Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དོན་གཅིག་་པ།


   
   
   
   
   
   
སྒྱུ་འཕྲུལ་གསང་བ་སྙིང་པོའི་དཀའ་གནད་བསྡུས་དོན་བླ་མའི་ཞལ་ལུང། བསོད་ནམས་ཆོས་འགྲུབ།
   
   
   
   


 
previousསྒྱུ་འཕྲུལ་གསང་བ་སྙིང་པོའི་དཀའ་གནད་བསྡུས་དོན་བླ་མའི་ཞལ་ལུང། བསོད་ནམས་ཆོས་འགྲུབ།next

སྒྱུ་འཕྲུལ་གསང་བ་སྙིང་པོའི་དཀའ་གནད་བསྡུས་དོན་བླ་མའི་ཞལ་ལུང། བསོད་ནམས་ཆོས་འགྲུབ།

གུ རུ སྱ མུ ཁཱ ཤི ཥྚི མཱ ཡཱ གུ ཧེ གྷ རྦྷ སྱཱ ནྟ སྠཱ ན ཏཱ ར ཨཱ རྠཱ སྟི །
སྒྱུ་འཕྲུལ་གསང་བ་སྙིང་པོའི་དཀའ་གནད་བསྡུས་དོན་བླ་མའི་ཞལ་ལུང་བཞུགས།
ན་མཿཤྲཱྀ་བཛྲ་ས་ཏྭ་ཡེ། བདེ་སྟོང་ཟུང་འཇུག་སྣང་གསུམ་རྡུལ་བྲལ་འགྱུར་མེད་ཆོས་སྐུའི་རྒྱ་མཚོ་ཆེ། །བསམ་ཡས་འགྲོ་ལ་ཐུགས་རྗེས་དབང་བསྒྱུར་སྣ་ཚོགས་སྒྱུ་འཕྲུལ་རླབས་ཀྱི་ཕྲེང་། །དཔེ་མེད་གཡོ་ཞིང་འཁོར་བའི་འདམ་ནས་ལུས་ཅན་སྐུ་བཞིའི་གོ་འཕང་གི །དཔལ་ལ་འགོད་མཛད་རིགས་བརྒྱའི་ཏོག་གྱུར་རྡོ་རྗེ་འཆང་དབང་དེ་ལ་འདུད། །མ་ལུས་རྒྱལ་བའི་ཆོས་དབྱིངས་མངོན་པར་བསྒྱུར་བའི་འཕྲུལ། །འགོག་པ་མེད་པ་གདུལ་བྱའི་རྫིང་བུ་ཐ་དད་པར། །ཟབ་གསང་རོལ་བ་རབ་འབྱམས་རྒྱུད་སྡེའི་ཆོས་ཚུལ་གྱིས། །འཇིག་རྟེན་གསུམ་སྣང་གསང་བདག་དཔའ་བོས་ཤིས་གྱུར་ཅིག །རྒྱལ་ཀུན་མཁྱེན་བརྩེའི་གཟུགས་ཀྱི་སྲིད་བཟུང་ནས། །ས་སྟེང་དམ་ཆོས་ཉི་མ་གཅིག་པུའི་ཚུལ། །སྣང་བས་སྲིད་པ་རྒྱ་མཚོ་སྐེམ་མཛད་པ། །རྔ་ཡབ་གླིང་པས་བྱང་ཆུབ་བར་དུ་སྐྱོངས། །གང་དེའི་གསང་གསུམ་མ་ལུས་ཕྱོགས་གཅིག་ཏུ། །གྲུབ་པའི་ངོ་མཚར་ཟླ་བའི་དཀྱིལ་འཁོར་ལས། །རབ་འབྱམས་རྒྱུད་དོན་བདུད་རྩིས་བདག་ཅག་གི། །གདུང་སེལ་དགེ་བའི་བཤེས་ལ་ཕྱག་བགྱིའོ། །གསང་ཆེན་སྒྱུ་འཕྲུལ་དྲྭ་བའི་རྒྱུད་དོན་གྱི། །དངོས་བཅུ་རྟོགས་པ་རྣམ་བཞིའི་གཏན་ཚིགས་སོགས། །བསྡུས་དོན་དམ་པའི་ཞལ་རྒྱུན་འདྲི་བ་ལ། །མཁའ་འགྲོ་རྒྱ་མཚོས་གནང་བའི་སྐབས་ཕྱེས་ཤིག །དེ་ལ་འདིར་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་དོན་ཐམས་ཅད་མཚན་ཉིད་གསུམ་དང་དངོས་པོ་བཅུར་བསྡུས་ནས་འཆད་པ་ལ་དང་པོ་ནི། ཇི་སྐད་དུ། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་པ་ལྟར། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་དང་གསུམ་མོ། །གཉིས་པ་དངོས་པོ་བཅུ་ནི། ཇི་སྐད་དུ། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཚིག །མཆོད་སྔགས་ཏིང་འཛིན་འཕྲིན་སྒྲུབ་ཀྱི། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱེད། །ཅེས་པ་ལྟར། ཐུན་མོང་གི་ཐེག་པའི་ཕར་ཕྱིན་བཅུ་དང་སྦྱར་ན་དེ་ཁོ་ན་ཉིད་ལྟ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཐག་ལྟ་བས་གཅོད་པ་དང་པོ་གལ་ཆེ་བས་སྔོན་དུ་བསྟན་ཏོ། །ལས་དང་པོ་སྤྱོད་པ་ནི་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་བག་ཚ་བ་མེད་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ལྟ་བའི་གྲོགས་སོ། །བཀོད་པ་དཀྱིལ་འཁོར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ་ཤེས་ཉིད་དཀྱིལ་འཁོར་དུ་ཤར་བ་སྟེ། དེ་ཡང་གཟུགས་སྐུའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ཆོས་སྐུའི་ཡེ་ཤེས་ཉིད་གདུལ་བྱའི་དོན་དུ་སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་མཐུས་གཟུགས་ཀྱི་རྣམ་པར་ཤར་བ་སྟེ། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ངོ་བོ་ཐ་དད་དུ་མེད་པའི་ཕྱིར་འདི་ལྟར་ཤེས་ན་བསྡུ་ལྡང་གི་སྤྲོས་པ་མི་དགོས་ཏེ། སྣང་བཞིན་དུ་སྟོང་པ་ཡིན་པས་བསྡུ་བ་མི་དགོས་སྟོང་བཞིན་དུ་སྣང་བ་ཡིན་པས་ལྡང་བ་མི་དགོས་ཤིང་འདི་ལ་སྣང་བཅས་ཀྱི་རྫོགས་རིམ་དུ་བཤད་དོ། །རིམ་པ་བགྲོད་པ་དབང་ནི་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་ཅིང་ས་དང་ལམ་གྱི་ཡོན་ཏན་རྣམས་བཙན་ཐབས་སུ་ཐོབ་པ་ལ་དབང་པའི་ཕྱིར་སྟོབས་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ་སྒོ་དབང་གིས་ཕྱེ་བའོ། །མི་འདའ་བ་དམ་ཚིག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་གྲུབ་ཀུན་གྱི་གཞིའམ་སྲོག་གོ །རོལ་པ་ཕྲིན་ལས་ནི་ལས་བཞི་ལྷུན་གྱིས་གྲུབ་པ་འབྱུང་བའི་ཕྱིར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །དོན་དུ་གཉེར་བ་སྒྲུབ་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོན་མན་ངག་གིས་བདེ་བླག་ཏུ་བསྒྲུབ་པའོ། །ཉམས་སུ་ལེན་པ་ཏིང་ངེ་འཛིན་ནི་དངོས་གྲུབ་མྱུར་དུ་འགྲུབ་པའི་རྒྱུ་མི་གཡོ་བ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གནས་སུ་སྟོབ་པ་མཆོད་པ་ནི་ནམ་མཁའ་མཛོད་ཀྱི་རྒྱུ་ཡིན་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཟློས་པ་སྔགས་འཆང་བ་ཕྱག་རྒྱ་རྣམས་ནི་ཚེགས་ཆུང་ངུས་དོན་ཆེན་པོ་དུ་མ་འབྱུང་བའི་ཕྱིར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་བཅུའོ། དེ་ཡང་ཕྱོགས་མཚུངས་དོད་ཐུབ་ཙམ་ལས་འདི་མན་ངག་གི་མྱུར་ལམ་ཁྱད་པར་དུ་འཕགས་པ་སྟེ། རྒྱུད་ལས། གསང་སྔགས་ཚུལ་ཆེན་ཤིན་ཏུ་རྨད་བྱུང་བ། །ཐབས་ཀྱི་ནང་ནས་མ་ནོར་དམ་པ་དང་། །ལམ་གྱི་ནང་ནས་ཉེ་ལམ་ཆེན་པོ་སྟེ། ཤེས་རབ་ནང་ནས་ཤེས་རབ་ཁྱད་པར་ཅན། །ཞེས་གསུངས་པས། ཐབས་ཤེས་གཉིས་ཀའི་ཀྱང་མདོ་ལས་གསང་སྔགས་ཁྱད་པར་དུ་འཕགས་པ་དང་། ཇི་སྐད་དུ། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཅེས་དང་། གསང་འདུས་ལས། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །རྡོ་རྗེ་ལ་དགའ་རྟག་པ་གནས། །དེས་ན་སངས་རྒྱས་རྣམས་ཀྱི་ཐབས། །རྡོ་རྗེ་ཐེག་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ད་ནི་བསྡུས་དོན་གྱི་དང་པོ་ལྟ་བ་བཤད་པར་བྱ་བ་ལ་ལྟ་བ་རྟོགས་དགོས་ཚུལ་གདམས་པ་དང་། གཏན་ལ་དབབ་པ་དང་གཉིས་ལས། དང་པོ་ནི། གང་གིས་དམིགས་མེད་མི་ཤེས་པ། །དེ་ཡི་ཆོས་ཀྱི་དབྱིངས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པས་དམིགས་མེད་ཤེས་པར་གྱིས། །ཞེས་དང་། རྣམ་སྣང་མངོན་བྱང་ལས། གང་དག་སྟོང་ཉིད་མི་ཤེས་པ། །དེ་ཡིས་མྱ་ངན་འདས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། འཇིག་པས་སྟོང་ཉིད་ཤེས་པར་གྱིས། །ཞེས་གསུངས་པ་ལྟར། མན་ངག་གིས་བདེ་བླག་ཏུ་རྟོགས་མི་ནུས་པའི་ལས་དང་པོ་བ་དག་གིས། ཇི་སྐད་དུ། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་ཏེ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་གྱི། །རིགས་པ་བརྒྱ་དག་གིས་ནི་གཟུད་པར་མཛད། །ཅེས་གསུངས་པས། དབུ་མ་ཐལ་འགྱུར་ནས་བཤད་པའི་རིགས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་ཞེན་ཡུལ་དང་བཅས་པར་རང་བཞིན་མེད་པའི་ངེས་ཤེས་ཀྱིས་སྒྲོ་སྐུར་དང་བྲལ་བའི་གནས་ལུགས་ཤེས་པའི་ལྟ་བ་ཤེས་རབ་ཀྱི་མིག་གིས་མ་མཐོང་བར་སྒོམ་པའི་ལམ་དུ་འཇུག་པ་ནི་ནོར་བ་སྟེ། ཀུན་རྟོག་གིས་བཟོས་པའི་བསྐྱེད་རིམ་ཐམས་ཅད་དངོས་འཛིན་ཏུ་གོལ་བས་ཐུན་མོང་གི་དངོས་གྲུབ་ཙམ་འགྲུབ་སྲིད་ཀྱང་མཆོག་གི་དངོས་གྲུབ་རྡོ་རྗེ་འཆང་གི་དངོས་རྒྱུར་མི་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་རིག་པ་དང་ཞབས་སུ་ལྡན་པ་ཞེས་པའི་དོན་དང་པོ་རིག་པའི་ཤེས་རབ་མིག་ལྟ་བུས་ཟིན་པའི་ལམ་སྒོམ་པ་གནད་དུ་ཆེ་བ་ནི། བདེ་མཆོག་གི་རྒྱུད་ལས་ཀྱང་། ཚེ་གཅིག་སངས་རྒྱས་ཐོབ་འདོད་པས། །དང་པོ་གདངས་ཆེན་ལྟ་བ་གཅེས། །དེས་ན་དང་པོ་ལྟ་བ་བསྟན། །ཕྱོགས་རིས་མེད་པ་ལྟ་བའི་མཆོག །ནམ་མཁའ་ལྟ་བུར་ཤེས་པར་གྱིས། །ཞེས་དང་། ལམ་རིམ་ལས། བསམ་གྱིས་མི་ཁྱབ་མ་མཐོང་བར། །བསམ་མེད་དཀྱིལ་འཁོར་འཇུག་བྱེད་པ། །རྨོངས་པ་མུན་པའི་བློ་ཅན་དེ། །ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ། །ཞེས་གསུངས་སོ། །དོན་དམ་མཐར་ཐུག་དཔྱོད་པའི་ངོར་ཁས་ལེན་རྡུལ་ཙམ་བཞག་ཏུ་མེད་པ་འདི་ཙམ་གྱིས་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་མེད་ཅེས་སྨྲ་བ་བྱུང་བས་ན། སྣང་བ་ལ་དངོས་པོར་བདེན་པར་འཛིན་པ་དང་། སྟོང་པ་ལ་དངོས་མེད་བདེན་པར་འཛིན་པའི་བློ་མཐའ་ཐམས་ཅད་དང་བྲལ་བའི་དམིགས་མེད་བློ་འདས་ཆེན་པོར་ཤེས་དགོས་ཏེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ནི་དེ་ཡིན་པའི་ཕྱིར་ཏེ། འཕགས་པ་ཀླུས། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་དང་། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་སོ། །དེ་ཡང་ཆོས་ཀུན་གདོད་ནས་རང་གྲོལ་ཆེན་པོ་རྣམ་པར་དག་པ་ཉིད་གསར་དུ་ངོ་ཤེས་པ་ཙམ་ཡིན་བློས་བྱས་པ་མིན། སྲིད་ཞི་ཀུན་ལ་རིས་མེད་དུ་ཁྱབ་ཕྱིར་ཕྱོགས་ལྷུང་ཉི་ཚེ་མིན་ཞིག་བློས་དོན་སྤྱིར་གཏན་ལ་ཕབ་ནས་རྟོག་མེད་རིག་ཤེས་ཀྱིས་རྙེད་རྒྱུ་ཡོད་ཅིང་། བྱ་བྱེད་ཀུན་དེའི་ངང་གིས་འཐད་པས་ཆད་སྟོང་རྒྱུ་འབྲས་བརླག་པའི་ལྟ་བའང་མིན་ནོ། །གཉིས་པ་ལ་དངོས་དང་། གཏན་ཚིགས་ཀྱིས་སྒྲོ་འདོགས་བཅད་པ་གཉིས། དང་པོ་ནི། འཁོར་འདས་གཉིས་ཀྱི་ཆོས་ཐམས་ཅད་སེམས་ལ་རག་ལས་པ་ལས་གཞན་དུ་མེད་དེ། །འཁོར་བ་སེམས་དང་། མྱང་འདས་སེམས་ཉིད་དེ། བདེ་བར་གཤེགས་པའི་སྙིང་པོ་ཉིད་འཁོར་འདས་ཀྱི་སྤྱི་གཞིར་བཤད་པ་དང་། ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་དང་། དཔལ་ལྡན་ཟླ་བས། ཨུཏྤལ་རྩ་ཐ་མ་ལས། ལོ་མ་ལ་སོག་རྒྱུན་འབྱུང་ལྟར། །དེ་བཞིན་སེམས་རྫས་མེད་པ་ཡང་། །ཆོས་རྣམས་ཀུན་གྱི་རྩ་བའོ། །ཞེས་གསུངས་པས་དང་པོ་ནང་སེམས་ཀྱི་ཆོས་ཉིད་གཏན་ལ་ཕབ་སྟེ་སྟོང་པ་ཉིད་དུ་ཤེས་པས་ཕྱིའི་ཡུལ་རྣམས་ཀྱང་དངོས་པོར་མ་གྲུབ་པ་བདེ་བླག་ཏུ་ཤེས་པར་ནུས་ཏེ། ཇི་སྐད་དུ། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་འདི་ལྟ་བུའི་གང་ཟག་ཁྱད་པར་ཅན་ལ་དགོངས་སོ། །བྱང་ཆུབ་སྤྱོད་གཞུང་དུའང་། གང་གིས་ཆོས་ཀྱི་གཙོ་བོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་ཀྱི་ནར་འཁྱམས། །ཞེས་དང་། བདེ་མཆོག་གི་རྒྱུད་ལས། ཚེ་གཅིག་སངས་རྒྱས་འབྲས་བུ་དེ། །གཉུག་མའི་ཡིད་ཀྱིས་བསྒྲུབ་པར་བྱ། །ཡེ་ཤེས་ལྔ་ཡི་གཟུགས་བརྙན་དེ། །མ་བཅོས་སེམས་ཀྱིས་བསྒྲུབ་པར་བྱ། །ཞེས་དང་། རྒྱུད་འདིར། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་བརྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་གསུངས་ཏེ། མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་དགོངས་པ་གཅིག་དང་དབྱངས་གཅིག་པས། འཁྲུལ་སེམས་རྣམ་པར་རྟོག་པ་འཁོར་བའི་ས་བོན་དུ་གྱུར་པའི་བདག་དང་བདག་གིར་འཛིན་པ་འདི་ལ་དཔྱད་ན་དང་པོ་བསྐྱེད་པའི་གཞི། བར་དུ་གནས་པའི་རྩ་བའམ་རྟེན་མེད་པའི་སེམས་ཉིད་རང་བཞིན་གྱིས་སྟོང་པ་འདི་ལ་ཕོ་མོ་ལ་སོགས་པ་གདགས་སུ་མེད་ཅིང་། དེ་བཞིན་དུ་བྲམ་ཟེ་ལ་སོགས་པ་རིགས་དང་། ཕ་མེས་བུ་ཚ་སོགས་ཀྱི་བརྒྱུད་མེད་ཅིང་མ་ཡིན་ལ། སྔོ་སེར་ལ་སོགས་པ་ཁ་དོག་དང་། གྲུ་བཞི་ལ་སོགས་པ་དབྱིབས་སུའང་མེད་དོ། །ནམ་མཁའ་བཞིན་དུ་ཆོས་ཀུན་གྱི་རྟེན་དུ་བཤད་ཀྱང་རང་གི་ངོ་བོ་གནས་སམ་རྟེན་གྱི་དངོས་པོར་གྲུབ་པ་མེད་ཅིང་། མདོར་ན་འདི་ཞེས་ངོས་བཟུང་གང་དུའང་མེད་པས་གང་ཡང་མིན་པ་སྟེ། གོང་དུ་ཇི་སྐད་བཤད་པའི་ཚུལ་གྱིས་གཏན་ལ་ཕབ་པའི་གནས་ལུགས་དེ་ཉིད་སྦྱང་གཞི་བདེ་བར་གཤེགས་པའི་སྙིང་པོ་རིག་པ་རང་བྱུང་གི་ཡེ་ཤེས་ཡིན་ལ། ཐུན་མོང་མ་ཡིན་པའི་ལྟ་བའི་ཁྱད་པར་དེ་ནི་སྦྱོང་བྱེད་ཐབས་ཀྱི་ཕྱག་རྒྱ་སྟེ་གཞི་སྣང་ལྷུན་གྲུབ་ཀྱི་རྩལ་ལམ་དུ་ཤར་བ་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཀྱི་རྒྱུ་ཡིན་ནོ། །དེ་ཉིད་ལས་དྲི་མ་དག་རིམ་གྱི་སྦྱངས་འབྲས་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་བར་ཤེས་པ་ནི་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ཞེས་བྱའོ། །གཉིས་པ་གཏན་ཚིགས་ཀྱིས་སྒྲོ་འདོགས་བཅད་པ་ནི། ལྟ་བ་ལ་ལྡོག་པས་དབྱེ་ན་དོན་དམ་བདེན་པའི་ཡུལ་ཅན་ཆོས་ཉིད་ལྟ་བའི་ལྟ་བ། ཀུན་རྫོབ་བདེན་པའི་ཡུལ་ཅན་ཆོས་ཅན་ལྟ་བའི་ལྟ་བ། །བདེན་གཉིས་དབྱེར་མེད་ཀྱི་ཡུལ་ཅན་རང་རིག་ལྟ་བའི་ལྟ་བ་ཞེས་རྣམ་གྲངས་གསུམ་དུ་ཡོད་པའི་དོན་ལ་སྒྲོ་སྐུར་བསལ་བའི་ཕྱིར་གཏན་ཚིགས་འགོད་དགོས་སོ། །དེ་ཡང་སློབ་དཔོན་སངས་རྒྱས་གསང་བས། གཞི་དང་གཏན་ཚིགས་གྲུབ་པའི་དོན། །ཞེས་གསུངས་པས། གཞལ་བྱའི་གཞི་དང་། འཇལ་བྱེད་ཀྱི་གཏན་ཚིགས་དང་། གྲུབ་པའི་མཐའ་སྟེ་གསུམ་དུ་བཤད་པ་ལ། དང་པོ་གཞལ་བྱ་ནི་འཁོར་འདས་གཉིས་སུ་ཞེན་པའི་བློ་སྒྲོ་འདོགས་ཀྱི་ཞེན་སྣང་དང་བཅས་པ་སྟེ། ལམ་རྣམ་བཀོད་ལས། བརྟག་པའི་སྤྱོད་ཡུལ་གཉིས་ལ་གཞལ། །ཞེས་དང་། སྤྱོད་འཇུག་ལས། བརྟག་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་དང་། ལམ་རིམ་ལས། འཁོར་འདས་དངོས་པོའི་ཞེན་སྣང་བརྟག །ཅེས་གསུངས་པའི་ཕྱིར། གཉིས་པ་འཇལ་བྱེད་ཀྱི་གཏན་ཚིགས་ལ་རྣམ་པ་མང་དུ་ཡོད་ཀྱང་འདིར་རྟོགས་པ་བཞིའི་གཏན་ཚིགས་ཆེན་པོ་བཞི་སྟེ། འཁོར་འདས་གཤིས་སུ་གཅིག་པའི་གཏན་ཚིགས་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས། བྱིན་གྱིས་རློབ་པའི་གཏན་ཚིགས། མངོན་སུམ་གྱི་གཏན་ཚིགས་སོ། །དེ་དག་ནི་རིམ་པ་བཞིན་གཏན་ལ་དབབ་ཚུལ་བརྗོད་པར་བྱ་སྟེ། དེ་ལ་གཏན་ཚིགས་ཡང་དག་ཡིན་ན་སྣང་ཙམ་དུ་ཤེས་འདོད་ཆོས་ཅན་གྲུབ་དགོས་པས། འཁོར་འདས་གཉིས་ཕྱོགས་ཆོས་སུ་བཀོད་ན་དེ་ལ་ཆོས་བསྒྲུབ་བྱའམ་གཞལ་བྱ་སྐྱེ་མེད་དང་། སྒྲུབ་བྱེད་དམ་འཇལ་བྱེད་རྒྱུ་གཅིག་པ་གཉིས་ཀ་ཡོད་པས་ཆོས་ཅན་སྐྱོན་མེད་དེ་འགྲུབ་ལ། དུ་རྟགས་ཀྱི་མེ་བཞིན་རྗེས་སུ་འགྲོ་ལྡོག་ཡོད་ཅིང་མཐུན་དཔེ་ཆུ་ཟླ་དང་སྒྱུ་མ་ལ་སོགས་པའི་སྟེང་དུ་ཁྱབ་པའང་ངེས་ནུས་སོ། །དཔེར་ན་ཐུན་མོང་གི་རིགས་ལམ་ན། གཟུང་འཛིན་གཉིས་སམ་ཕུང་པོ་ལ་བདག་གཉིས་སུ་ལྟ་བའི་འཛིན་སྟངས་ཤེས་པ་ཡུལ་བཅས་དགག་བྱ། བདེན་པའི་ཕུང་གསུམ་མེད་པ་ཁྱབ་པ། གྲུབ་ཚུལ་གཉིས་ལ་ཚད་མེད་མའི་གནོད་པ་མཐོང་བ་ཕྱོགས་ཆོས་ཡང་དག །བདག་མེད་ཀྱི་ངེས་པ་རང་ཤུགས་ཀྱིས་འདྲེན་པ་བསྒྲུབ་བྱ་གྲུབ་པའི་ཚད་དང་ཕྱོགས་འདྲའོ། །འདིའི་དགག་བྱ་འཁོར་འདས་གཉིས་སུ་བདེན་པར་ཞེན་པའི་འཛིན་སྟངས་ཡུལ་དང་བཅས་པ་ཡིན་ལ། གཞན་རྣམས་ལའང་ཅི་རིགས་སྦྱར་རོ། །དེ་ཡང་གཏན་ཚིགས་སྔ་མ་སྔ་མས་གཏན་ལ་ཕབ་ཟིན་པ་དེ་ཕྱི་མ་ཕྱི་མས་གཞལ་བྱ་བྱེད་དགོས་པར་གསུངས་སོ། །དེ་ཡང་འདི་ལྟར་དང་པོ་འཁོར་འདས་གཤིས་སུ་གཅིག་པའི་གཏན་ཚིགས་ལ་བརྟེན་ནས་ཆོས་ཐམས་ཅད་རང་བཞིན་སྐྱེ་མེད་དུ་གཏན་ལ་ཕབ་པ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཅན། རང་བཞིན་གྱིས་མ་སྐྱེས་པ་ཡིན་ཏེ། རྟོག་ངོར་གཉིས་སུ་སྣང་ཡང་དོན་གྱི་གནས་ལུགས་རྒྱུ་གཅིག་ལས་གཉིས་སུ་མེད་པའི་ཕྱིར། འདིའི་དོན། འཁོར་བའི་ཕུང་ཁམས་ཀྱི་བསྐྱེད་གཞི་རླུང་སེམས་ཐམས་ཅད་ཀྱི་འབྱུང་ཁུངས་དང་། མྱ་ངན་ལས་འདའ་བ་ན་སྣང་གསུམ་འཕོ་བའི་བག་ཆགས་ཤིན་ཏུ་ཕྲ་བའི་བར། སྒྲིབ་གཉིས་ཀྱི་སྦྱང་གཞི་མཐར་ཐུག་པ་དོན་གྱི་འོད་གསལ་འདི་ལ་ཐུག་པ་ཡིན་ལ། དེས་ན་འཁོར་འདས་སྐྱེ་མེད་དུ་མཉམ་པའི་གཏན་ཚིགས་རྒྱུ་གཅིག་པ་འདི་ལས་གཞན་མེད་དོ། །ཁྱབ་པ་ཡོད་དེ། ཆོས་ཀུན་སྒྱུ་མ་དང་ཆུ་ཟླ་ལ་སོགས་པ་བཞིན་བདེན་པ་གཉིས་ཆར་དུ་ཡང་རང་བཞིན་གྱིས་སྐྱེ་བ་མེད་པ་ལ་སོ་སོ་བའི་རྒྱུ་མ་དམིགས་པའི་ཕྱིར། །འདིར་རྒྱུ་ཞེས་པ། ཆོས་ཀྱི་དབྱིངས་ཉིད་ཆོས་ཅན་འཁོར་འདས་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་དེ་དག་གཤིས་ཐ་དད་མེད་པར་བྱེད་པའི་རྒྱུ་ཞེས་བཏགས་ཀྱི། སྐྱེད་བྱེད་ཀྱི་རྒྱུ་ལྟ་བུར་གོ་བར་མི་བྱའོ། །དཔེར་ན་རོ་མཉམ་དང་རོ་གཅིག་ཅེས་པའི་དོན་དང་མཚུངས་ཏེ། རྩ་ཤེས་ལས། འཁོར་འདས་མཉམ་ཉིད་བཤད་པའི་ལུང་དྲངས་ནས་འཆད་ཆོག་པའི་ཕྱིར་དང་། རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་པས། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །ཞེས་གསུངས་པའི་ཕྱིར། གནས་ཚུལ་ལ་གཉིས་སུ་མེད་པའི་ཕྱིར་སྣང་ཚུལ་གཉིས་སུ་སྣང་ཡང་སྣང་དུས་ཉིད་ནས་གཉིས་སུ་མ་གྲུབ་སྟེ། གནས་སྣང་མི་མཐུན་པའི་ཕྱིར་སྒྱུ་མ་བཞིན། །འདི་ནི་དོན་གྱི་གཏན་ཚིགས་སྟེ་ཆོས་ཉིད་ལྟ་བས་གཞལ་བྱ་ཡིན་ནོ། །གཉིས་པ་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་ལ་བརྟེན་ནས་རོལ་བ་འགག་མེད་དུ་གཏན་ལ་ཕབ་པ་ནི། རང་བཞིན་སྐྱེ་མེད་ཀྱི་གདངས་ཆོས་ཅན། ཁྱོད་ཀྱི་རོལ་རྩལ་འགག་མེད་ལྷའི་སྐུ་གསུང་ཐུགས་སུ་རང་སྣང་བ་ཡིན་ཏེ། མཚོན་དུ་མེད་པའིི་ཡི་གེ་ཨ་ཉིད་མཚོན་བྱེད་ཡི་གེ་དུ་མ་མ་འགག་པར་སྣང་བས་མཚོན་ནས་རྟགས་པའི་ཕྱིར། འཇམ་དཔལ་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བས་སྐྱེ་བ་མེད། །ཅེས་སོགས་གསུངས་སོ། །དེ་ཡང་ཆོས་ཀུན་སྐྱེ་བ་མེད་པ་ཨ་སྟེ་རྡོ་རྗེའི་གསུང་གི་རང་བཞིན། སྐྱེ་བ་མེད་བཞིན་སྣང་བས་དོན་བྱེད་ནུས་པ་ཨོ་སྟེ་རྡོ་རྗེའི་སྐུའི་རང་བཞིན། དེ་ཉིད་རྟོགས་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་མཐའ་དབུས་མེད་པ་ནི་ༀ་སྟེ་རྡོ་རྗེའི་ཐུགས་ཀྱི་རང་བཞིན་དུ་རྟོགས་པའོ། །འབྲུ་གསུམ་པོ་ༀ་ཡིག་གཅིག་ཏུ་གྱུར་པ་ནི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་རང་བཞིན་དུ་མཚོན་པ་ཡིན་ལ། དེ་འདྲ་བའི་ཡི་གེས་མཚོན་དོན་ཤེས་ནས་བརྗོད་ན་བསོད་ནམས་ཐོབ་པའི་ཕྱིར་ནོར་བུ་འཛིན་པའི་སྔགས་ཅེས་བྱའོ། །རྡོ་རྗེ་རྩེ་མོ་ལས། ༀ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་ཅེས་བརྗོད། །ཅེས་དང་། རྒྱ་མཚོ་ལས། སྐུ་གསུང་ཐུགས་སུ་སྣང་བ་ཡི། །མ་ལུས་གསུང་གི་རྒྱན་དུ་རྟོགས། །ཐམས་ཅད་གསུང་གི་ཡི་གེ་སྟེ། །ཐབས་དང་ལྡན་པས་རྒྱས་གདབ་བོ། །ཞེས་སོ། །འདིར་ཨ་ཡིག་ཉིད་སྐྱེ་གནས་ཀྱི་ཁྱད་པར་ལས་སྐྱེ་མེད་དུ་བསྟན་ཅིང་ཡི་གེ་ཀུན་གྱི་སྲོག་ཏུ་ཁྱབ་པའི་ཕྱིར་ཆོས་ཀུན་གྱི་རང་བཞིན་སྐྱེ་མེད་ཀྱི་དོན་མཚོན་པ་ནི། རླུང་གི་བྱེད་རྩོལ་ལས། ཨ་ཡིག་གི་གདངས་གཅིག་ཉིད་སྐྱེ་གནས་ཀྱི་ཁྱད་པར་ལས་ཡི་གེའི་བྱེ་བྲག་དུ་མར་འཆར་བ་བཞིན། སེམས་ཉིད་སྐྱེ་མེད་ཀྱི་ཡེ་ཤེས་འོད་གསལ་བའི་རང་གདངས་ཅིར་ཡང་འཆར་དུ་རུང་བ་ཡང་ཡེ་ཤེས་ཀྱི་རླུང་གི་བྱེད་རྩོལ་ལས་ཡིན་པར་གསུངས་སོ། །འདིར་རང་བཞིན་སྐྱེ་བ་མེད་པ་གཅིག་ཉིད་འགག་མེད་སྒྱུ་མའི་རོལ་པ་ཅིར་ཡང་འཆར་དུ་རུང་བས་ཁྱབ་སྟེ་ཨ་ཡིག་བཞིན་ནོ། །སྣ་ཚོགས་སུ་སྣང་ཡང་རང་བཞིན་དོན་དམ་པ་ཉིད་ལ་ཉམས་པ་མེད་དེ། །ཇི་སྐད་དུ། རང་བཞིན་ཉིད་ལ་ཉམས་པ་མེད། །ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །བདག་དང་བདག་གི་གཞན་མེད་དེ། །རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ །ཞེས་གསུངས་པའི་ཕྱིར། །དེའི་ཕྱིར་ཆོས་ཀུན་སྟོང་བཞིན་སྣང་བ་མི་འགག་པར་སྣང་བ་ནི་སྟོང་པ་རྟེན་འབྱུང་དུ་ཤར་བའི་དོན་ཏེ་གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་གསུངས་པ་དང་། རྒྱུད་ལས། རྒྱུ་དང་འབྲས་བུ་ཆོས་རྣམས་ནི། །དམ་པ་ཉིད་དུ་ཡོད་མིན་ཅིང་། །རང་བཞིན་གསལ་བ་ཉིད་ཀྱི་ཕྱིར། །སྟོང་པ་ཉིད་ཀྱང་མ་ཡིན་ནོ། །ཞེས་དང་། དཔལ་ལྡན་ཟླ་བས། ཡེ་ནས་སྐྱེ་མེད་ངང་ཉིད་ལ། །དགག་བྱ་མེད་ལ་བསྒྲུབ་བྱ་མེད། །མྱ་ངན་འདས་དང་མ་འདས་པ། །སྐྱེ་མེད་ངང་དུ་ཁྱད་པར་མེད། །སྐྱེ་མེད་ཉིད་ཀྱང་མ་ཡིན་ཏེ། །སྐྱེ་བའི་དངོས་པོ་སྣང་ཕྱིར་རོ། །ཞེས་གསུངས་སོ། །འདི་དཔེའི་གཏན་ཚིགས་ཏེ། ཆོས་ཅན་ལྟ་བས་གཞལ་བྱའོ། །གསུམ་པ་བྱིན་གྱིས་རློབ་པའི་གཏན་ཚིགས་ཀྱིས་ངོ་བོ་དབྱེར་མེད་དུ་གཏན་ལ་ཕབ་པ་ནི། སྐྱེ་མེད་འགག་མེད་ཀྱི་ཤེས་བྱ་གཉིས་པོ་ཆོས་ཅན། དོན་དམ་གྱི་སྣང་ལྡོག་སྐུ་དང་ཡེ་ཤེས་སོགས་སྟོང་ལྡོག་ཐ་དད་དུ་སྣང་ཡང་། ངོ་བོ་ལྷག་པའི་བདེན་གཉིས་དབྱེར་མེད་དུ་རོ་གཅིག་པ་ཡིན་ཏེ། སྔ་མ་གཉིས་ཕན་ཚུན་འགལ་མེད་དུ་རྟོགས་པའི་བྱིན་རླབས་ཀྱི་ཤུགས་ལས་བྱུང་བའི་ཕྱིར། མཐར་ཐུག་དཔྱོད་ངོར་གཅིག་དང་ཐ་དད་བྲལ་བ་མདོ་ལས་བཤད་པ་ལྟར་ལ། ཐ་སྙད་དུ་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་འཇོག་པ་འགལ་བ་མེད་དོ། །ཡང་ན་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་སངས་རྒྱས་པའི་ངོ་བོ་དབྱེར་མེད་དེ་གཏན་ཚིགས་སྔ་མ་གཉིས་ཀྱིས་བདེན་གཉིས་དབྱེར་མེད་ལ་ངེས་པ་འདྲོང་བའི་བྱིན་རླབས་ཀྱི་མཐུ་ལས་བྱུང་བའི་ཕྱིར། ཡང་དཔེར་ན་རས་དཀར་པོ་ལ་དམར་པོས་བྱིན་གྱིས་བརླབས་པས་མཐུ་བརྩོན་དུ་ཡོད་པ་བཞིན། རྣལ་འབྱོར་པའི་སེམས་ཀྱི་གནས་ལུགས་དང་དེའི་རང་རྩལ་ཡེ་ཤེས་གཉིས་པོ་དག་པའི་རང་བཞིན་དུ་ཡེ་ནས་ཡོད་པ་དེའི་བྱིན་རླབས་སམ་ཆོ་འཕྲུལ་ལས་གང་སྣང་གི་ཆོས་ཐམས་ཅད་བདེ་བ་ཆེན་པོ་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་ལྷ་སྐུར་རང་སྣང་བའི་རྣལ་འབྱོར་གྱི་མཐུ་འགྲུབ་པར་འགྱུར་རོ། །ཞེས་གསུངས་པ་ནི་རྒྱལ་དབང་པདྨ་སཾ་བྷ་ཝའི་མན་ངག་རྡོ་རྗེའི་གནས་ཤིན་ཏུ་བརླིང་པའོ། །ཞེས་གསུངས། འདི་ལྟ་བུའི་རྒྱུད་སྡེ་ཆེན་པོ་རྣམས་སུ་ཆོས་ཐམས་ཅད་ཡེ་ཤེས་ཀྱི་རང་སྣང་དུ་སྒྲུབ་པའི་གནད་ཆོས་ཀུན་གྱི་སྣང་གཞི་མཐར་ཐུག་པ་གནས་ལུགས་བརྗོད་དུ་མེད་པའི་དབྱིངས་དང་། དེའི་གདངས་སེམས་ཉིད་འོད་གསལ་བའི་ཡེ་ཤེས་ཟུང་འཇུག་འདུས་མ་བྱས་པའི་མཚན་ཉིད་ཅན་ཏེ། ཀུན་མཁྱེན་ཆེན་པོའི་བཀའ་ཆོས་རྣམས་སུ་ཀུན་བྱེད་རྒྱལ་པོའི་རྒྱུད་དྲངས་ནས་བཤད་པ་ལྟར་གྱིས་ཆོག་གི གྲུབ་མཐའ་འཆའ་བ་ཙམ་ནས་སྣང་བ་འདི་ལྷ་སྐུ་ཁྲ་ཤིག་གེར་སོང་བའི་གུ་དོགས་ཅན་ལ་སྒྲུབ་ལུང་མི་དགོས་པས་རྣལ་འབྱོར་དབང་པོ་ལ་སྐྱེལ་བར་བྱའོ། །འདིའི་དོན་ཐུན་མོང་དང་མཐུན་པར་ཅུང་ཟད་བཤད་ན། ཇི་སྐད་བཤད་པའི་སྣང་སྟོང་གཉིས་གདོན་ནས་མཉམ་རྫོགས་དབྱེར་མེད་བདེ་བ་ཆེན་པོར་གནས་པས་ད་གཟོད་ཟུང་དུ་འཇུག་པ་ཐ་དད་དུ་བྱ་བ་མེད་ཀྱང་། གནས་སྐབས་ལས་དང་པོ་པའི་བློར་བདེན་པ་གཉིས་རེས་འཇོག་ཏུ་འཆར་ཚུལ་ལ་ལྟོས་ནས་གོ་བ་ལེན་པ་ན། བུམ་པ་ལྟ་བུའི་དངོས་པོ་གཅིག་ལ་བྱས་མི་རྟག་གཉིས་སོ་སོར་དབྱེར་ཡོད་པ་བཞིན། བུམ་པ་དང་གཟུགས་བརྙན་གཉིས་རྟེན་འབྲེལ་ཡིན་པ་འདྲ་བས་དཔེ་གཟུགས་བརྙན་གྱི་སྟེང་དུ་ངེས་པར་བྱས་ན། དེའི་སྣང་སྟོང་གཉིས་ངོ་བོ་ལ་འདུ་འབྲལ་མེད་ཀྱང་སྣང་བ་དང་སྟོང་པ་ཞེས་གཉིས་སུ་དབྱེ་ལ། དེ་ཡང་སྣང་བ་མཚོན་བྱ་དང་ཐ་སྙད་ཚད་མས་གཞལ་བྱ་མཚན་ཉིད། མཚན་གཞི་ཆུ་ཟླའི་སྣང་ཚུལ་གྱི་སྟེང་དུ་མཚོན། དེ་བཞིན་དུ་སྟོང་པ་མཚོན་བྱ། དོན་དམ་ཚད་མས་གཞལ་བྱ་མཚན་ཉིད། མཚན་གཞི་གནས་ཚུལ་དངོས་མེད་ཀྱི་སྟེང་དུ་མཚོན་པའོ། །དེ་དག་རིམ་པ་བཞིན། རང་ལྡོག་དོན་ལྡོག་གཞི་ལྡོག་ཅེས་བྱའོ། །སངས་རྒྱས་རྣམས་ཀྱིས་མདོ་སྔགས་ཀྱི་ཆོས་བསྟན་པ་ཐམས་ཅད་བདེན་པ་གཉིས་ལ་བརྟེན་ཅིང་། དེ་ཡང་དྲང་ངེས་ཀྱི་ངོ་བོར་གནས་པ་བློ་གྲོས་མི་ཟད་པས་བསྟན་པར། ཀུན་རྫོབ་སྒྲུབ་པ་སྟོན་པ་ནི་དྲང་བའི་དོན་ནོ། །དོན་དམ་སྒྲུབ་པ་སྟོན་པ་ནི་ངེས་པའི་དོན་ནོ། །ཞེས་གསུངས་པའི་དོན་འདི་དང་གཞན་དུ་བཤད་བྱ་མང་ཡང་མི་སྤྲོའོ། །དེའི་ཕྱིར་བདེན་པ་གཉིས་པོ་ལྡོག་པའི་སྒོ་ནས་ཐབས་དང་ཐབས་བྱུང་དང་ཕན་ཚུན་མེད་ན་མི་འབྱུང་གི་རྒྱུར་ཡང་བཤད་པས། ཀུན་རྫོབ་ཏུ་ཡོད་པ་དེ་དོན་དམ་ལ་ལྟོས་མེད་ཀྱི་གཏན་ཡོད་དང་རང་གི་མཚན་ཉིད་ཀྱིས་ཡོད་པ་ལ་སོགས་པ་སྐྱོན་ཅན་དུ་མི་བཟུང་བར། ཐ་སྙད་ཙམ་དུ་བཏགས་པའི་རྟེན་འབྲེལ་ལ་ངེས་ཤེས་སྐྱེས་པའི་བྱིན་རླབས་སམ་མཐུས་དོན་དམ་ལ་ངེས་ཤེས་ལྷག་པར་འདྲོང་། དོན་དམ་པར་མེད་པ་དེ་གཏན་མེད་ཀུན་རྫོབ་ལ་ལྟོས་མེད་ཀྱི་ཆད་སྟོང་དུ་མི་བཟུང་བར་སྣང་བ་འདིའི་རང་བཞིན་མེད་པ་ཙམ་ལ་གོམས་པའི་མཐུས་ཐ་སྙད་ལ་ངེས་ཤེས་སྐྱེ་བ་ནི་རེ་ཞིག་ཡིན་ནོ། །ནམ་ཞིག་གཅིག་ཐ་དད་དང་བློས་བཏགས་པའི་སྣང་སྟོང་ལ་སོགས་པ་ག