Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དོན་གཉིས་པ།


   
   
   
   
   
   
སྒྱུ་འཕྲུལ་གྱི་དཀའ་བའི་གནས་སྣང་བ་ལྷར་བསྒྲུབ་པ་དོགས་པ་གཅོད་པ་ལུང་རིགས་མུ་ཏིག་ཕྲེང་མཛེས། ཆོས་ཀྱི་རྒྱ་མཚོ།
   
   


 
previousསྒྱུ་འཕྲུལ་གྱི་དཀའ་བའི་གནས་སྣང་བ་ལྷར་བསྒྲུབ་པ་དོགས་པ་གཅོད་པ་ལུང་རིགས་མུ་ཏིག་ཕྲེང་མཛེས། ཆོས་ཀྱི་རྒྱ་མཚོ།next

སྒྱུ་འཕྲུལ་གྱི་དཀའ་བའི་གནས་སྣང་བ་ལྷར་བསྒྲུབ་པ་དོགས་པ་གཅོད་པ་ལུང་རིགས་མུ་ཏིག་ཕྲེང་མཛེས། ཆོས་ཀྱི་རྒྱ་མཚོ།

སྒྱུ་འཕྲུལ་གྱི་དཀའ་བའི་གནས་སྣང་བ་ལྷར་བསྒྲུབ་པ་དོགས་པ་གཅོད་པ་ལུང་རིགས་མུ་ཏིག་ཕྲེང་མཛེས་བཞུགས་སོ། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ལ་རྩ་རྒྱུད་གསང་བ་སྙིང་པོའི་སྐབས་སུ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དང་སྦྱར་ནས་དཔྱད་པར་བྱ་འདི་ལྟར་ཡོད་དེ། དེ་ལ་ཐོག་མར་ཆོས་ཀྱི་དབྱིངས་དོན་དམ་བདེན་གཉིས་དབྱེར་མེད་ཀྱི་ལྟ་བ་རྟོགས་པ་ལ་སྔོན་དུ་འགྲོ་བ་དབྱེར་མེད་ཆིག་ཆོད་དུ་གཅོད་པ་དང་། རིམ་གྱིས་རྟོགས་པ་གཉིས་ཀྱི་དབང་དུ་བྱས་ནས་ཚུལ་ལྔ་ཚིག་ལྔའི་གཏན་ཚིགས་རིམ་བཞིན་དུ་བྱུང་བ་ཡིན་ཅིང་། དེའི་རྗེས་སུ་སྤྲུལ་སྐུའི་དགོངས་པ་མཚན་པ་གཏན་ཚིགས་རྒྱས་པར་སེམས་ཕྱོགས་རྒྱ་མཚོའི་ཤིང་རྟ་པ་སྒྱུ་འཕྲུལ་མཁན་པོ་སྔ་མ་དག་གི་དགོངས་བཞེད་གཙོ་བོར་བྱས་ཏེ་དག་པ་དབྱེར་མེད་དོན་དམ་བདེན་པ་སྣོད་བཅུད་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེར་བསྒྲུབ་པའི་ཚུལ་འདི་དང་པོ་སྣང་བ་ཆོས་ཉིད་ཡིན་པར་གྲུབ་ན་གཞན་དག་ལ་ངེས་པ་རིམ་གྱིས་རྙེད་པར་འགྱུར་བས་དེ་བཤད་པར་བྱའོ། །སྣང་བ་འདི་རང་བྱུང་གི་ཡེ་ཤེས་ཡེས་དང་། ལྷུན་གྲུབ་གསུམ་དང་། ཆོས་ཉིད་ཡིན་ནམ་མིན་ལ་སོགས་པའི་གནད་གཅིག་ཏུ་ཤེས་པར་བྱ་ཞིང་། དེ་ཡང་སྣང་བ་འདི་ཆོས་ཉིད་མིན་པར་འདོད་པ་དང་། ཕྱོགས་གཞན་དུ་དང་ཡིན་པར་འདོད་པ་གསུམ་ཡོད། དང་པོ་ལའང་། རང་ལུགས་བཞག་པ་དང་། གཞན་ལ་སྐྱོན་སྨྲ་བའོ། །དང་པོ་ནི། གཤིས་ཆོས་ཉིད་སྟོང་པའམ་དབྱིངས་ཡེ་ཤེས་གཉིས་སུ་མེད་ཅིང་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་དེ་རྣམ་པར་དག་ཅིང་དོན་དམ་ཡིན་ལ། དེ་འགྲོ་དྲུག་རང་ག་མའི་སྣང་བ་ལ་མི་འཆར་བས་བདེན་ཞེན་རང་རྒྱུད་དུ་དམིགས་པའི་ཐ་མལ་གྱི་སྣང་བ་འདི་ཆོས་ཉིད་མིན་ཏེ། ཀུན་རྫོབ་བམ་ལོག་ཤེས་ཚད་མིན་གྱིས་བསླད་པའི་འཁྲུལ་ངོ་ལ་ཡོད་པའི་འཁྲུལ་སྣང་ངན་པ་ཡིན་ནོ། །ཞེས་ཐེག་པ་འོག་མ་རྣམས་དང་། གསང་སྔགས་ཀྱི་དག་མཉམ་ཆེན་པོའི་ལྟ་དོན་མངོན་དུ་མཐོང་བའི་སྤྱོད་ཡུལ་དུ་མ་གྱུར་པ་རྣམས་ཀྱིས་བདེན་པ་རིས་ཆད་དང་མཚན་ཞེན་དུ་བལྟ་བ་ཡོད་པའི་ཕྱིར། རྒྱུད་ཀྱི་རྒྱལ་པོ་འདི་ལས་བླ་མེད་ཀྱི་རྒྱུད་ཕ་དང་མ་རྣམས་སུའང་གསལ་པོར་མ་བསྟན་ཅིང་སྦས་ལ་མ་རྟོགས་པ་རྒྱུ་མཚན་དུ་བྱས་ཏེ་རང་རང་གི་ཞེ་འདོད་ཕྱོགས་རེ་ལ་དམ་པར་བལྟ་ཞིང་། སྣང་བ་ཆོས་ཉིད་ཡིན་ན་བློར་མི་ཆུད་པའི་སྐྱོན་བརྗོད་རྒོལ་བ་རང་གྲུབ་ཀྱི་གཏན་ཚིགས་དུ་མ་དག་སྔ་བྱས་སོ། །གཉིས་པ་དེ་མི་སྒྲུབས་འགོག་གི་སྦྱོར་བ་འགོད་པ་ནི། དེ་ཡིན་ན་ཀུན་ཁྱབ་ཀྱི་ཚད་མ་ལུང་རིགས་མན་ངག་གསུམ་གྱིས་འགལ་བ་འདུ་བར་འདོད་དེ། དང་པོ་ཐེག་པ་རང་རང་གི་སྐབས་སུ་ངེས་པ་རྙེད་པའི་དྲང་དོན་གྱི་ལུང་ངམ་འཁྲུལ་སྣང་དང་ཆོས་ཉིད་འགལ་བའི་མདོ་ཚིག་སོགས་དང་། ཕྱི་རྒོལ་ལ་གྲུབ་འདོད་ཀྱིས་གསང་སྔགས། དགོངས་པ་འདུས་པའི་མདོ་ལས། ཀྱཻ་ལངྐའི་བདག་པོ་ཐམས་ཅད་སྣང་བ་དེ་གསང་སྔགས་མ་ཡིན། གལ་ཏེ་གསང་སྔགས་ཡིན་ན་གསང་སྔགས་ཞེས་བརྗོད་པ་ཉིད་དང་འགལ་ལ། སེམས་ཅན་གྱི་འདུ་ཤེས་དང་སངས་རྒྱས་ཀྱི་དགོངས་པ་ཁྱད་མེད་པར་འགྱུར་རོ། །ཞེས་དང་། མན་ངག་ནི། ལམ་རིམ་ལས། སྤྱིར་ནི་ལོག་རྟོག་བསམ་ཡས་པ། །ཡོད་ན་ཡོད་པ་མ་ཡིན་ཏེ། །སོ་སོར་འཛིན་རྟོག་བག་ཆགས་ཀྱིས། །གཟུང་འཛིན་དྲ་བས་སྒྲིབ་འགྱུར་ཏེ། །ཅི་ཡང་མེད་ལ་ཅིར་ཡང་སྣང་། །དོན་གྱི་སྙིང་པོ་ཉིད་ལས་གོལ། །ཞེས་དང་། ལ་ཤན་ལས། དངོས་ཀུན་ལོག་རྟོག་ཙམ་ཉིད་ལས། །ཕྲ་ཙམ་སྐད་ཅིག་ཡོད་མིན་པས། །འཁྲུལ་པའི་སྣང་བ་ཞེས་སུ་གསུངས། །ཞེས་སོགས་ཀྱི་གསལ། རིགས་པས་མི་འཐད་དེ། སྐྱོན་བཞིའི་དང་པོ་ནི། སྣང་བ་འདི་ཆོས་ཅན། ཁྱོད་ཆོས་ཉིད་ཡིན་ན་འགྲོ་དྲུག་གི་བདེན་པ་མཐོང་བར་ཐལ་ཏེ། འགྲོ་བ་ལ་སྣང་བ་འདི་ཆོས་ཉིད་ཡིན་ཅིང་ལོག་རྟོག་ཆོས་ཉིད་དེ་ཡོད་པའི་ཕྱིར། འདོད་ན་ཐམས་ཅད་མཐོང་ལམ་པ་ཡིན་ཅིང་འབད་མེད་དུ་གྲོལ་བར་ཐལ་ལོ། །གཉིས་པ་ནི། ད་ལྟ་གྱི་སྣང་བ་ཆོས་ཅན། ཁྱོད་ཆོས་ཉིད་ཡིན་ན