cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དོན་གཅིག་་པ།

གླེགས་བམ། དུ༽

ཚ་ལོ་རིན་ཆེན་རྣམ་རྒྱལ། གཞན་ཕན་སྣང་། དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ། བསོད་ནམས་ཆོས་འགྲུབ། འགྱུར་མེད་རྡོ་རྗེ། ནམ་མཁའ་དཔལ། སེང་གེ་འོད།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

དཔལ་གསང་བ་སྙིང་པོའི་རྒྱུད་ཀྱི་མཆན་འགྲེལ་ནོར་བུའི་སྒྲོན་མེ། ཚ་ལོ་རིན་ཆེན་རྣམ་རྒྱལ།

མ་ཎི་ཀ དཱི པ ཤྲཱི གུ ཧྱ ག རྦྷ བི ཀཱི རྞ ན མ བི ཧ ར ཏི སྨ། །
དཔལ་གསང་བ་སྙིང་པོའི་རྒྱུད་ཀྱི་མཆན་འགྲེལ་ནོར་བུའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །
ༀ་སྭ་སྟི་སིདྷཾ། སྲིད་གཞིའི་དཔལ་གྱུར་ཀུན་ལ་ཁྱབ་ཅིང་རྟག་པར་སྨན་མཛད་ཀུན་ཏུ་བཟང་། །མི་ཕྱེད་ཡེ་ཤེས་བརྟན་བསྡུས་རྟོགས་པའི་རྣམ་པར་ཡོངས་ཤར་རྡོ་རྗེ་སེམས། །བདེན་གཉིས་དབྱེར་མེད་གང་འདུལ་དེར་སྣང་སྒྱུ་འཕྲུལ་དྲྭ་བ་སྤྲུལ་པའི་གར། །སྐུ་གསུམ་རིགས་འདུས་བླ་མའི་ཞབས་རྡུལ་སྙིང་དབུས་དྭངས་མར་རྟག་ཏུ་མཆོད། །གང་གི་གསང་བ་འགོག་བདེན་རྟག་པའི་དབྱངས། །ལམ་བདེན་མིང་ཚིག་ཡི་གེའི་སྤྲིན་ཕུང་ཅན། །ཆོས་ཚུལ་རྒྱ་མཚོའི་སྙིང་པོ་ཟླ་མེད་པའི། །རྒྱུད་དོན་འབྲུ་གཉེར་སྒོ་ནས་ཅུང་ཟད་དབྱེ། །དེ་ལ་འཕགས་ཡུལ་ནུབ་ཕྱོགས་ཀྱི་པཎྚི་ཏ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ་མི་ཏྲའི་ཞལ་སྔ་ནས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། ཐ་མ་འབྲུ་གཉེར་དགྲོལ་བའོ། །ཞེས་པའི་རྗེས་སུ་འབྲང་ཏེ་འཆད་པ་ལ། དབང་པོ་རབ་ལ་མཚན་བསྟན་པ། འབྲིང་ལ་སྤྱི་དོན་རྣམ་པར་དབྱེ་བ། ཐ་མ་འབྲུ་རེ་གཉེར་རེའི་སྒོ་ནས་བཤད་པར་གསུང་པའི་དང་པོ་གཉིས་སྤྱི་དོན་རྣམས་ལས་གསལ། རྩ་བའི་ས་བཅད་གསུམ་པ་འབྲུ་རེ་གཉེར་རེའི་སྒོ་ནས་སྤྲོས་ཏེ་བཤད་པ་ལ་གཉིས། རྒྱུད་ཀྱི་མཚན་བསྟན་པ་དང་། མཚན་དེ་དང་ལྡན་པའི་རྒྱུད་དོན་དངོས་སོ། །དང་པོ་ནི། བོད་སྐད་དུ། གནས་ལུགས་དེ་བཞིན་ཉིད་རྒྱལ་བ་ཀུན་གྱི་ཐུགས་ཀྱི་ངོ་བོ་ཟབ་ཅིང་བརྟག་པར་བཀའ་བས་གསང་བའི་དེ་ཉིད་ཆོས་ཐམས་ཅད་ཀྱི་འཕྲོ་བའི་གཞི་དང་། མཐར་ཐུག་གི་དོན་དང་། ཆོས་ཐམས་ཅད་ཀྱི་དབུས་སུ་གནས་པ་ན་སྙིང་པོ་རྒྱུ་འབྲས་རོ་གཅིག་ཏུ་གྱུར་པས། དེ་ཁོ་ན་ཉིད་དྲང་ངེས་གཉིས་ཀྱི་ཟླས་ཕྱེ་བས་ངེས་པའི་དོན་འབའ་ཞིག་ཡིན་པས་ན་ངེས་པའོ། །གཉིས་པ་ལ་གསུམ། ཀླད་ཀྱི་དོན་སྟོན་པ་ལ་ཕྱག་འཚལ་བ། གཞུང་གི་དོན་རྒྱུད་དོན་དངོས་བཤད་པ། མཇུག་གི་དོན་རྒྱུད་དོན་རྫོགས་པའི་བྱ་བ་བསྟན་པའོ། །དང་པོ་ནི། བདུད་བཞི་སོགས། བཅོམ་པས་སྤངས་པ་ཕུན་ཚོགས་དང་། དབང་ཕྱུག་སོགས་ཆེ་བའི་ཡོན་ཏན་དང་། ལྡན་པས་རྟོགས་པ་ཕུན་ཚོགས། འཁོར་འདས་གཉིས་ཀྱི་མཐའ་ལས་འདས་ཤིང་། རྟོགས་པ་བདག་གི་དཔལ་དང་། ཐུགས་རྗེ་གཞན་གྱི་དཔལ་དང་ལྡན་པ། ཆོས་ཀུན་གྱི་རང་བཞིན་ཡོངས་སུ་དག་པའི་ཕྱིར། ཀུན་ཏུ་བཟང་པོ་དེ་ལ་རྒྱུད་ཀྱི་སྡུད་པ་པོས་ཕྱག་འཚལ་ལོ། །གཉིས་པ་རྒྱུད་དོན་དངོས་བཤད་པ་ལ། ལེའུ་ཉི་ཤུ་རྩ་གཉིས་སུ་གནས་པ་ལས། ལེའུ་དང་པོ་ལ་གསུམ། ས་བཅད་ཀྱི་སྒོ་ནས་མདོར་བསྟན་པ། རྒྱུད་རང་གི་འབྲུ་གཉེར་བའི་སྒོ་ནས་རྒྱས་པ་བཤད་པ། སྤྱི་དོན་གྱི་སྐབས་དང་སྦྱར་ནས་དོན་བསྡུ་བའོ། །དང་པོ་ལ་གཉིས། གཞུང་དང་། མཚན་ནོ། །དང་པོ་གཞུང་ལ་གཉིས། རྒྱུད་གླེང་གཞིའི་སྒོ་ནས་རྒྱས་པར་བཤད་པ། གླེང་གཞིའི་དོན་བསྡུ་བའོ། །དང་པོ་ལ་ལྔ། ཆོས་དང་། དུས་དང་། སྟོན་པ་དང་། གནས་དང་། འཁོར་ཕུན་སུམ་ཚོགས་པའོ། །དང་པོ་ནི། འདི་སྐད་བཤད་པ་ཞེས་པའོ། །གཉིས་པ་ནི། དུས་ན་ཞེས་པའོ། །གསུམ་པ་ལ་གཉིས། སྟོན་པའི་རང་བཞིན་དང་། ངོ་བོའོ། །དང་པོ་ནི། དེ་བཞིན་གཤེགས་པ་ནས། དབྱེར་མེད་པའི་རང་བཞིན་ཏེ་ཞེས་པའི་བར་རོ། །གཉིས་པ་སྟོན་པའི་ངོ་བོ་ནི། སྐུ་མདུན་དང་། ཞེས་པ་ནས། དབུ་གསུམ་དང་ལྡན་པ་ཞེས་པའི་བར་རོ། །བཞི་པ་གནས་ཕུན་སུམ་ཚོགས་པ་ལ་གཉིས། གནས་ཀྱི་རང་བཞིན་དང་། ངོ་བོའོ། །དང་པོ་ནི། འོག་མིན་ཞེས་སོགས། གཉིས་པ་ངོ་བོ་ནི། གཞི་ཚད་མེད་པའི། ཞེས་སོགས། ལྔ་པ་འཁོར་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། རང་བཞིན་མེད་པའི་འཁོར་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་རོ། །དང་པོ་ལ་གཉིས། རིགས་ཀྱི་ཡབ་ལྔ་དང་ཡུམ་ལྔའོ། །དང་པོ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནས་ཚོར་བ་ཞེས་པའི་བར། གཉིས་པ་ཡུམ་ལྔ་ནི། བཙུན་མོ་དམ་པ་ནས། ཁྱབ་པར་བཞུགས་སོ་ཞེས་པའི་བར། གཉིས་པ་རིགས་ཁྱད་པར་ཅན་གྱི་འཁོར་ལ་གཉིས་ཏེ། རྒྱལ་སྲས་སེམས་དཔའི་འཁོར་དང་། འཇོམས་བྱེད་ཁྲོ་བོའི་འཁོར་རོ། །དང་པོ་ལ་གཉིས་ཏེ། ནང་སེམས་ཡབ་ཡུམ་དང་། ཕྱི་སེམས་ཡབ་ཡུམ་མོ། །དང་པོ་ནི། དེ་ནས་བྱང་ཆུབ་སོགས། གཉིས་པ་ནི་བྱང་ཆུབ་ཆེན་པོ་སོགས། གཉིས་པ་འཇོམས་བྱེད་ཁྲོ་བོའི་འཁོར་ནི། འཇོམས་པ་ཆེན་པོ་སོགས། གཉིས་པ་བསྡུ་བ་ལ་གསུམ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། བསྡུ་བ་དངོས། བཀའ་གསང་མཚོན་བྱེད་ཀྱི་ཚིག་གོ །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་ཞེས་སོགས། གཉིས་པ་ནི། ཨེ་ཨེ་མ་ཨེ་མའོ་སོགས། གསུམ་པ་ནི། ཞེས་རྡོ་རྗེ་སོགས། གཉིས་པ་ལེའུའི་མཚན་ནི། གསང་བའི་ཞེས་སོགས། གཉིས་པ་ས་བཅད་དེ་དང་འགྲེལ་བའི་རྒྱུད་རང་གི་འབྲུ་གཉེར་བའི་སྒོ་ནས་རྒྱས་པར་བཤད་པ་ནི། འདི་ཞེས་ཨེས་མཚོན་པའི་གནས་སྐད་ཅེས་ཝཾ་ཡིག་གི་མཚོན་པའི་སྟོན་པ་བཤད་ཅེས་པ་མ་ཡིག་གིས་མཚོན་པའི་འཁོར་པའི་ཞེས་པ་ཡ་ཡིག་གིས་མཚོན་པའི་བསྟན་པ། དུས་ན་ཞེས་པ་བསམ་གྱིས་མི་ཁྱབ་པའི་དུས་སོ། །གཟུང་འཛིན་གཉིས་དང་བྲལ་བ་མཐར་ཐུག་པས་གཞི་ཇི་ལྟར་བ་དེ་བཞིན་དུ་གཤེགས་པའོ། །དེ་ཡང་རང་བྱུང་གི་ཡེ་ཤེས་ལ་སྤང་བྱ་མ་གྲུབ་པས། ཡང་དག་པར་འབྲས་བུ་སྐུ་དང་ཡེ་ཤེས་སུ་རྫོགས་པར་རང་སྣང་པའི་བདག་ཉིད་ནི། སངས་རྒྱས་བདུད་བཞི་བཅོམ་ཞིང་། སྐུ་ལྔ་སོགས་ཡོན་ཏན་དང་ལྡན་ལ། མཐའ་གཉིས་ལས་འདས་པ་དང་། ཆོས་ཀུན་ལ་རྫོགས་པར་ལོངས་སྤྱོད་ཅིང་། གཞན་ལས་འཕགས་པས་ན་ཆེན་པོ་སྟེང་འོག་ཕྱོགས་མཚམས་བརྒྱད་དོ། །ཕྱོགས་བཅུ་དང་འདས་མ་འོང་ད་ལྟ་མ་ངེས་ཏེ། དུས་བཞིའི་དབྱིངས་ན་བཞུགས་ཤིང་འགྲོ་དོན་མཛད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆེ་བའི་ཡོན་ཏན་གྱི་རྟེན་བྱེད་པས་སྐུ་དང་གདུལ་བྱའི་བསམ་པ་མཐུན་པའི་ཆོས་སྟོན་པའི། གསུང་དང་ཤེས་བྱ་མ་ལུས་པར་མཁྱེན་པའི་ཐུགས་དང་། དེ་རྣམས་དབྱེར་མི་ཕྱེད་པ་འདུས་མ་བྱས་པ། རྡོ་རྗེའི་བདག་ཉིད་ཅན། སྔར་འདས་པའི་འཁོར་འདས་མ་ལུས་པ་དང་། ད་ལྟར་བའི་མི་ལུས་པ་མ་འོངས་པའི་འཁོར་འདས་ལུས་པ་མེད་པ་ཐམས་ཅད་དང་། རྒྱུད་ཀྱི་བདག་པོ་ཀུན་རྫོབ་ཏུ་སྒྱུ་མའི་སྣང་བརྙན་ཡིན་པས་སོ་སོ་མ་ཡིན་དོན་དམ་པར་མ་སྐྱེས་པས། ཐ་མི་དད་བདེན་པ་གཉིས་ཀའི་ཐ་སྙད་ལས་འདས་པས་དབྱེར་མེད་རང་བཞིན་ཏེ། འོག་མིན་རྣམས་ལས་འདིར་འོག་མིན་ཆེན་པོ་ཞེས་བྱ་བ་ལོངས་སྤྱོད་རྫོགས་སྐུའི་སངས་རྒྱས་ཀྱི་བཞུགས་གནས་གཙང་མའི་གནས་ལས་སྤགས་པ་ཆོས་དབྱིངས་རྣམ་པར་དག་པ་ཡིན་པས་མཐའ་དང་དབུས་ལ་སོགས་པ་གང་ཡང་རིས་སུ་ཆད་པ་མེད་པས་ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུའི་གནས་ན་འོག་གཞིའི་ཚད་དམིགས་སུ་མེད་པའི་རང་བཞིན་ཡེ་ཤེས་ལྔ་མཚོན་བྱེད་ཀྱི་རྟགས། རྣམ་པ་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་མ་འདྲེས་པར་གསལ་བའི་སྟེང་ལ། ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་རང་སྣང་བས་འདུལ་བྱའི་རེ་བ་སྐོང་བའི་རྟགས་སུ་རིན་པོ་ཆེ་འོད་འབར་བ་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོ། ཆོས་ཀྱི་དབྱིངས་ལ་རྒྱ་ཚད་མེད་པའི་རྟགས་སུ་གཞལ་ཡས་ཁང་གི་ཚད་ཕྱོགས་བཅུར་ཐམས་ཅད་དུ་རྒྱ་ཡོངས་སུ་མ་ཆད་པའོ། །རང་བྱུང་གི་ཡེ་ཤེས་ལ་འབྲས་བུ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པར་རྒྱས་པའི་ཕྱིར་དེའི་རྟགས་ཀྱི་ཕྱག་རྒྱ་དབྱིབས་གྲུ་བཞིར་གྱུར་པ། ཡེ་ཤེས་རེ་རེ་ལ་ཡང་ལྷག་པའི་ཡེ་ཤེས། བཞི་བཞི་དང་ལྡན་པས་རེ་བ་སྐོང་བའི་རྟགས་སུ་གྲུ་ཆད་ལས་ཕྱིར་འཕྱར་བའི་རིན་པོ་ཆེའི་གློ་འབུར་རིགས་བཞིའི་ཁ་དོག་ཅན་གྱིས་མཛེས་པ་དེའི་རྩེ་མོར་བུམ་པ་ཟླུམ་པོའི་རྣམ་པར་འཁྱིལ་བ་ནི་ཐུགས་རང་རིག་པའི་ཡེ་ཤེས་ཉིད་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀུན་གྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་རང་སྣང་བའི་ཕྱིར། རང་བཞིན་སོ་སོ་མ་ཡིན་ཞིང་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་སྤྲོས་པ་ཀུན་དང་བྲལ་བའི་ཀློང་ཏུ་འཁྱིལ་བ་མཚོན་པའི་རྟགས་སོ། །ཐུགས་རང་རིག་པའི་ཡེ་ཤེས་ཀྱི་རྩལ་མ་འགགས་པ་ལས་ཡེ་ཤེས་ལྔ་ལ་སོགས་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་མངའ་བའི་རྟགས་སུ་ཡེ་ཤེས་རང་སྣང་བའི་རྒྱན་རིན་པོ་ཆེ་ལས་གྲུབ་པའི་དབྱིབས་དང་ཁ་དོག་ལ་སོགས་པ་རྣམ་པ་ཐ་དད་པའི་བྱེ་བྲག་ཚད་མེད་པ་དང་ལྡན་པས་གཞལ་ཡས་ཁང་གཞན་ལས་ཁྱད་པར་དུ་གྱུར་པའི་བཀོད་པ་ཕུན་སུམ་ཚོགས་པས་རྒྱན་པ། ཐེག་པ་དང་ས་ལམ་གཞན་ལས་འདི་ཉིད་འཕགས་པའི་རྟགས་སུ་སྒོ་དང་ཁྱམས་སོགས་ནས་ལྟེ་བའི་བར་རྡོ་རྗེ་འགྲེང་བུ་རེས་རིམ་པར་སྤགས་པ། ཆོས་ཀྱི་དབྱིངས་མུ་མཐའ་མེད་པའི་རྟགས་སུ་མཐོ་དམའི་ཚད་འདི་ཞེས་དཔག་ཏུ་མེད་པ། ཡེ་ཤེས་ཀྱི་རྩལ་སྣང་ལས་གྲུབ་པའི་རྒྱན་གྱི་ཁྱད་པར་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་ཐུགས་རྗེ་དང་ཕྲིན་ལས་རྒྱུན་མི་ཆད་པའི་རྟགས་སུ་ཕྲེང་བ་དང་། བདེན་གཉིས་དབྱེར་མི་ཕྱེད་པའི་རྟགས་སུ་ཆུན་འཕྱང་དང་། ཐབས་སྣ་ཚོགས་མ་འདྲེས་ཡོངས་རྫོགས་རྟགས་སུ་ཤར་བུའི་རྒྱན་དང་། འདོད་ཡོན་ཐམས་ཅད་མ་སྤངས་རྣམ་དག་རོལ་པའི་རྒྱན་དུ་ཤར་བའི་རྟགས་སུ་ཡིད་དུ་འོང་བའི་གཟུགས་སྣ་ཚོགས་དང་། སྒྲ་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རོ་སྣ་ཚོགས་དང་། རེག་བྱ་སྣ་ཚོགས་པ་དང་། དེ་དག་ཐོགས་པའི་རྡོ་རྗེའི་ལྷ་མོ་རྣམས་ཀྱིས་ཕྱོགས་བཅུར་སྤྲིན་ཕུང་ལྟར་འཁྲིགས་པར་ནི་འབད་རྩོལ་མེད་པར་རང་བྱུང་ལ་དེ་དག་ཐམས་ཅད་ཀྱང་ཕན་ཚུན་གཅིག་གིས་གཅིག་མི་སྒྲིབ་པར་ཕྱི་ནང་ཟང་ཐལ་དུ་གསལ་བའི་རྒྱན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་བཀོད་པས་མཛེས་པར་བརྒྱན་ཅིང་ཀླུབས་པ་དངོས་པོ་དང་མཚན་འཛིན་གྱི་སྒྲིབ་པ་ལས་རྣམ་པར་ཐར་པའི་སྒོ་ཐུན་མོང་པ་གསུམ་དང་། ཐུན་མོང་མ་ཡིན་པ་རང་བཞིན་གྱི་འོད་གསལ་བ་སྟེ། བཞིའི་སྒོ་ནས་བྱང་ཆུབ་ཆེན་པོར་ལྷུན་གྱིས་འཇུག་པའི་རྟགས་སུ་སྒོ་བཞི་སྒོ་ཁྱུད་ཀྱི་ཟླས་དྲངས་པའི་འགྲམ་ལོག་དང་ཡ་ཕུབ་ཅན་གྱིས་ཕྱོགས་བཞིར་བརྒྱན་པ། འཁོར་བ་ལས། རྣམ་པར་ཐར་པ་ཐེགས་པ་བརྒྱད་བགྲོད་ནས་འཇུག་པའི་རྟགས་སུ་སྒོ་ཕུད་ཀྱི་ཕྱི་ནང་གཉིས་ཀ་ཐེམ་སྐས་བཞི་བཞི་སྟེ་བབ་ཞོན་གྱི་རྟ་བབ་བརྒྱད་དང་ལྡན་པ་གཞལ་ཡས་ཁང་དེའི་ཕྱི་དང་ནང་མེད་པ་ཐམས་ཅད་རང་རིག་པའི་ཡེ་ཤེས་ཀྱི་རྩལ་སྣང་འབའ་ཞིག་ཏུ་གྱུར་པའི་ཕྱིར་ཀུན་ཏུ་ཡང་ནང་དུ་གྱུར་པ་ན་རྒྱལ་བའི་ཐུགས་ལ་མི་འཇིགས་པ་བཞི་ལྷུན་གྱིས་གྲུབ་པའི་མཚོན་བྱེད་དུ་དབུས་སུ་སེང་གེའི་ཁྲི་དང་། སྐུ་སྟོབས་བཅུ་དང་ལྡན་པའི་རྟགས་སུ་ཤར་དུ་སྟོབས་གླང་པོ་ཆེའི་ཁྲི་དང་། གདུལ་བྱ་རྣམས་མྱུར་དུ་སྒྲོལ་ཞིང་ཡོན་ཏན་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་རྟགས་སུ་ལྷོར་རྟའི་ཁྲི་དང་། ལས་ཉོན་མ་སྤངས་པར་དབང་དུ་བྱེད་ཅིང་གསུང་དབང་བཅུ་དང་ལྡན་པའི་རྟགས་སུ་ནུབ་ཏུ་རྨ་བྱའི་ཁྲི་དང་། ཕྲིན་ལས་འགྲོ་བ་སྒྲོལ་བ་ལ་ཆགས་པ་དང་། ཐོག་པ་མེད་པའི་རྟགས་སུ་བྱང་དུ་ནམ་མཁའ་ལྡིང་སྟེ་ཤང་ཤང་གི་ཁྲི་དང་། ཐུགས་རང་བཞིན་གྱིས་རྣམ་པར་དག་པས་འོད་གསལ་བ་དང་ཐབས་ཤེས་ཟུང་དུ་འཇུག་པའི་རྟགས་སུ་ཉི་ཟླའི་དཀྱིལ་འཁོར་དང་། ཉེས་པའི་སྐྱོན་གྱིས་གོས་པ་མེད་པའི་རྟགས་སུ་པདྨ་དང་། གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བའི་རྟགས་སུ་རིན་པོ་ཆེའི་གདན་ལ་སྟོན་པ་ནི་ཡེ་ཤེས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དེའི་སྐུ་ལ་མདུན་དང་རྒྱབ་ཁོ་ནར་རིས་སུ་ཆད་པ་མེད་པས་ཕྱོགས་ཐམས་ཅད་དུ་སྒྲིབ་པར་མེད་པར་ཞལ་གྱི་དཀྱིལ་འཁོར་ཐལ་ལེ་བར་གསལ་བ་སྟེ་ཀུན་ཏུ་ཞལ་གྱི་རང་བཞིན་དུ་བཞུགས་ཤིང་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་བཟང་པོ་གསལ་ཞིང་སོ་སོར་འབྱེད་པ་དང་ལྡན་པས་སྐུ་ལ་རྣམ་པར་སྤྲས་པ། དེ་ལྟ་བུའི་སྐུ་ལས་མི་གཡོ་བ་བཞིན་དུ་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་གང་ལ་གང་འདུལ་གྱི་སྐུའི་བཀོད་པ་དང་། སྒྲ་སྐད་མཐའ་ཡས་པར་ཐེག་པ་མ་ལུས་པར་སྟོན་པའི་གསུང་དང་སྤངས་རྟོགས་ཡོན་ཏན་ཡེ་ཤེས་ཀྱི་ཁྱབ་པའི་ཐུགས་དང་གདུལ་བྱའི་སྣང་བ་དང་མཐུན་པའི་རྣམ་འཕྲུལ་སྣ་ཚོགས་པར་ཀུན་ཏུ་སྣང་བ། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མཐའ་གཉིས་ལ་མི་གནས་པའི་བརྡར་ཞབས་གཉིས་ཡབ་མཉམ་པའི་སྐྱིལ་ཀྲུང་དང་། ཡུམ་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་མཚུངས་པར་བཞུགས་ནས་སྙོམས་པར་འཇུག་པ་དང་། ཡེ་ཤེས་ལྔ་རང་བྱུང་གི་ཡེ་ཤེས་དང་དྲུག་གི་དོན་མཚོན་བྱེད་ཕྱག་དྲུག་དང་ཡེ་ཤེས་དེ་དག་གི་གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བའི་རྟགས་སུ་རིན་པོ་ཆེ་ལས་གྲུབ་པའི་རིགས་ལྔ་ཡེ་ཤེས་ལྔ་དང་ཆོས་དབྱིངས་ཀྱི་ཕྱག་རྒྱ་རྡོ་རྗེ་ལ་སོགས་པའི་འོད་འབར་བ་ཅན་འཛིན་པ། སྐུ་སྟོང་པ་ཉིད་དང་། གསུང་མཚན་མ་མེད་པ་དང་ཐུགས་སྨོན་པ་མེད་པ་གསུམ་ནི་བློའི་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཡིན་ལ་དེའི་རྟགས་སུ་དབུ་གསུམ་དང་ལྡན་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡུལ་རྣམ་པར་རིག་པའི་མཚན་ཉིད་ཅན་གྱི་ཚོགས་བརྒྱད་པོའི་རྣམ་པར་ཤེས་པའི་རྒྱལ་པོ་དང་། དེ་ཡང་རིགས་ལྔ་ཀའི་མཚན་ལ་རྒྱལ་པོ་ཞེས་སྨོས་པ་ནི་དཔེར་རྒྱལ་པོ་རྣམས་རང་གི་རྒྱལ་སྲིད་ལ་དབང་བསྒྱུར་བ་བཞིན་དུ། ཐུགས་རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་ཚོགས་དབང་བསྒྱུར་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་གཟུགས་སུ་རུང་བའི་མཚན་ཉིད་ཅན་གྱི་རྒྱུའི་གཟུགས་བཞི། འབྲས་བུའི་གཟུགས་བཅུ་གཅིག་སྟེ་བཅོ་ལྔའི་གཟུགས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཉམས་སུ་མྱོང་བའི་མཚན་ཉིད་ཅན་གྱི་བདེ་སྡུག་བཏང་སྙོམས་པའི་ཚོར་བའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་མཚན་མར་འཛིན་པའི་མཚན་ཉིད་ཅན་གྱི་འདུ་ཤེས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་གྱི་སེམས་པ་སྟེ། ཀུན་འགྲོ་ལྔ་སོགས་འདུ་བྱེད་ཀྱི་རྒྱལ་པོ་དང་། དེ་དག་ཀུན་གྱི་རིགས་ཀྱི་མཚན་མར་གྱུར་པའི་ཁ་དོག་ཀྱང་རྡོ་རྗེ་རིགས་མཐིང་ཁ་དང་། དེ་བཞིན་གཤེགས་པའི་རིགས་དཀར་པོ་དང་། རིན་ཆེན་རིགས་སེར་པོ་དང་། པདྨའི་རིགས་ལེ་བརྒན་ཏེ་དམར་པོ་དང་། ལས་ཀྱི་རིགས་ལྗང་གུ་སྟེ་ཐམས་ཅད་ཀྱང་སོ་སོའི་མདོག་ཏུ་གསལ་ཞིང་བཀྲག་མདོག་འཚེར་བའོ། །རིགས་ལྔའི་ཡུམ་དུ་གྱུར་བ་ན་བཙུན་མོའི་ཡོན་ཏན་གྱི་ཁྱད་པར་གཞན་ལས་འཕགས་པ་ན་དམ་པ་སྣང་བ་ནམ་མཁའི་ཁམས་གནས་སུ་དག་པའི་རྡོ་རྗེ་དབྱིངས་ཕྱུག་མ་དང་། སྲབ་བ་སའི་དབྱིངས་གནས་སུ་དག་པ་སྤྱན་མ་དང་། མཉེན་པ་ཆུའི་དབྱིངས་གནས་སུ་དག་པ་མཱ་མ་ཀི་དང་། དྲོ་བ་མེའི་དབྱིངས་གནས་སུ་དག་པ་གོས་དཀར་མོ་དང་། བསྐྱོད་པའི་དབྱིངས་རླུང་གི་ཁམས་གནས་སུ་དག་པའི་སྒྲོལ་མ་སྟེ་དེ་དག་ལ་སོགས་པ་རིགས་ཀྱི་བཙུན་མོའི་ཚོགས་དང་། དོན་རང་བཞིན་གཉིས་སུ་མེད་པར་རྟགས་ཡབ་ཡུམ་མཉམ་པར་སྦྱོར་བའི་ཚུལ་གྱིས་བཞུགས་ཏེ་ཇི་ལྟར་ན་ཁྱབ་བྱེད་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་བྱ་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་ཀུན་ཏུ་སྟོན་པའི་མཛད་སྤྱོད་ཀྱི་རོལ་མོ་མཐའ་ཡས་པར་སྣང་བས་ཁྱབ་པ་ནི། འདི་ལྟ་སྟེ་དཔེར་ན་ཏིལ་གྱི་གང་བུ་ཁ་ཕྱེ་བ་བཞིན་དུ་གོ་མཚམས་མེད་པར་གང་ནས་ཀུན་ཏུ་ཁྱབ་པར་བཞུགས་སོ། །དེ་བཞིན་གཤེགས་པ་ལྔ་བཤད་པའི་རྗེས་དེ་ནས་སྤངས་རྟོགས་མཐར་ཕྱིན་པས་བྱང་ཆུབ་ཀྱང་ཡིན་ལ་སར་གནས་ཀྱི་སེམས་དཔའ་ལས་འཕགས་པས་ཆེན་པོ་དང་རྡོ་རྗེ་ནི་རྟོགས་ཚོགས་སུ་སྣང་ཡང་རང་བཞིན་ལྷའི་དཀྱིལ་འཁོར་དུ་ངེས་པར་དབྱེར་མི་ཕྱེད་པའི་དོན་ཏེ་སྤྱིའི་མཚན་ནོ། །མཐོང་བ་སྟེ་མིག་གི་རྣམ་ཤེས་གནས་སུ་དག་པ་སའི་སྙིང་པོ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་སྟེ་རྣ་བའི་རྣམ་ཤེས་དག་པ་ཕྱག་ན་རྡོ་རྗེ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་པ་སྣའི་རྣམ་ཤེས་ཏེ་ནམ་མཁའི་སྙིང་པོ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བ་ལྕེ་ཡི་རྣམ་ཤེས་ཏེ་སྤྱན་རས་གཟིགས་དང་། དེ་དག་གི་ཡུལ་ཤེས་པ་རྣམས་ཀྱི་སྤྱད་བྱར་གྱུར་པས་བཙུན་མོ་ཡིན་ལ་མཐོང་བར་བྱ་བ་གཟུགས་ཏེ་རྡོ་རྗེ་སྒེག་མོ་དང་། མཉན་པར་བྱ་བ་སྒྲ་སྟེ་གླུ་མ་དང་། སྣམ་པར་བྱ་བ་དྲི་སྟེ་ཕྲེང་བ་མ་དང་། མྱོང་བར་བྱ་བ་རོ་སྟེ་གར་མའི་ཚོགས་དང་། འདིར་ཡང་བྱང་ཆུབ་ཆེན་པོ་རྡོ་རྗེ་སྤྱིའི་མཚན་ཡིན་ལ་མཐོང་བྱེད་ནི་མིག་དབང་སྟེ་བྱམས་པ་ད ང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་བྱེད་ནི་རྣ་བའི་དབང་པོ་སྟེ་སྒྲིབ་སེལ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་བྱེད་ནི་སྣའི་དབང་པོ་ཀུན་ཏུ་བཟང་པོ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བྱེད་ལྕེའི་དབང་པོ་འཇམ་དཔལ་དང་། དེ་དག་གི་ཡུམ་ཡང་དུས་བཞིའི་གོ་ཕྱེ་ནས་དབང་པོ་རྣམས་བསྐྱེད་པས་ན། བཙུན་མོ་དུས་འདས་པ་བདུག་སྤོས་མ་དང་། ད་ལྟ་བ་མེ་ཏོག་མ་དང་། འབྱུང་བ་སྟེ་མ་འོངས་པ་མར་མེ་མ་དང་། མ་བྱོན་པ་སྟེ་མ་ངེས་པའི་དུས་དྲི་ཆབ་མའི་ཚོགས་དང་། གདུག་པ་ཅན་འཇོམ་པའི་བརྟུལ་ཞུགས་ཆེན་པོས་ཐམས་ཅད་འཇོམས་ཤིང་ཕས་ཀྱི་རྒོལ་བས་མི་ཚུག་པས་རྡོ་རྗེ་དང་། བྱེ་བྲག་ཏུ་ལུས་ཀྱི་ཡུལ་དབང་ཤེས་གསུམ་འདུས་པའི་རེག་པ་སྟེ་བདུད་རྩི་འཁྱིལ་བ་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རེག་བྱེད་ལུས་ཀྱི་དབང་པོ་རྟ་མགྲིན་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རེག་བྱ་ཡུལ་ཏེ་སྟོབས་པོ་ཆེ་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རེག་ཤེས་ལུས་ཀྱི་རྣམ་པར་ཤེས་པ་སྟེ་གཤིན་རྗེ་གཤེད་དང་། ཚད་མེད་པ་བཞི་ཡང་སྤྱད་བྱའི་ཡུལ་ཡིན་པས་ན་བཙུན་མོ་ཆོས་ཐམས་ཅད་རྟག་པར་མ་ཡིན་པ་སྟེ་བྱམས་པའི་བདག་ཉིད་ལྕགས་ཀྱུ་མ་དང་། དེ་བཞིན་དུ་ཆད་པར་འཛིན་པ་མ་ཡིན་པ་སྟེ་སྙིང་རྗེའི་རང་བཞིན་ཞགས་པ་མ་དང་། བདག་ཏུ་འཛིན་པ་མ་ཡིན་པ་དགའ་བའི་རང་བཞིན་ལྕགས་སྒྲོག་མ་དང་། མཚན་མར་འཛིན་པ་མ་ཡིན་པ་སྟེ་བཏང་སྙོམས་ཀྱི་རང་བཞིན་དྲིལ་བུ་མ་ལ་སོགས་པ། དེ་ལྟ་བུའི་ཐུགས་ཡེ་ཤེས་རང་སྣང་གི་འཁོར་དང་གཞན་ཡང་རྒྱུད་ལས་སྦྱངས་ཀྱི་ཚོགས་དང་བཅས་པ་བརྗོད་ཀྱིས་མི་ལང་བ་རྣམ་པ་དང་རང་བཞིན་གཉིས་སུ་མེད་པར་བཞུགས་སོ། །གླེང་གཞི་རྒྱས་པར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཡབ་རྣམས་ཡུམ་བཙུན་མོའི་ཚོགས་དང་དགོངས་པ་གཉིས་སུ་མེད་པའི་ངོ་བོ་རྟོགས་དཀའ་བ་གསང་བའི་ཡེ་ཤེས་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གདོན་གཞན་གྱིས་སྤྱོད་ཡུལ་ལས་འདས་པའི་གསང་བ་ཆེན་པོ་འདི་ཉིད་སྟོན་པ་རིགས་དྲུག་པའི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔའི་ངོ་བོ་འཆར་པའི་སྐྱེས་བུ་རིགས་ལྔ་དབྱེར་མི་ཕྱེད་པའི་རྡོ་རྗེའི་ངང་དེ་ལས་མངོན་པར་སྣང་བས་ན་ཕྱུང་ངོ་། །ཞེས་སྐད་དོ། །ཨེ་ཨེ་མ་ཨེ་མ་ཧོ། ཞེས་པ་ཤིན་ཏུ་ངོ་མཚར་བར་སྟོན་པའི་ཚིག་གོ །དེ་ཡང་སེམས་ཉིད་རང་བྱུང་ཡེ་ཤེས། དེ་བཞིན་ཉིད་ཀྱི་དབྱིངས་ལས་མ་གཡོས་པའོ། །དབྱིངས་དེ་ཉིད་ལ་མངའ་མཛད་ཅིང་དབང་སྒྱུར་བའི་ཡེ་ཤེས་ཉིད་སྟོན་པའི་ངོ་བོར་སྣང་ལ་རྟོགས་པའི་རིག་པ་ཉིད་ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་གསལ་ཞིང་ཆོས་ཅན་ཆོས་ཉིད་ཐ་མི་དད་པར་གནས་པ་ཐུགས་རྗེའི་ངང་སྟེ་སྟོན་པའོ། །ཕོ་བྲང་གི་གཞི་ལ་སོགས་པར་རྣམ་འཕྲུལ་སྣ་ཚོགས་པར་རང་སྣང་བ་ཉིད་རྣམ་ཐར་བཞིའི་ཏིང་འཛིན་གྱི་སྒོ་ནས་འཇུག་པའི་བརྡར་སྒོ་བཞིར་སྣང་བའོ། །ཐེག་པ་བརྒྱད་ནས་བསྒྲོད་པའི་རྒྱུ་འབྲས་མཚོན་བྱེད་རྟ་བབ་ཀྱི་གཟུགས་བརྙན་དུ་རང་སྣང་བའོ་སྒྱུ་མ་ལྟར་སྣང་བ་སེམས་ཅན་ལྔའི་གདན་དང་རྣམ་པར་དག་པ་པདྨ་དང་འོད་གསལ་བ་ནི་ཉི་ཟླ་དང་། སྟོན་པའི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ལྔ་ལས་འཆར་བའི་སྐྱེས་བུ་རིགས་ལྔ་ཡབ་ཡུམ་དུ་སྣང་བའོ། །ཆོས་ཐམས་ཅད་ལ་སྐུ་དང་ཡེ་ཤེས་ཀྱི་ཁྱབ་པས་ཉེས་སྐྱོན་གྱི་སེལ་མེད་པ་ཡི་སྐུ་ཁ་དོག་དང་འོད་ཟེར་ནི་འགྲོ་བ་འདུལ་བའི་ཐབས་མ་འདྲེས་པར་གསལ་བའི་ཡོན་ཏན་མཚོན་པའོ། །གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བའི་རྟགས་སུ་ཡིད་བཞིན་རིན་པོ་ཆེའི་གདན་དུ་སྣང་བའོ། །དེ་ཡང་སྟོན་པ་ཉིད་ཀྱི་སྐུ་གསུང་ཐུགས་མི་ཟད་པར་རྒྱན་གྱི་འཁོར་ལོའི་ཁྱད་པར་ལས་རང་སྣང་བའོ། །རྡོ་རྗེ་ཐེག་པའི་རྒྱུན་མཆོག་གི་བསྟན་པ་ཡིན་ལ་དེ་འབྱུང་བའི་གནས་ནི་གནས་དུས་སྟོན་འཁོར་ཚོགས་པའི་དུས་ཉིད་དོ། །ཞེས་རྡོ་རྗེ་གསང་བའི་ཞེས་པ་ནི་རྡོ་རྗེ་ཐེག་པ་ཡིན་ལ་དེ་མཚོན་པར་བྱེད་པའི་ཚིག་ཏུ་བསྡུས་པའོ། །ཞེས་སོ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ། རྩ་བའི་རྒྱུད་འདི་ལ་ལེའུ་རྩ་གཉིས་སུ་ཡོད་པ་ལས་འདིས་རྒྱུད་འབྱུང་བའི་རྒྱུ་ཕུན་སུམ་ཚོགས་པ་ལྔ་བསྟན་པས་ན་གླེང་གཞི་དང་གཞུང་རིས་སུ་བཅད་པའི་ཕྱིར་ལེའུ་ཞེས་བྱ་སྟེ་ཡས་ནས་བགྲངས་པའི་ཐོག་མ་ཡིན་པས་ན། དང་པོའོ།། ༈ །།གསུམ་པ་སྤྱི་དོན་གྱི་སྐབས་དང་སྦྱར་ནས་དོན་བསྡུ་བ་ནི། དེ་ལྟ་བུའི་ལེའུ་དང་པོ་འདིས་སྤྱི་དོན་གྱི་སྐབས་གང་དང་གང་བསྟན་སྙམ་ན། དབང་པོ་རབ་ལ་མཚན་བསྟན་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པས་བསྟན། དབང་པོ་འབྲིང་ལ་སྤྱི་དོན་རྣམ་པར་དབྱེ་བ་ལ་ལྔ་ལས། དང་པོ་རྒྱུད་འབྱུང་བའི་རྒྱུ་གླེང་གཞི་ལ་གསུམ་གྱི། དང་པོ་ལོངས་སྐུའི་གླེང་གཞི་ཕུན་སུམ་ཚོགས་པ་ལྔའི་དོན་བསྟན་པ་ཡིན་ཏེ། ཞིབ་པར་ས་བཅད་ཀྱི་སྐབས་སུ་བཤད་པ་ལྟར་རོ། །ལེའུ་གཉིས་པ་ལ་གཉིས། གཞུང་དང་མཚན་ནོ། །དང་པོ་ལ་གཉིས། ཐུན་མོང་མ་ཡིན་པར་གླེང་བསླང་བ་དང་། ཐུན་མོང་དུ་གླེང་བསླང་བའོ། །དང་པོ་ལ་གཉིས། ཡབ་ཡུམ་གཉིས་ཀྱིས་གླེང་བསླང་བའི་སྒོ་ནས་གསང་དབང་བསྐུར་བ་དང་། དབང་གཉིས་ཀྱི་ལས་ཐུན་མོང་དུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། གསང་དབང་བསྐུར་བའི་ཆེད་དུ་ཡབ་ཡུམ་སྙོམ་པར་འཇུག་ཚུལ། ཉམས་སུ་བསྟར་བའི་དོན་ལས་རྫས་ཀྱི་དབང་བསྐུར་ཞིང་རྟོགས་པ་བརྗོད་པ། དབང་ཐོབ་པའི་ཡོན་ཏན་ངེས་ཚིག་དང་བཅས་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་སོགས་དང་། དེ་ནས་བཙུན་མོ་སོགས་འོག་ནས་བླངས་ཏེ་གཞུང་ཚན་གཉིས་པོ་དེས་བསྟན། གཉིས་པ་ལ་གཉིས་ལས། དང་པོ་ཡབ་ཀྱི་ཉམས་སུ་བསྟར་བའི་དོན་ཐབས་ཀྱི་ཆ་ཟུར་ནས་བརྗོད་པ་ནི། ཨེ་མའོ་རྡོ་རྗེ་སོགས། གཉིས་པ་ཡུམ་གྱིས་གླེང་བ་ནི། ཀྱེ་མའོ་ཕྱོགས་བཅུ་སོགས། གསུམ་པ་དབང་ཐོབ་པའི་ཡོན་ཏན་ངེས་ཚིགས་བཅས་པ་ནི། ཞེས་བརྗོད་པས་ཐམས་ཅད་སོགས། གཉིས་པ་དབང་གཉིས་ཀྱི་ལས་ལ་གསུམ་སྟེ། གསུངས་པའི་ལོ་རྒྱུས་དང་། སེམས་བསྐྱེད་ཅིང་ཇི་ལྟར་བསྐུར་བའི་རིམ་པ་དངོས་དང་། དེའི་ཡོན་ཏན་ནོ། །དང་པོ་ནི། དེ་ནས་གཉིས་སུ་མེད་པ་ཞེས་སོགས། གཉིས་པ་ལ་གསུམ། གཞི་རང་བཞིན་གྱི། བགྲོད་པ་ལམ་གྱི། མཐར་ཕྱིན་འབྲས་བུའི་སེམས་བསྐྱེད་དོ། །དང་པོ་ནི། ཨེ་མ་སོགས། གཉིས་པ་ལ་གྲོལ་ལམ་དང་། ཐབས་ལམ་གཉིས་ལས། དང་པོ་ནི། ཨེ་མའོ། །གཉིས་པ་ནི། ཨེ་མའོ་སོགས། གསུམ་པ་མཐར་ཕྱིན་འབྲས་བུའི་སེམས་བསྐྱེད་ནི། ཨེ་མའོ་ངོ་མཚར་སོགས། གསུམ་པ་ཡོན་ཏན་ནི། ཞེས་བརྗོད་པས་སོགས། གཉིས་པ་ཐུན་མོང་གི་གླེང་བསླང་བ་ལ་གཉིས་ཏེ། འཁོར་གྱིས་ཞུས་པ་དང་། སྟོན་པས་ལན་བསྩལ་བའོ། །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་ནས། ཤིན་ཏུ་གསང་ཞེས་བར། གཉིས་པ་ནི། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ནས། ཆེད་དུ་གླེང་ངོ་། །ཞེས་པར་གཉིས་པ་ལེའུའི་མཚན་ནི། གསང་བའི་སྙིང་པོ་སོགས། གཉིས་པ་ས་བཅད་དེ་དང་འགྲེལ་བའི་གཞུང་དངོས་ནི། དེ་ཡང་གླེང་གཞི་ཚོགས་པ། དེ་ནས་བཅོམ་ལྡན་འདས། རྒྱུད་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བྱེད་པ་པོ་འཁོར་འདས་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པར་ཐུགས་སུ་ཆུད་པའི་ཡིད་རང་བྱུང་གི་ཡེ་ཤེས། སྤྱོད་ཡུལ་ཡོངས་སུ་དག་པས་ཀུན་ཏུ་བཟང་པོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་མ་ལུས་པའི་རང་བཞིན་བདག་ཉིད་ཀྱི་ཚུལ་དུ་རོ་གཅིག་ཅིང་དབྱེར་མི་ཕྱེད་པའི་རྡོ་རྗེས། བཙུན་མོ་སྟེ་ཡུལ་གཏན་ལ་དབབ་པར་བྱ་བ་མོ་འཁོར་འདས་ཀྱི་ཆོས་རང་བཞིན་དག་པའི་དབྱིངས་ཀྱི་ཕྱག་རྒྱ་ཡུམ་ཀུན་ཏུ་བཟང་མོ་ལ་སྙོམས་པར་འཇུག་པར་གྱུར་ཏོ། །སྙོམས་པར་ཞུགས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱི་དགོངས་པ་དང་ཡེ་ཤེས་ཟུང་འཇུག །གཅིག་གི་རང་བཞིན་དུ་དབྱེར་མེད་པར་མཁྱེན་པས་ཉིད་ལས་གཞན་པའི་གདུལ་བྱ་མ་གཟིགས་ནས་སྟོན་པ་དེ་བཞིན་གཤེགས་པ་ཉིད་ལྷན་གཅིག་པའི་འཁོར་རང་བཞིན་གྱི་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པའི་ཚུལ་ཐབས་ཤེས་ཀྱི་གླེང་བསླང་གཉིས་པོ་འདིར་བརྗོད་པར་མཛད་དོ། །རྟོག་ཚོགས་ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་དུ་རྟོགས་ལ་ཨེ་མའོ། །ཞེས་ངོ་མཚར་བའོ། །ཇི་ལྟར་ན་སྲིད་ཞིའི་ཆོས་ཀུན་རང་རིག་ཡེ་ཤེས་ཀྱི་རང་བཞིན་དུ་དབྱེར་མི་ཕྱེད་པས་རྡོ་རྗེ་དང་ཕུང་པོ་ནི་སྤུང་པའི་དོན་ཡིན་ལ་དེའི་ཡན་ལག་གི་དབྱེ་བ་ནི། རྣམ་ཤེས་ཀྱི་ཕུང་པོ་མི་བསྐྱོད་པར་གྲུབ་པར་སོགས་ཕུང་པོ་ལྔ། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས་ཤིང་དེ་བཞིན་དུ་དབང་ཡུལ་ལས་རྣམ་ཤེས་དྲུག་སྐྱེ་ཞིང་སྐད་ཅིག་ཕྱི་མར་རྒྱུན་མཆེད་པར་བྱེད་པ་དང་། རྣམ་ཤེས་ཡུལ་དབང་གི་ཁམས་བཅོ་བརྒྱད་པོ་རྣམས་ཀྱི་རྟོག་པའི་བྱེ་བྲག་མང་པོ་ཀུན་ཀྱང་བྱང་ཆུབ་སེམས་དཔའི་ཡབ་ཡུམ་སོགས་ཀྱི་འཁོར་གྱི་དཀྱིལ་འཁོར་ཉིད་དུ་གནས་ཏེ་དེ་དག་ནི་ནང་སེམས་ཡབ་ཡུམ་སོགས་སོ། །འབྱུང་བ་ལྔ་ནི་རིགས་ཀྱི་ཡུམ་ལྔ་སྟེ། ས་དང་ཆུ་ནི་སངས་རྒྱས་སྤྱན་མ་དང་མཱ་མ་ཀིའོ། མེ་དང་རླུང་ནི་གོས་དཀར་མོ་དང་དམ་ཚིག་སྒྲོལ་མ་སྟེ། ནམ་མཁའ་ནི་ཡུམ་དབྱིངས་ཀྱི་དབང་ཕྱུག་མའོ། །དེ་ལྟར་ན་སྲིད་གསུམ་ཡེ་ནས་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་སུ་རྣམ་པར་དག་པས། འཁོར་བའི་ཆོས་ཐམས་ཅད་དང་འདས་པའི་ཆོས་མ་ལུས་པ་སྟེ། སྣང་ཞིང་སྲིད་པའི་ཆོས་སོ་ཅོག་ཐམས་ཅད་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པ་ཉིད་ལས་གཞན་མ་ཡིན་ཏེ་སངས་རྒྱས་ཉིད་ལས་གཞན་དུ་གྱུར་པའི་ཆོས་འདི་ཞེས་རང་མཚན་དུ་གྲུབ་པ་ཞིག་སངས་རྒྱས་ཉིད་ཀྱིས་བཙལ་ཀྱང་དོན་ལ་མེད་པས་མི་བརྙེས་སོ་སྟེ་རྙེད་པ་མ་ཡིན་ནོ། །ཞེས་སོ། །དེ་ལྟར་རྟོག་ཚོགས་ཐམས་ཅད་ཡེ་ནས་སངས་རྒྱས་པའོ། །ཞེས་སྟོན་པ་ཡབ་ཀྱིས་བརྗོད་པས་ཡུམ་དང་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ། །དེའི་རྗེས་དེ་ནས་བཙུན་མོ་བྱ་བ་མོ་ཆོས་ཀྱི་དབྱིངས་ཀུན་ཏུ་བཟང་མོ་ཡང་བཅོམ་ལྡན་འདས་ཡིད་ཀུན་ཏུ་བཟང་པོ་དང་ཐབས་ཤེས་གཉིས་སུ་མེད་པར་སྙོམས་པར་འཇུག་པར་གྱུར་ནས། ཆེད་དུ་བརྗོད་པའི་ཚུལ་གླེང་བསླང་འདི་བརྗོད་པར་མཛད་དོ། །རང་གི་རྟོགས་པའི་དོན་གཞན་ལ་སྟོན་པར་བཞེད་ནས་ཀྱེ་མའོ། །ཞེས་བོད་ཅིང་། འདི་འདྲའི་ངོ་མཚར་བ་བསྟན་དུ་ཡོད་ཅེས། དམ་པའོ། །དེ་ཇི་ལྟ་བུ་ཞེ་ན། ཞིང་འདིས་མཚོན་ཏེ། ཕྱོགས་བཅུའི་སྟོང་ཁམས་ཀྱི་འཇིག་རྟེན་ཏུ་སྣང་བ་ཐམས་ཅད་ལོག་རྟོག་གིས་བཏགས་པ་ལས་ཡེ་ནས་རང་བཞིན་གྱི་དབེན་ལ། དེའི་རྒྱུ་མཚན་གྱིས་སྲིད་པ་གསུམ་ནི་རྣམ་པར་དག་པའི་སངས་རྒྱས་སྐུ་གསུམ་གྱི་ཞིང་ཁམས་དང་། ཉོན་མོངས་སོགས་སྙིགས་མ་ལྔ་ཉིད་མ་སྤངས་པར་བདེ་ལྡན་གྱི་གནས་སུ་རྟོགས་ཏེ། འགྲོ་བའི་ཕུང་པོ་ལྔ་ཉིད་རང་བཞིན་གྱིས་མངོན་པར་རྫོགས་པ་སངས་རྒྱས་པ་ན་ཆོས་ཐམས་ཅད་གནས་ལུགས་ལ་མཆོག་གི་འབྲས་བུ་བསྒྲུབ་བྱའི་གཞི་བདེ་བར་གཤེགས་པའི་སྙིང་པོ་སྟེ། གཉུག་མ་རང་བཞིན་རྣམ་དག་གི་སངས་རྒྱས་ཡིན་པས། དེ་ལས་གཞན་དུ་རྒྱལ་བའི་ཆོས་ཤིག་ཡོད་དམ་སྙམས་ནས་མི་བཙལ་བར་བྱ་སྟེ། སངས་རྒྱས་ཉིད་ལས་གཞན་དུ་གྱུར་པ་མ་དག་པ་འདི་ཞེས་བྱ་བའི་ཆོས་ཤིག་གུད་ནས་བཙལ་ཀྱང་གཟིགས་པ་རྣམ་པར་དག་པ་རྒྱལ་བས་ཀྱང་མི་བརྙེས་སོ། །སྟེ་དོན་མེད་ངེས་ཡིན་པའི་ཕྱིར་མི་རྙེད་དོ། །ཞེས་རྟོགས་པ་བརྗོད་པས་རྐྱེན་བྱས་ཏེ། ལྷག་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་མཐོང་སྟེ་རྟོགས་ཚོགས་ཐམས་ཅད་ཡེ་གདོད་མ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་སྟོན་པ་ཡབ་ཡུམ་ཉིད་དང་དགོངས་པ་ཐ་མི་དད་པའི་འཁོར་རྣམས་ཀྱིས་མཁྱེན་ཏོ་ཞེས་འདིར་གཞན་རྣམ་པར་བཅད་པའི་ཚིག་གི་གསང་དབང་གི་ངེས་ཚིག་ཀྱང་གྲུབ་སྟེ། འཁོར་ཐུན་མོངས་པ་རྣམས་ཀྱིས་དབང་ཐོབ་པས་དོན་དམ་སྐྱེ་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་ཀྱང་སྟོན་པ་དང་དགོངས་པ་དབྱེར་མེད་ཀྱི་ཡེ་ཤེས་ཆེན་པོ་ད་རུང་བ་མ་མྱོང་བའི་ཕྱིར་སྤྱོད་ཡུལ་མ་ཡིན་པས་ན་གསང་བའི་དབང་ཞེས་བྱའོ། །གསང་དབང་བསྐུར་བ་དེ་ནས་དོན་དགོངས་པ་དང་རྟགས་ཡབ་ཡུམ་གྱི་ཉི་ཟླ་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པའི་བདག་ཉིད་བདེ་བ་ཆེན་པོའི་རང་བཞིན་གྱིས་འཁོར་རྣམས་ལ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དོན་སེམས་ཉིད་ཡེ་ཤེས་ལྔར་དངོས་སུ་བསྐྱེད་པ་འདི་གསུངས་སོ། །ཨེ་མ་ཧོ་ངོ་མཚར་སོགས་འདི་རྣམས་གཞི་ལམ་འབྲས་གསུམ་དང་སྦྱར་ཚུལ་ཡོད་ཀྱང་འདིར་རེ་ཞིག་གཞི་ལ་སྦྱར་བའི་དབང་དུ་བྱས་ན། ཨེ་མ་ཧོ་ཞེས་པ་ངོ་མཚར་བའི་ཚིག་སྟེ། གང་ལ་ན། རྣམ་ཤེས་ཚོགས་བརྒྱད་ཀྱི་རང་བཞིན་ཡེ་ཤེས་ལྔར་དག་པའི་གནས་ལུགས་ངོ་མཚར་ཞིང་གཞན་ལས་རྨད་དུ་བྱུང་བའི་ཆོས་ཉིད་འདི་ནི་རྫོགས་པའི་སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་བ་ཟབ་མོ་སྟེ་ཕལ་གྱི་སྤྱོད་ཡུལ་མ་ཡིན་པའོ། །གང་ཞེ་ན། དོན་དམ་པར་སེམས་ཉིད་གདོད་ནས་སྐྱེ་བ་མེད་པ་ལས་ཀུན་རྫོབ་འཁྲུལ་ངོར་རྟོག་བཅས་ཀྱི་སེམས་ཐམས་ཅད་རྒྱུ་རྐྱེན་ལས་སྐྱེས་པ་ལྟར་སྣང་བ་ལ་དེ་ལྟར་སྐྱེས་པར་སྣང་ཙམ་ཉིད་ན་དོན་ལ་དེ་ལྟ་བུར་སྐྱེ་བ་གྲུབ་པ་མེད་པ་འདི་ནི་ཀུན་གཞི་ཉིད་ཆོས་ཉིད་ཡེ་ཤེས་སུ་བསྐྱེད་པའོ། །དེ་བཞིན་དུ། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་པའི་རྐང་པ་གཉིས་ནི་གོང་དུ་བཤད་པ་ལྟར་ལ། དོན་དམ་པར་སེམས་ཉིད་གདོད་ནས་འགག་པ་མེད་པ་ལས་ཀུན་རྫོབ་ཏུ་ཆོས་ཐམས་ཅད་འགག་པ་ལྟར་སྣང་ལ་དེ་ལྟར་སྣང་བ་ཐམས་ཅད་འགག་པ་ཉིད་ན་དོན་ལ་འགག་པ་མེད་པའི་ཟུང་འཇུག་རྟོགས་མེད་རང་གསལ་བ་འདི་ནི་ཀུན་གཞིའི་རྣམ་ཤེས་མེ་ལོང་ལྟ་བུའི་ཡེ་ཤེས་སུའོ། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དོན་དམ་པར་ཆོས་ཐམས་ཅད་གནས་པ་མེད་པ་ལས་ཀུན་རྫོབ་ཏུ་ཐམས་ཅད་གནས་པ་ལྟར་སྣང་ལ། རྟེན་གང་ལ་གནས་པ་ལྟར་སྣང་ཙམ་ཉིད་ན་དོན་ལ་གནས་པ་མེད་པའི་ཟུང་འཇུག་དངོས་པོའི་གཤིས་ཐ་དད་དང་ཕྱོགས་རིས་བྲལ་བ་འདི་ནི་ཉོན་མོངས་པ་ཅན་གྱི་ཡིད་མཉམ་ཉིད་ཀྱི་ཡེ་ཤེས་སུའོ། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དོན་དམ་པར་ཆོས་ཐམས་ཅད་དམིགས་པ་མེད་པ་ལས་ཀུན་རྫོབ་ཏུ་ཐམས་ཅད་དམིགས་པ་ལྟར་སྣང་ལ། ཡུལ་ཐ་དད་དུ། དམིགས་པ་ཉིད་ན་དོན་ལ་དམིགས་པ་མེད་པའི་ཟུང་འཇུག་ཡུལ་ཡུལ་ཅན་གཉིས་མེད་གསལ་ལ་མ་འདྲེས་པ་ནི་ཡིད་སོ་སོར་རྟོགས་པའི་ཡེ་ཤེས་སུའོ། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དོན་དམ་པར་ཆོས་ཐམས་ཅད་འགྲོ་འོང་མེད་པ་ལས་ཀུན་རྫོབ་ཏུ་འགྲོ་བ་དང་འོང་བ་ལྟར་སྣང་ལ། ཡུལ་གང་དུ་འགྲོ་བ་དང་འོང་བ་ལྟར་སྣང་ཙམ་ཉིད་ན་དོན་ལ་འགྲོ་འོང་མེད་པའི་ཟུང་འཇུག་སེམས་ཉིད་མ་བཙལ་ལྷུན་གྱིས་གྲུབ་པ་ནི་སྒོ་ལྔ་བྱ་བ་གྲུབ་པའི་ཡེ་ཤེས་སུ་བསྐྱེད་པའོ། །སེམས་བསྐྱེད་ཅིང་དབང་བསྐུར་བའི་རིམ་པ་དེ་སྐད་ཅེས་བརྗོད་པས་ལྷན་གཅིག་པའི་འཁོར་གྱི་དེ་བཞིན་གཤེགས་པ་ཡབ་ཐམས་ཅད་དང་ཡུམ་བཙུན་མོའི་ཚོགས་ཐམས་ཅད་ཀྱང་དོན་དམ་འོད་གསལ་དང་དབྱེར་མེད་ཀྱི་དགོངས་པ་ཉམས་སུ་མྱོང་སྟེ་སྟོན་འཁོར་དགོངས་པ་ཁྱད་མེད་དུ་གྱུར་པ་ལ་མཉེས་པས་ཁྱབ་པར་གྱུར་ཏོ། །ཐུན་མོང་མ་ཡིན་པའི་གླེང་བསླང་བ་དེ་ནས་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་རང་རང་གི་བཙུན་མོའི་ཚོགས་ཐམས་ཅད་དང་བཅས་པས་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་སྟོན་པའི་ཐུགས་རྗེ་བསྐུལ་བའི་བརྗོད་པ་འདི་བརྗོད་དོ། །ཇི་ལྟར་ཞུས་ན། མ་རྟོགས་པའི་འགྲོ་བ་ལ་སྐྱོ་བའི་ཚུལ་གྱིས་ཨེ་མ་ཧོ་ཞེས་ངམས་ཏེ། གཉིས་སུ་མེད་པའི་དོན་ཐོག་མ་ཉིད་ནས་མ་རྟོགས་པས་ཡེ་ནས་གསང་བའི་ཆོས་སོ། །ཇི་ལྟར་ན། དེ་ཉིད་སྣ་ཚོགས་སུ་སྣང་བའི་ཆོས་ཐམས་ཅད་ཀྱང་འབྲས་བུ་མི་ཟད་པ་རྒྱན་གྱི་འཁོར་ལོར་གནས་པ་ལ་ཕྱིན་ཅི་ལོག་གི་ཤེས་པས་བསླད་ནས་རང་གི་རང་བཞིན་མ་རྟོགས་པ་ནི་རང་བཞིན་གྱིས་གསང་བའོ། །གནས་ལུགས་དེ་ཡང་ཡུལ་སེམས་སོགས་གཉིས་ཆོས་ཐམས་ཅད་ལ་ངོ་བོ་ཉིད་ཀྱིས་གྲོལ་ཏེ་ཡུལ་དུ་བྱར་མེད་ཀྱང་མ་རྟོགས་པས་དེ་ལྟར་ལྟ་བ་ནི། རབ་ཏུ་གསང་བའོ། །དེ་ཡང་སེམས་ཉིད་ལས་གཞན་ཞིག་གུད་དུ་ཡོད་པ་མིན་ཀྱང་སྒྲིབ་གཉིས་བག་ཆགས་བཅས་པས་སྒྲིབ་སྟེ་རང་ལ་གནས་པ་གཞན་ལས་འཚོལ་བ་ནི། ཤིན་ཏུ་གསང་བ་སྟེ། འཁོར་གྱིས་གསང་བ་བཞིའི་དོན་དེ་སྐད་ཅེས་བརྗོད་དེས་ཞུས་པས་སྟོན་པ་ཐུགས་རྗེ་སྐྱེས་ཏེ། ཇི་ལྟར་ན། དག་པ་དེ་བཞིན་གཤེགས་པའི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་དང་། མ་དག་པ་འཁོར་བའི་ཆོས་སུ་སྣང་བ་ཐམས་ཅད་རྟོགས་རུང་མ་རྟོགས་རུང་གཉིས་སུ་མེད་དེ། བྱེད་པ་པོ་མེད་པར་ཡེ་ནས་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་བདེན་པ་དབྱེར་མེད་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མི་ཕྱེད་པའི་ཕྱིར་ཐུགས་རྗེས་དོན་དབྱེར་མེད་ནའང་། འགྲོ་བ་རང་རང་གི་རྣམ་པར་རྟོག་པ་བསྐྱེད་པའི་རྩ་བ་མ་རིག་པ་ལས་འབྲས་བུ་འགྲོ་བ་ལམ་རྒྱུད་ལྔའི་སྡུག་བསྔལ་རིས་མི་མཐུན་པ། བསམ་གྱིས་མི་ཁྱབ་པར་སྨིན་པ་ལ། ཐབས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་། ཤེས་རབ་སངས་རྒྱས་ཀྱི་ཐུགས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆེན་པོ་སྟེ། དེ་ཉིད་ཀྱི་ངང་ནས་ཇི་སྙེད་མཁྱེན་པའི་ཡེ་ཤེས་མི་འགགས་པས་གདུལ་བྱའི་ངོ་ལ་ཐུགས་རྗེ་སྐྱེ་ནས་དོན་མཛད་པར་དགོངས་ཏེ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །དེ་ཡང་མ་རྟོགས་པ་ལ་བརྩེ་བའི་རང་བཞིན་གྱིས་ཨེ་མ་ཧོ་ཞེས་ངོ་མཚར་བ་སྟེ། སེམས་ཉིད་ཡེ་ནས་དག་པ་ནི། བདེ་གཤེགས་སྙིང་པོའི་དེ་ལྟར་ཡིན་པ་ལས་རྒྱུན་ལྷན་ཅིག་སྐྱེས་པའི་མ་རིག་པས་རང་ངོ་མ་ཤེས་ཤིང་། རྐྱེན་སེམས་ཅན་རང་རང་གི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ཀུན་བརྟགས་ཀྱིས་ཉོན་མོངས་པ་སྐྱེས་ནས་ལས་སྣ་ཚོགས་ལ་སྤྱད་པའི་དབང་གིས་འཁོར་བའི་ཆོས་མེད་སྣང་བློ་བུར་དུ་སྤྲུལ་ཏེ། དེ་ལས་འགྲོ་བ། སྣ་ཚོགས་པའི་ལུས་དང་རང་རང་གི་འདོད་པའི་ཡུལ་གཟུགས་སོགས་ལོངས་སྤྱོད་དང་། མཐོ་དམན་སྣ་ཚོགས་པའི་གནས་དང་ཚ་གྲང་གི་སྡུག་བསྔལ་ལ་སོགས་པ་སྣང་བ་ལ། ལུས་ཅན་རྣམས་ཀྱི་ངའོ་ཞེས་བདག་དང་། ངའི་འདི་ཞེས་བདག་གིར་བྱེད་པས་སོ་སོར་བཟུང་བ་དང་འཛིན་པས་བཅིང་ཏེ་ཉམ་ཐག་གོ །དེ་ཡང་འཆིང་བྱེད་ཀྱི་མཁན་པོ་སུས་ཀྱང་མ་བཅིངས་ཤིང་། དངོས་པོ་གང་གིས་ཀྱང་བཅིངས་པ་མེད་དེ་གང་བཅིངས་བར་བྱ་བ། རང་ཡང་ཡོད་པ་མ་ཡིན་ཀྱང་། ཀུན་རྫོབ་ཏུ་བཅིངས་པ་ལྟར་སྣང་བ་ནི། རང་གི་རྣམ་རྟོག་བདག་ཏུ་འཛིན་པ་ཡིས་བཅིངས་པ་ལས་འཆིང་བྱེད་གཞན་མེད་དེ། དཔེར་ན་རབ་རིབ་ཅན་གྱིས་ནན་གྱིས་བརྟགས་ཀྱང་མཁའ་ལས་སྐྲ་ཤད་མེད་བཞིན་དུ་མཐོང་ནས། དེ་ལ་མདུད་པ་འདོར་བའི་འཁྲུལ་སྣང་བྱུང་བ་ན། དེ་ཡང་བཅིངས་པ་ཡོད་ན་དེ་ལྟོས་ཀྱི་གྲོལ་བའང་སྲིད་པ་ལས། ལྟོས་གཞི་བཅིངས་པ་མེད་པས་དེ་ལ་ལྟོས་པའི་ཆོས་རྣམ་པར་གྲོལ་བའང་མེད་པའི་ཕྱིར། འགྲོ་བ་མཐའ་དག་ཡེ་ནས་བཅིངས་གྲོལ་མེད་པའི་གནས་ལུགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་རྫོགས་པའི་རང་བཞིན་དུ་སངས་རྒྱས་པས་འཁོར་འདས་མཉམ་ཉིད་དུ་ལ་ཟླ་བའི་ཆོས་ཏེ། དེ་ཉིད་མཚོན་བྱེད་ཀྱི་རྒྱུད་འདི་གདུལ་བྱའི་ཁྱད་པར་གྱི་དངོས་དང་བ རྒྱུད་ནས་བསྟན་པར་བྱ་བའི་ཕྱིར་བསམ་གྱི་མི་ཁྱབ་པའི་སྤྲུལ་པ་དྲུག་སྤྲོ་བ་སོགས་འགག་མེད་ཐུགས་རྗེའི་རོལ་པ་སྣ་ཚོགས་བསྟོན་པར་མཛད་དོ། །ཅེས་སྟོན་པ་དེ་བཞིན་གཤེགས་པ་ཉིད་དུ་གྱུར་པ་ལ་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་གླེང་ངོ་། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འདིས་དོན་དམ་པར་སྤྲོས་པ་ཉེ་བར་ཞི་བ་དང་ཀུན་རྫོབ་ཏུ་དེ་ཉིད་མ་རྟོགས་པའི་དབང་གི་འཁོར་བ་ལ་དོན་མཛད་ཚུལ་གཉིས་སོ་སོར་བསྟན་ཀྱང་། དོན་ལ་གཉིས་ཀ་བྱང་ཆུབ་ཀྱི་སེམས་འཆིང་གྲོལ་མེད་པའི་ངོ་བོར་དབྱེར་མི་ཕྱེད་པས་ན་འཁོར་འདས་ཡེ་ནས་དབྱེར་མེད་དུ་གནས་པ་ལ་གནས་པར་ཤེས་པའི་བདག་ཉིད་དུ་སེམས་བསྐྱེད་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། ༈ །།ཞེས་པའི་ལེའུ་འདིས། གླེང་གཞི་ཕུན་སུམ་ཚོགས་པ་ལྔ་འཛོམ་པའི་དུས་དེར། གཉིས་པ་རྒྱུད་དོན་འབྱུང་བའི་རྐྱེན་གླེང་བསླང་བ་ཐུན་མོང་མ་ཡིན་པ་དང་། ཐུན་མོང་པ་རྫོགས་པར་བསྟན་པའི་ཚུལ་ས་བཅད་ཀྱི་སྐབས་སུའང་བཤད་པ་ལྟར་རོ། །ལེའུ་གསུམ་པ་ལ་གཉིས། གཞུང་དང་མཚན་ནོ། །དང་པོ་ལ་གཉིས། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་གཉིས། བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་དང་། ཡོངས་སུ་ཤེས་པར་བྱ་བ་ལྟ་བའོ། །དང་པོ་ལའང་རྒྱུ་དང་ངོ་བོ་གཉིས་ལས། དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་ནས། འཐོན་ཏེ། ཞེས་པར། གཉིས་པ་ངོ་བོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། འཐོན་ནས་ཀྱང་ནས། དོན་མཛད་དེ་བར། གཉིས་པ་ལ་བཞི་སྟེ། སྐུ་བསོད་ནམས་ཆེན་པོས། ཐུགས་མངོན་སུམ་པས། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས། གསུང་རིག་པས་འདུལ་བའོ། །དང་པོ་ནི། བལྟམས་པ་དང་ནས་སྟོན་པའི་ཐུབ་པས་བར། གཉིས་པ་ནི། དུས་བཞི་ནས་དྲུག་དང་ཞེས་པའི་བར། གསུམ་པ་ནི། ཀུན་ཏུ་སྐུ་ནས་སྣང་བར་འགྱུར་རོ་བར། བཞི་པ་ལ་གཉིས་ཏེ། མདོར་བསྟན་རྒྱས་བཤད་དོ། །དང་པོ་ནི། ཐམས་ཅད་ཀྱང་ནས་ཐེག་པས་ཞེས་པའི་བར། གཉིས་པ་ལ་གཉིས་ཏེ། གཉེན་པོ་ལ་དགོངས་ཏེ་དབྱེ་བ་དང་། དེའང་དབང་པོའི་བྱེ་བྲག་གི་བསྡུ་བའོ། །དང་པོ་ནི། མ་རིག་པ་ནས་གསུང་བར་འགྱུར་རོ་བར་གཉིས་པ་ནི། དེ་དག་ནས་མཐར་ཐུག་གོ །གཉིས་པ་ཡོངས་སུ་ཤེས་པར་བྱ་བ་ལྟ་བ་ལ་གཉིས་ཏེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། གཏན་ལ་དབབ་པ་དངོས་སོ། །དང་པོ་ནི། དེ་ནས་དེ་བཞིན་སོགས། གཉིས་པ་ལ་གཉིས། བརྟག་གཞིི་འཁོར་བའི་ཆོས་རང་བཞིན་མེད་པ་དང་། འདས་པའི་ཆོས་བརྗོད་མེད་དུ་གཏན་ལ་དབབ་པའོ། །དང་པོ་ལ་གསུམ། གཞལ་བྱ་གཏན་ཚིགས་གྲུབ་མཐའ་རྡོ་རྗེའི་ཐེག་པར་བསྟན་པའོ། །དང་པོ་ནི། ཇི་སྙེད་སོགས་རྐང་པ་ལྔ་གཉིས་པ་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ཐུན་མོང་པ་བདེན་པའི་གཏན་ཚིགས་ནི། ཡང་དག་སྒྱུ་མའི་སོགས་རྐང་པ་གསུམ། གཉིས་པ་ལ་གཉིས། རྟོག་པ་གཞི་དང་། དག་པ་གསུམ་གྱི་གཏན་ཚིགས་སོ། །དང་པོ་ནི། བདག་དང་སོགས་ནས་ཉིད་སྤྱོད་ཕྱིར་བར་གཉིས་པ་ནི། བདག་དང་གཞན་དང་སོགས། རྐང་པ་གཉིས། གཉིས་པ་འདས་པའི་ཆོས་བརྗོད་མེད་དུ་གཏན་ལ་དབབ་པ་ལ་ལྔ་སྟེ། ཐེག་བཞིའི་འབྲས་བུ་བླ་མེད་ཐེག་པར་བསྟན་པ་ཆོས་ཐམས་ཅད་རང་བཞིན་མེད་པའི་ཆོ་འཕྲུལ་དུ་བསྟན་པ། སངས་རྒྱས་དང་ཆོས་ལ་འཕོ་འགྱུར་མེད་ཀྱང་དེ་ལྟར་བསྟན་པ་རྒྱུད་ཀྱི་ཆེ་བ་བསྟན་པ་དེ་ཐམས་ཅད་རྟགས་པ་ཙམ་སྟེ་རང་བཞིན་བརྗོད་མེད་དུ་བསྟན་པའོ། ། དང་པོ་ནི། ཐེག་པ་གཞི་སོགས་རྐང་པ་གཉིས། གཉིས་པ་ནི། ཡང་དག་རྟོགས་སོགས་རྐང་པ་གཉིས། གསུམ་པ་ནི། སངས་རྒྱས་སོགས་ཚིག་བཅད་གཅིག་བཞི་པ་ནི། འདུལ་བ་སོགས་ཚིག་བཅད་གཉིས། ལྔ་པ་ནི། ཆོས་རྣམས་ནས་བརྗོད་དོ་བར་གཉིས་པ་བསྡུ་བ་ལ་བཞི་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་བསྡུ་བ་དངོས། བཀའ་སྔགས་མཚོན་པའི་ཚིག །བསྡུས་པའི་ཡོན་ཏན་ནོ། །དང་པོ་ནི། དེ་ནས་སོགས་གཉིས་པ་ནི། ཨ་ཧོ་སྲིད་རྩའི་སོགས་རྐང་པ་གཉིས། གསུམ་པ་ནི། ཞེས་རྡོ་རྗེ་སོགས། བཞི་པ་ནི། ཞེས་བརྗོད་པས་ཐུབ་པ་སོགས། གཉིས་པ་ལེའུའི་མཚན་ནི། གསང་བའི་སོགས་སོ། །བཅད་དེ་དང་ལྡན་པའི་གཞུང་དངོས་ནི། གང་གི་ཆེད་དུ་སྤྲོ་བར་ཞལ་གྱིས་བཞེས་པ། དེ་ནས་ཇི་ལྟར་སྤྲོ་ན། དེ་བཞིན་གཤེགས་པ་ཐམས་ཅད་ལས། དམིགས་མེད་ཀུན་ཁྱབ་རང་བྱུང་གི་ཐུགས་རྗེ་ཆེན་པོར་རང་ཤར་བའི་བྱིན་གྱིས་བརླབས་པ་དུས་སུ་འབྱུང་བ་ཞེས་བྱ་བ་ཐུགས་རིག་པའི་ཡེ་ཤེས་ལས་རྣམ་པར་འཕྲུལ་བས་ན་རིག་པའི་སྐྱེས་བུ་དང་། ལས་ཉོན་གྱི་དཔུང་བཅོམ་པས་ན་ཐུབ་པ་སྟེ། གདུལ་བྱའི་དབང་གིས་རྣམ་པ་དྲུག་གོ་གང་ལས་ན་སྟོན་པ། དེ་བཞིན་གཤེགས་པ་རིགས་དྲུག་པའི་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་འཐོན་ཏེ། དེ་ལྟར་ཐུབ་པ་དྲུག་འཐོན་ནས་ཀྱང་། དོན་བྱ་བའི་ཞིང་གདུལ་བྱའི་ལས་ཀྱི་བྱེ་བྲག་ཐ་དད་པའི་དབང་གི་མགོ་འཕྲེད་ལ་བསྟན་ནས་འགྲོ་བ་སྣྲེལ་ཞི་དང་། གྱེན་མཐུར་དུ་བསྟན་ནས་འགྲོ་བ་ཡན་མན་གྱི་འཇིག་རྟེན་སྣོད་ཀྱི་བྱེ་བྲག་ཟླུམ་པོ་སོགས་བཞི་དང་གཞི་ཕྱལ་བ་དང་སྟེང་གཡོག་མེད་པ་སྟེ་རྣམ་པ་མི་འདྲ་བ་དྲུག་གི་རང་བཞིན་གྱིས་ཕྱོགས་བཅུར་ཁྱབ་ཅིང་ཚད་བཟུང་དུ་མེད་པས་མཐའ་ཡས་མུ་མེད་པའི་ཞིང་ཁམས་ནམ་མཁའི་དབྱིངས་ལྟར་སྣང་བ་ལས་སྟོང་གསུམ་གྱི་སྟོང་ཆེན་པོ་དེ་རེ་རེར་གང་གིས་དོན་མཛད་པ་པོ་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེེར་སྣང་ནས་སྐུ་བསོད་ནམས་ཆེན་པོས་འདུལ་བ་སོགས། འདུལ་བ་རྣམ་བཞིས་དོན་མཛད་པའི་ཡུལ་ལམ་རྒྱུད་ལྔའི། ཐེག་པ་ལྔའི་རིགས་ཅན་གྱི་འགྲོ་བ་ལྔའི་དོན་མཛད་དེ། དེ་ཡང་འདུལ་བའི་ཚུལ་ནི། བདག་ཅག་གི་སྟོན་པ་ལུམྦི་ནིའི་ཚལ་དུ་སྐུ་བལྟམས་ཏེ་ཉེར་དགུའི་བར་ཁབ་ཏུ་བཞུགས་པ་དང་། དེ་ནས་ཁྱིམ་སྤངས་་ཏེ་མཆོད་རྟེན་རྣམ་དག་གི་དྲུང་དུ་རབ་ཏུ་བྱུང་བ་དང་། ཆུ་བོ་ནེརཱཉྫ་ནའི་འགྲམ་དུ་ལོ་དྲུག་གི་བར་དཀའ་ཐུབ་མཛད་ནས་ལེགས་སྐྱེས་མས་དྲངས་པའི་འོ་ཐུག་བཞེས་ཏེ་སྐུ་གསེར་གྱི་མདོག་ཏུ་གྱུར་པ་དང་། བྱང་ཆུབ་ཤིང་དྲུང་དུ་བསམ་གཏན་བཞི་ཡི་རབ་མཐའ་ལ་བརྟེན་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་ཤིང་། ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་དེ་མངོན་པར་རྫོགས་པ་སངས་རྒྱས་པ་དང་། དེའི་སྔ་ལོགས་སུ་འོད་ཟེར་བཀྱེ་བ་ལ་སོགས་པའི་སྒོ་ནས་བདུད་བཏུལ་བ་དང་། ཝ་ར་ཎ་སི། བྱ་རྒོད་ཕུང་པོ། ཡངས་པ་ཅན་སོགས་ལ་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་བསྐོར་བ་དང་། མཉན་ཡོད་དུ་མུ་སྟེགས་པ་འདུལ་བ་སོགས་ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། གྱད་ཡུལ་རྩ་ཅན་གྱི་གནས་སུ་སྐུ་མྱང་ངན་ལས་འདའ་བའི་ཚུལ་དང་སྐུ་གདུང་རིང་བསྲེལ་ལ་སོགས་པ་རྣམ་འཕྲུལ་མཐའ་ཡས་པར་སྟོན་པའི་ཐུབ་པ་གང་གི་སྐུའི་མཛད་པ་དེ་དག་ནི་བསོད་ནམས་གཞན་ལས་འཕགས་པར་བསྟན་པས་ན་སྐུ་བསོད་ནམས་ཆེན་པོས་འདུལ་བའོ། །སྔོན་དང་ཕྱི་མའི་གནས་མཁྱེན་པའི་མངོན་ཤེས་ཀྱི་འདས་པ་ལ་སོགས་པའི་དུས་བཞི་ཀུན་ཏུ་སྒྲིབ་པ་མེད་པར་ས་ལེར་མཁྱེན་པ་དང་། ཕ་རོལ་གྱི་སེམས་མཁྱེན་པའི་མངོན་ཤེས་ཀྱིས་གཞན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཀྱི་འགྱུ་བ་སྣ་ཚོགས་པ་ཀུན་ཏུ་མ་སྒྲིབ་པར་མཁྱེན་པ་དང་། སྒྲིབ་པ་མེད་པ་རྫུ་འཕྲུལ་གྱི་ལྷའི་སྤྱན་གྱིས་ཉེ་རིང་མེད་པའི་གཟུགས་དང་འཆི་འཕོ་སྐྱེ་བ་སོགས་ཐམས་ཅད་ཀུན་ཏུ་གཟིགས་པ་དང་སྒྲིབ་པ་མེད་པ་རྫུ་འཕྲུལ་གྱི་ལྷའི་སྙན་གྱིས་སྒྲ་ཆེ་ཆུང་ཉེ་རིང་མེད་པར་ཀུན་ཏུ་གསན་པ་དང་། ཐོགས་པ་མེད་པའི་རྫུ་འཕྲུལ་གྱི་ཆོ་གས་སྟེ་བྱ་བ་གྲུབ་པའི་མངོན་ཤེས་གང་འདུལ་གྱིས་སྤྲུལ་སྒྱུར་སྣ་ཚོགས་སྟོན་པས་ཀུན་ཏུ་སེམས་ཅན་གྱི་དོན་སྤྱོད་པ་དང་། སྒྲིབ་པ་དག་པའི་ཡེ་ཤེས་ཟག་པ་མེད་པའི་མངོན་ཤེས་ཀྱིས་ཇི་ལྟར་སྤྱད་ཀྱང་མི་དགོས་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ཡོངས་སུ་རྫོགས་པའི་ཤེས་པ་དང་། དེ་ལྟ་བུའི་མངོན་པར་ཤེས་པ་ཆེན་པོ་དྲུག་དང་ལྡན་པས་དོན་མཛད་པའི་ཕྱིར་ཐུགས་མངོན་སུམ་པས་འདུལ་བའོ། །གདུལ་བྱའི་ཞིང་ཀུན་ཏུ་རང་རང་གི་སྣང་བ་དང་མཐུན་པའི་སྐུའི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་། རྒྱུད་ཀུན་ཏུ་མོས་པ་དང་མཐུན་པར་འཇུག་པའི་ཐུགས་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དང་། སྐུ་རེ་རེ་ལའང་འགྲོ་བའི་མོས་པ་ཐ་དད་པའི་སྤྱོད་ཡུལ་ཀུན་ཏུ་དེ་དང་མཐུན་པའི་ཞལ་གྱི་དཀྱིལ་འཁོར་ཞི་ཁྲོ་དང་ཕྲ་མེན་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་དང་། གདུལ་བྱའི་སྐལ་པ་ཇི་ལྟར་ཡོད་པ་ཀུན་ཏུ་སོ་སོའི་སྐད་དང་མཐུན་པར་ཆོས་སྟོན་པའི་གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་སྟེ། དེ་ལྟར་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཅིང་མཐའ་ཡས་པར་འཕྲོ་བས་གྲངས་མེད་པ་དག་ཕྱོགས་བཅུའི་ཞིང་ཀུན་ཏུ་སྣང་ནས་འདུལ་བར་གྱུར་ཏོ། །སྤྱིར་ཇི་སྲིད་སེམས་ཀྱི་འཇུག་པ་མ་ཟད་ཀྱི་བར་ཐེག་པའི་མཐར་ཐུག་པ་མེད་ཅིང་། བརྩི་ཚུལ་ཡང་མཐའ་ཡས་པ་ཞིག་འབྱུང་མོད། །འོན་ཀྱང་བྱེ་བྲག་རྒྱུད་གཞུང་འདི་ཉིད་དུ་གྲགས་པ་ལྟར་ན། སྤྲུལ་སྐུའི་གསུང་བསམ་གྱིས་མི་ཁྱབ་པ་དེ་དག །ཐམས་ཅད་ཀྱང་བསྡུ་ན་འདི་ལྟ་སྟེ། རིགས་ཅན་ལྔའི་གདུལ་བྱ་འདུལ་བའི་དབང་གིས་ཐེག་པའི་བྱེ་བྲག་ལྔར་ཕྱེ་ནས་བསྟན་ཏོ། །དེ་ཡང་དང་པོ། ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་བྱང་ཆུབ་སྟེ་རང་རྒྱལ་གྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། རྒྱུའི་ཐེག་པ་ལས་ཁྱད་པར་དུ་འཕགས་ཤིང་། དེ་དག་ཐམས་ཅད་འདིར་རྫོགས་པས་ན། བླ་ན་མེད་པའི་ཐེག་པ་དང་བཅས་པས། འགྲོ་བ་རྣམས་ལྷན་གཅིག་སྐྱེས་པའི་མ་རིག་པའི་དབང་གིས་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པས་བསྐྱེད་པའི་ཉོན་མོངས་པ་དུག་གསུམ་དང་ཆ་མཉམ་ཉི་ཁྲི་ཆིག་སྟོང་རེ་སྟེ་སྡོམ་པས། སྟོང་ཕྲག་བརྒྱད་ཅུ་རྩ་བཞི་སྤྱོད་པའི་གཉེན་པོར་ཆོས་ཀྱི་སྒོ་ཡང་སྡེ་སྣོད་གསུམ་དང་། ཆ་མཉམ་རིག་པ་འཛིན་པའི་སྡེ་སྣོད་དེ་བཞིས་བསྡུས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལྔར་གསུངས་སོ། །ད་ལྟར་གསུང་ངོ་། །མ་འོངས་པ་ནའང་གསུང་བར་འགྱུར་རོ། །ཆོས་ཀྱི་སྒོ་དེ་དག་ཐམས་ཅད་ཀྱང་དབང་པོའི་བྱེ་བྲག་ལྔར་འདུ་སྟེ། དེ་ཡང་གང་ཟག་གི་བདག་མེད་རྟོགས་ཤིང་ཆོས་བདག་གཟུང་བ་རྡུལ་ཕྲན་དང་འཛིན་པའི་སྐད་ཅིག་མ་དོན་དམ་ཏུ་འདོད་པ་ཉན་ཐོས་ཀྱི་ཐེག་པ་ཉོན་མོངས་པ་སྤོང་བའི་ཐབས་དང་། ཤེས་པ་སྐད་ཅིག་མ་དོན་དམ་དུ་འདོད་པས་ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ། འཁོར་བར་འདོད་པས་རང་རྒྱལ་གྱི་ཐེག་པ་ལ་ཉོན་མོངས་པ་འགེབ་པའི་ཐབས་དང་། བདག་མེད་པ་གཉིས་རྟོགས་པས་བཟུང་བའི་ཡུལ་ཀྱང་འཛིན་པའི་ཤེས་པ་རྐྱེན་གྱིས་འཁྲུལ་པའི་ལས་ཀྱིས་ཡུལ་དུ་སྒྲོ་འདོགས་པར་ཟད་ཀྱི། དོན་ལ་བདེན་མེད་སྒྱུ་མ་ལྟ་བུར་ཤེས་ཀྱང་། ཐབས་ཀྱིས་ཟིན་མ་ཟིན་ལས་ཕན་གནོད་གྱི་བྱ་བ་ཡང་བྱེད་པར་ཤེས་ནས། ཀུན་རྫོབ་རྫས་ཡོད་དུ་བལྟས་ཏེ་བླངས་དོར་ཕྱེད་པས་བྱང་ཆུབ་སེམས་དཔའི་ཐེག་པ་ཉོན་མོངས་པ་ཆོས་ཉིད་དུ་སྦྱོང་བའི་ཐབས་དང་། ཡང་ལས་དགེ་སྡིག་དང་མི་གཡོ་བའི་ལས་ཀྱི་འབྲས་བུ་ཐམས་ཅད་ཆུད་མི་ཟ་བར་སོ་སོར་སྨིན་པར་ཡིད་ཆེས་པས་བླང་དོར་ལ་མ་ནོར་བར་སྤྱོད་ཀྱང་འཁོར་བ་ལས་ངེས་པར་འབྱུང་མི་ནུས་པ་ལྷ་མིའི་ཐེག་པ་དང་། ལྷ་མིའི་ཐེག་པ་འདི་བཤད་པའི་དུས་སུ་ཉན་ཐོས་ཐེག་པའི་གོང་དུ་བླང་ནས་བཤད་དགོས་སོ། །ཡང་ཀུན་རྫོབ་རྫས་སུ་མེད་ཀྱང་བཏགས་ཡོད་མི་འགོག་པས་འདི་ལྟར་ལས་དང་ལས་ཀྱི་འབྲས་བུ་རྣམས་མེད་ཅེས་མི་སྐུར་ལ་འོན་ཀྱང་ཉོན་མོངས་པ་ལྷ་དང་ཡེ་ཤེས་སུ་སྒྱུར་བའི་ཐབས་ལ་རྟེན་ན་དེ་དག་གིས་མི་གོས་སོ་ཞེས་སྟོན་པ་ཀྲྀ་ཡོག་སྡེ་གསུམ་གྱི་ཐེག་པ་དང་། ལས་དང་འབྲས་བུ་བདག་ཉིད་ཆེན་པོའི་རོལ་པར་རྟོགས་པས་ཉོན་མོངས་པ་ལྔ་ཡེ་ཤེས་ལྔའི་རང་མདངས་སུ་ཤེས་ཏེ། སྤངས་གཉེན་གཉིས་མེད་པས་ན། གོས་པར་མི་འགྱུར་ཏེ། ཇི་ལྟར་སྤྱད་ཀྱང་ཡོན་ཏན་དུ་འཆར་བ་སྔགས་ནང་པ་གཉིས་ལ་ཉོན་མོངས་པ་དབང་དུ་བྱས་པའི་ཐབས་དང་། ཆོས་དབྱིངས་རྣམ་དག་རང་བྱུང་གི་ཡེ་ཤེས་རང་ཤར་བས་སྤོང་སྦྱོང་སོགས་ཐམས་ཅད་དངོས་ཞེན་གྱི་ལྟ་བ་ལས་བྱུང་བར་རྟོགས་ནས། དགག་སྒྲུབ་སྤང་གཉེན་གྱི་ཐ་སྙད་ལས་གྲོལ་ནས། ལས་དང་འབྲས་བུས་གོས་སུ་མེད་པར་སྟོན་པ་སྟེ། ཐེག་པ་ཐམས་ཅད་ཀྱི་གྲུབ་མཐའི་མཐར་ཐུག་པ་གསང་བ་སྙིང་པོའི་རྒྱུད་གཞུང་འདི་དག་གོ །བསྟན་པ་སྤྱིའི་གླེང་གཞི་བཤད་པ་དེ་ནས་སྟོན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཉིད་ཀྱིས་གོ་ཕྱེ་བ་འཁོར་གྱི་ཆེད་དུ་དགོངས་པ་བརྡའི་གསུང་གིས་བརྗོད་པ་དང་འདྲ་བར་བརྡ་སྤྱོད་པ་འདི་བརྗོད་པས་གོ་བར་མཛད་དོ། །ཞེས་སྡུད་པ་པོས་ལོ་རྒྱུས་བརྗོད་དེ་འབྲེལ་སྦྱར་བའོ། །ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཇི་སྙེད་པའི་འཇིག་རྟེན་འདི་དག་རྨི་ལམ་ལྟར་འཁྲུལ་པའི་ཆོས་ཏེ། རྩ་བ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། བདག་གཉིས་སུ་རྟོག་པའི་ཀུན་བརྟགས་གཟུང་འཛིན་གཉིས་སྣང་གིས་ཤེས་པ། ཕྱི་ནང་གི་རྟེན་འབྲེལ་གཉིས་སུ་བར་མེད་པར་ཤིང་རྟའི་འཁོར་ལོ་ལྟར་འཁོར་ཏེ། ལས་མི་མཐུན་པའི་དབང་གིས་བདེ་སྡུག་སྣ་ཚོགས་མྱོང་བར་འགྱུར་ཞིང་དེའི་རང་བཞིན་ཆོས་ཉིད། ལས་ཉམས་པ་མེད་ལ། འཁོར་བར་སྣང་ཙམ་ཉིད་ནས་ཡང་དག་པར་མ་གྲུབ་པ་དོན་དམ་དང་། སྒྱུ་མ་ལྟ་བུར་མ་འགག་པར་སྣང་བ་ཀུན་རྫོབ་སྟེ། དེ་ལྟར་མཚན་ཉིད་ཐེག་པ་བས་ཆོས་ཐམས་ཅད་བདེན་པ་གཉིས་སུ་འབྱེད་པའི་འདོད་པ་དང་ཚུལ་མཐུན་པར་འདིར་ཡང་གཉིས་སུ་སྨྲ་སྟེ། འདི་ལྟར་བདག་ཏུ་འཛིན་པའི་ཤེས་པ་དང་། བདག་གི་བར་རྟོག་པ་ཕུང་པོ་ལྔ། འབྱུང་བ་ལྔ་ལ་གཞན་དུ་སྒྲོ་བཏགས་ཏེ་ཡུལ་དུ་འཛིན་པ་འདི་དག་སྣང་ཙམ་ཉིད་ནས་དེ་ལྟར་གྲུབ་པ་མེད་དེ། རྣམ་པར་དག་པའི་དབྱིངས་དེ་བཞིན་ཉིད་ཀྱི་ངང་དུ་ཚུལ་གཅིག་གོ །ཇི་ལྟར་ན་བདག་དང་བདག་གི་བ་དང་གཞན་ཞེས་ཐ་དད་དུ་སྣང་བ་འདི་རྣམས་ནི། ལོག་པར་རྟོག་པའི་འཁྲུལ་སྣང་ཙམ་ཉིད་ལས། གཞན་དུ་མ་མཐོང་བས་ཕྲ་ཞིང་ཕྲ་བ་སྟེ་རྡུལ་ཕྲན་དང་། མ་རྟོགས་པས། ཟབ་པ་སྟེ་ཤེས་པ་སྐད་ཅིག་མ་ཡང་ལོག་ན་ཡོད་པ་མ་ཡིན་ཀྱང་། འདི་ལྟར་སྣང་བ་ནི་ལོག་རྟོག་གི་རྒྱུན་སྔ་མ་ཉིད་ལ་ཕྱི་མ་ཉིད་སྤྱོད་པ་ནི་རྨི་ལམ་གྱི་སྣང་བ་ལྟར་འཁྲུལ་པ་ལས་བྱུང་བ་ཡིན་ལ་དོན་དུ་ཆོས་ཉིད་ལས་གཞན་དུ་གཡོ་བ་ཅི་ཡང་མེད་ལ་རྣམ་པར་དཔྱད་ན་ལོག་རྟོག་ཙམ་ཡང་ཡོད་པ་མ་ཡིན་ཏེ། དེའི་རྒྱུ་མ་རིག་པའི་བདག་དང་འབྲས་བུ་ཕུང་པོ་ལྔ་དང། ཞེན་པའི་རྒྱུན་རྣམ་ཤེས་སུ་སྣང་བ་ཉིད་ཀྱང་བརྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་ཡེ་ནས་གྲུབ་པ་མེད་པས་ཏེ། འཁོར་འདས་མཉམ་པ་ཉིད་ཀྱི་དབྱིངས་སུ་ལོག་རྟོག་སྐད་ཅིག་མའི་རྒྱུན་ཙམ་ཡང་མ་གྲུབ་བོ། །དེ་ལྟར་ལོག་རྟོག་གི་རྒྱུན་རྣམ་པར་དག་པའི་དབྱིངས་ཉིད་ཀྱི་ཚུལ། དེ་ཉིད་ལ་དབང་སྒྱུར་བ་སྐྱེ་འགག་གཉིས་མེད་བདེན་པར་དབྱེར་མེད་དུ་ཡེ་ནས་སངས་རྒྱས་པར་རྟོགས་པའི་མཐུས། རང་རིག་མངོན་སུམ་གྱིས་ཉིད་ལ་ཉིད་སྤྱོད་པ་ལྟར་ཡུལ་མེད་རང་གསལ་དུ་རྟོགས་པའི་ཕྱིར། བདག་ཕུང་པོ་ལྔ་དང་གཞན་འབྱུང་བ་ལྔ་དང་རྟོག་པའི་རྒྱུན་རྣམ་ཤེས་ཕྱི་ནང་གི་ཆོས་འདི་དག་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་གཏན་ལ་ཕེབས་པ་ནི། བླ་མེད་རྡོ་རྗེ་ཐེག་པ་འདི་གྲུབ་མཐའ་སྟེ། མཚན་ཉིད་ཕྱི་རྒྱུད་ཀྱི་ཐེག་པ་ལས་ཁྱད་པར་དུ་གྱུར་པའི་ཕྱིར་མཆོག་གོ །ལྷ་མི་ཉན་རང་བྱང་སེམས་ཀྱི་ཐེག་པ་བཞི་ཡིས་རང་རང་གི་མི་མཐུན་ཕྱོགས་ལས་ངེས་པར་འབྱུང་ལ། མཐར་བླ་ན་མེད་པའི་ཐེག་པ་གཅིག་པུ་འདི་ནི་དེ་དག་གི་བསྒྲུབ་བྱ་དང་། འདི་ལས་བགྲོད་ཅིང་སྦྱང་དུ་མེད་པས་འབྲས་བུར་ངེས་ཤིང་གནས་པའི་ས་ཡང་ཡིན་ནོ། །ཡང་དག་པའི་གནས་ལུགས་རྟོགས་པའི་ཤེས་རབ་ཀྱིས་རབ་ཏུ་བརྟགས་ཤིང་དཔྱད་ན། ཆོས་ཐམས་ཅད་རང་བཞིན་ཅིར་ཡང་གྲུབ་པ་མེད་པའི་ངང་ལས་རྟེན་འབྲེལ་ཙམ་དུ་རོལ་པ་ཅིར་ཡང་འཆར་བས་ཐབས་རྣམས་ཀྱང་གདུལ་བྱའི་བློ་དང་མཐུན་པར་འགྲུབ་བོ་ཡང་དག་པར་ན་སྐུ་གསུམ་དབྱེར་མེད་པས་སངས་རྒྱས་སྤྲུལ་པའི་སྐུའང་མྱང་ངན་ལས་ཡོངས་སུ་མི་འདའ་ཞིང་དེས་གསུངས་པའི་ཆོས་ཀྱང་ནམ་ཡང་ནུབ་པར་མི་འགྱུར་ཏེ། འོན་ཀྱང་འཕོ་འགྱུར་ཡོད་པ་ལྟར་སྣང་བ་ནི། གནས་ལུགས་མ་རིག་པའི་སེམས་ཅན་རྣམས་སྨིན་པར་མཛད་པ་དང་འདུལ་བར་མཛད་བའི་ཕྱིར་སངས་རྒྱས་འཇིག་རྟེན་དུ་དང་པོ་བྱུང་བ་ནས་མཐར་མྱ་ངན་ལས་འདའ་བའི་བར་གྱི་མཛད་པའི་ཚུལ་སྟོན་པ་ཐམས་ཅད་སྤྲུལ་པ་ཙམ་ལས་རང་རྒྱུད་པ་མ་ཡིན་ནོ། ། བསླབ་པ་གསུམ། གཙོ་བོར་སྟོན་པས་བཞག་པ་འདུལ་བ་མདོ་སྡེ་ཆོས་མངོན་པ་སྟེ་སྡེ་སྣོད་གསུམ་དང་། ཁྲུས་དང་གཙང་སྦྲ་སོགས་འདའ་བར་དཀའ་བའི་དམ་ཚིག་གིས་བཅིངས་པ་བྱ་རྒྱུད་དང་། ཀྲྀ་ཡོག་གཉིས་ལ་བརྟེན་ནས་སྒྲུབ་པ་སྤྱོད་རྒྱུད་དང་། ཕྱི་ཡི་སྤྱོད་པ་གྲོགས་ཙམ་ལས་གཙོ་བོར་རྣལ་འབྱོར་ལ་བརྟེན་པས་དོན་གྲུབ་པར་བྱེད་པ་ཡོ་ག་དང་། ཆོ་ག་གསུམ་བསྐྱེད་སོགས་བསྐྱེད་རིམ་དང་རྫོགས་རིམ་གསལ་སྟོང་གཙོ་བོར་སྟོན་པ་སྐུའི་རྒྱུད་ཕ་བླ་མེད་དང་། བསྐྱེད་རིམ་རྫོགས་ཚུལ་དང་། རྫོགས་རིམ་བདེ་སྟོང་གཙོ་བོར་སྟོན་པ་གསུང་གི་རྒྱུད་བླ་མེད་མ་དང་། བསྐྱེད་རྫོགས་ཟུང་དུ་འཇུག་ཅིང་འོད་གསལ་ཡེ་ཤེས་ཆེན་པོའི་རྫོགས་རིམ་གཙོ་བོར་སྟོན་པ་ཐུགས་ཀྱི་རྒྱུད་གཉིས་སུ་མེད་པ་སྟེ་ཕྱོགས་བཅུའི་ཞིང་ཁམས་རྣམས་སུ་རབ་ཏུ་གྲགས་པའི་མདོ་རྒྱུད་ཐམས་ཅད་གསང་བའི་སྙིང་པོ་འདི་ལས་འཕྲོས་ཏེ། རྒྱུད་འདི་ནི་འཁོར་བ་ཇི་སྲིད་བར་དུ། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། འབྱུང་གནས་དེ་ཕྱི་མོ་ལྟ་བུར་འགྱུར་ཞིང་། དེ་ཐམས་ཅད་གཏན་ལའང་འདིས་ངེས་པར་འབེབས་པས་ན་མདོ་རྒྱུད་ཀུན་གྱིས་སྤྱི་འགྲེལ་ལྟ་བུའང་ཡིན་ནོ། །དེ་ལྟར་བསྟན་པའི་ཆོས་རྣམས་མིང་དུ་བཏགས་པ་ཙམ། ལས་དོན་ལ་གྲུབ་པ་མེད་ཀྱང་སྟོན་པས་ཐ་སྙད་ལ་བརྟེན་ནས་ཡང་དག་པའི་དོན་ལ་རིམ་གྱིས་དཀྲི་བའི་ཆེད་དུ་རེ་ཞིག་གདུལ་བྱའི་བློ་དང་མཐུན་ཕྱོགས་སུ། མིང་དང་ཚིག་ཏུ་སྒྲོ་བཏགས་ནས་ཆོས་བསྟན་པ་ཙམ་ལས། དེ་ལྟར་སྟོན་པའི་དུས་ཉིད་ནས་མིང་ཚིག་ལ་དོན་གྱི་དངོས་པོ་ཅུང་ཟད་ཀྱང་གྲུབ་པ་མེད་དོ། །དེ་ལྟར་ཆོས་ཐམས་ཅད་བརྗོད་དུ་མེད་པའོ་ཞེས་བརྗོད་པར་མཛད་དོ། །རྒྱས་པར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཡབ་ཡུམ་དགོངས་པ་གཉིས་སུ་མེད་པའི་རང་བཞིན་གྱི་དཀྱིལ་འཁོར་དེ་དག་ཉིད་ཀྱིི་དོན་སྤྱོད་ཡུལ་ལས་འདས་པའི་གསང་བ་འདི་ཉིད་སྟོན་པའི་སྐུ་ལ་སོགས་ལྔའི་ངོ་བོ་རིགས་ལྔ་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་ཕྱུང་ངོ་། །ཨ་ཧོཿཞེས་འཁོར་འདས་གཉིས་མེད་དུ་གཏན་ལ་ཕེབ་པ་ལ་ངོ་མཚར་བའོ། །འདི་ལྟར་སྲིད་པའི་རྩ་བ་འཁོར་བའི་ཉེས་དམིགས་ཐམས་ཅད་དང་བདག་ཏུ་རྟོག་པའི་མ་རིག་པ་སྟེ། དེ་ལས་འཕྲོས་པ་ལས་ཉོན་འདུ་བྱེད་ཀྱི་བག་ཆགས་སྨིན་པའི་དབང་གིས་མངོན་པར་གྲུབ་པ་རྒྱུད་དྲུག་སེམས་ཅན་སོ་སོའི་སྣང་བ་ལ་སྐྱེ་བ་དང་སྲོག་འགག་པས་འཆི་བ་དང་ལུས་བཟང་ངན་དང་། ལོངས་སྤྱོད་ཆེ་ཆུང་དང་། གནས་མཐོ་དམའ་དང་། འཕོ་ལྟུང་སོགས་སྡུག་བསྔལ་གྱི་འཁྲུལ་འཁོར་བར་མེད་དུ་འཁོར་བ་ལ་སོགས་པ་སྟེ་དེ་དག་ཀྱང་ལོག་རྟོག་ཉིད་དེ་ལྟར་སྣང་ཙམ་ལས་དོན་གཞན་དུ་གྲུབ་པ་ཅི་ཡང་མེད་དེ། རྣམ་པར་དག་པའི་སྟོང་ཉིད་བདག་མེད་པའི་དོན་ཡེ་ནས་མཁྱེན་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཐུགས་སུ་ཆུད་པ་ནི་དམིགས་བྱ་གཟུང་བའི་ཡུལ་དང་དམིགས་བྱེད་འཛིན་སེམས་ཀྱི་རྟོག་པ་གཉིས་ངང་གིས་མེད་པར་དྲན་སྣང་ཡེ་ཤེས་སུ་དབང་བསྒྱུར་བས་ཡོན་ཏན་ལྷུན་གྱིས་གྲུབ་པ་ལ་ངོ་མཚར་བའི་མཛད་པ་གླེང་གཞི་སྤྲོ་བའི་རྒྱུ་དང་སྐུ་བསོད་ནམས་ཆེན་པོ་དང་། གསུང་རིག་པ་དང་ཡོན་ཏན་ཉིད་རྫུ་འཕྲུལ་དང་མངོན་ཤེས་སུ་ཤར་བས་ཐུགས་མངོན་སུམ་པ་དང་། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་སྟེ་འདུལ་བའི་ཞིང་ཁམས་མཐའ་ཡས་པར་སྣང་བ་ཡེ་ཤེས་རང་སྣང་ལས་གཞན་ལོགས་ན་རང་མཚན་དུ་གྲུབ་པ་མེད་དེ་ཡེ་ཤེས་དེ་ཉིད་གདུལ་བྱའི་སྣང་བ་ལ་དེ་ལྟར་སྣང་བ་ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་སྣང་བ་གཉིས་ལས་མ་འདས་སོ། །ཞེས་རྡོ་རྗེ་འཛིན་པ་གསང་བའི་བདག་པོས་ཚིག་ཏུ་བསྡུས་པའོ། །དེ་སྐད་ཅེས་བརྗོད་པས་སྟོན་པའི་ཐུགས་རྗེ་ལས་ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པ་སྤྲོས་ནས་འདུལ་བའི་དབང་གིས་ཆོས་ཀྱི་སྒོ་དུ་མ་བསྟན་པ་དང་། གདོད་ནས་གྲུབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པ་དང་བརྡལ་ལ་སོགས་པའི་སྒོ་ནས། གསུངས་པ་ཡང་ཆོས་ཐམས་ཅད་སེམས་དང་ཡེ་ཤེས་རང་སྣང་བར་བསྟན་པ་དེ་དག་ཏུ་འདུས་པར་སྟོན་པ་དེ་བཞིན་གཤེགས་པ་རིགས་དྲུག་པ་ཉིད་ཀྱིས་མཁྱེན་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་དང་ཡེ་ཤེས་ཉིད་རང་བཞིན་གྱི་རྣམ་པར་དག་པའི་ཆོས་ཉིད་དུ་གཏན་ལ་ཕབ་ནས་བསྟན་པའི་ལེའུ་སྟེ་གསུམ་པའོ།། ༈ །།ཞེས་པའི་ལེའུ་འདིས། དེ་ནས་དེ་བཞིན་གཤེགས་པ་ནས། གོས་སུ་མེད་པར་སྟོན་པའི་མཐར་ཐུག་གོ །ཞེས་པའི་བར་གྱིས་སྤྲུལ་སྐུ་འགྲོ་བ་འདུལ་བའི་གླེང་གཞི་བསྟན་ཏེ། དེ་ལྟར་ན་དེ་ཡན་ཆད་ཀྱིས་རྒྱུད་འབྱུང་བའི་རྒྱུ་རྐྱེན་རྫོགས་པར་སློབ་དཔོན་སྒེགས་པའི་རྡོ་རྗེ་དང་། སངས་རྒྱས་གསང་བས་བཞེད་ཅིང་། དེ་ནས་དེ་བཞིན་གཤེགས་པ་མན་ཆད་ཀྱིས་དེ་ཁོ་ན་ཉིད་ལྟ་བའི་རིམ་པ་གཙོ་བོར་བསྟན་པར་གསུངས་ལ། སློབ་དཔོན་བི་མ་ལས། ལེའུ་གཉིས་པས་ཡུམ་གྱི་སླེང་བསླང་བའི་རྒྱུད་འབྱུང་བའི་རྒྱུ་རྐྱེན་རྫོགས་ནས། དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོ་ཞེས། ལེའུ་གཉིས་པའི་སྨད་ཆས་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་པ་བསྟན་པར་བཞེད། དེའང་ལེའུ་གསུམ་པར། བྱང་ཆུབ་མཆོག་ལྡན་རྣལ་འབྱོར་དེས། ཆོས་ཀུན་ངེས་དོན་གཏན་ལ་ཕབ་ཅེས་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་པའི་རྣལ་འབྱོར་པས། གནས་སྐབས་སུ་ལམ་གྱི་རིམ་པ་སྣ་ཚོགས་སུ་བསྟན་ཀྱང་། མཐར་ཐུག་ངེས་པའི་དོན་ཁོ་ན་ལ་འབབ་ཅིང་། གཞོལ་བས་གཏན་ལ་ཕབ་པའི་ཚུལ་བསྟན་ཏོ། །རོང་ཟོམ་ཆེན་པོ་ནི། ལེའུ་དང་པོར་གླེང་གཞི། གཉིས་པ་ཀུན་བཟང་ཡབ་ཡུམ་གྱི་གླེང་བསླངས་དང་། དེ་མ་རྟོག་པའི་འགྲོ་ལ་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་པ། གསུམ་པར་དེའི་བྱིན་རླབས་ཐུབ་པ་དྲུག་སྤྲོས་ཏེ་འདུལ་བ་བཞིས་འགྲོ་དོན་མཛད་ཚུལ་བསྟན་ནས། ལེའུ་བཞི་པ་མན་ཆད་ཀྱིས་རྒྱུད་ཀྱི་དངོས་བསྟན་པར་བཞེད་དོ། །འོ་ན་འདིར་གང་བཞག་སྙམ་ན། ལུགས་དེ་གསུམ་ཀ་གང་ལྟར་བཤད་ཀྱང་འགལ་བ་མེད་ཅིང་འཆད་བདེ་མོད་ཀྱི། འོན་ཀྱང་འདིར་བཀའ་སྡེ་ཟུར་པའི་བཤད་སྲོལ་གྱི་མན་ངག་དབང་བཙན་དུ་བྱས་ཏེ། རེ་ཞིག་བཤད་པ་དང་པོའི་རྗེས་སུ་འབྲང་སྟེ་སྨྲའོ། །ཞི་ཁྲོ་སྤྱི་བྱེ་བྲག་གི་ལེའུ་ཆོས་སྟོན་པའི་ལེའུ་ཚོམ་དང་སྦྱར་བའི་དབང་དུ་བྱས་ན། ལེའུ་གསུམ་པའི་སྟོད་ཆ་ཡན་ཆད་ཀྱིས་ཞི་བ་སྔོན་བྱུང་གི་ལེའུ་བསྟན་ཏེ། མཐར་ཕྱིན་འབྲས་བུའི་དཀྱིལ་འཁོར་མཚོན་པར་བྱེད་པ་ཡིན་ནོ། །རྒྱུད་ཀྱི་དངོས་པོ་ཇི་ལྟར་སྟོན་པ་དང་སྦྱར་བའི་དབང་དུ་བྱས་ན། དེ་ཁོ་ན་ཉིད་ལྟ་བ་ལས། ལེའུ་གསུམ་པ་འདིས་ཐེག་པ་སྣ་ཚོགས་པའི་ལྟ་བ་སྟོན་པ་ཡིན་ནོ། །ལེའུ་བཞི་པ་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་དེ་བཞིན་ནས། ཕྱུང་ངོ་བར་ལེའུའི་གཞུང་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། བསྡུས་ཏེ་བསྟན་པའོ། །དང་པོ་ལ་བཞི་སྟེ། ཡི་གེ་ཇི་ལྟར་བྱུང་བའི་ཚུལ། དེ་ལྟར་བྱུང་བའི་མཐུ། ལམ་པའི་དབང་དུ་སེམས་སྦྱང་བ། ཡི་གེའི་དོན་བཤད་པའོ། །དང་པོ་ནི། ཨ་ཀ་ཁ་སོགས་ནས་ཨེ་ཨ་བར། གཉིས་པ་ནི། འདི་དག་ཕྱུང་བ་ཤེས་སོགས། གསུམ་པ་ལམ་པའི་དབང་དུ་སེམས་སྦྱང་བ་ལ་གསུམ་སྟེ། ཨ་ཡིག་ལ་སྦྱང་བ། ཡི་གེ་གཞན་ལ་སྦྱང་བ། དེ་ཡེ་ཤེས་ཀྱི་རྒྱུར་བསྟན་པའོ། །དང་པོ་ནི། ཨ་རབ་ཏུ་བརྟན་གྱུར་སོགས་ཚིག་བཅད་གཅིག །གཉིས་པ་ནི། དེ་ལས་སོགས་རྐང་པ་གཉིས། གསུམ་པ་ནི། འདི་ནི་སོགས་རྐང་པ་གཉིས། བཞི་པ་ཡི་གེ་དོན་བཤད་པ་ལ་གསུམ། གསུང་བའི་ལོ་རྒྱུས། དོན་བཤད་དངོས། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་སོགས། གཉིས་པ་ལ་གཉིས་ཏེ། ཡི་གེ་སྤྱིའི་དོན་བཤད་པ་དང་། བྱེ་བྲག་བཞི་བཅུ་རྩ་ལྔའི་དོན་བཤད་པའོ། །དང་པོ་ལ་བཞི་སྟེ། ཡི་གེའི་ཆེ་བ། རང་བཞིན་བྱེད་ལས་ངེས་ཚིག་གོ །དང་པོ་ལ་གཉིས་ཏེ། ཡི་གེ་སྐུ་གསུམ་གྱི་བདག་ཉིད་དུ་བསྟན་པ་དང་། དེ་དག་གི་རྡོ་རྗེ་གསུམ་མཚོན་བྱེད་བསྟན་པའོ། །དང་པོ་ལ་གསུམ་ལས། དང་པོ་དམིགས་མེད་ཆོས་སྐུར་བསྟན་པ་ནི། ཨ་ནི་སྟོང་དང་སོགས་ཚིག་བཅད་གཅིག །གཉིས་པ་དབང་སྒྱུར་ལོངས་སྐུར་བསྟན་པ་ནི། ཨ་ཉིད་སྣ་ཚོགས་སོགས་ཚིག་བཅད་གཅིག །གསུམ་པ་རོལ་པ་སྣ་ཚོགས་པར་སྣང་བ་སྤྲུལ་སྐུར་བསྟན་པ་ལ་གསུམ་ལས། དང་པོ་སྤྲུལ་སྐུའི་གསུང་དུ་བསྟན་པ་ནི། ཨེ་མ་ཧོ་ངོ་མཚར་སོགས་ཚིག་བཅད་གཅིག །གཉིས་པ་སྤྲུལ་སྐུའི་ཐུགས་སུ་བསྟན་པ་ནི། དངོས་མེད་སོགས་རྐང་པ་གཉིས། གསུམ་པ་སྤྲུལ་སྐུའི་སྐུར་བསྟན་པ་ནི། དབྱིབས་དང་སོགས་རྐང་པ་གཉིས། གཉིས་པ་དེ་དག་གིས་རྡོ་རྗེ་གསུམ་མཚོན་བྱེད་དུ་བསྟན་པ་ནི། ཕྱོགས་བཅུ་དུས་བཞིར་སོགས་ཚིགས་བཅད་གཅིག །གཉིས་པ་ཡི་གེའི་རང་བཞིན་ནི། སེམས་ཀྱི་སོགས་རྐང་པ་གཉིས། གསུམ་པ་བྱེད་ལས་ནི། དམིགས་མེད་སོགས་ཚིགས་བཅད་གཅིག །བཞི་པ་ངེས་ཚིག་ནི། དབྱིངས་སོགས་རྐང་པ་གཉིས། གཉིས་པ་བྱེ་བྲག་གི་དོན་བཤད་པ་ལ་གཉིས་ཏེ། ཁྱབ་བྱེད་གསུམ་དང་། ཁྱབ་བྱ་ཞེ་གཉིས་ཀྱི་དོན་བཤད་པའོ། །དང་པོ་ནི། མགོ་ནི་སོགས་རྐང་པ་གསུམ། གཉིས་པ་ནི། ཨ་ནི་སྐྱེ་མཆེད་སོགས་ནས། ཞིག་པ་ཡིན་ཞེས་པའི་བར། གསུམ་པ་མཇུག་བསྡུ་བ་ནི། ཡི་གེ་ནས་ཨ་ཧོཿབར། གཉིས་པ་བསྡུས་ཏེ་བསྟན་པ་ལ་བཞི། གསུངས་པ་ལོ་རྒྱུས་སུ་བརྗོད་པ། བསྡུ་བ་དངོས། བཀའ་གསང་སྔགས་མཚོན་པ་ཡོན་ཏན་ནོ། །དང་པོ་ནི། དེ་ནས་སོགས། གཉིས་པ་ནི། ཨ་ཧོ་ཐབས་དང་ནས་ཨ་ཧོཿབར། གསུམ་པ་ནི། རྡོ་རྗེ་ནས་ཚིག་ཏུ་འོ་བར། བཞི་པ་ནི། ཞེས་བརྗོད་པས་སོགས། གསུམ་པ་ལེའུའི་མཚན་ནི། གསང་བའི་སོགས་སོ། །དེ་ནས་གཞུང་དངོས་བཤད་པ་ནི། ཆོས་ཐམས་ཅད་གཏན་ལ་ཕབ་པ་དེ་དང་མཚོན་བྱེད་ཡི་གེ་ལ་བརྟེན་ནས་འབེབས་དགོས་པའི་ཕྱིར་དེ་ནས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་ཐ་དད་མེད་དེ་གཅིག་ཏུ་གྱུར་ནས་སྲིད་ཞི་མཉམ་པ་ཆེན་པོའི་ཚུལ་དུ་དབྱེར་མི་ཕྱེད་པ་རྡོ་རྗེ་དབྱིངས་སུ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་དག་པ་སངས་རྒྱས་པར་གྱུར་པའི་ཏིང་ངེ་འཛིན་ལས་དགོངས་པ་མི་གཡོ་བར་བཞུགས་པས་ཆོས་ཐམས་ཅད་ངོ་བོ་མེད་པ་མིང་ཙམ་དུ་གནས་པའི་དོན་མཚོན་པར་བྱེད་པ་ཡི་གེ་འཕྲེང་བའི་འཁོར་ལོ་ཞེས་བྱ་བ་འདི་སྟོན་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་ཕྱུང་ངོ་། །ཨཿ རང་གི་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་ཨ་ཡིག་དཀར་པོ་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་བསྒོམ་པར་བྱའོ། །ཇི་ལྟར་ན་མི་གཡོ་མི་འགྱུར་མངོན་པར་མི་འགྱུར། ཅིར་ཡང་འགྱུར་དུ་རུང་བ་སྟེ། རབ་ཏུ་བརྟན་པར་གྱུར་པའི་ཚད་བཞི་དང་ལྡན་པའི་ཨ་དཀར་པོ་སལ་ལེ་སིང་ངེ་ལྷག་གེ་ལྷང་ངེ་བ་སྟེ་གསལ་བའི་ཚད་བཞི་དང་ལྡན་པ་ལ་བློ་གནས་པ་དང་། སྤྱོད་ཡུལ་གྱི་སྣང་ཞེན་སྦྱོང་ཕྱིར་དེ་ལས་ཤིན་ཏུ་ཕྲ་བའི་ཨ་གྲངས་མེད་པ་རྣམས་སྤྲོ་བར་བྱའོ། །དེས་ཕྱོགས་བཅུ་ཐམས་ཅད་ཨས་གང་བར་སྣང་ཡུལ་དུ་གསལ་བར་གྱུར་ནས། འཕྲོ་གཞིའི་ཨ་དེ་ལ་བསྡུས་ཀྱང་གཞི་དང་མཁའ་ཁྱབ་ཀྱི་ཨའི་རང་བཞིན་ལ། འཕེལ་བ་འམ་འགྲིབ་པ་མེད་དེ་མ་འདྲེས་པར་གསལ་ཞིང་བརྟན་པའི་ཕྱིར་རོ། །ཨ་ཡིག་དེ་ལས་མིང་གི་གཞི་དང་ང་རོ་རྣམས་གསལ་བར་བྱེད་པའི་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་ཚོགས་ཁ་དོག་གསལ་ཞིང་འོད་འབར་བ་ཕྱོགས་ཀུན་ཁྱབ་པར་སྤྲོ་ཞིང་བསྡུ་བའང་སྔར་ཨ་ལ་ཇི་ལྟར་སྦྱངས་པ་དེ་བཞིན་ནོ། །དེ་ལྟར་ཡི་གེ་ལ་སེམས་སྦྱོངས་བའི་ཐབས་འདི་ལ་འབད་པས་ནི་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཀྱི་རྒྱུ་ཏིང་ངེ་འཛིན་བརྟན་པ་ཉིད་འབྱུང་སྟེ་དེས་འབྲས་བུ་ཡེ་ཤེས་བསྐྱེད་པའི་རྒྱུ་བྱེད་པ་ཡིན་ནོ། །ཡི་གེའི་འཁོར་ལོའི་འཕྲོ་གཞིའམ་རྩ་བ་ཨ་ཡིག་ནི་ཁོང་ནས་རང་བྱུང་བ་དང་། དེ་བཞིན་དུ། མགུལ་གྱི་གནས་ལས། ཀ་ཁ་ག་གྷ་ང་། ལྗགས་ལས་ཙ་ཚ་ཛ་ཛྙ་ཉ། ལྗགས་ཀྱི་རྩེ་མོ་ལས། ཊ་ཋ་ཌ་ཌྷ་ཎ་དང་། ཏ་ཐ་ད་དྷ་ན། གཉིས་མཆུ་ལས། པ་ཕ་བ་བྷ་མ། གཞན་སྐུའི་ཆ་ཉི་ཤུ་ལས། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ཨི་ཨཱི་ཨུ་ཨཱུ། ཨེ་ཨཻ་ཨོ་ཨ་སྟེ་བཅུ་བདུན། མགོ་རིག་ཤད་སྟེ་ཁྱབ་བྱེད་ཀྱི་ཡི་གེ་གསུམ་དང་ཉི་ཤུ་འཐོན་ཏེ། དེ་དག་འབྱུང་ཁུང་དང་སྦྱར་ཚུལ་འགྲེལ་པ་སོགས་ལས་ཤེས་པར་བྱའོ། །ཡི་གེ་འདི་དག་ཕྱུང་བ་ཙམ་གྱི་མཐུས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ། ཐམས་ཅད་ཤར་ནུབ་དང་། མཐའ་དབུས་སོགས་ཕན་ཚུན་མཐོ་དམའི་རྣམ་པ་དྲུག་ཏུ་གཡོས་ཆེར་རབ་ཏུ་གཡོས་ཆེས་ཆེར་ཀུན་ཏུ་གཡོས་པས་དངོས་པོའི་འཁྲུལ་པ་ཞིག་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་མིང་དུ་བཏགས་པ་ལས་དོན་གྱི་ངོ་བོ་མ་གྲུབ་པའི་མཚན་ཉིད་ཙམ་དུ་གྱུར་ཏོ། །དེ་ལྟར་གྱུར་པ་ལ་མཉེས་པས་ཧོཿ ཞེས་བྱའོ། །ཡི་གེ་ལ་སེམས་སྦྱོང་བ་སོགས་བསྟན་པའི་རྗེས་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་སྟོན་པ་ཡི་གེའི་དོན་བཤད་ཀྱི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཡི་གེ་ཨ་ནི་སྟོང་པ་དང་མི་སྟོང་པ་གཉིས་ཀྱི་མཐའ་དང་བྲལ་བར་མ་ཟད་ཟུང་འཇུག་དབུ་མ་ཙམ་དུའང་དམིགས་སུ་ཡོད་པ་མ་ཡིན་པས། དེ་ལྟར་གཏན་ལ་ཕེབ་པས་ཆོས་ཐམས་ཅད་མིང་དུ་བཏགས་པ་ཙམ་ལས་དོན་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ནི་སངས་རྒྱས་ཀུན་གྱི་རང་བཞིན་ཆོས་སྐུ་དང་། དེའི་རང་གདངས་ཡི་གེ་ཕྲེང་བའི་འཁོར་ལོ་ཉིད་ཀྱང་ཆོས་སྐུའི་ངང་ལ་གནས་པ་ལས་གཞན་དུ་མ་གཡོས། ཡི་གེའི་འབྱུང་ཁུང་ཨ་ཉིད་ཀྱིས་གོ་ཕྱེ་བས་སྣ་ཚོགས་པར་སྣང་བའི་ཚུལ་ནི་ངག་གི་འདུ་བྱེད་ཀྱི་དབང་ལས་ཀ་ལ་སོགས་པ་བཞི་བཅུ་གཉིས་སུ་སྣང་བའང་སྒྲ་ཡི་ང་རོ་དབྱངས་དང་མིང་གཞི་གསལ་བྱེད་ཀྱི་ཡི་གེ་ཇི་སྙེད་པ་ཐམས་ཅད་འདིར་དེ་སྙེད་དུ་བསྡུས་པ་སྟེ། དེའང་སངས་རྒྱས་བཞི་བཅུ་རྩ་གཉིས་སུ་མངོན་པར་རྫོགས་པར་མངའ་མཛད་པའི་རྒྱལ་པོ་དེ་ཁོ་ན་ཉིད་ལོངས་སྐུའི་ངོ་བོར་ངེས་པའོ། །ཨེ་མ་ཧོ་ཞེས་ཡི་གེའི་འཁོར་ལོ་ཤིན་ཏུ་ངོ་མཚར་ཞིང་ཆེས་ཡ་མཚན་གྱི་གནས་ཏེ་ཅིའི་ཕྱིར་ན། ཆོ་འཕྲུལ་ཆེན་པོ་མངའ་བའི་ཡི་གེ་ཞེ་གཉིས་ཀྱི་སྟེང་དུ་ཁྱབ་བྱེད་གསུམ་བསྣན་པས་བཞི་བཅུ་རྩ་ལྔའི་ཚོགས་འདི་དག་འདུས་པ་ལས་མིང་དང་ཚིག་རྣམས་བྱུང་ཞིང་། དེ་འདུས་པ་ལས་ངག་གི་རྣམ་པ་མ་ལུས་པ་འཛིན་པའི་གནས་སུ་གྱུར་ཏེ། གང་འདུལ་སྤྲུལ་སྐུའི་གསུང་རྒྱ་ཆེ་བ་ཐེག་པ་སྣ་ཚོགས་པ་དང་། ཐབས་བརྗོད་བྱའི་དོན་ཆེན་པོ་འདུལ་བྱའི་སྣང་ངོར་སྨྲ་ཞིང་གཞན་ལ་སྟོན་པ་ཡིན་ནོ། །ཡི་གེར་སྣང་དུས་ཉིད་ནས་བདེན་པའི་དངོས་པོ་མེད་དེ། ཅི་ཕྱིར་ན་ཡི་གེའི་རང་བཞིན་སེམས་ཉིད་ཡིན་པས། སེམས་ཀྱི་རང་བཞིན་བདག་མེད་ཅིང་སྤྲོས་པའི་མཐའ་དང་བྲལ་བས་ཅིར་ཡང་མི་དམིགས་པ་ཐུགས་ཀྱི་གསང་བར་གྱུར་ཀྱང་། བརྡར་བཏགས་པ་ཡི་གེའི་དབྱིབས་དང་ཁ་དོག་ལ་བརྟེན་ནས་ངོ་བོ་མིང་ཚིག་སྣ་ཚོགས་ཀྱི་རྣམ་འཕྲུལ་ལས་ལྷ་བསྐྱེད་པའི་ས་བོན་དང་། གླེགས་བམ་གྱི་སྣང་བརྙན་སོགས་ཐུགས་རྗེའི་རོལ་པ་ཅིར་ཡང་སྣང་བས་སྤྲུལ་སྐུའི་མཛད་པ་སྒྲུབ་ཅིང་སྟོན་པའི་ཕྲིན་ལས་ཅན་ནོ། །ཕྱོགས་བཅུ་དུས་བཞིར་འགྲོ་དོན་ལ་གཤེགས་ཤིང་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཡེ་ཤེས་སེམས་དཔའི་རང་བཞིན་གྱི་དཀྱིལ་འཁོར་ཞེ་གཉིས་སུ་འདུས་པ་ཁྱབ་བྱར་བྱས་པའི་དེ་རེ་རེ་ལ་ཁྱབ་བྱེད་སྐུ་གསུང་ཐུགས་གསུམ་གསུམ་དང་ལྡན་པས་དཀྱིལ་འཁོར་ཞེ་གཉིས་ཁྱབ་བྱེད་གསུམ་དང་བཅས་ཏེ་བཞི་བཅུ་རྩ་ལྔའི་བདག་ཉིད་འདུས་ཤིང་། དེ་ཡང་ཡི་གེའི་མགོ་ཤར་རིག་གསུམ་དང་། ཀ་ནས་ཀྵའི་གསལ་བྱེད་སོ་བཞི། ཨི་སོགས་དབྱངས་བརྒྱད་དྲིལ་བས། ཁྱབ་བྱའི་ཡི་གེ་ཞེ་གཉིས་ཏེ། མདོར་ན་ཨའི་ཆོ་འཕྲུལ་ཡི་གེ་བཞི་བཅུ་རྩ་ལྔ་ལ་འདུས་ཤིང་རྫོགས་པས་ཆོས་སྐུའི་རོལ་བ་གཟུགས་སྐུའི་དཀྱིལ་འཁོར་མཚོན་བྱེད་ནི་ཡི་གེའོ། །དེ་ཡང་སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་ཡི་གེར་སྣང་བ་སྟེ། དེ་ལས་གཞན་དུ་ཡི་གེ་ཞེས་དངོས་པོར་གྲུབ་པ། ཡོད་པ་མ་ཡིན་ནོ། །ཅིར་ཡང་དམིགས་མེད་ཀྱི་ཡི་གེ་དེ་ཉིད་ཀྱང་རོལ་བ་སྣ་ཚོགས་པའི་ཡི་གེ་སྐུ་གསུང་ཐུགས་དཀྱིལ་འཁོར་གྱི་འཁོར་ལོ་ཆེན་པོར་མ་འགགས་པ་སྟེ། དེས་ཡེ་ནས་སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པ་ནི་ངོ་མཚར་གྱི་གནས་ཡ་མཚན། ཞིང་ཆོ་འཕྲུལ་ཆེན་པོར་སྣང་བའི་དངོས་གྲུབ་ཉིད་རང་རིག་པའི་མངོན་སུམ་དུ་རབ་ཏུ་འགུགས་ཤིང་འདྲེན་པར་བྱེད་པའོ། །ཡུལ་ཆོས་དབྱིངས་ལ་ཡུལ་ཅན་མཚན་མེད་ཤེས་རབ་ཀྱི་དབྱིངས་ཀྱིས་བྱ་རྩོལ་མེད་པར་བྲིས་པ་སྟེ། ཡེ་ནས་ལྷུན་གྲུབ་ཀྱིས་གྲུབ་པའི་ཡི་གེའི་སྤྲིན་འགྱུར་བ་མེད་པ་དང་ལྡན་པས། ཡི་གེ་ཞེས་པའི་མིང་ནི་དེའི་ཕྱིར་ཐ་སྙད་ཙམ་དུ་བརྗོད་པ་སྟེ། མཚོན་བྱེད་ཡི་གེ་མགོ་ནི་བེར་ཀ་རིས་ཏེ། མཚོན་བྱའི་དོན་ཟུང་འཇུག །མ་ནོར་བ་གཉིས་མེད་ཡེ་ཤེས་ཀྱི་རང་བཞིན་ཐུགས་རྡོ་རྗེ་མཚོན། བྱེད་ལས་ནི་ཡི་གེའི་མགོ་འདྲེན་ཅིང་འཇུག་པའི་སྒོར་གྱུར་པས་ལམ་དང་འདྲ་བ་ཡིན་ཏེ། ཡི་གེ་ཏིག་ནི་ཚེག་སྟེ་དོན་ཤེས་རབ་བརྗོད་མེད་ཀྱི་རང་བཞིན་གསུངས་རྡོ་རྗེ། བྱེད་ལས་ཡི་གེ་རྣམས་འདུས་པ་དབྱངས་ཀྱིས་བཅིངས་པས་དངོས་པོ་སོ་སོའི་མིང་དུ་གྲུབ་པ་མ་འདྲེས་པར་སྨྲ་བ་དང་། ཡི་གེ་ཤད་ནི་དོན་ཐབས་སྙིང་རྗེ་ཆེན་པོས་འདུལ་བའི་རང་བཞིན་སྐུ་རྡོ་རྗེ། བྱེད་ལས་རྐང་པ་སྡེབ་ནས་ཚིགས་སུ་གཅོད་པར་བྱེད་པའོ། །ཡི་གེ་ཨ་ནི་ཆོས་ཐམས་ཅད་སྐྱེད་མེད་དེ་བཞིན་ཉིད་ཀྱི་དབྱིངས་བྱ་བ་མོ་ཀུན་ཏུ་བཟང་མོ་དང་། ཋ་ཡིག་ནི་སྒྱུ་མ་ལྟ་བུ་རྣམ་ཤེས་ཆོས་དབྱིངས་ཡེ་ཤེས་སུ་དག་པ་ཕྱག་རྒྱར་འཕྲུལ་པ་རྡོ་རྗེ་མི་བསྐྱོད་པ་ཉིད་དང་། དེ་བཞིན་དུ་ཕུང་ལྔ་དག་པ་ཡེ་ཤེས་ལྔ་རིགས་ལྔར་སྦྱར་ཏེ། ཊ་ནི་མེ་ལོང་ཡེ་ཤེས་ཀྱི་ཕྱག་རྒྱར་སྣང་བས་སྒྱུ་འཕྲུལ་ལྷ་རྣམ་སྣང་ཉིད་དང་། ཌ་ནི་སྒྱུ་འཕྲུལ་མཉམ་ཉིད་ཡེ་ཤེས་ཀྱིས་རེ་བ་ཡིད་བཞིན་དུ་སྐོང་བའི་ཕྱག་རྒྱ་རིན་འབྱུང་ཉིད་དང་། ཌྷ་ནི་སྒྱུ་འཕྲུལ་ཆོས་ཀུན་སོ་སོར་གཟིགས་པ་རྣམ་པར་དག་པའི་ཕྱག་རྒྱ་སྣང་མཐའ་ཉིད་དང་། ཎ་ནི་འདུལ་བྱའི་དོན་ཀུན་ཏུ་མཐར་ཕྱིན་པར་མཛད་པའི་སྒྱུ་འཕྲུལ་ཡེ་ཤེས་ཀྱི་ཕྱག་རྒྱ་དོན་གྲུབ་ཉིད་དོ། །ཐ་ནི་དྲ་བ་སྟེ་ཡུམ་རྣམས་དབྱིངས་ཀྱི་ཕྱག་རྒྱ་ཡིན་པས་ཆོས་ཅན་ཐམས་ཅད་དང་འབྲེལ་ཞིང་། རྣམ་པའང་ཡབ་དང་ཕན་ཚུན་ཐབས་ཤེས་ཟུང་འབྲེལ་དུ་བཞུགས་པ། ཆོས་ཉིད་ཀྱི་མཁའ་ལ་ཆོས་ཅན་ཐམས་ཅད་མངོན་པར་རྫོགས་པའི་ཕྱག་རྒྱ་དབྱིངས་ཕྱུག་མ་ཉིད་དོ། །ཏ་ནི་དྲྭ་བ་སྲ་བརྟན་པའི་ཁམས་ཡོན་ཏན་གྱི་རྟེན་དུ་གྱུར་པ་སྤྱན་མ་ཉིད་དང་། ད་ནི་དྲ་བ་ལྷག་མཐོང་གི་མེ་ལྷམ་མེར་གསལ་བ་གོས་དཀར་ཉིད་དང་དྷ་ནི་དྲྭ་བ་མཉེན་ཅིང་འཁྲིལ་བ་ཆུས་ཡོན་ཏན་སྡུད་པ་མཱ་མ་ཀཱི་ཉིད་དང་། ན་ནི་དྲྭ་བ་ཀུན་ཏུ་གཡོ་ཞིང་འགྱུར་བས་གདུལ་བྱ་སྒྲོལ་བ་དམ་ཚིག་སྒྲོལ་མའོ། །ཡུལ་སོ་སོར་རིག་པ་སྒོ་ལྔའི་རྣམ་ཤེས་ལ་འདིར་ཐུགས་ཀྱི་སྒྲས་བསྟན་ཏེ། ཀ་ནི་སྤྱན་གྱི་རྣམ་ཤེས་དག་པས་ཐུགས་ཀྱི་མཆོག་ས་སྙིང་། ཁ་ནི་སྙན་གྱི་རྣམ་ཤེས་དག་པ་ཐུགས་ཀྱི་མཆོག་ཕྱག་རྡོར། ག་ནི་ཤངས་ཀྱི་རྣམ་ཤེས་དག་པ་ཐུགས་ཀྱི་མཆོག་ནམ་སྙིང་། གྷ་ནི་ལྗགས་ཀྱི་རྣམ་ཤེས་དག་པ་ཐུགས་ཀྱི་མཆོག་སྤྱན་རས་གཟིགས། ང་ནི་འདུ་ཤེས་ཀྱི་མཐར་ཐུག་གསང་བའི་རྣམ་ཤེས་ཀྱིས་བདེ་བ་མྱོང་དུས་མིག་ཤེས་ལ་སོགས་པའི་རྟོག་པ་གཞན་འགག་པས་ཐུགས་ཀྱང་འཇིག་པར་བྱེད་པའོ། །སྟེ་གཤིན་རྗེ་གཤེད་དོ། །ཕྱིའི་ཡུལ་ལྔ་ལ་སྐུའི་སྒྲས་བསྟན་ཏེ། ཙ་ནི་སྤྱན་གྱི་ཡུལ་གཟུགས་རྣམ་པར་དག་པས་སྐུ་ཡི་མཆོག་སྒེག་མོ། ཚ་ནི་སྙན་གྱི་ཡུལ་སྒྲ་དག་པ་སྐུ་ཡི་མཆོག་གླུ་མ། ཛ་ནི་ཤངས་ཀྱི་ཡུལ་དྲི་དག་པ་སྐུ་ཡི་མཆོག་ཕྲེང་མ་ཛྷ་ནི་ལྗགས་ཀྱི་ཡུལ་རོ་དག་པ་སྐུ་ཡི་མཆོག་གར་མ། ཉ་ནི་ཡུལ་རེག་བྱའི་མཐར་ཐུགས་གསང་བའི་པདྨ་དང་འཕྲད་པའི་དུས་ཡུལ་གཞན་གྱི་རྟོག་པ་འགག་པས་སྐུ་ཡང་འཇིག་པར་བྱེད་པ་སྟོབས་ཆེན་པོ། །ཡུལ་དང་ཤེས་པ་གཉིས་ཕྱི་ནང་དུ་བརྡ་སྦྱོར་བ་དབང་པོ་ལྔ་ལ་གསུང་གི་སྒྲས་བསྟན་ཏེ། པ་ནི་སྤྱན་གྱི་དབང་པོ་དག་པས་གསུང་གི་མཆོག་བྱམས་པ། ཕ་ནི་སྙན་གྱི་དབང་པོ་དག་པས། གསུང་གི་མཆོག་སྒྲིབ་སེལ་བ་ནི་ཤངས་ཀྱི་དབང་པོ་དག་པས་གསུང་གི་མཆོག་ཀུན་བཟང་། བྷ་ནི་ལྗགས་ཀྱི་དབང་པོ་དག་པས་གསུང་གི་མཆོག་འཇམ་དཔལ་མ་ནི་རེག་བྱེད་ལུས་དབང་གི་མཐར་ཐུག་གསང་བའི་དབང་པོས་ཡུལ་བཞིར་འཛིན་པའང་མི་གནས་པས་གསུང་ཡང་འཇིག་པར་བྱེད་པ་རྟ་མགྲིན་ནོ། །ཡ་ནི་ད་ལྟ་བ་སྐྱེ་བའི་གོ་འབྱེད་བྱེད་འདས་པའི་དུས་རྣམ་པར་དག་པ་སྤོས་མ། ཝ་ནི་གནས་བཞིན་པ་ད་ལྟ་བའི་དུས་དག་པ་མེ་ཏོག་མ་ཡིན་ནོ། །ར་ནི་ད་ལྟ་བ་འདི་འཇིག་པ་མ་འོངས་པའི་དུས་དག་པ་སྟེ། མར་མེ་མ། ལ་ནི་དུས་གསུམ་གང་དུའང་ཐ་སྙད་གདགས་རུང་གིས་སྟོང་པ་མ་ངེས་པའི་དུས་དག་པ་དྲི་ཆབ་མའོ། །ཤ་ནི་ཆོས་ལ་རྟག་པར་འཛིན་པ་དག་པ་སྟེ་ལྕགས་ཀྱུ་མ་ཥ་ནི་ཆད་པར་འཛིན་པའང་ཡོད་མ་ཡིན་པ་སྟེ་ཞགས་པ་མ། ས་ནི་བདག་གཉིས་སུ་འཛིན་པའི་མཐའ་དང་བྲལ་བས་བདག་མེད་པ་སྟེ་ལྕགས་སྒྲོག་མ་ཧ་ནི་མཚན་མ་མེད་པའི་ཆོས་ཉིད་དུ་འཛིན་པའང་དག་པ་དྲིལ་བུ་མའོ། །ཀྵ་ནི་རྣམ་ཤེས་ཡེ་ཤེས་སུ་དག་པ་ཐུགས་ཀྱི་བདག་ཉིད་རང་བྱུང་ཡེ་ཤེས་ཀྱི་ཐུགས་རིགས་དྲུག་པ་ཀུན་ཏུ་བཟང་པོ་དང་། ཨི་ནི་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་ལྷ་རྣམས་ཀྱི་གནས་སུ་འདུལ་བྱེད་བརྒྱ་བྱིན་དང་། ཨཱི་ནི་རྡུལ་སྙེད་ལྷ་མ་ཡིན་གྱི་ཐུབ་པ་ཐག་བཟང་རིས། ཨུ་ནི་རྡུལ་སྙེད་མི་རྣམས་ཀྱི་གནས་སུ་ཤཀ་ཐུབ། ཨཱུ་ནི་རྡུལ་སྙེད་བྱོལ་སོང་རྣམས་ཀྱི་ཐུབ་པ་སེང་གེ་རབ་བརྟན། ཨེ་ནི་རྡུལ་སྙེད་ཡི་དྭགས་ཀྱི་གནས་སུ་ཁ་འབར། ཨཻ་ནི་རྡུལ་སྙེད་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་རྣམས་སུ་བསྟན་ནས་འདུལ་བའོ། །ཨོ་ནི་ལུས་དབང་ཤེས་གསུམ་འདུས་པ་རེག་པའི་མཐར་ཐུག་གསང་བའི་ཁམས་གསུམ་གྱི་རྟོག་པ་ཐམས་ཅད་བདེ་བའི་ངང་དུ་འཇིག་པར་བྱེད་ཅིང་ཨ་ནི་བདེ་བའང་སྟོང་པར་གྲོལ་བས་རྟོག་པ་ཐམས་ཅད་མི་གནས་པར་ཞིག་པ་ཡིན་ཏེ་རྒྱུ་འབྲས་རོ་གཅིག་པས་ཡི་གེ་གཉིས་པོ་དེ་བདུད་རྩི་འཁྱིལ་བར་བསྡུས་སོ། །དེ་ལྟར་གསུང་ཡི་གེ་འཁོར་ལོའི་ཚོགས་ཆེན་འདི་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཕྲེང་བ་རྣམས་མ་ལུས་པར་བསྡུས་པའོ། །ཞེས་ཆེད་དུ་བརྗོད་དོ། །དེ་ལྟར་གསུང་ཡི་གེའི་འཁོར་ལོ་གཏན་ལ་ཕབ་པ་ལ་དགྱེས་པས། ཨ་ཧོཿཞེས་ངོ་མཚར་བར་བསྟན་པའོ། །རྒྱས་པར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཡབ་རྣམས་ཡུམ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་རང་བཞིན་གྱི་དཀྱིལ་འཁོར་དེ་དག་ཉིད་ཀྱི་དོན་རྟོགས་དཀའ་བའི་གསང་བ་འདི་ཉིད་སྟོན་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རིགས་ལྔ་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་ཕྱུང་ངོ་། །ཨ་སྐྱེ་མེད་ཤེས་རབ་ཧོཿདགྱེས་པ་ཐབས་ཏེ་ཟུང་འཇུག་ཡི་གེའི་འཁོར་ལོ་ལ་ངོ་མཚར་བའོ། །དེ་ཡང་ཐབས་དང་ཤེས་རབ་སྣང་སྟོང་དབྱེར་མེད་དུ་སྦྱོར་བའི་དགྱེས་སྤྲིན་བྱང་ཆུབ་སེམས་ཀྱི་རང་བཞིན་ཨ་ལས་ཡི་གེ་ཚོགས་ལ་སེམས་སྦྱོང་བའི་ཡེ་ཤེས་ཀྱི་རྒྱུ་དང་། གསུང་མི་ཟད་རྒྱན་གྱི་འཁོར་ལོ་ཡི་གེའི་སྤྲིན་དང་རྡོ་རྗེ་གསུམ་གྱི་ཕྱག་རྒྱ་རྨད་དུ་བྱུང་བའི་འབྲས་བུ་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་སྨིན་པས་དོན་གཉིས་གྲུབ་པ་སྟེ། དེ་ལྟར་ཡི་གེའི་སྒོ་ནས་ཟབ་རྒྱས་ཀྱི་དོན་སྟོན་པ་ལ་ངོ་མཚར་བ་སྟེ། ཆོས་ཐམས་ཅད་མིང་གི་ཚོགས་པ་ཙམ་ལས་ངོ་བོ་མ་གྲུབ་ནའང་། ཡི་གེ་བཞི་བཅུ་རྩ་གཉིས་ནི་རྒྱལ་བ་ཞེ་གཉིས་ཀྱི་རང་བཞིན་དུ་གྲུབ་པ་དང་། ཡི་གེ་ཡང་གསར་དུ་འདུས་མ་བྱས་པ་སེམས་ཀྱི་ཆོས་ཉིད་དམིགས་པ་དང་བྲལ་བ་དེ་ལྟ་ནའང་། ལམ་པའི་ངོར་ཡི་གེ་དེ་དག་འདུས་བྱས་ལྟར་དབྱིབས་སོགས་མ་འགག་པར་སྣང་བ། སངས་རྒྱས་ཀྱི་རྡོ་རྗེ་གསུམ་དབྱེར་མེད་པའི་དཀྱིལ་འཁོར་ཐམས་ཅད་གསུང་ཡི་གེའི་འཁོར་ལོས་མངོན་དུ་འབྱིན་པ་ལས་མི་འདའ་བའི་དམ་ཚིག་སྟེ། དེ་ལྟར་རྡོ་རྗེ་གསུམ་གྱི་དམ་ལས་འདའ་བར་མི་མཛད་པས་འབྲས་བུ་སྐུ་དང་ཡེ་ཤེས་སོགས་དངོས་གྲུབ་མི་འགྲུབ་པའི་དབང་མེད་དེ། འགྲུབ་བྱེད་ཀྱི་རྒྱུ་ལྟ་བ་དང་རྐྱེན་སྒོམ་པའི་ཏིང་ངེ་འཛིན་འ ཚོགས་པའི་མཐུ་ཆེན་པོ་ལས་འབྲས་བུ་མངོན་དུ་ཐོབ་པ་ཆོས་ཉིད་ཡིན་པའི་ཕྱིར་རོ། །གོང་དུ་བཤད་པའི་ཐབས་དང་ཤེས་རབ་སོགས་ནས་ཡི་གེའི་འཁོར་ལོའི་བསྡུ་ཚིག་གོ །དེ་ལྟར་བསྡུས་པ་ཨ་ཧོཿ ཞེས་ངོ་མཚར་བས་མཉེས་པའོ། །ཡི་གེ་འཁོར་ལོ་བཀོད་པའི་དོན་རྣམས་རྡོ་རྗེ་འཛིན་པ་གསང་བའི་བདག་པོས་ཚིག་ཏུ་བསྡུས་པའོ། །ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེའི་ཕྲེང་བའིི་འཁོར་ལོའི་དོན་ཐམས་ཅད་དེ་ཙམ་དུ་འདུས་སོ། །ཞེས་ཆེད་དུ་བརྗོད་པས་གཞི་འབྲས་ཀྱི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་ཡི་གེ་ཕྲེང་བའི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འདིས་ཆོས་ཐམས་ཅད་མིང་ཙམ་ལས་དོན་ལ་མ་གྲུབ་པ་མཚོན་བྱེད་ཡི་གེ་ཕྲེང་བའི་འཁོར་ལོ་སྟོན་པའི་ཐུགས་རྗེ་དང་། གདུལ་བྱའི་སེམས་ཉིད་ལས་རང་སྣང་བར་བཀོད་ཅིང་བསྟན་པའི་ལེའུ་སྟེ་བཞི་པའོ།། ༈ །།དེ་ལྟའི་ལེའུ་འདིས། ཞི་ཁྲོ་གཉིས་ལས་ཞི་བའི་ལེའུ། དེ་ལ་སྔོན་བྱུང་སྟོན་པའི་རྣམས་འཕྲུལ་དང་། རྗེས་འཇུག་གདུལ་བྱའི་ཉམས་ལེན་གྱི་ལེའུ་དང་། དེ་རྒྱུད་ཀྱི་དངོས་པོ་བཅུ་དང་སྦྱར་བའི་དབང་དུ་བྱས་ན། དོན་དུ་གཉེར་བ་སྒྲུབ་པ། སྒྲུབ་པ་ལ་བསྐྱེད་རྫོགས་གཉིས་ལས་བསྐྱེད་རིམ། བསྐྱེད་རིམ་ལའང་ལམ་ལྔ་ལས་ཕྱག་རྒྱ་གཅིག་པ། དེའང་ཕྲ་རག་གཉིས་ལས། ཕྲ་བ་ཡིག་འབྲུ་ལ་བསླབ་ཚུལ་ཞི་བ་རྒྱུའི་ས་བོན་རྫོགས་པར་བསྟན་པ་ཡིན་ཏེ། འོག་མ་རྣམས་ལའང་ཚུལ་འདི་ལྟར་སྦྱར་ཤེས་པར་བྱའོ། །སློབ་དཔོན་བི་མ་ལས། ངེས་པའི་དོན་ཉིད་རྟོགས་པའི་ཚེ། །མིང་ཙམ་སྣང་བའི་ཆོས་རྣམས་ཀུན། །ཡི་གེ་འཁོར་ལོར་མངོན་སངས་རྒྱས། །ཞེས་གསུངས་ཏེ། ལེའུ་གསུམ་པས་ཆོས་ཐམས་ཅད་ངེས་དོན་དུ་གཏན་ལ་ཕབ་ནས་ལེའུ་བཞི་པས་མིང་ཙམ་སྣང་བའི་ཆོས་ཐམས་ཅད་ཡི་གེའི་འཁོར་ལོར་མངོན་པར་རྫོགས་པར་སངས་རྒྱས་པར་བསྟན་པར་བཞེད་དོ། །ལེའུ་ལྔ་པ་བཤད་པ་ལ་གསུམ་སྟེ། གསུང་བའི་ལོ་རྒྱུས་སུ་བརྗོད་པ་དང་། གཞུང་དངོས། མཚན་ནོ། དང་པོ་ནི། དེ་ནས་ཡི་གེ་སོགས་ནས། བརྗོད་དོ་བར་གཉིས་པ་གཞུང་དངོས་ལ་གསུམ་སྟེ། གང་གི་བསྒྲུབ་པ་རྟེན་གྱི་གང་ཟག །རྟོགས་གོམས་ཀྱི་ཐབས་ཀྱིས་ཇི་ལྟར་འགྲུབ་ཚུལ། གཞུང་གསུངས་པའི་ཡོན་ཏན་ནོ། །དང་པོ་ནི། སྟོན་པ་མཆོད་བརྩོན་སོགས་ཚིགས་བཅད་གཅིག །གཉིས་པ་ལ་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་དོ། །དང་པོ་ལ་གཉིས་ཏེ། རྟོགས་པའི་ཐབས་ལ་གདམས་པ་དང་། རྟོགས་བྱ་ལྟ་བའི་ངོ་བོ་བཤད་པའོ། །དང་པོ་ནི། གང་གི་དམིགས་མེད་སོགས་ཚིགས་བཅད་གཅིག །གཉིས་པ་ནི། གཞི་རྩ་མེད་པ་སོགས་རྐང་པ་བདུན། གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ་དྲུག་སྟེ། ཅིའི་ཕྱིར་བསྒོམ་པའི་དགོས་ཆེད། ཇི་ལྟར་བསྒོམ་པའི་ཐབས་དེ་ཉིད་ཐམས་ཅད་དུ་རང་སྣང་བ། དེ་ལས་དཀྱིལ་འཁོར་གྱི་འཁོར་ལོར་བསྒོམ་པ། དེ་ཉིད་ལྷར་དག་པས་བླངས་དོར་དང་བྲལ་བར་དཔེས་བསྟན་པ། དེ་ལ་འདྲེས་པར་བསླབ་པས་འབྲས་བུ་ལ་མཚམས་སྦྱོར་བའོ། །དང་པོ་ནི། དངོས་རྣམས་སོགས་རྐང་པ་གཉིས། གཉིས་པ་ནི། གང་གི་གླང་ཆེན་སོགས་རྐང་པ་གཉིས། གསུམ་པ་ནི། རྩ་བ་མེད་པའི་སོགས་ཚིག་བཅད་གཅིག །བཞི་པ་ནི། ཐབས་ལས་སོགས་རྐང་པ་ལྔ། ལྔ་པ་ནི་དེ་ཉིད་ཡེ་ཤེས་སོགས་ཚིགས་བཅད་གཅིག །དྲུག་པ་ནི། སྔགས་དང་སོགས་རྐང་པ་གཉིས་སོ། །གསུམ་པ་མངོན་གྱུར་འབྲས་བུའི་མཚན་ཉིད་ལ་གཉིས་ཏེ། ཐུན་མོང་དང་། མཆོག་གི་དངོས་གྲུབ་བོ། །དང་པོ་ལ་གསུམ། ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག །འབྱུང་ལྔའི་དངོས་གྲུབ་ལྔ། ལས་ཕྲན་ཚེག་བརྒྱད་དོ། །དང་པོ་ནི། བདུད་རྩི་སོགས་ཚིགས་བཅད་གཅིག །གཉིས་པ་ནི། ནམ་མཁའ་སོགས་རྐང་པ་ལྔ། གསུམ་པ་ནི་དགུགས་དང་སོགས་རྐང་པ་གསུམ། གཉིས་པ་མཆོག་གི་དངོས་གྲུབ་ལ་བསྟན་བཤད་གཉིས། དང་པོ་མདོར་བསྟན་ནི། སྒྱུ་འཕྲུལ་དཀྱིལ་འཁོར་སོགས་གཉིས་པ་རྒྱས་པར་བཤད་པ་ནི། དུས་གསུམ་སོགས་རྐང་པ་དྲུག་གསུམ་པ་གཞུང་གསུངས་པའི་ཡོན་ཏན་ནི། ཞེས་བརྗོད་པས་སོགས་ནས་གྱུར་ཏོ་བར། གསུམ་པ་ལེའུའི་མཚན་ནི། གསང་བ་སོགས། དེ་དང་འགྲེལ་བའི་གཞུང་དངོས་ནི། གསུང་ཡི་གེའི་དཀྱིལ་འཁོར་བསྟན་པ་དེ་ནས་བཤད་མ་ཐག་གི་ཡི་གེའི་འཁོར་ལོའི་སྤྲིན་བཀོད་པའི་མཐུ་ལས་ཐབས་ཤེས་ཟུང་འཇུག་སྒྱུ་འཕྲུལ་ལྷའི་དཀྱིལ་འཁོར་དང་། ལས་དང་དངོས་གྲུབ་སྒྲུབ་པའི་རིམ་རྣམ་པར་འཕྲོ་བ་འདི་ཆེད་དུ་བརྗོད་དོ། །གཞི་དང་རྩ་བ་གང་དུའང་གྲུབ་པ་མེད་པའི་སེམས་ཀྱི་ཆོས་ཉིད་ནི། མ་འགག་པས་འཁོར་འདས་ཀྱི་ཆོས་རྣམས་ཀུན་གྱི་རྩ་བ་ཡིན་པར་ངེས་ནས། དེ་ལྟར་སྐྱེ་འགག་མེད་པའི་སེམས་ཉིད་དུ་རང་སྣང་བ་ལས་འདིར་ཡི་གེ་ཨའི་རང་བཞིན་དུ་སྒོམ་སྟེ། ཡི་གེ་དེ་ལས་ཨ་ཕྲ་མོ་དང་ཀ་ལ་སོགས་པའི་འཕྲོ་འདུ་ལ་སེམས་སྦྱོང་བ་ཇི་ལྟར་ཡིད་བཞིན་ནོར་བུའི་ཆར་འབེབས་པ་ལ་རིན་ཆེན་གྱི་ཁམས་ལས་གྲུབ་པའི་སྤྲིན་དགོས་པ་བཞིན་དུ། དཀྱིལ་འཁོར་སྤྲོ་བའི་རྒྱུ་ཕྲ་བ་ཡིག་འབྲུ་ལ་བསླབ་པ་ཞེས་བྱའོ། །རྟོགས་ཚོགས་སྒྱུ་འཕྲུལ་ལྷའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་རྣམས་ཐབས་ཤེས་ཟུང་འབྲེལ་དྲྭ་བའི་དཀྱིལ་འཁོར་རང་རིག་མངོན་སུམ་གྱི་ཡུལ་དུ་རྫོགས་པར་གསལ་བས་བསྒྲུབ་བྱ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཡོན་ཏན་རྫོགས་པས་གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་ཕྱིར་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་འགྲུབ་པར་འགྱུར་རོ། །ཡི་གེའི་འཕྲོ་འདུ་ལ་རྟེན་ནས། ཟས་དུག་ཅན་ཨ་ཡིག་བཀོད་དེ་འཇུ་འདུལ་གྱིས་སྨན་མཆོག་བདུད་རྩིར་འགྱུར་བ་ཟོས་པས་འདོད་བྱ་འགྲུབ་པ་སོགས་ཡོན་ཏན་འགྲུབ་ཅིང་། གཞན་ཇི་ལྟར་དམིགས་པ་ལྟར་འབྱུང་བ་དང་། ནད་པའི་ལུས་ལ་ཡི་གེ་བཀོད་པའི་འཕྲོ་འདུས་བཞི་བརྒྱ་རྩ་བཞིའི་ནད་ཐམས་ཅད་སེལ་ཅིང་བདེ་བ་དང་། ཏྲཾ་ལས་རིན་པོ་ཆེའི་གཏེར་དུ་བསམ་པས་ལོངས་སྤྱོད་ཅི་འདོད་འབྱུང་ཞིང་འབྱུང་བའི་ཡི་གསུམ་གྱི་འཕྲོ་འདུས་ངན་སོང་སྦྱོང་བ་དང་གང་དང་ཅིར་སྣང་བའི་ཆོས་ཀྱི་རྣམ་པ་ཡང་དེ་དང་མི་མཐུན་པའི་སྣང་བ་གཞན་བྱེ་མ་ལས་གསེར་དུ་འགྱུར་པ་སོགས་འགྲུབ་པ་ཡིན་ནོ། །འགྲེལ་སྒྲུབ་ལྟར་ན་ནམ་མཁའ་ལ་ཧཱུྃ་ཞེས་རྡོ་རྗེའི་སྐས་བསམ་ན་སྲ་བའི་སྐས་འབྱུང་ཞིང་། ལག་མཐིལ་དུ་རཾ་བཀོད་པས་འབར་བ་ཡེ་ཤེས་ཀྱིས་མེར་གྱུར་ནས་ཐ་མལ་གྱི་མེ་ཡང་ཚིག་པར་འགྱུར་བ་དང་། ཁཾ་བཀོད་པས་ཡེ་ཤེས་ཀྱི་ཆུར་འགྱུར་པས་ཐ་མལ་གྱི་ཆུར་འབབ་པའང་དག་པར་བྱེད་པ་སྔ་མ་དེ་བཞིན་ཏེ། ཡཾ་བཀོད་པས་འཇིག་རྟེན་ཁམས་ནི། གཞན་དུ་འཐོར་བར་བྱེད་པ་དང་། ཡི་གེ་ཨེས་ཁམས་ཐམས་ཅད་སྟོང་པར་བྱེད་ཅིང་སྟེང་འོག་ཏུ་འཕེན་པ་དང་། ལྟུང་བར་འགྱུར་བ་སོགས་འགྲུབ་བོ། དེ་བཞིན་དུ། གཟུངས་མ་སོགས་བསྒྲུབ་བྱ་འགུགས་པ་དང་། ཡུལ་གཞན་དུ་བཏང་སྟེ་བསྐྲད་པ་དང་། དགྲ་རྐུན་སོགས་བཅིང་པ་དང་། བྱད་བཅིང་སོགས་དགྲོལ་བ་དང་། ནད་པ་གསོ་བ་དང་དགྲ་སོགས་བསད་པ་དང་གཞན་དེ་ཕམ་པ་དང་། རང་སྡེ་རྒྱལ་བར་བྱ་བ་སོགས་ལས་དང་ཐུན་མོང་གི་དངོས་གྲུབ་དེ་རྣམས་ཐམས་ཅད་ཕྱག་རྒྱ་གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་འདི་ལ་བརྟེན་པ་ཐོབ་པ་ཡིས་བྱེད་ནུས་པར་འགྱུར་ཞིང་དེ་ཉིད་རང་རིག་པའི་ཡེ་ཤེས་ལས་རང་སྣང་བའི་ཕྱིར་ན་ཡི་གེ་དང་མིང་ཚིག་གིས་བསྡུས་པའི་ས་བོན་ལས་གཟུགས་ཀྱི་ཆ་ཤས་རྫོགས་པའི་སྐུར་སྒོམ་པ་སོགས་ཡིད་ལ་ཇི་ལྟར་འདོད་པ་བཞིན་ཏིང་ངེ་འཛིན་ལ་འདོད་དགུ་བྱར་ཡོད་པའི་ཡོན་ཏན་གྱིས་དཔེ་ནི་མུན་ནག་ལ་སྒྲོན་མེས་སྣང་བ་བྱུང་བ་ཇི་ལྟ་བ་དེ་བཞིན་དུ་རྟོགས་ཚོགས་ལྷར་སྣང་དུ་གྲོལ་ཞིང་། ལྕགས་གསེར་དུ་འགྱུར་བ་གསེར་འགྱུར་གྱི་རྩིས་ཐེབ་པ་ལྟར། འབྱུང་ལྔ་ཡུམ་ལྔའི་རང་བཞིན་དང་། བཅུད་ལེན་གྱི་རྩིས་དུག་སྨན་གྱི་རང་བཞིན་དུ་འགྱུར་བའི་ཚུལ་དུག་ལྔ་ཡེ་ཤེས་ལྔར་གྲོལ་བའོ། །མཐར་ལམ་སྟོན་པ་པོ་བླ་མ་རྡོ་རྗེ་སློབ་དཔོན་མཆོད་པ་ལ་བརྩོན་ཞིང་ཕན་ནུས་ཟབ་མོའི་དབང་གསུམ་ཐོབ་པས་རྒྱུད་སྨིན་པ། ལྟ་བ་བདེན་གཉིས་དབྱེར་མེད་རྟོགས་པ་དང་། དོན་སྒོམ་པའི་ཏིང་ངེ་འཛིན་གསལ་བ་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་དང་སྔགས་གསུམ་དང་ཕྱག་རྒྱ་བཞི་རྣམས། རིམ་པ་ལྟར་མ་ཉམས་པ་དང་ལེགས་པར་ཤེས་ཤིང་སྒྲུབ་པ་རྫས་ཀྱི་ཡོ་བྱད་དང་ལྡན་པས་སྒྲུབ་ན་འགྲུབ་པར་འགྱུར་ལ། ཆོས་དེ་དག་དང་མི་ལྡན་པས་སྒྲུབ་ཀྱང་དོན་མེད་པར་མ་ཟད་སྒྲུབ་པོ་རང་ཉིད་བརླག་པར་འགྱུར་རོ། །སྣང་སྤྱོད་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་གསལ་བ་ནི། དུས་གསུམ་རྒྱལ་བ་རྣམས་ཀྱི་དགོངས་པའི་ངོ་བོ་དང་། དེ་དག་གིས་ཐུགས་སུ་ཆུད་པའི་དོན་དེ། རྣལ་འབྱོར་པའི་ལྟ་བའང་ཡིན་ལ། ཐུན་མོང་གི་གྲུབ་པ་ལས་ཁྱད་པར་དུ་གྱུར་པ་དངོས་གྲུབ་མཆོག་གི་སྒྲུབ་བྱའི་སྙིང་པོའི་མངོན་དུ་གྱུར་པའི་ཡོན་ཏན་ནི་ངོ་བོ་ཉིད་ཀྱིས་རྟག་པའི་ཕྱིར། ཐོབ་ནས་ཟད་པའི་དུས་མེད་པས་ཡིད་བཞིན་ནོར་བུའི་མཛོད་ལྟར་འཕེལ་འགྲིབ་གྱི་འགྱུར་བ་མེད་པར་བྱུང་བ་ཡིན་ཏེ། དོན་དམ་པར་དངོས་པོར་གྲུབ་པ་མེད་པའི་ངང་ལས་གདུལ་བྱའི་ངོར་དངོས་པོ་ལྟར་སྣང་བའི་སྤྲིན་ལས་དངོས་གྲུབ་སྣ་ཚོགས་པའི་རྣམ་པར་འབྱུང་ཞིང་། དོན་མཛད་པའི་ཕྲིན་ལས་ཅིར་ཡང་འགྱུར་བའོ། །འདི་ལྟར་དངོས་པོར་སྣང་བའི་ཆོས་རྣམས་སྣང་དུས་ཉིད་ན་དངོས་པོར་གྲུབ་པ་རྡུལ་ཙམ་ཡང་མེད་པར། རྟོགས་པའི་དོན་ལ་རང་དབང་སྒྱུར་བའི་ཐབས་ནི་ཏིང་ངེ་འཛིན་ཡིན་ནོ། །གང་ཟག་གང་གིས་སེམས་ཉིད་གང་དུའང་དམིགས་སུ་མེད་པའི་དོན་མི་ཤེས་པ་དེ་ཡིས་ཆོས་ཀྱི་དབྱིངས་ཀྱི་གནས་ལུགས་ཟབ་མོ་མི་ཤེས་ལ། རྒྱུ་མཚན་དེའི་ཕྱིར་ཕྱི་ནང་གི་གྲུབ་མཐའ་དངོས་པོར་ལྟ་བ་རྣམས་དང་། དངོས་པོ་མེད་པར། འཛིན་པ་དེ་རྣམས་སེམས་ཉིད་མཐའ་བྲལ་གྱི་ངང་དེར་འཇིག་པའི་ཚུལ་རྟོགས་པས་ཆོས་རྣམས་ཀྱི་རང་བཞིན་དམིགས་མེད་བསམ་བརྗོད་དང་བྲལ་བའི་དོན་དེ་ཉིད་ཤེས་པར་གྱིས་ཤིག་ཅེས་གདམས་སོ། །བརྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་མེད་པའི་སེམས་ཉིད་གཉུག་མའི་རང་བཞིན་ནི། འདི་ཞེས་ཅིར་ཡང་གདགས་སུ་མེད་དེ། ཕོ་མོ་མ་ཡིན་ལ་དེ་བཞིན་དུ་མ་ནིང་ཡང་མིན་ལ་དེ་ལས་གཞན་དུ་མཚན་མེད་ཡང་མ་ཡིན། འགྲོ་བའི་རིགས་དང་མི་རྒྱུད་སོགས་ཀྱང་མིན་ནོ། །དཀར་དམར་སོགས་ཁ་དོག་མ་ཡིན་ལ། ཟླུམ་པོ་སོགས་དབྱིབས་ཀྱང་མ་ཡིན། བརྟེན་བྱ་གནས་དང་རྟེན་བྱེད་ཀྱི་རྫས་སོགས་དངོས་དངོས་མེད་ཀྱི་ཆོས་སུ་གྲུབ་པ་མ་ཡིན་ཏེ། མདོར་ན་གང་ཡང་མིན་པ་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་རྣམ་རང་བྱུང་གི་ཡེ་ཤེས་ཏེ། དེ་ཉིད་གཞི་མངོན་དུ་བྱས་པ་ལས་མི་འདའ་བ་ཐབས་ཀྱི་ཕྱག་རྒྱ་ལམ་དང་། འཁོར་འདས་སུ་སྣང་བ་ཀུན་གྱི་གཞིའམ་རྒྱུ་སྟེ་ཅིའི་ཕྱིར་ན་སེམས་ཀྱི་ཆོས་ཉིད་ལས་གཞན་དུ་གྱུར་པའི་ཆོས་འགའ་ཡང་མེད་པའི་ཕྱིར་རོ། །རྩ་བའི་ཐབས་རང་རིག་ཡི་གེར་སྣང་བ་ལས། རྟེན་གྱི་དཀྱིལ་འཁོར་དུ་སྣང་བ་གཞིའི་ཐབས་བྱུང་ཞིང་དེར་བརྟེན་པ་ལྷ་སྒོམ་པ་ནི་ཐབས་བསམ་ཡས་པ་ཞེས་བྱའོ། །དེ་ནི་རགས་པ་ལྷ་སྐུ་ལ་བསླབ་པའོ། །དེ་ལྟར་ཐབས་གསུམ་དང་ལྡན་པའི་དཀྱིལ་འཁོར་རྣམས་རང་རིག་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་སྣང་བས་བཟང་ངན་ཐ་དད་པར་གྲུབ་པ་མིན་ཀྱང་། རྣམ་པ་གཙོ་བོ་ལས་ཐ་དད་པའི་འཁོར་སོགས་ནང་བརྟེན་པ་ལྷ་དང་ནང་གི་ཕྱི་རོལ་རྟེན་གྱི་དཀྱིལ་འཁོར་ཏེ། སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞི་བ་ལ་ཚོམ་བུ་སྟེང་སོགས་ཕྱག་རྒྱ་སྤྲོས་པ་མཁའ་ཁྱབ་བསམ་ཡས་ཀྱི་དཀྱིལ་འཁོར་དུ་སྒོམ་པ་དེ་རྣམས་རང་རིག་ཡེ་ཤེས་ཀྱི་རོལ་པར་ཤར་བས་འཁོར་བ་དང་ཚོགས་ལམ་གྱི་གཡང་སར་འཇིགས་པ་མེད་དེ། །སྤྱོད་ཡུལ་ཡོངས་དག་ཀུན་བཟང་ཕྱག་རྒྱའི་མཆོག་དེ་ནས་མ་བཏབ་པ་ཅི་ཡང་མེད་པའི་ཕྱིར་རོ། །སྒོམ་པ་པོ་གང་གི་མ་དུལ་བའི་གླང་ཆེན་ཆང་གིས་མྱོས་པ་དང་འདྲ་བའི་སེམས་འཁྲུལ་རྟོགས་ཀྱི་མྱོས་པའི་ལས་སུ་མི་རུང་བ་འདི་ཉིད། ཇི་ལྟར་གླང་རྫི་མཁས་པས་ལྕགས་ཀྱུ་ལ་སོགས་པའི་ཐབས་ཀྱིས་བཏུལ་ན་ཐུལ་བ་ལྟར། གདམས་ངག་གམ་ཤེས་རབ་ཀྱི་སྟོབས་ཀྱིས་མཉམ་པར་བཞག་པས་བཏུལ་བ་ན་དངོས་དང་མཚན་འཛིན་གྱི་འཁྲུལ་རྟོགས་ཐམས་ཅད་ཞི་ནས་གཞི་ཇི་ལྟ་བ་བཞིན་ཀློངས་སུ་ཕེབ་པ་ནི་ཐུལ་བའོ། །ཕྱག་རྒྱ་གཅིག་སྤྲོས་ཀྱི་སྐབས་སུ་སྔགས་ཀྱི་ཡན་ལག་ལྔ་དང་ལྡན་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་ལ་འདྲིས་པར་བསླབ་པ་རྐྱེན་གྱི་མི་འཕྲོག་པའི་གསལ་སྣང་ལ་རབ་ཏུ་བརྟན་ཞིང་གོམས་པ་ན་དངོས་གྲུབ་ཡ་མཚན་ཆེན་པོ་རྣམས་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་སྒྱུ་འཕྲུལལ་དྲ་བ་བསྒྲུབ་པའི་རིམ་པའང་ཤེས་འཇུག་མཐར་ཕྱིན་པའི་མཚན་ཉིད་གསུམ་པོ་དེར་འདུས་སོ། །ཞེས་ཆེད་དུ་བརྗོད་པས་འཁོར་གྱི་དེ་བཞིན་གཤེགས་པ་ཉིད་ཏིང་ངེ་འཛིན་ལས་དངོས་གྲུབ་སྣ་ཚོགས་ཡུལ་མེད་རང་གསལ་དུ་ཤར་བའི་གཟིགས་མོས་མཉེས་པར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འདིས་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་དངོས་གྲུབ་ཐམས་ཅད་སྒྲུབ་པའི་ཐབས་ཏིང་ངེ་འཛིན་གྱི་ལེའུ་སྟེ་ལྔ་པའོ།། །།ཞེས་པའི་སྤྱིའི་དོན་སྐབས་ཞི་བ་རྗེས་འཇུག་གདུལ་བྱའི་ཉམས་ལེན་གྱི་ལེའུ་དང་། དངོས་པོ་བཅུ་ལས་དེ་ཁོ་ན་ཉིད་ལྟ་བ་ལས་དངོས་གྲུབ་སྒྲུབ་པའི་ལྟ་བ། སྤྱོད་པའི་སྐབས་དངོས་གྲུབ་སྒྲུབ་པའི་སྤྱོད་པ་དང་། དོན་དུ་གཉེར་བ་སྒྲུབ་པ་ལས། སྒྲུབ་པར་བྱ་བ་དངོས་གྲུབ་ཀྱི་རྣམ་གྲངས་བཅས་བསྟན། བི་མ་ལས་མངོན་རྫོགས་ཡི་གེ་དེ་ཉིད་ལས། ཏིང་ངེ་འཛིན་རོལ་མོ་མཐའ་ཡས་སྤྲོ། ཞེས་གསུངས་ཏེ། ལེའུ་བཞི་པར་ཆོས་ཐམས་ཅད། ཡི་གེའི་འཁོར་ལོ་མངོན་པར་རྫོགས་པར་སངས་རྒྱས་པར་བསྟན་པའི་ཡི་གེ་དེ་ཉིད་ལས། ཏིང་ངེ་འཛིན་གྱི་རོལ་མོ་མཐའ་ཡས་པ་སྤྲོ་བར་བསྟན་ཏོ། །ལེའུ་དྲུག་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་དེ་བཞིན་ནས་འདི་བརྗོད་དོ་བར། གཉིས་པ་གཞུང་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་སྐུའི་དཀྱིལ་འཁོར་དང་། རང་བཞིན་ནམ་འབྲས་བུ་མཐར་ཕྱིན་སྐུའི་དཀྱིལ་འཁོར་ཏེ། དང་པོ་ནི། ཡེ་ཤེས་ཕྱོགས་སོགས་ཚིགས་བཅད་གཅིག །གཉིས་པ་ལ་གསུམ་སྟེ། རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ། དཀྱིལ་འཁོར་གྱི་ཆེ་བ་བཤད་པའོ། །དང་པོ་ནི། འཁོར་ལོ་སོགས་ཚིགས་བཅད་གཅིག །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་མདོར་བསྟན་ནི། དཀྱིལ་འཁོར་སོགས་རྐང་པ་གཅིག །རྒྱས་པར་བཤད་པ་ལ་བཞི་སྟེ། གདན་གང་ལ་ཇི་ལྟར་བཞུགས་ཚུལ། བཞུགས་གནས་ཀྱི་ཁྱད་པར། འཛིན་པའི་ཕྱག་མཚན། སྐུ་མདོག་ཞི་ཚུལ་འོད་དང་བཅས་པའོ། །དང་པོ་ནི། སེང་གེ་སོགས་ཚིགས་བཅད་གཅིག །གཉིས་པ་ནི། འཁོར་ལོ་རྒྱལ་པོ་སོགས་རྐང་པས་དམན་པས་ཚིགས་བཅད་གསུམ་གསུམ་པ་ནི། རྡོ་རྗེ་སོགས་ཚིགས་བཅད་གཅིག །བཞི་པ་ནི། མཐིང་ག་སོགས་རྐང་པ་དྲུག །གསུམ་པ་དཀྱིལ་འཁོར་གྱི་ཆེ་བ་བཤད་པ་ནི། མཐའ་དབུས་སོགས་རྐང་པ་གཉིས། གསུམ་པ་རང་བཞིན་འབྲས་བུ་མཐར་ཕྱིན་སྐུའི་དཀྱིལ་འཁོར་བཞི་སྟེ། སྐུའི་མཚན་ཉིད། སྐུའི་ཕྲིན་ལས། འབྲས་བུ་ཐོབ་ཚུལ། དེ་གསུངས་པའི་ཡོན་ཏན་ནོ། །དང་པོ་ནི། སྐུའི་ཕྱག་རྒྱ་སོགས་ཚིགས་བཅད་གཉིས། གཉིས་པ་སྐུའི་ཕྲིན་ལས་ལ་གཉིས་ཏེ། སྐུ་ཇི་ལྟར་སྣང་བའི་ཚུལ་དང་། སྐུའི་མཛད་པའོ། །དང་པོ་ནི། དེ་ཚེ་མི་མཐུན་སོགས་རྐང་པ་ལྔ། གཉིས་པ་སྐུའི་མཛད་པ་ནི། དེ་ཚེ་འགྲོ་དྲུག་སོགས་རྐང་པ་བཅུ། གསུམ་པ་འབྲས་བུ་ཐོབ་ཚུལ་ལ་གཉིས་ཏེ། བྱང་ཆུབ་སེམས་དཔའི་དང་། གསང་སྔགས་ཀྱི་ཐོབ་ཚུལ་ལོ། །དང་པོ་ལ་གཉིས་ལས། སྒྲིབ་པ་སྦྱངས་པས་གྲོལ་ཚུལ་ནི། མེ་ལོང་བསྟན་པའི་སོགས་རྐང་པ་བདུན། གཉིས་པ། དེ་ལྟར་ཐོབ་པའི་འབྲས་བུའི་ངོ་བོ་སྐུ་གསུམ་ནི། ཆོས་སྐུ་སོགས་རྐང་པ་གསུམ། གཉིས་པ་སྔགས་ཀྱི་ཐོབ་ཚུལ་ལའང་གཉིས་ལས། མཐར་ཐུག་གི་སའི་ཁྱད་པར་ནི། མཚན་དང་དཔེ་བྱད་སོགས་རྐང་པ་ལྔ། གཉིས་པ་འབྲས་བུ་སྐུ་ལྔར་བསྟན་པ་ནི། སྐྱེ་ཤིས་སོགས་རྐང་པ་བདུན། བཞི་པ་གསུངས་པའི་ཡོན་ཏན་ནི། ཞེས་བརྗོད་པས་ནས། གསལ་བར་གྱུར་བར། གཉིས་པ་བསྡུས་ཏེ་བསྟན་པ་ལ་གསུམ། ལོ་རྒྱུས་བརྗོད་པ་བསྡུ་བ་དངོས་། གསང་སྔགས་མཚོན་པའི་ཚིག་གོ །དང་པོ་ནི། དེ་ནས་སོགས། གཉིས་པ་ནི། ཨ་ཧོ་དམིགས་བྱ་སོགས། གསུམ་པ་ནི་ཞེས་རྡོ་རྗེ་སོགས། གསང་བ་སོགས་སོ། །དེ་ལྟའི་གཞུང་དངོས་བཤད་པ་ནི། སྔ་མར་ཐབས་གསུམ་མདོར་བསྟན་པ། དེ་ནས་གཞི་དང་བསམ་གྱི་མི་ཁྱབ་ཀྱི་ཐབས་གཉིས་ལས། ཞི་བ་ལྷག་ཏིང་དང་། འབྲས་བུ་རང་བཞིན་སྐུའི་དཀྱིལ་འཁོར་གཉིས་རྒྱས་པར་བསྟོན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པས་མ་འདྲེས་ཡོངས་སུ་རྫོགས་པའི་བདག་ཉིད་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་སྟོན་པས་འདུལ་བར་བྱ་བའི་ཡུལ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ་རྣམ་པར་གཟིགས་ཏེ། འདུལ་བྱེད་སྟོན་པ་ཉིད་ཀྱི་ཆེ་བའི་ཡོན་ཏན་ཡེ་ཤེས་ལྔའི་དཀྱིལ་འཁོར་གྱི་རྣམ་པར་དབྱུང་བར་བཞེད་ནས་འཁོར་གྱི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །རང་རིག་པའི་ཡེ་ཤེས་ཀྱི་རང་བཞིན་ལ་ཕྱོགས་རིས་མེད་ཀྱང་། ཡེ་ཤེས་ལྔའི་མཚོན་བྱེད་ཕྱོགས་བཞི་དང་དབུས་ལྔའི་ཐ་སྙད་བཏགས་ཏེ། དེ་ལྟར་ཡེ་ཤེས་ལྔའི་དཀྱིལ་འཁོར་དེ་ཉིད་དམིགས་མེད་བསམ་བརྗོད་ལས་འདས་ཤིང་། མཐའ་ཡས་པའི་ཆོས་ཀྱི་ཁྱབ་བྱེད་དུ་མ་ཙལ་ལྷུན་གྲུབ་ནི་རང་བཞིན་གསང་བའི་སྙིང་པོར་ཡེ་ནས་རྫོགས་པའི་ཆོས་ཉིད་རང་བཞིན་གྱི་དཀྱིལ་འཁོར་ཆེན་པོ་སྟེ། དེ་རྟོགས་པའི་རྣལ་འབྱོར་པས་ཆོས་ཀུན་འབྱུང་བའི་གཞི་རང་བཞིན་གྱི་དཀྱིལ་འཁོར་ཆེན་པོ་དེ་ཉིད་ཏིང་ངེ་འཛིན་གྱི་ཡུལ་དུ་བྱས་ཏེ་གོམས་ཤིང་འདྲེས་པར་བསླབ་པའི་ཕྱིར་སྒོམ་པའི་བྱ་བས་སྤྱོད་ཅིག་པའོ། །དེ་ནས་རིན་པོ་ཆེའི་གཞལ་ཡས་ཁང་སྒོམ་པ་སྟེ། དེའང་ཡེ་ཤེས་ལྔས་མ་རིག་པ་གཅོད་པའི་རྟགས་སུ་ནང་གི་གཞི་འཁོར་ལོ་རྩིབ་བཞི་དབུས་ཀྱི་ལྟེ་བ་དང་ལྔ། དེ་ཉིད་སྤྲོས་བྲལ་ཆོས་ཉིད་དུ་ཟླུམ་པས་རྡོ་རྗེ་རྭ་བའི་མུ་ཁྱུད་དང་བཅས་པ། དེའི་ཕྱིར་བདེན་པ་བཞི་མཚོན་པའི་སྒོ་བཞི་གྲུ་ཆད་བཞི་བརྒྱན་པ། བདེན་གཉིས་དབྱེར་མེད་མཚོན་པའི་བར་ཁྱམས་འཁོར་ཡུག་དང་། ཡོན་ཏན་ཀུན་ཏུ་རྒྱས་པའི་རྟགས་སུ་དབྱིབས་གྲུ་བཞི་རྣམ་ཐར་བཞི་མཚོན་པའི་སྒོ་བཞི་སྒོ་ཁྱུད་ཅན་རྒྱུ་འབྲས་ཀྱི་རྟ་བབ་སོགས་རྒྱན་དང་ལྡན་པ། ཡེ་ཤེས་ཀྱི་རྩལ་སྣང་མ་འགགས་པའི་རོལ་མོ་རྩིགས་པ་ལྔ་སྦྲག་གི་སྟེང་ན་མུ་ཏིག་གི་དྲྭ་བ་སོགས་དང་། གཞན་ཡང་རྒྱལ་མཚན་སོགས་གཞལ་ཡས་ཁང་གི་རྒྱན་སྣ་ཚོགས་པས་ཀུན་ཏུ་ཁྲིགས་ཤིང་། གཞན་ཡང་གཟུགས་རྡོ་རྗེ་མ་སོགས་མཆོད་རྫས་ཐོགས་པའི་ལྷ་མོ་སྤྲིན་ཕུང་བཞིན་དུ་གཏིབས་པ་བཅས་བཀོད་པ་ཁྱད་པར་འཕགས་པ་ནི་རྟེན་གཞལ་ཡས་ཁང་དང་། དེ་ཉིད་མཛེས་བྱེད་བདག་པོའི་རྒྱན་ལྷའི་དཀྱིལ་འཁོར་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་མཛེས་པར་རྒྱན་པའོ། ། དབུས་ཀྱི་འཁོར་ལོའི་ལྟེ་བ་དང་རྩིབ་བཞིར་མི་འཇིགས་པ་བཞི་སོགས་མཚོན་བྱེད་སེང་གེ་གླང་ཆེན་རྟ་དང་ཁྱུང་ནམ་མཁའ་ལྡིང་གི་སྟེ། ཤང་ཤང་རྣམས་རེ་རེ་ཡང་བརྒྱད་བརྒྱད་ཀྱིས་བཏེགས་པའི་ཁྲི་ཆེན་པོ་ལ་ཐབས་ཤེས་རྣམ་དག་ཉི་ཟླ་པདྨའི་གདན་རྣམས་ཏེ། དེ་དག་ཀྱང་འདོད་དགུ་འབྱུང་བ་རིན་པོ་ཆེའི་ཁྲི་རྐང་མཛོད་མིག་བདུན་པས་བཏེགས་པའོ། །སོ་སོའི་གདན་དེ་དག་ལ་བཞུགས་ཚུལ་ཇི་ལྟར་ཞེ་ན་རིགས་ལྔ་ཡབ་ལྔ་ནི་དོན་གཉིས་ཀྱི་མཛད་པ་ཡོངས་སུ་རྫོགས་པ་སོགས་ཀྱིས་ཡབ་ཡུམ་བཅུ་པོ་ནི་རྒྱལ་པོའི་ཚུལ་ལྟར་དེ་དང་དེའི་སྐྱིལ་ཀྲུང་དུ་བཞུགས་ཤིང་སེམས་དཔའ་རྣམས་ནི་ཡབ་གཡས་དང་ཡུམ་རྣམས་གཡོན་ཅུང་ཟད་བརྐྱང་པའི་ཕྱེད་སྐྱིལ་ཏེ་བློན་པོའི་ཚུལ་དང་། བྱ་བྱེད་གཉིས་རྡོ་རྗེ་དང་པདྨའི་སྐྱིལ་ཀྲུང་མཐར་བྱེད་རྣམས་གྱད་ཀྱི་དོར་སྟབས་ཐུབ་དྲུག་བཞེངས་སྟབས་ཀྱི་བཞུགས་པའོ། །དབུས་ཀྱི་འཁོར་ལོའི་ལྟེ་བ་དང་རྩིབ་བཞི་ལ་རྒྱལ་པོ་རིགས་ལྔ་རྒྱལ་མོ་སྟེ་ཡུམ་ལྔ་དང་བཅས་པའོ། །གཙོ་བོའི་གཡས་ནས་བརྩམས་ཏེ་རྩིབ་མཆན་ལ་རིམ་པ་ལྟར་མཐོང་བས་སྙིང་དང་། ཐོས་པ་ཕྱག་རྡོར་དང་སྣོམ་པ་ནམ་སྙིང་དང་། མྱོང་བ་སྤྱན་རས་གཟིགས་དང་བཞི་བཙུན་མོ་འང་རིམ་པར་སྒེག་མོ་གར་མ་ཕྲེང་མ་གླུ་མའི་ཚོགས་སུ་བཅས་པའོ། །དེ་བཞིན་དུ་གྲུ་ཆད་བཞི་ལ་ནི། ཤར་ལྷོ་ནས་རིམ་པར་མཐོང་བྱེད་བྱམས་པ་དང་། ཐོས་བྱེད་སྒྲིབ་སེལ་དང་སྣོམ་བྱེད་ཀུན་བཟང་དང་། མྱོང་བྱེད་འཇམ་དཔལ་རྣམས། བཙུན་མོ། སྤོས་མ། མེ་ཏོག་མ་མར་མེ་མ། དྲི་ཆབ་མའི་ཚོགས་དང་ལྡན་པར་གནས་སོ། །བར་ཁྱམས་ལ་ནི་ཤར་ལྷོ་བརྒྱ་བྱིན་སོགས་ཐུབ་པ་དྲུག་དང་གཞན་ཡང་བར་ཁྱམས་དེའི་ཤར་ནུབ་གཙོ་བོའི་མདུན་དང་རྒྱབ་ཏུ་བྱེད་པ་ཀུན་ཏུ་བཟང་པོ་དང་། བྱ་བ་བཟང་མོ་དག་ནི་གནས་པར་བསྟན་ཏོ། སྒོ་ཁྱུད་བཞི་ལ་གདུག་པ་ཅན་འཇོམས་པར་བྱེད་པའི་ཤར་སྒོར་གཤིན་རྗེ་གཤེད་སོགས་བཞི་ནི་ལྕགས་ཀྱུ་མ་སོགས་རང་རང་གི་བཙུན་མོའི་ཚོགས་དང་ལྡན་པར་གནས་སོ། །ཡེ་ཤེས་ལྔ་མཚོན་པ་རིགས་ལྔའི་རང་རྟགས་ཕྱག་མཚན་ནི། མི་བསྐྱོད་པའི་རྡོ་རྗེ་རྣམ་སྣང་གི་འཁོར་ལོ་རིན་འབྱུང་གི་རིན་པོ་ཆེ་སྣང་མཐའི་པདྨ་དོན་གྲུབ་ཀྱི་རལ་གྲི་ཡེ་ཤེས་ཀྱི་ཡུལ་དབྱིངས་ཀྱི་ཕྱག་རྒྱ་དྲིལ་བུ་སྟེ་ཐམས་ཅད་ཀྱང་འོད་འབར་བ་ཅན་ནོ། །སེམས་དཔའ་རྣམས་ནི། འཇམ་དཔལ་ཨུཏྤལ་བྱམས་པ་ཀླུ་ཤིང་ལ་སོགས་རང་རྟགས་ཀྱི་ཕྱག་མཚན་འཛིན་པའོ། །སེམས་མ་རྣམས་ནི་མཛེས་པའི་འཇོ་སྒེག་གི་ཚུལ་དང་བཅས་ཏེ་མཉེས་པར་བྱེད་པའི་མཆོད་རྫས་མེ་ལོང་སོགས་ཡོ་བྱད་འཛིན་པའོ། །སྐུ་མདོག་ལ་དང་པོ་རིགས་ཀྱི་ཁ་དོག །མི་བསྐྱོད་པ་མཐིང་ག་སོགས་ཀྱིས་མཚོན་དཀར་པོ་སེར་པོ་ལེ་བརྒན་ཏེ་དམར་པོ་ལྗང་གུ་དང་དེ་ལ་སོགས་པའི་ཁོང་ནས་རིགས་གཉིས་འདྲེས་སྣ་ཚོགས་པའི་སྐུ་མདོག་ནི་བྱམས་པ་དཀར་སེར་སོགས་སོ། །ཞི་བའི་ཚུལ་ལྷ་དེ་དག་ཀྱང་སྐུ་ཤ་མཉེན་པ་ཡན་ལག་ལྕུག་པའམ་དཀུ་སྐབས་ཕྱེད་ཅིང་འཚམས་པ་སྐུ་འཁྲིལ་བག་ཆགས་སྐུ་སློད་པོར་མ་གྱུར་པ་སྐུ་དྲང་ཞིང་ལྡེམ་པ་སྐུ་གཞོན་ཤ་ཆགས་པའི་ངང་ཚུལ་ཅན། གཙང་ཞིང་གསལ་བ་བཀྲག་ཅིང་མཚེར་བ་བརྗིད་ཅིང་ཡིད་དུ་འོང་བས་ལྷུན་སྡུག་པ་ཟིལ་གྱིས་མི་ནོན་པས། གཟི་བྱིན་ལྡན་པ་སྟེ། སྔ་མ་ལྔ་ངོ་བོའི་ཡོན་ཏན་དང་ཕྱི་མ་བཞི་རྣམ་པའི་ཡོན་ཏན་ནོ། །འོད་ནི་ཞི་བ་རྣམས་ནི། འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོ་བའི་ཚོགས་ཆེན་པོ་དང་ཁྲོ་བོ་རྣམས་མེ་ལྟར་འབར་ཞིང་རྣོ་བའི་འོད་ཟེར་གྱི་ཕྲེང་བས་ཀུན་ཏུ་འཁྲིགས་པའི་ཀློང་ན་བཞུགས་པ་སྟེ། གར་དགུའི་ཉམས་ཀྱིས་སྒེག་པའོ། །མཐའ་དབུས་མེད་པར་ཆོས་ཐམས་ཅད་ལ་ཁྱབ་པའི་རང་བཞིན་གྱི་དཀྱིལ་འཁོར་བསམ་བརྗོད་ལས་འདས་པས་མཐའ་ཡས་པའི་གནས་ལུགས་དེ་ཉིད་རྟོགས་དོན་སྒོམ་པའི་ཐབས་ལྷག་པ་ཏིང་འཛིན་ལ་གོམས་པའི་མཐུས་འབྲས་བུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འགྲུབ་པར་འགྱུར་རོ། །ཡོན་ཏན་གྱི་རྟེན་སྐུ་སྟེ། འབྲས་བུ་སྐུ་ལྔ་ལས་མི་འདའ་ཞིང་ཁྱད་པར་དུ་འགྱུར་པ་ཡི་ཕྱག་རྒྱ་ཆེས་ཆེ་བའི་མཆོག་ནི་རིགས་དྲུག་པ་ཉིད་ཡིན་པ་དེ་ལས་ལྡོག་ཆ་སྐུ་ལྔར་སྣང་བ་ནི། གཞི་ཆོས་དབྱིངས་དེ་བཞིན་ཉིད་ལས་མ་གཡོས་པ་ནི་ཆོས་ཀྱི་སྐུའོ། །དེ་ལྟར་མ་གཡོས་ཀྱང་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་ཡང་དག་པར་ཐར་པའི་གཟུགས་སྐུ་དག་པའི་འདུལ་བྱ་ལ་སྣང་བའི་ལོངས་སྐུ་དང་། གདུལ་བྱའི་འགྲོ་བ་མ་ལུས་པ་དངོས་རྒྱུད་ཅི་རིག་པར་འདུལ་བའི་ཕྱིར། དེ་དག་གི་བསམ་པ་དང་མཐུན་པར་བྱས་པའི་སྐུའི་བཀོད་པ་ནི་གཅིག་ཏུ་མ་ངེས་པར་སྣ་ཚོགས་སུ་སྟོན་པའི་སྤྲུལ་པའི་སྐུའོ། །དེ་ལྟར་སྟོན་པ་ཉིད་ཀྱང་དཔེ་སྒྱུ་མའི་མིག་ཡོར་གྱི་ཚུལ་དང་འདྲ་བར། གཟུགས་སྐུ་གཉིས་སུ་སྣང་བའི་ཚུལ་དེ་ཉིད་ཀྱང་དབྱིངས་ཆོས་ཀྱི་སྐུ་ལས་གཡོས་པ་མེད་པས་སྐུ་གསུམ་དབྱེར་མེད་རྡོ་རྗེ་སྐུའོ། །དེ་ལྟར་ཆོས་སྐུ་ལས་མ་གཡོས་བཞིན་དུ་གདུལ་བྱའི་ལས་དང་མཐུན་པར་སྐུ་སྣ་ཚོགས་སུ་སྣང་བས་སྐུ་གསུམ་སྣང་ཆ་མ་འདྲེས་པའི་མངོན་བྱང་གི་སྐུའོ། །སྐུ་ལྔ་ལྷུན་གྱིས་གྲུབ་པའི་དེའི་ཚེ་འདུལ་བྱའི་སྐལ་པ་མི་མཐུན་པ་སྣ་ཚོགས་ལ། འདུལ་བྱེད་ཀྱི་སྐུ་སོ་སོའི་རིག་པ་དང་འདྲ་བར་སྣང་བ་ནི་དེ་བཞིན་ཉིད་ཀྱི་ངང་ལས་མ་བཅོས་ཀྱང་གདུལ་བྱའི་སྐལ་པ་དང་སྔོན་གྱི་ལས་འཕྲོའི་དབང་གིས་སྐུ་སོ་སོར་སྣང་བ་སྟེ། དཔེར་ན་གཟུགས་གཅིག་མེ་ལོང་དུ་མའི་ནང་དུ་སོ་སོར་འཆར་བའི། ཆུ་སྣོད་དུ་མར་ཟླ་གཟུགས་གཅིག་ཉིད་སོ་སོར་འཆར་བ་བཞིན་ནོ། །སྐུ་དེ་ལྟར་སྣང་ནས་དོན་མཛད་པ་དེའི་ཚེ་ལྷ་དང་མི་སོགས་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ལ་འདུལ་བྱེད་སྡིག་སྤོང་གི་གཟུགས་བརྒྱ་བྱིན་དང་འཁོར་ལོའི་བསྒྱུར་རྒྱལ་སོགས་སུ་སྣང་བར་བསྟན་ནས་དོན་མཛད་ཅིང་། དེ་བཞིན་དུ། དགེ་ཚུལ་གྱིས་མཚོན་པའི་ཉན་ཐོས་ཀྱི་རིགས་ཅན་རྣམས་ལ་ཉན་ཐོས་དགྲ་བཅོམ་པའི་གཟུགས་དང་རང་རྒྱལ་གྱི་རིགས་ཅན་རྣམས་ལ་བསེ་རུ་ལྟ་བུར་རིགས་མཐུན་པའི་ཚུལ་དུ་བསྟན་ནས་དོན་མཛད་དོ། །དེ་ལས་གཞན་ཡང་རྒྱུ་དང་འབྲས་བུའི་ཐེག་པ་མཆོག་གི་རིགས་ཅན་རྣམས་ལ་ཤཱཀྱ་ཐུབ་པ་སོགས་འདུལ་བྱེད་ཀྱི་སྟོན་པའང་གདུལ་བྱའི་དབང་པོའི་རིམ་པ་བཞིན་དུ་བསྟན་ནས་འདུལ་བ་ནི་སྤྲུལ་སྐུའི་མཛད་པའོ། །ལོངས་སྐུའི་མཛད་པ་ནི། གནས་ངེས་པ་འོག་མིན་བླ་ན་མེད་པའི་གནས་གཟུགས་ཁམས་ལས་འཕགས་པའི་མཆོག་ཏུ་སྟོན་པ་ངེས་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི་རྣམ་པར་སྣང་མཛད་ཆེན་པོའི་ཚུལ་གྱིས་འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ་དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོར་ཆོས་སྟོན་ཏེ། དེའི་སྤྲུལ་སྐུ་བཞིན་དུ་ཆོས་རྣམས་གསུང་མཆོག་ཚིག་ཏུ་མི་སྨྲ་སྟེ། སྐུའི་བརྡའ་ཡི་ཆོས་ངེས་པ་ཐེག་པ་ཆེན་པོ་ཉིད་འཁོར་རྣམས་ཀྱི་བློ་ལ་མཇལ་བར་སྟོན་ནོ། །ཇི་ལྟར་མེ་ལོང་བསྟན་པའི་ནང་དུ་བྱད་ཀྱི་དྲི་མ་སྣང་བའི་ཚུལ་བཞིན་དུ་བྱད་དངོས་ཀྱི་མདོག་བཟང་པོ་ངན་པར་བསྒྱུར་བའི་དྲི་མ་ཐམས་ཅད་ངོས་ཟིན་ནས་གདོད་སེལ་བར་བྱེད་པ་དེ་བཞིན་དུ་འཁོར་རྣམས་ཀྱིས་བསྟོན་པ་དེ་བཞིན་གཤེགས་པའི་སྐུར་བལྟས་པ་ན་བླ་ན་མེད་པའི་བྱང་ཆུབ་ལ་སྒྲིབ་པར་བྱེད་པའི་དྲི་མ་གཏིང་དཔག་མེད་པ་རྣམས་མེ་ལོང་ལ་སྣང་བ་བཞིན་དུ་སྟོན་པ་སྐུ་ལ་སྣང་བས་རང་རྒྱུད་ཀྱི་སྦྱང་བྱའི་དྲི་མ་ངོས་ཟིན་པའོ། །དེ་ནས་བརྩམས་ཏེ་མཐོང་ཟིན་གོམས་པར་བྱེད་པ་སྒོམ་ལམ་ས་དགུར་ལྷན་སྐྱེས་ཀྱི་སྒྲིབ་པ་ཇེ་སྲབ་ཏུ་གྱུར་པས། ས་བཅུའི་མི་མཐུན་ཕྱོགས་རྣམས་སྦྱོང་བས་རིམ་གྱིས་འབྱང་བ་སྟེ་དག་པས་ས་བཅུ་མཐར་ཕྱིན་ནས་འོད་ཟེར་ཆེན་པོའི་དབང་བསྐུར་བས་རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ་སྟེ་ཤེས་སྒྲིབ་ཕྲ་བ་བག་ཉལ་གྱི་དྲི་མ་བཅོམ་ནས་བླ་ན་མེད་པའི་བྱང་ཆུབ་ཀུན་ཏུ་འོད་ཀྱི་ས་ཡང་དག་པར་ཐོབ་བོ། །དག་པ་གཉིས་ལྡན་ཆོས་ཀྱི་སྐུ་ནི་བློས་དཔག་ཏུ་མེད་ཅིང་ངག་གིས་བརྗོད་དུ་མེད་དེ་ནམ་མཁའ་ལྟ་བུའོ། །དེའི་ངང་ལས་ལོངས་སྤྱོད་རྫོགས་སྐུ་ནི་རྟག་ཏུ་ཟད་པ་མེད་པ་ཡིད་བཞིན་ནོར་བུ་རིན་ཆེན་གྱི་གཏེར་དང་འདྲ་བར་བཞུགས་པ་དང་སྤྲུལ་པའི་སྐུ་ནི་གང་ལ་གང་འདུལ་གྱི་སྐུའི་བཀོད་པ་བྱེ་བ་ཕྲག་བརྒྱ་སོགས་བསམ་གྱིས་མི་ཁྱབ་པར་བསྟན་ནས་དོན་མཛད་དོ། །ཐུན་མོང་མ་ཡིན་པའི་མཚན་དང་དཔེ་བྱེད་ཐམས་ཅད་རྫོགས་ཤིང་སྤྱོད་ཡུལ་ཀུན་ཏུ་ཡེ་ཤེས་རང་སྣང་བདེ་བ་ཆེན་པོའི་མཎྜལ་ཞེས་དཀྱིལ་འཁོར་རོ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་ལ་མ་ཞེན་པར་ཤར་བའི་ཕྱིར་ཚོགས་ཆེན་གཉིས་ཀྱང་མ་བཙལ་ལྷུན་གྱིས་རྫོགས་པས་གདུལ་བྱ་གཞན་སྣང་དུ་རྣམ་པར་རོལ་པའི་སྤྲུལ་པ་སྟོན་པར་ནུས་པའི་ཡེ་ཤེས་འཁོར་ལོ་ཚོགས་ཆེན་སྤྲུལ་སྐུའི་སའོ། །ཐབས་འགགས་མེད་དཀྱིལ་འཁོར་འཁོར་ལོ་རབ་འབྱམས་སུ་འཆར་ཡང་། དམིགས་པ་དང་བྲལ་བས་གོས་པ་མེད་པའི་ཡེ་ཤེས་ནི་པདྨ་ཅན་ལོངས་སྐུའི་ས་དང་། སྒྲིབ་བྲལ་གྱི་དགོངས་པ་ཤེས་རབ་སྤྲོས་བྲལ་གྱི་ཡེ་ཤེས་ནི་ཐུན་མོང་མ་ཡིན་པའི་ས་ཡི་མཆོག་ཀུན་ཏུ་འོད་དེ་ཆོས་སྐུའི་སའོ། །དེ་ལ་སོགས་ཏེ་སའི་གྲངས་དང་ཡོན་ཏན་བསམ་ཡས་པའི་མཆོག་རྫོགས་པ་མཐར་ཐུག་གི་ས་གསུམ་པོ་དེ་རྒྱུའི་ཐེག་པའི་ཀུན་ཏུ་འོད་ལས་ཁྱད་པར་དུ་འགྱུར་ན། ས་ཡི་མཆོག་ཅེས་བྱའོ། །སྐྱེ་ཤི་སོགས་སྤྲོས་དང་བྲལ་བའི་ཡེ་ཤེས་འགྱུར་བ་མེད་པའི་ཡོངས་གྲུབ་རྟག་བརྟན། གཡུང་དྲུང་གི་སྐུ་ནི་ཆོས་ཀྱི་སྐུའོ། །འགྲོ་བ་ཉོན་མོངས་པ་ཅན་ཀུན་གྱི་བསོད་ནམས་ཀྱི་ཞིང་དུ་གནས་པ་སྤྲུལ་པའི་སྐུའི་སྣང་བརྙན་གདུལ་བྱའི་བློ་དང་མཐུན་པར་ཟད་མི་ཤེས་པར་འབྱུང་པའི་གཏེར་དུ་གྱུར་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྐུ་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེ་རང་གི་རིག་པའི་ངང་དུ་འདུལ་འབྲལ་མེད་པར་འཛིན་པའི་སྐུ་ནི་རྡོ་རྗེ་སྐུའོ། །ཆོས་ཐམས་ཅད་རིག་པའི་ཡེ་ཤེས་སུ་དབྱེར་མེད་པས་མཉམ་པ་ཉིད་དུ་གནས་པའི་ཕྱིར་སྐུ་གསུམ་མ་འདྲེས་པ་ནི་མངོན་བྱང་ངོ་། །ཆོས་ཅན་ཐམས་ཅད་མ་འདྲེས་པར་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱའི་མོས་ངོར་བརྟན་གཡོ་སྣ་ཚོགས་པའི་རྣམ་པར་སྟོན་པའི་སྐུ་ནི་སྤྲུལ་པའི་སྐུ་སྟེ་མཐར་ཐུག་ཐུན་མོང་མ་ཡིན་པ་དེའི་ཚེ་སྐུ་ལྔ་པོ་དེ་དག་ཀུན་ཀྱང་རྫོགས་པར་ཐོབ་པས་སྔ་ཕྱི་མེད་དེ་སྐུ་དང་ས་ལམ་ཡེ་ཤེས་ཕྲིན་ལས་ཞེས་བཏགས་ནའང་ངོ་བོ་ཐ་མི་དད་པར་གཅིག་པའི་ཕྱིར་རོ། །རང་བཞིན་སྐུའི་དཀྱིལ་འཁོར་གྱི་དོན་དེ་སྐད་ཅེས་བརྗོད་པས་གདུལ་བྱའི་ཡུལ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་ཞིང་མཐའ་ཡས་མུ་མེད་པ་ཐམས་ཅད་དུ་འདུལ་བྱེད་སྐུའི་དཀྱིལ་འཁོར་གྱི་རྣམ་པར་རོལ་པ་བརྗོད་ཀྱི་མི་ལང་བ་ཕྱོགས་བཅུའི་ཞིང་གི་རྡུལ་སྙེད་རང་རིག་པའི་ཡུལ་དུ་གསལ་ཞིང་སྣང་བར་གྱུར་ཏོ། །རྒྱས་པར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཡབ་རྣམས་ཡུམ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་རང་བཞིན་རྟོགས་དཀའ་བའི་གསང་བ་འདི་ཉིད་སྟོན་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རིགས་ལྔ་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་ཕྱུང་ངོ་། །རང་བཞིན་སྐྱེ་འགག་མེད་པ་ལམ་དང་འབྲས་བུའི་དཀྱིལ་འཁོར་དུ་གསལ་བ་ལ། ཨ་ཧོ་ཞེས་ངོ་མཚར་བའོ། །དེའང་དམིགས་བྱ་དབྱིངས་དང་དམིགས་བྱེད་རང་རིག་གཉིས་མེད་དབྱེར་མེད་ཀྱི་ཡེ་ཤེས་ཙམ་དུའང་མི་དམིགས་པས་བློས་དཔག་མེད་བསམ་གྱིས་མི་ཁྱབ་པར་རྟོགས་ནས་སྒོམ་པ་སྟེ། དེར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་ཚིགས་བཅད་གཅིག་བསྡུའོ། །གཞི་རང་བྱུང་གི་ཡེ་ཤེས་ལ་རང་རིག་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྣ་ཚོགས་བརྗོད་ཀྱིས་མི་ལང་བར་སྣང་བ་སྟེ་ལོ་རྒྱུས་དང་། དཀྱིལ་འཁོར་རོ་སྟོན་པའི་ཚིགས་བཅད་བརྒྱད་བསྡུའོ། །དག་པ་ཆོས་མཉམ་ཉིད་དུ་རྟོགས་པ་དང་། མི་མཉམ་པར་ཐ་དད་དུ་འཛིན་པས་མ་དག་པའི་གདུལ་བྱ་སྟེ་དེ་དག་ཀུན་ལ་རྒྱལ་བའི་ཕྲིན་ལས་ཁྱབ་བྱ་ཁྱབ་བྱེད་མེད་པས་གཉིས་མེད་དུ་ཁྱབ་པ་སྣང་སྟོང་ཐ་མི་དད་པའི་དབྱིངས་རྣམ་པར་དག་པ་སྟེ་སྐུའི་མཚན་ཉིད་དང་ཕྲིན་ལས་རྒྱུའི་འབྲས་བུ་ཐོབ་ཚུལ་སྔགས་ཀྱི་མཐར་ཐུག་ས་ཡི་ཁྱད་པར་བསྟན་པ་རྣམས་བསྡུས་སོ། །ཡེ་ནས་སྐུ་ལྔ་པོ་ཀུན་ཀྱང་བདེ་བ་ཆེན་པོའི་སྐུ་ལས་རང་གསལ་བའི་དཀྱིལ་འཁོར་རྣམས་པར་སྤྲོས་པ་ཙམ་ཉིད་ནས་སྤྲོས་པའི་མཚན་མ་མེད་པ་སྟེ། འབྲས་བུ་སྐུ་ལྔ་བསྟན་པ་དང་། དེ་གསུངས་པའི་ཡོན་ཏན་གཉིས་བསྡུའོ། །དེ་ལྟར་བསྡུས་པའི་དོན་ལ་ཧོཿ ཞེས་མཉེས་པའོ། །དཀྱིལ་འཁོར་གསུམ་གྱི་དོན་དེ་སྐད་ཅེས་རྡོ་རྗེ་འཛིན་པ་གསང་བའི་བདག་པོས་ཚིག་ཏུ་བསྡུས་པའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འདིས་ཏིང་འཛིན་ལྷག་པའི་ཏིང་འཛིན་གཉིས་དང་། འབྲས་བུ་རང་བཞིན་སྐུའི་དཀྱིལ་འཁོར་སྤྲོས་ནས་བསྟན་པའི་ལེའུ་སྟེ་དྲུག་པའོ།། ༈ །།དེ་ལྟ་བུའི་ལེའུ་འདིས། ཞི་བ་རྗེས་འཇུག་གདུལ་བྱའི་ཉམས་ལེན་གྱི་ལེའུ་དང་། དངོས་པོ་བཅུ་ལས། བཀོད་པ་དཀྱིལ་འཁོར་ལས་སྐུའི་དཀྱིལ་འཁོར་དང་། སྒྲུབ་པའི་སྐབས་བསྐྱེད་བྱ་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྣམས་བསྟན། བི་མ་ལས། སྤྲོས་ཉིད་དཀྱིལ་འཁོར་བསམ་ཡས་གསལ། ཞེས་པས། ལེའུ་ལྔ་པར། ཏིང་ངེ་འཛིན་གྱི་རོལ་མོ་མཐའ་ཡས་པར་སྤྲོས་པ་ཉིད་ལས། ལེའུ་དང་པོ་དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་སོགས་བསྟན་པར་གསུངས་སོ། །ལེའུ་བདུན་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་དེ་བཞིན་སོགས་གཉིས་པ་གཞུང་ལ་གཉིས། ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་དང་། རང་བཞིན་གསུང་གི་དཀྱིལ་འཁོར་རོ། །དང་པོ་ལ་གསུམ། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པའི་སྔགས། ཡེ་ཤེས་ཀྱི་དཀྱིལ་འཁོར་དགུགས་བསྟིམ་གྱི་སྔགས། དེའི་ཡོན་ཏན་ནོ། །དང་པོ་ལ་གསུམ་སྟེ། རྟེན་གཞལ་ཡས་ཁང་བསྐྱེད་པའི། བརྟེན་པ་ལྷ་བསྐྱེད་པའི། དབང་བསྐུར་བྱིན་གྱིས་རློབས་པའི་སྔགས་སོ། །དང་པོ་ནི། བྷྲཱུྂ་བི་ཤྭ་སོགས། གཉིས་པ་ལ་ལྔ། རིགས་ལྔ་ཡབ་ཡུམ། སེམས་དཔའ་ཡབ་ཡུམ། སྒོ་སྐྱོང་ཡབ་ཡུམ། བྱེད་པོ་ཡབ་ཡུམ། ཐུབ་དྲུག་གི་སྔགས་སོ། །དང་པོ་ནི། ཧཱུྃ་བཛྲ་དྷྲིཀ་སོགས། གཉིས་པ་ལ་གཉིས་ལས། དང་པོ་ནང་སེམས་ཡབ་ཡུམ་གྱི་སྔགས་ནི། ཀྵཱིཾ་ཧི་ར་ཛ་སོགས། གཉིས་པ་ཕྱི་སེམས་ཡབ་ཡུམ་གྱི་སྔགས་ནི། མཻ་དྷཱ་ར་ཎི་སོགས། གསུམ་པ་ནི། ཧཱུྃ་ཡ་མཱནྟ་ཀྲིཏ་སོགས། བཞི་པ་ནི། ཧཱུྃ་ཧཱུྃ་ཧཱུྃ་་སོགས། ལྔ་པ་ནི། ༀ་མུ་ནི་ཀྲེེཾ་སོགས། གསུམ་པ་དབང་བསྐུར་གྱི་བྱིན་རློབས་པའི་སྔགས་ལ་གསུམ་སྟེ། ལོ་རྒྱུས་སྔགས་དངོས་དེའི་ཡོན་ཏན་ནོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས་འབྱུང་ངོ་ཞེས་པའི་བར། གཉིས་པ་ལ་གཉིས་ཏེ། དབང་བསྐུར་བ་དང་། བྱིན་གྱིས་རློབ་པའི་སྔགས་སོ། །དང་པོ་ནི། ༀ་མ་ཧཱ་ཤུ་ནྱ་ཏ་སོགས། གཉིས་པ་ནི་ༀ་སརྦ་ཏ་ཐཱ་ག་ཏ་སོགས། གསུམ་པ་ཡོན་ཏན་ནི། ཞེས་བརྗོད་པས་ནས་གྱུར་ཏོ་བར་གཉིས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུགས་སྟིམ་གྱི་སྔགས་ལ་བཞི་ལས་དང་པོ་སྙན་གསན་དབབ་པའི་སྔགས་ནི། ༀ་ཨེ་ཧྱེ་ཧི་སོགས། གཉིས་པ་སྤྱན་དྲངས་པའི་སྔགས་ནི། ཛཿསོགས་བཞི། གསུམ་པ་རིགས་པའི་མེ་ཏོག་དོར་བའི་སྔགས་ནི། ༀ་ༀ་སོགས་ནས། ཧཱུྃ་སྭཱ་ཧཱ་བར། བཞི་པ་དངོས་གྲུབ་བསྐུལ་ཏེ་སྟིམ་པའི་སྔགས་ནི། ༀ་ཡེ་ཤེས་རྒྱལ་པོ་སོགས་ནས་ཧོཿབར་གསུམ་པ་ཡོན་ཏན་ནི། ཞེས་བརྗོད་པས་ནས་གྲགས་སོ་བར། གཉིས་པར་རང་བཞིན་གསུང་གི་དཀྱིལ་འཁོར་ལ་གསུམ། གསུང་ལྔའི་མཚན་ཉིད་བྱེད་ལས་རྣམ་གྲངས་སོ་མཚན་ཉིད་ལ་ལྔ་ལས། དང་པོ་སྐྱེ་མེད་དོན་གྱི་གསུང་ནི། ཨེ་མ་ཧོ་ངོ་མཚར་སོགས་ཚིགས་བཅད་གཅིག །གཉིས་པ་བརྗོད་པ་ཚིག་གི་གསུང་ནི། གསུང་གཅིག་སོགས་ཚིགས་བཅད་གཅིག །གསུམ་པ་རིག་པ་བྱིན་རླབས་ཀྱི་གསུང་ནི། རྒྱུད་མཆོག་སོགས་རྐང་པ་ལྔ་བཞི་པ་དབྱེར་མེད་རྡོ་རྗེའི་གསུང་ནི། ཐེག་པ་མཐོ་དམན་སོགས་རྐང་པ་དྲུག །ལྔ་པ་ཚངས་དབྱངས་ཀྱི་གསུང་ནི། བརྗོད་མེད་དེ་ཉིད་སོགས་རྐང་པ་ལྔ། གཉིས་པ་གསུང་གི་བྱེད་ལས་ནི། ཐེག་པ་མཐོ་དམན་སོགས་རྐང་པ་གསུམ། གསུམ་པ་གསུང་གི་རྣམ་གྲངས་ནི། ཇི་ལྟར་གསུང་རབ་སོགས་ཚིགས་བཅད་ཕྱེད་དང་གསུམ། གསུམ་པ་ལེའུའི་མཚན་ནི། གསང་བའི་སོགས་སོ། །ས་བཅད་དེ་དང་འབྲེལ་བའི་གཞུང་དངོས་ནི། སྐུའི་དཀྱིལ་འཁོར་བསྟན་པ། དེ་ནས་ལྷག་ཏིང་དང་འབྲས་བུ་རང་བཞིན་གསུང་གི་དཀྱིལ་འཁོར་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་གསུང་གསང་སྔགས་ཀྱི་གསང་བ་འདི་དག་ཕྱུང་ངོ་། །དང་པོ་རྟེན་གཞལ་ཡས་ཁང་བསྐྱེད་པའི་སྔགས་ནི། བྷྲཱུྂ་ནི་རིགས་ལྔ་འདུས་པའི་གཞལ་ཡས་ཁང་གི་ས་བོན་བི་ཤྭ་སྣ་ཚོགས་བི་ཤུདྡྷེ་རྣམ་པར་དག་པའོ། །རིགས་ལྔ་ཡབ་ལྔའི་སྔགས་ཀྱི་མགོ་འདྲེན་ཧཱུྃ་སོགས་ལྔ་པོ་རྣམས་ནི་ཐུགས་རྡོ་རྗེ་མི་བསྐྱོད་པ་སོགས་རིགས་ཀྱི་ས་བོན་ནོ། །བཛྲ་རྡོ་རྗེ་དྷྲྀཀ་འཛིན་པ་སྟེ། རྣམ་ཤེས་དག་པ་རྡོ་རྗེ་འཛིན་པ་མི་བསྐྱོད་པའོ། །དེ་བཞིན་དུ། ༀ་ཛི་ན་ཛྀཀ་རྒྱལ་བས་རྒྱལ་ཏེ་རྣམ་སྣང་སྭཱ་ར ཏྣ་དྷྲྀཀ་རིན་ཆེན་འཛིན་པ་ཏེ་རིན་འབྱུང་ཨཾ་ཨ་རོ་ལྀཀ །ཆགས་ཆེན་མཚོན་ཏེ་སྣང་མཐའ་ཧཱཾ་པྲ་ཛྙ་དྷྲྀཀ་ཤེས་རབ་འཛིན་པ་སྟེ་དོན་གྲུབ། ཡུམ་ལྔ་ནི། མཱུཾ་ནི་མོཀྵ་ཐར་པ་སྟེ་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་དྷཱ་ཏྭཱི་ཤྭ་རཱི་དབྱིངས་ཀྱི་དབང་ཕྱུག་མ་ལཱཾ་ལོ་ཙ་ན་ཏེ་སྤྱན་མ་དྭེ་ཥ་ཞེ་སྡང་ར་ཏི་ཞེས་པ་ནི་དགའ་མ་སྟེ་འོག་མ་རྣམས་ལའང་འགྲེའོ། །མཱཾ་མ་མཱ་ཀི་སྟེ་བདག་མོ་མོ་ཧ་གཏི་མུག་ར་ཏི་པྱཱཾ་པཎྜ་ར་སྟེ་དཀར་མོ་རཱ་ག་འདོད་ཆགས་ར་ཏི་ཏཱཾ་ཏཱ་རེ་སྟེ་སྒྲོལ་མ་བཛྲ་རྡོ་རྗེ་ཕྲག་དོག་དེ་རྣམས་དག་པ་རིགས་ཀྱི་ཡབ་རྣམས་མཉེས་པར་བྱེད་པ་ན་ར་ཏི་ཞེས་དགའ་མའོ། །ནང་སེམས་ཡབ་ཡུམ་ནི། ཀྵིཾ་ཀྵི་ཧི་ཞེས་པ་ཧི་རཱ་ཛ་ཡ། ངོ་མཚར་རྒྱལ་པོ་སྟེ་ས་སྙིང་ཏྲཾ་རིན་ཆེན་རིགས་ཀྱིས་ས་བོན་ཨཱ་ཨཱ་ཀ་ཤ་ནམ་མཁའ་གརྦྷ་ཡ་སྙིང་པོ་ཏེ་ནམ་སྙིང་ཧྲཱི་ཧ་ཧཱུྃ། པདྨ་རིགས་ཀྱི་ས་བོན། པདྨ་པ་ད་མ་པདྨའི་ཕྱག་སྟེ་སྤྱན་རས་གཟིགས་ཛྲིཾ་རྒྱལ་བའི་ས་བོན་ཀུ་རུ་པཱ་ཎ་ཧྲཱི་དང་སྤྲེལ་བས་རྒྱལ་མཛད་ཕྱག་རྡོར་ཧཱུྃ་སོགས་བཞི་ནི་ཡུམ་བཞིའི་ས་བོན་ལ་སྱེ་སྒེག་མོ་ས་མ་ཡ་སྟྭཾ་དུས་ལ་བབ་ཅེས། ཡུམ་གྱིས་བསྐུལ་བ་ཏྲཱཾ་མཱ་ལྱེ་ཕྲེང་མ། ས་མ་ཡ་ཧོཿ དུས་ཡིན་ནོ་ཞེས་ལན་བྱིན་ལ་ཧྲཱི་གཱི་ཏི་གླུ་མ་རཱ་གོ྅་ཧཾ་བདག་ཆགས་སོ་ཞེས་བསྐུལ་བ་ཨ་ནྲྀ་ཏི་གར་པ་རཱ་ག་ཡཱ་མི་ཆགས་པར་བགྱིའོ། ཞེས་ལན་བྱིན་པ་སྟེ། འདོད་ཆགས་ཀྱི་ཡུལ་དང་། འཁྱུད་པ་དང་། དགའ་བ་དང་། བསྐྱོད་པར་གྱུར་པའི་མིང་གི་མཐར་སྙོམས་འཇུག་གི་བརྡའ་བཞི་སྦྱར་བའོ། །ཕྱི་སེམས་ཡབ་ཡུམ་ནི་མཻ་ནི་མེ་ཏྲི་ཏེ་བྱམས་པའི་ས་བོན་དྷ་ར་ཎི་གཟུང་ལ་སྟེ། བྱམས་པས་རྗེས་སུ་འཛིན་པ་སྭཱ་ཧཱ། ཞེས་གཞི་ཚུགས་ཅེས་པའོ། །ཐླྷིཾ་སྒྲིབ་སེལ་གྱི་ས་བོན་ནིསྶ་རཾ་བྷ་ཡ་སྭཱ་ཧཱ་སྒྲིབ་པ་བསལ་བའི་ཆེད་དུ་ཧཱུྃ་བྱང་ཆུབ་སེམས་ཀྱི་ས་བོན། ས་རཱ་ཛ་ཡ་སྭཱ་ཧཱ། ས་ནི་ས་མནྟ་ཏེ་ཀུན་ནས་རྒྱལ་པོའི་ཆེད་དུ་ཞེས་ཀུན་བཟང་། མུཾ་ནི་མུཀྟྲ་སྟེ་རྣམ་གྲོལ་མཚོན་པའི་ས་བོན། ཤྲཱི་དཔལ་ཨཾ་གསུང་གི་རཱ་གཱ་ཡ་སྭཱ་ཧཱ། ཆགས་པའི་ཆེད་དུ་སྟེ་འཇམ་དཔལ་ལེ་ཛཿསོགས་བཞི་ནི་བཟུང་འཁྱུད་སྡོམ་མཉེས་ཏེ་ཕྱག་རྒྱ་བཞིའི་ས་བོན་དྷུ་པེ་བདུག་སྤོས་མ་པྲ་བེ་ཤ་རབ་ཏུ་ཞུགས་པ། ཧཱུྃ་པུཥྤེ་མེ་ཏོག་ཨ་བེ་ཤ །དབབ་པ། བཾ་དཱི་པ་སྒྲོན་མེ་སུ་ཁུ་ནཱི་དེ་བ་མ་ཧོ་གནྦྷེ་དྲི་མ་ཙིཏྟ་ཐུགས་ཏེ་སེམས་ཚིམ་པའོ། །ཁྲོ་བོ་བཞིའི་མགོ་འདྲེན་ཧཱུྃ། བཞི་རིགས་ཀྱི་ས་བོན་ཡ་མནྟ་ཀྲྀཏ། གཤིན་རྗེ་མཐར་བྱེད་ཕཊཿ བཀས་པའི་དོན་ཏེ་ལས་ལ་སྦྱར་བའི་བསྐུལ་ཚིག་གོ །ཧཱུྃ་པྲ་ཛྙཱནྟཀྲྀ་ཏ་ཕཊ། ཤེས་རབ་དང་ཧཱུྃ་པདྨནྟ་ཀྲྀཏ་ཕཊ། པདྨ་སོར་བཞག་དང་ཧཱུྃ་བིགྷྣཱ་བགེགས་ནྟ་ཀྲྀ་ཏ་དེ་མཐར་བྱེད་ཕཊ་གོང་བཞིན་ནོ། །ཡུམ་བཞིའི་འགོ་འདྲེན། ༀ་ནི་རབ་བསྔགས་ཏེ་སྤྱིའི་ས་བོན། མ་ཧཱ་ཆེན་པོ་བཛྲ་རྡོ་རྗེ་དྷ་ར་འཆང་བ་མ་ཧཱ་ཆེན་པོ་ཀྲོ་དྷི་ཤྭཱ་རཱི། ཁྲོ་མོའི་དབང་ཕྱུག་མ། ཛྭ་ལཱི་ནཱི་འབར་བ་མ་ཧཱུྃ། ཁྱབ་བྱེད་ཞུགས་པའི་རིགས་ཀྱི་སྙིང་པོ་ཕཊ་བསྐུལ་ཚིག་སྦྱར་བའོ། །དེ་བཞིན་དུ་ༀ་མ་ཧཱ་རཏྣ་རིན་ཆེན། དྷཱ་རོ་མ་ཧཱ་ཀྲོ་དྷི་ཤྭོ་རི་ཛྭ་ལ་ནཱི་ཧཱུྃ་ཕཊ། ༀ་མ་ཧཱ་པདྨ་པདྨ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ཱལ་ནི་ཧཱུྃ་ཕཊ། ༀ་མ་ཧཱ་ཀརྨ་ལས་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། བྱ་བྱེད་གཉིས། ཧཱུྃ་ཧཱུྃ་ཧཱུྃ། ཡེ་ཤེས་ཀྱི་ས་བོན་བཛྲ་ཙིཏྟ་རྡོ་རྗེ་ཐུགས་ༀ་ཐབས་ཀྱི་སྙིང་པོ་སྟེ་བྱེད་པ་པོ་ཀུན་བཟང་། ཨ་ཨ་ཨ་ཆོས་དབྱིངས་ཀྱི་ས་བོན། བཛྲི་བྷ་དྲ་ས་མནྟ་རྡོ་རྗེ་ཀུན་ཏུ་བཟང་མོ་ཨ་ནི་ཤེས་རབ་ཀྱི་སྙིང་པོ་སྟེ་བྱ་བ་མོའི་སྔགས་སོ། །ཐུབ་དྲུག་ༀ་རྣམས་ནི་རབ་བསྔགས་མུ་ནེ་ཐུབ་པ་ཀྲེཾ་ནི་བྱེད་པ་སྟེ་འདོད་ཡོན་གྱི་བྱེད་པས་ལྷག་པ་ལྷའི་ས་བོན། སྭཱ་ཧཱ་ནི་འགྲོ་བའི་རིགས་དེ་དང་དེའི་བག་ཆགས་ཞི་བའི་ཆེད་དུ་གཞི་འཛུག་པའི་དོན་ནོ། །དེ་བཞིན་དུ། ༀ་མུ་ནི་ཧཱུྃ་ཏྲཱུཾ་ནི་གོ་ཆ་བགོད་པ་སྟེ་ལྷ་མིན་གྱི་ས་བོན། སྭཱ་ཧཱ། ༀ་མུ་ནེ་སྲུཾ་ས་ར་འཁྱིལ་བ་སྟེ་བློ་དཀྱིལ་ཆེ་བ་མིའི་ས་བོན་སྭཱ་ཧཱ། ༀ་མུ་ནེ་བྲཾ་ནི་པྲ་ཧོ་ཏེ་འདུད་པའི་དོན་གྱིས་དུད་འགྲོའི་ས་བོན་སྭཱ་ཧཱ། ༀ་མུ་ནེ་ཀྵཾ་ཀྵ་ར་སྟེ། གདུང་བ་ཡི་དྭགས་ཀྱི་ས་བོན་སྭཱ་ཧཱ། ༀ་མུ་ནི་ཡེ་ནི་དམད་པའི་གནས་ཏེ་དམྱལ་བའི་ས་བོན་རྣམས་སོ། །ༀ་ནི་འགོ་འདྲེན། ཨེ་ཧྱེ་ཧི། ཚུར་སྤྱོན་ཚུར་སྤྱོན་བྷ་ག་ཝན་བཅོམ་ལྡན་འདས་མ་ཧཱ་ཀཱ་རུ་ཎི་ཀཱ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དྲྀ་ཤྱ་ཧོཿ གཟིགས་ཤིག་ས་མ་ཡ་སྟྭཾ༔ དུས་ལ་བབ་ཞེས་སོ། །སྙན་གསན་དབབ་པའོ། །སྤྱན་དྲངས་པ་ནི། ཛཿཧཱུྃ་བཾ་ཧོ། འགུགས་འཆིང་སྡོམ་དགྱེས་ཏེ་སྤྱན་དྲངས་པའོ། །ༀ་ཨཾ་ཧཱུྃ་སྭཱ་ཧཱ་བ་བ་བ་བ་བ། ཛ་ཛ་ཛ་ཛ་ཛ། ས་ས་ས་ས་ས། མ་མ་མ་མ་མ། ཡ་ཡ་ཡ་ཡ་ཡ། ༀ་ཨཾ་ཧཱུྃ་སྭཱ་ཧཱ། ཞེས་བདག་དམ་ཚིག་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པའི་དམ་ཚིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྲས་བུ་ཆོས་ལྔ་དང་གཉིས་སུ་མེད་དུ་རྟོགས་པའི་བྱེད་པའོ། །ཞེས་རིག་པའི་མེ་ཏོག་དོར་བ་བཞེས་སོ། །ༀ་ནི་དངོས་གྲུབ་གསོལ་བའི་གླུའི་མགོ་འདྲེན་ནོ། །རང་རིག་པའི་ཡེ་ཤེས་ལ་མངའ་མཛད་པའི་རྒྱལ་པོ་ཞེས་བོས་ཏེ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཞན་ལས་ཆོས་རྨད་པོ་ཆེ། དེ་ཉིད་དུས་ད་ལྟ་ཉིད་དུ་འདིར་ནི་དབྱེར་མེད་མཉམ་པར་སྦྱོར་བས་ཡེ་ཤེས་ལྷའི། རྡོ་རྗེ་གསུམ་གྱི་ཕྱག་རྒྱ་ཆེན་པོར་བདག་གི་སྒོ་གསུམ་སྦྱོར་བར་མཛད་ཅིག་ཅེས་བསྐུལ་བ་དང་། ༀ་བཛྲ་ས་མ་ཧ་ཧཱུྃ། ཞེས་པའི་ཐུགས་བསྐུལ་བའི་ས་བོན་དུ་བྱས་ཏེ་རབ་སྔགས་རྡོ་རྗེ་མཉམ་པར་མཛོད་ཅིག་ༀ་བཛྲ་ས་མ་ཡ་སྟྭཾ་ཞེས་པས་ནམ་མཁའ་ལྷའི་འཁོར་ལོ་གྲུབ་པར་མ་གྱུར་གྱི་བར་དུ་བསྟན་པར་བཞུགས་པའི་རྡོ་རྗེའི་དམ་ཚིག་ཁྱོད་ཅེས་སོ། །ༀ་བཛྲ་ས་མ་ཡ་ཧོཿ མཆོག་སྟེར་རྡོ་རྗེའི་དམ་ཚིག་མཉེས་པར་མཛོད་ཅེས་དང་། ཛཿཧཱུྃ་བཾ་ཧོ༔ ཞེས་ཕྱག་རྒྱ་བཞིས་བརྟན་ཅིང་གསལ་བར་བྱས་པའོ། །དེ་སྐད་ཅེས་བརྗོད་པས་ལྷག་ཏིང་གསུང་གསང་སྔགས་ཀྱི་དཀྱིལ་འཁོར་འདི་དག་གིས་ཡུལ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཀྱི་གདུལ་བྱའི་ངག་ལ་ཡེ་ནས་ཁྱབ་པར་གྲགས་སོ། །དེ་ལས་རྐྱེན་གྱི་སྔགས་སྒྲར་རབ་ཏུ་གྲགས་སོ། །དེས་འགགས་མེད་གསུང་རྡོ་རྗེར་ཀྲོལ་བས་ཀུན་ཏུ་གྲགས་སོ། །དཀྱིལ་འཁོར་བསྐྱེད་པ་དེ་ནས་བཅོམ་ལྡན་འདས་བྱེད་པ་པོ། ཕྱོགས་བཅུས་བདེ་གཤེགས་ཐམས་ཅད་དང་དབྱེར་མི་ཕྱེད་པའི་རྡོ་རྗེ་རིགས་ཀྱི་ཡབ་ལྔ་དང་། ཡུལ་བྱ་བ་མོ་རྡོ་རྗེ་ཡུམ་ལྔའི་རྣམ་པར་རང་གི་ཐུགས་ཀའི་དངས་མའི་སྲོག་ཧཱུྃ་ཡིག་གིས་འོད་ཀྱིས་སྤྱན་དྲངས་པ་རྣམས་གཉིས་སུ་མེད་པར་སྦྱོར་བའི་རྗེས་ཆགས་ཀྱིས་མེས་ཞུ་བ་ཡེ་ཤེས་ལྔའི་ཆུ་རྒྱུན་དཀྱིལ་འཁོར་གྱི་ལྷའི་དབུས་གནས་ལྔ་ལ་ཐིམ་པར་མཛད་དོ། །དབང་བསྐུར་བ་དེ་ནས་ཕྱོགས་བཅུ་དུས་བཞི་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བདག་ཉིད་ཆེན་པོ་རིགས་བདག་སྤྲུལ་སྐུའི་ཆ་བྱད་ཅན་ལྔ་ཡིས་དབུ་བརྒྱན་ཅིང་ཕུང་ལྔ་བདག་ཉིད་ཆེན་པོའི་རང་བཞིན་དུ་དག་པའི་ཡེ་ཤེས་ཀྱི་ངོ་བོ་རིགས་ལྔ་སོགས་རིགས་རྣམས་ལ་དེ་དག་གི་དབང་བསྐུར་བའི་དགོངས་པ་དང་། དེ་ལྟར་དབང་དང་བྱིན་བསྡུ་བ་ཞེས་བྱ་བའི་གསང་སྔགས་འདི་དག་སྟོན་པའི་སྐུ་དང་གསུང་དང་ཐུགས་མི་ཕྱེད་པའི་རྡོ་རྗེ་ཐབས་ཤེས་ཟུང་འབྲེལ་སྒྱུ་འཕྲུལ་དྲ་བ་ལས་ཕྱུང་ངོ་། །དབང་དང་བྱིན་རླབས་ཀྱི་སྔགས་གཉིས་ལས་དང་པོ་དབང་བསྐུར་བའི་སྔགས་ནི། ༀ་རབ་བསྔགས་མ་ཧཱ་ཆེན་པོ་ཤཱུ་ནྱ་ཏཱ་སྟོང་པ་ཉིད་ཛྙཱ་ན་བཛྲ་ཡེ་ཤེས་རྡོ་རྗེ་སྭ་བྷཱ་ཝ་རང་བཞིན་ནམ་ངོ་བོ་ཉིད་ཨཱཏྨ་ཀོ྅་ཨ་མཚམ་སྦྱར་བ་ཧཾ་བདག་ཉིད་པའོ། །དེ་བཞིན་དུ་ༀ་མ་ཧཱ་ཨ་དཪྴ་མེ་ལོང་ལྟ་བུ། ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་པྲ་ཏྱ་བེཀྵ་ཎ་སོ་སོར་རྟོགས་པ། ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ༀ་མ་ཧཱ་ས་མ་ཏཱ་མཉམ་པ་ཉིད། ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ། ༀ་མ་ཧཱ་ཀྲྀ་ཏྱ་ནུ་ཥྛཱ་ན་བྱ་བ་གྲུབ་པ། ཛྙཱ་ན་བཛྲ་སྭ་བྷ་བ་ཨཏྨ་ཀོ྅ཧཾ། བྱིན་རླབས་ནི། ༀ་རབ་བསྔགས་སརྦ་ཐམས་ཅད་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་མ་ཧཱ་ཆེན་པོ་ཀཱ་ཡ་སྐུ་བཛྲ་སྭ་བྷ་བ་ཨཏྨ་ཀོ྅ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝ་ཀ་གསུང་། བཛྲ་སྭ་བྷ་བ་ཨཏྨ་ཀོ྅ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་ཐུགས། བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་རྗེས་སུ་ཆགས་པ། བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་མཆོད་པ། བཛྲ་སྭཱ་བྷཱ་བ་ཨཏྨ་ཀོ྅ཧཾ། དེ་སྐད་ཅེས་བརྗོད་པས། ཡེ་ཤེས་ལྔའི་ཆུ་རྒྱུན་སྤྱི་བོ་ནས་ཐིམ་པར་གྱུར་པས་དབུའི་གནས་ལྔ་ན་དབང་ལྷ་རིགས་ལྔ་གསལ་བར་གྱུར། གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ལྷ་རྣམས་འབར་བར་གྱུར་ཏོ། །ཨེ་མ་ཧོཿ ཞེས་བརྗོད་མེད་ལས་དོན་གོ་བས་ངོ་མཚར་ཞིང་ཆེས་རྨད་ཀྱི་ཆོས་ཏེ་ཇི་ལྟར་ན། རྫོགས་པའི་སངས་རྒྱས་ཀུན་གྱི་ཁྱབ་བྱེད་ཆོས་སྐུའི་གསུང་ནི་གྲགས་པའི་སྒྲ་དང་བཏགས་པའི་མིང་དང་། བརྗོད་པའི་ཚིག་སོགས་ཀུན་ལས་འདས་པའི་བརྗོད་མེད་ཀྱི་གསུང་དེས་གོ་ཕྱེ་པས་སྣ་ཚོགས་པའི་སྒྲ་རྣམས་གསལ་བར་འབྱུང་བའི་གཞིར་གྱུར་པའོ། །དེ་བཞིན་གཤེགས་པའི་གསུང་གི་གསང་བ་གཅིག་ལ་ཡང་གསུང་གི་དཀྱིལ་འཁོར་ཡན་ལག་དྲུག་ཅུ་ལ་སོགས་པར་སྣང་བ་ནི། གདུལ་བྱའི་གནས་བསམ་གྱི་མི་ཁྱབ་པའི་ཞིང་ཁམས་ཀུན་ཏུ་ཁྱབ་ཅིང་རང་རང་གི་སྐད་དུ་བརྡ་སྤྲོད་པའི་སྒྲ་དང་མིང་ཚིག་སོ་སོར་གྲག་ཅིང་གྲགས་པ་དེ་ཐམས་ཅད་ཀྱང་ཟབ་པ་དང་རྒྱ་ཆེ་བའི་གསུང་གི་ཕྱག་རྒྱ་ལས་མི་འདའ་བའི་ཕྱིར་མཆོག་ཏུ་གྱུར་པའོ། །རྒྱུད་ཐམས་ཅད་ཀྱི་མཆོག་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་འབྲས་བུ་བདེ་བ་ཆེན་པོ་དང་ལྡན་པ་རང་རིག་པའི་ཡེ་ཤེས་གསུང་གི་དོན་འབྱུང་བའང་ཇི་ལྟར་ཞེ་ན་འཁོར་འདས་སྒྲ་ཐམས་ཅད་གཟུང་འཛིན་གྱི་མ་གོས་པ་པདྨ་ལྟ་བུའི་ངང་དུ་གྱུར་པའི་ཕྱིར་ན། །རྣམ་པར་གྲོལ་བ་འདས་པ་དང་ཐར་པར་འགྲོ་བྱེད་ལམ་དང་། བཅིངས་པ་འཁོར་བའི་སྒྲ་སྐད་ཀྱི་རྣམ་པ་ཇི་སྐད་བརྗོད་པ་ཐམས་ཅད་ཀྱང་མཚན་མས་མ་གོས་པས་གསུང་གི་མཆོག་སྟེ། །ཐེག་པ་མཐོ་དམན་ཐམས་ཅད་དང་། །ཕྱིན་ཅི་ལོག་མུ་སྟེགས་པ་དང་། །གཞན་ཡང་འགྲོ་བ་མ་ལུས་ཐམས་ཅད་ཀྱི་སྒྲ་སྐད་ཀུན་ཀྱང་དོན་ལ་གྲག་སྟོང་གཉིས་མེད་ཀྱི་ངོ་བོར་ཡེ་ནས་བྱང་ཆུབ་པ་རྡོ་རྗེའི་གསུང་དུ་བསྡུས་ཤིང་བསྡུས་ཙམ་ཉིད་ནའང་དེ་ལས་མ་གཡོས་བཞིན་དུ་ཕྱོགས་བཅུར་རྣམ་པར་གྲགས་པའི་སྒྲ་ཉིད་ཇི་ལྟར་པདྨ་ལ་ཆུས་མི་གོས་པ་ལྟར་མ་ཆགས་འཛིན་མེད་ཀྱི་ངང་དུ་གསུངས་པས་མཐའ་གཉིས་ལས་གྲོལ་བའི་ཕྱིར། མ་འགགས་པར་གསུངས་པའི་དུས་ཉིད་ན་མ་དམིགས་པས་བརྗོད་དུ་མེད་པའོ། །བརྗོད་མེད་དོན་གྱི་གསུང་དེ་ཉིད་བརྗོད་པ་སྣ་ཚོགས་པའི་སྒྲའི་འབྱུངས་སུ་སྣང་བས་གདུལ་བྱ་ཀུན་ལ་ཚིག་མཐུན་པར་གྲགས་ཤིང་དོན་སོ་སོར་འཇལ་ཞིང་གོ་བར་བྱེད་དེ། དཔེར་ན་ཚུལ་དེ་བཞིན་ཐུབ་པའི་དབང་པོས་སྦྲིད་པ་བསངས་པ་ལ་ནད་པ་སྨན་པ་ཁྱིམ་བདག་མོ་གསུམ་གྱིས་དོན་སོ་སོར་གོ་བ་བཞིན་དེ་བཞིན་གཤེགས་པའི་གསུང་གཅིག་གི་སྒྲ་ཡིས་སོ་སོའི་བསོད་ནམས་དང་མཐུན་པའི་ཆོས་ཐམས་ཅད་གོ་བ་དེ་ནི་གསུང་གཅིག་གིས་ཀུན་ལ་ཁྱབ་པས་གསུང་མཆོག་རྒྱལ་པོ་སྟེ་ཚངས་དབྱངས་ཀྱི་གསུངས་ཡིན་ནོ། །གདུལ་བྱའི་སྣང་བར་ཐེག་པ་མཐོ་དམན་བསམ་ཡས་གསུངས་པ་ལྟར་སྣང་ཡང་བཅོམ་ལྡན་འདས་ཀྱི་དེ་བཞིན་ཉིད་ལ་འབབ་པ་ཁོ་ན་ལས་གཞན་མ་གསུངས་ཏེ། གདུལ་བྱ་འདུལ་བའི་ཐབས་སུ་ཆོས་ཀྱི་རྣམ་གྲངས་སོ་སོར་ཐོས་པ་ཙམ་དུ་ཟད་དེ། ཇི་ལྟར་གསུང་རབ་ཀྱི་དོན་ཀུན་བརྗོད་ཀྱང་དོན་ཆོས་ཉིད་དེ་བཞིན་ཉིད་ཀྱིས་གཞལ་ནས་བརྗོད་དུ་མེད་ཕྱིར། ཅུང་ཟད་ཀྱང་གསུངས་པ་མེད་དེ་ཆོས་སྐུ་སྐྱེ་མེད་དོན་གྱི་གསུངས་སོ། །དེ་ཉིད་མཚོན་བྱེད་ཡི་གེར་གྲུབ་པ་མེད་པ་དང་། རིག་པ་ཡེ་ཤེས་ཀྱི་གསུང་དེ་ཉིད་སྒྲར་བརྗོད་དུ་མེད་པས་ལྗགས་ཀྱི་རྩེ་མོར་ཚིག་ཏུ་མ་ཕྱུང་ཡང་ལོངས་སྐུའི་དགོངས་པ་བརྡའི་གསུང་ངོ་། །ཐུགས་རྗེ་ལྷུན་གྱིས་གྲུབ་པའི་གསུང་གི་བྱིན་རླབས་སྟོབས་ཀྱིས་དོན་མཛད་པ་ནི་མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་ངོ་། །འགྲོ་བའི་མོས་པ་དང་མཐུན་པའི་སྒྲ་དོན་སྣ་ཚོགས་ཚིག་གཅིག་གིས་སོ་སོར་གསལ་ཞིང་ཐོས་པས་བརྡ་སྤྲོད་པ་སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་ངོ་། །དེ་ལྟར་གསལ་བ་ཉིད་ནའང་མི་དམིགས་པས་གསུང་གི་རང་བཞིན་དབྱེར་མི་ཕྱེད་པས་རྡོ་རྗེའི་མཆོག་སྟེ་དབྱེར་མེད་རྡོ་རྗེའི་གསུང་ངོ་། །ཚུལ་དེ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་སྒོ་ནས་འགྲོ་དོན་མཛད་པ་རྣམས་ནི་བརྗོད་མེད་དེ་བཞིན་ཉིད་ཀྱི་ངང་ལས་གཞན་དུ་མ་གཡོས་ཀྱང་རྒྱལ་བའི་ཐུན་མོང་དང་འདུལ་བྱའི་མོས་པ་ལས་རང་སྣང་བ་སྟེ། དཔེར་ན་བྲག་ཆའི་སྒྲ་ཉིད་ཀྱང་བརྗོད་འདོད་རྟོག་པ་དང་། རྩོལ་བ་གང་ཡང་མེད་བཞིན་དུ་རྐྱེན་གྱིས་སྒྲ་ཡི་རྣམ་པར་འབྱུང་བ་བཞིན་ནོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། འདིས་རང་བཞིན་གསུང་གི་དཀྱིལ་འཁོར་ཇི་སྙེད་པ་གསུང་ལྟར་བསྡུས་པ་དང་ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་གསང་སྔགས་ཀྱི་དོན་བསྟན་པའི་ལེའུ་སྟེ་བདུན་པའོ།། ༈ །།དེ་ལྟར་ལེའུ་འདིས། བཞི་པ་རྗེས་འཇུག་ཉམས་ལེན་གྱི་ལེའུ་དང་། །རྒྱུད་ཀྱི་དངོས་པོ་བཅུ་ལས་སྒྲུབ་པའི་སྐབས་བསྐྱེད་པ་རྐྱེན་གྱི་སྔགས་དང་། འཆིང་ཟློས་སྔགས་དང་ཕྱག་རྒྱ་ལས་ཞི་བའི་སྔགས་རྣམས་བསྟན་ཏོ། བི་མ་ལས། གང་བྱེད་སྔགས་ཀྱི་ཡི་གེ་བརྗོད། ཅེ་གསུངས་པས། ལེའུ་དྲུག་པར། དཀྱིལ་འཁོར་བསམ་ཡས་སུ་གསལ་བ་ལས། རང་གི་ལྷག་པའི་ལྷ་གང་ལ་བྱེད་པའི་ཞི་པ་རབ་འབྱམས་ཀྱི་སྔགས་ཀྱི་ཡི་གེ་གསལ་བར་བརྗོད་པའོ། །ལེའུ་བརྒྱད་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་བཞིན་ནས་བརྗོད་དོ་བར། །གཉིས་པ་གཞུང་ལ་ལྔ་སྟེ། རང་བཞིན་གྱི་ཕྱག་རྒྱ་དང་། ལྷག་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་། ལྟ་བའི་ཕྱག་རྒྱ་དང་། ཕྱག་རྒྱ་སྤྲོས་བཅས་ཀྱི་ཏིང་ངེ་འཛིན་བསྟན་པ་དང་། ཕྱག་རྒྱའི་རྣམས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། སྒྱུ་འཕྲུལ་དྲྭ་བ་སོགས་ཚིགས་བཅད་གཅིག །གཉིས་པ་ལ་གསུམ་སྟེ། ཕྱག་རྒྱའི་རྒྱུ་དང་། དེ་ལས་བྱུང་བ་རིགས་ལྔ་སྤྱིའི་དམ་རྒྱ། དེ་ལས་འཕྲོས་པ་ལྷ་སོ་སོའི་ཕྱག་རྒྱའོ། །དང་པོ་ནི། མི་སྐྱོད་སོགས་ཚིག་བཅད་གཅིག །གཉིས་པ་ནི། ༀ་དང་མུཾ་གཉིས་སོགས་ཚིགས་བཅད་གཅིག །གསུམ་པ་སོ་སོའི་ཕྱག་རྒྱ་ལ་ལྔ་ལས། །དང་པོ་རིགས་ལྔའི་ཕྱག་རྒྱ་ལས་གཙོ་བོ་ཡབ་ཡུམ་ནི། འབྲུ་བཞི་སྦས་ནས་སོགས་ཚིགས་བཅད་གཉིས་དང་། རྣམ་སྣང་ཡབ་ཡུམ་སོགས་རིགས་གཞན་བཞི་པོའི་ཕྱག་རྒྱ་ཡང་འབྲུ་བཞི་སྦས་ནས་སོགས་བཅད་བརྒྱད། གཉིས་པ་སེམས་དཔའ་ཡབ་ཡུམ་གྱི་ཕྱག་རྒྱ་ནི། ཨུཏྤལ་ཀླུ་ཤིང་སོགས་ཚིགས་བཅད་གསུམ། གསུམ་པ་སྒོ་བ་ཡབ་ཡུམ་གྱི་ཕྱག་རྒྱ་ནི། སྒོ་བཞི་སོགས་རྐང་པ་བདུན། བཞི་པ་ཐུབ་དྲུག་གི་ཕྱག་རྒྱ་ནི། ཐུབ་པ་དྲུག་སོགས་རྐང་པ་གསུམ། ལྔ་པ་ཀུན་བཟང་ཡབ་ཡུམ་གྱི་ཕྱག་རྒྱ་ནི། ཀུན་བཟང་སོགས་རྐང་པ་ལྔ། གསུམ་པ་ལྟ་བའི་ཕྱག་རྒྱ་ནི། ཕྱག་རྒྱ་ཆེན་པོའི་ཚིགས་བཅད་གཅིག །བཞི་པ་ཕྱག་རྒྱ་སྤྲོས་བཅས་ལ་གཉིས་ཏེ། སྣང་བ་རྣམ་འབྱེད་ལ་ཇི་ལྟར་བསླབ་པ་དང་། དེས་དོན་བྱེད་ཚུལ་ལོ། །དང་པོ་ལའང་གསུམ་སྟེ། སངས་རྒྱས་སྟོང་དང་། ཉི་ཁྲི་བཞི་སྟོང་དང་། བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་བསླབ་པའོ། །དང་པོ་ནི། ཡན་ལག་སོགས་རྐང་པ་གསུམ། གཉིས་པ་ནི། དེ་ལྟར་ལྡན་པ་སོགས་རྐང་པ་གསུམ། གསུམ་པ་ནི། དེ་ལ་སོགས་ཏེ་སོགས་རྐང་པ་གཅིག །གཉིས་པ་དེའི་དོན་བྱེད་ཚུལ་ནི། ཕྱོགས་བཅུ་སོགས་ཚིགས་བཅད་གཉིས། ལྔ་པ་ཕྱག་རྒྱའི་རྣམ་གྲངས་བསྡུ་བ་ནི། མདོར་ན་ཕྱག་རྒྱ་སོགས་ཚིགས་བཅད་གཉིས། གསུམ་པའི་ལེའུ་མཚན་ནི། གསང་བའི་སོགས་སོ། །ས་བཅད་དེ་ལྡན་གྱི་གཞུང་དངོས་བཤད་པ་ནི། གསུང་གི་དཀྱིལ་འཁོར་བསྟན་པ། དེ་ནས་རང་བཞིན་དང་། ལྟ་བ་དང་། ལྷག་ཏིང་སྟེ་ཐུགས་ཕྱག་རྒྱའི་དཀྱིལ་འཁོར་གསུམ་སྟོན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བདག་ཉིད་ཀྱིས་ལུས་དང་རྟོག་པའི་ཡན་ལག་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་ལྷུན་གྱིས་གྲུབ་པ་ཉིད་རྟོགས་གོམས་ཀྱི་སྦྱོར་བས་མཐར་ཕྱིན་པར་བྱིན་གྱིས་རློབས་པ་ཞེས་བྱ་བའི་ཕྱག་རྒྱའི་རིམ་པ་འདི་ཆེད་དུ་བརྗོད་དོ། །ཆོས་ཐམས་ཅད་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ་ཡེ་ནས་རང་བཞིན་གྱིས་མངོན་པར་རྫོགས་པ་སངས་རྒྱས་པའི་ཕྱིར་རྟོག་ཚོགས་ཐམས་ཅད་ལ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་མཆོག་གི་ཕྱག་རྒྱས་བཏབ་པ་སྟེ། །དེ་ལྟར་རྟོགས་དཀའ་བའི། གསང་བ་དེ་ཁོ་ན་ཉིད་དུ་ངེས་པ་ཡི། དོན་ཆོས་ཉིད་སྙིང་པོའི་ཕྱག་རྒྱས་བཏབ་པ་ནི་རྒྱལ་པོའི་བཀའ་རྟགས་པ་ལྟར་འདའ་དཀའ་བ་སྟེ། ནམ་ཡང་དེ་ལས་མི་འདའ་འོ། །དེ་ཡང་ཕྱག་རྒྱ་ནི། མི་བསྐྱོད་པའི་རིགས་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་ལྔའི་སྟེང་དུ་ཐབས་རིགས་ལྔའི་ཡི་གེ་ཧཱུཾ་ༀ་སྭཱ་ཨཱཾ་ཧཱ་དང་། རིན་ཆེན་རིགས་ལག་པ་གཡོན་གྱི་སོར་མོ་ལྔ་ལ། ཟླ་བའི་དཀྱིལ་འཁོར་ལྔའི་སྟེང་དུ་ཤེས་རབ་ཡུམ་ལྔའི་ཡི་གེ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་མ་འཁྲུལ་བར་བཀོད་རྗེས། སོར་མོ་ལྔ་ཕྲག་གཉིས་པོ་ཟུང་དུ་སྤྲད་པའི་ལས་ཀྱི་ཐལ་མོ་མཉམ་པར་སྦྱར་བས་ལྷ་སོ་སོའི་ཕྱག་རྒྱ་འབྱུང་བའི་རྒྱུར་འགྱུར་རོ། །དེ་ཡང་གཡས་ཀྱི་མཛུབ་མོའི་ༀ་དང་གཡོན་གྱི་གུང་མོའི་མཱུཾ་གཉིས་རྩེ་སྦྱར་ཏེ། ལྷགས་མ་རིགས་བཞིའི་ཡི་གེ་འབྲུ་བརྒྱད་ཀྱང་གཡས་ཀྱི་གུང་མོའི་ཧཱུཾ་དང་གཡོན་གྱི་མཛུབ་མོའི་ལཱཾ་དེ་བཞིན་དུ་མཐེ་བོང་དང་མཐེའུ་ཆུང་གཡས་གཡོན་གྱི་ཧཱ་དང་པཱཾ་ཨཾ་དང་ཏཾ་རྣམས་ཕན་ཚུན་སོ་སོར་བསྣོལ་ནས་རྩེ་སྤྲད་པ་ལས་སྲིན་ལག་གི་སྭཱ་མཱཾ་གཉིས་མཐེའུ་ཆུང་ནང་དུ་བཀུག་པའི་རྒྱབ་ཏུ་སྦྱར་ནས་སྦྲེང་བ་ནི། རྒྱལ་བ་ཀུན་དང་། དབྱེར་མེད་མཉམ་པར་སྦྱོར་བའི་དངོས་གྲུབ། བདེ་བ་ཆེན་པོའི་ཡེ་ཤེས་སྦྱིན་པར་བྱེད་པའི་ཕྱག་རྒྱའོ། །ལག་གཡས་ཧཱུཾ་མ་གཏོགས་པའི་ཡིག་འབྲུ་བཞི་སྦས་ནས་གུང་མོ་གྱེན་དུ་སྦྲེང་བའི་རྒྱས་ཐུགས་ཀར་གཏད་དོ་བཀན་པ་ནི་བཅའ་བ་དམ་རྒྱ། ཧཱུཾ་མཐིང་ག་གུང་མོ་སྒྲེང་བའི་རྩེ་མོར་བསྒོམ་པ་ཆོས་རྒྱ། ཧཱུཾ་ཞུ་བ་ལས་རྡོ་རྗེ་རྩེ་ལྔ་པ་འོད་འབར་བར་གྱུར་པ་ནི་དམ་རྒྱ། ལག་གཡོན་པའི་ཟླ་བ་ལྔ་ནང་དུ་བརྟུལ་བས་ཡུམ་གྱི་ཡིག་འབྲུ་ལྔ་སྦས་པའི་ཁུ་ཚུར་གྱིས་དྲིལ་བུ་བཟུང་བ་གསིལ་ཞིང་། ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་ཀྱི་སེམས་དཔའ་མ་པདྨའི་རིགས་ཀྱི་སྟེང་དུ་བཞག་པས་དཀུ་ལ་རྟེན་པ་ནི་ལས་རྒྱ་དང་། ལག་གཡོན་གྱི་འབྲུ་བཞི་ནང་དུ་སྦས་ནས་གུང་མོ་ཐུགས་ཀར་བཀན་ཐབས་སུ་སྒྲེང་བ་དམ་རྒྱ་མཱུཾ་མཐིང་ག་གུང་མོ་སྦྲེང་པའི་རྩེ་མོར་བསྒོམ་པ་ནི་ཆོས་རྒྱ། མཱུཾ་ཞུ་བ་ལས་དྲིལ་བུ་གསིལ་བའི་སྒྲ་ཅན་འོད་འབར་བར་གྱུར་པ་བསམ་པ་ནི་དམ་རྒྱ། ལག་གཡས་ཉི་མ་ལ་གནས་པའི་འབྲུ་ལྔ་མ་བཅིངས་པས་ཡབ་ཀྱི་བརླ་གཡས་པ་ལས་སུ་འཁྲིལ་ཞིང་དབུ་ཡབ་ལ་ཅུང་ཟད་བཏུད་དེ་ཞལ་འཛུམ་པའི་མདངས་ཀྱིས་ཡབ་ཀྱིས་ཞལ་ལ་བལྟ་བའི་ཚུལ་དུ་བཅའ་བ་ནི་ལས་རྒྱའོ། །ཡང་བདག་ཉིད་རྣམ་སྣང་སོགས་རིགས་བཞི་གང་ཡིན་དེ་གསལ་བ་ལ། ལག་གཡས་པའི་འབྲུ་བཞི་སྦས་ནས་རང་རིགས་ཀྱི་སོར་མོ་སྦྲེང་བ་ཐུགས་ཀར་བཀན་ཐབས་སུ་བཅས་ཤིང་དང་པོ་རྣམ་སྣང་ལ་ༀ་གྱི་སོར་མོ་སྒྲེང་བའི་རྩེ་མོར་བསམ་པ་ལ། རང་གི་ཐུགས་ཕྱག་མཚན་འཁོར་ལོ་འོད་འབར་བ་བསམ་ཞིང་། གཡོན་ཟླ་བརྟུལ་གྱིས་ཡུམ་གྱི་འབྲུ་ལྔ་སྦས་པའི་ཁུ་ཚུར་གྱིས་དྲིལ་བུ་གསིལ་ཞིང་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་ལ་བརྟེན་པའོ། །ཡང་གཡོན་དུ་རྣམ་སྣང་ལ་རིགས་ཀྱི་ཡུམ་དབྱིངས་ཕྱུག་གསལ་བ་ལས། གཡོན་པའི་འབྲུ་བཞི་སྦས་ནས་རང་རིགས་ཀྱི་སོར་མོ་སྦྲེང་བ་ཐུགས་ཀར་བཀན་ཞིང་ལཱཾ་རིགས་ཀྱི་ཁ་དོག་ཅན་སོར་མོ་སྒྲེང་བའི་རྩེ་མོར་དྲིལ་བུ་གསིལ་བའི་སྒྲ་གཅན་འོད་འབར་བར་གྱུར་ཅིང་། གཡས་ཉི་མ་འབྲུ་ལྔ་དང་བཅས་པ་མ་བཅིངས་པས་ལས་སུ་སྟེ་ཡབ་ཀྱི་བརླ་གཡས་པའི་སྟེང་དུ་བཞག་པས་འཁྲིལ་ཞིང་ཡབ་ལ་དབུ་བཏུད་དེ་འཛུམ་པའི་མདངས་ཀྱི་ཞལ་ལ་བལྟ་བ་སྟེ། ཡབ་ཡུམ་སོ་སོའི་སྔགས་མཐར་སྔགས་བརྗོད་ཅིང་ཐབས་ཤེས་ཕན་ཚུན་རྒྱས་འདེབས་ཀྱིས་དཀྲོལ་བར་བྱ་སྟེ། དེ་དག་གིས་འོག་མ་རྣམས་ལ་རིགས་འགྲེ་ཤེས་པར་བྱའོ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །སྭཱ་སྒྲེང་རྩེ་མོར་རིན་ཆེན་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱི་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། མཱཾ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱི་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཨཱཾ་སྒྲེང་རྩེ་མོར་པདྨ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱི་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །པྱཱཾ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུཾ་སྒྲེང་རྩེ་མོར་རལ་གྲི་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཏཱཾ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །བ་སྟེ་རིགས་ལྔ་གཙོ་བོའི་ཕྱག་རྒྱ་སོགས་ནས། དེ་ནས་ལག་གཡས་པའི་མཐེ་བོང་མ་གཏོག་གཞན་བཞི་ལ་ཉི་དཀྱིལ་རེ་རེའིི་སྟེང་དུ་མཛུབ་མོ་ནས་བརྩམས་ཏེ་ཐུགས་ཀྱི་སེམས་དཔའི་བཞིའི་ས་བོན་ཀྵིཾ་ཏྲཾ་ཧྲཱིཾ་ཛྲིཾ་བཞི་དང་། གསུང་གི་སེམས་དཔའི་ཚེ་མཻ་ཐླྷིཾ་ཧཱུཾ་མུཾ་བཞི་བཀོད། གཡོན་གྱི་སོར་རྩེ་བཞི་ལ་ཟླ་དཀྱིལ་རེ་རེར་ནང་སེམས་ཀྱི་ཡུམ་བཞི་ས་བོན། ཧཱུཾ་ཏྲཾཾ་ཧྲཱིཾ་ཨཾ་དང་། ཕྱི་ཡི་སེམས་མ་ཛཿཧཱུཾ་བཾ་ཧོ༔བཞི་བཀོད་ནས། སེམས་དཔའི་སེམས་མ་གང་ཡིན་གྱི་སྐུར་གསལ་བ་ལས། འབྲུ་གསུམ་སྦས་ནས་རང་རིགས་ཀྱི་སོར་མོ་སྒྲེང་བའི་རྩེར་ས་བོན་སོ་སོ་ཡོངས་སུ་གྱུར་པ་ལས། འཇམ་དཔལ་གྱི་ཨུཏྤལ་བྱམས་པའི་ཀླུ་ཤིང་ལ་སོགས་པ་ཐུགས་ཕྱག་མཚན་འོད་འབར་པ་དང་། དེ་བཞིན་དུ་ས་སྙིང་གི་རིན་ཆེན་མྱུ་གུ་ནམ་སྙིང་གི་རལ་གྲི་འོད་འབར་སྤྱན་རས་གཟིགས་ཀྱི་པདྨ་དཀར་པོ། ཕྱག་རྡོར་གྱི་རྡོ་རྗེ་འོད་འབར་བ། སྒྲིབ་སེལ་གྱི་ཆོས་ཀྱི་འཁོར་ལོ། ཀུན་བཟང་གི་རིན་ཆེན་སྙེ་མ་སྟེ་ཡབ་བརྒྱད། དེ་དག་གི་ཡུམ་སྒེག་མོ་གཟུགས་མཛེས་གསལ་བའི་མེ་ལོང་། མཱ་ལེས་རིན་ཆེན་ཕྲེང་བ་དང་། གཱིརྟིས་པི་ཝང་། ནཱིརྟིས་གར་མཁན་མཆོག་གི་མཚན་མ་རྔ་ཡབ་ཉིད་དང་དེ་བཞིན་དུ་པུཥྤེ་མེ་ཏོག་ཕྲེང་བ་དང་། བདུག་སྤོས་ཀྱི་མཆོད་སྣོད་འཆར་པའི་དྷུ་པེ་མ། ཨ་ལོ་ཀེའི་མར་མེ་གྷནྡྷེ་མའི་དྲིའི་བྱུག་པ་རྣམས་འོད་འབར་བར་བསམ་པའོ། །ལ་སོགས་ཞེས་པའི་ཁོང་ནས། སེམས་མ་བརྒྱད་ཀྱི་ལག་གཡས་ཉི་མ་འབྲུ་ལྔ་མ་བཅིངས་པས་ཡབ་ཀྱི་བརླ་གཡས་ལས་ལ་བསྟན་པས་འཁྲིལ་ཞིང་། སེམས་དཔའ་བརྒྱད་ཀྱི་གཡོན་ཟླ་བརྟུལ་འབྲུ་སྦས་ཀྱི་ཕྱག་མཚན་དྲིལ་བུ་བཟུང་བ་གསིལ་ཞིང་བརླ་གཡོན་པ་ཆོས་ལ་བརྟེན་པ་དང་། ཡབ་ཀྱི་དབུ་རྣམས་ཀྱང་ཡུམ་ལ་ཅུང་ཟད་འབྱོ་བར་སྒོམ་ཞིང་ཡུམ་རྣམས་ཡབ་ལ་ཅུང་ཟད་འདུད་པའི་ཚུལ་དང་བཅས་པའོ། །མདོར་ན་གོང་གི་ཕྱག་རྒྱ་ཆེན་པོ་སོགས་ཕྱག་རྒྱ་བདུན་ལྡན་རིགས་ལྔའི་སྐབས་བཞིན་དུ་ཐབས་ཤེས་གཉིས་མེད་ཆོས་ཉིད་དབྱིངས་ཀྱི་ངང་དུ་འཁྲིལ་བའོ། །སྒོ་བཞིར་གནས་པའི་ཁྲོ་བོ་ཡབ་ཡུམ་གྱི་ཕྱག་རྒྱ་ནི་སྔར་བཞིན་རིགས་འདྲེས་པ་ལས་བྱེ་བྲག །གཤིན་རྗེ་གཤེད་ཀྱི་ནྲྀ་མགོ་གདེངས་པ་དང་། སྟོབས་ཆེན་རྡོ་རྗེ་གནོད་ཐབས་དང་རྟ་མགྲིན་ཐོད་དབྱུག་སྦྲུལ་ཆེན་པོས་དཀྲིས་གནོན་པ་དང་། བདུད་རྩི་འཁྱིལ་བ་རྡོ་རྗེ་རྒྱ་གྲམ་ལས་ཀྱིས་མཚན་མ་གནོན་ཐབས་ཡུམ་རྣམས་གཡས་ཀྱི་རིམ་པར་ལྕགས་ཀྱུ་དང་ཞགས་པ་དང་། སྥོ་ཊ་སྟེ་ལྕགས་སྒྲོག་དང་ཧོཿ སྟེ་དགྱེས་བྱེད་དྲིལ་བུ་འཛིན་པའི་སྒོ་བཞིར་གནས་པའི་ཡབ་ཡུམ་དེ་དག་ཀྱང་། ཕན་ཚུན་དབུ་འདུད་པ་དང་འཇོ་བའི་ཚུལ་གྱིས་ཡབ་ཡུམ་འཁྲིལ་བའང་གོང་དུ་བཤད་མ་ཐག་པ་བཞིན་ནོ། །ཐུབ་པ་དྲུག་གི་ཕྱག་རྒྱ་ནི་གདུལ་བྱ་མ་ངེས་པར་འདུལ་བའི་ཕྱིར་སྣ་ཚོགས་ཏེ། མདོར་བསྡུས་ན་ཕྱག་རྒྱ་དྲུག་ཏུ་བསྟན་པ་ཡིན་ནོ། །ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས་ཀྱི་ཡུམ་དང་འདུ་འབྲལ་མེད་པར་མཉེས་པར་བྱེད་དོ། །བྱེད་པ་ཀུན་བཟང་ཕྱག་གཡས་སྟེང་དུ་བཀོད་པའི་མཉམ་བཞག་ལས་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བ་ཡུམ་དེ་ལས་འགྱུར་ཏེ་ཕྱག་གཡོན་སྟེང་དུ་བཀོད་པའི་མཉམ་བཞག་མཛད་ཅིང་། བཞུགས་ཐབས་ཡབ་རྫོགས་པ་རྡོར་དཀྱིལ་དང་། ཡུམ་པདྨོའི་སྐྱིལ་ཀྲུང་དུ་བཞུགས་པའོ། །དེ་ལས་གཞན་ཡང་ཡུམ་གྱི་ཕྱག་རྒྱ་ནི་མ་ངེས་པར་སྣ་ཚོགས་ཏེ། ཡང་ན་དེ་བཞིན་གཤེགས་པ་ཡབ་ལྟར་མཉམ་བཞག་ཉིད་དམ། ཡང་ན་རྡོ་རྗེ་ཐལ་མོ་ཐུགས་ཀར་སྦྱར་བ་ཉིད་དོ། །རྟོགས་ཚོགས་ཐམས་ཅད་ཕྱག་རྒྱ་ཆེན་པོའི་རོལ་པར་སྣང་བའི་ཚོགས་མཆོག་ནི། ཐབས་དང་ཤེས་རབ་དབྱེར་མེད་པའི་དོན་རྟོགས་པའི་བློ་དང་ལྡན་ཅིང་རྒྱུད་ལ་འབྱོར་ན། ལུས་མ་བསྐྱོད་ཅིང་ཡན་ལག་མ་བསྒུལ་ཡང་ཅི་བྱས་ཅིར་སྣང་ཐམས་ཅད་ཀུན་ལྷ་སྐུ་ཕྱག་ཆེན་པོའི་ངང་དུ་གནས་པ་ཡིན་ནོ། །ཡན་ལག་གི་ལྷ་བཞི་བཅུ་ཐམ་པ་རྩ་ལྷ་ཡབ་ཡུམ་གཉིས་ལ་ལྡན་པར་བསྒོམ་པ་ནི། བདག་ཉིད་མི་བསྐྱོད་པར་གསལ་བའི་དབུ་ལ་རྣམ་སྣང་བསྒོམ་པ་སོགས་ཀྱིས་མཚོན་སྦྱར་ཚུལ་འགྲེལ་པ་སོགས་ལས་ཤེས་པར་བྱའོ། །དེ་ལྟར་ཐབས་ལྷ་བཞི་བཅུ་པོ་དེ་ཉིད་འདྲ་བའི་ཡན་ལག་གི་ལྷ་ཡེ་ཤེས་སེམས་དཔའ་སྤྲོས་ཏེ་བསྒོམ་པ་ཤེས་རབ་ལྷ་བཞི་བཅུ་དེ་རེ་རེ་ལའང་རིགས་བདག་གཙོས་དབུ་རྒྱན་གྱི་ལྷ་ལྔ་ལྔ་དང་ལྡན་སྟེ། གཞན་ཡང་ཡན་ལག་གི་ལྷ་བཞི་བཅུ་ཐམ་པ་ལྷ་རེ་རེ་ལའང་གནས་གསུམ་བྱིན་རླབས་ཀྱི་ལྷ་གསུམ་གསུམ་འཕྲོ་བར་འགྱུར་ཞིང་། དེ་ལྟར་ལྡན་པའི་ལྷ་གཙོ་མཆོག་མི་བསྐྱོད་པ་ཡབ་ཡུམ་གྱིས་མཚོན་ཏེ། རྒྱལ་བ་རིགས་བཞི་དང་། རྒྱལ་མཆོག་ཀུན་བཟང་ཡབ་ཡུམ་དང་དེ་བཞིན་དུ་སེམས་དཔའ་བརྒྱད་སྒོ་སྐྱོང་བཞི་སྟེ་བཅུ་གཉིས། ཐུབ་པ་དྲུག་གི་ཡན་ལག་གི་ལྷ་དང་བཅས་པ་ཐམས་ཅད་ཀྱང་འོད་འཕྲོ་ཞིང་གཟི་འབར་བསྒོམ་པ་སྟེ། དཀྱིལ་འཁོར་རྒྱས་པར་རྩི་ཚུལ་གཞན་དུ་ཤེས་སོ། །གོང་དུ་བཤད་པ་དེ་ལ་སོགས་ཏེ། དཀྱིལ་འཁོར་རབ་འབྱམས་བསམ་གྱིས་མི་ཁྱབ་པ་ལ་བསླབ་པའོ། །དོན་བྱ་བའི་ཡུལ་ཕྱོགས་བཅུ་དུས་བཞིས་བསྡུས་པའི་ཞིང་ཁམས་བསམ་ཡས་རྣམས་སུ་འདུལ་བྱེད་ཀྱི་དཀྱིལ་འཁོར་གདུལ་བྱ་འགྲོ་བའི་དོན་རྣམས་མོས་པ་བཞིན་སོ་སོར་སྟོན་ཅིང་དེར་མ་ཟད་ཐེག་པ་མཐོ་བ་སྔགས་དང་བྱང་སེམས་དམན་པ་ཉན་རང་སྟེ་ཡང་དག་གྲུབ་མཐར་ཞུགས་པ་ཐམས་ཅད་དང་ཕྱིན་ཅི་ལོག་མུ་སྟེགས་རྣམས་དང་། གང་ལའང་མ་ཞུགས་པའི་སྐྱེ་བོ་བསམ་ཡས་དང་། དེ་དག་ཀྱང་ལྷ་སོགས་ཞི་བའི་རིགས་དང་། བདུད་སྲིན་སོགས་ཁྲོ་བའི་རིགས་ཀྱི་གདུལ་བྱའི་ཚོགས་ཆེན་པོ་ཐམས་ཅད་ལ། སོ་སོར་མོས་པ་དང་མཐུན་པར་བྱས་པའི་འདུལ་བྱེད་ཀྱི་སྐུའི་བཀོད་པ་ཀུན་ཏུ་སྣང་བར་མཛད་ནའང་ཕྱག་རྒྱའི་དཀྱིལ་འཁོར་ལས། མ་གཡོས་བཞིན་རྟོགས་པ་དང་བྲལ་བས་དོན་མཛད་པ་ནི། དཔེར་ན་ཟློས་གར་མཁན་ཉིད་དང་འདྲ་བ། གར་མཁན་དེ་ཡང་ལུས་གཅིག་པུ་དེ་ལས་མ་གཡོས་བཞིན་དུ་བཀོད་པ་སྣ་ཚོགས་སྟོན་པ་བཞིན་ནོ། །མདོར་ན་ཕྱག་རྒྱ་ཇི་ལྟར་བཤད་པ་ཐམས་ཅད་ནི། རྣམ་པ་འདི་ཞེས་སམ། གྲངས་གཅིག་ཏུ་ངེས་ཞེས་བརྗོད་དུ་མེད་དེ། ཇི་ལྟར་ན་ལུས་ཀྱི་ཡན་ལག་གི་དབང་དུ་གཉིས་དང་གསུམ་གཅིག་ཏུ་སྡོམ་སྟེ་ཡན་ལག་ལྔ་པོ་རེ་རེའང་རིགས་ལྔ་ཡབ་ཡུམ་བཅུ་བཅུར་རྣམ་པར་འཕྲོ་བས་ཕྱག་རྒྱ་ལྔ་བཅུའམ་རྟོག་པའི་དབང་གིས་དེ་ལྟར་འབྱུང་བས་ལུས་ཀྱི་ཡན་ལག་བསྐྱོད་པ་དང་། རྟོག་པའི་ཡན་ལག་སྤྲོ་བའང་དེ་བཞིན་ཉིད་ལས་མི་འདའ་བར་བསླབ་པར་བྱ་བ་སྟེ། མདོར་ན་ཡན་ལག་བསྒུལ་ཞིང་ལུས་སྐྱོད་པ་ཐམས་ཅད་ཀུན་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་ངང་དུ་གནས་ཞིང་དེ་ལྟར་གནས་དུས་ཉིད་ནའང་དེར་འཛིན་མེད་པའི་ཕྱིར་མི་གནས་པའང་མ་ཡིན་ལ་གནས་པའང་མིན་ཏེ་མཐའ་དང་བྲལ་བའི་ཆོས་ཉིད་དོ། །ཞེས་དེ་སྐད་དུ་སྤྱོད་ཡུལ་ཡོངས་སུ་དག་པའི་རྒྱལ་མཆོག་སྟོན་པ་ཉིད་ཀྱིས་བཤད། ཅེས་སྡུད་པའི་ཚིག་གོ །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འདིས་ལུས་དང་རྟོགས་པའི་ཡན་ལག་ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས་རང་བཞིན་ལྟ་བ་ཏིང་ངེ་འཛིན་གསུམ་གྱི་ཕྱག་རྒྱ་སྤྲོས་ནས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ༈ །།ཞེས་པའི་ལེའུ་འདི། ཞི་བ་རྗེས་འཇུག་ཉམས་ལེན་གྱི་ལེའུ་དང་། དངོས་པོ་བཅུ་ལས་ཕྱག་རྒྱ་བཞིས་རྒྱས་གདབ་པ། གནས་སུ་སྟོབ་པ་མཆོད་པ་ལ་ཞི་བ་ཕྱག་རྒྱའི་མཆོད་པ་དང་། འཆིང་ཟློས་གཉིས་ལས་འཆིང་བའི་ཕྱག་རྒྱ་རྣམས་བསྟན་ཏོ། བི་མ་ལས་དེ་ཉིད་ཐུགས་རྟགས་ཕྱག་རྒྱར་གསལ། ཞེས་པས། ལེའུ་བདུན་པར་སྔགས་ཀྱི་ཡི་གེ་བརྗོད་པ་དེ་ཉིད་ལེའུ་འདིར་ཐུགས་རྟགས་ཕྱག་རྒྱར་གསལ་བར་བསྟན་ཏོ། །ལེའུ་དགུ་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་མཚན་ནོ། །དང་པོ་ནི། དེ་ནས་སོགས་བརྗོད་དོ་བར། གཉིས་པ་གཞུང་ལ་གསུམ། དཀྱིལ་འཁོར་དང་། དབང་དང་། སྒྲུབ་པའོ། །དང་པོ་ལ་གཉིས། སྔོན་དུ་སློབ་དཔོན་གྱི་བསྙེན་པ་བྱ་བ་དང་། དཀྱིལ་འཁོར་གྱི་ལས་རིམ་དངོས་སོ། །དང་པོ་ནི། ཤིན་ཏུ་སོགས་རྐང་པ་གཅིག །གཉིས་པ་ལ་གཉིས་ཞི་བའི་དཀྱིལ་འཁོར་བསྟན་པ་དང་། དེས་ཁྲོ་བོ་དང་མཆོག་གི་དཀྱིལ་འཁོར་མཚོན་པར་བསྟན་པའོ། །དང་པོ་ལ་བཅུ་ལས། དང་པོ་ས་གཞི་མཉམ་པ་ལའང་སྤྱིར་བཤད་པ་དང་། གོ་མ་ཡེ་བཏང་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཡང་ན་སོགས་རྐང་པ་གཅིག །གཉིས་པ་ནི། འབྲུ་ལྔ་སོགས་རྐང་པ་གསུམ། གཉིས་པ་ཚད་ལ་གཉིས་ལས། དང་པོ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ཚད་ནི། དཀྱིལ་འཁོར་ཁྲུ་གང་སོགས་རྐང་པ་གསུམ་དང་། ཡང་ན་ཁྲུ་ནི་སོགས་རྐང་པ་གཉིས། གཉིས་པ་མཆོག་དཀྱིལ་ལྷག་པ་ཏིང་ངེ་འཛིན་གྱི་ཚད་ནི། ཡང་ན་རྒྱང་གྲགས་སོགས་རྐང་པ་གསུམ། གསུམ་པ་ཐིག་ནི། ཕུར་བུ་སོགས་ཚིགས་བཅད་གཅིག་གི་རྐང་པ་ཐ་མའི་གོང་དུ་རིགས་པས་ཐིག་ནི་གདབ་པ་བྱ། ཞེས་བཅུག་པས་རྐང་པ་ལྔ་བཞི་པ་མཚོན་ནི། མ་མཐོང་སོགས་ཚིགས་བཅད་གཅིག་གི་ལྔ་ཡི་ཞེས་པའི་འོག །རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ། ཞེས་བཅུག་པའི་རྐང་པ་ལྔ། དྲུག་པ་རྣམ་པ་དགོད་པ་ནི། སྐུ་གསུང་ཐུགས་སོགས་རྐང་པ་གཅིག །བདུན་པར་རབ་གནས་ལ་དྲུག་ཡོ་བྱད་དགྲམ་པ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྦྱང་བ། རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གྱི་བསྐྱེད་པ། དེ་ལྟར་སྦྱངས་ཤིང་སྐྱེད་པའི་ཡོན་ཏན། ཡེ་ཤེས་པ་དྲངས་ཤིང་གཞུག་པ། མཆོད་པ་འབུལ་བའོ། །དང་པོ་ནི། བཅོས་བུའི་སོགས་རྐང་པ་གཉིས། གཉིས་པ་ནི་ལུས་ངག་སོགས་ཚིགས་བཅད་གཅིག །གསུམ་པ་ནི། ཏིང་འཛིན་རོལ་མོ་སོགས་རྐང་པ་ལྔ། བཞི་པ་ནི། ས་ལ་སོགས་ཚིགས་བཅད་གཅིག །ལྔ་པ་ནི། ཕྱོགས་དུས་སོགས་ཚིགས་བཅད་གཉིས། དྲུག་པ་ལ་གསུམ་ལས། དང་པོ་ཕྱི་ནང་གི་མཆོད་པ་ནི། གླུ་ཚིགས་སོགས་ཚིགས་བཅད་གཅིག །གཉིས་པ་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་ནི། མཆོད་པའི་ཕྱག་རྒྱ་སོགས། རྐང་པས་དམན་པའི་ཚིགས་བཅད་དྲུག །གསུམ་པ་གསང་མཆོད་ནི། གསལ་ལྡན་མའམ་སོགས་ཚིགས་བཅད་གསུམ། བརྒྱད་པ་སྦྱིན་སྲེག་ནི། དབྱིབས་དང་ཁ་དོག་སོགས་ཚིགས་བཅད་གཅིག །དགུ་པ་དཀྱིལ་འཁོར་དུ་འཇུག་པ་ལ་གཉིས། སློབ་དཔོན་འཇུག་པའི་ཆོས་དང་། སློབ་མ་འཇུག་པའི་ཆོས་སོ། །དང་པོ་ནི། ཀུན་བྱས་སོགས་རྐང་པ་གཅིག །གཉིས་པ་ནི། དེ་ནས་སློབ་མ་སོགས་རྐང་པ་གཅིག །བསྐལ་པ་མཉམ་པའི་སོགས་ཚིགས་བཅད་གཅིག །བཅུ་པ་དཀྱིལ་འཁོར་དུ་ཞུགས་པའི་ཡོན་ཏན་ནི། བདེ་བ་ཆེན་པོའི་སོགས་ཚིགས་བཅད་གཅིག །གཉིས་པ་དེས་ཁྲོ་བོ་དང་མཆོག་གི་དཀྱིལ་འཁོར་བསྟན་པ་ལ་གཉིས་ལས། དང་པོ་ཁྲོ་དཀྱིལ་ནི། ཁྲོ་བོའི་དཀྱིལ་འཁོར་སོགས་རྐང་པ་གཅིག །གཉིས་པ་མཆོག་གི་དཀྱིལ་འཁོར་ནི། ཤིན་ཏུ་ཕྲ་ལ་སོགས་རྐང་པ་གསུམ། གཉིས་པ་དབང་ལ་གསུམ་སྟེ། རྒྱུ་ཡོན་འབུལ་བ། སྣོད་དང་མཚམས་པར་བསྐུར་ཚུལ། གསང་དབང་གི་དཀྱིལ་འཁོར་བཤད་པའོ། །དང་པོ་ནི། དེ་ནས་རིགས་ཀྱི་སོགས་ཚིགས་བཅད་གཉིས། གཉིས་པ་ནི དད་བརྩོན་སོགས་ཚིགས་བཅད་གཅིག །གསུམ་པ་ལ་གཉིས་ཏེ། ཚད་དང་། དེ་ལ་མཚན་མ་དགོད་པའོ། །དང་པོ་ཚད་ལ་གཉིས། པདྨ་དང་རྡོ་རྗེའོ། །དང་པོ་པདྨའི་ཚད་ནི། ཤིན་ཏུ་ཕྲ་བའི་སོགས་ཚིགས་བཅད་གཅིག །དེ་ནས་རྡོ་རྗེའི་ཚད་ནི། ཡང་ན་ཐལ་མོ་སོགས་ཚིགས་བཅད་གཅིག །གཉིས་པ་མཚན་མ་དགོད་པ་ནི། སེན་ཟླུམ་སོགས་ཚིགས་བཅད་གཅིག །གསུམ་པ་སྒྲུབ་པ་ལ་གསུམ་སྟེ། སྒྲུབ་པ་པོ་དང་། འགྲུབ་པའི་དུས་དང་། སྒྲུབ་པའི་འབྲས་བུའོ། །དང་པོ་ནི། ཆོ་ག་ལྔ་ནི་སོགས་ཚིགས་བཅད་གཅིག །གཉིས་པ་ལ་གཉིས་ཏེ། མཐོང་ལམ་འབྲས་བུ་པའི་དུས་དང་། མཐར་ཐུག་སྐུ་ལྔ་འགྲུབ་པའི་དུས་སོ། །དང་པོ་ནི། ཞག་ནི་སོགས་རྐང་པ་གསུམ། གཉིས་པ་ནི། དེ་ཚེ་སོགས་རྐང་པ་གཉིས། གསུམ་པ་སྒྲུབ་པའི་འབྲས་བུ་ལ་གཉིས་ཏེ། འགྲུབ་ཚུལ་དང་། འབྲས་བུ་རང་གི་ངོ་བོའོ། །དང་པོ་ལ་གཉིས་ཏེ། འགྲུབ་ཚུལ་རང་སྣང་དུ་བསྟན་པ་དང་། དེ་དཔེའི་སྒོ་ནས་བསྟན་པའོ། །དང་པོ་ནི། ཡེ་ཤེས་ཐིག་ལས་རྐང་པས་དམན་པས་ཚིགས་བཅད་གསུམ། གཉིས་པ་ནི། དཔག་བསམ་སོགས་ཚིགས་བཅད་གཉིས། གཉིས་པ་འབྲས་བུ་རང་གི་ངོ་བོ་ལ་གསུམ་སྟེ། རྒྱུ་རྐྱེན་ལས་མ་སྐྱེས་ཤིང་དོན་བྱེད་ནུས་པར་བསྟན་པ། གཅིག་ཏུ་བྲལ་གྱི་དོན་རང་བྱུང་གི་ཡེ་ཤེས་སུ་བསྟན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱ་གཟིགས་ཚུལ་ལོ། །དང་པོ་ནི། ཤེས་རབ་དབྱིངས་སོགས་ཚིགས་བཅད་གཉིས། གཉིས་པ་ནི། གཅིག་དང་དུ་མ་སོགས་ཚིགས་བཅད་གཅིག །གསུམ་པ་ནི། ལོག་པར་སོགས་ཚིགས་བཅད་གཅིག་དང་། ཞེས་ཆེད་དུ་སོ གས། གསུམ་པ་མཚན་ནི། གསང་བའི་སོགས་སོ། །དེ་ལྟའི་གཞུང་དངོས་བཤད་པ་ནི། ལྷག་པའི་ཏིང་འཛིན་གྱི་དཀྱིལ་འཁོར་བསྟན་པ། དེ་ནས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་སྟོན་པའི་ཕྱིར། དེ་བཞིན་གཤེགས་པ་ཟག་མེད་བདེ་བའི་ཡེ་ཤེས་ལ་དགྱེས་པ་ཆེན་པོར་ལོངས་སྤྱོད་པའི་བདག་ཉིད་ཀུན་ཏུ་བཟང་པོས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་གསང་བའི་དམ་ཚིག་བཀོད་ཅིང་དེ་ཉིད་སྟོན་པའི་དགོངས་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །དཀྱིལ་འཁོར་ཁྲུ་གང་སོགས་ལ་ལྟོས་ན། ཤིན་ཏུ་ཕྲ་ཞིང་མཚོན་བྱེད་རྟགས་ཀྱིས་མཚོན་བྱ་མཁའ་དབྱིངས་བདེ་བའི་ཡེ་ཤེས་ཀྱི་རྒྱུར་མཚོན་པའི་དམ་ཚིག་མཆོག་གི་དཀྱིལ་འཁོར་སྟེ། སློབ་དཔོན་ལྷ་སྐུ་ཕྱག་རྒྱ་ཆེན་པོར་གསལ་བའི་ཕྱག་མཉམ་བཞག་གི་མཐིལ་དུ། ཐུགས་བདེ་བའི་ཡེ་ཤེས་བསྐྱེད་བྱེད་ཀྱི་དཀྱིལ་འཁོར་དམ་པ་ཡུམ་གྱི་མཁའ་དེ་ཉིད་མཚོན་བྱེད་པདྨ་དམར་པོ་འདབ་མ་བཞི་པ་ཚད་དགའ་བཞི་མཚོན་པའི་སོར་ནི་བཞི་ཡི་ཚད་དུ་བྱ་བ་ཡིན་ནོ། །ཕུང་པོ་སྐུ་ལྔར་དག་བྱེད་འབྲུ་ལྔ་དབང་ལྔ་ཕྲིན་ལས་ལྔར་དག་བྱེད་སྤོས་ལྔ་ཡུལ་ལྔ་ཡོན་ཏན་ལྔར་དག་བྱེད་རིན་ཆེན་ལྔ་རྣམ་ཤེས་ཡེ་ཤེས་ལྔར་དག་བྱེད་སྙིང་པོ་ལྔ་དང་འདོད་ཡོན་ལྔ་གསུང་ལྔར་དག་བྱེད་སྨན་ལྔ་དང་། ཁམས་ལྔ་རིགས་ལྔར་དག་བྱེད་བདུད་རྩི་ལྔ་ཉིད་དེ་རྫས་སུམ་ཅུ་པོ་རབ་ཏུ་མཉམ་པར་སྦྱར་བའི་ལྡེ་གུས་དཀྱིལ་འཁོར་གྱི་གཞི་ལ་གོ་མ་ཡེ་བཏང་བར་བྱ་ཞེས་པའོ། །ཐིག་གཡོག་རིག་མ་སོགས་ལྷར་གསལ་བར་བྱས་པས་དམ་ཚིག་གི་ཐིག་བཏབ་པའི་སྟེང་དུ་ཡེ་ཤེས་ཀྱི་ཐིག་ནི་མཁའ་ལ་གདབ་པར་བྱའོ། །དེ་ནས་དབུས་ཀྱི་ལྟེ་བ་ཟླུམ་པོའི་མཐར་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་ལྡན་པ་ཡི་ནང་དུ་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པའི་གནས་ལྔར་རྩིབས་བཞི་པའི་འཁོར་ལོ་ཆུང་བ་མུ་ཁྱུད་དང་བཅས་པ་རེ་རེས་མཚན་པ་དང་ཕྱི་རོལ་དུ་གྲུ་ཆད་བཞི་དང་དབྱིབས་གྲུ་བཞི་པའི་རྣམ་པ་ཅན་གྲུ་ཆད་ཀྱི་ཕྱིར་བར་ཁྱམས་དང་སྒོ་བཞིར་སྒོ་ཁྱུད་ཅན་རྟ་བབ་སོགས་དང་ལྡན་པར་བྱའོ། །གསང་དཀྱིལ་གཉིས་ཀྱི་པདྨའི་ལྟེ་བ་དང་འདབ་བཞིར། སེན་ཟླུམ་ཙམ་གྱི་ཉི་དཀྱིལ་དང་། རྡོ་རྗེའི་རྭ་ལྔ་ལ་དེ་ཙམ་གྱི་ཟླ་བ་ལ་སྲན་མ་ཙ་ན་ཀའི་འབྲུ་ཙམ་གྱི་པདྨའི་གདན་རེ་རེའི་སྟེང་དུ་ཡུང་འབྲུ་ཙམ་གྱི་ཡི་གེ་ཡབ་ཡུམ་གྱི་འབྲུ་ལྔ་ལྔ་བཀོད་པ་ལས། ལྷའི་ཕྱག་རྒྱ་ཏིལ་འབྲུ་ཙམ་དུ་བྲི་བ་སྟེ་གསལ་གདབ་བོ། །གཞན་ཡང་དཀྱིལ་འཁོར་གྱི་རྒྱན་བཅོས་བུའི་རས་ལ་དབྱིབས་ནི་བླ་བྲེ་སོགས་སྣ་ཚོགས་དང་། རིན་པོ་ཆེའི་རྒྱན་ཕྲེང་དང་། བཏུང་བ་དང་བཟའ་བ་བྲོ་མཆོག་ལྡན་པས་ཀྱང་ཡོངས་སུ་བསྐོར་ཞིང་བརྒྱན་པར་བྱའོ། །མཆོད་པར་ངག་གི་གླུ་ཚིག་ལུས་ཀྱི་བྲོ་གར་རོལ་མོ་སོགས་མཆོད་པའི་སྤྲིན་ཕུང་ཚོགས་ཀྱིས་རབ་ཏུ་མཆོད་ཅིང་རྒྱས་འདེབས་མ་སོགས་གསང་ཡུམ་བཞི་དང་། སྒོ་མ་བཞི་དང་ཕྱི་ནང་གི་སེམས་མ་བརྒྱད་དེ་ལྷ་མོ་བཅུ་དྲུག་གིས་ཇི་ལྟར་འདོད་པའི་སྐབས་ཀྱིས་ལས་གང་བྱེད་པ་དེ་བཞིན་དུ་མཆོད་དོ། །སྦྱིན་སྲེག་ལ་ཐབ་ཁུང་དབྱིབས་ནི་ཞི་བར་ཟླུམ་པོ་སོགས་དང་། ཁ་དོག་དཀར་པོ་སོགས་དང་། དབུས་སུ་མཚན་མ་ནི་ཞི་བར་འཁོར་ལོ་ༀ་ཡིག་དང་ལྡན་པར་བྱ་བ་སོགས་གཞན་ལའང་དེས་རིགས་འགྲེ་ཞིང་མཆོད་སྦྱིན་གསོལ་བའི་ཞལ་དུ་གྱུར་པའི་མེ་ལྷ་བསྐྱེད་ཅིང་ཡེ་ཤེས་པ་གསལ་ལ་བསྟིམ་བཟའ་བཏུང་རོ་བྲོ་བའི་ཚོགས་རྣམས་ཀྱི་ཆོ་གས་ལས་བཞི་སོ་སོའི་སྐབས་དང་སྦྱར་བའི་མཆོད་པ་རབ་ཏུ་སྦྱིན་པར་བྱའོ། །ཡང་སྒྱུ་འཕྲུལ་ཁྲོ་བོའི་དཀྱིལ་འཁོར་གྱི་ལས་རིམ་ཞི་བའི་སྐབས་དེ་བཞིན་ཏེ་འཛིན་གནད་ཤིན་ཏུ་ཕྲ་ཞིང་ཟབ་པ་ལ་བློ་སྦྱངས་པ་ཡི་རྣལ་འབྱོར་པས་བསམ་ཡས་ལྷུན་གྲུབ་སོགས་ལྷག་ཏིང་གི་དཀྱིལ་འཁོར་དག་ལའང་བཤད་མ་ཐག་པ་དེ་བཞིན་དུ་བྱའོ། །དེ་རྣམས་ཀྱི་ཚད་ནི། རྒྱང་གྲགས་སོགས་ནས་ཇི་སྲིད་མཁའ་ཁྱབ་ཀྱི་བར་རང་གི་རིག་པས་ཇི་ཙམ་དཔག་ནུས་པས་བསྒོམ་པའོ། །ཡང་ཡིད་སྤྲུལ་གྱི་ཇི་ལྟར་མཆོད་པ་ལས་མི་འདའ་བའི་ཕྱག་རྒྱ་ཆེན་པོ་ནི། རང་སེམས་ཀྱི་བཀོད་པ་ཡིད་བཞིན་གྱི་ཆར་འབེབས་པའི་རིན་པོ་ཆེའི་སྤྲིན་ཚོགས་ཀྱིས་མཆོད་དེ། དེ་ཡང་བྱང་ཆུབ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་རློབ་སྟེ། དེའི་ཡོན་ཏན་ཡང་མཉེན་འཇམ་རེག་ན་བདེ་བ་ལྡན་པའི་རང་བཞིན་རྒྱུ་྄སྣ་ཚོགས་རིན་པོ་ཆེའི་ས་གཞི་ཁོད་སྙོམས་ལ་མིག་མང་རིས་སུ་མཛེས་པར་བྲིས་ཤིང་རིན་པོ་ཆེའི་ཕྲ་ཚོམ་གྱིས་སྤྲས་པ་དང་། རི་བོ་རྣམས་འདོད་དགུ་ཀུན་འབྱུང་བའི་རིན་ཆེན་གྱི་ཕུང་པོར་གནས་པ་འོད་འབར་བ་དང་། རྒྱ་མཚོ་སོགས་ཁ་དོག་དང་། དབྱིབས་ལེགས་པའི་རྫིང་བུ་རོ་བྲོ་བའི་མཆོག་བསིལ་ཞིང་ཡངས་པ་སོགས་ཡན་ལག་བརྒྱད་ལྡན་གྱི་ཚུལ་དང་། རྒྱུན་རིན་ཆེན་ལས་གྲུབ་པའི་ཁང་པ་རྒྱན་བཀོད་སྣ་ཚོགས་ཀྱིས་མཛེས་པ་དང་། རིན་པོ་ཆེའི་རྒྱན་དང་དར་གྱི་ལྡ་ལྡི་སྦྲེལ་བའི་ལྷའི་དཔག་བསམ་ལྗོན་པའི་ཚལ་དང་། སྙན་པའི་གླུ་དབྱངས་དང་། ཆོས་ཀྱི་ཚིགས་སུ་བཅད་པའི་སྒྲར་རང་བྱུང་བ་དང་གོས་བླ་རེ་རྒྱལ་མཚན་ན་བཟའ་གདུགས་ལ་སོགས་པ་སྣ་ཚོགས་དང་དོ་ཤལ་དཔུང་རྒྱན་སེ་མོ་དོ། །སོགས་རིན་པོ་ཆེའི་རྒྱན་གྱི་ཁྱད་པར་དང་། རོ་བརྒྱ་ལྡན་པའི་བཟའ་བ་དང་། བདུད་རྩིའི་བཏུང་བ་རོ་བྲོ་བའི་ཚོགས་རྣམས་དང་། འགྲོ་བ་ཀུན་ཀྱང་རང་ལུས་ལ་ཇི་ལྟར་མཛེས་པར་བརྒྱན་ཅིང་འདོད་ཡོན་སྣ་ཚོགས་ཐོགས་པའི་ལྷ་དང་ལྷ་མོ་ཞིང་གི་རྡུལ་སྙེད་ཀྱིས་ལུས་ཀྱི་བྲོ་གར་དང་ངག་གི་གླུ་དབྱངས་ལ་སོགས་པ་བསམ་ཡས་ཀྱིས་ཕྱོགས་བཅུ་ནམ་མཁའ་ཁམས་ཐམས་ཅད་ཡོངས་སུ་བཀང་ནས་རྒྱལ་བའི་དཀྱིལ་འཁོར་ཀུན་ལ་རེ་རེ་ཞིང་ནས་རྒྱས་པར་དབུལ་ཏེ་ཇི་ལྟར་ན། སྐལ་ལྡན་རྣལ་འབྱོར་བའི་ཏིང་ངེ་འཛིན་མི་གསལ་བའམ་གསལ་བའི་ཁྱད་པར་གྱིས་དུས་རིམ་གྱིས་ཡང་ན་གཅིག་ཅར་དུ་སྤྲོས་ཏེ་འཁོར་གསུམ་མི་དམིགས་ཆོས་ཀྱི་དབྱིངས་དང་མཉམ་པ་ཉིད་དུ་སྦྱོར་ཞིང་། སྣང་སྲིད་མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ་པར་བྱའོ། །ལས་རྒྱ་ཤེས་རབ་དང་ཏིང་ངེ་འཛིན་གསལ་ལྡན་མ་ཡིན་ན་རང་ཉིད་ཀྱིས་བྱ་བའམ་མི་ལྡན་ན་ཡབ་ཀྱི་ལྷར་བསྐྱེད་ཅིང་མཁའ་གསང་བྱིན་གྱིས་རླབས་ལ་དཔེར་ན་འཕགས་པའི་རྫུ་འཕྲུལ་གྱིས་སྟོང་གསུམ་གྱི་ཁམས་ཡུངས་འབྲུར་གཞུག་ཅིང་ཆུད་པའི་ཚུལ་བཞིན་དུ་ཡུམ་གྱི་པདྨ་སྣ་རྩེ་ཡུངས་འབྲུ་ཙམ་ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ཚང་ཞིང་མ་འདྲེས་པར་བཀོད་པ་ལ་ཆོས་ཀྱི་དབྱིངས་ནས་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་བསྟིམ་པ་ཐབས་ཤེས་རོལ་པའི་བདེ་བས་མཆོད་དོ། །དེས་ལྷ་རྣམས་མཉེས་ནས་དངོས་གྲུབ་སྟེར་བ་ལས་མི་འདའ་བའི་དམ་ཚིག་མཆོག་གི་བདུད་རྩི་སྟེ་དེ་ལྟར་བདེ་བའི་བདག་ཉིད་ཆེན་པོ་ཡུམ་གྱི་མཁའ་དཀྱིལ་མཆོད་པ་ཡིས། སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་མཉེས་ཤིང་དེའི་བྱིན་རླབས་ཀྱི་སྲིད་གསུམ་གྱི་འགྲོ་བ་ཐམས་ཅད་ལ། དགའ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་རོས་ཁྱབ་པར་གྱུར་ཞིང་དེར་མ་ཟད་རྣལ་འབྱོར་རང་ཉིད་སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པ་ཡིས། འབྲས་བུ་ཕྱོགས་བཅུ་དུས་བཞིར་དོན་གཉིས་མཐར་ཕྱིན་པར་གཤེགས་པ་ཡི། སངས་རྒྱས་དཀྱིལ་འཁོར་མ་ལུས་པ་མཉེས་པའི་རང་བཞིན་དང་། ཁམས་གསུམ་གྱི་འགྲོ་བ་རྣམས་ལ་ཐུགས་རྗེས་གཟིགས་པའི་ཡེ་ཤེས་མངོན་དུ་གསལ་བར་འགྱུར་བ་ཡིན་ནོ། །རང་གི་ལུས་ངག་སེམས་གསུམ་དང་། ཕྱི་ནང་གི་ཆོས་ཐམས་ཅད། སེམས་ཀྱི་སྣང་བ་ལས་གཞན་གང་ནའང་མི་གནས་ཤིང་ཅིར་ཡང་མི་དམིགས་ངང་ལས་མེད་བཞིན་དུ་རང་སྣང་བ་སྟེ། མིག་ཡོར་ལྟ་བུའི་ཚུལ་དུ་མཉམ་པར་སྦྱོར་བ་ཡིས་ཡུལ་ཆོས་ཉིད་ནམ་མཁའ་ལྟ་བུ་ལ་ཡུལ་ཅན་རིག་པ་ནི་རོ་གཅིག་ཏུ་འདྲེས་པས་ཡུལ་མེད་རང་གསལ་ནམ་མཁའ་ལྟར་མཐའ་བྲལ་དུ་བསྒོམ་མོ། །དེ་ལྟར་ལས་རིམ་ཀུན་བྱས་ནས་དབང་གི་ཕྱུག་ཅིང་དབང་དོན་ཤེས་པའི་རྡོ་རྗེ་སློབ་དཔོན་རང་ཉིད་དབང་མཆོག་རྒྱས་བསྡུས་ཅི་རིག་པས་ཞུགས་པའམ། ཡང་ན་རིག་པའི་མེ་ཏོག་དོར་བས་དཀྱིལ་འཁོར་དུ་འཇུག་ཅིང་སློབ་དཔོན་ཞུགས་པ་དེ་ནས་ཁྲུས་བྱ་བ་སོགས་ཀྱི་སློབ་མ་དཀྱིལ་འཁོར་དུ་བཞུགས་པར་བྱ་སྟེ་ཞུགས་པ་དེ་ནས་རིགས་ཀྱི་བུར་བྱས་པ་སྐལ་པ་མཆོག་ཏུ་གྱུར་པ་དེས། མེ་ཏོག་ཕོག་པའི་ལྷ་དང་སྦྱར་ནས་ཡོན་དབུལ་ཏེ། དེ་བཞིན་རིགས་ལ་རྒྱལ་སྲིད་དེ་རང་གི་འབྱོར་པ་ཐམས་ཅད་དང་རྡོ་རྗེའི་རིགས་ལ་ནི་རང་གིས་ལུས་དང་། པདྨའི་ལ་བུ་དང་ཆུང་མ་རིན་ཆེན་རིགས་ལ་གསེར་དངུལ་སོགས་ནོར་གྱི་དབྱིག་ལས་ཀྱི་རིགས་ལ་རང་གི་དངོས་པོའི་ནང་ནས་རབ་ཏུ་གཅེས་པ་དེ་དང་། རིགས་དྲུག་ལ་རང་གི་ཡིད་དུ་འོང་ཞིང་བླ་མའི་ཐུགས་ལ་གང་འཐད་ཀྱི་དངོས་པོ་སྟེ་རིགས་སོ་སོར་དབྱེ་བའམ། ཡང་ན་མ་ཕྱེད་པར་རྒྱལ་སྲིད་སོགས་རང་ལ་གང་གཅེས་དེ་ཉིད་དབུལ་ལོ། །དེ་ལྟར་དབང་ཕྱུག་ལ་འདོད་པའི་ལོངས་སྤྱོད་ལྔས་མཆོད་ན་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱང་མཆོད་པར་འགྱུར་བ་ཡིན་པས་ཉེ་བ་ད་ལྟ་ཞུགས་པའི་དཀྱིལ་འཁོར་དེ་ཉིད་མཆོད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སངས་རྒྱས་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་ཞུགས་ནས་འདུལ་བྱའི་མཆོད་པ་ལེན་པའི་ཕྱིར་དང་། དེས་ཉམས་ཆགས་སོགས་ཉེས་པ་ཐམས་ཅད་བྱང་ཞིང་དག་པར་འགྱུར་བའི་ཕྱིར་རོ། །ཐོག་མར་སློབ་དཔོན་གྱིས་སློབ་མའི་རྒྱུད་བརྟགས་པ་དད་པ་དང་བརྩོན་འགྲུས་དང་བརྟུལ་ཞུགས་སོགས་དབང་བསྐུར་རུང་གི་སྣོད་ལྡན་དུ་རབ་ཏུ་རྟོགས་ན་བློ་ཚོད་དང་སྦྱར་ཏེ་དེའང་སློབ་བུ་དད་པ་ཅན་ལ་ཕྱི་ཕན་པའི་དབང་བཅུ་སྦྱིན་ཞིང་རང་གཞན་གྱི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་ལྔ་སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་གསུམ་སྣོད་ཀྱི་རིམ་པ་བཞིན་འཚམས་པར་སྦྱིན་པར་བྱ་ཞིང་སློབ་དཔོན་གྱིས་ལྷག་པའི་སྙིང་རྗེས་སློབ་བུའི་རྒྱུད་ཆུད་མ་ཟོས་པར་རྗེས་སུ་བཟུང་བ་བྱའོ། །ཡང་གོང་དུ་གསང་བའི་དཀྱིལ་འཁོར་བསྟན་པ་དེ་ལས་གཞན་ཡང་རྡོ་རྗེའི་ཚད་ཇི་ལྟར་ན་ཐལ་མོ་ནི་བརྡའ་སྟེ་སློབ་དཔོན་ཡབ་ཡུམ་གཉིས་ཀྱི་དབང་པོ་རབ་ཏུ་བསྣོལ་ནས་ཡབ་ལྷ་སྐུ་ཕྱག་རྒྱ་ཆེན་པོར་གསལ་བའི་འཕངས་སུ་ཡུམ་བླངས་ནས་ནི་བདེ་བའི་ཡེ་ཤེས་བསྐྱེད་པའི་རྟེན་གྱི་དཀྱིལ་འཁོར་གསང་བའི་རྡོ་རྗེ་མཚོན་བྱེད་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་མཛུབ་གང་བའི་ཚད་ཡང་། མཁས་པས་ཆོ་ག་བཞིན་དུ་བཟོ་བར་བྱའོ། །དེ་ལས་གཞན་ཡང་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བཞེངས་དེར་འཇུག་པའི་དབང་དུ་བྱས་ན་འཛིན་རྟོག་རིག་པའི་དབྱིངས་སུ་མཉམ་པའི་ས་གཞི་ས་ཡི་ཆོ་གས་རབ་ཏུ་མཉམ་པར་བྱ་སྟེ། དཀྱིལ་འཁོར་ནི་གནས་ཁང་དང་འབྱོར་པའི་ཁྱད་པར་ལ་ཆུང་འབྲིང་ཆེ་གསུམ་དུ་འགྱུར་པས་དཀྱིལ་འཁོར་དུ་ལོག་རེར་ཁྲུ་གང་གི་ཚད་དུ་བྱ་བའམ་ཡང་ན་ལུས་གང་ཚད་དུ་བྱ་སྟེ། ཆུང་ཚད་གཉིས་པོ་ཡང་ན་ལུས་གསུམ་གྱི་ཚད་དེ་ཁྲུ་བཅུ་གཉིས་དང་། ཡང་ཐིག་སྐབས་འགྱིང་སྐོར་གྱི་ཕུར་བུ་གཉིས་དང་སྲད་བུ་ལ་པདྨའི་རྒྱུས་པ་དང་རས་བལ་སྐུད་པ་གཉིས་ཚོན་གྱི་ཁ་དོག་སོ་སོར་ཕྱེ་བ་སྟེ། ཐིག་སྐུད་ཁ་དོག་ཉི་ཤུ་རྩ་ལྔ་འམ་ལྔ་སྒྲིལ་དང་། དམ་ཚིག་གི་ཐིག་སྐུད་ཁ་དོག་དགུའམ་གསུམ་སྒྲིལ་ལོ། །གོས་རྒྱན་བཟང་པོས་མཛེས་པར་བརྒྱན་པའི་མཚན་ལྡན་ཡིད་དུ་འོང་བའི་གྲོགས་ཕྱག་རྒྱ་ལོ་བཅུ་དྲུག་ལོན་པས་འཁེལ་ལོ། །ཡེ་ཐིག་གདབ་པའི་སྲད་བུ་དང་། དམ་ཚིག་གི་ཐིག་སྐུད་བྱིན་གྱིས་རློབས་པའི་ཆོ་ག་ཕུན་སུམ་ཚོགས་པར་བྱའོ། །དེ་ཡང་དཀྱིལ་འཁོར་གྱི་ལས་ལ་མཁས་ཤིང་ལག་ལེན་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ཆེན་པོས་རིག་པ་བསྒྲིམ་ཏེ་ཐིག་གི་ལས་བྱའོ། །དཀྱིལ་འཁོར་གྱི་ཚད་ཡང་ན་ཁྲུ་ནི་བཅུ་དྲུག་གི་ཚད་དང་། གོང་གི་ཁྲུ་བཅུ་གཉིས་པོ་དང་གཉིས་འབྲིང་ཚད་དང་། ཁྲུ་ཉི་ཤུའམ་ཡང་ན་ཉི་ཤུ་རྩ་ལྔར་བྱ་བ་གཉིས་ནི་ཆེ་ཚད་དོ། །དེ་ཉིད་རབ་ཏུ་གནས་པ་ས་བོན་ཕྱག་མཚན་ལས་རིགས་ཀྱི་དཀྱིལ་འཁོར་ཐབས་ཤེས་ཟུང་འབྲེལ་ལྔའམ་རྒྱས་པར་ན་སོ་སོའི་རིགས་ཆུང་དང་བཅས་ལྷ་ལྔ་བཅུ་རྣམས་སྒོམ་པ་ཞུ་བ་ལས་རིན་པོ་ཆེའི་རྡུལ་དུ་གྱུར་པར་བསམ་དེ་ནས་རྗེས་འབྲེལ་དུ་སྐུ་ཕྱག་རྒྱའི་གཟུགས་བརྙན་དང་། གསུང་ས་བོན་དང་ཐུགས་ཕྱག་མཚན་སོགས་མཚན་མ་གང་རུང་དང་ལྡན་པའི་གཟུགས་ཀྱང་དགོད་པར་བྱའོ། །བྲིས་དཀྱིལ་ལས་གཞན་ཡང་ན་རྒྱང་གྲགས་བསྒོམ་པ་ཆུང་ཚད་དང་འབྲིང་དཔག་ཚད་དམ། རབ་ནམ་མཁའི་དབྱིངས་ནི། བསམ་ཡས་པར་ཁྱབ་པའི་སངས་རྒྱས་སྟོང་སོགས་བསམ་ཡས་ལྷུན་གྱི་དཀྱིལ་འཁོར་སྣ་ཚོགས་བསྒོམ་མོ། །མཚོན་ཡེ་ཤེས་ལྔའི་དོན་མ་མཐོང་བའི་རྨོང་པ་རྣམས་ལ་དོན་བསྟན་པའི་ཕྱིར་ཚོན་གྱི་ཁ་དོག་ལྔ་ལྔར་ཕྱེ་བས་ཉི་ཤུ་རྩ་ལྔའམ། ཡང་ན་ཁ་དོག་ལྔ་ཡི་ཚོན་གྱིས་བྲི་བར་བྱའོ། །དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གང་གིས་འདུལ་བའི་ཆོ་ག་སྟེ་དེའི་ལུགས་བཞིན་དུ་བག་དང་ལྡན་པས་དགྱེ་བར་བྱའོ། །དེ་ནས་བསྐྱེད་རིམ་སྟོང་ཉིད་ཀྱི་ངང་ལས་ཏིང་འཛིན་གྱི་རྩལ་མ་འགགས་པའི་རོལ་མོ་མཐའ་ཡས་མཆོག །དང་ལྡན་པས་ས་བོན་ལས་འབྱུང་ལྔའི་རིམ་རྩེགས་སོགས་དང་། སེམས་སྤྲིན་ལས་ཐ་ཊ་སོགས་གསུང་ཡི་གེའི་འཁོར་ལོའམ། ཡང་ན་ཡིག་འབྲུ་རྣམས་སོ་སོའི་གདན་ལ་བཀོད་དེ་འོད་ཟེར་སྤྲོ་བསྡུ་བྱའམ། ཧཱུྃ་མཱུཾ་སོགས་སྙིང་པོ་བསྐྱེད་པའམ། ཡང་ན་ཕྱག་རྒྱ་ཕྲ་བ་ཕྱག་མཚན་ནམ། རག་པ་ལྷའི་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་དང་ལྡན་པར་བསྐྱེད་ཅིང་བྱིན་གྱིས་རླབས་ན་དངོས་གྲུབ་རྣམས་གཉིས་ཡ་མཚན་རྨད་པོ་ཆེ། འགྲུབ་པར་གྱུར་བ་ནི་སངས་རྒྱས་ཀུན་གྱི་དམ་ཚིག་གོ་འདི་ལྟར་ས་དང་ཤིང་ལ་སོགས་པ་རྒྱུད་དམན་པ་ལས་ཕྱག་རྒྱའི་རྣམ་པར་བྱས་པས་ཀྱང་རྣམ་གྲོལ་འབྲས་བུའི་རིམ་པ་སྐལ་པ་དང་མཐུན་པ་ཐོབ་པར་འགྱུར་ན་གཟུང་འཛིན་དག་པའི་སྟོང་ཉིད་ཡེ་ཤེས་ཀྱིས་སྦྱངས་ཤིང་ལྷར་བསྐྱེད་པས་འབྲས་བུ་ཐོབ་པ་སྨོས་ཅི་དགོས་ཏེ་སེམས་ཀྱི་དེ་ཁོ་ན་ཉིད་ཡེ་ནས་ལྷ་ཡིན་པའི་ཕྱིར་རོ། །ཕྱོགས་དུས་རྒྱལ་བའི་དཀྱིལ་འཁོར་མ་ལུས་པའི་བདག་ཉིད་ཆེན་པོ་ཅིར་ཡང་མི་དམིགས་པ་ཐུགས་ཀྱི་དཀྱིལ་འཁོར་སྤྲོས་བྲལ་ལས་གཟུགས་སྐུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །གང་དུ་ན་རིག་པ་རང་སྣང་དབྱེར་མེད་དམ་ཚིག་གི་དཀྱིལ་འཁོར་ལ་སྤྱན་དྲངས་པ་དེ་ཉིད་འཇུག་པའི་མཚན་ཉིད་ཀྱིས་དམ་ཡེ་མཉམ་པར་སྦྱོར་བས། ཕྱོགས་དུས་ཀུན་ནས་དོན་གཉིས་མཐར་ཕྱིན་པ་ཡི། རྒྱལ་བ་ཐམས་ཅད་སྔོན་བསྙེན་པའི་སྨོན་ལམ་གྱི་དབང་གིས་འགྲོ་དོན་མཛད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཐུགས་རྗེས་བཞེངས་ནས་བྱོན་པ་དམ་ཚིག་གི་དཀྱིལ་འཁོར་རབ་ཏུ་རྫོགས་པས་ཉེ་བར་འབྲེལ་བར་གྱུར་པའི་ཕྱིར་དམ་ཚིག་གི་མཆོག་ཅེས་བྱའོ། །ཡང་འབྲས་བུ་ནི་དཔེར་ན་ལྷའི་གནས་སོགས་སུ་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་མཆོད་པར་བྱེད་པ་རྣམས་ཀྱི་རེ་བ་སྐོང་ནུས་པ་དང་། དེར་མ་ཟད་གཞན་ཡང་འདོད་འབྱུང་བའི་གནས་སུ་གྱུར་པ་ཀུན་སྣང་ཡང་དོན། དེ་དག་རྫས་གྲུབ་ཏུ་ཡོད་ནས་དེ་ལ་སྤྱོད་པ་མ་ཡིན་ཏེ། རང་རང་གི་སེམས་ཀྱི་སྣང་བ་བསོད་ནམས་ཀྱི་མཐུ་བརྟས་ཤིང་བརྟན་པར་གྱུར་པ་ཉིད་དེ་ལྟ་བུ་སྣང་བ་ཡིན་ནོ། །སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ངོ་མཚར་བའི་ཆོ་འཕྲུལ་ཆེན་པོ་ཡ་མཚན་རྨད་བྱུང་སྟོན་གྱི་ཆོས་དེ་ཡང་ལམ་པས་ཕར་འགྲོད་ནས་དེར་སླེབས་པའམ། གཞན་ཞིག་ན་ཡོད་པ་ཚུར་འོངས་པ་མ་ཡིན་ཏེ། ཐབས་བདེ་བ་ཆེན་པོ་ལ་གོམས་པ་བརྟེན་པའི་རང་རིག་པའི་ཡེ་ཤེས་ཉིད་ཤེས་རབ་སྟོང་པ་ཉིད་ཀྱི་དབྱིངས་སུ་གྲོལ་བའི་ཟུང་འཇུག །དེ་ལྟ་བུ་ཡི་ངང་དུ་མ་བརྩལ་བར་རང་བྱུང་དུ་སྣང་བའོ། །ཤེས་རབ་ཆོས་ཀྱི་དབྱིངས་རང་བཞིན་གྱི་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་ཉིད། ཐབས་ལམ་གྱི་ཕྱག་རྒྱ་ཆེན་པོ་གོམས་པར་གྱུར་པའི་ཕྱིར་གཞིའི་ཡེ་ཤེས་དེ་ཉིད་ལ་ནི་འབྲས་བུ་རང་སྣང་བའི་ཡེ་ཤེས་རོལ་པ་ཙམ་དུ་ཟད་དོ། །དེ་ཡང་ཡེ་ཤེས་ལ་ཡེ་ཤེས་རོལ་པ་ཉིད་ཀྱང་དངོས་པོ་ལ་གྲུབ་སྟེ། སྒྱུ་མ་ལྟར་གསོག་གསོབ་ཡ་མ་བརླའོ། །དེར་མ་ཟད་སྐུ་ཡང་དེ་དང་འདྲ་སྟེ། རྒྱལ་བ་སྤྲུལ་པའི་སྐུ་འཇིག་རྟེ་མངོན་དུ་འབྱུང་ཞིང་འགྲོ་བ་སྡུག་བསྔལ་ལས་སྐྱོབ་པ་དང་། ལོངས་སྐུ་རང་སྣང་བའི་བྱིན་རླབས་ཀྱིས་བརྡའི་ཆོས་སྟོན་པའང་ཡེ་ཤེས་ལ་བརྗོད་པ་དེ་བཞིན་ཏེ། དོན་བྱ་བའི་ཡུལ་ལ་དོན་བྱེད་ནུས་པའི་ཐུགས་རྗེས་གཟི་བྱིན་མངའ་བའི་ཕྲིན་ལས་ཀྱིས་སྐུ་དང་ཡེ་ཤེས་ཀྱི་རོལ་པར་བསྟན་པ། སྒྱུ་མ་ལྟ་བུ་ཕྲིན་ལས་ཀྱི་དོན་མཛད་ནའང་། ངོ་བོ་འགྱུར་མེད་སྐུ་ལྔ་དབྱེར་མི་ཕྱེད་པ་རྡོ་རྗེའི་རང་བཞིན་ཅན་མི་ཤིག་པའི་མཐུ་མངའ་བས་བཙན་པོ་སྟེ་ཆེ་བའི་མཆོག་དམ་པའོ། །ཡང་བསྐྱེད་རིམ་སྐབས་སྟོང་ཆེན་སྙིང་རྗེ་སྒྱུ་མ་ཕྱག་རྒྱ་གཅིག་པ་ཕྲ་རག་གཉིས་ཕྱག་རྒྱ་སྤྲོས་བཅས་ཀྱི་ཆོ་ག་ལྔ་ནི་སྔོན་དུ་རྫོགས་པ་སྟེ་བརྟན་པ་ཐོབ་པར་བྱས་ཤིང་། དམ་ཚིག་སོགས་ལམ་གྱི་དང་བྲོ་གར་སོགས་སྒྲུབ་རྫས་ཀྱི་ཡོ་བྱད་ལྔ་ནི་རྫོགས་པར་ལྡན་པ་དང་ཡིད་སྐྱོབ་པའི་ཕྱིར་སྔགས་ཏེ་ཡན་ལག་གི་ལྷ་དགུའི་དབུ་རྒྱན་རིགས་བདག་གཅིག་ཏུ་བརྩིས་པས་ཡན་ལག་གི་ལྷ་ལྔའམ་དེ་དག་རྫོགས་པར་གསལ་བའི་རྣལ་འབྱོར་པས། དམ་ཚིག་མ་ཉམས་པར་སྒྲུབ་པ་ལ་འཇུག་ཅིང་ཞུགས་ནས་ཉམས་ལེན་ལ་རབ་ཏུ་བརྩོན་ན་འགྲུབ་པར་འགྱུར་རོ། །དེའང་དབང་བརྩོན་ཡང་རབ་ཀྱིས་ཞག་ནི་སུམ་བཅུ་ཕྲག་དྲུག་སྟེ་ཟླ་བ་དྲུག་གམ་རབ་ཀྱི་ཟླ་བ་བཅུ་གཉིས་འབྲིང་གིས་བཅུ་བཞི་ཐ་མས་ཀྱང་ཟླ་བ་བཅུ་དྲུག་རྣམས་ཀྱིས་དབང་པོ་བརྟུལ་ན་རྣམ་སྨིན་ནམ། རྣོ་ན་ཚེ་ལ་དབང་བསྒྱུར་བའི་རིགས་ཀྱི་དམ་པ་སྟེ་ཚེ་དབང་རིག་འཛིན་འགྲུབ་པར་འགྱུར་རོ། །མཐོང་ལམ་ལ་གཉིས་ལས་ནུས་ཐོབ་ཚེ་དབང་རིག་འཛིན་ཐོབ་པ་དེ་ཚེ་ལོ། །བརྒྱ་བརྒྱ་ན་ཕྱིར་བསྣུར་བ་ལན་བཅུ་དྲུག་སྟེ་སྟོང་དྲུག་བརྒྱ་ཚུན་ཆད་ཀྱིས་རིམ་གྱིས་པ་ཕྱག་ཆེན་དང་ཐོད་རྒལ་བ་ཚེ་དབང་སོགས་ནས་མཐར་ཐུག་གི་འབྲས་བུ་སྐུ་ལྔ་ལྷུན་གྱིས་གྲུབ་པ་རྫོགས་པ་ནི་སངས་རྒྱས་ཏེ། དེ་ཉིད་ཐོབ་པར་བྱེད་དོ། །རིམ་གྱིས་དང་ཐོད་རྒལ་གྱི་རིག་འཛིན་གྱི་དགོངས་པ་རང་རིག་པའི་ཡེ་ཤེས་སྤྲོས་བྲལ་ཐིག་ལེ་དེ་ཉིད་ཀྱི་ངང་ལ་མཉམ་པར་བཞག་པའི་དུས་སུ་སངས་རྒྱས་ཀྱི་ཡེ་ཤེས་སྤྲོས་པ་དང་བྲལ་བའི་ཐིག་ལེ་དེ་ཉིད་རང་སྣང་བའི་ཕྱིར་དགོངས་པའི་ངོ་བོ་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པའི་ཡོན་ཏན་མ་བཙལ་ལྷུན་གྱི་གྲུབ་པའི་ཕྱིར་མཆོག་སྟེ། དེ་ཚེ་ཕྱོགས་བཅུ་དུས་བཞིར་མངོན་པར་རྫོགས་པ་བྱང་ཆུབ་པའི་དེ་བཞིན་གཤེགས་པའི་ཞིང་ཁམས་རྣམ་པར་དག་པར་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པ་དང་ཞིང་དེར་རྒྱ་གར་དུའང་མ་ཆད་པས་འདི་ཙམ་ཞེས་བསམ་པའི་ཡུལ་དང་བྲལ་བའི་གཞལ་ཡས་ཁང་གཞི་ཚད་མེད་ཡེ་ཤེས་ཀྱི་འཁོར་ལོ་ལ་བརྟེན་པའི་རྒྱན་དང་། འདོད་ཡོན་གྱི་རོལ་མོའི་སྤྲིན་ཚོགས་རྣམ་པར་འཁྲིགས་ཤིང་། དེ་ལྟར་རྒྱལ་བའི་དཀྱིལ་འཁོར་ཡོན་ཏན་མ་ལུས་ཟད་མེད་རྒྱན་གྱི་འཁོར་ལོ་བསམ་ཡས་ཀུན་ཀྱང་། སྐད་ཅིག་དང་པོར་མངོན་གསུམ་གྱིས་མཐོང་ནས་གཉིས་པར་ཉེ་བར་བརྙེས་པ་སྟེ་དེ་ཐོབ་པ་དང་གསུང་ཡང་རྒྱ་ཆེན་པོའི་གསུང་གི་སྣང་བ་ལས་གདུལ་བྱའི་དོན་ལྷུན་གྲུབ་ཏུ་བྱུང་བའང་གཞི་ལམ་འབྲས་བུ་ཡེ་ཤེས་གསུམ་ཚུལ་མཐུན་པའི་ཡེ་ཤེས་དེ་ཉིད་གཞན་དུ་མ་གྲུབ་པས་རིག་པའི་ཡེ་ཤེས་ལ་རང་སྣང་བའོ། །སངས་རྒྱས་གཟུགས་སྐུའི་རོལ་པ་ཐ་དད་དུ་སྟོན་ཀྱང་ཆོས་ཉིད་ལས་མ་གཡོས་པས་གཅིག་དང་དུ་མའི་མཐར་བྲལ་བ་ཡིས་མཐའ་གཉིས་ཁེག་པས་ཡོད་མེད་སོགས་པའི་མཐའ་དང་། དེ་ལྟོས་ཀྱི་དབུས་ཀྱང་གྲུབ་པ་མེད་དེ་བརྗོད་མེད་དེ་བཞིན་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱིས་ཀྱང་གཟིགས་བྱ་གཟིགས་བྱེད་ལས་འདས་པས་མི་གཟིགས་ཏེ། དེ་ལྟ་ནའང་རང་བྱུང་ཡེ་ཤེས་ཀྱི་དགོངས་པ་ནི་གནས་ཡུལ་དང་ཡུལ་ཅན་གཉིས་མེད་པར་རང་གསལ་མ་འགགས་པར་སྣང་བའོ། །འགྲོ་བའི་ལོག་པ་རྟོག་པས་རྣམ་པར་བརྟགས་པའི་སྒྲིབ་པ་ཡེ་ནས་རྣམ་པར་དག་ཅིང་ཆོས་དང་ཆོས་ཉིད་རང་བཞིན་གྱིས་འབྲེལ་བ་དང་། སངས་རྒྱས་རྣམས་ནི་ཡེ་ཤེས་ཀྱང་ཆོས་དབྱིངས་ལས་མི་གཞན་པའི་ཕྱིར། ཡུལ་ཡུལ་ཅན་ཐ་མི་དད་པར་འབྲེལ་བ་དང་། སངས་རྒྱས་རྣམས་སྔོན་བྱང་ཆུབ་སྤྱོད་པའི་ཚེ་ཐུགས་རྗེ་ཆེན་པོས་སེམས་ཅན་སྒྲོལ་བར་དམ་བཅས་པས་ལས་དང་ཐུགས་རྗེར་འབྲེལ་བའོ། །དེ་ལྟར་འབྲེལ་པ་གསུམ་གྱིས་འབྲེལ་བས་ན་ཐུགས་རྗེས་གཟིགས་པ་ཞེས་བྱ་ལ་མཁྱེན་གཉིས་ཀྱིས་འགྲོ་བ་རིགས་དྲུག་གི་འཇིག་རྟེན་དུས་སྔ་ཕྱི་དང་གནས་མཐོ་དམན་སོགས་མ་ལུས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་དབྱེར་མེད་མཁྱེན་པའི་ཡེ་ཤེས་ཀྱི་སྣང་ལ་རང་བཞིན་མེད་པར་གཟིགས་པའོ། །ཡང་དབང་གི་སྐབས་དཀྱིལ་འཁོར་དུ་ཞུགས་པའི་ཡོན་ཏན་ནི། ཐབས་ཤེས་ཟུང་འབྲེལ་བདེ་བ་ཆེན་པོའི་དཀྱིལ་འཁོར་ལ་རྒྱས་པར་འདྲི་བའམ་མི་ནུས་པས་ནི་གཙོ་བོ་སྟངས་དཔྱལ་ཏེ་ཡབ་ཡུམ་གཉིས་སམ་ཡང་ན་རིགས་ལྔ་ཡབ་་ཡུམ་ཙམ་བྱས་ཏེ་དད་ལྡན་གྱི་སློབ་མ་དེར་རབ་ཏུ་ཞུགས་ན། དཀྱིལ་འཁོར་རྒྱས་པ་ལ་ཞུགས་པ་དང་འདྲ་བར་འདོད་པའི་དོན་དབང་དངོས་གྲུབ་ཡིད་འོང་ཐོབ་པས་ན་སྔར་འོག་མིན་དུ་ཐར་ལམ་པ་ཞུགས་པ་དང་སྐལ་པ་མཉམ་པར་འགྱུར་རོ། །དེ་ལྟར་དཀྱིལ་འཁོར་ལ་ཞུགས་ཕྱིན་ཆད་ཡི་དམ་གྱི་ལྷ་དང་སྐལ་པ་མཉམ་པར་གྱུར་པའི་ཕྱིར་ཡེ་ཤེས་དེ་ཉིད་དོན་དུ་གཉེར་ནས་བསྒྲུབས་ན་དུས་ཉེ་བར་མངོན་དུ་འབྱུང་བའི་མཆོག་ཐུན་གྱི་དངོས་གྲུབ་ཡ་མཚན་ཆེན་པོ་ཉིད་འབྱུང་ཞིང་ཐོབ་པར་ངེས་པས་ལྷ་བསྒོམ་པ་ལ་ནན་དུ་བྱ་སྟེ། གཞན་དུ་ལྷའི་བསྒོམ་བཟླས་ལ་དད་པ་མེད་ན་རྡོ་རྗེ་གསུང་གི་དམ་ཚིག་ཉམས་པར་གྱུར་པས་ན་འདི་ཕྱིར་མི་འདོད་པའི་གནས་སུ་ལྷུང་བའི་ཕྱིར་ཕུང་བར་འགྱུར་རོ། །དེ་སྐད་ཅེས་སྟོན་པས་ཆེད་དུ་བརྗོད་པར་མཛད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འདིས་རྡོ་རྗེ་གསུམ་ཐོབ་བྱེད་ལས་ཀྱི་རིམ་པ་གསུམ་དུ་བཀོད་པའི་དོན་མཆོག་ཏུ་གསང་བ་འདའ་དཀའི་དམ་ཚིག་གི་ལེའུ་སྟེ་དགུ་པའོ།། ༈ །།དེ་ལྟའི་ལེའུ་འདིས། ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། རིམ་པར་བགྲོད་པ་དབང་ལས་དབང་གི་དཀྱིལ་འཁོར་དེར་འཇུག་པ་དང་། སྣོད་དང་སྦྱར་ཏེ་བསྐུལ་ཚུལ་སོགས་དང་། རོལ་པའི་ཕྲིན་ལས་ལས་མེ་སྒོ་ནས་ཕྲིན་ལས་བྱ་ཚུལ་ཟུར་ཙམ་དང་། མཆོད་པའི་སྐབས་ལྷག་པའི་ཏིང་ངེ་འཛིན་གྱི་མཆོད་པ་རྣམས་བསྟན། བི་མ་ལས་མ་མཐོང་རྨོངས་ལ་བསྟན་པའི་ཕྱིར། །དཀྲི་དྲངས་རྡུལ་ཚོན་བསྟན་པ་གཅེས། །ཞེས་གསུངས་པས། ལེའུ་བརྒྱད་པར་ཐུགས་རྟགས་ཕྱག་རྒྱར་གསལ་བ་དེ་ཉིད་མ་མཐོང་བའི་རྨོངས་པ་བསྟན་པའི་ཕྱིར། ལེའུ་འདིར་གདུལ་བྱ་རྣམས་ལམ་འདིར་དཀྲི་ཞིང་དྲངས་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་བསྟན་པར་གསུངས་སོ། །ལེའུ་བཅུ་པ་ལ་གསུམ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་བརྗོད་དེ་བར་གཉིས་པ་གཞུང་ལ་གསུམ། དབང་བསྐུར་བའི་རིམ་པ་མ་བསྐུར་བའི་སྐྱོན། བསྐུར་བའི་ཡོན་ཏན་ནོ། །དང་པོ་ལ་གསུམ། ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་བསྐུར་བའི་རིམ་པའོ། །དང་པོ་ནི། དབུ་རྒྱན་སོགས་ཚིག་བཅད་གཅིག །གཉིས་པ་ནུས་དབང་ལྔ་པོ་རིགས་བསྡུས་ན་གསུམ་སྟེ། བདག་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཉན་སྒོམ། གཞན་དོན་ནུས་པ་ལ་ཕྲིན་ལས་དང་འཆད་པ་དབང་། གཉིས་ཀའི་དོན་ནུས་པ་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་དང་གསུམ། དང་པོ་ལ་གཉིས། ཉན་དབང་དང་སྒོམ་དབང་ངོ་། །དང་པོ་ལའང་གཉིས་ལས། བསམ་རྒྱུད་དང་སྒྲག་ཚིག་གོ །དང་པོ་ནི། ཉན་བྱེད་སོགས་ཚིགས་བཅད་གཅིག །གཉིས་པ་ནི་ཏྲཾ་གསང་བ་སོགས་ཚིགས་བཅད་གཅིག །གཉིས་པ་བསྒོམ་དབང་ལ་གཉིས། བསམ་རྒྱུད་དང་། སྒྲག་ཚིག་གོ །དང་པོ་ནི། གསལ་བའི་འཁོར་ལོའི་སོགས་ཚིགས་བཅད་གཅིག །གཉིས་པ་ནི། ༀ་དུས་གསུམ་སོགས་ཚིགས་བཅད་གཅིག །གཉིས་པ་ལ་ཕྲིན་ལས་དང་། འཆད་དབང་གཉིས། ཕྲིན་ལས་ལ་བསམ་རྒྱུད་དང་། སྒྲག་ཚིག་གཉིས་ལས། དང་པོ་ནི། ལག་པའི་སོགས་ཚིགས་བཅད་གཅིག །གཉིས་པ་ནི། ༀ་ཁྱེད་ནི་སོགས་ཚིགས་བཅད་གཅིག །དེ་ནས་འཆད་དབང་ལ་གཉིས་ལས། བསམ་རྒྱུད་ནི། སྨྲ་བྱེད་སོགས་ཚིགས་བཅད་གཅིག །སྒྲག་ཚིག་ནི། ༀ་ཆོས་ཀྱི་སོགས་ཚིགས་བཅད་གཅིག །གསུམ་པ་རྡོ་རྗེ་རྒྱལ་པོའི་དབང་གི་བསམ་རྒྱུད་ནི། བསྐྱོད་ཆེན་སོགས་རྐང་པ་གསུམ། སྒྲག་ཚིག་ནི། ༀ་ཕྱོགས་བཅུ་སོགས་ཚིགས་བཅད་གཅིག །གསུམ་པ་ཟབ་དབང་བསྐུར་བའི་རིམ་པ་ནི། ཤེས་རབ་སོགས་ཚིགས་བཅད་གཅིག །གཉིས་པ་དབང་མ་བསྐུར་བའི་སྐྱོན་ནི། སློབ་དཔོན་སོགས་ཚིགས་བཅད་གཅིག །གསུམ་པ་བསྐུར་བའི་ཡོན་ཏན་ནི། དུས་འདི་སོགས་ཚིགས་བཅད་གཅིག །གསུམ་པ་ལེའུ་མཚན་ནི། གསང་བའི་སོགས་སོ། །དེ་ལྟའི་གཞུང་དངོས་བཤད་པ་ནི། དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་ཚུལ་མདོར་བསྟན་པ། དེ་ནས་ཇི་ལྟར་བསྐུར་བའི་རིམ་པ་སྟོན་པའི་ཕྱིར། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཆོས་ཀྱི་རྒྱལ་པོའི་གོ་འཕང་སྦྱིན་པ་ཞེས་བྱའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དབང་བསྐུར་བའི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །དབང་རྣམས་ལས་དང་པོ་ཟབ་དབང་བསྐུར་བ་ནི། ཡུམ་ཤེས་རབ་མ་མཚན་ལྡན་ལོ་ཉི་ཤུ་བཅུ་དྲུག་བཅུ་གཉིས་མ་རྣམས་རིམ་པར་དབང་གསུམ་གྱི་རྟེན་དང་ཐབས་ཡབ་ནི་གསང་དབང་ལ་སློབ་དཔོན་དང་། གོང་མ་གཉིས་ལ་སློབ་མ་སྟེ། ཡབ་ཡུམ་ལྷར་གསལ་བས་ཐབས་ཤེས་གཉིས་ཀྱི་མཁའ་གསང་བྱིན་གྱིས་རློབས་ཤིང་སྦྱོར་བའི་བརྡས་བསྐུལ་ནས་ཕྱག་རྒྱ་བཞིས་སྙོམས་པར་ཞུགས་པ་ལས་ཡབ་ཀྱི་བྱང་སེམས་བདེ་བའི་རང་བཞིན་ཧཱུྃ་ཡིག་གི་འབྲུ་ཚོགས་སུ་གསལ་བའི་ཆུ་རྒྱུན་ཡབ་ཀྱི་རྡོ་རྗེའི་ལམ་ནས་ཡབ་ཡུམ་གྱི་པདྨོར་འཁྱིལ་བའོ། །གསང་དབང་གི་དུས་མཁའ་གསང་གི །རྩེ་ནས་དངོས་སུ་ལེན་ཅིང་རྡོར་སེམས་སུ་གསལ་བ་སྙིང་གར་བབས་ཏེ་བསྟིམ་ཞིང་དེས་སྦྱང་བྱ་ཀུན་སྦྱངས་ཏེ་སེམས་ཉིད་དོན་དམ་སྤྲོས་མེད་ཀྱི་དཀྱིལ་འཁོར་དུ་དབང་སྐུར་བའོ། །དེ་ནས་ཉན་དབང་སློབ་བུའི་ཉན་བྱེད་རྣ་བར་བྱང་ཆུབ་ལས་འཁོར་ལོ་རྩིབ་བཞི་སྒོ་དང་བཅས་པའི་གཞལ་ཡས་སུ་སྒྲ་གསལ་བའི་ཐིག་ལེ་ཤིན་ཏུ་དྭངས་པའི་ངོ་བོ་ཉིད་དུ་གནས་པ་དེ་ཏྲཾ་ཡིག་ཟུང་ལྔ་གསུང་ཆོས་ཀྱི་ཕྱག་རྒྱའི་ཚོགས་མཆོག་ལས་རིན་ཆེན་འབྱུང་ཀྱི་དཀྱིལ་འཁོར་གསལ་བར་བསྐྱེད་ལ་བསྐུར་སློབ་སོགས་དང་སློབ་དཔོན་གྱི་སྦྱོར་མཚམས་ནས་སྤྲོས་པའི་འོད་ཀྱིས་བསྐུལ་བས་ལྷ་རྗེས་ཆགས་ཀྱིས་ཞུ་བ་སློབ་བུར་ཐིམ་པས་སློབ་བུ་ཞུ་བ་རིན་འབྱུང་གི་སྐུར་བསྐྱེད་ལ་གླེགས་བམ་གཏད་དེ་ཏྲཱཾ་ཡིག་འགོ་འདྲེན་གསང་བ་མ་ཧཱ་གསང་ཆེན་ཨ་ནུ་གསང་མཆོག་ཨ་ཏི་ཡོ་གའི་རྒྱུད་གང་དང་དེར་མ་ཟད་གསང་བ་རྒྱུད་ཀྲྀ་ཡོག་སོགས་ཀུན་ལའང་ཉན་པར་དབང་བས་མཉན་པར་བྱ་ཞེས་གནང་བ་སྦྱིན་ཞིང་ཉན་ནས་གསང་བའི་དོན་ཉིད་བསམ་པས་བརྟག་ཅིང་སྤྱོད་པ་ལས་གཞན་འཆད་དབང་མ་ཐོབ་ཀྱི་བར་དེ་སྲིད་དུ་སུ་ལའང་སྨྲ་བར་བྱ་བ་མིན་པས་མ་སྟོན་ཅེས་དམ་སྒྲག་པའོ། །དེ་ནས་དྲན་པ་གསལ་བར་བྱེད་པའི་རྟེན་སྙིང་རྩའི་འཁོར་ལོའི་གཞལ་ཡས་སུ་དྲན་པ་གསལ་བའི་ཐིག་ལེའི་ངོ་བོ་ཉིད་མེ་ཏོག་ཕོག་པའི་ལྷ་གང་ཡིན་གྱི་ཡི་གེ་ཟུང་ལྔའི་ཕྲེང་བའི་ཚོགས་མཆོག་ལས། རིགས་གང་ཡིན་གྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ་པ་སོགས་སྔར་ལྟར་ལས་སློབ་བུའི་ལག་ཏུ་ཕྲེང་བ་གཏད་དེ། ༀ་བུ་ཁྱོད་དུས་གསུམ་རྒྱལ་བའི་སྲས་ཆེན་པོ། ཡིན་པས་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་མི་འདའ་བར་གཟུང་སྟེ། རྒྱལ་བ་ཐམས་ཅད་ནི་སྒྲུབ་པས་མཉེས་པར་མཆོད་ལ་འབྲས་བུ་རྒྱལ་བ་ཀུན་དང་མཉམ་པར་སྦྱོར་བའི་གོ་འཕང་སྒྲུབས་ཤིག་པའོ། །ལག་པའི་རྩའི་འཁོར་ལོའི་གཞལ་ཡས་སུ་བྱ་བྱེད་གསལ་བའི་རྟེན་གྱི་ཐིག་ལེ་དྭངས་པའི་ངོ་བོ་ཉིད། ཧཱཾ་གི་ཕྱག་རྒྱའི་ཚོགས་མཆོག་ལས། འཕྲིན་ལས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ། པ་སོགས་ལས་སློབ་བུ་དོན་གྲུབ་གསལ་བའི་ལག་ཏུ་རྒྱ་གྲམ་གཏད་དེ། ༀ་བུ་ཁྱོད་ནི་ད་ཕྱིན་ཆད་རྡོ་རྗེ་ལས་མཁན་ཡིན་གྱིས་ཞི་རྒྱས་སོགས་ལས་རྣམས་མ་ལུས་ཀུན་གྱིས ཤིག་དང་དེའི་གྲོགས་ཕོ་ཉ་མང་པོའི་རོལ་པ་ནང་དུ་འདུ་ཞིང་ཕྱིར་འཕྲོ་བ་ཀུན་གྱིས་ཁྱོད་ཀྱི་གནས་སྐབས་དང་མཐར་ཐུག་གི་དགོས་པ་སྒྲུབ་པར་བྱེད་པ་ཡིན་ཞེས་སོ། སྨྲ་བྱེད་ལྕེའི་འདོ་རྩའི་འཁོར་ལོའི་གཞལ་ཡས་སུ་སྒྲ་གསལ་བའི་ཐིག་ལེ་དྭངས་པའི་ངོ་བོ་ཉིད་ཧྲཱིཿཟུང་ལྔ་ཡིག་ཕྱག་རྒྱའི་ཚོགས་མཆོག་ལས། གསུང་ཆོས་ཀྱི་རིགས་སྣང་མཐའི་དཀྱིལ་འཁོར་གྱི་འཁོར་ལོ་གསལ་སྤྲོ་ཐིམ་སོགས་གོང་བཞིན་ནོ། །ༀ་ཕྱི་ནང་གསང་བའི་ཆོས་ཀྱི་བདུད་རྩི་བླ་མེད་ཀྱིས། གདུལ་ཕྱིར་དད་ལྡན་གྱི་སྐྱེས་བུ་ངོམ་པར་བྱོས་ཤིག་ཇི་ལྟར་ན་དབང་པོ་རབ་འབྲིང་ཐ་མའི་བློ་ཅན་ལ། སོ་སོའི་བློ་ཡི་རིམ་པ་དང་མཐུན་པར་ཆོས་ཀྱི་གསང་བ་སྒྲགས་པར་བྱ་བ་ལས་གཞན་དུ་མིན་ཏེ་དོན་དུ་མི་འགྱུར་བའི་ཕྱིར་རོ་ཞེས་བསྒྲགས་སོ། །བསྐྱོད་ཆེན་ཡན་ལག་ལྔར་འཁོར་ལོའི་གཞལ་ཡས་ཁང་ཆ་ལྔའི་གནས་སུ་བསྐྱོད་བྱེད་གསལ་བའི་རེག་ཤེས་ཐིག་ལེའི་ངོ་བོ་ཉིད། ལག་གཡས་པར་ཧཱུྃ། མགོ་བོར་ༀ་ལག་གཡོན་པར་སྭཱ། རྐང་གཡོན་པར་ཨཱཾ་གཡས་པར་ཧཱ་རྣམས་ཟུང་ལྔ་ལྔ་ལས་རིགས་ལྔ་སོ་སོའི་རིགས་ཆུང་དང་བཅས་པའི་དཀྱིལ་འཁོར་ལྔ་དང་ལུས་ཀྱི་སྟེང་འོག་ཕྱོགས་མཚམས་བཅུར་ཁྲོ་བཅུ་ཡབ་ཡུམ་གྱི་ཕྲེང་བ་སྒོམ་པ་སོགས་སྔར་ལྟར་ལས་སློབ་བུ་ཀུན་བཟང་གསལ་བའི་ལག་ཏུ་རྡོར་དྲིལ་གཏད་དེ། ༀ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་ཀྱི། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག་ཉིད་ཆེ་བའི་མཆོག་སྟེ། རྒྱུད་དང་དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ་ཁྱོད་ཡིན་པས་དཀྱིལ་འཁོར་ཀུན་གྱི་བདག་པོ་གྱིས་ལ་སྐལ་པ་དང་མཚམས་པར་སྦྱིན་པའི་བྱ་བ་ལ་སྤྱོད་ཅིག་ཅེས་སོ། །དེ་ལྟར་དབང་བསྐུར་བའི་སློབ་དཔོན་སྒོ་གསུམ་གྱིས་མཉེས་པར་མ་བྱས་ཤིང་ཕན་ནུས་ཟབ་མོའི་དབང་རྣམས་རྒྱུད་ལ་ཐོབ་པར་མ་བྱས་པར་གསང་སྔགས་ཀྱི་རྒྱུད་དང་མན་ངག་ཉན་འཆད་སྒྲུབ་པ་ལ་སོགས་པའི་བྱ་བ་རྩོམ་པ་རྣམས་ཚེ་འདིར་སྒྲུབ་པ་རྣམས་འབྲས་བུ་དངོས་གྲུབ་མེད་ཅིང་ཕྱི་མ་ངན་འགྲོར་ལྟུང་བ་ལས་བརླག་པར་འགྱུར་རོ། །དབང་ནི་སློབ་བུ་ལྷར་གསལ་བ་ལ་རིགས་ལྔ་སོགས་ཀྱིས་རླབས་པའི་དབང་རྫས་དབུ་རྒྱན་སྤྱི་བོར་བསྐོན་ལ་དར་དམར་མཐིང་གི་ཅོད་པན་མགོ་བོའི་གཡས་གཡོན་དུ་འཕུར་ཞིང་ཕྲེང་བ་མགོར་བཅིངས་པ་དང་། གོ་ཆ་ལུས་ལ་བསྐོན་ཞིང་རྒྱལ་མཚན་ལག་ཏུ་གཏད་དེ། ཕྱག་རྒྱ་སྤྱི་བོའམ་སྙིང་གར་བཞག་པ་དང་། གདུགས་སྤྱི་བོར་བཞག་པ་དང་། བུམ་པའི་ཆུས་སྤྱི་བོར་བསྐུར་ཞིང་བཟའ་བཏུང་ཁར་སྦྱིན་པ་དང་། སྙིང་པོ་ལྔ་གནས་ལྔ་ཡིས་རྫས་ལ་བསྟིམ་པ་སྟེ། དེ་ལྟར་དབང་བསྐུར་ན་ཕྱི་ཕན་པའི་དབང་བཅུ་ཞེས་བྱའོ། །དབང་ཐོབ་པའི་དུས་འདི་ཕྱིན་ཆད་བུ་ཁྱོད་རྒྱལ་བའི་སྲས་སུ་གྱུར་པ་ཡིན་ཞིང་ཕྱི་མར་ངན་སོང་དུ་ལྷུང་བའི་ལས་ཟད་པར་བྱས་ངན་འགྲོའི་སྡུག་བསྔལ་ཐམས་ཅད་མེད་པ་དང་། འདིར་ཡང་ཚེ་རིང་ཞིང་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་ལ་སྐྱེ་བ་ཕྱི་མར་ཕན་དབང་གི་མཐོ་རིས་ལྷ་མིའི་རྒྱལ་པོ་དང་ནུས་དབང་གིས་ཐར་པའི་ལམ་སྟོན་པའི་བཤེས་གཉེན་དང་། ཟབ་དབང་གིས་རྒྱལ་ཀུན་རིགས་ཀྱི་བདག་པོ་ཆེན་པོར་འགྱུར་རོ། །ཞེས་བརྗོད་པས་མཛད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འདིས་སྣོད་དང་འཚམས་པར་དབང་གསུམ་སྦྱིན་པའི་ལེའུ་སྟེ་བཅུ་པའོ།། ༈ །།ཞེས་པའི་ལེའུ་འདིས་ཞི་ཁྲོ་ཐུན་མོང་དབང་གི་ལེའུ་དང་། རྒྱུད་ཀྱི་དངོས་པོ་བཅུ་ལས། རིམ་པར་བགྲོད་པ་དབང་གི་སྐབས། དབང་གི་བསྐུར་ཐབས་དངོས་བསྟན་ནོ། །བི་མ་ལས་དཀྱིལ་འཁོར་བདག་ལ་བསྟན་པའི་ལས། །དབང་མཆོག་སྦྱིན་པ་མཆོག་ཡིན་ནོ། །ཞེས་གསུངས་ཏེ། ལེའུ་དགུ་པར་རྡུལ་ཚོན་གྱི་དཀྱིལ་འཁོར་བསྟན་པ་དེ་ཉིད་ལ་བསྟན་པའི་ལས། ལེའུ་འདིར་དབང་མཆོག་སྦྱིན་པར་བསྟན་པ་ཡིན་ནོ། །ལེའུ་བཅུ་གཅིག་པ་དང་། བཅུ་གཉིས་པ་འབྲེལ་བསྡེབས་ནས་ཚོགས་སྒྲུབ་བསྟན་པ་གསུམ་ལ་སྟེ། ལོ་རྒྱུས་གཉིས་དང་། གཞུང་གཉིས་དང་། མཚན་གཉིས་བསྡེབས་པའོ། །དང་པོ་ནི། ལེའུ་གཉིས་ཀ་དེ་ནས་སོགས་བརྗོད་དོ་བར་གཉིས་པ་གཞུང་གཉིས་སྡེབ་པ་ལ་གཉིས་ཏེ། དངོས་དང་། དེ་གསུངས་པའི་ཚུལ་ལོ་དང་པོ་གཉིས། མཚན་གཉིས་གསུམ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཤེས་འཇུག་སོགས་ཚིགས་བཅད་གཅིག །གཉིས་པ་ལ་གསུམ་སྟེ། རྒྱུ་ཤེས་པའི་དང་རྐྱེན་འཇུག་པའི་དང་། འབྲས་བུ་མཐར་ཕྱིན་པའིི་མཚན་ཉིད་དོ། །དང་པོ་ལ་གཉིས་ཏེ། གཏན་ཚིགས་དང་། གྲུབ་འབྲས་གཞན་ཚོལ་བྱེད་ཀྱི་ཞེན་པ་དགག་པའོ། །དང་པོ་ལ་གསུམ་སྟེ། རྟོགས་པ་བཞིའི་དང་དག་པ་གསུམ་གྱི་དང་། མཉམ་པ་བཞིའི་གཏན་ཚིགས་སོ། །དང་པོ་ནི། རྒྱུ་གཅིག་སོགས་ཚིགས་བཅད་གཅིག །གཉིས་པ་ནི། སྣོད་བཅུད་རྒྱུད་སོགས་རྐང་པ་གཅིག །གསུམ་པ་ནི། མཉམ་གཉིས་སོགས་རྐང་པ་གསུམ། གཉིས་པ་ནི། དུས་བཞི་སོགས་ཚིགས་བཅད་གཅིག །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ལ་རིམ་གྱིས་པ་དང་། གཅིག་འཆར་བ་གཉིས་ལས། དང་པོ་ལ་གཉིས་ཏེ། གང་སྒྲུབ་པའི་གཞི་དང་། ཇི་ལྟར་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པའོ། །དང་པོ་ལ་གསུམ་སྟེ། སྒྲུབ་པ་པོ་དང་། གནས་ཡོ་ཐུན་མོང་དུ་བསྟན་པ་དང་། དུས་སོ། །དང་པོ་ནི། ཡན་ལག་སོགས་ཚིགས་བཅད་གཅིག །གཉིས་པ་ནི། གནས་དང་སོགས་རྐང་པ་བདུན། གསུམ་པ་ནི། སྒྲུབ་པའི་སོགས་རྐང་པ་གཉིས། གཉིས་པ་སྒྲུབ་པའི་ཐབས་ལ་གཉིས་ཏེ། ཞི་བ་དང་། ཁྲོ་བོའི་སྒོ་ནས་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། བསྙེན་སྒྲུབ་བཞི་མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པའོ། །དང་པོ་ནི། བསྙེན་པ་དང་ནི་སོགས་རྐང་པ་གཉིས། གཉིས་པ་རྒྱས་པར་བཤད་པ་ལ་གསུམ། བསྙེན་པ་དང་། ཉེ་སྒྲུབ་ཐུན་མོང་དུ་བསྟན་པ་དང་། སྒྲུབ་པ་ཆེན་པོའོ། །དང་པོ་ལ་གཉིས། སྔོན་དུ་བྱ་བའི་དང་། ནུབ་དང་པོ་བྱ་བ། ལས་ཀྱི་བསྙེན་པའོ། །དང་པོ་ནི། མཁའ་དཀྱིལ་སོགས་ཚིགས་བཅད་གཅིག །གཉིས་པ་ལ་གསུམ། ཚོམ་བུ་ལྔ་པ་གསུམ་པ་གཅིག་པའོ། །དང་པོ་ནི་ལྔ་དང་སོགས་ཚིགས་བཅད་གཅིག །གཉིས་པ་ནི། དེ་བཞིན་སོགས་ཚིགས་བཅད་གཅིག །གསུམ་པ་ནི། རིགས་ཀྱི་སོགས་ཚིགས་བཅད་གཅིག །གཉིས་པ་ལ་གཉིས་ཏེ། རྣལ་འབྱོར་ཕོ་མོས་ལྷ་སོ་སོར་བསྒོམ་པ་དང་། ཚོམ་བུའི་ལྷ་སྒྲུབ་ཐབས་སོ། །དང་པོ་ནི། རྣལ་འབྱོར་ཐབས་དང་སོགས་རྐང་པ་ལྔ། གཉིས་པ་ལ་གསུམ། ཚོམ་བུ་གཅིག་པ་དང་། གསུམ་པ་དང་། ལྔ་པ་བསྒྲུབ་པའི་ཐབས་སོ། །དང་པོ་ནི། རྡོ་རྗེ་རིག་སོགས་ཚིགས་བཅད་གཅིག །གཉིས་པ་ནི། ཡང་ན་སོགས་ཚིགས་བཅད་གཉིས། གསུམ་པ་ནི། སྔགས་འཆང་སོགས་རྐང་པ་བདུན། གསུམ་པ་བསྒྲུབ་པ་ཆེན་པོ་ལ་གཉིས་ཏེ། སྒྲུབ་པའི་ཡོ་བྱད་ལྔ་ལ་སྤྱད་པའི་ཐབས་དང་། དེའི་བསྒྲུབ་བྱ་དངོས་གྲུབ་བོ། །དང་པོ་ལ་གཉིས་ཏེ། ཡོ་བྱད་བཞི་ལ་སྤྱད་པའི་ཐབས་དང་། ཨཱ་ལི་ཀཱ་ལི་ལ་སྤྱད་པའི་ཐབས་སོ། །དང་པོ་ནི། གོས་རྒྱན་སོགས་ཚིགས་བཅད་གཅིག །གཉིས་པ་ལ་གསུམ། ཨཱ་ལི་སྦྱོར་བ། ཀཱ་ལི་སྒྲོལ་བ། དེ་གཉིས་སྤྱད་ཀྱང་ཉེས་པས་མི་གོས་པར་བསྟན་པའོ། །དང་པོ་ལ་གསུམ། གང་ལ་སྦྱད་བྱའི་ཡུལ། ཇི་ལྟར་སྤྱད་པའི་ཐབས། ཡུམ་གྱི་མཁའ་ལས་དངོས་གྲུབ་ཆེན་པོ་བླང་བའོ། །དང་པོ་ནི། ལྷ་མོ་སོགས་རྐང་པ་གཉིས། གཉིས་པ་ནི། ཡུམ་གྱི་སོགས་ཚིགས་བཅད་གཅིག །གསུམ་པ་ནི། སྒྲུབ་པ་སོགས་ཚིགས་བཅད་གཅིག །གཉིས་པ་ཀཱ་ལི་སྒྲོལ་བའི་ཐབས་ནི། ཞིང་གྱུར་སོགས་ཚིགས་བཅད་གཉིས། གསུམ་པ་ཉེས་པས་མི་དགོས་པར་བསྟན་པ་ནི། ཡེ་ནས་སོགས་ཚིགས་བཅད་གཅིག །གཉིས་པ་བསྒྲུབ་བྱ་དངོས་གྲུབ་ལ་གཉིས་ཏེ། དེ་འབྱུང་གི་རྒྱུ་དང་། བླངས་པའི་ཐབས་སོ། །དང་པོ་ནི། རྣལ་འབྱོར་སྔགས་འཆང་སོགས་ཚིགས་བཅད་གཅིག །གཉིས་པ་ནི། ཡན་ལག་སོགས་ཚིགས་བཅད་གཉིས། གཉིས་པ་ཁྲོ་བོའི་སྒོ་ནས་བསྒྲུབ་པ་ནི། ཁྲོ་བོ་ཁྲོ་མོའི་སོགས་ཚིགས་བཅད་གཅིག །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་གཅིག་ཆར་བ་ནི། ཆོ་ག་ལྷག་གམ་སོགས་རྐང་པ་གཉིས། གསུམ་པ་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་ལའང་རིམ་གྱིས་དང་གཅིག་འཆར་གཉིས་ལས། དང་པོ་རིམ་གྱིས་ལ་གསུམ་སྟེ། ཡོ་བྱད་ལྔ་ལ་སྤྱད་པའི་འབྲས་བུ་ཚེ་དབང་རིག་འཛིན་གྱི་ཆ་ལུགས། མཐར་ཐུག་གི་འབྲས་བུ་བསྟན་པའོ། །དང་པོ་ལའང་ལྔ་སྟེ། བྲོ་གར་འདུ་འཕྲོའི། གླུ་ཚིག་སྒྲའི་རྒྱན་དང་བགོ་བའི། བཟའ་དང་བཏུང་བའི། ཨཱ་ལི་ཀཱ་ལིའི་ཡོ་བྱད་རྣམས་ལ་སྤྱད་པའི་འབྲས་བུའོ། །དང་པོ་ནི། སྒྱུ་འཕྲུལ་དྲྭ་བ་སོགས་ཚིགས་བཅད་གཅིག །གཉིས་པ་ནི། གླུ་ཚིག་སོགས་རྐང་པ་གཉིས། གསུམ་པ་ནི་རྒྱན་དང་སོགས་རྐང་པ་གཉིས། བཞི་པ་ནི། བཟའ་དང་སོགས་རྐང་པ་གཉིས། ལྔ་པ་ནི། ཨཱ་ལི་སོགས་རྐང་པ་གཉིས། གཉིས་པ་ཚེ་དབང་གི་ཆ་ལུགས་ནི། མི་དང་སོགས་རྐང་པ་གསུམ། གསུམ་པ་ནི། ཕ་རོལ་སོགས་རྐང་པ་ལྔ། གཉིས་པ་གཅིག་འཆར་བའི་འབྲས་བུ་ནི། དཀྱིལ་འཁོར་ཀུན་ཏུ་སོགས་རྐང་པ་གཉིས། གཉིས་པ་གསུངས་ཚུལ་ལ་གཉིས་ཏེ། བཀའ་གསང་སྔགས་མཚོན་པ་དང་། གཞུང་གསུངས་པའི་ཡོན་ཏན་ནོ། །དང་པོ་ནི། རྡོ་རྗེ་གསང་སོགས། གཉིས་པ་ནི། ཞེས་དེ་བཞིན་སོགས་དང་། ཅེས་ཆེད་དུ་སོགས། གསུམ་པ་མཚན་གཉིས་སྡེབ་པ་ནི། གསང་བའི་སོགས་ནས་བཅུ་གཅིག་པ་དང་། བཅུ་གཉིས་པའོ། །ཞེས་སོགས། དེ་གཉིས་ཀའི་གཞུང་དངོས་བཤད་པ་ནི། སྔར་ཚོགས་སྒྲུབ་མདོར་བསྟན་པ་དེ་ནས་ལེའུ་གོང་འོག་སྡེབ་ནས་བཤད་ཀྱང་འདིར་དཀྱུས་བཞིན་བཀོད་པས་འཆད་ཉན་སོགས་ཀྱི་དུས་འགྲེལ་སྒྲིག་པར་བྱའོ། །ཚོགས་སྒྲུབ་རྒྱས་པར་སྟོན་པའི་ཕྱིར། དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་བསྒྲུབ་བྱ་ཟུང་འཇུག །སྒྱུ་འཕྲུལ་དྲྭ་བའི་རྒྱལ་པོའི་གོ་འཕང་མཆོག་གི་དངོས་གྲུབ་ལ་དབང་སྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །དེ་ཡང་འཁོར་འདས་གཉིས་སྣང་གི་ཆོས་ནི་རྒྱུ་གཅིག་པའི་རྟགས་ཀྱི་གཞལ་བྱ་ཡིན་ལ། གཞལ་ཚུལ་སྔ་མའི་གཏན་ཚིགས་ཕྱི་མའི་གཞལ་བྱར་བྱས་ཏེ། འཇལ་བྱེད་རྒྱུ་གཅིག་པའི་དང་། ཡིག་འབྲུའི་ཚུལ་གྱི་དང་བྱིན་གྱིས་རླབས་པའི་དང་། མངོན་སུམ་པའི་གཏན་ཚིགས་བཞི་བཙལ་བས། རིམ་པ་ཇི་ལྟ་བར་རང་བཞིན་སྐྱེ་མེད་རོལ་པ་འགགས་མེད་ངོ་བོ་དབྱེར་མེད་དེའང་ཡུལ་ཡུལ་ཅན་མེད་པར་མངོན་སུམ་དུ་རྟོགས་པ་ནི་མཚན་ཉིད་བློ་བྲལ་ཏེ་གྲུབ་མཐའ་འོ། །དེ་ལྟར་རབ་ཏུ་རྟོགས་པ་རྣམ་པ་བཞི་ཡི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་གཏན་ལ་ཕེབས་ཏེ་གནས་ལུགས་ཇི་ལྟ་བ་བཞིན་རང་རིག་པའི་མངོན་སུམ་དུ་གསལ་བར་རྫོགས་པས་སྤོང་ལེན་མེད་པར་ཆམ་གཅིག་སྐུ་དང་ཡེ་ཤེས་ཀྱི་རོལ་བར་དབང་བསྒྱུར་བའི་ཕྱིར་རྒྱལ་པོ་སྟེ་འདི་ལས་ཆེ་བའི་གྲུབ་མཐའ་གཞན་མེད་པའོ། །བསྒྲུབ་བྱའི་སྐབས་རང་སྣང་གི་ཡན་ལག་ལྔ་དང་དབང་པོ་ལྔ་དང་། དེ་དག་གི་རྣམ་ཤེས་དང་བཅས་པ་ཀུན་གྱི་རྣམ་པ་ཡེ་ཤེས་ལྔའི་ངོ་བོར་སྨིན་པ་མཚོན་བྱེད་ཡི་གེ་ༀ་དུ་ཤེས་པར་བྱ་ཞིང་། དེས་མཚོན་བྱ་རྫོགས་པའི་སངས་རྒྱས་རིགས་ལྔ་ཡབ་ཀྱི་དཀྱིལ་འཁོར་ཉིད་དུ་བསྒོམ་པའོ། །ཡང་ན་གདུལ་བྱའི་དབང་གི་ཁྲོ་བོ་རིགས་ལྔའི་དཀྱིལ་འཁོར་དུ་བསྒོམ་པའི་བྱའོ། །དེ་བཞིན་དུ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཡུལ་གྱི་རྣམ་པ་ཀུན་ཡུམ་ལྔའི་ངོ་བོར་སྨིན་པ་མཚོན་བྱེད་ཡི་གེ་མཱུཾ་དུ་ཤེས་པར་བྱ་ཞིང་། དེས་མཚོན་བྱ་རིགས་ལྔ་ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ་པའམ། ཡང་ན་ཁྲོ་མོ་ལྔའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །སྒྲུབས་པའི་ཡོ་བྱད་ལ་སྤྱད་ཐབས་ནི། དར་དང་ཞིང་ལྤགས་སོགས་བགོ་བའི་གོས་དང་ཐོད་ཕྲེང་སོགས་འདོགས་པའི་རྒྱན་དང་དྲི་རོ་ཞིམ་པའི་བཟའ་བཏུང་དང་སྙན་པའི་གླུ་དང་སྦྱར་བའི་སྒྲ་ཚིག་དང་། རིགས་སོ་སོའི་རྐང་བྲོ་དང་ལག་གར་གྱི་འདུ་འཕྲོ་སྟེ། ཡོ་བྱད་བཞིའི་ཚོགས་གང་སྤྱོད་ཐམས་ཅད་ཀྱི་སྤྲིན་ཕུང་ལ། རང་རིག་པའི་ཡེ་ཤེས་ཀྱི་རང་བཞིན་ཧཱུཾ་གིས་མཚོན་ནས་རང་སྣང་གི་ལོངས་སྤྱོད་དུ་ཤེས་པས་ཆགས་ཞེན་མེད་པར་རབ་སྤྱད་ན་འབྲས་བུ་ངོ་མཚར་འབྱུང་བའི་དཀྱིལ་འཁོར་ཐམས་ཅད་མཉེས་པས་ཕན་ཡོན་རླབས་པོ་ཆེ་ཐོབ་བོ། །སྦྱོར་བ་ལ་བརྟེན་ནས་དངོས་གྲུབ་བླང་བ་ནི། རབ་ལྷ་མོ། འབྲིང་ཀླུ་མོ། ཐ་མ་རིགས་ངན་མོ། རྣམ་པར་རྣལ་འབྱོར་པའི་བློ་ཁྱད་ཀྱིས་བཟང་ངན་སོ་སོར་དབྱེ་སྟེ་བཟང་པོ་བསྟེན་པའམ། ཡང་ན་མི་དབྱེ་བར་གང་རུང་བསྟེན་པའོ། །དེ་ཡང་ཕྱག་རྒྱ་བཙལ་ནས་ཆས་སུ་འཇུག་པ་ནི་བསྙེན་པ་དང་ཡུམ་རློབ་ཅིང་སྦྱོར་བའི་བརྡས་བསྐུལ་བ་སོགས་བསྐུལ་བ་སོགས་ནི་ཉེ་བ་བསྙེན་དང་། རོལ་ནས་དབབ་བཟུང་གི་དགོངས་པ་ནི་སྒྲུབ་པ་དང་། ཉི་ཟླ་རྡོ་རྗེའི་ལྕེས་བླངས་ཏེ་ལྡོག་དགྲམ་གྱི་དགོངས་པ་ནི་སྒྲུབ་པ་ཆེན་པོའོ། །དེ་ཡང་ཡུམ་གྱི་པདྨར་ཚོམ་བུའི་དཀྱིལ་འཁོར་བསྐྱེད་ནས་དེ་ཉིད་དུ་བདེ་བ་ཆེན་པོའི་རང་བཞིན་ཐུགས་ཀྱི་དཀྱིིལ་འཁོར་བྱང་ཆུབ་ཀྱི་སེམས་སྤྲོ་ཞིང་བདེ་བའི་སྒྲས་སངས་རྒྱས་ཀྱི་སྤྲིན་ཚོགས་མ་ལུས་པ་མཆོད་ཅིང་སྤྱན་དྲངས་དེ་རྣམས་རྗེས་ཆགས་ཀྱི་མེས་ཞུ་བ་བདག་གི་སྦྱི་བོ་ནས་ཞུགས་པདྨའི་དཀྱིལ་འཁོར་གྱི་ལྷ་རྣམས་ཆོས་པས་ཐམས་ཅད་རང་རིག་གི་ངོ་བོར་དགྱེས་མཉམ་མཆོག་གི་སྦྱིན་པས་བདག་དང་འཁོར་འདས་དབྱེར་མེད་བདེ་བ་ཆེན་པོའི་ངང་དུ་བསྟིམ་པའོ། །དེ་ལྟར་སྒྲུབ་པར་བྱས་པའི་མཁའ་གསང་གི་ཉི་ཟླ་གཉིས་འདྲེས་པའི་སྙིང་པོ་དེ། པདྨའི་དཀྱིལ་འཁོར་ནས་ཡབ་ཀྱི་གསང་བ་རྡོ་རྗེའི་ལྕེ་ཡིས་བླངས་ཏེ་ལྡོག་དགྲམ་གྱི་སྦྱོར་བས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ལ་བཟླའོ། །རྫུ་འཕྲུལ་གྱིས་མཁའ་ལ་བྱ་ལྟར་འགྲོ་བ་དང་། ལུས་ཀྱི་ཁ་དོག་གསལ་ཞིང་གཟི་བྱིན་འབར་བའོ། །སེམས་ཀྱི་མངོན་ཤེས་གསལ་ཞིང་ཏིང་འཛིན་དང་ཡེ་ཤེས་ཀྱི་འོད་འབར་བས་ལམ་གོང་མར་བགྲོད་པ་དང་། ཚེ་ཉི་ཟླ་དང་མཉམ་པ་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་རྣམས་དང་། ཡིད་བཞིན་རིན་པོ་ཆེའི་སྤྲིན་ལྟར་འདོད་པའི་ཆར་འབེབ་པ་ཟག་མེད་སློབ་པའི་ལམ་རིག་འཛིན་གྱི་ས་དང་མཐར་ཐུག་གི་འབྲས་བུ་རིགས་བདག་ཀུན་ཏུ་བཟང་པོར་འགྱུར་ཏེ་མཆོག་གི་དངོས་གྲུབ་བོ། །བསྒྲལ་བའི་ཞིང་དུ་གྱུར་པ་ནི་མཆོག་ཞིང་བཅུ་ལས་སྐུ་དགྲ་སོགས་བདུན་དང་མཆོག་ཕྲན་ཐུགས་རྗེས་བཟུང་བྱ་ངན་སོང་གསུམ་རྣམས་སོ། །ཨེ་ནང་ཉི་ཟླའི་སྟེང་དུ་སྒྲོལ་བའི་ལས་ལ་མཁས་པའི་རྣལ་འབྱོར་པས་བསྒྲལ་བྱ་བཀུག་པ་བཞག །དེ་ནས་བསྒྲལ་བྱ་རུ་ཏྲ་སྟེ་བདག་འཛིན་གསུམ་སྒྲོལ་བའི་ཕྱིར། སྒྲོལ་བྱེད་སློབ་དཔོན་དཔལ་ཆེན་དང་། སྒྲོལ་གིང་ཊཱཀྐི་རཱ་ཛའི་ང་རྒྱལ་ང་གནས་པའི་གྲི་འཇམ་དཔལ་རྣོན་པོར་བསྐྱེད་དེ་ལག་གི་འདུ་བྱེད་ཀྱིས་ཁོག་པ་ཕྱེ་བས་མ་རིག་པའི་རྒྱ་དྲལ་བར་བསྒོམ། དྭངས་མ་ཧཱུཾ་ཡིག་ཏུ་གྱུར་པ་སློབ་དཔོན་གྱི་སྐུ་ལ་བཅུག་པས་སྒྲིབ་པ་རྣམ་པར་དག་པ་དེ་ཉིད་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་དབྱིངས་སུ་ཐིམ་ནས་གནས་པའི་ཧཱུཾ་ཡིག་དེ་ཐུགས་ཀྱི་ཕྱག་རྒྱ་རྡོ་རྗེ་འོད་འབར་བར་གྱུར་པ་ལས་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཅིང་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བས་བརྗིད་པའི་གཙུག་ཏུ་འཁོར་བ་ལས་རྣམ་པར་རྒྱལ་བའི་རྟགས་རིགས་བདག་བསྒོམ་སྟེ་སྤར་བ་སོགས་བྱས་པས་སྒྲོལ་བའི་ཐབས་འདི་ནི་ངོ་མཚར་ཆེ་སྟེ། བསྒྲལ་བྱ་སྡིག་ཅན་ངན་འགྲོ་ལས་ཐར་ནས་རྣམ་གྲོལ་ཐོབ་པའི་ཐབས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཡེ་ནས་སྐྱེ་མེད་དེ་བཞིན་ཉིད་ཀྱི་གནས་ལུགས་རྟོགས་པས་ཇི་ལྟར་སྒྱུ་མར་སྣང་བའི་སྐྱེས་བུས་མིག་ཡོར་དུ་སྣང་བའི་གང་ཟག་ལ་སྦྱོར་སྒྲོལ་བྱས་པའི་ཚུལ་བཞིན་དུ་སྦྱོར་སྒྲོལ་གྱི་བྱ་བ་ཀུན་བྱས་ཀྱང་འཛིན་ཞེན་མེད་པས་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཡང་བྱས་པ་མེད་ཕྱི་སྣོད་དང་ནང་བཅུད་ཀྱི་སེམས་ཅན་རྒྱུད་རྣམས་ཤེས་ཀྱི་བསྡུས་པ་རྣམས་ཡེ་ནས་སྐུ་དང་ཡེ་ཤེས་སུ་དག་པར་རྟོགས་ཤིང་གོམས་ན་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གནས་ཤིང་དེའང་དོན་དམ་དང་ཀུན་རྫོབ་གཉིས་སྤྲོས་མེད་སྟོང་པར་རོ་མཉམ་ཤིང་། ཁྱད་པར་སྔགས་བླ་མེད་ལས་ནི། ལྷག་པའི་མཉམ་པ་གཉིས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་རོ་མཉམ་པ་རང་བཞིན་གྱི་དཀྱིིལ་འཁོར་དུ་རྟོགས་པས་དག་མ་དག་གི་ཞིང་ཐམས་ཅད་ཀྱང་ཀུན་ཏུ་བཟང་པོའི་ཞིང་དང་། སྒོ་གསུམ་གྱི་བྱེད་སྤྱོད་ཀྱང་ཚོགས་ཆེན་པོ་གཉིས་ལྷུན་རྫོགས་སུ་གྱུར་ནས་ཅིར་སྣང་ཡེ་ཤེས་སུ་འཆར་རོ། །སྔགས་ཀྱི་ཡན་ལག་ལྔ་ཚང་ཞིང་དམ་ཚིག་མ་ཉམས་ཤིང་སྒྲུབ་པའི་རྫས་ཀྱི་ཡོ་བྱད་ལྔ་དང་ལྡན་ཅིང་དེ་སྟེང་སོགས་ཆོ་ག་ལྔ་པོ་རྫོགས་པར་ཤེས་པ་ཡི། རྣལ་འབྱོར་པ་ཚོམ་བུ་གཅིག་གསུམ་ལྔ་པ་གང་ཡིན་གྱི་ལྷ་གྲངས་དང་མཐུན་པ་ཚོགས་པའི་དཀྱིལ་འཁོར་གྱིས་ཚོགས་སྒྲུབ་ན་ངེས་པར་ལེགས་པའི་དགོས་པ་རིག་འཛིན་བཞི་དང་། མཐར་ཐུག་གི་འབྲས་བུ་རྫོགས་པའི་བྱང་ཆུབ་འགྲུབ་པར་འགྱུར་རོ། །ཚོགས་སྒྲུབ་སྐབས་ཚོམ་བུ་ལྔ་ནི་གཙོ་བོ་རིགས་ཀྱི་ཡབ་ལྔ་དང་ཡུམ་ལྔའི་ལྷ་ཞལ་སྦྱོར་དུ་བཞུགས་པ་ཡིས་ལྷ་སོ་སོའི་རིག་ཆུང་གི་སེམས་དཔའ་ཡབ་ཡུམ་ཟུང་བཞི་བསྐོར་བས་ཚོམ་བུ་ལྔ་ཡི་ལྷ་ལྔ་བཅུ་བཀོད་པ་ལ། ཁྲོ་བོ་བཅུ་དང་ཁྲོ་མོ་བཅུས་བསྐོར་བས་ལྷ་བདུན་ཅུའི་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་རྣམ་པར་བསྒོམས་པར་བྱའོ། །དེ་བཞིན་དུ་ཤར་ཕྱོགས་སུ་དེ་བཞིན་གཤེགས་པའི་རིགས་དང་། དབུས་སུ་རྡོ་རྗེའི་རིགས་དང་། ནུབ་ཏུ་པདྨའི་རིགས་རྣམས་ལ་སོ་སོའི་རིགས་ཆུང་གི་སེམས་དེའི་ཟུང་བཞིས་བསྐོར་བ་སྟེ་དེ་ལྟར་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆ་གསུམ་གྱི་མཐར་ཁྲོ་བོ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བས་ལྷ་ཞེ་དྲུག་གི་ཚོགས་དང་ལྡན་པ་ཡི། ཚོམ་བུ་གསུམ་གྱི་ལྷ་རྣམས་བསྒོམ་མོ། །རིགས་ཐམས་ཅད་ཀྱི་རིགས་ཀྱི་བདག་པོ་སྟེ་རིགས་ཀྱི་གཙོ་བོ་ནི་ཐུགས་རྡོ་རྗེར་འདུ་ཞིང་། དེའི་རྒྱུ་མཚན་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ལྔ་གཅིག་ཏུ་འདུས་པ་ནི་རང་བྱུང་གི་ཡེ་ཤེས་ཏེ། དེ་ཉིད་མཚོན་བྱེད་ཐུགས་ཀྱི་མཆོག་རྡོ་རྗེ་མི་བསྐྱོད་པ་ཡབ་ཡུམ་རིགས་ཆུང་གི་སེམས་དཔའ་ཟུང་བཞི་དང་ཁྲོ་བོ་ཡབ་ཡུམ་བཞིས་བསྐོར་བས་ལྷ་བཅོ་བརྒྱད་ཀྱི་ཚོགས་དང་ལྡན་པ་ཡི། །ཚོམ་བུ་གཅིག་པའི་ལྷ་རྣམས་བསྒོམ་མོ། །དེ་ནས་ཁྲོ་བོ་ཁྲོ་མོ་ཡབ་ཡུམ་ལྔའི་ཚོགས་ཆེན་པོ་ལ་འཁོར་ཕོ་ཉ་གནས་མ་བརྒྱད་དང་ཕྱག་བརྙན་ཡུལ་མ་བརྒྱད་བཀའ་གཉན་སྒོ་མ་བཞིའི་ཚོགས་དང་། ཅི་བགྱིའི་མངགས་གཞུག་དབང་མོ་ཉེར་བརྒྱད་ལ་སོགས་པའི་ཁོང་ནས་ཁྲོ་བཅུ་ཡབ་ཡུམ་སྟེ་བདུན་ཅུ་དོན་བརྒྱད་ཀྱི་ཚོགས་རྣམས་ཀྱི་རྣལ་འབྱོར་དང་ལྡན་པས་སྒྲུབས་ན་མཆོག་ཐུན་གྱི་དངོས་གྲུབ་དང་ལས་བཞི་སོགས་འདོད་པའི་འབྲས་བུ་རྣམས་རྫོགས་པར་བྱེད་དོ། །ལམ་བསྐྱེད་རྫོགས་ཀྱི་རྣལ་འབྱོར་པའི་ཡིད་སྐྱོབས་སྔགས་ཀྱི་རང་བཞིན་རང་རིག་ལ་འཆང་བར་བསྒྲུབ་བྱའི་དངོས་གྲུབ་ནི། ལྟ་བ་མཉམ་རྫོགས་ལྷུན་གྱིས་གྲུབ་པར་རྟོགས་པ་དེའི་ངང་ལ་སྒོམ་པ་གནས་ཤིང་། སྤྱོད་པ་ཅི་ལའང་ཆགས་ཐོགས་དང་ཞེན་པ་མེད་པར་སྤྱོད་པའི་ཐབས་དེས་ཆོས་ཐམས་ཅད་ཡེ་ནས་དབྱེར་མེད་དུ་རྟོགས་པ་དངོས་གྲུབ་ཐོབ་པའི་རྒྱུའོ། །རྡོ་རྗེའི་རིགས་སུ་རིགས་གཞན་ཐམས་ཅད་འདུ་བས་ཚོམ་བུ་གཅིག་པའི་དཀྱིལ་འཁོར་འོད་འཕྲོ་གཟི་བྱིན་འབར་བར་རབ་ཏུ་བསྒོམ་ཞིང་ཡོ་བྱད་ལ་ཆགས་མེད་ཚུལ་གྱི་སྤྱོད་པས་འཁོར་གསུམ་མི་དམིགས་པའི་དབྱིངས་སུ་བསྟིམ་པར་བྱ། དེའི་འབྲས་བུ་ནི་ལྟ་སྤྱོད་གཉིས་མེད་དུ་གྱུར་ནས་ཐོབ་པའི་མཐོང་ལམ་དེ་ལམ་གོང་མ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བར་བྱེད་དོ། །ཚོམ་བུ་གཅིག་པ་ལས་གཞན་ཡང་ན་སྐུ་གསུང་ཐུགས་ཀྱི་ཚོམ་བུ་གསུམ་དུ་སྒྲུབ་པར་བྱ་བ་ཉིད་དེ། སངས་རྒྱས་ཐམས་ཅད་མ་ལུས་པ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་འདུས་པའི་ཕྱིར་ཚོམ་བུ་གསུམ་གྱི་ལྷའི་ཏིང་འཛིན་གསལ་ཞིང་གཟི་བྱིན་འབར་བའི་འོད་ཟེར་འཕྲོ་བར་བསྒོམ་ནས་ཡོ་བྱད་རྣམས་གཉིས་མེད་ཀྱི་བློས་མཉམ་པའི་དབྱིངས་ཀྱི་ངང་དུ་ཐིམ་པར་སྤྱད་པས་བརྙེས་པའི་འབྲས་བུ་མཐོང་ལམ་གཉིས་ལས། ཚེ་དབང་དེ་རིག་འཛིན་བཞིའི་ནང་ནས་དངོས་གྲུབ་མཆོག་བརྙེས་པ་ལྷུན་གྲུབ་རིག་འཛིན་ཐོབ་པ་ལ་སྦྱོར་བར་འགྱུར་པས་ཡོན་ཏན་བདག་དོན་དུ་རྒྱལ་བའི་དཀྱིལ་འཁོར་མ་ལུས་འབར་བ་སྟེ་གསལ་བར་མངོན་དུ་འགྲུབ་ཅིང་། གཞན་དོན་དུ་འགྲོ་བའི་ཉོན་མོངས་སྡུག་བསྔལ་སེལ་བར་བྱེད་པའི་ཕྲིན་ལས་ཀྱིས་ཐམས་ཅད་ཀྱང་རྡོ་རྗེ་གསུམ་གྱི་མི་ཕྱེད་པའི་རིགས་སུ་སྐྱེ་བའི་གནས་ལ་འགོད་པར་མཛད་དོ། །སྔགས་འཆང་གང་ཞིག་དངོས་གྲུབ་ཡང་དག་ཐོབ་པར་འདོད་པས་ནི་རྣལ་འབྱོར་པ་ཐབས་དང་ཤེས་རབ་གྲངས་ཚད་ཚོགས་པ་ཐམས་ཅད་ཀྱིས། ཚོམ་བུའི་དཀྱིལ་འཁོར་ཆ་ལྔ་དང་ཁྲོ་འཕྲེང་རྣམས་ཏེ་ལྷ་བདུན་ཅུ་སོ་སོར་བསྒོམ་ནས། ཡོ་བྱད་ལ་ཆགས་པ་མེད་པའི་ཚུལ་གྱིས་ནི་འདོད་ཡོན་མ་འགགས་པའི་འོད་ཟེར་རྣམ་པ་མང་པོ་འཕྲོ་ཞིང་གཉིས་སུ་མེད་པའི་དབྱིངས་སུ་བསྟིམ་པར་བྱ་བས་བརྙེས་པའི་འབྲས་བུ་དངོས་གྲུབ་མཆོག་གི་སྙིང་པོ་སྐུ་ལྔ་སྦྱོར་འགྲུབ་བོ། །རྣལ་འབྱོར་པ་ཐབས་ཡབ་དང་ཤེས་རབ་ཡུམ་རྣམས་ཀྱིས་རིམ་པ་ལྟར་དེ་བཞིན་གཤེགས་པ་རིགས་ཀྱི་ཡབ་ལྔ་དང་། རིགས་ཀྱི་ཡུམ་ལྔ་རུ་སོ་སོར་བསྒོམ་ཞིང་དེ་བཞིན་དུ་འཁོར་གྱི་རྣལ་འབྱོར་པ་ཕོ་རྣམས་ཀྱི་སེམས་དཔའ་དང་མོ་རྣམས་ཀྱི་སེམས་མ་ཉིད་དུ་བསྒོམ་ནས་ལྷ་སོ་སོའི་སྔགས་དང་ཕྱག་རྒྱ་དང་། ཏིང་ངེ་འཛིན་དེ་དང་དེ་ཡང་དག་པར་སོ་སོ་མ་འདྲེས་པར་གསལ་བ་བསླབ་པའོ། །སྒྲུབ་པའི་གཞི་རང་དབང་ཞིང་བར་ཆད་མི་འབྱུང་བའི་གནས་འཁོར་ཁང་རིམ་པ་གསུམ་ལྡན་དང་། འཚོ་བ་ཟས་སོགས་ཉེར་ཁོའི་ལོངས་སྤྱོད་ཐམས་ཅད་བསགས་པས་ཅི་བདེ་བར་སྤྱད་དུ་ཡོད་པ་དང་། དེས་མཚོན་མཐུན་རྐྱེན་རྣམས་མ་ཉམས་པར་ཚང་ཞིང་འགལ་རྐྱེན་མེད་ལ་སྒྲུབ་བློ་ནི་གཞན་རྐྱེན་གྱིས་མ་འཕྲོག་ཅིང་ལྷ་སྒོམ་སོགས་བློ་རབ་དང་ལྡན་པས། དང་པོར་སྒྲུབ་པ་ལ་འཇུག་དུས་དོན་མ་གྲུབ་ཀྱི་བར་དུ་སྒྲུབ་བོ་སྙམས་པའི་དམ་ནོས་པ་བཞིན་དུ་མཐར་སྐྱེལ་བྱ་ཞིང་དེའི་ཚེ་ལེ་ལོ་དང་སྒྱིད་ལུག་གི་སྙོམས་ལས་རྣམས་མེད་པའི་སྒོ་ནས་བློ་ལ་ཐེ་ཚོམ་མེད་པར་སྒྲུབ་པར་བྱས་ན་ཚོམ་བུའི་དཀྱིལ་འཁོར་གང་སྒྲུབས་ཀྱང་ཐུན་མཆོག་གི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་ཏེ། གང་ཞེ་ན་འབྲས་ཆོས་ལྔ་དབྱེར་མི་ཕྱེད་པའི་རྡོ་རྗེ་གསང་མཆོག་རྒྱལ་བའི་དགོངས་པ་དམ་པ་ཐོབ་པར་འགྱུར་རོ། །ཇི་ཙམ་སྒྲུབ་པའི་ཞག་གྲངས་ནི་སུམ་ཅུ་ཕྲག་དྲུག་སོགས་ལེའུ་དགུ་པར་བཤད་པ་བཞིན་དང་སྒྲུབ་པ་ལ་འཇུག་པའི་ཚེས་གྲངས་སོགས་ནི། བཤད་རྒྱུད་རྒྱས་པ་སོགས་རྒྱུད་གཞན་ལས་སྨོས་པ་བཞིན་དུ་བཤད་པར་བྱའོ། །ཚོགས་སྒྲུབ་ཀྱི་དོན་འདི་རྣམས་རྡོ་རྗེ་འཛིན་པ་གསང་བའི་བདག་པོས་ཚིག་ཏུ་བརྗོད་པའོ། །ཞེས་འཁོར་གྱི་དེ་བཞིན་གཤེགས་པ་ཉིད་ལ། དེ་བཞིན་གཤེགས་པ་ཉིད་ཆེད་དུ་གླེང་ངོ་། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དེ་ལྟའི་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུའི་སྐབས་ཏེ་བཅུ་གཅིག་པའོ།། ༈ །།གོང་དུ་ཚོགས་སྒྲུབ་བསྟན་པ་དེ་ནས་འདིར་ཡང་སྟོན་པའི་ཕྱིར། དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་སྣང་སྤྱོད་ཀྱི་ཡུལ་ཐམས་ཅད་ཡེ་ཤེས་ཀྱི་རོལ་མོའི་སྤྲིན་རྣམ་པར་སྤྲོས་ཏེ་ལོངས་སྤྱོད་མི་ཟད་པ་རྒྱན་གྱི་འཁོར་ལོ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པའི་འདི་བརྗོད་དོ། །ཚོམ་བུའི་ལྷ་ཟུང་འཇུག་སྒྱུ་འཕྲུལ་དྲ་བའི་ཕྱག་རྒྱས་ཐེབས་པ་ས་ཐམས་ཅད་མངོན་པར་རྫོགས་པའི་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་གསལ་ཞིང་བརྟན་པའི་ཏིང་ངེ་འཛིན་གྱི་ངང་ལས་རྐང་ལག་གི་སྒུལ་སྤྱོད་བྲོ་གར་ལས་མི་འདའ་བའི་ཕྱག་རྒྱ་འོད་ཟེར་སྤྲུལ་པའི་འདུ་འཕྲོ་སྣ་ཚོགས་དང་བཅས་ཏེ་སྤྱད་པ་ཡིས་ས་འོག་དང་རི་བྲག་ལ་འཛུལ་ལམ་སྟེང་གི་ནམ་མཁར་ཐོག་མེད་དུ་འགྲོ་བར་འགྱུར་རོ། །སྙན་པའི་གླུ་དང་བརྗོད་པའི་ཚིག་ཐམས་ཅད་རང་རིག་ཡེ་ཤེས་ཀྱི་སྒྲ་ཡི་དོན་ལས་མི་འདའ་བའི་ཕྱག་རྒྱས་ནི་གདུལ་བྱར་ཆོས་ཀྱི་འཁོར་ལོ་བསྐོར་བའི་དངོས་གྲུབ་ཐོབ་པར་འགྱུར་རོ། །རིན་ཆེན་རུས་པ་སོགས་ཀྱི་རྒྱན་དང་། དར་དང་ཀོ་རློན་སོགས་བགོ་བའི་ཆས་གོས་རྣམས་ཡེ་ཤེས་ལས་མི་འདའ་བའི་ཕྱག་རྒྱར་སྤྱད་པ་ཡིས་གཟི་བྱིན་འབར་རྒྱལ་པོ་རྒོལ་བ་གང་གིས་ཀྱང་ཐུབ་པ་མེད་པའི་སྟོབས་དང་ལྡན་པ་འགྲུབ་པར་འགྱུར་རོ། །ཤ་ཆང་སོགས་བཟའ་བཏུང་བའི་ཚོགས་རྣམས་ཡེ་ཤེས་ལས་མི་འདའ་བའི་ཕྱག་རྒྱས་ནི། འདོད་དགུར་སྒྱུར་བའི་ཡིད་བཞིན་གྱི་སྐུ་བཟང་པོ་དང་རོ་བརྒྱ་ལྡན་པའི་བདུད་རྩིས་འགྲོ་བ་ཚིམ་པར་བྱེད་པ་འགྲུབ་བོ། །ཨཱ་ལི་སྦྱོར་བ་དང་། ཀཱ་ལི་སྒྲོལ་བའི་བརྡ་ཚིག་སྟེ་རང་རིག་པའི་ཡེ་ཤེས་ལས་མི་འདའ་བའི་ཕྱག་རྒྱར་སྤྱད་པ་ཡིས། ལས་ཐམས་ཅད་དང་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་རྟོགས་ཤིང་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གོམས་པས་ལྟ་སྤྱོད་ཟུང་འབྲེལ་དུ་འབྱོར་བ་ནི་སྒྲུབ་བྱེད་ཐབས་ཀྱི་ངེས་པ་མི་གཏོང་བའི་གཟུངས་ཀྱང་ཡིན་ལ་ས་བོན་དང་ཆུ་ལུད་ལྟར་འབྲས་བུ་སྨིན་བྱེད་ཀྱི་རྒྱུ་དང་རྐྱེན་ཡང་ཡིན་ནོ། །དེ་ལྟར་རྟོགས་གོམས་གཉིས་འབྲས་བུ་འབྱིན་ནུས་ཀྱི་མཐུ་ཅན་དུ་གང་གི་ཚེ་གྱུར་པ་ན། ཟག་མེད་སློབ་པའི་ལམ་རིག་འཛིན་བཞི་དང་མི་སློབ་པའི་ལམ་རྒྱལ་བ་སྐུ་ལྔའི་གོ་འཕང་ཐོབ་ནས་སངས་རྒྱས་ཀྱི་ཞིང་ཀུན་ཏུ་གྲགས་པར་འགྱུར་རོ། །མིའི་དབང་པོ་དང་། འདོད་པའི་ལྷ་དང་། གཟུགས་ཀྱི་ལྷ་ཚངས་པ་ཡི་སྐྱེ་བ་རྣམ་དག་འཛིན་ཀྱང་གཞན་ལས་ཁྱད་པར་དུ་གྱུར་པ་སྟེ། སྐྱེ་བ་ལ་རང་དབང་འབྱོར་བས་གང་ལ་གང་འདུལ་དུ་སྐྱེ་བར་སྣང་བའི་ཕྱིར་རོ། །དེ་ན་ནུས་ཐོབ་མཐོང་ལམ་གྱི་ས་ལ་གནས་པས་རྒྱུའི་ཐེག་པའི་རབ་དགའ་དང་མཐོང་ལམ་ཙམ་དུ་སྐལ་བ་མཉམ་ཀྱང་དགོངས་པ་རྒྱུའི་མི་གཡོ་བའི་ས་ལ་བཞུགས་པའི་བྱང་སེམས་དང་མཉམ་པར་འགྱུར་བ་ཡིན་ནོ། །དེ་ཡང་སློབ་ལམ་བཅུའི་ངོ་བོ་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་ཀུན་ཏུ་རྫོགས་པ་ན་རབ་དགའ་ལ་སོགས་པའི་ས་བཅུའི་བགྲོད་པའང་རྫོགས་པར་འགྱུར་ཞིང་། ཐབས་མ་འགགས་པ་ཀུན་ཏུ་འོད་དང་མི་དམིགས་པའི་ཤེས་རབ་ཀྱིས་གོས་པ་མེད་པའི་ཡེ་ཤེས་ནི་ཐབས་ཀྱི་མཆོག་སྟེ་པདྨ་ཅན་གྱི་སའོ། །ཤེས་རབ་སྤྲོས་འབྲལ་མཆོག་གི་བྱིན་རླབས་སྐུ་དང་ཡེ་ཤེས་དཀྱིལ་འཁོར་དུ་སྟོན་ནུས་པ་མཆོག་ཏུ་གྱུར་པའི་ཡེ་ཤེས་ནི་འཁོར་ལོ་ཚོགས་ཆེན་གྱི་ས་སྟེ་དེ་ཡང་ས་ཡི་ཁྱད་པར་སྤོང་གཉེན་སྐྱེ་བའི་ས་མཚན་ཉིད་པ་འོག་མ་བཅུ་དང་།ས་གཅིག་གི་ངོ་བོ་ལ་སྐུ་གསུམ་གྱི་ཆས་ཕྱེ་ནས་བཏགས་པ་གོང་མ་གསུམ་ཡིན་ལ། དེས་ན་མཐོང་སྒོམ་མཐར་གསུམ་གྱི་བསྡུས་པ་བཅུ་ནི་རྒྱུའི་ས་དང་ཀུན་ཏུ་འོད་སོགས་གསུམ་ནི་མཐར་ཐུག་འབྲས་བུའི་ས་སྟེ་དེ་ལྟར་ན་ས་ལམ་གྱི་ཁྱད་པར་དེ་ཐམས་ཅད་དུས་ཡུན་རིང་པོར་སྦྱང་མི་དགོས་པར་མྱུར་དུ་ལྷུན་གྱིས་རྫོགས་པར་འགྱུར་རོ། །བསྐྱེད་རིམ་ལྟར་ན་ཏིང་འཛིན་གསུམ་སྔོན་དུ་འགྲོ་བས། མཁའ་དཀྱིལ་ལྟར་དངས་པའི་དབྱིངས་ཀྱི་སྣང་བརྙན་གཞལ་ཡས་ཁང་དུ་པད་ཉི་ཟླ་བའི་གདན་ལ། རང་བྱུང་ཡེ་ཤེས་ཀྱིས་ཀུན་ལ་དབང་སྒྱུར་བའི་རྒྱལ་པོ་རྡོ་རྗེ་སེམས་དཔའ་སྟངས་དཔྱལ་ཏེ་ཡུམ་དང་། རྫོགས་རིམ་ལྟར་ན་དབྱིངས་དང་སེམས་ཏེ། དེ་ལྟར་ཟུང་འབྲེལ་དུ་བསྒོམ་པར་བྱས་པས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན་ཀྱང་ལྷག་མ་མ་ལུས་པ་ནི་བསྒོམ་པར་འགྱུར་ཏེ། དེ་ལས་གཞན་དུས་བཞི་དང་ཕྱོགས་བཅུ་སྟེ་ཡུལ་དུས་གནས་སྐབས་གང་ནས་བཙལ་ཀྱང་རང་གི་སེམས་ཉིད་ལས་ལོགས་སུ་གྱུར་པའི་རྫོགས་པའི་སངས་རྒྱས་རང་མཚན་པ་ཞིག་རྙེད་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དེ་ཀ་རྟོགས་ན་རྫོགས་པའི་སངས་རྒྱས་ཏེ་འདི་ལྟར་ནང་དུ་སངས་རྒྱས་མ་རྟོགས་ན་གཞན་ཕྱི་རོལ་དུ་བཙལ་ཀྱང་མི་རྙེད་པས་མ་འཚོལ་ཞིག་ཅེས་གདམས་སོ། །དེ་ཡང་བསྒྲུབ་བྱའི་དཀྱིལ་འཁོར་ཀུན་དང་། ལམ་དུ་གྱུར་པའི་འབྲས་བུ་རིག་འཛིན་འབྲས་བུ་བཞིའི་ཆར་གཏོགས་པའི་ཡེ་ཤེས་ཆིག་ཆོད་དུ་རང་རིག་ལ་གསལ་བའི་བློས་རབ་ཏུ་སྦྱོར་བས་ན་མཐར་ཐུག་གི་འབྲས་བུའི་དཀྱིལ་འཁོར་གྱི་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱང་སྩོལ་མེད་དུ་འགྲུབ་པར་འགྱུར་པས་ན་ཆོ་ག་སྟེ་ལམ་གྱི་རིམ་པ་རྣམས་གཅིག་ཅར་བའི་གང་ཟག་གིས་རིམ་གྱིས་པ་ལྷར་སྒོམས་པས། ལྷག་གམ་མ་སྒོམས་པས་མ་ཚང་ནའང་ཆད་ལྷག་གི་སྐྱོན་ཉིད་དག་སྟེ་དེའི་ཉེས་པ་མེད་པས་དངོས་གྲུབ་ཐོབ་པ་ལ་མི་སྒྲིབ་སྟེ། ནམ་མཁའ་ལ་རྡུལ་གྱིས་མི་གོས་པ་བཞིན་ནོ། །དེ་སྐད་ཅེས་ཆེད་དུ་བརྗོད་པས་སྣང་སྤྱོད་ཐམས་ཅད་ཡེ་ཤེས་ཀྱི་རོལ་མོར་འཆར་བའི་སྤྲིན་གྱིས་མཉེས་པར་གྱུར་ཏེ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འདིར་ཡང་ཚོམ་བུ་ཚོགས་སྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། ༈ །།ཞེས་དེ་ལྟའི་ལེའུ་འདི་གཉིས་ཀྱིས་སྤྱིར། ཞི་ཁྲོ་ཐུན་མོང་ཚོགས་སྒྲུབ་ཀྱི་ལེའུ་དང་ཁྱད་པར་བཅུ་གཅིག་པས། རྒྱུད་ཀྱི་དངོས་པོ་བཅུ་ལས། ལྟ་བ་ཚད་མ་བཀའ་གཞུང་གཏན་ཚིགས་ཀྱི་ལྟ་བ་དང་། སྤྱོད་པ་ལས་ཚོགས་སྒྲུབ་ཀྱི་སྤྱོད་པ་དངོས་རྣམས་བསྟན། བི་མ་ལས། དབང་མཆོག་རྫོགས་ནས་ཚོགས་ལ་འཇུག ། ཅེས་པས། ལེའུ་བཅུ་པར་དབང་མཆོག་སྦྱིན་པར་བསྟན་ནས། འདིར་དབང་མཆོག་རྣམས་རྫོགས་པར་ཐོབ་ནས་ཚོགས་སྒྲུབ་ལ་འཇུག་པར་བསྟན་ཏོ། ལེའུ་བཅུ་གཉིས་པས་ལྟ་བ་ལས་ལྟ་བ་དང་འབྲེལ་བའི་མཚན་ཉིད་གསུམ་མདོར་བསྟན་པ་དང་། ལ་དོར་བ་སྤྱོད་པའི་སྐབས་ཚོགས་སྒྲུབ་ཀྱི་སྤྱོད་པ། བཀོད་པ་དཀྱིལ་འཁོར་ལས་ཚོགས་ཀྱི་དཀྱིལ་འཁོར་རྣམས་བསྟན་སློབ་དཔོན་བི་མ་ལས། ཚོགས་སྒྲུབ་ཡོན་ཏན་བསམ་མི་ཁྱབ། །ཅེས་གསུངས་ཏེ། ལེའུ་བཅུ་གཅིག་པར་ཚོགས་སྒྲུབ་ལ་འཇུག་པར་བསྟན་ཅིང་། ལེའུ་འདིར་དེ་ལྟར་ཞུགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པར་བསྟན་པར་བཞེད་དོ། །ལེའུ་བཅུ་གསུམ་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་མཚན་ནོ། །དང་པོ་ནི། དེ་ནས་སོགས་བརྗོད་དོ་བར། གཉིས་པ་གཞུང་ལ་གཉིས། དངོས་དང་། གསུངས་ཚུལ་ལོ། །དང་པོ་ལ་གསུམ། མན་ངག་གི་ངོ་བོ་བཤད་པ་དེ་གཞན་ལས་འཕགས་པའི་ཆེ་བ་བཤད་པ། ཡུལ་གང་ལ་གདམས་པའི་སྣོད་བཤད་པ། དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་དོན་བསྡུ་བའོ། །དང་པོ་ལ་གསུམ། མཚོན་པར་བྱེད་པའི་སྒོ་མྱོང་བར་བྱེད་པའི་ཐབས། མངོན་དུ་གྱུར་པའི་འབྲས་བུའོ། །དང་པོ་ལའང་གསུམ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྟ་བ་མཚོན་པའི་སྒོ། དེ་གཉིས་ཀའི་ཐ་སྙད་མཚོན་བྱེད་ཀྱི་སྒོ། །མཚོན་བྱ་དོན་གྱི་ཁྱད་པར་འབྱིན་ཚུལ་ལོ། །དང་པོ་ནི། མ་རྟོགས་པ་དང་སོགས་ཚིགས་བཅད་གཅིག །གཉིས་པ་ནི། ཡི་གེའི་སྒྲ་བཏགས་སོགས་རྐང་པ་གཅིག །གསུམ་པ་ནི། ཁོང་ནས་སོགས་རྐང་པ་གཉིས། གཉིས་པ་སྦྱོར་བར་བྱེད་པའི་ཐབས། གཞུང་གཅིག་གི་སྟེང་དུ་བཤད་ཚུལ་གཉིས་ཏེ། ཤེས་རབ་གྲོལ་ལམ་གྱི་དབང་དུ་བཤད་པ་དང་། ཐབས་ལམ་གདམས་ངག་གི་དབང་དུ་བཤད་པའོ། །དང་པོ་ལའང་གཉིས་ཏེ། གྲོལ་ལམ་རིམ་གྱིས་པ་ལྟར་དུ་བཤད་པ་དང་། གཅིག་ཆར་བ་ལྟར་དུ་བཤད་པའོ། །དང་པོ་ལའང་མཚན་ཉིད་གསུམ་ལས། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ནི། དཀྱིལ་འཁོར་ལྡན་པའི་སོགས་རྐང་པ་གཅིག །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ནི། དཀྱིལ་འཁོར་ལ་ནི་སོགས་ཚིགས་བཅད་ཕྱེད་དང་བཞི། དེ་ནས་འབྲས་བུའི་མཚན་ཉིད་ནི། ཟག་པ་སོགས་རྐང་པ་དགུ། གཉིས་པ་གཅིག་ཆར་བ་ལྟར་བཤད་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དཀྱིལ་འཁོར་ལྡན་ནི་སོགས་རྐང་པ་ལྔ། རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་དཀྱིལ་འཁོར་ཇི་ལྟར་ལྡན་པར་བསྟན་པ་ནི། འབྱུང་བ་སོགས་ཚིགས་བཅད་གཅིག །གཉིས་པར་རང་བཞིན་གྱི་དཀྱིལ་འཁོར་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཇི་ལྟར་བསྒོམ་ཚུལ་ནི། ཀུན་ཏུ་བཟང་པོའི་སོགས་རྐང་པ་གསུམ། གསུམ་པ་དེ་ལྟར་ལྡན་པ་ལས་ཅིར་འགྱུར་པ་ནི། སྙིང་པོའི་སོགས་ཚིགས་བཅད་གསུམ། །གཉིས་པ་ཐབས་ལམ་གདམས་ངག་གི་དབང་དུ་བཤད་པ་ལ་གཉིས། སྟེང་སྒོ་འཇུ་འདུལ་གྱི་མན་ངག་ལྟར་བཤད་པ་དང་། འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ལྟར་བཤད་པ་འོ། །དང་པོ་ལ་བཞི། ཀུན་ཏུ་བཟང་པོའི་དང་། ཀུན་ཏུ་བཟང་མོའི་དང་། སྦྱོར་བ་དག་པའི་དང་། ཁྱབ་བདལ་ཆེན་པོའི་མན་ངག་གོ །དང་པོ་ནི། དཀྱིལ་འཁོར་ལྡན་པའི་སོགས་ཚིགས་བཅད་གཅིག །གཉིས་པ་ནི། གསང་བའི་ཐིག་ལེ་སོགས་ཚིགས་བཅད་གཉིས། གསུམ་པ་ནི། སྙིང་པོའི་ཐིག་ལེ་སོགས་རྐང་པ་གསུམ། བཞི་པ་ནི། ཟག་པ་སོགས་རྐང་པ་དགུ །གཉིས་པ་འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ལྟར་བཤད་པ་ལ། ཐབས་ཉིད་ཤེས་རབ་ཏུ་དང་། ཤེས་རབ་ཉིད་ཐབས་སུ་དང་། ཐབས་ཤེས་དབྱེར་མེད་དུ་སྦྱོར་བའོ། །དང་པོ་ནི། དཀྱིལ་འཁོར་ལྡན་པའི་སོགས་ཚིགས་བཅད་གཅིག །གཉིས་པ་ནི། གསང་བའི་ཐིག་ལེ་སོགས་ཚིགས་བཅད་གཉིས། གསུམ་པ་ནི། སྙིང་པོའི་ཐིག་ལེ་སོགས་ཚིགས་བཅད་གསུམ། གསུམ་པ་མངོན་དུ་གྱུར་པའི་འབྲས་བུ་ནི། དཀྱིལ་འཁོར་ལ་གནས་སོགས་ཚིགས་བཅད་གཉིས། གཉིས་པ་དོན་བསྡུ་བ་ནི། ཡེ་ཤེས་རྫོགས་པའི་སོགས་རྐང་པ་ལྔ། གཉིས་པ་དེ་གཞན་ལས་འཕགས་པའི་ཆེ་བ་བཤད་པ་ལ་གཉིས། སྒྲུབ་པ་པོ་གང་ཟག་གི་ཆེ་བ། སྒྲུབ་ཐབས་ལམ་གྱི་ཆེ་བའོ། །དང་པོ་ནི། གང་ཞིག་སོགས་རྐང་པ་ལྔ། གཉིས་པ་ལ་བཞི། ལམ་ཀུན་གྱི་འབྲས་བུ་ཡིན་པའི་དང་། རྒྱལ་བའི་གཤེགས་ཤུལ་ཡིན་པའི་དང་། རྣལ་འབྱོར་པ་རྣམས་ཀྱི་ལམ་ཡིན་པའི་དང་། རྒྱལ་བའི་དགོངས་པའི་ཞེ་ཕུགས་ཡིན་པའི་ཆེ་བའོ། །དང་པོ་ནི་བསྐལ་པ་སོགས་ཚིགས་བཅད་གཅིག །གཉིས་པ་ནི། འཇིག་རྟེན་སོགས་ཚིགས་བཅད་གཅིག །གསུམ་པ་ནི། འབྱུང་དང་སོགས་རྐང་པ་གཉིས། བཞི་པ་ནི། འདི་ནི་སོགས་རྐང་པ་ལྔ། གསུམ་པ་ཡུལ་གང་ལ་གདམས་པའི་སྣོད་བཤད་པ་ལ་གཉིས། སྣོད་ལྡན་ལ་སྦྱིན་པ་དང་། སྣོད་མིན་ལ་མི་སྦྱིན་པར་བསྟན་པའོ། །དང་པོ་ནི། ཀུན་གྱི་སོགས་རྐང་པ་ལྔ། གཉིས་པ་ནི། གཞན་དུ་སོགས་ཚིགས་བཅད་གཅིག །གཉིས་པ་གསུངས་ཚུལ་ནི། ཞེས་དེ་བཞིན་སོགས། གསུམ་པ་མཚན་ནི། གསང་བའི་སྙིང་པོ་སོགས་སོ། །ས་བཅད་དེ་ལྡན་གྱི་གཞུང་དངོས་ནི། ༈ ཚོགས་སྒྲུབ་བསྟན་པ། དེ་ནས་ཐབས་གྲོལ་གྱི་མན་ངག་སྙིང་པོ་སྟོན་པའི་ཕྱིར། དེ་བཞིན་གཤེགས་པ་ཕྱོགས་བཅུ་དུས་བཞིས་བསྡུས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་མི་ཕྱེད་པའི་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་རིག་པའི་ཡེ་ཤེས་གཅིག་ཏུ་བསྡུས་ནས་གནས་པའི་སྟོན་པ་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་རང་བྱུང་གི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ་ལས་མི་འདའ་བའི་དམ་ཚིག་སྣོད་མ་ཡིན་པ་ལ་ཤིན་ཏུ་གསང་བ་རང་བཞིན་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་མཚོན་བྱེད་ཐབས་ཀྱི་སྤྲིན་རྣམ་པར་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གྲུབ་མཐའ་རྣམས་ལས་མུ་སྟེགས་ཕྱལ་པ་ནི། མ་རྟོགས་པ་དངོས་དང་། ལོག་པར་རྟོགས་པ་ནི། ཆད་ལྟ་མུར་སྡུག་པ་དང་། རྟག་ལྟ་མུ་སྟེགས་པའོ། །རྣམ་པར་ཐར་པའི་སྒོ་ཕྱོགས་རེ་ཙམ་རྟོགས་པ་ཉན་རང་གཉིས་དང་། ཡང་དག་ཉིད་མ་རྟོགས་པ་ནི་དབུ་སེམས་གཉིས་ཏེ། ཆོས་ཐམས་ཅད་ཡེ་ནས་དག་མཉམ་ཆེན་པོར་གནས་པའི་དོན་མ་མཐོང་བའི་ཕྱིར། འདུལ་བ་གཙོ་བོར་བྱེད་པ་བྱ་སྤྱོད་གཉིས། སེམས་ཀྱི་དགོངས་པ་ཏིང་ངེ་འཛིན་གཙོ་བོར་བྱེད་པ་ཡོ་གའོ། །ཕྱི་རྒྱུད་མན་ཆད་ཐུན་མོང་གི་ཡུལ་དུ་མ་གྱུར་པས། གསང་བ་ནི། མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་གའོ། །ཆོས་ཐམས་ཅད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་རང་བྱུང་ཡེ་ཤེས་སུ་གནས་པའི་དོན། ཨ་ནུ་མན་ཆད་ཀྱི་ཡུལ་དུ་མ་གྱུར་པས་གསང་བ་ནི་ཨ་ཏི་ཡོ་ག་སྟེ། དོན་དེ་རྣམས་ནི། མཚོན་བྱ་སྒོའི་ཁྱད་པར་བསྟན་པའོ། །མཚོན་བྱ་དེ་རྣམས་ཐ་སྙད་གང་གིས་མཚོན་ན། ཡི་གེ་དུ་མ་ལས་སྒྲའི་ཐ་སྙད་ཀྱིས་བཏགས་པ། ཡི་གེ་འདུས་པ་ལས། དོན་གྱི་ངོ་བོ་ཙམ་སྟོན་པ་མིང་འབྱུང་ཞིང་། དེ་དུ་མ་ཚོགས་པ་ལ་བརྟེན་ནས་དོན་གྱི་ཁྱད་པར་གསལ་བར་སྟོན་པའི་ཚིག་དང་། ཚིག་གི་ཚོགས་འདུས་པ་ལས་གཞུང་སོ་སོའི་ལུས་གྲུབ་ཅིང་། དེས་རང་རང་གི་བརྗོད་བྱའི་དོན་རབ་ཏུ་མཚོན་ཏེ་གནས་སོ། །ཁྱད་པར་མཚོན་བྱ་རང་བཞིན་གྱི་རྒྱུད་སེམས་ཅན་ཀུན་གྱི་རྒྱུད་སེམས་ཅན་ཀུན་གྱི་ཁོང་ན་གནས་ཀྱང་རྟོགས་དཀའ་བས་གབ་ཅིང་། མཚོན་བྱེད་གསང་བ་ཟབ་མོའི་ལམ་རྣམས་སྐལ་མེད་ཀྱི་མི་གོ་བའི་ཕྱིར་སྦས། དེ་ལྟར་གབ་སྦས་ཀྱི་དོན་གཉིས་པོ་དེ་འབྱིན་པ་པོ་ནི་རྒྱུད་ངེས་པར་སྟོན་པ་རྡོ་རྗེའི་སློབ་དཔོན་གྱི་ཐུགས་ལ་གནས་པའི་ཕྱིར་དེས་འབྱིན་པར་བྱེད་དོ། །འདི་ནས་དམ་པ་ཡིན་ཞེས་པའི་བར། ལམ་ཐབས་གྲོལ་གཉིས་ལས། དང་པོ་གྲོལ་ལམ་ལྟར་བཤད་པ་ཡིན་ཏེ། དེ་ཡང་རང་རིག་རང་བཞིན་རྣམ་དག་གི་དཀྱིལ་འཁོར་ལྷག་པ་བདེན་པ་དབྱེར་མེད་འཁོར་འདས་རིས་མེད་དུ་ལྡན་པར་ཁྱབ་པ་ནི་ལྟ་བའི་ངོ་བོ་སྟེ། གནས་ལུགས་ཀྱི་དཀྱིལ་འཁོར་གཏན་ཚིག་རྣམས་ཀྱིས་གཏན་ལ་ཕབས། ཡེ་དག་ཆོས་ཉིད་དོན་གྱི་དཀྱིལ་འཁོར་དེ་ལ་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྟོང་པ་ཆེན་པོའི་རྣལ་འབྱོར་བསྒོམ་ཞིང་། དོན་དམ་ཆོས་ཉིད་ཀྱི་དཀྱིལ་འཁོར་དེའི་རང་རྩལ་ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་སྙི ང་རྗེའི་རྣལ་འབྱོར་དང་། དེ་གཉིས་ཟུང་འཇུག་མ་འགགས་པ་ལས་རང་བྱུང་བའི་ཡི་གེའི་འཕྲོ་འདུ་ལས་སེམས་སྦྱོངས་ཤིང་། དེ་དག་ཀྱང་ཐུགས་ཀྱི་ངོ་བོ་ཧཱུཾ་གི་དཀྱིལ་འཁོར་དུ་བསྒོམས་པ་ཕྲ་བ་ཡིག་འབྲུ་དང་། དེ་ཉིད་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས། ལྷ་སྐུའི་དཀྱིལ་འཁོར་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་བསྒོམ་པས། དེས་དཀྱིལ་འཁོར་ཐམས་ཅད་བསྒོམ་པར་འགྱུར་བས་ན་མཆོག་སྟེ་ཟུང་འཇུག་གི་ལྷ་སྐུ་དེ་ཐ་དད་དུ་ཞེན་པའི་བློས་རྟོགས་དཀའ་བས། གསང་བའི་དོན་དང་། མཐའི་སྤྲོས་པ་དང་བྲལ་བས་ཐིག་ལེ་སྟེ། དེ་ལྟར་སྤྲོས་བཅས་ཀྱི་དཀྱིལ་འཁོར་འཆར་གཞིར་གྱུར་པས་ན་དབྱིངས་སོ། །དེའང་འབྱུང་བ་ལྔ་ནི་ཤེས་རབ་ཀྱི་རང་བཞིན་རིགས་ཀྱི་ཡུམ་ལྔ་དང་། ཆེན་པོའི་སྒྲས་ཕུང་ལྔ་རིགས་ཀྱི་དེ་བཞིན་གཤེགས་པ་ལྔ་ཉིད་དེ། དེ་ལྟར་རྟོག་ཚོགས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་དག་པས་ལྷ་རྟོགས་དབྱེར་མེད་ནི་རྡོ་རྗེའི་ཚོགས་ཏེ། འདི་ལྟར་མིག་སོགས་དབང་པོ་དང་། གཟུགས་སོགས་ཡུལ་དང་། འདས་པ་པོ་དུས་དང་། མིག་གི་རྣམ་ཤེས་སོགས་རིག་པ་སྟེ། དེ་ལྟར་རྟོག་པ་རྣམས་སེམས་དཔའ་སོགས་ལྷར་དག་པས་ན་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་སྟེ། རྒྱལ་བ་གཉིས་ལ་ཡན་ལག་གི་ལྷ་དེ་སྙེད་བསྒོམ་པ་ཐབས་ཀྱི་ལྷ་དང་། དེ་རྣམས་ཀྱང་རང་གི་རྣམས་འཕྲུལ་བདག་ཉིད་ཆེན་པོ་ཡན་ལག་ལྷག་པ་ཡི། ལྷ་ཐུགས་ཡེ་ཤེས་སེམས་དཔའ་རེ་སྒོམ་པ་ཤེས་རབ་དང་། ཐབས་ལྷ་བཞི་བཅུ་པོ་ལ་སྐུ་གསུང་ཐུགས་ཀྱི་ལྷ་རེ་རེ་སྟེ། བཞི་བཅུ་ཚན་བཞི་ལ་ཡེ་ཤེས་ལྔས་དབུ་བརྒྱན་པའི་ལྷ་ལྔ་བལྟ་ཞིང་། བསྒོམ་པ་ནི་སྤྲོས་བཅས་སོ། །དྭངས་མའི་སྙིང་པོའི་ཐེག་ལེ་དབབ་ལྡོག་གི་སྦྱོར་བས་ལྷན་སྐྱེས་ཡེ་ཤེས་ཀྱིས། ཡུལ་ཡུལ་ཅན་གཉིས་མེད་མཉམ་པར་སྦྱོར་བས་སྤྱོད་བཞིན་མ་ཆགས་པ། བདེ་བའི་ཡེ་ཤེས་རོལ་མོ་ཡིས། རྟོག་ཚོགས་ཡེ་ཤེས་སུ་གསལ་བས་དགྱེས་པ་དང་ལྡན་པའི་ལྷ་ཉིད་ལ་ཉིད་རོལ་པའི་ཚུལ་དུ་མཆོད་པ་དབུལ་བ་ནི་ཚོགས་སྒྲུབ་བོ། །དེ་ལྟར་ཟག་པ་མེད་པའི་ཡེ་ཤེས་དང་བསོད་ནམས་ཀྱི་གནས་སྐབས་ཀྱི་འབྲས་བུ་མཐོང་ལམ་འོད་གསལ་གྱི་ལྷ་སྐུ་དང་། ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུར་རང་སྣང་བའི། རོལ་མོ་དག་པ་རབ་འབྱམས་ལྷའི་དཀྱིལ་འཁོར་མཐའ་ཡས་པར་འཆར་ཞིང་སྣང་སྟོང་མི་ཕྱེད་པའི་ཡེ་ཤེས་མཆོག་ཐུགས་སུ་ཆུད་ལ་དེ་ཉིད་རྟོགས་དཀའ་ཞིང་སྤྲོས་བྲལ་གསང་བའི་ཐིག་ལེ་སྟེ་མཉམ་པ་ཉིད་ཀྱི་དབྱིངས་སོ་ཟུང་འཇུག་དེ་ནི་སངས་རྒྱས་ཀུན་གྱི་ངོ་བོའམ་དངོས་གཞི་སྟེ། དེའི་ཚེ་ན་ཕྱོགས་བཅུ་དུས་བཞིའི་དབྱིངས་སུ་མངོན་པར་རྫོགས་པ་སངས་རྒྱས་པའི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས་ཏེ་འབྲས་ཆོས་རྣམས་མ་ལུས་པ་བདག་ཉིད་ལ་ཡོད་པ་དེའི་ཞལ་བདག་གི་མཐོང་བས་འཁོར་འདས་གཉིས་མེད་དུ་དབང་སྒྱུར་བའི་མཆོག་ཉིད་དེ་སློབ་ལམ་གྱི་རྩེ་མོར་ཕྱིན་པས་ལམ་གྱི་ནང་ནས་དམ་པ་ཡིན་ནོ། །གཉིས་པ་ཐབས་ལམ་གདམས་ངག་གི་དབང་དུ་བཤད་པ་ལ། དང་པོ་སྟེང་སྒོ་འཇུ་འདུལ་གྱི་མན་ངག་དང་སྦྱར་བ་ལས། སྙིང་དབུས་ན་རྩའི་དྭངས་མ་རྩ་འདབ་བརྒྱད་ཡོད་པ་བཞིར་འདུས་པས། རྩ་དེ་དག་གི་སྦུབ་ན་དཀར་ཟླུམ་སོགས་འོད་བཞི་དང་། དེའི་ཁྲོད་ན་སྦྱང་བྱ་སུ་སོགས་དྲུག་དང་། སྦྱོང་བྱེད་ས་བོན་ༀ་སོགས་གསུམ། ཀུན་གཞི་སོགས་རྣམ་ཤེས་རྣམས་གནས་པའི་སྙིང་གི་དཀྱིལ་འཁོར་རྩ་ཆེན་བཞི་དང་ལྡན་པ་དེའི་ནང་ནས། དྭངས་མ་ལྔའི་དཀྱིལ་འཁོར་རང་བཞིན་གྱིས་གནས་པའི་དབུས་ན་ཡེ་ཤེས་སྙིང་པོའི་དཀྱིལ་འཁོར་ནི་ཡེ་ནས་བཞུགས་པ་ལྟར་ལམ་པས་ཐིག་ལེའི་དཀྱིལ་འཁོར་ཕྲ་ལ་གསལ་བ་བསྒོམ་པས། དྭངས་མ་ལྔ་ཡེ་ཤེས་སྙིང་པོ་དང་དྲུག་ཡེ་ཤེས་དྲུག་གི་དཀྱིལ་འཁོར་དུ་རང་སྣང་བ་དེ་ལ་སེམས་གཏད་དེ་བསྒོམ་པས་ཡེ་ཤེས་སྙིང་པོའི་དཀྱིལ་འཁོར་སྟེ་ཐིག་ལེ་འོད་འབར་བ་ལས་བྱུང་བའི་འོད་ཀྱི་སྐུ་གསུང་ཐུགས་ཀྱི་ཡི་གེས་སྦྱང་བྱའི་ཡི་གེ་དྲུག་སོགས་སྦྱངས་ཏེ། འཁོར་བ་ཆོས་ཉིད་དུ་གྲོལ་ཞིང་། དྭངས་མ་ལྔའང་ཡེ་ཤེས་སྙིང་པོ་ལ་བསྡུས་པས་བདེ་བའི་ཡེ་ཤེས་འབྱུང་སྟེ། ཡེ་ཤེས་དེའི་ངོ་བོ་ནི་དམིགས་མེད་མཐའ་བྲལ་ཐུགས་ཀྱི་དཀྱིལ་འཁོར་སྟེ། འདི་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པའོ། །ལྟེ་བའི་རྒྱ་འདབ་ཀྱི་དབུས་ན་ཡུམ་ལྔའི་ཐིག་ལེ་ཨ་ཐུང་གི་རྣམ་པར་གནས་པ་ནི་ཆོས་དབྱིངས་ཟབ་མོ། །གསང་བ་ཤེས་རབ་ཀུན་ཏུ་བཟང་མོའི་རང་བཞིན་ཉི་མའི་ཐིག་ལེ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པས་དབྱིངས་སོ། །ཐིག་ལེ་དེ་ལས་བྱུང་བ་འབྱུང་བ་ལྔའི་དྭངས་མ་ཆ་ཕྲ་བ་རང་བཞིན་མེད་པའི་དབྱིངས་ནི་ཤེས་རབ་སྟེ་རིགས་ཀྱི་ཡུམ་ལྔ་དང་། ཆེན་པོའི་མཚན་ཉིད་འཛིན་པའི་ཐབས། རིགས་ཀྱི་དེ་བཞིན་གཤེགས་པ་སྟེ་ཡབ་ལྔའོ། །དེ་ལྟར་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཐབས་ཤེས་དབྱེར་མི་ཕྱེད་པ་ནི་རྡོ་རྗེ་སྟེ། དེ་ལས་བྱུང་བའི་རྟོགས་ཚོགས། དབང་པོ་དང་། ཡུལ་དང་། དུས་དང་། ཡུལ་སོ་སོ་རིག་པར་བྱེད་པའི་རྣམ་ཤེས་རྣམས་སེམས་དཔའ་སོགས་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་རྣམ་པར་དག་པས་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཡིན་ལ། དེ་དག་ཀྱང་དབྱིངས་རང་བྱུང་གི་ཡེ་ཤེས་སུ་རྫོགས་པས། བདག་ཉིད་ཆེན་པོ་སྟེ། དེ་དང་ཁ་སྦྱོར་སྙིང་གའི་འཁོར་ལོ་ལ་རྒྱལ་ཀུན་གྱི་ལྷག་པའི་དགོངས་པ་ཟབ་མོ་ཐུགས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྣང་ཆ་མེ་ལོང་ལྟ་བུ་ལ་སོགས་པ་ལྔ་ཡེ་ནས་གནས་པ་སྟེ། དེས་ལྟ་བའི་སྙིགས་མ་ནས་མར་ལྟེ་བའི་ཐིག་ལེ་སེམས་གཏད་དེ་སྒོམ་པ་སོགས་ཐབས་ཀྱིས་བདེ་བ་ཆེན་པོ་རང་རིག་པའི་ཡེ་ཤེས་རང་ཤར་བ་ལ་བལྟ་བྱ་བལྟ་བྱེད་མེད་པའི་ཚུལ་གྱིས་ལྟ་ཞིང་ཉམས་སུ་ལེན་པ་ནི་ལྟེ་བའི་འཁོར་ལོ་སྒོམ་པའི་མན་ངག་གོ །མགྲིན་པའི་རྩ་འདབ་བཅུ་དྲུག་གི་དབུས་ན་མཁའ་འགྲོ་རྔམ་མའི་ཡི་གེ་ཨཾ་གི་རྣམ་པར་གནས་པ་ལ་བཟང་བཏུང་གི་བཅུད་འདུད་པ་ནས། སྙིང་པོའི་ཐིག་ལེ་སྟེ། དེ་སྙིང་གའི་དྭངས་མའི་དྲོད་ཀྱིས་ཞུ་བའི་དྭངས་མ་སྙིང་གར་མཆོད། དབུག་ཐིག་ལེར་ཐིམ་པས་རླུང་དང་རྟོགས་པ་འགགས་སྟེ་འཁོར་ལོ་གཉིས་བདེ་བ་དུས་གཅིག་ཏུ་མཉམ་པར་སྦྱོར་ཞིང་། དེ་ལྟར་སྦྱར་བས་བདེ་བའི་ངང་གདངས་ཡེ་ཤེས་ལྔར་མ་འགགས་པའི་རོལ་མོ་ཡིས་དྲོད་རླུང་རྩ་གསུམ་གཅིག་ཏུ་འདྲེས་ཏེ་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་གཡོ་བར་རང་གསལ་བའི་དགྱེས་པ་ཆེན་པོ་ལ་ཡུལ་ཡུལ་ཅན་གཉིས་མེད་ཀྱི་ངང་དུ་མཆོད་པར་འབུལ་ཞེས་བྱ་སྟེ་མགྲིན་པའི་འཁོར་ལོ་སྒོམ་པའི་མན་ངག་གོ །སྤྱི་བོའི་རྩ་འཁོར་དབུས་ན་ཀུན་བཟང་ཟླ་བའི་ཐིག་ལེ་ཧཾ་གི་རྣམ་པར་གནས་ཏེ། དེའང་སྔར་མགྲིན་པའི་ཐིག་ལེའི་བདེ་བ་ནི་ཡུལ་ཡུལ་ཅན་གྱི་རྟོག་པ་ཟད་པས། ཟག་པ་མེད་པའི་བདེ་བ་ཡིན་པ། དེ་ཉིད་མ་འགགས་པའི་བསོད་ནམས་ཀྱི་མཐུས་ཐིག་ལེ་ཉིད་རང་བཞིན་མེད་དེ་བདེ་བ་ཆེན་པོའི་ཡེ་ཤེས་སྒྱུ་མ་ལྟ་བུར་སྣང་བ། དེ་ལས་བདེ་བའི་རོལ་མོའི་དཀྱིལ་འཁོར་མཐའ་ཡས་པར་སྤྲོ་བའི་མཆོག་ཅེས་བྱ་སྟེ། མགྲིན་པའི་ཐིག་ལེའི་འོད་ཀྱིས་ཤིན་ཏུ་རྟོགས་དཀའ་བས། གསང་བ་སྟེ་སྤྱི་བོའི་ཐིག་ལེ་ལ་ཕོག་པས་འོད་དུ་ཞུ་བ་དེ་ཉིད་ཆོས་ཀྱི་དབྱིངས་དང་རོ་གཅིག་པས་ཁམས་གསུམ་ཐམས་ཅད། བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཀྱི་སྐུར་གྱུར་པ། དེ་ནི་དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པའི་དངོས་ཏེ། དེ་ལྟར་རྣལ་འབྱོར་པ་བདེ་བ་ཆེན་པོ་ཆོས་ཀྱི་སྐུར་གྱུར་པ་ནི། ཕྱོགས་བཅུ་དུས་བཞིར། གཤེགས་ཤིང་བཞུགས་པའི་རྫོགས་པའི་སངས་རྒྱས་མ་ལུས་པ་ཐམས་ཅད་བདག་ཉིད་ལས་གཞན་དུ་མ་གྱུར་པས་སྐུའི་ཞལ་དུས་གཅིག་ལ་མཐོང་སྟེ་དེ་གསུང་ལ་དབང་སྒྱུར་བ་དང་ཡོན་ཏན་ཕྲིན་ལས་མཆོག་ཉིད་མཐར་ཕྱིན་ཞིང་། ཐུགས་དོན་དམ་པའི་ཡེ་ཤེས་སུ་རོ་གཅིག་ཏུ་གྱུར་པ་ཡིན་ཏེ་སྤྱི་བོའི་འཁོར་ལོ་སྒོམ་པའི་མན་ངག་གོ ། ༈ འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ནི། གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བདེ་བའི་ཡེ་ཤེས་ཀྱི་རོ་དང་བཅས་པ་ཡབ་ཡུམ་གཉིས་ལ་རང་ཆས་སུ་ལྡན་པ་དེ་ཉིད་རྟོགས་པར་བྱེད་པའི་དཀྱིལ་འཁོར་གསང་བའི་ལུང་རིགས་མན་ངག་གསུམ་གྱིས་གཏན་ལ་ཕབ་ནས། ཡབ་ཡུམ་ལྷའི་དཀྱིལ་འཁོར་དུ་བསྐྱེད་པ་ལ་སྐྱེ་མཆེད་རློབ་པ་ནི་ཡན་ལག་གི་ལྷ་ཡབ་ལ་ཡབ་དང་། ཡུམ་ལ་ཡུམ་གྱི་དཀྱིལ་འཁོར་སྒོམ་ཞིང་། མཁའ་གསང་རྡོ་རྗེ་དང་པདྨོར་རློབས་ཏེ་སྙོམས་འཇུག་གི་བརྡའ་བཞིས་བསྐུལ་ནས་ཡབ་ཐབས་ཀྱི་དཀྱིལ་འཁོར་དང་ཡུམ་ཤེས་རབ་ཀྱི་དཀྱིལ་འཁོར་གཉིས་ཕྱག་རྒྱ་བཞིས་གཉིས་མེད་དུ་རོལ་པའི་རྗེས་ཆགས་ཀྱིས་རྐྱེན་གྱིས་རླུང་བསྐྱོད་པས་དམར་ཆ་འབར་བ་དེས་དཀར་ཆ་ཞུ་བ་ཡས་འབབ་ཀྱི་དགའ་བཞིའི་འགྲོས་ཀྱིས་ཕྱིན་པའི་རིམ་གྱི་ཟླ་བ་རྡོ་རྗེའི་བུམ་པར་འཛག་མེད་དུ་བཟུང་སྟེ་གང་ལ་གང་བ་ལས་བདེ་བའི་ཡེ་ཤེས་བྱུང་བའོ། །དེ་ཉིད་གཉིས་མེད་ཀྱི་ཡེ་ཤེས་སུ་གསལ་ལ་མི་རྟོག་པས་ཐུགས་ཀྱི་དཀྱིལ་འཁོར་ཏེ། དེ་ལྟར་མྱོང་བའི་ཚེ་ཁམས་ལྔའི་བཅུད་ཀུན་རྫོབ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བས་ན་མཆོག་གི །དེའི་ཚེ་ཡུམ་གྱི་གསང་བ་པདྨའི་ཟེའུ་འབྲུར་ཐིག་ལེ་ཉི་མ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྣང་བ་གནས་པའི་ཚེ། དེ་ཉིད་ཐབས་ཀྱིས་ཟིན་ན་རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། དབྱིངས་སོ། །ཇི་ལྟར་ན་ཡུམ་གྱི་འབྱུང་བའི་དྭངས་མ་ཆ་ཕྲ་བ་ནི་ཤེས་རབ་རིགས་ཀྱི་ཡུམ་ལྔ་དང་། ཆེན་པོ་སྟེ་རགས་པ་རིགས་ཀྱི་ཡབ་དེ་བཞིན་གཤེགས་པ་ལྔར་གསལ་བ་ཉིད་ལྷུན་གྱིས་གྲུབ་ཅིང་། བྱང་ཆུབ་སེམས་ཀྱི་བདེ་བས་རྟོག་ཚོགས་ཐམས་ཅད་ནི་སྐུ་དང་ཡེ་ཤེས་ཀྱི་རྡོ་རྗེ་དབྱེར་མི་ཕྱེད་པའི་ཚོགས་སོ། །དེའང་དབང་པོ་ཡུལ་དུས་རིག་པ་རྣམས་ལྷར་ཡོངས་སུ་དག་པ་སྤྱོད་ཡུལ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། སེམས་ལྔ་མཐར་ཕྱིན་པའི་ལྷན་སྐྱེས་བདེ་བའི་ཡེ་ཤེས་ཟག་པ་མེད་པའི་བདག་ཉིད་ཆེན་པོ་སྐྱེས་པ་དེ་ཉམས་སུ་མྱོང་བས། ལྷག་པའི་ཐུགས་ཀྱི་དགོངས་པའི་ངོ་བོ་བདེ་བ་ཆེན་པོའི་རོ་ཡེ་ཤེས་ལྔར་འཆར་བས་ལྟ་བྱ་ལྟ་བྱེད་མེད་པའི་ཚུལ་གྱིས་ལྟ་ཞིང་རང་གསལ་བའོ། །ཡབ་ཡུམ་གྱི་རྩ་ཐམས་ཅད་ཀྱི་བཅུད་འདུས་པའི་སྙིང་པོ་ཉི་ཟླའི་དྭངས་མ་ཐེག་ལེ་དུས་གཅིག་ཏུ་མཉམ་པར་སྦྱོར་བས་དངོས་པོ་ལྷན་ཅིག་སྐྱེས་པ་བདེ་བའི་ཡེ་ཤེས་ཉམས་སུ་མྱོང་ནས་དགའ་བཞིའི་རོལ་མོ་ཡིས་རྟོགས་ཚོགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྣམ་པར་གྲོལ་ནས་རབ་ཏུ་དགྱེས་པར་གྱུར་པའི་དཀྱིལ་འཁོར་ལ་བདེ་སྟོང་གཉིས་སུ་མེད་པའི་མཆོད་པར་དབུལ་ཞེས་བྱའོ། །དེ་ལྟར་ཚོགས་དྲུག་གི་རྟེན་གྱི་དྭངས་མ་ཐམས་ཅད་དབབ་གཟུང་ལྡོག་པའི་ཐབས་ཀྱིས་ཚོགས་བརྒྱད་རྟོག་པའི་དངོས་པོ་ཐམས་ཅད་ལྷན་སྐྱེས་ཀྱི་ཡེ་ཤེས་སུ་རང་གསལ་བས་ཟག་པ་མེད་པའི་ཡེ་ཤེས་ཀྱི་རོ་མ་འགགས་པར་མྱོང་བ་བསོད་ནམས་ཀྱི་ཚོགས་ཀྱིས་བདེ་བའི་ཡེ་ཤེས་སྒྱུ་མ་ལྟ་བུར་སྣང་ལ་འཛིན་མེད་དུ་སྤྱོད་པས་ཚོགས་གཉིས་རྫོགས་པ་དང་། འདོད་ཆགས་བདེ་སྟོང་གི་ཡེ་ཤེས་སུ་རང་སྣང་བའི་རོལ་མོ་རྟོག་ཚོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་བསམ་མི་ཁྱབ་པས་མཐའ་ཡས་པའི་མཆོག་ཏུ་རང་གསལ་ཞིང་། ཉི་ཟླ་གཉིས་མེད་ཀྱི་ཡེ་ཤེས་ཉམས་སུ་མྱོང་དཀའ་བས་གསང་བའི་ཐིག་ལེ་སྟེ། དེ་ཉིད་འབྲས་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པས་དབྱིངས་སོ། །དེ་ལྟར་བསྒོམས་པའི་ཡོན་ཏན་ཀྱང་། བདེ་བ་ཆེན་པོའི་ཡེ་ཤེས་དེ་ནི་སངས་རྒྱས་ཀུན་གྱི་དགོངས་པའི་དངོས་གཞི་སྟེ། དེ་ཐོབ་པའི་ཚེ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། སངས་རྒྱས་ཐམས་ཅད་ཀྱི། སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས་ཏེ་འབྲས་ཆོས་ཉི་ཤུ་རྩ་ལྔ་མ་ལུས་པ་མངོན་དུ་བྱས་ཤིང་བདག་ཉིད་ཀྱི་ཞལ་མཐོང་བ་མེད་པའི་ཚུལ་གྱིས་མཐོང་བ་དང་། འཛག་མེད་ཀྱི་བདེ་བས་དབང་པོའི་སྡུག་བསྔལ་བཅོམ་སྟེ་འདོད་ཆགས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་དབང་བ སྒྱུར་བས་ན་ལམ་གྱི་ནང་ནས་མཆོག་ཉིད་དང་། ཐབས་ཀྱི་ནང་ནས་དམ་པ་སྟེ་བདེ་མྱུར་གྱི་ལམ་རྨད་དུ་བྱུང་བ་ཡིན་པའི་ཕྱིར་རོ། །ཐབས་གྲོལ་ལམ་གྱི་དཀྱིལ་འཁོར་ལ་གོམས་པའི་མཐུས། གནས་ལུགས་ཀྱི་དཀྱིལ་འཁོར་དེ་ཉིད་མངོན་དུ་རྟོགས་པས་ཚོགས་གཉིས་རྫོགས་པའི་འབྲས་བུའི་དཀྱིལ་འཁོར་རང་རིག་ལ་ལྷུན་གྱིས་གྲུབ་པའི་རྒྱན་དུ་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཡོངས་རྫོགས་སུ་ཐོགས་ཏེ། འབྲས་བུའི་ཡོན་ཏན་གྱིས་མཛེས་པའོ། །དེ་ལྟར་སྤངས་རྟོགས་རྫོགས་པའི་དཀྱིལ་འཁོར་རང་སྣང་སྐུ་གསུམ་དབྱེར་མེད་མཉམ་པར་སྦྱོར་བ་ལས་གདུལ་བྱ་འདུལ་བྱེད་ཐུགས་རྗེའི་དཀྱིལ་འཁོར་བཙལ་བ་མེད་པར་ཡོངས་ཏེ། རང་བྱུང་གིས་འབྱུང་སྟེ། ཕྱོགས་དུས་ཀྱི་བསྡུས་པའི་གདུལ་བྱའི་ཞིང་དུ་གཟུགས་སྐུའི་དཀྱིལ་འཁོར་གང་ལ་གང་འདུལ་བའི་མགོན་པོ་སྒྱུ་མ་ལྟ་བུའི་དཀྱིལ་འཁོར་དུ། སྒྱུ་མ་ལྟ་བུའི་འཁོར་བ་ལ། སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་སྒྲོལ་བ་ཡིས། དོན་མཛད་པ་ལྟར་སྣང་ཡང་། སྣང་དུས་ཉིད་ནས་བསྒྲལ་བྱ་དང་སྒྲོལ་བྱེད་གཉིས་ཀ་རང་མཚན་པ་མེད་པར་འདུལ་བྱེད་སྤྲུལ་པའི་དཀྱིལ་འཁོར་གྱིས་འདུལ་བའི་སྤྱོད་པ་སྟོན་པར་མཛད་དོ། །ཆོས་ཐམས་ཅད་ཡེ་དག་རང་བྱུང་གི་ཡེ་ཤེས་ཆེན་པོར་རྫོགས་པའི་དཀྱིལ་འཁོར་ཏུ་གནས་པ་ལ། ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱིས། གནས་ལུགས་ཀྱི་དོན་ལ་བློ་མཉམ་པར་སྦྱོར་བའི་ཐབས་ཀྱིས་ཡིན་ལུགས་ཇི་ལྟ་བ་མངོན་དུ་གྱུར་པ་ནི་འབྲས་བུ་རང་བྱུང་བ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བས་གདུལ་བྱའི་དོན་ལ་ཐུགས་རྗེ་ཆེན་པོ་ཀུན་ནས་དམ་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་སྣང་ངོ་། །ཚུལ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་དོན་དུ་གཉེར་བ་རྣམས་ཀྱིས་འདའ་བར་མི་མཛད་པའི་དམ་ཚིག་མཆོག་ཏུ་བསྟན་ཏོ། །སྒྲུབ་པ་པོ། གང་ཞིག་རྒྱུད་འདི་ལ་མོས་པར་གྱུར་པ་ཙམ་ཡང་། སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དང་དུས་ཀུན་ནས་གཟིགས་ཏེ། རྣམ་པ་ཐམས་ཅད་དུ་གསང་བའི་དཀྱིལ་འཁོར་མ་ལུས་རྒྱུད་ལ་བསྙེན་ཏེ་ཐོབ་པར་བྱེད་པ་ཡིས། །ཉེ་བའི་སྲས་སུ་དགོངས་པར་འགྱུར་རོ། །དུས་བསྐལ་པ་ཞིང་གི་རྡུལ་སྙེད་དུ། རྒྱུའི་ཐེག་པར་ཤིན་ཏུ་བློ་སྦྱངས་པ་ལ་རབ་ཏུ་གནས་ཤིང་བརྩོན་པ་དང་། གསང་སྔགས་ཕྱི་ནང་གི་དཀྱིལ་འཁོར་མ་ལུས་པ་བསྙེན་ཅིང་སྒྲུབ་པ་ཡིས། །དོན་དུ་གཉེར་བྱའི་འབྲས་བུ་འཚར་རྒྱ་བ་ལ་ལམ། གསང་ཆེན་བླ་མེད་ཐེག་པ་འདི་ལ་རག་ལས་པ་ཡིན་ཏེ་གཞན་མེད་དོ། །དེ་ཡང་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་ཞིང་ན། སྔར་འདས་པ་དང་། ད་ལྟར་བྱུང་བ་ཡི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། ཐམས་ཅད་ཀྱང་ལམ་འདི་ལ་བསྙེན་པ་སྟེ་བརྟེན་ནས་འབྲས་བུ་སྐུ་ལྔ་ལྷུན་གྱིས་རྫོགས་པ་ཡིན་ནོ། །ད་ལྟར་འབྱུང་བཞིན་པ་དང་མ་འོངས་བ་འབྱུང་འགྱུར་གྱི་རྣལ་འབྱོར་པ་ཐམས་ཅད་ཀུན་ཀྱང་ལམ་འདི་ཡིས་འབྲས་བུ་ལྷུན་གྱིས་གྲུབ་པར་འགྱུར་རོ། །རྒྱུད་འདི་ནི་གསང་ཆེན་ངེས་པ་ཡི། དོན་རྨད་དུ་བྱུང་བ་སྟེ། འབྲས་བུའི་ངོ་བོ་ཡེ་ནས་སངས་རྒྱས་པའི་དོན་ལམ་དུ་བྱས་པ་ལ་བསྒྲུབ་བྱ་གཞན་ནས་སྒྲུབ་མི་དགོས་པར་འགྲུབ་པའི་ཉེ་ལམ་དུ་གྱུར་པ་ཡིན་པའི་ཕྱིར་དང་། དུས་གསུམ་གྱི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་ལ་དགོངས་པའི་ཞེ་ཕུགས་འདི་ལས་བཟང་བའི་ལམ་གསང་བའི་ངེས་དོན་གཞན་ཞིག་མེད་ངེས་ཡིན་པས་བཙལ་ཀྱང་གཞན་གྱིས་ལྟ་ཞོག་རྒྱལ་བས་ཀྱང་མི་བརྙེས་སོ་ཏེ་མི་རྙེད་དོ། །སངས་རྒྱས་ཀུན་གྱི་བཀའ་རྟགས་ཀྱི་ཕྱག་རྒྱ་ཆེན་པོའི་མཆོག་ཏུ་གྱུར་པའི་མན་ངག་འདི་ནི་ཐོས་བསམ་བསྒོམ་གསུམ་ལ་བློ་རབ་ཏུ་སྦྱངས་པའི་ཤེས་རབ་གསུམ་གྱི་མིག་དང་ལྡན་པ་རྣམས་ཀྱིས་མ་ནུབ་པར་ཟུང་ལ། སྐལ་ལྡན་གྱི་སློབ་མ་སྣོད་དང་ལྡན་ལ་ངང་ཚུལ་དགེ་ཞིང་། བཟང་ལ་དད་པ་བརྟན་པས་ཆོས་ཕྱིར། ལུས་དང་ལོངས་སྤྱོད་ཐམས་ཅད་གཏོང་ནུས་པ་དེ་ལ་ཡོངས་སུ་རྫོགས་པར་སྦྱིན་ཅིང་། དེ་ལས་གཞན་དུ་སྣོད་མིན་ལ། ནམ་ཡང་སྦྱིན་པར་མི་བྱ་སྟེ། ཅིའི་ཕྱིར་ན། རྨོང་པ་ལ་འཕྱར་བས་གསང་མ་ཐུབ་པར་གལ་ཏེ་སྦྱིན་ན་བཀའ་ཡི་ཆད་པས་འཆི་བའི་དུས་མིན་པར་བློ་བུར་དུ་ནི་སྲོག་ཟད་ནས་ཚེའི་དུས་བྱེད་ཅིང་། ཤི་མ་ཐག་ཚ་དམྱལ་གྱི་མེས་བསྲེག་པ་དང་གྲང་དམྱལ་གྱི་ཆུས་སྦྲེབས་པར་བྱེད་པའི་སྡུག་བསྔལ་ལ་ཡུན་རིང་གནས་ཏེ་ཉམས་ཐག་པར་འགྱུར་རོ། །དེ་སྐད་ཅེས་སྟོན་པ་དེ་བཞིན་གཤེགས་པ་ཉིད་ཀྱི་འཁོར་གྱི་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པར་མཛད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། འདིར་ཐེག་པ་འོག་མ་རྣམས་ལ་ཤིན་ཏུ་གསང་བའི་དོན་ཚེ་འདི་ཉིད་ལ་གྲོལ་བའི་ཐབས་ཉེ་བར་བསྟན་པའི་མན་ངག་ཟབ་ཅིང་སྙིང་པོར་དྲིལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། ༈ །།དེ་ལྟའི་ལེའུ་འདིས། ཞི་ཁྲོ་ཐུན་མོང་རྫོགས་རིམ་ཀྱི་ལེའུ་དང་། དོན་དུ་གཉེར་བ་སྒྲུབས་པ་ལས། རྫོགས་པའི་རིམ་པ་རྣམས་བསྟན། བི་མ་ལས། ཚོགས་མཆོག་རྒྱ་ཆེར་སྤེལ་བ་ཡང་། །མན་ངག་སྙིང་པོ་ཅན་གྱིས་བྱ། །ཞེས་གསུངས་ཏེ། གོང་དུ་ཚོགས་སྒྲུབ་བསྟན་ཚོགས་མཆོག་རྒྱ་ཆེར་སྤེལ་བའི་ཐབས། ཐབས་གྲོལ་གྱི་མན་ངག་སྙིང་པོ་དང་ལྡན་པས་བྱ་བའི་བསྟན་པར་བཞེད་དོ། །ལེའུ་བཅུ་བཞི་པ་ལ་གསུམ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་གཉིས་པ་གཞུང་ལ་གཉིས་ཏེ། འབྲས་ཆོས་ཉེར་ལྔ་སོ་སོར་བསྟོད་པ་དང་། སྤྱིར་བསྟོད་པའོ། །དང་པོ་ལྔ་ལས། དང་པོ་སྐུ་ལྔ་ལ་བསྟོད་པ་ནི། ༀ་ཕྱོགས་བཅུ་སོགས་ཚིགས་བཅད་གཅིག །གཉིས་པ་གསུང་ལྔ་ལ་བསྟོད་པ་ནི། ༀ་རྡོ་རྗེ་བསོད་ནམས་སོགས། གསུམ་པ་ཐུགས་ལྔ་ལ་བསྟོད་པ་ནི། ༀ་སྐུ་གསུང་སོགས། བཞི་པ་ཡོན་ཏན་ལྔ་ལ་བསྟོད་པ་ནི། ༀ་མི་དམིགས་སོགས། ལྔ་པ་ཕྲིན་ལས་ལྔ་ལ་བསྟོད་པ་ནི། ༀ་ཕྱོགས་བཅུ་སོགས། གཉིས་པ་སྤྱིར་བསྟོད་པ་ནི། ༀ་ཐམས་ཅད་སོགས་གསུམ་པ་མཚན་ནི། གསང་བའི་སྙིང་པོ་སོགས་ནས་བཅུ་བཞི་པའོ། །ཞེས་པའི་བར་རོ། །ས་བཅད་དེ་དང་འབྲེལ་བའི་གཞུང་དངོས་ནི། ལམ་ཐབས་གྲོལ་གྱི་མན་ངག་སྙིང་པོ་བསྟན་པ་དེ་ནས་རང་སྣང་གི་དཀྱིལ་འཁོར་ལ་བསྟོད་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རིགས་དྲུག་པ་ཉིད་ཀྱི་ཆེ་བའི་ཡོན་ཏན་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་རང་སྣང་ལ་དགྱེས་པ་ཆེན་པོའི་གླུ་དྲུག་པོ་འདི་བླངས་སོ། །ༀ་རྣམས་ནི་ཡེ་ཤེས་ལྔའི་གླུའི་མགོ་འདྲེན་རིམ་པ་བཞིན་སྐུ་ལྔ་དང་། དེ་བཞིན་དུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་རྣམས་མཚན་པའོ། །ཕྱོགས་བཅུའི་དུས་བཞིའི་རྒྱལ་རྣམས་རང་རིག་ཡེ་ཤེས་གཅིག་ལ་ལྷུན་གྱིས་རྫོགས་པས་སྐུ་གསུམ་སྣང་བ་ཡི་གོ་འབྱེད་པ་ནི་མངོན་བྱང་སྐུ་དང་། རིག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དབྱིངས་ཐིག་ལེ་ཆེན་པོའི་ཀློང་དུ་གྲོལ་བ་ནི་ཆོས་ཀྱི་སྐུ་དང་། བསོད་ནམས་ལས་གྲུབ་པའི་སྐུ་མཚན་དཔེ་དཀྱིལ་འཁོར་དག་པའི་གདུལ་བྱ་ལ་སྣང་བ་ནི་ལོངས་སྐུ་དང་། གང་ལ་གང་འདུལ་གྱི་སྐུ་ཡི་བཀོད་པ་སྣ་ཚོགས་པར་སྟོན་པ་ནི་སྤྲུལ་སྐུ་དང་། སྣང་སྟོང་དབྱེར་མེད་པའི་ཐིག་ལེར་སྐུ་གསུམ་པོ་ཀུན་རོ་གཅིག་ཏུ་རྫོགས་པ་ནི་རྡོ་རྗེའི་སྐུའོ། །ཧོཿཞེས་པ་མཉེས་པའི་དོན་ཏེ་འོག་མ་རྣམས་ལའང་འགྲེའོ། ༀ་འགྲོ་བ་སྒྲོལ་བ་ལ་ཐོགས་པ་མེད་པ་རྡོ་རྗེའི་ཚིག་གིས་གདུལ་བྱའི་བསོད་ནམས་དང་མཐུན་པར་སྟོན་པ་བརྗོད་པའི་ཚིག་གི་གསུང་ངོ། །བརྗོད་མེད་ཐིག་ལེ་ཆེན་པོའི་རང་བཞིན་བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་སྐྱེ་མེད་དོན་གྱི་གསུང་ངོ་། །སྒྲ་རྣམས་རང་རིག་པའི་རྡོ་རྗེར་ལྷུན་གྱི་གྲུབ་པས་རིག་པ་ཡེ་ཤེས་གསུང་གི་དཀྱིལ་འཁོར་ཅིར་ཡང་མ་འགགས་པར་ལྡན་པས་བརྡ་སྤྲོད་པ་ནི་རིག་པ་བྱིན་རླབས་ཀྱི་གསུང་ངོ་། །དོན་ཐ་དད་པ་ཚིག་གཅིག་ཏུ་མི་ཕྱེད་པར་འབབ་པས་རྡོ་རྗེའི་སྒྲ་ཆེན་པོ་སྟེ་ཚུལ་མཐའ་ཡས་པ་གོ་བར་བྱེད་པ་ནི་ཚངས་པའི་དབྱངས་ཀྱི་གསུང་ངོ་། །སྐུའི་བརྡས་ཐོགས་པ་མེད་པར་གདུལ་བྱའི་བློ་ལ་དོན་འཇལ་བས་དབང་སྒྱུར་བ་ནི། རྡོ་རྗེ་རྒྱལ་པོ་དགོངས་པ་བརྡའི་གསུང་ངོ་། །སྒྲ་ཐམས་ཅད་གྲགས་སྟོང་དབྱེར་མི་ཕྱེད་པ་ཐིག་ལེ་ཆེན་པོར་གྲོལ་བ་ནི་རྡོ་རྗེ་གསུང་ངོ་། །ཧོཿༀ་མེ་ལོང་ཡེ་ཤེས་ནི་ཡེ་ཤེས་ཀུན་འཆར་བའི་རྟེན་བྱེད་པས་སྐུ་དང་། སོར་རྟོག་ཡེ་ཤེས་ནི་ཤེས་བྱ་ཀུན་མ་འདྲེས་པར་གཟིགས་ནས་ཆོས་སྟོན་པས་གསུང་དང་། ཆོས་དབྱིངས་ཡེ་ཤེས་ནི་སྙིང་པོར་གྱུར་པས་ཐུགས་ཀྱི་ཐུགས་ཏེ། དེ་གསུམ་རྫོགས་པའི་བདག་ཉིད་ཆེན་པོ་དེ་ལ་ཡོན་ཏན་མ་ལུས་པའི་འབྱུང་གནས་མཉམ་ཉིད་དང་། གདུལ་བྱ་འདུལ་བའི་ཕྲིན་ལས་བྱ་གྲུབ་ཡེ་ཤེས་ཀྱང་ཀུན་ཏུ་རྫོགས་པའོ། །དེ་ལྟར་ཡེ་ཤེས་ཡེ་ནས་ལྔར་ལྷུན་རྫོགས་ཀུན་ཏུ་བཟང་པོའི་རང་བཞིན་ཏེ། ཡེ་ཤེས་རེ་རེ་ལའང་ལྔ་ལྔ་འདུས་པའི་ཚོགས་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་གི་ངོ་བོར་འདུས་པའི་ཐིག་ལེ་ཆེ་ཧོཿཞེས་སོ། ། ༀ་མཐའ་དབུས་གང་དུའང་མི་དམིགས་ཤིང་ཅིར་ཡང་མ་འགགས་པའི་སྒྱུ་འཕྲུལ་རིས་མེད་ཀུན་ཁྱབ་མཉམ་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་ཞིང་ཁམས་ཀྱི་ཡོན་ཏན་ནོ། །རྒྱ་ཚད་ཀྱིས་གཞལ་བའི་ཡུལ་རང་སྣང་གི་བཀོད་པ་དང་བཅས་པ་མཐའ་ཡས་པར་ཀུན་ནས་སྣང་བ་ནི་གཞལ་ཡས་ཁང་གི་ཡོན་ཏན་ནོ། །བ་སྤུའི་བུ་ག་རེ་རེ་ནས་ཀྱང་གསལ་ཞིང་དག་པའི་འོད་ཟེར་སྣ་ཚོགས་པ་སྤྲོ་བ་ནི་འོད་ཟེར་གྱི་ཡོན་ཏན་ནོ། །འདོད་ཡོན་གྱི་ལྷ་མོ་རེ་རེ་ཡང་མཐའ་ཡས་པ་ཕྱོགས་བཅུ་ཀུན་ནས་མ་བཙལ་བར་ལྷུན་གྱིས་གྲུབ་ཅིང་། དབང་པོ་སོ་སོ་ལ་ཐིམ་པས་དགྱེས་དགུར་སྤྱོད་པ་ནི་ལོངས་སྤྱོད་ཀྱི་ཡོན་ཏན་ནོ། །མི་འཇིགས་བཞི་སོགས་ཡོན་ཏན་སྣ་ཚོགས་པ་ཐུགས་ལ་མངའ་བས་སེང་གེ་ལ་སོགས་པ་ལྔས་བཏེག་པའི་ཁྲིའི་སྟེང་དུ་ཁུ་རྡུལ་རླུང་གསུམ་དག་པ། སྐུ་གསུང་ཐུགས་ཟླ་ཉིད་པདྨའི་གདན་དང་། གདུལ་བྱའི་རེ་བ་སྐོང་བའི་ཆེན་པོ་སྟེ་རིན་ཆེན་སྣ་ཚོགས་པའི་ཁྲི་རྐང་སྟེ་ཁྱད་པར་འཕགས་པ་གདན་ཁྲིའི་ཡོན་ཏན་ནོ། །ཧོཿ ༀ་དོན་བྱ་བའི་ཡུལ་ཕྱོགས་བཅུའི་འཇིག་རྟེན་རྡུལ་ཕྲ་མོ་སྙེད་ཀྱི་ཞིང་ཁམས་དག་མ་དག་ཀུན་ཏུ། བྱེད་པའི་ཐབས་རྒྱལ་བ་རྣམས་ཀྱི་གདུལ་བྱའི་དོན་རྣམས་ཐོགས་མེད་མཛད་ཕྲིན་ལས་རྡུལ་ཕྲན་གྱི་གྲངས་དེ་སྙེད་དུ་སྟོན་པ་ཀུན་ཀྱང་། ཞི་རྒྱས་དབང་དྲག་བཞིར་འདུལ། དོན་བྱེད་པོ་ནི་ཞི་བ་དང་ཁྲོ་བོ་སོགས་གང་ལ་གང་འདུལ་གྱི་སྤྲུལ་པ་ཡང་རྡུལ་ཕྲན་གྱི་གྲངས་དང་མཉམ་པ་བསམ་ཡས་ཀྱིས་དོན་མཛད་དོ། །ཇི་ལྟར་མཛད་ན། སྤྲུལ་པ་དེ་དག་གིས་ཞིང་དེ་དག་ཏུ། སྐད་ཅིག་ཡུད་ཙམ་ལ་འབད་རྩོལ་མེད་པར་ཕྲིན་ལས་བཞིས་དོན་མཛད་པ་ནི། ལྷུན་གྱིས་གྲུབ་པའི་ཕྲིན་ལས་སོགས། ཧོཿ ༀ་ཕྱོགས་དུས་རྒྱལ་བའི་དཀྱིལ་འཁོར། ཐམས་ཅད་མ་ལུས་པའི་རང་བཞིན་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་སངས་རྒྱས་ཀུན་གྱི་སྤྱི་གཟུགས་རྒྱལ་བ་དྲུག་པའི་བདག་ཉིད་ཆེན་པོར་འདུ་ཞིང་། ཁྱབ་བྱེད་དྲུག་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཆར་གྱིས་ཀྱང་ཁྱབ་བྱ་རྒྱལ་བ་ཐམས་ཅད་ལ་ཀུན་ཏུ་ཁྱབ་བོ། །དེ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྣང་ཚུལ་ཀུན་གཅིག་གི་བདག་ཉིད་དུ་འདུས་པ་དང་། གཅིག་ཀུན་ཏུ་འཆར་བས་ན་གཅིག་དང་དུ་མའི་མཐའ་ལས་གྲོལ་བ་ཐིག་ལེ་ཆེན་པོའི་རང་བཞིན་ནོ། །ཧོཿཞེས་མཉེས་པ་སྟེ་དེ་སྐད་ཅེས་རང་སྣང་གི་དཀྱིལ་འཁོར་ལ་དགྱེས་པ་ཆེན་པོས་ཆེད་དུ་བསྒྲགས་སོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འདིས་མཉེས་པའི་གླུས་ཉིད་ཀྱི་དཀྱིལ་འཁོར་ལ་བསྟོད་པའི་ལེའུ་སྟེ་བཅུ་བཞི་པའོ།། ༈ །།ཞེས་པའི་ལེའུ་འདིས། ཞི་བ་རྗེས་འཇུག་ཉམས་ལེན་གྱི་ལེའུ་དང་། རྒྱུད་ཀྱི་དངོས་པོ་བཅུ་ལས་གནས་སུ་སྟོབ་པ་མཆོད་པ་ལས། གླུ་ཡེ་ཤེས་རྒྱན་གྱི་མཆོད་པ་བསྟན། བི་མ་ལས་ཚོགས་འདུས་མཆོད་པ་གླུ་ཡི་བྱ། །ཞེས་གསུང་གོང་དུ་བསྟན་པའི་ཚོགས་སྒྲུབ་ཀྱི་འདུས། དཀྱིལ་འཁོར་ལྷ་བསྟོད་པ་རྡོ་རྗེའི་གླུ་ཡིས་བྱ་བ་བསྟན་པར་བཞེད་དོ། །ལེའུ་བཅོ་ལྔ་པ་ཁྲོ་བོའི་གླེང་གཞི་བཤད་པ་ལ་གཉིས། གཞུང་དང་མཚན་ནོ། །དང་པོ་ལ་གཉིས། ཁྲོ་བོའི་དཀྱིལ་འཁོར་མངོན་པར་དུ་མཛད་ཚུལ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་སོགས་གཉིས་པ་ལ་གསུམ་སྟེ། གང་འདུལ་བྱའི་ཡུལ། གང་གིས་ཇི་ལྟར་འདུལ་བའི་ཐབས། དེ་ལྟར་བཏུལ་བའི་འབྲས་བུའོ། །དང་པོ་ལ་གཉིས་ཏེ། རྒྱུ་གང་གིས་གོལ་བ་དང་། གོལ་བའི་འབྲས་བུ་ཇི་ལྟར་སྨིན་པའོ། །དང་པོ་ནི། དེ་ཅིའི་ཕྱིར་ནས་རྨོངས་པས་ཞེས་པའི་བར། གཉིས་པ་གོལ་བའི་འབྲས་བུ་ཇི་ལྟར་སྨིན་པ་ལ་གཉིས། རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་མྱོང་བ་དང་། རྒྱུ་མཐུན་གྱི་འབྲས་བུ་གཞན་ལ་འཚེ་བའོ། །དང་པོ་ལ་གཉིས། དམྱལ་བ་དང་། ཡི་དྭགས་སུ་སྐྱེ་ཚུལ་ལོ། །དང་པོ་ནི། སྲིད་པར་སོགས་མྱོང་ངོ་བར། གཉིས་པ་ནི། དེ་ནས་རྣལ་འབྱོར་སོགས། གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་ནི། དེ་ནས་ལས་ཀྱི་སོགས། གཉིས་པ་གང་གི་ཇི་ལྟར་འདུལ་བའི་ཐབས་ལ་གཉིས་ཏེ། གདུལ་བྱར་གཟིགས་ནས་འདུལ་བ་མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པའོ། །དང་པོ་ནི། དེ་སྔོན་སོགས། གཉིས་པ་ལ་བཅུ་གཉིས་ཏེ། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང་། ཆེ་མཆོག་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དང་། སྤྲུལ་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། བྱིན་གྱིས་རློབས་པའི་ཆོ་འཕྲུལ་དང་། ཆོས་སྣང་བའི་ཆོ་འཕྲུལ་དང་། སྤྲུལ་པ་ཆེན་པོའི་དཀྱིལ་འཁོར་དང་། ཕྲིན་ལས་རྨད་དུ་བྱུང་བའི་ངོ་བོ་དང་། འཁོར་སྡུད་པའི་ཆོ་འཕྲུལ་དང་། ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དང་། འཁོར་འདུས་པའི་ཆོ་འཕྲུལ་དང་། ངོ་མཚར་ཚོགས་ཀྱི་དཀྱིལ་འཁོར་རོ། །དང་པོ་ནི། དེ་ནས་དེ་བཞིན་། སོགས། གཉིས་པ་ནི། དེ་བཞིན་ཉིད་ཀྱི་སོགས། གསུམ་པ་ནི། བྱང་ཆུབ་སོགས། བཞི་པ་ནི། འཇིག་རྟེན་སོགས། ལྔ་པ་ནི། འཇིག་རྟེན་སོགས། དྲུག་པ་ནི། ཡང་འཇིག་རྟེན་སོགས། བདུན་པ་ནི། དེ་ནས་སོགས་བརྒྱད་པ་ནི། དེ་ནས་དྲེགས་པ་སོགས། དགུ་པ་ནི། དེ་ནས་ཧཱུཾ་ཧཱུཾ་སོགས། བཅུ་ཐམ་པ་ནི། དེ་ནས་བཅོམ་ལྡན་འདས་སོགས། བཅུ་གཅིག་པ་ནི། ཞེས་བརྗོད་པས་སོགས། བཅུ་གཉིས་པ་ལ་བཞི་སྟེ། གནས་མ་དང་། ཡུལ་མ་དང་། སྒོ་མ་རྣམས་སྤྲོ་བ་དང་། ཁྲོས་པར་བསྐུལ་བའོ། །དང་པོ་ནི། དེ་ནས་སོགས། གཉིས་པ་ནི། དེ་ནས་ཤིན་ཏུ་སོགས། གསུམ་པ་ནི། དེ་ནས་སོགས། གསུམ་དེ་ལྟར་བཏུལ་བའི་འབྲས་བུ་ལ་བཞི་སྟེ། དབང་བསྐུར་ཏེ། གནས་སྤར་ནས་སྣང་འབྱེད་ཀྱི་ཏིང་ངེ་འཛིན་ཐོབ་པ། འབངས་སུ་དམ་བཅས་ནས་ལུས་གནད་དུ་ཕུལ་བ། འཁོར་ཕུལ་ཏེ་གུས་པས་མཆོད་པར་དམ་བཅའ་བ། དབང་མོ་རྣམས་ལས་ནོད་པ་ལ་དབང་བསྐུར་ནས་མུ་རན་ལ་བཀོད་ཚུལ་ལོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་སོགས། གཉིས་པ་ནི། དེ་ནས་དེ་དག་སོགས། གསུམ་པ་ནི། ཐམས་ཅད་ཀྱིས་སོགས། བཞི་པ་ནི། དེ་ནས་སོགས། གཉིས་པ་མཚན་ནི། གསང་བའི་སྙིང་པོ་སོགས་སོ། །ས་བཅད་དེ་ལྡན་གྱི་གཞུང་དངོས་ནི། ཞི་བའི་དཀྱིལ་འཁོར་བསྟན་པ་དེ་ནས་ཁྲོ་བོའི་དཀྱིལ་འཁོར་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་རིགས་ཐམས་ཅད་ཀྱི་བདག་པོ་དྲུག་པ་ཀུན་ཏུ་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པ་ཉིད་ཀྱིས་རང་སྣང་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ལས་མ་གཡོས་པར། འདུལ་བྱེད་སྤྲུལ་པ་སྐུའི་ཁྲོ་བོའི་དཀྱིལ་འཁོར་ཇི་ལྟར་མཚམས་པ་མངོན་པར་འདུ་བར་མཛད་དེ། དེ་ལྟར་མཛད་པ་དེ་དགོས་ཆེད་ཅི་ཕྱིར་ཞེ་ན་ཞེས་དྲིས་པའི་ལན་ནི། གདུལ་བྱ་གདུག་པ་ཅན་འདུལ་བའི་ཆེད་དུའོ། །དེ་སུ་ཞིག་སྙམས་པ་ལ། སྤྱིར་སྲིད་པའི་རྩ་བ་བདག་ཏུ་རྨོངས་པ་མ་རིག་པའི་རྣམ་པར་རྟོག་པ་བདག་ཏུ་ཞེན་པ་དང་། ཆོས་ཐམས་ཅད་བློས་སྒྲོ་བཏགས་ཙམ་ལས་བདེན་པར་གྲུབ་པ་མ་ཡིན་ཀྱང་ཕྱིན་ཅི་ལོག་གི་བཟུང་ཡུལ་ལ་བདག་གིར་མངོན་པར་ཞེན་པས་འཁོར་བས་ངེས་པར་འབྱིན་བྱེད་ཡང་དག་པའི་ལམ་དང་བྲལ་བ་དག་ནི་སྲིད་པར་དུ་བྱེད་པ་ཡིན་ལ། དེའི་སྟེང་དུ་བྱེད་པ་ཡིན་ལ། དེའི་སྟེང་དུ་ཁྱད་པར་རུ་ཏྲ་ནི། གབ་པའི་གསང་བ་གནས་ལུགས་དེ་བཞིན་ཉིད་མ་རྟོགས་པར་སྦས་པའི་གསང་བ་སྦྱོར་སྒྲོལ་སོགས་སྤྱོད་པ་རླང་པོ་ལ་མངོན་པར་འཆེལ་ནས་བྱོལ་ཉོག་ཏུ་སྤྱོད་ཅིང་། དེ་ཡང་རྒྱུ་ལས་དགེ་སྡིག་དང་། འབྲས་བུ་བདེ་སྡུག་གི་འགྲེལ་པ་ལ་རྨོངས་པའི་དབང་གིས། དེ་ལྟར་སྤྱོད་པ་རྣམས་རུ་དྲར་གོལ་བའི་རྒྱུའོ། །དེ་ཡང་སྲིད་པར་སྐྱེ་བའི་ས་བོན་མི་དགེ་བ་ལས་རྩུབ་མོས་འཕངས་ནས་བར་མ་དོ་མེད་པའི་རབ་ཏུ་ཚ་བའི་དམྱལ་བར་སྐད་གཅིག་གིས་སྐྱེས་སོ། །དེ་ཉིད་དུ་རབ་ཏུ་ཚ་བའི་སྡུག་བསྔལ་དྲག་པོས་ཡུན་རིང་གདུངས་པ་དང་། འདི་བས་ཤིན་ཏུ་གྲང་ཡང་ཅི་མ་རུང་སྙམ་པའི་མོད་ལ་ཁབ་སོགས་ཀྱིས་རབ་ཏུ་སྦྲེབས་པས་གྲང་བ་དང་། ལུས་པདྨ་ལྟར་ཆེར་གས་པའི་སྡུག་བསྔལ་དྲག་པོ་བདག་གིས་རབ་ཏུ་གདུངས་པར་བྱས་སོ། །དེ་ལྟ་བུའི་སྡུག་བསྔལ་རབ་ཏུ་ཚ་བ་ལ་སོགས་པ་སྟེ། ཚ་བ་ནས་ཡང་སོས་ཀྱི་བར་བརྒྱད་དང་། ཤིན་ཏུ་གྲང་བ་པདྨ་ལྟར་ཆེར་གས་པ་ལ་སོགས་པ་སྟེ་ཆུ་བུར་ཅན་གྱི་བར་བརྒྱད་པོ་དག་ཏུ་ཚ་གྲང་གི་དམྱལ་བ་ཕན་ཚུན་ཟུང་རེ་རེ་ཞིང་སྐྱེ་རིས་ཀྱིས་འཇིག་རྟེན་གྱི་ཁམས་དེ་འཇིག་པའི་དུས་སུ་ཁམས་གཞན་དང་གཞན་དུ་བརྒྱུད་ཅིང་འཕོ་ལ། ཚེ་ཚད་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་སུ་ཚ་གྲང་གི་སྡུག་བསྔལ་མྱོང་ངོ་། །དེ་ནས་དམྱལ་བར་སྐྱེ་བའི་ལས་ཀྱི་རྣམ་པར་སྨིན་པ་དེ་མྱོང་སྟོབས་ཀྱིས་ཟད་པ་དང་། ཡི་དྭགས་སུ་སྐྱེས་ཏེ་ལྟོག་པ་དང་སྐོམས་པའི་སྡུག་བསྔལ་རབ་ཏུ་ཉེན་པ་སྤྱི་མཐུན་གྱི་སྒྲིབ་པ་ཅན་དང་། ཕྱི་རོལ་གྱི་འདོད་པའི་དངོས་པོ་རྣམས་ཡིད་དུ་མི་འོང་བ་ཆུ་ནག་ཏུ་མཐོང་བ་ལྟ་བུ་ཕྱི་སྒྲིབ་ཅན་དང་། བཟའ་བཏུང་ཅུང་ཟད་རྙེད་པ་བཟོས་པ་ན། གདུག་ཅིང་རྩུབ་པའི་དངོས་པོ་མེ་སོགས། སྣ་ཚོགས་སུ་གྱུར་པས་ནང་ཁྲོལ་སྲེག་པ་སོགས་མེ་ལྕེའི་འཁོར་ལོ་ཅན་དང་། ཟས་སྐོམ་སོགས་མཐོང་བ་སྤྱོད་འདོད་པས་དྲུང་དུ་སྙེགས་པའི་ཚེ་རྫས་ཙམ་ཡང་ཡོངས་སུ་མེད་པར་འགྱུར་ཞིང་། ལུས་ཤིན་ཏུ་རིད་ཅིང་སྐམ་པ་དང་། ལྟོ་བ་རི་བོ་ཙམ་ལ་ཁ་ཁབ་མིག་ལྟ་བུ་སོགས་ལུས་དང་ཡན་ལག་དང་དབང་པོ་རྣམས་མི་འཚམས་པར་ཉམས་ཐག་པ་དེ་ལྟར་བསྐལ་པ་ཆེན་པོ་དྲུག་ཏུ་འཇིག་རྟེན་གྱི་ཁམས་བརྒྱུད་ཅིང་སྐྱེས་སོ། །དེ་ནས་ཡི་དྭགས་སུ་སྐྱེ་བའི་ལས་ཀྱི་སྒྲིབ་པ་རྩུབ་མོའི་རྣམ་པར་སྨིན་པ་དེ་ཡང་ཁད་ཀྱི་སྲབས་པ་དང་། སྔོན་གྱི་དུས་སུ་སྔགས་སྤྱོད་ལོག་པའི་སྲིད་པས་རུ་ཏྲའི་རྒྱུད་དུ་འཚམས་སྦྱར་ནས། ཡི་དྭགས་སུ་འགྲོ་བས་བསྡུས་པའི་སྲིན་པོ་ཆེན་པོ་བྱའི་གཤོག་པ་ཅན་ལུས་རབ་ཏུ་འཇིགས་ཤིང་སེམས་གདུག་པ་ཁྲོ་ཞིང་གཏུམ་པོ་སྟེ། ལས་ཀྱི་རྫུ་འཕྲུལ་ལུས་གཅིག་ལ་མགོ་བོ་བརྒྱ་ཡོད་པ་དང་། དེ་ཡང་མགོ་བརྙན་མི་འདྲ་བ་སྣ་ཚོགས་པ་དང་། ལུས་མི་གཅིག་པ་བརྒྱ་ལ་མགོ་བོ་གཅིག་ལས་མེད་པ་དང་། སྟག་སེང་སོགས་ཀྱི་ལུས་སྣ་ཚོགས་པ་དང་། ལུས་གཅིག་ལ་ཡན་ལག་མང་པོ་དང་། ཡན་ལག་རིགས་མི་འདྲ་བ་སྣ་ཚོགས་པ་དང་། དེ་དག་གིས་མདའ་མདུང་སོགས་གདུག་པའི་ལག་ཆ་སྣ་ཚོགས་པ་ཐོག་པ། གསོད་བྱེད་ཀྱི་འཁོར་བྱ་གཅན་སོགས་རབ་ཏུ་མང་པོ་དང་། འཇིགས་པའི་སྤྲུལ་གཟུགས་སྡོམ་སྡིག་སོགས་སྣ་ཚོགས་པ་དང་། འཇིགས་པའི་སྒྲ་ར་ལ་ར་ལ་སོགས་སྣ་ཚོགས་སྒྲོགས་པ་དང་། འཇིགས་པའི་གཟུགས་དང་མི་སྙན་པར་ང་རོ་དང་། མི་ཞིམ་པའི་དྲི་དང་ཁ་རླངས་ཀྱིས་ནད་གཏོང་ཞིང་། ལུས་ཅན་ཐམས་ཅད་སྐྱི་བུང་ཞེས་དངངས་པར་བྱེད་པ། རབ་ཏུ་འཇིགས་པའི་རླུང་ནག་གིས་ཕྱོགས་ཀུན་ཁེབས་པ་དང་། གྲང་བ་དང་ཚ་བའི་དབུགས་ཕྱོགས་བཅུ་ཀུན་ཏུ་སྟོང་ཁམས་ཐམས་ཅད་འཁྲུགས་པར་བྱེད་པ་རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞི་འདེབས་པར་བྱེད་པ། སེམས་མྱོས་ཤིང་དྲན་པ་ཉམས་པར་བྱེད་པའི་བྱེད་ལས་ཀྱི་ཀླུའི་རིས་དང་ལྷ་མ་ཡིན་གྱི་རིས་དང་། འདོད་པའི་ལྷའི་རིས་དང་། གཟུགས་ཁམས་ལས་ཚངས་པའི་རིས་སོགས་བསམ་ཏན་དང་པོ་དང་། དེ་བཞིན་དུ་འོད་གསལ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་བ་བཞི་པའི་བར་སྟེ། གནས་རིས་བཅུ་གཉིས་པ་མན་ཆད་དབང་དུ་བསྡུས་སོ། །རུ་ཏྲ་དེས་སྔོན་དགེ་བའི་བཤེས་གཉེན་བསྟེན་ཅིང་སྔགས་ཀྱི་ཐེག་པར་ཞུགས་པའི་སྟོབས་ཀྱི་འབྲེལ་བས་ཐམས་ཅད་མཁྱེན་པས་འདུལ་བའི་དུས་ལ་བབ་པར་གཟིགས་ནས་ཐུགས་རྗེ་དང་ཕྲིན་ལས་ཀྱི་འདུལ་བར་གྱུར་ཏོ། །གདུལ་བྱ་བསྟན་པ་དེ་ནས་འདུལ་བྱེད་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་ཆེ་བའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་བཀོད་པའི་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བ་ལས་དོན་བྱ་བའི་ཡུལ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ་གྱི་བདག་པོ་དྲེག་པ་ཅན་རུ་ཏྲ་འདུལ་བའི་ང་རྒྱལ་ཆེན་པོས་ཟིལ་གྱིས་གནོན་པའི་གཟི་བརྗིད་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་རྡོ་རྗེའི་བདག་པོ་རིགས་དྲུག་བཅོམ་ལྡན་འདས་དྲེགས་པ་འདུལ་བའི་ཐབས་ལ་དགྱེས་པ་ཆེན་པོ་ཁྲོ་བོའི་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀའི་དཀྱིལ་འཁོར་གྱི་སྤྲིན་ཆེན་པོ་རྣམ་པར་འཕྲོ་བའི་སྒྱུ་འཕྲུལ་དྲྭ་བའི་ཏིང་ངེ་འཛིན་ལ་དགོངས་པ་སྙོམས་པར་ཞུགས་ཏེ་ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་ནས་ཡུམ་ཁྲོ་མོ་དབང་ཕྱུག་ཆེན་མོ་མངོན་དུ་ཕྱུངས་ཏེ་ཧི་ཧི་ཞེས་ཡབ་ལ་དགྱེས་པའི་གཟི་མདངས་ཀྱི་བསྐུལ་པས། ཐབས་ཤེས་ཀྱི་མཁའ་གསང་རིན་ཆེན་དང་པདྨ་བདེ་བས་རྒྱས་པར་མཛད་ནས་ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ་བའི་དགྱེས་པས་པདྨ་ནོར་བུ་ཐིམ་ནས་རོལ་པ་མཛད་དོ། །རྒྱུ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་སྤྲིན་སྤྲོས་པ་ལས་རྐྱེན་དེའི་ཚེ་ཧཱུཾ་ཧཱུཾ་ཧཱུཾ་རྡོ་རྗེ་གསུམ་གྱི་བདག་ཉིད་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་རྡོ་རྗེ་ཁྲོ་བོ་སྣ་ཚོགས་འབར་བའི་དཀྱིལ་འཁོར་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུཾ་སྒོ་གསུམ་བཀས་ཤིང་གཏོར་ཅིག་ཅེས་བསྐུལ་ཚིག་གོ །དེ་སྐད་ཅེས་བརྗོད་པས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཁྲོ་བོ་འཆོལ་བའི་སྤྲིན་སྤྲོ་བའི་རྐྱེན་བྱེད་པའོ། །གང་དུ་སྤྲོ་ན་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ཁྱབ་པར་གང་སྤྲོ་ན་ཁྲོ་བོ་འཆོལ་བའི་དཀྱིལ་འཁོར་གྱི་ཚོགས་ཆེ་ཆུང་སྟོང་གསུམ་གྱི་འཇིག་རྟེན་ཙམ་ལ་གྲངས་ཕྱོགས་བཅུའི་འཇིག་རྟེན་གྱི་རྡུལ་ཕྲ་མོ་སྙེད་ཙམ་འཐོན་པས་སྟོང་ཁམས་གང་བར་གྱུར་ནས་གདུག་པ་ཅན་རྣམས་བག་འཁུམ་པར་བྱེད་པའོ། །དེ་ལྟར་ཁྲོ་བོའི་སྤྲིན་སྤྲོས་པ་དེས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཀྱི་ས་རྣམ་པ་དྲུག་ཏུ་གཡོས་རབ་ཏུ་གཡོས་ཀུན་ཏུ་གཡོས་སོ། ཟིན་པའི་སྒྲ་ཐམས་ཅད་དྲག་པོར་འུར་འུར་རབ་ཏུ་འུརའུར་ཀུན་ཏུ་རབ་ཏུ་འུར་འུར་རོ། །མ་ཟིན་པའི་སྒྲ་རྣམས་ཀྱང་རང་འཁྲོལ་དུ་ཆེམ་ཆེམ་རབ་ཏུ་ཆེམ་ཆེམ་ཀུན་ཏུ་ཆེམ་ཆེམ་མོ། །རི་གླིང་སོགས་དུམ་བུར་ཤིག་ཤིག་རབ་ཏུ་ཤིག་ཤིག་ཀུན་ཏུ་ཤིག་ཤིག་གོ །དེ་དག་ཀྱང་གཏོར་གཏོར་རབ་ཏུ་གཏོར་གཏོར་ཀུན་ཏུ་གཏོར་གཏོར་རོ། །དེ་ལྟར་ལྟས་ཆེན་པོ་བཅོ་ལྔ་དང་ཁྲོ་བོའི་སྤྲིན་ཚོགས་མི་ཟད་པའི་ཆོས་ཀུན་ཏུ་སྣང་བ་དེའི་ཚེ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་གསུམ་གྱི་ཁམས་ཐམས་ཅད་ན་གནས་པའི་གཙོ་བོ་སོ་སོའི་གནས་སུ་དབང་ཆེ་བ་དང་། འཕྲུལ་དང་གཟི་བརྗིད་ཆེ་བ་དང་། ནུས་མཐུ་ཆེ་བའི་རིས་དབང་ཕྱུག་ཆེན་པོ་དང་ཚངས་པ་ལ་སོགས་ཏེ་དྲེགས་པ་ཅན་ཐམས་ཅད་འཇིགས་ཤིང་སྐྲག་ནས་བརྒྱལ། རབ་ཏུ་བརྒྱལ་ཀུན་ཏུ་རབ་ཏུ་བརྒྱལ་བར་གྱུར་ཏོ། །ཆོས་སྣང་བའི་ཆོ་འཕྲུལ་བསྟན་པ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཆེ་མཆོག་ཉིད་འཇིག་བྱེད་ཆེན་པོ་ཤིན་ཏུ་རྔམ་པའི་སྐུ་གདུག་པ་ཅན་རྣམས་སྐྱི་བུང་ཞེས་བྱེད་པའི་གཟི་བྱིན་འབར་བ་ཆེན་པོའི་མེ་འོད་འཕྲོ་བ་ཁྲག་འཐུང་སྐུ་སྨུག་ནག་ཅིར་ཡང་འགྱུར་བའི་རྣམ་པ་ཅན་དབུ་དང་ཕྱག་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་ལྟར་མཐའ་ཡས་པས་མཚོན་ཆ་སྣ་ཚོགས་འཛིན་པ་དེ་ཉིད་ལ་གོང་དུ་སྤྲོས་པའི་ཁྲོ་བོའི་སྤྲིན་ལས་རྡོ་རྗེའི་རིགས་ཀྱི་ཁྲོ་ཚོགས་ཐམས་ཅད་འདུས་ཏེ་སྟོང་ཉིད་ཡེ་ཤེས་ཀྱི་བདག་ཉིད་བཛྲ་ཧེ་རུ་ཀ་རྣམ་ཐར་གྱི་དབུ་གསུམ་ཡེ་ཤེས་ཀྱི་ཕྱག་དྲུག་རྫུ་འཕྲུལ་རྐང་བཞིའི་རྟགས་ཞབས་བཞི་པར་གྱུར་ཏེ། དུར་ཁྲོད་འབར་བའི་གཞལ་ཡས་ཁང་ཆེན་པོར་བཞུགས་པར་དགྱེས་ནས་མཁའ་རླུང་གི་དཀྱིལ་འཁོར་ལ་བརྟེན་པའི་ཁྲག་གི་རྒྱ་མཚོར་ཆགས་པ་ཞིང་ཆེན་གྱི་ས་གཞིའི་དཀྱིལ་ན་ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་། ཡེ་ཤེས་ཀྱི་མེ་དཔུངས་འབར་བ་ཆེན་པོའི་ཀློང་གཞལ་ཡས་ཁང་གི་དབུས་འཁོར་ལོ་རྩིབས་བཞི་པའི་དཀྱིལ་ན་དབང་ཕྱུག་ལྷ་ཆེན་པོ་དང་། དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཆེན་པོ་ཁྱོ་ཤུག་གི་གདན་ལ་ཞབས་གཡས་བརྐྱང་གཡོན་བསྐུམ་དུ་བཞུགས་སོ། །གཞན་ཡང་རིགས་བཞིའི་ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་ཕུང་དེ་དག་ཀྱང་སོ་སོར་འདུས་པ་ལས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་བཞིའི་བདག་ཉིད་རིགས་བཞིའི་ཧེ་རུ་ཀར་གྱུར་པའང་ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་བུདྡྷ་ཧེ་རུ་ཀར་གྱུར་ཏེ། འཁོར་ལོ་རྩིབས་བཞིའི་ཤར་ཕྱོགས་སུ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེར་གྱུར་ཏེ་ལྷོ་ཕྱོགས་སུ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་པདྨར་གྱུར་ཏེ་ནུབ་ཕྱོགས་སུ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས་སུ་གྱུར་ཏེ་བྱང་ཕྱོགས་སུ་བཞུགས་སོ། །ཁྲག་འཐུང་དེ་དག་ཀུན་ཀྱང་འཇིགས་བྱེད་ཆེན་པོའི་ཆ་ལུགས་དུར་ཁྲོད་ཀྱི་ཆས་དང་ཧཱུཾ་ཕཊ་སོགས་རྔམ་པའི་ང་རོ་དང་། མེ་དཔུང་འབར་བའི་ཀློང་ན་དབུ་གསུམ་ཕྱག་དྲུག་ཞབས་བཞིས་ཤར་དུ་དྲི་ཟ་དང་། བྱང་དུ་གནོད་སྦྱིན་དང་ནུབ་ཏུ་སྲིན་པོ་དང་། ལྷོར་གཤིན་རྗེ་ལ་སོགས་ཏེ་གདུག་པ་ཅན་ཐམས་ཅད་བསྡུས་པ་ཁྱོ་ཤུག་གི་གདན་ལ་གཡས་རྐྱང་གིས་བཞུགས་སོ། །བཙུན་མོ་ཁྲག་འཐུང་ཆེན་མོ་རིགས་ལྔའི་ཚོགས་རྣམས་ཀྱང་རིགས་སོ་སོའི་ཧེ་རུ་ཀའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ། །རིགས་ལྔའི་ཧེ་རུ་ཀར་སྣང་བས་དྲེགས་པ་གདན་དུ་བྱས་པ་དེ་ནས་དྲེགས་པ་ཆེན་པོ་རུ་ཏྲ་ལ་སོགས་པ་ཕོ་རྒྱུད་རྣམས་ཀྱིས་ཁྲོ་ཞིང་གཏུམ་པའི་སེམས་ཀྱིས་དགྲ་ཟླར་མཐོང་སྟེ། ལུས་གདན་དུ་གནས་ཀྱང་གདུག་པའི་རྫུ་འཕྲུལ་ཆེན་པོ་སྣ་ཚོགས་བསྟན་ནས་འཁོར་བཅས་མགྲིན་གཅིག་ཏུ་གདུག་པའི་ང་རོ ས་མི་སྙན་བརླང་པོའི་གཏུམ་ཚིག་གིས་འདི་སྐད་དུ་སྨྲས་པ། ངེད་རྣམས་གདན་དུ་བཅིངས་པ་ལས་ཐོང་ཐོང་ཁྱེད་ཅག་སྙིང་རྗེའི་བདག་པོ་མ་ཡིན་ནམ་ཅི་བདག་ཅག་ལ་དེ་ལྟར་ཐོ་འཚམས་པར་བྱེད་དམ་ཞེས་ཟེར་ཞིང་། ཤིན་ཏུ་གདུག་པའི་སེམས་ཀྱིས་ཁྲོས་ནས་ད་དུང་རྔམ་མོ། །དེ་ནས་གདུག་པ་ཅན་དེ་དག་གི་གཉེན་པར་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་རིགས་ལྔའི་ཧེ་རུ་ཀ་ཉིད་སྒྲོལ་བྱེད་རྡོ་རྗེ་སྲིན་པོ་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་དུ་གནས་པར་སྤྲུལ་ནས་གསུང་རྔམ་པའི་སྐད་ཀྱིས། ཐུགས་རྗེས་འདུལ་བའི་ཐབས་ལ་མཁས་པ་ཉིད་ཀྱིས་རུ་ཏྲའི་ངོར་ཤིན་ཏུ་ཁྲོས་པ་ལྟར་སྣང་ནས་ཧཱུཾ་ཧཱུཾ་ཧཱུཾ་ཞེས་དེ་དག་གི་སྒོ་གསུམ་བསྡུས་ཤིག་པའོ། །ཧ་ཧ་ཧ་ཞེས་དུག་གསུམ་ཞལ་དུ་གསོལ་བར་དགྱེས་པའི་བཞད་སྒྲའོ། །ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཞེས་ཤ་ཁྲག་རུས་གསུམ་ཟོ་ཞིག་པའོ། །སྔགས་དེ་སྐད་ཅེས་བརྗོད་པས་དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་པ་ཆེན་པོའི་ཚོགས་དེ་དག་གི་བདག་འཛིན་གཅོད་ཕྱིར་དོན་སྙིང་དང་། ཡུལ་འཛིན་གྱི་སྒོ་འགགས་ཕྱིར་དབང་པོ་ཀུན་ཕྱུང་མངོན་ཞེན་དགག་ཕྱིར་ནང་ཁྲོལ་ཀུན་དྲངས། ལས་ངན་གྱི་བག་ཆགས་གཅོད་ཕྱིར་ཡན་ལག་ཀུན་དུམ་བུར་བཅད་ཅིང་གཏུབས་ནས་དུག་གསུམ་དག་པའི་ཕྱིར་གཏི་མུག་ཤ་ཀུན་ཟོས་འདོད་ཆགས་ཁྲག་ཀུན་འཐུང་། ཞེ་སྡང་རུས་པ་ཀུན་འཆོས་སོ། །ཕོ་རྒྱུད་བསྒྲལ་ཏེ་བཏུལ་བ་དེ་ནས་མོ་རྒྱུད་སྦྱོར་བས་འདུལ་བའི་ཕྱིར་ཧཱུཾ་ཧཱུཾ་ཧཱུཾ་ནི་སྒོ་གསུམ་བསྡུས་ཤིག་པའི་བསྐུལ་ཚིག་བྷྱོ་ནི་མ་མོ་རྣམས་ཀྱི་སྙིང་པོ་དང་བོད་པ་ཨེ་འདིར་ཨཱ་ར་ལི་རོལ་པ་ཛཿཛཿདགུག་པའི་ས་བོན་ནོ། །དེ་སྐད་ཅེས་བརྗོད་པས་ཕྱོགས་བཅུའི་སྣོད་ཀྱི་འཇིག་རྟེན་ཁམས་ནམ་མཁའི་གཏུག་པ་དང་བཅས་པ་ཀུན་མ་ལུས་པར་ཡུངས་འབྲུ་གཅིག་ཙམ་དུ་ཆུད་པར་དབང་འབྱོར་བའི་རྫུ་འཕྲུལ་ཆེན་པོས་བསྡུས་སོ། །དེ་ནས་བཅུད་ཀྱི་སེམས་ཅན་འབྱུང་པོ་ཕལ་པའི་རིགས་མ་ལུས་པའི་རྒྱལ་པོ་ནི་ལྷ་དང་ལྷ་མིན་གྱི་བློན་པོ་ཆེན་པོ་རྣམས་ཡིན་ལ། དེའི་ཡང་རྒྱལ་པོ་དྲེགས་པ་ཆེན་པོ། སྲིན་པོ་ལ་སོགས་པ་དབང་ཕྱུག་ཆེན་པོ་ཕོ་རྒྱུད་ཉི་ཤུ་རྩ་བརྒྱད་པོ་ཡིན་པས། དེ་རྣམས་སོ་སོའི་ཆུང་མ་ནི་འབྱུང་པོ་མོ་རྒྱུད་ཕལ་པའི་རིགས་ཐམས་ཅད་ཀྱི་རྗེ་མོ་སྟེ་བློན་པོ་ཆེན་པོའི་ཆུང་མ་དེ་ཚོའི་ཡང་རྗེ་མོར་གྱུར་པ་དབང་མོ་ཉེར་བརྒྱད་དེ། ཁྱོའི་མིང་ཆུང་མར་གྲགས་པས། སྲིན་པོར་ད་ཤ་གྲི་ཝའི་ཆུང་མ་ཆེན་མོ་མིའི་སྲིན་མོ་དང་། ཚངས་པའི་ཚངས་མ་དང་། ལྷ་ཆེན་དྲག་པོའི་འཁྲུག་མོ་དང་། བརྒྱ་བྱིན་གྱི་དབང་མོ་དང་། ཁྱབ་འཇུག་གི་འཇུག་སྲེད་མོ་དང་། གདོང་དྲུག་གི་གཞོན་ནུ་མོ་དང་དྲུག་ནི་ཤར་གྱི་མ་མོའོ། །འཇུག་སྲེད་ཀྱི་དམར་མོ་དང་། ཉི་མའི་བདུད་རྩི་མོ་དང་། ཟླ་བའི་ཞི་བ་མོ་དང་། བེ་ཅོན་གྱི་བེ་ཅོན་མོ་དང་། སྲིན་པོ་ཁྲག་མིག་སྲིན་མོ་དང་། ལྷ་ཟ་བྱེད་ཀྱི་ཟ་བ་མོ་དང་དྲུག་ནི་ལྷོ་ཡི་མ་མོའོ། །དགའ་བྱེད་དབང་ཕྱུག་གི་དགའ་བ་མོ་དང་། སྟོབས་བཟང་གི་ར་རོ་ཁྲག་འཐུང་མྱོས་མ་དང་། བྷྲིཾ་གི་རི་ཏིའི་གཅིག་པུར་སྤྱོད་མ་དང་། འདོད་ལྷའི་ཡིད་ཕྲོག་མ་དང་། ནོར་སྲུང་གི་གྲུབ་མོ་དང་། རླུང་ལྷའི་རླུང་མོ་དང་དྲུག་ནི་ནུབ་ཀྱི་མ་མོའོ། །ལྷ་གསོད་བྱེད་ཀྱི་གསོད་བྱེད་མོ་དང་། མེ་ལྷའི་མེ་མོ་དང་། ས་བདག་ཕག་ཆེན་གྱི་ཕག་མོ་དང་། གཤིན་རྗེའི་རྒན་བྱེད་མོ་དང་། ཚངས་བདག་གི་སྣ་ཆེན་མོ་དང་། ཀླུའི་ཆུ་ལྷ་མོ་དང་དྲུག་ནི་བྱང་གི་མ་མོའོ། །ལྷ་ནག་པོ་ཆེན་པོའི་ནག་མོ་ཆེན་མོ་དང་། ར་གདོང་ཆེན་མོའི་ར་མགོ་དམར་སེར་ཆེན་མོ་དང་། སྲིན་པོ་བུམ་སྣའི་བུམ་སྣ་སྔོ་ནག་ཆེན་མོ་དང་། གསུས་པོ་ཆེའི་བསུས་འཛིན་སེར་ནག་ཆེན་མོ་དང་བཞི་ནི་སྒོ་མའོ། །དེ་ལ་སོགས་པ་མ་མོའི་ཚོགས་ཏེ་ཕྱིའི་ལས་བྱེད་བྲན་དང་། དེའི་ཡང་བྲན་དང་། ནང་གི་ལས་བྱེད་གཡོག་དང་། དེའི་ཡང་གཡོག་དང་བཅས་པ་འཁོར་ཞིང་གི་རྡུལ་སྙེད་ལྟར་མཐའ་ཡས་པས་ཐམས་ཅད་ཀྱང་བསྡུས་སོ། །ལོ་རྒྱུས་རྣམས་བསྡུས་པ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོས་མ་མོ་རྣམས་འདུལ་བའི་ཐབས་ཀྱིས་སླར་ཡང་རིགས་ལྔའི་འཇིགས་བྱེད་ཆེན་མོ་ལྔ་ཀ་ཡོངས་སུ་རྫོགས་པར་མ་མོ་རྣམས་ལ་སྣང་བར་བྱས་ནས། དེ་དག་ཀུན་ཀྱང་དགྱེས་པས་རོལ་པ་ལས་ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་སྔགས་འདི་ཕྱུང་ངོ་། །ༀ་ཨཱཿཧཱུྃ་རྡོ་རྗེ་གསུམ་བཛྲ་ནི་རྡོ་རྗེ་སྟེ་ཡབ་ཀྱི་གསང་བའི་རྡོ་རྗེ། པྲ་བེ་ཤ་རབ་ཏུ་ཞུགས་པ་སྟེ་གསང་བའི་པདྨར་རོ། །ཨ་ལ་ལ་ཧོཿདགྱེས་པའི་ངོ་མཚར་བའོ། །དེ་སྐད་ཅེས་བརྗོད་པས་འབྱུང་མོའི་རྒྱལ་མོ་རྣམས་རིགས་ལྔའི་ཧེ་རུ་ཀར་སྣང་ལ་ཤིན་ཏུ་ཆགས་པའི་ཡིད་གཡོས་ནས་རང་རང་གི་པདྨའི་དཀྱིལ་འཁོར་སྡུད་པ་སྟེ་འཛུམ་ཞིང་རྒྱས་པར་འགྱུར་ནས། དཔེར་ན་རྡོ་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ་དབང་མོ་རྣམས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཧེ་རུ་ཀའི་རིགས་ལྔའི་སྐུ་ལ་འཁྲིལ་ཏེ། འདི་ལྟར་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེ་ཧེ་རུ་ཀའི་སྐུ་བརྒྱུད་དུ་སྣང་བ་ལས། ཕྱོགས་ཀྱི་གཙོ་མོ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། དམར་མོ་དང་། དགའ་བ་མོ་དང་། གསོད་བྱེད་མོ་དང་། སྲིན་མོ་བཞི་སྒོ་སྐྱོང་ནག་མོ་ཆེན་པོ་དང་། དམར་སེར་ཆེན་མོ་དང་། སྔོ་ནག་ཆེན་མོ་དང་། སེར་ནག་ཆེན་མོ་དང་བཞི་བརྒྱད་པོ་རྣམས་སོ་སོར་འཁྲིལ་ཏེ། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རིགས་བཞི་པོ་ལྔ་ལྔར་སྣང་སྟེ། དེ་བཞིན་གཤེགས་པའི་སྐུ་ལ་ཚངས་མ་དང་། འཁྲུག་མོ་དང་། དབང་མོ་དང་། མཇུག་སྲེད་མོ་དང་། གཞོན་ནུ་མོ་དང་ཤར་ཕྱོགས་ཀྱི་ལྔ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེའི་སྐུ་ལ། བདུད་རྩི་མོ་དང་། ཞི་བ་མོ་དང་། བེ་ཅོན་མོ་དང་། ཟ་བ་མོ་དང་། སྲིན་མོ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་པདྨའི་སྐུ་ལ་ཁྲག་གི་མྱོས་མ་དང་། གཅིག་པུར་སྤྱོད་མ་དང་། ཡིད་འཕྲོག་མ་དང་། གྲུབ་མོ་དང་། རླུང་མོ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས་ཀྱི་སྐུ་ལ་མེ་མོ་དང་། ཕག་མོ་དང་། རྒན་བྱེད་མོ་དང་། སྣ་ཆེན་མོ་དང་། ཆུ་ལྷ་མོ་རྣམས་འཁྲིལ་ལོ། །དེ་ནས་བཅོམ་ལྡན་འདས། དགྱེས་པ་ཆེན་པོ་རིགས་ལྔའི་ཁྲོ་བོའི་དཀྱིལ་འཁོར་དེ་དག་གིས། ཧཱུཾ་ཞེས་བརྗོད་པས་དབང་མོ་རྣམས་ཀྱི་པདྨའི་དཀྱིལ་འཁོར་གྱི་ཚོགས་རིགས་ལྔའི་རྡོ་རྗེ་ལ་བསྡུས་ནས་སྐུའི་སྟོད་སྨད་ཤིན་ཏུ་བཅུམ་པས་རོལ་པར་གྱུར་ཏོ། །གཉིས་མེད་དུ་རོལ་པ་དེ་ནས་དགྱེས་ཏེ་ཧ་ཞེས་བརྗོད་པའི་བཞད་སྒྲས་སྦྱོར་མཚམས་ནས་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཞི་བའི་ལས་དག་པར་བྱེད་པ་དཀར་མོའི་ཚོགས་དང་། དབང་གི་སྡུས་པ་རྐུན་མོའི་ཚོགས་དང་། ཞི་བས་སྤང་བླང་འབྱེད་པ་མེད་པའི་དབྱིངས་སུ་སྦྱར་བ་རྨོངས་མོའི་ཚོགས་དང་། དྲག་པོས་མི་མཐུན་པ་འཇོམས་པ་ཐལ་བྱེད་མོའི་ཚོགས་དང་། རྒྱས་པའི་ཡོན་ཏན་གྱིས་གང་བ་སྤོས་མོའི་ཚོགས་དང་། དྲག་པོས་ཞེ་གཅོད་པ་གཏུམ་མོའི་ཚོགས་དང་། ལས་ཐམས་ཅད་པས་གང་ཡང་འགྲུབ་པ་སྨེ་ཤ་ཅན་གྱི་ཚོགས་དང་། རྒྱས་པ ས་འཕེལ་བའི་ལས་གྲུབ་པ་མ་ཚོགས་མའི་ཚོགས་རྣམས་ཞིང་དབྱུག་དང་ཐོད་ཁྲག་སོགས་རང་རང་གི་ལག་ཆ་དང་། ངོ་མཚར་བའི་གཟུགས་རྒྱན་དང་བཅས་པས་དབང་མོའི་མཁའ་ནས་ཕྱིར་འཐོན་ཏོ། །གནས་མ་བརྒྱད་པོ་རེ་རེ་ཡང་ཉི་ཤུ་རྩ་བརྒྱད་དུ་འཐོན་ནས་ཀྱང་རིགས་བསྡུས་ཏེ་འབར་བ་ཆེན་པོ་འཁོར་ལོའི་རྩིབས་མཆན་དང་གྲུ་ཆད་བཞིར་ཤར་ལྷོའི་ཕྱོགས་ནས་གཡས་སྐོར་གྱིས་འཁོར་བར་འཇིགས་པའི་གཟུགས་རང་རང་གི་ལག་ཆ་དང་བཅས་ནས་འཁོད་དོ། །གནས་མ་འཐོན་པ་དེ་ནས་ཤིན་ཏུ་དགྱེས་ནས་ཧེ་ཞེས་བརྗོད་པའི་བཞད་སྒྲ་དང་སེམས་སྤྲིན་ལས་རྟོགས་པ་ཟིལ་གྱིས་གནོན་པ་སེང་གདོང་ཆེན་མོའི་ཚོགས་དང་། དེ་བཞིན་དུ་དཔའ་ཞིང་བརྟུལ་ཕོད་པ་སྟག་གདོང་ཆེན་མོའི་ཚོགས་དང་། ཐབས་ལ་མཁས་པས་ཕུང་པོའི་བདུད་འཇོམས་པ་ཝ་གདོང་ཆེན་མོའི་ཚོགས་དང་། མེལ་ཚེ་མཁས་ཤིང་ལྷ་བུའི་བདུད་འཇོམས་པ་ཁྱི་གདོང་ཆེན་མོའི་ཚོགས་དང་། མིག་རྣོ་ཞིང་ཤེས་བྱ་ལ་མ་ཐོགས་པ་བཞད་གདོང་ཆེན་མོའི་ཚོགས་དང་། དབུག་བྲལ་ལ་སྤྱོད་ཅིང་འཆི་བདག་གི་བདུད་འཇོམས་པ་ཀངྐའི་གདོང་ཆེན་མོའི་ཚོགས་དང་། ཉོན་མོངས་པ་ཟད་པར་བྱེད་པ་ཁཱ་གདོང་ཆེན་མོའི་ཚོགས་དང་། གདུལ་བྱ་ཕྲ་བའང་མི་འདོར་བ་འུག་གདོང་སྟེ། དེ་ལྟར་ཕྲ་མན་ཆེན་མོ་རེ་རེའང་ཉེར་བརྒྱད་ཀྱི་ཚོགས་དང་བཅས་པ་རྣམས་ལག་གཉིས་བསྣོལ་བས་རོ་བཟུང་བ་སོགས། རང་རང་གི་ལག་ཆ་དང་ངོ་མཚར་དུ་བཅས་ནས་འཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་རིགས་བསྡུས་ཏེ་འབར་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ་གསེར་ཁྱམས་ལ་ཤར་ཕྱོགས་ནས་འཁོར་བར་ཕྱོགས་བཞིར་མཆེ་བ་ཅན་དང་། མཚམས་བཞིར་གཤོག་པ་ཅན་བཞི་རྔམས་པའི་མདངས་ཀྱི་འཁོད་དོ། །ཡུལ་མ་འཐོན་པ་དེ་ནས་ཤིན་ཏུ་དགྱེས་པས་ཕྲིན་ལས་བཞིའི་སྣང་བས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པར་ཁྱབ་ནས་ཕཊ་ཅེས་བརྗོད་པའི་བཞད་སྒྲ་དང་སེམས་སྤྲིན་ལས་བྱམས་པས་འཛིན་པ་རྡོ་རྗེ་སྲིང་འགྲོ་རྟ་གདོང་མའི་ཚོགས་དང་། སྙིང་རྗེས་འཆིང་བ་རྡོ་རྗེ་ཕག་གདོང་མའི་ཚོགས་དང་། དགའ་བས་སྡོམ་པ་རྡོ་རྗེ་འཇིག་རྟེན་འུག་གདོང་མའི་ཚོགས་དང་། བཏང་སྙོམས་ཀྱི་མྱོས་པར་བྱེད་པ་རྡོ་རྗེ་རོ་ལངས་སྤྱང་གདོང་མའི་ཚོགས་རྣམས་ལྕགས་ཀྱུ་སོགས་རང་རང་གི་ལག་ཆ་དང་ངོ་མཚར་དུ་མ་བཅས་ནས་འཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་ཉེར་བརྒྱད་སོགས་རིགས་བསྡུས་ཏེ། འབར་བ་ཆེན་པོའི་དཀྱིལ་འཁོར་གྱི་སྒོ་བཞིར་ཤིན་ཏུ་རྔམས་པའི་གཟུགས་ཀྱི་གནས་སོ། །དཀྱིལ་འཁོར་འཁོད་པའི་མཛད་པ་རྫོགས་པ་དེ་ནས་ཡབ་ཡུམ་དགྱེས་པར་རོལ་པའི་སྦྲིན་ལས་ཕྱོགས་བཅུ་ནས་ཕཊ་ཅེས་བསྒྲགས་པས་ཐམས་ཅད་རྔམས་ཤིང་ཁྲོས་ནས་མ་མོ་ཐམས་ཅད་ཀྱང་སྔོན་གང་ནས་འོངས་པའི་རང་རང་གི་གནས་ག་ལ་བ་དེར་ཡུད་ཙམ་ལ་རྫུ་འཕྲུལ་གྱི་ཕྱིན་པར་བཀྱེའོ། །སྦྱོར་སྒྲོལ་གྱི་ཕྲིན་ལས་རྨད་དུ་བྱུང་བ་བསྟན་པ་དེ་ནས་བཅོམ་ལྡན་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་རིགས་ལྔ་པོ་དེ་དག་ཀུན་བཛྲ་ཧེ་རུ་ཀ་བསྡུས་པ་ཉིད་རང་བྱུང་གི་ཐུགས་རྗེ་ཆེན་པོ་གསོ་བར་བྱེད་པས་བདུད་རྩི་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་དབང་བསྐུར་བའི་དམ་རྫས་སྔགས་དང་བཅས་པ་འདི་དག་ཕྱུང་ངོ་། །ༀ་བཛྲ་མ་ཧཱ་ཨ་མྲྀ་ཏ་མཆོག་སྟེར་རྡོ་རྗེ་བདུད་རྩི་ཆེན་པོ་མ་ཧཱ་ཀྲོ་དྷ་ཁྲོ་བོ་ཆེན་པོ་ཨཾ་ཨཾ་ཨཾ་ཞེས་བརྗོད་པས་ལན་གསུམ་དམ་རྫས་བདུད་རྩི་ལྕེར་བཞག་ཅིང་དབང་བསྐུར། སྔར་ཞལ་དུ་སྟབ་པའི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གི་ལྟོ་བ་ན་གནས་པ་དཔལ་ཆེན་པོའི་བསྣམས་ཏེ་གཤང་ལམ་ནས་བཏོན་ཏེ་མི་གཙང་བའི་འདམ་གྱི་རྒྱ་མཚོར་ཆུད་པ་ལས་སླར་ཡང་བསྣམས་ནས་ཨུ་ཙུཥྨ་ཀྲོ་དྷ་ཞེས་པ་ཁྲོ་བོ་རྨེ་བ་བརྩེགས་པ་དང་དམ་རྫས་བདུད་རྩི་ཕྱུང་ནས་གོང་གི་ༀ་བཛྲ་མ་ཧཱ་སོགས་ཀྱིས་དབང་བསྐུར། རྨེ་བ་བརྩེགས་པས་འདམ་ཀུན་འཐུངས་ཏེ་གསོལ་པས་དྲེགས་པ་ཅན་དེ་དག་དྲན་པ་སླར་རྙེས་ནས་སྣང་བ་རྣམ་པ ར་འབྱེད་པའི་ཏིང་ངེ་འཛིན་ཐོབ་པས་འབར་བ་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་བསམ་ཡས་ལྷུན་གྲུབ་ཀྱི་ཞལ་མངོན་གསུམ་དུ་མཐོང་སྟེ། ཁྲོ་བོ་དེ་དག་ཐམས་ཅད་ཀྱང་དབུ་དགུ་བརྒྱ་པ། ཕྱག་སྟོང་བརྒྱད་བརྒྱ་པ། ཞབས་བརྒྱད་བརྒྱ་པ། སྐུ་གཟི་བྱིན་མཐའ་ཡས་པས་འབར་བ་ཆེན་པོའི་དཀྱིལ་འཁོར་ན་བཞུགས་པར་མཐོང ངོ་། །ཡེ་ཤེས་ཀྱི་ཆོ་འཕྲུལ་གྱི་གདུག་པའི་རུ་ཏྲ་བཏུལ་བ་དེའི་དུས་སུ་གདུལ་བར་བྱ་བའི་ཡུལ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ་པོ་ཀུན་ཏུ་གནས་ཤིང་དབང་སྒྱུར་བའི་དྲེགས་པའི་དབང་ཕྱུག་ཆེན་པོ་ཐམས་ཅད་གང་ལ་གང་འདུལ་གྱིས་ཇི་ལྟར་འདུལ་བའི་ཐབས་ཀྱི་སྒོ་སྣ་ཚོགས་སུ་སྣང་བའི་རོལ་པ་བསམ་གྱིས་མི་ཁྱབ་པར་རང་རང་གི་ཞིང་སོ་སོར་སྣང་བས་སྔ་ཕྱི་མེད་པར་དུས་གཅིག་ཏུ་བཏུལ་ལོ། །གནས་སྤར་བ་དེ་ནས་དྲེགས་པ་ཅན་དེ་དག་སྐྲག་པས་ལུས་ཤིན་ཏུ་འདར་ཞིང་། སེམས་བྲེད་པས་རབ་ཏུ་དཔའ་ཞུམ་པའི་ང་རོས་བདག་ཅག་ཁྱེད་ཀྱི་འབངས་སུ་མཆི། ངེས་པར་འབངས་སུ་མཆི། གལ་ཏེ་འབངས་སུ་ནན་ཏན་མ་བགྱིས་ན་བདག་ཅག་རྣམས་ཀྱི་མགོ་དང་ལུས་ནི་དུམ་བུ་བརྒྱར་འགས་ཤིང་། སྙིང་ཡང་ཚལ་པར་འགས་ཤིང་དུམ་བུར་གཏུབ་པར་གྱུར་ཅིག །ལུས་ཀྱང་རུལ་ཞིང་མྱགས་ལ་དམོད་ཚིག་གིས་མེས་འཚིག་ནས་ཐལ་བར་བརླག་པ་དང་། ཚེ་ཕྱི་མར་ཡང་རྡོ་རྗེའི་དམྱལ་བར་ལྟུངས་ནས་འོ་འདོད་འབོད་པར་ཤོག །དེ་སྐད་ཅེས་འབངས་སུ་མཆི་བར་མནའ་བོར་ནས་རང་རང་གི་ལུས་ཁྲག་འཐུང་རིགས་ལྔའི་དཀྱིལ་འཁོར་གྱི་གདན་དུ་ཕུལ་ནས་བཞག་གོ །དེ་ནས་དྲེགས་པ་ཅན་ཐམས་ཅད་མགྲིན་གཅིག་ཏུ་ཡང་སྨྲས་པ། བདག་ཅག་རྣམས་ཀྱིས་མཆིས་བྲང་སྟེ་ཆུང་མ་དང་། མ་དང་བུ་མོ་དང་སྲིང་མོ་རྣམས་ཀྱང་ཁྲོ་བོའི་དཀྱིལ་འཁོར་ཆེན་པོར་འབུལ་བས་བཞེས་སུ་གསོལ། གང་གིས་ན་དྲེགས་ཅན་འཇོམས་པའི་དཔའ་བོ་ལྷ་ཆེན་པོ་དེ་རྣམས་ཀྱིས་ཡང་རྗེ་པོར་གྱུར་པ་དཔལ་ཧེ་རུ་ཀས་བཞེས་སུ་གསོལ། །ཞེས་འཁོར་ཕུལ་ནས་མཆོད་པར་དམ་བཅའ་བ་ནི། བདག་ཅག་སོ་སོ་འཁོར་དང་བཅས་པ་རྣམས་ཀྱིས། འདི་ལྟར་ཞལ་མཐོང་བའི་ཁྲོ་བོའི་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིའི་མིང་ཙམ་འཛིན་པར་བྱེད་པའི་རྣལ་འབྱོར་པ་ཡང་། རང་གི་གཙུག་གིས་ནོར་བུ་འོད་འབར་བ་བསྐུར་བ་ལྟར། སེམས་ལ་གཡོ་སྒྱུ་མེད་ཅིང་མཆོག་ཏུ་གུས་པ་དང་ལྡན་པའི་སེམས་ཀྱི་བླངས་ནས་རྣམ་པ་ཐམས་ཅད་དུ་སྦྱི་བོའི་གཙུག་ཏུ་བཞག་སྟེ་བསྐུར་བསྟི་དང་རིམ་གྲོ་ཕུན་སུམ་ཚོགས་པར་བགྱི་བས་དཀྱིལ་འཁོར་གྱི་མཚན་འཆང་བ་དེ་ཡི་དགོས་པའི་ལས་ཅི་ཡིན་ཡང་རུང་སྟེ། འདོད་པའི་རེ་བ་མ་ལུས་པ་རྫོགས་པར་བདག་ཅག་རྣམས་ཀྱིས་སྒྲུབ་བོ། །གལ་ཏེ་དཔའ་བོ་ཧེ་རུ་ཀའི་སྤྱན་སྔ་འདིར་བདག་ཅག་གིས་ཡལ་གམ་བཅས་པའི་ཐ་ཚིག་སྨྲས་པ་འདི་བཞིན་དུ་མ་བསྒྲུབས་ན། བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་རྣམས་རིམ་པར་ཚལ་པར་བཀས་ཤིང་དམོད་པའི་མཚོན་གྱིས་གཏུབས་དུམ་བུར་འཐོར་ནས་རུལ་བར་མཆིའོ་ཞེས་སྨྲས་སོ། །བྲོ་བོར་བ་དེ་ནས་དྲེགས་པ་ཅན་དེ་དག་གི་ཆུང་མའི་ཚོགས་དང་། མ་དང་། སྲིང་མོའི་ཚོགས་དང་། བུ་མོའི་ཚོགས་ཐམས་ཅད་སྔར་བཀྱེ་བའི་ལས་སླར་ཡང་དཀྱིལ་འཁོར་གྱི་དྲུང་དུ་ཡུད་ཙམ་གྱིས་འོངས་ནས་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ་བདག་ཅག་དབང་མོ་འཁོར་གྱི་ཚོགས་དང་བཅས་པ་ཐམས་ཅད་ཀུན་གཡུལ་ལས་རྣམ་པར་རྒྱལ་བའི་དཔའ་བོ་ཆེན་པོ་འབངས་སུ་མཆི་བར་བགྱི་ན་དཔའ་བོ་ཆེན་པོ་བདག་ཅག་རྣམས་ལ་ཕྲིན་ལས་རྣམ་པ་བཞི་ལས་འདི་དང་འདི་གྱིས་ཤིག་ཅེས་ལས་གང་བྱེད་ཀྱི་བཀའི་བསྒོ་བ་སྐལ་པ་དང་མཐུན་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་སྨྲས་སོ། །ཅི་བགྱི་ཞུས་པ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དེ་རྣམས་ཀྱི་ལག་ཏུ་རྡོ་རྗེ་བྱིན་ནས་རྡོ་རྗེའི་མིའི་སྲིན་མོ་སོགས་རང་རང་དང་མཐུན་པའི་མིང་གི་དབང་བསྐུར་ཏེ། དཀྱིལ་འཁོར་ཆེན་པོའི་གསེར་ཁྱམས་ཀྱི་ཕྱི་རོལ་ཏུ་ཁྲག་ཁྱམས་ལ་སོ་སོའི་ལས་བསྐོས་པའི་ཕྱོགས་ཀྱི་རིམ་པ་ཇི་ལྟ་བར་བཀོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འདིས་ཁྲོ་བོ་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་གྱི་སྤྲིན་རྣམ་པར་བཀོད་པའི་ལེའུ་སྟེ་བཅོ་ལྔ་པའོ།། ༈ །།དེ་ལྟ་བུའི་ལེའུ་འདིས། ཁྲོ་བོ་སྔོན་བྱུང་འབྲས་བུའི་དཀྱིལ་འཁོར་དང་། དངོས་པོ་བཅུ་ལས། བཀོད་པའི་དཀྱིལ་འཁོར་དེ་ཡང་ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་བསྟན། སློབ་དཔོན་བི་མ་ལས། གལ་ཏེ་ཞི་བས་མི་ཐུལ་ན། །རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་སྤྲོ། །ཞེས་པས། ལེའུ་བཅུ་བཞི་ཡན་ཆད་ཀྱི་ཞི་བའི་དཀྱིལ་འཁོར་གཙོ་བོར་བསྟན་ཅིང་། གལ་ཏེ་ཞི་བས་མི་ཐུལ་བའི་གདུག་པ་ཅན་རྣམས་ཀྱི་ངོར་། ལེའུ་བཅོ་ལྔ་པར་རྡོ་རྗེ་ཁྲོ་བོའི་བསྟན་པར་བཞེད་དོ། །ལེའུ་བཅུ་དྲུག་པ་ལ་གསུམ་སྟེ། ལོ་རྒྱུས་དང་གཞུང་དང་མཚན་ནོ། །དང་པོ་ནི། དེ་ནས་སོགས་ནས་ཕྱུང་ངོ་བར་གཉིས་པ་གཞུང་ལ་གཉིས། གསུང་གི་དཀྱིལ་འཁོར་དང་། དེའི་ཡོན་ཏན་ནོ། །དང་པོ་ལ་གཉིས། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པའི་སྔགས་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྦྱན་དྲངས་པ་སོགས་ལས་ཀྱི་རིམ་པའི་སྔགས་སོ། །དང་པོ་ལ་གསུམ་སྟེ། རིགས་ལྔ་ཡབ་ཡུམ་བཅུ་དང་། ཁྲོ་མོ་ཉི་ཤུའི་རྩ་བསྐྱེད་ལས་སྔགས་དང་བཅས་པ། དབང་མོ་རྣམས་ཀྱི་རྩ་བའི་སྔགས་སོ། །དང་པོ་ནི་ༀ་བཛྲ་མ་ཧཱ་སོགས། གཉིས་པ་ལ་གསུམ། གནས་མ་བརྒྱད་ཀྱི་། ཡུལ་མ་བརྒྱད་ཀྱི། སྒོ་སྐྱོང་བཞིའི་སྔགས་སོ། །དང་པོ་ༀ་བཛྲ་གཱ་རི་སོགས་གཉིས་པ་ནི། ༀ་བཛྲ་སིདྷ་སོགས། གསུམ་པ་ནི། ༀ་བཛྲ་ཨཱརྻ་སོགས། གསུམ་པ་དབང་མོའི་རྩ་སྔགས་བྷྱོ་དྲུག་ཚན་བཞི་བཞི་མཚན་གཅིག་གཉིས་པ་ལས་ཀྱི་རིམ་པའི་སྔགས་ལ་གསུམ་སྟེ། དབང་ཅིང་དྲང་བའི་སྔགས་མེ་ཏོག་དོར་ཞིང་དངོས་གྲུབ་བསྐུལ་བའི་ཚིགས་སྔགས། དྲིན་ལན་དུ་མཆོད་ཅིང བརྟན་པའི་སྔགས་སོ། །དང་པོ་ནི། ༀ་རུ་ལུ་སོགས། གཉིས་པ་ནི། ༀ་བཛྲ་ཀྲོ་དྷ་སོགས། གསུམ་པ་ནི། ཨ་ལི་སོགས། གཉིས་པ་ཡོན་ཏན་ནི་ཅེས་བརྗོད་པས་སོགས། གསུམ་པ་མཚན་ནི། གསང་བའི་སོགས་སོ། །དེ་ནས་གཞུང་དངོས་ནི། རང་བཞིན་གྱི་དཀྱིལ་འཁོར་བསྟན་པ་དེ་ནས་གསུང་སྔགས་ཀྱི་དཀྱིལ་འཁོར་སྟོན་པའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཁྲོ་བའི་དཀྱིལ་འཁོར་ཚོགས་ཆེན་པོ་སྔར་བསྟན་པ་འདི་དག་གསུང་སྔགས་ཀྱི་དམ་ཚིག་གིས་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཁྲོ་བོ་ཁྲག་འཐུང་ཆེན་པོ་རིགས་ལྔ་རང་རང་གི་བཙུན་མོ་དང་བཅས་པའི་ཚོགས་དེ་དག་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེའི་བདག་ཉིད་རང་བྱུང་གི་ཡེ་ཤེས་རང་ཤར་བའི་སྔགས་ཀྱི་ང་རོ་རྔམ་པ་ལས་ལྷག་ཏིང་གསུང་གི་དཀྱིལ་འཁོར་གསང་སྔགས་འདི་དག་ཕྱུང་ངོ་། །སྐབས་འདིར་ཁྲོ་བོའི་ཕྲིན་ལས་སྒོམ་རིམ་གྱི་སྡེབས་སོགས་བཤད་དུ་ཡོད་ཀྱང་འགྲེལ་པ་ལས་ཤེས་པར་བྱའོ། །དེ་ལ་སྔགས་ཀྱི་མགོ་འདྲེན་ༀ་རྣམས་ནི་ཡེ་ཤེས་ལྔའམ་རྡོ་རྗེ་གསུམ་གྱི་བདག་ཉིད་རབ་སྔགས་ཀྱི་ས་བོན་ནོ། །བཛྲ་རྡོ་རྗེ་རིགས་ཀྱི་མཚན་མ་ཧཱ་ཆེན་པོ་ཤྲཱི་དཔལ་ཧེ་ནི་ཧེ་ལ་སྟེ་སྤྱོད་ཅིང་བརྩོན་པ་རུ་ནི་རུ་དྷི་ར་སྟེ་ཁྲག་ཀ་ནི་བདག་པོའི་སྒྲ་སྟེ་ཁྲག་ལ་རོལ་པའི་དོན་གྱིས་ཁྲག་འཐུང་ངོ་འབྲུ་དྲུག་པོ་འདི་སྤྱིའི་མཚན་སྔགས་སོ། །མ་ཧཱ་ཙཎྜ་གཏུམ་པོ་ཆེན་པོ་སརྦ་དུཥྚཾ་ནི་གདུག་པ་ཅན་ཐམས་ཅད་ཨནྟ་ཀ་ནི་མཐར་བྱེད་པ་ཧ་ན་བསྣུན་པ་ད་ཧ་སྲེག་པ་པ་ཙ་ཆོད་པ་ཧཱུཾ་ཧཱུཾ་ཧཱུཾ་ནི་དང་པོ་རྩ་བའི་ས་བོན་གཉིས་པ་ཐུགས་བསྐུལ་བའི་ས་བོན་གསུམ་པ་ནི། སྡིག་པར་མཛད་དོ། །ཕཊ་ཅེས་བཀས་པར་གྱིས་ཞེས་ཏེ། འདི་རྣམས་ལས་ལས་བསྐུལ་བའི་སྔགས་སོ། །འོག་མ་རྣམས་ལའང་དེ་ལྟར་ཤེས་པར་བྱའོ། །ༀ་སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་རཏྣ་རིན་པོ་ཆེ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙནྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་པདྨ་སྐད་སོར་བཞག་མ་ཧཱ་ཤྲཱི་ཧེ་རུ་ཀ༴ ༀ་ཀརྨ་ལས་མ་ཧཱ་ཤྲཱི་ཧེ་རུ་ཀ་༴ ཡུམ་ལྔའི་སྔགས་ནི། ༀ་བཛྲ་སྔར་བཞིན་དྷ་ར་འཆང་བ་མ་ཧཱ་ཀྲོ་དྷི་ཤྭ་རཱི། ཁྲོ་མོ་དབང་ཕྱུག་མ་ཆེན་མོ། ཛྭ་ལི་ནཱི་འབར་བ་མ་ཧཱུཾ་རྩ་བའི་ས་བོན་ཕཊ་སྔར་བཞིན་ནོ། །དེ་བཞིན་དུ་ༀ་སརྦ་ཏ་ཐཱ་ག་དང་མ་ཧཱ་ཀྲོ་དྷི་ཤྭ་རི་སྔར་བཞིན་སརྦ་དུཥྚ་ན་གདུག་པ་ཅན་ཐམས་ཅད་ཧཱུཾ་ཕཊ། ༀ་མ་ཧཱ་སཱུརྻ་ཉི་མ་ཆེན་མོ། རཏྣ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་སྔར་བཞིན་བི་ད་མ་རིག་མ་ཧཱུཾ་ཕཊ་ༀ་ཧྲཱི་ཤཱུཏྟ་ས་མན་ཏ་ཀུན་ཏུ་རྒོད་པ་པདྨ་མ་ཧཱ་ཀྲོ་དྷིི་ཤྭ་རི་སྔར་བཞིན་ཁཱ་ཧི་ཟོ་ཞིག་ཧཱུཾ་ཕཊ་ༀ་སརྦ་ཨ་མོ་གྷ་ཐམས་ཅད་དོན་ཡོད་པ་མ་ཧཱ་ཀྲོ་དྷེ་ཤྭ་རིའི་བི་ཤྭ་སྣ་ཚོགས་ཧཱུཾ་ཕཊ། དེ་ནས་ༀ་ནི་རབ་བསྔགས་བཛྲ་ནི་རྡོ་རྗེ་སྟེ་དབང་རྟགས་མཚོན་པའོ། །ག་རཱི་དཀར་མོ་འམ་མཛོད་ལྡན་མ་ཧ་ནི་རྩ་བའི་ས་བོན་ༀ་བཛྲ་ཙོ་རཱི་ཆོམ་རྐུན་མའམ་རྐུན་མོ་ཧ། ༀ་བཛྲ་པྲ་མོ་ཧེ་ཧ། རང་རྨོངས་མའམ་རྨོང་མོ་ཧ། ༀ་བཛྲ་པེ་ཏི་ལཱི། རོ་ལངས་མའམ་ཐལ་བྱེད་མ་ཧཱ། ༀ་བཛྲ་ཙནྜ་ལཱི་གཏུམ་མོ་ཧ། ༀ་བཛྲ་པུཀྐ་སཱི་སྤོས་མོ་ཧ། ༀ་བཛྲ་གྷ་སྨ་རཱི་སྨེ་ཤ་ཅན་ནམ་དྲོད་མོ་ཧ། ༀ་བཛྲ་སྨེ་ཤ་ནཱི་དུར་ཁྲོད་མའམ་མ་ཚོགས་མ་ཧ་རྣམས་གོང་བཞིན་ནོ། །ༀ་དང་བཛྲ་འདྲ་སིདྷ་མུ་ཁཱི་སེང་གདོང་མ་ཧེ་རྣམས་རྩ་བའི་ས་བོན་ༀ་བཛྲ་བྱཱ་གྷྲི་མུ་ཁཱི་སྟ་གདོང་མ་ཧེ། ༀ་བཛྲ་སྲིང་གཱ་ལ་མུ་ཁཱི། ཝ་གདོང་མ་ཧེ། ༀ་བཛྲ་ཤྭ་ན་མུ་ཁཱི་ཁྱི་གདོང་མའམ་སྤྱང་གདོང་མ་ཧེ། ༀ་བཛྲ་གྲི་ཌྷ་མུ་ཁཱི་ཧེ། བྱ་རྒོད་གདོང་མའམ་བཞད་གདོང་མ་ཧེ། ༀ་བཛྲ་ཀངྐ་མུ་ཁཱི་ཀངྐའི་གདོང་མའམ་དུར་བྱའི་གདོང་མ་ཧེ། ༀ་བཛྲ་ཀཱ་ཀ་མུ་ཁཱི་ཧེ་གདོང་མའམ་བྱ་རོག་གདོང་མ་ཧེ། ༀ་བཛྲ་ཨུ་ལུ་ཀ་མུ་ཁཱི་འུག་གདོང་མ་ཧེ་རྣམས་འདྲ་དེ་ནས་ༀ་དང་བཛྲ་འདྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿ འཕགས་མ་སྲིང་འགྲོ་མའི་རིགས་འགྲོ་མ་ཛཿས་བོན་ནོ། །ༀ་བཛྲ་ཨ་མུ་ཁཱི་གདོང་མོ་འམ་དོན་ཡོད་མ་ཧཱུཾ་ༀ་བཛྲ་ལོ་ཀ་འཇིག་རྟེན་ལ་བཾ། ༀ་བཛྲ་བྷི་སྨ་པ་ལ་ཡ་བ་ཏུ་ཐལ་བར་བྱེད་པ་ཧོཿ དེ་ནས་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། ཞེས་པའི་བྷྱོ་ཡིག་ཉེར་བརྒྱད་ནི་མ་མོའི་ཚོགས་ཀྱི་དོན་དང་། སྙིང་པོའང་ཡིན་ལ། འཇིག་བྱེད་མ་ཞེས་བོད་པ་དང་བསྐུལ་བའང་ཡིན་ནོ། །ༀ་རབ་སྔགས་རུ་རུ་ཛོའི་སྒྲ་ལས་འཇིགས་པར་གྱིས་ལུ་ནི་ལུ་ཉའི་སྒྲས་གཅོད་པ་རུ་ལུ་གོང་བཞིན་ཧཱུཾ་ནི་བསྡིག་པ་སྟེ་དེ་རྣམས་སྙན་གསན་དབབ་པའི་སྔགས་སོ། །ཨེ་ཧྱེ་ཧི་ཚུར་སྤྱོན་ཚུར་སྤྱོན་ཨཱ་ན་ཡ་དགུག་པའོ། །ཛཿཧཱུཾ་བཾ་ཧོཿ ཚད་མེད་བཞི་འགྲོ་དོན་ལ་བསྐུལ་བ་སྟེ་དེ་རྣམས་སྤྱན་དྲངས་པའི་སྔགས་སོ། །རཾ་ནི་དམ་ཡེ་གཉིས་མེད་མེའི་འདབ་འབྱོར་ཙམ་དུ་བཞུགས་པའོ། །ཡང་ༀ་ནི་གླུའི་འགོ་འདྲེན་གདུལ་བྱ་ཁྲོ་ལ་གདུལ་བྱེད་ཁྲོ་བར་སྣང་བས་རྒྱུད་ཞི་བར་མཛད་པ། ཐུགས་རྗེ་ངང་གིས་ཁྲོ་བར་བསྟན་པས་འགྲོ་བའི་དཔལ་མགོན་འཇིག་བྱེད་ཆེན་པོ་རྔམས་པའི་ཚོགས་ཁྲག་འཐུང་འབར་བའི་དཀྱིལ་འཁོར་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་བྱིན་རླབས་གཞན་ལས་ཆེས་ཆེ་བའི་རྨད་པོ་ཆེ། དེ་ཉིད་དུས་ད་ལྟ་ཉིད་དུ་འདིར་ནི་བདག་ལ་རྩོལ། བར་མཛོད་ཅིག་པ་སྟེ་དངོས་གྲུབ་བསྐུལ་བའོ། །ༀ་རབ་སྔགས་བཛྲ་ཀྲོ་དྷ་རྡོ་རྗེ་ཁྲོ་བོ་ས་མ་ཡ༔ དམ་ཚིག་ཧཱུཾ་བསྡུས་ཤིག་པ་སྟེ་མེ་ཏོག་དོར་བའོ། །ༀ་བཛྲ་ཀྲོདྷ་སྔར་ལྟར་ས་མ་ཡ་དམ་ཚིག་འདུས་ལ་སྟྭཾ་ཁྱེད་ཅེས་བོད་པའམ་བབ་སྔགས་སོ། །ༀ་བཛྲ་ས་མ་ཡ་སྔར་འདྲ་ཕཊ་སྤྲོས་ཤིག་ༀ་བཛྲ་ས་མ་ཡ་ཧོཿ མཉེས་པར་མཛོད་ཅེས་པའོ། །ཨ་ལི་སོགས་འདི་རྣམས་ཨ་བ་བྷྲཾ་ཤའི་སྐད་ཡིན་ཅེས་གསུངས་སོ། །དེ་ལ་ཨ་ལི་ནི་ཆང་སྟེ་བཏུང་བ་ཨུ་ལི་ཤ་སྟེ་བཟའ་བ་ཏཱ་ལི་ཏ་པཱ་ལི། འབྲུ་འབྲས་སོགས་དམ་ཚིག་གི་རྫས་སྣ་ཚོགས་དཾཥྚཱ་ཞལ་ཆེ་བ་བསྒྲད་པ། གོ་ནཱ་རྡོ་རྗེ་ར་དྲི་ཁྲོ་བའམ་དྲག་པོ་ཁ་རཾ་སྟོབ་པ་སྟེ། རྡོ་རྗེ་ཁྲོ་བོ་མཆེ་བ་བགྲད་པའི་ཞལ་དུ་སྟོབ་བོ། །ཞེས་པའོ། །ཡོ་གི་ནཱི་རྣལ་འབྱོར་མ་ཁཱ་ཧི་གསོལ་ཅིག་ཧོཿ མཆོད་པ་སྟོབས་པ་སྟེ། འཁོར་གྱི་རྣལ་འབྱོར་ལ་སྟོབས་པའོ། །ཧཱུཾ་ཧ་ཧེ་ཕཊ་ནི་དམ་ཡེ་གཉིས་མེད་དུ་གྱུར་ནས་གསལ་ཞིང་བརྟན་པར་བྱས་པའོ། །དེ་སྐད་ཅེས་གསུང་སྔགས་བརྗོད་པའི་མཐུན་བྱིན་གྱིས་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་འགྲོ་བ་ཐམས་ཅད་ལུས་སྣང་བའི་རྟོག་ཚོགས་ཐམས་ཅད་རབ་ཏུ་འཚིག །ངག་གྲགས་པའི་རྟོག་ཚོགས་ཐམས་ཅད་རབ་ཏུ་འཚིག །སེམས་སྒྲིབ་པའི་རྟོག་ཚོགས་ཐམས་ཅད་ཀུན་ཏུ་འཚིག་གོ །དེས་སྣང་བ་ལྷའི་དཀྱིལ་འཁོར་དུ་འབར་གྲགས་པ་སྔགས་ཀྱི་དཀྱིལ་འཁོར་དུ་རབ་ཏུ་འབར་དྲན་རིག་ཐུགས་ཀྱི་དཀྱིལ་འཁོར་དུ་ཀུན་ཏུ་འབར་རོ། །དེའི་ཚེ་ནམ་མཁས་གར་ཁྱབ་ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་གྱི་ཚོགས་ཀྱི་སྐུས་གང་གསུང་གིས་ཁྱབ་པར་རབ་ཏུ་གང་ཐུགས་ཡེ་ཤེས་ཀྱིས་ཀུན་ཏུ་ཁྱབ་ཅིང་གང་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འདིས་ཁྲོ་བོའི་ཚོགས་ཆེན་པོའི་ལྷག་ཏིང་གསུང་གི་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་བཅུ་དྲུག་པའོ།། ༈ །།ཞེས་གསུངས་པས་འདི་ཁྲོ་བོ་རྗེས་འཇུག་ཉམས་ལེན་གྱི་ལེའུ་དང་། དངོས་པོ་བཅུ་ལས། དོན་དུ་གཉེར་བ་སྒྲུབ་པའི་སྐབས་ཁྲོ་བོའི་སྐྱེད་སྔགས་དང་། འཆིང་ཟློས་གཉིས་ལས་ཁྲོ་བོའི་སྔགས་བསྟན་ཏོ། །བི་མ་ལས། ཁྲོས་པའི་དུས་ཀྱི་སྐུར་བཏོན་ནས། །ཞེས་གསུངས་ཏེ། ལེའུ་བཅོ་ལྔ་པར་སྔོན་བྱུང་སྟོན་པའི་རྣམ་འཕྲུལ་ཁྲོ་བོ་རང་སྣང་གི་དཀྱིལ་འཁོར་གླེང་གཞིའི་ཚུལ་དུ་བཤད་ནས། ཁྲོས་པའི་ཚུལ་དེ་ཉིད་རྗེས་འཇུག་ཉམས་ལེན་གྱི་དུས་ཀྱི་ཚེ་སྐུར་བཏོན་པ་སྟེ་བསྐྱེད་བཟླས་ཀྱི་སྔགས་གསལ་བར་བསྟན་ཏོ། །ལེའུ་བཅུ་བདུན་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང པོ་ནི། དེ་ནས་སོགས་གཉིས་པ་གཞུང་ལ་གཉིས། སྐུའི་དཀྱིལ་འཁོར་དང་། དེའི་ཡོན་ཏན་ནོ། །དང་པོ་ལ་གཉིས། རྟེན་གཞལ་ཡས་ཁང་དང་། བརྟན་པ་ལྷའོ། །དང་པོ་ལ་གཉིས་ཏེ། ངོ་བོ་རྒྱན་དང་བཅས་པ། གདན་བསྟན་པའོ། །དང་པོ་ནི། འབར་བའི་འཁོར་ལོ་སོགས་རྐང་པ་དྲུག །གཉིས་པ་ནི་ཁྱུ་མཆོག་སོགས་རྐང་པ་གསུམ། གཉིས་པ་བརྟེན་པ་ལྷ་ལ་གཉིས་ཏེ། གཙོ་བོ་རིགས་ལྔའི་ཚུལ་བཞུགས་དང་། འཁོར་གྱི་བཀོད་པའོ། །དང་པོ་ལ་ལྔ། སྐུ་མདོག །ཞལ་ཕྱག །རྒྱན་དང་། ཕྱག་མཚན། འཁྲིལ་ཚུལ་ལོ། །དང་པོ་ནི། སྨུག་ནག་སོགས་རྐང་པ་གཉིས། གཉིས་པ་ནི། དབུ་གསུམ་སོགས་རྐང་པ་གཅིག །གསུམ་པ་ནི། ཀོ་རློན་སོགས་རྐང་པ་གསུམ། བཞི་པ་ནི། སྟེང་གི་སོགས། ལྔ་པ་ནི། བཙུན་མོ་སོགས་རྐང་པ་གཅིག །གཉིས་པ་འཁོར་གྱི་བཀོད་པ་ནི། གནས་དང་སོགས་རྐང་པ་དྲུག །གཉིས་པ་ཡོན་ཏན་ནི། ཞེས་བརྗོད་པས་སོགས། གསུམ་པ་མཚན་ནི། གསང་བའི་སོགས་སོ། །དེ་ལྟའི་གཞུང་དངོས་ནི། གསུང་གི་དཀྱིལ་འཁོར་བསྟན་པ་དེ་ནས་ལྷག་པ་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་སྟོན་པའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཁྲོ་བོའི་སྤྲིན་གསང་སྔགས་དང་བཅས་པ་དེ་དག་གིས་བསྐྱེད་པའི་དཀྱིལ་འཁོར་གྱི་རྣམ་པ་གསལ་བར་བསྟན་པའི་ཕྱིར་ཆེད་དུ་བརྗོད་པ་འདི་བརྗོད་དོ། །འོག་གཞི་ཚད་མེད་པའི་འཁོར་ལོའི་ལྟེ་བ་ལ་རྫོགས་པའི་ཡེ་ཤེས་རིན་པོ་ཆེའི་རང་བཞིན་བྷཉྫ་འབར་བའི་གཞལ་ཡས་ཁང་གི་དབུས་སུ་ཡེ་ཤེས་ལྔའི་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ། དེའི་ཕྱིར་བདེན་བཞིའི་གྲུ་ཆད་བཞིས་ནི་རྣམ་པར་བརྒྱན་ཅིང་། ཆེ་བས་ཡོན་ཏན་རྒྱས་པས་དབྱིབས་གྲུ་བཞི་རྣམ་ཐར་བཞིའི་སྒོ་བཞི་སྒོ་ཁྱུད་བཞི་དང་ལྡན་པ་བདེན་གཉིས་མཚོན་པའི་འབར་བར་ཁྱམས་ནང་མ་གསེར་ཁྱམས་དང་། ཕྱི་མ་ཁྲག་ཁྱམས་གཉིས་ཀྱིས་མཛེས་ཤིང་། ཐོད་པའི་རྩིག་པ་ལ་སྦྲུལ་སྦྲམ་དང་ཐོད་ཕྲེང་གི་དྲ་བ་སོགས་རྒྱན་སྣ་ཚོགས་ཀྱིས་བཀྲ་བ། སྟེང་ཞིང་ལྤགས་ཀྱི་ཐོག་ཕུབ་ཉི་མ་དང་ཟླ་བའི་མཐོང་དཀར་དང་བཅས་པའི་དབུས་ལྷ་ཆེན་གྱི་མགོ་དང་ཙིཏྟའི་ཏོག་གིས་བརྗིད་པ་ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་ཞིང་འབར་བའི་མེ་ཕུང་མེའི་ཚྭ་ཚྭ་འཕྲོ་བའི་ཀློང་ནས་ཁྲོ་ཆུང་མང་པོ་འཕྲོ་ཞིང་འཁྲུག་པས་མཛེས་པའོ། །གདན་དབུས་ཀྱི་ལྟེ་བ་དང་རྩིབ་བཞིར་པདྨ་དང་ཟླ་ཉིའི་སྟེང་གཏི་མུག་སོགས་དུག་ལྔ་དག་པའི་རྟགས་སུ་ཤར་རྩིབས་ལ་ཁྱུ་མཆོག་ལྷོར་མ་ཧེ་ནུབ་ཏུ་གཟིག་དང་བྱང་དུ་སྟག་དབུས་སུ་གཏུམ་པོ་དོམ་རྣམས་ཟུང་གི་སྤར་བས་ནི་དྲེག་པ་ཟིལ་གནོན་གྱི་གདན་དབུས་སུ་དབང་ཕྱུག་དང་ལྷ་ཆེན་པོ་དྲག་པོ་ལ་སོགས་པས་ཤར་དུ་དྲི་ཟ་སོགས་ཕོ་མོ་ལ་སྦུབ་དང་གན་རྐྱལ་དུ་བཟུང་བའོ། །འཁོར་གནས་ཡུལ་སྒོ་སྐྱོང་རྣམས་ཉི་མ་དང་ཞིང་དབང་མོ་རྣམས་ལ་ཞིང་སྐམ་གྱི་གདན་ནོ། སྐུ་མདོག །བུདྡྷ་ཧེ་རུ་ཀ །སྨུག་ནག །བཛྲ་སྔོ་ནག །རཏྣ་སེར་ནག་པདྨ་དམར་ནག །ཀརྨ་ཧེ་རུ་ལྗང་ནག་སྟེ། གདུག་པ་ཅན་གྱི་ངོར་ཤིན་ཏུ་འཇིགས་པའི་སྐུ། ཆེ་ཞིང་ཡན་ལག་རགས་པའོ། །ཐམས་ཅད་ཀྱང་རྣམ་ཐར་གསུམ་མཚོན་པའི་དབུ་གསུམ་ཡེ་ཤེས་དྲུག་གི་ཕྱག་རྒྱ་དྲུག་རྫུ་འཕྲུལ་གྱི་ཞབས་བཞི། གཡས་རྐྱང་བའི་འདོར་སྟབས་སུ་བསྒྲད་པའོ། །གླང་ཆེན་གྱི་ཀོ་རློན་གྱི་གོས་ནི་སྣ་ཚོགས་གྱོན་པ་སོགས་བགོ་བའི་གོས་གསུམ་རྒྱལ་རིགས་དཀར་པོས་སྐྲ་འཆིངས་སོགས་སྦྲུལ་གྱི་རྒྱན་དང་། ཐོད་ཕྲེང་ནི་སྐམ་པོ་ལྔ་ཡི་དབུ་རྒྱན་སོགས་གདོགས་པའི་རྒྱན་གཉིས། དཔྲལ་བར་ཐལ་ཆེན་ཚོམ་བུ་སོགས་བྱུག་པའི་རྩེ་གསུམ་སྟེ་དུར་ཁྲོད་ཆས་བརྒྱད་སྙན་གོང་གཡས་གཡོན་ཉི་ཟླའི་འོད་ཟེར་སྤྲོ་བ་གསལ་བའི་ཆས་གཉིས་པོ་གསུང་རྔམས་པའི་སྒྲ་ཆེན་དྲག་པོ་ཤིན་ཏུ་འཇིགས་པར་སྒྲོགས་པའོ། །སྟོང་གསུམ་གྱི་འཇིག་རྟེན་འཁོར་ཡུག་དང་བཅས་པ་ནི་བཛྲ་ཧེ་རུ་ཀའི་ཕྱག་གཡོན་ཐ་མས་བསྣམས་པ་ཡིན་ལ་རྡོ་རྗེ་རྩེ་དགུ་དེའི་གཡས་དང་པོ་དང་། རྩེ་ལྔ་དང་དུང་ཆེན་གང་བ་ནི་ཐམས་ཅད་ཀྱི་ཕྱག་བར་པ་གཉིས་དང་རལ་གྲི་ནི་ཀརྨ་ཧེ་རུའི་གཡས་དང་པོས་དགྲ་སྟྭ་ནི་རཏྣའི་གཡོན་ཐ་མ། ཐོང་གཤོལ་ནི་ཀརྨའི་གཡོན་ཐ་མའོ། །དེ་ལ་སོགས་པ་རང་རང་གི་ལག་ཆ་སྣ་ཚོགས་འཛིན་པ་སྟེ། རང་རང་གི་རིགས་ཀྱི་བཙུན་མོ་འཇིགས་པའི་ཚོགས་ལྔ་ཀ་སྐུ་མདོག་ཡབ་དང་མཐུན་པ་དང་། གཉིས་སུ་མེད་པར་འཁྲིལ་ལོ། །རྣམ་ཤེས་བརྒྱད་གནས་དང་། དེའི་ཡུལ་བརྒྱན་བཅས་དག་པས་ག་རཱི་བརྒྱད་དང་། སེང་ཧ་བརྒྱད་དེ་དག་གི་ཕྱག་རྒྱ་ནི་ག་རཱི་བྷན་དམར་ཞིང་དབྱུག་སྔོ་སོགས་དང་། སེངྷ་ཁ་རོ་བསྣོལ་སེར་སེང་སོགས་དང་། སྒོ་མ་བཞིའི་ཕྱག་རྒྱ་ནི་རྟ་གདོང་སྔོན་མོ་ལྕགས་ཀྱུའི་འཛིན་སོགས། དེ་ལྟར་ཁྲོ་མོ་ཉི་ཤུའི་འཁོར་གྱི་བཀོད་པས་རབ་ཏུ་མཛེས་ཤིང་། གཞན་ཡང་སླས་དང་བྱི་མོ་བྲན་མོའི་ཟླས་ཕྱེ་བའི་དབང་ཕྱུག་མའི་ཚོགས་གྲངས་བཅུ་ཚན་གཉིས་དང་ནི་བརྒྱད་དེ་ཉི་ཤུ་རྩ་བརྒྱད་ཀྱིས་མཛེས་པར་བསྐོར་བ་དེ་དག་ཀྱང་རང་རང་གི་སྟན་ཞིང་སྐམ་རེ་དང་སྐུ་མདོག་དང་། ལག་ཆ་ནི་སྲིན་མོ་སྨུག་ནག་ཐོད་རློན་འཆང་སོགས་དང་། ལས་སྐལ་ཅི་བགྱི་ཞེས་ཞུ་ཞིང་རྫུ་འཕྲུལ་ནི་ཐོགས་མེད་དུ་ཆས་ཏེ་སོ་སོའི་ལས་དང་མཐུན་པར་ཕྱོགས་སུ་གནས་སོ། །དེ་སྐད་ཅེས་བརྗོད་པའི་མཐུས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་འབར་བ་ཆེན་པོ་ཁྲོ་བོའི་དཀྱིལ་འཁོར་གྱིས་ཀུན་ཏུ་ཁྱབ་ཅིང་གསལ་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། འདི་ཁྲོ་བོའི་ལྷག་ཏིང་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།ཞེས་པ་འདིས་ཁྲོ་བོ་རྗེས་འཇུག་ཉམས་ལེན་གྱི་ལེའུ་དང་། རྒྱུད་ཀྱི་དངོས་པོ་བཅུ་ལས། བཀོད་པ་དཀྱིལ་འཁོར་སྐབས། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྒྲུབ་པ་ལས་བསྐྱེད་བྱ་ཁྲོ་བོའི་དཀྱིལ་འཁོར་བསྟན་བི་མ་ལས། དཀྱིལ་འཁོར་ཉིད་དུ་དགོད་པར་བྱ། །ཞེས་པས་ལེའུ་གོང་མར་ཁྲོ་བོའི་དཀྱིལ་འཁོར་སྐུ་ལས་བཏོན་པ་དེ་ཉིད་ལེའུ་འདིར་དཀྱིལ་འཁོར་སོ་སོའི་གོ་སར་དགོད་པར་བྱ་བ་བསྟན་ནོ། །ལེའུ་བཅོ་བརྒྱད་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས། གཉིས་པ་གཞུང་ལ་གསུམ་སྟེ། མཆོད་པ་དངོས་དང་། མཆོད་པའི་འབྲས་བུ་དང་། དེ་གསུང་བའི་ཡོན་ཏན་ནོ། །དང་པོ་ལ་བཞི། ཞེ་སྡང་སྒྲོལ་བའི། འདོད་ཆགས་སྦྱོར་བའི། གཏི་མུག་དམ་རྫས་ཀྱི། འདོད་ཡོན་རྒྱན་གྱི་མཆོད་པའོ། །དང་པོ་ནི། དེ་ལ་སོགས་རྐང་པ་ལྔ། གཉིས་པ་ནི། འཁྲིལ་བ་སོགས་རྐང་པ་གཉིས། གསུམ་པ་ནི། མཉམ་པ་སོགས་རྐང་པ་གཉིས། བཞི་པ་ནི། བཟའ་དང་སོགས་རྐང་པ་གསུམ། གཉིས་པ་མཆོད་པའི་འབྲས་བུ་ལ་གཉིས། ཐུན་མོང་དང་། མཆོག་གིའོ། །དང་པོ་ནི། ཕྱོགས་བཅུ་སོགས་ཚིགས་བཅད་གཅིག །གཉིས་པ་ནི། རྣལ་འབྱོར་སོགས་ཚིགས་བཅད་གཅིག །གསུམ་པ་ཡོན་ཏན་ནི། ཞེས་བརྗོད་པས་སོགས། གསུམ་པ་ལ་མཚན་ནི། གསང་བའི་སོགས་སོ། །དེ་ལྟའི་གཞུང་དངོས་ནི། །ཁྲོ་བོའི་དཀྱིལ་འཁོར་བསྟན་པ། དེ་ནས་ཁྱད་པར་གྱི་མཆོད་པ་སྟོན་པའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དཀྱིལ་འཁོར་གྱི་ལྷ་ཚོགས་མཉེས་པའི་མཆོད་པ་ཆེན་པོ་འདི་ཆེད་དུ་བརྗོད་དོ། །ལྷག་ཏིང་གི་དཀྱིལ་འཁོར་བརྟེན་ནས་ཚོགས་བསགས་པ་དེ་ལ་བདེ་གཤེགས་རྣམས་མཆོད་པ་དང་མཁའ་འགྲོ་རྣམས་ལ་སྦྱིན་པ་གཉིས་ལས་མཆོག་དམ་པ་ནི་འདི་ཡིན་ཏེ། ཐོག་མར་རྣལ་འབྱོར་པ་བདག་ཉིད་ལྟ་བ་རྟོགས་ཤིང་ཏིང་ངེ་འཛིན་གོམས་པས་ཞེན་རྟོགས་ཆོས་དབྱིངས་སུ་བསྒྲལ་ཏེ་རྟོགས་པས་བདག་བསྒྲལ་བའོ། །དེ་ནས་ཐུགས་རྗེས་གཞན་སྒྲོལ་བ་ནི་བསྒྲལ་བྱ་སྒྲོལ་བྱེད་གཉིས་མེད་དུ་རྟོགས་པའི་བློ་ཡིས་ཟིན་པ་ནི་ཤེས་རབ་སྟེ། དེའི་ངང་ལས་རྒྱུ་འབྲས་ཀྱི་དོན་ལ་རྨོངས་པའི་བློ་ངན་ཞིང་བཅུའི་ས་བོན་སྲིད་པའི་འཇིག་རྟེན་འོག་མར་བརྒྱུད་པ་འདི་དག་སྙིང་རེ་རྗེ་ཞེས་ཐབས་སྙིང་རྗེ་ཆེན་པོའི་སྒོ་ནས་བསྒྲལ་བྱའི་རྣམ་ཤེས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་དབྱིངས་སུ་དེར་བསྒྲལ་བར་བྱའོ། །ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ་བས་བདེ་བའི་མཆོད་རྫས་ཆེན་པོ་ཉི་ཟླ་བྱང་ཆུབ་ཀྱི་སེམས་མཉམ་པར་སྦྱོར་བས་རྣལ་འབྱོར་བདག་ཉིད་བདེ་བའི་རོལ་མོས་མཉེས་པར་བྱས་ནས་སེམས་སྤྲིན་སྤྲོས་པས་བདེ་གཤེགས་མཉེས་པར་བྱའོ། །འཁོར་འདས་ཆོས་རྣམས་མཉམ་ཉིད་དུ་རྟོགས་པའི་དངོས་གྲུབ་སྒྲུབ་པའི་རྫས་ཆེན་པོ་བདུད་རྩི་ལྔ་པོ་འདི་དག །བདག་དམ་ཚིག་གི་འཁོར་ལོ་དང་། ཡེ་ཤེས་ལྷའི་དཀྱིལ་འཁོར་གཉིས་མེད་དུ་མཉམ་པའི་ཚོགས་ལ་འབུལ་ལོ། །ཤ་ཟན་སོགས་བཟའ་བ་དང་། ཤིང་ཐོག་སོགས་བཅའ་བ་དང་། ཇ་ཆང་སོགས་བཏུང་བ་དང་སྲབ་འཇམ་སོགས་བགོ་བ་དང་། གཞན་ཡང་ལྷ་མིའི་ལོངས་སྤྱོད་འདོད་ཡོན་ལྔ་ལྡན་ཐམས་ཅད་ལྷ་དང་ལྷ་མོར་རྣམ་པར་དག་པས་འབུལ་ཚུལ་ནི། མཆོད་ཡུལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷ་ནི་མཆོད་རྫས་འདོད་ཡོན་ལྷ་མོའི་དཀྱིལ་འཁོར་གཉིས་མེད་བདེ་བ་ཆེན་པོ་རོ་གཅིག་ཏུ་ཐིམ་པའི་ཚུལ་གྱིས་འབུལ་ལོ། །ཕྱོགས་བཅུ་དང་དུས་བཞིར་འགྲོ་བའི་དོན་ལ་གཤེགས་པ་ཡི། བདེ་བར་གཤེགས་པ་རྣམས་ཀྱི་ཆེ་བའི་ཡོན་ཏན་རྨད་པོ་ཆེ་རྣམས་ཀྱང་རང་རིག་རྟོགས་པ་ལས་གཞན་ནས་བཙལ་དུ་ཡོད་པའམ་ཚུར་འོངས་བ་མ་ཡིན་ན། གཞན་འཇིག་རྟེན་པའི་དངོས་གྲུབ་ལྷ་སྲིན་ལ་སོགས་པའི་མཐུ་ལས་བྱུང་བའི་ཡོན་ཏན་འགྲུབ་པ་ནི་ལྟ་སྨོས་ཀྱང་ཅི་དགོས་སོ། །རྣལ་འབྱོར་པ་ཏིང་ངེ་འཛིན་ལས་རུང་བ་རྣམས་ཀྱིས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་རང་རིག་ལ་མངོན་དུ་རྫོགས་པར་འགྱུར་ཞིང་། དེ་ཉིད་ཡུལ་གྱིས་མི་འཕྲོག་པར་གསལ་བ་ལ་བརྟན་པ་ཐོབ་ནས་འབྲས་བུ་འགྲུབ་བམ་མི་འགྲུབ་སྙམ་པའི་ཡིད་གཉིས་དང་ཐེ་ཚོམ་མེད་པས་ན། རང་བཞིན་འབྲས་བུའི་དཀྱིལ་འཁོར་དངོས་གྲུབ་ཆེན་པོ་འབར་བར་འགྱུར་རོ། །དེ་སྐད་ཅེས་བརྗོད་པའི་མཐུས་མཉེས་པའི་མཆོད་པ་ཆེན་པོས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་མཆོད་པའི་སྤྲིན་གྱི་རོལ་མོས་ཁྱབ་པར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། འདིས་རྒྱལ་བ་རྣམས་མཆོད་ཅིང་མ་མོ་དང་མཁའ་འགྲོར་སྦྱིན་པའི་ཐབས་ཐུན་མོང་དུ་མ་གྲགས་པས་མཆོག་དམ་པའི་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། ༈ །།ཞེས་གསུངས་པའི་ལེའུ་འདི། ཁྲོ་བོ་རྗེས་འཇུག་ཉམས་ལེན་གྱི་ལེའུ་དང་། རྒྱུད་ཀྱི་དངོས་པོ་བཅུ་ལས། གནས་སུ་སྟོབས་པ་མཆོད་པའི་སྐབས། སྦྱོར་སྒྲོལ་དང་། དམ་རྫས་ཀྱི་མཆོད་པ་བསྟན། བི་མ་ལས། དེ་ཉིད་ལ་ནི་མཆོད་པ་འབུལ། །ཞེས་གསུངས་ཏེ། ལེའུ་བཅུ་བདུན་པར་སོ་སོའི་གནས་སུ་བཀོད་པའི་དཀྱིལ་འཁོར་གྱི་ལྷ་དེ་དག་ལ། ལེའུ་འདིར་མཆོད་པ་སྤྲིན་རབ་འབྱམས་དབུལ་བར་བསྟན་ཏོ། །ལེའུ་བཅུ་དགུ་པ་ལ་གསུམ་ཏེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ལ། དེ་ནས་སོགས། གཉིས་པ་གཞུང་ལ་གཉིས། དམ་ཚིག་དངོས་ཀྱང་དེའི་ཡོན་ཏན་ནོ། །དང་པོ་ལ་འདུན་ཏེ། དམ་ཚིག་གི་རྩ་བ་དང་། རྣམ་གྲངས་མདོར་བསྟན་པ་དང་། མཉམ་པའི་དམ་ཚིག་སྐྱོན་ཡོན་དང་བཅས་པ་དང་། དམ་ཚིག་ཉམས་པའི་སྐྱོན་དང་། དམ་ཚིག་གི་རང་བཞིན་དང་། དམ་ཚིག་གི་རྣམ་གྲངས་རྒྱས་པར་བཤད་དང་། དེ་མ་ཉམས་པའི་ཡོན་ཏན་ནོ། །དང་པོ་ལ་གཉིས། སྤྱོད་སྒོ་ཡངས་པའི་དང་། འདུལ་སྡོམ་ཐམས་ཅད་འདུས་པའི་ཆེ་བའོ། །དང་པོ་ནི། བླ་མེད་ཐེག་པར་སོགས་ཚིགས་བཅད། གཉིས་པ་ལ། སྤྱིར་བཤད་པ་དང་། ཇི་ལྟར་འདུས་ཤིང་དག་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། བླ་མེད་སོགས་ཚིགས་བཅད་གཅིག །གཉིས་པ་ལ་བཞི། སྲོག་གཅོད། མ་བྱིན་ལེན། རྫུན། མི་ཚངས་པར་སྤྱོད་པ་སྤོང་བ་ཇི་ལྟར་འདུས་ཤིང་དག་པའོ། དང་པོ་ནི། ཡོད་མེད་སོགས་ཚིགས་བཅད་གཅིག །གཉིས་པ་ནི་བདེན་པ་སོགས་ཚིགས་བཅད་གཅིག །གསུམ་པ་ནི། ཆོས་རྣམས་སོགས་ཚིགས་བཅད་གཅིག །བཞི་པ་ནི། མ་ཆགས་སོགས་ཚིགས་བཅད་གཅིག །གཉིས་པ་དམ་ཚིག་གི་རྣམ་གྲངས་ལ་གསུམ་སྟེ། རྩ་བའི་དམ་ཚིག་དེ་གཉིས་ངེས་ཚིགས་བཤད་པའོ། །དང་པོ་ནི། བླ་མེད་སོགས་རྐང་པ་དྲུག །གཉིས་པ་ཡན་ལག་གི་དམ་ཚིག་ལ་གསུམ་སྟེ། མི་སྤང་བ་ལྔ་དང་། མི་དོར་བ་ལྔ་བསྟན་པ་དང་། གཉིས་ཀའི་མཇུག་བསྡུ་བའོ། །དང་པོ་ནི། གཏི་མུག་སོགས་རྐང་པ་གཉིས། གཉིས་པ་ནི། དཀར་རྩིས་སོགས་རྐང་པ་གཉིས། གསུམ་པ་ནི། ཡན་ལག་སོགས་རྐང་པ་གཉིས། གསུམ་པ་ངེས་ཚིག་ནི། བསྲུང་ཞིང་སོགས་ཚིགས་བཅད་གཅིག །གསུམ་པ་དམ་ཚིག་སྐྱོན་ཡོན་དང་བཅས་པ་ནི། མཉམ་ལ་སོགས་ཚིགས་བཅད་གཅིག །བཞི་པ་ཉམས་པའི་སྐྱོན་ལ་གསུམ་སྟེ ཉམས་དང་འགྲོགས་པའི་དང་། རྩ་བ་ཉམས་པའི་དང་། ཡན་ལག་ཉམས་པའི་སྐྱོན་ནོ། །དང་པོ་ནི། རྩ་བ་ཉམས་པའི་ཚིགས་བཅད་གཅིག །གཉིས་པ་ནི། རྩ་བའི་དམ་ཚིག་ཚིགས་བཅད་གཅིག །གསུམ་པ་ཡན་ལག་སོགས་རྐང་པ་གཉིས། ལྔ་པ་དམ་ཚིག་གི་རང་བཞིན་ནི། དམ་ཚིག་རྣམས་ནི་སོགས་རྐང་པ་གཉིས། དྲུག་པ་དམ་ཚིག་གི་རྣམ་གྲངས་རྒྱས་པར་བཤད་པ་ལ་གཉིས། སུམ་བརྒྱ་དྲུག་ཅུ་དང་མཐའ་ཡས་པར་སྤྲོ་བའོ། །དང་པོ་ནི། རྩ་བའི་དམ་ཚིག་སོགས་ཚིགས་བཅད་གཅིག །གཉིས་པ་ནི། དམ་ཚིག་འདི་ནི་སོགས་ཚིགས་བཅད་གཅིག །བདུན་པ་མ་ཉམས་པའི་ཡོན་ཏན་ལ་དྲུག །འབྲས་བུ་ཐོབ་ཅིང་ཚད་མེད་པའི་ཡོན་ཏན་དང་། འཇིག་རྟེན་གྱིས་བསྟོད་བཀུར་དང་། འཕགས་པས་བྱིན་གྱིས་རློབས་པའི། རྒྱལ་བའི་སྤྱོད་ཡུལ་ཐོབ་པའི། འོག་མིན་འདུལ་སྡོམ་རྫོགས་པའི། ཉམས་ཀྱང་བསྐང་བའི་ཐབས་ཡོད་པའི་ཡོན་ཏན་ནོ། །དང་པོ་ནི། གཞན་ཡང་སོགས་ཚིགས་བཅད་གཅིག །གཉིས་པ་ནི། རྒྱལ་བའི་སོགས་རྐང་པ་གཉིས། གསུམ་པ་ནི། དམ་པ་སོགས་རྐང་པ་གཉིས། བཞི་པ་ནི། བདེ་གཤེགས་སོགས་རྐང་པ་གཉིས། ལྔ་པ། ཇི་བཞིན་སོགས་རྐང་པ་གསུམ། དྲུག་པ་ནི། ཉམས་ན་སོགས་རྐང་པ་གཉིས། གཉིས་པ་ཡོན་ཏན་ནི། ཅེས་བརྗོད་པས་སོགས། གསུམ་པ་མཚན་ནི། གསང་བའི་སོགས་སོ། །ས་བཅད་དེ་ལྡན་གྱི་གཞུང་དངོས་ནི། ཁྱད་པར་ཅན་གྱི་མཆོད་སྦྱིན་བསྟན་པ། དེ་ནས་དམ་ཚིག་གི་རིམ་པ་སྟོན་པའི་ཕྱིར། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་སྔགས་འཆང་རྣལ་འབྱོར་པ་རྣམས་ལོག་པར་མི་ལྟུང་ཞིང་འབྲས་བུ་མྱུར་དུ་གྲུབ་པས་ལམ་ལ་འབད་པ་དོན་ཡོད་པར་བྱ་བའི་ཕྱིར་བླ་ན་མེད་པའི་དམ་ཚིག་ཆེན་པོ་འདི་ཆེད་དུ་བརྗོད་དོ། །གང་ཟག་རྟོགས་སྒོམས་གདེངས་ལྡན་མཉམ་པ་ཆེན་པོའི་དམ་ཚིག་ལ་གནས་པ་ནི། བླ་མེད་ཐེག་པར་རབ་ཏུ་ངེས་པ་སྟེ་ཉམས་སུ་ལོན་ན་ཉོན་མོངས་པ་དུག་ལྔ་དང་། དེས་བསྐྱེད་པའི་ལས་རྣམས་ཀུན་ལ་སྤྱད་ཀྱང་སྒྱུ་མ་མཁན་གྱིས་སྒྱུ་མའི་ལོངས་སྤྱོད་ལ་སྤྱད་པར་ལྟར་བྱས་པར་སྣང་ཀྱང་དེ་ལ་འཛིན་ཞེན་མེད་པས་དེའི་སྒྲིབ་པ་དང་བག་ཆགས་མི་གསོག་པའི་སྟེང་དུ་ཚོགས་གཉིས་རྫོགས་པར་འགྱུར་ཏེ། སྤྱོད་པ་དེའི་ངོ་བོ་ལ་སོ་བྱང་ཕྱིད་རྒྱུད་རྣམས་ཀྱི་ཚུལ་ཁྲིམས་དང་སྡོམ་པ་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པར་འགྱུར་བ་ཡིན་ནོ། །གསང་སྔགས་བླ་མེད་རྡོ་རྗེའི་ཐེག་པ་མཆོག་གི་དམ་ཚིག་འདིའི་ནང་དུ་འགྲོ་བ་འདུལ་བའི་དབང་གིས་རྣམ་པར་བཞག་པའི་ཉན་ཐོས་ཀྱི་ཚུལ་ཁྲིམས་དང་། བྱང་སེམས་དང་གསང་སྔགས་ཕྱི་ནང་བསྲུང་བྱ་ཇི་སྙེད་པའི་སྡོམ་པ་བསམ་ཡས་ཡོད་པ། མ་ལུས་པའི་ཡོན་ཏན་ཀུན་ཡར་ལྡན་གྱི་ཚུལ་དུ་འདིར་འདུས་ཤིང་ཉེས་པ་ཕྲ་མོས་ཀྱང་གོས་པ་མེད་པས་རྣམ་པར་དག་པའི་ཕྱིར་རོ། །དོན་དམ་པར་ཆོས་ཐམས་ཅད་ཡོད་པ་རྟག་པ་དང་མེད་པའི་ཆད་པའི་མཐའ་དང་། དེ་གཉིས་ཀ་དང་བྲལ་བའི་དབུ་མ་ཙམ་དུའང་མི་དམིགས་ཤིང་། ཀུན་རྫོབ་ཏུ་སྒྱུ་མའི་སྐྱེས་བུས་མིག་ཡོར་གྱི་སེམས་ཅན་བསད་པ་ལྟ་བུའི་ཚུལ་དུ་སྣང་ཡང་སྣང་དུས་ཉིད་ནས་བཅད་བྱའི་སྲོག་བདེན་པར་གྲུབ་པ་མེད་པས་སྲོག་གཅོད་མཁན་དང་བཅད་པའི་འདུ་ཤེས་ཀྱང་མ་གྲུབ་པས་དོན་ལ་བཅད་དུ་མེད་དོ། །སྲོག་དང་དེ་ལྡན་གྱི་སྐྱེས་བུར་འཛིན་པ་ནི། ལོག་རྟོག་འཁྲུལ་ངོ་ཙམ་ཡིན་པའི་ཕྱིར་དེ་ལྟར་རྟོགས་ནས་ཞིང་བཅུའི་སྲོག་བཅད་ཀྱང་ཉེས་པས་མི་གོས་ཤིང་། ཚོགས་རྫོགས་པས་ན་སྲོག་བཅོད་སྤོང་བའི་སྡོམ་པའི་ངོ་བོ་དང་ཡོན་ཏན་ཡར་ལྡན་དུ་འདུས་སོ། །དེ་ལྟར་འོག་མ་རྣམས་ལའང་སྦྱར་བར་བྱའོ། །ཆོས་ཐམས་ཅད་བདེན་པ་གཉིས་ཀའི་ཚུལ་ལ་བདག་དང་གཞན་ཞེས་དབྱེར་མེད་པས་དོན་དམ་པར་མི་གནས་ཤིང་ཐ་སྙད་ཀུན་རྫོབ་དུའང་འཕྲུལ་དགའི་ལྷ་རྣམས་རང་གི་སྤྲུལ་པའི་ལོངས་སྤྱོད་ལ་རང་གི་ལེན་པའི་ཚུལ་གྱི་བླངས་ཏེ། སྤྱད་ཀྱང་དོན་ལ་ཐ་དད་མིན་པ་དེ་བཞིན་དུ་བླང་བྱའི་ཡུལ་གཞན་དང་དེས་བདག་གིར་བཟུང་བའིི་རྫས་མ་བྱིན་པར་ལེན་རྒྱུ་ཞིག་གུད་ན་མེད་པའི་ཕྱིར། བླངས་པའང་མེད་ཅེས་བླངས་ཀྱང་ཐམས་ཅད་བདག་ཉིད་ལས་མི་འདའ་བར་གཉིས་མེད་ཀྱི་དབྱིངས་སུ་རོ་གཅིག་ཏུ་རྟོགས་པའི་ཕྱིར་རོ། །ཆོས་རྣམས་བདེན་མེད་སྒྱུ་མ་ལྟ་བུ་སྟེ་རྫུན་ཙམ་དུ་ཟད་ལ། དེ་བཞིན་དུ་བརྗོད་བྱེད་ཀྱི་མིང་དང་ཚིག་ཏུ་སྒྲོ་བཏགས་ནས་དེ་ལ་དེར་འཛིན་པའང་རྫུན་ནོ་དེ་ལྟ་བུའི་རྫུན་པ་ཉིད་ལ་ནི་ཤེས་བྱེད་དང་རྗོད་བྱེད་རྫུན་པ་ཉིད་སྤྱོད་པ་སྟེ་ཆོས་གང་ལའང་བདེན་པ་ཉིད་མ་གྲུབ་ན་དེས་ལྟོས་ཀྱི་རྫུན་པའང་མ་གྲུབ་པས་རྫུན་ཞེས་བྱ་བའི་ཆོས་ནི་མིང་ཙམ་བཏགས་པ་ཙམ་དུའང་ཡོད་མ་ཡིན་ནོ། །ཆོས་ཐམས་ཅད་ལ་ཡུལ་སོ་སོས་གཉིས་མེད་དུ་གསལ་བ་ནི་མ་ཆགས་པའི་ཡེ་ཤེས་ཏེ་དེ་ལ་གཉིས་སུ་ཞེན་ཅིང་ཆགས་པའི་དུས་ན་གཉིས་མེད་དུ་ཤེས་པའི་ལྟ་བ་དང་། འདུ་ཤེས་གསུམ་ལྡན་གྱི་སྒོམ་པ་དང་། ཐབས་ཀྱིས་ཟིན་པའི་སྤྱོད་པ་དང་ལྡན་པས་འཁྲིག་པའི་འདོད་ཆགས་ལ་སྤྱོད་པ་ལྟར་སྣང་བའི་དུས་ཉིད་ན་ཡང་ཐ་མལ་གྱི་ཆགས་པའི་དྲི་མ་རྡུལ་ཙམ་ཡང་མེད་པ་དེ་ནི་འཛག་མེད་ཀྱི་ཚུལ་ཁྲིམས་ཚངས་པར་སྤྱོད་པ་ཐམས་ཅད་ཀྱི་མཆོག་གམ་རྒྱལ་པོ་སྟེ། ཆོས་ཐམས་ཅད་ཤིན་ཏུ་རྣམ་དག་བདེ་སྟོང་ཟུང་འཇུག་གི་ངོ་བོར་གྲོལ་བ་ནི་ཆགས་པ་ཆེན་པོ་བདེ་ཆེན་གྱི་ཡེ་ཤེས་ཡིན་ནོ། །རྩ་བའི་དམ་ཚིག་ལྔ་ལས། བླ་མེད་མི་སྤང་བ་ནི། ཡུལ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་གཉིས་མི་སྤང་བའི་དམ་ཚིག་གི་ཚུལ་ནི་ལྷག་པ་བདེན་གཉིས་དབྱེར་མེད་དུ་རྟོགས་ནས་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས་མི་འདའ་བར་བྱེད་པའོ། །བླ་མ་ལ་བསྐུར་བ་ནི། སྤྱི་ཡི་བླ་མ་སོགས་དྲུག་དང་། ཁྱད་པར་དུའང་དབང་བསྐུར་རྒྱུད་བཤད། མན་ངག་སྟོན་པའི་བླ་མ་གསུམ་ནི། ལྷག་པར་ཡང་སྒོ་གསུམ་མཉེས་པ་སྒྲུབ་པའི་སྒོ་ནས་བཀུར་བའོ། །སྔགས་རྒྱ་རྒྱུན་མི་བཅད་པ་ནི། ཡུལ་སྔགས་གསུམ་དང་ཕྱག་རྒྱ་བཞི་དུས་རྒྱུན་མི་བཅད་པར་འབད་པར་བྱའོ། །མཆེད་ལ་བྱམས་པ་ནི། སྤྱི་རིང་ཉེ་འདྲེས་ཀྱི་སྤུན་རྣམས་ལས་ཁྱད་པར་ཕྱི་མ་གསུམ་ནི། ཡང་དག་པའི་ལམ་དུ་ཞུགས་པའི་མཆེད་ལ་བྱམས་བརྩེའི་ལྷག་བསམ་རྒྱུན་མི་ཆད་པར་བྱའོ། །གསང་བའི་ཚུལ་ནི། སྤྱིར་གསང་བའི་སྔགས་ཀྱི་ཚིག་དོན་རྣམས་ཕྱིར་གྱུར་པ་སྟེ་སྣོད་མིན་ལ་གསང་བ་དང་། ཁྱད་པར་གསང་བཅུ་རྣམས་གཞན་དུ་སྨྲ་བར་མི་བྱའོ། །དེ་ལྟར་ལྔ་པོ་འདི་ནི་ཡོན་ཏན་གྱི་གཞི་རྟེན་ཡིན་པས་རྩ་བ་ལྔ་ཞེས་གསུངས་པ་རྣམས་ཏེ། དེའང་བྱང་སེམས་དང་སྔགས་རྒྱ་གཉིས་སྒྲུབ་པའི་དམ་ཚིག་དང་གཞན་གསུམ་བསྲུངས་པའི་དམ་ཚིག་གི་མཆོག་སྟེ་རྩ་བའོ། །ཡང་ལོག་གི་དུག་ལྔ་གཉིས་ལས། ཆོས་ཐམས་ཅད་མཉམ་ཉིད་དུ་རྟོགས་པའི་ཚེ། ལྟ་བ་ལ་ཕྱོགས་རིས་དང་། སྤྱོད་པ་ལ་བླང་དོར་གྱི་འབྱེད་པ་མེད་པ་ནི། གཏི་མུག་དང་དེ་མ་རྟོག་པ་ལ་དམིགས་མེད་ཀྱི་སྙིང་རྗེ་རྗེས་སུ་ཆགས་པའི་འདོད་ཆགས་དང་། རང་རིག་པའི་ཡེ་ཤེས་ཀྱིས་ལོག་རྟོག་འཇོམས་པའི་ཞེ་སྡང་དང་། མཉམ་ཉིད་རྟོགས་པའི་ལྟ་བ་གཤོངས་སུ་མི་འབེབས་པའི་ང་རྒྱལ་གཉིས་འཛིན་མཉམ་ཉིད་ཀྱི་ཀློང་དུ་མི་ཤོང་བའི་ཕྲག་དོག་སྟེ། རྟོགས་གོམས་ཀྱི་སྦྱོར་བས་མི་སྤང་ངོ་། །ལོག་པའི་དུག་ལྔ་རང་མཚན་པ་རྣམས་ཀྱང་ཐབས་ཀྱི་ཟིན་ན་སྦྱད་ཀྱང་མི་འཆིང་བར་རྣམ་པར་གྲོལ་བའི་ལམ་ཡིན་པའི་ཕྱིར་དང་། ཡེ་ནས་རིགས་ལྔའི་རང་བཞིན་ཡིན་པའི་ཕྱིར་མི་སྤང་ངོ་། །དཀར་རྩི་བྱང་སེམས་དཀར་པོ་དང་། དམར་རྩི་བྱང་སེམས་དམར་པོ་དང་། ཤ་ཆེན་དག་པའི་སྣོད་དེ་དྭངས་མ་དང་། དྲི་ཆུ་རྣམས་ནི་རིགས་ལྔ་ཡེ་ཤེས་ལྔ་སྒྲུབ་པའི་དམ་རྫས་ཁྱད་པར་ཅན་ཡིན་པའི་མི་དོར་རོ། །དེ་དག་ལ་ནི་ཡན་ལག་བཅུ་ཡི་དམ་ཚིག་ཞེས་བྱ་སྟེ། ཡེ་ནས་དག་པ་གསུམ་དང་མཉམ་པ་བཞིའི་དོན་རྟོགས་པས་སྤྱད་པར་བྱའོ། །སྔར་བཤད་བསྲུང་ཞིང་སྒྲུབ་པའི་དམ་ཚིག་རྣམ་པ་ལྔ་ནི་རྩ་བའི་དམ་ཚིག་ཡིན་ཏེ་དེ་དག་བསྲུང་ན་དངོས་གྲུབ་དང་། ཉམས་ན་བྱང་ཆུབ་ཀྱི་རིགས་ཀྱང་མེད་པར་འགྱུར་བའི་ཕྱིར་རོ། །མི་སྤང་མི་དོར་བའི་དམ་ཚིག་ལྔ་ཚན་གཉིས་ནི་རྩ་བའི་དམ་ཚིག་གི་གྲོགས་སུ་དགོས་པས་ཡན་ལག་གི་དམ་ཚིག་ཅེས་བྱ་སྟེ་དེ་དག་ཀྱང་འདའ་དཀའ་བའོ། །ཆོས་ཐམས་ཅད་བདེན་གསུམ་རིས་མེད་དུ་མཉམ་པ་ལ་ཤེས་འཇུག་གི་ལམ་ཟབ་མོས་མཉམ་པར་སྦྱོར་བ་ཡི། དོན་དེ་ལས་མི་འདའ་བས་མཉམ་པའི་དམ་ཚིག་སྟེ། དེའི་ངང་ལ་གནས་ན་འབྲས་བུ་མཉམ་རྫོགས་ཆེན་པོ་ཀུན་ཏུ་བཟང་པོ་བྱེ་བ་མེད་པའི་ས་ཐོབ་པ་འགྱུར་བས་བསྲུང་བར་བྱ་ཞིང་། གལ་ཏེ་དེའི་འགལ་ཟླ་མཉམ་པ་ལས་འདས་ཏེ་ཐ་དད་དུ་རྟོགས་ན་འབྲས་བུ་སངས་རྒྱས་ཐོབ་པ་མ་ཡིན་ནོ། །རྩ་བའི་དམ་ཚིག་ཉམས་པའི་བསླབ་སྡོམ་འཆལ་བ་དག་དམ་ཚིག་གསོ་བའི་ཐབས་ལ་དུས་ཉེ་བར་མི་བརྩོན་པ་རྣམས་དང་། སྐད་ཅིག་ཙམ་ཡང་མི་འགྲོགས་ཤིང་ཡུད་ཙམ་དུའང་གཏམ་སྨྲ་བར་མ་བྱེད་ཅིག །ཅིའི་ཕྱིར་ན་ཉམས་པ་དང་འགྲོགས་པར་གྱུར་པའི་ཉེས་པ་བརྗོད་ཀྱིས་མི་ལང་སྟེ་ཟླས་ཉམས་ཞེས་བྱའོ། །རྩ་བའི་དམ་ཚིག་ཉམས་པར་གྱུར་ན། ཆར་ཕབ་པས་ཐན་པ་འབྱུང་བ་ལྟ་བུ་ཚེ་འདིར་ཡང་ལས་གང་སྒྲུབ་པ་ཐམས་ཅད་ཀྱང་འབྲས་བུ་ཕྱིན་ཅི་ལོག་པར་འགྱུར་བ་སོགས་མི་འདོད་པ་སྣ་ཚོགས་འབྱུང་ཞིང་། ཕྱི་མར་ཡང་ཡིད་དུ་མི་འོང་བ་སྣ་ཚོགས་པའི་འབྲས་བུ་ངན་སོང་གསུམ་གྱི་སྡུག་བསྔལ་མི་འདོད་བཞིན་དུ་ཁབ་ལེན་གྱི་ལྕགས་ལྟར་རང་དབང་མེད་པར་འདུ་བར་འགྱུར་རོ། །ཡན་ལག་གི་དམ་ཚིག་ཉམས་པར་གྱུར་ན། སྒྲུབ་པའི་འབྲས་བུ་དངོས་གྲུབ་མེད་ཅིང་ཕྱི་མར་ངན་སོང་གསུམ་གྱི་གནས་སུ་ལྟུང་བར་འགྱུར་རོ། །རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཀྱི་རང་བཞིན་ནི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་རྡོ་རྗེ་ཆེན་པོའི་རང་བཞིན་གསུམ་གྱི་གནས་སུ་ལྟུང་བར་འགྱུར་འདི་ནི་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་བདག་ཉིད་ཆོས་ཀུན་གྱི་སྲོག་དང་བསླབ་པ་ཐམས་ཅད་ཀྱི་དམ་པ་ཡིན་ནོ། །རྩ་བའི་དམ་ཚིག་ལ་བརྒྱ་དྲུག་ཅུ་དང་ཡན་ལག་གི་དམ་ཚིག་ལ་ཉིས་བརྒྱར་ཕྱེ་བས་སུམ་བརྒྱ་དྲུག་ཅུ་སྟེ། དེ་ཡང་རྩ་བའི་དམ་ཚིག་ལྔ་པོ་ལ་ནི། གཅིག་སྟེ་རེ་རེ་ལའང་ཐབས་ཤེས་གཉིས་གཉིས་སུ་ཕྱེ་བས་བཅུ་དང་། ཡང་རྩ་བ་ལྔ་པོ་རེ་རེ་ལའང་བཅུ་ཕྲག་གསུམ་རེར་ཕྱེ་བས་ཆིག་བརྒྱ་ལྔ་བཅུ་སྟེ། དེ་སྔར་གྱི་བཅུ་དང་སྡོམ་པས་བརྒྱ་དྲུག་ཅུའོ། །ཡན་ལག་གི་དམ་ཚིག་འདི་དག་ནི་གཞན་ལས་ཁྱད་པར་དུ་གྱུར་པས་རྨད་པོ་ཆེ་ཡིན་ཏེ་དེས་དོན་བྱ་བའི་ཡུལ་འཇིག་རྟེན་ལྔ་ཚན་གཉིས་ཏེ་བཅུ་པོ་རེ་རེ་ལ་དབྱེ་ཚུལ་གཏི་མུག་ལྟ་བུ་གཅིག་ལའང་ནང་ཚན་པ་བཅུ་ཕྲག་གཉིས་སུ་སྟེ་ཉི་ཤུ་ཉི་ཤུར་དབྱེ་བས་ཉིས་བརྒྱ་སྟེ། དེ་དག་སྡོམ་པས་སུམ་བརྒྱ་དྲུག་ཅུའོ། །རྩ་བ་དང་ཡན་ལག་གི་དམ་ཚིག་འདི་དག་ནི་གཞན་ལས་ཁྱད་པར་དུ་གྱུར་པས་རྨད་པོ་ཆེ་ཡིན་ཏེ། དེས་དོན་བྱ་བའི་ཡུལ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་སྲིད་པ་གསུམ་གྱིས་བསྡུས་པའི་འགྲོ་བ་ཇི་སྙེད་ཅིག་ཡོད་པ་དེ་རྣམས་སོ་སོའི་རྣམ་པར་རྟོག་པ་འདུལ་བའི་གཉེན་པོར་དམ་ཚིག་གི་རྣམ་གྲངས་་ཀྱང་དེ་སྙེད་ཅིག་སྤྲོས་ནས་དོན་མཛད་དོ། །མཉམ་པའི་དམ་ཚིག་ལས་གཞན་ཡང་རྩ་ལག་གི་དམ་ཚིག་རྣམས་བསྲུང་བའི་འབྲས་བུ་རྒྱལ་མཆོག་རིགས་ཀྱི་བདག་པོ་ཀུན་བཟང་གི་གོ་འཕང་ཐོབ་པར་འགྱུར་ཏེ། དེའི་ངོ་བོ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷག་མ་མ་ལུས་པ་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིས་ངོ་བོར་ལྷུན་གྱིས་གྲུབ་པས་ཆེད་དུ་སྒྲུབ་པ་མེད་པར་འབྲས་བུའི་མཆོག་དམ་པ་ཀུན་བཟང་གི་ཡོན་ཏན་མ་ལུས་པ་ཐམས་ཅད་འགྲུབ་ཅིང་། དེ་ལ་སོགས་པའི་ཡོན་ཏན་མཐའ་ཡས་པའི་མཆོག་གོ །རྒྱལ་བའི་རིགས་མཆོག་གསང་སྔགས་འཛིན་ཅིང་དམ་ཚིག་ལ་གནས་པ་དེ་ལྷ་ཆེན་པོ་ལ་སོགས་པ་འཇིག་རྟེན་གྱི་གཙོ་བོ་རྣམས་དང་། དེའི་འཁོར་མ་མོ་དང་མཁའ་འགྲོ་ཐམས་ཅད་ཀྱིས་རྫོགས་པའི་སངས་རྒྱས་ལྟར་བཀུར་བའི་གནས་དམ་པ་ཐོབ་པར་འགྱུར་རོ། །དམ་པའི་མཆོག་སངས་རྒྱས་དང་དམ་པ་སར་གནས་ཀྱི་བྱང་ཆུབ་སེམས་དཔའ་ཡིས་རིམ་པར་རང་གི་སྲས་དང་སྤུན་དུ་དགོངས་པས་ཐུགས་རྗེའི་བྱིན་གྱིས་རློབ་པ་ཡིན་ནོ། །དམ་ལྡན་འདི་ནི་བདེ་གཤེགས་ཉིད་ཀྱི་སྤྱོད་ཡུལ་རིགས་པ་འཛིན་པའི་ས་ལ་རིམ་པར་ཞུགས་ནས་ལྟུང་གནས་ཀྱི་འཇིགས་པ་དང་བག་ཚ་བ་མེད་པ་སྤྱོད་ཡུལ་ཡོངས་དག་ཀུན་ཏུ་བཟང་པོས་སར་སྦྱོར་བར་འགྱུར་རོ། །གནས་ལུགས་ཇི་བཞིན་པའི་ཆོས་ཉིད་མངོན་དུ་བྱེད་པ་བླ་མེད་ཀྱི་དམ་ཚིག་དང་། དེའི་ནང་དུ་གདུལ་བྱ་བློ་དང་འཚམས་པར་འདུལ་བའི་ཐབས་ཉན་རང་སོགས་ཐེག་པ་ཇི་སྙེད་པ་དེ་དག་གི་སྡོམ་པ་བསམ་ཡས་པ་ཐམས་ཅད་ཀྱང་འདིར་ཡར་ལྡན་གྱི་ཚུལ་དུ་འདུས་ཤིང་དགག་བྱ་མ་ལུས་པ་རྣམ་པར་དག་པ་དང་། ཡོན་ཏན་ཐམས་ཅད་མ་བཙལ་བར་རང་བཞིན་ལྷུན་གྱིས་གྲུབ་པ་ཡིན་ནོ། །གལ་ཏེ་གསང་སྔགས་ཀྱི་དམ་ཚིག་ཉམས་པར་གྱུར་ན་ཉན་ཐོས་ཀྱི་ཕམ་པ་ལྟར་གསོར་མི་རུང་མ་ཡིན་ཏེ། སྐོང་བའི་ཁྱད་པར་ཅན་གྱི་ཚོགས་བསྐང་བས་སྔར་བཞིན་སོར་ཆུད་ཅིང་། དམ་ཚིག་གི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་དང་། དེ་ལ་སོགས་པའི་ཡོན་ཏན་མཐའ་ཡས་པའི་མཆོག་རྡོ་རྗེའི་ཐེག་པ་འདི་ལ་མངའ་བ་ཡིན་ནོ། །དེ་སྐད་ཅེས་བརྗོད་པས་དམ་ཚིག་གི་རང་བཞིན་གྱི་དེ་བཞིན་གཤེགས་པ་ཉིད་ཡིན་པས་ན། དེའི་རང་བཞིན་ལས་རྒྱལ་བ་དེ་བཞིན་གཤེགས་པ་ཉིད་ཀྱང་འདའ་བར་མི་མཛད་ན་གཞན་ལྟ་ཅི་སྨོས་ཏེ། དེའི་ཕྱིར་གདུལ་བྱ་རྣམས་ལ་བླ་ན་མེད་པའི་དམ་ཚིག་བསྟན་ནས་འདུལ་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འདིས་རྩ་བ་དང་ཡན་ལག་གི་དམ་ཚིག་གི་རྣམ་བཞག་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། ༈ །།དེ་ལྟ་བུའི་ལེའུ་འདི། ཞི་ཁྲོ་ཐུན་མོང་དང་། དངོས་པོ་བཅུ་ལས། མི་འདའ་བ་དམ་ཚིག་བསྟན་པ་ཡིན་ལ། སློབ་དཔོན་བི་མ་ལས་ཞི་ཁྲོ་རབ་འབྱམས་མཆོད་པའི་ཚེ། །སྡོམ་ལ་གནས་པ་ཤིན་ཏུ་གཅེས། ཞེས་པས་ལེའུ་གོང་མར་དཀྱིལ་འཁོར་གྱི་ལྷ་ཞི་ཁྲོ་རབ་འབྱམས་མཆོད་པ་སོགས་ཀྱི་ཚེ། ལེའུ་འདིར་རྣལ་འབྱོར་པ་རྣམས་དམ་ཚིག་ལ་གནས་པ་ཤིན་ཏུ་གཅེས་པར་བསྟན་པའོ། །ལེའུ་ཉི་ཤུ་པ་ལ་གསུམ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས། གཉིས་པ་གཞུང་ལ་གཉིས། ཕྲིན་ལས་དངོས་དང་། དེའི་ཡོན་ཏན་ནོ། དང་པོ་ལ་ལྔ། རྫས་རྣམས་སོགས་ལས་བྱ་བ་དང་། ལྷག་མའི་ལས་དང་། བྲོ་གར་གླུ་ཚིག་གི་ཡོན་ཏན་དང་། ལས་བཞིའི་གནས་གཟུང་ཐུན་མོང་དུ་བསྟན་པ་དང་། དོན་སྟོངས་ཀྱི་སེམས་བསྟན་པའོ། །དང་པོ་ལའང་ལས་རྣམ་པ་བཞི་ལས་ཐོག་མར། དྲག་པོའི་ལས་ལ་ལྔ་། ལིངྒ་བཅའ་བ། དཀྱིལ་འཁོར་བསྐྱེད་པ། བསྒྲུབ་བྱའི་ལས། མཆོད་སྦྱིན་བྱ་བ་ཡོན་ཏན་དང་བཅས་པ་ལུག་རྒྱུད་ཀྱི་བྲོའི་ཡོན་ཏན་དང་བཅས་པའོ། །དང་པོ་ནི། བདུད་རྩི་ལྔ་སོགས་རྐང་པ། གཉིས་པ་ལ་ཨེ་སོགས་རྐང་པ། གསུམ་པ་བཀུག་ནས་སོགས་རྐང་པ་གཉིས། བཞི་པ་འབར་བ་སོགས་རྐང་པ་གསུམ། ལྔ་པ་ཨེ་ཡི་སོགས་ཚིག་བཅད་གཅིག །དབང་སོགས་ས་བཅད་གཞན་དེས་ཁོག་ཕུབ་ལ། ཁྱད་པར་སྒོས་ཆོས་རྣམས་གཞུང་དུ་སྨོས་ལ། གཉིས་པ་ལྷག་མའི་ལས་ལ་གཉིས་ཏེ། མདོ་དང་། རྒྱས་པའོ། དང་པོ་ནི། སླས་དང་སོགས་ཚིགས་བཅད་གཅིག །གཉིས་པ་ལ་གསུམ་སྟེ། དམ་བ སྒྲག་ཅིང་ལས་ལ་བསྐུལ་བ་ལས་དེ་མ་སྒྲུབ་པའི་སྐྱོན། ལས་སྒྲུབ་པའི་ཡོ་ཏན་ནོ། །དང་པོ་ནི། སྔོན་ཚེ་སོགས་རྐང་པ་དགུ །གཉིས་པ་ནི། དམ་བཅའ་སོགས་རྐང་པ་གཉིས། གསུམ་པ་ནི། རྣལ་འབྱོར་སོགས་རྐང་པ་ལྔ། གསུམ་པ་བྲོ་གར་གླུ་ཚིག་གི་ཡོན་ཏན་ལ་གཉིས། སྤྱིར་བསྟན་པོ་དང་། སོ་སོར་བཤད་པའོ། དང་པོ་ནི། ཁྲོ་བ་སོགས། གཉིས་པ་ལ་དྲུག །ཁྲག་འཐུང་ཡབ་ཡུམ་གྱི་ལས་བཞི་ཀ་འགྲུབ་པ། ཕྱོགས་ཀྱི་ཁྲོ་མོས་དབང་རྒྱས། མཚམས་ཀྱི་ཁྲོ་མོས་ཞི་དྲག །ཕྱོགས་མཚམས་ཀྱི་ཕྲ་མེན་མས་དྲག་པོ། དབང་ཕྱུག་མས་མངག་གཞུག་གི་ལས་འགྲུབ་པའོ། །དང་པོ་ནི། ཁྲག་འཐུང་སོགས་ཚིགས་བཅད་གཅིག །གཉིས་པ་ནི། མཛོད་ལྡན་སོགས་ཚིགས་བཅད་གཅིག །གསུམ་པ་ནི། སྤོས་མོ་སོགས་ཚིགས་བཅད་གཅིག །བཞི་པ་ནི། སེང་གདོང་སོགས། ལྔ་པ་ནི། སླས་དང་སོགས་ཚིགས་བཅད་གཅིག །བཞི་པ་ལས་བཞིའི་གནས། གཟུང་ཐུན་མོང་དུ་བསྟན་པ་ནི། ལྗོན་པ་སོགས་རྐང་པ་གཉིས། ལྔ་པ་དོན་སྟོང་སེམས་བསྟན་པ་ནི། དང་བས་སོགས་རྐང་པ་གཉིས། གཉིས་པ་ཡོན་ཏན་ནི། ཞེས་བརྗོད་པས་སོགས། གསུམ་པ་མཚན་ནི། གསང་བའི་སོགས་སོ། ས་བཅད་དེ་ལྡན་གྱི་གཞུང་དངོས་ནི། དམ་ཚིག་བསྟན་པ། དེ་ནས་ཕྲིན་ལས་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཡེ་ནས་སེམས་ཉིད་ཕྲིན་ལས་བཞིའི་རང་བཞིན་དུ་ལྷུན་གྱིས་གྲུབ་པའི་དམ་ཚིག་གི་དེ་ཉིད་ཆོ་ག་བཞིས་བསྐུལ་བས་མངོན་དུ་སྦྱང་བར་བྱིན་གྱིས་རློབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྲིན་ལས་ཀྱི་དོན་ཆེད་དུ་བརྗོད་པར་འདི་བརྗོད་དོ། །ཕྱི་སྣོད་གྲུ་གསུམ་ཡི་གེ་ཨེ་ཡི་རྣམ་པ་ཅན་གྱི་དབུས་སུ། ནང་བཅུད་ཁྲག་འཐུང་འབར་བའི་ཚོགས་ཀྱི་དཀྱིལ་འཁོར་དྲག་པོའི་ལས་ལ་མཆོག་ཏུ་ཤིས་ཤིང་། དྲག་པོའི་སྲེག་བླུག་སྐབས་བཛྲ་ཧེ་རུ་ཀས་གཙོས་འབར་བའི་དཀྱིལ་འཁོར་བསྐྱེད་པའི་ལྷ་ཚོགས་གཏུམ་ཆེན་གཏུམ་པའི་ཆ་བྱད་ཅན་ལ་སྟངས་ཀྱི་སེམས་རབ་ཏུ་ཁྲོས་པའི་ཡིད་ཀྱིས་སྲེག་བླུགས་ཀྱི་མཆོད་སྦྱིན་བྱས་ན་ཚོགས་གཉིས་ལས་གྲུབ་སངས་རྒྱས་བསོད་ནམས་བརྒྱའི་མཚན་གྱིས་བརྒྱན་པའི་སྐུ་ཡང་འཇིག་ན་བསྒྲལ་བྱའི་སེམས་ཅན་རྣམས་ལྟ་ཅི་སྨོས། ལིངྒ་བསྒྲུབ་བྱའི་བདུད་རྩི་ལྔ་སྟེ་ཟག་རྫས་འམ་ཟས་ཤ་བུ་རམ་སྦྲང་རྩི་ཏིལ་དང་ལྔ་སོགས་ལ་རྒྱུ་བྱས་པའི་ལིངྒ་ཕོ་མོ་གང་ཡིན་གྱིས་མཚན་མ་ཅན་རུས་དང་མིང་དུ་བཅས་པ་བྲིས་པ་ལ་རྫས་བྱུགས་ཏེ། འབྲུབ་ཁུང་གྲུ་གསུམ་དུ་གཞུག་པར་བྱའོ། །བསྒྲུབ་བྱ་བཀུག་ནས་བསྟིིམ་ལ་ལྕགས་སོགས་ལ་བྱས་པའི་རྡོ་རྗེ་ཕུར་བུ་སྲས་མཆོག་ཏུ་བསྐྱེད་པས་གདབ་ཅིང་གྲིས་གཏུབ་མཚོན་ཆར་ཕབ་པས་ལུས་ངག་རྡུལ་དུ་བརླག་པར་བྱས་ནས་ཁྲག་འཐུང་གི་ཚོགས་ལ་དབུལ་ཏེ་སྡེབ་པར་བྱའོ། །ཕྱི་སྣོད་ཨེ་ཡི་རྣམ་པའི་དབུས་སུ་བཅུད་ཁྲག་འཐུང་འབར་བའི་ལྷ་ཚོགས་རྣམས་ཀྱི་དཀྱིལ་འཁོར་གཙོ་མཆོག་བཛྲ་ཧེ་རུ་ཀར་བྱས་པར་བསམ་ལ། ལིང་རོ་སྤུང་པའི་ཕྱིར་བྲོ་ར་གྲུ་གསུམ་དུ་བྱས་ལ་མཐེའུའི་ཆུང་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ཞིང་བསྡམས་ནས་ཧཱུཾ་བཞིའི་སྔགས་ཀྱིས་བསྐུལ་ཞིང་། ཕྱག་རྒྱ་དེ་ལྟར་བཅིངས་པར་གྱུར་པ་ལ་མིག་དང་ལུས་བསྐྱོད་ནས་བྲོ་བརྡུངས་པས་རྡོ་རྗེའི་ཁྲོ་ཚོགས་ཕྱོགས་བཅུར་གཡོས་པས་བསྒྲུབ་བྱ་བརླག་པར་བསམ་ལ། སླར་ཡང་སྔགས་དྲག་དང་ཕྱག་རྒྱས་གཟམ་པའི་དྲན་པ་མྱོས་ནས་སྙིང་གས་ཏེ་ལུས་འཚིག་པར་འགྱུར་རོ། །དེ་བཞིན་དུ་དབང་ལ་བཾ་གྱི་རྣམ་པའི་དཀྱིལ་འཁོར་ཟླ་གམ་དམར་པོའི་ནང་ཁྲག་འཐུང་ཚོགས་ཀྱི་དཀྱིལ་འཁོར་ལས་ལ་ཤིས་པའི་མཆོག་དབང་ལ་པདྨ་ཧེ་རུ་ཀའི་ལྷ་ཚོགས་འོད་འབར་བ་གཟི་བརྗིད་ཆེ་ཞིང་སྐུ་ལྷུན་པོ་ཆེན་པོ་ལྟ་བུ་པད་རིགས་གཙོ་བོར་བྱས་པ་ལ་སྟངས་ཀྱི་སེམས་ཆགས་པའི་ཡིད་ཀྱིས་མཆོད་སྦྱིན་བྱས་པས་རྡོ་རྗེ་གསུང་པདྨ་གར་དབང་ཡང་དབང་དུ་འགྱུར་ན་གཞན་ལྟ་ཅི་སྨོས། དབང་གི་ལིངྒ་རྒྱུ་བདུད་རྩི་ལྔའམ་ཟས་ལྔ་ལ་བསྒྲུབ་བྱའི་མཚན་མ་མིང་དུ་བཅས་པ་བྱ་སྟེ། ཟངས་སམ་ཤིང་དམར་པོ་ལས་དབལ་ཟླ་གམ་ཅན། རྡོ་རྗེ་ཆགས་པའི་སྟེང་པདྨ་ཀཱི་ལ་ཡར་བསྐྱེད་པའི་ཕུར་བུས་དབང་པོ་ལྔ་གདབ་སྟེ། མཚོན་ཆར་ཕབ་སྟེ་བསྒྲལ་བ་ཆགས་པའི་ཚོགས་ལ་ཐིམ་པར་འབུལ་ལ་སྔར་བཞིན་བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ་བསྐྱེད་ལ་སྲིན་ལག་ལུ་གུ་རྒྱུད་དུ་སྦྲེལ་ཞིང་བསྡམས་ནས་བྲོ་བརྡུངས་བས་འགྲོ་བ་གཞན་དུ་འགུགས་པར་འགྱུར་བ་ལྟ་ཅི་སྨོས། ཕྱག་ན་རྡོ་རྗེའང་རང་གི་ཕྱི་བཞིན་དུ་འབྲང་བ་སོགས་ཡིད་ལ་ཅི་འདོད་པ་དེ་བཞིན་དུ་འོང་བར་འགྱུར་རོ། །རྒྱས་པ་ལ་མ་ཡི་རྣམ་པའི་གྲུ་བཞི་སེར་པོ་ལྷ་ཚོགས་ཀྱི་དཀྱིལ་འཁོར་གཙོ་མཆོག་རཏྣ་ཧེ་རུ་ཀར་གཙོ་བོར་བྱས་པའི་ལྷ་འོད་འབར་བ་སྤྲུལ་པའི་འདུ་འཕྲོ་ཅན་གཟི་བརྗིད་ཆེན་པོ་ལ། སེམས་དགའ་བའི་ཡིད་ཀྱིས་མཆོད་སྦྱིན་བྱས་པས་ཚེ་བསོད་འཕེལ་བ་སོགས། ཡོན་ཏན་ནམ་མཁའི་མཐའ་དང་མཉམ་པ་ཐོབ་པར་འགྱུར་རོ། །རྒྱས་པའི་ལིངྒ་རྒྱུ་བདུད་རྩི་ལྔའམ་ཟས་ལྔ་ལ་འདོད་པའི་ཡོན་ཏན་འབྱུང་བའི་ཡིད་བཞིན་གྱི་གཏེར་དུ་བཏགས་པར་བྱས་ལ་གསེར་སོགས་ལས་དབལ་གྲུ་བཞི་པར་བྱས་པ་ང་རྒྱལ་དགའ་འཕྲོ་སྟེ་རཏྣ་ཧེ་རུ་ཀར་བསྐྱེད་པའི་ཕུར་བུས་གདབ་པ་སོགས་བྱས་ཏེ་རྡོ་རྗེ་གཟི་བརྗིད་སྟེ་རཏྣ་ཧེ་རུ་ཀའི་ཚོགས་ལ་འབུལ་བས་ཚེ་བསོད་སོགས་འཕེལ་བར་འགྱུར་རོ་སྔར་བཞིན་མ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ་བསྐྱེད་པ་གུང་མོ་ལུ་གུ་རྒྱུད་དུ་སྦྲེལ་ཞིང་བསྡམས་ནས་བྲོ་བརྡུང་བས་གཟི་བརྗིད་འབར་བའི་རྣམ་འཕྲུལ་ཆེན་པོ་རིགས་ཀྱི་ཁྲོ་བོ་སྤྲོ་བའི་ཏིང་ངེ་འཛིན་གྱི་ཡོན་ཏན་ཚེ་དང་ཡེ་ཤེས་བསོད་ནམས་སོགས་འདོད་དགུ་འབྱུང་བའི་ཡིད་བཞིན་གྱི་ནོར་བུས་ནམ་མཁའི་ཁམས་ཐམས་ཅད་གང་བར་འགྱུར་རོ། །ཞི་བ་ལ་ཡ་ཡི་རྣམ་པའི་ཟླུམ་པོ་དཀར་པོ་ལྷ་ཚོགས་ཀྱི་དཀྱིལ་འཁོར་གཙོ་མཆོག་བུདྡྷ་ཧེ་རུ་ཀས་གཙོ་བྱས་པའི་ལྷ་ཚོགས་དྭངས་ཤིང་གསལ་བའི་གཟི་བརྗིད་མཆོག་ཏུ་འབར་ཞིང་འོད་ཟེར་འཚེར་བ་ལ་སྟངས་ཀྱི་སེམས་ཞི་ཞིང་དང་བའི་ཡིད་ཀྱིས་མཆོད་སྦྱིན་བྱས་ན་མ་རུང་པ་གཏུམ་ཆེན་རྔམ་པའང་ཞི་བའི་སེམས་སུ་ལྷན་ནེར་འགྱུར་རོ། །ཞི་བའི་ལིངྒ་རྒྱུ་བདུད་རྩི་ལྔའི་ཟས་ལྔ་ལ་མ་རུང་པ་གཏུམ་རྔམ་འཁྲུག་པའི་ངོ་བོར་བརྟག་སྟེ། དངུལ་ལམ་དཀར་པོ་ལས་དབལ་ཟླུམ་པོར་བྱས་པ་ལྷན་ནེར་གསལ་བ་སྟེ་བུདྡྷ་ཀཱི་ལ་ཡར་བསྐྱེད་པའི་ཕུར་བུ་དྲུག་གིས་ཡན་ལག་ལྔ་དང་སྙིང་ལ་གདབ་པ་སོགས་བྱས་ཏེ། འབར་བ་ལྷན་ནེའི་སྟེ་བུདྡྷ་ཧེ་རུ་ཀའི་ཚོགས་ལ་འབུལ་བ་དང་། སྔར་བཞིན་ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ་བསྐྱེད་ལ་མཛུབ་མོ་ལུ་གུ་རྒྱུད་དུ་སྦྲེལ་ཞིང་བསྡམས་ནས་བྲོ་བརྡུང་བས་ཕ་རོལ་མ་རུང་པའི་སེམས་མེ་ལྟར་འབར་བའང་ལྷན་ནེར་ཞི་བའི་བྱིན་རླབས་ཀྱིས་ཁྱབ་པས་སྡིག་པ་དང་གདུག་སེམས་ཐམས་ཅད་ཅུང་ཟད་ཀྱང་ཡིད་ལ་མི་རྒྱུ་བས་གཡོ་བ་མེད་པར་བྱེད་པའོ། །དེ་ནས་ལྷག་མའི་ལས་ནི། དཔལ་ཆེན་པོའི་དཀྱིལ་འཁོར་གྱི་མུ་རན་དུ་གནས་པ་སླས་ཏེ་ལྷ་ཆེན་པོའི་ཆུང་མ་དང་བྱི་མོ་སྟེ་མཛའ་མོ་དང་། གཡོག་བྱེད་པས་བྲན་མོའི་ཚོགས་ཏེ་དབང་ཕྱུག་ཉེར་བརྒྱད་པོ་ལྷག་མའི་མཆོད་སྦྱིན་འདོད་པའི་མགྲོན་ཡིན་པས་ཆོ་ག་བཞིན་དུ་སྦྱིན་ཏེ་སྔོན་རང་རང་གི་ཁས་བླངས་པའི་དམ་ཚིག་རྣམས་རབ་ཏུ་བསྒྲགས་ནས་འཕྲིན་ལས་བཞི་གང་དང་། གང་འདོད་པའི་ལས་དེ་དང་དེ་བྱེད་པར་བཀའ་བསྒོ་བར་བྱའོ། །དེ་ཡང་སྔོན་རུ་ཏྲ་འདུལ་བའི་ཚེ་དཔལ་ཆེན་པོ་ཧེ་རུ་ཀ་གདུལ་བྱ་དང་མཐུན་པར་ཤིན་ཏུ་གདུག་ཅིང་གཏུམ་བག་ཅན་དུ་བཞེངས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དྲེགས་པ་ཅན། མ་ལུས་པ་རྣམས་འདུལ་བར་མཛད་པའི། དབང་ཕྱུག་དང་བྱིན་རླབ་ཁྱད་པར་དུ་གྱུར་ཕྱིར་རྨད་པོ་ཆེ་མངའ་བས་ལྷ་ཆེན་པོ་སོགས་དབང་དུ་བསྡུས་ནས་དེ་དག་གི་འཁོར་རྣམས་ལོངས་སྤྱོད་པའི་ཕྱིར་དབང་དང་སླས་སུ་དབང་བསྐུར་བ་བྱས་ཏེ་ཞི་སོགས་སོ་སོའི་ལས་རྣམས་སྐལ་བ་བཞིན་བསྐོས་པ་དེ་ཉིད་སྔོན་ཇི་ལྟར་དམ་བཅས་ཤིང་ཁས་བླངས་པ་རྣམས་སྐད་ཅིག་ཀྱང་མ་ཐོགས་པར་མྱུར་དུ་ལས་འབྲས་མངོན་པར་ཕྱུང་བར་མཛོད་ཅིག་པའོ། །རང་གི་དམ་བཅས་པ་བཞིན་དུ་ལས་མ་བྱས་ན་སྔོན་ཇི་ལྟར་རང་གིས་དམ་བཅས་ཤིང་མནའ་བོར་བའི། སྡོམས་བཅས་ཀྱི་མཚམས་དེ་ལས་འདའ་བར་འགྱུར་ལ་གལ་ཏེ་དམ་ཚིག་དེ་ལས་འདས་པར་གྱུར་ན་ནི་ཁྱེད་ཅག་རྣམས་ཀྱི་མགོ་ལུས་དང་སྙིང་ཡང་ཚལ་པ་བདུན་དུ་ཡཀྵ་ཁྲོ་བོས་དུམ་བུར་གཏུབ་པར་འགྱུར་རོ། །དེ་བས་ན་རྣལ་འབྱོར་སྔགས་འཆང་བདག་གིས་ལས་ཇི་ལྟར་བཅོལ་བ་བཞིན་དུ་སྒྲུབ་པར་བྱོས་ཤིག །གལ་ཏེ་ལས་དེ་མངོན་དུ་མ་བྱས་ན་རང་རང་གིས་མནའ་བོར་ཞིང་ཁས་བླངས་པའི། དམོད་པ་བཞིན་རུལ་མྱགས་འཚིག་ནས་ཐུར་དུ་བལྟས་ཏེ་རྡོ་རྗེའི་དམྱལ་བར་འགྲོ་བར་གྱུར་རོ། །དེ་བས་ན། རྣལ་འབྱོར་པ་དམ་ལ་གནས་པར་གྱུར་པའི་ལས་གང་འདོད་རྣམས་ཡོངས་སུ་རྫོགས་པར་བྱ་བ་དང་རྣལ་འབྱོར་པ་དེའི་འཁོར་རྣམས་ཀྱང་རང་གི་བུ་གཅིག་པུ་ལ་མས་དུངས་པ་བཞིན་དུ་སྐྱོངས་ཤིག་དང་དེའི་མཐུས་ཁྱེད་ཅག་ཕྲ་མེན་མ་རྣམས་ཀྱང་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་གྱུར་པས་རྣལ་འབྱོར་པས་ཇི་ལྟར་བཅོལ་བའི་ལས་རྣམས་མངོན་སུམ་དུ་གྲུབ་པར་བྱོས་ཤིག་ཅེས་བཀའ་བསྒོའོ། །ཁྲོ་བོའི་དཀྱིལ་འཁོར་དང་ཚོགས་ཀྱི་སྒྲུབ་པའི་དུས་སུ་འཕྲིན་ལས་བཞིའི་བྱ་ཐབས་ཀྱི་གཙོ་བོ་ནི་བྲོ་གར་གླུ་ཚིགས་འདི་ཡིན་ནོ། །དེ་ཡང་ཁྲག་འཐུང་ཆེན་པོ་བཛྲ་ཧེ་རུ་ཀ་ལ་སོགས་པའི་རིགས་ལྔ་ཧེ་རུ་ཀ་ཡབ་ཡུམ་གྱི་རྐང་པའི་བྲོ་ལག་པའི་གར་ཞལ་གྱི་གླུ་ཚིག་གི་ང་རོ་ཆེན་པོས་ནི་ཞི་སོགས་ལས་ཐམས་ཅད་དང་མཆོག་མཐུན་གྱི་དངོས་གྲུབ་ཐམས་ཅད་ཅི་དང་ཅི་ཐོབ་པར་འདོད་པ་ལྟར་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ནོ། །ག་རཱིའི་སྒྲ་ལས་མཛོད་ལྡན་ཆེན་མོ་ལ་སོགས་པའི་ཁོང་ནས་ཙ་རཱི་མ་པྲ་མོ་ཧ་པེ་ཏ་ལི་རྣམས་ཀྱི་བྲོ་གར་གླུ་ཚིག་ཆེན་མོས་ནི། འགྲོ་བ་དབང་དུ་འདུ་བར་འདོད་ན་དབང་འདུ་བར་བྱེད་ཅིང་ཚེ་བསོད་སོགས་འཕེལ་བར་འདོད་ན་འཕེལ་བར་བྱེད་དོ། །པུཀྐ་སཱིའི་སྒྲ་ལས་སྤོས་མོ་ཆེན་མོ་ལ་སོགས་པའི་ཁོང་ནས་གྷས་སྨ་རཱི་ཤ་ནི་ཙཎྜ་ལི་རྣམས་ཀྱི་བྲོ་གར་གླུ་ཚིག་ཆེན་མོས་ནི་མི་མཐུན་པའི་ཕྱོགས་རྣམས་ལྷན་ནེར་ཞི་བར་འདོད་ན་ཞི་ཞིང་ལྷན་ནེར་བྱེད་ལ་དྲག་པོས་དྲན་པ་ཉམས་ཏེ་སེམས་རྨུག་ཅིང་མི་གསལ་བར་འདོད་ན་རྨུག་པར་བྱེད་དོ། །སེང་གདོང་ཆེན་མོ་ལ་སོགས་པའི་མཆེ་བ་ཅན་བཞིའི་བྲོ་གར་གླུ་ཚིག་ཆེན་མོས་ནི། གདུག་པ་ཐམས་ཅད་ཀུན་གྱི་སྲོག་ལུས་ལ་ཟ་བར་བྱེད་ཅིང་རྡུལ་ཕྲན་གྱི་ཆ་ཙམ་ཡང་མེད་པར་བརླག་པར་བྱེད་དོ། །གྷྲྀ་དྷྲའི་སྒྲ་ལས་བཞད་གདོང་ཆེན་མོ་ལ་སོགས་པའི་གཤོག་པ་ཅན་བཞིའི་བྲོ་གར་གླུ་ཚིག་ཆེན་མོས་ནི། གདུག་པ་ཅན་ཐམས་ཅད་ཀྱི་མཐུ་རྩལ་མ་ལུས་པའམ་རང་གནས་ལས་འབྱིན་པ་སྟེ་བསྐྲད་པར་བྱེད་ཅིང་། དེ་དག་ཀུན་ལ་ཡོད་པའི་ཕུན་སུམ་ཚོགས་པ་རྣམས་རབ་ཏུ་ཉམས་པར་བྱེད་དོ། །གཞན་ཡང་སླས་དང་བྱི་མོ་བྲན་མོ་སྟེ་དབང་ཕྱུག་མའི་ཚོགས་ཀྱི་བྲོ་གར་གླུ་ཚིག་ཆེན་མོས་ནི། དགྲ་ལ་རྦད་ཅིང་མངགས་གཞུག་གི་ལས་ལ་གཏང་བར་བྱ་བ་སྟེ། འགལ་བྱེད་ཐམས་ཅད་རླག་པར་བྱེད་པ་དང་། མཐུན་པའི་ཕྱོགས་རྣམས་གྲུབ་པ་ཕོ་ཉའི་ལས་ཐམས་ཅད་བྱེད་པ་ཡིན་ནོ། །ཞི་བའི་གནས་ཤིང་ལྗོན་པ་ཅན་དང་ནི་ལྕུག་ཕྲན་གྱི་ཚལ་ནི་རྒྱས་པའི་དང་། དབང་གི་གནས་སྡོང་གཅིག་དང་ནི་མེས་རེག་དྲུང་སྟེ་ནག་ཚལ་འཚིག་པའི་གནས་སུ་དྲག་པོའི་ལས་ཤིས་པའོ། །ཞི་བའི་གཟུངས་མ་ཤིང་ལྗོན་པ་ལྟ་བུ་དང་ཆོས་མཚུངས་པ་དུང་ཅན་མ་སོགས་རིགས་བཞི་གཟུང་མ་རྣམས་ལའང་སྦྱར་བར་བྱའོ། །སྟངས་ཀྱི་སེམས་ཞེས་བྱ་བ་ནི། མཐུན་པའི་གྲོགས་བྱེད་པས་རྐྱེན་གྱི་སེམས་ལས་སོ་སོར་ཀུན་ནས་སློང་བའི་སེམས་པའོ། །དེའང་ཞི་བ་ལ་ཞི་ཞིང་དང་བས་རྒྱས་པ་ལ་དགའ་ཞིང་སྤྲོ་བས་དབང་ལ་ཆགས་ཤིང་ཞེན་པས་དང་དྲག་པོ་ལ་ཞེ་སྡང་ཁྲོས་པས་སེམས་དང་ལྡན་པས་ཀཱ་ལི་ཐབས་ཏེ་ཕྲིན་ལས་རྣམ་པ་བཞིའི་ཐབས་མཁས་ཀྱི་མཛད་པ་རབ་ཏུ་བསྒྲུབ་པར་བྱའོ། །དེ་སྐད་ཅེས་བརྗོད་པས་གདུལ་བྱ་རང་བཞིན་གྱི་དེ་བཞིན་གཤེགས་པ་ཉིད་དེ་སེམས་ཅན་རྣམས་ལ་འདུལ་བྱེད་རྟོགས་པ་མངོན་དུ་གྱུར་པའི་དེ་བཞིན་གཤེགས་པ་ཉིད་ཀྱིས་འཕྲིན་ལས་རྣམས་བཞིས་རྒྱུད་དག་པར་སྦྱོད་པར་པས་འདུལ་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འདི་ཡེ་ནས་ལྷུན་གྱིས་གྲུབ་པའི་འ ཕྲིན་ལས་བཞི་མངོན་དུ་སྣང་བར་བྱེད་པས་བྱིན་གྱིས་རློབས་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་པའོ།། ༈ །།ཞེས་ལེའུ་འདི་ཞི་ཁྲོ་ཐུན་མོང་ཕྲིན་ལས་ཀྱི་ལེའུ་སྟེ་དངོས་པོ་བཅུ་ལས་རོལ་པ་ཕྲིན་ལས་ཀྱི་སྐབས་རྫས་ཧོཾ་ལུག་རྒྱུད་སོགས་སྒོ་ནས་ལས་བྱ་བར་བསྟན་བི་མ་ལས་དམ་ཚིག་ལྡན་པའི་སྐྱེས་བུ་དེས། །རྣམ་བཞིའི་ལས་ཀྱི་གཞན་དོན་བྱ། །ཞེས་གསུངས་པས། ལེའུ་བཅུ་དགུ་པར་སྡོམ་ལ་གནས་པའི་དམ་ཚིག་དང་ལྡན་པའི་སྐྱེས་བུ་དེས་ལེའུ་འདིར་ཞི་སོགས་རྣམ་པ་བཞིའི་ལས་ཀྱི་གཞན་གྱི་དོན་བྱ་བར་བསྟན་ནོ། །ལེའུ་ཉེར་གཅིག་པ་ལ་གསུམ་སྟེ། ལོ་རྒྱུས་དང་གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་གཉིས་པ་ལ་གཉིས། འབྲས་ཆོས་ལྔ་སོ་སོར་བསྟོད་པ་དང་། རྟེན་དང་བརྟེན་པའི་སྤྱིར་བསྟོད་པའོ། །དང་པོ་ལྔ་ནི། ཧཱུཾ་གཏུམ་ཆེན་སོགས་ཚིགས་བཅད་ལྔ། གཉིས་པ་རྟེན་དང་བརྟེན་པ་སྤྱིར་བསྟོད་པ་ནི། རྡོ་རྗེ་བྲག་ཆེན་སོགས་ཚིགས་སུ་བཅད་པ། གསུམ་པ་མཚན་ནི། གསང་བའི་སོགས་སོ། །ས་བཅད་དེ་དང་འབྲེལ་བའི་གཞུང་དངོས་ནི། ཁྲོ་བོའི་དཀྱིལ་འཁོར་རྫོགས་པར་བསྟན་པ། དེ་ནས་རང་སྣང་གི་འཁོར་ལ་བསྟོད་པའི་ཕྱིར། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཁྲག་འཐུང་ང་རྒྱལ་འདུལ་བའི་ཚོགས་ཀྱི་དཀྱིལ་འཁོར་གྱིས་ཞལ་ཤིན་ཏུ་རྔམས་མདངས་ཀྱིས་རང་སྣང་གི་འཁོར་ལོ་དགྱེས་པའི་གླུ་དྲུག་པོ་འདི་བླངས་སོ། ། ཧཱུྃ་ནི་མགོ་འདྲེན་ཁྲོ་བའི་སྣང་གླུ་སྟེ། སྐུ་ལྔ་ཡེ་ཤེས་ལྔར་མཚོན་པའོ། །དེ་ལ་དཔལ་ཆེན་པོའི་སྐུ་ནི། དྲེག་པ་ཅན་རྣམས་འདུལ་བས་གཏུམ་ཆེན་ཏེ་དུས་ཀྱི་མཐའི་མེ་ཆེན་ལྟར་འབར་བའི་སྐུ་ལ་ཡེ་ཤེས་ཀྱི་འོད་ཟེར་ཉི་མ་འབུམ་དུས་གཅིག་ལ་ཤར་བར་ལྟར་གྱི་གཟི་བརྗིད་ཆེན་པོས་ཐམས་ཅད་ཟིལ་གྱིས་ནོན་པ། མི་སྡུག་པའི་ཁྲོ་གཉེར་རྣམ་པར་འགྱུར་བ་ནི། གློག་སྟོང་དུས་གཅིག་ལ་འགྱུ་བ་བཞིན་འཁྱུག་པས་བསྡིག་པར་མཛད་པ། གདུག་པ་ཅན་ཚར་གཅོད་པའི་མཆེ་བ་ནི་ཏིཀྵྞའི་སྒྲ་ལས་ཟངས་ཡག་སྟེ་རྣོན་པོས་མ་རུང་པ་ཟ་བར་བྱེད་པའི་འཇིག་བྱེད་ཆེན་པོའོ། །ཧོཿཞེས་དགྱེས་པའི་གད་རྒྱང་ངོ། །འཇིགས་རུང་ཁྲོས་ཤིང་རྔམ་པའི་གསུང་གི་ང་རོ་ནི་འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ལྟར་སྒྲའི་གཏུམ་ཆེན་གྱི་དྲག་ཤུལ་རི་རབ་འབུམ་དུས་གཅིག་ལ་བསྙིལ་བའི་སྐད་དང་མཉམ་པ་ཨ་ལ་ལ་དང་ཧ་ཧ་དང་ཨ་ལ་ལ་ཞེས་རྡོ་རྗེའི་གད་རྒྱངས་ཆེན་པོ་རྒོད་པས་ས་གསུམ་གཡོ་བ་དབུགས་ཀྱི་ཤུགས་ལས་སྤྱུག་པའི་འཐོར་བྱེད་ཀྱི་རླུང་ཆེན་པོས་གདུག་པ་ཅན་རྣམས་གཡེང་བ་སྟེ། དུས་མཐའི་རླུང་ཆེན་པོས་གཏོར་བ་ལྟར་བྱེད་པའོ། །ཧོཿ ཡེ་ཤེས་ཆེན་པོས་མ་རིག་པའི་ཚོགས་ལ་ངང་ངམ་ཤུགས་ཀྱིས་ཁྲོས་པའི་ཁྲོ་བོ་ཡང་དག་པའི་ཤེས་རབ་ཀྱིས་གདུལ་བྱའི་མུན་པ་སེལ་བར་མཛད་པས་འོད་པོ་ཆེ་སྟེ། ཐུགས་ཡེ་ཤེས་ལྔའི་དཀྱིལ་འཁོར་གྱིས་ཤེས་བྱའི་ཡུལ་ཀུན་དུས་གཅིག་ཏུ་རང་གསལ་མ་འགགས་པར་མཁྱེན་ཅིང་འབར་བའི་ཡེ་ཤེས་དེས་གདུལ་བྱའི་ལོག་རྟོགས་ཀུན་ཏུ་འཇོམས་པར་མཛད་པ་དེ་ཡང་ཡེ་ཤེས་མཁྱེན་གཉིས་སོགས་སྣ་ཚོགས་པའི་ཡེ་ཤེས་རྣམ་པ་ཐ་དད་དུ་གསལ་བ་ཀུན་ཀྱང་རང་འབྱུང་གི་ཡེ་ཤེས་ཐིག་ལེ་ཆེན་པོ་གཅིག་གི་ངོ་བོར་དབྱེར་མེད་པའོ། །ཧོཿཧཱུཾ་གདུག་པ་ཅན་འདུལ་བ་ཁྲོ་བོའི་མཛད་པས་གདུལ་བྱ་ལ་དབང་སྒྱུར་བའི་རྒྱལ་པོ་སྟེ། ཡོན་ཏན་འབྱུང་བའི་སྤྲིན་ཆེན་པོ་ལས་འཕྲོས་པའི་འདུལ་བྱེད་ཁྲོ་བོའི་དཀྱིལ་འཁོར་གྱི་ཐུགས་རྗེས་ཆར་ཆེན་པོ་འབེབས་པས་གང་ལ་གང་འདུལ་གྱི་སྤྲུལ་པའི་དཀྱིལ་འཁོར་ཟད་པ་མེད་པ་འགོད་ཡིད་བཞིན་དུ་འབྱུང་བ་རིན་པོ་ཆེའི་གཏེར་དང་འདྲ་བས་དོན་མཛད་པ་སྣ་ཚོགས་སུ་སྣང་བ་ཕྱག་རྒྱ་ཆེན་པོའི་སྐུར་ཁྲོས་པ་ཐམས་ཅད་ཀྱང་ཡེ་ཤེས་ཆེན་པོའི་ཁྲོ་བོར་རོ་གཅིག་པའི་ཐིག་ལེ་ཆེན་པོར་གནས་པའོ། །ཧོཿཧཱུཾ་བདུད་བཞི་པོ་ཀུན་གྱི་རང་བཞིན་མ་སྤང་བར་དབང་དུ་བྱེད་པ་ནི་བདུད་ཆེན་པོ་སྟེ་ཧེ་རུ་ཀའོ། །དེའང་བདུད་བཞིའི་དཔུང་མཐར་བྱེད་ཀྱི་བདུད་དེ་སྒྲིབ་གཉིས་བག་ཆགས་དང་བཅས་པའི་བདུད་རྣམས་འཇོམས་པར་མཛད་ཅིང་། བདུད་དང་གཤིན་རྗེ་སོགས་འཇིགས་པའི་ཚོགས་རྣམས་ཀྱང་འཇིགས་པར་བྱེད་པས། འཇིགས་བྱེད་ཆེན་པོ་ཁྲག་འཐུང་གི་ཚོགས་རྣམས་ཀྱང་ངོ་བོ་ཆོས་སྐུ་སྤྲོས་བྲལ་ཐིག་ལེ་ཆེན་པོར་རོ་གཅིག་པའོ། །ཧོཿཧཱུཾ་ཁྲག་འཐུང་ལྷ་ཚོགས་ཀྱི་སྐུ་ནི་རྡོ་རྗེ་བྲག་ཆེན་པོ་ལྟར་སྐྱེ་ཤི་དང་འཕོ་འགྱུར་མེད་པས་སྲ་བ་པོ་སྟེ་ཆེ་བའི་ཡོན་ཏན་ཀུན་གྱི་རྟེན་དུ་གྱུར་པའོ། །གསུང་དང་ཡོན་ཏན་ནི་རྡོ་རྗེའི་ཆུ་བོ་ལྟ་བུ་སྟེ། གདུལ་བྱའི་ཚོགས་མ་ལུས་པ་སྡུད་པས་བདེ་བ་ཆེན་པོས་རྒྱུད་བརླན་ཅིང་ཚིམ་པར་མཛད་པའོ། །ཐུགས་ནི་རྡོ་རྗེ་མེ་སྟེ་ཐུགས་རྗེའི་ཡེ་ཤེས་ཀུན་ཏུ་འབར་བ་ཆེན་པོས་མཚན་མའི་རྟོགས་པ་ཐམས་ཅད་སྲེག་ཅིང་ཤེས་བྱའི་ཡུལ་ཐམས་ཅད་མངོན་སུམ་དུ་མཁྱེན་པའོ། །འཕྲིན་ལས་ནི་རྡོ་རྗེའི་རླུང་སྟེ་གདུལ་བྱ་ཁྱབ་ཅིང་གཡོ་བས་འདུལ་བར་མཛད་ཅིང་ཁྱད་པར་གདུག་ཅན་རྣམས་ཆོས་དབྱིངས་སུ་འཐོར་བར་བྱེད་པའི་རླུང་ཆེན་པོའོ། །ཧོཿགཞན་རྟེན་གཞལ་ཡས་ཁང་ལ་སྦྱར་ཚུལ་ནི་འགྲེལ་པ་སོགས་ལས་ཤེས་པར་བྱའོ། །དེ་སྐད་ཅེས་རང་སྣང་གི་དཀྱིལ་འཁོར་དགྱེས་པ་ཆེན་པོས་ཆེད་དུ་གླུ་བླངས་སོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། འདིར་རང་སྣང་ཁྲོ་བོའི་དཀྱིལ་འཁོར་ལ་བསྟོད་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། ༈ །།ཞེས་ལེའུ་འདི་ཁྲོ་བོ་རྗེས་འཇུག་ཉམས་ལེན་གྱི་ལེའུ་དང་། དངོས་པོ་བཅུ་ལས། གནས་སུ་སྟོབ་པ་མཆོད་པའི་སྐབས་ཁྲོ་བོ་གཏུམ་ཆེན་གྱི་མཆོད་པ་བསྟན། བི་མ་ལས་ཁྲོས་པའི་གླུ་ཡིས་བསྟོད་པར་བྱ། ཅེས་གསུངས་ཏེ། གོང་དུ་བསྟན་པའི་ཁྲོ་བོའི་དཀྱིལ་འཁོར་དེ་རྣམས་ལ་ལེའུ་འདིར། རྡོ་རྗེ་ཁྲོས་པའི་གླུ་ཡིས་བསྟོད་པར་བྱ་བ་བསྟན་པར་བཞེད་དོ། །ལེའུ་ཉེར་གཉིས་པ་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་མཚན་ནོ། །དང་པོ་ནི། དེ་ནས་བཅོམ་ལྡན་སོགས། གཉིས་པ་གཞུང་ལ་གསུམ་སྟེ། གདམས་པ་དང་། གཏད་པ་དང་། རྒྱུད་རྫོགས་ནས་མཛད་པ་ཆོས་ཉིད་དུ་བཞུགས་ཚུལ་ལོ། །དང་པོ་ལ་བཞི། གཞི་རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས་པ། ལོག་རྟོགས་འཁྲུལ་པའི་སྣང་བ་དག་བྱར་གདམས་པ། གདུལ་བྱ་ལམ་གྱི་སྣང་བ་བགྲོད་བྱར་གདམས་པ། འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པའོ། །དང་པོ་ནི། ཀྱཻ་ཕྱོགས་བཅུ་སོགས་རྐང་པ་གཉིས། གཉིས་པ་ནི་གཟུང་འཇིན་སོགས་རྐང་པ་གཉིས། གསུམ་པ་ནི། ས་རྣམས་སོགས་རྐང་པ་གཉིས། བཞི་པ་ནི་ཡེ་ཤེས་སོགས་རྐང་པ་གཉིས། གཉིས་པ་གཏད་པ་ལ་གསུམ། ལྷན་གཅིག་པའི་འཁོར་སྡུད་པ་པོ་དང་། གོ་ཆ་ཕྱེ་བའི་འཁོར་ཕྱི་རབས་ཀྱི་གང་ཟག་དང་། མ་མོ་དང་མཁའ་འགྲོ་རྣམས་ལ་གཏད་པའོ། །དང་པོ་ནི། དེ་བཞིན་སོགས་རྐང་པ། གཉིས་པ་ལ་གཉིས། གང་ཟག་ཆོས་མིག་ཅན་དང་། ངེས་པར་ལུང་བསྟན་པའི་སྒོ་ནས་གཏད་པའི་འཐད་པ་དང་བཅས་པའོ། །དང་པོ་ནི། དེ་བཞིན་སོགས་ཚིགས་བཅད་གཅིག །གཉིས་པ་ནི། དེ་ནི་སོགས་རྐང་པ་གསུམ། གསུམ་པ་མཛད་པ་ཆོས་ཉིད་དུ་བཞུགས་ཚུལ་ནི། ཞེས་བརྗོད་པས་སོགས། གསུམ་པ་མཚན་ནི། གསང་བའི་སོགས་སོ། །ས་བཅད་དེ་དང་ལྡན་པའི་གཞུང་དངོས་ནི། རྒྱུད་དོན་རྫོགས་པར་བསྟན་པ། དེ་ནས་རྒྱུད་གདམས་ཤིང་གཏད་པ་སྟོན་ཏེ། གང་གིས་ན་སྟོན་པ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཀུན་ཏུ་བཟང་པོས་སོ། གང་ལ་ན་ལྷན་ཅིག་པའི་འཁོར་རྒྱུད་ཡོངས་སུ་དག་པའི་དེ་བཞིན་གཤེགས་པ་ཉིད་དང་གོ་ཕྱེ་བའི་འཁོར། ཡེ་ཇི་བཞིན་པའི་དེ་བཞིན་གཤེགས་པ་ཉིད་དེ་ཕྱི་རབས་ཀྱི་གང་ཟག་ཆོས་ཀྱི་མིག་ཅན་རྣམས་ལ་གཏད། གང་གཏད་ན་བསྟན་པ་གསང་སྔགས་རྨད་དུ་བྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདིའོ། །ཇི་ལྟར་ན་རྒྱུད་འདི་ཉིད་འགྲོ་བའི་ཕན་བདེའི་གཞིར་མི་ནུབ་པར་བརྟན་པར་བཟུང་བ་འདི་ཆེད་དུ་བརྗོད་དོ། །ཀྱེ་ཀྱེ་ཞེས་འཁོར་གཉིས་ལ་བོས་ནས། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་འཁོར་འདས་ཀྱི་ཆོས་རྣམས་རང་བཞིན་གྱིས་རྣམ་པར་དག་པ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་རྟོགས་བྱར་གདམས་པའོ། །ཕྱི་བཟུང་འཛིན་གྱི་སེམས་ཀྱི་སྤྲོས་པ་ལ་ཞེན་པས་བློ་མངོན་པར་འཆེལ་ཞིང་གོམས་པ་ཡིས་རང་གི་རྣམ་རྟོག་ཞགས་པ་དང་འདྲ་བས་ཁམས་གསུམ་རིགས་དྲུག་གི་གནས་སོ་སོར་འཛིན་ཅིང་སྡུག་བསྔལ་གྱིས་ཉམས་ཐག་པར་གྱུར་པས་ན་དེ་ལས་གྲོལ་བར་གདམས་པའོ། །དེ་ལས་གྲོལ་བྱེད་དབང་པོའི་རིམ་པས་ཐེག་པ་སོ་སོའི་ས་རྣམས་དང་ལམ་གྱི་ཁྱད་པར་མ་འདྲེས་པར་བཀོད་པ་ཉན་རང་བྱང་སེམས་ཕྱི་རྒྱུད་གསུམ་གྱི་ཐེག་པ་ཡང་། རང་བཞིན་གསང་བའི་སྙིང་པོ་འདིར་འགྲོ་བའི་ལམ་སྟེགས་ཡིན་པས་ན་བགྲོད་པ་གཅིག་པའི་ལམ་འདི་ཉིད་ཉམས་སུ་བླངས་བྱར་གདམས་པའོ། །དེ་ལྟར་ལམ་མཐར་ཕྱིན་པས་སྤངས་རྟོགས་ཀྱི་ཡེ་ཤེས་ངོ་མཚར་བའི་ཡོན་ཏན་རབ་འབྱམས་མངའ་བ་ཉིད་ཀྱིས་ཕྲིན་ལས་གསུང་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པར་སྣང་བའང་གདུལ་བྱའི་དོན་དུ་མི་འགྱུར་བ་ནི་གང་ཅུང་ཟད་གཅིག་ཀྱང་རྣམ་པ་ཐམས་ཅད་དུ་ཡོངས་སུ་མ་གསུངས་ཏེ་གསུང་བར་མི་མཛད་པས་ན་དེ་ཉིད་ཐོབ་བྱར་གདམས་པའོ། །ཕྱོགས་འདུས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཕྱག་རྒྱ་གསང་ཆེན་སྙིང་པོ་ཡི་གེའི་རྒྱུད་འདི་མ་འོངས་པའི་རྣལ་འབྱོར་པས་གང་ཞིག་རང་གི་ཚུལ་བཞིན་དུ་རྟོགས་ནས་གཞན་ལ་མ་ནོར་བར་སྨྲ་བར་གང་བྱེད་པ། དེ་ཉིད་ནི་ཀུན་ཏུ་བཟང་པོ་ང་དང་ཐ་མི་དད་པ་ཡིན་ཅིང་ཕན་ནུས་ཟབ་མོའི་དབང་ཡང་རང་བཞིན་གྱིས་རྫོགས་པའི་ཕྱིར་རྒྱུད་འདི་ཟུང་ལ་མི་ནུབ་པར་ཟུངས་ཤིག་ཅེས་པའོ། །ཕྱོགས་དུས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་དགོངས་པ་གསང་བའི་སྙིང་པོ་འདི་ལས་ལྷག་པའི་དོན་གཞན་ཅུང་ཟད་ཀྱང་མི་མངའ་བས་འདིའི་བརྗོད་བྱ་ནི་ཟབ་པའི་ཕྱིར་ཡོད་ལ་སྒྲོ་འདོགས་དང་མེད་པར་སྐུར་པ་འདེབས་པ་སོགས་མཐའི་སྤྲོས་པ་ཐམས་ཅད་ཉེར་བར་ཞི་བ་ཡི་རང་བཞིན་ཏེ་དེ་བརྗོད་བྱེད་ལམ་རྐྱེན་སྡུད་ཡི་གེའི་རྒྱུད་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ་འདི་ཉིད་སྒྲོ་སྐུར་ཐམས་ཅད་དང་བྲལ་བའོ། །དེ་ལྟར་སྟོན་པའི་བདག་ཉིད་ཀྱི་རང་བཞིན་ཆོས་ཉིད་དེ་བཞིན་ཉིད་ངེས་པའི་དབྱིངས་རུམ་ནས་ཕྱུང་བའི་རྒྱུད་འདི་ཟུངས་ཤིག་ཅེས་སྡུད་པ་པོ་ལ་གཏད་པའོ། །རྒྱུད་འདི་འཛིན་ཅིང་སྟོན་པའི་གང་ཟག་དེ་ནི་ངེས་པར་གཞན་ལ་སྟོན་པའི་རིག་པའི་སྐྱེས་བུ་དང་། དེ་ཉིད་ང་ཡིན་དབང་ཡང་རྫོགས་ཞེས་སངས་རྒྱས་སུ་ལུང་བསྟན་ཏེ་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་དྭངས་མ་ཡིན་ཏེ་དེ་ནི་ཀུན་ཏུ་བཟང་པོའི་ཐུགས་ཀྱི་གསང་བ་ཟབ་མོ་འདི་ལས་སྐྱེས་པ་ཡིན་པའི་ཕྱིར་ས་རབ་སྟེ་ས་ཐམས་ཅད་མཆོག་རིག་འཛིན་པའོ། །རྡོ་རྗེ་འཛིན་པའི་ས་ལ་གནས་པ་ཡིན་ཏེ་སྣོད་ལྡན་རྣམས་ལ་གཏད་ཅིག་ཅེས་གཏད་པའོ། །རྒྱུད་དོན་དེ་སྐད་ཅེས་བརྗོད་པས་སྟོན་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་དབྱེར་མེད་པར་གྱུར་ཅིག །རྒྱུད་ཀྱི་མཛད་པ་རྫོགས་པས་དགྱེས་ནས་དུས་ཐ་དད་དུ་མི་དམིགས་པ་ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་སུ་རྣམ་པར་དག་པའི་ཞིང་ཁམས་སྣང་ཞིང་བཀོད་པ་ཐམས་ཅད་སྟོན་པ་ཉིད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་ལྷུན་གྱིས་གྲུབ་པ་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་འཕོ་འགྱུར་མེད་པར་བཞུགས་སོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་འདི་ལ་ལེའུ་ཉེར་གཉིས་སུ་ཡོད་པ་ལས་འདི་ཐ་མ་རྒྱུད་རྫོགས་ཤིང་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པ་ལ་མཉེས་པ་དང་གདམས་ཤིང་གཏད་པའི་སྒོ་ནས་རྒྱུད་ཡོངས་སུ་བཟུང་བའི་ལེའུ་སྟེ་ཉི་ཤུ་གཉིས་པའོ། །ཞེས་ལེའུ་འདིས་གདམས་ཤིང་གཏད་པ་སྟོན་ཏེ་བསྟན་པའི་སྙིང་པོ་རང་བཞིན་གསང་བའི་སྙིང་པོ་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་དང་བཅས་པ་འདི་ཉིད་མི་ཉམས་པའི་ཆེད་དུ་འཁོར་རྣམས་ལ་གདམས་ཤིང་གཏད་པ་སྟོན་པ་ཡིན་ནོ།། །།གསུམ་པ་འཇུག་གི་དོན་རྒྱུད་རྫོགས་པའི་བྱ་བ་བསྟན་པ་ནི། འཕགས་པ་ཞེས་སོགས། དེ་ཡང་བརྗོད་བྱ་གཞི་ལམ་འབྲས་གསུམ་དབྱེར་མེད་པའི་རང་བཞིན་ལྷག་པ་བདེན་པ་དབྱེར་མེད་ཀྱི་དོན་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པར་སྟོན་པས་ན་གཞན་ལས་ཁྱད་པར་དུ་འཕགས་པའི་ཕྱིར། དེ་བརྗོད་བྱེད་ཡི་གེའི་རྒྱུད་འདི་ལའང་འཕགས་པ་ཞེས་བཏགས་སོ། །རྟོག་པ་ནི་དངོས་གྲུབ་རྣམས་གཉིས་སྒྲུབ་པའི་ཐབས་ཀྱི་རྒྱུད་ཐམས་ཅད་ལ་གྲགས་ཤིང་། དེ་དག་ཐམས་ཅད་ལ་རྒྱུད་འདི་མཆོག་ཏུ་གྱུར་པས་ན་རྒྱལ་པོ་འོ་དེ་ལྟ་བུའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་དེའི་ལེའུའི་གྲངས་ནི་སྟོང་ཕྲག་བརྒྱ་པ་སྟེ་འབུམ་ཕྲག་གཅིག་བཞུགས་པ་ལས་ཕྱུངས་པ་རྩ་བའི་རྒྱུད་ལེའུ་ཉི་ཤུ་རྩ་གཉིས་ཀྱི་བདག་ཉིད་དུ་བསྟན་པ་འདི་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་ཀྱི་རྒྱུད་ཐམས་ཅད་ཀྱི་འབྱུང་ཁུངས་སམ་འཕྲོ་གཞིར་གྱུར་པས་ལུང་གི་སྤྱི་འགྲེལ་ཕྱོགས་བཅུ་དང་། དུས་གཞིར་བསྡུས་པའི་དེ་བཞིན་གཤེགས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ལས་ཀྱང་ཆེ་གསང་བ་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བའི་རྒྱུད་འདི་ལས་བསྟན་པ་དང་ཐེག་པ་ཐམས་ཅད་མ་ལུས་པར་འཕྲོས་ཏེ་ཆོས་ཀྱི་འཁོར་ལོ་བསམ་གྱི་མི་ཁྱབ་པ་བསྐོར་བ་དེ་དག་གང་ནས་ཞུགས་ཀྱང་མཐར་ཐུག་བགྲོད་པ་གཅིག་པས་ཀུན་གྱི་འབྲས་བུ་བླ་ན་མེད་པའི་མཆོག་རྩ་བའི་རྒྱུད་ཆེན་པོ་རྫོགས་སོ། །ཞེས་པ་ནི་གཏན་ལ་ཕབ་ཟིན་པའི་དང་ཨི་ཏི་ཞེས་པ་ནི་ཤིན་ཏུ་ཟབ་པའི་དོན་ནོ། །མཐར་རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲའི་སྟེ་དྲི་མེད་བཤེས་གཉེན་གྱི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙ་བ་གཉགས་ཛྙཱ་ན་ཀུ་མཱ་ར་སྟེ་ཡེ་ཤེས་གཞོན་ནུ་དང་། རྨ་ཨཱ་ཙརྻ་སྟེ་སློབ་དཔོན་རིན་ཆེན་མཆོག་གིས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །ཞེས་ལོ་པཎ་དེ་རྣམས་ཀྱི་ལེགས་པར་བསྒྱུར་ཞིང་འཆད་ཉན་གྱིས་གཏན་ལ་ཕབ་ནས་དར་རྒྱས་སུ་མཛད་དོ། །ཟབ་དང་རྒྱ་ཆེར་སྟོན་པའི་ཆོས་ཚུལ་རྣམ་གྲངས་མཐའ་ཀླས་ལས་བརྩམ་སྟེ། །གདུལ་བྱའི་བློ་དང་མཚམས་པར་རྟོག་པའི་འདུལ་བྱེད་ཐེག་པ་ཇི་སྙེད་པ། །ཀུན་གྱི་དཔལ་གྱུར་བགྲོད་པ་གཅིག་པུ་ཟབ་ལམ་རྡོ་རྗེ་ཐེག་པའི་ཆོས། །རྒྱུད་སྡེ་རྒྱ་མཚོ་སྤྱི་དང་ཁྱད་པར་ནང་རྒྱུད་སྡེ་གསུམ་མཆིས་སོ་འཚལ། །ལུས་པ་མེད་པའི་གསང་བ་ཆེན་པོ་རབ་འབྱམས་རྒྱལ་བའི་དགོངས་པའི་བཅུད། །སྙིང་པོའི་སྙིང་པོ་དཔལ་ལྡན་རྡོར་སེམས་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་རྒྱལ། །ཀུན་རྟོག་ལས་འདས་གདོད་མའི་གནས་ལུགས་དེ་ཁོ་ན་ཉིད་ངེས་པའི་དོན། །ལམ་མཆོག་ཡོངས་རྫོགས་ལེགས་བཤད་ཉུང་ངུ་རྣམ་དག་ཚིག་གིས་གསལ་བར་བྱས། །དེ་ལྟའི་རྣམ་དཔྱོད་འདབ་མ་ཅུང་ཟད་གྲོལ་འདི་ཡང་། །གཏེར་ཆེན་ཆོས་རྗེའི་སྨིན་གྲོལ་བདུད་རྩིས་གསོས་བཏབ་ཅིང་། །ཀུན་མཁྱེན་བླ་མས་ཉིན་བྱེད་ཤར་བས་མངོན་དགར་བྱས། དྷརྨ་ཤྲཱིའི་ལེགས་བཤད་འོད་འབུམ་བརྡལ་བས་ཀྱང་། །འདི་ལྟར་བགྱིས་ལ་འགལ་ཁྲུལ་དྲི་མས་ནོངས་པ་གང་། །ཡེ་ཤེས་སྤྱན་ལྡན་ལྷ་དང་སྲུང་མའི་ཚོགས་རྣམས་དང་། །ཆོས་ཀྱི་སྤྱན་ལྡན་མཁས་དང་གྲུབ་པའི་སྤྱན་སྔར་བཤགས། །སྒྲིབ་མེད་རྒྱལ་བའི་གོ་འཕང་དམ་པ་བརྙེས་པར་ཤོག །ལེགས་བྱས་པདྨའི་དགའ་ཚལ་ལ་བརྟེན་ནས། །ཐེག་ཆེན་བུང་བའི་སྒྲ་དབྱངས་སྙན་སྒྲོགས་ཤིང་། །ཟབ་གསང་སྦྲང་རྩིའི་རོ་ཡི་ལུས་ཅན་རྣམས། །ཟག་མེད་བདེ་བས་རྟག་པར་འཚོ་གྱུར་ཅིག །ཅེས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་སྙིང་པོའི་འབྲུ་རེ་གཉེར་གྱི་སྒོ་ནས་མཆན་འགྲེལ་ཅུང་ཟད་བགྱིས་པ་འདི། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་བདེ་ཆེན་གླིང་པ་དང་། ཀུན་གཟིགས་བླ་མ་འཇམ་པའི་རྡོ་རྗེ་མཁྱེན་བརྩེའི་དབང་པོ་རྣམས་གཉིས་ཀྱི་ཞལ་སྔ་ནས་སྨིན་གྲོལ་གྱི་གདམས་པའི་བཀའ་དྲིན་ཚད་མེད་པ་ཐོབ་ཅིང་གསུང་གི་གསང་བས་རྗེས་སུ་གནང་བ་དང་གཞན་ཡང་བཤེས་གཉེན་དམ་པ་མང་པོའི་ཐུགས་རྗེས་ཉེ་བར་བསྐྱང་བའི་མཐུ་ལས་ཐེག་པ་མཆོག་ལ་མོས་པའི་བློ་ཅན་བཙུན་གཟུགས་ཀརྨ་རིན་ཆེན་རྣམ་རྒྱལ་གྱིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ནས་དབུ་བརྩམས། ཤར་ཕྱོགས་ཀཿཐོག་རྡོ་རྗེ་གདན་གྱི་གནས་སུ་གྲུབ་པར་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།སྔ་འགྱུར་རྙིང་མའི་བཤད་སྒྲུབ་གཉིས་ཀྱི་རྩ་བ་སྒྱུ་འཕྲུལ་གསང་བ་སྙིང་པོའི་དབང་། རྒྱུད་བཤད་རྫོགས་རིམ་ཉམས་ལེན་བཅས་ཀུན་བཟང་རྡོ་རྗེ་སེམས་དཔའ་ནས་ད་ལྟའི་བར་རིང་བརྒྱུད་མ་ཆད་པ་བཞུགས་པ་འཇམ་མགོན་མཁྱེན་ཀོང་གཉིས་ཀྱིས་ཞེ་ཆེན་དཔོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལས་གསན་ཏེ་བསྙེན་སྒྲུབ་ཉམས་བཞེས་གནང་བས་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་ལ་ཟུར་ཆེན་ཡབ་སྲས་ཀྱི་ཡེ་ཤེས་སྐུའི་རྗེས་སུ་བཟུང་བའི་ཉེ་བརྒྱུད་བཅས་ཆུ་བོ་གཅིག་འདྲེས་གཏེར་ཆེན་མཆོག་གླིང་དང་དཔལ་ཡུལ་རྒྱ་སྤྲུལ་མདོ་སྔགས་བསྟན་འཛིན་སོགས་ཀྱིས་གསན་པའི་རྒྱུན་བཞུགས་པ་རྣམས་ཐུགས་སྲས་ཚ་བ་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་ཞེས་པས་འཇམ་མགོན་རྣམ་པ་གསུམ་ཀ་ལས་དབང་ལུང་གི་རྒྱུན་གསན་ནས་མཆན་འགྲེལ་འདི་མཛད་པས་བརྒྱུད་པའི་ཆུ་བོ་གཅིག་འདྲེས་སུ་སོང་བའི་གནད་ཀྱིས་རྙིང་སྔགས་རྒན་པོ་དིལ་མགོ་མཁྱེན་སྤྲུལ་པས་དཔེ་ལུང་གི་རྒྱུན་འཕེལ་ཕྱིར་སྤར་འགྲེམ་ཞུས་པའི་རྙིང་བསྟན་གཅེས་སྤྲས་སུ་འཛིན་པ་རྣམས་ལ་འཆད་ཉན་ཉམས་བཞེས་མ་ཆད་ཙམ་གནང་བར་གསོལ་འདེབས་དང་དགེ་བས་འགྲོ་ཀུན་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པར་གྱུར་ཅིག། །།

སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ཀྱི་མཆན་འགྲེལ་ཉི་ཟླའི་སྙིང་པོ། གཞན་ཕན་སྣང་བ།

སཱུ རྻ ཙ ནྡྲ སྱ ག རྦྷ ནཱ མ མཱ ཡ ཛཱ ལ མཱུ ལ སྱ ཏནྟྲ སྱོ པ བྲྀ ཏྟི བི ཧ ར ཏི སྨ།། །།
སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ཀྱི་མཆན་འགྲེལ་ཉི་ཟླའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །
སཾ པ ར པ རྻ གོ ཏྲ ྉྤ རཾ པ རྻ བི དྱཱ དྷ རོ ནི རྨི ཏཱ རྒྷོ ཛི ནཱ རྒྷ ཛྱ ནྲྀཿ །།
རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་ཡི་བརྒྱུད། །སྤྲུལ་པའི་གང་ཟག་རིམ་ནས་རིམ་བརྒྱུད་དང་།
ༀ ན མ སྶེ ནི ཀཿ ཨུ ཏྟ མ ཤྩི ཏྟ དེ བོ མ ཧཱ ཀ ལྤ ནཱ དྭ ཙ ཌཱ ཀྐཱི ས ཧཱ ཿ །
ཡི་དམ་ལྷ་དང་ཌཱཀྐི་ཚོགས་བཅས་ལ། །གཉིས་མེད་མཉམ་པ་ཆེན་པོས་ཕྱག་བགྱིའོ།
།དེ་ལ་འདིར་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། ལུང་ཐམས་ཅད་ཀྱི་འབྱུང་ཁུངས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐེག་པའི་ཉེ་ལམ་ཆེན་པོ། གསང་བ་བས་ཀྱང་ཆེས་ཤིན་ཏུ་གསང་བ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འཆད་པ་ལ་གསུམ་སྟེ། བརྗོད་བྱ་རྟོགས་པའི་ཡན་ལག་ཏུ་མཚན་གྱི་དོན་བཤད་པ། བརྗོད་བྱ་ཉིད་གསལ་བར་སྟོན་པ་རྒྱུད་ཀྱི་དོན་དངོས་བཤད་པ། ཡོངས་སུ་རྫོགས་པ་འཇུག་གི་དོན་བཤད་པའོ། །དང་པོ་ལ་གཉིས་ཏེ། མཚན་དོན་དངོས་དང་། ཕྱག་གིས་མཆོད་པར་བརྗོད་པའོ། །དང་པོ་ནི། རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་གརྦྷ་ཏ་ཏཱ་བི་ནི་སྩ་ཡ་མ་ཧཱ་ཏནྟྲ་ནཱ་མ། བོད་སྐད་དུ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འཁོར་འདས་ཐམས་ཅད་དབྱེར་མེད་པ་ནི་འཁོར་འདས་ཀུན་གྱི་དཔལ་དེ་ཉིད་ཤིན་ཏུ་རྟོགས་པར་དཀའ་བས་གསང་བའི་སྟེ་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ། །གནས་ལུགས་རྫོགས་པ་ཆེན་པོ་དང་དེའི་རྗོད་བྱེད་ཟབ་ཅིང་རྒྱ་ཆེ་བ་རྣམས་ནི་སྙིང་པོ་ཡིན་ལ་དེ་ཉིད་ཀུན་ཁྱབ་བསླུ་བ་མེད་པའི་ཆོས་ཏེ་འཕོ་འགྱུར་མེད་པས་དེ་ཁོ་ན་ཉིད་དོན་དེ་ཡང་སངས་རྒྱས་ལ་ཡོད་ཅིང་སེམས་ཅན་ལ་མེད་པ་ལྟར་མ་ཡིན་པས་རྣམ་པར་ངེས་པའི་དོན་གྱི་རྒྱུད་ཆེན་པོའོ། །གཞན་ཡང་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་ནི་གཞི་གསང་བའི་སྙིང་པོ། །དེ་ཉིད་བསྐྱེད་རྫོགས་གཉིས་སུ་མེད་པས་ཉམས་སུ་ལེན་པ་ནི་ལམ་དེ་ཁོ་ན་ཉིད། མཐར་ཐུག་སྐུ་གསུམ་ལྷུན་གྱིས་གྲུབ་པ་ན ི་འབྲས་བུ་གཞི་ཐོག་ཏུ་ངེས་པའོ། །མདོར་ན་སྣང་བ་དང་སྟོང་པ་བསྐྱེད་པ་དང་རྫོགས་པ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་སྟོན་པའི་མཚན་ཡིན་ནོ། །གཉིས་པ་ནི། བདུད་བཞི་དང་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་བཅོམ་པ་ནི་སྤངས་བ་ཕུན་སུམ་ཚོགས་པའོ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་དང་ལྡན་པ་ནི་རྟོགས་པ་ཕུན་སུམ་ཚོགས་པའོ། ། ཁ་ཅིག་བཅོམ་པའི་དོན་དེ་ཉིད་དང་ལྡན་པས་བཅོམ་ལྡན་ཞེས་ཀྱང་བཞེད་དོ། །འཁོར་འདས་བླང་དོར་ཡོད་མེད་སོགས་སྤྲོས་པའི་མཚན་མ་ཐམས་ཅད་ལས་འདས་པ་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་ལྷུན་གྲུབ་ཏུ་འཆར་བའི་དོན་གཉིས་གྲུབ་པའི་དཔལ་ལྷུན་སྟུག་པོ་བཀོད་པའི་ཞིང་ན་འཕོ་འགྱུར་མེད་པར་དུས་ཀུན་ཏུ་བཞུགས་ཤིང་རང་སྣང་བའི་ལོངས་སྤྱོད་ཆེན་པོ་རྫོགས་པས་བཟང་པོ་དེ་ལ་ཕྱག་འཚལ་ལོ། །དེ་ཡང་དབྱེ་ན་ལྔ་སྟེ། ཀུན་གྱི་སྔོན་རོལ་དུ་མངོན་པར་བྱང་ཆུབ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་རང་བཞིན་ཀུན་ཏུ་བཟང་པོ་དང་། སེམས་ཉིད་འོད་གསལ་བའི་ངོ་བོ་སྐུ་གསུམ་འདུ་འབྲལ་མེད་པའི་རང་བཞིན་ད་ལྟ་ཉིད་ནས་རང་ཆས་སུ་ལྷུན་གྱིས་གྲུབ་པས་ཡེ་ནས་སངས་རྒྱས་པ་གཞིའི་ཀུན་ཏུ་བཟང་པོ་དང་། ལམ་གོམས་པས་ཐབས་ཤེས་གཉིས་མེད་ཀྱི་རྟོགས་པ་ཤར་བ་ལམ་ཀུན་ཏུ་བཟང་པོ་དང་། ལམ་མཐར་ཕྱིན་ནས་གཞི་ཐོག་ཏུ་ཕྱིན་ཏེ་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པ་ནི་འབྲས་བུའི་ཀུན་ཏུ་བཟང་པོའོ། །ཡུལ་དེ་དག་ལ་འགྱུར་མཛད་པ་པོ་སྒོ་གསུམ་དང་བས་ཕྱག་བྱས་པ་ཡིན་ནོ། །བརྗོད་བྱ་ཉིད་གསལ་བར་སྟོན་པ་རྒྱུད་ཀྱི་དོན་དངོས་ལ་གསུམ་སྟེ། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཐུགས་རྗེའི་ངང་ལས་འཆར་ཚུལ་བསྟན་པ། དེ་ལས་ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་ཇི་ལྟར་འཕྲོས་ཚུལ་བསྟན་པ། རྒྱུད་དམ་པར་གདམས་ནས་རྗེས་འཇུག་ལ་གཏད་ཚུལ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཆོས་སྐུའི་སྟོན་པ་ཉིད་དབྱིངས་ལས་མ་གཡོས་པར་ལྷུན་སྟུག་པོ་བཀོད་པའི་ཞིང་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རང་སྣང་བར་ཇི་ལྟར་བཀོད་པའི་ཚུལ། སྟོན་པ་ཉིད་རིགས་ལྔར་བཞེངས་པའི་ཐུགས་རང་བྱུང་གི་ཡེ་ཤེས་གཉིས་སུ་མེད་པས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་ཆེད་དུ་བརྗོད་ཅིང་ཐུགས་རྗེ་གཡོ་བའི་ཚུལ། ཐུགས་རྗེ་རང་བཞིན་ཆོས་ཉིད་ལས་མ་གཡོས་བཞིན་དུ་རྣམ་པས་འཇིག་རྟེན་ན་སྒྲོན་མ་བཀོད་དེ་ཆོས་ཐམས་ཅད་གཏན་ལ་དབབ་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། ཕུན་སུམ་ཚོགས་པའི་གླེང་གཞི་མདོར་བསྟན་པ་། དེའི་རང་བཞིན་རྒྱས་པར་བཤད་པ། ཡེ་ཤེས་ཀྱི་རང་སྣང་བཀོད་པར་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཕྱི་རྒྱུད་འབྱུང་བ་གླེང་གཞིའི་ཚུལ་དུ་བཤད་པ། ནང་ལྟར་བཀོད་པ་བྱང་ཆུབ་སེམས་སུ་བཤད་པ། གསང་བ་འོད་གསལ་ལྟར་བཤད་པའོ། །དང་པོ་ནི། ཨེ་ཝཾ་མཱ་ཡཱ་ཞེས་པའི་སྒྲས་གོ་བར་བྱ་སྟེ། ཨེ་ཝཾ་ནི་དབྱིངས་ཀྱི་ཡི་གེ་ཡིན་པས་དེ་ལས་ཡི་གེ་ཀུན་འབྱུང་བའི་ཕྱིར་འོག་ནས་འབྱུང་བའི་ཚུལ་འདི་སྐད་ཅེས་པ་སྣང་བར་བྱེད་དོ། །མཱ་ཡཱའི་སྒྲ་ལ། རང་བཞིན། སྒྱུ་མ། བདག །འབྱུང་བ་སོགས་ཡོད་ཀྱང་འདིར་འབྱུང་བ་བཟུང་སྟེ་བཤད་པའི་དུས་ཞེས་པ་ཡིན་ནོ། །དེ་ལ་འདི་སྐད་འོག་གི་རྒྱུད་རྒྱས་པ་རྣམས་ཏེ་ཆོས་ཕུན་སུམ་ཚོགས་པའོ། །བཤད་པའི་ཞེས་རྒྱུད་སྡུད་པ་པོ་ཉིད་སྟོན་པ་ཕུན་སུམ་ཚོགས་པར་ཞལ་གྱིས་བཞེས་པ་དང་། འཁོར་ཕུན་སུམ་ཚོགས་པའང་ཤུགས་ལ་བསྟན་པའོ། །དུས་ན་ཞེས་པས་དུས་བཞི་མཉམ་པ་ཉིད་ཀྱི་རང་བཞིན་དུས་ཕུན་སུམ་ཚོགས་པ་བསྟན་ལ། དེ་ལྟར་སྟོན་པ་དང་། ཆོས་དང་། འཁོར་རྣམས་སྣང་བ་དེའི་ཚེ་གནས་ཀྱང་ཡོད་ངེས་པས་འོག་མིིན་ཤུགས་ལ་བསྟན་པའོ། །གཉིས་པ་ནི། གནས་ཡུལ་གྱི་གསང་བ་དང་འཁོར་ལོ་བཞིའི་རྩ་རྣམས་སོ། །སྟོན་པ་ཡབ་ཡུམ་ནི་དྭངས་མ་དཀར་དམར་དང་ཡེ་ཤེས་ཀྱི་རླུང་ངོ། །འཁོར་དགའ་བ་བཅུ་དྲུག་གི་ཉམས་དང་བཅས་པའོ། །ཆོས་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་སོ། །དུས་གཙུག་ཏོར་འཁོར་ལོས་བསྒྱུར་བ་བསམ་གྱི་མི་ཁྱབ་པའི་དུས་ནའོ། །གསུམ་པ་ནི། གནས་སྙིང་རིན་ཆེན་ཟུར་བརྒྱད་པའི་དབུས་ན་སྲོག་གི་རྩ་མཐིང་ག །ཤར་ན་ཆུའི་རྩ་དཀར་པོ། ལྷོ་ན་སའི་རྩ་སེར་པོ། ནུབ་ན་མེའི་རྩ་དམར་པོ། བྱང་ན་རླུང་གི་རྩ་ལྗང་གུ་རྣམས་ཀྱི་ནང་ན་ཀུན་རྫོབ་ཀྱི་ཐིག་ལེ་ཉུངས་འབྲུ་ཙམ་རེ་གནས་སོ། །སྟོན་པ་ནི་རང་བྱུང་གི་ཡེ་ཤེས་འོད་ལྔ་སོ་སོར་མ་འདྲེས་པའི་ཁ་དོག་ལ་ཡེ་ཤེས་ལྔའི་རང་རྩལ་མ་འགག་པར་བཞུགས་པའོ། །འཁོར་ནི་རྩ་དང་ཐིག་ལེ་དེ་དག་ལས་ལུས་ཀྱི་སྟེང་འོག་ཀུན་ཏུ་ཁྱབ་པའི་རྩ་རྣམས་སོ། །དུས་ནི་གནས་སྐབས་ལུས་དང་དབང་པོའི་རྟེན་འབྲེལ་ཚང་བ་དང་རང་བཞིན་དུས་གསུམ་འཕོ་འགྱུར་མེད་པས་དུས་བཞི་མཉམ་པ་ཉིད་ཀྱི་དུས་སོ། །ཆོས་ནི་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སོ། །གཉིས་པ་དེ་རྒྱས་པར་བཤད་པ་ལ་གཉིས། སྟོན་པའི་ངོ་བོ་ལོངས་སྤྱོད་རྫོགས་པའི་རང་བཞིན་མདོར་བསྟན་པ་དང་། དེའི་དབྱེ་བ་རྒྱས་པར་བཤད་པའོ། །དང་པོ་ནི། ཆོས་སྐུ་ནམ་མཁའ་ལྟ་བུའི་དེ་བཞིན་ཉིད་ལ་མངའ་བརྙེས་པ་དེའི་ཚེ་སྐུ་གཞན་བཞི་ཡང་རྟག་ཏུ་ལྷུན་གྱིས་གྲུབ་ཅིང་ཆོས་སྐུའི་རྗེས་སུ་བྱེད་པ་མཐུན་པས་དེ་བཞིན་གཤེགས་པ་སྐུ་གསུང་ཐུགས་རྒྱན་གྱི་འཁོར་ལོ་ཡོན་ཏན་ཐམས་ཅད་ཡང་དག་པར་རྫོགས་པའི་བདག་ཉིད་ནི་མ་རིག་པའི་གཉིད་ལས་སངས་ཤིང་ཤེས་བྱ་ཐམས་ཅད་ལ་བློ་གྲོས་ཕུན་སུམ་ཚོགས་པ་རྒྱས་པ་བདུད་བཞི་ཡེ་ནས་བཅོམ་པ་སོགས་གོང་དུ་བསྟན་པའི་ཡོན་ཏན་རྣམས་དང་ལྡན་པས་བཅོམ་ལྡན་འདས། གནས་དང་འཁོར་ལ་སོགས་པ་གཞན་ལ་མི་ལྟོས་པར་ཡེ་ཤེས་ཀྱི་རང་སྣང་ཉིད་དུ་ཏིང་ངེ་འཛིན་གྱི་སྒྱུ་མའི་རོལ་པར་ལྷུན་གྱིས་གྲུབ་པས་ལོངས་སྤྱོད་ཆེན་པོ་ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པ་ཕྱོགས་བཅུ་དང་འདས་པའི་དུས་སུ་བྱུང་བ་ལ་སོགས་པའི་དུས་བཞིའི་དེ་བཞིན་གཤེགས་པ་མི་འཁྲུགས་པ་དང་མར་མེ་མཛད་ལ་སོགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད། ཆོས་སྐུའི་ཕུན་སུམ་ཚོགས་པ་མ་ལུས་པ་ཐམས་ཅད་ལོངས་སྐུའི་ཕུན་སུམ་ཚོགས་པ་མི་ལུས་པ་ཐམས་ཅད་སྤྲུལ་སྐུའི་ཕུན་སུམ་ཚོགས་པ་ལུས་པ་མེད་པ་ཐམས་ཅད་དང་། ངོ་བོ་སོ་སོ་མ་ཡིན་ཞིང་དགོངས་པ་ཐ་མི་དད་ཆོས་ཉིད་ལ་དབྱེར་མེད་པའི་རང་བཞིན་ཏེ། ཡེ་ནས་ལྷུན་གྱིས་གྲུབ་ཅིང་འདུ་འབྲལ་མེད་པའི་ཕྱིར་རོ། །གཉིས་པ་ལ་གསུམ། གནས་དང་། སྟོན་པ་དང་། འཁོར་ཕུན་སུམ་ཚོགས་པ་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། ལོངས་སྤྱོད་རྫོགས་པ་སྐུའི་ཞིང་ཁམས་དང་། གཞལ་ཡས་ཁང་དང་། བཀོད་པ་ཕུན་སུམ་ཚོགས་པའོ། །དང་པོ་ལྷུན་སྟུག་པོ་བཀོད་པ་སྣང་བ་ཐམས་ཅད་ཀྱི་མཆོག་དེའི་གོང་ན་གཞན་མེད་པས་འོག་མིན་གྱི་གནས་སྟེང་དང་འོག་ལ་སོགས་པའི་ཕྱོགས་བཅུ་མ་ཡིན་པས་མཐའ་དང་དབུས་ཞེས་རིས་སུ་བཞག་ཏུ་མེད་པ་ན། འོག་གཞི་ཡང་རྒྱ་ཁྱོན་གྱི་ཚད་དམིགས་སུ་མེད་པ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་རྩལ་མ་འགགས་པས་ཉོན་མོངས་པ་ལྔ་གཅོད་པའི་རྟགས་སུ་འོད་ལྔའི་འཁོར་ལོ་རྩིབ་བཞི་ལྟེ་བ་དང་བཅས་པ་མ་འདྲེས་པར་རང་གསལ་བ་ལ། གཉིས་པ་ནི། ཡེ་ཤེས་ལྔའི་གདངས་ལས་འདོད་དགུ་ལྷུན་གྱིས་གྲུབ་པའི་རིན་པོ་ཆེ་འོད་དང་གཟི་བརྗིད་མཐའ་ཡས་པ་ཉི་མའི་དཀྱིལ་འཁོར་ལྟར་འབར་བའི་ངོ་བོ་ཡོན་ཏན་དང་རྒྱ་ཁྱོན་ལ་སོགས་པ་བློས་དཔག་པར་མི་ནུས་པའི་གཞལ་ཡས་ཁང་། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་མངའ་བས་དེའི་རྒྱ་ཆེ་ཆུང་གི་ཚད་ཕྱོགས་བཅུར་མཐར་ཐུག་པ་མེད་པའི་ཕྱིར་ཡོངས་སུ་མ་ཆད་པ་སྟེ་ནམ་མཁའ་དང་མཉམ་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ཟད་པར་དང་ཟིལ་གནོན་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པར་ཡོངས་སུ་རྒྱས་པའི་ཕྱིར་དབྱིབས་གྲུ་བཞིར་གྱུར་པ་མེ་ལོང་ལྟ་བུ་ལ་སོགས་པ་མཐར་ཐུག་པའི་ཡེ་ཤེས་བཞི་སངས་རྒྱས་ཁོ་ནའི་ཆོས་ཡིན་པས་ལྷག་པའི་ཡེ་ཤེས་ཏེ་དེ་དག་ཉིད་མཚོན་པའི་བརྡར་ཕྱོགས་བཞི་ན་ཤེལ་དང་གསེར་དང་པདྨ་རཱ་ག་དང་མར་གད་ལས་གྲུབ་པའི་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། ཡེ་ཤེས་ཐམས་ཅད་ཀྱང་ངོ་བོ་གཅིག་པའི་བརྡར་དཀྱིལ་འཁོར་གཅིག་ཏུ་བསྟན་ལ། རྩ་བའི་ཡེ་ཤེས་ལྔ་ལས་གྱེས་པའི་ཡེ་ཤེས་ལྔ་ལྔ་མཚོན་པའི་ཕྱིར་ཕྱོགས་བཞིའི་གློ་འབུར་གྱི་སྒྲས་ཡེ་ཤེས་ལྔའི་རང་བཞིན་གྱི་རྩིག་པ་ལྔ་ཡང་ནང་ནས་རིམ་པ་བཞིན་མཐིང་ག་དང་། ལྗང་གུ་དང་། དམར་པོ་དང་། སེར་པོ་དང་། དཀར་པོ་རྣམས་སྦྲགས་མར་བསྟན་པ་ཡིན་ནོ། །གཞལ་མེད་ཁང་དེའི་རྩེ་མོ་སྟེ་བུམ་པ་ཟླུམ་པོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཚོན་པ་སྟེ་སྔར་སྨོན་པ་བཞིན་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་རང་བཞིན་སོ་སོ་མ་ཡིན་ཞིང་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཆེན་པོ་དུས་བཞི་ཀུན་ཏུ་འཁྱིལ་བ། ཡེ་ཤེས་རེ་རེ་ལའང་ལྔ་ལྔ་སྟེ་ཡེ་ཤེས་ཉི་ཤུ་རྩ་ལྔ་ནས་དེ་ཡང་ལྔ་ཚན་དུ་ཕྱེ་བས་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་མངའ་བའི་བརྡར། ཞིང་དང་གཞལ་ཡས་ཁང་པའི་དབྱིབས་དང་ཁ་དོག་ལ་སོགས་པའི་ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་ཁ་དོག་དང་མཐུན་པ་རྩ་བའི་གཞལ་ཡས་ཁང་ནས་ཕྱོགས་བཞི་ལ་སོགས་པ་དག་ཏུ་གཞལ་ཡས་ཁང་གྲངས་མེད་པ་ཐམས་ཅད་ཀྱི་ཁ་དོག་སོ་སོར་གསལ་ཞིང་དེ་དག་གི་དབྱིབས་ཀྱང་དབུས་གྲུ་བཞི་ཤར་ཟླ་གམ་ལ་སོགས་པར་དང་ཁ་དོག་ཀྱང་དཀར་སེར་སོགས་རྣམ་པ་ཐ་དད་པའི་བྱེ་བྲག་དང་བཀོད་པ་བསམ་གྱིས་མི་ཁྱབ་པས་ཁྱད་པར་དུ་གྱུར་པ། ཉན་རང་དང་བྱང་ཆུབ་སེམས་དཔའི་སྣང་བའི་ཡོན་ཏན་ལས་ཁྱད་པར་དུ་སྤགས་པ། དབྱིབས་དང་ཁ་དོག་ལ་སོགས་པའི་ཚད་དཔག་ཏུ་མེད་པ་ཡིན་ནོ། །གསུམ་པ་ལ་གཉིས། རྒྱན་དང་ཁྲིའི་བཀོད་པ་ཕུན་སུམ་ཚོགས་པའོ། །དང་པོ་ནི། ངོ་བོ་ཡེ་ཤེས་ལ་གྲུབ་པ་རིན་པོ་ཆེ་སྣ་ཚོགས་ཀྱི་གཟུགས་དང་ཁ་དོག་ཏུ་སྣང་བའི་རང་བཞིན་རྩིག་པ་ལྔའི་སྟེང་ན་ཕ་གུ་དང་དེའི་སྟེང་མདའ་ཕྱིར་འཕྱར་བའི་ཁ་བད་ཀྱི་གདུང་སྣ་ལས་ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཀྱི་དྲྭ་བའི་ཕྲེང་བ་དང་། དེའི་བར་བར་ན་ཉི་ཟླའི་ཚར་དང་དར་གྱི་ལྡ་ལྡི་དང་རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པའི་ཆུན་འཕྱང་དང་། རྩེ་མོ་རིན་པོ་ཆེའི་དྲྭ་མིག་གསེང་མའི་ཤར་བུའི་རྒྱན་གྱི་པུ་ཤུས་མཛེས་པ་དང་། མི་སྒྲིབ་པ་གསལ་བའི་རྒྱན་ཅན་རབ་ཏུ་འཚེར་ཞིང་ཡིད་དུ་འོང་བ་སྟེ། ཕ་གུ་ནི་ཡེ་ཤེས་འགྱུར་བ་མེད་པའི་བརྡའ་འོ། །དྲྭ་ཕྱེད་ནི་སྐུ་གསུམ་དུ་འདུ་འབྲལ་མེད་པས་འགྲོ་བའི་དོན་མཛད་པའི་བརྡའོ། །མདའ་ཡབ་ནི་ཐུགས་རྗེས་འགྲོ་བ་སྒྲོལ་བའི་བརྡའོ། །པུ་ཤུ་ནི་ཀུན་གྱི་བླ་མར་གྱུར་པས་མཚུངས་པ་མེད་པའི་བརྡའོ། །གཞན་ཡང་འདོད་ཡོན་གྱི་སྣམ་བུའི་སྟེང་ན་གཞལ་ཡས་ཁང་པའི་ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་འདོད་ཡོན་གྱི་ལྷ་མོ་ལྔ་ལྔའི་སྤྲིན་འཕྲོ་བས་ནང་གི་ལྷ་རྣམས་ལ་མཆོད་པ་ནི་ཡིད་དུ་འོང་བའི་གཟུགས་སྣ་ཚོགས་དང་། སྒྲ་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རོ་སྣ་ཚོགས་དང་། རེག་བྱ་སྣ་ཚོགས་ཀྱིས་ཕྱོགས་བཅུར་སྤྲིན་ཕུང་འཁྲིགས་པ་རང་བྱུང་ལ། འདི་དག་ནི་འདོད་ཡོན་ཐམས་ཅད་རོལ་པའི་རྒྱན་དུ་ཤར་བའི་བརྡའ་འོ། །ཕྱི་ནང་གི་རྒྱན་ཐམས་ཅད་རགས་པར་མ་གྲུབ་ཅིང་དྭངས་བས་གཅིག་གིས་གཅིག་མི་སྒྲིབ་པར་ཕྱི་ནང་ཟང་ཐལ་བར་གསལ་བའི་རྒྱན་ཅན་བཀོད་མཛེས་ཤིང་བྱེ་བྲག་བསམ་གྱིས་མི་ཁྱབ་པར་ལྷབ་ལྷུབ་ཏུ་ཀླུབས་པ་ནི་སེམས་ཀྱི་རང་བཞིན་ཡེ་ནས་འོད་གསལ་ཤིང་ཡོན་ཏན་ཚད་མེད་པར་མཚོན་པའོ། །དངོས་པོ་དང་མཚན་མར་འཛིན་པའི་སྒྲིབ་པ་ལས་རྣམ་པར་ཐར་པ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། མངོན་པར་འདུས་མ་བྱས་པ་བཞིའི་སྒོ་ནས་ཀུན་ཏུ་བཟང་པོ་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་དེར་འཇུག་པ་མཚོན་པའི་སྒོ་ཁྱུད་ཅན། གཟུགས་ཅན་གཟུགས་ལ་བལྟ་བའི་རྣམ་ཐར་དང་། གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བའི་རྣམ་ཐར་དང་། སྡུག་པའི་རྣམ་ཐར་དང་། ནམ་མཁའ་མཐའ་ཡས་དང་རྣམ་ཤེས་མཐའ་ཡས་དང་ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་རྣམ་ཐར་དང་། འགོག་པའི་རྣམ་ཐར་ཏེ་རྣམ་པར་ཐར་པ་བརྒྱད་ཀྱི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་རྫོགས་པའི་བརྡར་སྒོ་བཞིའི་ཕྱི་འགྲམ་གཉིས་ན་ཀ་བ་གཉིས་གཉིས་ཏེ་བཞིས་བཏེགས་པའི་སྒོ་སྟེང་ན་རྡོ་རྗེའི་གདུང་བཞིའི་སྟེང་རྟ་བབས་བང་རིམ་བཞི་ཉིད་སྣམ་ཕྲན་བརྒྱད་དང་ལྡན་པ་ལ་རིན་པོ་ཆེའི་གདུགས་ཀྱི་རྩ་བར་ཆོས་ཀྱི་འཁོར་ལོ་རི་དྭགས་གཉིས་ཀྱིས་བསྐྱོད་པས་འཁོར་བ་དང་། འཕན་དང་རྒྱལ་མཚན་དང་། ལྷའི་གོས་དང་། དར་གྱི་ལྡ་ལྡི་དང་ཁ་ཁྱེར་བཞི་བཞི་ལ་བ་དན་ཉེར་བཞི་གསེར་གྱི་དྲིལ་བུ་གཡེར་ཁའི་ཕྲེང་བ་ཁྲོལ་བ་ལ་སོགས་པས་བརྒྱན་ཞིང་། སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ཕྱི་དང་ནང་མེད་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དེར་མ་ཆུད་པ་མེད་པས་ཀུན་ཏུ་ཡང་ནང་དུ་གྱུར་པ་ན། གཉིས་པ་ནི། ཐེག་པ་འོག་མས་ཉམ་མ་ིང་ཞིང་མི་འཇིགས་པ་བཞི་མཚོན་པའི་ཕྱིར་དབུས་སུ་སེང་གེའི་ཁྲི་དང་། ཐེག་པ་འོག་མར་མི་ཆུད་པའི་དོན་འདིར་ཤོང་ཞིང་ཐེག་ལ་སྟོབས་བཅུ་མངའ་བའི་བརྡར་ཤར་དུ་གླང་པོ་ཆེའི་ཁྲི་དང་། གདུལ་བྱ་ཐམས་ཅད་མྱུར་དུ་གྲོལ་བར་བྱེད་ཅིང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་དབང་འབྱོར་བའི་རྟགས་སུ་ལྷོར་ཅང་ཤེས་རྟའི་ཁྲི་དང་། སྣང་བ་ཐམས་ཅད་དབང་དུ་བྱེད་ཅིང་དབང་བཅུ་མངའ་བའི་བརྡར་ནུབ་ཏུ་རྨ་བྱའི་ཁྲི་དང་། ཕྲིན་ལས་སྣ་ཚོགས་ཀྱིས་འགྲོ་བ་འདུལ་ཞིང་ཐོགས་པ་མེད་པའི་ཡེ་ཤེས་གསུམ་དང་སོ་སོ་ཡང་དག་པར་རིགས་པ་བཞིས་དོན་མཛད་པའི་བརྡར་བྱང་དུ་ནམ་མཁའ་ལྡིང་སྟེ་ཤང་ཤང་གི་ཁྲི་དང་། སེམས་ཉིད་ཡེ་ནས་རང་བཞིན་གྱིས་འོད་གསལ་བའི་རང་བཞིན་ཐབས་དང་ཤེས་རབ་གཉིས་སུ་མེད་པ་མཚོན་པའི་ཉི་ཟླའི་དཀྱིལ་འཁོར་དང་། ཉེས་པའི་སྐྱོན་ཐམས་ཅད་ཀྱིས་གོས་པ་མེད་པ་མཚོན་པའི་སྣ་ཚོགས་པདྨ་སྟེ་དེ་དག་གི་རྒྱུ་འདོད་དགུ་འབྱུང་བའི་རིན་པོ་ཆེའི་རང་བཞིན་གྱི་གདན་ལ་བཞུགས་པའོ། །དེ་ཡང་ཁྲི་ལྔའི་སྟེང་ན་པདྨ་དང་ཉི་ཟླས་སྤྲས་པ་ནི་གཙོ་བོ་རྣམས་ཀྱི་གདན་ཡིན་ལ་འཁོར་ལ་ནི་སོ་སོའི་གནས་སུ་པདྨ་དང་ཉི་ཟླའི་གདན་རེ་རེའོ། །གཉིས་པ་སྟོན་པ་ཕུན་སུམ་ཚོགས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། གཙོ་བོ་བཞུགས་ཚུལ་དང་ཕྱག་མཚན་ཐུན་མོང་དུ་བསྟན་པ་དང་། ཡབ་ཡུམ་སོ་སོར་བཤད་པའོ། །དང་པོ་ནི་སངས་རྒྱས་ཀྱི་རང་བཞིན་འགྲོ་བ་ཐམས་ཅད་ལ་དུས་རྟག་ཏུ་གཟིགས་ཤིང་རྒྱབ་ཀྱིས་མི་ཕྱོགས་པ་སྐུ་མདུན་དང་རྒྱབ་མེད་པ། ཚོམ་བུའི་འཁོར་ཐམས་ཅད་ལ་མདུན་གྱིས་གཟིགས་པས་ཕྱོགས་ཐམས་ཅད་དུ་ཞལ་གྱི་དཀྱིལ་འཁོར་ཐལ་ལེ་བར་གསལ་ཞིང་མཚན་དང་དཔེ་བྱད་དང་ལྡན་པ། དེ་ཡང་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ནས་དགའ་བ་བཞིའི་ཡེ་ཤེས་བཅུ་དྲུག་གི་རྩ་སེམས་དཔའ་བཅུ་དྲུག་དང་། དེའི་ཡུལ་ཆོས་དབྱིངས་བཅུ་དྲུག་གི་སེམས་མ་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་ནི་མཚན་དང་། སེམས་དཔའ་བཅུ་དྲུག་པོ་རེ་རེ་ལའང་ཡེ་ཤེས་ལྔའི་རྟགས་རིགས་ལྔ་ལྔའི་དབུ་བརྒྱན་པ་ནི་དཔེ་བྱད་དོ། །ཡུམ་རྣམས་ལ་དབུ་རྒྱན་མེད་པ་ནི་ཆོས་ཀྱི་དབྱིངས་མཚོན་པའོ། །དེ་དག་མཚན་དཔེར་འཇོག་པ་ནི་འཁོར་ཕུན་སུམ་ཚོགས་པས་གཙོ་བོ་རང་བཞིན་ཡང་བཀོད་པ་མཛེས་ཤིང ཕུན་སུམ་ཚོགས་པ་སྟེ་མེ་ཏོག་གི་ཟེའུ་འབྲུ་དང་འདབ་མས་མེ་ཏོག་གི་བཀོད་པ་མཛེས་པར་བྱེད་པ་བཞིན་ནོ། །ཐུན་མོང་བ་ནི་ཕྱག་ཞབས་འཁོར་ལོས་མཚན་པ་ལ་སོགས་པ་སུམ་ཅུ་རྩ་གཉིས་མཚན་དང་། སེན་མོ་ཟངས་ཀྱི་མདོག་ལྟ་བུ་ལ་སོགས་པ་བརྒྱད་ཅུ་ནི་དཔེ་བྱད་དོ། །ནམ་མཁའི་ཁམས་དང་གདུལ་བྱའི་འཇིག་རྟེན་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ། ལྷུན་གྱིས་གྲུབ་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་སྣ་ཚོགས་པར་ཀུན་ཏུ་སྣང་བའོ། །ཇི་ལྟར་སྣང་ན་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ཞིང་ཁམས་སུ་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཞལ་ཕྱག་གི་མཚན་མ་ལས་འདས་པ། གསུང་མི་ཟད་པ་བརྗོད་དུ་མེད་པ་དང་མཉན་དུ་མེད་པ་དང་ངོ་བོ་ཉིད་མེད་པ། ཐུགས་མི་ཟད་པ་གཏད་དུ་སྤྲོས་པ་ཐམས་ཅད་ཞི་ཞིང་རྒྱ་ཆད་དང་ཕྱོགས་ལྷུང་མེད་པའོ། །ནམ་མཁའི་ཁམས་ཀྱི་མཐའ་ཀླས་པར་རང་སྣང་ལྷུན་སྟུག་པོ་བཀོད་པའི་ཞིང་དུ་ནི། །སྐུ་མི་ཟད་པ་ལོངས་སྤྱོད་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གསུང་མི་ཟད་པ་ཞལ་གྱི་དཀྱིལ་འཁོར་ལས་འོད་ཟེར་འཕྲོས་པས་བརྗོད་བྱའི་དོན་སྟོན་པ། ཐུགས་མི་ཟད་པ་ཡེ་ཤེས་ལྔའི་མཚན་ཉིད་དུ་བཞུགས་པའོ། །ཕྱོགས་བཅུའི་འཇིག་རྟེན་འགྲོ་བ་དྲུག་གི་གདུལ་ཞིང་ནམ་མཁའི་མཐའ་དང་མཉམ་པ་རྣམས་སུ་ནི། སྐུ་མི་ཟད་པ་གང་ལ་གང་གིས་འདུལ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་དང་སོ་སོ་སྐྱེ་བོ་དང་ལྷ་དང་ཀླུ་ལ་སོགས་པ་སྣ་ཚོགས་དང་། པདྨ་དང་དཔག་བསམ་གྱི་ཤིང་དང་གྲུ་གཟིགས་དང་གྲོང་དང་སྐྱེད་མོས་ཚལ་ལ་སོགས་པ་སེམས་ཅན་ལ་ཕན་བདེ་འབྱུང་བ་དེ་དང་དེའི་གཟུགས་ཚད་མེད་པ་དང་། གསུང་མི་ཟད་པ་འགྲོ་བ་སོ་སོའི་སྐད་དང་། པདྨ་དང་དཔག་བསམ་གྱི་ཤིང་ལ་སོགས་པ་ལས་ཆོས་ཀྱི་གསུང་སྣ་ཚོགས་པར་སྒྲོགས་པ་དང་། ཐུགས་མི་ཟད་པ་ཇི་ལྟ་བ་ཇི་སྙེད་པ་མཁྱེན་པས་འགྲོ་བའི་དོན་མཛད་པར་སྣང་བའོ། །དེའང་སངས་རྒྱས་རྣམས་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པས་དོན་མཛད་པ་ཡིན་པས་འདི་དང་འདིའོ་ཞེས་བློས་བསམ་པར་ནུས་པ་མ་ཡིན་ནོ། །ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་མཚོན་པའི་ཞབས་གཉིས་སྲིད་ཞིའི་མཐའ་ལ་མི་གནས་པའི་བརྡ་རྟགས་སུ་མཉམ་པའི་རང་བཞིན་ཉོན་མོངས་པས་མཐའ་དག་བརྟུལ་ཅིང་ཡེ་ཤེས་ཆེན་པོའི་ངོ་བོར་ཞུགས་པ་ཉིད་ཀྱི་བརྡར་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཡེ་ཤེས་ལྔ་དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་དྲུག་གི་ཕྱག་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཉིས་སུ་མེད་པའི་ཡེ་ཤེས་ལས་དགོས་འདོད་ཐམས་ཅད་འབྱུང་བས་རིན་པོ་ཆེའི་རང་བཞིན་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་དྲུག་ལ་འོད་ཟེར་མུ་མེད་པ་འབར་བ་ཅན་ནི་སེར་སྣ་དང་འཆལ་ཁྲིམས་དང་ཁོང་ཁྲོ་དང་ལེ་ལོ་དང་རྣམ་པར་གཡེང་བ་དང་ཤེས་རབ་འཆལ་བ་དང་དྲུག་འཇོམས་པའི་བརྡའོ། །དེའང་རྡོ་རྗེ་དང་རིན་པོ་ཆེ་དག་འཁོར་ལོ་དང་པདྨ་དང་རྒྱ་གྲམ་དང་དྲིལ་བུ་སྟེ་རིགས་སོ་སོའི་རྩ་ཕྱག་གཉིས་ཀྱི་གཡས་ཐམས་ཅད་རང་རང་གི་ཕྱག་མཚན་གཡོན་ཐམས་ཅད་དྲིལ་བུ་སྟེ་ཐུགས་ཀར་བསྣོལ་ནས་འཛིན་པ་དང་གཞན་རྣམས་སོ་སོར་བརྐྱང་པའོ། །སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་མཚོན་བྱེད་དུ་དབུ་གསུམ་དང་ལྡན་པ་སྟེ་དེ་ཡང་གཙོ་བོའི་རྩ་ཞལ་མཐིང་གཡས་དཀར་གཡོན་དམར། མི་བསྐྱོད་པའི་རྩ་ཞལ་དཀར་པོ་གཡས་མཐིང་གཡོན་དམར། རིན་འབྱུང་གི་རྩ་ཞལ་སེར་པོ་གཡས་དཀར་གཡོན་དམར། འོད་དཔག་མེད་ཀྱི་རྩ་ཞལ་དམར་པོ་གཡས་དཀར་གཡོན་མཐིང་། དོན་གྲུབ་ཀྱི་རྩ་ཞལ་ལྗང་གུ་གཡས་དཀར་གཡོན་དམར་རོ། །གཉིས་པ་ལ་གཉིས། དབྱིངས་ངོ་བོ་ཉིད་ཀྱི་གཙོ་བོ་དང་། རང་བཞིན་ཐ་མི་དད་པའི་འཁོར་ལོ། །དང་པོ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་རྣམ་པར་སྣང་མཛད་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་མི་བསྐྱོད་པ་དང་། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་རིན་ཆེན་འབྱུང་ལྡན་དང་། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་སྣང་བ་མཐའ་ཡས་དང་། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་དོན་ཡོད་གྲུབ་པ་དང་ལྔའོ། །དེ་དག་ཀུན་ཀྱང་མེ་ལོང་ལྟ་བུའི་ཡེ་ཤེས་འགྱུར་བ་མེད་པས་རྣམ་པར་སྣང་མཛད་མཐིང་ག་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དྲི་མ་ཐམས་ཅད་དང་བྲལ་བས་མི་བསྐྱོད་པ་དཀར་པོ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པས་རིན་ཆེན་འབྱུང་ལྡན་སེར་པོ་དང་། སོ་སོར་རྟོག་པའི་ཡེ་ཤེས་འགྲོ་བའི་དོན་ལ་རྗེས་སུ་ཆགས་པས་འོད་དཔག་མེད་ལེ་བརྒན་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་དུ་སྣ་ཚོགས་སུ་མཛད་པས་དོན་ཡོད་གྲུབ་པ་ལྗང་གུའི་མདོག་ཏུ་གསལ་ཞིང་འོད་འཚེར་བ་ནི་རིགས་ལྔ་ཀའི་རང་བཞིན་དྭངས་ལ་བཀྲག་དང་གཟི་བརྗིད་ཆེ་བའོ། །དེ་དག་གི་ཡུམ་ནི་ལོངས་སྤྱོད་པར་བྱ་བའི་གཞི་དང་གཙོ་བོའི་ཡུམ་དུ་གྱུར་པ་དང་ཡོན་ཏན་གྱི་ཆོ་རིགས་བཙུན་པས་བཙུན་མོ་གཞན་ལས་ཁྱད་པར་དུ་འཕགས་པས་དམ་པ་ནམ་མཁའི་རང་བཞིན་ནི་ཆོས་ཉིད་ཡངས་ཤིང་ཡོན་ཏན་གྱི་གོ་འབྱེད་པ་ལ་མི་སྒྲིབ་པས་གསལ་བར་བྱེད་པའི་ཕྱིར་སྣང་བའི་དབྱིངས་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་དང་། ས་ནི་བརྟན་ཞིང་རྟེན་དུ་གྱུར་པ་བཞིན་དུ་ངོ་བོའི་མི་འགྱུར་ཞིང་ཡོན་ཏན་གྱི་རྟེན་བྱེད་པས་སྲ་བའི་དབྱིངས་སངས་རྒྱས་སྤྱན་མ་དང་། ཆུ་ནི་གཤེར་ལ་སྐྱེ་བོའི་གསོས་སུ་གྱུར་པ་ལྟར་འགྲོ་བའི་རྒྱུད་རླན་པར་བྱེད་བས་མཉེན་པའི་དབྱིངས་མཱ་མ་ཀཱི་དང་། མེ་ནི་བསྲེག་ཅིང་སྣང་བ་ལྟར་ཉོན་མོངས་པ་བསྲེག་ཅིང་ཤེས་བྱ་ཐམས་ཅད་གསལ་བར་བྱེད་པས་དྲོ་བའི་དབྱིངས་གོས་དཀར་མོ་དང་། རླུང་ནི་བསྐྱོད་པ་དང་་འདེགས་པའི་བྱ་བ་བྱེད་པ་ལྟར་འགྲོ་བའི་དོན་ལ་ཐོག་པ་མེད་ཅིང་ཉེ་བར་འཚོ་བའི་གཞིར་གྱུར་པས་བསྐྱོད་པའི་དབྱིངས་དམ་ཚིག་སྒྲོལ་མ་དང་དེ་ལ་སོགས་པ་རིགས་ཀྱི་བཙུན་མོའི་ཚོགས་ཐམས་ཅད་དང་ཐབས་དང་ཤེས་རབ་གཉིས་སུ་མེད་པར་གྱུར་ནས་ཆོས་ཀྱི་དབྱིངས་ཀུན་ཏུ་མཐའ་ཡས་པར་ལོངས་སྤྱོད་རྫོགས་པའི་སྐུའི་སྣང་བས་ཁྱབ་པ་ནི། འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གོང་བུ་ཁ་ཕྱེ་བ་བཞིན་དུ་གོ་འཚམས་མེད་པར་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱིས་གང་ནས་ཐམས་ཅད་ཀུན་ཏུ་ཁྱབ་པར་བཞུགས་སོ། །གཉིས་པ་རང་བཞིན་འཁོར་དངོས་ནི་གོང་དུ་བཤད་པས་དེ་དང་འབྲེལ་བའི་ཐུགས་རྗེའི་འཁོར་ལ་གསུམ་སྟེ། ནང་གི་སེམས་དཔའ་ཡབ་ཡུམ། ཕྱིའི་སེམས་དཔའ་ཡབ་ཡུམ། སྒོ་བ་ཡབ་ཡུམ་མོ། །དང་པོ་ལ་གཉིས་ལས། དང་པོ་ཡབ་བཞི་ནི། གཙོ་བོ་རིགས་ལྔའི་རང་བཞིན་བཤད་པ། དེ་ནས་སེམས་དཔའི་འཁོར་བཤད་པ་ནི་སྟོན་པ་ཉིད་བྱང་ཆུབ་ཆེན་པོ་ཡིན་པ་བཞིན་དུ་རང་སྣང་བའི་ཐུགས་རྗེའི་ངང་ལས་ཤར་བའི་འཁོར་རྣམས་ཀྱང་དེ་ལྟར་ཡིན་པས་བྱང་ཆུབ་ཆེན་པོ་དབྱིངས་དང་ཡེ་ཤེས་སྣང་བ་དང་སྟོང་པ་གཉིས་སུ་མེད་ཅིང་འཇིག་འབྲལ་མེད་པས་རྡོ་རྗེ་མཐོང་བ་སྟེ་སའི་སྙིང་པོ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་སྟེ་ཕྱག་ན་རྡོ་རྗེ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་པ་སྟེ་ནམ་མཁའི་སྙིང་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བ་སྟེ་སྤྱན་རས་གཟིགས་དང་། དེ་དག་ཀྱང་མཐོང་སོགས་ཐ་མ་ལ་དག་པས་ཁྱད་པར་དུ་བྱུང་བའི་སངས་རྒྱས་ཀྱི་ཡེ་ཤེས་ཡུལ་ཐམས་ཅད་ལ་འཇུག་ཅིང་ཐམས་ཅད་ཀྱང་རོ་གཅིག་ཏུ་མཁྱེན་པའི་བརྡར་སྣང་བའོ། །གཉིས་པ་དེ་དག་གི་ཡུམ་བཞི་ནི་རིམ་པ་བཞིན་དུ་བཙུན་མོ་མཐོང་བར་བྱ་བ་ཡེ་ཤེས་ཀྱི་སྣང་བའི་ཡུལ་གཟུགས་ཏེ་སྒེག་མོ་དང་། མཉན་པར་བྱ་བ་ཕྲེང་བ་མ་དང་། བསྣམ་པར་བྱ་བ་གླུ་དབྱངས་མ་དང་། མྱོང་བར་བྱ་བའི་རང་བཞིན་གར་མའི་ཚོགས་དང་། གཉིས་པ་ཕྱིའི་སེམས་དཔའ་ཡབ་ཡུམ་ལ་གཉིས་ལས། དང་པོ་ཡབ་བཞི་ནི། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དེ་བྱམས་པ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་བྱེད་དེ་སྒྲིབ་པ་རྣམ་སེལ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་བྱེད་དེ་ཀུན་ཏུ་བཟང་པོ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བྱེད་དེ་འཇམ་དཔལ་དང་། འདི་དག་ཀྱང་ཐ་མལ་གྱི་དབང་པོ་ལས་ཁྱད་པར་དུ་འཕགས་པ་སངས་རྒྱས་ཀྱི་སྤྱན་སོགས་སྒྲིབ་པ་མེད་པས་ཡུལ་ཀུན་ལ་འཇུག་པའི་རྟེན་བྱེད་པའི་མཚོན་བྱེད་དུ་སྣང་བ་ཡིན་ནོ། །གཉིས་པ་དེ་དག་གི་ཡུམ་བཞི་ནི་རིམ་པ་བཞིན་བཙུན་མོ་འདས་པ་སྟེ་བདུག་སྤོས་མར་སྣང་བ་དང་། ད་ལྟར་སྟེ་མེ་ཏོག་མར་སྣང་བ་དང་། མ་བྱུང་བ་སྟེ་སྣང་གསལ་མར་སྣང་བ་དང་། འབྱུང་བར་མ་ངེས་པའི་རང་བཞིན་དྲི་ཆབ་མར་སྣང་བའི་ཚོགས་དང་། གསུམ་པ་སྒོ་བ་ཡབ་ཡུམ་ལ་གཉིས་ལས། དང་པོ་ཡབ་བཞི་ནི། འཇོམས་པ་སྟེ་ཐམས་ཅད་དང་ཆེན་པོ་སྟེ་ཤེས་རབ་ཀྱི་རང་བཞིན་རྡོ་རྗེ་རེག་པ་བདུད་རྩི་འཁྱིལ་བ་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རེག་བྱེད་རྟ་མཆོག་རོལ་པ་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རེག་བྱ་སྟོབས་པོ་ཆེ་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རེག་ཤེས་གཤིན་རྗེ་གཤེད་དང་བཞི་སྟེ་སངས་རྒྱས་ཀྱི་ཡེ་ཤེས་སྒྲིབ་པ་མེད་པ་དོན་གྱི་སྤྱི་འཛིན་པ་ལ་མི་ལྟོས་པར་མངོན་སུམདུ་གྱུར་ཅིང་ཆགས་སྡང་ཐམས་ཅད་དང་བྲལ་བའི་མཚོན་བྱེད་དུ་ཁྲོ་བོ་བཞི་སྒོ་བར་ཡེ་ཤེས་ཀྱི་རྩལ་ལས་རང་སྣང་ཞིང་དེ་ཡང་སྐྱེ་འཇིག་མེད་པ་དང་། བརྗོད་དུ་མེད་པ་དང་། རིག་བྱེད་མེད་པ་དང་། རྣམ་པ་མེད་པར་རྟོགས་པའི་ཡེ་ཤེས་བཞིའོ། །གཉིས་པ་དེ་དག་གི་ཡུམ་བཞི་ནི། བཙུན་མོ་རྟག་པར་མ་ཡིན་པ་སྟེ་ལྕགས་ཀྱུ་མ་དང་། ཆད་པར་མ་ཡིན་པ་སྟེ་ཞགས་པ་དང་། བདག་ཏུ་མ་ཡིན་པ་སྟེ་ལྕགས་སྒྲོགས་མ་དང་། མཚན་མར་མ་ཡིན་པ་སྟེ་དྲིལ་བུ་མའོ། །དེ་དག་ཀྱང་ངོ་བོ་ཕྱིན་ཅི་ལོག་བཞི་སྤངས་ཤིང་རྣམ་པ་ཚད་མེད་པ་བཞི་དང་བསྡུ་བའི་དངོས་པོ་བཞིས་འགྲོ་བའི་དོན་མཛད་པའི་བརྡ་རྟགས་སུ་ཤར་བའོ། །དེ་ལྟར་རྩ་བའི་དཀྱིལ་འཁོར་ཡབ་ཡུམ་དང་། སེམས་དཔའ་སེམས་མ་དང་སྒོ་བ་ཡབ་ཡུམ་ལ་སོགས་པ། དབུས་སུ་སྣང་བ་བཞིན་དུ་ཕྱོགས་བཞིར་རིགས་བཞིའི་དཀྱིལ་འཁོར་རང་རང་གི་ཚོམ་བུའི་འཁོར་འབུམ་ཕྲག་དུ་མས་བསྐོར་བ་ལྷའི་བཀོད་ཚུལ་གྱི་མང་ཉུང་དང་རྣམ་པ་རྩ་བའི་དཀྱིལ་འཁོར་དེ་ལྟ་བུའི་ཚོགས་ནམ་མཁའི་དབྱིངས་ཀུན་ཁྱབ་པ་བརྗོད་ཀྱིས་མི་ལང་བ་རྣམས་དང་གཉིས་སུ་མེད་པར་བཞུགས་སོ། །གསུམ་པ་ཡེ་ཤེས་ཀྱི་རང་སྣང་བཀོད་པས་དོན་བསྡུ་བ་ལ་གཉིས་ཏེ། གང་བཀོད་པའི་ངོ་བོ་དང་། ཇི་ལྟར་བཀོད་པའི་ཚུལ་ལོ། །དང་པོ་ནི། གླེང་གཞིའི་བཀོད་པ་རྒྱ་ཆེར་སྣང་བར་མཛད་པ་དེ་ནས་དེ་བཞིན་གཤེགས་པ་ཡབ་རྣམས་ཡུམ་བཙུན་མོའི་ཚོགས་དང་རང་བཞིན་གཉིས་སུ་མེད་པའི་ངོ་བོ་གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་པས་གསང་བའི་དཀྱིལ་འཁོར་རང་སྣང་བ་དེ་དག་ཉིད་ཀྱི་གསང་བ་ཆེན་པོ་འདི་ཉིད་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་རྡོ་རྗེ་ལས་རིགས་ལྔའི་དཀྱིལ་འཁོར་རང་སྣང་བའི་དོན་སྟོན་པའི་རྡོ་རྗེ་གསང་བའི་ཚིག་འདི་དག་དགོངས་པ་རང་ཤར་དུ་སྒྲ་ཚིག་ལ་མ་ལྟོས་པར་རང་ཕྱུང་ངོ། །གཉིས་པ་ལ་གསུམ་སྟེ། རང་སྣང་གི་དཀྱིལ་འཁོར་དེ་ཉིད་གང་གི་ངང་ལས་བཀོད་པ། ཚུལ་ཇི་ལྟར་སྣང་བ་། དེ་ཉིད་གང་གི་བཞུགས་གནས་ཡིན་པ་ངོས་བཟུང་བའོ། །དང་པོ་ནི། ཆོས་སྐུ་སྐྱེ་བ་མེད་པའི་དབྱིངས་ལ་ངོ་མཚར་བའི་ཚིག་ཨེ་ལོངས་སྐུ་འགག་མེད་ཀྱི་སྣང་བ་ལ་ངོ་མཚར་བས་ཨེ་མ་ནམ་མཁའི་དབྱིངས་དང་མཉམ་པར་སྣ་ཚོགས་སུ་རང་སྣང་བས་ཨེ་མ་ཧོ། ཆོས་སྐུ་དེ་བཞིན་ཉིད་ཀྱི་དབྱིང་ཉིད་ལ་དབང་བསྒྱུར་ལོངས་སྐུ་ཡེ་ཤེས་ལྔའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་ནི་སྟོན་པ་ཉིད་ཀྱི་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེའི་ངང་ལས་བྱུང་བའོ། །གཉིས་པ་ནི། དེ་ལྟ་བུའི་ཞིང་ཁམས་ལྷུན་སྟུག་པོ་བཀོད་པར་དེ་བཞིན་གཤེགས་པ་ཉིད་ལ་རང་སྣང་བ་ཉིད་དེ་སངས་རྒྱས་ཀྱི་ཏིང་ངེ་འཛིན་རྣམ་པར་དག་པའི་གཟུགས་བརྙན་ཡེ་ཤེས་ཀྱི་སྒྱུ་མ་རང་བཞིན་གྱིས་རྣམ་པར་དག་པའི་ངོ་བོར་གསལ་ཞིང་སྣང་བ་ནི་ཞེས་སོ། །གསུམ་པ་ནི། སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་རྣམས་ཉེས་པའི་སྐྱོན་ཅུང་ཟད་ཙམ་གྱིའང་སེལ་མེད་པ་ཡི་བདག་ཉིད་ཡོན་ཏན་ཕུན་སུམ་ཚོགས་པ་ཡིད་བཞིན་རིན་པོ་ཆེ། བསམ་གྱིས་མི་ཁྱབ་པའི་མངའ་ཐང་ཆེན་པོ་མི་ཟད་པར་ལྡན་པ་ཡེ་ཤེས་རྒྱན་གྱི་འཁོར་ལོ་མངའ་བའི་རང་བཞིན་རྡོ་རྗེ་མཆོག་གི་ངོ་བོ་འདུ་འབྲལ་མེད་པ་དང་ལོངས་སྤྱོད་རྫོགས་པ་སྐུའི་གནས་ཉིད་དོ། །ཞེས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསང་བའི་ཚིག་ཏུའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་རྒྱུད་འབྱུང་བའི་ལོ་རྒྱུས་དང་ངེས་པ་སྦྱིན་པ་དང་གཞིར་གྱུར་པའི་གླེང་གཞིའི་ལེའུ་སྟེ་དང་པོའོ།། ༈ །།གཉིས་པ་སྟོན་པ་ཉིད་རིགས་ལྔར་བཞེངས་པའི་ཐུགས་རང་བྱུང་གི་ཡེ་ཤེས་གཉིས་སུ་མེད་པས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་ཆེད་དུ་བརྗོད་ཅིང་ཐུགས་རྗེ་གཡོ་བའི་ཚུལ་བསྟན་པ་ལ་གཉིས་ཏེ། དོན་གྱི་དགོངས་པ་གླེང་བསླང་བ་དང་། དེ་མ་རྟོགས་པའི་སེམས་ཅན་ལ་ཐུགས་རྗེས་གཡོ་བའི་ཚུལ་བསྟན་པའོ། །དང་པོ་ལ་གསུམ། ཡབ་ཀྱི་དགོངས་པ་གླེང་བསླང་བ། ཡུམ་གྱི་དགོངས་པ་གླེང་བསླང་བ། གཉིས་སུ་མེད་པའི་དགོངས་པ་གླེང་བསླང་བའོ། །དང་པོ་ལ་གཉིས། དགོངས་པ་གླེང་བསླང་བ་ལ་འཇུག་པའི་རྒྱུ་དང་། གླེང་བསླང་བ་དངོས་སོ། །དང་པོ་ནི། གླེང་གཞི་རྣམ་པར་བཀོད་པ་དེ་ནས་བཅོམ་ལྡན་འདས་རིགས་ཀྱི་གཙོ་བོའི་ཐུགས་རང་བྱུང་གི་ཡེ་ཤེས་ཡུལ་འབྱེད་པར་བྱེད་པ་པོ་གཉིས་སུ་མེད་པའི་ཚུལ་རྡོ་རྗེ་ཡིད་ཡུལ་དུ་མ་ལ་འཇུག་པས་ཀུན་ཏུ་ངོ་བོ་དབྱིངས་ལས་མ་གཡོས་པས་བཟང་པོ། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མ་ལུས་པ་འདུས་པའི་རང་བཞིན་གྱི་སྐུ་གསུམ་འདུ་འབྲལ་མེད་པའི་ཚུལ་དུས་གསུམ་འཕོ་འགྱུར་མེད་པའི་རྡོ་རྗེས། ཡུལ་རྣམས་ཆོས་ཉིད་ཀྱི་རང་བཞིན་ཡིན་པས་བཙུན་མོ་གཏན་ལ་དབབ་པར་བྱ་བ་མོ་སྣང་སྲིད་ཀྱི་ཆོས་ཀུན་ཏུ་སྟེ་ཐམས་ཅད་ཀྱང་ཡེ་ནས་དག་པས་བཟང་མོ་ལ་རྣམ་པར་འབྱེད་པའི་བློ་འཇུག་པར་གྱུར་ཏོ། །བློ་ཞུགས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་དུ་ཐུགས་རང་བྱུང་གི་ཡེ་ཤེས་ཀུན་ཏུ་བཟང་པོ་གཅིག་གི་རང་བཞིན་དུ་ངོ་བོ་དབྱེར་མེད་པས་ཉིད་ལ་གཞན་པའི་ཆོས་མ་གཟིགས་ནས་དེ་བཞིན་གཤེགས་པ་ཉིད། དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་སྐད་དུ་བརྗོད་དོ། །གཉིས་པ་ནི། ཆོས་ཐམས་ཅད་གདོད་ནས་སངས་རྒྱས་པའི་རང་བཞིན་ལ་ངོ་མཚར་བའི་ཚུལ་གྱིས་ཨེ་མ་ཧོ། ཇི་ལྟར་ན་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་སྐྱེ་བ་མེད་པར་སངས་རྒྱས་པས་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་དེ་ཉིད་ཆོས་ཅན་སྣ་ཚོགས་འགག་མེད་དུ་སྣང་བས་ཕུང་པོ་སྟེ་དེའི་ཡན་ལག་རྣམ་པར་ཤེས་པའི་ཕུང་པོ་ལ་སོགས་པ་རྣམས་ནི། རྣམ་པར་སྣང་མཛད་ལ་སོགས་པ་རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། དེ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་པོ་རྣམས་ཀྱི་བྱེ་བྲག་མང་པོ་ཀུན་ཀྱང་། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད་དུ་ཡེ་ནས་གནས་སོ། །འབྱུང་བ་ལྔ་ཡང་ཡུམ་ལྔའི་ངོ་བོར་ཡེ་ནས་སངས་རྒྱས་པ་སྟེ་ས་ཆུ་གཉིས་ནི་སངས་རྒྱས་སྤྱན་དང་མཱ་མ་ཀཱི །མེ་རླུང་གཉིས་ནི། གོས་དཀར་མོ་དང་དམ་ཚིག་སྒྲོལ་མ་སྟེ། ནམ་མཁའ་ནི་དབྱིངས་ཀྱི་དབང་ཕྱུག་མའོ། །དེ་ལྟར་ཕྱི་ནང་གི་འབྱུང་བ་རྟོག་ཚོགས་ཀྱིས་བསྡུས་པའི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་གསུམ་གྱི་ངོ་བོ་མ་དག་པ་ལྟར་སྣང་བ་དེ་རྣམས་ཀྱང་ཡེ་ནས་སངས་རྒྱས་ཀྱི་རང་བཞིན་དུ་གནས་ཤིང་། འཁོར་བའི་ཆོས་ཐམས་ཅད་དང་མྱ་ངན་ལས་འདས་པའི་ཆོས་མ་ལུས་པ་སྣང་ཞིང་སྲིད་པའི་ཆོས་སོ་ཅོག་ཐམས་ཅད། སངས་རྒྱས་ཉིད་ལས་གཞན་མ་ཡིན་ཏེ། སངས་རྒྱས་ཉིད་ལས་གཞན་པའི་མ་དག་པའི་ཆོས་ཤིག །སངས་རྒྱས་ཉིད་ཀྱིས་ཀྱང་རྡུལ་ཙམ་ཡང་མི་བརྙེས་སོ་སྟེ་མི་རྙེད་དོ། །ཞེས་བརྗོད་པས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པ་ཐམས་ཅད་མཉེས་པར་གྱུར་ཏོ། །གཉིས་པ་ཡུམ་གྱི་དགོངས་པ་ཆོས་ཉིད་སྟོང་པའི་གནས་ལུགས་གཙོ་བོར་གླེང་བསླང་བ་ལའང་གཉིས་ཏེ། དགོངས་པས་གླེང་བ་ལ་འཇུག་པའི་རྒྱུ་དང་། གླེང་བསླང་བ་དངོས་སོ། །དང་པོ་ནི། བློས་ཡུལ་གྱི་གནས་ལུས་བརྗོད་པ་དེ་ནས་བློ་ལ་སྣང་བའི་ཡུལ་རང་བཞིན་གྱིས་དག་པའི་བཙུན་མོ་གཏན་ལ་དབབ་པར་བྱ་བ་མོ་རང་སྣང་བའི་ཆོས་ཀུན་ཏུ་བཟང་མོ། ཡུལ་ཅན་རིག་པའི་ཡེ་ཤེས་བཅོམ་ལྡན་འདས་ཡིད་ཀུན་ཏུ་བཟང་པོ་དང་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པར་གྱུར་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་ནི། ཆོས་ཉིད་ལ་ངོ་མཚར་བར་བསྟན་པའི་ཕྱིར། ཀྱེ་མའོ་ཞེས་གསུངས་ནས་ཇི་ལྟར་ན་ཐམས་ཅད་དང་སྣང་དུ་ཤར་བས་ཕྱོགས་བཅུ་སྟོང་ཁམས་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་ཐམས་ཅད་ཡེ་ནས་དབེན་པ་སྟེ་སྐྱེ་བ་མེད་པ་ཉིད་དང་དེར་གནས་པའི་བཅུད་ཀྱི་སེམས་ཅན་སྲིད་པ་གསུམ་ནི་ཡེ་ནས་རྣམ་པར་དག་པའི་སངས་རྒྱས་ཀྱི་ཞིང་ལྷུན་སྟུག་པོ་བཀོད་པའི་རང་བཞིན་དང་། ཡེ་ཤེས་ལྔའི་རྩལ་གཟུང་འཛིན་དུ་འཁྲུལ་དུས་དུག་ལྔར་སྣང་བས་འཁོར་བའི་སྡུག་བསྔལ་བསྐྱེད་པའི་ཕྱིར་སྙིགས་མ་ལྔ་ཉིད་ཀྱང་ངོ་བོ་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོ་དང་ལྡན་པའི་གནས་ལས་གཞན་མ་ཡིན་ཞིང་། འགྲོ་བའི་ཕུང་པོ་ལྔ་ཉིད་ཀྱང་གདོད་ནས་མངོན་པར་རྫོགས་པ་སངས་རྒྱས་པའི་ཕྱིར། ཆོས་ཐམས་ཅད་ཀྱི་གནས་ལུགས་ལ་བཟང་ངན་དང་བླང་དོར་གང་དུའང་མ་གྲུབ་པས་མཆོག་གི་སྙིང་པོ་མཉམ་པ་ཉིད་བྱང་ཆུབ་ཀྱི་རང་བཞིན་ཡིན་པས། དེ་ལས་གཞན་དུ་རྒྱལ་བས་ཆོས་མི་བཙལ་ཏེ། སངས་རྒྱས་ཉིད་ལས་གཞན་མ་དག་པ་ཞེས་བྱ་བའི་ཆོས་ལོག་པ་གཅིག་བཙལ་ཀྱང་རྒྱལ་བས་མི་བརྙེས་སོ་སྟེ་མི་རྙེད་དོ། །ཞེས་ཡུམ་གྱིས་བརྗོད་པས་ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །གསུམ་པ་གཉིས་སུ་མེད་པའི་དགོངས་པ་ལའང་གཉིས་ཏེ། དགོངས་པས་གླེང་བ་ལ་འཇུག་པའི་རྒྱུ་དང་། གླེང་བསླང་བ་དངོས་སོ། །དང་པོ་ནི། ཡུལ་ཉིད་ཡུལ་ཅན་གྱི་ངོ་བོར་རིག་པའི་ཡེ་ཤེས་སུ་རྣམ་པར་དག་པ་དེ་ནས་ཡབ་ཡུམ་རིག་སྟོང་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་འཁོར་འདས་ཡེ་ནས་མཉམ་པ་ཉིད་དུ་སངས་རྒྱས་པའི་ཕྱིར་སེམས་ཀྱང་སངས་རྒྱས་པའི་ཆོས་ཉིད་དུ་ཤེས་པར་བྱེད་པ་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་ཡིན་པ་ལ་ཡིན་པའིི་བདག་ཉིད་དུ་བསྐྱེད་པ་འདི་གསུངས་སོ། །གཉིས་པ་ནི། ཨེ་མ་ཧོ། ཆོས་རྣམས་ཀྱི་གནས་ལུགས་ངོ་མཚར་ཞིང་གཞན་ལས་རྨད་དུ་བྱུང་བ་ཉིད་ཀྱི་ཆོས་འདི་ཉིད་ནི་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་ཟབ་མོའི་དོན་ཏེ། གང་ཞེ་ན། ཆོས་ཉིད་གདོད་མ་ནས་སྐྱེ་བ་མེད་པའི་ངང་ལས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྐྱེས་པར་སྣང་བ་རྨི་ལམ་དང་སྒྱུ་མ་ལྟ་བུ་སྟེ་སྐྱེས་པ་ལྟར་སྣང་བའི་དུས་ཉིད་ན་སྐྱེ་བ་མེད་པའི་ངོ་བོ་ནི་ཆོས་ཀྱི་དབྱིངས་སོ། །དེ་ཉིད་རྟོགས་པའི་བློ་ཆོས་དབྱིངས་ཡེ་ཤེས་སོ། །ཨེ་མ་ཧོ། ཆོས་རྣམས་ཀྱི་གནས་ལུགས་ངོ་མཚར་ཞིང་གཞན་ལས་རྨད་དུ་བྱུང་བ་ཉིད་ཀྱི་ཆོས་འདི་ཉིད་ནི། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་ཟབ་མོའི་དོན་ཏེ། གང་ཞེ་ན། ཡེ་ནས་འགག་པ་མེད་པའི་ཆོས་ཉིད་གདངས་སྣ་ཚོགས་སུ་འཆར་བ་མེ་ལོང་གི་ངོས་ལྟ་བུ་ལ་ཆོས་ཅན་གཟུགས་བརྙན་ལྟར་སྣང་བ་ཐམས་ཅད་འགག་པ་ལྟར་སྣང་ཡང་འགག་པ་སྣང་དུས་ཉིད་ན་གནས་ལུགས་འགག་པ་མེད་པ་ནི་མེ་ལོང་ལྟ་བུའོ། །དེ་རྟོགས་པའི་བློ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཨེ་མ་ཧོ་ཆོས་རྣམས་ཀྱི་གནས་ལུགས་ངོ་མཚར་ཞིང་གཞན་ལས་རྨད་དུ་བྱུང་བ་ཉིད་ཀྱི་ཆོས་འདི་ཉིད་ནི་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་ཟབ་མོའི་དོན་ཏེ། གང་ཞེ་ན། ཡེ་ནས་གནས་པ་མེད་པ་ནམ་མཁའ་ལྟ་བུའི་ངང་ལས་ཆོས་སྣ་ཚོགས་པ་ཐམས་ཅད་གནས་པ་ལྟར་སྣང་ཡང་གནས་པ་སྣང་དུས་ཉིད་ན་དོན་ལ་གནས་པ་མེད་པ་ནི་མཉམ་པ་ཉིད་དོ། །དེ་ཉིད་རྟོགས་པའི་བློ་ནི་མཉམ་ཉིད་ཡེ་ཤེས་སོ། །ཨེ་མ་ཧོ་ཆོས་རྣམས་ཀྱི་གནས་ལུགས་ངོ་མཚར་ཞིང་གཞན་ལས་རྨད་དུ་བྱུང་བ་ཉིད་ཀྱི་ཆོས་འདི་ཉིད་ནི་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་ཟབ་མོའི་དོན་ཏེ། གང་ཞེ་ན་སེམས་རང་བཞིན་གྱིས་དག་པ་དམིགས་པ་དང་མཚན་མ་མེད་པ་ནམ་མཁའ་དང་རྒྱ་མཚོ་དྭངས་པའི་དཀྱིལ་ལྟ་བུའི་ངང་ལས་རྣམ་པར་རྟོག་པ་སྤྲིན་ནམ་གཟུགས་བརྙན་ལྟར་སྣ་ཚོགས་སུ་ཤར་བ་ཐམས་ཅད་དམིགས་པ་ལྟར་སྣང་ཡང་། རྣམ་རྟོག་སྣ་ཚོགས་སུ་དམིགས་པ་སྣང་དུས་ཉིད་ན་གཞི་མེད་རྩ་བ་དང་བྲལ་བས་དམིགས་པ་དང་མཚན་མ་རང་བཞིན་གྱིས་མེད་པ་ནི་སོ་སོར་རྟོགས་པའོ། །དེ་ཉིད་རྟོགས་པའི་བློ་ལ་སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱའོ། །ཨེ་མ་ཧོ་ཆོས་རྣམས་ཀྱི་གནས་ལུགས་ངོ་མཚར་ཞིང་གཞན་ལས་རྨད་དུ་བྱུང་བ་ཉིད་ཀྱི་ཆོས་འདི་ཉིད་ནི་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་ཟབ་མོའི་དོན་ཏེ། གང་ཞེ་ན། ཆོས་ཐམས་ཅད་གདོད་མ་ནས་འགྲོ་འོང་མེད་པ་སྤྲུལ་པ་ལྟ་བུའི་ངང་ལས་སྣང་བ་དང་རིག་པ་འགྲོ་བ་དང་འོང་བ་སྣ་ཚོགས་སུ་སྣང་ཡང་འགྲོ་འོང་དུ་སྣང་བ་ཉིད་ན་འགྲོ་འོང་མེད་པར་གནས་པ་ནི་བྱ་བ་གྲུབ་པའོ། །དེ་ཉིད་རྟོག་པའི་བློ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་དག་པའི་ཚུལ་དེ་སྐད་ཅེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དང་ཡུམ་བཙུན་མོའི་ཚོགས་ཐམས་ཅད་ཀྱང་མཉམ་པ་ཉིད་དུ་ཡེ་ནས་གནས་པ་ལ་མཉེས་པས་ཁྱབ་པར་གྱུར་ཏོ། །གཉིས་པ་དེ་ཉིད་མ་རྟོགས་པའི་འགྲོ་བ་ལ་ཐུགས་རྗེའི་གཡོ་བའི་ཚུལ་བསྟན་པ་ལ་བཞི་སྟེ། ཐུགས་རྗེ་འཇུག་པའི་ཡུལ་སེམས་ཅན་གྱིས་མ་རྟོགས་བར་བསྟན་པ། མི་རྟོགས་པའི་རང་བཞིན་བདག་ཏུ་བཟུང་ནས་འཁོར་བར་འཁྲུལ་ཚུལ། འཁྲུལ་བར་སྣང་དུས་ཉིད་ནས་བཅིང་གྲོལ་མེད་པའི་དོན་ལས་མ་འདས་པ། དེ་ཉིད་བསྟན་པའི་ཕྱིར་ཐུགས་རྗེ་རོལ་པ་འབྱེད་པའི་ཚུལ་ལོ། །དང་པོ་ལ་གཉིས། ཐུགས་རྗེ་འཇུག་པའི་རྒྱུ་དང་། ཇི་ལྟར་འཇུག་པའི་ཡུལ་བསྟན་པའོ། །དང་པོ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བཙུན་མོའི་ཚོགས་ཐམས་ཅད་དང་བཅས་པས་དོན་འདི་ཉིད་བསྟན་པའི་ཕྱིར་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་ནི། མ་རྟོགས་པའི་སེམས་ཅན་གྱི་ཚོགས་ལ་སྐྱོ་བའི་ཚུལ་གྱིས་ཨེ་མ་ཧོ་ཆོས་ཐམས་ཅད་རང་བཞིན་གདོད་མ་ནས་སངས་རྒྱས་པའི་དོན་ཐོག་མ་ཉིད་ནས་མ་རྟོགས་པས་ཡེ་ནས་འགྲོ་བ་ཐམས་ཅད་ལ་གསང་བའི་ཆོས་སོ། །སྣང་སྲིད་སྣ་ཚོགས་སུ་སྣང་བ་ལ་སྐུ་གསུམ་འདུ་འབྲལ་མེད་པའི་ཆོས་ཉིད་ཡེ་ནས་གནས་ཀྱང་མ་དག་འཁྲུལ་པའི་ཆོས་སུ་སྣང་བས་རང་བཞིན་གྱིས་གསང་བའོ། །དེ་ལྟ་བུའི་དོན་དེ་ཉིད་གཞན་གྱིས་སྦས་པ་ལྟ་བུ་ལ་མ་ཡིན་པར་སྣང་སྟོང་འདུ་འབྲལ་མེད་པའི་ཆོས་ཉིད་མ་རྟོགས་པས་ངོ་བོ་ཉིད་ཀྱིས་རབ་ཏུ་གསང་བའོ། །དོན་དེ་ཡང་རང་གི་སེམས་ཉིད་ལས་གཞན་དུ་མིན་པ་ལས་ཤིན་ཏུ་གསང་བའོ། །ཞེས་བརྗོད་པས། གཉིས་པ་འཁྲུལ་ཚུལ་ལའང་གཉིས། ། ཐུགས་རྗེའི་རྒྱུ་བསྟན་པ་དང་། འཁྲུལ་ཚུལ་དངོས་སོ། །དང་པོ་ནི། དག་པ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས། སྐུ་དང་ཞིང་ཁམས་སུ་སྣང་བ་ཐམས་ཅད་དང་། མ་དག་པ་འཁོར་བའི་ཆོས་སྣོད་བཅུད་སྲིད་གསུམ་དུ་སྣང་བ་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མེད་པས་རྣམ་པར་དག་པ་ཡིན་ནའང་། འགྲོ་བའི་རྣམ་པར་རྟོག་པ་གཟུང་འཛིན་འཁྲུལ་པའི་མ་རིག་པ་གཉིས་སུ་འཛིན་པ་ལས། ངན་སོང་གསུམ་ལྷ་མི་གཉིས་ཏེ་འགྲོ་བ་ལྔའི་རིས་བསམ་གྱིས་མི་ཁྱབ་པར་སྨིན་པ་ལ། རང་བྱུང་གི་ཐུགས་རྗེ་ཆེན་པོ་ལྷུན་གྱིས་གྲུབ་པ་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས། སླར་ཡང་ཆེད་དུ་བརྗོད་པ་འདི་སྐད་ཅེས་བརྗོད་དོ། །གཉིས་པ་ནི། ཨེ་མ་ཧོ་གདོད་མའི་གནས་ལུགས་སེམས་ཉིད་འོད་གསལ་བ་སྐུ་གསུམ་འདུ་འབྲལ་མེད་པའི་བདེ་བར་གཤེགས་པའི་སྙིང་པོ་ལས། རྐྱེན་རང་གི་རྣམ་རྟོག་དང་དེས་བྱས་པའི་ལས་ཀྱིས་རྨི་ལམ་ལྟར་སྤྲུལ་པའོ། །དེའང་ལྷ་ལ་སོགས་པའི་འགྲོ་བ་སྣ་ཚོགས་པའི་ལུས་དང་དེ་དག་སོ་སོའི་ལོངས་སྤྱོད་དང་། མཐོ་རིས་ལ་སོགས་པའི་གནས་དང་རང་རང་གི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་དུ་མར་སྣང་བ་ལ་འགྲོ་བ་རྣམས་ཀྱིས་ང་ཞེས་བདག་ཏུ་འཛིན་པ་དང་ངའི་ཡོ་བྱད་ཅེས་པ་ལ་སོགས་པ་བདག་གིར་བྱེད་པས་སོ་སོར་འཛིན་པས་ནམ་ཡང་འཁོར་བ་ལས་གྲོལ་བར་མི་འགྱུར་རོ། །གསུམ་པ་འཁྲུལ་བར་སྣང་དུས་ཉིད་ནས་བཅིང་གྲོལ་མེད་པར་བསྟན་པ་ནི། དེ་ལྟར་འཁོར་བ་བདེ་སྡུག་དུ་མས་གདུངས་ཀྱང་གནས་ལུགས་ནམ་མཁའ་བཞིན་དུ་འཆིང་བྱེད་སུས་ཀྱང་འགྲོ་བ་རྣམས་མ་བཅིངས་ཤིང་བཅིངས་པ་ལྟར་སྣང་ཡང་དོན་ལ་མེད་དེ། བཅིང་བར་བྱ་བ་འགྲོ་བ་དང་འགྲོ་བའི་སེམས་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །གློ་བུར་བའི་རྣམ་རྟོག་བདག་ཏུ་འཛིན་པ་ཡིས། དོན་མེད་པར་འཁྲུལ་པ་བཟོས་པ་ཡིན་ཏེ། དཔེར་ན་འགའ་ཞིག་ནན་ཏན་གྱིས་མདུན་གྱི་ནམ་མཁའ་ལ་ཐག་པ་ཞིག་བྱུང་པ་བློས་བྱས་ནས་དེ་ཉིད་ལ་མདུད་པ་བཅིང་གྲོལ་དུ་མ་འདོར་ཞིང་བྱེད་པ་ལྟར་རང་གི་སེམས་ཉིད་གདོད་ནས་དག་པ་ནམ་མཁའ་ལྟ་བུ་ལ་དགག་སྒྲུབ་གཟུང་འཛིན་དུ་མར་བྱས་པས་འཁོར་བའི་འཁྲུལ་པ་ལྟར་སྣང་བའོ། །བཞི་པ་དེ་ཉིད་བསྟན་པའི་ཕྱིར་ཐུགས་རྗེ་འཕྲོས་ཚུལ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སུས་ཀྱང་བཅིངས་པ་མེད་ཅིང་རྣམ་པར་གྲོལ་བ་མེད་པའི། །སེམས་ཉིད་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་ཆེན་པོར་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་རྫོགས་པའི་རང་བཞིན་སངས་རྒྱས་ཀྱི་གསང་བ་ཟབ་མོའི་ཆོས། འདི་ཉིད་འགྲོ་བ་རྣམས་ལ་བསྟན་པའི་ཕྱིར་ཐབས་ཀྱི་རོལ་པ་བསམ་གྱིས་མི་ཁྱབ་པ་དང་ཐུགས་རྗེ་ཆེན་པོས་སྤྲུལ་པ་དཔག་ཏུ་མེད་པ་སྤྲོ་བ་རྣམ་པ་སྣ་ཚོགས་པར་མཛད། ཅེས་རང་སྣང་དག་པའི་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་། །སངས་རྒྱས་ཐམས་ཅད་ཀྱི་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མྱ་ངན་ལས་འདས་པ་དོན་དམ་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་རྣམ་པར་དག་པ་དང་འཁོར་བ་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་གཉིས་ཀ་ཡང་གདོད་མ་ནས་སངས་རྒྱས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བསྐྱེད་པའི་སྟེ་དབྱེར་མེད་པའི་གནས་ལུགས་བསྟན་པ་དང་མ་རྟོགས་པའི་འགྲོ་བ་རང་བྱུང་གི་ཐུགས་རྗེ་དབྱིངས་ནས་འཕྲོ་བའི་རྒྱུ་མཚན་བསྟན་པའི་ལེའུ་སྟེ་གཉིས་པའོ།། ༈ །།དོན་གསུམ་པ་ཐུགས་རྗེའི་རང་བཞིན་ཆོས་ཉིད་ལས་མ་གཡོས་བཞིན་འཇིག་རྟེན་དུ་སྒྲོན་མ་བཀོད་པས་ཆོས་ཐམས་ཅད་གཏན་ལ་དབབ་པའི་ཚུལ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད་པ། ཚིག་གི་དོན་བཤད་པ། སྐབས་ཀྱིས་དོན་བསྡུ་བའོ། །དང་པོ་ནི། གླེང་བསླང་བའི་ཚུལ་བསྟན་པ་དེ་ནས་རང་སྣང་བཀོད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལས། རང་བྱུང་གི་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ལས་རང་ཤར་བ་ཞེས་བྱ་བའི་རྣམ་པར་འཕྲུལ་པ་སངས་རྒྱས་ཀྱི་ཡེ་ཤེས་ཉིད་ཡིན་པས་རིག་པའི་སྐྱེས་བུ་ལས་དང་ཉོན་མོངས་ཐམས་ཅད་བཅོམ་པས་ཐུབ་པ་འཇིག་རྟེན་དྲུག་གི་འགྲོ་བ་སོ་སོར་འདུལ་བས་མིའི་ཐུབ་པ་ལ་སོགས་པ་དྲུག །རང་སྣང་བཀོད་པའི་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །གཉིས་པ་ལ་གསུམ། འདུལ་བ་བཞིའི་རྣམ་པར་འཕྲུལ་པའི་ཚུལ་སྤྱིར་བསྟན་པ། འདུལ་ཡུལ་འགྲོ་བ་དང་ཆོས་ཀྱི་རང་བཞིན་བྱེ་བྲག་ཏུ་བཤད་པ། འཁོར་འདས་སེམས་དང་ཡེ་ཤེས་ཀྱི་རང་སྣང་དོན་བསྡུ་བའོ། །དང་པོ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ཐུབ་པ་དྲུག་འཐོན་ནས་ཀྱང་འགྲོ་བའི་ལས་སོ་སོར་བསགས་པ་ཉིད་ཀྱི་དབང་གིས་འཇིག་རྟེན་གྱི་ཁམས་ཀྱང་ཐ་དད་དུ་སྣང་སྟེ་དེའང་བསྡུ་ན་མགོ་འཕྲེད་ལ་བསྟན་ནས་འགྲོ་བ་སྣྲེལ་གཞི་དང་གྱེན་དང་ཐུར་ལ་བསྟན་ནས་འགྲོ་བ་ཡན་མན་གྱི་འཇིག་རྟེན་ཟླུམ་པོ་དང་གྲུ་བཞི་དང་ཟླ་གམ་དང་གྲུ་གསུམ་དང་གཞི་ཕྱལ་བ་དང་སྟེང་གཡོག་མེད་པ་སྟེ་སྣོད་ཀྱི་བྱེ་བྲག་རྣམ་པ་མི་འདྲ་བ་དྲུག་གི་རང་བཞིན་གྱི་ཕྱོགས་བཅུ་ཀུན་ཏུ་ཁྱབ་ཅིང་དེ་དག་གི་རྣམ་གྲངས་དང་དབྱེ་བའི་ཚད་ནི་མཐའ་ཡས་ཤིང་བདེ་སྡུག་དང་ལོངས་སྤྱོད་ལ་སོགས་པའི་རྣམ་པ་མུ་མེད་པས་ཁྱབ་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་རེ་རེར། རང་རང་གི་འདུལ་བྱེད་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་འདུལ་བ་རྣམས་པ་བཞི་བཞིས་འགྲོ་བ་ལྔའི་དོན་མཛད་དེ། དེ་ཡང་བསོད་ནམས་ཀྱིས་འདུལ་བ་དང་། དོན་ཐམས་ཅད་མངོན་སུམ་དུ་གྱུར་པས་འདུལ་བ་དང་། རྫུ་འཕྲུལ་ཆེན་པོས་འདུལ་བ་དང་། རིགས་པས་འདུལ་བའོ། །གཉིས་པ་ལ་བཞི། སྐུ་བསོད་ནམས་ཆེན་པོས་མཛད་པ་ཕུན་སུམ་ཚོགས་པས་འདུལ་བ། ཐུགས་མངོན་ཤེས་ཆེན་པོས་མངོན་སུམ་པས་འདུལ་བ། བསམ་གྱིས་མི་ཁྱབ་པ་རྫུ་འཕྲུལ་ཆེན་པོས་འདུལ་བ། གསུང་ཐེག་པ་ལྟར་སྟོན་པ་རིག་པས་འདུལ་བའོ། །དང་པོ་ནི། སྐུ་བལྟམས་པ་དང་། ཁྱིམ་སྤངས་ཏེ་རབ་ཏུ་བྱུང་བ་དང་། འདོད་ཡོན་སྤངས་ནས་དཀའ་ཐུབ་མཛད་པ་དང་། མངོན་པར་རྫོགས་པར་སངས་རྒྱས་པ་དང་། བདུད་ཀྱི་སྡེ་དཔུང་བཏུལ་བ་དང་། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གཞན་གྱི་ཁེངས་པ་བཅོམ་པའི་ཕྱིར་ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། གདུལ་བྱ་སྐྱོ་བ་བསྐྱེད་པའི་ཕྱིར་མྱ་ངན་ལས་འདས་པ་དང་གཞན་ཡང་དགའ་ལྡན་ནས་འཕོ་བ་དང་བཟོའི་གནས་ལ་མཁས་པ་དང་། བཙུན་མོའི་འཁོར་གྱིས་རོལ་པ་དང་བྱང་ཆུབ་སྙིང་པོར་གཤེགས་པ་ལ་སོགས་པ་སྐུའི་རྣམ་པར་འཕྲུལ་པ་ཆེན་པོས་འགྲོ་བ་ཚད་མེད་པ་སྨིན་པར་མཛད་པའི་ཆོ་འཕྲུལ་ཆེན་པོ་སྟོན་པའི་ཐུབ་པས་བསམ་གྱིས་མི་ཁྱབ་པའི་འགྲོ་བ་འདུལ་བའོ། །གཉིས་པ་ནི། འདས་པ་ལ་སོགས་པའི་དུས་བཞི་ཀུན་ཏུ་མཁྱེན་པ་སྟེ་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པ་ནི་སྔོན་གྱི་གནས་མཁྱེན་པའི་མངོན་པར་ཤེས་པ་སྟེ་ཚེ་རབས་དུ་མ་རྗེས་སུ་དྲན་པ་ལ་དབང་བསྒྱུར་བས་འགྲོ་བ་འདུལ་བ་དང་། གཞན་ཡང་འགྲོ་བ་རིགས་ལྔའམ་དྲུག་ལ་སོགས་པའི་གདུལ་བྱ་མ་ལུས་པ་ཐམས་ཅད་ཀྱི་རང་རང་གི་སེམས་ཀྱི་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཐམས་ཅད་ཀྱི་རང་བཞིན་དང་སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་ཀྱི་དགོངས་རྒྱུད་གཉིས་དུས་དང་གནས་སྐབས་ཀུན་ཏུ་ཐ་མི་དད་པར་མཁྱེན་པ་ཡིན་པས་ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་དང་། ཡེ་ཤེས་སྒྲིབ་པ་མེད་པའི་རྫུ་འཕྲུལ་གྱི་སྤྱན་གྱིས་དག་པའི་ཞིང་དང་མ་དག་པའི་འཇིག་རྟེན་གྱི་འགྲོ་བ་འཆི་འཕོ་བ་དང་སྐྱེ་བ་དང་རྣམ་པར་འཕྲུལ་བ་ལ་སོགས་པ་ཐམས་ཅད་ཀུན་ཏུ་གཟིགས་པ་མངོན་པར་འདུ་བྱེད་པ་ལས་བྱུང་བ་ལྷའི་མིག་གི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་སྙན་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྒྲ་སྐད་ཆེ་ཆུང་ཐམས་ཅད་ཀུན་ཏུ་གསན་པ་ལྷའི་རྣ་བའི་མངོན་པར་ཤེས་པ་དང་། སེམས་ཅན་གང་ལ་ཐབས་གང་གིས་འདུལ་བ་ཐམས་ཅད་སྟོན་པའི་རྫུ་འཕྲུལ་གྱི་ཚོགས་འགྲོོ་བའི་མོས་པ་དང་མཐུན་པར་ཀུན་ཏུ་དོན་སྤྱོད་པ་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་དབྱིངས་སུ་དག་པའི་ཡེ་ཤེས་ཟག་པ་མེད་པ་མངའ་བས་མཐར་ཕྱིན་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྤྱོད་པ་རྫོགས་པའི་རང་བཞིན་ཟག་པ་ཟད་པའི་མངོན་པར་ཤེས་པ་སྟེ་མངོན་ཤེས་ཆེན་པོ་དྲུག་གིས་འདུལ་བ་དང་། གསུམ་པ་ནི། གདུལ་བྱ་མཐའ་ཡས་པ་ཀུན་ཏུ་དེའི་སྣང་བ་དང་མཐུན་པའི་སྐུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་རང་དང་ཚངས་པ་དང་བརྒྱ་བྱིན་དང་འཁོར་ལོས་བསྒྱུར་བ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་སྟོན་པ་དང་། འགྲོ་བའི་རྒྱུད་ཚད་མེད་པ་ཀུན་ཏུ་དེ་དག་གི་མོས་པ་དང་མཐུན་པར་འཇུག་པའི་ཐུགས་ཇི་ལྟར་བུ་དང་ཇི་སྙེད་པ་མཁྱེན་ནས་དོན་མཛད་པའི་ཚུལ་བསམ་གྱིས་མི་ཁྱབ་པ་མངའ་བ་དང་། གདུལ་བྱའི་ཁམས་དང་མོས་པ་མི་འདྲ་བའི་སྤྱོད་ཡུལ་ཀུན་ཏུ་སྐུ་དང་སྐུའི་ཆ་ལུགས་དང་ཞལ་གྱི་དཀྱིལ་འཁོར་མི་འདྲ་བ་ཞི་བ་དང་ཁྲོ་བོ་ལ་སོགས་པ་ཐ་དད་པ་དུ་མར་སྣང་ཞིང་སྐད་ཅིག་སྐད་ཅིག་ལ་རང་རང་གི་སྣང་བ་དང་མཐུན་པར་ཞལ་བསམ་གྱིས་མི་ཁྱབ་པ་བསྟན་ནས་དོན་བྱེད་པ་དང་། འགྲོ་བའི་སྐལ་བ་ཇི་ལྟར་ཡོད་པ་ཀུན་ཏུ་སེམས་ཅན་སོ་སོའི་སྐད་དང་མཐུན་པར་ཆོས་ཀྱི་གསུང་བསམ་གྱིས་མི་ཁྱབ་པ་སྒྲོགས་པར་སྣང་བ་དང་ལྡན་པ་ནམ་མཁའི་མཐའ་ཀླས་པར་རྣམ་པར་འཕྲུལ་བ་བསམ་གྱིས་མི་ཁྱབ་པ་གྲངས་མེད་པ་དག་གིས་ཕྱོགས་བཅུར་གང་ལ་གང་འདུལ་དུ་སྣང་བར་གྱུར་ཏོ། །བཞི་པ་ལ་གསུམ། ཐེག་པའི་དབྱེ་བ་གང་གི་གཉེན་པོར་གསུང་ཚུལ། དེ་དག་གི་དོན་བཤད་པའོ། །དང་པོ་ནི། སྤྲུལ་པའི་སྐུའི་གསུང་རབས་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་ཐེག་པ་ལྔར་བསྟན་པ་འདི་ལྟ་སྟེ། སེམས་ཅན་རྣམས་འདུལ་བའི་དབང་གིས་དགེ་བཅུ་དང་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་བསྟན་པ་ལྷ་ཡི་ཐེག་པ་དང་དགེ་བ་བཅུ་བསྟན་པ་མིའི་ཐེག་པ་དང་། བདེན་པ་བཞི་དང་བྱང་ཆུབ་ཕྱོགས་ཀྱི་ཆོས་ལ་གོམས་པས་དགྲ་བཅོམ་པ་ཐོབ་པར་བྱེད་པ་ཉན་ཐོས་ཀྱི་ཐེག་པ་དང་། རྟེན་འབྲེལ་གྱི་ལམ་ལ་གོམས་པས་ཡིད་བཞིན་བདེ་བ་མཆོག་གི་སར་འགྲོ་བ་རང་བྱང་ཆུབ་ཀྱི་ཐེག་པ་དང་། བྱང་ཆུབ་ཀྱི་སེམས་དང་བདག་མེད་པ་གཉིས་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་པ་བྱང་ཆུབ་སེམས་དཔའི་ཐེག་པ་དང་། ཆོས་ཐམས་ཅད་དཀྱིལ་འཁོར་གསུམ་དུ་ཤེས་ཤིང་ལམ་ཟབ་མོ་སྒོམས་པས་ཚེ་འདིར་གྲོལ་བ་གསང་སྔགས་བླ་ན་མེད་པའི་ཐེག་པས་འདུལ་བར་མཛད་དོ། །གཉིས་པ་ནི་འགྲོ་བའི་རྒྱུད་ཀྱི་མ་རིག་པའི་རྣམ་པར་རྟོག་པ་ལས་བྱུང་བའི་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་ཆ་མཉམ་པ་ཉི་ཁྲི་ཆིག་སྟོང་རེ་ཡོད་པས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར། འདུལ་པ་མདོ་སྡེ་མངོན་པ་སྡེ་སྣོད་གསུམ་ཆ་མཉམ་པ་སྔགས་ཀྱི་སྡེ་སྣོད་རྣམས་ལ་ཉི་ཁྲི་ཆིག་སྟོང་རེ་ཡོད་པས་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རང་བྱུང་གི་ཡེ་ཤེས་ལས་འཕྲོས་པའི་སྟོན་པ་རྣམས་ཀྱིས་གདུལ་བྱའི་སྣང་བ་དང་མཐུན་པར་སྔར་གསུངས་སོ། །ད་ལྟ་ཡང་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་ན་གསུང་ངོ་། །མ་འོངས་པ་ནའང་གསུང་བར་འགྱུར་རོ། །གསུམ་པ་ནི། ཆོས་ཀྱི་རྣམ་གྲངས་ཐེག་པ་ལྔར་གསུངས་པ་དེ་དག་ཐམས་ཅད་ཀྱང་ཕྱི་གཟུང་བ་རགས་པར་འདོད་པ་ཐ་མལ་པའི་བློ་ལས་ཁྱད་པར་དུ་འཕགས་པས་རྡུལ་ཕྲན་ཆ་མེད་དོན་དམ་པའི་བདེན་པར་ཤེས་པ་གཟུང་བ་བདག་མེད་པ་དང་ནང་གི་སེམས་ཀྱང་སྐད་ཅིག་མ་སྟེ་དེ་ཡང་བདག་མེད་པར་ཤེས་པས་ཕུང་པོ་ལ་བདག་ཏུ་འཛིན་པའི་གཉེན་པོར་བྱེད་པ་ཉན་ཐོས་ཀྱི་ཐེག་པ་དང་ཕྱི་སྣང་བའི་ཡུལ་རྡུལ་ཕྲན་ཆ་མེད་དུའང་དོན་དམ་པར་མ་གྲུབ་ཅིང་ཀུན་རྫོབ་ཏུ་རྫིང་བུར་ཤར་བའི་གཟུགས་བརྙན་དང་འདྲ་བར་རྟོགས་པས་ཕྱི་ཡི་རྟེན་ཅིང་འབྲེལ་བར་འབྱུང་བ་རྫུན་པར་ཤེས་ཤིང་མ་རིག་པ་ཡོད་ན་འདུ་བྱེད་ནས་རྒ་ཤིའི་བར་དུ་འབྱུང་ཞིང་མ་རིག་པ་ལོག་ན་ན་རྒ་ཤིའི་བར་དུ་འཁོར་བའི་འཁོར་ལོ་ལྡོག་པར་ཤེས་ནས་གང་ཟག་གི་བདག་དང་ཕྱི་སྣང་བ་ཆོས་ཀྱི་བདག་བྱེད་པོ་མེད་པར་རྟོགས་པ་ནི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམས་པས་ཆོས་ཀྱི་ཕྱེད་ཕྱི་ཡུལ་ལ་ལོག་པར་འཛིན་པའི་གཉེན་པོར་བྱེད་པ་རང་སངས་རྒྱས་ཀྱི་ཐེག་པ་དང་། དེ་ལྟར་བདག་མེད་པ་ཕྱེད་དང་གཉིས་ཀྱི་སྟེང་དུ་སྒོམ་བྱེད་གཉེན་པོའི་བློ་ནང་ཆོས་ཀྱི་བདག་ཏུ་འཛིན་པ་སེམས་འཁྲུལ་པ་ཡུལ་དུ་བྱེད་པ་ལས་བྱང་ཆུབ་སེམས་དཔས་དེ་ཡང་མ་གྲུབ་པར་རྟོགས་པའི་ཆ་ནས་ཁྱད་པར་དུ་འཕགས་པར་འདོགས་པ་བདག་མེད་གཉིས་མངོན་དུ་བྱེད་པ་བྱང་ཆུབ་སེམས་དཔའི་ཐེག་པ་དང་། རྒྱུ་ལས་དཀར་ནག་དང་ལས་ཀྱི་འབྲས་བུ་སོ་སོར་སྨིན་པ་ཆུད་མི་ཟ་བ་སྟོན་པ་ནི་ལྷ་དང་མིའི་ཐེག་པ་དང་། དངོས་པོ་དང་མཚན་མར་འཛིན་པའི་ལས་དང་ལས་ཀྱི་འབྲས་བུས་ལུས་ལ་མི་གོས། ངག་ལ་གོས་པར་མི་འགྱུར། སེམས་ལ་གོས་སུ་མེད་པར་སྒོ་གསུམ་ཡེ་ནས་དཀྱིལ་འཁོར་གསུམ་དུ་ཤེས་པས་ཐ་མལ་གྱི་སྣང་བ་མེད་དེ་གནས་ལུགས་སྟོན་པའི་མཐར་ཐུག་པ་རྟོགས་པ་ནི་བླ་ན་མེད་པ་གསང་སྔགས་ཀྱི་ཐེག་པ་མཆོག་གོ །གཉིས་པ་གདུལ་ཡུལ་འགྲོ་བ་དང་ཆོས་ཀྱི་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། འཁོར་བའི་རང་བཞིན་ཆོས་ཉིད་དུ་བསྟན་པ་དང་། ཆོས་ཀྱི་རང་བཞིན་བརྗོད་མེད་དུ་བསྟན་པའོ། །དང་པོ་ལ་དྲུག །དོན་གྱི་འབྲེལ་དགོད་པ། མ་རིག་པས་འཁོར་བར་སྣང་ཚུལ། སྣང་དུས་ཉིད་ནས་རང་བཞིན་ཆོས་ཉིད་དུ་བསྟན་པ། འཁྲུལ་སྣང་སེམས་ཀྱི་ཆོ་འཕྲུལ་དུ་བསྟན་པ། འཁྲུལ་རྟོག་གཞི་མེད་རྩ་བྲལ་དུ་བསྟན་པ། རྣམ་རྟོག་ཡེ་ཤེས་ཀྱི་རོལ་བར་བསྟན་པའོ། །དང་པོ་ནི། འདུལ་བ་བཞིའི་ཆོ་འཕྲུལ་བསྟན་པ་དེ་ནས་རང་སྣང་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་ནི། ཕྱི་ནང་གི་ཆོས་མ་དག་པ་སྣོད་བཅུད་ཀྱི་རྣམ་པར་སྣང་བ་ཇི་སྙེད་པས་བསྡུས་པའི་འཇིག་རྟེན་འཁྲུལ་པའི་ཆོས་འདི་དག་རྨི་ལམ་དང་འདྲ་སྟེ། གནས་ལུགས་ཡེ་ནས་སངས་རྒྱས་པའི་ངོ་བོ་མ་རིག་པའི་གཉིད་ཐིབས་པོ་ཆེས་ནོན་ཏེ་གཉིས་སུ་རྟོག་པའི་གཟུང་འཛིན་གྱིས་བསླད་དེ། ཕྱི་རོལ་དཀར་དམར་སྣ་ཚོགས་ཀྱི་ཡུལ་དང་ནང་འགྲོ་བའི་རྣམ་པ་ཚད་མེད་པར་སྣང་སྟེ་འཁྲུལ་བའི་རྒྱུ་ལས་འཁྲུལ་སྣང་གི་འབྲས་བུ་ཤིང་རྟའི་འཕང་ལོ་ལྟར་འབྱུང་བའི་རྟེན་འབྲེལ་ཕྱི་ནང་གཉིས་སུ་འཁོར་ཏེ། ཡུལ་དང་སྣང་བ་མི་མཐུན་པའི་བྱེ་བྲག་བདེ་སྡུག་སྣ་ཚོགས་མྱོང་ཞིང་འཁོར་བའི་གྲོང་ཁྱེར་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་སྣང་བར་འགྱུར་རོ། །གསུམ་པ་ནི། དེ་ལྟར་སྣང་ཡང་འཁོར་བའི་རང་བཞིན་ཡེ་ནས་གྲོལ་བའི་ཆོས་ཉིད་མཉམ་རྫོགས་ཆེན་པོ་ལས་ཉམས་པ་ཡང་མེད་ལ། འཁོར་བར་སྣང་དུས་ཉིད་ནས་དོན་ལ་མ་གྲུབ་པས་ཡང་དག་པའི་གནས་ལུགས་ཡིན་ལ་ཀུན་རྫོབ་སྒྱུ་མའི་ཚུལ་ཙམ་དུ་གཉིས་སུ་སྣང་བ་ཉིད་དཔྱད་ན་རྨི་ལམ་གྱི་སྣང་བ་དང་རྨི་བ་པོ་རང་གི་སེམས་གཉིས་ཐ་དད་དུ་མ་གྲུབ་པ་བཞིན་དུ་འཁོར་མཁན་བདག་དང་འཁོར་བ་བདག་གི་བའི་ཡུལ་གཞན་མེད་དེ། དེས་ན་འཁོར་བར་སྣང་དུས་རང་སྣང་རྣམ་པར་དག་པའི་དབྱིངས་ཉིད་དུ་ཡེ་ནས་ཚུལ་གཅིག་པས་ཆོས་སྐུ་ལྷུན་རྫོགས་ཀྱི་དགོངས་པ་འཁོར་འདས་ཐམས་ཅད་ལ་ཡེ་ཁྱབ་ཆེན་པོར་ཕྱམ་གཅིག་གོ །བཞི་པ་ནི། བདག་དང་བདག་གི་བར་འཛིན་པས་རང་དང་གཞན་ཐ་དད་པ་རྣམས་སུ་བློས་བཟུང་བ་ནི། ལོག་པར་རྟོག་པ་ཙམ་ཉིད་ལས། དོན་ལ་གྲུབ་པ་མེད་དེ་ལོག་པར་རྟོག་པ་དེ་ཉིད་བཙལ་ན་ཕྲ་ཞིང་ཕྲ་བའི་ཆོས་སུའང་མེད་ལ་དེ་ལས་ཐ་དད་པའི་ཆོས་ཉིད་ཟབ་པའང་ཡོད་པ་མ་ཡིན་ཏེ་ལོག་རྟོག་ཉིད་ཆོས་ཉིད་དུ་གནས་པའི་ཕྱིར་རོ། །དེའང་འཁོར་བའི་གཟུང་འཛིན་དུ་སྣང་བ་འདི་དག་ཡུལ་ལོག་རྟོག་གི་སྣང་བ་རྨི་ལམ་ལྟ་བུ་ཉིད་ལ་ཡུལ་ཅན་རང་གི་ལོག་རྟོག་ཉིད་སྤྱོད་པས། དོན་ལ་སེམས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ལས་གཞན་དུ་གཡོ་བ་ཅི་ཡང་མེད་དེ་འབྱུང་བཞིའི་འཕོ་འགྱུར་ནམ་མཁའི་ངང་ལས་མ་གཡོས་པའམ། དགག་སྒྲུབ་ཀྱི་རྣམ་རྟོག་སེམས་ཀྱི་ངང་ལས་མ་གཡོས་པ་བཞིན་ནོ། །ལྔ་པ་ནི། གཟུང་འཛིན་འཁྲུལ་པར་སྣང་བའི་ལོག་རྟོག་གི་རྒྱུ་དེས་བསྐྱེད་པའི་འབྲས་བུ་སྐད་ཅིག་སྔ་ཕྱི་རིམ་ཅན་དུ་འབྲེལ་བར་སྣང་བའི་རྒྱུན་ཉིད་ཀྱང་བརྟགས་ན་མེད་དོ། །རིག་པའི་ངོ་བོ་ལ་གཞི་དང་རྩ་བ་མེད་པའི་ཆོས་དབྱིངས་གདོད་ནས་དག་པའི་གནས་ལུགས་སུ་གནས་ཤིང་སྣ་ཚོགས་སུ་འཆར་དུས་ཉིད་ནའང་རྒྱུན་དུ་མེད་དེ་སྐད་ཅིག་མ་སིལ་བུའི་རང་བཞིན་ཡིན་ནོ། །དེའང་འདས་པའི་སྐད་ཅིག་མ་འགགས། མ་འོངས་པ་མ་རྙེད་ད་ལྟའི་སྐད་ཅིག་མ་ཡང་བརྟགས་ན་ཕྱི་ནང་བར་གསུམ་ན་མེད་པས་སྐད་ཅིག་མ་ཙམ་དུའང་མེད་པའི་ཕྱིར་རིག་པ་ཡེ་ནས་རྣམ་པར་དག་པའི་ཆོས་དབྱིངས་ནམ་མཁའ་ལྟ་བུའི་ངོ་བོ་ཉིད་དུ་གནས་པའི་ཚུལ་ཡིན་ནོ། །དྲུག་པ་ནི། སྣང་སེམས་ཐམས་ཅད་ཀྱི་ངོ་བོ་ཡེ་ནས་སངས་རྒྱས་པའི་ཡུལ་གདོད་མ་ནས་རྣམ་པར་དག་པའི་ཆོས་ཉིད་ལ་ཡུལ་ཅན་བློའི་རོལ་པ་སྣ་ཚོགས་སུ་འཆར་ཞིང་དབང་བསྒྱུར་བ་ཐམས་ཅད་རང་སྣང་བའི་ཡེ་ཤེས་ཉིད་ལ་སྤྱོད་པའི་ཕྱིར། བདག་དང་གཞན་དུ་འཛིན་པར་བྱེད་པ་དང་དགག་སྒྲུབ་དུག་ལྔར་ཤར་བའི་རྟོག་པའི་རྒྱུན་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ་ཡིན་པས་ཡེ་ནས་རྣམ་པར་དག་པ་བླ་ན་མེད་པའི་ཐེག་པའི་མཆོག་གོ །གཉིས་པ་ཆོས་ཀྱི་རང་བཞིན་བརྗོད་དུ་མེད་པར་བསྟན་པ་ལ་དྲུག་སྟེ། ཐེག་པ་བཞིས་ངེས་པར་འབྱུང་བའི་འབྲས་བུ་བླ་ན་མེད་པའི་ཐེག་པར་བསྟན་པ། ཆོས་ཐམས་ཅད་རང་བཞིན་མེད་པའི་ཆོ་འཕྲུལ་དུ་བསྟན་པ། སྟོན་པ་དང་བསྟན་པ་འཕོ་འགྱུར་མེད་ཀྱང་གདུལ་བྱའི་དོན་དུ་གང་ལ་གང་འདུལ་དུ་བསྟན་པ། རང་བཞིན་གསང་བའི་སྙིང་པོ་ཐེག་པ་ཀུན་གྱི་འཕྲོ་གཞིར་བསྟན་པ། དེ་ཉིད་མདོ་རྒྱུད་ཀུན་གྱི་སྤྱི་འགྲེལ་དུ་བསྟན་པ། དེ་ཐམས་ཅད་མིང་ཚིག་བཏགས་པ་ཙམ་ལས་གནས་ལུགས་གང་དུའང་མ་གྲུབ་པར་བསྟན་པའོ། །དང་པོ་ནི། སྔར་བསྟན་པའི་ཐེག་པ་བཞི་ཡིས་རང་རང་གི་མི་མཐུན་ཕྱོགས་འཁོར་བའི་སྡུག་བསྔལ་དང་ཐེག་པ་དམན་པ་ལ་སོགས་པ་ལས་ངེས་པར་འབྱུང་བར་བྱེད་ལ། དེ་དག་གིས་ངེས་པར་འབྱུང་བའི་མཐར་བླ་ན་མེད་པའི་ཐེག་པ་རང་བཞིན་རྫོགས་པ་ཆེན་པོ་དང་འཕྲད་དེ་བླང་དོར་རྩོལ་སྒྲུབ་ལས་འདས་པའི་ཆོས་ཉིད་རྟོགས་པའི་རང་བཞིན་གཅིག་གི་འབྲས་བུ་སངས་རྒྱས་ཀྱི་སར་གནས་པར་བྱེད་དོ། །གཉིས་པ་ནི། གནས་ལུགས་ཀྱི་དོན་ཡང་དག་པར་རྟོགས་པའི་རྣལ་འབྱོར་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ལ་རིག་པས་རབ་ཏུ་བརྟགས་ན། གནས་ལུགས་རང་བཞིན་མེད་པའི་ངང་ལས་སྣང་ལུགས་རྐྱེན་གྱི་འཆར་ཚུལ་ཅིར་ཡང་འགྲུབ་པ་ནི་ནམ་མཁའི་ཆོ་འཕྲུལ་དང་སྒྱུ་མ་དང་གཟུགས་བརྙན་ལ་སོགས་པའི་དཔེས་ཤེས་པར་བྱའོ། །གསུམ་པ་ནི། དོན་གཉིས་ལྷུན་གྱིས་གྲུབ་པའི་སངས་རྒྱས་མཐར་ཐུག་གི་བགྲོད་བྱར་གྱུར་པ་ཀུན་ཏུ་བཟང་པོ་ལྟ་བུ་ནི། དུས་ཐམས་ཅད་དུ་སྐུ་གསུམ་འདུ་འབྲལ་མེད་པར་བཞུགས་པས་མྱ་ངན་ལས་ཡོངས་སུ་མི་འདའ་བ་ཡིན་ཞིང་། དེའི་བསྟན་པ་ཕུན་སུམ་ཚོགས་པའི་ཆོས་རྣམས་ཀྱང་ནུབ་པར་མི་འགྱུར་ཏེ་དུས་གསུམ་འཕོ་འགྱུར་མེད་པའི་རང་བཞིན་དུ་གནས་པའི་ཕྱིར་རོ། །དེའི་ངང་ལས་ལྷུན་གྱིས་གྲུབ་པའི་སྤྲུལ་པ་མཛད་པ་བཅུ་གཉིས་ལྟ་བུར་འཕྲོས་ཏེ་གནས་ལུགས་མ་རིག་པའི་སེམས་ཅན་རྣམས་སྨིན་ཅིང་གྲོལ་བར་མཛད་པས་གདུལ་བའི་ཕྱིར། སོ་སོའི་སྣང་བ་མཐུན་པའི་སྤྲུལ་པའི་སྐུ་རང་བྱུང་དུ་བྱུང་ནས་དོན་མཛད་པའི་མཐར་མྱ་ངན་ལས་འདའ་བར་སྟོན་ནོ། །བཞི་པ་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བ་དང་ལྷག་པ་སེམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེ་དང་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་ཆོས་མངོན་པའི་སྡེ་སྣོད་དང་། ཁྲུས་དང་གཙང་སྦྲ་ལ་སོགས་པ་ལུས་ངག་གི་དམ་ཚིག་གཙོ་བོར་སྟོན་པ་ཀྲཱི་ཡ་དང་སྤྱོད་པ་བྱ་བ་དང་ལྟ་བ་རྣལ་འབྱོར་ལྟར་བྱེད་པས་སངས་རྒྱས་སྒྲུབ་པ་ཨུ་པ་དང་ལུས་ངག་གི་སྤྱོད་པ་གྲོགས་ཙམ་ལས་སེམས་ཀྱི་སྒོམ་པ་གཙོ་བོར་སྟོན་པས་མཆོག་གྲུབ་པའི་ཡོ་ག་དང་། ཐབས་བསྐྱེད་པའི་རིམ་པ་གཙོ་བོར་སྟོན་པ་སྐུ་ཡི་རྒྱུད་དང་ཤེས་རབ་རྫོགས་པའི་རིམ་པ་གཙོ་བོར་སྟོན་པ་གསུང་གི་རྒྱུད་དང་རང་བཞིན་གཉིས་སུ་མེད་པར་སྟོན་པ་ཐུགས་ཀྱི་རྒྱུད། ཕྱོགས་བཅུ་ཚད་མེད་པ་ཀུན་ཏུ་དམ་པའི་ཆོས་སུ་རབ་ཏུ་གྲགས་པ་ཐམས་ཅད། གསང་བའི་སྙིང་པོ་གནས་ལུགས་རྫོགས་པ་ཆེན་པོའི་རང་བཞིན་ལས་འཕྲོས་ཏེ་གྲུབ་པའི་མཐའ་དང་སྙིང་པོའི་དོན་ཐམས་ཅད་ཀྱི་མཐར་ཐུག་པ་རྫོགས་པ་ཆེན་པོར་འདུས་པའི་ཕྱིར་རོ། །ལྔ་པ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བ ཞིན་གསང་བའི་སྙིང་པོ་འདི། སྡེ་སྣོད་གསུམ་པོ་ཀུན་དང་རྒྱུད་སྡེ་དྲུག་པོ་ཀུན་གྱི། འཕྲོ་གཞིར་གྱུར་པས་འབྱུང་གནས་ཀྱང་ཡིན་ལ་དོན་གྱི་སྙིང་པོར་གྱུར་པས་གཏན་ལ་ངེས་པར་འབེབས་བའི་གཞི་དང་དབབ་བྱའི་ཡུལ་དུ་གནས་ཤིང་འདི་ཉིད་དེ་ཐམས་ཅད་ཀྱི་གཏན་ལ་འབེབས་བྱེད་ཀྱང་ཡིན་ནོ། །དྲུག་པ་ནི། གཏན་ལ་འབེབས་བྱེད་ཐེག་པ་ལྔར་བསྟན་པ་དང་དབབ་བྱའི་ཡུལ་སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་རྣམས་ཐམས་ཅད་དོན་ལ་གྲུབ་པ་མེད་པས་མིང་དུ་བཏགས་པ་ཙམ་མོ། །སུས་བཏགས་ན་ལྷ་དང་བཅས་པའི་སྟོན་པས་སྣང་ཙམ་མ་འགག་པ་ཀུན་རྫོབ་ཀྱི་བདེན་པའི་དོན་དང་མཐུན་པའི་ཕྱོགས་སུ་མཛད་དེ། འཁོར་འདས་དང་ཕུང་ཁམས་སྐྱེ་མཆེད་ཅེས་པ་ལ་སོགས་པའི་མིང་དང་ཚིག་ཏུ་བཏགས་ནས་བསྟན་ཏོ། །དགོས་པ་ནི་དོན་གྱི་གནས་ལུགས་བློས་རྟོགས་པར་བྱ་བའི་ཕྱིར་རོ། །དེ་ལྟར་མིང་ཚིག་ཏུ་བཏགས་ནས་སྟོན་པའི་དུས་ཉིད་ན་མིང་ཚིག་ལ་དངོས་པོ་དང་མཚན་ཅུང་ཟད་ཀྱང་མེད་ཅེས་བརྗོད་པར་མཛད་དོ། །གསུམ་པ་འཁོར་འདས་སེམས་དང་ཡེ་ཤེས་ཀྱི་རང་སྣང་དུ་དོན་བསྡུ་བ་ལ་གཉིས་ཏེ། རང་སྣང་དུ་སྟོན་པའི་རྒྱུ་བརྗོད་པ་དང་། ཇི་ལྟར་བསྟན་པ་དངོས་སོ། །དང་པོ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་བརྗོད་པ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་ཤེས་རབ་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱིས་གསང་བ་སེམས་དང་ཡེ་ཤེས་རང་སྣང་བར་སྟོན་པ་འདི་ཉིད་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་འཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །གཉིས་པ་ལ་གཉིས། སེམས་ཅན་གྱི་འཁྲུལ་སྣང་སེམས་ཀྱི་རང་སྣང་དུ་བསྟན་པ་དང་། སངས་རྒྱས་ཀྱི་ཞིང་སྣང་ཡེ་ཤེས་ཀྱི་རང་སྣང་དུ་བསྟན་པའོ། །དང་པོ་ནི། ཐམས་ཅད་རང་སྣང་ཡིན་པས་ངོ་མཚར་་བ་བསྟན་པའི་ཕྱིར། ཨ་ཧོ། ཉེ་བར་ལེན་པའི་ཕུང་པོ་ལྔ། དེས་རྒྱུ་བྱས་ཏེ་འཁོར་བའི་གནས་སྐབས་ན་འཁྲུལ་སྣང་སྣ་ཚོགས་པའི་སྲིད་པ་ཁམས་གསུམ་གྱི་རྩ་བར་གྱུར་བའི་ཉེས་དམིགས་ཐམས་ཅད་ནི་ང་དང་བདག་ཏུ་རྟོག་པ་ལས་འཕྲོས་ཏེ། འཁོར་བར་འཁྲུལ་དུས་ན་ལྷ་ལ་སོགས་པའི་འགྲོ་བ་རྒྱུད་དྲུག་སོ་སོའི་སྣང་བ་ལ་སྐྱེ་བ་དང་སྲོག་གི་དབང་པོ་འགག་པས་འཆི་བ་དང་རང་རང་གི་ལུས་དང་བདུད་རྩི་དང་བུ་རམ་ཤིང་ལ་སོགས་པའི་ལོངས་སྤྱོད་སྣ་ཚོགས་དང་། སོ་སོའི་ཡུལ་དུ་སྣང་བའི་གནས་དང་འཆི་འཕོ་བ་དང་ལྟུང་བ་ལ་སོགས་པའི་སྡུག་བསྔལ་གྱི་འཁྲུལ་འཁོར་དང་ལ་སོགས་པ་བདེ་བ་དང་བར་མའི་སྣང་བ་དང་དཀར་དམར་སྣ་ཚོགས་སུ་སྣང་བ་ཐམས་ཅད་འགྲོ་བ་སོ་སོའི་མ་རིག་པས་བསྐྱེད་པའི་ལོག་རྟོག་བག་ཆགས་འཁྲུལ་བའི་སེམས་ཀྱི་རང་སྣང་རྨི་ལམ་ལྟ་བུ་ཉིད་ལས་ཕྱི་རོལ་དུ་དོན་གཞན་དུ་གྲུབ་པ་ནི་ཅི་ཡང་མེད་དོ། །གཉིས་པ་ནི། ཆོས་ཐམས་ཅད་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་འཁོར་འདས་ཡེ་ནས་སངས་རྒྱས་པའི་རང་བཞིན་གང་ཟག་དང་ཆོས་ཀྱི་བདག་མེད་པ་ཡེ་ནས་མཁྱེན་པ་སོ་སོ་རང་གི་རིག་པ་ལ་མངའ་བརྙེས་པའི་ཐུགས་རང་བྱུང་གི་ཡེ་ཤེས་ཏེ། དེ་ལ་སྣང་བའི་ཆོས་རྣམས་ལ་ཕྱི་གཟུང་བའི་ཡུལ་གཞན་དུ་དམིགས་པར་བྱ་བ་དང་ནང་འཛིན་པའི་སེམས་བདག་ཏུ་དམིགས་པར་བྱེད་པ་གཉིས་སུ་མེད་པར་ཡེ་ཤེས་ཀྱི་དྲན་པས་དབང་བསྒྱུར་བར་བྱེད་དོ། །དེ་ལྟར་དབང་བསྒྱུར་བའི་ཆོས་ཀྱང་གཞན་ལས་འཕགས་པས་ངོ་མཚར་ཞིང་རྨད་དུ་བྱུང་བའི་སྐུ་གསུམ་དང་ཡེ་ཤེས་ཆེན་པོའི་གསུང་ཐེག་པར་སྣང་བ་དང་། ཐུགས་མཁྱེན་པ་གཉིས་དང་ཡོན་ཏན་ཚད་མེད་པ་དང་ཕྲིན་ལས་ལྷུན་གྱིས་གྲུབ་པ་དང་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཡང་སངས་རྒྱས་ཉིད་ཀྱི་ཡེ་ཤེས་ཀྱི་རང་སྣང་ལས། གཞན་ན་མེད་དེ་ཡེ་ཤེས་དེ་ཉིད་དེ་ལྟར་སོ་སོར་སྣང་བ་ཡིན་ནོ། །ཞེས་རྡོ་རྗེ་གསང་བའི་རྒྱུད་ཀྱི་ཚིག་ཏུའོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི་ཞེས་བརྗོད་པས། དེ་ལྟར་ཐུགས་རྗེ་ཆེན་པོ་ལས་འཕྲོས་པའི་ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པ་ཐེག་པ་དུ་མར་བསྟན་པ་དང་། རང་སྣང་བཀོད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡང་རང་བཞིན་བརྗོད་དུ་མེད་ཅིང་སེམས་དང་ཡེ་ཤེས་ཀྱི་སྣང་བར་བསྟན་པ་དེ་དག་ཏུ་འདུས་པར་གཙོ་བོ་གདོད་མའི་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །རང་བཞིན་གསང་བའི་སྙིང་པོ་བརྗོད་དུ་མེད་པའི་དོན་དེ་ཁོ་ན་ཉིད་ངེས་པ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པའི་ངོ་བོ་གདོད་མ་ཉིད་ནས་དག་པའི་ཆོས་ཉིད་དུ་གཏན་ལ་ཕབ་པའི་ལེའུ་སྟེ་གསུམ་པའོ།། ༈ །།སྤྱི་དོན་གཉིས་པ་དེ་ལས་ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་ཇི་ལྟར་འཕྲོ་བའི་ཚུལ་བསྟན་པ་ལ་གཉིས་ཏེ། ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་བསྟན་པ་དང་། ཁྲོ་བོ་མངོན་པར་འབྱུང་བའི་དཀྱིལ་འཁོར་བཤད་པའོ། །དང་པོ་ལ་གསུམ། གཞི་དཀྱིལ་འཁོར་བསྐྱེད་ཅིང་དབང་བསྐུར་བ། ལམ་བསྐྱེད་པ་དང་རྫོགས་པའི་རིམ་པ། འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ལ་བསྟོད་པའོ། །དང་པོ་ལ་གཉིས། དཀྱིལ་འཁོར་གསུམ་གྱི་རང་བཞིན་སྤྱིར་བསྟན་པ་དང་། དབང་བསྐུར་བའི་ཐབས་བྱེ་བྲག་ཏུ་བཤད་པའོ། །དང་པོ་གསུམ། རྒྱུའི་ཡི་གེ་སྤྲིན་གྱི་དཀྱིལ་འཁོར་བསྟན་པ། དེ་ལས་བྱུང་བ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ། །དེ་གསལ་བར་བྱེད་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བསྟན་པའོ། །དང་པོ་ལ་གཉིས། ཡི་གེ་སྤྲིན་གྱི་དཀྱིལ་འཁོར་དགོད་པ་དང་། དེ་ལྟར་སྒྲུབ་པའི་རིམ་པའོ། །དང་པོ་ལ་གསུམ། དོན་གྱི་འབྲེལ་དགོད་པ། ཚིག་གི་དོན་བཤད་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། གཞི་ལྷུན་གྱིས་གྲུབ་པའི་ངང་ལས་ཐུགས་རྗེ་འཕྲོས་ཏེ་ཆོས་ཐམས་ཅད་གཏན་ལ་དབབ་པའི་དོན་གསུངས་པ་དེ་ནས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེ་སྒྱུ་འཕྲུལ་གྱི་རང་བཞིན་ཡེ་ནས་སངས་རྒྱས་པའི་དོན་གྱི་དགོངས་པ་གཅིག་ཏུ་གྱུར་ནས། ཆོས་ཐམས་ཅད་དབྱེར་མེད་པའི་མཉམ་པ་ཆེན་པོའི་ཚུལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཆེན་པོའི་རང་བཞིན་རྡོ་རྗེའི་དབྱིངས་སུ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡི་གེའི་ངོ་བོར་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་དགོངས་པ་མི་གཡོ་བར་ཆོས་ཉིད་མཉམ་རྫོགས་ཆེན་པོའི་དོན་བསྟན་པའི་ཕྱིར་ཆོས་ཐམས་ཅད་དོན་ལ་གྲུབ་པ་མེད་པའི་མིང་ཙམ་དུ་གདོད་མ་ཉིད་ནས་གནས་པའི་རང་བཞིན་ཡི་གེ་ཕྲེང་བའི་འཁོར་ལོ་ཞེས་བྱ་བ་འདི། དེ་བཞིན་གཤེགས་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །གཉིས་པ་ལ་གསུམ། ཡི་གེ་འཁོར་ལོའི་རང་བཞིན་སྤྱིར་བསྟན་པ། ལྷ་དང་སྦྱར་ཏེ་བྱེ་བྲག་སོ་སོར་བཤད་པ། དེ་གཉིས་ཀའི་དོན་བསྡུ་བའོ། །དང་པོ་ལ་གསུམ། ཡི་གེ་ཇི་ལྟར་སྒོམ་པའི་ཚུལ། ཡི་གེའི་སྤྲིན་ཇི་ལྟར་སྤྲོས་པའི་ཚུལ། ཡི་གེའི་རང་བཞིན་ཇི་ལྟར་བཤད་པའི་ཚུལ་ལོ། །དང་པོ་ལ་གཉིས། སྒོམ་ཚུལ་དངོས་དང་། དེའི་ཕན་ཡོན་བསྟན་པའོ། །དང་པོ་ལ་གསུམ། བསྐྱེད་པའི་རིམ་པ་དང་སྦྱར་ཏེ་ཇི་ལྟར་སྒོམ་ཚུལ། རྫོགས་པའི་རིམ་པ་དང་སྦྱར་ཏེ་ཇི་ལྟར་སྒོམ་ཚུལ་དེའི་ལས་ཚོགས་དང་སྦྱར་ཏེ་ཇི་ལྟར་བསྒོམ་པའི་ཚུལ་ལོ། །དང་པོ་ནི། སྐྱབས་འགྲོ་དང་སེམས་བསྐྱེད་པ་དང་སྟོང་པ་ཉིད་དུ་བསམ་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ཨཿ རབ་ཏུ་བརྟན་ཞིང་མི་གཡོ་བར་གྱུར་པའི་རང་བཞིན་དྲི་མ་མེད་པའི་ཨ་དཀར་པོ་དྭངས་ཤིང་འཚེར་བ་ལས། ཉུང་འབྲུ་བརྒྱར་གཤགས་པའི་ཚད་ཙམ་གྱི་ཤིན་ཏུ་ཕྲ་བའི་ཨ་དཀར་པོ་གྲངས་མེད་པ་རྣམས་སྤྲོ་བས། ཕྱོགས་བཅུ་ཡི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་གང་བར་བྱས་པའི་འོད་ཟེར་གྱིས་སྣང་སྲིད་ཐམས་ཅད་ཨའི་རྣམ་པར་གསལ་བར་གྱུར་ནས། དེ་ཐམས་ཅད་སླར་རྩ་བའི་ཨ་ཉིད་ལ་བསྡུས་ཤིང་ཐིམ་པར་གྱུར་ཀྱང་ཨ་ཉིད་དེ་ཉིད་སྔོན་བས་ཆེར་འཕེལ་བའམ་ཆུང་ངུར་འགྲིབ་པ་མེད་པར་བསྟན་པའི་ངང་ལ་དར་ཅིག་མཉམ་པར་བཞག་གོ །དེ་ནས་རྩ་བའི་ཨ་དེ་ལས་མིང་གི་ཡི་གེ་ཀ་ལ་སོགས་པ་སུམ་ཅུ་རྩ་བཞིའི་ཚོགས་དང་སྒྲའི་ཡི་གེ་དབྱངས་ཡིག་རྣམས་ཕྱོགས་བཅུར་འཕྲོས་པའི་འོད་ཀྱིས་སེམས་ཅན་ཐམས་ཅད་ཡི་གེའི་རྣམ་པར་གསལ་ཅིང་འོད་ཟེར་གྱི་ཕུང་པོ་གཅིག་ཏུ་འབར་བར་གྱུར་བ་ཀུན། སླར་འདུས་ཨ་ལ་ཐིམ་ཡང་འཕྲོས་པ་ལ་སོགས་པའི་སྤྲོ་ཞིང་བསྡུ་བའང་སྔ་མ་དེ་ཁོ་ན་བཞིན་ནོ། །དེ་ནས་སླར་ཡང་པདྨའི་དབུས་སུ་ཉི་མ་དང་ཟླ་བའི་སྟེང་ན་ཨ་དང་ཀྵཿཡི་མཐར་རིམ་པ་བཞིན་ས་བོན་རྣམས་བཀོད་པ་ལྷར་བསྐྱེད་པའོ། །དེ་ནི་བསྐྱེད་པའི་རིམ་པ་རྒྱུའི་ཡི་གེའི་སྤྲིན་ནོ། །གཉིས་པ་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀར་པད་ཟླའི་སྟེང་ན་ཨ་རབ་ཏུ་བརྟན་པ་དཀར་པོ་ལས་ཨ་གྲངས་མེད་པ་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་གང་ནས་སེམས་ཅན་ཐམས་ཅད་ཨའི་རྣམ་པར་གྱུར་པ་སླར་འདུས་སྙིང་གའི་ཨ་ལ་ཐིམ་པས་འཕེལ་འགྲིབ་མེད་པའི་ངང་ལ་མཉམ་པར་བཞག་གོ །དེ་ནས་ཡང་མཐའ་བསྐོར་གྱི་ཡི་གེ་དང་ཨ་ལས་མིང་གི་ཡི་གེའི་ཚོགས་དེ་ཁོ་ན་བཞིན་འཕྲོས་པ་སླར་འདུས་འཁོར་འདས་གཉིས་སུ་མེད་པའི་ཆོས་ཉིད་འཕེལ་འགྲིབ་མེད་པའི་ངང་ལ་མཉམ་པར་བཞག་གོ །དེ་ནི་རྫོགས་པའི་རིམ་པའི་ཡི་གེ་སྤྲིན་ནོ། །གསུམ་པ་ནི། ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོ་ལ་ཨ་དང་མིང་གི་ཡི་གེ་རྣམས་དཀར་པོ་དང་སེར་པོ་དང་དམར་པོ་དང་མཐིང་ནག་ཏུ་སྤྲོས་ཏེ། ནད་གདོན་ཞི་བ་དང་། ཚེ་དང་བསོད་ནམས་རྒྱས་པ་དང་། བསྒྲུབ་བྱ་བཀུག་ཅིང་དབང་དུ་བྱ་བ་དང་། གདུག་པ་ཅན་ཚར་བཅད་པའི་ལས་བྱས་ནས་མཐར་འཕེལ་འགྲིབ་མེད་པའི་ངང་ལ་མཉམ་པར་བཞག་གོ །རྒྱས་པར་ནི་ལེའུ་ལྔ་པ་བཞིན་ཏེ་དེ་ནི་ལས་སྣ་ཚོགས་སྒྲུབ་པའི་ཡི་གེ་སྤྲིན་ནོ། །གཉིས་པ་དེའི་ཕན་ཡོན་བསྟན་པ་ནི། སྒོམ་ཚུལ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ཀུན་ཏུ་བཟང་པོའི་དངོས་གྲུབ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རང་བཞིན་ཇི་ལྟར་འདོད་པ་ཐམས་ཅད་བརྟན་པར་འབྱུང་བའི་ཡེ་ཤེས་ཀྱི་རྒྱུ་ཡིན་ནོ། །གཉིས་པ་ཡི་གེ་སྤྲིན་ཇི་ལྟར་སྤྲོས་པའི་ཚུལ་ལ་གཉིས། ཡི་གེ་སྤྲོས་པ་དང་། ངོ་མཚར་གྱི་ལྟས་ཁྱད་པར་ཅན་སྣང་བའོ། །དང་པོ་ནི། ཨཱཿཡི་གེ་རྣམས་ཀྱི་འབྱུང་གནས་ཏེ་འཕྲོ་གཞི་ཡིན་པས་ཁོངས་ནས་འབྱུང་བའི་རང་བཞིན་དུ་འཕྲོས་ཏེ། དཔེར་ན་འབྱུང་བ་ལས་གྱུར་པའི་གཟུགས་ཐམས་ཅད་འབྱུང་བ་ཆེན་པོའི་རྣམ་པར་སྐྱེ་བ་བཞིན་ཡི་གེ་ཐམས་ཅད་ཀྱང་ཨའི་རྣམ་པར་སྐྱེ་སྟེ་ངག་གི་གཞི་མ་ནི་ཨཿའོ། དེ་ཡང་ངག་གི་འདུ་བྱེད་ཀྱི་དབང་གིས་ཨ་དེ་ཉིད་བཀུགས་པ་ནི་ཨི། སྨད་པ་ནི་ཨུ་སྟེ་རྩ་བ་གསུམ་མོ། །དེ་ལས་ཨ་དང་ཨི་སྦྱར་བས་ཨེ། ཨ་དང་ཨུ་སྦྱར་བས་ཨོ། བསྒྲིམས་བས་རྀ། གློད་པས་ལྀ། དེ་རེ་རེ་ལའང་རིང་ཐུང་གི་དབྱེ་བས་སྒྲའི་ཡི་གེ་བཅུ་བཞི་དང་། སྣ་དང་ལྡན་པ་ཨཾ། རྣམ་པར་བཅད་པ་ཨཿསྟེ་བཅུ་དྲུག་ཏུ་འགྱུར་རོ། །དེའང་མའི་སྒྲ་དེ་ཉིད་མགུལ་པའི་གནས་དང་འཕྲད་པ་ལས་ཀ །དེ་ཉིད་ཅུང་ཟད་ཞུམ་ཞིང་སྤྱི་བོའི་གནས་དང་འཕྲད་པ་ལས་ཁ། དེ་ཉིད་ཅུང་ཟད་ཞུམ་པ་ལས་ག །དེ་ཁོག་སྦུབས་ཀྱི་གནས་དང་ཕྲད་པ་ལས་གྷ། དེ་སྣ་དང་ཕྲད་པ་ལས་ང་སྟེ་སངས་རྒྱས་ཀྱི་མགུལ་གྱི་བུམ་པལ་འཐོན་པའོ། །ཙ་ཚ་ཛ་ཛྷ་ཉ། རྣམས་ནི་ཨ་དེ་ཉིད་རྐན་གྱི་དབུས་དང་ལྕེའི་དཀྱིལ་ཕྲད་པ་ལས་བྱུང་བས་ལྗགས་ལས་བྱུང་བའོ། །ཊ་ཋ་ཌ་ཌྷ་ཎ། རྣམས་ནི་ཨ་དེ་ཉིད་ལྕེའི་རྩེ་མོར་ཉེ་བ་རྐན་གྱི་མཐར་ཕྲད་པ་ལས་བྱུང་བས་ལྗགས་ཀྱི་རྩེ་མོ་ལས་འཐོན་ཏོ། །ཏ་ཐ་ད་དྷ་ན། རྣམས་ནི་ཨ་དེ་ཉིད་ལྕེའི་རྩེ་མོ་དང་སོ་འཕྲད་པ་ལས་བྱུང་བས་ལྗགས་ཀྱི་རྩེ་མོ་དང་ཚེམས་ལས་འཐོན་ཏོ། པ་ཕ་བ་བྷ་མ། རྣམས་ནི་ཨ་དེ་ཉིད་མཆུ་དང་འཕྲད་པ་ལས་བྱུང་བས་མཆུ་ལས་འཐོན་ཏེ། དེ་དག་གི་ནང་ཚན་གྱི་བྱེ་བྲག་ནི་ཀ་ལ་སོགས་པ་བཞིན་ནོ། །ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵཿསྟེ་ཡི་གེ་ལྷག་མ་དགུ་ལས་ཡ་དང་ས་རྐན་གྱི་སྡེ། ཝ་ནི་མཆུ། ར་དང་ཥ་སྤྱི་བོ། ལ་དང་ཤ་ནི་སོ། ཧ་མགུལ་བ། ཀྵཿམགུལ་བ་དང་སྤྱི་བོའི་ཆར་གཏོགས་པས་དེ་དག་ལས་བྱུང་ཡང་། འཕྲོ་ཚུལ་ནི་སྨིན་མ་ལས་ཡ། དཀུ་སྐབས་ལས་ཝ། སྟ་ཟུར་ལས་ར། དཔུང་པ་ལས་ལ། ཐུགས་ཀ་ལས་ཤ །ཕྱག་གི་འཁོར་ལོ་ལས་ཥ། ལྟེ་བ་ལས་ས། ཞབས་ཀྱི་འཁོར་ལོ་ལས་ཧ། གསང་གནས་ལས་ཀྵཿརྣམས་འཐོན་ཏོ། ཡང་སྤྱན་གཉིས་ལས་ཨི་ཨཱི། སྙན་གཉིས་ལས་ཨུ་ཨཱུ། ཤངས་གཉིས་ལས་ཨེ་ཨཻ། དབུའི་གཙུག་ཏོར་ལས་ཨོ་ཨ་རྣམས་འཐོན་ཏོ། །གཉིས་པ་ནི། ཡི་གེ་འདི་དག་སྐུ་གསུང་ཐུགས་ལས་ཕྱུང་བས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ཐམས་ཅད་དུ་ཡི་གེ་སྤྲིན་གྱི་སྣང་བ་ཆེན་པོས་ཤར་མཐོ་ན་ནུབ་དམའ་ནུབ་མཐོ་ན་ཤར་དམའ་ལྷོ་མཐོ་ན་བྱང་དམའ་བྱང་མཐོ་ན་ལྷོ་དམའ། མཐའ་མཐོ་ན་དབུས་དམའ་དབུས་མཐོ་ན་མཐའ་དམའ་བའི་ཚུལ་གྱིས་རྣམ་པར་འགྱུར་བ་རྣམ་པ་དྲུག་ཏུ་ཆུང་ངུར་གཡོས་པས་སྣང་བ་ཐམས་ཅད་གཟུགས་བརྙན་གྱི་རང་བཞིན་དུ་དག་པར་བྱས། འབྲིང་དུ་རབ་ཏུ་གཡོས་པས་སྟོང་པ་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་དུ་གསལ་བར་བྱས། ཆེན་པོའི་ཚུལ་གྱིས་ཀུན་ཏུ་རབ་ཏུ་གཡོས་ནས་གཉིས་སུ་མེད་པའི་རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་མིང་གི་མཚན་ཉིད་བཏགས་པ་ཙམ་དུ་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་མཆོག་ཏུ་དགྱེས་ནས་ཧོ་ཞེས་མཉམ་པ་ཉིད་ཀྱི་ངང་དུ་བཞད་དོ། གསུམ་པ་ཡི་གེའི་རང་བཞིན་ཇི་ལྟར་གསུང་བའི་ཚུལ་ལ་དྲུག་སྟེ། ཡི་གེ་གསུང་བའི་རྒྱུ་བརྗོད་པ། སྐྱེ་བ་མེད་པའི་ཡི་གེའི་འཁོར་ལོར་སངས་རྒྱས་ཀྱི་དགོངས་པ་ཐམས་ཅད་འདུས་པས་ཆོས་ཀྱི་སྐུར་བསྟན་པ། ཡི་གེ་བཞི་བཅུ་རྩ་གཉིས་ཨའི་རང་བཞིན་དུ་འདུས་པས་ཡི་གེ་མངོན་རྫོགས་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་བསྟན་པ། ཡི་གེ་ཉིད་ཀུན་གྱི་འབྱུང་གནས་སུ་གྱུར་པས་རོལ་པ་སྣ་ཚོགས་སུ་འཆར་བའི་ཕྱིར་སྤྲུལ་པའི་སྐུར་བསྟན་པ། དེ་ཉིད་དུ་རྒྱལ་བའི་དགོངས་པ་འདུས་པས་དཀྱིལ་འཁོར་བཞི་བཅུ་རྩ་ལྔའི་བརྗོད་ཚུལ་བསྟན་པ། སེམས་ཉིད་སྣང་སྟོང་གཉིས་སུ་མེད་པར་ཡི་གེའི་སྒྲ་དོན་བཤད་པའོ། །དང་པོ་ནི། ཡི་གེའི་སྤྲིན་སྤྲོས་པ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡི་གེ་སྤྲིན་གྱི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་ནི། ཡི་གེ་ཨ་ནི་སྣང་བའི་ཆ་ཙམ་མ་དོར་བས་སྟོང་པ་དང་དངོས་པོ་དང་མཚན་མ་མེད་པས་མི་སྟོང་གི་མཐའ་དང་བྲལ་བས་དེ་གཉིས་ཀྱི་རང་བཞིན་གཉིས་སུ་མེད་པའོ་ཞེས་པའི་དབུ་མའང་དམིགས་སུ་ཡོད་པ་མ་ཡིན་ཏེ་ལྟོས་པའི་དབང་གིས་བཞག་པའི་སྣང་བ་དང་སྟོང་པའི་རང་བཞིན་ལས་འདས་པའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་མིང་ཙམ་ལས་སྨྲ་བསམ་སྤྲོས་བརྗོད་ཀྱི་ངོ་བོར་མ་གྲུབ་པ་ནི་སངས་རྒྱས་ཀུན་གྱི་དགོངས་པ་སྟེ། དེ་ཉིད་ཡི་གེ་འཕྲེང་བ་ཉིད་ཀྱི་ངང་ལ་གནས་པ་ཡིན་ནོ། །གསུམ་པ་ནི། ཡི་གེ་ཐམས་ཅད་ཀྱི་འབྱུང་ཁུངས་ཨ་ཉིད་ཡི་གེའི་རྣམ་པ་སྣ་ཚོགས་པར་སྣང་བའི་རང་བཞིན། ཀ་ལ་སོགས་པ་བཞི་བཅུ་རྩ་གཉིས་སུ། ཀཱ་ལཱི་དང་ཨ་ལིའི་སྒྲ་ཡི་མིང་གིས་བརྗོད་པ་ཐམས་ཅད་བསྡུས་པ་ནི། ཡེ་ནས་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱལ་པོ་ཨ་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་སངས་རྒྱས་པས་ན་ཨ་སངས་རྒྱས་པ་བཞིན་དུ་དེའི་ངང་ལས་འཕྲོས་པའི་ཡི་གེ་བཞི་བཅུ་རྩ་གཉིས་པོ་དེ་ཉིད་ཀྱང་སངས་རྒྱས་པར་ངེས་ཏེ་ངོ་བོ་གཅིག་གི་རོལ་པ་ཡིན་པའི་ཕྱིར་རོ། །དོན་ལ་ཨ་ནི་ཀུན་ཏུ་བཟང་མོའི་དབྱིངས་སོ། །ཡི་གེ་བཞི་བཅུ་རྩ་གཉིས་ནི་དེའི་ངང་ལས་འཕྲོས་པའི་སངས་རྒྱས་བཞི་བཅུ་རྩ་གཉིས་སོ། །དེའི་རང་བཞིན་ནི་ཡི་གེ་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་པ་ཡིན་ནོ། །བཞི་པ་ནི། ངོ་བོ་ཆོས་སྐུར་གནས་པས་ཨེ་མ་ཧོ་རང་བཞིན་ལོངས་སྐུར་སྣང་བས་ངོ་མཚར་ཐུགས་རྗེ་སྤྲུལ་སྐུར་ཤར་བས་ཡ་མཚན་པའི་དོན་གྱི། ཡི་གེ་སྤྲིན་གྱི་འཁོར་ལོ་རྫུ་འཕྲུལ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་རང་བཞིན་བཞི་བཅུ་རྩ་གཉིས་ཀྱི་སྟེང་དུ་མགོ་ཚེག་ཤད་གསུམ་བསྣན་པས། བཞི་བཅུ་རྩ་ལྔའི་ཚེག་རྣམས་ནི་མིང་དང་། ཚིག་རྣམས་མ་ལུས་པ་འཛིན་པའི་གནས་ཡིན་པས། དེ་ལས་ཐེག་པའི་ཆོས་སྣ་ཚོགས་པའི་དོན་ཆེན་པོ་སྨྲ་ཞིང་གཞན་ལ་སྟོན་པའི་རྒྱུའོ། །རགས་པའི་དངོས་པོར་གྲུབ་པ་མེད་པ་ཡི་གེའི་རང་བཞིན་རང་གི་སེམས་ཉིད་འོད་གསལ་བ་སྟེ། གང་ཟག་དང་ཆོས་ཀྱི་བདག་མེད་ཅིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་ཡེ་གདོད་མ་ཉིད་ནས་དངོས་པོ་དང་མཚན་མའི་ཆོས་སུ་མི་དམིགས་ཀྱང་། སྣང་བའི་རང་བཞིན་ཆུ་ཟླ་ལྟར་གཉིས་སུ་མེད་པའི་ཚུལ་གྱིས་སངས་རྒྱས་ཀྱི་སྐུ་དང་སེམས་ཅན་གྱི་རྩ་གནས་འཁོར་ལོ་རྣམས་ན་ཡི་གེ་དེ་དག་གི་དབྱིབས་ཨ་སེང་གེ་འགྱིངས་བ་ལྟ་བུ་དང་ཀ་བ་དན་རྩེགས་པ་ལྟ་བུ་ལ་སོགས་པར་གནས་པ་དང་ཁ་དོག་ཀྱང་ཨཱ་ལི་རྣམས་དམར་པོ་ཀཱ་ལི་རྣམས་དཀར་པོའི་རང་བཞིན་དང་སངས་རྒྱས་ཀྱི་གནས་སྐབས་ན་ཡི་གེའི་སྤྲིན་ཁ་དོག་དང་དབྱིབས་དང་མིང་དང་ཚིག་གི་ཚོགས་ཀྱི། རྣམ་པར་འཕྲུལ་པའི་རོལ་པ་ཅིར་ཡང་སྤྲུལ་ཅིང་འགྲོ་བའི་སྐལ་པ་དང་མཐུན་པར་ཆོས་སྟོན་པར་མཛད་དོ། །ལྔ་པ་ནི། ཕྱོགས་བཅུ་དུས་བཞིར་སྔ་ཕྱི་ད་ལྟར་འགྲོ་བའི་དོན་ལ་གཤེགས་པ་ཡི། སངས་རྒྱས་ཐམས་ཅད་ཀྱིི་གསང་བར་རང་བྱུང་གི་ཡེ་ཤེས་སེམས་དཔའི་སྐུའི་དཀྱིལ་འཁོར་ནི་སྐུའི་སྐུ་སྐུའི་གསུང་སྐུའི་ཐུགས། རེ་རེ་ལའང་ཡོན་ཏན་ཕྲིན་ལས་གཉིས་བསྣན་ནས་ལྔ་ལྔར་ཕྱེ་བས་བཅོ་ལྔ། དེ་བཞིན་དུ་གསུང་དང་ཐུགས་ལའང་བཅོ་ལྔ་བཅོ་ལྔ་སྟེ་རིགས་ལྔའི་དཀྱིལ་འཁོར་བཞི་བཅུ་རྩ་ལྔ་པོ་དེ་ཉིད། ཡི་གེ་མགོ་ནས་མཇུག་ཀྵ་ལ་ཐུག་གི་བར་དུ་རྫོགས་པའོ། །དྲུག་པ་ལ་གསུམ། སེམས་ཉིད་སྐྱེ་བ་མེད་པ་ཡི་གེའི་དོན་དུ་བསྟན་པ་། སྐྱེ་བ་མེད་པ་ཉིད་ཀྱི་ངང་ལས་ཡི་གེར་སྣང་བས་ཡོན་ཏན་ལྷུན་གྱིས་གྲུབ་ཚུལ། སྣང་སྟོང་གཉིས་སུ་མེད་པའི་ཡི་གེ་གང་གིས་བྲིས་ཤིང་བཀོད་པའི་ཚུལ་ལོ། །དང་པོ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཉིད་རང་བཞིན་ལྷུན་གྱིས་གྲུབ་པའི་ཡི་གེ་སྟེ། ཡི་གེ་དེ་ཉིད་ལ་དངོས་པོ་དང་མཚན་མར་གྲུབ་པ་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། སེམས་ཉིད་དམིགས་སུ་མེད་པ་དོན་དམ་པའི་ཡི་གེ་དེ་ཉིད་འོད་གསལ་བའི་ཁམས་སྣ་ཚོགས་པའི་ཕྱིར། རྟེན་བྱེད་པའི་སྐུ་ཡི་འཁོར་ལོ་ཆེན་པོ་བརྡ་སྤྲོས་པའི་གསུང་གི་འཁོར་ལོ་ཆེན་པོ་མཉམ་པར་འཇོག་པ་ཐུགས་ཀྱི་འཁོར་ལོ་ཆེན་པོ་ཐམས་ཅད་མཁྱེན་པས་ཡོན་ཏན་གྱི་འཁོར་ལོ་ཆེན་པོ། ཐོགས་པ་མེད་པས་ཕྲིན་ལས་ཀྱི་འཁོར་ལོ་ཆེན་པོ་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་དེ་ནི་ཡོན་ཏན་ཕུན་སུམ་ཚོགས་པ་ཡེ་ནས་ལྷུན་གྱིས་གྲུབ་པས་ངོ་མཚར་གྱི་མཆོག །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ཡ་མཚན་གྱི་ཆོ་འཕྲུལ་ཆེན་པོ་རང་ལ་སྣང་བར་བྱེད་པས་རབ་ཏུ་འགུགས་པའོ། །གསུམ་པ་ནི། དེ་ལྟར་སྣང་བའི་ཡི་གེ་དེ་ཉིད་སེམས་ཉིད་ཡེ་ནས་དག་པ་ཆོས་ཀྱི་དབྱིངས་འགྱུར་བ་མེད་པའི་ངང་ལ་ཡེ་ཤེས་ལྷུན་གྱིས་གྲུབ་པ་བྱ་རྩོལ་མེད་པའི་དབྱིངས་ཀྱིས་ཡེ་ནས་བྲིས་པ་སྟེ། གཏན་དུ་འཕོ་འགྱུར་མེད་པའི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་ལ་ཡི་གེ་ཞེས་བྱ་བའི་དོན་དུ་བཏགས་པ་ནི་གསར་དུ་བྱས་པའམ་བྱུང་བ་མ་ཡིན་པ་དེ་ཕྱིར་ལྷུན་གྱིས་གྲུབ་པའི་ཡི་གེ་སྤྲིན་དུ་གནས་པར་བརྗོད་དོ། །གཉིས་པ་ལྷ་དང་སྦྱར་ཏེ་བྱེ་བྲག་སོ་སོར་བཤད་པ་ལ་གསུམ་སྟེ། ཡི་གེ་གསུམ་གྱི་དོན་སྤྱིར་བསྟན་པ་དང་། ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་དོན་བྱེ་བྲག་ཏུ་བཤད་པ་དང་། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། ཡི་གེའི་མགོ་བེར་ཀ་རིས་ནི་ཐུགས་རྡོ་རྗེ་མཚོན་བྱེད་གླེགས་བམ་ཐམས་ཅད་ལ་འཇུག་པའི་སྒོར་གྱུར་པས་མ་ནོར་བའི་ལམ་ཡིན་ཏེ་ཤིང་རྟའི་འདྲེན་བྱེད་བཞིན་ནོ། །ཏིག་ནི་གསུང་རྡོ་རྗེ་མཚོན་བྱེད་ཤེས་རབ་མཐའ་གཉིས་ལ་མི་གནས་པ་དངོས་པོ་རྣམས་མིང་དུ་སོ་སོར་གྲུབ་ཅིང་སྨྲ་བའོ། །ཤད་ནི་སྐུ་རྡོ་རྗེ་ཐབས་ཀྱི་ཆོ་འཕྲུལ་ཆེན་པོ་ཡི་གེ་རྣམས་མ་འདྲེས་པར་ཚིགས་སུ་གཅོད་པའོ། །གཉིས་པ་ལ་ལྔ། དབྱིངས་རིགས་ལྔ་ཡབ་ཡུམ་དང་བཅས་པའི་ཡི་གེ །ནང་སེམས་སྒོ་བ་དང་བཅས་པའི་ཡི་གེ །ཕྱི་སེམས་སྒོ་མ་དང་བཅས་པའི་ཡི་གེ །ཡེ་ཤེས་ཐུབ་པ་དང་བཅས་པའི་ཡི་གེ། །སྒོ་སྐྱོང་ཁྲོ་བོ་དང་བཅས་པའི་ཡི་གེ་བསྟན་པའོ། །དང་པོ་ལ་གསུམ། དབྱིངས་ཀུན་ཏུ་བཟང་མོའི་ཡི་གེ །རིགས་ལྔ་ཡབ་ཀྱི་ཡི་གེ །རིགས་ལྔ་ཡུམ་གྱི་ཡི་གེའོ། །དང་པོ་ནི། ཨ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་དེ་བཞིན་ཉིད་ཀུན་ཏུ་བཟང་མོའི་ངོ་བོ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །གཉིས་པ་ནི། ཋ་ནི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཁོང་དུ་ཆུད་པའི་སྒོ་སྟེ་ཐབས་སྣང་བའི་སྒྱུ་མ་སྣ་ཚོགས་སུ་འཕྲུལ་པའི་ངོ་བོ་དབྱིངས་ལས་མ་སྐྱེས་པས་དེ་བཞིན་ཉིད་རྣམ་པར་ཤེས་པའི་རྡོ་རྗེ་ཐུགས་རྣམ་སྣང་གི་ས་བོན་ཉིད་དོ། །ཊ་ནི་གཟུགས་ཀྱི་དེ་བཞིན་ཉིད་ཁོང་དུ་ཆུད་པའི་ཐབས་སྣང་བའི་སྒྱུ་མ་སྣ་ཚོགས་སུ་འཕྲུལ་པ་མི་བསྐྱོད་པའི་ས་བོན་ཉིད་དོ། །ཌ་ནི་ཚོར་བའི་དེ་བཞིན་ཉིད་ཁོང་དུ་ཆུད་པའི་ཐབས་ཀྱི་སྒྱུ་མ་སྣ་ཚོགས་སུ་འཕྲུལ་པ་ཡིད་བཞིན་རིན་ཆེན་འབྱུང་ལྡན་གྱི་ས་བོན་ཉིད་དོ། །ཌྷ་ནི་འདུ་ཤེས་ཀྱི་དེ་བཞིན་ཉིད་ཁོང་དུ་ཆུད་པའི་ཐབས་ཀྱི་སྒྱུ་མ་སྣ་ཚོགས་སུ་འཕྲུལ་པ་འོད་དཔག་མེད་ཀྱི་ས་བོན་རྣམ་པར་དག་པ་ཉིད་དོ། །ཎ་ནི་འདུ་བྱེད་ཀྱི་དེ་བཞིན་ཉིད་རྟོགས་པའི་རང་བཞིན་དུས་ཀུན་ཏུ་སྒྱུ་འཕྲུལ་དོན་ཡོད་གྲུབ་པའི་ས་བོན་ཉིད་དོ། །གསུམ་པ་ནི། ཐ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ནམ་མཁའི་རང་བཞིན་ཟུང་དུ་འབྲེལ་བའི་དྲ་བ་མངོན་པར་རྫོགས་པར་བྱང་ཆུབ་པ་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མའི་ས་བོན་ཉིད་དོ། །ཏ་ནི་ཤེས་རབ་ཀྱི་དྲ་བ་རབ་ཏུ་བརྟན་པ་སངས་རྒྱས་སྤྱན་གྱིས་ས་བོན་ཉིད་དོ། །ད་ནི་ཡེ་ཤེས་ཀྱི་དྲ་བ་འོད་ཟེར་ལྷམ་མེ་བ་གོས་དཀར་མོའི་ས་བོན་ཉིད་དོ། །དྷ་ནི་ཆོས་ཉིད་ཀྱི་དྲ་བས་འཁྲིལ་བ་མཱ་མ་ཀཱིའི་ས་བོན་ཉིད་དོ། །ན་ནི་དེ་བཞིན་ཉིད་ཀྱི་དྲ་བས་ཀུན་ཏུ་མཛེས་པ་དམ་ཚིག་སྒྲོལ་མའི་ས་བོན་འགྱུར་རོ། །གཉིས་པ་ནང་སེམས་སྒོ་བ་དང་བཅས་པའི་ཡི་གེ་ལ་གཉིས། རྣམ་པར་ཤེས་པའི་སེམས་དཔའ་བཞི་དང་ཐུགས་ཀྱི་སྒོ་བའི་ཡི་གེ། ཡུལ་གྱིས་སེམས་བཞི་དང་སྐུའི་སྒོ་བའི་ཡི་གེའོ། །དང་པོ་ནི། ཀ་ནི་སྤྱན་གྱི་ཐུགས་མིག་གི་རྣམ་པར་ཤེས་པ་དབྱིངས་སུ་དག་པ་ཉིད་ཀྱི་མཆོག་སའི་སྙིང་པོའི་ཡི་གེའོ། །ཁ་ནི་སྙན་གྱི་ཐུགས་རྣ་བའི་རྣམ་པར་ཤེས་པ་དབྱིངས་སུ་དག་པ་ཉིད་ཀྱི་མཆོག་ཕྱག་ན་རྡོ་རྗེའོ། །ག་ནི་ཤངས་ཀྱི་ཐུགས་སྣའི་རྣམ་པར་ཤེས་པ་དབྱིངས་སུ་དག་པ་ཉིད་ཀྱི་མཆོག་ནམ་མཁའི་སྙིང་པོའོ། །གྷ་ནི་ལྗགས་ཀྱི་ཐུགས་ལྕེའི་རྣམ་པར་ཤེས་པ་དབྱིངས་སུ་དག་པ་ཉིད་ཀྱི་མཆོག་སྤྱན་རས་གཟིགས་སོ། །ང་ནི་དབང་ཤེས་དེ་དག་གི་འཛིན་པ་ཐུགས་ཀྱང་འཇིག་པར་བྱེད་པ་དང་སྒོ་གསུམ་གྱི་ཞེན་པ་དག་པའི་སྒོ་བ་གཤིན་རྗེ་གཤེད་ཡིན་པའོ། །གཉིས་པ་ནི། ཙ་ནི་སྤྱན་གྱི་སྐུ་ཡི་མཆོག་གཟུགས་རྣམ་པར་དག་པ་རྡོ་རྗེ་སྒེག་པ་མོའོ། །ཚ་ནི་སྙན་གྱི་སྐུ་ཡི་མཆོག་སྒྲ་རྣམ་པར་དག་པ་གླུ་མའོ། །ཛ་ནི་ཤངས་ཀྱི་སྐུ་ཡི་མཆོག་དྲི་རྣམ་པར་དག་པ་ཕྲེང་བ་མའོ། །ཛྷ་ནི་ལྗགས་ཀྱི་སྐུ་ཡི་མཆོག་རོ་རྣམ་པར་དག་པ་གར་མའོ། །ཉ་ནི་སྐུ་ཡང་འཇིག་པར་བྱེད་པ་ཡུལ་རྣམས་དང་སྒོ་གསུམ་ལ་ཞེན་བྱེད་དུ་འཛིན་པ་དག་པའི་སྐུའི་སྒོ་བ་སྟོབས་པོ་ཆེ་བསྟན་པའོ། གསུམ་པ་ཕྱི་སེམས་སྒོ་བ་དང་བཅས་པའི་ཡི་གེ་ལ་གཉིས། དབང་པོའི་སེམས་དཔའ་བཞི་སྒོ་བ་དང་བཅས་པ། དུས་ཀྱི་སེམས་མ་བཞི་སྒོ་མ་དང་བཅས་པའོ། །དང་པོ་ནི། པ་ནི་སྤྱན་གྱི་གསུང་གི་མཆོག་མིག་གི་དབང་པོ་གནས་སུ་དག་པ་བྱམས་པའི་ཡི་གེའོ། །ཕ་ནི་སྙན་གྱི་གསུང་གི་མཆོག་རྣ་བའི་དབང་པོ་གནས་སུ་དག་པ་སྒྲིབ་པ་རྣམ་པར་སེལ་བའོ། །བ་ནི་ཤངས་ཀྱི་གསུང་གི་མཆོག་སྣའི་དབང་བོ་གནས་སུ་དག་པ་ཀུན་ཏུ་བཟང་པོའོ། །བྷ་ནི་ལྗགས་ཀྱི་གསུང་གི་མཆོག་ལྕེའི་དབང་པོ་གནས་སུ་དག་པ་འཇམ་དབྱངས་སོ། །མ་ནི་གསུང་ཡང་འཇིག་པར་བྱེད་པ་དེ་དག་ལ་བདག་ཏུ་འཛིན་པ་དང་སྒོ་གསུམ་གྱི་ཞེན་ཡུལ་དག་པ་རྟ་མགྲིན་ནོ། །གཉིས་པ་ནི། ཡ་ནི་འདས་པའི་ཆོས་རྣམས་སྐྱེ་བ་རྣམ་པར་དག་པའི་ཆོས་ཉིད་བདུག་སྤོས་མའོ། །ཝ་ནི་ད་ལྟར་གནས་པ་རྣམ་པར་དག་པའི་ཆོས་ཉིད་མེ་ཏོག་མ་ཡིན་ནོ། །ར་ནི་མ་འོངས་པ་ན་འཇིག་པ་རྣམ་པར་དག་པ་སྟེ་ཆོས་ཉིད་སྣང་གསལ་མའོ། །ལ་ནི་དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་རང་སྣང་བའི་སྟོང་པ་རྣམ་པར་དག་པའི་ཆོས་ཉིད་དྲི་ཆབ་མའོ། །ཤ་ནི་རྟག་པ་རྣམ་པར་དག་པ་སྟེ་ལྕགས་ཀྱུ་མའོ། །ཥ་ནི་ཆད་པ་རྣམ་པར་དག་པས་ཡོད་པ་མ་ཡིན་པ་ཞགས་པ་མའོ། །ས་ནི་ཆོས་ཐམས་ཅད་རྟག་ཆད་ཀྱི་མཐའ་དང་བྲལ་ཞིང་བདག་མེད་པ་ལྕགས་སྒྲོག་མའོ། །ཧ་ནི་དངོས་པོ་དང་མཚན་མ་མེད་པ་ཉིད་ཀྱི་ཕྱིར་དྲིལ་བུ་མའོ། །བཞི་པ་ཡེ་ཤེས་ཐུབ་དྲུག་དང་བཅས་པའི་ཡི་གེ་ནི། ཀྵ་ནི་ཆོས་ཉིད་ཟད་པའི་སྒོ་སྟེ་རང་སྣང་གི་ཡེ་ཤེས་རྣམ་པར་དག་པ་ཐུགས་ཀྱི་ཐུགས་ཏེ་ཀུན་ཏུ་བཟང་པོ་ཡབ་ཀྱི་ཡི་གེའོ། །ཨི་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་བ་སྙེད་ཀྱི་ལྷ་ཡི་འཇིག་རྟེན་རྣམས་ཡོངས་སུ་འདུལ་བའི་ལྷའི་ཐུབ་པ་དང་། དེ་བཞིན་དུ་ཐམས་ཅད་ལ་སྦྱར་ཏེ་ཨཱི་ནི་རྡུལ་སྙེད་ལྷ་མ་ཡིན་རྣམས་ལ་ལྷ་མིན་གྱི་ཐུབ་པ་དང་། ཨུ་ནི་རྡུལ་སྙེད་མི་རྣམས་སུ་མིའི་ཐུབ་པ་དང་། ཨཱུ་ནི་རྡུལ་སྙེད་བྱོལ་སོང་རྣམས་ལ་བྱོལ་སོང་གི་ཐུབ་པ་དང་། ཨེ་ནི་རྡུལ་སྙེད་ཡི་དྭགས་རྣམས་སུ་ཡི་དྭགས་ཀྱི་ཐུབ་པ་དང་། ཨཻ་ནི་རྡུལ་སྙེད་དམྱལ་བ་རྣམས་སུ་དམྱལ་བའི་ཐུབ་པས་འདུལ་བའི་ཡི་གེའོ། །ལྔ་པ་སྒོ་སྐྱོང་ཁྲོ་བོ་དང་བཅས་པའི་ཡི་གེ་ནི། ཨོ་ནི་མཚན་མ་ཐམས་ཅད་དང་སྒོ་གསུམ་གྱི་སྤྲོས་པ་མཐའ་དག་འཇིག་པར་བྱེད་ཅིང་ཆོ་འཕྲུལ་ཆེན་པོར་སྟོན་པ་བདུད་རྩི་འཁྱིལ་པའོ། །ཨ་ནི་གཟུང་འཛིན་ཐམས་ཅད་ཞིག་པ་ཡིན་ཏེ་ཞི་བའི་གདངས་ཡེ་ཤེས་ལྔའི་རང་བཞིན་ཁྲོ་བོར་སྣང་བའོ། །དེའང་བིནྡྷུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཟླ་ཚེས་མེ་ལོང་ལྟ་བུའི་ཡེ་ཤེས། ཁོག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས། ནཱ་ད་སོ་སོར་རྟོག་པའི་ཡེ་ཤེས། རང་བཞིན་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཁྲོ་བོའི་དཀྱིལ་འཁོར་ནི་བུདྡྷ་ཧེ་རུ་ཀའི་ས་བོན་ཨཱོྂ་ཡེ་ཤེས་ལྔ་ལྡན་ལས་འཕྲོས་པ་ཡིན་ནོ། །གསུམ་པ་དེ་དག་གི་དོན་བསྡུ་བ་ནི། དེ་ལྟར་ལྷུན་གྱིས་གྲུབ་པའི་རང་བཞིན་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སྤྲིན་འདིས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་འཕྲེང་བ་ཐམས་ཅད་བསྡུས་སོ། །ཞེས་པ་དེ་བཞིན་གཤེགས་པ་ཉིད་ཀྱིས་ཆེད་དུ་བརྗོད་དོ། །དེ་ལྟར་ཡི་གེའི་སྤྲིན་དེ་ཉིད་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངོ་བོར་ཡེ་ནས་གནས་པ་ལ་ངོ་མཚར་བའི་ཚུལ་གྱིས། ཨ་ཧོ་ཞེས་བཞད་པའོ། །གསུམ་པ་དེ་གཉིས་ཀའི་དོན་བསྡུ་བ་ལ་གཉིས། ཚུལ་ཇི་ལྟར་བྱུང་བ་དང་། དོན་བསྡུ་བ་དངོས་སོ། །དང་པོ་ནི། ཡི་གེ་རྒྱས་པར་བཤད་པ་དེ་ནས་རང་སྣང་བའི་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་རང་བཞིན་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་སྙིང་པོ་ཡི་གེ་སྤྲིན་གྱི་གསང་བའི་འདི་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །གཉིས་པ་ནི། གཉིས་སུ་མེད་པའི་རང་བཞིན་ལ་སྔགས་པའི་ཕྱིར་ཨ་ཧོ་ཞེས་བཞག་ནས། ཐབས་རང་བྱུང་གི་ཐུགས་རྗེ་ཆེན་པོ་དང་ཤེས་རབ་མཐའ་གཉིས་ལས་འདས་པའི་རང་བཞིན་གྱི་ངང་ལས་སྟོན་པ་ཉིད་ལྷག་པའི་ཡེ་ཤེས་གདུལ་བྱའི་དོན་ལ་རབ་ཏུ་དགྱེས་ནས་ཐུགས་རྗེའི་སྤྲིན་ཕུང་བྱང་ཆུབ་ཀྱི་སེམས་ཕུན་སུམ་ཚོགས་པའི་རྒྱུ་མི་ཟད་པ་རྒྱན་གྱི་འཁོར་ལོ། །ཡེ་ནས་མངའ་བའི་འབྲས་བུ་རྒྱལ་བ་བཞི་བཅུ་རྩ་གཉིས་ལ་སོགས་པའི་དཀྱིལ་འཁོར་ཆེན་པོ་སྨིན་པ་ལས་སྤྲུལ་པའི་སྐུ་འཕྲོ་བས་འགྲོ་བའི་དོན་ལྷུན་གྱིས་གྲུབ་པར་འབྱུང་བའི་རྒྱུ་ངོ་མཚར་བའི་ཡི་གེ་ཀཱ་ལི་ལ་སོགས་པ་མིང་ཚོགས་བཞི་བཅུ་རྩ་གཉིས་སུ་སྣང་བ་དེ་ཉིད། རྒྱུ་རྐྱེན་གྱིས་གསར་དུ་འདུས་མ་བྱས་པ་ཉིད་ཀྱི་ངོ་བོ་ལྷུན་གྱིས་གྲུབ་པའི་ཆོས་ཡེ་ནས་གནས་པའི་ངང་ལས་འགྲོ་བའི་དོན་དུ་རང་བྱུང་གི་ཐུགས་རྗེ་སྣང་བས་འདུས་བྱས་པ་ལྟར་འཁོར་ལོ་བཀོད་པ་ངོ་བོ་ལ་འཕོ་འགྱུར་མེད་པའི་དོན་གྱིས་གཉིས་སུ་མེད་པའི་རྡོ་རྗེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་ལྔ་བཅུ་རྩ་ལྔ་ལ་སོགས་པ་འབྱིན་པའི་རང་བཞིན་དཀྱིལ་འཁོར་འཕྲུལ་ཅིང་སྣང་བར་བྱེད་པའི་དམ་ཚིག་ཆེན་པོ་ལས། དུས་རྟག་ཏུ་འདའ་བར་མི་མཛད་ཅིང་ཡི་གེ་འཁོར་ལོ་ལས་རང་བྱུང་གི་ཡེ་ཤེས་ཤར་བའི་ཚེ་རང་སྣང་གི་དཀྱིལ་འཁོར་དང་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཕྱོགས་བཅུར་འཕྲོ་བ་ཐམས་ཅད་རང་དབང་མེད་པར་འཆར་བ་ནི་རྒྱུ་ཡི་གེ་སྤྲིན་དང་རྐྱེན་ཡེ་ཤེས་དང་གདུལ་བྱའི་སྣང་བ་འཚོགས་པའི་མཐུ་ཆེན་པོ་ལས་སྣང་བ་ཡིན་ནོ། །དེ་ལ་ངོ་མཚར་བས་ཧོ་ཞེས་བཞད་པའོ། །དེ་ནི་སངས་རྒྱས་ལས་སྤྲོས་ཚུལ་ལྟར་བཤད་པའོ། །གཞན་དུ་ན་ཡི་གེ་འཁོར་ལོ་ལུས་ལ་གནས་ཚུལ་དང་ལམ་སྒོམ་ཚུལ་ལྟར་བཤད་པ་གཉིས་ལས། དང་པོ་ནི། ལུས་ཅན་ཀུན་གྱི་ལུས་ལ་ཐབས་དང་ཤེས་རབ་ཐིག་ལེ་དཀར་དམར་གཉིས་སུ་མེད་པར་དགྱེས་པའི་སྤྲིན་གྱི་ཁམས་བྱང་ཆུབ་སེམས་ཀྱི་ཚོགས་ནི་རྒྱུ་ཀུན་རྫོབ་ཀྱི་རང་བཞིན་སྣུམ་དང་སྡོང་བུ་ལྟ་བུར་རྩ་འཁོར་ལོ་བཞིའི་དབུས་དང་འདབ་མ་ལ་གནས་པའི་དྭངས་མ་མར་མེ་ལྟར་འོད་གསལ་བ་ཉིད་ཡི་གེའི་གཟུགས་སུ་སྣང་བ་སྟེ། དེ་ཉིད་འབྲས་བུ་རྒྱལ་བ་སྨིན་ཅིང་གྲུབ་པར་བྱེད་པས་ངོ་མཚར་བའི་མིང་ཚོགས་བཞི་བཅུ་རྩ་གཉིས་ཏེ། རང་བཞིན་ཡེ་ནས་གནས་པས་འདུས་མ་བྱས་པའི་ཆོས་ཉིད་འོད་གསལ་བའི་ངང་ལས། ལམ་གོམས་པར་བྱེད་པའི་འདུས་བྱས་ཐབས་ལ་མཁས་པའི་རང་བཞིན་དང་ཤེས་རབ་ཟུང་དུ་འབྲེལ་བའི་རྡོ་རྗེས་སྐུ་དང་ཡེ་ཤེས་ཀྱི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་དུ་འབྱིན་པའི་དམ་ཚིག་ཆེན་པོ་ལས་འདའ་བར་མི་མཛད་པ་ནི་གཞིའི་ཡི་གེ་ཉིད་ལམ་གྱི་རྐྱེན་གྱིས་ལྷའི་དཀྱིལ་འཁོར་དུ་གསལ་བར་བྱེད་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་རྒྱུ་རྐྱེན་ཚོགས་པའི་ནུས་མཐུ་འབྱུང་རུང་དུ་གཞི་ལ་ད་ལྟ་ནས་ཡོད་པ་ནི་ངོ་མཚར་ཆེ་ཧོ་ཞེས་བསྟན་པའོ། །ཡང་ལམ་སྒོམ་ཚུལ་དང་སྦྱར་ན་གཉིས་ལས། གྲོལ་ལམ་དང་སྦྱར་བ་ནི་ཐབས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཤེས་རབ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་དགྱེས་སྤྲིན་ཀུན་སྣང་དང་བྱང་ཆུབ་སེམས་ཚོགས་རྒྱུའི་ཏིང་ངེ་འཛིན་རྣམས་བསྒོམས་ནས། ཡི་གེ་སྤྲིན་གྱི་འཁོར་ལོ་སྔར་བསྟན་པ་བཞིན་བསྒོམས་པས་འབྲས་བུ་རྒྱལ་བའི་དཀྱིལ་འཁོར་སྨིན་གྲུབ་འབྱུང་བས་ངོ་མཚར་གྱི་མིང་ཚོགས་བཞི་བཅུ་རྩ་གཉིས་ཀྱིས་འདུས་མ་བྱས་ཆོས་སྐུ་དང་། འདུས་བྱས་གཟུགས་སྐུའི་རྡོ་རྗེ་གཉིས་སུ་མེད་པའི་དཀྱིལ་འཁོར་དམ་པ་འབྱིན་པའི་དམ་ཚིག་ལས་འདས་པར་མི་མཛད་པ་ནི། རྟེན་འབྲེལ་གྱིས་དབང་མེད་རྒྱུ་རྐྱེན་ཚོགས་པའི་མཐུ་སྟེ་གཟུགས་བརྙན་དང་སྒྱུ་མའི་སྣང་བ་བཞིན་འབྱུང་བ་ནི་ངོ་མཚར་ཆེ་ཧོ་ཞེས་པའོ། །ཐབས་ལམ་ལྟར་ན་ཐབས་ཡབ་ཀྱི་ཟླ་བ་དང་ཤེས་རབ་ཡུམ་གྱི་ཉི་མ་གཉིས་སུ་མེད་པར་འདྲེས་པའི་དགྱེས་སྤྲིན་དགའ་བ་བཞིའི་ངོ་བོ་ཉིད་ནི་ཁམས་བྱང་ཆུབ་ཀྱི་སེམས་ཀྱི་ཚོགས་འཁོར་ལོ་བཞིར་བབ་པ་ལས་བྱུང་བའི་བདེ་སྟོང་གཉིས་སུ་མེད་པ་བསྒོམས་པའི་འབྲས་བུ་རྒྱལ་བ་སྨིན་ཅིང་གྲུབ་པར་བྱེད་པ་ངོ་མཚར་ཆེ་བ་མིང་ཚོགས་བཞི་བཅུ་རྩ་གཉིས་ཀྱི་ངོ་བོ་དེ་ཡང་འདུས་མ་བྱས་པའི་ཡེ་ཤེས་བཞི་པོ་ཉིད་བསྲུབས་པ་དང་འགེངས་པ་དང་འགྲེམས་པ་ལ་སོགས་པས་འདུས་བྱས་པའི་དབང་གིས་ཐབས་ཤེས་གཉིས་སུ་མེད་པའི་རྡོ་རྗེའི་དོན་དུ་གནས་པས་དཀྱིལ་འཁོར་དམ་པ་སྐུ་ལྔ་ལྷུན་གྱིས་གྲུབ་པ་འབྱིན་པའི་དམ་ཚིག་ལས་འདའ་བར་མི་མཛད་པ་ནི་ཡེ་ཤེས་དེ་བསྒོམས་པས་དབང་མེད་དུ་འབྱུང་བ་རྒྱུ་རྐྱེན་ཡབ་ཡུམ་གྱི་རྟེན་འབྲེལ་ཚོགས་པའི་མཐུ་ཆེན་པོས་གྲུབ་པ་ཡིན་ཏེ་ངོ་མཚར་ཆེ་ཧོ་ཞེས་པའོ། །དོན་དེ་ཉིད་ཡེ་ཤེས་ཀྱི་བདག་ཉིད་གཉིས་སུ་མེད་པའི་རྡོ་རྗེ་གསང་བའི་ཚིག་ཏུའོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། ཆོས་ཐམས་ཅད་ཡི་གེའི་སྤྲིན་དུ་ཡེ་ནས་སངས་རྒྱས་པའོ་ཞེས་བརྗོད་པས། རིགས་ལྔའི་དཀྱིལ་འཁོར་དང་སྣང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ངོ་བོར་རང་བཞིན་གྱིས་རྣམ་པར་དག་པས་ཐ་མི་དད་པར་ཡི་གེའི་འཁོར་ལོར་གྱུར་ཏོ། །ཡེ་ནས་གསང་བའི་སྙིང་པོ་ཡི་གེ་ཕྲེང་བའི་ཆོས་ཉིད་དེ་ཁོ་ན་ཉིད་ངེས་པ་ལས་ལྷུན་གྱིས་གྲུབ་པ་ཡི་གེ་འཕྲེང་བའི་འཁོར་ལོ་ཆེན་པོ་བཀོད་པའི་ལེའུ་སྟེ་བཞི་པའོ།། ༈ །།དོན་གཉིས་པ་དེ་ལྟར་སྒྲུབ་པའི་རིམ་པ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད་པ། ཚིག་གི་དོན་བཤད་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། སྐུ་གསུང་ཐུགས་ཀྱི་རང་བཞིན་ཡི་གེའི་རོལ་པར་བསྟན་པ་དེ་ནས་ཡི་གེ་འཁོར་ལོའི་སྤྲིན་བཀོད་པ་ལས། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྒྱུ་འཕྲུལ་སྒྲུབ་པའི་རིམ་པ་རྣམ་པར་འཕྲོ་བ་འདི་ཆེད་དུ་བརྗོད་དོ། །གཉིས་པ་ལ་གསུམ། གང་སྒྲུབ་པ་དངོས་གྲུབ་ཀྱི་རིམ་པ། གང་གིས་བསྒྲུབས་པ་ཡི་གེའི་སྤྲིན་གྱི་རང་བཞིན། ཇི་ལྟར་བསྒྲུབ་པའི་ཐབས་དངོས་སོ། །དང་པོ་ལ་བཞི། ཡེ་ནས་དག་པའི་སེམས་ཉིད་དངོས་གྲུབ་ཀྱི་རྩ་བར་བསྟན་པ། དེ་ལས་གྲུབ་པ་མཆོག་གི་དངོས་གྲུབ། དེའི་ཡན་ལག་ཐུན་མོང་གི་དངོས་གྲུབ། དེ་དག་གྲུབ་པའི་དཔེའོ། །དང་པོ་ནི། གཞི་དང་རྩ་བ་མེད་པའི་ནམ་མཁའ་ལྟ་བུའི་སེམས་ཉིད་ནི། འཁོར་འདས་ཀྱི་ཆོས་རྣམས་ཀུན་གྱི་རྩ་བ་ཡིན་ནོ། །དེའང་ཤེལ་གོང་གཅིག་ལས་རྐྱེན་ཐ་དད་ཀྱིས་མེ་དང་ཆུ་འབྱུང་བ་ལྟར་གཟུང་འཛིན་བྱས་མ་བྱས་དང་རིག་མ་རིག་གིས་སེམས་ཉིད་གཅིག་ལ་འཁོར་འདས་སུ་སྣང་ཡང་དོན་ལ་གཉིས་སུ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཡེ་ནས་དག་པའི་སེམས་ཉིད་འོད་གསལ་བ་ཡི་གེའི་རང་བཞིན་དུ་ཡེ་ནས་ཤར་ཏེ་སྣང་ལ་རང་བཞིན་མེད་པར་ཡོད་དོ། །ཡི་གེའི་རང་བཞིན་གྱི་སེམས་ཉིད་ནི་རྟོགས་ན་དོན་གཉིས་འབྱོར་བས་བརྒྱན་པའི་ཆར་རྒྱུན་དངོས་སུ་འབབ་ཅིང་མ་རྟོགས་ན་ཡང་འདོད་དགུ་འབྱུང་བའི་གཞིར་ཡེ་ནས་གྲུབ་པས་ཡིད་བཞིན་གྱི་ནོར་བུ་རིན་ཆེན་གྱི་སྤྲིན་ཡིན་ནོ། །གཉིས་པ་ནི། སེམས་ཉིད་འོད་གསལ་བའི་ངང་ན་རང་བྱུང་ལྷུན་གྱིས་གྲུབ་པས་སྒྱུ་འཕྲུལ་གྱི་དཀྱིལ་འཁོར་ཡི་གེའི་གཟུགས་སུ་སྣང་བ་བཞི་བཅུ་རྩ་གཉིས་ཀྱི་ངོ་བོར། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཤེས་རབ་དྲ་བའི་དཀྱིལ་འཁོར་དུ་ཡེ་ནས་མངོན་པར་རྫོགས་པའི་ཆོས་ཉིད་དུ་གྲུབ་ཟིན་པས་ན། དེ་ཉིད་ཏིང་ངེ་འཛིན་གྱི་རིམ་པས་ཉམས་སུ་བླང་བའི་ཚེ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་རིགས་དང་དགོངས་པ་གཅིག་ཏུ་རྫོགས་པ་ཡི། དཀྱིལ་འཁོར་ཐམས་ཅད་ཡོངས་སུ་འགྲུབ་པར་འགྱུར་ཏེ་དཀྱིལ་འཁོར་གྱི་རྩ་བ་ཡི་གེ་སྤྲིན་ཉིད་ཕྱིན་ཅི་མ་ལོག་པར་ཉམས་སུ་བླངས་པའི་ཕྱིར་རོ། །གསུམ་པ་ལ་གསུམ། ཡེ་ཤེས་གྲུབ་པའི་རྟགས་སུ་ལས་བཞི་ལྷུན་གྱིས་གྲུབ་པའི་དངོས་གྲུབ་བསྟན་པ། ཕུང་པོ་ལྔ་གནས་སུ་དག་པའི་རྟགས་སུ་འབྱུང་བ་ལྔའི་ཟད་པར་གྲུབ་པའི་ཚུལ་བཤད་པ། རྣམ་ཤེས་བརྒྱད་དབྱིངས་སུ་དག་པའི་རྟགས་སུ་གྲུབ་པ་བརྒྱད་ཇི་ལྟར་ཐོབ་པའི་ཚུལ་བརྗོད་པའོ། །དང་པོ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་གྲུབ་པ་ན་དུག་ཐམས་ཅད་ཀྱང་འགྲོ་བའི་གསོས་སྨན་གྱི་བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། དེས་བཞི་བརྒྱ་རྩ་བཞིའི་ནད་ཐམས་ཅད་སེལ་ཞིང་བདེ་ལེགས་སུ་བྱེད་དོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་གྲུབ་པའི་ཚེ་ལྷ་དང་མིའི་ལོངས་སྤྱོད་ལས་འདས་པ་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལྷུན་གྲུབ་ཏུ་འབྱུང་ཞིང་རེ་བ་རྫོགས་པ་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གྲུབ་པའི་ཚེ་ངན་སོང་གི་འགྲོ་བ་རྣམས་ཀྱི་རྒྱུད་སྦྱོང་ཞིང་མཐོ་རིས་ཀྱི་བདེ་བ་ལ་འགོད་པར་བྱེད་དོ། །སོ་སོར་རྟོག་པ་དང་བྱ་བ་གྲུབ་པའི་ཡེ་ཤེས་གྲུབ་པའི་ཚེ་སྣང་བ་ཉིད་མི་སྣང་བར་བྱེད་ཅིང་། མི་སྣང་བའང་སྣང་བར་སྟོན་པ་སོགས་ཅི་ཡང་གཞན་དུ་འགྱུར་བའི་ཆོ་འཕྲུལ་འགྲུབ་པ་ཡིན་ནོ། །གཉིས་པ་ནི། གཟུགས་ཀྱི་ཕུང་པོ་གནས་སུ་དག་པས་ཟད་པར་སའི་ཏིང་ངེ་འཛིན་ཐོབ་པ་དེའི་ཚེ་ནམ་མཁའ་འང་རྡོ་རྗེའི་ས་གཞི་ལྟར་སྲ་བར་བྱིན་གྱིས་བརླབས་པ་དེ་ལྟར་འབྱུང་ཞིང་། ཚོར་བའི་ཕུང་པོ་གནས་སུ་དག་པ་ན་མེའི་ཏིང་ངེ་འཛིན་ལ་དབང་ཐོབ་པས་ལུས་ལ་མེ་འབར་ནས་སེམས་ཅན་དམྱལ་བའི་མེ་ཡང་འཚིག་ཅིང་སྡུག་བསྔལ་ལས་ཐར་བར་བྱེད་པ་དང་། འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་པས་ཆུའི་ཏིང་ངེ་འཛིན་ལ་དབང་ཐོབ་སྟེ་སྣང་བ་ཐམས་ཅད་ཆུར་འགྱུར་ཞིང་། ས་ལ་འཛུལ་བ་དང་ཐམས་ཅད་ཆུ་ཀློང་གཅིག་ཏུ་འབབ་པ་སྟོན་པའང་མེ་ལ་བྱ་བ་དེ་བཞིན་ཏེ་གཞན་གྱི་སྡུག་བསྔལ་སེལ་བར་བྱེད་པ་ཡིན་ནོ། །འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་པས་རླུང་གི་ཏིང་ངེ་འཛིན་ལ་མངའ་བརྙེས་པའི་ཚེ་འཇིག་རྟེན་གྱི་ཁམས་འདི་ནི་རྡུལ་ཕྲན་དུ་འཐོར་བའི་ཆོ་འཕྲུལ་འགྱེད་ཅིང་སེམས་ཅན་ལ་ཕན་པར་མཛད་པ་དང་། རྣམ་ཤེས་རྣམ་པར་ཤེས་པའི་ཕུང་པོ་གནས་སུ་དག་པས་ནམ་མཁའི་ཏིང་ངེ་འཛིན་ཐོབ་པའི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྟོངས་ཤིང་ཉི་མ་དང་ཟླ་བ་ཡང་ས་ལ་ལྟུང་བར་འགྱུར་བའི་རྫུ་འཕྲུལ་མངོན་པར་འདུ་མཛད་དོ། །གསུམ་པ་ནི། ཀུན་གཞིའི་རྣམ་ཤེས་ལ་སོགས་བརྒྱད་དག་ཅིང་རིག་པའི་ཡེ་ཤེས་ལ་དབང་ཐོབ་པའི་ཚེ་སྒྲུབ་བྱ་རང་གི་མདུན་དུ་དགུག་པ་དང་ཡུལ་གཞན་དུ་བཏང་བ་བསྐྲད་པ་དང་ཆོམ་རྐུན་སོགས་བཅིང་བ་དང་བྱད་དང་གདོན་ལས་དགྲོལ་བ་དང་། དུག་ལ་སོགས་པ་གསོ་བ་དང་དགྲ་བགེགས་བསད་པ་དང་ཕ་རོལ་གྱི་སྡེ་འཕམ་པར་བྱེད་པ་དང་རང་གི་སྡེ་རྒྱལ་བའི་ལས་ཐམས་ཅད། ཡི་གེ་སྤྲིན་གྱི་ཏིང་ངེ་འཛིན་འདི་ཡིས་བྱེད་པར་འགྱུར་རོ། །བཞི་པ་དེ་དག་གྲུབ་པའི་དཔེ་ནི་ཏིང་ངེ་འཛིན་གྲུབ་པའི་དངོས་གྲུབ་དེ་ཉིད་གདོད་ནས་དག་པའི་ཡེ་ཤེས་རང་སྣང་དུ་ཤར་བའི་ཆོ་འཕྲུལ་ཕྱི་རོལ་དུ་སྣང་བའི་གཟུགས་བརྙན་ཡིན་ནོ། །དེའང་མིང་དང་ཚིག་གིས་མཚོན་པས་ཡི་གེ་ཨཱ་ལི་དང་ཀ་ལིའི་ཕྲེང་བ་སོ་སོའི་གཟུགས་ཐ་དད་དང་ཁ་དོག་དང་འོད་ཟེར་སོགས་ལས་སོ་སོའི་རྗེས་སུ་འགྲོ་བ་ཅན་གོམས་པས་ཏིང་ངེ་འཛིན་དེའི་འབྲས་བུ་ཡིད་ལ་བསམ་པ་བཞིན་གྱིས་གྲུབ་པ་ནི། དཔེར་ན་མུན་པ་ལ་སྣང་བ་བྱུང་བ་ཇི་ལྟར་དེ་བཞིན་དུ་གང་འདོད་པ་ཐམས་ཅད་མཐོང་བ་དང་། ཕྱི་ནང་གི་དུག་རྣམས་མ་སྤངས་པར་བདུད་རྩིར་འགྱུར་བ་གསེར་འགྱུར་གྱི་རྩི་ལྟ་བུ་དང་། མི་འདོད་པ་རྣམས་རང་སར་ཞི་བ་གསོས་སྨན་གྱི་ཚུལ་དང འདྲ་བར་ཤེས་པར་བྱའོ། །གཉིས་པ་གང་གིས་བསྒྲུབ་པ་ཡི་གེ་སྤྲིན་གྱི་རང་བཞིན་ལ་གཉིས་ཏེ། གང་ཟག་གང་གིས་བསྒྲུབས་པ་དང་ངོ་བོར་གང་སྒྲུབ་པའོ། །དང་པོ་ནི། ཡུལ་ཁྱད་པར་ཅན་གང་ལ་བརྟེན་ན་ཐར་པའི་ལམ་སྟོན་པ་རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་པ་ལ་བརྩོན་པ་ནི་ཡི་གེ་འགྲུབ་པའི་ཡན་ལག་དང་པོའོ། །ལྷ་དང་ཡི་གེའི་སྒོམ་པའི་མངོན་པར་རྟོགས་པ་གསལ་ཞིང་མ་ཡེངས་པ་ནི་གཉིས་པའོ། །རྩ་བ་དང་ཡན་ལག་གི་དམ་ཚིག་ལ་གནས་པ་ནི་གསུམ་པའོ། །སྔགས་བཟླས་པའང་ཧ་ཅང་མྱུར་བ་དང་བུལ་བ་དང་་ཆད་པ་དང་ལྷག་པ་དང་སྒྲ་ཆེ་བ་དང་ཆུང་བ་རྣམས་སྤངས་ཏེ་དག་པ་ནི་བཞི་པ་དང་ཕྱག་རྒྱ་ལ་ཆོས་དང་ལས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོ་རྣམས། དེ་དག་གི་ཡན་ལག་མ་ཉམས་པར་དོན་ཇི་ལྟ་བ་བཞིན་ཤེས་ཤིང་འཆིང་བར་བྱེད་པ་ནི་ལྔ་པའོ། །དེ་དག་གི་ཡན་ལག་ཏུ་བསྒྲུབ་པའི་གནས་དང་དུས་དང་ཡོ་བྱད་དང་ལྡན་པས་འདི་ཉིད། །འགྲུབ་པར་འགྱུར་ཞིང་དེ་དག་དང་མི་ལྡན་པའི་གང་ཟག་གིས་འདི་བསྒྲུབ་ཀྱང་དོན་མེད་ཅིང་བརླག་པར་ཡང་འགྱུར་རོ། །གཉིས་པ་ནི། འདས་པ་དང་མ་འོངས་པ་དང་ད་ལྟ་བའི་དུས་གསུམ་གྱི་རྒྱལ་བས་ཐུགས་སུ་ཆུད་པའི། དངོས་གྲུབ་མཆོག་གི་སྙིང་པོ་ནི་ཡི་གེ་འཁོར་ལོ་ཡིན་པས་ན། དེའི་ངོ་བོ་རིན་པོ་ཆེ་ལྟར་འདོད་དགུ་ལྷུན་གྲུབ་ཏུ་འབྱུང་བའི་ཕྱིར་ཟད་པའི་དུས་མེད་དེ་ཡིད་བཞིན་གྱི་མཛོད་དམ་པར་གྱུར་བའི་ཕྱིར་རོ། །དེའང་ཆོས་སྐུ་ནམ་མཁའ་ལྟ་བུ་འཕེལ་བ་མེད་ཅིང་ལོངས་སྐུ་འཇའ་ཚོན་ལྟ་བུ་འགྲིབ་པ་མེད་པའི་ངང་ནས་སྤྲུལ་སྐུ་སྣ་ཚོགས་སུ་འཕྲོ་བའི་རོལ་པར་འབྱུང་བ་སྟེ། ཆོས་སྐུ་དངོས་པོ་མེད་པའི་རང་ལས་གཟུགས་སྐུ་གཉིས་ཀྱི་དངོས་པོའི་སྤྲིན་ལས་འགྲོ་བའི་དོན་དུ་མཛད་པའི་ཕྲིན་ལས་སྣ་ཚོགས་སུ་རྣམ་པར་འབྱུང་ཞིང་ལྷུན་གྱིས་གྲུབ་པའི་རོལ་པར་འགྱུར་བ་ནི་ཡི་གེ་སྤྲིན་གྱི་ངོ་བོ་ཡིན་ནོ། །གསུམ་པ་ཇི་ལྟར་བསྒྲུབ་པའི་ཐབས་དངོས་བསྟན་པ་ལ་གསུམ་སྟེ། ཏིང་ངེ་འཛིན་མདོར་བསྟན་པ། དེའི་རང་བཞིན་རྒྱས་པར་བཤད་པ། མཉམ་པར་བཞག་པ་གཅིག་ཏུ་དོན་བསྡུ་བའོ། །དང་པོ་ནི། བསྐྱེད་པའི་རིམ་པ་ཡི་གེ་སྤྲིན་དུ་སྣང་བས་མཚོན་ནས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དངོས་པོར་སྣང་དུས་ཉིད་ན་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ནི་དངོས་པོ་མེད་པར་ཡེ་ནས་རྣམ་པར་དག་པའི་རྫོགས་རིམ་དུ་ཤེས་པར་བྱ་ཞིང་བསྐྱེད་རིམ་སྣང་ལ་ངོས་བཟུང་མེད་པའི་ངང་ནས་ལས་དང་མཐུན་པའི་ཡི་གེ་སྤྲོ་བསྡུ་རྟོགས་པའི་ཏིང་ངེ་འཛིན་ལ་ཡང་དང་ཡང་དུ་རྩལ་སྦྱངས་ཞིང་རིག་པ་ལ་དབང་བསྒྱུར་བའི་རོལ་པ་ནི་ཡི་གེ་འཁོར་ལོའི་ཏིང་ངེ་འཛིན་ཡིན་ནོ། །གཉིས་པ་ལ་གཉིས། ཤེས་རབ་ཆོས་ཀྱི་སྐུ་སྟོང་པ་ཉིད་བསྒོམ་པའི་ཏིང་ངེ་འཛིན་དང་། ཐབས་གཟུགས་ཀྱི་སྐུ་སྣང་བ་ཉིད་བསྡོམ་པའི་ཏིང་ངེ་འཛིན་ནོ། །དང་པོ་ལ་གཉིས། དམིགས་སུ་མེད་པའི་དོན་ལ་གདམས་ཚུལ་སྤྱིར་བསྟན་པ་དང་། གཉིས་སུ་མེད་པའི་ཡེ་ཤེས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གང་ཟག་གང་གིས་ཆོས་ཐམས་ཅད་ཀྱི་རང་བཞིན་དམིགས་པ་དང་མཚན་མ་མེད་པར་མི་ཤེས་པ། དེ་ཡིས་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་གནས་ལུགས་མི་ཤེས་པས། རྒྱུ་མཚན་དེ་ཡི་ཕྱིར་སེམས་ལ་སྣང་བའི་གཟུང་ཡུལ་དངོས་པོ་སྣ་ཚོགས་རྨི་ལམ་ལྟ་བུ་འདི་དག་གཞིག་ཅིང་དཔྱད་ན་ཕྱི་ནང་གང་དུའང་གྲུབ་པ་མེད་པ་ནམ་མཁའ་ལྟ་བུར་གནས་པ་དང་། དེ་རྟོགས་བྱེད་ཀྱི་ཤེས་པ་ཁ་དོག་དང་དངོས་པོ་མེད་པ་ལ་བརྟགས་ན་ཕྱི་ནང་གང་དུའང་མི་རྙེས་པས་འཛིན་པ་ངོ་བོ་ཉིད་མེད་པ་དེའི་ཚེ་སེམས་དང་སེམས་ལ་སྣང་བ་ལས་གཞན་པའི་ཆོས་ཤིག་དམིགས་སུ་མེད་པས། གཟུང་འཛིན་དུ་ཞེན་པའི་འཁྲུལ་རྟོག་འཇིག་པའི་ཚུལ་བརྟགས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་དམིགས་སུ་མེད་པའི་དེ་ཁོ་ན་ཉིད་ཤེས་པར་གྱིས་ཤིག །གཉིས་པ་ནི། ཡེ་ནས་གཞི་དང་རྩ་བ་མེད་པའི་སེམས་ཉིད་ནམ་མཁའ་ལྟ་བུ་ནི། དངོས་པོ་དང་མཚན་མ་གང་དུའང་མ་གྲུབ་པས་འདི་ལ་ཕོ་དང་མོ་ཞེས་གདགས་པ་མ་ཡིན་ལ་མ་ནིང་ཞེས་ཀྱང་དམིགས་སུ་ཡོད་པ་མིན་ཞིང་། མཚན་མེད་ཀྱང་མ་ཡིན་ལ་རྒྱལ་པོ་ལ་སོགས་པའི་རིགས་བརྒྱུད་དུ་གཏོགས་པ་མིན་ཞིང་། དཀར་པོ་ལ་སོགས་པའི་ཁ་དོག་ཏུ་གྲུབ་པ་མ་ཡིན། གྲུ་བཞི་ལ་སོགས་པའི་དབྱིབས་སུ་གྲུབ་པའང་མ་ཡིན། སེམས་ཉིད་འདི་སངས་རྒྱས་ཀྱི་ཞིང་དང་སེམས་ཅན་གྱི་གནས་སུ་དམིགས་པ་མ་ཡིན་ཞིང་མདོར་ན་གང་ཡང་མིན་ཏེ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། སེམས་ནི་དམིགས་མེད་བསམ་དུ་ཡོད་མ་ཡིན། །རང་བཞིན་དག་ཅིང་ངོ་བོ་ཉིད་ཀྱིས་སྟོང་། །ཡེ་ནས་བདག་མེད་ཆོས་ཉིད་ཟབ་མོ་སྟེ། །ནམ་མཁའ་བཞིན་དུ་ཟབ་ཞི་སྤྲོས་དང་བྲལ། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་སེམས་ཉིད་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཏེ། ཐབས་ཀྱི་ཕྱག་རྒྱ་ཐམས་ཅད་དང་ཤེས་རབ་ཟབ་མོ་ཀུན་གྱི་རྒྱུ་བྱེད་པས་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པའི་དབྱིངས་ཡིན་ནོ། །གཉིས་པ་ཐབས་གཟུགས་སྣང་བསྒོམས་པའི་ཏིང་ངེ་འཛིན་ལ་གཉིས། བསྐྱེད་རྫོགས་ལྷའི་ཏིང་ངེ་འཛིན་དུ་བསྟན་པ་དང་། སྣང་སྲིད་ཀུན་ཏུ་བཟང་པོའི་ཕྱག་རྒྱར་བཤད་པའོ། །དང་པོ་ནི། རང་གི་སེམས་ཉིད་འོད་གསལ་བའི་ཡི་གེ་ཐབས་ཀྱི་རང་བཞིན་དུ་སྣང་བ་ལས་ཐབས་བྱུང་འོད་ཟེར་གྱི་རྩེ་ལས་ཡི་གེ་འཐོན་པ་དང་དེ་ཡང་གྲངས་མེད་པར་འཕྲོ་བས་ཐབས་བསམ་ཡས་ཤིང་དཔག་ཏུ་མེད་པའོ། །དེ་ཡོངས་སུ་གྱུར་བ་ལས་དོན་ལ་ཐ་དད་པ་གཞན་དུ་ཡོད་པ་མིན་པ་ལས་ཐ་དད་པའི་རྣམ་པ་སྣོད་གཞལ་ཡས་ཁང་དང་བཅུད་ལྷ་དང་ལྷ་མོའི་རོལ་བར་བསྒོམ་ཞིང་། དེ་ལྟར་བསྒོམ་པའི་དུས་ན་ནང་རང་ཉིད་ལྷ་དང་ཡི་གེར་སྣང་བའི་འཕྲོ་འདུ་དང་ནང་གི་ཕྱི་རོལ་གྱི་རྣམ་པ་སེམས་ཀྱིས་བསྐྱེད་པའི་གཞལ་ཡས་ཁང་ཞིང་ཁམས་དང་། སྤྲོ་བསྡུའི་གཞི་སངས་རྒྱས་དང་སེམས་ཅན་དུ་བློས་བཀོད་པ་རྣམས་ཀྱི་དཀྱིལ་འཁོར་གྲངས་མེད་བསམ་ཡས་སུ་བསྒོམ་པའི་འཕྲོ་འདུ་ཡང་རང་སྣང་གི་ཡེ་ཤེས་བཀོད་པའི་རོལ་པ་ནི། སེམས་ཉིད་གདོད་ནས་དག་པས་སངས་རྒྱས་པའི་རང་བཞིན་གང་ལའང་འཇིགས་པ་མེད་པ་གནས་ལུགས་དོན་གྱི་ཀུན་ཏུ་བཟང་པོའི་ཕྱག་རྒྱའི་མཆོག་གིས་བཏབ་པའི་ཕྱིར་རོ། །བསྐྱེད་པའི་རིམ་པའང་རང་བཞིན་མེད་པའི་རྫོགས་རིམ་དུ་ལྷུན་གྱིས་གྲུབ་པས་དེའི་ངང་ལ་མཉམ་པར་བཞག་ཅིང་སྤྲོས་པ་མེད་པའི་དོན་ལ་གནས་པར་བྱའོ། །གཉིས་པ་ནི། འོད་གསལ་བའི་སེམས་ཉིད་ཡི་གེར་སྣང་བའི་ཐབས་ལས་རང་གི་དེ་ཁོ་ན་ཉིད་ཡུལ་སེམས་སུ་སྣང་བའི་ཐབས་བྱུང་ཞིང་སྣང་སྲིད་སྣ་ཚོགས་སུ་སྣང་བའི་ཐབས་བསམ་ཡས་སུ་ཤར་བ་དེ་དག་ཀྱང་དོན་ཐ་དད་དུ་ཡོད་པ་མིན་པ་ལ། ཐ་དད་པའི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི། ནང་གི་སེམས་དང་ནང་གི་ཕྱི་རོལ་དཀར་དམར་སྣ་ཚོགས་སུ་སྣང་བའི་ཆོས་ཀྱི་དཀྱིལ་འཁོར་བསམ་ཡས་ཡེ་ཤེས་ཀྱི་རོལ་པར་ཤར་བས་འཇིགས་མེད་ཀུན་ཏུ་བཟང་པོ་ཡེ་ནས་སངས་རྒྱས་པའི་ཕྱག་རྒྱའི་མཆོག་གིས་རྒྱས་བཏབ་པ་ཞེས་བྱའོ། །ཡང་ཐབས་ཡི་གེ་འཁོར་ལོ་ལས་ཐབས་བྱུང་འཕྲོ་འདུ་བྱེད་པའི་ཡི་གེའི་ཐབས་བསམ་ཡས་འཕྲོ་བ་ཡང་། སེམས་ལས་ཐ་དད་མིན་པ་བློས་འཕྲོ་ས་འཕྲོ་ཡུལ་ཐ་དད་པའི་ཆོས་སུ་བྱེད་ཅིང་ནང་རང་གི་སེམས་དང་ནང་གི་ཕྱི་རོལ་སེམས་ལ་སྣང་བའི་ཆོས་ཐམས་ཅད་ཡི་གེར་གྱུར་པའི་འཕྲོ་འདུས་དབང་བསྒྱུར་བའི་དཀྱིལ་འཁོར་བསམ་ཡས་ཡེ་ཤེས་ཀྱི་རོལ་པ་བསྒོམ་པ་ནི། འཇིག་མེད་ཀུན་ཏུ་བཟང་པོའི་ཕྱག་རྒྱའི་མཆོག་ཡིན་ནོ། །ཞེས་ཡི་གེ་བསྒོམ་པ་ལའང་སྦྱར་རོ། །གསུམ་པ་མཉམ་པར་བཞག་པ་གཅིག་ཏུ་དོན་བསྡུ་བ་ནི། དེ་ལྟར་ཡི་གེ་ཕྲེང་བ་རྟོགས་པའི་རྣལ་འབྱོར་པ་གང་གིས་གླང་ཆེན་ཆང་གིས་མྱོས་པ་དང་འདྲ་བའི་སེམས་ལས་སུ་མི་རུང་བ་བདག་ཏུ་ལྟ་བའི་གནས་ལ་རྟེན་འཆའ་ཞིང་མཚན་མར་འཛིན་པའི་ཆང་གིས་མྱོས་པས་འཁོར་བར་རྒྱུ་ཞིང་སྡུག་བསྔལ་བར་བྱེད་པ་འདི་ཉིད། གནས་ལུགས་ཀྱི་དོན་ལ་ཞི་ལྷག་ཟུང་འབྲེལ་གྱི་ཚུལ་དུ་མཉམ་པར་བཞག་པས་དངོས་པོ་དང་མཚན་མར་འཛིན་པའི་བློ་བཏུལ་ནས་སུ། བསྐྱེད་རྫོགས་ཡན་ལག་སྔགས་དང་ཕྱག་རྒྱ་རབ་ཏུ་བརྟན་ཞིང་གོམ་པར་བྱས་ན། དངོས་གྲུབ་ཡ་མཚན་ཆེན་པོ་ཀུན་ཏུ་བཟང་པོ་ཉིད་ཐོབ་པར་འགྱུར་རོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ཡི་གེའི་སྤྲིན་དུ་གནས་སོ་ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་ཉིད་ཡི་གེ་འཁོར་ལོ་ལས་དངོས་གྲུབ་ཕུན་སུམ་ཚོགས་པ་ལྷུན་གྲུབ་ཏུ་འབྱུང་བའི་གཟིགས་མོས་མཉེས་པར་གྱུར་ཏོ། །ཡི་གེ་སྤྲིན་གྱི་འཁོར་ལོ་གསང་བའི་སྙིང་པོ་དངོས་གྲུབ་ཐམས་ཅད་འབྱུང་བའི་དེ་ཁོ་ན་ཉིད་ངེས་པ་ལས་ཡི་གེ་སྒྱུ་འཕྲུལ་དྲྭ་བ་བསྒྲུབ་པའི་ཏིང་ངེ་འཛིན་གྱི་རྣམ་གྲངས་བསྟན་པའི་ལེའུ་སྟེ་ལྔ་པའོ།། ༈ །།དོན་གཉིས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་ལ་གཉིས་ཏེ། དབྱིངས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྱིར་བསྟན་པ་དང་། དེའི་ཡན་ལག་སྔགས་དང་ཕྱག་རྒྱའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས། དཀྱིལ་འཁོར་སྤྲོ་བའི་རྒྱུ་བརྗོད་པ་དང་དེ་ལས་འཕྲོས་པ་དཀྱིལ་འཁོར་ཉིད་བཤད་པའོ། །དང་པོ་ནི། ཡི་གེ་སྤྲིན་གྱི་དཀྱིལ་འཁོར་བཀོད་པ་དེ་ནས་རང་སྣང་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་དུ་སྣང་བ་ཐམས་ཅད་ཀྱིས། གདུལ་བྱའི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ་རྣམ་པར་གཟིགས་ནས། དེ་བཞིན་གཤེགས་པ་ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་དབྱུང་བར་བཞེད་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་ལ་གསུམ། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་སྤྱིར་བསྟན་པ། ལམ་ཏིང་ངེ་འཛིན་བསྒོམ་པའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པ། འབྲས་བུ་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་དུ་དོན་བསྡུ་བའོ། །དང་པོ་ནི། ཕྱི་རོལ་ས་ཆུ་མེ་རླུང་ནང་དུ་གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་གསང་བར་གཏི་མུག་ང་རྒྱལ་འདོད་ཆགས་ཕྲག་དོག་བཞི་ནི་ཡེ་ནས་ཆོས་ཀྱི་དབྱིངས་མཉམ་པ་ཉིད་སོ་སོར་རྟོག་པ་བྱ་བ་གྲུབ་པའི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པས་ཕྱོགས་བཞི་དང་ཞེ་སྡང་ནམ་མཁའ་རྣམ་ཤེས་གསུམ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་པས་དབུས་ཞེས་བརྟགས་ཏེ། འབྱུང་བ་ལྔ་ཡུམ་ལྔ་དང་ཕུང་པོ་ལྔ་ཡབ་དང་། དུག་ལྔ་ཡེ་ཤེས་ལྔའི་ངོ་བོར་གནས་པའི་དཀྱིལ་འཁོར་བསམ་ཡས་པར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་རང་སྣང་དུ་ལྷུན་གྱིས་གྲུབ་པ་ནི། རྫོགས་པ་ཆེན་པོ་སྟེ་དེ་ཉིད་རྟོགས་པའི་རྣལ་འབྱོར་པས། འཁོར་འདས་ཀྱི་ཆོས་རྣམས་ཀུན་སྤང་བླང་དང་དགག་སྒྲུབ་མེད་པར་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་སྤྱོད་ཅིག་པའོ། །བླ་མ་རོང་པས་ནི་རྫོགས་པ་ཆེན་པོའི་དོན་རྟོགས་པའི་རྣལ་འབྱོར་པས་ཀུན་འབྱུང་གི་ཆོས་སུ་གྲགས་པ་ཐམས་ཅད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོར་སྤྱོད་ཅིག་ཅེས་གསུངས། གཉིས་པ་ལ་གཉིས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དངོས་དང་། དེའི་གྲུབ་པ་འབྲས་བུའི་དཀྱིལ་འཁོར་རོ། །དང་པོ་ལ་གཉིས། རྟེན་གཞལ་ཡས་ཁང་གི་དཀྱིལ་འཁོར་དང་། རྟེན་པ་ལྷའི་དཀྱིལ་འཁོར་རོ། །དང་པོ་ལ་གསུམ། གཞལ་ཡས་ཁང་། རྒྱན་དང་། གདན་བཤད་པའོ། །དང་པོ་ནི། ཡེ་ཤེས་བཞིས་མ་རིག་པ་གཅོད་པར་མཚོན་པའི་འཁོར་ལོ་རྩིབས་བཞི་པ་དེ་ཉིད་ཀྱང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སུ་མཚོན་པའི་ཕྱིར་མུ་ཁྱུད་དཀར་པོ་ཟླུམ་པོ་དང་བཅས་ཤིང་། དེའི་ཕྱི་རོལ་དུ་ཚད་མེད་པ་བཞིའི་མཚོན་བྱེད་གྲུ་ཆད་བཞིས་བརྒྱན་པ་ཡེ་ཤེས་ལ་རྒྱ་ཆད་དང་ཕྱོགས་ལྟུང་མེད་པར་མཚོན་པའི་བར་ཁྱམས་ཕྱོགས་ཀུན་ཏུ་འཁོར་བ་དང་། ཆེ་བའི་ཡོན་ཏན་རྒྱས་པའི་རྟགས་སུ་གཞལ་ཡས་ཁང་དེའི་རྣམ་པ་ཀུན་ཏུ་གྲུ་བཞི་པ་རྣམ་པར་ཐར་པ་བཞི་མཚོན་པའི་སྒོ་ཁྱུད་དང་ལྡན་པ། དེས་མཚོན་ཏེ་རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་བརྒྱད་དང་ལྡན་པའོ། །གཉིས་པ་ནི། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ལ་སོགས་པ་མཚོན་པའི་ཕྱིར་གདུགས་དང་རྒྱལ་མཚན་ལ་སོགས་པ་རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན་དུ་གཏིབས་པ། དེ་མཛེས་པར་བྱེད་པ་ལྷའི་གནས་ཀྱི་གྲངས་དང་མཉམ་པའི་སོ་སོའི་གདན་གྱི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཀྱིས་བརྒྱན་པའོ། །གསུམ་པ་ནི། མི་འཇིགས་པ་བཞི་ལ་སོགས་པའི་མཚོན་བྱེད་དུ་སེང་གེ་དང་གླང་ཆེན་དང་རྟ་དང་ཁྱུང་དང་། ནམ་མཁའི་ལྡིང་གི་དབང་པོ་རྣམས་ཀྱིས་བཏེགས་པའི་ཁྲི་ཆེན་པོ་ལ། ཤེས་རབ་ཉི་མ་ཐབས་ཟླ་བ་སྐྱོན་གྱིས་མ་གོས་པ་པདྨ་དེ་དག་ལས་འདོད་དགུ་འབྱུང་བས་རིན་པོ་ཆེ་ཞེས་སྨོས་སོ། །དེའང་རིགས་ལྔ་ལ་ལྔ་བརྩེགས་གདངས་ཀྱི་ཀུན་བཟང་ཡབ་ཡུམ་ལ་བཞི་བརྩེགས། སེམས་དཔའ་རྣམས་ལ་སུམ་བརྩེགས། ཐུབ་པ་དྲུག་ལ་པདྨའི་གདན་རེ་རེ་དང་། སྒོ་བ་རྣམས་ལ་ཉི་མ་རེ་རེ་རྐྱང་པར་བཤད་དོ། །གཉིས་པ་བརྟེན་པ་ལྷའི་དཀྱིལ་འཁོར་ལ་དྲུག་ལས་དང་པོ་ཇི་ལྟར་འབྱུང་བའི་ཚུལ་ནི། །གདན་དེ་དག་ལ་ཀུན་བཟང་ཡབ་ཡུམ་དང་རིགས་ལྔ་ཡབ་ཡུམ་རྣམས་ནི་རྒྱལ་པོའི་ཚུལ་ཏེ་དོན་གཉིས་ལྷུན་གྱིས་གྲུབ་པས་རྫོགས་པའི་དཀྱིལ་མོ་ཀྲུང་དང་སེམས་དཔའ་ཡབ་ཡུམ་རྣམས་བློན་པོའི་ཚུལ་གྱིས་འཁོར་དུ་བཀོད་པས་སེམས་དཔའི་དཀྱིལ་ཀྲུང་གི་ཚུལ་དང་། སྒོ་བ་རྣམས་ནི་དམག་དཔོན་གྱི་ཚུལ་དུ་བགེགས་དང་ལོག་འདྲེན་ཚར་གཅོད་པས་ཞལ་ཕྱིར་གཟིགས་ཤིང་གྱད་ཀྱི་དོར་ཐབས་སུ་བཞུགས་ལ་ཐུབ་པ་རྣམས་ནི་རང་རང་གི་འགྲོ་བའི་གཙོ་བའི་གཟུགས་སུ་སྣང་བས་རྒྱལ་ཕྲན་གྱི་རྣམ་པས་མི་བཞུགས་བར་བཞེངས་པའོ། །གཉིས་པ་གནས་གང་དུ་ལྷ་གང་བཞུགས་པ་ནི། དབུས་ཀྱི་འཁོར་ལོ་དེའི་ལྟེ་བ་དང་རྩིབས་བཞིས་རྣམ་སྣང་ལ་སོགས་པ་རྒྱལ་པོ་ཡབ་ལྔ་དང་རྒྱལ་མོ་ཡུམ་ལྔ་དང་བཅས་པའོ། །གཙོ་བོའི་གཡས་ཤར་ལྷོ་ནས་གཟུང་སྟེ་རྩིབས་མཆན་བཞིར་མཐོང་བ་སའི་སྙིང་པོ་དང་ཐོས་པ་ཕྱག་ན་རྡོ་རྗེ་དང་སྣོམ་པ་ནམ་མཁའི་སྙིང་པོ་དང་མྱོང་བ་སྤྱན་རས་གཟིགས་དང་བཙུན་མོའི་རང་བཞིན་སྒེག་པ་མ་དང་ཕྲེང་བ་མ་དང་གླུ་མ་དང་གར་མའི་ཚོགས་སུ་བཅས་པའོ། །ཤར་ལྷོའི་ལ་སོགས་པའི་གྲུ་ཆད་བཞི་ལ་ནི་མཐོང་བྱེད་བྱམས་པ་དང་། ཐོས་བྱེད་སྒྲིབ་པ་རྣམས་སེལ་དང་། སྣོམ་བྱེད་ཀུན་ཏུ་བཟང་པོ་དང་མྱོང་བྱེད་འཇམ་དཔལ་རྣམས། བཙུན་མོའི་རང་བཞིན་བདུག་པ་མ་དང་མེ་ཏོག་མ་དང་མར་མེ་མ་དང་དྲི་ཆབ་མའི་ཚོགས་དང་བཅས་པར་གནས་སོ། །བར་ཁྱམས་ལ་ནི་ལྷ་ལ་སོགས་པའི་ཐུབ་པ་དྲུག་པོ་རྣམས་དང་། གཙོ་བོའི་ཐུགས་ཀའི་མདུན་དང་རྒྱབ་ཏུ་ཞལ་ཕྱོགས་པའི་ཚུལ་གྱིས་བྱེད་པ་པོ་ཀུན་ཏུ་བཟང་པོ་གདངས་ཀྱི་འཆར་བྱེད་དང་། བྱ་བ་མོ་ཀུན་ཏུ་བཟང་མོ་གདངས་ཀྱི་འཆར་གཞི་གཉིས་པོ་དག་ནི་གནས་པར་བསྟན་ཏེ་དེ་གཉིས་ལས་དཀྱིལ་འཁོར་ཀུན་འཆར་བར་མཚོན་པའི་ཕྱིར་རོ། །ཤར་ལ་སོགས་པའི་སྒོ་ཁྱུད་བཞི་ལ་བདུད་བཞི་འཇོམས་པ་ཁྲོ་བོ་གཤིན་རྗེ་གཤེད་སྟོབས་པོ་ཆེ་རྟ་མགྲིན་བདུད་རྩི་འཁྱིལ་པ་བཞི་ནི། བཙུན་མོའི་རང་བཞིན་ལྕགས་ཀྱུ་མ་ཞགས་པ་མ་ལྕགས་སྒྲོག་མ་དྲིལ་བུ་མ་བཞིའི་ཚོགས་དང་ལྡན་པར་གར་དགུའི་རོལ་པས་གནས་སོ། །གསུམ་པ་ཕྱག་མཚན་གང་འཛིན་པ་ནི། ཐུགས་རྣམ་པ་སྣང་མཛད་སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་བརྡར་རྩ་བའི་ཕྱག་གཡས་ཀྱི་དང་པོ་རྡོ་རྗེ་དང་མི་བསྐྱོད་པས་ཉོན་མོངས་པའི་དྲྭ་བ་གཅོད་ཅིང་ཆོས་ཀྱི་འཁོར་ལོ་བསྐོར་བའི་བརྡར་འཁོར་ལོ་དང་རིན་ཆེན་འབྱུང་ལྡན་འགྲོ་བའི་རེ་བ་སྐོང་ཞིང་ཡོན་ཏན་ལྷུན་གྱིས་གྲུབ་པའི་བརྡར་རིན་པོ་ཆེ་དང་། འོད་དཔག་མེད་འདོད་ཆགས་དབྱིངས་སུ་དག་ཅིང་སོ་སོར་རྟོག་པས་འགྲོ་བ་ལ་དགོངས་པའི་བརྡར་པདྨ་དང་དོན་ཡོད་གྲུབ་པ་ཕྲིན་ལས་བཞིས་འགྲོ་བའི་ཉོན་མོངས་པ་གཅོད་པའི་བརྡར་རལ་གྲི་དང་རྩ་ཕྱག་གཡོན་རྣམས་ན་དྲིལ་བུ་འོད་འབར་བས་ཡུམ་ལ་འཁྱུད་པའོ། །གཙོ་བོའི་ཕྱག་མཚན་ནི་རྡོ་རྗེ་མེ་ལོང་ལས། རྡོ་རྗེ་འཁོར་ལོ་རལ་གྲི་འབར། །དྲིལ་བུ་པདྨ་རིན་པོ་ཆེ། །རྡོ་རྗེ་འཛིན་པའི་རིམ་པའོ། །གཞན་གང་གནས་སུ་རྡོ་རྗེ་ཤེས། དང་པོ་ཐུགས་དང་གཡོན་འཁྱུད་པའོ། །ཞེས་གསུངས་པས་མི་བསྐྱོད་པ་ལ་སོགས་པ་བཞི་ཡང་ཤེས་པར་བྱའོ། །ཡུམ་རྣམས་ནི་གཡས་ཡབ་དང་མཐུན་ཞིང་གཡོན་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་པའོ། །དེའང་ཡབ་རྣམས་ནི་ཞལ་གསུམ་ཕྱག་དྲུག་པ་དང་ཡུམ་རྣམས་ནི་ཞལ་གཅིག་ཕྱག་གཉིས་མའོ། །སེམས་དཔའ་རྣམས་ཀྱི་ཕྱག་མཚན་ཨུཏྤལ་ཀླུ་ཤིང་ལ་སོགས་མཚན། ཅེས་པས་འཇམ་དཔལ་ནི་ཉོམ་མོངས་པ་སྤངས་པ་ཨུཏྤལ། བྱམས་པ་ནི་ཉོན་མོངས་པའི་ཚ་གདུང་སེལ་བས་ཀླུ་ཤིང་། སའི་སྙིང་པོ་ཡེ་ཤེས་ཀྱི་མྱུ་གུ་བསྐྲུན་པས་རིན་པོ་ཆེའི་མྱུ་གུ། ཕྱག་ན་རྡོ་རྗེས་སྡུག་བསྔལ་འཇོམས་པས་རྡོ་རྗེ། ནམ་མཁའི་སྙིང་པོ་ཉོན་མོངས་བའི་རྒྱུན་གཅོད་པས་རལ་གྲི། །སྤྱན་རས་གཟིགས་ཉེས་པའི་སྐྱོན་གྱིས་མ་གོས་པས་པདྨ། སྒྲིབ་པ་རྣམས་སེལ་སེམས་ཅན་ལ་ཆོས་སྟོན་པས་རིན་པོའི་ཆེའི་སྒྲོམ་བུ། ཀུན་ཏུ་བཟང་པོ་སེམས་ཅན་གྱི་རེ་བ་བསྐོང་བས་རིན་པོ་ཆེའི་སྙེ་མའོ། །དེ་དག་གི་ཡུམ་རྣམས་ནི་མཛེས་ཚུལ་དུ་མཉེས་པའི་ཡོ་བྱད་འཛིན་པར་བྱེད་དོ། །རྡོ་རྗེ་སྒེག་མོ་ནི་གཟུགས་ཐམས་ཅད་དེ་བཞིན་ཉིད་ཀྱི་ངོ་བོར་སྟོན་པས་རྡོ་རྗེའི་ཁུ་ཚུར་དཀུར་བརྟེན་པའམ་མེ་ལོང་འཛིན་པ། ཕྲེང་བ་མ་ཐབས་དང་ཤེས་རབ་མི་འབྲལ་བར་མཚོན་པས་རིན་པོ་ཆེའི་ཕྲེང་བ། གླུ་མ་ཆོས་ཀྱི་སྒྲ་སྒྲོགས་པས་པི་ཝཾ། གར་མ་གདུལ་བྱ་ལ་དགའ་བ་བསྐྱེད་པས་གར་བསྒྱུར་བའི་ཕྱག་ན་རྡོ་རྗེ་དྲིལ་བུ་འཁྲོལ་བའོ། །བདུག་སྤོས་མ་ནི་ཚུལ་ཁྲིམས་ཀྱི་དྲིས་ཚིམ་པར་བྱེད་པས་སྤོས་ཁང་། མེ་ཏོག་མ་བྱང་ཆུབ་ཀྱི་ཡན་ལག་མཚོན་པས་མེ་ཏོག་གི་ཟ་མ་ཏོག །མར་མེ་མས་མ་རིག་པའི་མུན་པ་སེལ་བས་མར་མེ། དྲི་ཆབ་མས་བག་ཆགས་ཀྱི་དྲི་མ་འཁྲུ་བས་དྲིའི་དུང་ཆོས་འཛིན་པའོ། །ཐུབ་པ་དྲུག་ནི། བརྒྱ་བྱིན་ལྷ་རྣམས་ལ་ཆོས་ཀྱི་སྡོམ་བཞི་སྟོན་པས་པི་ཝཾ། ཐག་བཟང་རིས་ལྷ་མ་ཡིན་རྣམས་འཐབ་རྩོད་ཀྱིས་འདུལ་བས་གོ་མཚོན། ཤཱཀྱ་ཐུབ་པ་མི་རྣམས་ལ་དགེ་བཅུ་སྟོན་པས་མཁར་གསིལ་དང་ལྷུང་བཟེད། སེང་གེ་རབ་བརྟན་བྱོལ་སོང་གླེན་ལྐུགས་ཀྱི་མདུད་པ་འགྲོལ་བས་པོ་ཏི། ཁ་འབར་དེ་བ་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བས་རིན་པོ་ཆེའི་སྒྲོམ་བུ། ཨ་ཝ་གླང་མགོ་དམྱལ་བའི་ཉེས་དམིགས་སྟོན་པས་མེ་ཆུ་བསྣམས་པའོ། །ཀུན་ཏུ་བཟང་པོ་ཡབ་ཡུམ་ནི་དབྱིངས་ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བར་མཚོན་པས་ཕྱག་མཚན་མེད་དོ། །སྒོ་བ་བཞི་ནི་འཆི་བདག་གི་བདུད་འཇོམས་པས་གཤིན་རྗེ་གཤེད་ཐོད་དབྱུག །ཕུང་པོའི་བདུད་འཇོམས་པས་སྟོབས་ཆེན་རྡོ་རྗེ། ཉོན་མོངས་པའི་བདུད་འཇོམས་པས་རྟ་མགྲིན་ཐོད་སྦྲུལ། ལྷའི་བུའི་བདུད་འཇོམས་པས་བདུད་རྩི་འཁྱིལ་པ་རྡོ་རྗེ་རྒྱ་གྲམ་འཛིན་པའོ། །ཡུམ་བཞི་ནི་བསྡུ་བའི་དངོས་པོ་བཞི་དང་ཚད་མེད་པ་བཞི་མཚོན་བྱེད་དུ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་རྣམས་འཛིན་པའོ། །བཞི་པ་སྐུ་མདོག་ཇི་ལྟར་སྣང་བ་ནི་རིགས་ཀྱི་སྐུ་མདོག་ཉི་ཤུ་རྩ་ལྔ་དང་། སྣ་ཚོགས་ཀྱི་སྐུ་མདོག་བཅུ་བདུན་ལས་དང་པོ། །ཐུགས་ཀྱི་རིགས་ཆོས་ཉིད་མི་འགྱུར་བ་མཚོན་པའི་ཕྱིར་རྣམ་སྣང་ཡབ་ཡུམ་ཀུན་བཟང་ཡབ་ཡུམ་ལྷ་མ་ཡིན་གྱི་ཐུབ་པ་དང་ལྔ་ནི་མཐིང་ཁ་དང་སྐུའི་རིག་རྣམས་སྐྱོན་གྱིས་མ་གོས་པར་མཚོན་པའི་ཕྱིར་མི་བསྐྱོད་པ་ཡབ་ཡུམ། །ས་སྙིང་ཡབ་ཡུམ་ལྷའི་ཐུབ་པ་རྣམས་དཀར་པོ་དང་ཡོན་ཏན་གྱི་རིགས་རྣམས་ཆེ་བའི་ཡོན་ཏན་མཚོན་པའི་ཕྱིར་རིན་འབྱུང་ཡབ་ཡུམ་ནམ་སྙིང་ཡབ་ཡུམ་མིའི་ཐུབ་པ་རྣམས་སེར་པོ་དང་གསུང་གི་རིགས་རྣམས་ཐུགས་རྗེས་འགྲོ་བ་ལ་ཆགས་པ་མཚོན་པའི་ཕྱིར་འོད་དཔག་མེད་ཡབ་ཡུམ་སྤྱན་རས་གཟིགས་ཡབ་ཡུམ་ཡི་དྭགས་ཀྱི་ཐུབ་པ་རྣམས་ལེ་བརྒན་ཏེ་དམར་པོ་དང་ཕྲིན་ལས་ཀྱི་རིགས་རྣམས་ལས་སྣ་ཚོགས་ཀྱིས་འདུལ་བའི་ཕྱིར་དོན་གྲུབ་ཡབ་ཡུམ་ཕྱག་རྡོར་ཡབ་ཡུམ་དུད་འགྲོའི་ཐུབ་པ་རྣམས་ལྗང་གུའོ་ལ་སོགས་ཀྱིས་བསྡུས་བ་སྣ་ཚོགས་པའི་མདོག་ཅན་ནི་ཕྲིན་ལས་དང་ཡོན་ཏན་དུ་མས་འགྲོ་བ་འདུལ་བའི་ཕྱིར་བྱམས་པ་ཡབ་ཡུམ་དཀར་སེར། སྒྲིབ་པ་རྣམ་སེལ་ཡབ་ཡུམ་དམར་སེར། །ཀུན་བཟང་ཡབ་ཡུམ་དམར་ལྗང་། འཇམ་དབྱངས་ཡབ་ཡུམ་དཀར་ལྗང་། །གཤིན་རྗེ་གཤེད་ཡབ་ཡུམ་སྨུག་ནག་སྟོབས་ཆེན་ཡབ་ཡུམ་སེར་ནག རྟ་མགྲིན་ཡབ་ཡུམ་དམར་ནག །བདུད་རྩི་འཁྱིལ་པ་ཡབ་ཡུམ་ལྗང་ནག དམྱལ་བའི་ཐུབ་པ་དུད་ཁའོ། །ལྔ་པ་ཚུལ་ཇི་ལྟར་བཞུགས་པ་ནི། །ལྷ་དེ་དག་ཀྱང་སྐྱེ་བ་གནས་སུ་དག་པས་སྐུ་མཉེན་པ་དང་ན་བ་གནས་སུ་དག་པས་སྐུ་སྐབས་ཕྱེད་ཅིང་རིམ་པར་འཚམས་པས་ལྕུག་པ་དང་འཆི་བ་གནས་སུ་དག་པས་སྐུ་ལྷོད་པོར་མ་གྱུར་པར་འཁྲིལ་བག་ཆགས་ཤིང་རབ་ཏུ་ལྡེམ་པ་དང་། རྒ་བ་གནས་སུ་དག་་པས་སྐུ་འཇམ་ཤིང་གཞོན་ཤ་ཆགས་པའི་ངང་ཚུལ་ཅན་ནོ། །དེ་ལྔ་ནི་ངོ་བོའི་ཡོན་ཏན་ཡིན་ལ། རྣམ་པའི་ཡོན་ཏན་ནི་མཚན་དཔའི་མཛེས་པའི་སྐུ་དྲི་མ་མེད་པས་ཁ་དོག་ཤིན་ཏུ་གསལ་བ་དང་གསལ་བ་དང་ཟད་པར་རྫོགས་པས་སྐུ་བཀྲག་རབ་ཏུ་འཚེར་བའི་མདངས་ཅན་དང་བརྗིད་ཅིང་ཡིད་དུ་འོང་བའི་སྐུ་ལྷུན་སྟུག་པ་དང་འགྲོ་བ་ཟིལ་གྱིས་གནོན་པའི་གཟི་བརྗིད་ཆེན་པོ་དང་ལྡན་པའོ། །དྲུག་པ་འོད་ཟེར་ཇི་ལྟར་འཕྲོ་བ་ནི། སྐུ་དེ་དག་གི་གནས་ཆེན་པོ་དྲུག་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་ཕྱོགས་བཅུར་འཕྲོ་བས་འོད་ཟེར་གྱི་ཚོགས་ཆེན་པོ་སྣང་བར་གྱུར་པའོ། །སྒོ་བ་ཡབ་ཡུམ་ནི་བསྐལ་པའི་མེ་དཔུང་ལྟར་འབར་བའི་ཀློང་ན་མེའི་འཕྲེང་བས་ཕྱོགས་བཅུར་འཁྱིལ་བ་སྟེ་རྔམ་པའི་ཆ་བྱད་ཅན་ནོ། །དེ་ལྟ་བུའི་སྣང་བས་ནམ་མཁའི་དབྱིངས་ཀྱི་མཐའ་དབུས་མེད་པར་ཁྱབ་པ་ཡི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྲངས་དང་ཚད་བསམ་ཡས་ཤིང་རང་བཞིན་ལྷུན་གྱིས་གྲུབ་པར་བསྒོམས་པ་ནི་ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་ཞིང་ཡེ་ཤེས་དམ་པའི་ངོ་བོ་གྱུར་པའོ། །གཉིས་པ་དེའི་གྲུབ་པ་འབྲས་བུའི་དཀྱིལ་འཁོར་བཤད་པ་ལ་བཞི། འབྲས་བུ་སྐུའི་འཆར་ཚུལ། དེ་ལས་ཕྲིན་ལས་མཛད་ཚུལ། དེ་ལས་འགྲོ་བ་གྲོལ་ཚུལ། ངོ་མཚར་ལྟས་ཀྱི་སྣང་ཚུལ་ལོ། །དང་པོ་ནི་ཆོས་ཀྱི་སྐུ་ཡི་རང་བཞིན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ནི། དེ་བཞིན་ཉིད་ཀྱི་དབྱིངས་ལས་མ་གཡོས་ཀྱང་སྐུ་གཞན་གྱི་འཆར་གཞི་བྱེད་པའོ། །དེའི་ངང་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་ཡང་དག་པར་ཐར་བའི་གཟུགས་མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང་། དེའི་ཐུགས་རྗེ་ལས་འགྲོ་བ་མ་ལུས་པ་འདུལ་བའི་ཕྱིར། དེ་དག་གི་བསམ་པ་དང་མཐུན་པར་བྱས་པའི་སྐུ་ནི་སྣ་ཚོགས་སུ་སྟོན་པར་མཛད་དོ། །གཉིས་པ་ལ་གཉིས། དབྱིངས་ལས་མ་གཡོས་བཞིན་དུ་ཕྲིན་ལས་སྣང་བའི་དཔེ་དང་། གདུལ་བྱའི་དོན་དུ་ཕྲིན་ལས་སྣང་བའི་ཚུལ་ལོ། །དང་པོ་ནི། དེ་ལྟར་སྤྲུལ་པ་སྣ་ཚོགས་གདུལ་བྱ་ལ་སྟོན་པ་ཉིད་སྒྱུ་མ་དང་མིག་ཡོར་ལྟར་སྣང་དུས་ཉིད་ནས་ངོས་བཟུང་མེད་པའི་ཚུལ་དང་། ཚུལ་དེ་ཉིད་ཀྱང་ཆོས་ཀྱི་དབྱིངས་ལས་གཡོས་པ་མེད་ལ། དེ་ལྟར་མ་གཡོས་བཞིན་དུ་འགྲོ་བའི་སྣང་ངོར་སྤྲུལ་པའི་སྐུ་སྣ་ཚོགས་པའི་རྣམ་པ་སོ་སོར་སྣང་བ། དེ་ཚེ་རྒྱལ་པོ་དང་བྲམ་ཟེ་ལ་སོགས་པ་དང་ཞི་བ་དང་ཁྲོ་བོ་ལ་སོགས་པ་རྣམ་པ་མི་མཐུན་པའི་སྐུ་སྣ་ཚོགས་པ་དག །གདུལ་བྱ་སོ་སོ་ལ་རང་རང་གི་རིས་དང་འདྲ་བར་སྣང་བ་ནི། ཆོས་སྐུ་དེ་བཞིན་ཉིད་ཀྱི་དབྱིངས་ལས་མ་གཡོས་ཀྱང་། འགྲོ་བ་རང་རང་གི་སྐལ་བ་དང་སྔོན་གྱི་ལས་འཕྲོའི་དབང་གིས་རང་བཞིན་དང་འགྲོ་འདུལ་དང་སྣ་ཚོགས་སྤྲུལ་སྐུ་ལ་སོགས་པར་སོ་སོར་སྣང་བ་སྟེ། དཔེར་ན་མེ་ལོང་གིས་ངོས་ལ་བྱད་མ་འཕོས་ཀྱང་དེའི་རྣམ་པ་སྣང་བ་དང་ཆུ་སྣོད་དུ་ནམ་མཁའི་ཟླ་བ་མ་འཕོས་ཀྱང་ཆུ་ཟླ་སྣང་བ་བཞིན་ནོ། །གཉིས་པ་ལ་བཞི་ལས། འགྲོ་དྲུག་ཕལ་ལ་སྣང་ཚུལ་ནི། ལྷུན་སྟུག་པོ་བཀོད་པར་སྐུ་གསུམ་འདུ་འབྲལ་མེད་པའི་རང་བཞིན་དུ་སངས་རྒྱས་པ་དེ་ཡི་ཚེ་ལྷ་ལ་སོགས་པའི་འགྲོ་བ་དྲུག་པོ་ཐམས་ཅད་ལ། དེ་དག་གི་རྒྱུད་ཀྱི་སྡིག་པ་སྤོང་བའི་གཟུགས་བརྒྱ་བྱིན་ལ་སོགས་པའི་ཐུབ་པ་རྣམས་སུ་སྣང་བར་བསྟན་ནས་སྒྲིབ་པ་སྦྱོང་བ་ལ་སོགས་པའི་ཆོས་སྟོན་ཏོ། །གཉིས་པ་ཉན་ཐོས་ལ་སྣང་ཚུལ་ནི། ཉན་ཐོས་ཀྱི་རིགས་ཅན་རྣམས་ལ་དགྲ་བཅོམ་པའི་གཟུགས་སུ་བསྟན་ནས་བདེན་པ་བཞིའི་དོན་རྟོགས་པ་ལ་འགོད་པར་མཛད་དོ། །གསུམ་པ་རང་རྒྱལ་ལ་སྣང་བའི་ཚུལ་ནི། རང་རྒྱལ་གྱི་རིགས་ཅན་རྣམས་ལ་བསེ་རུ་ལྟ་བུའི་ཚུལ་གྱིས་རྟེན་འབྲེལ་གྱི་ཆོས་བརྡའི་སྒོ་ནས་སྟོན་པར་མཛད་པའོ། །བཞི་པ་ཐེག་པ་ཆེན་པོ་པ་ལ་སྣང་ཚུལ་ནི། །དེ་དག་ལས་གཞན་ཡང་ཐེག་པ་མཆོག་གི་རིགས་ཅན་རྣམས་ལ་དབང་པོའི་རིམ་པ་བཞིན། ས་བཅུའི་སེམས་དཔའ་རྣམས་ལ་གནས་དབང་ཕྱུག་ཆེན་པོའི་འོག་མིན་བླ་ན་མེད་པའི་གནས་གཟུགས་ཀྱི་ཁམས་ལས་ཁྱད་པར་དུ་འཕགས་པའི་མཆོག་ཏུ། སྟོན་པ་ཉིད་སྐུ་ནི་རྣམ་པར་སྣང་མཛད་ཀྱི་ཚུལ་དུ་བཞུགས་པ་ལ། ས་བཅུའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། སྔར་འགྲོ་བ་ཐ་དད་ལ་སྣང་བའི་སྤྲུལ་པའི་སྐུས་ཆོས་རྣམས་ཚིག་ཏུ་སྟོན་པར་སྣང་བ་དེ་བཞིན་དུ་ལོངས་སྐུའི་སྟོན་པ་ཉིད་ཆོས་རྣམས་གསུང་མཆོག་གིས་མི་སྨྲ་སྟེ། སྐུ་སྣང་བའི་ངོ་བོ་དེ་ཡིས་ཐེག་པ་མཆོག་གི་ཆོས་རྣམས་འཁོར་གྱི་བློ་ལ་མཇལ་བར་སྟོན་ཏོ། །གསུམ་པ་དེ་ལས་འགྲོ་བ་གྲོལ་ཚུལ་གཉིས། རྒྱུ་ལམ་གྱི་སྒྲིབ་པ་སྦྱང་བ་དང་། འབྲས་བུ་སྐུ་དང་ས་མཆོག་ཐོབ་ཚུལ་ལོ། །དང་པོ་ལ་གཉིས་ལས། དང་པོ་དཔེ་ནི། གདོང་ལ་མེ་ལོང་བསྟན་པའི་ཚེ་རང་གི་བྱད་སྣང་བའི་ཚུལ་གྱིས་དྲི་མ་མཐོང་བ་བཞིན་ཏུ་སླར་བྱད་དངོས་ཀྱི་དྲི་མས་གོས་པའི་མདོག་ངན་པ་ཐམས་ཅད་འཁྲུ་ཞིང་སེལ་བ་ལྟར། གཉིས་པ་དོན་ནི། ས་བཅུའི་བྱང་ཆུབ་སེམས་དཔའི་འཁོར་གྱིས་དཔེ་དེ་བཞིན་དུ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་བལྟས་པ་ན། བྱང་ཆུབ་ལ་སྒྲིབ་པ་ཡི་དྲི་མ་ཆེ་འབྲིང་ཕྲ་རགས་དང་བཅས་པ་གཏིང་དཔག་དཀའ་ཞིང་ཚད་མེད་པ་རྣམས་མེ་ལོང་ནང་དུ་དྲི་མ་སྣང་བ་བཞིན་དུ་སྐུ་ལ་སྣང་ངོ་། །དེ་ནས་དྲི་མ་དག་སྟོབས་ཀྱིས་ས་བཅུ་རིམ་གྱིས་འབྱང་ཞིང་། བླ་ན་མེད་པའི་བྱང་ཆུབ་ཡང་དག་པར་ཐོབ་བོ། །གཉིས་པ་ལ་གསུམ། ལྷུན་སྟུག་པོ་བཀོད་པར་སྐུ་དང་ཡེ་ཤེས་རྫོགས་ཚུལ་སྤྱིར་བསྟན་པ། དེ་ལ་སའི་རྫོགས་ཚུལ་བྱེ་བྲག་ཏུ་བཤད་པ། སྐུ་ལྔ་ལྷུན་གྱིས་གྲུབ་ཚུལ་དུ་དོན་བསྡུ་བའོ། །དང་པོ་ལ་གཉིས་ལས། སྐུ་གསུམ་འདུ་འབྲལ་མེད་པའི་ཐོབ་ཚུལ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རང་བཞིན་ཆོས་ཀྱི་སྐུ་ནི་བློས་དཔག་ཏུ་མེད་ཅིང་ཚིག་གིས་བརྗོད་དུ་མེད་པའི་ངོ་བོ་ཉིད་དོ། །དེ་ཉིད་ཀྱི་ངང་ལས་ལོངས་སྐུ་ནི་རྟག་ཏུ་ལྷུན་གྱིས་གྲུབ་པར་བཞུགས་པས་ཟད་པ་མེད་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་དུ་བཞུགས་སོ་དེའི་ངང་ལས་གདུལ་བྱའི་དོན་དུ་སྤྲུལ་པའི་སྐུ་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་འཕྲོ་བར་བྱེད་དོ། །གཉིས་པ་རང་སྣང་ལྷུན་གྲུབ་ཀྱིས་ཆེན་པོར་བཞུགས་ཚུལ་ནི། དེ་ལྟར་སྣང་སའི་ལོངས་སྐུ་དེ་ཡང་མཚན་དང་དཔེ་བྱད་ཐམས་ཅད་རྫོགས་ཤིང་། དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས་རང་སྣང་བའི་སྤྱོད་ཡུལ་ཀུན་ཏུ་སྐུ་དང་ཡེ་ཤེས་ཀྱི་མཎྜལ་སྟེ་དཀྱིལ་འཁོར་དུ་སྣང་བས་ཉིད་ལས་བཟང་ངན་མེད་པའི་རང་བཞིན་དུ་ལྷུན་གྱིས་གྲུབ་ཅིང་ཕུན་སུམ་ཚོགས་པ་ཐམས་ཅད་རང་སྣང་བའི་བསོད་ནམས་ཀྱི་ཚོགས་དང་། གང་དུའང་འཛིན་པ་མི་མངའ་བའི་ཡེ་ཤེས་ཀྱི་ཚོགས་ཏེ་ཚོགས་ཆེན་གཉིས་ཀྱང་རང་སྣང་དེ་ཉིད་དུ་ལྷུན་གྱིས་རྫོགས་པར་རོལ་པའོ། །གཉིས་པ་སའི་རྫོགས་ཚུལ་ནི། ཐབས་སྤྲུལ་པ་སྐུའི་ས་ཀུན་ཏུ་འོད་དང་ཤེས་རབ་རང་སྣང་དག་པ་ལོངས་སྤྱོད་རྫོགས་པ་པདྨ་ཅན་གྱི་ས་དང་གཉིས་སུ་མེད་པ་ས་ཡི་མཆོག །འཁོར་ལོ་ཚོགས་ཆེན་ཆོས་ཀྱི་སྐུའི་སའོ། །སའི་རྣམ་གྲངས་དང་ཡོན་ཏན་གྱི་ཆོས་དེ་དག་ལ་སོགས་པ་ཚད་མེད་ཅིང་བསམ་ཡས་ཀྱི་མཆོག་རྣམས་ཡོངས་སུ་རྫོགས་པའོ། །གསུམ་པ་སྐུ་ལྔ་ལྷུན་གྱིས་གྲུབ་ཚུལ་དུ་དོན་བསྡུ་བ་ནི། དེ་ལྟར་དེ་དག་ཐོབ་པའི་ཚེ་སྐུ་ལྔ་ཡང་ལྷུན་གྲུབ་ཏུ་ཐོབ་པས་ན་དང་པོ་ཆོས་ཀྱི་སྐུ་སྤྲོས་པའི་མཐའ་དང་བྲལ་བ་ནི་འགྱུར་བ་མེད་པའི་ཡོངས་གྲུབ་སྟེ་སྐྱེ་ཤི་མེད་པའི་ཆོས་ཉིད་གཡུང་དྲུང་གི་སྐུའོ། །དེའི་ངང་ལས་ལོངས་སྐུར་ཤར་བའི་བྱིན་རླབས་ལས་རང་བྱུང་བ་ཉོན་མོངས་པར་གྱུར་བའི་སེམས་ཅན་ཀུན་གྱི་ཞིང་དུ་གང་ལ་གང་འཚམས་པའི་སྤྲུལ་སྐུར་གནས་ཏེ་དོན་མཛད་པའོ། །སྤྲུལ་སྐུའི་འཆར་གཞི་དེ་ཉིད་ཡོན་ཏན་གྱི་ཚོགས་ཟད་མི་ཤེས་པའི་རང་བཞིན་ལྷུན་སྟུག་པོ་བཀོད་པའི་ལོངས་སྤྱོད་ཀུན་གྱི་གཏེར་དུ་འགྱུར་བའོ། །དེ་ལྟར་སྐུ་གསུམ་འདུ་འབྲལ་མེད་པའི་རང་བཞིན་ནི་གཉིས་སུ་མེད་པའི་རྡོ་རྗེ་དང་རིག་པའི་ཡེ་ཤེས་ཆེན་པོ་འཛིན་པའི་ཕྱིར་མི་འགྱུར་རྡོ་རྗེའི་སྐུའོ། །ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་དབྱེར་མེད་ཅིང་མཉམ་པའི་རང་བཞིན་དུ་མངོན་པར་བྱང་ཆུབ་པའི་སྐུ་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཆོས་ཅན་ཐམས་ཅད་མ་འདྲེས་པར་མཁྱེན་པའི་ཡེ་ཤེས་ནི་ཇི་སྙེད་པར་མངོན་པར་བྱང་ཆུབ་པའི་སྐུའོ། །དེ་དག་ཀྱང་རིགས་ལྔ་ཡེ་ཤེས་ལྔའི་སྐུ་སྟེ་གཡུང་དྲུང་གི་སྐུ་ནི་དེ་བཞིན་གཤེགས་པའི་རིགས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྐུའོ། །ལོངས་སྤྱོད་ཟད་མི་ཤེས་པའི་ཆོས་ཉིད་རྡོ་རྗེ་རིག་པ་འཛིན་པའི་སྐུ་ནི་རྡོ་རྗེའི་རིགས་ཏེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྐུའོ། །ཐམས་ཅད་དབྱེར་མེད་མཉམ་པའི་སྐུ་ནི་རིན་ཆེན་རིགས་ཏེ་མཉམ་ཉིད་ཡེ་ཤེས་ཀྱི་སྐུའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་ནི་པདྨའི་རིགས་ཏེ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྐུའོ། །ཉོན་མོངས་ཀུན་གྱི་ཞིང་དུ་གནས་པ་ནི་སྤྲུལ་པ་སྟེ་ལས་ཀྱི་རིགས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྐུའོ། །ས་ཐོབ་པ་དེ་ཚེ་སྐུ་ལྔ་པོ་ཀུན་ཀྱང་རྫོགས་པར་ཐོབ་པ་ཡིན་ཏེ། འབྲས་བུའི་ས་དང་སྐུ་དང་ཡེ་ཤེས་རྣམས་ཆས་དབྱེ་བ་ལས་སྔ་ཕྱི་མེད་དོ། །བཞི་པ་ངོ་མཚར་ལྟས་ཀྱི་སྣང་ཚུལ་ནི་ཞེས་བརྗོད་པས། གདུལ་བྱའི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་རེ་རེ་ཞིང་གྲངས་མཐའ་ཡས་ཤིང་དབྱིངས་མུ་མེད་པ་ཐམས་ཅད་དུ་རྣམ་པར་འཕྲུལ་པའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་གྲངས་ཅི་སྙེད་དང་མཉམ་པ་དེ་སྙེད་དུ་གསལ་བར་གྱུར་ཏོ། །གསུམ་པ་འབྲས་བུ་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་གཅིག་ཏུ་དོན་བསྡུ་བ་ལ་གཉིས། ཚུལ་ཇི་ལྟར་གསུངས་པ་དང་། ངོ་བོ་གང་གསུངས་པའོ། །དང་པོ་ནི། ཐམས་ཅད་དཀྱིལ་འཁོར་དུ་གསལ་བ་དེ་ནས་རང་སྣང་བའི་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་རང་བཞིན་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ལས་དེ་བཞིན་གཤེགས་པ་ཉིད་ཀྱི་གསང་བ་འདི་ཉིད་ཀྱི་གསང་བ་འདི་ཉིད་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །གཉིས་པ་ནི་ཏིང་ངེ་འཛིན་རང་སྣང་བའི་དཀྱིལ་འཁོར་ངོ་མཚར་བའི་རོལ་པ་དབྱིངས་ལས་མ་གཡོས་པར་བསྟན་པའི་ཕྱིར་ཨ་ཧོ་ཞེས་བཞད་པའོ། །དེའང་དམིགས་པར་བྱ་བའི་ཡུལ་ཆོས་རང་བཞིན་གྱིས་རྣམ་པར་དག་པ་དང་དམིགས་པར་བྱེད་པའི་བློ་གློ་བུར་ཀུན་བརྟགས་ཀྱིས་རྣམ་པར་དག་པ་དང་། དེ་གཉིས་ཀའི་ངོ་བོ་གཉིས་སུ་མེད་པའི་ཡེ་ཤེས་ཙམ་དུའང་མི་དམིགས་པ་ནི་དོན་དམ་པའི་རང་བཞིན་བློས་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་གཞི་རང་བཞིན་གྱི་དཀྱིལ་འཁོར་རོ། །ཏིང་ངེ་འཛིན་རྣམ་པ་གསུམ་སྔོན་དུ་འགྲོ་བས་བསྐྱེད་པ་ལྷའི་རང་བཞིན་ཆུའི་ཟླ་བ་ལྟར་བསྒོམ་པའི་ཡེ་ཤེས་རང་རིག་པའི་དཀྱིལ་འཁོར་རྣམ་པ་སྣ་ཚོགས་བརྗོད་ཀྱིས་མི་ལང་བ་བསྒོམས་པའི་རྗེས་ལ། འཁོར་བའི་རང་བཞིན་ཆོས་ཉིད་དུ་མཉམ་པ་ཉིད་དང་མྱ་ངན་ལས་འདས་པ་དམིགས་པ་ཉེ་བར་ཞི་བས་མི་མཉམ་པའི་ངོ་བོ་ཀུན་ལ་ཡེ་ནས་དག་པའི་དེ་བཞིན་ཉིད་ཁྱབ་བྱ་ཁྱབ་བྱེད་མེད་པའི་རང་བཞིན་ཆོས་ཉིད་རྫོགས་པ་ཆེན་པོས་ཁྱབ་པའི་དབྱིངས་དེ་བཞིན་ཉིད་བསྐྱེད་རྫོགས་ཙམ་དུའང་འཛིན་པ་མེད་པར་མཉམ་པར་བཞག་པ་ནི། ལམ་བསྐྱེད་རྫོགས་བསྒྲུབ་པའི་དཀྱིལ་འཁོར་རོ། །དེ་ལྟར་ཉམས་སུ་བླངས་པའི་མཐའ་འབྲས་བུ་གཞི་ཐོག་ཏུ་ཕྱིན་པ་དེའི་ཚེ་ཡེ་ནས་སྣང་ལ་ཀུན་ཏུ་འོད་གསལ་བའི་ལོངས་སྐུ་འགག་པ་མེད་པའི་ངང་ལས་སྣ་ཚོགས་སྤྲུལ་པ་སྐུའི་དཀྱིལ་འཁོར་རྣམ་པར་སྤྲོས་ནས་འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དོ། དེ་ལྟར་སྣང་བ་ཉིད་ནས་རང་བཞིན་སྤྲོས་པ་མེད་པ་ནི་ཆོས་ཀྱི་སྐུ་སྟེ། ནམ་མཁའ་ལྟ་བུའི་ཆོས་ཉིད་ངོ་མཚར་བར་བསྟན་པས་ཧོ། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །དེ་བཞིན་དུ་གཞི་ལམ་འབྲས་བུ་རེ་རེ་ཞིང་ཡང་གནས་ཏེ་དམིགས་བྱ་ཡུལ་དམིགས་བྱེད་བློ་དེ་གཉིས་ཀའི་རང་བཞིན་ཡེ་ནས་དམིགས་པ་མེད་པའི་སེམས་ཉིད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་འོད་གསལ་གྱི་ངང་ནས། ཡེ་ཤེས་རང་རིག་གི་དཀྱིལ་འཁོར་སྣ་ཚོགས་བརྗོད་ཀྱིས་མི་ལང་བ་ཡེ་ནས་གནས་པ་དེ་ཡང་ཆོས་ཉིད་མཉམ་པ་དང་ཆོས་ཅན་ཐ་དད་མི་མཉམ་པ་ཀུན་ལ་ཁྱབ་པའི་རང་བཞིན་མཉམ་པ་ཉིད་ནི་ཁྱབ་པ་ཆེན་པོའི་དབྱིངས་ཏེ། ཡེ་ནས་ཀུན་གསལ་གྱི་དཀྱིལ་འཁོར་ལྷུན་གྲུབ་ཆེན་པོ་འགྲོ་བ་ཀུན་ལ་འཕྲོ་ཡང་སྤྲོས་པ་མེད་པའི་རང་བཞིན་ངོ་མཚར་རོ། །ཞེས་སོ། །ལམ་ལྟར་ན་དམིགས་བྱ་ཏིང་ངེ་འཛིན། དམིགས་བྱེད་རང་གི་བློ་དེ་གཉིས་ཀའི་ངོ་བོ་མི་དམིགས་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་སྣང་གི་ཏིང་ངེ་འཛིན་སྙིང་རྗེ་ཚད་མེད་པ་དང་། རྒྱུའི་ཏིང་ངེ་འཛིན་སྙིང་རྗེའི་ངང་ལས་སེམས་ཉིད་བསམ་གྱིས་མི་ཁྱབ་པ་ཡི་གེའི་རང་བཞིན་ཨ་ལ་སོགས་པའི་ངོ་བོ་ལས་ཡེ་ཤེས་རང་རིག་གི་དཀྱིལ་འཁོར་སྣ་ཚོགས་བརྗོད་ཀྱིས་མི་ལང་བ་བསྒོམས་ནས། དེ་ཐམས་ཅད་སེམས་ཉིད་དུ་མཉམ་པས་སྟོང་པ་དང