ང་ཡང་ཐ་དད་གཟུང་དུ་མེད་པ་ཅིག་ཆར་དུ་རྟོགས་པ་ནི། དོན་གྱི་ཡིན་ལུགས་ཟུང་འཇུག་ཁས་ལེན་དང་བྲལ་བའི་ཡེ་ཤེས་ཞེས་བྱ་སྟེ། རྒྱུད་ལས། སྣང་བ་དང་ནི་སྟོང་པ་དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པ་དེ་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་མ་ཡིན་པར་བདེན་གཉིས་ཕན་ཚུན་ལྟོས་མེད་ཀྱི་ཐ་དད་དུ་རྟོག་ན། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། བདེན་གཉིས་ཐ་དད་གྱུར་པ་ན། །ཡེ་ཤེས་ལམ་ནི་དོན་མེད་འགྱུར། །སྣང་སྟོང་གཉིས་ནི་ཐ་དད་ན། །རྟག་ཆད་མཐར་ནི་ལྷུང་བར་འགྱུར། །ཞེས་དང་། བདེ་མཆོག་གི་རྒྱུད་ལས། རང་རིག་རྟོག་གེ་སྐམ་པོ་དང་། །མཐར་ལྷུང་དབུ་མར་ཁས་ལེན་པ། །དེ་ནི་སེམས་ཉིད་རང་རིག་དང་། །བརྗོད་མེད་བསམ་གྱིས་མི་ཁྱབ་པའི། །མི་མཐུན་པ་ཡི་ཕྱོགས་ཡིན་ཏེ། །དེ་བྲལ་བསམ་གྱིས་མི་ཁྱབ་པའི། །རང་བྱུང་ཡེ་ཤེས་ཆེན་པོ་ཡིན། །ཞེས་གསུངས་པའི་ལུང་གི་གནོད་པ་ཡོད་དོ། །མ་སྐྱེས་པའི་ཆོས་ཉིད་ཀྱི་རང་གདངས་ཆོས་ཅན་དུ་སྣང་བ་རྣམས་དག་མཉམ་དུ་གཏན་ལ་ཕེབ་པ་འདི་ཡང་། གཟུགས་བརྙན་དང་འདྲ་བའི་དེ་ཁོ་ན་ཉིད་རྟོགས་པའི་བྱིན་རླབས་ལས་ཁྱབ་པ་ངེས་པར་མ་ཟད། ཡི་གེ་ཨ་ཨུ་མ་གསུམ་ༀ་གྱི་ཡི་གེའི་སྒྲ་གཟུགས་གཅིག་ལ་སྲོག་གདན་ཨའི་རང་བཞིན་དབྱེར་མེད་པའི་དཔེ་ལས་དོན་ཡེ་ཤེས་ལྔ་ལ་སོགས་པ་ཡང་ངོ་བོ་སྐྱེ་བ་མེད་པ་ཟུང་འཇུག་ཏུ་རྟོགས་ནུས་པའི་མཐུ་ཡོད་པ་བཞིན་ནོ། །འདི་དཔེ་དོན་འགལ་མེད་ཀྱི་གཏན་ཚིགས་ཏེ། རང་རིག་ལྟ་བས་གཞལ་བྱ་བདེན་གཉིས་ཟུང་འཇུག་གོ །བཞི་པ་མངོན་སུམ་གྱི་གཏན་ཚིགས་ཀྱིས་མཚན་ཉིད་བློ་བྲལ་དུ་གཏན་ལ་དབབ་པ་ནི། ལྷག་པའི་བདེན་གཉིས་དབྱེར་མེད་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། རང་རིག་མངོན་སུམ་གྱིས་ཡུལ་མེད་བསམ་བརྗོད་ལས་འདས་པར་རྟོགས་པའི་ཕྱིར། ཞེས་སོ། །ཆོས་ཐམས་ཅད་ཡེ་ནས་དག་མཉམ་བདེན་པ་དབྱེར་མེད་དེ་ལུང་རིགས་མན་ངག་དང་མི་འགལ་ཞིང་། དེ་དག་གི་ཚིག་ཙམ་ལ་བརྟེན་པ་ཡང་མ་ཡིན་པར་རང་གི་རིག་པས་མངོན་སུམ་གྱིས་མྱོང་བར་ཡིད་ཆེས་པའི་ཚེ། ཡིད་དཔྱོད་ལ་རག་མ་ལས་པ་འཕགས་པའི་མཉམ་བཞག་ལྟ་བུས་ངེས་ནུས་པ་ཡིན་ནོ། །འདི་ལྟར། ཚད་མ་ཐམས་ཅད་ཀྱི་མཐར་མངོན་སུམ་ལ་ཐུག་པ་བཞིན། ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བའི་དོན་ལ་གནས་ལུགས་ཇི་ལྟ་བ་བཞིན་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཉིད་ཁོ་ན་ཚད་མ་ཡིན་ལ། རང་མཚན་དང་སྤྱི་མཚན་འཇལ་བྱེད་མངོན་སུམ་དང་རྗེས་དཔག་རྣམས་འཇིག་རྟེན་པའི་བློ་ལ་ལྟོས་ནས་བཞག་གི །འདིར་འདོད་པ་མ་ཡིན་ཏེ། རྫས་ཀྱི་དངོས་པོ་མེད་པའི་ཕྱིར་དེའི་སྒོ་ནས་བཞག་པའི་མཚན་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ། །སྣང་ཙམ་ལ་མཚན་གཞི་དང་མཚན་ཉིད་བཏགས་ཚུལ་ཡང་ཀ་བུམ་དང་མེ་ཆུའི་མཚན་ཉིད་ལ་སོགས་པ་རྣམས་ཕན་ཚུན་གཅིག་ལ་གཅིག་མེད་པས་ཐུན་མོང་མ་ཡིན་པའི་རང་མཚན་ཞེས་བརྗོད་ལ། དེ་དག་ཕན་ཚུན་ལྟོས་ནས་བཏགས་པ་ཙམ་ལས་ལྟོས་མེད་དུ་རང་གི་ངོ་བོས་གྲུབ་པའི་མཚན་ཉིད་ནི་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་ཏེ། ཤེར་ཕྱིན་ལས། ངོ་བོ་ཉིད་མེད་པར་མི་སྨྲ་བ་ནི་ང་ཡི་སློབ་མ་མ་ཡིན་ནོ། །ཞེས་གསུངས་སོ། །དེའི་ཕྱིར་གཟུགས་བརྙན་ལྟ་བུའི་སྣང་བ་ཙམ་ལ་དོན་བྱེད་ནུས་པའི་དངོས་པོ་དང་རྟག་མི་རྟག་ལ་སོགས་པར་བརྟགས་པའི་སྤྲོས་པ་འདི་ཀོ་ཤིན་ཏུ་འཐད་པ་མ་ཡིན་ཏེ། རྣམ་པར་རྟོག་པ་ཕྱིན་ཅི་ལོག་པས་སྒྲོ་བཏགས་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་མ་དག་པའི་སྣང་བ་འདི་ཡང་རང་མཚན་པར་མེད་པ་ལོག་པའི་ཀུན་རྫོབ་ཐག་པ་ལ་སྦྲུལ་དུ་སྣང་བའི་ཀུན་བརྟགས་ལྟར་ལ། རྣལ་འབྱོར་པ་ལ་གཞན་དབང་དག་པའི་སྣང་བ་ཡང་དག་ཀུན་རྫོབ་ཅེས་འཇོག་པ་ནི། ཐག་པའི་དངོས་པོ་ཉིད་ཐ་སྙད་དུ་ཕྱིན་ཅི་མ་ལོག་པར་གཟུང་དུ་ཡོད་པ་ལྟར་འཐད་ཀྱང་། བརྒལ་ཞིང་བརྟགས་པར་བྱས་ན་དེ་ཡང་བདེན་དངོས་མེད་པར་མཚུངས་པས་སྒྱུ་མའི་མཚན་ཉིད་ཅན་དུ་ཡང་ཤེས་པར་བྱའོ། །དེ་ལྟར་གཏན་ཚིགས་བཞིས་བསྒྲུབ་བྱ་བཞི་སྒྲུབ་པ་འདི་བདེན་པ་གཉིས་ཀྱི་ཆོས་རྣམས་ལ་ཡོད་མེད་དང་གཅིག་ཐ་དད་དུ་འཛིན་པ་དང་དག་པ་དང་མ་དག་པ་རང་མཚན་དུ་འཛིན་པ་དང་། མཐར་ཐུག་གི་དོན་ཡིད་དཔྱོད་ཀྱི་ཡུལ་དུ་འདོད་པ་ལ་སོགས་པའི་སྒྲོ་སྐུར་བསལ་བའི་ཚད་ཙམ་ཡིན་གྱི། རྣལ་འབྱོར་པ་རང་ལ་མཐར་ཐུག་གི་སྐབས་སུ་སྒྲུབ་བྱ་རང་དབང་བར་ཁས་ལེན་དུ་ཡོད་པ་ཞིག་སྒྲུབ་པ་མ་ཡིན་ལ། དེ་ཡང་གཏན་ཚིགས་སྔ་མ་གསུམ་གྱི་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་དོན་དེ་ཉིད་ཚད་མའི་གནོད་པ་དང་བྲལ་བར་བསྒྲུབས་ནས། ཕྱི་མ་འདི་རྟོག་མེད་རྣལ་འབྱོར་མངོན་གསུམ་གྱི་བློ་རྟགས་སུ་བཀོད་ནས་འདི་འདྲའི་རྣལ་འབྱོར་མངོན་སུམ་མ་ཐོབ་ཅིང་། སྔགས་བླ་མེད་ཀྱི་ཁྱད་ཆོས་རྣམས་མ་མཐོང་བའི་བྱིས་པ་རྣམས་ལ་ངེས་ཤེས་སྐྱེད་པར་མཛད་ལ། འོན་ཏེ་ཤིན་ཏུ་ལྐོག་གྱུར་ཏུ་སོང་བའི་དོན་དེ་དག་གིས་རྟོགས་པར་འགྱུར་ཞེས་དོགས་པ་སྤོང་བ་ནི་རྣལ་འབྱོར་པའི་རང་རིག་མངོན་སུམ་ལ་ཐུག་གོ་ཞེས་མཛད་པ་ཡིན་ནོ། །དེའི་ཕྱིར་མ་མཐོང་ཙམ་གྱིས་མེད་པ་མིན། །ཅེས་པ་ལྟར། མ་རིག་པ་དང་བཅས་པའི་སེམས་རགས་པ་ཅན་ཁ་ཅིག་གིས་མ་མཐོང་བ་ཙམ་གྱིས་མེད་པ་མི་འགྲུབ་སྟེ། ཡུལ་དུས་ཀྱིས་ཆོད་པའི་དོན་ལ་སོགས་པས་རང་ལའང་མ་ངེས་པའི་ཕྱིར་རོ། །གཏན་ཚིགས་བཞི་པོ་དེ་ཉིད་ཀྱིས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ཕྱིན་ཅི་མ་ལོག་པ་རྟོགས་པའི་རྣལ་འབྱོར་པས་ཉམས་སུ་ལེན་པ་ནི། སྣང་རིག་སྟོང་གསུམ་དབྱེར་མེད་བདེ་བ་ཆེན་པོ་དོན་དམ་དཀོར་བདུན་ངོ་བོ་ཉིད་ལྷུན་གྱིས་གྲུབ་ཅིང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་གཞི་ལ་ཇི་ལྟར་བཞུགས་པ་ཉིད་དབང་གིས་སྨིན་ནས་ལམ་དུ་ཤར་བ་སྟེ། ཐེག་པ་གཞན་དང་རྒྱུད་སྡེ་གཞན་གྱི་ལམ་ནས་སྦྱོང་དུ་མི་ནུས་པའི་སྣང་གསུམ་གྱི་བག་ཆགས་ཤིན་ཏུ་ཕྲ་བ་རྣམས་ལམ་འདིས་ཚེགས་མེད་པར་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སྦྱོང་ནུས་པ་ཡང་། ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་རིམ་གཉིས་ཟབ་མོ་འདི་ལ་ཐུག་པ་ཡིན་པར་གསུངས་སོ། །གཏན་ཚིགས་དེ་དག་གི་དོན་རང་བཞིན་སྐྱེ་མེད་ལས་རོལ་པ་འགག་མེད་དུ་ཤར་ཞིང་ངོ་བོ་དབྱེར་མེད་ཡིན་པས་རྟག་ཆད་མ་གྲུབ་རང་རིག་པའི་ཡེ་ཤེས་རྣལ་འབྱོར་མངོན་སུམ་ཡིན་པས་རྟོག་བྲལ་ཡུལ་མེད་དུ་ཉམས་སུ་མྱོང་བ་ལ་འདུས་སོ། །དེས་ན་དོན་དམ་སྟོང་པ་རང་བཞིན་གྱིས་མྱ་ངན་ལས་འདས་པའི་དོན་རྟོགས་ཤིང་གོམས་པས། ཀུན་རྫོབ་འཁོར་བར་སྣང་བའི་དངོས་པོ་རྣམས་སྦྱངས་བསྒྱུར་མེད་པ་ལྷ་དང་གཞལ་ཡས་ཁང་དུ་རང་ཤར་བ་ལ་སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་རིམ་ཞེས་བྱ་ལ། དེའང་གཞི་ལས་གཞི་སྣང་ཤར་བའི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ལ་ངེས་ཤེས་སྐྱེས་ན། ལམ་གཞན་ལྟར་མ་དག་པ་ཞིག་སྔགས་ཀྱིས་སྦྱངས་ནས་གཟོད་ལྷར་བསྒྲུབ་པས་རྒྱས་འདེབས་ཙམ་མ་ཡིན་ཅིང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་རིག་པ་ཆེན་པོའི་སྔགས་སུ་གྲུབ་པ་དེ་ཉིད་མངོན་དུ་གྱུར་ཚེ། འཁོར་བའི་རྣམ་པར་རྟོག་པ་གཤིས་སུ་མ་གྲུབ་པས་གློ་བུར་འབྲལ་རུང་གི་སྣང་བ་རྣམས་གཞི་ལ་སངས། སྐུ་དང་ཞིང་ཁམས་སོགས་གནས་ལུགས་ཡེ་ཤེས་དག་པའི་སྣང་བ་རྣམས་རང་སར་གནས་པ་ལས་གཞན་ན་མེད་པ་མཁྲིས་ནད་དག་པས་དུང་གི་སེར་སྣང་དེ་དཀར་པོ་ཉིད་དུ་སྣང་བ་བཞིན་ལ་སྣང་བ་ལྷར་སྒྲུབ་པ་ཞེས་བྱ་བ་ཡིན་ནོ། །འདི་ཡང་ཆུའི་ཚ་བ་ཡལ་བ་དང་རླན་གཤེར་སོགས་རང་གི་གནས་ཚུལ་ངང་གིས་འབྱུང་བ་ལྟར། སེམས་ཀྱི་བག་ཆགས་ཟད་པ་དང་གནས་ལུགས་མངོན་དུ་འགྱུར་བའི་ཚུལ་མདོ་ལམ་ནའང་ཡོད་ལ། དེས་ན་མདོ་སྔགས་ཀྱི་གྲུབ་མཐའི་རིགས་པ་སྨྲ་བའི་ལུགས་དེ་ཡིན་བཞིན་དུ། འཆིང་བ་ཀུན་ལྡན་གྱི་སྐྱེ་བོ་རྣམས་ད་ལྟ་ནས་རྡོ་རྗེ་སེམས་དཔའ་དང་སྤང་རྟོགས་མཉམ་པ་མི་སྲིད་པའི་ཐལ་བ་འཕེན་པ་དེ་དངོས་གནས་ཡིན་ན་དམུས་ལོང་སྙིང་རྗེའི་ཡུལ་ལོ། །དེ་འདྲའི་བསྐྱེད་རྫོགས་དབྱེར་མེད་བློ་ལས་འདས་པའི་ཡེ་ཤེས་ཉིད་ལ་རྟག་ཆད་ཀྱི་མཐའ་གཉིས་ཅིག་ཅར་དུ་བསལ་ཟིན་པས་རེས་འཇོག་གི་ཚུལ་གྱིས་བསྡུ་ལྡང་གི་སྤྲོས་པ་ཡང་མི་དགོས་པ་ཉིད་དོ། །དེ་ལས་གཞན་དུ་འཁོར་བའི་རྩ་བ་བདག་འཛིན་གཉིས་དང་འཛིན་སྟངས་དངོས་སུ་འགལ་བའི་རིམ་གཉིས་ཟབ་མོའི་གནད་མེད་པར་སེམས་གཟུང་འཛིན་གྱི་རྟོག་པས་བཅིངས་པ་དེས་བཟོས་ནས་ལྷ་འགྲུབ་ཏུ་རེ་བས་སྒོམ་པ་ནི། བྲམ་ཟེ་མེ་སྦྱིན་གྱིས་སྟག་བསྒོམས་པ་ལྟར་རགས་མཐོང་གི་མཚན་མ་ཙམ་འགྲུབ་སྲིད་ཀྱང་ཡང་དག་པའི་ལམ་མ་ཡིན་ནོ་ཞེས་བཤད་དོ། གཞན་ཡང་དགག་བྱ་ཁེགས་པའི་གནད་མེད་པར་བསྒྲུབ་བྱ་བསྒོམ་པས་ཟབ་ལམ་མི་རེད་དོ། །དེའི་ཕྱིར་མ་དག་པ་འཁོར་བ་ཀུན་བརྟགས་ཀྱིས་སྟོང་པའི་ཆོས་ཅན་ཡོངས་གྲུབ་ནི་གཞི་སྣང་བསྐྱེད་རིམ་ཡེ་ཤེས་ཀྱི་བཟུང་རྣམས་སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དང་། རིག་པ་ཡེ་ཤེས་ཡུལ་ཅན་གྱི་རྣམ་པ་དབང་ཤེས་དག་པ་རྣམས་སོ། །དེ་ནི་དག་པ་གཞན་དབང་ངོ་། །གཞན་དབང་གིས་སྟོང་པའི་ཆོས་ཉིད་ཡོངས་གྲུབ་ནི། གཞིའི་འོད་གསལ་དེ་ཁོ་ན་ཉིད་དོ། །དེ་དག་ཡིད་ཤེས་ཀྱི་ངོ་བོ་ཨེ་ཝཾ་ཀྱིས་མཚོན་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་རྡོ་རྗེ་འཆང་གི་རྒྱུའི་གཙོ་བོ་ཉིད་དུ་འདུས་པའོ། །དེ་དག་ལ་རིམ་པ་ལྟར་ཆོས་ཅན་ལྟ་བའི་ལྟ་བ་བསྐྱེད་རིམ་དང་། ཆོས་ཉིད་ལྟ་བའི་ལྟ་བ་རྫོགས་རིམ་དང་། རང་རིག་ལྟ་བའི་ལྟ་བ་བསྐྱེད་རྫོགས་ཟུང་འཇུག་རང་རིག་གསལ་སྟོང་གི་ཡེ་ཤེས་སོ། །དང་པོ་ནི་རྒྱུ་མཚན་མ་མེད་པ་དང་། གཉིས་པ་ནི་ངོ་བོ་སྟོང་པ་ཉིད་དང་། གསུམ་པ་ནི་འབྲས་བུ་སྨོན་པ་མེད་པའི་སྒོ་སྟེ་གསུམ་མོ། །ཡང་སྒྱུ་མ་ལྟ་བུ་དང་རྡོ་རྗེ་ལྟ་བུ་དང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཀྱང་བཤད་ན་ཆོག་གོ །གོང་དུ་དོན་དམ་དཀོར་བདུན་ཅེས་པ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་། ཐབས་བདེ་བ་ཆེན་པོ་དང་། དབྱིངས་སྟོང་པ་ཉིད་དང་བདུན་ནོ། །གནས་ལུགས་ཀྱི་འོད་གསལ་བརྗོད་ལས་འདས་པའི་ལྟ་བ་མངོན་དུ་གྱུར་པ་ལ་འདི་རྣམས་བརྩིར་རུང་སྟེ། རྟེན་བྱེད་པའི་ཆ་ནས་སྐུ། བརྒྱལ་བ་ལྟ་བུ་མ་ཡིན་པར་ཆོས་ཉིད་ཀྱི་གདངས་རིག་པའི་ཆ་ཉམས་སུ་མྱོང་ཞིང་བརྡར་སྤྲོད་པའི་ཆ་ནས་གསུང་། གཉིས་སུ་བྱར་མེད་ཅིང་རྟོག་པའི་གྲྭ་ཟུར་ལས་འདས་པའི་ཆ་ནས་ཐུགས། འདི་ལ་དམིགས་པས་ཡོན་ཏན་འབྱུང་བ་ཡང་རང་གི་ངོ་བོ་ཡོན་ཏན་གྱི་རང་བཞིན་དུ་ཡོད་པར་ཡོན་ཏན། དེ་རྣམས་བསལ་བཞག་མེད་ཅིང་རྩོལ་བས་བཅོས་པ་མེད་པར་ལྷུན་གྲུབ་ཏུ་ཡོད་པ་ནི་ཕྲིན་ལས་སོ། །ཕྲིན་ལས་བཞི་པོ་ཡང་ཚང་སྟེ། མཉམ་བཞག་གི་ངོ་བོ་སྤྲོས་པ་ཐམས་ཅད་ཞི་བས་ཞི་བའོ། །ཆེ་བའི་ཡོན་ཏན་སྟོབས་སོགས་འདུ་འབྲལ་མེད་པ་རང་ཆས་སུ་ཡོད་པ་ནི་རྒྱས་པའོ། །ངོ་ཤེས་མ་ཤེས་ཙམ་ལས་འཁོར་འདས་སེམས་ལས་གཞན་དུ་མེད་ན་ནི་དབང་ངོ་། །དབྱིངས་རིག་གི་ངོ་བོ་ལ་རྣམ་པར་རྟོག་པས་གླགས་མི་རྙེད་པ་ནི་དྲག་པོའོ། །ཐབས་དང་དབྱིངས་ནི་དབྱེ་གཞིར་ལྡོག་པ་ཙམ་སྟེ། ཐབས་བདེ་བ་ཆེན་པོ་ཡེ་ཤེས་དང་། དབྱིངས་ནི་སྟོང་པ་ཉིད་དེ་ཤིན་ཏུ་སྤྲོས་པ་དང་བྲལ་བའི་གཞིའོ། །འདི་རྣམས་གཞི་ལ་འཇོག་པའི་ཚེ་གཞི་ཉིད་སྤྲོས་པ་དང་བྲལ་བ་རང་བཞིན་གྱིས་སྟོང་པ་ཉིད་ལ་འབྱུང་རུང་གི་ནུས་པ་ཙམ་གྱི་ལྡོག་ཆའོ། །ལམ་གྱི་སྐབས་སུ་ཅི་རིགས་པ་ཡོད་ཅིང་། སངས་རྒྱས་པའི་ཚེ་ལྷུན་གྱིས་གྲུབ་པའོ། །འདི་དག་ཐ་སྙད་ཀྱི་སྒོ་ནས་བརྟག་ཅིང་རྗེས་ཐོབ་ངེས་པ་འདྲེན་པས་དབྱེ་བར་བཤད་ཀྱི། དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པ་ནི་ནམ་མཁའི་དབྱིངས་དང་འདྲ་བའི་ཕྱིར་དེ་འདྲའི་སྤྲོས་པའི་མཚན་མ་མངོན་གྱུར་ཡོད་པའི་དོན་དུ་རྟོག་པར་མི་བྱའོ། །གསུམ་པ་གྲུབ་པའི་མཐའ་ནི། དེ་ལྟར་གཞལ་བྱ་ཞེན་རྟོག་ཡུལ་དང་བཅས་པ་འཇལ་བྱེད་གཏན་ཚིགས་བཞིས་གཞལ་བས་ཆོས་ཐམས་ཅད་གཞི་རྒྱུད་བདེར་གཤེགས་སྙིང་པོའི་རང་རྩལ། ལྷག་པའི་ཀུན་རྫོབ་བདེན་པ། ལྷག་པའི་དོན་དམ་བདེན་པ། ལྷག་པའི་བདེན་གཉིས་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བ་གཏན་ལ་ཕེབ་པ་ལ་གྲུབ་མཐའ་ཞེས་གསུངས་སོ། །འདིར་ཁ་ཅིག་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་འབྱེད་པ་རྙིང་མའི་ལུགས་ཡིན་གྱི་རང་ལུགས་ལ་ཁྱད་པར་མི་འབྱེད་ཟེར། སྔ་འགྱུར་རྙིང་མའི་ལྟ་བའི་ཁྱད་པར་གསུམ་ལས། ཆོས་ཉིད་ལྟ་བའི་ངོས་ནས་ཁྱད་པར་མེད་དེ་སྔགས་ཀྱི་ལྟ་བ་ཡང་སྤྲོས་པའི་མཐའ་དང་བྲལ་བ་ཁས་ལེན་མེད་པ་ཡིན་ལ། རང་བཞིན་གྱིས་གྲུབ་པར་འཛིན་པ་ལ་ཡང་དག་པའི་ལམ་སོགས་མི་འཐད་དེ། རྩ་ཤེས་ལས། ལམ་ལ་རང་བཞིན་ཡོད་ན་ནི། །བསྒོམ་པ་འཐད་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར་དང་། ཐུན་མོང་གི་ཐེག་པའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཚུལ་གཅིག་པ་དང་བདག་མེད་པའི་ལྟ་བ་ཡང་རྒྱུ་གཅིག་པའི་གཏན་ཚིགས་སུ་འདུ་བས་མདོ་སྔགས་ཀྱི་ལྟ་བ་གཏན་ལ་འབེབས་པའི་མན་ངག་ཐམས་ཅད་འདིར་ཚང་བ་སྟེ། རྣམ་ཐར་སྒོ་གསུམ་གྱི་སྟོང་པ་ཉིད་དེ་མདོ་སྔགས་གཉིས་ཀྱི་ཐུན་མོང་གི་ལྟ་བ་ཡིན་པས་སྤྱི་དོན་དུ་ཤེས་དགོས་པའི་ཕྱིར་རོ། །རྩ་རྒྱུད་ལས། གཅིག་དང་དུ་མ་བྲལ་བ་ཡི། ། མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་སྟེ། །རང་བྱུང་ཡེ་ཤེས་གནས་མེད་དང་། །ཞེས་གསུངས་སོ། །དེ་ལ་དགོངས་ནས་ས་པཎ་གྱིས། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་གྱུར་ན། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །སྤྲོས་བྲལ་ཡིན་ན་ཁྱད་པར་མེད། །ཅེས་གསུངས། དེ་ལྟར་མིན་པ་སྒྲ་ཇི་བཞིན་ཡིན་ན། སྒོམ་དེ་ཉོན་མོངས་ཅན་དུ་འགྱུར། །སྤྱོད་དེ་ལྟུང་བ་ཅན་དུ་འགྱུར། །ཞེས་ཚིག་རྐང་བཞི་པོ་བསྒྱུར་ནས་བརྗོད་པའི་དོན་ཁས་ལེན་དགོས་སོ། །ཆོས་ཅན་ལྟ་བ་དང་། །རང་རིག་ལྟ་བའི་སྒོ་ནས་ཁྱད་པར་ཆེ་སྟེ། རྒྱུ་མཚན་ཉིད་ཐེག་པའི་རྩེ་མོ་བླ་ན་མེད་པ་དབུ་མའི་ལུགས་ལ་ཀུན་རྫོབ་ཏུ་སྣང་བའི་ཆོས་ཐམས་ཅད་བདེན་མེད་སྒྱུ་མའི་རྟེན་འབྱུང་ཙམ་དུ་བལྟ་བ་ལས་དག་པ་ལྷར་བལྟ་བར་མ་བཤད་ལ། འབྲས་བུ་རྡོ་རྗེ་ཐེག་པ་ཐབས་ཀྱི་ལམ་མཆོག་འདིར་ནི་སྣོད་བཅུད་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་རང་ཆས་སུ་བཞུགས་པར་བལྟ་ཞིང་། དེའང་དབྱིངས་དང་གཉིས་སུ་མེད་པའི་རང་རིག་བདེ་ཆེན་གྱི་དག་པའི་རྣམ་རོལ་ལམ་རྩལ་ལས་རང་སྣང་བར་འདོད་པའི་ཕྱིར་ཏེ། །རྒྱུད་འདི་རུ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཅེས་སོགས་དང་། གསང་འདུས་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་རུ་རབ་ཏུ་གྲགས། །ཅེས་དང་། བཅོས་ནས་ལྷར་བལྟ་བ་ནི་ལམ་འདིར་མ་རིག་པར་གཏོགས་པས་རིག་པ་ཡེ་ཤེས་རང་སྣང་ཡེ་ནས་ལྷུན་གྲུབ་ཏུ་བོད་པའི་དོན་ཏེ། ཇི་སྐད་དུ། རྡོ་ཤིང་འདྲ་འབག་ལ་སོགས་པའི། །གཟུགས་བརྙན་ཡོངས་སུ་རྫོགས་པ་དང་། །རས་དང་ཚོན་ལ་སོགས་པ་ཡི། །གཟུགས་བརྙན་ཡོངས་སུ་རྫོགས་པ་ལ། །བྱིན་རླབས་ཡེ་ཤེས་དབབ་བྱས་ནས། །ལྷ་ཡིན་ཟེར་ནས་མཆོད་སོགས་ཏེ། །བཅོས་མ་ལ་སོགས་དེ་ལྟར་ན། །ཕུང་སོགས་ཡེ་ནས་སངས་རྒྱས་ལ། །ཅི་ཡི་ཕྱིར་ན་མཆོད་མི་བྱེད། །ཅེས་གསར་རྙིང་གི་རྒྱུད་སྡེ་དཔག་ཏུ་མེད་པ་ལས་གསུངས་པའི་ཕྱིར་དང་། སྒྱུ་འཕྲུལ་ལམ་རིམ་རྒྱ་གཞུང་ལས། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་ལ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས་སོ། །སྣང་གཞི་སྟོང་པར་གཞལ་ན་སྤྲོས་བྲལ་ལས་མི་འདའ་ཡང་གཞི་སྣང་དག་པའི་ཀུན་རྫོབ་རབ་འབྱམས་སྣང་བའི་རྒྱུ་མཚན་གྱིས། གཞི་ཉིད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལ་འདོད་པ་སོགས་ཤིན་ཏུ་སྤྲོས་པས་ཆོག་གོ །མདོར་ན་འདིས་ཤེས་ཏེ། པདྨ་རྩེ་མོ་ལས། དྲི་མེད་དབྱིངས་ཀྱི་རང་བཞིན་ནི། །སྐུ་གསུམ་ཡེ་ཤེས་གཞི་དང་བཅས། །གང་ཚེ་དག་པ་དེ་ཉིད་དུ། །རང་གསལ་མངོན་དུ་འཆར་བ་དང་། །འདྲ་བ་ལམ་དུ་བྱེད་པ་ལ། །འབྲས་བུའི་ཐེག་པར་ཡང་དག་བརྗོད། །ཅེས་གསུངས་པས་རྒྱུད་སྡེ་ཆེན་པོ་རྣམས་སུ་འབྲས་བུ་སྐུ་གསུམ་ལམ་དུ་བྱས་ནས་རིམ་གཉིས་སྒོམ་ཚེ་ཆོས་སྐུ་ལམ་བྱེད་ལ་ཤུ་ནྱ་ཏའི་སྔགས་ཀྱི་ངེས་དོན་བཤད་ན། ཡུལ་སྟོང་པ་ཉིད་དང་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་རྟོག་པ་ནམ་ཡང་དབྱེར་མི་ཕྱེད་པ་རྡོ་རྗེ་ལྟར་ཟུང་དུ་འཇུག་པ་དེ་ཉིད་གཞི་འབྲས་ཀུན་ཏུ་རང་བཞིན་རྣམ་དག་ཁྱད་མེད་དུ་ཡོད་པའི་དོན་ཡིན་པར་རྒྱ་བོད་གྱི་མཁས་གྲུབ་ཡོངས་ཀྱིས་བཞེད་པ་ཡིན་ནོ། །ཁ་ཅིག་ན་རེ། ཆོས་ཅན་ལྟ་བ་དེ་ལྟ་བ་མ་ཡིན་ཏེ། ལྟ་བ་ཡིན་ན་སྤྲོས་བྲལ་ཡིན་དགོས་པའི་ཕྱིར། ཞེས་སྨྲའོ། །དེ་ལ་བཤད་པར་བྱ་སྟེ། སྤྲོས་པ་ཞེས་བྱ་བ་བློས་བརྟགས་པའི་དངོས་པོ་མཚན་མ་རྣམས་ཡིན་ན། འཁོར་འདས་ཀྱི་ཆོས་རྣམས་ལ་སྒྲོ་སྐུར་བྱེད་པའི་སྤྲོས་པ་མ་ལུས་པ་གཏན་ཚིགས་བཞིས་བཅད་ཟིན་པས་འདིར་ཚད་མ་དང་འགལ་བའི་སྤྲོས་པ་ཡོད་པ་ཡང་མི་འདོད་ལ། སྣང་ཙམ་གྱི་ལམ་རྣམས་ནི་བཟློག་པར་བྱ་བ་མ་ཡིན་ནོ། །ཡང་འདི་ལྟར་སེམས་ཀྱི་དངོས་པོའི་སེམས་ཉིད་དངོས་མེད་ཀྱི་ཡེ་ཤེས་གཏན་ལ་འབེབས་དགོས་པ་ནི། རྒྱུད་ལས། དངོས་པོའི་གནས་ལུགས་ལ་བརྟེན་ནས། །དངོས་མེད་ཡེ་ཤེས་འོད་གསལ་བ། །ཞེས་གསུངས་པ་དང་། བརྟགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་ཇི་སྐད་གསུངས་པ་ལྟར། ལྟ་བ་ཤེས་རབ་ཀྱིས་ཆོས་ཅན་ལྟ་བའི་སྟེང་ནས་བདེན་པ་གཉིས་དང་འགལ་བའི་སྤྲོས་པ་རྣམས་གཅོད་དགོས་ཀྱི། ཆོས་ཅན་ལས་གཞན་ན་དོན་འཚོལ་ས་དང་སྤྲོས་པ་གཅོད་ས་ཡོད་པ་མ་མཐོང་ངོ་། །དེའི་ཕྱིར་ཆོས་ཅན་ཀུན་རྫོབ་ཀྱི་སྣང་བ་བདེན་མེད་འདི་ལ་གཅིག་དང་ཐ་དད་གང་དུའང་གཟུང་དུ་མེད་པར་ངེས་ན། བདེན་གཉིས་དབྱེར་མེད་ཁས་ལེན་དང་བྲལ་བའི་དབུ་མ་ཆེན་པོས་སོང་བས་དེ་ལ་རྟག་ཆད་ཀྱི་མིང་ཡང་མེད་དོ། །ཁྱེད་ཀྱི་ལྟར་ན་དོན་དམ་མ་ཡིན་པའི་ཀུན་རྫོབ་ཐ་སྙད་ཚད་མས་གྲུབ་པའི་སྟེང་དུ་ལས་འབྲས་ཀྱི་རྣམ་བཞག་འཇོག་ཚེ། ཀུན་རྫོབ་སྣང་བའི་སྟོང་ལྡོག་དོན་དམ་དང་བྲལ་བས་རྟག་པ་དོན་ལ་གནས་ཟིན་ཏོ། །དེ་བཞིན་དུ་ཀུན་རྫོབ་མ་ཡིན་པའི་དོན་དམ་ཚད་མས་རྙེད་པའི་སྟོང་རྐྱང་མེད་དགག་ལ་སྤྲོས་བྲལ་གྱི་ལྟ་བ་འཇོག་ཚེ། དོན་དམ་སྟོང་པའི་སྣང་ལྡོག་དང་བྲལ་བའི་ཆད་པ་དོན་ལ་གནས་ཟིན་པའི་ཕྱིར། ཕན་ཚུན་གཉིས་ཀ་ལ་གཉིས་ཀ་བསལ་བའི་ནུས་པ་མེད་པས་རྟག་ཆད་གཉིས་སྟབས་གཅིག་ཏུ་ཁས་བླངས་པ་ཡིན་ནོ། །དེས་ན་ངེད་ཅག་ཁོ་ན་ལ་ཀླན་ཀ་སྨྲ་བར་མི་བྱའོ། །གང་ཞིག་ཕྱོགས་གཅིག་ཐུན་མོང་གི་ཐེག་པ་ལ་ཞེན་ནས་དེ་དང་རྣམ་པར་བཞག་པ་འགལ་བ་ཐུན་མོང་མ་ཡིན་པ་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་ལ། མ་རྟོགས་པ་དང་ལོག་པར་རྟོག་པ་ལ་སོགས་པས་རྒོལ་བ་དག་ལ། ལན་བཤད་པར་བྱ་དགོས་གང་འདིར་སྐབས་སུ་མ་བབ་ཅིང་། སྤྱིར་ཡང་དགོས་པ་ཁྱད་པར་ཅན་མེད་པར་རྟོག་གེའི་ཚིག་ལ་རྡོ་རྗེའི་ཚིག་གིས་རྩོད་ན་གསང་སྒྲགས་ལ་སོགས་པའི་ཉེས་པ་འབྱུང་བ་སྟེ། སྙིང་པོ་རྒྱན་ལས། འདུ་འཛིའི་ནང་དུ་གསང་བ་ཡི། །ཆོས་དང་མེ་རྫོགས་སེམས་ཅན་དང་། །རྡོ་རྗེའི་ཚིག་ལ་རྩོད་པ་དག །སྔགས་པ་དམ་ཚིག་ཉམས་བྱེད་པས། །འབད་དེ་ཀུན་ཏུ་མི་བྱའོ། །ཞེས་གསུངས་པའི་ཕྱིར་རེ་ཞིག་བཏང་སྙོམས་བྱའོ། །དེ་ཡན་ཆད་ཀྱི་ས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་གྲུབ་མཐའ་དང་བཅས་པ་རགས་བསྡུས་བཤད་ཟིན་ཏོ། །ད་ནི་གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་བཤད་པ་ལ། དེ་སྒོམ་པའི་རྒྱུ་མཚན་དང་། བསྒོམ་བྱ་དངོས་གཉིས་དང་པོ་ནི་ཇི་སྐད་དུ། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོགས་པས་དབང་བསྒྱུར་ཏིང་འཛིན་ཡིན། །ཅེས་དང་མདོ་ལས་ཀྱང་། ཡིད་མཉམ་པར་གཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཞེས་གསུངས་པ་ལྟར། རྟོགས་པ་ལ་རང་དབང་ཐོབ་པར་བྱ་བའི་ཕྱིར་ཞི་གནས་ཏིང་འཛིན་བསྒོམ་དགོས་པར་བསྟན་པའོ། །གཉིས་པ་ལ་འཆི་བར་སྐྱེ་གསུམ་སྦྱོང་བའི་ཟག་བཅས་ཀྱི་ལམ་ལྔ་སྟེ། སྟོང་པ་ཆེན་པོའི་རྣལ་འབྱོར། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་ཀྱི་རྣལ་འབྱོར་རོ། །འདི་ལ་མོས་སྒོམ་དང་ངེས་རྫོགས་སུ་སྒོམ་པ་གཉིས་ལས་ཕྱི་མ་ལྟར་སྒོམ་ན་སྔ་མ་སྔ་མ་གོམས་ནས་ཕྱི་མར་འཇུག་སྟེ་མཐར་ཆགས་སུ་སྒོམ་པའོ། གང་ལྟར་ཡང་དང་པོ་ནི། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །ཞེས་དང་སྤྱོད་འཇུག་ལས་ཀྱང་གླང་པོ་ཆེ་འདུལ་ཚུལ་གྱིས་སེམས་འདུལ་དགོས་པ་བསྟན་པ་ལྟར། གླང་ཆེན་སྨྱོན་པ་ཁྲོམ་འདུལ་དང་། །རྒྱན་འདུལ་གྱིས་འདུལ་བ་ལྟར། །ཐོས་བསམ་གྱི་དུས་སུ་རྟགས་དང་གཏན་ཚིགས་སོགས་ཀྱིས་དོན་སྤྱིའི་ཚུལ་དུ་མཐོང་བའི་རང་བཞིན་ཐོག་ཏུ་འཇོག་པ་དང་། མན་ངག་གི་ལམ་གྱིས་དང་པོ་ནས་ཐད་ཀར་ངོ་སྤྲད་པའི་ཐོག་ཏུ་སྤྱི་བླུགས་སུ་འཇོག་པ་གཉིས་གང་རུང་གི་སྒོ་ནས་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་མཉམ་པར་འཇོག་པ་སྟེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱའོ། །གཉིས་པ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ནི། རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཅེས་པས་སྟོང་ཆེན་དེ་བཞིན་ཉིད་ཀྱི་ངང་ནས་རྩལ་གཡོས་པའི་རྟོག་ཚོགས་གང་ཤར་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་རྩལ་སྦྱོང་བ་སྟེ། འཁོར་བའི་ཆོས་ཐམས་ཅད་ལོག་རྟོག་སྒྱུ་མ། རྟེན་འབྲེལ་སྒྱུ་མ། རིག་པ་སྒྱུ་མ། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཐབས་སྒྱུ་མ། ཕྱག་རྒྱ་སྒྱུ་མ། ཡེ་ཤེས་སྒྱུ་མ་དྲུག་གི་རང་བཞིན་དུ་ཤེས་ནས། དེ་ལྟར་མ་རྟོགས་པའི་སེམས་ཅན་སྒྱུ་མ་ལྟ་བུ་རྣམས་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་སྒོམ་པའོ། །དེ་ཡང་མ་ན་ཞེས་པའི་སྒྲ་དོན་འགྱུར་བྱས་ནས་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་ལའང་འཇུག་སྟེ། རིག་པ་ཆེན་པོའི་སྔགས་ཞེས་པ་ལ་སོགས་པའི་དོན་ནོ། །གསུམ་པ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ནི། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཞེས་གསུངས་པའི་དོན། གོང་དུ་བཤད་པའི་སྟོང་ཉིད་སྙིང་རྗེ་སྣང་སྟོང་བདེན་པ་དབྱེར་མེད་ཀྱི་ངོ་བོ་སེམས་ཉིད་ཨ་དཀར་པོའི་རྣམ་པར་སྒོམ་པ་ནི་ཕྲ་བ་ཡིག་འབྲུ་དང་། དེ་ཉིད་ཕྱག་རྒྱར་སྒོམ་པ་རགས་པ་ལྷ་སྐུ་ལ་བསླབ་པ་སྟེ་དེ་གཉིས་ལ་སྒྱུ་མའམ་རྩ་བའི་ཐབས་ཅེས་བྱའོ། །འདི་རྒྱུའི་ཏིང་འཛིན་ཏེ་གཞན་དུ་རྩ་བའི་ས་བོན་ཧཱུཾ་ལ་སོགས་པ་བསྟན་པ་དེ་ཡིན་ནོ། །བཞི་པ་ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་ནི། །ཐ་དད་མིན་ལས་ཐ་དད་པའི། །ནང་དང་ནང་གི་ཕྱི་རོལ་གྱི། །དཀྱིལ་འཁོར་བསམ་ཡས་ཞེས་གསུངས་པས། །རྩ་བའི་ཐབས་སམ་རྒྱུ་ལས་བྱུང་བ་འབྱུང་བཞི་རིམ་བརྩེགས་རྟེན་གཞལ་ཡས་ཁང་གདན་དང་བཅས་པ་དང་། ཐབས་བསམ་ཡས་ནི་བརྟེན་པ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དེ། དེ་གཉིས་ཀའང་ཉི་མ་དང་འོད་ཟེར་བཞིན་རིག་པའི་ཡེ་ཤེས་ཉིད་ལས་དོན་གཞན་ཐ་དད་པ་མ་ཡིན་ཀྱང་། ནང་གི་ལྷ་དང་ཕྱི་རོལ་གྱི་གཞལ་ཡས་ཁང་ཐ་དད་པར་སྣང་བའི་དཀྱིལ་འཁོར་བསམ་ཡས་སུ་སྒོམ་པའོ། །དེ་ཡང་མཉམ་བཞག་མི་རྟོག་པའི་ཡེ་ཤེས་ཀྱི་རྣམ་རོལ་དུ་ཤར་བས་དག་པ་འཇིག་རྟེན་པའི་ཡེ་ཤེས་ཞེས་གསུངས་སོ། །འདི་ཡན་ཆད་སྦྱོང་བྱེད་ཏིང་ངེ་འཛིན་གསུམ་གྱིས་སྦྱང་བྱ་སྐྱེ་འཆི་བར་དོ་གསུམ་དང་ཁམས་གསུམ། སྦྱངས་འབྲས་སྐུ་གསུམ་འགྲུབ་རུང་གི་རྟེན་འབྲེལ་བསྒྲིག་ཚུལ་དང་། ཏིང་འཛིན་གསུམ་གྱི་འབྲས་བུ་བསྐྱེད་རྫོགས་སྒོམ་པ་ཡང་། ཇི་སྐད་དུ། བསྐྱེད་རིམ་སྣང་འདིའི་བདེན་ཞེན་འགོག་པ་སྟེ། །རྫོགས་རིམ་སྒྱུ་མར་ཞེན་པའི་རྟོག་པ་སྤོང་། །གང་ལ་སྣང་སྟོང་བདེན་ཞེན་མེད་པས་ན། །བསྐྱེད་རྫོགས་གཉིས་མེད་རང་བཞིན་དག་པ་ཡིན། །ཅེས་གསུངས་པ་ལྟར་རིམ་གཉིས་ཟབ་མོའི་ཏིང་ངེ་འཛིན་གྱིས་སྦྱང་བྱ་སྦྱངས་འབྲས་དང་། དག་རྫོགས་སྨིན་གསུམ་ཚང་ཚུལ་སོགས་རྒྱས་པར་འདིར་འདྲི་བར་མི་ནུས་པས་གཞན་དུ་བལྟ་བར་བྱའོ། །མདོར་ན་འཁོར་བའི་གཞི་ཕུང་ཁམས་སྐྱེ་མཆེད་མི་སྤོང་པའི་ཐབས་མང་ཡང་ཐབས་བསྐྱེད་རྫོགས་གཉིས་སུ་འདུ་སྟེ། ཐབས་དེས་ཟིན་ན་མྱང་འདས་ཀྱི་གཞིར་འགྱུར་བའི་ཕྱིར། དེ་ཡང་དང་པོ་ནི་གཟུང་འཛིན་གྱི་སྣང་བ་ཐམས་ཅད་རང་གི་ལྷག་པའི་ལྷ་གཅིག་ཉིད་དུ་ཤེས་ཤིང་ང་རྒྱལ་གྱིས་འདོད་ཡོན་ལ་ཅི་དགར་ལོངས་སྤྱོད་པ་སྟེ། གསང་འདུས་ལས། འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཇི་ལྟར་འདོད་པས་བརྟེན་བྱས་ཏེ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ཡང་མཆོད་པར་བྱ། །ཞེས་སྤྲོས་མེད་ཀྱི་རྣལ་འབྱོར་ཏེ་བསྐྱེད་རིམ་དེ་ཙམ་གྱིས་མཚན་རྟོག་བཟློག་པའི་ཐབས་སོ། །གཉིས་པ་སྤྲོས་བཅས་ཀྱི་རྣལ་འབྱོར་ནི་ཕུང་ཁམས་ཀྱི་དབྱེ་བ་ཇི་སྙེད་པ་དེ་སྙེད་དུ་ལྷ་སོ་སོའི་རྣམ་པ་རང་ཤར་ཏེ་ཅིར་སྣང་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་སྒོམ་པ་སྟེ། ཐ་མལ་གྱི་ཞེན་པ་དང་རིལ་པོར་ཞེན་པའི་རྣམ་རྟོག་བཟློག་པའི་ཐབས་སོ། །རྒྱུད་འདི་དང་གསང་འདུས་ལས། མདོར་ན་ཕུང་པོ་ལྔ་རྒྱལ་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །རྡོ་རྗེ་སྐྱེ་མཆེད་འདི་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་སོ། །དེ་དག་རྫོགས་རིམ་གྱི་ཐབས་ཀྱིས་མི་རྟོག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་གཟུང་འཛིན་གྱི་རྟོག་པ་ལས་གྲོལ་བའི་འོད་གསལ་ལ་སྦྱོར་བའོ། །དེ་ལྟར་སྟོང་པ་ཆེན་པོ་སོགས་བཞི་ནི་ཚོགས་ལམ་ཡིན་པས་ཟག་བཅས་དང་དམ་ཚིག་ཉམས་པས་འཁོར་བ་དང་ལམ་གཞན་ལ་ལྡོག་པ་སྲིད་དོ། །ལྔ་པ་ཚོམ་བུ་ཚོགས་བསྒྲུབ་ནི། ཡེ་ཤེས་རོལ། །ཅེས་པའི་དོན་ཏེ། ཡེ་ཤེས་ཀྱི་རང་བཞིན་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བརྟེན་ནས། དམ་ཚིག་ཅན་སྐལ་ལྡན་གྱི་མི་དང་། དགྱེས་ལྡན་གྱི་ལྷ་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་ཆེན་པོ་ཚོམ་བུར་འདུས་པ་དང་། འབྱོར་ལྡན་གྱི་ཡོ་བྱད་བཟའ་བཏུང་། གོས་རྒྱན། གླུ་གར། སྦྱོར་སྒྲོལ་གྱི་ཡོ་བྱད་གང་ལའང་སྤང་བླང་མེད་པར་ཡུལ་དང་ཡུལ་ཅན་ཐམས་ཅད་ལྷ་དང་ཆོས་ཉིད་ཡེ་ཤེས་ཀྱི་རང་བཞིན་དུ་གཉིས་སུ་མེད་པར་རོལ་བཞིན་ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་། བསྙེན་སྒྲུབ་བཞིས་གཞུང་བསྲངས། འབྲས་བུ་རིག་འཛིན་བཞིས་ས་བཅད་དེ་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་པའི་ཉེ་རྒྱུ་སྟེ། འདི་སྦྱོར་ལམ་གྱི་རྣལ་འབྱོར་ཡིན་ཅིང་སྤྱོད་པའི་དུས་གྲངས་ངེས་པས་ཟག་མེད་ལ་དངོས་སུ་སྦྱོར་བའི་བར་ཆད་མེད་ལམ་ཡིན་པས་ཕྱིར་ལྡོག་པ་མེད་པའོ། །གསུམ་པ་མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་ལ། གནས་སྐབས་སློབ་ལམ་དུ་གྱུར་པའི་རིག་འཛིན་བཞི་དང་། མཐར་ཐུག་མི་སློབ་པའི་འབྲས་བུ་ཡོངས་སུ་རྫོགས་པར་བཤད་པ་གཉིས་ལས། དང་པོ་ནི། འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག །ཅེས་པས་མཉམ་བཞག་ཆོས་ཉིད་ཀྱི་དགོངས་པ་མངོན་དུ་གྱུར་པས་རྗེས་ཐོབ་གང་ལའང་འཇིགས་པ་མེད་ཅིང་སྣང་སྤྱོད་ཐམས་ཅད་དག་པ་རབ་འབྱམས་སུ་ཤར་བས། ཀུན་ཏུ་བཟང་པོའི་སྤྱོད་པ་ཡོངས་སུ་རྫོགས་ཤིང་ནང་གིས་བགྲོད་པའི་ས་ལམ་གྱི་ཡེ་ཤེས་རྣམས་སྒྱུ་མའི་ཕྱག་རྒྱ་ལྷུན་གྲུབ་ཏུ་རང་ཤར་བར་འགྱུར་བ་བསྟན་ཏོ། །དེ་ཡང་རིག་འཛིན་བཞིའི་འགྲོ་ལུགས་ལ་བཀའ་སྡེ་ཟུར་པ་ཡབ་སྲས་ལྟར་ན། རིག་འཛིན་བཞི་པོའི་མ་མཐའ་མཐོང་ལམ་དང་ཡ་མཐའ་རྒྱུན་མཐར་འཇོག་པས་དེ་བཞི་གང་རུང་ཡིན་ན་སྔགས་བླ་མེད་ཀྱི་སློབ་པ་འཕགས་པ་ཞིག་ཡིན་པས་ཁྱབ་བོ། །ངོས་འཛིན་པ་ཁ་ཅིག་རྣམ་སྨིན་རིག་འཛིན་མོས་སྤྱོད་དུ་འཇོག་ཀྱང་། འདིར་ཇི་སྐད་དུ། ནུས་པ་ཐོབ་དང་མ་ཐོབ་ལས། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཅེས་གསུངས་པས། སྔགས་བླ་མེད་ཀྱིས་མཐོང་ལམ་པ་ཡིན་ཀྱང་གང་ཟག་དབང་པོ་རྟུལ་བའི་རྒྱུ་མཚན་གྱིས་འབྱུང་བ་སྙིགས་མའི་ལུས་ཡེ་ཤེས་ཀྱིས་མེས་སྦྱང་བར་མ་ནུས་ཤིང་ཡིད་འོད་གསལ་གྱི་ལྷ་སྐུར་སྨིན་པ། །ལུས་རྒྱའི་འཆིང་བ་བྲལ་མ་ཐག་ཕྱག་ཆེན་རིག་འཛིན་ལ་སྦྱོར་བའི་རྣམ་སྨིན་དང་། རྣལ་འབྱོར་པ་དབང་པོ་རྣོ་བས་ལུས་པོ་ཡང་ལ་སོགས་པའི་འཇའ་ལུས་ཀྱི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་རྡོ་རྗེའི་སྐུ་མི་དང་འདོད་གཟུགས་ཀྱི་ལྷའི་གཙོ་བོའི་ཆ་བྱད་དུ་སྟོན་པ་ཚེ་དབང་རིག་འཛིན་ཏེ། ལར་འདི་གཉིས་དོན་གྱི་འོད་གསལ་གྲུབ་པ་ལ་ཁྱད་པར་མེད་ཀྱང་དེ་ལས་ཟུང་འཇུག་གི་ལྷ་སྐུར་དངོས་སུ་ལྡང་ནུས་མི་ནུས་ལ་གཞག་ཅེས་བླ་མ་རིག་འཛིན་གྱི་སར་བཞུགས་རྣམས་བཞེད། སྒོམ་ལམ་པ་ནི་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ་ཅན་མཚན་དཔེ་རྫོགས་པའི་བདག་ཉིད་ཕྱག་རྒྱ་ཆེན་པོའོ། །དོན་དུ་སྒོམ་ལམ་ས་དགུ་ལ་གནས་པ་ཕལ་ཆེར་ཡིན་ནོ། །མཐར་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་མ་རག་པའི་ས་བཅུའི་ཁྱད་པར་གྱི་ལམ་པ་ཞིག་ལ་ལྷུན་གྲུབ་རིག་འཛིན་དུ་བཞག་གོ །གཉིས་པ་མཐར་ཐུག་གི་འབྲས་རྒྱུད་ཡོངས་སུ་རྫོགས་པ་ནི། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པས། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །དཀྱིལ་འཁོར་ཐམས་ཅད་གྲུབ་པར་འགྱུར། །ཞེས་གསུངས་པས། བླ་མེད་ལམ་གྱི་དྲི་མ་སྣང་གསུམ་ཕྲ་བའི་བག་ཆགས་དང་བཅས་པ་སྦྱངས་པ་ལས་གཞི་རྒྱུད་ལ་ཇི་ལྟར་བཞུགས་པའི་ཡོན་ཏན་མངོན་དུ་གྱུར་པ་ནི་མཐར་ཐུག་གི་འབྲས་བུ་སྟེ། ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུ་བརྗོད། །ཅེས་ཕར་ཕྱིན་ཐེག་པའི་འབྲས་བུ་ལས་ཁྱད་པར་འཕགས་པ་སྟེ། སཾ་བུ་ཊི་ལས། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མངོན་དུ་མ་བྱས་པ་དེ་དག་ནི་བདེ་བར་གཤེགས་པ་སྟེ་སངས་རྒྱས་ཡིན་ལ། མཚན་གཞི་མཚོན་པར་བྱེད་པ་ནི་རྡོ་རྗེ་སེམས་དཔའ་ཡང་དག་པའོ། །ཞེས་གསུངས་སོ། །དེ་ཡང་སྣང་ཆ་ཀུན་རྫོབ་ཀྱི་ངོས་ནས་སྒྱུ་འཕྲུལ་གྱི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་པོ་དྲ་བ་སྟོང་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་མངོན་པར་རྫོགས་ཏེ་བྱང་ཆུབ་པ་ན། ཕྱོགས་བཅུ་དུས་བཞིར་རྫོགས་པའི་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཅིག་ཆར་དུ་འགྲུབ་པར་འགྱུར་ཏེ། རྒྱལ་བ་ཐམས་ཅད་སྐྱེ་བ་མེད་པའི་ཡེ་ཤེས་ཀྱི་ཀློང་དུ་ཐ་དད་མེད་པའི་ཕྱིར་རོ། །དེ་ལྟར་ན་འབྲས་བུ་སྐུ་དང་ཡེ་ཤེས་མཐར་ཐུག་པ་རྣམས་ཐབས་ཆེན་སྔགས་ཀྱི་ཐེག་པ་ཁོ་ནས་བསྒྲུབ་དགོས་པ་སྟེ། རྒྱུད་ལས། གང་ཡང་འདས་དང་མ་བྱོན་དང་། །ད་ལྟར་བྱུང་བ་མ་ལུས་པ། །གསང་ཆེན་མཆོག་འདིས་མ་བགྲོད་པར། །བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། །ཞེས་སོགས་ལུང་མང་དུ་ཡོད་དོ། །ཇི་སྐད་བཤད་པ་རྣམས་བསྡུ་ན་གཞི་རྒྱུད་བདེ་གཤེགས་སྙིང་པོ་ལྷག་པའི་བདེན་པ་དབྱེར་མེད་ཉིད་ལྟ་བས་གཏན་ལ་ཕབ་ནས། སྒོམ་པ་ཏིང་ངེ་འཛིན་གྱིས་ཉམས་སུ་བླངས་ཤིང་སྤྱོད་པ་ཚོགས་ཀྱི་སྒྲུབ་པ་ལ་སོགས་པས་བོགས་དབྱུང་ནས་འབྲས་བུ་རང་གནས་ཀྱི་དཀྱིལ་འཁོར་མངོན་དུ་གྱུར་པ་ལ་རྒྱུད་དོན་ཐམས་ཅད་འདུས་པ་ཡིན་ནོ་ཞེས་མཁས་ཤིང་གྲུབ་པའི་དབང་པོ་རྣམས་ཀྱིས་གསུངས་སོ། །སྨྲས་པ། སྔོན་ནས་སྐུ་གསུམ་བརྙེས་ཀྱང་གཞན་ཕན་གྱི། །ཐུགས་རྗེའི་གྲུ་གཟིངས་གྲུབ་པའི་འགྲོ་བ་ཀུན། །རླབས་ཆེན་འཁོར་བའི་མཚོ་ལས་སྒྲོལ་མཛད་པ། །རྒྱལ་ཀུན་འདུས་པའི་སྐུ་བརྙན་རྡོ་རྗེ་འཆང་། །སྤང་བླང་སྤྲོས་ཀུན་རབ་ཞི་གདོད་མའི་དབྱིངས། །རྣམ་ཀུན་ཟུང་འཇུག་བླ་མེད་གསང་མཆོག་གི །ཆོས་ཚུལ་གདུལ་བྱའི་རྣ་བར་འཁོར་མཛད་པའི། །རིག་འཛིན་རྩ་བརྒྱུད་བླ་མས་བདག་བྱིན་རློབས། །ཁྱབ་བདག་རྡོ་རྗེ་སློབ་དཔོན་གྲུབ་པའི་གཙོ། །བསམ་ཡས་དཀྱིལ་འཁོར་ཉིད་དང་དབྱེར་མེད་པ། །གསང་སྒྲོགས་དབྱར་གྱི་རྔ་ཆེན་མངོན་སུམ་དུ། །ཐོས་དགའི་རྣམ་འགྱུར་རྨ་བྱའི་མདོངས་མཐའ་བཞིན། །ཕྱོགས་དུས་རྒྱལ་བ་རྒྱ་མཚོའི་སྐུ་གསུང་ཐུགས། །གསང་ཆེན་སྔགས་ཀྱི་མཐུ་ལས་འགྲུབ་འགྱུར་ཞེས། །རྡོ་རྗེའི་ཚིག་གིས་ལན་བརྒྱར་བསྔགས་པའི་གཏམ། །ཡིད་རྟོན་ངེས་པའི་དོན་དུ་དམ་བཅའ་འོ། །གྲུབ་གཉིས་དཀར་བའི་ཤེས་མཚན་མཐའ་དག་གོ །འབབ་སྟེགས་བསོད་ནམས་མངོན་མཐོའི་ཟླ་བ་བཞིན། །ཚེ་འདིར་ཐར་བའི་སྣང་བ་མཆོག་སྦྱིན་པའི། །ངེས་གསང་སྔགས་འདི་ངོ་མཚར་དམ་པའི་ཕུལ། །མི་ཤེས་སེམས་ཀྱིས་རྟག་ཏུ་དབྱེན་སྤོས་ནས། །མི་རྟོག་ཡེ་ཤེས་ལྐོག་ཏུ་ཡིབས་གྱུར་ཀྱང་། །མི་ཕྱེད་མོས་གུས་དམ་པའི་བྱིན་སྣང་གིས། །མི་ཤིགས་སྙིང་གི་དོན་གསང་མཛའ་བར་འགྱུར། །ཟག་བཅས་སྲིད་བདེའི་འཆིང་བ་རྫུན་རིས་ཀྱིས། །ཡོངས་གདུང་བསིལ་བ་ལྟ་བའི་མིག་བསླུས་ནས། །ཟབ་མོའི་ཟླ་གསང་ག་བུར་མདུན་འཁྱིལ་ཡང་། །ངང་ཚུལ་ལོག་པར་གྱུར་བས་བཏུང་མི་བཟོད། །དུག་ཅན་འཁོར་མཚོ་འདི་ལ་ཡིད་སྐྱོ་ན། །བདེན་ཚིག་ཐབས་ཀྱི་བཅུད་ལེན་མཆིས་སོ་འཚལ། །མཉམ་སྦྱོར་རིག་པ་གཅིག་ཏུ་བཟླུམས་བྱས་ན། །འཕོ་འགྱུར་བྲལ་བའི་བདེ་ཆེན་གྲོགས་སུ་འཆར། །དོན་ལ་རྟོན་པའི་རྣམ་རིག་མི་བཟོད་ཅིང་། །དོན་མེད་ལྟར་སྣང་མཛེས་པའི་གཏམ་མང་པོས། །དོན་ལོག་འཁྲུལ་བའི་ཀློང་དུ་མགོ་འཁོར་ན། །དོན་ལྡན་ཉིད་དུ་བགྱི་བར་བྱེད་ནུས་སམ། །རྒྱུད་ཆད་དམན་པ་གང་ཞིག་མན་ངག་གི །སྣོད་མིན་གདོང་ལྔའི་འོ་མ་རྫ་བུམ་གྱི། དཔེ་ལྟར་སྐལ་བ་ཀུན་དང་བྲལ་ན་ཡང་། །རིན་ཆེན་སྣོད་དང་འཕྲད་ན་སྐྱེས་ཀྱི་མཆོག །རྒྱས་འགྱུར་དམ་པའི་རིགས་ཅན་སྐལ་བཟང་ལ། །རྡོ་རྗེའི་གསང་ལ་གྲུབ་པའི་བཅུད་བྱིན་པས། །བརྗོད་བྲལ་ལྷན་སྐྱེས་མངོན་པའི་རྟགས་གསལ་བས། །པར་དཀར་ཟླ་མཐོང་བཞིན་དུ་དགའ་བར་འགྱུར། །ཐ་ཤལ་སྙིགས་མའི་ཀུན་རྟོག་རླབས་ཆེ་བ། །གཞན་གྱིས་གཞོམ་དུ་རེ་བ་རྒྱང་བསྲིང་ཡང་། །མངོན་རྟོགས་ཟབ་མོས་སྐད་རིག་བྱང་ཆུབ་པའི། །ལམ་ལ་གུས་མེད་བདག་འདྲ་བདུད་ཀྱིས་བསླུས། །གདོད་ནས་གཅེས་འཛིན་བྱས་པའི་ཕུང་ཁམས་ཀྱི། །དྲྭ་བ་དར་གྱི་སྲིན་བུའི་འཁྲུལ་འཁོར་འདི། །བཅིང་གྲོལ་མེད་པ་ནམ་མཁའི་མདུད་པ་བཞིན། །ཤེས་པའི་ཐབས་ལ་དབང་བ་དེང་ཙམ་མོ། །རྩོད་པའི་ཡང་མཐའ་སྐྱེ་དགུའི་དཔལ་ཟད་ཅིང་། །རྒྱལ་བསྟན་ཉིན་བྱེད་དབང་པོ་གྲིབ་སོ་ཅན། །བསྟན་འཛིན་ཉིན་སྐར་བཞིན་དུ་མི་མངོན་པའི། །དུས་འདིར་སྐྱེས་པའི་རང་མཚང་མཐོང་ལགས་སམ། །སྒྲུབ་བརྒྱུད་གོང་མའི་གདན་ས་མཐོང་བཞིན་དུ། །མུ་ཏོའི་སྤྱིལ་བུ་བཟུང་ནས་མགོ་སྐོར་གྱི། །རྫུན་སྣང་འཆོལ་བ་སྣ་ཚོགས་བཅོས་པ་ཡིས། །རང་གཞན་སྒྱུ་མར་བསྒྱུར་དེས་ཅི་ཞིག་བྱ། །རྩོལ་མེད་ཐེག་པའི་དམ་ཚིག་དེ་ཁོ་ན། །མི་ཤིགས་རྡོ་རྗེའི་ར་བར་དམ་བཅས་པ། །མཚོན་མས་འདའ་བར་དཀའ་བའི་ཁུར་ཆེན་པོ། །འཆི་མེད་བྱང་ཆུབ་སེམས་ཀྱི་རྒྱན་དུ་བཀུར། །བླང་དོར་བཅས་པའི་བགོ་སྐལ་རང་རྒྱུད་ལ། །ཐོབ་མཚམས་ནོར་བ་མེད་པའི་དྲན་ཤེས་ཀྱི། །ཡོལ་གོར་འཁྱིལ་བ་མེས་པོའི་རལ་ཀླུང་བཞིན། །དག་ཚངས་ཕྱག་རྒྱ་ཟབ་མོ་ཅིས་མི་བཅིང་། །རྣམ་གྲོལ་མཆོག་གི་དོན་བཟང་རིན་ཆེན་གཏེར། །རྣམ་དཔྱོད་བུམ་པ་བཟང་པོ་ཡོངས་བཀང་ནས། །བློ་ལྡན་དགའ་སྐྱེད་དཔལ་གྱི་འདོད་འཇོ་བ། །སྙན་བརྒྱུད་དམ་པའི་རིགས་སུ་སྐྱེས་ཐོབ་ལགས། །དཔག་ཡས་གྲུམ་མཆོག་ཀླུ་དབང་རོལ་པའི་གནས། །རྨད་བྱུང་རྡོ་རྗེ་སྙིང་པོའི་ཆུ་གཏེར་གྱི། །བསྡུས་དོན་སྙན་སྡེབ་སྤངས་བའི་ངག་བརྩམས་ལས། །དགེ་ཚོགས་སྨོན་པས་ཅི་འདོད་བསྒྱུར་རློམས་ནས། །སངས་རྒྱས་འབྱུང་ལས་ཆེས་དཀོན་གསང་སྔགས་ཀྱི། །བསྟན་དང་དེ་འཛིན་ཉི་ཟླའི་རྣམ་ཐར་བཞིན། །འགོག་མེད་གདུལ་བྱའི་སྐལ་བ་མཐའ་དག་ལ། །ལེགས་སྤྱད་དམ་པའི་སྣང་བ་འབྱུང་གྱུར་ཅིག །རིམ་གཉིས་ལམ་གྱི་ཡེ་ཤེས་དབང་ཆེན་པོའི། །ལས་ཚོགས་དཔའ་བོའི་ཕྱག་མཚན་རྣོན་པོ་ཡིས། །རྒྱལ་བསྟན་འཁྲུགས་པའི་ལོག་འདྲེན་ཆུ་སྲིན་གདོང་། །ཚུལ་མིན་བྱེད་པའི་བརྟུལ་ཞུགས་འགྲུབ་གྱུར་ཅིག །དགག་བྱ་མ་ལུས་བདེན་པའི་ཆིངས་གཅིག་ཏུ། །གྲུབ་འགྱུར་དམ་ཆོས་ཡང་གསང་བླ་མེད་ཀྱིས། །རྩོལ་བཅས་ལམ་གྱིས་སེམས་རྒྱུད་སུན་པ་རྣམས། །རབ་འབྱམས་དག་པའི་ཚལ་དུ་ཁྲིད་པར་ཤོག །ཅེས་པ་འདི་ཡང་སྒྱུ་འཕྲུལ་གསང་བ་སྙིང་པོའི་བསྡུས་དོན་བློ་སྐྱོར་བ་དང་ཚོགས་གླེང་འདྲ་བྱེད་རྒྱུར་མཁས་དབང་རིག་འཛིན་གྱི་སར་བཞུགས་རྣམས་ཀྱི་ཞལ་རྒྱུན་ལྟར་སྔགས་རམ་་བསོད་ཆོས་མིང་པས་བྲིས་པ་དགེ་བར་གྱུར་ཅིག། །།


previousསྒྱུ་འཕྲུལ་གསང་བ་སྙིང་པོའི་དཀའ་གནད་བསྡུས་དོན་བླ་མའི་ཞལ་ལུང། བསོད་ནམས་ཆོས་འགྲུབ།next