྦུབས་ཀྱི་ཉི་མ་ལྟ་བུ་ཡུད་ཙམ་རེར་རྟོགས་ཀྱང་ད་དུང་རྣམ་རྟོག་གི་གཞན་དབང་ཅན་ཡིན་པས་བརྟན་པ་རིམ་གྱིས་འཐོབ་དགོས་པའི་ཕྱིར་ཏེ། ཀུན་མཁྱེན་ཆེན་པོས། རང་ངོ་འཕྲོད་ཀྱང་གོམས་འདྲིས་མ་བྱས་ན། །རྣམ་རྟོག་དགྲས་འཁྱེར་གཡུལ་ངོའི་བུ་ཆུང་འདྲ། །ཞེས་གསུངས་པ་ལྟར་རོ། །འོད་གསལ་ཀྱི་དགོངས་པ་དངོས་ལ་མ་རེག་ཀྱང་ལྷག་པའི་བདེན་གཉིས་ལ་བསམ་བྱུང་གི་ངེས་པ་རྙེད་ན་ཤེས་པའི་མཚན་ཉིད་ཕལ་པ་ཙམ་དུ་འདོད་དགོས་སོ། །ཤེས་པའི་མཚན་ཉིད་བཤད་ཟིན་ཏོ། །མ་ཧཱ་ཡོ་གའི་རྒྱུད་ལ་གསུམ་དུ་འབྱེད་སྐབས། གསང་འདུས་སོགས་ཕ་རྒྱུད་རྣམས་སུ་གསལ་སྟོང་རླུང་གི་རྫོགས་རིམ་དང་། བདེ་མཆོག་སོགས་མ་རྒྱུད་དུ་བདེ་སྟོང་ཐིག་ལེའི་རྫོགས་རིམ་དང་། གསང་སྙིང་སོགས་གཉིས་མེད་རྒྱུད་ལས་འོད་གསལ་ཡེ་ཤེས་ཆེན་པོའི་རྫོགས་རིམ་གཙོ་བོར་སྟོན་ཞེས་འབྱུང་བའི་རྫོགས་རིམ་ཕྱི་མ་ཡང་གྲོལ་ལམ་ལ་བྱེད་པར་མངོན་ཞིང་། སྔར་བཤད་པ་ལྟར་ཐབས་ལམ་དུ་རྫོགས་རིམ་གྱིས་ཡེ་ཤེས་སྐྱེས་ནས་འཕེལ་གསུང་ཐམས་ཅད་ཤས་ཆེར་རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱིས་བྱེད་པའི་དོད་ཕལ་ཆེར་ལམ་འདིར་ལྟ་བ་ལམ་བྱེད་ཀྱི་སྟེང་ནས་འགྲོ་བར་སྣང་བ་དང་ཐབས་ལམ་ལའང་མེད་དུ་མི་རུང་བས་རྒྱས་པར་བཤད་དོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ལ། ལམ་རིམ་ལས། སྲིད་པ་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེས་པའི་རིམ་གསུམ་གཉིས་མེད་དོན། །ཞེས་གསུངས་པ་ལྟར། ཐ་མལ་པའི་སྐྱེ་འཆི་བར་དོ་གསུམ་གྱི་སྣང་ཞེན་སྦྱངས་ནས་འཆི་བའི་འོད་གསལ་ཆོས་སྐུར་ལམ་དུ་འཁྱེར་བ་དོན་དམ་སྟོང་པ་ཆེན་པོའི་རྣལ་འབྱོར། བར་དོའི་རླུང་སེམས་ལོངས་སྐུར་འཁྱེར་བ་ཀུན་རྫོབ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར། སྐྱེ་སྲིད་རགས་པ་འཁོར་བཅས་སྤྲུལ་སྐུར་སྦྱོང་བྱེད་ཀྱི་རྣལ་འབྱོར་རིམ་པ་གསུམ་སྟེ་ཏིང་ངེ་འཛིན་ལྔའོ། །ཕྱི་མའི་རིམ་པ་གསུམ་ནི་དྲི་ཟ་མངལ་དུ་ཞུགས་པ་ནས་ཕྱིར་བཙས་བའི་བར་དང་མཐུན་པ་ཕྱག་རྒྱ་གཅིག་པ་དང་། བཙས་ནས་བུ་ཚ་འཁོར་འདབས་རྒྱས་པའི་བར་དང་མཐུན་པ་ཕྱག་རྒྱ་སྤྲོས་བཅས། ནར་སོན་ནས་བཅད་རིས་དང་ཁེ་དྲག་སྒྲུབ་པ་དང་མཐུན་པ་ཚོམ་བུ་ཚོགས་སྒྲུབ་རྣམས་ཏེ། དེ་ལྟར་རིམ་དྲུག་ལས་བཤད་དོ། །ཕྱག་རྒྱ་གཅིག་པ་ལའང་། རྡོ་རྗེའི་ཆོ་ག་གསུམ་བསྐྱེད་དང་སྦྱར་ན། བར་དོའི་རླུང་སེམས་ཕ་མའི་ཁུ་རྡུལ་གྱི་དབུས་སུ་དང་པོར་ཞུགས་པ་ལྟར་གསུང་ཡིག་འབྲུ། མེར་ནུར་ལྟར་འཁྲང་གི་གནས་སྐབས་ལྟར་ཐུགས་ཕྱག་མཚན་དང་། གོང་ཉ་རུས་སྦལ་ནས་ལུས་རྫོགས་ཏེ་བཙས་པ་ལྟར་སྐུ་རྫོགས་པ་ཞེས་ཧེ་རུ་ཀ་གལྤོ་དྲངས་ནས་ལོ་ཆེན་གྱིས་གསུངས་སོ། །ཏིང་ངེ་འཛིན་གྱི་དབྱེ་སྒོ་གཞན་ཡང་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་ཏེ། འདི་ཉིད་ཀྱི་རྒྱུད་ཕྱི་མ་ལས། ལྷ་ཡི་རྣམ་པའི་སྤྱོར་བ་ཡི། །ཟླ་བ་རྡོ་རྗེ་ལ་སོགས་རིམ། །བསྐྱེད་པའི་རིམ་པ་ཞེས་སུ་བཤད། །རང་བཞིན་གྲུབ་པའི་རྣལ་འབྱོར་ནི། །རྫོགས་པའི་རིམ་པ་ཞེས་བྱར་བརྗོད། །ཅེས་གསུངས་པ་ལྟར་འཁོར་བའི་སྐྱེ་འཆི་བར་དོ་གསུམ་དང་། ཐུན་མོང་མ་ཡིན་པའི་སྐུ་གསུམ་སྟེ་གཞི་འབྲས་དེ་གཉིས་ཆར་དང་རྣམ་པ་མཐུན་པར་བྱས་ནས་རྫོགས་རིམ་གྱི་སྨིན་བྱེད་དུ་སྒོམ་པའི་དག་རྫོགས་སྨིན་གསུམ་གྱི་གནད་ཚང་བའི་བཅོས་མའི་རྣལ་འབྱོར་ནི་བསྐྱེད་རིམ་དང་། སྐྱེ་འཆི་བར་དོ་སྐུ་གསུམ་དུ་དངོས་སུ་སྒྱུར་བའི་ལམ་གྱི་རིགས་སུ་གནས་པའི་མ་བཅོས་པའི་རྣལ་འབྱོར་ནི་རྫོགས་རིམ་ཡིན་ལ། དེའི་ཕྱིར་གོང་མ་ཁ་ཅིག་ཀུན་བཏགས་བསྐྱེད་རིམ་དང་ཡོངས་གྲུབ་རྫོགས་རིམ་གྱི་རྣལ་འབྱོར་ཞེས་གསུངས་པ་ཡང་དགོངས་པ་ཟབ་བོ། །ཡང་གཉིས་ཏེ། ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་ཀྱང་མོས་མནོ་ཙམ་གྱིས་ཐུན་རེའི་ནང་དུ་སྲུང་འཁོར་ནས་གོ་བགོ་ལུས་སྲུང་བར་གྱི་སྒྲུབ་ཐབས་ཚང་བ་རེ་ཉམས་སུ་ལེན་པ་མོས་སྒོམ་དང་། སྟོང་ཆེན་སོགས་ལྔ་པོ་སྔ་མ་སྔ་མ་ལ་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་གྱི་ཉམས་ལྔ་རྫོགས་པ་ན་གདོད་ཕྱི་མ་ཕྱི་མ་ལ་འཇུག་པའི་ཚུལ་གྱིས་མཐར་ཆགས་སུ་སློབ་པ་ངེས་རྫོགས་ཏེ་ལམ་རིམ་ལས་དེ་ལྟར་བཤད་དོ། །མོས་སྒོམ་དུ་བཤད་པའི་ཚུལ་འདི་ཉིད་ཐུན་བཞིར་སྒོམ་པའི་སྦྱོར་བས་བསྐྱེད་རིམ་མཐར་ཕྱིན་པའང་ཡོད་མོད་ཀྱི། བཀའ་སྲོལ་འདི་ལས་ཆེར་མི་འབྱུང་ལ། ཐུན་རེར་སྒྲུབ་ཐབས་ཀྱི་ཡན་ལག་ཚང་བར་སྒོམ་པ་ལ་མོས་ངེས་གཉིས་སུ་ཕྱེ་བའི་མོས་སྒོམ་གྱིས་ཁྱབ་པ་ནི་འདིར་ཡང་མི་བཞེད་དེ། ངེས་རྫོགས་ཀྱི་ཚོགས་སྒྲུབ་སྐབས་སུ་ཡང་དེ་ལྟར་སྒོམ་པར་གསུངས་པའི་ཕྱིར་རོ། །མོས་སྒོམ་འདི་ལ་བསྐྱེད་རིམ་གྱིས་ཁྱབ་ཅིང་། དེར་ཐུན་རེའི་ནང་དུ་ཚང་བར་སྒོམ་རྒྱུའི་ཏིང་ངེ་འཛིན་ནི་རྒྱ་སྤྲོས་མན་ཆད་ཀྱི་བཞི་པོ་ཙམ་ཡིན་ཡང་། སེམས་བརྟན་པའི་མཚན་མ་མ་མཐོང་པའི་སྒྲུབ་པ་པོ་མང་པོས་ཚོགས་སྒྲུབ་བྱེད་པའང་མོས་སྒོམ་དུ་བཞག་དགོས་པས་སྤྱིར་མོས་སྒོམ་གྱི་ལྔ་ཀ་ཡོད་དོ། །ངེས་རྫོགས་ལ་བསྐྱེད་རྫོགས་ཀྱི་ཆ་གཉིས་དང་། དེ་ལ་སློབ་ཚུལ་ཡང་གང་ཟག་གི་ཁྱད་པར་གྱིས་མི་འདྲ་བ་གཉིས་ཡོད་པར་གསུངས་ཏེ། དང་པོ་ནས་བསྐྱེད་རྫོགས་ཟུང་འབྲེལ་དུ་སློབ་ཚུལ་དང་། བསྐྱེད་རིམ་མཐར་ཕྱིན་ནས་རྫོགས་རིམ་ལ་འཇུག་པའོ། །དང་པོ་ནི། ཐོག་མར་སྟོང་པ་ཆེན་པོའི་རྣལ་འབྱོར་རྟོགས་པས་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུ་དང་། ཐོབ་པའི་ཉམས་རོང་ཁུང་དོག་པའི་འབབ་ཆུ་ལྟ་བུ། གོམས་པའི་ཉམས་བྱང་ཐང་གི་དལ་འབབ་ལྟ་བུ། བརྟན་པའི་ཉམས་མཚོ་ཆུང་སེར་བུས་བསྐྱོད་པ་ལྟ་བུ། མཐར་ཕྱིན་གྱི་ཉམས་རྒྱ་མཚོ་རླབ་དང་བྲལ་བ་ལྟ་བུ་སྟེ་ཉམས་ལྔ་རྫོགས་རྫོགས་སུ་བསྒོམས་པའི་ཁོག་ནས་རྫོགས་རིམ་པའི་འོད་གསལ་གྱི་ཉམས་མྱོང་ལ་འདྲིས་ཆ་ཐོན་པ་ན་སྙིང་རྗེ་སྒྱུ་མ་བཅོས་ནས་སྒོམ། དེ་རྫོགས་རིམ་མ་བཅོས་པའི་སྙིང་རྗེ་སྒྱུ་མར་སོང་སྟེ་ཉམས་ལྔ་རྫོགས་ཕན་ཕྱག་རྒྱ་གཅིག་པ་ཕྲ་རགས་ལ་དམིགས་པའི་བསྐྱེད་རིམ་སྦྱང་བས་རྐྱེན་བྱས་ཏེ་རྫོགས་རིམ་གྱི་ལྷ་སྐུ་རྒྱ་གཅིག་མཐོང་ལ། དེ་ལ་གསལ་བརྟན་གྱི་ནུས་པ་རྙེད་པ་དང་། ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་ཡང་དང་པོར་བསྐྱེད་རིམ་དང་རིམ་གྱིས་རྫོགས་རིམ་དུ་གོ་འཕོ་ཞིང་། སྤྲོས་བཅས་མཐར་ཕྱིན་ནས་ཚོགས་སྒྲུབ་ཀྱི་སྤྱོད་པའི་ཉེ་རྒྱུས་མཚམས་སྦྱར་བས་འཕགས་ལམ་འགྲུབ་པ་སྟེ། འདིའི་རྒྱ་གཅིག་གི་བསྐྱེད་རིམ་ལྟ་བུ་ནི་རྫོགས་རིམ་ཐོབ་ལ་མ་ཉམས་པའི་རྒྱུད་ཀྱི་བཅོས་མའི་རྣལ་འབྱོར་ཡིན་པས། རྫོགས་པའི་བསྐྱེད་པ་དང་། བསྐྱེད་པའི་རྫོགས་པ་ཞེས་གསུངས་པ་ལྟ་བུར་འགྱུར་རོ། །གཉིས་པ་ནི། དང་པོར་བསྐྱེད་རིམ་གྱི་སྟོང་ཆེན་བརྟན་པ་ཐོབ་ཐོབ་ཏུ་སྒོམ། དེ་ནས་སྙིང་རྗེ་སྒྱུ་མ་དེ་ལྟར་སྒོམ། དེ་ལྟ་བུའི་རིམ་པས་སྤྲོས་བཅས་ཀྱི་བསྐྱེད་རིམ་མཐར་སོན་པ་ན་ཚོགས་སྒྲུབ་ཀྱིས་འདོད་གཟུགས་གང་རུང་གི་རིག་འཛིན་བསྒྲུབས་ཏེ་མཁའ་སྤྱོད་ཀྱི་ཞིང་སོགས་ཉུལ་ཞིང་དཔའ་བོ་མཁའ་འགྲོའི་ཚོགས་དང་ལྷན་ཅིག་ཏུ་རྫོགས་རིམ་ལ་བརྟེན་ནས་ལམ་ལྔ་མཐར་དབྱུང་བ་སྟེ། དེ་ལྟར་གཉིས་ཡོད་ཀྱང་གྲོལ་ལམ་རིམ་གྱིས་པ་གཙོ་བོ་རྣམས་ཀྱི་སྒོམ་ཚུལ་དངོས་སྔ་མ་ཡིན་པར་གསུངས་སོ། །དེ་ལྟར་སྤྱིའི་རྣམ་བཞག་ལ་དཔྱད་པའི་ས་བོན་ཙམ་སྨོས་ནས་ཏིང་འཛིན་ལྔ་སོ་སོའི་ངོས་འཛིན་ཟུར་ཙམ་བརྗོད་ན། ཆོས་ཐམས་ཅད་ཀྱི་གནས་ལུགས་ཅིར་ཡང་མི་དམིགས་པ་འོད་གསལ་སྟོང་ཉིད་ཀྱི་དབྱིངས་སུ་མཉམ་པར་འཇོག་ཅིང་ཆོས་སྐུའི་ངོ་བོར་བལྟ་བ་སྟོང་པ་ཆེན་པོའི་རྣལ་འབྱོར། དེ་ལྟར་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་ལ་དམིགས་པ་མེད་པའི་སྙིང་རྗེ་ལོངས་སྐུའི་རང་བཞིན་དུ་ཤེས་ནས་སྒོམ་པ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་རང་སེམས་ཨ་དཀར་པོར་བསྒོམས་ནས་ཡི་གེ་སྤྲོ་བསྡུ་ལ་དམིགས་པ་ཕྲ་བ་ཡིག་འབྲུ་དང་། དེ་ལས་བསྐྱེད་ཆོག་རྒྱས་བསྡུས་ཅི་རིགས་ཀྱིས་རྩ་བའི་ལྷ་ཡབ་ཡུམ་ཟུང་གཅིག་བྱིན་རླབས་ཀྱི་ལྷ་གསུམ་དང་དབུ་རྒྱན་གྱི་ལྷ་ལྔ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་སྟེ་ཡན་ལག་གི་ལྷ་དགུ་དང་བཅས་པར་སྒོམ་པ་རགས་པ་ལྷ་སྐུ་ལ་བསླབ་པ་སྟེ་ཕྱག་རྒྱ་གཅིག་པ་ཕྲ་རགས་ཀྱི་རྣལ་འབྱོར། གཉལ་སངས་རྒྱས་གྲགས་ཀྱི་བཞེད་པ་ལྟར་རིགས་ཐ་དད་ཀྱི་གཙོ་བོ་གཅིག་ཏུ་གྱུར་པས་རབ་ཏུ་ཕྱེ་བ་དཀྱིལ་འཁོར་དང་། རིགས་ཐ་མི་དད་ཀྱི་གཙོ་བོ་སོ་སོས་བྱེད་པས་རབ་ཏུ་ཕྱེ་བ་ཚོམ་བུར་བཤད་དེ། དེ་འདྲའི་དཀྱིལ་འཁོར་དང་ཚོམ་བུ་སྤྲོ་བ་གཉིས་དང་གྲངས་དང་ཞལ་ཕྱག་རྒྱ་སྤྲོ་བ་སྟེ་ཕྱག་རྒྱ་སྤྲོས་བཅས་ཀྱི་དབྱེ་བ་བཞི། དེ་ལ་དཀྱིལ་འཁོར་སྤྲོ་བ་ནི། ཞི་དཀྱིལ་འབྲིང་པོ་ལྷ་ཞེ་གཉིས་མ། རྒྱས་པ་དེའི་སྟེང་དུ་རིག་ཆུང་གི་སེམས་དཔའ་ཡབ་ཡུམ་བཞི་བཅུ་བསྣན་པས་བརྒྱད་ཅུ་རྩ་གཉིས་པ། བསྡུས་པ་རིགས་ལྔ་དང་སྒོ་བ་ཡབ་ཡུམ་བཅོ་བརྒྱད། ཁྲོ་དཀྱིལ་འབྲིང་པོ་ཡོངས་གྲགས་ང་བརྒྱད་ལ་ཁྲོ་བཅུ་ཡབ་ཡུམ་བསྣན་པས་དོན་བརྒྱད། རྒྱས་པ་དེ་ལ་རིགས་ཆུང་བསྣན་པས་བརྒྱ་དང་བཅོ་བརྒྱད། བསྡུས་པ་ལྔ་བཅུ་རྩ་བརྒྱད་པ་རྣམས་སོ། །ཚོམ་བུ་ནི། མི་བསྐྱོད་པ་ཡབ་ཡུམ་རྡོ་རྗེའི་རིགས་ཆུང་ཟུང་བཞི། སྒོ་བ་ཡབ་ཡུམ་སྟེ་བཅོ་བརྒྱད་པ་དང་། སྐུ་གསུང་ཐུགས་ཀྱི་རིགས་གསུམ་གྱི་གཙོ་བོ་རིགས་ཆུང་དང་བཅས་པ་ལ་ཁྲོ་བོ་བཅུ་ལས་སྟེང་འོག་གི་ཁྲོ་བོ་སྤངས་པའི་ཡབ་ཡུམ་ཟུང་བརྒྱད་བསྣན་པས་ཞེ་དྲུག་མ་དང་། རིགས་ལྔ་རིགས་ཆུང་ཁྲོ་བཅུ་ཡབ་ཡུམ་སྟེ་བདུན་ཅུ་པ་རྣམས་རིམ་བཞིན་ཚོམ་བུ་གཅིག་གསུམ་ལྔ་པའོ། །ཁྲོ་བོའི་སྐབས་སུ། གནས་ཡུལ་སྒོ་སྐྱོང་དབང་མོ་རྣམས་ཡོད་མཉམ་ལ། རྡོ་རྗེའི་རིགས་ཀྱི་གཙོ་འཁོར་བཅུ་དང་ཁྲོ་བཅུ་ཡབ་ཡུམ་བསྣན་པའི་དོན་བརྒྱད་མ་དང་། བུདྡྷ་དང་པདྨའི་གཙོ་འཁོར་ཡང་བསྣན་པའི་གོ་བརྒྱད་མ་དང་། རིགས་ལྷག་མ་གཉིས་ཀྱང་བསྣན་པའི་བརྒྱ་བཅོ་བརྒྱད་པ་རྣམས་སྔ་མ་བཞིན་ནོ། །གྲངས་ནི། ལེའུ་བརྒྱད་པ་ལྟར་སངས་རྒྱས་སྟོང་དང་། ཉི་ཁྲི་བཞི་སྟོང་དང་། བསམ་ཡས་ལྷུན་གྲུབ་ཏུ་སྤྲོ་བ་དང་གསུམ། དེའི་རིགས་པ་ཁྲོ་བོ་ལའང་སྦྱར་བས་ལྷ་གྲངས་སྟོང་བཞི་བརྒྱ་ལྔ་བཅུ་པ་དང་། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་པ་དང་། བསམ་ཡས་ལྷུན་གྲུབ་སྟེ་སྤྲོ་བ་གསུམ་མོ། །བསམ་ཡས་ལྷུན་གྲུབ་སྤྲོ་བ་ལ་འཕགས་ལམ་པ་དགོས་ཞེས་གསུངས་པ་ཡོད་ཀྱང་དེ་ཚུན་ཆད་ལ་དེ་ལྟར་དངོས་སུ་སྤྲོ་མི་ནུས་པ་ཡིན་གྱི་སྒོམ་མི་ནུས་པ་མིན་ནོ། །ཞལ་ཕྱག་ནི། ཞི་བ་རྒྱས་པ་ཐུབ་དྲུག་དང་ཡུམ་རྣམས་མ་གཏོགས་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ་དང་། འབྲིང་པོ་རྒྱལ་བ་རིགས་དྲུག་ཙམ་ཞལ་གསུམ་ཕྱག་དྲུག་པ། བསྡུས་པ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་ལ། ཁྲོ་བོ་ལ་གཙོ་བོ་དབུ་ཕྱག་གྲངས་མེད་དང་དབུ་དགུ་ཕྱག་བཅོ་བརྒྱད་པ། འཁོར་གྱི་མ་མོ་རྣམས་ཀྱང་ཞལ་གསུམ་ཕྱག་དྲུག་པ་སོགས་རྒྱུད་ནས་བཤད་ཀྱང་བརྒྱུད་པའི་ཕྱག་བཞེས་སུ་རྒྱས་པ་ལ་རིགས་ལྔ་དང་། འབྲིང་པོ་ལ་གཙོ་བོ་ཙམ་ཞལ་གསུམ་ཕྱག་དྲུག་པ་དང་། བསྡུས་པ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པའོ། །དེ་ལྟར་ཏིང་ངེ་འཛིན་བཞི་པོ་སོ་སོར་སྒྲུབ་ཅིང་རྩལ་ཐོན་ནས། སླར་དེ་རྣམས་ཐུན་རེའི་ནང་དུ་ཚང་བར་བསྒོམ་སྟེ་བོགས་འདོན་པའམ་ཁྱད་པར་དུ་འགྲོ་བར་བྱེད་པ་ནི་ཚོམ་བུ་ཚོགས་སྒྲུབ་ཡིན་ཏེ། འདི་ལ་གསུམ། ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་བ། བསྙེན་སྒྲུབ་ཡན་ག་ལག་བཞིས་གཞུང་བསྲང་བ། འབྲས་བུ་རིག་འཛིན་འགྲུབ་པའི་དུས་བསྟན་པའོ། །དང་པོ་ནི། བདག་དབང་བར་ཆད་མེད་ཅིང་ཡིད་དུ་འོང་བའི་སར་གཡོས་སྦྱོར་བྱེད་པ་དང་། སྒྲུབ་གཞུང་སྲོང་བ་དང་། གསང་སྤྱོད་ལ་འཇུག་པའི་ཁང་པ་རིམ་གསུམ་བརྩིགས་པ་གནས་ཕུན་ཚོགས་དང་། གཟའ་སྐར་སྦྱོར་བྱེད་ཚེས་གྲངས་སོགས་ལེགས་པའི་དུས་ཕུན་ཚོགས། འཚོ་བ་ཟས། རྐྱེན་ཟློག་སྨན། སྒྲུབ་པ་རྫས། མཆོད་པ་རྫས་ཀྱི་ཡོ་བྱད་རྣམས་ཚང་བར་འདུ་བྱས་པ་ཡོ་བྱད་ཕུན་ཚོགས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །ཞེས་སོགས་ལྟར་རང་བཞིན་བརྒྱད་ལྡན་གྱི་སློབ་དཔོན་དང་། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། སོགས་ཡོན་ཏན་དྲུག་ལྡན་གྱི་འཁོར་ཏེ་སྟོན་འཁོར་དེ་གཉིས་སྒྲུབ་པ་པོ་ཕུན་ཚོགས་ཞེས་གཅིག་ཏུ་བསྡུས་ཏེ། དེ་ལྟ་བུའི་འདུས་པ་ཆུང་འབྲིང་ཆེན་པོ་ཇི་ལྟར་ཚོགས་པ་དང་། བསྙེན་སྒྲུབ་རྣམ་པ་བཞིའི་སྲོལ་དུ་ཚུད་པ་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་སྟེ་ལྔའོ། །གཉིས་པ་ནི། སྒྲུབ་དུས་ཀྱི་བསྙེན་སྒྲུབ་བཞིའི་དང་པོ་བསྙེན་པ་ལའང་སྔོན་དུ་བྱ་བའི་དང་། བྱ་བ་ལས་ཀྱི་བསྙེན་པ་གཉིས་ལས། དང་པོ་ནི། སྔར་སྤྲོས་བཅས་མན་ཆད་ཀྱི་ཏིང་འཛིན་བཞི་མཐར་ཕྱིན་པར་བསླབས་པ་དེ་ཉིད་དོ། །གཉིས་པ་ནི། ས་ཆོག །སྟ་གོན། བཤགས་སྐོང་། མཚམས་གཅོད། དཀྱིལ་འཁོར་བྲི་ཞིང་རྒྱན་བཀོད་པ་རྣམས་སྔོན་དུ་བཏང་སྟེ། གྲལ་ཚུལ་གྱི་ཕྱག་ནས་རྟགས་གདབ་པར་བྱ། དེ་ནས་ཏིང་འཛིན་གསུམ་དང་། དཀྱིལ་འཁོར་དང་། ལས་རིམ་གྱི་ཏིང་ངེ་འཛིན་ལྔ་པོ་བསྒོམ་ལ་འཛབ་ཁ་ཕྱེ་ནས་གསལ་བ་གསུམ་ལྡན་གྱི་འཛབ་བཟླ། དཀྱིལ་འཁོར་ཕྱེ་བ་དེ་རང་ལ་བསྟིམ་ཞིང་ཚོགས་མཆོད་སོགས་བྱེད་པ་ནུབ་དང་པོའི་བསྙེན་པ་སྟེ་བསྙེན་པའི་ཡན་ལག །ལས་རིམ་དེ་དང་མཐུན་པས་འདབ་ཀྱི་ཚ་འོད་ཟེར་དཀར་པོའི་སྤྲོ་བསྡུས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱ་བ་ལ་ཅི་ཙམ་སྒྲུབ་པའི་དུས་ཀྱི་ཕྱེད་ཚུན་ཆད་བརྩོན་པ་ཉེ་བསྙེན་གྱི་ཡན་ལག །ཕྱེད་ཕྱི་མར་འོད་ཟེར་དམར་པོའི་སྤྲོ་བསྡུས་དངོས་གྲུབ་དབང་དུ་བྱ་བ་སྒྲུབ་པའི་ཡན་ལག །དངོས་གྲུབ་ཀྱི་མཚན་མ་ཡིན་ཆེས་པ་བྱུང་བ་ན་འོད་ཟེར་མཐིང་ཁས་དངོས་གྲུབ་བསྡུ་ཞིང་ལྷ་དང་རྫས་དང་ཡུམ་གྱི་མཁའ་རྣམས་ལས་དངོས་གྲུབ་བླང་བ་སྒྲུབ་ཆེན་གྱི་ཡན་ལག་གོ། །རྒྱུད་ཉིད་ལས་ཚོགས་སྒྲུབ་སྟོན་པ་ན་ཞེན་མེད་ཀྱི་ངང་ནས་འདོད་ཡོན་གྱི་ཡོ་བྱད་ལྔ་ལ་ལོངས་སྤྱོད་ཚུལ་འབའ་ཞིག་རྩལ་དུ་བཏོན་ནས་གསུངས་པས་ཚོགས་སྒྲུབ་ཀྱི་དོན་པོ་ནི་བདེ་ཆེན་གྱི་ཡེ་ཤེས་རྒྱས་པའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་རྟོགས་པ་འབར་ཞིང་བརྟན་པ་ལ་བྱེད་དགོས་ཏེ། དེའི་མཐུས་ཏིང་ངེ་འཛིན་སྔ་མ་བཞིའི་རྒྱུན་ཡང་ཤིན་ཏུ་ཁྱད་ཞུགས་པར་འགྱུར་བས་བོགས་འདོན་དུ་འགྲོ་ལུགས་དང་། དངོས་གྲུབ་མྱུར་དུ་འགྲུབ་པའི་རྒྱུ་མཚན་གཉིས་ཀ་དེ་ཡིན་ནོ། །སྤྱིར་བདེ་བ་དང་། ཁྱད་པར་ཞུ་བདེ་ལམ་བྱེད་ལ་རྫོགས་རིམ་གྱི་མ་ཁྱབ་པ་ནི་གྲགས་ཆེ་བས་མ་ཕྱེའོ། །འགྲེལ་པ་རྣམས་སུ་དངོས་གྲུབ་བླང་བའི་སྐབས་མ་གཏོགས་པར་ཨ་ལི་ཀ་ལིའི་ཡོ་བྱད་ལ་སྤྱོད་ཚུལ་གསལ་བར་མ་སྨོས་ཀྱང་། མེད་པ་མིན་ཏེ། སྒྲུབ་ཐབས་ཀྱི་མཆོད་པའི་ནང་དུ། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །ཞེས་སོགས་འབྱུང་བ་ལས་ཤེས་པའི་ཕྱིར་རོ། །གསུམ་པ་ནི། བརྩོན་འགྲུས་དྲག་པོས་བསྒྲུབས་པས་ཟླ་དྲུག་ལ་སོགས་པའི་དུས་ངེས་པ་ཅན་ན་ཕྲ་ཡང་སོགས་ཀྱི་ཡོན་ཏན་དང་ལྡན་པའི་རིག་འཛིན་གྱི་ལུས་འདོད་གཟུགས་གང་རུང་གི་ལྷ་དང་རྗེས་སུ་མཐུན་པར་ཐོབ་སྟེ། འདོད་གཟུགས་ཀྱི་རིག་འཛིན་གཉིས་གང་འཐོབ་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་ཁྱད་པར་གྱིས་ཡིན་ཞེས་གསུང་ངོ་། །འདི་ལྟ་བུའི་རིག་འཛིན་ནི་ཐུན་མོང་གི་དངོས་གྲུབ་ཆེན་པོའོ། །ལམ་རིམ་ལས་ཞི་བའི་ཚོགས་སྒྲུབ་ཀྱིས་རབ་ཟླ་བ་དྲུག་དང་། ཐ་མས་ལོ་གཅིག་ཟླ་བ་བཞིན་དང་། ཁྲོ་བོས་རབ་ཟླ་བ་གཉིས་དང་། ཐ་མས་དྲུག་ན་འགྲུབ་པ་སོགས་ཀྱི་ཁྱད་གསུངས་པ་ལ་འཛབ་འཐོར་འདྲིལ་གྱི་ཁྱད་དུ་བཞེད་པའང་ཡོད་མོད་ཀྱི། ཕལ་ཆེར་སྣང་སྟོན་གྱི་བཞེད་པ་ལྟར་ཁྲོ་བོ་བར་ཆད་འདུལ་བ་དང་། དྲག་ཅིང་མྱུར་པའི་ཕྲིན་ལས་ཀྱི་ལྷར་བཞེངས་པའི་རྒྱུ་མཚན་གྱིས་ཡིན་བྱས་ན་བདེ་ཞིང་། དངོས་གྲུབ་ཀྱི་ཕོ་ཉའི་དབང་གིས་ཀྱང་ཁྱད་ཅུང་ཟད་ཞུགས་སམ་སྙམ་མོ། །མ་ཧཱ་ཱཡོ་གའི་རྒྱུད་གཞན་ལས་ཚོགས་སྤྱོད་ཀྱི་མཐར་ཐུན་མོང་གི་གྲུབ་པ་ཆེན་པོ་སྒྲུབ་པ་ལ་ད་དུང་སྦྱིན་སྲེག་དང་འཁྲུལ་འཁོར་སོགས་པར་དུ་བརྒྱུད་དགོས་པར་གསུངས་ཤིང་། འདིར་དེ་དག་ལ་མི་ལྟོས་པར་ཚོགས་སྒྲུབ་ཀྱི་དུས་ཉིད་དུ་རིག་འཛིན་འགྲུབ་པར་གསུངས་པ་ནི། སྔ་མ་བསྐྱེད་རིམ་ཅུང་ཟད་བརྟན་པ་དང་། ཕྱི་མ་ཆེར་བརྟན་པའི་དབང་དུ་བྱས་པར་བཞེད་པ་ཡོད་ཀྱང་ཕྲ་མོའི་རྣལ་འབྱོར་མཐའ་ཕྱིན་པའི་ཚོགས་སྤྱོད་པས་ཀྱང་སྔ་མ་ལྟར་བྱེད་པར་བཤད་པས་སྒྲུབ་ལུགས་ཀྱི་ཁྱད་ལྟ་བུའི་འབྱེད་དགོས་སམ་བརྟག་པར་བྱའོ། །ཕྱག་རྒྱའི་ཏིང་ངེ་འཛིན་གོང་འོག་འདི་དག་ཐམས་ཅད་དུ་ལྟ་བའི་སྐབས་སུ་བཤད་པའི་རང་སྣང་རིས་མེད་ཀྱི་གོ་དོན་སྲོག་ཏུ་དྲན་པར་བྱ་སྟེ། སློབ་དཔོན་ཡེ་ཤེས་ཞབས་ཀྱི་གཞུང་ལས་བསྐྱེད་རིམ་གྱིས་ཡུལ་དུས་ཚད་ཅན་འཇོམས་པར་གསུངས་པའང་འདི་དང་ཚུལ་མཚུངས་ལ། རང་སྣང་རིས་མེད་ཀྱི་དཀྱིལ་འཁོར་ལ་གྲངས་ཚད་དང་ཞལ་ཕྱག་སོགས་གཅིག་ཏུ་ངེས་པ་མེད་ཀྱང་སྒྲུབ་ཐབས་སུ་ངེས་པ་ལྟར་མ་བསྟན་ན་དོན་དེ་ལ་རྣམ་པ་གསལ་བ་དང་ང་རྒྱལ་བརྟན་པ་སོགས་ཀྱི་ཏིང་ངེ་འཛིན་སྐྱེད་མི་ནུས་པས་དེ་ལྟར་བསྟན་ཅེས་བདེ་ཤེགས་འདུས་པ་ལས་གསུངས་སོ། །དེ་འདྲ་བའི་ཏིང་ངེ་འཛིན་ལྔ་ནི་བསྐྱེད་རིམ་ཁོ་ནའི་དབང་དུ་བྱས་པ་ཡིན་ལ། རྫོགས་རིམ་གྱི་ཏིང་ངེ་འཛིན་ལྔ་ནི། དང་པོར་ཆོས་དང་ཆོས་མིན་གྱི་བྱ་བ་གཞན་བཏང་སྟེ། ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འདུག་ལ། སེམས་ཀྱི་གནད་བཞག་ཐབས་གཉིས་གང་རུང་ལ་གནས་པར་བྱ་སྟེ། བཞག་ཐབས་གཉིས་ནི། བློ་ཆེ་བ་ཤེས་རབ་ཀྱི་དང་། བློ་ཆུང་གདམས་ངག་གི་སྟོབས་ཀྱིས་འཇོག་པ་གཉིས་ཏེ། དང་པོ་ལའང་། སྤྲོས་བྲལ་གྱི་ཆོས་ཉིད་ལ་སེམས་འཇོག་གོ་སྙམ་པ་དྲན་ཙམ་གྱིས་རིག་པ་ཡུལ་མེད་དུ་སལ་ལེར་འཇོག་པ་རིག་པ་སྤྱི་བླུགས་སུ་དང་། སྔར་གཏན་ལ་ཕབས་པའི་ལྟ་བ་དྲན་པར་བྱས་ནས་དེའི་ངང་ལ་གསལ་བ་སོ་མ་ཤོར་ཙམ་དུ་འཇོག་པ་མཐོང་བའི་རྗེས་ལ་འཇོག་པ་གཉིས་ཡོད་ཅིང་། ཕྱི་མ་ནི་ནང་དུ་རང་སེམས་ཀྱི་ངོ་བོ་ལ་བལྟས་པ་ན་ཅིར་ཡང་མི་མཐོང་ཞིང་དེའི་ངང་ལ་མ་བཅོས་པར་འཇོག་པ་སྟེ། གསུམ་ཀ་སེམས་ཀྱི་དེ་ཉིད་ལ་འཇོག་པར་ཁྱད་མེད་ཀྱང་འཇོག་བྱེད་ཀྱི་ཐབས་སམ་སྒོ་མི་འདྲ་བ་ལས་དབྱེའོ། །གང་ལྟ་ཡང་རྩེ་གཅིག་ཏུ་དང་། བར་མ་ཆད་པར་བསླབ་པས་གཟུང་འཛིན་རགས་པ་དང་བྲལ་བའི་འོད་གསལ་ནམ་མཁའ་ལྟ་བུ་མངོན་དུ་གྱུར་ནས་སྟོང་གཟུགས་ཞེས་སྟོང་པ་འོད་གསལ་གྱི་ཆར་གྱུར་པའི་གཟུགས་སྣང་ངམ་སྟོང་པ་འོད་གསལ་གྱི་གཟུགས་བརྙན་ལྟ་བུའི་སྣང་བ་སྒྱུ་མའི་གྲོང་ཁྱེར་ལྟར་དབྱིབས་དང་ཁ་དོག་གི་རྣམ་པ་ཅན་མཐའ་ཀླས་པ་འཆར་ཏེ། གོམས་པ་ཡུན་བསྲིང་བས་འོད་གསལ་ཇེ་འཐུག་ཏུ་འགྲོ་ཞིང་། ཇི་ཙམ་འཐུག་པའི་རིམ་པ་ལྟར་སྟོང་གཟུགས་དེ་དག་ཇེ་དྭངས་ཇེ་གསལ་དང་ཆེར་མཆེད་པར་འགྱུར་རོ། །དེ་ལྟ་བུའི་འོད་གསལ་དེ་ལ་འཁྲུལ་པའི་ཀུན་རྟོག་གིས་སྟོང་པས་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་ཞེས་བྱ་སྟེ། འདིའི་ཚེ་སྟོང་གཟུགས་ཤར་བ་དེ་ལ་གཙོ་བོར་མི་བྱེད་པར་འོད་གསལ་རང་གི་བཞུགས་ཚུལ་མི་རྟོག་པའི་དབྱིངས་ལ་བསྲེ་བ་རྩལ་འདོན་བྱེད་པར་མངོན་ནོ། །དེ་བྱང་བར་གོམས་པ་ན་འོད་གསལ་རྒྱ་བསྐྱེད་དེ་སྣང་བ་དེ་རྣམས་ལ་བསྲེས་ནས་རྩེ་གཅིག་ཏུ་བཞག་པས་རིས་མེད་ཀྱི་སྣང་བ་སྔར་ལས་ཀྱང་ཆེར་མཆེད་ཅིང་། དེ་ཐམས་ཅད་ཐུན་མོང་མ་ཡིན་པའི་དམིགས་མེད་ཀྱི་སྙིང་རྗེའམ་མི་དམིགས་པའི་བདེ་བའི་ཡོ་ལང་འབའ་ཞིག་ཏུ་འཆར་བར་འགྱུར་ཏེ། དེ་བརྟན་པའི་ཚེ་སྟོང་གཟུགས་ལ་ལས་རུང་གི་ཡོན་ཏན་ཁྱད་པར་ཅན་ཐོབ་པས། རྐྱེན་ཅུང་ཟད་ཙམ་གྱི་རྫོགས་རིམ་པའི་ལྷ་སྐུ་ཕྱག་རྒྱ་གཅིག་ཏུ་སྒྱུར་ནུས་པ་ཡིན་ནོ། །མཉམ་བཞག་ཏུ་དེ་ལྟར་རྩལ་འབྱོངས་པས་དེ་ལས་ལང་བ་ནའང་འགྲོ་བ་ཐམས་ཅད་སྟོང་གཟུགས་བཞིན་དུ་བདེ་ཆེན་སྙིང་རྗེའི་རོལ་བ་སྒྱུ་མ་ལྟ་བུར་འཆར་ཏེ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་རོ། །དེ་ནས་བསྐྱེད་རྫོགས་ཟུང་འབྲེལ་བྱེད་ཚེ་ཀུན་བཟང་ཡབ་ཡུམ་ལྟ་བུའི་བསྐྱེད་རིམ་གྱི་ཏིང་ངེ་འཛིན་དང་། གང་ལྟར་ཡང་འཕེན་པའི་རྐྱེན་ལ་བརྟེན་ནས་སྟོང་གཟུགས་དེ་ཐམས་ཅད་ལྷ་སྐུ་ཕྱག་རྒྱ་གཅིག་པའི་རྣམ་པར་སད་པ་ནི་རྒྱ་གཅིག་གི་རྣལ་འབྱོར་ཏེ། སྟོང་གཟུགས་ཀྱི་ལྷ་སྐུ་ཇི་སྙེད་ཤར་ཡང་ཀུན་བཟང་ཡབ་ཡུམ་ལྟ་བུ་གཅིག་གི་རྣམ་པ་ཅན་དུ་མཚུངས་པས་དེ་ལྟར་བརྗོད་ཀྱི། སྟོང་གཟུགས་ཀྱི་སྐུ་གཅིག་ལས་མི་འཆར་བ་ནི་མིན་པ་འདྲའོ། །བཀའ་སྲོལ་འདི་ལས་རྒྱ་གཅིག་གི་འགོ་བརྩམས་པ་ནས་ཟུང་འཇུག་གི་ལྷ་སྐུ་ཡིན་ཞེས་འབྱུང་བ་ནི་ཏིང་ངེ་འཛིན་