རྣམ་པ་ཐ་དད་བསྐྱེད་པས་མི་མཉམ་པར་སྣང་བ་དང་དེ་ཉིད་ཀྱི་ངོ་བོ་མ་སྐྱེས་པས་ཀུན་ཁྱབ་ཁྱབ་མེད་ཁྱབ་པའི་དབྱིངས། ཡེ་ནས་ཀུན་གསལ་གྱི་ངང་ནས། དཀྱིལ་འཁོར་གྱི་སྤྲོ་བསྡུ་མང་པོ་རྣམ་པར་འཕྲོ་ཡང་དོན་ལ་སྤྲོས་པ་མེད་པའི་ངང་དུ་ཤེས་པའོ། །འབྲས་བུ་ལྟར་ན་དབྱིངས་དམིགས་བྱ་དམིགས་བྱེད་དམིགས་པ་མེད་ཅིང་དཔག་མེད་བསམ་གྱིས་མི་ཁྱབ་པ་ཆོས་སྐུའི་ངང་ལས། རང་སྣང་ཡེ་ཤེས་རིག་པའི་དཀྱིལ་འཁོར་སྣ་ཚོགས་བརྗོད་ཀྱིས་མི་ལང་བར་གསལ་བ་རྣམས་ཀྱི་ངོ་བོར་མཉམ་པ་ཉིད་དང་། བཀོད་པ་དང་རྣམ་པ་མི་མཉམ་པ་ཀུན་ལ་ཁྱབ་པའི་ཆོས་ཉིད་ཁྱབ་བྱ་ཁྱབ་བྱེད་ཁྱབ་པ་མེད་པའི་དབྱིངས་ཡེ་ནས་ཀུན་གསལ་ལོངས་སྤྱོད་རྫོགས་པ་སྐུ་ལས། སྤྲུལ་སྐུའི་དཀྱིལ་འཁོར་འཕྲོ་ཡང་ཆུ་ཟླ་ལྟར་མ་འཕོས་པར་དབྱིངས་དེ་ཉིད་ལ་སྤྲོས་པ་མེད་པས་སྐུ་གསུམ་འདུ་འབྲལ་མེད་པའི་ཆོས་ཉིད་ངོ་མཚར་བར་བསྟན་པའོ། །ཏིང་ངེ་འཛིན་གསང་བའི་སྙིང་པོ་རང་སྣང་བའི་དེ་ཁོ་ན་ཉིད་ངེས་པ་ལས་རང་བཞིན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་དྲུག་པའོ།། ༈ །།དོན་གཉིས་པ་དེའི་ཡན་ལག་སྔགས་དང་ཕྱག་རྒྱའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། གསུང་གསང་སྔགས་ཀྱི་དཀྱིལ་འཁོར་དང་། སྐུ་ཕྱག་རྒྱའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། གསུང་གི་དཀྱིལ་འཁོར་འབྱུང་བའི་རྒྱུ་བརྗོད་པ། གསང་སྔགས་ཀྱི་དཀྱིལ་འཁོར་དངོས་བསྟན་པ། རང་བཞིན་གཏན་ལ་དབབ་པའོ། །དང་པོ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་དེ་ནས་དེའི་ཡན་ལག་སྔགས་ཀྱི་དཀྱིལ་འཁོར་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་གསང་སྔགས་འདི་དག་ཕྱུང་ངོ་། །གཉིས་པ་ལ་གཉིས། དཀྱིལ་འཁོར་བསྐྱེད་པའི་སྔགས་དང་། དབང་བསྐུར་བའི་སྔགས་སོ། །དང་པོ་ལ་བཞི། རྟེན་གཞལ་ཡས་ཁང་བསྐྱེད་པའི་སྔགས། བརྟེན་པ་ལྷ་བསྐྱེད་པའི་སྔགས། ཕྲིན་ལས་ཡོངས་སུ་རྫོགས་པའི་སྔགས། ངོ་མཚར་གྱི་ལྟས་ཇི་ལྟར་སྣང་བའི་ཚུལ་ལོ། །དང་པོ་ནི། བྷྲཱུཾ་ཞེས་པ་རྣམ་སྣང་དང་། །བུམ་པ་དང་། གཞལ་ཡས་ཁང་དང་།འཁོར་ལོ་དང་། གཙུག་ཏོར་འཁོར་ལོས་བསྒྱུར་བའི་ས་བོན་དུ་གྱུར་པ་ལས་འདིར་གཞི་ཚད་མེད་པ་ཡེ་ཤེས་ཀྱི་འཁོར་ལོའི་སྟེང་དུ་གཞལ་ཡས་ཁང་བསྐྱེད་པའི་ས་བོན་དང་། བི་ཤྭ་སྣ་ཚོགས་ཏེ་འཁོར་འདས་ཀྱི་ཆོས་སུ་སྣང་བ་ཐམས་ཅད། བི་ཤྭ་དྡྷེ་རང་བཞིན་གྱིས་དག་པ་སྟེ་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་དེ་ཉིད་སངས་རྒྱས་ཀྱི་བཞུགས་གནས་སུ་བསྟན་པས་འདིར་དེས་མཚོན་བྱེད་གཞལ་ཡས་ཁང་ངོ་། །གཉིས་པ་ལ་དྲུག་ལས། དང་པོ་རིགས་ལྔ་ཡབ་ཡུམ་གྱི་སྔགས་ལ་ཧཱུཾ་ལ་སོགས་པ་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས་ཏེ་ས་བོན་དང་། གཞན་རྣམས་རང་བཞིན་མཚོན་པར་ངོ་བོའི་སྔགས་སོ། །དེ་ལས་ཧཱུཾ་ས་བོན་དང་བཛྲ་རྡོ་རྗེ་དྷྲྀཀ྄་ནི་དེ་འཛིན་པས་ན་མི་བསྐྱོད་པའོ། །ༀ་ཛི་ན་ཛིཀ྄་ནི་སྤྲོས་པ་དང་མི་དགེ་བ་ལས་རྣམ་པར་རྒྱལ་བས་རྣམ་པ་སྣང་མཛད་དོ། །སྭཾ་རཏྣ་དྷྲྀཀ྄། འགྲོ་བ་ལ་འདོད་དགུ་སྦྱིན་པས་རིན་ཆེན་འབྱུང་ལྡན་ནོ། །ༀ་ཨ་རོ་ལིཀ྄་ནི་གདུལ་བྱ་ལ་རྗེས་སུ་ཆགས་པས་འོད་དཔག་མེད་དོ། །ཧ་པྲ་ཛྙཱ་དྷྲྀཀ྄་ནི་གདུལ་བྱའི་དོན་དུ་ཤེས་རབ་སྣ་ཚོགས་འཆང་བས་དོན་ཡོད་གྲུབ་པའོ། །མཱུ་དྷཱ་ཏྭཱི་ཤྭ་རཱི་ནི་རང་བཞིན་གྱིས་དག་པ་དབྱིངས་ཀྱི་དབང་ཕྱུག་མའོ། །ལཱཾ་དཱེ་ཥ་ར་ཏི་ནི་སངས་རྒྱས་ཐམས་ཅད་ཀྱི་བློན་མོ་སྟེ་སངས་རྒྱས་སྤྱན་མའོ། །མཱཾ་མོ་ཧ་ར་ཏི་ནི་སེམས་ཅན་བདག་གིར་བྱེད་པ་མཱ་མ་ཀཱིའོ། །པྱཱཾ་རཱ་ག་ར་ཏི་ནི་ཉེས་པའི་དྲི་མས་མ་གོས་པས་གོས་དཀར་མོའོ། །ཏཱཾ་བཛྲ་ར་ཏི་ནི་སེམས་ཅན་འཁོར་བ་ལས་སྒྲོལ་བས་སྒྲོལ་མའོ། །གཉིས་པ་ཐུགས་ཀྱི་སེམས་དཔའ་ཡབ་ཡུམ་གྱི་སྔགས་ལ་རྩ་བ་དང་རང་བཞིན་གྱི་སྔགས་སྔར་དང་འདྲ་བས་ཀྵཱིཾ་ཧི་རཱ་ཛ་ཡཿས་དང་མིག་ལྟར་སེམས་ཅན་གྱི་དོན་བྱེད་པས་རྒྱལ་པོའོ། །ཏྲཱཾ་ཨཱ་གརྦྷ་ཡཿདགོས་འདོད་ཐམས་ཅད་འབྱུང་བའི་སྙིང་པོར་གྱུར་པའོ། །ཧྲི་ཧ་ཧཱུཾ་པདྨ་པ་ད་མཿཆགས་པ་མེད་ཅིང་གདུལ་བྱའི་ཡིད་འཕྲོག་པས་པདྨ་ལྟ་བུའི་ཞལ་མངའ་བའོ། །'ཛིཾ་ཀུ་རུ་པཱ་ཎ་ཧྲཱིཿརྡོ་རྗེ་ལྟ་བུས་སེམས་ཅན་གྱི་དོན་མཛད་པའོ། །ཧཱུཾ་ལཱ་སྱེ་ས་མ་ཡ་སྟྭཾ་ནི་སྒེག་པའི་ཉམས་དང་ལྡན་པས་སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་ལ་ནོས་ཤིག་པའོ། །ཏྲཾ་མཱ་ལྱེ་ས་མ་ཡ་ཧོཿནི་གཟུགས་དང་ཏིང་ངེ་འཛིན་གྱིས་སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་ལ་གནས་པར་བྱའོ། །ཧྲཱི་གཱི་ཏི་རཱ་གོ྅་ཧཾ་ནི་གླུ་དབྱངས་སྙན་པོ་ལྟ་བུས་སེམས་ཅན་ལ་རྗེས་སུ་ཆགས་པ་ཡིན་ནོ། །ཨནྲྀ་ཏི་རཱ་ག་ཡཱ་མི་ནི་གར་བསྒྱུར་བ་ལྟ་བུའི་ཕྲིན་ལས་ཀྱིས་སེམས་ཅན་ལ་རྗེས་སུ་ཆགས་པར་བྱའོ། །གསུམ་པ་གསུང་གི་སེམས་དཔའི་ཡབ་ཡུམ་གྱི་སྔགས་ནི། མཻ་དྷཱ་ར་ཎེ་སྭཱ་ཧཱ། བྱམས་པས་སེམས་ཅན་རྗེས་སུ་འཛིན་པའི་གཞི་ཚུགས་ཤིག་པའོ། །ཐླྷིཾ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ། འཐུག་པའམ་སྦྱངས་བར་དཀའ་བའི་སྒྲིབ་པ་སེལ་བའོ། །ཧཱུཾ་ས་རཱ་ཛ་ཡ་སྭཱ་ཧཱ། འཁོར་འདས་གཉིས་ལ་མི་གནས་པའི་རང་བཞིན་ཀུན་ཏུ་བཟང་པོའི་རྒྱལ་པོའོ། །མུཾ་ཤྲི་ཨཾ་རཱ་གཱ་ཡ་སྭཱ་ཧཱ། གཉིས་སུ་མི་གནས་པའི་དཔལ་སེམས་ཅན་ལ་རྗེས་སུ་ཆགས་པའོ། །ཛཿདྷུ་པྤེ་པྲ་བེ་ཤ་ཚུལ་ཁྲིམས་ཀྱི་བདུག་སྤོས་གདུལ་བྱའི་རྒྱུད་ལ་འཇུག་པའོ། །ཧཱུྃ་པུཥྤེ་ཨ་བེ་ཤཱ་བྱང་ཆུབ་ཀྱི་མེ་ཏོག་རྒྱས་པའི་ཆར་གདུལ་བྱའི་རྒྱུད་ལ་འབེབས་པའོ། །བཾ་དི་པ་སུ་ཁི་ནཱི་ཡེ་ཤེས་ཀྱི་སྒྲོན་མེས་མ་རིག་པའི་མུན་པ་སེལ་བའོ། །ཧོཿགནྡྷེ་ཙིཏྟ་བདུད་རྩིའི་ཆུ་རྒྱུན་གྱིས་གདུལ་བྱའི་རྒྱུད་ཚིམས་པར་བྱེད་པའོ། །བཞི་པ་སྒོ་བ་ཡབ་ཡུམ་གྱི་སྔགས་ནི་ཧཱུཾ་བཞི་སྔར་ལྟར་ས་བོན་དང་། མཇུག་གི་ཕཊ་རྣམས་ནི་གདུག་པ་ཅན་འཐོར་བའོ། །ཧཱུཾ་ཡ་མཱནྟ་ཀྲྀཏ་ཕཊ་འཆི་བདག་གཤིན་རྗེའི་གཟུགས་འཛིན་པའོ། །ཧཱུཾ་བིགྷྣནྟ་ཀྲིཏ་ཕཊ་ལྷའི་བུའི་བདུད་མཐར་བྱེད་པའོ། །ཧཱུཾ་པདྨཱནྟ་ཀྲིཏ་ཕཊ་འཁོར་བའི་འདམ་གྱིས་མ་གོས་པའོ། །ཧཱུཾ་པྲ་ཛྙཱནྟ་ཀྲིཏ་ཕཊ་ཉོན་མོངས་པའི་བདུད་འཇོམས་པའོ། །ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ་ནི་རྡོ་རྗེའི་གཟུང་མ་ཆེན་མོ་ཁྲོ་མོ་དབང་ཕྱུག་འབར་མ་ཆེན་མོའོ། །ༀ་མ་ཧཱ་རཏྣ་ནི་རིན་པོ་ཆེ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ༀ་མ་ཧཱ་པདྨ་ནི་སྐད་སོར་བཞག་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལ་ནཱི་ཧཱུྃ་ཕཊ། ༀ་མ་ཧཱ་ཀརྨ་ནི་ཕྲིན་ལས་དྷ་རོ་མ་ཧཱ་ཱཀྲོ་དྷེ་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ་གཞན་རྣམས་གོང་མ་དང་འདྲའོ། ལྔ་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་སྔགས་ལ། ཁམས་གསུམ་སེམས་ཅན་གྱི་རྒྱུད་དག་པ་ཡེ་ཤེས་གསུམ་མཚོན་པ་ནི། ཧཱུཾ་ཧཱུཾ་ཧཱུཾ་དང་བཛྲ་ཙིཏྟ་ཧཱུཾ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན་ཅན་ནོ། །སྒོ་གསུམ་དང་དུག་གསུམ་སྐྱེ་བ་མེད་པ་མཚོན་པའི་ཕྱིར། ཨ་ཨ་ཨ་དང་བཛྲཱི་བྷ་དྲ་ས་མནྟ་ཨཿནི་རྡོ་རྗེ་ཀུན་ཏུ་བཟང་མོའི་རང་བཞིན་དུ་དག་པའོ། །དྲུག་པ་ཐུབ་པ་དྲུག་གི་སྔགས་ལ་ༀ་རྣམས་སྔགས་ཀྱི་ཚོགས་བྱིན་གྱིས་བརླབས་པ་ཡེ་ཤེས་ལྔའི་རང་བཞིན་དང་། མུ་ནེ་རྣམས་ནི་ཐུབ་པའོ། །སྭཱ་ཧཱ་རྣམས་ནི་གཞི་ཚུགས་ཤིག་པའོ། །ༀ་མུ་ནི་ཀྲེཾ་སྭཱ་ཧཱ་ལྷ་མིན་གྱི་སྙིང་པོ། ༀ་མུ་ནེ་ཏྲུཾ་སྭཱ་ཧཱ། མིའི་སྙིང་པོ། ༀ་མུ་ནེ་སྲུཾ་སྭཱ་ཧཱ་དུད་འགྲོའི་སྙིང་པོ། ༀ་མུ་ནེ་བྲཾ་སྭཱ་ཧཱ་ཡི་དྭགས་ཀྱི་སྙིང་པོ། ༀ་མུ་ནེ་ཀྵཾ་སྭཱ་ཧཱ་ལྷའི་སྙིང་པོ། ༀ་མུ་ནེ་ཡེ་སྭཱ་ཧཱ་དམྱལ་བའི་སྙིང་པོ། གཉིས་པ་ཕྲིན་ལས་ཡོངས་སུ་རྫོགས་པའི་སྔགས་ལ་གསུམ་ལས། དང་པོ་སྤྱན་དྲངས་ཤིང་བསྟིམ་པའི་སྔགས་ནི། ༀ་ཨེ་ཧྱེ་ཧི་བྷ་ག་ཝཱན་ཚུར་བྱོན་ཚུར་བྱོན་བཅོམ་ལྡན་འདས། མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐུགས་རྗེས་གཟིགས་ལ། ས་མ་ཡ་སྟཱཾ་དམ་ཚིག་ལ་ནོས་ཤིག །ཛཿཧཱུྃ་བཾ་ཧོཿལྕགས་ཀྱུས་འགུགས། ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་དབང་དུ་བྱེད་པའོ། །གཉིས་པ་རིག་པའི་མེ་ཏོག་དོར་བའི་སྔགས་ནི། ༀ་ཨཱཿཧཱུྃ་སྭཱ་ཧཱ་རིགས་ལྔ་དང་ཡེ་ཤེས་ལྔའི་རང་བཞིན་ནོ། །བ་བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ། ས་ས་ས་ས་ས། མ་མ་མ་མ་མ། ཡ་ཡ་ཡ་ཡ་ཡ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ཡི་གེ་བཀྲམ་པ་འདི་དག་ནི། ཡི་གེ་བཏུ་བའི་གཞི་ཡིན་པས་ༀ་བཛྲ་ས་མ་ཡ་ཨཱོཾ། ནི་སྐུའི་དམ་ཚིག་གིས་སྐུར་བསྒྲུབ་པའོ། །ཨཱཿབཛྲ་ས་མ་ཡ་ཨཱ། གསུང་གི་དམ་ཚིག་གིས་གསུང་དུ་བསྒྲུབ་པའོ། །ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། ཐུགས་ཀྱི་དམ་ཚིག་གིས་ཐུགས་སུ་བསྒྲུབ་པའོ། །སྭཱ་བཛྲ་ས་མ་ཡ་སྭཱ། ཡོན་ཏན་གྱི་དམ་ཚིག་གིས་ཡོན་ཏན་ཆུ་བསྒྲུབ་པའོ། །ཧཱ་བཛྲ་ས་མ་ཡ་ཧཱ། ཕྲིན་ལས་ཀྱི་དམ་ཚིག་གིས་ཕྲིན་ལས་སུ་བསྒྲུབ་པའོ། །གསུམ་པ་དངོས་གྲུབ་ཀྱི་དོན་དུ་གསོལ་བ་གདབ་པ་ནི། ༀ་ཡེ་ཤེས་རྒྱལ་པོ་ཞེས་བཅོམ་ལྡན་འདས་ལ་བོས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། ཡི་དངོས་གྲུབ། དེ་ལ་དུས་ད་ལྟ་ཉིད་དུ་ནི་མཉམ་པར་སྦྱོར་བས། ལྷའི་སྐུ་གསུང་ཐུགས་ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་ཧཱུཾ་གིས་སྐུའི་དམ་ཚིག་དུས་ལ་བབ་པར་བསྐུལ་བའོ། །ༀ་བཛྲ་ས་མ་ཡ་སྟཾ་གྱིས་གསུང་གི་དམ་ཚིག་དུས་ལ་བབ་པར་བསྐུལ་བའོ། །ༀ་བཛྲ་ས་མ་ཡ་ཧོ་ཞེས་པས་ཐུགས་ཀྱི་དམ་ཚིག་དུས་ལ་བབ་པས་བསྐུལ་བའོ། །ཛཿཧཱུྃ་བཾ་ཧོཿཞེས་གཉིས་སུ་མེད་པར་བསྲེ་ཞིང་བརྟན་པར་བྱེད་པའོ། །བཞི་པ་ངོ་མཚར་གྱི་ལྟས་ཇི་ལྟར་སྣང་བའི་ཚུལ་ནི། ཞེས་བརྗོད་པས། གསུང་གི་དཀྱིལ་འཁོར་འདི་དག་གིས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་སྔགས་ཀྱི་སྒྲ་ཆེན་པོས་ཁྱབ་པར་གྲགས་སོ། །དེས་སེམས་ཅན་གྱི་རྒྱུད་ཀུན་སྨིན་པར་བྱས་པས་རབ་ཏུ་གྲགས་སོ། །གྲོལ་བར་བྱས་པས་ཀུན་ཏུ་གྲགས་སོ། །ཡང་སྐུ་དང་གསུང་དང་ཐུགས་ཀྱི་གསང་སྔགས་ཀྱི་སྒྲ་དང་། སྒྲ་ལས་འཐོན་པའི་ཟེར་དང་། ཟེར་ཀུན་ཏུ་འཕྲོས་པའི་སྣང་བ་ཆེན་པོ་ལ་ཡང་ཤེས་པར་བྱའོ། །གཉིས་པ་དབང་བསྐུར་བའི་སྔགས་ལ་གཉིས། ཇི་ལྟར་གསུང་བའི་ཚུལ་དང་། དབང་བསྐུར་བའི་སྔགས་དངོས་སོ། །དང་པོ་ནི། བསྐྱེད་པའི་སྔགས་བསྟན་པ་དེ་ནས་བཅོམ་ལྡན་འདས་ཡིད་བྱེད་པ་པོ་རྡོ་རྗེ་ཀུན་ཏུ་བཟང་པོ་དང་། ཆོས་བྱ་བ་མོ་རྡོ་རྗེ་ཀུན་ཏུ་བཟང་མོ་གཉིས་སུ་མེད་པའི་གསུང་གི་དཀྱིལ་འཁོར་ལ་ཐིམ་པར་མཛད་དོ། །དེ་ནས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པའི་བདག་ཉིད་ཆེན་པོ་ཀུན་ཏུ་བཟང་པོས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བདག་ཉིད་དངོས་གྲུབ་ཆེན་པོའི་ཡེ་ཤེས་དང་གཟི་བྱིན་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུ་བར་ཞེས་བྱ་བ་གསང་སྔགས་ཀྱི་ཚིག་འདི་ཉིད་སྟོན་པ་ཡབ་ཡུམ་གྱི་སྐུ་དང་གསུང་དང་ཐུགས་གཉིས་སུ་མེད་པའི་རྡོ་རྗེ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་སྒྱུ་འཕྲུལ་དྲྭ་བ་ལས་རང་ཤར་དུ་ཕྱུང་བའོ། །གཉིས་པ་ལ་གསུམ་ལས། དང་པོ་དྲི་མ་འཁྲུད་པ་ཡེ་ཤེས་ལྔས་དབང་བསྐུར་བ་ནི། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉ་ཧཾ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཆེན་པོ་རྡོ་རྗེའི་ངོ་བ་ོཉིད་ཀྱི་བདག་ཉིད་ནི་ངའོ་ཞེས་པའོ། །དེ་བཞིན་དུ་སྦྱར་ཏེ་ༀ་མ་ཧཱ་ཨཱ་དཪྴ་མེ་ལོང་ལྟ་བུ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱ ཏྨ་ཀོ྅་ཧཾ། ༀ་མ་ཧཱ་པྲ་ཏྱ་བེ་ཀྵ་ཎཱ་སོ་སོར་རྟོག་པ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ས་མ་ཏཱ་མཉམ་པ་ཉིད་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ༀ་མ་ཧཱ་ཱཀྲྀ་ཏྱ་ནུཥྛཱན་བྱ་བ་ནན་ཏན་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ། དེ་ལྟར་དབང་བསྐུར་བའི་དོན་ནི་སྐབས་འདིར་རང་རང་གི་རིགས་བདག་གང་ཡིན་པ་མཚོན་གང་བ་རེས་དབུ་བརྒྱན་པར་བྱ་བ་ཡིན་ནོ། །གཉིས་པ་ནུས་པ་འཇུག་པ་རིགས་ལྔས་བྱིན་གྱིས་བརླབས་པའི་སྔགས་ནི། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་རང་བཞིན་ང་ཡིན་ནོ། དེ་བཞིན་དུ་སྦྱར་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཱ་ཀ་བཛྲ་གསུང་རྡོ་རྗེ་སྭ་བྷཱ་བ་ཨ་ཏྨ་ཀོ྅ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་ཐུགས་རྡོ་རྗེ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་ཡོན་ཏན་རྡོ་རྗེ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ༀ་སརྦ་ཏཱ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་ཕྲིན་ལས་རྡོ་རྗེ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་དག་གིས་ལྷ་ཐམས་ཅད་ཀྱི་གནས་ལྔར་དེ་བཞིན་གཤེགས་པ་ལྔ་བསྐྱེད་པའོ། །གསུམ་པ་དེ་ལས་བྱུང་བའི་བྱིན་རླབས་ཀྱི་སྣང་ཚུལ་ནི། ཞེས་བརྗོད་པས། བྱིན་རླབས་གདུལ་བྱའི་ལུས་ངག་ཡིད་གསུམ་ལ་གཉིས་སུ་མེད་པར་ཐིམ་པར་གྱུར། དེས་ཉོན་མོངས་པ་ལྔ་ཡེ་ཤེས་ལྔའི་ངོ་བོར་གསལ་བར་གྱུར། དེས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་འོད་འབར་གྱུར་ཏོ། །གསུམ་པ་རང་བཞིན་གཏན་ལ་དབབ་པ་ལ་ལྔ། གསུང་གི་ངོ་བོ་བརྗོད་དུ་མེད་པ། ར ང་བཞིན་བསམ་གྱིས་མི་ཁྱབཔ། གནས་ལུགས་གདོད་མ་ནས་དག་པ། སྣང་ལུགས་མཆོག་ཏུ་གྱུར་པ། ཡིན་ལུགས་དབྱིངས་ལས་མ་གཡོས་པའོ། །དང་པོ་ནི། དེ་བཞིན་གཤེགས་པའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་དོན་ནི་ཁྱད་པར་དུ་འཕགས་པའི་ཕྱིར། ཨེ་མ་ཧོ་ངོ་མཚར་ཞིང་ཡ་མཚན་རྨད་དུ་བྱུང་བ་ཉིད་ཀྱི་ཆོས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་གྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་དམ་པའོ། །ཇི་ལྟར་ངོ་མཚར་བའི་ཚུལ་ནི་གསུང་གི་ངོ་བོ་དེ་ཉིད་བརྗོད་པའི་སྒྲ་དང་ཆོས་ཀྱི་མིང་ཚིག་ཀུན་ལས་འདས། བཞིན་དུ་འགྲོ་བའི་སྣང་བ་དང་མཐུན་པར་གསུང་དབྱངས་ཕུན་སུམ་ཚོགས་པ་སྣ་ཚོགས་པའི་སྒྲ་སྐད་ཚད་མེད་པ་རྣམས་གསལ་བར་འབྱུང་བས་ངོ་མཚར་བའོ། །གཉིས་པ་ནི། སངས་རྒྱས་ཀྱི་གསུང་གཅིག་དབྱངས་ཀྱི་ཡན་ལག་དྲུག་ཅུས་བརྒྱན་པའི་དཀྱིལ་འཁོར་དེ་ལས་ཀྱང་ཡན་ལག་ནི་འཇིག་རྟེན་དྲུག་གིས་ཕྱི་བས་རྣམ་གྲངས་བསམ་གྱིས་མི་ཁྱབ་པའི་ཞིང་ཁམས་ཀུན་ཏུ་ཁྱབ་ཅིང་སེམས་ཅན་སོ་སོའི་སྒྲ་སྐད་དང་མིང་ཚིག་སོ་སོར་སྣང་བ་དང་མཐུན་པར་གྲགས་ཤིང་གོ་བར་མཛད་དོ། །སྒྲ་སྐད་དེ་དག་ཐམས་ཅད་ཀྱང་གསུང་གི་ཕྱག་རྒྱའི་མཆོག་བརྗོད་དུ་མེད་པའི་རང་བཞིན་དུ་འདུས་པར་བསྟན་ཏོ། །གསུམ་པ་ནི། རྒྱུད་ཐམས་ཅད་ཀྱི་མཆོག་སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པ་ལས། འགྲོ་བ་ལ་ཕན་བདེ་དཔག་ཏུ་མེད་པ་དང་ལྡན་པའི་རྒྱུ་ཆོས་ཀྱི་སྒྲ་དབྱངས་ཡིན་པས་གསུང་གི་དོན་བྱུང་བ་དེའང་། ཆོས་ཐམས་ཅད་གདོད་ནས་དྲི་མས་མ་གོས་པའི་ཆོས་ཉིད་པདྨ་ལྟ་བུའི་ངང་དུ་ཡེ་ནས་གྱུར་བས་ན། རྣམ་པར་གྲོལ་བ་ཐར་པའི་ལམ་ཐེག་པའི་སྒྲ་སྐད་དང་འདོད་ཆགས་ལ་སོགས་པའི་དབང་གིས་སྲིད་པར་སྦྱོང་བ་འཁོར་བའི་སྒྲ། སྣ་ཚོགས་པ་ཇི་སྐད་བརྗོད་པ་ཐམས་ཅད་ཀྱང་གྲགས་སྟོང་སྐྱེ་བ་མེད་པའི་ཆོས་ཉིད་ལས་མ་འདས་པས་གསུང་གི་མཆོག་སྟེ་བརྗོད་དུ་མེད་པའི་རང་བཞིན་ཡེ་ནས་དག་པའི་ངོ་བོ་ཉིད་དོ། །དེའང་ཐར་ལམ་ཐེག་པ་མཐོ་དམན་གྱི་སྒྲ་སྐད་ཐམས་ཅད་དང་། ཕྱིན་ཅི་ལོག་ངན་འགྲོ་གསུམ་ལ་སོགས་པ་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་སྒྲ་སྐད་ཀྱང་། གྲགས་སྟོང་སྐྱེ་བ་མེད་པའི་ངོ་བོ་ཡེ་ནས་བྱང་ཆུབ་པའི་གནས་ལུགས་བཟང་ངན་གཉིས་སུ་མེད་པའི་རྡོ་རྗེ་སངས་རྒྱས་ཀྱི་གསུང་བརྗོད་དུ་མེད་པར་བསྡུས་པའོ། །བཞི་པ་ནི། གསུང་གི་ངོ་བོ་བརྗོད་དུ་མེད་པར་བསྡུས་པ་དེ་ཉིད་ཀྱི་ངང་ལས་ཕྱོགས་བཅུར་སྤྲུལ་པ་དུ་མས་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པའི་ཚོགས་རྣམ་པར་གྲགས་ཤིང་གོ་བར་མཛད་དོ། །ཆོས་ཀྱི་སྒྲ་གྲགས་པ་དེ་ཉིད་ཡེ་ནས་མ་ཆགས་པའི་ངང་དུ་གདུལ་བྱའི་སྣང་བ་དང་མཐུན་པར་གསུངས་ཀྱང་། གསུང་བ་ཉིད་ཀྱི་དུས་ན་ངོ་བོ་བརྗོད་དུ་མེད་ལ། བརྗོད་དུ་མེད་པའི་གནས་ལུགས་དེ་ཉིད་བརྗོད་པ་སྣ་ཚོགས་པའི་སྒྲ། གདུལ་བྱ་ཀུན་ལ་མཐུན་པར་གྲགས་ཤིང་དོན་སོ་སོར་མཇལ་བ་ཉིད། དཔེར་ན་སྒྲའི་དབྱིངས་རྗོད་བྱེད་གཅིག་དེ་བཞིན་ཉིད་སྦྲིད་སངས་ཞེས་པ་ལ། ལ་ལ་དུག་གིས་སྦྲིད་པ་སངས་པར་གོ །ལ་ལས་འདུག་སྟངས་ཉེས་པས་སྦྲིད་པ་སངས་པར་གོ །ལ་ལས་རིགས་སྔགས་ཀྱིས་སྦྲིད་པ་ལས་སངས་པར་གོ་ལ་ལ་སོགས་པ་བཞིན་དུ། དེ་བཞིན་གཤེགས་པའི་གསུང་གཅིག་གི་སྒྲ་ཡིས་སེམས་ཅན་སོ་སོའི་བསམ་པ་དང་མཐུན་པའི་ཆོས་སོ་སོར་གོ་བ། དེ་ནི་གསུང་མཆོག་དམ་པ་སྒྲ་སྐད་དུ་སྣང་བ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ནོ། །ལྔ་པ་ལ་གསུམ་ལས། དང་པོ་ཐེག་པ་སོ་སོར་སྣང་ཡང་ངོ་བོར་གསུང་བ་མེད་པར་བསྟན་པ་ནི། ཐེག་པ་མཐོ་དམན་བསམ་ཡས་པར་སྣང་བ་དག་ཀྱང་། ཆོས་ཉིད་དེ་བཞིན་ཉིད་ལས་གཞན་དུ་ཅི་ཡང་མ་གསུངས་ཏེ། གདུལ་བྱའི་སྣང་ངོར་འདུལ་བའི་ཐབས་ལ་མཁས་པས་ཆོས་ཀྱི་རྣམ་གྲངས་སུ་སོ་སོར་ཐོས་པ་དེ་ཡང་། ཐེག་པ་ལྔའི་སྒྲོན་མ་རྣམས་པར་བཀོད་པ་ཇི་ལྟར་བར་དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་ཀུན་བརྗོད་པ་ལྟར་སྣང་མོད་ཀྱང་། དེ་བཞིན་ཉིད་ཀྱི་གནས་ལུགས་ཀྱིས་གཞལ་ན་སངས་རྒྱས་མཐར་ཐུག་ཆོས་ཀྱི་སྐུ་ཡིན་པས། དེས་ཆོས་ཀྱི་རྣམ་གྲངས་ཅུང་ཟད་ཀྱང་གསུངས་པ་མེད་དོ། །གཉིས་པ་ཐུགས་རྗེའི་ངང་ལས་གསུང་གི་རྡོ་རྗེ་འགྲོ་བ་ལ་སྣང་ཚུལ་ནི། བརྗོད་བྱའི་དོན་ཡི་གེ་མེད་པའི་གནས་ལུགས་དང་རྗོད་བྱེད་ཀྱི་ཚིག་ཏུ་སྣང་བ་བདེ་བར་གཤེགས་པའི་རིགས་པའི་གསུང་འགྲོ་བས་ཐོས་པ་དེ་ཡང་ལྗགས་ཀྱི་རྩེ་མོར་སྒྲ་ཚིག་རང་མཚན་པར་མ་ཕྱུང་ཡང་། རྒྱལ་བའི་ཐུགས་རྗེ་གསུང་རང་བྱུང་གི་བྱིན་རླབས་ཀྱིས། གདུལ་བའི་འགྲོ་བ་ལ་ཚིག་དོན་སྣ་ཚོགས་མོས་པ་དང་མཐུན་པར་སོ་སོར་གསལ་ལོ། །གསུམ་པ་གསུངས་པ་མེད་ཀྱང་གསུང་བར་སྣང་བའི་དཔེ་ནི། དེ་ལྟར་སངས་རྒྱས་ཀྱི་ཐུགས་རྗེ་དང་སེམས་ཅན་གྱི་མོས་པ་ལས་སྣང་བའི་ཆོས་ཀྱི་ཚིག་དོན་གདུལ་བྱའི་རྣ་བ་ལ་གསལ་བ་དེ་ཉིད་གདོད་ནས་མ་སྐྱེས་པས་གསུང་གི་རྡོ་རྗེའི་མཆོག་དམ་པ་ཡིན་ལ། བརྗོད་པ་མེད་པ་གདུལ་བྱ་ལ་སྣང་བའི་ཆོས་གྱི་དེ་བཞིན་ཉིད་གསུང་གི་འགྲོ་བའི་དོན་འབྱུང་བ་རྣམས་ནི། དབྱིངས་དེ་བཞིན་ཉིད་ཀྱི་ངང་ལས་མ་གཡོས་ཀྱང་རང་སྣང་བ་སྟེ་དཔེར་ན་བྲག་ཅའི་སྒྲ་དེ་སྐྱེས་བུ་དང་བྲག་དང་དེའི་བར་གང་ནའང་མེད་བཞིན་དུ་རྐྱེན་གྱིས་ཇི་སྐད་བརྗོད་པའི་རྣམ་པ་འབྱུང་བ་བཞིན་ནོ། །གསུང་གསང་བའི་སྙིང་པོ་བརྗོད་དུ་མེད་པ་ལས་མོས་པ་དང་མཐུན་པར་སྣང་བ་འབྱུང་བའི་དེ་ཁོ་ན་ཉིད་ངེས་པ་ལས་གསུང་གི་དཀྱིལ་འཁོར་འདུས་པ་དང་ལྷ་སོ་སོའི་གསང་སྔགས་ཀྱི་རང་བཞིན་བསྟན་པའི་ལེའུ་སྟེ་བདུན་པའོ།། ༈ །།དོན་གཉིས་པ་སྐུ་ཕྱག་རྒྱའི་དཀྱིལ་འཁོར་དགོད་པ་ལ་གཉིས་ཏེ། དཀྱིལ་འཁོར་སྤྲོ་བའི་ཚུལ་མདོར་བསྟན་པ་དང་། །དེའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། གསུང་སྔགས་ཀྱི་དཀྱིལ་འཁོར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ལུས་ཀྱི་ཡན་ལག་མགོ་ལ་སོགས་པ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་རང་བཞིན་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས་པ་ཞེས་བྱ་བ་འདི་ཆེད་དུ་བརྗོད་དོ། །གཉིས་པ་ལ་གསུམ། གཞི་ལྷུན་གྱིས་གྲུབ་པ་ཕྱག་རྒྱའི་དཀྱིལ་འཁོར་སྤྱིར་བསྟན་པ། ལམ་མངོན་པར་སྒྲུབ་བྱའི་ཕྱག་རྒྱའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པ། །འབྲས་བུ་ཡེ་ཤེས་མཆོག་གི་ཕྱག་རྒྱའི་དཀྱིལ་འཁོར་དུ་དོན་བསྡུ་བའོ། །དང་པོ་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་སྒྱུ་འཕྲུལ་དྲྭ་བའི་ངོ་བོ་ཡེ་ནས་མངོན་པར་རྫོགས་པ་སངས་རྒྱས་པའི་བདག་ཉིད་མེ་དང་ཚ་བ་ལྟར་གནས་པས་ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཡེ་ནས་བཏབ་པ་སྟེ་གནས་ལུགས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་ལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཡི་རྒྱལ་པོ། ཆོས་ཉིད་འགྱུར་བ་མེད་པའི་སྙིང་པོའི་ཕྱག་རྒྱ་བཏབ་པ་ན་རང་བཞིན་མཉམ་རྫོགས་ཆེན་པོ་དེ་ལས་མི་འདའ་ཞིང་ནམ་ཡང་འཕོ་འགྱུར་མེད་པའི་ངང་ལས་གཞན་དུ་འདའ་དཀའོ། །གཉིས་པ་ལ་གསུམ། ཕྱག་རྒྱ་འབྱུང་བའི་རྒྱུ། དེ་ལས་བྱུང་བ་སྤྱིའི་ཕྱག་རྒྱ། དེ་ལས་འཕྲོས་པ་ལྷ་སོ་སོའི་ཕྱག་རྒྱའོ། །དང་པོ་ནི། སྤྱིར་མགོ་ནི་དེ་བཞིན་གཤེགས་པ། ལག་པ་གཡས་མི་བསྐྱོད་པ། གཡོན་རིན་ཆེན་འབྱུང་ལྡན། རྐང་པ་གཡོན་འོད་དཔག་མེད། གཡས་དོན་ཡོད་གྲུབ་པའི་ངོ་བོར་བརྗོད་ཅིང་། ཉིང་ལག་གི་སོར་མོའང་། གུང་མོ་རྡོ་རྗེའི་རིགས། འཛུབ་མོ་དེ་བཞིན་གཤེགས་པ། མཐེ་བོང་རིན་པོ་ཆེ། སྲིན་ལག་པདྨ། མཐེའུ་ཆུང་ལས་ཀྱི་རིགས་སོ། །སྐབས་འདིར་རྡོ་རྗེའི་ཐལ་མོ་ཕྱག་རྒྱའི་རྒྱུ་ཡིན་པས་དེ་ཉིད་བརྗོད་པ་ནི། ལག་པ་གཡས་མི་བསྐྱོད་པའི་སོར་མོ་ལྔའི་རྩེ་ལ་ཉི་མའི་དཀྱིལ་འཁོར་སྲན་ཟླུམ་ཙམ་ལྔའི་སྟེང་དུ་ཧཱུཾ་ༀ་སྭཱ་ཨཱཾཾ་ཧཱ་སྟེ་ཐབས་ཀྱི་ཡི་གེ་ལྔ་དང་། གཡོན་རིན་ཆེན་འབྱུང་ལྡན་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་སྲན་མའི་གཱའུ་ཙམ་ལྔའི་སྟེང་དུ་མུཾ་ལཱཾ་མུཾ་པཱཾ་ཏཱཾ་སྟེ་ཤེས་རབ་ཡུམ་གྱི་ཡི་གེ་ལྔ་བཀོད་དེ། ལག་པ་གཡས་ཀྱི་སོར་མོ་ལྔ་དང་གཡོན་གྱི་སོར་མོ་ལྔ་གཉིས་ཟུང་དུ་སྦྱར་ཏེ་སོ་སོར་སྤྲད་པ་ལས། རྡོ་རྗེའི་ཐལ་མོ་སྦྱར་བས་ལྷ་སོ་སོའི་ཕྱག་རྒྱ་འབྱུང་བའི་རྒྱུ་ཡིན་ནོ། །དེ་ཡང་རང་ཉིད་ལྷར་སྒོམ་པ་སྒྱུ་མ་འཇའ་ཚོན་ལྟ་བུ་ནི་ཕྱག་རྒྱ་ཆེན་པོའོ། །ཕྱག་གི་སོར་མོ་ལ་ཡིག་འབྲུ་སྒོམ་པ་ནི་ཆོས་ཀྱི་ཕྱག་རྒྱ། དེ་ལས་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་སྒོམ་པ་ནི་དམ་ཚིག་གི་ཕྱག་རྒྱ། དེ་ལས་གཡས་གཡོན་བསྒྱུར་བ་དང་འཁྱུད་པ་ནི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །གཉིས་པ་ནི། གཡས་ཀྱི་མཛུབ་མོའི་ༀ་བསམ་པ་དེ་དང་གཡོན་གྱི་གུང་མོའི་མཱུཾ་བསམ་པ་དེ་གཉིས་རྩེ་སྦྱར་ཏེ། ལྷག་མ་གཡས་གཡོན་གྱི་ཧཱུཾ་དང་ལཾ་སྭཱ་དང་མཾ་ཨཱཿདང་པྱཱཾ་ཧ་དང་ཏཾ་ཏེ་ཡི་གེ་འབྲུ་བརྒྱད་སོ་སོར་བསྣོལ་ནས་རྩེ་མོ་སྤྲད་པ་ནི། རིགས་ལྔའི་རྒྱལ་བ་ཀུན་དང་ངོ་བོ་མཉམ་པ་ཉིད་དུ་སྦྱོར་བའི། དངོས་གྲུབ་བདེ་བ་ཆེན་པོ་ཚེ་འདི་ཉིད་ལ་སྦྱིན་པར་བྱེད་པའི་ཕྱག་རྒྱའོ། །གསུམ་པ་ལ་ལྔ་ལས། དང་པོ་རིག་ལྔ་ཡབ་ཡུམ་གྱི་ཕྱག་རྒྱ་ལས་བདག་ཉིད་གཙོ་བོའི་སྐུར་བསྒོམ་པ་ཕྱག་རྒྱ་ཆེན་པོ་འདིའི་ངང་ལས་གཡས་རྡོ་རྗེ་ཁུ་ཚུར་གྱི་ཧཱུྃ་ལས་གཞན་པའི་ཡི་གེ་འབྲུ་བཞི་ནང་དུ་སྦས་ནས་གུང་མོ་བསྒྲེང་བའི་རྒྱབ་ཐུགས་ཀར་བཀན་པ་ནི་བཅིང་བ་དམ་ཚིག་གི་ཕྱག་རྒྱའོ། །གུང་མོ་ཧཱུྃ་གི་ངོ་བོ་བསྒྲེང་བའི་རྩེ་མོར་ཉི་མའི་དབུས་སུ་ཧཱུཾ་བསམ་པ་ནི་བསམ་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །ཧཱུཾ་དེ་ཉིད་འོད་དུ་ཞུ་བ་ལས་རྡོ་རྗེ་རྩེ་ལྔ་པ་འོད་འབར་བ་གཅིག་ཏུ་གྱུར་པ་ནི་བསམ་པ་དམ་ཚིག་གི་ཕྱག་རྒྱའོ། །ལག་པ་རྡོ་རྗེའི་ཁུ་ཚུར་དུ་བྱས་ནས་ཟླ་བའི་སྟེང་གི་ཡི་གེ་ནང་དུ་བརྟུལ་ཅིང་དཔའ་བོ་འབྲུ་ལྔ་སྦས་ཏེ་རྡོ་རྗེ་ཁུ་ཚུར་གྱིས་དྲིལ་བུ་གསིལ་ཞིང་ཡུམ་ལ་འཁྱུད་དེ་འཁྲིལ་བའི་ཚུལ་གྱིས་ཡུམ་གྱི་ཆོས་བརླ་གཡོན་པ་སྣང་བ་མཐའ་ཡས་ཀྱི་སྟེང་དུ་དྲིལ་བུ་བཞག་པས་དཀུ་ལ་བརྟེན་པ་ནི་ཡབ་ཀྱིས་ཡུམ་ལ་མཆོད་པ་སྟེ་དེ་ཉིད་བཅའ་བ་ལས་ཀྱི་ཕྱག་རྒྱར་བཤད་དོ། །དེ་ནས་ཕྱག་རྒྱ་གཡོན་ཕྱོགས་སུ་བཀྲོལ་ཏེ་ཕྱག་མཚན་ཡུམ་གྱི་ཐུགས་ཀར་ཐིམ་པས་མཉེས་པར་བསམས་ཤིང་ཧཱུཾ་བཛྲ་དྷྲྀཀ་བརྗོད་པ་ནི་བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །ཡུམ་གྱི་ཕྱག་རྒྱ་ཡང་བདག་རྡོ་རྗེ་དབྱིངས་ཕྱུག་མར་སྒོམ་པ་ནི་ཕྱག་རྒྱ་ཆེན་པོའོ། །དེའི་ངང་ལ་གཡོན་རྡོ་རྗེ་ཁུ་ཚུར་གྱི་ཟླ་བའི་མཾ་ལས་གཞན་པའི་ཡི་གེ་འབྲུ་བཞི་ནང་དུ་སྦས་ནས་གུང་མོ་ཐུགས་ཀར་བཀན་པ་ནི་དམ་ཚིག་གོ །གུང་མོ་ཉིད་མཱུཾ་གྱི་སྒྲས་བརྗོད་པ་སྒྲེང་བའི་རྩེ་མོར་ཟླ་བའི་སྟེང་དུ་མཱུཾ་ལས་དྲིལ་གསིལ་འབར་བར་བསམ་པ་ནི་བསམ་པ་དམ་ཚིག་གོ །ཕྱག་གཡས་ཉི་མ་ལ་དཔའ་བོ་འབྲུ་ལྔ་ཡབ་ཀྱི་བརླ་གཡས་པའི་སྟེང་དུ་བཞག་པ་ནི་ལས་སུ་འཁྲིལ་བ་སྟེ་འཁྱུད་ནས། ཡུམ་གྱི་དབུ་ཡབ་ལ་ཅུང་ཟད་བཏུད་དེ་ཞལ་འཛུམ་པའི་མདངས་ཀྱིས་ཡབ་ཀྱི་ཞལ་ལ་བལྟ་བ་ནི་བཅའ་བ་ལས་ཀྱི་ཕྱག་རྒྱའོ། །དེ་ནས་ཕྱག་རྒྱ་གཡོན་ཕྱོགས་སུ་བཀྲོལ་ཏེ་མཱུཾ་དྷཱ་ཏུ་ཤྭ་རི་བརྗོད་ནས་ཕྱག་མཚན་ཡབ་ཀྱི་ཐུགས་ཀར་ཐིམ་པར་བསམ་པ་ནི་བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །དེའང་དོན་རྟགས་ནི་ཡེ་ཤེས་ལྔའི་མཚོན་བྱེད་དུ་རྡོ་རྗེ་དང་འཁོར་ལོ་ལ་སོགས་པའོ། །རྣམ་པ་དེ་ཁོ་ན་བཞིན་གཞན་རྣམས་ལའང་རྒྱས་པར་སྦྱར་རོ། །མི་བསྐྱོད་པ་ཡབ་ཡུམ་ནི་རང་ཉིད་དེར་གསལ་བའི་ངང་ལས་གཡས་རྡོ་རྗེ་ཁུ་ཚུར་གྱི་ༀ་ལས་གཞན་པའི་ཡི་གེ་འབྲུ་བཞི་ནང་དུ་སྦས་ནས་མཛུབ་མོ་བསྒྲེང་བའི་རྒྱབ་ཐུགས་ཀར་བཀན་ཞིང་། མཛུབ་མོ་ༀ་སྒྲེང་བའི་རྩེ་མོར་འོད་དུ་ཞུ་བ་ལས་འཁོར་ལོ་འོད་འབར་བ་རྩི་བཞིར་བསམ་ཞིང་། གཡོན་རྡོ་རྗེ་ཁུ་ཚུར་གྱི་ཟླ་བའི་སྟེང་གི་ཡི་གེ་ནང་དུ་བཏུལ་ཏེ་དཔའ་མོ་འབྲུ་ལྔ་སྦས་པའི་རྡོ་རྗེ་ཁུ་ཚུར་གྱིས་དྲིལ་བུ་འཛིན་པ་གསིལ་ཞིང་། ཡུམ་ལ་འཁྱུད་ཅིང་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པའི་སྟེ་དུ་བཞག་པ་ནི་ཆོས་ལ་བརྟེན་པའོ། །གཡོན་པའི་ཡི་གེ་འབྲུ་བཞི་ནང་དུ་སྦས་ནས་འཛུབ་མོའི་རྒྱབ་ཐུགས་ཀར་བཀན་ཏེ། ལཱཾ་སྒྲེང་བའི་རྩེ་མོར་ལཱཾ་ཞུ་བ་ལས་དྲིལ་བུ་གསིལ་ཅིང་འོད་འབར་བ་ཐུགས་ཀར་བཀན་ལ། གཡས་པ་ཉི་མ་ལ་གནས་པའི་ཡི་གེ་འབྲུ་ལྔ་ནང་དུ་བསྡུས་ནས་ལས་སུ་འཁྲིལ་བ་སྟེ་ཡབ་ཀྱི་བརླ་གཡས་པའི་སྟེང་དུ་བཞག་ཅིང་ཡབ་ལ་ཅུང་ཟད་ཞལ་ཕྱོགས་པས་བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ་བའོ། །རིན་ཆེན་འབྱུང་ལྡན་ཡབ་ཡུབ་ནི་རང་ཉིད་དེར་གསལ་བའི་ཡབ་ཀྱི་གཡས་པའི་ཡི་གེ་འབྲུ་བཞི་ནང་དུ་སྦས་ནས་མཐེ་བོང་ཐུགས་ཀར་བཀན་ཞིང་། སྭཱཾ་སྒྲེང་བའི་རྩེ་མོར་དེ་ཞུ་བ་ལས་རིན་ཆེན་འོད་འབར་བ་བསམ་ལ། གཡོན་གྱི་ཟླ་བ་ལ་གནས་པའི་ཡི་གེ་བརྟུལ་ཏེ་འབྲུ་ལྔ་སྦས་པའི་རྡོ་རྗེ་ཁུ་ཚུར་གྱིས་དྲིལ་བུ་གསིལ་བ་འཛིན་ཞིང་ཡུམ་ལ་འཁྱུད་ནས་གཉིས་སུ་མེད་པར་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པའི་སྟེང་དུ་བཞག་པ་ནི་ཆོས་ལ་བརྟེན་པའོ། །གཡོན་པའི་ཡི་གེ་འབྲུ་བཞི་ནང་དུ་སྦས་ནས་མཐེ་བོང་ཐུགས་ཀར་བཀན་ཞིང་། མཐེ་བོང་མཱཾ་སྒྲེང་བའི་རྩེ་མོར་མཱཾ་ལས་དྲིལ་གསིལ་འོད་འབར་བ་བསྐྱེད་དེ་ཐུགས་ཀར་བཟུང་ལ། གཡས་ཀྱི་ཉི་མ་ལ་གནས་པའི་ཡི་གེ་འབྲུ་ལྔ་ནང་དུ་བསྡུས་ནས་ཡབ་ཀྱི་བརླ་གཡས་པའི་སྟེང་དུ་བཞག་པ་ནི་ལས་སུ་འཁྲིལ་བའོ། །རྣམ་འགྱུར་དེ་ཉིད་ཀྱིས་ཡབ་ལ་བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ་བ་ནི་ཡུམ་གྱི་ཕྱག་རྒྱའོ། །འོད་དཔག་མེད་ཡབ་ཡུམ་ནི། །དེར་གསལ་བའི་ངང་ལས་ཡབ་ཀྱི་གཡས་པའི་ཡི་གེ་འབྲུ་བཞི་ནང་དུ་སྦས་ནས་སྲིན་ལག་གི་རྒྱབ་ཐུགས་ཀར་བཀན་ཞིང་། སྲིན་ལག་ཨཾ་སྒྲེང་བའི་རྩེ་མོར་ཨཾ་ཞུ་བ་ལས་པདྨ་འབར་བ་བསམས་ཏེ་ཐུགས་ཀར་ཕྱག་རྒྱ་བཅས་ལ་གཡོན་གྱི་ཟླ་བའི་ཡི་གེ་བརྟུལ་ཅིང་འབྲུ་ལྔ་ནང་དུ་སྦས་པའི་ཁུ་ཚུར་གྱི་དྲིལ་བུ་གསིལ་བ་འཛིན་ཞིང་། ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་སྣང་བ་མཐའ་ཡས་ཀྱི་སྟེང་དུ་དྲིལ་བུ་དཀུ་ལ་བརྟེན་པའོ། །གཡོན་པའི་ཡི་གེ་འབྲུ་བཞི་ནང་དུ་སྦས་ནས་སྲིན་ལག་གི་རྒྱབ་ཐུགས་ཀར་བཀན་ཞིང་། སྲིན་ལག་པྱཾ་སྒྲེང་བའི་རྩེ་མོར་པྱཾ་ལས་དྲིལ་གསིལ་འབར་བར་བསམས་པ་ཐུགས་ཀར་བཟུང་ལ། གཡས་ཀྱི་ཉི་མ་ལ་གནས་པའི་ཡི་གེ་འབྲུ་ལྔ་ནང་དུ་བསྡུས་ཏེ་བརླ་གཡས་པའི་སྟེང་དུ་བཞག་པ་ནི་ལས་སུ་འཁྲིལ་བས་ཡབ་ལ་བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ་བའོ། །དོན་གྲུབ་ཡབ་ཡུམ་གྱི་ཕྱག་རྒྱ་ནི། དེར་གསལ་བས་གཡས་པའི་ཡི་གེ་འབྲུ་བཞི་ནང་དུ་སྦས་ནས་མཐེའུ་ཆུང་གི་རྒྱབ་ཐུགས་ཀར་བཀན་ཞིང་། མཐེའུ་ཆུང་ཧཱཾ་སྒྲེང་བའི་རྩེ་མོར་ཧ་ལ་རལ་གྲི་འབར་བར་བསམས་ཏེ་ཐུགས་ཀར་བཟུང་ལ། གཡོན་གྱི་ཟླ་བའི་ཡི་གེ་བརྟུལ་ཅིང་འབྲུ་ལྔ་ནང་དུ་སྦས་ནས་དྲིལ་བུ་གསིལ་ཞིང་། ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པའི་སྟེང་དུ་དྲིལ་བུ་བཞག་པ་ནི་ཆོས་ལ་བརྟེན་པའོ། །ཡང་གཡོན་པའི་ཡི་གེ་འབྲུ་བཞི་སྦས་ནས་མཐེའུ་ཆུང་གི་རྒྱབ་ཐུགས་ཀར་བཀན་ཞིང་། མཐེའུ་ཆུང་ཏཱཾ་སྒྲེང་བའི་རྩེ་མོར་ཏཾ་ལས་དྲིལ་གསིལ་འབར་བ་ཐུགས་ཀར་བཟུང་ལ། གཡས་ཀྱི་ཉི་མ་གནས་པའི་ཡི་གེ་འབྲུ་ལྔ་ནང་དུ་བསྡུས་ནས་ཡབ་ཀྱི་བརླ་གཡས་པའི་སྟེང་དུ་བཞག་པ་ནི་ལས་སུ་འཁྲིལ་བ་ཡིན་པས། ཡབ་ལ་བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ་བའོ། །གཉིས་པ་བྱང་ཆུབ་སེམས་དཔའ་ཡབ་ཡུམ་གྱི་ཕྱག་རྒྱ་ནི་གོང་དང་མཚུངས་པ་ལས་ཁྱད་པར་དུ་རང་རང་གི་ས་བོན་ལས་ཕྱག་མཚན་དུ་གྱུར་པའི་ཚུལ་གྱིས་ཡབ་ཀྱི་ཕྱག་གཡས་ཀྱིས་ཐུགས་ཀར་འཛིན་ཅིང་ཡུམ་གྱིས་ཕྱག་གཡོན་གྱིས་ཐུགས་ཀར་འཛིན་ལ། ཡབ་ཀྱི་གཡོན་པས་ཡུམ་གྱི་བརླ་གཡོན་པའི་ཆོས་ལ་བརྟན་ཅིང་། ཡུམ་གྱི་གཡས་པས་ཡབ་ཀྱི་བརླ་གཡས་པ་ལས་ལ་འཁྲིལ་བའོ། །དེའང་མཱུཾ་ལས་ཨུཏྤལ་མཻ་ལས་ཀླུ་ཤིང་ལ་སོགས་པའི་ཕྱག་མཚན་ནི། །ཀྵཾ་ལས་རིན་ཆེན་གྱི་མྱུ་གུ་ཏྲྂ་ལས་རལ་གྲི་འོད་འབར་བ། །ཧྲཱི་ལས་པདྨ་དཀར་པོ། ཛྷིཾ་ལས་རྡོ་རྗེ་འབར་བ། ཐླྷིཾ་ལས་ཆོས་ཀྱི་འཁོར་ལོ། ཧཱུཾ་ལས་རིན་ཆེན་སྙེ་མ་སྟེ་ཡབ་ཀྱི་ཕྱག་མཚན་ནོ། །ཧཱུཾ་ལས་གཟུགས་མཛེས་པར་མཚོན་པའི་མེ་ལོང་དང་ཏྲྂ་ལས་རིན་ཆེན་ཕྲེང་བ་དང་། ཧྲཱི་ལས་པི་ཝཾ་དང་ཨ་ལས་གར་མཁན་མཆོག་ཉིད་དེ་རྡོ་རྗེ་རྩེ་གསུམ་པ་ཁྱེར་ནས་སྤྱི་བོར་གར་བྱེད་པའོ། །ཛ་ལས་མེ་ཏོག་གི་འཕྲེང་བ་དང་ཧཱུཾ་ལས་སྤོས་མཆོད་མ་སྤོས་ཀྱི་ཁང་བུ་དང་། བཾ་ལས་མར་མེ་དང་ཧོ་ལས་བྱུག་པ་ལ་སོགས་པའི་དུང་ཆོས་ཏེ་ཡུམ་གྱི་ཕྱག་མཚན་ནོ། །ཡུམ་གྱི་གཡས་ཀྱི་ཡབ་ཀྱི་ལས་ཏེ་བརླ་གཡས་པ་ལ་འཁྲིལ་ཞིང་ཡབ་ཀྱི་གཡོན་པས་ཡུམ་གྱི་བརླ་གཡོན་པ་ཆོས་ལ་བརྟེན་ཅིང་། ཡབ་ཀྱི་དབུ་རྣམས་ཡུམ་ལ་ཅུང་ཟད་འཕྱོ་ཞིང་ཡུམ་རྣམས་ཡབ་ལ་འདུད་པའི་ཚུལ་དུ་གནས་པ་ནི། གོང་གི་ཕྱག་རྒྱ་ཆེན་པོ་བཞིན་དུ། ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པ་ཆོས་ཀྱི་དབྱིངས་སྤྲོས་བྲལ་བདེ་བ་ཆེན་པོ་ཉིད་ཀྱི་ངང་དུ་འཁྲིལ་བའོ། །གསུམ་པ་སྒོ་བ་ཡབ་ཡུམ་གྱི་ཕྱག་རྒྱ་ནི། དཀྱིལ་འཁོར་གྱི་སྒོ་བཞིའི་ཁྲོ་བོའི་ཕྱག་རྒྱ་ནི། ཧཱུཾ་བཞི་ལས་ནྲྀ་མགོ་གདེངས་བ་དང་རྡོ་རྗེ་རྩེ་ལྔ་པས་གནོན་པའི་ཚུལ་དང་། ཐོད་པ་སྦྲུལ་གྱིས་དཀྲིས་པ་ཆེན་པོ་བསྣམས་པས་གནོན་པ་དང་། རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན་པ་སྟེ་གཡས་པ་བཞིས་ཕྱར་ཞིང་གཡོན་པ་བཞིས་ཡུམ་ལ་བསྡིགས་མཛུབ་ཀྱི་ཚུལ་དུ་འཁྱུད་པ་དང་། ཡུམ་གྱི་ཕྱག་རྒྱ་ནི་ཕཊ་བཞི་ལས་ལྕགས་ཀྱུ་ཞགས་པ་སྥོ་ཊ་ཧོ། །གཡོན་གྱིས་བཟུངས་ནས་གཡས་རྡོ་རྗེ་ཁུ་ཚུར་གྱིས་ཡབ་ལ་འཁྱུད་པ་སྟེ་སྒོ་བཞིར་གནས་པ་སྒོ་བ་ཡབ་ཡུམ་དེ་དག་ཀྱང་། ཡུམ་གྱིས་ཡབ་ལ་འདུད་ཅིང་ཡབ་ཀྱིས་ཡུམ་ལ་དབུ་འབྱོ་བའི་ཚུལ་གྱིས་གཉིས་མེད་དུ་འཁྲིལ་བ་གོང་མ་བཞིན་ནོ། །བཞི་པ་ཐུབ་པ་དྲུག་གི་ཕྱག་རྒྱ་ནི་གདུལ་བྱའི་དབང་གིས་སྣ་ཚོགས་ཏེ། གཅིག་ཏུ་ངེས་པ་དང་གྲངས་དང་ཚད་མེད་ཀྱང་། དེ་དག་གི་རིགས་མདོར་བསྡུས་ན་ཕྱག་རྒྱ་དྲུག་ཏུ་བསྟན་པ་ཡིན་ནོ། །གང་ཞེ་ན་རྡོ་རྗེ་ལས། པི་ཝཾ་གོ་ཆ་གསེག་པར་སྒྲོམ། །པོ་ཏི་མེ་ཆུར་ཤེས་པར་བྱ། ཞེས་པ་སྟེ། ས་བོན་དྲུག་ལས་ཕྱག་རྒྱ་དེ་དག་ཐུགས་ཀར་འཛིན་པའོ། །དེ་དག་ལ་ཡུམ་མེད་པས་ཐབས་དང་ཤེས་རབ་ཟུང་དུ་མ་འབྲེལ་ལམ་སྙམ་ན་ཡུམ་ནི་གང་དུའང་དམིགས་པ་མེད་པ་ཆོས་ཀྱི་དབྱིངས་སྤྲོས་པའི་མཐའ་དང་བྲལ་བའོ། །ལྔ་པ་ཀུན་བ་ཟངཡབ་ཡུམ་གྱི་ཕྱག་རྒྱ་ནི། ཀུན་ཏུ་བཟང་པོ་ཕྱག་གཉིས་མཉམ་བཞག་གི་མཐིལ་ལས་གདངས་ཀྱི་འཆར་གཞིར་བསྟན་པའི་ཕྱིར་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་ཞིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་མཛད་པའོ། །དེའི་ཡུམ་དུ་འགྱུར་བ་ཀུན་ཏུ་བཟང་མོ་ནི་ཕྱག་རྒྱ་མཉམ་རྫོགས་ཏེ་ཡབ་དང་མཚུངས་ཤིང་ཞབས་གཉིས་པདྨའི་སྐྱིལ་ཀྲུང་དུ་བཞུགས་པའོ། །དེ་ལྟར་སོ་སོའི་ཕྱག་རྒྱ་བསྟན་པས་གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ་རིགས་སོ་སོར་བསྒྲུབ་པ་ན་ལྷ་དེ་དག་གི་ཕྱག་རྒྱ་ཡང་ཕྱོགས་གཅིག་ཏུ་རྡོ་རྗེ་ལ་སོགས་པ་རིགས་དེའི་ཕྱག་མཚན་དུ་བསྟན་པ་དང་། ཡང་ན་དེ་བཞིན་གཤེགས་པ་ལྔ་པོའི་ཕྱག་རྒྱ་སྔར་བསྟན་པ་དེ་ཉིད་དམ། ཡང་ན་རྡོ་རྗེའི་ཐལ་མོ་སྦྱར་བའི་ཉིད་ཙམ་ཡང་བཅད་པར་བྱའོ། །གསུམ་པ་འབྲས་བུ་ཡེ་ཤེས་ཀྱི་ཕྱག་རྒྱར་དོན་བསྡུ་བ་ལ་གསུམ། རང་བཞིན་གནས་ལུགས་ཀྱི་ཕྱག་རྒྱ་སྤྱིར་བསྟན་པ། གནས་སྐབས་སྣང་བྱེད་ཀྱི་ཕྱག་རྒྱ་བྱེ་བྲག་ཏུ་བཤད་པ། མཐར་ཐུག་འབྲས་བུའི་ཕྱག་རྒྱས་འགྲོ་དོན་མཛད་པའོ། །དང་པོ་ནི། སེམས་ཉིད་གདོད་ནས་དག་པའི་ངོ་བོ་ཕྱག་རྒྱ་ཆེན་པོའི་ངང་ལས་གང་ཤར་གྱི་རྟོག་པ་ཡེ་ཤེས་ཆེན་པོའི་ཚོགས་མཆོག་ཏུ་ཡེ་ནས་གནས་པ་ནི་དོན་གྱི་འདུག་ཚུལ་ལོ། །དེ་ཉི་བླ་མའི་དྲིན་གྱིས་རྟོགས་ནས་ཐབས་གང་སྣང་གི་ཡུལ་དང་ཤེས་རབ་འཛིན་མེད་དུ་ཤར་བའི་རིག་པ་རང་གྲོལ་ཕྱོགས་གཅིག་ཏུ་ལྡན་པར་རྒྱུད་ལ་སྦྱོར་ན། ལུས་མ་བསྐྱོད་ཡན་ལག་མ་བསྒུལ་ཡང་འགྲོ་འདུག་དང་སྤྱོད་ལམ་ཐམས་ཅད་ཀུན། ཕྱག་རྒྱ་ཆེན་པོའི་ངང་དུ་གནས་ཤིང་འདུས་པས། བཅོས་མའི་ཕྱག་རྒྱ་བཅིང་དུ་མེད་པའོ། །གཉིས་པ་ལ་བཞི་ལས། དང་པོ་སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་སྤྲོ་བ་ནི། སྔར་ཕྱག་རྒྱ་སྤྲོས་པའི་ཏིང་ངེ་འཛིན་གོམས་པ་ལས་དེའི་རྩལ་གོང་ནས་གོང་དུ་སྦྱོང་བའི་ཕྱིར་ལུས་ཀྱི་ཡན་ལག་ལ་ལྷ་བཞི་བཅུ་རྩ་གཉིས་དང་ལྡན་པར་བྱས་ནས་རྟོགས་པ་སོགས་དབྱུང་བ་སྟེ་དེ་ཡང་བདག་ཉིད་རྣམ་སྣང་ཡབ་ཡུམ་དུ་གསལ་བ་ལས། ཡབ་ཀྱི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་རྣམས་སུ་མི་བསྐྱོད་པ་འོད་དཔག་མེད་རྣམ་སྣང་རིན་ཆེན་འབྱུང་ལྡན་དོན་གྲུབ་སྟེ་ཡབ་ལྔའོ། །མིག་དང་རྣ་བ་དང་སྣ་བུག་དང་ལྕེ་ཟུར་གཡས་པ་བཞི་ལ་སའི་སྙིང་པོ་ཕྱག་རྒྱ་རྡོ་རྗེ་ནམ་མཁའི་སྙིང་པོ་སྤྱན་རས་གཟིགས་ཏེ་ཐུགས་ཀྱི་སེམས་དཔའ་བཞིའོ། །དེ་བཞིན་དུ་གཡོན་པ་བཞི་ལ་བྱམས་པ་སྒྲིབ་སེལ་ཀུན་བཟང་འཇམ་དཔལ་ཏེ་གསུང་གི་སེམས་དཔའ་བཞིའོ། །ལག་པ་གཡས་ལ་གཤིན་རྗེ་མཐར་བྱེད། གཡོན་ལ་ཤེས་རབ་མཐར་བྱེད། རྐང་པ་གཡོན་པ་པདྨ་མཐར་བྱེད། གཡས་ལ་བགེས་མཐར་བྱེད་དེ་སྒོ་བ་བཞིའོ། །སྤྱི་གཙུག་མགྲིན་པ་རོ་སྟོད་ལྟེ་བ་གསང་གནས་རྐང་མཐིལ་དྲུག་སྟེ་ལྷ་ཉི་ཤུ་རྩ་གསུམ་མོ། །ཡུམ་གྱི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་ལྔར་སངས་རྒྱས་སྤྱན་གོས་དཀར་མོ་དབྱིངས་ཕྱུག་མ་མཱ་མ་ཀཱི་སྒྲོལ་མ་སྟེ་ཡུམ་ལྔའོ། །མིག་རྣ་བ་སྣ་བུག་ལྕེ་ཟུར་གཡོན་ལ་རིམ་པ་བཞིན་སྒེག་མོ་ཕྲེང་མ་གླུ་མ་གར་མ་སྟེ་ཡུལ་གྱི་ལྷ་མོ་བཞིའོ། །དེ་བཞིན་དུ་གཡས་བཞི་ལ་བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ་སྟེ་དུས་ཀྱི་ལྷ་མོ་བཞིའོ། །ལག་པ་གཡོན་ལ་ལྕགས་ཀྱུ་གཡས་ལ་ཞགས་པ། རྐང་པ་གཡས་ལ་ལྕགས་སྒྲོགས་གཡོན་ལ་དྲིལ་བུ་མ་སྟེ་སྒོ་མ་བཞིའོ། །དེ་ལྟར་ཡུམ་ལ་ལྷ་བཅུ་བདུན་ཏེ། བསྡོམས་པས་བཞི་བཅུ་ནི་ཐབས་ལྷ་སྟེ་རགས་པ་དང་ཕྱི་ན་གནས་པས་དེ་སྐད་ཅེས་བརྟགས་སོ། །དེའི་སྟེང་དུ་རྩ་བའི་ལྷ་ཡབ་ཡུམ་གཉིས་ཏེ་བཞི་བཅུ་རྩ་གཉིས་པོ་དེ་རྣམས་ལ་བསླབ་པོ། ཀུན་བཟང་ཡབ་ཡུམ་ནི་རྩ་བའི་ལྷ་ཉིད་དུ་བསྡུས་སོ། །གཉིས་པ་སངས་རྒྱས་སྟོང་གི་དཀྱིལ་འཁོར་སྤྲོ་བ་ནི། བཞི་བཅུ་པོ་དེ་ཉིད་ཀྱི་ཐུགས་ཀར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའི་རེ་རེ་གནས་པ་ནི་ཡན་ལག་སྤྲོས་པའི་བདག་ཉིད་ནང་ན་གནས་པ་དང་ཕྲ་བའི་ཕྱིར་ཤེས་རབ་ཀྱི་ལྷ་སྟེ་བཞི་བཅུའོ། །ཐབས་ཀྱི་ལྷ་བཞི་བཅུ་རྩ་གཉིས་སྨོས་ཀྱང་རྩ་བའི་ཡབ་ཡུམ་གཉིས་ལས་གཞན་བཞི་བཅུ་པོ་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་ལྷ་གསུམ་གསུམ་འཕྲོ་བར་འགྱུར་བས་བརྒྱ་ཉི་ཤུ་དང་། དེ་རེ་རེ་ལ་དབུ་རྒྱན་གྱི་ལྷ་ལྔ་ལྔ་ཡོད་པས་དྲུག་བརྒྱ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་ལྷ་གསུམ་ཡོད་པས་སུམ་བརྒྱ་དྲུག་ཅུ་྄ཤེས་རབ་ཀྱི་ལྷ་བཞི་བཅུ་པོ་བསྣན་པས་སངས་རྒྱས་སྟོང་གི་དཀྱིལ་འཁོར་ཏེ་དེ་ལ་བསླབ་པོ། །གསུམ་པ་སངས་རྒྱས་ཉི་ཁྲི་ཆིག་སྟོང་གི་དཀྱིལ་འཁོར་གསལ་བ་ནི། སངས་རྒྱས་སྟོང་པོ་དེ་ལྟར་ལྡན་པའི་གཙོ་མཆོག་རྣམས་སྣང་ཡབ་ཡུམ་དག་གིས་མཚོན་པ་རྒྱལ་བ་རིགས་བཞི་དང་རྒྱལ་མཆོག་ཀུན་ཏུ་བཟང་པོ་ལ་ཡང་དེ་བཞིན་དུ་བརྩིས་པས་སྟོང་སྟེ་སྟོང་ཕྲག་དྲུག་གོ །དེ་བཞིན་དུ་སེམས་དཔའ་ཡབ་ཡུམ་ཆ་བརྒྱད་དང་སྒོ་བ་ཡབ་ཡུམ་ཆ་བཞི་སྟེ་བཅུ་གཉིས་ལ་སྟོང་ཕྲག་བཅུ་གཉིས་དང་དྲུག་གི་འོད་འཕྲོ་འབར་བ་ནི་ཐུབ་པ་དྲུག་སྟེ་ཡུམ་མེད་པས་ཉི་ཁྲི་ཆིག་སྟོང་སུམ་བརྒྱ་དང་བཅུ་གཉིས་ཀྱི་དཀྱིལ་འཁོར་ལ་བསླབ་པར་བྱའོ། །ཉི་ཁྲི་བཞི་སྟོང་དུ་འདོད་པ་ནི་ཐུབ་པ་དྲུག་ལ་ཡུམ་ཡོད་པར་རློམ་པ་ཡིན་ནོ། །བཞི་པ་སངས་རྒྱས་བསམ་གྱིས་མི་ཁྱབ་པའི་དཀྱིལ་འཁོར་ལ་བསླབ་པ་ནི། ཚུལ་དེ་ལ་སོགས་ཏེ་སངས་རྒྱས་རེ་རེའང་ཉི་ཁྲི་ཆིག་སྟོང་དུ་བསྐྱེད་པ་ལྟ་བུ་བསམ་གྱིས་མི་ཁྱབ་པའི་དཀྱིལ་འཁོར་ལ་བསླབ་པར་བྱའོ། །བླ་མ་རོང་པ་ནི་ཕྱག་རྒྱ་ཆེན་པོའི་བདག་ཉིད་གཅིག་ལ་ལྷ་བཞི་བཅུ་རྩ་གཉིས་ཀྱི་ཡན་ལག་དང་ལྡན་པས་དེ་ཉིད་ཡན་ལག་སྤྲོ་བ་དག་སྟེ། དེ་དག་རེ་རེའང་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་དང་ལྡན་པས། བཞི་བཅུ་རྩ་གཉིས་སུམ་འཕྲོད་འགྱུར། དེ་ལྟ་བུ་དང་ལྡན་པ་དེས་ཕྱག་རྒྱ་ཇི་སྙེད་འཕྲོ་ཞིང་སངས་རྒྱས་ཀྱི་མཛད་པ་ཇི་ལྟར་འགྲུབ་པར་བྱེད་ཅེ་ན། དེ་ལྟར་ལྡན་པའི་སོགས། གཙོ་བོ་ལ་ཇི་ལྟར་ལྡན་པ་དེ་བཞིན་དུ་ཡན་ལག་གི་ལྷ་རྣམས་ལ་ཡང་ལྡན་པར་བརྩིས་ན་ཕྱག་རྒྱ་བརྒྱ་ཉི་ཤུ་འབྱུང་བས། བཅུ་གཉིས་དྲུག་གི་འོད་འཕྲོ་འབར་ཞེས་འཆད་དོ། །སྣང་བྱེད་ཀྱི་ལྷ་འདི་རྣམས་རྣལ་འབྱོར་སྔ་མ་གོམས་སྟོབས་ཀྱིས་འབྲས་བུར་བཞག་ལ་ཚོགས་སྒྲུབ་ཏུ་ཚེ་དབང་ཐོབ་པར་བྱེད་པའི་རྒྱུ་ཡིན་པས་ལམ་དུའང་བཞག་གོ །གསུམ་པ་མཐར་ཐུག་གི་ཕྱག་རྒྱས་འགྲོ་དོན་མཛད་པའི་ཚུལ་ལ་ལྔ་ལས། དང་པོ་གདུལ་བྱའི་དོན་དུ་སྣ་ཚོགས་སུ་སྟོན་པའི་ཚུལ་ནི། ལམ་དུ་དེ་ལྟར་བསྒོམས་པས་སངས་རྒྱས་པ་ན་ཕྱོགས་བཅུ་དང་དུས་བཞི་ཡི་སངས་རྒྱས་ཀྱི་ཞིང་ཁམས་བསམ་ཡས་སུ་གདུལ་བྱ་དཔག་ཏུ་མེད་པ་འདུལ་བའི་ཕྱག་རྒྱའི་དོན་རྣམས་སངས་རྒྱས་དང་འཁོར་ལོས་སྒྱུར་བ་ལ་སོགས་པའི་སྐུ་སོ་སོར་སྟོན་ཞིང་འགྲོ་བའི་དོན་མཛད་དོ། །གཉིས་པ་བསྟན་པ་བཞིན་སྣང་བའི་ཚུལ་ནི། ཐེག་པ་མཐོ་བ་སྔགས་དང་ཕ་རོལ་ཏུ་ཕྱིན་པ་དམན་པ་ཉན་རང་ལ་སོགས་པ་ཐམས་ཅད་དང་། ལྟ་སྤྱོད་ཕྱིན་ཅི་ལོག་མུ་སྟེགས་བྱེད་རྣམས་དང་སོ་སོ་སྐྱེ་བོ་བསམ་ཡས་དང་། གདུལ་བྱ་ཞི་བ་ལྷ་ལ་སོགས་པ་དང་ཁྲོ་བའི་རང་བཞིན་བདུད་དང་གཤིན་རྗེ་ལ་སོགས་པའི་ཚོགས་ཆེན་པོ་ཐམས་ཅད་ལ། གང་ལ་གང་འདུལ་སོ་སོར་སྣང་ཞིང་མོས་པ་དང་མཐུན་པར་བྱས་ཏེ་ཀུན་ཏུ་སྣང་ངོ་། །གསུམ་པ་སྣ་ཚོགས་སུ་སྣང་ཡང་གཅིག་ལས་མ་གཡོས་པའི་དཔེ་ནི། དཔེར་ན་ཟློས་གར་མཁན་ཉིད་གཅིག་པོ་དེ་ལས་གཡས་རྐྱང་གཡོན་བསྐུམ་དང་ཞི་ཁྲོ་དུ་མར་སྣང་བ་དང་འདྲ་བར། ཡེ་ཤེས་ཀྱི་ལུས་ཡེ་ནས་དག་པའི་རང་བཞིན་གཅིག་ལ་དམིགས་པའི་ཚུལ་གྱིས་ཆེད་དུ་མ་བཀོད་ཀྱང་འགྲོ་བའི་སྣང་བ་དང་མཐུན་པར་སྣ་ཚོགས་ལྷུན་གྲུབ་ཏུ་ཐུགས་རྗེས་སྟོན་པར་བྱེད་དོ། །བཞི་པ་གདུལ་བྱའི་དབང་གིས་ཕྱག་རྒྱའི་གྲངས་མ་ངེས་པར་བསྟན་པ་ནི། མདོར་ན་བྱང་ཆུབ་མཆོག་དང་བདུད་འདུལ་བ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་ནི། འདི་ཁོ་ནའོ་ཞེས་མཐའ་གཅིག་ཏུ་བརྗོད་དུ་མེད་དེ། ཐབས་དང་ཤེས་རབ་ཀྱི་དབང་གིས་གཉིས་དང་སྐུ་གསུང་ཐུགས་ཀྱིས་གསུམ་དུ་རྣམ་པར་འཕྲོ་བར་བྱེད་དོ། །ལུས་བསྐྱོད་པ་དང་ཡན་ལག་ཕྱག་རྒྱར་འགྱུར་བའང་དེ་བཞིན་དེ། ལྔ་པ་གནས་ལུགས་ཕྱག་རྒྱ་ཆེན་པོར་ཐམས་ཅད་འདུ་བ་ནི། མདོར་ན་ལུས་སྒུལ་བ་དང་ཡན་ལག་བསྐྱོད་པ་ཐམས་ཅད་ཀུན། ཕྱག་རྒྱ་ཆེན་པོའི་ངང་དུ་གནས་ཏེ། ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཆོས་ཉིད་དུ་གནས་པ་ཉིད་ཀྱིས་འདི་ནི་མ་དག་པའི་ཕྱག་རྒྱ་དང་ཆོས་སོ་ཞེས་རྡུལ་ཙམ་ཡང་མི་གནས་ཤིང་གནས་པའང་མིན་ཏེ་ལུས་ལྷ་ངག་སྔགས་སེམས་ཆོས་ཉིད་ཀྱི་ཕྱག་རྒྱའམ་དཀྱིལ་འཁོར་དུ་གནས་པའི་ཕྱིར་རོ། །དེ་སྐད་ཅེས་སྒྲིབ་གཉིས་མ་ལུས་པ་དག་ཅིང་མཁྱེན་རབ་ཕུན་སུམ་ཚོགས་པ་མངའ་བའི་མཆོག་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཀྱིས་བཤད་པ་ཡིན་ནོ། །ཡེ་ཤེས་ཀྱི་ཕྱག་རྒྱ་མཆོག་ཏུ་གསང་བའི་སྙིང་པོ་ཆོས་ཉིད་དོན་གྱི་གནས་ལུགས་དེ་ཁོ་ན་ཉིད་ངེས་པ་ལས་ལུས་དང་རྟོག་པའི་ཡན་ལག་ཐམས་ཅད་ཡེ་ནས་དག་པའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས་རང་བཞིན་གྱི་ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་བརྒྱད་པའོ།། ༈ །།དོན་གསུམ་པ་དེ་ཉིད་གསལ་བར་བྱེད་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་གཉིས་ཏེ། །དཀྱིལ་འཁོར་གསུང་ཚུལ་མདོར་བསྟན་པ་དང་། དེའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། སྐུ་ཕྱག་རྒྱའི་དཀྱིལ་འཁོར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱིས་འགྲོ་བའི་དོན་ལ་དགྱེས་པ་ཆེན་པོས། ཀུན་ཏུ་བཟང་པོ་ཉིད་རྡོ་རྗེ་གསང་བའི་དམ་ཚིག་གི་དཀྱིལ་འཁོར་བཀོད་དེ་དབང་བསྐུར་བའི་རིམ་པ་ལ་སྙོམས་པར་ཞུགས་པ་སྟེ་ཡུམ་དང་ལྷན་ཅིག་ཕྱོགས་ནས། ཆེད་དུ་བརྗོད་པ་འདི་སྐད་ཅེས་བརྗོད་དོ། །གཉིས་པ་ལ་གསུམ། དབང་པོ་རབ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བ། དམན་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ། གང་དུ་དབང་བསྐུར་བའི་དོན་བསྡུ་བའོ། །དང་པོ་ལ་གཉིས། ཡུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་ཡབ་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའོ། །དང་པོ་ལ་གསུམ། དཀྱིལ་འཁོར་དགོད་ཅིང་སྦྱིན་སྲེག་བྱ་བ། སྣང་ལ་རང་བཞིན་མེད་པའི་མཆོད་པ་འབུལ་བ། འཇུག་ཅིང་དབང་བསྐུར་བའོ། །དང་པོ་ལ་གཉིས། དཀྱིལ་འཁོར་དགོད་པ་དང་། སྦྱིན་སྲེག་བྱ་བའོ། །དང་པོ་ལ་གཉིས། དཀྱིལ་འཁོར་བསྟན་པ་དང་། མཆོད་པ་བཤམ་པའོ། །དང་པོ་ལ་ལྔ་ལས། དང་པོ་གནས་གང་དུ་དཀྱིལ་འཁོར་དགོད་པ་ནི། མཆོག་ཏུ་གསང་བའི་བདེ་བ་ཆེན་པོ་ནི་ཤེས་ཤིང་རིག་པར་དཀའ་བས་ཤིན་ཏུ་ཕྲ་བའི་དོན་ཡིན་ལ། དེ་ཉིད་ཚེ་འདིར་མཆོག་སྒྲུབ་པ་ལ་མེད་དུ་མི་རུང་བའི་དམ་ཚིག་གི་མཆོག་ཡིན་པས་ན། དེ་གང་ལས་སྐྱེ་ཞིང་འཛིན་པ་ཕྱག་རྒྱ་མཚན་ལྡན་བདེ་བ་ཆེན་པོའི་ལུས་རྒྱས་པའི་ཕྱག་མཐིལ་ཡུམ་མཁའ་རྣམ་པར་དག་པ་ཉིད་དུ་དབང་བསྐུར་བའི་དཀྱིལ་འཁོར་གནས་སོ། །གཉིས་པ་དཀྱིལ་འཁོར་གྱི་ཚད་ནི་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ་ཉིད། སོར་གྱི་ཚད་ནི་དགའ་བ་དང་མཆོག་དགའ་དང་དགའ་བྲལ་གྱི་དགའ་བ་དང་ལྷན་ཅིག་སྐྱེས་པའི་དགའ་བ་བཞི་ཡི་ཚད་དུ་བྱའོ། །གསུམ་པ་ཐིག་གདབ་པ་ནི། གནས་དེའི་རྒྱུད་སྦྱོང་བ་སྟེ་དེའང་འབྲུ་ལྔ་སྟེ་སྐྱེ་བའི་ས་བོན་དུག་ལྔ་ཡེ་ཤེས་སུ་གནས་པ་དང་སྤོས་ལྔ་སྟེ་དེ་དག་ཉིད་གནས་སུ་དག་པའི་ཡེ་ཤེས་ལྔ་དང་རིན་ཆེན་ལྔ་ནི་ཕུང་པོ་ལྔའོ། །སྙིང་པོ་ལྔ་ནི་སྐུ་ལྔ་དང་སྨན་ལྔ་ནི་རིགས་ལྔ་དང་། བདུད་རྩི་ལྔ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དབྱེར་མི་ཕྱེད་པའི་སེམས་ཉིད་རྣམ་པར་དག་ཅིང་འོད་གསལ་བ་སྟེ་དེ་དག་དེ་ལྟར་ཡིན་པ་ལ་ཡིན་པར་ཤེས་པས་ཐམས་ཅད་སངས་རྒྱས་པའི་རང་བཞིན་རབ་ཏུ་ཤེས་པར་མཉམ་པར་བྱས་ལ། དེ་ལྟར་རིག་པས་ཡུམ་གྱི་རྒྱུད་ཡེ་ཤེས་ཆེན་པོར་གསལ་བའི་ཚངས་ཐིག་གི་མཆོག་ནི་གསལ་གདབ་པར་བྱའོ། །བཞི་པ་ཇི་ལྟར་བྲི་བ་ནི། ཡུམ་མཁའི་རང་བཞིན་གཞལ་ཡས་ཁང་གི་རྣམ་པར་གནས་པ་དེ་ཉིད་གསལ་བར་བྱེད་པ་སྟེ། དབུས་སུ་ལྟེ་བ་རྩིབས་དང་ལྡན་པ་ཡི་ངོ་བོ་ནང་རྩལ་བྱའོ། །རྩིབས་བཞི་འཁོར་ལོ་མུ་ཁྱུད་དང་བཅས་པ། དེའི་ཕྱི་རོལ་གྱི་དབྱིབས་གྲུ་ཆད་བཞི་དང་གྲུ་བཞི་པའི་རྣམ་པ་ཅན་གྱི། བར་འཁྱམས་པདྨའི་སྒོ་ཁྱུད་ལྡན་པ་ལ་དེ་ལྟར་གསལ་བར་བྱའོ། །ལྔ་པ་མཚན་མ་དགོད་པ་ནི་ལྷའི་གནས་དེར་སྙིགས་མ་དཀར་དམར་གྱི་ངོ་བོ་མཚོན་པ་སེན་ཟླུམ་ཙམ་གྱི་ཉི་ཟླ་ལ། སྲན་མའི་གའུ་ཕྱེད་པ་ཙ་ནའི་འབྲུ་ཙམ་གྱི་པདྨའི་གདན་གྱི་སྟེང་དུ། ཤིན་ཏུ་དྭངས་མ་ཡུངས་འབྲུ་ཙམ་གྱི་ངོ་བོ་ཡི་གེ་ཧཱུཾ་དུ་གསལ་བ་ལས། རང་བཞིན་གཉིས་སུ་མེད་པའི་ཕྱག་རྒྱ་རྡོ་རྗེ་ཏིལ་འབྲུ་ཙམ་དུ་བྲི་བ་སྟེ་གསལ་གདབ་པོ། །གཉིས་པ་མཆོད་པ་ནི། ཕྱག་རྒྱའི་གཡོན་ཕྱོགས་སུ་ཚོགས་དང་མཆོད་པས་བརྒྱན་པར་བྱ་བ་ཡང་ཁ་དོག་བསྒྱུར་བའི་གོས་བཅོས་བུའི་རྣམ་དར་དང་རས་ནི་སྣ་ཚོགས་དང་། དབུ་རྒྱན་དང་མགུལ་རྒྱན་ལ་སོགས་པའི་རྒྱན་སྣ་ཚོགས་དང་དོ་ཤལ་དང་དྲ་ཕྱེད་ལ་སོགས་པ འི་འཕྲེང་བ་སྣ་ཚོགས་དང་ཇ་དང་ཆང་ལ་སོགས་པའི་བཏུང་བ་སྣ་ཚོགས་དང་ཤ་དང་ཐུད་དང་ཕྲུམ་ལ་སོགས་པའི་བྲོ་བས་བསྐོར་ཞིང་། ཤིན་ཏུ་སྙན་པའི་གླུ་དང་བསྟོད་པའི་ཚིག་དང་བཅས་པའི་སྐྱེ་བོའི་རྐང་པའི་བྲོ་དང་ལག་པའི་གར་དང་དུང་དང་ཆ་ལང་དང་པི་ཝང་དང་གླིང་བུ་དང་གདུགས་དང་རྒྱལ་མཚན་ལ་སོགས་པའི་རོལ་མོ་ཡི། སྤྲིན་ཕུང་བསམ་གྱིས་མི་ཁྱབ་པའི་ཚོགས་ཀྱིས་རབ་ཏུ་མཆོད་ཅིང་གཞན་ཡང་མཆོད་པའི་རྐྱེན་དུ་གྱུར་བའི་ཡུམ་དང་ཡིད་འཇོ་བར་བྱེད་པའི་དགའ་མ་དང་ན་ཚོད་གཞོན་ནུར་གྱུར་པའི་སེམས་མ་ཡིས། རོལ་པའི་དགའ་བ་བསྐྱེད་པ་དང་རེག་བྱའི་དགའ་བ་བསྐྱེད་པ་དང་། མིག་གི་དགའ་བ་བསྐྱེད་པ་སྟེ་རྣམ་པ་གསུམ་པོ་ཇི་ལྟར་འདོད་པའི་ལས་བཞིན་མཆོད་པས་བརྒྱན་པར་བྱའོ། །སྐབས་འདིའི་མཆོད་པའི་གཙོ་བོ་ནི། བདེ་བ་སྟེར་བར་བྱེད་པའི་ཡུམ་ཕྱི་ནང་གསང་བ་གསུམ་གྱི་ཡུལ་རྣམས་ཡིན་པར་བཞེད་དོ། །གཉིས་པ་སྦྱིན་སྲེག་གི་ལས་ལ་གཉིས། ལས་བཞིའི་སྦྱིན་སྲེག་སྤྱིར་བསྟན་པ་དང་། ཁྲོ་བོའི་སྦྱིན་སྲེག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ལས་བཞིའི་རིམ་པས་ཐབ་ཁུང་གི་དབྱིབས་ཀྱང་ཟླུམ་པོ་ལ་སོགས་པ་དང་ཁ་དོག་ཀྱང་དཀར་པོ་ལ་སོགས་པ་སོ་སོའི་མཚན་ཉིད་ཚང་བ་དང་ལྡན་པར་། མེ་ལྷའི་རང་བཞིན་མཆོད་སྦྱིན་གསོལ་བའི་ཞལ་དུ་གྱུར་པའི་ལྟོ་བར་འཇིག་རྟེན་ལས་འདས་པའི་མེ་ལྷ་བོས་ཏེ་སྤྱན་དྲངས་ལ་ཞོ་ཟན་དང་མར་ཁུ་ལ་སོགས་པ་བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས་མཆོད་ཅིང་། ཞི་བ་ལ་ཏིལ་རྒྱས་པ་ལ་རིན་པོ་ཆེ་ལ་སོགས་པ་ལས་བཞིའི་མཆོད་པ་སོ་སོའི་སྔགས་དང་ཏིང་ངེ་འཛིན་གྱིས་རབ་ཏུ་སྦྱིན་པར་བྱའོ། །གཉིས་པ་ནི། ཞི་བའི་སྦྱིན་སྲེག་ཇི་ལྟ་བར་ཁྲོ་བོའི་དཀྱིལ་འཁོར་དུ་ཡང་ཐབ་དང་ལྷའི་མཚན་ཉིད་ལ་སོགས་པ་དེ་བཞིན་དུ་བྱས་ཏེ། ཏིང་ངེ་འཛིན་ལ་སོགས་པའི་གནད་ཤིན་ཏུ་ཕྲ་ཞིང་ཟབ་མོ་རྣམས་ལ་སྦྱངས་པ་ཡི་རྣལ་འབྱོར་པས། ལྷའི་དཀྱིལ་འཁོར་བསམ་ཡས་དག་ལའང་ཆོ་གའི་རིམ་པ་དེ་བཞིན་དུ་སྦྱིན་སྲེག་གིས་མཉེས་པར་བྱའོ། །དེའང་ལྷ་གང་གིས་དཀྱིལ་འཁོར་ལ་ལས་གང་གིས་སྦྱིན་སྲེག་ཇི་ལྟར་བྱེད་པའི་ཚུལ་རྣམས་ནི་གནས་སྐབས་དང་སྦྱར་བའི་རང་གི་རིག་པས་ལེགས་པར་དཔག་པ་ཙམ་དུ་བྱའོ། །གཉིས་པ་སྣང་ལ་རང་བཞིན་མེད་པའི་མཆོད་པ་འབུལ་བ་ལ་གཉིས། ཏིང་ངེ་འཛིན་ཡིད་ཀྱིས་མཆོད་པ་དང་། གསང་བ་བདེ་བ་ཆེན་པོའི་མཆོད་པའོ། །དང་པོ་ལ་གཉིས། ཀུན་རྫོབ་སྒྱུ་མའི་མཆོད་པ་དང་། དེའི་རྫོགས་རིམ་དོན་དམ་པ་ཡེ་ཤེས་ཀྱི་མཆོད་པའོ། །དང་པོ་ལ་གཉིས་ལས། དང་པོ་ཏིང་ངེ་འཛིན་གྱི་མཆོད་སྤྲིན་བཀོད་པ་ནི། །དཀྱིལ་འཁོར་ལ་ཡིད་སྤྲུལ་གྱིས་ཇི་ལྟར་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། རང་གི་སེམས་ཀྱི་བཀོད་པའི་ཡིད་བཞིན་གྱི་ནོར་བུའི་སྤྲིན་ཕུང་འཁྲིག་པའི་ཚོགས་ཀྱིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ། རྒྱན་སྟུག་པོ་བཀོད་པའི་ཞིང་ཁམས་ལྟ་བུར་བྷྲཱུཾ་གྱིས་གསལ་གདབ་བོ། །དེའང་རྒྱན་དང་བཀོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་ཅིང་མཉེན་པ་འཇམ་ཞིང་རེག་ན་བདེ་བ་ཡི། སྣ་ཚོགས་རིན་པོ་ཆེ་ཡིས་གཞི་ཁོད་སྙོམས་པ་ལས། རིན་པོ་ཆེ་སྣ་ཚོགས་ཀྱིས་མིག་མངས་རིས་སུ་མཛེས་པར་བྲིས་ཤིང་ལྷའི་ནོར་བུ་སྣ་ཚོགས་ཀྱི་ཚོམ་བུས་རབ་ཏུ་བརྒྱན་པས་ཕྱོགས་ཀུན་ཏུ་འཁྱིམ་བར་སྤྲས་པ་དང་། ཏྲཱཾ་ལས་འདོད་དགུ་ཀུན་འབྱུང་བའི་རིན་ཆེན་སྣ་བདུན་གྱི་ཕུང་པོ་འོད་ཟེར་གྱི་དྲྭ་བ་འབར་བའི་རི་བོ་ལྷུན་སྟུག་པ་དང་། ཁཾ་ལས་མཚོ་དང་ལྡེང་ཀ་ལ་སོགས་པ་ཁ་དོག་མཛེས་ཤིང་དབྱིབས་ལེགས་བའི་རྫིང་བུ་རོ་བྲོ་བའི་མཆོག་བསིལ་བ་ལ་སོགས་པའི་ཡན་ལག་བརྒྱད་ལྡན་གྱི་ཆུས་ཡོངས་སུ་གང་བ་མེ་ཏོག་གིས་ཁེབས་ཤིང་བྱ་སྐད་སྙན་པར་སྒྲོགས་པའོ། །བྷྲཱུཾ་ལས་རིན་ཆེན་གྱི་ཁང་པ་དབྱིབས་དང་ཁ་དོག་དང་བཀོད་པའི་བྱེ་བྲག་སྣ་ཚོགས་པས་བརྒྱན་པ་རབ་ཏུ་མང་པོ་དང་། ཨཾ་ལས་སྐྱེད་མོས་ཚལ་གྱི་གཞིར་རིན་པོ་ཆེའི་རྒྱན་ཕྲེང་དང་ལྷའི་དཔག་བསམ་གྱི་ཤིང་ལྗོན་པའི་ཚལ་གོས་དང་ནོར་བུ་སྣ་ཚོགས་ཀྱིས་དྲ་བས་དཔྱངས་པ་དང་། ཧྲཱིཿལས་སྒྲ་སྐད་ཐམས་ཅད་གླུ་དབྱངས་སྙན་པ་དང་བསྟོད་པ་དང་ཤིས་པ་བརྗོད་པ་ལ་སོགས་པའི་ཚིགས་སུ་བཅད་པའི་སྒྲ་རང་བྱུང་བ་དང་། ཨཾ་ལས་གོས་ཀྱི་རྣམ་པ་དང་མཆོད་པའི་ཡོ་བྱད་བླ་བྲེ་དང་རྒྱལ་མཚན་དང་སྟོད་གཡོགས་ལ་སོགས་པའི་ན་བཟའ་སྣ་ཚོགས་དང་རིན་པོ་ཆེའི་གདུགས་དང་། ཏྲཱཾ་ལས་དབུ་རྒྱན་དང་མགུལ་རྒྱན་དང་དོ་ཤལ་དང་དཔུང་རྒྱན་དང་སེ་མོ་དོ་ལ་སོགས་པ་རྒྱན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་། ཨོ་ལས་རོ་མཆོག་བརྒྱ་དང་ལྡན་པའི་བཟའ་བ་སྣ་ཚོགས་དང་བདུད་རྩིའི་བཏུང་བའི་མཆོག་རྣམས་དང་། ཧཱུཾ་ལས་སེམས་ཅན་ཐམས་ཅད་ཀྱི་ལུས་དང་རང་རང་ལ་ཇི་ལྟར་འོས་པ་གོས་དང་རྒྱན་ལ་སོགས་པས་མཛེས་པར་བརྒྱན་པ་ཡི། ལྷ་དང་ལྷ་མོ་རྡུལ་ཕྲ་བ་སྙེད་ཀྱི་གྲངས་དང་མཉམ་པ་ཐམས་ཅད་ཀྱིས། རྐང་པའི་བྲོ་དང་ལག་པའི་གར་དང་རོལ་མོའི་གླུ་དབྱངས་ལ་སོགས་པ་བསམ་ཡས་ཀྱིས་མཉེས་པར་བྱེད་པའོ། །དེ་ལྟ་བུའི་མཆོད་པའི་སྤྲིན་གྱིས་ཕྱོགས་བཅུའི་ནམ་མཁའི་ཁམས་ཇི་སྙེད་པ་ཐམས་ཅད་ཡོངས་སུ་བཀང་ནས། འཁོར་བ་དང་མྱ་ངན་ལས་འདས་པའི་དབྱིངས་ཀྱིས་བསྡུས་པ་གཞི་ལམ་འབྲས་བུའི་དཀྱིལ་འཁོར་དུ་གྱུར་ཏོ་ཅོག་ཀུན་ལ་མཆོད་སྤྲིན་དེ་དག་གིས་རེ་རེ་ཞིང་རྒྱས་པར་འབུལ་བའོ། །གཉིས་པ་ཚུལ་ཇི་ལྟར་འབུལ་བ་ནི། སྐལ་ལྡན་རྣལ་འབྱོར་པའི་ཏིང་ངེ་འཛིན་གསལ་བའི་ཁྱད་པར་གྱིས། རིམ་གྱིས་སམ་ཡང་ན་ཅིག་ཅར་དུ། །རྒྱ་ཆེ་བ་ཆོས་ཀྱི་དབྱིངས་དང་མཉམ་པར་སྦྱོང་ཞིང་འབུལ་ལོ། །གཉིས་པ་དེའི་རྫོགས་རིམ་དོན་དམ་ཡེ་ཤེས་ཀྱི་མཆོད་པ་ནི། ཏིང་ངེ་འཛིན་གྱི་མཆོད་པ་ལ་དངོས་ཞེན་སྤང་བའི་ཕྱིར་མཆོད་སྤྲིན་དེ་དག་ཀྱང་རང་གི་སེམས་ཙམ་ལས་གང་དུའང་གྲུབ་པ་མེད་ལ། སེམས་དེ་ཡང་ནམ་མཁའ་ལྟ་བུའི་རང་བཞིན་གང་ལའང་མི་གནས་ཤིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་ལ་མཆོད་བྱ་མཆོད་བྱེད་མཆོད་པ་གསུམ་ཀའི་ངོ་བོ་མ་གྲུབ་པའི་ཚུལ་གྱིས་མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ་མོ། །གཉིས་པ་གསང་བ་ཆེན་པོའི་མཆོད་པ་ལ་གཉིས། ཐབས་བདེ་བ་ཆེན་པོའི་མཆོད་པ་དང་། ཤེས་རབ་མཐའ་གཉིས་ལ་མི་གནས་པའི་མཆོད་པའོ། །དང་པོ་ལ་གཉིས། མཆོད་པ་དངོས་དང་། དེའི་ཕན་ཡོན་བསྟན་པའོ། །དང་པོ་ནི། ལས་ཀྱི་ཕྱག་རྒྱ་ཤེས་རབ་དང་ཏིང་ངེ་འཛིན་གསལ་བར་ལྡན་མའམ་དེ་དང་མི་ལྡན་ན་རྣལ་འབྱོར་པས་ལྷར་བསྐྱེད་ཅིང་མཁའ་གསང་བྱིན་གྱིས་བརླབ་པ་ལ་སོགས་པའི་ཚོགས་བྱིན་གྱིས་བརླབས་ལ། པདྨའི་རྩེར་ཡུངས་འབྲུ་ཙམ་གྱི་དྭངས་མ་དཀར་དམར་དཀྱིལ་འཁོར་དུ་བསྐྱེད་དེ། སྟོང་གསུམ་གྱི་འཇིག་རྟེན་ཐམས་ཅད་འཕགས་པའི་རྫུ་འཕྲུལ་གྱིས་ཡུངས་འབྲུར་གཞུགས་པའི་ཚུལ་དུ། དབྱིངས་ནས་རྒྱལ་བའི་དཀྱིལ་འཁོར་དཔག་ཏུ་མེད་པ་པདྨའི་ཁྱམས་སུ་སྤྱན་དྲངས་ཤིང་བསྟིིམ་ལ་སྦྱོར་བའི་བརྡས་བསྐུལ་ཏེ་རོལ་པའི་བདེ་བས་མཆོད་པར་བྱའོ། །དེའི་དཀྱིལ་འཁོར་གྱི་ལྷ་རྣམས་མཉེས་ནས་དངོས་གྲུབ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་དམ་ཚིག་མཆོག་གི་གོ་འཕང་ཐོབ་པར་བསམ་མོ། །གཉིས་པ་དེའི་ཕན་ཡོན་ལ་གཉིས། གནས་སྐབས་དང་། མཐར་ཐུག་གོ །དང་པོ་ལ་གཉིས་ལས་སངས་རྒྱས་ཐམས་ཅད་མཉེས་པ་ནི་བདེ་བའི་བདག་ཉིད་ཆེན་པོ་དེ་ཡིས་ཡུམ་མཁའི་དཀྱིལ་འཁོར་ལ་མཆོད་པ་ཡིས། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་མཉེས་པར་འགྱུར་རོ། །ཡང་བདག་ཉིད་ཆེན་པོ་རང་རིག་པའི་ཡེ་ཤེས་ལ་རོལ་པའི་བདེ་བས་མཆོད་པ་ཡིས་ཁམས་དང་སྐྱེ་མཆེད་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ལ་སོགས་པའི་ལྷ་རྣམས་མཉེས་པར་འགྱུར་རོ། །ཡང་ཡབ་ཀྱིས་ཡུམ་ཡུམ་གྱིས་ཡབ་ལ་བདག་ཉིད་ཆེན་པོའི་མཆོད་རྫས་དེས་མཆོད་པས་ཐབས་དང་ཤེས་རབ་ཀྱི་ལྷ་རྣམས་མཉེས་པར་འགྱུར་བ་སྟེ་ཕྱི་ནང་གསང་བ་གསུམ་དུ་ཤེས་པར་བྱའོ། །གཉིས་པ་འགྲོ་བ་ཐམས་ཅད་ཚིམ་པ་ནི། དེ་ལྟར་བདེ་བའི་རོལ་པས་ལུས་སྣང་བའི་གྲོང་ཁྱེར་འདོད་པའི་སྲིད་པ་ངག་ཕྱེད་སྣང་གི་གྲོང་ཁྱེར་གཟུགས་ཀྱི་སྲིད་པ་ཡིད་མི་སྣང་བའི་གྲོང་ཁྱེར་གཟུགས་མེད་པའི་སྲིད་པ་གསུམ་གྱིས་བསྡུས་པའི་ཚོར་བ་དང་རྟོག་ཚོགས་ཀྱི་འགྲོ་བ་ཐམས་ཅད་ལ། ཡེ་ཤེས་ཆེན་པོའི་དགའ་བ་བཞི་དང་གཉིས་སུ་མེད་པའི་ཆོས་ཉིད་བཞི་དང་སྤྲོས་པ་དང་བྲལ་བའི་འོད་གསལ་ཆེན་པོས་ཁྱབ་པར་འགྱུར་རོ། །གཉིས་པ་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་པ་ནི། སྒྱུ་འཕྲུལ་དྲྭ་བ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཏིང་ངེ་འཛིན་བརྟན་པ་ཡིས། དེའི་འབྲས་བུ་ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་མཉེས་ཤིང་། ཁམས་གསུམ་གྱི་འགྲོ་བ་རྣམས་ལ་ཐུགས་རྗེས་གཟིགས་པའི་ཡེ་ཤེས་དམ་པ་མངོན་དུ་འགྱུར་རོ། །ཡང་ན་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷར་གསལ་བ་མཐར་ཐུག་པ་དང་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ངོ་བོར་མངོན་དུ་གྱུར་པ་ཞེས་བྱའོ། །གཉིས་པ་ཤེས་རབ་མཐའ་གཉིས་ལ་མི་གནས་པའི་མཆོད་པ་ནི། དེ་ལྟར་ཡབ་ཡུམ་གཉིས་སུ་མེད་པར་སྙོམས་པར་ཞུགས་པས་ཉོན་མོངས་པའི་འཛིན་ཞེན་དང་། ཐ་མལ་གྱི་རྣམ་རྟོག་རང་སར་དག་པར་བྱ་བའི་ཕྱིར་རང་དང་ཡུམ་གྱི་ལུས་དང་ངག་དང་སེམས་དང་བདེ་བས་མཚོན་པའི་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་རང་བཞིན། གཟུང་བའི་ཡུལ་གང་ནའང་མི་གནས་ཤིང་འཛིན་པའི་སེམས་གང་དུའང་མི་དམིགས་ཏེ། མེད་བཞིན་དུ་སྣང་བ་མིག་ཡོར་ལྟ་བུའི་ཚུལ་དུ་གཉིས་སུ་མེད་པར་སྦྱོར་བ་ཡིས། དབྱིངས་སྐྱེ་བ་མེད་པའི་ནམ་མཁའ་ལ་ནི་སེམས་ཉིད་འགག་པ་མེད་པའི་ཡེ་ཤེས་ནམ་མཁའ་བསྒོམ་ཞིང་དབྱེར་མེད་པའི་ཆོས་ཉིད་དོན་གྱི་ངོ་བོར་མཉམ་པར་བཞག་ཅིང་རོལ་པར་བྱའོ། །གསུམ་པ་འཇུག་ཅིང་དབང་བསྐུར་བའི་ཚུལ་ལ་གཉིས། འཇུག་པ་དང་། དབང་བསྐུར་པའོ། །དང་པོ་ལ་གཉིས་ལས། སློབ་དཔོན་བདག་ཉིད་འཇུག་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནས་བཟུང་སྟེ་ཆོ་གའི་སྔོན་དུ་བྱ་དགོས་པ་ཀུན་བྱས་ནས་ཚོགས་དང་རྣལ་འབྱོར་གྱི་དབང་ཕྱུག་རྡོ་རྗེ་སློབ་དཔོན་ཉིད་ཏིང་ངེ་འཛིན་གྱི་རིག་པས་དཀྱིལ་འཁོར་ལ་སྔོན་དུ་འཇུག་པར་བྱའོ། །སློབ་མ་འཇུག་པ་ནི་སློབ་དཔོན་ཞུགས་པ་དེ་ནས་སློབ་མ་རྣམས་འཇུག་པའི་ཆོས་བཅུ་བདུན་གྱིས་དཀྱིལ་འཁོར་དུ་གཞུག་པར་བྱའོ། །གཉིས་པ་དབང་བསྐུར་བ་ལ་གཉིས། ཡོན་དབུལ་བ་དང་། བློས་རིམ་པ་དང་སྦྱར་ནས་དབང་བསྐུར་བ་དངོས་སོ། །དང་པོ་ལ་གཉིས་ལས། དང་པོ་ཡོན་འབུལ་བ་དངོས་ནི། འཇུག་པའི་ཆོས་རྣམས་སྔོན་དུ་སོང་བ་དེ་ནས་རིགས་ཀྱི་བུ་སྐལ་བ་མཆོག་དང་ལྡན་པ་དེས་བླ་མ་ལ་རྒྱལ་སྲིད་ཡུལ་འཁོར་དང་བཅས་པ་དང་ནི་རང་གི་ལུས་དང་། བུ་དང་ཆུང་མ་དང་ནོར་གྱི་དབྱིག་གསེར་དངུལ་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་ཏེ། དེ་རྣམས་ཀྱི་གཉིས་གཉིས་ཡོད་ན་རབ་ཏུ་གཅེས་ཤོས་དེ་དང་མདོར་ན་རང་གིས་ཡིད་ལ་འཐད་པའི་དངོས་པོ་རྣམས་དབུལ་ལོ། །གཉིས་པ་ཕན་ཡོན་ནི་རྣལ་འབྱོར་གྱི་དབང་ཕྱུག་རྡོ་རྗེ་སློབ་དཔོན་ལ་འདོད་པའི་ལོངས་སྤྱོད་རྣམ་པ་ལྔས་མཆོད་ན། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན་ན། ཉེ་བའི་དཀྱིལ་འཁོར་ཡི་དམ་གྱི་ལྷ་མཆོད་པ་ལྟ་སྨོས་ཀྱང་ཅི་དགོས། དེས་དམ་ཚིག་དང་སྡོམ་པ་ཉམས་པའི་ཉེས་པ་ཐམས་ཅད་དག་པར་འགྱུར་བ་ཁོ་ནའོ། །གཉིས་པ་བློའི་རིམ་པ་དང་སྦྱར་ནས་དབང་བསྐུར་བ་དངོས་ནི། དད་པ་དང་བརྩོན་པའི་བརྟུལ་ཞུགས་རབ་ཏུ་རྟོགས་པའི་སྐལ་་ཡོད་པར་ཤེས་ན། དེ་ལ་ཕན་པའི་དབང་བཅུ་དང་ནུས་པའི་དབང་ལྔའོ། །རིམ་པ་བཞིན་དུ་སྦྱིན་པར་བྱ་ཞིང་། སློབ་དཔོན་གྱིས་ལྷག་པའི་སྙིང་རྗེས་སློབ་མའི་རྒྱུད་ཆུད་མ་ཟོས་པར་གཟུང་བར་བྱའོ། །གལ་ཏེ་སྐལ་བ་མེད་ན་མི་སྦྱིན་པའམ་ཕན་དབང་ཙམ་བསྐུར་གྱིས་ནུས་དབང་མི་སྦྱིན་ཏེ་ཉེས་པ་ཆེན་པོར་འགྱུར་བའི་ཕྱིར་རོ། །གཉིས་པ་ཡབ་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི། །ཡུམ་གྱི་དཀྱིལ་འཁོར་དུ་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དེ་ལས་གཞན་པའི་ཚུལ་ཡབ་ཀྱི་རྡོ་རྗེའི་རྩེ་ལས་དབང་བླང་བར་བསྟན་པ་ནི། ཡང་ན་ཡབ་ཀྱི་ཐལ་མོ་མཉམ་བཞག་གི་ཚུལ་གྱིས་རབ་ཏུ་བསྣོལ་ནས། ལྷའི་སྐུ་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་གསལ་ཏེ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བའི་དཔངས་སུ་ནི། གུ་ཡ་བཛྲ་གྱི་དཀྱིལ་འཁོར་མཛུབ་གང་བའི་ཚད་དུ་ཡང་། བདེ་བའི་ཐབས་ལ་མཁས་པས་དབང་བསྐུར་བའི་ཆོ་ག་ཇི་བཞིན་དུ་དྭངས་མས་བུ་ལ་དབང་བསྐུར་བར་བྱའོ། །གཉིས་པ་དམན་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་ཚུལ་ལ་གསུམ། །དཀྱིལ་འཁོར་བྲི་བ། སྒྲུབ་པ། བསྒྲུབ་པའི་འབྲས་བུའོ། །དང་པོ་ལ་གསུམ། དཀྱིལ་འཁོར་ཆུང་ངུ། འབྲིང་། ཆེན་པོ་བྲི་བའི་ཆོ་གའོ། །དང་པོ་ལ་གཉིས་ལས། དང་པོ། སའི་ཆོ་ག་ནི་རབ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ལས་ཚུལ་གཞན། ཡང་ན་ས་གཞི་སའི་ཆོ་གས་རབ་ཏུ་མཉམ་པ་ལ་བྲིའོ། །དེའང་སྔར་མ་དག་པའི་ས་གཞི་ཕྱིས་དག་པར་བྱེད་པ་མ་ཡིན་ཏེ་ཡེ་ནས་ས་སྦྱངས་ཟིན་པས་ཕྱིས་གསལ་འདེབས་པའི་ཚུལ་གྱིས་སྦྱོང་བ་ཡིན་ནོ། །གཉིས་པ་བྲི་བ་དངོས་ནི། གཟུགས་བརྙན་གྱི་དཀྱིལ་འཁོར་ཆུང་ངུའི་ཁྲུ་གང་གི་ཚད་དུ་བྱའོ། །ཆུང་ངུའི་འབྲིང་ཡང་ན་ལུས་གང་གི་ཚད་དུ་སྟེ་འདམ་གང་ངོ་། །ཆུང་ངུའི་ཆེན་པོ་ཡང་ན་ལུས་ནི་གསུམ་གྱི་ཚད་ཙམ་ལ། མི་རུས་ལ་སོགས་པའི་ཕུར་བུ་ནི་དཀྱིལ་འཁོར་གྱི་དབུས་སུ་འགྱིང་ཕུར་སོར་བཞི་ལ་སོགས་པ་དང་ཆ་དབྱེ་བའི་དོན་དུ་རས་བལ་ལམ་པདྨའི་རྒྱུས་པའམ་དུར་ཁྲོད་ཀྱི་སྐྲ་ལ་སོགས་པའི་སྲད་བུ་ཁྲུན་དུ་དཀྱིིལ་འཁོར་ཉིས་འགྱུར་ཡོད་པ་དང་རིགས་ཐ་དད་པ་མཚོན་པའི་དོན་དུ་ཁ་དོག་མ་འདྲེས་པའི་ཚོན་གྱི་ཕྱེ་མ་ལྔ་ལ་སོགས་པ་དང་། ལས་སྒྲུབ་པའི་དོན་གོས་དང་རྒྱན་བཟང་པོའི་མཛེས་པའི་ཡིད་དུ་འོང་བའི་གྲོགས་ལས་ཀྱི་ཕྱག་རྒྱ་ལོ་བཅུ་དྲུག་ལོན་པའོ། །སྲད་བུའི་སྣ་ནས་གྲོགས་དེས་བཟུང་ལ་ཡེ་ཤེས་དང་ལས་ཀྱི་ཐིག་གཉིས་གདབ་པའི་ཆོ་ག་ཕུན་སུམ་ཚོགས་པ། དཀྱིལ་འཁོར་གྱི་ལས་ལ་མཁས་པར་ལྡན་པ་ཆེན་པོ་རྡོ་རྗེ་སློབ་དཔོན་གྱིས་ལུས་སེམས་མ་ཡེངས་པར་རབ་ཏུ་བསྒྲིམས་ཏེ་བྱའོ། །གཉིས་པ་འབྲིང་ལ་འབྲིང་གི་ཆུང་ངུ་ཡང་ན་ཁྲུ་ནི་བཅུ་དྲུག་པ་དང་། འབྲིང་གི་འབྲིང་ཁྲུ་ཉི་ཤུ་པའམ་འབྲིང་གི་ཆེན་པོ་ཁྲུ་ཉི་ཤུ་རྩ་ལྔར་བྱའོ། །དེ་ལ་སྔ་མ་བཞིན་ཐིག་གདབ་པར་བྱ་སྟེ་ཐིག་ཚོན་ལ་རིགས་ཀྱི་དཀྱིལ་འཁོར་རྣམ་པ་ལྔ་པོ་རྣམས་བསྒོམ་ཞིང་ཞུ་བ་ལས་བྱུང་བའི་ཡེ་ཤེས་ལྔའི་ཐིག་ཚོན་དུ་བསམས་ཏེ་ཐིག་གདབ་ཅིང་ཚོན་བཀྱེ་ནས་ལྷའི་གནས་སོ་སོར་སྐུ་ཙག་ལི་སོགས་དང་གསུང་ཡིག་འབྲུ་དང་ཐུགས་ཕྱག་མཚན་རྡོ་རྗེ་ལ་སོགས་པའི་མཚན་མ་དང་ལྡན་པའི་གཟུགས་ཀྱང་ལྷ་སོ་སོའི་གནས་སུ་དགོད་པར་བྱའོ། །གསུམ་པ་ཆེན་པོ་ལ། ཆེན་པོའི་ཆུང་ངུ་ཡང་ན་རྒྱང་གྲགས་གཅིག་གམ་ཆེན་པོའི་འབྲིང་དཔག་ཚད་དམ། ཆེན་པོའི་ཆེན་པོ་ནམ་མཁའ་དབྱིངས་ནི་བསམ་ཡས་པར་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་དངོས་སུ་སྤྲུལ་པའམ་སངས་རྒྱས་ཀྱི་དཀྱིལ་འཁོར་རིགས་སྣ་ཚོགས་པ་བསྒོམ་སྟེ་དབང་བསྐུར་བའོ། །སེམས་ཅན་གྱི་རྒྱུད་ལ་སྐུ་ལྔ་ཡེ་ཤེས་ལྔའི་རང་ཡེ་གདོད་མ་ནས་གནས་ཀྱང་མ་རིག་པས་བསྒྲིབས་ནས་མ་མཐོང་བའི་རྨོངས་པ་རྣམས་ལ་བསྟན་པའི་ཕྱིར་ཚོན་གྱི་ཁ་དོག་ཀྱང་དཀར་པོ་ལྟ་བུ་རེ་རེ་ལའང་དཀར་སེར་དཀར་དམར་དཀར་ལྗང་དཀར་སྔོ་དཀར་པོ་ཉིད་དང་སྔར་ཕྱེ་བ་བཞིན་དུ་གཞན་བཞི་ལ་ཕྱེ་བས་ཉི་ཤུ་རྩ་ལྔའམ། ཡང་ན་དཀར་སེར་དམར་ལྗང་མཐིག་ག་ལྔ་ཡི་ཚོན་གྱིས་བྲི་བར་བྱ། ཇི་ལྟར་བྲི་བ་ནི་མཐོང་བ་བརྒྱུད་པའི་ལག་ལེན་རྣམ་པར་བཞག་པས་རྒྱས་འབྲིང་བསྡུས་པ་ལ་སོགས་པའི་རྣམ་བཞག་ནི་སྐབས་འདིར་འདུལ་བའི་ཆོ་ག་སྟེ་དེའི་ལུགས་བཞིན་དུ་དགྱེའོ། །དེའང་གཟུགས་བརྙན་གྱི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་པ་གསུམ་ནི་གང་ཟག་གི་བློ་དང་འབྱོར་བས་ཕྱེ་བ་སྟེ་འཁོར་ལོས་བསྒྱུར་བ་སོགས་ལ་དཔག་ཚད་ལ་སོགས་པ་ཡིན་ཞིང་། ཕལ་པའི་འབྱོར་པ་མཆོག་ལ་འབྲིང་པོ་དང་། གཞན་ལ་ཆུང་ངུ་གསུངས་ཤིང་ཆེན་པོའི་ཆེན་པོ་ནི་སློབ་མ་མཆོག་ལ་འཕགས་པའི་བླ་མས་དབང་བསྐུར་བའི་བློ་ཡི་རིམ་པས་ཆེ་བ་ཡིན་ནོ། །གཞུང་གསུམ་པོའང་མ་འཁྲུགས་པར་བཤད་དོ། །ཆུང་ངུའི་སྐབས་སུ་ཐིག་གི་རིམ་པ་གསུངས་ཤིང་། འབྲིང་གི་སྐབས་སུ་ཐིག་ཚོན་བྱིན་གྱིས་བརླབས་ཏེ་བྲི་བ་ལ་མཚན་མ་དགོད་ཐབས་གསུངས་ལ། རྒྱས་པའི་སྐབས་སུ་ཚོན་དགྱེ་བའི་རིམ་པས་བྲི་ཐབས་རྫོགས་པར་གསུངས་པ་ཡིན་ནོ། །གཉིས་པ་དཀྱིལ་འཁོར་བསྒྲུབ་པ་ལ་གསུམ། དཀྱིལ་འཁོར་བསྐྱེད་པ། སྤྱན་དྲངས་པ། གཉིས་སུ་མེད་པར་བསྟིམ་པའོ། །དང་པོ་ནི། སེམས་བསྐྱེད་པ་དང་དེ་བཞིན་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གྱི་རོལ་མོ་མཐའ་ཡས་པའི་མཆོག་ནམ་མཁའི་དབྱིངས་ཀྱི་མཐས་གཏུག་པའི་དཀྱིལ་འཁོར་བསྐྱེད་པའི་ནང་དུ། ལྷ་སོ་སོའི་གནས་སུ་རང་རང་གི་ཡི་གེ་ཋ་ལ་སོགས་པའམ་ཚོན་གྱི་ཐིག་ལེ་སྐུ་མདོག་དང་མཐུན་པའི་གདན་ནམ་ཧཱུཾ་དང་མུཾ་ལ་སོགས་པ་སྙིང་པོ་འམ་རྡོ་རྗེ་དང་འཁོར་ལོ་ལ་སོགས་པ་ཕྱག་རྒྱའམ་གང་ཡང་རུང་བ་ལས་ལྷ་སོ་སོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ་དང་ལྡན་པར་བསྐྱེད་པ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་ཏིང་ངེ་འཛིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་སྟེ་དེའི་དངོས་གྲུབ་ཡ་མཚན་པ་གནས་སྐབས་ཐུན་མོང་གི་ལས་བཞི་དང་རྨད་པོ་ཆེ་མཐར་ཐུག་ལྷའི་དཀྱིལ་འཁོར་འགྲུབ་པར་འགྱུར་བ་ནི་སངས་རྒྱས་ཀུན་གྱི་དམ་ཚིག་ཆེན་པོ་སྟེ། ས་དང་ཤིང་ལ་སོགས་པ་ལས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བྱས་པ་ཡང་། གདུལ་བྱའི་སྐལ་བ་དང་མཐུན་པར་རྣམ་པར་གྲོལ་བའི་རིམ་པ་བྱང་ཆུབ་གསུམ་སོ་སོར་ཐོབ་པར་འགྱུར་ན། རྣམ་པར་དག་པའི་ཡེ་ཤེས་ཏེ་ཏིང་ངེ་འཛིན་གྱིས་སྦྱངས་པས། སེམས་ཀྱི་རང་བཞིན་ཡེ་ནས་འོད་གསལ་བ་ལ་སངས་རྒྱས་འགྲུབ་པ་སྨོས་ཅི་དགོས་ཏེ་སེམས་འདི་ཉིད་གདོད་ནས་སངས་རྒྱས་ཡིན་པ་ལ་གསལ་བཏབ་པ་ཙམ་གྱིས་འགྲུབ་པའི་ཕྱིར་རོ། །གཉིས་པ་སྤྱན་དྲངས་བ་ནི། ཕྱོགས་བཅུ་དུས་བཞིའི་དཀྱིལ་འཁོར་ཀུན་གྱི་བདག་ཉིད་ཆེ་སྟེ་གཤིས་ཀྱི་གནས་ལུགས། གང་དུའང་མི་དམིགས་ཤིང་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་ཐུགས་ཀྱི་དཀྱིལ་འཁོར་ཆོས་སྐུའི་ངང་ལས། ཡེ་ཤེས་པའི་དཀྱིལ་འཁོར་ཇི་ལྟར་འདོད་པ་ཐམས་ཅད་སྤྱན་དྲང་ངོ་། །གཉིས་པ་གཉིས་སུ་མེད་པར་བསྟིམ་པ་ནི། བསྐྱེད་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གཉིས་པོ་དེ་རང་སྣང་གི་ངོ་བོ་དབྱེར་མེད་དུ་གནས་ཏེ་རང་བཞིན་དམ་ཚིག་གི་དཀྱིལ་འཁོར་ལ། བསྐྱེད་པ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་སྤྱན་དྲངས་པ་དེ་ཉིད་འཇུག་ཅིང་བསྟིམ་པའི་མཚན་ཉིད་ཀྱིས་དེ་གཉིས་ཆུ་ལ་ཆུ་བཞག་པ་བཞིན་དུ་མཉམ་པར་སྦྱོར་བས། ཕྱོགས་བཅུ་དུས་བཞི་ཀུན་ནས་འགྲོ་བའི་དོན་ལ་གཤེགས་པ་ཡི། སངས་རྒྱས་ཐམས་ཅད་ཀྱི་སྔོན་གྱི་སྨོན་ལམ་གྱིས་བསྙེན་པར་མཛད་པའི་འབྲས་བུ་ཕྲིན་ལས་ཀྱི་དཀྱིལ་འཁོར་དེ་ཉིད་ཐུགས་རྗེས་བྱོན་ནས་དམ་ཚིག་པའི་དཀྱིལ་འཁོར་ལ་རབ་ཏུ་རྫོགས་པར་འཇུག་ཅིང་ཉེ་བའི་སྲས་སུ་དགོངས་པར་གྱུར་པའི་ཕྱིར་སྤྱན་དྲངས་ཏེ་བསྟིམ་པ་ནི་དམ་ཚིག་གི་མཆོག་ཡིན་ནོ། །གསུམ་པ་དཀྱིལ་འཁོར་སྒྲུབ་པའི་འབྲས་བུ་ལ་གསུམ། དངོས་གྲུབ་སེམས་ལས་བྱུང་བའི་འཐད་པ་དགོད་པ། དེ་ཉིད་ཇི་ལྟར་བསྒྲུབ་པའི་ཐབས་བསྟན་པ། ཐབས་དེས་གྲུབ་པའི་འབྲས་བུ་བརྗོད་པའོ། །དང་པོ་ལ་གསུམ་ལས། དང་པོ་དཔེ་ནི་ལྷའི་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་གཞན་ཡང་ཕྱི་རོལ་གྱི་དངོས་པོར་སྣང་བ་ལས་འདོད་དགུ་འབྱུང་བ་ཀུན་ལ་ཡ་མཚན་དང་ཡོན་ཏན་སོ་སོར་སྣང་ཡང་། དེ་དག་སེམས་ལ་མ་ལྟོས་པར་ཕྱི་རོལ་ན་བདེན་བའི་རྫས་གང་ཡང་ཡོད་པ་མ་ཡིན་ཏེ། རང་གི་སེམས་ཀུན་གཞི་ལ་གནས་པའི་བསོད་ནམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་བརྟན་པ་ཉིད་ཀྱི་སྣང་བ་དེར་སྨིན་ཅིང་རྐྱེན་དེ་དག་དང་འཕྲད་ནས་འདོད་དགུ་འབྱུང་བར་སྣང་བ་ཡིན་ནོ། །གཉིས་པ་དོན་ནི་དེ་བཞིན་དུ་སེམས་ཉིད་དོན་གྱི་གནས་ལུགས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་ངོ་མཚར་བའི་ཆོ་འཕྲུལ་ཡ་མཚན་རྨད་ཀྱི་ཆོས་དང་གནས་སྐབས་ཀྱི་དངོས་གྲུབ་ཕྲིན་ལས་བཞི་ལ་སོགས་པ་ཐོབ་པ་རྣམས་ཀྱང་། བདག་གིས་ཕར་བསྒྲོད་ནས་དེའི་སྟེང་དུ་ཕྱིན་པ་འམ་ཕྱོགས་གཞན་ཞིག་ན་ཡོད་པའི་ཚུར་བཀུག་ནས་འོང་བ་མ་ཡིན་ཏེ། འདི་ལྟར་ཕྱི་སྣོད་གཞལ་ཡས་ཁང་ནང་བཅུད་ལྷ་དང་ལྷ་མོ་རང་ཉིད་རྒྱལ་བའི་སྐུར་གསལ་བ་ལ་སོགས་པའི་ཐབས་ལ་བརྟེན་པའི་ཤེས་རབ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ལ་གོམས་པ་ཉིད་ཀྱིས། བསྐྱེད་རྫོགས་དེ་ལྟ་བུ་ཡི་ངང་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ནོ། །དེའང་རང་བཞིན་སྤྲོས་པ་དང་བྲལ་བའི་ཤེས་རབ་ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་ཆོས་སྐུའི་ངང་ལས། ཐབས་ཀྱི་ཕྱག་རྒྱར་ལྷུན་སྟུག་པོ་བཀོད་པར་གཟུགས་སྐུའི་དཀྱིལ་འཁོར་རང་སྣང་དུ་བཀོད་པ་ནི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་རོལ་པར་གྱུར་པའི་ཕྱིར། ཆོས་སྐུའི་ཡེ་ཤེས་ལ་ནི་གཟུགས་སྐུའི་ཡེ་ཤེས་རོལ་བའི་ངང་ལས། གདུལ་བྱའི་འཇིག་རྟེན་དུ་སྣང་བ་དང་མཐུན་པར་སྤྲུལ་པའི་སྐུའི་ཡེ་ཤེས་རོལ་པ་ཉིད་ཀྱང་དེ་ལས་མ་གཡོས་བཞིན་དུ་སྣང་བ་ཆུ་ཟླ་དང་འདྲ་བར་གསོག་གོ །གསུམ་པ་དེས་གཞན་དོན་འབྱུང་བའི་ཚུལ་ནི། སེམས་ཅན་གྱི་མོས་པ་དང་མཐུན་པར་རྒྱལ་བ་མངོན་སུམ་དུ་འབྱུང་ཞིང་འགྲོ་བ་སྡུག་བསྔལ་ལས་སྐྱོབ་པ་དང་། ལྷུན་སྟུག་པོ་བཀོད་པའི་རང་སྣང་ལོངས་སྤྱོད་རྫོགས་པའི་བྱིན་རླབས་ལས་ས་བཅུའི་སེམས་དཔའ་ལ་རང་བཞིན་སྤྲུལ་སྐུ་རིགས་ལྔའི་སངས་རྒྱས་སུ་སྟོན་པའམ་ཐུགས་རྗེ་དང་འགྲོ་བའི་རང་སེམས་བསོད་ནམས་གོམས་པའི་མཐུ་ལས་ནོར་བུ་དང་དཔག་བསམ་ཤིང་གི་དཔེ་དེ་བཞིན་ཏེ། བདེན་པར་མ་གྲུབ་བཞིན་དུ་སྤྲུལ་པའི་སྐུའི་འགྲོ་དོན་གྱི་བྱ་བ་བྱེད་ནུས་པའི་ཚུལ་ནི་ཐུགས་རྗེའི་གཟི་བྱིན་གྱིས་ཕྲིན་ལས་ཀྱི་རོལ་པ་རང་བྱུང་དུ་ཤར་བའོ། །དེ་ཉིད་ཡེ་ཤེས་ཀྱི་སྒྱུ་མ་སྐུ་གསུང་ཐུགས་རྡོ་རྗེ་ཡི་རང་བཞིིན་ཅན་ཆོས་ཐམས་ཅད་ལ་མངའ་དབང་བསྒྱུར་བས་བཙན་པོའི་མཆོག་གོ །གཉིས་པ་དེ་ཉིད་ཇི་ལྟར་བསྒྲུབ་པའི་ཐབས་བསྟན་པ་ནི། ལམ་མ་ནོར་བར་སྟོན་པ་བླ་མ་དགེ་བའི་བཤེས་གཉེན་གྱིས་ཟིན་པ་དེ་ལས་ཟབ་མོའི་དབང་ཐོབ་པ་དམ་ཚིག་དང་སྡོམ་པ་ལ་གནས་པ་བསྒྲུབ་པའི་མན་ངག་ལ་མཁས་པ་བརྩོན་འགྲུས་ཕུན་སུམ་ཚོགས་པས་བསྒྲུབ་ནུས་པ་སྟེ། དངོས་གྲུབ་བསྒྲུབ་པའི་ཆོ་ག་ལྔ་ནི་རྫོགས་པར་བྱས་ཤིང་། བསྒྲུབ་པའི་གནས་བར་ཆད་མེད་ཅིང་ཡིད་དང་མཐུན་པ་གྲོགས་མཚན་ཉིད་ཚང་ཞིང་སྐལ་བ་བཟང་བ་འཚོ་བའི་ཡོ་བྱད་མཐའ་གཉིས་སུ་མ་ལྷུང་ཞིང་ལོག་འཚོ་མེད་པ་དངོས་གྲུབ་ཀྱི་རྫས་ཚང་ཞིང་ཉམས་པ་མེད་པ་དམ་ཚིག་གི་རྫས་ཚོགས་ཤིང་བརྟེན་དུ་ཡོད་པ་སྟེ། དངོས་གྲུབ་བསྒྲུབ་པའི་མཐུན་རྐྱེན་གྱི་ཡོ་བྱད་ལྔ་ནི་ཡོངས་སུ་རྫོགས་པར་ལྡན་ཞིང་། བདག་གི །ལྷའི། གསང་སྔགས་ཀྱི། བཟླས་བརྗོད་ཀྱི། འཕྲོ་འདུའི་དེ་ཁོ་ན་ཉིད་དེ་སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། སྤྱིར་ལྟ་བ་དང་དམ་ཚིག་མ་ཉམས་ཤིང་བྱེ་བྲག་ཏུ་བསྒྲུབ་པའི་མཐུན་རྐྱེན་ཚོགས་པ་ལས་མ་ཉམས་པར་སྒྲུབ་པ་ལ་འཇུག་པར་དང་ཞུགས་ནས་སྒྲུབ་པ་ལ་ཉིད་མཚན་གཉིད་དང་སྙོམས་ལས་སྤངས་ཏེ་རབ་ཏུ་བརྩོན་ན་མྱུར་དུ་འགྲུབ་ཅིང་མི་བརྩོན་ན་མི་འགྲུབ་ཅེས་པའོ། །གསུམ་པ་ཐབས་དེས་གྲུབ་པའི་འབྲས་བུ་བརྗོད་པ་ལ་གཉིས། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །དང་པོ་ནི། དབང་པོ་དང་བརྩོན་པ་རབ་ཀྱིས་ཞག་ནི་སུམ་ཅུ་ཕྲག་དྲུག་སྟེ་ཟླ་བ་དྲུག་གམ། འབྲིང་གིས་ཟླ་བ་བཅུ་གཉིས་སམ་ཐ་མས་ཟླ་བ་བཅུ་བཞིའམ་ཤིན་ཏུ་རྟུལ་པོས་ཀྱང་ཟླ་བ་བཅུ་དྲུག་གིས། ཚེ་ལ་དབང་བསྒྱུར་བའི་རིགས་ཀྱི་དམ་པ་འགྲུབ་བོ། །ཚེ་དབང་ཐོབ་པ་དེ་ཉིད་ཀྱི་རྟེན་ལ་ཚེ་བཅུ་དྲུག་མཐུད་པའི་ལོ་གྲངས་སམ་དུས་ན་སངས་རྒྱས་ཏེ་སྐྱེ་བ་བཅུ་དྲུག་ཚུན་ཆད་ཀྱིས། སྐུ་ལྔ་ལྷུན་གྱིས་རྫོགས་པ་དེ་ནི་ཐོབ་པོ། །གཉིས་པ་མཐར་ཐུགས་ཀྱི་འབྲས་བུ་ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་གསུམ། ལྷུན་སྟུག་པོ་བཀོད་པར་རང་སྣང་སྐུ་དང་ཡེ་ཤེས་སུ་གྲུབ་ཚུལ། དེ་ཉིད་དབྱིངས་ཆོས་སྐུའི་ཞིང་ན་ནང་གསལ་སྤྲོས་པ་དང་བྲལ་བར་བཞུགས་ཚུལ། སླར་ཡང་གདུལ་བྱའི་འཇིག་རྟེན་དུ་སྤྲུལ་སྐུར་འཆར་ཚུལ་ལོ། །དང་པོ་ལ་གཉིས་ལས། དང་པོ་མངོན་པར་བྱང་ཆུབ་པའི་ཚུལ་ནི། །དབྱིངས་རང་བཞིན་གྱིས་དག་པའི་སེམས་ཉིད་སངས་རྒྱས་པའི་ཡེ་ཤེས་སྤྲོས་པ་མེད་པའི་ཐིག་ལེ་གྲུབ་པས་བསལ་མེད་པ་དེ་ཉིད་ལ། གློ་བུར་ཀུན་བརྟགས་པའི་དྲི་མ་རང་སར་དག་པས་ཟད་པ་དང་སྐྱེ་བ་མེད་པའི་ཡེ་ཤེས་བརྙེས་ཏེ་དབྱིངས་དེར་གཉིས་སུ་མེད་པར་ཆུ་ལ་ཆུ་བཞག་པ་ལྟ་བུའི་ཡེ་ཤེས་རོ་གཅིག་ཏུ་གྱུར་པའི་ཐིག་ལེ་ཉིད་སྣང་བ་ནི་མངོན་པར་བྱང་ཆུབ་པ་དང་མི་འགྱུར་རྡོ་རྗེ་དང་ཞི་བ་ཆོས་སྐུ་དང་གསལ་བ་ལོངས་སྐུ་དང་ཡེ་ཤེས་སྤྲུལ་པའི་སྐུ་ལྔར་ལྷུན་གྱིས་གྲུབ་པས་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པའི་མཆོག །ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དང་གཉིས་སུ་མེད་པར་མངོན་པར་རྫོགས་པར་བྱང་ཆུབ་པའི་མཆོག་གི་དངོས་གྲུབ་བརྙེས་པ་ཞེས་བྱའོ། གཉིས་པ་ཞིང་ཁམས་ཇི་ལྟར་སྣང་བའི་ཚུལ་ནི། དེའི་ཚེ་ལྷུན་སྟུག་པོ་བཀོད་པའི་ཞིང་ཁམས་རང་བཞིན་གྱིས་རྣམ་པར་དག་ཅིང་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པར་ཁྱབ་པས་བསམ་ཡས་པའི་ངང་དེ་ནས། རྒྱ་ཚད་དང་བྲལ་བའི་གཞལ་ཡས་ཁང་། གཞི་ཚད་མེད་པ་ཡེ་ཤེས་ཀྱི་འཁོར་ལོ་ལ་བརྟེན་ཅིང་རྒྱན་གྱི་རྣམ་པ་ཡང་འཁོར་ལོའི་རྒྱན་དང་འདོད་ཡོན་ཕུན་སུམ་ཚོགས་པ་ཕྱོགས་བཅུར་འཁྲིགས་པའི་རོལ་མོའི་ཚོགས་ཆེན་པོ་དང་། རིགས་ལྔའི་དཀྱིལ་འཁོར་ནམ་མཁའི་མཐས་ཁྱབ་པར་སྣང་བ་འོད་གསལ་ལྷུན་གྱིས་གྲུབ་པ་མ་ལུས་པ་བསམ་ཡས་ཀུན་གྱི་རང་བཞིན། ཡེ་ཤེས་ཀྱི་གཟིགས་པ་དག་པའི་ཡུལ་དུ་མཐོང་ནས་ལོངས་སྤྱོད་ཆེན་པོའི་གཞིར་མངོན་སུམ་དུ་ཉེ་བར་མངའ་མཉེས་པ་དང་། བརྗོད་པ་མེད་ཅིང་རིས་སུ་མ་ཆད་པས་རྒྱ་ཆེན་པོའི་གསུང་ཡི་གེ་ཚོགས་ཆེན་ལས་འགྲོ་བའི་དོན་ལྷུན་གྱིས་གྲུབ་པར་འབྱུང་བའང་། གཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡེ་ནས་སངས་རྒྱས་པ་ལ་ལམ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཟབ་མོས་གསལ་བཏབ་པས་འབྲས་བུ་གདོད་མའི་གནས་ལུགས་སུ་བྱང་ཆུབ་པ་རྣམས་དབྱེར་མེད་པ་ནི་རང་བཞིན་མཐུན་པའི་སངས་རྒྱས་ཀྱི་ཡེ་ཤེས་རང་སྣང་བའོ། །གཉིས་པ་དེ་ཉིད་དབྱིངས་ཆོས་སྐུའི་ཞིང་ནང་གསལ་སྤྲོས་པ་དང་བྲལ་བར་བཞུགས་ཚུལ་ནི། དེ་ལྟར་སྣང་བའི་ཞིང་ཁམས་ཀྱང་གནམ་གང་གི་ཟླ་བ་ལྟར་དབྱིངས་ཆོས་སྐུའི་ཞིང་དུ་ཐིམ་པས་ཕྱི་རོལ་དུ་སྣང་ཆར་མེད་ལ་ནང་གསལ་དུ་མཁྱེན་ཆར་མ་འགགས་པ་ནི་རང་བཞིིན་གཅིག་དང་དུ་མར་བྲལ་བ་ཡི་ཆོས་སྐུ། །མཐའ་དང་དབུས་མེད་པའི་དེ་བཞིན་ཉིད་སྤྲོས་པ་ཐམས་ཅད་ཞི་བའི་དབྱིངས་ན་ཕྱིར་སྣང་ཐིམ་པར་བཞུགས་པའི་ལོངས་སྐུའི་ཆ་དེ་ཉིད། སངས་རྒྱས་ཀྱིས་ཀྱང་ཕན་ཚུན་མི་གཟིགས་ཏེ། ཤིན་ཏུ་ཕྲ་བའི་རང་བྱུང་གི་ཡེ་ཤེས་དེ་ཉིད་གང་དུའང་གནས་པ་མེད་པར་ཞི་བའི་དབྱིངས་ན་སྣང་བ་སྟེ་གནས་པའི་ཕྱིར་རོ། །གསུམ་པ་སླར་ཡང་གདུལ་བྱའི་འཇིག་རྟེན་དུ་སྤྲུལ་སྐུའི་འཆར་ཚུལ་ནི། དེ་ནས་གདུལ་བྱའི་འཇིག་རྟེན་དུ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་གང་ལ་གང་འདུལ་དུ་རིག་པའི་ཡེ་ཤེས་སྤྲུལ་པའི་སྐུར་མངོན་པར་སྣང་བ་སྟེ། དེའང་ཐུགས་རྗེ་རིག་པའི་ཡེ་ཤེས་དེ་ཉིད་ཕྱིན་ཅི་ལོག་གི་ལོག་པར་རྟོག་པས་ཀུན་ནས་བརྟགས་པའི་ངོ་བོ་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་ཐམས་ཅད་རྣམ་པར་དག་ཅིང་། ཤེས་བྱ་མ་ལུས་པ་མཁྱེན་པའི་ཡེ་ཤེས་ཕྱོགས་བཅུར་རྒྱས་ཏེ་ཡེ་ཤེས་དེ་ཡང་དབྱིངས་རང་བཞིན་གྱིས་དག་པའི་ཆོས་སྐུ་ཡོན་ཏན་གྱི་གཏེར་ལས་མི་གཞན་པའི་ཕྱིར། རྟོག་པ་མེད་བཞིན་དུ་འགྲོ་དོན་ལྷུན་གྲུབ་ཏུ་འབྱུང་སྟེ་ཡུལ་གདུལ་བྱའི་འཇིག་རྟེན་དང་ཡུལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཉིས་ཡེ་ནས་ལྷུན་གྱིས་གྲུབ་པའི་ཐུགས་རྗེ་ཆེན་པོས་ཡུལ་ཡུལ་ཅན་དུ་འབྲེལ་བས་ན། མ་དག་པ་འགྲོ་བ་དྲུག་གི་འཇིག་རྟེན་དུ་དུས་གསུམ་པོ་ཐམས་ཅད་དུ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཤིང་ལྷ་ལ་སོགས་པའི་གནས་རིས་སེམས་ཅན་གྱིས་ཁྱབ་པ་མ་ལུས་པ་དེ་དག་ཏུ་ཐུབ་དྲུག་ལ་སོགས་པའི་སྤྲུལ་པ་ཚད་མེད་པ་སོ་སོར་སྣང་བ་དང་མཐུན་པར་སྣང་ཞིང་དོན་མཛད་པ་ཡིན་ནོ། །གསུམ་པ་གང་དུ་དབང་བསྐུར་བའི་དོན་བསྡུ་བ་ནི། སྔར་བསྟན་པའི་མཆོག་དབང་བདེ་བ་ཆེན་པོའི་དཀྱིལ་འཁོར་ལ་ནི། ཡབ་ཡུམ་སྟངས་དཔྱལ་གཉིས་སམ་ཡང་ན་རྡུལ་ཚོན་གྱི་དཀྱིལ་འཁོར་ཁ་དོག་ལྔ་པ། བྱས་ཏེ་སློབ་མ་དང་ལྡན་རྣམས་རབ་ཏུ་ཞུགས་ན། ཇི་ལྟར་འདོད་པ་བཞིན་དངོས་གྲུབ་ཡིད་དུ་འོང་བ་སྔོན་གཞན་གྱིས་ཐོབ་པ་དང་མཉམ་པར་ཐོབ་པར་འགྱུར་རོ། །དེ་ལྟར་སྐལ་བ་མཉམ་པའི་ཡེ་ཤེས་ཆེན་པོ་དེ། དོན་དུ་གཉེར་ན་ཚེ་འདི་ཉིད་ལ་དངོས་གྲུབ་ཆེན་པོ་ཉེ་བར་འབྱུང་བ་ཡི་རང་བཞིན་ལས་བཞི་དང་ཚེ་དབང་ཐོབ་པའི་རྟེན་དེས་མཆོག་གི་དངོས་གྲུབ་ཡ་མཚན་ཆེན་པོ་སངས་རྒྱས་ཉིད་འབྱུང་བར་ངེས་སོ། །དེ་ལས་གཞན་ཆོས་དང་བླ་མ་ལ་དད་པ་མེད་ཅིང་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པས་བསྒྲུབ་ན་ཕུང་བར་འགྱུར་རོ། །ཞེས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པས་ཆེད་དུ་བརྗོད་དོ། །ཡེ་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་གནས་ལུགས་གསང་བའི་སྙིང་པོ་དོན་གྱི་ཡེ་ཤེས་དེ་ཁོ་ན་ཉིད་ངེས་པ་ལས་ཡེ་ནས་གྲུབ་པའི་དཀྱིལ་འཁོར་གྱི་ངོ་བོ་རྡོ་རྗེ་མཚོན་བྱེད་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བཀོད་པའི་མཆོག་ཏུ་གསང་བའི་སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་གི་ལེའུ་སྟེ་དགུ་པའོ།། ༈ །།དོན་གཉིས་པ་དབང་བསྐུར་བའི་ཐབས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། དབང་བསྐུར་བ་ལ་འཇུག་པའི་ཚུལ་མདོར་བསྟན་པ་དང་དེའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། དཀྱིལ་འཁོར་བསྟན་པ་དེ་ནས་བཅོམ་ལྡན་འདས་ཟག་པ་མེད་པའི་བདེ་བས་དགྱེས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རུ་དབང་བསྐུར་བ་སློབ་མའི་རྒྱུད་ལ་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབང་བསྐུར་བའི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །དེའང་དབང་གི་དོན་ལ་ཨ་བྷི་ཥེ་ཀ་ཏ་ཞེས་ཟེར་ཞིང་དེའི་དོན་ཡང་ནུས་པ་འཇུག་པར་བྱེད་པ་སྟེ་འཇིག་རྟེན་རྒྱལ་སར་འདོན་པ་ལ་རིག་བྱེད་ཀྱི་བུམ་པས་དབང་བསྐུར་ནས་ཡུལ་ཁམས་ལ་དབང་བའི་ནུས་པ་འཇུག་པ་དང་འདྲ་བར་རང་གཞན་གྱི་དོན་བྱེད་པའི་ནུས་པ་འཇུག་པ་སྟེ་རྒྱལ་པོ་སྦྱིན་པ་ཞེས་བྱའོ། །ཡང་ཨ་བྷི་ཥིཉྩའི་སྒྲས་ཡེ་ཤེས་ཀྱིས་བགོས་ཤིང་སྒོ་གསུམ་གྱི་དྲི་མ་འཁྲུད་པས་ན་དབང་ངོ་། །གཉིས་པ་ལ་གསུམ། ནུས་པའི་དབང་དང་ཕན་པའི་དབང་དང་། ཕན་ཡོན་བསྟན་པའོ། །དང་པོ་ལ་གསུམ་ལས། ཟབ་དབང་སྤྱིར་བསྟན་པ་ནི། སྔར་བསྟན་པ་བཞིན་ལྷའི་དཀྱིལ་འཁོར་བསྐྱེད་ཅིང་བདག་ཉིད་འཇུག་པ་དང་། སློབ་མ་འཇུག་པ་དང་ཕན་དབང་དང་ནུས་དབང་བསྐུར་ལ་གཟུངས་མ་བྱིན་གྱིས་བརླབས་ཏེ་ཡུམ་ཤེས་རབ་དང་ཡབ་ཡུམ་ཐབས་ཀྱི་ཕྱག་རྒྱ་སྙོམས་པར་ཞུགས་པ་ལས། ཡབ་ཀྱི་བྱང་སེམས་བདེ་བའི་རང་བཞིན་ཡི་གེ་ཧཱུཾ་གི་འབྲུ་ཚོགས་སུ་གསལ་བའི་རྒྱུན། རྡོ་རྗེའི་ལམ་ནས་ཕྱུང་སྟེ་ཡུམ་གྱི་པདྨར་འཁྱིལ་བ། སློབ་མའི་ལྕེ་རྩེ་ནས་ཁོར་བར་བསྟིམ་ཞིང་གཙོ་བོའི་དཀྱིལ་འཁོར་འཕྲོ་འདུས་བྱིན་རླབས་བསྡུས་ཏེ་སློབ་མའི་སྙིང་གར་བསྒྱུར་ཞིང་གསང་སྔགས་བརྗོད་དོ། །གཉིས་པ་ནུས་དབང་བྱེ་བྲག་ཏུ་བཤད་པ་ལ་ལྔ་ལས། དང་པོ་ཉན་པའི་དབང་གི་ཏིང་ངེ་འཛིན་ནི། སློབ་མ་རིན་ཆེན་འབྱུང་ལྡན་དུ་གསལ་བའི་ཉན་བྱེད་རྣ་བ་གཉིས་ཀྱི་ནང་དུ་བྷྲཱུཾ་ལས་འཁོར་ལོ་རྩིབས་བཞི་པའི་དབུས་སུ་ཏྲཱཾ་ལས་ལྷའི་གཞལ་ཡས་སུ། གསལ་བའི་རྣ་བའི་དབང་པོ་སྒྲ་ལ་ཉན་ནུས་སུ་འཛིན་པའི་ཐིག་ལེ་ཤིན་ཏུ་དྭངས་བའི་ངོ་བོ་ཉིད་དུ་གནས་པ་དེ། ཡི་གེ་ཏྲཱཾ་ཟུང་ལྔ་ཡ་བཅུ་ཧཱུཾ་བཞི་ཛཿཧཱུཾ་བཾ་ཧོཿདང་བཅས་གསུང་གི་ཕྱག་རྒྱའི་ཚོགས་མཆོག་གི་ཡི་གེ་རྣམས་འོད་དུ་ཞུ་བ་ལས། རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་གསལ་བར་བསྐྱེད་ལ་བླ་མས་ཡེ་ཤེས་པ་དེ་ཁོ་ན་འདྲ་བ་སྤྲོ་སྟེ་སློབ་མའི་རྣ་བར་ཐིམ་པས་ཉན་པའི་སྒྲིབ་པ་དག་ནས་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་རིན་ཆེན་འབྱུང་ལྡན་དུ་བསམ་ལ་དམ་ཚིག་བསྒྲག་ཅིང་རྗེས་གནང་སྦྱིན་པ་དེ་ནི། ཏྲཱཾ་ཞེས་མགོ་འདྲེན་པར་བྱས་ནས་གསང་བ་མ་ཧཱ་གསང་ཆེན་ཨ་ནུ་གསང་མཆོག་གང་ཡིན་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ་ནང་བརྒྱུད་གསུམ་དང་། ཀྲཱི་ཡ་ཨུ་པ་ཡོ་ག་ལ་སོགས་པ་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པའི་གསང་བ་ཀུན་ལའང་མཉན་པར་བྱ་ཞིང་། སློབ་དཔོན་གྱི་དབང་མ་ཐོབ་པ་དེ་སྲིད་དུ་གསང་བའི་དོན་ཉིད་རང་གི་རྒྱུད་ལ་གོམས་འདྲིས་སུ་བྱེད་ཅིང་བརྟག་པ་ལས། གང་ཟག་གཞན་དང་ཡུལ་དུས་གཞན་དུ་སྨྲ་བར་བྱ་བ་མིན་ནོ། །གཉིས་པ་བསྒོམ་པའི་དབང་གི་ཏིང་ངེ་འཛིན་ནི། གསལ་བའི་འཁོར་ལོའི་སྙིང་གཞལ་ཡས་ཁང་དུ་བསྐྱེད་པའི་གནས་སུ། དྲན་གཞི་གསལ་བའི་རྟེན་བྱེད་པའི་དྭངས་མ་ཉུངས་འབྲུ་ཙམ་གྱི་ཐིག་ལེའི་ངོ་བོ་ཉིད། གཙོ་བོའི་ས་བོན་ཡི་གེ་ཧཱུཾ་གི་འཕྲེང་བའི་ཚོགས་མཆོག་འོད་དུ་ཞུ་བ་ལས། ཐུགས་ཀྱི་རིགས་ཀྱི་དཀྱིལ་འཁོར་དུ་གསལ་བཏབ་སྟེ་ཡེ་ཤེས་པ་འཕྲོ་ཞིང་ཐིམ་པས་ཡིད་ཀྱི་སྒྲིབ་པ་སྦྱངས་ཏེ་འོད་དུ་ཞུ་བ་ལྷར་གྱུར་བས་རྗེས་གནང་སྦྱིན་པ་ནི། ༀ་དུས་གསུམ་གྱི་རྒྱལ་བའི་སྲས་པོ་ཆེན་པོ་ཞེས་སློབ་མ་ལ་བོས་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལུས་ལྷ་ངག་སྔགས་སེམས་ཆོས་ཉིད་ཟབ་མོའི་དོན་སྒོམ་པ་ཟུངས་ཤིག །དེའི་ངང་ལས་རྒྱལ་བ་ཐམས་ཅད་མཉེས་པའི་མཆོད་པ་སྒྲུབ་པ་དང་ཕྱི་ནང་གསང་བ་བདེ་བ་ཆེན་པོས་མཆོད་ལ། འབྲས་བུ་རྒྱལ་བ་ཀུན་དང་མཉམ་པར་སྦྱོར་བའི་གོ་འཕང་ཐོབ་པར་གྱིས་ཤིག །གསུམ་པ་ཕྲིན་ལས་ཀྱི་དབང་གི་ཏིང་ངེ་འཛིན་ནི། ལག་པའི་འཁོར་ལོའི་གཞལ་ཡས་སུ། རེག་ཤེས་གསལ་བའི་རྟེན་བྱེད་པའི་ཐིག་ལེ་དྭངས་བའི་ངོ་བོ་ཉིད། ཧཾ་གི་ཕྱག་རྒྱས་ཚོགས་མཆོག་ཡི་གེའི་རང་བཞིན་དུ་གྱུར་པ་ལས། ཕྲིན་ལས་ཀྱི་དཀྱིལ་འཁོར་གསལ་བར་བསྐྱེད་ལ་ཡེ་ཤེས་པ་འཕྲོ་ཞིང་ཐིམ་པ་ཞུ་བ་ལས་དོན་གྲུབ་ཡབ་ཡུམ་དུ་གྱུར་པ་ལ་རྗེས་གནང་སྦྱིན་པ་ནི། ༀ་རིགས་ཀྱི་བུ་ཁྱོད་ནི་དེ་རིང་ཉིད་ནས་རྡོ་རྗེ་ལས་ཏེ་དོན་ཡོད་གྲུབ་པ་ཡིན་གྱིས། སེམས་ཅན་གྱི་དོན་དང་སངས་རྒྱས་མཆོད་པ་དང་རང་གི་སྒྲུབ་པའི་ལས་རྣམས་མ་ལུས་པ་ཀུན་གྱིས་ཤིག །དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་གྱི་ཕོ་ཉ་མང་པོའི་ཚོགས་ཚུར་འདུ་བས་དངོས་གྲུབ་སྟེར་ཞིང་ཕར་འཕྲོ་བས་ཕྲིན་ལས་བསྒྲུབ་པའི་རང་བཞིན་དུ་གྱུར་པ་ཀུན་གྱིས། ཁྱོད་ཀྱི་དགོས་པ་ཐམས་ཅད་བྱེད་པ་ཡིན་ཞེས་པའོ། །བཞི་པ་འཆད་པའི་དབང་གི་ཏིང་ངེ་འཛིན་ནི། ཚིག་སྨྲ་བར་བྱེད་པ་ལྕེའི་འཁོར་ལོའི་གཞལ་ཡས་སུ། རོ་འཛིན་ལྕེའི་དབང་པོ་དྭངས་ཤིང་གསལ་བའི་ཐིག་ལེའི་ངོ་བོ་ཉིད། ཡི་གེ་ཧྲཱིཿ་ཡི་རང་བཞིན་ཟུང་ལྔའི་ཕྱག་རྒྱའི་ཚོགས་མཆོག་འོད་དུ་ཞུ་བ་ལས། སྣང་བ་མཐའ་ཡས་གསུང་ཆོས་ཀྱི་རིགས་ཀྱི་འཁོར་ལོ་གསལ་བ་ལ་ཡེ་ཤེས་པ་སྤྲོ་ཞིང་ཐིམ་པ་ཞུ་བ་ལས་འོད་དཔག་མེད་དུ་བསྐྱེད་ལ་རྗེས་གནང་སྦྱིན་པ་ནི། ༀ་ཕྱི་ནང་གསང་བའི་ཆོས་ཀྱི་བདུད་རྩི་བླ་ན་མེད་པ་རྣམས་ཀྱིས། ཐེག་པ་སོ་སོ་གང་དང་གང་ལ་དད་པ་དང་ལྡན་པའི་སྐྱེས་བུ་དེ་དང་ཆོས་བསྟན་པས་ངོམས་པར་བྱོས་ལ། དབང་པོ་རབ་ལ་གསང་ཆེན་རྨད་དུ་བྱུང་བའི་ཐེག་པ་འབྲིང་ལ་རྒྱུའི་ཐེག་པ་ཆེན་པོ་ཐ་མའི་བློ་ཅན་ལ་ཉན་རང་དང་ལྷ་མིའི་ཐེག་པ། དབང་པོའི་རིམ་པ་དང་མཐུན་པར་ཆོས་ཀྱི་གསང་བ་སོ་སོར་བསྒྲགས་ཀྱིས་དམན་པའི་གང་ཟག་ལ་ཆེན་པོའི་ཆོས་དང་། ཆེན་པོ་ལ་དམན་པའི་ཆོས་ལ་སོགས་པ་འཆོལ་བར་བསྒྲགས་པའི་ཚུལ་གཞན་དུ་བྱ་བ་མིན་ཏེ་དོན་དུ་མི་འགྱུར་བ་དང་ཆོས་སྤོང་པའི་ལས་སོགས་པའི་ཕྱིར་རོ། །ལྔ་པ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་ཏིང་ངེ་འཛིན་ནི་མགོ་ལ་སོགས་པ་ཡན་ལག་ལྔ་ནི་འགྲོ་འདུག་དང་ཕྱག་རྒྱ་དང་ཡུལ་ལ་ལྟ་ཞིང་བསྒུལ་བསྐྱོད་བྱེད་པས་བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། ལུས་ཀྱི་དབང་པོ་དྭངས་ཤིང་གསལ་བའི་ཐིག་ལེའི་ངོ་བོ་ཉིད་གཉིས་སུ་མེད་པ། ལག་པ་གཡས་ཀྱི་དཔུང་མགོར་ཧཱུཾ་མགོ་ལ་ༀ་ལག་པ་གཡོན་ལ་སྭཱ་རྐང་པ་གཡོན་ལ་ཨཱཾ་གཡས་ལ་ཧཱ་རྣམས་འོད་དུ་ཞུ་བ་ལས། རིགས་ལྔ་སོ་སོའི་དཀྱིལ་འཁོར་ལྔ་དང་ཕྱི་རོལ་དུ་བསྲུང་བའི་འཁོར་ལོ་ཁྲོ་བོ་བཅུའི་འཕྲེང་བ་དང་བཅས་པ་བསྒོམ་ཞིང་། རྗེས་སུ་གནང་བ་ནི་ༀ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི། སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཆེ་སྟེ། འཁོར་འདས་ཐམས་ཅད་ལ་ཡེ་ནས་ཁྱབ་པའི་རང་བཞིན་རྨད་དུ་བྱུང་བའི་དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ་དཔལ་ཀུན་ཏུ་བཟང་པོ་ཁྱོད་ཡིན་པས། རིགས་ཀྱི་བུ་འདི་ལ་མཆོག་གི་དཀྱིལ་འཁོར་དངོས་གྲུབ་ཀུན་གྱི་སྦྱིན་པ་དམ་པ་སྦྱོད་པ་སྟེ་རྩོལ་ཅིག་ཅེས་པའོ། །གསུམ་པ་དབང་དང་མི་ལྡན་པའི་ཉེས་པ་ནི། སྒོ་གསུམ་ཡོ་བྱད་དང་བཅས་པས་གསང་སྔགས་ཀྱི་སློབ་དཔོན་མཉ ེས་པར་མ་བྱས་ཤིང་། ཕྱི་ནང་གསང་བའི་དབང་རྣམས་རྒྱུད་ལ་ཐོབ་པར་མ་བྱས་པར། གསང་སྔགས་ཉན་པ་ལ་སོགས་པ་ལ་རྩོམ་པ་རྣམས། ཚེ་འདིར་བསྒྲུབ་པའི་འབྲས་བུ་དངོས་གྲུབ་མེད་ཅིང་ཕྱི་མ་ངན་སོང་དུ་སྡུག་བསྔལ་མྱོང་བས་བརླག་པར་འགྱུར་ཏེ་ཆོས་ཟབ་མོ་ལ་དབང་ཟོས་པའི་ཕྱིར་རོ། ། གཉིས་པ་ཕན་པའི་དབང་ནི་སློབ་མ་ལྷའི་བདག་ཉིད་དུ་གསལ་བ་ལ་རིན་པོ་ཆེའི་དབུ་རྒྱན་བཅིངས་བ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་ཏེ་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་གསལ་ཞིང་ཕྱིར་མི་ལྡོག་པར་མཚོན་པའོ། ཅོད་པན་སྟེ་དར་དཔྱངས་ཀྱིས་སྒྲིབ་པ་གཉིས་དག་ཅིང་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་མཚོན་པའོ། །མེ་ཏོག་གི་འཕྲེང་བ་ཡིས་ནི་ལས་དང་བག་ཆགས་དག་ཅིང་བྱང་ཆུབ་ཡན་ལག་གི་ཚོགས་ཐོབ་པར་མཚོན་པ་དག །དེ་གསུམ་ཀ་དབུ་རྒྱན་གྱི་དབང་སྟེ་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་འགྱུར་བའོ། །གོ་ཆ་ནི་ཉོན་མོངས་པའི་མཚོན་གྱིས་མི་ཚུགས་ཤིང་བདུད་ཀྱི་རྒྱུ་འདུལ་བར་མཚོན་པའོ། །རྒྱལ་མཚན་ནི་འཁོར་བའི་རྒྱུ་ཀུན་ནས་ལྡང་བའི་ཆ་དང་བཅས་པ་དག་ཅིང་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བ་མཚོན་པའོ། །རྡོ་རྗེ་ལ་སོགས་པ་རིགས་ལྔའི་ཕྱག་རྒྱ་ནི་ཉོན་མོངས་པ་ལྔ་གནས་སུ་དག་ཅིང་ཡེ་ཤེས་ལྔ་ཐུགས་སུ་ཆུད་པར་མཚོན་པ་དང་། གདུགས་ནི་ཉོན་མོངས་པའི་གདུང་བ་སྐྱོབ་ཅིང་ཐུགས་རྗེས་འགྲོ་བ་སྐྱོབ་པ་མཚོན་པ་དང་། འདི་གསུམ་གཞན་དོན་ཕུན་སུམ་ཚོགས་པའི་དབང་ངོ་། །བུམ་པ་ནི་ཉོན་མོངས་པའི་དྲི་མ་འཁྲུད་ཅིང་རིགས་ལྔའི་ནུས་པ་འཇོག་པ་སྟེ་ཟག་པ་མེད་པའི་ཆུ་རྒྱུན་མཚོན་པའོ། །བཟའ་བ་དང་བཏུང་བ་ནི་འཁོར་འདས་ཀྱི་རྒུད་པ་དང་བྲལ་ནས་བསམ་གཏན་གྱི་རོས་རྒྱས་པར་མཚོན་པ་དང་། འདི་གསུམ་ནི་རང་དོན་ཕུན་སུམ་ཚོགས་པའི་དབང་ངོ་། །ཉི་མ་ཟླ་བ་ཆུས་ཤ་ཆེན་གྱི་དྭངས་མ་སྟེ་སྙིང་པོ་ལྔ་ཡིས་དབང་བསྐུར་ན་ཕུང་པོ་ལྔ་ཡབ་ལྔ་འབྱུང་བ་ལྔ་ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་དག་ཅིང་དབྱེར་མེད་པར་མཚོན་པའོ། །འདི་ནི་འཁོར་འདས་གཉིས་སུ་མེད་པ་སྟོན་པའི་དབང་ངོ། །གསུམ་པ་དབང་ཐོབ་པའི་ཕན་ཡོན་ནི། དེ་ལྟར་ནུས་པ་དང་ཕན་པའི་དབང་རྣམས་རྫོགས་པར་ཐོབ་པའི་དུས་འདི་ཕྱིན་ཆད་རིགས་ཀྱི་བུ་ཁྱོད་རྒྱལ་བ་ཀུན་ཏུ་བཟང་པོའི་སྲས་སུ་གྱུར་ཅིང་། ངན་སོང་དང་དེའི་སྡུག་བསྔལ་ཐམས་ཅད་མེད་པ་དང་། འདིར་ཡང་ཚེ་རིང་ཞིང་ནོར་དང་འབྱོར་པ་དང་དབང་ཕྱུག་དམ་པའི་བདེ་བ་ཕུན་སུམ་ཚོགས་པ་དང་། ཕྱི་མ་ལའང་གནས་སྐབས་མཐོ་རིས་དང་མཐར་ཐུག་ཐར་པའི་བདག་པོ་སངས་རྒྱས་ཐོབ་པར་འགྱུར་རོ་ཞེས་བརྗོད་དོ། །ཐུགས་ཀྱི་ཡེ་ཤེས་མཆོག་ཏུ་གསང་བའི་སྙིང་པོ་ཕུན་སུམ་ཚོགས་པ་ཟབ་མོ་དེ་ཁོ་ན་ཉིད་ངེས་པ་ལས་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བའི་ཡེ་ཤེས་སྦྱིན་པའི་ལེའུ་སྟེ་བཅུ་པའོ།། ༈ །།སྤྱི་དོན་གཉིས་པ་ལམ་བསྐྱེད་པ་དང་རྫོགས་པའི་རིམ་པ་བསྟན་པ་ལ་གཉིས་ཏེ། ཐ་མལ་གྱི་མངོན་ཞེན་བཟློག་པ་བསྐྱེད་པའི་རིམ་པ་དང་། སྙིང་པོའི་དོན་ལ་འཇུག་པ་རྫོགས་པའི་རིམ་པའོ། །དང་ལ་པོ་གཉིས། ཐབས་བསྐྱེད་པའི་རིམ་པ་ཚོགས་ཀྱི་དཀྱིལ་འཁོར་བསྟན་པ་དང་། དེའི་ཡན་ལག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། དོན་གྱི་འབྲེལ་དགོད་པ། ཚིག་གི་དོན་བཤད་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། གཞི་དཀྱིལ་འཁོར་དུ་དབང་བསྐུར་བ་དེ་ནས་ལམ་བསྐྱེད་པའི་རིམ་པ་ཐབས་སྣང་བའི་དངོས་པོ་ལམ་དུ་སློང་བའི་ཕྱིར་དེ་བཞིན་གཤེགས་པ་ཐབས་ཀྱི་རོལ་པས་དགྱེས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཉིད་ཐབས་སྣང་བའི་སྒྱུ་འཕྲུལ་འདོད་ཡོན་ལྔ་ལ་སོགས་པ་འཁོར་བའི་ཆོས་ཉོན་མོངས་པའི་རྣམ་པར་སྣང་བ་རྣམས་ཤེས་རབ་སྟོང་པའི་རང་བཞིན་དུ་གནས་པས་དྲ་བའི་ངོ་བོ་ཆོས་ཐམས་ཅད་ཀྱི་གནས་ལུགས་སམ་རྒྱལ་པོ་འདོད་ཡོན་དང་ཉོན་མོངས་པ་མ་སྤངས་པར་སྣང་དུས་ཉིད་ནས་ཡེ་ཤེས་ཆེན་པོར་དབང་བསྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐམས་ཅད་ཐར་ལམ་དུ་བསྟན་པའི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་ལ་གཉིས། གཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཤེས་པར་བྱ་བ་དང་། ལམ་ཐབས་དང་ཤེས་རབ་ཀྱི་དཀྱིལ་འཁོར་ཉམས་སུ་བླང་བའོ། །དང་པོ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སྟོང་པའི་ངང་ལས་བྱུང་བར་རྒྱུ་གཅིག་པ་དང་དེ་ལྟར་སྟོང་པའི་ངང་ལས་དང་པོར་བྱུང་བ་མ་ཟད་ལྟ་སྣང་དུས་ཉིད་ནས་ཀྱང་ཡིག་འབྲུ་ཨའི་ཚུལ་དུ་རང་བཞིན་གྱིས་མ་སྐྱེས་པའི་ངོ་བོར་སྣང་སྟོང་གཉིས་སུ་མེད་པར་གནས་ཏེ་སྣང་བ་ནི་ༀ་སྟོང་པ་ནི་ཨཱཿགཉིས་སུ་མེད་པ་ནི་ཧཱུཾ་གི་རང་བཞིན་དུ་གནས་པས་སྣང་བཞིན་དུ་སྟོང་སྟོང་བཞིན་དུ་སྣང་སྣང་བ་དང་སྟོང་པ་གཉིས་སུ་མེད་པའི་ངོ་བོར་གནས་སོ། །མེའི་རང་བཞིན་ཚ་བས་བྱིན་གྱིས་བརླབ་པ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་དཀྱིལ་འཁོར་གྱི་རང་བཞིན་དུ་སངས་རྒྱས་པར་བྱིན་གྱིས་བརླབས་པས་མ་དག་པ་མེད་ཅིང་དག་པ་འབའ་ཞིག་གི་ཚུལ་དུ་གནས་ཏེ་སྟོང་པ་ཆོས་སྐུ་སྣང་བ་ལོངས་སྐུ་སྣ་ཚོགས་སུ་་སྣང་བ་སྤྲུལ་པའི་སྐུའི་རང་བཞིན་ཡིན་པའི་ཕྱིར་དང་དེ་ལྟར་གནས་པའི་རང་བཞིན་རྣམས་ཀྱང་དུས་གཞན་ནམ་ལྐོག་ཏུ་གྱུར་པ་ལ་སོགས་པ་མ་ཡིན་པར་སྣང་དུས་འདི་ཉིད་ནས་ཕྱི་སྣང་བ་ཡུམ་ནང་ཕུང་པོ་ཡབ་རྟོག་ཚོགས་ལྷའི་རང་བཞིན་དུ་གནས་པའི་ངོ་བོ་མངོན་སུམ་བར་སྣང་ཞིང་སྣང་དུས་ཉིད་ནས་མཉམ་པ་ཉིད་ཀྱི་རང་བཞིན་གྱི་ལས་མི་གཡོ་བའི་དགོངས་པ་སྟོན་པ་ཡིན་ཏེ། དེའང་གཞིའི་གནས་ལུགས་དེ་རང་གི་བསོད་ནམས་དང་། བླ་མ་དམ་པས་ཐུགས་རྗེས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་ཕྱིན་ཅི་མ་ལོག་པར་རབ་ཏུ་རྟོགས་པ་རྣམ་པ་བཞི་ཡིས། ཆོས་ཐམས་ཅད་ཡེ་ནས་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱལ་པོ་ཆེ་དེ་ལྟར་རྟོགས་པ་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ལ་སྤོང་ལེན་མེད་པར་བྱམས་གཅིག་ཡེ་ཤེས་ཀྱི་རོལ་བར་འཆར་བས་གསང་ཆེན་དོན་གྱི་གནས་ལུགས་སོ། །དེ་ནི་དབྱིངས་དེ་བཞིན་དུ་ཉིད་དུ་བཤད་པའོ། །བསྐྱེད་རིམ་ལྟར་ན་རྒྱུ་གཅིག་པ་ཏིང་ངེ་འཛིན་གསུམ་དང་། ཡིག་འབྲུ་ལྷ་སོ་སོའི་སྙིང་པོ་བསྐྱེད་པ་དང་། བྱིན་གྱིས་བརླབ་པ་ལྷའི་དཀྱིལ་འཁོར་དུ་བསྐྱེད་པ་དང་། མངོན་སུམ་པ་དེའི་ངང་ལ་ལྷན་ཅིག་པའི་རྫོགས་པ་སྒོམ་པར་རབ་ཏུ་རྟོགས་པ་རྣམ་པ་བཞི་ཡིས་ཆོས་ཐམས་ཅད་ཤེས་པར་བྱེད་པའོ། །རྫོགས་རིམ་དང་སྦྱོར་ན། །རྒྱུ་གཅིག་པ་འཁོར་འདས་སེམས་སུ་གཅིག་པའོ། །ཡིག་འབྲུའི་ཚུལ་སྐྱེ་བ་མེད་པའི་ངང་དུ་རྟོགས་པའོ། །བྱིན་གྱིས་བརླབས་པ་དེ་ལྟར་མཉམ་པར་འཇོག་པ་ཐུགས་རྡོ་རྗེའི་ངོ་བོ་གཉིས་སུ་མེད་པར་གྱུར་བའོ། །མངོན་སུམ་པ་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་བསྒོམ་པ་ལས་རྟོགས་པ་སྟེ། ལམ་རིམ་ལས། རྒྱ་མཚོ་དྭངས་བའི་གཟུགས་བརྙན་ལྟར། །སྒྲ་རྟེན་ཡིད་ལ་བྱེད་མིན་པ། རང་རིག་མངོན་སུམ་དམིགས་བྲལ་བར། །རང་གསལ་གསུམ་བྲལ་མི་བསྒུལ་བས། །ངེས་པར་གདིང་དུ་གང་བྱས་པ། །ཐོས་བསམ་བརྟན་པའི་ལྟ་མཐར་ཕྱིན། ཞེས་སོ། །ཟུང་འཇུག་ལྟར་ན། རྒྱུ་གཅིག་པ་བསྐྱེད་རྫོགས་པ་བདེན་གཉིས་སུ་གཅིག་པ་དང་དེའི་ངོ་བོ་རྟག་ཆད་ལས་འདས་པ་ཡི་གེ་སྤྲིན་དུ་གནས་པ་དང་། དབྱིངས་རང་བཞིན་གྱིས་དག་པའི་ངང་ལས་བསྐྱེད་རྫོགས་སུ་རང་སྣང་བར་བྱིན་གྱིས་བརླབས་པ་དང་། དེ་ཉིད་རིག་པས་ཐག་ཆོད་ཅིང་མི་འགལ་བར་མངོན་སུམ་དུ་རྟོགས་ནས་ཉིན་མཚན་དུ་བརྩོན་པ་སྟེ། རྔམ་གློག་ལས། རྟོགས་པ་ཡང་ནི་རྣམ་པ་བཞིར། །རྣལ་འབྱོར་ནང་པ་བཞེད་པ་སྟེ། །རྒྱུ་གཅིག་པ་དང་ཡི་གེའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་ལས། །རྫོགས་ཆེན་དོན་ལ་འཇུག་གྱུར་ཏེ། །རྒྱུ་ནི་བདེན་གཉིས་ཅིག་ཆར་དུ། །གཅིག་པས་གཅིག་པའི་མཚན་ཉིད་དང་། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །ཆོས་ཀུན་རང་བཞིན་རྟོགས་པ་དང་། །སྐྱེ་མེད་དབྱིངས་ཀྱི་བྱིན་བརླབས་ལས། །ཆོས་ཀུན་སྣང་བར་ཤེས་པ་དང་། །དེ་ལྟ་བུ་ཡི་རང་བཞིན་ཏེ། །གཞན་ལ་མ་བརྟེན་མི་འགལ་བར། །མངོན་སུམ་རིག་པས་ཐག་ཆོད་ན། །རྣལ་འབྱོར་ས་ལ་སླེབ་པ་ཡིན། །ཞེས་སོ། གཉིས་པ་ལ་གསུམ། ཅིར་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར། རོལ་པ་ཚོགས་ཀྱི་དཀྱིལ་འཁོར། གང་སྒྲུབ་ཐབས་ཀྱི་ཡན་ལག་གོ །དང་པོ་ལ་གཉིས། སྣང་སེམས་གཉིས་མེད་ཀྱི་དཀྱིལ་འཁོར་སྤྱིར་བསྟན་པ་དང་། སྦྱོར་གྲོལ་གཉིས་མེད་ཀྱི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། འཛིན་བྱེད་ཡབ་ཀྱི་དཀྱིལ་འཁོར། གཟུང་ཡུལ་ཡུམ་གྱི་དཀྱིལ་འཁོར། །རོལ་པ་གཉིས་སུ་མེད་པའི་དཀྱིལ་འཁོར་རོ། །དང་པོ་ལའང་གཉིས་ལས། དང་པོ་ཞི་བའི་དཀྱིལ་འཁོར་དུ་ཤེས་པར་བྱ་བ་ནི། ལུས་ཀྱི་ཡན་ལག་དང་མིག་ལ་སོགས་པའི་དབང་པོ་དང་དེ་དག་གི་རྣམ་པར་ཤེས་པའི་ཚོགས་དང་བཅས་པ་ཀུན། ཐ་མལ་གྱི་རྣམ་སྨིན་རང་མཚན་པ་མིན་པར་ༀ་སྟེ་ཡེ་ཤེས་ལྔའི་རང་བཞིན་དུ་ཤེས་པར་བྱ་ཞིང་དེའི་མཚོན་བྱེད་དུ་ཡབ་ལྔ་སེམས་དཔའ་བརྒྱད་སྒོ་བ་བཞི་ཐུབ་པ་དྲུག་དང་བཅས་པའི་རང་བཞིན་མེ་ལོང་ནང་གི་གཟུགས་བརྙན་ལྟར་མེད་བཞིན་སྣང་བའི་རིགས་ལྔ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ་མོ། །གཉིས་པ་ཁྲོ་བོའི་དཀྱིལ་འཁོར་དུ་ཤེས་པར་བྱ་བ་ནི། ཡང་ན་འདུལ་བྱའི་དབང་ངམ་རང་གི་མོས་པའི་དབང་གིས་ཁྲོ་བོའི་དཀྱིལ་འཁོར་བསྒོམ་པར་བྱའོ། །གཉིས་པ་ཡུམ་གྱི་དཀྱིལ་འཁོར་ལའང་གཉིས་ལས། དང་པོ་ཞི་བའི་ཡུལ་དུ་ཤེས་པར་བྱ་བ་ནི། སྣང་སྲིད་སྐྱེ་འགྲོས་བསྡུས་པའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་སོགས་པ་སྟེ་ཆོས་དང་འབྱུང་བ་ལྔར་སྣང་བ་ཐམས་ཅད་རྣམ་པ་དེ་དག་ཏུ་སྨིན་པར་མཱུཾ་དུ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་ཤེས་པར་བྱ་ཞིང་དེའི་མཚོན་བྱེད་སྒོམ་བཞི་སེམས་མ་བརྒྱད་ཡུམ་ལྔའི་རྣམ་པ་སྟེ་སྣང་ལ་ངོས་བཟུང་མེད་པ་ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ་པར་བྱའོ། །གཉིས་པ་ཁྲོ་བོའི་ཡུམ་དུ་གསལ་བ་ནི། ཡང་ན་གདུལ་བྱའི་དབང་ངམ་རང་གི་མོས་པའི་དབང་གིས་ཁྲོ་མོའི་དཀྱིལ་འཁོར་བསྒོམ་མོ། །གསུམ་པ་རོལ་པ་གཉིས་སུ་མེད་པའི་དཀྱིལ་འཁོར་ནི། ལུས་ལ་བགོ་བའི་གོས་དང་འདོགས་པའི་རྒྱན་དང་བཟའ་བ་དང་བཏུང་བ་དང་ངག་གི་གླུ་དང་བརྗོད་པའི་ཚིག་དང་། ལུས་ཀྱི་རྣམ་འགྱུར་རྐང་བྲོ་དང་ལག་པའི་གར་དང་ཉེ་བར་སྤྱོད་པའི་ཡོ་བྱད་ཀྱི་ཚོགས་ཀྱི་སྤྲིན་ཕུང་ཆེན་པོ་ལ། སྣང་སྟོང་ངམ་ཡབ་ཡུམ་གཉིས་སུ་མེད་པའི་རང་བཞིན་ཧཱུཾ་བདེ་བ་ཆེན་པོའི་ཆོས་ཉིད་དུ་ཤེས་པས་ཆགས་ཞེན་མེད་པ་ཚོགས་ཀྱི་ཡོ་བྱད་རྨི་ལམ་ལྟར་བདེན་མེད་ཀྱི་ངང་ནས་ལྷ་མོ་དྲུག་གི་རང་བཞིན་དུ་རབ་ཏུ་སྤྱད་ན། འབྲས་བུ་མཆོག་དང་ཐུན་མོང་གི་དངོས་གྲུབ་ངོ་མཚར་བའི་རང་བཞིན་འབྱུང་བའི་དཀྱིལ་འཁོར་ཕུང་ཁམས་སྐྱེ་མཆེད་ན་བཞུགས་པའི་སངས་རྒྱས་ཐམས་ཅད་མཉེས་པས་མྱུར་དུ་བྱང་ཆུབ་འགྲུབ་པའི་ཕན་ཡོན་རླབས་པོ་ཆེ་ཐོབ་པར་བྱེད་དོ། །གཉིས་པ་སྦྱོར་སྒྲོལ་གཉིས་མེད་ཀྱི་དཀྱིལ་འཁོར་ལ་གསུམ། སྦྱོར་བ་གནས་སུ་དག་པ་བདེ་ཆེན་བྱང་ཆུབ་མཆོག་གི་དཀྱིལ་འཁོར། སྒྲོལ་བ་གནས་སུ་དག་པ་ཐབས་ཆེན་གསང་བའི་དཀྱིལ་འཁོར། སྦྱོར་སྒྲོལ་ཉེས་པས་མི་གོས་པ་ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་རོ། །དང་པོ་ལ་བཞི་ལས། དང་པོ་ཡུལ་གང་ལ་སྦྱར་བ་ནི་བཅུ་གཉིས་མ་ཐུགས་ཀྱི་གསང་ཡུམ་ལྷ་མོ་བཅུ་དྲུག་མ་གསུང་གི་གསང་ཡུམ་ཀླུ་མོ་ཉི་ཤུ་མ་སྐུའི་གསང་ཡུམ་རིགས་ངན་མོ་རྣམས་ཀྱི་བཟང་ངན་བྱེ་བྲག་སོ་སོར་དབྱེ་ནས་ངན་པ་དོར་ཏེ་བཟང་བ་བསྟེན་པའམ་ཡང་ན་མི་དབྱེ་བ་གང་རུང་ཡུལ་དུ་བྱེད་པའོ། །ཚུལ་ཇི་ལྟ་བུས་སྦྱར་ན་ནི་ལྷ་གཅིག་ལའང་བསྙེན་སྒྲུབ་བཞིས་བརྟེན་པ་ལྟར་འདིར་ཡང་ཕྱག་རྒྱའི་རྒྱུད་སྦྱོང་ཞིང་བྱང་ཆུབ་ཀྱི་སེམས་རྒྱས་པར་བྱེད་པས་བསྙེན་པ་དང་འདུ་ཤེས་དག་པས་ལྟ་བ་དང་རེག་པ་ལ་སོགས་པ་ནི་ཉེ་བའི་བསྙེན་པ་དང་། ལྷར་གསལ་བས་འཁྱུད་པ་ལ་སོགས་པ་ནི་སྒྲུབ་པ་དང་གཉིས་སུ་མེད་པར་རོལ་བས་འཁོར་ལོ་བཞི་ནས་གསང་བར་འབེབས་པ་ནི་སྒྲུབ་པ་ཆེན་པོ་ཡི་རིམ་པ་བཞི་ཡི་ཡེ་ཤེས་ལ་སྦྱོར་བའོ། །ངོ་བོ་གང་སྦྱོར་བ་ནི། དེ་ནས་ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཉུངས་འབྲུ་ཙམ་གྱི་རྟེན་བསམ་པ་ལ་བདེ་བ་ཆེན་པོའི་རང་བཞིན། ཐུགས་ཀྱི་དཀྱིལ་འཁོར་སངས་རྒྱས་ཀྱི་ཚོམ་བུས་བརྒྱན་པ་སྤྲོ་ཞིང་བསྐྱེད་ལ་ཡེ་ཤེས་པ་དབྱིངས་ནས་སྤྱན་དྲངས་ཤིང་བསྟིམ་སྟེ། བཞུགས་པའི་སངས་རྒྱས་ཀྱི་སྤྲིན་ཚོགས་མ་ལུས་པ་ཐམས་ཅད་ལ་རོལ་བའི་མཆོད་པ་ཕུལ་བས། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དགྱེས་པ་མཉམ་པའི་མཆོག་གི་སྦྱིན་པས་སོ་སོར་བསྟིམ་ཞིང་ཚིམ་པར་ཕུལ་བས་གཉིས་མེད་བདེ་བ་ཆེན་པོའི་དངོས་གྲུབ་ཐོབ་པར་བསམ་ནས་བྱང་ཆུབ་ཀྱི་སེམས་པདྨོར་འཁྱིལ་པ་འཛིན་པར་བྱེད་དོ། །དངོས་གྲུབ་ཇི་ལྟར་བྱུང་བ་ནི། དེ་ལྟར་སྒྲུབ་པའི་མཁའ་གསང་གི་ཉི་མ་དང་ཟླ་བའི་སྙིང་པོ་དེ། རྩ་འཁོར་ལོ་བཞིའི་དཀྱིལ་འཁོར་དུ་གསར་པ་རྡོ་རྗེ་ནོར་བུའི་ལྕེ་ཡིས་བླང་སྟེ་མས་རིམ་གྱིས་དགང་ནས་ལུས་ཀྱི་གནས་ཐམས་ཅད་ལ་ཁྱབ་པར་དགྲམ་ཤིང་ཡེ་ཤེས་སུ་ལ་བཟླའོ། །བསྒྲུབས་པ་དེའི་འབྲས་བུ་ནི། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་དང་ཆོས་ཐམས་ཅད་མངོན་སུམ་དུ་གསལ་བར་རྟོགས་པ་དང་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་འོད་ཟེར་འབར་བས་ས་ལམ་གྱི་ཁྱད་པར་གོང་མར་བགྲོད་པ་དང་ཚེ་ལ་དབང་ཐོབ་པས་རྡོ་རྗེའི་སྐུ་བརྙེས་པ་སོགས་ལས་ཏེ་གནས་སྐབས་ཐུན་མོང་གི་གྲུབ་པ་བརྒྱད་དང་། མཐར་ཐུག་ཀུན་ཏུ་བཟང་པོའི་ས་མཆོག་ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར་རོ། །གཉིས་པ་སྒྲོལ་བ་གནས་སུ་དག་པ་ཐབས་ཆེན་གསང་བའི་དཀྱིལ་འཁོར་ལ་གསུམ་ལས། གང་བསྒྲལ་བའི་ཡུལ་ནི་ཞིང་གྱུར་མཆོག་ལྷ་མི་དང་མཆོག་ཕྲན་ངན་སོང་གི་འགྲོ་བ་དབྱེ་ན་ཞིང་བཅུ་པོ་རྣམས་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལ་གནས་པས་དེ་དང་བྲལ་བར་བྱ་བའི་ཕྱིར་བསྒྲལ་ལོ། །ཇི་ལྟར་བསྒྲལ་བའི་ཐབས་ནི། རྣལ་འབྱོར་པ་རབ་ཏིང་ངེ་འཛིན་གྱིས་སྒྲོལ་ལ། འབྲིང་ཏིང་ངེ་འཛིན་དང་སྔགས་དང་ཕྱག་རྒྱས་སྒྲོལ་ཞིང་། ཐ་མས་དེ་དག་གི་སྟེང་དུ་བྲུབ་ཁུང་དང་ལིངྒ་ལ་སོགས་པ་རྫས་དངོས་སུ་བསགས་ཏེ་གཟུགས་བརྙན་དང་བཅས་པས་སྒྲོལ་ཞིང་། དེའང་དཀྱིལ་འཁོར་གྱི་ལྷོ་ནུབ་ཏུ་བྲུབ་ཁུང་རོ་སོལ་གྱིས་བྱུགས་པ་ཨེ་གྲུ་གསུམ་འབར་བའི་ནང་དུ་མ་ལས་ཉི་མ་དང་ཨ་ལས་ཟླ་བའི་དཀྱིལ་དུ་ལིངྒ་མིང་རུས་དང་བཅས་པ་སྒྲོལ་བའི་ལས་ལ་མཁས་པའི་རྣལ་འབྱོར་པས་བཞག་ཏེ་ཏིང་ངེ་འཛིན་གྱིས་དགུག་གཞུག་བྱའོ། །དེའང་མཁས་ཚུལ་ལྔ་སྟེ། རང་བཞིན་གྱིས་སྒྲོལ་བའི་ལྟ་བ་ལ་མཁས་པ། ཏིང་ངེ་འཛིན་གྱིས་སྒྲོལ་བའི་སྒོམ་པ་ལ་མཁས་པ། དབང་པོ་ཡུལ་དུས་ཀྱིས་སྒྲོལ་བའི་སྤྱོད་པ་ལ་མཁས་པ། ཐབས་ཆེན་གསང་བས་སྒྲོལ་བའི་གདམས་ངག་ལ་མཁས་པ། ཏིང་ངེ་འཛིན་གྱིས་སྒྲོལ་པའི་སྒོམ་པ་ལ་མཁས་པ། དབང་པོ་ཡུལ་དུས་ཀྱིས་སྒྲོལ་བའི་སྤྱོད་པ་ལ་མཁས་པ། ཐབས་ཆེན་གསང་བས་སྒྲོལ་བའི་གདམས་ངག་ལ་མཁས་པ། མངོན་སྤྱོད་ཟབ་མོས་སྒྲོལ་བའི་མཛད་སྤྱོད་ལ་མཁས་པའོ། །དེ་ནས་བདག་ཉིད་དཔའ་བོ་ཆེན་པོ་ཡབ་ཡུམ་གྱི་ངོ་བོར་བསྐྱེད་ལ་གདུག་པ་ཅན་བསྒྲལ་བར་བྱའོ་སྙམ་པའི་ང་རྒྱལ་དང་ལྡན་པས་ལག་པའི་སོར་མོ་བཅུ་ལ་དཔའ་བོ་འབྲུ་ལྔའམ་སྒྲོལ་གིང་བཅུའི་ས་བོན་ཧཱུཾ་བཅུ་ལས་གིང་ཕོ་བཅུར་བསྐྱེད་པའི་བར་དུ་ཟངས་གྲིའམ་ཕུར་པ་འདྲིལ་ཅིང་ལག་གི་འདུ་བྱེད་ལིངྒའི་སྙིང་ལ་གཟིར་བས་ཤ་ཁྲག་དུམ་བུར་གཏུབས་ཏེ་དཀྱིལ་འཁོར་ལ་མཆོད་པར་བསྒོམ་མོ། །རྣམ་པར་ཤེས་པ་ཧཱུཾ་དུ་གྱུར་པས་ལས་དང་བག་ཆགས་ཐམས་ཅད་རྣམ་པར་དག་ཅིང་། ཧཱུཾ་དེ་ཉིད་རིམ་གྱིས་ཟླ་ཚེས་ཀྱི་དབྱིངས་སུ་ཐིམ་ནས་ཟླ་ཚེས་མེ་ལོང་ལྟ་བུའི་ཡེ་ཤེས་ཡོངས་སུ་གྱུར་པ་ལས་ཐུགས་ཀྱི་ཕྱག་རྒྱར་མཚོན་པའི་རྡོ་རྗེ་འོད་འབར་བ་ཞིག་ཏུ་གྱུར། དེ་ལས་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཅིང་འོད་ཟེར་རབ་ཏུ་འཕྲོ་བས་གཟི་བརྗིད་ཅན། དེའི་གཙུག་ཏུ་འཁོར་བ་ལས་རྣམ་པར་རྒྱལ་བའི་རྟགས་ཀུན་ཏུ་བཟང་པོ་ཚོན་གང་བ་ཅིག་བསྒོམ་སྟེ། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཟླ་བའི་གདན་ལ་བཞག་ནས་ཕཊ་ཀྱི་སྒྲས་འོག་མིན་དུ་འཕངས། དེ་བཞིིན་གཤེགས་པའི་ཞལ་དུ་ཞུགས། ཡུམ་གྱི་མཁའ་རྡོ་རྗེ་སེམས་དཔར་བསྐྱེད་དེ་དེ་བཞིན་གཤེགས་པའི་སྲས་སུ་བྱས་ནས་སེམས་ཅན་གྱི་དོན་བྱེད་པར་བསམ་མོ། །དེ་ལྟར་བསྒྲལ་བའི་ཕན་ཡོན་ནི་སྡིག་པ་ཅན་མངོན་སྤྱོད་ཀྱིས་བསྒྲལ་བ་འདི་ནི་ཐེག་པ་གཞན་ལས་ངོ་མཚར་བ་རྡོ་རྗེ་ཐེག་པའི་གསང་ཆེན་སྡིག་ཅན་ངན་འགྲོ་ལས་ཐར་པའི་ཐབས་ཁྱད་པར་དུ་འཕགས་པའོ། །གསུམ་པ་སྦྱོར་སྒྲོལ་གྱི་ཉེས་པས་མི་གོས་པ་ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་ནི། དོན་དམ་པར་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡེ་ནས་སྐྱེ་བ་མེད་པའི་དེ་བཞིན་ཉིད་དང་། ཀུན་རྫོབ་སྣང་ཙམ་ཉིད་ན་རང་བཞིན་མེད་བཞིན་དུ་རྐྱེན་གྱིས་སྣ་ཚོགས་སུ་སྣང་བ་སྒྱུ་མར་སྣང་བ་དང་ངོས་བཟུང་མེད་པར་མིག་ཡོར་གྱི་ཚུལ་ལྟ་བུར་ཤེས་པས། སྦྱོར་བ་དང་སྒྲོལ་བའི་བྱ་བ་ཀུན་བྱས་ཀྱང་བྱེད་དུས་ཉིད་ནས་ལས་སོགས་བྱེད་གྱི་བྱ་བ་རང་མཚན་པ་རྡུལ་ཆ་ཙམ་ཡང་བྱས་པ་མེད་དོ། ། གཉིས་པ་རོལ་པ་ཚོགས་ཀྱི་དཀྱིལ་འཁོར་ལ་གཉིས། ཀུན་ཏུ་བཟང་པོའི་ཚོགས་མཆོད་མདོར་བསྟན་པ་དང་། །དཀྱིལ་འཁོར་སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། དང་པོ་ལ་གསུམ་ལས། རང་བཞིན་ཤེས་པར་བྱ་བ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔའི་ངོ་བོ་ཡུམ་ལྔའི་རང་བཞིན་དུ་དག་ཅིང་ནང་བཅུད་ཀྱི་སེམས་ཅན་ཕུང་པོ་ལྔས་བསྡུས་པ་ཡབ་ལྔར་དག་ལ་རང་རང་གི་རྒྱུད་ཀྱི་དབང་པོ་དང་རྣམ་པར་ཤེས་པ་དང་དེ་དག་གི་ཡུལ་རྣམས་སེམས་དཔའ་དང་སེམས་མ་དང་སྒོ་བ་ཡབ་ཡུམ་དུ་ཡེ་ནས་རྣམ་པར་དག་པར་རྟོགས་ཤིང་། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པ་མཉམ་ཞིང་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུར་མཉམ་པ་གཉིས་དང་ཕུང་པོ་ལྔ་སངས་རྒྱས་སུ་མཉམ་པ་དང་རྣམ་ཤེས་བརྒྱད་ཡེ་ཤེས་སུ་མཉམ་པ་སྟེ་ལྷག་པའི་མཉམ་པ་གཉིས་ཀྱིས། ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཡེ་ནས་ཀུན་ཏུ་བཟང་པོའི་ཞིང་ཁམས་ཉིད་དོ། །གང་གིས་ཤེས་པར་བྱ་བ་ནི། དེ་ལྟར་རྫོགས་པ་ཆེན་པོའི་རང་བཞིན་དུ་རྟོགས་པས་ཆོས་ཉིད་དོན་གྱི་དཀྱིལ་འཁོར་ལ་དབང་ཐོབ་པའི་ཚེ་སྒོ་གསུམ་གྱི་བྱེད་སྤྱོད་ཅི་བྱས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་གཉིས་སུ་གྱུར་ནས། དེ་ཡང་སྔར་བསྟན་པ་བཞིན་སྔགས་ཀྱི་ཡན་ལག་ལྔ་མ་ཉམས་ཤིང་ཡོ་བྱད་ལྔ་དང་ལྡན་པ་དང་། ཆོ་ག་ལྔ་པོ་རྫོགས་པར་ཤེས་པ་ཡི། རྣལ་འབྱོར་པས་དུས་ཁྱད་པར་ཅན་ལ་སོགས་པར་དུར་ཁྲོད་ལ་སོགས་པའི་གནས་སུ་རྟེན་གང་ཟག་ཚོགས་ཀྱི་ཡོ་བྱད་རྣམས་ཡོངས་སུ་ཚོགས་པའི་དཀྱིལ་འཁོར་གྱིས་མཉེས་པར་བྱས་ཏེ་བསྒྲུབས་ན་འབྲས་བུ་གནས་སྐབས་རིག་འཛིན་གསུམ་དང་ཕྲིན་ལས་བཞི་མཐར་ཐུག་ངེས་པར་ལེགས་པའི་དགོས་པ་བྱང་ཆུབ་འགྲུབ་པར་འགྱུར་རོ། །གཉིས་པ་དཀྱིལ་འཁོར་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་གཉིས། རྟེན་དཀྱིལ་འཁོར་གྱི་རང་བཞིན་དང་། དེ་ཇི་ལྟར་བསྒྲུབ་པའི་རིམ་པའོ། །དང་པོ་ལ་གཉིས། ཞི་བའི་དཀྱིལ་འཁོར་དང་། ཁྲོ་བོའི་དཀྱིལ་འཁོར་རོ། །དང་པོ་ལ་གསུམ་ཚོམ་བུ་ལྔ་པ། གསུམ་པ། གཅིག་པའི་དཀྱིལ་འཁོར་རོ། །དང་པོ་ནི། རིགས་ལྔ་དང་ཡུམ་ལྔ་གཉིས་སུ་མེད་པ་ཡི་སྦྱོར་བ་ཡིས། །ཚོམ་བུ་ལྔ་ཡི་ལྷ་རྩ་བ་ལྔ་ལས་ཡབ་ཡུམ་བཅུ་རིགས་བཞི་པོ་རེ་རེའང་བཅུ་བཅུ་སྟེ་ལྔ་བཅུ་བཀོད་ལ། ཕྱི་རོལ་དུ་སྲུང་བའི་འཁོར་ལོ་ཁོག་པ་སྟོང་པ་ཕྱོགས་མཚམས་སྟེང་འོག་གཉིས་ཏེ་རྩིབས་བཅུ་ལ་ཧཱུཾ་ཀ་ར་ལ་སོགས་པའི་ཁྲོ་བོ་བཅུ་དང་རྡོ་རྗེ་སྒྲ་འབྱིན་མ་ལ་སོགས་པའི་ཁྲོ་མོ་བཅུ། བར་ཆད་བསྲུང་བའི་འཁོར་ལོའི་ཚུལ་དུ་རྣམ་པར་བསྒོམ་མོ། །དེ་ཡང་དབུས་སུ་གཙོ་བོ་ཡབ་ཡུམ་ཀུན་ཏུ་བཟང་པོའི་རང་བཞིན་ལ་སེམས་དཔའ་རྡོ་རྗེ་རིན་ཆེན་རྡོ་རྗེ་ཆོས་ཀྱི་རྡོ་རྗེ་ལས་ཀྱི་རྡོ་རྗེ་བཞིའི་ཡུམ། བརྟན་མ་རྡོ་རྗེ་འབར་བ་རྡོ་རྗེ་སྡུད་མ་རྡོ་རྗེ་བསྐྱོད་མ་རྡོ་རྗེ་སྟེ་ཡབ་ཡུམ་བཅུའོ། །ཤར་དུ་མི་བསྐྱོད་པ་ཡབ་ཡུམ་ལ་རྡོ་རྗེ་སེམས་དཔའ་རྡོ་རྗེ་ཆགས་པ་རྡོ་རྗེ་ལེགས་པ་བཞིའི་ཡུམ། སྒེག་མོ་བདུག་པ་ལྕགས་ཀྱུ་རྡོ་རྗེ་སྒྲོལ་མའོ། །ལྷོར་རིན་ཆེན་འབྱུང་ལྡན་ཡབ་ཡུམ་ལ་རྡོ་རྗེ་རིན་ཆེན་རྡོ་རྗེ་གཟི་བརྗིད་རྡོ་རྗེ་རྒྱལ་མཚན་རྡོ་རྗེ་བཞད་པ་བཞིའི་ཡུམ། ཕྲེང་བ་མ་མེ་ཏོག་མ་ཞགས་པ་མ་རྡོ་རྗེ་བདེ་མའོ། །ནུབ་ཏུ་འོད་དཔག་མེད་ཡབ་ཡུམ་ལ་རྡོ་རྗེ་ཆོས་རྡོ་རྗེ་འཁོར་ལོ་རྡོ་རྗེ་སྨྲ་བ་བཞིའི་ཡུམ། གླུ་མ་མར་མེ་མ་ལྕགས་སྒྲོགས་མ་རྡོ་རྗེ་གསལ་བཀྲ་མའོ། །བྱང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་ལ་རྡོ་རྗེ་ལས་རྡོ་རྗེ་སྲུང་བ་རྡོ་རྗེ་གནོད་སྦྱིན་རྡོ་རྗེ་ཁུ་ཚུར་བཞིའི་ཡུམ། གར་མ་དྲི་ཆབ་མ་དྲིལ་བུ་མ་རྡོ་རྗེ་འབེབ་མའོ། །དེ་ལྟར་ལྔ་བཅུའི་ཕྱི་རོལ་དུ་ཁྲོ་བོ་བཅུ་ཡུམ་དང་བཅས་པས་ལྷ་བདུན་ཅུ་ནི་ཚོམ་བུ་ལྔ་པའོ། །གཉིས་པ་ཚོམ་བུ་གསུམ་པའི་དཀྱིལ་འཁོར་ནི། །དེ་བཞིན་གཤེགས་པའི་རིགས་དང་རྡོ་རྗེའི་རིགས་དང་། པདྨའི་རིགས་ཏེ་རེ་རེའང་ཡབ་ཡུམ་བཅུ་བཅུའི་རང་བཞིན་སྐུ་གསུང་ཐུགས་ཀྱི་ལྷ་སུམ་ཅུའི་དཀྱིལ་འཁོར་གྱི་མཐར་ཁྲོ་བོའི་ཚོགས་ཏེ་སྒོ་བ་ཡབ་ཡུམ་བརྒྱད་དང་ལྡན་པ་ཡི། ཚོམ་བུ་གསུམ་གྱི་ལྷ་རྣམས་བསྒོམ་པར་བྱའོ། །གསུམ་པ་ཚོམ་བུ་གཅིག་པའི་དཀྱིལ་འཁོར་ནི་རིགས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀུན་ཏུ་བཟང་པོའི་རིགས་ཏེ་རིགས་ལྔའི་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་རིགས་ལྔར་ཕྱེ་བའི་ཐུགས་ཀྱི་ཐུགས་ཏེ་གཙོ་བོ་རྣམ་སྣང་མཐིང་གས་བརྒྱན་པ་ནི་ཐུགས་ཀྱི་མཆོག་ལྷ་བཅུའི་དཀྱིལ་འཁོར་གྱི་མཐར་སྒོ་བ་ཡབ་ཡུམ་བརྒྱད་ཀྱི་ཁྲོ་བོའི་ཚོགས་དང་ལྡན་པ་ཡི། ཚོམ་བུ་གཅིག་པའི་ལྷ་བཅོ་བརྒྱད་པོ་རྣམས་བསྒོམ་པར་བྱའོ། །གཉིས་པ་ཁྲོ་བོའི་དཀྱིལ་འཁོར་ནི། ཁྲོ་བོ་རིགས་ལྔ་དང་ཁྲོ་མོ་ཀྲོ་ཏི་ཤྭ་རི་ལྔའི་ཚོགས་ཆེན་པོ་དང་། དེ་དག་གི་བྱ་བ་སྒྲུབ་པའི་ཕོ་ཉ་གནས་ཀྱི་མ་མོ་བརྒྱད་དང་ཕྱག་བརྙན་ཡུམ་གྱི་ཕྲ་མེན་བརྒྱད་དང་བཀའ་ཉན་ཡེ་ཤེས་ཀྱི་སྒོ་མ་བཞི་ལ་སོགས་པ་དང་། ཅི་བགྱིས་ལས་བྱེད་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་སོགས་པའི་ཚོགས་རྣམས་ཀྱིས། མཐར་ཐུག་མཆོག་གི་དངོས་གྲུབ་དང་གནས་སྐབས་ལས་རྣམས་རྫོགས་པར་བྱེད་དོ། །གཉིས་པ་དེ་ཇི་ལྟར་བསྒྲུབ་པའི་རིམ་པ་བཞི། ཚོམ་བུ་གཅིག་པ། གསུམ་པ། ལྔ་པ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཇི་ལྟར་བསྒྲུབ་པའོ། །དང་པོ་ལའང་གཉིས་ལས། གང་ཟག་གང་གིས་བསྒྲུབ་པ་ནི། སེམས་ཉིད་རྣལ་མའི་དོན་ལ་བློ་ཆོས་ཉིད་དུ་འབྱོར་བ་དེ་བཞིན་གཤེགས་པའི་གསང་བ་ཟབ་མོ་རྨད་དུ་བྱུང་བའི་སྔགས་ཀྱི་ཚིག་དོན་འཆང་བ་རྣམས་ཀྱིས་བསྒྲུབ་པར་བྱ་བའི་མཆོག་ཐུན་མོང་གི་དངོས་གྲུབ་ནི། ཆོས་ཐམས་ཅད་ཡེ་ནས་མཉམ་པ་ཉིད་རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་ལྷུན་གྱིས་གྲུབ་ཅིང་དབྱེར་མེད་པ་ཕྱོགས་བྲལ་འཛིན་ཞེན་མེད་པའི་ངང་དུ་གནས་ཤིང་། བླང་དོར་མེད་པར་སྤྱད་པས་ཅི་ལ་ཡང་ཐོགས་པ་མེད་པའི་རང་བཞིན། ཆོས་ཐམས་ཅད་ཡེ་ནས་ངོ་བོ་གཅིག་ཅིང་དབྱེར་མེད་པ་རྟོགས་པའི་རྣལ་འབྱོར་པས་བསྒྲུབ་པའོ། །དཀྱིལ་འཁོར་གང་སྒྲུབ་པ་ནི། ཐུགས་རྡོ་རྗེའི་རིགས་སུ་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་འདུས་པས། ལྷ་དང་གཞལ་ཡས་ཁང་པ་ཐམས་ཅད་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་ཞིང་གཟི་བརྗིད་འབར་བ་རབ་ཏུ་བསྒོམ་ཞིང་། འདོད་ཡོན་ཐམས་ཅད་ལ་ཞེན་ཆགས་མེད་པར་ལྷ་ལ་ལྷ་མཆོད་པའི་ཚུལ་གྱིས་རོལ་ཞིང་བསྟིམ་པར་བྱའོ། །དེའི་འབྲས་བུ་སེམས་ཉིད་གཉིས་སུ་མེད་པའི་ཆོས་སྐུར་གྱུར་ནས་ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་ཆེན་པོའི་གོ་འཕང་ཐོབ་པོ། །གཉིས་པ་ཚོམ་བུ་གསུམ་པ་ནི། སྔ་མ་ལས་ཡང་ན་སྐུ་མི་བསྐྱོད་པ་གསུང་འོད་དཔག་མེད་ཐུགས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཉིད་དེ། སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་མ་ལུས་པ་བསྡུ་ན་སྐུ་གསུང་ཐུགས་སུ་འདུས་པ་ཡིན་ནོ། །དེ་བསྒྲུབ་པའི་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ལྷའི་རྣམ་པ་གསལ་ཞིང་མཚན་དང་དཔེ་བྱད་དུ་འབར་བའི་འོད་ཟེར་འཕྲོ་བས་སེམས་ཅན་གྱི་དོན་བྱེད་པ་བསྒོམ་པའོ། །འདོད་ཡོན་ཐམས་ཅད་ཡུམ་དུ་བསམ་པ་ཡབ་ཀྱིས་རོལ་པས་གཉིས་སུ་མེད་པའི་ཆོས་དབྱིངས་ཀྱི་ངང་དུ་ཐིམ་པར་བསམ་མོ། །འབྲས་བུ་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་དངོས་གྲུབ་མཆོག་ཐོབ་པར་འགྱུར་རོ། །དེ་ལས་གདུལ་བྱའི་དོན་དུ་ལྷའི་དཀྱིལ་འཁོར་མ་ལུས་པ་ཡོན་ཏན་གྱི་དཔལ་འབར་བ་གྲུབ་ཅིང་། སེམས་ཅན་གྱི་ཉོན་མོངས་དང་སྡུག་བསྔལ་མ་ལུས་པ་སེལ་བར་བྱེད་ལ། སེམས་ཅན་དེ་དག་རྡོ་རྗེའི་རིགས་སུ་སྐྱེ་བའི་གནས་སུ་བཀོད་པའི་ཕྲིན་ལས་བྱེད་དོ། །གསུམ་པ་ཚོམ་བུ་ལྔ་པ་ལའང་གཉིས་ལས། གང་ཟག་གང་གིས་ཚུལ་ཇི་ལྟར་བསྒྲུབ་པ་ནི། སྔགས་འཆང་བའི་རྣལ་འབྱོར་པས་དངོས་གྲུབ་ཡང་དག་པ་ནི་རྒྱུད་མ་ཐོབ་པར་བྱ་བའི་ཕྱིར། ཡབ་ཡུམ་ཐབས་དང་ཤེས་རབ་ཏུ་གསལ་ཞིང་ཏིང་ངེ་འཛིན་གསུམ་ལ་སོགས་པའི་ཆོ་ག་ཐམས་ཅད་ཀྱིས། ཚོམ་བུའི་དཀྱིལ་འཁོར་ལྔ་དང་ཕྱི་རོལ་དུ་ཁྲོ་འཕྲེང་བསྒོམ་མོ། །འདོད་ཡོན་ལ་ཆགས་པ་མེད་པའི་ཚུལ་གྱིས་ནི། ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་མཆོད་བྱ་མཆོད་བྱེད་གཉིས་སུ་མེད་པར་བསྟིམ་པར་བྱའོ། །འབྲས་བུ་དངོས་གྲུབ་མཆོག་གི་སྙིང་པོ་ལྷུན་གྱིས་གྲུབ་པའི་རིག་འཛིན་འགྲུབ་བོ། །བཞི་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྒྲུབ་པ་ལའང་གཉིས་ལས་གང་ཟག་གང་གིས་ཇི་ལྟར་བསྒྲུབ་པ་ནི། རྣལ་འབྱོར་པ་ཡབ་ཐབས་དང་ཡུམ་ཤེས་རབ་ཀྱི་རང་བཞིན་ཉིད་ཀྱིས། དེ་བཞིན་གཤེགས་པ་ལྔ་དང་ལྔའི་ཡུམ་དུ་བསྒོམ་ཞིང་། དབང་པོ་དང་རྟོག་ཚོགས་སེམས་དཔའ་དང་སེམས་མ་སྒོ་བ་ཡབ་ཡུམ་དང་བཅས་པ་ཉིད་དུ་བསྒོམ་པར་བྱའོ། །ལྷ་དེ་དག་ཀྱང་འོད་ཟེར་གྱི་ཚོགས་རྣམ་པ་མང་པོ་ཕྱོགས་བཅུར་འཕྲོ་བའོ། །གསུམ་པ་གང་སྒྲུབ་ཐབས་ཀྱི་ཡན་ལག་ལ་བཞི་ལས། གང་སྒྲུབ་པ་ཏིང་ངེ་འཛིན་གྱི་ཡན་ལག་ནི། ཆོས་ཐམས་ཅད་དཀྱིལ་འཁོར་དུ་བསྒྲུབ་པའི་ཚེ་ཕྱི་ནང་གི་ལུས་དང་ལོངས་སྤྱོད་ལ་སོགས་པ་སྤྱད་པར་བྱ་བའི་ཡུལ་དང་། སྤྱོད་བྱེད་བདག་ཉིད་དཀྱིལ་འཁོར་གྱི་རོལ་པས་སོ་སོའི་སྔགས་དང་ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་རྣམ་པ་སྐབས་སུ་གང་བབ་རྣམས་ཕྱིན་ཅི་མ་ལོག་པ་ཡང་དག་པར་སོ་སོར་གསལ་ཞིང་མ་འདྲེས་པ་ཤེས་པར་བྱའོ། །ཇི་ལྟར་སྒྲུབ་པ་མཐུན་པའི་ཡན་ལག་ནི། བསྒྲུབ་པའི་གནས་མཚན་ཉིད་ཚང་ཞིང་བར་ཆད་མེད་པ་དང་ཉེ་བར་མཁོ་བའི་ལོངས་སྤྱོད་མཐའ་གཉིས་སུ་མ་ལྷུང་ཞིང་ཅི་བདེ་བར་ཡོད་པ་དང་། དེས་མཚོན་ནས་སྒྲུབ་པའི་གྲོགས་སུ་གྱུར་པའི་ཡོ་བྱད་དང་རྟེན་དང་དམ་རྫས་ལ་སོགས་པ་མཐུན་པའི་རྐྱེན་རྣམས་མ་ཉམས་པར་ཚང་ཞིང་སྒྲུབ་པའི་བློ་ནི་རྐྱེན་གཞན་གྱིས་མི་འཕྲོགས་ཤིང་མཐའ་གཅིག་ཏུ་ཚུགས་པའི་ཞེ་བཅད་རབ་དང་ལྡན་པའི་རྣལ་འབྱོར་པས། སྒྲུབ་པ་ལ་འཇུག་པའི་དང་པོར་དམ་བཅའ་ཇི་ལྟར་ནོས་པ་བཞིན་དུ་བརྟན་པར་བྱ་ཞིང་། སྒྲུབ་དུས་སུ་དེ་ལས་གཞན་པའི་བྱ་བ་ལ་བརྩོན་པ་དང་རྟགས་དང་མཚན་མ་ངན་པའམ་རྟགས་མ་བྱུང་བས་སྒྱིད་ལུགས་པ་དང་ངས་མི་འགྲུབ་སྙམ་དུ་བདག་ཉིད་བརྙས་པའི་ལེ་ལོ་རྣམས་དང་སོས་དལ་དང་དུས་སུ་མི་སྒྲུབ་ཅིང་ལུས་ངག་ཆ་བབས་སུ་བྱེད་པའི་སྒྱིད་སྙོམས་ལ་ལུས་པ་མེད་པ་ཡི་སྒོ་ནས། སྔགས་དང་ཏིང་ངེ་འཛིན་སོགས་ལ་ཡིན་ནམ་མ་ཡིན་འབྲས་བུ་འབྱུང་ངམ་མི་འབྱུང་སྙམ་པ་ལ་སོགས་པའི་ཐེ་ཚོམ་མེད་པར་ཡིན་ངེས་སྙམ་པའི་བློས་བསྒྲུབས་པར་བྱས་ན། གང་བསྒྲུབ་ཀྱི་དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར་ཏེ། རྡོ་རྗེ་གསང་མཆོག་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཆོས་སྐུ་དམ་པ་འཐོབ་པར་འགྱུར་རོ། །ནམ་གྱི་ཚེ་སྒྲུབ་པ་དུས་ཀྱི་ཡན་ལག་ནི། སྒྲུབ་པའི་ཞག་ནི་ལེའུ་དགུ་པར་ཞག་ནི་སུམ་ཅུ་ཕྲག་དྲུག་གམ། ཞེས་པ་སོགས་དང་སྒྲུབ་པ་ལ་འཇུག་པའི་ཚེས་གྲངས་དང་གཟའ་སྐར་ལ་སོགས་པ་ནི། རྒྱས་པའི་རྒྱུད་ལས། དུས་ནི་ཡར་ངོའི་བརྒྱད་ལ་བརྩམས། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེད་སྤྱོད་པས། །གསང་མཆོག་དངོས་གྲུབ་ཐོབ་བྱའི་ཕྱིར། །གཟའ་སྐར་ཤིས་པའང་བླང་བར་བྱ། །ཞེས་སྨོས་པ་བཞིན་དུ་བཤད་པར་བྱའོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པར་ཡེ་ནས་དག་པས་ཐམས་ཅད་ལ་སྤངས་བླང་མེད་པར་སྤྱོད་པར་བྱའོ་ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་དེ་བཞིན་གཤེགས་པ་ཉིད་ལ་དེ་བཞིན་གཤེགས་པ་ཉིད་ཆེད་དུ་གླེང་ངོ་། །ཚུལ་འདིས་ནི་ཐམས་ཅད་རང་སྣང་དུ་བསྟན་ཏེ་རང་སྣང་རང་གི་སེམས་ཉིད་གཉིས་སུ་མེད་པ་རོལ་པ་རྨི་ལམ་དང་འདྲ་བར་ངོ་བོ་ཉིད་ཀྱིས་མ་སྐྱེས་པར་བསྟན་ཏོ། །ཆོས་ཉིད་གསང་བའི་སྙིང་པོ་གང་སྣང་ཡེ་ཤེས་ཀྱི་རོལ་པ་དེ་ཁོ་ན་ཉིད་ངེས་པ་ལས་རྣལ་འབྱོར་པ་ལྟ་སྤྱོད་མཐུན་པ་ཀུན་འདུས་པ་དང་དེ་རྣམས་ཀྱིས་འབྱོར་པའི་ཡོ་བྱད་བདེ་བར་སྤྱོད་པ་དང་། དེའི་དུས་སུ་ཡི་དམ་གྱི་ལྷ་དང་། མཁའ་འགྲོ་དམ་ཅན་འདུ་བར་བྱེད་པ་དང་། ཞེན་འཛིན་མེད་པའི་སྒོ་ནས་རྒྱུད་ལ་ཚོགས་གཉིས་རྫོགས་པར་བྱེད་པས་ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་གཅིག་པའོ།། ༈ །།དོན་གཉིས་པ་དེའི་ཡན་ལག་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད་པ། ཚིག་གི་དོན་བཤད་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། །ཚོགས་ཀྱི་དཀྱིལ་འཁོར་བཤད་པ་དེ་ནས་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་གཉིས་སུ་མེད་པར་རོལ་པའི་དགྱེས་པ་ཆེན་པོ་ཀུན་ཏུ་བཟང་པོས་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་རོལ་མོའི་སྤྲིན་འདོད་དགུ་ལྷུན་རྫོགས་སུ་འབྱུང་བའི་རང་བཞིན་ནམ་མཁའི་མཐའ་ཀླས་པ་ཀུན་ཏུ་རྣམ་པར་སྤྲོས་ཏེ། སངས་རྒྱས་ཀྱི་ཞིང་དང་འགྲོ་བ་དྲུག་གི་སྤྱོད་ཡུལ་ཐམས་ཅད་དུ་ལོངས་སྤྱོད་ཆེན་པོས་འབྱོར་པའི་རྒྱན་རང་རང་གི་སྣང་བ་དང་མཐུན་པར་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྟོན་པ་ཉིད་ཀྱིས་རང་སྣང་དག་པའི་འཁོར་བཀོད་པ་ན་བསྐུལ་ཞིང་ཞུ་བ་པོའི་རྣམ་པ་མེད་པར་ཆེད་དུ་བརྗོད་པ་འདི་དག་རང་བྱུང་དུ་བརྗོད་དོ། །གཉིས་པ་ལ་གསུམ། ཚོགས་ཀྱི་ཏིང་ངེ་འཛིན་ཕན་ཡོན་དང་བཅས་པ་སྤྱིར་བསྟན་པ། ཚོགས་བསྒྲུབ་པའི་འབྲས་བུ་བྱེ་བྲག་ཏུ་བཤད་པ། ཚོགས་ཀྱི་རྟེན་དཀྱིལ་འཁོར་ཀུན་འདུས་པ་ཆེན་པོའི་དོན་བསྡུ་བའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། །རྒྱས་པར་བཤད་པའོ། །དང་པོ་ནི། ཆོས་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ་སྒྱུ་འཕྲུལ་དྲྭ་བའི་རང་བཞིན་ཡབ་ཡུམ་ཟུང་དུ་འབྲེལ་བས་མངོན་པར་རྫོགས་པའི། ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་གནས་པ་ཉིད་བློས་གསལ་གདབ་ཅིང་གོམས་པར་བྱས་པའི་དོན་བརྟན་པའི་ཏིང་ངེ་འཛིན་གྱི་འཕྲོ་འདུས་མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་པོ། །གཉིས་པ་ལྔ་ལས་བྲོ་གར་གྱི་གྱི་ཏིང་ངེ་འཛིན་ཕན་ཡོན་དང་བཅས་པ་ལ་གཉིས་ལས་ཏིང་ངེ་འཛིན་ནི་ལུས་ཀྱི་མགོ་ལ་སོགས་པ་ཡན་ལག་ལྔ་རིགས་ལྔའི་དཀྱིལ་འཁོར་དུ་བསྐྱེད་ཅིང་ས་གཞི་རྡོ་རྗེའི་རང་བཞིན་ལ་གནས་ཁང་ལྷའི་གཞལ་ཡས་ཁང་མཛེས་པ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་མོས་པར་བྱས་ཏེ་རྐང་པའི་བྲོ་དང་ལག་པའི་གར་གྱི་ཕྱག་རྒྱ་རྣམ་པ་སྣ་ཚོགས་པའི་འདུ་འཕྲོ་ལྷའི་ཕྱག་རྒྱ་ཆེན་པོ་ཡིས་མཆོད་པར་བྱའོ། །ཕན་ཡོན་ནི། ས་ལ་འཛུལ་ལམ་རི་བྲག་རྣམས་ལ་ཐོགས་པ་མེད་པས་ས་འོག་གི་ཕྱག་རྒྱ་ཀླུ་མོ་རྣམས་དབང་དུ་བྱེད་པ་དང་། སྟེང་གི་ལམ་ནམ་མཁར་ཡད་བྱ་བཞིན་དུ་འགྲོ་བར་འགྱུར་ཞིང་ལྷ་དང་ལྷ་མ་ཡིན་ལ་སོགས་པ་དབང་དུ་བྱེད་དོ། །གཉིས་པ་ཀླུའི་ཕྱག་རྒྱ་ལའང་གཉིས་ལས་ཏིང་ངེ་འཛིན་ནི། རང་གི་ལྐོག་མར་ཧྲཱིཿབཀོད་ལ་ངག་གི་གདངས་གླུ་སྙན་པོ་དང་དེའི་ཚིག་བསྟོད་པ་ལ་སོགས་པའི་སྒྲ་ཡི་ཕྱག་རྒྱས་ནི་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་པའོ། །ཕན་ཡོན་ནི། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་གཅིག་གིས་གོ་བར་ནུས་པའི་ཆོས་ཀྱི་དུང་ཞེས་བྱ་བའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གསུམ་པ་རྒྱན་དང་གོས་ཀྱི་ཕྱག་རྒྱ་ལའང་གཉིས་ལས། ཏིང་ངེ་འཛིན་ནི་ཏྲཱྂ་ལས་དབུ་རྒྱན་ལ་སོགས་པ་རྣམས་རིན་པོ་ཆེར་གསལ་ཞིང་། ཨ་ལས་གོས་རྣམས་ལྷའི་གོས་དང་ཞི་ཁྲོའི་ཆ་ལུགས་སུ་བྱིན་གྱིས་རླབས་ཏེ་རིན་པོ་ཆེ་དང་རུས་པ་ལ་སོགས་པའི་རྒྱན་དང་སྟོད་གཡོགས་དང་སྨད་དཀྲིས་ལ་སོགས་པའི་བགོ་བའི་རིགས་རྣམས་ལ་མཆོད་པའི་ཕྱག་རྒྱ་ཡིས་ལོངས་སྤྱོད་དོ། །ཕན་ཡོན་ནི། གནས་སྐབས་སུ་འོད་དང་གཟི་བརྗིད་སྲེད་མེད་ཀྱི་བུས་ཀྱང་མི་ཤིགས་པའི་གོ་ཆ་སྲ་བའི་གོས་སུ་གྱུར་ཅིག་མཐར་ཐུག་མཚན་དང་དཔེ་བྱད་ཀྱིས་འབར་བའི་འཁོར་ལོས་བསྒྱུར་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱལ་པོ་ཕྱིར་རྒོལ་གང་གིས་ཀྱང་ཐུབ་པ་མེད་པའི་སངས་རྒྱས་ཉིད་འགྲུབ་བོ། །བཞི་པ་བཟའ་བཏུང་གི་ཕྱག་རྒྱ་ལའང་གཉིས་ལས། ཏིང་ངེ་འཛིན་ནི། ཁཾ་ལས་བཟའ་བཏུང་བདུད་རྩིར་བྱིན་གྱིས་བརླབས་ཏེ་ཉ་དང་ཤ་ལ་སོགས་པའི་བཟའ་བ་དང་ཇ་དང་ཆང་ལ་སོགས་པའི་བཏུང་བའི་ཕྱག་རྒྱས་ནི་ཕྱི་ནང་གི་ལྷ་མཆོད་པར་བྱའོ། །ཕན་ཡོན་ནི། རང་གི་ལུས་འདོད་དགུར་བསྒྱུར་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་སྐུ་དང་གསུང་རོ་བྲོ་བའི་མཆོག་གང་ལ་ལོངས་སྤྱོད་པ་དེ་དག་རོ་བརྒྱ་དང་ལྡན་པའི་བདུད་རྩི་རུ་འགྲུབ་བོ། །ལྔ་པ་སྦྱོར་སྒྲོལ་གྱི་ཕྱག་རྒྱའི་ཏིང་ངེ་འཛིན་ནི། ཡབ་ཡུམ་ལྷར་གསལ་བའི་མཁའ་གསང་དུ་དཀྱིལ་འཁོར་སྤྱན་དྲངས་ཏེ་ཨཱ་ལི་བདེ་བ་ཆེན་པོའི་མཆོད་པ་དང་ཞིང་དང་ཞིང་ཕྲན་གྱི་ཤ་ཁྲག་བདུད་རྩིར་གྱུར་པས་མཆོད་པ་ཀཱ་ལི་སྒྲོལ་བའི་ཕྱག་རྒྱ་ཡིས་མཉེས་པར་བྱའོ། །ཕན་ཡོན་ནི་སྦྱོར་བས་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་སོགས་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དང་སྒྲོལ་བས་གདུག་པ་ཅན་ཚར་བཅད་དེ་རང་བཞིན་གྱི་གནོད་པ་ཞི་བ་དང་། ཕ་རོལ་ཐར་པ་ལ་སོགས་པའི་ཕྲིན་ལས་རླབས་པོ་ཆེ་ཐམས་ཅད་འགྲུབ་པར་འགྱུར་རོ། །གཉིས་པ་ཚོགས་བསྒྲུབས་པའི་འབྲས་བུ་བྱེ་བྲག་ཏུ་བཤད་པ་ལ་གསུམ། རིག་འཛིན་འགྲུབ་རྒྱུ། དེས་གྲུབ་པ་གནས་སྐབས་ཀྱི་འབྲས་བུ། དེ་མཐར་ཐུག་པ་མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་གཉིས་ལས། རྒྱུ་དངོས་ནི། ཆོས་ཐམས་ཅད་རྟོགས་པ་བཞིའི་ཚུལ་གྱིས་ཡེ་ནས་སངས་རྒྱས་པར་ཤེས་པའི་མཚན་ཉིད་ཀྱིས་ལྟ་བ་ཕུན་སུམ་ཚོགས་པའི་གནས་ལུགས་རྒྱུད་ལ་འབྱོར་པའི་གཟུངས་ནི་འབྲས་བུ་རིག་འཛིན་བཞི་སྨིན་པར་བྱེད་པའི་རྒྱུ་ཡིན་ཞིང་ཤེས་ནས་སྒྲུབ་པ་ལ་འཇུག་པའི་མཚན་ཉིད་བསྐྱེད་རྫོགས་ཟུང་འབྲེལ་དུ་འབྱོར་བའི་གཟུངས་ནི། འབྲས་བུ་རིག་འཛིན་བཞིར་སྨིན་པར་བྱེད་པའི་རྐྱེན་ཏེ་དེ་ལྟར་རྒྱུ་དང་རྐྱེན་ལ་གོམས་ཤིང་འདྲིས་པར་བྱས་པས་ནུས་མཐུ་ཁྱད་པར་ཅན་དུ་གང་གྱུར་པ་དེ་ནི། རྒྱུ་ས་བོན་དྲུང་པོ་རྐྱེན་ཆུ་ལུད་ཀྱིས་བྲན་པས་འབྲས་བུ་མྱུ་གུ་ནས་སྟོན་ཐོག་གི་བར་དུ་འབྱུང་བ་བཞིན་རྣམ་པར་སྨིན་པ་ནས་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་བར་དུ་འབྱུང་ངོ། གཉིས་པ་དེས་གྲུབ་པའི་ཚུལ་ནི། དེ་ལྟ་བུའི་རིག་འཛིན་རྣམས་ནི་རྒྱལ་བ་སྐྱེད་པར་བྱེད་པའི་ཞིང་ཡང་ཡིན་ལ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དུ་གྲགས་ཤིང་ལུང་བསྟན་པའང་འཐོབ་པོ། །གཉིས་པ་དེས་གྲུབ་པ་གནས་སྐབས་ཀྱི་འབྲས་བུ་ལ་གཉིས་ལས། འགྲོ་བ་གང་གིས་བསྡུས་པ་ནི། རིག་འཛིན་དེ་དག་ལས་ཁ་ཅིག་གླིང་བཞིའི་མི་དང་འདོད་པའི་ལྷ་དང་གཟུགས་ཀྱི་ཚངས་པ་ལ་སོགས་པ་ཡི། གནས་སུ་སྐྱེ་བ་རྣམ་པར་དག་པ་འཛིན་མོད་ཀྱི། ཁྱད་པར་དུ་ས་བཅུ་ལ་གནས་པར་འགྱུར་བ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་བཅུ་པོ་ཀུན་ཏུ་རྫོགས་པར་རྒྱུད་ལ་ཐོབ་པའི་ཕྱིར་ཞེས་རྒྱུའི་སས་བསྡུས་ཚུལ་དང་། འབྲས་བུའི་སས་བསྡུས་ཚུལ་བཤད་ན། །ལྷུན་གྲུབ་དེ་ཁྱད་པར་གྱིས་བཅུ་གསུམ་རྡོ་རྗེ་འཛིན་པ་ལ་གནས་པར་འགྱུར་བ་ཡིན་ཏེ་འབྲས་བུ་མཐར་ཐུག་གི་སྒྲུབ་བྱེད་རྒྱུའི་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་ཀུན་ཏུ་རྫོགས་པའི་ཕྱིར་ཞེས་སོ། །ཕྱིར་མི་ལྡོག་ཁྱད་པར་གྱིས་ས་བསྡུས་ཚུལ་དུ་བཤད་པ་རིག་འཛིན་བཞི་པོ་ཐམས་ཅད་འབྲས་བུའི་རིག་འཛིན་ལ་གནས་པར་ངེས་པས་ཁྱད་པར་གྱི་ས་ལ་གནས་པར་འགྱུར་བ་ཡིན་ཏེ་ས་དེ་ཉིད་གྲུབ་པའི་ངོ་བོ་རྒྱུ་དང་འབྲས་བུའི་ཕ་རོལ་ཏུ་ཕྱིན་པ་ཀུན་ཏུ་རྫོགས་པར་བསྒྲུབ་པའི་རིམ་པ་དཔེར་ན་ལྕགས་ཀྱུས་ཟིན་པའི་ཉ་སྐམ་སར་འདོན་པ་བཞིན་ཅེས་པའོ། །གསུམ་པ་མཐར་ཐུག་གི་འབྲས་བུ་ནི། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནི་ཐབས་མཐར་ཕྱིན་པ་རྣམ་པར་འཕྲུལ་པའི་སྤྲུལ་པ་དང་ཕྲིན་ལས་ཀྱིས་འགྲོ་བ་འདུལ་བ་བཅུ་གཅིག་ཀུན་ཏུ་འོད་སྤྲུལ་སྐུའི་ས་དང་ཤེས་རབ་དང་ཐབས་ཀྱི་མཆོག་ཟུང་དུ་འབྲེལ་བ་མཐར་ཐུག་པ་བཅུ་གཉིས་མ་ཆགས་པ་པདྨ་ཅན་ལྷུན་སྟུག་བཀོད་པའི་ཞིང་ཁམས་རྩོལ་མེད་དུ་རང་སྣང་བའི་ས་དང་། ཤེས་རབ་མཆོག་གི་ས་ལོངས་སྤྲུལ་གཉིས་ཆོས་སྐུའི་གཞི་ལ་མྱ་ངན་ལས་འདས་པ་དེའི་དབྱིངས་སུ་ཐིམ་པའི་གཞིར་གྱུར་པའི་མཆོག་ཏུ་གྱུར་པའི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཞིང་ཁམས་གདོད་མའི་ཀུན་ཏུ་བཟང་པོ་སྟེ། དེ་ལྟར་གནས་སྐབས་དང་མཐར་ཐུག་གི་ས་ཡི་ཁྱད་པར་རབ་ཏུ་དགའ་བ་ལ་སོགས་པ་བཅུ་དང་ཀུན་ཏུ་འོད་ལ་སོགས་པ་གསུམ་ནི། རྒྱུ་དང་འབྲས་བུའི་ཁྱད་པར་གྱིས་ཕྱེ་བ་སྟེ་བཙལ་བ་མེད་པར་རང་བཞིན་ལྷུན་གྱིས་རྫོགས་པ་ནི་མཐར་ཐུག་གི་ཐོབ་བྱའོ། །གསུམ་པ་ཚོགས་ཀྱི་རྟེན་དཀྱིལ་འཁོར་ཀུན་འདུས་པ་ཆེན་པོས་དོན་བསྡུ་བ་ལ་གསུམ། ཀུན་ཏུ་བཟང་པོའི་བསྐྱེད་རྫོགས་བསྟན་པ། ཚུལ་དེས་དཀྱིལ་འཁོར་ཀུན་འགྲུབ་པ། ཕྲ་མོའི་ཉེས་པས་མི་གོས་པའོ། །དང་པོ་ལ་གཉིས། སྒོམ་ཚུལ་དངོས་དང་། དེའི་འཐད་པ་དགོད་པའོ། །དང་པོ་ནི། ཏིང་ངེ་འཛིན་གསུམ་སྔོན་དུ་སོང་བས་ནམ་མཁའ་ཡི་དཀྱིལ་རབ་ཏུ་དྭངས་བའི་དབྱིངས་ཡེ་ཤེས་ཀྱི་གཞལ་ཡས་ཁང་འོད་དང་བཅས་པའི་ནང་ན་ཉི་ཟླ་པདྨའི་གདན་ལ། ཡེ་ཤེས་རྒྱལ་པོ་ཀུན་ཏུ་བཟང་པོ་སྟངས་དཔྱལ་གཉིས་ཟུང་དུ་སྦྱོར་བས་རྡོ་རྗེའི་དཀྱིལ་ཀྲུང་མཉམ་བཞག་དང་བཅས་པའི་སྐུ་ལས་འོད་ཟེར་དུ་མ་འཕྲོ་བར་བསྒོམ་མོ། །དེ་ལྟར་བསྒོམ་པས་རྒྱ་བའི་དཀྱིལ་འཁོར་ཐམས་ཅད་ཀུན། མ་ལུས་པར་ནི་བསྒོམ་པར་འགྱུར་ཏེ་ལྷའི་དཀྱིལ་འཁོར་ཐམས་ཅད་ཀྱང་སྐུ་གསུང་ཐུགས་དང་དབྱིངས་རང་བཞིན་གྱིས་དག་པ་གཅིག་ཏུ་འདུ་བའི་ཕྱིར་རོ། །གཉིས་པ་ནི། འདས་པ་ལ་སོགས་པའི་དུས་བཞི་དང་ཤར་ལ་སོགས་པའི་ཕྱོགས་བཅུ་གང་ནས་ཀྱང་། སེམས་ལས་ལོགས་སུ་གྱུར་པའི་རྫོགས་པའི་སངས་རྒྱས་ཞིག་རྙེད་པར་མི་འགྱུར་ཏེ། སེམས་ཀྱི་རང་བཞིན་ཇི་ལྟར་གནས་པ་དེ་ཉིད་རྫོགས་པའི་སངས་རྒྱས་ཏེ། སངས་རྒྱས་སེམས་ཀྱི་རང་བཞིན་ལས་གཞན་མེད་པས་ཡུམ་དུས་གཞན་ནས་མ་འཚོལ་ཞིག །གཉིས་པ་ཚུལ་དེས་དཀྱིལ་འཁོར་ཀུན་གྲུབ་པ་ནི། དཀྱིལ་འཁོར་ཀུན་ཏུ་བཟང་པོ་གཅིག་གི་བསྐྱེད་རྫོགས་ལ་རབ་ཏུ་སྦྱོར་བས། དེ་ལས་འཕྲོས་པའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་འགྲུབ་པར་འགྱུར་ཏེ་ཉི་ཟླ་གྲུབ་པ་ན་དེའི་འོད་ཟེར་མ་ལུས་པ་ཐམས་ཅད་འགྲུབ་པ་བཞིན་ནོ། །གསུམ་པ་ཉེས་པ་ཕྲ་མོས་མི་གོས་པ་ནི། ཐམས་ཅད་སེམས་ཀྱི་རང་བཞིན་དུ་ཤེས་པས་སྤངས་བླང་གཉིས་སུ་མེད་པ་དེ་ལྟ་བུའི་དོན་རྟོགས་ན་རྫོགས་རིམ་ལ་དབང་འབྱོར་བས་བསྐྱེད་རིམ་གྱི་ཆོ་ག་ཕྲ་མོ་རྣམས་ལ་ལྷག་གམ་མ་ཚང་ན་ཡང་། ཆོ་གའི་ཡན་ལག་ཉམས་པའི་སྐྱོན་ཉིད་དག་སྟེ་དངོས་གྲུབ་ལ་བསྒྲིབ་པའི་ཉེས་པ་མེད་དོ། གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། དེ་སྐད་ཅེས་རང་སྣང་དག་པའི་འཁོར་ལ་ཆེད་དུ་བརྗོད་པས་ཏིང་ངེ་འཛིན་གྱི་རོལ་མོའི་སྤྲིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ། །ཐབས་ཀྱི་རོལ་པ་མཆོག་ཏུ་གསང་བའི་སྙིང་པོ་སྣང་བཅས་ཚོགས་ཀྱི་དེ་ཁོ་ན་ཉིད་ངེས་པ་ལས་ལམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། ༈ །།དོན་གཉིས་པ་སྙིང་པོའི་དོན་ལ་འཇུག་པ་རྫོགས་པའི་རིམ་པ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད་པ། ཚིག་གི་དོན་བཤད་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། ལམ་བསྐྱེད་པའི་རིམ་པ་བསྟན་པ་དེ་ནས་རྫོགས་པའི་རིམ་པ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཕྱོགས་བཅུ་དུས་བཞིའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་གཅིག་ཏུ་བསྡུས་ནས་གནས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡེ་ཤེས་བླ་ན་མེད་པའི་དགྱེས་པ་ཆེན་པོས་རོལ་སྟེ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་དམ་ཚིག་ནི་སྣོད་དུ་མ་གྱུར་པ་རྣམས་ལ་ཤིན་ཏུ་གསང་བའི་རང་བཞིན་དེ་ཁོ་ན་ཉིད་ཀྱི་སྙིང་པོ་སྤྲིན་སྐལ་བ་མཆོག་དང་ལྡན་པ་རྣམས་ལ་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་མན་ངག་གི་དམ་པའི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་ལ་གཉིས། དོན་གསང་བ་རྡོ་རྗེ་སློབ་དཔོན་གྱི་ཐུགས་ལ་གནས་ཚུལ་སྤྱིར་བསྟན་པ་དང་། །རང་བཞིན་རྫོགས་པ་ཆེན་པོའི་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་ལས། དོན་ངོས་བཟུང་བ་ནི། སྤྱིར་ཐེག་པ་སོ་སོའི་དོན་མཐར་ཐུག་རང་རང་གི་སྟོན་བྱེད་སློབ་དཔོན་ལ་རག་ལས་ཤིང་། ཁྱད་པར་དུ་རང་བཞིན་རྫོགས་པ་ཆེན་པོའི་དོན་མཐར་ཐུག་པ་རྒྱུད་ལུང་གི་གཞུང་ཚིག་ལ་གབ་ཅིང་སྦས་པ་རྣམས་བླ་མའི་ཐུགས་ལ་གནས་པས་གདམས་ངག་འདོད་པས་བླ་མ་མཉེས་པར་བྱ་བ་ལ་ཐུག་གོ །དེའང་ཐེག་པ་བསམ་གྱིས་མི་ཁྱབ་ཅིང་བརྗོད་པ་ལས་འདས་པ་སངས་རྒྱས་ཀྱི་ཞིང་དང་སེམས་ཅན་གྱི་གནས་རིས་གྲངས་མེད་པ་ན་ཡོད་པས་མ་ངེས་མོད་ཀྱི། ད་ལྟའི་སྐལ་པ་བཟང་པོ་འདི་དང་མི་མཇེད་ཀྱི་འཇིག་རྟེན་འདིར་དམན་པ་དང་མཆོག་དང་ཕྱིན་ཅི་ལོག་གི་ཐེག་པ་དང་གཞུང་ལུགས་ཀྱི་ཚུལ་བྱུང་བ་རྣམས། རེ་ཞིག་མདོར་བསྡུ་ན་བརྒྱད་ལས། །དང་པོ་ཡང་དག་པའི་དོན་མ་རྟོགས་པ་དང་ནི་གྲུབ་པའི་མཐའ་ལ་མ་ཞུགས་པའི་སྐྱེ་བོ་ཕལ་པ་སྟེ་ལེགས་པ་ཙམ་ཞིག་དོན་དུ་གཉེར་བས་བདེ་འགྲོ་སྒྲུབ་པ་སོར་བཞག་ལྷ་མིའི་ཐེག་པ་ཞེས་དགེ་བ་བཅུས་འདོད་པའི་ལྷ་དང་མིར་འཕེན་ཞིང་བསམ་གཏན་དང་གཟུགས་མེད་ཀྱིས་ཁམས་གོང་མ་སྒྲུབ་པའོ། །ལོག་པར་རྟོག་པ་ནི་མུ་སྟེགས་བྱེད་དེ་ལྟ་བ་ལོག་པའི་གྲངས་ཀྱིས་དེའི་དབྱེ་བ་བསམ་གྱིས་མི་ཁྱབ་ཀྱང་བསྡུ་ན། རྟག་ལྟ་སྡེ་བཞི་ཆད་པར་ལྟ་བ་དང་བཅས་པས་ཏིར་ཏི་ཀ་སྡེ་ལྔར་གྲགས་ཏེ། རྟག་ལྟ་བཞི་ནི། དབང་ཕྱུག་རྟག་པར་སྨྲ་བ་རིག་པ་ཅན་དང་། ཁྱབ་འཇུག་རྟག་པར་སྨྲ་བ་ཁྱབ་འཇུག་པ་དང་གཙོ་བོ་རྟག་པར་སྨྲ་བ་གྲངས་ཅན་པ་དང་། རྡུལ་ཕྲན་རྟག་པར་སྨྲ་བ་བྱེ་བྲག་པའོ། །ཆད་པར་ལྟ་བ་ནི་རྒྱང་འཕེན་པའོ། །ཡང་དག་པའི་དོན་ཕྱོགས་ཙམ་རྟོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་གཉིས་ཏེ་བདག་མེད་གཅིག་དང་ཕྱེད་དང་གཉིས་རྟོགས་ཤིང་འཁོར་བ་ལས་གྲོལ་བའོ། །གནས་ལུགས་ཀྱི་དོན་མཐར་ཐུག་པར་ཡང་དག་པ་མཉམ་པ་ཉིད་མ་རྟོགས་པ་ནི་མཚན་ཉིད་ཀྱི་ཐེག་པ་ཆེན་པོ་སྟེ་རྒྱུ་སེམས་ཅན་གྱིས་ཚོགས་གཉིས་བསྒྲུབས་པས་འབྲས་བུ་བསྐལ་པ་གྲངས་མེད་པ་དུ་མ་ནས་སངས་རྒྱས་གདོད་འགྲུབ་པར་འདོད་ཅིང་ལྟ་བ་བདག་གཉིས་ཀྱི་སྟོང་པའི་ཆོས་ཉིད་དུ་ཐག་ཆོད་ཀྱང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་མཉམ་པའི་དོན་མ་མཐོང་བའོ། །གཙང་སྦྲ་དང་དཀའ་ཐུབ་གཙོ་བོར་བྱེད་པས་སྒོ་གསུམ་གྱི་ཉེས་སྤྱོད་འདུལ་བ་ནི་བྱ་སྤྱོད་རྒྱུད་དེ་སེམས་བསྐྱེད་ཙམ་ལ་བརྟེན་ནས་ལྷ་སྒྲུབ་པ་དང་དཀའ་ཐུབ་དང་སྨྱུང་གནས་ཙམ་ལ་བརྟེན་ནས་ལྷ་སྒྲུབ་པ་དང་། རིགས་གཏད་དང་རྗེས་གནང་ཙམ་ལ་བརྟེན་ནས་ལྷ་སྒྲུབ་པ་སྟེ་གསུམ་དུ་ཡོད་དོ་དགོངས་པ་ནི་རྣལ་འབྱོར་གྱི་རྒྱུད་དེ་ཨ་བཱི་པྲ་ཡའི་སྒྲ་ལས་སེམས་ཀྱི་དགོངས་པ་ལ་འཇུག་ཅིང་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གཙོ་བས་ལྷ་སྒྲུབ་པའོ། །སྐུ་གསུང་ཐུགས་ཀྱི་གསང་བ་གསལ་པོར་སྟོན་པ་དང་ནི་རྣལ་འབྱོར་ཆེན་པོའི་རྒྱུད་དེ་བསྐྱེད་རིམ་གཙོ་བོར་སྟོན་པ་ཕའི་རྒྱུད་དང་རྫོགས་རིམ་གཙོ་བོར་སྟོན་པ་མའི་རྒྱུད་དང་། །ཟུང་འཇུག་གཙོ་བོར་སྟོན་པ་གཉིས་སུ་མེད་པའི་རྒྱུད་དོ། །ཡེ་ནས་ལྷུན་གྱིས་གྲུབ་པའི་རང་བཞིན་གསང་བའི་དོན་རྨད་དུ་བྱུང་བ་ནི་རྫོགས་པ་ཆེན་པོའི་སེམས་དང་ཡེ་ཤེས་རང་སྣང་བར་སྟོན་པ་སྒྱུ་འཕྲུལ་ཆེན་པོ་སྟེ་ཀུན་གྱི་སྤྱོད་ཡུལ་མ་ཡིན་པའི་ངོ་བོ་ཉིད་རང་བཞིན་དང་ཐབས་ཁྱད་པར་ཅན་གྱིས་གསང་བ་སྟེ་དབྱེ་ན་སེམས་དང་ཡེ་ཤེས་གཉིས་མེད་དུ་སྟོན་པ་བསྐྱེད་རྫོགས་ཟུང་འཇུག་གི་རྫོགས་པ་ཆེན་པོའོ། །སེམས་གཙོ་བོར་སྟོན་པ་སེམས་ཀློང་ཡེ་གྲོལ་གྱི་རྫོགས་པ་ཆེན་པོ། ཡེ་ཤེས་གཙོ་བོར་སྟོན་པ་འོད་གསལ་ཆོས་ཉིད་ཀྱི་རྫོགས་པ་ཆེན་པོའོ། དེ་ལྟར་ཐེག་པ་སོ་སོའི་ཚུལ་རྣམས་ནི་གཏན་ལ་དབབ་པར་བྱ་བའི་དོན་ནོ། །གཉིས་པ་དོན་དེ་གང་གི་དབྱིངས་ན་གནས་ཚུལ་བསྟན་པ་ནི། ཐེག་པ་དེ་དག་གི་དོན་རྣམས་བརྗོད་བྱེད་ཀྱི་གཞུང་ལ་གནས་ཤིང་གཞུང་ཡང་ཡི་གེ་སིལ་བུའི་ཁོང་ན་གནས་པས་སྒྲ་དང་ཐ་སྙད་བཏགས་པ་ལས་མིང་དུ་ཚོགས་པའི་སྤྱི་ལ། བརྟེན་ནས་ཚིག་གི་ཤྭ་ལོ་ཀ་དང་རབ་ཏུ་བྱེད་པ་དང་བསྟན་བཅོས་སམ་རྒྱུད་སྡེ་སོ་སོའི་ལུས་གྲུབ་ཅིང་གཞུང་དེས་རང་རང་གི་བརྗོད་བྱའི་དོན་རབ་ཏུ་མཚོན་ཏེ་གནས་སོ། །གསུམ་པ་དོན་དེ་མ་ནོར་བ་གང་གིས་སྟོན་པ་ནི། དེ་ལྟར་གཞུང་ཚིག་སོ་སོའི་ཁོང་ནས་རང་རང་གི་བརྗོད་བྱའི་དོན་འབྱིན་པ་དང་ཁྱད་པར་རྒྱུད་ཚིག་སོ་སོའི་ཁུང་ནས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ལ་སོགས་པའི་དོན་རྣམས་གབ་ཅིང་ཐ་མལ་པའི་སྤྱོད་ཡུལ་དུ་བསྒྲག་ཏུ་མི་རུང་བའི་གསང་བ་ཟབ་མོ་རྣམས་བརྡའ་ལ་སོགས་པས་སྦས་པའི་དོན་རྣམས་མངོན་སུམ་དུ་འབྱིན་པ་ནི། རྒྱུད་ཀྱི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་རྡོ་རྗེའི་སློབ་དཔོན་གྱི་ཐུགས་ལ་གནས་པས་དེ་ལ་ཐུག་ཅིག་པའོ། །གཉིས་པར་རང་བཞིན་རྫོགས་པ་ཆེན་པོའི་དོན་བྱེ་བྲག་ཏུ་བཤད་པ་གསུམ། སྙིང་པོའི་ཟབ་དོན་དངོས་བསྟན་པ། དེ་བཞན་ལས་ཁྱད་པར་འཕགས་ཚུལ། གང་ལ་གདམས་པའི་སྣོད་བསྟན་པའོ། །དང་པོ་ལ་གསུམ་མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ལ་གསུམ་ལས་ཐབས་བསྐྱེད་པའི་རིམ་པ་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པའི་རང་བཞིན་ཏེ་འགྲོ་བ་ཀུན་ཡེ་ནས་དེ་ལྟར་གནས་པ་ནི་གཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རང་ཆས་སུ་ལྡན་པའི་རང་བཞིན་ཏེ་དེ་ལྟར་རྟོགས་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱིས། ཡེ་ནས་ཡིན་པའི་དཀྱིལ་འཁོར་ལ་ནི་ཡིན་པ་ཤེས་པའི་དཀྱིལ་འཁོར་དུ་གསལ་འདེབས་ཤིང་བསྒོམ་པར་བྱའོ། །གཉིས་པ་ཤེས་རབ་རྫོགས་པའི་རིམ་པ་ནི། བདེ་གསལ་རྣམ་པར་མི་རྟོག་པའི་དཀྱིལ་འཁོར་རྟོག་ཚོགས་ཉོན་མོངས་སུ་སྣང་བ་ཐམས་ཅད་ཐབས་ཀྱིས་ཟིན་པའི་དཀྱིལ་འཁོར་ལས་བྱུང་བ་སྟེ། དེ་ཉིད་མ་སྤངས་རང་སར་དག་པའི་རང་བཞིན་ཡིན་པས་ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ་དཀྱིལ་འཁོར་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའོ། །གསུམ་པ་གཉིས་མེད་འོད་གསལ་གྱི་རིམ་པ་ནི། སྙིང་ག་ཆོས་ཀྱི་འཁོར་ལོ་ལ་སོགས་པ་ན་ཡེ་ནས་ལྷུན་གྱིས་གྲུབ་པ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དུ་གནས་པ་ནི། གསང་བའི་ཐིག་ལེ་རྨད་དུ་བྱུང་བ་སྟེ་རྐྱེན་བླ་མའི་མན་ངག་གིས་ཉམས་སུ་བླངས་ན་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་ཐམས་ཅད་འབྱུང་བའི་དབྱིངས་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ཕྱི་བསྐྱེད་པའི་རིམ་པ། ནང་རྫོགས་པའི་རིམ་པ། གསང་བ་འོད་གསལ་གྱི་རིམ་པའོ། །དང་པོ་ལ་གཉིས་ལས་ལྟ་བས་ཐག་བཅད་པ་ནི། ཕྱི་འབྱུང་བ་ལྔར་སྣང་བའི་གཟུགས་བརྙན་ནི་མེད་བཞིན་སྣང་བའི་ཆོས་ཉིད་རང་བཞིན་གྱི་རྣམ་པར་དག་པའི་གནས་ལུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟོང་པ་ཉིད་གཟུགས་སུ་སྣང་བ་སྟེ་གདོད་མ་ནས་ངོ་བོ་ཉིད་མེད་པའི་རིགས་ཆོས་ཉིད་ཀྱི་རོལ་པའམ་ཡུམ་དུ་གནས་སོ། །ཕུང་པོ་ལྔ་ལ་ཆེན་པོ་ཞེས་རིགས་ཀྱི་ཡབ་ལྔའི་དེ་བཞིན་ཉིད་གཟུགས་སྟོང་པའི་རང་བཞིན་ཏེ་མེ་ལོང་ནང་གི་གཟུགས་བརྙན་བཞིན་ནོ། །རིག་པ་བྱང་ཆུབ་ཀྱི་སེམས་གཞི་དང་རྩ་བ་མེད་པའི་རང་བཞིན་ཡེ་ནས་རྣམ་པར་རྟོག་པ་ཡུལ་ལ་མི་རྟོག་པ་ནི་རྡོ་རྗེའི་རང་བཞིན་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ཚོགས་སོ། །དེའང་རིག་པ་གསལ་བ་དང་སྟོང་པ་གཉིས་སུ་མེད་པའི་དབྱིངས་བརྗོད་དུ་མེད་པ་ནི་བགྲང་བ་ལས་འདས་པའི་ཡེ་ཤེས་ཀུན་གྱི་འབྱུང་གནས་ཡིན་པས་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ཚོགས་ཞེས་བཏགས་པ་ཡིན་ནོ། །མིག་ལ་སོགས་པའི་དབང་པོ་དང་གཟུགས་ལ་སོགས་པའི་ཡུལ་འདས་པ་ལ་སོགས་པའི་དུས་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རིག་པ་རྣམས་ཀྱང་སེམས་དཔའ་དང་སེམས་མ་དང་སྒོ་བའི་བར་དུ་རྣམ་པར་དག་ལ་དེ་དག་གི་རང་བཞིན་ཡང་སྣང་ལ་ངོ་བོ་མེད་པར་ལྟ་བར་བྱའོ། །གཉིས་པ་སྒོམ་པས་ཉམས་སུ་བླང་བ་ནི། སྣང་སྲིད་ཀྱི་ཆོས་ཐམས་ཅད་སྣང་དུས་ཉིད་ནས་ངོ་བོ་མེད་པ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། དངོས་པོ་དང་མཚན་མར་འཛིན་ཞེན་མེད་པའི་བློ་སྤྲོས་པ་དང་བྲལ་བའི་ངོ་བོ་ཉིད་བདག་ཉིད་ཆེན་པོ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ལྷག་པ་ཡི་དགོངས་པ་ཟབ་མོ་ཡིན་ཏེ། དེ་ཉིད་ཀྱི་ངང་ལ་མེ་ལོང་ལྟ་བུ་ལ་སོགས་པ་ཐུགས་ཀྱི་ཡེ་ཤེས་ལྔས་ལྟ་ཞིང་། དེའང་ཕྱི་ཡུལ་གྱི་རྣམ་པ་མ་འགགས་པར་སྣང་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་ངོ་བོ་སྟོང་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེར་འཛིན་མེད་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །གཟུགས་སྒྲ་ལ་སོགས་པ་སོ་སོར་སྣང་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དགག་སྒྲུབ་ལ་སོགས་པའི་ཉོན་མོངས་གྲོལ་བ་ནི་བྱ་བ་འགྲུབ་པའི་ཡེ་ཤེས་སོ། །ཡང་ན་དུག་ལྔ་ཤར་དུས་ངོས་ཟིན་པ་ཙམ་གྱིས་མ་སྤངས་གནས་སུ་དག་པ་ནི་ཡེ་ཤེས་ལྔའོ། །ཡང་སེམས་རྩེ་གཅིག་མཉམ་པར་བཞག་པའི་ཚེ་ངོ་བོ་སྟོང་པ་ཉིད་ནི་ཆོས་དབྱིངས་ཡེ་ཤེས་སོ། །རིག་པའི་གསལ་དྭངས་མ་འགགས་པ་ནི་མེ་ལོང་ཡེ་ཤེས། གཉིས་འཛིན་མེད་པ་མཉམ་ཉིད་ཡེ་ཤེས། སྣང་ཡུལ་མ་འགགས་པ་སོར་རྟོག་ཡེ་ཤེས། གཟུང་འཛིན་གྲོལ་བ་བྱ་གྲུབ་ཡེ་ཤེས་སོ། གཉིས་པ་ནང་རྫོགས་པའི་རིམ་པ་ལ་གཉིས་ལས། བདེ་སྟོང་གི་དོན་ལ་སྒོམ་པའི་ཚུལ་ནི། ཡབ་ཡུམ་གྱི་དྭངས་མ་དཀར་དམར་གྱི་སྙིང་པོ་ཐིག་ལེ་རྡོ་རྗེ་དང་པདྨའི་རྩེར་ཕན་ཚུན་འདྲེས་ཤིང་མཉམ་པར་སྦྱོར་བས་ཐོབ་པའི། བདེ་བ་དང་སྟོང་པའི་ཡེ་ཤེས་མཆོག་ཏུ་གསང་བའི་རོལ་མོ་ཡིས། མཁའ་གསང་གི་དཀྱིལ་འཁོར་དུ་སྤྱན་དྲངས་པའི་ལྷ་རྣམས་མཆོད་ཅིང་རླུང་གིས་གྱེན་དུ་དྲངས་ཏེ་འཁོར་ལོ་བཞིའི་རྩ་དང་ལུས་ཐམས་ཅད་ན་རང་བཞིན་གྱིས་གནས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་དང་རང་གི་སེམས་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རབ་ཏུ་དགྱེས་པ་ཆེན་པོར་གྱུར་པ་ལ་བདེ་སྟོང་གཉིས་སུ་མེད་པའི་མཆོད་པ་འབུལ་བའོ། །གཉིས་པ་དེའི་འབྲས་བུ་ནི། དེ་ལྟར་ཟག་པ་མེད་པའི་མཆོད་པ་ཕུལ་བའི་བསོད་ནམས་ཀྱིས། གནས་སྐབས་རིག་འཛིན་གསུམ་དང་གྲུབ་པ་ཆེན་པོ་བརྒྱད་ཐོབ་ཅིང་མཐར་ཐུག་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ཞིང་ཡེ་ཤེས་ཀྱི་སྒྱུ་མ་སངས་རྒྱས་ཉིད་ལ་རང་སྣང་བ། ལྷུན་སྟུག་པོ་བཀོད་པའི་རང་བཞིན་བཀོད་པ་ཚད་མེད་པའི་རོལ་མོ་རིགས་ལྔའི་དཀྱིལ་འཁོར་མཐའ་ཡས་ཤིང་མཆོག་ཆོས་སྐུའི་ཞིང་ཁམས་ཀུན་ཏུ་བཟང་པོའི་གཞི་ལ་མཐར་ཕྱིན་པ་ཉིད་འཐོབ་བོ། །གསུམ་པ་གསང་བ་འོད་གསལ་གྱི་རིམ་པ་ལ་གསུམ་ལས། དང་པོ་གཞི་འོད་གསལ་གྱི་རང་བཞིན་ངོས་བཟུང་བ་ནི། འཁོར་ལོ་བཞི་དང་ཁྱད་པར་སྙིང་ག་ན་གནས་པ་འོད་གསལ་གསང་བའི་ཐིག་ལེ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་ཀྱི་དབྱིངས་འོག་མིན་སྟུག་པ་བཀོད་པའི་རང་བཞིན་དུ་གནས་པ་དེ་ཡེ་ནས་སངས་རྒྱས་ཀུན་གྱི་དངོས་པོར་ལྷུན་གྱིས་གྲུབ་པས་སྐུ་གསུམ་རང་ལ་གནས་པ་ཞེས་བྱའོ། །གཉིས་པ་ལམ་ཡེ་ཤེས་ཀྱི་སྣང་བ་ངོས་བཟུང་བ་ནི། དེ་ལྟ་བུའི་དཀྱིལ་འཁོར་བསྒོམས་པས་ཏིང་ངེ་འཛིན་གྱི་སྣང་ཡུལ་འོད་དང་ཐིག་ལེ་ལ་སོགས་པ་མཐོང་བ་ནི། ཕྱོགས་བཅུ་དུས་བཞིར་མངོན་པར་རྫོགས་པ་སངས་རྒྱས་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཡོན་ཏན་དང་ཕྲིན་ལས་དང་ཐུགས་ཀྱི་དཀྱིལ་འཁོར། མ་ལུས་པའི་བདག་ཉིད་ཀྱི་ཞལ་མཐོང་བ་ཡིན་པས། སེམས་ཉིད་རང་བཞིན་གྱིས་དག་པའི་སངས་རྒྱས་ལ་ཏིང་ངེ་འཛིན་གྱིས་དབང་བསྒྱུར་བ་དེ་ཉིད་ཆོས་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་དམ་པ་ཡིན་ཏེ་གནས་ལུགས་མཐར་ཐུག་གི་དོན་སྒོམ་པ་ཡིན་པའི་ཕྱིར་རོ། །དེ་ལྟར་སྒོམ་པའི་ཚེ་རང་བཞིན་གྱི་དཀྱིལ་འཁོར་དང་ཏིང་ངེ་འཛིན་བསྐྱེད་པའི་དཀྱིལ་འཁོར་ལ་གནས་པ་དེས་རང་སྣང་འོད་གསལ་གྱི་དཀྱིལ་འཁོར་སྒོམ་པ་ཉིད། ཤེས་རབ་རྫོགས་པའི་རིམ་པ་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པས་ལམ་གོང་ནས་གོང་གི་ཡོན་ཏན་རྫོགས་པར་མངོན་དུ་བྱེད་དོ། །ཁྱད་པར་རང་སྣང་རིགས་ལྔའི་ཞིང་དུ་གྱུར་པ་དེའི་ཚེ་ཕྱི་དང་ནང་གི་རྩ་གནས་འཁོར་ལོ་ཐམས་ཅད་ན་ཡེ་ཤེས་ཀྱི་རང་བཞིན་རིག་པའི་རྒྱན་དུ་ལྷ་སོ་སོའི་དཀྱིལ་འཁོར་མ་ལུས་པ་ཐོགས་ཏེ་ཡོན་ཏན་བརྒྱ་ཕྲག་བཅུ་ལ་སོགས་པས་མཛེས་སོ། །དེ་ནས་དེ་དག་གི་འཛིན་པ་ཐམས་ཅད་ཟད་པ་ན་ས་དང་ལམ་གྱི་རང་བཞིན་ཡེ་ནས་དག་པའི་ཆོས་ཉིད་ཟད་པ་ལ་ཐུག་གོ །འབྲས་བུ་ལོངས་སྤྱོད་རྫོགས་པའི་དཀྱིིལ་འཁོར་ཆོས་སྐུའི་དཀྱིལ་འཁོར་དང་གཉིས་སུ་མེད་པར་མཉམ་པར་སྦྱོར་བས། ཐུགས་རྗེ་སྤྲུལ་པའི་དཀྱིལ་འཁོར་མ་ལུས་པ་ལྷུན་གྲུབ་ཆེན་པོར་ཡོངས་ཀྱིས་འབྱུང་ཞིང་། དེའི་མཐུས་ཕྱོགས་བཅུ་དུས་བཞིའི་འཇིག་རྟེན་དྲུག་གི་དཀྱིལ་འཁོར་མ་ལུས་པ་འདུལ་བའི་མགོན་དུ་གྱུར་པ་སྟེ། ཐུབ་པ་དྲུག་ལ་སོགས་པའི་རང་བཞིན་དུ་སྣང་བས་སེམས་ཅན་སྒྱུ་མ་ལྟ་བུའི་དཀྱིལ་འཁོར་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་ཕྲིན་ལས་ཕུན་སུམ་ཚོགས་པར་མཛད་པ་ཡིས་གང་ལ་གང་འདུལ་དུ་སྣང་ཡང་། སྣང་དུས་ཉིད་ནས་བསྒྲལ་བར་བྱ་བའི་སེམས་ཅན་རང་མཚན་པ་དང་སྒྲོལ་བར་བྱེད་པའི་སྤྲུལ་པ་བདེན་པ་མེད་པར་གདུལ་བྱ་དང་འདུལ་བྱེད་ཀྱི་དཀྱིལ་འཁོར་གཟུགས་བརྙན་དང་སྤྲུལ་པ་ལྟ་བུར་སྤྱོད་པའོ། །གསུམ་པ་དོན་བསྡུ་བ་ནི། ཆོས་ཐམས་ཅད་ཡེ་ནས་སྐུ་དང་ཡེ་ཤེས་སུ་རྫོགས་པའི་དཀྱིལ་འཁོར་དུ་གནས་པ་ལ། དེ་ལྟར་ཤེས་པར་བྱེད་པའི་ཐོས་པ་དང་དེའི་དོན་སེམས་ཀྱིས་དཔྱོད་པའི་བསམ་པ་དང་དེ་ཐོག་ཏུ་སྒོམ་པར་བྱེད་པའི་རང་བཞིན་ཐབས་བསྐྱེད་པ་དང་ཤེས་རབ་རྫོགས་པའི་རིམ་པ་མཉམ་པར་སྦྱོར་བའི་དོན་གྱིས། བསྒྲུབ་པའི་འབྲས་བུ་རང་བྱུང་གི་ཡེ་ཤེས་གདུལ་བྱའི་དོན་ལ་ཐུགས་རྗེ་ཆེན་པོས་ཀུན་ནས་དམ་པར་མཛད་པའི་ཕྲིན་ལས་དང་བཅས་པ་ལྷུན་གྱིས་གྲུབ་པ་འཐོབ་བོ། །དེ་ལྟར་བུའི་ཚུལ་ཕུན་སུམ་ཚོགས་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། བསླུ་བ་མེད་པའི་ཆོས་སུ་ཞལ་གྱིས་བཞེས་ཤིང་ལམ་བསྐྱེད་རྫོགས་གཉིས་སུ་མེད་པར་བསྒོམས་པའི་འབྲས་བུ་སངས་རྒྱས་གྲུབ་པའི་རང་བཞིན་ལས་འདའ་བར་མི་མཛད་པའི་དམ་ཚིག་གི་མཆོག་ཏུ་བསྟན་པ་ཡིན་ནོ། །གཉིས་པ་དེ་གཞན་ལས་ཁྱད་པར་དུ་འཕགས་པའི་ཚུལ་ལ་གསུམ་ལས། སྒྲུབ་པ་པོ་གང་ཟག་གི་ཆེ་བ་ནི། རྣལ་འབྱོར་པ་གང་ཞིག་ཐེག་པ་འདི་ལ་མོས་པར་གྱུར་པ་ཙམ་ཡང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱིས། རང་རང་བཞུགས་པའི་ཕྱོགས་དང་དུས་མ་ལུས་པ་ཀུན་ནས་དུས་དང་རྣམ་པ་ཐམས་ཅད་དུ། གསང་ཆེན་དོན་གྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་རྒྱུད་ལ་བསྙེན་པ་སྟེ་མྱུར་དུ་འཐོབ་པ་ཡི། རང་བཞིན་རྨད་དུ་བྱུང་བའི་གསང་བ་ལ་ཉེ་བའི་སྲས་སུ་དགོངས་པར་འགྱུར་རོ། །གཉིས་པ་སྒྲུབ་ཐབས་ལམ་གྱི་ཆེ་བ་ལ་བཞི་ལས། ལམ་ཀུན་གྱི་འབྲས་བུ་ཡིན་པའི་ཆེ་བ་ནི། དུས་ཀྱི་ཡུན་བསྐལ་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་བ་སྙེད་དུ། རྒྱུའི་ཐེག་པ་སྣ་ཚོགས་ལ་ཤིན་ཏུ་སྦྱངས་ཏེ་དེ་ལ་རབ་ཏུ་གནས་པར་བྱས་ཤིང་བརྩོན་པ་དང་། གསང་སྔགས་ཀྱི་ཐེག་པའི་སྒོ་ནས་ཕྱི་ནང་གི་དཀྱིལ་འཁོར་མ་ལུས་པ་བསྙེན་ཅིང་བསྒྲུབ་པ་དེ་ཐམས་ཅད་ཀྱི་དོན་དུ་གཉེར་བྱ་ཡི། འབྲས་བུ་གསང་ཆེན་ཨ་ཏི་ཡོ་གའི་ཐེག་པ་འདི་ཡིན་ཏེ་སངས་རྒྱས་པ་ལ་ཐམས་ཅད་ལམ་འདི་ལ་རག་ལུས་པའི་ཕྱིར་རོ། །གཉིས་པ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན་པར་བསྟན་པ་ནི། སྣྲེལ་གཞི་དང་སྟེང་འོག་ལ་སོགས་པའི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། སྔར་འདས་པ་དང་ད་ལྟར་བྱུང་ནས་འགྲོ་བའི་དོན་མཛད་པ་ཡི། རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱང་། ལམ་འདི་ལ་བསྙེན་ནས་སྐུ་ལྔ་ལྷུན་གྱིས་རྫོགས་ཏེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་བགྲོད་ལམ་གཅིག་པོ་འདི་ལས་གཞན་མེད་པའི་ཕྱིར་རོ། །གསུམ་པ་རྣལ་འབྱོར་པ་ཀུན་གྱི་ལམ་ཡིན་པར་བསྟན་པ་ནི། སྔར་དང་ད་ལྟར་བྱུང་བའི་རྣལ་འབྱོར་པ་ཀུན་དང་མ་འོངས་པ་ན་འབྱུང་བའི་རིག་འཛིན་གྱི་རྣལ་འབྱོར་པ་ཐམས་ཅད་ཀུན། ལམ་འདི་ཡིས་ལྷུན་གྱིས་གྲུབ་པའི་རིག་འཛིན་སངས་རྒྱས་ཀྱིས་འགྲུབ་པར་འགྱུར་ཏེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ལམ་ལ་ཐ་དད་མེད་པའི་ཕྱིར་རོ། །བཞི་པ་རྒྱུའི་ཐེག་པ་ལས་ཁྱད་པར་འཕགས་པའི་ཚུལ་ནི། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཚུལ་འདི་ནི་ཐེག་པ་འོག་མ་ལ་མ་གྲགས་པའི་གསང་ཆེན་འབྲས་བུ་མངོན་དུ་བྱེད་ངེས་པ་ཡི་མན་ངག །ཚེ་འདི་ཉིད་ལ་འབྲས་བུའི་ངོ་བོ་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་ལམ་དུ་བྱས་པས་གཞན་ནས་སྒྲུབ་མ་དགོས་པར་རང་ཆས་སུ་གྲུབ་པའི་སངས་རྒྱས་ཉེ་ལམ་འདིས་མངོན་དུ་གྱུར་པ་ཡིན་ནོ། །གསུམ་པ་དེ་ལས་མཆོག་ཏུ་གྱུར་པའི་ལམ་གཞན་མེད་པར་བསྟན་པ་ནི། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྔ་ཕྱིར་གཤེགས་ཤིང་ད་ལྟར་བཞུགས་པའི་དཀྱིལ་འཁོར་མ་ལུས་ཐམས་ཅད་ལ། ཨ་ཏིའི་ཐེག་པ་ཡེ་གྲོལ་ལྷུན་གྱིས་རྫོགས་པ་འདི་ལས་གཞན་པའི་ཉེ་ལམ་གསང་བའི་ངེས་དོན་ཅུང་ཟད་མེད་དེ། གཞན་དུ་བཙལ་ཀྱང་རྒྱལ་བས་དེ་ལས་ཟབ་པའི་ཆོས་ནམ་ཡང་མི་བརྙེས་སོ་སྟེ་མི་རྙེད་པའི་དོན་ཏོ། །གསུམ་པ་གང་ལ་གདམས་པའི་སྣོད་བསྟན་པ་ལ་གཉིས་ལས། སྐལ་བཟང་སྦྱིན་པའི་སྣོད་ནི། སངས་རྒྱས་ཀུན་གྱི་གསང་བ་ཕྱག་རྒྱ་ཆེན་པོའི་མཆོག་རང་བཞིན་གསང་བའི་སྙིང་པོའི་རྒྱུད་འདི་ཉིད། གང་ཟག་མང་དུ་ཐོས་པའི་ཚིག་གི་རིམ་པ་ལ་མཁས་ཤིང་དེའི་དོན་བསམ་བྱུང་གི་ཤེས་རབ་ཀྱིས་དཔྱད་པས་དོན་ལ་མཁས་པ་དེ་ཉིད་བསྒོམ་པ་ལ་ཡང་དང་ཡང་དུ་ལེགས་པར་རབ་ཏུ་སྦྱངས་པའི། ཤེས་རབ་ཀྱི་མིག་དང་ལྡན་པ་རྣམས་ཀྱིས་ཟུངས་ཤིག །དེ་ལས་ཀྱང་རང་བཞིན་གསང་བའི་སྙིང་པོའི་སྣོད་དང་ལྡན་པས་ཟབ་མོའི་དོན་རླབས་པོ་ཆེ་ལ་མི་སྐྲག་ཅིང་སེམས་ཀྱི་ངང་ཚུལ་དགེ་ཞིང་བཟང་ལ་དད་པ་བརྟན་པ་དེ་ལ་ཆོས་འདི་གཏད་པར་བྱ་ཞིང་། རང་གི་ལུས་དང་ལོངས་སྤྱོད་ཐམས་ཅད་བླ་མ་དང་ཆོས་ཀྱི་ཕྱོགས་སུ་གཏོང་ནུས་པ་ལ་ཡོངས་སུ་རྫོགས་པར་སྦྱིན་ནོ། །གཉིས་པ་སྐལ་མེད་ལ་མི་སྦྱིན་པར་བསྟན་པ་ནི། སྦྱིན་པར་བྱ་བའི་སྣོད་ལས་གཞན་དུ་བསྟན་ཡང་མི་གོ་བ་དང་། གོ་ཡང་ཕྱིན་ཅི་ལོག་ཏུ་སྤྱོད་ཅིང་སྡོམ་པ་དང་དམ་ཚིག་འཆལ་བ་བསྙེན་སྒྲུབ་ཚོགས་གཉིས་ལས་གཡེལ་བ་བསྔང་ཞིང་སྐྲག་པ་སྐྱེ་བ་རྣམས་ལ་དུས་ནམ་ཡང་སྦྱིན་པར་མི་བྱ་སྟེ་ཉེས་པ་ཆེན་པོས་གདུང་བར་བྱེད་པའི་ཕྱིར་རོ། །ཡང་དག་པའི་དོན་ལ་རྨོངས་པར་གྱུར་པ་ལ་མི་ཤེས་ཤིང་སྐལ་པ་མེད་པ་དང་སྒོ་གསུམ་འཕྱར་བ་མ་བསྡམས་མ་ཞི་བས་སྡིག་པ་བྱེད་ཅིང་གསང་བ་སྒྲོགས་པ་སོགས་པ་གལ་ཏེ་སྦྱིན་ན། མཁའ་འགྲོ་དང་དམ་ཅན་གྱི་ཆད་པས་དུས་མིན་པར་ནི་སྲོག་ཟད་ནས། ཚེའི་དུས་བྱེད་ཅིང་ཕྱི་མ་ལ་ཚ་དམྱལ་མུན་པ་མི་ཟད་པ་འཁྲིགས་པ་རྣམས་སུ་དམྱལ་བའི་མེས་བསྲེག་པ་དང་གྲང་དམྱལ་གྱི་བུ་ཡུག་ལ་སོགས་པས་སྦྲེབ་པ་ལ་ཡུན་རིང་དུ་གནས་དགོས་སོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། ཞེས་དཀྱིལ་འཁོར་གྱི་དབང་ཕྱུག་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་ཉིད་ཀྱིས་རང་སྣང་དུ་བཀོད་པའི་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་དོ། །མཆོག་ཏུ་གསང་བའི་སྙིང་པོ་རྫོགས་པ་ཆེན་པོའི་གདམས་ངག་ཚེ་འདི་ཉིད་དུ་གྲོལ་བར་བྱེད་པར་དེ་ཁོ་ན་ཉིད་ངེས་པ་ལས་ཐེག་པ་འོག་མ་རྣམས་ལ་ཤིན་ཏུ་གསང་བ་མན་ངག་གི་སྙིང་པོའི་ལེའུ་སྟེ་བཅུ་གསུམ་པའོ།། ༈ །།དོན་གསུམ་པ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ལ་བསྟོད་པའི་ཚུལ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད་པ། ཚིག་གི་དོན་བཤད་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། ལམ་བསྐྱེད་རྫོགས་ཀྱི་དཀྱིལ་འཁོར་བསྟན་པ་དེ་ནས་འབྲས་བུ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་བསྟོད་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀྱི་དཀྱིལ་འཁོར་ལ་དགྱེས་པ་ཆེན་པོའི་གླུ་འདི་བླངས་སོ། །གཉིས་པ་ལ་གཉིས། སྐུ་ལྔ་ཡེ་ཤེས་ལྔ་དང་བཅས་པ་ལ་སྤྱིར་བསྟོད་པ་དང་། དཀྱིལ་འཁོར་གྱི་དབང་ཕྱུག་ཡབ་ཡུམ་ལ་བྱེ་བྲག་ཏུ་བསྟོད་པའོ། །དང་པོ་ལ་ལྔ་ལས། དང་པོ་སྐུ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་སྐུ་ལྔ་རྫོགས་པས་ༀ་ཞེས་གླུའི་མགོ་འདྲེན་པ་དང་། བླ་མ་རོང་བས་དེ་ལ་ཨཱོཾ་ཞེས་པ་ནི་གླུའི་ཡན་ལག་ཐམས་ཅད་རྫོགས་པ་སྟེ། ཡི་གེ་ཨཱོཾ་ནི་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་དང་ཐ་མི་དད་པས་གླུ་ལེན་པའི་མཁན་པོ་ཡིན་ནོ། །དེ་བཞིན་དུ་ཚངས་པ་དབྱངས་ཀྱིས་འདྲེན་པ་ཡིན་པས་གླུའི་དབྱངས་ཡིན་ནོ། །དོན་ཆེན་པོ་སྟོན་པའི་ཚིག་ཡིན་པས་གླུའི་ཚིག་ཡིན་ནོ། །དེའི་མཐོ་དམན་གསལ་བར་བྱེད་པས་གླུའི་རྒྱན་ཡིན་ནོ། །ཡི་གེ་ཨཱོཾ་གྱིས་དྲངས་ན་གླུ་དང་ཚིག་ཐམས་ཅད་གསང་སྔགས་བདེན་པའི་ངག་ཏུ་བྱིན་གྱིས་རློབ་པར་བྱེད་པ་ཡིན་པས་གླུ་བྱིན་གྱི་རློབ་པ་ཡིན་ནོ་ཞེས་བཞེད་ཅིང་། སྐུ་དེ་ཡང་ཕྱོགས་བཅུ་དུས་བཞི་ཀུན་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་གཉིས་སུ་མེད་པའི་རང་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡི་རང་བཞིན། རང་སྣང་དག་པའི་ཡེ་ཤེས་མེ་ལོང་ལྟ་བུ་ལ་སོགས་པའི་རང་བཞིན་སྤྲོས་པ་དང་བྲལ་བའི་དཀྱིལ་འཁོར་སྐུའི་ཐུགས་རྣམ་པར་དག་པའི་ཐེག་ལེ་ཆེ་སྟེ་གཉིས་སུ་མེད་པའི་དོན་ཏོ། །དེ་ལྟ་བུའི་རང་སྣང་དེའང་བསོད་ནམས་ཕུན་སུམ་ཚོགས་པའི་ངོ་བོ་སྣང་ལ་རང་བཞིན་མེད་པའི་དཀྱིལ་འཁོར་ནི་སྐུ་ལྔ་སྟེ་རིགས་ལྔའི་རང་བཞིན་མཐའ་དབུས་ཁྱབ་པས་སྐུ་ཡི་ཚོགས་སོ། །དེའི་ངོ་བོ་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་ནི་སྐུའི་གསུང་བརྗོད་བྲལ་དོན་གྱི་ཐིག་ལེ་ཡོན་ཏན་ཕུན་སུམ་ཚོགས་པ་ཀུན་ཏུ་རྫོགས་དེ་ལ་དགྱེས་པས་ཧོ་ཞེས་སོ། །གཉིས་པ་གསུང་པདྨ་རིགས་ཀྱི་དཀྱིལ་འཁོར་དུ་སོ་སོར་རྟོག་པའི་ཡེ་ཤེས་ཡེ་ནས་རྣམ་པར་དག་པའི་གསུང་ལྔ་རྫོགས་ཤིང་ལྷུན་གྱིས་གྲུབ་པས་ༀ་ཞེས་སོ། །འོད་དཔག་མེད་ཀྱི་དཀྱིལ་འཁོར་དེ་ཡང་སྣང་སྟོང་དབྱེར་མེད་པས་རྡོ་རྗེ་བསོད་ནམས་དང་ཡེ་ཤེས་ཀྱི་རང་བཞིན་ལྷུན་གྱིས་གྲུབ་པའིི་ཐིག་ལེ་ཆེ། མི་ཕྱེད་པའི་རྡོ་རྗེ་སོ་སོར་རྟོགས་པ་ལ་སོགས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྡན་པ་ནི་གསུང་གི་ཐུགས་སོ། །གཉིས་སུ་མེད་པའི་རྡོ་རྗེ་ཡེ་ཤེས་ཀྱི་རང་སྒྲ་ཆེན་པོ་མཐའ་ཡས་པ་མངའ་བ་ནི་གསུང་གི་གསུང་ངོ་། །དོན་གྱི་རྡོ་རྗེ་རང་སྣང་བས་རྒྱལ་པོ་ཐིག་ལེ་ཆེ་སྟེ་གསུང་གི་སྐུ་ཡིན་པས་དེ་ལ་དགྱེས་ཏེ་ཧོ་ཞེས་སོ། །གསུམ་པ་ཐུགས་སངས་རྒྱས་རིགས་ཀྱི་དཀྱིལ་འཁོར་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པ་ནི། ཐུགས་ལྔ་རྫོགས་པས་ༀ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ་སྟེ་རྣམ་པར་སྣང་མཛད་དོ། །དེ་ཉིད་ལ་ཡོན་ཏན་ཕྲིན་ལས་མ་ལུས་པ་ཀུན་ཏུ་རྫོགས་པ་ནི་ཐུགས་ཀྱི་ཐུགས་སོ། །ཡོན་ཏན་ཕུན་སུམ་ཚོགས་པ་རྣམས་མ་བཙལ་བར་ཡེ་ནས་ལྷུན་རྫོགས་སུ་གནས་པ་རང་བཞིན་ཀུན་ཏུ་བཟང་པོའི་ངང་ནི་ཐུགས་ཀྱི་གསུང་ངོ་། །དེའི་ཚེ་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་སྣང་དུ་འདུས་པའི་ཚོགས་ཆེན་པོ་ནི་རང་བཞིན་གྱིས་དག་པས་ཐིག་ལེ་ཆེ་སྟེ་ཐུགས་ཀྱི་སྐུའོ། །ལྷུན་གྱིས་གྲུབ་པས་ཧོ་ཞེས་སོ། །བཞི་པ་ཡོན་ཏན་རིན་ཆེན་རིགས་ཀྱི་དཀྱིལ་འཁོར་དུ་མཉམ་ཉིད་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཡོན་ཏན་ཕུན་སུམ་ཚོགས་པ་ལྔ་ལྷུན་གྱིས་གྲུབ་པས་ༀ་ཞིང་ཁམས་ཕུན་སུམ་ཚོགས་པ་ཆོས་ཀྱི་དབྱིངས་མཚན་མ་ཐམས་ཅད་མི་དམིགས་ཤིང་ཐབས་ཤེས་ཀྱི་སྒྱུ་འཕྲུལ་ལྷུན་སྟུག་པོ་བཀོད་པའི་རང་སྣང་མཉམ་པའི་དབྱིངས་ན། གཞལ་ཡས་ཁང་དང་ལྷའི་དཀྱིལ་འཁོར་མཐའ་ཡས་པ་རྒྱན་གྱི་བྱེ་བྲག་ཀུན་ནས་འོད་ཟེར་སྣ་ཚོགས་སྤྲོ་བ་ནི་ཡོན་ཏན་གྱི་སྐུའི། ཡེ་ཤེས་མཐའ་ཡས་པ་ཀུན་ནས་ལྷུན་གྱིས་གྲུབ་ཅིང་དབྱེར་མེད་མཉམ་པའི་ངང་དུ་ཐིམ་པ་ནི་བརྡ་འམ་རང་བཞིན་ཏེ་ཡོན་ཏན་གྱི་གསུང་ངོ་། །ཏིང་ངེ་འཛིན་དང་རྫུ་འཕྲུལ་དང་མངོན་པར་ཤེས་པ་ལ་སོགས་པ་སྣ་ཚོགས་ཀྱི་གཏེར་ཡིད་བཞིན་གྱི་ནོར་བུ་ལྟར་དགོས་འདོད་འབྱུང་བའི་སྐུ་གསུང་ཐུགས་ཆེན་པོ་མངའ་བ་ནི་ཡོན་ཏན་གྱི་ཐུགས་ཏེ། ངོ་མཚར་ཆེ་ཧོ་ཞེས་སོ། །ལྔ་པ་ཕྲིན་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་དུ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཕྲིན་ལས་ལྔ་ལྷུན་གྱིས་གྲུབ་པས་ༀ་ཕྱོགས་བཅུའི་སྣོད་བཅུད་འཇིག་རྟེན་ཞིང་གི་རྡུལ་ཕྲ་བ་སྙེད་དུ། རྒྱལ་བའི་དོན་ཕྲིན་ལས་རྣམ་པ་བཞི་པོ་རྣམས་ཀྱི་གྲངས་རྡུལ་ཕྲན་སྙེད་པ་ནི་མཛད་པ་རང་གི་ངོ་བོ་ཡིན་ཏེ་ཕྲིན་ལས་ཀྱི་སྐུའོ། །གང་ལ་གང་འདུལ་གྱི་སྤྲུལ་པའི་གྲངས་རྡུལ་ཕྲན་དང་མཉམ་པ་བསམ་ཡས་ཀྱིས་འདུལ་བ་ནི་སྤྲུལ་པ་འཕྲོ་བ་སྟེ་ཕྲིན་ལས་ཀྱི་གསུང་ངོ། སྤྲུལ་པ་དེ་དག་གིས་ཞིང་དེ་དག་ཏུ་སྐད་ཅིག་ཡུད་ཙམ་ལ་ཁྱབ་ནས་འབད་རྩོལ་མེད་པར་འགྲོ་བའི་དོན་ལྷུན་གྱིས་གྲུབ་པ་ནི་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་རྩོལ་མེད་དུ་གྲུབ་པའི་ཕྲིན་ལས་ཀྱི་ཐུགས་སོ། །དེ་ལ་ངོ་མཚར་བས་ཧོ་ཞེས་སོ། །གཉིས་པ་དཀྱིལ་འཁོར་གྱི་དབང་ཕྱུག་ཡབ་ཡུམ་ལ་བྱེ་བྲག་ཏུ་བསྟོད་པ་ནི། སྐུ་དང་ཡེ་ཤེས་ལྷུན་གྱིས་རྫོགས་པས་ༀ་ཕྱོགས་བཅུ་དུས་བཞི་དང་རང་སྣང་གི་རིགས་ལྔའི་དཀྱིལ་འཁོར་ཐམས་ཅད་མ་ལུས་པའི་རང་བཞིན་ནི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡིན་ལ། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱེད་པ་པོའི་བདག་ཉིད་ཆེ་སྟེ་ཀུན་ཏུ་བཟང་པོ་དང་། སྐུ་གསུང་ཐུགས་ཀྱིས་བྱ་བ་མོའི་ཡུལ་ཀུན་ལ་ཁྱབ་པ་ནི་ཀུན་ཏུ་བཟང་མོ་སྟེ། ཡབ་ཡུམ་གཉིས་སུ་མེད་པའིི་རང་བཞིན་དེ་ནི་འཁོར་འདས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་ངོ་བོ་ཡེ་ནས་སངས་རྒྱས་པའི་ཆོས་ཉིད་ཐིག་ལེ་ཆེ་གཞི་ལམ་འབྲས་བུའི་ཀུན་ཏུ་བཟང་པོ་ཡབ་ཡུམ་ནི་སངས་རྒྱས་དང་སེམས་ཅན་ཀུན་གྱི་གདོད་མའི་མགོན་པོར་ལྷུན་གྱིས་གྲུབ་པས་ཧོ་ཞེས་སོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། ཞེས་ལྷུན་སྟུག་པོ་བཀོད་པའི་ཞིང་རང་སྣང་དག་པའི་འཁོར་ལ་ཞུ་བ་པོ་མེད་པར་ཆེད་དུ་བསྒྲགས་སོ། །འབྲས་བུ་གསང་བའི་སྙིང་པོ་སྐུ་དང་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ངེས་པ་ལས་མཉེས་པའི་མཆོད་པའི་ལེའུ་སྟེ་བཅུ་བཞི་པའོ།། ༈ །།སྤྱི་དོན་གཉིས་པ་ཁྲོ་བོ་མངོན་པར་འབྱུང་བའི་དཀྱིལ་འཁོར་བཤད་པ་ལ་གསུམ་སྟེ། གཞི་ལྷུན་གྱིས་གྲུབ་པའི་རང་བཞིན་ཁྲོ་བོའི་དཀྱིལ་འཁོར་དུ་སྣང་བའི་ཚུལ་བསྟན་པ། ལམ་ཇི་ལྟར་བསྒྲུབ་པ་ཐབས་ཀྱི་ཡན་ལག་རྒྱ་ཆེར་བཤད་པ། འབྲས་བུ་སྐུ་དང་ཡེ་ཤེས་ལ་བསྟོད་པའི་ཚུལ་བརྗོད་པའོ། །དང་པོ་ལ་གཉིས། ཁྲོ་བོ་མངོན་པར་འབྱུང་བའི་ཚུལ་མདོར་བསྟན་པ་དང་། དེའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། ཞི་བའི་དཀྱིལ་འཁོར་བསྟན་པ་དེ་ནས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་དཔལ་ཀུན་ཏུ་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ་ཉིད་ཀྱིས་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ལས་མ་གཡོས་བཞིན་དུ་ལྷུན་སྟུག་པོ་བཀོད་པའི་ཞིང་དུ་རང་སྣང་ཁྲོ་བོའི་དཀྱིལ་འཁོར་ཡེ་ཤར་དུ་བཀོད་པའི་མངོན་པར་འདུ་མཛད་དེ་སྤྲུལ་པ་སྐུའི་ཁྲོ་བོ་འབྱུང་བའི་འཆར་གཞིར་བཞུགས་སོ། །གཉིས་པ་ལ་གཉིས། གདུལ་བྱ་ལས་ཀྱི་ཁྲོ་བོའི་འབྱུང་ཚུལ་དང་། འདུལ་བྱེད་ཡེ་ཤེས་ཀྱི་ཁྲོ་བོས་བཏུལ་ཚུལ་ལོ། །དང་པོ་ལ་གཉིས། དགོས་ཆེད་དྲི་བ་དང་། དེའི་ལན་བཤད་པའོ། །དང་པོ་ནི། འཆར་གཞི་ལོངས་སྐུ་དང་དེ་ལས་ཤར་བ་སྤྲུལ་སྐུའི་ཁྲོ་བོའི་དཀྱིལ་འཁོར་བསྟན་པ་དེ་དགོས་པའམ་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས། རྒྱུ་གང་གིས་བསྐྱེད་པ་དང་། འབྲས་བུ་གང་དུ་སྨིན་པའོ། །དེའང་སྤྲུལ་སྐུའི་ཁྲོ་བོས་འདུལ་བ་ལ་ལོངས་སྐུའི་ཁྲོ་བོ་དགོས་ལ། ལོངས་སྐུའི་ཁྲོ་བོས་མཛད་པའི་ཆོ་འཕྲུལ་རང་སྣང་དུ་སྟོན་པ་ཇི་འདྲ་ན་སྤྲུལ་སྐུའི་ཁྲོ་བོས་གདུལ་བྱའི་འཇིག་རྟེན་དུ་སྟོན་པས་ཆུ་དང་ཟླ་གཟུགས་བཞིན་འབྲེལ་པ་གྲུབ་པ་དེའི་ཕྱིར་མ་དག་པར་སྣང་བ་ཉིད་འདུལ་བར་སྟོན་པའོ། །སྐབས་འདིའི་གདུལ་བྱ་དང་འདུལ་བྱེད་བཟང་ངན་གྱིས་བསྐྱེད་པའི་རྒྱུ་འབྲས་དང་བཟང་ངན་དུ་སྣང་ཡང་དོན་ལ་བཟང་ངན་མེད་དེ་ངོ་བོའི་འཆར་ཚུལ་དེ་ལྟར་སྣང་བའི་ཕྱིར་རོ། །དེས་ན་འདི་དང་མདོ་གཉིས་འཆར་གཞི་དང་འཆར་བྱེད་དུ་འབྲེལ་ལོ། །རྣམ་པ་དེ་འདྲ་བས་དུས་གཅིག་པའང་མ་དགོས་ཏེ་འཆར་བྱེད་འཆར་གཞི་དང་དུས་གཅིག་ཀྱང་འཆར་གཞི་འཆར་བྱེད་དང་གཅིག་པའི་ངེས་པ་མེད་དེ་ཟླ་བ་དང་ཟླའི་དུས་བཞིན་ནོ། །འོན་ཏེ་གཅིག་པའང་མི་འགལ་བར་རུང་སྟེ་དེ་ལྟར་བྱིན་གྱིས་རློབ་ནུས་པའི་ཕྱིར་རོ། །དང་པོ་ནི། ང་དང་ང་ཡིར་འཛིན་པའི་གང་ཟག་གི་བདག་ཏུ་རང་གི་སེམས་རྨོངས་པའི་རྣམ་པར་རྟོག་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་འཛིན་པ་ལ་བདག་ཏུ་ཞེན་པ་དང་། །ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བ་བརྡ་ཙམ་བློས་བརྟགས་པ་ཙམ་ཡིན་པ་ལ་དེ་ལྟར་མ་ཤེས་པར་བདེན་བདེན་གྲུབ་གྲུབ་པོར་མངོན་པར་ཞེན་པ་ཀུན་ཏུ་བརྟགས་པའི་མ་རིག་པས། གཟུང་ཡུལ་ལ་བདག་གིར་ཞེན་པས་འཁོར་བར་འཁྱམས་ཤིང་སྲིད་པའི་རྒྱུ་བྱེད་དེ་སྡུག་བསྔལ་གྱིས་འཁོར་མོར་གདུང་ལ་ཡང་དག་པའི་ལམ་འཁོར་བ་ལས་ངེས་པར་འབྱིན་པའི་ཤེས་རབ་ཟབ་མོ་དང་བྲལ་བ་དག་ནི་སྲིད་པའི་འདུ་བྱེད་པ་སྦྱིའི་རྒྱུ་ཡིན་ལ་དེའི་སྟེང་དུ་དོན་ཟབ་མོ་རྒྱུད་ལུང་གི་ཁུང་ན་གབ་པའི་རང་བཞིན་རྟོགས་པར་དཀའ་བ་རང་བཞིན་གྱིས་གསང་བ་མ་རྟོགས་པར་སྦྱོར་སྒྲོལ་གྱི་ཐབས་ལ་སོགས་པ་སྦས་པའི་གསང་བ་སྤྱོད་པ་བརླང་པོ་རང་འགལ་བ་ལ་མངོན་པར་འཆེལ་ནས་སྤྱོད་ཅིང་། རྒྱུ་དགེ་སྡིག་དང་འབྲས་བུ་བདེ་སྡུག་གི་འབྲེལ་བ་ལ་རྨོངས་པས་གསང་བ་ཟབ་མོ་རྣམས་ཀྱི་སྒྲ་ཅི་ལྟ་བར་སྤྱོད་ཅིང་ཕྱིན་ཅི་ལོག་གི་ལམ་ལ་ཞུགས་པ་རཱུ་ཏྲར་སྐྱེ་བའི་རྒྱུ་སྟེ་ཐར་པ་ནག་པོ་ལྟ་བུའོ། །གཉིས་པ་ལ་གཉིས། རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་མྱོང་བ་དང་། རྒྱུ་མཐུན་གྱི་འབྲས་བུ་གཞན་ལ་འཚེ་བའོ། །དང་པོ་ལའང་གཉིས་ལས་དམྱལ་བར་སྐྱེ་བའི་ཚུལ་ནི། སྔོན་ཞེ་སྡང་ལ་སོགས་པས་ཀུན་ནས་བསླངས་བའི་ལས་བསགས་ཏེ་དམ་ཚིག་ཉམས་པའི་ཉེས་པ་ནི། སྲིད་པའི་ས་བོན་རྩུབ་མོ་སྟེ་དེས་བར་དོ་མེད་པར་རྡོ་རྗེའི་དམྱལ་བར་འཕངས་ནས། བར་མཚམས་མེད་པའི་རབ་ཏུ་ཚ་བའི་དམྱལ་བ་མནར་མེད་པར་སྐད་ཅིག་ལ་སྐྱེས་སོ། །དེ་ཉིད་དུ་བསྐལ་ཆེན་དུ་མར་སྡུག་བསྔལ་ལ་སྤྱོད་དོ། །དེ་རབ་ཏུ་ཚ་བའི་སྡུག་བསྔལ་དྲག་པོས་གདུངས་པ་དང་ལས་ཅུང་ཟད་བསྲབས་ཏེ་དེ་ལས་ཐར་དུ་ཉེ་བ་ན། གྲང་དམྱལ་གྱི་གནས་དག་མཐོང་ནས་འདི་བས་ཤིན་ཏུ་གྲང་བའི་གནས་ཕ་གིར་སྐྱེས་ཤིང་སྡུག་བསྔལ་མྱོང་ཡང་ཅི་མ་རུང་སྙམ་པའི་མོད་ལ་དེར་སྐྱེས་ཏེ། གངས་དང་བུ་ཡུག་ལ་སོགས་པས་རབ་ཏུ་སྦྲེབས་པ་སྟེ་ཤིན་ཏུ་གྲང་བ་དང་། ལུས་ཀྱང་པདྨ་ལྟར་བཞི་ཚལ་དང་བརྒྱད་ཚལ་ལ་སོགས་པར་གས་པའི་སྡུག་བསྔལ་དྲག་པོ་བཟོད་བཀའ་བ་བཏུད་མར་འབྱུང་བ་དག་གིས་རབ་ཏུ་གདུང་བ་དེ་ལྟ་བུའི་སྡུག་བསྔལ་རབ་ཏུ་ཚ་བ་མནར་མེད་ལ་སོགས་པ་སྟེ་རབ་ཏུ་ཚ་བ་དང་ཚ་བ་དང་ངུ་འབོད་ཆེན་པོ་དང་ངུ་འབོད་དང་བསྡུས་འཇོམས་དང་ཐིག་ནག་དང་ཡང་སོས་ཏེ་བརྒྱད་དང་། ཤིན་ཏུ་གྲང་བ་པདྨ་ཆེན་པོ་ལྟར་གས་པ་ལ་སོགས་པ་སྟེ་པདྨ་ལྟར་གས་པ་ཨུཏྤལ་ལྟར་གས་པ་ཀྱི་ཧུད་ཟེར་བ་སོ་ཐམ་ཐམ་པ་ཨ་ཆུ་ཟེར་བ་ཆུ་བུར་རྡོལ་བ་ཅན་ཆུ་བུར་ཅན་ཏེ་བརྒྱད་པོ་དག་ཏུ། ཕན་ཚུན་ཟུང་རེ་རེ་ཞིང་སྐྱེ་རེས་ཀྱིས་འཇིག་རྟེན་དེ་འཇིག་པར་བརྩམས་པ་ན་འཇིག་རྟེན་གྱི་ཁམས་གཞན་དུ་བརྒྱུད་ཅིང་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་སུ་ཚ་གྲང་གི་སྡུག་བསྔལ་དཔག་ཏུ་མེད་པར་མྱོང་ངོ་། །གཉིས་པ་ཡི་དྭགས་སུ་སྐྱེས་པའི་ཚུལ་ནི། དེ་ནས་དམྱལ་བའི་རྣམ་པར་སྨིན་པ་དེ་དག་ཟད་པ་དང་། ཡི་དྭགས་སུ་སྐྱེས་ནས་ལྟོགས་པ་དང་། སྐོམ་པའི་སྡུག་བསྔལ་གྱིས་རབ་ཏུ་ཉེན་པ་སྤྱི་མཐུན་གྱི་སྒྲིབ་པ་ཅན་དང་། ཕྱི་རོལ་འདོད་པའི་དངོས་པོ་རྣམས་ཡིད་དུ་མི་འོང་བ་ཆུ་གཙང་ལ་རྣག་ཁྲག་ལ་སོགས་པར་མཐོང་བའི་ཕྱིའི་སྒྲིབ་པ་ཅན་དང་། བཟའ་བཏུང་དང་པོར་མི་རྙེད་ཅིང་རྙེད་ཀྱང་མགྲིན་པར་མི་ཆུད་ཆུད་ནའང་ནང་ཁྲོལ་ལ་མེ་འབར་ཏེ་ལུས་ཕྱི་ནང་ཀུན་ཏུ་མེ་འབར་བའི་ཕྱིར་ན་ལོངས་སྤྱོད་ཀྱི་དངོས་པོ་རྣམས་གདུག་ཅིང་རྩུབ་པའི་དངོས་པོ་སྣ་ཚོགས་སུ་སྐད་ཅིག་ལ་གྱུར་པ་མེ་ལྕེའི་འཁོར་ལོ་ཅན་དང་། སྐོམ་པའི་ཚེ་རྒྱ་མཚོ་དང་ཆུ་ཀླུང་ཆེན་པོ་དང་བཀྲེས་པའི་ཚེ་བཟའ་བའི་བྱེ་བྲག་དང་གནས་དང་ཡོ་བྱད་ཡིད་དུ་འོང་བ་དག་པ་ལོངས་སྤྱོད་པར་འདོད་ནས་བལྟས་ཤིང་དེའི་དྲུང་དུ་ཕྱིན་པའི་ཚེ་ཡོངས་ཏེ་ལྷག་རོལ་ལམ་རྗེས་ཤུལ་ཙམ་ཡང་མེད་པར་འགྱུར་ཞིང་། རུས་གཟེབ་ལ་པགས་པས་གཡོགས་པ་ཙམ་ལས་ཤ་ཁྲག་གི་མདངས་མེད་པར་ཤིན་ཏུ་རིད་ཅིང་བསྐམས་པ་དང་། ལུས་དང་ཡན་ལག་མི་འཚམ་པར་རི་རབ་དང་འཇག་མ་ཙམ་དང་། དབང་པོ་མ་ཚང་ཞིང་སྐྱོན་ཆགས་པ་མགོ་རི་ཙམ་ལ་ཁ་ཁབ་མིག་ཙམ་པ་ལ་སོགས་པ་རྣམ་པར་མི་འཚམས་པར་གྱུར་པར་བསྐལ་པ་ཆེན་པོ་དྲུག་ཏུ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་སྐྱེས་སོ། །གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་གཞན་ལ་ཇི་ལྟར་འཚེ་བའི་ཚུལ་ནི། དེ་ནས་ཡི་དྭགས་སུ་སྐྱེས་པའི་ལས་ཀྱི་སྒྲིབ་པ་རྩུབ་མོའི་རྣམ་པར་སྨིན་པ་དེ་ཁད་ཀྱིས་བསྲབས་ཏེ་རགས་པ་དེ་ཟད་པ་དང་། ཕྲ་བའི་རྒྱུ་དང་སྔོན་གྱི་སྐྱེ་བ་ལ་ཁྲོ་བོ་མགོ་དང་ཕྱག་དུ་མ་ཡོད་པ་བསྒོམས་ཤིང་རང་མཚན་དུ་ཞེན་ནས་ཕྲ་མེན་ལ་སོགས་པའི་འཁོར་ཡིད་ལ་བྱས་ཏེ་དྲག་སྔགས་རྩུབ་མོ་རྣམས་བཟླས་ཤིང་། དངོས་པོ་བཞི་ལ་སྤྱོད་པ་ལ་སོགས་པའི་ལས་ཀྱི་སྲིད་པས་རཱུ་ཏྲའི་རྒྱུད་དུ་འཚམས་སྦྱར་ནས། ངོ་བོ་ཡི་དྭགས་ཀྱི་འགྲོ་བས་བསྡུས་ཤིང་ཆ་ལུགས་སྲིན་པོ་ཆེན་པོ་མཚོན་ཆ་དང་མགོ་ཐོད་ཐོགས་པ་སེམས་རབ་ཏུ་གདུག་པ་ཅན་ཁྲོ་ཞིང་གཏུམ་པོ་འཇིགས་སུ་རུང་བ་སྟེ་རྫུ་འཕྲུལ་ནི་ལུས་གཅིག་ལའང་མགོ་བོ་བརྒྱ་པ་དང་། དེ་ཡང་སྟག་དང་སེང་གེ་ལ་སོགས་པའི་མགོ་མི་འདྲ་བ་སྣ་ཚོགས་པ་དང་། ལྷ་དང་ལྷ་མ་ཡིན་ལ་སོགས་པའི་ལུས་བརྒྱ་ལ་མ་ཧེ་ལྟ་བུའི་མགོ་བོ་གཅིག་པ་དང་། གླང་པོ་ཆེ་དང་ཆུ་སྲིན་ལ་སོགས་པའི་ལུས་སྣ་ཚོགས་པ་དང་། ལུས་གཅིག་ལ་ཡན་ལག་རབ་ཏུ་མང་པོ་དང་། ཡན་ལག་དེ་དག་ཀྱང་ཁ་དོག་དང་རྣམ་པ་མི་འདྲ་བ་སྣ་ཚོགས་པ་དང་། དེ་དག་གིས་མདའ་དང་མདུང་ཐུང་ལ་སོགས་པ་གདུག་པའི་ལག་ཆ་སྣ་ཚོགས་པ་ཐོགས་པ། མ་མོ་དང་ཤ་ཟ་དང་མཁའ་འགྲོ་ལ་སོགས་པའི་འཁོར་རབ་ཏུ་མང་པོ་དང་ལྡན་པ། ཡན་ལག་སྤྲུལ་དུ་བྱུང་ཞིང་ལུས་ལ་གཤོགས་པ་ཐོགས་པ་ལ་སོགས་པ་འཇིགས་པའི་གཟུགས་སྣ་ཚོགས་དང་། ར་ལ་ར་ལ་རུ་ལུ་རུ་ལུ་ལ་སོགས་པ་འཇིགས་པའི་ང་རོ་སྒྲ་སྣ་ཚོགས་སྒྲོགས་པའོ། །དེའི་བྱེད་ལས་ནི་འཇིགས་པའི་གཟུགས་དང་མི་སྙན་པའི་ང་རོ་དང་། མི་ཞིམ་པའི་དྲི་དང་རིམས་ནད་གཏོང་བའི་ཁ་རླང་ཀྱིས་འཚུབས་པས་འགྲོ་བ་ཐམས་ཅད་སྐྱི་བུང་ཞེས་སྔང་བར་བྱེད་པ། ཕྱོགས་ཐམས་ཅད་རབ་ཏུ་འཇིགས་པའི་རླུང་ནག་གི་མུན་པས་ཁེབས་པ་དང་། གྲང་བ་དང་ཚ་བའིི་དབུགས་ཀྱིས་ཕྱོགས་བཅུ་ཀུན་ཏུ་སྟོང་ཁམས་ཐམས་ཅད་འཁྲུགས་པར་བྱེད་པ། རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞི་འགྲོ་བ་ལ་འདེབས་པར་བྱེད་པ། སེམས་མྱོས་ཤིང་ལུས་དང་དྲན་པ་ཉམས་པར་བྱེད་པའི་མཐུས། དགའ་བོ་དང་འཇོག་པོ་ལ་སོགས་པ་ཀླུའི་རིས་དང་། ཐག་བཟང་རིས་ལ་སོགས་པ་ལྷ་མ་ཡིན་གྱི་རིས་དང་། དབང་པོ་དང་ཁྱབ་འཇུག་ལ་སོགས་པ་འདོད་པའི་ལྷའི་རིས་དང་། བསམ་གཏན་དང་པོའི་ཚངས་པའི་རིས་དང་། ཚངས་པ་ཀུན་འཁོར་དང་ཚངས་ཆེན་དང་། གཉིས་པའི་འོད་ཆུང་དང་ཚད་མེད་འོད་དང་། འོད་གསལ་དང་། གསུམ་པའི་དགེ་ཆུང་ཚད་མེད་དགེ་དང་དགེ་རྒྱས་དང་། བཞི་པའི་སྤྲིན་མེད་དང་བསོད་ནམས་སྐྱེས་དང་འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་སོ། །གཉིས་པ་འདུལ་བྱེད་ཡེ་ཤེས་ཀྱི་ཁྲོ་བོས་བཏུལ་ཚུལ་ལ་གཉིས་ལས། དང་པོ་གདུལ་བྱ་གཟིགས་ཚུལ་ནི། རཱུ་ཏྲ་དེ་སྔོན་ཐེག་པ་ཆེན་པོར་སེམས་བསྐྱེད་ཅིང་དབང་མནོས་ཏེ་དགེ་བའི་བཤེས་གཤེན་བསྟེན་པའི་བསོད་ནམས་ཀྱི་སྟོབས་ཀྱིས་ཆེ་བཙུན་དང་གདུལ་ཞིང་དུ་གྱུར་པ་དཔལ་ཆེན་པོ་ཧེ་རུ་ཀ་ཐམས་ཅད་མཁྱེན་པས་འདུལ་བའི་དུས་ལ་བབ་པར་གཟིགས་ནས་ཐབས་ལ་མཁས་པ་དང་ཐུགས་རྗེས་འདུལ་བར་བྱ་བར་གྱུར་ཏེ་གདུལ་བའི་དུས་ལ་བབ་པར་དགོངས་སོ། །གཉིས་པ་བཏུལ་བ་དངོས་རྒྱས་པར་བཤད་པ་ལ་གསུམ། ཆོ་འཕྲུལ་བཞིས་དྲེགས་པ་ཅན་ཟིལ་གྱིས་མནན་པ། ཕྲིན་ལས་དྲག་པོས་གདུག་པ་ཅན་ཚར་བཅད་པ། ཐུགས་རྗེས་རྗེས་སུ་བཟུང་ནས་བཀའ་ལ་བཏགས་པའི་ཚུལ་ལོ། །དང་པོ་ལ་གཉིས་ལས། དང་པོ་རྒྱུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ནི། གདུལ་བྱ་ལས་ཀྱི་ཁྲོ་བོ་སྣང་བ་དེ་ནས་འདུལ་བྱེད་ཡེ་ཤེས་ཀྱི་ཁྲོ་བོ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་སྐུ་ནི་ཆེ་བའི་རྡོ་རྗེ་གཉིས་སུ་མེད་པའི་རང་བཞིན་རྒྱ་ཆད་ཕྱོགས་ལྷུང་མེད་པར་བཀོད་པའི་སྒྱུ་འཕྲུལ་དྲྭ་བས་ཏེ་སྣང་སྟོང་གཉིས་མེད་ནམ་མཁའ་ལྟ་བུའི་ངང་ལས་རང་སྣང་ཁྲོ་བོའི་ལོངས་སྐུ་འབྱུང་སྟེ། དགོས་པ་ནི། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་ཞིང་ན་སྲིད་པ་གསུམ་གྱི་བདག་པོ་དྲེགས་པ་རཱུ་ཏྲ་འདུལ་བའི་ང་རྒྱལ་ཆེན་པོའི་ཞེ་སྡང་ལ་སོགས་པའི་སྙེམ་པ་ཐམས་ཅད་ཟིལ་གྱིས་གནོན་པའི་གཟི་བརྗིད་སྟོན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ཆེན་པོ། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་གདུལ་བྱ་འདུལ་བའི་ཐབས་ལ་དགྱེས་པ་ཆེན་པོས་ཁྲོ་བོའི་རྒྱལ་པོ་ཧེ་རུའི་ཀའི་དཀྱིལ་འཁོར་གྱི་སྤྲིན་ཆེན་པོ་རྣམ་པར་འཕྲོ་བའི། སྒྱུ་འཕྲུལ་དྲྭ་བའི་རྒྱལ་པོ་ཡེ་ཤེས་རང་སྣང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་གནས་སོ། །གཉིས་པ་དེ་ལས་ཆོ་འཕྲུལ་ཇི་ལྟར་སྤྲོས་པའི་ཚུལ་ལ་གསུམ་ལས། དང་པོ་དབྱིངས་གང་ལས་སྤྲོས་པ་ནི། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ནས། ཡེ་ཤེས་ཀྱི་ཁྲོ་མོ་དབང་ཕྱུག་ཆེན་མོ་གདངས་ཀྱི་ཡུམ་བྱ་བ་མོ་ཀུན་ཏུ་བཟང་མོ་རང་སྣང་དུ་མངོན་དུ་ཕྱུང་སྟེ། ཧི་ཧི་ཞེས་ཡབ་ལ་དགྱེས་པའི་སྐུའི་གཟི་མདངས་ཀྱིས་གསང་བའི་པདྨ་བསྟན་པས་བྱེད་པ་པོ་ཀུན་ཏུ་བཟང་པོ་ཡང་ཧ་ཧ་ཞེས་རིན་ཆེན་དང་པདྨ་བདེ་བས་རྒྱས་པར་མཛད་ནས། ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ་ཏེ་རོལ་པའི་དགྱེས་པས་པདྨར་ནོར་བུ་ཐིམ་པར་མཛད་ནས་རོལ་ལོ། །གཉིས་པ་ཚུལ་ཇི་ལྟར་སྤྲོས་པ་ནི། ཡབ་ཀྱི་བྱང་ཆུབ་སེམས་ཀྱི་སྤྲིན་ཡུམ་གྱི་མཁར་བབ་པ་ལས་བྱུང་བ་ནི་རྒྱུའོ། །དེའི་ཚེ་ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུཾ་ཞེས་པ་ནི་རྐྱེན་ཏེ་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་སྣ་ཚོགས་རྡོ་རྗེ་ཁྲོ་བོ་འབར་བའི་དཀྱིལ་འཁོར་གྱིས་མ་རུང་བའི་རྣམ་འགྱུར་གསུམ་དང་ལྡན་པའི་གདུག་པ་ཅན་གྱི་ལུས་ངག་ཡིད་གསུམ་དུམ་བུར་གྱིས་ཤིག་པའོ་ཞེས་བརྗོད་པས། ནམ་མཁའི་མཐའ་ཀླས་པའི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ཐམས་ཅད་གོ་འཚམས་མེད་པར་ཁྱབ་པར་ཀུན་ཏུ་བཟང་མོ་ཡུམ་གྱི་མཁའ་དབྱིངས་ལས་རིགས་ལྔའི་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་ཆེ་ཆུང་སྟོང་གསུམ་གྱི་འཇིག་རྟེན་ཙམ་པ་ལ། གྲངས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་མོ་སྙེད་ཙམ་འཐོན་པར་འགྱུར་ནས་གང་བར་གྱུར་ཏོ། །གསུམ་པ་སྤྲོས་པའི་ལྟས་ནི། དེ་ལྟར་ཁྲོ་བོའི་སྤྲིན་གྱིས་ནམ་མཁའི་ཁམས་ཀུན་གསལ་བས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཀྱིས་དང་རི་གླིང་ཐམས་ཅད་ཆུང་ངུར་གཡོས། འབྲིང་དུ་རབ་ཏུ་གཡོས། ཆེན་པོར་ཀུན་ཏུ་རབ་ཏུ་གཡོས་སོ། །འབྲུག་ལ་སོགས་པའི་སྒྲ་སྐད་ཆུང་ངུར་འུར་འུར། འབྲིང་དུ་རབ་ཏུ་འུར་འུར། །ཆེན་པོར་ཀུན་ཏུ་འུར་འུར་རོ། །ལྷའི་རྔ་བོ་ཆེ་ལ་སོགས་པ་རོལ་མོའི་ཚོགས་རྣམས་མ་བརྡུང་ཀྱང་རང་སྒྲ་ཆུང་ངུར་ཆེམ་ཆེམ། འབྲིང་དུ་རབ་ཏུ་ཆེམ་ཆེམ། ཆེར་པོར་ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །རི་དང་ས་རྡོ་ལ་སོགས་པར་རགས་པའི་དངོས་པོ་འདུས་པ་རྣམས་མ་གྱེས་ཙམ་དུ་ཆུང་ངུར་ཤིག་ཤིག །འབྲིང་དུ་རབ་ཏུ་ཤིག་ཤིག །ཆེན་པོར་ཀུན་ཏུ་རབ་ཏུ་ཤིག་ཤིག་གོ །རྒྱ་མཚོ་ལ་སོགས་པའི་རྦ་རླབས་ཆུང་ངུར་གཏོར་གཏོར། འབྲིང་དུ་རབ་ཏུ་གཏོར་གཏོར། ཆེན་པོར་ཀུན་ཏུ་གཏོར་གཏོར་རོ། །ཆུང་འབྲིང་ཆེ་གསུམ་ནི་ས་འོག་སྟེང་ས་བླ་གསུམ་བསྟན་པའོ། །དེ་ལྟར་ལྔ་པོ་ལ་གསུམ་གསུམ་གྱིས་ལྟས་ཆེན་པོ་བཅོ་ལྔ་ཞེས་བྱའོ། །དེ་ནི་སྣོད་ལྟར་ཕྱི་ལ་སྦྱར་བ་ཡིན་ཞིང་། སྣོད་ཟིལ་གྱིས་གནོན་པའོ། །བཅུད་ལྟར་ནང་དུ་སྦྱར་ན་གཡོ་བ་གཡུམ་འགྲོ་བའི་སེམས་སོ། །འུར་བ་གསུམ་སྒོ་གསུམ་མོ། །ཆེམ་པ་གསུམ་གཟུང་བ་དང་འཛིན་པ་དང་གཉིས་བཅས་སོ། །ཤིག་པ་གསུམ་དུག་གསུམ་མོ། །འཐོར་པ་གསུམ་སྤང་གཉེན་འཛིན་པ་དང་བཅས་པ་སྟེ་བཅོ་ལྔ་དག་པར་བྱས་པའོ། །ཡེ་ཤེས་ལྟར་གསང་བར་སྦྱར་ན་རང་སྣང་འོད་ལྔའི་སྣང་བ་ནི་གཡོས་པ་གསུམ་མོ། །ཡེ་ཤེས་ཀྱི་གཞལ་མེད་ཁང་ཕྱོགས་བཅུར་གསལ་བ་ནི་འུར་བ་གསུམ་མོ། རྟེན་པ་ལྷའི་དཀྱིལ་འཁོར་ནི་ཆེམ་པ་གསུམ་མོ། །སྣང་བ་མི་འདྲ་བའི་བཀོད་པ་དུ་མ་བ་ནི་ཤིག་པ་གསུམ་མོ། །དཀྱིལ་འཁོར་གྱི་འཕྲོ་འདུ་དང་རོལ་པ་ནི་འཐོར་བ་གསུམ་མོ། །ཡང་གསང་བླ་མེད་ལྟར་སྦྱར་ན་སྣང་ཡུལ་བཟང་ངན་བར་མ་གསུམ་ནི་གཡོས་པ་གསུམ་མོ། །ཤེས་པ་དགག་སྒྲུབ་པར་མ་གསུམ་ནི་འུར་བ་གསུམ་མོ། །དེ་ཉིད་རང་གྲོལ་ཀུན་ཏུ་བཟང་པོ་ཐབས་ཤེས་ཟུང་འབྲེལ་གསུམ་དུ་ཤར་བས་ཆེམ་པ་གསུམ་མོ། །དེའི་ཚེ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་བདེ་གསལ་མི་རྟོག་པ་གསུམ་དུ་ཤར་བ་ནི་ཤིག་པ་གསུམ་མོ། །རང་བཞིན་རྟོགས་པས་སྤང་གཉེན་འཛིན་པ་གསུམ་ཞིག་པ་ནི། འཐོར་བ་གསུམ་སྟེ་འཁོར་བ་ཆོས་ཉིད་དུ་གྲོལ་བའི་ལྟས་ཆེན་པོ་བཅོ་ལྔའོ། །དེ་དག་བསྟན་པས་དེའི་ཚེ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་གཙོ་བོ་རང་རང་གི་གནས་རིས་ན་དབང་ཆེ་བ་དང་། འོད་དང་གཟི་བརྗིད་ཆེ་བ་དང་། སྟོབས་དང་ནུས་མཐུ་ཆེ་བའི་ལྷ་དབང་ཕྱུག་ཆེན་པོ་དང་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ཐམས་ཅད་ལུས་འགྱེད་ཅིང་གཟི་བརྗིད་ཆུང་བར་གྱུར་པས་བརྒྱལ་ངག་ཅུང་ཟད་ཀྱང་སྨྲ་བར་མི་ནུས་པས་རབ་ཏུ་བརྒྱལ། སེམས་སྐྲག་ཅིང་སྤ་བཀོང་ལ་དྲན་པ་ཉམས་པས་ཀུན་ཏུ་བརྒྱལ་བར་འགྱུར་ཏོ། །གཉིས་པ་ཕྲིན་ལས་དྲག་པོས་གདུག་པ་ཅན་ཚར་བཅད་པ་ལ་བཞི། གཙོ་བོ་ཡེ་ཤེས་ཀྱི་དཀྱིིལ་འཁོར་བཀོད་པ། དྲེགས་པ་ཕོ་རྒྱུད་དངོས་སུ་བསྒྲལ་བ། མོ་རྒྱུད་སྦྱོར་བས་དགྱེས་པ། འཁོར་གྱི་དཀྱིལ་འཁོར་སྤྲོས་པའོ། །དང་པོ་ལ་གཉིས་ལས། དང་པོ་གཙོ་བོ་ཆེ་མཆོག་ཏུ་བཞུགས་པའི་ཚུལ་ནི། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཉིད། འཇིགས་བྱེད་ཆེན་པོ་ཤིན་ཏུ་རྔམ་པའི་ཆ་ལུགས་སྐྱི་བུང་ཞེས་བྱེད་པའི་རྣམ་པ་ཡེ་ཤེས་ཀྱི་གཟི་མདངས་ཉི་མ་འབུམ་བས་ཀྱང་འབར་བ་ཆེན་པོའི་འོད་འཕྲོ་ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀ་སྐུ་མཆོག་སྨུག་ནག་ལ་རྣམ་འགྱུར་ཅིར་ཡང་འགྱུར་བ་དབུ་དང་ཕྱག་དང་ཞབས་གྲངས་མཐའ་ཡས་པ་སྟོང་ཁམས་ཀྱི་རྡུལ་སྙེད་མངའ་བའི་ཕྱག་ན་མཚོན་ཆ་སྣ་ཚོགས་འཛིན་པ་དེ་རྣམ་པར་ཐར་པའི་དབུ་གསུམ་དང་ཕ་རོལ་ཏུ་ཕྱིན་པའི་ཕྱག་དྲུག་དང་རྫུ་འཕྲུལ་གྱི་རྐང་པའི་ཞབས་བཞིར་གྱུར་ཏེ། འཁོར་བ་མ་སྤང་གནས་སུ་དག་པའི་དུར་ཁྲོད་ཆེན་པོར་དགྱེས་ནས་འདོད་ཆགས་གནས་སུ་དག་པའི་ཕྱིར་ཁྲག་གི་རྒྱ་མཚོའི་ཀློང་དཀྱིལ་ན། ཞེ་སྡང་མ་སྤངས་གནས་སུ་དག་པའི་བརྡར་ཀེང་རུས་ཆེན་པོའི་ཚོགས་སྤུངས་ཤིང་བརྩིགས་པའི་རི་རབ་ཀྱི་སྟེང་ན་གཏི་མུག་གནས་སུ་དག་པའི་ཕྱིར་ཡེ་ཤེས་ཀྱི་མེ་རི་མེ་དཔུང་འབར་བ་ཆེན་པོའི་ཀློང་གི་དབུས་འཁོར་ལོ་རྩིབས་བཞི་པའི་དཀྱིལ་ན་ལྷ་དབང་ཕྱུག་ཆེན་པོ་སྟེ་མ་ཧཱ་དེ་བ་དང་། དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཆེན་པོ་ཨུ་མ་དེ་བ་སྟེ་ཁྱོ་ཤུགས་གི་གདན་ལ་གཡོན་བརྐྱང་གཡས་བསྐུམས་སུ་བཞུགས་སོ། །གཉིས་པ་འཁོར་རིགས་བཞིར་བཀོད་ཚུལ་ནི་གོང་དུ་སྤྲོས་པའི་ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་ཕུང་གི་ཚོགས་དེ་དག་ཀྱང་། རིགས་ལྔའམ་བཞིའི་རང་བཞིན་ལས་ལ་ལ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རིགས་རྣམས་ནི་དཔལ་ཁྲག་འཐུང་ཆེན་པོ་བཛྲ་ཧེ་རུ་ཀར་གྱུར་ཏེ་འཁོར་ལོའི་རྩིབས་ཤར་ཕྱོགས་སུ་བཞུགས་སོ། །ལ་ལ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རིགས་རྣམས་ནི་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེ་སྟེ་རཏྣ་ཧེ་རུ་ཀར་གྱུར་ཏེ་འཁོར་ལོའི་རྩིབས་ལྷོ་ཕྱོགས་སུ་བཞུགས་སོ། །ལ་ལ་སྟེ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རིགས་རྣམས་ནི་དཔལ་ཁྲག་འཐུང་ཆེན་པོ་པདྨ་ཧེ་རུ་ཀར་གྱུར་ཏེ་འཁོར་ལོའི་རྩིབས་ནུབ་ཕྱོགས་སུ་བཞུགས་སོ། །ལ་ལ་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རིགས་རྣམས་ནི་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས་སུ་སྟེ་ཀརྨ་ཧེ་རུ་ཀར་གྱུར་ཏེ་འཁོར་ལོའི་རྩིབས་བྱང་ཕྱོགས་སུ་བཞུགས་སོ། །ཁྲོ་བོའི་རིགས་བཞི་པོ་དེ་དག་ཀུན་ཀྱང་འཇིགས་བྱེད་ཆེན་པོའི་ཆ་ལུགས་དུར་ཁྲོད་ཀྱི་ཆས་བརྒྱད་དང་ཧཱུཾ་དང་ཕཊ་ལ་སོགས་པ་རྔམ་པའི་ང་རོ་དང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན། དུག་གསུམ་རྩད་ནས་གཅོད་ཅིང་སྐུ་གསུམ་མཚོན་པའིི་དབུ་གསུམ་དང་རྒྱུད་དྲུག་དབྱིངས་སུ་སྒྲོལ་བའི་ཕྱག་དྲུག་དང་ཕྲིན་ལས་བཞིས་འགྲོ་བའི་དོན་མཛད་ཅིང་སྐྱེ་འགག་བཞི་གནས་སུ་སྒྲོལ་བའི་ཕྱིར་ཞབས་བཞིས། ཕྱིན་ཅི་ལོག་བཞི་དང་བདུད་བཞི་གནོན་པའི་བརྡར་ཤར་དུ་དྲི་ཟ་དང་། བྱང་དུ་གནོད་སྦྱིན། ནུབ་ཏུ་སྲིན་པོ་དང་། ལྷོར་གཤིིན་རྗེ་དང་ལ་སོགས་པ་སྟེ་མ་རུང་བའི་གདུག་པ་ཅན་གྱི་རིགས་ཇི་སྙེད་པ་བསྡུས་ཏེ་དེ་དག་སོ་སོའི་ཁྱོ་ཤུག་གིས་གདན་བྱས་པ་ལ་གཡོན་བརྐྱང་གཡོན་བསྐུམས་སུ་བཞུགས་སོ། །ཧེ་རུ་ཀ་རིགས་ལྔའི་བཙུན་མོ་ཁྲག་འཐུང་ཆེན་མོའི་ཚོགས་བུདྡྷ་ཀྲོ་ཏི་ཤྭ་རི་མ་ལ་སོགས་པ་རྣམས་ཀྱང་ཁྲོ་བོ་སོ་སོའི་སྐུ་ལ་འཁྱུད་ཅིང་འཁྲིལ་བའི་ཚུལ་གྱིས་བཞུགས་སོ། །གཉིས་པ་ཕོ་རྒྱུད་དངོས་སུ་བསྒྲལ་བ་ལ་གཉིས་ལས། དང་པོ་དྲེགས་པ་ཅན་གྱི་ང་རྒྱལ་གྱིས་གཏུམ་རྔམས་བསྒྲགས་པ་ནི་དེ་ནས་གདན་དུ་བསྣོལ་བའི་དྲེགས་པ་ཆེན་པོ་རཱུ་ཏྲ་ལ་སོགས་པ་དབང་ཕྱུག་ཆེན་པོ་ཕོ་བརྒྱུད་ཉི་ཤུ་རྩ་བརྒྱད་པོ་རྣམས་ཀྱིས་གདུག་ཅིང་གཏུམ་པའི་སེམས་ཀྱིས་ཁྲོས་ཏེ་ལུས་གདན་དུ་བཏིང་ཡང་གདུག་པའི་རྫུ་འཕྲུལ་ཆེན་པོ་སྣ་ཚོགས་བསྟན་ནས། ཚིག་མཐུན་པར་མགྲིན་གཅིག་ཏུ་གདུག་པའི་ང་རོ། །མི་སྙན་པའི་བརླང་པོའི་གཏུམ་ཚིག་དྲག་པོ་ངག་ཏུ་སྨྲས་པ། ངེད་རྣམས་རྐང་པའི་འོག་ནས་ཐོང་ཐོང་ཁྱེད་ཅག་སྙིང་རྗེའི་བདག་པོ་འགྲོ་བ་ལ་ཕན་འདོགས་པའི་གཟུགས་བརྙན་མ་ཡིན་ནམ་ཅི་དེ་ལྟར་བྱེད་དམ་ཞེས་འཛེར་ཞིང་། ཤིན་ཏུ་གདུག་པའི་སེམས་ཀྱིས་ཁྲོས་ནས་བརྒལ་བའི་ཕྱིར་རྔམ་མོ། །གཉིས་པ་ཐུགས་རྗེས་མངོན་སྤྱོད་དྲག་པོས་དངོས་སུ་བསྒྲལ་བ་ལ་གཉིས་ལས། དང་པོ་འཇིགས་གཟུགས་རྔམ་པའི་སྤྲིན་སྤྲོས་པ་ནི། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཉིད་ཕྱིར་ཧེ་རུ་ཀ་དགུ་ཀློང་རྔམ་པའི་ཞལ་དུ་གསོལ་བ་དང་ནང་དུ་སྙོམས་འཇུག་དགུ་བརྙེས་པའི་རྟགས་སུ་དབུ་དགུ་དང་ཕྱིར་སྒྲོལ་གིང་བཅོ་བརྒྱད་ཀྱིས་གདུག་པ་ཅན་སྒྲོལ་བ་དང་། ནང་དུ་སྟོང་པ་ཉིད་བཅོ་བརྒྱད་ཀྱི་བརྡར་ཕྱག་བཅོ་བརྒྱད་དང་ཕྱིར་ཚད་མེད་པ་བཞི་དང་ཕྲིན་ལས་བཞིས་སེམས་ཅན་གྱི་དོན་མཛད་ཅིང་ནང་དུ་རྣམ་པར་ཐར་པ་བརྒྱད་བརྙེས་པའི་རྟགས་སུ་ཞབས་བརྒྱད་དུ་གནས་པར་སྤྲུལ་ནས། གདུག་པ་ཅན་ལ་རྔམ་པའི་སྐད་ཀྱིས་ཐབས་ལ་མཁས་པའི་ཐུགས་རྗེས་འདུལ་བའི་ཐབས་ཀྱིས་གདུལ་བྱའི་སྣང་ངོར་ཤིན་ཏུ་ཁྲོས་པར་བསྟན་ནས། ཧཱུཾ་ཧཱུཾ་ཧཱུཾ་ནི་ལུས་ངག་ཡིད་གསུམ་བསྡུས་ཤིག་པའོ་ཧ་ཧ་ཧ་ནི་དགོད་པ་སྟེ་དུག་གསུམ་ཞལ་དུ་གསོལ་བར་རྔམ་པའོ། །ཁཱ་ཧི་ཁཱ་ཧི་ཁཱ་ཧི་ནི་ཤ་ཁྲག་རུས་པ་གསུམ་ལ་རོལ་པའོ་ཞེས་བརྗོད་ནས་འདར་ཞིང་དངས་ཏེ་ལས་སུ་རུང་བར་བྱས་པའོ། །གཉིས་པ་བསྒྲལ་བ་དངོས་ནི། ཁྲོ་བའི་ཚོགས་དེ་དག་གིས་དབང་ཕྱུག་ཆེན་པོ་ལ་སོགས་པ། གདུག་པ་ཆེན་པོའི་ཚོགས་དེ་དག་གི་དོན་སྙིང་ཕྱུང་པ་ནི་རྣམ་ཤེས་ཀྱི་ཚོགས་ལ་བདག་ཏུ་འཛིན་པའི་ངོ་བོ་རྩད་ནས་བཅད་པ་དང་མིག་ལ་སོགས་པའི་དབང་པོ་ཀུན་ཕྱུང་བ་ནི་ཡུལ་འཛིན་གྱི་སྒོ་བཀག་པའོ། །རྒྱུ་མ་ལ་སོགས་པའི་ནང་ཁྲོལ་ཀུན་དྲངས་བ་ནི་གཟུང་འཛིན་གྱི་རྟེན་ལུས་སུ་ཞེན་པ་སྤངས་བའོ། །མགོ་ལ་སོགས་པའི་ཡན་ལག་ཀུན་བཅད་ཅིང་གཏུབས་ནས་སྲིད་པར་འདུ་བྱེད་པ་བཤིག་པའོ། །ཤ་ཀུན་ཟོས་པས་གཏི་མུག་དག་པར་མཛད་པའོ། །ཁྲག་ཀུན་འཐུང་ནས་འདོད་ཆགས་དག་པར་བྱས་པའོ། །རུས་པ་ཀུན་འཆོས་ནས་ཞེ་སྡང་དག་པར་བྱས་སོ། །གསུམ་པ་མོ་བརྒྱུད་སྦྱོར་པས་དགྱེས་པ་ལ་གཉིས། འཇིག་རྟེན་་བསྡུ་བའི་ཆོ་འཕྲུལ་དང་། སྦྱོར་བ་ཆེན་པོའི་རོལ་པའོ། །དང་པོ་ལའང་གཉིས་ལས། དང་པོ་སྣོད་ཀྱི་འཇིག་རྟེན་བསྡུ་བ་ནི། དེ་ནས་ཧཱུཾ་ཧཱུཾ་ཧཱུཾ་ནི་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱིས་བསྡུས་ཤིག་པའོ། །བྷྱོ་ནི་མ་མོ་རྣམས་སོ། །ཨེ་ནི་འདིར་རོ། ཨ་ར་ལི་མཁའ་འགྲོ་མའམ་ཕོ་ཉ་མོའོ། ཧྲིཾ་ཧྲིཾ་ནི་འདུས་ཤིག་པའོ། །ཛ་ཛ་ནི་ཤོག་ཤོག་གམ་ཁུག་ཅིག་པའོ་ཞེས་བརྗོད་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའ་དབྱིངས་ཀྱི་མཐས་གཏུགས་པ་དང་བཅས་པ་ཐམས་ཅད་ཡུངས་འབྲུ་གཅིག་ཙམ་དུ་ཆུད་པར་བསྡུས་སོ། །གཉིས་པ་བཅུད་ཀྱི་སེམས་ཅན་བསྡུ་བ་ནི། དེ་ནས་མཐུ་ཆེ་བའི་འབྱུང་པོ་ཕལ་པའི་རིགས་མ་ལུས་པའི་རྒྱལ་པོ་གནས་འཇོག་དང་སེར་སྐྱ་དང་གནོད་སྦྱིན་ལ་སོགས་པ་ལྷ་དང་ལྷ་མ་ཡིན་གྱི་བློན་པོ་ཆེན་པོ་བཀའ་ཉན་པ་རྣམས་ཡིན་ལ། དེའི་ཡང་རྒྱལ་པོ་ནི་དྲེགས་པ་ཆེན་པོ་དང་ཚངས་པ་ལ་སོགས་པའི་ཉི་ཤུ་བརྒྱད་ཡིན་པས་ན་དེ་དག་སོ་སོའི་ཆུང་མ་ནི་འབྱུང་པོ་ཕལ་པའི་རིགས་ཐམས་ཅད་ཀྱི་རྗེ་མོ་རྣ་བརྙེན་ཆེན་མོ་ལ་སོགས་པ་ཡིན་ལ་དེའི་ཡང་རྗེ་མོ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དོ། །འདི་དག་ཐུན་མོང་གི་ལུགས་ཀྱིས་འཇིག་རྟེན་པར་བྱེད་ཀྱང་ཐུན་མོང་མ་ཡིན་པས་འཇིག་རྟེན་ལས་འདས་པར་བསྟན་ཅིང་། ཤིན་ཏུ་ཐུན་མོང་མ་ཡིན་པས་རྩ་གནས་འཁོར་ལོའི་ནང་ན་ཡོད་པར་སངས་རྒྱས་པའི་ཚེ་དེ་ལྟར་སྣང་བར་འདོད་པས་དེའི་རྗེས་སུ་འབྲང་བ་ཡིན་ལ། འདིར་རིགས་བྱེད་ཀྱི་གཏམ་དང་སྦྱར་ཏེ་བསྟན་ན་གོ་སླ་བས་དེ་ལྟར་བཤད་ན་ཁྱོའི་མིང་ལས་ཆུང་མ་ལ་གྲགས་པར་ཟད་དེ། དུར་ཁྲོད་ཀྱི་དྲེགས་པ་དབང་ཕྱུག་ཆེན་པོའི་ཆུང་མ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ཚངས་པའི་ཆུང་མ་ཚངས་མ་དང་། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དབང་ཕྱུག་ཆེན་པོའི་ཆུང་མ་འཁྲུག་མོ་དང་། བརྒྱ་བྱིན་གྱི་ཆུང་མ་དབང་མོ་དང་། ཁྱབ་འཇུག་གི་ཆུང་མ་འཇུག་སྲེད་མོ་དང་། གཞོན་ནུ་གདོང་དྲུག་གི་ཆུང་མ་གཞོན་ནུ་མོ་དང་། འཇུག་སྲེད་ཀྱི་ཆུང་མ་དམར་མོ་དང་། ཉི་མའི་ཆུང་མ་བདུད་རྩི་མོ་དང་། ཟླ་བའི་ཆུང་མ་ཞི་བ་མོ་དང་། བེ་ཅོན་ཏེ་སྤེན་པའི་ཆུང་མ་བེ་ཅོན་མོ་དང་། སྲིན་པོ་ལངྐ་མགྲིན་བཅུའི་ཆུང་མ་སྲིན་མོ་དང་། །ལྷ་མ་ཡིན་དང་དམ་ཚིག་ཉམས་པ་རྣམས་ཟ་བར་བྱེད་པའི་ལྷའི་དམག་དཔོན་མ་ཧཱ་ཀཱ་ལའི་ཆུང་མ་ཟ་བ་མོ་དང་། དགའ་བྱེད་དབང་ཕྱུག་གི་ཆུང་མ་དགའ་བ་མོ་དང་། ལྷ་སྟོབས་བཟང་གི་ཆུང་མ་ར་རོ་ཁྲག་འཐུང་མྱོས་མ་དང་། དྲི་ཟ་ཏམ་བུ་རའི་ཆུང་མ་གཅིག་པུར་སྤྱོད་མ་དང་། འདོད་ལྷ་ཀ་མ་དེ་བའི་ཆུང་མ་ཡིད་འཕྲོག་མ་དང་། ནོར་སྒྲུབ་ཅིང་བྱད་གཏོད་བའི་ནོར་སྲུང་གི་ཆུང་མ་གྲུབ་མོ་དང་། རླུང་ལྷའི་ཆུང་མ་རླུང་མོ་དང་། བདུད་གསོད་བྱེད་ཆུང་མ་གསོད་བྱེད་མོ་དང་། མེ་ལྷའི་ཆུང་མ་མེ་མོ་དང་། ས་བདག་ཕག་ཆེན་གྱི་ཆུང་མ་ཕག་མོ་དང་། གཤིན་རྗེའི་ཆུང་མ་རྒན་བྱེད་མོ་དང་། ཚོགས་བདག་གི་ཆུང་མ་སྣ་ཆེན་མོ་དང་། ཆུ་ལྷའི་ཆུང་མ་ཆུ་ལྷ་མོ་དང་། ནག་པོ་རྣམ་འཇིགས་ཆེན་པོའི་ཆུང་མ་ནག་མོ་ཆེན་མོ་དང་། སྲིན་པོ་ད་ཤ་གྲཱི་བའི་ཆུང་མ་ར་མགོ་དམར་སེར་ཆེན་མོ་དང་། སྲིན་པོ་སུམ་པ་ཀ་ར་བུམ་སྣའི་ཆུང་མ་འབུམ་སྣ་སྔོ་ནག་ཆེན་མོ་དང་། ར་མ་ཎ་འབོད་སྒྲོགས་ཏེ་གསུས་པོ་ཆེའི་ཆུང་མ་གསུས་འཛིན་སེར་ནག་ཆེན་མོ་ལ་སོགས་པ། ཕྱིའི་ལས་བྱེད་པའི་བྲན་དང་དེའི་ཡང་བྲན་དང་། ནང་གི་ལས་སྒྲུབ་པའི་གཡོག་དང་དེའི་ཡང་གཡོག་ལ་སོགས་པ་འཇིག་རྟེན་པའི་འཁོར་ཞིང་གི་རྡུལ་སྙེད་ཀྱི་གྲངས་ཐམས་ཅད་ཀྱང་བསྡུས་སོ། །གཉིས་པ་སྦྱོར་བ་ཆེན་པོའི་རོལ་པ་ལ་གསུམ་ལས། དང་པོ་རྒྱུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ནི། དབང་དུ་བསྡུས་པ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་འགྲོ་བའི་དཔལ་ཁྲག་འཐུང་ཆེན་པོས་གདུལ་བྱ་འདུལ་བའི་ཐབས་ཀྱིས། ཡང་རིགས་ལྔའི་འཇིགས་བྱེད་ཆེན་པོའི་ཚོགས་འབར་བར་སྣང་བར་བྱས་ནས། ཡབ་ཡུམ་དེ་དག་ཀུན་ཀྱང་དགྱེས་པས་གཉིས་སུ་མེད་པར་རོལ་བའི་དཀྱིལ་འཁོར་གྱི་སྤྲིན་རང་སྣང་ནམ་མཁའི་དབྱིངས་ཀུན་ཏུ་ཁྱབ་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། གཉིས་པ་རྐྱེན་རིག་པ་ཆེན་པོའི་གསང་སྔགས་བསྒྲགས་པ་ནི། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་སྐད་ཅེས་ཕྱུང་ངོ། །ༀ་ཨཱཿཧཱུཾ་ནི་སྐུ་གསུང་ཐུགས་སོ། །བཛྲ་པྲ་བེ་ཤ་ནི་རྡོ་རྗེ་གཞུང་པར་བྱ་བའོ། །ཨ་ལ་ལ་ཧོཿནི་ཤིན་ཏུ་ངོ་མཚར་ཆེ་བའོ། །གསུམ་པ་འབྲས་བུ་གཉིས་སུ་མེད་པར་སྦྱར་བ་ནི་ཞེས་བརྗོད་པས། འབྱུང་མོའི་རྒྱལ་མོ་རྣམས་ཧེ་རུ་ཀའི་ཚོགས་ལ་ཤིན་ཏུ་ཆགས་པས་ཡིད་གཡོས་ནས། རང་རང་གི་པདྨའི་དཀྱིལ་འཁོར་བསྡུད་པ་སྟེ་འཛུམ་ཞིང་རྒྱས་པ་སྟེ་འབྱེད་པར་གྱུར་ནས། ཧེ་རུ་ཀའི་སྐུ་ལ་སྦྱོར་བ་ནི། དཔེར་ན་རྡོ་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ་ལ། སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། དམར་མོ་དང་། དགའ་བ་མོ་དང་། གསོད་བྱེད་མོ་དང་། ནག་མོ་ཆེན་མོ་དང་། དམར་སེར་ཆེན་མོ་དང་། སྔོ་ནག་ཆེན་མོ་དང་། སེར་ནག་ཆེན་མོ་སྟེ་བརྒྱད་པོ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་དེ་བཞིན་གཤེགས་པ་ཆེ་མཆོག་ཧེ་རུ་ཀའི་སྐུ་ལ། ཚངས་མ་དང་། འཁྲུག་མོ་དང་། དབང་མོ་དང་། འཇུག་སྲེད་མོ་དང་། གཞོན་ནུ་མོ་སྟེ་ཤར་གྱི་ལྔ་རྣམས་འཁྲིལ་ལོ། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེའི་སྐུ་ལ། བདུད་རྩི་མོ་དང་། ཞི་བ་མོ་དང་། བེ་ཅོན་མོ་དང་། ཟ་བ་མོ་དང་། སྲིན་མོ་སྟེ་ལྷོའི་ལྔ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་པདྨའི་སྐུ་ལ། ཁྲག་གིས་མྱོས་མ་དང་། གཅིག་པུར་སྤྱོད་མ་དང་། ཡིད་འཕྲོག་མ་དང་། གྲུབ་མོ་དང་། རླུང་མོ་སྟེ་ལྷོའི་ལྔ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས་ཀྱི་སྐུ་ལ། མེ་མོ་དང་། ཕག་མོ་དང་། རྒན་བྱེད་མོ་དང་། སྣ་ཆེན་མོ་དང་། ཆུ་ལྷ་མོ་སྟེ་བྱང་གི་ལྔ་རྣམས་འཁྲིལ་ལོ། །བཞི་པ་འཁོར་གྱི་དཀྱིལ་འཁོར་སྤྲོ་བའི་ཚུལ་ལ་ལྔ་ལས། དང་པོ་སྤྲོ་བའི་སྦྱོར་བ་ནི། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཁྲག་འཐུང་རིགས་ལྔའི་ཁྲོ་བོའི་དཀྱིལ་འཁོར་དེ་དག་གིས་ཧཱུཾ་ཞེས་བརྗོད་པས་དབང་མོ་རྣམས་ཀྱི་པདྨའི་དཀྱིལ་འཁོར་གྱི་ཚོགས་དེ་དག་ཁྲག་འཐུང་རིགས་ལྔའི་རྡོ་རྗེ་ལ་བསྡུས་ནས་ཕན་ཚུན་ཕྱག་ཞབས་བསྣོལ་ཞིང་སྟོད་སྨད་ཤིན་ཏུ་བཅུམ་པར་བྱས་པས་བདེ་བ་རྒྱས་པར་གྱུར་ཏོ། །གཉིས་པ་མ་མོ་སྤྲོས་པ་ནི། དེ་ནས་དགྱེས་ཏེ་ཧ་ཞེས་བརྗོད་པས་རྒྱུ་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཐུགས་རྣམ་པར་དག་པ་ཞི་བའི་ལས་མཛད་པ་དཀར་མོའི་ཚོགས་དང་། ཡོན་ཏན་གྱི་ཚོགས་སྡུད་པས་རྐུན་མོའི་ཚོགས་དབང་གི་ལས་མཛད་པ་དང་། སྤངས་བླང་གཉིས་སུ་མེད་པའི་རྨོངས་མོའི་ཚོགས་སེམས་གྱིི་དྲན་པ་ཉམས་པར་བྱེད་པས་དྲག་པོའི་ལས་མཛད་པ་དང་། མི་མཐུན་པའི་ཕྱོགས་རྡུལ་དུ་རློག་པས་ཐལ་བྱེད་མོའི་ཚོགས་དྲག་པོའི་ལས་མཛད་པ་དང་། ཡོན་ཏན་གྱི་གང་བས་སྤོས་མོའི་ཚོགས་རྒྱས་པའི་ལས་མཛད་པ་དང་། འཐབ་ཅིང་འཁྲུག་པས་གཏུམ་མོའི་ཚོགས་དྲག་པོའི་ལས་མཛད་པ་དང་། གང་ཡང་གྲུབ་པས་སྨེ་ཤ་ཅན་གྱི་ཚོགས་ལས་ཐམས་ཅད་མཛད་པ་དང་། ཚེ་དང་ཡོ་བྱད་འཕེལ་བ་མ་ཚོགས་མའི་ཚོགས་རྒྱས་པའི་ལས་མཛད་པ་རྣམས་ཞིང་དབྱུག་དང་མདའ་གཞུ་ལ་སོགས་པ་རང་རང་གི་ལག་ཆ་དང་། ངོ་མཚར་བའི་འོད་ཟེར་དང་རྒྱན་དུ་ཆས་ནས་དབང་ཕྱུག་མ་རྣམས་ཀྱི་མཁའ་ལས་འཐོན་ཏེ། འཐོན་ནས་ཀྱང་འབར་བ་ཆེན་པོ་འཁོར་ལོའི་རྩིབས་མཆན་གྱི་ཤར་ལྷོའི་ཕྱོགས་ནས་གཡས་སྐོར་དུ་འཁོར་བར་འཇིགས་པའི་གཟུགས་དང་རང་རང་གི་ལག་ཆ་དང་བཅས་ནས་འཁོད་དོ། །དེའང་རྩིབས་མཆན་བཞི་དང་གྲུ་ཆད་བཞི་ལའོ། །གསུམ་པ་ཕྲ་མེན་མ་སྤྲོ་བ་ནི། དེ་ནས་ཤིན་ཏུ་དགྱེས་ནས་ཧེ་ཞེས་བརྗོད་པས། ཟིལ་གྱིས་གནོན་པས་སེང་གདོང་ཆེན་མོའི་ཚོགས་རྒྱས་པའི་ལས་མཛད་པ་དང་། དཔའ་གཏུམ་ཆེ་བ་སྟག་གདོང་ཆེན་མོའི་ཚོགས་དྲག་པོའི་ལས་མཛད་པ་དང་། ཕུང་པོའི་བདུད་འཇོམས་ཤིང་ཐབས་ལ་མཁས་པ་ཝ་གདོང་ཆེན་མོའི་ཚོགས་དྲག་པོའི་ལས་མཛད་པ་དང་། བསླུ་བའི་བདུད་འཇོམས་ཤིང་མེ་ལ་ཚེ་ལ་མཁས་པ་ཁྱི་གདོང་ཆེན་མོའི་ཚོགས་ལས་ཐམས་ཅད་མཛད་པ་དང་། མིག་རྣོ་བས་བཞད་གདོང་ཆེན་མོའི་ཚོགས་རྒྱས་པའི་ལས་མཛད་པ་དང་། འཆི་བདག་གི་བདུད་འཇོམས་ཤིང་སྲོག་དང་བྲལ་བའི་རོ་ལ་སྤྱོད་པས་ཀང་ཀའི་གདོང་ཆེན་མོའི་ཚོགས་ཞི་བའི་ལས་མཛད་པ་དང་། ཐམས་ཅད་མི་སྤོང་བ་ཁཱ་གདོང་ཆེན་མོའི་ཚོགས་འཁོར་བ་མི་སྤོང་བ་ཆོས་ཉིད་དུ་དག་པས་དབང་གི་ལས་མཛད་པ་དང་། མཚན་མོ་མཐོང་བ་འུག་པའི་གདོང་ཆེན་མོའི་ཚོགས་འཁོར་བ་སྤྱན་གྱིས་གཟིགས་པ་ཞི་བའི་ལས་མཛད་པ་དང་བཅས་པ་རྣམས། ལག་པ་ཁར་བསྣོལ་བ་ལ་སོགས་པ་རང་རང་གི་ལག་ཆ་དང་ངོ་མཚར་བའི་འོད་ཟེར་དང་རྒྱན་དུ་ཆས་ནས་འཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ་ཁྱམས་ནང་མའི་ཕྱོགས་བཞིར་མཆེ་བ་ཅན་བཞི་དང་མཚམས་བཞིར་གཤོག་པ་ཅན་བཞི་ཤར་ཕྱོགས་ནས་འཁོར་བར་རྔམ་པའི་མདངས་ཀྱིས་འཁོད་དོ། །བཞི་པ་སྒོ་མ་རྣམས་སྤྲོས་པ་ནི། དེ་ནས་ཤིན་ཏུ་དགྱེས་པས་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་ཕྱོགས་བཅུའི་ཞིང་མ་ལུས་པར་ཁྱབ་ནས་ཕཊ་ཅེས་བརྗོད་པས། ཚད་མེད་པ་བཞིས་འགྲོ་བའི་དོན་མཛད་ཅིང་ཕྱིན་ཅི་ལོག་བཞི་དང་བདུད་བཞི་འཇོམས་པའི་བརྡར་རྡོ་རྗེ་སྲིང་འགྲོ་རྟ་གདོང་མའི་ཚོགས་དང་། རྡོ་རྗེ་གདོང་མོ་ཕག་གདོང་མའི་ཚོགས་དང་། རྡོ་རྗེ་འཇིག་རྟེན་མ་དྲེད་གདོང་མའི་ཚོགས་དང་། རྡོ་རྗེ་རོ་ལངས་སྤྱང་གདོང་མའི་ཚོགས་རྣམས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ་བུ་སྟེ་རང་རང་གི་ལག་ཆ་དང་། ངོ་མཚར་དུ་མ་ཆས་ནས་འཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་འབར་བའི་དཀྱིལ་འཁོར་གྱི་སྒོར་བཞིར་གདུག་པ་ཅན་ལ་ཤིན་ཏུ་རྔམ་པའི་གཟུགས་ཀྱིས་གནས་སོ། །ལྔ་པ་འཁོར་རྣམས་རང་རང་གི་གནས་སུ་བཏང་བ་ནི། དེ་ནས་ཡབ་ཡུམ་འཁོར་དང་བཅས་པ་དགྱེས་པ་ཆེན་པོའི་སྤྲིན་ལས་ཕྱོགས་བཅུ་མ་ལུས་པ་ནས་ཅན་ཕཊ་ཅེས་སྒྲོགས་པས། ཐམས་ཅད་སྙིང་རྗེས་རྔམས་ཤིང་ཁྲོས་ནས་སྐུ་ལ་འཁྲིལ་བ་དང་སླས་སུ་བཀོད་པའི་མ་མོ་ཐམས་ཅད་ཀྱང་སྔོན་གང་ནས་འོངས་པ་བཞིན་རང་རང་གི་གནས་ག་ལ་བ་དེར་ཡུད་ཙམ་གྱིས་ཕྱིན་པར་རྫུ་འཕྲུལ་གྱིས་ཕྱིར་བཀྱེའོ། །གསུམ་པ་ཐུགས་རྗེས་རྗེས་སུ་བཟུང་ནས་བཀའ་ལ་བཏགས་པའི་ཚུལ་ལ་བཞི། གནས་སྤར་ཏེ་དཀྱིལ་འཁོར་མཐོང་བའི་ཚུལ་བསྟན་པ། སྟོང་ཁམས་ཐམས་ཅད་མཉམ་དུ་བཏུལ་བ། དྲེགས་པ་ཅན་གྱིས་འབངས་སུ་ཁས་བླང་བ། དབང་བསྐུར་ཏེ་བཀའ་བསྒོ་བའོ། །དང་པོ་ལ་གསུམ་ལས། དང་པོ་རྒྱུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་གསང་སྔགས་བརྗོད་པ་ནི། དེ་ནས་བཅོམ་ལྡན་འདས་རྗེས་སུ་བཟུང་བའི་ཚུལ་གྱིས་དགྱེས་པ་ཆེན་པོ་འགྲོ་བའི་དཔལ་ཁྲག་འཐུང་ཆེན་པོ་རིགས་ལྔ་པོ་དེ་དག་ཀུན་ཀྱང་ཆོས་ཀྱི་དབྱིངས་ལས་རང་བྱུང་གི་ཐུགས་རྗེ་ཆེན་པོ་གདུལ་བྱའི་ནད་གསོ་བས་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་དག་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་། །ༀ་བཛྲ་མ་ཧཱ་ཨ་མྲྀ་ཏ་ནི་རྡོ་རྗེ་བདུད་རྩི་ཆེན་པོའོ། །མ་ཧཱ་ཀྲོ་དྷ་ནི་ཁྲོ་བོ་ཆེན་པོའོ། །ཨཾ་ཨཾ་ཨཾ་ནི་ལན་གསུམ་དུ་དབང་བསྐུར་བའོ། །གཉིས་པ་སླར་ཡང་དྲེགས་པ་ཅན་ཕྱུང་སྟེ་ཁྲུས་བྱས་པ་ནི། ཞེས་བརྗོད་པས། སྔར་ཤ་ཟོས་ཤིང་ཞལ་དུ་བསྟབས་པའི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད། བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་རིགས་ལྔ་པོ་དེ་དག་གི་འོག་སྒོའི་བསྣམས་ཁུང་ནས་བཏོན་ཏེ། དྲི་ཆེན་ལ་སོགས་པའི་མི་གཙང་བའི་འདམ་གྱི་རྒྱ་མཚོར་ཆུད་པ་ལས་དེ་དག་པར་བྱ་བའི་ཕྱིར་ཁྲོ་བོ་སོ་སོའི་བསྣམས་ཁུང་ནས་ཁྲོ་བོའི་ཨུ་ཙུཥྨ་ཀྲོ་དྷ་ཕྱུང་ནས་མི་གཙང་བའི་འདམ་ཀུན་འཐུང་ཏེ་དྲེགས་པ་ཅན་དེ་དག་དྲན་པ་སླར་རྙེད་པར་བྱས་ནས། གསུམ་པ་འབར་བའི་དཀྱིལ་འཁོར་གྱི་ཞལ་བསྟན་པ་ནི། ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་གྱི་ཚོགས་རིགས་ལྔ་པོ་ཡུམ་དང་བཅས་པ་དེ་དག་ཐམས་ཅད་ཀྱང་ཡེ་ཤེས་ལྔ་དང་ཕྲིན་ལས་བཞིའི་དབྱེ་བས་རེ་རེ་ཞིང་དམ་པ་རིགས་བརྒྱར་མཚོན་པའི་བརྡར་དབུ་དགུ་བརྒྱ་པ་དང་། ཕྱག་སྟོང་བརྒྱད་བརྒྱ་པ་དང་། ཞབས་བརྒྱད་བརྒྱ་བ་དང་། སྐུ་ཡེ་ཤེས་ཀྱི་མེ་དཔུང་འབར་བ་ཆེན་པོའི་ཀློང་གི་དཀྱིལ་འཁོར་ན་བཞུགས་པར་མཐོང་ངོ་། །དེ་ནི་སངས་རྒྱས་བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་དུ་བདེན་པ་མཐོང་བར་བྱས་པའོ། །གཉིས་པ་སྟོང་ཁམས་མཉམ་དུ་བཏུལ་བ་ནི། འོག་མིན་དུ་རང་སྣང་ཡེ་ཤེས་ཀྱི་ཆོ་འཕྲུལ་རང་བཀོད་པ་དེའི་དུས་སུ་གདུལ་བྱའི་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ་པོ་ཀུན་ཏུ་གནས་པའི་དྲེགས་པའི་དབང་ཕྱུག་ཐམས་ཅད་སོ་སོ་གང་ལ་གང་གིས་ཇི་ལྟར་འདུལ་བའི་ཐབས་ཀྱི་རོལ་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་པར་སྟེང་འོག་གི་འཇིག་རྟེན་སོ་སོར་སྣང་བས་གདུལ་བྱ་དེ་དག་སྔ་ཕྱི་མེད་པར་དུས་གཅིག་ཏུ་བཏུལ་ལོ། །འདིས་ནི་རང་སྣང་ལྷུན་སྟུག་པོ་བཀོད་པར་སྣང་བ་ཇི་འདྲ་བ་གཞན་སྣང་ཕྱོགས་བཅུར་སྣང་བར་བསྟན་ཏོ། །གསུམ་པ་དྲེགས་པ་ཅན་གྱིས་འབངས་སུ་ཁས་བླངས་པ་ལ་བཞི་ལས། དང་པོ་འབངས་སུ་དམ་བཅས་ཏེ་དཀྱིལ་འཁོར་གྱི་གདན་དུ་ཕུལ་བ་ནི། ཆོ་འཕྲུལ་བཀོད་པ་དེ་ནས་དྲེགས་པ་ཅན་དེ་དག་སྐྲག་ཅིང་ལུས་ཤིན་ཏུ་འདར་ཞིང་སེམས་བྲེད་པས་རབ་ཏུ་དཔའ་ཞུམ་པའི་ང་རོས། བདག་གིས་ལུས་འབངས་སུ་མཆི། ངག་འབངས་སུ་མཆི། སེམས་འབངས་སུ་ནན་ཏན་མ་བགྱིས་ན། རང་རང་གི་མགོ་དང་ལུས་ནི་ཚལ་པ་བརྒྱར་འགས་ཤིང་། སྙིང་ཡང་ཚལ་པ་སྟོང་དུ་འགས་ཤིང་གཏུབ་པར་གྱུར་ཅིག །ལུས་ཀྱང་རུལ་ཅིང་མྱགས་ལ་དམོད་པའི་མེས་འཚིག་ནས་ཚེ་འདིར་བརླག་པ་དང་། ཕྱི་མར་དམྱལ་བར་ལྟུང་ནས་འོ་དོད་ཆེན་པོ་འབོད་པར་ཤོག་ཅིག །ཅེས་འབངས་སུ་མཆི་བར་མནའ་བོར་ནས། རང་རང་གི་ལུས་ཁྲོ་བོའི་རིགས་ལྔའི་དཀྱིལ་འཁོར་གྱི་གདན་དུ་བཞག་གོ །གཉིས་པ་འཁོར་ཕུལ་ཏེ་གུས་པས་གཙུག་གིས་མཆོད་པ་ནི། དྲེགས་པ་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཡང་སྨྲས་པ། བདག་ཅག་རྣམས་ཀྱི་མཆིས་བྲང་ཆུང་མ་དང་། མ་དང་བུ་མོ་དང་སྲིང་མོ་རྣམས། ཁྲོ་བོའི་ཚོགས་ཀྱིས་ལོངས་སྤྱོད་ཀྱི་དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ། །གདུག་པ་ཅན་འཇོམས་པའི་དཔའ་བོ་རྗེས་སུ་འཛིན་པའི་ལྷ་སྐྱབས་ཀྱི་དམ་པར་གྱུར་པའི་རྗེས་བཞེས་སུ་གསོལ། བདག་ཅག་སོ་སོ་འཁོར་དང་བཅས་པ་ཐམས་ཅད་ཀྱིས། ཞལ་མཐོང་བའི་ཁྲོ་བོའི་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིའི། མིང་ཙམ་འཛིན་པར་བྱེད་པ་རྣམས་ལ་ཡང་། གཙུག་གི་ཡིད་བཞིན་གྱི་ནོར་བུ་འོད་འབར་བ་བསྐུར་པ་ལྟར། ཡིད་གཡོ་སྒྱུ་མེད་ཅིང་མཆོག་ཏུ་གུས་པ་དང་ལྡན་པའི། སེམས་ཀྱིས་མཆོད་ནས་སུ་བློས་བླངས་ནས་རྟག་ཏུ་སྤྱི་བོ་ཡི། གཙུག་ཏུ་བཞག་སྟེ་བཀུར་སྟི་དང་རིམ་གྲོ་ཆེ་བར་བགྱི་ཞིང་། དཀྱིལ་འཁོར་གྱི་མཚན་འཆང་བ་དེ་ཡི་དགོས་པ་ཕྲིན་ལས་བཞིའི་ཅི་སྒྲུབ་ཡང་རུང་། རེ་བ་མ་ལུས་པ་རྫོགས་པར་བདག་བཅག་གིས་བསྒྲུབ་པར་བགྱིའོ། །གསུམ་པ་དམ་བཅས་ཏེ་ལས་ཀྱི་སྡོང་གྲོགས་བྱེད་པ་ནི། གལ་ཏེ་དཔའ་བོའི་སྤྱན་སྔ་འདིར། བདག་ཅག་རྣམས་ཀྱིས་ཁས་བླངས་དམ་བཅས་པའི་ཚིག་སྨྲས་པ་བཞིན་དུ་བདག་ཅག་གིས་མ་བསྒྲུབས་ན། བདག་ཅག་རྣམས་ཀྱི་མགོ་དང་ལུས་དང་སྙིང་རྣམས་ཚལ་པར་བཀས་ཤིང་དམོད་པའི་མཚོན་གྱིས་གཏུབས་ཏེ་དུམ་བུར་གྱུར་ནས་རུལ་བར་མཆིའོ། །ཞེས་སྨྲས་སོ། །བཞི་པ་དབང་མོ་རྣམས་འབངས་སུ་འོང་ནས་བཀའ་ཉན་པ་འཕྲིན་ལས་ཞུ་བ་ནི། དེ་ནས་དྲེགས་པ་ཅན་དེ་དག་གི་ཆུང་མའི་ཚོགས་དང་། མ་དང་སྲིང་མོ་དང་། བུ་མོའི་ཚོགས་ཐམས་ཅད་སྔར་བཀྱེ་བ་ལས་སླར་ཡང་ཁྲོ་བོའི་དཀྱིལ་འཁོར་དུ་སྐད་ཅིག་ཡུད་ཙམ་གྱིས་འོང་ནས། དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། བདག་ཅག་འཁོར་གྱི་ཚོགས་དང་བཅས་པ་ཐམས་ཅད་ཀུན། བགེགས་དཔུང་འཇོམས་པའི་དཔའ་བོ་ཆེན་པོའི་འབངས་སུ་མཆི་ནས། དཔའ་བོ་ཆེན་པོས་བདག་ཅག་རྣམས་ལ། ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོ་གང་བྱེད་སྔར་རང་རང་གི་ལས་ལ་སྤྱོད་པ་བཞིན་དུ་འདི་ལྟར་གྱིས་ཤིག་པའི་ལས་ཀྱི་དངོས་གྲུབ་བཀའ་བསྒོ་བ་སྩལ་དུ་གསོལ། ཞེས་སྨྲས་སོ། །བཞི་པ་དབང་བསྐུར་ཏེ་བཀའ་བསྒོ་བ་ནི། དེ་ནས་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་འགྲོ་བ་ལ་དགྱེས་པ་ཆེན་པོས་དེ་དག་གི་ལག་ཏུ་རྡོ་རྗེ་བྱིན་ནས་རྡོ་རྗེ་མིའི་སྲིན་མོ་ཞེས་པ་ལ་སོགས་པ་རང་རང་གི་མིང་གིས་དབང་བསྐུར་ཏེ་འབར་བའི་དཀྱིལ་འཁོར་གྱི་ཕྱི་རོལ་སྟེ་ཕྱི་ཁྱམས་དག་ཏུ་བཀོད་དོ། །རོལ་པའི་ཡེ་ཤེས་མཆོག་ཏུ་གསང་བའི་སྙིང་པོ་ལོངས་སྤྱོད་རྫོགས་པ་སྐུའི་དེ་ཁོ་ན་ཉིད་ངེས་པ་ལས་ལྷུན་སྟུག་པོ་བཀོད་པར་ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་གྱི་སྤྲིན་རང་སྣང་མཐའ་དབུས་མེད་པར་རྣམ་པར་སྤྲོས་པའི་ལེའུ་སྟེ་བཅོ་ལྔ་པའོ།། ༈ །།སྤྱི་དོན་གཉིས་པ་ལམ་ཇི་ལྟར་སྒྲུབ་པ་ཐབས་ཀྱི་ཡན་ལག་རྒྱ་ཆེར་བཤད་པ་ལ་ལྔ་སྟེ། ཐུགས་བརྒྱུད་བསྐུལ་བ་གསུང་གསང་སྔགས་ཀྱི་དཀྱིལ་འཁོར་དམིགས་པའི་རྟེན་གཟུགས་བརྙན་གྱི་དཀྱིལ་འཁོར། དེ་ལ་མཆོད་པ་ཇི་ལྟར་བྱ་བའི་ཚུལ། དམ་ཚིག་དང་ལྡན་པས་འགྲུབ་པ་དམ་ཚིག་གི་རིམ་པ། དམ་ཚིག་ཅན་གྱིས་ཕྲིན་ལས་ཇི་ལྟར་བསྒྲུབ་པའི་ཚུལ་ལོ། །དང་པོ་ལ་གསུམ། གསང་སྔགས་འབྱུང་བའི་ཚུལ་མདོར་བསྟན་པ། ཇི་ལྟར་ཕྱུང་བའི་རང་བཞིན་རྒྱས་པར་བཤད་པ། ལྟས་ཁྱད་པར་ཅན་གྱིས་མཇུག་བསྡུ་བའོ། །དང་པོ་ནི་རང་བཞིན་གྱི་དཀྱིལ་འཁོར་བཀོད་པ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་གོང་དུ་བསྟན་པ་འདི་དག་དམ་ཚིག་ཆེན་པོས་གསུང་གིས་གྲུབ་པར་བྱ་བའི་ཕྱིར། རང་སྣང་བཀོད་པའི་དེ་བཞིན་གཤེགས་པ་ཁྲོ་བོ་ཁྲག་འཐུང་ཆེན་པོ་རང་རང་གི་བཙུན་མོ་དང་བཅས་པའི་ཚོགས་དེ་དག་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རང་བྱུང་གི་ཡེ་ཤེས་གསང་སྔགས་ཀྱི་རང་སྒྲར་རང་ཤར་བ་འབྲུག་སྟོང་ལྡིར་བ་ཙམ་གྱི་ང་རོ་རྔམ་པ་ལས་གསུང་གི་དཀྱིལ་འཁོར་སྔགས་ཀྱི་ཚོགས་འདི་དག་རང་ཤར་དུ་ཕྱུང་ངོ་། །གཉིས་པ་ལ་ལྔ། ལྷ་བསྐྱེད་པའི་སྔགས། ཡེ་ཤེས་པ་སྤྱན་དྲངས་པའི་སྔགས། དངོས་གྲུབ་ཀྱི་དོན་དུ་གསོལ་བ་གདབ་པ། རིག་པའི་མེ་ཏོག་དོར་བའི་སྔགས། ཕྲིན་ལས་ཀྱི་དོན་དུ་གཏོར་མ་སྦྱིན་པའི་སྔགས་སོ། །དང་པོ་ལ་ལྔ་ལས། དང་པོ་གཙོ་བོ་ཡབ་ཡུམ་བསྐྱེད་པ་ལས་ཡབ་ཀྱི་སྔགས་ནི། ༀ་བཀྲ་ཤིས་པ་དང་སྔགས་བྱིན་གྱིས་རླབས་པའོ་སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་མ་ཧཱ་ཆེན་པོ་ཤྲཱི་དཔལ་ཧེ་རུ་ཀ་ཁྲག་འཐུང་མ་ཧཱ་ཙཎྜ་གཏུམ་པོ་ཆེན་པོ་སརྦ་དུཥྚཱ ནྟ་ཀ་སྡང་བ་ཐམས་ཅད་མཐར་བྱེད་པ་སྟེ་དེ་དག་རྩ་བའི་སྔགས་ཀྱིས་བཅོམ་ལྡན་འདས་ལ་འབོད་པའོ། །ཧ་ན་རྒྱོབ་ཅིག །ད་ཧ་སྲེགས་ཤིག །པ་ཙ་ཚོས་ཤིག །ཧཱུཾ་ཧཱུཾ་ཧཱུཾ་ནི་གདུག་པ་ཅན་གྱི་ལུས་ངག་ཡིད་གསུམ་བསྡུད་པ་ཕཊ་དུམ་བུར་གཏོང་བའོ། །དེ་དག་ཕྲིན་ལས་ཀྱི་སྔགས་སོ། །ༀ་ནི་སྔགས་བྱིན་གྱིས་རློབ་པ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙནྜ་རྡོ་རྗེ་ཆེན་པོ་དཔལ་ཁྲག་འཐུང་གཏུམ་པོ་ཆེན་པོ་སརྦ་དུཥྚཱནྟ་ཀ་སྡང་བ་ཐམས་ཅད་མཐར་བྱེད་པ་སྟེ་རྩ་བའི་སྔགས་དང་། ཧ་ན་ད་ཧ་པ་ཙ་རྒྱོབ་ཅིག །སྲེགས་ཤིག །ཚོས་ཤིག །ཧཱུཾ་ཧཱུཾ་ཧཱུཾ་ཕཊ་གདུག་པ་ཅན་གྱིས་ལུས་ངག་ཡིད་གསུམ་བསྡུས་ལ་ཆོམས་ཤིག་ཅེས་ཕྲིན་ལས་ཀྱི་སྔགས་སོ། ༀ་སྔགས་བྱིན་གྱིས་རློབ་པ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་རིན་པོ་ཆེ་ཆེན་པོ་དཔལ་ཁྲག་འཐུང་གཏུམ་པོ་ཆེན་པོ་སརྦ་དུཥྚཱནྟ་ཀ་སྡང་བ་ཐམས་ཅད་མཐར་བྱེད་པ་སྟེ་རྩ་སྔགས་དང་། ཧ་ན་ད་ཧ་པ་ཙ་རྒྱོབ་ཅིག་སྲེགས་ཤིག་ཚོས་ཤིག་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྡང་བའི་ལུས་ངག་ཡིད་གསུམ་བསྡུས་ལ་ཆོམས་ཤིག་ཅེས་ཕྲིན་ལས་ཀྱི་སྔགས་སོ། །ༀ་སྔགས་བྱིན་གྱིས་རློབ་པ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙནྜ་པདྨ་ཆེན་པོ་དཔལ་ཁྲག་འཐུང་གཏུམ་པོ་ཆེན་པོ་སརྦ་དུཥྚཱནྟ་ཀ་སྡང་བ་ཐམས་ཅད་མཐར་བྱེད་པ་སྟེ་རྩ་སྔགས་དང་ཧ་ན་ད་ཧ་པ་ཙ་རྒྱོབ་ཅིག་སྲེགས་ཤིག་ཚོས་ཤིག་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྡང་བའི་ལུས་ངག་ཡིད་གསུམ་བསྡུས་ལ་ཆོམས་ཤིག་ཅེས་ལས་སྔགས་སོ། །ༀ་བཀྲ་ཤིས་པ་དང་སྔགས་བྱིན་གྱིས་རློབ་པའོ། །ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙནྜ་ལས་ཆེན་པོ་དཔལ་ཁྲག་འཐུང་གཏུམ་པོ་ཆེན་པོ། སརྦ་དུཥྚཱནྟ་ཀ་སྡང་བ་ཐམས་ཅད་མཐར་བྱེད་པ་སྟེ་རྩ་བའི་སྔགས་དང་། ཧ་ན་ད་ཧ་པ་ཙ་རྒྱོབ་ཅིག་སྲེགས་ཤིག་ཚོས་ཤིག །ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྡང་བའི་ལུས་ངག་ཡིད་གསུམ་བསྡུས་ལ་ཆོམས་ཤིག་ཅེས་ཕྲིན་ལས་ཀྱི་སྔགས་སོ། །ཡུམ་གྱི་སྔགས་ནི། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་དེ་བཞིན་གཤེགས་པའི་ཁྲོ་མོ་དབང་ཕྱུག་མ་སརྦ་དུཥྚཱན་ཧཱུཾ་ཕཊ་སྡང་བ་ཀུན་བསྡུས་ལ་ཆོམས་ཤིག །ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ་རྡོ་རྗེ་གཟུང་མ་ཁྲོ་མོ་དབང་ཕྱུག་གི་འབར་བ་ཆེན་མོ་གདུག་པ་ཅན་བསྡུས་ལ་གཏོར་ཤིག །ༀ་མ་ཧཱ་སཱུརྻ་རཏྣ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་བི་ད་མ་ཧཱུཾ་ཕཊ། རིན་ཆེན་ཉི་མའི་ཁྲོ་མོ་དབང་ཕྱུག་མ་ཆེན་མོ་རྣམ་པར་འཇོམས་མ་གདུག་པ་ཅན་གཏོར་ཅིག །ༀ་ཧྲཱི་ཤྭཏྟ་ས་མནྟ་པདྨ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཁཱ་ཧི་ཧཱུཾ་ཕཊ་ཀུན་ཏུ་རྒོད་པའི་ཁྲོ་མོ་དབང་ཕྱུག་ཆེན་མོ་ཟོ་ཞིག་གཏོར་ཅིག །ༀ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་བི་ཤྭཱ་ཧཱུཾ་ཕཊ་ཐམས་ཅད་དོན་ཡོད་པའི་ཁྲོ་མོ་དབང་ཕྱུག་སྣ་ཚོགས་མ་གདུག་པ་ཅན་གཏོར་ཅིག །གཉིས་པ་མ་མོ་བརྒྱད་ཀྱི་སྔགས་ནི། ༀ་བཛྲ་ནི་སྔར་ལྟར་རོ། །ཀ་རཱི་ཧ་དཀར་མོའོ། །བཛྲ་ཙ་རཱི་ཧ་ཆོམ་ཀུན་མའོ་བཛྲ་པྲ་མོ་ཧ་རབ་ཏུ་རྨོངས་མའོ། །བཛྲ་བེཏྟ་ལཱི་ཧ་རོ་ལངས་མའོ། །བཛྲ་ཙཎྜ་ལཱི་ཧ་གཏུམ་མོའོ། །བཛྲ་པུཀྐ་སཱི་ཧ་སྤོས་མའོ། །བཛྲ་གྷ་སྨ་རཱི་ཧ་སྨེ་ཤ་ཅན་ནོ། །བཛྲ་སྨེ་ཤ་ནཱི་ཧ་ནི་དུར་ཁྲོད་མའོ། །ཧ་བརྒྱད་ནི་དེ་དག་གི་ས་བོན་ནོ། །ༀ་བཛྲ་ཀོའུ་རི་ཛཿཞེས་པ་དང་སྦྱར་ན་ཕྲིན་ལས་དང་སྒྲུབ་པ་དང་། ཛཿབསལ་ན་མཉེས་པའི་སྔགས་སོ། །གསུམ་པ་ཕྲ་མེན་མ་བརྒྱད་ཀྱི་སྔགས་ནི། བཛྲ་སེདྷ་མུ་ཁཱ་ཧེ་སེང་གདོང་མའོ། །བཛྲ་བྱཱ་གྷྲི་མུ་ཁཱ་ཧེ་སྟག་གདོང་མའོ། །བཛྲ་སྲིདྒྷ་ལ་མུ་ཁཱ་ཧེ་ཝ་གདོང་མའོ། །བཛྲ་ཤྭ་ན་མུ་ཁཱ་ཧེ་སྦྱང་གདོང་མའོ། །བཛྲ་གྲི་ཌྷ་མུ་ཁཱ་ཧེ་བྱ་རྒོད་གདོང་མའོ། །བཛྲ་ཀངྐ་མུ་ཁཱ་ཧེ་དུར་བྱའི་གདོང་མའོ། །བཛྲ་ཀཱ་ཀ་མུ་ཁཱ་ཧེ་བྱ་རོག་གདོང་མའོ། །བཛྲ་ཨུ་ལཱུ་ཀ་མུ་ཁཱ་ཧེ་འུག་པའི་གདོང་ཅན་མའོ། །ཧེ་བརྒྱད་ནི་དེ་དག་གི་ས་བོན་ནོ། །ཕྲིན་ལས་ཀྱི་སྔགས་ཀྱང་སྔ་མ་བཞིན་ནོ། །བཞི་པ་སྒོ་མ་བཞིའི་སྔགས་ནི། ༀ་བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿའཕགས་པའི་གཟི་བརྗིད་དེ་རྟ་མགོ་ཅན་ནོ། །ༀ་བཛྲ་ཨ་མུ་ཁཱ་ཧཱུཾ། དོན་ཡོད་པ་སྟེ་ཕག་གི་གདོང་ཅན་ནོ། །ༀ་བཛྲ་ལོ་ཀ་བཾ་འཇིག་རྟེན་སྣང་བྱེད་མ་སྟེ་དྲེད་གདོང་མའོ། །ༀ་བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོཿཐལ་བར་བྱེད་མ་སྟེ་སྤྱང་གདོང་ཅན་ནོ། །མཐའ་རྟེན་གྱི་ཛཿཧཱུཾ་བཾ་ཧོཿབཞི་ནི་དེ་དག་གི་ས་བོན་ནོ། ལྔ་པ་དབང་ཕྱུག་མ་རྣམས་ཀྱི་སྔགས་ནི། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། དེ་ལ་བྷ་གི་ནི་སྲིང་མོ། བྷར་ཡ་ཆུང་མ་དེ་དག་གི་སྒྲ་བསྡུས་ཏེ་བྷྱོ་ཞེས་ས་བོན་དུ་བྱས་པའོ། །ལས་སྒྲུབ་པའི་ཚེ་ༀ་མ་ནུ་རཀྴ་སི་བྷྱོ། དགྲ་བོ་མ་རཱ་ཡ་ཧཱུཾ་ཕཊཿ་ཅེས་པ་ལ་སོགས་པ་སོ་སོར་སྔགས་དང་སྦྱར་རོ། །གཉིས་པ་ཡེ་ཤེས་པ་སྤྱན་དྲངས་པའི་སྔགས་ནི། ༀ་རུ་ལུ་རུ་ལུ་ཧཱུཾ་ཁྲོ་བོ་འཆོལ་བའི་དཀྱིལ་འཁོར་འདོད་པ་སྟེ་དེའང་སྔོན་ལས་ཀྱི་སྲིན་པོའི་གདུག་པའི་གླུ་དཔལ་ཆེན་པོས་བྱིན་གྱིས་བརླབས་པའོ། །ཨེ་ཧྱེ་ཧི་ཚུར་སྤྱོན་ཚུར་སྤྱོན་ཨཱ་ན་ཡ་གནས་འདིར། ཛཿཧཱུཾ་བཾ་ཧོཿནི་ཚད་མེད་བཞིས་སེམས་ཅན་གྱི་དོན་ལ་བསྐུལ་བའོ། །རཾ་ནི་དམ་ཚིག་པ་དང་ཡེ་ཤེས་པ་སྤྱན་དྲངས་པའི་མེ་རི་འདབ་འབྱོར་ཙམ་དུ་བཞུགས་པའོ། །བླ་མ་རོང་པ་ནི་རིག་པའི་མེ་ཏོག་དོར་བ་སྟེ་བདག་དང་ལྷ་རང་བཞིན་དབྱེར་མེད་དུ་རྟོགས་ནས་གཉིས་སུ་མེད་པ་ལ་ཕྱོགས་པའོ་ཞེས་འཆད་དོ། །གསུམ་པ་དངོས་གྲུབ་ཀྱི་དོན་དུ་གསོལ་བ་གདབས་པ་ནི། ༀ་གདུལ་བྱ་ལས་ཀྱི་ཁྲོ་བོ་མ་རུངས་པ་འདུལ་བ་ལ་ཡེ་ཤེས་ཀྱི་རང་བཞིན་ཤིན་ཏུ་ཁྲོས་པས་གདུལ་བྱའི་རྒྱུད་ཞི་བར་མཛད་པ། ཐུགས་རྗེ་ངང་གིས་ཁྲོ་བོར་སྤྲུལ་པ་ནི། འགྲོ་བའི་དཔལ་ཆེན་པོ་རབ་ཏུ་རྔམ་པའི་ཚོགས། སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རང་བཞིན་འབར་བའི་བྱིན་རླབས་ཡ་མཚན་རྨད་པོ་ཆེ། དུས་ད་ལྟ་ཉིད་དུ་ནི་བདག་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་སྩོལ་ཅིག །བཞི་པ་རིགས་པའི་མེ་ཏོག་དོར་བའི་སྔགས་ནི། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ་རྡོ་རྗེ་ཁྲོ་བོ་དམ་ཚིག་ལ་འདུས་ཤིག །ༀ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ་རྡོ་རྗེ་ཁྲོ་བོ་དམ་ཚིག་ལ་ནོས་ཤིག །ༀ་བཛྲ་ཀྲོ་དྷཱ་ས་མ་ཡ་ཕཊ་རྡོ་རྗེ་ཁྲོ་བོ་དམ་ཚིག་སྤྲོས་ཤིག །ༀ་བཛྲ་ཀྲོ་དྷཱ་ས་མ་ཡ་ཧོཿརྡོ་རྗེ་ཁྲོ་བོ་དམ་ཚིག་ཡིན་ནོ། །ལྔ་པ་ཕྲིན་ལས་དོན་དུ་གཏོར་མ་སྦྱིན་པའི་སྔགས་ནི། ཨ་བ་བྷྲཾ་ཤའི་སྐད་གྱིས། ཨ་ལི་ཨུ་ལི་བཟའ་བ་དང་བཏུང་བ་ཏཱ་ལི་ཏ་པཱ་ལི་དེ་དག་གི་ཡན་ལག་གོ །དཾཥྚཱ་གོ་ནཱ་ར་དྲིི་མཆེ་བ་ཅན་རྡོ་རྗེ་དྲག་པོའི་ཚོགས། ཁཾ་རཾ་ཡོ་གི་ནཱི་ཁཱ་ཧི་ཧོ་ཞལ་འབར་བ་རྣལ་འབྱོར་པའི་ཚོགས་གསོལ་ཅིག །དེ་དག་གོང་གི་ཞལ་དུ་གསོལ་སྙམ་ནས། ཧཱུཾ་ཧ་ཧེ་ཕཊ་ལྷ་སུམ་ཅུའི་དཀྱིལ་འཁོར་རོ། །གསུམ་པ་ལྟས་ཁྱད་པར་ཅན་གྱིས་མཇུག་བསྡུ་བ་ནི་དེ་སྐད་ཅེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་སྣོད་མ་དག་པའི་དངོས་པོ་དང་བཅུད་ཀྱི་སྒྲིབ་པའི་ཚོགས་ལས་ལུས་ཀྱི་མི་དགེ་བ་རྣམས་ཚིག །ངག་གི་མི་དགེ་བ་རྣམས་རབ་ཏུ་ཚིག །ཡིད་ཀྱི་མི་དགེ་བ་རྣམས་ཀུན་ཏུ་ཚིག་གོ །སྣང་བ་སྣོད་ཀྱི་འཇིག་རྟེན་ཡེ་ཤེས་ཀྱི་སྣང་བར་འབར་ཞིང་གདུལ་བྱའི་སྒོ་གསུམ་ལ་སྐུའི་ཡེ་ཤེས་འབར། གསུང་གི་ཡེ་ཤེས་རབ་ཏུ་འབར། ཐུགས་ཀྱི་ཡེ་ཤེས་ཀུན་ཏུ་འབར་རོ། །དེའི་ཚེ་སྣང་སྲིད་སྣོད་བཅུད་ནམ་མཁའི་མཐའ་གཏུག་པ་ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་རིགས་ལྔའི་རང་བཞིན་གྱི་ཚོགས་ཀྱིས་ནམ་མཁའི་དབྱིངས་ཐམས་ཅད་སྐུའི་དཀྱིལ་འཁོར་གྱིས་གང་དེ་དག་ལས་གསང་སྔགས་ཀྱི་རང་སྒྲ་འབྲུག་སྟོང་ཙམ་གྱིས་ཁྱབ་པར་རབ་ཏུ་གང་བ་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་དང་། འོད་དང་གཟི་བརྗིད་ཀྱིས་གསལ་ལ་ཆོས་སྐུས་ཁྱབ་པའི་ཐུགས་ཀྱི་རང་བཞིན་གཉིས་སུ་མེད་པས་ཀུན་ཏུ་གང་བར་གྱུར་ཏོ། །ཡང་དཀྱིལ་འཁོར་གསུམ་གྱིས་ནམ་མཁའ་དང་ས་གཞི་དང་བར་སྣང་གསུམ་དུ་གང་རབ་ཏུ་གང་ཀུན་ཏུ་གང་ངོ་། །ཡང་རང་སྣང་ལྷུན་སྟུག་པོ་བཀོད་པར་འོད་དང་གཟི་བརྗིད་དང་ཡེ་ཤེས་ཀྱི་བཀོད་པས་གང་རབ་ཏུ་གང་ཀུན་ཏུ་གང་བའོ། །གསུང་མཆོག་ཏུ་གསང་བའི་སྙིང་པོ་ཡེ་ཤེས་ཀྱི་རང་སྒྲའི་དེ་ཁོ་ན་ཉིད་ངེས་པ་ལས་ཡེ་ཤེས་ཀྱི་ཁྲོ་བོའི་ཚོགས་ཆེན་པོའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་དཀྱིལ་འཁོར་མཐའ་དབུས་མེད་པར་སྤྲོས་པའི་ལེའུ་སྟེ་བཅུ་དྲུག་པའོ།། ༈ །།དོན་གཉིས་པ་དམིགས་པའི་རྟེན་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་གསུམ་སྟེ། དཀྱིལ་འཁོར་འབྱུང་བའི་རྒྱུ་སྤྱིར་བསྟན་པ། དཀྱིལ་འཁོར་གྱི་རང་བཞིན་རྒྱས་པར་བཤད་པ། ངོ་མཚར་གྱི་ལྟས་སྣང་བའོ། །དང་པོ་ནི། གསུང་གསང་སྔགས་ཀྱི་དཀྱིལ་འཁོར་བསྟན་པ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཁྲོ་བོའི་དཀྱིལ་འཁོར་གསུང་སྔགས་དང་བཅས་པ་དེ་དག་གི་རྣམ་པ་གསལ་བར་བྱེད་པ་ན་དམིགས་པའི་རྟེན་དགོས་པས་ཕྱི་རབས་ཀྱི་གདུལ་བྱ་ལ་ཕན་པའི་དོན་དུ་གཟུགས་བརྙན་གྱི་དཀྱིལ་འཁོར་བསྟན་པའི་ཕྱིར་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་ལ་གཉིས། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷའི་དཀྱིལ་འཁོར་རོ། །དང་པོ་ལ་གསུམ་ལས། དང་པོ་གཞལ་ཡས་ཁང་དངོས་ནི། །ཡེ་ཤེས་ལྔ་མཚོན་པའི་ཕྱིར་ཕྱི་ནང་མེད་པར་མེ་དཔུང་འབར་བའི་ཀློང་ཕོ་བྲང་གི་འོག་གཞི་ལྟེ་བ་མུ་ཁྱུད་དང་བཅས་པའི་འཁོར་ལོ་རྩིབས་བཞི་པ་ནི་རིགས་ལྔའི་རང་བཞིན་གྱི་བརྡའོ། །དེའང་ཚད་མེད་པ་བཞི་དང་བདེན་པ་བཞི་མཚོན་པའི་ཕྱིར་གྲུ་ཆད་བཞིས་ནི་རྣམས་པར་བརྒྱན་པའོ། །དེའི་སྟེང་དུ་ཡེ་ཤེས་ཀྱི་གཞལ་ཡས་ཁང་ཡོན་ཏན་རྒྱས་པའི་བརྡར་གྲུ་བཞི་པ་རྣམ་པར་ཐར་པ་བཞིའི་མཚོན་བྱེད་དུ་སྒོ་ཁྱུད་བཞི་དང་ལྡན་པའི་དབུས་སུ་སྐུ་ལྔའི་རང་བཞིན་མཚོན་པའི་བརྡར་འཁོར་ལོ་རྩིབས་བཞི་གྲུ་ཆད་དང་བཅས་པས་མཛེས་པའོ། །དེས་མཚོན་ཏེ་རྣམ་ཐར་བརྒྱད་ཀྱི་རྟ་བབས་དང་བདེན་པ་གཉིས་ཀྱི་དོན་མཚོན་པ་ཡེ་ཤེས་འབར་བའི་བར་ཁྱམས་ཕྱི་ནང་གཉིས་ཀྱིས་མཛེས་ཤིང་བྷནྡྷའི་རྩིག་པ་ཆེན་པོས་ལྷུན་མཐོ་བའོ། །གཉིས་པ་དེ་མཛེས་པར་བྱེད་པའི་རྒྱན་ནི། ཕལ་ཆེར་གོང་དང་མཚུངས་ཤིང་ཁྱད་པར་དུ་ཐོད་པ་སྐམ་རློན་གྱི་རྩིག་པ་ལ་སྦྲུལ་ནག་གི་ཆུན་པོས་དཀྲིས་ཤིང་ཐོད་པ་སྦྲུལ་གྱི་ཟར་ཚགས་དང་ཉི་ཟླའི་མཐོང་ཁུང་དང་ཚངས་པའི་གདུང་དང་མཆོག་ཆེན་གྱི་ཀ་བ་དང་རུས་སྦལ་གྱི་ཀ་གདན་དང་ཞིང་གི་ལྕམ་དང་མཆོག་ཕྲན་གྱི་གྲལ་བ་དང་གཡང་བཞིའི་ཐོག་གཡམ་དང་རྒྱུ་མའི་དྲྭ་བ་དང་དོན་སྙིང་གི་དྲྭ་ཕྱེད་དང་སྒོ་བཞི་རུས་བལ་གྱི་མ་ཐེམ་དང་། ཆུ་སྲིན་གྱི་ཡ་ཐེམ་དང་། སྦྲུལ་ནག་གི་སྐྱེས་བུ་དང་ཞིང་ཆེན་གྱི་སྒོ་གླེགས་ལ་སོགས་པ་སྣ་ཚོགས་པས་བརྒྱན་ཞིང་ཉི་མ་དང་ཟླ་བ་གཟའ་སྐར་གྱིས་བརྗིད་ཅིང་། མེ་དཔུང་འབར་བའི་རྩེ་ལས་མེའི་ཚ་ཚ་ཕྱོགས་བཅུར་འཕྲོ་བའི་ཕྲེང་བ་མང་པོ་དང་འོད་ཟེར་འཁྲུགས་པས་མཛེས་པའོ། །གསུམ་པ་གདན་གྱི་ཁྱད་པར་ནི། འགྲོ་བ་ཟིལ་གྱིས་གནོན་པ་ཁྱུ་མཆོག་དང་གཟི་བརྗིད་ཆེ་བ་མ་ཧེ་དང་གདུག་པ་ཆེ་བ་གཟིག་དང་དཔལ་རྟུལ་ཆེ་བ་སྟག་དང་། རང་བཞིན་གྱིས་གཏུམ་པ་དོམ་གྱི་སྤར་བས་ནི་བཏེགས་པའོ། །སྲོག་ཆགས་འདི་དག་ཀྱང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་མཚོན་བྱེད་དུ་རང་སྣང་བའོ། །དེ་ཅི་ལྟར་ཡིན་ཞེ་ན་བླ་མ་རོང་པས། །ཁྱུང་མཆོག་ནི་ལྕེ་འབར་བའི་འཇིགས་པ་དང་བྲལ་བ་དང་། ཁྱུས་འགྲོ་ཟིལ་གྱིས་གནོན་པས་འཇིགས་བྱེད་ཁྱུང་མཆོག་ཞེས་བྱ་སྟེ་ཐུགས་ཀྱི་ཕྱག་རྒྱའོ། །མ་ཧེ་ནི་གཟི་བརྗིད་ཆེ་བས་བརྗིད་པའི་མ་ཧེ་ཞེས་བྱ་སྟེ་སྐུའི་ཕྱག་རྒྱའོ། །གཟིག་ནི་གདུག་པ་ཆེ་བས་མི་གཏོང་བའི་ཕྱིར་གཟུང་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་གྱི་ཕྱག་རྒྱའོ། །སྟག་ནི་དཔལ་རྟུལ་ཆེ་བས་ཐུགས་རྗེ་ཆེན་པོའི་མཚན་ཉིད་པདྨ་རིག ས་ཀྱི་ཕྱག་རྒྱའོ། །དོམ་ནི་གཏུམ་པའི་ཕྱིར་ལས་ཀྱི་རིགས་ཀྱི་ཕྱག་རྒྱའོ། །ཞེས་བཞེད་པ་ལྟར་རོ། །དེའི་སྟེང་དུ་དྲེགས་པའི་དབང་ཕྱུག་ལྷ་ཆེན་པོ་ལ་སོགས་པ་ཁྱོ་ཤུག་ཟུང་དུ་བསྣོལ་བའོ། །གཉིས་པ་བརྟེན་པ་ལྷའི་དཀྱིལ་འཁོར་ལ་གཉིས། གཙོ་བོའི་བཞུགས་ཚུལ་དང་། འཁོར་གྱི་བཀོད་པའོ། །དང་པོ་ལ་གསུམ་ལས། དང་པོ་སྐུ་མདོག་དང་ཞལ་ཕྱག་གི་རྣམ་པ་ནི། གཏི་མུག་གནས་སུ་དག་པས་གཙོ་བོ་སྨུག་ནག་ཞེ་སྡང་དག་པས་བཛྲ་ཧེ་རུ་ཀ་སྔོན་ནག་ང་རྒྱལ་དག་པས་རཏྣ་ཧེ་རུ་ཀ་སེར་ནག་དང་། འདོད་ཆགས་དག་པས་པདྨ་ཧེ་རུ་ཀ་དམར་ནག་ཕྲག་དོག་དག་པས་ཀརྨ་ཧེ་རུ་ཀ་ལྗང་ནག་སྟེ་རྩ་ཞལ་དང་བཅས་པའོ། །དབུས་དང་ཤར་ནུབ་བྱང་གི་ཧེ་རུ་ཀ་བཞིའི་གཡས་དཀར་ཞིང་། ལྷོའི་གཡས་སྔོན་པོ་དབུས་དང་ལྷོ་བྱང་གི་གཡོན་དམར་ཞིང་། ཤར་དང་ནུབ་ཀྱི་གཡོན་སེར་པོ་གདུལ་བྱ་གདུག་པ་ཅན་གྱི་སྣང་ངོར་རབ་ཏུ་འཇིགས་པའི་སྐུ། དུག་གསུམ་དག་ཅིང་སྐུ་གསུམ་མངའ་བའི་ཕྱིར་ཐམས་ཅད་ཀྱང་དབུ་གསུམ་པ་ཡེ་ཤེས་ལ་དབང་བསྒྱུར་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་འགྲོ་བ་དྲུག་སྒྲོལ་བའི་ཕྱིར་ཕྱག་དྲུག་རྫུ་འཕྲུལ་གྱི་རྐང་པ་བཞི་བརྙེས་ཤིང་བདུད་བཞི་འདུལ་བའི་བརྡར་ཞབས་བཞིར་བགྲད་པ། །གཉིས་པ་རྒྱན་ཆས་དང་གསུང་གི་ང་རོ་ནི། ཐེག་པ་ཆེན་པོའི་དོན་ལ་མངའ་བརྙེས་པའི་མཚོན་བྱེད་དུ་གླང་ཆེན་གྱི་ཀོ་རློན་གྱི་སྟོད་གཡོག་དྲེགས་པ་དབང་དུ་སྡུད་པ་ཞིང་གི་གཡང་གཞི་གཟུང་འཛིན་གྱི་མཐའ་ལས་གྲོལ་བ་སྟག་སྤགས་ཀྱི་ཤམ་ཐབས་ཏེ་བགོ་བའི་གོས་ནི་སྣ་ཚོགས་གྱོན་ཞིང་། སྦྲུལ་རྒྱལ་རིགས་དཀར་པོའི་དབུ་རྒྱན་རྗེའུ་རིགས་སེར་པོའི་སྙན་ཆ་དང་མགུལ་ཆུན་བྲམ་ཟེའི་རིགས་དམར་པོའི་དོ་ཤལ་དང་དཔུང་རྒྱན་གདོལ་པོའི་རིགས་ནག་པོའི་ཕྱག་ཞབས་ཀྱི་གདུ་བུ་དང་ཐོད་ཕྲེང་ཡང་མི་མགོ་སྐམ་པོའི་དབུ་རྒྱན་རྙིང་པའི་སེ་རལ་ཁ་རློན་པ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་དང་ཉི་མ་དང་ཟླ་བའི་ཆས་ཕྲག་པ་གཡས་གཡོན་ནས་འོད་འགྱེད་པ་སྟེ་ཐབས་དང་ཤེས་རབ་ཀྱི་སྣང་བའི་བརྡའོ། །དེ་དག་གིས་མཚོན་ནས་མཁུར་ཚོས་སུ་རཀྟའི་ཐིག་ལེ། ཨོལ་ཀོ་ཞག་གི་ཟོ་རིས་སྨིན་མཚམས་ཐལ་ཆེན་གྱི་ཚོམ་བུ་དང་དཔལ་གྱི་ཆས་བརྒྱད་དོ། །གསུང་གི་ང་རོ་རྔམ་པའི་སྒྲ་སྐད་ཆེན་པོ་འཇིགས་པར་སྒྲོགས་པ་འབྲུག་སྟོང་ལྡིར་བ་ཙམ་མོ། །གསུམ་པ་ཕྱག་མཚན་དང་བཙུན་མོའི་སྦྱོར་ཚུལ་ནི། སངས་རྒྱས་གསང་བ་གཡས་གཡོན་གྱི་དང་པོ་གཉིས་ན་རྡོ་རྗེ་དང་འཁོར་ལོ། །བར་པ་ན་རལ་གྲི་དང་དུང་ཆེན། ཐ་མ་གཉིས་ན་དགྲ་སྟ་དང་ཐོང་གཤོལ་ལ་སོགས་ཀྱི་སྒྲ་དབྱུག་ཐོ་ཏྲི་ཤུལ་བེ་ཅོན་ལ་སོགས་པའོ་ཞེས་གསུངས་ཤིང་། རོང་པ་ནི་གཡས་དང་པོ་རང་རང་གི་ཕྱག་མཚན། གཡོན་དང་པོ་བྷནྡྷ་རཀྟས་བཀང་བ་གཞན་རྣམས་རིམ་པ་བཞིན་སྦྱོར་བར་བཞེད་ཀྱང་། འདིར་སྒྱུ་འཕྲུལ་རྡོ་རྗེ་དང་མཐུན་པར་སྦྱར་ན། རྡོ་རྗེའི་གཡོན་ཐ་མ་དང་ལས་ཀྱི་གཡོན་ཐ་མ་ན་སྟོང་གི་འཇིག་རྟེན་འཁོར་ཡུག་བཅས་པ་མཚོན་པའི་རྔ་ཆུང་། བཛྲ་ཧེ་རུ་ཀའི་གཡས་དང་པོ་རྡོ་རྗེ་རྩེ་དགུ་པ་རིགས་ལྔ་ཀའི་གཡས་བར་མ་རྡོ་རྗེ་རྩེ་ལྔ་པ་གཡོན་བར་མ་དུང་ཆེན་ཏེ་ཐོད་པ་ལྕང་ལོ་མེད་པ་ཁྲག་གིས་གང་བ་དང་། ཀརྨ་ཧེ་རུ་ཀའི་གཡས་དང་པོ་ལ་རལ་གྲི་དེ་བཞིན་གཤེགས་པའི་གཡོན་དང་པོ་དང་རིན་པོ་ཆེའི་གཡོན་ཐ་མ་གཉིས་ན་དགྲ་སྟྭ་ལས་ཀྱིི་གཡོན་དང་པོ་ན་གཤོལ་ལ་སོགས་པ་སྟེ་བུདྡྷའི་གཡས་དང་པོ་ན་འཁོར་ལོ། །རཏྣའི་རིན་པོ་ཆེ། པདྨ་ལས་ཀྱི་གཡས་ཐ་མ་ན་ཁ་ཊྭཱཾ་ཀ་རིིན་པོ་ཆེའི་གཡོན་དང་པོ་ན་རྒྱུ་ཞགས། པདྨའི་གཡོན་དང་པོ་ན་དྲིལ་བུ་ཐ་མ་ན་རྔ་ཆུང་ཐམས་ཅད་ཀྱི་གཡས་ཐ་མ་ན་ཏི་ར་སྟེ་ཞིང་དབྱུག་གདེངས་པ་བཅས་རང་རང་གི་ལག་ཆ་སྣ་ཚོགས་ཏེ། རང་རང་གི་རིགས་ཀྱི་བཙུན་མོ་ཞལ་གཅིག་ཕྱག་གཉིས་མ་འཇིགས་པའི་ཚོགས་གཡས་ཡབ་ལ་འཁྱུད་ཅིང་གཡོན་ཐོད་ཁྲག་གཙོ་བོའི་ཞལ་དུ་སྟོབ་པ་དང་འཁྲིལ་བའོ། །གཉིས་པ་འཁོར་གྱི་བཀོད་པ་ལ་གཉིས་ལས། དང་པོ་ཁྲོ་མོ་ཉི་ཤུའི་བཀོད་པ་ལས། གནས་ཀྱི་མ་མོ་བརྒྱད་ནི་རྣམ་ཤེས་ཚོགས་བརྒྱད་འཁོར་བ་བསྐྱེད་པའི་གནས་ཡིན་ལ་དེ་རྣམས་གནས་སུ་དག་པར་བྱེད་པའི་ཕྱིར་གནས་ཀྱི་ཕྱག་རྒྱ་དང་དེ་ལ་ཀའུ་རཱི་དཀར་མོ་ཞིང་དབྱུག་དང་བྷན་དམར། ཙོའུ་རཱི་སེར་མོ་མདའ་གཞུ་འགེངས་པ། །པྲ་མོ་ཧ་དམར་མོ་ཕྱག་གཉིས་ཆུ་སྲིན་གྱི་རྒྱལ་མཚན་བསྒྲེང་བ། བེ་ཏ་ལཱི་ནག་མོ་རྡོ་རྗེ་འཕྱར་ཞིང་བྷན་དམར་ཐུགས་དཀར་འཛིན་པ། པུཀྐ་སཱི་དམར་སེར་བྱིས་པའི་རྒྱུ་མ་འདྲེན་པ། ཀསྨ་རཱི་ལྗང་ནག་དུང་དམར་དཀྲུགས་ཅིང་གསོལ་བ། སྨེ་ཤ་ནཱི་མཐིང་ནག་བྱིས་པའི་སྙིང་ཟབ། ཙནྜ་ལཱི་སེར་སྐྱ་བཾ་གྱི་མགོ་ལུས་འདྲལ་བའོ། །ཡུལ་གྱི་ཕྲ་མེན་བརྒྱད་ནི། སྒོ་ལྔའི་རྣམ་ཤེས་ཀྱི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་ཀྱི་ཡུལ་ཆོས། ཉོན་མོངས་པ་ཅན་གྱི་ཡུལ་ཀུན་གཞི། ཀུན་གཞིའི་ཡུལ་ཕྱི་ནང་གི་ཆོས་ཐམས་ཅད་གནས་སུ་དག་པས་ཡུལ་གྱི་ཕྱག་རྒྱ་དང་། དེའང་སེང་ཧ་སེར་མོ་ལག་པས་རོ་བསྣོལ་ནས་ཁས་ཐད་དུ་འཛིན་པ། བྱཱ་གྷྲི་དམར་མོ་རོ་ལ་མིག་འབྲུ་ཚུགས་སུ་བལྟ་བ། སྲི་ལ་ནག་མོ་ཞིང་ལ་བདག་པ། ཤྭ་ན་མཐིང་ག་རོའི་ལྟོ་བ་འདྲལ་བ། གྲྀ་དྷ་དམར་མོ་རོའི་རྒྱུ་མ་འདྲེན་པ། ཀང་ཀ་སེར་མོ་ཞིང་ཆེན་ཕྲག་ལ་ཁུར་བ། ཁ་ཁ་ནག་མོ་བྷནྡྷ་དང་གྲི་གུག་ཐོགས་པ། ཧུ་ལུ་མཐིང་ག་ལྕགས་ཀྱུ་འདེབས་པའོ། །ཡང་ཕྱིན་ཅི་ལོག་གི་བདུད་བཞི་འཇོམས་ཤིང་ཡེ་ཤེས་བཞི་ཡིས་རྒྱས་འདེབས་པའི་རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན་པ། ཕག་གདོང་ནག་མོ་ཞགས་པ་འཛིན་པ། དྲེད་གདོང་དམར་མོ་ལྕགས་སྒྲོག་འཛིན་པ། སྤྱང་གདོང་ལྗང་གུ་དྲིལ་ཆེན་འཛིན་པ་སྟེ་སྒོ་མ་བཞིའི་ཕྱག་རྒྱས་རབ་ཏུ་མཛེས་ཤིང་། གཉིས་པ་དབང་མོ་ཉི་ཤུ་རྩ་བརྒྱད་གྱི་བཀོད་པ་ནི། སླས་ཆུང་མ་དང་བྱི་མོ་མཛའ་མོ་དང་གཡོག་གི་ལས་བྱེད་པའི་བྲན་མོའི་ཚོགས། བཅུ་ཕྲག་གཉིས་དང་ནི་བརྒྱད་ཀྱིས་མཛེས་པར་བསྐོར་བ། དེ་དག་རང་རང་གི་སྟན་རོའི་གདན་དང་ཐོད་རློན་པ་ལ་སོགས་པའི་ལག་ཆ་དང་། ཕྲིན་ལས་ཅི་བགྱི་ཞེས་ནི་ཆས་ཏེ་གནས་སོ། །ཇི་ལྟར་གནས་ན་སྲིན་མོ་སྨུག་ནག་ཐོད་རློན་འཆང་བ། ཚངས་པ་དཀར་སེར་པདྨ་འཛིན་པ། འཁྲུག་མོ་དཀར་ལྗང་ཏྲི་ཤཱུལ་འཛིན་པ། གཏོགས་འདོད་སྔོན་མོ་འཁོར་ལོ་ཐོགས་པ། གཞོན་ནུ་དམར་མོ་མདུང་ཐུང་འཛིན་པ། དབང་མོ་དཀར་མོ་རྡོ་རྗེ་འཛིན་པ། རྡོ་རྗེ་སེར་མོ་ཙནྡན་འཐུང་བ། བདུད་རྩི་དམར་མོ་པདྨ། ཟླ་བ་དཀར་མོ་པུཎྜ་རཱི་ཀ །བེ་ཅོན་ལྗང་གུ་དབྱུག་ཐོ། སྲིན་མོ་དམར་ནག་དུང་ཁྲག་འཐུང་བ། ཟ་བ་ལྗང་ནག་རོའི་རྒྱུ་མ་འདྲེན་པ། དགའ་བ་དམར་མོ་གྲི་གུག །མྱོས་མ་དམར་མོ་གཤོལ །གཅིག་པུར་སྤྱོད་མ་སྤུ་གྲི། ཡིད་འཕྲོག་དམར་མོ་མདའ་གཞུ། གྲུབ་མོ་དཀར་མོ་བུམ་པ། རླུང་ལྷ་སྔོན་མོ་བ་དན། གསོད་བྱེད་དཀར་མོ་རལ་གྲི། མི་མོ་དམར་མོ་གསལ་ཤིང་། ཕག་མོ་ནག་མོ་མཆེ་ཞགས། རྒན་བྱེད་ནག་མོ་ཞིང་ཟ་བ། སྣ་འཕྱང་དཀར་མོ་ཐོད་ཁྲག་འཐུང་བ། །ཆུ་ལྷ་དམར་མོ་སྦྲུལ་ཞགས་འཛིན་པ། ནག་མོ་ཆེན་མོ་ལྕགས་ཀྱུ། སེར་མོ་ཞགས་པ། དམར་མོ་ལྕགས་སྒྲོགས། ནག་མོ་དྲིལ་བུ་འཁྲོལ་བའོ། །ལེའུ་འདི་ནི་བྲི་བ་དང་སྒོམ་པ་སྤྱིའི་དོན་དུ་སྨོས་ཀྱི་གཅིག་ཁོ་ནའི་ཕྱོགས་སུ་བྱེད་པ་མ་ཡིན་ནོ། །གསུམ་པ་ངོ་མཚར་གྱི་ལྟས་སྣང་བ་ནི་ཞེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་ཡེ་ཤེས་ཀྱི་ཁྲོ་བོ་མེ་དཔུང་འབར་བའི་དཀྱིལ་འཁོར་ཞིང་གི་རྡུལ་སྙེད་ནམ་མཁའི་དབྱིངས་དང་ཆོས་ཀྱིས་ཁྱབ་པ་ཀུན་ཏུ་སྐུ་གསུང་ཐུགས་ཀྱི་སྣང་བ་གསལ་བར་གྱུར་ཏོ། །རང་བཞིན་གསང་བའི་སྙིང་པོ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོའི་དཀྱིལ་འཁོར་གྱི་རྣམ་དབྱེ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། ༈ །།དོན་གསུམ་པ་དེར་མཆོད་པ་ཇི་ལྟར་བྱ་བའི་ཚུལ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད་པ། ཚིག་གི་དོན་བཤད་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། དཀྱིལ་འཁོར་བསྟན་པ། དེ་ནས་བཅོམ་ལྡན་འདས་མཆོད་སྤྲིན་གྱི་རོལ་པས་དགྱེས་པ་ཆེན་པོས་ཕྱི་ནང་གསང་བའི་རང་བཞིན་གྱིས་མཉེས་པའི་མཆོད་པ་ཆེན་པོ་འདི་དག་ཆེད་དུ་བརྗོད་དོ། །གཉིས་པ་ལ་གསུམ། སྦྱོར་སྒྲོལ་གྱི་མཆོད་པ་སྤྱིར་བསྟན་པ། དམ་རྫས་འདོད་ཡོན་གྱི་མཆོད་པ་བྱེ་བྲག་ཏུ་བཤད་པ། དེའི་ཕན་ཡོན་དངོས་གྲུབ་འགྲུབ་པའི་ཚུལ་བརྗོད་པས། །དང་པོ་ལ་གཉིས་ལས། སྒྲོལ་བའི་མཆོད་པ་ནི། དེ་ལ་རྒྱལ་བ་མཆོད་པ་དང་སེམས་ཅན་ལ་སྦྱིན་པ་བྱ་བའི་ཚུལ་ནི། བསོད་ནམས་ཀྱི་ཚོགས་ཡིན་ལ་དེ་དག་གི་ནང་ནས་མཆོད་དམ་པ་ནི། སེམས་ཉིད་ཡེ་ནས་དག་པ་མཆོད་བྱ་དང་མཆོད་བྱེད་མེད་པ་དོན་གྱི་མཆོད་པ་སྟེ་མཆོད་པའི་ཕྱག་རྒྱ་ཆེན་པོ་ཡིན་པས་ན། ཐོག་མར་བདག་ཉིད་ཀྱིས་འཁོར་བའི་གནས་འདིར་མ་རིག་པའི་ལོག་པར་རྟོག་པས་དངོས་པོ་དང་མཚན་མར་གོམས་པའི་ཕྱིན་ཅི་ལོག་སྤྲོས་པའི་མཐའ་བརྒྱད་དང་གཟུང་འཛིན་དུ་ཞེན་པའི་བློ་གདོད་ནས་སྐྱེ་བ་མེད་པའི་ངང་དུ་བསྒྲལ་ཏེ་ཕྱི་ནང་གི་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་དུ་བསྒོམ་སྟེ་དེ་ནས་བསྒྲལ་བའི་ཡུལ་དང་སྒྲོལ་བྱེད་བདག་ཉིད་གཉིས་སུ་མེད་པའི་བློ་ཡིས་ནི། ཤེས་རབ་མཐའ་གཉིས་ལ་མི་གནས་པའི་ངང་ལས་ཐབས་སྙིང་རྗེ་ཆེན་པོས་བསྒྲལ་བར་བྱ་སྟེ། ཞིང་བཅུ་ལྟ་བུའི་སེམས་ཅན་བློ་ངན་སྲིད་པའི་འཇིག་རྟེན་འོག་མར་བརྒྱུད་བ་འདི་དག་སྙིང་རེ་རྗེ་སྙམ་དུ་བྱམས་པ་དང་སྙིང་རྗེ་ཚད་མེད་པ་བསྒོམས་ནས་བདག་ཉིད་སྒྱུ་མ་དང་ཡུལ་མིག་ཡོར་གྱི་ཚུལ་ཙམ་དུ་ཤེས་པར་བྱས་ཏེ། ཀུན་རྫོབ་ཏུ་སྣང་ཡང་དོན་དམ་པར་གཉིས་སུ་མེད་པར་རྟོགས་པས་བསྒྲལ་བར་བྱའོ། །གཉིས་པ་སྦྱོར་བའི་མཆོད་པ་ནི། བདག་དང་ཡུམ་ལྷར་བསྐྱེད་པའི་གསང་བར་དཀྱིལ་འཁོར་སྤྱན་དྲངས་ལ་ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ་བའི་བདེ་བ་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་རྫས་ཆེན་པོ་རྡོ་རྗེ་པདྨ་མཉམ་པར་སྦྱོར་བ་ལས་སྐྱེས་པའི་ངོ་བོས། བདག་ཉིད་མཉེས་པས་དེ་བཞིན་གཤེགས་པ་ཀུན་མཉེས་པར་བྱའོ། གཉིས་པ་དམ་རྫས་འདོད་ཡོན་གྱི་མཆོད་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ལས། དང་པོ་དམ་རྫས་བདུད་རྩིའི་མཆོད་པ་ནི། བདག་གཞན་འཁོར་འདས་མཉམ་པའི་དངོས་གྲུབ་སྒྲུབ་པའི་རྫས་ཆེན་པོ་བདུད་རྩི་ལྔ་ལ་སོགས་པ་དག །བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཡེ་ནས་དཀྱིལ་འཁོར་དུ་གནས་པ་ཏིང་ངེ་འཛིན་ཟབ་མོའི་གསལ་བཏབ་པ་དང་། བདག་དང་མཉམ་པའི་ཡེ་ཤེས་ལྷའི་ཚོགས་ལ་འབུལ་ལོ། །གཉིས་པ་འདོད་ཡོན་མཆོད་པ་གཉིས་ལས། དམ་རྫས་ནི་ཤ་ལ་སོགས་པའི་བཟའ་བ་དང་ཤིང་ཐོག་ལ་སོགས་པའི་བཅའ་བ་དང་ཇ་དང་རྒུན་ཆང་ལ་སོགས་པའི་བཏུང་བ་དང་ལི་ཆུ་དང་ཟ་བེར་ལ་སོགས་པའི་བགོ་བ་དང་། གཞན་ཡང་ལྷ་དང་མིའི་ལོངས་སྤྱོད་འདོད་ཡོན་ལྔ་དང་ལྡན་པ་ཐམས་ཅད་ཀུན་ཇི་ལྟར་འབུལ་ཚུལ་ནི། མཆོད་ཡུལ་ཡེ་ཤེས་ཀྱི་ལྷའི་དཀྱིལ་འཁོར་དུ་གསལ་བ་ལ་ནི་མཆོད་རྫས་འདོད་ཡོན་གྱི་ལྷའི་དཀྱིལ་འཁོར་ཐིམ་པའི་ཚུལ་གྱིས་དབུལ་ཞིང་བདག་ཡབ་ཏུ་ཤེས་པ་ལ་རྫས་ཡུམ་དུ་རོལ་པས་ལོངས་སྤྱོད་པར་བྱའོ། །གསུམ་པ་དེའི་ཕན་ཡོན་ལ་གཉིས་ལས། དང་པོ་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་འཐད་པ་ནི། ཕྱོགས་བཅུ་དུས་བཞིར་སེམས་ཅན་གྱི་དོན་ལ་གཤེགས་པ་ཡི། བདེ་བར་གཤེགས་པ་རྣམས་ཀྱི་ཡོན་ཏན་རྨད་པོ་ཆེ་ཐམས་ཅད་ཀྱང་སེམས་གོམས་པ་ལས་གཞན་ནས་ཡོད་པ་ཞིག་འདིར་འོངས་བ་མ་ཡིན་ཏེ། སེམས་ཉིད་གོམས་པས་མངོན་དུ་གྱུར་པ་ཁོ་ནར་ངེས་ན། ཐུན་མོང་གི་དངོས་གྲུབ་ལྷ་སྲིན་བྲན་དུ་ཁོལ་བ་དང་ཞི་རྒྱས་དབང་དྲག་ལ་སོགས་པ་འགྲུབ་པར་སྨོས་ཅི་དགོས། གཉིས་པ་མཆོག་གི་དངོས་གྲུབ་ནི། རྣལ་འབྱོར་པ་རྟོགས་པ་དང་ཏིང་ངེ་འཛིན་ལས་སུ་རུང་བ་རྣམས་ཀྱིས། མཚན་བཅས་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུའི་བསྐྱེད་རིམ་རྫོགས་པར་འགྱུར་ཞིང་། མཚན་མེད་རྫོགས་པ་ཆེན་པོ་བྱ་རྩོལ་མེད་པའི་ངང་ནས་གསལ་ལ་ཡིད་གཉིས་མེད་པས་ན། སྐུ་གསུམ་འདུ་འབྲལ་མེད་པའི་དཀྱིལ་འཁོར་ཆེན་པོ་ཕྲིན་ལས་དང་བཅས་པ་འབར་བར་འགྱུར་རོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། ཞེས་བརྗོད་པས། ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོའི་མཉེས་པའི་མཆོད་པ་ཆེན་པོས་ཕྱི་ནང་གི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་གྱུར་ཏོ། །ཡེ་ཤེས་གསང་བའི་སྙིང་པོ་ཀུན་ལ་ཁྱབ་པའི་དེ་ཁོ་ན་ཉིད་ངེས་པ་ལས་བླ་ན་མེད་པའི་ཡོ་བྱད་ཀྱིས་རྒྱལ་བ་མཆོད་ཅིང་སེམས་ཅན་ལ་སྦྱིན་པ་དམ་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། ༈ །།དོན་བཞི་པ་དམ་ཚིག་དང་ལྡན་པས་གྲུབ་པ་དམ་ཚིག་གི་རིམ་པ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད་པ། ཚིག་གི་དོན་བཤད་པ། །སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། མཆོད་སྦྱིན་བཤད་པ། དེ་ནས་བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་རང བཞིན་ལ་དགྱེས་པ་ཆེན་པོས་གསང་སྔགས་འཆང་བའི་རྣལ་འབྱོར་པ་རྣམས་འབྲས་བུ་མྱུར་དུ་གྲུབ་ཅིང་ལོག་པར་མི་ལྟུང་བས་སྨོས་པ་དོན་ཡོད་པར་བྱ་བའི་ཕྱིར་གསང་ཆེན་རྒྱལ་བའི་དམ་ཚིག་ཆེན་པོ་འདི་ཆེད་དུ་བརྗོད་པར་མཛད་དོ། །གཉིས་པ་ལ་གཉིས། དམ་ཚིག་ཆེན་པོའི་ངོ་བོ་སྤྱིར་བསྟན་པ་དང་། སྒྲུབ་སྲུང་གི་རྣམ་བཞག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་ལས། དང་པོ་གསང་བའི་གཞན་ལས་འཕགས་པའི་ཚུལ་ནི། གང་ཟག་གང་ཞིག་གསང་ཆེན་བླ་ན་མེད་པའ་ིཐེག་པ་འདིར་ཞུགས་ཏེ་དོན་ཕྱིན་ཅི་མ་ལོག་པར་རབ་ཏུ་ངེས་པ་སྟེ་ཉམས་སུ་བླང་ན། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དུག་ལྔ་དང་དེའི་བསྐྱེད་པའི་ལས་རྣམས་ཀུན་ལ་སྤྱད་ཀྱང་། སྒྱུ་མའི་སྤྲུལ་པས་སྤྱད་པ་ལྟར་ལས་དེ་ཉིད་བྱས་པ་ལྟར་སྣང་ལ་དེའི་སྒྲིབ་པ་དང་བག་ཆགས་མི་གསོག་པའི་སྟེང་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་འགྱུར་ཏེ། སྤྱོད་པ་དེ་ཉིད་ཀྱི་ངོ་བོ་ལ་སོ་སོར་ཐར་པའི་ཚུལ་ཁྲིམས་དང་བྱང་ཆུབ་སེམས་དཔའི་སྡོམ་པ་དང་གསང་སྔགས་ཀྱི་དམ་ཚིག་རྣམས་ཕུན་སུམ་ཚོགས་པའི་དོན་ཚང་ཞིང་རྫོགས་པའི་ཕྱིར་རོ། །གཉིས་པ་གསང་བའི་དམ་ཚིག་ཏུ་འདུལ་སྡོམ་ཐམས་ཅད་འདུས་པར་བསྟན་པ་ནི། གསང་ཆེན་བླ་ན་མེད་པ་མཆོག་གི་དམ་ཚིག་ཏུ། ཉེས་སྤྱོད་འདུལ་བའི་དབང་གིས་རྣམ་པར་བཞག་པའི་ཚུལ་ཁྲིམས་སོ་སོར་ཐར་པའི་སྡོམ་པ་དང་། དེས་མཚོན་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་དང་གསང་སྔགས་ཕྱི་པ་གསུམ་ནང་པ་དང་བཅས་པ་ཇི་སྙེད་པའི་སྡོམ་པ་བསམ་ཡས་པ། མ་ལུས་པའི་ཡོན་ཏན་ཀུན་ལྡན་དུ་འདུས་ཤིང་འོག་མའི་སྐྱོན་གྱི་ཕྱོགས་ཕྲ་མོ་ཙམ་དུ་ཡང་མེད་པས་རྣམ་པར་དག་པའོ། །གསུམ་པ་རྩ་བའི་ཚིག་ཆེན་པོའི་རྣམ་པར་བཞག་པ་ལ་བཞི་ལས། །དང་པོ་སྲོག་གཅད་པ་ནི། དོན་དམ་པར་ཆོས་ཡོད་པ་རྟག་པའི་མཐའ་དང་མེད་པ་ཆད་པའི་མཐའ་དང་མཐའ་གཉིས་དང་བྲལ་བའི་དབུ་མ་ཙམ་དུ་ཡང་མི་དམིགས་ཤིང་། ཀུན་རྫོབ་ཏུ་བདག་ཉིད་སྒྱུ་མ་དང་སེམས་ཅན་མིག་ཡོར་ལྟ་བུའི་ཚུལ་གྱིས་སྒྲོལ་བ་ལྟར་སྣང་བ། སྣང་དུས་དེ་ཉིད་ན་སེམས་ཅན་རང་མཚན་དུ་མ་གྲུབ་པས་སྲོག་བདེན་པ་མེད་ཅིང་སྲོག་རང་བཞིན་མ་གྲུབ་པས་སྲོག་ཀྱང་རྨི་ལམ་དང་འདྲ་བས་བཅད་དུ་མེད་ལ། སྲོག་དང་སྲོག་ལྡན་གྱི་སྐྱེས་བུ་ལྟར་སྣང་བ་ཡང་རང་སེམས་འཁྲུལ་བའི་ལོག་རྟོག་ཙམ་ལས་དོན་གཉིས་སུ་གྲུབ་པ་མེད་དོ། །དགོས་པ་ནི། ངེས་བརྗོད་ལས། སངས་རྒྱས་བསྟན་པ་གནོད་བྱེད་དང་། །བླ་མ་དམོད་བརྩོན་མ་རུང་དང་། །རྟག་ཏུ་སེམས་ཅན་གནོད་བརྩོན་པ། །མཁས་པས་བསྒྲིམས་ཏེ་གསད་པར་བྱ། །ཞེས་དང་། བྱང་ཆུབ་སྤྱོད་འཕེལ་སེམས་ཅན་བདེ། །ལྷ་མཉེས་བདག་གི་དམ་བསྐངས་ཤིང་། །ལས་ངན་བར་ཆད་སྡུག་ཡུན་ཐུང་། ཞེས་པ་བཞིན་ནོ། །གཉིས་པ་མ་བྱིན་པར་བླང་བ་ནི། ཆོས་ཐམས་ཅད་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ཀ་རང་བཞིན་དབྱེར་མེད་པས་དོན་ལ་མ་གྲུབ་ཅིང་། ཐ་སྙད་ཙམ་དུའང་འཕྲུལ་དགའི་ལྷ་རྣམས་རང་རང་གིས་སྤྲུལ་པའི་ལོངས་སྤྱོད་ལ་ལེན་པའི་ཚུལ་ཏེ་གཞན་དུ་སྣང་བའི་རྫས་དང་ལེན་པ་པོ་བདག་ཉིད་དོན་ལ་ཐ་དད་མིན་པའི་རང་བཞིན་ཤེས་ནས། རང་སྣང་གི་རྫས་ལ་རང་གིས་ལེན་པའི་ཚུལ་གྱིས་མ་བྱིན་པར་ལེན་དུས་དེ་ཉིད་ནའང་བླང་བྱའི་ཡུལ་སེམས་ཅན་གཞན་དང་དེས་བདག་ཏུ་བཟུང་བའི་རྫས་རང་མཚན་པ་མ་བྱིན་པ་བླང་རྒྱུ་མེད་པའི་ཕྱིར། བླངས་པ་ཡང་མེད་དེ་བླང་བྱའི་ཡུལ་བླང་རྒྱུའི་རྫས་ལེན་པ་པོ་རྣམས་ཀྱིས་མཚོན་པའི་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པ་ནམ་མཁའི་ལྟ་བུའི་དེ་བཞིན་ཉིད་ཀྱི་དབྱིངས་ཡིན་པའི་ཕྱིར་རོ། །བླང་བའི་དགོས་པ་ཡང་ཕྱུང་པོ་དེ་དག་གི་ཚོགས་རྫོགས་ལ་བཀྲེན་པ་དེ་དག་གི་འདོད་པ་འགྲུབ་པ་སྟེ། རྡོ་རྗེ་ལས། འཇུངས་པ་རྣམས་ལ་ནོར་བླངས་ལ། །སེམས་ཅན་བཀྲེན་ལ་སྦྱིན་པར་བྱ། །དེ་ཕྱིར་མི་ཡི་བདག་པོ་དང་། །ཕྱུག་པོ་རྣམས་ཀྱི་ནོར་དབྲོག་གོ །ཞེས་གསུངས་སོ། །གསུམ་པ་བརྫུན་དུ་སྨྲ་བ་ནི། གཞན་དོན་དུ་འགྱུར་བའི་དགོས་པ་ཡོད་ན་ཇི་ལྟར་ཕན་པ་དེ་ལྟར་སྨྲས་ཀྱང་ཉེས་པ་མེད་དེ། འདི་ལྟར་འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་ནི་སྒྱུ་མ་དང་རྨི་ལམ་ལྟ་བུ་དང་། དེ་དག་སོ་སོའི་མིང་དང་ཚིག་ཏུ་བཏགས་པ་དེ་ཡང་སོ་སོའི་རྟོག་པས་གློ་བུར་དུ་བཏགས་པའི་ཕྱིར་བརྫུན་ཞིང་། དེ་ལྟར་རྟོགས་ན་གཏོང་བྱའི་ཡུལ་བརྫུན་པ་ཉིད་ལ་ནི་གཏོང་བྱེད་བདག་ཀྱང་བརྫུན་པས་ངག་ཏུ་ཡོད་མེད་ལ་སོགས་པའི་བརྫུན་སྤྱོད་པ་དེའི་ཚེ། བརྫུན་ཞེས་མིང་ཙམ་བཏགས་ཙམ་དུ་ཡང་ཡོད་པ་མ་ཡིན་ཏེ་སྒྲ་དེ་ཉིད་ཕྱི་ནང་གང་ནའང་མེད་པ་དང་། དེའི་ངོ་བོ་གྲགས་སྟོང་སྐྱེ་མེད་ཡིན་པའི་ཕྱིར་རོ། །དགོས་པ་ནི། སྔ་མ་ལས། སེམས་ཅན་རྣམས་ལ་ཕན་སྤྱོད་པས། །རྟག་ཏུ་དམ་ཚིག་བླ་མའི་ནོར། །སེམས་ཅན་སྲོག་ནི་བསྲུང་བའི་ཕྱིར། །བརྫུན་དུ་ཡང་ནི་སྨྲ་བར་བྱ། །ཞེས་གསུངས་སོ། །བཞི་པ་མི་ཚངས་པར་སྤྱད་པ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་གང་དུའང་མ་ཆགས་པ་དངོས་པོ་དང་མཚན་མར་གྲུབ་པ་ཅུང་ཟད་ཀྱང་མེད་པའི་གནས་ལུགས་སྟོང་པ་ཉིད་ལ་བློས་དེ་ལྟར་རྟོགས་པ་ནི་ཆགས་པ་དང་སྟེ་ཤེས་རབ་མཐའ་གཉིས་ལ་མི་གནས་པའི་ངང་ནས། ཡབ་ཡུམ་སྙོམས་པར་ཞུགས་པའི་ཡེ་ཤེས་ལ་ཆགས་པ་ཉིད་ན་ཐ་མར་རང་ཀ་བའི་ཆགས་པ་མེད་པ། དེ་ནི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཚངས་པར་སྤྱོད་པ་མཆོག་གི་རྒྱལ་པོ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆགས་པ་ཆེན་པོ་པདྨའི་རིགས་སེམས་ཅན་ལ་ཐུགས་རྗེ་འབྱུང་བའི་ངང་ཚུལ་ཡིན་ནོ། །སྤྱོད་པའི་དགོས་པ་ནི། སྔ་མ་ལས། སངས་རྒྱས་རྣམས་ནི་མཉེས་བྱ་དང་། །དམ་ཚིག་རྣམས་ནི་བསྲུང་བ་དང་། །གསང་སྔགས་རིག་པར་བསྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བརྟེན་པར་བྱ། །ཞེས་སོ། །གཉིས་པ་བསྒྲུབ་སྲུང་གི་རྣམ་བཞག་བྱེ་བྲག་ཏུ་བཤད་པ་ལ་བཞི། ངོ་བོ་ངེས་ཚིག་དང་བཅས་པ། ཕན་ཡོན་ཉེས་དམིགས་དང་བཅས་པ། རང་བཞིན་དབྱེ་བ་དང་བཅས་པ། ཕན་ཡོན་ཆེན་པོ་བཤད་པའོ། དང་པོ་ལ་གཉིས། ངོ་བོ་དང་། ངེས་ཚིག་གོ །དང་པོ་ལའང་གཉིས་ལས། དང་པོ་རྩ་བའི་དམ་ཚིག་ནི། གཞི་ལམ་འབྲས་བུ་གསུམ་གྱི་བླ་ན་མེད་པའི་དཀོན་མཆོག་གསུམ་མི་སྤངས་པ་དང་ཆོས་དང་དམ་ཚིག་གིས་འབྲེལ་བའི་བླ་མ་རྣམས་དང་ཁྱད་པར་གསང་སྔགས་ཀྱི་རྡོ་རྗེའི་བླ་མ་བཀུར་པ་སྟེ་དེའང་དབང་བསྐུར་བརྒྱུད་བཤད་པ་གདམས་པ་བསྟན་པ་ནི་བཀའ་དྲིན་སུམ་ལྡན་སྟེ་དེ་ལས་ཡུལ་གཉན་པ་གཞན་མེད་དོ། །རེ་རེའམ་གཉིས་ལྡན་ལྟ་བུ་ལ་དབང་དང་བཤད་པ་དང་། མན་ངག་གསུམ་ནི་སྔ་མ་སྔ་མ་ལས་གཉན་ནོ། །དཀྱིལ་འཁོར་གང་དུ་ཞུགས་པའི་ལྷ་རྣམས་ཀྱི་རྒྱུ་མ་ནོར་བ་རྩ་བའི་སྔགས་ལ་སོགས་པ་ཡན་ལག་ལྔའི་སྒོ་ནས་བཟླས་པ་དང་དམ་ཚིག་ཆོས་ལས་ཕྱག་རྒྱ་ཆེན་པོ་དང་བཞིའི་སྒོ་ནས་ལྷ་སོ་སོའི་ཕྱག་རྒྱ་འཆང་བ་རྣམས་རྒྱུན་མི་གཅད་པ་དང་། ཡང་དག་པའི་ལམ་ཐེག་པ་ཆེན་པོ་ཉིད་དུ་ཞུགས་པའི་གང་ཟག་རྣམས་ལ་བྱམས་པ་དང་། གབ་པ་དང་སྦས་པའི་ལྟ་སྤྱོད་གསང་བའི་དོན་རྣམས་ཕྱིར་སྣོད་དུ་མ་གྱུར་པ་ལ་སྨྲ་བར་མི་བྱའོ། །འདི་དག་ནི་དམ་ཚིག་གི་རྩ་བ་ལྔ་པོ་རྣམས་ཏེ། དང་པོ་གསུམ་སྒྲུབ་པའི་དམ་ཚིག་དང་ཕྱི་མ་གཉིས་དེ་དག་གི་ཐུགས་དང་འགལ་བ་སྲུང་བའི་དམ་ཚིག་གི་མཆོག་ཡིན་ནོ། །གཉིས་པ་ཡན་ལག་གི་དམ་ཚིག་ལའང་གཉིས་ལས། མི་སྤང་བའི་དམ་ཚིག་ལྔ་ནི། གཏིི་མུག་གང་དུའང་མི་རྟོག་པ་དང་འདོད་ཆགས་བདེ་བ་ཆེན་པོ་དང་ཞེ་སྡང་གསལ་བ་ཆེན་པོ་དང་། ང་རྒྱལ་དྲེགས་པ་ཆེན་པོ་དང་ཕྲག་དོག་ཁྲོ་བ་ཆེན་པོ་རྣམས་ནི་གཞི་ཡེ་ནས་དག་ཅིང་ཐབས་ཀྱིས་ལམ་དུ་འགྱུར་བ་ལ་འབྲས་བུ་སྐུ་དང་ཡེ་ཤེས་སུ་འཆར་བའི་རང་བཞིན་ཡིན་པས་ནམ་ཡང་མི་སྤང་ངོ་། །དང་དུ་བླང་བའི་དམ་ཚིག་ལྔ་ནི། དཀར་རྩི་བྱང་ཆུབ་ཀྱི་སེམས་དང་། དམར་རྩི་པདྨ་རཀྟ་དང་དྲི་ཆེན་དང་དྲི་ཆུ་དང་ཤ་ཆེན་གྱི་དྭངས་མ་རྣམས། ཁ་ཅིག་རྩོག་པར་འཛིན་པས་དེ་དང་ཐུན་མོང་བློ་སྤང་བྱར་ཤེས་པ་ནི་དམ་རྫས་ཀྱིས་དག་པའི་སྣོད་ཡིན་པས་དེ་ཉིད་དུ་མི་དོར་རོ། །དེ་དག་ནི་རྩ་བའི་གྲོགས་སམ་ཐབས་སུ་བྱུང་བས་ན་ཡན་ལག་རྣམས་པ་བཅུ་ཡི་དམ་ཚིག་སྟེ། རང་དགར་སྤྱད་ན་ཐ་མལ་བ་བཞིན་འགྱུར་བས་ཡེ་ནས་དག་པ་གསུམ་དང་མཉམ་པ་བཞིར་གནས་པའི་དོན་རྟོགས་པས་རང་བཞིན་ཤེས་པར་བྱས་ལ་རང་རང་གི་ཐབས་ཀྱིས་ཟིན་པས་སྤྱད་པར་བྱའོ། །གཉིས་པ་ངེས་ཚིག་ལའང་གཉིས་ལས། རྩ་བའི་ངེས་ཚིག་ནི། བསྲུང་ཞིང་སྒྲུབ་པའི་དམ་ཚིག་རྣམ་པ་ལྔ། གསང་སྔགས་སྒྲུབ་པའི་རྩ་བ་ཡིན་ཏེ། ལྗོན་ཤིང་གི་རྩ་བ་ལྟར་བསྲུང་ན་དངོས་གྲུབ་འབྱུང་ཞིང་། ཉམས་ན་མངོན་པར་བྱང་ཆུབ་པའི་རིགས་མེད་པར་འགྱུར་རོ། །ཡན་ལག་གི་ངེས་ཚིག་ནི། མི་སྤང་བ་དང་མི་འདོར་བའི་དམ་ཚིག་ལྔ་ཚན་གཉིས་ནི། རྩ་བ་སྒྲུབ་པའི་གྲོགས་སུ་དགོས་པས་ཡན་ལག་གི་དམ་ཚིག་ཅེས་བྱ་སྟེ་དེ་དག་ཀྱང་རྩ་བ་དང་གཉན་མི་གཉན་དགོས་པའི་དབང་གིས་མཉན་པས་ན། དེ་ལས་ཤིན་ཏུ་འདའ་དཀའོ། །གཉིས་པ་ཕན་ཡོན་ཉེས་དམིགས་དང་བཅས་པ་ལའང་གཉིས་ལས། དམ་ཚིག་ལ་གནས་པའི་ཕན་ཡོན་ནི། ཆོས་ཐམས་ཅད་ཡེ་ནས་སྐུ་དང་ཡེ་ཤེས་སུ་སངས་རྒྱས་མཉམ་པའི་དོན་ལ་ལམ་ཐབས་དང་ཤེས་རབ་ཟབ་མོས་མཉམ་པར་སྦྱོར་བ་ཡི་རང་བཞིན་ནོ། །མཉམ་པའི་དམ་ཚིག་ཆེན་པོ་དེ་ཉིད་ལ་གནས་ན། འབྲས་བུ་སྐུ་གསུམ་འདུ་འབྲལ་མེད་པར་མཉམ་པ་ཉིད་ཀྱི་ཡོན་ཏན་ལྷུན་རྫོགས་ཆེན་པོ་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་བས་ན་དམ་ཚིག་བསྲུང་བར་བྱའོ། །དེ་ལས་འདས་ན་སངས་རྒྱས་ཐོབ་པ་མ་ཡིན་ནོ། །དཔེར་ན་རྒྱལ་པོའི་ཁྲིམས་ལ་གནས་པས་བདེ་བ་འབྱུང་ཞིང་འདས་པས་ཆད་པ་འབྱུང་བ་བཞིན་ནོ། །གཉིས་པ་ཉམས་པའི་ཉེས་དམིགས་ལ་གཉིས་ལས། རྩ་བའི་དམ་ཚིག་ཉམས་པའི་ཉེས་པ་ལའང་ཉམས་སྒྲིབ་གཞན་ལ་གནོད་པ་ནི། རྩ་བ་ཉམས་པའི་གང་ཟག་བསླབ་སྡོམ་འཆལ་བ་དག །དམ་ཚིག་གསོ་བའི་ཐབས་ལ་ཉེ་བར་མི་བརྩོན་པ་དེ་དང་། སྐད་ཅིག་ཙམ་ཡང་མི་འགྲོགས་ཤིང་ཡུད་ཙམ་ཅིག་ཏུའང་ཕན་ཚུན་གཏམ་སྨྲ་བར་མ་བྱེད་ཅིག །ཅིའི་ཕྱིར་ཞེ་ན་ཚེ་འདིར་ནད་དང་གནོད་པ་ལ་སོགས་པ་མི་འདོད་པའི་རྐྱེན་སྣ་ཚོགས་འབྱུང་ཞིང་ཕྱི་མར་དེ་དང་མཉམ་དུ་དམྱལ་བར་འགྲོ་དགོས་པས་དམ་ཚིག་ཉམས་པ་ལས་གྱུར་པའི་ཉེས་པ་བརྗོད་ཀྱིས་མི་ལང་ངོ་། །གཉིས་པ་ཉམས་པའི་ཉེས་པ་རང་ལ་འབྱུང་བ་ནི། རྩ་བའི་དམ་ཚིག་ཉམས་པར་གྱུར་ན། ཆར་ཕབ་ཐན་པ་འབྱུང་བའམ་མཐུ་བཏང་ན་རང་ལ་ལོག་པ་ལྟར་གང་སྒྲུབ་པ་ཐམས་ཅད་དེ་ལས་ལོག་པར་འགྱུར་ཞིང་། ཀུན་གྱི་ཡིད་དུ་མི་འོང་བ་དང་། ཚེ་འདིར་ཕོངས་པ་དང་། ནད་དང་གདོན་དང་འཚེ་བ་དང་ཚེ་ཐུང་བ་ལ་སོགས་པ་མི་འདོད་པ་ཐམས་ཅད་འབྱུང་ཞིང་། ཕྱི་མར་དམྱལ་བར་ལྟུང་ནས་བསྐལ་པ་དུ་མར་སྡུག་བསྔལ་བ་ལ་སོགས་པ་རང་གི་ཡིད་དུ་མི་འོང་པ་སྣ་ཚོགས་པའི་རང་བཞིན་རྒྱུ་དམ་ཚིག་ཉམས་པས་བསྐྱེད་པའི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་སྡུག་བསྔལ་དུ་མ་མི་འདོད་བཞིན་དུ་རང་དབང་མེད་པར་འདུ་བར་བྱེད་དོ། །གཉིས་པ་ཡན་ལག་གི་དམ་ཚིག་ཉམ་པའི་ཉེས་པ་ནི། ཡན་ལག་གི་དམ་ཚིག་ཉམས་པར་གྱུར་ན། ཚེ་འདིར་བསྒྲུབ་པའི་འབྲས་བུ་དངོས་གྲུབ་གང་ཡང་མེད་ཅིང་ཕྱི་མ་ངན་སོང་གསུམ་དུ་ལྟུང་ངོ། །གསུམ་པ་རང་བཞིན་དང་དབྱེ་བ་བཤད་པ་ལ་གཉིས་ལས། དམ་ཚིག་གི་རང་བཞིན་ནི། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ་སྟེ། སངས་རྒྱས་ཀུན་གྱི་བདག་ཉིད་དམ་པ་ཡིན་ནོ། །གཉིས་པ་དབྱེ་བ་ལ་གཉིས། རྣམ་གྲངས་ཀྱི་དབྱེ་བ་དང་། བསམ་གྱིས་མི་ཁྱབ་པར་དབྱེ་བའོ། །དང་པོ་ལའང་གཉིས་ལས། རྩ་བའི་དབྱེ་བ་ནི། རྩ་བའི་དམ་ཚིག་ལྔ་པོ་ལ་ནི། བླ་མེད་མི་སྤོང་བ་ལྟ་བུ་གཅིག་ལའང་རྩ་བ་ཐབས་དང་ཤེས་རབ་གཉིས་དང་དེ་གཉིས་ལ་སྐུ་གསུང་ཐུགས་གསུམ་གསུམ་སྟེ་དྲུག་དང་། དེ་རེ་རེ་ལའང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལྔ་སྟེ་བསྔོམས་པས་བཅུ་ཕྲག་གསུམ་རྩ་བའི་ཐབས་ཤེས་གཉིས་བསྣན་པས་སུམ་ཅུ་རྩ་གཉིས་དེ་ལྟར་ལྔ་ཀ་ལ་ཕྱེ་བས་བརྒྱ་དྲུག་ཅུའོ། །ཡན་ལག་གི་དམ་ཚིག་དབྱེ་བ་ནི་ཡན་ལག་གི་དམ་ཚིག་ལྔ་ཡན་ལག་གི་དམ་ཚིག་ལྔ་གཉིས་ཏེ་བཅུ་ལ། འདོད་ཆགས་མི་སྤང་བ་ལྟ་བུ་གཅིག་ལའང་ཐབས་དང་ཤེས་རབ་ལས་ཐབས་ལ་ཡེ་ཤེས་ལྔ་དང་ཡུལ་ལྔ་ཤེས་རབ་ལ་ཡེ་ཤེས་ལྔ་དང་ཡུལ་ལྔ་སྟེ་བཅུ་ཕྲག་གཉིས་སུ་དབྱེ་བས་ཉི་ཤུ་ཡོད་དོ། །དེ་ལྟར་ཉི་ཤུ་ཚན་པ་བཅུ་ལ་ཉིས་བརྒྱའོ། །རོང་པ་ནི། ཡན་ལག་གི་དམ་ཚིག་ནི། ཡན་ལག་ཉི་ཤུར་དབྱེ་བར་བྱ་སྟེ། གཅིག་ལའང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཡན་ལག་རྣམ་པ་ལྔ་། སྐུ་གསུམ་ཐུགས་ཀྱི་དངོས་གཞི་གསུམ་ཡང་དེ་ཉིད་དུ་ཞིག་སྟེ་ཡན་ལག་གི་གཞི་མེད། རྩ་བ་ཐབས་དང་ཤེས་རབ་གཉིས་ཀྱང་ཐབས་ཤེས་རབ་དང་ལྡན། ཤེས་རབ་ཐབས་དང་ལྡན་པས་རྩ་བ་གཉིས་པོ་ཞིག་སྟེ་ཡན་ལག་བཞིར་འགྱུར་བས་དེ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའིི་ཆ་ཤས་སུ་འགྱུར་བས་རྩ་བའི་འཕྲོ་གཞི་མེད་དེ་ཡན་ལག་དང་ཆ་ཤས་ཉི་ཤུ་ཉི་ཤུ་འགྱུར་རོ། །མདོར་ན་རྩ་བའི་དབྱེ་བའི་སྐབས་སུ་ནི་རྩ་བ་དང་བཅས་པ་སྙིང་པོ་དང་བཅས་པ་ཡོན་ཏན་དང་བཅས་པ་ཡན་ལག་དང་ཉིད་ལག་དང་བཅས་པར་བཤད་དོ། །ཡན་ལག་གི་དབྱེ་བའི་སྐབས་སུ་ནི། རྩ་བ་མེད་པ་སྙིང་པོ་མེད་པ་འཕྲོ་གཞི་མེད་པ་ཡན་ལག་དང་ཆ་ཤས་ཙམ་དུ་ཟད་ཅེས་ཡོངས་གྲགས་དབུས་ལུགས་པའི་ལྟར་བཤད་དོ། །གཉིས་པ་བསམ་གྱིས་མི་ཁྱབ་པའི་དབྱེ་བ་ལ་གཉིས་ལས། དང་པོ་ཆོས་ཅན་བསམ་གྱིས་མི་ཁྱབ་པས་དམ་ཚིག་བསམ་གྱིས་མི་ཁྱབ་པ་ནི་རྩ་བ་དང་ཡན་ལག་གི་དམ་ཚིག་འདི་དག་ནི་ངོ་མཚར་རྨད་པོ་ཆེ་ཡིན་ཏེ་འགྲོ་བའི་ཁམས་རྣམས་ཡེ་ཤེས་ཆེན་པོར་འདུལ་བའི་ཕྱིར་རོ། །དེའང་སེམས་ཅན་མཐའ་ཡས་པ་ལྟར་དེ་རེ་རེ་ལ་ལྟོས་པའི་དམ་ཚིག་སུམ་བརྒྱ་དྲུག་ཅུའང་དེ་སྙེད་འགྱུར་བས་མཐའ་ཡས་སོ་ཞེས་བསྟན་པ་ནི། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། སྲིད་པ་གསུམ་གྱིས་བསྡུས་པའི་འགྲོ་བ་ཇི་སྙེད་ཡོད་པ། དེ་དག་གི་རྣམ་པར་རྟོག་པ་ཇི་སྙེད་པ་འདུལ་བའི་ཕྱིར་རྩ་བ་དང་ཡན་ལག་གི་དམ་ཚིག་ཀྱང་དེ་སྙེད་དུ་སྤྲོ་བས་ནམ་མཁའི་དབྱིངས་དང་ཆོས་ཀྱི་དབྱིངས་ལྟར་བསམ་གྱིས་མི་ཁྱབ་པའོ། །གཉིས་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པས་དམ་ཚིག་བསམ་གྱིས་མི་ཁྱབ་པ་ནི། དེ་ལྟར་ཆོས་ཅན་རྣམ་གྲངས་ཀྱི་དམ་ཚིག་བསྟན་པ་ལས་གཞན་ཡང་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་བླང་དོར་མེད་པས་སྤང་བླང་སྲུང་མཚམས་ལས་འདས་པ་རྒྱལ་མཆོག་ཀུན་ཏུ་བཟང་པོ་བྱ་རྩོལ་མེད་པ་མཆོག་གི་རོལ་པར་ཆོས་ཐམས་ཅད་མ་ལུས་པར་འདུས་ཤིང་གཉིས་སུ་མེད་པའི་ཕྱག་རྒྱ་ཡིས། གང་གིས་ཀྱང་བཅོས་ཤིང་རྩོལ་སྒྲུབ་མེད་པའི་རང་བཞིན་ཏེ་མ་ལུས་པའི་དམ་ཚིག་ཐམས་ཅད་ཀྱི་སྙིང་པོའི་མཆོག་དམ་པ་འགྲུབ་ཅིང་། དེ་ལ་སོགས་པ་བསམ་བརྗོད་དམིགས་པའི་ཡུལ་ལས་འདས་པས་དམ་ཚིག་གི་ངོ་བོ་མཐའ་ཡས་པའི་མཆོག་རྫོགས་པ་ཆེན་པོ་དོན་གྱི་གནས་ལུགས་སུ་གནས་པའོ། །དེ་ལྟ་བུའི་དམ་ཚིག་ཏུ་དམ་ཚིག་ཐམས་ཅད་མ་སྒྲུབ་ཀྱང་ངང་གིས་འདུ་བའི་ཡོན་ཏན་ནི། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ནོར་བུ་རིན་ཆེན་རྙེད་པའི་མི། །འཇིག་རྟེན་སོ་ནམ་མི་དགོས་བཞིན། །མ་སྒོམ་སེམས་ཀྱི་དོན་རྟོགས་ན། །ཡོན་ཏན་མ་ལུས་ལྷུན་གྱིས་གྲུབ། །དེ་ལས་མི་འདའ་དམ་ཚིག་ཡིན། །ཞེས་གསུངས་སོ། །བཞི་པ་ཕན་ཡོན་ཆེན་པོ་རྒྱ་ཆེར་བཤད་པ་ལ་ལྔ་ལས། དང་པོ་འཇིག་རྟེན་པས་བསྟོད་ཅིང་བསྐུར་བ་ནི། རྒྱལ་བའི་རིགས་ཀྱི་མཆོག་གསང་སྔགས་འཛིན་ཅིང་དམ་ཚིག་ལ་གནས་པ་དེ། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་པའི་གཙོ་བོ་དང་དེ་དག་གི་འཁོར་གྱིས་བསྟོད་ཅིང་བཀུར་སྟི་དང་ཕུ་དུད་བྱེད་པར་འགྱུར་རོ། །གཉིས་པ་འཕགས་པས་བྱིན་གྱིས་རློབ་པ་ནི། ལྷ་དང་མིའི་སྐྱེ་དགུ་རྣམས་ཀྱི་ནང་ནས་དམ་པའི་མཆོག་གཙོ་བོ་སངས་རྒྱས་རྣམས་དང་དེའི་ཐུགས་སྲས་ཀྱི་དམ་པ་བྱང་ཆུབ་སེམས་དཔའ་ཡིས་ནི། རིམ་པ་བཞིན་སྲས་ཀྱི་ཐུ་བོ་དང་སྤུན་གྱི་དྭངས་མར་དགོངས་ཤིང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བཅས་པས་བྱིན་གྱིས་རློབ་པའོ། །གསུམ་པ་རྒྱལ་བའི་སྤྱོད་ཡུལ་ཐོབ་པའི་ཕན་ཡོན་ནི། དམ་ཚིག་ལ་གནས་པ་དེ་ཉིད་བདེ་བར་གཤེགས་པ་ཉིད་ཀྱི་སྤྱོད་ཡུལ་སར་ཆུད་པ་ས་ལ་གནས་པས་ཡོངས་སུ་སྨིན་པའི་རིག་འཛིན་གསུམ་ལ་ཞུགས་པའི་མཐར། ཆོས་ཐམས་ཅད་ལ་འཇིགས་པ་མེད་པའི་མཆོག་ཀུན་ཏུ་བཟང་པོར་སྦྱོར་ཞིང་ཐོབ་པར་བྱེད་དོ། །སར་ཆུད་པའི་རིག་འཛིན་ནི་དཀྱིལ་དཀྱིལ་འཁོར་དུ་ཞུགས་ཏེ་བསྐྱེད་རྫོགས་དང་པོར་ནོས་པ་དག་གོ །ས་ལ་གནས་པའི་རིག་འཛིན་ནི། རྟོགས་པ་དང་ཏིང་ངེ་འཛིན་ཐོབ་ནས་དེ་ལ་རྒྱུན་དུ་གནས་པའོ། །སར་སྨིན་པའི་རིག་འཛིན་ནི། ཐོབ་པ་དེ་ལས་ཀྱང་སྟོབས་ཆེར་གྱུར་ཏེ་རྣམ་སྨིན་ཚེ་དབང་ཕྱག་རྒྱ་ཐོབ་ནས་ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་སྦྱོར་ཞིང་ཐོབ་པར་བྱེད་པའོ། །བཞི་པ་སྡོམ་པ་དང་དམ་ཚིག་གི་ཡོན་ཏན་འདུས་པའི་ཕན་ཡོན་ནི། བླ་ན་མེད་པའི་དམ་ཚིག་གི་ནང་དུ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་བཞིན་པའི་ཆོས་ཉིད་ནམ་མཁའ་ལྟ་བུ་དང་སེམས་ཅན་འདུལ་བའི་ཐབས་ཐེག་པ་མཐའ་དག་གི་དོན་དང་། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རིག་པ་འཛིན་པ་ལ་སོགས་པ་ཇི་སྙེད་པ་དེ་དག་གི་སྡོམ་པ་བསམ་ཡས་ཀྱི་རིགས་གང་ཡིན་པ། མ་ལུས་པ་ཀུན་ཡར་ལྡན་གྱི་ཚུལ་བྲེ་མིག་ཏུ་ཕུལ་ལྟར་འདུས་ནས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པ་ཡིན་ནོ། །ལྔ་པ་ཉམས་ཀྱང་གསོར་རུང་བའི་ཕན་ཡོན་ནི། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ན་ཉན་ཐོས་ཀྱི་འདུལ་ཁྲིམས་རྫ་བེའུ་ཆག་པ་ལྟར་གསོར་མི་རུང་བ་མ་ཡིན་གྱི་དབང་ནོད་པ་དང་བཤགས་པ་ལ་སོགས་པའི་ཚོགས་བསྐངས་བས་སྔ་མ་བཞིན་སོར་ཆུད་ཅིང་རྫོགས་པ་དང་། དེ་ལ་སོགས་པ་ཕན་ཡོན་མཐའ་ཡས་པའི་མཆོག་གསང་སྔགས་ལ་ཡོད་དོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། དེ་སྐད་ཅེས་བརྗོད་པས། རང་སྣང་གི་དེ་བཞིན་གཤེགས་པའི་ཚོགས་ཉིད་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་དཀྱིལ་འཁོར་གྱི་མངའ་བདག་དེ་ཉིད་ལ་འདུད་པར་གྱུར་ཏོ། །དམ་ཚིག་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་རྩ་བ་དང་ཡན་ལག་གི་དམ་ཚིག་གི་དོན་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། ༈ །།དོན་ལྔ་པ་དམ་ཚིག་ཅན་གྱིས་ཕྲིན་ལས་ཇི་ལྟར་སྒྲུབ་པའི་ཚུལ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད་པ། ཚིག་གི་དོན་བཤད་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། དམ་ཚིག་གི་རིམ་པ་བཤད་པ་དེ་ནས་དམ་ཚིག་ཅན་གྱིས་ཕྲིན་ལས་སྒྲུབ་པའི་ཕྱིར། དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཡེ་ཤེས་ཀྱི་དགྱེས་པ་ཆེན་པོ་ཉིད་ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་དམ་ཚིག་ཕྲིན་ལས་སུ་བྱིན་གྱིས་རློབ་པ་ཞེས་བྱ་བ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ལས་ཐམས་ཅད་འགྲུབ་པའི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་ལ་གསུམ། ཕྲིན་ལས་བཞིའི་རིམ་པ་སྤྱིར་བསྟན་པ། ལས་ཀྱི་རྗེས་སུ་བཀའ་བསྒོ་ཞིང་བྲོ་གར་གྱི་ཕན་ཡོན་བྱེ་བྲག་ཏུ་བཤད་པ་ལས་བཞི་སྒྲུབ་པའི་གནས་དང་། ཏིང་ངེ་འཛིན་གྱི་ཁྱད་པར་རོ། །དང་པོ་ལ་བཞི། དྲག་པོའི་ལས། དབང་གི་ལས། རྒྱས་པའི་ལས། ཞི་བའི་ལས་སོ། །དང་པོ་ལ་གསུམ་ལས། དང་པོ་བསྲེག་པ་མེའི་ལས་ནི། དྲག་པོའི་ཐབ་ཁུང་གྲུ་གསུམ་ཨེ་ཡི་རྣམ་པ་ཅན་མཚན་ཉ ིད་རྣམས་ཚང་བའི་ཚོགས་ཀྱི་དབུས་སུ་ལྷ་སོ་སོའི་དཀྱིལ་འཁོར་གྱི་མཆོག །དམ་ཚིག་པ་བསྐྱེད་ལ་ཡེ་ཤེས་པ་བཅུག་སྟེ་གཉིས་སུ་མེད་པའི་རང་བཞིན་དྲག་པོའི་མེ་དཔུང་འབར་བའི་མེ་ལྷ་གཏུམ་ཆེན་རྔམ་པའི་ཆ་བྱད་ཅན་ལ། སྔགས་མཁན་བསྒྲུབ་བྱ་ལ་རབ་ཏུ་ཁྲོས་པའི་ཡིད་ཀྱིས་དྲག་པོའི་མཆོད་པ་དང་བསྲེག་རྫས་སྦྱིན་པར་བྱ་བ་ན་ཚོགས་གཉིས་ལས་གྲུབ་པའི་སངས་རྒྱས་བསོད་ནམས་བརྒྱའི་མཚན་གྱིས་བརྒྱན་པའི་སྐུ་ཡང་འཇིག་རྟེན་ཕལ་པ་རྣམས་ལྟ་ཅི་སྨོས་པའོ། །གཉིས་པ་གདབ་པ་ཕུར་བུའི་ལས་ནི། ལངྐའི་རྒྱུ་བདུད་རྩི་ལྔའམ་ཡང་ན་ཉྭ་ཤ་བུ་རམ་ཏིལ་ནག་སྦྲང་རྩི་འབྲས་ཧེ་ཟས་ལྔ་དེའི་གསེབ་ཏུ་བསྒྲུབ་བྱའི་དྲི་མ་རྐང་རྗེས་ཀྱི་ས་དང་བཅས་པ་ལ། བསྒྲུབ་བྱའི་མཚན་མ་ལ་དཔྲལ་བར་མིང་སྙིང་གར་རུས་མདོམས་སུ་བླ་བཏགས་གང་ཡོད་དང་མཱ་ར་ཡ་ཕཊཿདུ་བཅས་པར་བྲི་བར་བྱ་ཞིང་ཐ་མ་འགུག་བྱེད་ཀྱི་ཡི་གེ་ཛས་བསྐོར་བ་གྲོ་གའམ་རས་སམ་ཤོག་བུ་ལ་བྲིས་ཏེ་དེའི་ནང་དུ་གཞུག་པའམ་མདུན་རྒྱབ་གང་རུང་དུ་གླན་པར་བྱའོ། །དེ་ལ་བསྒྲུབ་བྱ་སྔགས་དང་ཏིང་ངེ་འཛིན་ཕྱག་རྒྱ་གསུམ་གྱིས་བཀུག་ནས་ལྕགས་ལ་སོགས་པ་རྡོ་རྗེ་ཕུར་བུ་བཛྲ་ཀཱི་ལ་ཡར་བསྐྱེད་པས་སྙིང་ག་ལ་སོགས་པའི་གནས་སུ་གདབ་སྟེ། ལུས་ངག་རྡུལ་ཕྲན་བཞིན་དུ་བྱས་པར་བསམ་ནས་ཀརྨ་ཧེ་རུ་ཀའི་ཚོགས་སམ་སྔ་མའི་ཐབ་ཁུང་དུ་དྲག་པོའི་ལྷ་བསྐྱེད་པའི་ཚོགས་ལ་འབུལ་ཞིང་སྦྱིན་སྲེག་བྱའོ། །གསུམ་པ་མནན་པ་བྲོའི་ལས་ནི། ཨེ་ཚོགས་ཀྱི་སྟེ་དྲག་པོའི་དཀྱིལ་འཁོར་མཆོག་གི་ཁོར་ཡུག་ཏུ་རྣལ་འབྱོར་པ་དེས་གུང་སྲིན་གཉིས་མཐེ་བོས་མནན་མཛུབ་མོ་གཉིས་བརྐྱང་བ་བཀན་པའི་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་སྦྲེལ་ཞིང་བསྡམས་ནས། ཕྱག་རྒྱ་དེ་ལྟར་བཅིངས་པར་གྱུར་པས་ལུས་བསྐྱོད་ནས་རྡོ་རྗེའི་འགྲོས་ཀྱིས་གོམ་པ་ཕྱོགས་བཅུར་གཡོ་བས་ཧཱུཾ་ཧཱུཾ་ཧཱུཾ། ཞེ་སྡང་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །སྐད་ཅིག་ཡུད་ལ་བརླག་མཛད་དེ། །བརླག་པར་མ་གྱུར་གང་ཡང་མེད། །མཱ་ར་ཡ་ཕཊཿཅེས་བརྗོད་ཅིང་ལིངྒའི་སྟེང་དུ་རྐང་བྲོ་བརྡུངས་པས་བསྒྲུབ་བྱ་རྡུལ་དུ་སོང་བར་བསམ་མོ། །དེས་ནི་གང་དམིགས་དེ་ཉིད་དྲན་པ་མྱོས་ནས་སྙིང་གས་ཏེ་ལུས་ཚིག་ཅིང་དངོས་པོ་མེད་པར་འགྱུར་རོ། །ཁ་ཅིག་སྔར་གྱི་སྦྱིན་སྲེག་གི་ལས་ཟིན་པ་དང་། ས་གཞི་བསྲུངས་ལ་དེའི་སྟེང་དུ་རྣལ་འབྱོར་ཕོ་མོ་རྣམས་གྲལ་གྲུ་གསུམ་དུ་བྱས་ཏེ་མེ་དཔུང་གི་དབུས་སུ་ཀརྨ་ཧེ་རུ་ཀའི་རྣམ་པར་བསྐྱེད་ལ་ཐམས་ཅད་སྲིན་ལག་སྦྲེལ་ཏེ་དབུས་སུ་ལིངྒ་བཞག་པའི་མཐར་བྲོ་བརྡུངས་ཞེས་ཟེར་རོ། །དེའང་བསྲེག་མནན་བྲོ་གསུམ་པོ་འདི་གང་རུང་རེ་རེས་ཀྱང་ལས་འགྲུབ་ལ་གསུམ་ཀ་ཚང་ན་མཆོག་ཏུ་འགྲུབ་པོ། །གཉིས་པ་དབང་གི་ལས་ལའང་གསུམ་ལས། དང་པོ་བསྲེག་པ་མེའི་ལས་ནི། བཾ་གྱི་རྣམ་པ་ཐབ་ཁུང་ཟླ་གམ་མཚན་ཉིད་ཚང་བའི་ཚོགས་ཀྱི་དཀྱིལ་འཁོར་མཆོག་སྟེ་ཐབ་ཀྱི་མཚན་ཉིད་དང་ལྷའི་དཀྱིལ་འཁོར་གཉིས་ཀ་ལ་འཇུག་ཅིང་དེའི་ནང་དུ་ཐབ་ཀྱི་མེ་དང་། མེ་ལྷ་རབ་ཏུ་འབར་བ་དབང་གི་ཆ་བྱད་ཅན་གཟི་བརྗིད་ཆེ་ཞིང་སྐུ་བོང་གི་ལྷུན་ཆེན་པོར་བཞུགས་པ་ལ། སྔགས་མཁན་བསྒྲུབ་བྱ་ལ་རྗེས་སུ་ཆགས་པའི་ཡིད་ཀྱིས་དབང་དང་མཐུན་པའི་རྫས་མེ་ལ་མཆོད་སྦྱིན་བྱ་བས། རྡོ་རྗེ་གསུང་སྟེ་སྣང་བ་མཐའ་ཡས་ལྟ་བུ་ཡང་དབང་དུ་འགྱུར་རོ། །གཉིས་པ་གདབ་པ་ཕུར་བུའི་ལས་ནི། བདུད་རྩི་ལྔའམ་ཡང་ན་ཟས་ལྔ་བསྒྲུབ་བྱའི་གོས་དང་དྲི་མར་བཅས་པ་ལ། མཚན་མ་གཟུགས་བྱས་པའི་ནང་དུ་ཤོག་བུ་ལ་སོགས་པའི་བྱང་བུ་ལ་མིང་རུས་མཚན་གསུམ་དུ་བཅས་པ་བྲིས་ལ་གཞུག་པར་བྱ་ཞིང་། རྡོ་རྗེ་ཆགས་པ་པདྨ་ཀཱི་ལ་ཡར་བསྐྱེད་པའི་ཟངས་ལ་སོགས་པའི་ཕུར་བས་གདབ་པའི། །ལིངྒ་དེ་ཉིད་ཆགས་པའི་ཚོགས་པདྨ་ཧེ་རུ་ཀ་འཁོར་བཅས་སམ་ཐབ་ཀྱི་ལྷ་ལ་ཐིམ་པར་འབུལ་ལོ། །གསུམ་པ་མནན་པ་བྲོའི་ལས་ནི། བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་ཐབ་ཁུང་གི་མཐའ་འམ་དབང་གི་དཀྱིལ་འཁོར་དུ། རྣལ་འབྱོར་པ་ལུ་གུ་རྒྱུད་དུ་སྦྲེལ་ཏེ་བསྡམས་ནས་བྲོ་བྱས་ན། འགྲོ་བ་ཐམས་ཅད་འགུག་པར་འགྱུར་བའི་རྡོ་རྗེ་པདྨ་དང་དབང་ཆེན་མཛེས་པའང་ཕྱི་བཞིན་འབྲང་ན། མིའི་འགྲོ་བ་ཕལ་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ་ཡིད་ལ་ཅི་འདོད་པ་དེ་བཞིན་འོང་བར་འགྱུར་ཏོ། །གསུམ་པ་རྒྱས་པའི་ལས་ལའང་གསུམ་ལས། །དང་པོ་བསྲེག་པ་མེ་ཡི་ལས་ནི། མ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག་ཐབ་གྲུ་བཞི་བར། མེ་དང་མེ་ལྷ་གཉིས་པོ་འོད་ཟེར་འབར་བ་ཉིད་ནང་དུ་འདུ་བས་ལོངས་སྤྱོད་སྡུད་ཅིང་ཕྱིར་འཕྲོ་བའི་གཟི་བརྗིད་ཆེན་པོས་རེ་བ་སྐོར་བར་བསམ་ལ། སྔགས་མཁན་དགའ་ཞིང་སྤྲོ་བའི་ཡིད་ཀྱིས་རྒྱས་པའི་མཆོད་སྦྱིན་བྱ་བས་ཚེ་དང་དཔལ་དང་འབྱོར་བ་ལ་སོགས་པ་ཡོན་ཏན་ནམ་མཁའི་མཐའ་དང་མཉམ་པ་འཐོབ་པོ། །གཉིས་པ་གདབ་པ་ཕུར་བུའི་ལས་ནི། བདུད་རྩི་ལྔའམ་ཟས་ལྔ་གང་རུང་གི་གསེབ་ཏུ་འབྲུ་དང་རིན་ཆེན་ལ་སོགས་པ་བསྲེས་ལ། ནོར་བུ་གསེར་དངུལ་མུ་ཏིག་རྟ་གླང་ལ་སོགས་པ་གང་རྒྱས་ཤིང་འཕེལ་བར་འདོད་པ་དེའི་གཟུགས་ཀྱི་མཚན་མ་མིར་སྤེལ་བྲིས་པ་དང་བཅས་པ་བྱས་ཏེ་འདོད་པའི་ཡོན་ཏན་གང་དགོས་འབྱུང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་དུ་བརྟག་ནས། ང་རྒྱལ་དགའ་འཕྲོའི་རང་བཞིན་རཏྣ་ཀཱི་ལ་ཡ་དངོས་གྲུབ་ཀྱི་ཆར་འབེབ་པར་བསྐྱེད་ལ་གསེར་ལ་སོགས་པའི་ཕུར་པས་གདབ་ཅིང་། ཡོན་ཏན་རྡོ་རྗེ་ལྟ་བུའི་གཟི་བརྗིད་ཆེན་པོ་འཕེལ་བར་འགྱུར་བའི་རཏྣ་ཧེ་རུ་ཀའི་ཚོགས་སམ་རྒྱས་པའི་མེ་ཐབ་ཏུ་དབུལ་ལོ། །གསུམ་པ་མནན་པ་བྲོའི་ལས་ནི། མ་ཡི་ཚོགས་ཀྱི་དཀྱིལ་འཁོར་ཐབ་ཁུང་གི་མཐའ་འམ་རྒྱས་པའི་དཀྱིལ་འཁོར་དུ། རྣལ་འབྱོར་བ་ལུ་གུ་རྒྱུད་དུ་སྦྲེལ་ཅིང་བསྡམས་པ་ཕྱོགས་བཅུར་བསྐྱོད་ནས་བྲོ་བརྡུངས་པའི་འོད་ཟེར་གྱིས་ལོངས་སྤྱོད་ཀྱི་སྤྲིན་ཕུང་དང་དཔལ་དང་གཟི་བརྗིད་འབར་བའི་རྣམ་འཕྲུལ་ཆེན་པོ་རང་གི་གནས་དེར་ཆར་དུ་འབབ་པའི་ཏིང་ངེ་འཛིན་སྤྲོ་ཞིང་དེས་སེམས་ཅན་གྱི་དབུལ་བ་བསལ་བར་བསམ་ན། ཡོན་ཏན་འདོད་དགུ་འབྱུང་བའི་ཡིད་བཞིན་གྱི་ནོར་བུའི་ནམ་མཁའ་གང་བར་འགྱུར་ཞིང་བསམ་པ་ཐམས་ཅད་འགྲུབ་པོ། །བཞི་པ་ཞི་བའི་ལས་ལའང་གསུམ་ལས། དང་པོ་བསྲེག་པ་མེའི་ལས་ནི། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག་ཐབ་ཁུང་ཟླུམ་པོའི་ནང་དུ་མེ་དང་མེ་ལྷ་གཉིས་ཀ་འོད་གསལ་བའི་གཟི་བརྗིད་འཚེར་བ་ཞི་བའི་རྣམ་པར་བསྐྱེད་ལ། སྔགས་མཁན་རབ་ཏུ་དང་བའི་ཡིད་ཀྱིས་ནད་དང་གནོད་པ་དང་འཇིགས་པ་ཞི་བའི་མཆོད་སྦྱིན་བྱ་བས་ཤིན་ཏུ་མ་རུངས་བའི་གཏུམ་ཆེན་རྔམ་པ་བདུད་དང་རུ་ཏྲ་ལ་སོགས་པའང་སེམས་རབ་ཏུ་ཞི་བ་བྱང་ཆུབ་ཀྱི་སེམས་སུ་ལྷན་ནེར་འགྱུར་རོ། །གཉིས་པ་གདབ་པ་ཕུར་བུའི་ལས་ནི། བདུད་རྩི་ལྔའམ་ཡང་ན་ཟས་ལྔ་ལ། གང་ཞི་བར་འདོད་པ་དེའི་གོས་དང་དྲི་མ་ལ་སོགས་པ་བསྲེས་ནས་སྔར་བཞིན་ལིངྒ་བྱས་ཏེ། །དེ་ཉིད་ལུས་གཏུམ་ངག་རྔམ་སེམས་འཁྲུག་པའི་རྣམ་པ་ཅན་དགྲ་བགེགས་ལ་སོགས་པ་གང་ཡིན་པ་དེའི་ངོ་བོར་བརྟག་ཅིང་། ལྷན་ནེར་གསལ་བ་བུདྡྷ་ཀཱི་ལ་ཡར་བསྐྱེད་པའི་དངུལ་ལ་སོགས་པའི་ཕུར་བུས་གདབ་ནས། དཔལ་དང་གཟི་བརྗིད་འབར་བ་ལྷན་ནེའི་ཚོགས་བུདྡྷ་ཧེ་རུ་ཀ་འཁོར་བཅས་སམ་ཞི་བའི་མེ་ལྷ་ལ་དབུལ་ལོ། །གསུམ་པ་མནན་པ་བྲོའི་ལས་ནི། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་གྱི་མཐའ་ཉིད་དུ། རྣལ་འབྱོར་པ་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ཏེ་བསྡམས་ནས་བྲོ་བྱས་ན། ཕ་རོལ་ཁྲོ་བའི་མེ་འབར་བ་ཡང་ཞི་བས་ལྷན་ནེའི་བྱིན་གྱིས་རླབས་པས་ཁྱབ་ནས། སྡིག་པ་དང་གདུག་སེམས་ཐམས་ཅད་ཡིད་ལ་ཅུང་ཟད་ཀྱང་མི་འགྱུ་བས་གཡོ་བ་མེད་པར་བྱེད་པའོ། །དེ་ལྟར་ཨེ་ཝཾ་མཱ་ཡཱ་བཞི་ནི་ཡི་གེའི་དབྱིབས་ཀྱིས་ཐབ་ཁུང་གི་དབྱིབས་མཚོན་པར་བྱེད་པའོ། །བླ་མ་རོང་པ་ནི། དབང་གི་དཀྱིལ་འཁོར་ཡི་གེ་བཾ་གྱི་རྣམ་པར་བཤད་པ་དང་། ཞི་བ་ཡའི་རྣམ་པར་བཤད་པ་ནི། དབྱིབས་དང་ཁ་དོག་གི་རྣམ་པས་མི་མཐུན་ཡང་ཡི་གེ་སྒྲའི་དོན་དང་སྦྱར་ན། བཾ་བན་དྷ་ན་སྡུད་པའམ་བཅིང་བར་ཡ་བ་ཏི་ནི་ཞི་བ་སྟེ་འདིའི་དབང་དུ་གསུང་པ་ཡིན་པར་མངོན་ནོ་ཞེས་བཞེད་དོ། །གཉིས་པ་ལས་ཀྱི་རྗེས་སུ་བཀའ་བསྒོ་ཞིང་བྲོ་གར་གྱི་ཕན་ཡོན་བཤད་པ་ལ་གཉིས་་དམ་ཅན་ལ་བཀའ་བསྒོ་བ་དང་། བྲོ་གར་གྱི་ཕན་ཡོན་བསྟན་པའོ། །དང་པོ་ལ་གཉིས་ལས། དང་པོ་ལས་ལ་བསྒོ་བའི་ཚུལ་བརྗོད་པ་ནི། དེ་ལྟར་ཕྲིན་ལས་བཞི་པོ་གང་ཡང་རུང་བའི་རྗེས་ཐོགས་སུ་ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱད་དེ་བཟའ་བཏུང་གི་ལྷག་མ་བསྡུས་ལ་རྡོ་རྗེ་སློབ་དཔོན་གྱི་ཁ་ཕྲུས་བྱིན་གྱིས་བརླབས་ཏེ་དཔལ་ཆེན་པོའི་དཀྱིལ་འཁོར་དུ་འདུས་པའི་སླས་ལྷ་ཆེན་པོ་རྣམས་ཀྱི་ཆུང་མ་དང་བྱི་མོ་མཛའ་ན་མོ་དང་ལས་བྱེད་པའི་བྲན་མོའི་ཚོགས། ལྷག་མའི་མཆོད་སྦྱིན་འདོད་པ་རྣམས་ལ་སྦྱིན་ཏེ་ཟ་ལམ་གོམ་པ་བདུན་ཅུའི་སར་བསྐྱལ་ཞིང་སྔོན་དཔལ་ཆེན་པོའི་སྤྱན་སྔར་ཁས་བླངས་པའི་རང་རང་གི་དམ་ཚིག་རྣམས་རབ་ཏུ་བསྒྲགས་ནས། ཞི་བ་ལ་སོགས་པ་གང་འདོད་པའི་ལས་དེ་བྱེད་པར་བསྒོ་བར་བྱའོ། །གཉིས་པ་ཇི་ལྟར་བསྒོ་བ་དངོས་ནི་སྔོན་དྲེགས་པའི་དབང་ཕྱུག་རྣམས་བཏུལ་བའི་ཚེ་དཔལ་ཆེན་པོ་ཧེ་རུ་ཀ །ཤིན་ཏུ་གདུག་ཅིང་གཏུམ་བག་ཅན་མཛད་དེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དྲེགས་པ་མ་ལུས་པ་རྣམས་འདུལ་བར་མཛད་པའི། །དབང་ཕྱུག་དང་བྱིན་རླབས་རྨད་པོ་ཆེ་མངའ་བས། ལྷ་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་དབང་དུ་བསྡུས་ནས། དེ་དག་གི་འཁོར་ཆུང་མ་དང་བུ་མོ་དང་ཕ་མ་དང་ཕུ་ནུ་མ་ལུས་པ་རྣམས་ལོངས་སྤྱོད་པའི་ཕྱིར་དབང་ཕྱུག་དང་སླས་སུ་བྱིན་གྱིས་རློབ་པར་བྱས་ཏེ། འགུག་པ་དང་བཅིང་བ་དང་གསོད་པ་ལ་སོགས་པ་སོ་སོའི་ལས་རྣམས་དཔལ་ཆེན་པོས་རང་རང་ལ་བསྐོས་པ་དེ་ཉིད། སྔོན་ཇི་ལྟར་དམ་བཅས་ཤིང་ཁས་བླངས་པ་བཞིན་སྐད་ཅིག་ཀྱང་མ་ཐོགས་པར་ལས་ཀྱི་འབྲས་བུ་མྱུར་དུ་མངོན་པར་ཕྱུང་བར་མཛོད་ཅིག །རང་རང་གིས་དམ་བཅས་པ་བཞིན་དུ་མ་བྱས་ན། སྔོན་ཇི་ལྟར་དམ་བཅས་ཤིང་སོ་སོས་མནའ་བོར་བའི། སྡོམ་པ་དམ་བཅས་པ་དེ་ལས་འདའ་བར་འགྱུར་ལ། གལ་ཏེ་དམ་ཚིག་དེ་ལས་འདས་པར་གྱུར་ན། ཁྱེད་ཅག་གི་མགོ་ལུས་དང་སྙིང་ཡང་ཚལ་པ་བདུན་དུ། ཡཀྴ་མེ་དབལ་གྱི་ཁྲོ་བོས་དུམ་བུར་གཏུབས་པར་འགྱུར་རོ། །རྒྱུ་མཚན་དེ་བས་ན་རྣལ་འབྱོར་པ་སྔགས་འཆང་བདག་གིས། ལས་ཇི་ལྟར་བཅོལ་བ་བཞིན་དུ་བྱོས་ཤིག །གལ་ཏེ་ལས་དེ་མངོན་དུ་མ་བྱས་ན། རང་རང་གིས་མནའ་བོར་ཞིང་ཁས་བླངས་པའི། དམོད་པ་བཞི་རུལ་མྱགས་ཚིག་ནས་རྡོ་རྗེའི་དམྱལ་བར་འགྲོ་བར་འགྱུར་རོ། །དེས་ན་རྣལ་འབྱོར་པ་དམ་ཚིག་ལ་གནས་པར་གྱུར་པའི། ཕྲིན་ལས་ཅི་འདོད་པ་རྣམས་ཡོངས་སུ་བྱ་བ་དང་། རྣལ་འབྱོར་པ་བདག་ཅག་གི་འཁོར་རྣམས་ཀྱང་རང་གི་བུ་གཅིག་པ་བཞིན་དུ་སྐྱོངས་ཤིག་དང་། དེའི་མཐུས་ཁྱེད་ཅག་ཕྲ་མེན་མ་ཡང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་བས། རྣལ་འབྱོར་པས་ཇི་ལྟར་བཅོལ་བའི་ལས་རྣམས་མངོན་དུ་བྱོས། ཞེས་བཀའ་བསྒོའོ། །གཉིས་པ་བྲོ་གར་གྱི་ཕན་ཡོན་ལ་གཉིས། དོན་ངོས་བཟུང་བ་དང་དེ་རྒྱས་པར་བཤད་པའོ། །དང་པོ་ནི། ཁྲོ་བོ་སྒྲུབ་པའི་ཕྲིན་ལས་ཀྱི་གཙོ་བོ་ནི་བྲོ་གར་འདི་ཡིན་ནོ། །གཉིས་པ་ལ་བཞི་ལས། གཙོ་བོ་ལྔའི་བྲོ་གར་གྱི་ཕན་ཡོན་ནི། ཁྲག་འཐུང་ཆེན་པོ་བུདྡྷ་ཧེ་རུ་ཀ་ལ་སོགས་པ་བཙུན་མོའི་ཚོགས་དང་བཅས་པའི། བྲོ་གར་ལས་བཞིའི་སྐབས་སུ་བསྟན་པ་ལྟར་གླུ་ཚིག་གི་ང་རོ་ཆེན་པོས་ནི། ཞི་རྒྱས་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དང་མཆོག་གི་དངོས་གྲུབ་ཐམས་ཅད་ཅི་འདོད་པར། ཕྲིན་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ནོ། །གཉིས་པ་གནས་ཀྱི་མ་མོ་བརྒྱད་ཀྱི་བྲོ་གར་གྱི་ཕན་ཡོན་ནི། །ག་རཱིའི་སྒྲ་ལས་མཛོད་ལྡན་ཆེན་མོ་ལ་སོགས་པའི་ཕྱོགས་མ་བཞིའི་བྲོ་གར་དང་གླུ་ཚིག་ཆེན་མོས་ནི། སྐྱེ་འགྲོ་དབང་དུ་འདུ་བར་འདོད་ན་དབང་དུ་འདུ་བར་བྱེད་ཅིང་། ཚེ་དང་ཡོ་བྱད་ལ་སོགས་པ་འཕེལ་བར་འདོད་ན་འཕེལ་བར་བྱེད་དོ། །སྤོས་མོ་ཆེན་མོ་པུཀྐ་སཱི་ལ་སོགས་པའི་མཚམས་མ་བཞིའི་བྲོ་གར་དང་གླུ་ཚིག་ཆེན་མོས་ནི། དགྲ་བགེགས་ལ་སོགས་པ་ལྷན་ནེར་ཞི་བར་འདོད་ན་ཞི་ཞིང་ལྷན་ནེར་བྱེད་ལ། །སེམས་རྨུགས་ཤིང་མི་གསལ་བར་བྱེད་པར་འདོད་ན་རྨུགས་པར་བྱེད་དོ། །གསུམ་པ་ཡུལ་གྱི་ཕྲ་མེན་བརྒྱད་ཀྱི་བྲོ་གར་གྱི་ཕན་ཡོན་ནི། སེང་གདོང་ཆེན་མོ་ལ་སོགས་པའི་ཕྱོགས་མ་བཞིའི། བྲོ་གར་དང་གླུ་ཚིག་ཆེན་མོས་ནི། དགྲ་བགེགས་ཐམས་ཅད་ཀུན་གྱི་ལུས་སྲོག་ལ་ཟ་བར་བྱེད་ཅིང་། རྡུལ་ཕྲ་རབ་ཀྱི་ཆ་ཤས་ཙམ་ཡང་མེད་པར་བྱེད་དོ། །བཞད་གདོང་ཆེན་མོ་ལ་སོགས་པའི་མཚམས་མ་བཞིའི་བྲོ་གར་དང་གླུ་ཚིག་ཆེན་མོས་ནི། གདུག་པ་ཅན་ཐམས་ཅད་ཀྱི་ནང་ཁྲོལ་དང་དོན་སྙིང་མ་ལུས་པ་འབྱིན་པར་བྱེད་ཅིང་། དེ་དག་གི་སྲོག་ལ་སོགས་པ་ཕུན་སུམ་ཚོགས་པ་ཀུན་ལ་རབ་ཏུ་ཉམས་པར་བྱེད་དོ། ། བཞི་པ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་བྲོ་གར་གྱི་ཕན་ཡོན་ནི། སླས་དང་བྱི་མོ་དང་བྲན་མོའི་ཚོགས་ཀྱིས། བྲོ་གར་དང་གླུ་ཚིག་ཆེན་མོས་ནི། ཕོ་ཉ་དགྲ་ལ་རྦད་ཅིང་མངག་གཞུག་ལས་ལ་གཏང་བར་བྱ་བ་སྟེ། ཕྱིར་འགལ་བྱེད་ཆམ་ལ་འབེབས་པའི་ལས་ཐམས་ཅད་དང་ནང་དུ་དངོས་གྲུབ་ཡིད་བཞིན་འགྲུབ་པའི་ལས་ཐམས་ཅད་བྱེད་པ་ཡིན་ནོ། །གསུམ་པ་ལས་བཞི་སྒྲུབ་པའི་གནས་དང་ཏིང་ངེ་འཛིན་གྱི་ཁྱད་པར་ནི། ལྗོན་པ་སྟེ་ནགས་ཚལ་དང་ནི་ལྕུག་ཕྲན་གྱི་ཚལ་སྐྱེད་ཤིང་གི་ར་བ་དང་། ཤིང་སྡོང་གཅིག་གི་དྲུང་དང་ནི་མེས་རེག་དྲུང་སྟེ་ནགས་མེས་ཚིག་པའི་གནས་རྣམས་སུ་ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོ་རྣམས་བསྒྲུབ་པའི་ཕྱིར་དུ་དང་བས་དང་དགའ་བས་དང་ཆགས་པས་དང་། ཁྲོས་པས་ཀཱ་ལི་སྟེ་ཐབས་ཀྱི་ཕྲིན་ལས་བཞི་པོ་རབ་ཏུ་བསྒྲུབ་པར་བྱའོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། ཞེས་བརྗོད་པས། གཙོ་བོ་དེ་བཞིན་གཤེགས་པ་ཉིད་ལ་འཁོར་གྱི་དེ་བཞིན་གཤེགས་པ་ཉིད་ཕྲིན་ལས་རྣམ་པ་བཞིའི་དོན་རྟོགས་པ་སྟེ་ལུང་ནོད་པའི་ཚུལ་གྱིས་སྦྱོང་བར་གྱུར་ཏོ། །རང་བཞིན་གསང་བའི་སྙིང་པོ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ངེས་པ་ལས་སངས་རྒྱས་ཀྱི་མཛད་པ་ཆེན་པོ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་རྣམ་པ་བཞིར་གནས་པ་དེ་ཉིད་གདུལ་བྱའི་དོན་དུ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་པའོ།། ༈ །།སྤྱི་དོན་གསུམ་པ་འབྲས་བུ་སྐུ་དང་ཡེ་ཤེས་ལ་བསྟོད་པའི་ཚུལ་ལ་གཉིས་ཏེ། བསྟོད་ཚུལ་མདོར་བསྟན་པ་དང་། བསྟོད་པ་དངོས་རྒྱས་པར་བཤད་པའོ། །དང་པོ་ནི། ཁྲོ་བོའི་དཀྱིལ་འཁོར་གྱི་མཛད་པ་རྫོགས་པ་དེ་ནས་རང་སྣང་གི་སྐུ་དང་ཡེ་ཤེས་ལ་བསྟོད་པའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་ཁྲག་འཐུང་རིགས་ལྔའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་གྱིས་ཤིན་ཏུ་རྔམ་པའི་མདངས་ཀྱིས་དགྱེས་པའི་གླུ་འདི་བླངས་སོ། །གཉིས་པ་ལ་གཉིས། རིགས་དང་རིགས་ཀྱི་བདག་པོ་ལ་བསྟོད་པ་དང་། རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་བསྟོད་པའོ། །དང་པོ་ལ་གཉིས་རིགས་ལྔ་ལ་སྤྱིར་བསྟོད་པ་དང་། དཀྱིལ་འཁོར་གྱི་དབང་ཕྱུག་ལ་བྱེ་བྲག་ཏུ་བསྟོད་པའོ། །དང་པོ་ལ་ལྔ་ལས། དང་པོ་སྐུའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་བསྟོད་པ་ནི། །ཧཱུྃཞེས་པ་ནི་ཁྲོ་བོའི་གླུ་རྣམས་རེ་རེ་ཞིང་སྐུ་ལྔ་ཡེ་ཤེས་ལྔ་ལྡན་དུ་མཚོན་ཞིང་མགོ་འདྲེན་པའོ། །དེའང་སྐུ་ནི་བདུད་དང་རུ་ཏྲ་ལ་སོགས་པ་དྲེགས་པ་ཅན་རྣམས་འདུལ་བར་བྱེད་པས་གཏུམ་པོ་ཆེན་པོ་དུས་ཀྱི་མཐའི་མེ་ཆེན་པོ་ལྟར་འབར་ཞིང་། མེ་དཔུང་གི་ཀློང་ན་བཞུགས་པའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་ཉི་མ་འབུམ་གྱི་གཟི་བརྗིད་ཕྱོགས་གཅིག་ཏུ་བསྡུས་པ་ལྟར་ཕྱོགས་བཅུར་འཕྲོ་ཞིང་། གདུག་པ་ཅན་ལ་སྡིག་པས་ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན་དུ་འཁྱུག་པ། །མཆེ་བ་ཟངས་ཡག་རྣོ་དཀར་བཞིས་མ་རུངས་པ་རྣམས་ཟ་བར་བྱེད་པའི་འཇིགས་བྱེད་ཆེ་ཧོ་ནི་ངོ་མཚར་བའི་གད་མོ་སྟེ་འོག་མ་རྣམས་ལ་ཡང་སྦྱར་རོ། །གཉིས་པ་གསུང་གི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་བསྟོད་པ་ནི། །ཧཱུཾ་ཁྲོ་བོའི་གསུང་རྔམ་པའི་ང་རོ་འབྲུག་སྒྲ་སྟོང་དུས་གཅིག་ལ་ལྡིར་བ་ལྟ་བུའི། །གཏུམ་ཆེན་དང་དྲག་ཤུལ་རི་རབ་འབུམ་དུས་གཅིག་ཏུ་བསྙིལ་བའི་སྒྲ་སྐད་དང་མཉམ་པ། ཨ་ལ་དང་ཧ་ལའི་གད་བརྒྱངས་ཆེན་པོར་དགོད་ཅིང་དབུགས་ཀྱི་ཤུག་ལས་སྤྱུགས་པའི་འཐོར་རླུང་ཆེན་པོས་གདུག་པ་ཅན་རྣམས་འཇིགས་པས་གཡེང་བར་བྱེད་པ་ནི་དུས་མཐའི་རླུང་བས་ཀྱང་ཆེའོ་ཧོ། །གསུམ་པ་ཐུགས་ཀྱི་རིགས་ཀྱི་དཀྱིལ་འཁོར་ལ་བསྟོད་པ་ནི། ཧཱུྃ་ཁྲོ་བོ་མ་རིག་པའི་ཚོགས་འཇོམས་པའི་ཤེས་རབ་ཀྱི་སྣང་བ་མཐའ་ཡས་པའི་འོད་པོ་ཆེ། ཡེ་ཤེས་ལྔ་ཡི་དཀྱིལ་འཁོར་ཀུན་ཏུ་གསལ་བས། དུག་ལྔ་འབར་བའི་ངོ་བོ་ཡེ་ཤེས་སུ་གནས་པས་ཉོན་མོངས་རང་མཚན་གྱི་རྩལ་ཀུན་ཏུ་འཇོམས་པའི་ཡེ་ཤེས་དེ་ཡང་། སྤྲུལ་སྐུ་ལ་ལྟོས་ནས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་དང་། ལོངས་སྐུ་ལ་ལྟོས་ནས་མེ་ལོང་ལྟ་བུ་ལ་སོགས་པ་སྣ་ཚོགས་པའི་ཡེ་ཤེས་རྣམས་ངོ་བོ་གཉིས་སུ་མེད་པའི་ཐིག་ལེ་ཆེ་སྟེ་ཆོས་ཉིད་དོན་གྱི་ཡེ་ཤེས་སུ་རོ་གཅིག་པའོ་ཧོ། །བཞི་པ་ཡོན་ཏན་གྱི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་བསྟོད་པ་ནི། ཧཱུཾ་གདུག་པ་ཅན་འདུལ་བའི་ཡོན་ཏན་མངའ་བས་ན་ཁྲོ་བོའི་རྒྱལ་པོ་སྤྲུལ་པ་སྣ་ཚོགས་སུ་འཕྲོ་བའི་སྤྲིན་ཆེན་པོ། དེ་ལས་འཕྲོས་པའི་ཁྲོ་བོའི་དཀྱིིལ་འཁོར་གྱི་ཆར་ཆེན་པོ་འབེབས་ཤིང་། གང་ལ་གང་འདུལ་གྱི་དཀྱིལ་འཁོར་ཡིད་བཞིན་གྱི་ནོར་བུ་ལྟར་འདོད་དགུ་འབྱུང་བའི་གཏེར་ལས། སྤྲུལ་པ་སྣ་ཚོགས་པ་ཁྲོས་པའི་གཟུགས་སུ་ནམ་མཁར་ཁྱབ་པར་འབྱུང་བ་ཐམས་ཅད་ཀྱང་གནས་ལུགས་ཐིག་ལེ་ཆེན་པོ་གཅིག་གོ་ཧོ། །ལྔ་པ་ཕྲིན་ལས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་བསྟོད་པ་ནི། ཧཱུཾ་ཕུང་པོ་ལ་སོགས་པའི་བདུད་ཀུན་གྱི་ནི་སྟོབས་འཇོམས་པས་ན་བདུད་ཆེན་པོ་ཡིན་ལ། བདུད་ཀྱི་དབང་པོ་རྣམས་ཀྱང་གདུལ་བར་བྱེད་པའི་བདུད་དེ་ལས་དང་ཉོན་མོངས་པའི་བདུད་རྣམས་འཇོམས་ཤིང་། བདུད་དང་གཤིན་རྗེ་ལ་སོགས་པ་འཇིགས་པའི་ཚོགས་ཀྱང་རབ་ཏུ་འཇིགས་ཤིང་སྐྲག་པར་བྱེད་པ། འཇིགས་བྱེད་ཆེན་པོ་ཧེ་རུ་ཀ་རྣམས་ནི་རང་བཞིན་སྤྲོས་པའི་མཐའ་དང་བྲལ་བས་ཐིག་ལེ་ཆེ་ཧོ། །གཉིས་པ་དཀྱིལ་འཁོར་གྱི་དབང་ཕྱུག་ལ་བྱེ་བྲག་ཏུ་བསྟོད་པ་ནི། ཧཱུྃ་ཆེ་མཆོག་ཡབ་ཡུམ་གྱི་སྐུ་ནི་སྐྱེ་ཤི་འཕོ་འགྱུར་མེད་པས་རྡོ་རྗེ་བྲག་ཆེན་རབ་ཏུ་སྲ་བ་ཆེན་པོ་མཚན་དཔེས་འབར་ཞིང་། གསུང་དང་ཡོན་ཏན་ནི་ཡེ་ཤེས་རྡོ་རྗེ་ཡི་ཆུ་བོ་ཆེ་གདུལ་བྱའི་ཚོགས་སྡུད་ཅིང་སྨིན་པའི་བདག་ཉིད་ཆེན་པོ་ཡིན་ལ། ཐུགས་ནི་ཐམས་ཅད་མཁྱེན་པའི་རྡོ་རྗེ་ཡེ་ཤེས་ཀྱི་མེ་འོད་གསལ་བ་སྟེ་ཤེས་བྱའི་ཡུལ་མ་ལུས་པ་མངོན་དུ་གྱུར་ཅིང་ཐུགས་རྗེས་འོད་ཟེར་ཀུན་ཏུ་འབར་བ་ཆེ་སྟེ་འགྲོ་བའི་མ་རིག་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པའོ། །ཕྲིན་ལས་ལྷུན་གྱིས་གྲུབ་པ་དང་གདུལ་བྱ་ལ་ཁྱབ་པས་རྡོ་རྗེ་རླུང་སྟེ་བདུད་དང་མུ་སྟེགས་ལ་སོགས་པ་འཐོར་ཞིང་ལས་བཞིའི་དོན་རྣམས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པར་བྱེད་པས་རླུང་ཆེན་པོའོ་ཧོ། །གཉིས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་བསྟོད་པ་ལའང་གཉིས་ལས། བརྟེན་པ་ལྷའི་དཀྱིལ་འཁོར་ལ་བསྟོད་པ་ནི། ཧཱུཾ་གཏུམ་ཆེན་དུས་མཐའི་ཞེས་པ་ནས་འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོའི་བར་ཏེ་ཧེ་རུ་ཀ་རིགས་ལྔའི་དཀྱིལ་འཁོར་ལ་སོ་སོར་བསྟོད་པའོ། །རྟེན་གཞལ་ཡས་ཁང་ལ་བསྟོད་པ་ནི། རྡོ་རྗེ་བྲག་ཆེན་ཀེང་རུས་ཀྱི་རི་རབ་ཆུ་བོ་རཀྟའི་རྒྱ་མཚོ། མེ་ཡེ་ཤེས་ཀྱི་མེ་རི། རླུང་འོག་གཞི་རླུང་གི་དཀྱིལ་འཁོར་ལ་སྦྱར་ཏེ་བཤད་པའོ། །ཞེས་ཆེད་དུ་གླུ་བླངས་སོ། །འབྲས་བུ་གསང་བའི་སྙིང་པོ་སྐུ་དང་ཡེ་ཤེས་ཀྱི་དེ་ཉིད་ངེས་པ་ལས་རང་སྣང་ཡེ་ཤེས་ཀྱི་ཁྲོ་བོ་ལ་བསྟོད་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། ༈ །།སྤྱི་དོན་གསུམ་པ་རྒྱུད་དམ་པར་གདམས་ནས་རྗེས་འཇུག་ལ་གཏད་པའི་ཚུལ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད་པ། ཚིག་གི་དོན་བཤད་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། སྒྱུ་འཕྲུལ་རྩ་བའི་དཀྱིལ་འཁོར་རྫོགས་པར་བསྟན་པ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཀུན་ཏུ་བཟང་པོས་རང་སྣང་ལྷུན་སྟུག་པོ་བཀོད་པའི་རིགས་ལྔ་སེམས་དཔའ་བརྒྱད་ལ་སོགས་པའི་དེ་བཞིན་གཤེགས་པ་ཉིད་ལ་གསང་སྔགས་ཀྱི་རྒྱལ་པོ་འདི་ཉིད་མི་ནུབ་ཅིང་འགྲོ་བ་ལ་ཕན་གདགས་པའི་ཕྱིར་བརྟན་པར་བཟུང་བ་འདི་ཆེད་དུ་བརྗོད་ཅིང་ཁྱད་པར་དུ་རིག་པའི་སེམས་དཔའ་གསང་བདག་ལ་གདམས་པར་མཛད་དོ། །གཉིས་པ་ལ་གཉིས། ལམ་ཀུན་གྱི་འབྲས་བུར་གདམས་པ་དང་། གསང་བ་ཀུན་གྱི་མཆོག་ཏུ་གདམས་པའོ། །དང་པོ་ལ་གཉིས། གདམས་བྱ་རྒྱུད་ཀྱི་རང་བཞིིན་དང་། གང་ལ་གདམས་པ་སྣོད་ཀྱི་ཆེ་བའོ། །དང་པོ་ལ་གསུམ་ལས། དང་པོ་འབྲས་བུ་རྒྱུད་དངོས་བསྟན་པ་ནི། །རང་སྣང་གི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་ཡབ་ཡུམ་དུ་སྣང་བ་རྣམས་ལ་ཀྱེ་ཀྱེ་ཞེས་བོས་ནས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཕྱོགས་བཅུ་དང་དུས་བཞིའི་རང་བཞིན་འདི་དག །དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་སེམས་དཔའ་དང་བཅས་པ་ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གནས་པ་ནི་གཞི་གསང་བའི་སྙིང་པོ་སྟེ་དེས་མཚོན་ནས་ལམ་དང་འབྲས་བུ་གསང་བའི་སྙིང་པོ་ནི། རྒྱུད་ཀྱི་ངོ་བོའོ། །གཉིས་པ་ལམ་གཞན་དེའི་རྐང་སྟེགས་སུ་བསྟན་པ་ནི། ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་ཀྱི་སྤྲོས་པ་ལ་འཆེལ་བ་ཡིས། ཕྱི་ནང་བདག་གཞན་ལ་སོགས་པའི་རྣམ་པར་རྟོག་པ་མི་བཟད་པའི་ཞགས་པས་སོ་སོར་ཟིན་པའི་སེམས་ཅན་གྱི་དབང་པོའི་རིམ་པ་དང་སྦྱར་ཏེ་ཐེག་པ་སོ་སོའི་ས་རྣམས་དང་ལམ་གྱི་ཁྱད་པར་བཀོད་པ་ཡང་། རང་བཞིན་གསང་བའི་སྙིང་པོར་འགྲོ་བའི་ལམ་སྟེ་ཡིན་གྱི་ལམ་ཚང་ལ་མ་ནོར་བ་དངོས་མ་ཡིན་ཏེ་དེ་དག་གི་མཐར་ཐུག་འདིར་འཇུག་དགོས་པའི་ཕྱིར་རོ། །གསུམ་པ་རྣམ་གྲངས་དུ་མ་གསུངས་པའི་དགོས་པ་ནི། དེ་ལྟར་ན་གསང་བའི་སྙིང་པོ་ཁོ་ན་གསུང་བས་ཆོག་མོད། ཐེག་པའི་རྣམ་གྲངས་མཐོ་དམན་མང་པོ་བསྟན་ཅི་དགོས་ཞེ་ན། སེམས་ཅན་རྣམས་ནི་དབང་པོའི་རིམ་པ་སྣ་ཚོགས་སུ་གནས་པས་གང་ལ་གང་འཚམས་ཀྱིས་སོ་སོར་བསྟན་ཏེ། འདི་ཉིད་དང་པོ་ནས་གོ་བའམ། ཕྲད་པར་ཤིན་ཏུ་དཀའ་བས་སྔོན་འགྲོའམ་སྟེགས་སུ་བསྟན་ཏེ་ཕྱིས་འདི་དང་འཕྲད་ཅིང་སྤྱད་པར་བྱ་བའི་ཕྱིར་སྤང་བ་དང་རྟོགས་པའི་ཡེ་ཤེས་ངོ་མཚར་བ་རབ་འབྱམས་མངའ་བའི་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཀྱིས། རང་བྱུང་གི་ཐུགས་རྗེ་སྤྲུལ་པའི་སྐུ་འཇིག་རྟེན་དུ་སྣང་བས་གསུངས་པའི་ཆོས་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་དུ་མི་འགྱུར་ཞེས་བྱ་བ་ནི་ཅུང་ཟད་ཅིག་ཀྱང་ཡོང་སྟེ་རྣམ་པ་ཐམས་ཅད་དུ་མ་གསུངས་སོ། །གཉིས་པ་གང་ལ་གདམས་པ་སྣོད་ཀྱི་ཆེ་བ་ནི་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། སྐུ་གསུང་ཐུགས་ཡོན་ཏན་ཕུན་སུམ་ཚོགས་པའི་ཕྱག་རྒྱ་དམ་པ་གཞི་ལམ་འབྲས་བུའི་གསང་ཆེན་ཆོས་ཐམས་ཅད་ཀྱི་སྙིང་པོ་འདི། ཕྱིན་ཅི་མ་ལོག་པར་རང་གིས་རྟོགས་ནས་གཞན་ལ་སྨྲ་བར་གང་བྱེད་པ། གང་ཟག་དེ་ཉིད་སྟོན་པ་ཀུན་ཏུ་བཟང་པོ་ང་ཡིན་ཞིང་དེ་ལ་ཕན་པ་དང་ནུས་པའི་དབང་ཡང་ཡེ་ནས་ལྷུན་གྱིས་རྫོགས་པ་ཡིན་ནོ། །གཉིས་པ་གསང་བ་ཀུན་གྱི་མཆོག་ཏུ་གདམས་པ་ལ་གཉིས། གསང་བའི་དོན་དངོས་དང་། དེ་འཛིན་པའི་གང་ཟག་དམ་པར་ལུང་བསྟན་པའོ། །དང་པོ་ནི། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ལ། སྐུ་གསུང་ཐུགས་ཀྱི་གསང་བ་མཐར་ཐུག་པ་རྒྱུད་ཀྱི་དོན་འདི་ལས་གཞན་ཅུང་ཟད་ཀྱང་མི་མངའ་བས་མཆོག་དམ་པར་ཟུངས་ཤིག་ཅེས་པའོ། །དེའི་དོན་ཡང་ཆོས་ཐམས་ཅད་ཡེ་ནས་མཉམ་པ་ཉིད་གསང་བའི་སྙིང་པོར་སངས་རྒྱས་པ་ནི་གཞིའི་རྒྱུད་དེ་རྒྱལ་བ་ཐམས་ཅད་ཀྱིས་གཏན་ལ་དབབ་བྱའི་དོན་མཐར་ཐུག་པའོ། །དེ་ཉིད་སྟོན་པ་གཞུང་གི་ཚོགས་ལའང་དོན་ཟབ་མོ་ཡོད་པར་རྟག་པའི་མཐར་སྒྲོ་འདོགས་པ་དང་མེད་པ་ཆད་པའི་མཐར་སྐུར་པ་འདེབས་པ་དང་གཉིས་ཀ་དང་གཉིས་མིན་གྱི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཡི། བློའི་ཡུལ་ལས་འདས་པས་གསང་བའི་སྙིང་པོ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དེ་ཆོས་ཉིད་བསམ་བརྗོད་མེད་པ་ངེས་པའི་དབྱིངས་ནས་བརྗོད་པའི་དོན་དུ་སྟོན་པས་ཕྱུང་བའོ། །གཉིས་པ་དེ་འཛིན་པའི་གང་ཟག་དམ་པར་ལུང་བསྟན་པ་ནི། རྒྱུད་འདི་འཛིན་ཅིང་སྟོན་པའི་གང་ཟག་དེ་ནི་གཞན་ལ་སྟོན་པ་རིག་པའི་སྐྱེས་བུ་དང་རང་ཉིད་སངས་རྒྱས་པ་ངེས་པར་ལུང་བསྟན་ཏེ། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྲས་པོ་ནི་དམ་པ་ཐུགས་ཀྱི་གསང་བ་ལས་སྐྱེས་པ་ཡིན་པས། ས་རབ་རིག་པ་འཛིན་པའི་ས་ལ་གནས་པར་འགྱུར་རོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། ཞེས་བརྗོད་པས། རང་སྣང་འོད་གསལ་དུ་བཀོད་པའི་དེ་བཞིན་གཤེགས་པ་རིགས་ལྔ་ཏིལ་གྱི་གོང་བུ་ཇི་སྙེད་ཀྱིས་ནམ་མཁའི་དབྱིངས་ཀྱི་མཐའ་དབུས་ཁྱབ་པ་དེ་དག་ཐམས་ཅད་གཉིས་སུ་མི་དམིགས་ཤིང་ངོ་བོ་དབྱེར་མེད་པས་དགྱེས་ནས་དུས་གསུམ་འཕོ་འགྱུར་མེད་པའི་ངང་གཞི་རྫོགས་ལྷུན་གྱིས་གྲུབ་པའི་རང་བཞིན་དུས་བཞི་ཆོས་ཉིད་ཀྱི་འཁོར་ལོར་མཉམ་པ་ཉིད་ཀྱི་དབྱིངས། །སྣང་ཞིང་བཀོད་པ་ཐམས་ཅད་སྟོན་པ་ཉིད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་འཕོ་འགྱུར་མེད་པར་བཞུགས་སོ། །སྤྱི་དོན་གསུམ་པ་ཡོངས་སུ་རྫོགས་པ་མཇུག་གི་དོན་ལ་གསུམ་ལས། དང་པོ་རྒྱུད་གང་གི་ཁོངས་སུ་གཏོགས་པ་ནི་བརྗོད་བྱ་གཞན་ལས་ཁྱད་པར་དུ་འཕགས་པ་བདེན་པ་གཉིས་དབྱེར་མེད་པའི་དོན་ཡེ་ནས་སངས་རྒྱས་པར་སྟོན་པས་བརྗོད་བྱེད་ཚིག་གི་རྒྱུད་ལའང་དེ་དང་མཐུན་པར་བཏགས་པས་འཕགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་རྒྱུད་ཐམས་ཅད་ལ་རྟོག་པ་ཞེས་བརྗོད་པས་དེ་དག་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ཕྱིར་རྟོག་པའི་རྒྱལ་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པའི་ཁོངས་སུ་གཏོགས་སོ། །གཉིས་པ་ལེ་ལག་གང་ཡིན་པ་ནི། དེ་ལས་འདི་ནི་རྒྱུ་མཚན་ཉིད་དང་འབྲས་བུ་གསང་སྔགས་ཀྱི་རྒྱུད་ཐམས་ཅད་ཀྱི་འཕྲོ་གཞི་དང་འབྱུང་ཁུངས་ཡིན་པས་ལུང་གི་སྤྱི་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་གསང་བ་ཡིན་ལ་མཆོག་ཏུ་འཕགས་ཤིང་རབ་ཏུ་ཟབ་ལ་རྒྱ་ཆེ་བའི་གནས་སྟོན་པའི་ཕྱིར་གསང་བའི་སྙིང་པོ་གཞི་ལམ་འབྲས་བུ་དེ་ཁོ་ན་ཉིད་རྣམ་པར་ངེས་པའོ། །གསུམ་པ་འབྲས་བུ་མཆོག་ཏུ་བསྟན་པ་ནི། དེ་ཉིད་ལས་ཐམས་ཅད་མ་ལུས་པར་འཕྲོས་ཏེ་ཆོས་ཀྱི་དཀྱིལ་འཁོར་ལོ་བསྐོར་བ་དེ་དག་གི་འབྲས་བུའི་མཆོག་རྩ་བའི་རྒྱུད་ཞིང་ཁམས་གསང་བའི་སྙིང་པོ་ཡེ་ཤེས་ཀྱི་རང་སྣང་དེ་ཁོ་ན་ཉིད་ངེས་པ་ལས་མཛད་པ་རྫོགས་ནས་དགོངས་པ་ལ་བཞུགས་པས་མཉེས་པ་དང་རྒྱུད་མི་ནུབ་པར་གཏད་པས་འཁོར་གྱིས་ཡོངས་སུ་གཟུང་བའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། ༈ །།ཤིན་ཏུ་རྟོགས་དཀའ་རྒྱུད་དོན་རྡོ་རྗེའི་ཚིག །ཀུན་མཁྱེན་བླ་མའི་སྙན་བརྒྱུད་མན་ངག་བཞིན། །གསལ་བར་བསྟན་ལ་ནོངས་པ་ཅི་མཆིས་པ། །དབྱིངས་ཕྱུག་མཁའ་འགྲོས་བཟོད་པ་བཞེས་པར་མཛོད། །ཅེས་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ཀྱི་མཆན་འགྲེལ་འདི་ནི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་པའི་འགྲེལ་པ་ཇི་ལྟ་བ་བཞིན་གྲུབ་པའི་སློབ་དཔོན་ཨོ་རྒྱན་བསྟན་འཛིན་ནོར་བུའི་ཐུགས་ཀྱི་ཆ་ཤས་ལས་སྐྱེས་པ་སྤྲང་བན་གཞན་ཕན་སྣང་བས་མཁས་པའི་འབྱུང་གནས་གྲུབ་པའི་གདན་ས་རྫོགས་ཆེན་ཤྲཱི་སེང་གི་ཆོས་སྡེར་སྦྱར་བས་འོད་གསལ་སྙིང་པོའི་བསྟན་པ་ལ་བྱ་བ་བྱེད་ནུས་པར་ཤོག་ཅིག །།ༀ་སྭཱ་སྟི། རང་སྣང་མི་འགྱུར་འོག་མིན་ཆེན་པོ་རུ། །སྣ་ཚོགས་ཞི་དང་ཁྲོ་བོའི་རོལ་གར་གྱིས། །ནམ་མཁའི་མཐའ་ཀླས་འགྲོ་བ་སྒྲོལ་བའི་ཕྱིར། །གསང་ཆེན་བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར། །རྒྱུད་དང་ཐེག་པའི་རིམ་པ་གྲངས་མང་པོ། །ཀུན་གྱི་མཐར་ཐུག་འོད་གསལ་རྫོགས་པ་ཆེའི། །གཞི་དང་ལམ་དང་མཐར་ཕྱིན་འབྲས་བུའི་དོན། །གཏན་ལ་འབེབས་པ་སྒྱུ་འཕྲུལ་དྲྭ་བའི་རྒྱུད། །རྣམ་པ་ཀུན་གྱི་མཆོག་ལྡན་སྟོང་པ་ཉིད། །བདེ་ཆེན་འགྱུར་མེད་ཡེ་ཤེས་ཀྱིས་རོལ་པའི། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱི། །ཐུགས་ཀྱི་ཐིག་ལེ་རྒྱུད་རྒྱལ་འདི་ཁོ་ན། །ཟབ་པའི་དོན་འདུས་ཡང་ཟབ་ཕུལ་དུ་བྱུང་། །རྒྱ་ཆེའི་རྒྱུད་ལུང་རྒྱ་ཆེར་གཏན་ལ་འབེབས། །རིག་འཛིན་དགོངས་རྒྱུད་རིག་སྟོང་གསལ་སྟོན་པའི། །རྒྱུད་རྒྱལ་འདི་ནི་རྒྱལ་བ་དངོས་དང་འདྲ། །ཀུན་ཁྱབ་གདོད་མའི་གཞི་ལ་བྱང་ཆུབ་པའི། །མི་ཡི་ལུས་ལ་སངས་རྒྱས་དགོངས་པ་ཅན། །ཀློང་ཆེན་ཆོས་ཀྱི་རྒྱལ་པོའི་ལེགས་བཤད་ནི། །རིག་འཛིན་སྙན་བརྒྱུད་གདམས་ངག་ལུགས་སུ་བྱས། །དེ་ཕྱིར་འདི་ནི་ཀུན་མཁྱེན་བླ་མ་ཡི། །གཞུང་ལུགས་ཇི་བཞིན་སྙིང་པོ་ཡོངས་བསྡུས་ཤིང་། །བློ་མཆོག་ལྡན་པའི་འཇུག་ངོགས་ཟླ་མེད་པ། །རྒྱུད་དོན་གསལ་བྱེད་འཆད་པའི་སྐྱེས་བུ་བཞིན། །འདི་ན་ཚིག་རྒྱུད་གྲངས་མེད་སྤེལ་བའི་འཕྲུལ། །གསང་ཆེན་རྒྱལ་བའི་མཆོད་སྡོང་འདི་བསྒྲུབས་པས། །འོད་གསལ་སྙིང་པོའི་བསྟན་པ་རྒྱས་པ་དང་། །འགྲོ་ཀུན་གདོད་མའི་གཞི་རུ་གྲོལ་བར་ཤོག །ཅེས་པ་འདིའང་འཇིགས་མེད་མདོ་སྔགས་བསྟན་འཛིན་གྱིས་གསང་བའི་སྙིང་པོའི་མཆན་འགྲེལ་སྤར་དུ་སྒྲུབ་པའི་ཚེ། སྤར་བྱང་སྨོན་ཚིག་ཏུ་གཞན་ཕན་སྣང་བས་བྲིས་བརྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །

གསང་བ་སྙིང་པོའི་གཏན་ཚིགས་རྣམས་ཀྱི་ཟིན་ཐོ། དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ།

གསང་བ་སྙིང་པོའི་གཏན་ཚིགས་རྣམས་ཀྱི་ཟིན་ཐོ་བཞུགས། །ཕྱི་ནང་འཁོར་འདས་ཆོས་ཀུན་གདོད་མའི་ཞིང་། །ཡེ་ནས་རྟག་ཁྱབ་རྣམ་ཀུན་བྱང་ཆུབ་པ། །སྐུ་ལྔ་ལྷུན་རྫོགས་རྒྱལ་ཀུན་ངོ་བོ་ཉིད། །ཐོག་མའི་སངས་རྒྱས་ཀུན་དུ་བཟང་པོར་འདུད། །དེ་ལ་འདིར་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ཞལ་སྔ་ནས། སྐྱེས་དགུའི་བློ་དང་མཚམས་པར་ཐེག་པའི་རྣམ་གྲངས་མང་དུ་གསུངས་པ་ཡང་བསྡུ་ན་དགུར་འདུ་སྟེ། སྤྱི་མདོ་དགོངས་པ་འདུས་པ་ལས། ། ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིགས། །དབང་བསྒྱུར་ཐབས་ཀྱིས་ཐེག་པའོ། །ཞེས་གསུངས་པ་ལས་སྐབས་སུ་བབ ས་པ་དབང་བསྒྱུར་ཐབས་ཀྱི་ཐེག་པར་གསུམ་དུ་བྱས་པའི་རྣལ་འབྱོར་ཕ་ཡི་རྒྱུད་སྡེ་གཙོ་བོར་སྟོན་པ་བསྐྱེད་པ་མ་ཧཱ་ཡོ་ག་ཡིན་ལ། །དེ་ལ་རྒྱུད་སྡེ་དང་བསྒྲུབ་སྡེ་གཉིས་སུ་བྱས་པའི་ནང་ཚན་རྒྱུད་སྡེ་ཆེན་པོ་ཏནྟྲ་སྡེ་བཅོ་བརྒྱད་དུ་གསུངས་པའི་རྩ་བ་འམ་སྤྱི་གཞི་ལྟ་བུར་གྱུར་པ་བརྒྱུད་གསང་བ་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱལ་པོ་འདི་ཡིན་ལ། འདི་ཉིད་ལ་སྔོན་གྱི་འགྲེལ་བཤད་མཁན་པོ་རྣམས་ཀྱིས་བཞེད་པ་མི་མཐུན་པ་མང་ཡང་། ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་བཀའ་སྡེ་ཟུར་པ་ཡབ་སྲས་ཀྱི་བཞེད་གཞུང་རྣམས་ཏེ། རྒྱལ་བ་རྡོ་རྗེ་འཆང་ཆེན་ནས་དྲིན་ཆེན་རྩ་བའི་བླ་མའི་བར་དུ་བྱོན་པའི་སྙན་རྒྱུད་ཁྱད་པར་ཅན་ཡིན་པ་སོགས་སྒོ་དུ་མ་ནས་ཁྱད་པར་དུ་འཕགས་པས་ཐེག་ཆེན་གྱི་ཕྱོགས་ལ་བློ་ཕྱོགས་ཤིང་གསང་ཆེན་གྱི་དོན་ལ་ངེས་པས་རྙེད་པ་རྣམས་ནས་འདི་ཉིད་ཀྱི་བཀའ་སྲོལ་མི་དོར་ཞིང་ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་གྱི་རྩེ་མོར་མཆོད་པ་ལྟར་བསྟེན་ཅིང་བསྐུར་བསྟི་བྱ་བར་རིགས་སོ། །དེ་སྐད་དུ། ཆོས་རྗེ་དམ་པས། རྒྱུད་ཀུན་རྒྱལ་པོ་གསང་བ་སྙིང་། །དེ་དོན་རྣམ་པར་གསལ་མཛད་པ། །གངས་རིའི་ཁྲོད་འདིར་གསང་བདག་ཉིད། །དངོས་སྣང་རྒྱ་བོ་པ་ཙམ་ཟད། །ཅེས། ཟུར་མེས་དབོན་གྱི་བཞེད་པ་ཁྱད་པར་དུ་བསྟོད་པ་དང་། མ་ཟད་མཁས་པའི་དབང་ཕྱུག་དུ་མ་ནས་ཀྱང་དེ་སྐད་དུ་བསྔགས་སོ། །དེ་ཡང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བཞེད་པ་དང་མི་མཐུན་པའི་ཁྱད་པར་ཅུང་ཟད་ཡོད་པ་འདི་ཅི་བསྙམས་ན། རྒྱལ་བ་ཀློང་ཆེན་པས་རྫོགས་པ་ཨ་ཏི་ཡོ་གའི་མ་ཧཱ་ལྟར་བཀྲལ་བ་ནི། ཐེག་པ་མཆོག་གི་རྣལ་འབྱོར་བ་རྣམས་ཀྱིས་དགོངས་པའི་རྩལ་བྱུང་སྟེ་གཏན་ལ་ཕབ་པ་ཡིན་ཏེ། དཔེར་ན་ཀརྨ་པ་རང་བྱུང་རྡོ་རྗེས་མཚན་ཉིད་ཐེག་པ་རྒྱུད་བླ་མ་སོགས་སྔགས་སུ་བཀྲལ་བ་ལྟར་རོ། །འོན་ཀྱང་རྒྱུད་སྡེ་རྣམས་སོ་སོར་བཀྲལ་བ་ལ་སྐབས་ཀྱི་ཤན་མ་ནོར་བར་གཞུང་གི་བསྟན་དོན་སོར་བཞགས་སུ་གཏན་ལ་ཕབ་དགོས་པས་ཟུར་མེས་དབོན་གྱི་ལུགས་བཞིན་ཏེ་རྒྱུད་འདི་ནི་ཐེག་དགུ་སོ་སོར་བྱས་པའི་བསྐྱེད་པ་མ་ཧཱ་ཡོ་ག་ཉིད་ཡིན་པའི་ཕྱིར་རོ། །དེས་ན་འདི་ལུགས་ཀྱིས་གཞུང་གི་བསྟན་དོན་སྙིང་པོར་དྲིལ་ན་དོན་རྣམ་པ་བཅུར་འདུ་སྟེ། དང་པོ་དེ་ཁོ་ན་ཉིད་ལྟ་བ་ནི། མཐའ་གང་དུའང་མ་ལྟུང་བའི་སེམས་ཉིད་ཡེ་ནས་དག་པའི་ངོ་བོ་ཉིད་དོན་དམ་བདེན་པ་དང་། དེའི་རང་རྩལ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་སྣང་བ་ཀུན་རྫོབ་བདེན་པ་སྟེ། དེ་གཉིས་ཟུང་འཇུག་དབྱེར་མེད་མཉམ་པ་ཉིད་དུ་གནས་ཤིང་མཚན་འཛིན་ལས་འདས་པའོ། །གཉིས་པ་ལ་དོར་བ་སྤྱོད་པ་ནི། ཐབས་ཤེས་ཁྱད་པར་ཅན་གྱི་ཟིན་པའི་སྒོ་གསུམ་གྱི་བྱ་བ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཐམས་ཅད་དོ། །གསུམ་པ་བཀོད་པ་དཀྱིལ་འཁོར་ནི། སྣོད་བཅུད་ལྷ་ཡི་ཞིང་དང་སྐུ་ཡི་དཀྱིལ་འཁོར་དུ་རྫོགས་པར་སྣང་བ་སྟེ། གཞི་ལམ་འབྲས་གསུམ་གྱི་རང་བཞིན་དུ་སྣང་བའི་དཀྱིལ་འཁོར་རྣམ་པ་བདུན་དུ་གསུང་པའི་ཕྱིར་རོ། །རྣམ་པ་བདུན་ནི། རང་བཞིན་གཟུགས་བརྙན། ལྷག་པའི་གཟུགས་བརྙན། ཏིང་འཛིན། ལྷག་པའི་ཏིང་འཛིན། བྱང་སེམས། ཆོས་མཆོག་གི་དཀྱིལ་འཁོར་དང་བདུན་ནོ། །བཞི་པ་རིམ་པར་བསྒྲོད་པ་དབང་ནི། རྒྱུ་གཉིས་རྐྱེན་བཞིའི་ཚོགས་པ་ལ་བསྟེན་ནས་དབང་བཞི་བསྐུར་བའི་ལས་ཀྱི་གོ་འཕང་གི་ཆོས་བརྒྱུད་ལ་འཇོག་ཅིང་ཐར་བའི་མྱུ་གུ་མངོན་དུ་སྐྱེད་པ་དང་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ་སྟེ། སློབ་དཔོན་གསང་བ་ཤེས་རབ་དང་། དེ་མ་ཐེག་པའི་དབང་བཞི་དང་། བུ་དབང་ལ་ཞི་བར་ཕན་དབང་བཅུ་ཁྲོ་བོར་ཉེར་བརྒྱད། ཐུན་མོང་དུ་ནུས་དབང་ལྔ་སྟེ་རྩ་བའི་དབྱེ་བ་ལྔའོ། །ལྔ་པ་མི་འདའ་བ་དམ་ཚིག་ནི། བསྲུང་བྱའི་དོན་ཁྱད་པར་ཅན་རྩ་བའི་དམ་ཚིག་ལྔ། ཡན་ལག་བཅོ་ལྔ་སྤྲོས་པའི་དམ་ཚིག་སུམ་བརྒྱ་དྲུག་ཅུ་སོགས་ལས་ནམ་ཡང་མི་འདའ་བར་སྡོམ་པའི་སེམས་པ་ས་བོན་དང་བཅས་པའོ། །དྲུག་པ་རོལ་བ་ཕྲིན་ལས་ནི། ཟུར་དང་པོ་སྙིང་རྗེ་གཞན་དོན་ལ་དམིགས་པ་དང་ཟུར་གཉིས་པ་ཤེས་རབ་རྫོགས་བྱང་ལ་དམིགས་པའི་ཐབས་མཁས་ཁྱད་པར་ཅན་གྱིས་ཟིན་པའི་ཞི་རྒྱས་དབང་དྲག་གི་ལས་སྣ་ཚོགས་ཀྱི་མཛད་སྤྱོད་དོ། །བདུན་པ་དོན་དུ་གཉེར་བྱ་བསྒྲུབ་པ་ནི། གཞི་ཕུན་སུམ་ཚོགས་པ་ལྔ་ཚང་བ་དང་། རྐྱེན་བསྒྲུབ་པའི་ཡོ་བྱད་འཛོམ་པའི་སྒོ་ནས་བསྙེན་བསྒྲུབ་བཞིའི་ཐབས་ཀྱིས་བསྒྲུབ་པས་རོ་ལོང་ཚེ་དབང་བསྡུད་སོགས་ཐུན་མོང་དང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་གཉིས་མངོན་དུ་བྱས་པའོ། །བརྒྱད་པ་མི་གཡོ་བ་ཏིང་འཛིན་ནི། སྒོམ་བྱའི་དོན་ཁྱད་པར་ཅན་བསྐྱེད་རྫོགས་གཉིས་ཏེ། སྐྱེ་གནས་བཞིིའི་བག་ཆགས་སྦྱོང་བ་དང་བསྟུན་སྟེ། ཅིག་ཆར་བ་དང་རིམ་གྱི་བའི་བསྐྱེད་རིམ་དང་། ཐབས་ལམ་སྟེང་འོག་གི་སྒོ་ལ་བསྟེན་པ་དང་། གྲོལ་ལམ་ཟུང་འཇུག་གི་རྣལ་འབྱོར་དང་བསྟུན་ཏེ་རིམ་དང་ཅིག་ཆར་གྱི་བསྡུས་པའི་རྣམ་པར་མི་རྟོག་པའི་ཏིང་འཛིན་རྫོགས་པའི་རིམ་པ་སྟེ། དེ་གཉིས་ལས་མི་གཡོ་བར་སེམས་རྩེ་གཅིག་ཏུ་གནས་པའོ། །དགུ་པ་གནས་སུ་སྟོན་མཆོད་པ་ནི། མཆོད་ཡུལ་བསྐུལ་ཞིང་མཉེས་པར་བྱས་པ་ལ། མཆོད་པའི་བསམ་པ་རྣམ་པར་དག་པས་སྒོ་གསུམ་དང་། ཡོ་བྱད་སྟོན་པ་སྟེ། སྤྱིར་འཇིགས་རྟེན་དང་འཇིག་རྟེན་འདས་པའི་མཆོད་པ་དང་། བྱེ་བྲག་ཏུ། ཕྱི་ཉེར་སྤྱོད། ནང་དམ་རྫས། གསང་བ་སྦྱོར་སྒྲོལ་ལམ་ཞི་ཁྲོའི་མཆོད་པ་བཅུ་བཞི་ལ་སོགས་པས་མཆོད་པས་མཉེས་པར་བྱས་པའོ། །བཅུ་པ་སྔགས་དང་ཕྱག་རྒྱ་ནི། ཐབས་ཤེས་ཀྱི་ཡི་གེ་འདུས་ཤིང་བྱིན་གྱིས་བརླབས་པའི་ནུས་མཐུ་ཁྱད་པར་ཅན་དུ་གྱུར་བ་ནི་སྔགས་ཏེ། དེ་ལ་སྤྱིར་གསང་སྔགས། རིག་སྔགས་གཟུངས་སྔགས་གསུམ་དང་། བྱེ་བྲག་རྒྱུ་མ་ནོར་བ་རྩ་བའི། བསྐྱེད་པ་རྐྱེན། བཟླས་པ་ལས་ཀྱི་སྔགས་སོ། །དེ་བཞིན་དུ་རིགས་པ་ཕྱག་རྒྱ་བཞི་རྟོགས་ཀྱི་ལྷའི་སྐུ་གསལ་བ་ལས་མི་འདའ་བ་ནི་ཕྱག་རྒྱ་སྟེ། སྤྱིར་རྟོག་ཚོགས་ཡེ་ནས་ལྷའི་དཀྱིལ་འཁོར་དུ་གནས་པ་རང་བཞིན། རྟོགས་པ་ལྟ་བ་དང་། དེ་མངོན་དུ་བྱས་པ་འབྲས་བུའི་ཕྱག་རྒྱ་དང་གསུམ། བྱེ་བྲག་ལྷག་པ་ཏིང་ངེ་འཛིན་གྱིས་དབང་དུ་བྱས་ན། དམ་ཚིག་ཀྱི་ཕྱག་རྒྱ། ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། སྐུ་ཉིད་ཀྱི་ཕྱག་རྒྱ་དང་བཞིའོ། །དེ་ལྟར་དོན་རྣམ་པ་བཅུའི་ཁོག་ཕུབ་པས། རྒྱུད་འདི་ཡི་དབུ་ཞབས་ཀྱི་དོན་ཐམས་ཅད་སོ་སོར་མ་འདྲེས་པར་བདེ་བླག་ཏུ་རྟོགས་པར་གྱུར་བས་གནད་གལ་པོ་ཆེ་རྩ་བའི་མདོ་འཛིན་ཡིན་པས་འདིའི་ཚིག་དོན་གྱི་ཆ་བློ་ལ་བྱང་ཆུབ་པར་གྱིས་ཤིག །དེ་ལྟར་རྒྱུད་ཀྱི་བསྟན་དོན་དེ་དག་སོ་སོར་བྱས་དེ་གཏན་ལ་ཕེབ་པ་ལ། དབང་པོ་རབ་ཀྱི་གཏན་ཚིགས་ཀྱི་སྒོ་ནས་རྟོགས་པར་བྱ་བ་དང་། དབང་འབྲིང་གིས་རང་བཞིན་དང་འབྲས་བུའི་རྟགས་ལ་བསྟེན་ནས་རྟོགས་པར་བྱ་བ་དང་། དབང་པོ་ཐ་མ་རྣམས་ཀྱིས་བརྒྱུད་དེ་རྟོགས་པར་བྱ་བ་གསུམ་དུ་མཆིས་པའི། དབང་པོ་མཆོག་གི་ངོར་བསྟན་པ་གཏན་ཚིགས་ཀྱི་སྒོ་ནས་གཞུང་དོན་རྣམ་པར་འབྱེད་པ་ལ། གཏན་ཚིགས་ཆེན་པོ་རྣམ་པ་བཞི་དང་། ཁྱད་པར་གྱི་གཏན་ཚིགས་གཅིག་ཏེ་རྟོགས་པ་བཞི་ཡི་གཏན་ཚིགས། གསང་བ་བཞི་ཡི་གཏན་ཚིགས། མཉམས་པ་བཞི་ཡི་གཏན་ཚིགས། ཁྱད་ཆོས་བཞི་ཡི་གཏན་ཚིགས་ཏེ་བཞི་དང་། ཁྱད་པར་དག་པ་གསུམ་གྱི་གཏན་ཚིགས་དང་ལྔར་བསྡུའོ། །དེ་ལ་དང་པོ་རྟོག་པ་བཞིའི་གཏན་ཚིགས་ཀྱིས་རྒྱུད་དབུ་ཞབས་ཀྱི་དོན་ཐམས་ཅད་བསྡུ་བ་སྟེ། ལོག་པར་རྟོག་པའི་སེམས་ལས་འཁོར་བ་དང་། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་མྱང་འདས་སུ་སྣང་བ་སྟེ། དེ་ལྟར་འཁོར་འདས་གཉིས་སུ་སྣང་ཞིང་ཞེན་པའི་ཆོས་ནི་རྒྱུ་གཅིག་པའི་སོགས་ཀྱི་རྟགས་ཀྱིས་གཞལ་བྱ་ཡིན། འཇལ་ཚུལ་སྔ་མ་སྔ་མ་རྒྱུ་གཅིག་པ་སོགས་ཀྱིས་གཏན་ལ་ཕབ་པའི་གྲུབ་མཐའི་ཞེན་ཆ་གཏན་ཚིགས་ཕྱི་མ་ཕྱི་མ་ཡིག་འབྲུའི་ཚུལ་གྱི་དང་། བྱིན་གྱིས་བརླབས་པའི་དང་། མངོན་སུམ་པའི་གཏན་ཚིགས་ཀྱི་དོན་གྱི་ཆ་གསལ་བར་བྱ་དགོས་སོ། །དེ་ཡང་ཇི་ལྟར་ཞེ་ན། ཡུལ་གྱི་སྣང་བ་ནི་ལོག་རྟོག་གི་རྒྱུན་སྔ་མ་ཉིད་ལ་ཕྱི་མ་ཉིད་སྤྱོད་པ་རྨི་ལམ་གྱི་སྣང་བ་ལྟར་འཁྲུལ་བར་ཟད་པས་ན་ཆོས་ཉིད་སྤྲོས་པ་དང་བྲལ་བ་ལས་ནམ་ཡང་གཡོ་བ་མེད་པ། རྦ་རླབས་ཇི་ལྟར་འཕྱོ་ཡང་རྒྱ་མཚོ་ལས་གཡོ་བ་མེད་པ་ལྟ་བུ་ནི། རྒྱུ་གཅིག་པའི་རྟགས་ཀྱི་བསྒྲུབ་བྱ་སྟེ། སྒྲུབ་ཚུལ་ནི། འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྐྱེས་བ་མེད་པའི་དབྱིངས་སུ་རྒྱུ་གཅིག་པ་ཡིན་ཏེ། དེ་ལྟར་རྟོགས་པ་དང་མ་རྟོགས་པ་ལས་འཁོར་འདས་གཉིས་སུ་སྣང་ཡང་སྤྱི་གཞི་ཆོས་ཀྱི་དབྱིངས་སུ་ཚུལ་གཅིག་པའི་ཕྱིར་རོ། །རྒྱུ་གཅིག་པའི་གཏན་ཚིགས་ཀྱིས་བསྒྲུབ་པའི་སེམས་ཉིད་སྐྱེ་བ་མེད་པའི་གདངས་ལས་རོལ་བ་འགགས་མེད་ལྷ་ཡི་སྐུ་གསུང་ཐུགས་སུ་རང་སྣང་བ་མ་ལུས་པ་གསུང་ཡིག་འབྲུའི་ཚུལ་དུ་སྣང་བ་ཡིན་ཏེ། མཚོན་དུ་མེད་པའི་ཡི་གེ་ཨ་ཉིད་མཚོན་བྱེད་ཡི་གེ་དུ་མར་མ་འགགས་པར་སྣང་བས་མཚོན་ནས་རྟོགས་པའི་ཕྱིར་རོ། །དེ་ལྟར་རྒྱུ་གཅིག་པའི་གཏན་ཚིགས་ཀྱིས་རང་བཞིན་སྐྱེ་བ་མེད་པ་དང་། གསུང་ཡིག་འབྲུས་གཏན་ཚིགས་ཀྱིས་རོལ་བ་འགག་མེད་གཉིས་དངོས་སུ་རྟོགས་པའི་མཐུས་དེ་གཉིས་ངོ་བོ་དབྱེར་མེད་དུ་རྟོགས་པའི་བྱིན་རླབས་ཤུགས་ལ་འབྱུང་བ་ཡིན་ཏེ། །ལྷག་པ་དོན་དམ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པས་དེའི་སྣང་ལྡོག་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར་རོ། །དེ་ལྟར་བྱིན་གྱིས་བརླབས་པའི་གཏན་ཚིགས་ཀྱིས་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟོགས་པས་ཡེ་ནས་གཞི་གདངས་སུ་རང་ཆེར་གནས་པ་མངོན་དུ་གྱུར་ཞིང་རང་ངོ་ཤེས་པ་ལ་ནི་མངོན་སུམ་པའི་རྟགས་ཀྱི་བསྒྲུབ་བྱ་ཡིན་ལ། སྒྲུབ་ཚུལ་ནི། བདེན་པ་དབྱེར་མེད་གཞི་དབྱིངས་སྐྱེ་བ་མེད་པ་ནི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷུན་གྲུབ་ཏུ་རང་གསལ་བ་ཉིད། འཇིག་རྟེན་པའི་བློའི་སྤྱོད་ཡུལ་ལས་འདས་པའི་བདག་ཉིད་ཅན་མངོན་སུམ་དུ་རྟོགས་པ་ཡིན་ཏེ། བལྟ་བྱའི་ཡུལ་དང་བལྟ་བྱེད་ཀྱི་ཤེས་པ་གཉིས་སུ་མེད་པ་འཕགས་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་མེད་རང་གསལ་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །དེ་ལྟར་རྟོགས་པ་བཞིའི་གཏན་ཚིགས་ཀྱིས་གཞལ་བས་འཁོར་འདས་ཀྱི་ཆོས་རྣམས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་ཞིང་གཞི་ཆོས་ཀྱི་དབྱིངས་སུ་རྫོགས་པས་བཟང་ངན་སྤང་ལེན་མེད་པར་མཉམ་པ་ཉིད་དུ་རྟོགས་པར་བྱེད་པའོ། །གཉིས་པ་གསང་བ་བཞིའི་གཏན་ཚིགས་ནི། སྔ་མ་སྔ་མ་བསྒྲུབ་བྱ་དང་ཕྱི་མ་ཕྱི་མ་སྒྲུབ་བྱེད་ཀྱི་ཚུལ་དུ་གཞལ་བར་བྱ་སྟེ། ཇི་ལྟར་ན་གཞི་དང་རོལ་པ་གཉིས་སུ་མེད་པའི་གནས་ལུགས་ཡེ་ནས་གསང་བའི་གཏན་ཚིགས་ཏེ། གཉིས་སུ་མེད་པའི་ཆོས་ཉིད་ལ་འབྲས་བུས་ཆེ་བའི་ཡོན་ཐམས་ཅད་ལྷུན་གྱིས་གྲུབ་ཀྱང་། དེའི་དོན་མ་རིགས་པས་བསླད་པའི་སེམས་ཅན་གྱིས་ཐོག་མ་མེད་ནས་མ་རྟོགས་པའི་ཕྱིར་རོ། དེ་ལྟ་བུའི་རོལ་པ་འགག་མེད་དུ་སྣང་བའི་ཆོས་ཀུན་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གནས་པ་ནི་རང་བཞིན་གྱི་གསང་བའི་གཏན་ཚིགས་ཡིན་ཏེ། སྣ་ཚོགས་སུ་སྣང་བའི་ཆོས་ཐམས་ཅད་འབྲས་བུས་མི་ཟད་པ་རྒྱན་གྱི་འཁོར་ལོ་གནས་པ་ལ་ཕྱིན་ཅི་ལོག་གི་ཤེས་པས་བསླད་ནས་རང་གི་རང་བཞིན་མ་རྟོགས་པའི་ཕྱིར་རོ། །གནས་ལུགས་གཉིས་མེད་སྤྲོས་པ་དང་བྲལ་བའི་རང་བཞིན་ནི་རབ་ཏུ་གསང་བའི་གཏན་ཚིགས་ཡིན་ཏེ། །ཡུལ་སེམས་དང་རྒྱུ་འབྲས་ལ་སོགས་པ་གཉིས་ཆོས་ཐམས་ཅད་ལས་ངོ་བོ་ཉིད་ཀྱི་གྲོལ་ཏེ་ཡུལ་དུ་བྱར་མེད་ཀྱང་མ་རྟོགས་པ་རྣམས་གཉིས་སུ་ཞེན་པའི་ཕྱིར་རོ། །གདོད་མའི་གཞིའི་གནས་ལུགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་སེམས་ཉིད་ལས་གཞན་ཞིག་ཡོད་པ་མ་ཡིན་པ་ནི་རབ་ཏུ་གསང་བའི་གཏན་ཚིགས་ཡིན་ཏེ། དེ་ལྟར་སེམས་ཉིད་ལས་གཞན་ཞིག་གུད་དུ་ཡོད་པ་མིན་ཀྱང་བསྒྲིབ་གཉིས་བག་ཆགས་དང་བཅས་པས་བསྒྲིབས་ཏེ་རང་ལ་གབ་པ་གཞན་ལས་ཚོལ་བའི་ཕྱིར་རོ། །དེས་ནས་གསང་བ་བཞིའི་གཏན་ཚིགས་ཀྱིས་མ་རྟོགས་པའི་འགྲོ་བ་རྣམས་ལ་གསང་བའི་བདག་ཉིད་དུ་གྱུར་བས་སྔགས་ཐུན་མིན་གྱི་ལམ་ཇི་བཞིན་དུ་བསྒྲུབ་པ་དང་གསལ་བར་བྱེད་པ་ཡིན་ཏེ། འདི་ཉིད་ལ་བརྟེན་ནས་དོན་གྱིས་གནས་ལུགས་བདེ་བླག་ཏུ་རྟོགས་པའི་ཕྱིར་རོ། །མཉམ་པ་བཞིའི་གཏན་ཚིགས་ནི། མཚན་འཛིན་གྱི་སྤྲོས་པ་ཐམས་ཅད་སྤྲོས་བྲལ་གྱི་ཀློང་དུ་མཉམ་པ་བསྒྲུབ་བྱ་དང་སྒྲུབ་བྱེད་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་བྱས་ཞིང་། ཐུན་མོང་ལའང་དོན་དམ་མཉམ་པའི་གཏན་ཚིགས་དང་། ཀུན་རྫོབ་མཉམ་པའི་གཏན་ཚིགས་གཉིས། ཐུན་མིན་ལ་དོན་དམ་ལྷག་པའི་མཉམ་པ་དང་། ཀུན་རྫོབ་ལྷག་པའི་མཉམ་པ་གཉིས་ཏེ་གཏན་ཚིགས་བཞིའི་བཙལ་བས་གཞལ་བྱའི་ཆོས་ཐམས་ཅད་རོ་མཉམ་རང་བཞིན་གྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་ཅིང་སྐུ་དང་ཡེ་ཤེས་ཀྱི་ཞིང་གི་རོལ་བ་ལས་མ་དག་པའི་འཁྲུལ་སྣང་ཐམས་ཅད་རྟོགས་པས་བཏགས་པ་ཙམ་ལས་དོན་དུ་ཡེ་ནས་མེད་པའི་གནས་ལུགས་རྟོགས་པར་བྱེད་དེ་ཚུལ་ཇི་ལྟར་ན། མཚན་ཉིད་ཐེག་པས་སྤྲོས་པ་ཕྱོགས་རེ་བ་ཆོད་པ་རྣམ་གྲངས། མཐའ་དག་ཆོད་པ་རྣམ་གྲངས་མ་ཡིན་པའིི་དོན་དམ་གཉིས་སུ་བྱས་པ་ཡང་མཉམ་སྟེ། དེ་གཉིས་གྱི་ངོ་བོ་སྤྲོས་པ་བཀག་པའི་སྟོང་ཉིད་ཙམ་དུ་མཉམ་པའི་ཕྱིར་རོ། །དོན་བྱེད་ནུས་པ་ཡང་དག་ཀུན་རྫོབ་དང་། དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་གཉིས་གའང་མཉམ་པའི་བདག་ཉིད་ཡིན་ཏེ་ཀུན་རྫོབ་ཏུ་སྣང་ཙམ་དུ་འདྲ་ཞིང་སྣང་དུས་ཉིད་ནས་བདེན་པས་སྟོང་པ་ཡིན་པ་མཉམ་པའི་ཕྱིར་རོ། །བཞིན་དུ་མེད་དགག་དང་ཡིན་དགག་གི་དབྱེ་བས་རྣམ་གྲངས་དང་། རྣམ་གྲངས་མ་ཡིན་པའི་སྟོང་ཉིད་གཉིས་གའང་གནས་ལུགས་དོན་དམ་གཞི་གདངས་སྤྲོས་པ་དང་བྲལ་བའི་ངོ་བོ་ཉིད་ལྷུན་གྱིས་གྲུབ་པར་མཉམ་ཏེ། ལྷག་པའི་དོན་དམ་སྐྱེ་འགགས་གནས་གསུམ་དང་བྲལ་བའི་གདོང་མའི་གནས་ལུགས་ཐིག་ལེ་ཆེན་པོའི་ཀློང་དུ་ཐམས་ཅད་མཉམ་པའི་ཕྱིར་རོ། །མ་དག་པའི་ལས་སྣང་ལོག་པའི་ཀུན་རྫོབ་དང་། དག་པ་ལྷར་སྣང་ཡང་དག་ཀུན་རྫོབ་གཉིས་གའང་དཀྱིལ་འཁོར་འཁོར་ལོའི་བདག་ཉིད་དུ་མཉམ་ཏེ། འཁོར་འདས་སྣོད་བཅུད་ཀྱི་ཆོས་ཐམས་ཅད་བཟང་ངན་རྡུལ་ཙམ་ཡང་མེད་པར་ལྷག་པ་ཀུན་རྫོབ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་པའི་ཕྱིར་རོ། །དེ་ལྟར་མཉམ་པ་བཞིའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་སངས་རྒྱས་པའི་བདག་ཉིད་འཁོར་འདས་གཉིས་མེད་དུ་གཏན་ལ་ཕེབས་པར་བྱེད་དོ། །ཁྱད་ཆོས་བཞིའི་གཏན་ཚིགས་ནི། རྒྱུད་ཀྱི་ཆེ་བ་འདོན་ཅིང་ཁྱད་པར་གྱི་གནད་དང་དགོས་པ་གསལ་བར་བྱེད་པ་སྟེ། རྒྱུ་འདི་ནི་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་རྒྱལ་པོ་ཡིན་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་གཉིས་དབྱེར་མེད་ཀྱི་ངོ་བོ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀྱི་རང་མཚན་བདེ་བླག་ཏུ་རྫོགས་པར་བྱེད་པའི་རྗོད་བྱེད་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་རྒྱུད་ཐམས་ཅད་ཀྱི་རྒྱལ་པོར་བསྒྲུབ་པའི་གཏན་ཚིགས་ཀྱིས་གཞལ་བས་གཞལ་བྱའི་རྒྱུད་གསང་བ་སྙིང་པོ་འདི་ནི་ལུང་ཐམས་ཅད་ཀྱི་འབྱུང་ཁུངས་ཡང་ཡིན་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་རྡོ་རྗེ་ཐེག་པའི་རྒྱུད་ཐམས་ཅད་ཀྱི་བསྟན་དོན་གྱི་སྙིང་པོ་ཐམས་ཅད་འདིར་འདུས་ཞིང་འཕྲོ་གཞིར་གྱུར་བའམ་ལུང་གི་སྤྱི་འགྲེལ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། རྡོ་རྗེ་ལས། སོ་སོར་བསྟན་པ་རྒྱ་མཚོའི་རྒྱུད། །འདིར་སྟོན་འདིའི་སྟོན་འདི་ཕྱིར་སྟོན། །དོན་ཀུན་འདི་ལ་ཡོངས་རྫོགས་པས། །ལུང་གི་སྤྱི་ཞེས་བཤད་པ་ཡིན། །ཞེས་གསུངས་ལྟར་རོ། །དེ་ལྟར་རྒྱུད་ཐམས་ཅད་ཀྱི་སྤྱི་གཞིར་གྱུར་བ་འདི་ནི་གསང་བ་ལས་ཀྱང་ཆེ་གསང་བ་ཡིན་ཏེ། ཕྱོགས་བཅུའི་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོ་ལས་རང་སྣང་བའི་ཕྱིར་རོ། །དེ་བཞིན་དུ་གསང་བ་ཟབ་མོའི་རྒྱུད་འདི་ནི་བགྲོད་པ་གཅིག་པུའི་ལམ་ཡིན་ཏེ། རྒྱལ་བ་རྫོགས་པའི་སངས་ཀྱི་བསྟན་བྱའི་ཆོས་མདོ་སྔགས་ཀྱི་སྒོ་ཇི་སྙེད་ནས་ཞུགས་ཀྱང་། མཐར་ཐུགས་ཀུན་གྱི་འབྲས་བུས་བླ་ན་མེད་པའི་མཆོག་རྩ་བའི་རྒྱུད་ཆེན་པོ་འདིར་རྫོགས་པའི་ཕྱིར་རོ། །གཞན་ཡང་དག་པ་གསུམ་གྱི་གཏན་ཚིགས་ནི་ཕྱི་སྣོད་ཀྱི་འཇིག་རྟེན་སྐུ་དང་ཞིང་གི་རང་བཞིན་ཡེ་སངས་རྒྱས་པའི་བདག་ཉིད་ཡིན་ཏེ། །བདེ་གཤེགས་ཡུམ་ལྔའི་ངོ་བོར་ཉིད་དུ་འབྱུང་བ་ལྔ་རྣམ་པར་དག་པའི་ཕྱིར་རོ། །ནང་བཅུད་ཀྱི་སེམས་ཅན། རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་མངོན་པར་བྱང་ཆུབ་པ་ཡིན་ཏེ། ཕུང་ལྔའི་རང་བཞིན་བདེ་གཤེགས་རིགས་ལྔའི་ངོ་བོར་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །རྒྱུད་རྣམ་ཤེས་ཀྱི་ཁམས་རྣམས་ཀྱང་བསྒྲིབ་གྲོལ་ཡེ་ནས་དག་པའི་མཚན་ཉིད་ཅན་ཡིན་ཏེ། ཚོགས་བརྒྱད་ཀྱི་རོལ་བ་ཐམས་ཅད་ཡེ་ཤེས་ལྔ་ཡི་རང་རྩལ་འགགས་པ་མེད་པའི་ངོ་བོར་སངས་རྒྱས་པའི་ཕྱིར་རོ། །དེ་ལྟར་དག་པ་གསུམ་གྱི་གཏན་ཚིགས་ཀྱིས་སྣོད་བཅུད་རྒྱུད་གསུམ་ལ་གཞལ་ནས། ཡེ་ནས་རྣམ་པར་དག་པའི་རང་བཞིན་སྐྱོན་དང་བསྒྲིབ་པ་མཐའ་དག་གིས་གོས་མ་མྱོང་བའི་སྐུ་དང་ཡེ་ཤེས་ཀྱི་ངོ་བོའི་རང་བཞིན་གཏན་ལ་ཕེབས་ཅིང་། དེ་ལྟར་རྟོགས་པས་འཁོར་འདས་སྣོད་ཀྱི་ཆོས་མ་ལུས་པ་རྣམ་པར་དག་པའི་རང་བཞིན་སྒྱུ་འཕྲུལ་དྲྭ་བ་ཆེན་པོར་ཡེ་སངས་རྒྱས་པའི་བདག་ཉིད་ཀྱང་ཤུགས་ཀྱིས་རྟོགས་པར་འགྱུར་རོ། །དེ་སྐད་དུ་ཐམས་ཅད་མཆོག་གི་སྙིང་པོ་བས། གཞན་དུ་རྒྱལ་བས་ཆོས་མི་བཙལ་ཞེས་སོ། །དེ་ལྟར་གཞལ་བྱ་ཞེན་སྣང་ཉིད་འཇལ་བྱེད་གཏན་ཚིགས་རྣམས་ཀྱིས་གཞལ་བས་རྟོགས་པའི་ལྟ་བ་རང་བཞིན་གནས་ལུགས་ཀྱི་དོན་དེ་བཞིན་ཉིད་དེ་རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་རྗེན་པར་རྟོགས་པས་སྣོད་བཅུད་དག་མཉམ་ཆེན་པོར་གཏན་ལ་ཕེབས་པའི་སྔགས་ཀྱི་ཐུན་མོང་མ་ཡིན་པ་ནི། རྒྱུ་མཚན་ཉིད་ལས་ཁྱད་པར་དུ་འཕགས་པའི་རང་ལུགས་ཀྱི་གྲུབ་མཐའ་ཡིན་ནོ། །དེ་ལྟར་གྲུབ་མཐའ་ལ་བརྟེན་ནས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་གཏན་ལ་ཕབས་པས། གཉིས་སྣང་འཁོར་ཆོས་ཐམས་ཅད་གནས་ལུགས་བདེ་གཤེག་སྙིང་པོའི་རང་གདངས་ལས་ནམ་ཡང་གཡོ་བ་མེད་པའི་གནད་ཀྱིས། ཕྱི་ནང་སྣོད་བཅུད་རྟོགས་ཚོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཚུལ་ངོ་ཤེས་ཤིང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་རྟོགས་གོམ་གྱི་བག་ཆགས་ཡང་ཡང་བཞག་པས། མཚན་འཛིན་མ་རིགས་པའི་བསྒྲིབ་པ་གློ་བུར་བ་ནམ་མཁའ་སྤྲིན་དྭངས་བ་ལྟར་རང་སར་དག་པས། ལམ་གྱུར་འབྲས་བུའི་མཚན་ཉིད་གསང་གསུམ་མི་ཟད་རྒྱན་གྱི་ཡོན་ཏན་རྫོགས་ཏེ་རིགས་འཛིན་བཞིའི་གོ་འཕངས་མངོན་དུ་གྱུར་པའོ། །ཤིན་ཏུ་རྟོགས་དཀའ་གསང་བ་སྙིང་པོའི་གནད། །དཔལ་ལྡན་ཟུར་བའི་བཀའ་སྲོལ་ཟབ་མོའི་མཛོད། །མཐོང་བའི་རྣམ་པར་འབྱེད་པའི་བློ་གཏེར་དྷརྨ་ཤྲི། །གང་གི་དཔལ་ལས་ཟབ་མོའི་གཏམ་འདི་བྱུང་། །སྐུ་དང་ཡེ་ཤེས་རྣམ་དག་བདུད་རྩིས་སྤྲིན། །སྐྱེ་དགུའི་ཡིད་ཀྱི་པད་མཚོར་རྟག་ཁྱབ་པས། །མཐོང་བའི་བསྐལ་བཟང་ཤི་ལི་མཱུ་ཁ་རྣམས། །རྣམ་པར་གྲོལ་བའི་དགའ་སྟོན་འདི་གྱུར་ཅིག །ཅེས་རྒྱུད་གསང་བ་སྙིང་པོའི་གཏན་ཚིགས་རྣམས་ཀྱི་ཟིན་ཐོ་འདི་ལྟར་དགོས་ཞེས་སྡོམ་བརྩོན་སྡེ་སྣོད་འཛིན་པ་བློ་གྲོས་རྒྱ་མཚོ་ནས་བསྐུལ་བའི་ངོར་ཀཿཐོག་པ་དགེ་རྩེ་འགྱུར་མེད་བསྟན་པའི་རྣམ་རྒྱལ་གྱིས་རང་ལོ་སུམ་བཅུ་པར་ཁྲོམ་རྒྱུད་རི་བོ་ཆེ་ནས་ཤར་མར་བྲིས་པ་དག་བར་གྱུར་ཅིག །བཀྲ་ཤིས། དགེའོ།། །།

སྒྱུ་འཕྲུལ་གསང་བ་སྙིང་པོའི་དཀའ་གནད་བསྡུས་དོན་བླ་མའི་ཞལ་ལུང། བསོད་ནམས་ཆོས་འགྲུབ།

གུ རུ སྱ མུ ཁཱ ཤི ཥྚི མཱ ཡཱ གུ ཧེ གྷ རྦྷ སྱཱ ནྟ སྠཱ ན ཏཱ ར ཨཱ རྠཱ སྟི །
སྒྱུ་འཕྲུལ་གསང་བ་སྙིང་པོའི་དཀའ་གནད་བསྡུས་དོན་བླ་མའི་ཞལ་ལུང་བཞུགས།
ན་མཿཤྲཱྀ་བཛྲ་ས་ཏྭ་ཡེ། བདེ་སྟོང་ཟུང་འཇུག་སྣང་གསུམ་རྡུལ་བྲལ་འགྱུར་མེད་ཆོས་སྐུའི་རྒྱ་མཚོ་ཆེ། །བསམ་ཡས་འགྲོ་ལ་ཐུགས་རྗེས་དབང་བསྒྱུར་སྣ་ཚོགས་སྒྱུ་འཕྲུལ་རླབས་ཀྱི་ཕྲེང་། །དཔེ་མེད་གཡོ་ཞིང་འཁོར་བའི་འདམ་ནས་ལུས་ཅན་སྐུ་བཞིའི་གོ་འཕང་གི །དཔལ་ལ་འགོད་མཛད་རིགས་བརྒྱའི་ཏོག་གྱུར་རྡོ་རྗེ་འཆང་དབང་དེ་ལ་འདུད། །མ་ལུས་རྒྱལ་བའི་ཆོས་དབྱིངས་མངོན་པར་བསྒྱུར་བའི་འཕྲུལ། །འགོག་པ་མེད་པ་གདུལ་བྱའི་རྫིང་བུ་ཐ་དད་པར། །ཟབ་གསང་རོལ་བ་རབ་འབྱམས་རྒྱུད་སྡེའི་ཆོས་ཚུལ་གྱིས། །འཇིག་རྟེན་གསུམ་སྣང་གསང་བདག་དཔའ་བོས་ཤིས་གྱུར་ཅིག །རྒྱལ་ཀུན་མཁྱེན་བརྩེའི་གཟུགས་ཀྱི་སྲིད་བཟུང་ནས། །ས་སྟེང་དམ་ཆོས་ཉི་མ་གཅིག་པུའི་ཚུལ། །སྣང་བས་སྲིད་པ་རྒྱ་མཚོ་སྐེམ་མཛད་པ། །རྔ་ཡབ་གླིང་པས་བྱང་ཆུབ་བར་དུ་སྐྱོངས། །གང་དེའི་གསང་གསུམ་མ་ལུས་ཕྱོགས་གཅིག་ཏུ། །གྲུབ་པའི་ངོ་མཚར་ཟླ་བའི་དཀྱིལ་འཁོར་ལས། །རབ་འབྱམས་རྒྱུད་དོན་བདུད་རྩིས་བདག་ཅག་གི། །གདུང་སེལ་དགེ་བའི་བཤེས་ལ་ཕྱག་བགྱིའོ། །གསང་ཆེན་སྒྱུ་འཕྲུལ་དྲྭ་བའི་རྒྱུད་དོན་གྱི། །དངོས་བཅུ་རྟོགས་པ་རྣམ་བཞིའི་གཏན་ཚིགས་སོགས། །བསྡུས་དོན་དམ་པའི་ཞལ་རྒྱུན་འདྲི་བ་ལ། །མཁའ་འགྲོ་རྒྱ་མཚོས་གནང་བའི་སྐབས་ཕྱེས་ཤིག །དེ་ལ་འདིར་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་དོན་ཐམས་ཅད་མཚན་ཉིད་གསུམ་དང་དངོས་པོ་བཅུར་བསྡུས་ནས་འཆད་པ་ལ་དང་པོ་ནི། ཇི་སྐད་དུ། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་པ་ལྟར། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་དང་གསུམ་མོ། །གཉིས་པ་དངོས་པོ་བཅུ་ནི། ཇི་སྐད་དུ། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཚིག །མཆོད་སྔགས་ཏིང་འཛིན་འཕྲིན་སྒྲུབ་ཀྱི། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱེད། །ཅེས་པ་ལྟར། ཐུན་མོང་གི་ཐེག་པའི་ཕར་ཕྱིན་བཅུ་དང་སྦྱར་ན་དེ་ཁོ་ན་ཉིད་ལྟ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཐག་ལྟ་བས་གཅོད་པ་དང་པོ་གལ་ཆེ་བས་སྔོན་དུ་བསྟན་ཏོ། །ལས་དང་པོ་སྤྱོད་པ་ནི་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་བག་ཚ་བ་མེད་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ལྟ་བའི་གྲོགས་སོ། །བཀོད་པ་དཀྱིལ་འཁོར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ་ཤེས་ཉིད་དཀྱིལ་འཁོར་དུ་ཤར་བ་སྟེ། དེ་ཡང་གཟུགས་སྐུའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ཆོས་སྐུའི་ཡེ་ཤེས་ཉིད་གདུལ་བྱའི་དོན་དུ་སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་མཐུས་གཟུགས་ཀྱི་རྣམ་པར་ཤར་བ་སྟེ། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ངོ་བོ་ཐ་དད་དུ་མེད་པའི་ཕྱིར་འདི་ལྟར་ཤེས་ན་བསྡུ་ལྡང་གི་སྤྲོས་པ་མི་དགོས་ཏེ། སྣང་བཞིན་དུ་སྟོང་པ་ཡིན་པས་བསྡུ་བ་མི་དགོས་སྟོང་བཞིན་དུ་སྣང་བ་ཡིན་པས་ལྡང་བ་མི་དགོས་ཤིང་འདི་ལ་སྣང་བཅས་ཀྱི་རྫོགས་རིམ་དུ་བཤད་དོ། །རིམ་པ་བགྲོད་པ་དབང་ནི་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་ཅིང་ས་དང་ལམ་གྱི་ཡོན་ཏན་རྣམས་བཙན་ཐབས་སུ་ཐོབ་པ་ལ་དབང་པའི་ཕྱིར་སྟོབས་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ་སྒོ་དབང་གིས་ཕྱེ་བའོ། །མི་འདའ་བ་དམ་ཚིག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་གྲུབ་ཀུན་གྱི་གཞིའམ་སྲོག་གོ །རོལ་པ་ཕྲིན་ལས་ནི་ལས་བཞི་ལྷུན་གྱིས་གྲུབ་པ་འབྱུང་བའི་ཕྱིར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །དོན་དུ་གཉེར་བ་སྒྲུབ་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོན་མན་ངག་གིས་བདེ་བླག་ཏུ་བསྒྲུབ་པའོ། །ཉམས་སུ་ལེན་པ་ཏིང་ངེ་འཛིན་ནི་དངོས་གྲུབ་མྱུར་དུ་འགྲུབ་པའི་རྒྱུ་མི་གཡོ་བ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གནས་སུ་སྟོབ་པ་མཆོད་པ་ནི་ནམ་མཁའ་མཛོད་ཀྱི་རྒྱུ་ཡིན་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཟློས་པ་སྔགས་འཆང་བ་ཕྱག་རྒྱ་རྣམས་ནི་ཚེགས་ཆུང་ངུས་དོན་ཆེན་པོ་དུ་མ་འབྱུང་བའི་ཕྱིར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་བཅུའོ། དེ་ཡང་ཕྱོགས་མཚུངས་དོད་ཐུབ་ཙམ་ལས་འདི་མན་ངག་གི་མྱུར་ལམ་ཁྱད་པར་དུ་འཕགས་པ་སྟེ། རྒྱུད་ལས། གསང་སྔགས་ཚུལ་ཆེན་ཤིན་ཏུ་རྨད་བྱུང་བ། །ཐབས་ཀྱི་ནང་ནས་མ་ནོར་དམ་པ་དང་། །ལམ་གྱི་ནང་ནས་ཉེ་ལམ་ཆེན་པོ་སྟེ། ཤེས་རབ་ནང་ནས་ཤེས་རབ་ཁྱད་པར་ཅན། །ཞེས་གསུངས་པས། ཐབས་ཤེས་གཉིས་ཀའི་ཀྱང་མདོ་ལས་གསང་སྔགས་ཁྱད་པར་དུ་འཕགས་པ་དང་། ཇི་སྐད་དུ། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཅེས་དང་། གསང་འདུས་ལས། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །རྡོ་རྗེ་ལ་དགའ་རྟག་པ་གནས། །དེས་ན་སངས་རྒྱས་རྣམས་ཀྱི་ཐབས། །རྡོ་རྗེ་ཐེག་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ད་ནི་བསྡུས་དོན་གྱི་དང་པོ་ལྟ་བ་བཤད་པར་བྱ་བ་ལ་ལྟ་བ་རྟོགས་དགོས་ཚུལ་གདམས་པ་དང་། གཏན་ལ་དབབ་པ་དང་གཉིས་ལས། དང་པོ་ནི། གང་གིས་དམིགས་མེད་མི་ཤེས་པ། །དེ་ཡི་ཆོས་ཀྱི་དབྱིངས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པས་དམིགས་མེད་ཤེས་པར་གྱིས། །ཞེས་དང་། རྣམ་སྣང་མངོན་བྱང་ལས། གང་དག་སྟོང་ཉིད་མི་ཤེས་པ། །དེ་ཡིས་མྱ་ངན་འདས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། འཇིག་པས་སྟོང་ཉིད་ཤེས་པར་གྱིས། །ཞེས་གསུངས་པ་ལྟར། མན་ངག་གིས་བདེ་བླག་ཏུ་རྟོགས་མི་ནུས་པའི་ལས་དང་པོ་བ་དག་གིས། ཇི་སྐད་དུ། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་ཏེ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་གྱི། །རིགས་པ་བརྒྱ་དག་གིས་ནི་གཟུད་པར་མཛད། །ཅེས་གསུངས་པས། དབུ་མ་ཐལ་འགྱུར་ནས་བཤད་པའི་རིགས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་ཞེན་ཡུལ་དང་བཅས་པར་རང་བཞིན་མེད་པའི་ངེས་ཤེས་ཀྱིས་སྒྲོ་སྐུར་དང་བྲལ་བའི་གནས་ལུགས་ཤེས་པའི་ལྟ་བ་ཤེས་རབ་ཀྱི་མིག་གིས་མ་མཐོང་བར་སྒོམ་པའི་ལམ་དུ་འཇུག་པ་ནི་ནོར་བ་སྟེ། ཀུན་རྟོག་གིས་བཟོས་པའི་བསྐྱེད་རིམ་ཐམས་ཅད་དངོས་འཛིན་ཏུ་གོལ་བས་ཐུན་མོང་གི་དངོས་གྲུབ་ཙམ་འགྲུབ་སྲིད་ཀྱང་མཆོག་གི་དངོས་གྲུབ་རྡོ་རྗེ་འཆང་གི་དངོས་རྒྱུར་མི་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་རིག་པ་དང་ཞབས་སུ་ལྡན་པ་ཞེས་པའི་དོན་དང་པོ་རིག་པའི་ཤེས་རབ་མིག་ལྟ་བུས་ཟིན་པའི་ལམ་སྒོམ་པ་གནད་དུ་ཆེ་བ་ནི། བདེ་མཆོག་གི་རྒྱུད་ལས་ཀྱང་། ཚེ་གཅིག་སངས་རྒྱས་ཐོབ་འདོད་པས། །དང་པོ་གདངས་ཆེན་ལྟ་བ་གཅེས། །དེས་ན་དང་པོ་ལྟ་བ་བསྟན། །ཕྱོགས་རིས་མེད་པ་ལྟ་བའི་མཆོག །ནམ་མཁའ་ལྟ་བུར་ཤེས་པར་གྱིས། །ཞེས་དང་། ལམ་རིམ་ལས། བསམ་གྱིས་མི་ཁྱབ་མ་མཐོང་བར། །བསམ་མེད་དཀྱིལ་འཁོར་འཇུག་བྱེད་པ། །རྨོངས་པ་མུན་པའི་བློ་ཅན་དེ། །ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ། །ཞེས་གསུངས་སོ། །དོན་དམ་མཐར་ཐུག་དཔྱོད་པའི་ངོར་ཁས་ལེན་རྡུལ་ཙམ་བཞག་ཏུ་མེད་པ་འདི་ཙམ་གྱིས་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་མེད་ཅེས་སྨྲ་བ་བྱུང་བས་ན། སྣང་བ་ལ་དངོས་པོར་བདེན་པར་འཛིན་པ་དང་། སྟོང་པ་ལ་དངོས་མེད་བདེན་པར་འཛིན་པའི་བློ་མཐའ་ཐམས་ཅད་དང་བྲལ་བའི་དམིགས་མེད་བློ་འདས་ཆེན་པོར་ཤེས་དགོས་ཏེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ནི་དེ་ཡིན་པའི་ཕྱིར་ཏེ། འཕགས་པ་ཀླུས། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་དང་། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་སོ། །དེ་ཡང་ཆོས་ཀུན་གདོད་ནས་རང་གྲོལ་ཆེན་པོ་རྣམ་པར་དག་པ་ཉིད་གསར་དུ་ངོ་ཤེས་པ་ཙམ་ཡིན་བློས་བྱས་པ་མིན། སྲིད་ཞི་ཀུན་ལ་རིས་མེད་དུ་ཁྱབ་ཕྱིར་ཕྱོགས་ལྷུང་ཉི་ཚེ་མིན་ཞིག་བློས་དོན་སྤྱིར་གཏན་ལ་ཕབ་ནས་རྟོག་མེད་རིག་ཤེས་ཀྱིས་རྙེད་རྒྱུ་ཡོད་ཅིང་། བྱ་བྱེད་ཀུན་དེའི་ངང་གིས་འཐད་པས་ཆད་སྟོང་རྒྱུ་འབྲས་བརླག་པའི་ལྟ་བའང་མིན་ནོ། །གཉིས་པ་ལ་དངོས་དང་། གཏན་ཚིགས་ཀྱིས་སྒྲོ་འདོགས་བཅད་པ་གཉིས། དང་པོ་ནི། འཁོར་འདས་གཉིས་ཀྱི་ཆོས་ཐམས་ཅད་སེམས་ལ་རག་ལས་པ་ལས་གཞན་དུ་མེད་དེ། །འཁོར་བ་སེམས་དང་། མྱང་འདས་སེམས་ཉིད་དེ། བདེ་བར་གཤེགས་པའི་སྙིང་པོ་ཉིད་འཁོར་འདས་ཀྱི་སྤྱི་གཞིར་བཤད་པ་དང་། ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་དང་། དཔལ་ལྡན་ཟླ་བས། ཨུཏྤལ་རྩ་ཐ་མ་ལས། ལོ་མ་ལ་སོག་རྒྱུན་འབྱུང་ལྟར། །དེ་བཞིན་སེམས་རྫས་མེད་པ་ཡང་། །ཆོས་རྣམས་ཀུན་གྱི་རྩ་བའོ། །ཞེས་གསུངས་པས་དང་པོ་ནང་སེམས་ཀྱི་ཆོས་ཉིད་གཏན་ལ་ཕབ་སྟེ་སྟོང་པ་ཉིད་དུ་ཤེས་པས་ཕྱིའི་ཡུལ་རྣམས་ཀྱང་དངོས་པོར་མ་གྲུབ་པ་བདེ་བླག་ཏུ་ཤེས་པར་ནུས་ཏེ། ཇི་སྐད་དུ། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་འདི་ལྟ་བུའི་གང་ཟག་ཁྱད་པར་ཅན་ལ་དགོངས་སོ། །བྱང་ཆུབ་སྤྱོད་གཞུང་དུའང་། གང་གིས་ཆོས་ཀྱི་གཙོ་བོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་ཀྱི་ནར་འཁྱམས། །ཞེས་དང་། བདེ་མཆོག་གི་རྒྱུད་ལས། ཚེ་གཅིག་སངས་རྒྱས་འབྲས་བུ་དེ། །གཉུག་མའི་ཡིད་ཀྱིས་བསྒྲུབ་པར་བྱ། །ཡེ་ཤེས་ལྔ་ཡི་གཟུགས་བརྙན་དེ། །མ་བཅོས་སེམས་ཀྱིས་བསྒྲུབ་པར་བྱ། །ཞེས་དང་། རྒྱུད་འདིར། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་བརྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་གསུངས་ཏེ། མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་དགོངས་པ་གཅིག་དང་དབྱངས་གཅིག་པས། འཁྲུལ་སེམས་རྣམ་པར་རྟོག་པ་འཁོར་བའི་ས་བོན་དུ་གྱུར་པའི་བདག་དང་བདག་གིར་འཛིན་པ་འདི་ལ་དཔྱད་ན་དང་པོ་བསྐྱེད་པའི་གཞི། བར་དུ་གནས་པའི་རྩ་བའམ་རྟེན་མེད་པའི་སེམས་ཉིད་རང་བཞིན་གྱིས་སྟོང་པ་འདི་ལ་ཕོ་མོ་ལ་སོགས་པ་གདགས་སུ་མེད་ཅིང་། དེ་བཞིན་དུ་བྲམ་ཟེ་ལ་སོགས་པ་རིགས་དང་། ཕ་མེས་བུ་ཚ་སོགས་ཀྱི་བརྒྱུད་མེད་ཅིང་མ་ཡིན་ལ། སྔོ་སེར་ལ་སོགས་པ་ཁ་དོག་དང་། གྲུ་བཞི་ལ་སོགས་པ་དབྱིབས་སུའང་མེད་དོ། །ནམ་མཁའ་བཞིན་དུ་ཆོས་ཀུན་གྱི་རྟེན་དུ་བཤད་ཀྱང་རང་གི་ངོ་བོ་གནས་སམ་རྟེན་གྱི་དངོས་པོར་གྲུབ་པ་མེད་ཅིང་། མདོར་ན་འདི་ཞེས་ངོས་བཟུང་གང་དུའང་མེད་པས་གང་ཡང་མིན་པ་སྟེ། གོང་དུ་ཇི་སྐད་བཤད་པའི་ཚུལ་གྱིས་གཏན་ལ་ཕབ་པའི་གནས་ལུགས་དེ་ཉིད་སྦྱང་གཞི་བདེ་བར་གཤེགས་པའི་སྙིང་པོ་རིག་པ་རང་བྱུང་གི་ཡེ་ཤེས་ཡིན་ལ། ཐུན་མོང་མ་ཡིན་པའི་ལྟ་བའི་ཁྱད་པར་དེ་ནི་སྦྱོང་བྱེད་ཐབས་ཀྱི་ཕྱག་རྒྱ་སྟེ་གཞི་སྣང་ལྷུན་གྲུབ་ཀྱི་རྩལ་ལམ་དུ་ཤར་བ་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཀྱི་རྒྱུ་ཡིན་ནོ། །དེ་ཉིད་ལས་དྲི་མ་དག་རིམ་གྱི་སྦྱངས་འབྲས་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་བར་ཤེས་པ་ནི་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ཞེས་བྱའོ། །གཉིས་པ་གཏན་ཚིགས་ཀྱིས་སྒྲོ་འདོགས་བཅད་པ་ནི། ལྟ་བ་ལ་ལྡོག་པས་དབྱེ་ན་དོན་དམ་བདེན་པའི་ཡུལ་ཅན་ཆོས་ཉིད་ལྟ་བའི་ལྟ་བ། ཀུན་རྫོབ་བདེན་པའི་ཡུལ་ཅན་ཆོས་ཅན་ལྟ་བའི་ལྟ་བ། །བདེན་གཉིས་དབྱེར་མེད་ཀྱི་ཡུལ་ཅན་རང་རིག་ལྟ་བའི་ལྟ་བ་ཞེས་རྣམ་གྲངས་གསུམ་དུ་ཡོད་པའི་དོན་ལ་སྒྲོ་སྐུར་བསལ་བའི་ཕྱིར་གཏན་ཚིགས་འགོད་དགོས་སོ། །དེ་ཡང་སློབ་དཔོན་སངས་རྒྱས་གསང་བས། གཞི་དང་གཏན་ཚིགས་གྲུབ་པའི་དོན། །ཞེས་གསུངས་པས། གཞལ་བྱའི་གཞི་དང་། འཇལ་བྱེད་ཀྱི་གཏན་ཚིགས་དང་། གྲུབ་པའི་མཐའ་སྟེ་གསུམ་དུ་བཤད་པ་ལ། དང་པོ་གཞལ་བྱ་ནི་འཁོར་འདས་གཉིས་སུ་ཞེན་པའི་བློ་སྒྲོ་འདོགས་ཀྱི་ཞེན་སྣང་དང་བཅས་པ་སྟེ། ལམ་རྣམ་བཀོད་ལས། བརྟག་པའི་སྤྱོད་ཡུལ་གཉིས་ལ་གཞལ། །ཞེས་དང་། སྤྱོད་འཇུག་ལས། བརྟག་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་དང་། ལམ་རིམ་ལས། འཁོར་འདས་དངོས་པོའི་ཞེན་སྣང་བརྟག །ཅེས་གསུངས་པའི་ཕྱིར། གཉིས་པ་འཇལ་བྱེད་ཀྱི་གཏན་ཚིགས་ལ་རྣམ་པ་མང་དུ་ཡོད་ཀྱང་འདིར་རྟོགས་པ་བཞིའི་གཏན་ཚིགས་ཆེན་པོ་བཞི་སྟེ། འཁོར་འདས་གཤིས་སུ་གཅིག་པའི་གཏན་ཚིགས་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས། བྱིན་གྱིས་རློབ་པའི་གཏན་ཚིགས། མངོན་སུམ་གྱི་གཏན་ཚིགས་སོ། །དེ་དག་ནི་རིམ་པ་བཞིན་གཏན་ལ་དབབ་ཚུལ་བརྗོད་པར་བྱ་སྟེ། དེ་ལ་གཏན་ཚིགས་ཡང་དག་ཡིན་ན་སྣང་ཙམ་དུ་ཤེས་འདོད་ཆོས་ཅན་གྲུབ་དགོས་པས། འཁོར་འདས་གཉིས་ཕྱོགས་ཆོས་སུ་བཀོད་ན་དེ་ལ་ཆོས་བསྒྲུབ་བྱའམ་གཞལ་བྱ་སྐྱེ་མེད་དང་། སྒྲུབ་བྱེད་དམ་འཇལ་བྱེད་རྒྱུ་གཅིག་པ་གཉིས་ཀ་ཡོད་པས་ཆོས་ཅན་སྐྱོན་མེད་དེ་འགྲུབ་ལ། དུ་རྟགས་ཀྱི་མེ་བཞིན་རྗེས་སུ་འགྲོ་ལྡོག་ཡོད་ཅིང་མཐུན་དཔེ་ཆུ་ཟླ་དང་སྒྱུ་མ་ལ་སོགས་པའི་སྟེང་དུ་ཁྱབ་པའང་ངེས་ནུས་སོ། །དཔེར་ན་ཐུན་མོང་གི་རིགས་ལམ་ན། གཟུང་འཛིན་གཉིས་སམ་ཕུང་པོ་ལ་བདག་གཉིས་སུ་ལྟ་བའི་འཛིན་སྟངས་ཤེས་པ་ཡུལ་བཅས་དགག་བྱ། བདེན་པའི་ཕུང་གསུམ་མེད་པ་ཁྱབ་པ། གྲུབ་ཚུལ་གཉིས་ལ་ཚད་མེད་མའི་གནོད་པ་མཐོང་བ་ཕྱོགས་ཆོས་ཡང་དག །བདག་མེད་ཀྱི་ངེས་པ་རང་ཤུགས་ཀྱིས་འདྲེན་པ་བསྒྲུབ་བྱ་གྲུབ་པའི་ཚད་དང་ཕྱོགས་འདྲའོ། །འདིའི་དགག་བྱ་འཁོར་འདས་གཉིས་སུ་བདེན་པར་ཞེན་པའི་འཛིན་སྟངས་ཡུལ་དང་བཅས་པ་ཡིན་ལ། གཞན་རྣམས་ལའང་ཅི་རིགས་སྦྱར་རོ། །དེ་ཡང་གཏན་ཚིགས་སྔ་མ་སྔ་མས་གཏན་ལ་ཕབ་ཟིན་པ་དེ་ཕྱི་མ་ཕྱི་མས་གཞལ་བྱ་བྱེད་དགོས་པར་གསུངས་སོ། །དེ་ཡང་འདི་ལྟར་དང་པོ་འཁོར་འདས་གཤིས་སུ་གཅིག་པའི་གཏན་ཚིགས་ལ་བརྟེན་ནས་ཆོས་ཐམས་ཅད་རང་བཞིན་སྐྱེ་མེད་དུ་གཏན་ལ་ཕབ་པ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཅན། རང་བཞིན་གྱིས་མ་སྐྱེས་པ་ཡིན་ཏེ། རྟོག་ངོར་གཉིས་སུ་སྣང་ཡང་དོན་གྱི་གནས་ལུགས་རྒྱུ་གཅིག་ལས་གཉིས་སུ་མེད་པའི་ཕྱིར། འདིའི་དོན། འཁོར་བའི་ཕུང་ཁམས་ཀྱི་བསྐྱེད་གཞི་རླུང་སེམས་ཐམས་ཅད་ཀྱི་འབྱུང་ཁུངས་དང་། མྱ་ངན་ལས་འདའ་བ་ན་སྣང་གསུམ་འཕོ་བའི་བག་ཆགས་ཤིན་ཏུ་ཕྲ་བའི་བར། སྒྲིབ་གཉིས་ཀྱི་སྦྱང་གཞི་མཐར་ཐུག་པ་དོན་གྱི་འོད་གསལ་འདི་ལ་ཐུག་པ་ཡིན་ལ། དེས་ན་འཁོར་འདས་སྐྱེ་མེད་དུ་མཉམ་པའི་གཏན་ཚིགས་རྒྱུ་གཅིག་པ་འདི་ལས་གཞན་མེད་དོ། །ཁྱབ་པ་ཡོད་དེ། ཆོས་ཀུན་སྒྱུ་མ་དང་ཆུ་ཟླ་ལ་སོགས་པ་བཞིན་བདེན་པ་གཉིས་ཆར་དུ་ཡང་རང་བཞིན་གྱིས་སྐྱེ་བ་མེད་པ་ལ་སོ་སོ་བའི་རྒྱུ་མ་དམིགས་པའི་ཕྱིར། །འདིར་རྒྱུ་ཞེས་པ། ཆོས་ཀྱི་དབྱིངས་ཉིད་ཆོས་ཅན་འཁོར་འདས་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་དེ་དག་གཤིས་ཐ་དད་མེད་པར་བྱེད་པའི་རྒྱུ་ཞེས་བཏགས་ཀྱི། སྐྱེད་བྱེད་ཀྱི་རྒྱུ་ལྟ་བུར་གོ་བར་མི་བྱའོ། །དཔེར་ན་རོ་མཉམ་དང་རོ་གཅིག་ཅེས་པའི་དོན་དང་མཚུངས་ཏེ། རྩ་ཤེས་ལས། འཁོར་འདས་མཉམ་ཉིད་བཤད་པའི་ལུང་དྲངས་ནས་འཆད་ཆོག་པའི་ཕྱིར་དང་། རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་པས། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །ཞེས་གསུངས་པའི་ཕྱིར། གནས་ཚུལ་ལ་གཉིས་སུ་མེད་པའི་ཕྱིར་སྣང་ཚུལ་གཉིས་སུ་སྣང་ཡང་སྣང་དུས་ཉིད་ནས་གཉིས་སུ་མ་གྲུབ་སྟེ། གནས་སྣང་མི་མཐུན་པའི་ཕྱིར་སྒྱུ་མ་བཞིན། །འདི་ནི་དོན་གྱི་གཏན་ཚིགས་སྟེ་ཆོས་ཉིད་ལྟ་བས་གཞལ་བྱ་ཡིན་ནོ། །གཉིས་པ་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་ལ་བརྟེན་ནས་རོལ་བ་འགག་མེད་དུ་གཏན་ལ་ཕབ་པ་ནི། རང་བཞིན་སྐྱེ་མེད་ཀྱི་གདངས་ཆོས་ཅན། ཁྱོད་ཀྱི་རོལ་རྩལ་འགག་མེད་ལྷའི་སྐུ་གསུང་ཐུགས་སུ་རང་སྣང་བ་ཡིན་ཏེ། མཚོན་དུ་མེད་པའིི་ཡི་གེ་ཨ་ཉིད་མཚོན་བྱེད་ཡི་གེ་དུ་མ་མ་འགག་པར་སྣང་བས་མཚོན་ནས་རྟགས་པའི་ཕྱིར། འཇམ་དཔལ་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བས་སྐྱེ་བ་མེད། །ཅེས་སོགས་གསུངས་སོ། །དེ་ཡང་ཆོས་ཀུན་སྐྱེ་བ་མེད་པ་ཨ་སྟེ་རྡོ་རྗེའི་གསུང་གི་རང་བཞིན། སྐྱེ་བ་མེད་བཞིན་སྣང་བས་དོན་བྱེད་ནུས་པ་ཨོ་སྟེ་རྡོ་རྗེའི་སྐུའི་རང་བཞིན། དེ་ཉིད་རྟོགས་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་མཐའ་དབུས་མེད་པ་ནི་ༀ་སྟེ་རྡོ་རྗེའི་ཐུགས་ཀྱི་རང་བཞིན་དུ་རྟོགས་པའོ། །འབྲུ་གསུམ་པོ་ༀ་ཡིག་གཅིག་ཏུ་གྱུར་པ་ནི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་རང་བཞིན་དུ་མཚོན་པ་ཡིན་ལ། དེ་འདྲ་བའི་ཡི་གེས་མཚོན་དོན་ཤེས་ནས་བརྗོད་ན་བསོད་ནམས་ཐོབ་པའི་ཕྱིར་ནོར་བུ་འཛིན་པའི་སྔགས་ཅེས་བྱའོ། །རྡོ་རྗེ་རྩེ་མོ་ལས། ༀ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་ཅེས་བརྗོད། །ཅེས་དང་། རྒྱ་མཚོ་ལས། སྐུ་གསུང་ཐུགས་སུ་སྣང་བ་ཡི། །མ་ལུས་གསུང་གི་རྒྱན་དུ་རྟོགས། །ཐམས་ཅད་གསུང་གི་ཡི་གེ་སྟེ། །ཐབས་དང་ལྡན་པས་རྒྱས་གདབ་བོ། །ཞེས་སོ། །འདིར་ཨ་ཡིག་ཉིད་སྐྱེ་གནས་ཀྱི་ཁྱད་པར་ལས་སྐྱེ་མེད་དུ་བསྟན་ཅིང་ཡི་གེ་ཀུན་གྱི་སྲོག་ཏུ་ཁྱབ་པའི་ཕྱིར་ཆོས་ཀུན་གྱི་རང་བཞིན་སྐྱེ་མེད་ཀྱི་དོན་མཚོན་པ་ནི། རླུང་གི་བྱེད་རྩོལ་ལས། ཨ་ཡིག་གི་གདངས་གཅིག་ཉིད་སྐྱེ་གནས་ཀྱི་ཁྱད་པར་ལས་ཡི་གེའི་བྱེ་བྲག་དུ་མར་འཆར་བ་བཞིན། སེམས་ཉིད་སྐྱེ་མེད་ཀྱི་ཡེ་ཤེས་འོད་གསལ་བའི་རང་གདངས་ཅིར་ཡང་འཆར་དུ་རུང་བ་ཡང་ཡེ་ཤེས་ཀྱི་རླུང་གི་བྱེད་རྩོལ་ལས་ཡིན་པར་གསུངས་སོ། །འདིར་རང་བཞིན་སྐྱེ་བ་མེད་པ་གཅིག་ཉིད་འགག་མེད་སྒྱུ་མའི་རོལ་པ་ཅིར་ཡང་འཆར་དུ་རུང་བས་ཁྱབ་སྟེ་ཨ་ཡིག་བཞིན་ནོ། །སྣ་ཚོགས་སུ་སྣང་ཡང་རང་བཞིན་དོན་དམ་པ་ཉིད་ལ་ཉམས་པ་མེད་དེ། །ཇི་སྐད་དུ། རང་བཞིན་ཉིད་ལ་ཉམས་པ་མེད། །ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །བདག་དང་བདག་གི་གཞན་མེད་དེ། །རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ །ཞེས་གསུངས་པའི་ཕྱིར། །དེའི་ཕྱིར་ཆོས་ཀུན་སྟོང་བཞིན་སྣང་བ་མི་འགག་པར་སྣང་བ་ནི་སྟོང་པ་རྟེན་འབྱུང་དུ་ཤར་བའི་དོན་ཏེ་གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་གསུངས་པ་དང་། རྒྱུད་ལས། རྒྱུ་དང་འབྲས་བུ་ཆོས་རྣམས་ནི། །དམ་པ་ཉིད་དུ་ཡོད་མིན་ཅིང་། །རང་བཞིན་གསལ་བ་ཉིད་ཀྱི་ཕྱིར། །སྟོང་པ་ཉིད་ཀྱང་མ་ཡིན་ནོ། །ཞེས་དང་། དཔལ་ལྡན་ཟླ་བས། ཡེ་ནས་སྐྱེ་མེད་ངང་ཉིད་ལ། །དགག་བྱ་མེད་ལ་བསྒྲུབ་བྱ་མེད། །མྱ་ངན་འདས་དང་མ་འདས་པ། །སྐྱེ་མེད་ངང་དུ་ཁྱད་པར་མེད། །སྐྱེ་མེད་ཉིད་ཀྱང་མ་ཡིན་ཏེ། །སྐྱེ་བའི་དངོས་པོ་སྣང་ཕྱིར་རོ། །ཞེས་གསུངས་སོ། །འདི་དཔེའི་གཏན་ཚིགས་ཏེ། ཆོས་ཅན་ལྟ་བས་གཞལ་བྱའོ། །གསུམ་པ་བྱིན་གྱིས་རློབ་པའི་གཏན་ཚིགས་ཀྱིས་ངོ་བོ་དབྱེར་མེད་དུ་གཏན་ལ་ཕབ་པ་ནི། སྐྱེ་མེད་འགག་མེད་ཀྱི་ཤེས་བྱ་གཉིས་པོ་ཆོས་ཅན། དོན་དམ་གྱི་སྣང་ལྡོག་སྐུ་དང་ཡེ་ཤེས་སོགས་སྟོང་ལྡོག་ཐ་དད་དུ་སྣང་ཡང་། ངོ་བོ་ལྷག་པའི་བདེན་གཉིས་དབྱེར་མེད་དུ་རོ་གཅིག་པ་ཡིན་ཏེ། སྔ་མ་གཉིས་ཕན་ཚུན་འགལ་མེད་དུ་རྟོགས་པའི་བྱིན་རླབས་ཀྱི་ཤུགས་ལས་བྱུང་བའི་ཕྱིར། མཐར་ཐུག་དཔྱོད་ངོར་གཅིག་དང་ཐ་དད་བྲལ་བ་མདོ་ལས་བཤད་པ་ལྟར་ལ། ཐ་སྙད་དུ་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་འཇོག་པ་འགལ་བ་མེད་དོ། །ཡང་ན་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་སངས་རྒྱས་པའི་ངོ་བོ་དབྱེར་མེད་དེ་གཏན་ཚིགས་སྔ་མ་གཉིས་ཀྱིས་བདེན་གཉིས་དབྱེར་མེད་ལ་ངེས་པ་འདྲོང་བའི་བྱིན་རླབས་ཀྱི་མཐུ་ལས་བྱུང་བའི་ཕྱིར། ཡང་དཔེར་ན་རས་དཀར་པོ་ལ་དམར་པོས་བྱིན་གྱིས་བརླབས་པས་མཐུ་བརྩོན་དུ་ཡོད་པ་བཞིན། རྣལ་འབྱོར་པའི་སེམས་ཀྱི་གནས་ལུགས་དང་དེའི་རང་རྩལ་ཡེ་ཤེས་གཉིས་པོ་དག་པའི་རང་བཞིན་དུ་ཡེ་ནས་ཡོད་པ་དེའི་བྱིན་རླབས་སམ་ཆོ་འཕྲུལ་ལས་གང་སྣང་གི་ཆོས་ཐམས་ཅད་བདེ་བ་ཆེན་པོ་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་ལྷ་སྐུར་རང་སྣང་བའི་རྣལ་འབྱོར་གྱི་མཐུ་འགྲུབ་པར་འགྱུར་རོ། །ཞེས་གསུངས་པ་ནི་རྒྱལ་དབང་པདྨ་སཾ་བྷ་ཝའི་མན་ངག་རྡོ་རྗེའི་གནས་ཤིན་ཏུ་བརླིང་པའོ། །ཞེས་གསུངས། འདི་ལྟ་བུའི་རྒྱུད་སྡེ་ཆེན་པོ་རྣམས་སུ་ཆོས་ཐམས་ཅད་ཡེ་ཤེས་ཀྱི་རང་སྣང་དུ་སྒྲུབ་པའི་གནད་ཆོས་ཀུན་གྱི་སྣང་གཞི་མཐར་ཐུག་པ་གནས་ལུགས་བརྗོད་དུ་མེད་པའི་དབྱིངས་དང་། དེའི་གདངས་སེམས་ཉིད་འོད་གསལ་བའི་ཡེ་ཤེས་ཟུང་འཇུག་འདུས་མ་བྱས་པའི་མཚན་ཉིད་ཅན་ཏེ། ཀུན་མཁྱེན་ཆེན་པོའི་བཀའ་ཆོས་རྣམས་སུ་ཀུན་བྱེད་རྒྱལ་པོའི་རྒྱུད་དྲངས་ནས་བཤད་པ་ལྟར་གྱིས་ཆོག་གི གྲུབ་མཐའ་འཆའ་བ་ཙམ་ནས་སྣང་བ་འདི་ལྷ་སྐུ་ཁྲ་ཤིག་གེར་སོང་བའི་གུ་དོགས་ཅན་ལ་སྒྲུབ་ལུང་མི་དགོས་པས་རྣལ་འབྱོར་དབང་པོ་ལ་སྐྱེལ་བར་བྱའོ། །འདིའི་དོན་ཐུན་མོང་དང་མཐུན་པར་ཅུང་ཟད་བཤད་ན། ཇི་སྐད་བཤད་པའི་སྣང་སྟོང་གཉིས་གདོན་ནས་མཉམ་རྫོགས་དབྱེར་མེད་བདེ་བ་ཆེན་པོར་གནས་པས་ད་གཟོད་ཟུང་དུ་འཇུག་པ་ཐ་དད་དུ་བྱ་བ་མེད་ཀྱང་། གནས་སྐབས་ལས་དང་པོ་པའི་བློར་བདེན་པ་གཉིས་རེས་འཇོག་ཏུ་འཆར་ཚུལ་ལ་ལྟོས་ནས་གོ་བ་ལེན་པ་ན། བུམ་པ་ལྟ་བུའི་དངོས་པོ་གཅིག་ལ་བྱས་མི་རྟག་གཉིས་སོ་སོར་དབྱེར་ཡོད་པ་བཞིན། བུམ་པ་དང་གཟུགས་བརྙན་གཉིས་རྟེན་འབྲེལ་ཡིན་པ་འདྲ་བས་དཔེ་གཟུགས་བརྙན་གྱི་སྟེང་དུ་ངེས་པར་བྱས་ན། དེའི་སྣང་སྟོང་གཉིས་ངོ་བོ་ལ་འདུ་འབྲལ་མེད་ཀྱང་སྣང་བ་དང་སྟོང་པ་ཞེས་གཉིས་སུ་དབྱེ་ལ། དེ་ཡང་སྣང་བ་མཚོན་བྱ་དང་ཐ་སྙད་ཚད་མས་གཞལ་བྱ་མཚན་ཉིད། མཚན་གཞི་ཆུ་ཟླའི་སྣང་ཚུལ་གྱི་སྟེང་དུ་མཚོན། དེ་བཞིན་དུ་སྟོང་པ་མཚོན་བྱ། དོན་དམ་ཚད་མས་གཞལ་བྱ་མཚན་ཉིད། མཚན་གཞི་གནས་ཚུལ་དངོས་མེད་ཀྱི་སྟེང་དུ་མཚོན་པའོ། །དེ་དག་རིམ་པ་བཞིན། རང་ལྡོག་དོན་ལྡོག་གཞི་ལྡོག་ཅེས་བྱའོ། །སངས་རྒྱས་རྣམས་ཀྱིས་མདོ་སྔགས་ཀྱི་ཆོས་བསྟན་པ་ཐམས་ཅད་བདེན་པ་གཉིས་ལ་བརྟེན་ཅིང་། དེ་ཡང་དྲང་ངེས་ཀྱི་ངོ་བོར་གནས་པ་བློ་གྲོས་མི་ཟད་པས་བསྟན་པར། ཀུན་རྫོབ་སྒྲུབ་པ་སྟོན་པ་ནི་དྲང་བའི་དོན་ནོ། །དོན་དམ་སྒྲུབ་པ་སྟོན་པ་ནི་ངེས་པའི་དོན་ནོ། །ཞེས་གསུངས་པའི་དོན་འདི་དང་གཞན་དུ་བཤད་བྱ་མང་ཡང་མི་སྤྲོའོ། །དེའི་ཕྱིར་བདེན་པ་གཉིས་པོ་ལྡོག་པའི་སྒོ་ནས་ཐབས་དང་ཐབས་བྱུང་དང་ཕན་ཚུན་མེད་ན་མི་འབྱུང་གི་རྒྱུར་ཡང་བཤད་པས། ཀུན་རྫོབ་ཏུ་ཡོད་པ་དེ་དོན་དམ་ལ་ལྟོས་མེད་ཀྱི་གཏན་ཡོད་དང་རང་གི་མཚན་ཉིད་ཀྱིས་ཡོད་པ་ལ་སོགས་པ་སྐྱོན་ཅན་དུ་མི་བཟུང་བར། ཐ་སྙད་ཙམ་དུ་བཏགས་པའི་རྟེན་འབྲེལ་ལ་ངེས་ཤེས་སྐྱེས་པའི་བྱིན་རླབས་སམ་མཐུས་དོན་དམ་ལ་ངེས་ཤེས་ལྷག་པར་འདྲོང་། དོན་དམ་པར་མེད་པ་དེ་གཏན་མེད་ཀུན་རྫོབ་ལ་ལྟོས་མེད་ཀྱི་ཆད་སྟོང་དུ་མི་བཟུང་བར་སྣང་བ་འདིའི་རང་བཞིན་མེད་པ་ཙམ་ལ་གོམས་པའི་མཐུས་ཐ་སྙད་ལ་ངེས་ཤེས་སྐྱེ་བ་ནི་རེ་ཞིག་ཡིན་ནོ། །ནམ་ཞིག་གཅིག་ཐ་དད་དང་བློས་བཏགས་པའི་སྣང་སྟོང་ལ་སོགས་པ་ག ང་ཡང་ཐ་དད་གཟུང་དུ་མེད་པ་ཅིག་ཆར་དུ་རྟོགས་པ་ནི། དོན་གྱི་ཡིན་ལུགས་ཟུང་འཇུག་ཁས་ལེན་དང་བྲལ་བའི་ཡེ་ཤེས་ཞེས་བྱ་སྟེ། རྒྱུད་ལས། སྣང་བ་དང་ནི་སྟོང་པ་དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པ་དེ་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་མ་ཡིན་པར་བདེན་གཉིས་ཕན་ཚུན་ལྟོས་མེད་ཀྱི་ཐ་དད་དུ་རྟོག་ན། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། བདེན་གཉིས་ཐ་དད་གྱུར་པ་ན། །ཡེ་ཤེས་ལམ་ནི་དོན་མེད་འགྱུར། །སྣང་སྟོང་གཉིས་ནི་ཐ་དད་ན། །རྟག་ཆད་མཐར་ནི་ལྷུང་བར་འགྱུར། །ཞེས་དང་། བདེ་མཆོག་གི་རྒྱུད་ལས། རང་རིག་རྟོག་གེ་སྐམ་པོ་དང་། །མཐར་ལྷུང་དབུ་མར་ཁས་ལེན་པ། །དེ་ནི་སེམས་ཉིད་རང་རིག་དང་། །བརྗོད་མེད་བསམ་གྱིས་མི་ཁྱབ་པའི། །མི་མཐུན་པ་ཡི་ཕྱོགས་ཡིན་ཏེ། །དེ་བྲལ་བསམ་གྱིས་མི་ཁྱབ་པའི། །རང་བྱུང་ཡེ་ཤེས་ཆེན་པོ་ཡིན། །ཞེས་གསུངས་པའི་ལུང་གི་གནོད་པ་ཡོད་དོ། །མ་སྐྱེས་པའི་ཆོས་ཉིད་ཀྱི་རང་གདངས་ཆོས་ཅན་དུ་སྣང་བ་རྣམས་དག་མཉམ་དུ་གཏན་ལ་ཕེབ་པ་འདི་ཡང་། གཟུགས་བརྙན་དང་འདྲ་བའི་དེ་ཁོ་ན་ཉིད་རྟོགས་པའི་བྱིན་རླབས་ལས་ཁྱབ་པ་ངེས་པར་མ་ཟད། ཡི་གེ་ཨ་ཨུ་མ་གསུམ་ༀ་གྱི་ཡི་གེའི་སྒྲ་གཟུགས་གཅིག་ལ་སྲོག་གདན་ཨའི་རང་བཞིན་དབྱེར་མེད་པའི་དཔེ་ལས་དོན་ཡེ་ཤེས་ལྔ་ལ་སོགས་པ་ཡང་ངོ་བོ་སྐྱེ་བ་མེད་པ་ཟུང་འཇུག་ཏུ་རྟོགས་ནུས་པའི་མཐུ་ཡོད་པ་བཞིན་ནོ། །འདི་དཔེ་དོན་འགལ་མེད་ཀྱི་གཏན་ཚིགས་ཏེ། རང་རིག་ལྟ་བས་གཞལ་བྱ་བདེན་གཉིས་ཟུང་འཇུག་གོ །བཞི་པ་མངོན་སུམ་གྱི་གཏན་ཚིགས་ཀྱིས་མཚན་ཉིད་བློ་བྲལ་དུ་གཏན་ལ་དབབ་པ་ནི། ལྷག་པའི་བདེན་གཉིས་དབྱེར་མེད་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། རང་རིག་མངོན་སུམ་གྱིས་ཡུལ་མེད་བསམ་བརྗོད་ལས་འདས་པར་རྟོགས་པའི་ཕྱིར། ཞེས་སོ། །ཆོས་ཐམས་ཅད་ཡེ་ནས་དག་མཉམ་བདེན་པ་དབྱེར་མེད་དེ་ལུང་རིགས་མན་ངག་དང་མི་འགལ་ཞིང་། དེ་དག་གི་ཚིག་ཙམ་ལ་བརྟེན་པ་ཡང་མ་ཡིན་པར་རང་གི་རིག་པས་མངོན་སུམ་གྱིས་མྱོང་བར་ཡིད་ཆེས་པའི་ཚེ། ཡིད་དཔྱོད་ལ་རག་མ་ལས་པ་འཕགས་པའི་མཉམ་བཞག་ལྟ་བུས་ངེས་ནུས་པ་ཡིན་ནོ། །འདི་ལྟར། ཚད་མ་ཐམས་ཅད་ཀྱི་མཐར་མངོན་སུམ་ལ་ཐུག་པ་བཞིན། ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བའི་དོན་ལ་གནས་ལུགས་ཇི་ལྟ་བ་བཞིན་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཉིད་ཁོ་ན་ཚད་མ་ཡིན་ལ། རང་མཚན་དང་སྤྱི་མཚན་འཇལ་བྱེད་མངོན་སུམ་དང་རྗེས་དཔག་རྣམས་འཇིག་རྟེན་པའི་བློ་ལ་ལྟོས་ནས་བཞག་གི །འདིར་འདོད་པ་མ་ཡིན་ཏེ། རྫས་ཀྱི་དངོས་པོ་མེད་པའི་ཕྱིར་དེའི་སྒོ་ནས་བཞག་པའི་མཚན་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ། །སྣང་ཙམ་ལ་མཚན་གཞི་དང་མཚན་ཉིད་བཏགས་ཚུལ་ཡང་ཀ་བུམ་དང་མེ་ཆུའི་མཚན་ཉིད་ལ་སོགས་པ་རྣམས་ཕན་ཚུན་གཅིག་ལ་གཅིག་མེད་པས་ཐུན་མོང་མ་ཡིན་པའི་རང་མཚན་ཞེས་བརྗོད་ལ། དེ་དག་ཕན་ཚུན་ལྟོས་ནས་བཏགས་པ་ཙམ་ལས་ལྟོས་མེད་དུ་རང་གི་ངོ་བོས་གྲུབ་པའི་མཚན་ཉིད་ནི་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་ཏེ། ཤེར་ཕྱིན་ལས། ངོ་བོ་ཉིད་མེད་པར་མི་སྨྲ་བ་ནི་ང་ཡི་སློབ་མ་མ་ཡིན་ནོ། །ཞེས་གསུངས་སོ། །དེའི་ཕྱིར་གཟུགས་བརྙན་ལྟ་བུའི་སྣང་བ་ཙམ་ལ་དོན་བྱེད་ནུས་པའི་དངོས་པོ་དང་རྟག་མི་རྟག་ལ་སོགས་པར་བརྟགས་པའི་སྤྲོས་པ་འདི་ཀོ་ཤིན་ཏུ་འཐད་པ་མ་ཡིན་ཏེ། རྣམ་པར་རྟོག་པ་ཕྱིན་ཅི་ལོག་པས་སྒྲོ་བཏགས་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་མ་དག་པའི་སྣང་བ་འདི་ཡང་རང་མཚན་པར་མེད་པ་ལོག་པའི་ཀུན་རྫོབ་ཐག་པ་ལ་སྦྲུལ་དུ་སྣང་བའི་ཀུན་བརྟགས་ལྟར་ལ། རྣལ་འབྱོར་པ་ལ་གཞན་དབང་དག་པའི་སྣང་བ་ཡང་དག་ཀུན་རྫོབ་ཅེས་འཇོག་པ་ནི། ཐག་པའི་དངོས་པོ་ཉིད་ཐ་སྙད་དུ་ཕྱིན་ཅི་མ་ལོག་པར་གཟུང་དུ་ཡོད་པ་ལྟར་འཐད་ཀྱང་། བརྒལ་ཞིང་བརྟགས་པར་བྱས་ན་དེ་ཡང་བདེན་དངོས་མེད་པར་མཚུངས་པས་སྒྱུ་མའི་མཚན་ཉིད་ཅན་དུ་ཡང་ཤེས་པར་བྱའོ། །དེ་ལྟར་གཏན་ཚིགས་བཞིས་བསྒྲུབ་བྱ་བཞི་སྒྲུབ་པ་འདི་བདེན་པ་གཉིས་ཀྱི་ཆོས་རྣམས་ལ་ཡོད་མེད་དང་གཅིག་ཐ་དད་དུ་འཛིན་པ་དང་དག་པ་དང་མ་དག་པ་རང་མཚན་དུ་འཛིན་པ་དང་། མཐར་ཐུག་གི་དོན་ཡིད་དཔྱོད་ཀྱི་ཡུལ་དུ་འདོད་པ་ལ་སོགས་པའི་སྒྲོ་སྐུར་བསལ་བའི་ཚད་ཙམ་ཡིན་གྱི། རྣལ་འབྱོར་པ་རང་ལ་མཐར་ཐུག་གི་སྐབས་སུ་སྒྲུབ་བྱ་རང་དབང་བར་ཁས་ལེན་དུ་ཡོད་པ་ཞིག་སྒྲུབ་པ་མ་ཡིན་ལ། དེ་ཡང་གཏན་ཚིགས་སྔ་མ་གསུམ་གྱི་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་དོན་དེ་ཉིད་ཚད་མའི་གནོད་པ་དང་བྲལ་བར་བསྒྲུབས་ནས། ཕྱི་མ་འདི་རྟོག་མེད་རྣལ་འབྱོར་མངོན་གསུམ་གྱི་བློ་རྟགས་སུ་བཀོད་ནས་འདི་འདྲའི་རྣལ་འབྱོར་མངོན་སུམ་མ་ཐོབ་ཅིང་། སྔགས་བླ་མེད་ཀྱི་ཁྱད་ཆོས་རྣམས་མ་མཐོང་བའི་བྱིས་པ་རྣམས་ལ་ངེས་ཤེས་སྐྱེད་པར་མཛད་ལ། འོན་ཏེ་ཤིན་ཏུ་ལྐོག་གྱུར་ཏུ་སོང་བའི་དོན་དེ་དག་གིས་རྟོགས་པར་འགྱུར་ཞེས་དོགས་པ་སྤོང་བ་ནི་རྣལ་འབྱོར་པའི་རང་རིག་མངོན་སུམ་ལ་ཐུག་གོ་ཞེས་མཛད་པ་ཡིན་ནོ། །དེའི་ཕྱིར་མ་མཐོང་ཙམ་གྱིས་མེད་པ་མིན། །ཅེས་པ་ལྟར། མ་རིག་པ་དང་བཅས་པའི་སེམས་རགས་པ་ཅན་ཁ་ཅིག་གིས་མ་མཐོང་བ་ཙམ་གྱིས་མེད་པ་མི་འགྲུབ་སྟེ། ཡུལ་དུས་ཀྱིས་ཆོད་པའི་དོན་ལ་སོགས་པས་རང་ལའང་མ་ངེས་པའི་ཕྱིར་རོ། །གཏན་ཚིགས་བཞི་པོ་དེ་ཉིད་ཀྱིས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ཕྱིན་ཅི་མ་ལོག་པ་རྟོགས་པའི་རྣལ་འབྱོར་པས་ཉམས་སུ་ལེན་པ་ནི། སྣང་རིག་སྟོང་གསུམ་དབྱེར་མེད་བདེ་བ་ཆེན་པོ་དོན་དམ་དཀོར་བདུན་ངོ་བོ་ཉིད་ལྷུན་གྱིས་གྲུབ་ཅིང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་གཞི་ལ་ཇི་ལྟར་བཞུགས་པ་ཉིད་དབང་གིས་སྨིན་ནས་ལམ་དུ་ཤར་བ་སྟེ། ཐེག་པ་གཞན་དང་རྒྱུད་སྡེ་གཞན་གྱི་ལམ་ནས་སྦྱོང་དུ་མི་ནུས་པའི་སྣང་གསུམ་གྱི་བག་ཆགས་ཤིན་ཏུ་ཕྲ་བ་རྣམས་ལམ་འདིས་ཚེགས་མེད་པར་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སྦྱོང་ནུས་པ་ཡང་། ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་རིམ་གཉིས་ཟབ་མོ་འདི་ལ་ཐུག་པ་ཡིན་པར་གསུངས་སོ། །གཏན་ཚིགས་དེ་དག་གི་དོན་རང་བཞིན་སྐྱེ་མེད་ལས་རོལ་པ་འགག་མེད་དུ་ཤར་ཞིང་ངོ་བོ་དབྱེར་མེད་ཡིན་པས་རྟག་ཆད་མ་གྲུབ་རང་རིག་པའི་ཡེ་ཤེས་རྣལ་འབྱོར་མངོན་སུམ་ཡིན་པས་རྟོག་བྲལ་ཡུལ་མེད་དུ་ཉམས་སུ་མྱོང་བ་ལ་འདུས་སོ། །དེས་ན་དོན་དམ་སྟོང་པ་རང་བཞིན་གྱིས་མྱ་ངན་ལས་འདས་པའི་དོན་རྟོགས་ཤིང་གོམས་པས། ཀུན་རྫོབ་འཁོར་བར་སྣང་བའི་དངོས་པོ་རྣམས་སྦྱངས་བསྒྱུར་མེད་པ་ལྷ་དང་གཞལ་ཡས་ཁང་དུ་རང་ཤར་བ་ལ་སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་རིམ་ཞེས་བྱ་ལ། དེའང་གཞི་ལས་གཞི་སྣང་ཤར་བའི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ལ་ངེས་ཤེས་སྐྱེས་ན། ལམ་གཞན་ལྟར་མ་དག་པ་ཞིག་སྔགས་ཀྱིས་སྦྱངས་ནས་གཟོད་ལྷར་བསྒྲུབ་པས་རྒྱས་འདེབས་ཙམ་མ་ཡིན་ཅིང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་རིག་པ་ཆེན་པོའི་སྔགས་སུ་གྲུབ་པ་དེ་ཉིད་མངོན་དུ་གྱུར་ཚེ། འཁོར་བའི་རྣམ་པར་རྟོག་པ་གཤིས་སུ་མ་གྲུབ་པས་གློ་བུར་འབྲལ་རུང་གི་སྣང་བ་རྣམས་གཞི་ལ་སངས། སྐུ་དང་ཞིང་ཁམས་སོགས་གནས་ལུགས་ཡེ་ཤེས་དག་པའི་སྣང་བ་རྣམས་རང་སར་གནས་པ་ལས་གཞན་ན་མེད་པ་མཁྲིས་ནད་དག་པས་དུང་གི་སེར་སྣང་དེ་དཀར་པོ་ཉིད་དུ་སྣང་བ་བཞིན་ལ་སྣང་བ་ལྷར་སྒྲུབ་པ་ཞེས་བྱ་བ་ཡིན་ནོ། །འདི་ཡང་ཆུའི་ཚ་བ་ཡལ་བ་དང་རླན་གཤེར་སོགས་རང་གི་གནས་ཚུལ་ངང་གིས་འབྱུང་བ་ལྟར། སེམས་ཀྱི་བག་ཆགས་ཟད་པ་དང་གནས་ལུགས་མངོན་དུ་འགྱུར་བའི་ཚུལ་མདོ་ལམ་ནའང་ཡོད་ལ། དེས་ན་མདོ་སྔགས་ཀྱི་གྲུབ་མཐའི་རིགས་པ་སྨྲ་བའི་ལུགས་དེ་ཡིན་བཞིན་དུ། འཆིང་བ་ཀུན་ལྡན་གྱི་སྐྱེ་བོ་རྣམས་ད་ལྟ་ནས་རྡོ་རྗེ་སེམས་དཔའ་དང་སྤང་རྟོགས་མཉམ་པ་མི་སྲིད་པའི་ཐལ་བ་འཕེན་པ་དེ་དངོས་གནས་ཡིན་ན་དམུས་ལོང་སྙིང་རྗེའི་ཡུལ་ལོ། །དེ་འདྲའི་བསྐྱེད་རྫོགས་དབྱེར་མེད་བློ་ལས་འདས་པའི་ཡེ་ཤེས་ཉིད་ལ་རྟག་ཆད་ཀྱི་མཐའ་གཉིས་ཅིག་ཅར་དུ་བསལ་ཟིན་པས་རེས་འཇོག་གི་ཚུལ་གྱིས་བསྡུ་ལྡང་གི་སྤྲོས་པ་ཡང་མི་དགོས་པ་ཉིད་དོ། །དེ་ལས་གཞན་དུ་འཁོར་བའི་རྩ་བ་བདག་འཛིན་གཉིས་དང་འཛིན་སྟངས་དངོས་སུ་འགལ་བའི་རིམ་གཉིས་ཟབ་མོའི་གནད་མེད་པར་སེམས་གཟུང་འཛིན་གྱི་རྟོག་པས་བཅིངས་པ་དེས་བཟོས་ནས་ལྷ་འགྲུབ་ཏུ་རེ་བས་སྒོམ་པ་ནི། བྲམ་ཟེ་མེ་སྦྱིན་གྱིས་སྟག་བསྒོམས་པ་ལྟར་རགས་མཐོང་གི་མཚན་མ་ཙམ་འགྲུབ་སྲིད་ཀྱང་ཡང་དག་པའི་ལམ་མ་ཡིན་ནོ་ཞེས་བཤད་དོ། གཞན་ཡང་དགག་བྱ་ཁེགས་པའི་གནད་མེད་པར་བསྒྲུབ་བྱ་བསྒོམ་པས་ཟབ་ལམ་མི་རེད་དོ། །དེའི་ཕྱིར་མ་དག་པ་འཁོར་བ་ཀུན་བརྟགས་ཀྱིས་སྟོང་པའི་ཆོས་ཅན་ཡོངས་གྲུབ་ནི་གཞི་སྣང་བསྐྱེད་རིམ་ཡེ་ཤེས་ཀྱི་བཟུང་རྣམས་སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དང་། རིག་པ་ཡེ་ཤེས་ཡུལ་ཅན་གྱི་རྣམ་པ་དབང་ཤེས་དག་པ་རྣམས་སོ། །དེ་ནི་དག་པ་གཞན་དབང་ངོ་། །གཞན་དབང་གིས་སྟོང་པའི་ཆོས་ཉིད་ཡོངས་གྲུབ་ནི། གཞིའི་འོད་གསལ་དེ་ཁོ་ན་ཉིད་དོ། །དེ་དག་ཡིད་ཤེས་ཀྱི་ངོ་བོ་ཨེ་ཝཾ་ཀྱིས་མཚོན་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་རྡོ་རྗེ་འཆང་གི་རྒྱུའི་གཙོ་བོ་ཉིད་དུ་འདུས་པའོ། །དེ་དག་ལ་རིམ་པ་ལྟར་ཆོས་ཅན་ལྟ་བའི་ལྟ་བ་བསྐྱེད་རིམ་དང་། ཆོས་ཉིད་ལྟ་བའི་ལྟ་བ་རྫོགས་རིམ་དང་། རང་རིག་ལྟ་བའི་ལྟ་བ་བསྐྱེད་རྫོགས་ཟུང་འཇུག་རང་རིག་གསལ་སྟོང་གི་ཡེ་ཤེས་སོ། །དང་པོ་ནི་རྒྱུ་མཚན་མ་མེད་པ་དང་། གཉིས་པ་ནི་ངོ་བོ་སྟོང་པ་ཉིད་དང་། གསུམ་པ་ནི་འབྲས་བུ་སྨོན་པ་མེད་པའི་སྒོ་སྟེ་གསུམ་མོ། །ཡང་སྒྱུ་མ་ལྟ་བུ་དང་རྡོ་རྗེ་ལྟ་བུ་དང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཀྱང་བཤད་ན་ཆོག་གོ །གོང་དུ་དོན་དམ་དཀོར་བདུན་ཅེས་པ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་། ཐབས་བདེ་བ་ཆེན་པོ་དང་། དབྱིངས་སྟོང་པ་ཉིད་དང་བདུན་ནོ། །གནས་ལུགས་ཀྱི་འོད་གསལ་བརྗོད་ལས་འདས་པའི་ལྟ་བ་མངོན་དུ་གྱུར་པ་ལ་འདི་རྣམས་བརྩིར་རུང་སྟེ། རྟེན་བྱེད་པའི་ཆ་ནས་སྐུ། བརྒྱལ་བ་ལྟ་བུ་མ་ཡིན་པར་ཆོས་ཉིད་ཀྱི་གདངས་རིག་པའི་ཆ་ཉམས་སུ་མྱོང་ཞིང་བརྡར་སྤྲོད་པའི་ཆ་ནས་གསུང་། གཉིས་སུ་བྱར་མེད་ཅིང་རྟོག་པའི་གྲྭ་ཟུར་ལས་འདས་པའི་ཆ་ནས་ཐུགས། འདི་ལ་དམིགས་པས་ཡོན་ཏན་འབྱུང་བ་ཡང་རང་གི་ངོ་བོ་ཡོན་ཏན་གྱི་རང་བཞིན་དུ་ཡོད་པར་ཡོན་ཏན། དེ་རྣམས་བསལ་བཞག་མེད་ཅིང་རྩོལ་བས་བཅོས་པ་མེད་པར་ལྷུན་གྲུབ་ཏུ་ཡོད་པ་ནི་ཕྲིན་ལས་སོ། །ཕྲིན་ལས་བཞི་པོ་ཡང་ཚང་སྟེ། མཉམ་བཞག་གི་ངོ་བོ་སྤྲོས་པ་ཐམས་ཅད་ཞི་བས་ཞི་བའོ། །ཆེ་བའི་ཡོན་ཏན་སྟོབས་སོགས་འདུ་འབྲལ་མེད་པ་རང་ཆས་སུ་ཡོད་པ་ནི་རྒྱས་པའོ། །ངོ་ཤེས་མ་ཤེས་ཙམ་ལས་འཁོར་འདས་སེམས་ལས་གཞན་དུ་མེད་ན་ནི་དབང་ངོ་། །དབྱིངས་རིག་གི་ངོ་བོ་ལ་རྣམ་པར་རྟོག་པས་གླགས་མི་རྙེད་པ་ནི་དྲག་པོའོ། །ཐབས་དང་དབྱིངས་ནི་དབྱེ་གཞིར་ལྡོག་པ་ཙམ་སྟེ། ཐབས་བདེ་བ་ཆེན་པོ་ཡེ་ཤེས་དང་། དབྱིངས་ནི་སྟོང་པ་ཉིད་དེ་ཤིན་ཏུ་སྤྲོས་པ་དང་བྲལ་བའི་གཞིའོ། །འདི་རྣམས་གཞི་ལ་འཇོག་པའི་ཚེ་གཞི་ཉིད་སྤྲོས་པ་དང་བྲལ་བ་རང་བཞིན་གྱིས་སྟོང་པ་ཉིད་ལ་འབྱུང་རུང་གི་ནུས་པ་ཙམ་གྱི་ལྡོག་ཆའོ། །ལམ་གྱི་སྐབས་སུ་ཅི་རིགས་པ་ཡོད་ཅིང་། སངས་རྒྱས་པའི་ཚེ་ལྷུན་གྱིས་གྲུབ་པའོ། །འདི་དག་ཐ་སྙད་ཀྱི་སྒོ་ནས་བརྟག་ཅིང་རྗེས་ཐོབ་ངེས་པ་འདྲེན་པས་དབྱེ་བར་བཤད་ཀྱི། དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པ་ནི་ནམ་མཁའི་དབྱིངས་དང་འདྲ་བའི་ཕྱིར་དེ་འདྲའི་སྤྲོས་པའི་མཚན་མ་མངོན་གྱུར་ཡོད་པའི་དོན་དུ་རྟོག་པར་མི་བྱའོ། །གསུམ་པ་གྲུབ་པའི་མཐའ་ནི། དེ་ལྟར་གཞལ་བྱ་ཞེན་རྟོག་ཡུལ་དང་བཅས་པ་འཇལ་བྱེད་གཏན་ཚིགས་བཞིས་གཞལ་བས་ཆོས་ཐམས་ཅད་གཞི་རྒྱུད་བདེར་གཤེགས་སྙིང་པོའི་རང་རྩལ། ལྷག་པའི་ཀུན་རྫོབ་བདེན་པ། ལྷག་པའི་དོན་དམ་བདེན་པ། ལྷག་པའི་བདེན་གཉིས་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བ་གཏན་ལ་ཕེབ་པ་ལ་གྲུབ་མཐའ་ཞེས་གསུངས་སོ། །འདིར་ཁ་ཅིག་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་འབྱེད་པ་རྙིང་མའི་ལུགས་ཡིན་གྱི་རང་ལུགས་ལ་ཁྱད་པར་མི་འབྱེད་ཟེར། སྔ་འགྱུར་རྙིང་མའི་ལྟ་བའི་ཁྱད་པར་གསུམ་ལས། ཆོས་ཉིད་ལྟ་བའི་ངོས་ནས་ཁྱད་པར་མེད་དེ་སྔགས་ཀྱི་ལྟ་བ་ཡང་སྤྲོས་པའི་མཐའ་དང་བྲལ་བ་ཁས་ལེན་མེད་པ་ཡིན་ལ། རང་བཞིན་གྱིས་གྲུབ་པར་འཛིན་པ་ལ་ཡང་དག་པའི་ལམ་སོགས་མི་འཐད་དེ། རྩ་ཤེས་ལས། ལམ་ལ་རང་བཞིན་ཡོད་ན་ནི། །བསྒོམ་པ་འཐད་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར་དང་། ཐུན་མོང་གི་ཐེག་པའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཚུལ་གཅིག་པ་དང་བདག་མེད་པའི་ལྟ་བ་ཡང་རྒྱུ་གཅིག་པའི་གཏན་ཚིགས་སུ་འདུ་བས་མདོ་སྔགས་ཀྱི་ལྟ་བ་གཏན་ལ་འབེབས་པའི་མན་ངག་ཐམས་ཅད་འདིར་ཚང་བ་སྟེ། རྣམ་ཐར་སྒོ་གསུམ་གྱི་སྟོང་པ་ཉིད་དེ་མདོ་སྔགས་གཉིས་ཀྱི་ཐུན་མོང་གི་ལྟ་བ་ཡིན་པས་སྤྱི་དོན་དུ་ཤེས་དགོས་པའི་ཕྱིར་རོ། །རྩ་རྒྱུད་ལས། གཅིག་དང་དུ་མ་བྲལ་བ་ཡི། ། མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་སྟེ། །རང་བྱུང་ཡེ་ཤེས་གནས་མེད་དང་། །ཞེས་གསུངས་སོ། །དེ་ལ་དགོངས་ནས་ས་པཎ་གྱིས། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་གྱུར་ན། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །སྤྲོས་བྲལ་ཡིན་ན་ཁྱད་པར་མེད། །ཅེས་གསུངས། དེ་ལྟར་མིན་པ་སྒྲ་ཇི་བཞིན་ཡིན་ན། སྒོམ་དེ་ཉོན་མོངས་ཅན་དུ་འགྱུར། །སྤྱོད་དེ་ལྟུང་བ་ཅན་དུ་འགྱུར། །ཞེས་ཚིག་རྐང་བཞི་པོ་བསྒྱུར་ནས་བརྗོད་པའི་དོན་ཁས་ལེན་དགོས་སོ། །ཆོས་ཅན་ལྟ་བ་དང་། །རང་རིག་ལྟ་བའི་སྒོ་ནས་ཁྱད་པར་ཆེ་སྟེ། རྒྱུ་མཚན་ཉིད་ཐེག་པའི་རྩེ་མོ་བླ་ན་མེད་པ་དབུ་མའི་ལུགས་ལ་ཀུན་རྫོབ་ཏུ་སྣང་བའི་ཆོས་ཐམས་ཅད་བདེན་མེད་སྒྱུ་མའི་རྟེན་འབྱུང་ཙམ་དུ་བལྟ་བ་ལས་དག་པ་ལྷར་བལྟ་བར་མ་བཤད་ལ། འབྲས་བུ་རྡོ་རྗེ་ཐེག་པ་ཐབས་ཀྱི་ལམ་མཆོག་འདིར་ནི་སྣོད་བཅུད་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་རང་ཆས་སུ་བཞུགས་པར་བལྟ་ཞིང་། དེའང་དབྱིངས་དང་གཉིས་སུ་མེད་པའི་རང་རིག་བདེ་ཆེན་གྱི་དག་པའི་རྣམ་རོལ་ལམ་རྩལ་ལས་རང་སྣང་བར་འདོད་པའི་ཕྱིར་ཏེ། །རྒྱུད་འདི་རུ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཅེས་སོགས་དང་། གསང་འདུས་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་རུ་རབ་ཏུ་གྲགས། །ཅེས་དང་། བཅོས་ནས་ལྷར་བལྟ་བ་ནི་ལམ་འདིར་མ་རིག་པར་གཏོགས་པས་རིག་པ་ཡེ་ཤེས་རང་སྣང་ཡེ་ནས་ལྷུན་གྲུབ་ཏུ་བོད་པའི་དོན་ཏེ། ཇི་སྐད་དུ། རྡོ་ཤིང་འདྲ་འབག་ལ་སོགས་པའི། །གཟུགས་བརྙན་ཡོངས་སུ་རྫོགས་པ་དང་། །རས་དང་ཚོན་ལ་སོགས་པ་ཡི། །གཟུགས་བརྙན་ཡོངས་སུ་རྫོགས་པ་ལ། །བྱིན་རླབས་ཡེ་ཤེས་དབབ་བྱས་ནས། །ལྷ་ཡིན་ཟེར་ནས་མཆོད་སོགས་ཏེ། །བཅོས་མ་ལ་སོགས་དེ་ལྟར་ན། །ཕུང་སོགས་ཡེ་ནས་སངས་རྒྱས་ལ། །ཅི་ཡི་ཕྱིར་ན་མཆོད་མི་བྱེད། །ཅེས་གསར་རྙིང་གི་རྒྱུད་སྡེ་དཔག་ཏུ་མེད་པ་ལས་གསུངས་པའི་ཕྱིར་དང་། སྒྱུ་འཕྲུལ་ལམ་རིམ་རྒྱ་གཞུང་ལས། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་ལ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས་སོ། །སྣང་གཞི་སྟོང་པར་གཞལ་ན་སྤྲོས་བྲལ་ལས་མི་འདའ་ཡང་གཞི་སྣང་དག་པའི་ཀུན་རྫོབ་རབ་འབྱམས་སྣང་བའི་རྒྱུ་མཚན་གྱིས། གཞི་ཉིད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལ་འདོད་པ་སོགས་ཤིན་ཏུ་སྤྲོས་པས་ཆོག་གོ །མདོར་ན་འདིས་ཤེས་ཏེ། པདྨ་རྩེ་མོ་ལས། དྲི་མེད་དབྱིངས་ཀྱི་རང་བཞིན་ནི། །སྐུ་གསུམ་ཡེ་ཤེས་གཞི་དང་བཅས། །གང་ཚེ་དག་པ་དེ་ཉིད་དུ། །རང་གསལ་མངོན་དུ་འཆར་བ་དང་། །འདྲ་བ་ལམ་དུ་བྱེད་པ་ལ། །འབྲས་བུའི་ཐེག་པར་ཡང་དག་བརྗོད། །ཅེས་གསུངས་པས་རྒྱུད་སྡེ་ཆེན་པོ་རྣམས་སུ་འབྲས་བུ་སྐུ་གསུམ་ལམ་དུ་བྱས་ནས་རིམ་གཉིས་སྒོམ་ཚེ་ཆོས་སྐུ་ལམ་བྱེད་ལ་ཤུ་ནྱ་ཏའི་སྔགས་ཀྱི་ངེས་དོན་བཤད་ན། ཡུལ་སྟོང་པ་ཉིད་དང་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་རྟོག་པ་ནམ་ཡང་དབྱེར་མི་ཕྱེད་པ་རྡོ་རྗེ་ལྟར་ཟུང་དུ་འཇུག་པ་དེ་ཉིད་གཞི་འབྲས་ཀུན་ཏུ་རང་བཞིན་རྣམ་དག་ཁྱད་མེད་དུ་ཡོད་པའི་དོན་ཡིན་པར་རྒྱ་བོད་གྱི་མཁས་གྲུབ་ཡོངས་ཀྱིས་བཞེད་པ་ཡིན་ནོ། །ཁ་ཅིག་ན་རེ། ཆོས་ཅན་ལྟ་བ་དེ་ལྟ་བ་མ་ཡིན་ཏེ། ལྟ་བ་ཡིན་ན་སྤྲོས་བྲལ་ཡིན་དགོས་པའི་ཕྱིར། ཞེས་སྨྲའོ། །དེ་ལ་བཤད་པར་བྱ་སྟེ། སྤྲོས་པ་ཞེས་བྱ་བ་བློས་བརྟགས་པའི་དངོས་པོ་མཚན་མ་རྣམས་ཡིན་ན། འཁོར་འདས་ཀྱི་ཆོས་རྣམས་ལ་སྒྲོ་སྐུར་བྱེད་པའི་སྤྲོས་པ་མ་ལུས་པ་གཏན་ཚིགས་བཞིས་བཅད་ཟིན་པས་འདིར་ཚད་མ་དང་འགལ་བའི་སྤྲོས་པ་ཡོད་པ་ཡང་མི་འདོད་ལ། སྣང་ཙམ་གྱི་ལམ་རྣམས་ནི་བཟློག་པར་བྱ་བ་མ་ཡིན་ནོ། །ཡང་འདི་ལྟར་སེམས་ཀྱི་དངོས་པོའི་སེམས་ཉིད་དངོས་མེད་ཀྱི་ཡེ་ཤེས་གཏན་ལ་འབེབས་དགོས་པ་ནི། རྒྱུད་ལས། དངོས་པོའི་གནས་ལུགས་ལ་བརྟེན་ནས། །དངོས་མེད་ཡེ་ཤེས་འོད་གསལ་བ། །ཞེས་གསུངས་པ་དང་། བརྟགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་ཇི་སྐད་གསུངས་པ་ལྟར། ལྟ་བ་ཤེས་རབ་ཀྱིས་ཆོས་ཅན་ལྟ་བའི་སྟེང་ནས་བདེན་པ་གཉིས་དང་འགལ་བའི་སྤྲོས་པ་རྣམས་གཅོད་དགོས་ཀྱི། ཆོས་ཅན་ལས་གཞན་ན་དོན་འཚོལ་ས་དང་སྤྲོས་པ་གཅོད་ས་ཡོད་པ་མ་མཐོང་ངོ་། །དེའི་ཕྱིར་ཆོས་ཅན་ཀུན་རྫོབ་ཀྱི་སྣང་བ་བདེན་མེད་འདི་ལ་གཅིག་དང་ཐ་དད་གང་དུའང་གཟུང་དུ་མེད་པར་ངེས་ན། བདེན་གཉིས་དབྱེར་མེད་ཁས་ལེན་དང་བྲལ་བའི་དབུ་མ་ཆེན་པོས་སོང་བས་དེ་ལ་རྟག་ཆད་ཀྱི་མིང་ཡང་མེད་དོ། །ཁྱེད་ཀྱི་ལྟར་ན་དོན་དམ་མ་ཡིན་པའི་ཀུན་རྫོབ་ཐ་སྙད་ཚད་མས་གྲུབ་པའི་སྟེང་དུ་ལས་འབྲས་ཀྱི་རྣམ་བཞག་འཇོག་ཚེ། ཀུན་རྫོབ་སྣང་བའི་སྟོང་ལྡོག་དོན་དམ་དང་བྲལ་བས་རྟག་པ་དོན་ལ་གནས་ཟིན་ཏོ། །དེ་བཞིན་དུ་ཀུན་རྫོབ་མ་ཡིན་པའི་དོན་དམ་ཚད་མས་རྙེད་པའི་སྟོང་རྐྱང་མེད་དགག་ལ་སྤྲོས་བྲལ་གྱི་ལྟ་བ་འཇོག་ཚེ། དོན་དམ་སྟོང་པའི་སྣང་ལྡོག་དང་བྲལ་བའི་ཆད་པ་དོན་ལ་གནས་ཟིན་པའི་ཕྱིར། ཕན་ཚུན་གཉིས་ཀ་ལ་གཉིས་ཀ་བསལ་བའི་ནུས་པ་མེད་པས་རྟག་ཆད་གཉིས་སྟབས་གཅིག་ཏུ་ཁས་བླངས་པ་ཡིན་ནོ། །དེས་ན་ངེད་ཅག་ཁོ་ན་ལ་ཀླན་ཀ་སྨྲ་བར་མི་བྱའོ། །གང་ཞིག་ཕྱོགས་གཅིག་ཐུན་མོང་གི་ཐེག་པ་ལ་ཞེན་ནས་དེ་དང་རྣམ་པར་བཞག་པ་འགལ་བ་ཐུན་མོང་མ་ཡིན་པ་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་ལ། མ་རྟོགས་པ་དང་ལོག་པར་རྟོག་པ་ལ་སོགས་པས་རྒོལ་བ་དག་ལ། ལན་བཤད་པར་བྱ་དགོས་གང་འདིར་སྐབས་སུ་མ་བབ་ཅིང་། སྤྱིར་ཡང་དགོས་པ་ཁྱད་པར་ཅན་མེད་པར་རྟོག་གེའི་ཚིག་ལ་རྡོ་རྗེའི་ཚིག་གིས་རྩོད་ན་གསང་སྒྲགས་ལ་སོགས་པའི་ཉེས་པ་འབྱུང་བ་སྟེ། སྙིང་པོ་རྒྱན་ལས། འདུ་འཛིའི་ནང་དུ་གསང་བ་ཡི། །ཆོས་དང་མེ་རྫོགས་སེམས་ཅན་དང་། །རྡོ་རྗེའི་ཚིག་ལ་རྩོད་པ་དག །སྔགས་པ་དམ་ཚིག་ཉམས་བྱེད་པས། །འབད་དེ་ཀུན་ཏུ་མི་བྱའོ། །ཞེས་གསུངས་པའི་ཕྱིར་རེ་ཞིག་བཏང་སྙོམས་བྱའོ། །དེ་ཡན་ཆད་ཀྱི་ས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་གྲུབ་མཐའ་དང་བཅས་པ་རགས་བསྡུས་བཤད་ཟིན་ཏོ། །ད་ནི་གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་བཤད་པ་ལ། དེ་སྒོམ་པའི་རྒྱུ་མཚན་དང་། བསྒོམ་བྱ་དངོས་གཉིས་དང་པོ་ནི་ཇི་སྐད་དུ། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོགས་པས་དབང་བསྒྱུར་ཏིང་འཛིན་ཡིན། །ཅེས་དང་མདོ་ལས་ཀྱང་། ཡིད་མཉམ་པར་གཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཞེས་གསུངས་པ་ལྟར། རྟོགས་པ་ལ་རང་དབང་ཐོབ་པར་བྱ་བའི་ཕྱིར་ཞི་གནས་ཏིང་འཛིན་བསྒོམ་དགོས་པར་བསྟན་པའོ། །གཉིས་པ་ལ་འཆི་བར་སྐྱེ་གསུམ་སྦྱོང་བའི་ཟག་བཅས་ཀྱི་ལམ་ལྔ་སྟེ། སྟོང་པ་ཆེན་པོའི་རྣལ་འབྱོར། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་ཀྱི་རྣལ་འབྱོར་རོ། །འདི་ལ་མོས་སྒོམ་དང་ངེས་རྫོགས་སུ་སྒོམ་པ་གཉིས་ལས་ཕྱི་མ་ལྟར་སྒོམ་ན་སྔ་མ་སྔ་མ་གོམས་ནས་ཕྱི་མར་འཇུག་སྟེ་མཐར་ཆགས་སུ་སྒོམ་པའོ། གང་ལྟར་ཡང་དང་པོ་ནི། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །ཞེས་དང་སྤྱོད་འཇུག་ལས་ཀྱང་གླང་པོ་ཆེ་འདུལ་ཚུལ་གྱིས་སེམས་འདུལ་དགོས་པ་བསྟན་པ་ལྟར། གླང་ཆེན་སྨྱོན་པ་ཁྲོམ་འདུལ་དང་། །རྒྱན་འདུལ་གྱིས་འདུལ་བ་ལྟར། །ཐོས་བསམ་གྱི་དུས་སུ་རྟགས་དང་གཏན་ཚིགས་སོགས་ཀྱིས་དོན་སྤྱིའི་ཚུལ་དུ་མཐོང་བའི་རང་བཞིན་ཐོག་ཏུ་འཇོག་པ་དང་། མན་ངག་གི་ལམ་གྱིས་དང་པོ་ནས་ཐད་ཀར་ངོ་སྤྲད་པའི་ཐོག་ཏུ་སྤྱི་བླུགས་སུ་འཇོག་པ་གཉིས་གང་རུང་གི་སྒོ་ནས་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་མཉམ་པར་འཇོག་པ་སྟེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱའོ། །གཉིས་པ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ནི། རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཅེས་པས་སྟོང་ཆེན་དེ་བཞིན་ཉིད་ཀྱི་ངང་ནས་རྩལ་གཡོས་པའི་རྟོག་ཚོགས་གང་ཤར་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་རྩལ་སྦྱོང་བ་སྟེ། འཁོར་བའི་ཆོས་ཐམས་ཅད་ལོག་རྟོག་སྒྱུ་མ། རྟེན་འབྲེལ་སྒྱུ་མ། རིག་པ་སྒྱུ་མ། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཐབས་སྒྱུ་མ། ཕྱག་རྒྱ་སྒྱུ་མ། ཡེ་ཤེས་སྒྱུ་མ་དྲུག་གི་རང་བཞིན་དུ་ཤེས་ནས། དེ་ལྟར་མ་རྟོགས་པའི་སེམས་ཅན་སྒྱུ་མ་ལྟ་བུ་རྣམས་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་སྒོམ་པའོ། །དེ་ཡང་མ་ན་ཞེས་པའི་སྒྲ་དོན་འགྱུར་བྱས་ནས་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་ལའང་འཇུག་སྟེ། རིག་པ་ཆེན་པོའི་སྔགས་ཞེས་པ་ལ་སོགས་པའི་དོན་ནོ། །གསུམ་པ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ནི། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཞེས་གསུངས་པའི་དོན། གོང་དུ་བཤད་པའི་སྟོང་ཉིད་སྙིང་རྗེ་སྣང་སྟོང་བདེན་པ་དབྱེར་མེད་ཀྱི་ངོ་བོ་སེམས་ཉིད་ཨ་དཀར་པོའི་རྣམ་པར་སྒོམ་པ་ནི་ཕྲ་བ་ཡིག་འབྲུ་དང་། དེ་ཉིད་ཕྱག་རྒྱར་སྒོམ་པ་རགས་པ་ལྷ་སྐུ་ལ་བསླབ་པ་སྟེ་དེ་གཉིས་ལ་སྒྱུ་མའམ་རྩ་བའི་ཐབས་ཅེས་བྱའོ། །འདི་རྒྱུའི་ཏིང་འཛིན་ཏེ་གཞན་དུ་རྩ་བའི་ས་བོན་ཧཱུཾ་ལ་སོགས་པ་བསྟན་པ་དེ་ཡིན་ནོ། །བཞི་པ་ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་ནི། །ཐ་དད་མིན་ལས་ཐ་དད་པའི། །ནང་དང་ནང་གི་ཕྱི་རོལ་གྱི། །དཀྱིལ་འཁོར་བསམ་ཡས་ཞེས་གསུངས་པས། །རྩ་བའི་ཐབས་སམ་རྒྱུ་ལས་བྱུང་བ་འབྱུང་བཞི་རིམ་བརྩེགས་རྟེན་གཞལ་ཡས་ཁང་གདན་དང་བཅས་པ་དང་། ཐབས་བསམ་ཡས་ནི་བརྟེན་པ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དེ། དེ་གཉིས་ཀའང་ཉི་མ་དང་འོད་ཟེར་བཞིན་རིག་པའི་ཡེ་ཤེས་ཉིད་ལས་དོན་གཞན་ཐ་དད་པ་མ་ཡིན་ཀྱང་། ནང་གི་ལྷ་དང་ཕྱི་རོལ་གྱི་གཞལ་ཡས་ཁང་ཐ་དད་པར་སྣང་བའི་དཀྱིལ་འཁོར་བསམ་ཡས་སུ་སྒོམ་པའོ། །དེ་ཡང་མཉམ་བཞག་མི་རྟོག་པའི་ཡེ་ཤེས་ཀྱི་རྣམ་རོལ་དུ་ཤར་བས་དག་པ་འཇིག་རྟེན་པའི་ཡེ་ཤེས་ཞེས་གསུངས་སོ། །འདི་ཡན་ཆད་སྦྱོང་བྱེད་ཏིང་ངེ་འཛིན་གསུམ་གྱིས་སྦྱང་བྱ་སྐྱེ་འཆི་བར་དོ་གསུམ་དང་ཁམས་གསུམ། སྦྱངས་འབྲས་སྐུ་གསུམ་འགྲུབ་རུང་གི་རྟེན་འབྲེལ་བསྒྲིག་ཚུལ་དང་། ཏིང་འཛིན་གསུམ་གྱི་འབྲས་བུ་བསྐྱེད་རྫོགས་སྒོམ་པ་ཡང་། ཇི་སྐད་དུ། བསྐྱེད་རིམ་སྣང་འདིའི་བདེན་ཞེན་འགོག་པ་སྟེ། །རྫོགས་རིམ་སྒྱུ་མར་ཞེན་པའི་རྟོག་པ་སྤོང་། །གང་ལ་སྣང་སྟོང་བདེན་ཞེན་མེད་པས་ན། །བསྐྱེད་རྫོགས་གཉིས་མེད་རང་བཞིན་དག་པ་ཡིན། །ཅེས་གསུངས་པ་ལྟར་རིམ་གཉིས་ཟབ་མོའི་ཏིང་ངེ་འཛིན་གྱིས་སྦྱང་བྱ་སྦྱངས་འབྲས་དང་། དག་རྫོགས་སྨིན་གསུམ་ཚང་ཚུལ་སོགས་རྒྱས་པར་འདིར་འདྲི་བར་མི་ནུས་པས་གཞན་དུ་བལྟ་བར་བྱའོ། །མདོར་ན་འཁོར་བའི་གཞི་ཕུང་ཁམས་སྐྱེ་མཆེད་མི་སྤོང་པའི་ཐབས་མང་ཡང་ཐབས་བསྐྱེད་རྫོགས་གཉིས་སུ་འདུ་སྟེ། ཐབས་དེས་ཟིན་ན་མྱང་འདས་ཀྱི་གཞིར་འགྱུར་བའི་ཕྱིར། དེ་ཡང་དང་པོ་ནི་གཟུང་འཛིན་གྱི་སྣང་བ་ཐམས་ཅད་རང་གི་ལྷག་པའི་ལྷ་གཅིག་ཉིད་དུ་ཤེས་ཤིང་ང་རྒྱལ་གྱིས་འདོད་ཡོན་ལ་ཅི་དགར་ལོངས་སྤྱོད་པ་སྟེ། གསང་འདུས་ལས། འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཇི་ལྟར་འདོད་པས་བརྟེན་བྱས་ཏེ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ཡང་མཆོད་པར་བྱ། །ཞེས་སྤྲོས་མེད་ཀྱི་རྣལ་འབྱོར་ཏེ་བསྐྱེད་རིམ་དེ་ཙམ་གྱིས་མཚན་རྟོག་བཟློག་པའི་ཐབས་སོ། །གཉིས་པ་སྤྲོས་བཅས་ཀྱི་རྣལ་འབྱོར་ནི་ཕུང་ཁམས་ཀྱི་དབྱེ་བ་ཇི་སྙེད་པ་དེ་སྙེད་དུ་ལྷ་སོ་སོའི་རྣམ་པ་རང་ཤར་ཏེ་ཅིར་སྣང་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་སྒོམ་པ་སྟེ། ཐ་མལ་གྱི་ཞེན་པ་དང་རིལ་པོར་ཞེན་པའི་རྣམ་རྟོག་བཟློག་པའི་ཐབས་སོ། །རྒྱུད་འདི་དང་གསང་འདུས་ལས། མདོར་ན་ཕུང་པོ་ལྔ་རྒྱལ་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །རྡོ་རྗེ་སྐྱེ་མཆེད་འདི་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་སོ། །དེ་དག་རྫོགས་རིམ་གྱི་ཐབས་ཀྱིས་མི་རྟོག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་གཟུང་འཛིན་གྱི་རྟོག་པ་ལས་གྲོལ་བའི་འོད་གསལ་ལ་སྦྱོར་བའོ། །དེ་ལྟར་སྟོང་པ་ཆེན་པོ་སོགས་བཞི་ནི་ཚོགས་ལམ་ཡིན་པས་ཟག་བཅས་དང་དམ་ཚིག་ཉམས་པས་འཁོར་བ་དང་ལམ་གཞན་ལ་ལྡོག་པ་སྲིད་དོ། །ལྔ་པ་ཚོམ་བུ་ཚོགས་བསྒྲུབ་ནི། ཡེ་ཤེས་རོལ། །ཅེས་པའི་དོན་ཏེ། ཡེ་ཤེས་ཀྱི་རང་བཞིན་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བརྟེན་ནས། དམ་ཚིག་ཅན་སྐལ་ལྡན་གྱི་མི་དང་། དགྱེས་ལྡན་གྱི་ལྷ་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་ཆེན་པོ་ཚོམ་བུར་འདུས་པ་དང་། འབྱོར་ལྡན་གྱི་ཡོ་བྱད་བཟའ་བཏུང་། གོས་རྒྱན། གླུ་གར། སྦྱོར་སྒྲོལ་གྱི་ཡོ་བྱད་གང་ལའང་སྤང་བླང་མེད་པར་ཡུལ་དང་ཡུལ་ཅན་ཐམས་ཅད་ལྷ་དང་ཆོས་ཉིད་ཡེ་ཤེས་ཀྱི་རང་བཞིན་དུ་གཉིས་སུ་མེད་པར་རོལ་བཞིན་ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་། བསྙེན་སྒྲུབ་བཞིས་གཞུང་བསྲངས། འབྲས་བུ་རིག་འཛིན་བཞིས་ས་བཅད་དེ་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་པའི་ཉེ་རྒྱུ་སྟེ། འདི་སྦྱོར་ལམ་གྱི་རྣལ་འབྱོར་ཡིན་ཅིང་སྤྱོད་པའི་དུས་གྲངས་ངེས་པས་ཟག་མེད་ལ་དངོས་སུ་སྦྱོར་བའི་བར་ཆད་མེད་ལམ་ཡིན་པས་ཕྱིར་ལྡོག་པ་མེད་པའོ། །གསུམ་པ་མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་ལ། གནས་སྐབས་སློབ་ལམ་དུ་གྱུར་པའི་རིག་འཛིན་བཞི་དང་། མཐར་ཐུག་མི་སློབ་པའི་འབྲས་བུ་ཡོངས་སུ་རྫོགས་པར་བཤད་པ་གཉིས་ལས། དང་པོ་ནི། འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག །ཅེས་པས་མཉམ་བཞག་ཆོས་ཉིད་ཀྱི་དགོངས་པ་མངོན་དུ་གྱུར་པས་རྗེས་ཐོབ་གང་ལའང་འཇིགས་པ་མེད་ཅིང་སྣང་སྤྱོད་ཐམས་ཅད་དག་པ་རབ་འབྱམས་སུ་ཤར་བས། ཀུན་ཏུ་བཟང་པོའི་སྤྱོད་པ་ཡོངས་སུ་རྫོགས་ཤིང་ནང་གིས་བགྲོད་པའི་ས་ལམ་གྱི་ཡེ་ཤེས་རྣམས་སྒྱུ་མའི་ཕྱག་རྒྱ་ལྷུན་གྲུབ་ཏུ་རང་ཤར་བར་འགྱུར་བ་བསྟན་ཏོ། །དེ་ཡང་རིག་འཛིན་བཞིའི་འགྲོ་ལུགས་ལ་བཀའ་སྡེ་ཟུར་པ་ཡབ་སྲས་ལྟར་ན། རིག་འཛིན་བཞི་པོའི་མ་མཐའ་མཐོང་ལམ་དང་ཡ་མཐའ་རྒྱུན་མཐར་འཇོག་པས་དེ་བཞི་གང་རུང་ཡིན་ན་སྔགས་བླ་མེད་ཀྱི་སློབ་པ་འཕགས་པ་ཞིག་ཡིན་པས་ཁྱབ་བོ། །ངོས་འཛིན་པ་ཁ་ཅིག་རྣམ་སྨིན་རིག་འཛིན་མོས་སྤྱོད་དུ་འཇོག་ཀྱང་། འདིར་ཇི་སྐད་དུ། ནུས་པ་ཐོབ་དང་མ་ཐོབ་ལས། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཅེས་གསུངས་པས། སྔགས་བླ་མེད་ཀྱིས་མཐོང་ལམ་པ་ཡིན་ཀྱང་གང་ཟག་དབང་པོ་རྟུལ་བའི་རྒྱུ་མཚན་གྱིས་འབྱུང་བ་སྙིགས་མའི་ལུས་ཡེ་ཤེས་ཀྱིས་མེས་སྦྱང་བར་མ་ནུས་ཤིང་ཡིད་འོད་གསལ་གྱི་ལྷ་སྐུར་སྨིན་པ། །ལུས་རྒྱའི་འཆིང་བ་བྲལ་མ་ཐག་ཕྱག་ཆེན་རིག་འཛིན་ལ་སྦྱོར་བའི་རྣམ་སྨིན་དང་། རྣལ་འབྱོར་པ་དབང་པོ་རྣོ་བས་ལུས་པོ་ཡང་ལ་སོགས་པའི་འཇའ་ལུས་ཀྱི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་རྡོ་རྗེའི་སྐུ་མི་དང་འདོད་གཟུགས་ཀྱི་ལྷའི་གཙོ་བོའི་ཆ་བྱད་དུ་སྟོན་པ་ཚེ་དབང་རིག་འཛིན་ཏེ། ལར་འདི་གཉིས་དོན་གྱི་འོད་གསལ་གྲུབ་པ་ལ་ཁྱད་པར་མེད་ཀྱང་དེ་ལས་ཟུང་འཇུག་གི་ལྷ་སྐུར་དངོས་སུ་ལྡང་ནུས་མི་ནུས་ལ་གཞག་ཅེས་བླ་མ་རིག་འཛིན་གྱི་སར་བཞུགས་རྣམས་བཞེད། སྒོམ་ལམ་པ་ནི་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ་ཅན་མཚན་དཔེ་རྫོགས་པའི་བདག་ཉིད་ཕྱག་རྒྱ་ཆེན་པོའོ། །དོན་དུ་སྒོམ་ལམ་ས་དགུ་ལ་གནས་པ་ཕལ་ཆེར་ཡིན་ནོ། །མཐར་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་མ་རག་པའི་ས་བཅུའི་ཁྱད་པར་གྱི་ལམ་པ་ཞིག་ལ་ལྷུན་གྲུབ་རིག་འཛིན་དུ་བཞག་གོ །གཉིས་པ་མཐར་ཐུག་གི་འབྲས་རྒྱུད་ཡོངས་སུ་རྫོགས་པ་ནི། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པས། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །དཀྱིལ་འཁོར་ཐམས་ཅད་གྲུབ་པར་འགྱུར། །ཞེས་གསུངས་པས། བླ་མེད་ལམ་གྱི་དྲི་མ་སྣང་གསུམ་ཕྲ་བའི་བག་ཆགས་དང་བཅས་པ་སྦྱངས་པ་ལས་གཞི་རྒྱུད་ལ་ཇི་ལྟར་བཞུགས་པའི་ཡོན་ཏན་མངོན་དུ་གྱུར་པ་ནི་མཐར་ཐུག་གི་འབྲས་བུ་སྟེ། ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུ་བརྗོད། །ཅེས་ཕར་ཕྱིན་ཐེག་པའི་འབྲས་བུ་ལས་ཁྱད་པར་འཕགས་པ་སྟེ། སཾ་བུ་ཊི་ལས། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མངོན་དུ་མ་བྱས་པ་དེ་དག་ནི་བདེ་བར་གཤེགས་པ་སྟེ་སངས་རྒྱས་ཡིན་ལ། མཚན་གཞི་མཚོན་པར་བྱེད་པ་ནི་རྡོ་རྗེ་སེམས་དཔའ་ཡང་དག་པའོ། །ཞེས་གསུངས་སོ། །དེ་ཡང་སྣང་ཆ་ཀུན་རྫོབ་ཀྱི་ངོས་ནས་སྒྱུ་འཕྲུལ་གྱི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་པོ་དྲ་བ་སྟོང་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་མངོན་པར་རྫོགས་ཏེ་བྱང་ཆུབ་པ་ན། ཕྱོགས་བཅུ་དུས་བཞིར་རྫོགས་པའི་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཅིག་ཆར་དུ་འགྲུབ་པར་འགྱུར་ཏེ། རྒྱལ་བ་ཐམས་ཅད་སྐྱེ་བ་མེད་པའི་ཡེ་ཤེས་ཀྱི་ཀློང་དུ་ཐ་དད་མེད་པའི་ཕྱིར་རོ། །དེ་ལྟར་ན་འབྲས་བུ་སྐུ་དང་ཡེ་ཤེས་མཐར་ཐུག་པ་རྣམས་ཐབས་ཆེན་སྔགས་ཀྱི་ཐེག་པ་ཁོ་ནས་བསྒྲུབ་དགོས་པ་སྟེ། རྒྱུད་ལས། གང་ཡང་འདས་དང་མ་བྱོན་དང་། །ད་ལྟར་བྱུང་བ་མ་ལུས་པ། །གསང་ཆེན་མཆོག་འདིས་མ་བགྲོད་པར། །བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། །ཞེས་སོགས་ལུང་མང་དུ་ཡོད་དོ། །ཇི་སྐད་བཤད་པ་རྣམས་བསྡུ་ན་གཞི་རྒྱུད་བདེ་གཤེགས་སྙིང་པོ་ལྷག་པའི་བདེན་པ་དབྱེར་མེད་ཉིད་ལྟ་བས་གཏན་ལ་ཕབ་ནས། སྒོམ་པ་ཏིང་ངེ་འཛིན་གྱིས་ཉམས་སུ་བླངས་ཤིང་སྤྱོད་པ་ཚོགས་ཀྱི་སྒྲུབ་པ་ལ་སོགས་པས་བོགས་དབྱུང་ནས་འབྲས་བུ་རང་གནས་ཀྱི་དཀྱིལ་འཁོར་མངོན་དུ་གྱུར་པ་ལ་རྒྱུད་དོན་ཐམས་ཅད་འདུས་པ་ཡིན་ནོ་ཞེས་མཁས་ཤིང་གྲུབ་པའི་དབང་པོ་རྣམས་ཀྱིས་གསུངས་སོ། །སྨྲས་པ། སྔོན་ནས་སྐུ་གསུམ་བརྙེས་ཀྱང་གཞན་ཕན་གྱི། །ཐུགས་རྗེའི་གྲུ་གཟིངས་གྲུབ་པའི་འགྲོ་བ་ཀུན། །རླབས་ཆེན་འཁོར་བའི་མཚོ་ལས་སྒྲོལ་མཛད་པ། །རྒྱལ་ཀུན་འདུས་པའི་སྐུ་བརྙན་རྡོ་རྗེ་འཆང་། །སྤང་བླང་སྤྲོས་ཀུན་རབ་ཞི་གདོད་མའི་དབྱིངས། །རྣམ་ཀུན་ཟུང་འཇུག་བླ་མེད་གསང་མཆོག་གི །ཆོས་ཚུལ་གདུལ་བྱའི་རྣ་བར་འཁོར་མཛད་པའི། །རིག་འཛིན་རྩ་བརྒྱུད་བླ་མས་བདག་བྱིན་རློབས། །ཁྱབ་བདག་རྡོ་རྗེ་སློབ་དཔོན་གྲུབ་པའི་གཙོ། །བསམ་ཡས་དཀྱིལ་འཁོར་ཉིད་དང་དབྱེར་མེད་པ། །གསང་སྒྲོགས་དབྱར་གྱི་རྔ་ཆེན་མངོན་སུམ་དུ། །ཐོས་དགའི་རྣམ་འགྱུར་རྨ་བྱའི་མདོངས་མཐའ་བཞིན། །ཕྱོགས་དུས་རྒྱལ་བ་རྒྱ་མཚོའི་སྐུ་གསུང་ཐུགས། །གསང་ཆེན་སྔགས་ཀྱི་མཐུ་ལས་འགྲུབ་འགྱུར་ཞེས། །རྡོ་རྗེའི་ཚིག་གིས་ལན་བརྒྱར་བསྔགས་པའི་གཏམ། །ཡིད་རྟོན་ངེས་པའི་དོན་དུ་དམ་བཅའ་འོ། །གྲུབ་གཉིས་དཀར་བའི་ཤེས་མཚན་མཐའ་དག་གོ །འབབ་སྟེགས་བསོད་ནམས་མངོན་མཐོའི་ཟླ་བ་བཞིན། །ཚེ་འདིར་ཐར་བའི་སྣང་བ་མཆོག་སྦྱིན་པའི། །ངེས་གསང་སྔགས་འདི་ངོ་མཚར་དམ་པའི་ཕུལ། །མི་ཤེས་སེམས་ཀྱིས་རྟག་ཏུ་དབྱེན་སྤོས་ནས། །མི་རྟོག་ཡེ་ཤེས་ལྐོག་ཏུ་ཡིབས་གྱུར་ཀྱང་། །མི་ཕྱེད་མོས་གུས་དམ་པའི་བྱིན་སྣང་གིས། །མི་ཤིགས་སྙིང་གི་དོན་གསང་མཛའ་བར་འགྱུར། །ཟག་བཅས་སྲིད་བདེའི་འཆིང་བ་རྫུན་རིས་ཀྱིས། །ཡོངས་གདུང་བསིལ་བ་ལྟ་བའི་མིག་བསླུས་ནས། །ཟབ་མོའི་ཟླ་གསང་ག་བུར་མདུན་འཁྱིལ་ཡང་། །ངང་ཚུལ་ལོག་པར་གྱུར་བས་བཏུང་མི་བཟོད། །དུག་ཅན་འཁོར་མཚོ་འདི་ལ་ཡིད་སྐྱོ་ན། །བདེན་ཚིག་ཐབས་ཀྱི་བཅུད་ལེན་མཆིས་སོ་འཚལ། །མཉམ་སྦྱོར་རིག་པ་གཅིག་ཏུ་བཟླུམས་བྱས་ན། །འཕོ་འགྱུར་བྲལ་བའི་བདེ་ཆེན་གྲོགས་སུ་འཆར། །དོན་ལ་རྟོན་པའི་རྣམ་རིག་མི་བཟོད་ཅིང་། །དོན་མེད་ལྟར་སྣང་མཛེས་པའི་གཏམ་མང་པོས། །དོན་ལོག་འཁྲུལ་བའི་ཀློང་དུ་མགོ་འཁོར་ན། །དོན་ལྡན་ཉིད་དུ་བགྱི་བར་བྱེད་ནུས་སམ། །རྒྱུད་ཆད་དམན་པ་གང་ཞིག་མན་ངག་གི །སྣོད་མིན་གདོང་ལྔའི་འོ་མ་རྫ་བུམ་གྱི། དཔེ་ལྟར་སྐལ་བ་ཀུན་དང་བྲལ་ན་ཡང་། །རིན་ཆེན་སྣོད་དང་འཕྲད་ན་སྐྱེས་ཀྱི་མཆོག །རྒྱས་འགྱུར་དམ་པའི་རིགས་ཅན་སྐལ་བཟང་ལ། །རྡོ་རྗེའི་གསང་ལ་གྲུབ་པའི་བཅུད་བྱིན་པས། །བརྗོད་བྲལ་ལྷན་སྐྱེས་མངོན་པའི་རྟགས་གསལ་བས། །པར་དཀར་ཟླ་མཐོང་བཞིན་དུ་དགའ་བར་འགྱུར། །ཐ་ཤལ་སྙིགས་མའི་ཀུན་རྟོག་རླབས་ཆེ་བ། །གཞན་གྱིས་གཞོམ་དུ་རེ་བ་རྒྱང་བསྲིང་ཡང་། །མངོན་རྟོགས་ཟབ་མོས་སྐད་རིག་བྱང་ཆུབ་པའི། །ལམ་ལ་གུས་མེད་བདག་འདྲ་བདུད་ཀྱིས་བསླུས། །གདོད་ནས་གཅེས་འཛིན་བྱས་པའི་ཕུང་ཁམས་ཀྱི། །དྲྭ་བ་དར་གྱི་སྲིན་བུའི་འཁྲུལ་འཁོར་འདི། །བཅིང་གྲོལ་མེད་པ་ནམ་མཁའི་མདུད་པ་བཞིན། །ཤེས་པའི་ཐབས་ལ་དབང་བ་དེང་ཙམ་མོ། །རྩོད་པའི་ཡང་མཐའ་སྐྱེ་དགུའི་དཔལ་ཟད་ཅིང་། །རྒྱལ་བསྟན་ཉིན་བྱེད་དབང་པོ་གྲིབ་སོ་ཅན། །བསྟན་འཛིན་ཉིན་སྐར་བཞིན་དུ་མི་མངོན་པའི། །དུས་འདིར་སྐྱེས་པའི་རང་མཚང་མཐོང་ལགས་སམ། །སྒྲུབ་བརྒྱུད་གོང་མའི་གདན་ས་མཐོང་བཞིན་དུ། །མུ་ཏོའི་སྤྱིལ་བུ་བཟུང་ནས་མགོ་སྐོར་གྱི། །རྫུན་སྣང་འཆོལ་བ་སྣ་ཚོགས་བཅོས་པ་ཡིས། །རང་གཞན་སྒྱུ་མར་བསྒྱུར་དེས་ཅི་ཞིག་བྱ། །རྩོལ་མེད་ཐེག་པའི་དམ་ཚིག་དེ་ཁོ་ན། །མི་ཤིགས་རྡོ་རྗེའི་ར་བར་དམ་བཅས་པ། །མཚོན་མས་འདའ་བར་དཀའ་བའི་ཁུར་ཆེན་པོ། །འཆི་མེད་བྱང་ཆུབ་སེམས་ཀྱི་རྒྱན་དུ་བཀུར། །བླང་དོར་བཅས་པའི་བགོ་སྐལ་རང་རྒྱུད་ལ། །ཐོབ་མཚམས་ནོར་བ་མེད་པའི་དྲན་ཤེས་ཀྱི། །ཡོལ་གོར་འཁྱིལ་བ་མེས་པོའི་རལ་ཀླུང་བཞིན། །དག་ཚངས་ཕྱག་རྒྱ་ཟབ་མོ་ཅིས་མི་བཅིང་། །རྣམ་གྲོལ་མཆོག་གི་དོན་བཟང་རིན་ཆེན་གཏེར། །རྣམ་དཔྱོད་བུམ་པ་བཟང་པོ་ཡོངས་བཀང་ནས། །བློ་ལྡན་དགའ་སྐྱེད་དཔལ་གྱི་འདོད་འཇོ་བ། །སྙན་བརྒྱུད་དམ་པའི་རིགས་སུ་སྐྱེས་ཐོབ་ལགས། །དཔག་ཡས་གྲུམ་མཆོག་ཀླུ་དབང་རོལ་པའི་གནས། །རྨད་བྱུང་རྡོ་རྗེ་སྙིང་པོའི་ཆུ་གཏེར་གྱི། །བསྡུས་དོན་སྙན་སྡེབ་སྤངས་བའི་ངག་བརྩམས་ལས། །དགེ་ཚོགས་སྨོན་པས་ཅི་འདོད་བསྒྱུར་རློམས་ནས། །སངས་རྒྱས་འབྱུང་ལས་ཆེས་དཀོན་གསང་སྔགས་ཀྱི། །བསྟན་དང་དེ་འཛིན་ཉི་ཟླའི་རྣམ་ཐར་བཞིན། །འགོག་མེད་གདུལ་བྱའི་སྐལ་བ་མཐའ་དག་ལ། །ལེགས་སྤྱད་དམ་པའི་སྣང་བ་འབྱུང་གྱུར་ཅིག །རིམ་གཉིས་ལམ་གྱི་ཡེ་ཤེས་དབང་ཆེན་པོའི། །ལས་ཚོགས་དཔའ་བོའི་ཕྱག་མཚན་རྣོན་པོ་ཡིས། །རྒྱལ་བསྟན་འཁྲུགས་པའི་ལོག་འདྲེན་ཆུ་སྲིན་གདོང་། །ཚུལ་མིན་བྱེད་པའི་བརྟུལ་ཞུགས་འགྲུབ་གྱུར་ཅིག །དགག་བྱ་མ་ལུས་བདེན་པའི་ཆིངས་གཅིག་ཏུ། །གྲུབ་འགྱུར་དམ་ཆོས་ཡང་གསང་བླ་མེད་ཀྱིས། །རྩོལ་བཅས་ལམ་གྱིས་སེམས་རྒྱུད་སུན་པ་རྣམས། །རབ་འབྱམས་དག་པའི་ཚལ་དུ་ཁྲིད་པར་ཤོག །ཅེས་པ་འདི་ཡང་སྒྱུ་འཕྲུལ་གསང་བ་སྙིང་པོའི་བསྡུས་དོན་བློ་སྐྱོར་བ་དང་ཚོགས་གླེང་འདྲ་བྱེད་རྒྱུར་མཁས་དབང་རིག་འཛིན་གྱི་སར་བཞུགས་རྣམས་ཀྱི་ཞལ་རྒྱུན་ལྟར་སྔགས་རམ་་བསོད་ཆོས་མིང་པས་བྲིས་པ་དགེ་བར་གྱུར་ཅིག། །།

སྒྱུ་འཕྲུལ་དྲྭ་བའི་ལམ་རྣམ་པར་བཤད་པ་ཆུང་ངུའི་འབྲུ་འགྲེལ་བདུད་རྩིའི་ཐིགས་པ། འགྱུར་མེད་རྡོ་རྗེ།

སྒྱུ་འཕྲུལ་དྲྭ་བའི་ལམ་རྣམ་པར་བཤད་པ་ཆུང་ངུའི་འབྲུ་འགྲེལ་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །གདོད་མའི་མགོན་པོ་གསང་བདག་རྡོ་རྗེ་འཛིན། །དབྱེར་མེད་སློབ་དཔོན་སངས་རྒྱས་གསང་བ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཏེ། །སྒྱུ་འཕྲུལ་ལམ་ཆུང་འབྲུ་འགྲེལ་བྲི་བར་བྱ། །དེ་ལ་འདིར་ཏནྟྲ་ཆེན་པོ་བཅོ་བརྒྱད་ཀྱི་གཞིའམ་སྙིང་པོ་དཔལ་སྒྱུ་འཕྲུལ་དྲྭ་བ་སེམས་དང་ཡེ་ཤེས་རང་སྣང་དུ་སངས་རྒྱས་པའི་གསང་བ་ཆེན་པོ་ཆོས་ཀུན་གྱི་སྙིང་པོ་སྐུ་གསུམ་འདུ་འབྲལ་མེད་པའི་དེ་ཁོ་ན་ཉིད་སྐལ་བ་དང་ལྡན་པ་ལ་གཞི་ལམ་འབྲས་བུ་དབྱེར་མེད་དུ་ངེས་པ་ཚེ་འདིར་མངོན་སངས་རྒྱས་པར་འདོད་པ་རྣམས་ཀྱིས་ཡེ་ནས་ཆོས་ཀུན་དག་མཉམ་ཆེན་པོ་མངོན་དུ་བྱ་བ་ལ་ཉམས་སུ་ལེན་བྱ་ལམ་རྣམ་བཀོད་འདིར་འཇུག་པར་བྱའོ། །དེའང་ཐོག་མར་དགེ་བ། བར་དུ་དགེ་བ། མཐའ་མར་དགེ་བའི་ས་བཅད་གསུམ་ལས། ཐོག་མ་ལ་གསུམ། མཚན་བརྗོད་པ། ཕྱག་འཚལ་བ། དམ་བཅའ་བའོ། །དང་པོ་ནི། དྲང་དོན། རྟོག་ཚོགས། ལྷ་རྟོག །ངེས་དོན་བཞི་ལས། ངེས་དོན་སྒྱུ་འཕྲུལ་དྲ་བའི་གོ་འཕང་མངོན་དུ་བྱ་བ འི་ལམ་རྣམ་པར་ངེས་པའི་བཤད་པ་རྒྱུད་ཀྱི་དགོངས་དོན་ཚིག་ཚོགས་ཉུང་ངུར་བསྡུས་པས་ཆུང་ངུའམ་ཚེགས་ཆུང་ངུས་དོན་ཆེན་པོ་འགྲུབ་པ་ལ་མན་ངག་ཅེས་གྲགས་པ་ལྟར་མཚན་དུ་བཏགས་པའོ། །གཉིས་པ་ནི། ཞི་བའི་ཕྲིན་ལས་ཀྱིས་ཉོན་ལྔ་ཡེ་ཤེས་ལྔར་ཤར་བས་ཉོན་མོངས་བདུད་བཅོམ། རྒྱས་པའི་ཕྲིན་ལས་ཀྱིས་ཕུང་ལྔ་རིགས་ལྔར་ཤར་བས་ཕུང་པོའི་བདུད་བཅོམ། དབང་གི་ཕྲིན་ལས་ཀྱིས་ཁམས་དང་ཉོན་རླུང་དག་པས་སྐྱེ་འཆི་མེད་པར་འཆི་བདག་གི་བདུད་བཅོམ། དྲག་པོའི་ཕྲིན་ལས་ཀྱིས་སྣང་སྲིད་དག་མཉམ་དུ་ཤར་བས་ལྷ་བུའི་བདུད་བཅོམ་པས་ན་བཅོམ་སྟེ། རྡོ་རྗེ་ལས་རིམ་ལས། འདུད་བཞི་མ་སྤངས་རིག་པའི་གདེང་གིས་བཅོམ། ཞེས་སོ། །འབྲས་ཆོས་ཉེར་ལྔ་དང་ལྡན་པས་ན་ལྡན་ཅེས་ཏེ། ལས་རིམ་ལས། སྐུ་ལྔ་ལ་སོགས་ཆེ་ཡོན་ཀུན་དང་ལྡན། །ཅེས་སོ། །ཡོད་མེད་སྣང་སྟོང་སོགས་ཀྱི་ཕྱོགས་རེའི་མཐའ་དང་བྲལ་བས་འདས་ཞེས། དེ་ཉིད་ལས། རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། ཅེས་སོ། །ངོ་བོ་འདུས་མ་བྱས་པ། རང་བཞིན་དབྱེར་མི་ཕྱེད་པ། མཚན་ཉིད་སྐྱེ་འཇིག་འཕོ་འགྱུར་བྲལ་བ་རྡོ་རྗེའི་ཆོས་བདུན་དང་ལྡན་པས་ན་རྡོ་རྗེ། ཞེས་ཏེ། ཐུགས་ཐིགས་ལས། དེ་ཉིད་གཉིས་མེད་འཇིག་བྲལ་བས། །ཞེས་སོ། །དེ་ཡང་བསམ་བརྗོད་དང་བྲལ་བའི་ཐུགས་ཀྱི་རིགས་མཆོག་དཔལ་རྡོ་རྗེ་སེམས་དཔའ་ལ་བདག་དང་དབྱེར་མེད་པས་ཕྱག་འཚལ་ལོ། །གསུམ་པ་ནི། ངེས་དོན་དབྱིངས་ཡེ་གཉིས་མེད། ཤེས་རབ་ཀྱི་ལྷ་ཡུམ་སྒྱུ་མ་དང་། ཐབས་ཀྱི་ལྷ་ཡབ་འཕྲུལ་བ། དེ་གཉིས་དབྱེར་མེད་པའི་དྲ་བ་དེའི་དོན་ཇི་བཞིན་སྟོན་པའི་རྒྱུད་མཆོག་སྙིང་པོ་ལས་བཤད་པ་ལྟར་ཟབ་མོའི་ཆོས་འདི་ཉིད། གང་ལ་བཤད་ན་འདིར་ལས་སྨོན་བཟང་པོའི་སྐལ་བ་མཆོག་དང་ལྡན་པའི་དབང་པོ་རྣོ་ཞིང་ཐེག་མཆོག་འདིར་འཇུག་པ་ལ་སྒོ་ལྔ་སྐྱོན་དང་བྲལ་བ་སྣོད་དང་ལྡན་པའི་སློབ་བུ་ལ། གང་གིས་བཤད་ན། དམ་པའི་མགོན་བླ་མས། ཇི་ལྟར་བཤད་ན། གཟུང་བ་དང་འཛིན་པས་བསྡུས་པའི་སྣོད་བཅུད་ཀྱི་ཡུལ་ལྔ་སོགས་ཡེ་ནས་ལྷ་ཡི་རང་བཞིན་ཡིན་ཚུལ་བསྟན་ཏེ་དེའི་དོན་མཐོང་གོམས་མཐར་ཕྱིན་པར་བྱེད་ན་ཚེ་འདིར་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་རྒྱུ་ཤེས་པ་རྐྱེན་འཇུག་པ་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་གསུམ་སངས་རྒྱས་གསང་བ་ངས་བརྗོད་པར་བྱའོ། །ཞེས་སོ། །བར་དུ་དགེ་བ་ལ་གཉིས། དང་པོ་གཞི་ལམ་འབྲས་གསུམ་གྱི་མདོར་བསྟན་ནི། ཆོས་ཐམས་ཅད་རྟོགས་པ་བཞིའི་ཚུལ་གྱིས་ཡེ་ནས་སངས་རྒྱས་པར་ཤེས་ནས་སྒྲུབ་པ་ལ་འཇུག་པའི་མཚན་ཉིད་བསྐྱེད་རྫོགས་ཟུང་འབྲེལ་དུ་འབྱོར་བའི་གཟུངས་ནི། འབྲས་བུ་རིག་འཛིན་བཞི་སྨིན་བྱེད་ཀྱི་རྒྱུ་དང་རྐྱེན་ལ་གོམས་པས། ནུས་མཐུ་ཁྱད་པར་ཅན་དུ་གང་གྱུར་པ་དེ་ནི། འབྲས་བུ་བདེ་བར་གཤེགས་པ་རྣམས་ཀྱི་རིགས་མངོན་དུ་བྱ་བའི་ཆེད། གཞུང་དོན་གྱི་ཡན་ལག་རྒྱས་བཤད་འབྱུང་བའི་གཞི་རུ་དགོད་དེ། གཉིས་པ་རྒྱས་བར་བཤད་པ་ལའང་གསུམ་སྟེ། དང་པོ་གཞིའི་མདོར་བསྟན་ནི། མཆོག་གི་དངོས་གྲུབ་ཀྱི་འབྲས་བུ་སྒྲུབ་པའི་རྣལ་འབྱོར་ལ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་བཤད་པའོ། །གཉིས་པ་རྒྱས་བཤད་ལ་གཉིས། དང་པོ་གཞལ་བྱ་འཁོར་བའི་ཆོས་བསྟན་པ་ནི། དེ་ལ་སོ་སོའི་སྐྱེ་བོའི་དབང་པོ་ལྔ་དང་ཡུལ་གཟུགས་སྒྲ་དྲི་རོ་རེག་སོགས་ཡུལ་དུ་སྣང་བ་ཀུན་སེམས་ཀྱི་བག་ཆགས་ལས་ཡུལ་དང་དབང་པོ་རྣམས་སྣང་བ་སེམས་ཉིད་ལས་ལོགས་ན་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གྲོལ་འཁྲུལ་གྱི་གཞི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད། ཕྱི་ནང་གི་ཡུལ་ཤེས་ཀྱི་དངོས་པོ་འཁོར་འདས་སྣ་ཚོགས་སུ་མ་འགགས་པར་སྣང་བ་ཡི་ཕྱིར། ཞེན་སྣང་འདི་གཏན་ཚིགས་ཀྱིས་གཏན་ལ་ཕབ་པའི་གཞི་རུ་རུང་ངོ་། །ལམ་རྣམ་བཤད་ལས། ངེས་པར་བཞག་པའི་གཞལ་བྱ་ནི། །འཁོར་དང་མྱ་ངན་འདས་པ་ཡི། །རང་གི་མཚན་ཉིད་མི་འདོད་དོ། །དེ་ལྟར་ནང་ནས་ཞེན་པ་ཡིས། །ཕྱིར་རོལ་མེད་ལ་ཡོད་ལྟར་སྣང་། །ཞེན་དང་ལྟ་བ་གཉིས་ལ་བརྟེན། །ཞེས་སོ། །གཉིས་པ་གཞལ་བྱ་རང་གི་ངོ་བོ་ལ་གཉིས་ཏེ། དང་པོ་མདོར་བསྟན་ནི། ལས་དང་པོ་པ་ཡི་བརྟག་གཞིར་དེ་ལ་ལྟ་བ་འཚོལ་བའི་ཐབས་སུ་རུང་བ་དང་། དེ་ནས་གཟོད་འཚོལ་བའི་ཚེ་དང་ལྟ་བ་དེ་ལ་འཕེལ་རིམ་ཡོད་པར་བསྟན་པ་དང་། མཐར་ཕྱིན་ནས་ངེས་པར་བྱ་བ་ལྟ་བ་རང་གི་ངོ་བོ་དང་གསུམ་སྟེ་ཐོག་མའི་ལྟ་བ་འཚོལ་བའི་ཚེ། གཉིས་པ་རྒྱས་བཤད་ལ་གསུམ། ལྟ་བ་འཚོལ་བའི་ཐབས། འཕེལ་རིམ། མཐར་ཕྱིན་གསུམ་ལས། དང་པོ་ལ་གཉིས། ཐོས་པ་དང་བསམ་བྱུང་གིས་ལྟ་བ་རྟོགས་པའི་ཐབས་བསྟན་པ་དང་། གཏན་ཚིགས་ཀྱིས་གཏན་ལ་ཕབ་པའོ། །དང་པོ་ལ་གཉིས་ཏེ། དང་པོ་སྤྱིར་བསྟན་པ་ནི། རང་ལ་སོ་སོར་རྟོགས་པའི་ཤེས་རབ་ཀྱི་རྒྱུ་དང་ལྡན་པས་རྒྱུད་གཞུང་ཟབ་མོས་ཐོས་པའི་ཤེས་རབ་ཀྱི་དབང་པོ་མཆོག་དང་ལྡན་པས་ཚིག་ཡུལ་དུ་བྱས་པ་ལ་བརྟེན་ནས། སྐྱོན་ཡོན་ཕྱེད་པས་དོན་གྱི་རྒྱུ་ཤེས་པར་བྱས་ནས་བསྒོམ་པའམ། བསམ་བྱུང་གི་ཤེས་རབ་ཀྱིས་ལྟ་བ་རྟོགས་པའི་ཚེ་ནའང་གསང་བ་སྙིང་པོ་དང་ལམ་རིམ་སོགས་གཞུང་ལས་གྲགས་པའི་གཏན་ཚིགས་ལྔ། སྔོན་བྱུང་དངོས་ལྔ། རྗེས་འཇུག་ཚུལ་ཚིག་སོགས་རྒྱུད་ལས་བྱུང་བ་ཉིད་དང་། ཚིག་ལའང་མི་མཐུན་པ་དང་མཐུན་པའི་གཏན་ཚིགས་ཀྱིས་གཏན་ལ་དབབ་པ་གཅེས་སོ། །གཉིས་པ་བྱེ་བྲག་རྒྱས་པར་བཤད་པ་ལ་ལྔ་སྟེ། དང་པོ། གང་གི་སྒོ་ནས་འཚོལ་བའི་རྒྱུ་རྐྱེན་ངོས་བཟུང་བ་ནི། གཏན་ཚིགས་ཀྱིས་འཚོལ་ཚེ་རྒྱུ་རྐྱེན་དང་ལྡན་དགོས་ཏེ། དེས་ན་ཆོས་རང་དང་སྤྱིའི་མཚན་ཉིད་ཡུལ་དུ་བྱས་པ་ལ་དམིགས་པའི་རྐྱེན། བླ་མ་བཤེས་གཉེན་གྱིས་དངོས་ལྔ་སོགས་ཀྱི་ངོ་སྤྲོད་པ་ནི་བདག་པོ་ཡི་རྐྱེན། ལྟ་བའི་རིམ་པ་ངོ་སྤྲད་པ་ལ་དེ་མ་ཐག་པའི་རྐྱེན། བློ་རིག་དང་བས་གསང་སྔགས་ལ་འཇུག་འདོད་དད་པ་དང་དགའ་སྤྲོ་དང་ལྡན་པ་རང་བཞིན་གྱི་དབང་རྣོན་དང་། ཐེག་པ་འོག་མ་ལ་སྦྱངས་པའི་བག་ཆགས་བཟང་པོའི་རྒྱུད་དང་ལྡན་པའི་སྦྱངས་པའི་དབང་རྣོན་ནི་རྒྱུའི་རྐྱེན་ནོ། །ཤེས་རབ་ཟབ་མོས་ཆོས་རྣམས་རང་བཞིན་མེད་པའི་ངང་ནས་སྒྲིབ་བྲལ་དུ་གཟིགས་པའི་སྤྱན་མཆོག་རང་རིག་པ་དེ་ཉིད། ཡེ་གདོད་མ་ནས་དབྱིངས་ཡེ་གཉིས་སུ་མེད་པར་རྟོགས་པའི་ཤེས་རབ་ཀྱི། དབང་པོ་ལྔ། ཡུལ་ལྔ། ཤེས་པ་ལྔ་སྟེ་ཡུལ་དབང་ཡིད་བྱེད་སོགས་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དབྱེར་མེད་ཡིན་པ་དེ་མཚུངས་ལྡན་གྱི་རྒྱུའོ། །གཅེས་གལ་ཆེ་བར་གོང་དུ་སྨོས་པའི་ཐོབ་བསམ་ལ་སོགས་གཏན་ཚིགས་རྣམས་ནི་ལྷན་ཅིག་བྱེད་པའི་རྒྱུའོ། །རྒྱུ་གཉིས་རྐྱེན་བཞི་དེ་དག་གི་སྒོ་ནས་ལྟ་བ་འཚོལ་བར་བྱེད་པ་ལ། ཚོང་པ་རྣམས་ཀུན་ཏུ་རྒྱུ་ཞིང་རང་གི་འདོད་དོན་འགྲུབ་པར་སྨོན་པར་བྱེད་པ་བཞིན། ཟབ་མོའི་གནད་དང་མཐར་ཐུག་འབྲས་བུ་སྨོན་ཅིང་དོན་དུ་གཉེར་བར་བྱའོ། །གཉིས་པ་གང་ལ་འཚོལ་བའི་ཡུལ་བསྟན་པ། རྒྱུ་རྐྱེན་དེ་ཡིས་གཞལ་བྱ་གཟུང་བའི་ཡུལ་དང་འཛིན་པའི་ཤེས་པའི་སྤྱོད་ཡུལ་གྱི་མཐའ་དེར། ཡོད་པ་དང་མེད་པ་དང་ཡོད་མེད་ཀྱི་ལུང་དུ་མ་བསྟན་པ་ལས་འཚོལ་ན་སྒྲོ་སྐུར་ལུང་མ་བསྟན་གྱི་སྐྱོན་གསུམ་དུ་འདུ་བས། ལྟ་བ་མཉམ་པ་ཉིད་མི་རྙེད་དོ། །ཀུན་བརྟགས་ཀྱིས་བསླད་པའི་ཡོད་མེད་ལུང་མ་བསྟན་དེ་དག་གང་ཡང་མི་འདོད་པས་དེ་དང་ཕྲལ་ལ། དག་མཉམ་ཆེན་པོའི་ལྟ་བ་འཚོལ་བའོ། །གསུམ་པ་གང་འཚོལ་བའི་ངོ་བོ། འོན་ཏང་འཁོར་འདས་གཉིས་མཉམ་རྫོགས་པ་གཉིས་མེད་ཀྱི་དོན་རྟོགས་པ་ན་ཐམས་ཅད་རིག་པའི་ཆོ་འཕྲུལ་ཙམ་དུ་ཆོས་ཀུན་ཡིན་ལ་རང་བཞིན་བདེན་གྲུབ་མེད་པས་གང་དུ་ཡང་མིན་པའི་ཕྱིར་རོ། །མཐའ་ཕྱོགས་རེ་དང་བྲལ་བ་ཕྱོགས་མེད་བདག་ཉིད་ཆེན་པོ་ཡིད་ཀྱི་བསམ་པ་དང་ངག་གི་བརྗོད་པ་ལས་འདས་ཤིང་། ཤེས་བྱ་ཐམས་ཅད་མཁྱེན་པའི་དོན་གྱི་བཅུད་དབང་པོ་ལྔ་ཡིས་ཡུལ་ལྔ་གཅོད་པའི་དུས་སུ་དབང་ཤེས་སེམས་དང་ཡུལ་ཆོས་ཡེ་གདོད་མ་ནས་འཁོར་འདས་དག་མཉམ་ཆེན་པོར་དབྱེར་མེད་ཡིན་པའི་ཕྱིར། ཚོགས་བརྒྱད་དམ་ཚོགས་དྲུག་གི་ཤེས་པ་ཡུལ་དང་བཅས་པ་ཡེ་ཤེས་ལྔར་ཤར་བ་ནི་ཤེས་རབ་ཀྱི་མཆོག་མ་ཧཱའི་ལྟ་བ་ངེས་པ་ཉིད་དུ་རྒྱལ་བས་གསུངས་སོ། །ལྟ་བའི་ངོ་བོ་ནི་རྒྱས་པར་འོག་ནས་འཆད་དོ། །བཞི་པ་སྣོད་བསྟན་པ་ལ་གཉིས། དང་པོ་རང་བཞིན་དབང་རྣོན་ཅིག་ཆར་འཇུག་པ་ནི། དེ་ལྟར་ལྟ་བ་འཚོལ་བའི་ཚེ་མ་ཧཱའི་ཐེག་པ་ལ་སེམས་གཡོ་བ་དང་། སྨོན་པ། འཇུག་པའི་ངང་ཚུལ་ཅན་དེ་རང་བཞིན་དབང་རྣོན་དང་མ་ཧཱའི་དགོངས་དོན་གཉིས་ངོ་བོས་བདག་ཉིད་གཅིག་པའི་འབྲེལ་པ་ཡོད་པའི་ཕྱིར་ཐེག་པ་གཞན་མ་སྦྱངས་པར་གཞི་སེམས་ཅན་དེ་ཉིད་ཀྱི་ཐོག་ནས་འདིར་མ་ཧཱ་ཡོ་གའི་ཐེག་པར་འཇུག་ངེས་པའི་ལྟ་བའི་དོན་ཁོང་དུ་ཆུད་བས་འཇུག་ཏུ་རུང་བའོ། །གཉིས་པ་སྦྱངས་པའི་དབང་རྣོན་རིམ་གྱིས་འཇུག་པ་ལ་གསུམ། དང་པོ་རིམ་གྱིས་པའི་ཅིག་ཅར་བ་རྒྱུའི་ཐེག་པ་ལ་སྦྱངས་ནས་མ་ཧཱ་ལ་འཇུག་ཚུལ་ནི། ལ་ལ་སྟེ་སྦྱངས་པའི་ཅིག་ཆར་བ་ཐུན་མོང་མཚན་ཉིད་ཐེག་ཆེན་ཀྱི་ལམ་རྣམས་ལ་གནས་ནས་རྐྱེན་བཞི་དང་རྒྱུས་ཞེས་རྒྱུ་གཉིས་འཚོགས་པས་མ་ཧཱ་འདིར་ཞུགས་ཤིང་སློབ་པར་ངེས་པའོ། །རྒྱུ་རྐྱེན་དྲུག་ནི། ལམ་རིམ་ལས། སྙིང་པོར་རང་བཞིན་མཚུངས་པ་དང་། །བཤེས་གཉེན་མགོན་ལ་ལུང་གཉིས་ཐོབ། །ཡོན་ཏན་མཐོང་དང་སྐྱོན་མཐོང་དང་། །དེས་སྐྱོ་རྨོངས་བྲེད་དང་བཅས་པ། །གཉིས་པ་རྒྱུ་རུ་གསུངས་པ་ཡིན། །དེ་བདག་གསང་སོགས་དམིགས་པ་སྟེ། །སྐད་ཅིག་འཕེལ་བ་དེ་མ་ཐག །ཅེས་སོ། །གཉིས་པ་རིམ་གྱིས་པའི་རིམ་གྱི་པ་ཕལ་བའི་སེམས་བརྒྱད་ནས་བཟུང་ཡོ་ག་མན་ཆད་སྦྱངས་ནས་འདིར་མ་ཧཱ་ལ་འདུག་ཚུལ་ནི། སྦྱངས་པའི་གང་ཟག་ཁ་ཅིག་འཇིག་རྟེན་ཕལ་པའི་སེམས་བརྒྱད་ནས་བརྒྱུད་ཅིང་སྦྱང་བར་བཤད་དེ། བརྒྱད་གང་ཞེ་ན། རྣམ་སྣང་མངོན་བྱང་སོགས་ལས་གསུངས་པ་ལྟར། སོ་སྐྱེའི་རྒྱུད་ལ་ཆོས་ཀྱི་འདུ་ཤེས་ཙམ་སྐྱེ་བ་ནི་ས་བོན་ལྟ་བུ་དང་པོ། ཕ་མ་སོགས་ལ་སྦྱིན་པ་བྱས་པ་མྱུ་གུ་ལྟ་བུ་སྟེ་གཉིས་པ། གཞན་ལ་སྦྱིན་པ་སྡོང་པོ་ལྟ་བུ་སྟེ་གསུམ་པ། སྤྱིན་པ་དེས་སྣོད་དུ་རུང་བ་འཚོལ་ཞིང་སྦྱིན་པ་ལོ་མ་ལྟ་བུ་སྟེ་བཞི་པ། བླ་མ་སོགས་ལ་ཕུལ་བ་མེ་ཏོག་ལྟ་བུ་སྟེ་ལྔ་པ། གཞན་དགའ་མགུ་ལྡན་པར་སྦྱིན་པ་འབྲས་བུ་ལྟ་བུ་སྟེ་དྲུག་པ། མཐོ་རིས་སུ་སྐྱེ་བའི་ཕྱིར་ཚུལ་ཁྲིམས་བསྲུང་བ་འདི་གསོས་སུ་གྱུར་པ་ལྟ་བུ་བདུན་པ། འཇིག་རྟེན་པའི་ལྷ་དབང་ཕྱུག་དང་ཚངས་པ་སོགས་མཆོད་སྦྱིན་བྱས་པ་འདི་ནི་སྟོབས་སུ་གྱུར་པ་སྟེ་སེམས་བརྒྱད་ཡིན་པར་རྒྱལ་བ་རྣམས་ཀྱིས་བཤད་དོ། །དེ་ལ་དང་པོ་གཅིག་དད་པའི་སེམས། བར་གྱི་ལྔ་སྦྱིན་པའི་སེམས། ཐ་མ་གཉིས་ཚུལ་ཁྲིམས་ཀྱིས་རྟེན་ཡིན་པར་གསུངས། དེ་ནས་བརྒྱུད་དེ་བསྐལ་བ་སྤྲུལ་སྐུའི་ཞིང་ཁམས་གཅིག་གི་རྡུལ་སྙེད་དུ་བགྲང་བའི་གྲངས་དང་མཉམ་པར་སྦྱངས་ནས། ཐུན་མོང་རྒྱུའི་ཐེག་པ་དང་། མཆོག་གི་ཐེག་པ་ཡོ་ག་མན་ཆད་ཀྱི་ལམ་ལ་སྦྱངས་པས་དེའི་སྟོབས་ཀྱིས་མ་ཧཱའི་ཐེག་པ་འདིར་འཕྲད་ནས་འདུག་པའོ། །གསུམ་པ་ཐུན་མོང་ཐེག་པའི་ས་མཐར་ཕྱིན་པའི་འབྲས་བུ་ཀུན་ཏུ་འོད་ཀྱི་ས་ནས་མ་ཧཱའི་འབྲས་བུ་ལ་འཇུག་ཚུལ་ནི། སྦྱངས་པ་ཁ་ཅིག་ཐུན་མོང་རྒྱུའི་ཐེག་པའི་ལམ་ལྔ་ས་བཅུ་མཐར་ཕྱིན་པར་བྱས་ནས་འབྲས་བུ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པའི་ཚེ་མ་ཧཱ་ལ་འཇུག་པ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པའི་སྐུ་ལྔ་གསུང་མ་ལྔ་ཐུགས་ལྔ་སྟེ་བཅོ་ལྔས་ལྷུན་གྲུབ་ཀྱི་འཁོར་ལ་བྱིན་བརླབས་དབང་བསྐུར་བ་དང་། འཁོར་བཅུ་གཉིས་པ་པདྨ་ཅན་གྱི་ས་ལ་འགོད་པར་འདོད་པ་རྣམས་དང་འཚམས་པར་མོས་པའི་སྣང་བ་ལ་དགོངས་པས། ཡབ་ཀྱི་དགའ་བ་བཅུ་དྲུག་ཡུམ་གྱི་བཅུ་དྲུག་དང་། ཡབ་ཀྱི་དགའ་བ་བཅུ་དྲུག་རེ་རེ་ལའང་ཡེ་ཤེས་ལྔ་ལྔའི་རྩལ་དང་ལྡན་པས་སྣང་བ་བརྡའ་སྤྲོད་པ་མཐར་ཕྱིན་ནས། བཅུ་གསུམ་པ་ཡི་གེ་འཁོར་ལོའི་ས་མཆོག་ཐོབ་པ་ལ་འགྱུར་བར་ངེས་པའོ། །ལྔ་པ་གང་གིས་འཚོལ་བར་བྱེད་པའི་ཐབས་གཏན་ཚིགས་ཀྱིས་རྒྱས་པར་བཤད་པ་ལ་གཉིས། དང་པོ་ཀུན་ཏུ་འོད་ཀྱི་ས་ནས་མ་ཧཱའི་འབྲས་བུ་ལ་འཇུག་པའི་ཚེ་སྔོན་བྱུང་དངོས་ལྔའི་གཏན་ཚིགས་ནི། འཇུག་ཚུལ་བཞི་ཡོད་པའི་ཚིག་གི་མཐའ་མའི་འབྲས་བུ་ཀུན་འོད་ནས། བཅུ་གཉིས་པདྨ་ཅན་གྱི་ས་ལ་འཇུག་པའི་ཚེ་ན་སྟོན་པ་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གིས་འཁོར་ཐེག་འོག་རྒྱལ་བ་རྒྱ་མཚོ་ལ། བསྟན་པ་གསུང་ལྔ་ལྷུན་གྱིས་གྲུབ་པ་ཡིས་དོན་དངོས་སུ་སྟོན་པ་ནི། སྔོན་བྱུང་དངོས་ལྔའི་ལམ་ཞེས་བྱ། གཉིས་པ་རྗེས་འཇུག་གཏན་ཚིགས་ལ་གཉིས། བསྐལ་པ་གྲངས་མེད་གསུམ་དུ་སྦྱངས་པའི་ལས་ཅན་སྔོན་བྱུང་དངོས་དང་ཚུལ་མཐུན་གཏན་ཚིགས་དང་། ཚིག་གི་ཚུལ་དུ་གཏན་ཚིགས་སོ། །དང་པོ་ལ་གསུམ། དང་པོ་ལྟ་བ་འཚོལ་བའི་མོས་པ་ཐ་དད་ཀྱི་དབང་གིས་ཚུལ་མཐུན་དུ་རྟོགས་ལུགས་མི་འདྲ་བར་བསྟན་པ་ནི། དངོས་ལྔ་དེའི་རྗེས་སུ་འཇུག་པ་ད་ལྟའི་གང་ཟག་གིས་རྒྱུ་ཤེས་པའི་ལྟ་བ་འཚོལ་བའི་ཚེ། ཚུལ་བདུན་གྱིས་བློའི་མོས་པ་ཐ་དད་ཀྱི་དབང་གིས་ཕྱེ་བས་ན། བདེ་བར་གཤེགས་པ་སྐུ་ལྔའི་གསུང་ལྔ་ཡིས་འཁོར་ལྔ་ལ་བརྡ་སྤྲོད་པ་དེ་ཉིད་ཀྱི་ཕྱོགས་རེའི་ཚུལ་མཐུན་གྱིས་སོ་སོས་རང་རང་གི་བློ་དང་འཚམས་པར་གཏན་ལ་དབབ་པའོ། །གཉིས་པ་འཇུག་པའི་རྟེན་གྱི་གང་ཟག་ངོས་བཟུང་བ་ནི། གཏན་ལ་དབབ་པའི་གང་ཟག་དངོས་ནི་བསྐལ་པ་ཆེན་པོ་གསུམ་ནའམ་གྲངས་མེད་གསུམ་ནས་ཐེག་པ་འོག་མ་ལ་སྦྱངས་པ་དེ་ཡིས། མཐར་ཟབ་མོ་གསང་སྔགས་ཀྱི་ཚིག་ཐོས་པ་ལ་མི་སྐྲག །མི་བསྔང་བར་དོན་གོ་ནས་བཟོད་པ་ཐོབ་པ་དེས་རྟོགས་སོ། །གསུམ་པ་ཚུལ་གྱི་གཏན་ཚིགས་དངོས་དེ་ལ་བདུན་ཏེ། ཆོས་སྐུའི་གསུང་དང་ཚུལ་མཐུན་པ་བརྗོད་མེད་ཚུལ་གྱིས་གཏན་ལ་དབབ་པ་ནི། ཆོས་སྐུ་དངོས་ཀྱི་འཁོར་དངོས་ལ་དེའི་གསུང་གི་སྒོ་ནས་བརྡའ་སྤྲད་པའི་ཚུལ་བཞིན་དུ་འདིར་ཡང་ཆོས་རྣམས་རང་བཞིན་བརྗོད་པ་མེད་པའི་ཚུལ་གྱིས་དོན་གྱི་གནས་ལུགས་དེས་གཏན་ལ་དབབ་ནས་རྟོགས་སོ། །ལོངས་སྐུའི་གསུང་ཚུལ་མཐོང་ཐོས་བརྡའ་ཡི་སྒོ་ནས་གཏན་ལ་དབབ་པ་ནི། ལོངས་སྤྱོད་རྫོགས་པའི་སྐུའི་གསུང་གིས་འཁོར་ལ་བརྡའ་སྤྲད་པ་ལྟ་བུར། བླ་མ་དགོངས་པ་མཉམ་པར་བཞག་པ་དང་ཕྱག་གི་བརྡའ་ཡི་དང་དབྱིབས་ཁ་དོག་སོགས་ཀྱི་སྒོ་ནས་གཏན་ལ་དབབ་པའོ། །སྤྲུལ་སྐུའི་གསུང་ཚུལ་ཚིག་གི་སྒོ་ནས་གཏན་ལ་དབབ་པ་ནི། སྤྲུལ་པ་སྐུའི་བརྗོད་པ་ཚིག་གིས་འཁོར་ལ་བརྡའ་སྤྲོད་པའི་གསུང་ལྟ་བུར་ནི། བླ་མས་བརྗོད་པའི་ཚིག་གི་སྒོ་ནས་རྨལ་བར་བྱ་བས་རྟོགས་པའོ། །མངོན་བྱང་གསུང་ཚུལ་རིག་པའི་བྱིན་རླབས་ཀྱིས་གཏན་ལ་དབབ་པ་ནི། མངོན་པར་བྱང་ཆུབ་པའི་སྐུས་འཁོར་ལ་རིག་པ་བྱིན་རླབས་ཀྱི་གསུང་གིས་དེ་བཞིན་བརྡའ་སྤྲད་པ་ལྟ་བུ། འདིར་རང་རིག་པའི་བྱིན་རླབས་ཀྱིས་ཡེ་ཤེས་ལྔར་ཤར་ནས་གཏན་ལ་དབབ་པའོ། །རྡོ་རྗེའི་སྐུའི་གསུང་ཚུལ་གྱིས་གྲགས་སྟོང་དབྱེར་མེད་ཀྱིས་གཏན་ལ་དབབ་པ་ནི། རྡོ་རྗེའི་སྐུ་ཡི་འཁོར་ལ་དབྱེར་མེད་ཀྱི་གསུང་གིས་བརྡ་སྤྲོད་པ་ལྟ་བུར། སྒྲ་གྲག་སྟོང་གཉིས་སུ་མེད་པ་མཐའ་དང་བྲལ་བའི་དོན་གྱི་རང་བཞིན་དབྱེར་མེད་ཀྱིས་གཏན་ལ་དབབ་ཅིང་རྟོགས་པའོ། །ངོ་བོ་ཉིད་ཀྱི་གསུང་དང་ཚུལ་མཐུན་པར་སྣང་སྲིད་མཐོང་ཐོས་མཉམ་པ་ཉིད་དུ་གཏན་ལ་དབབ་པ་ནི། གང་ཟག་ལ་ལ་འགའ་ཞིག་གིས་ངོ་བོ་ཉིད་སྐུས་འཁོར་ལ་མཉམ་པ་ཉིད་ཀྱི་གསུང་གིས་བརྡའ་སྤྲད་པ་ལྟར། འདི་ལྟར་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་མཐོང་བ་དང་། ཐོས་པ་ཉིད་ཀྱིས་མ་བརྟགས་པར་སྣང་སྟོང་མཉམ་པ་ཉིད་དུ་གཏན་ལ་འབེབས་ཤིང་རྟོགས་སོ། །གསང་བ་སྐུའི་གསུང་དང་ཚུལ་མཐུན་པར་ཐབས་ལམ་གྱི་སྤྱོད་པས་གཏན་ལ་དབབ་པ་ནི། སྟོན་པ་གསང་བ་སྐུ་ཡི་འཁོར་མཐར་ལམ་པ་ལ། བསྟན་པར་དཀའ་བ་ཡེ་ཤེས་ལྔ་ལྔའི་རྩལ་དང་ལྡན་པས་བརྡའ་སྤྲད་པའི་གསུང་ལྟ་བུར། འདིར་ཕྱག་རྒྱ་ཡུམ་ལ་སྤྱོད་པ་ཡི་ཐབས་ཀྱིས་བདེ་སྟོང་གཉིས་མེད་གཏན་ལ་ཕེབ་ཅིང་རྟོགས་པར་འགྱུར་རོ། །གཉིས་པ་ཚིག་གི་གཏན་ཚིགས་ལ་གཉིས། ཚིག་གིས་གཏན་ལ་དབབ་པར་བྱ་བ་དང་འབེབས་པར་བྱེད་པ་དང་། གོ་བར་བྱེད་པའི་ཚུལ་ལོ། །དང་པོ་ལ་གཉིས། དང་པོ་ཚིག་རང་ངོས་བཟུང་བ་ན། གོང་བསྟན་ཚུལ་མཐུན་གྱི་རྟོགས་མ་ནུས་པ་གང་ཟག་ལ་ལ་ཁ་ཅིག་ལ་སྔོན་བྱུང་སྐུ་བཞིས་གསུང་བཞིས་བསྟན་པ་འཁོར་བཞི་ལ་བརྡའ་སྤྲད་པ་བཞིན་དུ་འདིར་ཚིག་གིས་གཏན་ལ་ཕབ་དགོས་ཏེ། ཆོས་སྐུའི་འཁོར་བློ་གྲོས་ཅན་ལ་ཆོས་ཉིད་ཇི་བཞིན་པ་དོན་དམ་ངེས་པའི་གཏན་ཚིགས་སུ་ངོ་སྤྲོད་པ་དང་། སྟོན་པ་གསང་བའི་སྐུས་འཁོར་ཆགས་ཞེན་ཅན་གྱི་གདུལ་བྱ་ལ་འདོད་པ་རང་རྐྱེན་གྱི་བློ་དང་འཚམས་པའི་གཏན་ཚིགས་ཀྱིས་ངོ་སྤྲོད་པ་དང་། སྟོན་པ་ལོངས་སྐུས་འཁོར་དབང་རྣོན་ལ། ལྡེམ་པོར་དགོངས་པས་སྦྱོར་བའི་གཏན་ཚིགས་ཀྱི་སྒོ་ནས་ངོ་སྤྲོད་པ་དང་། སྟོན་པ་སྤྲུལ་སྐུས་འཁོར་ལོག་སྲེད་ཅན་གྱི་གདུལ་བྱ་ལ། ཐེག་པ་འོག་མ་ལ་བཀྲི་ཞིང་གོང་མ་ལ་དྲང་ཞིང་བརྒྱུད་པའི་གཏན་ཚིགས་ཀྱིས་ངོ་སྤྲོད་པ་བཞི་པོ་རྣམས། དེ་གཏན་ཚིགས་སུ་འགྱུར་ཚུལ་ཚིག་གི་སྒོ་ནས་གདུལ་བྱ་སོ་སོའི་བློ་ལ་ངེས་པར་གཏན་ལ་ཕབ་པར་བྱེད་ཅིང་གཏན་ཚིགས་ཀྱིས་བརྟག་པའི་ཡུལ་གཞལ་བྱ་ཡོངས་སུ་གཞིག་ཅིང་གཏན་ལ་དབབ་པར་བྱེད་པའི་ཕྱིར། དངོས་ལྔའི་དགོངས་དོན་ཚིག་ཏུ་སྤྲད་པ་དེ་དག་གྲུབ་མཐའ་འགྲུབ་པར་བྱེད་པའི་བྱེད་ལས་ཀྱིས་གཏན་ཚིགས་སུ་འགྱུར་རོ། །གཉིས་པ་གཏན་ཚིགས་སུ་མ་གྱུར་པའི་ཆོས་གཞན་མེད་པར་བསྟན་པ་ནི། གོང་དུ་བཤད་པ་དེ་བས་ན་ཐམས་ཅད་གཏན་ཚིགས་སུ་བསྒྲུབ་པའི་དབང་བཙན་པར་བྱས་ན་གཏན་ཚིགས་སུ་མ་གྱུར་པའི་ཆོས་གང་ཡང་མེད་དོ། །གཉིས་པ་གོ་བར་བྱེད་པའི་ཚུལ་ལ་གཉིས། དང་པོ་མདོར་བསྟན་པ་ནི། དེ་ལས་རེ་ཞིག་ཚིག་གི་གཏན་ཚིགས་ཀྱི་དབང་དུ་བྱས་ན། དངོས་ལྔ་པོ་ཡི་དགོངས་དོན་ཚིག་ཏུ་ངོ་སྤྲད་ནས་གཏན་ལ་ཕེབས་པ་དཔྱད་དུ་མེད་པའི་གོ་བ་དང་། གཏན་ལ་མི་ཕེབས་ན་དཔྱད་དུ་ཡོད་པའི་གོ་བ་གཉིས་སོ། །གཉིས་པ་རྒྱས་བཤད་ལ་གཉིས། དང་པོ་ཚིག་གིས་གཏན་ལ་དབབ་མི་དགོས་པར་དཔྱད་དུ་མེད་པའི་གོ་བ་ནི། སླར་དབབ་ཏུ་མེད་པའི་གོ་བ་སྟོན་པ་ལའང་ཚིག་གི་གཏན་ཚིགས་དེ་ཉིད་བརྗོད་པ་ཡིས་གྲུབ་མཐའི་དོན་དེ་ཉིད་མཐོང་ཞིང་རྙེད་པར་བྱེད་པའི་ཕྱིར་དབབ་ཏུ་མེད་པ་རང་གིས་གོ་བའི་དགོས་པ་ཡོད་པ་ཡིན་ལ། ཚིག་དོན་སོ་སོར་རྟོག་པ་ཤེས་བྱའི་ཡུལ་དུ་འགྱུར་བ་དེ་བས་ན། ལྟ་བ་འཚོལ་བའི་ཚེ་ཚིག་གི་གཏན་ཚིགས་ཀྱིས་གྲུབ་མཐའ་རྟོགས་དགོས་པའི་ཕྱིར་དཔྱད་དུ་མེད་པའི་གཏན་ཚིགས་དེ་ལྟར་དུ་ངེས་སོ། །གཉིས་པ་དཔྱད་དུ་ཡོད་པའི་གོ་བ་ལ་གསུམ། དང་པོ་མདོར་བསྟན་པ་ནི། དེ་ལ་གཅིག་ཤོས་ཏེ་དཔྱད་དུ་ཡོད་པའི་གཏན་ཚིགས་ལ། ཐུན་མོང་དང་མཆོག་གི་གཏན་ཚིགས་གཉིས་སོ། །གཉིས་པ་རྒྱས་བཤད་ལ་གཉིས། དང་པོ་དབུ་མ་རིགས་སྒྲུབ་ལ་སོགས་པ་ཐུན་མོང་གི་གཏན་ཚིགས་ནི། ཐུན་མོང་གི་ཐེག་པ་དབུ་མའི་གཞུང་ལས་གྲགས་པའི་གཏན་ཚིགས་ལ། གཅིག་དུ་བྲལ། རྡོ་རྗེ་གཟེགས་མ། ཡོད་མེད་སྐྱེ་འགོག །མུ་བཞི་སྐྱེ་འགོག་དང་རྣམ་པ་བཞི་དང་སོགས་ཀྱི་སྒྲས་རྟེན་འབྲེལ་གྱི་དབུ་མ་དང་ལྔའོ། །གཉིས་པ་ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་གཏན་ཚིགས་ལ་གཉིས་ཏེ། དང་པོ་མདོར་བསྟན་ནི། ཐེག་འོག་དང་ཐུན་མོང་མིན་པ་གསང་སྔགས་ཀྱི་གཏན་ཚིགས་ལ་རྣམ་པ་གཉིས་ཏེ། གཏན་ཚིགས་ཀྱིས་ཚིག་དང་བསྒྲུབ་བྱའི་དོན་མཐུན་པར་གཏན་ལ་འབེབས་པ་ཡི་ཚེ་ན་དང་། གཏན་ཚིགས་ཀྱིས་གཏན་ལ་དབབ་ཚེ་བསྒྲུབ་བྱའི་དོན་དང་ཚིག་མི་མཐུན་པས་གྲུབ་མཐའ་གཏན་ལ་འབེབས་པར་བྱེད་པའོ། །གཉིས་པ་རྒྱས་བཤད་ལ་གཉིས། དང་པོ་ཚིག་དོན་མཐུན་པའི་གཏན་ཚིགས་ནི། དེ་ལ་དང་པོ་ཐ་སྙད་ཀྱི་ཆོས་ཀུན་གཏན་ལ་འབེབས་པ་ནི། ཆོས་ཉིད་དེ་བཞིན་ཉིད་གཏན་ལ་འབེབས་པ་དང་། འབྱུང་ལྔ་ཡུམ་ལྔ། ཕུང་ལྔ་རིགས་ལྔ། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པ་གསུམ་དང་། ཡང་ལོག་གཉིས་སམ་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པ་གཉིས་ཐུན་མོང་གི་མཉམ་གཉིས་སམ། ཡང་ན་ཀུན་རྫོབ་སྒྱུ་མའི་དཔེ་བརྒྱད་དང་། དོན་དམ་སྤྲོས་པའི་མཐའ་བརྒྱད་དེ་སྔར་སྒྱུ་འཕྲུལ་མཁན་པོ་དག་གིས་བཞེད། ཀུན་རྫོབ་སྐུ་དང་ཡེ་ཤེས་དང་། དོན་དམ་དཀོར་བདུན་ཏེ་ལྷག་པའི་མཉམ་གཉིས། རྒྱུ་གཅིག་པ་དང་། ཡིག་འབྲུ། བྱིན་རླབས། མངོན་སུམ་རྟོགས་པ་བཞི། རང་བཞིན་བདེན་པ་དབྱེར་མེད་བདག་ཉིད་ཆེན་པོ་གཉིས་མེད་ཀྱི་གཏན་ཚིགས་དང་ལ་སོགས་ཀྱི་སྒྲས་ཉོན་མོངས་རང་སྤྱིའི་གཏན་ཚིགས་དང་། རྣམ་པར་དབྱེ་བའི་དང་། མཐའ་བྲལ་གྱི་དང་། མཚོན་པ་དཔེའི་དང་། ཚིག་དོན་མི་མཐུན་པའི་གཏན་ཚིགས་ལ་སོགས་པའོ། །གཉིས་པ་དེ་ལ་གཉིས་ཏེ། དང་པོ་ཚིག་དོན་མི་མཐུན་པའི་གཏན་ཚིགས་དངོས་ནི། གཉིས་པ་ཚིག་དོན་མི་མཐུན་པ་ལ་གཏན་ཚིགས། འཁོར་འདས་ཀྱི་ཆོས་ཀུན་རང་རིག་པ་ལ་ཕྱོགས་གཅིག་ཅི་ཡང་མ་ཡིན་པས་མ་གྲུབ་པ་ལ། ཕྱོགས་མེད་དུ་ཅི་ཡང་ཡིན་པ་དང་ཐམས་ཅད་ལྷུན་གྱིས་གྲུབ་པ་ལྟར་སྣང་ཡང་རྟག་དངོས་གཞི་གྲུབ་ལྟ་བུ་གང་ཡང་མ་གྲུབ་པའི་ཕྱིར། དེ་ལ་སོགས་པ་མ་སྤངས་མི་ལྡན་གྱི་སྒོ་ནས་བསྒྲུབ་བྱའི་དོན་སྒྲུབ་འདོད་པ་ལ་རྒྱ་མཚོའི་ནང་གི་གཟུགས་བརྙན་ལྟར་ཅི་ཡང་མིན་པའི་ཕྱིར། ཕྱོགས་མེད་དུ་ཆོས་ཐམས་ཅད་ཀུན་གྱི་ངོ་བོ་ཡིན་པའི་ཕྱིར་ན་ཡེ་ཤེས་ཀྱི་སྣང་བས་ཡིན་ཕྱིར་དང་དབྱིངས་ལ་འཁོར་འདས་ཞེས་མ་གྲུབ་པས་མིན་ཕྱིར་མ་གྲུབ་ཅེས། དེ་ཕྱིར་བརྗོད་པའི་གཏན་ཚིགས་ལ་སྣང་བའི་ཆོས་ཀུན་རིག་པའི་མདངས་ལས་ཤར་བས་མ་སྤངས་ལ། ཕྱོགས་གཅིག་ཏུ་ཞེན་པའམ་རང་རྒྱུད་པར་མེད་པའི་ཆ་ནས་མི་ལྡན་པ་སོགས་ཀྱིས་གཏན་ལ་ཕབ་པས་སོ། །གཉིས་པ་ཚིག་དོན་མི་མཐུན་པ་དེ་གཏན་ཚིགས་སུ་གྱུར་ཚུལ་ནི། དེ་ལྟར་ཡིན་མ་ཡིན་གྲུབ་མ་གྲུབ་སོགས་ཚིག་དོན་མི་འདྲ་བ་ལ་ལྟོས་ནས་གཏན་ཚིགས་ཀྱིས་གཏན་ལ་ཕབ་པ་དེས་རྒྱུ་བྱས་ནས་ངོ་བོའི་གྲུབ་མཐའ་གྲུབ་པའི་ཕྱིར་ན། ཚིག་དོན་མི་མཐུན་པ་དེ་དག་གྲུབ་མཐའ་གྲུབ་པའི་གཏན་ཚིགས་སུ་འགྱུར་བར་ངེས་པ་དེ་ལས་གསང་སྔགས་བླ་མེད་ཀྱི་སྐབས་འདིར་གཏན་ཚིགས་དེ་དག་ལ་བརྟེན་ནས་རྟོགས་དགོས་སོ། །གཉིས་པ་གཏན་ཚིགས་ཀྱིས་གཏན་ལ་འབེབས་ཚུལ་ནི། ཐུན་མོང་གི་གཏན་ཚིགས་དེ་ཡི་གཞལ་བྱ་དེའི་ཡུལ་དང་ཤེས་པར་སྣང་བ་དང་། མྱ་ངན་ལས་འདས་པ་དང་འཁོར་བ་ཐ་དད་དུ་སྣང་བ་ཡི་ཞེན་པ་གཞིག་པར་བྱ་བ་ལ། ཐབས་ཤེས་ཀྱི་སྒོ་ནས་གཏན་ལ་དབབ་དགོས་ཏེ། དེའང་རང་རིག་པ་ལ་ཐབས་འགག་མེད་ཀྱི་རྩལ་ཤར་རྒྱུ་མེད་ན་ཡུལ་ཤེས་སམ་འཁོར་འདས་ཀྱི་ཆོས་རྣམས་མི་འབྱུང་བས་ན། ཐབས་འགག་མེད་ཀྱི་ཚུལ་འཆར་བའི་ངོ་བོ་ཉིད་དང་། ཇི་ལྟར་འཆར་ན་དེ་ཉིད་རང་རྒྱུད་ཅན་དུ་མ་གྲུབ་པས་འཁོར་འདས་ཀྱི་ཞེན་པ་དེ་དག་ལྡོག་པ་དང་། དེ་ཡང་སྣང་བ་ཐམས་ཅད་རང་སྣང་གི་ཐབས་ཆེན་པོ་ཡིན་པ་དང་། དེ་ལྟར་སྣང་བཞིན་རང་རྒྱུད་དུ་མ་གྲུབ་པ་ནི་ཤེས་རབ་རང་བཞིན་མེད་པ་ཉིད་ཀྱི་ལྟ་བ་ཟུང་འཇུག་མཉམ་པ་ཆེན་པོ་གཏན་ལ་ཕེབས་པའོ། །གཉིས་པ་འཚོལ་བའི་ཚེ་ལྟ་བ་ལ་འཕེལ་རིམ་ཡོད་པར་བསྟན་པ་ནི། མདོར་བསྟན་གྱི་བར་མ་ལྟ་བའི་འཕེལ་རིམ་བསྟན་པ་ལ། བདེན་པ་དབྱེར་མེད་ཀྱི་སེམས་ཉིད་རྟོགས་པར་བྱེད་པ་རྣམ་པར་ཉམས་སུ་ལེན་པ་ལ། གཡོ། སྨིན། འཇུག །གནས། མཐར་ཕྱིན་པའི་སེམས་ལྔ་འཕེལ་བ་དང་། རྒྱུ་གཅིག་ཡིག་འབྲུ་བྱིན་རླབས་མངོན་སུམ་བཞི་དང་། སྟོང་པ་ཉིད། མཚན་མ་མེད་པ། སྨོན་པ་མེད་པ། འོད་གསལ་བ་བཞི་སྟེ་བཞི་ཚན་གཉིས་ཀྱིས་འཕེལ་བ་དང་སོགས་ཀྱི་སྒྲས་བསྙེན་སྒྲུབ་བཞི་དང་། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔས་འཕེལ་བ་དེ་རྣམས་ཀྱི་སྒོ་ནས་སྔ་མས་ཕྱི་མར་འཕེལ་བའོ། །དེ་ཀུན་གཅིག་སྤྲོས་ཚོགས་ལམ་བཞིའི་གྲངས་ཀྱི་རིམ་པར་སྔ་ཕྱིར་འཕེལ་བའང་ཡིན་པ་འདིར་ཤེས་དགོས་ཏེ་ལམ་སྔ་མའི་སྐབས་པས་ཕྱི་མའི་སྐབས་ཉིད་དུ་རིག་པ་ལ་རང་དབང་ཐོབ་ཅིང་འཕེལ་བ་ལ་ཐེ་ཚོམ་མེད་དོ། །གསུམ་པ་མཐར་ཕྱིན་ནས་ངེས་པར་བྱ་བ་ལྟ་བ་རང་གི་ངོ་བོ་ལ་བཞི་སྟེ། ཚོགས་ལམ་བཞི་འཕེལ་པ་མཐར་ཕྱིར་པའི་རྟོགས་པ་བཞིའི་ཐ་མ་མངོན་སུམ་གྱི་རྟོགས་པས་གདེང་དུ་གྱུར་པའི་གྲུབ་མཐའ་རང་བརྟེན་པ་དང་། རྟོགས་པའི་ཡོན་ཏན་དང་། ལམ་དང་རྒྱུད་དོན་ལྟ་བའི་སྐབས་ལས་ཤེས་ཤིང་ངོ་བོ་ལ་རྫོགས་དགོས་པ་དང་། མ་རྟོགས་པའི་སྐྱོན་ནོ། །དང་པོ་གྲུབ་མཐའ་རང་གི་ངོ་བོ་བསྟན་པ་ལ་དགུ་སྟེ། དང་པོ་དབྱིངས་རིག་གཉིས་གཉིས་མེད་གཟུང་འཛིན་དང་བྲལ་བའི་རིག་པ་དམིགས་མེད་དུ་སྣང་ཚུལ་ནི། འཕེལ་བའི་རིམ་པ་དེ་དག་གི་མཐར་རྣམ་མཐར་བཞིའམ་མཐས་ཞེས་རྟོགས་པ་མཐར་ཕྱིན་ནས་ལྟ་བའི་གདེང་དང་ལྡན་པས་རྟོགས་བྱ་མཉམ་པ་ཉིད་དབྱིངས་དང་རྟོགས་བྱེད་རིག་པ་ཡེ་ཤེས་གཉིས་སུ་མེད་པར། གསར་དུ་མ་ཡིན་ཏེ་ཡེ་ནས་དེ་བཞིན་ཉིད་དུ་དབྱིངས་ཡེ་དབྱེར་མེད་རྡོ་རྗེས་རིག་སྟེ། དེ་ལྟར་གཟུང་འཛིན་གཉིས་དང་བྲལ་བའི་རང་རིག་པ་དེ་ཉིད་ལ་དམིགས་བྱ་དམིགས་བྱེད་མེད་པའི་ཚུལ་དུ་རང་སྣང་དབྱིངས་ཡེ་དབྱེར་མེད་དུ་སྣང་བའོ། །གཉིས་པ་གཞི་དོན་བྱང་ཆུབ་སེམས་ལ་དད་ནས་དམིགས་བྱེད་མེད་ཚུལ་ནི། གཞི་དོན་བྱང་ཆུབ་སེམས་བདེན་གསུམ་དབྱེར་མེད་པ་དེ་རྣམ་པ་འདི་ལྟར་དུ་སྣང་བའི་ཆོས་ཐམས་ཅད་ལ་ཁྱབ་ཅིང་སྣང་བ་ནི། སྣང་སྟོང་ཕྱོགས་རེར་ཤིན་ཏུ་བློས་བརྟག་དཀའ་སྟེ་ཅིའི་ཕྱིར་ཞེ་ན་རྒྱ་མཚོའི་གཏིང་ལྟར་ཟབ་པས་ན་དངོས་པོའི་ཆོས་སུ་མ་དམིགས་དངོས་མེད་ཀྱི་ཆོས་སུ་མི་དམིགས་ཐ་དད་ཀྱི་ཆོས་སུ་དམིགས་སུ་མེད་པའོ། །གསུམ་པ་སེམས་དང་བྱང་ཆུབ་དབྱེར་མེད་དེ་དམིགས་བཅས་འཁོར་བའི་ཆོས་དང་ལྡན་ཚུལ་ནི། དམིགས་སུ་མེད་པའི་སེམས་ཉིད་དབྱེར་མེད་དེ་ནི་ཇི་ལྟ་བུ་ཡིན་ཞེ་ན། དོན་དམ་ཀུན་རྫོབ་ཀྱི་བྱང་ཆུབ་དེ་ནི་སེམས་དང་དབྱེར་མེད་ཡིན་ནོ། །དེས་ན་སེམས་དང་བྱང་ཆུབ་ལ་ཐ་དད་མེད་ཅིང་དབྱེར་མེད་པ་ཡིན་པས་ན། ཁམས་གསུམ་གྱི་སེམས་ཅན་མ་ལུས་ཐམས་ཅད་དང་། འདས་མ་འོངས་ད་ལྟ་དུས་གསུམ་གྱི་ཆོས་རྣམས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་དབྱེར་མེད་ཡིན་ནོ། །བཞི་པ་ཤེས་བྱའི་ཆོས་ཐམས་ཅད་སེམས་དང་བྱང་ཆུབ་ལ་འདུས་པས་ཡེ་ནས་ལྷུན་གྲུབ་དག་མཉམ་དུ་ཡོད་ཚུལ་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མ་ལུས་མི་ལུས་ལུས་པ་མེད་པའི་ཆོས་སོ་ཅོག་རྣམས་ནི་སེམས་དང་བྱང་ཆུབ་དབྱེར་མེད་ཉིད་དུ་འུབ་ཆུབ་ཅིང་། དེ་ལ་ཐམས་ཅད་ཤོང་བས་ཡངས་ཤིང་ཀུན་ལ་ཁྱབ་པས་རྒྱ་ཆེ་འཁོར་འདས་གཉིས་མེད་ལྷུན་གྲུབ་ཉིད་དུ་ནི་གནས་སོ། །གཏན་ཚིགས་དེ་བས་ན་ཕྱི་ནང་སྣོད་བཅུད་ཐམས་ཅད་ཡེ་གདོད་མ་ནས་སྐུ་དང་ཡེ་ཤེས་སུ་རྣམ་པར་དག་པའོ། །དེ་ལྟར་ལྟ་བ་དག་པར་རྟོགས་པ་ཉིད་ཀྱང་དབྱིངས་མཉམ་པ་ཉིད་ཡིན་པར་རྟོགས་པ་འདི་ནི་དབྱེར་མེད་འདུས་མ་བྱས་ཤིང་། རྡོ་རྗེ་མཉམ་པ་ཉིད་ཀྱི་དབྱིངས་ཡིན་ནོ། །ལྔ་པ་བྱང་ཆུབ་སེམས་ནི་འགྲོ་འོང་མེད་པར་རང་གི་རིག་པར་འདུས་པས་སངས་རྒྱས་དང་སེམས་ཅན་ཀུན་སེམས་ལ་མཉམ་པའི་འཁོར་འདས་མཉམ་ཚུལ་ནི། དེ་ལྟར་བྱང་ཆུབ་སེམས་ཞེས་སུ་བརྗོད་པ་འདི་ནི་དང་པོ་གང་ནས་མ་འོངས་པ་མཐར་གར་ཡང་མི་འགྲོ་ཡུལ་ཡུལ་ཅན་གྱི་རྟོག་པ་མེད་པར་ད་ལྟར་གྱི་རང་གི་རིག་པ་རང་སྣང་གསལ་ལ་གོ་མ་འགགས་པ་ཁོ་ན་ཙམ་དེ་ལ་དུས་གསུམ་གྱི་སངས་རྒྱས་དང་ཁམས་གསུམ་གྱི་སེམས་ཅན་རྣམས་ནི་རང་གི་སེམས་ལ་གནས་པས་འཁོར་འདས་མཉམ་པ་ཉིད་དོ། །དྲུག་པ་མཉམ་པའི་དོན་ནི་དོན་དམ་རང་བཞིན་མེད་པ་དང་ཀུན་རྫོབ་སྒྱུ་མ་ལྟ་བུར་ཤེས་པ་རང་རིག་ཉིད་དུ་འདུས་པས་བྱེད་པ་པོ་མེད་པར་རང་གསལ་ཡིན་ཚུལ་ནི། གོང་གི་མཉམ་པའི་དོན་ཉིད་ཇི་ལྟ་བུ་རྟོགས་ཤེ་ན། མཉམ་པ་ཉིད་ཀྱི་རང་བཞིན་ཕྱོགས་གཅིག་ཏུ་གང་ཡང་གྲུབ་པ་མེད་པས་མིན་ཞེས་མཉམ་པ་དང་དེ་ལ་རྟོག་པ་ཡི་འཛིན་པ་གཉིས་ཀ་གང་ཡང་མེད་ལ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱི་རྒྱུར་གནས་ཤིང་ལྷུན་གྱིས་གྲུབ་པ་དང་ཀུན་རྫོབ་རང་རྒྱུད་ཅན་དུ་མ་གྲུབ་པས་སྒྱུ་མ་དང་སྣང་ལ་རང་བཞིན་མེད་པ་མིག་ཡོར་གྱི་ཚུལ་དུ་ཤེས་པས། བདེན་པ་གཉིས་ཀ་དབྱེར་མེད་རང་རིག་པ་ཉིད་དུ་འདུས་པ་དེ་བས་ན། སྣང་སྲིད་ཀྱི་ཆོས་རྣམས་མ་ལུས་པ་ཐམས་ཅད་ཀུན་རང་བཞིན་ཡེ་གདོད་མ་ཉིད་ནས་དབྱེར་མེད་དུ་རྣམ་པར་དག་པ་ཡིན་པའི་ཕྱིར་བྱེད་པ་པོ་སུས་ཀྱང་མ་བྱས་པར་སྒྲིབ་བྱེད་མེད་པར་ངང་གིས་འོད་གསལ་བའོ། །བདུན་པ་དེ་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་པས་སྐྱེས་བུ་བློ་རྩལ་རབ་ཀྱིས་རྟོགས་ཚུལ་ནི། དེ་ལྟ་བུ་སུའི་སྤྱོད་ཡུལ་ཡིན་ཞེ་ན། བློ་ཕྱོགས་ཞེན་གྱི་མཐའ་ལ་མ་ཆགས་ཏེ་དཔེར་ན་པདྨ་འདམ་གྱིས་མ་གོས་པ་དང་འདྲ་བ་ཡི། རང་བྱུང་གི་ཡེ་ཤེས་རྟོགས་པའི་སྤྱན་ལྡན་གྱི་སྤྱོད་ཡུལ་ཡིན་ལ། དེ་ཉིད་ཐེག་དམན་གདུལ་བྱ་ཀུན་དང་ཐུན་མོང་དུ་གྱུར་པ་དེ་མ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཁོ་ན་ཡིན་ནོ། །དེའི་སྒྲས་སུས་ཀྱང་མི་རྟོགས་སམ་ཞེ་ན། དེ་ནི་སྐྱེས་བུ་བློ་རྩལ་དང་ལྡན་པ་རབ་ཀྱིས་རྟོགས་པའོ། །བརྒྱད་པ་བལྟ་བྱ་ལྟ་བྱེད་མེད་པར་མཐོང་ཚུལ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷག་མ་མ་ལུས་པ་སེམས་ཉིད་དུ་གཅིག་པའི་ངང་ལ་བལྟ་བའི་ཡུལ་དང་ལྟ་བར་བྱེད་པའི་མཁན་པོ་གཉིས་སུ་བྱར་མེད་པར་སྒྲིབ་བྲལ་ཡེ་ཤེས་གསལ་བའི་སྒྲོན་མ་རྒྱུན་ཆད་མེད་པར་སྒྲེང་བས་ནི་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་རང་སྣང་ཙམ་དུ་མཐོང་བའོ། །དགུ་པ་དོན་ཚིག་ལས་བྱུང་ཡང་ལྟ་བ་རྟོགས་པར་བྱེད་པ་ལ་ཚིག་གི་སྒྲ་རྐྱང་པ་ལ་མི་བརྟེན་པར་བློ་ཡི་གཏིང་དུ་གོ་དགོས་ཚུལ་ནི། སྤྱིར་མཚོན་བྱའི་ཆོས་ཐམས་ཅད་གཏན་ཚིགས་ཀྱིས་གཏན་ལ་ཕབ་ཅིང་གྲུབ་མཐའ་མ་ལུས་པའི་དོན་འབྱུང་བ། མཚོན་བྱེད་ལུང་རིགས་ཀྱི་ཚིག་གིས་མཚོན་པ་ལས་དོན་གུད་དམ་ལོགས་ཤིག་ན་མེད་དེ། ཚིག་གི་སྒྲ་ཉིད་དོན་གྱི་དངོས་པོའམ་ངོ་བོ་རང་མིན་ནོ། །འོ་ན་སྒྲ་དོན་ལ་འབྲེལ་བ་མེད་དམ་ཞེ་ན། དོན་ཉིད་སྒྲ་ལས་གུད་དམ་ལོགས་ན་མེད་ཀྱང་། སྒྲ་ཉིད་དང་ཚིག་ཕྱོགས་གཅིག་ཏུ་བརྗོད་པ་ནི་ཡང་དག་པ་དོན་གྱི་གནས་ལུགས་སྙིང་པོ་ནི་མིན་ཏེ། ཚིག་གི་དགོས་ཆེད་ནི་ཚིག་གིས་དོན་མཚོན་པའམ་རྟོགས་པར་བྱེད་པའི་ཐབས་སོ། །དེ་བས་ན་མཐར་དོན་རྟོགས་པའི་ཚེ་བཏགས་པའི་མིང་དང་། མཚོན་པའི་ཚིག །རྗོད་པའི་སྒྲ་ཙམ་ལ་མ་བརྟེན་པར་དོན་ཇི་ལྟ་བ་བཞིན་བློ་ཡི་གཏིང་དུ་གོ་བར་བྱོས་ཤིག་ཅེས་སོ། །གཉིས་ལ་རྟོགས་པའི་ཡོན་ཏན་ནི། དངོས་པོ་ཐམས་ཅད་ཆོས་ཉིད་དུ་གྲུབ་པ་ལ་གཉིས་ལས་མཆོག་གི་དངོས་གྲུབ་ཀྱི་འབྲས་བུའམ་བཅུད་འདུས་པའི་སྙིང་པོ་ནི། དང་པོ་ལྟ་བའི་དོན་མངོན་སུམ་དུ་རྟོགས་ནས་འཁོར་བ་མཐའ་མེད་དུ་མི་གཏོང་ཞིང་བྱང་ཆུབ་ཐོབ་པ་ནི་དཔེར་ན་ཆུ་སྲིན་གྱི་གྲེ་བར་རིན་པོ་ཆེ་ཆུད་ན་ཕྱིར་མི་གཏོང་བ་ལྟར་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་ལྟ་བ་རྟོགས་པ་དེ་ལ་ཡོན་ཏན་དེ་ལྟར་ཡོད་པའི་ཕྱིར། གཞན་དོན་དུ་འཁོར་བར་སྐྱེ་བ་དུ་མར་བགྲངས་ཀྱང་རང་ངོ་ལ་ངན་སོང་འཁོར་བའི་གནས་སུ་ལྷུང་མི་སྲིད་དོ། །གསུམ་པ་ལམ་དང་རྒྱུད་དོན་ལྟ་བའི་སྐབས་ལས་ཤེས་ཤིང་ངོ་བོ་ལ་རྫོགས་དགོས་པ་ལ་དྲུག་སྟེ། ལམ་གྱི་ལྟ་གྲངས། རྒྱུད་ཀྱི་ལྟ་གྲངས། རྣམ་གྲངས་རྣམ་པར་ཕྱེ་བ་དེ་དག་གི་སྐྱེ་བའི་རྒྱུ་དང་། ཟག་བཅས་ཟག་མེད་ཀྱི་སའི་དབྱེ་བས་མཐོང་ལམ་ལ་གཉིས་སུ་བསྟན་པ་དང་། ཟག་ལྡོག་ཡོད་མེད་ཀྱི་མུ་བསྟན་པ་དང་། ཟག་བཅས་མེད་པའི་ལམ་ལ་རྒྱུ་རྐྱེན་འབྲས་གསུམ་ཡོད་ལུགས་བསྟན་པའོ། །དང་པོ་ལ་གཉིས་ཏེ། དང་པོ་ཤེས་དགོས་པར་གདམས་པ་ནི། ཚོང་དཔོན་གྱིས་དོན་གཉེར་བའི་ཚེ་ལྷ་མ་གྲངས་མང་མཐའི་སར་འགྲོ་ནས་ཐམས་ཅད་ལ་བསམ་ཞིང་མཁས་དགོས་པ་བཞིན་དུ་འབྲས་བུ་བསྒྲུབ་པའི་རིགས་ལྟ་བའི་སྐབས་འདིར་རིག་འཛིན་བཞི་མན་ཆད་ཀྱི་དོན་ལ་མཁས་དགོས་པས་དེའང་རྒྱུ་ཤེས་པའི་མཚན་ཉིད་ཤེས་རབ་དང་པོ་ལྟ་བའི་མདོར་བསྟན་ལ་སྨོས་པའི་སྐབས་འཚོལ་ལུགས་འཕེལ་རིམ་ངེས་པ་གསུམ་དང་། བར་དུ་རྐྱེན་འཇུག་པའི་མཚན་ཉིད་ལ་རྒྱུ་དེ་ཏིང་དང་མཚམས་སྦྱོར་ཀུན་ཏིང་དང་འབྲས་བུ་ཕྱག་རྒྱ་གཅིག་སྤྲོས་གཉིས་དང་བར་ཆད་མེད་པ་སྦྱོར་ལམ་ཚོམ་བུ་ཚོགས་སྒྲུབ་ཀྱི་ཤེས་རབ་ཟབ་མོས་ལྟ་བ་རྣམས་རིམ་པར་ཤེས་པ་དང་། ཟག་བཅས་མཐའ་རུ་ཕྱིན་པའི་འབྲས་བུ་མཚན་ཉི་གསུམ་སྟེ་གང་ཞེ་ན། ཚེ་དབང་གི་ལམ་ཀུན་གྱི་སྔོན་དུ་འགྲོ་བ་ལྟ་བ་རྟོགས་པ་མཐོང་ལམ་པ་དང་། ཕྱག་ཆེན་གྱི་དགོངས་པ་ཏིང་ངེ་འཛིན་མི་གཡོ་བ་བསྒོམ་ལམ་པ་དང་། གོམས་པ་མཐར་ཕྱིན་པ་ལྷུན་གྲུབ་རིག་འཛིན་མཐར་ལམ་པ་དང་། དེ་རྣམས་ཀྱི་ཤེས་རབ་ལྟ་བའི་མཐོ་དམན་གྱི་རིམ་པ་ཡོད་པ་རྣམ་ལྟ་བའི་སྐབས་འདིར་ཤེས་དགོས་པར་གདམས་པའོ། །གཉིས་པ་མ་ཤེས་པའི་ཉེས་དམིགས་ནི། སེམས་ཉིད་རིག་པ་བདག་ཉིད་ཆེན་པོ་མ་མཐོང་ཞིང་ཤེས་པའི་རྒྱུད་ལ་མ་སྦྱོར་བས། སེམས་ཉིད་ལས་གཞན་དུ་ལྟ་བ་འཚོལ་ཞིང་བློ་རྨོངས་པའི་སེམས་ཅན་ཀུན་གྱིས། གསང་སྔགས་ཀྱི་ལྟ་བ་བསྟན་ཀྱང་རྣ་བས་མ་ཐོས་པ་ལྟ་བུ་དང་དཔེས་མཚོན་ཀྱང་མ་མཐོང་བ་དེ་བས་ན་བདག་དང་གཞན་གཉིས་ཐ་དད་དུ་ཕྱེ་ནས་ལྟ་བ་འཚོལ་བས་གང་ཟག་རྣམས་འཚང་མི་རྒྱའོ། །དེ་བས་ན་ལྟ་བ་ཡུལ་སེམས་མཉམ་པ་ཉིད་དུ་རྟོགས་པར་བྱའོ། །གཉིས་པ་རྒྱུད་ཀྱི་ལྟ་གྲངས་ལ་གཉིས་ཏེ། རྒྱུད་དོན་མདོར་བསྟན་གྱི་སྒོ་ནས་ཚིག་ཙམ་མ་ཡིན་པར་མཐོང་དགོས་པར་གདམས་པ་ནི། དང་པོ་རྒྱུད་དོན་མདོར་བསྟན་པ་ལ་ཟློས་པ་གོང་འོག་འབྲུ་ནོན་པར་བྱ་བ་ལ། མི་གཡོ་བ་ཏིང་ངེ་འཛིན་བཀོད་པ་དཀྱིལ་འཁོར་བ་བསྲུང་བ་དམ་ཚིག་རོལ་པ་ཕྲིན་ལས་མཛད་པ་སྤྱོད་པ་གནས་སུ་སྟོབ། མཆོད་པ་རིམ་པ་དབང་དོན་གཉེར་སྒྲུབ་པ། འཆིང་ཕྱག་རྒྱ་ཟློས་སྔགས་ཏེ་རྒྱུད་ཀྱི་དངོས་པོ་བཅུ་སྟེ། དེ་ཡང་ཏིང་འཛིན་རྣམ་གསུམ་དང་། དཀྱིལ་འཁོར་བཅུ་གཉིས་དང་། རྩ་བ་ཡན་ལག་གི་དམ་ཚིག་དང་། ཕྲིན་ལས་བཞི་དང་། དགེ་སྦྱོང་བག་ཡོད་ཀྱི་སྤྱོད་པ་སོགས་གསུམ་མམ་སྦྱོར་སྒྲོལ་གྱི་སྤྱོད་པ་དང་ཕྱི་ནང་གསང་བ་སོགས་ཀྱི་མཆོད་པ་དང་། ཕན་ནུས་ཟབ་མོའི་དབང་དང་། མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པ་དང་། ཕྱག་རྒྱ་བཞི་དང་སྔགས་གསུམ་གྱི་ལྟ་བ་རྣམས་ཆོས་ཉིད་དག་མཉམ་ཆེན་པོའི་གནད་ཀྱིས་མ་ཟིན་ན་ཆོ་ག་གཟུགས་བརྙན་ཙམ་དུ་ཟད་དེ་མཆོག་གི་ལམ་རྙེད་དཀའ་བས་ན་དེ་ལྟར་མངོན་སུམ་དུ་ཤེས་ཤིང་། ཐེ་ཚོམ་མེད་པར་ཐག་ཆོད་པར་བྱ་ཡི་ཚིག་ཙམ་བརྗོད་ཤེས་པ་ལ་བརྟེན་པ་མིན་པ་དེ་བས་ན་ལམ་གྱི་ཐོག་མར་ལྟ་བའི་སྐབས་འདིར་རྒྱུད་དོན་གྱི་བྱེ་བྲག་རྣམས་ཕྱེད་ནས་དོན་མངོན་སུམ་དུ་མཐོང་དགོས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་དགུ། དང་པོ་མི་གཡོ་བ་ཏིང་འཛིན་གྱི་ལྟ་བ་ནི། མཉམ་ཉིད་སྤྲོས་བྲལ་ཐིག་ལེ་བློས་དཔྱད་སྤྲོས་བྲལ་ལས་འཕགས་པས་ཆེན་པོའི་ལྟ་བ་རྟོགས་པའི་རང་བཞིན་ལ་རིམ་གྱིས་པས་དེ་ཏིང་ཀུན་སྣང་རྒྱུའི་བསྒོམ་པ་དང་རྣམ་པ་གསུམ་དུས་གཅིག་ཏུ་རྫོགས་ཏེ། དེའང་ཐིག་ལེ་ཆེན་པོ་དེ་ཉིད་རྒྱུ་རྐྱེན་གྱིས་མ་བཅོས་ཤིང་མཐའ་གང་དུའང་མི་གཡོ་བའི་ཕྱིར་ན་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་དེ་ནི་དེ་བཞིན་ཉིད་ཀྱི་དབྱིངས་ཞེས་སོ། །ཐིག་ལེ་དེ་ཉིད་ཀྱི་ངོ་བོ་ལ་ཆོས་ཀུན་གསལ་ཞིང་སྒྲིབ་བྲལ་གྱི་ཡེ་ཤེས་ཡིན་པའི་ཕྱིར། དེ་ནི་སྣོད་བཅུད་ཀུན་ཏུ་རང་སྣང་གི་ཡེ་ཤེས་ཀྱི་ངང་ཞེས་བྱའོ། །ཐིག་ལེ་ཆེན་པོ་དེ་ཉིད་འབྲས་བུའི་ཆོས་རྣམས་ཀུན་གྱི་གཞི་རྫོགས་པའི་ཕྱིར། དེ་ནི་དབྱེར་མེད་ཀྱི་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་དུ་གསལ་བས་རྒྱུ་ཡི་ཏིང་འཛིན་དང་གསུམ་པོ་བྱེད་ལས་ཀྱི་ཆས་རིམ་པར་ལྡན་པའོ། །གཉིས་པ་བཀོད་པ་དཀྱིལ་འཁོར་གྱི་ལྟ་བ་ནི། རང་རིག་པ་བྱང་ཆུབ་ནི་དེ་ཉིད་དཀྱིལ་འཁོར་ཡིན་ཏེ། བྱང་ཆུབ་སེམས་གསུམ་འདུ་འབྲལ་མེད་པས་སྣང་སྟོང་གི་ཆོས་ཐམས་ཅད་ཀུན་ལ་དབྱེར་མེད་དུ་འཁྱིལ་བར་གནས་པ་ཉིད་དཀྱིལ་འཁོར་ཏེ། དེ་ལྟར་གཟུང་འཛིན་དང་བྲལ་བའི་དབྱིངས་ཡེ་ཤེས་དེ་ནི་དེ་བཞིན་གཤེགས་པ་ཀུན་གྱི་བཞུགས་གནས་སོ། །ཀུན་གྱི་ངོ་བོའི་གནས་ནི་རྟེན་གཞལ་ཡས་ཁང་དང་བརྟེན་པའི་དཀྱིལ་འཁོར་ཞི་བ་དང་། འབར་བ་ཁྲོ་བོའི་ལྷ་ཚོགས་ཀྱི་ཕོ་ཉ་ནང་དུ་འདུ་བ་དང་ཕྱིར་འཕྲོ་བ་མང་པོ་དང་ལྡན་པ་དེའང་ལོགས་ན་སྣང་བ་མ་ཡིན་ཏེ། དེ་དག་རང་རིག་སེམས་ཀྱི་ཆོ་འཕྲུལ་ཆེན་པོ་ཡིན་ནོ། །གསུམ་པ་བསྲུང་བ་དམ་ཚིག་གི་ལྟ་བ་ནི། རྩ་བའི་དམ་ཚིག་དང་ཡན་ལག་གི་དམ་ཚིག་ཅེས་བྱ་བ་རྣམས་ནི་གུད་ན་ལོགས་ཤིག་ཏུ་ཡོད་པ་མ་ཡིན་ཏེ། རང་གི་ལྟ་བ་རྣལ་མའི་དོན་ལ་མི་འདའ་བ་དམ་ཚིག་ཡིན་ཏེ། ཁྱད་པར་སྡོམ་པ་རྣམ་ནི་རྣམ་པ་གྲངས་ལ་མི་སྤང་མི་འདོར་བ་བཅུ་དང་། རྩ་བ་ལྔ་པོ་སྐུ་གསུང་ཐུགས་གསུམ་དུ་དྲིལ་བས་བཅུ་གསུམ་པོ་དབྱེ་ན་སུམ་བརྒྱ་དྲུག་ཅུ་དང་། ཐུན་མོང་སྤྱི་ཡི་དམ་ཚིག་ཡོ་ག་མན་ཆད་ཀྱི་སྲུང་ཐབས་མཐའ་ཡས་པ་རྣམས་ཐིག་ལེ་ཆེན་པོའི་མཉམ་ཉིད་ལྟ་བ་རྟོགས་པའི་ངང་དུ་འདུ་ཞིང་གསལ་བའོ། །བཞི་པ་རོལ་པ་ཕྲིན་ལས་ཀྱི་ལྟ་བ་ནི། ཕྲིན་ལས་བྱ་བ་ཡིད་ཡུལ་དང་བྱེད་པའི་མཁན་པོ་གཉིས་སུ་མེད་པའི་ཚུལ་གྱིས་སུ་ལས་རྣམས་ཀུན་ལ་ཐོགས་པ་མེད་པར་སྤྱད། ཞི་རྒྱས་དབང་དྲག་བཞི་ཡི་ཕྲིན་ལས་དང་གཅིག་ཏུ་ལྷུན་གྱི་གྲུབ་པ་པོ་ཡང་ཐིག་ལེ་ཆེན་པོའི་ལྟ་བ་རྟོགས་པའི་ངང་དུ་གསལ་ཏེ། དེ་ཡང་དངོས་པོར་མཚན་ཞེན་བཅོམ་པས་དྲག་པོ། ཐམས་ཅད་རང་རིག་བདག་ཉིད་ཆེན་པོའི་དབང་དུ་བསྡུས་པ་ནི་དབང་། དཀོར་བདུན་ལྷུན་གྱིས་གྲུབ་པས་ན་རྒྱས་པ། གཟུང་འཛིན་གྱི་ཟུག་རྔུ་གཉིས་དང་བྲལ་བས་ཞི་བ་སྟེ་ཕྲིན་ལས་ཀྱི་ལྟ་བ་རྟོགས་ཤིང་མཐོང་བའོ། །ལྔ་པ་མཛད་པ་སྤྱོད་པའི་ལྟ་བ་ནི། བདག་དང་གཞན་གྱི་དོན་སྤྱོད་པ་རྣམ་པ་གཉིས་པོ་ཡང་ཐིག་ལེ་ཆེན་པོའི་ལྟ་བ་རྟོགས་པའི་ངང་དུ་ངེས་པའི་ཕྱིར། སྤྱོད་པ་ཕྱོགས་གཅིག་པར་ཅི་ལའང་བློས་མི་གནས་པར་བདག་གཞན་གྱི་དོན་ཀུན་ལ་ཐོགས་པ་མེད་པ་སྤྱོད། སྤྱོད་དུས་སྤྱོད་པར་བྱེད་པའི་མཁན་པོ་དང་སྤྱད་པ་ཡི་དངོས་པོ་གཉིས་སུ་ཞེན་པ་མེད་དོ། །དྲུག་པ་གནས་སུ་སྟོབ་པ་མཆོད་པའི་ལྟ་བ་ནི། མཆོད་པའི་ཡོ་བྱད་སྟེང་འོག་གི་རྒྱན་དང་ཕྱི་ནང་གསང་བའི་ལོངས་སྤྱོད་འདོད་ཡོན་ལྔའི་མཆོད་པ་ཀུན། དབུལ་བྱ་ཡི་ཡུལ་དང་འབུལ་བྱེད་ཀྱི་མཁན་པོ་གཉིས་དང་དེ་རྣམས་ལ་མཆོད་པའི་ལས་སོགས་དེ་ཡང་། གཞན་དུ་མ་གྲུབ་པ་རིག་པ་བྱང་ཆུབ་ཀྱི་སེམས་ཆེན་པོ་དེ་ཡི་རྩལ་ཆོ་འཕྲུལ་འགག་པ་མེད་པ་མཆོད་པའི་དངོས་པོ་རྣམས་དབྱེར་མེད་བདག་ཉིད་ཆེན་པོའི་ལྟ་བའི་ངང་དུ་འདུས་པའོ། །བདུན་པ་རིམ་པ་དབང་གི་ལྟ་བ་ནི། རིག་པ་བདག་ཉིད་ཆེན་པོའི་རང་བྱུང་གི་ཡེ་ཤེས་ལྟ་བ་རྟོགས་པའི་ངང་ལ་ཕན་ནུས་ཟབ་གསུམ་གྱི་དབང་ལྔ་ལོགས་ནས་མ་བཙལ་བར་དུས་གཅིག་ལྷུན་གྲུབ་ཏུ་རྫོགས་པས་འཐོབ་བྱ་ཡི་དོན་དང་ཐོབ་བྱེད་ཀྱི་ཐབས་ཐོབ་པར་བྱས་པའང་གཞན་ན་མེད་པ་རང་རིག་པར་དབང་བསྒྱུར་བའི་ཕྱིར་གཞན་ནས་དབང་ཐོབ་པ་མེད་དོ། །བརྒྱད་པ་དོན་དུ་གཉེར་བ་སྒྲུབ་པའི་ལྟ་བ་ནི། རིག་པ་བདག་ཉིད་ཆེན་པོ་ལ་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་ཅིང་གཟུང་འཛིན་གྱི་འཁྲུལ་པ་ཀ་ནས་དག་པས་དངོས་གྲུབ་གསར་དུ་སྒྲུབ་ཏུ་མེད་ཅིང་སྒྲིབ་པའང་གསར་དུ་སྤང་དུ་མེད་ལ་སེམས་ཆོས་ཉིད་ཀྱི་ངང་དུ་ས་ལམ་བགྲོད་དུ་མེད་པས་འགྲོ་བ་མེད། འབྲས་བུ་ལོགས་ནས་འོང་བ་མེད་དེ་གཞིའི་དེ་བཞིན་ཉིད་ཀྱི་ངང་དུ་ལམ་དང་འབྲས་བུ་ཐམས་ཅད་གཉིས་སུ་མེད་པ་ལ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་གཉིས་ག་ལ་ཡོད་དེ་མེད་དོ། །དཔེར་ན་སྒྱུ་མའི་ཆོ་འཕྲུལ་རྟ་གླང་གསོ་བསྐྱེད་ལས་མ་བྱུང་བ་ལྟར་མཆོག་ཐུན་དངོས་གྲུབ་དུ་མར་སྣང་ཡང་རྒྱུ་རྐྱེན་དང་བྲལ་ཅིང་དེ་བས་ན་དོན་དུ་གཉེར་བ་བསྒྲུབ་པའང་ལྟ་བ་རྟོགས་པའི་ངང་དུ་ཆུད་ཅིང་ཤེས་པར་བྱའོ། །དགུ་པ་འཆིང་ཟློས་སྔགས་དང་ཕྱག་རྒྱ་ལ་གསུམ། དང་པོ་ལྟ་བ་ནི། སྔགས་བྲག་ཅའི་སྒྲ་བཞིན་དང་། ཕྱག་རྒྱ་ཆུ་ཟླ་ཡི་གཟུགས་བཞིན་དུ། སྒྲ་གྲགས་པའི་དུས་གྲགས་སྟོང་དང་། གཟུགས་སྣང་སྟོང་ཆུ་ཟླ་ལྟར་རང་རྒྱུད་པར་མ་གྲུབ་པས་ལྷ་སྔགས་བསྐྱེད་བཟླས་རྣམས་ཡོད་མེད་ཀྱི་མཐའ་དང་བྲལ་བར་དབྱེར་མེད་དུ་རྟོགས་པའོ། །གཉིས་པ་སྔགས་ཕྱག་རྒྱའི་ངོ་བོ་ལ་གཉིས་ཏེ། དང་པོ་ཕྱག་རྒྱའི་ངོ་བོ་ནི། ཕྱག་རྒྱ་ཆེན་པོའི་ངོ་བོའམ་མཚན་ཉིད་ནི་གང་ཞེ་ན། ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པ་ཡི་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་གསུམ་དང་དགོངས་པ་ཡེ་ཤེས་ལྔ་པོ་རྣམས་བདག་གི་ལུས་ངག་ཡིད་གསུམ་དང་དབྱེར་མེད་དུ་རྟོགས་པ་ལས་མི་འདའ་བས་ཕྱག་རྒྱ་ཆེ་ཞེས་ཆེན་པོ་དང་། སྤྲོས་པའི་ལྷའི་སྐུ་ཕྱག་རྒྱ་བཞི་བཅུ་རྩ་གཉིས་པོ་དེ་ཡང་ཐིག་ལེ་ཆེན་པོ་ལྟ་བ་རྟོགས་པ་དེ་ཉིད་ལས་གཞན་དུ་གྲུབ་པའམ་བསྒྲུབ་པ་མེད་པས་དེར་འདུས་སོ། །གཉིས་པ་སྔགས་ཀྱི་ངོ་བོ་ནི། སྔགས་ཞེས་བྱ་བ་རབ་ཏུ་བརྗོད་པ་ཡང་། དོན་དམ་རང་བཞིན་མེད་པ་དང་། ཀུན་རྫོབ་འགག་པ་མེད་པ་གཉིས་དབྱེར་མེད་པར་རྟོགས་པའི་ལྟ་བ་མཉམ་པའི་དཀྱིལ་འཁོར་ཆེན་པོ་དེ་རུ། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཡི་གེ་ༀ་ཨཱཿཧཱུྃ་གསུམ་དང་། དེ་ལ་སོགས་ཏེ་རྒྱལ་བ་བཞི་བཅུ་རྩ་གཉིས་མཚོན་བྱེད་ཀྱི་ཡི་གེ་ཞེ་གཉིས་རྣམས་འདུས་པར་རྟོགས་པའོ། །གསུམ་པ་སྔགས་ཕྱག་རྒྱའི་ངེས་ཚིག་ནི། རྒྱུན་ཆད་མེད་པར་རྟག་ཏུ་མཉམ་པར་བཞག་པ་ལས་མི་འདའ་བས་ན་ཕྱག་རྒྱ་ཡི་ངེས་ཚིག་ཡིན་ཅིང་། ཉོན་མོངས་ཆགས་སྡང་གཏི་མུག་གསུམ་དང་དུས་གསུམ་གྱི་རྟོགས་པ་ཐམས་ཅད་གཏིང་ནས་འབྱིན་པའི་ཕྱིར་སྔགས་ཀྱི་ངེས་ཚིག་ཡིན་ནོ། །གསུམ་པ་རྣམ་གྲངས་རྣམ་པར་ཕྱེ་བ་དེ་དག་གི་སྐྱེ་བའི་རྒྱུ་ནི། ལྟ་བའི་རྣམ་གྲངས་རྣམ་པར་ཕྱེ་བ་དེ་དག་ཀུན་གྱི་རྒྱུ་གངས་ལས་བྱུང་ཞེ་ན། གྲོལ་ལམ་གྱི་དབང་དུ་ཐོས་བསམ་སྒོམ་པ་ལ་བརྟན་པ་ཐོབ་པའི་རྒྱུ་ལས་ལྟ་བ་བྱུང་བ་དང་། ཐབས་ལམ་ལས་བྱུང་བ་ལ་གཉིས་ལས་དང་པོ་སྟེང་སྒོ་ལྟར་གཡས་རྩ་རྐྱང་མ། གཡོན་རོ་མའི་རྩའི་ནང་དུ་རླུང་སེམས་རྒྱུ་བ་དབུ་མར་ཞུགས་གནས་ཐིམ་གསུམ་ལས་ལྟ་བ་སྐྱེ་བ་དང་། གཉིས་པ་འོག་སྒོ་ལྟར་ཆགས་པ་ལམ་གཡས་ཡབ་དང་གཡོན་ཡུམ་དང་མཉམ་པར་སྦྱོར་བ་དཔེའི་ཡེ་ཤེས་དགའ་བཞིའི་ལམ་ལས་མཆོག་ཏུ་མི་འགྱུར་བའི་བདེ་བའི་ལྟ་བ་སྐྱེས་པའི་རྒྱུར་བྱས་སོ། །གྲོལ་ལམ་བློ་ཆུང་བས་བསྒོམ་པ་ནས་བརྒྱུད་པའི་ཚོགས་ལམ་རྣལ་འབྱོར་བཞི་མཐར་ཕྱིན་པ་ལས་ལྟ་བ་སྐྱེས་པའི་རྒྱུར་བྱས་པ་ཡིན་ནོ། །བཞི་པ་ཟག་བཅས་ཟག་མེད་ཀྱི་སས་ཕྱེ་བའི་མཐོང་ལམ་ལ་གཉིས་སུ་བསྟན་པ་ནི། དེ་ལྟར་རྒྱུ་བྱས་པ་དེས་ཟག་བཅས་ཟག་མེད་ཀྱི་ས་ཡི་མཐོ་དམན་གྱི་ཆ་ཡིས་ཕྱེ་བ་ནི་ལུས་སྣང་སེམས་གསུམ་ཟུང་འཇུག་རིག་པའི་མངོན་སུམ་དུ་ནུས་པ་ཐོབ་པ་ཟག་མེད་ཚེ་དབང་དང་དེ་ཉིད་རྟོགས་ཀྱང་ནུས་པ་མ་ཐོབ་པ་ཟག་བཅས་སྤྲོས་པ་གཉིས་ཀྱིས་ཕྱེ་བའི་ཁྱད་པར་ལས། ཟག་བཅས་མཐོང་ལམ་དང་ཟག་མེད་མཐོང་ལམ་གཉིས་སུ་འགྱུར་བ་ཡིན་ནོ། །ལྔ་པ་ཟག་ལྡོག་ཡོད་མེད་ཀྱི་མུ་བསྟན་པ་ནི། ཟག་པ་ནི་ཚོགས་སྒྲུབ་མན་ཆད་ལ་ཡོད་པ་ནི། སྤྱི་མདོ་ལས། རྟོགས་པའི་རྩ་བ་ཕྱི་ནང་གི། །ཀུན་ནས་ཟག་པ་རྣམ་པ་ལྔ། །ཞེས་ཉོན་མོངས་དང་ཉེ་བའི་ཉོན་མོངས་གཉིས་བཤད་པ་རྩ་བ་ཉོན་མོངས་དང་། ཡན་ལག་ཁམས་དང་སྐྱེ་གནས་འཆི་འཕོ་བ་དང་བཞིའོ། །ལྡོག་པའང་། སྤྲོས་པ་མན་ཆད་ངན་འགྲོར་ལྡོག་ལ། ཚོགས་སྒྲུབ་ནི་ངན་སོང་དུ་མི་ལྡོག་པས་དེ་ལ་གཉིས་ཡོད་དེ། གང་ཞེ་ན། ལྟ་སྒོམ་གྱི་ནུས་པ་ཆེ་ཆུང་གི་མཐུ་ཡིས་ཕྱེ་བས་ན། སྤྲོས་པ་མན་ཆད་དམ་ཚིག་ཉམས་ན་ངན་འགྲོར་ལྡོག་པའང་ཡོད་དེ། ལམ་རིམ་ལས། དེ་ཕྱིར་ལམ་བཞིར་ལྡོག་ཟག་ཡོད། །ཅེས་སོ། །ཚོགས་སྒྲུབ་ནི་དམ་ཚིག་ཉམས་མི་སྲིད་པས་ངན་སོང་དུ་མི་ལྡོག་གོ། །ཟག་པ་ནི་སྔོན་གྱི་སྐབས་སུ་བཤད་པའི་རྒྱུ་ཤེས་པ་ལྟ་བའི་སྐབས་ཀྱི། འཚོལ་ཡུལ་འཕེལ་རིམ་ངེས་པ་གསུམ་དང་། རྐྱེན་འཇུག་པ་ཏིང་ངེ་འཛིན་ལ་ཚོགས་ལམ་རྣལ་འབྱོར་བཞི་སྦྱོར་ལམ་ཚོགས་སྒྲུབ་དང་ལྔ་སྟེ་བརྒྱད་ལ་ཡོད་དོ། །ཟག་བཅས་མཐར་ཕྱིན་པ་འབྲས་བུའི་མཚན་ཉིད་རྒྱུ་ཤེས་པ་ཚེ་དབང་དང་རྐྱེན་འཇུག་པ་ཕྱག་ཆེན་དང་མཐར་ཕྱིན་པ་ལྷུན་གྲུབ་དང་གསུམ་ལ་ནི་ལྟ་སྒོམ་ནུས་པ་མཐུ་ཅན་དུ་གྱུར་ནས་མཉམ་རྗེས་འདྲེས་པས་ན་ཟག་ལྡོག་གཉིས་ག་ལ་ཡོད་དེ་མེད་དོ། །ཟག་ལྡོག་མུ་བཞི་ལས། ཟག་པ་མེད་ལ་ལྡོག་པ་ཡོད་པའི་མུ་འདིར་མི་བཤད་པའང་གསུངས། དྲུག་པ་ཟག་བཅས་མེད་ལམ་ལ་རྒྱུ་རྐྱེན་འབྲས་གསུམ་ཡོད་ལུགས་བསྟན་པ་ནི། ཟག་བཅས་དང་ཟག་མེད་ཀྱི་སྐབས་གཉིས་ལའང་། ཟག་བཅས་མཐར་ཕྱིན་ཚོགས་སྒྲུབ་དང་། ཟག་མེད་མཐར་ཕྱིན་ལྷུན་གྲུབ་སྟེ། མཐར་ཕྱིན་རྣམ་པ་གཉིས་ཡོད་པའི་ཕྱིར་ན། ཟག་བཅས་དང་ཟག་མེད་གཅིག་སྟེ་རེ་རེ་ལའང་རྒྱུ་རྐྱེན་འབྲས་གསུམ་གསུམ་དང་ལྡན་པ་ཡིན་ཏེ། དེའང་ཟག་བཅས་ཀྱི་གསུམ་ནི། ལྟ་བ་སྤྱིའི་ཚུལ་དུ་རྟོགས་པ་རྒྱུ། དེ་ཏིང་ནས་སྤྲོས་པ་མན་ཆད་རྐྱེན། ཚོགས་སྒྲུབ་འབྲས་བུའོ། །ཟག་མེད་ཀྱི་གསུམ་ནི། ཚེ་རྣམ་གཉིས་རྒྱུ། ཕྱག་ཆེན་རྐྱེན། ལྷུན་གྲུབ་རིག་འཛིན་འབྲས་བུའོ། །དེ་བས་ན་སྤྱི་ཡི་རྒྱུ་རྐྱེན་འབྲས་གསུམ་ནི། རྒྱུ་ཤེས་པ་ལྟ་བ། རྐྱེན་འཇུག་པ་དེ་ཉིད་ནས་ཚོགས་སྒྲུབ་མན་ཆད། འབྲས་བུ་མཐར་ཕྱིན་པ་རིག་འཛིན་དང་སངས་རྒྱས་ཡིན་པར་ཤེས་པར་བྱ་ཞིང་། བྱེ་བྲག་རིག་འཛིན་བཞིའི་རྒྱུ་རྐྱེན་འབྲས་གསུམ་ཤེས་པར་བྱའོ། །བཞི་པ་མ་རྟོགས་པའི་སྐྱོན་ལ་གཉིས། དང་པོ་མ་རྟོགས་པའི་སྐྱོན་དངོས་ནི། གོང་བསྟན་ལྟར་ལྟ་བ་གང་གི་དོན་བཤད་པ་ལྟར་མ་རྟོགས་པའི་བློ་ངན་པ་སྟེ་ཤེས་རབ་ཆུང་བ་རྣམས་གཞི་དོན་མཉམ་པར་མ་རྟོགས་པ་ཚིག་བཟང་པོ་ལ་ཁུངས་ཕྱུང་ནས་ལྟ་བ་མ་རྟོགས་ཏེ་གདོད་བྱ་ལོངས་ཡོད་སྙམ་པ་དམན་པའི་ལེ་ལོ་དང་སྤྱོད་པ་རང་ཁ་མར་ཤོར་བ་སྙོམ་ལས་གཉིས་བྱས་ནས་རང་གཞན་གྱི་དོན་མ་གྲུབ་པར་ངན་སོང་དུ་འགྲོ་བའི་སྐྱོན་ཡོད་པ་དེ་བས་ན་སེམས་ཉིད་ཀྱི་དོན་འཁོར་འདས་མཉམ་པ་ཉིད་མ་རྟོགས་ན་ཚིག་གི་སྒོ་ནས་འཁོར་འདས་མཉམ་པ་ཉིད་ཡིན་པས་ན་ཞེས་བརྗོད་པ་ཡིས་འཚང་མི་རྒྱའོ། །གཉིས་པ་དེ་ནས་རྟོགས་པའི་ཐབས་ལ་འབད་པར་གདམས་པ་ནི། སྐྱོན་འདུག་པ་དེ་བས་དོན་དང་ཚིག་ལྡན་པར་བྱོས་ཤེས་ཞེས་སོ། །འོན་ཏང་གོ་བ་ལ་དོན་མེད་དམ་སྙམ་ན་ཐེ་ཚོམ་མེད་པས་གོ་ན་མཐར་ཐུག་འབྲས་བུ་འགྲུབ་པའམ་ཡང་ན་ཚིག་ལ་དོན་མེད་དམ་ཞེ་ན་མ་ཡིན་ཏེ་ཚིག་ལ་བརྟེན་ནས་དད་མོས་བྱས་ན་འབྲས་བུ་ཐེ་ཚོམ་མེད་པར་འགྲུབ་བོ་ཞེས་བྱའོ། །སྤྱི་དོན་གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ་གཉིས་ཏེ། དང་པོ་མདོར་བསྟན་ནི། འབྲས་བུ་སྒྲུབ་པར་བྱེད་པའི་རྐྱེན་འཇུག་པའི་མཚན་ཉིད་ལ། བསྒོམ་པའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་དང་། ལྟ་བསྒོམ་བོགས་འདོན་གྱི་སྤྱོད་པ་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། བསྒོམ་པ་དང་། སྤྱོད་པའོ། །དང་པོ་ལ་གཉིས། དང་པོ་མདོར་བསྟན་ནི། བསྒོམ་པའི་རྣལ་འབྱོར་ལ་རྐྱེན་འཇུག་པའི་མཚན་ཉིད་ལ་ཡང་། དེ་ཏིང་། ཀུན་སྣང་། རྒྱ་གཅིག །སྤྲོས་པ། ཚོགས་སྒྲུབ་རྣམ་པ་ལྔ་ཡོད་པ་སྟེ། གཉིས་པ་རྒྱས་བཤད་ལ་གསུམ། ཚོགས་ལམ་རྣལ་འབྱོར་བཞི་སྦྱོར་ལམ་ཚོགས་སྒྲུབ་དང་ལྔའི་ལམ་འགྲོད་ཚུལ་རྒྱས་པར་བསྟན་པ་དང་། དེ་ལྔའི་སྐབས་ན་ལས་རྐྱེན་གྱི་འཆི་ལྟས་བྱུང་ན་འཕོ་བ་བསྒོམ་ཚུལ་དང་། ལྟ་སྒོམ་གཉིས་ཀྱི་སྐབས་ན་རྒྱུ་རྐྱེན་འབྲས་གསུམ་དང་ལྡན་ཞིང་རེ་རེ་ལའང་དགོས་ཆེད་གཉིས་གཉིས་ཡོད་ཅིང་རིམ་ཅིག་ཆར་གྱི་སྒོ་ནས་འབྲས་བུ་ལ་སྦྱོར་དགོས་པར་བསྟན་པའོ། །དང་པོ་ལ་ལྔ་ཡོད་པ་ལས། རྒྱུ་རྐྱེན་འབྲས་གསུམ་དྲིལ་བ་གསུམ་སྟེ། ཟག་བཅས་ལམ་གྱི་རྒྱུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། རྒྱུ་འབྲས་མཚམས་སྦྱོར་བའི་རྐྱེན་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། ཟག་བཅས་ཀྱི་འབྲས་བུ་བསྟན་པའོ། །དང་པོ་ལ་བཞི་སྟེ། དང་པོ་ལམ་གྱི་རྒྱུ་ཡིན་པས་དང་པོར་བསྒོམ་དགོས་པར་བསྟན་པ་ནི། དབྱིངས་ཡེ་གཉིས་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ་སྟེ་འཕགས་པའི་དཀོར་ནོར་བདུན་པོའི་དངོས་པོ་དེ་ཉིད་ནི་རང་རིག་པ་སེམས་ཉིད་བཅོས་སླད་དང་བྲལ་བའི་དོན་དམ་པ་ནི་ཤེས་བྱ་ཀུན་གྱི་ངོ་བོ་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར། དབུ་མ་པའི་དོན་དམ་ལས་ལྷག་པ་ནི་གསང་སྔགས་པའི་རྒྱུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དེ་ཉིད་ཡིན་ཏེ། དེའང་ལམ་གྱི་ཐོག་མར་ཚོགས་ལམ་དང་པོར་བསྒོམ་མོ། །གཉིས་པ་དེ་ཏིང་རང་གི་སེམས་ཀྱི་བཞག་ཐབས་ནི། དེའང་བསྒོམ་ཚུལ་ནི་བསམ་བྱ་ཡི་ཆོས་ཉིད་ཅེས་བྱ་བ་ཞིག་བློས་དམིགས་ནས་བསམ་པར་མི་བྱ་སྟེ། འོ་ན་མི་བསམ་པར་ཡིན་ནོ་བར་སྙམ་པ་ཡང་བློས་མི་བསམ་མོ། །ཅིའི་ཕྱིར་ན་དེ་ཀ་རང་བློ་ཡིན་པའི་ཕྱིར་རོ། །དེ་བས་བསམ་བྱ་བསམ་བྱེད་ཀྱི་འདུ་ཤེས་ཀྱི་འཛིན་པ་ཀུན་དང་བྲལ་བར་བསྒོམ་པ་ནི་ཏིང་ངེ་འཛིན་གྱི་མཆོག་ཡིན་ནོ། །གསུམ་པ་སྐྱོན་བཅོས་ཐབས་ནི། གོང་གི་དེ་བས་ན་རང་གི་སེམས་ཉིད་གསལ་སྟོང་ཟུང་འཇུག་རྟོགས་པར་བྱས་པ་ནི་གལ་ཆེ་བ་ཡིན་ཏེ། ལམ་ཆེན་ལས་བཤད་ལྟར་ལེ་ལོ་ལ་སོགས་གཡེང་བ་ཐམས་ཅད་ཡོངས་སུ་སྤངས་ལ། གང་ཟག་གི་ང་དང་ཆོས་ཀྱི་བདག་མེད་པའི་དོན་ལ་མཉམ་པར་མི་འདའ་བར་བསྲུང་ཞིང་གསལ་སྟོང་མཉམ་པའི་དམ་ཚིག་དང་འབྲལ་བར་མི་བྱའོ། །བཞི་པ་ངོ་བོའི་ཐོག་ལ་ཕེབ་པའི་ཚད་བསྟན་པ་ནི། ཡིད་ཀྱི་ཤེས་པས་གསལ་ཆའི་བྱེ་བྲག་ཕྱེད་པ་དེ་བཞིན་ཉིད་ཀྱི་ངང་དུ་དམིགས་པས་གཏད་བྱའི་ཡུལ་དང་བྲལ་བ་གསལ་སྟོང་ཟུང་འཇུག་ཏུ་ངོ་འཕྲོད་ཅིང་བསྒོམ་པ་ནི་ལྟ་ཅི་སྨོས། རྣམ་ཤེས་ཚོགས་བརྒྱད་ཀྱི་སྤྱོད་ཡུལ་གྱི་འཆར་སྒོ་རྣམས་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་གྱུར་པས་ན། ཚོགས་དྲུག་གི་འཆར་སྒོ་སྣང་བ་རྣམས་དུས་གཅིག་ཏུ་གསལ་སྟོང་ཟུང་འཇུག་ཏུ་ཤར་བ་དེ་ཡི་ཕྱིར་ཤེས་བྱ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་ཐབས་ཀྱི་རྒྱུའི་བསྒོམ་པ་ཡིན་ནོ། །གཉིས་པ་རྐྱེན་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ལ་གཉིས། དང་པོ་རྒྱུ་འབྲས་མཚམས་སྦྱོར་གྱི་རྐྱེན་ཡིན་པའི་རྒྱུ་མཚན་བསྟན་པ་ནི། དང་པོ་དེ་ལྟར་རྒྱུ་དེ་བཞིན་ཉིད་ལ་བརྟན་པ་ཐོབ་པ་དེ་ཡིས། རྒྱུ་དེ་ཏིང་དང་། འབྲས་བུ་ཕྱག་རྒྱ་གཅིག་སྤྲོས་གཉིས་ཐ་དད་དུ་མི་གཏང་བའི་ཕྱིར་རྒྱུ་འབྲས་མཚམས་སྦྱོར་གྱི་རྐྱེན་ཀུན་སྣང་ཏིང་འཛིན་བསྒོམ་པར་བྱའོ། །གཉིས་པ་ཀུན་སྣང་གི་ངོ་བོ་ལ་ཕྱག་རྒྱ་སྒྱུ་མ་འདིར་བསྒོམ་པའི་སྐབས་མིན་པར་བསྟན་པ་ནི། ཀུན་ཏིང་དེ་ལ་ཡང་གཉིས་ཡོད་པ་ཡིན་ཏེ། གང་ཞེ་ན། ཕྱག་རྒྱ་སྒྱུ་མ་དང་། དངོས་པོ་སྒྱུ་མ་གཉིས་ལས། ཕྱག་རྒྱ་སྒྱུ་མ་ནི་ཀུན་ཏིང་གི་སྐབས་འདིར་ཤེས་མོད་ཀྱང་དངོས་སུ་སྒོམ་པའི་དུས་མིན་པའི་ཕྱིར་ན་མི་བསྒོམ་ལ། དངོས་པོ་སྒྱུ་མར་བསྒོམ་པའི་ཐབས་ཡུལ་བྲལ་གྱི་སྙིང་རྗེ་འདི་ནི་འོག་མའི་སྙིང་རྗེ་ལས་དཔགས་ཤིང་སྐྱབས་ཀྱི་ཡུལ་དུ་གྱུར་པས་དེ་ལ་ཞེན་པར་གདམས་པ་དང་། ཕྱག་རྒྱ་སྒྱུ་མ་ལས་དགར་བས་གཅིག་ཤོས་དངོས་པོ་སྒྱུ་མ་བསྒོམ་པ་ནི་རང་རིག་པའི་ངོ་བོ་ལ། འབྲས་བུ་སྡུག་བསྔལ་དང་རྒྱུ་ཉོན་མོངས་པ་རྣམས་ངང་གིས་རང་རྒྱུད་དུ་གྲུབ་པ་མེད་དེ་དངོས་པོ་ཕྱི་ནང་གི་སྣང་བ་ཀུན་ཏུ་རིག་པ་རང་གསལ་བའི་ཡེ་ཤེས་ཀྱི་ངང་ལ་སྙིང་རྗེ་སྐྱེ་བྱའི་ཡུལ་དང་། སྐྱེ་བྱེད་ཀྱི་མཁན་པོ་གཉིས་སུ་མེད་པའི་དོན་གྱི་གནས་ལུགས་རྟོགས་ཤིང་བསྒོམ་པས་ན་མཚན་ཉིད་ཐེག་པས་མས་བུ་ལ་གདུང་བ་དང་འདྲ་བའི་སྙིང་རྗེ་ལས་མཆོག་མ་ཧཱ་ཡོ་གའི་གཉིས་མེད་ཀྱི་ངང་དུ་སེམས་ཅན་ཡོངས་སུ་གྲོལ་བའི་ལས་དེ་ཉིད་ཀྱི་ནི་སྐྱབས་ཀྱིས་ཕུལ་དུ་བྱུང་བའི་ཡུལ་བྲལ་གཉིས་མེད་ཀྱི་སྙིང་རྗེ་དེ་ལྟ་བས་མཐོང་ནས་སྒོམ་པས་དེ་ལ་ཞེན་པ་དེ་ཡ་མ་བྲལ་བར་བསྒོམ་པར་བྱའོ། །དེ་ལྟར་ལྟ་བས་མཐོང་ཞིང་ཏིང་འཛིན་གོམས་པ་སུ་ཡོད་པ་ལ་གོང་མའི་དོན་འབྱུང་སྟེ། དེའང་རྒྱུ་རྐྱེན་གཉིས་ཀྱི་དོན་དང་ལྡན་པ་ལ་གསུམ་པ་འབྲས་བུ་གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་སྐྱེ་བ་འབྱུང་ངོ་། །གསུམ་པ་ཟག་བཅས་ཀྱི་འབྲས་བུ་བསྟན་པ་ལ་གཉིས། འབྲས་བུའི་ཏིང་ངེ་འཛིན་བསྒོམ་པ་དང་། དེ་སྒྲུབ་པའི་ཐབས་སོ། །དང་པོ་ལ་གཉིས། རྐྱེན་ཀུན་སྣང་ལ་བརྟན་པ་ཐོབ་ནས་འབྲས་བུ་གྲུབ་ཚུལ་བསྟན་པ་ནི། ཀུན་སྣང་དེ་ལ་བརྟན་པ་ཐོབ་པས་འབྲས་བུ་ཕྱག་རྒྱ་གཅིག་སྤྲོས་ཀྱི་དོན་རྣམས་གྲུབ་པའི་ཕྱིར། གཉིས་པ་དེ་ཉིད་བསྒོམ་ཚུལ་ལ་གཉིས། མདོར་བསྟན་པ་ནི། དེ་ནས་འབྲས་བུ་ཕྱག་རྒྱ་གཅིག་པ་དང་སྤྲོས་པའི་ཏིང་འཛིན་གྱི་རིམ་པ་རྣམས་གོ་རིམ་བཞིན་དུ་བསྒོམ་དགོས་ཏེ། དེ་ཡང་སེམས་ཉིད་རིག་པ་རང་ཡི་གེ་རུ་གསལ་བ་དང་ཕྱག་རྒྱ་སྟེ་ཕྱག་མཚན་དུ་གསལ་བ་དང་། སྐུ་ཡི་ངོ་བོར་གསལ་བའང་རིག་པ་རང་སྣང་བའི་ཕྱིར་དང་། འབྲས་བུ་ཕྱག་རྒྱ་གཅིག་པ་དང་སྒྲོས་པ་བསྒོམ་པའང་འོག་ནས་འབྱུང་བ་ནི་འདི་ལྟར་ཏེ། གཉིས་པ་བསྒོམ་ཐབས་རྒྱས་པར་བཤད་པ་དེ་ལ་གཉིས་ཏེ། དང་པོ་ལ་ཕྱག་རྒྱ་གཅིག་པ་སྒོམ་ཐབས་དང་། དེ་ནས་སྤྲོས་པ་སྒོམ་ཐབས་སོ། །དང་པོ་ལ་གསུམ་སྟེ། དང་པོ་ཞི་བ་ཕྱག་རྒྱ་གཅིག་པ་སྒོམ་ཐབས་ནི། སྔོན་དེ་ཏིང་དང་ཀུན་ཏིང་གི་རྗེས་སུའམ། སྔོན་མདོར་བསྟན་གྱི་རྗེས་སུ་ཕྱག་རྒྱ་གཅིག་པ་ལ་བསྒོམ་པར་བྱས་ནས། ཞེས་སྤྱིར་བསྟན། བྱེ་བྲག་སྒོམ་ཚུལ་རྣལ་འབྱོར་རང་གི་རིག་པ་ལ་ངོ་བོ་དབྱིབས་རང་རྒྱུད་དམ་ཕྱོགས་གཅིག་ཏུ་གྲུབ་པ་མེད་པ་ལས་འདིར་ཡིག་འབྲུ་དང་ཁ་དོག་ཕྱོགས་གཅིག་ཏུ་གྲུབ་པ་མེད་པའི་རང་མདངས་ཀྱི་ཁ་དོག་ནི་རིགས་ལྔ་གང་རུང་གི་ཁ་དོག་དང་ཡིག་འབྲུ་ཉིད་དམ། འདིར་ཐུགས་ཀྱིས་གཙོར་བྱས་པའི་དབང་དུ་ཧཱུྃ་བསྒོམ་པ་སྟེ། དེ་ལ་ཁ་དོག་རང་རྒྱུད་པ་མེད་བཞིན་དུ་སྔོ་ཞེས་སྔོན་པོ་དབྱིབས་རང་རྒྱུད་དུ་གྲུབ་པ་མེད་པའི་ཐུགས་ཀྱི་ཡིག་འབྲུ་ཧཱུྃ་རང་རིག་ཏུ་ཤར་བ་ལ་བརྟན་པ་ཐོབ་ནས་ཕྱག་རྒྱ་སྟེ་ཐུགས་ཕྱག་མཚན་དང་སྐུ་ཕྲ་མོ་གཉིས་རིམ་བཞིན་དུ་བརྟན་པར་བྱའོ། །མཐར་སྐུ་ཕྲ་མོ་ཡོངས་སུ་འགྱུར་བ་ལས་སྐུ་ཕྱག་རྒྱ་ཆེན་པོ་ཞལ་གཅིག་པ་ནི་དོན་རང་བྱུང་གི་ཡེ་ཤེས་དང་ལྡན་པའི་རྟགས་སོ། །ཕྱག་གཉིས་ཐབས་དང་ཤེས་རབ་རྟགས་སོ། །ཡན་ལག་ལྷག་པའི་ལྷ་དགུ་དང་བཅས་པ་ཚང་བར་བྱས་ནས་དམ་ཚིག་པ་བསྐྱེད་ལ། ཡེ་ཤེས་པ་རང་བཞིན་གྱི་གནས་ནས་སྙན་གསན་ཕབ། སྤྱན་དྲངས། མཆོད་པ་འབུལ། བསྟོད་པ་བཟླས་པ་དང་བཅས་པ་དཀྱིལ་ཆོག་ལྟར་བྱ། ཞལ་གཅིག་ཕྱག་གཉིས་དེ་ལ་གོམས་ནས་རྣམ་ཐར་གསུམ་དང་ལྡན་པའི་རྟགས་ཞལ་གསུམ་ཡེ་ཤེས་དྲུག་དང་ལྡན་པའི་རྟགས་ཕྱག་དྲུག་བསྒོམ་པ་ལའང་ཕྲིན་ལས་ཀྱི་རིམ་པ་གོང་གི་དེ་བཞིན་ནོ། །གཉིས་པ་ཁྲོ་བོ་སྒོམ་ཐབས་ནི། ཡང་ན་ཁྲོ་བོར་མོས་པས་ན་ཁྲོས་པ་ཁྲོ་བོར་བསྒོམ་པ། དེ་ཡང་ཞི་བ་ཕྱག་རྒྱ་གཅིག་པ་དེ་ཡི་ཚུལ་བཞིན་དུ་བྱའོ། །གསུམ་པ་སྤྱོད་ལམ་ལྷ་ཡི་དལ་དུ་ཁྱེར་ཐབས་ནི། དེ་དག་བསྒོམ་པའི་དུས་སུ་སྤྱོད་ཡུལ་ཚོགས་དྲུག་གི་སྣང་བ་དེ་ཉིད་ལྷའི་སྐུ་ཕྱག་རྒྱར་གསལ་ཞིང་སྒོ་གསུམ་དེ་ལས་མི་འདའ་བར་བསྡོམས་ནས་བསྒོམ་མོ། །གཉིས་པ་སྤྲོས་པ་ལ་གཉིས། དང་པོ་རིམ་པར་བསྐྱེད་ཅིང་སྤྲོ་ལུགས་བསྟན་པ་ནི། ཕྱག་རྒྱ་གཅིག་པ་ལ་བརྟན་པ་ཐོབ་ནས་ལྷ་དུ་མར་སྤྲོས་པའི་རྣལ་འབྱོར་བསྒོམ་པ་ལ། ཞི་ཁྲོ་གང་ལའང་སྔོན་རྒྱ་གཅིག་སྐབས་སུ་ཞི་ཁྲོ་བསྒོམ་པ་ལ་གཞི་བྱས་པའི། ཞལ་ཕྱག་གི་གྲངས་སྤྲོས་པ་དང་ཕྱག་རྒྱའི་གྲངས་སྤྲོས་པའོ། །གཉིས་པ་གང་སྤྲོ་བ་ལ་གཉིས། དང་པོ་ཞལ་ཕྱག་སྤྲོས་པ་ལ་དབུ་གསུམ་ཕྱག་དྲུག་དང་། དེ་ནས་དབུ་ལྔ་དང་ཕྱག་བཅུ། དེ་ནས་དབུ་དགུ་དང་ཕྱག་བཅོ་བརྒྱད་དང་། དེ་ནས་དབུ་ཉི་ཤུ་རྩ་གཅིག་ཕྱག་ཞེ་གཉིས། དེ་ནས་དབུ་བ རྒྱ་ཕྱག་བརྒྱད་བརྒྱ་ལ་སོགས་ཞལ་ཕྱག་གྲངས་མེད་ཀྱི་བར་དུ་སྤྲོ་བ་དང་། གཉིས་པ་ཕྱག་རྒྱའི་རྣམ་གྲངས་སྤྲོས་པ་ལ་གཉིས། དང་པོ་སྤྲོ་ཚུལ་ནི། རིགས་གསུམ་སྤྲོས་པ་དང་། དེ་ནས་རིགས་ལྔ་དང་དེ་ནས་བཞི་བཅུ་རྩ་གཉིས་དང་། དེ་ནས་བཞི་བཅུ་རྩ་གཉིས་རིགས་གཅིག་ཡབ་ཡུམ་ལ་བཀོད་པ་དང་། དེ་ནས་རིགས་ལྔ་ཡབ་ཡུམ་ལ་བཀོད་ནས་སྤྲོས་སམ། ཡང་ན་བློ་ཆུང་ན་ཚོམ་བུའི་གྲངས་གཅིག་གསུམ་ལྔའི་རིམ་པ་བཞིན་བསླབ་ཅིང་སྤྲོས་ནས་བྱིན་གྱིས་བརླབས་སོ། །གཉིས་པ་མཐར་རྫོགས་ཚུལ་བསྟན་པ་ནི། དེ་དག་ལ་རིམ་པར་གོམས་ནས་བརྟན་པ་ཐོབ་པས་ན་ཕྱིས་ལྷ་བསྒོམ་པ་ལ་དཔེར་ན་ཆུ་ལས་ཉ་ལྡང་བའི་ཚུལ་དང་། སྐད་ཅིག་གིས་སྔགས་བརྗོད་པས་ན་ལྷ་ཚོགས་རྣམས་ཀྱི་སྐུ་འོད་དུ་འབར་བ་ལྷ་སྟོང་གི་དཀྱིལ་འཁོར་མན་ཆད་དུ་རང་རིག་པའི་མངོན་སུམ་གསལ་ཞིང་ཤར་བ་ནི་མཐར་ཕྱིན་པའི་ཚད་ཡིན་པའོ། །གཉིས་པ་དེ་སྒྲུབ་པའི་ཐབས་ལ་གསུམ་སྟེ། དང་པོ་སྒྲུབ་པའི་ཐབས་དངོས་བསྟན་པ་ནི། རྣལ་འབྱོར་པ་རབ་ཀྱིས་ལྷ་སྟོང་དང་ཁྲི་ཙམ་གསལ་ན་བསྒྲུབ་ཏུ་རུང་བ་ནི་ཅི་སྨོས་དགོས་ཏེ། ཐ་མས་ཚོམ་བུ་གཅིག་གསུམ་ལྔ་པའི་ལྷ་ལའང་ཤིན་ཏུ་བརྟན་ནས་གསལ་ན་བསྒྲུབ་ཏུ་རུང་སྟེ་གནས་སྐོར་ཁང་སུམ་རིམ་དང་ལྡན་པར་བྱས་ནས། ལྟ་སྒོམ་གྱི་ངང་ནས་བྲོ་གར་གྱི་ཡོ་བྱད་དང་། གླུ་ཚིག་སྒྲ། རྒྱན་བགོ་བ། བཟའ་བ་དང་བཏུང་བ། གསང་བ་ཨཱ་ལི་ཀཱ་ལིའི་ཡོ་བྱད་ལྔ་ལ་སོགས་པའི་ཚོགས་ཀྱི་སྤྱོད་པ་རྣམས་དང་ལྡན་པར་བྱས་ཏེ། དེའང་བསྙེན་པ་དང་ཉེ་བའི་བསྙེན་པ། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་བཞིའི་སྒོ་ནས་སྒྲུབ་པ་ལ་སྤྲོས་པ་མཐར་ཕྱིན་པའི་དུས་ཀྱི་ཚོགས་སྒྲུབ་ལ་སྦྱར་ནས་བསྒྲུབ་པའོ། །གཉིས་པ་བསྒྲུབ་པའི་དུས་ཉེ་རིང་གི་རྒྱུ་མཚན་བསྟན་པ་ནི། དེའང་ཡང་རབ་རབ་ཀྱིས་ཟླ་བ་དྲུག་འབྲིང་གིས་ཟླ་བ་བཅུ་གཉིས། མཐའ་ལྟག་གིས་ཟླ་བ་བཅུ་བཞི། མཐའ་མས་ཟླ་བ་བཅུ་དྲུག་གི་མཐའ་མར་འབྲས་བུ་གྲུབ་སྟེ། དེའང་དུས་ལ་ཉེ་རིང་ཡོད་པའི་ཁྱད་པར། ཁམས་༡བཟང་ངན་དང་། བརྩོན་འགྲུས་༢དྲག་ཞན། ཤེས་རབ་༣ཆེ་ཆུང་དང་། ཏིང་ངེ་འཛིན་༤ནུས་པ་ཆེ་ཆུང་ངམ་གསལ་མི་གསལ་གྱི་ཁྱད་པར་རབ་འབྲིང་ཐ་མའམ་མཐའ་སྟེ་དེ་བཞིར་ཕྱེ་བས་ཡིན་གྱི། འབྲས་བུ་ཐོབ་པའི་ངོ་བོ་ལ་ཁྱད་པར་མེད་དོ། །གསུམ་པ་བསྒྲུབ་པའི་འབྲས་བུ་བསྟན་པ་དེ་ལ་གཉིས་ཏེ། དང་པོ་འབྲས་བུའི་ངོ་བོ་དངོས་ནི། གོང་གི་སྒྲུབ་པ་མཐར་ཕྱིན་པའི་དུས་དེར་ལས་ཀྱི་རྣམ་སྨིན་ལས་བྱུང་བའི་འབྱུང་བཞི་འདུས་པའི་ལུས་དེ་ཉིད་རིག་པ་རང་སྣང་དུ་གྱུར་ནས་སྐྱེ་འཆི་མེད་པ་རྡོ་རྗེའི་རིགས་སུའམ་ལུས་སུ་གྱུར་ནས་ཚེ་ལ་དབང་བསྒྱུར་རིག་འཛིན་ལ་སྦྱོར་ནས། འཁོར་བ་དང་ངན་སོང་ལས་ཕྱིར་མི་ལྡོག་པའི་ས་ལ་ངེས་པར་མཐར་ཕྱིན་པའོ། །གཉིས་པ་ཚེ་དབང་གཞན་ལས་འདི་ཉིད་དཔགས་ཚུལ་ནི། ཤེས་རབ་ལྟ་བ་རྟོགས་པ་དང་བསྒོམ་པ་ཏིང་འཛིན་དང་ལྡན་པ་མིན་པ་ཡི་སྨན་གྱི་ཚེ་དབང་དང་། སྔགས་ཀྱི་ཚེ་དབང་དང་ལ་སོགས་པའི་ཁོང་དུ་རླུང་བསྒོམ་པ་དང་། ཐིག་ལེ་བསྒོམ་པ་ལ་སོགས་པའི་སྒོ་ནས་ཚེ་དབང་ཐོབ་པ་ལས་འདིར་ལམ་མཆོག་རྫོགས་པ་ཆེན་པོའི་ཚེ་དབང་རིག་འཛིན་འཕགས་པའོ། །གཉིས་པ་དེ་ལྔའི་སྐབས་ལས་རྐྱེན་གྱི་འཆི་ལྟས་བྱུང་ན་འཕོ་བ་བསྒོམ་ཚུལ་ནི། འཁོར་བར་ལྡོག་པ་དང་བཅས་པ་ཚོགས་ལམ་རྣལ་འབྱོར་བཞི་དང་། སྦྱོར་ལམ་ཚོགས་སྒྲུབ་ཉིད་དུ་སྐྱེ་ཤི་མེད་པར་རྡོ་རྗེའི་ལུས་སུ་མ་གྲུབ་པར་འཆི་བའི་རྐྱེན་གྱི་ལས་ཀྱིས་འབྱུང་བཞིའི་ལུས་འཇིག་པར་གྱུར་ན། དབང་པོ་དྲུག་གི་སྤྱོད་ཡུལ་ལ་འགྱུར་བའི་ཚེ་ན་དེ་ཏིང་ལ་སོགས་པ་རང་རང་གི་བསྒོམ་པའི་རྣལ་འབྱོར་གསལ་བར་བྱས་ཤིང་། ཏིང་ངེ་འཛིན་སྟོབས་ཆེ་བས་སྔོན་གྱི་ལས་ངན་པའི་རྒྱུན་གཅོད་པའི་ཏིང་འཛིན་ཟིན་ནས་འདས་ན། སྔོན་གསང་སྔགས་ལ་མོས་ནས་བསྒོམས་པའི་འབྲེལ་པ་ཡི་སྟོབས་ཀྱིས་བདེ་བར་གཤེགས་པ་སྤྲུལ་སྐུ་འཇིག་རྟེན་དུ་བྱོན་ནས་སྔགས་ཀྱི་ཐེག་པ་གསུངས་པ་དང་དུས་གནས་བཀོལ་བར་མི་འགྱུར་ཏེ། དེའི་བསྟན་ལ་ཞུགས་པའི་བཤེས་གཉེན་དམ་པ་ཞལ་མཐོང་ནས། ཡང་དག་པའི་མཐར་ལམ་ལ་སྦྱོར་རོ། །གསུམ་པ་ལྟ་སྒོམ་གཉིས་ཀྱི་སྐབས་ལ་རྒྱུ་རྐྱེན་འབྲས་གསུམ་དང་ལྡན་ཞིང་རེ་རེ་ལའང་དགོས་ཆེད་གཉིས་གཉིས་ཡོད་ཅིང་རིམ་ཅིག་ཆར་གྱི་སྒོ་ནས་འབྲས་བུ་ལ་སྦྱོར་དགོས་པར་བསྟན་པ་ནི། མདོར་ན་རྒྱུ་ཤེས་པ་ལྟ་བ་དང་། རྐྱེན་འཇུག་པ་ཏིང་འཛིན་ལྔ་སྟེ་དྲུག་ལ་ཡང་། གནས་སྐབས་ཀྱི་སྒོ་ནས་རྒྱུ་ལྟ་བ་དང་། རྐྱེན་དེ་ཏིང་ནས་སྤྲོས་པ་མན་ཆད་དང་། འབྲས་བུ་ཚོགས་གྲུབ་དང་གསུམ་ལ་ལྡན་ནོ། །རྒྱུ་དེ་དང་རྐྱེན་དེར་དང་འབྲས་བུ་དེར་ཡང་གསུམ་པོ་རེ་རེ་ལའང་། གཞན་སེལ་དང་དོན་གཉེར་གྱི་དགོས་ཆེད་གཉིས་གཉིས། བློ་ཆེ་ཆུང་གི་སྒོ་ནས་འཇུག་ཚུལ་གཉིས་ཀྱིས་རང་རང་གི་དོན་ལ་སྦྱོར་བར་བྱེད་དོ། །གཉིས་པ་སྤྱོད་པ་ལའས་གཉིས་ཏེ། དང་པོ་སྤྱོད་པ་རྒྱུན་གྱི་ཚོགས་བསགས་པས་གཞན་གྱི་དོན་སྒྲུབ་ཚུལ་མདོར་བསྟན་པ་ནི། ལྟ་སྒོམ་ལས་སུ་རུང་བར་བྱེད་པ་ལ་སྤྱོད་པ་དུས་རྒྱུན་ཆད་མེད་པར་སྤྱོད་ལམ་གྱི་སྒོ་ནས་ཚོགས་བསགས་པའི་ཕྱིར་རྣལ་འབྱོར་པ་བདག་དོན་དང་གདུལ་བྱ་གཞན་དོན་བསྒྲུབ་པར་བྱ་བ་ཡི་དོན་དུ་སྤྱོད་དགོས་སོ། །གཉིས་པ་བྱེ་བྲག་ཕྱེ་སྟེ་དེ་ལ་བཤད་པ་དྲུག །དང་པོ་སྤྱོད་པའི་ངོ་བོ་ལ་གཉིས། དང་པོ་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་བསྒྲུབ་པ་ལ་བདག་དོན་དུ་ཏིང་ངེ་འཛིན་དང་མཐུན་པའི་སྤྱོད་པ་ནི། བདག་དོན་ལ་ཟག་ལྡོག་གཉིས་ཀ་ཡོད་པའི་ཚོགས་ལམ་བཞི་དང་། ཟག་པ་ཡོད་ལ་ལྡོག་པ་མེད་པ་སྦྱོར་ལམ་ནས་མཐོང་ལམ་ལ་སློབ་པར་བྱེད་པའི་ཐབས་ལ་སྤྱོད་པར་བྱེད་པ་ལ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་བཅུ་ཉམས་སུ་བླངས་ཤིང་འབྲས་བུ་མཐར་འབྱིན་པའི་ཐབས་བྱེད་པའོ། །དེའང་ཚོགས་ལམ་རྣལ་འབྱོར་བཞིའི་དང་པོ་དེ་ཏིང་གི་སྐབས་སུ་བདག་གི་དོན་བྱ་བའི་ཕྱིར་དུ། བསྒོམ་བྱ་སྒོམ་བྱེད་གཉིས་མི་དམིགས་པའི་ཚུལ་གྱིས་དམིགས་པ་མེད་པའི་ངང་ལ་སྤྱོད་པ་དང་། གཉིས་པ་ཀུན་ཏིང་གི་སྐབས་སུ་ཚད་མེད་པ་བཞི་ཡི་ངང་ལ་རོལ་ཅིང་སྤྱོད་པ་དང་། གསུམ་པ་རྒྱ་གཅིག་གི་སྐབས་སུ་རྣལ་འབྱོར་ཕྱོགས་གཅིག་པ་སྟེ་ཡི་གེ་ནས་བཟུང་སྟེ་ལྷ་དགུ་ཉིད་བཅུའི་ངང་ལ་འབད་ཅིང་སྤྱོད་པ་དང་། བཞི་པ་རྒྱ་སྤྲོས་ལའང་རྣལ་འབྱོར་ལྷ་དུ་མ་སྤྲོས་པའི་ངང་ལ་སྤྱོད་པ་དང་། ལྔ་པ་ཚོགས་སྒྲུབ་ཀྱི་སྐབས་སུ་སྤྲོས་པ་མཐར་ཕྱིན་པའི་དུས་ཀྱི་ཚོམ་བུ་གཅིག་གསུམ་ལྔ་པའི་ཚོགས་སྒྲུབ་པའི་དུས་སུ་ཡོ་བྱད་ལྔ་ལ་རོལ་ཅིང་ལོངས་སྤྱོད་པའོ། །གཉིས་པ་གཞན་དོན་གྱི་སྤྱོད་པ་བྱེད་ལུགས་ནི། གདུལ་བྱ་གཞན་གྱི་དོན་བྱ་བའི་ཕྱིར། དེ་ཏིང་ལ་སོགས་པ་སོ་སོའི་རྣལ་འབྱོར་བསྒོམ་པའི་དུས་སུ་གཞན་གྱི་དོན་བྱེད་པ་ཅི་སྨོས་ཏེ་དང་པོ་དེ་ཏིང་སྐབས་ནས་བཟུང་སྟེ། རྒྱུད་དོན་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་བཅུ་གཞན་ལ་སྟོན་ཅིང་གདུལ་བྱ་ལམ་ལ་བཀྲི་བར་བྱེད་དོ། །གཉིས་པ་ལམ་གྱིས་ཚད་མཐོ་དམན་གྱིས་ཕྱེ་བས་སྤྱོད་པ་ལ་ཁྱད་པར་ཡོད་ཚུལ་ལ་གསུམ་སྟེ། དང་པོ་མོས་ནུས་ཀྱི་ཁྱད་པར་ནི། ལམ་གོང་འོག་གི་སྤྱོད་པའི་ཁྱད་པར། དེ་ཏིང་ཀུན་སྣང་རྒྱ་གཅིག་སྤྲོས་དང་ཚོགས་སྒྲུབ་དང་ལྔ་ལ་རིམ་པ་བཞིན་དུ། ལམ་འོག་མ་རྣམས་ཀྱིས་ལམ་གོང་མ་རྣམས་ཀྱི་སྤྱོད་པ་རྣམས་ལ་མོས་པས་སློབ་ཅིང་། ལམ་རང་རང་གཏིང་འཛིན་དང་མཐུན་པའི་སྤྱོད་པ་དངོས་སུ་ནུས་པས་སྤྱོད་ལ། དེའང་ཕྱོགས་རེའི་སྒོ་ནས་བདག་དོན་དང་གཞན་དོན་གཉིས་ཀ་གང་ཡང་སྤྱོད་པ་མིན་ལ། ཕྱོགས་མེད་བདག་གཞན་གཉིས་ཀ་གྲོལ་བར་བྱ་བའི་དོན་དུ་སྤྱོད་དོ། །གཉིས་པ་དབང་བསྒྱུར་ཐབས་ཀྱི་སྤྱོད་པའི་ཁྱད་པར་ནི། རང་གི་ཏིང་ངེ་འཛིན་དང་མཐུན་པའི་ངང་ལ་ཐམས་ཅད་མ་སྤངས་པར་དབང་བསྒྱུར་གསང་སྔགས་ཐབས་ཀྱི་སྤྱོད་པ་ཙམ་དུ་འདྲ་ཡང་། རྣལ་འབྱོར་ཏིང་འཛིན་སྟོབས་ཆེ་ཆུང་གི་ནུས་མཐུ་ཡིས་དབྱེ་བས་ཁྱད་པར་ཡོད་པར་འགྱུར་རོ། །གསུམ་པ་གཞན་དོན་བྱིན་རླབས་ཀྱི་སྤྱོད་པ་ལ་ཁྱད་ཡོད་ཚུལ་ནི། ཏིང་འཛིན་ལ་ཁྱད་ཡོད་པ་དེ་བཞིན་གཞན་དོན་བྱིན་རླབས་ཕྲིན་ལས་བཞི་དང་། ཚད་མེད་བཞི་ཡི་སྒོ་ནས་གདུལ་བྱའི་བློ་དང་འཚམས་པར་དོན་མཛད་པའི་དུས་ལ་བབས་པའི་སྤྱོད་པ་ཡང་། ཤེས་རབ་ལྟ་བ་དང་སྒོམ་པ་ཏིང་ངེ་འཛིན་སྟོབས་ཆེ་ཆུང་རྣམས་ཀྱིས་ཕྱེ་ནས་གཞན་དོན་རྒྱ་ཆེ་ཆུང་ཡོད་པའོ། །གསུམ་པ་སྤྱོད་ཡུལ་དུ་རང་གི་སྒོ་གསུམ་བསྡམ་དགོས་པར་བསྟན་པ་ནི། བདག་གི་དོན་དག་གམ་གཞན་གྱི་དོན་ཕྱིར་སྤྱོད་ལམ་བཞི་པོ་ཐམས་ཅད་དུ། རྣལ་འབྱོར་ལམ་གྱི་རིམ་པ་མཐོ་དམན་ཡོད་པ་བཞིན་དུ་རང་གི་ལུས་ངག་ཡིད་གསུམ་སྒོ་གསུམ་གྱི་མི་དགེ་བ་རྣམས་བསྡམ་ནས་ཏིང་ངེ་འཛིན་ལས་མི་འདའ་བར་སྤྱོད་པའོ། །བཞི་པ་ཚོགས་དྲུག་གིས་ཡུལ་ལ་སྤྱོད་དུས་རང་གྲོལ་ཞིང་གཞན་མོས་པར་བྱེད་པའི་ཐབས་ལ་སྤྱོད་དགོས་ཚུལ་ནི། ལོངས་སྤྱོད་ཀྱི་རྣམ་པ་ཚོགས་དྲུག་ལ་སྤྱོད་པའི་དུས་སུ་བསྒོམ་པ་རྣལ་འབྱོར་ལམ་གྱི་རིམ་པ་ཏིང་འཛིན་རང་དང་མཐུན་པར་སྤྱོད་པས་རང་རྒྱུད་གྲོལ་ཞིང་གདུལ་བྱ་གཞན་རྣམས་མོས་པར་གཞུག་པའོ། །ལྔ་པ་སྤྱོད་པ་རྒྱུན་གྱི་ཚོགས་གཉིས་བསགས་ཐབས་བསྟན་པ་ལ་གསུམ། དང་པོ་ཚོགས་གཉིས་བསགས་ཐབས་དངོས་ནི། ལོངས་སྤྱོད་ཐམས་ཅད་ལ་སྤྱོད་དུས་རང་རྒྱུད་དམ་སྡུག་བསྔལ་གྱི་ཟུག་རྔུ་མེད་པས་བདེ་བའི་རྩལ་མ་འགགས་པས་བསོད་ནམས་ཀྱི་ཚོགས་ཉིད་དང་། ལོངས་སྤྱོད་པ་ལ་ཟིན་ཆགས་སམ་འཛིན་ཆགས་དང་བྲལ་བ་ཡེ་ཤེས་ཀྱི་ཚོགས་ཡིན་མོད། གཉིས་པ་དེ་ལམ་གྱིས་མཚམས་གང་གི་སྐབས་ལ་སྤྱོད་དགོས་པར་བསྟན་པ་ནི། བསོད་ནམས་ཀྱི་ཚོགས་དེ་དང་ཡེ་ཤེས་ཀྱི་ཚོགས་དེ་གཉིས་ཀའང་ས་ཆོད་མཐོ་དམན་གྱིས་ཕྱེ་བ་ཡི་སྟོབས་ཀྱིས་ཟག་པ་དང་བཅས་པ་ཚོགས་ལམ་རྣལ་འབྱོར་བཞི་དང་། སྦྱོར་ལམ་ཚོགས་སྒྲུབ་ཀྱི་བསྙེན་པ། ཉེ་བསྙེན། སྒྲུབ་པ་དང་སྒྲུབ་ཆེན་བཞིས་ཚོགས་གཉིས་ཟུང་འཇུག་ཏུ་སྒྲུབ་ཅིང་། འབྲས་བུ་ཟག་མེད་ཀྱི་རིག་འཛིན་ཐོབ་ཐབས་ལ་སློབ་སྟེ་སྤྱོད་པར་འགྱུར་རོ། །གསུམ་པ་ཉན་བསམ་སྒོམ་པ་ནས་བཟུང་སྟེ་རྒྱུད་དོན་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་གང་ཉམས་སུ་བླང་བའི་སྐབས་སུ་ཚོགས་གཉིས་ཟུང་འཇུག་ཏུ་ལྡན་དགོས་པར་བསྟན་པ་ནི། གཞན་ཡང་མཉན་པ་དང་བསམ་པ་དང་ཆོས་ཉིད་གནས་ལུགས་མཐོང་བ་ལ་སོགས་པའི་སྤྱོད་པ་མ་འགགས་པ་བསོད་ནམས་དང་མ་དམིགས་པ་ཡེ་ཤེས་ཀྱི་ཚོགས་དང་། རྒྱུད་དོན་གྱི་དབང་དང་དམ་ཚིག་དང་རྣལ་འབྱོར་ཏིང་ངེ་འཛིན་དང་སྒྲུབ་པ་དང་། མཆོད་པ་དང་ཕྲིན་ལས་དང་དཀྱིལ་འཁོར་དང་སྤྱོད་པ་དང་སོགས་ཀྱི་སྒྲས་སྔགས་དང་ཕྱག་རྒྱ་ལ་སྤྱོད་པའི་དུས་ཀུན་ལའང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་གཉིས་པ་སྤྱོད་དགོས་ཏེ། དེའང་མ་འགགས་པར་སྤྱོད་པ་བསོད་ནམས་དང་མ་དམིགས་པའི་ཆགས་དང་བྲལ་བ་ཡེ་ཤེས་ཀྱི་ཚོགས་དང་གཉིས་ཀྱི་ཆ་ཡིས་དབྱེ་ན་དུས་རྒྱུན་དུ་ཚོགས་གཉིས་བསགས་པ་ནི་གདོད་མ་ཐོས་བསམ་ནས་བཟུང་མཐའ་འབྲས་བུ་མཐར་ཕྱིན་གྱི་བར་དུ་ཚོགས་གཉིས་དང་ལྡན་པར་སྤྱོད་དགོས་པའོ། །དྲུག་པ་བདག་དོན་གྱི་སྤྱོད་པ་ལ་གཞན་དོན་རྫོགས་ཚུལ་ནི། བདག་གི་དོན་བྱ་བའི་ཕྱིར་ལྟ་བ་དང་། རྣལ་འབྱོར་ཏིང་འཛིན་དང་གཉིས་དབྱེར་མེད་དུ་ཁྱེར་བའི་གྲོགས་སྤྱོད་པ་གལ་ཆེ་བས། དེའང་སྤྱོད་ལམ་འགྲོ་ཉལ་འདུག་སྡོད་ཟ་ཞིང་སྤྱོད་པའི་དུས་ཀུན་ཏུ་སྤྱོད་པའི་ཏིང་འཛིན་ཉམས་པར་མི་བྱ་བ། དེ་ཉིད་བསྒོམ་པའི་ཐོག་མར་གདུལ་བྱ་གཞན་གྱི་དོན་བྱ་བའི་ཕྱིར་སེམས་བསྐྱེད་ཡོད་པ་ཡིན་པའི་ཕྱིར། དེ་བས་ན་བདག་དོན་དུ་གཞན་དོན་བྱ་བ་དང་རྣམ་པ་གཉིས་རྫོགས་པའོ། །སྤྱི་དོན་གསུམ་པ་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་ལ་གཉིས། གནས་སྐབས་ཀྱི་འབྲས་བུ་རིག་འཛིན་དང་། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྤྱི་དང་བྱེ་བྲག་གཉིས་སུ་བསྟན་པ་ལས། དང་པོ་སྤྱིར་ལྟ་སྒོམ་སྤྱོད་གསུམ་ནུས་མཐུ་ཅན་དུ་གྱུར་པས་ལུས་ཡོད་མེད་ཀྱི་སྒོ་ནས་འབྲས་བུ་ཚེ་རྣམ་ལ་སྦྱོར་ཚུལ་ནི། ལྟ་བ་དེ་དང་སྒོམ་པ་དེ་དང་སྤྱོད་པ་དེ་དང་གསུམ་པོ་ཡི་ནུས་པ་མཐུ་ཅན་དུ་གྱུར་ནས་མཐོང་ལམ་རྣམ་པར་སྨིན་པ་དང་ཚེ་ལ་དབང་བསྒྱུར་བ་ཡི་རིག་འཛིན་ཐོབ་ལུགས་ཀྱི་ལུས་གཉིས་སུ་ཕྱི་ནས་བཤད་པ་ནི་འདི་ལྟ་སྟེ། དེའང་སེམས་ལས་ལུས་ལྷག་པའམ་མ་ལྷག་པའི་ལུས་ཡོད་པ་དེ་ཉིད་མ་སྤངས་པར་ལྷ་རྟོག་ཟུང་འཇུག་ཏུ་རྟོགས་པའི་ཚེ་དབང་དང་ལྷག་མའི་ལུས་མེད་པ་རྣམ་སྨིན་དང་གཉིས་ཐོབ་ཚུལ་གྱི་ལུང་བསྟན་པ། ཟག་བཅས་མཐར་ཕྱིན་ལམ་པའི་མཐོང་ལམ་གྱི་རིག་འཛིན་དངོས་ལ་སྦྱོར་བར་བྱེད ། གཉིས་པ་བྱེ་བྲག་ཏུ་འབྲས་བུ་ཐོབ་ཚུལ་དེ་ལ་གཉིས་ཏེ། ལྷག་མེད་རྣམ་སྨིན་ཐོབ་ཚུལ་དང་། ལྷག་བཅས་ཚེ་དབང་ཐོབ་ཚུལ་ལོ། །དང་པོ་རྣམ་སྨིན་ལ་བཞི་སྟེ། དང་པོ་རྣམ་སྨིན་ཐོབ་པའི་རྒྱུ་ངོས་བཟུང་བ་ནི། ཕྱག་རྒྱ་གཅིག་པ་ལ་བརྟན་པ་ཐོབ་པས་རྣམ་སྨིན་ཐོབ་ནས་ཕྱག་ཆེན་དུ་འཕོས་པ་ཡང་། དཔེར་ན་ཁྱུང་སྒོང་རྒྱ་དང་སེང་གེ་མངལ་རྒྱ་ཇི་ལྟ་བ་བཞིན་དུ་ཐོབ་པ་ན། ཕྱག་རྒྱ་སྤྲོས་བཅས་དང་ཚོགས་སྒྲུབ་ཀྱི་སྐབས་ན་རྣམ་སྨིན་ཐོབ་པ་སྨོས་ཀྱང་ཅི་དགོས། གཉིས་པ་རྣམ་སྨིན་གྱི་ངོ་བོ་དང་ལམ་གོང་མ་ལ་སྦྱོར་ཚུལ་ནི། ཡིད་ཀྱིས་ཡི་དམ་གྱི་ལྷ་ཡི་གཟུགས་ལ་བརྟན་པ་ཐོབ་ཅིང་། ཕྱག་རྒྱ་ལྷའི་སྐུ་དེ་ཉིད་རིག་པའི་མངོན་སུམ་དུ་གསལ་བ། ལུས་ལྷ་གང་ཡིན་གྱི་ཆ་ལུགས་སུ་གྱུར་པ་ན་རྣམ་སྨིན་ནོ། །དེ་ནས་ལྷག་མ་ཡི་ལུས་དེ་ཉིད་བཞག་པའི་དུས་སུ་བར་དོ་མ་ཤར་བའི་གོང་ལ། ལྷག་མའི་ལུས་དེ་མེད་པར་ཕྱག་རྒྱ་ཆེན་པོར་སྨིན་ནས་ཐོབ་པའོ། །གསུམ་པ་རྣམ་སྨིན་གྱི་ངེས་ཚིག་ནི། སྔོན་གྱི་ལས་ཀྱི་ལུས་ཀྱི་སྦུབས་སུ་སྣང་བའི་རྣམ་པ། ཡིད་ཡི་དམ་གྱི་ལྷ་ཡི་རྣལ་འབྱོར་དུ་སྨིན་པས་ན། འབྲས་བུ་ཕྱག་ཆེན་ཐོབ་པ་ལ་མ་དག་པའི་ཆ་ལ་རྣམ་སྨིན་དུ་མིང་བཏགས་པ་སྟེ། སྨིན་པའི་འབྲས་བུ་ཡེ་ཤེས་ཀྱི་ལུས་ཕྱག་རྒྱ་ཆེན་པོའི་ཆ་ལུགས་སུ་འགྲུབ་བོ། །བཞི་པ་དགོངས་སྤྱོད་ནི་ཐོབ་པ་རང་དང་ཁྱད་པར་མེད་ཚུལ་ནི། དཔེར་ན་རྒྱ་མིག་ཏུ་རྒྱ་ས་ལྟ་བུའི་རྣམ་སྨིན་ཐོབ་པའི་ཚེ་ན། དགོངས་པ་དང་སྤྱོད་པ་ནི་འགྱུར་ས་སྟེ་སྔར་ཐོབ་པའི་ཕྱག་རྒྱ་གཅིག་པ་དང་། སྤྲོས་པ་དང་། ཚོགས་སྒྲུབ་གསུམ་ལ་འདྲར་སྤྱོད་པའོ། །གཉིས་པ་ཚེ་དབང་ལ་གཉིས། དང་པོ་ཚེ་དབང་ཐོབ་པའི་རྒྱུ་དང་རང་སའི་ཡུལ་བསྟན་པ་ནི། སྔོན་རྣམ་སྨིན་བཞིན་དུ་ཚོགས་སྒྲུབ་ཀྱི་འབྲས་བུ་ཚེ་ལ་དབང་བསྒྱུར་པའི་རིག་འཛིན་ཉིད་དུ་སྦྱོར་བ་ཡིན་ཏེ། དེ་ནས་དེ་ཉིད་ཀྱི་ཐོག་ནས་མཐར་ཐུག་གི་འབྲས་བུ་གྲུབ་པ་ཡི་ཡུན་ནི། གདུལ་བྱ་གཞན་གྱི་དོན་བྱ་བའི་ཕྱིར་ཡུན་བསྐལ་བར་གནས་མོད་ཀྱང་། བདག་གི་དོན་བྱ་བའི་ཕྱིར་བརྒྱ་ཕྲག་བཅུ་དྲུག་སྟེ་ཆིག་སྟོང་དྲུག་བརྒྱ་ཚུན་ཆད་དུ་ཡང་དག་པར་རྫོགས་པའི་སྐུ་ལྔ་ལྷུན་གྲུབ་ཐོབ་བོ། །གཉིས་པ་ལམ་གོང་མ་ལམ་སྦྱོར་ཚུལ་ལ་གཉིས། ཚོགས་སྦྱོར་ལ་ལྷ་བསམ་ཡས་ལྷུན་གྲུབ་བསྒོམ་ཞིང་འདིར་མཐོང་བའི་སྟོབས་ཀྱིས་ཐོད་རྒལ་ལ་སྦྱོར་ཚུལ་དང་། དེ་མ་གསལ་བའི་སྐྱོན་གྱིས་མཐར་ཆགས་སུ་སྦྱོར་ཚུལ་ལོ། །དང་པོ་ལ་གཉིས། དང་པོ་ཐོད་རྒལ་དུ་འགྲོ་བའི་རྒྱུ་མཚན་ནི། ཚེ་དབང་ཐོབ་པ་དེ་ཡི་ཚེ་བསམ་ཡས་ལྷུན་གྲུབ་ཀྱི་ཏིང་འཛིན་ལ་མངའ་བརྙེས་པ་ཡིན་ཏེ། དེའང་སྤྲོས་པ་དང་། ཚོགས་སྒྲུབ་ཀྱི་སྐབས་སུ་བསྒོམས་ཤིང་བསྒྲུབས་པས། འདིར་མཉམ་རྗེས་མེད་པར་མངོན་སུམ་དུ་མཐོང་བའི་སྟོབས་ཀྱིས་འཇིག་པ་ལྔ་དང་བྲལ་བ་ཡིན་ཏེ། ཇི་སྐད་དུ། འཚོ་བ་མེད་པའི་དང་མིས་མི་བསྔགས་པ་དང་འཁོར་བའི་སྡུག་བསྔལ་དང་། །འཁོར་གྱི་འདྲི་བའི་འཇིགས་བྲལ་འཆི་བའི་འཇིགས་པ་མེད་པ་ལྔ། མཆན། བག་ཆགས་སྤངས། །ཞེས་སོ། །གཉིས་པ་ཐོད་རྒལ་དངོས་དེ་ལ་གསུམ། དང་པོ་ཚེ་དབང་ནས་ལྷུན་གྲུབ་ཐོབ་ཚུལ་ནི། དེའང་ཟག་མེད་ཀྱི་རྒྱུ་ཤེས་པ་ལྟ་བ་དང་། རྐྱེན་འཇུག་པ་ཏིང་འཛིན་གཉིས་དུས་གཅིག་ཏུ་བརྟན་པ་ཐོབ་པའི་རྒྱུ་རྐྱེན་གྱི་སྟོབས་ཀྱིས་རྒྱལ་ཚབ་ཀྱི་སྐྱེས་བུ་ལྷུན་གྲུབ་རིག་འཛིན་ཐོབ་སྟེ། དེའི་ཚེ་རྒྱལ་བ་དྲུག་པའི་ཞལ་མངོན་སུམ་མཐོང་ནས་རང་དོན་ནས་གཉིས་མེད་ཟུང་འཇུག་གི་སྐུ་ལྔ་ཡོངས་སུ་རྫོགས་པ་ས་ལམ་མཐར་ཕྱིན་ནས་ལྷག་མའི་ལུས་དེ་སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་སུ་སྨིན་པ་ཡིན་ཏེ། དེའང་སྔར་གྱི་ལྷག་མའི་ལུས་དེ་ཉིད་སྤང་བ་མེད་པར་ཡེ་ཤེས་ཀྱི་སྐུ་ལུས་ཉིད་དུ་ལྷུན་གྱིས་འགྲུབ་ཅིང་། གདུལ་བྱ་གཞན་གྱི་དོན་བྱ་བའི་ཕྱིར་སྨིན་པ་ལོངས་སྐུ་དང་། དེ་ཉིད་དུ་མར་འཆར་བ་སྤྲུལ་པའི་སྐུ་ལུས་ཉིད་ཐོབ་པ་དེ་ནས་མཐར་ཐུག་གི་འབྲས་བུ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་སྦྱོར་བ་ཡིན་ནོ། །དེ་ནི་རིག་འཛིན་གསུམ་སྤྱིར་ཐོབ་ལུགས་ཀྱི་སྒོ་ནས་སངས་རྒྱས་ཀྱི་སར་སྦྱོར་ཚུལ་བཤད་པ་ཡིན་ནོ། །གཉིས་པ་ཚེ་དབང་རང་གིས་སངས་རྒྱས་གྲུབ་ཚུལ་ནི། བློ་ཆེ་བ་ཅིག་ཆར་བ་ཁ་ཅིག་ཚེ་ལ་དབང་བསྒྱུར་བའི་རིག་འཛིན་པ་དེ་ཉིད་ཀྱི་ས་ནས་ལོ་བརྒྱ་ཕྲག་བཅུ་དྲུག་གི་རྒྱུན་གྱི་ཐ་མར་སྟོན་པ་གསང་བའི་སྐུས་དབང་བསྐུར་ནས་བག་ཉལ་གྱི་དྲི་མ་དག་སྟེ་སྐུ་ལྔ་ལྷུན་གྲུབ་ཏུ་རྫོགས་པའི་སངས་རྒྱས་ཐོབ་བོ། །གསུམ་པ་ཚེ་དབང་ཕྱག་ཆེན་ལ་སྦྱོར་ནས་དེ་ནས་སངས་རྒྱས་གྲུབ་ཚུལ་ནི། ཐོད་རྒལ་བ་ཁ་ཅིག་ཚེ་དབང་ཐོབ་ནས་ཕྱག་རྒྱ་ཆེན་པོ་ཡི་རིག་འཛིན་ཐོབ་སྟེ། དེ་ནས་དབང་ཐོབ་པ་དང་འབྲས་བུ་བླ་ན་མེད་པ་སྤྱོད་ཡུལ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་ཡོངས་སུ་དག་པ་ཀུན་ཏུ་བཟང་པོར་ཐོབ་པར་འགྱུར་རོ། །གཉིས་པ་མཐར་ཆགས་པས་མཐོང་ལམ་ཚེ་དབང་བསྒོམ་ལམ་ཕྱག་ཆེན་མཐར་ལམ་ལྷུན་གྲུབ་ཀྱི་རིག་འཛིན་ནམ་སངས་རྒྱས་ལ་སྦྱོར་ཚུལ་ལ་བཅུ་སྟེ། དང་པོ་མཚོན་པ་དཔེའི་ཁྱད་པར་བསྟན་པའི་སྒོ་ནས་ལམ་བགྲོད་ཚུལ་བསྟན་པ་ནི། ཉི་འོད། རླན་མེད་པའི་འོད། མེ་འོད། མཐར་ཐུག་པའི་རིན་ཆེན་དང་བཞི་ཡི་འོད་རྒྱ་མཚོ་ལ་ཕོག་པས། རིན་ཆེན་ཉི་འོད་ཀྱིས་ཞོ་རུ་འགྱུར་བ་ལྟར། ཟག་བཅས་ཀྱི་ཉོན་མོངས་པ་དེ་ཉིད་ཟག་མེད་ཀྱི་ཡེ་ཤེས་སུ་འགྱུར་ལ། བསྒོམ་ལམ་ཕྱག་ཆེན་རིག་འཛིན་ཐོབ་པའི་དུས་སུ། དེ་བས་ཀྱང་སྟོབས་སུ་ཞུགས་ཏེ། རིན་ཆེན་རླན་མེད་པའི་འོད་ཕོག་པས་མར་དུ་འགྲོ་བ་བཞིན་དུ། མཐོང་ལམ་དུ་ད་དུང་ཀུན་འགྲོའི་སྒྲིབ་པ་ཡོད་དེ། འདིར་ཡེ་ཤེས་སུ་ཤར་ནས་ལུས་སེམས་རྒྱལ་བའི་དཀྱིལ་འཁོར་དུ་གྱུར་པའོ། །མཐར་ལམ་ལྷུན་གྲུབ་རིག་འཛིན་གྱི་སྐབས་སུ་དེ་བས་ཀྱང་སྟོབས་སུ་གྱུར་ཏེ། རིན་ཆེན་མེད་འོད་ཕོག་པས་མེ་ཡི་རྣམ་པར་འགྲོ་བ་བཞིན་དུ། བསྒོམ་ལམ་ལ་ལྷན་ཅིག་གནས་པའི་དྲི་མ་ཡོད་པ་དེ། འདིར་ཡེ་ཤེས་སུ་ཤར་ནས་སྐུ་ལྔ་ལྷུན་གྲུབ་རིག་འཛིན་དུ་འགྱུར་རོ། །མཐར་ཐུག་གི་དུས་སུ་དེ་བས་ཀྱང་སྟོབས་སུ་གྱུར་ཏེ། མཐར་ཐུག་པའི་ནོར་བུའི་འོད་ཕོག་ནས་ཐམས་ཅད་སྟོང་ཞིང་མ་ལུས་པའི་སྣང་བར་བྱེད་པ་ལྟར་དུ། མཐར་ལམ་པའི་བག་ཉལ་གྱི་དྲི་མ་ས་བོན་དང་བཅས་པ་སྤངས་ནས་ཡེ་ཤེས་ཆེན་པོའི་རང་བཞིན་གཅིག་ཏུ་གནས་པའོ། །དཔེ་ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་པོ་དག །རྒྱ་མཚོ་ཆེན་པོར་འདུས་པའི་ཆུ་ཡི་ཕུང་པོ་དེ་དག་ཀྱང་། ནོར་བུ་ཉི་མའི་འོད་ཕོག་ཆུ་ཡི་རང་བཞིན་སྤངས་ནས་འོ་མ་དང་ཞོ་རུ་གྱུར་ཏེ་འདུག་གོ། །ནོར་བུ་རིན་པོ་ཆེ་རླན་མེད་པའི་འོད་ཕོག་ན་འོ་མ་དང་ཞོའི་རང་བཞིན་སྤངས་ནས། མར་གྱི་ཉིང་ཁུ་ལྟ་བུར་འགྱུར་རོ། །མེའི་འོད་ཀྱི་ནོར་བུ་རིན་པོ་ཆེའི་འོད་ཕོག་ན་མར་གྱི་ཉིང་ཁུ་ལྟ་བུའི་རང་བཞིན་སྤངས་ཏེ། མེ་ལྟར་བུར་འབར་བར་འགྱུར་རོ། །ནོར་བུ་རིན་པོ་ཆེ་མ་ལུས་པ་མཐར་ཐུག་པའི་འོད་ཕོག་ན་ཐམས་ཅད་ལྷག་མ་མེད་ཅིང་མ་ལུས་པའི་སྣང་བར་འགྱུར་རོ། །ཞེས་སོ། །གཉིས་པ་བགྲོད་པ་ལམ་གྱི་ཁྱད་པར་ནི། རིམ་པ་པ་ཁ་ཅིག་མཐོང་ལམ་ཚེ་དབང་དང་། བསྒོམ་ལམ་ཕྱག་ཆེན། མཐར་ལམ་ལྷུན་གྲུབ་རྣམ་པ་གསུམ་བགྲོད་ཅིང་སྦྱངས་པའི་སྟོབས་ཀྱིས་མཐར་ལྷུན་གྲུབ་རིག་འཛིན་དབང་ཐོབ་པ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ལྔ་ལྷུན་གྲུབ་ཐོབ་པའོ། །གསུམ་པ་བཏགས་པ་མིང་དོན་གྱི་ཁྱད་པར་ནི། ཤེས་རབ་ལྟ་བས་དབང་པོ་སྒོ་ལྔ་གཉིས་མེད་རང་སྣང་དུ་རྟོགས་ཤིང་རྣལ་འབྱོར་ཏིང་འཛིན་དང་ལྡན་པ་བདག་ཉིད་ལ། གཞི་གཅིག་ཀྱང་བོགས་འདོན་སློབ་པའི་ཁྱད་པར་བསམ་ཡས་པ་རྣམས་ལ་ནི། རྣལ་འབྱོར་ལྟ་སྒོམ་གྱི་བོགས་འདོན་ལ་ཆེ་ཆུང་གི་བྱེད་ལས་ཀྱི་སྐབས་ཀྱིས་རིག་འཛིན་གསུམ་གྱི་མིང་བརྗོད་པ་ཡིན་ཏེ། དེའང་འཁོར་བ་ལ་ཕྱིར་མི་ལྡོག་པ་མཐོང་ལམ་ཚེ་དབང་། དགོངས་པ་མཉམ་པ་ཉིད་ལ་མི་གཡོ་བ་བསྒོམ་ལམ་ཕྱག་ཆེན། དེ་ཉིད་མཐར་ཕྱིན་པ་ལྷུན་གྲུབ་རིག་འཛིན་དང་གསུམ་གྱིས་ཕྱེ་བའམ། ཡང་ན་ཚེ་དབང་གི་ལམ་ལྟ་བ་ཀུན་སྔོན་དུ་འགྲོ་བ་ལྟར་ལྟ་བ་རྟོགས་པས་འཇིགས་པ་ལྔ་དང་བྲལ་བ་དང་། ཕྱག་ཆེན་གྱིས་ཉི་ཁྲི་བཞི་སྟོང་ལ་སོགས་སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་དང་། ལྷུན་གྲུབ་རིག་འཛིན་གྱིས་རང་རིག་པའི་ངང་ལ་དགའ་བ་བཅུ་དྲུག་ལ་ཡེ་ཤེས་ལྔ་ལྔའི་རྩལ་རྫོགས་པས་མཐའ་མའི་མཐར་ཐུག་གི་འབྲས་བུའི་སར་སྦྱོར་བས་ན་སྦྱོར་ལམ་པ་ཞེས་བྱའོ། །བཞི་པ་དག་བྱ་སྒྲིབ་པའི་ཁྱད་པར་ནི། རྣལ་འབྱོར་པ་བདག་གི་དོན་དང་གདུལ་བྱ་གཞན་གྱི་དོན་བྱ་བའི་ཕྱིར་ནའང་། སྒྲོལ་བ། སྦྱོར་བ། རྫུན་སྨྲ་བ། མ་བྱིན་ལེན་པ། ངག་བརླང་པོ་སྟེ་སྤྱོད་པ་ལྔ། བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་པ་བཞི་ལ་སོགས་པའི་སྒྲས་ཕྲིན་ལས་བཞི་དང་། དེ་ལྟར་དག་མ་དག་གི་སྤྱོད་པ་རྣམས་གཉིས་མེད་རང་སྣང་གི་ངང་ལས་མ་གཡོས་པར་སྤྱོད་པས། བཟང་ངན་རང་ཁ་མའི་དྲི་མས་མི་གོས་པ་ལ་འདྲ་མོད་ཀྱང་ཁྱད་པར་ཡོད་དེ། དེའང་མཐོང་ལམ་ལ་ལྟ་བ་ཀུན་ཏུ་འགྲོ་བ་རྟོགས་པའི་དོན་ལ་མ་གཡེངས་པར་བསྒོམ་པ་དེས་ཕྱག་ཆེན་གྱི་དགོངས་པ་སྒྲིབ་པ་དང་། བསྒོམ་ལམ་ལ་བཞི་ཁྲི་བཞི་སྟོང་གི་ཐོག་ཏུ་གནས་པའི་ཚེ། དེ་ལས་གཞན་པའི་རྩལ་དུ་མ་དང་། ལྷུན་གྲུབ་ཀྱི་དགོངས་པ་སྒྲིབ་པ་དང་། མཐར་ལམ་དུས་སུ་ཡེ་ཤེས་ལྔ་ལྔའི་རྩལ་དང་ལྡན་པ་ལ། བག་ལ་ཉལ་གྱི་དྲི་མ་སེ་གོལ་བརྡབ་པའི་ཡུན་ཙམ་ཞིག་གི་སྒྲིབ་པ་དང་གསུམ་ནི་ལམ་གོང་འོག་གི་མཐོ་དམན་གྱི་ཆ་ཡིས་ཕྱེ་བས། ལམ་གོང་མ་གོང་མར་ཕྱིན་པའི་དུས་འོག་མ་འོག་མའི་སྒྲིབ་པ་དག་པའི་ཕྱིར་ན། རིག་འཛིན་གསུམ་པོ་དེ་དག་གི་དགོངས་པ་ཉིད་ཀྱི་ལམ་ལ་ཁྱད་པར་ཡོད་པ་དེ་ལྟར་འགྱུར་རོ། །ལྔ་པ་དགོངས་པ་ཡུལ་ནུས་ཀྱི་ཁྱད་པར་ནི། གཞན་དོན་གདུལ་བྱའི་ཡུལ་དང་རང་དོན་དགོངས་པ་ཏིང་འཛིན་གྱི་ནུས་པ་ལའང་མཐོ་དམན་གྱི་ཁྱད་པར་ཡོད་དེ་གང་ཞེ་ན་འོག་ནས་འབྱུང་བ་འདི་ལྟ་སྟེ། དྲུག་པ་མངོན་ཤེས་ཡུལ་སོགས་ཀྱི་ཁྱད་པར་ལ་གཉིས་ཏེ། དང་པོ་རིག་འཛིན་གསུམ་གྱི་མངོན་ཤེས་སྤྱོད་པ་ཆོ་འཕྲུལ་བཞི་ཐོབ་པ་ཙམ་འདྲ་བར་བསྟན་པ་ནི། གོང་དུ་ངོས་བཟུང་བ་དེ་བཞིན་དུ་ཁྱད་པར། གཉིས་པ་རྒྱས་པར་བཤད་ན་རིག་འཛིན་གསུམ་གྱི་སྐབས་སུ་ལྷའི་སྤྱན་གྱིས་སྟོང་གསུམ་བརྒྱ་ལ་སོགས་པའི་གཟུགས་ཆེ་ཆུང་ཉེ་རིང་མེད་པར་མངོན་སུམ་དུ་མཁྱེན་པའི་མངོན་པར་ཤེས་པ་དང་། དེ་བཞིན་དུ་ལྷའི་རྣ་བའི་མངོན་པར་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང་། སེམས་ཅན་ཕ་རོལ་པོ་རྣམས་ཀྱི་སེམས་རྒྱུད་ཐམས་ཅད་ཤེས་པའི་མངོན་པར་ཤེས་པ་དང་། སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱི་བྱ་བ་མི་མཐུན་པ་བརྒྱད་ལ་སོགས་པའི་མངོན་པར་ཤེས་པ་དང་དྲུག་བརྩི་ནས། ཟག་ཟད་ལ་མངོན་པར་ཤེས་པ་སྤྱིར་བཏང་བའམ། ཡང་ན་རྫུ་འཕྲུལ་སྤྱིར་བཏང་ནས་ཟག་པ་ཟད་པའི་མངོན་པར་ཤེས་པ་དྲུག་དང་། བདག་དོན་དང་གཞན་དོན་གྱི་སྤྱོད་པ་ཡིས་དོན་གཉིས་བྱེད་ལུགས་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཆོས་སྣང་བའི་དང་། རྗེས་སུ་བསྟན་པའི་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དང་བཞི་སྟེ་རྣམ་གྲངས་དེ་དག་དང་འདྲར་དབང་ཐོབ་མོད་ཀྱང་། ཁྱད་ཡོད་དེ་ཡུལ་དང་། ཞིང་ཁམས། བྱིན་རླབས་རྣམས་ལ་ཁྱད་ཡོད་ཚུལ། རིག་འཛིན་རྣམ་པ་གསུམ་གྱི་མངོན་ཤེས་ཀྱི་ཡུལ་དང་། གདུལ་བྱའི་ཞིང་ཁམས་དང་། ཐུགས་རྗེ་བྱིན་རླབས་ལ་སོགས་པ་རྣམས་ལ་རྒྱ་ཆེ་ཆུང་གི་ཁྱད་པར་ཡོད་པར་འགྱུར་ཏེ། དེའང་ཚེ་དབང་གིས་སྟོང་གསུམ་གཅིག་ལ་གླིང་བཞི་བྱེ་བ་ཕྲག་བརྒྱའམ་སྟོང་གསུམ་གྱི་འཇིག་རྟེན་ཁམས་བརྒྱའི་ཡུལ་དང་ཞིང་ཁམས་མཁྱེན་ཞིང་། ལྷ་མིའི་རྒྱལ་པོའི་ཆ་བྱད་ཀྱིས་སེམས་ཅན་གྱི་དོན་བྱེད་པ་དང་། ཕྱག་ཆེན་གྱིས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་བརྒྱ་གཅིག་ནས་གཉིས་སུ་བགྲང་བའི་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་རྡུལ་སྙེད་དུ་བྱས་པ་གྲངས་དེ་རྙེད་དང་མཉམ་པའི་རྒྱ་དེ་གཅིག་ནས་གཉིས་སུ་བགྲངས་པའི་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་ཞིང་ཁམས་སུ་རྩ་བའི་ལུས་ལས་མི་གཡོ་བའི་ངང་ནས་སྤྲུལ་པའི་ལུས་རྔོན་པ་དང་སྨད་འཚོང་མ་ལ་སོགས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་དང་། ལྷུན་གྲུབ་རིག་འཛིན་གྱི་མངོན་ཤེས་ཀྱིས་ཡུལ་དང་གདུལ་བྱ་ཚད་བཟུང་མེད་པའི་ཞིང་ཁམས་ལ། རྩ་ལུས་ལྷུན་གྲུབ་ལས་མ་གཡོས་པར་སྤྲུལ་པ་མཛད་པ་བཅུ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་པའོ། །བདུན་པ་བོགས་འདོན་སྤྱོད་པའི་ཁྱད་པར་ནི། འོ་ན་བདག་དོན་ལ་ཁྱད་པར་མེད་དམ་ཞེ་ན་མ་ཡིན་ཏེ། རིག་འཛིན་གསུམ་གྱིས་བདག་གི་དོན་བྱ་བའི་ཕྱིར་སྤྱོད་པ་དགོས་ཏེ། དེའང་ཚེ་དབང་གིས་གོང་བཞིན་བཟང་ངན་གྱི་དངོས་པོ་གང་ལའང་ཡོངས་སུ་མ་ཆགས་པ་རིག་པ་རང་སྣང་གི་ངང་ལ་སྤྱོད་པ་དང་། ཕྱག་ཆེན་གྱི་དགོང་པ་ཤིན་ཏུ་མི་གཡོ་བའི་རྣལ་འབྱོར་ཏིང་འཛིན་གྱི་སྤྱོད་པ་དང་། ལྷུན་གྲུབ་རིག་འཛིན་གྱི་དགོངས་པ་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་གྱིས་ཡེ་ཤེས་བརྒྱ་བཅུའི་ཏིང་འཛིན་གྱི་ངང་ལས་མི་འདའ་བར་སྤྱོད་པ་ཡིས། དེ་ལྟར་བདག་དོན་གྱི་སྤྱོོད་པ་དེའི་ཡོན་ཏན་གྱིས། རང་ལམ་འོག་མ་ནས་གོང་མའི་དོན་རྣམས་ལ་ཡོངས་སུ་གོང་ནས་གོང་དུ་འཕར་བརབྱེད་པའོ། །བརྒྱད་པ་མདོ་སྔགས་ས་ལམ་གྱི་ཁྱད་པར་ནི། རིག་འཛིན་གསུམ་པོ་དེ་ཡང་མདོའི་ས་ལམ་དང་བྲང་སྤྲད་ཅིང་ཁྱད་པར་དབྱེ་བ། སྔགས་ཀྱི་དང་པོ་མཐོང་ལམ་ཚེ་དབང་དང་མཚན་ཉིད་ཀྱི་དང་པོ་རབ་ཏུ་དགའ་བ་གཉིས་མཐོང་ལམ་ཙམ་དང་སྐལ་བ་མཉམ་པའོ། །གཉིས་པའི་ཕྱག་རྒྱ་ཆེན་པོའི་རིག་འཛིན་མཆོག་དེ་དང་། མཚན་ཉིད་ཀྱི་ས་བརྒྱད་པའི་བྱང་ཆུབ་སེམས་དཔར་ཞེས་སེམས་དཔའ་གཉིས་བསྒོམ་ལམ་ཡིན་པར་སྐལ་བ་མཉམ་མོ། །གསུམ་པ་ལྷུན་གྲུབ་རིག་འཛིན་དང་། ས་བཅུ་བ་དང་གཉིས། མཐར་ལམ་གྱི་སྒྲ་ཙམ་དང་སྐལ་བ་མཉམ་མོད་ཀྱང་། དོན་གྱིས་ཁྱད་པར་ཡོད་དེ་གང་ཞེ་ན། ལུས་སྣང་སེམས་ཟུང་འཇུག་གམ་བདེན་གསུམ་དབྱེར་མེད་དུ་རྟོགས་ན་བསྒོམ་པའི་དགོངས་པ་རྒྱ་མཚོ་དང་། སྤང་བླང་དགག་སྒྲུབ་མེད་པའི་སྤྱོད་པ་རྒྱ་མཚོས་འོག་མ་ལས་ཁྱད་པར་འཕགས་པ་ཡིན་ཏེ། དེའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རྒྱུ་མཚན་ཉིད་ཀྱི་ཐེག་པའི་ལྟ་བ་སྟོང་པའི་ཐོག་ཏུ་དམིགས་པ་དེ། གསང་སྔགས་ཟུང་འཇུག་གི་ལྟ་བའི་སྒྲིབ་པ་ཡིན་པས་ཁྱད་དེ་ལྟར་ཕྱེ་བའི་ཕྱིར་རོ། །དགུ་པ་མཛད་པ་ཆོ་འཕྲུལ་གྱི་ཁྱད་པར་ལ་གཉིས། དང་པོ་རིག་འཛིན་གསུམ་གྱི་མཛད་པ་ཆོ་འཕྲུལ་ལ་ཁྱད་པར་ཡོད་ཚུལ་ནི། མཐོང་ལམ་ཚེ་དབང་རིག་འཛིན་པས་གོང་མ་གཉིས་ལ་ལྟོས་ན་ཆེད་དུ་རྩོལ་བའི་རྣམ་པ་ཙམ་གྱིས་ཆོ་འཕྲུལ་བཞི་ལ་སོགས་པ་རྣམས་སྟོན་པ་དང་། ཕྱག་ཆེན་རྣལ་འབྱོར་དགོངས་པ་ཏིང་འཛིན་ལས་མི་གཡོ་བཞིན་དུ་ཆོ་འཕྲུལ་བཞིའི་རྣམ་པ་ལ་སོགས་སྟོན་པ་དང་། ལྷུན་གྲུབ་རིག་འཛིན་གྱིས་འབད་པ་དང་བརྩལ་བ་མེད་པར་ཆོ་འཕྲུལ་བཞི་ལ་སོགས་མཛད་པའོ། །དེ་ལྟར་ཚེ་དབང་དེ་དང་། ཕྱག་ཆེན་དེ་དང་། ལྷུན་གྲུབ་དེ་གསུམ་ནི་ལྟ་སྒོམ་སྤྱོད་གསུམ་ལ་བརྟན་པ་ཐོབ་ཆེ་ཆུང་གི་ཆ་ཡིས་ཕྱེ་བ་ཡིན་ནོ། །གཉིས་པ་ལྷུན་གྲུབ་ཀྱི་མཛད་པའི་ཆོ་འཕྲུལ་བྱེ་བྲག་ཏུ་བཤད་པ་ནི། དེ་དག་མཐའ་རུ་ཕྱིན་པའི་ལམ་ལ་ལྷུན་གྱིས་གྲུབ་པ་མི་རིག་འཛིན་དེ་རྒྱལ་བ་དྲུག་པའི་རྒྱལ་ཚབ་ཀྱི་སྐྱེས་བུ་མཛད་ནས། ཕྱག་ཆེན་མན་ཆད་ལ་གསང་བའི་ཆོས་བླ་ན་མེད་བའི་འཁོར་ལོ་ཡང་དག་པར་བསྐོར་ཞིང་། གདུལ་བྱ་ཀུན་ལ་མཐུན་པ་དང་ཕན་གདགས་པའི་ཕྱིར་གང་འདུལ་གྱི་གཟུགས་སྐུ་སྣ་ཚོགས་སྟོན་ཅིང་སྤྲུལ་པའི་མཛད་པ་ནི། ཡུམ་གྱི་ལྷུམས་སུ་ཞུགས་པ། བལྟམས་པ། རོལ་རྩེད་མཛད་པ། ཁབ་བཞེས་པ། རབ་ཏུ་བྱུང་བ། དཀའ་ཐུབ་མཛད་པ། བྱང་ཆུབ་ཤིང་དྲུང་གཤེགས་པ། ཆོས་འཁོར་བསྐོར་བ། བདུད་བཏུལ་པ། ཆོ་འཕྲུལ་བསྟན་པ། མྱ་ངན་འདས་པ། སྐུ་གདུང་ཆ་བརྒྱད་དུ་བགོས་པ་སྟེ། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་ཆོས་ཀྱང་སྟོན་པ་དང་། འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་ལས་སོ་སོར་ཐར་བར་བྱེད་པའི་ཐབས་ཉན་ཐོས་ལ་སོགས་པའི་ལམ་ཡང་སྟོན་པ་དང་། གཞན་ཡང་གང་ལ་གང་འདུལ་གྱི་ཕྲིན་ལས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀུན་གྱི་དོན་བྱས་པ་རྫོགས་ནས་མཐར་སྐྱེ་ཤི་མེད་པའི་ཆོས་སྐུ་འགྱུར་བ་མེད་པའི་གཡུང་དྲུང་ཐོབ་པའོ། །བཅུ་པ་སློབ་དཔོན་གྱི་ཁྱད་པར་བསྟན་པའི་སྒོ་ནས་ལམ་བགྲོད་ཚུལ་བསྟན་པ་ནི། གོང་དུ་བཤད་པའི་གཏན་ཚིགས་དེ་བས་ན་ནུས་པ་མཐུ་ཅན་དུ་གྱུར་པའི་རིག་འཛིན་རྣམ་པ་གསུམ་པོ་ཡི་སློབ་དཔོན་ནི་འདི་ལྟ་སྟེ། དེའང་ཚེ་དབང་གི་སློབ་དཔོན་སྤྲུལ་པ་ཡི་སྐུ་དང་། ཕྱག་ཆེན་གྱི་སློབ་དཔོན་ལོངས་སྤྱོད་རྫོགས་པའི་སྐུ་དང་། ལྷུན་གྲུབ་ཀྱི་སློབ་དཔོན་ནི་རྒྱལ་བ་དྲུག་པ་ཆོས་ཀྱི་སྐུ་དང་གསུམ་ལ་རིམ་པར་སྐུའི་ཞལ་མཐོང་གསུང་ཆོས་ཉན་མོད་ཀྱང་རིག་འཛིན་གསུམ་པ་ནི་ལྟ་སྒོམ་གྱི་གོམས་པ་ཆེ་ཆུང་གི་སྟོབས་ཀྱིས་འོག་མ་གཅིག་གི་སྟོན་པར་གོང་མ་གཅིག་གྱུར་པས་ན། དེ་དག་རིམ་པ་བཞིན་དུ་འོག་མ་པས་གོང་མའི་བླ་མ་སྟེ་བླར་གྱུར་པ་ཡིན་ཏེ། རིག་འཛིན་གསུམ་ལ་མཐོ་དམན་གྱི་ཁྱད་པར་ཆེ་བ་དེ་ལྟར་ཡོད་པ་ཡིན་ཡང་ད་རུང་རིག་འཛིན་དེ་དང་སངས་རྒྱས་ཀྱི་ས་ཁྱད་ཕྱེ་བ་ནི། གཉིས་པ་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་ཚུལ་ལ་གཉིས་ཏེ། དང་པོ་མདོར་བསྟན་པ་ནི། ཅིག་ཆར་བ་ཚེ་དབང་དང་། ཐོད་རྒལ་བ་ཕྱག་ཆེན་དང་། མཐར་ཕྱིན་པ་ལྷུན་གྲུབ་དང་གསུམ་གྱི་སྐབས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ལྔ་ལྷུན་གྲུབ་ཏུ་གྱུར་པ་ལ་ཡང་། སངས་རྒྱས་ཐོབ་པའི་རྒྱུ་དང་། ཐོབ་པའི་རྐྱེན་དགོས་པ་དང་། ཐོབ་པའི་དགོངས་པ་རང་གི་ངོ་བོ་དང་གསུམ་གྱི་དབང་དུ་ཕྱེ་བ་ཡིན་གྱིས། སངས་རྒྱས་ཐོབ་པ་ལ་ཁྱད་པར་མེད་པར་སྣང་བ་དེས་ན་རིག་འཛིན་གསུམ་པོ་དེ་དག་གི་སྐབས་ན་སངས་རྒྱས་པ་ལ་བཟང་ངན་མེད་པར་ཀུན་འདྲ་ཡང་གོང་གི་རིག་འཛིན་རང་སྐབས་སུ་ཁྱད་པར་ཡོད་པ་དེ་ཡི་ཕྱིར་འདིར་སངས་རྒྱས་ལ་མཉམ་རྗེས་མེད་པ་དང་། རིག་འཛིན་ལ་མཉམ་རྗེས་ཡོད་པ་དེ་དག་མཉམ་པར་བལྟ་བ་ནི་མ་ཡིན་ཏེ་ཁྱད་པར་ཡོད་དོ། །གཉིས་པ་བྱེ་བྲག་རྒྱས་པར་བཤད་པ་དེ་ལ་གསུམ། སངས་རྒྱས་པ་རང་གི་རྒྱུ་བསྟན་པ་དང་། སངས་རྒྱས་པར་བྱེད་པའི་རྐྱེན་དགོས་པར་བསྟན་པ། སངས་རྒྱས་ཟིན་གྱི་དགོངས་པའི་ངོ་བོ་བསྟན་པའོ། །དང་པོ་ལ་གཉིས། དང་པོ་རིག་འཛིན་གསུམ་གང་ནས་སངས་རྒྱས་པ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་ཡེ་ཤེས་ཀྱི་ཕྱག་རྒྱ་མོ་ལ་བརྟེན་ནས་གསང་བའི་སྐུའི་གསུང་གི་བརྡའ་འཕྲོད་ཚུལ་ནི། གོང་དུ་བཤད་པ་དེ་ལྟར་རིག་འཛིན་རྣམ་པ་གསུམ་གང་ཞིག་ཐོབ་བ་ལ། ཤེས་བྱ་ཐམས་ཅད་མཁྱེན་པ་ཡི་སངས་རྒྱས་མངོན་སུམ་དུ་བྱས་པའི་ཕྱིར། རང་བཞིན་མཐར་ཕྱིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་རང་རིག་པ་མངོན་སུམ་དུ་གསལ་བའི་ངང་ནས། གཟུངས་མ་ཡེ་ཤེས་ཀྱི་ལྷ་མོར་རོལ་ཅིང་སྤྱོད་པའི་དབང་གིས་ཆགས་རྟོག་ཐམས་ཅད་བདེ་བའི་ཡེ་ཤེས་ཀྱིས་ཟིལ་གྱིས་གནོན་པ་སེང་གེ་ལྟ་བུའི་གསང་བའི་སྐུའི་གསུང་གོ་བརྡའ་མཇལ་བས་བདེ་བའི་དངོས་པོ་ཡི་ངོ་བོ་དེ་ཀ་རྒྱུ་རྐྱེན་བཅོས་སླད་དང་བྲལ་བའི་རང་བྱུང་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བའོ། །གཉིས་པ་དེ་དུས་སྐུ་གསུང་ཐུགས་བཅོ་ལྔ་ལྷུན་གྲུབ་ཏུ་རྫོགས་ཚུལ་ནི། སྐུ་ལྔའམ་རིགས་ལྔ་དབྱེར་མེད་པས་རྡོ་རྗེ་འཛིན་པའི་སྐུ་དྲུག་པ་སྤྱི་གཟུགས་ཅན་གྱི་སྐུ་ལྔ་གསུང་ལྔ་ཐུགས་ལྔ་སྟེ་ལྔ་གསུམ་བཅོ་ལྔ་ལྷུན་གྲུབ་ཏུ་རྫོགས་པ་ཡི་དོན་བརྡའ་འཕྲོད་པ་དེས། དེའང་སྟོན་པ་སྐུ་ལྔའི་བྱིན་རླབས་འཁོར་མཐར་ལམ་པ་བྱང་སེམས་འབྱིན་པ་དང་། གསུང་ལྔའི་དོན་དགོངས་པ་ཡེ་ཤེས་ལྔ་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་ལྔ་ཚན་གསུམ་ཀུན་གྱིས་དོན་ལྷུན་གྲུབ་ཏུ་བསྟན་པར་ཟད་དོ། །གཉིས་པ་སངས་རྒྱས་པར་བྱེད་པའི་རྐྱེན་དགོས་པར་བསྟན་པ་ནི། གོང་དུ་བཤད་པ་དེ་ལྟར་བསྟན་པའི་ཕྱིར་མཐར་ལམ་པ་ལ་རྗེས་ཤེས་ཉོན་མོངས་པ་གནས་ངན་ལེན་གྱི་དྲི་མ་ཀུན་གཞིའི་རྣམ་ཤེས་གནས་ཆ་ཕྲ་མོ་ཙམ་ཞིག་ཡོད་པ་དེ་སེ་གོལ་བརྡབ་པའི་ཡུན་ཙམ་ཅིག་ལ་སྒྲིབ་པ་ཉོན་མོངས་བག་ལ་ཉལ་དང་། དེའི་གཉེན་པོ་རང་བྱུང་ཡེ་ཤེས་རྩལ་མ་ཡེངས་པར། སྒོམ་པའི་རྩོལ་བ་ལ་ཤེས་བྱ་བག་ཉལ་གཉིས་ཀྱིས་འབྲས་བུ་བདེ་བར་གཤེགས་པའི་སྣང་བ་ལ་བསྒྲིབས་པས་མུན་པ་རྣམ་པ་གཉིས་པོ་སྤང་བྱ་ཡིན་པས་སོ། །རྣལ་འབྱོར་པ་རང་གི་དོན་རང་བྱུང་གི་ཡེ་ཤེས་ཉིད་ལ་ཡེ་ཤེས་ལྔ་ལྔའི་རྩལ་དང་ལྡན་པའི་ཏིང་འཛིན་བསྒོམ་པའི་སྟོབས་དང་ནི་གཞན་རྐྱེན་སྟོན་པས་ཟབ་མོའི་དབང་གསུམ་རིམ་པ་ལྟར་བསྐུར་ནས་ཐོབ་པའི་སྟོབས་ཀྱིས་བདུད་བཞི་བཅོམ་པར་བྱས་པས་སྒྲིབ་གཉིས་སངས་ཏེ་མཐར་ཐུག་གི་སངས་རྒྱས་ཀྱི་ས་ཐོབ་པའི་ཕྱིར་ཡེ་ཤེས་ཕྱོགས་རེའི་མཐའ་དང་བྲལ་བར་ལྡན་པའི་རྒྱས་ཞེས་བྱའོ། །གསུམ་པ་དགོངས་པའི་ངོ་བོ་བསྟན་པ་ལ་བཞི། མངོན་དུ་གྱུར་པའི་དགོངས་པའི་ངོ་བོ་བསྟན་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དགོངས་པའི་ངོ་བོ་གཅིག་ཚུལ་དང་། མི་གཅིག་པར་འདོད་པའི་གཞན་ལུགས་དགག་པ་དང་། རང་ལུགས་ཀྱི་སངས་རྒྱས་ཀྱི་མཚན་ཉིད་རྒྱས་པར་བསྟན་པའོ། །དང་པོ་ལ་གཉིས། དང་པོ་འབྲས་བུ་མངོན་དུ་གྱུར་ཚུལ་ནི། དབྱེར་མེད་ལྷུན་གྲུབ་ཏུ་རྒྱལ་བ་དྲུག་པར་སངས་རྒྱས་པ་དེའི་ཚེ་ན། མ་འདྲེས་སྣང་མཛད་ཀྱི་འབྲས་བུ་ལ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། རྡོ་རྗེའི་སྐུ། མངོན་བྱང་སྐུ་དང་སྐུ་ལྔ། དོན་གྱི་གསུང་། བརྡའི་གསུང་། ཚངས་པ་དབྱངས་ཀྱི་གསུང་། གྲགས་སྟོང་དབྱེར་མེད་ཀྱི་གསུང་། རིག་པ་བྱིན་རླབས་ཀྱི་གསུང་ལྔ། ཆོས་དབྱིངས་ཡེ་ཤེས། མཉམ་ཉིད། བྱ་གྲུབ། སོར་རྟོག །མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཐུགས་ལྔ་དང་། ཞིང་ཁམས། གཞལ་ཡས་ཁང་། རྒྱན་ཆ། འོད་ཟེར། གདན་ཁྲི་སྟེ་ཡོན་ཏན་ལྔ། ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལྔ་སྟེ་ངོ་མཚར་རྨད་དུ་བྱུང་བ་འབྲས་བུ་ཡི་ཆེ་ཡོན་སྐུ་རིགས་རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་པོ་རྣམས་གཞན་ལོགས་ཤིག་ལ་ཡོད་ནས་ཐོབ་པ་མིན་ཏེ། འོ་ན་དེ་དག་གང་ལས་བྱུང་ཞེ་ན། གཞི་ཡེ་གདོད་མ་ཉིད་ནས་འབྲས་བུའི་ཆེ་ཡོན་རང་ལ་གནས་པ་དེ་ལམ་གྱི་ཐབས་འགག་པ་མེད་པ་ལ་བརྟེན་པའི་དུས་སུ་ཤེས་རབ་རང་བཞིན་མེད་པ་ཉིད་ལས་མ་གཡོས། དེ་ལྟར་ཐབས་ཤེས་དབྱེར་མེད་དེ་ཉིད་མཐར་ཕྱིན་པ་དེ་ལ་འབྲས་བུ་ཞེས་བྱའོ། །དཔེར་ན་ཡིད་བཞིན་ནོར་བུ་དང་དཔག་བསམ་ཤིང་དགོས་འདོད་འབྱུང་བ་དེ་ལྟ་བུ་ཡི་འབྲས་བུའི་ཡོན་ཏན་རྣམས་རིག་པ་བདག་ཉིད་ཆེན་པོའི་ངང་དུ་རང་ལ་འབྱུང་ནས་ཐོབ་པའོ། །གཉིས་པ་དེའི་ཡོན་ཏན་གྱི་ཆ་ལས་མཐར་ཕྱིན་གྱི་ས་གསུམ་རྫོགས་ཚུལ་ནི། བསྒོམ་པའི་སྤྱོད་ཡུལ་བློ་ཡི་རྩོལ་བ་དང་བྲལ་བས་ན་གང་ལའང་མ་ཆགས་པར་ཐམས་ཅད་རིག་པ་རང་སྣང་རྩོལ་མེད་དུ་ཤར་བའི་ཕྱིར། དཔེར་ན་ཆུ་སྐྱེས་ཏེ་པདྨ་འདམ་ལས་སྐྱེས་ཀྱང་འདམ་སྐྱོན་གྱིས་མ་གོས་པ་ལྟར་ཐམས་ཅད་རང་རིག་ངང་ལ་འཛིན་ཞེན་ཆགས་གསུམ་གྱི་དྲི་མ་དང་བྲལ་བས་ན་བཅུ་གཉིས་པདྨ་ཅན་གྱི་ས་ཡང་ཐོབ་པའོ། །ཕུང་པོ་ལྔ་ལ་སོགས་རྟོག་ཚོགས་ཞེ་གཉིས་རང་བཞིན་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཡིན་ཏེ། དེ་ཉིད་རང་རིག་པའི་མངོན་སུམ་དུ་བྱས་པའི་ཆ་ནས་བཅུ་གསུམ་ཡི་གེ་ཚོགས་ཆེན་གྱི་ས་ཡང་རྫོགས་ཞེས་བརྗོད། སྐུ་དང་ཡེ་ཤེས་དེ་ཉིད་རྒྱུ་རྐྱེན་དང་བྲལ་བས་རང་བྱུང་གི་ཡེ་ཤེས་སུ་འོད་གསལ་བ་ཡི་དོན་དེ་ཉིད་རང་རིག་པའི་མངོན་སུམ་དུ་བྱས་པའི་ཆ་ནས། བཅུ་བཞི་པ་ཡེ་ཤེས་བླ་མ་ཡི་ས་ཐོབ་པའོ། །གཉིས་པ་དགོངས་པའི་ངོ་བོ་གཅིག་ཚུལ་ལ་དྲུག་སྟེ། དང་པོ་དེ་བཞིན་ཉིད་དུ་གཤེགས་ཚུལ་གཅིག་ཚུལ་ནི། མཐར་ཐུག་པ་གསུམ་མངོན་དུ་གྱུར་པའི་ཚེ། རྣལ་མ་དོན་གྱི་ཀུན་གཞི་མ་བཅོས་པ་རང་རིག་པའི་མངོན་དུ་བྱས་པའི་ཕྱིར། དེ་ལྟར་གཞི་དོན་དེ་བཞིན་ཉིད་དུ་ནར་སོན་ཅིང་གཤེགས་པ་དེ་ཡང་། རིགས་དྲུག་གི་འགྲོ་བའི་སེམས་ཅན་ཐམས་ཅད་ཀྱི་སེམས་རྣམ་ཤེས་ཚོགས་བརྒྱད་ཀྱི་རྒྱུད་ཐ་དད་ཀྱང་རིག་པ་བདག་ཉིད་ཆེན་པོའི་ངོ་བོ་ལ་རིགས་རྒྱུད་ཕྱོགས་གཅིག་ཏུ་གྲུབ་པ་མེད་པའི་ཕྱིར་ཤིན་ཏུ་གཅིག་པར་གཤེགས་པའོ། །གཉིས་པ་དགོངས་པ་མ་འདྲེས་པ་ཡོངས་སུ་རྫོགས་པས་གཅིག་དུ་མའི་མཐའ་དང་བྲལ་བར་གཅིག་ཚུལ་ནི། གཅིག་པུ་དེ་ཉིད་ངོ་བོ་ལ་ཆོས་ཀུན་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཡིན་པས་ན། ཐམས་ཅད་མཁྱེན་པའི་བདག་ཉིད་སངས་རྒྱས་བསམ་ཡས་པ་བཞུགས་ཀྱང་རང་རིག་པ་དེ་བཞིན་ཉིད་ཀྱི་ངང་དུ་འདུས་པས་ཡོངས་སུ་རྫོགས་པ། རང་རིག་པ་དེ་ཉིད་ཀྱི་ངང་ལ་ཤེས་བྱའི་ཆོས་ཐབས་ཆེན་པོ་མ་འདྲེས་པའི་བྱེ་བྲག་རྣམས་རང་གསལ་བའི་ཕྱིར། སངས་རྒྱས་ཐམས་ཅད་དགོངས་པ་གཅིག་དང་དུ་མར་བྲལ་བ་ཡིན་པར་དགོངས་པ་གཅིག་གོ། །གསུམ་པ་སེམས་ཉིད་མཐའ་བྲལ་ལྷུན་གྲུབ་མངོན་དུ་བྱས་པར་གཅིག་ཚུལ་ནི། རང་གི་སེམས་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་སྣང་སྟོང་གི་མཐའ་དང་བྲལ་བ་ཡིན་ཏེ། དེ་ཉིད་གསར་དུ་མ་ཡིན་ཡེ་གདོད་མ་ནས་འཁོར་འདས་སམ་སྣང་སྟོང་གི་ཆ་ཤས་གཉིས་དང་བྲལ་བས་དབྱེར་མེད་པས་དོན་མ་འདྲེས་ཡོངས་རྫོགས་ཀྱི་སྙིང་པོ་དེ་ཉིད་རང་རིག་པའི་མངོན་སུམ་དུ་བྱས་པ་དང་འདྲ་པའི་ཕྱིར་ན་སངས་རྒྱས་ཀུན་ཡང་དགོངས་པ་མཐའ་བྲལ་ལྷུན་གྲུབ་མ་འདྲེས་ཡོངས་རྫོགས་གཅིག་པའོ། །བཞི་པ་བཞུགས་གནས་ཀྱི་ཞིང་ཁམས་གཅིག་ཚུལ་ནི། འདས་མ་འོངས་ད་ལྟ་མ་ངེས་པའི་དུས་དང་བཞི་པོ་རྣམས་སེམས་ཉིད་རིག་པར་སྣང་བའི་ཕྱིར་དུས་བཞི་སྔ་ཕྱི་རང་ཁ་མའི་རྒྱུན་དང་བྲལ་བའི་རང་བཞིན་དེ་ལ་གཟུང་བའི་ཡུལ་དང་འཛིན་པའི་སེམས་གཉིས་དང་བྲལ་བའི་རང་སྣང་གཉིས་མེད་ཀྱི་ཡེ་ཤེས་ནི། དེ་བཞིན་གཤེགས་པ་ཀུན་གྱི་བཞུགས་གནས་ཡིན་པ་དེ་ཡི་ཕྱིར་ན་གོང་གི་བཞུགས་གནས་དེར། རྒྱལ་བ་ཀུན་ཀྱང་དུས་བཞི་མཉམ་པ་ཉིད་དུ་དགོངས་པ་གཅིག་པར་བཞུགས་སོ། །ལྔ་པ་ཕོ་བྲང་དཀྱིལ་འཁོར་གཅིག་ཚུལ་ནི། རང་གི་སེམས་ཉིད་ཡེ་གདོད་མ་ནས་ཆོས་སྐུ་ཆེ་ཞེས་ཆེན་པོ་དེ་བཞིན་ཉིད་ཀྱི་གནས་ལུགས་དེ་ཉིད་རང་རིག་པའི་མངོན་སུམ་དུ་གྱུར་པ་ནི། ཆེ་བའི་ཡོན་ཏན་དཔག་ཏུ་མེད་པའི་སངས་རྒྱས་རྣམས་ཀྱི་བཞུགས་གནས་ཀྱི་ཕོ་བྲང་ཡིན་པའི་ཕྱིར ། ཕོ་བྲང་དེ་ན་སངས་རྒྱས་ཀྱི་གཙོ་འཁོར་ཀུན་མ་འདྲེས་བར་བཀོད་པའི་དཀྱིལ་འཁོར་གྱི་གདན་དེར་དགོངས་པ་གཅིག་ཏུ་གནས་ནས་བཞུགས་སོ། །དྲུག་པ་གནས་གྱུར་གྱི་རྒྱལ་བ་གཅིག་ཚུལ་དེ་ལ་གཉིས། དང་པོ་གནས་གྱུར་གྱི་རྒྱལ་བ་གཅིག་ཚུལ་དངོས་ནི། དེ་ལྟར་ཐམས་ཅད་དགོངས་པ་གཅིག་པའི་དོན་ངོ་མ་ཤེས་པའི་རྒྱུད་དྲག་ལས་ཀྱིས་འགྲོ་བའི་སེམས་ཅན་དུ་སྐྱེ་བའི་དུས་ན་རིགས་རྒྱུད་ལྷ་ལྷ་མིན་མི་དང་དམྱལ་བ་ཡི་དྭགས་དུད་འགྲོ་དྲུག་ཏུ་སྣང་བ་ཉིད། མཉམ་པ་ཉིད་ཀྱི་ངོ་བོ་ལ་འགྲོ་བ་རིགས་དྲུག་རིགས་རྒྱུད་དང་། ཕོ་མོ་མ་ནིང་གི་མཚན་མ་དང་གཟུགས་ཀྱི་དབྱིབས་ཁ་དོག་དང་རིས་ཏེ་ནང་ཚན་མི་འདྲ་བའི་དངོས་པོ་རྣམས་རང་རྒྱུད་ཅན་དུ་གྲུབ་པ་མེད་པ་དེ་ཡང་ངོ་བོ་ལ་ཐ་དད་མེད་པ་དེ་ཡི་ཕྱིར་རྒྱལ་བ་སངས་རྒྱས་ཀྱི་དགོངས་པའི་རྒྱུད་ལ་རྟོག་ཚོགས་ཞེ་གཉིས་རྒྱལ་བ་བཞི་བཅུ་རྩ་གཉིས་ལ་ཐ་དད་དུ་གནས་སུ་འགྱུར་བ་དང་། རྣམ་ཤེས་ཚོགས་བརྒྱད་ཀྱང་ཡེ་ཤེས་ལྔར་སོ་སོར་གནས་སུ་འགྱུར་བའི་ཕྱོགས་དང་རིས་སུ་ཆད་པའི་ཆ་གཟུང་དུ་ག་ལ་ཡོད་དེ་མེད་དོ། །གཉིས་པ་གཅིག་ན་གནས་འགྱུར་རྫུན་པར་དོགས་པ་སྐྱེ་བ་བསལ་བ་དེ་ལ་གཉིས་ཏེ། དང་པོ་དོགས་པ་སྐྱེ་ཚུལ་ནི། འོན་ཏེ་གོང་དུ་བཤད་པ་ལྟར་མ་ཤེས་པའི་གང་ཟག་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་སྟོང་པའི་ངང་དུ་ཆུ་ལ་ཆུ་ཐིམ་པ་ལྟར་གཅིག་པར་འདོད་ཅེ་ན། འོ་ན་བཀའ་མདོ་རྒྱུད་ཐམས་ཅད་ཀྱི་ནང་རྟོག་ཚོགས་ལྷར་གནས་སུ་འགྱུར་བ་དང་། ཚོགས་བརྒྱད་ཡེ་ཤེས་ལྔར་གནས་གྱུར་པར་གསུངས་པ་ཐམས་ཅད་རྫུན་ཞིང་སྟོང་པའི་ཕྱོགས་གཅིག་པའི་མཐར་ལྟུང་ཞིང་དབུ་མའི་འབྲས་བུ་དང་འདྲ་བར་འགྱུར་བའི་དོགས་པ་སྐྱེ་བས་དེའང་བསལ་བ་འདི་ལྟར་ཏེ། གཉིས་པ་དེ་བསལ་བ་དེ་ལ་གསུམ་སྟེ། དང་པོ་སེམས་འདི་འཁོར་འདས་ཀུན་ཀྱི་དངོས་གཞི་རུ་སྣང་ཡང་འཁོར་འདས་ཕྱོགས་རིས་སུ་མ་ཆད་པར་བསྟན་པ་ནི། གཞི་དོན་ཀུན་གཞི་བྱང་ཆུབ་ཀྱི་སེམས་དེ་ཉིད་ཡེ་གདོད་མ་ཉིད་ནས་རྒྱུ་རྐྱེན་དང་བྲལ་བ་རང་བྱུང་གི་ཡེ་ཤེས་ལ་འཁོར་འདས་ཀྱི་ཆོས་ཀུན་ལྷུན་གྲུབ་ཏུ་རྫོགས་པར་གནས་ཀྱང་། འཁོར་འདས་ཀྱི་སྣང་སྟོང་ཕྱོགས་རེའི་མཚན་ཉིད་མཐའ་དང་བྲལ་བས་ན་གསར་དུ་མཐའ་བཀོལ་དུ་མེད་པའི་དོན་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཀུན་གྱི་དངོས་གཞི་ཡིན་ཏེ། དེ་ཉིད་ངག་ཏུ་སྨྲ་བའི་ཚིག་དང་ཡིད་ཀྱིས་བསམ་པའི་བློ་དང་བྲལ་བས། འཁོར་འདས་སྣང་སྟོང་ཕྱོགས་གཅིག་འདི་འདྲར་ངོས་བཟུང་དུ་མེད་དོ། །གཉིས་པ་དེ་གནས་སུ་འགྱུར་བའི་ཡེ་ཤེས་ལྔའང་རང་བྱུང་གི་ཡེ་ཤེས་ཀྱི་ཡོན་ཏན་གྱི་ཆ་ལ་བཏགས་ཚུལ་ནི། ཆོས་དབྱིངས་ཡེ་ཤེས། མེ་ལོང་། མཉམ་ཉིད། སོར་རྟོག །བྱ་གྲུབ་ཡེ་ཤེས་དང་ལྔ་ཡང་དོན་རང་བྱུང་གི་ཡེ་ཤེས་ཀྱི་ཡོན་ཏན་གྱི་བྱེད་ལས་ཀྱི་ཆ་ལྔ་ལས་ཡེ་ཤེས་ལྔའི་མིང་བཏགས་པ་ཡིན་པར་ཤེས་དགོས་ཀྱི་དེ་བས་ལོགས་སམ་གཞན་པ་ཞིག་ན་ཡེ་ཤེས་ལྔ་མེད་པ་དེ་ཡི་ཕྱིར་ན་དབུ་མ་ལྟར་སྟོང་པ་ཕྱོགས་གཅིག་པའི་གྲུབ་མཐར་ལྷུང་བ་མེད་པའོ། །གསུམ་པ་དེ་ན་གནས་འགྱུར་གྱི་རྒྱལ་བའང་མཐར་ལམ་པའམ་རིགས་ལྔ་ལ་རིས་ཡོད་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་ལ་ལྷུན་གྱིས་གྲུབ་པས་གཅིག་ཚུལ་ནི། རང་བྱུང་གི་ཡེ་ཤེས་ཀྱི་རང་མདངས་ཀྱི་རྒྱལ་བ་དྲུག་པ་དེ་ཉིད་ཡིད་བཞིན་ནོར་བུ་རིན་ཆེན་ལ་དགོས་འདོད་འབྱུང་བ་ལྟར། རྒྱལ་བ་ཀུན་བཟང་ནི་ཞི་ཁྲོའི་སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཅན་ཡིན་པའི་ཕྱིར་ན། དྲུག་པའི་རྒྱལ་ཚབ་མཐར་ལམ་བ་ལ་རིགས་ལྔ་རེ་རེ་ལ་ཡང་གཙོ་འཁོར་ལྷུན་གྱིས་གྲུབ་པས་རིས་མི་འདྲ་བ་ཡོད་ཀྱི། ཡང་ན་དྲུག་པའི་རྒྱལ་ཚབ་རྒྱལ་བ་རིགས་ལྔ་པོ་རྣམ་གདུལ་བྱའི་སྣང་ངོ་ལ་རིགས་དང་སྐུ་མདོག་ཞལ་ཕྱག་མི་འདྲ་བའི་རིགས་ཐ་དད་ཡོད་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་ལྔ་ལྷུན་གྱིས་གྲུབ་པའི་རྒྱལ་བ་དྲུག་པ་ལ་དེ་ལྟར་གྱི་ཕྱོགས་རིས་སུ་གྲུབ་པ་མེད་དོ། །གསུམ་པ་གཞན་ལུག་དགག་པ་ལ་གསུམ་སྟེ། དང་པོ་སངས་རྒྱས་ཀྱི་ས་ལ་འཁོར་འདས་ཐ་དད་དུ་ཡོད་པ་མི་འཐད་པའི་ཚུལ་ནི། དེ་ལྟར་ལྷུན་གྱིས་གྲུབ་པའི་སྟོན་པ་ཀུན་བཟང་ནི། ཕྱོགས་བཅུའི་རྒྱལ་བ་ཀུན་དང་འདས་མ་འོངས་ད་ལྟ་དུས་གསུམ་གྱི་འཁོར་བའི་ཆོས་ཐམས་ཅད་རིག་པ་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར། རྒྱལ་བ་ཀུན་གྱི་ཕྱིར་སྤྱི་གཟུགས་ཅན་ཡིན་ཏེ། དེའི་དགོངས་པ་ལ་འཁོར་འདས་ཐ་དད་ཀྱི་ཆ་གཉིས་རང་རྒྱུད་ཅན་དུ་ཡོད་པར་གང་ཟག་གང་གི་བློས་བཏགས་སུ་རུང་སྟེ་མི་རུང་ངོ་། །གལ་ཏེ་ཐ་དད་ཅན་དུ་ཡོད་ན་འཁོར་འདས་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ་པ་ཡིན་ཟེར་བ་རྫུན་ནོ། །གཉིས་པ་སྦྱངས་པའི་ཡེ་ཤེས་མ་འདྲེས་པ་ཡོད་པ་དགག་པ་ནི། སེམས་ཙམ་དང་ཕྱི་རྒྱུད་སྡེ་གསུམ་གྱི་མཐར་ཐུག་གི་འབྲས་བུའི་འདོད་ཚུལ་ནི། དཔེར་ན་ཉི་ཟེར་མ་འདྲེས་པའི་ཉི་མའམ་ཤིང་གི་མེ་དཔུང་བཞིན་དུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དགོངས་པའི་ངོ་བོ་ཀུན་གཅིག་ལ་སྦྱང་བའི་ཡེ་ཤེས་ཀྱི་རྒྱུད་མ་འདྲེས་སོ་སོ་བཞུགས་པ་ཡིན་པར་འདོད་དེ། དེ་ལྟར་དགོངས་པའི་ཡེ་ཤེས་ཐ་དད་ན་སངས་རྒྱས་སྤྲུལ་པ་ཡང་སྐུར་སྣང་བ་གདུལ་བྱ་གཅིག་ལ་མཐུན་པར་སྣང་བ་དེའང་གདུལ་བྱ་ཐམས་ཅད་ཀུན་དང་སྣང་ཚུལ་གཅིག་པར་འགྱུར་ཏེ། དེའང་བྱང་ཆུབ་སེམས་དཔའ་ཆེ་ཞེས་ཆེན་པོ་འཕགས་པའི་སྣང་ཚུལ་དང་སོ་སོའི་སྐྱེ་བོའི་གདུལ་བྱའི་སྣང་ངོར་སྣང་ཚུལ་རྣམས་ཁྱད་མེད་པར་འགྱུར་རོ། །ཡེ་ཤེས་ཀྱི་ལྷ་རྒྱུད་ཐ་དད་ན་སྐལ་ལྡན་རྣམས་ཀྱིས་ལྷ་སྤྱན་དྲང་བའི་ཚེ་ཞི་བའི་དུས་ཞི་བའི་ལྷ་ཚོགས་རྣམས་བྱོན་པ་དང་། ཁྲོ་བོའི་ལྷ་ཚོགས་རྣམས་མི་བྱོན་པ་དང་། ཁྲོ་བོའི་དུས་ཁྲོ་བོ་ལས་ཞི་བ་མི་བྱོན་པ་ལ་སོགས་པའི་སྐྱོན་འབྱུང་བ་དང་། གཞི་གཞན་དོན་བར་བའང་འདུག །མཆན། དོན་གྱི་ངོ་བོ་དབྱེར་མེད་ཡིན་པའི་རྒྱུད་ལུང་དང་རིགས་པ་མན་ངག་གི་བསྟན་བཅོས་ཀུན་དང་འགལ་བ་དང་། སྦྱངས་པའི་ཐུགས་རྗེས་འབྲེལ་བ་གང་ཡོད་ཀྱི་གདུལ་བྱ་མ་གཏོགས་པ། གདུལ་བྱ་གཞན་གྱི་དོན་དུ་མི་འགྱུར་བས་ན། རིགས་ཆད་པའི་གནས་སུ་འགྱུར་བའི་སྐྱོན་ལ་སོགས་པ་ཡོད་པའོ། །གསུམ་པ་དེ་དྲང་དོན་གྱི་སངས་རྒྱས་ཡིན་པས། ངེས་དོན་གྱི་སངས་རྒྱས་མ་ཡིན་པར་བསྟན་པ་ནི། སྐྱོན་ཡོད་པ་དེ་ཡི་ཕྱིར་སེམས་ཙམ་པ་དང་ཕྱི་རྒྱུད་ཀྱི་གང་ཟག་གང་གིས་སངས་རྒྱས་པའི་ཚེ་ཤིང་གི་མེ་དཔུང་ལྟ་བུར། དགོངས་པའི་ངོ་བོ་གཅིག་ལ་སྦྱངས་པའི་ཡེ་ཤེས་མ་འདྲེས་པར་སྟོན་པས་དེ་ནི་དྲང་དོན་དུ་བཀྲི་ཞིང་ངེས་དོན་དུ་དྲངས་པའི་ཐབས་ཀྱི་སངས་རྒྱས་ཡིན་པའི་ཕྱིར་གསུང་རུང་གིས་འདིར་གསང་སྔགས་ཏུ་བཀོད་པའི་སངས་རྒྱས་ནི་ཡང་དག་པར་རྫོགས་པ་ངེས་པར་སངས་རྒྱས་མིན་ཏེ། དེ་བས་ན་ཐུན་མོང་དབུ་སེམས་དང་ཕྱི་རྒྱུད་ཀྱི་སངས་རྒྱས་པས་སྐུ་ལྔ་ལྷུན་གྲུབ་ཏུ་ཡང་དག་པར་རྫོགས་པ་བླ་ན་མེད་པའི་མ་ཧཱའི་སངས་རྒྱས་དཔགས་པ་ཡིན་ནོ། །བཞི་པ་རང་ལུགས་བཞག་པ་ལ་གསུམ། དང་པོ་ཡེ་ཤེས་ལ་ཡུལ་འཛིན་མེད་ཅིང་རང་སྣང་ལྷུན་གྲུབ་ཏུ་མཁྱེན་ཚུལ་དབྱེར་མེད་ཀྱི་སངས་རྒྱས་དེ་མཁྱེན་ཅིང་གཟིགས་པའི་ཚུལ་ནི། དུས་ཐམས་ཅད་དུ་འཁོར་འདས་ཀྱི་ཆོས་ཉིད་རང་རིག་པ་ཁོ་ན་ཡིན་པའི་ཕྱིར་གཟུང་འཛིན་གཉིས་སུ་མེད་པ་ལ་གཉིས་སུ་འཛིན་པ་ནི་ལོག་པར་རྟོག་པ་སྟེ། ལོག་རྟོག་དེའི་རྒྱུ་མཚན་གྱིས་གཟུང་འཛིན་དེ་དག་ཏུ་སྣ ང་བ་ནི་ཀུན་ཏུ་བརྟགས་པ་ཏེ་གློ་བུར་བའོ། །དེའི་ཞེན་པ་རྣམ་པར་དག་པ་ནི་བདེན་པར་སྣང་ཡང་བརྟགས་པ་ཡིན་ཅིང་། དེ་ལྟར་ལོག་རྟོག་དག་པས་འགྲོ་བ་རིགས་དྲུག་པོ་རིལ་རང་རིག་པའི་ཡེ་ཤེས་མཉམ་པ་ཉིད་ཀྱི་དབྱིངས་ལས་མི་གཞན་པར་གསལ་བས། འགྲོ་བ་ཐམས་ཅད་ཡེ་ཤེས་དེས་ཟིན་པ་དང་། དབྱིངས་དེས་ཁྱབ་པ་དང་། གདུལ་བྱ་འདུལ་བྱེད་གཉིས་སུ་མི་རྟོག་པའི་གཏན་ཚིགས་གསུམ་གྱི་ཕྱིར། ཐུགས་རྗེ་སྐྱེ་བའི་ཡུལ་དང་། སྐྱེ་བྱེད་ཀྱི་མཁན་པོ་དང་། སྐྱེ་བའི་ཐུགས་རྗེ་ཆེན་པོ་དང་གསུམ་གཉིས་མེད་རང་སྣང་དུ་ཤར་བས་སངས་རྒྱས་ཀྱི་ཡེ་ཤེས་དང་། གདུལ་བྱ་སེམས་ཅན་གཉིས་ངོ་བོ་བདག་ཉིད་གཅིག་པའི་འབྲེལ་པ་ཡོད་པ་ཡིས། སངས་རྒྱས་སེམས་ཅན་གཉིས་སུ་མེད་པར་རྟོགས་ན་ཐུགས་རྗེ་ཆེན་པོ་སྐྱེས་ཞེས་དེ་ལ་བྱ་ཞེས་སོ། །གཉིས་སུ་མེད་པ་དེའི་ཕྱིར་འགྲོ་བ་རིས་དྲུག་གི་དུས་སྔ་ཕྱི་དང་གནས་མཐོ་དམན་ལ་སོགས་པར་སྣང་བ་ཀུན་ལྷག་མ་མ་ལུས་པར་སྣང་ཞིང་གསལ་བས་ན། འགྲོ་བ་མཐོན་པོ་མཐོ་རིས་དང་། དམན་པ་ངན་སོང་གི་སེམས་ཅན་ཀུན་གྱི་གཟུགས་སུ་སྣང་བ་ཡང་མ་ཟད། ཡ་ཀི་བླ་ན་མེད་པ་བྱང་ཆུབ་སངས་རྒྱས་ཀྱི་སྐུར་སྣང་བ་རྣམས་ཀྱང་། དཔེར་ན་མེ་ལོང་ལ་གཟུགས་བརྙན་སྣང་བ་ལྟ་བུའི་ཚུལ་བཞིན་དུ་སངས་རྒྱས་ཀྱི་དགོངས་པ་གཉིས་མེད་རང་སྣང་གི་ངང་དུ་འཁོར་འདས་ཀྱི་ཆོས་སྣ་ཚོགས་པའི་ཁ་དོག་མ་འདྲེས་པ་དང་། དབྱིབས་མ་འདྲེས་པའི་གཟུགས་སུ་སྣང་བའི་ཕྱི་ནང་གི་ཆོས་རྣམས་མ་ལུས་པ་ཐམས་ཅད་ཀུན། བྱང་ཆུབ་སྙིང་པོའི་རང་བཞིན་སངས་རྒྱས་ཀྱི་དགོངས་པའི་ཡེ་ཤེས་ཀྱི་ངང་ཉིད་དུ། དཔེར་ན་ནམ་མཁའ་སྟོང་པ་དང་འཇའ་ཚོན་དབྱེར་མི་ཕྱེད་བ་ལྟར། གདུལ་བྱ་འདུལ་བྱེད་མ་འདྲེས་ལ་ཡོངས་སུ་རྫོགས་པར་གཅིག་པ་དེ་ཡི་ཕྱིར་ཡུལ་བྲལ་གཉིས་མེད་དུ་ཤེས་བྱ་ཐམས་ཅད་མཁྱེན་པའོ། །གཉིས་པ་ཐུགས་རྗེ་ཆེན་པོའི་ངང་དུ་ཕྲིན་ལས་བྱེད་བསམ་གྱི་རྟོག་པ་མེད་ཅིང་གདུལ་བྱའི་རེ་བ་སྐོང་བ་ལ་དགོངས་པ་ལ་འགྲོ་འོང་མེད་པར་གཟུགས་སྣ་ཚོགས་སུ་སྣང་ནས་རང་དང་མཐུན་པར་དོན་མཛད་ཚུལ་ནི། དཔེར་ན་དཔག་བསམ་ལྗོན་ཤིང་དང་ཡིད་བཞིན་ནོར་བུ་རིན་ཆེན་ལས་དགོས་འདོད་སྣ་ཚོགས་འབྱུང་ཡང་རྟོག་པ་མེད་པ་ལྟར། སངས་རྒྱས་ཀྱི་དགོངས་པ་ཡུལ་ཡུལ་ཅན་གྱི་རྟོག་པ་མེད་པར་ཡུལ་བྲལ་གཉིས་མེད་ཀྱི་ངང་ནས་གདུལ་བྱ་གང་ལ་གང་འདུལ་གྱི་གཟུགས་སུ་སྣང་ནས་རེ་བ་སྐོང་བ་དང་། དེ་ལ་ཆུ་དྭངས་པའི་ནང་དུ་འགྲོ་འོང་མེད་པར་ཉི་ཟླ་ཆུ་ལ་སྣང་བ་ལྟར་དང་མེ་ལོང་དུ་གཟུགས་བརྙན་འཆར་བ་ལྟར་སངས་རྒྱས་ཀྱི་དགོངས་པ་ལ་འགྲོ་འོང་མེད་པར་གདུལ་བྱ་ཉེ་རིང་མེད་པ་ཀུན་ལ་གཟུགས་སྐུ་སྣ་ཚོགས་སུ་སྣང་བའི་སྐུ་ཞི་ཁྲོ་ལ་སོགས་བ་དང་གསུང་ཐེག་པ་སྣ་ཚོགས་དང་། ཐུགས་མཁྱེན་པའི་ཡེ་ཤེས་དང་མངོན་ཤེས་ཀྱི་བྱེ་བྲག་ལ་སོགས་པ་ཆོས་སྒོ་སྣ་ཚོགས་ཀྱིས་གདུལ་བྱ་ལ་ཇི་ལྟར་རང་རང་གི་བློ་དང་འཚམས་པར་སེམས་ཅན་གྱི་རྒྱུད་ཡོངས་སུ་འགྲོལ་བར་བྱེད་པའི་མཛད་པའོ། །གསུམ་པ་ཐུགས་རྗེ་ལ་ཉེ་རིང་མེད་ཅིང་འགྲོ་དོན་ལ་སེམས་པར་རྒྱུན་དུ་ཀུན་ལ་སྙོམས་ཚུལ་ནི། དེ་ལྟར་བུའི་ཐུགས་སྤྲོས་པ་དང་བྲལ་ཞིང་ཐུགས་རྗེས་བགོས་པ་མེད་པར་འགྲོ་བ་ཡོངས་ལ་ཁྱབ་པའི་སེམས་ལ་འདུ་འབྲལ་མེད་ཅིང་ནར་སོན་བས་ན་འདས་མ་འོངས་ད་ལྔའི་དུས་གསུམ་གྱི་གནས་སྐབས་ཀུན་ལ་ཕྱོགས་རིས་མེད་པར་སྙོམས་པར་ཞུགས་པའོ། །མཐའ་མར་དགེ་བ་མཇུག་གི་དོན་ལ་གཉིས་ཏེ། དགོས་ཆེད་དང་བསྔོ་བ་སྨོན་ལམ། མཐར་ཕྱིན་པའི་རྒྱུ་མཚན་གཉིས་ལས། དང་པོ་ནི། འགྲོ་བ་སེམས་ཅན་གྱི་ནང་ནས་ལམ་ལོག་བ་མུ་སྟེགས་རྟག་ཆད་ཡིན་ནོ། །དེ་ཡང་སྣང་ཕྱོགས་ལ་ཞེན་ཅིང་ལོག་པ་རྟག་ལྟ་བ་དང་། སྟོང་ཕྱོགས་ལ་ཞེན་ཅིང་ལོག་པ་ཆད་ལྟ་བའོ། །ལམ་སྟོར་བ་ནི་སོ་སོའི་སྐྱེ་བོ་ཐ་མལ་པ་རྣམས་དང་། དེ་དག་གིས་གསང་སྔགས་ཟུང་འཇུག་གི་ལམ་ལ་མི་འཇུག་ཅིང་། ཤེས་རབ་ཀྱིས་དབང་པོ་སྒོ་ལྔ་གཉིས་མེད་རང་སྣང་དུ་སྣང་སྲིད་དག་མཉམ་ཆེན་པོར་རྟོགས་པའི་རྐྱེན་རྡོ་རྗེ་སློབ་དཔོན་དང་ཐོས་བསམ་བསྒོམ་པ་སོགས་ཀྱི་ཡོན་ཏན་དང་བྲལ་ཞིང་སྔར་གྱི་བག་ཆགས་རྣམ་རྟོག་མ་རིག་འཁོར་བའི་གཅོང་ནད་ཀྱིས་སྙིང་ལ་མི་བཟོད་པའི་སྡུག་བསྔལ་དག་གིས་ཟིན་པ་རྣམས་ཀྱི་དོན་བྱ་བའི་ཕྱིར་འབྲས་བུ་སྒྲུབ་ཐབས་ཀྱི་ལམ། ཉེ་བ་བདེ་བ་རྗོགས་པས་ན་མཆོག །དུག་གསུམ་གྱི་ནད་སེལ་བའི་བདུད་རྩི་ཡི་སྨན་ཆེན་པོ་འདི་ཉིད། རྒྱུད་ནས་འཐོར་བ་རྣམས་སློབ་དཔོན་སངས་རྒྱས་གསང་བས་བསྡུས་པ་ཡི་དགེ་བའི་རྩ་བ་དེས་མཐའ་ཡས་པའི་སེམས་ཅན་རྣམས་ཀྱིས་ལམ་འགྲོད་ནས་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག་ཅེས་བསྔོ་བ་སྨོན་ལམ་གདབ་བོ། །གཉིས་པ་བརྩམ་པ་མཐར་ཕྱིན་པའི་རྒྱུ་མཚན་ནི། དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་རྒྱལ་པོ་གསང་བ་སྙིང་པོ་ཉམས་སུ་ལེན་པ་རྣམས་ཀྱི་ལམ་གྱི་རིམ་པ་རྣམ་པར་བཤད་པ་ཚིག་ཚོགས་ཉུང་ངུའམ་ཆུང་ངུ་རུ་བསྡུས་པ་ཞེས་བྱ་བ་འདི་ཉིད་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་རྒྱུད་འབུམ་ཕྲག་བརྒྱ་བའི་དོན་བསྡུས་ཏེ་མཛད་པ་ཚིག་དོན་མ་ལུས་པ་གྲུབ་པས་ན་རྫོགས་སོ་ཞེས་སོ། །རྒྱ་གར་འཕགས་ཡུལ་མཁས་གྲུབ་རྒྱུ་སྐར་དབུས། །ཉི་མ་ལྟ་བུ་རྒྱལ་བ་གཉིས་པ་ཞེས། །ཡོངས་བསྔགས་སློབ་དཔོན་སངས་རྒྱས་གསང་བ་ཡིས། །ཏནྟྲ་བཅོ་བརྒྱད་ལ་སོགས་སྟོང་ཕྲག་བརྒྱའི། །གདམས་ངག་བཅུད་བསྡུས་ལམ་རིམ་ཆུང་ངུ་འདི། །རིག་འཛིན་བྱེ་བའི་གཤེགས་ཤུལ་རྨད་བྱུང་ཆོས། །རྣམ་མཁྱེན་ཐོབ་འདོད་ཀུན་གྱི་སྙིང་ནོར་ཟུང་། །རྒྱུད་དོན་ཟབ་རྒྱས་གཏིང་དཔག་གཞལ་དཀའ་རྣམས། །འཕྲད་དཀའི་ཆོས་མཆོག་འདི་ཡིས་ལེགས་པར་རྟོགས། །དེ་ཕྱིར་ཐོས་བསམ་བསྒོམ་ལ་བརྩོན་པར་མཛོད། །རང་ངོས་འཆད་དང་རྩོམ་པའི་ཡོན་ཏན་མེད། །གཞན་དོན་འབྱུང་བའི་བསམ་པ་བདག་ལ་མེད། །ཅི་ཕྱིར་ཞེ་ན་ད་ལྟ་སྙིགས་དུས་འདིར། །ཉམས་སུ་ལེན་པ་ཉིན་སྐར་ཙམ་དུ་ཟད། །འོན་ཀྱང་ཆོས་འདིའི་འགྲེལ་བཤད་ནུབ་ཉེ་ཚེ། །སེམས་ཀྱིས་མ་བཟོད་ཚིག་འགྲེལ་མདོར་བསྡུས་འདི། །ཉིན་གསུམ་ངལ་དུབ་སྤངས་ནས་མཐར་ཕྱིན་དུ། །འོད་གསལ་ཐེག་མཆོག་གླིང་གི་ཡང་ཁྲོད་ནས། །བྲིས་པས་ཚིག་དོན་ནོར་འཁྲུལ་གང་ཡོད་ཀུན། །རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱི། །སྤྱན་སྔར་བཤགས་སོ་དག་ཚངས་དངོས་གྲུབ་སྩོལ། །ཟབ་གསང་ཆོས་འདིའི་བཤད་སྒྲུབ་བསྟན་འཛིན་སྡེ། །ཡར་ངོའི་ཟླ་ལྟར་གོང་ནས་གོང་འཕེལ་ཤོག །བདག་ཀྱང་གསང་སྔགས་ལམ་མཆོག་ཉམས་བླངས་ཏེ། །ཚེ་འདིར་འོད་གསལ་རྫོགས་ཆེན་དོན་རྟོགས་ནས། །བཟང་ངན་ལས་སྨོན་འབྲེལ་བའི་སེམས་ཅན་དང་། །མཁའ་ཁྱབ་འགྲོ་རྣམས་ཡང་དག་ལམ་བཀོད་ནས། །བླ་མ་གསང་བདག་ཕྲིན་ལས་སྐྱོང་བར་ཤོག །ཅེས་པའང་རྩ་བའི་འབྲུ་རྣམས་ཚིག་གཅིག་ཙམ་ཡང་མ་ཉམས་པར་འབྲུ་འགྲེལ་ཙམ་ལས། རྒྱས་པར་བཀྲལ་ན་སྙིགས་དུས་འདིར་སྤྱིར་ཆོས་ལ་མོས་འདུན་ཞན་ཅིང་ཁྱད་པར་ངེས་དོན་སྙིང་པོའི་ཆོས་ལ་བརྩོན་འདུན་ཆེར་མེད་གཤིས་རང་གཞན་གང་ལ་བརྟགས་ཀྱང་སེམས་སྐྱོ་བཞིན་རང་དང་རྗེས་འཇུག་བླུན་པོ་རྣམས་ཀྱིས་བལྟ་བདེ་ཕྱིར་སྔོན་གྱི་མཁས་གྲུབ་དུ་མའི་བཞེད་པ་ལྟར་བཀྲ་ཤིས་དུང་དཀར་སྒང་གི་རི་སུལ་ཡང་ཁྲོད་འོད་གསལ་ཕུན་ཚོགས་དགའ་བའི་སྤྲིན་གྱི་སྐྱེད་ཚལ་དུ་རང་གནས་བསམ་གཏན་གྱི་ཁང་བུར་བསྲེག་བྱ་ཟ་བའི་ཁམས་བློ་ལྡན་གྱི་ལོར་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཟང་པོར་རིག་འཛིན་འགྱུར་མེད་རྡོ་རྗེ་པས་བྲིས་པ་བཀྲ་ཤིས་དགེ་ལེགས་འཕེལ།། །།

ལྡེམ་དགོངས་བརྒྱད་ཀྱི་ལྷན་ཐབས། ནམ་མཁའ་དཔལ།

༈ ལྡེམ་དགོངས་བརྒྱད་ཀྱི་ལྷན་ཐབས་བཞུགས་སོ། །བླ་མ་ལ་ཕྱག་འཚལ་ལོ། །ཁྱད་པར་དགོངས་པ་ཅན་གྱི་མདོའི་དོན་བཤད་པ་ལ་གཉིས་ཏེ། ལྡེམ་པོ་དང་། དགོངས་པ་ཅན་ནོ། །དང་པོ་ནི། མདོ་སྡེའི་རྒྱན་ལས། ཞུགས་པ་ལྡེམ་པོ་དགོངས་པ་དང་། །མཚན་ཉིད་ལྡེམ་པོ་དགོངས་པ་དང་། །གཉེན་པོ་ལྡེམ་པོ་དགོངས་པ་དང་། །བརྒྱུར་བ་ལྡེམ་པོ་དགོངས་པའོ། །ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་འདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་དང་ནི། །ལྡེམ་པོ་དགོངས་པ་འདི་རྣམ་བཞི། །ཞེས་གསུངས་པས། དེ་ལ་བཞི་སྟེ། ཞུགས་པ་ལ་ལྡེམ་པོར་དགོངས་པ་དང་། མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང་། གཉེན་པོ་ལ་ལྡེམ་པོར། བསྒྱུར་བ་ལའོ། །དང་པོ་ནི། ཉན་ཐོས་ལ་སོགས་པ་ཐེག་ཆེན་ལ་ཞུགས་པའི་ཕྱིར། ཕྱི་རོལ་གྱི་གཟུགས་སོགས་ལ་དོན་ཡོད་པར་གསུངས་པ་སྟེ། དགོངས་གཞི་ནི། གཟུགས་ཆར་སྣང་བ་ཙམ་ལ་དགོངས་ལ་སྒྲ་ཇི་བཞིན་པར་གོ་ཡང་། དེ་དག་གི་བློ་དང་མཐུན་པའི་སྒོ་ནས། རིམ་གྱིས་ཐེག་ཆེན་ལ་འཇུག་པའི་དགོས་པ་ཡོད་དེ། སེམས་ཉི་ཤུ་པ་ལས། གཟུགས་སོགས་ཡོད་པར་བསྟན་པ་ནི། །དེས་ནི་འདུལ་བའི་སྐྱེ་བོ་ལ། །དགོངས་པའི་དབང་གི་གསུངས་པ་སྟེ། །བརྫུས་ཏེ་སྐྱེ་བའི་སེམས་ཅན་བཞིན། །ཅེས་སོ། །གཉིས་པ་ནི། ཆོས་ཐམས་ཅད་ཀྱི་ངོ་བོ་མེད་པ་ལ་སོགས་པ་བསྟན་པའོ། །དགོངས་གཞི་ནི། ཀུན་བརྟགས་ལ་སྣང་བའི་ངོ་བོ་ཉིད་ཀྱིས་མཚན་ཉིད་མེད་པ་དང་། གཞན་དབང་ལ་སྐྱེས་པའི་ངོ་བོ་ཉིད་མེད་པ་དང་། ཡོངས་གྲུབ་ལ་དོན་དམ་པའི་ངོ་བོ་ཉིད་མེད་པའོ། །དགོངས་པ་ནི་བདེན་ཞེན་ལྡོག་པ་སྟེ། སུམ་ཅུ་པ་ལས། ངོ་བོ་ཉིད་ནི་རྣམ་གསུམ་ལས། །ངོ་བོ་ཉིད་མེད་རྣམ་གསུམ་གྱིས། །དགོངས་ནས་ཆོས་རྣམས་ཐམས་ཅད་ཀྱི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཞེས་སོ། །གསུམ་པ་ནི། སྒྲིབ་པ་བརྒྱད་ཀྱི་ཉེས་པ་འདུལ་བའི་ཕྱིར་ཐེག་ཆེན་བསྟན་པ་སྟེ། སྒྲིབ་པ་བརྒྱད་ཀྱི་དང་པོ་སངས་རྒྱས་ཐུབ་པ་ཉིད་ལ་བརྙས་པའི་སྒྲིབ་པའི་གཉེན་པོ་ནི། སངས་རྒྱས་རྣམ་གཟིགས་ཀྱི་ཆེ་བ་མང་དུ་གསུངས་ནས་ང་ཉིད་དེའི་ཚེ་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ། །ཞེས་སོ། །བཞི་པ་ནི། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོ་ནི། བཅོམ་ལྡན་འདས་ཀྱིས་ལ་ལར་སྦྱིན་པ་ལ་སོགས་པ་སྨད་ལ། གཞན་བསྔགས་པ་ལྟ་བུའོ། །ལྔ་པ་གདམས་ངག་གི་གཟུགས་དང་སྟོབས་ལ་སོགས་པ་ང་རྒྱལ་གྱི་གཉེན་པོ་ནི། སངས་རྒྱས་ཀྱི་གཟུགས་སྐུ་ལ་སོགས་པ་ཕུན་སུམ་ཚོགས་པའི་ཁྱད་པར་ལྷག་པར་བསྔགས་པ་ལྟ་བུའོ། །དྲུག་པ་ཁམས་གསུམ་གྱི་ཕུན་སུམ་ཚོགས་པ་ལ་ཆགས་པ་འདོད་ཆགས་ཀྱི་གཉེན་པོ་ནི། སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་དག་པའི་ཡོན་ཏན་ལ་བསྔགས་པ་བརྗོད་པ་ལྟ་བུའོ། །བདུན་པ་དགེ་བ་ལ་མི་སྦྱོར་བའི་གཉེན་པོ་ནི། སེམས་ཅན་གང་ཞིག་སྔར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་ན། ཕྱིས་དེ་དག་ཡོན་ཏན་ཅན་དུ་ཤེས་ཏེ། འགྱོད་པ་འབའ་ཞིག་སྐྱེ་བ་ལ་དགོངས་ནས། སངས་རྒྱས་བྱང་སེམས་ལ་གནོད་པ་བྱས་པ་དེ་དག་ཐམས་ཅད་ནི་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །ཞེས་པ་ལྟ་བུའོ། །བརྒྱད་པ་ནི། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་མ་ངེས་པའི་རིགས་ཅན་འགའ་ཞིག་ལ། གྲོགས་པོ་ངན་པ་དང་འཕྲད་པ་ལ་སོགས་པའི་རྐྱེན་གྱིས་ཐེག་ཆུང་དུ་ལྡོག་པའི་གཉེན་པོར་དམ་ཆོས་པདྨ་དཀར་པོ་ལ་སོགས་པར་ཐེག་པ་འདི་ཁོ་ན་སྟེ་ཞེས་གསུངས་པ་དང་། ཉན་ཐོས་ཆེན་པོ་རྣམས་སངས་རྒྱས་པ་ལུང་བསྟན་ཏོ། །དེ་ལྟར་སྒྲིབ་པ་བརྒྱད་ཀྱི་གཉེན་པོར་ཐེག་ཆེན་བསྟན་པའོ། །བཞི་པ་ནི། ཇི་སྐད་དུ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ལེགས་པར་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པས། དགོངས་གཞི་ནི། སེམས་རྣམ་པར་གཡེང་བ་ནི་འཁོར་བའི་སྙིང་པོ་ཡིན་ལ། དེ་མེད་པ་ནི་སྙིང་པོ་སྟེ་གཙང་བར་འཛིན་པ་དང་། བདེ་བ་དང་། རྟག་པ་དང་། བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་གི་ལྟ་བ་དེ་དག་མི་གཙང་བ་དང་། སྡུག་བསྔལ་བ་ལ་སོགས་པར་རྟོགས་པའི་དོན་མི་མཉམས་པའི་སྒོ་ནས་ལེགས་པར་གནས་པ་དང་། ཡུན་རིང་པོར་གཞན་གྱི་དཀའ་སྤྱད་ལ་ངལ་བས། ལུས་སེམས་ཉོན་མོངས་པར་བྱེད་པ་ཞིག་གིས་བྱང་ཆུབ་ཐོབ་པར་འགྱུར་བའོ། །ཡང་ནི་ཕ་མ་གཉིས་ནི་གསད་བྱ་ཞིང་། བྲམ་ཟེ་གཙང་མ་གཉིས་བཟུང་ལ་སོགས་པའོ། །དགོངས་པ་ནི། སངས་རྒྱས་ཀྱི་གསུངས་པའི་ཆོས་རྣམས་ནི་རྟོགས་སླའོ། །སྙམས་ནས་བརྙས་པ་སྤང་བའོ། །གཉིས་པ་དགོངས་པ་ནི། མདོ་རྒྱན་ལས། མཉམ་པ་ཉིད་དང་དོན་གཞན་དང་། །དེ་བཞིན་དུ་ནི་དུས་གཞན་དང་། །གདམས་ངག་གིས་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་ཤེས་བྱ། །ཞེས་གསུང་པ་དང་། དེ་ལ་བཞི་ལས། དང་པོ་མཉམ་པ་ཉིད་ལ་དགོངས་པ་ནི། ཤཱཀྱ་ཐུབ་པས་སངས་རྒྱས་རྣམ་པར་གཟིགས་ཀྱི་བསྔགས་པ་བརྗོད་ནས། ང་ཉིད་དེའི་དུས་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ། །ཞེས་གསུངས་པ་ལྟ་བུ་སྟེ། དགོངས་གཞི་ནི། ཆོས་སྐུ་མཉམ་པ་ཉིད་ལ་དགོངས་པའོ། །དགོངས་པ་ནི། ཐུབ་པ་ལ་བརྙས་པའི་ཉེས་པ་སྤང་བར་འགྱུར་རོ། །གཉིས་པ་དོན་གཞན་ལ་དགོངས་པ་ནི། ཆོས་ཉིད་སྣང་བའི་ངོ་བོ་ཉིད་མེད་པ་དང་། མ་སྐྱེས་པ་ལ་སོགས་པ་སྔར་མཚན་ཉིད་ལྡེམ་པའི་སྐབས་སུ་བཤད་པ་ལྟར་རོ། །གསུམ་པ་དུས་གཞན་ལ་དགོངས་པ་ནི། གང་ཟག་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་ལྟ་བུ་སྟེ། དགོངས་གཞི་ནི། དུས་རིང་པོར་ཞིག་ན་དེ་ལྟར་འགྱུར་བའོ། །དགོས་པ་ནི་ལེ་ལོའི་གཉེན་པོར་འགྱུར་བའོ། །བཞི་པ། གང་ཟག་གི་བསམ་པ་ལ་དགོངས་པ་ནི། སེམས་ཅན་འགའ་ཞིག་ལ་སྦྱིན་པ་བསྔགས་ཤིང་། འགའ་ཞིག་ལ་སྨད་པའོ། །དགོངས་གཞི་ནི། དགེ་བ་མི་བྱེད་པ་ལ་ལྟོས་ཏེ། སྦྱིན་པ་མཆོག་ཡིན་ལ། ཚུལ་ཁྲིམས་ལ་སོགས་པ་ལ་ལྟོས་ན་དམན་པའོ། །དགོངས་པ་ནི། ཁ་ཅིག་སྦྱིན་པ་ལ་འཇུག་པ་དང་། དེས་ཆོག་པར་འཛིན་པ་རྣམས་གོང་མ་ལ་སྦྱོར་བའོ། །དགོངས་པ་དང་། ལྡེམ་དགོངས་ཀྱི་ཁྱད་པར་ནི། དགོངས་པ་བཞི་ནི་གཉེན་པོ་ལ་ལྡེམ་པོར་དགོངས་པར་འདུས་སོ། །འོ་ན་ཅིའི་ཕྱིར་དགོངས་པ་དང་ལྡེམ་དགོངས་སུ་བཞག་ཅེ་ན། དགོངས་པ་བཞི་དང་དགོས་ཆེད་བཞི་གཙོ་བོར་བསྟན་པའོ། །ལྡེམ་དགོངས་བརྒྱད་ཀྱི་ལྷན་ཐབས་ཞེས་བྱ་བ། བཤེས་གཉེན་རྣམས་ཀྱིས་བསྐུལ་ངོར་བཙུན་པ་ནམ་མཁའ་དཔལ་གྱིས་སྦྱར་བའོ།། །།རྫོགས་སོ།། །།

སྒྱུ་འཕྲུལ་ལམ་རིམ་གྱི་བསྡུས་དོན་འཕྲུལ་གྱི་ལྡེ་མིག སེང་གེ་འོད།

སྒྱུ་འཕྲུལ་ལམ་རིམ་གྱི་བསྡུས་དོན་འཕྲུལ་གྱི་ལྡེ་མིག་ཞེས་བྱ་བ་བཞུགས་སོ། །མ་དཔེ་ལྡེབ་དང་པོ་ཆད་རྗེས་སུ་རྙེད་ན་གསོ་རོགས་ཞུ། ནས་སྤྱིར་བསྟན་པ་ལ་གཉིས་རིགས་ལ་འགྱུར་བ་མེད་པས་དཔེ་རྒྱལ་པོ་ལྟ་བུ། ལམ་དང་འབྲས་བུ་གཞན་མེད་པའི་དཔེ་ལྷ་འཕྲུལ་དགའ་ལྟ་བུའོ། །དང་། དབྱེ་བ་བྱེ་བྲག་ཏུ་བསྟན་པ་དང་། དེ་ལྟར་དོན་བསྡུས་ཏེ་བསྟན་པའོ། །བྱེ་བྲག་ལ་གཉིས། མདོར་དང་། རྒྱས་པའོ། །དེ་ལ་གསུམ། ཀུན་རྫོབ་གནས་ཚུལ་དང་། དོན་དམ་དང་། དབྱེར་མེད་ཀྱི་གནས་ཚུལ་ལོ། །དང་པོ་ལ་གསུམ། ལམ་རང་ལ་གནས་ཚུལ་དང་། རྡོ་རྗེ་ཕུང་པོ་འབྲས་བུ་རང་ལ་གནས་ཚུལ་དང་། ཀུན་རྫོབ་ཆུ་ཟླ་ལ་མཚོན་པའི་དཔེ་དོན་ནོ། །དང་པོ་ལ་གསུམ། གསང་རྒྱུད་རང་ལ་གནས་ཚུལ་དང་། རྒྱུད་དོན་རང་ལ་གནས་ཚུལ་དང་། དེ་དག་ལམ་ལང་པ་མ་ཡིན་པའི་འཐད་པའོ། །དང་པོ་ལ་གཉིས། འབྲས་བུ་བསྟན་པ་རང་ལ་གནས་པ་དང་། རྒྱུ་གླེང་གཞི་རང་ལ་གནས་ཚུལ་ལོ། །དང་པོ་ལ་གཉིས། འབྲས་བུ་དོན་གྱི་དང་། དལ་བཞི་ཚིག་གི་བསྟན་པའོ། །གླེང་གཞི་རང་ལ་གནས་ཚུལ་ལ་གསུམ། གསང་ཨེ་བཾ་བའི་དང་། ནང་སྙིང་པོ་གི་དང་། དེ་དག་གླེང་གཞིར་གྱུར་པའི་འཐད་པའོ། །རྒྱུད་དོན་གནས་ཚུལ་ལ་བརྒྱད། ཏིང་དེ་དོན་ངེ་དང་། འཁྲིས་དང་། བ སྙེན་སྒྲུབ་དང་ཐིག་ལ། དལ་ནང་དང་། དབང་དང་གནས་རྟེན། གསང་བ་མཆོད་པ་དང་། དེ་དག་དམ་ཚིག་དང་། སྤྱོད་པ་རང་རིག་ལ་གནས་ཚུལ་ལོ། །འཁྲིས་ལ་གཉིས། སྟེང་སྒོ་དང་། འོག་སྒོའོ། །དང་པོ་ལ་གཉིས། དར་གྱི་ཙཀྲ་ལ་ཚང་བ་དང་། སྤྱིར་འཁོར་ལོ་བཞི་ལ་ཚང་བའོ། །དོན་དམ་གནས་ཚུལ་ལ་དྲུག །ཆོས་ཀུན་དོན་དུ་གཅིག་པ་དང་། ངེས་ཚིག་དང་དཔེ་ཐུན་མོང་བ་དང་། དེ་ཉིད་ཆོས་ཉིད་ཀྱི་སྐུར་བསྟན་པ་དང་། དེ་ལས་ལམ་དང་འབྲས་བུ་གཞན་ན་མེད་པ་དང་། རང་བྱུང་ཡེ་ཤེས་ཆོས་ཀུན་གྱི་དངོས་གཞིར་བསྟན་པ་དང་། རྒྱུའི་མིང་གྲངས་བསྟན་པའོ། །དབྱེར་མེད་གནས་ཚུལ་ལ་གསུམ། འཁོར་འདས་དབེན་པ་དབྱེར་མེད་དུ་གཅིག་པའི་དཔེ་དོན་དང་། གདོད་ནས་དབྱེར་མེད་དུ་བསྟན་པ་དང་། གཉིས་སུ་སྣང་ཡང་གཉིས་སུ་མ་གྲུབ་པའོ། །གཉིས་པ་ལམ་ལ་མཚན་ཉིད་གསུམ་ལས། དང་པོ་རྒྱུ་ཤེས་པའི་མཚན་ཉིད་རང་གནས་མཐོང་བའི་ལེའུ་ལ་གཉིས། རྩོམ་པ་དང་འབྲེལ་བའི་དོན་དང་། སྐབས་ཀྱི་དོན་ནོ། །དེ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་དོན་བཅུ་བཞི་ལས། དང་པོ་དགོས་པ་ལ་གཉིས། མ་རྟོགས་པར་བསྒོམ་པའི་སྐྱོན་དང་། དེས་ན་རྟོགས་པའི་ཐབས་ལ་འབད་པའོ། །གཉིས་པ་སྣོད་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། སྦྱངས་པས་སྣོད་དུ་གྱུར་པ་དང་། རིན་གྱིས་སྣོད་དུ་གྱུར་པའོ། །དང་པོལ་ལ་གཉིས་རྒྱུ་མཚན་གྱི་ཚུལ་གྱིས་མདོར་བསྟན་པ་དང་། འཇུག་ཚུལ་རྒྱས་པར་བཤད་པའོ། །དེ་ལ་གཉིས། རིམ་གྱིས་པ་དང་། ཅིག་ཆར་བའོ། །དང་པོ་ལ་གཉིས། སྦྱངས་པ་རྒྱུན་དུ་འགྲོ་བར་ལུང་གི་འཐད་པ་དང་། སེམས་སྐྱེ་བའི་ཚུལ་ལོ། །དེ་ལ་བཞི། སེམས་སྐྱེ་བའི་གཞི་དང་། སྐྱེ་བའི་དུས་དང་། སྐྱེ་བར་བྱེད་པའི་རྒྱུ་རྐྱེན་དང་། སེམས་སྐྱེ་བའི་ཚུལ་ལོ། །སྐྱེ་བར་བྱེད་པའི་རྒྱུ་རྐྱེན་ལ་གཉིས། རྒྱུ་དང་། རྐྱེན་ནོ། །དང་པོ་ལ་གཉིས། མཚུངས་པར་ལྡན་པ་དང་། ལྷན་ཅིག་བྱེད་པའི་རྒྱུའོ། །རྐྱེན་ལ་བཞིའོ། །སེམས་སྐྱེ་ཚུལ་ལ་གཉིས། ཐུན་མོང་དང་། མཆོག་གི་སྐྱེས་ཚུལ་ལོ། །དེ་ལ་གཉིས། རྒྱུ་རྐྱེན་དང་། རང་གི་ངོ་བོའོ། །དེ་ལ་བཞི། གཡོ་བ་དང་། སྨོན་པ་དང་། འཇུག་པ་དང་། གནས་པ་གསུམ་གྱི་དང་པོ་ཐོས་བསམ་མོ། །རིན་གྱིས་སྣོད་དུ་གྱུར་པ་ལ་གཉིས། མདོ་དང་། རྒྱས་པའོ། །དང་པོ་ལ་གཉིས། མ་སྦྱངས་པར་འཇུག་པའི་འཐད་པ་དང་། གཉིས་སུ་འབྱེད་པའི་འཐད་པའོ། །རྒྱས་པ་ལ་གཉིས། རིམ་གྱི་པ་དང་། ཅིག་ཅར་པའོ། །དང་པོ་ལ་གཉིས། འབྲེལ་བ་དང་། ལྡན་པས་འཕྲད་པ་དང་། རྒྱུ་རྐྱེན་དང་ལྡན་པས་འཇུག་པའོ། །དེ་ལ་གཉིས། ཐུན་མོང་གི་ཐོག་པར་འཇུག་པ་དང་། དེ་ནས་འདིར་འཇུག་པའོ། །ཅིག་ཅར་བ་ལ་གཉིས། འབྲེལ་བ་དང་། རྒྱུ་རྐྱེན་དུ་ལྡན་པས་སེམས་སྐྱེ་ཚུལ་དང་། སྣོད་ཀྱི་ཡོན་ཏན་དང་ལྡན་པས་ཐོས་པ་དོན་དུ་གཉེར་བའོ། །གསུམ་པ་དུས་ལ་གཉིས་སུ་སྦྱར། རྒྱུ་རྐྱེན་གཉིས་ཐུན་མོང་དུ་བཤད་ན་གསུམ། ཤེས་པར་བྱེད་པའི་རྒྱུ་དང་། ལྷན་གཅིག་བྱེད་པའི་རྐྱེན་དང་། མཚུངས་པར་ལྡན་པའི་རྒྱུའོ། །དྲུག་པ་རྟོགས་ཐབས་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གསུམ། དེ་དུས་རྟེན་ལ་དབབས་པ་དང་། ནོར་བའི་ཤེས་རབ་མིག་གི་གསལ་བ་དང་། མ་ནོར་དམིགས་ནས་བླངས་པའོ། །དང་པོ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གསུམ། གཞི་དང་། གཏན་ཚིག་དང་། གྲུབ་པའི་དོན་ནོ། །དང་པོ་རྟེན་ཚིག་འབྱུང་བའི་གཞི་དང་། ཡོངས་སུ་བརྟན་པའི་གཞི་གཉིས་སུ་ཡང་འདོད་ན། འདིར་ནི་ཡོངས་སུ་བརྟགས་པའི་གཞི་ལ་གཉིས། གཞལ་བྱ་གང་ལ་བརྟག་པ་དང་། དེ་ལ་དོགས་པ་སྤང་བའོ། །དེ་ལ་གཉིས་དཔྱད་ཀྱིས་མི་ལང་བའི་དོགས་པ་སྤང་བ་དང་། གཞལ་དུ་མི་བཏུབ་པའི་དགོས་པ་སྤང་བའོ། །དེ་ལ་གཉིས། དགོས་པ་དང་། བསལ་བའོ། །དང་པོ་ལ་གཉིས། ཡུལ་དུ་ཤེས་པ་ལ་གཞལ་དུ་མི་བཏུབ་པའོ། །གཏན་ཚིག་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གསུམ། དངོས་དང་། ཚུལ་དང་། ཚིག་གོ། །ཚུལ་ལ་གཉིས། ཉེ་བར་བསྟན་པ་དང་། སོ་སོར་བཤད་པའོ། །དེ་ལ་དྲུག །ངོ་བོ་ཉིད་ཀྱི་གསུང་གི་ཚུལ་དང་། ཆོས་སྐུའི་དང་། ལོངས་སྐུའི་དང་། མངོན་པར་བྱང་ཆུབ་པའི་དང་། རྡོ་རྗེའི་དང་། སྤྲུལ་སྐུའི་གསུང་གི་ཚུལ་ལོ། །ཚིག་ལ་གཉིས། གདམ་པ་དང་། རང་གི་ངོ་བོའོ། །དང་པོ་ལ་གཉིས། ཤེས་རབ་ཀྱི་རྗེས་སུ་མཚོན་པར་གདམས་པ་དང་། དངོས་དང་ཚུལ་གྱི་རྗེས་སུ་མཚོན་པར་གདམས་པའོ། །ངོ་བོ་ལ་གཉིས། ཚིག་ལྔ་སོ་སོར་བཤད་པ་དང་། མདོར་གཉིས་སུ་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་བདུན། ངོ་བོའི་གསུང་མཚོན་པའི་ཚིག་དང་། དོན་གྱི་གསུང་དང་། རིག་པའི་དང་། རྡོ་རྗེའི་དང་། བརྡའི་དང་། ཚིག་གི་དང་། གསང་བའི་གསུང་མཚོན་པའི་ཚིག་གོ། །མདོར་གཉིས་སུ་བསྡུས་ཏེ་བསྟན་པ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། དཔྱད་དུ་ཎ་སས་གོ་བ་དང་། དཔྱད་པས་གོ་བའོ། །དང་པོ་ལ་དྲུག །དཔྱད་དུ་ཎ་སས་འཐད་པ་དང་། དཔྱད་དུ་ཎ་སའི་དོན་དང་། རྟོག་དཔྱོད་ཀྱི་སྐྱོན་དང་། མ་དཔྱད་པར་རྟོགས་པའི་དཔེ་དོན་དང་རྟོགས་པའི་དོན་དང་། གཏན་ཚིགས་ཀྱི་ཆེ་བའོ། །དཔྱད་པས་གོ་བ་ལ་གསུམ། གཏན་ཚིག་དངོས་དང་། དམ་ཚིག་དང་ལྡན་པར་བྱ་བ་དང་། དོན་དང་ཚིག་གཅིག་དང་ཐ་དད་ཀྱི་དགོས་པ་བསལ་ཏེ་དོན་དུ་གོ་བར་གདམས་པའོ། །དང་པོ་ལ་གསུམ། མདོ་དང་། རྒྱས་པ་དང་། དོན་བསྡུས་པའོ། །རྒྱས་པ་ལ་གཉིས། ཚིག་དོན་མི་མཐུན་པ་དང་། ཚིག་དོན་མཐུན་པའི་གཏན་ཚིགས་སོ། །དང་པོ་ལ་ལྔ། མཚོན་པའི་དཔེ་དང་། གཏན་ཚིག་དབབ་བྱའི་དོན་དང་། རྟགས་ཀྱི་དགོས་པ་དང་། གཏན་ཚིག་དངོས་དང་། གཏན་ལ་དབབ་ཏུ་བཏུབ་པའི་འཐད་པའོ། །དོན་ལ་གཉིས། འཐད་པ་དང་། དོན་དངོས་སོ། །དེ་ལ་བསྟན་དུ་ཎ་ས་དང་། ཀུན་ཏུ་སྣང་བའོ། །ཧེ་དུ་དངོས་ལ་གཉིས། ཅི་ཡང་ཡིན་མིན་གྱི་གཏན་ཚིག་དང་། མཐའ་དང་བྲལ་མ་བྲལ་གྱི་གཏན་ཚིགས་སོ། །ཚིགས་དོན་མཐུན་པའི་གཏན་ཚིག་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། ཚད་མ་བཀའ་གཞུང་དང་། སྒྲ་མཐུན་དོན་དཔགས་སོ། །དང་པོ་ལ་བཞི། དག་མཉམ་ཐུན་མོང་པ་དང་། རྟོགས་པ་བཞི་དང་། བདག་ཉིད་ཆེན་པོ་དང་། མདོ་དང་། རྒྱས་པ་གཉིས་ཀྱིས་རང་བཞིན་གྱི་གཏན་ཚིགས་སོ། །སྒྲ་མཐུན་དོན་དཔག་ལ་བཞི། རང་སྤྱིའི་དང་། མཐའ་དང་བྲལ་བའི་དང་། རྣམ་པར་དབྱེ་བའི་དང་། མཚོན་པ་དཔེའི་གཏན་ཚིགས་སོ། །དེ་ལ་གཉིས། དཔེ་ཡི་ས་དོན་རྟོགས་པའི་འཐད་པའོ། །རྟོགས་པའི་གྲུབ་མཐའ་དང་། ནོར་བའི་ཤེས་རབ་དམིགས་གིས་བསལ་བ་ཐུན་མོང་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། རྟོགས་པའི་གྲུབ་མཐའ་དང་། ནོར་བའི་ཤེས་རབ་དམིགས་ཀྱིས་བསལ་བའོ། །དེ་ལ་གསུམ། གོལ་གཞི་དང་། གོལ་བ་དངོས་དང་། སྤྱིའི་གདམ་པའོ། །གོལ་བ་དངོས་ལ་གཉིས་འཇིག་རྟེན་པར་གོལ་བ་དང་། འདས་པར་གོལ་བའོ། །དང་པོ་ལ་གསུམ། སྐྱེ་བོ་དང་། མུ་སྟེགས་པ། གོལ་པ་ལ་བཟླ་བའོ། །དང་པོ་ལ་གསུམ། འཁྲུལ་པར་སྒྲུབ་པའི་འཐད་པ་དང་། ལམ་རྒྱུད་ལྔ་གོལ་བ་སྤྱིར་བསྟན་པ་དང་། ཁམས་གསུམ་གྱི་ལྷ་མིར་གོལ་བར་བྱེད་བྲག་ཏུ་བསྟན་པའོ། །དེ་ལ་གསུམ་འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་ཎ་དོ། འདས་པར་གོལ་བ་ལ་གཉིས། རྒྱུའི་ཐེག་པར་གོལ་བ་དང་། སྔགས་ཕྱི་པར་གོལ་བའོ། །དང་པོ་ལ་གསུམ། ཉན་ཐོས་དང་། རང་རྒྱལ་དང་། བླ་ན་མེད་པའི་ཐེག་པར་གོལ་བའོ། །དེ་ལ་གཉིས། རང་གཞུང་དང་། དེ་ལས་སྔགས་ཁྱད་པར་དུ་སྤགས་པའོ། །དེ་ལ་ལྔ། ཀུན་རྫོབ་ཀྱིས་དང་། བདེན་པ་གཉིས་ཀྱི་ངོ་བོ་ཡིས་དང་། གཉིས་སུ་མེད་པ་ཡིས་དང་། བྱིན་གྱི་རླབས་ཀྱིས་དང་། སྣང་བ་མི་སྤང་པས་འཕགས་པའོ། །དང་པོ་ལ་གཉིས། བླ་ན་མེད་པའི་ཐེག་པའི་གཞུང་དང་། ཐབས་ཀྱི་ཐེག་པ་དེ་ལས་སྤང་ཚུལ་ལོ། །སྔགས་ཕྱི་པར་གོལ་བ་ལ་གཉིས། ཀྲི་ཡ་དང་། ཡོ་གའི། མ་ནོར་དམིགས་ནས་བླང་བ་ལ་བཞི། མ་ནོར་བའི་དོན་གྱི་ངོ་བོ་དང་། དེ་བཙལ་བའི་ཐབས་དང་། ཚིག་ཏུ་མཚོན་པའི་དགོས་པ་དང་། དེ་སུའི་ཡུལ་ཡིན་པའི་སྒོ་ནས་གདམ་པའོ། །དང་པོ་ལ་གཉིས། ཉེ་བར་དང་། སོ་སོར་བཤད་པའོ། །དེ་ལ་གསུམ། ལྟ་བ་ཐ་དད་ཅི་སྣང་ཡང་དེ་ཁོ་ན་ཉིད་ལས་མ་གཡོས་པ་དང་། མཉམ་པའི་དོན་ངོས་གཟུངས་བྲལ་བར་བསྟན་པ་དང་། བྱང་ཆུབ་ཀྱི་མཚན་ཉིད་དོ། །དེ་ལ་གསུམ། འགྲོ་འོང་མེད་པར་བསྟན་པ་དང་། དེ་ཉིད་དམིགས་སུ་མེད་པར་བསྟན་པ་དང་། དེ་ཉིད་ཆོས་ཀུན་གྱི་ངོ་བོ་བསྟན་པའོ། །བཙལ་ཐབས་ལ་གཉིས། ཡོད་མེད་དུ་ཚོལ་བའི་སྐྱོན་དང་། བཙལ་དུ་མེད་པའི་དཔེ་དོན་ནོ། །དང་པོ་ལ་གསུམ། ཡོད་པ་དང་། མེད་པ་དང་། གཉིས་ཀ་ལས་ཚོལ་བའི་སྐྱོན་ནོ། །ཚིག་ཏུ་མཚོན་པའི་དགོས་པ་ལ་གཉིས། མིང་གིས་རྣམ་གྲངས་དུ་མར་བསྟན་པའི་དགོས་པ་དང་། དོན་སྨྲ་བརྗོད་དང་བྲལ་བར་བསྟན་པའོ། །རང་གི་ངོ་བོ་དང་རྣམ་གྲངས་ཐུན་མོང་དུ་བསྟན་པ་ལ་གསུམ། མདོ་དང་། རྒྱས་པ་དང་། དོན་བསྡུ་བའོ། །རྒྱས་པ་ལ་གཉིས། ངོ་བོ་དང་། རྣམ་གྲངས་སོ། །དང་པོ་ལ་གཉིས། གཞན་གྱིས་འདོད་པ་དང་། རང་གི་ལུགས་སོ། །དེ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དེ་ལ་གཉིས། ཡུལ་མེད་རང་གསལ་དུ་བསྟན་པ་དང་། དབྱིངས་དང་ཡེ་ཤེས་གཉིས་ཎ་དུ་བསྟན་པའོ། །རྣམ་གྲངས་ལ་གཉིས་མིང་གི་རྣམ་གྲངས་དང་། དོན་གྱི་རྣམ་གྲངས་སོ། །དང་པོ་ལ་བརྒྱད། མཐོང་བ་སྤྱན་གྱི་ལྟ་བ་དང་། ཐོས་པ་སྙན་གྱི་དང་། ཚོར་བ་ཤངས་ཀྱི་དང་། མྱོང་པ་ལྗགས་ཀྱི་དང་། རེག་པ་ལུས་ཀྱི་དང་། གཅོད་པ་ཡིད་ཀྱི་དང་། ཉོན་ཡིད་བདག་ཎ་སའི་དང་། ཀུན་གཞི་ཐམས་ཅད་མཁྱེན་པའི་ལྟ་བའོ། །དོན་གྱི་རྣམ་གྲངས་དངོས་ལ་གཉིས། ལམ་རིམ་གྱི་ལྟ་བ་དང་། རྒྱུད་དོན་གྱི་ལྟ་བའོ། །དང་པོ་ལ་གཉིས། ཉེ་བར་བསྟན་པ་དང་། སོ་སོར་བཤད་པའོ། །དེ་ལ་གཉིས། ཟག་བཅས་ཀྱི་ལམ་བྱེ་བྲག་ཏུ་བཤད་པ་དང་། ལམ་དགུ་མཁྱེན་སྤྱིར་བསྟན་པའོ། །དེ་ལ་གསུམ། དོན་དངོས་དང་། དེ་རྒྱུ་གང་ལས་བྱུང་བ་དང་། གདམ་པའོ། །རྒྱུད་དོན་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དེ་ལ་དགུ། དམ་ཚིག་ལྟ་བ་དང་། སྤྱོད་པ་དང་། འཁྲིས་དང་། མཆོད་པ་དང་། དལ་དང་། དབང་དང་། བསྒྲུབ་པ་དང་། ཏིང་ངེ་འཛིན་དང་། སྔགས་དང་ཕྱག་རྒྱའི་ལྟ་བའོ། །དགུ་པ་སྤྱོད་པ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། བདག་དོན་དང་། གཞན་དོན་ནོ། །དང་པོ་ལ་བཞི། སྤྱོད་པ་དངོས་དང་། དེ་ལ་ཁྱད་པར་ཡོད་པའི་དཔེ་དོན་དང་། གདམ་པ་དང་། དམ་ཚིག་དང་། སློབ་རིམས་སོ། །གཞན་དོན་ལ་གཉིས། ཤེས་རབ་ཆེན་པོའི་སྦྱིན་སྲེག་དང་། ལམ་ལ་གཞན་དོན་རྫོགས་པའི་ཆེ་བའོ། །བཅུ་པ་ཕན་ཡོན་ལ་བཞི། འཁོར་བར་མི་ལྡོག་པའི་ཕན་ཡོན་དང་། ཚོགས་གཉིས་རྫོགས་པ་དང་། དོན་གཉིས་རྫོགས་པ་དང་། མི་ལྡོག་པའི་འཐད་པའོ། །བཅུ་གཅིག་པ་དྲོད། བཅུ་གཉིས་པ་རྟགས། བཅུ་གསུམ་པ་རྟོགས་པའི་ཚད་ལ་དཔེ་གཉིས། རང་གི་མཚན་ཉིད་མཐོང་བ་དང་། གསལ་ཆ་ཁྱད་པར་དུ་གྱུར་པའོ། །ཐ་མ་མ་རྟོགས་པའི་སྐྱོན་ལ་གསུམ། སྐྱོན་དངོས་དང་། དོན་ལ་བསྐུར་བར་གདམ་པ་དང་། བསྒོམ་པ་དང་འབྲེལ་བའི་ཚུལ་ལོ། །དང་པོ་ལ་གཉིས། ངན་སོང་དུ་ལྟུང་བ་དང་། སངས་རྒྱས་མི་ཐོབ་པའོ། །དོན་ལ་བསྐུལ་བར་གདམ་པ་ལ་བཞི། དོན་ཚིག་ལྡན་པར་གདམ་པ་དང་། མ་རྟོགས་པའི་ཉེས་པས་དོན་མི་འགྲུབ་པ་དང་། དོན་ལ་འདྲེས་པ་དང་། གསལ་བར་གྱིས་གཅིག་པར་གདམས་པའོ། །སྤྱི་དོན་གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ལ་གཉིས། རྩོམ་པ་དང་འབྲེལ་བའི་དོན་དང་། སྐབས་ཀྱི་དོན་ནོ། །དེ་ལ་གཉིས། ལམ་སྤྱིའི་འབྲེལ་པ་དང་། རང་གི་ངོ་བོའོ། །དེ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། ཅིག་ཅར་བ་དང་། རིམ་གྱིས་པའོ། །དང་པོ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གསུམ། རྒྱུ་ཤེས་པ་དང་། རྐྱེན་འཇུག་པ་དང་། འབྲས་བུ་མཐར་ཕྱིན་པའོ། །དང་པོ་ལ་གཉིས། ལྟ་བའི་ངོ་བོ་དང་། རྟོགས་པའི་ཡོན་ཏན་ནོ། །རྐྱེན་འཇུག་པ་ལ་གསུམ། ཏིང་ངེ་དང་། སྤྱོད་པ་དང་། དམ་ཚིག་གོ། །དང་པོ་ལ་ལྔ། བསྒོམ་པའི་ཚུལ་དང་། དེའི་ཆེ་བ་དང་། གཞག་ཐབས་དང་། བསྒོམ་པའི་ངོ་བོ་དང་། སྐྱོན་བཅོས་ཐབས་སོ། །དེ་ལ་གཉིས། དགག་སྒྲུབ་མེད་པའི་བཅོས་ཐབས་དང་། གཟུང་འཛིན་མེད་པའི་བཅོས་ཐབས་སོ། །དམ་ཚིག་ལ་གཉིས། མཉམ་པའི་དམ་ཚིག་དང་། བསྲུང་དུ་ཎ་སའི་དམ་ཚིག་གོ། །འབྲས་བུ་ལ་གསུམ། སྐུ་གསུམ་ཐོབ་ཚུལ་དང་། དགོས་པ་དང་། གཞན་ནས་ཐོབ་ཏུ་མེད་པའོ། །རིམ་གྱིས་པ་ལ་གཉིས། དཔེའི་སྒོ་ནས་མདོར་བསྟན་པ་དང་། དོན་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། གྲངས་ཀྱི་དབྱེ་བ་དང་། བསྒོམ་བྱ་ལྟ་བའི་དཔེ་དོན་ནོ། །རྒྱས་པ་ལ་ལྔ་ལས། དང་པོ་སྟོང་པ་ཆེན་པོའི་རྣལ་འབྱོར་ལ་གཉིས། ཉེ་བར་བསྟན་པ་དང་། དོན་དངོས་སོ། །དེ་ལ་གཉིས། མདོ་དང་། རྒྱས་པའོ། །རྒྱས་པ་ལ་བཅོ་ལྔ་ལས། དང་པོ་སྔོན་དུ་འགྲོ་བ་ལ་གཉིས། ཐུན་མོང་སྤྱི་དང་ཁྱད་པར་འདི་ཉིད་ཀྱི་སྔོན་འགྲོའོ། །དང་པོ་ལ་དྲུག །དབང་ཐོབ་ཅིང་ལྷག་པའི་ཡོ་བྱད་ལྔ་དང་ལྡན་པ་དང་། སེམས་བསྐྱེད་པ་དང་། གནས་ཁང་གདན་དང་ལྡན་པར་བྱ་བ་དང་། བསོད་ནམས་ཀྱི་དཔུང་བསྐྱེད་པ་དང་། ཕྱི་ནང་གི་འབྲེལ་གཅད་པ་དང་། ཆ་རྐྱེན་བསྡུ་ཞིང་བར་ཆད་བསྲུང་བའོ། །གཉིས་པ་དགོས་པ་ལ་གཉིས། གོ་རིམ་ཉེས་པར་གཞག་པའི་དགོས་པ་དང་། ངོ་བོ་སྨོས་པའི་དགོས་པའོ། །དང་པོ་ལ་གཉིས། ལུང་གི་འཐད་པ་དང་། དེས་གྲུབ་པའི་དོན་ནོ། །ངོ་བོ་སྨོས་པའི་དགོས་པ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། གཞན་སེལ་བའི་དང་། དོན་དུ་གཉེར་བའིའོ། །དེ་ལ་བཞི། ཆོས་ཉིད་དོན་དུ་གཉེར་བ་དང་། ཏིང་ངེ་སྤྱིའི་དགོས་པ་དང་། དངོས་གྲུབ་དོན་དུ་གཉེར་བ་དང་། ཏིང་ངེ་ཎ་སའི་སྐྱོན་ནོ། །གསུམ་པ་སྒོམ་པའི་ཐབས་ལ་གཉིས། ལུས་ཀྱི་འདུག་སྟངས་དང་། སེམས་ཀྱི་གཞག་ཐབས་སོ། །དེ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། གདབ་ཐབས་དང་། བསྒོམ་པའི་ཐབས་གཉིས་ཀྱིས། གདམ་ངག་གི་སྟོབས་ཀྱིས་གཞག་པ་དང་། ཤེས་རབ་ཀྱི་སྟོབས་ཀྱིས་གཞག་པའོ། །དེ་ལ་གཉིས། གཞག་ཐབས་མ་ནོར་བ་དང་། ནོར་བའོ། །དང་པོ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། ཅིག་ཅར་སྤྱི་བླུགས་སུ་བཞག་པ་དང་། ལྟ་བ་མཐོང་བའི་རྗེས་སུ་གཞག་པའོ། །དང་པོ་ལ་བཞི། ཆོས་ཀུན་དེ་བཞིན་ཉིད་དུ་བསྒོམ་པ་དང་། ཆོས་དང་ཆོས་ཅན་གཉིས་ཎ་དུ་བསྒོམ་པ་དང་། བསམ་པའི་ཡུལ་མེད་པར་བསྒོམ་པ་དང་། ཅིར་ཡང་མི་བསམ་པར་བསྒོམ་པའོ། །ལྟ་བ་མཐོང་བའི་རྗེས་སུ་གཞག་པ་ལ་གཉིས། ཆོས་ཉིད་ཀྱི་དོན་གང་གིས་རྟོགས་པ་དང་། རྟོགས་པའི་དོན་གྱི་ངོ་བོའོ། །དེ་ལ་གསུམ། འགྲོ་འོང་དང་བྲལ། མཐར་དབུས་དང་བྲལ། གཟུང་འཛིན་དང་བྲལ་བའོ། །དེ་ལ་གཉིས། དོན་དང་། འཐད་པའོ། །གཞག་ཐབས་ནོར་པ་ལ་གསུམ། འཇུག་པའི་སྐྱོན་དང་། འཇུག་ཏུ་ཎ་པའི་ཆེ་བ་དང་། དམིགས་ན་ནོར་བའི་དཔེ་དོན་ནོ། །བཞི་པ་ངོ་བོ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གསུམ། རྣམ་གྲངས་དང་། ངོ་བོ་དང་། ངེས་ཚིག་གོ། །དང་པོ་ལ་གཉིས། དོན་གྱི་རྣམ་གྲངས་དང་། མིང་གིས་རྣམ་གྲངས་སོ། །དང་པོ་ལ་གཉིས། རྣམ་གྲངས་བཞིར་བསྟན་པ་དང་། ཐ་མའི་ཆེ་བའོ། །དང་པོ་ལ་བཞི། རྒྱུའི་ཐེག་པ་ཆེན་པོའི་དང་། ཀྲི་ཡའི་དང་། ཡོ་གའི་དང་། རྣལ་འབྱོར་ཆེན་པོའི་དེ་བཞིན་ཉིད་དོ། །མིང་གྲངས་ལ་གཉིས། དངོས་དང་། དེ་རེ་རེའང་ངོ་བོ་ངེས་ཚིག་གཏན་ཚིག་དང་གསུམ་ལྡན་དུ་བསྟན་པའོ། །ངོ་བོ་ལ་གསུམ། ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བ་དང་། དབྱིངས་དང་ཡེ་ཤེས་གཉིས་མེད་དང་། དོན་དེ་སྒོམ་པའི་རིམ་པའི་ཡོན་ཏན་ནོ། །ངེས་ཚིག་ལ་གཉིས། དངོས་དང་། དོན་ལ་མ་ཞེན་པའི་ཡོན་ཏན་ནོ། །ལྔ་པ་སྐྱོན་ལ་གཉིས། བཤད་པར་དམ་བཅའ་བ་དང་། རང་གི་ངོ་བོའོ། །དེ་ལ་གསུམ། ཐུན་མོང་གི་སྐྱོན་དང་། གཡེང་བ་དྲུག་དང་། བར་དུ་གཅོད་པའི་སྐྱོན་བཅུ་དང་། སྒྲིབ་པར་རྩ་བ་ཡན་ལག་གི་སྐྱོན་དང་བཞི་རྟོགས་པ་ལས་གྱུར་པའི་སྐྱོན་དང་། ཁམས་ལས་གྱུར་པའི་རྐྱེན་དང་། སྤྱོད་ལམ་ལས་གྱུར་པའི་སྐྱོན་ནོ། །དྲུག་པ་བཅོས་ཐབས་ལ་གསུམ། བློ་དང་སྦྱར་ཏེ་བཅོས་ཐབས་གསུམ་གྱིས་བཅོས་པ་དང་། དགག་སྒྲུབ་ཎ་སའི་བཅོས་ཐབས་དང་གཉིས་ཀྱིས་རྟོག་པའི་སྐྱོན་བཅོས་པ་དང་། ཁམས་ཀྱི་སྐྱོན་བཅོས་པ་དང་། སྤྱོད་ལམ་གྱི་སྐྱོན་བཅོས་པའོ། །བདུན་པ་ཉམས་ལ་གསུམ། མདོ་དང་། རྒྱས་པ་དང་། འཇུག་བསྡུས་ཏེ་གདམ་པའོ། །རྒྱས་པ་ལ་ལྔ། གཡོ་བ་དང་། ཐོབ་པ་དང་། གོམས་པ་དང་། བརྟན་པ་དང་། མཐར་ཕྱིན་པའི་ཉམས་སོ། །བརྒྱད་པ་སྤྱོད་པ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། བདག་དོན་དང་གཞན་དོན་ནོ། །དང་པོ་ལ་གསུམ། ཤེས་རབ་དང་མཐུན་པའི་སྤྱོད་པ་དང་། སྤྱོད་ལམ་ཐམས་ཅད་ཚོགས་གཉིས་སུ་སྤྱོད་པ་དང་། དེའི་ཡོན་ཏན་ནོ། །གཞན་དོན་གྱི་སྤྱོད་པ་ལ་གསུམ། བདག་དོན་ལ་གཞན་དོན་རྫོགས་པའི་ཚུལ་དང་། རྒྱུད་གཞུང་གི་སྤྱོད་པ་ཀུན་ལྟ་སྒོམ་འབྲེལ་བ་སྤྱོད་པ་དང་། གཞན་དོན་དུ་འགྱུར་ལ་ལམ་གོང་མ་བསྒོམས་ཏེ་དོན་བྱ་བའོ། །དགུ་པ་དམ་ཚིག་ལ་གསུམ། ཁྱད་པར་ཀྱི་དམ་ཚིག་དང་། སྤྱིའི་དམ་ཚིག་ཇི་ལྟར་ལྡན་པའི་ཚུལ་དང་། ལམ་གོང་འོག་གི་དམ་ཚིག་ལ་ཁྱད་པར་ཡོད་པའི་དཔེ་དོན་ནོ། །དང་པོ་ལ་གསུམ། ངོ་བོ་དང་། བསྲུང་ཐབས་དང་། ངེས་ཚིག་གོ། །ངོ་བོ་ལ་གསུམ། ཏིང་ངེའི་དམ་ཚིག་དང་། ལྟ་བའི་དམ་ཚིག་དང་། དེ་དམ་ཚིག་ཏུ་གཞག་པའི་འཐད་པའོ། །བཅུ་པ་དྲོད་ལ་གསུམ། དྲོད་གསུམ་སྤྱིར་བསྟན་པ་དང་། ཕྱི་ཡུལ་ལ་སྣང་བ་དང་། ནང་སེམས་ལ་སྣང་བ་གཉིས་ཀྱིས་དྲོད་ཀྱི་དབྱེ་བ་དང་། དེ་བྱུང་བའི་རིམས་པའོ། །བཅུ་གཅིག་པ་རྟགས་ལ་གཉིས། དྲོད་རྟགས་བསྟན་པའི་དགོས་པ་དང་། རྟགས་དངོས་སོ། །དེ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གསུམ། རྟགས་དང་། མངོན་ཤེས་དང་། ཆོ་འཕྲུལ་ལོ། །རྟགས་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། ཕྱི་རྟགས་དང་། ནང་རྟགས་སོ། །དེ་ལ་གཉིས། ལུས་ལ་སྣང་བ་དང་། སེམས་ལ་སྣང་བའོ། །མངོན་ཤེས་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། ཟག་བཅས་ཀྱི་དང་། ཟག་མེད་ཀྱི་མངོན་ཤེས་སོ། །དང་པོ་ལ་གཉིས། མིང་དང་། ཡུལ་གྱི་ཁྱད་པར་རོ། །ཟག་མེད་ཀྱི་མངོན་ཤེས་ལ་གཉིས། ཡུལ་གྱི་ཁྱད་པར་དང་། རྒྱུའི་བྱང་ཆུབ་སེམས་དཔའི་མངོན་ཤེས་དང་གཉིས་ཀྱི་ཁྱད་པར་རོ། །དང་པོ་ལ་གསུམ། ཚེ་དབང་དང་། ཕྱག་བརྒྱ་དང་། ལྷུན་གྲུབ་བོ། །བཅུ་གཉིས་པ་རྨི་ལམ་ལ་བཞི། སྒྲིབ་པ་དག་ཅིང་དོན་མཐོང་བའི་རྨི་ལམ་དང་། ལྷས་བྱིན་གྱིས་རློབ་པའི་རྨི་ལམ་དང་། དེ་བདུད་དང་། ཆ་དབྱེ་བ་དང་། དེ་བླ་མ་མིན་པ་ལ་གསང་བའོ། །གཉིས་པ་ལ་གཉིས། འབྱུང་བའི་རྒྱུ་དང་། རང་གི་ངོ་བོའོ། །བཅུ་གསུམ་པ་ཕན་ཡོན་ལ་བདུན། རྒྱུ་ལས་དགེ་སྡིག་གིས་མ་གོས་པ་དང་། འབྲས་བུ་རྣམ་སྨིན་བདེ་སྡུག་གིས་མ་གོས་པ་དང་། སྤྱོད་པ་རྩང་སྨེ་ཎ་ས་དང་། འཁོར་བ་མ་སྤང་བྲལ་བ་དང་། བདེན་པ་མཐོང་བ་དང་། འགྲོ་འོང་ཎ་ས་དང་། མཚན་མ་ཟིལ་གྱིས་གནོན་པའི་ཕན་ཡོན་ནོ། །བཞི་པ་འདས་ཀ་མ་ལ་གཉིས། མཚན་མ་མེད་པ་དང་། མཚན་མ་བཅས་པའོ། །བཅོ་ལྔ་པ་འབྲས་བུ་ཆོས་སྐུ་ཐོབ་པར་བསྟན་པའོ། །གཉིས་པ་སྙིང་རྗེ་ཆེན་པོའི་རྣལ་འབྱོར་ལ་གཉིས་ལས། སྐབས་ཀྱི་དོན་ལ་གཉིས། ལུས་སྔ་མ་དང་མཐུན་པར་བསྟན་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དེ་ལ་བཅོ་ལྔ་ལས། སྔོན་དུ་འགྲོ་བ་དང་། གཉིས་པ་དགོས་ཆད་ལ་གཉིས། དངོས་དང་། ཏིང་ལ་འཇུག་པའི་ཐུན་མཚམས་ཉམས་དང་སྦྱར་བའོ། །དང་པོ་ལ་གཉིས། གཞན་སེལ་བ་དང་། དོན་དུ་གཉེར་བའོ། །གསུམ་པ་སྒོམ་པའི་ཐབས་ལ་གསུམ། བསྒོམ་ཐབས་དངོས་དང་། དེའི་ཚེ་བ་ཚད་མེད་བཞི་རྫོགས་པའི་ཚུལ་དང་། དེས་ན་རྒྱུའི་ཐེག་པའི་སྙིང་རྗེ་ལས་ཁྱད་པར་དུ་གྱུར་པའོ། །དང་པོ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། སོ་སོར་རྟོགས་པའི་ཤེས་རབ་ཀྱི་རྒྱུ་ཡིས་སྒོམ་པ་དང་། ལམ་ལྔ་མ་གོམས་པའི་རྗེས་ལ་བསྒོམ་པའོ། །དང་པོ་ལ་གསུམ། ཆོས་ཀུན་རང་རྒྱུད་པས་སྟོང་པའི་དཔེ་དང་། རང་གཞན་གཅིག་དང་ཐ་དད་ལས་གྲོལ་བའི་འཐད་པ་དང་། དེ་བསྒོམ་པའི་ཚུལ་ལོ། །ལམ་སྔ་མ་གོམ་པའི་རྗེས་ལ་བསྒོམ་པ་ལ། དོན་གསུམ་སྟེ། ཅིག་ཅར་སྤྱི་བླུགས་སུ་བསྒོམ་པ་དང་། ཡུལ་དང་བྲལ་བ་བསྒོམ་པ་དང་། བསྒོམ་ཐབས་ཡོན་ཏན་དང་བཅས་པའོ། །རྣམ་པ་ངོ་བོ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། ངོ་བོ་དང་གྲངས་ཐུན་མོང་པ་དང་། ངེས་ཚིག་གོ། །དང་པོ་ལ་གཉིས། བསྒོམ་བྱའི་དོན་གྱི་ངོ་བོ་དང་། སྒོམ་བྱེད་ཏིང་ངེའི་ངོ་བོའོ། །དང་པོ་ལ་སྒྱུ་མའི་དངོས་པོ་དྲུག །ལོག་རྟོག་དང་། རྟེན་འབྲེལ་དང་། རིག་པ་དང་། ཕྱག་རྒྱ་དང་། ཐབས་དང་། ཡེ་ཤེས་སྒྱུ་མའོ། །དེ་ལ་གཉིས། མཚན་ཉིད་དང་། ངོ་བོའོ། །ལྔ་པ་སྐྱོན་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གསུམ། སྐྱོན་གྱི་རྒྱུ་དང་། རང་གི་ངོ་བོའོ། །ཉེས་དམིགས་སོ། །ངོ་བོ་ལ་གཉིས། ཐུན་མོང་གི་སྐྱོན་ཕྲ་ལ་ཉུང་བ་དང་། ཁྱད་པར་གྱི་སྐྱོན་ཆ་དབྱེ་བའོ། །དྲུག་པ་བཅོས་པའི་ཐབས་ལ་གསུམ། རང་འབྱུང་རང་ཞི་དང་། རབ་ཏུ་བྱེད་པ་དང་། མངོན་དུ་བྱེད་པའི་དང་། གཉེན་པོས་བཅོས་པའོ། །དང་པོ་ལ་གཉིས། དོན་དངོས་དང་། འཐད་པའོ། །གཉེན་པོ་བསྟེན་པ་ལ་གསུམ། ཁམས་ཀྱི་སྐྱོན་དང་། རྒོད་པ་དང་། བྱིང་བ་དང་། བཅོས་པའོ། །བདུན་པ་ཉམས་ལ་གཉིས། ཞེན་པར་དག་པས་ཉམས་ལྔར་སྣང་བ་མདོར་བསྟན་པ་དང་། ཉམས་ལྔར་རྒྱས་པར་བཤད་པའོ། །དེ་ལ་ལྔ་གཡོ་བ་དང་། ཐོབ་པ་དང་། གོམས་པ་དང་། བསྟན་པ་དང་། མཐར་ཕྱིན་པའོ། །བརྒྱད་པ་སྤྱོད་པ་ལ་གསུམ། སྔོན་འབྱུང་རྒྱལ་བའི་མཛད་པ་དཔེར་བསྟན་པ་དང་། རྗེས་འཇུག་རྣལ་འབྱོར་པའི་སྤྱོད་པ་དོན་དུ་བསྟན་པའོ། །དང་པོ་ལ་གཉིས། སྣང་ལ་མ་ཞེན་པར་རྟོག་པའི་ཚུལ་དང་། དེའི་འཐད་པའོ། །རྗེས་འཇུག་སྤྱོད་པ་ལ་གཉིས། གཞན་དོན་དང་། བདག་དོན་ནོ། །དང་པོ་ལ་ལྔ། སྒྱུ་མ་ལྟར་སྤྱོད་པའི་ཡོན་ཏན་དང་། སྙིང་རྗེ་ཆེན་པོའི་སྤྱོད་པ་དང་། ཚད་ཎ་བཞིའི་སྤྱོད་པ་དང་། བསྒོམ་པ་ལ་གཞན་དོན་ཚང་བ་དང་། རྒྱུའི་ཐེག་པའི་སྙིང་རྗེ་ལས་སྤགས་པའོ། །གསུམ་པ་ལ་བཞི། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ། །བདག་དོན་ལ་གསུམ། ཡེ་ཤེས་རང་གསལ་གྱི་སྤྱོད་པ་དང་། གཉིས་སུ་ཎ་སའི་སྤྱོད་པ་དང་། དངོས་པོ་ཉི་ཤུ་ལ་ཡེ་ཤེས་སུ་སྤྱད་པའོ། །དགུ་པ་དམ་ཚིག་ལ་གཉིས། རྒྱལ་བའི་མཛད་སྤྱོད་དང་། རྣལ་འབྱོར་པའི་བསྲུང་ཐབས་སོ། །དེ་ལ་གཉིས། ཁྱད་པར་གྱི་དམ་ཚིག་དང་། ཐུན་མོང་གི་དམ་ཚིག་གོ། །བཅུ་པ་དྲོད་ལ་དབྱེ་བ་ཎ། བཅུ་གཅིག་པ་རྟགས་ལ་བཞི། ངོ་བོ་དང་། ཁྱད་པར་དང་། མངོན་ཤེས་དང་། གདམ་པའོ། །བཅུ་གཉིས་པ། རྨི་ལམ་མོ། །བཅུ་གསུམ་པ་ཕན་ཡོན་ལ་གཉིས། ཕན་ཡོན་ཚད་མེད་པ་དང་། ཚོགས་གཉིས་རྫོགས་ཤིང་ཕྱག་རྒྱ་ཅིག་པ་ལ་སྦྱོར་བའོ། །བཅུ་བཞི་པ་འདས་ཀ་མ་ལ་གཉིས། དངོས་དང་། ཕན་ཡོན་ནོ། །བཅོ་ལྔ་པ་འབྲས་བུ་ལ་གསུམ། གནས་སྐབས་རིག་འཛིན་དང་། མཐར་ཐུག་ལོངས་སྐུ་ཐོབ་པ་དང་། མ་རྟོགས་པར་ལེ་ལོ་བྱས་པའི་སྐྱོན་ནོ། །གསུམ་པ་ཕྱག་བརྒྱ་གཅིག་པའི་ཏིང་ངེ་འཛིན་ལ་གཉིས། སྐབས་ཀྱི་དོན་ལ་གཉིས། ལུས་སྔ་མ་དང་རྗེས་མཐུན་དུ་བསྟན་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དེ་ལ་བཅོ་ལྔ་ལས། དང་པོ་སྔོན་དུ་འགྲོ་བ་དང་། གཉིས་པ་དགོས་པ་ལ་གཉིས། རང་དོན་དང་། གཞན་དོན་ནོ། །དང་པོ་ལ་གཉིས། དོན་དུ་གཉེར་བ་དང་། གཞན་སེལ་བའོ། །གསུམ་པ་བསྒོམ་པའི་ཐབས་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས་སེམས་སྦྱངས་པ་དང་། ལྷ་བསྐྱེད་པའོ། །དང་པོ་ལ་གཉིས། སྤྱི་དང་། བྱེ་བྲག་གོ། །དེ་ལ་གཉིས། ཨ་ལ་སེམས་སྦྱང་བ་དང་། ཧཱུྃ་ལ་སེམས་སྦྱང་བའོ། །ལྷ་བསྐྱེད་པ་ལ་བཞི། བསྒོམ་པའི་ཐབས་དང་། ཕྲིན་ལས་ཀྱི་རིམ་པ་དང་། བཟླས་པ་བྱ་ཐབས་དང་། ཐུན་མཚམས་ཀྱི་རིམ་པའོ། །དང་པོ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། ཞི་བ་དང་། ཁྲོ་བོའི་བསྒོམ་ཐབས་སོ། །དང་པོ་ལ་གཉིས། སྤྱིར་གང་མོས་སུ་བསྒོམ་པ་དང་། ཁྱད་པར་དུ་རྡོ་རྗེ་སེམས་དཔར་བསྒོམ་པའོ། །དེ་ལ་གཉིས། ཕྲ་མོ་རིམ་གྱིས་པ་དང་། རག་པ་ཅིག་ཅར་པའོ། །དང་པོ་ལ་གསུམ། རྒྱུ་ཡི་ཡི་གེ་བསྒོམ་པ་དང་། དེ་ཡི་ཁྱད་པར་ལས་གདན་དང་གཞལ་ཡས་ཁང་བསྒོམ་པ་དང་། ལྷ་བསྒོམ་པའོ། །གཉིས་པ་ལ་གཉིས། བསྒོམ་ཐབས་དང་། དེའི་ཚད་དོ། །ལྷ་བསྒོམ་པ་ལ་གཉིས། རྩ་བའི་ལྷ་བསྐྱེད་པ་དང་། ཡན་ལག་གི་ལྷ་བསྒོམ་པའོ། །དང་པོ་ལ་གཉིས། ཆོ་ག་གསུམ་གྱིས་སྐུ་ཕྲ་མོ་བསྐྱེད་པ་དང་། དེ་གོམས་ནས་སྐུ་ཡོངས་སུ་རྫོགས་པར་བསྒོམ་པའོ། །དང་པོ་ལ་གསུམ། གསུང་ཡི་གེ་དང་། ཐུགས་ཕྱག་མཚན་དང་། སྐུ་ཕྲ་མོའོ། །དེ་གོམས་ནས་སྐུ་ཡོངས་སུ་རྫོགས་པར་བསྒོམ་པ་ལ་གཉིས། ཞལ་གཅིག་ཕྱག་གཉིས་པ་དང་། ཞལ་གསུམ་ཕྱག་དྲུག་པའོ། །ཡན་ལག་གི་ལྷ་ལ་གསུམ། ཡེ་ཤེས་སེམས་དཔའ་དང་། བྱིན་གྱིས་བརླབས་པ་དང་། དབང་བསྐུར་བའོ། །རག་པ་ལ་གསུམ། བློ་ཆེ་བ་ཅིག་ཅར་བསྒོམ་པ་དངོས་དང་། གཞལ་ཡས་ཁང་ལ་སོགས་པ་སྔ་མ་དང་མཐུན་པར་བསྟན་པ་དང་། གདམ་པའོ། །ཁྲོ་བོ་ལ་གཉིས། བསྒོམ་ཐབས་གཉིས་མཐུན་པར་བསྟན་པ་དང་། །ཞི་བ་ལས་བསྒྱུར་ཏེ་བསྒོམ་པའོ། །དེ་ལ་གཉིས། རྡོ་རྗེའི་རིགས་དང་། རིགས་བཞི་ལ་བསྒྱུར་ཏེ་བསྒོམ་པའོ། །བཞི་པ་ངོ་བོ་ལ་གསུམ། ངོ་བོ་རིག་པ་རང་སྣང་དུ་བསྟན་པ་དང་། ངོ་བོ་ལྷུན་གྲུབ་ཏུ་བསྟན་པ་དང་། ངེས་ཚིག་གོ། །ལྔ་པ་སྐྱོན་ལ་གསུམ། ཐུན་མོང་གི་དང་། ཁྱད་པར་གྱི་དང་། འགྱུར་བའི་སྐྱོན་ནོ། །དྲུག་པ་བཅོས་ཐབས་ལ་གསུམ། ཁྱད་པར་གྱི་དང་། འགྱུར་བའི་དང་། སྤྱོད་ལམ་གྱི་སྐྱོན་བཅོས་ཐབས་སོ། །བདུན་པ་ཉམས་ལ་གསུམ། མདོ་དང་། རྒྱས་པ་དང་། རྩོལ་བ་དྲག་ཞན་ཉམས་དང་སྦྱར་བའོ། །བརྒྱད་པ་སྤྱོད་པ་ལ་གསུམ། བདག་དོན་དང་། གཞན་དོན་དང་། ཏིང་ངེ་བརྟན་པའི་ཡོན་ཏན་ནོ། །དང་པོ་ལ་དྲུག །སྤྱོད་ལམ་གྱི་བྱེ་བྲག་ཞི་ཁྲོའི་སྐབས་དང་སྦྱར་བ་དང་། བདག་ཉིད་ཆེན་པོའི་མཆོད་པའི་ཡོན་ཏན་དང་། དུས་ཐམས་ཅད་དུ་ཏིང་ངེ་འཛིན་དང་མ་བྲལ་བའི་ཡོན་ཏན་དང་། བྱ་བ་སྤངས་པའི་སྤྱོད་པ་དང་། སྤྱོད་པ་དག་ཅིང་བརྩོན་པའི་ཡོན་ཏན་དང་། ཚོགས་གཉིས་སུ་སྤྱད་པའོ། །དགུ་པ་དམ་ཚིག །བཅུ་པ་དྲོད། བཅུ་གཅིག་པ་རྟགས་དག་མ་བཞི་གྲུབ་པ་དང་པོའི་རྟགས་དང་། མངོན་ཤེས་དང་། ཆོ་འཕྲུལ་དང་། རྒྱུ་གང་གིས་འགྲུབ་པའོ། །མངོན་ཤེས་ལ་གཉིས། སྔ་མ་དང་ཁྱད་པར་དང་། ཕྱི་མ་འབྱུང་ཚུལ་ལོ། །བཅུ་གཉིས་པ་རྨི་ལམ་གསུམ། ལེགས་ཉེས་གསལ་བརྟེན་དུ་འབྱུང་བ་དང་། གྲུབ་པའི་རྨི་ལྟས་བཅུ་བཞི་དང་། ཟད་སར་གྱི་སྐྱེ་མཆེད་བཅུ་གསུམ་མཐོང་བའོ། །བཅུ་གསུམ་པ་སྒོམ་པའི་ཕན་ཡོན་ལ་གསུམ། དངོས་དང་ཞར་ལ་སྐྱོན་བསྟན་པ་དང་། མཐོང་མོས་ཀྱི་ཡོན་ཏན་ནོ། །དང་པོ་ལ་གཉིས། ཚོགས་གཉིས་རྫོགས་པའི་དང་། བསྒོམ་པས་འབྲས་བུ་འགྲུབ་པའོ། །དེ་ལ་གསུམ། དངོས་དང་། གདམ་པ་དང་། དེའི་འཐད་པའོ། །སྐྱོན་ལ་ལྔ། ལྷ་སྤངས་པའི་སྐྱོན་དང་། བརྩོན་པར་གདམ་པ་དང་། བརྩོན་འགྲུས་ཆུང་བའི་སྐྱོན་དང་། ནན་ཏན་ཆུང་བའི་སྐྱོན་དང་། བར་ཆད་པའི་སྐྱོན་ནོ། །བཅུ་བཞི་པ་འདའ་ཀ་མའོ། །བཅོ་ལྔ་པ་འབྲས་བུ་ལ་གསུམ། གནས་སྐབས་དང་། མཐར་ཐུག་གི་འབྲས་བུ་དང་། ཚེ་འདི་ལ་མ་ཐོབ་དང་སྐྱེ་བ་རྒྱུད་པ་གཞན་ལ་ཐོབ་པར་གདམ་པའོ། །སྤྱི་དོན་བཞི་པ་ཕྱག་རྒྱ་སྤྲོས་པའི་སྐབས་ཀྱི་དོན་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་བཅོ་ལྔ་ལས། དང་པོ་སྔོན་དུ་འགྲོ་བ་ལ་གསུམ། ཏིང་ངེ་འཛིན་སྔ་མ་བརྟན་པས་བརྟན་ཁང་དུ་བཤམས་པ་དང་། མཆོད་པ་དགྲམ་ཞིང་ཆ་རྐྱེན་བསྡུ་བ་དང་། སྔོན་དུ་འགྲོ་བའི་ལས་རིམ་དངོས་སོ། །དགོས་པ་ལ་གཉིས། བདག་གི་དང་གཞན་དོན་གྱི་དགོས་པའོ། །གསུམ་པ་བསྒོམ་ཐབས་ལ་གཉིས། བསླབས་པའི་ཐབས་དང་། གོམས་ནས་ཕྲིན་ལས་བྱའོ། །དང་པོ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། ཞི་བ་དང་། ཁྲོ་བོ་ལ་བསླབ་པའོ། །དང་པོ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། ཅིག་ཅར་བ་དང་། རིམ་གྱིས་པའོ། །དེ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་བཞི། དལ་དང་། ཚོམ་བུ་དང་། རྣམ་གྲངས་དང་། ཞལ་ཕྱག་གོ། །ཚོམ་བུ་ལ་གསུམ། ཚོམ་བུ་གཅིག་པ་དང་། གསུམ་པ་དང་། ལྔ་པ་ལ་བསླབས་པའོ། །རྣམ་གྲངས་ལ་ལྔ། རིགས་ལྔ་རེ་མོས་སུ་བསླབས་པ་དང་། དལ་འཚོང་བ་དང་། སྟེང་གི་དལ་དང་། ཉི་ཁྲི་བཞི་སྟོང་དང་། བསམ་ཡས་ལྷུན་གྱིས་གྲུབ་པ་ལ་བསླབ་པའོ། །སྟོང་གི་དལ་ལ་གཉིས། དངོས་དང་། ཚུལ་ཇི་ལྟར་བསྒོམ་པའོ། །ཁྲོ་བོ་ལ་བསླབ་པ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་བཞི། འཁོར་ལོ་དང་། ཚོམ་བུ་དང་། རྣམ་གྲངས་དང་། ཞལ་ཕྱག་སྤྲོས་ལ་བསླབ་པའོ། །རྣམ་གྲངས་ལ་གཉིས། བརྒྱ་རྩ་བརྒྱད་དང་། གཉིས་བརྒྱ་དགུ་བཅུའམ་སྟོང་གཉིས་བརྒྱ་ལྔ་བཅུ་ལ་བསླབ་པའོ། །ཞལ་ཕྱག་ལ་གཉིས། སློབ་རིམ་དང་། སྤྱོད་ཡུལ་ལོ། །གོམས་ནས་ཕྲིན་ལས་བྱང་ཆུབ་ལ་གཉིས། དལ་ལྷའི་ཕྲིན་ལས་དང་། ལྷག་མའི་ཕྲིན་ལས་སོ། །བཞི་པ་ངོ་བོ་ལ་གཉིས། ངོ་བོ་དང་། ངེས་ཚིག་གོ། །ལྔ་པ་སྐྱོན་ལ་བཞི། ལེ་ལོའི་དང་། མཚན་མ་ལྔ་ལ་ཞེན་པའི་དང་། བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་དང་། ང་རྒྱལ་གྱི་སྐྱོན་ནོ། །བདུད་ཀྱི་སྤྱོད་ཡུལ་ལ་གཉིས། དངོས་དང་དེའི་རིག་འཛིན། ཤེས་མ་ཤེས་ཁྱད་པར་རོ། །དྲུག་པ་བཅོམ་ཐབས་དང་བཞི་སྟེ། སྔ་མའི་རྗེས་སུ་སྦྱར་རོ། །བདུན་པ་ཉམས་ལ་གསུམ། །མདོར་དང་། རྒྱས་པ་དང་། བརྩོད་པ་སྤངས་པའོ། །རྒྱས་པ་ལ་ལྔ། གཡོ་བ་དང་། ཐོབ་པ་དང་། གོམས་པ་དང་། བརྟན་པ་དང་། མཐར་ཕྱིན་པའོ། །བརྒྱད་པ་སྤྱོད་པ་ལ་གསུམ། ལྟ་སྤྱོད་ཀྱི་དཔེ་དོན་དང་། སྤྱད་པའི་ཐབས་དང་། སྤྱད་པའི་ཡོན་ཏན་ནོ། །གཉིས་པ་ལ་བདུན། ཚོགས་གཉིས་སུ་སྤྱད་པ་དང་། ལྟ་སྤྱོད་འབྲེལ་བ་སྤྱད་པ་དང་། ཐབས་ཀྱི་སྤྱོད་པ་དང་། སྤྱོད་པའི་ཏིང་ངེ་དང་། ལྷའི་དང་། འདོད་ཡོན་གྱི་ལྷ་མོར་སྤྱད་པ་དང་། ཐོག་པ་ཎ་སར་སྤྱད་པ་དང་། བློ་དང་སྦྱར་ཏེ་སྤྱད་པའི་ཐབས་སོ། །སྤྱོད་པའི་ཏིང་ངེ་ལ་གཉིས། རྒྱས་པ་དང་། བསྡུས་པའོ། །དང་པོ་ལ་གཉིས། སྤྱོད་བྱེད་ཀྱི་དང་། སྤྱད་བྱའིའོ། །དགུ་པ་དམ་ཚིག་ལ་གཉིས། ངོ་བོ་དང་། ཉམས་པའི་སྐྱོན་ནོ། །དང་པོ་ལ་གསུམ། ཏིང་ངེ་འཛིན་གྱི་དམ་ཚིག་དང་། བསྲུང་དུ་ཎ་སའི་དམ་ཚིག་དང་། གཞན་དོན་དུ་ཀུན་བསྲུང་བའོ། །བཅུ་པ་དྲོད། བཅུ་གཅིག་པ། རྟགས་ལ་བཞི། སྔོན་བས་སྟོབས་ཆེ་བ་འབྱུང་བ་དང་། མངོན་ཤེས་དང་། ཆོ་འཕྲུལ་དང་། རྟགས་ལ་རེ་དོགས་སྤང་པའོ། །བཅུ་གཉིས་པ་རྨི་ལམ་ལ་གསུམ། རྨི་ལྟས་ཀྱི་ཁྱད་པར་དང་། བཟང་པོའི་ལྟས་ཀུན་འབྱུང་བ་དང་། དེའི་འཐད་པའི་ཚུལ་གྱིས་བར་ཆད་མེད་པ་དང་ལྟས་མཐུན་པའོ། །བཅུ་གསུམ་པ་ཕན་ཡོན་ལ་གསུམ། རྟོགས་ཚོགས་ལྷའི་དལ་དུ་རང་སྣང་བ་དང་། ལྷ་རིག་པ་རང་སྣང་དུ་སྒོམ་པ་དང་། བསྒོམ་པས་ཞེན་པ་དག་པས་འབྲས་བུ་འབྱུང་བའོ། །བཅུ་བཞི་པ་འདའ་ཀ་མ་ལ་གཉིས། འདའ་ཀ་མ་བསྒོམ་པའི་ཕན་ཡོན་དང་། ནུས་པ་ཞན་པས་མ་བསྒོམ་ཀྱང་རྒྱུད་ནས་འབྲས་བུ་ཐོབ་པའོ། །ཐ་མ་འབྲས་བུ་ལ་གཉིས། ལམ་དུ་གྱུར་པ་དང་། མཐར་ཐུག་པའི་འབྲས་བུའོ། །སྤྱི་དོན་ལྔ་པ་བར་ཆད་མེད་པར་ཚོགས་བསྒྲུབ་པ་ལ་གཉིས་ལས། སྐབས་ཀྱི་དོན་ལ་གཉིས། བསྙེན་སྒྲུབ་དངོས་དང་། དེ་ཉམས་སུ་བླངས་པའི་འབྲས་བུའོ། །དང་པོ་ལ་གཉིས། མདོ་དང་། རྒྱས་པའོ། །དང་པོ་ལ་གཉིས། སྤྱི་དང་། བྱེ་བྲག་གོ། །རྒྱས་པ་ལ་གསུམ། ལམ་གྱི་བསྙེན་བསྒྲུབ་དང་། ཐབས་ཀྱི་བསྙེན་བསྒྲུབ་འོག་ཏུ་ཁ་འཕང་བ་དང་། བསྒྲུབ་པའི་བསྙེན་བསྒྲུབ་གཙོ་བོར་བསྟན་པའོ། །དེ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། ཞི་བ་དང་། ཁྲོ་བོ་ཚོགས་བསྒྲུབ་པའོ། །དང་པོ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། ཕུན་སུམ་ཚོགས་པ་ལྔས་གཞི་གཟུང་བ་དང་། བསྙེན་བསྒྲུབ་ཀྱིས་གཞུང་བསྲང་བའོ། །དེ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་ལྔ། བསྒྲུབ་པ་པོ་དང་། གནས་དང་། དུས་དང་། ཡོ་བྱད་དང་། སྒྲུབ་ཐབས་ཕུན་སུམ་ཚོགས་པའོ། །དང་པོ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དེ་ལ་གཉིས། སྟོན་པ་དང་། འཁོར་རོ། །གནས་ལ་གཉིས། གནས་བཙལ་ཏེ། ས་ཆོག་བྱ་བ་དང་། ཁང་བུ་བརྩེགས་ཏེ་བྱུག་ཅིང་བརྒྱན་པའོ། །དུས་ལ་གཉིས། འཇུག་པའི་དུས་དང་། འགྲུབ་པའི་དུས་སོ། །ཡོ་བྱད་ལ་གཉིས། ཡོ་བྱད་དངོས་དང་། དག་པ་བསྡུས་ཏེ་བྱིན་གྱིས་བརླབ་པའོ། །ལྔ་པ་སྒྲུབ་ཐབས་ཕུན་སུམ་ཚོགས་པ་དང་། གཉིས་པ་བསྙེན་སྒྲུབ་ཀྱིས་གཞུང་བསྲང་བ་གཉིས་གོང་དུ་བཤད་ན་གཉིས། བསྙེན་སྒྲུབ་ཀྱིས་གཞུང་བསྲང་བ་དངོས་དང་། དེའི་གྲོགས་ཡོ་བྱད་ལ་སྤྱད་པའོ། །དང་པོ་ལ་གསུམ། མདོ་དང་། རྒྱས་པ་དང་། དོན་བསྡུ་བའོ། །རྒྱས་པ་ལ་བཞི། བསྙེན་པ་དང་། ཉེ་བསྙེན་དང་། བསྒྲུབ་པ་དང་། བསྒྲུབ་ཆེན་ནོ། །དང་པོ་ལ་གསུམ། བསྒྲུབ་པ་པོ་དང་། དལ་དང་། ལས་རིམ་མོ། །དེ་ལ་གསུམ། སྔོན་དུ་བྱ་བ་དང་། ལས་རིམ་དངོས་དང་། འཇུག་གི་ལས་སོ། །ལས་རིམ་དངོས་ལ་གཉིས། ཏིང་ངེ་འཛིན་གྱི་དལ་བསྐྱེད་པ་དང་། ཡེ་ཤེས་ཀྱི་དལ་སྤྱན་དྲངས་ཤིང་སྡུད་པའི་ལས་རིམ་མོ། །དང་པོ་ལ་གཉིས། རྩ་བའི་ལྷ་དང་། ཡན་ལག་གི་ལྷའོ། །དང་པོ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། ཚོམ་བུ་སྤྱིར་སྒོམ་པ་དང་། བྱེ་བྲག་ཏུ་བསྒོམ་པའོ། །དེ་ལ་གསུམ། ཚོམ་བུ་གཅིག་པ་དང་། གསུམ་པ་དང་། ལྔ་པའོ། །དེའི་གྲོགས་ཡོ་བྱད་ལ་གཉིས། སྤྱད་པའི་ཐབས་དང་། སྤྱད་པའི་ཡོན་ཏན་ནོ། །དང་པོ་ལ་གཉིས། ཡོ་བྱད་ལ་སྤྱད་པའི་མདོར་བསྟན་དང་སྦྱོར་སྒྲོལ་ཁྲོ་བོར་ཁ་འཕང་བ་ཐུན་མོང་བ་དང་། ཡོ་བྱད་ལྔ་ལ་སྤྱད་པ་རྒྱས་པར་བཤད་པའོ། །དེ་ལ་གཉིས། མཚན་མ་མེད་པའི་སྤྱད་ཐབས་ཞི་ཁྲོ་ཐུན་མོང་བ་དང་། མཚན་མ་དང་བཅས་པའི་སྤྱད་ཐབས་སོ། །དང་པོ་ལ་གཉིས། ཉེ་བར་དང་། རྒྱས་པར་རོ། དེ་ལ་གཉིས། ལུང་གི་འཐད་པ་དང་། དེས་གྲུབ་པའི་དོན་གྱིས་མཚན་མ་མེད་པའི་སྤྱད་ཐབས་དངོས་སོ། །མཚན་མ་དང་བཅས་པའི་སྤྱད་ཐབས་ལ་གཉིས། སྤྱིའི་ཏིང་ངེ་འཛིན་དང་། སོ་སོའི་སྤྱད་ཐབས་སོ། །དང་པོ་ལ་གསུམ། སྣོད་བཅུད་གཞལ་ཡས་ཁང་དང་ལྷར་བསྒོམ་པ་དང་། ཏིང་ངེ་འཛིན་གཅིག་པུས་སྤྱད་པ་དང་། དེ་དང་འབྲེལ་བར་སྤྱད་པའོ། །དེ་ལ་གསུམ། གཞལ་ཡས་ཁང་ལྷར་དང་བཅས་པའི་དོན་དང་། ཡན་ལག་ལ་ལྷ་རིག་ལྔར་བསྒོམ་པའི་ཡོན་ཏན་དང་། ཡན་ལག་བསྐྱོད་པའི་ཡོན་ཏན་ནོ། །སོ་སོའི་སྤྱད་ཐབས་ལ་བཞི། གོས་རྒྱས་ལ་སྤྱད་པ་དང་། བྲོ་གར་གླུ་ཚིག་གི་སྤྱད་ཐབས་ཐུན་མོང་བ་དང་། བཟང་བཏུང་ལ་སྤྱད་ཐབས་དང་། ཨ་ལི་ཀ་ལི་ལ་སྤྱད་ཐབས་སོ། །དང་པོ་ལ་གསུམ། གོས་ལ་སྤྱད་པའི་ཡོན་ཏན་དང་། རྒྱན་ལ་སྤྱད་པའི་ཐབས་དང་། སྤྱི་དོན་འདོད་ཡོན་ལྔ་ལ་སྤྱད་པའི་ཡོན་ཏན་ནོ། །བྲོ་གར་གླུ་ཚིག་ཐུན་མོང་དུ་སྤྱད་ཐབས་ལ་ལྔ། དེ་གཉིས་ཐུན་མོང་གི་ཡོན་ཏན་དང་། གཙོ་བོའི་བྲོ་བྱ་བ་དང་། དབང་པོ་ལྔ་ལ་ཡི་གེ་བཀོད་དེ་འཕྲོ་འདུ་བྱས་པའི་ཡོན་ཏན་དང་། ཡབ་ཡུམ་སྤྱིའི་ཏིང་ངེ་དང་། རིགས་སོ་སོའི་བྲོ་གླུ་བྱས་པའི་ཡོན་ཏན་ནོ། །བཟའ་བཏུང་ལ་སྤྱད་ཐབས་ལ་གཉིས། བཟའ་བཏུང་ལ་སྤྱད་པས་མཆོད་སྦྱིན་གཉིས་སུ་འགྱུར་བ་དང་། ཐུན་མོང་གི་དངོས་གྲུབ་འགྲུབ་བོ། །ཨ་ལི་ཀ་ལི་ལ་སྤྱད་པ་ལྔ། སྔོན་དུ་བྱ་བ་དང་། བསྙེན་བསྒྲུབ་བཞིས་གཞུང་བསྲང་བ་དང་། ཡེ་ཤེས་སྐྱེས་ཚུལ་དང་། འབྲས་བུ་ལྷའི་དལ་དུ་འཆལ་བ་དང་། ཐུན་མོང་གི་དངོས་གྲུབ་པའོ། །སྤྱད་པའི་འབྲས་བུ་ལ་གསུམ། ཡི་གེ་འཁོར་ལོ་དང་། ཡེ་ཤེས་བླ་མའི་ས་ཐོབ་པ་གཉིས་ཀྱིས་མཆོག་གི་འབྲས་བུ་སྤྱིར་བསྟན་པ་དང་། ཐུན་མོང་གི་འབྲས་བུ་སོ་སོར་བསྟན་པའོ། །དེ་ལ་གཉིས། བསྒྲུབ་པ་པོ་དང་། ཡོ་བྱད་ལྔ་ལ་སྤྱད་པའི་ཡོན་ཏན་ནོ། །དེ་ལ་ལྔ། བྲོ་གར་དང་། གླུ་ཚིག་དང་། གོས་རྒྱན་དང་། བཟའ་བཏུང་དང་། ཨ་ལི་མ་ལ་སྤྱད་པའི་ཡོན་ཏན་ནོ། །གཉིས་པ་ཁྲོ་བོ་ཚོགས་སྒྲུབ་པ་ལ་གཉིས། གཞན་བཟུང་བ་དང་། གཞུང་བསྲང་བའོ། །དང་པོ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་ལྔ། གནས་ཕུན་སུམ་ཚོགས་པ་དང་། སྒྲུབ་པ་པོ་དང་། ཡོ་བྱད་དང་། དུས་དང་། བསྒྲུབ་ཐབས་སོ། །བསྒྲུབ་པ་པོ་ལ་གཉིས། ཏིང་ངེའི་མཐུ་མཉམ་པས་བསྒྲུབ་པ་དང་། བསྒྲུབ་པ་པོའི་གྲངས་སོ། །ཡོ་བྱད་ལ་གསུམ། དངོས་དང་། སྤྱད་ཐབས་དང་། དགོས་པའོ། །དང་པོ་ལ་གཉིས་འཚོ་བ་དང་བསྒྲུབ་པའི་ཡོ་བྱད་ཐུན་མོང་པ་དང་། རྐྱེན་བཟློག་གི་ཡོ་བྱད་གསུམ་བསྟན་པའོ། །དུས་ལ་གཉིས། དུས་ཀྱི་ངོ་བོ་དང་། རེ་དོགས་ཎ་སར་བསྒྲུབ་པའོ། །གཞུང་བསྲང་བ་ལ་གཉིས། སྤྱིའི་བསྙེན་བསྒྲུབ་སྔར་དང་མཐུན་པ་དང་། བསྒྲུབ་པའི་བསྙེན་བསྒྲུབ་བོ། །དེ་ལ་གཉིས། བསྙེན་བསྒྲུབ་དངོས་དང་། གྲོགས་ཡོ་བྱད་ལ་སྤྱད་པའོ། །དང་པོ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་བཞི། བསྙེན་པ་དང་། ཉེ་བསྙེན་དང་། བསྒྲུབ་པ་དང་། བསྒྲུབ་ཆེན་ནོ། །དང་པོ་ལ་བཞི། དལ་དང་། ཡོ་བྱད་བྱིན་གྱིས་བརླབ་པ་དང་། ཕྱི་མཆོད་བྱ་ཞིང་ཆ་གསུམ་བཏང་བ་དང་། བསྲུང་བའི་འཁོར་ལོས་མཚམས་ཕུར་གདབ་པའོ། །དང་པོ་ལ་གཉིས། ཚད་དང་། བྲི་ཐབས་སོ། །ཉེ་བསྙེན་ལ་གཉིས། སྔོན་དུ་བྱ་བ་དང་། ལས་ཀྱི་གཞུང་བསྲང་བའོ། །དེ་ལས་གསུམ། ཏིང་ངེའི་དལ་བསྐྱེད་པ་དང་། རིམ་གྱི་དལ་སྤྱན་དྲངས་ཤིང་མཆོད་པའི་ལས་རིམ་དང་། འཛབ་བསྙེན་བྱ་བའོ། །དང་པོ་ལ་གཉིས། རྩ་བའི་ལྷ་དང་། ཡན་ལག་གི་ལྷའོ། །དང་པོ་ལ་གཉིས། གང་བསྒོམ་པའི་ལྷ་དང་། ཇི་ལྟར་བསྒོམ་པའི་ཐབས་སོ། །དང་པོ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གསུམ། ཚོམ་བུ་གཅིག་པ་དང་། གསུམ་པ་དང་། ལྔ་པའོ། །དང་པོ་ལ་གཉིས། དེ་བཞིན་གཤེགས་པའི་རི གས་ཀྱིས་གཙོ་བོ་བྱས་པ་དང་། དེ་རིགས་གཞན་ལ་ཡང་སྦྱར་བའོ། །སྤྱན་དྲངས་ཤིང་སྡུད་པའི་ལས་རིམ་ལ་གསུམ། སྤྱན་དྲངས་པ་དང་། རིག་པའི་མེ་ཏོག་དོར་བའི་སྔགས་དང་། མཆོད་པ་དབུལ་བའི་སྔགས་སོ། །དེ་ལ་གཉིས། གཏོར་མ་དབུལ་བ་དང་། གསང་གནན་དབུལ་བའོ། །འཛབ་བསྙེན་བྱ་བ་ལ་གསུམ། ཏིང་ངེ་འཛིན་དང་། སྔགས་དང་། དེའི་དགོས་པའོ། །སྒྲུབ་ཆེན་ལ་གསུམ། རང་གི་ངོ་བོ་དང་། བཟླས་པའི་ཏིང་ངེ་འཛིན་སྤྱིར་བསྟན་པ་དང་། རྟགས་བྱུང་ན་དངོས་གྲུབ་བླང་ཐབས་སོ། །དེ་ལ་བཞི། རྟགས་བརྟག་པ་དང་། བར་ཆད་བསྐྲད་པ་དང་། དངོས་གྲུབ་བླང་ཐབས་དངོས་དང་། དེའི་ཡོན་ཏན་ནོ། །གཉིས་པ་གྲོགས་བྱེད་པའི་ཡོ་བྱད་ལ་སྤྱད་ཐབས་ལ་གཉིས། ཞི་བར་ཁས་བླངས་པའི་གསང་བའི་མཆོད་པ་རྒྱས་པར་བཤད་པ་དང་། ཡོ་བྱད་ཐུན་མོང་པ་བཞི་ལ་སྤྱད་ཐབས་སོ། །དང་པོ་ལ་གསུམ། བཤད་པ་དམ་བཅའ་བ་དང་། རང་གི་ངོ་བོ་དང་། མ་རྟོགས་པར་སྤྱད་པའི་ཉེས་པའོ། །ངོ་བོ་ལ་གཉིས། སྒྲོལ་བ་དང་། སྦྱོར་བའོ། །དང་པོ་ལ་བཞི། སྒྲལ་བ་དངོས་དང་། དེས་མི་གོས་པའི་འཐད་པ་དང་། སྒྲོལ་བའི་ངེས་ཚིག་དང་། སྦྱོར་སྒྲོལ་ཐ་དད་མེད་པའོ། །དང་པོ་ལ་བཞི། མངོན་དུ་ཕྱུང་བའི་སྒྲོལ་བ་དང་། ཐབས་ཆེན་པོའི་དང་། རང་བཞིན་གྱི་དང་། ཏིང་ངེ་འཛིན་གྱི་སྒྲོལ་བའོ། །དང་པོ་ལ་གཉིས། ཞིང་བཅུ་བསྒྲལ་བ་དང་། སྟོང་གསུམ་ཡོངས་སུ་སྒྲོལ་གྱི་ཏིང་ངེ་འཛིན་ནོ། །ཐབས་ཆེན་པོའི་སྒྲོལ་བ་ལ་གཉིས། སྔོན་འབྱུང་དང་། རྗེས་འཇུག་གོ། །དེས་མི་གོས་པའི་འཐད་པ་ལ་བཞི། བདེན་པ་གཉིས་ཀྱི་གཏན་ཚིག་དང་། རྣམ་པར་དབྱེ་བའི་དང་། རྣམ་པར་ཤེས་པ་བསྒྲལ་དུ་ཎ་ས་དང་། སེམས་ཀྱི་རང་བཞིན་ལ་བསྒྲལ་དུ་མེད་པར་བསྟན་པའོ། །སྦྱོར་བ་ལ་བཞི། མངོན་དུ་ཕྱུང་བའི་སྦྱོར་བ་དང་། རང་བཞིན་དང་དབང་པོ་ཡུལ་དུས་ཀྱི་སྦྱོར་བ་ཐུན་མོང་པ་དང་། ཏིང་ངེ་འཛིན་གྱི་དང་། ཐབས་ཆེན་པོའི་སྦྱོར་བའོ། །དང་པོ་ལ་བཞི། གང་ལ་སྦྱར་བ་དང་། ཇི་ལྟར་སྦྱར་བ་དང་། སྦྱོར་བའི་ཡོན་ཏན་དང་། སྒྲོལ་སྦྱོར་དོན་ལ་ཐ་དད་མེད་པར་བསྟན་པའོ། །གཉིས་པ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་བསྙེན་སྒྲུབ་བཞི། དཀྱུས་གསལ། ཡོན་ཏན་ལ་གཉིས། ཏིང་ངེ་འཛིན་གྱི་ཆེ་བ་དང་བཅས་པས་ཚོགས་སུ་འགྱུར་བ་དང་། རྫས་བསྟེན་པའི་ཕན་ཡོན་ནོ། །དེ་ལ་གཉིས། ཐུན་མོང་དང་། ཐུན་མིན་ནོ། །ཡོ་བྱད་ལ་སྤྱད་ཐབས་ལ་གཉིས། སྤྱད་ཐབས་དང་སྤྱད་པའི་འབྲས་བུའོ། །ཐབས་ལ་གཉིས། མཚན་མ་ཎ་སའི་སྤྱད་ཐབས་ཞི་བ་དང་ཐུན་པ་དང་། མཚན་བཅས་ཀྱི་སྤྱད་ཐབས་སོ། །དེ་ལ་བདུན། རྟོགས་པ་དང་ལྡན་ན་སྤྱོད་ཡུལ་ལྷར་གསལ་བ་དང་། ཡན་ལག་ལ་ལྷ་བསྒོམས་པའི་ཡོན་ཏན་དང་། །གོམ་པ་དོར་བའི་ཡོན་ཏན་དང་། །བྲོ་གར་གྱི་ཚེ་ཡན་ལག་ལྔ་བསྐྱོད་པའི་ཡོན་ཏན་དང་། ཡན་ལག་བསྐྱོད་དེ་སྤྲུལ་པ་སྤྲོས་པའི་ཡོན་ཏན་དང་། ཡོ་བྱད་ལ་སྤྱད་ཐབས་ཞི་བ་ལས་བསྒྱུར་ཏེ་སྤྱད་པ་དང་། ལྷག་མའི་ལས་སོ། ༈ །སྤྱི་དོན་གཉིས་པ་བསྙེན་སྒྲུབ་ཀྱི་འབྲས་བུ་ལ་གཉིས། འགྲུབ་པའི་རྟགས་དང་། ཐོབ་པའི་འབྲས་བུའོ། །དེ་ལ་གཉིས། ཚེ་དབང་ཐོབ་པ་དང་། རྣམ་སྨིན་ཐོབ་པའོ། །དེ་ལ་གསུམ། ཚེ་འདི་ལ་ཐོབ་པ་དང་། སྐྱེ་བ་ཕྱི་མ་ལ་ཐོབ་པ་དང་། ལན་གྲངས་གཞན་ལ་ཐོབ་པའོ། །དང་པོ་ལ་གསུམ། ཚེ་དབང་ཐོབ་པ་དངོས་དང་། དེས་སངས་རྒྱས་ཐོབ་ཚུལ་དང་། དེས་ན་རག་ལས་པའི་སེམས་དོར་ཏེ་བཅོམ་པར་འབད་པའོ། །སྐྱེ་བ་ཕྱི་མ་ལ་ཐོབ་པ་ལ་གཉིས། ལུས་ངག་གི་འཐད་པ་དང་། དེས་གྲུབ་པའི་དོན་ནོ། །དང་པོ་ལ་གཉིས། གནས་སྐབས་ཀྱི་འབྲས་བུ་དང་། མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་གཉིས། བྲལ་བའི་འབྲས་བུ་དང་། ཐོབ་པའི་འབྲས་བུའོ། །དང་པོ་ལ་བཞི། སངས་རྒྱས་མི་བཞུགས་པའི་ཞིང་དང་། ཐེག་པ་དམན་པ་དང་། ངན་སོང་དང་། ཚ་བའི་དམྱལ་བ་བརྒྱད་དུ་མི་སྐྱེ་བའོ། །ཐོབ་པའི་འབྲས་བུ་ལ་བརྒྱད། དྲན་པ་དང་ཚེ་དང་། གཟུགས་དང་། སྐད་དང་། ལོངས་སྤྱོད་དང་། སྟོབས་དང་། བསམ་པ་དང་། ཕྲིན་ལས་ཕུན་སུམ་ཚོགས་པའོ། །རྣམ་སྨིན་ཐོབ་པ་ལ་གཉིས། ཚེ་འདི་ལ་ཐོབ་པ་དང་། སྐྱེ་བ་ཕྱི་མའམ་ལན་གྲངས་གཞན་ལ་ཐོབ་པའོ། །དང་པོ་ལ་གཉིས། འགྲུབ་པའི་རྒྱུད་དང་། ཐོབ་པའི་ཚུལ་ལོ། །དེ་ལ་གཉིས། དཔེ་དང་། དོན་ནོ། །སྐྱེ་བ་ཕྱི་མའམ་ལན་གྲངས་གཞན་ལ་ཐོབ་པ་ལ་གཉིས། ཐོབ་པའི་ཚུལ་དང་། ལམ་ལ་འབད་པར་གདམ་པའོ། ༈ །སྤྱི་དོན་གྱི་ཐ་མ་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་ཀྱི་སྐབས་ཀྱི་དོན་ལ་ག སུམ་སྟེ་མཐོང་ལམ་དང་། བསྒོམ་ལམ་དང་། མཐར་ཕྱིན་པའི་ལམ་མོ། །དང་པོ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། ལྷག་མེད་ཀྱི་འདའ་ཚུལ་དང་། ལྷག་བཅས་ཀྱི་འདའ་ཚུལ་ལོ། །དང་པོ་ལ་བརྒྱད། རྒྱུ་དུས་ཐུན་མོང་པ་དང་། ངེས་ཚིག་དང་། ངོ་བོ་དང་། དགོངས་སྤྱོད་ཀྱི་མིང་གང་ལས་གྲགས་པ་དང་། སྤྱོད་པ་དང་། ཐོབ་པའི་དུས་དང་། འབྲས་བུ་དང་། མངོན་པར་ཤེས་པའོ། །ངེས་ཚིག་ལ་གཉིས། ལྷག་མེད་ཀྱི་དང་། རྣམ་སྨིན་གྱི་ངེས་ཚིག་གོ། །དེ་ལ་གཉིས། དཔེ་དང་། དོན་ནོ། །དགོངས་སྤྱོད་ཀྱི་མིང་གང་ལས་གྲགས་པ་ལ་གཉིས། དངོས་དང་། ལྷག་ཎ་ཀྱི་འདས་པར་འབྲས་བུ་ཆ་ནས་བརྗོད་པའོ། །འབྲས་བུ་ཐོབ་པའི་ཚུལ་དང་། རྟོགས་པ་གནས་འགྱུར་གྱི་དཔེ་དོན་དང་། ཐ་སྙད་དང་བྲལ་བར་བསྟན་པའོ། །དང་པོ་ལ་གསུམ། རྡོ་རྗེ་ལྟ་བུས་མཚན་མ་བཅོམ་པའི་ཚུལ་དང་། རང་རིག་པའི་ཡེ་ཤེས་ཀྱིས་བག་ཆགས་སྦྱངས་པའི་ཚུལ་དང་། དོན་རྟོགས་ནས་ཏིང་ངེ་འཛིན་གཉིས་ཐོབ་པ་བདུད་བཅོམ་པའི་ཚུལ་ལོ། །འབྲས་བུ་ཐོབ་པའི། བྱེ་བྲག་ཏུ་བཤད་པ་དང་། ལུང་གི་འཐད་པའོ། །སྤྱི་དོན་ཐ་མར་མཐར་ཐུག་གི་འབྲས་བུ་ལ་གཉིས། རྩོམ་པ་དང་འབྲེལ་བའི་དོན་དང་། སྐབས་ཀྱི་དོན་ནོ། །དེ་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གསུམ། ངོ་བོ་དང་། ཚུལ་དང་། ཁྱད་པར་རོ། །དང་པོ་ལ་གཉིས། མདོ་དང་། རྒྱས་པའོ། །མ་འབྲས་རྣམ་གྲངས་སུ་སྣང་བའི་ངོ་བོའོ། །དང་པོ་ལ་བཞི། མཚན་གྱི་རྣམ་གྲངས་ཀྱི་ཁྱད་པར་མདོར་བསྟན་པ་དང་། ངོ་བོ་ལྷུན་གྲུབ་གྱིས་གྲུབ་པའི་དཔེ་དང་། མཚན་ཉིད་མཐའ་དང་བྲལ་བའི་འཐད་པ་དང་། མཚན་གྱི་རྣམ་གྲངས་ཀྱི་དོན་རྒྱས་པར་བཤད་པའོ། །མ་འདྲེས་རྣམ་གྲངས་སུ་སྣང་བའི་ངོ་བོ་ལ་གཉིས། ཉེ་བར་བསྟན་པ་དང་། སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་སོ། དང་པོ་ལ་གཉིས། སྟོན་པ་སྐུ་ལྔ་དངོས་དང་། དེས་འདུལ་བའི་འཁོར་རོ། །དང་པོ་ལ་ལྔ། ཆོས་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུ་དང་། ལོངས་སྐུ་དང་། སྤྲུལ་པའི་སྐུ་དང་། རྡོ་རྗེའི་སྐུའོ། །གསུང་ལ་གཉིས། འཁོར་གྱིས་གོ་ཚུལ་སྤྱིར་བསྟན་པ་དང་། དོན་གྱི་གསུང་དང་། རིམ་པ་བྱིན་གྱིས་བརླབས་ཀྱི་དང་། བརྡའི་གསུང་དང་། ཚིག་གི་དང་། རྡོ་རྗེའི་གསུང་ངོ་། །ཐུགས་ལ་ལྔ། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། བྱ་བ་གྲུབ་པ་དང་། སོ་སོར་རྟོག་པའི་ཡེ་ཤེས་སོ། །ཡང་ན་ཐུགས་ལྔ་སྟེ་ཀྱུས་གསལ། ཡོན་ཏན་ལ་ལྔ། ཞིང་ཁམས་དང་། འོད་ཟེར་དང་། བསྟན་ནོ། །ཕྲིན་ལས་ལ་གཉིས། ལས་བཞིས་དོན་བྱེད་ཚུལ་དང་། ལྷུན་གྱིས་གྲུབ་པ་ལས་ལས་བཞིར་སྣང་བའོ། །ཚུལ་ལ་གསུམ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་དང་། དོན་བསྡུ་བའོ། །གཉིས་པ་གཉིས། ཉེ་བར་བསྟན་པ་དང་། སོ་སོར་བཤད་པའོ། །དེ་ལ་གསུམ། གཞན་གྱི་རྟོགས་པ་དགག་པ་དང་། རང་གི་འཐད་པ་བརྗོད་པ་དང་། དེ་ལ་བརྩད་པ་སྤང་བའོ། །ཐ་དད་པ་འདོད་པའི་རྟོག་པ་དགག་པའོ། །བརྩད་པ་སྤང་བ་ལ་གཉིས། གཅིག་དང་ཐ་དད་དྲང་དོན་དུ་བསྟན་པ་དང་། ངེས་དོན་དུ་འདོད་པ་ལ་གནོད་པ་བརྗོད་པས་དེ་ཉིད་བསྒྲུབ་པའོ། །དེ་ལ་གཉིས། རིགས་པའི་སྐྱོན་དང་ལུང་གི་སྐྱོན་ནོ། །ཁྱད་པར་ལ་གསུམ། མདོ་དང་། རྒྱས་པ་དང་། དོན་བསྡུ་བའོ། །རྒྱས་པ་ལ་གསུམ། ངོ་བོའི་དང་། ཚུལ་གྱི་དང་། མིང་གྲངས་ཀྱི་ཁྱད་པར་རོ། །སའི་ཁྱད་པར་རོ། །དང་པོ་ལ་གསུམ། བདེ་བར་གཤེགས་པ་དང་དེ་བཞིན་གཤེགས་པའི་ཁྱད་པར་དང་། རྒྱལ་བ་དང བཅོམ་ལྡན་འདས་ཀྱི་ཁྱད་པར་དང་། དགོས་པ་ཆེན་པོ་དང་ལོངས་སྤྱོད་ཆེན་པོའི་ཁྱད་པར་རོ། །དང་པོ་ལ་གཉིས། ཐེག་པ་ཐུན་མོང་གི་གཤེགས་ཚུལ་དང་། ཐེག་པ་འདི་ཉིད་ཀྱི་གཤེགས་ཚུལ་ཁྱད་པར་འཕགས་པའོ། །དང་པོ་ལ་གཉིས། མདོ་སྡེའི་ཐེག༴ མོང་པ་དང་། རྣལ་འབྱོར་གྱི་གཤེགས་ཚུལ་ལོ། །དང་པོ་ལ་གཉིས། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་གཉིས། དེ་གཉིས་ཀྱི་གྲོལ་ལམ་གྱི་གཤེགས་ཚུལ་དང་། ཐབས་ལམ་དབང་གི་གཤེགས་ཚུལ་ལོ། །དང་པོ་ལ་གཉིས། མདོ་སྡེ་པའི་དང་། བྱ་བ་རྒྱུད་ཀྱི་གཤེགས་ཚུལ་ལོ། །དང་པོ་ལ་གཉིས། བདེ་བར་གཤེགས་ཚུལ་དང་དེ་བཞིན་གཤེགས། རྒྱལ་བ་དང་བཅོམ་ལྡན་འདས་ཀྱི་ཁྱད་པར་ལ་གཉིས། མདོ་དང་། རྒྱས་པའོ། །དེ་ལ་གཉིས། ཐེག་པ་གཞན་གྱིས་གཞུང་དང་། དེ་ལས་འདི་སྤགས་ཚུལ་ལོ། །སངས་རྒྱས་ཀྱི་སའི་ཁྱད་པར་ལ་གཉིས། ཁྱད་པར་དངོས་དང་། ཐེག་པ་ཐུན་མོང་གི་ས་གསུམ་དྲང་དོན་དུ་བསྟན་པའོ། ༈ །མཇུག་གི་དོན་ལ་གཉིས། དང་མི་འཕྲད་པར་དམོད་གཟུགས་པའོ། ༈ །སྒྱུ་འཕྱུལ་ལམ་རིམ་གྱི་བསྡུས་དོན། འཕྲུལ་གྱིས་ལྡེ་མིག་ཞེས་བྱ་བ། ཤཱ་ཀྱའི་དགེ་བསྙེན་སེར་བྲ་པྲ་བྷ་བས་སྦྱར་བ་རྫོགས་སོ།། །།

ཐོག་མར་ཡུམ་གྱི་སྐྱེ་མཆེད་ལ།

༈ ཐོག་མར་ཡུམ་གྱི་སྐྱེ་མཆེད་ལ་གཙོ་བོ་ཡབ་ཡུམ་གཉིས་སྤྱིར་བསྟིམས་པའི་ལྷ་ཐབས་ཀྱི་ལྷ་བཞི་བཅུ་སྟེ་ཡབ་ཀྱི་སྤྱི་བོ་རྣམ་སྣང་། མགྲིན་པ་སྣང་མཐའ། ཐུགས་ཀར་རྡོ་རྗེ་སེམས་དཔའ། ལྟེ་བ་རིན་འབྱུང་། གསང་གནས་སུ་དོན་གྲུབ་མིག་གི་ནང་རྩར་ས་སྙིང་། ཕྱི་རྩར་བྱམས་པ་རྣ་བའི་ནང་རྩར་སྤྱན་རས་ཕྱི་རྩར་སྒྲིབ་སེལ་སྣའི་ནང་རྩར་ནམ་སྙིང་ཕྱི་རྩར་ཀུན་བཟང་། ལྕེ་ནང་རྩར་ཕྱག་རྡོར། ཕྱི་རྩར་འཇམ་དཔལ་ལ་སོགས་ཕྱག་གཡས་གཤིན་རྗེ། གཡོན་སྟོབས་ཆེན་ཞབས་གཡས་རྟ་མགྲིན་གཡོན་བདུད་རྩིའོ། །སྤྱི་བོར་ལྷ། མགྲིན་པར་ལྷ་མིན། སྙིང་གར་མི། ལྟེ་བར་བྱོལ་སོང་། གསང་བར་ཡི་དྭགས། རྐང་མཐིལ་དམྱལ་བའི་ཐུབ་པ། ཐུགས་ཀར་ཀུན་བཟང་། དེ་བཞིན་དུ་ཡུམ་ལ་ཡུམ་རྣམས་དགོད་པར་སྦྱར་ཏེ་ཐབས་ཀྱི་ལྷ་བཞི་བཅུ། དེ་རེ་རེའི་ཐུགས་ཀར་ཤེས་རབ་ཀྱི་ལྷ་ཡེ་ཤེས་སེམས་དཔའ་རེ་རེ་སྟེ་བཞི་བཅུ། ཐབས་ཀྱི་གནས་གསུམ་དུ་བསམ་གྱིས་མི་ཁྱབ་པའི་ལྷ་སྐུ་གསུང་ཐུག་ས ཀྱི་ལྷ་གསུམ་སྟེ་བཞི་བཅུ་ཕྲག་གསུམ། སྔར་གྱི་དང་ལོག་པས་ཉིས་བརྒྱ་བདག་པོ་རིགས་ཀྱི་ལྷ་དབུ་རྒྱན་ལྔ་ལྔ་བཀོན་པས་དབུ་རྒྱན་གྱི་ལྷ་སྟོང་ཕྲག་ཁྲིགས་བཅད་དོ། །སངས་རྒྱས་སྟོང་གི་དཀྱིལ་འཁོར་ཡང་། །རི་རབ་ཏིལ་འབྲུའི་ཚུལ་བཞིན་དུ། །ཞེས་སོ། །དེ་བཞིན་རྣམ་སྣང་ལ་སོགས་པར་ཡབ་ཡུམ་ཟུང་བཅུ་བདུན་ཐུབ་པ་དྲུག་སྟེ། ཉེར་གསུམ་ལ་སྟོང་སྟོང་བརྩིས་པས་སྔར་གྱི་དང་ལོག་པས་སྟོང་ཕྲག་ཉི་ཤུ་རྩགས་ཏེ་ལམ་རིམ་དང་མཐུན་པར་བརྩིས་ནས་དེའི་སྟེང་དབུ་རྒྱན་གྱི་གཞི་ཐབས་དང་ཤེས་རབ་བསམ་གྱིས་མི་ཁྱབ་པ་སྐུ་གསུང་ཐུགས་ཀྱི་ལྷ་ཉིས་བརྒྱ་ཕྲག་ཉི་ཤུ་བཞི་སྟེ་གཙོ་བོ་ཡབ་ཡུམ་ལ་སྔར་བཞིན་ཐབས་ཀྱི་ལྷ་བརྒྱད་བཀོད་ཅིང་། དེ་རེ་རེའི་ཐུགས་ཀར་ཤེས་རབ་ཀྱི་ཡེ་ཤེས་སེམས་དཔའ་རེ་རེ་བསམ་གྱིས་མི་ཁྱབ་པའི་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ་གནས་སུ་བཀོད་པས་ཉིས་བརྒྱ་དགུ་བཅུ། དེ་རེ་རེ་ལ་བདག་པོ་རིགས་ཀྱི་ལྷ་དབུ་རྒྱན་ལྔ་ལྔ་བཀོན་པས་དབུ་རྒྱན་གྱི་ལྷ་སྟོང་ཉིས་བརྒྱ་ལྔ་བཅུ་བྱུང་ཚོགས་སུ་སྟོང་བདུན་བརྒྱ་བཞི་བཅུའོ། །དང་པོར་གཙོ་བོ་བཛྲ་ཧེ་རུ་ཀའི་སྤྱི་བོར་བུདྡྷ། མགྲིན་པར་རྟ་མགྲིན། ཐུགས་ཀར་བཛྲ། ལྟེ་བར་རཏྣ། གསང་གནས་སུ་ཀརྨ། ཚོགས་བརྒྱད་ཀྱི་དབང་བརྟེན་ནང་རྩར་ཀོའུ་རི་ལས་སོ་བརྒྱད། ཕྱི་རྩར་སེངྷ་ལས་ས་བརྒྱད། ཡན་ལག་བཞིར་སྒོ་བ་བཞི། སྒལ་ཚིགས་ཉེར་བརྒྱད་ལ་དབང་མོ། དེ་བཞིན་བཛྲ་ཀྲོ་ཏའི་གནས་ལྔར་ཡང་ཡབ་ལ་བཀོད་པ་བཞིན་དུ་ཁྲག་འཐུང་ཡུམ་ལྔ་བཀོད་དེ། ཡན་ལག་བཀོད་པས་ལྔ་བཅུ་བརྒྱད། །ཆ་ལྔའི་གྲངས་ནི་གཉིས་བརྒྱ་དང་། །དགུ་བཅུ་ལྷ་ལ་ཡང་དག་ལྡན། །ཅེས་པས་ང་བརྒྱད་ཕྲག་ལྔ་ལ་དེ་ལྟར་ལྷ་ང་གསུམ་ཀུན་ལ་སྦྱར་བས་དབུ་རྒྱན་བདུན་ཁྲི་དགུ་སྟོང་དྲུག་བརྒྱ་ལྔ་བཅུ་རྣམ་གྲངས་བྱུང་ཚོགས་སུ་དགུ་ཁྲི་ལྔ་སྟོང་བདུན་བརྒྱར་མནན་པས་རྒྱུད་སྙིང་པོའི་དབང་དུ་བརྩིས་པའི་ཉི་ཁྲི་ཆིག་སྟོང་དུས་གཅིག་གསལ། །ཅེས་སོ།། །།