་འཁྲུལ་པའི་སྣང་བ་རྒྱུན་ཆད་པར་ཐལ། སྣང་བ་འདི་ཆོས་ཉིད་ཡིན་པའི་ཕྱིར་རོ། །འདོད་ན་འཁོར་བ་དོང་སྤྲུགས་པར་ཐལ་ལོ། །གསུམ་པ་ནི། ཆོས་ཉིད་ཆོས་ཅན། ཁྱོད་བེམ་པོ་རྫས་ཅན་དུ་ཐལ། སྣང་བ་འདི་ཆོས་ཉིད་ཡིན་པའི་ཕྱིར། འདོད་ན་འགྲོ་དྲུག་གི་སྣང་བ་འདི་ཁོ་ན་ལྟར་བདེན་པ་དང་། སྟོང་ཉིད་རྟོགས་པ་ལ་སོགས་པ་འཁྲུལ་བར་ཐལ་བའི་སྐྱོན་ཡོང་ངོ་། །བཞི་པ་ནི། ཆོས་ཉིད་ཆོས་ཅན། སྐྱེ་འཇིག་ཅན་དུ་ཐལ། སྐྱེ་འཇིག་ཅན་གྱི་སྣང་བ་འདི་ཆོས་ཉིད་ཡིན་པའི་ཕྱིར་རོ། །འདོད་ན་ཆོས་ཉིད་རྟོགས་རུང་སྐྱེ་འཇིག་གི་སྡུག་བསྔལ་ལས་མི་གྲོལ་བའི་སྐྱོན་ཡོང་ངོ་། །ཞེས་ཇི་ལྟར་སྣང་བ་ཡེ་ནས་སངས་རྒྱས་པ་ལྟ་བུ་ཡིན་དུ་མི་རུང་ངོ་ཞེས་སྨྲ་བ་བྱེད་ཅིང་སྣང་སྟོང་གཉིས་མེད་ཀྱི་མཐའ་ལ་ངེས་ཤེས་ཀྱི་ཐག་མ་ཆོད་པས་སྟོང་པའི་རྩལ་སྣང་བ། སྣང་བའི་རང་བཞིན་དེ་ཡིན་པར་མ་རྟོག་པས་རིགས་པ་ལྟར་སྣང་བ་དུ་མ་ཞིག་འཕེན་པར་བྱེད་དོ། །གཉིས་པ་ཕྱོགས་གཞན་དུ་འདོད་པ་ནི། མ་རྟོག་འཁྲུལ་བའི་དུས་ན་ཆོས་ཉིད་མིན་པར་རྟོགས་པའི་དུས་ན་ཡིན་པར་འདོད་པ་དང་། མ་འདྲེས་པར་ཡོད་པའི་ངོས་ནས་མིན་ལ་ཡོངས་རྫོགས་ཀྱི་ངོས་ནས་ཡིན་པར་འདོད་པ་དང་། ངོ་བོའམ་བདག་ཉིད་གཅིག་པུའི་ངོས་ནས་ཡིན་པ་མཚོན་ཚུལ་ལམ་ལྡོག་པ་ཐ་དད་པའི་ངོས་ནས་མིན་པར་འདོད་པའོ། །གསུམ་པ་ཆོས་ཉིད་ཡིན་པར་འདོད་པས་རང་ལུགས་ནི། སྐྱོན་བསལ་བ་དང་། མིན་པར་དགག་པ་དང་། རང་ལུགས་བསྒྲུབ་པའོ། །དང་པོ་ནི། ཕྱོགས་དུ་མས་མིན་པར་འདོད་པའི་སྐྱོན་འགེལ་བའི་ལུང་རིགས་མན་ངག་གསུམ་གྱིས་གནོད་པ་མ་གྲུབ་སྟེ། མིན་པར་གསུངས་པ་ནི། སྣང་བ་ཆོས་ཉིད་ཡིན་ཀྱང་མ་རྟོག་སྟེ་འཁྲུལ་པའི་སྣང་ངོ་ལ་དགོངས་ཏེ་གསུངས་པའོ། །དེ་ཡང་མདོ་ལས། གལ་ཏེ་སྣང་བ་གསང་སྔགས་མ་ཡིན་པའི་རྗེས་སུ་དེ་ལས་གཞན་ཡང་གསང་སྔགས་ཡོད་པ་མ་ཡིན། གལ་ཏེ་དེ་ལས་གཞན་པ་ཞིག་གསང་སྔགས་ཡིན་ན་ནི་ཐམས་ཅད་ཆོས་ཉིད་དུ་མ་འདུས་པར་འགྱུར་རོ། །ཐམས་ཅད་ཀྱི་རང་བཞིན་མི་སྣང་བ་དེ་གསང་སྔགས་མ་ཡིན་པར། གལ་ཏེ་མི་སྣང་བ་དེ་གསང་སྔགས་ཡིན་ན་ནི་གཞན་མུ་ཆད་པ་ཡང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་རོ། །ཞེས་དང་། ལམ་གྱི་རིམ་པ་ལས། ཡུལ་དང་ཤེས་པར་སྣང་བ་ཡང་། །རང་བྱུང་ཡེ་ཤེས་རང་སྣང་ཟད། །ཅེས་པ་དང་། ལ་ཤན་ལས། ཐ་སྙད་གཉིས་ཀྱི་ཆོས་རྣམས་རིལ། །མཉམ་རྫོགས་བདག་ཉིད་ཆེན་པོའི་རྒྱན། །ཅེས་གསུངས་སོ། །གསུམ་པ་རིགས་པའི་སྐྱོན་མེད་དེ། དང་པོ་འགྲོ་དྲུག་གི་བདེན་པ་མཐོང་བ་ཐལ། ཞེས་པ་དེ་གཤིས་ཡིན་ཚུལ་ནས་མཐོང་བར་ཐལ་ཟེར་རམ། ངེས་པའི་ཤེས་པ་དང་བཅས་ཏེ་མཐོང་བར་ཐལ་ཟེར། སྔ་མ་ལྟར་ན་འདོད་དེ། ཡེ་ཤེས་གསང་བ་ལས། སྣང་བ་མ་བཅོས་ཆོས་ཀྱི་སྐུ། །རིག་པ་མ་སྦྱངས་ལོངས་སྤྱོད་རྫོགས། །ཐུགས་རྗེ་སྤྲུལ་པའི་སྐུ་རུ་ཤར། །ཞེས་དང་། ཀློང་ཆེན་ལས། དབང་པོ་ཅེར་མཐོང་ཆོས་ཉིད་གསལ། །སྣང་བ་རྒྱ་ཡན་རིག་པའི་ཀློང་། །ཞེས་དང་། ལ་ཤན་ལས། ཅིར་ཡང་མ་སྒྲིབ་ཡེ་ཤེས་མཆོག །ཐམས་ཅད་མ་འདྲེས་ཡོངས་རྫོགས་གསལ། །ཞེས་སོགས་གསུངས་སོ། །དེ་བས་ན། ཅི་སྣང་ཆོས་ཉིད་ཡིན་པས་གཤིས་ཡིན་ཚུལ་ནས་སྣང་ཚད་ཆོས་ཉིད་དུ་སྣང་ཞིང་། སྣང་ཚད་ཆོས་ཉིད་མཐོང་བ་ཡིན་ནོ། །མཐོང་ན་འཁོར་བ་དོང་སྤྲུགས་པར་ཐལ་ལོ་ཞེ་ན། མཐོང་ཡང་རང་ངོ་རང་གིས་མ་ཤེས་པས་འཁོར་བར་འཁྱམས་པ་ཡིན་ཏེ། འཁོར་བ་དོང་སྤྲུགས་པས་སྐྱོན་མེད་དོ་ཕྱི་མ་ལྟར་ན། གཏན་ཚིགས་ལ་ངེས་པས་མི་ཁྱབ་སྟེ། ཆོས་ཉིད་མཐོང་ཡང་ངེས་པའི་ཤེས་པ་མ་སྐྱེས་པ་ནི། རྒྱལ་བུ་དམངས་འཁྱམས་རྒྱལ་པོ་ལས་མི་འགྱུར་ཡང་། རང་གཞན་གྱིས་དེར་ངོ་མི་འཚལ་བ་བཞིན་ནོ། །འདི་ལྟར་སེམས་ཕྱོགས་སུ། ཡེ་ཤེས་རྫོགས་པ་ལས། མངོན་སུམ་སྣང་བའི་ཡེ་ཤེས་ལ། །སངས་རྒྱས་སེམས་ཅན་ཁྱད་མེད་ཀྱང་། །རང་དབང་ལམ་ལས་མི་གནས་ན། །སེམས་ཉིད་བདེ་བར་སྤྱོད་མི་ནུས། །ཞེས་དང་། མདོ་ཡི་ལམ་རིམ་ལས་ཀྱང་། གྲོང་ཁྱེར་གསུམ་གྱི་སེམས་ཅན་རྣམས། །ཐབས་དང་ལྷན་ཅིག་མི་གནས་པས། །བདེན་པ་མཐོང་ཡང་ངེས་མ་གནས། །མཐོང་ཡང་མ་མཐོང་འདྲ་བར་འགྱུར། །ཞེས་དང་། སྤྱན་འགྲེལ་ལས། ཀུན་གཞི་སྣང་བ་གཉིས་བྲལ་བ། །རྟག་ཏུ་རང་མཚན་མཐོང་གྱུར་ཡང་། །ཞེན་ལ་སྣང་བར་མ་གྱུར་པས། །མིག་གི་མིག་བཞིན་མ་རིག་པའོ། །ཞེས་གསུངས་པའི་ཕྱིར། མཐོང་བ་རང་གི་ངེས་ཤེས་སྐྱེ་དགོས་སོ་ཞེ་ན། མཐོང་བའི་ཡུལ་ལ་ལོག་ཤེས་འཁྲུལ་པ་རྒྱུན་ཆད་པར་ཐལ་བའི་སྐྱོན་ཡོང་ངོ་། །གཉིས་པ་འཁྲུལ་སྣང་རྒྱུན་ཆད་པར་ཐལ། ཞེས་པ་དེ་འགྲོ་དྲུག་གིས་ཆོས་ཉིད་ཡིན་པར་ངོ་ཤེས་ནས་འདུག་པའི་ཕྱིར་མ་འཁྲུལ་བར་ཐལ་ཟེར་རམ། ངོ་མ་ཤེས་ཀྱང་མ་འཁྲུལ་བར་ཐལ་ཟེར། སྔ་མ་ལྟར་ན་གཏན་ཚིགས་མ་གྲུབ་པ་ཉིད་ཀྱིས་གོང་དུ་བརྗོད་པ་བཞིན་ནོ། །འདི་ལྟར་མ་དག་པ་འཁྲུལ་སྣང་སྤངས་པའི་ཕ་རོལ་དུ་དག་པ་མ་འཁྲུལ་བ་ཞིག་གསར་དུ་སྒྲུབས་པར་མི་ནུས་ཏེ། འཁྲུལ་པ་ངོ་བོ་ཉིད་ཀྱིས་དག་པ་ཡེ་ཤེས་ཡིན་པའི་ཕྱིར། དེ་ཡིན་ཏེ་སེམས་ཅན་དང་སངས་རྒྱས་ཀྱི་ཁྱད་པར་ཆོས་ཉིད་ཀྱི་ཕྱེ་བ་ཞིག་མ་ཡིན་པར་རྨི་ལམ་གྱི་རྒྱུ་འབྲས་སོ་སོར་སྣང་བ་བཞིན་དུ། ཀུན་བཏགས་ཀྱི་དབང་གིས་བློ་སོ་སོར་སྣང་བ་ཙམ་ལ་འཇོག་པ་གང་ཞིག །མཚན་མ་སྣ་ཚོགས་པའི་རང་བཞིན་གྱིས་དག་པའི་ཕྱིར། དེ་གཉིས་དངོས་སུ་བསྒྲུབ་མི་ནུས་ཏེ་དངོས་འགལ་ཡིན་པའི་ཕྱིར། ཐག་ཁྲ་དང་སྦྲུལ་བཞིན་ནོ་ཞེ་ན། དེའང་སྦྲུལ་མ་དམིགས་པ་ཉིད་ཐག་ཁྲ་ལ་བརྟེན་ནས་སྣང་བ་བཞིན་དུ་ཆོས་ལ་བརྟེན་པའི་ཆོས་ཅན་ཡིན་པས་ཆབ་བྲམ་དང་ཆུ་ངོ་བོ་གཅིག་པ་བཞིན་ནོ། །དེའང་ཕྱི་མ་ལྟར་ན། ངོ་མ་ཤེས་པ་དེ་ཀས་འཁྲུལ་པ་ཡིན་ཏེ། འཁྲུལ་བའི་སྣང་བ་རྒྱུན་ཆད་པའི་སྐྱོན་མི་འོང་ངོ་། །གསུམ་པ་དང་བཞི་པ་བེམ་པོ་རྫས་ཅན་དང་སྐྱེ་འཇིག་ཅན་དུ་ཐལ་བ་ལ་སོགས་པ་དེ་གཤིས་ཡིན་ཚུལ་ནས་ཐལ་ཟེར་རམ། མ་རྟོགས་འཁྲུལ་པའི་སྣང་ངོ་ལ་ཐལ་ཟེར། སྔ་མ་ལྟར་ན། གཏན་ཚིག་མ་གྲུབ་ཅིང་མངོན་སུམ་གྱིས་གསལ་ལོ་ཞེ་ན། མངོན་སུམ་འཁྲུལ་མ་འཁྲུལ་གྱི་བརྟག་པ་དྲིས་ཤིག་དང་། ཕྱི་མ་ལྟར་འཁྲུལ་པར་སྣང་ཡང་དེ་དོན་ལ་མེད་དེ། འཁྲུལ་པ་རྩིས་སུ་མི་ཆེ་བ་ཉིད་དོ། །སྤྱི་དོན་གཉིས་པ། ཆོས་ཉིད་མིན་ན་ལུང་མན་ངག་རིགས་པ་གསུམ་དང་འགལ་ཏེ། ལུང་མན་ངག་དང་པོས་ཆོས་ཉིད་ཡིན་པར་བསྟན་པ་རྣམས་སོ། །རིག་པར་ལུང་སྟེ། དང་པོ་ཁྱོད་ཆོས་ཅན། སྣང་བ་ཆོས་ཉིད་མིན་ན་ཆོས་ཉིད་ཆད་པར་ཐལ། འདོད་ན་མུ་སྟེགས་ཆད་པ་བདེན་པར་ཐལ། སྣང་བ་ཆོས་ཉིད་མིན་པའི་ཕྱིར་རོ། །གཉིས་པ། སྣང་བ་ཆོས་ཉིད་མིན་ན་སྟོང་པའང་ཆོས་ཉིད་མིན་པར་ཐལ། འདོད་ན་ཆོས་ཉིད་གཏན་ནས་མི་སྲིད་པ་ཐལ་བའི་སྐྱོན་ཡོང་ངོ་། །ཅིའི་ཕྱིར་ན་སྣང་སྟོང་ངོ་བོ་གཅིག་པ་ཡིན་པའི་ཕྱིར་རོ། །གསུམ་པ། སྣང་བ་ཆོས་ཉིད་མིན་ན་འགྲོ་དྲུག་གིས་ལམ་ཉམས་སུ་བླངས་ཀྱང་གྲོལ་ཐར་གཏན་ནས་མི་འབྱུང་བར་ཐལ། འདོད་ན་ལམ་ཉམས་སུ་བླངས་པ་དོན་མེད་དུ་ཐལ། འགྲོ་དྲུག་གི་སྣང་བ་ཆོས་ཉིད་མིན་པའི་ཕྱིར་རོ། །སྣང་སྟོང་ལ་འབྲེལ་བ་མེད་པར་ཐལ་བས་སྣང་བ་བདེན་ཅིང་རྟག་པར་ཐལ་བའམ། མིན་ཀྱང་འབྱུང་ན་གཤགས་མ་ལས་ཀྱང་མྱུ་གུ་འབྱུང་བར་ཐལ་བ་དང་། གྲོལ་ཐལ་དེ་འདུས་བྱས་སུ་ཐལ་བ་ལ་སོགས་པའི་སྐྱོན་འབྱུང་ངོ་། །བཞི་པ། སྣང་བ་ཆོས་ཉིད་མིན་ན་ཆོས་ཉིད་མངོན་སུམ་དུ་རྟོགས་ཤིང་བདེན་པ་མཐོང་བ་རྒྱན་ཆད་པར་ཐལ། འདོད་ན་ཆོས་བྱེད་པ་དོན་མེད་པར་ཐལ། སྣང་བ་ཆོས་ཉིད་མིན་པའི་ཕྱིར། སྣང་བ་མིན་ཀྱང་སྟོང་པས་མཐོང་ངོ་ཞེ་ན། སྟོང་པ་ཡིན་པའི་ཕྱིར། སྟོང་མཁན་ཀྱང་མེད་པའི་སྐྱོན་ཡོང་ངོ་། །ལྔ་པ། སྣང་བ་ཆོས་ཉིད་མིན་ཞིང་འཁྲུལ་པ་ཡིན་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་འཁྲུལ་པར་ཐལ། འདོད་ན་སངས་རྒྱས་ཀྱང་དོན་མེད་པར་ཐལ། སྣང་ཚད་འཁྲུལ་པ་ཡིན་པའི་ཕྱིར་རོ། །དེས་ན་སྣང་བ་ཆོས་ཉིད་དུ་མི་འདོད་པ་ནི། རང་སྣང་ལ་ཡུལ་དུ་མཐོང་། ཕྱོགས་མེད་ལ་ཕྱོགས་སུ་བཟུང་ནས་གནས་ལུགས་ཀྱི་དོན་མ་གོ་བར། ནམ་མཁའ་མཐའ་མཉམ་ལས། ཡེ་ཤེས་བསམ་ཡས་རང་བཞིན་ལས། །རྣམ་རྟོག་དྲྭ་བས་སོ་སོར་བཅིང་། །དེ་ཉིད་རང་གསལ་མ་རྟོགས་པས། །ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ། །ཞེས་དང་། ཀློང་ཆེན་ལས། ཕྱོགས་མེད་ལྷུན་གྲུབ་མ་གཏོགས་པས། །ལྟ་བའི་འདོད་ལུགས་དུ་མ་བྱུང་། །བློ་དང་ཆོས་སུ་མ་འདྲེས་པས། །མཉམ་ཉིད་ལྟ་ལ་ཕྱོགས་སུ་ཞེན། །ཀུན་ཤེས་རིག་པ་མི་སྐྱེས་པས། །ཡུལ་མེད་གཅིག་པ་རིས་སུ་གཅོད། །རང་བྱུང་ཡེ་ཤེས་མ་ཤར་བས། །མུན་པའི་ཀློང་ན་ཚོད་ཀྱིས་མཇལ། །ཞེས་གསུངས་པའི་ཕྱིར་རོ། །ཕྱོགས་གཞན་དུ་འདོད་པ་ཡང་མི་འཐད་དེ། མ་རྟོགས་པའི་དུས་ཀྱི་ཆོས་ཉིད་མིན་པ་དང་། རྟོགས་པའི་དུས་ཀྱི་ཡིན་པ་གཉིས་གང་བདེན། སྔ་མ་བདེན་ན་ཕྱི་མ་འགལ་ལ། །ཕྱི་མ་བདེན་ན་སྔ་མ་འགལ་ལོ། །དེ་གཉིས་མཉམ་པ་ཡིན་པའང་མི་འཐད་དེ། གཞི་གཅིག་ལ་ཡིན་མིན་གཉིས་འགལ་བས་མི་རིགས་སོ། །ཡང་མ་རྟོགས་དུས་མིན་ན། རྟོགས་པའི་དུས་ཡིན་པའང་འགལ་ཏེ། དེ་རྟོགས་པ་མ་ཡིན་ཞིང་ལོག་ཤེས་སུ་ཐལ་བའི་སྐྱོན་འོང་ངོ་། །གཉིས་པ་མ་འདྲེས་པ་དེ་ཡོངས་རྫོགས་ཡིན་ནམ་མིན། མིན་ན་ཡོངས་རྫོགས་ཀྱི་ངེས་ཚིགས་མིན་ལ། ཡིན་ན་ཡོངས་རྫོགས་ཀྱི་ངེས་ནས་ཆོས་ཉིད་ཡིན་པ་ལྟར། མ་འདྲེས་པའི་ངོས་ནས་ཀྱང་ཡིན་པར་ཐལ་ལོ། །འདོད་ན་མ་འདྲེས་པའི་ངོས་ནས་ཆོས་ཉིད་མིན་པའི་དམ་བཅའ་དེར་ཐལ། མ་འདྲེས་