ལྡེམ་དགོངས་བརྒྱད་ཀྱི་ལྷན་ཐབས། ནམ་མཁའ་དཔལ།

༈ ལྡེམ་དགོངས་བརྒྱད་ཀྱི་ལྷན་ཐབས་བཞུགས་སོ། །བླ་མ་ལ་ཕྱག་འཚལ་ལོ། །ཁྱད་པར་དགོངས་པ་ཅན་གྱི་མདོའི་དོན་བཤད་པ་ལ་གཉིས་ཏེ། ལྡེམ་པོ་དང་། དགོངས་པ་ཅན་ནོ། །དང་པོ་ནི། མདོ་སྡེའི་རྒྱན་ལས། ཞུགས་པ་ལྡེམ་པོ་དགོངས་པ་དང་། །མཚན་ཉིད་ལྡེམ་པོ་དགོངས་པ་དང་། །གཉེན་པོ་ལྡེམ་པོ་དགོངས་པ་དང་། །བརྒྱུར་བ་ལྡེམ་པོ་དགོངས་པའོ། །ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་འདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་དང་ནི། །ལྡེམ་པོ་དགོངས་པ་འདི་རྣམ་བཞི། །ཞེས་གསུངས་པས། དེ་ལ་བཞི་སྟེ། ཞུགས་པ་ལ་ལྡེམ་པོར་དགོངས་པ་དང་། མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང་། གཉེན་པོ་ལ་ལྡེམ་པོར། བསྒྱུར་བ་ལའོ། །དང་པོ་ནི། ཉན་ཐོས་ལ་སོགས་པ་ཐེག་ཆེན་ལ་ཞུགས་པའི་ཕྱིར། ཕྱི་རོལ་གྱི་གཟུགས་སོགས་ལ་དོན་ཡོད་པར་གསུངས་པ་སྟེ། དགོངས་གཞི་ནི། གཟུགས་ཆར་སྣང་བ་ཙམ་ལ་དགོངས་ལ་སྒྲ་ཇི་བཞིན་པར་གོ་ཡང་། དེ་དག་གི་བློ་དང་མཐུན་པའི་སྒོ་ནས། རིམ་གྱིས་ཐེག་ཆེན་ལ་འཇུག་པའི་དགོས་པ་ཡོད་དེ། སེམས་ཉི་ཤུ་པ་ལས། གཟུགས་སོགས་ཡོད་པར་བསྟན་པ་ནི། །དེས་ནི་འདུལ་བའི་སྐྱེ་བོ་ལ། །དགོངས་པའི་དབང་གི་གསུངས་པ་སྟེ། །བརྫུས་ཏེ་སྐྱེ་བའི་སེམས་ཅན་བཞིན། །ཅེས་སོ། །གཉིས་པ་ནི། ཆོས་ཐམས་ཅད་ཀྱི་ངོ་བོ་མེད་པ་ལ་སོགས་པ་བསྟན་པའོ། །དགོངས་གཞི་ནི། ཀུན་བརྟགས་ལ་སྣང་བའི་ངོ་བོ་ཉིད་ཀྱིས་མཚན་ཉིད་མེད་པ་དང་། གཞན་དབང་ལ་སྐྱེས་པའི་ངོ་བོ་ཉིད་མེད་པ་དང་། ཡོངས་གྲུབ་ལ་དོན་དམ་པའི་ངོ་བོ་ཉིད་མེད་པའོ། །དགོངས་པ་ནི་བདེན་ཞེན་ལྡོག་པ་སྟེ། སུམ་ཅུ་པ་ལས། ངོ་བོ་ཉིད་ནི་རྣམ་གསུམ་ལས། །ངོ་བོ་ཉིད་མེད་རྣམ་གསུམ་གྱིས། །དགོངས་ནས་ཆོས་རྣམས་ཐམས་ཅད་ཀྱི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཞེས་སོ། །གསུམ་པ་ནི། སྒྲིབ་པ་བརྒྱད་ཀྱི་ཉེས་པ་འདུལ་བའི་ཕྱིར་ཐེག་ཆེན་བསྟན་པ་སྟེ། སྒྲིབ་པ་བརྒྱད་ཀྱི་དང་པོ་སངས་རྒྱས་ཐུབ་པ་ཉིད་ལ་བརྙས་པའི་སྒྲིབ་པའི་གཉེན་པོ་ནི། སངས་རྒྱས་རྣམ་གཟིགས་ཀྱི་ཆེ་བ་མང་དུ་གསུངས་ནས་ང་ཉིད་དེའི་ཚེ་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ། །ཞེས་སོ། །བཞི་པ་ནི། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོ་ནི། བཅོམ་ལྡན་འདས་ཀྱིས་ལ་ལར་སྦྱིན་པ་ལ་སོགས་པ་སྨད་ལ། གཞན་བསྔགས་པ་ལྟ་བུའོ། །ལྔ་པ་གདམས་ངག་གི་གཟུགས་དང་སྟོབས་ལ་སོགས་པ་ང་རྒྱལ་གྱི་གཉེན་པོ་ནི། སངས་རྒྱས་ཀྱི་གཟུགས་སྐུ་ལ་སོགས་པ་ཕུན་སུམ་ཚོགས་པའི་ཁྱད་པར་ལྷག་པར་བསྔགས་པ་ལྟ་བུའོ། །དྲུག་པ་ཁམས་གསུམ་གྱི་ཕུན་སུམ་ཚོགས་པ་ལ་ཆགས་པ་འདོད་ཆགས་ཀྱི་གཉེན་པོ་ནི། སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་དག་པའི་ཡོན་ཏན་ལ་བསྔགས་པ་བརྗོད་པ་ལྟ་བུའོ། །བདུན་པ་དགེ་བ་ལ་མི་སྦྱོར་བའི་གཉེན་པོ་ནི། སེམས་ཅན་གང་ཞིག་སྔར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་ན། ཕྱིས་དེ་དག་ཡོན་ཏན་ཅན་དུ་ཤེས་ཏེ། འགྱོད་པ་འབའ་ཞིག་སྐྱེ་བ་ལ་དགོངས་ནས། སངས་རྒྱས་བྱང་སེམས་ལ་གནོད་པ་བྱས་པ་དེ་དག་ཐམས་ཅད་ནི་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །ཞེས་པ་ལྟ་བུའོ། །བརྒྱད་པ་ནི། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་མ་ངེས་པའི་རིགས་ཅན་འགའ་ཞིག་ལ། གྲོགས་པོ་ངན་པ་དང་འཕྲད་པ་ལ་སོགས་པའི་རྐྱེན་གྱིས་ཐེག་ཆུང་དུ་ལྡོག་པའི་གཉེན་པོར་དམ་ཆོས་པདྨ་དཀར་པོ་ལ་སོགས་པར་ཐེག་པ་འདི་ཁོ་ན་སྟེ་ཞེས་གསུངས་པ་དང་། ཉན་ཐོས་ཆེན་པོ་རྣམས་སངས་རྒྱས་པ་ལུང་བསྟན་ཏོ། །དེ་ལྟར་སྒྲིབ་པ་བརྒྱད་ཀྱི་གཉེན་པོར་ཐེག་ཆེན་བསྟན་པའོ། །བཞི་པ་ནི། ཇི་སྐད་དུ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ལེགས་པར་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པས། དགོངས་གཞི་ནི། སེམས་རྣམ་པར་གཡེང་བ་ནི་འཁོར་བའི་སྙིང་པོ་ཡིན་ལ། དེ་མེད་པ་ནི་སྙིང་པོ་སྟེ་གཙང་བར་འཛིན་པ་དང་། བདེ་བ་དང་། རྟག་པ་དང་། བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་གི་ལྟ་བ་དེ་དག་མི་གཙང་བ་དང་། སྡུག་བསྔལ་བ་ལ་སོགས་པར་རྟོགས་པའི་དོན་མི་མཉམས་པའི་སྒོ་ནས་ལེགས་པར་གནས་པ་དང་། ཡུན་རིང་པོར་གཞན་གྱི་དཀའ་སྤྱད་ལ་ངལ་བས། ལུས་སེམས་ཉོན་མོངས་པར་བྱེད་པ་ཞིག་གིས་བྱང་ཆུབ་ཐོབ་པར་འགྱུར་བའོ། །ཡང་ནི་ཕ་མ་གཉིས་ནི་གསད་བྱ་ཞིང་། བྲམ་ཟེ་གཙང་མ་གཉིས་བཟུང་ལ་སོགས་པའོ། །དགོངས་པ་ནི། སངས་རྒྱས་ཀྱི་གསུངས་པའི་ཆོས་རྣམས་ནི་རྟོགས་སླའོ། །སྙམས་ནས་བརྙས་པ་སྤང་བའོ། །གཉིས་པ་དགོངས་པ་ནི། མདོ་རྒྱན་ལས། མཉམ་པ་ཉིད་དང་དོན་གཞན་དང་། །དེ་བཞིན་དུ་ནི་དུས་གཞན་དང་། །གདམས་ངག་གིས་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་ཤེས་བྱ། །ཞེས་གསུང་པ་དང་། དེ་ལ་བཞི་ལས། དང་པོ་མཉམ་པ་ཉིད་ལ་དགོངས་པ་ནི། ཤཱཀྱ་ཐུབ་པས་སངས་རྒྱས་རྣམ་པར་གཟིགས་ཀྱི་བསྔགས་པ་བརྗོད་ནས། ང་ཉིད་དེའི་དུས་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ། །ཞེས་གསུངས་པ་ལྟ་བུ་སྟེ། དགོངས་གཞི་ནི། ཆོས་སྐུ་མཉམ་པ་ཉིད་ལ་དགོངས་པའོ། །དགོངས་པ་ནི། ཐུབ་པ་ལ་བརྙས་པའི་ཉེས་པ་སྤང་བར་འགྱུར་རོ། །གཉིས་པ་དོན་གཞན་ལ་དགོངས་པ་ནི། ཆོས་ཉིད་སྣང་བའི་ངོ་བོ་ཉིད་མེད་པ་དང་། མ་སྐྱེས་པ་ལ་སོགས་པ་སྔར་མཚན་ཉིད་ལྡེམ་པའི་སྐབས་སུ་བཤད་པ་ལྟར་རོ། །གསུམ་པ་དུས་གཞན་ལ་དགོངས་པ་ནི། གང་ཟག་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་ལྟ་བུ་སྟེ། དགོངས་གཞི་ནི། དུས་རིང་པོར་ཞིག་ན་དེ་ལྟར་འགྱུར་བའོ། །དགོས་པ་ནི་ལེ་ལོའི་གཉེན་པོར་འགྱུར་བའོ། །བཞི་པ། གང་ཟག་གི་བསམ་པ་ལ་དགོངས་པ་ནི། སེམས་ཅན་འགའ་ཞིག་ལ་སྦྱིན་པ་བསྔགས་ཤིང་། འགའ་ཞིག་ལ་སྨད་པའོ། །དགོངས་གཞི་ནི། དགེ་བ་མི་བྱེད་པ་ལ་ལྟོས་ཏེ། སྦྱིན་པ་མཆོག་ཡིན་ལ། ཚུལ་ཁྲིམས་ལ་སོགས་པ་ལ་ལྟོས་ན་དམན་པའོ། །དགོངས་པ་ནི། ཁ་ཅིག་སྦྱིན་པ་ལ་འཇུག་པ་དང་། དེས་ཆོག་པར་འཛིན་པ་རྣམས་གོང་མ་ལ་སྦྱོར་བའོ། །དགོངས་པ་དང་། ལྡེམ་དགོངས་ཀྱི་ཁྱད་པར་ནི། དགོངས་པ་བཞི་ནི་གཉེན་པོ་ལ་ལྡེམ་པོར་དགོངས་པར་འདུས་སོ། །འོ་ན་ཅིའི་ཕྱིར་དགོངས་པ་དང་ལྡེམ་དགོངས་སུ་བཞག་ཅེ་ན། དགོངས་པ་བཞི་དང་དགོས་ཆེད་བཞི་གཙོ་བོར་བསྟན་པའོ། །ལྡེམ་དགོངས་བརྒྱད་ཀྱི་ལྷན་ཐབས་ཞེས་བྱ་བ། བཤེས་གཉེན་རྣམས་ཀྱིས་བསྐུལ་ངོར་བཙུན་པ་ནམ་མཁའ་དཔལ་གྱིས་སྦྱར་བའོ།། །།རྫོགས་སོ།། །།