དང་པོའི་སྟོང་པ་དང་གཉིས་པའི་སྙིང་རྗེ་ཟུང་འཇུག་ཏུ་སོང་བ་ཙམ་ལ་དགོངས་ཀྱི། ཟུང་འཇུག་གི་སྐུ་དངོས་མིན་ནོ། །དེ་ནས་དཀྱིལ་འཁོར་དང་ཚོམ་བུའི་འཁོར་ལོ་སྤྲོ་བའི་བསྐྱེད་རིམ་གྱི་རྐྱེན་ཅུང་ཟད་ལས་སྟོང་གཟུགས་ཀྱི་ལྷ་གཙོ་འཁོར་དང་ཚོམ་བུའི་རྣམ་པ་མཐའ་ཡས་པ་དང་། དེ་དག་རེ་རེ་ལའང་གྲངས་སྤྲོ་བའི་སྐབས་ལྟར་གྲངས་མེད་པ་མ་འདྲེས་ཡོངས་རྫོགས་སུ་འཆར་བ་ནས་བཟུང་མཐར་ཕྱིན་པའི་བར་ནི་ཕྱག་རྒྱ་སྤྲོས་བཅས་ཏེ། དེ་ལྟར་ཏིང་ངེ་འཛིན་སྔ་མ་བཞིའོ། །ཕྱག་རྒྱ་སྤྲོ་བའི་བསྐྱེད་རིམ་གྱི་སྐབས་འདིར། ཕུང་ཁམས་སོགས་རྟོགས་ཚོགས་ཐམས་ཅད་ལྷར་སྦྱོང་བའི་ཆེད་དུ་སངས་རྒྱས་ཞེ་གཉིས་ཀྱི་དཀྱིལ་འཁོར་སྒོམ་པ་དང་། ཕུང་སོགས་ཀྱི་ཆ་རེ་རེ་ཡང་རྣམ་དག་གི་ཡོན་ཏན་ཐམས་ཅད་པར་སྒྲུབ་པའི་ཆེད་དུ་ལྷ་དེ་དག་རེ་རེ་ཞིང་ཡང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཚང་བར་སྒོམ་པ་དང་། དེ་ལྟར་དག་པ་གཅིག་ཀྱང་དག་པ་ཐམས་ཅད་ཀྱི་བདག་ཉིད་དུ་འགྱུར་བའི་ཚུལ་དེའང་རྟོགས་ཚོགས་ཐམས་ཅད་མི་ཤིགས་པའི་སྲོག་དང་ལྡན་པ་རྒྱུ་མཚན་དུ་བཟུང་བའི་སྟེང་ནས་སྒོམ་པའི་ཆེད་དུ་ལུས་ལ་བཀོད་པའི་ལྷ་ཐམས་ཅད་སོ་སོར་ཡེ་ཤེས་སེམས་དཔའ་དང་ལྡན་པར་དམིགས་པ་སོགས་ཡིན་པས། ལྷ་རྟོག་དབྱེར་མེད་དུ་ཤེས་པ་ནི་བསྐྱེད་རྫོགས་ཀྱི་ལམ་གནད་གཅེས་ཤོས་ཞིག་ཏུ་སྣང་ངོ་། །དེ་དག་སྒོམ་པའི་རྗེས་ཐོབ་ཀྱི་སྐབས་རྣམས་སུའང་མཉམ་བཞག་གི་རྣལ་འབྱོར་གང་ཡིན་དེས་སྣང་སྤྱོད་ཐམས་ཅད་རྒྱས་བཏབ་ནས་རྣལ་འབྱོར་དེ་དང་མི་མཐུན་པའི་རྣམ་རྟོག་སྡོམ་པའམ་གནད་གཅིག་སྟེ་འདི་ནི་ལ་དོར་བ་སྤྱོད་པའི་ཐད་ན་གསལ་ལོ། །དེ་བཞིན་དུ་ཉིན་མོ་ཏིང་ངེ་འཛིན་གང་ལ་སློབ་པ་དེ་ཉིད་མཚན་མོའི་རྣལ་འབྱོར་དུ་འཁྱེར་ཚུལ་ཡང་རྒྱུད་འགྲེལ་ལས་སྟོང་ཆེན་གྱི་སྐབས་སུ་སད་པའི་དུས་ཀྱི་འོད་གསལ་དང་མཚན་མོའི་གཉིད་འཐུག་གི་འོད་གསལ་གཉིས་སྦྲེལ་ཏེ་ཉམས་སུ་ལེན་པ་དང་། སྙིང་རྗེ་སྒྱུ་མའི་སྐབས་སུ་ཉིན་སྣང་དང་རྨི་ལམ་གྱི་སྣང་བ་ཐམས་ཅད་སྒྱུ་མར་མཐོང་ཞེས་འབྱུང་བས་རྣལ་འབྱོར་དང་པོ་གཉིས་ཀྱིས་གཉིད་དང་རྨི་ལམ་སྦྱོང་ཚུལ་གསལ་བར་བསྟན་ཅིང་། ཚུལ་དེས་རྨི་ལམ་གྱི་སྙིང་རྗེ་སྒྱུ་མ་ཕྱག་རྒྱ་གཅིག་སྤྲོས་སུ་བསྒྱུར་ནས་སྒོམ་པའང་གོ་ནུས་ལ། སྔར་ལམ་རིམ་དྲངས་པར། འཆི་བ་དོན་དམ་བདེན་པ་སྟེ། །སོགས་ཀྱིས་འཆི་བ་དང་སྟོང་ཆེན་བསྲེ་བ་དང་། བར་དོ་སྙིང་རྗེ་སྒྱུ་མ་དང་བསྲེ་བ་སོགས་ཀྱང་ལེགས་པར་ཐོན་པས་བསྲེ་བའི་མན་ངག་ཅེས་པའི་མིང་མ་བཏགས་ཀྱང་དོན་ཚང་བ་ཡིན་ནོ། །འོན་ཀྱང་འདིར་རྨི་ལམ་དང་བར་དོའི་ཕྱག་རྒྱ་གཅིག་སྤྲོས་སད་པ་དང་སྐྱེ་བ་སྦྱོང་བྱེད་ཀྱང་ཡིན་པས་གཞན་དང་མི་འདྲའོ། །དེའང་ལྟ་བའི་སྐབས་སུ་གཏན་ཚིགས་རྣམས་ལ་བརྟེན་ནས་སེམས་དང་ཡེ་ཤེས་ཐུན་མོང་གི་སྣང་བ་རགས་པ་རྣམས་ལ་ཡེ་ཤེས་ཀྱི་རང་སྣང་ཁོ་ནའི་ཕྱོགས་བཟུང་སྟེ་བལྟས་པས་གྲུབ་མཐའ་འོད་གསལ་མངོན་སུམ་དུ་སད་པ་ནི་ཡེ་ཤེས་ཀྱི་སྣང་བ་ཐུན་མིན་དངོས་སུ་སྐུལ་བའི་སྒོ་དང་པོ་ཡིན་ཏེ། འདིར་ཡེ་ཤེས་ཀྱི་སྣང་བ་ཐུན་མིན་ནི་སྟོང་གཟུགས་ལ་བྱའོ། །དེ་འདྲའི་སྣང་བ་དེ་ཏིང་ངེ་འཛིན་དང་པོར་མཐོང་ནས། གཉིས་པར་ཇི་ལྟར་མཐོང་བ་དེ་ལ་དབང་སྒྱུར་བསྒྲུབ། གསུམ་པ་ནས་ལྷ་སྐུར་བསྒྱུར་ཏེ་རྩ་ལ་སྦྱང་བས་གནས་ལུགས་ངོ་བོ་ཉིད་ཀྱི་གཞིའི་སྟེང་ན་ཤིན་ཏུ་ཕྲ་བའི་སྣང་བ་རྣམ་པ་ཐམས་ཅད་པ་སྤྲོ་བའི་ནུས་པ་ཡོད་པ་དེ་ཡེ་ཤེས་ཀྱི་རླུང་གིས་བསྐུལ་ནས་གསལ་བར་སད་ཅིང་། གཞིའི་ཡོན་ཏན་དང་ཤེས་འཇུག་གི་ལམ་མ་བུ་འཕྲོད་དེ་གཅིག་གྲོགས་གཅིག་གིས་བྱས་ནས་ཡེ་ཤེས་རང་སྣང་གི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དངོས་གནས་པ་འགྲུབ་པའི་ནུས་པ་བདེ་བླག་ཏུ་རྫོགས་པར་འགྱུར་བ་ནི་སྒྱུ་འཕྲུལ་དྲྭ་བའི་ལམ་གནད་ཆེན་པོ་སྟེ། ཐབས་གྲོལ་གཉིས་ཀའི་སྐབས་སུ་རྟོགས་དཀའི་མདུད་པ་འདི་ལས་འགྲོལ་དཀའ་བ་མེད་པས་རྩལ་ཅི་ཡོད་ཕྱུང་ནས་སེམས་པ་གཅེས་སོ། །རྒྱ་སྤྲོས་མཐར་ཕྱིན་ནས་རྣལ་འབྱོར་པའི་འབྱོར་པ་དང་དབང་པོའི་རིམ་པ་བཞིན་དུ་འདུས་པ་ཆེ་འབྲིང་ཆུང་དུ་ཅི་རིགས་ཀྱི་ཚོགས་སྒྲུབ་བམ་ཡང་ན་སྟོང་གཟུགས་ཀྱི་ལྷ་མོ་འབའ་ཞིག་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་བསྒྲུབས་ཏེ་ཟག་མེད་ཀྱི་ལམ་ལ་སྦྱོར་བ་ནི་ཚོགས་སྒྲུབ་ཀྱི་ཏིང་ངེ་འཛིན་དང་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཚོགས་སྒྲུབ་ཀྱི་སྐབས་སུའང་རྒྱ་སྤྲོས་ཀྱི་ཏིང་ངེ་འཛིན་ཕུལ་དུ་བྱུང་བ་ཡོད་མོད་ཀྱི། ཏིང་ངེ་འཛིན་ལྔར་ཕྱེ་བའི་བཞི་པ་ནི་མ་ཡིན་ཞིང་། དེས་སྟོང་ཆེན་སོགས་གཞན་ལའང་ཤེས་པར་བྱའོ། །ལེའུ་དགུ་པ་རྩ་འགྲེལ་གྱི་ཚིག་ཟིན་ལ་འབྲས་བུ་རིག་འཛིན་འགྲུབ་པའི་དུས་བསྟན་པ་འབྱུང་བ་ནི་རྫོགས་རིམ་གྱི་ཚོགས་སྒྲུབ་འདི་ཉིད་ཀྱི་དབང་དུ་མཛད་པ་ཡིན་ནོ། །དེར་ཚོགས་སྒྲུབ་ཀྱི་དུས་སུ་ལྷ་ཚོམ་བུ་གཅིག་པ་དང་གསུམ་པ་སོགས་གང་བསྒོམ་གྱི་ཁྱད་པར་ལས་འབྲས་བུ་དམན་མཆོག་གི་ཁྱད་འཇུག་པར་བཤད་པ་ནི་རྒྱ་གཅིག་དང་ཚོགས་སྒྲུབ་ཀྱི་བར་དུ་སྤྲོས་བཅས་བོར་བའི་ཐོད་རྒལ་བ་ཡོད་པར་བཤད་པས་དེ་ལྟ་བུ་ལ་སྦྱར་དགོས་སམ་དཔྱད་དོ། །ཤེས་འཇུག་གི་མཚན་ཉིད་དེ་དག་ལ་ཚོགས་སྦྱོར་གྱི་ལམ་གཉིས་ཀྱི་རྣམ་བཞག་བྱ་བའི་ཚུལ་ནི། སྡོམ་ཊཱིཀ་སྙེ་མར་བསྐྱེད་རིམ་པའི་ཚོགས་སྒྲུབ་ཀྱིས་འདོད་གཟུགས་ཀྱི་རིག་འཛིན་གྲུབ་པའི་བར་རྣམས་ཚོགས་ལམ་དང་། རྫོགས་རིམ་ལ་ཞུགས་པ་ནས་སྦྱོར་ལམ་དུ་འཇོག་པར་བཤད་པ་སྔར་བརྗོད་པའི་རིམ་གཉིས་ལ་སློབ་ཚུལ་ཕྱི་མ་དང་འགྲིགས་ཤིང་། ཡོངས་གྲགས་ཀྱི་བཤད་སྒྲོས་དང་ཡང་མཐུན་པར་བཟུང་བདེ་མོད། བསྐྱེད་རྫོགས་སྦྲག་ནས་སྒོམ་པའི་ཕྱོགས་ལ་རྣམ་བཞག་གཞན་དགོས་པས་སྒྱུ་འཕྲུལ་རང་གི་བཤད་སྒྲོས་སུ། ཚོགས་རྫོགས་ལམ་གྱི་རྣལ་འབྱོར་བཞི་དང་། སྦྱོར་ལམ་ཚོགས་སྒྲུབ་ཅེས་གྲགས་ཆེ་བ་ལྟར་དགོས་སོ། །སྔགས་བླ་མེད་ཀྱི་ཚོགས་ལམ་ལ་བསྒོམ་སྟོབས་ཀྱིས་རླུང་སེམས་དབུ་མར་ཚུད་པ་ལས་བྱུང་བའི་རྫོགས་རིམ་གྱི་རྣལ་འབྱོར་དུ་མ་ཞིག་ཡོད་པར་ཡིད་བཞིན་མཛོད་རྩ་འགྲེལ་སོགས་མང་པོ་ལས་ཆེས་གསལ་བར་གསུངས་པའང་ཕྱོགས་འདི་ལ་འཐད་དོ། །དེའང་ཇི་སྲིད་བཅོས་ཤིང་བརྟགས་པའི་རྣལ་འབྱོར་ལ་ལྟོས་པ་དེ་སྲིད་དུ་ཚོགས་ལམ་པ་ཡིན་ལ། རང་བཞིན་གྲུབ་པའི་རྣལ་འབྱོར་རམ་མ་བཅོས་པའི་རྣལ་འབྱོར་འབའ་ཞིག་ཏུ་སོང་བ་ན་སྦྱོར་ལམ་པར་འཇོག་སྟེ། ཚོགས་ལམ་དུ་འཇོག་པ་བཅོས་མའི་རྣལ་འབྱོར་གྱི་ཆ་ནས་ཡིན་ཀྱང་། ཚོགས་ལམ་པའི་རྒྱུད་ཀྱི་མ་བཅོས་པའི་རྣལ་འབྱོར་རྣམས་ཚོགས་ལམ་དུ་འཇོག་པ་མི་འགལ་ལོ། །འདིས་རྫོགས་རིམ་ལ་དང་པོར་འཇུག་པའི་སྔོན་དུ་བསྐྱེད་རིམ་མཐར་ཕྱིན་པ་མ་སོང་བའི་གནད་ཀྱིས་རྫོགས་རིམ་པའི་རྒྱ་སྤྲོས་གྲུབ་པའི་འོག་ཏུའང་བསྐྱེད་རིམ་ལ་བརྟེན་ནས་སྤྲོ་བསྡུའི་རྩལ་སྦྱང་དགོས་པས་རྣལ་འབྱོར་སྔ་མ་བཞི་ཀ་ཚོགས་ལམ་དུ་འཇོག་པའི་རྒྱུ་མཚན་དེ་ཡིན་ནོ། །རྒྱ་སྤྲོས་ལས་བསམ་ཡས་ལྷུན་གྲུབ་སྤྲོ་བའི་ཐད་འདིར་ཞིབ་ཆ་ཅུང་ཟད་དགོས་སོ། །དེ་ལྟར་བྱས་ན་བསྐྱེད་རྫོགས་སྦྲག་མའི་ལུགས་འདིར་སོ་སྐྱེའི་སའི་རྫོགས་རིམ་གྱི་ཡོན་ཏན་ཕལ་ཆེར་ཚོགས་ལམ་ཉིད་དུ་རྫོགས་པར་འདོད་དགོས་ཤིང་། སྦྱོར་ལམ་ལ་དྲོད་སོགས་བཞིའི་དབྱེ་བ་བྱས་པའང་མ་མཐོང་བས་བླ་མེད་ཀྱི་རྒྱུད་སྡེའི་ལམ་གྱི་འགྲོས་གཞན་དང་མི་འདྲ་བ་ཆེས་ཆེ་བ་ཞིག་འོང་བར་གོ་སྟེ། ད་དུང་མཁས་པ་རྣམས་ཀྱིས་ཞིབ་ཏུ་བརྟག་དཔྱད་མཛད་པར་ཞུའོ། །རྒྱ་གཅིག་མན་ཆད་ཚོགས་ལམ་དང། སྤྲོས་བཅས་ནས་སྦྱོར་ལམ་དང་ལོ་ཚོད་བསྟུན་པར་འདོད་པ་སོགས་ཀྱང་ཡོད་དེ་འདིར་མ་བརྗོད་དོ། །གསུམ་པ་ལམ་གྱུར་གྱི་འབྲས་བུ་ནི། ལམ་དང་གང་ཟག་གཉིས་ལས། ལམ་ལ་མཐོང་སྒོམ་མཐར་ལམ་གསུམ་དང་། དེ་རྒྱུད་ལྡན་གྱི་གང་ཟག་ལ། རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྱི་གྲུབ། །ཅེས་པ་ལྟར་རིག་འཛིན་རྣམ་པ་བཞིའོ། དང་པོ་རྣམ་སྨིན་རིག་འཛིན་ནི། རྣམ་སྨིན་གྱི་ལུས་རྟེན་རགས་པ་དང་མ་བྲལ་བ། སེམས་ཡི་དམ་གྱི་ལྷ་སྐུར་སྨིན་པ། ལུས་རྒྱ་དང་བྲལ་མ་ཐག་ཕྱག་ཆེན་རིག་འཛིན་ལ་སྦྱོར་ངེས་པ་སྟེ་ཆོས་གསུམ་ལྡན་གྱི་མཐོང་ལམ་པའོ། །དེ་ཐོབ་པ་ན་མངོན་ཤེས་ལ་བརྟེན་ནས་གླིང་གཞིའི་འཇིག་རྟེན་ཙམ་དུ་འགྲོ་བའི་དོན་སྤྱོད་ནུས་པ་སོགས་ཡོན་ཏན་གཞན་མང་པོ་ཡང་འཐོབ་བོ། །འདི་ལ་རྣམ་སྨིན་གྱི་ལུས་རྒྱས་བཅིང་བའི་ཆ་ནས་དང་། སེམས་ལྷ་སྐུར་རྣམ་པར་སྨིན་པའི་ཆ་ནས་རྣམ་སྨིན་རིག་འཛིན་ཞེས་སྒྲ་བཤད་ཚུལ་གཉིས་ཡོད་གསུང་ངོ་། །ཚེ་དབང་རིག་འཛིན་ནི། ལུས་ཟག་མེད་དུ་གྱུར་པ། འཁོར་སྒྱུར་དང་འདོད་གཟུགས་ཀྱི་ལྷའི་གཙོ་བོ་ཆ་བྱད་ཅན་གྱི་མཐོང་ལམ་པ་སྟེ། རྫོགས་རིམ་གྱི་ལག་རྗེས་སུ་གྱུར་པའི་དབང་ཤེས་ཉི་ཤུ་རྩ་ལྔ་དང་། སྤྱིར་གྲགས་པའི་མངོན་ཤེས་དྲུག་གིས་གླིང་བཞི་བྱེ་བ་ཕྲག་བརྒྱར་སེམས་ཅན་གྱི་དོན་བྱེད་པའོ། །འདིར་ཟག་མེད་ཅེས་པའི་ཟག་པ་ནི་བཞི་སྟེ། ཞེན་པ་ཕྱིན་ཅི་ལོག་གི་སྒྲོ་འདོགས་ཉོན་མོངས་པའི་དང་། ལུས་རང་དབང་མེད་པར་འདོར་བ་ལུས་ཀྱི་དང་། ཁམས་བདེ་མི་བདེ་རང་དབང་མེད་པར་འབྱུང་བ་ཁམས་ཀྱི་དང་། ལས་ཀྱིས་རང་དབང་མེད་པར་ལུས་ལེན་པ་སྐྱེ་གནས་ཀྱི་ཟག་པ་སྟེ་དང་པོ་རྩ་བ་དང་ལྷག་མ་གསུམ་ཡན་ལག་གོ། །དེ་ལ་རིག་འཛིན་དེ་གཉིས་ཀའང་དོན་གྱི་འོད་གསལ་མཚན་ཉིད་པ་ཐོབ་པ་དང་། རྩ་བའི་ཟག་པ་ཟད་པའི་སྤངས་རྟོགས་ཀྱི་ཆ་ལ་ཁྱད་མེད་ཀྱང་དབང་པོ་རྣོ་རྟུལ་གྱི་དབང་གིས་རགས་ལུས་ཡེ་ཤེས་ཀྱི་མེས་སྦྱང་ནུས་མ་ནུས་སམ་ཡན་ལག་གི་ཟག་པ་གསུམ་ཟད་མ་ཟད་ཀྱི་ཁྱད་པར་ལས་ཕྱེ་བར་ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་པ་དྲང་ནས་བཤད་དོ། །དེས་ན་གང་ཟག་གཅིག་གིས་རིག་འཛིན་འདི་གཉིས་ཀ་བགྲོད་པ་ནི་མི་སྲིད་དེ། མཐོང་ལམ་ལན་གཉིས་སུ་འཐོབ་པ་མེད་པའི་ཕྱིར་རོ། །ཕྱག་ཆེན་རིག་འཛིན་ནི། རྩ་བའི་ལུས་རྟེན་ཡི་དམ་གྱི་ལྷའི་རྣམ་པ་ཅན་མཚན་དཔེས་བརྒྱན་པ་དང་། སྤྲུལ་པའི་ལུས་རྔོན་བ་དང་སྨད་འཚོང་སོགས་སྣ་ཚོགས་པའི་གཟུགས་སུ་སྟོན་ཅིང་། ཚེ་དབང་ལས་ཀྱང་གསལ་བརྟན་དག་གསུམ་གྱི་ཁྱད་པར་འཕགས་པའི་མངོན་ཤེས་ཀྱིས་ལོངས་སྐུའི་ཞིང་དང་མཉམ་པར་འགྲོ་བའི་དོན་བྱེད་པ་སྟེ། འདི་ལ་སྒོམ་ལམ་ས་དགུའི་དབྱེ་བས་དེ་སྙེད་དང་། དགུ་པོ་དེ་ལ་རིགས་ལྔའི་གནས་སྐབས་ཀྱིས་ལྔར་མཛད་པའང་ཡོད་དོ། །ལྷུན་གྲུབ་རིག་འཛིན་ནི། མཐར་ལམ་པ་ཞེས་ས་བཅུ་པའི་ཁྱད་པར་ལམ་ལ་གནས་པ། སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་དང་རྗེས་སུ་མཐུན་པའི་ལུས་ཅན། རྟོགས་པ་དང་ཕྲིན་ལས་སངས་རྒྱས་ཉིད་དང་ཕྱོགས་མཚུངས་པའོ། །རིག་འཛིན་ཕྱི་མ་གཉིས་སུ་ལྷན་ཅིག་གནས་པ་དང་བག་ལ་ཉལ་གྱི་དྲི་མ་ཕྲ་མོ་སྤང་བར་གསུངས་པའི་དྲི་མ་རྣམས་ནི་ཤེས་སྒྲིབ་ཁོ་ན་ཡིན་ཏེ། ཉོན་སྒྲིབ་ཀུན་བརྟགས་ལྷན་སྐྱེས་མ་ཕྱེ་བར་མཐོང་ལམ་ནས་སྤང་བར་བཤད་པའི་ཕྱིར་རོ། །སློབ་ལམ་དུ་རིག་འཛིན་གཅིག་ལས་མ་བགྲོད་པར་སངས་རྒྱས་ཐོབ་པ་སོགས་ཀྱང་ཡོད་དེ། ཤིན་ཏུ་བློ་ཆེ་བ་འགའ་ཞིག་ཚེ་དབང་ནས་རྒྱ་ཆེན་དང་ལྷུན་གྲུབ་གཉིས་བོར་ནས་དང་། རྒྱ་ཆེན་ཙམ་བོར་ནས་དང་། རྒྱ་ཆེན་ནས་ལྷུན་གྲུབ་བོར་ཏེ་འཚང་རྒྱ་བའི་ཐོད་རྒལ་བ་བཤད་པའི་ཕྱིར་རོ། །དེ་དག་གི་དཀའ་བའི་གནས་ལ་དཔྱོད་པའི་སྒོ་ཅུང་ཟད་བཏོད་ན། འདི་དང་དུས་འཁོར་བའི་ལུགས་གཉིས་ལ་སྤྱིར་མི་འདྲ་བའི་ཁྱད་པར་ཆེ་ཡང་སྟོང་གཟུགས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་སྒྲུབ་པ་དང་། དེས་ཕུང་ཁམས་རགས་པ་སྦྱོང་ཚུལ་དགོངས་པ་མཐུན་པར་རྒྱལ་བ་གཡུང་སོགས་བཞེད་ལ། དེ་ལྟར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའང་བཞེད་དེ། སྒྱུ་འཕྲུལ་རྡོ་རྗེ་ལས། ས་དང་ས་ཡི་ཡོན་ཏན་རྣམས། །རྩ་རྣམས་ཀྱི་ནི་སྐྱེ་འབྲི་ལས། །རླུང་དང་བདེ་ཆེན་ལས་འདོད་དེ། །སྦྱང་གཞི་སྦྱོང་བྱེད་འཕེལ་དང་འགྲིབ། །སྲིད་དང་མྱ་ངན་འདས་འཕེལ་འགྲིབ། །རྣམ་བཞིའམ་གསུམ་མམ་ལྔ་འཁོར་ལོ། །གཉིས་གཉིས་ཀྱི་ནི་གཅིག་མ་རྫོགས། །ས་བཅུ་ཐ་མས་ཡེ་ཤེས་ས། །བཞི་པས་སྟེང་དང་འོག་ཏུ་གྲགས། །ཞེས་གསུངས་པ་ལ་བརྟེན་ནས་ཡིད་བཞིན་མཛོད་ཀྱི། འཁོར་ལོ་བཞི་ཡི་རླུང་སེམས་ལས་རུང་ཚེ། ལམ་བཞིའི་ཡོན་ཏན་རིམ་བཞིན་འཆར་བ་སྟེ། །དབུ་མའི་རྩ་མདུད་གཉིས་གཉིས་གྲོལ་བ་ལས། །ས་བཅུའི་ཡོན་ཏན་ནང་ནས་འཆར་བར་བཞེད། །ཅེས་པ་རྩ་འགྲེལ་དུ་འབྱུང་བ་རྣམས་འགྱུར་མེད་ཀྱི་བདེ་བས་རགས་ལུས་ཟ་ཚུལ་བཤད་པ་རྣམས་དང་རགས་བཤད་ཞིབ་བཤད་ཀྱི་ཁྱད་པར་མ་གཏོགས་དགོངས་པ་གཅིག་ཅེས་མཁས་གྲུབ་གོང་མ་འགས་གསུངས་སོ། །དེ་ལྟར་བྱས་ན་འདིར་འགྱུར་ཏེ། ཕྱག་རྒྱ་གཅིག་སྤྲོས་སུ་སྟོང་གཟུགས་ཀྱི་སྐུ་ཐོབ་ནས་དེ་འདྲ་བའི་ཕྱག་རྒྱའི་སྟོབས་ཀྱིས་བདེ་ཆེན་འདྲེན་པའི་ཆེད་དུ་ཚོགས་སྤྱོད་བྱེད་པ་ཡིན་ཞིང་། ནམ་མི་འགྱུར་བའི་བདེ་བ་སྐད་ཅིག་དང་པོ་ཐོབ་པ་ནས་ལུས་ཀྱི་བེམ་པོའི་ཆ་དག་པའི་མགོ་རྩོམ་པ་ཡིན་པས་རགས་ལུས་དྭངས་མར་སོང་བའི་ཚེ་དབང་རིག་འཛིན་དུ་འཇོག་ཆོག་གོ། །དབང་རྟུལ་ནི་ཕྱག་རྒྱ་ཆེན་པོ་གྲུབ་ནས་དེ་ལ་ཚོགས་ཀྱི་སྤྱོད་པས་རྗེས་ཆགས་བརྩམས་ཀྱང་མཆོག་བདེ་འདྲེན་མི་ནུས་པས་འཕགས་ལམ་ཐོབ་ཀྱང་སྙིགས་མའི་ལུས་དག་མ་དག་ཉིས་སུ་བྱུང་བར་འདོད་དགོས་སོ། །འདི་བས་མི་འགྱུར་བའི་བདེ་བ་ཐོབ་ནས་ཚེ་དེ་ལ་འཚང་རྒྱ་བས་ཁྱབ་ཀྱང་། སྟོང་གཟུགས་ཀྱི་སྐུ་མཚན་ཉིད་ཐོབ་པ་ཙམ་ལ་དེ་འདྲའི་སེམས་མེད་པར་བཞེད་དེ། རྣམ་སྨིན་རིག་འཛིན་གྱི་བཤད་པས་ཤེས་སོ། །རྣམ་སྨིན་པས་བར་དོར་རྒྱ་ཆེན་འགྲུབ་ལུགས་ནི། དེའི་འཆི་དུས་ཀྱི་ཤིན་ཏུ་ཕྲ་བའི་རླུང་དེ་དོན་གྱི་འོད་གསལ་མཚན་ཉིད་པས་གསེར་སྦྱང་ལྟར་དག་ཅིང་དྲི་མེད་ཀྱི་ཁམས་སུ་སྦྱངས་པ་དང་། སྔར་ནས་སྙིང་རྗེ་སྒྱུ་མ་སོགས་ཀྱིས་རྨི་ལམ་དང་སྲིད་པ་བར་དོའི་སྣང་ཞེན་སྐུ་དང་ཡེ་ཤེས་སུ་སྦྱངས་སྟོབས་ཀྱི་ཐོབ་པའི་སྟོང་གཟུགས་ཀྱི་སྐུ་ལ་གསལ་བརྟན་རྫོགས་པའི་རྟེན་འབྲེལ་གྱིས་འོད་གསལ་ལས་ལྡང་བ་ན་ཟུང་འཇུག་སྒྱུ་མའི་སྐུ་མཚན་དཔེས་བརྒྱན་པར་བཞེངས་པ་ལ་ཚེགས་མེད་པར་མངོན་ཏེ། ཚེ་དབང་ལས་རྒྱ་ཆེན་དུ་འཕོས་ཚེ་རགས་ལུས་ལྷའི་སྐུར་འགྲུབ་པ་ལའང་སྒྲུབ་ཚུལ་ཟུར་པ་མེད་དོ། །ཚེ་དབང་དང་དེས་ཐོབ་པའི་རྒྱ་ཆེན་ལྟ་བུར་སྟོང་གཟུགས་སྐུ་ཡང་གསལ་བརྟན་དག་གསུམ་ཕུལ་དུ་བྱུང་བ་ཡོད་མོད་ཀྱི། སྟོང་གཟུགས་མཉམ་བཞག་ཁོ་ན་དང་འབྲེལ་བས་སྟོང་གཟུགས་ཀྱི་རྟེན་ལ་འཚང་རྒྱ་ཞེས་མི་བྱའོ། །བར་དོའི་རྒྱ་ཆེན་ཐོབ་ན་སྒྱུ་ལུས་ཀྱི་རྟེན་དང་། ཚེ་འདིར་ཐོབ་ན་རགས་ལུས་དྭངས་མར་གྱུར་པའི་རྟེན་ལ་འཚང་རྒྱ་ཞེས་བྱའོ། །སྒོམ་ལམ་བར་ནས་བོར་ཏེ་མཐོང་ལམ་ནས་མི་སློབ་ལམ་དུ་འགྲོ་བའི་ལམ་ཐོད་རྒལ་བ་ནི་འདིར་ཡང་མི་འདོད་ཀྱི། ཕྱག་ཆེན་དང་ལྷུན་གྲུབ་བོར་ཏེ་ཚེ་དབང་ནས་འཚང་རྒྱ་བ་ཡོད་པར་བཤད་པ་སོགས་ནི་རྡོ་རྗེའི་ལུས་ཐ་མལ་པའི་ཆ་བྱད་ཅན་སོགས་རིག་འཛིན་གྱི་ལུས་རྟེན་མི་འདྲ་བ་གསུམ་གྱི་སྟེང་ནས་ཐོད་རྒལ་བརྩིས་ཏེ། ཤིན་ཏུ་དབང་རྣོ་ཁ་ཅིག་འགྱུར་མེད་ཀྱི་བདེ་བའི་སྐད་ཅིག་མ་ཐམས་ཅད་དཀྱུས་ཐོག་གཅིག་ལ་རྫོགས་པ་ལྟ་བུར་འདོད་དམ་གང་ཡིན་དཔྱད་པར་བྱའོ། །ཞར་བྱུང་ཀུན་མཁྱེན་ཆོས་རྗེའི་བཞེད་པའང་བསྟན་པར་བྱ་སྟེ། རྣམ་སྨིན་རིག་འཛིན་ནི་སེམས་ཡི་དམ་གྱི་ཕྱག་རྒྱར་སྨིན་པའི་མོས་སྤྱོད་པ་དང་། ཚེ་དབང་མཐོང་ལམ་པ། རྒྱ་ཆེན་ཙམ་ནི་འཕགས་ལམ་གྱི་རྟོགས་པ་དང་པོར་ཐོབ་པ་ནས་དང་། ཁྱད་པར་བསྒོམ་ལམ་པ། ལྷུན་གྲུབ་མི་སློབ་ལམ་པ་སྟེ་སེམས་ཀྱི་རྟོགས་པ་ལ་ལྟོས་ནས་བཞག་པ་དང་། རྣམ་སྨིན་གྱི་ལུས་རྟེན་ཁྱད་པར་ཅན་སོགས་རིག་འཛིན་གྱི་ལུས་ལ་ལྟོས་ནས་འཇོག་པའི་ཚུལ་གཉིས་ཏེ། ཚེ་རྒྱ་གཉིས་ལུས་དྭངས་མར་གྱུར་པ་དང་། སེམས་འཕགས་ལམ་ཐོབ་པའི་ཆ་ནས་རིམ་བཞིན་འཇོག་པས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་གསུངས་པ་དང་། གཉིས་པ་ཚེ་དབང་། གསུམ་པ་ཕྱག་ཆེན་ཞེས་པ་མི་འགལ་ཚུལ་ཡང་དེའི་སྟེང་ནས་གོ་སླའོ། །རྣམ་སྨིན་པ་ལ་འདིར་ཆོས་མཆོག་ཐོབ་ནས་ཚེ་དབང་ལ་སྦྱོར་བ་དང་། ཆོས་མཆོག་མ་ཐོབ་པར་ཤི་ནས་བར་དོར་ཕྱག་ཆེན་གྱི་སྐུ་འཐོབ་པ་གཉིས་ཏེ། སྔ་མས་རིག་འཛིན་བཞི་ཀ་འཐོབ་ཅིང་། ཕྱི་མ་ལ་གསུམ་ལས་མི་འཐོབ་བོ། །དེ་ལྟར་གཉིས་ཡོད་པ་བཞིན་དུ་དེ་དག་གིས་ཐོབ་པའི་མཐོང་ལམ་གཉིས་ཀྱང་ཁྱད་ཆེ་བས། ནུས་པ་ཐོབ་དང་མ་ཐོབ་པའི། །སོགས་ཀྱི་ལུང་དོན་ཡང་གནས་སོ། །ཕྱི་མ་འདིས་ཐོབ་པའི་མཐོང་ལམ་ནི་སེམས་ལ་ལྟོས་ཏེ་རྒྱ་ཆེན་རིག་འཛིན་དུ་རུང་ཡང་ལུས་ལ་ལྟོས་ཏེ་རིག་འཛིན་བཞིའི་གང་ཡང་མིན་ནོ། །ཆོས་མཆོག་མ་ཐོབ་པར་ཤི་ན་བར་དོར་རྒྱ་ཆེན་གྲུབ་པའི་རྣམ་སྨིན་པ་ནི་རྫོགས་རིམ་གྱི་རྟོགས་པ་ཆེར་བྱང་བ་དགོས་ཀྱི། བསྐྱེད་རིམ་བརྟན་པ་ཙམ་མིན་པར་སེམས་ཏེ། རྣམ་སྨིན་རིག་འཛིན་ལ་མཐོང་ལམ་པའི་སྒྲ་སྦྱོར་བའང་རྫོགས་རིམ་གྱི་ལྷག་མཐོང་རྙེད་པ་ཡན་ཆད་ཅིག་ལས་གཞན་ལ་འགྲིགས་དཀའ་བས། བསྐྱེད་རིམ་པའི་རྣམ་སྨིན་འཇོག་ན་ཕལ་པ་ཙམ་དུ་འདོད་པར་བྱའོ། །ལམ་རིམ་ལས། ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ནས། །ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་པ། །རྣམ་པར་སྨིན་ཞེས་དེ་ལ་བརྗོད། །ཅེས་སོགས་བཤད་པ་རྣམས་ཀྱིས་ཀྱང་རྣམ་སྨིན་རིག་འཛིན་ཤི་ནས་བར་དོར་ཕྱག་ཆེན་ལ་སྦྱོར་བ་ཞིག་སྟོན་ཡང་། རྣམ་སྨིན་རིག་འཛིན་ཡིན་ན་མ་ཤི་བར་དུ་ཕྱག་ཆེན་མི་འགྲུབ་པས་ཁྱབ་ཅེས་བསྟན་པར་མི་བཞེད་དོ། །ཚེ་འདིར་ཆོས་མཆོག་ཐོབ་མ་ཐོབ་ཅེས་པ་ནི་ཚོགས་སྤྱོད་བྱས་མ་བྱས་ལ་རིག་འཛིན་འཇིགས་མེད་གླིང་པ་བཞེད་དོ། །ཆོས་མཆོག་ནས་ཚེ་དབང་རིག་འཛིན་ལ་སྦྱོར་ཚུལ་མི་འགྱུར་བའི་བདེ་བའི་སྟེང་ནས་འགྲོ་བ་ཀུན་མཁྱེན་གྱི་བཞེད་པར་ཡང་གནས་པ་ནི་སྔར་བཤད་ཟིན་ལ། མི་འགྱུར་བའི་བདེ་བའི་མ་མཐའི་མཚམས་ལ་མོས་སྤྱོད་མཐོན་པོ་ནས་འཇོག་པ་སོགས་བཞེད་པ་མི་འདྲ་བ་ཡོད་ཀྱང་། བདེ་བ་དེའི་སྐད་ཅིག་དང་པོ་ཐོབ་པ་དང་འཕགས་ལམ་གྱི་དང་པོ་བརྙེས་པ་དུས་མཉམ་པའི་ཕྱོགས་དེ་ཀུན་མཁྱེན་གྱི་དགོངས་པར་གནས་ཏེ། དེའི་རྒྱུ་མཚན་དང་ལུགས་འདི་ཁོ་ན་བཞིན་དུ་མ་བྱས་ན་ལུང་རིགས་ཀྱི་གནོད་བྱེད་ཡོད་ཚུལ་སོགས་མ་སྤྲོས་ལ། ངེས་དོན་ཤིང་རྟ་ཆེན་པོ་སོགས་ལས་འགྱུར་མེད་ཀྱི་བདེ་བའི་སྐད་ཅིག་རྣམས་ཀྱི་དྷཱུ་ཏིའི་རྩ་མདུད་འཇིག་པར་བཤད་པའི་དོན་ནི་རྩ་མདུད་དང་དེ་འཇིག་ཚུལ་གཞན་ནས་བཤད་པ་དང་མི་འདྲ་བར་རྩ་འོད་དུ་དེངས་པ་ལ་བྱེད་དེ། དེའི་ཚུལ་ཡང་མ་སྤྲོས་སོ། །སྤྱིར་སྒྱུ་འཕྲུལ་མཁན་པོ་སྔ་རབས་པ་ཁ་ཅིག་རྣམ་སྨིན་རིག་འཛིན་ལུས་འདི་དང་བྲལ་ནས་ཕྱག་ཆེན་རིག་འཛིན་དུ་མ་སླེབ་པའི་སྐད་ཅིག་དེ་ལ་འཇོག་པར་འདོད། དེ་ལ་ཉེ་སྟོན་ཆོས་སེང་གིས། མི་འདོར་འགོད་པ་གཞན་གྱིའོ། །ཞེས་པའི་ལུང་དང་འགལ་བ་ལ་སོགས་པའི་སྐྱོན་བརྗོད་མཛད་ཀྱང་། འཆི་བའི་སྔ་རོལ་དུ་མཐོང་ལམ་ཐོབ་པ་ལ་རྣམ་སྨིན་པར་འཇོག་པ་རྣམས་ལས་འདི་ཉིད་ཟུར་ལུགས་གཞིར་བཞག་ལའང་བཟང་བར་སེམས་ཏེ། སྔ་མ་ལྟར་ན་དེ་འདྲའི་རྣམ་སྨིན་པ་དེས་སླར་མི་འགྱུར་བའི་བདེ་བ་ཐོབ་ནས་རྒྱ་ཆེན་ཚེ་འདིར་འགྲུབ་པའང་མེད་པར་སྒྲུབ་མི་ནུས་ལ། དེ་ཡོད་ན་ནི་རགས་ལུས་འདི་རྒྱ་ཆེན་དུ་འཁྱེར་བ་མེད་པས་རྣམ་སྨིན་དང་དེས་ཐོབ་པའི་རྒྱ་ཆེན་སོགས་ལྷག་མེད་མྱང་འདས་དང་། ཚེ་དབང་དང་དེས་ཐོབ་པའི་རྒྱ་ཆེན་སོགས་དེ་ལས་ལྡོག་པས་ལྷག་བཅས་མྱང་འདས་སུ་ཟུར་ལུགས་པར་རང་གིས་བཤད་པ་དང་འགལ་ཞིང་། སྟོང་གཟུགས་ཡེ་ཤེས་ཀྱི་སྐུ་སྔོན་ནས་གྲུབ་ཅིང་དོན་གྱི་འོད་གསལ་ཐོབ་ནས་ཉོན་སྒྲིབ་ཟད་པར་སྤངས་པའི་འཕགས་པ་ལས་ཀྱིས་འཆི་བའི་གཞན་དབང་དུ་འགྲོ་བ་སོགས་ཀྱང་ཁས་ལེན་བཟང་བར་མ་མཐོང་ལ། ལུགས་ཕྱི་མ་འདི་ལྟ་ན། སྦྱོར་ལམ་ཚོགས་སྒྲུབ་པ་ལ་ཕྱག་རྒྱ་ཆེན་པོའི་སྟོབས་ཀྱིས་མི་འགྱུར་བའི་བདེ་བ་གྲུབ་ནས་མཐོང་ལམ་པར་འགྱུར་བ་དང་། དེ་མ་གྲུབ་ཀྱང་འཆི་བའི་སྟོབས་ཀྱིས་འཐུག་པོའི་འོད་གསལ་གཉིས་སྣང་གི་སྤྲོས་པས་མི་ཤིགས་པ་ཐོབ་སྟེ་མཐོང་ལམ་པར་འགྱུར་བ་གཉིས་ལས་སྔ་མས་ཐོབ་པའི་མཐོང་ལམ་པ་དེ་ཚེ་དབང་དང་། གཉིས་པ་རྣམ་སྨིན་རིག་འཛིན་ཞེས་བཤད་པར་འགྱུར་ཏེ། དེ་ལྟར་བྱས་ཚེ་མཐོང་ལམ་པ་ཕྱི་མ་དེ་རྣམ་ཤེས་ལུས་ལས་བསྡུས་ཟིན་པས་ལུགས་དང་བྲལ་བ་ཞེས་གོང་དུ་སྨོས་པ་ལྟར་ཡིན་ཡང་བར་དོ་ལ་མ་སླེབ་བར་དུ་རྣམ་སྨིན་གྱི་ལུས་ལ་གནས་ཤིང་ལུས་ལས་ཕྱིར་མ་ཐོན་པས་རྒྱ་ཆེན་ལ་སྒྲིབ་པའི་སྙིགས་མའི་ལུས་དང་མ་བྲལ་བ་ཞེས་ཀྱང་བརྗོད་པ་དང་། སྔར་ནས་སེམས་ལྷ་སྐུར་སྨིན་པ་དང་། གདོན་མི་ཟ་བར་བར་དོའི་རྟེན་ལ་རྒྱ་ཆེན་འཐོབ་པ་སྟེ་སྔར་སྨོས་པའི་ཆོས་གསུམ་ཚང་བར་ལྡན་ལ། ཟག་པ་གསུམ་མ་ཟད་པའི་དོན་ནི་ལུས་རྟེན་སྔ་མའི་འབྱུང་བ་སྙིགས་མའི་ཆ་རྣམས་མ་དག་པར་ལུས་པ་ཙམ་ལ་བྱ་ཡི། ད་དུང་ཁམས་བདེ་མི་བདེ་སོགས་དབང་མེད་དུ་འབྱུང་མི་དགོས་ཏེ། རྣམ་སྨིན་རིག་འཛིན་ཚེ་འདིར་ཐོབ་པར་འདོད་པ་རྣམས་ཀྱི་ལྟར་ནའང་། དེ་སྐྱེ་གནས་ཀྱི་ཟག་པ་མ་ཟད་ཀྱང་བར་དོར་རྒྱ་ཆེན་དུ་སྦྱོར་བ་ངེས་པས་དབང་མེད་དུ་སྐྱེ་བ་མི་ལེན་པས་ཁྱབ་པར་བཞེད་པ་བཞིན་ནོ། །འདིས་མཐོང་ལམ་བརྙེས་ཀྱང་ཐ་མལ་པའི་རྣམ་སྨིན་གྱི་ལུས་རྒྱའི་སྦུབས་ལས་མ་འཕགས་པས་སྒྲ་བཤད་ཀྱང་མི་འཇིག་གོ། །ཅི་སྟེ་རྣམ་སྨིན་རིག་འཛིན་གྱི་འཇོག་ཚུལ་དེ་ལྟར་བྱེད་ན་ནི། ལམ་རིམ་ལས། ལྷ་ཡི་རྣལ་འབྱོར་ལས་རྫོགས་སྨིན། །ལུས་ཀྱི་དྲ་བས་བསྒྲིབས་གྱུར་པ། །ཞེས་ལུས་ཀྱིས་བསྒྲིབས་པར་བཤད་པ་དང་འགལ་ཏེ། འཆི་བའི་འོད་གསལ་ལ་གནས་པ་ཡིན་ན་ཕུང་ཁམས་རགས་པའི་དྲྭ་བས་མ་བསྒྲིབས་པར་འདོད་རིགས་པའི་ཕྱིར་དང་། དཔག་ཚད་གླིང་ཁམས་ཡུལ་ལ་སྤྱོད། །ཅེས་མངོན་ཤེས་ཀྱི་ཡུལ་དོན་བཤད་པས་ཀྱང་གནོད་ཅིང་། སྨིན་པས་ཕྲིན་ལས་རྫོགས་བྱེད་པས། །མི་འདོར་འགོད་པ་གཞན་གྱིའོ། །ཞེས་ཕྲིན་ལས་བཞིས་གཞན་དོན་སྤྱོད་པ་མི་འདོར་བར་བཤད་པའང་འགོག་རིགས་པར་ཐལ་ལོ་ཞེ་ན། མི་སྐྱོན་ཏེ། དང་པོ་ནི་འོད་གསལ་ལ་བསྒྲིབས་པའི་དོན་མིན་ཞིང་ཕུང་པོ་ཕྲ་རགས་ཀྱི་འབྲེལ་བ་གཏན་ཆད་པ་ན་གེགས་བྱས་པའི་དོན་དངོས་མི་གནས་ཀྱང་རྣམ་སྨིན་གྱི་ལུས་སྔ་མ་ལས་མ་ཕྱུང་བར་དུ་སྒྱུ་མའི་སྐུར་མངོན་དུ་མི་འགྱུར་བ་ལ་དེས་སྐུ་དེ་བསྒྲིབས་པར་ཐ་སྙད་བྱས་པ་ཡིན་པར། ཡིད་ཀྱིས་ལྷ་ཡི་གཟུགས་བཟུང་ཞིང་། །ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ནས། །ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་པ། །ཞེས་དང་། རྒྱ་མིག་རྒྱ་ས་ཇི་ལྟ་བར། །ཕྱག་རྒྱ་ཐོབ་ལ་མ་རག་པའི། །ཞེས་སོགས་ཀྱིས་ཤེས་ཤིང་། གཉིས་པ་མངོན་ཤེས་ཀྱི་ནུས་པ་ཐོབ་ཚུལ་ཙམ་ལ་སྦྱར་བས་ཆོག་པ་དང་། གསུམ་པ་སེམས་ལྷའི་སྐུར་སྨིན་པས་གཞན་ཕན་ཕྲིན་ལས་ཀྱི་ནུས་པ་ཆེར་ལྷག་པའི་སྒོ་ནས་རྣམ་སྨིན་པའི་མཉམ་བཞག་ཡེ་ཤེས་དེ་ཟབ་གསལ་གཉིས་མེད་དང་སྲིད་ཞིའི་མཐའ་གཉིས་འགོག་པའི་རྣལ་འབྱོར་དུ་འགྲོ་ལུགས་སྟོན་པ་ཙམ་ཡིན་པའི་ཕྱིར་ཏེ། ཕྱི་མ་འདི་གནད་ཤིན་ཏུ་ཆེའོ། །འདི་ལྟ་བུའི་ཚུལ་གྱི་བཤད་ན་ཟུར་ལུགས་དང་ཀུན་མཁྱེན་ཆོས་རྗེའི་བཞེད་པ་གཉིས་ཀྱང་རྣམ་སྨིན་རིག་འཛིན་གྱི་མཚན་གཞི་ངོས་འཛིན་ལ་མི་མཐུན་པ་ཙམ་དང་། རིག་འཛིན་འཇིགས་མེད་གླིང་པས་ཀུན་མཁྱེན་གྱི་དགོངས་པ་བླངས་པ་དང་བསྒྲིགས་ཚེ་ཕྱག་རྒྱ་གཅིག་སྤྲོས་པས་ཚེ་འདིར་ཚེ་དབང་རིག་འཛིན་མི་འཐོབ་པའི་རྒྱུ་མཚན་ཚོགས་སྤྱོད་མ་བྱས་པ་དང་། བྱས་ཀྱང་དགོས་པ་མ་གྲུབ་པ་ལ་བཞེད་པའི་ཁྱད་པར་ཡང་ཡོད་དེ། དེ་ཙམ་མ་གཏོས་གནད་ཀྱི་འགངས་གཅིག་པར་སྣང་ལ། ཚེ་འདིར་མཐོང་ལམ་ཐོབ་ཅིག་བར་དོར་རྒྱ་ཆེན་འགྲུབ་པའི་རྣམ་སྨིན་རིག་འཛིན་ཁས་ལེན་པ་ལྟར་ན་གནད་མི་མཐུན་པའི་ཁྱད་པར་ཆེན་པོ་ཡོད་དོ། །དེ་ལ་ཟུར་ལུགས་པ་རྣམས་ནི་རིག་འཛིན་བཞི་པོ་འདི་མཚན་ཉིད་གསུམ་ལས་འབྲས་བུའི་མཚན་ཉིད་དུ་གསུངས་པས་སོ་སྐྱེའི་སར་བཞག་ཏུ་མི་བཏུབ་པར་དགོངས་ཏེ་རྣམ་སྨིན་རིག་འཛིན་ཡང་འཕགས་ལམ་པ་ཁོ་ནར་འཇོག་གི་གཉུག་སེམས་ལྷའི་སྐུར་རྫོགས་པ་ཙམ་གྱིས་འཇོག་མི་ནུས་པར་བཞེད་ལ། ཀུན་མཁྱེན་ནི་རིག་འཛིན་གྱི་དངོས་གྲུབ་ཅེས་པ་ཕལ་ཆེར་གཙོ་བོར་ལུས་ཀྱི་དངོས་གྲུབ་ཁྱད་པར་ཅན་གྱི་སྟེང་ནས་འཇོག་པ་རྒྱུད་སྡེ་གོང་འོག་ཀུན་ཏུ་གྲགས་ཆེ་ཞིང་། སེམས་ལྷ་སྐུར་སྨིན་པ་ཞེས་རྫོགས་རིམ་གྱི་ལྷ་སྐུ་ཐོབ་པ་ནས་རྣམ་སྨིན་གྱི་ལུས་གནས་མ་གྱུར་ཡང་མཆོག་གི་དངོས་གྲུབ་ཀྱི་ཕྱོགས་སུ་གཏོགས་པའི་རིག་འཛིན་གྱི་སྐུ་བརྙེས་པ་ཡིན་པས་རིག་འཛིན་བཞིའི་དང་པོར་འཐད་སྙམ་དུ་དགོངས་ནས་མོས་སྤྱོད་ཀྱི་སར་གནས་དང་རྣམ་སྨིན་རིག་འཛིན་གྱི་གཞི་མཐུན་ཞལ་གྱིས་བཞེས་པ་ཡིན་ཅེས་བཤད་ན་སོ་སོའི་ལུགས་ལ་ངེས་པ་ཕྲིག་ཙམ་རྙེད་པར་འགྱུར་རོ། །སེམས་ལྷ་སྐུར་སྨིན་པ་ཞེས་པའི་སྐུ་འདི་རེས་སེམས་ཀྱི་ཕྱོགས་དང་། རེས་ལུས་ཀྱི་ཕྱོགས་སུ་བཤད་ཀྱང་འགལ་བ་མེད་པར་ཤེས་པར་བྱ་སྟེ་ཅུང་ཟད་གོ་སླའོ། །གསུམ་པ་གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་ནི། གནས་ལུགས་ངོ་བོ་ཉིད་ཀྱི་གཞིའི་སྟེང་གི་སྦྱང་བྱ་གློ་བུར་གྱི་དྲི་མ་རྣམས་ལམ་གྱིས་བསལ་བས་གཞི་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་མཐར་ཐུག་པའི་གོ་འཕང་སྟེ། ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་པ་ལྟར་བླ་ན་མེད་པའི་གོ་འཕང་དོན་དུ་གཉེར་བ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པས་ན་འབྲས་བུ་དང་། ནམ་ཡང་རྒྱུན་མི་འཆད་པས་ན་རྒྱུད་ཅེས་བཤད་དོ། །ཐེག་ཆེན་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ནས་ཀྱང་བྱང་ཆུབ་ཆེན་པོའི་འབྲས་བུ་རྒྱས་པར་བསྟན་མོད་དེ། དེ་དང་སྔགས་བླ་མེད་ནས་བཤད་པའི་སངས་རྒྱས་གཉིས་སྨོན་ལམ་དང་ཚོགས་གཉིས་ཀྱི་སྤྱོད་པས་བསྒྲུབས་པ་དང་། རང་བཞིན་གཞི་རྒྱུད་ཀྱི་གནས་ཚོད་ཇི་ལྟ་བ་བཞིན་མངོན་དུ་མཛད་པའི་ཁྱད་ཆེ་ཞིང། གསང་སྔགས་ཐུན་མིན་གྱི་ལམ་ལ་མ་བརྟེན་པར་དེའི་ཐུན་མིན་གྱི་འབྲས་བུ་འགྲུབ་པ་མི་འཐད་པས་མཐར་ལམ་ལྷུན་གྲུབ་རིག་འཛིན་ཙམ་ལ་སངས་རྒྱས་སུ་བཏགས་པ་ཡིན་གྱི། སྔགས་ལམ་གྱི་སངས་རྒྱས་དངོས་ནི་དེའི་ཕྱི་ནས་འཐོབ་དགོས་སོ་ཞེས་དཔལ་ལྡན་ཟུར་བའི་སྲོལ་འཛིན་ཆེན་པོ་རྣམས་བཞེད་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡང་མདོ་ཕྱོགས་ནས་བཤད་པའི་སངས་རྒྱས་དང་རྒྱུད་འདིའི་ལྷུན་གྲུབ་རིག་འཛིན་གཅིག་པར་བཞེད་ཀྱང་། ལྷུན་གྲུབ་མཐར་ཐུག་གི་ས་ལ་མཛད་པས་དགོངས་པ་མི་གཅིག་སྟེ། ལུགས་ཕྱི་མ་ལྟར་ན། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་བྱང་ཆུབ་པའི་སངས་རྒྱས་མདོ་ཕྱོགས་ནས་ཀྱང་ཤིན་ཏུ་རྒྱ་ཆེར་གསུངས་ལ། དེ་ལྟར་མངོན་པར་བྱང་ཆུབ་པ་ནི་གློ་བུར་བའི་སེམས་ཀྱིས་བསྒྲུབ་གཞི་བྱས་པ་ལ་མི་སྲིད་པས་བླ་མེད་ཀྱི་ལམ་ལ་ངེས་པར་བརྟེན་དགོས་ཏེ། དེའི་ཕྱིར་ཐེག་པ་གཉིས་ཀྱི་ཐོབ་བྱའི་སངས་རྒྱས་གཅིག་ཡིན་ཀྱང་མདོ་ལམ་རྐྱང་པས་འཐོབ་མི་ནུས་ཞེས་པ་སྟེ། ཡི་གེས་འཇིགས་པས་རྒྱ་མ་བསྐྱེད་དོ། །འབྲས་བུའི་ཆོས་ལ་དབྱེ་ན། སྤྱིར་གྲགས་པའི་སྟོབས་བཅུ་མི་འཇིགས་སོགས་དང་། བླ་མེད་ཁོ་ན་ལ་གྲགས་པའི་ཁ་སྦྱོར་ཡན་ལག་བདུན་སོགས་མང་དུ་ཡོད་ཀྱང་རྒྱུད་གཞུང་འདི་ཉིད་ཀྱི་དབང་དུ་བྱས་ན་འབྲས་ཆོས་ཉེར་ལྔ་སྟེ། དང་པོ་སྐུ་ལྔ་ནི། དབྱིངས་ལ་རིག་པ་ཕྱོགས་མེད་དུ་གྲོལ་བ་ཆོས་སྐུ་དང་། དེ་ལས་མ་གཡོས་བཞིན་དུ་བྱང་སེམས་འཕགས་པ་རྣམས་ལ་ཐེག་པ་མཆོག་གི་ཆོས་ཀྱི་ལོངས་སྤྱོད་རྫོག་པར་སྟོན་པ་ལོངས་སྐུ། གདུལ་བྱ་དག་མ་དག་ཐུན་མོང་གི་སྣང་ངོར་བཟོ་དང་སྐྱེ་བ་མཆོག་གི་གཟུགས་སུ་སྟོན་པ་སྤྲུལ་སྐུ། དེ་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེའི་སྐུ། སྐུ་གསུམ་སྣང་ཆ་མ་འདྲེས་པ་མངོན་བྱང་གི་སྐུའོ། །གསུང་ལྔ་ནི། བསམ་བརྗོད་དང་བྲལ་བའི་དབྱིངས་ལ་རྟག་ཏུ་མཉམ་པར་བཞག་པའི་ཡེ་ཤེས་ཉིད་བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཆ་ནས་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་། མཐོང་བ་ཙམ་གྱིས་འཁོར་རྣམས་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ལ་འཇུག་པའི་ཆ་ནས་ལོངས་སྐུའི་སྐུ་དེ་དགོངས་པ་བརྡའི་གསུང་། སྐད་ཅིག་རེར་ཡང་གདུལ་བྱ་སོ་སོའི་སྐད་དུ་ཆོས་ཚད་མེད་པ་སྟོན་པ་སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་། ཇི་ཙམ་གསུང་ཡང་གཞོམ་མེད་ཡེ་ཤེས་ཀྱི་རང་སྒྲ་ལས་གཞན་དུ་མི་འགྱུར་བ་དབྱེར་མེད་རྡོ་རྗེའི་གསུང་། ཡེ་ཤེས་གཅིག་ཉིད་སྒྲ་དབྱངས་ཀྱི་རྣམ་པ་ཐམས་ཅད་དུ་འཆར་བ་མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་སྟེ་ཕྱི་མ་གཉིས་པོའི་ཁྱད་ནི། དུ་མ་གཅིག་ཏུ་འདུ་བ་དང་། གཅིག་ཉིད་དུ་མར་འཆར་བའི་ལྡོག་ཆ་ནས་སོ། །དགོངས་བརྒྱུད་ཁོ་ན་ལ་སྦྱར་ན་སྔར་སྔོན་བྱུང་དངོས་ལྔའི་ཐད་དུ་བཤད་པ་ལྟར་ཡང་རུང་མོད་དེ། ལེའུ་བདུན་པ་རྩ་འགྲེལ་གྱི་དངོས་བསྟན་ནི་བཤད་མ་ཐག་པ་ཉིད་དོ། །ཐུགས་ལྔ་ནི། ཆོས་དབྱིངས་ཡེ་ཤེས་ཆོས་སྐུ་རྣམ་པར་མི་རྟོག་པའི་ཐུགས། མཉམ་ཉིད་ཡེ་ཤེས་ལོངས་སྐུ་མཉམ་པ་ཆེན་པོའི་ཐུགས། བྱ་གྲུབ་ཡེ་ཤེས་སྤྲུལ་སྐུ་འགྲོ་བ་འདུལ་བའི་ཐུགས། སོར་རྟོག་ཡེ་ཤེས་མི་ཕྱེད་རྡོ་རྗེའི་ཐུགས། མེ་ལོང་ཡེ་ཤེས་མངོན་བྱང་ཅིར་ཡང་གསལ་བའི་ཐུགས་སོ། །ཡོན་ཏན་ལྔ་ནི། རྣམ་པར་དག་པའི་ཞིང་ཁམས། རྒྱ་ཚད་བྲལ་བའི་གཞལ་ཡས་ཁང་། གསལ་ཞིང་དག་པའི་འོད་ཟེར། ཁྱད་པར་འཕགས་པའི་གདན་ཁྲི། དགྱེས་དགུར་སྤྱོད་པའི་ལོངས་སྤྱོད་རྣམས་སོ། །ཕྲིན་ལས་ལྔ་ནི། ཚེ་འདི་ཕྱིའི་སྡུག་བསྔལ་རྒྱུར་བཅས་ཞི་བ་དང་། ལེགས་ཚོགས་རྒྱས་པ་དང་། ས་གསུམ་གྱི་གདུལ་བྱ་དབང་དུ་མཛད་པ་དང་། ཤིན་ཏུ་གདུལ་དཀའ་རྣམས་དྲག་པོས་ཚར་བཅད་པ་དང་། དེ་དག་ཐམས་ཅད་དུས་དང་གདུལ་བའི་དབང་བཞིན་རྩོལ་མེད་དུ་འབྱུང་བ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་སོ། །རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་ཀྱི་རྣམ་བཞག་རྣམས་ཀྱང་དེ་དག་ཏུ་འདུས་སོ །དོན་གཉིས་པ་ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ་ནི། བཅོམ་ལྡན་འདས་ཀྱིས་གསང་ཆེན་རྒྱུད་སྡེའི་རྣམ་གྲངས་ཇི་སྙེད་ཅིག་བསྟན་པ་ཐམས་ཅད་སྟོན་པ་རང་ཉིད་ལམ་གང་ནས་གཤེགས་པ་དེ་ཉིད་ནས་གདུལ་བྱ་མཆོག་རྣམས་འཁྲིད་པའི་ཆེད་ཁོ་ན་ཡིན་པས་རྒྱུད་ཀྱི་བརྗོད་བྱའི་གཙོ་བོ་ལམ་རྒྱུད་ཡིན་ལ། དེ་ཉིད་ལམ་གྱི་ཁོག་དབུབ་ཚུལ་སྤྱིར་བསྟན་པ་དང་། དེའི་ཆ་རྐྱེན་དུ་དགོས་པའི་རྒྱུད་དོན་གྱི་དངོས་པོ་བྱེ་བྲག་ཏུ་ཕྱེ་ནས་བསྟན་པ་གཉིས་ཀྱིས་གསལ་བར་བཤད་པ་ལས། དང་པོ་ཐབས་གྲོལ་གྱི་ལམ་སྔར་བརྗོད་པ་རྣམས་ཡིན་ཞིང་། ཕྱི་མ་ལའང་། དཀྱིལ་འཁོར། སྒྲུབ་པ། དབང་། དམ་ཚིག །ཕྲིན་ལས་ཏེ་གཞི་ལྔ་དང་། སྔགས། ཕྱག་རྒྱ། ཏིང་འཛིན། མཆོད་པ་དང་ཡན་ལག་བཞི་སྟེ་ཤེས་བྱ་ལ་མཁས་བྱའི་རྒྱུད་དོན་གྱི་དངོས་པོ་དགུར་ལོ་ཙཱ་བ་ཆེན་པོ་རོང་ཟོམ་གསུངས་ལ། སྤར་ཁབ་ལས་གཞི་ལྔ་པོ་དེའི་སྟེང་དུ་ལྟ་སྤྱོད་གཉིས་བསྣན་ནས་དངོས་པོ་བདུན་དུ་བཤད་ཀྱང་། འདིར་དེ་ཁོ་ན་ཉིད་ལྟ་བ། ལ་དོར་བ་སྤྱོད་པ། བཀོད་པ་དཀྱིལ་འཁོར། རིམ་པར་བགྲོད་པ་དབང་། མི་འདའ་བ་དམ་ཚིག །རོལ་པ་ཕྲིན་ལས། དོན་དུ་གཉེར་བ་སྒྲུབ་པ། མི་གཡོ་བ་ཏིང་ངེ་འཛིན། གནས་སུ་སྟོབས་པ་མཆོད་པ། འཆིང་ཟློས་སྔགས་དང་ཕྱག་རྒྱ་སྟེ་བཅུར་འཆད་པར་མཛད་དེ། དེའང་ལམ་གྱི་ཁོག་སྔར་བཤད་པ་དེ་ལ་དབང་དང་དམ་ཚིག་སོགས་ཁ་བསྐང་ནས་དང་། ཏིང་ངེ་འཛིན་དང་སྤྱོད་པ་སོགས་གསལ་བར་ཕྱེ་བའི་ཚུལ་གྱིས་འཆད་པར་ཤེས་པར་བྱའོ། །འདི་དག་ལ་ཉམས་སུ་ལེན་བྱེད་ལམ་གྱི་རིམ་པ་བཤད་པ་དང་། བླང་བྱ་རྒྱུད་ཀྱི་དངོས་པོ་བཤད་པ་ཞེས་ཀྱང་འབྱུང་ངོ་། །དེ་ལ་དང་པོ་ནི། སྒྱུ་འཕྲུལ་དྲྭ་བའི་ལམ་གོང་འོག་ཐམས་ཅད་ལ་ལྟ་བ་ཁྱབ་བྱེད་དུ་འཇུག་པས་ལམ་གྱི་རིམ་པ་ལ་ལྟོས་ནས་ལྟ་བའི་གྲངས་དགུར་དབྱེ་སྟེ། ལམ་རིམ་ལས། མཉམ་ཉིད་ངང་ལ་མི་སྐྲག་པས། །མངོན་བྱས་ངེས་པའི་ཤེས་རབ་དང་། །རྣམ་པ་ཀུན་ལྡན་སྟོང་ཆེན་མཐོང་། །རང་རིག་ཡེ་ཤེས་སྙིང་རྗེས་གཟིགས། །ཕྱག་རྒྱ་གཅིག་སྐུ་འབྲས་བུར་བལྟ། །ཐམས་ཅད་གསལ་བའི་ལྟ་བ་དང་། །བར་ཆད་མེད་པའི་ཚོགས་ཆེན་མཐོང་། །དབང་བསྒྱུར་མཉམ་ཉིད་མི་གཡོ་བ། །ཡེ་ཤེས་ཀུན་མཁྱེན་ལྟ་བ་དགུ། །ཞེས་སོ། །གཞན་ཡང་རྒྱུད་ཀྱི་དངོས་པོ་རྣམས་ལ་ལྟ་བ་ཁྱབ་བྱེད་དམ་ཟིན་བྱེད་དུ་འཇུག་པ་ལ་ལྟོས་ནས་ལྟ་བའི་གྲངས་དགུ་དང་། ཚོགས་དྲུག་གི་སྤྱོད་ཡུལ་ཐམས་ཅད་ལྟ་བའི་རྒྱས་འདེབས་པ་ལ་ལྟོས་ནས་དྲུག་དང་། དབང་པོ་རབ་འབྲིང་ཐ་མའི་རྟོགས་ཚུལ་ལ་ལྟོས་ནས་གསུམ་དུ་དབྱེ་བ་སོགས་ཡོད་ཅིང་། གཏན་ལ་འབེབས་ཚུལ་རྒྱས་པར་སྔར་བཤད་ཟིན་ཏོ། །གཉིས་པ་ནི། སྤྱིར་སྤྱོད་པ་ལ་མཉམ་རྗེས་གཉིས་ཀ་ཡོད་ཀྱང་འདིར་སྤྱི་མིང་ཕྱོགས་གཅིག་ལ་བཏགས་ནས་མཉམ་བཞག་གི་རྟོགས་པའི་གྲོགས་སུ་གྱུར་པའི་སྒོ་གསུམ་གྱི་སྤྱོད་པ་རྗེས་ཐོབ་ཀྱིས་བསྡུས་པ་གཙོ་བོར་གྱུར་པ་སྟེ། དེ་ལ་སྤྱི་དང་། ཁྱད་པར་གཉིས། དང་པོ་ནི། ལས་དང་པོ་པའི་དུས་སུ་དགེ་སྦྱོང་གཞོན་ནུ་ལྟར་བག་དང་ལྡན་པར་སྤྱོད་པ་ཞེས་ལམ་སྒྲུབ་པའི་འགལ་རྐྱེན་འཇིག་རྟེན་གྱི་ཆོས་བརྒྱད་སོགས་ལས་བྱོལ་བ་དང་། མཐུན་རྐྱེན། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དོན་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་པའི་ཆོས་སྤྱོད་བཅུ་ལ་མང་དུ་གནས་པ་དང་། དེ་ནས་ཅུང་ཟད་གོམས་པ་ན་རྟོགས་པ་རྐྱེན་ཐུབ་ཏུ་རྩལ་སྦྱོང་བ་རོ་སྙོམས་སྨྱོན་པའི་བརྟུལ་ཞུགས་དང་། ཤིན་ཏུ་གོམས་ནས་རྐྱེན་བཟང་ངན་གང་གིས་ཀྱང་རྟོགས་པ་བྲི་གང་མེད་པ་ན་རང་བབས་སུ་གཞན་ཕན་བྱེད་པ་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་ལྟ་བུ་སྟེ་སྤྱིར་བཤད་པའོ། །གཉིས་པ་ལ། གྲོལ་ལམ་བག་ཡོད་དང་། ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་གཉིས། དང་པོ་ལ་རིམ་གྱིས་པ་དང་ཅིག་ཆར་བའི་སྤྱོད་པ་གཉིས། དང་པོ་ལའང་བདུན་ཏེ། དང་པོ་དད་བརྩོན་གྱི་སྤྱོད་པ་ཞེས་ཤེས་པའི་མཚན་ཉིད་ཚོལ་དུས་ཀྱི་སྤྱོད་པ་འདི་ལ། གཞི་དམ་ཚིག་གིས་བཟུང་བ། རྒྱུད་ཐོས་པས་དགྲོལ་བ། སྒོ་ཀུན་ནས་བསྡུར་བ། ཕུལ་དུ་མཁས་པས་དབྱུང་བ། ཐག་ལྟ་བས་བཅད་པ། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ། ལ་སྤྱོད་པས་དོར་བ། རིམ་པ་དབང་གིས་བགྲོད་པ། དོན་མན་ངག་གི་སྒྲུབ་པ། མདོ་དོན་གཅིག་ཏུ་བསྡུ་བ་ལ་བསླབ་པ་སྟེ་བསླབ་པའི་མཐའ་བཅུའོ། །དེའང་ལྟ་བ་ཐོག་མར་འཚོལ་དུས་ནས་ལམ་ཡོངས་རྫོགས་དམིགས་འོག་ཏུ་བཅུག་ནས་སྐབས་དོན་ལ་གཙོ་བོར་བྱེད་པ་ཡིན་པས་དེ་ལྟར་གསུངས་ཀྱི། སྐབས་དོན་གཙོ་བོའི་དབང་དུ་བཏང་ན་རྒྱུད་ཐོས་པས་དགྲོལ་བ་སོགས་བཞི་པོ་ཉིད་དོ། །གཉིས་པ་ཤེས་རབ་དང་མཐུན་པ་ཞེས་སྟོང་ཆེན་གྱི་དུས་སུ་ཐུན་མཚམས་ཀྱི་བྱ་བ་ཐམས་ཅད་མི་དམིགས་པའི་ཤེས་རབ་ཀྱི་རྩལ་སྦྱོང་དུ་འཁྱེར་བ་དང་། གསུམ་པ་ཐབས་དང་མཐུན་པ་ཞེས་སྙིང་རྗེ་སྒྱུ་མའི་སྐབས་སུ་སྣང་སྤྱོད་ཡེ་ཤེས་སྒྱུ་མའི་ཡོ་ལང་དུ་བལྟ་བ་དང་། བཞི་པ་ཕྱག་རྒྱ་གཅིག་པའི་དུས་སུ་ཕྱོགས་གཅིག་པ་དང་། ལྔ་པ་སྤྲོས་བཅས་ཀྱི་ཚེ་སྤྲོས་བཅས་ཀྱི་སྤྱོད་པ་ཞེས་མཉམ་བཞག་ཏུ་གང་བསྒོམ་གྱི་ལྷའི་ཏིང་ངེ་འཛིན་དེས་སྣང་བ་ཐམས་ཅད་ལ་རྒྱས་བཏབ་སྟེ་ལོག་རྟོག་འཁྲུལ་པའི་སྣང་བ་ཟིལ་གྱིས་གནོན་པ་དང་། དྲུག་པ་ཚོགས་ཀྱི་སྤྱོད་པ་ཞེས་ཚོགས་སྒྲུབ་ཀྱི་དུས་སུ་དག་མཉམ་བདེ་བ་ཆེན་པོའི་རྣལ་འབྱོར་ཁོར་ཡུག་ཏུ་སྐྱོང་བ་དང་། བདུན་པ་ཟག་མེད་རིག་འཛིན་ཐོབ་ནས་རྫུ་འཕྲུལ་གྱི་སྤྱོད་པ་ཞེས་ནུས་མཐུ་ཐོགས་པ་མེད་པའི་ཕྲིན་ལས་ཀྱིས་གཞན་དོན་རླབས་པོ་ཆེ་སྤྱོད་ཅིང་རང་རྒྱུད་ཀྱི་རྟོགས་པ་གོང་དུ་སྤོར་བའོ། །གཉིས་པ་ནི། རྗེས་ཐོབ་ཏུ་ཡང་སྣང་སེམས་གང་ཤར་ཐམས་ཅད་ལ་བརྟེན་ནས་ལྷག་པའི་བདེན་པ་དབྱེར་མེད་ཀྱི་དགོངས་པའི་རྩལ་ཕྱོགས་མེད་དུ་སྦྱོང་བའོ། །གཉིས་པ་ནི། སྐྲག་པ་དང་དོགས་པ་དང་ངོ་ཚ་བ་ལ་སོགས་པའི་རྣམ་རྟོག་ཐམས་ཅད་བཤིག་ནས་ཤ་ལྔ་དང་བདུད་རྩི་ལྔ་དང་བུད་མེད་ལ་སོགས་པའི་ཡུལ་ཐམས་ཅད་ལ་བདེ་བ་ཆེན་པོའི་མན་ངག་གི་གདིང་དང་ལྡན་པས་ཅི་དགར་ལོངས་སྤྱོད་པའོ། །ཕྱི་མ་འདིར་ཡུལ་གང་ལ་སྤྱོད་ཀྱང་རང་བཞིན་དག་པའི་ཏིང་ངེ་འཛིན་ལས་སྐད་ཅིག་ཀྱང་མི་གཡོ་བ་གནད་དུ་བཟུང་དགོས་པས་བླ་ན་མེད་པའི་བག་ཡོད་ཀྱི་སྤྱོད་པ་ཡིན་ཡང་ཆགས་ཡུལ་དང་སྐྱུག་བྲོ་བའི་གནས་སོགས་གང་ལའང་འཛེམ་པ་སྤངས་པ་འདི་ལྟ་བུ་གྲོལ་ལམ་གྱི་དུས་སུ་རྩལ་འདོན་མི་བྱེད་པས་བརྟུལ་ཞུགས་ཀྱི་དང་བག་ཡོད་ཀྱི་སྤྱོད་པ་ཞེས་སོ་སོར་སྦྱར་རོ། །གསུམ་པ་ནི། བཀོད་པ་ལྷའི་འཁོར་ལོ་རྫོགས་པར་སྣང་བ་ལ་བཤད་དེ་ཐུགས་ཐིག་ལས་སོ། །དེ་ལ་ཆོས་དོན་ལས་རང་བཞིན་དང་། ཏིང་ངེ་འཛིན་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་གསུམ་དང་། རྒྱུད་ཕྱི་མ་ལས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་དང་། འགྲེལ་ཆུང་ལས་དཀྱིལ་འཁོར་བཅུ་གཉིས་སུ་བཤད་པ་སོགས་ཡོད་ཀྱང་བརྒྱུད་པའི་བཀའ་སྲོལ་དུ་རྒྱས་པ་ལས། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་གསུངས་པ་ལྟར་དཀྱིལ་འཁོར་བདུན་དུ་འཆད་པར་མཛད་དེ། དེ་ལ་དང་པོ་རང་བཞིན་གྱི་དཀྱིལ་འཁོར་ལ། ཁོག་གཞུང་ལས་གསུམ་དུ་གསུངས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་རྣམ་པར་དག་པའི་དབྱིངས་རང་བཞིན་ཉིད་ཀྱི་དང་། རྟོག་ཚོགས་ཐམས་ཅད་ཀྱི་སྣང་གཞི་ཡེ་ཤེས་ལྷའི་དཀྱིལ་འཁོར་དུ་གནས་པ་རང་བཞིན་ལྷུན་གྲུབ་ཀྱི་དང་། རྟོགས་པ་མངོན་དུ་གྱུར་ཏེ་འོག་མིན་དུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས་པ་རང་བཞིན་འབྲས་བུ་ཐར་ཕྱིན་གྱི་དཀྱིལ་འཁོར་རོ། །གཉིས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། དོན་དམ་པའི་གཟུགས་བརྙན་ཀུན་རྫོབ་ལྷའི་དཀྱིལ་འཁོར་རྟོག་པ་ཕྲ་རགས་ཀྱི་རྣམ་པར་ཤར་བའོ། །གསུམ་པ་ལྷག་པ་གཟུགས་བརྙན་ནི། དགོས་པ་ལ་ལྟོས་ནས་དབང་གི་དང་། རབ་གནས་ཀྱི་དང་། སྒྲུབ་པའི་དང་། ཕྲིན་ལས་ཀྱི་དཀྱིལ་འཁོར་དང་བཞི་སྟེ་གང་ཡང་རྡུལ་ཚོན་སོགས་ལས་དཀྱིལ་འཁོར་གྱི་གཟུགས་སུ་བཞེངས་པའོ། །དེའང་དཀྱིལ་འཁོར་གྱི་ཆོ་གའི་ལས་རིམ་མང་པོས་ལྷག་པས་ན་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཞེས་བྱའོ། །ལས་རིམ་ནི། རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་དང་རྣམ་པ་དང་། །རབ་གནས་སྦྱིན་སྲེག་དཀྱིལ་འཁོར་དུ། །འཇུག་དང་ཞུགས་པའི་ཡོན་ཏན་ནོ། །ཞེས་པ་ལྟར། ས་བརྟག །བསླང་། དབང་དུ་བྱ་བ། སྦྱང་བ། བྱིན་གྱིས་བརློབ་པ། སྲུང་བ། ས་གཟུང་བ་དང་བདུན་ས་གཞི་མཉམ་པ་ཞེས་གཅིག་ཏུ་བགྲང་བ་དང་། དཀྱིལ་འཁོར་རྒྱས་འབྲིང་བསྡུས་པ་གང་བྱེད་ཀྱི་ཚད་ངེས་པ་ཅན་དུ་བྱ་བ་དང་། ཐིག་གི་རྒྱུ། གྲོགས། ཚད། གྲངས། རབ་གནས། གདབ་ཐབས། ཉེས་སྤང་དང་བདུན་ལ་ཐིག་ཆོག་ཅེས་གཅིག་ཏུ་བྱས་པ་དང་། རྒྱུ། གྲངས། རབ་གནས། འགྱེད་ལུགས། ཉེས་སྤང་སྟེ་ཚོན་གྱི་ཆོ་ག་ལྔ་དང་། རྟེན་གྱི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་པ་གང་རུང་དུ་འབྲི་བ་དང་ལྷའི་མཚན་མ་སྐུ་དང་ཡིག་འབྲུ་ཕྱག་མཚན་ཅི་རིགས་ཀྱི་རྣམ་པ་དགོད་པ་དང་། བུམ་པ་དང་སློབ་མ་དཀྱིལ་འཁོར་གསུམ་རབ་ཏུ་གནས་པ་དང་། འཆད་པར་འགྱུར་པའི་སྦྱིན་སྲེག་དང་། བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་སློབ་མ་གཞུག་པ་དང་། ཞུགས་པའི་ཡོན་ཏན་རྣམས་ཏེ། དེ་དག་ཀྱང་སློབ་མ་ལ་དབང་བསྐུར་བའི་ཆེད་དུ་ཡིན་ན་ལམ་མོས་སྒོམ་གྱི་ཚུལ་གྱིས་གྲངས་དུས་མཚན་མའི་བསྙེན་པ་གང་རུང་རྫོགས་པ་དང་། ཚོགས་སྒྲུབ་ཀྱི་ཆེད་ཡིན་ན་ངེས་རྫོགས་ཀྱི་སྤྲོས་བཅས་མན་ཆད་བརྟན་པའི་སློབ་དཔོན་གྱིས་བྱ་བ་ཡིན་ནོ། །བཞི་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། དངོས་སྣང་ཐམས་ཅད་མི་དམིགས་པའི་དབྱིངས་སུ་བསྡུས་ཏེ་རིག་པ་མ་བཅོས་པའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པའོ། །ལྔ་པ་ལྷག་པ་ཏིང་ངེ་འཛིན་ནི། མཚན་བཅས་ལྷ་སྐུ་སྒོམ་པའི་ཏིང་ངེ་འཛིན་ཏེ། བསྐྱེད་ཆོག་གི་བྱ་བ་མང་པོས་ལྷག་པས་ལྷག་པ་ཞེས་བྱའོ། །དེ་ལའང་། ཐུགས་རྗེ་ཞི་བའི་དབང་། བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་གཉིས་ཡོད། འདི་དག་གི་ལས་རིམ་ཡང་ཟུར་ཙམ་བརྗོད་ན། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ནི། གྲལ་ཚུལ་གྱི་ཕྱག་དང་། རྒྱུད་སྦྱང་བ། མཚམས་བཅད་པ། བཤགས་པ་བྱ་བ། དམ་བཅའ་བ། བྱིན་དབབ་པ། མཆོད་པ་བྱིན་བརླབ་སྟེ་ལས་བདུན་ནོ། །གཉིས་པ་ནི། ཁྱད་པར་གྱི་སེམས་བསྐྱེད་པས་མཚམས་སྦྱར་ནས་བསྐྱེད་ཆོག་དངོས་ལ་འཇུག་སྟེ། འདི་ནི་ལྷག་ཏིང་གི་སྒོམ་དོན་གཙོ་བོ་ཡིན་པས་ཅུང་ཟད་བཤད་པར་བྱ་སྟེ། དེ་ལ་གསུམ། ཏིང་འཛིན་རྣམ་གསུམ། དཀྱིལ་འཁོར་བསྐྱེད་པ། ལས་རིམ་གྱི་ཏིང་ངེ་འཛིན་ནོ། །དང་པོ་ནི། དེ་བཞིན་ཉིད་སྟོང་པ་ཆེན་པོ་དང་། ཀུན་སྣང་སྙིང་རྗེ་སྒྱུ་མ་དང་། རྒྱུའི་ཏིང་འཛིན་རྩ་བའི་ཨ་དང་དེ་ལས་ཨ་སོགས་ཡི་གེ་ཕྲ་མོའི་སྤྲོ་བསྡུ་ལ་དམིགས་པ་རྣམས་སོ། །གཉིས་པ་ལ། རྟེན་དང་། བརྟེན་པ་སྒོམ་པ་གཉིས་ཀྱི་དང་པོ་ནི། འབྱུང་བ་རིམ་བརྩེགས་དང་། གཞལ་ཡས་ཁང་དང་། གདན་བསྐྱེད་པ་རྣམས་ཏེ་སྒྲུབ་ཐབས་བཞིན་ནོ། །གཉིས་པ་ལ། དང་པོར་བསྐྱེད་ཚུལ། བསྐྱེད་པའི་ལྷའི་རྣམ་པ། དབང་བསྐུར་ཞིང་བྱིན་གྱིས་བརླབ་པའོ། །དང་པོ་ནི། སྤྱིར་ལུགས་གསུམ་ལས་རྒྱུད་འགྲེལ་ཉི་སེང་མ་ལྟར་ན། ཐོག་མར་སེམས་བསྐྱེད་དེ། ཡུད་ཙམ་གྱིས་ཀུན་ཏུ་བཟང་པོར་བསྒོམས་ནས་འོག་གི་ཕྱོགས་སུ་ཡེ་ཤེས་ཀྱི་ས་གཞི་ནས་བཟུང་གཞལ་ཡས་ཁང་གདན་བཅས་བསྐྱེད། དེ་ལས་ཉི་ཟླའི་གདན་ལ་སེམས་སྐྱིལ་གྱིས་འདུག་པར་མོས་ལ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པའི་དོན་གྱིས་སྟོང་ཉིད་ཡེ་ཤེས། དེའི་ངང་ལས་རང་སེམས་ཨའི་ངོ་བོར་བསྒོམས་ནས་སྤྲོ་བསྡུས་ཨ་ལས་ཟླ་བ་ལ་མཚན་གྱི་ས་བོན་ཨ་ལི་ཉིས་འགྱུར་དང་། ཨཱ་རིང་ལས་ཉི་མ་ལ་དཔེ་བྱད་ཀྱི་ས་བོན་ཀ་ལི་ཉིས་རིམ་དུ་འགོད་པ་མེ་ལོང་ཡེ་ཤེས། དེ་དག་འོད་ཀྱི་གོང་བུ་གཅིག་ཏུ་འདྲིལ་བ་མཉམ་ཉིད་ཡེ་ཤེས། འོད་ཀྱི་གོང་བུ་དེ་ལས་ཧཱུྃ་དུ་གྱུར་ནས་དེའི་རྒྱུ་མཐུན་པའི་འབྲས་བུ་རྡོ་རྗེར་བྱིན་གྱིས་རློབ་པ་སོར་རྟོག་ཡེ་ཤེས། དེ་ཡོངས་སུ་གྱུར་པ་ལས་ཀུན་ཏུ་བཟང་པོའི་སྐུར་བསྐྱེད་པ་བྱ་གྲུབ་ཡེ་ཤེས་ཏེ་ཆོ་ག་ལྔའོ། །དེ་ནས་ཡུམ་བསྐྱེད་དེ་བྱང་ཆུབ་སེམས་སྤྲིན་ལས་ལྷ་སོ་སོའི་སྐུ་བསྐྱེད་པ་རང་རང་གི་སྔགས་ཀྱིས་ཕྱིར་ཕྱུང་ནས་དཀྱིལ་འཁོར་དུ་འགོད་པར་མཛད་དོ། །བི་མ་ལའི་ལྷ་སྐུ་སྒོམ་པའི་མན་ངག་ལྟར་ན་གོང་དུ་བཤད་པའི་རྒྱུའི་ཡི་གེ་ལས་ཡི་གེ་ཞེ་གཉིས་སྤྲོས་ཏེ་སོ་སོའི་གདན་ལ་བཀོད་ནས་རྒྱུའི་ཨ་ཉིད་དེ་རྣམས་ལ་བསྟིམ་ཞིང་སྤྲོ་བསྡུ་བྱ་བ་ཡིག་འབྲུའི་ཆོ་ག །ཡི་གེ་རྣམས་ཞུ་བ་རྡོ་རྗེ་དང་འཁོར་ལོ་སོགས་ཕྱག་མཚན་ཞེ་གཉིས་སུ་གྱུར་པ་ལས་སྤྲོ་བསྡུ་བྱ་བ་ཕྱག་མཚན་གྱི་ཆོ་ག །ཕྱག་མཚན་རྣམས་ཡོངས་སུ་གྱུར་པ་ལས་དང་སོ་སོའི་བསྐྱེད་སྔགས་བརྗོད་པ་ལས་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་སྐུར་བསྐྱེད་པ་སྐུ་རྫོགས་པའི་ཆོ་ག་སྟེ་རྡོ་རྗེ་གསུམ་གྱི་ཆོ་གས་བསྐྱེད་པ་ད་ལྟའི་ཕྱག་བཞེས་སུ་ཇི་ལྟར་འབྱུང་བ་བཞིན་ནོ། །དྲྭ་བ་ཆེ་ཆུང་གི་ལུགས་ནི་སྲས་གཉིས་ཀྱི་ཆོ་གས་བསྐྱེད་པ་སྟེ། དེ་ལ་བདག་སྲས་ནི་ཆོ་ག་གསུམ་གྱིས་ལྷ་ཞེ་གཉིས་བསྐྱེད་པའོ། །གཞན་སྲས་ནི། གཙོ་བོའི་ཐུགས་ཀ་ནས་བདག་ཉིད་འཁོར་བའི་ལུས་འཛིན་པ་ཞིག་ཤར་སྒོར་ཐོན་ནས་གསོལ་བ་བཏབ་པས་ལྷ་རྣམས་ཀྱི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོས་ཏེ་བདག་གི་ལུས་རྟོག་སྦྱངས་པས་འོད་ཀྱི་གོང་བུར་གྱུར་པ་ལ་སླར་ཡང་རྡོ་རྗེ་གསུམ་གྱི་འོད་ཟེར་བསྟིམས་པས་ཡི་གེ་གསུམ་དང་དེ་ཡང་ཧཱུྃ་དུ་བསྒྱུར། དེ་ཉིད་ཟླ་བའི་སྟེང་དུ་བཞག་པ་རླུང་དཀྱིལ་གྱིས་བཏེགས་ནས་ལྷ་ཚོགས་རྣམས་ལ་བསྐོར་བ་ལན་གསུམ་བྱས་ཏེ་གཙོ་བོའི་ཐུགས་ཀར་ཐིམ། ཡབ་ཡུམ་རོལ་པའི་རྗེས་ཆགས་ཀྱིས་བྱང་སེམས་སུ་ཞུ་བ་སྐུའི་དབྱིབས་བརྒྱུད། ཡུམ་མཁར་བ་བབས་པའི་རྐྱེན་གྱིས་གཙོ་བོ་ཡབ་ཡུམ་འོད་དུ་ཞུ། འཁོར་རྣམས་ཀྱང་བདེ་བ་ཆེན་པོར་ཞུ་སྟེ་དབུས་ཀྱི་ཐིག་ལེར་ཐིམ་པས་འོད་ཀྱི་གོང་བུ་གཅིག་ཏུ་གྱུར། དེ་ཉིད་ཀྱང་ཧཱུྃ་མཱུྃ་དུ་གྱུར་པ་ལས་ཆོ་ག་གསུམ་གྱིས་རྡོར་སེམས་ཡབ་ཡུམ་བསྐྱེད། སྙོམས་པར་ཞུགས་ནས་ཡུམ་མཁར་སྤྲོ་བ་གསུམ་གྱི་དང་པོས་ཐིག་གདབ། གཉིས་པས་གཞལ་ཡས་ཁང་གདན་བཅས་སུ་རློབ། གསུམ་པས་ས་བོན་གྱི་ཡི་གེ་བསྐྱེད་ཅིང་དེ་དག་རང་རང་གི་སྔགས་ཀྱིས་ལྷར་བསྐྱེད་ནས་མདུན་མཁར་བཏོན། ཡི་གེ་གསུམ་གྱིས་སྐུ་བརྟས་པར་བྱ། སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབ་སྟེ་མི་བསྐྱོད་པ་གཙོ་བོ་ལ་བསྟིམ། གཞན་རྣམས་རང་རང་གི་གནས་སུ་དགོད་པར་བྱའོ། །འདི་ལྟར་བསྐྱེད་པའི་ཁུངས་ནི། རྒྱ་མཚོ་ལས། རང་བྱུང་དངོས་དང་མི་འགལ་ཞིང་། །འབྲས་བུ་ཉིད་ལ་ལམ་ཤེས་པས། །མ་ལུས་དཀྱིལ་འཁོར་ཐིག་ལེ་རྣམས། །བདག་གི་སྲས་སུ་བསྒོམ་པར་བྱ། །ཞེས་དང་། གང་གིས་གང་ལ་གསོལ་བཏབ་པས། །ཐུགས་རྗེས་བྱིན་བརླབས་སྦྱངས་བྱས་ནས། །ཐུགས་ཞུགས་འདྲེས་ནས་དབྱེར་མེད་པ། །སྲས་གྱུར་དགོངས་པ་གཅིག་ལ་གནས། །ཞེས་དང་། ལམ་དང་འབྲས་བུའི་ཁྱད་པར་ལས། །རྟོག་པའི་ཡེ་ཤེས་འོད་ལས་བྱུང་། །བྱིན་རླབས་འབྲས་བུ་དངོས་འབྲེལ་ལས། །བདེ་བར་གཤེགས་པའི་སྲས་ཚོགས་བསྒོམ། །ཞེས་སོ། །དེའང་བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་དང་། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བ་ཞེས་ཆེན་པོ་རྣམས་གསུངས་པ་ལྟར་ཤེས་པར་བྱའོ། །དེའི་དོན་ཡང་སེམས་ཀྱི་གཉུག་མའི་གནས་ཚུལ་ནི་སངས་རྒྱས་ཡིན་ལ། རྒྱལ་བའི་དཀྱིལ་འཁོར་གང་བསྒོམ་ཀྱང་དེ་ཉིད་གཞིར་བཟུང་སྟེ་སྒོམ་པ་ལས་མ་འདས་ཤིང་། དེ་ལྟར་བསྒོམས་པས་གཉུག་མ་ལས་གཉིས་མེད་གཉིས་ལྟར་སྣང་བའི་གློ་བུར་གྱི་ཕུང་པོའི་ཆ་རྣམས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བསྟིམས་ནས་སླར་ཤིན་ཏུ་རྣམ་དག་གི་ཕུང་ཁམས་ཀྱི་ཆ་ལས་མི་བསྐྱོད་པ་སོགས་རྒྱལ་བ་སྲས་དང་བཙུན་མོར་བཅས་པ་རང་འཆར་བ་ནི་ལམ་རིམ་པ་གཉིས་ཀའི་ཁོག་སྡོམ་ཡིན་ལ། དེ་ལྟར་འབྲས་བུའི་སངས་རྒྱས་ལམ་དུ་གང་བྱེད་གཞིར་གནས་གདོད་མའི་སངས་རྒྱས་ཀྱི་གདུང་རིགས་ལས་བསྐྱེད་དགོས་པ་དང་། དྲི་བཅས་གནས་ལུགས་ཀྱི་གཞི་དེ་འབྲས་བུ་ལམ་བྱེད་ཀྱི་གདུང་སྲས་སུ་བཟུང་བས་བྱང་ཆུབ་ཀྱི་འབྲས་བུ་འགྲུབ་པའི་རྒྱུ་མཚན་འདིའི་ཕྱིར་བདག་གི་སྲས་སུ་སངས་རྒྱས་དང་སངས་རྒྱས་ཀྱི་སྲས་བདག་བྱེད་པ་ཡིན་ཏེ་རྒྱ་མཚོའི་ལུང་དོན་ཡང་འདིས་ཤེས་སོ། །དམ་པ་རྒྱན་ལས་སྲས་ཀྱི་ཆོ་ག་ཁྲོ་བོའི་བསྐྱེད་ཆོག་ཏུ་སྦྱར་ནས་བཤད་པའང་ཁོག་འདི་ཉིད་ཡིན་ཏེ་ཡི་གེས་འཇིགས་ནས་མ་བཀོད་དོ། །གཉིས་པ་ནི། བཞུགས་ཚུལ། ལྷ་གནས། ཕྱག་མཚན། སྐུ་མདོག །ཞི་ཚུལ། འོད་ཟེར་སོགས་ཏེ་ལེའུ་དྲུག་པ་བཞིན་ནོ། །གསུམ་པ་ནི། བྱིན་རླབས་དང་དབང་བསྐུར་གྱི་སྔགས་དང་ཏིང་ངེ་འཛིན་ལེའུ་བདུན་པ་རྩ་འགྲེལ་ལས་འབྱུང་བ་བཞིན་ནོ། །གསུམ་པ་ལའང་། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་ཞིང་བསྟིམས་ནས་མཆོད་པ་དབུལ་བ་དང་། བཤགས་པ་བྱ་བ་དང་། དངོས་གྲུབ་གསོལ་བ། དམ་བཅའ་བ། འཛབ་བཟླ་བ་སྟེ་ལྔའོ། །གསུམ་པ་རྗེས་རིམ་ལའང་། ཚོགས་ཀྱི་མཆོད་སྦྱིན། བརྟན་མ་སྐྱོང་བ། བསྡུ་ལྡང་། གོ་བགོ་ལུས་བསྲུང་། སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་དང་ལྔའོ། །རྗེ་རོང་ཟོམ་ནི། སྣང་སྲིད་ཐམས་ཅད་གདོད་ནས་དག་པ་ལྷའི་རང་བཞིན་དུ་གནས་པ་ལ་སྤྱི་དམིགས་ནས་སྒོམ་པ་ཏིང་ངེ་འཛིན་གྱི་དང་། རང་གིས་མངོན་པར་འདོད་པའི་དཀྱིལ་འཁོར་གང་ཡིན་ལ་བྱེ་བྲག་ཏུ་དམིགས་ནས་སྒོམ་པ་ལྷག་ཏིང་གི་དཀྱིལ་འཁོར་དུ་བཞེད་དེ། འདིས་ནི་ལྷག་པ་ཞེས་པ་གཙོ་བོར་རམ་ཁྱད་པར་དུ་ཞེས་པའི་སྟེང་ནས་འཆད་པར་མངོན་ནོ། །དྲུག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། རྩ་རླུང་ཐིག་ལེ་སྟེ། རྡོ་རྗེའི་ལུས་ལ་རྩ་དབུ་རྐྱང་རོ་གསུམ་དང་། དབུ་མ་ལས་གྱེས་པའི་སྤྱོ་བོ་བདེ་ཆེན། མགྲིན་པ་ལོངས་སྤྱོད། སྙིང་ག་ཆོས། ལྟེ་བ་སྤྲུལ་པའི་འཁོར་ལོ་རྣམས་དང་། ལྟེ་འོག་མེ་དང་། གཤང་ཁ་རླུང་གི་འཁོར་ལོ་རྣམས་དང་། རླུང་རྩ་བ་ལྔ་དང་། ཡན་ལག་གི་རླུང་ལྔ་དང་། དེ་དག་གི་འཕོ་བ་བཅུ་དྲུག་ལ་སོགས་པའི་རྣམ་བཞག་སྒྱུ་འཕྲུལ་རྒྱ་མཚོ་དང་། གསང་བའི་སྙིང་པོ་ཁྲོ་བོ་སྟོབས་ཀྱི་རྒྱུད་དང་། དབང་གི་གལྤོ་ལ་སོགས་པ་ལས་གསུངས་པར་བཤད་ལ། རྒྱུད་འདིའི་སྒོས་ཆོས་སུ་ཆེ་ལོང་ཙམ་འབྱུང་བ་ནི། སྙིང་གའི་འཁོར་ལོར་ཆོས་ཉིད་ཀྱི་རྩ་གསུམ། ཡེ་ཤེས་ཀྱི་རྩ་གཅིག །རང་རྒྱུད་ཀྱི་རྩ་གསུམ། ཡོན་ཏན་གྱི་རྩ་གཅིག་རྣམས་འོད་བཞི་དབྱིབས་བཞིར་བཅས་པ་དང་། དེ་དག་གི་དབུས་ན་དྭངས་མ་ལྔའི་ཐིག་ལེ་དང་། ལྟེ་བ་དང་། མགྲིན་པར་གཏུམ་མོ་དང་། སྤྱི་བོ་ན་བདུད་རྩིའི་ཐིག་ལེ། དབྱིངས་ཕྱུག་ལྔའི་ཐིག་ལེ་སོགས་ཀྱི་མིང་ཅན་ཡོད་ཚུལ་ཐལ་རྒྱུད་དབང་གིས་གལྤོ་དང་གསང་ཐིག་སོགས་ལས་གསུངས་པ་རྣམས་སོ། །བདུན་པ་ཚོགས་ཀྱི་དཀྱིལ་འཁོར་ནི། །ཁོག་གཞུང་ལས། སྐལ་ལྡན་མིའི། འབྱོར་ལྡན་ཡོ་བྱད་ཀྱི། དགྱེས་ལྡན་ལྷའི་ཚོགས་གསུམ་ཚིག་ཟིན་དང་། སོགས་སྒྲས་བསྟན་པ་ཚོགས་ཆེན་པོ་སྟེ་བཞིར་བཤད་དོ། །དང་པོ་ནི། རྣལ་འབྱོར་མཆོག་དང་ལྡན་པའི་སྐྱེ་བོ་ཕོ་མོ་ཚོགས་ཤིང་འདུས་པ་སྟེ། བཤད་རྒྱུད་རྡོ་རྗེ་ལས། སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། ཁྱད་པར་གྱི་ཡོ་བྱད་ལྔ་ལ་སོགས་པ་ཚོགས་པ་སྟེ། དེ་ཉིད་ལས། རྣལ་འབྱོར་ཡོ་བྱད་ཚང་བས་ནི། །བདེ་བ་ལོངས་སྤྱོད་ཚོགས་སུ་བཤད། །ཅེས་སོ། །གསུམ་པ་ནི། དེ་ལས། ལྷ་དང་དམ་ཅན་ཀུན་འདུས་པ། །འདུས་པ་ཆེན་པོའི་ཚོགས་སུ་བཤད། །ཅེས་གསུངས་ཏེ། ཚོགས་འདི་དངོས་ནི་ཡེ་ཤེས་ལྷའི་དཀྱིལ་འཁོར་སྤྲུལ་པ་ཕྱག་བརྙན་དང་བཅས་པ་ཡིན་ལ། བཏགས་པ་དངོས་གྲུབ་ཀྱི་རྟེན་དུ་དེ་དག་གི་གཟུགས་བརྙན་བཀོད་པ་དང་། སེམས་ཀྱིས་བཏགས་ནས་བསྒོམ་པའང་ཡིན་ནོ། །བཞི་པ་ནི། བདག་དང་ཚོགས་ཀྱི་ལོངས་སྤྱོད་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་ཤེས་ནས་སྤྱད་པས་བསོད་ནམས་དང་། སྦྱོང་བཞིན་དུ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པས་ཡེ་ཤེས་ཀྱི་ཚོགས་གོང་ནས་གོང་དུ་རྫོགས་པ་སྟེ། དེ་ཉིད་ལས། ཐམས་ཅད་སྤྱོད་ལ་མི་འཛིན་པ། །ཚོགས་གཉིས་རྒྱུད་དུ་རྫོགས་བྱེད་པས། །ཚོགས་ཆེན་པོར་ནི་ངེས་པར་བཤད་། །ཅེས་སོ། །ཚོགས་དཀྱིལ་ཞེས་པའི་ཚོགས་ཀྱི་རྣམ་གྲངས་དེ་ལྟར་ཡོད་ཀྱང་ཚོགས་ཀྱི་དཀྱིལ་འཁོར་དངོས་ནི། དཀྱིལ་འཁོར་གྱི་ཁང་པར་རྟེན་གྱི་དཀྱིལ་འཁོར་ཚུལ་བཞིན་དུ་བྲིས་ཏེ། དེར་ལྷ་གྲངས་དང་མཉམ་པའི་ཚོགས་སྒྲུབ་ཀྱི་རྣལ་འབྱོར་པ་རྣམས་ལྷའི་ཆས་སུ་ཞུགས་ཏེ་གཙོ་བོའི་ལྷ་གནས་སུ་རྡོ་རྗེ་སློབ་དཔོན་ཡབ་ཡུམ་དང་འཁོར་གྱི་ལྷ་གནས་སུ་འཁོར་གྱི་རྣལ་འབྱོར་ཕོ་མོ་བྲང་སྤྲད་དུ་འདུག་པའམ་འདུག་པར་མོས་པ་གང་རུང་ལ་བྱ་སྟེ། དེ་ལའང་རྣམ་འབྱོར་པ་སོ་སོའི་ལྷ་སོ་སོར་ང་རྒྱལ་བཞག་ནས་སྒྲུབ་པ་དང་། རྣལ་འབྱོར་པ་རེ་རེ་ཞིང་གཙོ་བོའི་ང་རྒྱལ་ལ་གནས་ཏེ་སྒྲུབ་པའི་ཚུལ་གཉིས་ཡོད་པར་གསུངས་སོ། །དེ་ལ་རང་བཞིན་གྱི་དཀྱིལ་འཁོར་དང་པོ་གཉིས་ནི་ལྷག་པ་དོན་དམ་པའི་དཀྱིལ་འཁོར་དང་། ཕྱི་མ་གཅིག་ནི་དེ་བསྒྲུབ་གཞི་མཐར་ཐུག་ཏུ་བཟུང་སྟེ་འབྲས་བུ་ལམ་བྱེད་ཀྱི་དམིགས་པ་ཡིན་ལ། གཟུགས་བརྙན་ནི་ལྷག་པ་ཀུན་རྫོབ་ཀྱི་དཀྱིལ་འཁོར་དང་། ལྷག་པ་གཟུག་བརྙན་ནི་གང་དུ་ཞུགས་ན་ཀུན་རྫོབ་ཡེ་ཤེས་ཀྱི་དཀྱིལ་འཁོར་དེར་ཞུགས་པར་འགྱུར་བའི་མཚན་མའི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་ནི་སྟོང་ཕྱོགས་ཀྱི་དཀྱིལ་འཁོར་སྒོམ་པའི་རྣལ་འབྱོར་དང་། ལྷག་ཏིང་ནི་སྣང་ཕྱོགས་ཀྱི་དཀྱིལ་འཁོར་སྒོམ་པའི་རྣལ་འབྱོར་དང་། བྱང་སེམས་ནི་རང་བཞིན་མ་བཅོས་པའི་དཀྱིལ་འཁོར་ལ་དངོས་སུ་འཇུག་པའི་ཕྱིར་གནས་དུ་བསྣུན་པའི་ཡུལ་དང་། ཚོགས་དཀྱིལ་ནི་དངོས་གྲུབ་མཆོག་གི་དོན་དུ་སྒྲུབ་པ་པོ་ཡ་གྱལ་ཉུང་ངུའི་ནུས་པ་ལ་མང་པོ་ཚོགས་པའི་ནུས་པས་སྟོངས་གདབ་པའམ་གཙོ་བོར་བདེ་ཆེན་གྱི་ཀུན་སྤྱོད་གཅིག་པའི་གྲོགས་མང་པོ་ལ་བརྟེན་ནས་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པར་བྱེད་པའོ། །བཞི་པ་དབང་ནི། ཐུགས་ཐིག་ལས། རྒྱུ་གཉིས་རྐྱེན་བཞིས་ཡན་ལག་བསྙད། །དྲུག་ལ་གནས་པའི་ཐོབ་བྱ་དེ། །ངོ་བོ་ཉིད་ཅེས་རྣམ་པར་བཤད། །ཅེས་པས། རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པའི་ལས་ཀྱིས་ཡེ་ཤེས་དངོས་སུ་སྐྱེས་པའམ་སྐྱེ་ངེས་ཀྱི་ནུས་པ་ཅི་རིགས་ཐོབ་པའོ། །དེ་ལ་དབྱེ་ན། རྩ་རྒྱུད་དུ་ཕན་ནུས་ཟབ་མོའི་དབང་གསུམ་གསུངས་པ་བཤད་རྒྱུད་རྡོ་རྗེ་ལས་ལྔར་ཕྱེ་ནས་གསུངས་ཏེ། དང་པོ་ས་བོན་འཇོག་པ་སྟེ། །གཉིས་པ་ནུས་པ་བསྐྱེད་པ་ཡིན། །གསུམ་པ་ཉམས་མྱོང་སྐྱེད་པའོ། །བཞི་པས་དེ་ཉིད་བརྟན་པར་བྱེད། །ལྔ་པས་བརྟན་པ་ཉམས་ལོན་པས། །མཆོག་གི་དངོས་གྲུབ་ཚེ་འདིས་འགྲུབ། །ཅེས་སོ། །རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། དེ་མ་ཐག་པ་བཞི་པ་སྟེ། །ཞེས་ཕན་ནུས་གཉིས་སློབ་དཔོན་གྱི་དབང་ཞེས་གཅིག་ཏུ་བགྲང་ནས་བཞིར་གསུངས་ཏེ། སློབ་དཔོན་གྱི་དབང་གཙོ་བོ་དང་གཞན་རྣམས་དེའི་འཁོར་ཡིན་པ་ལ་དགོངས་ནས་སོ། །དེ་ལ་ཕན་དབང་ནི་བཅུ་སྟེ། སྙིང་པོ་ལྔ་དང་དབུ་རྒྱན་དང་། །བུམ་པ་ཅོད་པན་ཕྲེང་བ་དང་། །གོ་ཆ་རྒྱལ་མཚན་གདུགས་ཕྱག་རྒྱ། །བཟའ་བཏུང་དབང་རྣམས་རིམ་བཞིན་བསྐུར། །ཞེས་བརྒྱུད་ཀྱི་དངོས་བསྟན་ཞི་བའི་ཕན་དབང་ཡིན་ལ། ཁྲོ་བོ་ལ་ནི། གདན་དང་ལྷ་དབང་ཕྱག་མཚན་དང་། །ཆས་བཅུ་སྒྲུབ་རྫས་བཅོ་ལྔ་སྟེ། །ཞེས་ཉེར་བརྒྱད་དུ་བཤད་དོ། །ཕན་དབང་བཅུ་པོ་དེ་དག་ཕལ་ཆེར་འཇིག་རྟེན་ན་རྒྱལ་པོ་ཆེན་པོའི་བུ་རྒྱལ་སར་དབང་སྐུར་བ་ན་སྟེང་དུ་གདུགས་དང་གཡས་གཡོན་དུ་རྒྱལ་མཚན་བསྒྲེང་། བུམ་ཆུས་སྤྱི་བོ་ནས་བླུགས་དབུ་རྒྱན་དང་ཅོད་པན་སོགས་བྱིན་ནས་བྱེད་པ་དང་ཚུལ་མཐུན་པར་བཞག་པ་དཔེར་ན་དུས་འཁོར་ནས་བྱིས་པ་ལྟར་འཇུག་པའི་དབང་བདུན་ཞེས་གསུངས་པ་ལྟ་བུར་མངོན་ནམ་སྙམ་ཡང་སྔ་མ་རྣམས་ཀྱིས་བཤད་པ་མ་མཐོང་བས་ཁ་ཚོན་མི་ཆོད་དོ། །ནུས་དབང་ནི། ཉན་སྒོམ་གཉིས། འཆད་ཕྲིན་གཉིས། རྡོ་རྗེ་རྒྱལ་པོའི་དབང་དང་ལྔ་སྟེ། ཕྱི་མ་གསུམ་པོ་འདི་ལས་གཞན་རྣམས་སློབ་དཔོན་གྱི་དབང་མ་ཡིན་ཡང་དབང་བཞིའི་ཡ་གྱལ་གྱི་སློབ་དཔོན་དབང་ཡིན་པར་བརྗོད་ཟིན་ལ། གསུམ་པོའི་ཡང་རྡོ་རྗེ་རྒྱལ་པོའི་དབང་གཙོ་བོ་དང་འཆད་ཕྲིན་དེའི་འཁོར་དུ་བཤད་དེ། དེས་ན་རྡོ་རྗེ་རྒྱལ་པོའི་དབང་གི་འཁོར་ལ་སློབ་དཔོན་གྱི་དབང་ཡིན་མིན་གཉིས་ཡོད་དོ། །ཟབ་དབང་གསུམ་ནི་གསང་ཤེར་ཚིག་དབང་གསུམ་སྟེ། ཤེར་དབང་ལ་འདིར་ཡེ་ཤེས་རང་གནས་དང་། དབང་བཞི་པ་ལ་དབྱེར་མེད་བདེ་བ་ཆེན་པོའི་དབང་ཞེས་ཀྱང་གསུངས་སོ། །དབང་དེ་དག་ཐམས་ཅད་ལ་རྒྱུ་གཉིས་དང་རྐྱེན་བཞི་རེ་ཡོད་པའི་དང་པོ་རྒྱུ་གཉིས་ལས། མཚུངས་ལྡན་གྱི་རྒྱུ་ནི། སློབ་བུའི་རྒྱུད་ལ་དང་པོ་ནས་དབང་སོ་སོའི་རྗེས་སུ་མཐུན་པའི་ཆོས་རེ་ཡོད་པ་དེ་ཡིན་ཏེ། ཕན་དབང་དང་སྦྱར་ན། གོང་དུ་སྨོས་བའི་གོ་རིམ་ལྟར་ནང་གི་བདུད་རྩི་ལྔ་དང་། རྣམ་ཤེས་ཚོགས་བརྒྱད་དང་། རྩ་གནས་ཐིག་ལེས་གང་བ་དང་། རྩ་རོ་རྐྱང་གཉིས་དང་། དྷཱུ་ཏིའི་ནང་ན་ཐིག་ལེ་སོ་གཉིས་གནས་པ་དང་། ལུས་རྩའི་དྲྭ་བས་ཁེབས་པ་དང་། ཕོ་མོའི་དབང་པོ་དང་། སྤྱི་བོའི་རྩ་འཁོར་དང་། རྟོག་ཚོགས་ལྷའི་ངོ་བོར་གནས་པ་དང་། ལོངས་སྤྱོད་འཁོར་ལོའི་ཐིག་ལེ་རྣམས་སུ་ཐལ་བ་ལས་གསུངས་ཤིང་། ནུས་དབང་གི་མཚུངས་ལྡན་ནི་རིམ་བཞིན། རྣ་བའི་འདོམ་རྩའི་སྒྲ་ཉན་བྱེད་ཀྱི་ཐིག་ལེ་དང་། སྙིང་གི་དྲན་བྱེད་ཀྱི་དང་། ལག་པའི་སྐྱོད་བྱེད་ཀྱི་དང་། ལྕེའི་སྨྲ་བྱེད་ཀྱི་དང་། ཡན་ལག་ལྔའི་སྐྱོད་བྱེད་རེག་ཤེས་ཀྱི་ཐིག་ལེ་རྣམས་དང་། ཟབ་དབང་གསུམ་གྱི་ནི། སྙིང་ག་གཙོ་བོར་གྱུར་པའི་ལུས་གནས་བདེ་བའི་རྟེན་གྱི་ཐིག་ལེ་དང་། འོད་གསལ་མི་རྟོག་པའི་ཡེ་ཤེས་དང་། བདེན་པ་དབྱེར་མེད་ཀྱི་ཡེ་ཤེས་གདོད་ནས་རང་ཆས་སུ་བཞུགས་པ་རྣམས་གོ་རིམ་བཞིན་ནོ། །ལྷན་ཅིག་བྱེད་པའི་རྒྱུ་ནི། དབང་རྫས་རབ་གནས་དང་ལྡན་པ་སྟེ། དབུ་རྒྱན་དང་ཕྲེང་བའི་རིན་འབྱུང་གི། ཅོད་པན་མཐའ་ཡས་དང་རྡོར་སེམས་ཀྱི། གོ་ཆ་དོན་གྲུབ་ཀྱི། རྒྱལ་མཚན་དང་གདུགས་མི་བསྐྱོད་པའི་ཕྱག་རྒྱ་ནི་ཀུན་མཁྱེན་ཆེན་པོ་རིགས་ལྔའི་ཕྱག་མཚན་ལ་བཞེད་ཀྱང་འདིར་དཀྱིལ་འཁོར་བའི་སྐུ་གཟུགས་ཏེ་ལྷ་རང་རང་གི། བུམ་ཆུ་རིགས་ལྔ་ཀའི། བཟའ་བཏུང་རྣམ་སྣང་གི། སྙིང་པོ་ལྔ་ནི་ཀུན་མཁྱེན་བདུད་རྩི་ལྔ་ལ་བཞེད་ཀྱང་འདིར་རིགས་ལྔའི་ས་བོན་ཏེ་གང་ལྟར་ཡང་རིགས་ལྔ་སོ་སོས་རབ་གནས་ཅན་ནོ། །དེ་དག་ཀྱང་སྔོན་རབ་གནས་བྱས་པ་ཙམ་གྱིས་མི་ཆོག་གི། དུས་དེར་གང་ལ་དབང་བསྐུར་བ་དེའི་ཆེད་དུ་རབ་གནས་བྱས་པ་དགོས་སོ། །དབང་རྫས་གང་དུ་འགོད་པའི་མཚན་མའི་དཀྱིལ་འཁོར་ཡང་ལྷན་ཅིག་བྱེད་རྒྱུར་འཇོག་པའམ་ཡང་ན་བདག་རྐྱེན་གྱི་ཕྱོགས་སུ་བཞག་པར་བྱ་སྟེ་བརྟག་གོ། །དེ་བཞིན་དུ་ནུས་དབང་གི་དབང་རྫས་ཀྱང་། གླེགས་བམ་རིན་འབྱུང་གི་དང་། ཕྲེང་བ་ཡི་དམ་གང་ཡིན་གྱི་དང་། རྒྱ་གྲམ་དོན་གྲུབ་ཀྱི་དང་། འཁོར་ལོ་དུང་སོགས་མཐའ་ཡས་ཀྱི་དང་། རྡོར་དྲིལ་རིགས་ལྔ་སྤྱི་འདུས་ཀྱི་རབ་གནས་ཅན་རྣམས་དང་། གསང་དབང་ལ་རྡོ་རྗེ་སློབ་དཔོན་གྱི་ལྷན་སྐྱེས་ཀྱི་བདེ་བས་ལྷག་པར་གནས་པའི་བདུད་རྩི་དང་། གོང་མ་གཉིས་ལ་བྱིན་གྱིས་བརླབས་པའི་ཕྱག་རྒྱ་མའོ། །རྐྱེན་བཞིའི་དང་པོ་རྒྱུའི་རྐྱེན་ནི་ཁོག་གཞུང་ལས། དད་དང་བརྩོན་འགྲུས་གསུམ་ལྡན་དང་། བརྟུལ་ཞུགས་གསུམ་ལྡན་སློོབ་མ་ལ། །ཞེས་པ་ལྟར་དབང་གི་སྣོད་དུ་རུང་བའི་སློབ་མ་སྟེ། ཕན་དབང་གི་སྣོད་དད་པ་ཅན་དང་། ནུས་དབང་ལས་ཉན་སྒོམ་གྱི་སྣོད་བདག་དོན་ནུས་པའི་དང་། འཆད་ཕྲིན་གྱི་གཞན་དོན་ནུས་པའི་དང་། རྡོ་རྗེའི་རྒྱལ་པོའི་གཉིས་ཀའི་དོན་ནུས་པའི་བརྩོན་འགྲུས་ཅན་གསུམ་དང་། གསང་དབང་གི་སྤྱོད་པའི་དང་། ཤེར་དབང་གི་རིག་པའི་དང་། དབང་བཞི་པའི་སྣོད་མཉམ་པའི་བརྟུལ་ཞུགས་ཅན་ཏེ་གསུམ་རྣམས་སོ། །འདིར་བསྟན་དད་པ་ཅན་ནི་སྔགས་ཀྱི་ཐེག་པ་ལ་ཡིད་ཆེས་པ་སྟེ། དེའི་རྟེན་དུ་ཚེ་འདིའམ་སྔ་མར་ཐེག་ཆེན་སྤྱིའི་ལམ་ལ་བློ་སྦྱང་བའང་དགོས་སོ། །ནུས་དབང་གི་སྣོད་ལ་དེའི་སྟེང་དུ་རྒྱུད་ཉན་སྒོམ་སོགས་ལ་དངོས་སུ་འཇུག་པའི་བརྩོན་འགྲུས་སམ་སྤྲོ་ཤུགས་ལྷག་པ་དང་། ཟབ་དབང་ལ་དེ་གཉིས་ཀའི་སྟེང་དུ་བརྟུལ་ཞུགས་གསུམ་དང་ཡང་ལྡན་པ་སྣོད་དུ་དགོས་ཞེས་པ་ཡིན་གྱི། ཕན་དབང་མ་གཏོགས་པའི་སྣོད་ལ་དད་པ་ཅན་མི་དགོས་པ་སོགས་མིན་ནོ། །བརྟུལ་ཞུགས་གསུམ་ནི་རིམ་བཞིན། བདེ་བ་ཆེན་པོའི་ལམ་མོས་པ་བརྟན་པས་བདུད་རྩི་ལྔ་ལ་གཙང་དམེའི་རྟོག་པ་ཟིལ་གྱིས་མནན་ནས་དངོས་སུ་སྤྱོད་ནུས་པ་དང་། ཆགས་རྟོག་རང་དགའ་བ་ཟིལ་གྱིས་མནན་ནས་རིག་མའི་བདེ་བ་ལམ་དུ་བྱེད་ནུས་པ་དང་། དེའི་སྒོ་ནས་བདེན་གཉིས་དབྱེར་མེད་མཉམ་པ་ཆེན་པོའི་དོན་ལ་དངོས་སུ་འཇུག་ནུས་པ་གསུམ་ལ་བྱེད་ཅེས་གསུངས་ཏེ། གཙོ་བོར་དངོས་དབང་གི་སྣོད་ལ་དགོངས་སོ། །གཉིས་པ་བདག་པོའི་རྐྱེན་ནི། ལེའུ་དགུ་པར། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཅེས་པའི་སྐབས་ལྟར་བསྙེན་པ་ཚད་དུ་འཁྱོལ་བ་སོགས་མཚན་ཉིད་དང་ལྡན་པའི་སློབ་དཔོན་ཏེ་དེ་ལས་གཞན་གྱིས་དབང་བསྐུར་ལོ་བྱས་ཀྱང་སློབ་མའི་རྒྱུད་སྨིན་མི་ནུས་ཤིང་བདག་ཉིད་རྣམ་པར་སུན་འབྱིན་པར་གསུངས་སོ། །གསུམ་པ་དམིགས་རྐྱེན་ནི། དབང་རྫས་དང་སྔགས་དང་ཏིང་ངེ་འཛིན་གསུམ་ཚོགས་པའི་ནུས་པ་ཁྱད་པར་ཅན་ཏེ། དེ་ལ་ཏིང་ངེ་འཛིན་ནི། སློབ་མ་ལྷར་གསལ་བའི་གནས་ལྔར་སྙིང་པོ་ལྔ་བཀོད་པ་རིགས་ལྔར་བསྐྱེད་དེ་བྱིན་གྱིས་བརླབས་པས་ཁམས་ལྔ་རིགས་ལྔར་དག་པ་དང་། དབུ་རྒྱན་གྱིས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པར་དང་། བུམ་པས་རིགས་ལྔའི་ཆུ་རྒྱུན་གྱི་ཉོན་མོངས་པའི་དྲི་མ་དག་ནས་ཡེ་ཤེས་ལྔའི་དབང་ཐོབ་པར་དང་། ཅོད་པན་གྱིས་ཡོན་ཏན་རྫོགས་ཤིང་གདུག་པ་འདུལ་བ་དང་། ཕྲེང་བས་གཟུངས་ཏིང་སོགས་འབྲས་ཆོས་རྫོགས་པར་དང་། གོ་ཆས་རྒོལ་བས་མི་ཚུགས་པར་དང་། རྒྱལ་མཚན་གྱིས་ལོག་ལྟ་ཅན་ཟིལ་གྱིས་གནོན་པར་དང་། གདུགས་ཀྱིས་ཉོན་མོངས་པའི་ཚ་གདུང་ལས་སྐྱོབ་པར་དང་། ཕྱག་རྒྱས་རྟོགས་པ་ལྷའི་ངོ་བོར་དག་པར་དང་། བཟའ་བཏུང་གིས་འདོད་ཡོན་ཡེ་ཤེས་སུ་རོལ་བའི་མཐུ་ཐོབ་བར་བསམ་པ་རྣམས་ཕན་དབང་གི་དགོངས་པ་ཡིན་ལ། དེར་མ་ཟད་དཀྱིལ་འཁོར་པའི་ལྷ་རྣམས་ཀྱང་དེ་ལྟར་དགོངས་པ་མཛད་པར་དམིགས་དགོས་ཏེ། ཕན་དབང་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལས་ཐོབ་པར་བཤད་པའི་གོ་དོན་ཡང་དེའི་སྟེང་ནས་ཤེས་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེ་ལ་དགོངས་ནས་ཕན་དབང་གི་མཚམས་སྦྱོར་དུ་ཡང་སློབ་དཔོན་གྱིས་དཀྱིལ་འཁོར་བསྐོར་ཞིང་བསྟོད་ནས་དབང་བསྐུར་བའི་དོན་དུ་དགོངས་ཤིང་བྱིན་གྱིས་རློབ་པར་གསོལ་བ་འདེབས་ཚུལ་འབྱུང་བ་ཡིན་ནོ། །ནུས་དབང་གི་ཏིང་ངེ་འཛིན་ནི། སློོབ་བུའི་མཚུངས་ལྡན་གྱི་རྒྱུ་རྣམས་ཀྱི་གནས་སུ་དབང་རྫས་རབ་གནས་ལ་བཤད་པའི་རིགས་གང་ཡིན་གྱི་ཚོམ་བུའི་དཀྱིལ་འཁོར་གསལ་སྤྲོ་བསྟིམས་ནས་སློབ་མ་རིགས་བཞིའི་གཙོ་བོ་དང་ཀུན་ཏུ་བཟང་པོར་བྱིན་གྱིས་རློབ་པའོ། །ཟབ་དབང་གསུམ་ལས། གསང་དབང་ལ་ཉི་ཟླ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའི་སྐུ་ཕྲ་མོ་ཏིལ་གང་ཕྱེ་བ་ལྟ་བུར་གྱུར་པ་སྙིང་གའི་འཁོར་ལོ་ལ་བསྟིམས་པས་དེ་ན་གནས་པའི་རིགས་དྲུག་གི་ས་བོན་གཉིད་དང་བཅས་པ་སྦྱངས་ནས་སེམས་ཉིད་འོད་གསལ་གྱི་དཀྱིལ་འཁོར་དུ་བསྒྱུར་བ་དང་། ཤེར་དབང་ལ་ཕྱག་རྒྱའི་ཐབས་ཀྱིས་མཚོན་པའི་དཔེའི་ཡེ་ཤེས་རྟོགས་པ་དང་། དབང་བཞི་པར་མས་བརྟན་གྱི་དགའ་བའི་མཐའི་ལྷན་སྐྱེས་ལ་བརྟེན་ནས་བདེན་གཉིས་ཟུང་འཇུག་གི་དཀྱིལ་འཁོར་མཐར་ཐུག་ངོ་སྤྲོད་པའི་དགོངས་པའོ། །སྒྱུ་འཕྲུལ་ཐལ་བ་ལས་དབང་བཞི་པ་བསྐུར་དུས་དགའ་བཞི་མཚན་དཔེ་དང་མངོན་ཤེས་དྲུག་ལྡན་དུ་ངོ་སྤྲོད་ཚུལ་གསུངས་ཤིང་། དེ་འདྲ་དེ་བླ་མ་བསུ་སྐྱེལ་སོགས་དང་རྣམ་གནས་ཡིད་བྱེད་ཀྱིས་མཚན་དཔེ་དང་མངོན་ཤེས་སྒྲུབ་པའི་ཕྱོགས་དང་ཐུན་མོང་མ་ཡིན་པར་ཀུན་མཁྱེན་ཆེན་པོ་བཞེད་དེ། མདོར་ན་སྔར་ཐབས་གྲོལ་དུ་བཤད་པའི་ཡེ་ཤེས་ཀྱི་སྐུ་དང་མི་འགྱུར་བའི་བདེ་བའི་ཐུགས་གཉིས་ངོ་བོ་གཅིག་ཏུ་གྱུར་བའི་ཟུང་འཇུག་གི་གོ་འཕང་ངོ་སྤྲོད་པར་གསལ་ལ། དེ་ལྟར་ངོ་སྤྲོད་བྱེད་ཀྱི་དགའ་བཞི་དངོས་ནི་གླེང་བསླང་གི་ཐད་དང་བསྒྲིགས་ན་མས་བརྟན་ལ་བྱེད་དགོས་པར་མངོན་ཏེ། དེའི་སྟེང་ནས་ངོ་སྤྲོད་ཚུལ་ནི། ད་ལྟ་དབང་དུས་སུ་སྐྱེས་པའི་དགའ་བཞི་འདི་དག་གི་རྒྱུན་གོམས་པ་ལས་ཡས་བབས་ཀྱི་དགའ་བ་བཞི་གནས་སྐབས་བཅུ་དྲུག་དང་། རྟེན་གྱི་དབྱེ་བ་སུམ་ཅུ་རྩ་གཉིས་ཡེ་ཤེས་ཀྱི་རོ་ཉམས་བརྒྱད་ཅུ་མཚན་དཔེའི་རྒྱུ་ཚོགས་ཀྱི་ནུས་པ་ཐམས་ཅད་པ་ལས་བྱུང་བའི་མས་བརྟན་གྱི་ཡེ་ཤེས་མཚན་དཔེ་དང་མངོན་ཤེས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པར་འགྱུར་བ་ཡིན་ཞེས་མཚོན་པར་བྱེད་པ་སྟེ། ད་དུང་རྡོ་རྗེ་ལས་རིམ་ལས། ཕ་རོལ་ཕྱིན་དང་ས་མཚན་ཉིད། །མཚུངས་ཕྱིར་རྫོགས་པར་བཤད་པ་ཡིན། །ཞེས་སོགས་ལྟར་མང་དུ་སྤྲོ་བར་བྱའོ། །བཞི་པ་དེ་མ་ཐག་རྐྱེན་ནི། དབང་དེ་དག་གོ་རིམ་འཆོལ་བར་བསྐུར་དུ་མེད་ཀྱི། སྔ་མ་སྔ་མས་གོ་ཕྱེ་ནས་གདོད་ཕྱི་མ་ཕྱི་མ་བསྐུར་དགོས་པས་ཟབ་དབང་གི་དེ་མ་ཐག་རྐྱེན་ནུས་དབང་དང་། ནུས་དབང་གི་དེ་མ་ཐག་རྐྱེན་ཕན་དབང་ཡིན་པ་སོགས་ཏེ། དཀྱིལ་འཁོར་དུ་མ་བཅུག་པ་ལ་དབང་བསྐུར་མི་རུང་བ་འདིའི་ཡང་ལུགས་ཡིན་པས་ཕན་དབང་དང་པོའི་དེ་མ་ཐག་རྐྱེན་དཀྱིལ་འཁོར་དུ་འཇུག་པ་ལ་བཞག་དགོས་པ་སོགས་ཀྱང་འདོད་ཆོགས་གམ་སྙམ་མོ། །དེ་ལྟར་ན་དབང་བསྐུར་ཡུལ་ཁམས་དྲུག་ལྡན་གྱི་རྟེན་ཅན་མིན་ན་མཚུངས་ལྡན་གྱི་རྒྱུ་མ་ཚང་། དབང་རྫས་མ་ཚོགས་པའམ་ཚོགས་ཀྱང་ལྷག་གནས་མ་བྱས་ན་ལྷན་ཅིག་བྱེད་རྒྱུ་མ་ཚང་། སྔོན་དུ་སློབ་བུའི་རྒྱུད་སྦྱངས་ཤིང་སྨིན་པ་མ་སོང་ན་རྒྱུའི་རྐྱེན་དང་། སློབ་དཔོན་གྱིས་སྔོན་དུ་བསྙེན་པ་སོགས་མ་སོང་ན་དཀྱིལ་འཁོར་གྱི་ལས་ལ་མི་དབང་བས་བདག་པོ་དང་། ཡུལ་རྟེན་དེ་དག་འཛོམ་ཡང་སློབ་དཔོན་གྱིས་རྫས་སྔགས་ཏིང་འཛིན་ཚང་བར་འདུ་མ་བྱས་པ་དང་། བྱས་ཀྱང་སློབ་བུས་དེ་ལ་ཡིད་གཏད་ནས་མོས་པ་མ་བསྒོམ་དམིགས་རྐྱེན་དང་དམིགས་རྐྱེན་དུ་འགྲོ་བའི་ཡན་ལག་དང་། དབང་གི་གོ་རིམ་འཁྲུགས་ཤིང་བར་དུ་འགའ་ཞིག་ཆད་ན་དེ་མ་ཐག་རྐྱེན་མ་ཚང་བར་འགྱུར་ལ། ཤིང་རྟ་འཕང་ལོ་ཉམས་པ་ལྟར་རྒྱུ་ཚོགས་ཀྱི་ཡན་ལག་མ་ཚང་ན་དགོས་པ་བྱེད་མི་ནུས་པས་ཐམས་ཅད་ཚང་བ་གཅེས་སོ། །དེ་ལྟར་ཚང་བ་ལས་ལག་རྗེས་ཀྱི་ཁྱད་པར་གང་དང་གང་འབྱུང་བ་ནི། ཕན་དབང་གིས་སྤྱིར་གསང་སྔགས་ཀྱི་རིགས་སུ་ངེས་པར་བྱེད་ཅིང་ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་ཙམ་མཉན་པ་ལ་དབང་བ་དང་། ཉན་སྒོམ་གྱི་དབང་གིས་ནང་ལུས་ལ་ལྷ་ཚོགས་རྒྱས་པར་བཀོད་པའི་སྣང་བྱེད་ཀྱི་བསྐྱེད་རིམ་སོགས་ཉན་སྒོམ་ལ་དབང་བར་བྱེད། ནུས་དབང་ལྷག་མ་གསུམ་གྱི་སློབ་དཔོན་གྱི་གོ་འཕང་སྦྱིན་པར་མཚུངས་ཀྱང་འཆད་ཕྲིན་གཉིས་ཀྱིས་རྒྱུད་འཆད་པ་དང་། ལས་ཕྲ་མོ་སྒྲུབ་པ་ཙམ་ལ་དབང་བར་བྱེད་ལ། དེ་ཙམ་གྱིས་དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་དུ་གྱུར་པ་མིན་ཞིང་། རྡོ་རྗེ་རྒྱལ་པོའི་དབང་གིས་དཀྱིལ་འཁོར་གྱི་ལས་རབ་འབྱམས་ལ་དབང་བར་བྱེད་པས་མི་འདྲའོ། །གསང་དབང་གིས་སྟེང་སྒོའི་རྫོགས་རིམ་མམ་རང་ལུས་ལ་གནད་དུ་བསྣུན་པ་ལ་དང་། ཤེར་དབང་གིས་འོག་སྒོའི་ལམ་མམ་གཞན་ལུས་ཕོ་ཉའི་རྣལ་འབྱོར་ལ་དབང་བསྒྲུབ་པར་གསུངས་ཏེ། གྲོལ་ལམ་དང་སྦྱར་ན། གསང་དབང་གི་ལམ་རྫོགས་རིམ་པའི་སྟོང་ཆེན་སོགས་ཏིང་ངེ་འཛིན་དང་པོ་བཞི་དང་། ཤེར་དབང་གི་ལམ་ཚོགས་སྒྲུབ་ནས་འཇོག་པ་འདྲ་ཞིང་། གང་ལྟར་ཡང་དབང་བཞི་པས་གསང་ཤེར་གྱི་ལམ་དུ་ཐོབ་པའི་ཡེ་ཤེས་དེ་དག་འགྱུར་མེད་ཀྱི་བདེ་བར་སོང་བའི་གོ་ནས་ཤིན་ཏུ་བརྟན་པར་བྱེད་དེ། དབང་བཞིའི་ལམ་གྱི་རྟོགས་པ་འདི་དག་ཐོག་མར་སྐྱེ་བ་ལ་གོ་རིམ་གྱི་ངེས་པ་ཡོད་ཀྱང་། གསང་དབང་གི་ལམ་པ་དང་བུམ་དབང་ག ི་ལམ་པ་འགལ་བ་སོགས་མི་བཞེད་དམ་སྙམ་དུ་སེམས་མོད་ཀྱི་ཟབ་མོའི་གནས་ལ་ཁ་ཚོན་མི་ཆོད་པས་གཟུར་གནས་མཁས་པ་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་བྱའོ། །དབང་དེ་རྣམས་མ་སྨིན་པ་སྨིན་བྱེད་ཀྱི་དབང་དུ་བསྐུར་ན་རྒྱུའི་དབང་ཞེས་བྱ་ལ། སྨིན་ཟིན་གྱི་ནུས་པ་གོང་འཕེལ་དུ་བྱ་བའི་ཕྱིར་དང་། རྩ་ལྟུང་བྱུང་ནས་སྔགས་སྡོམ་སླར་གསོ་བའི་ཆེད་དུ་བླ་མ་ལས་ནོད་པའམ་རང་ཉིད་ལེན་པ་ནི་ལམ་གྱི་དབང་དང་། མཐར་ལམ་པས་རིགས་བདག་དྲུག་པ་དངོས་ལས་ནོད་པ་ནི་འབྲས་བུའི་དབང་ཞེས་བྱའོ། །ལྔ་དང་དམ་ཚིག་ནི། སྟོན་པ་རྡོ་རྗེ་འཆང་གིས་ཁྲིམས་སུ་བཅས་ཤིང་སྔགས་པ་རྣམས་ཀྱིས་བསྲུང་བྱར་གྱུར་པའི་བསླབ་གཞི་ཁྱད་པར་ཅན་ལས་མི་འདའ་བའི་སེམས་པ་ས་བོན་དང་བཅས་པ་སྟེ། རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་གསུངས་པ་ལྟར་རྡོ་རྗེ་གསུམ་གྱི་བརྟུལ་ཞུགས་ལ་གནས་པའི་ཆ་ནས་དམ་ཚིག་དང་། རྒྱུད་མི་མཐུན་ཕྱོགས་ལས་སྡོམ་པའི་ཆ་ནས་སྡོམ་པའང་ཡིན་ནོ། །དེ་སྲུང་བ་ལ་དང་པོར་བླ་མ་ལས་སྔགས་སྡོམ་ཐོབ་པ་མེད་དུ་མི་རུང་ཞིང་། དེ་ལ་ཐོབ་པའི་དུས་མཚམས་ཤེས་ནས་ཐོབ་བློ་སྐྱེ་བ་གལ་ཆེ་སྟེ། དུས་མཚམས་ནི་སྔོན་གྱི་སྒྱུ་འཕྲུལ་མཁན་པོ་རྣམས་དབང་གི་སྔ་རོལ་དུ་དང་པོར་ཐུན་མོང་གི་སྡོམ་བཟུང་དང་། དེ་ནས་ཁྱད་པར་གྱི་སྡོམ་བཟུང་ལན་གསུམ་རེ་བརྗོད་པའི་མཐའ་ལ་སྐྱེ་བར་བཞེད་ཀྱང་། ལུགས་འདིར་རྡོ་རྗེ་ལས་རིམ་ལས། རང་བཞིན་འབྲུ་གསུམ་སྐུ་གསུང་ཐུགས། །གཟི་བྱིན་ལྡན་པར་བྱིན་བརླབས་ལ། །དམ་ཚིག་སྡོམ་པ་མཆོག་ཅེས་བཤད། །ཅེས་པ་ལྟར་དཀྱིལ་འཁོར་དུ་འཇུག་པའི་སྐབས་སུ་སྐུ་གསུང་ཐུགས་ཀྱི་དམ་ཚིག་བྱིན་པ་ཉིད་སྡོམ་བཟུང་དུ་བཞེད་པས་དེའི་མཐར་སྐྱེ་བ་ཡིན་ནོ། །དེ་ལ་དམ་པ་ཁ་ཅིག་ནི། སྡོམ་བཟུང་གི་དུས་སུ་སྔགས་སྡོམ་ཐོབ་ཀྱང་སྔགས་སྡོམ་མཐའ་དག་དེར་བཟུང་བ་ནི་མ་ཡིན་ཏེ། ད་དུང་དབང་སོ་སོའི་ངོ་སྐལ་གྱི་སྡོམ་པ་མི་འདྲ་བ་མང་པོ་བཟུང་དགོས་པའི་ཕྱིར་ཞེས་གསུངས་ལ། ཁ་ཅིག་ནི། སྔགས་སྡོམ་ལ་རིས་མི་འདྲ་བ་མང་པོ་མེད་ཀྱི་གཅིག་ཏུ་ཟད་ལ། དེ་ཁས་བླང་གིས་བཟུང་བའི་མཐར་ཐོབ་ཀྱང་དབང་བསྐུར་དང་མ་འབྲེལ་བའི་ཁས་བླང་གི་བརྗོད་པ་ལན་གསུམ་ཙམ་གྱིས་འཐོབ་པ་མིན་ཞིང་། ཁས་བླང་གིས་ཐོབ་པའི་འོག་ཏུ་དབང་རྣམས་བསྐུར་བས་སྡོམ་རྒྱུན་གོང་འཕེལ་དུ་འགྲོ་བ་ཡིན་ཞེས་གསུངས་ངོ་། །ཐུན་མོང་བྱང་ཆུབ་སེམས་དཔའི་སྡོམ་པ་ནི་ལུས་དབུལ་གསུམ་གྱི་སྐབས་སུ་སྐྱེ་བར་བཤད་ཀྱང་དམ་ཚིག་གསུམ་བཀོད་དང་བསྟུན་ན་རུང་ཙམ་སྣང་ཡང་འདིའི་སྐོར་དུ་དེ་ལྟར་བཤད་པ་མ་མཐོང་ངོ་། །སྤྱིར་དམ་ཚིག་གི་རྣམ་གྲངས་མཐའ་ཡས་ཀྱང་བསྡུ་ན་རྩ་བ་དང་ཡན་ལག་གཉིས་སུ་འདུ་ལ། དེའང་རྒྱུད་གཞུང་འདི་ཉིད་ལས་གྲགས་པ་ལྟར་ན། རྩ་བའི་དམ་ཚིག་ལྔ་དང་། ཡན་ལག་གི་དམ་ཚིག་བཅུའོ། །དང་པོ་ནི། ལེའུ་བཅུ་དགུ་པ་ལས། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུད་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །སྒྲུབ་དང་སྲུང་བའི་དམ་ཚིག་མཆོག །ཅེས་གསུངས་པ་ལྟར། བླ་མེད་མི་སྤང་བ། བླ་མ་བཀུར་བ། སྔགས་རྒྱ་རྒྱུན་མི་གཅོད་པ། མཆེད་ལ་བྱམས་པ། གསང་བ་མི་སྨྲ་བ་སྟེ་ལྔ་ལས། དང་པོ་ནི། བླ་ན་མེད་པའི་བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་བསྐྱེད་པའམ་བྱང་ཆུབ་ཆེན་པོར་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་སེམས་བསྐྱེད་པ་མི་སྤོང་བ་སྟེ། སེམས་ཀྱི་རང་བཞིན་བྱང་ཆུབ་ཏུ་རྟོགས་པའི་ལྟ་བ་གཞིར་བཟུང་སྟེ་ཏིང་ངེ་འཛིན་གྱིས་རྒྱུན་དུ་གོམས་པར་བྱེད་པ་ལས་མི་འདའ་བའོ། །དེ་ལ་སེམས་ཉིད་སྤྲོས་བྲལ་གྱི་ངང་ལ་མཉམ་པར་འཇོག་པ་དོན་དམ་སེམས་བསྐྱེད་དང་། ཅིར་སྣང་སེམས་ཉིད་ཀྱི་རྣམ་རོལ་རྒྱལ་བའི་དཀྱིལ་འཁོར་ཉག་གཅིག་ཏུ་ཤེས་པ་ཀུན་རྫོབ་སེམས་བསྐྱེད་གཉིས་ཡོད་དེ། རིམ་བཞིན་ཟབ་པ་དང་རྒྱ་ཆེ་བའི་སེམས་གཉིས་སོ། །སེམས་དེ་གཉིས་མཐར་ཕྱིན་པར་གདུལ་བྱས་མྱུར་དུ་འགྲུབ་པའི་ཆེད་དུ་སངས་རྒྱས་རྣམས་ཀྱིས་ཤིན་ཏུ་རྣམ་དག་གི་བདེན་གཉིས་ཟུང་འཇུག་ལྷའི་རྣམ་པར་བྱིན་གྱིས་བརླབས་པ་ལ་དེ་ལྟར་ཤེས་ནས་བསྒོམ་ན་བླ་མེད་བྱང་ཆུབ་ཀྱི་སེམས་གཉིས་ཀ་དེར་འདུ་བར་སྔོན་གྱི་མཁས་གྲུབ་དག་གིས་གསུངས་ཏེ། འདིར་ཀུན་རྫོབ་བྱང་སེམས་གཙོ་བོར་སྒོམ་པའི་ཚེ་ཡང་སྣང་བ་རང་རྒྱུད་པ་མ་ཡིན་པར་ལྷག་པ་ཀུན་རྫོབ་ཅེས་ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་དུ་སྒོམ་པས་དོན་དམ་སེམས་བསྐྱེད་ཀྱི་སྙིང་པོ་ཅན་ཡིན་ལ། དོན་དམ་སེམས་བསྐྱེད་ལ་མཉམ་པར་འཇོག་པ་ན་ཡང་ཐ་མལ་པའི་དངོས་སྣང་གི་རང་བཞིན་སྟོང་པར་སྒོམ་པ་དང་མི་འདྲ་བར་དག་པའི་དཀྱིལ་འཁོར་ཐམས་ཅད་དོན་དམ་འོད་གསལ་གྱི་ཐིག་ལེ་གཅིག་ཏུ་བསྡུས་ནས་སྒོམ་པ་ཡིན་པས་ཀུན་རྫོབ་སེམས་བསྐྱེད་ཀྱི་སྙིང་པོ་ཅན་ཏེ། ཚུལ་དེ་ལྟ་བུས་བྱང་ཆུབ་ཀྱི་སེམས་གཉིས་སྐད་ཅིག་ཙམ་ཡང་ཡ་བྲལ་དུ་མ་སོང་བའི་སྒོ་ནས་ཚོགས་གཉིས་རླབས་པོ་ཆེ་བསྡུ་བ་ལ་བསླབ་པར་བྱའོ། །གསང་བ་བླ་མེད་འདིར་བཅས་མཚམས་ཐུན་མོང་མ་ཡིན་པ་འདི་ལྟ་བུ་ཡོད་པ་ལ་དགོངས་ནས། བདེ་གཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་དམ་ཚིག་བསྲུང་ན་སངས་རྒྱས་ཉིད་དང་སྤྱོད་ཡུལ་གཅིག་པ་དང་ཀུན་ཏུ་བཟང་པོའི་རྒྱལ་སྲིད་ལག་མཐིལ་ན་གནས་པ་ལྟ་བུར་གསུངས་པ་ཡིན་ཏེ། འདུལ་སྡོམ་འདུས་པའི་ཆེ་བ་དང་། སྤྱོད་སྒོ་ཡངས་པའི་ཆེ་བ་བཤད་པ་རྣམས་ཀྱང་གནད་འདི་ལ་གཏུག་དགོས་པར་དམ་བསྒྲགས་ཀྱི་སྐབས་ལས་ཤེས་ཤིང་། རྩ་བའི་དམ་ཚིག་ལྷག་མ་བཞི་ཡང་འདིའི་ཆེད་དུ་བཅས་པར་སྣང་ངོ་། །གཉིས་པ་ནི། བཀུར་བའི་ཡུལ་བདེ་འདུས་ཞི་རྒྱུད་ལས། རྒྱུད་འགྲོལ་དབང་བསྐུར་དེ་ཉིད་བསྟན། །ཞེས་པ་ལྟར། དབང་བསྐུར་བ། རྒྱུད་འཆད་པ། སྙིང་པོའི་དོན་གྱི་མན་ངག་སྟོན་པ་སྟེ། རྡོ་རྗེ་ཐེག་པའི་ཆོས་ཀྱི་བཀའ་དྲིན་ནོད་པའི་བླ་མ་གང་ཡིན་ཡང་སངས་རྒྱས་ཐམས་ཅད་དང་མཉམ་པར་བལྟས་ནས་དངོས་པོ་ཐམས་ཅད་ཀྱིས་མཆོད་པ་ལ་བརྩོན་པའོ། །བླ་མ་སངས་རྒྱས་ཐམས་ཅད་དང་མཉམ་ཚུལ་ནི། སངས་རྒྱས་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ལ་ཞུགས་ནས་དགོངས་པ་གཅིག་གིས་སློབ་མའི་རྒྱུད་བྱིན་གྱིས་རློབ་པར་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཞལ་གྱིས་བཞེས་པ་ཡིན་ཏེ། འདི་ཉིད་ལས། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་དག་པར་འགྱུར། །ཞེས་སོགས་མང་ངོ་། །དེ་ལ་དགོངས་ནས་སངས་རྒྱས་མཉམ་སྦྱོར་ལས་ཀྱང་། བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་ལེགས་མཆོད་པས། །དེ་ཡིས་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་ཅི་ཞིག་ཡོད། །ཅེས་སོགས་སྔགས་ཀྱི་ཐེག་པས་འགྲོ་བ་རྣམས་ལ་ཚོགས་མྱུར་དུ་རྫོགས་པར་བྱེད་པའི་ཐབས་འདི་དང་མཉམ་པ་གཞན་མེད་པར་ཡང་ཡང་གསུངས་ཏེ། མཆོད་པས་བསྙེན་བཀུར་ཚུལ་ལ། རྙེད་བཀུར་གཉིས་དང་རིམ་གྲོ་སོགས་སྒོ་མང་པོ་ཡོད་དོ། །གཙོ་བོའི་དབང་དུ་བཏང་ན་དེ་ལྟར་ཡིན་ཀྱང་། སྤྱིར་བླ་མ་བཀུར་ཞེས་པའི་བླ་མ་ལ་གསང་སྔགས་སྟོན་པ་ལས་གཞན་ཡང་ཡོད་པ་མི་འགལ་ཏེ། དཔེར་ན་གང་ཞིག་སྨད་པས་སྔགས་ཀྱི་རྩ་ལྟུང་འབྱུང་བའི་ཆོས་ལ་གསང་སྔགས་ཀྱི་ཆོས་ཤིག་མི་དགོས་པར། རང་ངམ་གཞན་གྱི་གྲུབ་པའི་མཐའི། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཞེས་བཤད་པ་བཞིན་ནོ། །དེས་ན་དམ་ཚིག་གསལ་བཀྲ་ལས་འདིར་བསྟན་བླ་མའི་དབྱེ་བ་དང་དེ་དག་བཀུར་བའི་ཚུལ་དྲུག་ཏུ་བཤད་དེ། འགྲོ་བ་མང་པོའི་འདྲེན་པར་གྱུར་ཅིང་རང་གིས་ཀྱང་བཀའ་དྲིན་ཅུང་ཟད་ཐོབ་པ་སྤྱིའི་བླ་མ་སྟེ་ཡུལ་ཁམས་སྐྱོང་བའི་རྒྱལ་པོ་ལྟ་བུར་བཀུར་བ་དང་། དེ་བཞིན་དུ་རབ་བྱུང་གི་མཁན་པོ་ལྟ་བུ་ཆོས་སྒོར་འདྲེན་པའི་སྟེ་ཁུ་བོ་དང་། དམ་ཚིག་འབོགས་ཤིང་དབང་བསྐུར་བ་དམ་ཚིག་དབང་གི་སྟེ་ཕ་དང་། ལྟུང་བ་ཕྱིར་བཅོས་ཀྱི་ཡུལ་དུ་གྱུར་པ་ཉམས་ཆག་སྐོང་བའི་སྟེ་མ་དང་། གཞུང་དོན་གསལ་བར་བཀྲོལ་ནས་སྟོན་པ་ཤེས་རྒྱུད་འགྲོལ་བའི་སྟེ་མིག་དང་། ཟབ་དོན་སྙིང་པོའི་མན་ངག་འབོགས་པ་མན་ངག་ལུང་གི་སློབ་དཔོན་ཏེ་སྙིང་ལས་ལྷག་པའི་ཚུལ་དུ་བལྟས་ནས་བཀུར་བ་རྣམས་ཏེ། འདིར་དཔེ་དོན་ལ་འདྲ་ཆོས་བརྩི་ལུགས་ཀྱི་གསུང་སྒྲོས་ཀྱང་ཡོད་དེ་གོ་སླ་བས་མ་སྨྲོས་སོ། །ཡང་ན་རྒྱུད་ལས་དངོས་བསྟན་གྱི་བླ་མ་ཕྱི་མ་རྣམས་ཡིན་ཡང་། བླ་མར་གྱུར་བ་གཅིག་ལ་བརྙས་ན་དེའི་རྒྱུ་མཐུན་འཕེལ་ནས་གཞན་ལའང་སྲུང་དཀའ་བས་སྤྱིའི་སློབ་དཔོན་སོགས་ཀྱང་ཞར་བྱུང་དུ་བསྟན་ཞེས་བཤད་པར་བྱའོ། །གསུམ་པ་ནི། གོང་དུ་བརྗོད་པའི་བླ་མེད་བྱང་ཆུབ་ཀྱི་སེམས་དེ་ཡང་སྔགས་དང་ཕྱག་རྒྱའི་ཡན་ལག་དང་བྲལ་ན་མདའ་སྒྲོ་མེད་བསྣུན་ཡང་ཚབས་ཆུང་བ་བཞིན་དུ་དངོས་གྲུབ་སྒྲུབ་པའི་རྩལ་ཤུགས་ཆེར་མི་འབྱུང་བའི་བླ་མེད་མི་སྤང་ཞེས་པའི་ཚིག་ཟུར་གྱི་བླ་མེད་བསྒྲུབ་བྱ་དང་སྔགས་རྒྱ་སྒྲུབ་བྱེད་དུ་དཀོན་མཆོག་འགྲེལ་ལས་གསུངས་ཏེ། དེའི་ཕྱིར་འཆད་པར་འགྱུར་བའི་སྔགས་གསུམ་དང་ཕྱག་རྒྱ་བཞི་པོ་སྒོམ་བཟླས་འཆིང་གསུམ་གྱི་སྒོ་ནས་ཉམས་སུ་བླང་བ་ལ་བརྩོན་དགོས་སོ། །དེའང་བརྩོན་པས་ཉམས་སུ་བླང་ན་དངོས་གྲུབ་འབྱུང་བ་ཙམ་དུ་མ་ཟད་ཀྱི་མ་བརྩོན་ན་བཅས་འགལ་གྱི་ལྟུང་བ་སྐྱེད་པ་ཡིན་ལ། དེ་སྐྱེད་པའི་མཚམས་ཀྱང་དམ་ཚིག་གསལ་བཀྲའི་ཚིག་རིས་ལས་དཔག་ན། བླ་མེད་མི་སྤང་ཉིན་རེར་དུས་གསུམ་དུ་མ་དྲན་པ་དང་སྔགས་རྒྱ་ར་བ་བཞིའི་དུས་མཚམས་ཡོལ་བ་ནས་འཇོག་སྟེ། ཚོགས་གཏོར་ཡང་ལོ་ལས་འདས་པར་ཆག་ན་དེ་བཞིན་ནོ། །བསྲུང་ན་ཡོན་ཏན་འཐོབ་པར་མ་ཟད་འདས་པ་ལས་ལྟུང་བ་འབྱུང་བའི་ཚུལ་འདི་བླ་མ་བཀུར་བ་སོགས་ལྷག་མ་རྣམས་ལའང་ཤེས་པར་བྱའོ། །བཞི་པ་ནི། ཡུལ་ལ་སྤྱི་རིང་ཉེ་འདྲེས་ཀྱི་སྤུན་བཞི་ལས། སྤྱིའི་མཆེད་ནི་སེམས་ཅན་ཐམས་ཅད་དེ། བདེ་གཤེགས་སྙིང་པོའི་གདུང་གཅིག་པ་དང་། མ་འོངས་པ་ན་ཐམས་ཅད་མཁྱེན་པར་འགྱུར་བ་རྒྱུ་མཚན་དུ་བཟུང་ནས་བྱམས་ཤིང་གུས་པར་བྱ་བར་གསལ་བཀྲ་ལས་བཤད་དེ། སེམས་ཅན་ལ་བརྟེན་པའི་སྡིག་ལྟུང་མཐའ་དག་སྡོམ་པའི་ཐབས་ཆེན་པོའོ། །རིང་བའི་མཆེད་ནི་ཆོས་འདི་བ་རྣམས་ཏེ། བཅོམ་ལྡན་འདས་ཀྱི་རྗེས་སུ་སློབ་པའི་འཁོར་ཡིན་ནོ་སྙམ་དུ་དང་། ཉེ་བའི་མཆེད་ནི་སྔགས་ཀྱི་ཐེག་པ་བ་རྣམས་ཏེ། སངས་རྒྱས་ཀྱི་སྤྱོད་ཡུལ་ལ་གནས་པའོ་སྙམ་དུ་དང་། ནང་འདྲེས་པའི་མཆེད་ལ་བླ་མ་གཅིག་པ་ཕ་གཅིག་གི་སྤུན་ནི་གསལ་བཀྲ་ལས་དངོས་སུ་བཤད་ལ། དེས་དཀྱིལ་འཁོར་གཅིག་པ་མ་གཅིག་གི་སྤུན་ཡང་མཚོན་ཞེས་མཁས་པ་དག་གསུང་སྟེ། དེ་གཉིས་ནི་སྙིང་པོ་བྱང་ཆུབ་ཀྱི་བར་དུ་དམ་ཚིག་གི་སྲོག་རྩ་གཅིག་གིས་སྦྲེལ་བའི་འདུ་ཤེས་ཀྱིས་ལྷག་པར་ཡང་སྒོ་གསུམ་གྱིས་བྱམས་པར་བྱའོ། །དེ་དག་གང་ལ་བྱམས་པ་ལས་འདས་ཀྱང་དམ་ཚིག་ཉམས་པའི་ཉེས་པར་འགྱུར་མོད་ཀྱི། སྐབས་འདིར་བསྟན་གྱི་མཆེད་དངོས་ནི་ཐེག་ཆེན་པ་ཁོ་ནར་རོང་ཟོམ་ཆེན་པོ་བཞེད་ལ། ཡང་དག་ལམ་དུ་ཞུགས་པ་ཞེས་གསུངས་པ་དང་ལེའུ་བཅུ་གསུམ་བར་ཕར་ཕྱིན་ཐེག་པ་བ་ལ་ཡང་དག་ཉིད་མ་རྟོགས་པ་ཞེས་གསུངས་པའི་ཤུགས་ཀྱིས་ཡང་དག་རྟོགས་པའི་ལམ་གསང་སྔགས་སུ་གོ་ནུས་པ་བསྒྲིགས་ན་ཐེག་ཆེན་གསང་སྔགས་པ་འབའ་ཞིག་ཡིན་པ་འདྲའོ། །ལྔ་པ་ནི། གསང་ཞེས་པ་བཤད་གཞིར་བཟུང་། གང་གསང་བ་ནི་གསང་བའི་དོན་ཞེས་པས་བསྟན། གང་ལ་གསང་བ་ནི་ཕྱིར་ཞེས་པས་བསྟན་ཏེ། སྣོད་ཀྱི་མཚན་ཉིད་ལས་ཕྱིར་གྱུར་པའོ། །ཇི་ལྟར་གསང་བ་ནི། སྨྲ་མི་བྱ་ཞེས་པས་བསྟན་ཏོ། །དེ་དག་ཕྱེ་ན། ཡུལ་ནི་དམ་ཚིག་ཕྲ་རྒྱས་ལས། དམ་ཉམས་དམ་ལས་ལོག་པ་དང་། །དམ་མེད་དཀྱིལ་འཁོར་མ་མཐོང་དང་། །འདྲེས་དང་མ་འདྲེས་ཐམས་ཅད་ལ། །ཞེས་སོ། །གང་གསང་བ་ལ། སྤྱི་གསང་བཞི་དང་། བར་གསང་བཞི་དང་། གསང་བར་འོས་པ་དང་། གཉེར་གཏད་པ་གཉིས་ཏེ་བཅུར་བཤད་པའི་དང་པོ་ནི། ལྟ་བ་ཟབ་མོ་དང་སྤྱོོད་པ་བརླང་པོ་གཉིས་ནི་བློོ་དམན་དང་མ་འདྲེས་པ་ལ་གསང་། ཡི་དམ་གྱི་ལྷ་སྔགས་དང་གྲུབ་རྟགས་ནི་འདྲེས་དང་མ་འདྲེས་ཐམས་ཅད་ལ་གསང་བར་གསུངས་ཏེ། དུས་ནམ་ཡང་དེ་ལྟར་གསང་དགོས་སོ། །གཉིས་པ་ནི། སྒྲུབ་པའི་གནས། དུས། གྲོགས། རྫས་རྣམས་ཏེ་སྒྲུབ་པ་ཇི་སྲིད་དུ་གསང་ངོ་། །གསང་བར་འོས་པ་ནི་བླ་མ་དང་མཆེད་ལ་ཕ་རོལ་མ་དད་པར་འགྱུར་བའམ་འགྱུར་དུ་དོགས་བའི་ཀུན་སྤྱོད་སོགས་དང་། གསང་བར་གཉེར་གཏད་པ་ནི། བླ་མ་དང་མཆེད་ཀྱིས་འདི་གཞན་ལ་མ་སྨྲ་ཞེས་བསྒོ་བ་རྣམས་སོ། །སྒྲུབ་རྫས་སྣོད་མིན་གྱི་མིག་ལ་མི་བསྟན་པའང་དམ་ཚིག་ཆེན་པོ་ཡིན་མོད་དེ། སྐབས་འདིའི་དངོས་བསྟན་ནི་གསང་དོན་རྣ་བར་མི་སྨྲ་བ་ཉིད་དོ། །སྔགས་ཀྱི་དངོས་གྲུབ་མི་འགྲུབ་པའི་རྒྱུའི་ནང་ན་སྣོད་མིན་ལ་གསང་བ་སྟོན་པ་དང་། བླ་མ་སྨོད་པ་ལས་ཐུ་བ་གང་ཡང་མེད་པར་དགོངས་ཏེ་འདི་ཉིད་ཀྱི་དབང་གི་སྐབས་སུ་ཡང་། སངས་རྒྱས་ཀུན་གྱི་གསང་བ་འདི། །དམ་ཉམས་མ་འདྲེས་མེད་པ་ལ། །ནམ་ཡང་སྨྲ་བར་མ་བྱེད་ཅིག །ཐེག་པ་ཆེན་པོ་སྟོན་བྱེད་པ། །ང་ལ་བརྙས་དང་སྨོད་མི་རུང་། །ཞེས་འབུར་དོད་དུ་གསུངས་སོ། །དེ་དག་ཀྱང་བསྡུ་ན་གཉིས་པ་དང་བཞི་པ་ལྔ་པ་རྣམས་སྲུང་པའི་དམ་ཚིག །དང་པོ་དང་གསུམ་པ་སྒྲུབ་པའི་དམ་ཚིག་གོ། །རྡོ་རྗེ་གསུམ་གྱི་དམ་ཚིག་ཏུ་བསྡུ་ན། གཉིས་པ་དང་བཞི་པ་སྐུའི། གསུམ་པ་གསུང་གི། དང་པོ་དང་ལྔ་པ་ཐུགས་ཀྱི་དམ་ཚིག་ཏུ་བྱེད་པ་གྲགས་ཆེ་ལ། དང་པོ་གསུང་གི་དམ་ཚིག་ཏུ་བསྡུ་བའི་ལུགས་ཀྱང་ཡོད་དོ། །དེ་ལྟར་རྩ་བ་ལྔ་པོའི་ཡན་ལག་ཏུ་གྱུར་བའི་དམ་ཚིག་ནི་བཅུ་སྟེ། མི་སྤང་བ་ལྔ་དང་། མི་དོར་བ་ལྔའོ། །དང་པོ་ནི། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །ཞེས་གསུངས་ཏེ། དེའི་དོན་ལ་གསལ་བཀྲ་ལས། མི་སྤང་དམ་ཚིག་བཤད་བྱ་བ། །ཡང་དག་དུག་ལྔ་ལོག་དུག་ལྔ། །ཞེས་གཉིས་སུ་བཤད་པའི་དང་པོ་ཡང་དག་དུག་ལྔ་ནི། བླ་མེད་མི་སྤོང་བའི་གྲོགས་སམ་ཡན་ལག་ཏུ་དུག་ལྔ་དང་ཆ་འདྲ་བའི་ཐབས་ཀྱི་ཁྱད་པར་ལྔ་དང་མི་འབྲལ་བར་བྱ་བ་སྟེ། ལྔ་ནི། ལྟ་བ་ལ་ཕྱོགས་རིས་དང་སྤྱོད་པ་ལ་བླང་དོར་གྱི་འབྱེད་པ་མེད་པ་གཏི་མུག་དང་། དེ་མ་རྟོགས་པ་ལ་དམིགས་མེད་ཀྱི་སྙིང་རྗེ་འབྱུང་བ་འདོད་ཆགས། ཁ་ཅིག་ཏུ་ཆོས་ཉིད་མཉམ་པ་ཉིད་ལས་འབྲལ་མི་ཕོད་པ་འདོད་ཆགས་སུ་བཤད་པའང་ཡོད། རང་བྱུང་ཡེ་ཤེས་ཀྱིས་ལོག་རྟོག་འཇོམས་པ་ཞེ་སྡང་། མཉམ་ཉིད་རྟོགས་པའི་ལྟ་བ་གཤོངས་སུ་མི་འབེབས་པའམ་འཕང་མི་སྨོད་པ་ང་རྒྱལ། གཉིས་འཛིན་གྱི་ཞེན་རྟོག་མཉམ་ཉིད་ཀྱི་དགོངས་ཀློང་དུ་མི་ཤོར་བ་ཕྲག་དོག་རྣམས་ཏེ། མདོར་ན་བླ་མེད་བྱང་སེམས་ནི་སྣང་ཕྱོགས་དང་སྟོང་ཕྱོགས་ཀྱི་ལྷ་སྒོམ་པ་ཡིན་ཞིང་། དེ་ལ་བར་དུ་གཅོད་པ་ནི་སྤོང་ལེན་ཕྱོགས་རིས་ཀྱི་ཞེན་སྣང་ཡིན་པས་དེ་མཉམ་པ་ཆེན་པོའི་ཐབས་མཁས་ཀྱིས་སྡོམ་པ་ལ་ལྔར་ཕྱེ་བ་འདྲ་ལ། དེ་ལྟར་བྱས་ན་བླ་མེད་མི་སྤོང་ནི་བསླབ་བྱའི་ཡུལ་དང་། འདི་ལྔ་ནི་སློབ་ཚུལ་ཐབས་ཀྱི་ཁྱད་པར་དུ་འགྱུར་རོ། །གཉིས་པ་ལོག་པའི་དུག་ལྔ་ནི། ཉོན་མོངས་པ་དུག་ལྔ་དངོས་ཏེ། དེ་རྣམས་དང་དུ་བླང་བ་ལ་མང་དུ་བཤད་ཀྱང་སྙིང་པོ་བསྡུ་ན། རྡོ་རྗེ་ལས། ཉོན་མོངས་རྣམས་ནི་སྒྱུ་འདྲ་ངོ་བོས་སྟོང་། །རང་གིས་མི་རྟག་རང་བཞིན་ཤེས་པས་གྲོལ། །ཞེས་རང་བཞིན་ཤེས་པའི་སྒོ་ནས་དང་དུ་བླང་བར་གསུངས་པ་དང་། རིག་འཛིན་གོང་མས་སྣུམ་གྱི་དོན་དུ་ཏིལ་མི་སྤོང་བ་ལྟ་བུར་གསུངས་པས་ཉོན་མོངས་ཐོལ་གྱིས་སྐྱེས་པ་ན་འཇིག་རྟེན་ཕལ་པ་ལྟར་དེའི་གཞན་དབང་དུ་མི་གཏོང་། ཐེག་དམན་པ་ལྟར་དེ་ལ་དགྲར་མི་ལྟ་བར་སྒྲ་མཐུན་དོན་སྤགས་ལས་ཉོན་མོངས་རང་སྤྱིའི་གཏན་ཚིགས་ཀྱི་ཐད་དུ་བཤད་པ་ལྟར་ཤེས་པས་ཉོན་མོངས་དེ་ཉིད་ཀྱི་བཅུད་བླངས་པས་རང་སྐྱ་མི་ཐུབ་པར་ལན་ཚྭ་ཆུར་ཞུགས་པ་བཞིན་ཡེ་ཤེས་ཀྱི་དབྱིངས་སུ་རང་གྲོལ་བ་སྟེ་ཉོན་མོངས་པའི་བཅུད་ནི་འོད་གསལ་གྱི་ཡེ་ཤེས་ཡིན་པར་སྔར་བཤད་ཟིན་ཏོ། །གཉིས་པ་ནི། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་དོར་རོ། །ཞེས་གསུངས་ཏེ། དེའི་དོན་ནི་སྨན་མཆོད་ལས། བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །ཤ་ཆེན་མཆོད་པ་རིན་པོ་ཆེ། །པདྨ་མེ་ཏོག་ཡང་དག་ལྡན། །རྡོ་རྗེའི་ཆུ་སྟེ་ལས་ཀྱི་མཆོག །ཟས་མཆོག་ཚེ་ཡི་དྲི་ཆེན་པོ། །ཞེས་སོ་སོའི་རིགས་ཀྱི་ངོས་འཛིན་དང་བཅས་བཤད་པའི་གྲུབ་པ་བཞི་ལྡན་གྱི་བདུད་རྩི་ཆེན་པོ་ལྔ་དག་མཉམ་རྟོགས་པའི་རྣལ་འབྱོར་གྱིས་དང་དུ་བླང་བར་བྱ་སྟེ། དེ་ལ་གྲུབ་པ་བཞི་ནི། རྫས་དེ་རྣམས་རང་བཞིན་རྣམ་དག་གི་དབྱིངས་ལས་ངོ་བོ་གཞན་དུ་མ་གྱུར་པས་ཆོས་ཉིད་རང་བཞིན་གྱིས་གྲུབ་པ། སྔགས་ཀྱི་ཡེ་ཤེས་ཆར་བའི་རྟེན་ཁྱད་པར་ཅན་ཁམས་དྲུག་ལྡན་གྱི་ལུས་ལས་བྱུང་བའི་བཅུད་ལེན་གྱི་རྫས་ཁྱད་པར་ཅན་ཡིན་པས་ཆོས་ཅན་རང་གི་ངོ་བོས་གྲུབ་པ། དམ་ཚིག་ཅན་གྱི་སྔགས་པས་རྒྱུད་ལས་གསུངས་པའི་ཆོ་ག་བཞིན་དུ་སྦྱངས་རྟོགས་སྦར་གསུམ་བྱས་ཏེ་དངོས་གྲུབ་ཀྱི་རྫས་སུ་བྱིན་གྱིས་བརླབས་པས་ནུས་པའི་མཐུས་གྲུབ་པ། དེ་ལྟ་བུའི་རྫས་ལྔ་ལ་དམེ་བར་འཛིན་པའི་རྣམ་རྟོག་མཉམ་བའི་དམ་ཚིག་ལ་གུས་པ་དང་དག་མཉམ་གྱི་དགོངས་པས་ཟིལ་གྱིས་མནན་ཏེ་དང་དུ་ལེན་པ་ལ་དག་མཉམ་ཆེན་པོའི་ལམ་གྱིས་མངོན་བར་བྱང་ཆུབ་པའི་སངས་རྒྱས་དང་དེའི་སྲས་རྣམས་སྤྱོད་ཡུལ་གཅིག་པར་དགོངས་ནས་ལྷག་པར་བྱིན་གྱིས་རློབ་པ་བྱིན་གྱིས་རླབས་ཀྱིས་གྲུབ་པ་དང་བཞི་ཡིན་དེ། རིམ་པ་བཞིན། ཐལ་རྒྱུད་ལས། དངོས་པོ་མ་ལུས་སེམས་ཉིད་ཕྱིར། །མཚན་ཉིད་བྲལ་བ་ཆོས་ཀྱི་དབྱིངས། །ཞེས་དང་། རང་བཞིན་བདེ་བའི་ཡེ་ཤེས་ལྔ། །བྱེད་པ་མེད་པར་རང་སྣང་བའོ། །ཞེས་དང་། ཤེས་རབ་ཏིང་འཛིན་ཐབས་དག་གི། །ནུས་མཐུ་ངེས་པར་འབྱུང་བ་ཡིན། །ཞེས་དང་། འདི་ལྟའི་ལམ་ལ་གང་གནས་པ། །ཕྱོགས་དུས་ཀུན་ནས་བྱིན་གྱིས་རློབ། །ཅེས་གསུངས་སོ། །དེ་ལྟར་དང་དུ་བླངས་པས་གོང་དུ་སྨོས་པའི་རིམ་པ་བཞིན། ཚ་བ། མཛེ་ནད། གྲང་བ། གག་པ། དུག་ནད་དེ་ནད་ལྔ་སེལ་བ་དང་། དེ་བཞིན་དུ་མི་བརྗེད་པའི་གཟུངས་དང་། མཐུ་ཆེ་བ་དང་། བཀྲག་གསོ་བ་དང་། སྐད་སྙན་པ་དང་། ཚེ་རིང་བ་སྟེ་ཡོན་ཏན་ལྔ་འབྱུང་བ་སོགས་ཀྱང་གསུངས་སོ། །དེ་ལྟར་དུས་རྟག་ཏུ་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་རྣལ་འབྱོར་ཟབ་མོ་ལ་གནས་ཤིང་། ནང་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་དུག་ལྔ་དང་། ཕྱི་འཇིག་རྟེན་ན་ཤིན་ཏུ་སྨད་པར་གྲགས་པའི་རྫས་ལྔ་སོགས་ཀྱང་དེ་ཉིད་རྩལ་སྦྱོང་གི་གྲོགས་སུ་འཁྱེར་བ་ལ་ཅི་ནུས་སུ་སློབ་པ་ནི་གསང་བ་སྒྱུ་འཕྲུལ་བའི་དམ་ཚིག་གི་ཀུན་སྤྱོད་ངེས་པའོ་ཤེས་པར་བྱའོ། །དམ་ཚིག་བཅོ་ལྔ་པོ་དེ་ལས་རྒྱས་པར་ཕྱེ་ན་སུམ་བརྒྱ་དྲུག་ཅུར་འགྱུར་ཚུལ་ཡང་ཡོད་དེ་གཞན་དུ་ཤེས་པར་བྱའོ། །ཇི་སྐད་བཤད་པའི་དམ་ཚིག་དེ་དག་མ་ཉམས་པར་བསྲུང་བ་དང་། བརྒྱ་ལ་ཉམས་ན་ཕྱིར་འཆོས་པ་གཉིས་ཀྱིས་དམ་ཚིག་དག་པར་འགྱུར་ཏེ། དེ་ལ་སྲུང་བའི་ཐབས་ནི། རྒྱུད་ཉིད་ལས། རྩ་བའི་དམ་ཚིག་ཉམས་གྱུར་ན། །སྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཞེས་སོགས་དམ་ཚིག་ཉམས་པ་ལ་མཐོང་དང་མ་མཐོང་གི་ཉེས་དམིགས་བཀའ་སྩལ་པ་རྣམས་ཡང་ཡང་བསམ་ནས་འཇིགས་པ་དང་། རྒྱལ་བའི་རིགས་མཆོག་འཛིན་པ་དེ། །ཞེས་སོགས་བསྲུང་བའི་ཕན་ཡོན་བསྟན་པ་རྣམས་བསམ་ནས་དོན་གཉེར་དང་སྤྲོ་བ་བསྐྱེད་ལ་སྲུང་འདོད་དྲག་པོ་མང་དུ་སྦྱང་། དེ་ལྟར་བསམ་ཀྱང་འཇིགས་སྐྲག་དང་སྤྲོ་བ་ཆེར་མི་འབྱུང་ན་རྩ་བ་ལས་འབྲས་ཡིད་ཆེས་ཀྱི་དད་པ་ཆུང་བ་དང་ཀུན་བྱང་གི་སྐྱོན་ཡོན་མ་མཐོང་བས་ཡིན་ཕྱིར་དད་པ་མང་དུ་བསྒོམ། དྲན་ཤེས་བག་ཡོད་དང་ངོ་ཚ་ཁྲེལ་ཡོད་སོགས་སྲུང་ཐབས་ཀྱི་ཡན་ལག་གཞན་རྣམས་ཀྱང་སོ་སོའི་མན་ངག་བཞིན་དུ་བསླབ། ཕྱིར་བཅོས་ནི་རྩ་བའི་རྒྱུད་བསྡུས་པ་འདིར། ཉམས་ན་སྐོང་བས་རྫོགས་པ་དང་། །ཞེས་དང་། རྒྱུད་ཕྱི་མ་ལས། དོན་ཡོད་རྡོ་རྗེའི་རྣལ་འབྱོར་གྱིས། །དམ་ཚིག་སློང་བར་འདོད་པ་ཡིན། །ཞེས་པ་ཙམ་ལས་མ་གསུངས་ཀྱང་རྣལ་འབྱོར་སྤྱི་ཁྲུས་སོགས་གཞན་ནས་འབྱུང་བ་ལྟར་བྱའོ། །དྲུག་པ་ཕྲིན་ལས་ནི། ཐུགས་ཐིག་ལས། ཕྱི་རོལ་ཚད་མེད་ཉིད་ལས་བཞི། །ཞེས་པས་བྱམས་སོགས་ཚད་མེད་བཞིའི་རྒྱུ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དང་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་གཙོ་བོར་གཞན་དོན་དངོས་སུ་སྒྲུབ་པའི་ཐབས་མཁས་ཀྱི་མཛད་སྤྱོད་དོ། །གསང་བདག་ཞལ་ལུང་དུ། བདག་གཞན་དོན་སྒྲུབ་ཕྲིན་ལས་ཏེ། །ཞེས་ཁོག་གཞུང་ལས་གསུངས་པ་དྲངས་ནས་ཕན་གདགས་པ་དང་ཚར་གཅོད་པ་གང་རུང་གི་སྒོ་ནས་བདག་གཞན་གྱི་དོན་སྒྲུབ་པའི་བྱ་བ་ཞེས་བཤད་དོ། །དེ་ལ་དབྱེ་ན། བསྒྲུབ་བྱའི་ལས་ཀྱི་སྒོ་ནས་ཞི་སོགས་བཞི་སྟེ། དེ་རེ་རེ་ལ་ཡང་མཐའ་ཡས་པ་དབྱེར་ཡོད་ཀྱང་། ཐུགས་ཐིག་ལས་ཞི་བ་ལ་ནད་དང་གདོན་བགེགས་དགྲ་ཞི་བའི་ལས་གསུམ་དང་། རྒྱས་པ་ལ་གསོ་བ་དང་འཕེལ་བར་བྱ་བ་གཉིས་ཀྱི་སྔ་མ་ལ་ན་བ་གསོ་བ་ནས་ཤི་བ། ལོ་ཏོག །སྲིའུ་གསོ་བ་སྟེ་བཞི། ཕྱི་མ་ལ་ཚེ། རིགས་བརྒྱུད། ལོངས་སྤྱོད། བསོད་ནམས་སྤེལ་བ་སྟེ་བཞི། དབང་ལ་གཟུངས་མ་སོགས་དགུག་པ་དང་། ཡུལ་ཁམས་སོགས་དབང་དུ་བྱ་བ་སྟེ་གཉིས། མངོན་སྤྱོད་ལ་བསྐྲད་པ་དང་། མནན་པ་དང་། སྨྱོ་བར་བྱེད་པ་དང་། བསྐམས་པ་དང་། རྨོངས་པར་བྱེད་པ་དང་། རེངས་པར་བྱེད་པ་རྣམས་བཤད་ལ། །མངོན་སྤྱོད་ཀྱི་གཙོ་བོ་བསད་པ་ནི་རྒྱུད་ཉིད་དུ་གསུངས་སོ། །བྱ་ཐབས་ཀྱི་སྒོ་ནས་དབྱེ་ན། མེ་དང་། རྫས་དང་། ལུ་གུ་རྒྱུད་དང་། མཆོད་རྟེན་དང་། ཕྱག་རྒྱའི་སྒོ་ནས་བྱ་བ་རྣམས་ཁོག་གཞུང་ལས་བཤད་དེ། དེ་ལས་སྔ་མ་གསུམ་ནི་རྒྱུད་ཉིད་ཀྱི་ལེའུ་ཉི་ཤུ་པར་འབྱུང་སྟེ། དེ་རྣམས་རེ་རེ་ལའང་ལས་བཞིས་དབྱེ་བས་བཞི་བཞིར་འགྱུར་རོ། །རྒྱུད་ཉིད་དུ་བསྟན་ཚོད་ཀྱི་ལས་བཞི་ནི། ཕ་རོལ་ཁྲོས་པ་ཞི་བ་དང་། ཚེ་བསོད་སོགས་རྒྱས་པ་དང་། དམིགས་བྱ་འགུག་པ་དང་། བསྒྲལ་འོས་བསད་པ་སྟེ་བཞི་པོ་འདི་ཙམ་མོ། །མེའི་ལས་ནི་སྦྱིན་སྲེག་དང་། རྫས་ཀྱི་ལས་ནི་ཕུར་གདབ་དང་། ལུ་གུ་རྒྱུད་ནི་བྲོའི་ལས་སོ། །སྦྱིན་སྲེག་ལའང་ཕྱི་ནང་གསང་བ་གསུམ་ཡོད་ཀྱང་རེ་ཞིག་དང་པོའི་དབང་དུ་བྱས་ན་སྦྱིན་སྲེག་རྩ་བ་ལས། གནས་རྫས་ཐབ་ཀྱི་རྣམ་པ་དང་། །གཟུགས་དང་གཙོ་སེམས་བསྒྲུབས་བྱ་དང་། །ཕུར་བུ་ལྷ་དུས་ལས་རིམ་དང་། །ལྷག་མ་བཅུ་གཅིག་ཤེས་པར་བྱ། །ཞེས་དོན་བཅུ་གཅིག་ཏུ་བཤད་དེ། སྡོམ་ཚིག་འདི་དག་རྟོག་པ་སྤྲོ་བའི་ས་བོན་ཙམ་དུ་སྨོས་ཀྱི་ཡེ་གེས་ངལ་བས་རྒྱས་པར་མ་ཕྱེས་ལ། སྦྱིན་སྲེག་གི་སྒོ་ནས་ལས་དང་དངོས་གྲུབ་མྱུར་དུ་འབྱིན་པའི་གནད་ཆེ་བ་ནི། ལེའུ་དགུ་པར། ཞལ་དུ་གྱུར་པའི་མེ་བོས་ལ། །ཞེས་མེ་ལ་དཀྱིལ་འཁོར་གྱི་ལྷའི་ཞལ་དུ་གསུངས་པ་འདི་ཡིན་ཏེ། དཔེར་ན་ཁམས་ཟས་ཀྱིས་ཁའི་སྒོ་ནས་བརྒྱུད་དེ་ཟིན་པའི་འབྱུང་བ་ཆེན་པོ་རྣམས་ཚིམ་ཞིང་རྒྱས་པར་བྱེད་པ་བཞིན་དུ་མེ་ལྷ་ཚིམ་པའི་སྒོ་ནས་དཀྱིལ་འཁོར་བ་རྣམས་ཚིམ་ཞིང་མཉེས་པར་འགྱུར་བས་ན་དེ་ལྟར་གསུངས་ཏེ་མདོར་ན་མེ་ལྷའོ། །དེའི་སྒོ་ནས་རང་གི་ལྷག་པའི་ལྷ་རྣམས་ཚིམ་པར་བྱ་བའི་ཚུལ་ལ་བཞི་སྟེ། མེ་ལྷ་འབར་བའི་རྣམ་པར་བྱས་ལ་དེར་ལྷ་རྣམས་སྤྱན་དྲངས་ཏེ་མཆོད་པ་དང་། འབར་བའི་དབུས་སུ་དམ་ཚིག་པ་བསྐྱེད་དེ་ཡེ་ཤེས་པ་གཞུག་པ་དང་། མེ་ལྷ་ཤར་ལྷོའི་མཚམས་སུ་དཔང་པོའི་ཚུལ་དུ་བཞག་ནས་མེའི་དབུས་སུ་དམ་ཚིག་པ་བསྐྱེད་པ་དང་། མེ་ལྷའི་ལྟོ་བར་བསྐྱེད་པ་རྣམས་ལས་འདིར་ཕྱི་མའོ། །དམིགས་བྱའི་རྫས་གཟུགས་ལ་བརྟེན་པའི་ལམ་ནི། དམིགས་བྱ་གང་ཡིན་དེའི་བདུད་རྩི་ལྔ་སྟེ་ཟག་རྫས་སམ་ཉ་ཤ་བུ་རམ་སྦྲང་རྩི་ཏིལ་ཏེ་ཟས་ལྔ་དང་གཞན་ཡང་མི་ལ་རྐང་རྗེས་ཀྱི་ས་དང་མི་མ་ཡིན་ལ་གནས་རྟེན་གྱི་ལ་སོགས་པ་རྒྱུ་བྱས་པའི་ལིང་ག་གནས་ཡིག་ཅན་ལས་གང་ཡིན་གྱི་བྲུབ་ཁུང་དུ་བཅུག་ནས་དཀྱིལ་འཁོར་གྱི་ཕྱོགས་སོ་སོར་འཇོག །དེ་ནས་ལས་དང་མཐུན་པའི་འདུག་སྟངས་དང་སྔགས་ཀྱི་རིང་ཐུང་དྲག་ཞན། དབྱངས་ཀྱི་འགྱུར་སྟངས་སོགས་དང་ལྡན་པས། སྐབས་སུ་གང་བབས་ཀྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད། ལྷ་ལས་ལ་གཟུད་ཅིང་སྤྲུལ་པ་སྤྲོས་ལ་བསྒྲུབ་བྱ་གང་ཡིན་བཀུག་སྟེ་ལིང་ག་ལ་བསྟིམ། རྒྱུ་དང་དབྱིབས་དང་ཁ་དོག་དང་གྲངས་ངེས་པར་བྱས་པའི་ཕུར་བུ་གང་ཡིན་ལས་དེ་དག་དེའི་རིས་ཀྱི་ཀཱི་ལ་ཡར་བྱས་ནས་ཕུར་བསྐུལ་དང་། ག་ཏ་ཡའི་སྔགས་མཇུག་ཏུ་སྤུ་གྲི་བཏགས་ཏེ། ཞི་བ་ལ་ཡན་ལག་ལྔ་སྙིང་ག་དང་དྲུག །རྒྱས་པ་ལ་ཡན་ལག་བཞི། དབང་ལ་དབང་པོ་ལྔ། དྲག་པོ་ལ་གནས་གསུམ་དུ་གདབ། །སྐབས་འདིར་ནི་མངོན་པར་འདོད་པའི་ཡུལ་ལ་རིན་པོ་ཆེའི་ཕུར་བུའི་རྒྱས་བཏབ་ནས་རྒྱས་པར་བྱ་བ་སོགས་ཀྱང་ཡོད་པས་ཕུར་གདབ་དཀྱུས་དང་མི་འདྲའོ། །ཕུར་གདབ་ཀྱི་འོག་ཏུ་རལ་གྲིས་བཅད། མཚོན་ཆར་གྱིས་གཏུབ་ནས་ཞལ་བསྟབ་སོགས་བྱའོ། །བྲོའི་ལས་ནི། ལིང་རོ་དབུས་སུ་སྤུངས་པའི་མཐར་སྒྲུབ་པ་པོ་རྣམས་ལས་དབྱིབས་དང་མཐུན་པའི་བྲོ་ར་བཅས་ལ། སྣོད་བཅུད་ཐམས་ཅད་ལས་ཀྱི་དཀྱིལ་འཁོར་གྱི་རྟེན་དང་བརྟེན་པར་བཞེངས་པའི་ང་རྒྱལ་གྱིས་ལག་གཡས་སྟེང་དུ་བྱས་ཏེ་བསྣོལ་བས་ཞི་རྒྱས་དབང་དྲག་བཞི་ལ་རིམ་པ་བཞིན་མཛུབ་གུང་སྲིན་ལག་མཐེའུ་ཆུང་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ཞིང་ཚིག་དང་སྔགས་ཀྱིས་བསྐུལ་ཏེ་བྲོ་བརྡུང་བས་ལྷ་རྣམས་ཀྱི་འོད་ཟེར་ལས་མཐུན་གྱི་ཁ་དོག་ཅན་བསྒྲུབ་བྱ་ལ་ཐིམ་པས་ལས་གང་ཡིན་གྲུབ་པར་བསམ་ལ་སྤུ་གྲི་བརྗོད་ཅིང་ཕྱག་རྒྱ་སྤྲུགས་ཏེ་བཤིག་ནས་མནན་པར་བྱ་བའོ། །མཆོད་རྟེན་གྱི་ལས་ནི། རང་ཉིད་ཞི་བ་ལ་རྣམ་སྣང་སོགས་ལས་གང་ཡིན་གྱི་ལྷར་བསྐྱེད་ནས་རིགས་སོ་སོའི་སྔགས་ཀྱིས་མཆོད་རྟེན་དཀར་པོ་ཟླུམ་པོ་སོགས་ལས་གང་ཡིན་དེའི་དབྱིབས་མདོག་ཏུ་བཏབ་པའི་བུམ་པར་ལས་མཐུན་གྱི་ལྷ་བསྐྱེད། དེའི་འོད་ཀྱིས་བསྒྲུབ་བྱ་བཀུག་ནས་མཆོད་རྟེན་གྱི་འོག་ཏུ་གནས་པ་ལ་འོད་དེས་རེག་པས་ཇི་ལྟར་འདོད་པའི་ལས་གྲུབ་པར་བསམ་པ་སྟེ་སྒྱུ་འཕྲུལ་རྒྱས་པ་ལས་གསུངས་ཤིང་། སྤྱན་འགྲེལ་ལས། མཆོད་རྟེན་འབྱུང་བ་གང་ལ་འདེབས་ཀྱང་། ཞེས་མེ་དང་རླུང་སོགས་ལ་འདེབས་ཀྱང་རུང་བར་བཤད་དོ། །ཕྱག་རྒྱའི་ལས་ནི། སྒྱུ་འཕྲུལ་རྒྱས་པ་ལ་བརྟེན་ནས་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅའ་བ་དང་བསམ་པས་ཞི་བ་དང་། རྩེ་ལྔས་རྒྱས་པ། དགུ་པས་དབང་། བཅུ་གཅིག་པས་མངོན་སྤྱོད་སྒྲུབ་པར་སྤྱན་འགྲེལ་ལས་བཤད་པ་ཕྱག་རྒྱ་བཅས་པའི་སྒོ་ནས་སྒྲུབ་ཚུལ་དང་། རྒྱས་པ་ལས། རྡོ་རྗེ་ལན་གསུམ་གསོར་བ་ཡིས། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དམ་ཅན་རྣལ་འབྱོར་དབང་དུ་འགྱུར། །ཞེས་སོགས་ཕྱག་རྒྱ་བསྒྱུར་བའི་སྒོ་ནས་ཕྲིན་ལས་སྒྲུབ་ཚུལ་གསུངས་པ་རྣམས་སོ། །དེ་དག་གང་ལའང་ནང་གི་སེམས་རྣམ་པ་གཉིས་དང་། ཕྱིའི་གྲོགས་འཛོམས་པ་མཆོག་ཏུ་བསྔགས་ཏེ། དེ་ལ་སེམས་གཉིས་ནི་དོན་གྱི་སེམས་དང་། སྟོངས་ཀྱི་སེམས་སོ། །དང་པོ་ནི། བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་རྟོགས་ཤིང་གོམས་ནས་སྒྱུ་མའི་མཛད་སྤྱོད་ལ་བྱན་ཚུད་པའོ། །གཉིས་པ་ནི། དེ་ལ་སྟོངས་འདེབས་པའམ་གྲོགས་བྱེད་པའི་ལས་སོ་སོའི་ཀུན་སློང་གི་སེམས་ཏེ། ཞི་བ་ལ་དྭངས་པ། རྒྱས་པ་ལ་དགའ་བ། དབང་ལ་ཆགས་པ། དྲག་པོ་ལ་ཁྲོས་པ་ཞེས་ལེའུ་ཉི་ཤུ་པ་ལས་འབྱུང་བ་ལྟར་རོ། །གཉིས་པ་གྲོགས་ནི། དོན་གྱི་སེམས་དེའང་ཕྱག་རྒྱ་ཁྱད་པར་ཅན་གྱི་གྲོགས་དང་ཚོགས་ན་ལྷག་པར་འབར་བར་འགྱུར་ཞིང་། དེའང་ལས་དེ་ལ་ཁྱད་པར་དུ་བསྔགས་པའི་ཕྱག་རྒྱ་རྙེད་ན་སྟོངས་ཀྱི་སེམས་རྣོ་ལ་ངར་བཏགས་བཞིན་བྱེད་པས་ལེའུ་ཉི་ཤུ་བའི། ལྗོན་པ་དང་ནི་ལྕུག་ཕྲན་ཚལ། །སོགས་ཀྱི་ངེས་དོན་འགྲེལ་ཆུང་ལས། མ་སྨས་པ་དང་པུ་ཏྲ་མང་འཕེལ་དང་། སྐྱེ་རྒྱུད་མེད་དང་བཀྲ་མི་ཤིས་གསང་བ། །ཞེས་བཤད་དེ། སྤྱིར་བདེ་ཆེན་གྱི་རྣལ་འབྱོར་ལས་རུང་མ་ཐོབ་ཀྱང་ཞི་སོགས་ཀྱི་ལས་རྣམས་མི་འགྲུབ་པ་མ་ཡིན་མོད། འོན་ཀྱང་དེ་ཡོད་ན་ཕྲིན་ལས་རླབས་ཆེ་བ་དང་མྱུར་དུ་དང་ཚེགས་མེད་དུ་འགྲུབ་པ་སོགས་ཀྱི་སྟོབས་ཤིན་ཏུ་མི་མཉམ་པ་ཡིན་ནོ། །བདུན་པ་སྒྲུབ་པ་ནི། དངོས་གྲུབ་ལ་དངོས་སུ་སྦྱོར་བའི་ཐབས་ཁྱད་པར་ཅན་ཏེ། དེ་ལ་བསྒྲུབ་བྱའི་དངོས་གྲུབ་ཀྱི་སྒོ་ནས་དབྱེ་ན་ཐུན་མོང་གི་དངོས་གྲུབ་ཙམ་དང་། མཆོག་གི་དངོས་གྲུབ་སྒྲུབ་པའི་དབང་དུ་བྱས་པ་གཉིས་ཏེ། རྒྱུད་ཕྱི་མ་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པའི་སྦྱོར་བས་འཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པའི་སྦྱོར་བས་སོ། །ཞེས་ཐུན་མོངས་གི་དངོས་གྲུབ་བསྐྱེད་རིམ་དང་། མཆོག་གི་དངོས་གྲུབ་རྫོགས་རིམ་གྱིས་འགྲུབ་པར་གསུངས་ཤིང་། རྫོགས་རིམ་གྱི་གཞིར་བསྐྱེད་རིམ་ཡང་དགོས་པས་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་བསྐྱེད་རྫོགས་གཉིས་ཀ་དགོས་པར་དོན་གྱིས་བསྟན་ཏོ། །ལྷའི་ཁྱད་པར་གྱིས་དབྱེ་ན། ལྷ་ཆེན་པོ་སོགས་འཇིག་རྟེན་པའི་དང་། རྡོ་རྗེ་སེམས་དཔའ་སོགས་འཇིག་རྟེན་ལས་འདས་པའི་སྒྲུབ་པ་གཉིས་དེའི་ཕྱི་མ་ལའང་གཙོ་བོར་ལས་ཚོགས་ཀྱི་ཆེད་དུ་བསྔགས་པའི་ལྷའི་དང་། མཆོག་སྒྲུབ་ཀྱི་ཆེད་དུ་གཙོ་བོར་བསྔགས་པའི་ལྷའི་སྒྲུབ་པ་གཉིས་སོགས་ཡོད་དོ། །བྱེ་བྲག་གསང་བ་སྒྱུ་འཕྲུལ་པའི་ལུགས་ལ་དངོས་གྲུབ་ཀྱི་སྒྲུབ་པ་མང་དུ་གསུངས་ཏེ། ཁོག་གཞུང་ལས། རོ་ལངས་ཚེ་དང་པྲ་སྒྲུབ་དང་། །ལྷ་ཆེན་པོ་དང་རྒྱལ་པོ་བཞི། །གདུག་པ་ཀླུ་འདུལ་རྒྱལ་བློན་གྱི། །ཆུང་མ་དབང་དུ་བྱ་བ་གཉིས། །ཡུལ་ཁམས་ཅེ་སྤྱང་རྐང་མགྱོགས་བསྐྲད། །མི་སྣང་གཟུགས་སྒྲུབ་ལྷ་ཀླུ་མོ། །རྒྱལ་བློན་དམག་དཔོན་ཞང་བློན་སྒྲུབ། །ཚེ་འདིའི་ཆེད་ཕྱིར་འཇིག་རྟེན་པའོ། །ཞེས་ཐུན་མོང་གི་དངོས་གྲུབ་སྣ་ཚོགས་སྒྲུབ་ལུགས་དང་། ཡི་གེ་སྒྲུ་འཕྲུལ་ཚོགས་སྒྲུབ་དང་། །རྡོ་རྗེ་སེམས་དང་སྨན་སྒྲུབ་དང་། །རིགས་ལྔ་སྒྲུབ་དང་ཡུམ་ལྔ་སེམས། །བྱིན་དབབ་སྒྲུབ་པ་རྣམ་གཉིས་སོ། །ཞེས་མཆོག་སྒྲུབ་ཀྱི་རྣམ་གྲངས་གསུངས་ཏེ། ལུང་ཕྱི་མའི་རྣམ་གཉིས་སོ། །ཞེས་པ་ནི་བྱིན་དབབ་དང་སྒྲུབ་པ་གཉིས་པོ་ཉིད་དེ། རིགས་ལྔ་དང་ཡུམ་ལྔ་དང་སེམས་མ་རྣམས་རེ་རེ་ཞིང་དབབ་པ་དང་སྒྲུབ་པ་གཉིས་རེ་ཡོད་དོ། །སྒྲུབ་ལུགས་ཀྱི་ཁྱད་པར་དེ་རྣམས་ནི་བཤད་རྒྱུད་རྒྱས་པ་ལས་ཁ་བསྐང་ནས་བཤད་པ་སྟེ། རྒྱས་པའི་ལེའུ་གང་གིས་སྒྲུབ་ལུགས་གང་བསྟན་པའི་རྣམ་བཞག་ཞིབ་པར་ནི་འགྲེལ་བ་རྣམས་སུ་གསལ་ལོ། །རྩ་རྒྱུད་ཉིད་ལས་མདོ་ཙམ་གསུངས་པ་ནི། ཐུན་མོང་གི་སྒྲུབ་པ་ལ་ལེའུ་བཅུ་གཉིས་པར། འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །ཞེས་དང་། ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སོགས་དཀོན་མཆོག་འགྲེལ་དང་སྦྱར་བ་ལས་འཐོན་ཞིང་། གཙོ་བོར་ལེའུ་ལྔ་པ་ལས་ཡི་གེ་སྒྱུ་འཕྲུལ་གྱི་ལས་ཚོགས་གསུངས་པ་རྣམས་ཡིན་ཏེ། དུག་བདུད་རྩིར་བསྒྱུར་བ་ལ་སོགས་པ་ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག །འོག་མིན་གྱི་བར་གྱི་ནམ་མཁའ་ལ་རྡོ་རྗེའི་སྐས་འབྱུང་བ་ལ་སོགས་པ་འབྱུང་བའི་དངོས་གྲུབ་ལྔ། དགུག་པ་དང་བསྐྲད་པ་སོགས་ལས་ཕྲན་ཚེགས་ཀྱི་དངོས་གྲུབ་བརྒྱད་སྒྲུབ་པ་སྟེ་བཅུ་དགུའོ། །རྩ་རྒྱུད་ལས་འདི་ལྟར་གསུངས་པ་རྣམས་བཤད་རྒྱུད་དུ་ལས་ཚོགས་རྒྱས་པར་བཤད་པ་རྣམས་ཀྱིས་སོ་སོར་འགྲེལ་ཚུལ་ཡང་ཡོད་དེ་གཞན་དུ་ཤེས་སོ། །འདི་དང་སྔགས་ཀྱི་དངོས་གྲུབ་སྤྱིའི་གོ་བ་ལའང་ཕན་པས་ཡི་གེའི་ལས་ཚོགས་བསླུ་མེད་དུ་འགྲུབ་པའི་ཚུལ་ཟུར་ཙམ་བརྗོད་ན། སེམས་ཅན་གྱི་ལས་ཀྱི་མཐུ་དང་རྣལ་འབྱོར་པའི་ནུས་པའི་ཡུལ་བསམ་གྱིས་མི་ཁྱབ་ཅེས་ཡོངས་སུ་གྲགས་པ་ལྟར། ཡི་གེ་སྒྱུ་འཕྲུལ་གྱི་ཏིང་ངེ་འཛིན་གྲུབ་པ་རྣམས་ལ་ཡི་གེའི་སྤྲིན་ལས་དངོས་གྲུབ་ཀྱི་དོན་ཐམས་ཅད་འབྱུང་བ་ལྷ་རྣམས་ལ་ཡིད་བཞིན་གྱི་སྤྲིན་ལས་རིན་པོ་ཆེའི་ཆར་འབབ་པ་ལྟ་བུ་དང་། དེ་ལྟར་དངོས་གྲུབ་ཀྱི་དོན་བྱེད་པའི་ནུས་པ་ཕུལ་དུ་བྱུང་བ་ཅན་གྱི་ཡི་གེ་དེ་དག་ཀྱང་རྣལ་འབྱོར་པའི་ཡིད་ཙམ་གྱི་རྒྱུ་མཚན་ཅན་ཡིན་པ་ཡིད་བཞིན་གྱི་སྤྲིན་གཟུགས་ཅན་དེ་དག་ཀླུའི་རྒྱལ་པོའི་སེམས་དང་ལྷ་རྣམས་ཀྱི་ལས་གཟུགས་ཅན་མ་ཡིན་པའི་རྩ་བ་ཅན་དུ་ཟད་པ་བཞིན་ཏེ། དེ་ལྟར་ཡང་རྒྱུད་ཉིད་ལས། རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་གསུངས། དེའང་ཆོས་ཐམས་ཅད་གདོད་ནས་རང་སྣང་རིས་མེད་ཀྱི་ལྷར་སངས་རྒྱས་ཤིང་། དེ་ཡང་མིང་ཚིག་ཡི་གེས་བཏགས་པའི་རྣམ་འཕྲུལ་ཉག་གཅིག་ཏུ་གནས་ལ། དག་པའི་ལྷ་དང་དེའི་མཛད་པ་སྒྲུབ་པའི་ཡི་གེ་དེ་ལ་སྔགས་ཀྱི་ཡི་གེ་ཞེས་བྱ་སྟེ། ཚུལ་འདིས་ཆོས་ཐམས་ཅད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་འདུ་ཞིང་། དེའང་ཡི་གེ་འཁོར་ལོ་ལ་འདུ་བར་རྟོགས་ནས་ཡི་གེ་སྒྱུ་འཕྲུལ་སྒོམ་པ་ཡིན་ལ། སྒོམ་པ་དེ་རྫོགས་པའི་ཚེ་འཁྲུལ་པའི་ཞེན་སྣང་ཟིལ་གྱིས་ནོན་ཏེ། སྣང་སྲིད་མ་ལུས་པ་རིས་མེད་པའི་ཡེ་ཤེས་ཀྱི་སྣང་བ་ཇི་ལྟར་བསམ་པ་དེ་ལྟར་འཆར་བའི་ཡིད་བཞིན་གྱི་ཡི་གེའི་ཆོ་འཕྲུལ་ཙམ་དུ་མཐོང་བ་སྟོབས་སུ་གྱུར་བ་སྣང་བ་བྱུང་བས་མུན་པ་ཟིལ་གྱིས་མནན་ནས་དངོས་པོའི་རང་གཟུགས་གསལ་བར་དམིགས་པ་ལྟ་བུ་དང་། དེའི་དབང་གིས་བརྟན་གཡོའི་དངོས་པོ་རྣམས་བྱེ་མ་ལས་གསེར་དང་སོལ་བ་ལས་ལྗོན་ཤིང་སོགས་རྣལ་འབྱོར་བའི་འདོད་པ་བཞིན་དུ་བྱིན་གྱིས་རློབ་པ་གསེར་འགྱུར་རྩིས་ལྕགས་སྒྱུར་བ་ལྟ་བུ་དང་། གནས་ལུས་ལོངས་སྤྱོད་སོགས་ངན་རེང་གི་རྣམ་པར་སྣང་བའི་ཆ་ཐམས་ཅད་ཡི་གེའི་ཏིང་ངེ་འཛིན་གྱིས་འདུལ་ནུས་པ་དུག་བཅུད་ལེན་གྱི་སྨན་གྱིས་ཐེབས་པ་ལྟ་བུ་སྟེ། ལེའུ་ལྔ་པའི་གཞུང་དེ་ཉིད་ལས། དེ་ཉིད་ཡེ་ཤེས་རང་སྣང་བའི། །མིང་ཚིག་གཟུགས་སོགས་ཡིད་བཞིན་གྱི། །མུན་ལ་སྣང་བྱུང་ཇི་བཞིན་དུ། །འགྱུར་བ་གསེར་འགྱུར་སྨན་གྱི་ཚུལ། །ཞེས་གསུངས་ཏེ། འདི་ནི་རོང་ཀློང་གི་འགྲེལ་བ་གཉིས་དང་འགྲོ་ཕྱོགས་བསྟུན་ནས་བཤད་དོ། །ཡི་གེའི་སྒྱུ་འཕྲུལ་འདི་གཙོ་བོར་སྒོམ་པའི་དུས་ཀྱང་རྗེ་རོང་ཀློང་ནི། དང་པོར་ཡི་གེ་རྣམས་ལས་དཀྱིལ་འཁོར་པ་བསྐྱེད་དེ་གཙོ་བའི་ཐུགས་ཀར་ཟླ་བའི་སྟེང་དུ་ཨ་དཀར་པོ་ཕྲ་མོ་བརྟན་པ་ཐོབ་ཐོབ་སྒོམ། དེ་ནས་ཨ་གྲངས་མེད་པའི་སྤྲོ་བསྡུ་དང་། དེ་གོམས་པ་ན་ཡི་གེ་གཞན་སྤྲོ་བསྡུའི་དམིགས་པ་ལ་བསླབ། དེ་ལའང་དྲོད་ཐོབ་པ་ན་ལས་སྣ་ཚོགས་ལ་སྦྱོར་བར་བཞེད། ཟུར་ལུགས་ལ་སྙིང་རྗེ་སྒྱུ་མ་དང་ཕྱག་རྒྱ་གཅིག་པ་རགས་པ་ལྷ་སྐུ་ལ་བསླབ་པའི་བར་དེར་སྒོམ་པར་བཞེད་དོ། །རྩ་བའི་རྒྱུད་ལས་ཐུན་མོང་གི་དངོས་གྲུབ་དེ་སྙེད་གསུངས་པ་རྣམས་ཀྱི་གཙོ་བོ་ནི་རིག་འཛིན་གྱི་དངོས་གྲུབ་ཡིན་ཏེ། བཅུ་གཅིག་པའི། མཁའ་འགྲོ་གསལ་འབར་ཚེ་ལ་སོགས། །ཞེས་པའང་དངོས་གྲུབ་དེའི་ཁྱད་པར་ཡིན་ལ། བཅུ་གཉིས་པར་ཡོ་བྱད་ལྔ་ལ་སྤྱད་པའི་འབྲས་བུ་བསྟན་པ་རྣམས་ཀྱང་ཤས་ཆེར་ཚོག་སྒྲུབ་ཀྱི་དུས་སུ་ཡོ་བྱད་ལྔ་ལ་སྤྱད་པའི་ལག་རྗེས་རིག་འཛིན་གྲུབ་པའི་དུས་སུ་འཐོབ་ཚུལ་ཡིན་པས་ཐུན་མོང་གི་སྒྲུབ་པའི་རྒྱལ་པོ་ནི་ཚོགས་སྒྲུབ་ཡིན་ནོ། །སྒྲུབ་པ་དེ་རྣམས་གང་ཡང་ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་རྫོགས་ནས་གདོད་བྱ་བར། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །ཞེས་པའི་རྒྱུད་ཚིག་གིས་བསྒྲུབས་ནས་ཟུར་པ་རྣམས་འཆད་པར་མཛད་དེ། རྒྱ་སྤྲོས་རྫོགས་པ་ལའང་ཚོགས་སྤྱོད་བྱས་མ་བྱས་གཉིས་ལས་རིག་འཛིན་མ་གཏོགས་པའི་དངོས་གྲུབ་ཕལ་ཆེར་མ་བྱས་པས་ཀྱང་སྒྲུབ་ནུས་ལ། རིག་འཛིན་ནི་ཚོགས་སྤྱོད་མེད་པར་བསྒྲུབ་ཏུ་མེད་དེ་སྔར་བཤད་ཟིན་ཏོ། །འདི་ལྟར་བཤད་པ་ཐམས་ཅད་བསྐྱེད་རིམ་པ་ཁོ་ནའི་དབང་དུ་བྱས་ལ། རྫོགས་རིམ་པ་ལའང་ཏིང་འཛིན་ལྔའི་སྐབས་སུ་ཐུན་མོང་གི་སྒྲུབ་པ་ཅི་རིགས་བྱེད་པ་ཡོད་མོད་ཀྱི། སྤྱིར་ཚོགས་སྒྲུབ་གཙོ་ཆེ་སྟེ། དེ་ཡང་གོང་དུ་བསྟན་པ་བཞིན་ནོ། །སྒྲུབ་པ་དང་ཕྲིན་ལས་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། ལས་ཕྲ་མོ་གཅིག་ལ་མཚོན་ན་བསྙེན་པ་རྫོགས་ནས་ལས་དེ་དངོས་སུ་འགྲུབ་པའི་ནུས་པ་སྐྱེད་པའི་ཆེད་དུ་ལས་དེའི་སྔགས་དང་ཏིང་ངེ་འཛིན་སྒྲུབ་པ་ནི་སྒྲུབ་པ་དང་། དེ་ལ་ནུས་པ་རྙེད་ནས་གྲུབ་པ་ལས་ལ་སྦྱར་བ་ཞེས་ལས་དངོས་སུ་སྒྲུབ་པ་ནི་ཕྲིན་ལས་ཏེ། གསུང་རྒྱུན་འགར་སྒྲུབ་པ་རང་དོན་དང་། ཕྲིན་ལས་གཞན་དོན་གཙོ་ཆེ་ཞེས་འབྱུང་བའང་དེ་དང་ཕྱོགས་འདྲའམ་སྙམ་ཞིང་། ཕྲིན་ལས་ལ་ཕྲ་མོ་ལས་བཞིའི་སྐོར་མ་གཏོགས་དངོས་གྲུབ་ཆེན་པོའི་རིགས་རྣམས་མ་བཤད་དོ། །བརྒྱད་པ་ཏིང་ངེ་འཛིན་ནི། ལེའུ་ལྔ་པར། དངོས་རྣམས་ཉིད་ན་དངོས་མེད་པར། །རྟོགས་པའི་དབང་སྒྱུར་ཏིང་འཛིན་ཡིན། །ཞེས་གསུངས་པ་ལྟར། རྟོགས་བྱའི་དོན་ལ་དབང་དུ་གྱུར་པའམ་ལས་སུ་རུང་བའི་སེམས་རྩེ་གཅིག་པ་སྟེ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཆེན་པོ་ཐམས་ཅད་ཟབ་པ་དང་རྒྱ་ཆེ་བའི་བདེན་པ་གཉིས་ལ་དེ་འདྲའི་ཏིང་ངེ་འཛིན་བརྟན་པ་ལས་འབྱུང་ལ། ཕྲ་མོའི་དངོས་གྲུབ་རྣམས་ཀྱང་ལྷ་སྔགས་ལ་ཡིད་རྩེ་གཅིག་ཏུ་གཏད་ནས་སྒོམ་པ་མེད་པར་མི་འགྲུབ་ཅིང་དེ་ལྟར་སྒོམ་པའང་ཏིང་ངེ་འཛིན་གྱི་ཕྱོགས་ཡིན་ནོ། །དེའི་ཕྱིར་རྒྱུད་ཉིད་ལས། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །ཞེས་གསུངས་པ་ལྟར་དངོས་གྲུབ་འདོད་པས་གླང་པོ་ཆེ་མྱོས་པ་བཞིན་དུ་སྤྲོས་ན་མི་འཕྲོ་ཞིང་། བསྡུས་ན་མི་འདུ་བ་དང་། འདོད་པའི་ཡུལ་ལ་མི་འཇུག་ཅིང་མི་འདོད་པའི་ཡུལ་ལ་འཇུག་པ་སོགས་གཡོ་བའི་སྐྱོན་གྱི་གཞན་དབང་དུ་གྱུར་པའི་ཡིད་འདི་ཏིང་ངེ་འཛིན་སྒྲུབ་པའི་མན་ངག་གི་གནད་ཀྱིས་བཟུང་སྟེ་འདུལ་བ་གཅེས་སོ། །དེ་ལ་ལམ་རིམ་ལས། སྐྱེས་བུ་སེང་གེ་བཞིན་རྒྱུ་བས། །ཞེས་དང་། ཁམས་དང་ཏིང་འཛིན་རྐྱེན་བསྡུས་ལ། །ཞེས་པ་ལྟར། དབེན་ཞིང་ཡིད་དུ་འོང་བའི་གནས་སུ། ཁམས་དང་མཐུན་པའི་ཟས་སོགས་དང་། ཏིང་ངེ་འཛིན་གྱི་ཆ་རྐྱེན་དུ་བླ་མའམ་མཆེད་དགོངས་ཉམས་ཅན་དང་ཏིང་ངེ་འཛིན་གྱི་མན་ངག་གི་གླེགས་བམ་སོགས་བསྡུས་ལ། ལྷ་རྗེ་ཟུར་ཆུང་བའི་མཛུབ་ཚུགས་ཀྱི་བསམ་གཏན་ལས། དད་པས་ཕུལ་བཏགས། བརྩོན་འགྲུས་ཀྱིས་གཞུ་བདུངས་པ། འཁོར་བ་དཔྱིས་འབྱིན་པ། སེམས་རུས་ཀྱི་ཐང་གཅོད་པ། བླ་མ་ལྷ་ལྟར་བཀུར་བ། མན་ངག་སྙིང་ལྟར་འཚོ་བ། དམ་ཚིག་སོ་མཚམས་ཀྱི་མཁར་ལྟར་སྲུང་བ། འདུ་འཛི་དུག་ལྟར་སྤོང་བ། གནས་གྲོགས་ལྟར་བསྟེན་པ། བྱང་ཆུབ་ཀྱི་འབྲས་བུ་སྒྲུབ་པོས་མི་ཆེན་པོས་སྤྲོ་བ་བསྲིངས་ཏེ་བསྒྲུབ་པར་བྱའོ། །ཞེས་གསུངས་པ་ལྟར་ཆོས་བཅུ་ལྡན་གྱིས་བསྒོམ་པར་བྱའོ། །སྒོམ་ཚུལ་དངོས་ནི་ལམ་ངེས་རྫོགས་ཀྱི་དབང་དུ་བྱས་ན། ཐོག་མར་སྟོང་ཆེན་གྱི་རྣལ་འབྱོར་སྔར་བཤད་པ་བཞིན་བྱས་ལ། དེའི་དུས་སུ་སྒོམ་པའི་སྐྱོན་བྱིང་བའམ་རྒོད་པ་བྱུང་ན་དེ་མ་ཐག་ངོས་བཟུང་སྟེ་གཉེན་པོའི་མན་ངག་གིས་འཆོས་ཤིང་། སྐྱོན་དེ་དག་ཞི་བ་ན་རང་བབས་སུ་བཞག་ནས་བསྒོམས་པས་རིམ་གྱིས་ཉམས་ལྔ་རྫོགས་པར་འགྱུར་ལ། དེའང་བསྐྱེད་རིམ་ཁོ་ནའི་ངེས་རྫོགས་པ་ཡིན་ན་དུས་དེར་ཞི་གནས་དང་། རིམ་གཉིས་སྟབས་གཅིག་ཏུ་ངེས་རྫོགས་བྱེད་ན་དང་པོར་སྐྱེད་རིམ་གྱི་སྟོང་ཆེན་ལ་ཞི་གནས་ཐོབ་སྟེ། དེའི་འོག་ཏུ་རྫོགས་རིམ་གྱི་སྟོང་པ་ཆེན་པོའི་ཡེ་ཤེས་སྐྱེ་ལ། དེ་སྐྱེད་པ་ན་སེམས་གཡོ་བྱེད་ཀྱི་ལས་རླུང་རང་སར་ཞི་བས་འོད་གསལ་གྱི་ཏིང་ངེ་འཛིན་ལ་རླུང་མེད་པའི་མར་མེའི་རྩེ་མོ་ལྟར་གཡོ་མེད་དུ་གནས་ཤིང་། དེ་ཉིད་མར་མེ་དང་རང་འོད་ཀྱི་ཚུལ་དུ་ཤེས་རབ་ཀྱི་སྣང་བ་རྣོན་པོ་དང་མི་འབྲལ་ལ། དེ་དག་ཀྱང་སེམས་ཀྱི་གཉུག་མའི་ཆ་ཡིན་པའི་ཏིང་ངེ་འཛིན་དང་ཤེས་རབ་གཞན་ལས་ཆེས་ཕུལ་དུ་བྱུང་བ་ཡིན་ཏེ། མདོར་ན་རྫོགས་རིམ་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་གྲུབ་པ་ཡིན་ནོ། །དེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རླུང་སེམས་ལེགས་པར་བཏུལ་བའི་འོག་ཏུ་སྙིང་རྗེ་སྒྱུ་མ་སོགས་ཀྱང་ཉམས་ལྔ་རྫོགས་རྫོགས་སུ་སྒོམ་ཡང་མཐར་ཕྱིན་གྱི་ཉམས་ལ་སླེབ་པར་སྒོམ་པའི་དོན་ཡིན་གྱི། རེ་རེ་ཞིང་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུ་རེ་ཡོད་པར་མི་སེམས་སོ། །འདིའི་ཐད་དུ་ལྷ་སྐུ་སྒོམ་ཐབས་ཀྱི་མན་ངག་རྣམས་ཀྱང་དྲན་པར་བྱ་སྟེ། དེའང་མདོ་ཙམ་བཀོད་ན། སྐབས་འདིར་ཐ་མལ་གྱི་སྣང་ཞེན་གཅོད་པའི་སྣང་ཕྱོགས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་ཞིག་སྐྱེད་དགོས་ཤིང་། དེ་ལ་ཡུལ་ཅན་གྱི་སེམས་གསལ་ངར་དང་ལྡན་པ་ཙམ་གྱིས་མི་ཆོག་གི། ལྷ་སྐུའི་དམིགས་པ་གསལ་ཞིང་ང་རྒྱལ་བརྟན་པ་ཞིག་དགོས་ཏེ། དེ་མེད་ན་དག་མ་དག་གི་སྣང་ཞེན་གོ་བཟློག་མི་ནུས་པའི་ཕྱིར་རོ། །ལྷའི་ང་རྒྱལ་བརྟན་པའང་རྟེན་དང་བརྟེན་པའི་རྣམ་པ་གསལ་བ་གཞིར་བཟུང་སྟེ་བསླབས་པ་ལས་འབྱུང་བ་དང་། རྣམ་པ་གསལ་བ་ལའང་ཐུན་མོང་དང་ཁྱད་པར་གྱི་སློབ་ལུགས་གཉིས་ཡོད་པར་བི་མ་ལས་ལྷ་སྐུ་སྒོམ་པ་ལས་བཤད་དེ། ཐུན་མོང་བ་ལྟར་ན། བདེ་བའི་སྟན་ལ་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འདུག་ལ། མདུན་དུ་བྲིས་སྐུ་ཚད་ལྡན་བཀྲམ་སྟེ། དེའི་གཟུགས་བརྙན་ལ་སེམས་གཏད་ནས་མིག་རེངས་རེངས་སུ་བལྟས་པས་ཡིད་ངོར་གསལ་ཞིང་འདྲིས་པ་ན་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་བཟུང་། དེའང་དང་པོར་ལྷ་སྐུ་མདུན་དུ་སྒོམ། དེ་ལ་གོམས་པ་དང་བདག་ཉིད་ལྷར་སྒོམ་པར་ལྷ་སྐུ་སྒོམ་པ་དང་ལམ་རྣམ་བཀོད་ལས་ཅི་རིགས་སུ་བཤད་དེ། བདག་ལྷར་སྒོམ་ཚུལ་ནི་ཁྱད་པར་བའི་སྐབས་བཞིན་བྱས་པས་ཆོག་པ་འདྲའོ། །གཉིས་པ་ཁྱད་པར་བ་ལྟར་ན། ལམ་རིམ་སོགས་ལས་རིམ་ཅིག་ཆར་གྱི་སྒོམ་ཚུལ་གཉིས་བཤད་པའི་དང་པོ་ནི། ཆོ་ག་གསུམ་བསྐྱེད་དང་དབང་བསྐུར་རྒྱས་གདབ་སོགས་བྱས་ནས་སེམས་འཛིན་ལ་བསླབ་པ་སྟེ། དེའང་དམིགས་པ་གསལ་བའི་ཡན་ལག་ཏུ་ལྷ་སྐུ་སྒོམ་པ་ལས། དང་པོ་དབུ་ཡི་གཙུག་ཏོར་གསལ། དེ་ནས་ཞལ་གྱི་མདངས་ལ་བསླབ། །དེ་ནས་ཐུགས་ཀྱི་དཔལ་བེའུ་ལ། །ཞེས་སོགས་ལྟར་སྤྱིའི་རྣམ་པ་མ་ཤོར་བའི་ངང་ནས་སྐུའི་ཆ་སོ་སོར་གསལ་བཏབ་ལ་སྒོམ། བརྟན་པའི་ཡན་ལག་ཏུ་ལྷ་གྲངས་དང་སྐུའི་ཚད་མ་ངེས་པ་ལ་སློབ་པར་ལྷ་སྐུ་སྒོམ་པ་དེ་ཉིད་ལས་བཤད་པ་ནི། ལྷའི་ཏིང་ངེ་འཛིན་འབྱོངས་པའི་འོག་ཏུ་རྩལ་སྦྱང་ཚུལ་ཡིན་གྱི་དང་པོ་ནས་དེ་ལྟར་བྱར་མི་རུང་ངོ་། །གཉིས་པ་ནི། ལམ་རིམ་ལས། ཡང་ན་ཕྱག་རྒྱ་ཆེན་པོ་སྟེ། །ཆུ་ལས་ཉ་ལྡང་ཇི་བཞིན་དུ། །ཞེས་པ་ལྟར་ལྷ་སྐུ་སྐད་ཅིག་དྲན་རྫོགས་སུ་ཝལ་གྱིས་བསྐྱེད་ནས་གཞན་དུ་མ་ཡེངས་པར་དེ་ཉིད་ལ་སེམས་འཇོག་པ་སྟེ། ལྷ་སྐུའི་གསལ་སྣང་སྐྱེ་མྱུར་བུལ་གྱི་བློ་རིམ་གཅིག་ཏུ་མ་ངེས་པས་དེ་ལྟར་ཕྱེའོ། །གྲོལ་ལམ་ཅིག་ཆར་བའི་སྐབས་སུ་ཞི་ལྷག་གཉིས་སྔ་ཕྱི་མེད་པར་ཐོབ་པ་ཞིག་ཀྱང་ཁས་ལེན་དགོས་པར་མངོན་ཞིང་། ཐབས་ལམ་པ་ལ་རྫོགས་རིམ་གྱི་སྔོན་དུ་རིམ་པ་དང་པོའི་ཞི་ལྷག་གཉིས་ཀ་ཐོབ་པ་དང་། ཞི་གནས་ཙམ་ཐོབ་པའང་འཇོག་ཆོག་གམ་ད་དུང་མཁས་པ་རྣམས་ཀྱིས་གཟུ་ལུམ་མི་བྱ་བར་ཞིབ་ཏུ་དཔྱད་དགོས་སོ། །དགུ་པ་མཆོད་པ་ནི། འདིར་བསྟན་གྱི་དབང་དུ་བྱས་ན། དཀྱིལ་འཁོར་པ་རྣམ་ཚིམ་ཞིང་མཉེས་པར་བྱེད་པའི་ཐབས་ཀྱིས་རབ་ཏུ་ཕྱེ་བ་སྟེ། དེ་ལ་དབྱེ་ན། རྩ་བའི་རྒྱུད་ལས་ཕྱག་རྒྱ་དང་ལྷག་པ་ཏིང་འཛིན་སོགས་ཅི་རིགས་ཤིག་གསུངས་པ་ལ་བཤད་རྒྱུད་དང་ཡན་ལག་གི་རྒྱུད་ཀྱིས་ཁ་བསྐང་ནས་སྒྲུབ་ཐབས་རྣམས་སུ་བཅུ་བཞིར་གསུངས་ཏེ། དེ་ལ་མཆོད་རྫས་བྱིན་རློབ་དང་། འབུལ་ཚུལ་གཉིས། དང་པོ་ནི། མཆོད་རྫས་ལ་ཐ་མལ་པའི་རྣམ་རྟོག་མ་བསལ་བར་བླ་མེད་ཀྱི་དཀྱིལ་འཁོར་དགྱེས་པ་སྐྱེད་པའི་རྡོ་རྗེའི་ལོངས་སྤྱོད་དུ་མི་འགྱུར་ལ། དེ་ལྟར་ན་དེ་ལ་བརྟེན་ནས་ཉམས་ཆག་སྐོང་བ་དང་ཐུན་མོང་མ་ཡིན་པའི་ཚོགས་རྫོགས་པའི་དགོས་པའང་སྒྲུབ་མི་ནུས་པས་མཆོད་པ་ལ་བྱིན་རླབས་ཐོག་མར་འགྲོ་སྟེ། དེའི་ཚུལ་ནི། ཕྱག་རྒྱ་བཞི་པའི་བསམ་གཏན་ལྟར། རང་ཉིད་ལས་ཀྱི་རྡོ་རྗེ་སེམས་དཔར་བསྐྱེད་དེ། ཐུགས་ཀ་ནས་རྫས་སོ་སོའི་ས་བོན་སྤྲོས་ཏེ་འཕྲོ་འདུ་དང་སྔགས་ཀྱི་རྐྱེན་གྱི་མཆོད་རྫས་ཐོགས་པའི་ལྷ་མོ་ནམ་མཁའ་གང་བར་རློབ་པ་ཐུན་མོང་ཕྱི་མཆོད་རློབ་ཚུལ་དང་། སྨན་གྱི་སྣོད་གཞལ་ཡས་ཁང་ལྟེ་བ་རྩིབས་བཞི་དང་བཅས་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ལ་ས་བོན་ཟུང་ལྔ་བཀོད། ཆོ་ག་གསུམ་གྱི་རིགས་ལྔ་ཡབ་ཡུམ་དུ་བསྐྱེད། རྗེས་ཆགས་ཀྱི་སྦྱོར་བས་ཐམས་ཅད་ཞུ་སྟེ་སྣོད་ཀ་པཱ་ལར་བཅུད་ཡེ་ཤེས་ཀྱི་བདུད་རྩི་ལ་ༀ་དང་། ཁ་གཅོད་ཀྱི་རྡོ་རྗེ་རྒྱ་གྲམ་ལ་རྟ་མགྲིན་གསང་བའི་ཡུམ་བཞི་དང་བཅས་པ་བསྐྱེད། མཐེབ་སྲིན་གྱིས་རྡོ་རྗེ་བཟུང་བ་བདུད་རྩི་ལ་རེག་སྟེ་བདུད་རྩི་དགུག་པའི་སྔགས་བཟླ་ཞིང་ༀ་གྱི་འོད་ཟེར་གྱིས་འཁོར་འདས་ཀྱི་བདུད་རྩི་བཀུག་པ་དམ་ཚིག་གི་འདུད་རྩི་ལ་ཐིམ་པར་བསམ་ནས་བདུད་རྩི་བྱིན་གྱིས་བརླབ་པར་བྱ་སྟེ། འདི་ནི་སྨན་མཆོད་ཀྱི་ཆེད་དུ་མ་ཟད། ཇི་སྐད་དུ། རྣལ་འབྱོར་པ་ལ་གཏོར་བྱས་ན། །རྟོག་སྒྲིབ་ཉམས་ཆག་དག་པར་འགྱུར། །མཆོད་པའི་རྫས་ལ་གཏོར་བྱས་པས། །ཐམས་ཅད་བདུད་རྩི་ཉིད་དུ་འགྱུར། །མི་མཐུན་ཕྱོགས་ལ་གཏོར་བྱས་པས། །དྲག་པོ་གཏུམ་པོའང་འཇིག་པར་འགྱུར། །ཞེས་པ་ལྟར་དགོས་པ་གཞན་ཡང་མང་ངོ་། །དེ་བཞིན་དུ་གཏོར་མ་ལ་ༀ་བཀོད་དེ་འཕྲོ་འདུ་དང་གཏོར་སྔགས་ཀྱིས་འདོད་ཡོན་གྱི་ལྷ་མོ་དྲུག་རེ་རེ་ཞིང་གྲངས་མེད་པར་སྤྲོས་ཏེ་སྤེལ་བ་དང་། རཀྟ་ར་ལས་འཕྲོ་འདུ་དང་སྔགས་ཀྱི་རཀྟའི་རྒྱ་མཚོར་རློབ་པའོ། །གཉིས་པ་ནི། དཀྱིལ་འཁོར་གྱི་གཙོ་བོ་ལས་ལས་ཀྱི་རྡོ་རྗེ་སེམས་དཔའ་ཞིག་སྤྲོས་ཏེ་ཤར་སྒོར་གནས་པ་ནི་མཆོད་པ་བྱེད་པ་པོ་ཡིན་ལ། དེས་མཆོད་པ་ཅི་ཞིག་བྱེད་པ་ལ་བཅུ་བཞི་སྟེ། དེའང་སྒྱུ་འཕྲུལ་ཞི་བ་དང་སྦྱར་ན། དང་པོ་ཕྱག་ནི། ཕྱག་འཚལ་བའི་ཡུལ་རྟེན་གཉིས་སུ་མི་དམིགས་པར་རྟོགས་པ་དོན་གྱི་ཕྱག་དང་། ལྷ་རྣམས་ཀྱི་ཡོན་ཏན་དྲན་ནས་གུས་པས་འདུད་པ་བརྡའི་ཕྱག་གཉིས་ཟུང་འབྲེལ་དུ་འཚལ་ཞིང་། ལྷ་ཚོགས་རྣམས་ཀྱིས་ལན་གནང་བར་བསམ་པའོ། །གཉིས་པ་ཕྱག་རྒྱ་ནི་འཆད་པར་འགྱུར་བ་ལྟར་རོ། །གསུམ་པ་ཀུན་བཟང་ནི། ཆོས་ཐམས་ཅད་རིག་པ་རང་སྣང་དུ་མཉམ་པ་ལ་བཟང་ངན་དང་བླང་དོར་མ་གྲུབ་པས་མཆོད་པར་མ་གྱུར་པའི་དངོས་པོ་རྡུལ་ཙམ་ཡང་མེད་དེ་སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་ཏུ་བཟང་པོའི་མཆོད་པའོ། །འདི་དང་འོག་མ་རྣམས་ཀྱི་སྔགས་རྒྱ་སོགས་སྒྲུབ་ཐབས་ལྟར་རོ། །བཞི་པ་ཞབས་བསིལ་ནི། བསིལ་ཆབ་ཐོགས་པའི་ལྷ་མོས་ལན་གསུམ་དུ་ཕུལ་བས་ཕྱག་དང་ཞབས་དང་ཞལ་བསིལ་བར་བསམ་པའོ། །ལྔ་པ་བཞི་བསྣོལ་ནི། རྡོ་རྗེ་སྤོས་མ་སོགས་ལྷ་མོ་དཔག་མེད་སྤྲོས་ཏེ། ཤངས་ལ་བདུག་སྤོས། དབུ་ལ་མེ་ཏོག །སྤྱན་ལ་མར་མེ། ཐུགས་ཀར་བྱུགས་བ་རྣམས་ཀྱིས་མཆོད་དེ། མཐར་ལྷ་མོ་རྣམས་ཀྱང་གནས་དེ་དང་དེར་ཐིམ་པ་དང་། སྐྱེས་ལན་གྱི་ཚུལ་དུ་ལྷ་རྣམས་ཀྱི་གནས་དེ་དག་ལས་ལྷ་མོ་བཞི་སླར་བྱུང་ནས་ལས་སེམས་ཀྱི་ཤངས་སོགས་གནས་བཞིར་ཐིམ་པས་དངོས་གྲུབ་ཐོབ་པར་བསམ་པ་སྟེ། དེ་ལྟར་སྐྱེས་དང་སྐྱེས་ལན་གྱི་ཚུལ་གཉིས་བསྣོལ་མར་བྱེད་པས་ན་བཞི་བསྣོལ་ཞེས་བརྗོད་གསུངས་སོ། །དྲུག་པ་སྨན་མཆོད་ནི། བདུད་རྩིའི་ཆེ་བ་བརྗོད་པ་སྔོན་དུ་བཏང་སྟེ། མཐེབ་སྲིན་ཉི་ཟླ་ཁ་སྦྱོར་གྱི་ཕྱག་རྒྱས་གཏོར་བས་བདུད་རྩིའི་ཟེགས་མ་ནམ་མཁའ་ལ་སྤྲིན་ལྟར་ཆགས་པ་ལས་ར་སཱ་ཡ་ནའི་ཆར་བབས་པས་ལྷ་རྣམས་གཟི་བརྗིིད་བསྐྱེད་ཅིང་། དེ་ནས་རང་གི་ལྕེ་ལ་ཧཱུྃ་དང་སྨན་ལ་འབྲུ་གསུམ་བཀོད་ལ་མཐེབ་སྲིན་གྱིས་བླངས་ནས་ལྕེར་བཞག་པས་གནས་གསུམ་དུ་ཆགས་ཏེ་འཕྲོ་འདུས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་པའོ། །བདུན་པ་གཏོར་མ་ནི། གཏོར་མ་འདོད་ཡོན་གྱི་ལྷ་མོ་དྲུག་གི་རྣམ་པར་ཕུལ་བས་གཟུགས་རྡོ་རྗེ་མ་དང་མེ་ལོང་སྤྱན་ལ་དང་། སྒྲ་རྡོ་རྗེ་མ་དང་རྒྱུད་མངས་སྙན་ལ་སོགས་དབང་པོ་སོ་སོ་ལ་ཐིམ་ནས་མཉེས་པར་བསམ་པའོ། །བརྒྱད་པ་བདུད་རྩི་གསང་ནན་ནི། གསང་ནན་ནམ་རྩང་ནན་ཞེས་པ་སྐྱེམས་ཀྱི་བརྡ་རྙིང་སྟེ། བདུད་རྩིའི་རྒྱུན་གཏོར་མར་ལན་གསུམ་སྦྲེང་བས་དང་པོས་ལྷ་རྣམས་དགྱེས་པ་བསྐྱེད། གཉིས་པས་ཉན་ཐོས་རྣམས་འགོག་པ་ལས་བསླང་། གསུམ་པས་རྒྱལ་བ་རྣམས་གཞན་དོན་ལ་བསྐུལ་བའོ། །དགུ་པ་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་ནི། སྤྲུལ་པ་དང་བསྒྱུར་བ་གཉིས་ལས་འདིར་ཕྱི་མ་ལྟར་བྱེད་དེ། བདག་ཉིད་ལས་ཀྱི་སེམས་དཔའི་ཐུགས་ཀ་ནས་བྷྲཱུྃ་ཡིག་སྤྲོས་པས་ས་གཞི་དང་ཁང་ཁྱིམ་སོགས་དག་པའི་ཞིང་དང་གཞལ་མེད་ཁང་དུ་བྱིན་གྱིས་རློབ་པ་དང་། ཚུལ་དེ་བཞིན་དུ་ཏྲཱྃ་ལས་རྒྱན་དང་ནགས་ཚལ། ཧྲཱིཿལས་གླུ་དབྱངས། ཨ་ལས་ཁྲུས་རྫིང་། ༀ་ལས་ཞལ་ཟས། མྃ་ལས་གོས་དར། ཧཱུྃ་ལས་བྲོ་གར་སོགས་རེ་རེའང་མཐའ་ཡས་པ་སྤྲོས་ཏེ་མཆོད་པའོ། །བཅུ་པ་སྒྲོལ་མཆོད་ནི། རྒྱུད་ཉིད་ལས། བློ་ངན་འཇིག་རྟེན་སྙིང་རེ་རྗེ། །ཞེས་པ་ལྟར་འཁྲུལ་བའི་གཞན་དབང་དུ་སོང་བའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་དེ་རང་གི་ཐུགས་ཀ་ནས་སྤྲོས་པའི་རྃ་ཡིག་ལས་ཡེ་ཤེས་ཀྱི་མེ་འབར་བས་བསྒྲལ་བྱའི་སྙིང་ནང་གི་ས་བོན་དྲུག་བག་ཆགས་དང་བཅས་པ་བསྲེག་ནས་རྣམ་ཤེས་འོད་གསལ་གྱི་དགོངས་དབྱིངས་སུ་བསྟིམ་པའོ། །བཅུ་གཅིག་པ་སྦྱོར་མཆོད་ནི། ལྷ་ཚོགས་རྣམས་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པའི་བདེ་བའི་འོད་ཟེར་སྤྲོ་བསྡུས་རྒྱལ་བ་ཐམས་ཅད་མཆོད་ཅིང་གསང་བའི་དབང་ཐོབ་པར་བསམ་ལ་ཨ་ནུ་རཱ་གའི་སྔགས་ཀྱིས་ང་རྒྱལ་བཟུང་བའོ། །བཅུ་གཉིས་པ་འདོད་ཡོན་རོ་མཉམ་ནི། སྣང་སྲིད་ཐམས་ཅད་འདོད་ཡོན་གྱི་ལྷ་མོར་དག་པས་ལྷ་ལ་ལྷ་དང་ཆོས་ཉིད་རོལ་པའི་ཚུལ་གྱིས་མཆོད་པའོ། །བཅུ་གསུམ་པ་རོལ་མོ་ཡེ་ཤེས་ནི། མཆོད་པའི་ཡོ་བྱད་ཇི་སྙེད་པ་སེམས་ཉིད་ཀྱི་རོལ་པར་སྡུད་པ་སྟེ། དེ་རྣམས་བསྒྲིགས་ན། དང་པོ་ཀུན་བཟང་གིས་འདོད་པའི་ཡོན་ཏན་གྱི་རྣམ་པ་ཡིན་མིན་གྱི་རྣམ་དབྱེ་མེད་པར་ཡེ་ཤེས་ཀྱི་རང་སྣང་ཁོ་ནར་བལྟས་ཏེ་མཆོད་པ་དང་། དེ་ནས་དགུས་དག་པའི་འདོད་ཡོན་གྱི་བྱེ་བྲག་སོ་སོར་སྤྲུལ་ཏེ་མཆོད་པ་དང་། ཕྱི་མ་འདིས་དེ་དག་ཐམས་ཅད་ཡེ་ཤེས་ཀྱི་དབྱིངས་སུ་རོ་གཅིག་པར་བསྡུས་ནས་མདོར་ན་སྣང་སྤྱོད་མ་ལུས་པ་དགྱེས་མཉམ་ཆེན་པོའི་ཡེ་ཤེས་རྩལ་འབར་བའི་གྲོགས་སུ་འཁྱེར་བ་ཉིད་མཆོད་པའི་ལམ་གྱི་གནད་ཡིན་པས། རོལ་མོ་ཡེ་ཤེས་ཀྱི་མཐར་མ་ཧཱ་པཱུ་ཛ་བཛྲ་ཞེས་སོགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་རྡོ་རྗེ་ང་རྒྱལ་བཟུང་བ་གསུངས་ཏེ་མཆོད་པར་མ་ཟད་བླ་མེད་ཀྱི་རྒྱུད་ལས་འདོད་ཡོན་ལམ་ཁྱེར་གྱི་ཐབས་མཁས་ཇི་སྙེད་བསྟན་པ་རྣམས་ཀྱི་གནད་གཟེར་ཡང་འདི་ཉིད་དོ། །བཅུ་བཞི་པ་གླུ་ཡེ་ཤེས་ནི། དཀྱིལ་འཁོར་ལྷ་རྣམས་ལ་ཆེ་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའི་གླུ་ཆོས་ཉིད་ཀྱི་རང་སྒྲའི་དབྱངས་སུ་གྲགས་པར་མོས་ལ་བསྟོད་པ་གླུ་དྲུག་བླང་བའོ། །ཁྲོ་བོ་ལའང་ཕལ་ཆེར་དེ་དང་འདྲ་བ་ལས། དགུ་པའི་གནས་སུ་རཀྟ་ཚར་གསུམ་སྟེ་ལྷ་ཚོགས་རྣམས་མཉེས་པར་བྱ་བའི་ཕྱིར་དང་། ཞིང་བཅུ་སོགས་གདུག་ཅན་རྣམས་བརླག་པའི་ཕྱིར་དང་། ཁམས་གསུམ་གྱི་གདུལ་དཀའི་འགྲོ་བ་རྣམས་ཐུགས་རྗེས་སྒྲོལ་བའི་ཕྱིར་གོ་རིམ་བཞིན་དུ་རཀྟའི་དྭངས་མ་ཡེ་ཤེས་ཀྱི་བདུད་རྩིར་དང་། ཁུ་བ་བསྒྲལ་བྱར་དང་། རྩིགས་མ་དུག་གསུམ་ཤ་རུས་ཀྱི་རྣམ་པར་བྱས་ཏེ་འབུལ་བའི་ཆེད་དུ་རཀྟ་ལན་གསུམ་སྦྲེང་བའོ། །སྤྲོ་ན་ཚོགས་མཆོད་ཀྱི་ཆོ་གའི་ཚུལ་ཡང་གནས་སུ་སྟོབས་པ་མཆོད་པའི་སྐབས་འདིར་བཤད་པར་བྱའོ། །བཅུ་པ་སྔགས་རྒྱ་ལ་གཉིས་ལས། དང་པོ་སྔགས་ནི། ཐབས་ཤེས་ཀྱི་ཡི་གེ་ཨ་ལི་ཀ་ལི་ཚོགས་པའམ་རྐྱང་པ་ཅི་རིགས་ལ་བཞག་པའི་གྲུབ་པ་བཞི་ལྡན་གྱི་ངག་གཙོ་བོར་གྱུར་པ་སྟེ། ཐུགས་ཐིག་ལས། ཡི་གེ་འདུས་པ་གྲུབ་པ་བཞི། །མཐུ་ཆེན་རེད་པ་གང་ཡིན་ལ། །ཞེས་སོ། །གྲུབ་པ་བཞིའི་གྲངས་འདྲེན་ནི་སྔར་བཤད་པ་བཞིན་ཏེ། ཡི་གེའི་རང་བཞིན་མཐུ་བསམ་གྱིས་མི་ཁྱབ་པའི་ཆོས་དབྱིངས་སུ་གནས་པ་དང་། སྒྱུ་མ་ཙམ་དུ་མིང་ཚིག་ཡི་གེ་ལ་བརྟེན་ནས་ཕན་གནོད་ཀྱི་བྱ་བ་སྣ་ཚོགས་འབྱུང་བ་བ་ལང་རྫིའི་བར་ལ་གྲགས་པ་དང་། སྔགས་པས་སངས་རྒྱས་བྱང་སེམས་སོགས་མཐུ་ལྡན་རྣམས་ཀྱིས་སྔགས་ཚིག་ཏུ་བྱིན་གྱིས་བརླབས་པའི་རྗེས་སུ་འབྲངས་ནས་བཟླས་པས་ངག་ལ་ནུས་པ་ཕུལ་བྱུང་སྐྱེ་བ་དང་། དེས་སྔགས་ཀྱི་ལྷའི་ཐུགས་རྒྱུད་འཁུལ་ནས་སྒོ་གསུམ་བྱིན་གྱིས་རློབ་པ་རྣམས་སོ། །སྤྱིར་ནི་སྔགས་ལ་ངག་ཁོ་ནས་མ་ཁྱབ་ཅིང་། གསང་བདག་ཞལ་ལུང་ལས། ཐབས་ཤེས་ཀྱི་བདག་ཉིད་དེའི་སྒོ་ཡིག་འབྲུར་སྣང་བས་གསང་སྟེ་ངག་ཏུ་བརྗོད་པ་དང་བཅས་ཤིང་ཤེས་སྐྱོབ་ཀྱི་ལས་ཀྱིས་ལོག་རྟོག་གི་གཉེན་པོར་འགྱུར་བ་ནི་གསང་སྔགས། ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་དངོས་པོའི་དོན་རིག་པར་བྱེད་པའི་ལས་ཀྱིས་མ་རྟོགས་པའི་གཉེན་པོར་གྱུར་པ་ནི་རིག་སྔགས། དྲན་པ་དང་ཤེས་རབ་ཀྱི་བདག་ཉིད་ཆོས་ཀྱི་ཚིག་དོན་མི་བརྗེད་པར་འཛིན་པའི་ལས་ཀྱི་དྲན་ཉམས་ཀྱི་གཉེན་པོར་གྱུར་པ་ནི་གཟུངས་སྔགས་ཏེ། འདི་གསུམ་གྱི་རྟགས་ཀྱང་། དང་པོ་ལྷ་ཕོའི་དབྱིབས་དང་། ཕྱི་མ་གཉིས་ལྷ་མོའི་གཟུགས་སུ་བཞུགས་ཞེས་འབྱུང་ངོ་། །ཞེས་པ་ལྟར་གསུམ་དུ་དབྱེ་བ་སོགས་ཡོད་ཀྱང་། རྩ་རྒྱུད་འདི་ཉིད་ལས་གསུངས་པའི་སྔགས་ཀྱི་རྣམ་གྲངས་ནི། གཞལ་ཡས་ཁང་བསྐྱེད་པའི་དང་། ལྷ་བསྐྱེད་པའི་དང་། ལས་ཀྱི་རིམ་པའི་སྔགས་ཏེ་གསུམ་ལས། དང་པོ་ནི། ཕོ་བྲང་གི་ས་བོན་དང་། རྐྱེན་གྱི་སྔགས་གཉིས་རིམ་བཞིན་བྷཱུྃ་ཞེས་པ་དང་བི་ཤྭ་བི་ཤུདྷེ་ཞེས་པའོ། །གཉིས་པ་ལ་ཞི་ཁྲོའི་སྔགས་གཉིས་ལས། དང་པོ་ལའང་། རྒྱུ་མ་ནོར་བ་རྩ་བའི་དང་། བསྐྱེད་པ་རྐྱེན་གྱི་དང་། བཟླས་པ་ལས་ཀྱི་སྔགས་སོ། །དང་པོ་ནི། གང་ཞིག་ཡོངས་སུ་གྱུར་པ་ལས་ལྷར་བསྐྱེད་པའི་ས་བོན་གྱི་སྔགས་ལ་ལྷ་སྐུའི་རྩ་བར་གྱུར་པའི་སྔགས་ཞེས་བརྗོད་པ་ཡིན་པས་གཞན་དུ་ཕྲེང་བའི་སྔགས་ལ་རྩ་བའི་སྔགས་སུ་བཤད་པ་སོགས་དང་མི་འདྲ་འོ། །དེ་ལའང་། ལེའུ་བཞི་པ་ལས་གསུངས་པའི་ཡི་གེ་སྒྱུ་འཕྲུལ་དང་། བདུན་པ་ལས་གསུངས་པའི་ཧཱུྃ་མཱུྃ་སོགས་རིགས་ཀྱི་ས་བོན་དུ་གྲགས་པ་གཉིས་དང་། ཕྱི་མ་ལའང་མིང་ཡིག་དང་པོ་ཡིན་མིན་གཉིས་ཡོད་དོ། །གཉིས་པ་ནི། གང་ཞིག་བརྗོད་པའི་རྐྱེན་གྱིས་ཕྱག་མཚན་རྡོ་རྗེ་སོགས་ལས་ལྷའི་སྐུར་འགྱུར་བའི་རྐྱེན་གྱི་སྔགས་ཏེ། འདི་ལ་སྒྲུབ་ཐབས་སུ། ཧཱུྃ་སོགས་ས་བོན་དང་བཛྲ་དྷྲིཀ་སོགས་གཉིས་ཆར་ཚོགས་པ་འབྱུང་ཡང་། འགྲེལ་པ་ལས་བཛྲི་དྷྲིཀ་སོགས་ཙམ་ལས་མ་བཤད་པས་བསྐྱེད་སྔགས་དང་བསྐྱེད་སྔགས་རྐྱང་པ་གཉིས་ལས་གསུམ་དུ་ཕྱེ་བའི་བསྐྱེད་སྔགས་ལ་རྐྱང་པ་ཁོ་ན་འཇོག་དགོས་སམ་སྙམ་མོ། །གསུམ་པ་ནི། ས་བོན་དང་བསྐྱེད་སྔགས་སྦྲེལ་བ་སྟེ། འདི་ནི་འཛབ་ཀྱི་ལས་ལ་འཇུག་ཆེ་བས་ལས་སྔགས་ཞེས་བཏགས་སམ་བརྟག་གོ། །གཉིས་པ་ལའང་གསུམ་ལས། རྩ་སྔགས་ནི། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རྣམས་ཁྲག་འཐུང་གནས་ཡུལ་སྒོ་དབང་རྣམས་ཀྱིའོ། །བསྐྱེད་སྔགས་ནི། ཁྲག་འཐུང་ལྔ་ལ་ༀ་བཛྲ་མ་ཧཱ་ཤྲཱི་སོགས་དང་། གནས་ཡུལ་སྒོ་མ་ལ་བཛྲ་སྟེ་དབང་རྟགས་རྡོ་རྗེ་མཚོན་པའི་མཐར་ག་རཱི་སོགས་སོ་སོའི་མིང་སྦྱར་བ་དང་། དབང་ཕྱུག་མའི་བསྐྱེད་སྔགས་རྩ་བའི་རྒྱུད་ལས་མ་གསུངས་ཀྱང་བཤད་རྒྱུད་རྡོ་རྗེར་མ་ནུ་རཀྴ་སཱི་སོགས་འབྱུང་བས་ཁ་བསྐང་ངོ་། །བཟླས་སྔགས་ནི། བཛྲ་མ་ཧཱ་ཤྲཱི་སོགས་བསྐྱེད་སྔགས་ལ་མ་ཧཱ་ཙཎྜ་སོགས་ལས་སྔགས་བཏགས་པ་སྟེ། འདི་རྩ་བསྐྱེད་ལས་གསུམ་གྱི་ནང་གི་ལས་སྔགས་ཡིན་ལ། མ་ཧཱ་ཙཎྜ་མན་ཆད་མ་གཏོགས་ལས་སྔགས་སུ་མི་འཇོག་པར་བཤད་པ་ནི་ལས་ལ་སྐུལ་བའི་སྔགས་ཀྱི་དབང་དུ་བྱས་པར་མངོན་པས་ལས་སྔགས་ཀྱི་འཇོག་ཚུལ་གཉིས་སུ་འགྱུར་བ་འདྲའོ། །ཁ་ཅིག་རྩ་བསྐྱེད་ལས་གསུམ་ཕྲིན་ལས་སྐུལ་བའི་སྔགས་དང་བཞིར་བཞེད་པའང་སྣང་ངོ་། །འཁོར་རྣམས་ལ་རྩ་བསྐྱེད་སྦྲེལ་བ་ལས་སྔགས་སུ་འཇོག་པ་སྔར་དང་འདྲ་ལ། དེ་རྣམས་སོ་སོའི་མཐར། ཆྒཻ་མོ་ཧཱུྃ་ཛཿལྟ་བུ་གང་འདོད་ཀྱི་སྔགས་ཤམ་བཏགས་ན་ལས་ལ་སྐུལ་བའི་སྔགས་སུའང་འགྱུར་གསུང་ངོ་། །གསུམ་པ་ནི། ལེའུ་བདུན་པ་དང་བཅུ་དྲུག་པ་ལས་སྙན་གསན་དབབ་པ་དང་། སྤྱན་དྲངས་པ་དང་། རིག་མེ་དོར་བ། བསྐུལ་ཞིང་བསྟིམ་པ། དབང་བསྐུར་བྱིན་རློབས་ཀྱི་སྔགས་དང་། ཁྲོ་བོ་མཆོད་པའི་གླུ་རྣམས་སོ། །གསལ་བཀྲ་ལས། རྟག་ཏུ་བཟླས་པ་བྱས་པ་ནི། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །ཞེས་པ་ལྟར་དངོས་གྲུབ་སྤྱི་དང་ཁྱད་པར་གསུང་རྡོ་རྗེ་སྒྲུབ་པའི་ཆེད་དུ་གསུངས་པའི་གཙོ་བོ་ནི་བཟླས་སྔགས་ཡིན་པས། བཟླས་བརྗོད་ཇི་ལྟར་བྱ་བའི་ཚུལ་ཡང་བཤད་ན། ལམ་རིམ་ལས། སྐྱོན་བཅུ་སྤངས་ཏེ་རྣམ་གསུམ་གྱིས། །བཟླས་པ་གྲངས་བཞིན་རྫོགས་པར་བྱ། །ཞེས་བཤད་དེ། དེ་ལ་སྐྱོན་བཅུ་ནི། རྔམ་གློག་ལས། སྒྲ་ཆེན་མ་ཡིན་ཆུང་བ་མིན། །མགྱོགས་པར་མ་ཡིན་བུལ་བར་མིན། །དྲག་པོར་མ་ཡིན་ཞན་པར་མིན། །ཡིག་འབྲུ་ཡན་ལག་ཉམས་པ་མིན། །ཡེངས་པས་མ་ཡིན་སྨྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པས་མིན། །ཞེས་པ་ལྟར་ཧ་ཅང་སྒྲ་ཆེ་བ་དང་ཆུང་བ་སོགས་སོ། །རྣམ་པ་གསུམ་ནི་བཟླ་ཚུལ་ཏེ། དེ་ལའང་གསལ་བ་གསུམ་དང་། ཕྱི་ནང་གསང་གསུམ་དང་། ཕྲ་མོ་གསུམ་གྱི་བཟླ་ལུགས་རྣམས་ལས། དང་པོ་ནི། བདག་དམ་ཚིག་སེམས་དཔའ་གསལ་བ་དང་། དེ་ལས་མདུན་དུ་ཕྱེ་བའི་ཡེ་ཤེས་སེམས་དཔའ་གསལ་བ་དང་། དམ་ཚིག་པ་ལས་ཡེ་ཤེས་པ་ལ་འོད་ཟེར་སྤྲོ་བསྡུ་མགལ་མེའི་འཁོར་ལོ་ལྟ་བུར་གསལ་བ་སྟེ། དེ་ལྟ་བུའི་ཚུལ་གྱིས་བཟླས་པ་བྱ་བའོ། །གཉིས་པ་ནི། དམ་ཡེ་ཕྱེ་ནས་སྤྲོ་བསྡུ་ཞལ་ནས་ཞལ་དང་གསང་བ་ནས་གསང་བར་འཁོར་བའི་ཚུལ་གྱིས་བཟླ་བ་དང་། ཕར་སྤྲོས་སྒྲིབ་པ་སྦྱང་བར་སྐུལ་ཞིང་ཚུར་བསྡུས་སྒྲིབ་པ་སྦྱངས་ནས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱ་བ་སྟེ་ཕྱི་ལྟར་བཟླ་བའི་སྒོ་གཉིས་དང་། ཡེ་ཤེས་སེམས་དཔའ་འབྱེད་དམ་མི་འབྱེད་ཀྱང་རུང་སྟེ། ཕར་སྤྲོས་དངོས་གྲུབ་བསྐུལ་ནས་ཚུར་བསྡུས་དངོས་གྲུབ་ཐོབ་པར་བསམ་པ་ནང་ལྟར་བཟླ་ཚུལ་དང་། ཕར་མི་སྤྲོ་བར་ཚུར་དངོས་གྲུབ་བསྡུ་དམིགས་ཁོ་ན་བྱ་བ་དང་། ཡབ་ཡུམ་གཉིས་ཀྱི་ཞལ་ནས་ཞལ་དང་མཁའ་ནས་གསང་བར་འཁོར་བ་ལ་དམིགས་པ་སྟེ་གསང་བ་ལྟར་བཟླ་ཚུལ་གཉིས་སོ། །གསུམ་པ་ལའང་ཚུལ་གཉིས་ཏེ། ཡིག་འབྲུ་དང་། ཕྱག་མཚན་དང་། ལྷ་སྐུ་ཕྲ་མོ་སྤྲོ་བསྡུ་རིམ་བཞིན་བྱ་བ་ལ་དམིགས་པའི་བཟླས་བརྗོད་དང་། དབུགས་འཇུག་གནས་ལྡང་གསུམ་སྔགས་དང་སྦྱར་བའི་རྡོ་རྗེའི་བཟླས་པའོ། །དེ་ལྟར་གང་མོས་ཀྱི་སྒོ་ནས་རབ་ལྷས་བྱིན་གྱིས་བརླབས་པའི་མཚན་མ་རྙེད་པའམ་སེམས་བརྟན་པའི་དྲོད་ཚད་ཐོབ་པ་དང་། འབྲིང་ལོ་གཅིག་གམ་ཟླ་བ་དྲུག་སོགས་ཇི་སྲིད་བཟླ་བར་དམ་བཅས་པ་དེ་སྲིད་དུ་བཟླ་བ་དང་། ཐ་མ་གཙོ་བོ་ལ་བྱེ་བ་དང་། འཁོར་རྣམས་ལ་ཁྲི་ཕྲག་རེ་བཟླ་བར་གསུངས་སོ། །གཉིས་པ་ཕྱག་རྒྱ་ནི། རིག་པ་ཕྱག་རྒྱ་བཞི་རྫོགས་ཀྱི་ལྷའི་སྐུར་གསལ་བ་ལས་མི་འདའ་བ་ཞེས་བཤད་དེ། སྒོ་གསུམ་བྱ་བ་དང་བཅས་པ་ཡོངས་དག་གི་ངོ་བོར་བརྟན་ཅིང་མི་ཤིགས་པར་བྱེད་པ་བདག་ཉིད་ཆེན་པོ་རྣམས་ཀྱི་མཚན་མར་གྱུར་པ་སྟེ། རྒྱས་པ་ལས། འདའ་དཀའ་ཇི་བཞིན་མི་ཤིགས་པའི། །རྒྱལ་པོའི་ཕྱག་རྒྱ་མཆོག་གི་གནས། །བདག་ཉིད་ཆེན་པོའི་མཚན་མའི་གཟུང་། །ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན། །ཞེས་གསུངས་ཏེ། གཙོ་བོར་ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱའི་དབང་དུ་བྱས་པའོ། །དེ་ལ་ཞི་ཁྲོའི་ཕྱག་རྒྱ་གཉིས་ལས། དང་པོ་ལ། ཕྱག་རྒྱ་འབྱུང་བའི་རྒྱུ་ནི། ལག་པ་གཡས་པའི་སོར་མོ་ལྔ་ལ་དཔའ་བོ་འབྲུ་ལྔ་དང་། གཡོན་གྱི་སོར་མོ་ལྔ་ལ་དཔའ་མོ་འབྲུ་ལྔ་བཀོད་ནས་ཐལ་མོ་སྦྱར་བ་སྟེ། འདི་ཕྱག་རྒྱ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ནི་ཕྱག་རྒྱའི་དངོས་གྲུབ་ཐམས་ཅད་ཀྱི་གཞི་ཐབས་དང་ཤེས་རབ་མཉམ་པར་སྦྱོར་བའི་རྣལ་འབྱོར་དུ་མཚོན་པའོ། །དེ་ནས་རིགས་ལྔ་སྤྱིའི་དམ་རྒྱ་ནི། ལེའུ་བརྒྱད་པར། ༀ་དང་མཱུྃ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །ཞེས་པ་ལྟར་རོ། །སོར་མོ་འདི་ལྟར་བསྣོལ་བའི་རྒྱུ་མཚན་ལ་གསུང་རྒྱུན་དུ་གྲགས་པ་འགར་ལྷ་རྣམས་གཞན་རིགས་ལ་འཁྱུད་པར་རིགས་པའི་ཕྱོགས་ནས་བཤད་པ་མཐོང་ཡང་། འདི་སྐོར་གྱི་ཁུངས་ཚད་ལྡན་མ་རྙེད་ལ། ཐལ་བ་ལས། དབྱིངས་དང་ཡེ་ཤེས་བདག་པོ་ཉིད། །ༀ་དང་མཱུྃ་དུ་རང་བཞིན་གནས། །རྭ་དང་འདབ་མའི་ཐིག་ལེ་རྣམས། །རང་གི་གནས་ཀྱི་བསྣོལ་མར་འགྱུར། །རབ་ཏུ་འང་འདྲེས་པར་འགྱུར་བ་ལས། །རྒྱལ་བའི་ཡེ་ཤེས་བདེ་ཆེན་པོ། །མྱོང་ཕྱིར་ཐོབ་པ་ཞེས་སུ་གསུངས། །ཞེས་འབྱུང་བ་ལས་དཔག་ན། དབྱིངས་སྟོང་ཕྱོགས་མཚོན་པའི་ལྷའི་གཙོ་བོ་དབྱིངས་ཕྱུག་མ་དང་། ཡེ་ཤེས་སྣང་ཕྱོགས་མཚོན་པ་ལ་གཙོ་ཤོས་རྣམ་སྣང་གི་ཡི་གེ་གཉིས་མཉམ་སྦྱོར་དུ་བཅིང་ཞིང་། སངས་རྒྱས་ཀྱི་རིགས་ཐ་དད་མང་པོ་ཐབས་ཤེས་བསྲེས་པའི་བདེ་བས་མི་ཕྱེད་པར་བསྡམས་ནས་ལྷ་རྟོག་དབྱེར་མེད་དུ་བརྟན་པར་རྒྱས་འདེབས་པའི་ཆེད་དུ་སོར་མོ་ཕལ་ཆེར་བསྣོལ་མར་སྦྱར་ལ། མ་བསྣོལ་བཟུང་གཅིག་ཡོད་ཀྱང་རིགས་འདྲེས་པ་དང་མ་འདྲེས་པའི་བདེ་བ་འདུས་ཤིང་བསྲེས་པར་འགྱུར་བས་མདོར་ན་རིགས་ཐམས་ཅད་ཀྱི་བདེ་བ་བསྡམས་པའི་ཕྱག་རྒྱ་ཡིན་ཞེས་བཤད་དུ་རུང་ངམ་སྙམ་སྟེ་དཔྱད་གཞི་ཙམ་མོ། །སོ་སོའི་ཕྱག་རྒྱ་ནི། རེ་རེའང་ཕྱག་རྒྱ་བདུན་སྦྲགས་སུ་བྱ་སྟེ། མི་བསྐྱོད་པ་ལ་མཚོན་ན། རང་ལྷ་དེའི་སྐུར་སྒོམ་པ་ཕྱག་ཆེན། ལག་པ་གཡས་པའི་གུང་མོ་ཐུགས་ཀར་བསྒྲེང་བ་བཅའ་བ་དམ་རྒྱ། དེའི་རྩེ་མོར་ཧཱུྃ་ཡིག་བསམ་པ་བསམ་པ་ཆོས་རྒྱ། དེ་ལས་རྡོ་རྗེ་རྩེ་ལྔ་བསམ་པ་བསམ་པ་དམ་རྒྱ། གཡོན་པའི་འབྲུ་ལྔ་སྦས་ནས་དྲིལ་བུ་གསིལ་ཞིང་ལྷ་མོ་ལ་འཁྱུད་པའི་ཚུལ་གྱིས་ཞབས་གཡོན་ལ་བརྟེན་པ་བཅའ་བ་ལས་རྒྱ། དེ་ལྟར་བསམ་པ་བསམ་པ་ལས་རྒྱ། ཕྱག་རྒྱ་གཡས་ནས་བཅས་ཏེ་མདུན་དུ་བསྒྱུར་ནས་གཡོན་དུ་ཡུམ་གྱི་ཐུགས་ཀར་དགྲོལ་བ་དང་ལྷན་ཅིག་བཛྲ་དྷྲིཀ་ཅེས་བརྗོད་པ་བརྗོད་པ་ཆོས་རྒྱ་སྟེ། ཕྱི་མ་འདིའི་བསྒྱུར་ཞིང་དགྲོལ་བ་ནི་བཅའ་བ་དང་བསམ་པ་ལས་རྒྱའི་ཁོངས་སུ་གཏོགས་པ་འདྲའོ། །དེ་ནི་ཤེས་རབ་ལ་ཐབས་ཀྱིས་རྒྱས་འདེབས་པའོ། །དེ་བཞིན་དུ། མཱུྃ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཞེས་སོགས་ལྟར་དབྱིངས་ཕྱུག་མའི་ཕྱག་རྒྱ་བདུན་ལྡན་གྱིས་ཐབས་ལ་ཤེས་རབ་ཀྱིས་རྒྱས་འདེབས་པ་སོགས་ལྷག་མ་རྣམས་ལའང་ཅི་རིགས་སུ་སྦྱར་རོ། །བསྡུས་པ་ལ་དགའ་བས་སྤྱིའི་དམ་རྒྱ་ཙམ་བཅིངས་པས་ཀྱང་དཀྱིལ་འཁོར་ཡོངས་རྫོགས་མཉེས་པ་དང་རྒྱས་འདེབས་ཀྱི་དགོས་པ་འགྲུབ་པར་གསུངས་སོ། །ཁྲོ་བོའི་ཕྱག་རྒྱ་ནི། རྩ་བའི་རྒྱུད་འདིར་མ་གསུངས་ཀྱང་། །བཤད་རྒྱུད་རྒྱས་པ་དང་རྡོ་རྗེ་མེ་ལོང་སོགས་ནས་ཁ་སྐོང་བ་སྟེ་མ་སྤྲོས་སོ། །སྒྲུབ་ཐབས་ཀྱི་མཆོད་པའི་ཡན་ལག་ཏུ་ལྷག་པར་བསྔགས་པའི་ཕྱག་རྒྱ་དེ་ལྟར་ཡིན་ཀྱང་། སྤྱིར་ལྷག་པའི་བདེན་པ་དབྱེར་མེད་ཀྱི་གནད་ལ་རྟོགས་གོམས་ལས་སུ་རུང་བའི་སྔགས་པས་ཡན་ལག་གི་བསྒུལ་བསྐྱོད་ཕྲ་མོ་ཚུན་ཆད་དེ་བཞིན་གཤེགས་པའི་ཕྱག་རྒྱ་འབའ་ཞིག་ཏུ་བྱེ་བྲག་མེད་པར་འགྱུར་བའི་ཚུལ། ལེའུ་བརྒྱད་པར། མདོར་ན་བསྒུལ་བསྐྱོད་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་སོགས་གསུངས་སོ། །དངོས་པོ་བཅུའི་ཡ་གྱལ་གྱི་སྔགས་རྒྱ་གཉིས་ཀའི་གཞི་མཐུན་ཡང་ཡོད་མོད་ཀྱི། གཉིས་སུ་ཕྱེ་བ་ནི་ངག་ཏུ་བརྗོད་པ་དང་ལག་པས་བཅའ་བ་གཙོ་བོར་གྱུར་པའི་ཁྱད་པར་གྱི་ཡིན་ཞེས་རོང་ཟོམ་ཆེན་པོ་བཞེད་དོ། །བཞི་པ་རྒྱུད་ཀྱི་དགོས་འབྲེལ་ནི། ཐུགས་ཐིག་ལས། བརྗོད་འབྲེལ་དགོས་པ་ཡང་དགོས་དང་། །རྒྱུ་རྐྱེན་ཡན་ལག་བཞི་རུ་འགྱུར། །ཞེས་པ་ལྟར་ཡན་ལག་བཞི་སྟེ། གཞི་ལམ་འབྲས་བུའི་རྒྱུད་གསུམ་བརྗོད་བྱ། དེ་མཚོན་བྱེད་ཡི་གེའི་རྒྱུད་ནི་རྗོད་བྱེད་དེ། བརྗོད་བྱ་གང་སྟོན་ལ་མི་ལྟོས་པར་རྗོད་བྱེད་དང་དགོས་པའི་འབྲེལ་བ་བརྩིར་མི་བཏུབ་པས་དེ་ལྟར་སྨོས་ཀྱི། ཡན་ལག་བཞིའི་དང་པོ་དངོས་ནི་བྱེད་རྗོད་དོ། །རྗོད་བྱེད་དེ་ལ་བརྟེན་ནས་བརྗོད་བྱའི་དོན་དེ་ཚང་ལ་མ་ནོར་བར་ཤེས་པ་ནི་དགོས་པ། དེ་ལྟར་ཤེས་ནས་ཉམས་སུ་བླངས་པས་ལས་བཞི་དང་འབྱུང་ལྔའི་དངོས་གྲུབ་སོགས་ཐུན་མོང་གི་དངོས་གྲུབ་བསམ་པ་བཞིན་དུ་འབྱུང་བ་ནི་ཉིང་དགོས་སམ་དགོས་པའི་དགོས་པ་ཕྲ་མོ་དང་། སློབ་པ་དང་མི་སློབ་པའི་ཟུང་འཇུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པ་ནི་ཉིང་དགོས་གཙོ་བོ། འབྲེལ་པ་ལ་བརྗོད་བྱ་རྗོད་བྱེད་གཉིས་ཤེས་བྱ་ཤེས་བྱེད་དང་། རྗོད་བྱེད་དང་དགོས་པ་ཐབས་ལས་ཐབས་བྱུང་དང་དགོས་པ་དང་ཉིང་དགོས་དེ་ལས་དེ་བྱུང་དང་། ཉིང་དགོས་དང་བརྗོད་བྱ་ངོ་བོ་བདག་གཅིག་གིས་འབྲེལ་ཞེས་གསུངས་ཏེ། འདི་དག་ལ་འབྲེལ་བ་དངོས་བཏགས་ཅི་རིགས་ཡོད་ཅིང་། སྐབས་དོན་དངོས་ནི་ཉིང་དགོས་དགོས་པ་ལས་འབྱུང་། དགོས་པ་རྗོད་བྱེད་ལས་འབྱུང་བའི་དེ་བྱུང་འགྲེལ་ཉིད་ཡིན་ཏེ། ཉིང་དགོས་དོན་དུ་གཉེར་བའི་འཁོར་རྣམས་དེ་ལྟ་བུའི་འབྲེལ་བ་མཐོང་ནས་རྗོད་བྱེད་རྒྱུད་གཞུང་ལེན་ཅིང་འཛིན་པ་ལ་འཇུག་པ་ཡིན་པའི་ཕྱིར་རོ། །འོན་ཏེ་གྲོལ་ལམ་གྱིས་དངོས་གྲུབ་སྒྲུབ་ཚུལ་ལྟ་བུ་དང་བསྟུན་ན་ཉིང་དགོས་དང་བརྗོད་བྱ་ལ་བདག་གཅིག་འབྲེལ་བརྩིས་པ་འདིར་ཡང་གོ་རྒྱུ་དམིགས་གསལ་ཞིག་ཡོད་དམ་སྙམ་མོ། །སྤྱིར་ནི་དགོས་སོགས་ཆོས་བཞི་བསྟན་པ་གདུལ་བྱ་གཞུང་དེ་ལ་དང་པོར་འཇུག་པའི་ཆེད་ཡིན་པས་གཞུང་གི་སྔོན་དུ་བཤད་པར་བྱ་བ་ཡིན་ཡང་འདིར་རྒྱུད་ཀྱི་དངོས་པོ་རྫོགས་པའི་མཐར་སྨོས་པ་ནི། ཇི་སྲིད་རྒྱུད་འདི་མ་ནུབ་པར་འཇིག་རྟེན་ན་གནས་ཤིང་སྤྱོད་པ་དེ་སྲིད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་འབྱོར་པ་བསམ་གྱིས་མི་ཁྱབ་པ་རྒྱུན་མི་འཆད་པར་འབྱུང་བས་དངོས་སམ་བརྒྱུད་ནས་སེམས་ཅན་རྣམས་ལ་དོན་ཆེན་པོའི་སྒོར་འགྱུར་བར་གཟིགས་ཏེ། སྟོན་པས་འཁོར་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་འཛིན་པར་ནན་གྱི་གདམས་ཤིང་བཀའ་གཏད་པ་ཡིན་ཞེས་གདམས་གཏད་ཀྱི་འཕྲོས་བཙལ་བ་ལ་བཤད་ན་ལེགས་པར་མངོན་ནོ། །ལྔ་པ་འཁོར་ལ་གདམས་ཤིང་གཏད་པ་ནི། གདམས་པ་བཞི་དང་གཏད་པ་གསུམ་སྟེ། དང་པོ་ནི། རྒྱུད་འདིར་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ཇི་ལྟར་བསྟན་པ་བཞིན་དུ་རྟོགས་པར་གྱིས་ཤིག་ཅེས་གཞི་རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས་པ་དང་། འདིར་གཟུང་འཛིན་འཁྲུལ་བའི་རྒྱུ་འབྲས་བཤད་པ་རྣམས་ནི་དག་བྱའམ་སྦྱང་བྱ་ངོས་བཟུང་བའི་ཆེད་ཡིན་པས་འཁྲུལ་བའི་ཀུན་རྟོག་སྦྱང་བ་ལ་བརྩོན་པར་གྱིས་ཤིག་ཅེས་ལོག་རྟོག་འཁྲུལ་པའི་སྣང་བ་དག་བྱར་གདམས་པ་དང་། འདི་ནས་བཤད་པའི་ལམ་འདི་ཐེག་པ་ཐམས་ཅད་ཀྱི་སྐྱེལ་སོ་དང་ས་ལམ་གང་ནས་ཞུགས་ཀྱང་གྲུབ་དོན་གཅིག་ཏུ་འབབ་པ་ཆུ་ཀླུང་མཐའ་དག་འདུ་བའི་རྒྱ་མཚོ་ལྟ་བུ་ཡིན་པས་འདི་ཁོ་ན་ལ་སྐྱེས་བུའི་རྩལ་ཅི་ཡོད་ཕྱུང་ནས་སློབ་པར་གྱིས་ཤིག་ཅེས་གདུལ་བྱ་ལམ་གྱི་སྣང་བ་བགྲོད་བྱར་གདམས་པ་དང་། དེ་ལྟར་ལམ་འདི་མཐར་ཕྱིན་པ་ན་བདག་དོན་བླ་ན་མེད་པའི་ཡེ་ཤེས་ལ་དབང་འབྱོར་ཞིང་ཅི་མཛད་གཞན་ཕན་གྱི་ཕྲིན་ལས་ནམ་མཁའ་དང་མཉམ་པར་འཇུག་པས་དོན་གཉིས་ཀྱི་བསམ་པ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པའོ། །གཉིས་པ་ནི། ཁོག་གཞུང་ལས། སྡུད་པ་པོ་དང་བུད་མེད་དང་། རྣལ་འབྱོར་མིག་ལྡན་སོགས་ལའོ། །ཞེས་པ་བཞིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཆོས་མཛོད་འཛིན་པ་པོ་ཁྱོད་ཡིན་ན་གསང་དོན་འདི་ལས་མཐར་ཐུག་པ་གཞན་མེད་པས་འདི་ཉིད་བརྟན་པོར་ཟུངས་ཤིག་ཅེས་བཀའི་སྡུར་པ་པོ་འཕགས་པ་ཕྱག་ན་རྡོ་རྗེ་ལ་གཏད་པ་དང་། གང་ཞིག་རྒྱུད་འདི་ཕྱིན་ཅི་མ་ལོག་པར་གཞན་ལ་འདོམས་པ་དེ་ནི་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་ཐོབ་པ་དང་། དེར་མ་ཟད་སྟོན་པ་ཀུན་ཏུ་བཟང་པོ་དངོས་དང་འདྲ་བར་ལྟ་བར་བྱ་བ་ཡིན་ནོ་ཞེས་ཕྱི་རབས་ཀྱི་གང་ཟག་སྐལ་པ་མཆོག་དང་ལྡན་པ་རྣམས་སྣོད་ལྡན་ལ་རྒྱུད་འཆད་པར་སྤྲོ་བ་བསྐྱེད་ནས་གཏད་པ་དང་། བུད་མེད་ལ་གཏད་པ་ནི། རིག་པ་འཛིན་པའི་ཞིང་ཁྱད་པར་ཅན་སོགས་ན་བཞུགས་པའི་རྡོ་རྗེ་རྣལ་འབྱོར་མའི་ཚོགས་ལ་གཏད་པ་སྟེ། རྒྱུད་འདིའི་ཚིག་ཟིན་ལ་མེད་ཀྱང་སྒྱུ་འཕྲུལ་རྒྱས་པ་ལས་གསུངས་ཏེ། ཇི་སྐད་དུ། ང་ཡི་ཐུགས་ཀྱི་སྙིང་པོ་འདི། །ཕྱོགས་བཅུ་ཀུན་ཏུ་སྤེལ་བ་དང་། །དེ་ཡི་གཟུངས་ལ་གཏད་པ་ནི། །ཞེས་སོགས་སོ། །དོན་བསྡུས་ནས་དེ་དག་རྗེས་འཇུག་ལ་སྦྱར་ན། རྒྱུད་ནས་བཤད་པའི་མཆོག་ཐུན་མོང་གི་དངོས་གྲུབ་གང་ཡང་སྒྲུབ་པ་ནན་ཏན་དང་བྲལ་ན་འགྲུབ་པའི་གོ་སྐབས་མེད་པས་རྒྱུད་སྡེ་མཉན་ནས་གོ་ཡུལ་ཙམ་དུ་མ་བཞག་པར་རྒྱུད་ཉིད་ནས་ཇི་སྐད་བཤད་པ་བཞིན་སྒྲུབ་པ་སྙིང་པོར་བྱོས་ལ་རང་གི་རྒྱུད་གྲོལ་བར་གྱིས་ཤིག་ཅེས་པ་ནི་གདམས་པའི་དོན་དང་། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་སེམས་ཅན་དཔག་ཏུ་མེད་པའི་རྒྱུད་ལ་གཅིག་ནས་གཅིག་ཏུ་བར་མ་ཆད་པར་བརྒྱུད་པའི་ཚུལ་གྱིས་འཁོར་ཞིང་འཇུག་པ་ནི་ཉན་བཤད་ལ་རག་ལས་པས་སྣོད་ལྡན་ལ་མ་སྦས་པར་རྒྱུད་སྨིན་པའི་རིམ་པ་བཞིན་དུ་ལེགས་པར་ཤོད་ཅིག་ཅེས་པ་ནི་གཏད་པའི་དོན་གཙོ་བོ་ཡིན་ལ། བསྟན་པ་ལ་སྡང་བ་ཚར་གཅོད་པ་དང་། བསྟན་འཛིན་རྣམས་ཀྱི་དཔུང་དང་གྲོགས་བྱེད་པ་སོགས་ཕྲིན་ལས་རྣམ་པ་བཞི་ཇི་ལྟར་རིགས་པའི་ཐབས་ཀྱི་བསྟན་པའི་དོན་བྱ་བའང་དེའི་འཁོར་དུ་ཡོད་དོ། །གཉིས་པ་ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བ་ནི། ཡི་གེ་འདུས་པ་ལས་མིང་། མིང་འདུས་པ་ལས་ཚིག །དེ་ལས་ཚིགས་སུ་བཅད་པ་དང་། ལྷུག་པ་དང་། སྤེལ་མ་དང་། ལེའུ་ལ་སོགས་པའི་རིམ་པས་བརྗོད་བྱ་དོན་གྱི་རྒྱུད་མཚོན་པར་ནུས་པའི་རྗོད་བྱེད་སྒྲའི་རྒྱུད་ཀྱི་གཞུང་དུ་གྲུབ་པ་ཡིན་ཏེ། འདི་ཉིད་ལས། ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཞེས་གསུངས། དེ་ལའང་སྒྲར་སྣང་བ་དང་། སྒྲར་གྲགས་པ་དང་། བརྡར་གྱུར་པའི་རྒྱུད་གཞུང་གསུམ་ཡོད་ཅིང་། རྩ་རྒྱུད་ཀྱི་ཆ་གང་དང་གང་གིས་དོན་གང་སྟོན་ཆེ་ལོང་ཙམ་ནི། ལེའུ་དང་པོ་དང་། གསུམ་པའི་སྟོད་དང་། བཅོ་ལྔ་པ་རྣམས་ཀྱིས་གླེང་གཞི་དང་། ལེའུ་གཉིས་པས་གླེང་བསླང་དང་། བཅིང་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་པས་གཞི་རྒྱུད་ཀྱང་བསྟན། ལམ་རྒྱུད་ལས་མཚན་ཉིད་གསུམ་མདོ་ཙམ་བཅུ་གཉིས་པ་དང་། རྒྱས་བ་ལེའུ་ལྔ་པ་ལས་བསྟན། ལྟ་བ་ལེའུ་གསུམ་པའི་སྨད་དང་བཅུ་གཅིག་པས་བསྟན། སྤྱོད་པ་ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པས་བསྟན། དཀྱིལ་འཁོར་སྟོན་པ་ལ་ཞི་དཀྱིལ་དང་པོ་དང་དྲུག་པས་བསྟན། ཁྲོ་དཀྱིལ་བཅོ་ལྔ་པ་དང་བཅུ་བདུན་པས། ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དགུ་པས། ཚོགས་དཀྱིལ་བཅུ་གཅིག་པ་དང་བཅུ་གཉིས་པས་སྟོན། དབང་གི་དཀྱིལ་འཁོར་དང་དེར་འཇུག་པ་དང་སྣོད་དང་འཚམས་པར་བསྐུར་ཚུལ་སོགས་དགུ་པས། དབང་བསྐུར་ཐབས་དངོས་བཅུ་པས། དམ་ཚིག་བཅུ་དགུ་པས། ཕྲིན་ལས་ལ་མེའི་ཕྲིན་ལས་ཟུར་ཙམ་དགུ་པར་དང་གཙོ་བོར་ཉི་ཤུ་པས་སྟོན། སྒྲུབ་པ་བཞི་པ་དང་ལྔ་པས། ཏིང་ངེ་འཛིན་ལ་ཏིང་ངེ་འཛིན་གྱི་ཕན་ཡོན་དང་སྒོམ་ཐབས་སོགས་ལྔ་པས། བསྐྱེད་རྫོགས་གཉིས་དང་རྫོགས་རིམ་ཐབས་གྲོལ་གྱི་ཏིང་ངེ་འཛིན་རྒྱས་པར་བཅུ་གསུམ་པས། བསྐྱེད་རིམ་གྱི་དམིགས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དྲུག་པ་སོགས་ཀྱིས་སྟོན། མཆོད་པ་ལ། ཞི་བ་ཕྱག་རྒྱའི་མཆོད་པ་བརྒྱད་པས། ལྷག་ཏིང་གི་མཆོད་པ་དགུ་པས། གླུ་ཡེ་ཤེས་བཅུ་བཞི་པས། སྦྱོར་སྒྲོལ་དང་དམ་རྫས་ཀྱི་མཆོད་པ་བཅོ་བརྒྱད་པས། ཁྲོ་བསྟོད་ཉེར་གཅིག་པས་སྟོན། སྔགས་རྒྱ་གཉིས་ལས་སྔགས་ཀྱི་རྩ་བ་ཡི་གེའི་འཁོར་ལོ་བཞི་པས། ཞི་བའི་སྔགས་བདུན་པས། ཁྲོ་བོའི་སྔགས་བཅུ་དྲུག་པས། ཕྱག་རྒྱ་བརྒྱད་པས། གདམས་གཏད་ཉེར་གཉིས་པས་བསྟན་ཏེ། འདི་དང་ཞལ་ལུང་གི་ཚིག་ཟིན་ལ་མི་འདྲ་བ་ཅུང་ཟད་ཡོད་ཀྱང་དོན་གྱི་གནད་གཅིག་པ་ཁོ་ན་ཡིན་ནོ། །དེ་དག་ལ་སོགས་པ་རྒྱུད་ཀྱི་དགོངས་དོན་མཐའ་དག་ཞིབ་པར་ནི། ལེའུ་བཅུ་གསུམ་པ་ལས། ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་བཀའ་སྩལ་བ་ལྟར་སྟོན་པ་ཀུན་ཏུ་བཟང་པོ་ནས་མན་ངག་གི་བརྒྱུད་པ་བར་མ་ཆད་པ་མངའ་བའི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས་རྒྱུད་གཞུང་འཁྲུགས་པ་བསྡེབས། གཅུས་པ་བསྲང་། གབ་པ་མངོན་དུ་ཕྱུང་བའི་ཚུལ་གྱི་ལེགས་པར་ཕྱེ་བའི་ཉི་ཟེར་ལ་བརྟེན་ནས་སྐལ་བཟང་རྣམས་ཀྱི་བློའི་པདྨོ་སད་པར་བྱས་ཏེ་ཁྱབ་བདག་དྲུག་པའི་ཕྲིན་ལས་ཕྱོགས་དུས་ཐམས་ཅད་དུ་རྒྱས་པར་བྱའོ། །བཤད་རྒྱུད་ཆུ་བོ་བཞི་ཡིས་རྒྱས་བྱས་ཤིང་། །དངོས་གྲུབ་ནོར་བུའི་ཁ་དོག་སྟོང་གིས་བཀྲ། །རིག་འཛིན་ཀླུ་དབང་རྣམས་ཀྱི་རྩེ་དགའི་གནས། །དཔལ་ལྡན་སྙིང་པོའི་རྒྱུད་རྒྱལ་ཟབ་མོའི་མཚོར། །ཞུགས་ནས་དོན་ཐོབ་གནའ་དུས་མང་བྱུང་ཡང་། །དུས་ཀྱི་དབང་གིས་ཉུང་ངུར་གྱུར་མཐོང་སྟེ། །དེད་དཔོན་མཁས་པའི་མན་ངག་ལ་བརྟེན་ནས། །ལེགས་བཤད་གྲུ་ཡི་འཁྲུལ་འཁོར་གསར་བ་བྱས། །འོན་ཀྱང་མཆོག་ཏུ་བརླིང་བའི་རྡོ་རྗེའི་གནས། །ཉམས་ཆུང་བྱིས་པའི་རྩལ་གྱིས་དབྱེ་དཀའ་བས། །ནོངས་པར་གང་གྱུར་རྡོ་རྗེ་ཅན་ལ་འཆགས། །བཟོད་པར་དགོངས་ནས་ཚངས་བའི་མཆོག་སྦྱིན་མཛོད། །ཆོས་མཆོག་ཞིང་ལ་ངལ་བའི་ས་བོན་འགའ། །བསྐྱེད་ལས་རྒྱུ་མཐུན་སྡོང་པོ་ཆེར་རྒྱས་ཏེ། །ཟབ་ལམ་རོ་བདའི་འབྲས་སྟེར་ཉན་བཤད་ཀྱི། །ཡལ་འདབ་ཕྱོགས་དུས་ཁྱབ་པར་བྲེ་གྱུར་ཅིག །ཕྱི་སྣོད་གསང་ཆེན་རྒྱུད་སྡེའི་མཛོད་དུ་གྱུར། །ནང་བཅུད་འགྲོ་ཀུན་རིག་འཛིན་ཚོམ་བུར་སད། །བརྟན་གཡོ་མཐའ་དག་སྒྱུ་འཕྲུལ་དྲྭ་བ་ཡི། །དཀྱིལ་འཁོར་འཁོར་ལོ་གཅིག་ཏུ་བྱང་ཆུབ་ཤོག །དཔལ་གསང་བ་སྙིང་པོའི་རྒྱུད་ཀྱི་སྤྱི་དོན་ཉུང་ངུའི་ངག་གིས་རྣམ་པར་འབྱེད་པ་རིན་ཆེན་མཛོད་ཀྱི་ལྡེ་མིག་ཅེས་བྱ་བ་འདི་ནི། སྔོན་ཆད་རྙིང་བསྟན་རིན་པོ་ཆེར་གཅིག་ཏུ་སྨན་པའི་ལྷག་བསམ་ཅན་བླ་མ་དམ་པ་ཡེ་ཤེས་འོད་ཟེར་རྒྱ་མཚོས་བསྐུལ་ངོར་སྤྱི་དོན་ཞིག་བྲིས་པ་དེ་དུས་རང་ཉིད་ན་ཚོད་མ་རྫོགས་ཤིང་རྒྱུད་གཞུང་ལ་འདྲིས་ཆ་ཆུང་བའི་སྐབས་ཡིན་པས་འདུས་གསལ་ཞིག་མ་བྱུང་བའི་ཚུལ་སྨྲས་པ་སོགས་ལ་བརྟེན་ནས། དད་བརྩོན་རྣམ་དཔྱོད་ཡངས་ཤིང་ཐོས་བསམ་གྱི་ནོར་དང་ལྡན་པའི་སྡོམ་བརྩོན་ཀུན་དགའ་བློ་གྲོས་ཀྱིས་རྒྱུད་བཤད་ལ་ངལ་བ་དང་ལེན་གྱི་ཞབས་ཏོག་བཟང་པོ་སྒྲུབ་སྐབས། རིན་ཆེན་དཀར་པོ་དང་། གོས་དབང་མདོག །མྱུར་བདེའི་བཞོན་པ་འཆར་ཀའི་སྣང་བ་ལྟ་བུའི་ཁ་དོག་ཅན་སོགས་མཎྜལ་དུ་ཕུལ་ཏེ་ནན་ཏན་ཆེན་པོས་བསྐུལ་བ་དང་། རྩོད་བྲལ་དུས་བབས་ཀྱི་འགྲོ་འདུལ་སྤྲུལ་པའི་གཏེར་སྟོན་ཆེན་པོ་རིག་འཛིན་ལས་རབ་གླིང་པའི་བཀའ་སྩལ་རིན་པོ་ཆེའི་ཕྲེང་བས་བསྐུལ་ཞིང་། ཡི་གེའི་གྲོགས་དན་མཛད་པས་མཚམས་སྦྱར་ཏེ། བསྟན་པ་བརྒྱ་མཚོའི་མངའ་བདག་སྙིགས་དུས་ཀྱི་སངས་རྒྱས་མཚན་བརྗོད་པར་དཀའ་བ་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཤིང་། དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་མཁས་ཤིང་དངོས་གྲུབ་ཀྱིས་བརྒྱན་པ་པདྨ་བཛྲ་ཞབས་སོགས་རྡོ་རྗེ་འཛིན་དབང་དུ་མའི་སྤྱན་སྔར་དཔལ་ལྡན་སྒྱུ་འཕྲུལ་དྲྭ་བའི་དབང་། རྒྱུད་བཤད། མན་ངག་དང་བཅས་པའི་བཀའ་དྲིན་ཐོབ་པ་མདོ་ཁམས་རྡོ་ཡུལ་གྱི་ཆོས་སྨྲ་བའི་གཟུགས་བརྙན་འཇིགས་མེད་བསྟན་པའི་ཉི་མས་རབ་ཚེས་མེ་འབྲུག་གི་ལོ་རྒྱུ་དང་མི་རྒྱུའི་འཇིག་རྟེན་དབྱར་གྱི་དགའ་སྟོན་ལ་རོལ་བ་རྫོགས་ལྡན་གཉིས་པའི་དུས་སུ་སྦྱར་བ་འདིས་ཀྱང་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་གསང་ཆེན་སྙིང་པོའི་རིང་ལུགས་དྲི་མ་མེད་པ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དང་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག །མངྒལཾ།། ༈ །།ༀ་སྭ་སྟེ། འཕགས་པའི་ཞིང་ཁམས་བོད་ཡུལ་གངས་ཅན་འདིར། །པཎ་གྲུབ་ཆོས་རྒྱལ་སྨོན་ལམ་ནང་འཛོམ་པས། །དང་པོ་གསང་སྔགས་བསྟན་པའི་ཀློང་རྡོལ་བ། །སྔ་འགྱུར་རྙིང་མ་ཞེས་བྱར་གྲགས་འདི་ཡིན། ༡ །རྨ་གཉག་བཻ་རོ་གནུབས་ཆེན་ཁུ་དབོན་དང་། །ཟུར་པ་མེས་དབོན་ཉང་རོག་རོང་ཟོམ་སོགས། །གྲུབ་བརྙེས་རིག་འཛིན་རྒྱལ་བ་དངོས་འདྲ་བ། །གྲས་མེད་བརྒྱུད་པ་རིན་ཆེན་འདི་ནང་བྱུང་། ༢ །དེ་རྣམས་ཀུན་གྱི་ཕ་ནོར་གཅེས་པའི་དབྱིག །ཡོ་ག་གསུམ་གྱི་དོན་བསྡུས་རྩ་བའི་རྒྱུད། །ད་ལྟའི་བར་དུ་བཤད་རྒྱུན་མ་ནུབ་པར། །ལེགས་གནས་དཔལ་ལྡན་གསང་བའི་སྙིང་པོར་ངེས། ༣ །དོན་དེ་དགོངས་ནས་ལྔ་བདོའི་དུས་མཐར་ཡང་། །རྒྱལ་བའི་ཕྲིན་ལས་སྤེལ་ལ་ཟླ་བྲལ་བ། །གཞན་ཕན་མཐའ་ཡས་འོད་ཟེར་ཡབ་སྲས་ཀྱིས། །རྒྱུད་འདིའི་བཤད་སྲོལ་འབད་བ་བརྒྱ་ཡིས་བཟུང་། ༤ །བདག་འདྲའང་བཀའ་བརྒྱུད་དེ་ཡིས་རྗེས་སྐྱེས་ཤིང་། །ཀུན་མཁྱེན་དགྱེས་པའི་བཀའ་ལུང་ཐོབ་གྱུར་པའི། །གསར་བུའི་བློ་ཅན་རང་འདྲ་འགའ་ཡི་ཆེད། །སྤྱི་དོན་རྣམ་བཤད་ཉུང་ལ་གསལ་བ་བརྩམས། ༥ །གང་དེ་དད་འདུན་ལྷག་བསམ་ལྡན་པ་འགས། །འབད་པས་སྤར་དུ་བཞེངས་པའི་ལེགས་ཚོགས་རྒྱུན། །སྙིང་པོའི་བསྟན་པའི་ཟུངས་སུ་སྨིན་གྱུར་ཏེ། །དཔལ་ལྡན་བླ་མའི་ཕྲིན་ལས་རྒྱས་བྱེད་ཤོག ༦ །འབྲེལ་ཐོགས་ཀུན་ཀྱང་དམ་ཆོས་སྤྱོད་པ་ལ། །མི་མཐུན་རྒུད་པའི་མིང་ཡང་མི་འབྱུང་ཞིང་། །མཐུན་རྐྱེན་ལེགས་རྒུའི་རྟེན་འབྲེལ་ཕུན་ཚོགས་ཏེ། །དོན་གཉིས་འབྱོར་པ་རྒྱ་མཚོ་རྒྱས་གྱུར་ཅིག ༧ །དེ་ལྟར་འགྲོ་འདུལ་སྤྲུལ་བའི་གཏེར་ཆེན་ཁྲག་འཐུང་བདུད་འཇོམས་གླིང་བའི་རིགས་སྲས་མཁྱེན་རབ་ཀྱི་དབང་ཕྱུག་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མའི་ཞལ་སྔ་ནས་སྩལ་བའི་དཔལ་གསང་བའི་སྙིང་པོའི་སྤྱི་དོན་རྣམ་འབྱེད་འདི་ཉིད་སྔ་ན་མེད་པའི་ལེགས་བཤད་ངོ་མཚར་ཅན་དུ་སྣང་བས། སྔ་འགྱུར་རིང་ལུགས་འཛིན་པ་རྣམས་ཀྱི་ཁྱད་ནོར་མེད་མི་རུང་བའི་གཅེས་པའི་དབྱིག་ཏུ་ངེས་པར་མཐོང་ནས་ཆོས་སྦྱིན་མི་འཛད་པའི་གཏེར་དུ་བསྒྲུབ་པར་ཡོངས་སུ་ཕྱོགས་པ་ན། རྡོ་རྗེ་སྒྲ་དབྱངས་གླིང་གི་ཆོས་མཛད་བྱམས་པ་ཆོས་འཕེལ་དང་རིགས་ལྡན་མ་བསོད་ནམས་དཔལ་འཛོམ་ཟུང་ནས་ཀྱང་མངོན་པར་དད་པའི་བློས་མཐུན་པའི་རྐྱེན་ཕུན་སུམ་ཚོགས་པ་སྦྱོར་བ་དང་བཅས་ལེགས་པར་གྲུབ་པའི་ཚེ། སྤར་བྱང་གསར་རྩོམ་གྱི་སྤྲོས་པ་བསྐྱུངས་ཏེ་ཕྱི་མོར་དཔྱད་ཞུས་རྣམ་པར་དག་པས་གཙང་དག་ཏུ་སྤེལ་བ་པོའང་ལྷ་རིགས་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྟེ། འདིས་ཀྱང་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་ལ་བཤད་སྒྲུབ་ཀྱི་བྱ་བ་རླབས་པོ་ཆེར་སྤྱོད་པའི་རིག་འཛིན་གྱི་ཚོམ་བུ་བགྲང་ལས་འདས་པས་ཡངས་པའི་ཞིང་ཀུན་མཛེས་པར་འགེངས་པའི་རྒྱུར་གྱུར་ཅིག །སརྦ་དྭ་ཀ་ལྱཱ་ཎཾ་བྷ་ཝནྟུ།། ༈ །།མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ། །མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་བའི་སྲོལ། །ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་བའི། །བསྟན་པ་འཕེལ་རྒྱས་འཛམ་གླིང་ཁྱབ་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།