པ་ཉིད་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་བཞིན་མ་འདྲེས་པའི་ངོས་ནས་བརྗོད་པར་བྱའོ། །གསུམ་པ། མཚོན་ཚུལ་དེ་ངོ་བོ་ཡིན་ནམ་མིན། མིན་ན་ངོ་བོ་གཅིག་པའི་དམ་བཅའ་བུད། ཡིན་ན་ངོ་བོ་ཆོས་ཉིད་ཡིན་པ་ལྟར། མཚོན་ཚུལ་ཀྱང་ཆོས་ཉིད་ཡིན་པར་ཐལ། འདོད་ན་མིན་པའི་དམ་བཅའ་ཐལ། ངོ་བོའི་མཚོན་ཚུལ་ཡིན་པའི་ཕྱིར། ཁྱབ་པ་མ་གྲུབ་ཅེ་ན། གསེར་ལས་བྱེད་པའི་གཟུགས་སྣ་ཚོགས་ལ་གསེར་གྱིས་མ་ཁྱབ་ཅེས་མགོ་བསྒྲེའོ། །སྤྱི་དོན་གསུམ་པ་ཆོས་ཉིད་ཡིན་པར་གཏན་ལ་དབབ་ན། ལྷ་རྗེ་རྔོད་ཕུ་བས། འགྲོ་དྲུག་གི་སྣང་བ་འདི་མ་སྤངས་པའི་ངོས་ནས་ཆོས་ཉིད་ཡིན་ལ། མི་ལྡན་པའི་ངོས་ནས་མིན་པར་གསུངས་ཏེ། བརྡ་དོན་སྤྲད་པའི་ངོས་ནས་ཡིན། བླ་མ་ཟུར་པོ་ཆེ་དཔལ་ཧེ་རུ་ཀས་ཆོས་ཀུན་ཇི་ལྟར་སྣང་ཡང་རང་བྱུང་གི་ཡེ་ཤེས་རང་སྣང་བས། ཆོས་ཉིད་དུ་མ་གྱུར་པའི་ཆོས་གཅིག་ཀྱང་མེད་དེ་སྣང་བ་ཆོས་ཉིད་ཡིན་གསུངས། ཤར་ཀཿཐོག་པ་ཡབ་སྲས་གསུམ་གྱིས་བཞེད་པ། ཆོས་སྣང་བ་ཐམས་ཅད་འཁྲུལ་སྣང་བསལ་དུ་མེད་པ་ངོ་བོ་ཉིད་ཀྱིས་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་བཏགས་གཞི་ཙམ་དུ་རྒྱ་ཆེར་གསུངས་ཤིང་། རྒྱལ་བ་རོང་ཀློང་དག་གིས་ཀྱང་དེ་ལྟར་བཞེད་པར་མངོན་ནོ། །དེ་ལྟ་བུའི་ལུང་ནི། ནང་རྒྱུད་སྡེ་གསུམ་དུ་བཞུགས་པ་དུ་མ་ཉིད་ལས། རིགས་པ་ནི། འགྲོ་དྲུག་གི་སྣང་བ་འདི་ཆོས་ཅན། ཆོས་ཉིད་རང་སྣང་ཡིན་ཏེ། ཡུལ་དུ་འཛིན་པ་འཁྲུལ་བའི་སྣང་བ་ཡིན་པའི་ཕྱིར་རོ། །ཡང་སྣང་བ་རང་སྣང་ཕྱོགས་མེད་ཡིན་ཏེ། ཕྱོགས་སུ་འཛིན་པ་འཁྲུལ་པ་ཡིན་པའི་ཕྱིར་རོ། །གཏན་ཚིགས་ནི། ཡུལ་འཛིན་དང་ཕྱོགས་འཛིན་འཁྲུལ་པ་ཡིན་པས། འཁྲུལ་པ་ཡིན་པའི་ཕྱིར་གཤིས་ཆོས་ཉིད་ཡིན་ནོ། །དེས་ན་སྣང་བ་ཆོས་ཉིད་ཡིན་པ་དེས་མ་རྟོགས་འཁྲུལ་པ་ཡིན་པ་དེ་ཀས་གཤིས་ཆོས་ཉིད་ཡིན་ནོ། །དེ་ལྟར་ཡིན་པ་དེ་ཀས་གཤིས་ཕྱོགས་མེད་ཡིན། གཤིས་ཕྱོགས་མེད་ཡིན་པས་ཕྱོགས་འཛིན་འཁྲུལ་པ་ཡིན་ནོ། །དེ་བས་ན་སྣང་བ་རང་སྣང་ཕྱོགས་མེད་རང་གྲོལ་ཆོས་ཉིད་ཆེན་པོར་གྲོལ་བ་ནི། གསང་སྔགས་ཀྱི་དགོངས་པའི་ཕུག་ལོངས་པས་སྣང་བ་ལྷར་བསྒྲུབ་པ་ལ་ཐོག་མར་འདི་ལ་ངེས་པ་རྙེད་པའི་ཚེ་ན་ཆོས་ཉིད་ཀྱི་རིགས་པ་གྲུབ་སྟེ། གཞན་རིགས་པ་གསུམ་པོ་ཤུགས་ཀྱིས་གྲུབ་འོང་བས་དེ་དག་ནི། དཔལ་ལྡན་ཟུར་བའི་བཤད་སྲོལ་དང་། རྒྱལ་བ་རོང་ཀློང་གཉིས་ཀྱི་གཞུང་ལས་ལེགས་པར་ཤེས་དགོས་ཤིང་། འདི་རྟོགས་ལྡན་ཆོས་རྗེ་ཀཿཐོག་པ་མཁས་གྲུབ་ཤཱཀྱ་རྡོ་རྗེའི་བཞེད་པའི་ཚུལ་བསྙད་པ་ཡིན་ནོ། །གང་ཞིག་བསྟན་པས་དཔལ་ལྡན་སྙིང་པོའི་གནད། །ཚུལ་བཞིན་སེམས་པའི་སྐལ་བཟང་ཐོབ་བྱེད་པ། །ཡོངས་འཛིན་དམ་པའི་ཚོགས་ཀྱི་ཞབས་པད་མོར། །གུས་པས་འདུད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །རྟོག་གེས་ཆོས་ཉིད་མཇལ་བའི་བྱིས་པ་དང་། །མཚོན་ཐབས་གཏན་ཚིགས་མི་དགོས་སྟོན་པ་ལ། །དཔྱོད་བྲལ་ཐོས་ལྡན་ཁེངས་པའི་མཁས་རློབས་རྣམས། །རྡོ་རྗེ་ཐེག་པའི་ལམ་ལས་ཕྱི་རོལ་སོགས། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བ་རྒྱུད་ཀྱི་རྒྱལ། །ལེགས་བཤད་གཞུང་བརྒྱ་བླ་མའི་དྲིན་དག་ལས། །མཐོང་བའི་ཟབ་གནད་དཔྱོད་ཅིང་བསྡུས་འདིས་ཀྱང་། །སྐལ་བཟང་མཚར་སྡུག་བྱེད་པའི་རྒྱན་གྱུར་ཅིག །ཆོས་གྲལ་ཆེན་མོ་ཀཿཐོག་ཏུ་རིས་མེད་པའི་བསྟན་པ་རིན་པོ་ཆེ་ལ་དག་པའི་འཛུམ་དཀར་འབུལ་བ་སྤྲུལ་མིང་ཆོས་ཀྱི་རྒྱ་མཚོ་བས་བློ་གསར་བུ་དག་ལ་རྒྱུད་འཆད་པའི་སྐབས་སུ་སྦྱར་བའོ། ༈ །རྒྱུད་ཀྱི་རྒྱལ་པོ་གསང་བ་སྙིང་པོའི་དོན། །རྒྱུད་རྣམ་ཀུན་གྱི་རྒྱལ་པོའི་སྙིང་ཁུ་རུ། །ངེས་པར་རྙེད་ནས་སྐལ་པ་བཟང་པོ་རུ། །འདི་འདྲ་མཇལ་བ་ཙམ་གྱིས་ཡིན་པར་རྟོགས། །འོན་ཀྱང་སྙིགས་མ་ལས་ཀྱང་སྙིགས་མའི་དུས། །འདི་འདྲར་གཏན་བདེ་ཚེ་འདི་ལ་རེག་པའི། །ཐབས་མཆོག་དོར་ནས་མི་འདོད་སྡུག་བསྔལ་རྒྱུར། །འཇུག་པའི་ཡིད་ནི་བདུད་ཀྱི་ལྕགས་ཀྱུ་དེས། །དྲངས་པ་ཁོ་ནར་མཐོང་བས་ཚུལ་འདི་ལ། །སྙིང་ནས་བསྒོམ་དང་སྒྲུབ་པ་བྱ་བར་རྟོགས། །དེ་སླད་དུའང་འདི་ན་ཅུང་ཟད་དུ། །སྨྲས་པས་ཕན་པ་རང་ལས་དབེན་པ་རུ། །ཤེས་ཀྱི་གཅིག་པུར་ཡིད་ཀྱིས་འདུ་བྱེད་པས། །སྤངས་ནས་འདི་དག་སྒྲོལ་བའི་ལམ་བཟང་པོར། །རྩེ་གཅིག་ཏུ་ཡང་འཇུག་པར་བྱ་སྙམས་མོད། །དེ་འདྲ་དེ་ཡང་བསྟན་པའི་སྙིང་པོ་ཉིད། །ཤིན་ཏུ་ཉམས་པར་གྱུར་པ་མ་བཟོད་ནས། །བདག་གི་ཁ་ནས་གང་བྱུང་འདི་ན་ཐལ། །ཅེས་པའང་སི་ཏུ་པས་སོ།། །།


previousསྒྱུ་འཕྲུལ་གྱི་དཀའ་བའི་གནས་སྣང་བ་ལྷར་བསྒྲུབ་པ་དོགས་པ་གཅོད་པ་ལུང་རིགས་མུ་ཏིག་ཕྲེང་མཛེས། ཆོས་ཀྱི་རྒྱ་མཚོ།next